སྔ་འགྱུར་སྨིན་གླིང་དཔེ་ཚོགས།
རྗེ་བཙུན་བླ་མ་རིན་ཆེན་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས་སྐལ་བཟང་གདུང་སེལ།
རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གཉིས་ཀྱི་རྣམ་ཐར་བཞུགས་སོ། །
ཁྱུང་པོ་རས་པ་སོགས་ཀྱིས་མཛད།
རྗེ་བཙུན་བླ་མ་རིན་ཆེན་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས་སྐལ་བཟང་གདུང་སེལ་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི། དཔལ་ལྡན་བླ་མ་དམ་པ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས་སྐལ་བཟང་གདུང་སེལ་ཞེས་བྱ་བ། བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཕ་མཐའ་བྲལ་བའི་མཁར། །རང་རིག་ཡེ་ཤེས་ཉི་མོར་བྱེད་པའི་གཟིས། །གཟུང་འཛིན་བདུད་སྡེའི་མུན་པ་མཐར་བཅིལ་ནས། །ཡང་དག་སྣང་བ་རྒྱས་མཛད་གང་དེར་འདུད། །དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །ཞི་བའི་ལམ་སྟོན་ལུང་རྟོགས་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་སྡེ། །དཀོན་མཆོག་རིན་ཆེན་གསུམ་གྱིས་དགེ་ལེགས་སྩོལ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་ཕུང་པོའི་གཏེར། །ངོ་མཚར་གཅིག་ཏུ་འཁྱིལ་བའི་ཆུ་གཏེར་ལས། །ལེགས་ཐོན་སྲིད་ཞིའི་བྱེད་པོ་ཀུན་གྱི་བདག །མཚོ་སྐྱེས་རྡོ་རྗེར་གྲགས་དེ་གཏན་གྱི་སྐྱབས། །དབྱིངས་རིག་སྒྲིབ་གཉིས་ཆུ་འཛིན་རྒྱ་ལས་གྲོལ། །འཛིན་པ་མི་རྟོག་དེ་བཞིན་ངང་དུ་དག །འགྱུ༵ར་མེ༵ད་གཤིས་ཀྱི་གནས་ལུགས་མངོན་གྱུར་པ། །འགྲོ་འདུལ་རྡོ༵་རྗེ༵འི་མཚན་དབྱངས་སྲིད་ན་འཁྲོལ། །ཟག་བཅས་འགྱུར་བའི་ཆོས་ཀུན་མེད་བཞིན་དུ། །རི༵ན་ཆེ༵ན་བྱང་ཆུབ་སྙིང་པོ་རྟོགས་ཐབས་སུ། །རྣ༵མ་མང་རྒྱ༵ལ་བའི་རོལ་བ་འགོག་མེད་དུ། །བསམ་འདས་མཛད་པ་སྟོན་དེར་སྙིང་ནས་དད། །མགོན་དེའི་གསང་བ་གསུམ་གྱི་ངོ་མཚར་ཕུལ། །བསྟན་འགྲོའི་དོན་ཆེན་ལས་གཞན་མ་གྱུར་པའི། །ཚུལ་འདིར་ཡིད་རངས་བདག་གཞན་འགྲོ་བ་ཀུན། །དད་པའི་འདབ་བརྒྱ་གྲོལ་བྱེད་མདོར་བསྡུས་སྤྲོ། །
རིགས་རུས་ཕུན་སུམ་ཚོགས་པར་སྐུ་འཁྲུངས་ཤིང་ཐོས་བསམ་མཛད་ཚུལ།
དེ་ཡང་གཏེར་གསར་ཐུགས་ཐིག་ལུང་བྱང་ལས། །བི་མའི་ཡང་སྤྲུལ་རཏྣ་བཛྲ་མིང་། །གཡོ་རུའི་སར་འབྱུང་དེ་དང་འཕྲད་པ་ན། །བར་གཅོད་དམ་སྲིའི་འཚེ་བ་ངེས་པར་སེལ། །ཞེས་པའི་ལུང་ཟིན་སྐྱེས་བུ་དམ་པ་འདིའི། །ཐུན་མོང་རྟོགས་བརྗོད་རྒྱས་པར་བལྟ་འདོད་ན། །ཐར་འདོད་སྙིང་གི་གདུང་སེལ་དེར་གསལ་ཞིང་། །འདིར་ནི་མདོར་བསྡུས་སྙིང་པོ་རང་འདྲ་བའི། །བྱིས་བློའི་ཚོགས་ལ་གོ་བདེར་བཤད་པར་བྱ། །དེ་ལ་དང་པོ་རིགས་ནི་བོད་ཡུལ་འདི། །ཕལ་ཆེར་སྤྲེལ་ཚའི་རིགས་སུ་གྲགས་མོད་ཀྱང་། །དཔལ་ལྡན་ལྷ་རིགས་སྨྱོས་རབས་རིམ་བྱོན་པའི། །ཡ་གྱལ་འགྲོ་འདུལ་གཏེར་ཆེན་ཆོས་རྗེ་ཞེས། །བཻ་རོའི་རྣམ་སྤྲུལ་གང་དེ་ཡབ་ཀྱི་མཚན། །ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་པ་ཡི། །དབོན་རྒྱུད་ལས་འཁྲུངས་ཕུན་ཚོགས་དཔལ་འཛོམས་ཞེས། །ཞིང་སྐྱེས་ཌཱཀྐི་མ་དེ་ཡུམ་གྱི་མཚན། །ཡབ་ཡུམ་དེ་ལས་ཕྱི་རབས་བསྟན་འགྲོའི་དོན། །རིགས་སྲས་དུ་མ་བསྐྲུན་ལས་མགོན་འདི་ཉིད། །ཡབ་རྗེ་རིག་འཛིན་དགུང་ལོ་ཞེ་དགུ་དང་། །ཡུམ་ཆེན་བཅུ་ཕྲག་གཉིས་དང་བཞི་ཡི་སྟེང་། །ཕེབས་པ་དངོས་པོ་ཞེས་གྲགས་ཤིང་ཕོ་ཁྱི། །འབྱུང་བ་བཞི་ལྡན་མདུན་ཁུར་སྤེན་པའི་ཀླུང་། །མ་མོའི་མེ་ལོང་གླིང་དགུའི་དབུས་གནས་པའི། །ལོ་དེའི་ཁྲུམས་ཀྱི་ཉ་བའི་ཟླ་བ་ཡི། །ཡར་ཚེས་ལྔ་བའི་མཚན་ཐུན་མཐར་ཉེ་བ། །རེས་གཟའ་པ་སངས་རྒྱུ་སྐར་ནག་པ་ལ། །སྤྱོད་ཚེ་གཡོ་རུའི་ཆ་ལས་གྲ་ཕྱིའི་ཚིགས། །པདྨ་འོད་ཞིང་གཉིས་པའམ་སའི་འོག་མིན། །ལུང་རྟོགས་བསྟན་པའི་འབྱུང་གནས་སྨིན་གྲོལ་གླིང་། །འགྲོ་འདུལ་ཆོས་ཀྱི་རྒྱལ་པོའི་བསྟི་གནས་མཆོག །ངེས་དོན་ཆོས་འཁོར་བསྐོར་བའི་ལྷུན་པོ་ཆེའི། །རིན་ཆེན་བ་གམ་རྒྱུ་སྐར་ལྟར་བཀྲ་བའི། །ནང་ཚན་གཟིམས་ཆུང་བཀྲ་ཤིས་སྣང་བའི་སྦུབས། །ཡུམ་ལ་གནོད་པ་མེད་པར་བདེ་བར་བལྟམས། །དེ་ཚེ་ཐུགས་རབ་འཕེལ་བའི་རྟེན་འབྲེལ་དང་། །དབང་དང་རྗེས་གནང་བསྲུང་བའི་ཆོ་ག་སོགས། །ཡབ་རྗེ་རིག་འཛིན་བླ་མ་མཆོག་གིས་མཛད། །གཙུག་ལག་འབྱུང་བའི་རྩིས་ལས་
བྱུང་བ་ཡི། །རྡེལ་བརྒྱ་སོ་དྲུག་བཙས་ཀླུང་བརྩི་བ་སོགས། །འཇིག་རྟེན་མིག་གཅིག་དྷརྨ་ཤྲཱིས་སོ། །འཁྲུངས་སྐར་ནག་པའི་རྐང་མཐའི་ཡི་གེ་ལས། །འགྱུ༵ར་མེ༵ད་རི༵ན་ཆེ༵ན་རྣ༵མ་རྒྱ༵ལ་ཞེས་གསོལ་ཏེ། །ངོ་མཚར་ཤིས་པའི་མེ་ཏོག་ཕྱོགས་དེར་འཐོར། །ཇི་ལྟར་རྫིང་ན་གནས་པའི་པདྨ་བཞིན། །སྐུ་སྐྱེད་རིམ་གྱིས་འཕེལ་བའི་ཚེ་ནའང་། །གཞོན་ནུའི་རོལ་རྩེད་དམན་པ་རྒྱང་བསྲིངས་ཏེ། །ཆོས་འཆད་དབང་བསྐུར་འཆམ་དབྱངས་རོལ་མོ་སོགས། །དམ་པའི་རྣམ་ཐར་ཁོ་ནས་དུས་ཀུན་འདའ། །སྔོན་རབས་རྩེ་ཆེན་རྣལ་འབྱོར་དབང་ཕྱུག་གི། ཡང་སྲིད་དེ་མ་ཐག་པར་གསལ་བ་ནི། །སྤྲིན་བྲལ་མཁའ་ལ་ཆུ་ཤེལ་དབང་པོ་བཞིན། །འགྲོ་འདུལ་ཆོས་ཀྱི་རྒྱལ་པོས་{ཀྱང་}ངོས་འཛིན་མཛད། །གསན་བསམ་ཐུགས་བློ་མངོན་གྱུར་ནས་བཟུང་སྟེ། །རིགས་བརྒྱའི་ཁྱབ་བདག་གཏེར་ཆེན་བླ་མ་དང་། །ལྔ་རིག་ལོ་ཆེན་ངག་དབང་ཆོས་དཔལ་ཞབས། །དབང་ཆེན་ཟློས་གར་འགྱུར་མེད་རྒྱ་མཚོ་སྟེ། །ཡོངས་འཛིན་དམ་པ་རྣམ་གསུམ་གཙོར་གྱུར་པའི། །མཁས་གྲུབ་བཤེས་གཉེན་མང་པོ་བསྟེན་བྱས་ཏེ། །མདོ་སྔགས་རིག་གནས་རིས་མེད་བསྟན་པ་ལ། །ཐོས་བསམ་མཛད་ཚུལ་རྒྱས་པ་གསན་ཡིག་དང་། །རྣམ་ཐར་སྙིང་གི་གདུང་སེལ་ནང་གསལ་ཞིང་། །མདོར་བསྡུས་སྐབས་སུ་གང་བབ་འཆད་འགྱུར་ལ། །ཕྱིས་ནས་གསལ་བས་དད་ལྡན་ངེས་ཤེས་སྐྱེ། །འཛིན་བྱེད་ཅེས་པ་མེ་བྱི་ནག་པ་ཟླའི། །གཟའ་སྐར་འཕྲོད་སྦྱོར་དགེ་བར་ཡབ་རྗེ་ལས། །ཞིག་གླིང་རྟ་ནག་དབང་ལུང་དབྱུག་ཟླའི་ནང་། །ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ་དང་། །གཟའ་དབང་ལེགས་གསན་དབང་ཕྱུག་མེ་གླང་ལོའི། །ས་ཟླའི་དུས་ཆེན་གསུམ་འཛོམ་ནས་དབུ་བཟུང་། །པད་གླིང་ཚེ་ཁྲིད་རྡོར་ཕྲེང་དྲག་དམར་པོད། །བླ་མ་ནོར་རྒྱམ་ཕྱག་རྡོར་གཏུམ་པོ་དང་། །བཀའ་བརྒྱད་ཐུགས་ཀྱི་མེ་ལོང་སྨན་སྒྲུབ་ལུང་། །གནུབས་ལུགས་གཤེད་དམར་རུ་མཚོན་དམར་པོ་དང་། །ཇག་མེའི་ཆོས་སྐོར་ལུང་དང་ཉང་ལུགས་ཀྱི། །མགོན་དཀར་ཚེ་དབང་རྟ་ནག་ལྕགས་རལ་གྱི། །རྗེས་གནང་རཏྣའི་རྡོར་ལེགས་སྲོག་གཏད་བཅས། །གསན་ལོ་མ་ཡིན་བརྡའ་དོན་ཁྲོལ་བར་མཛད། །དགུང་ལོ་ལྔ་བཞེས་འབྲུ་མང་ས་སྟག་ལོར། །འཇམ་དཔལ་
ཚེ་བདག་ལྕགས་འདྲའི་ཆོས་འཁོར་དང་། །འགྲེལ་པ་སྤར་ཁབ་དམ་ཚིག་གསལ་བཀྲ་སོགས། །སྒྱུ་འཕྲུལ་སྐོར་དང་པད་གླིང་ཀློང་གསལ་པོད། །ཀུན་བཟང་དགོངས་འདུས་མུན་སེལ་སྒྲོན་མེའི་ལུང་། །དགོངས་འདུས་དབང་ཆེན་དབང་ཕྲན་ལ་སོགས་དང་། །ན་རག་དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་དབང་། །ཚེ་ཁྲིད་རྡོར་ཕྲེང་འཆར་ཀའི་ཟོར་དབང་སོགས། །དབང་ལུང་མན་ངག་མང་པོས་ཐུགས་རྒྱུད་གཏམས། །མྱོས་ལྡན་ཞེས་པ་ས་ཡོས་དཔྱིད་ཆོས་ཐོག །གཏེར་གསར་བླ་མ་ཞི་དྲག་རྡོར་སེམས་དང་། །ཐུགས་རྗེ་ཆེན་པོ་དྲེགས་འཇོམས་ཚེ་མཆོག་དང་། །ཆོས་དབང་གསང་འདུས་དོང་སྤྲུགས་བཀའ་བརྒྱད་དང་། །སྒྱུ་འཕྲུལ་ཞི་ཁྲོ་ཚོགས་ཆེན་འདུས་པ་སོགས། །བཀའ་གཏེར་མང་པོའི་སྒྲུབ་ཐབས་དཀྱིལ་ཆོག་དང་། །ལས་ཚོགས་ཆོ་ག་གཞན་ཡང་རྩ་གསུམ་ལྷ། །མཆོད་ཕྲིན་འདོན་ཆོས་སྐོར་རྣམས་མ་ལུས་པ། །གསང་སྙིང་རྩ་རྒྱུད་ཁྲོ་འཆར་གཡུལ་བཟློག་ལུང་། །སྒྲུབ་ཐབས་མང་འདུས་འདོད་འཇོའི་བུམ་བཟང་གི། དབང་ལུང་ལོཀྟྲིའི་རིག་གཏད་ལ་སོགས་གསན། །དགུང་ལོ་བདུན་བཞེས་རྣམ་གནོན་ལྕགས་འབྲུག་ལོར། །རབ་འབྱམས་སྨྲ་བ་བསྟན་འཛིན་གར་དབང་དང་། །ཞམ་རིང་དུ་གྱུར་ཆོས་ཉིད་བསྟན་འཛིན་ལས། །ཕྱི་མོ་སུམ་ཅུ་ནས་བཟུང་ཀློག་སྦྱོང་དང་། །ཡབ་རྗེ་རིག་འཛིན་བླ་མའི་ཞབས་དྲུང་དུ། །ཉང་གི་མཁའ་འགྲོ་ཆེན་མོ་ཆོས་དབང་གི། མ་ནིང་པོད་ལུང་རཏྣའི་རྟ་ནག་གི། དབང་ལུང་འགའ་ཡང་ལོ་འདིར་གསན་པ་མཛད། །ཁྱུ་མཆོག་ལྕགས་སྦྲུལ་བྱང་གཏེར་ཐུགས་སྒྲུབ་དང་། །འགྲོ་བ་ཀུན་སྒྲོལ་ཕུར་པའི་ཆོས་སྐོར་དང་། །གཞན་ཡང་གཏེར་ཁ་གོང་འོག་ལས་འབྲེལ་རྩལ། །རཏྣ་ཕྲེང་པོ་གྲྭ་པའི་གཏེར་ཆོས་འགའ། །འབྲི་ཁུང་ཀུན་མཁྱེན་ཆོས་རྗེ་བྱ་ཁྱུང་པ། །རྒྱལ་མཆོག་ལྔ་པའི་གསུང་སོགས་ལུང་མང་གསན། །སྣ་ཚོགས་ཆུ་རྟ་དགུང་ལོ་དགུ་ཡི་ཐོག །སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་དང་། །བྱམས་པའི་ཆོས་ལྔ་བཤེས་པའི་སྤྲིང་ཡིག་རྣམས། །ཚིག་ཙམ་མ་ཡིན་དོན་ཡང་ཐུགས་ལ་རྫོགས། །ཉང་གཏེར་བཀའ་བརྒྱད་བདེ་འདུས་དབང་ལུང་དང་། །རྣལ་འབྱོར་རྒྱུན་དབང་གསང་རྫོགས་ལུགས་གསུམ་དབང་། །ཆོས་དབང་ཕུར་པ་སྤུ་གྲིའི་
དབང་ལུང་དང་། །པད་གླིང་བླ་མ་ཞི་དྲག་བཀའ་བརྒྱད་དང་། །ཚེ་ཕུར་ཐུགས་གསུམ་མ་ནིང་སོགས་ཀྱི་དབང་། །བྱང་གཏེར་བསྟན་བསྲུང་ཡོངས་རྫོགས་ཆོས་སྐོར་གྱི། །དབང་ལུང་ཀུན་མཁྱེན་ཆོས་རྗེའི་མཛོད་བདུན་དང་། །ངལ་གསོ་སྐོར་གསུམ་རྩ་འགྲེལ་ཁྲིད་ཡིག་དང་། །གསུང་འབུམ་ཐོར་བུའི་ལུང་རྣམས་རྫོགས་པར་གསན། །གཞན་ཡང་སྙིང་ཐིག་ཡ་བཞིའི་དབང་དང་ལུང་། །འཇའ་ཚོན་སྙིང་པོའི་དཀོན་མཆོག་སྤྱི་འདུས་དབང་། །ལ་སོགས་ཆོས་ཀྱི་རྒྱ་མཚོ་ཆེན་པོ་བཞེས། །ཉི་མ་ཞེས་པ་ཆུ་ལུག་ཁྲུམས་ཟླའི་ནང་། །པད་གླིང་བླ་མ་ནོར་བུ་རྒྱ་མཚོ་ཡི། །སྟ་གོན་ནས་བཟུང་རྩ་བ་བྱེ་བྲག་གི། དབང་དང་བྱིན་རླབས་བཅུ་ཙམ་ཆ་ཚང་གསན། །དགུང་ལོ་བཅུ་གཅིག་ཉི་སྒྲོལ་བྱེད་ཀྱི་ལོ། །ཆོ་འཕྲུལ་ཟླ་བའི་ཚེས་ལྔར་ཐེག་པ་ཆེ། །དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆོས་དབང་གི། གསང་འདུས་ཉང་གི་གུ་དྲག་པོད་ཀྱི་ལུང་། །གཏེར་མགོན་ཕྱག་བཞི་རྣམ་སྲས་མདུང་དམར་ཅན། །དུར་ཁྲོད་བདག་མོའི་དབང་དང་ལྕགས་སྡིག་གི། དབང་ལུང་ཡང་བཟློག་རྣོན་པོ་ནང་གཅོད་ཀྱི། །དབང་དང་སྲིད་པའི་གཏེར་ཁྱིམ་ལུང་སོགས་གསན། །ས་སྐྱོང་ཤིང་བྱར་ཡབ་རྗེ་དམ་པའི་གཅུང་། །ཁུ་བོ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་ལས། །ཡི་གེའི་འདུ་བྱེད་སློབ་སྦྱོང་ཉིད་ལ་ཞུགས། །རིང་མིན་མགྱོགས་དག་ཐོན་པའི་རྣམ་འགྱུར་མཁྱེན། །སྐབས་འདིར་ཡབ་རྗེ་རིག་འཛིན་བླ་མ་ལས། །ཀུན་མཁྱེན་ཕྱག་ན་པདྨོ་ལྔ་བ་ཡི། །གཟིགས་སྣང་རྒྱ་ཅན་ཆོས་སྐོར་མ་ལུས་པའི། །དབང་དང་བྱིན་རླབས་རྗེས་གནང་འཇའ་ཚོན་པའི། །རྟ་ཕག་ཡིད་བཞིན་ནོར་བུའི་ལུང་རྣམས་གསན། །གཞན་ཡང་ས་ལུགས་ཆོས་སྐྱོང་མང་པོ་ཡི། །གཏོར་ཆོག་དངོས་གྲུབ་རྒྱ་མཚོའི་ལུང་ཉིད་དང་། །ཞིག་གླིང་ཚེ་སྒྲུབ་རྒྱལ་བ་འདུས་པ་དང་། །བླ་མ་ཞི་དྲག་ཤ་ཟ་ཁ་མོ་ཆེའི། །དབང་ལུང་སྲོག་གཏད་ཟབ་དགུའི་གསན་པ་མཛད། །བཅུ་གསུམ་དགུང་ཀེག་མི་ཟད་མེ་ཁྱིའི་ལོར། །དེ་སྔའི་ཡབ་རྗེའི་འོད་གསལ་གཟིགས་སྣང་ལས། །ཧ་ཅང་མི་རིང་དུས་ཀྱི་ངེས་པ་ནི། །རྣམ་པ་གཉིས་ཀྱི་དམིགས་དང་ལྡན་པ་ལ། །མཐའ་འཁོབ་སྐད་རིགས་མི་གཅིག་དཔའ་བོ་ཡི། །བརྗོད་པ་ཚིག་གི་དབུས་སུ་རྒྱས་འདེབས་བྱེད། །དེ་དོན་འགྱུར་བ་དུང་སྐྱོང་ལྷ་མོ་ཡི། །སྙན་འཇེབས་
ཞི་བས་སྦྱངས་ཀྱང་མི་འདག་གི། འཇོམས་བྱེད་མཐུ་སྟོབས་ཐོག་གིས་མཐར་བྱེད་ཀྱང་། །རྒྱུ་རྐྱེན་རྟེན་འབྲེལ་གཞན་དུ་འགྱུར་བས་དཀའ། །ཞེས་པའི་ལུང་དེའི་ཐོག་ཏུ་བབས་པ་ཡི། །བསྟན་འཛིན་ཇིང་གིར་ཁང་དང་སྡེ་སྲིད་ཉིད། །མདའ་ཅན་སྙིང་ཞུགས་འགའ་ཡི་ཕུང་སྦྱོར་གྱིས། །ཐུགས་ནང་མ་གཤིན་ཟིང་ཞིག་ལ་གྱུར་བར། །རང་དགོན་ཡན་ལག་བྱང་ཆུབ་གླིང་ལ་སོགས། །ལྷོ་བྲག་ཕྱོགས་སུ་ཟླ་ལྔ་བཞུགས་པར་ཤར། །སླར་ཡང་ཡབ་རྗེའི་ཞབས་རྡུལ་ལ་རེག་ནས། །ལོ་འདིའི་འཕྲོས་དང་ཐམས་ཅད་འདུལ་བའི་ལོར། །རཀྴག་རྡོར་གླིང་ཆོས་དབང་བསམ་གཏན་གླིང་། །ཉང་རལ་ཚེ་བརྟན་རྒྱལ་མཚན་འཇམ་དབྱངས་བླ། །བལ་སྨུག་ཀུན་སྐྱོང་གླིང་དང་ཞིག་པོ་གླིང་། །སངས་རྒྱས་གླིང་པ་པད་གླིང་ལས་འབྲེལ་རྩལ། །རཏྣ་གླིང་པ་དྲི་མེད་ཀུན་དགའ་དང་། །དྲི་མེད་ལྷུན་པོ་འཇའ་ཚོན་སྙིང་པོ་སོགས། །གཏེར་སྟོན་མང་པོའི་བླ་རྫོགས་ཐུགས་གསུམ་སོགས། །ཟབ་དགུའི་ཆོས་སྐོར་མང་པོའི་དབང་ལུང་དང་། །ས་ཕུར་སྐྱིད་ཕུར་དཔྱལ་ཕུར་ལ་སོགས་པ། །བཀའ་གཏེར་ཕུར་པ་མང་པོའི་དབང་དང་ལུང་། །ཨ་རོ་སྙིང་ཐིག་ཡང་ཏི་ནག་པོ་དང་། །གནུབས་ལུགས་གཤིན་རྗེ་གདོང་དྲུག་མགོན་པོ་བིང་། །ལ་སོགས་རྩ་གསུམ་ལྷ་ཚོགས་མང་པོ་ཡི། །སྒྲུབ་སྐོར་མན་ངག་མང་པོའི་ཡི་གེ་སོགས། །དབང་དང་ལུང་གི་གསན་པ་རྒྱ་ཆེར་མཛད། །དགུང་ལོ་བཅོ་ལྔ་ཀུན་འཛིན་ས་བྱིའི་ལོར། །ཡབ་རྗེའི་བཀའ་ལས་ཐུན་མོང་རིག་པ་རྣམས། །རྒྱལ་བའི་གསུང་རབ་དག་ལ་འཇུག་པ་ལ། །གསལ་བྱེད་མིག་དང་མཚུངས་པས་དེ་ལྟར་ན། །སྤྱི་དང་བྱེ་བྲག་རིག་པའི་གནས་ལ་ཡང་། །སྦྱང་པ་མཐར་ཕྱིན་དགོས་པའི་བཀའི་གསང་བ། །ལུང་རིགས་དང་འབྲེལ་བསྩལ་བ་ལྷུར་བཞེས་ཏེ། །དུས་ཞབས་ཟེམ་སྟོན་ཨོ་རྒྱན་དཔལ་འབྱོར་ལས། །གྲུབ་པའི་ལྔ་སྒྲ་གཟའ་ལྔ་དུས་སྦྱོར་དང་། །ཞག་གསུམ་རྣམ་དབྱེ་སྟོང་འཇུག་རྩིས་འཕྲོ་སོགས། །སྐར་རྩིས་གཙུག་ལག་མ་ལུས་མཐའ་དག་གི། རི་མོ་གོ་དོན་ཤོག་ཁྲ་སྦྱོར་སྒྲོལ་སོགས། །ལག་ལེན་མ་ལུས་ཐུགས་སུ་ཆུད་པར་མཛད། །ཀུན་མཁྱེན་པདྨ་འགྱུར་མེད་རྒྱ་མཚོ་ལས། །བརྡའ་སྤྲོད་བསྟན་བཅོས་ཆེན་པོ་ཀ་ལ་པའི། །མཚམས་སྦྱོར་ནས་བཟུང་ཀྲྀཏཱ་རྐང་བརྒྱད་{ཀྱི་}བར། །འཇིག་
རྟེན་མིག་གཅིག་ཆོས་སྐྱོང་བཟང་པོ་ཡི། །འགྲེལ་ཊིཀ་སྟེང་ནས་ཞིབ་པོད་གསུང་བཤད་གསན། །རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ་ཚོགས་ནས། །བརྗོད་དོན་སྟོན་པའི་དོན་གནད་ཐུགས་ལ་འཁྲུངས། །གཙོ་བོར་ཡབ་རྗེ་དག་ལས་དུད་སོལ་མའི། །རྗེས་གནང་རིག་འཛིན་གོང་མའི་ཕྱག་བཞེས་བཞི། །དཔལ་མགོན་ཞལ་དང་ཞིང་སྐྱོང་མ་མོ་ཡི། །རྗེས་གནང་གནོད་སྦྱིན་ཆེན་པོའི་སྲོག་གཏད་དང་། །བྱང་གླིང་ཕྱག་རྡོར་གྲྭ་པའི་ཛཾ་དམར་དང་། །ཡབ་རྗེའི་བཀའ་འབུམ་འགའ་ཡི་ལུང་ལ་སོགས། །དབང་དང་རྗེས་གནང་ཟབ་ཆོས་མང་དུ་གསན། །འགལ་བ་ཞེས་བྱ་ས་གླང་དཔྱལ་ལུགས་ཀྱི། །ཕུར་པའི་སྒྲུབ་སྐོར་རྟ་མགྲིན་སྐྱེར་སྒང་ལུགས། །རྣམ་སྲས་འཇང་ཡུལ་སྤྲིན་གསེབ་གནུབས་ལུགས་ཀྱི། །དྲག་པོ་རྟ་སྔོན་སོགས་ཀྱི་སྒྲུབ་སྐོར་དང་། །བརྒྱད་སྟོང་པ་དང་བཻ་རོའི་འདྲ་འབག་སོགས། །སྐྱེས་ཆེན་འགའ་ཡི་རྣམ་ཐར་དམ་དུམ་དང་། །རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གིས། །ཁྲིད་བརྒྱ་ཆ་ཚང་གཏེར་ཆེན་གསུང་ཐོར་བུའི། །ལུང་གི་བདུད་རྩིས་ཐུགས་ཀྱི་བུམ་པ་ཁེངས། །རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོར། །ངོར་ལུགས་མི་འཁྲུགས་ལྷ་དགུ་པཎ་ཆེན་གྱི། །དྲག་པོ་དབུ་དགུ་དུས་འཁོར་དགོངས་འདུས་དང་། །རྡོར་གླིང་ཕུར་པ་གནུབས་ལུགས་གཤེད་དམར་དང་། །བཀའ་བརྒྱད་བཀའ་མ་རྫོང་འཕྲང་དབང་ཉིད་དང་། །བླ་མའི་རྣལ་འབྱོར་ཁྲིད་བཅས་ལེགས་པར་གསན། །མདོར་ན་སངས་རྒྱས་གཉིས་པ་ཡབ་རྗེ་ལས། །ཡོངས་གྲགས་བཀའ་གཏེར་མང་པོའི་དབང་དང་ལུང་། །མན་ངག་ཟབ་ཁྲིད་གདམས་པའི་ཁྱད་པར་དང་། །ཆིག་བརྒྱུད་གསང་བའི་ཟབ་ཆོས་མ་ལུས་པ། །བུམ་པ་གང་བྱོའི་ཚུལ་དུ་གནང་བ་བཞེས། །ཡོངས་འཛིན་གཉིས་པ་འཇིག་རྟེན་མིག་གཅིག་པུ། །ལོ་ཆེན་ངག་དབང་ཆོས་དཔལ་རྒྱ་མཚོ་ལས། །སྒྱུ་འཕྲུལ་ཞི་ཁྲོ་འདུས་པ་མདོའི་དབང་དང་། །འཁོན་ལུགས་ཡང་དག་རོག་ལུགས་ཕུར་པའི་དབང་། །དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་ཆ་ཚང་། །སེམས་སྡེ་ཨ་དོན་བཅོ་བརྒྱད་རོང་ཟོམ་གྱི། །མན་ངག་དྲིལ་བ་ཕུར་པའི་དབང་ཉིད་དང་། །དྲི་མེད་རྣམ་གཉིས་ཤེས་རབ་ལྷ་ལྔ་དང་། །དོང་སྤྲུགས་པདྨ་བརྒྱ་ལྡན་བཅས་པའི་དབང་། །གཏེར་གསར་བླ་མ་ཞི་དྲག་ལ་སོགས་པའི། །
ཟབ་མོ་དབང་གི་རིམ་པ་མང་པོ་དང་། །བླ་མ་དགོངས་འདུས་ཆོས་དབང་གསང་འདུས་པོད། །ཤངས་ལུགས་ཕྱག་དྲུག་མགོན་པོ་གཏེར་གསར་སོགས། །ཁྲིད་ཡིག་མང་པོའི་ལུང་དང་སོ་ཐར་མདོ། །རོག་ལུགས་ཕུར་པ་ལྷ་ནག་ལྟུང་བཤགས་དང་། །ཤེར་སྙིང་བཟང་སྤྱོད་བྱམས་སྨོན་ཀུན་བཟང་སྨོན། །འཇམ་དཀར་མ་ཏི་ལུགས་ཀྱི་སྒྲུབ་ཐབས་དང་། །བསྟོད་པ་རྒྱ་གཞུང་ཁྲོ་བོའི་ལོ་རྒྱུས་དང་། །རྗེས་གནང་རྒྱ་སྟོན་གྱིས་མཛད་སྒྲུབ་ཐབས་བཅས། །དབྱངས་ཅན་དཀར་མོའི་སྒྲུབ་ཐབས་འོད་དྲ་དང་། །བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ལ་སོགས། །ཤེས་རབ་ལྷ་ལྔའི་སྒྲུབ་ལུང་གཟའ་པོད་དང་། །ཀར་གླིང་ཐོས་གྲོལ་པུསྟིའི་ལུང་ལ་སོགས། །བཀའ་གཏེར་པོད་ཆེན་དུ་མའི་ལུང་ཉིད་དང་། །སྙིང་པོའི་རྒྱུད་རྒྱལ་གསང་བ་སྙིང་པོ་ཡི། །འགྲེལ་ཆེན་བླ་མེད་གསང་བདག་དགོངས་རྒྱན་དང་། །ཕ་རོལ་ཕྱིན་པའི་གསུང་བཤད་རྒྱས་པར་གསན། །ཁྱད་པར་སྙིང་པོའི་ངོ་སྤྲོད་གཏེར་གསར་སོགས། །ཟབ་མོ་ཁྲིད་ཀྱི་བདུད་རྩིས་བུམ་བཟང་ཁེངས། །ཡོངས་འཛིན་གསུམ་པ་རིགས་གཅེན་གར་དབང་མགོན། །མཁྱེན་བརྩེ་ནུས་མངའ་འགྱུར་མེད་རྒྱ་མཚོ་ལས། །རིས་མེད་དབང་ལུང་མན་ངག་ནོད་པ་རྣམས། །ཟུར་ཙམ་གོང་བཞིན་ཕྱོགས་གཅིག་བཀོད་པ་ལ། །བཀའ་བརྒྱད་གསང་རྫོགས་ལུགས་གསུམ་དབང་རྒྱས་པ། །སྟ་གོན་དང་འབྲེལ་མགྱོགས་དབང་བུམ་རྒྱ་ཅན། །ཡང་དག་བཀའ་མ་སངས་རྒྱས་མཉམ་སྦྱོར་དབང་། །པད་གླིང་ནོར་རྒྱམ་དབང་བཀའ་བཅུ་གཉིས་དང་། །ཉང་གི་བླ་དྲག་རྟ་ནག་ཐུན་མིན་དབང་། །རཏྣའི་མ་ནིང་བྱང་གཏེར་ཕུར་པ་དང་། །རྒྱུད་སྡེ་ལྔའི་དབང་ཤངས་ཆོས་མཁའ་སྤྱོད་མ། །དཀར་དམར་ལམ་འཁྱེར་དང་པོ་གཉིས་པ་དང་། །སེམས་ལ་འཆི་མེད་རྣམས་ཀྱི་དབང་ཉིད་དང་། །བཀའ་བརྒྱད་བདེ་འདུས་སྡེ་དཔོན་སུམ་ཅུའི་དབང་། །ན་རོ་མཁའ་སྤྱོད་སྣ་ཚོགས་ཡུམ་དཀར་མོ། །རི་ཁྲོད་ལོ་མ་གྱོན་སེར་སྤྱན་རས་གཟིགས། །སེང་གེའི་སྒྲ་དང་ཁྲོ་བོ་རྡོ་རྗེའི་ཤུགས། །སྡེ་དྲུག་སྲུང་མ་དྲུག་ཅུ་བཅས་པ་དང་། །ཞིག་གླིང་ཡུལ་འཁོར་བསྲུང་དང་དབྱངས་ཅན་མ། །ཕག་དཀར་ཤེས་རབ་གསལ་བྱེད་ཇོ་བོ་རྗེའི། །སྒྲོལ་མ་ཉེར་གཅིག་ཚེ་རིང་མཆེད་ལྔ་དང་། །དུར་ཁྲོད་བདག་པོ་རྣམ་འཇོམས་བ་རི་ལུགས། །
རྣམ་རྒྱལ་མ་སོགས་རྗེས་གནང་མང་པོ་དང་། །ཡབ་རྗེའི་གཏེར་གསར་ཡོངས་ཀྱི་དབང་བཀའ་དང་། །སྒྲུབ་ཐབས་འདོད་བུམ་ནང་གི་དབང་རྗེས་གནང་། །སྲོག་གཏད་འདུས་པ་མདོ་ཡི་དབང་གཏད་རྒྱ། །གདམས་ངག་བཅས་པ་ལེགས་གསན་གསང་བའི་མཚན། །རྡོ་རྗེ་བདུད་འདུལ་རྩལ་དུ་མངའ་གསོལ་ལོ། །སྒྱུ་འཕྲུལ་ཞི་ཁྲོ་ཀུན་རིག་དབང་མོ་ཆེ། །བིར་ལུགས་གཤེད་དམར་ལྷ་ལྔའི་དབང་ཉིད་དང་། །རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་ལྔ་པ། །བདེ་མཆོག་ནག་པོ་གསང་འདུས་འཇམ་རྡོར་དབང་། །གཤིན་རྗེ་ཁ་ཐུན་རཏྣའི་ཐུགས་སྒྲུབ་དབང་། །དོང་སྤྲུགས་པདྨ་བརྒྱ་ལྡན་ལ་སོགས་པའི། །དབང་དང་བྱིན་རླབས་རྒྱ་མཚོས་ཐུགས་རྒྱུད་གཏམས། །སྙིང་པོའི་རྒྱུད་འགྲེལ་གསང་བདག་དགོངས་རྒྱན་དང་། །གཡུང་ཊིཀ་ཡིད་བཞིན་མཛོད་དང་ཚིག་དོན་མཛོད། །སྨན་གྱི་རྒྱུད་བཞི་རྫོགས་ཆེན་རྒྱུད་བཅུ་བདུན། །རྒྱལ་དབང་ལྔ་པའི་རྣམ་ཐར་དང་གཉིས་དང་། །རཏྣའི་ཐུགས་སྒྲུབ་ཉང་གཏེར་རྟ་ནག་པོད། །བཟང་པོ་གྲགས་པའི་གཏེར་མ་ལེའུ་བདུན། །ཞིག་གླིང་དམག་བཟློག་ཉེར་ལྔའི་ལུང་ཆ་ཚང་། །ཉང་གཏེར་ཨོ་རྒྱན་རྣམ་ཐར་ཟངས་གླིང་མ། །རྡོར་གླིང་བཀའ་འདུས་སོག་བཟློག་པས་མཛད་པའི། །པདྨའི་རྣམ་ཐར་ཕུར་པའི་ཆོས་འབྱུང་དང་། །སོག་བཟློག་མཛད་ཚུལ་ཞི་ལྷའི་སྤྱོད་འཇུག་ལུང་། །ཡུམ་རྒྱས་པོད་དགུ་བཀའ་གདམས་གླེགས་བམ་དང་། །འདུལ་བ་མེ་ཏོག་ཕྲེང་རྒྱུད་ས་ཕུར་གྱི། །སྒྲུབ་ཐབས་རྒྱས་བསྡུས་དཀྱིལ་ཆོག་རྟོགས་སླ་རྣམས། །བཀའ་བརྒྱད་རྫོང་འཕྲང་དུག་ཁྲག་བུམ་ལྕགས་མ། །ཕྲེང་བ་སྐོར་གསུམ་ཉང་གཏེར་ཁྲོས་ནག་པོ། །སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་སོགས། །མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ལུང་ཉིད་དང་། །མཁའ་འགྲོ་སྙིང་ཐིག་ཡང་ཐིག་སྦྲགས་མའི་ཁྲིད། །གཏེར་གསར་ཨ་ཏི་བདེ་གཤེགས་ཀུན་འདུས་ཁྲིད། །སྦྱོར་དྲུག་ཁྲིད་ལ་སོགས་པ་མང་དུ་གསན། །སྡོམ་བརྩོན་གནས་ལྔ་སྨྲ་བ་རིགས་ཀྱི་གཅེན། །འགྱུར་མེད་ཡིད་བཞིན་ལེགས་གྲུབ་དཔལ་བཟང་པོར། །གཏེར་གསར་རྡོར་སེམས་དབང་དང་སྒྲུབ་བརྒྱའི་ནང་། །སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ་པ་དང་། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་གསན། །ཤངས་ཆོས་བརྒྱུད་པ་རིན་ཆེན་
སྣ་བདུན་དང་། །ཤར་སྟོན་རྒྱལ་མཚན་འབུམ་དང་འཇག་ཆེན་པ། །བྱམས་པ་དཔལ་གྱི་རྣམ་པར་འཆུགས་པ་མེད། །ལམ་ཁྱེར་རྣམ་གསུམ་གདམས་པ་རྩ་འགྲེལ་དང་། །མཁའ་སྤྱོད་དཀར་དམར་སྔོན་འགྲོ་ཆོས་སྤྱོད་སེམས། །འཆི་མེད་རྡོ་རྗེའི་ཚིག་རྐང་རྩ་འགྲེལ་བཅས། །སྨོན་ལམ་བཀའ་རྒྱ་ནི་གུའི་ཞལ་གདམས་དང་། །བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་ཐབས། །ལོཀྟྲིའི་གཏེར་ཁ་གོང་འོག་གཏེར་གཞུང་ཀུན། །སྤོམ་ར་པ་དང་བོ་ལོད་འབྲི་ཁུང་པ། །སྔ་ཕྱི་གོང་མ་ལྔ་པ་རྣམས་ཀྱི་ནི། །ཡིག་ཆ་རྒྱུན་བཞུགས་མ་ལུས་པ་ཡི་ལུང་། །སྒྱུ་མ་ངལ་གསོ་བསམ་གཏན་ངལ་གསོ་གཉིས། །རྩ་འགྲེལ་ཆོས་སྤྱོད་ཐར་ལམ་རབ་གསལ་ལུང་། །རྟ་མགྲིན་ཡང་གསང་གཏེར་གཞུང་དམ་པའི་ཆོས། །འདུལ་ལུང་པོད་ཆེན་མི་བདག་གྲངས་ལྡན་དང་། །བསླབས་པ་ཀུན་བཏུས་སྡོམ་གསུམ་རྣམ་ངེས་འགྲེལ། །གཏེར་ཆེན་ཆོས་རྗེའི་ནང་གི་རྣམ་ཐར་སོགས། །དམ་ཆོས་ལུང་གི་གསན་པ་མཐའ་ཡས་མཛད། །གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ་ལས། །རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་ཐར་ནི། །མ་བཅོས་ལྷུག་པའི་རྟོགས་བརྗོད་མགུར་འབུམ་དང་། །སྟོན་པའི་མཛད་བརྒྱ་མཐོང་བ་དོན་ལྡན་དང་། །རྒྱ་གར་ཆོས་འབྱུང་བཀའ་བབས་བདུན་ལྡན་གྱི། །བརྒྱུད་པའི་རྣམ་ཐར་སྦྱོར་དྲུག་ལྷན་ཐབས་ནི། །འོད་བརྒྱ་འབར་བ་དང་ནི་ཐེག་པ་མཆོག །ཤིན་ཏུ་རྒྱས་པ་དབུ་མ་ཆེན་པོ་ཡི། །རྣམ་ངེས་གཞན་སྟོང་དབུ་མའི་བརྒྱུད་འདེབས་དང་། །སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་རིན་ཆེན་འབྱུང་། །བདེ་མཆོག་བསྟོད་ཆེན་དངོས་གྲུབ་འབྱུང་གནས་དང་། །དུས་འཁོར་བསྟོད་ཆེན་བླ་མ་མཆོད་པ་ཡི། །བདེ་གཤེགས་རབ་རྒྱས་ཤངས་ལུགས་བདེ་བའི་མཆོག །ལྷ་ལྔའི་མངོན་དཀྱིལ་རྣམ་ཆོག་བུམ་ཆོག་དང་། །ཚེ་ལྷ་དགུ་པའི་ཆོ་ག་བདུད་རྩི་འཁྱིལ། །བླ་མའི་རྣལ་འབྱོར་ལྕགས་ཀྱུ་མ་ཉིད་དང་། །རི་ཆོས་ངེས་དོན་རྒྱ་མཚོ་རྒྱ་ཇའི་མཆོད། །རིགས་ཀུན་ཁྱབ་བདག་སྨོན་རྒྱམ་དབུ་མ་སྙིང་། །དུས་འཁོར་ལྷ་དགུའི་སྒྲུབ་ཐབས་ཆ་གསུམ་དང་། །དཀར་གཏོར་ཆ་བཞི་ཀུན་མཁྱེན་དོལ་པོ་པའི། །བདེ་བ་ཅན་གྱི་སྨོན་ལམ་སྤྱོད་པ་བ། །སངས་རྒྱས་དཔལ་བའི་ཁྲིད་བརྒྱ་ཁ་ཤས་གསན། །གཉགས་དབོན་ཉིད་ཀྱི་སྙུང་གནས་ཆོ་ག་དང་། །བླ་མ་བརྒྱུད་
པའི་རྣམ་པར་ཐར་པ་དང་། །བྱ་ས་སྐལ་བཟང་པ་ཡིས་མཛད་པ་ཡི། །མཛད་པ་འཁྲུལ་མེད་རྣམས་ཀྱི་ལུང་རྣམས་བཞེས། །དེ་ལྟར་ཡོངས་འཛིན་དམ་པ་རྣམ་གསུམ་དང་། །ལུང་མང་གྲུབ་དབང་བློ་གྲོས་རྒྱ་མཚོ་ལ། །སྔ་ཕྱིར་གསན་པའི་ཟབ་མོའི་དབང་ལུང་རྣམས། །སྐབས་འདིར་ཅུང་ཟད་ཕྱོགས་གཅིག་བཀོད་པའོ། །ཇི་ལྟར་འཕགས་ཆེན་རྣམས་ནི་རང་དོན་གྱི། །མཛད་པའི་ངོ་མཚར་སྔོན་དུ་བསྟར་བྱས་ནས། །གཞན་དོན་སྤྱོད་ལ་གཉིས་སྐྱེས་ཆུ་ངོགས་སུ། །ངང་གིས་འཇུག་ལ་སྤྲོ་བ་ཇི་ལྟ་བར། །གསན་བསམ་ཕལ་ཆེར་རྫོགས་པ་ས་བྱི་ལོ། །དགུང་ལོ་བཅོ་ལྔར་སྐྱེ་ཕྲེང་གོང་མ་ཡི། །གསུང་སྲས་བརྩེ་ཆེན་སྒྲུབ་སྡེས་གསོལ་བཏབ་ལྟར། །པདྨའི་ཐུགས་བཅུད་རིག་འཛིན་ཐུགས་ཐིག་གི། གླེགས་བམ་རྫོགས་པའི་ལུང་གི་ཆུ་བོ་ཕབ། །ཟབ་གསང་གསུང་གི་འགྲོ་དོན་དང་པོའོ། །དེ་ནས་རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་ལོ། །དགུང་ལོ་ཉི་ཤུར་མཁན་ཆེན་ལོ་ཙཱ་བའི། །སྤྱན་སྔར་བརྡ་སྤྲོད་བསྟན་བཅོས་དབྱངས་ཅན་མའི། །རི་མོ་ཡོངས་རྫོགས་ཀ་ལཱ་པ་ཉིད་ཀྱང་། །ཡང་བསྐྱར་ས་བཟང་མ་ཏི་པཎ་ཆེན་གྱི། །འགྲེལ་ཊིཀ་སྟེང་ནས་མཐའ་ཆོད་གསན་པ་མཛད། །དེ་ཚེ་ཆོས་ཀྱི་རྒྱལ་པོ་གཏེར་ཆེན་རྗེས། །དགྱེས་པའི་ཉམས་བཅས་ས་བཟང་འགྲེལ་ཆེན་པོད། །ལེགས་སྐྱེས་གསོལ་རས་སུ་བསྩལ་རིག་པའི་གནས། །སྤྱི་དང་བྱེ་བྲག་མཐར་ཕྱིན་དགོས་པ་ཡི། །མི་འགྱུར་རྡོ་རྗེའི་གསང་ཚིག་སྙིང་ལ་སྦྱིན། །སླར་ཡང་དཎྜིའི་མན་ངག་མེ་ལོང་མའི། །སརྒ་གསུམ་གྱི་ལྗགས་བཤད་ཞིབ་རྒྱས་སུ། །གསན་ཏེ་རྩོམ་པའི་ཕུད་ཀྱི་སྐྱེས་འབུལ་མཛད། །སྐར་རྩིས་མན་ངག་ཉིན་བྱེད་སྣང་བ་དང་། །སྡེབ་སྦྱོར་རིན་འབྱུང་དགོངས་དོན་པྲ་སྟ་ར། །འགོད་པའི་བརྡའ་དོན་ངོ་སྤྲོད་དང་བཅས་པ། །ངོ་མཚར་རྟོགས་བྱེད་ལ་སོགས་མཐའ་ཆོད་ཀྱི། །རྡོ་རྗེའི་ལྗགས་ཀྱི་བཤད་པ་ཞིབ་རྒྱས་གསན། །སྐབས་འདིར་ཡར་ཀླུང་སྡེ་པ་རགས་བརྩིགས་པར། །ཐང་ཡིག་ཤེལ་བྲག་མ་ཡི་ལུང་ཡང་བསྩལ། །རྒྱལ་བ་ཞེས་པ་ཤིང་ཕོ་རྟ་ལོ་ཡི། །རྒྱལ་བས་ཆོ་འཕྲུལ་བསྟན་པའི་ཟླ་བ་ལ། །ཡབ་རྗེའི་ངོ་མཚར་རྨད་བྱུང་མཛད་པ་ཡི། །རྒྱལ་བའི་བཀའ་རྣམས་མ་ལུས་འགྱུར་ཅོག་དང་། །བསྟན་འགྱུར་ཞལ་གསོ་པདྨའི་གོས་སྐུ་དང་། །སྐུ་འབུམ་མཐོང་གྲོལ་
ཆེན་མོའི་བྲེའི་བྱ་འདབས། །བླ་བྲང་རྩེ་མོར་གསེར་གྱི་རྒྱ་ཕིབས་སོགས། །སྐུ་གསུང་ཐུགས་རྟེན་མང་པོ་གསར་བཞེངས་ལ། །རིགས་བརྒྱའི་བདག་པོ་གཏེར་ཆེན་བླ་མ་དང་། །དབང་ཆེན་ཟློས་གར་འགྱུར་མེད་རྒྱ་མཚོའི་སྡེ། །མཁས་གྲུབ་ཆོས་སྐྱོང་བཟང་པོའི་སྐུའི་ཡང་སྲིད། །འགྱུར་མེད་ཡིད་བཞིན་ལེགས་པར་གྲུབ་པ་གསུམ། །གཡུ་སྒྲའི་སྤྲུལ་པ་དྷརྨ་ཤྲཱི་བཅས། །འཁོར་ཚོགས་རིག་འཛིན་འདུས་པ་རྒྱ་མཚོ་ཡི། །རབ་ཏུ་གནས་པའི་ཆོ་ག་ཉིན་གཉིས་མའི། །ལུགས་སུ་རྒྱས་པར་མཛད་སྐབས་ཡབ་རྗེའི་བཀས། །ངེད་རང་ཕ་བུ་སྡེབས་འཛོམ་འདི་འདྲ་བ། །ཕྱིན་ཆད་དཀའ་བས་རིན་ཆེན་རྣམ་རྒྱལ་ཡང་། །ད་ལམ་ཚོགས་སུ་སྐྱོད་ཅེས་གནང་བ་ལྟར། །རྡོ་རྗེའི་ཚིག་འདི་ལྷུར་བཞེས་མཛད་པ་ལ། །སྐུ་གཟན་རྒྱ་ཡིག་མ་ཡི་འཇག་ཅན་དང་། །རྣམ་བཀྲའི་སྐུ་འགག་ལེགས་པའི་གསོལ་རས་བཅས། །ཁྱད་པར་རྗེ་བཙུན་ཏཱ་ར་ནཱ་ཐ་བཞིན། །མཁས་པའི་དཔེར་འོས་བགྱིས་ཞེས་བཀའི་བདུད་རྩི། །བླ་མེད་བཀའ་དྲིན་ཐོབ་ཅེས་ཞལ་ནས་གསུངས། །འདའ་ཀའི་ཞལ་གདམས་གསང་ཚིག་ནང་དུའང་། །གསལ་བ་ཁོ་བོའི་འདྲེན་བྱེད་ཡུལ་དུ་གྱུར། །འདི་ནི་གཟུར་གནས་རྣམས་ཀྱིས་ལེགས་བརྟགས་ཚེ། །ཕྱི་མཐའ་གཟིགས་པའི་མ་འོངས་ལུང་དུ་གོ། རིང་མིན་རྡོ་རྗེའི་སྐུ་ལ་སྐྱེ་འཆི་ཡི། །རེ་དོགས་ཟད་ཀྱང་རྟག་པར་འཛིན་པ་རྣམས། །ཆོས་ལ་བསྐུལ་ཕྱིར་སྤྱི་དང་བྱེ་བྲག་ལ། །འདའ་ཁ་ཞལ་གདམས་བདུད་རྩིས་ཁྱབ་མཛད་ནས། །ཕྱི་ཟླ་དབོ་ཟླའི་ཚེས་གཉིས་ཉིན་མོར་བྱེད། །ཁ་འདལ་ནམ་མཁའ་འཇའ་འོད་ཀྱིས་བྲེས་ཤིང་། །ཁྱད་པར་གདུགས་དང་རྒྱལ་མཚན་འདྲ་བ་ཡི། །སྤྲིན་གྱིས་ཉི་འོད་མི་སྒྲིབ་གསལ་ཞིང་འབར། །མེ་ཏོག་ཆར་འབེབས་ས་འདི་གཡོ་བ་སོགས། །ངོ་མཚར་ཆོ་འཕྲུལ་དུ་མ་དང་བཅས་ནས། །སྤྲུལ་གཟུགས་སྒྱུ་མའི་ཟློས་གར་དེར་བཤིགས་ཏེ། །ཆོས་ཉིད་འོད་གསལ་ཀློང་དུ་ཐལ་ལེར་གཤེགས། །དེ་ཚེ་རང་རིག་བླ་མའི་ལམ་ཁྱེར་གྱིས། །ཐུགས་དམ་བསྐུལ་ཞིང་གསོལ་འདེབས་ཉམས་བཞེས་དང་། །དགོངས་པ་སྐོང་བའི་མཆོད་སྦྱིན་མཐའ་ཡས་པ། །རྒྱལ་སྲས་ཁུ་བོར་བཅས་པས་སྒྲུབ་པར་མཛད། །ཁྱད་པར་ཀུན་མཁྱེན་དྷརྨ་ཤྲཱིས་དབུས། །རིགས་སྲས་བཤེས་གཉེན་འཁོར་ཚོགས་ཉུང་བསྡུས་
ཀྱིས། །སྐུ་གདུང་ཞུགས་ཀྱིས་སྦྱོང་བའི་ཕྱག་ལེན་དང་། །ཕྱི་ནང་སྐུ་གསུང་ཐུགས་རྟེན་བསམ་ཡས་པ། །ཕྱི་རབས་དད་པའི་རྟེན་དུ་བཞེངས་མཛད་ནས། །ལྷག་གནས་ཆོ་གས་དགེ་ཤིས་སྒྲུབ་པར་མཛད། །མདོར་ན་རིགས་སྲས་ཁུ་དབོན་བཅས་རྣམས་ཀྱིས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བསྟན། །གོང་དུ་སྤེལ་བའི་རྨད་བྱུང་མཛད་པ་འདིས། །རྗེ་དེའི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར། །སྐབས་དེར་རིང་མིན་རྟ་ཟླའི་ནང་ཉིད་དུ། །རྒྱལ་སྲས་ཐུ་བོ་མཆེད་དང་ལྷན་ཅིག་ཏུ། །ཟན་ཡངས་མི་འགྱུར་དཔལ་གྱི་བསམ་ཡས་དང་། །མཆིམས་ཕུ་བྲག་དམར་གཡའ་མ་ལུང་སོགས་སུ། །ཀུན་བཟང་མཆོད་པའི་མཛོད་སྒོ་ཕྱེ་བ་དང་། །ལྷན་ཅིག་རྒྱ་ཆེའི་སྨོན་ལམ་བཟང་པོ་ཡིས། །རྗེ་དེའི་ཐུགས་དགོངས་རྫོགས་པའི་རྣམ་ཐར་བསྐྱངས། །དེ་ཚེ་དག་པའི་སྣང་བ་འབྱམས་ཀླས་པས། །ནམ་མཁའི་ལྷས་ཀྱང་མེ་ཏོག་ཆར་འབེབས་དང་། །ངོ་མཚར་འཇའ་འོད་གུར་ཁྱིམ་ཕུབ་པ་སོགས། །ཕུན་ཚོགས་དགེ་བའི་གཟིགས་པ་རྨད་དུ་བྱུང་། །འགྱང་མིན་དགོན་གནས་ཕྱིར་ཕེབས་བཅད་རྒྱའི་ཁོག །ཡབ་རྗེའི་གཏེར་གསར་འཇམ་དཔལ་གཤིན་རྗེ་ཡི། །ཞི་བར་བསྙེན་པ་ཟབ་མོའི་མན་ངག་རྣམས། །ཐུགས་རྒྱུད་འཁེལ་བའི་ཉམས་ལེན་གནད་ཐེམས་མཛད། །བགྲོད་དཀའ་རིང་པོའི་ས་ནས་ཞབས་བསྐྱོད་པའི། །རྫོགས་ཆེན་བླ་མ་ཐེག་མཆོག་འཁོར་བཅས་ལ། །སྨན་གྱི་རྒྱུད་བཞི་གཟུངས་བསྡུས་ཆོས་ཚན་འགའི། །དམ་པའི་ཆོས་ཀྱི་སྦྱིན་པའི་ལུང་ཡང་བསྩལ། །ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ། །ཟངས་མཚོར་ཆིབས་བཏེག་དེར་འདུས་དང་བཅས་པས། །ཚེས་བཅུ་མཆོད་པའི་གསུང་ཆོག་རྒྱས་པ་དང་། །ཕྱི་ཉིན་བོད་འབྲོག་སྐྱེ་བོ་སུམ་སྟོང་ཙམ། །འདུས་པར་ཚེ་ཡི་དབང་བཀས་ཚིམ་པར་མཛད། །མྱོས་བྱེད་ཤིང་ལུག་དགུང་ལོ་ཉེར་གཉིས་ལ། །ས་ཟླའི་སྒྲུབ་མཆོད་ཆེན་མོའི་ཕྱག་བཞེས་ཀྱི། །ས་འདུལ་ཁྲག་འཐུང་རྩ་བའི་འཆམ་དཔོན་གྱིས། །ཉམས་འགྱུར་སྒེག་པའི་རོལ་པའི་གར་སྟབས་བསྒྱུར། །སྔ་འགྱུར་རྒྱུད་སྡེ་རྒྱ་མཚོའི་ཡ་གྱལ་ཉིད། །སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་བཞེངས་པ་ནས། །ཐ་མའི་བྱ་བ་དཀྱིལ་འཁོར་བསྡུ་བའི་བར། །རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་ལོ། །འཁོར་འབངས་མང་
པོས་ཕྱུག་པའི་མཁའ་ལྡིང་བྱའི། །གདུང་སྲས་མཆེད་ལ་སྐར་རྩིས་རི་མོ་དང་། །སྒྲ་བཅུད་ཀུན་འདུས་དབྱངས་ཅན་མ་ཉིད་ཀྱི། །རིག་ལམ་འཁྲིད་པའི་དེད་དཔོན་བདག་གིར་བཞེས། །འདྲེན་པར་རློམ་པ་བླ་མ་ཆུ་མིག་པ། །ཡབ་སྲས་ཆོས་སྡེ་ཆེན་པོ་འབྲས་སྤུངས་ཀྱི། །དགེ་བཤེས་ཟུང་དང་གཉུག་མར་གནས་པ་ཡི། །བསམ་རྩེའི་མ་ཇོ་ཡོངས་རྫོགས་བཅས་པ་ལ། །མཁའ་འགྲོ་སྙིང་ཐིག་རྟ་མགྲིན་ཡང་གསང་པོད། །གཏེར་གསར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི། །དམ་ཆོས་ལུང་གི་བདུད་རྩིའི་སྦྱིན་པ་མཛད། །དེ་ནས་བདུན་ཕྲག་ཞག་ཏུ་སྙན་པ་ལ། །རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་པ་དང་། །སྐབས་འདིར་དྲུང་འཚོ་ངག་དབང་དཔལ་བཟང་ལས། །འབྱུང་བ་རྩིས་ཀྱི་སྐོར་རྣམས་ཚང་བར་བཞེས། །ལོ་འདིའི་གྲོ་བཞིན་ཟླ་བའི་ཡར་ཚེས་ཀྱི། །བཟང་པོ་དང་པོའི་ཚེས་ཀྱི་སྔ་དྲོའི་ཆར། །བརྟན་མཁས་ཡོན་ཏན་གཉིས་དང་ལྡན་པ་ཡི། །པདྨ་འགྱུར་མེད་རྒྱ་མཚོས་མཁན་པོ་དང་། །ཀུན་མཁྱེན་དྷརྨ་ཤྲཱིས་ལས་སློབ་བཅས། །མཁན་སློབ་དད་པའི་དགེ་འདུན་བཅས་པའི་དྲུང་། །དགེ་ཚུལ་སྡོམ་པ་རྣམ་དག་ནོད་པར་མཛད། །གདུང་ངན་ཞེས་པ་མེ་སྤྲེལ་མཁན་སློབ་གཉིས། །གཙོར་གྱུར་དམ་པའི་ཞབས་པད་བསྟེན་བྱས་ནས། །ཟབ་གསང་དབང་ལུང་གདམས་པའི་བདུད་རྩིའི་རྒྱུན། །ངོམས་མེད་ཐུགས་མཚོར་བསྐྱིལ་བའི་བྱ་བས་འདས། །
ཇུན་གར་བས་བསྟན་དགོན་ལ་འཚེ་སྐབས་བྲོས་བྱོལ་དང་འགྲོ་དོན་མཛད་ཚུལ།
དུས་ངན་གསེར་འཕྱང་མེ་མོ་བྱ་ཡི་ལོ། །དགུང་ལོ་ཉི་ཤུ་རྩ་བཞིའི་སྟེང་ཕེབས་པར། །ཡབ་རྗེའི་དག་པའི་གཟིགས་སྣང་རོལ་རྩེད་དུ། །ཚེས་དགུའི་ནུབ་མོ་རང་ཁྱིམ་འཁོར་བ་ན། །མི་བཟད་ཅོ་དིར་ཤུག་སྒྲས་བསྐུལ་བ་ན། །བལྟས་པས་སྐྱེས་བུ་སྣ་ཚོགས་གོ་ཞུབས་ཅན། །མྱུར་འགྲོའི་བཞོན་པ་ལ་བརྟེན་བརྒྱ་ཕྱེད་གྲངས། །རྫོགས་པས་བསྐོར་བའི་ཕྱོགས་སུ་འགྲོ་བ་དང་། །ལྷན་ཅིག་སྣ་ཚོགས་གཏམ་གྱིས་འདི་སྐད་ཟེར། །ཞེས་སོགས་འདི་དོན་ཐོག་ཏུ་བབས་པའི་ཚུལ། །སྔོན་དུས་ཟན་ཡངས་དཔལ་གྱི་བསམ་ཡས་སུ། །རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། །མཁན་སློབ་པཎ་གྲུབ་མང་པོ་སྤྱན་དྲངས་ཏེ། །སྐུ་རྟེན་གཙུག་ལག་ཁང་ནི་མང་པོ་བཞེངས། །གསུང་རྟེན་ཆོས་བསྒྱུར་ལོ་ཙཱ་མང་པོ་བསྡུས། །ཐུགས་རྟེན་
བཤད་གྲྭ་སྒྲུབ་གྲྭ་མང་བཙུགས་ནས། །གངས་ཅན་ཆོས་ཀྱི་སྣང་བས་ཁྱབ་མཛད་པར། །སྡིག་བློན་རྣམས་ཀྱི་བློ་ལ་མ་ཆུད་དེ། །མ་འོངས་བསྟན་དང་བསྟན་པ་འཛིན་པ་ལ། །ཉེར་འཚེའི་སྨོན་ལམ་ལོག་པར་བཏབ་པའི་འབྲས། །སྐབས་འདིར་སྨིན་པ་བྱང་ཕྱོགས་བདུད་འགོང་དཔུང་། །སྡེར་བཅས་བོད་ཡུལ་དབུས་སུ་ལྷགས་པ་ཡི། །བསྟན་དང་འགྲོ་བའི་ཕན་བདེའི་ལྗོན་པ་བསྲེགས། །བཙན་པོའི་ལུང་གིས་དབུས་གཙང་ཁྱབ་པར་བྱས། །ཁྱད་པར་ངེས་དོན་བསྟན་པ་མ་ལུས་བསྣུབས། །དེ་ཚེ་རྗེ་འདིའི་གཅེན་མཆོག་ཁུ་དབོན་གསུམ། །བདུད་འགོང་གནས་པའི་ས་དེར་སྤྱན་དྲངས་ནས། །ཁྲི་མུན་བཅུག་ལ་སྐུ་སྲོག་ལ་རྒོལ་དང་། །ལྷན་ཅིག་དགོན་སྡེ་གཏོར་བའི་གཤེད་མའི་གྲངས། །བརྒྱ་ཕྲག་ལ་ཉེ་ཕྱོགས་འདིར་མངགས་པར་གྱུར། །ལོ་འདིའི་རྒྱལ་ཟླའི་དམར་ཕྱོགས་དང་པོ་ཡི། །ཁྲི་གདུགས་དགུང་ལས་ཆུ་ལྷའི་ཕྱོགས་ཉེ་ཚེ། །བསྟན་འགྲོའི་བདེ་སྐྱིད་ཁམ་ཟས་བྱེད་པ་པོ། །འབྱུང་པོ་དམ་སྲིའི་དམག་སྡེ་དེ་དག་རྣམས། །གནས་འདིའི་ཙ་རིའི་ནང་དུ་སྒར་ཕབ་ནས། །སྙན་ཚིག་བྱ་མ་རྟ་ཡི་མགྲིན་ལམ་ལ། །ཉེར་དྲངས་འདུས་པའི་ཚོགས་རྣམས་གནས་དེར་བཀུགས། །ལན་ཚྭས་དབེན་པའི་རྒྱ་ཇའི་སྐྱེམས་དྲངས་ནས། །དམར་འོད་མིག་རྩ་ཁྲག་ལྟར་ཁོལ་བ་དང་། །རྫི་མ་འཁྱོག་པོར་གཡོ་བའི་རྣམ་འགྱུར་དང་། །ལྷན་ཅིག་རྩུབ་མོའི་ཚིག་གིས་སྤྱོ་བ་ནི། །ཕྱིན་ཆད་ཁྱོད་རྣམས་གཉིས་ཚུན་སྡེབས་མི་རུང་། །ཆོས་མིན་བྱ་བ་ནག་ཆང་བག་མེད་ལས། །བསྟན་ལ་དགེ་བའི་བྱ་བ་བྱས་སྲིད་ཚེ། །རང་རང་སྲོག་ལ་རྒོལ་བའི་ལུང་བསྒྲགས་ཏེ། །མདའ་མདུང་མཚོན་ཆ་འཇིགས་པའི་འཕང་བརྡེག་གིས། །ངུར་སྨྲིག་མཚམས་སྤྲིན་ས་ལ་ལྷུང་འདྲ་བའི། །གསུམ་ལྡན་འདུས་པའི་ཚོགས་རྣམས་ཕྱོགས་སུ་གཏོར། །རྒྱལ་སྲས་ཡིད་བཞིན་ལེགས་གྲུབ་ཁྲི་མུན་བཅུག །གནས་གཞིའི་གཙུག་ལག་ཁང་རྣམས་སྡེར་བཅས་བཤིག །སྐུ་གསུང་ཐུགས་རྟེན་མེ་ཆུར་སྦྱང་བ་སོགས། །མཚམས་མེད་ལྔ་ཡི་ལས་ཚབས་ཆེར་བསགས་ཏེ། །དུས་ངན་རང་མཚང་མངོན་གྱུར་ལས་དབང་གིས། །བསྟན་སྡེ་མིང་གི་ལྷག་མ་ཙམ་དུ་བྱས། །དེ་ཚེ་རྗེ་འདི་དྭ་ཕྲུག་བཞིན་ལུས་པས། །ཉེ་བར་གནས་པ་མི་ཕམ་དང་འགྲོགས་ནས། །སྣང་བའི་
བདག་པོ་ནུབ་རིར་ཡིབས་པའི་ཚེ། །བདུད་དམག་མདའ་མདུང་མཚོན་ཆའི་འཕྲུལ་འཁོར་ཅན། །གཏུམ་རྔམས་གཤིན་རྗེའི་ཕོ་ཉ་ཆས་འདྲ་བའི། །རྒྱོབ་སོད་ང་རོ་དྲག་པོའི་དཔུང་ཚོགས་ལས། །ཉེར་གྲོལ་ཉེ་འདབས་ས་མཚམས་གླིང་གསེབ་ཕེབས། །རིགས་ཀྱི་གཅུང་པོ་ཨུ་པ་ནཱ་ད་ཡང་། །ཞམ་རིང་སྒྲིན་པོའི་ངང་ཚུལ་འཛིན་པ་ཡི། །གཡོ་ཐབས་དུ་མའི་བྱ་བ་ཉེར་བླངས་པའི། །བདུད་འགོང་འབྱུང་པོའི་ཉེན་ལས་ཐར་བ་ནི། །དཔེར་ན་ཉིན་མོར་བྱེད་དང་ཆུ་ཤེལ་དབང་། །སྒྲ་གཅན་གདོང་ལས་གྲོལ་བ་བཞིན་དུ་གྱུར། །གླིང་དེར་རང་གྲྭ་འགའ་ཞིག་འདུས་པ་ལ། །འཕྲལ་ཡུན་རོགས་ཟླར་ཕན་པའི་རེ་བཅའ་བས། །ལ་ལ་ནོར་རྫས་སྒྱུ་མའི་ཆོས་ལ་ཆགས། །ལ་ལ་ཡུལ་གཞིས་ཕ་མ་གཉིས་ལ་ཞེན། །འགའ་ཞིག་ཅི་བྱའི་གཏོལ་བྲལ་སྨྲ་རྒྱུ་མེད། །རང་འདོད་ཕུགས་སུ་བཅངས་པའི་གྲོགས་དེ་དག །སླར་ཡང་སྲན་ཕུང་བེར་བསྣུན་ལྟ་བུར་འཐོར། །སྔ་དུས་འཁོར་ཚོགས་རྒྱ་མཚོས་བརྟེན་ན་ཡང་། །སྐབས་འདིར་བདེ་སྡུག་ལྷན་ཅིག་མྱོང་ནུས་ཤིང་། །ལུས་ཀྱི་གྲིབ་བཞིན་འགྲོགས་པ་མི་ཕམ་ལས། །གཞན་པའི་རོགས་ཟླས་དབེན་པའི་དུས་བྱུང་གསུངས། །དེ་ནས་ས་སྲོས་ཙམ་གྱི་དུས་ཉིད་ལ། །གླིང་གསེབ་ལས་ཐོན་ཞབས་འགྲོས་ཀྱིས་བསྐྱོད་པའི། །ནམ་གུང་འོར་པ་ཞེས་བྱའི་གྲོང་ཐད་ཀྱི། །བྲམ་སྒང་བསིལ་བུའི་སྐྱབས་མེད་ཅིག་དུ་ཕེབས། །དེ་ཚེ་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཆེ། །འབུམ་རམས་ཨོ་རྒྱན་བསྐལ་བཟང་གནས་དེར་ཕེབས། །སོ་དང་སེན་མོ་གང་རྣོའི་ཐབས་གྲོས་དང་། །རེ་ཞིག་ཟངས་མཚོར་ཕེབས་པ་དགྱེས་ཚུལ་ལྟར། །ཐག་ཉེའི་ས་ནས་རང་ནོར་ཆིབས་སྙེག་པའི། །བཞོན་པར་བརྟེན་ལ་སྒོ་ཚངས་ལ་བརྒྱུད་དེ། །བསྐྱོད་པར་ནམ་སེང་ཆོས་འབྱུང་ཟངས་མཚོ་ཞེས། །བོད་འབྲོག་མཚམས་ཀྱི་རང་དགོན་མཐོ་དེར་ཕེབས། །སྒོམ་ཆེན་འཇམ་དབྱངས་ཞེས་བྱའི་སྤྱིལ་བུར་བཞུགས། །དེར་ཡང་ནག་པོའི་བདུད་ཀྱི་ཁ་རླངས་སྤྲིན། །མི་འདོད་རླུང་གིས་ཕྱོགས་བཞིར་ཁྱབ་བྱས་པའི། །འཇིགས་རྔམས་མི་བཟད་སྟོང་འུར་ཆེན་པོར་བརྟེན། །པདྨ་རིག་གྲོལ་ཟེར་བའི་ས་མཁན་ལ། །བརྟེན་ཏེ་མཚོ་སྦུག་བརྒྱུད་པའི་ས་ཉིད་ན། །རི་རོང་གཡའ་གངས་ཀྱིས་གཏམས་མཚོ་རྒྱལ་ཕུག །གྲགས་པའི་
གནས་དེར་དཔོན་གཡོག་གཉིས་བཅུག་ནས། །བུག་སྒོ་རྫ་གཡམ་གྱིས་བསྡམས་བཞུགས་སུ་བཅུག །ཕོ་བཟོའི་གཏམ་གྱིས་ད་ཆ་སྐྱོན་མེད་ཚུལ། །ལན་འགའ་སྨྲས་ལ་ལམ་མཁན་རང་གནས་ལོག །དེ་ཚེ་རྗེ་འདིར་ཀུན་རྟོག་འདི་ལྟར་འཆར། །བསླུ་མེད་མཆོག་གསུམ་དམ་པའི་ཐུགས་རྗེའི་མཐུས། །འདོད་ཁམས་བདག་པོས་རྒྱུད་བསྐུལ་བདུད་སྡེའི་དཔུང་། །མི་བཟད་འཇིགས་པའི་འཕྲང་ལས་རང་གྲོལ་འདིར། །སྣ་བུག་ཙམ་གྱི་བུ་གར་གནས་འཆའ་བའི། །ཅོལ་ཆུང་བྱིས་པའི་བློ་འདི་འཁྲུལ་པར་དགོངས། །འབྱུང་པོའི་འདབ་ལྡན་རྒྱུ་བའི་དུས་དེ་ཁར། །ཕུག་པ་ལས་ཐོན་རིན་ཆེན་སྤུངས་འདྲའི་རི། །རྩེ་མོ་ཤིན་ཏུ་མཐོ་བ་མཁའ་ལ་སྙེགས། །ངོས་ཀྱི་རྫ་རྣམས་གྱེན་གཟེངས་ཁ་བ་དང་། །འཁྱགས་ཤུན་གྱིས་བཏུམ་གཤིན་རྗེའི་མཆེ་བ་ལྟར། །མི་བཟད་རབ་ཏུ་གཙིགས་པའི་གཡས་གཡོན་ལ། །གཅན་གཟན་མི་སྡུག་པའི་ཚོགས་ངུ་སྐད་དང་། །འབྱུང་པོའི་བྱ་ཚོགས་འཁུན་སྒྲ་དིར་དིར་སྒྲོག །བསེར་བུའི་རླུང་དང་འགྲོགས་པའི་བུ་ཡུག་གི། འཚུབ་མ་སྐུ་ལ་རེག་པས་འཁྱགས་ཞུན་དུ། །རོམ་རོམ་འགྲོ་བའི་རི་ལ་ཕྱག་ཞབས་བཞིས། །གར་རྟོལ་རྟེན་པ་འཚོལ་གྱིན་འཛེགས་ཕེབས་པར། །ནམ་ལངས་ཉེ་བར་ཕུག་པ་ཞིག་ཏུ་ཕེབས། །རྗེ་ཉིད་ཤིན་ཏུ་ངལ་བས་གཟིམ་སྟབས་བཞུགས། །ཞམ་རིམ་དག་གི་ཤ་ཐང་སྩལ་བའི་ནོར། །སོལ་བ་སྙིམ་པ་གང་རྙེད་དེའི་མེ་ལ། །བརྟེན་ཏེ་ཞལ་སྐྱེམས་རླངས་ཐོན་ཙམ་ཞིག་བཞེས། །དེ་ལས་གཞན་པའི་བཟའ་བཏུང་ཆ་རྐྱེན་ནི། །རི་བོང་རྭ་དང་སྒོ་ངའི་སྤུ་བཞིན་གྱུར། །ནམ་ཞིག་དྲུང་འཚོ་བོན་བཙན་ཞེས་བྱ་བས། །གསང་ཁོག་ཆ་རྐྱེན་ཞྭ་འཐུལ་ཞིག་ཕུལ་བར། །སྐུ་ལ་རེག་བྱའི་རྫས་སུ་ཉེར་བཞེས་ནས། །ཞག་གསུམ་ལོ་ལས་རིང་བ་བྱས་ཞེས་གསུང་། །སླར་ཡང་མཚན་གཅིག་འགྱུར་མེད་ཆོས་དཔལ་གྱིས། །རི་གཤམ་ཆིབས་ཁྲིད་ཕེབས་བསུར་འབྱོར་པ་ལྟར། །ཟངས་མཚོར་ཕེབས་ལ་ཞག་གཉིས་གབ་ནས་བཞུགས། །གནས་དེར་གསོལ་ཆས་ཕྲན་བུའི་སྟ་གོན་དང་། །ལྷོ་བྲག་ཕྱོགས་སུ་ཕེབས་པའི་གཞི་བཏིངས་ནས། །ཉེར་བཞིའི་སྲོད་ལ་ཟངས་མཚོ་ནས་བསྐྱོད་དེ། །ཐོ་རེངས་རང་དགོན་ཀར་སྟེང་ཞེས་སུ་ཕེབས། །བླ་མ་ཆོས་འཕེལ་ཟེར་བས་ཞབས་ཏོག་བསྒྲུབས། །
ཞག་གསུམ་བར་དུ་སྐུ་ལ་བརྟེན་པར་མཛད། །སྐབས་དེར་བཤེས་གཉེན་ཆེན་པོ་འབུམ་རམས་པས། །བྱ་མ་རྟ་མངགས་གནད་གསང་ཞུ་ཡིག་འབྱོར། །དེ་འཕྲལ་སྲོད་ལ་སྔོ་ལུང་ལ་བརྒྱུད་ནས། །གསུམ་མདོ་སྡེར་ཁའི་ལ་ཕུག་ཅིག་ཏུ་ཕེབས། །ལྷོ་ཕྱོགས་རང་ནོར་གཉེར་ཁ་པར་མངགས་པས། །འབྲས་ལྷོ་འགྱུར་མེད་འཕེལ་རྒྱས་ས་དེར་འབྱོར། །དེ་ལས་ཆིབས་གཉིས་བཟང་གོས་སྔོ་སྐྱ་ཡུག །རྒྱན་བཞི་སེར་པོའི་རྩག་པ་དང་བཅས་པ། །ལྗོན་འདབ་ཕུར་མའི་ཡང་རྩེ་འཁོར་དྲུག་གཅིག །རང་གིར་བཟུང་ནས་ནོར་གྱི་གཉེར་ཁ་པོ། །རང་དགོན་བྱང་ཆུབ་གླིང་དུ་ལྡོག་པར་མཛད། །རྣམ་བཀྲའི་རྒྱན་བཞི་སེར་པོའི་ལ་པ་ཤག །ཕྱི་རྗེས་མི་རྗེ་བསོད་ནམས་སྟོབས་ཀྱི་རྒྱལ། །བོད་ཁམས་སྐྱོང་བའི་རྗེ་བོར་ཕེབས་པའི་དུས། །ཐོག་མའི་མཇལ་འཕྲད་དུས་སུ་ཕུལ་ཞེས་གསུངས། །དེ་ནས་བསྐྱོད་དེ་རང་དགོན་གནས་གཞིའི་ཐང་། །གླ་དཀྱིལ་ཞིག་ཏུ་གབ་བཞུགས་སྲོད་ཡོལ་ཙམ། །གནས་གཞིའི་བླ་བྲང་ཕེབས་ལ་དེའི་བླ་མ། །དགེ་སློང་བསླབ་གསུམ་ཞེས་པས་བསྙེན་བཀུར་ཞུས། །ནམ་སར་ཐོ་རེངས་དེ་ལས་བསྐྱོད་མཛད་ནས། །བཙན་གྲོ་གཞུང་དང་བན་སའི་ཡུལ་གྲུ་བརྒྱུད། །རྣམ་འཕྱང་ས་ཁྱིའི་མཆུ་ཟླའི་ཚེས་གཅིག་གི། ཉི་ཤར་བན་ས་བསམ་གྲུབ་དགོན་དུ་ཕེབས། །སྐབས་འདིར་ཆིབས་དང་ན་བཟའི་སྤྲོས་པ་བཅས། །ལྷ་ལྡན་ཕྱོགས་ཀྱི་མང་འགྱེད་དོ་དམ་པར། །རྫུ་བའི་གཡོ་ཐབས་དུ་མའི་མཛད་པ་ཡིས། །བཟན་ཤིང་བསྡུ་དང་བགྲོད་དཀའི་ལམ་སྲུང་ལས། །རང་གར་རྟོལ་བའི་མཛད་པ་བདག་གིར་བཞེས། །བསམ་དགོན་ཞབས་དྲུང་འཇམ་དབྱངས་འཁོར་བཅས་ཀྱིས། །ཞག་བཞིའི་བར་དུ་གུས་པས་ཞབས་ཏོག་བསྒྲུབས། །འོན་ཀྱང་ནང་དུ་ངན་སེམས་དུག་ཆུ་ཁོལ། །ངག་ཏུ་འཁྱོག་བཤད་འཇམ་པོའི་ཟོལ་སྦྱོར་སྨྲ། །རང་དོན་རྙེད་ན་ཕ་མ་དགྲ་བཅོམ་ལ། །བརྡོ་བའི་སྡིག་ཏོའི་རྣམ་པར་ལྷུར་བླངས་པའི། །དགྲ་ལག་སྤྲོད་པའི་འཕྲུལ་གྱི་བྱ་བ་བསྒྲུབས། །དེ་ཚེ་དཀོན་མཆོག་བདེན་པའི་བྱིན་རླབས་དང་། །རྗེ་ཡི་སྐུ་བསོད་སྟོབས་སུ་གྱུར་པའི་མཐུས། །གཉེན་ཡང་དགྲ་བོར་གྱུར་པའི་འཇིགས་ཉེན་ལས། །ཟླ་བ་གཟའ་ལས་གྲོལ་བ་བཞིན་དུ་གྱུར། །བསམ་ངན་སྦྱོར་བ་རྩུབ་པའི་སྐུ་ཉེ་དེར། །གནོད་
ལན་ཕན་པས་འཇལ་བའི་རྣམ་ཐར་གྱི། །གྱི་ལིང་རྟ་ཡི་བཞོན་པ་གཉིས་བཞག་ནས། །དེ་ལས་ཆིབས་གཡག་ལ་བརྟེན་རིམ་པར་ཕེབས། །འདི་ནུབ་རོང་ཞེས་བྱ་བའི་ལམ་སྲང་གི། ཀཀྞི་ཞིག་གི་འོག་ཏུ་གནས་མལ་མཛད། །ནངས་པར་སྔ་ཐེགས་གནས་ཆེན་ལྷ་རིའི་གཤམ། །བྱ་ཟམ་ཟེར་བའི་ཟམ་པའི་ས་ཉིད་ནས། །ཆིབས་གཡག་རོགས་མི་དང་བཅས་ཕྱིར་སློག་ནས། །ཡང་སྲབ་ཁྲེས་ཀྱི་རྣམ་པ་སྐུ་རྒྱབ་ཏུ། །བརྟེན་ཅིང་འགལ་དུམ་འཁར་བའི་ས་འཛུགས་བཅས། །རིམ་ཕེབས་ཚེས་དགུར་ལྷ་རིའི་སྒྲུབ་གནས་ཕེབས། །གནས་དེའི་སྒྲུབ་གྲྭ་རྣམས་ཀྱི་མཐུན་རྐྱེན་ལ། །ཉེར་བརྟེན་མཁའ་འགྲོ་འདུ་བའི་དུས་ཆེན་ཉིད། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལ་བརྟེན་ནས། །རྩ་གསུམ་ལྷ་ཚོགས་མཆོད་ཅིང་ཐུགས་སྨོན་མཛད། །དྲག་པོའི་ཚེས་ཞོགས་བདུད་འགོང་ཉེ་བའི་ཆར། །འོང་བའི་སྦིར་གཏམ་རླུང་བཞིན་ལྷགས་པ་ན། །འཁོར་བཅས་སྔར་བཞིན་ཁྲེས་དང་འཁར་བ་བཅས། །གནས་སྐོར་ཚུལ་གྱིས་ཕེབས་ལ་མཚན་མོའི་ལམ། །ཨོ་རྒྱན་ཆོས་ལྡན་བློ་གྲོས་ཆོས་འཕེལ་ཏེ། །དད་ལྡན་གཉིས་ཀྱིས་རྒྱབ་བརྟེན་དེ་ཡི་ནུབ། །ལེགས་པོའི་ཡུལ་གྲུ་རམ་ཞེས་བྱ་བར་ཕེབས། །སྐབས་དེར་རང་གི་སློབ་རིགས་གཏོགས་པ་ཡི། །ཚེ་དབང་དར་པོ་ཟེར་བ་དེར་ཡོངས་ནས། །ད་ཆ་འདི་ནས་འབྲུག་ཡུལ་ཕེབས་སྲིད་རུང་། །ཚ་བའི་ནད་ཀྱིས་འོ་བརྒྱལ་ཡོང་ངེས་པས། །འདི་ནས་ཡར་ལ་ཆུ་གྲང་ཕུག་ཟེར་བའི། །གསང་ཕུག་ཅིག་ཡོད་དེར་ཕེབས་དགྱེས་ཚུལ་ལྟར། །ཁོ་པ་རོགས་གཞན་འགའ་བཅས་སྔོན་བཏང་ནས། །རྗེ་ཉིད་དཔོན་གཡོག་གཉིས་ཀྱིས་རྗེས་སུ་བསྙེགས། །ནམ་ཞིག་བསེར་བུའི་རླུང་དང་འགྲོགས་པ་ཡི། །ཁ་བའི་བུ་ཡུག་འཚུབ་པས་ལམ་དོར་ཏེ། །ཡར་མར་བགྲོད་པའི་གོ་སྐབས་ཀྱིས་དབེན་པས། །བྲག་གི་བྱ་སྐྱིབས་ཤིག་ཏུ་གནས་མལ་མཛད། །དེ་ཚེ་བཤོས་ཀྱི་ཁུ་བ་མ་རྙེད་པས། །ཕྱེ་དང་ཁ་བ་བསྲེས་པ་བཞུས་ཞེས་གསུངས། །དེ་ལས་རིམ་བསྐྱོད་ཆུ་གྲང་ཕུག་ཏུ་ཕེབས། །གནས་དེར་ཟླ་གཅིག་བཞུགས་ལ་རིམ་གཉིས་ཀྱི། །ཟབ་མོའི་ལམ་ལ་ཆིག་སྒྲིལ་ཁོ་ན་མཛད། །སྐབས་དེར་འབྲས་ལྗོངས་མདོ་ཁམས་གང་རིགས་སུ། །ཕེབས་བཞེད་ཐེ་ཚོམ་དྲ་བ་གཅོད་པ་ལ། །རྩ་གསུམ་ལྷ་ལ་བརྟགས་དྲིལ་
འབུལ་མཛད་པར། །མདོ་ཁམས་ཕྱོགས་སུ་ཕེབས་ན་བཟང་བར་བབས། །དེ་བཞིན་ཕྱོགས་དེར་ཞལ་གཟིགས་ཕེབས་པ་དང་། །འཚོ་བའི་ཆ་རྐྱེན་འཚོལ་ལ་ཞམ་རིང་པ། །ཁ་ཅིག་མངགས་པར་མདའ་ཅན་སྙིང་ཞུགས་ཀྱི། །བསམ་དགོན་ཞབས་དྲུང་འཇམ་དབྱངས་དང་ཐུག་པར། །རྗེ་འདིའི་མཚན་ནས་འབོད་ཅིང་མིག་གཉིས་ནས། །མཆི་མའི་ཆུ་བོ་འབབ་པ་ལྟར་བྱས་ནས། །དགྲ་བས་གཉེན་ཉིད་སྐུ་ལ་འཚེ་བ་ལ། །ངན་པའི་སྦྱོར་བ་རྩོམ་ལ་བརྩོན་བྱེད་ཀྱང་། །དྲང་པོའི་གཏམ་བཞག་འཁྱོག་པའི་ཟོལ་རྫུ་ཉིད། །ལག་ལེན་བྱས་པས་སྐུ་ལ་བརྡོ་མ་ནུས། །དེ་ནུབ་མཚན་རིལ་མི་མེད་ནགས་སྟུག་པོར། །གསལ་བྱེད་ཆག་སྒྲོན་སྦར་བ་ཐོགས་པ་ན། །ཁ་བའི་བ་གམ་ཆགས་པའི་གཅོང་རོང་གི། གཡང་དུ་ཞམ་རིང་ཟུང་ཉིད་ཁྲེས་དང་བཅས། །ལྷུང་རུང་ལུས་ལ་གནོད་པ་མ་བྱུང་བ། །བསླུ་མེད་མཆོག་གསུམ་དམ་པའི་ཐུགས་རྗེ་དང་། །རྗེ་འདིའི་སྐུ་ཡི་གྲིབ་མ་ལྟར་འགྲོགས་པའི། །ཆོས་སྲུང་རྣམས་ཀྱི་ཕྲིན་ལས་ཡིན་པར་ངེས། །དེ་ནས་སྨན་གྱི་ཕུག་པར་གྲགས་པ་དེར། །ཕེབས་ལ་བཅུ་ཕྲག་གཉིས་ཀྱི་ཞག་མལ་མཛད། །གནས་དེར་ལས་འཕྲོ་ཆོས་འཛོམ་ཟེར་བ་ཡི། །མ་ཇོ་ཞིག་འོང་དྲི་རྨེད་མཛད་པ་ལ། །དེ་ཡི་དྲང་པོའི་གཏམ་ནི་འདི་ལྟར་ཏེ། །རྒྱལ་བའི་སྲས་མཆོག་ཡིད་བཞིན་ལེགས་གྲུབ་དེ། །བསམ་དགོན་ཞབས་དྲུང་འཇམ་དབྱངས་འཁོར་བཅས་ཀྱིས། །བསླུ་ཐབས་དུ་མའི་སྦྱོར་བ་བཤམས་པ་ཡིས། །དར་མ་རྫོང་དུ་རྩིས་སྤྲད་དགྲ་ལག་ཐེབས། །ད་དུང་བདུད་ལུང་ཚིག་ཏུ་ཤོག་བུའི་འདེགས། །འཕོས་པའི་ས་སྟེང་བཀང་བར་རྗེ་ཉིད་ཀྱི། །མཚན་དང་སྐུ་ཡི་བྱད་དབྱིབས་འདི་ལྟར་ལ། །སུ་ཞིག་ལག་ཐོབ་བྱ་དགའ་སྟེར་རོ་ཞེས། །མི་སྙན་ཚིག་འདི་གླེང་བར་དེ་མ་ཐག །དཔེར་ན་རི་དྭགས་རྔོན་པའི་རྫི་རིག་བཞིན། །སྐད་ཅིག་གསོལ་ཟས་འཕྲོ་བཤོལ་རིངས་སྟབས་སུ། །བསྐྱོད་དེ་ལ་རྒྱབ་ཡུངས་ཕུག་ཅེས་བྱར་ཕེབས། །ཞག་ནི་ལྔ་ཕྲག་གསུམ་དུ་ལོངས་པ་བཞུགས། །སྐབས་འདིར་ཞམ་རིམ་ཁ་ཤས་ཡོད་པ་ལས། །ཀོང་པོར་ཕེབས་ལམ་འགག་སྡོམ་ཡོད་མེད་ཀྱི། །མཐའ་ཉུལ་ཟངས་མཚོ་པདྨ་ཆོས་དཔལ་མངགས། །ནམ་ཞིག་རང་དགོན་བདེ་ཆེན་སྟོང་ཉིད་དུ། །འཛོམ་པའི་ཆད་སོ་མཛད་ཅིང་རྗེ་
ཉིད་ཀྱང་། །འཁོར་བཅས་རིམ་པར་མཚོ་སྣ་ཕྱོགས་སུ་བསྐྱོད། །བགྲོད་དཀའི་ལམ་དང་གསོལ་བའི་ཆ་རྐྱེན་གྱི། །ཐུགས་ཀྱི་ངལ་བ་ལྷན་ཅིག་བྱུང་ཞེས་གསུངས། །མཚོ་སྣར་ལྡིང་དཔོན་ཞིག་གི་ཁྱིམ་དུ་བཞུགས། །ཨ་ཎི་རྡོ་རྗེ་ཞེས་བྱས་བསྙེན་བཀུར་ཞུས། །གནས་དེར་འཁོར་བཅས་དབུ་ལ་སྐྲ་ཚབ་བཞེས། །མོན་ལུགས་ཞྭ་དང་རས་ཀྱི་སྨད་དཀྲིས་དང་། །ཨ་ཏིའི་གྱོན་པའི་ཁྲག་བཟར་གླིང་བུ་ཡི། །སྐེད་པའི་འཕྲེད་ཟུར་མོན་ཡུལ་ལྔ་ལོང་བའི། །ཆ་ལུགས་དོག་བདེ་འདྲ་བ་མཛད་ནས་ནི། །རྗེ་ཉིད་སྐུ་རྒྱབ་སྨྱུག་མའི་ཟ་མ་ཏོག །ཕྱི་ཡོར་ཆེ་ལ་ཁོང་སྟོང་ལྕིད་མེད་པ། །ཁྲེས་ཀྱི་རྣམ་པ་བཞེས་ལ་ཤོག་བུ་དང་། །སེར་ལེ་ལ་ད་མོན་ཟོག་ཕྲན་བུ་བཅས། །ཁྲོམ་ལ་གྲགས་བཞིན་ཞབས་འགྲོས་ཁོ་ནས་བསྐྱོད། །ནེ་ར་གཡུ་མཚོའི་འགྲམ་རྒྱུད་རིམ་ཐེགས་པས། །རྒྱས་གསུམ་ཟེར་བའི་འཇིགས་སྐྱབས་དགོན་དེར་བཞུགས། །དེ་ནས་དངང་གཉལ་ལ་བརྒྱུད་རིམ་པར་ཕེབས། །བྱང་སྟོང་ལུང་རའི་ཕུ་དང་སྦྱོར་རའི་འདབས། །གནས་མལ་མཛད་ལ་བཀྲ་ཤིས་མཐོང་སྨོན་དུ། །གྲྭ་པ་ཐམས་ཅད་སྐྱ་བོའི་ཆ་ལུགས་ཀྱི། །གྲོང་སྲང་ཁྱི་བཞིན་ཉུལ་བ་གཟིགས་པ་ལ། །ཞམ་རིང་ཁ་ཅིག་དགོན་འདིར་ཅི་ཟེར་སྨྲས། །མི་འགའ་ཞིག་གིས་བཀྲ་ཤིས་མཐོང་སྨོན་ཟེར། །དགོན་བདག་སྨིན་གྲོལ་གླིང་པ་ཡིན་གྱུར་ཀྱང་། །དེང་སང་དགོངས་ཕོག་སྟབས་ཀྱིས་དགོན་འདིར་ཡང་། །གཞུང་ནས་སྐུ་ཚབ་ཕེབས་པའི་དངོས་ཆས་ཚོར། །དབྱེ་གསེལ་བྱེད་པའི་སྐབས་ཡིན་ལན་དུ་ཟེར། །ཐུགས་སུ་ཏི་བུ་གསང་སྔགས་སྡོང་བུ་དེར། །ཁྱོད་བས་ང་རང་འགྲོགས་ཡུན་རིང་བ་སོགས། །ཤར་ཡང་གནས་སྐབས་ཟོལ་རྫུའི་རང་བཞིན་གྱི། །འབྲེལ་ཆགས་ལན་བཅས་གྲོས་འདེབས་མཛད་ཅེས་གསུངས། །དེ་ནུབ་ཁྲི་དཔོན་བྱ་བའི་སྒྲོ་གཞིས་ཀའི། །ཁད་ཉེའི་ས་རུ་མགར་བའི་ཁྱིམ་ཞིག་ཏུ། །ཞག་མལ་མཛད་པར་གཏམ་འདི་མགར་བས་གླེང་། །སྨིན་གླིང་ཟེར་བ་རང་གཞན་འབྲེལ་བཅས་ཀུན། །སྡུག་ལ་སྦྱོར་བའི་ཤིན་ཏུ་མངགས་པར་འདུག །སྔ་སོར་ཞབས་དྲུང་ཨུ་པ་ལགས་ཟེར་བས། །བྱ་སའི་ལྕམ་ལ་གཉེན་སྐད་ལྟར་བྱས་ནས། །ཕྱོགས་འདིར་འགྲོ་རྒྱུ་ཡིན་ཚུལ་ལབ་པར་བརྟེན། །གཞུང་ནས་རྩད་གཅོད་བྱུང་བས་མཐའ་གང་དུ། །འགྲོ་བ་
མི་ཤེས་འདུག་ཅིང་དེང་གི་སྐབས། །རྫོང་ནས་འཚོལ་མི་མཐའ་བཞིར་བཀྲམ་སོང་བ། །ལག་ཏུ་ཐེབས་ན་དགའ་མོ་ཡོང་ངམ་ཟེར། །རྒུད་པར་གྱུར་ན་ཀུན་ཀྱང་དགྲར་འགྱུར་བའི། །དགོས་མེད་ཚིག་མདས་ཐུགས་ལ་བསྣུན་གྱུར་ཀྱང་། །བོད་སྐད་མ་གོའི་ཚུལ་གྱི་རྫུ་བག་མཛད། །ནམ་སར་ལྕམ་མོའི་གཞུང་བརྒྱུད་རིམ་ཕེབས་ལ། །གཉལ་སྨད་གྲོང་དུ་ཞག་ས་མཛད་པའི་ཚེ། །རུས་པ་བརྡུངས་པའི་ཕྱེ་མ་ཕྲན་བུ་ཞིག །ཡོད་པ་གནས་ཚང་ལ་སྤྲད་བཞེས་འཇམ་ཞིག །ཡོང་དུ་རེ་ཡང་ཁ་ཐལ་མེད་གྱུར་པས། །འཁོར་བཅས་ཅི་མ་རུང་ཞེས་སེམས་པ་ན། །དར་ཅིག་ནས་ནི་ཁ་ཐལ་བཏབ་སྟེ་ཕུལ། །ལྗགས་སུ་སྨིན་པར་བྱུང་བ་འདེབས་པ་པོའི། །བསོད་ནམས་ཤིན་ཏུ་རྫོགས་པའི་རྒྱུར་འགྲོ་གསུང་། །དེ་ནས་ཕོ་བྲང་ཡང་རྩེའི་ཞོལ་དུ་ཕེབས། །ཞམ་རིང་ཚེ་དབང་དར་པོ་ཟེར་བ་ལ། །གསང་སྒོ་མི་འཆོལ་བ་ཡི་ཞལ་ཏ་བཅས། །བྱ་སའི་རྫོང་དུ་མཐུན་རྐྱེན་སློང་ལ་བསྙེགས། །སྐབས་དེར་བསམ་དགོན་ཞབས་དྲུང་པདྨའང་། །དེར་ཡོད་དང་འགྲིག་ཁོ་པར་བཟའ་བཏུང་གིས། །ཚིམ་བྱས་དྲི་རྨེད་ནན་ཆེའི་ངོ་མ་ཆོག །གསང་སྒོ་འཆོལ་བ་ཡིན་ནམ་ནམ་ཞིག་ན། །བྱ་སའི་ཞམ་རིང་མིག་ངོ་མཁྱེན་པ་ཞིག །གསོལ་བའི་མཐུན་རྐྱེན་རྒྱ་ཆེར་འབུལ་དུ་འོང་། །མ་བརྟགས་ཡིད་མི་རྟོན་པའི་གཏམ་ལ་དགོངས། །ངོས་འཕྲད་མ་མཛད་མཐུན་རྐྱེན་བདག་གིར་བཞེས། །ཞག་གསུམ་བར་དུ་ངལ་བ་གསོས་ཞེས་གསུངས། །སླར་ཡང་དེ་ནས་བཏེག་མཛད་བྱ་སའི་རྫོང་། །གཡོན་ངོས་རིམ་བརྒྱུད་ཐེགས་པས་ཉི་དྲོས་དུས། །ཤུལ་རྗེས་བསྙེག་པའི་མི་ཧྲེང་དམར་པོ་གཉིས། །བྱུང་བ་བྱ་སའི་རྗེས་བསྙེགས་ཡིན་པར་དགོངས། །འཁོར་བཅས་ཉམ་ང་བག་ཚར་གྱུར་པ་ན། །ཉེ་བར་ལྷགས་ཚེ་མདའ་ཅན་སྙིང་ཞུགས་ཀྱི། །བསམ་དགོན་ཞབས་དྲུང་པདྨ་གཡོག་བཅས་ཉིད། །ཕྲག་པར་དར་འཕན་རེ་བཀལ་སྐུ་མདུན་ལྷགས། །ནང་ཁོང་རྩུབ་མོའི་ཚེར་མས་ཁེངས་གྱུར་ཀྱང་། །ལྗགས་དབང་པདྨའི་འདབ་མ་འཇམ་པོ་ལས། །སྙན་པོའི་ཚིག་གི་བརྗོད་པ་འདི་ལྟར་སྨྲ། །མགོན་ཁྱོད་འཁོར་བཅས་ཡིན་པར་ངེས་རྙེད་ནས། །སེམས་ལ་བཟོད་ཐབས་མེད་པའི་གདུང་བས་མནར། །མཇལ་འདོད་སྐོམ་པ་ཆུ་འདོད་ལྟར་གྱུར་རུང་། །སྔ་དུས་ཞལ་སྐྱིན་མཇལ་
བའི་ཐབས་མ་རྙེད། །ད་ལམ་དར་འཕན་འཛུགས་པར་ཁ་གཡར་བའི། །དད་པའི་གདུང་བས་མཇལ་དུ་ཡོང་ཚུལ་ཟེར། །རྗེ་ཉིད་བྱང་ཆུབ་སེམས་དང་ལྡན་གྱུར་པས། །གཞན་རྒྱུད་འཁྲུགས་པའི་ཚིག་ངན་མ་གསུངས་ཀྱང་། །ཞམ་རིང་ཁ་ཅིག་ཡུས་ཀྱིས་བརྣངས་པ་ཡིས། །མ་མགལ་ཟ་བཞིན་རྩུབ་མོའི་ཚིག་འདི་སྤྱོ། །གདོང་ལ་ཁྲག་མེད་གཉེན་ལ་རེ་བ་ལས། །ངོ་ཚ་ཁྲེལ་ཡོད་ཤེས་པའི་དགྲ་བོ་དགའ། །ཞེས་ལྟར་སྔོན་དུས་གཏེར་ཆེན་ཡབ་སྲས་ཀྱིས། །ལུགས་གཉིས་སྒོ་ནས་གཅེས་པའི་མིག་འབྲས་བཞིན། །བསྐྱངས་པ་ཁྱེད་རྣམས་ཁྲེལ་གཞུང་ཤུན་པ་བུད། །ངོ་ཚའི་གདོང་པས་རལ་བའི་རྣམ་ཐར་གྱི། །བཟང་པོའི་དྲིན་ལན་ངན་པས་འཇལ་བྱེད་པའི། །རྒྱལ་བའི་སྲས་མཆོག་ཡིད་བཞིན་ལེགས་གྲུབ་དེ། །བསླུ་ཐབས་དུ་མས་དགྲ་བོའི་ལག་ཏུ་སྤྲད། །དེས་ཀྱང་མ་ཚིམ་བདག་ཅག་དཔོན་གཡོག་རྣམས། །ས་གྲང་སྟན་དང་རྡོ་གྲང་སྔས་བཅས་ལ། །འཚོ་བ་སྤྲང་ཟས་ཁོ་ནར་བརྟེན་ནས་ནི། །མི་མེད་ལུང་སྟོང་འགྲིམས་པའི་ཐབས་འཕྲུལ་གྱིས། །དགྲ་བོའི་ལག་ནས་ཐར་བའི་སྐབས་འདིར་ཡང་། །ལྷ་མཐོང་ཁྲོམ་ལ་བསྒྲགས་པའི་བྱེད་ངན་གྱིས། །ཕྱི་རྗེས་བསྙེགས་པའི་མཇལ་དུ་ཡོང་འདི་ཅི། །ཞེས་པའི་ཚིག་ངན་མདའ་ལྟར་འཕངས་བྱས་པས། །ཕ་རོལ་སྙིང་བསྣད་ལན་དུ་འདི་ལྟར་བཏབ། །ལན་གཅིག་བྱུང་དེ་གཏན་དུ་འབྱུང་བ་མིན། །རྒྱུ་མཚན་སྔ་སོར་ཞབས་དྲུང་ཨུ་པ་ལགས། །ཕྱོགས་འདིར་ཕེབས་པར་དགྲ་ལག་མི་ཐེགས་པའི། །ཆར་པ་ཆུར་འགྲོའི་ཕན་གྲོགས་ཞུས་ཟེར་བའི། །མི་བདེན་སྲིན་བྱའི་རྫུན་ལ་འཁུ་བའི་མཐར། །ད་ཆ་འདི་ནས་མོན་ཡུལ་ཕྱོགས་ཕེབས་ན། །ངེད་ཀྱང་ཡུལ་བབ་མོན་དང་འདྲིས་ཆེ་བས། །ཞབས་ཕྱིའི་རོགས་ཟླ་གང་དྲག་ཞུ་ཟེར་བར། །རང་རྣོ་བཞིན་དུ་མི་ཡང་རྣོ་བའི་དཔེས། །ད་ཆ་འདི་ནས་ལོག་ཚེ་མི་རྣམས་ཀྱང་། །དོགས་ངན་སྐྱེ་སྲིད་རེ་ཞིག་ཙཱ་རིའི་ཕྱོགས། །སྐོར་གཅིག་ཕྱིན་ལ་ཁྲུམས་ཟླའི་ནང་ཉིད་དུ། །ངེས་པར་ཕྱོགས་དེར་འོང་བས་ཐུགས་བཞུགས་འཚལ། །ད་དགོས་ངེད་ཚོའི་སྐྱིད་སྡུག་བྱ་བ་ཀུན། །ཁྱེད་རང་ཤེས་པའི་སྙིང་གཏམ་ལྟར་མཛད་ནས། །ཟོག་པོའི་གཏམ་ལ་ཟོག་པོའི་ལན་བཏབ་ཅིང་། །ཕྱིས་སུ་བརྟགས་ཚེ་རིགས་ཀྱི་གཅུང་ལའང་། །ཕན་
གྲོགས་བྱས་ཟེར་མི་བདེན་རྫུན་དུ་ཟད། །དེ་ནས་རིམ་བཏེག་བྱར་གྱི་བུམ་སྟེང་དུ། །ཞག་ས་མཛད་པར་ལྷ་སའི་ལུང་ཁྱབ་པས། །ཁྱིམ་གྱི་བཞུགས་ཡུལ་མ་རྙེད་དར་ཅིག་ན། །བུད་མེད་རྒན་སོང་ཞིག་གིས་གནས་མལ་ཕུལ། །ཁ་སང་ཆ་ལུགས་འདྲ་མིན་ཁྱེད་ཅག་རྣམས། །ཇི་བཞིན་ཁ་ཤས་འདི་ནས་མར་སོང་ཟེར། །འཁོར་བཅས་སོམ་ཉིར་འཕྱན་ལས་ཕྱིས་བསམ་ཚེ། །རིགས་ཀྱི་གཅུང་ཉིད་ཡིན་པར་ངེས་འདྲོངས་གསུང་། །དེ་ནས་འབྲུག་དགོན་གསང་སྔགས་ཆོས་གླིང་དང་། །བྱར་གྱི་སྐྱོར་པོ་སོགས་སུ་ཞག་ས་མཛད། །སྐབས་འདིར་འབྲུག་བསྟན་འཛིན་པ་ཆོས་མགོན་གྱི། །ཡང་སྲིད་ཆིབས་དང་བཅས་ཏེ་ཕེབས་པ་ལ། །རྗེ་ཉིད་སྐུ་ལུས་ངལ་བས་བཞེངས་པ་ཙམ། །མ་འགྲུབ་ཕྱག་ཞབས་གང་དགར་བརྐྱང་བཞུགས་གསུངས། །དེ་ལས་རིམ་བསྐྱོད་ཙཱ་རིའི་སྒོ་དང་པོ། །ཆོས་བཟང་དོམ་ཚང་ཞིང་སྐྱོང་སྐུ་མཁར་སར། །རིམ་ཕེབས་ཚུལ་པས་ཚུལ་བཏབ་དར་འཕན་རྒྱུ། །རེ་བ་ཇི་བཞིན་བསྩལ་ཏེ་ཞིང་སྐྱོང་ལ། །འདོད་པའི་འབྲས་བུ་འབྱིན་པའི་འཕྲིན་བཅོལ་མཛད། །སླར་ཡང་ཅིག་ཆར་དུ་ཕེབས་ཕར་ཚུར་གྱི། །ཕན་གྲོགས་སྔར་བཞིན་མཛད་ལ་ཞག་གསུམ་བཞུགས། །ས་དེར་ཀོང་པོ་འགའ་རེ་འདུག་པ་ལ། །ཀོང་ཕྱོགས་འགྲོ་ལམ་གང་བདེའི་དྲི་རྨེད་མཛད། །དེ་དོན་ཇི་བཞིན་མཚོ་དཀར་བརྒྱུད་དེ་ཕེབས། །འབི་འབི་ཟེར་བའི་ལ་རྒྱབ་གྲོ་འདེབས་སྐབས། །མི་རེང་བཞི་ཙམ་རིང་སྟབས་ཉེར་བཅར་བར། །བྱ་སའི་རྗེས་བསྙེགས་ཡིན་པར་ཉམ་ང་ཡང་། །རྗེ་ཉིད་ནགས་གསེབ་ཡིབ་ལ་ཞམ་རིང་ཚོགས། །དོགས་མེད་བག་ཡངས་བརྐྱངས་ཏེ་འཇོག་པར་མཛད། །ཉེར་སླེབས་ཕྱིར་བསྙེགས་ཞམ་རིང་འགའ་བྱུང་གསུངས། །དེ་ནས་ཀོང་པོའི་ཡུལ་དང་ཨོ་རོང་སོགས། །རིམ་བརྒྱུད་ཕེབས་པར་ཀླུ་མདའ་བྱེ་མ་ཞེས། །གྲགས་པའི་ཞིང་ཁུག་ཅིག་ཏུ་ཞག་གཉིས་བཞུགས། །སྔོན་སོང་བང་མི་གཉིས་ཀྱང་དེ་རུ་འོང་། །ཡང་བསྐྱར་པདྨ་བདེ་སྟོང་སྔོན་བརྫངས་ནས། །འཁོར་བཅས་གཙང་ཆབ་བསྒྲལ་ནས་རྩེ་སྒང་བརྒྱུད། །རྒྱ་ལོ་ཚལ་གྲགས་ན་ཐང་དེ་རུ་བཞུགས། །དེ་ལས་སྲོད་ཡོལ་དུས་བབས་སྒོ་ཁྱིའི་ཚོགས། །བླ་མ་ཚེ་དབང་རིག་འཛིན་ཞེས་བྱ་བས། །ཟན་ཆང་རེ་ཡིས་ཚིམ་པར་བྱས་ནས་ནི། །བདེ་སྟོང་བླ་
བྲང་ཆེན་པོར་སྤྱན་དྲངས་ལ། །དད་པས་ཡུལ་བབས་ཞབས་ཏོག་རྒྱས་པར་བསྒྲུབས། །སླར་ཡང་མདོ་ཁམས་ཕྱོགས་ཕེབས་བཟང་མིན་གྱི། །བསྐྱར་མའི་བརྟགས་དྲིལ་འབྲལ་སྤངས་སྐུ་རྟེན་མདུན། །འབུལ་མཛད་སྔར་བཞིན་བབས་པར་ཐུགས་ཐག་བཅད། །བླ་མར་དྲིན་གཟོའི་གསུང་གི་དབུགས་དབྱུང་དང་། །དེ་ལས་ཆིབས་ཤིག་ཕུལ་བ་དགྱེས་བཞེས་ནས། །སྲོད་བཏེག་ཞོ་ཁ་རྫོང་གི་སྒོ་རྩ་ན། །མན་ཁང་ཞིག་ལ་གནས་མལ་བཅས་ཏེ་བཞུགས། །རྫོང་དེར་སྐུ་ཞང་ཕུན་རབ་བཞུགས་གྱུར་ཀྱང་། །རྒུད་པར་གྱུར་ན་ཀུན་ཀྱང་དགྲར་གྱུར་དགོངས། །གསང་བའི་དམ་ཁ་དབྱེ་བར་མ་མཛད་གསུངས། །དེ་ལས་བསྐྱོད་པའི་ལམ་ལ་རྒན་བུ་ཞིག །རྗེ་འདིར་ཕྱག་བྱས་བྱིན་རླབས་ཞུ་ཟེར་བར། །ངེད་ཅག་མོན་པར་དེ་འདྲའི་མཐུ་མེད་ཚུལ། །གསུངས་ཀྱང་ནན་གྱིས་མགོ་གཏུགས་རེ་སྐོང་མཛད། །ལས་དང་སྐལ་བར་ལྡན་ཞིག་ཡིན་པར་སེམས། །དེ་ནས་དྲང་སྲོང་མཚོ་མགོར་ཞག་འགའ་བཞུགས། །མི་རྒན་གསོ་རིག་ཕྱོགས་ངོ་དོད་ཙམ་པས། །སྣ་ཚོགས་དྲི་ལན་ཁ་ཅིག་རྐང་ན་བའི། །འཕྲུལ་བློན་མགར་གྱི་རྣམ་ཐར་སྐྱོང་བར་མཛད། །ནམ་ཞིག་ཕོ་མོ་མཚོ་བསྐོར་ཕྱིན་ཁྲོད་ནས། །གཞོན་ནུ་ཁ་ཤས་ཕྱག་དབང་ཞུ་ཟེར་བར། །མི་ཕམ་ཉིད་ཀྱི་རེ་སྐོང་བགྱིས་པ་ལ། །མགོ་གཟུར་གྲལ་དཀྱིལ་རྗེས་བཞུགས་དེ་ལ་བཏུད། །སྐབས་འདིར་མེ་རག་དགོན་གྱི་གྲྭ་པ་གཉིས། །ཕྱོགས་དེར་ཡོད་པས་གསེར་དངུལ་ཕྲན་བུ་ཕུལ། །དེ་ལས་རིམ་ཐེགས་ཆར་ཞོད་ཆེ་བའི་སྟབས། །ནུབ་གཅིག་ལྡིང་དཔོན་ཞིག་ལ་གནས་གཡར་བར། །སྤྲོ་བ་དང་བཅས་ཁྱིམ་ནང་དྲངས་པ་ལ། །སྒོ་རྩར་མི་གཙང་ལྗན་ལྗིན་གང་བའི་ཁྲོད། །སྐབས་མཚམས་རྡོ་སྟེགས་བཀོད་པར་ཕེབས་པ་ན། །ཐུགས་ཉམ་ང་བའི་འུར་ཤོགས་ཀྱིས་བསྐྱོད་པར། །རྡོ་བར་ཞབས་རྗེས་འདམ་བཏབ་ཇི་བཞིན་གསལ། །ད་ལྟའང་ཁྱིམ་དེའི་རྟེན་གྲས་བཞུགས་པར་ངེས། །དེ་ནང་བཀོད་པས་མཛེས་པའི་ཁང་བཟང་དུ། །བཟང་དགུའི་ཞབས་ཏོག་རྒྱ་ཆེར་འབད་དེ་བསྒྲུབས། །དད་ལྡན་ནོར་བུ་ཚེ་རིང་ཞེས་བྱ་བས། །ཉེར་མཁོའི་ལན་ཚྭ་མེ་མདའ་ཐུང་ངུ་བཅས། །ཕུལ་བཞེས་ཁོ་པས་ལམ་གྱི་ས་མཁན་བཅས། །བྲག་སྐེད་ལར་སྙན་གཅོང་རོང་ཉམ་ང་བར། །བང་རིམ་བླ་མ་ཟེར་བའི་ལམ་གྲོགས་
ཀྱི། །བཀོད་པ་ཇི་བཞིན་གཞན་དག་ཤིང་འཁུར་དང་། །ལམ་མཁན་མི་ཕམ་གཉིས་ཀྱིས་གཡས་གཡོན་གྱི། །ཕྱག་རྟེན་འཁར་བ་བགྱིས་ཏེ་ཕེབས་པ་ན། །རྫ་འཕྲང་མི་སྡུག་ལྕགས་ཀྱི་ཤལ་མ་ལི། །མངོན་སུམ་གྲུབ་འདྲར་ཞབས་ཀྱི་འདེགས་འཇོག་བཅས། །ཕེབས་པར་བཟོད་མེད་ངལ་བ་བྱུང་ཞེས་གསུངས། །ཚ་གྲང་དམྱལ་བའི་ཞིང་གྱུར་བགྲོད་དཀའི་ལམ། །དེ་འདས་ལ་རྩེ་མཐོན་པོ་ཞིག་ཏུ་ཕེབས། །ས་དེར་སློབ་དཔོན་པདྨའི་བཞུགས་ཁྲི་ཞེས། །བྲག་ཆེ་ངོ་མཚར་ཅན་ཞིག་འདུག་པ་ལ། །དད་པའི་གསོལ་འདེབས་སྨོན་ལམ་མཚམས་སྦྱོར་མཛད། །མགོན་དེས་བྱིན་རླབས་མཛད་པའི་བྲག་གི་ལམ། །གཡང་རོང་ཉམ་ང་ཐོག་སོ་བརྒྱ་བརྒལ་བའི། །གསེར་སྐས་དངུལ་སྐས་མིང་དུ་གྲགས་པ་དེར། །ཕེབས་ཤིང་གཟིགས་པས་དྲན་མེད་ཡུད་འགྲོ་བར། །ཞམ་རིང་བློ་སྟོབས་ལྷན་ཅིག་ཆེ་བ་འགའི། །སྐེད་པར་ཐག་པའི་སྣེ་བཅིང་ཡས་ནས་བཟུང་། །ཅིག་ཤོས་སྣེ་མོར་རྗེ་ཡི་ཕྱག་ནས་བཟུང་། །འགའ་ཞིག་གཡང་སའི་གྲིབ་བྱེད་ཡོལ་བས་བྲེས། །གཅོང་རོང་གཟིགས་པ་མི་ལྷུང་བྱས་པ་ལ། །རིམ་པར་ཕེབས་པས་ཉམ་ངའི་ལམ་ལས་གྲོལ། །དེ་ནུབ་སྤོ་བོ་བྲག་སྐེད་དུ་གྲགས་པའི། །ལུང་པའི་ཕུར་བཞུགས་ལམ་མཁན་རང་གནས་ལྡོག །དེ་ནས་སྤོ་བོའི་གྲོང་ཁྱེར་ཆེན་པོར་ཕེབས། །ཡུལ་དེར་ལམ་གྲོགས་བླ་མ་བང་རིམ་པས། །དམར་ནག་འཁྱིལ་བའི་ཁྲོམ་ལ་དབང་ཞིག་མཛད། །རྗེ་ཉིད་ཁྲོམ་གསེབ་ལྟད་མོའི་ཚུལ་གྱིས་བཞུགས། །ཕན་ཚུན་ཞམ་རིང་ཕྱོགས་གཅིག་བསྲེས་མཛད་ནས། །འབག་དང་ཐིག་རལ་གྱོན་པའི་རྣམ་འགྱུར་གྱི། །ཁྲོམ་སྡུད་གར་འཆམ་བྲོ་བའི་རྩེད་མོར་འགྲན། །ཁོང་པའི་བཟང་ཞོར་བདོག་དགུ་རྙེད་ཅེས་གསུངས། །དེ་འདས་ཆུ་རོང་ཉམ་ང་བ་ཞིག་ལ། །བྲེང་དུ་གྲགས་པ་ཐག་པའི་དཔྱང་ཐག་ལ། །འཁྱུད་དགོས་གཟིགས་པར་ཚམ་ཚོམ་བཞུགས་པ་ལ། །ཉོང་འགས་སྐུ་ལུས་བྲེང་ཐག་བཅིང་སྟེ་བསྐྱེད། །དཀྱིལ་སླེབས་རྒྱ་མའི་མཐིལ་རྡོ་ལྟར་ལྡིང་བ། །ཐུགས་ལ་འཇིགས་སྐྲག་ཚད་མེད་འཁྲུངས་གྱུར་ཀྱང་། །ཉམ་ཉེས་བྲལ་ལ་ཕ་རིར་ཕེབས་གྱུར་པས། །ས་ཐོབ་ལྟ་བུའི་དགའ་བ་ཐོབ་ཅེས་གསུངས། །སྐབས་དེར་རྡོ་མཁར་དགོན་ནས་བྱ་མ་རྟ། །མངགས་པའི་ངག་བཀོད་ཇི་བཞིན་
མངོན་ཆུང་གི། སྤོ་བོ་ཡིད་ཀོང་གཞུང་དུ་གྲགས་དེར་ཕེབས། །བང་རིམ་བླ་མ་འཁོར་བཅས་ཕྱི་ནུར་བཞུགས། །ཡུལ་དེའི་ཆུ་བོ་ཆེན་པོ་བརྒལ་བ་ལ། །ཐ་ག་པ་ཡི་སྦྲུམ་བུ་འདྲ་བ་ཡི། །ཀོ་བར་ཞུགས་ནས་ཕ་རིར་ཐོན་པར་མཛད། །འཁོར་ཚོགས་ཨ་སྒེག་ཟེར་བའི་ཁྱིམ་བཞག་ནས། །རྗེ་ཉིད་བྱ་མ་རྟ་ཡི་ཞམ་རིང་བཅས། །ཀུན་སྤངས་རི་ཁྲོད་ཟེར་བར་སྔོན་ལ་ཕེབས། །གནས་དེར་མེ་རག་དབོན་པོ་སྦྱིན་པ་ཞེས། །དམ་པ་གོང་མའི་ཞབས་ཟིན་མཚམས་མལ་དུ། །གནས་དང་ལྷན་ཅིག་བག་ཕེབས་བཞུགས་ཞེས་གསུངས། །རིམ་པར་གནས་སྐོར་བ་ལ་ཁ་གཡར་བའི། །ཛོ་ཀི་འགྲོས་ཀྱི་འཁོར་ཚོགས་ཉེ་བར་འབྱོར། །དོན་གཉིས་ལྷུན་གྱིས་འགྲུབ་པའི་མཛད་པའི་སྒོ། །ནམ་མཁའ་ཡངས་པར་དབྱེ་བའི་དབུ་ཚུགས་ཏེ། །ཟླ་དྲུག་བར་དུ་རིམ་གཉིས་རྣལ་འབྱོར་ལ། །བརྩོན་པའི་མི་ལའི་རྣམ་ཐར་ལྷུར་བཞེས་སོ། །ནམ་ཞིག་རང་དགོན་ཁོ་ཆེན་ཁུར་འཛིན་པ། །བླ་མ་རྣམ་གྲོལ་གྱིས་མངགས་བྱ་མ་རྟ། །ཟུང་འབྱོར་མགྲིན་པའི་ལམ་ནས་འདི་ལྟར་གླེང་། །མི་དགེས་རྒྱགས་པའི་བདུད་རིགས་འབྱུང་པོ་ཡིས། །ཕན་བདེའི་གཞི་རྟེན་སྨིན་གྲོལ་གླིང་གཏོར་ལ། །རྒྱལ་བའི་སྲས་རྣམས་ཕྱོགས་མཐར་ཕེབས་སྐད་ལ། །སུ་ཞིག་གང་དུ་མཇལ་ཡང་སྤྱན་དྲོངས་ཞེས། །ཆེད་དུ་གསུངས་པ་འདི་དོན་མཛད་འཚལ་ཞེས། །སྨྲས་པར་ཟོལ་ཟབ་དྲང་གཏམ་ཞིབ་ཏུ་དབྱེ། །ངེས་རྙེད་འགག་ཚིག་བླ་མ་རྣམ་གྲོལ་དང་། །བ་ཟལ་སྤྲུལ་སྐུ་ཕྱོགས་བསྟུན་རྟ་ཁལ་བཅས། །ཕེབས་བསུར་བསྐྱོད་དགོས་གླེང་བ་དེ་དོན་བཞིན། །ཇི་ཞིག་བ་ཟལ་དབོན་པོ་སྤྱོད་རྒྱལ་ཅན། །སྔོན་གྱི་བང་མི་གཉིས་བཅས་འབྱོར་བ་ན། །དད་ལྡན་སྤོ་བོའི་ཡུལ་དགོན་ཐམས་ཅད་ཀྱི། །གཏན་བཞུགས་དགོས་པའི་གསོལ་བ་བཏབ་གྱུར་ཀྱང་། །རྡོ་རྗེའི་གསུང་གིས་དགེ་བཤད་སྡིག་བཀྲོལ་མཛད། །རྡོ་མཁར་དགོན་ཕེབས་སྤྲུལ་སྐུ་འཁོར་བཅས་ལ། །དབང་དང་བྱིན་རླབས་མང་པོས་ཚིམ་མཛད་ནས། །སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ། །དགུང་ལོ་ཉེར་དྲུག་སྟེང་ཕེབས་རྟ་ཟླའི་ནང་། །རང་དགོན་ཁོ་ཆེན་ཕྱོགས་སུ་ཞལ་གཟིགས་ལ། །ཕེ་ཕེ་ཐང་དང་ཐང་སྟོད་དེང་ཡུལ་སོགས། །རིམ་བརྒྱུད་ཆོས་སྦྱིན་བཀྱེ་དང་ལྷན་ཅིག་ཕེབས། །ཡུལ་དཔོན་བཀའ་སྣང་ཞེས་པས་སྣེ་ལེན་
ཞུས། །བགྲོད་དཀའི་སྤོ་ཆུའི་ཟམ་ཆེན་ཐོན་པ་ན། །ཆིབས་བསུའི་རྟ་དྲེལ་འབྱོར་པས་དད་བཞེས་ཀྱི། །སྐུ་ཆས་རྣམས་ཀྱང་རྟ་དྲེལ་རྒྱབ་ཆར་གཏད། །རིམ་གྱིས་ཡུལ་མིག་ཟེར་བའི་གཞུང་དུ་ཕེབས། །དེ་ནས་ཆུ་རོང་གཡང་སའི་ལམ་ངན་ལ། །གོ་ཐང་རོགས་བཅས་རྟ་དྲེལ་རྫོང་མཛད་ནས། །རྗེ་ཉིད་དཔོན་གཡོག་མི་སྡུག་ལ་ཆེན་དེར། །ཕྱག་ཞབས་བཞི་ཀས་རྟོལ་ས་འཚོལ་གྱིན་ཕེབས། །སླར་ཡང་སྙུག་ཐག་རོང་ཞེས་གྲགས་པ་ལ། །ཁལ་རྣམས་ཞམ་རིང་ཚོགས་ཀྱིས་རྒྱབ་རྟེན་བསྐྱལ། །རྟ་དྲེལ་ཐག་པས་བཅིངས་ལ་སྟེང་ནས་འཐེན། །གཞན་འགས་མཇུག་ནས་ཕུལ་བའི་ཐབས་འཕྲུལ་གྱིས། །ལམ་འཕྲང་འཇིགས་པའི་ཉེན་ལས་གྲོལ་བར་མཛད། །སྤོ་བོ་ཆོས་རྫོང་དགོན་གྱི་ལས་སྣེ་བ། །མི་སྲུན་འགའ་ཡི་འཕྲོག་བཅོམ་བྱུང་བ་ལ། །ཞམ་རིང་བ་དག་ཨ་འཐས་འཐབ་རྩིས་ལས། །ལྡོག་པར་མཛད་ལ་ར་ཉག་དགོན་དུ་ཕེབས། །དེ་ནས་ལྷོ་གཞུང་ཚ་གཞུང་སག་ཡུལ་གཞུང་། །རྐང་ལ་རྒྱལ་པོ་ཟམ་གསར་སོགས་བརྒྱུད་ལ། །ར་ཤོད་ཨ་ར་ཐང་དུ་ཕེབས་པ་ན། །ཁོ་ཆེན་བླ་མ་རྣམ་གྲོལ་འཁོར་བཅས་ཀྱིས། །གུར་གཡབ་བཀོད་པས་མཛེས་པར་སྤྱན་དྲངས་ནས། །ཞབས་རྡུལ་སྤྱི་བོར་བླངས་ཏེ་གུས་པས་མཆོད། །ནངས་པར་གཞིས་བྱེས་སྟབས་གཅིག་གཤེགས་པ་ཡི། །མདོ་གྲུབ་ལྡིང་དཔོན་ཁྱིམ་བཞུགས་སྐབས་དེའི་ཚེ། །ཞབས་དྲུང་གཅུང་ཉིད་ས་ངན་ཕྱོགས་དག་ལས། །ཀརྨ་ཆོས་ཁྲི་ཟེར་བར་ཕེབས་ཚུལ་གྱི། །སྙན་པའི་གཏམ་བཅས་བང་མི་ཆེད་དུ་འབྱོར། །མི་ཕམ་རོགས་བཅས་ཕེབས་བསུར་རྫོངས་བར་མཛད། །དེ་ལས་ཆིབས་བཏེག་མདོ་གྲུབ་ཡུལ་གཞུང་དུ། །ཕེབས་པར་ཉེ་ཚེ་ཁོ་ཆེན་དགོན་གོང་འོག །ཡུལ་སའི་ཆིབས་བསུར་བཅས་པས་སྔུན་བསྟར་ནས། །བདག་ཉིད་ཆེན་པོ་སྐུ་མཆེད་རྩེ་འཛོམ་གྱི། །རང་དགོན་ཁོ་ཆེན་གདན་ས་ཆེན་པོར་ཕེབས། །སྤྱི་སྒེར་མང་པོས་རྒྱ་ཆེའི་ཞབས་ཏོག་བསྒྲུབས། །རིས་མེད་མཇལ་མིའི་རེ་བ་སྐོང་བར་མཛད། །དེ་ནས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། །འདུས་པའི་དབུས་བསྐྱོད་ཚེས་བཅུའི་ཆོ་ག་དང་། །རྗེས་འབྲེལ་གཏོར་མའི་དབང་གིས་ཚིམ་པར་མཛད། །རྒྱན་པ་སྤྲུལ་སྐུ་འགྲོ་གླིང་གྲྭ་པ་སོགས། །སྐལ་ལྡན་འགའ་ལ་བླ་མ་དྲག་པོའི་དབང་། །དུར་ཁྲོད་དགོན་དུ་
གྲགས་དེར་ཆིབས་བཏེག་ནས། །སྐུ་གསུང་ཐུགས་རྟེན་མང་པོར་རབ་གནས་དང་། །སྐྱ་སེར་ཁྲོམ་ལ་ཚེ་ཡི་དབང་བཀའ་སོགས། །ཆོས་ཀྱི་སྦྱིན་པས་ཡུལ་དགོན་རེ་བ་བསྐང་། །རྩེ་རོང་བླ་མ་བདེ་ལེགས་ལ་སོགས་པ། །དད་ཅན་མང་པོར་གཏེར་གསར་གུར་དབང་དང་། །རྣམ་དག་ཟེར་བའི་སྐྲ་ཡི་ཕུད་བཞེས་ནས། །འགྱུར་མེད་བསྟན་དར་ཞེས་པའི་མིང་འདོགས་མཛད། །བ་ཟལ་སྤྲུལ་སྐུ་ལུང་ཕུག་བླ་མ་སོགས། །སྐལ་ལྡན་འགའ་ལ་གཟའ་རྡོར་སྲོག་གཏད་དང་། །ཚེ་དབང་ནཱ་ག་རཀྴའི་རྗེས་གནང་སོགས། །ཡང་ཟབ་ཆོས་ཀྱིས་སོ་སོའི་རེ་བ་བསྐངས། །རྒྱན་པ་མགོན་ཐེགས་སྤྲུལ་སྐུ་ཆུང་བ་དང་། །མ་ཇོ་མང་པོར་སྐྱབས་སྡོམ་འབོག་པ་དང་། །འདུས་པའི་ཁྲོམ་ལ་ཚེ་ཡི་དབང་བཀའ་དང་། །དགེ་དབང་དགོན་པའི་སྟེང་ཤོད་མེ་ཏོག་འཐོར། །སླར་ཡང་རང་དགོན་ཁོ་ཆེན་དགོན་དུ་ཕེབས། །གོ་འཇོ་རྫོང་དཔོན་དགེ་སློང་འཁོར་བཅས་ལ། །ཚེ་གུར་དབང་སོགས་འདོད་པ་ཇི་བཞིན་བསྩལ། །ཉེར་དགུར་འཇམ་དཔལ་གཤིན་རྗེའི་དུས་གཏེར་དང་། །ཁྲུམས་ཟླའི་ཡབ་རྗེའི་དུས་དྲན་མཆོད་པ་སོགས། །ལེགས་མཛད་རིང་མིན་རོང་པོ་དགོན་དུ་ཕེབས། །དད་དགུས་མཆོད་ཅིང་ཆོས་ཀྱི་སྦྱིན་པ་བཀྱེ། །དབྱུག་ཟླའི་ནང་དུ་རང་དགོན་ཁོ་ཆེན་དུ། །དད་ཅན་མང་པོས་གསོལ་ལྟར་ཁྲོམ་ཆོས་སུ། །གསང་འདུས་ཟླུམ་པོ་བཞི་དབང་ཚེ་དཔག་མེད། །གུ་དྲག་རྡོར་སེམས་བཅས་ཀྱི་དབང་བཀའ་དང་། །ཚེ་གུར་ལས་བྱང་ལུང་བཅས་བསྩལ་བ་ཡི། །འགྲོ་ཚོགས་མང་པོར་ཐར་པའི་ས་བོན་བཞག །སྐབས་འདིར་ཁོ་ཆེན་བླ་མ་རྣམ་གྲོལ་གྱིས། །རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡིས་གཙོས། །ཟང་ཟིང་དངོས་པོའི་འབུལ་བ་དཔངས་མཐོ་བ། །སྤྱན་སྔར་བསྟར་བ་དགེ་རྩ་བསྔོ་བསྒྱུར་མཛད། །རིམ་པར་ཕུར་ཐང་གནས་ལུང་རྫོང་ཡུལ་དུ། །ཁྲོམ་དབང་རེ་མཛད་རྩེ་རོང་དགོན་དུ་ཕེབས། །བདོག་དགུས་མཆོད་ཅིང་སྐྱ་སེར་ཁྲོམ་འདུས་ལ། །ཟླུམ་པོ་བཞི་དབང་གུ་དྲག་ཚེ་དབང་དང་། །བརྒྱ་ཕྲག་འདུས་པ་བླ་མར་བཅས་པ་ལ། །དགོངས་འདུས་དབང་དང་ཁྲོས་མ་ནག་མོའི་དབང་། །གཞན་ཡང་སྒེར་དབང་སྐྱབས་སྡོམ་ལ་སོགས་པ། །དམ་པའི་ཆོས་ཀྱི་སྦྱིན་པ་དཔག་མེད་མཛད། །དེ་ནས་ཞྭ་ཐང་འཁོར་གདོང་ཡུལ་སོ་སོར། །འདུས་པའི་ཁྲོམ་
ལ་གུ་དྲག་ཕྱག་རྡོར་སོགས། །རེ་བ་ཇི་བཞིན་སྐོང་བའི་འཕྲིན་ལས་བསྐྱངས། །དེ་ལས་རིམ་བཏེག་ཨ་དཀར་སྟོང་དཔོན་ཞེས། །རྣམ་ཐོས་བུ་ཡི་འབྱོར་པ་དང་ལྡན་པས། །སྤྱན་དྲངས་ཟང་ཟིང་དངོས་པོའི་འབུལ་སྐྱེས་བཏབ། །སྐྱེས་ལན་ཚེ་གུར་དབང་བསྩལ་གཞན་ཡང་ནི། །རྟ་མགྲིན་ཕྱག་རྡོར་ཛཾ་དཀར་ལ་སོགས་པ། དབང་དང་བྱིན་རླབས་མང་པོས་འགྲོ་རྒྱུད་གཏམས། །དེ་ནས་གླན་ཆུང་སྒར་ཐོག་རྩེ་རོང་འགག །ཚྭ་རི་དགོན་སོགས་སོ་སོར་ཁྲོམ་དབང་དང་། །དགོས་དབང་མང་པོས་རེ་འདོད་ཚིམ་མཛད་ནས། །ཡོངས་འདུའི་གདན་ས་ཁོ་ཆེན་དགོན་དུ་ཕེབས། །རྫོང་དཔོན་ཀླུ་བསོད་ཡབ་སྲས་ལ་སོགས་པ། །མཇལ་དུ་འོང་པར་ཚེ་རྟའི་དབང་ཞིག་མཛད། །གཞན་ཡང་གནས་འདིར་དོན་གཉེར་མང་པོ་ལ། །དབང་དང་བྱིན་རླབས་མང་པོས་རེ་བ་བསྐངས། །རིང་མིན་དངུལ་ར་སེར་སྡིངས་དགོན་སོ་སོར། །ཆིབས་བཏེག་འདོད་ཆོས་དབང་ལུང་མང་པོ་དང་། །ཁྱད་པར་གུ་རུའི་གནས་རི་པདྨའི་མདུན། །འགྲམ་ར་ཟེར་བར་སྐྱ་སེར་སྟོང་ཕྲག་ཙམ། །འདུས་པའི་ཁྲོམ་ལ་དབང་དང་བྱིན་རླབས་དང་། །ཤིས་པའི་མེ་ཏོག་འཐོར་ནས་བསྟི་གནས་ཕེབས། །སྐབས་འདིར་གཤིན་གསོན་མང་པོའི་ཆོ་ག་དང་། །ཟབ་ཁྲིད་དགེ་བསྙེན་སྡོམ་འབོག་ལ་སོགས་པ། །རྣམ་པར་དཀར་བའི་ཕྲིན་ལས་རྨད་དུ་བྱུང་། །རྒྱལ་ཟླའི་ཚེས་གཅིག་རབ་དཀར་བཞུགས་སྒར་བཏབ། །ནངས་པར་ཡུལ་དེའི་བླ་དཔོན་འཁོར་བཅས་ཀྱི། །བསུ་བའི་གཟེངས་བསྟོད་བཅས་ཏེ་དཀྲི་ཞེས་བྱར། །དམར་ནག་འདུས་པའི་ཁྲོམ་ལ་དྲག་དམར་དབང་། །ཚེ་དབང་སོགས་བསྩལ་ཀོ་མོ་ཞེས་བྱར་ཕེབས། །གོང་མའི་ཞབས་ཟིན་ཁམས་པ་འབྲུག་གྲགས་ཀྱིས། །དགོན་དུ་སྤྱན་དྲངས་བླ་མ་དང་བཅས་པར། །དབང་དང་བྱིན་རླབས་དེར་འདུས་ཁྲོམ་པ་ལ། །ཕྱག་རྡོར་དབང་མཛད་སོ་སོའི་བཞེད་པ་བཞིན། །ཁྱིམ་དུ་ཞབས་བཅགས་དབང་ལུང་སྣ་ཚོགས་པའི། །དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། །དེ་ལས་ཆིབས་བཏེག་ཐང་ནག་ལ་ཞེས་པར། །རི་རོང་ཤིན་ཏུ་དོག་པའི་ལམ་ཁ་ལ། །རྣམ་གྲོལ་གྲོ་དམར་ཟེར་བའི་ཆིབས་ཉིད་ཀྱི། །རྨིག་རྗེས་བྱུང་བ་ད་ལྟའང་ཡུལ་དེ་ཡི། །ཕྱག་མཆོད་རྟེན་དུ་ཡོད་པར་ངེས་པ་འདྲོངས། །དེ་ལས་འབུམ་སྐྱེས་ཞེས་བྱར་
བཞུགས་སྒར་དུ། །བ་ཟལ་པདྨ་དབང་རྒྱལ་དང་མཇལ་ཞིང་། །དུས་སྔ་ངན་པའི་གསུང་གླེང་ཞིབ་མོར་མཛད། །ས་དེར་འདུས་པ་བརྒྱ་ཕྲག་ལྔ་ཙམ་ལ། །གཏེར་གསར་བླ་མ་དྲག་པོའི་རྩ་དབང་དང་། །གཞན་ཡང་གློང་ཉ་ནུབ་ལ་དགོན་འབར་སོགས། །ཡུལ་ཆེན་ཡུལ་ཕྲན་མང་པོར་ཆིབས་བསྐྱོད་ནས། །སྤྱི་དབང་སྒེར་དབང་གཤིན་བྱང་བཞུ་བསྔོ་སོགས། །གཞན་ཕན་ཕྲིན་ལས་རྒྱ་མཚོའི་མཐའ་ལ་བཅས། །ཉེར་དགུར་དུས་དགྲའི་དབང་པོའི་གཏོར་བཟློག་མཛད། །ཀུན་ལྡན་ལྕགས་བྱི་དགུང་ལོ་ཉེར་བདུན་གྱི། །མཆུ་ཟླའི་ཚེས་གཅིག་བ་ཟལ་དགོན་དུ་ཕེབས། །ཕྱི་ཉིན་བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ། །ཡབ་རྗེའི་དུས་དྲན་མཆོད་པ་རྒྱས་པར་གནང་། །ཡར་ངོའི་མཁའ་འགྲོ་འདུ་བའི་དུས་ཉིད་ནས། །དབུ་བཟུང་རྙིང་ལུགས་བླ་གྲྭ་མང་ཚོགས་པར། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །དམ་ཆོས་ལུང་གི་སྦྱིན་པའི་སྒོ་དབྱེ་མཛད། །ཉེར་དགུར་བཀའ་བརྒྱད་སྒྲུབ་ཆེན་ཚུགས་པ་ཡི། །དབོ་ཟླའི་ཚེས་ལྔར་དངོས་གྲུབ་ལེན་པ་དང་། །རྗེས་འབྲེལ་འདུས་པའི་ཁྲོམ་ལ་བུམ་དབང་བསྩལ། །དེར་ཚོགས་སྐལ་བཟང་ཐར་པའི་ལམ་ལ་བཀོད། །སྐབས་འདིར་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། །དད་སྟོབས་འཆང་བ་བ་ཟལ་བླ་མ་ཡི། །ཡོད་དགུའི་དངོས་འབྱོར་རྒྱ་ཆེར་བསྐྲུན་བྱས་ནས། །ཡུན་དུ་བརྟན་པའི་ཞབས་བརྟན་གསོལ་འདེབས་བསྒྲུབས། །སླར་ཡང་བཟང་པོ་གཉིས་པའི་དུས་ཀྱི་ཚེ། །ཇ་སིག་རྟ་དྲིལ་མཛོ་གཡག་ལ་སོགས་པ། །ཅི་ཡོད་མ་ལུས་སྤྱན་སྔར་བསྟར་བྱས་པའི། །བརྒྱ་ཕྲག་འབུལ་བ་བྱང་ཆེན་བསྔོ་བསྒྱུར་མཛད། །རིང་པོའི་ས་ནས་ཁམས་པ་སྤྲུལ་སྐུ་ཡི། །ཞབས་པད་བརྟན་པའི་གསོལ་འདེབས་སྒྲུབ་མིའང་འབྱོར། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །དབང་ཆེན་ཞག་གསུམ་ཁོངས་སུ་གྲུབ་པ་དང་། །སྐབས་འདིར་རིགས་ཀྱི་གཅུང་ཉིད་བྲོ་འཚལ་བར། །འཆི་བསླུ་ཚེ་ཡི་དབང་བཀའ་བརྒྱ་ཚར་མཛད། །དེ་ནས་ལྷ་འཚོ་དགོན་དུ་ཡུལ་སྲོལ་གྱི། །བསུ་བའི་སྤྲོས་པ་དང་བཅས་ཕེབས་པ་ལ། །སྤྲུལ་བའི་སྐུ་ཡི་རྒྱ་ཆེའི་ཡོན་སྦྱར་ལྟར། །ཟབ་ལམ་ཐུགས་རྗེ་
ཆེན་པོའི་དཀྱིལ་འཁོར་དུ། །རིལ་བུ་བསྒྲུབ་པའི་གསུང་ཆོག་བདེར་འདུས་བཅས། །ལྷན་ཅིག་མཐའ་རྟེན་མར་མེའི་སྨོན་ལམ་བར། །མ་འདྲེས་ཕྱག་ལེན་ཟབ་མོ་ཉམས་སུ་བསྟར། །གཞན་ཡང་སྐལ་ལྡན་འདུས་པའི་ཁྲོམ་ཚོགས་ལ། །ཚེ་དབང་ཐུགས་རྗེ་ཆེན་པོའི་བུམ་དབང་དང་། །བླ་མ་དྲག་པོའི་སྐུ་གསུང་ཐུགས་དབང་སོགས། །དགོས་ཀྱི་དབང་ལུང་མན་ངག་དུ་མའང་བསྩལ། །ལ་ཐོག་རྟའུ་སྨིན་མདོ་བྱང་ཁར་སོགས། །ཡུལ་ཆེན་མང་པོར་ཆིབས་བཏེག་རེ་འདོད་བཞིན། །རང་གཏེར་བླ་མ་དྲག་པོའི་དབང་བཀའ་སོགས། །དམ་པའི་ཆོས་ཀྱིས་འགྲོ་རྒྱུད་སྨིན་པར་མཛད། །བ་ཟལ་དགོན་དུ་ས་ཟླའི་ནང་ཉིད་ནས། །ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་གསུམ་བར། །རང་གཏེར་བླ་མ་དྲག་པོའི་བསྙེན་སྒྲུབ་དང་། །རྗེས་འབྲེལ་ཛཾ་དམར་སྒྲུབ་པ་མེ་མཆོད་བཅས། །བླ་མ་དམ་པའི་མན་ངག་ཉམས་སུ་བཞེས། །སྐབས་འདིར་བ་ཟལ་དབོན་པོ་བྲོ་འཚལ་བར། །དབང་དང་བྱིན་རླབས་བསྲུང་བའི་ཆོ་ག་སོགས། །ཐབས་དང་རྟེན་འབྲེལ་མང་པོས་རྗེས་བཟུང་ཡང་། །སྲོག་གི་འཕེན་པ་ཟད་པས་གཞན་དབང་ཐལ། །དེ་ཚེ་གནས་སྤར་ཞག་གསུམ་གསལ་འདེབས་སོགས། །དམིགས་ཡུལ་ངན་སོང་འཇིགས་པ་ལས་ཐར་བའི། །གསུང་ཆོག་བསྔོ་བའི་མཚམས་སྦྱོར་ཡང་དག་མཛད། །གནས་འདིར་བ་ཟལ་སྤྲུལ་སྐུ་ལ་སོགས་པ། །སྐལ་ལྡན་འགའ་ལ་གསང་བ་ཡེ་ཤེས་དང་། །བླ་མ་དྲག་པོའི་བྱིན་རླབས་མང་པོ་ཡི། །གཞན་རྒྱུད་སྨིན་པའི་མཛད་པ་བསམ་ལས་འདས། །དེ་ལས་རྫོགས་ཆེན་དགོན་དུ་བསྐྱོད་དགོས་པའི། །ཕོ་ཉ་འབྱོར་བཞིན་རིམ་གྱིས་བཏེག་པ་ཡི། །ལམ་བར་ཡུལ་དགོན་སོ་སོའི་རེ་འདོད་བཞིན། །དབང་དང་བྱིན་རླབས་བཀའ་བསྒོ་གསོན་གཤིན་གྱི། །བྱང་བཞུ་བསྔོ་བསྒྱུར་སྐྱབས་སྡོམ་འབོག་པ་སོགས། །དམ་པའི་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེད། །གངས་ཅན་ལྷ་གཅིག་ཕྱག་ན་པདྨ་དེ། །ཀུན་མཁྱེན་བདུན་པར་འཕོས་པའི་ཞལ་སྐྱིན་གང་། །སྔོན་ཆད་མདོ་ཁམས་ཕྱོགས་སུ་གསལ་བ་ཉིད། །རིང་མིན་བོད་ཡུལ་རྡོ་རྗེ་གདན་ཉིད་དུ། །ཕྱག་ཕེབས་བསྟན་འགྲོའི་དོན་ཆེན་རིས་མེད་དུ། །ཀུན་མཁྱེན་ལྔ་པའི་མཛད་པའི་རྗེས་འགྲོ་བའི། །གསོལ་འདེབས་ཞུ་ཡིག་ཉམས་འགྱུར་གྱིས་གཏམས་པ། །འབུལ་
བའི་བྱ་མ་རྟ་ཉིད་སྐབས་འདིར་མངགས། །ཁྱད་པར་རྫོང་རོང་ཉན་ཁུ་བླ་མ་ཟུང་། །རྩེ་རོང་བླ་མ་བདེ་ལེགས་དཔོན་སློབ་དང་། །འཇམ་དཔལ་རྒྱ་མཚོ་ནོར་རྒྱམ་ཀུན་རྒྱམ་སོགས། །འགྲོ་འདྲེན་གྲྭ་པ་བཅུ་ཕྲག་གཉིས་ལྷག་ཙམ། །གཞན་ཡང་སྐལ་བར་ལྡན་པ་འགའ་ཞིག་བཅས། །དོན་གཉེར་འདུས་པར་སྔ་ཕྱིར་བསྩལ་བ་ལ། །ན་ག་རཀྴ་རྟ་མགྲིན་ཀི་ཀཾ་དང་། །ཚེ་སྒྲུབ་ལྕགས་སྡོང་འཇམ་དཔལ་ཚེ་བདག་དབང་། །དམག་ཟོར་རྗེས་གནང་གནུབས་ལུགས་སྟག་ཞོན་དང་། །རྡོར་ལེགས་གཟའ་རྒྱལ་རྣམ་འཇོམས་སྨེ་བརྩེགས་ཁྲུས། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་འགྲོ་ཀུན་སྒྲོལ། །ལ་སོགས་དབང་ལུང་རྗེས་གནང་སྲོག་གཏད་བཅས། །སླར་ཡང་ཁོ་ཆེན་དགོན་པ་གོང་འོག་གཉིས། །འདུས་པར་བཅས་པར་གཏེར་གསར་ཡོངས་རྫོགས་དང་། །ཡང་ཏིག་གཞན་ཕན་འཁོར་ལོའི་དབང་ལ་སོགས། །དམ་པའི་ཆོས་ཀྱི་སྦྱིན་མང་བཀྱེ་བར་མཛད། །དེ་ནས་རིགས་ཀྱི་གཅུང་ཉིད་ཀྱིས་མཚོན་པའི། །རང་ཞབས་སྐྱ་སེར་མང་པོའི་ཆིབས་སྐྱེལ་བཅས། །དེ་ནུབ་སོ་ཏུ་ཀརྨ་ཆོས་ཁྲིར་བཞུགས། །དེ་ནས་ཝ་སྙིང་རྫང་ཁ་སྲས་ཡུལ་སྨད། །བྲག་དམར་སེར་སྡིངས་དགོན་ལ་སོགས་པ་ཡི། །ཡུལ་དགོན་མང་པོར་ཁྲོམ་དབང་སྒེར་དབང་བཅས། །དབྱུག་ཟླའི་ཡར་ངོའི་ཚེས་ལ་རྫོགས་སྤྲུལ་གྱི། །བཞུགས་སྒར་རྒྱུ་སྐར་ཤར་འདྲའི་དབུས་ཉིད་ལ། །བསུ་བའི་བཀོད་པ་རྒྱ་ཆེ་དང་བཅས་ཕེབས། །བསྙེན་བཀུར་མཆོད་པའི་སྤྲིན་ཕུང་བསམ་ལས་འདས། །སླར་ཡང་ཀཿཐོག་རྒྱལ་བའི་སྲས་པོ་ཡི། །བསུ་བའི་སེར་སྦྲེངས་དང་བཅས་གནས་དེར་བསྐྱོད། །ཟང་ཟིང་འབུལ་ནོད་རྣམ་ཐོས་མཛོད་ལ་འཁུ། །རང་རང་བཞེད་པའི་དབང་ལུང་མན་ངག་གི། དགྱེས་སྐོང་སླར་ཡང་སྒར་ཆེན་རྒྱུ་སྐར་ཚོགས། །ས་ལ་འཕོས་འདྲ་གང་དེར་ཞབས་བསྟི་མཛད། །ས་དེར་རྫོགས་ཆེན་སྤྲུལ་སྐུ་འཁོར་དང་བཅས། །སྐལ་ལྡན་བརྒྱ་ཕྲག་འདུས་པའི་འཁོར་ཚོགས་ལ། །སྒྲུབ་ཐབས་འདོད་བུམ་ནང་ནས་པད་གླིང་གི། ཚེ་ལྷ་ཉང་གཏེར་རྟ་ནག་ཁྲོས་ནག་གསུམ། །མ་གཏོགས་དབང་དང་རྗེས་གནང་མ་ལུས་པ། །བཻ་དཀར་ནང་བཞིན་གཟའ་ལྔའི་རི་མོ་བཅས། །ཐུགས་ཀྱི་བཞེད་པ་ཇི་བཞིན་སྐོང་བར་མཛད། །སྤྲུལ་སྐུས་ལྷག་པའི་ཐུགས་བསྐྱེད་མ་ལྷོད་
པས། །འཆི་མེད་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །བརྟན་བཞུགས་གསོལ་འདེབས་མཛད་པའི་རྗེས་འབྲེལ་དུ། །གོས་དར་ཇ་སིག་རྟ་དྲེལ་མཛོ་གཡག་སོགས། །ཟང་ཟིང་འབུལ་ནོད་རྒྱ་ཆེར་བསྒྲུབས་པ་ནི། །ནོར་གྱི་གཏེར་སྒོ་བརྒྱ་ཕྲག་ཕྱེ་དང་མཚུངས། །དེ་བཞིན་ཀཿཐོག་རྒྱལ་སྲས་པ་ཡིས་ཀྱང་། །ཅི་འབྱོར་བདོག་དགུའི་འབུལ་བ་སྤྲིན་དུ་གཏིབས། །རྫོགས་ཆེན་ཁྱབ་བརྡལ་སྤྲུལ་སྐུ་རྣམ་གཉིས་ལ། །གཟའ་གདོང་དམར་ནག་ལྷ་ཆེན་ལྷ་མོ་ཡི། །སྲོག་གཏད་ཞིག་གླིང་དམག་བཟློག་ཉེར་ལྔའི་དབང་། །ལ་སོགས་ཆོས་དང་ཟང་ཟིང་དངོས་པོ་ཡི། །སྐྱེས་ལན་བཏབ་ལ་དེ་ནས་བཏེག་མཛད་ལ། །གཉིད་ཏི་ནང་དང་ར་རྒན་མཁར་སོགས་བརྒྱུད། །བསང་རོལ་བསུ་བའི་བཀོད་པ་ཚར་དངར་པོས། །མདུན་བདར་ལྷ་སྔགས་དགོན་དུ་འཁོར་བཅས་བཏེག །ཉེར་དགུའི་དུས་གཏེར་སྔར་བཞིན་རྒྱས་པར་མཛད། །ཡོས་ཟླའི་ནང་དུ་དགོན་དེའི་ཉེ་སྐོར་གྱི། །ཡུལ་ཁྱིམ་མང་པོར་བསྐྱོད་དེ་གཤིན་གསོན་སོགས། །གཞན་ཕན་སྤྱོད་པ་ལྷུར་བཞེས་དབང་ལུང་དང་། །བྱང་བཞུ་རུས་ཆོག་བཀའ་བསྒོ་བྱིན་རླབས་སོགས། །ཐར་ལམ་འདྲེན་པའི་འཇུག་པ་དཔག་མེད་མཛད། །མགོ་ཟླའི་ཡར་ངོར་སྐྱ་སེར་ལྔ་བརྒྱ་ཕྲག །འདུས་པའི་འཁོར་ལ་དགོངས་འདུས་དབང་ཆེན་དྲུག །དབང་ཕྲན་བྱེ་བྲག་དབང་རྣམས་རྫོགས་པ་ཡི། །སྨིན་གྲོལ་ཆོས་ཀྱི་དགའ་སྟོན་དཔག་མེད་བྱིན། །གཞན་ཡང་དགོངས་འདུས་ཆོས་ཚན་འགའི་ལུང་དང་། །ཞི་ཁྲོ་དགོངས་པ་རང་སར་གྲོལ་བ་ཡི། །བར་དོ་དྲུག་གི་ཁྲིད་དང་ངོ་སྤྲོད་མཛད། །དེ་ལས་རིམ་བཏེག་ཁ་བ་གོང་དཀར་སོགས། །ལམ་བར་སྐྱེ་འགྲོ་མང་པོར་ཟབ་ཆོས་ཀྱི། །ཐར་པའི་ས་བོན་སྨིན་མཛད་རྒྱལ་ཟླའི་ནང་། །རང་ལུགས་འཛིན་པའི་བྲག་དམར་དགོན་དུ་ཕེབས། །ཉེ་བར་གནས་པ་རབ་འབྱམ་མཆོག་དགའ་ཉིད། །གནམ་སའི་བདག་པོ་སྡེ་དགེ་བླ་དཔོན་ཟུང་། །དག་པའི་སྣང་བ་ཆེས་སད་མཇལ་དུ་མངགས། །གནས་དེར་རྒྱལ་པོར་བཀའ་འབུམ་ལུང་ཉིད་དང་། །པད་གླིང་ཚེ་དབང་བྱང་གཏེར་ཐུགས་སྒྲུབ་སོགས། །སྤྱི་དབང་དགོས་དབང་ཞམ་རིང་མི་ཕམ་ལ། །ལོཀྟྲི་རིག་གཏད་གདོན་འགྲོལ་ལ་སོགས་པ། །དབང་དང་བྱིན་རླབས་གསུང་ཆོག་མང་པོ་ཡི། །གཞན་ཕན་ཕྲིན་ལས་རྒྱ་
ཆེ་མཁའ་ལ་བཅས། །ལྔ་ཕྲག་ཞག་ཏུ་ཁྲོ་བོ་རོལ་པ་ཡི། །གཏོར་བཟློག་མཐའ་སྡུད་འཕང་བའི་ལས་ལ་འབྱོར། །དེ་འདས་འཕར་བ་ཞེས་བྱ་ལྕགས་གླང་མེ། །ཉེར་བརྒྱད་དགུང་ལོ་གསར་ཚེས་རྟེན་བྱུང་ཉིད། །དགོན་འདིར་བོད་ལུགས་རྒྱས་པའི་ལུག་མཛད་ནས། །ཉང་གཏེར་ཁྲོས་ནག་ཆོས་དབང་མ་ནིང་དབང་། །ཁྲོམ་ལ་རྫོང་ཆེན་ཚེ་དབང་ལ་སོགས་པ། །དམ་པའི་ཆོས་ཀྱི་འཁོར་ལོ་མང་པོ་བསྐོར། །དེ་ལས་བསུ་བའི་བཀོད་པ་དང་བཅས་པས། །བདེ་གནས་དགོན་ཞེས་བྱ་བར་ཞབས་པད་བཀོད། །བུམ་ཁང་ཉིད་དུ་བགེགས་བསྐྲད་བྱིན་དབབ་པ། །ཤིས་པའི་མེ་ཏོག་ཆར་དུ་སྙིལ་བ་དང་། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡི། །དཀྱིལ་འཁོར་ཞལ་ཕྱེ་སྒྲུབ་པ་དང་འབྲེལ་བར། །སྐལ་ལྡན་ཁྲི་ཁྲག་འདུས་པའི་འཁོར་ཚོགས་ལ། །རྣམ་དག་བུམ་པའི་དབང་གི་སྦྱིན་པ་བཀྱེ། །བདེ་གནས་བླ་མ་རྣམ་གཉིས་འདུས་ཚོགས་ལ། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ཡི། །དབང་ལུང་གཏེར་གསར་ཚེ་གུར་ཨ་ཏིའི་དབང་། །ལ་སོགས་སྨིན་གྲོལ་ཆོས་ཀྱི་བདུད་རྩི་ཡིས། །དད་ལྡན་སློབ་བུའི་རྒྱུད་བུམ་ཁེངས་པར་མཛད། །དེ་ལས་ཆིབས་བཏེག་ཁམས་ཀོང་དགོན་དུ་ཕེབས། །སྤྲུལ་བས་ཡོན་བཅས་འཁོར་ཚོགས་ཉུང་བསྡུས་ལ། །ཚེ་གུར་དབང་བསྩལ་ཁྲོམ་ལ་གུར་དབང་དང་། །མ་ཇོ་འགའ་ལ་སྐྱབས་སྡོམ་བན་གཟུགས་འགར། །ཡོངས་རྫོགས་དགེ་བསྙེན་སྡོམ་པས་རྒྱུད་བསྡམ་མཛད། །དེ་ནས་བརྟན་པ་བརྒྱད་ཁྲི་ཁོ་མོར་སྟེང་། །ཐིར་མདོ་ལ་སོགས་ཡུལ་གྲོང་མང་པོར་བསྐྱོད། །དབང་དང་རྗེས་གནང་ལུང་ལ་སོགས་པ་ཡི། །སོ་སོར་འདུས་པ་སྟོང་ཕྲག་སྨིན་པར་མཛད། །ནག་ཟླའི་དམར་ཕྱོགས་བ་ཟལ་དགོན་དུ་ཕེབས། །དད་ལྡན་སློབ་མ་ཚུལ་བཞིན་གྱུར་པ་འགར། །ཟབ་ལམ་ཨ་ཏིའི་དབང་ཁྲིད་ངོ་སྤྲོད་དང་། །རྡོར་སེམས་འཕོ་ཁྲིད་གསང་བ་ཡེ་ཤེས་དབང་། །ཀི་ཀཾ་ནག་པོའི་དགྲ་མནན་ཞག་གསུམ་བཅས། །རྣམ་བཞིའི་ཕྲིན་ལས་རིས་མེད་འགྲོ་ལ་བསྐྱངས། །དེ་ལས་བྲག་དམར་དགོན་ཕེབས་དེར་འདུས་ཁྲོམ། །དམར་ནག་འཁྱིལ་བར་ཉིན་གཉིས་ཚེ་གུར་དབང་། །འདུས་པར་ནང་རྟེན་མཇལ་ཁ་ཞིབ་ཏུ་བསྩལ། །
རིམ་བཏེག་ཡུལ་གྲོང་རུ་བ་མང་པོའི་སར། །སོ་སོའི་རེ་འདོད་ཇི་བཞིན་སྐོང་ཕྱིར་ཕེབས། །སྤྱི་དབང་ནང་དབང་གཤིན་ཆོག་བསྔོ་སྒྱུར་སོགས། །ཉིན་ལྟར་བར་མེད་གདུལ་བྱའི་འགྲོ་དོན་མཛད། །དེ་ནས་བཞག་སྙིང་ཤི་ཐར་དགོན་དུ་དང་། །བདེ་དགོན་ཀུ་ལུང་རྫོང་དང་ལྕགས་མདུང་དགོན། །རི་ནུབ་རྫོང་ལ་སོགས་པར་ཆིབས་བཏེག་ནས། །བླ་གྲྭ་དཔོན་རིགས་སྐྱ་སེར་མང་པོ་ལ། །གཏེར་གསར་བླ་མ་ཞི་དྲག་ཚེ་དབང་དང་། །བཀའ་བརྒྱད་གསང་རྫོགས་རཏྣའི་གུ་དྲག་བཅས། །རྡོར་སེམས་འཕོ་ཁྲིད་གཤིན་རྗེ་འཆར་ཀ་དང་། །ཐང་སྟོང་ཚེ་དབང་ལ་སོགས་ཟབ་ཆོས་འགའ། །སྨིན་བསྩལ་ཁྱད་པར་འདུས་པའི་ཁྲོམ་སོ་སོར། །ཡང་ཟབ་དབང་གིས་ཐར་པའི་ས་བོན་བཞག །གྲོ་བཞིན་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །ལངྐའི་བདག་པོའི་ཕོ་བྲང་ཆས་འདྲ་བའི། །རྔམས་བརྗིད་ལྷུན་སྡུག་ལྕགས་མདུད་ཕོ་བྲང་ཆེར། །སྤྱན་དྲངས་ཟང་ཟིང་འབུལ་དངོས་དཔེ་ཟླ་བྲལ། །དེ་ལས་རྩ་རས་དགོན་དང་བདེ་རོང་གཤིས། །གླིང་མདའ་གཤིས་དང་ཏི་ཏ་མགོ་སོགས་ཕེབས། །སོ་སོར་དབང་དང་བྱིན་རླབས་མང་པོ་དང་། །བཀའ་བསྒོ་དགེ་བསྙེན་སྡོམ་ལུང་འབོག་པ་སོགས། །དམ་པའི་རྣམ་ཐར་འགྲོ་མང་མཁའ་ལ་བརྡལ། །བདེ་ཆགས་དགོན་དུ་ཆོས་རྒྱལ་གླིང་པ་ཞེས། །སྙིགས་དུས་གཏེར་སྟོན་རིག་པ་འཛིན་པ་དེས། །ཆིབས་བསུའི་བཀོད་པ་དང་བཅས་སྤྱན་དྲངས་པར། །རྒྱལ་སྲས་སྐུ་མཆེད་ལ་སོགས་སྟོན་འཁོར་ལ། །ཡང་ཟབ་དབང་ལུང་གདམས་པ་མང་པོ་དང་། །རྒྱལ་བའི་བཀའ་འགྱུར་གླེགས་བམ་རྫོགས་པ་ལ། །ལྷག་གནས་ཤིས་པའི་མེ་ཏོག་དོར་བ་མཛད། །བདོག་པའི་འབུལ་དོན་རྒྱ་ཆེ་སྤྱན་དྲངས་བསྟར། །ཁྲུམས་ཟླའི་སྟོད་དུ་ཐང་དཀར་ཁྲོམ་ཚོགས་ལ། །ཚེ་དབང་གཞན་ཡང་ཡུལ་དཔོན་རུ་བ་ཁག །དགེ་དགོན་བླ་མ་འདུས་པར་བཅས་པ་ལ། །ཚེ་བསྐྱེད་དབང་དང་བགེགས་སེལ་གུར་དབང་མཛད། །སྐབས་འདིར་ཞམ་རིང་མི་ཕམ་རོགས་དང་བཅས། །ས་བདག་སྡེ་དགེ་ཕོ་བྲང་རྫོང་བརྡ་ནས། །འབའ་སྟོད་འབའ་སྨད་དཔལ་འབར་རོང་མ་ཐང་། །སྐྱ་འབལ་སྡིང་ཚོ་ལ་སོགས་ཡུལ་གྲོང་དང་། །སྣ་ཚོགས་རུ་བའི་སར་བསྐྱོད་སྤྱི་དབང་དང་། །སྒེར་དབང་སྦྱིན་སྲེག་གཤིན་གསོན་ཆོ་ག་སོགས། །ཕན་བྱེད་གདམས་
པའི་ཆོས་ཀྱིས་རྗེས་སུ་བཟུང་། །དེ་ནས་སྟག་ལུང་ཕུར་ཐང་སོ་སོར་ཡང་། །སྣ་ཚོགས་འགྲོ་བའི་དོན་ཆེན་མཛད་བཞིན་པར། །རྒྱལ་བ་ལྷ་ལས་བབས་པའི་དམར་པོའི་ཕྱོགས། །ཡོངས་འདུའི་གདན་ས་ཁོ་ཆེན་དགོན་དུ་ཕེབས། །བྱང་ཕྱོགས་ཤ་ལ་སྤྱོད་པའི་ཡུལ་གྲུ་ཆེ། །འཁོར་འབངས་ནོར་གྱིས་འབྱོར་བའི་དྲེགས་པ་ཅན། །མཚོ་ཁའི་རྒྱལ་ཁག་རྡའི་བུང་ཐི་ཇི་ཡི། །མི་སྣ་མང་འབྱོར་རིན་ཆེན་དང་པོ་ཡི། །སྐྱེས་འབུལ་རྒྱ་ཆེ་དེ་ལན་ཚིམ་པར་མཛད། །སྨིན་དྲུག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ། །གོ་འཇོ་རྫོང་དཔོན་སོར་སྐྱ་ཉག་ཤིས་དཔོན། །ལྷ་ཐོག་དཔོན་ཆུང་ལ་སོགས་དེར་འཁོད་ལ། །ཚེ་རྟའི་དབང་དང་ཕོ་མོ་མང་པོ་ལ། །དགེ་བསྙེན་སྡོམ་ལུང་ལ་སོགས་ཆོས་སྦྱིན་གྱི། །ཟད་མི་ཤེས་པའི་སྒོ་འཕར་དབྱེ་བར་མཛད། །གནམ་སའི་བདག་པོ་སྡེ་དགེ་མཆོད་ཡོན་གྱིས། །སྤྱན་འདྲེན་ཕོ་ཉ་རིམ་པར་མངགས་པ་ལྟར། །ཕུར་ལྟག་སོགས་བརྒྱུད་སྐུ་འབུམ་དགོན་དུ་ཕེབས། །གནས་བྱའི་རྟེན་ལ་ལྷག་གནས་མེ་ཏོག་འཐོར། །རིམ་བཏེག་ལམ་བར་ཡུལ་གྲོང་མང་པོ་ཡི། །འདུས་པའི་ཁྲོམ་ལ་སྨིན་བྱེད་དབང་བསྐུར་དང་། །གྲོལ་བྱེད་གདམས་པའི་སྦྱིན་མང་འགྱེད་བཞིན་པར། །སྡེ་དགེ་དཔོན་མོ་ཚེ་དབང་མཚོ་ཚང་མའི། །ཐབས་བསུ་དཔོན་ཆུང་ཚེ་བརྟན་འཁོར་བཅས་ཀྱི། །བསུ་བའི་བཀོད་པ་དང་བཅས་འཁོར་ལོ་མདོའི། །ཕོ་བྲང་ཕུན་སུམ་ཚོགས་པའི་གནས་དེར་ཕེབས། །དེ་ལས་རིམ་བཏེག་བཅུ་གཉིས་ཚེས་ཀྱི་ཉིན། །རུ་དམ་བསམ་གཏན་ཆོས་གླིང་དགོན་ཉིད་དུ། །ངུར་སྨྲིག་མཚམས་སྤྲིན་ས་ལ་བརྐྱངས་པ་འདྲའི། །སེར་སྦྲེངས་ཚར་དུ་དངར་བས་མདུན་བདར་ཏེ། །འཁོར་བཅས་ལེགས་བསྐྱོད་ཞལ་བསྲོའི་ཞབས་ཏོག་གཟབ། །གྲྭ་ཁང་ཁག་དང་རུ་བ་མང་པོའི་སར། །སོ་སོའི་རེ་འདོད་ཇི་བཞིན་ཕེབས་གྱུར་ནས། །དབང་དང་བྱིན་རླབས་མང་པོས་རེ་བ་བསྐང་། །དེ་ལས་ཡུལ་གྲོང་རུ་བ་ལ་སོགས་པ། །ཐབས་ཅིག་འདུས་པའི་ཁྲོམ་ཁག་མང་པོ་ལ། །བླ་མ་ཞི་དྲག་རྡོར་སེམས་གཤིན་རྗེ་དང་། །གསང་འདུས་ཐུགས་རྗེ་ཆེན་པོ་རྟ་མགྲིན་ནག །བྱང་གླིང་ཕྱག་རྡོར་སོགས་ཀྱི་སྤྱི་དབང་དང་། །སྒེར་དབང་སྐྱབས་སྡོམ་རྐྱེན་སེལ་མང་པོ་ཡི། །ཡུལ་ཚོ་སོ་སོར་ཐར་པའི་ས་བོན་བཞག །དེ་ནས་རྔ་ཡབ་དཔལ་རི་དང་མཚུངས་
འདྲའི། །ངེས་དོན་བླ་མེད་ཆོས་འཁོར་བསྐོར་བའི་ས། །ཞེ་ཆེན་གསང་སྔགས་ཆོས་གླིང་གྲགས་པ་དེར། །མྱུར་མགྱོགས་བཞོན་པར་བརྟེན་པའི་བསུ་བ་དང་། །སྣ་ཚོགས་མཆོད་སྤྲིན་ཐོགས་པའི་སེར་སྦྲེངས་བཅས། །ངོ་མཚར་ཁྱད་པར་ཅན་གྱི་དགོན་དེར་ཕེབས། །མཁྱེན་བརྩེའི་བདག་པོ་རྫོགས་ཆེན་སྤྲུལ་སྐུ་དང་། །ཐུགས་ནང་གཤིན་པའི་གསུང་གི་གླེང་མོལ་དང་། །རོ་བརྒྱ་ལྡན་པའི་སྟོན་མོའི་བྱེ་བྲག་སོགས། །བཀུར་སྟི་གཟེངས་བསྟོད་གཟོས་སྒོ་བསམ་ལས་འདས། །ཉེར་དྲུག་གཟའ་སྐར་དགེ་བར་དབུ་ཚུགས་ནས། །རྫོགས་སྤྲུལ་འདུས་པར་བཅས་ལ་གཏེར་གསར་ནས། །ཡང་ཟབ་ཐུགས་རྗེ་ཆེན་པོའི་ལུང་ཉིད་དང་། །དངོས་སྟ་ཕྲལ་བའི་དབང་གིས་སྨིན་པ་མཛད། །གཞན་ཡང་འདུས་པ་བརྒྱད་ཅུ་སྐོར་ཉིད་ལ། །ཡོངས་སུ་རྫོགས་པ་དགེ་བསྙེན་སྡོམ་པ་དང་། །སྟོན་འཁོར་ཡོངས་ལ་ནང་རྟེན་མཇལ་ཁ་སོགས། །དགོངས་པ་བཀང་བས་ལེན་མདའ་ཟེར་བར་ཐེགས། །སླར་ཡང་བསུ་བ་སེར་སྦྲེངས་བསང་རོལ་བཅས། །ལི་དགོན་སྨིན་གྲོལ་ཆོས་གླིང་དགོན་དུ་ཕེབས། །ཞལ་བསྲོའི་ཞབས་ཏོག་ལེགས་བསྒྲུབས་སྤྱི་སྒེར་ཀུན། །ཚིམ་པའི་དབང་དང་བྱིན་རླབས་མང་པོ་དང་། །ཁྱད་པར་གཟའ་དང་ཞིང་སྐྱོང་མ་མོ་དང་། །དམག་ཟོར་མ་སོགས་དབང་ལུང་མང་པོ་ཡིས། །སྐལ་བར་ལྡན་པའི་རེ་འདོད་སྐོང་བར་མཛད། །དེ་ལས་སླར་ཡང་ལེ་མདར་བཞུགས་སྒར་བཏབ། །རྫོགས་སྤྲུལ་ཧོར་བླ་འགྱུར་མེད་སྐལ་བཟང་ལ། །དག་སྣང་ཆུ་ཟླའི་རོལ་རྩེད་ལུང་ཉིད་དང་། །དམར་ནག་འདུས་པའི་ཁྲོམ་ལ་གསང་འདུས་དབང་། །གཞན་ཡང་ཉང་གི་དྲག་དམར་ཐུགས་སྒྲུབ་དབང་། །ཆོས་དབང་རྟ་ནག་བྱང་གླིང་ཕྱག་རྡོར་སོགས། །སྤྱི་དབང་སྐྱེ་བོ་ཕོ་མོ་མང་པོ་ལ། །སྐྱབས་སྡོམ་ཡོངས་རྫོགས་དགེ་བསྙེན་ལ་སོགས་མཛད། །དེ་ནས་ཁྱིམ་ཕུབ་འགྱབ་སེ་རབ་སྡོང་མདར། །ཞག་སྦྲེལ་བཞུགས་སྒར་བཏབ་བའི་ས་ཉིད་ནས། །ཡུལ་གྲོང་རུ་བ་མང་པོར་བསྐྱོད་པ་ཡི། །སྣ་ཚོགས་འདུས་པའི་ཁྲོམ་དང་དད་ལྡན་འགར། །ལྷ་མཆོག་མང་པོའི་དབང་ལུང་གཤིན་ཆོག་སོགས། །རྣམ་པར་དཀར་བའི་ཕྲིན་ལས་བསམ་ཡས་པར། །ཡུལ་གྲོང་དེ་དང་དེ་རུ་ཉིན་མཚན་ཀུན། །དད་གདུང་ལྡན་པའི་སྟོང་ཕྲག་ཁྲོམ་དུ་ཚོགས། །
བསྔོ་བྱང་བདོག་དགུའི་འབུལ་བ་སྤྲིན་ལྟར་གཏིབས། །ཕྱག་དང་སྐོར་བ་གསོལ་འདེབས་རྒྱང་འབོད་སོགས། །ཅི་ཐོབ་སྒྲུབ་པར་སོ་སོའི་རེ་སྐོང་མཛད། །སླར་ཡང་རྫོགས་ཆེན་དགོན་དུ་གྲགས་པ་ཡི། །བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་གནས། །གང་དེར་རིམ་བགྲོད་སྟོན་འཁོར་ཡོངས་འདུས་ལ། །བཻ་རོའི་སྙན་རྒྱུད་རྡོ་རྗེ་ཟམ་པའི་ལུང་། །ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱབས་པོད། །ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་སོགས། །ལུང་མང་ཁྱད་པར་རྒྱལ་ཟླའི་ཚེས་བཅུ་བཞིར། །སྟ་གོན་བཅོ་ལྔར་དངོས་གཞི་དབང་ཆེན་དང་། །མཆོག་དབང་གཏོར་དབང་ཆ་ཚང་ལ་སོགས་པ། །ཞི་ཁྲོའི་དབང་དང་ངན་སོང་ཀུན་སྐྱབས་དབང་། །སྙན་རྒྱུད་རྡོ་རྗེ་ཟམ་པའི་སྒོམ་ཚུལ་གྱི། །བླ་མའི་བྱིན་རླབས་མཐའ་རྟེན་ཚེ་དབང་བཅས། །ཟབ་མོའི་གདམས་པས་ཤིན་ཏུ་སྨིན་པར་མཛད། །གཞན་ཡང་སྙིང་གཟེར་ནག་པོ་ཁ་འབར་མ། །བྱད་འགྲོལ་གསེར་ལྡེ་ལ་སོགས་ཆོས་ཚན་འགའི། །ལུང་དང་གཏེར་གསར་དབང་ལ་སོགས་པ་ཡི། །དམ་པའི་ཆོས་ཀྱིས་སྤྲུལ་སྐུའི་བཞེད་དོན་བཀང་། །བསྟན་འགྲོའི་སྤྱི་རིམ་ལོ་མཇུག་ཆེན་མོ་ཡང་། །ཁྲོ་བོ་རོལ་བའི་སྒོ་ནས་རྒྱས་པར་མཛད། །དེ་ནས་དགེ་བྱེད་ཅེས་པ་ཆུ་སྟག་ལོ། །དགུང་ལོ་ཉེར་དགུའི་སྟེང་ཕེབས་གསར་ཚེས་ཀྱི། །གནམ་ལོའི་དགྱེས་སྟོན་ཕུན་སུམ་ཚོགས་པའང་། །རྫོགས་པ་ཆེན་པོའི་བླ་བྲང་ཉིད་དུ་མཛད། །རྒྱལ་དབང་དང་པོའི་ཚེས་ཀྱི་སྔ་དྲོའི་ཆར། །རྫོགས་ཆེན་བླ་གྲྭ་སྟོན་འཁོར་ཆབས་ཅིག་གིས། །སྣ་ཚོགས་འབུལ་བའི་མཆོད་སྤྲིན་བསམ་ཡས་པ། །སྤྱན་སྔར་བསྟར་བ་རྨུགས་འཛིན་དབང་པོ་ཡི། །མཁོ་དགུའི་འབྱོར་པ་རྒྱ་ཆེར་བཀྲམ་ལ་འགྲན། །ཕར་ཡང་ཚེ་གུར་དབང་དང་བྱབས་ཁྲུས་དང་། །གསང་ཡེའི་བྱིན་རླབས་ཆོས་སྐོར་ལུང་ཉིད་དང་། །དམ་པའི་ཆོས་དང་འབྲེལ་བའི་ཞལ་ཏ་བཅས། །ཟང་ཟིང་དངོས་པོའི་སྐྱེས་ལན་རྒྱས་པར་བསྟབས། །དགོན་དེའི་སྟེང་འོག་གནས་གཟིགས་དང་ལྷན་ཅིག །ཤིས་པའི་མེ་ཏོག་ཆར་དུ་བསྙིལ་མཛད་ནས། །སྤྲུལ་བའི་སྐུ་ཉིད་འཁོར་མང་གིས་བསྐོར་བའི། །བཞོན་པར་བཅས་པས་རྒྱ་ཆེའི་སྐྱེལ་མ་མཛད། །སླར་ཡང་འཁོར་ལོ་མདོ་ཡི་ཕོ་བྲང་ཕེབས། །གཟུང་རྒྱལ་དཔོན་ལ་གཏེར་
གསར་ཚེ་གུར་དང་། །ཐང་སྟོང་ཚེ་ཡི་དབང་བཀའ་ལན་འགའ་བསྩལ། །རྒྱ་ཆེའི་འབུལ་ནོད་བསམ་པའི་ཡུལ་ལས་འདས། །ཚེས་དགུ་ཚངས་པའི་རྒྱལ་པོའི་དུས་མཆོད་ཉིན། །མཁས་གྲུབ་དུ་མའི་ཞབས་ཀྱིས་བཅགས་པའི་གནས། །ངོ་མཚར་ཀླུང་རྟ་ལྷུན་སྟེང་དགོན་དུ་ཕེབས། །དེ་ལས་སུམ་རྩེན་ཁང་བཟང་སར་འཕོས་འདྲའི། །དཔལ་ལྡན་མ་ཕམ་སྡེ་དགེའི་ཕོ་བྲང་ཆེ། །རིན་ཆེན་ནོར་བུ་བརྩེགས་པའི་ཁང་བཟང་མཆོག །ངོ་མཚར་བཀོད་པས་མཛེས་པའི་གཞལ་ཡས་སུ། །སྐབས་གསུམ་བདག་པོ་མིག་སྟོང་ལྡན་པ་ཡི། །ཁེངས་པའང་ཐུང་ངུར་བྱེད་པའི་གནམ་སའི་བདག །སྡེ་དགེ་བུ་ཚང་བསྟན་པ་ཚེ་རིང་ཞེས། །སྙན་པའི་གྲགས་འབར་རིན་པོ་ཆེ་དང་མཇལ། །རོ་བརྒྱའི་བཅུད་ལྡན་སྟོན་མོའི་བྱེ་བྲག་དང་། །ཕན་ཚུན་ཐུགས་ཡིད་ཆིག་འདྲེས་གསུང་གི་གསང་། །ཞིབ་མོར་གླེང་བའི་གཏམ་གྱིས་དུས་དེ་འདའ། །ཀླུང་རྟ་དགོན་དུ་ཕུར་སྒྲུབ་ཚུགས་པ་ལ། །ཚོགས་གཟིགས་གནས་རྟེན་ཚོགས་རྣམས་ཞིབ་མཇལ་དང་། །ཕུར་པའི་རྩ་བའི་འཆམ་སྟབས་གཟིགས་པ་ལ། །གྲ་འགྲིག་དཔེར་འོས་འདུག་ཅེས་བསྔགས་པ་མཛད། །ཆོ་འཕྲུལ་དུས་ཚེས་བཅུ་བཞི་བཅོ་ལྔ་ལ། །ཕོ་བྲང་གང་དེར་སྤྲོས་བཅས་རྡུལ་ཚོན་གྱི། །དཀྱིལ་འཁོར་ལ་བརྟེན་བུ་ཚང་རིན་པོ་ཆེ། །ནང་འཁོར་ཉུང་ངུར་བསྡུས་པའི་སྐལ་ལྡན་ལ། །བཀའ་བརྒྱད་རང་བྱུང་རང་ཤར་སྟ་གོན་དང་། །དངོས་གཞི་སོ་སོར་ཕྱེ་ལ་མཐའ་རྟེན་དུ། །མར་མེའི་སྨོན་ལམ་བཅས་པའི་དབང་ཆེན་དང་། །གཞན་ཡང་དྲང་སྲོང་ལོཀྟྲིའི་རིག་གཏད་དང་། །ན་ག་རཀྴ་ལུང་ལུགས་ཚེ་དབང་སྡེ། །ཟབ་མོའི་དབང་གི་རིམ་པ་འབུལ་བར་མཛད། །དེ་བཞིན་ནོར་འཛིན་དབང་མོ་བུ་མོ་ཚང་། །ཚེ་དབང་མཚོ་ལ་བླ་མ་ཞི་དྲག་དང་། །བདེ་གཤེགས་ཀུན་འདུས་གར་དབང་ཚེ་ཡི་ལྷ། །ཡང་སྙིང་ཀུན་འདུས་བཅས་པ་གཏེར་གསར་དང་། །ལོཀྟྲིའི་རིག་གཏད་རྣམ་འཇོམས་བྱབས་ཁྲུས་སོགས། །ཡང་ཟབ་དབང་གི་གདམས་པ་འགའ་ཞིག་དང་། །རྡོ་བྲག་པདྨ་མདོ་སྡེ་གཉེར་ཀུན་དགའ། །དཔལ་རི་བླ་མ་ཀུན་བཟང་འོད་ཟེར་སོགས། །སྐལ་བར་ལྡན་པ་འགའ་ལ་ཁྲོས་ནག་དང་། །རྟ་མགྲིན་གསང་སྒྲུབ་བྱང་གླིང་ཕྱག་རྡོར་སོགས། །དབང་དང་རྗེས་གནང་མང་པོ་བར་མེད་མཛད། །
ཕོ་བྲང་ཆེན་པོར་བཞུགས་གྲལ་ཉིན་གསུམ་ལས། །ཐ་མའི་སྐབས་དང་འབྲེལ་བར་དཔོན་བུ་ཡི། །རྒྱལ་བའི་བཀའ་འགྱུར་མཚལ་པར་མ་ཡིས་མཚོན། །ཟང་ཟིང་དངོས་པོའི་བརྒྱ་འབུལ་རྒྱ་ཆེར་མཛད། །ལྷ་མིའི་དཔལ་འབྱོར་མ་ལུས་ཕྱོགས་གཅིག་ཏུ། །བྱེད་པོས་སྤུངས་འདྲའི་དཔལ་གྱིས་རྣམ་པར་མཐོ། །དེ་བཞིན་བུ་མོ་ཚང་ནས་ལྷག་བསམ་གྱི། །བཞོན་པ་ཁྱད་འཕགས་ཆིབས་ཆེན་ཕེར་ངེས་ཕུལ། །དེ་ལྟར་ཡོན་གྱི་བདག་པོ་རྣམ་གཉིས་ཀྱི། །ཟང་ཟིང་ཟག་པར་བཅས་པའི་དངོས་པོ་རྣམས། །ཟག་མེད་རྣམ་མཁྱེན་རྒྱ་མཚོ་དེར་བསྲེ་བའི། །བསྔོ་བའི་རྗེས་འཛིན་བཀའ་དྲིན་མཆོག་ཏུ་བསྩལ། །འདི་སྐབས་བཅུ་ཕྲག་གསུམ་གྱི་རྟ་དྲེལ་གྱི། །རྒྱལ་ཡུམ་སྟོང་ཕྲག་བརྒྱ་པ་པོད་རྫོགས་མཇལ། །དེ་ལྟར་སྡེ་དགེ་དཔོན་བློན་མ་ལུས་པའི། །ཐུགས་ཀྱི་བཞེད་དགུ་ཡོངས་སུ་བསྐངས་མཛད་ནས། །ཉེར་ལྔའི་ཚེས་ཞོགས་མཆོད་ཡོན་མཇལ་འཛོམས་ཀྱི། །བཞུགས་གྲལ་ལྷོད་འཇགས་དགྱེས་སྟོན་གནང་བ་རྣམས། །བདག་གིར་མཛད་ནས་རིམ་བསྐྱེད་སྒར་བཏེག་པའི། །ཡེ་ན་ཕོ་བྲང་རེམ་མདའ་རྔས་ཤིས་སོགས། །སོ་སོའི་ཞག་སར་སྤྱི་དབང་ཁྲོམ་ཚོགས་དང་། །སྒེར་དབང་ཡོན་སྦྱོར་རྣམས་ཀྱི་བཞེད་པ་བཞིན། །ཆོས་ཀྱི་འབྲེལ་བའི་ས་བོན་ཅི་ཐེབས་མཛད། །དབོ་ཟླའི་ཚེས་བཅུར་ཚ་ཁ་བཤིབས་སུ་ཕེབས། །ས་དེར་ཞབས་དྲུང་ཕྱག་མཛོད་འཁོར་བཅས་ཀྱང་། །བསུ་སྣེའི་ཆེད་ཕེབས་ལྷན་ཅིག་རིམ་བཏེག་ནས། །ལུང་ཕུག་དགོན་དུ་ཞབས་བཅགས་གནས་དེ་ཡི། །རྟེན་དང་བརྟེན་པར་བཅས་པ་མ་ལུས་པར། །རབ་ཏུ་གནས་པའི་ཆོ་ག་ཉིན་ཆོག་གི། ལྷག་གནས་མེ་ཏོག་ཆར་བཞིན་འབེབས་པར་མཛད། །གཞན་ཡང་བླ་གྲྭ་སྟོན་འཁོར་ཆབས་ཅིག་པར། །གུར་དྲག་རྡོར་སེམས་དབང་ལུང་ཁྲོམ་དབང་དང་། །སྐྱ་སེར་མང་པོར་ཆོས་ཀྱིས་འབྲེལ་བ་མཛད། །དེ་ནས་རྔས་ལུང་ལ་སོགས་རིམ་ཕེབས་ནས། །རྩེ་རོང་དགོན་དུ་དགེ་སློང་དབང་པོ་ཉིད། །ལྔ་པའི་ལམ་འཕྱན་འཕོ་བའི་མཚམས་སྦྱོར་ནས། །ཕུང་པོ་ཞུགས་ལ་སྦྱོང་བའི་ཕྱག་ལེན་བར། །མཐའ་རྒྱས་བསྔོ་སྨོན་མཚམས་སྦྱོར་ཡང་དག་མཛད། །དེ་ལས་གསེར་དགའ་སྣེ་ལུ་ཀླུ་ཆུ་ཐང་། །ཨ་དཀར་འབོ་ལུ་ཡུལ་སྒྲ་མདོ་ལ་སོགས། །ཨ་ལོ་ན་ཐང་བཅས་
པར་བཞུགས་སྒར་ཐེགས། །ཕན་ཚུན་ཡུལ་གྲུ་རུ་བ་ལ་སོགས་པའི། །དད་ཅན་ཡོན་བདག་མང་པོའི་སར་ཕེབས་དང་། །ཡུལ་ཚོ་སོ་སོར་དམར་ནག་ཁྲོམ་འདུས་པར། །དབང་དང་བྱིན་རླབས་གཤིན་དགེ་གསོན་རིམ་སོགས། །ཉིན་ཞག་མང་པོར་བར་མེད་ཕན་པ་མཛད། །འདི་སྐབས་དབུས་ཀྱི་གདན་ས་ཆེན་པོ་ནས། །ཆེད་དུ་མངགས་པའི་འགྲུལ་བ་འགའ་ཡང་འབྱོར། །དེ་ནས་རོང་པོ་དགོན་དང་ན་ག་དགོན། །དུར་ཁྲོད་དགོན་དང་སྤུལ་མགོ་དགོན་ཉི་དང་། །འགྲོ་འདྲེན་དགོན་ལ་སོགས་པར་ཆིབས་བསྐྱོད་ནས། །བླ་སྤྲུལ་འདུས་པ་སོ་སོར་དབང་ལུང་དང་། །ཡོངས་སུ་རྫོགས་པ་དགེ་བསྙེན་སྡོམ་པ་སོགས། །དབང་དང་བྱིན་རླབས་གདམས་པ་མང་པོ་ཡིས། །རྗེས་བཟུང་ཐར་པའི་ས་བོན་ཐེབས་པར་མཛད། །དེ་ནས་ཆུ་སྟོད་ཟླ་བའི་སྒང་ཉིད་ལ། །རང་གི་བསྟི་གནས་ཉི་ཤུད་ཕྱག་ཕེབས་ནས། །གཡས་གཡོན་ཡུལ་གྲོང་ཡོན་བདག་སོ་སོ་ཡི། །བཞེད་པ་ཇི་བཞིན་བཀའ་བསྒོ་བྱིན་རླབས་སོགས། །གཞན་ཕན་ཕྲིན་ལས་མ་འགགས་སྐྱོང་བར་མཛད། །དྲག་པོའི་ཚེས་ཀྱི་གཟའ་སྐར་དགེ་བའི་ཉིན། །རང་དགོན་ཁོ་ཆེན་གོང་འོག་བླ་གྲྭ་དང་། །རྫོང་གི་སྐུ་ཚབ་སོགས་ཀྱི་ཆིབས་སྐྱེལ་བཅས། །རིམ་བསྐྱོད་འཁོར་ལོའི་ཚེས་ཉིན་ཁམས་སྤྲུལ་གྱི། །བསུ་བའི་སེར་སྦྲེངས་བསང་རོལ་ལ་སོགས་པའི། །ངོ་མཚར་ཕུན་སུམ་ཚོགས་པའི་བཀོད་པ་བཅས། མཁའ་ཡི་རྒྱུ་སྐར་ས་ལ་ལྷུང་འདྲ་བའི། །ཁམས་པ་ཚང་གི་བཞུགས་སྒར་ཐོག་ཏུ་ཕེབས། །རིམ་པར་བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་དང་། །ཞི་ཁྲོ་ཁྲོམ་དཀྲུགས་ཉང་གཏེར་ཕྱག་བཞི་པ། །གཏེར་གསར་ཚེ་དབང་ལྷ་ཆེན་སྲོག་གཏད་སོགས། །ཐུགས་ཀྱི་བཞེད་པ་མ་ལུས་བསྐངས་པ་དང་། །དེར་འདུས་ཁྲོམ་ལ་ཚེ་ཡི་དབང་བཀའ་སོགས། །བསྩལ་ནས་རང་དགོན་རྩེ་རོང་དགོན་དུ་ཕེབས། །དེར་ཡང་ཚེ་ཡི་དབང་བཀའི་རྗེས་འབྲེལ་དུ། །ཤིས་པའི་མེ་ཏོག་ཆར་བཞིན་འབེབས་པར་མཛད། །དེ་ལྟར་ཡབ་རྗེའི་རིག་འཛིན་བླ་མ་ཡི། །དག་པའི་སྣང་བ་ཆུ་ཟླའི་རོལ་རྩེད་དུ། །འགྲོ་དོན་ལྷག་མ་ཀོང་ཡུལ་མདོ་ཁམས་དང་། །གཡུ་རུའི་ཕྱོགས་རྣམས་མ་ལུས་ཀུན་ལ་དར། །ཞེས་པའི་ལུང་བསྟན་ཐོག་ཏུ་ཁེལ་བ་ཡི། །ཕྱོགས་འདིར་དམ་པ་ཆོས་ཀྱི་ཕྲིན་ལས་ནི། །ཀློང་བརྡོལ་
ལྟ་བུར་ཉི་མ་ཁ་ཡར་ཡང་། །བཞུགས་ལོང་མེད་པའི་ལུ་གུ་རྒྱུད་དུ་བསྩལ། །སྔ་ཕྱིར་ཕྱོགས་འདིའི་གཙོ་ཕལ་སྐྱ་སེར་སོགས། །ཀུན་གྱིས་མདོ་ཁམས་རང་དུ་ཕྱག་ཕེབས་པའི། །བཞུགས་གནས་གཙུག་ལག་ཁང་དང་འདུས་གྲྭ་བཅས། །གསར་འཛུགས་དགོས་པའི་ནན་ཆེའི་ཞུ་ཕུལ་ཡང་། །དེ་དག་བློ་སྣ་སྲིང་ཁྱད་བ་ཟལ་དགོན། །འཛིན་བདག་གནང་རྒྱུ་ཙམ་ལས་དོན་གྱི་སྙིང་། །སྒར་པ་ཁོ་ན་གཙོར་བཟུང་གནས་སྐབས་སུ། །ཕྱོགས་འདིར་ཐར་པའི་ས་བོན་ཅི་ཐེབས་ནས། །ཕུགས་ཡུལ་ངེས་བསྟན་ཨོ་རྒྱན་སྨིན་གྲོལ་གླིང་། །ཉམས་རལ་གསོ་བའི་མཛད་པ་ཐུགས་ལ་བརྣགས། །ཇི་ཞིག་ཤར་ཕྱོགས་གོང་མ་རྒྱལ་པོ་ཡི། །ཐུགས་རྗེའི་མཐུ་མངོན་བརྟས་པའི་དཔུང་ཤུགས་དང་། །སྙིང་སྟོབས་ཀྱིས་དཔའ་དྷའི་འཆིང་བཱ་ཐུར་གྱིས། །བདུད་འགོང་རྣམས་ལ་ཇུས་ཉེས་བཏང་རྐྱེན་གྱིས། །མི་བཟད་ཆར་སྤྲིན་འཐོར་རླུང་གིས་དེད་བཞིན། །འབྱུང་པོ་བདུད་རིགས་རང་གནས་བསྐྲད་བྱས་ནས། །འཇིག་རྟེན་གསུམ་གྱི་དབང་ཕྱུག་ལྷ་གཅིག་མཆོག །ཕྱག་ན་པདྨོ་ཀུན་མཁྱེན་བདུན་པ་ཆེ། །བོད་ཡུལ་རྡོ་རྗེ་གདན་དུ་སྤྱན་དྲངས་ནས། །མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲིར། །ཞབས་སོར་བཀོད་ལ་རྒྱལ་དབང་ལྔ་བ་ཆེའི། །ངོ་མཚར་རྨད་བྱུང་རྣམ་ཐར་རྗེས་བཟུང་སྟེ། །རྒྱ་བོད་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ། །ལེགས་བསྐྱངས་སྔ་འགྱུར་རིང་ལུགས་འཛིན་པས་མཚོན། །དགོན་སྡེ་ཆེ་ཕྲ་ཐོར་ཞིག་སོང་བ་ཀུན། །སྔར་བཞིན་ཉམས་གསོས་དགོན་པའི་བཀའི་ལུང་དང་། །རྗེས་འབྲེལ་སོ་སོའི་ཆོས་གཞིས་འཛིན་ཁོངས་ཀྱང་། །ཕལ་ཆེར་བསྩལ་བའི་བཀའ་དྲིན་ལ་བརྟེན་ནས། །ཐུབ་གསུང་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཀུན། །མ་ལུས་ཐུགས་ཆུད་ཨོ་རྒྱན་སྐལ་བཟང་དང་། །མདོ་སྔགས་གཞུང་ལུགས་སྨྲ་བའི་མཐུ་གྲུབ་པ། །ཨོ་རྒྱན་ཆོས་ཀྱི་གྲགས་པ་གཉིས་ཀྱིས་མཚོན། །སྔར་གྱི་དབུ་ཆེ་བགྲེས་ཁ་རྣམས་ཀྱིས་ནི། །ལྷག་པའི་ཐུགས་བསྐྱེད་མ་སྨད་ཁུར་བླངས་ནས། །ངེས་དོན་གསང་བ་མཆོག་གི་གནས་འདི་ཡི། །གཙུག་ལག་ཁང་རྣམས་ཉམས་གསོ་ཕྲན་བུ་དང་། །ཕྱོགས་མཐར་གྱར་བའི་གྲྭ་པ་རྣམས་ལ་ཡང་། །ཚུལ་དང་ཚུལ་མིན་ལེགས་པར་བརྟགས་བྱས་ནས། །བཅུ་ཕྲག་དྲུག་གི་དགེ་འདུན་
ཙམ་ཉིད་ལ། །རྒྱུན་གྱི་གསོལ་ཕོགས་ཇ་ཚུལ་ལ་སོགས་པ། །བསྙེན་དང་བཀུར་སྟིའི་ཁྱད་པར་ཅུང་ཟད་བསྒྲུབས། །ཁྱད་པར་མདོ་ཁམས་ཕྱོགས་སུ་མི་སྣ་ཆེད། །མངགས་ཏེ་སྐྱབས་མཆོག་སྐུ་མཆེད་ཉི་ཟླ་ཟུང་། །དབུས་ཕྱོགས་དགོན་གནས་རང་གིར་སྐྱོང་བ་ལ། །ཅིས་ཀྱང་སྐུ་བསྐྱོད་དགོས་པའི་ཞུ་བ་ནི། །ལན་གཅིག་མིན་པར་ཆེད་དུ་གསོལ་བ་དང་། །ཁྱད་པར་སྙིང་རྗེའི་གཏེར་མངའ་སྤྱན་རས་གཟིགས། །ངུར་སྨྲིག་གར་རོལ་ཀུན་མཁྱེན་ཆེན་པོས་ཀྱང་། །གནའ་དུས་གོང་མ་ལྔ་པ་ཆེན་པོ་ཡིས། །གཏེར་ཆེན་ཆོས་རྗེ་དབུ་ཡི་བླ་གནས་སུ། །བཀུར་ཏེ་ཐུགས་ཡིད་གཅིག་བསྲེས་དང་བ་ཆེས། །དགོན་སྡེ་གསར་འཛུགས་ཆོས་གཞིས་སྦྱོར་འཇགས་སོགས། །གཟེངས་བསྟོད་སངས་རྒྱས་གཉིས་པའི་རིང་ལུགས་སྲོལ། །མི་ཉམས་འཛིན་ཅིང་དར་རྒྱས་ཡོང་བ་དང་། །དགའ་ལྡན་ཕོ་བྲང་ཆོས་སྲིད་གོང་འཕེལ་གྱི། །རྟེན་འབྲེལ་བྱུས་རིམ་པར་མངགས་དེ་ལྟར་ན། །ད་ཆ་བདུད་འགོང་མཐའ་དག་རང་གནས་བསྐྲད། །སླར་ཡང་རྫོགས་ལྡན་གསར་དུ་ཚེས་འདྲ་བའི། །བསྟན་པ་འཇམ་ཆགས་འདུ་སྐབས་གདུང་སྲས་མཆེད། །བཏང་སྙོམས་བཞུགས་པར་མི་འགབ་འགྱངས་མིན་དུ། །གདན་སར་འཕྲལ་ཕེབས་དགོས་པའི་བཀའ་གསང་བ། །རྡོ་རྗེ་ཕ་ལམ་ཉིད་དུ་བསྩལ་བ་ལ། །བྱས་པ་དྲིན་གཟོའི་ཐུགས་དད་གཏིང་ནས་འཁྲུངས། །དེ་ཚེ་ནུབ་ཕྱོགས་དབུས་ཀྱི་གདན་ས་ཆེར། །ཕེབས་བཞེད་སྒྲིབ་བྲལ་ཐུགས་ཀྱི་དགོངས་པ་ནི། །དཔེར་ན་ཉི་མའི་དཀྱིལ་འཁོར་འཆར་བའི་སྔོན། །སྐྱ་རེངས་སྣང་བ་འཕྲོ་བ་བཞིན་གྱུར་ཏོ། །དེ་ལྟར་སྐྱབས་མཆེད་གཙོར་གྱུར་ཞམ་རིང་བཅས། །བཀའ་ཡི་བགྲོ་བ་མཛད་ནས་དབུས་ཕེབས་ཀྱི། །གྲབས་ཡུལ་ཚགས་སུ་ཚུད་པར་ཉེ་བ་ན། །མདོ་ཁམས་ཕྱོགས་ཀྱི་གཙོ་ཕལ་མང་པོ་ཡིས། །སྔར་བཞིན་གཏན་ཆགས་བཞུགས་དགོས་བཤོལ་བཏབ་ཀྱང་། །བརྔམས་ཆེན་བསྟན་འགྲོའི་བྱ་བ་འདི་ཐད་ལ། །ད་རེས་བཤོལ་བཏབ་ཅིས་ཀྱང་མི་འགབ་ཚུལ། །དགེ་བཤད་སྡིག་སེལ་མཐའ་ཁྲོལ་བཀའ་བསྩལ་བས། །སླར་ཉིད་རྗེས་སུ་ཡི་རང་གསོལ་བ་ལ། །གནས་སྐབས་མཐར་ཐུག་དགེ་བའི་ཆོས་ཀྱི་གཏམ། །སོ་སོར་ཞལ་གདམས་ལྟ་བུར་བསྩལ་བ་ལ། །འབྲལ་མི་ཕོད་པའི་དད་པའི་གདུང་ཤུགས་ཀྱིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་གསོལ་བ་བཏབ། །
སླར་དབུས་ཕྱོགས་སུ་ཕེབས་ནས་བསྟན་དགོན་ཉམས་གསོ་རྒྱས་པར་གནང་བ་སོགས།
དེ་ལྟར་ཁམས་ཕྱོགས་འགྲོ་བའི་དོན་མཛད་ཡུན། །ལོ་ངོ་ཕྱེད་གསུམ་ཙམ་གྱི་བར་ཉིད་ལ། །གཤིན་དགེ་གསོན་རིམ་སོགས་ཀྱི་ཕྲིན་ལས་རྣམས། །མདོར་བསྡུས་ཕྱོགས་གཅིག་བཀོད་ན་གྱི་ལིང་རྟ། །བརྒྱ་ཕྲག་གཉིས་བརྒལ་དྲེའུ་ཆིག་བརྒྱ་དང་། །མཛོ་ནོར་བསྡོམས་པ་བཞི་བརྒྱར་ཉེ་བ་དང་། །ཇ་སིག་སྟོང་ཇ་གསེར་དངུལ་གོས་དར་སོགས། །རྨུགས་འཛིན་དབང་པོའི་མཛོད་སྒོ་ཕྱེ་བ་ལྟར། །བློ་ཡིས་བསམ་པའི་ཡུལ་ལས་འདས་པ་རྣམས། །དབུས་འདེགས་གྲབས་ཡུལ་མཁོས་ཕེབས་གྲུབ་པའི་རྗེས། །གྲོ་བཞིན་ཟླ་བའི་རི་ཡི་ཚེས་ཉིད་ལ། །རྔམས་ཆེན་གཞུང་དུ་གྲགས་པར་སྒར་སྒྲིག་མཛད། །དེར་འདུས་ཁྲོམ་ལ་བླ་མ་དྲག་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་བསྐུར་དང་། །ཕྱི་ཉིན་ཚེ་རྟ་ཟུང་འབྲེལ་དབང་མཛད་ནས། །མདོ་ཆེན་སེ་མེར་ལ་རྩ་སོ་བརྒྱུད་ནས། །བཅུ་བཞིའི་ཚེས་ལ་སྟག་མ་ལ་རྩེར་ཕེབས། །སྐབས་འདིར་དགའ་ལྡན་ས་ལ་འཕོས་འདྲ་བའི། །ཆབ་མདོ་བྱམས་པ་གླིང་ནས་སྤྱན་འདྲེན་གྱི། །ཕོ་ཉ་བ་མངགས་ཆིབས་བསུའི་བཀོད་པ་ཡི། །རྒྱུན་ལྟར་སྐྱབས་མཆོད་འཁོར་བཅས་ཉུང་བསྡུས་ཀྱི། །མཆོག་སྤྲུལ་དམ་པའི་ཞལ་སྐྱིན་མཇལ་དུ་ཕེབས། །གནས་དེར་བཞུགས་སྟན་བཀུར་སྟིའི་གཟེངས་བསྟོད་སོགས། །བརྩེ་བས་བཀའ་དྲིན་ཆེན་པོས་རྗེས་སུ་བསྐྱངས། །དད་ལྡན་ངག་དབང་བསྟན་པའི་རྟེན་མང་པོར། །རབ་ཏུ་གནས་པའི་ཆོ་ག་ཉིན་ཆོག་དང་། །དབང་དང་བྱིན་རླབས་མང་པོའི་སྐྱོན་སེལ་སོགས། །ས་དེར་ཆོས་ཀྱི་འབྲེལ་བའང་ཁ་ཡར་མཛད། །དེ་ལས་ཆབ་མདོ་ནང་མའི་ཆིབས་སྐྱེལ་བཅས། །རིམ་བཏེགས་གཡུ་སྟོད་བུང་ར་སུམ་མདོ་དང་། །དབང་ཚལ་དྲག་ཞབས་རྒྱལ་བཤོད་བན་མཁར་མདུན། །གངས་དཀར་ལ་དང་འཕོ་བ་རྫ་འགག་སོགས། །བཞུགས་སྒར་བཏབ་པའི་ཡུལ་གྲུ་ཕལ་ཆེ་རུ། །དམ་པའི་ཆོས་ཀྱི་འབྲེལ་བ་འགའ་ཡང་མཛད། །ཁྱད་པར་རི་བོ་ཆེ་དང་འབྲི་ཁུང་ཐེལ། །སོ་སོའི་གནས་གཟིགས་མཆོད་འབུལ་སྨོན་ལམ་དང་། །དབུར་སྟོད་ཀོ་མོ་ཞེས་བྱའི་ཡུལ་གྲོང་གིས། །དབང་གཞི་བཏེག་པར་ཚེ་དབང་ཁྲོམ་ལ་མཛད། །དེ་ལས་སྒར་པ་བྱིངས་རྣམས་གསེར་ལ་བརྒྱུད། །
རང་དགོན་ཆོས་གྲྭ་ཆེན་པོར་རྫོང་བདའ་དང་། །སྐྱབས་མཆོད་འཁོར་བཅས་ལ་མོར་ཆིབས་བསྐྱོད་ལ། །སྲོག་བདག་ཚངས་པ་དུང་གི་ཐོར་ཚུགས་ཅན། །སྐྱེས་བུའི་ཁོག་ཏུ་བརླམ་པའི་སྤྱན་སྔར་ཕེབས། །རྒྱལ་བསྟན་སྤྱི་དང་བྱེ་བྲག་འཕེལ་རྒྱས་དང་། །གངས་ཅན་སྐྱེ་འགྲོའི་ཕན་བདེ་སྤེལ་ཐབས་ལ། །བླང་དང་དོར་བྱའི་བགྱི་བའི་བཀའ་ལུང་སོགས། །དགྱེས་པའི་ཉམས་ཀྱིས་དབུགས་དབྱུང་མཛད་ཅེས་གསུངས། །དེ་ལས་རིམ་ཕེབས་དབྱུག་ཟླའི་ཚེས་བཅུ་བཞིར། །བོད་ཡུལ་རྡོ་རྗེ་གདན་ཉིད་ལྷ་ས་ཞེས། །ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་འདབས། །བཀོད་ལེགས་སྟག་ལུང་ཤག་ཅེས་ཁྱིམ་དེར་ཕེབས། །མི་དབང་གྲ་ལྔ་དོན་གྲུབ་ཡབ་སྲས་དང་། །སྔ་དུས་ངན་པའི་འགྱུར་ལྡོག་ལ་སོགས་པའི། །བཀའ་ཡི་གླེང་སློང་མང་པོའི་དྲི་ལན་གྱིས། །ཕན་ཚུན་ཐུགས་ཡིད་གཅུགས་པས་བགྲོ་བ་མཛད། །བཅོ་ལྔའི་ཚེས་ལ་དཔལ་ལྡན་འབྲས་སྤུངས་ཀྱི། །གནས་ཀྱི་ཁྱད་པར་དགའ་ལྡན་ཕོ་བྲང་དུ། །གངས་ཅན་ལྷ་གཅིག་རྒྱལ་བའི་དབང་པོ་ཡི། །སྤྱན་སྔར་རྟ་དྲེལ་མཛོ་གཡག་ཇ་སིག་སོགས། །ཟང་ཟིང་དངོས་པོའི་མཆོད་སྤྲིན་ལ་སོགས་པ། །ལྷན་ཅིག་གསེར་ཞལ་མཇལ་བའི་སྐལ་བཟང་བཅས། །གསུང་གི་བདུད་རྩིའི་བཀའ་དྲིན་ཐོབ་ཅེས་གསུངས། །རིམ་པར་ཕོ་བྲང་ཆེན་པོ་པོ་ཏ་ལ། །ལྷ་ས་ར་མོ་ཆེ་ཡི་གནས་གཟིགས་དང་། །རྒྱལ་བའི་ཡབ་ཡུམ་གོང་མའི་བཀའི་ལུང་འབེབས། །རྒྱ་དཔོན་པའི་ལི་གཙང་འཇུན་མཇལ་འཕྲད་དང་། །བོད་ཀྱི་མི་ཆེན་བཀའ་མདའ་རྩིས་གསུམ་སོགས། །ཆེ་དགུ་སོ་སོར་རྟ་དྲེལ་ཇ་སིག་གི། སྐྱེས་འབུལ་དད་པའི་ནོར་ལྡན་ཕུག་ནས་དང་། །གྲ་ལྔ་དོན་གྲུབ་ཡབ་སྲས་ལ་སོགས་པ། །གཏེར་གསར་ཚེ་གུར་དབང་གིས་ཚིམ་མཛད་ནས། །རིམ་བཏེག་ལུམ་པའི་གྲུ་བརྒྱུད་ཉེར་ལྔའི་ཉིན། །ཕྱི་ནང་གྲ་ཡི་གཞིས་བཞུགས་དྲུང་འཁོར་སོགས། །ཡོན་བདག་རྣམས་ཀྱི་ཆིབས་བསུ་ཐབ་བསུ་དང་། །གུར་གཡབ་བཀོད་པས་ལེགས་པར་མཛེས་བྱས་པའི། །གྲ་ཡི་སྐྱེད་ཚལ་གྲེ་མོ་གླིང་ཁར་ཕེབས། །གནས་འདིར་རང་དགོན་ཆོས་གྲྭ་ཆེན་པོ་ནས། །རྒྱལ་མཚན་སྤྲུལ་བའི་སྐུ་ཡིས་གཙོ་མཛད་པའི། །སྐབས་དེའི་དབུ་ཆེ་བགྲེས་ཁ་མ་ལུས་པ། །བཞོན་པར་བཅས་པའི་བསུ་བར་སྤྲོ་བས་ལྷགས། །གྲ་ཐང་
སྲས་པོ་རྒྱལ་བློ་ཞེས་གྲགས་པས། །གཏེར་ཆེན་ཆོས་རྗེའི་ཐུགས་དམ་རྟེན་གྱི་གྲས། །བླ་མ་གསང་བ་འདུས་པའི་ཐང་སྐུ་དང་། །རྗེ་འདིའི་དམ་པའི་ཆོས་ཀྱི་གསན་ཡིག་བཅས། །ཕུལ་བས་ཐོག་མའི་རྟེན་འབྲེལ་ལེགས་ཞེས་གསུངས། །དེ་ལས་གྲ་ཕྱི་སྔགས་གྲ་ཚེར་ཐུང་དུ། །ཆོས་སྡེ་ཆེན་པོ་སྨིན་གྲོལ་གླིང་ཉིད་ཀྱི། །ཐབས་བསུའི་བཀོད་པས་བྲེལ་བའི་ས་ཉིད་དུ། །འདི་ནུབ་བཞུགས་པའི་གནས་ས་ཉིད་མཛད་ནས། །ཕྱི་ཉིན་གཟའ་སྐར་དགེ་བའི་སྔ་དྲོའི་ཆར། །གདུགས་དང་རྒྱལ་མཚན་ཕྱེ་ཕུར་ལ་སོགས་དང་། །རོལ་མོའི་བྱེ་བྲག་མཆོད་རྫས་མང་པོ་ཡི། །ཕྱག་མཚན་འདུས་པའི་ཚོགས་ཀྱི་སེར་སྦྲེངས་དང་། །སྔར་ཁུངས་ལྷ་འབངས་ཐར་གླིང་དགོན་ཞོལ་གྱི། །དགའ་སྐྱིད་བདེ་བའི་བྲོ་གཞས་རྩེད་སྣ་ཉིད། །སྐྱ་སེར་བཞོན་པར་བརྟེན་པའི་བསུ་བ་སོགས། །ངོ་མཚར་ཕུན་སུམ་ཚོགས་པའི་བཀོད་པ་བཅས། །ས་ཡི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། །ངེས་པ་དོན་གྱི་ཆོས་གྲྭ་ཆེན་པོར་ཕེབས། །སྐབས་འདིར་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱང་། །དགའ་བའི་རང་རྟགས་ཀུན་གསལ་ལྷ་ཡི་ལམ། །འཇའ་སྤྲིན་ལྟ་བུས་རྫིབ་མོར་ཁེབས་བྱས་ཀྱང་། །ནམ་མཁའི་ནོར་བུའི་འོད་སྣང་མི་སྒྲིབ་ཅིང་། །འབྲས་ཀྱི་སྤྱི་ལྡེའི་ཐད་ཀྱི་ནམ་མཁའ་ལས། །དར་གྱི་ཆུན་པོ་བཀྲམ་པ་ལྟ་བུ་ཡི། །དབང་པོའི་གཞུ་རིས་ཕན་ཚུན་བྲེས་པ་ཡི། །ངོ་མཚར་དགེ་བའི་རྟགས་མཚན་བསམ་མི་ཁྱབ། །དེ་ཚེ་ཉེ་དང་རིང་བའི་ས་ཉིད་ནས། །གྲྭ་རིགས་བུ་སློབ་སྐུ་ཉེ་ཡོན་བདག་སོགས། །པདྨའི་མཚོ་ལ་ངང་པ་འདུ་བ་བཞིན། །དགྱེས་པའི་ཞལ་ལྟ་གསུང་གི་བདུད་རྩི་ལ། །ཅི་དགར་སྤྱོད་པར་ཉེར་ལྷགས་དེ་དང་དེའི། །རེ་འདོད་སྐོང་བར་མཛད་པའི་དུས་ཀྱིས་འདས། །འདུས་སྡེ་ཆེན་པོ་འདི་ཉིད་ཀྱིས་མཚོན་པའི། །ཕྱི་ནང་གྲ་ཡི་དགོན་རིགས་སྡེ་རིགས་དང་། །སྐུ་ཉེའི་རིགས་སུ་གྱུར་པ་ཐམས་ཅད་ལ། །རྟ་དྲེལ་མཛོ་གཡག་ཇ་སིག་ལ་སོགས་པ། །སྐབས་སུ་གང་བབས་གསོལ་རས་གྱ་ནོམ་བསྩལ། །སྨིན་དྲུག་ཟླ་བའི་ཚེས་གཉིས་སྐུ་མཆོད་དང་། །གསུམ་ལ་ཆོས་སྲུང་རྣམས་ལ་གཏང་རག་གི། བསྐང་གསོའི་ཆོ་ག་འདུས་ཚོགས་ནས་མཛད་པར། །ཞལ་སྐྱེམས་ཡོན་གྱི་དངོས་པོ་རྒྱ་ཆེར་བསྩལ། །སྔོན་གྱི་སྐུ་ཆས་རྔམས་ཆེན་འགའ་
ཞིག་དང་། །རོལ་ཆ་ལ་སོགས་མཆོད་རྫས་ཁ་འཐོར་རྣམས། །རིམ་གྱིས་འབུལ་མི་བྱུང་བ་སོ་སོ་ལ། །རིན་གྱི་དོད་ལོང་དངོས་པོའི་གསོལ་རས་གནང་། །ཚེས་དགུར་པཎ་ཆེན་བྱམས་པ་གླིང་པ་ཡི། །ཆོས་ཀྱི་ཁྲིར་འཁོད་མཁན་པོས་འདུས་ཚོགས་ཀྱིས། །གྲལ་དབུར་སྤྱན་དྲངས་འབུལ་ནོད་རྒྱ་ཆེར་བསྟར། །དེ་དག་བྱང་ཆེན་ས་ལ་བསྔོ་བསྒྱུར་མཛད། །མདོ་ཁམས་ཕྱོགས་ནས་ཞབས་ཕྱིར་འབྲངས་པ་ཡི། །དད་པའི་སྟོབས་འཆང་རྩེ་རོ་བདེ་ལེགས་ལ། །རང་གཏེར་ལྷ་ཆེན་དྲག་པོ་སྡེ་ལའི་དབང་། །གཞན་ཡང་ད་ལས་ཁོ་ཐོག་ཐུ་ཉིད་ལ། །ལས་འབྲེལ་རྩལ་གྱི་ལྷ་ཆེན་རླུང་ཞགས་དབང་། །བཀའ་བརྒྱད་རྣལ་འབྱོར་རྒྱུན་དབང་སྡེ་དགེའི་བུ། །གཟུངས་རྒྱལ་ཞེས་པར་རྒྱལ་པོའི་སྲོག་དབང་དང་། །སྣ་ཚོགས་འདུས་པར་ཚེ་ཡི་དབང་བཀའ་སོགས། །ཉེ་སྐོར་ཚེས་བཅུའི་ཆོ་ག་གཏོང་བ་ལ། །འདུས་པའི་སྐྱེ་བོའི་ཚོགས་ལ་གུ་དྲག་དབང་། །འདོད་ཆོས་ལུང་སོགས་ཆོས་སྦྱིན་བཀྱེ་མཛད་ནས། །མགོ་ཟླའི་ནང་དུ་ཡབ་མེས་གདན་ས་ཆེ། །སྒྲུབ་གནས་བཟང་པོ་དར་རྒྱས་ཆོས་གླིང་ཞེས། །པདྨས་ལུང་བསྟན་ཆོས་ཀྱི་འདུན་ས་ཆེར། །བསང་རོལ་སེར་སྦྲེངས་བཀོད་པས་སྔུན་བསུས་ཏེ། །སྤྱན་དྲངས་ཞབས་པད་ཡུན་བརྟན་འབུལ་ནོད་དང་། །པད་གླིང་ལུགས་ཀྱི་འཆམ་སྟབས་གཟིགས་མོར་ཕུལ། །དེར་འདུས་ཁྲོམ་ལ་གཏེར་གསར་ཚེ་དབང་དང་། །དད་ཅན་འགའ་ལ་ནང་དབང་ལེགས་བསྩལ་ནས། །འཁོར་བཅས་ལྡུམ་པོར་བསྐྱོད་ལ་ཞག་གཉིས་བཞུགས། །སླར་ཡང་དར་གླིང་ཕེབས་ལ་མགོན་ཁང་གི། གཏོར་གཞི་གསར་སྤོ་འཕྲིན་བཅོལ་རྒྱས་པར་མཛད། །ཕྱིར་ཕེབས་ཉི་ཤུའི་ཚེས་ཀྱི་སྔ་དྲོའི་ཆར། །མ་བྱོན་སངས་རྒྱས་གསུམ་པའི་རིང་ལུགས་པ། །ཆོས་གྲྭ་ཆེན་པོའི་དགེ་འདུན་སྒང་ཉིད་ནས། །སྤྱན་དྲངས་ནང་རྟེན་ཞིབ་མཇལ་བསྟི་གནས་ཕེབས། །ཕྱི་ཉིན་བསྟན་པ་དར་རྒྱས་ཁང་ཁྱིམ་དུ། །སྟོན་འཁོར་སྤྱན་དྲངས་རབ་ཏུ་གནས་པ་ཡི། །ཆོ་གའི་བྱ་བ་ཡོན་བཤད་བསྔོ་བསྒྱུར་དང་། །བྱང་ཕྱོགས་ཤ་ཟན་ཡུལ་གྱི་སྡེ་བླ་ནི། །འཁོར་བཅས་འབྱོར་བས་རྟ་ནོར་མཛོ་གཡག་དང་། །མར་སོགས་ཟང་ཟིང་དངོས་པོའི་བརྒྱ་འབུལ་བསྟབས། །དེ་དག་བྱང་ཆེན་ས་ལ་བསྔོ་བསྒྱུར་མཛད། །གཞན་ཡང་གཤིན་དགེ་གསོན་རིམ་ལ་སོགས་པར། །
འདུས་སྡེར་བསྙེན་བཀུར་དེ་དག་བསྔོ་བསྒྱུར་དང་། །དབང་དང་བྱིན་རླབས་ཆོས་སྦྱིན་མ་འགགས་པ། །བསྩལ་ནས་ཟན་ཡངས་དཔལ་གྱི་བསམ་ཡས་བསྐྱོད། །གནས་དེར་རྒྱལ་བའི་ཡབ་རྗེ་སྟངས་དཔྱལ་ཉིད། །མཇལ་ཞིང་གནས་རྟེན་ཚོགས་རྣམས་ཞིབ་གཟིགས་ཀྱི། །རྗེས་འབྲེལ་བསྟན་འགྲོ་ཕན་བདེའི་ཐུགས་སྨོན་དང་། །སྐྱེས་བུའི་ཁོག་བརླམས་གནོད་སྦྱིན་ཆེན་པོ་ལ། །ནང་དང་གསང་བའི་བཀའ་ལུང་ཞུ་མཛད་ཅིང་། །ཇིང་གིར་དཔོན་ལ་ཐང་སྟོང་ཚེ་དབང་དང་། །ར་ས་དཀོན་མཆོག་དབང་པོ་ལ་སོགས་པ། །དོན་གཉེར་འགའ་ལ་ཨ་ཏིའི་ལུང་བསྩལ་ནས། །འབྲས་པའི་གྲུ་བརྒྱུད་ཆོས་སྡེ་ཆེན་པོར་ཕེབས། །བདུན་ཕྲག་ཞག་ཏུ་ལོ་མཇུག་དུས་རིམ་གྱི། །ཚོགས་ཕེབས་ཉེར་དགུར་འཕང་བའི་ལས་སྦྱོར་དང་། །ཕྱི་ཉིན་ཕྲིན་བཅོལ་གཏོར་འབུལ་སོགས་མཛད་པར། །ཆོས་སྲུང་མཉེས་པའི་མཚན་མ་དགེ་བར་ཤར། །མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ཀྱི་ལོ། །དགུང་ལོ་སུམ་ཅུའི་སྟེང་ཕེབས་གསར་ཚེས་ཀྱི། །དགྱེས་སྟོན་ཆེན་པོ་སྔར་བཞིན་གནང་བ་ལ། །དགེ་བཤེས་རྣམས་ཀྱིས་བགྲོ་གླེང་མཆོད་འབུལ་དང་། །གཉིས་ལ་གཟིམས་ཆུང་བཞུགས་གྲལ་དོན་གཉེར་འགར། །བླ་མ་ཞི་དྲག་དབང་དང་སྐབས་འདི་དག །མཁན་ཆེན་འགྱུར་མེད་དོན་ཡོད་མཆོག་གི་དབུས། །གཞིས་བྱེས་འདུས་གྲྭར་རྙེད་བཀུར་ཞབས་ཏོག་སོགས། །ཞུ་མི་ཀུན་གྱི་ཚོགས་དབུར་སྤྱན་དྲངས་པར། །བྱང་ཆེན་མཆོག་ལ་བསྔོ་བའི་རྒྱས་འདེབས་མཛད། །འཇམ་དགོན་བླ་མའི་གསུང་གི་ཕྲིན་ལས་པ། །ཆེད་འབྱོར་མཇལ་ཁ་ད་ལས་ཁོ་ཐོག་ཐུར། །པད་གླིང་གུ་རུ་དྲག་པོའི་དབང་བསྩལ་ཅིང་། །ཞམ་རིང་དུ་གྱུར་འགྱུར་མེད་མི་ཕམ་ནས། །འདུས་པར་རྒྱ་ཆེའི་ཞབས་ཏོག་བསྒྲུབས་པ་ཡི། །ཡོན་བསྔོ་བཀའ་བརྒྱད་སྒྲུབ་ཆེན་ཚུགས་པ་ལ། །ས་ཆོག་ནས་བཟུང་སྦྱོར་དངོས་རྗེས་ཚང་བའི། །ཚོགས་བསྐྱོད་སྐྱ་སེར་མང་པོར་ཁྲོམ་དབང་དང་། །མར་ངོའི་ཚེས་བཅུར་རྗེ་དབོན་ཕྱག་མཛོད་ནས། །རིག་འཛིན་འདུས་སྡེར་ཞབས་ཏོག་བཀུར་སྟིས་མཆོད། །ཟང་ཟིང་དངོས་པོའི་རྒྱ་ཆེའི་འབུལ་བ་སོགས། །ཟག་མེད་རྣམ་མཁྱེན་རྒྱ་མཚོར་བསྲེ་བསྔོ་མཛད། །གཉུག་མར་གནས་པ་སྒྲུབ་སྡེ་བསམ་གཏན་རྩེར། །ཆིབས་བཏེག་སྔ་ཕྱིར་
འདུས་སྡེའི་ཆེ་བགྲེས་དང་། །གྲྭ་གསར་རྩེ་ཆེན་གྲྭ་རིགས་མང་པོ་དང་། །ད་ལས་ཁོ་ཐོག་ཐུ་ལ་སོགས་པ་ཡི། །ཕྱི་ནང་སྐལ་བར་ལྡན་པ་མང་པོ་ལ། །གཏེར་གསར་བླ་མ་ཞི་དྲག་རྡོར་སེམས་དང་། །བདེ་གཤེགས་ཀུན་འདུས་ཚེ་བདག་ལྕགས་སྡིག་སོགས། །ཟབ་མོ་དབང་གི་སྦྱིན་པ་མང་པོ་མཛད། །ནག་ཟླའི་སྟོད་ལ་རྒྱལ་བའི་དབང་པོ་ཡི། །བཀའ་ཡི་དོན་བཞིན་རང་གི་དགོན་གནས་སུ། །བསྟན་འགྲོའི་བདེ་ཐབས་ཁྲོ་རོལ་གཏོར་བཟློག་གི། བདུན་ཕྲག་ཞག་ཏུ་ཚོགས་ཕེབས་ལས་ལ་སྦྱར། །སླར་ཡང་ཧོར་བླ་འགྱུར་མེད་བཟང་པོ་སོགས། །དད་ལྡན་མང་པོར་བརྒྱད་སྟོང་པུསྟིའི་ལུང་། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། །འགྲོ་འདུལ་རྟ་མགྲིན་གསང་སྒྲུབ་ཕྱག་རྡོར་སོགས། །ཟབ་མོ་དབང་གི་རིམ་པ་མང་པོ་དང་། །མ་ཇོ་འགའ་ལ་བསྙེན་གནས་སྡོམ་པ་སོགས། །དམ་པའི་ཆོས་ཀྱི་སྦྱིན་པ་དཔག་མེད་མཛད། །སྐབས་འདིར་རང་བསྟན་ཉམས་པ་གསོ་བ་ཡི། །ཐོག་མར་འབུར་བཟོ་དབུ་མཛད་མགོན་པོ་ཞེས། །དམ་པ་གོང་མའི་ཞབས་རྡུལ་ལ་རེག་པའི། །བི་ཤྭ་ཀརྨ་གཉིས་པར་གྱུར་པ་དེས། །སྨན་འདམ་ལས་ནི་ཚེ་དཔག་མེད་ཀྱི་སྐུ། །མི་ཚད་ཆེ་ཕྱོགས་ཙམ་པ་འདི་བཞེངས་པར། །རིན་ཆེན་དང་པོའི་སྙིང་པོས་ཁྱབ་པར་མཛད། །ནག་ཟླའི་དམར་ཕྱོགས་བཟང་པོའི་ཚེས་ཉིད་ལ། །སྟོན་འཁོར་ཆབས་ཅིག་ལྷ་ལྡན་ཕྱོགས་སུ་བཏེག །གནས་དེར་གོང་མའི་བཀའ་ཡི་ཕྲིན་ལས་པ། །བློ་བཟང་དཀོན་མཆོག་ངག་དབང་དགེ་ལེགས་སོགས། །ཆེ་གཉན་ཉི་ཤུ་སྐོར་ལ་ཚེ་དབང་དང་། །ལོ་ཙཱ་རྗེ་དྲུང་འཁོར་བཅས་ཉུང་འདུས་ལ། །གཟའ་དབང་གཞན་ཡང་གཞུང་གི་དྲུང་འཁོར་གྲས། །སྡེ་དཔོན་གནས་ཆེན་ཚེས་བཅུ་ཁག་མང་པོར། །མཇལ་དབང་སོ་སོའི་རེ་བ་བཞིན་དུ་བསྩལ། །ས་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པ་ལ། །གངས་ཅན་བོད་ཀྱི་རི་བོ་ཏ་ལའི་གནས། །ངོ་མཚར་གཟིམས་ཆུང་བཀའ་གདམས་འཁྱིལ་བ་རུ། །ཕྱག་ན་པདྨ་ཀུན་མཁྱེན་བདུན་པ་ཆེའི། །གསང་གསུམ་བཀོད་པ་མི་འཇིགས་གདོང་ལྔའི་ཁྲིར། །ལྷམ་མེར་བཀོད་པའི་སྤྱན་སྔར་ཟང་ཟིང་གི། དངོས་པོའི་མཆོད་སྤྲིན་ཡོད་རྒུ་བསྟར་བ་དང་། །ལྷན་ཅིག་ཞབས་པད་བརྟན་པའི་ཆོ་ག་ཡི། །རྗེས་འབྲེལ་མཐིང་ཞུན་ལྟར་སྔོའི་
དབུའི་གཙུག་ཕུད། །འབུལ་མཛད་དགྱེས་བཞེས་གསུང་གི་གསང་བ་ལས། །བློ་བཟང་མི་འགྱུར་ལྷུན་གྲུབ་རྡོ་རྗེ་ཞེས། །མཚན་གསོལ་ཤིས་པའི་མེ་ཏོག་འཐོར་བ་མཛད། །དེ་ཚེ་དག་པའི་སྣང་བ་འབྱམས་ཀླས་པའི། །མཆོག་དམན་འགའ་ཡིས་ལེགས་གསོའི་ལྷ་རེག་ཕུལ། །སྐབས་འདིར་ཇོ་ཤཀ་རྣམ་པ་གཉིས་ཀྱི་གཙོས། །གནས་རྟེན་རྣམས་ལ་མཆོད་འབུལ་སྙན་ཤལ་དང་། །རང་གཞན་དོན་གཉིས་འགྲུབ་པའི་ཐུགས་སྨོན་གྱིས། །དམ་པའི་རྣམ་ཐར་བཟང་པོ་བསྐྱངས་པར་མཛད། །སླར་ཡང་སྐྱ་སེར་དད་ལྡན་མང་པོ་ལ། །དབང་ལུང་བྱད་འགྲོལ་བསྲུང་བའི་ཆོ་ག་སོགས། །རིས་མེད་ཆོས་ཀྱི་སྦྱིན་པ་བཀྱེ་མཛད་ནས། །སྨིན་གྲོལ་ཆོས་ཀྱི་དགའ་ཚལ་ཆེན་པོར་ཕེབས། །གཞིས་བྱེས་སྐལ་ལྡན་བཅུ་ཕྲག་དྲུག་ཙམ་ལ། །གཏེར་གསར་བླ་མ་ཞི་བའི་ཁྲིད་བཀའ་དང་། །མེ་རག་དབོན་པོར་ལས་གཤིན་རྗེས་གནང་བཅས། །བསྩལ་ཅིང་བཅུ་བཞིའི་གཟའ་སྐར་དགེ་བའི་ཉིན། །གཞུང་ས་མཆོག་ནས་བསྐོན་ཇའི་གནང་སྐྱེས་དང་། །གྲྭ་རིགས་ཡོན་བདག་སྐུ་ཉེ་འབྲེལ་ཅན་གྱི། །ལེགས་འབུལ་དངོས་པོ་སྟོབས་པ་དང་ལྷན་ཅིག །འདུས་པའི་ཚོགས་ཀྱིས་རྒྱལ་སྲིད་རིན་ཆེན་བདུན། །གྲུབ་པའི་བཀྲ་ཤིས་རྫས་བརྒྱད་འབུལ་བ་དང་། །ངག་ཚིག་ཤིས་པའི་དབྱངས་ཀྱི་བདེན་ཚིག་བཅས། །རྣམ་བཀྲའི་མེ་ཏོག་ཆར་བཞིན་འབེབས་པ་དང་། །ཆབས་ཅིག་གདོང་ལྔས་བཏེག་པའི་གསེར་གྱི་ཁྲིར། །ངེས་གསང་ཆོས་ཀྱི་འཁོར་ལོ་སྒྱུར་བ་ཡི། །རྒྱལ་བའི་རྒྱལ་ཚབ་ཆེན་པོར་མངའ་གསོལ་ལོ། །ཕྱི་ཉིན་ཆོས་སྲུང་ཚོགས་ལ་ཕྲིན་བཅོལ་དང་། །སྔར་མཛད་ལེགས་པའི་གཏང་རག་ལྷ་བསང་བཅས། །གསུམ་ལྡན་འདུས་པའི་ཚོགས་ཀྱི་གནང་བ་ལ། །བསྙེན་བཀུར་བསྟི་བསྟང་དུ་མས་མཆོད་པར་མཛད། །གཉུག་མར་གནས་པའི་དད་ཅན་བརྒྱ་སྐོར་ལ། །གཏེར་གསར་བླ་མ་ཞི་བའི་སྨིན་ཁྲིད་དང་། །ཕོ་ལྷ་ཆོས་མཛད་ནུབ་གླིང་སྡེ་པ་ལ། །ཐུགས་རྗེ་ཆེན་པོའི་རྩ་ཁྲིད་གཏུམ་མོའི་ཁྲིད། །གཞན་ཡང་སྔ་ཕྱིར་སྐལ་ལྡན་མང་པོ་ལ། །སོ་སོའི་འདོད་པ་ཇི་བཞིན་དབང་དང་ལུང་། །བར་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། །ཆུ་སྟོད་ཟླ་བའི་ཚེས་བཅུར་ཟངས་མཚོར་བསྐྱོད། །ཆོ་གའི་རྗེས་འབྲེལ་འདུས་པར་ནང་དབང་དང་། །ཕྱི་ཉིན་
བརྒྱ་ཕྲག་དྲུག་གི་ཁྲོམ་ཚོགས་ལ། །ཚེ་དབང་གཞན་ཡང་བོད་འབྲོག་སྐྱེ་བོ་འགར། །སྒེར་དབང་མཚོ་བདག་རྡོ་རྗེ་འབར་བ་ལ། །ཕྲིན་བཅོལ་མཚོ་རྫས་དུ་མ་འབུལ་གནང་ལ། །གློ་བུར་གློག་འཁྱུག་འབྲུག་སྒྲ་སྒྲོག་པ་སོགས། །དགྱེས་པའི་ཉམས་ཀྱི་རྟགས་མཚན་མངོན་དུ་གྱུར། །སླར་ཡང་རང་དགོན་ཆོས་གྲྭ་ཆེན་པོར་ཕེབས། །འདུས་པར་བཅའ་སྒྲིག་ཉམས་གསོའི་ཞལ་ཏ་དང་། །ཕྱི་ནང་འདུས་པར་ཁྲོ་རོལ་གཡུལ་བཟློག་སོགས། །ཆོག་ཕྲིན་མང་པོའི་ལུང་དང་མདོ་ཁམས་སུ། །བསྐྱོད་མི་དགེ་སློང་བསམ་འཕེལ་ཅན་རྣམས་ལ། །གཏེར་གསར་ཡང་སྙིང་ཀུན་འདུས་དབང་ཉིད་བསྩལ། །རིང་མིན་གཞུང་ས་མཆོག་གི་བཀའ་བསྩལ་བཞིན། །རང་གྲྭ་འགའ་བཅས་གཡོ་རུ་ཁྲ་འབྲུག་བསྐྱོད། །གནས་དེར་ཕ་རོལ་གཡུལ་ངོ་བཟློག་པའི་མདོས། ཁྲོ་བོ་རོལ་པའི་གཏོར་བཟློག་དང་བཅས་པ། །སོ་སོར་བདུན་ཕྲག་ཞག་ཏུ་ལོངས་པ་ཡི། །ཐ་མའི་ཞག་ལ་ལས་ལ་སྦྱར་བ་མཛད། །སྐབས་དེར་བླ་མ་ཁྲོ་ཕུ་ཡབ་སྲས་དང་། །རྣམ་འདྲེན་རྗེ་དྲུང་སྤྲུལ་སྐུའི་ཡབ་ཡུམ་མཆེད། །སོ་སོར་ཚེ་ཡི་དབང་བཀའ་སྨིན་པ་དང་། །རྟག་ཆེན་འབུམ་པ་རོག་རྩའི་བེ་རོ་ཕུག །ཤེལ་བྲག་གནས་གཟིགས་མཆོད་འབུལ་སྨོན་ལམ་དང་། །སྐལ་ལྡན་འགའ་ལ་ཆོས་ཀྱི་འབྲེལ་བའང་མཛད། །གསང་འཛིན་རྗེ་དྲུང་མཆོག་སྤྲུལ་དམ་པ་ཡི། །ཐུགས་ཀྱི་དང་བ་ལྟས་ལྟར་མཇལ་འཛོམ་ནས། །ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སྟོབས་སུ་གྱུར། །རིམ་བཏེག་བསྟི་གནས་ཆོས་གྲྭ་ཆེན་པོར་ཕེབས། །རྒྱལ་བའི་གསུང་རབ་མང་པོར་གཟིགས་རྟོག་དང་། །སྔ་དགོང་ཟབ་མོའི་ཉམས་བཞེས་བར་གསེང་ལ། །སྐལ་ལྡན་འགའ་ལ་དབང་ཁྲིད་དུ་མ་བསྩལ། །དེ་ནས་ལྷོ་མོན་ལ་འོག་གཡུལ་གསུམ་ནས། །གྲྭ་རྒྱུན་ཇོ་བོ་གཙོ་ཆེ་ཁག་གཅིག་གིས། །སྤྱན་འདྲེན་ཕོ་ཉ་མངགས་ལྟར་གྲ་ཕུ་བརྒྱུད། །རིམ་བཏེག་སྒྲ་འདྲར་ཞག་གསུམ་ཆབ་ཚན་བརྟེན། །ཁ་ལེབ་ལ་བརྒྱུད་སྨྲ་བོ་ལྕོག་ཏུ་ཕེབས། །རབ་ཏུ་གནས་པའི་ཆོ་ག་ཉིན་ཆོག་གིས། །གནས་བྱའི་རྟེན་ལ་ལྷག་གནས་མེ་ཏོག་འཐོར། །ཞབས་དྲུང་སྐུ་འཁོར་ཆེད་འདུས་སྐྱ་སེར་ལ། །སྤྱི་དབང་སྒེར་དབང་རེ་འདོད་ཇི་བཞིན་མཛད། །དེ་ལས་རང་དགོན་བྱང་ཆུབ་གླིང་དུ་ཕེབས། །མགོན་ཁང་ཉིད་དུ་བསྐང་གསོ་ཕྲིན་བཅོལ་
དང་། །སྙན་ཤལ་སྤྱན་གཟིགས་དུ་མས་མཛེས་པར་སྤྲས། །གྲྭ་བཙུན་རྣམས་ཀྱིས་ཅི་ཡོད་འབུལ་ནོད་བསྟབས། །འདུས་པའི་ཁྲོམ་ལ་ཚེ་ཡི་དབང་ཆོས་མཛད། །རིམ་བཏེག་ཆོས་བཟང་འདུན་ས་དགེ་ཡེར་ཕེབས། །སྐྱ་སེར་མང་པོར་སྤྱི་དབང་ཆེན་པོ་དང་། །མཚོ་སྣར་རྫོང་དཔོན་ཚོགས་དཔོན་ལ་སོགས་པ། །སྐལ་ལྡན་འགའ་ལ་ཚེ་དབང་རྟེན་མཇལ་གནང་། །དེ་ལས་གྲུབ་དབེན་ཤ་འུག་གནས་མཐིལ་ཕེབས། །རང་གཏེར་གནས་སུ་བསང་མཆོད་གསེར་སྐྱེམས་དང་། །གཏོར་འབུལ་རྒྱལ་མཚན་བ་དན་མཛེས་པས་བྲེས། །གྲུབ་པའི་རྣལ་འབྱོར་ཕོ་མོ་མང་པོ་དང་། །དོམ་ཚང་བླ་མར་དབང་ཆོས་འདོད་མཐུན་བསྩལ། །མི་དབང་མདོ་མཁར་དོན་གྲུབ་ཚེ་དབང་ནས། །ཚོགས་རྫས་མཆོད་པའི་ཡོ་བྱད་སྦྱར་བ་ལྟར། །བདེ་གཤེགས་ཀུན་འདུས་ལྷ་ཚོགས་དཀྱིལ་འཁོར་དུ། །ལན་འགའི་ཚོགས་ཀྱི་མཆོད་པ་རྒྱ་ཆེར་མཛད། །དེ་ལས་ཐེ་སེ་སྤྲུལ་སྐུས་སྤྱན་དྲངས་ལྟར། །བླ་མ་བུམ་པ་མཁར་སྟོད་འབུམ་པ་དང་། །བམ་སྟེར་ཡུལ་ཕུ་ན་སྨད་སོགས་སུ་ཕེབས། །དད་ལྡན་ཐེ་སེ་བླ་མ་གྲ་བཅས་ལ། །གཏེར་གསར་བླ་མ་ཞི་བའི་དབང་ཁྲིད་ལུང་། །གཞན་ཡང་ཡུལ་གྲུ་སོ་སོར་ཁྲོམ་དབང་དང་། །རིས་མེད་བཀའ་གཏེར་མང་པོའི་དབང་ལུང་མཛད། །ཁྲོམ་སྟེང་བྲག་དཀར་སོ་སོའི་གནས་གཟིགས་དང་། །སྒམ་སྟེང་ལྷ་ཕུ་མཚོ་དང་ཁྲི་མོར་ཕེབས། །སོ་སོར་སྤྱི་དབང་དར་མ་འབུམ་རྒྱལ་གྱི། །གནས་རྟེན་ཞིབ་མཇལ་དཔལ་སྡེ་དར་མ་སྒང་། །རྒྱང་མཁར་སླར་ཡང་བླ་མ་བུམ་པར་ཕེབས། །དེ་དག་ཡུལ་ཚོ་སོ་སོར་འདུས་ཁྲོམ་ལ། །ཚེ་གུར་དབང་དང་སྒོས་དབང་རྟ་མགྲིན་དང་། །ཕྱག་རྡོར་གསང་ཡེ་ལྷ་ཆེན་རྗེས་གནང་སོགས། །ཟབ་མོའི་ཆོས་ཀྱི་སྦྱིན་པ་བར་མེད་མཛད། །དེ་ལས་ཤང་ཤིང་བསེ་རུ་སྨིན་འབྲས་དང་། །དག་པ་སྤང་མ་མཁར་དང་མཐོང་ལེན་དང་། །འུང་ལྷ་དྷི་དྷང་བུར་སོགས་ཡུལ་སོ་སོར། །གུ་རུ་དྲག་པོའི་སྐུ་གསུང་ཐུགས་དབང་དང་། །ཡང་སྙིང་ཀུན་འདུས་ཐང་སྟོང་ཚེ་དབང་བཅས། །ཁྲོམ་དབང་སྒོས་དབང་སྐབས་སུ་གང་བབས་དང་། །མཁར་སྟེང་བླ་མ་ཨོ་རྒྱན་ཆོས་འཕེལ་སོགས། །སྐལ་ལྡན་འགའ་ལ་ཨ་ཏིའི་ཁྲིད་བཀའ་དང་། །ཚེ་གུར་རྡོར་སེམས་བྱང་གླིང་ཕྱག་རྡོར་དབང་། །བསྩལ་ཅིང་ལྕགས་སྡོང་མཁར་
དང་སེར་པོ་ནང་། །དགྱེས་བུ་སྤང་ཆེན་སྐྱ་ལེན་སྟེང་སོག །ས་ཕེབས། །དེ་དག་སོ་སོར་ཁྲོམ་དབང་དགོས་སུ་ནི། །དུག་དབང་རྡོ་རྗེ་ཕ་ལམ་ལ་སོགས་པ། །དབང་དང་བྱིན་རླབས་མང་པོས་རྗེས་སུ་བཟུང་། །རྒྱལ་ཟླའི་དཀར་ཕྱོགས་ཚེས་གསུམ་ཐོན་གྲགས་ཏེ། །འཁོར་བཅས་ཆིབས་བསྐྱོད་རིན་ཆེན་ཡར་འཕེལ་སོགས། །སྐལ་ལྡན་འགའ་ལ་ཨ་ཏིའི་རྩལ་དབང་དང་། །ཛམ་དམར་གཅོད་དབང་བདེ་གཤེགས་ཀུན་འདུས་དབང་། །ལུང་ཕྲན་འགའ་སོགས་གསོལ་བཏབ་ཆོས་སྦྱིན་བཀྱེ། །ཁྱ་ལ་སྟོད་སྨད་ལྡིང་ཚོ་གསུམ་སྒྲིལ་དང་། །ཞན་པ་སླད་པ་ལྟེ་མང་གསུམ་བསྒྲིལ་བའི། །དམར་ནག་ཁྲོམ་ཚོགས་སོ་སོར་ཐང་སྟོང་གི། ཚེ་བསྲིང་དབང་གི་འབྲེལ་བས་ཁྱབ་པར་མཛད། །དེ་ནས་མར་གསར་སྒོ་རི་ཚོ་བ་དང་། །དཀྲི་མ་གདོང་ཕེབས་དེ་དག་ཡུལ་སོ་སོར། །འདུས་པའི་ཁྲོམ་ལ་འཆི་མེད་དཔལ་སྟེར་དབང་། །རྫ་ཁ་བླ་མར་པད་གླིང་རྡོར་ཕྲེང་ལུང་། །ནང་རྟེན་མཇལ་ཁས་རེ་འདོད་ཚིམ་པར་མཛད། །མོན་ཡུལ་མཐའ་འཁོབ་དུད་འགྲོའི་བློ་འདྲ་ཡང་། །ཞབས་བསྐྱོད་ཡུལ་གྲུ་གང་དང་གང་དུའང་། །དྲང་ངེས་ཆོས་ཀྱི་སྦྱིན་པ་ཕ་རོལ་པོའི། །བློ་དང་འཚམས་པར་གསུངས་པས་ཡིད་རང་ཞིང་། །བློ་སྣ་མོས་པར་འདྲིལ་བས་ཐལ་མོ་སྦྱོར། །ཉིན་མཚན་འཁོར་མོར་དམར་ནག་ཁྲོམ་དུ་ཚོགས། །བསྔོ་བྱང་བདོག་རྒུའི་འབུལ་བ་སྤྲིན་ལྟར་གཏིབས། །ཕྱག་དང་སྐོར་བ་གསོལ་འདེབས་རྒྱང་འབོད་སོགས། །ཅི་ཐོབ་སྒྲུབ་པར་སོ་སོའི་རེ་སྐོང་མཛད། །དེ་དག་སྡིག་སྤོང་དགེ་ལ་གཞོལ་བ་ཡི། །འགྲོ་བའི་དོན་ཆེན་རྒྱ་ཆེར་མཛད་པར་གོ། དེ་ལས་ས་ཡི་ཐིག་ལེ་མཚོ་སྣར་ཕེབས། །རྫོང་དཔོན་བདེན་མཁར་རྒྱལ་བ་ལྡིང་དཔོན་ལ། །བྱང་གཏེར་ཐུགས་སྒྲུབ་བྱིན་རླབས་ཚེ་དབང་ཉིད། །མཛད་ནས་ཆིབས་བཏེག་ཐ་སྐར་སྒོ་རུ་ཕེབས། །ས་དེར་བླ་མ་རཏྣ་དཔོན་གཡོག་ལ། །གར་ཚེའི་དབང་དང་དེར་འདུས་ཁྲོམ་ལ་དབང་། །གཞན་ཡང་ཆོས་སྦྱིན་དུ་མ་ལེགས་བསྩལ་ནས། །གནམ་མདོ་གཞུང་བརྒྱུད་གྲི་གུ་མཛོད་ཁྱིམ་ཕེབས། །ཞལ་ངོ་ནང་འཁོར་རྫོང་གི་གཉེར་པ་ལ། །ཚེ་ཡི་དབང་བསྩལ་བྲག་རྩ་ཟར་ཕུ་བརྒྱུད། །ཉེར་ལྔའི་ཚེས་ལ་ཆོས་སྡེ་ཆེན་པོར་ཕེབས། །སྐབས་འདིར་རྗེ་བཙུན་མི་འགྱུར་དཔལ་སྒྲོན་ཉིད། །སྦས་ཡུལ་འབྲས་
མོ་ལྗོངས་ནས་ཕྱིར་ཕེབས་པར། །ཅུང་ཟད་སྐུ་ཁམས་ཧྲེང་བར་རྐྱེན་སེལ་དུ། །དྲང་སྲོང་ལོཀྟྲིའི་རིག་གཏད་འབུལ་བར་མཛད། །ལོ་འདིའི་མཇུག་གི་དུས་རིམ་ཞག་གསུམ་རིང་། །ཚོགས་ཕེབས་ཐ་མའི་ཆས་ཞུགས་ཟོར་འཕེན་དང་། །གནམ་གང་རྟེན་གཏོར་འབུམ་སོགས་སྔར་བཞིན་མཛད། །དགུང་ལོ་སོ་གཅིག་ཁྲོ་མོའི་ཤིང་འབྲུག་ལོ། །གནམ་ལོ་ཚེས་པའི་དགྱེས་སྟོན་སྔ་ཕྱི་དང་། །ཚེས་གསུམ་དུས་གསོལ་རྒྱལ་བའི་ཡབ་རྗེའི་བཀའ། །ལྷུར་བཞེས་སྐུ་ཚེའི་སྒྲུབ་པ་འཇུག་པར་མཛད། །དབོ་ཟླའི་བཀའ་བརྒྱད་སྒྲུབ་ཆེན་སྔར་བཞིན་དང་། །སྔ་ཕྱི་ཅི་རིགས་རྗེ་བཙུན་རིན་པོ་ཆེར། །རྟ་མགྲིན་ཕྱག་རྡོར་ཚེ་གུར་དབང་ལ་སོགས། །སྣ་ཚོགས་སྐུ་ཡི་རིམ་གྲོ་བསྒྲུབས་མཛད་པས། །ཟླ་བ་གཟའ་ལས་གྲོལ་བཞིན་གཞི་མོ་དྭངས། །དད་སྟོབས་འཆང་བ་ནུ་མ་རྗེ་དྲུང་སོགས། །གཞིས་བྱེས་སྐལ་བར་ལྡན་པ་མང་པོ་ལ། །དབང་དང་བྱིན་རླབས་བྱད་གདོན་འགྲོལ་ཆོས་སྲུང་། །རྣམ་བཞིའི་འཕྲིན་ལས་འགྲོ་ངོར་སྒོ་བརྒྱ་ཕྱེད། །བྱ་རྒོད་དབོན་མོ་དཔོན་གཡོག་བཅུ་གཅིག་དང་། །སྒྲུབ་སྡེ་བསམ་རྩེའི་མ་ཇོ་ཡོངས་སུ་རྫོགས། །གྲྭ་ཚང་གྲྭ་པ་ཁ་ཤས་བཅས་པ་ལ། །ཨ་ཏི་ཟབ་དོན་སྙིང་པོའི་སྨིན་ཁྲིད་དང་། །དབུར་སྟོད་རྣལ་འབྱོར་ཕོ་མོ་ཐོར་བུ་ལ། །གཏེར་གསར་བླ་མ་ཞི་བའི་ཁྲིད་ཆེན་མཛད། །སྦྲུལ་ཟླའི་བཅུ་དགུ་གཟའ་སྐར་དགེ་བའི་ཉིན། །རྗེ་བཙུན་བླ་མས་ཡོན་སྦྱར་འདུས་ཚོགས་ནས། །བདག་ཉིད་ཆེན་པོ་ཞབས་པད་ཡུན་བརྟན་པའི། །གསོལ་འདེབས་ཚེ་ཡི་ཆོ་ག་སྨིན་པར་མཛད། །རིང་མིན་ཤེལ་བྲག་གནས་བསྐྱོད་གདུང་རྒྱུད་གཅིག །གཤེགས་པར་སྤུར་སྦྱོང་ཆོ་གས་རྗེས་སུ་བཟུང་། །ཕྱིར་ཕེབས་རབ་འབྱམས་སྨྲ་བ་ཆོས་གྲགས་དང་། །བློ་གསལ་རྒྱ་མཚོ་སྙེ་མདོ་བླ་མ་སོགས། །སྐལ་ལྡན་འགའ་ལ་གསང་ཡེའི་དབང་ལུང་དང་། །ཁྲོས་ནག་ལོཀྟྲི་ལྷ་ཆེན་དབང་སོགས་བསྩལ། །དེ་ནས་སྨོན་གྲུབ་ནང་པས་སྤྱན་དྲངས་ལྟར། །ཞལ་ངོ་གསུམ་ལ་ཚེ་དབང་རྟ་མགྲིན་དབང་། །ས་ཟླའི་ནང་དུ་བྱམས་གླིང་མཁན་པོ་དང་། །རང་གྲྭ་ཐོར་བུ་མ་ཇོ་འགའ་ལ་སོགས། །སྐལ་བར་ལྡན་པ་བརྒྱ་ཕྲག་བརྒལ་བ་ལ། །ཉང་གཏེར་བཀའ་བརྒྱད་
བདེ་གཤེགས་འདུས་པའི་དབང་། །རྣལ་འབྱོར་རྒྱུན་གྱི་དབང་བསྩལ་ས་ཆོག་ནས། །རྡུལ་ཚོན་ཆུ་བོར་སྤྱན་འདྲེན་བར་ཉིད་དུ། །ཚོགས་དབུར་ཕེབས་ལ་ཆོག་མང་སྒྲུབ་མཆོད་ཚུགས། །ནག་ཟླའི་སྒང་ནས་གྲོ་བཞིན་ཟླ་བའི་བར། །སྔ་ཕྱིར་དགེ་སློང་གྲོལ་མཆོག་ཕལ་ཆེན་པ། །གཉེར་པ་རབ་བརྟན་ལ་སོགས་གཤིན་གསོན་ཆེད། །འདུས་པར་བསྙེན་བཀུར་ཞུས་པའི་ཡོན་བསྔོ་ཕེབས། །ཟག་མེད་བསྔོ་བའི་རྒྱས་འདེབས་ཡང་དག་མཛད། །དེ་བཞིན་ཕོ་ལྷ་འགྱུར་མེད་མཆོག་ལྡན་དང་། །ཟངས་རི་དགེ་སློང་གྲྭ་ཚང་རྙིང་པ་ཡི། །དཔོན་སློབ་འགའ་སོགས་ཆོས་ཞུ་ཁག་མང་པོར། །གཏེར་གསར་བླ་མ་ཞི་བ་རྡོར་སེམས་དང་། །བདེ་གཤེགས་ཀུན་འདུས་རྫོགས་ཆེན་ཨ་ཏིའི་ཁྲིད། །འཁོར་བ་དབྱིངས་སྒྲོལ་མ་གཅིག་གཅོད་ཁྲིད་སོགས། །ཟབ་མོའི་ཁྲིད་བཀའ་མ་བུར་བཅས་པ་དང་། །གཞན་ཡང་བཀའ་གཏེར་མང་པོའི་དབང་ལུང་སོགས། །ཉིན་ལྟར་ཆོས་ཐུན་གཉིས་གསུམ་ལ་སོགས་པས། །བར་མེད་གཞན་རྒྱུད་སྨིན་པའི་ཐབས་ཟབ་མོའི། །དྲང་ངེས་ཆོས་ཀྱི་འཁོར་ལོ་མང་པོ་བསྐོར། །སྐབས་འདིར་དག་པའི་སྣང་བ་ལྷུར་བཞེས་པའི། །རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མ་ལ། །བླ་མ་ཡང་ཏིག་ཁྲིད་དང་རྡོར་སེམས་ཁྲིད། །བདེ་གཤེགས་ཀུན་འདུས་གཏུམ་མོའི་ཁྲིད་བཅས་གསན། །ཕར་ཡང་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་། །བྱབས་ཁྲུས་ཚེ་གུར་དབང་སོགས་འབུལ་བར་མཛད། །ཁྲུམས་ཟླའི་ནང་དུ་གཡོ་རུ་ཁྲ་འབྲུག་ཏུ། །གཞུང་སའི་བཀའ་བཞིན་གྲྭ་བཅས་བཏེགས་མཛད་ནས། །གཏེར་གསར་འཇམ་དཔལ་གཤིན་རྗེའི་གཏོར་བཟློག་གི། ཉིན་མཐར་འཕང་བའི་ལས་སྦྱར་དགོན་གནས་ཕེབས། །སླར་ཡང་ཟན་ཡང་དཔལ་གྱི་བསམ་ཡས་བསྐྱོད། །གངས་ཅན་ཕྱག་ན་པདྨོའི་མཇལ་ཁ་དང་། །གནས་རྟེན་ཞིབ་མཇལ་ཐུགས་སྨོན་རྒྱ་ཆེར་མཛད། །ས་དེར་ཕུག་ནས་སོགས་ལ་རྐྱེན་སེལ་གྱི། །དབང་དང་བྱིན་རླབས་བསྩལ་ལ་དགོན་གནས་སུ། །ཕྱིར་ཕེབས་ཀོང་པོ་རྫོགས་ཆེན་སྤྲུལ་སྐུ་ལ། །གཏེར་གསར་གསང་ཡེའི་ལུང་དང་མོན་ཕྱོགས་ཀྱི། །གྲུབ་ཆེན་རཏྣ་སེང་གེ་ལ་སོགས་པར། །གུར་དྲག་རྩ་དབང་ཆོས་ལུང་མང་དུ་མཛད། །མདོ་ཁམས་རྫོགས་ཆེན་སྤྲུལ་བའི་སྐུ་ཉིད་ཀྱི། །བླ་མཆན་ཐེག་
མཆོག་བསྟན་འཛིན་ཞེས་གྲགས་པས། །ཇ་སིག་རྟ་ནོར་མང་པོའི་བརྒྱ་འབུལ་དང་། །ཧོར་བླ་འགྱུར་མེད་རྣམ་རྒྱལ་གྲགས་པ་ཡི། །རྟ་ནོར་མཛོ་གཡག་མར་ལྡང་ལ་སོགས་པའི། །ཟང་ཟིང་སྤམས་མཐོའི་འབུལ་ནོད་རྒྱ་ཆེར་བསྟར། །སོ་སོར་དགེ་རྩ་བྱང་ཆེན་བསྔོ་བར་མཛད། །རྗེ་བཙུན་བླ་མར་ལྷ་མོའི་རྗེས་གནང་དང་། །གཞན་ཡང་བཀྲ་ཤིས་དཔལ་རའི་ཆོས་མཛད་སོགས། །གཞིས་བྱེས་སྐལ་ལྡན་འདུས་པ་ཁག་མང་པོར། །འདོད་བུམ་ནང་བཞིན་དབང་དང་རྗེས་གནང་སོགས། །ཁ་ཐོར་མདོ་སྔགས་ཆོས་ཚུལ་མང་པོ་ཡི། །ལུང་མང་ཆོས་ཀྱི་སྦྱིན་པ་དཔག་མེད་མཛད། །ཁྱད་པར་ཀོང་པོ་རྫོགས་ཆེན་སྤྲུལ་སྐུ་དང་། །ཆོས་རྫོང་བླ་མ་རྣམ་རྒྱལ་གྲགས་པ་ལ། །ཟབ་ལམ་མཁའ་འགྲོ་སྙིང་ཐིག་སྨིན་ཁྲིད་དང་། །དབང་ལུང་འགའ་ཡི་རྗེས་འཛིན་བཀའ་དྲིན་བསྩལ། །སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོ་ཡི། །ཡ་གྱལ་སོ་རིགས་སྙེ་མདོ་བླ་མ་ཡི། །སྟོན་འཁོར་ཆབས་ཅིག་དགོན་གནས་སྤྱན་དྲངས་པར། །དགེ་རྩ་ཅི་བགྱིས་བྱང་ཆེན་བསྔོ་བསྒྱུར་མཛད། །གཞན་ཡང་རྒྱལ་བའི་གསུང་གསང་ཡིག་ལམ་ལས། །སྟོན་པའི་རྒྱ་ཕག་ཚངས་དགྱེས་བློ་ལྡན་སོགས། །གཞིས་བྱེས་ཡོན་བདག་མང་པོའི་ཞབས་ཏོག་གི། དགེ་རྩ་ཟག་མེད་བསྔོ་བའི་ཕྲིན་ལས་བསྐྱངས། །རྒྱལ་ཟླའི་དཀར་ཕྱོགས་མགོན་ཁང་ཆེན་མོ་ཡི། །གཏོར་གཞི་གསར་སྤོ་ཕྲིན་བཅོལ་རྒྱས་པ་དང་། །བསྟན་འགྲོའི་དུས་རིམ་ལོ་མཇུག་ཚུགས་པ་ལ། །བསྲུང་བཟློག་བསྲེག་མནན་ལས་སོགས་སྔར་བཞིན་མཛད། །དགུང་ལོ་སོ་གཉིས་སྣ་ཚོགས་དབྱིག་ཅེས་པ། །ཤིང་མོ་སྦྲུལ་ལོ་གནམ་ལོ་ཚེས་པ་ཡི། །དགྱེས་སྟོན་ཆེན་པོར་ལེགས་བཤད་བགྲོ་གླེང་དང་། །ཚེས་གསུམ་དུས་གསོལ་ལ་སོགས་སྔར་བཞིན་དང་། །ཚེས་གཉིས་གཏེར་ཆེན་ཆོས་རྗེའི་སྐུ་མཆོད་ཉིན། །གསེར་ཟངས་གྲུབ་དབང་འགྱུར་མེད་ཀློང་གྲོལ་གྱི། །རྗེ་དེའི་དབུ་ཐོད་རིང་བསྲེལ་སྙིང་པོ་རུ། །བཞུགས་པའི་དངུལ་གདུང་མི་ཚད་ཆེ་ཕྱོགས་ཙམ། །གཞན་ཡང་མཚོ་སྐྱེས་རྡོ་རྗེ་གཏེར་ཆེན་རྗེ། །ཚེ་དཔག་མེད་བཅས་གསེར་ཟངས་ལས་གྲུབ་པའི། །སོ་སོའི་སྐུ་བརྙན་མི་ཚད་ཙམ་རེ་དང་། །བླ་མ་མདོ་
བོ་ཆེ་པའི་ནང་རྟེན་གྲས། །རྡོ་རྗེ་སེམས་དཔའི་གསེར་སྐུ་ཁྲུ་གང་པ། །གདན་ཁྲི་རྒྱབ་ཡོལ་བཅས་པ་ཕུལ་བ་ཉིད། །གནས་འདིར་ཕེབས་པ་གསུམ་ལྡན་འདུས་ཚོགས་ཀྱི། །གདུགས་འཕན་རོལ་མོར་བཅས་པའི་མཆོད་རྫས་བཅས། །སྤྱན་དྲངས་སྣ་ཚོགས་མཆོད་པ་སྤྱན་སྔར་བསྟར། །འདུས་པ་རྒྱ་མཚོར་ཉིན་ཐུག་བསྙེན་བཀུར་ཐོག །སྐྱབས་ཀྱི་མཆོག་འདིར་ཟང་ཟིང་དངོས་པོ་ཡི། །སྣ་ཚོགས་འབུལ་ནོད་རྒྱ་ཆེར་ཕུལ་བ་རྣམས། །འཁོར་གསུམ་མི་དམིགས་ངང་དུ་བསྔོ་བསྒྱུར་མཛད། །མངའ་བདག་ཉང་སྟོན་རིག་འཛིན་རྒྱ་མཚོ་དང་། །གྲུབ་ཆེན་ཕྲིན་ལས་མཐར་ཕྱིན་ལ་སོགས་པ། །སྔ་ཕྱིར་སྐལ་བར་ལྡན་པ་མང་པོ་ལ། །གཏེར་གསར་བླ་མ་རིག་འཛིན་ཀུན་འདུས་དང་། །རྡོར་སེམས་ཨ་ཏིའི་ཁྲིད་བཀའ་སྨིན་པ་དང་། །བཀའ་གཏེར་མང་པོའི་དབང་ལུང་མན་ངག་རྣམས། །བར་མེད་སོ་སོའི་རེ་བ་ཇི་བཞིན་བསྩལ། །རྟ་ཟླའི་དམར་ཕྱོགས་རྫོགས་པ་གཉིས་པ་ནས། །ལུག་ཟླ་རིལ་པོར་རྗེ་བཙུན་བླ་མ་དང་། །མཁན་ཆེན་འགྱུར་མེད་དོན་ཡོད་གཅུང་ཕྱག་མཛོད། །གཞན་ཡང་གཞིས་བྱེས་སྐྱ་སེར་མང་པོ་ལ། །སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ནང་ཉིད་ཀྱི། །དབང་དང་རྗེས་གནང་བྱིན་རླབས་ཡོང་རྫོགས་དང་། །ཁྱད་པར་སྐལ་བར་ལྡན་པ་ཉུང་བསྡུས་ལ། །འདོད་བུམ་ནང་གི་ཆོས་གསང་བཀའ་རྒྱ་གསུམ། །གསང་མགོན་ལྷ་ཆེན་ཞལ་བཞིའི་གཏོར་དབང་དང་། །གསང་མགོན་སྒྲུབ་སྐོར་ལུང་རྣམས་མ་ལུས་དང་། །གཞན་ཡང་ཁྲོས་མ་ནག་མོ་གཅོད་དབང་སོགས། །ཡང་ཟབ་དབང་གི་རིམ་པ་མང་པོ་མཛད། །ས་གའི་སྒྲུབ་མཆོད་སྣྲོན་ཟླའི་ཚེས་བཅུ་ཡི། །དུས་ཀྱི་མཆོད་པ་ཆེན་པོར་སྔར་བཞིན་དང་། །ནང་དབང་ལྔ་སྟོང་བརྒལ་བའི་ཁྲོམ་པ་ལ། །ཐར་པའི་ས་བོན་འདེབས་པའི་དབང་ཉིད་བསྩལ། །དད་གསུམ་ལྡན་པ་བླ་མ་རཏྣ་དང་། །ཀོང་པོ་བླ་མ་ལ་སོགས་བུ་ཆེན་འགར། །རཏྣའི་རྟ་མགྲིན་གསང་འདུས་རྩ་དབང་དང་། །འཇིགས་བྱེད་མཚོ་རྒྱལ་ཁྲོས་ནག་སྔགས་སྲུང་མ། །ཕྱག་རྡོར་ལ་སོགས་དབང་གི་རིམ་པ་དང་། །བཻ་རོའི་འདྲ་འབག་དྲི་མེད་བཤགས་རྒྱུད་སོགས། །དམ་ཆོས་ལུང་གི་ཆོས་སྦྱིན་མང་པོ་བཀྱེ། །སྐབས་འདིར་དམ་པ་གོང་མའི་ཞམ་རིང་བ། །དགེ་སྦྱོང་ཨོ་རྒྱན་རབ་བརྟན་གང་ཉིད་ལ། །
ཇོ་ནང་རྗེ་བཙུན་ཏ་ར་ནཱ་ཐའི་གསུང་། །སྒྲུབ་ཐབས་རིན་འབྱུང་ནང་གི་དབང་རྗེས་གནང་། །སྒོམ་ལུང་རིག་གཏད་ལ་སོགས་ཆ་ཚང་དང་། །སྨྱོས་ལུགས་ཏྲག་ཤད་དབང་དང་གཅེར་རྒྱུད་ལུང་། །ལ་སོགས་རྒྱུན་དཀོན་དབང་ལུང་ཐོར་བུ་གསན། །དད་ལྡན་མོན་བླ་ཀུན་མཁྱེན་ལ་སོགས་པར། །ཟབ་མོ་ཨ་ཏིའི་ཁྲིད་བཀའ་སྨིན་པ་དང་། །ཐང་འབྲོག་སྤྲུལ་སྐུ་ཆོས་རྫོང་དཔོན་སློབ་ལ། །དབྱངས་ཅན་སྒྲ་མདོའི་རི་མོ་ཡོངས་རྫོགས་པ། །རིམ་ཁྲིད་མཛད་པ་སྐབས་འདིར་འགོ་ཚུགས་མཛད། །ཆུ་སྟོད་ཟླ་བའི་དཀར་པོའི་ཚེས་ཉིད་ལ། །དོན་གཉེར་ཅན་འགར་ལུང་དང་དབང་མཛད་ནས། །གྲུབ་པའི་དབེན་གནས་ཆོས་འབྱུང་ཟངས་མཚོར་བསྐྱོད། །ཚེས་བཅུའི་ཆོ་ག་ནང་དབང་ཕྱི་འདུས་ཁྲོམ། །བོད་འབྲོག་འདུས་པར་ཚེ་ཡི་དབང་ཆོས་བསྩལ། །དེ་ལས་བྲ་གྲི་གནམ་མདོ་གཞུང་བརྒྱུད་ནས། །དམར་པོའི་ཚེས་གཅིག་ཐད་དཀར་སྒོ་ལྔར་ཕེབས། །ས་དེར་ན་རཀ་དོང་སྤྲུགས་ཆོ་ག་དང་། །སྒོས་དབང་སྤྱི་དབང་ཆེན་མོ་མཛད་པ་ལ། །ཡུལ་སྤྱིས་བདོག་དགུ་བླ་མ་རཏྣ་བས། །གང་ཡོད་དངོས་པོའི་འབུལ་བ་བསྟབ་པ་ལ། །ཟག་མེད་བསྔོ་བའི་རྒྱས་འདེབས་ནན་ཏན་མཛད། །དེ་ལས་མདོ་མཁར་ཞབས་དྲུང་འཁོར་བཅས་ཀྱི། །བཞོན་པར་བརྟེན་པའི་ཕེབས་བསུའི་བཀོད་པ་བཅས། །ཡོངས་འདུའི་ཕོ་བྲང་བཀྲ་ཤིས་རབ་བརྟན་དུ། །ཉི་ཤུའི་ཚེས་ཀྱི་སྔ་དྲོ་དགེ་བར་བསྐྱོད། །ཕྱི་ཉིན་ལྕོག་པུ་དགོན་ཕེབས་བརྒྱ་ཕྲག་གཉིས། །བརྒལ་བའི་ཁྲོམ་ལ་ཚེ་ཡི་དབང་བསྩལ་ནས། །སླར་ཡང་མདོ་མཁར་ཕོ་བྲང་ཆེན་པོར་ཕེབས། །མི་དབང་ཞབས་དྲུང་བློ་བཟང་བཀྲ་ཤིས་དང་། །དོན་གྲུབ་ཚེ་དབང་ནང་འཁོར་བཅས་པ་ལ། །ཚེ་ཡི་དབང་བཀའ་ཡངས་པའི་ཚོམས་ཆེན་དུ། །བརྒྱ་ཕྲག་བཞི་ཡི་ཁྲོམ་ལ་ཚེ་དབང་དང་། །རྒྱལ་བའི་བཀའ་འགྱུར་གླེགས་བམ་ཡོངས་རྫོགས་དང་། གཞན་ཡང་སྐུ་གསུང་ཐུགས་རྟེན་མང་པོ་ལ། །བླ་མ་རིག་འཛིན་ཀུན་འདུས་དཀྱིལ་འཁོར་དུ། །རབ་ཏུ་གནས་པའི་ཆོ་གས་བྱིན་གྱིས་བརླབས། །དད་སྟོབས་འཆང་བ་ཞབས་དྲུང་འཁོར་བཅས་ལ། །བཀའ་གཏེར་མང་པོའི་དབང་ཁྲིད་གདམས་པའི་ལུང་། །ཅི་འདོད་ཆོས་ཀྱི་ཆར་ཆེན་འབེབས་མཛད་པར། །རོ་བརྒྱའི་འབྱོར་ལྡན་བསྟི་བསྟང་དུ་མས་མཆོད། །
གཞུང་སྒེར་ཚང་མས་ཟང་ཟིང་དངོས་པོ་ཡི། །འབུལ་ནོད་རྒྱ་ཆེར་སྟོབ་པ་བདག་གིར་བཞེས། །ཡར་ངོའི་ཚེས་བཅུར་ཞབས་དྲུང་འཁོར་བཅས་ཀྱི། །ཆིབས་སྐྱེལ་དང་བཅས་དགེ་ཡི་དགོན་དུ་ཕེབས། །འདུས་པའི་ཁྲོམ་ལ་བླ་མ་དྲག་པོའི་དབང་། །དོན་གཉེར་ཅན་འགར་དཀོན་མཆོག་སྤྱི་འདུས་ལུང་། །དེ་སོགས་ཆོས་ཀྱི་འབྲེལ་པ་མང་མཛད་ནས། །གནམ་མདོ་གྲི་གུ་གྲ་སྟག་ལ་སོགས་པར། །སྤྱི་དབང་སྒོས་དབང་སྲུང་བའི་ཕྲིན་ལས་ཀྱི། །ཕྱོགས་དེའི་སྐྱེ་རྒུར་ཐར་པའི་ས་བོན་བཞག །རིམ་བཏེག་དགའ་ལྡན་གཉིས་པ་བྱམས་གླིང་གི། གནས་གཟིགས་དང་བཅས་རང་དགོན་ཆེན་པོར་ཕེབས། །མདོ་རྒྱུད་བསྟན་བཅོས་མང་པོར་གཟིགས་རྟོག་དང་། །ཁྱད་པར་རྗེ་བཙུན་བླ་མ་ཁོ་ཐོག་ཐུ། །རབ་འབྱམས་ཆོས་གྲགས་ལྕོག་བླ་ཟར་སྤྲུལ་སོགས། །སྐལ་བར་ལྡན་པ་བཅུ་ཕྲག་གཉིས་ཙམ་ལ། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །གླེགས་བམ་ཡོངས་སུ་རྫོགས་པའི་ལུང་ཉིད་དང་། །གཞན་ཡང་དོན་དུ་གཉེར་བ་མང་པོ་ལ། །རིས་མེད་དབང་ལུང་མང་པོའི་སྦྱིན་པ་མཛད། །དབྱུག་ཟླའི་དམར་ཕྱོགས་གཡོ་རུ་ཁྲ་འབྲུག་ཏུ། །གངས་ཅན་ཕྱག་ན་པདྨོ་ཆིབས་བསྐྱོད་པར། །ཟང་ཟིང་དངོས་པོའི་འབུལ་ནོད་དང་བཅས་ནས། །གསང་གསུམ་མཚན་དཔེའི་སྣང་བརྙན་མཇལ་དུ་ཐེགས། །རེ་བའི་འབྲས་བུ་ཇི་བཞིན་ཕྱག་རྩེར་སོན། །སྤྱན་སྔར་ཉིན་སྦྲེལ་བཞུགས་གྲལ་ལ་སོགས་པ། །སྐལ་བཟང་དོན་དང་ལྡན་པ་མཛད་ཅེས་གསུངས། །གནས་དེར་འདུལ་བ་རྒྱ་མཚོ་ལ་སོགས་པའི། །འདོད་ཆོས་འགའ་བསྩལ་དགོན་སྡེ་ཆེན་པོར་ཕེབས། །སྐབས་འདིར་དོལ་རི་གླང་པོའི་དབྱིབས་འདྲ་བའི། །མིག་ནས་བདུད་ཀྱི་བླ་ཆུར་གྲགས་པ་བབས། །གཞུང་སའི་བཀས་བསྐུལ་ས་དེར་འཁོར་བཅས་ཕེབས། །དེར་དམིགས་བདུན་ཕྲག་ཞག་ཏུ་ལོངས་པ་ལ། །འཇམ་དཔལ་དུས་དགྲའི་དབང་པོའི་དཀྱིལ་འཁོར་དུ། །སྲི་མནན་ཆོ་གས་ཐ་མའི་ལས་ལ་སྦྱར། །དེ་སྟེང་བདུད་འདུལ་མཆོད་རྟེན་བཞེངས་པ་ལ། །རབ་ཏུ་གནས་པའི་ཆོ་གས་བརྟན་པར་གསོལ། །དེ་འཕྲལ་ལྟག་ཆུ་བཅད་པའི་ཡུར་ཆུ་བཞིན། །སྐད་ཅིག་ཆད་པས་ཐམས་ཅད་ངོ་མཚར་གྱུར། །དེ་ལས་བླ་མ་ཚ་ལུས་སྤྱན་དྲངས་པར། །ཞི་བའི་སྲེག་བླུགས་དབང་
ལུང་མང་པོ་དང་། །ཡུལ་སྤྱིར་ཁྲོམ་དབང་རྗེ་དབོན་རིན་པོ་ཆེར། །བླ་མ་དྲག་པོའི་སྐུ་གསུང་ཐུགས་དབང་དང་། །སྐྱ་ཁང་གཞིས་ཕེབས་ཚེ་རྟའི་དབང་སོགས་མཛད། །འབྱོར་བའི་བསྟི་སྟང་དུ་མས་གུས་པར་མཆོད། །རང་དགོན་ཕྱིར་ཕེབས་མངའ་རིས་ནས་ལྷགས་པའི། །དད་ཅན་གཉིས་ལ་ཐུགས་སྒྲུབ་ལས་བྱང་སོགས། །ཆོས་ཀྱི་འབྲེལ་བ་བསྩལ་ནས་སླར་ཡང་ནི། །གཞུང་སའི་ལུང་བཞིན་ཡར་ལུང་ཁྲ་འབྲུག་བསྐྱོད། །བདུན་ཕྲག་ཞག་ཏུ་གཏེར་གསར་དྲེགས་འཇོམས་ཀྱི། །སྲོག་མནན་འཕང་བའི་ལས་སྦྱོར་སྨིན་པར་མཛད། །གནས་རྟེན་ཡོངས་ལ་མཆོད་འབུལ་སྙན་ཤལ་བཅས། །རྒྱ་ཆེའི་ཐུགས་སྨོན་ཟབ་མོས་མཚམས་སྦྱར་ནས། །མགོ་ཟླའི་ཚེས་དགུར་རང་གི་བསྟི་གནས་ཕེབས། །མདོ་ཁམས་རྫོགས་ཆེན་བླ་མ་དཔོན་གཡོག་དང་། །རྩེ་ཆེན་གྲྭ་རིགས་སྐལ་བར་ལྡན་པ་འགར། །སྒྲོལ་དཀར་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ། །དུར་ཁྲོད་བདག་མོའི་རྗེས་གནང་རྟ་མགྲིན་དབང་། །ཕྱག་རྡོར་ཚེ་ཡི་དབང་བཀའ་ལ་སོགས་དང་། །ཐུགས་ཐིག་ལས་བྱང་གསང་བདག་དགོངས་རྒྱན་སོགས། །ལུང་མང་ཉེར་བཞིའི་གཟའ་སྐར་དགེ་བའི་ཉིན། །རིག་པ་འཛིན་པའི་འདུས་པ་སྤྱི་སོ་ནས། །གཏེར་གསར་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །ཞབས་པད་ཡུན་དུ་བརྟན་པའི་གསུང་ཚོགས་དང་། །རྟེན་འབྱུང་དངོས་པོའི་འབུལ་བ་རྒྱ་ཆེར་མཛད། །བདུན་བཞིའི་བར་དུ་ཡང་སྙིང་ཀུན་འདུས་ཀྱི། །བསྙེན་སྒྲུབ་ཟབ་མོའི་རིམ་པར་ཆིག་སྒྲིལ་དང་། །ལོ་འདིའི་མཇུག་གི་དུས་རིམ་ཚོགས་དབུར་ཕེབས། །ཉིན་ཐའི་ཟོར་འཕང་རྟེན་འབུལ་ལ་སོགས་པ། །སྔར་བཞིན་མཛད་ལ་དེ་འདས་མེ་རྟ་ལོ། །ཟིལ་གནོན་ཞེས་བྱ་དགུང་ལོ་སོ་གསུམ་གྱི། །སྟེང་ཕེབས་གསར་ཚེས་དགྱེས་སྟོན་ཆེན་པོ་དང་། །ཚེས་གསུམ་དུས་གསོལ་ལ་སོགས་རྒྱས་པར་མཛད། །སྐལ་བར་ལྡན་པ་ཤེལ་བྲག་བླ་མ་སོགས། །དོན་གཉེར་འགའ་ལ་བདེ་གཤེགས་ཀུན་འདུས་ཀྱི། །དབང་ཁྲིད་གཞན་ཡང་རྡོར་སེམས་ཐུགས་སྒྲུབ་ཀྱི། །དབང་ལུང་བསྩལ་ཞིང་དབོ་ཟླའི་སྒྲུབ་མཆོད་ཀྱི། །ཚོགས་དབུར་བསྐྱོད་ལ་སྔ་ཕྱི་ཅི་རིགས་པར། །ཟར་སྤྲུལ་དགེ་སྦྱོང་བློ་གསལ་རྒྱ་མཚོ་ལ། །ལས་འབྲེལ་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི། །དབང་ལུང་ལ་སོགས་ཆོས་
སྦྱིན་མང་པོ་དང་། །ལྷ་རྩེ་གྲུབ་ཆེན་ཀུན་བཟང་ཀློང་གྲོལ་སོགས། །སྐལ་ལྡན་མང་པོར་བདེ་གཤེགས་ཀུན་འདུས་ཀྱི། །དབང་ལུང་ཁྲིད་བཀའ་མ་ལུས་སྨིན་པར་མཛད། །ནག་ཟླའི་ནང་དུ་གོང་གསལ་ཆོས་ཞུས་མཚོན། །སྐྱ་སེར་འདུས་པ་བཅུ་ཕྲག་བརྒྱད་ཙམ་ལ། །བླ་མ་ཡང་ཐིག་བི་མ་སྙིང་ཐིག་གི། དབང་ལུང་ཟབ་ཁྲིད་ཤིན་ཏུ་སྨིན་པ་དང་། །གཏེར་གསར་བླ་མ་ཞི་དྲག་ལ་སོགས་པ། །དབང་ལུང་གདམས་པའི་ཆོས་ཀྱི་སྦྱིན་པ་བཀྱེ། །མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ། །རྗེ་བཙུན་བླ་མ་མི་འགྱུར་དཔལ་སྒྲོན་གྱི། །འབྲལ་སྤངས་ཐང་སྐུ་གསར་བཞེངས་མང་པོ་ལ། །རབ་གནས་ཆོ་གའི་མེ་ཏོག་འཐོར་བ་དང་། །ཆོས་སྲུང་རྣམས་ལ་འཕྲིན་བཅོལ་རྒྱས་པའང་མཛད། །ས་ཟླའི་སྒྲུབ་མཆོད་དཀྱིལ་འཁོར་ཆེན་པོ་བརྒྱད། །ཞལ་ཕྱེ་སྔར་བཞིན་མཆོད་སྒྲུབ་རྒྱས་པ་དང་། །མི་དབང་མདོ་མཁར་དོན་གྲུབ་ཚེ་དབང་ལ། །གཏེར་གསར་ཨ་ཏིའི་དབང་ཁྲིད་གཞན་ཡང་ནི། །ཚེ་གུར་དབང་དང་རྟ་མགྲིན་གསང་སྒྲུབ་དབང་། །ལོཀྟྲིའི་རིག་གཏད་དཔལ་རིའི་གྲྭ་པ་སོགས། །དོན་གཉེར་ཅན་འགར་མཁའ་འགྲོ་སྙིང་ཐིག་གི། སྤྲོས་བཅས་སྤྲོས་མེད་རབ་ཏུ་སྤྲོས་མེད་དབང་། །ཟབ་ཁྲིད་ལ་སོགས་ཆོས་སྤྱིན་མང་པོ་མཛད། །སྣྲོན་ཟླའི་ཚེས་བཅུ་མཆོད་པའི་ཆོ་ག་དང་། །ཕྱི་ནང་དབང་གིས་འདུས་མང་རེ་བ་བསྐངས། །དེ་ནས་བཅུ་གཅིག་མགོ་ཟླའི་བར་ཉིད་ལ། །གཞིས་བྱེས་སྐལ་བར་ལྡན་པ་མང་པོ་ལ། །གཙོ་བོར་གཏེར་ཆེན་བླ་མའི་གཏེར་གསར་སྐོར། །གཞན་ཡང་གཏེར་རྙིང་བཀའ་མ་ལ་སོགས་པ། །མདོ་སྔགས་ཆོས་ཚུལ་མང་པོའི་དབང་ཁྲིད་ལུང་། །ཡང་ཟབ་གདམས་པའི་ཆོས་འཁོར་བསམ་ཡས་པ། །བར་མེད་གདུལ་བྱའི་བློ་དང་འཚམས་པ་བསྐོར། །ཕྱི་ནང་གྲ་ཡི་སྡེ་དཔོན་འགའ་ཡིས་མཚོན། །དད་སྟོབས་ལྡན་པའི་སྦྱིན་པའི་བདག་མང་པོས། །འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བའི། །གསུམ་ལྡན་འདུས་པའི་ཚོགས་ཀུན་བཀུར་སྟིས་མཆོད། །དེ་དག་དགེ་རྩ་བྱང་ཆེན་སར་བསྔོ་བར། །ཆིབས་ཁ་བསྐྱོད་ལ་མདོ་ཁམས་ནས་ལྷགས་པའི། །བླ་མ་འདྲེན་མཆོག་ཧོར་བླ་བཟང་པོ་གཉིས། །སོ་སོས་རྟ་ནོར་མཛོ་གཡག་ལ་སོགས་པའི། །དངོས་པོ་འབུལ་ནོད་རྒྱ་ཆེར་མཛད་པ་ལ། །བླ་མེད་བྱང་ཆེན་ས་ལ་བསྔོ་
བསྒྱུར་དང་། །འདོད་པའི་དབང་ལུང་ཁྲིད་ཀྱི་སྐྱེས་ལན་བསྩལ། །སྐབས་འདིར་མདའ་ཅན་སྙིང་ཞུགས་ཁ་ཅིག་གིས། །ངན་གཡོའི་ཕུང་དཀྲོལ་སྦྱོར་བ་ཆེར་བཤམས་ཏེ། །མི་བདེན་རྫུན་བསྒྲིགས་རང་བཟོའི་གཏམ་ངན་ལ། །ཤར་ཕྱོགས་གོང་མའི་བཀའ་ལུང་ཡིན་བསྙད་ཀྱིས། །མི་རྗེ་དཱ་ཆིང་བཱ་དུར་གྱིས་མཚོན་པའི། །བོད་ཡུལ་ཆེན་པོ་རྣམས་ཀྱི་སྙན་སྦྲན་རྟེན། །ཞྭ་སེར་རིང་ལུགས་འཛིན་པ་ཁོ་ན་ལས། །སྙིང་པོའི་བསྟན་དང་དེ་འཛིན་དགེ་འདུན་ལ། །བཀུར་སྟི་ཞབས་ཏོག་ངོ་ལྐོག་གང་དུ་ཡང་། །སུས་ཀྱང་བྱས་མི་ཆོག་པའི་ལུང་བསྒྲགས་ཏེ། །གྲུབ་མཐའི་ཀུན་སློང་ངན་པའི་མེ་སྟག་གིས། །རྙིང་བསྟན་ལྗོན་པ་བསྲེག་པར་ཉེ་བ་ན། །ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས། །སྔོན་ཆད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས། །གོང་མ་ལྔ་པ་ཆེན་པོའི་བར་ཉིད་དུ། །རིས་མེད་བསྟན་པ་ཉམས་སུ་བླངས་པ་ལ། །བརྟེན་ནས་གངས་ལྗོངས་བདེ་སྐྱིད་ཚུགས་པ་འདི། །བསམ་སྦྱོར་ངན་པའི་རྗེས་སུ་འབྲང་བྱས་ནས། །གཏན་འདུན་རླུང་ལ་བསྐུར་བ་མི་འགབ་ཚུལ། །ལན་གཅིག་མིན་པར་གཙོ་ཚོགས་ལ་བཟླས་པའི། །བཟང་པོའི་གཏམ་གྱིས་ངན་པའི་བློ་སྦྱངས་ཀྱང་། །རང་གི་རང་བཞིན་མི་གཏོང་ཕྱེ་མ་ལེབ། །མར་མེའི་འོད་ལ་སྐྱབས་རེ་དོན་ཉིད་དུ། །རང་སྲོག་འདོར་ལ་ཆེད་དུ་དཔའ་བ་བཞིན། །ངན་གཡོའི་སྦྱོར་བ་རྒྱ་ཆེར་བཤམས་པ་ན། །བསྟན་འགྲོ་སྤྱི་དང་བྱེ་བྲག་བདེ་ཐབས་དང་། །ཁྱད་པར་མདོ་སྔགས་གསར་རྙིང་བསྟན་པ་ཡོངས། །གནའ་བོའི་དུས་ལྟར་གཅིག་ཏུ་གནས་པའི་ཆེད། །ཆོས་སྲུང་རྣམས་ལ་ཕྲིན་བཅོལ་གསོལ་མཆོད་ལས། །རྒྱལ་ཟླའི་དམར་ཕྱོགས་བདུན་ཕྲག་ཞག་ལོངས་པར། །མཛད་གཞན་ཁྱད་བསད་རྩེ་གཅིག་སྒྲུབ་པར་མཛད། །སྤྲེའུ་ཞེས་བྱ་མེ་མོ་ལུག་གི་ལོ། །དགུང་ལོ་སོ་བཞི་བཞེས་པའི་ལོ་གསར་གྱི། །དགྱེས་སྟོན་སྔ་ཕྱི་ཚེས་གསུམ་དུས་གསོལ་དང་། །ཁམས་བླ་འདྲེན་མཆོག་ཡིབ་ཕྱི་ཤེལ་བྲག་པའི། །བླ་མ་ལ་སོགས་འདུས་པ་ལྔ་བཅུ་ལ། །དབང་ལུང་ཁྲིད་སོགས་ཆོས་སྦྱིན་མང་པོ་དང་། །ཉང་གི་སྟོན་ཆེན་རིག་འཛིན་རྒྱ་མཚོ་ཡི། །གཏེར་གསར་རིག་འཛིན་བླ་མའི་སྒྲུབ་པ་ཉིད། །འདུས་
སྡེར་བསྙེན་བཀུར་བཙུགས་པའི་ཉིན་ཐ་ཡི། །སྔ་དྲོ་འདུས་ཚོགས་ཆོས་ཞུ་གཞན་ལ་སོགས། །བརྒྱ་ཕྲག་གཉིས་སུ་ཉེ་བར་ཐུགས་ཐིག་གི། རྩ་དབང་ཕྱི་དྲོ་འབུལ་ནོད་རྒྱ་ཆེར་བསྟབས། །བདག་གིར་བཞེས་ལ་བསྔོ་བའི་མཚམས་སྦྱོར་མཛད། །ཡིབ་ཕྱི་བླ་མ་ཨོ་རྒྱན་སྟོབས་རྒྱས་ཀྱིས། །ཡོན་སྦྱར་རིག་འཛིན་འདུས་པ་ཆེན་པོ་ཡི། །ཞབས་པད་ཡུན་དུ་བརྟན་པའི་ཆོ་ག་དང་། །དབོ་ཟླའི་སྒྲུབ་མཆོད་ཆེན་པོ་སྔར་བཞིན་ཚུགས། །མངའ་བདག་བླ་མ་ཟར་སྤྲུལ་ཤེལ་བླ་སོགས། །དད་གསུམ་ལྡན་པའི་འཁོར་ཚོགས་མང་པོ་ལ། །མཁའ་འགྲོ་སྙིང་ཐིག་ཆེན་མོའི་ཁྲིད་ལ་སོགས། །དབང་ལུང་གདམས་པའི་སྒོ་འཕར་མང་པོ་ཕྱེ། །ས་གའི་སྒྲུབ་མཆོད་སྤྲེལ་ཟླའི་ཚེས་བཅུ་སོགས། །སྔར་བཞིན་ཚུགས་ལ་ཕྱི་ནང་དབང་ཆོས་དང་། །རྗེ་དབོན་ཕྱག་མཛོད་རྒྱལ་ཚབ་སྤྲུལ་སྐུ་སོགས། །འདུས་པར་བཅས་པར་ཚེ་ཡི་དབང་བཀའ་དང་། །དེ་སྟེང་བསམ་རྩེའི་སྒྲུབ་མོ་བཅས་པ་ལ། །དབུ་མ་ལུགས་ཀྱི་སེམས་བསྐྱེད་སྡོམ་པ་བསྩལ། །གཞན་ཡང་ཆུ་བཟང་སྤྲུལ་སྐུ་ལ་སོགས་པ། །གཞིས་བྱེས་སྐལ་བར་ལྡན་པ་མང་པོ་ལ། །དབང་ལུང་གདམས་པའི་བཅུད་མཆོག་བདུད་རྩི་ཡིས། །རེ་བ་ཇི་བཞིན་བློ་བུམ་འགེང་བ་ལ། །བར་མེད་ཆོས་ཀྱི་སྦྱིན་པའི་དགའ་སྟོན་ཉིད། །རྒྱལ་ཟླའི་བར་དུ་གསུངས་པའི་དུས་ཀྱིས་འདས། །ཞང་རིགས་ལྡུམ་པོ་ཚེ་བརྟན་མི་འགྱུར་དང་། །ལེགས་གླིང་སྡེ་པ་ཕུན་ཚོགས་རྡོ་རྗེ་སོགས། །ཕྱི་ནང་གྲ་ཡི་གཤིན་པོ་མང་པོ་དག །ཞག་གསུམ་གསལ་འདེབས་འདད་ཀྱི་དགེ་བསྔོ་སོགས། །རྗེས་སུ་བཟུང་བའི་བཀའ་དྲིན་བསམ་ལས་འདས། །སྐབས་འདིར་བོད་ཡུལ་སྲིན་པོ་གདོང་དམར་འདྲའི། །ལོག་སྤྱོད་སྐྱེ་བོའི་རྣམ་སྨིན་ཡོ་ལང་གི། མི་རྗེ་དཱ་ཆིང་བཱ་དུར་གྲི་རུ་བཀུམས། །ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་ཉིད། །གཙང་ཕྱོགས་ཐེགས་པར་རྗེས་སྙེགས་དཔུང་བཅས་བརྫངས། །རྐྱེན་དེས་བྱས་ཏེ་དབུས་གཙང་གཙོར་གྱུར་པའི། །བོད་ཡུལ་མི་བདེའི་མཚོན་ཁ་ཆེན་པོ་ལངས། །གཞུང་སའི་བཀས་བསྐུལ་གཡོ་རུ་ཁྲ་འབྲུག་ཏུ། །འདུས་པར་བཅས་ཏེ་བདུན་ཕྲག་གཉིས་ཀྱི་བར། །དེ་དག་བཟློག་བྱེད་སྐུ་རིམ་སྒྲུབ་ཏུ་ཕེབས། །ཁྱད་པར་ལོ་འདིའི་མཇུག་གི་དུས་རིམ་ཚབ། །རང་དགོན་ཆོས་
སྡེ་ཆེན་པོ་འདི་ཉིད་དུ། །འདུས་པའི་ཚོགས་དབུར་བསྐྱོད་ལ་བདུན་གཅིག་རིང་། །ཆོས་སྲུང་རྣམས་ལ་འཕྲིན་བཅོལ་གནད་སྨིན་དང་། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་བ་ཡི། །བསྟན་འགྲོ་བདེ་བའི་ཐུགས་སྨོན་ཟབ་མོ་མཛད། །ཕུར་བུ་ཞེས་བྱ་ས་སྤྲེལ་དགུང་ལོ་གྲངས། །སོ་ལྔའི་སྟེང་ཕེབས་དགྱེས་སྟོན་སྔར་བཞིན་དང་། །དབོ་ཟླའི་སྒྲུབ་མཆོད་ཆེན་མོའི་ཚོགས་དབུར་བསྐྱོད། །ཆོས་རྫོང་བླ་མ་རྣམ་རྒྱལ་གྲགས་པ་དང་། །ཐུགས་སྲས་སྤྲུལ་སྐུ་བྱ་རྒོད་དབོན་མོ་སོགས། །སྐལ་བར་ལྡན་པའི་ཆོས་ཞུ་ཁག་མང་པོར། །བཀའ་གཏེར་མང་པོའི་དབང་ཁྲིད་ལུང་ཉིད་དང་། །མན་ངག་ཟབ་གུའི་ཆོས་སྦྱིན་བར་མེད་མཛད། །ནག་ཟླའི་ཉེར་གཉིས་ཕུན་ཚོགས་རབ་བརྟན་དུ། །རྨོ་མོ་བསྟན་འཛིན་བུ་ཁྲིད་སྐུ་གཤེགས་པར། །འཕོ་བའི་གདམས་པ་ཟབ་མོས་རྗེས་སུ་བཟུང་། །ས་ཟླའི་ཆོག་མང་སྒྲུབ་མཆོད་ཚུགས་པ་ལ། །ས་འདུལ་ཁྲག་འཐུང་རྩ་བའི་འཆམས་སྟབས་ཀྱི། །རྡོ་རྗེ་སློབ་དཔོན་ཚོགས་དབུར་རྒྱུན་དུ་ཕེབས། །མཐའ་སྡུད་བྲུབ་འཆམས་ཁ་སྐོང་ལས་བཞི་ཡི། །སྦྱིན་སྲེག་ཁག་དང་དངོས་གྲུབ་ལེན་པ་དང་། །མར་མེའི་སྨོན་ལམ་ཡན་ཆད་སྨིན་པར་མཛད། །ཡོངས་ཀྱི་བཤེས་གཉེན་ཨོ་རྒྱན་ཆོས་གྲགས་སོགས། །གོང་གསལ་ཆོས་ཞུ་གཞན་ཡང་ཁག་མང་པོར། །འཇིགས་བྱེད་རོ་ལངས་བརྒྱད་སྐོར་ཕྱག་དྲུག་པ། །རྣམ་སྲས་སེར་ཆེན་ཚེ་ཡི་དབང་བཀའ་སོགས། །དམ་པ་ཆོས་ཀྱི་འཁོར་ལོ་མང་པོ་བསྐོར། །སྐབས་འདིར་མི་དབང་ཡབ་སྲས་དཔུང་བཅས་ཀྱིས། །འགལ་ཟླའི་དཔུང་ཚོགས་མ་ལུས་བཅོམ་བྱས་ནས། །རང་བཞིན་ལྷུན་གྲུབ་དཔོན་པོའི་གཟི་བྱིན་ཅན། །ལྷ་ལྡན་བོད་ཀྱི་རྡོ་རྗེ་གདན་དུ་བརྟོལ། །མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲིར། །གནམ་བསྐོས་རྒྱལ་པོའི་ངང་ཚུལ་གྱིས་འཁོད་ཅིང་། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བ་ལ། །རྒྱལ་བའི་དབང་པོ་ཡབ་སྲས་ཐུགས་བསྐྱེད་དང་། །སྣོད་གཅིག་དཀར་བའི་ངོ་མཚར་མཛད་པ་ཉིད། །བདག་གིར་བཞེས་པའི་སྙན་དང་གྲགས་པའི་གཏམ། །ཕྱོགས་ཀྱི་བུ་མོའི་རྣ་བར་བྱིན་པ་ཡི། །མི་འཇིགས་རྒྱལ་རྔ་དང་པོར་ལྡིར་བའི་ཚེ། །དད་དང་སྤྲོ་བས་ཟང་ཟིང་འབུལ་ནོད་བཅས། །སྣྲོན་ཟླའི་དཀར་
ཕྱོགས་དགའ་བ་གསུམ་པ་ལ། །གསེར་ཞལ་མཇལ་བ་ལྷ་ལྡན་ཕྱོགས་སུ་ཕེབས། །དེ་འཕྲལ་མཇལ་དར་སྲིད་དུ་རིང་བ་དང་། །ཟུར་ཆས་བདོག་པའི་གསོལ་རས་གྱ་ནོམ་བཅས། །བཀའ་ཡི་ཕྲིན་ལས་པ་ཉིད་ཆེད་དུ་གནང་། །རྫོགས་པ་གསུམ་པར་བོད་ཡུལ་པོ་ཏ་ལར། །གངས་ཅན་ཕྱག་ན་པདྨོའི་ཕྱག་དབང་དང་། །ཕྱི་ཉིན་དབང་པོའི་ཁང་བཟང་སར་འཕོས་འདྲའི། །བཀོད་ལེགས་དགའ་ལྡན་ཁང་གསར་དུ་གྲགས་པར། །མི་རྗེ་བསོད་ནམས་སྟོབས་རྒྱས་བློན་པོར་བཅས། །ཉེ་དབང་སོ་གཉིས་ཀྱིས་བསྐོར་དབང་པོའི་ལྷའི། །རྒྱལ་སྲིད་དཔལ་འབྱོར་མངའ་རིས་ཆེན་པོ་དེར། །རྗེ་ཉིད་སྤྱི་བོར་བཀུར་ཕྱིར་མདུན་ནས་བསུས། །བསྙེན་དང་བཀུར་སྟིའི་ཁྱད་པར་བསམ་ལས་འདས། །སྙན་པའི་གཏམ་དང་དཀར་བའི་ཐུགས་ཡིད་བསྲེས། །གནས་དེར་མི་དབང་ཡབ་ཡུམ་སྲས་བཅས་ལ། །གུར་དྲག་རྩ་དབང་ཚེ་དབང་བརྒྱ་ཚར་དང་། །བྱད་གདོན་འགྲོལ་བའི་ཆོ་ག་ལ་སོགས་པ། །བར་གཅོད་བསལ་བའི་རྟེན་འབྲེལ་མང་པོ་དང་། །རྣམ་བཞིའི་ཕྲིན་ལས་རྒྱས་པའི་ཐབས་ཀ་མཛད། །རིན་ཐང་བྲལ་བའི་རྒྱལ་བའི་བཀའ་འགྱུར་དང་། །སྲིད་ན་རིང་བ་ཕྱི་ནང་གོས་དར་ཡུག །ཇ་སིག་རིན་ཆེན་དངུལ་དཀར་བྲེ་ཆེན་དང་། །ཁྱད་འཕགས་ཆིབས་བཅས་ཟང་ཟིང་དངོས་པོའི་སྐྱེས། །རྨུགས་འཛིན་དབང་པོའི་མཛོད་ཕྱེ་ལྟ་བུར་བསྩལ། །ལྕང་གསེབ་ཤར་དུ་རྒྱུ་སྐར་བཀྲམ་འདྲ་བའི། །བཞུགས་སྒར་ཐོག་ཏུ་ལྷ་སྲས་གུང་ཉིད་ལ། །གཏེར་གསར་རྡོར་སེམས་ཨ་ཏིའི་རྩལ་དབང་དང་། །ལྷ་ཆེན་སྲོག་གཏད་ལས་བྱང་ལུང་ཉིད་མཛད། །དུས་དེར་བསམ་སྦྱོར་ལྷན་ཅིག་རྩུབ་པ་འགར། །མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཕོ་བཙུགས་ཀྱི། །མི་རྗེ་ཡབ་སྲས་སྙན་དུ་སྦྲན་པ་ཡིས། །གཅེས་པའི་སྲོག་གི་ཉེན་ལས་བསྐྱབས་པར་མཛད། །མངའ་བདག་བླ་མ་སྐུ་གཞོན་བོན་གྲོང་པ། །སྙུག་འཛིན་ཀུན་ར་ཤར་པ་བསྟན་དར་ཟུང་། །མགྲོན་གཉེར་བློ་བཟང་བསམ་འགྲུབ་ལ་སོགས་པ། །མི་ཕྲོགས་རྣམ་དཔྱོད་མངའ་བ་མང་པོ་ལ། །རྟ་མགྲིན་ཚེ་ཡི་དབང་ལ་སོགས་པ་ཡི། །རྐྱེན་ངན་སེལ་བའི་ཕན་པ་མང་པོ་མཛད། །རྣམ་ལྔའི་མཆོད་པ་རེག་བདེའི་སྙན་ཤལ་བཅས། །ཇོ་ཤཀ་རྣམ་གཉིས་མཇལ་ཞིང་ཐུགས་སྨོན་མཛད། །དེ་ལས་རྒོད་དཀར་ལ་བརྒྱུད་
བསམ་ཡས་ཕེབས། །གནས་དེར་རྒྱལ་བའི་ཡབ་རྗེའི་མཇལ་ཁ་དང་། །གནས་རྟེན་རགས་རིམ་མཇལ་ཞིང་ལོ་ཧི་ཏ། །བརྒལ་ཞིང་རྣམ་སྲས་གླིང་དུ་ཞག་གཉིས་བཞུགས། །ཞལ་ངོ་རྣམས་ལ་ཚེ་ཡི་དབང་ཉིད་བསྩལ། །ཆུ་སྟོད་ཟླ་བའི་ཚེས་ལྔར་དགོན་དུ་ཕེབས། །ཕྱི་ནང་གྲ་ཡི་ལྷ་འབངས་ཐར་གླིང་བཅས། །དགའ་བའི་བྲོ་གཞས་གཟིགས་སྣ་ཕུལ་བ་ལ། །ཟང་ཟིང་དངོས་པོའི་གནང་ཆ་རྒྱ་ཆེར་བསྩལ། །རང་རང་ལས་ཀྱི་གྱོད་ཁས་ཉེན་པ་ཡི། །འགའ་ཞིག་སྲོག་གི་ཉེན་ལས་བསྐྱབས་པ་དང་། །ལ་ལ་དབང་རིགས་བདག་ཐོབ་ཤོར་ཉེ་བར། །མི་རྗེའི་བཀའ་རྟགས་ཕྱག་རྒྱ་བརྩན་པོ་ཉིད། །ཉེ་བར་བླངས་ཏེ་ཕན་པས་རྗེས་སུ་བཟུང་། །དོན་གཉེར་ཅན་འགར་གསང་ཡེའི་བྱིན་རླབས་ལུང་། །དཔལ་གྲོང་ལྕམ་ལ་ཚེ་གུར་དབང་མཛད་ནས། །སྐུ་མཆེད་འཁོར་བཅས་ལེགས་གླིང་གཞིས་སུ་ཕེབས། །ཚེ་ཡི་དབང་བསྩལ་ཞབས་ཏོག་འབུལ་ནོད་གཟབ། །ཁྲུམས་ཟླའི་དཀར་ཕྱོགས་རྟ་ར་བླ་མ་ཡི། །རྟ་དྲེལ་མཛོ་གཡག་ཇ་སིག་ལ་སོགས་པའི། །རྗེ་ཡི་སྤྱན་སྔར་བརྒྱ་ཕྲག་འབུལ་བ་དང་། །འདུས་པའི་ཚོགས་ལ་ཇ་འགྱེད་བཏང་བ་ལ། །ཟག་མེད་བསྔོ་བའི་རྒྱས་འདེབས་ཡང་དག་མཛད། །རྟ་ར་བླ་མ་མེ་རག་བླ་མ་སོགས། །སྐལ་བར་ལྡན་པ་མང་པོར་ཟབ་མོའི་ཁྲིད། །དབང་ལུང་གདམས་པའི་ཆོས་ཀྱི་སྦྱིན་པ་བཀྱེ། །མངའ་བདག་ཉང་སྟོན་རིག་འཛིན་རྒྱ་མཚོ་ཡི། །རྗེ་ཉིད་འདུས་པར་བཅས་པར་བསྙེན་བཀུར་ནས། །བདུན་ཕྲག་ཞག་ཏུ་ན་རཀ་སྐོང་བཤགས་དང་། །ཉིན་གསུམ་སྔར་བཅོལ་ལེགས་པའི་གཏང་རག་ཏུ། །ཆོས་སྲུང་རྣམས་ལ་ཕྲིན་བཅོལ་རྒྱས་པར་མཛད། །སྟོན་འཁོར་མ་ལུས་བདོག་དགུས་མཆོད་པ་ལ། །དགེ་རྩ་བླ་ན་མེད་པའི་རྒྱུ་རུ་བསྔོས། །ཡོན་གྱི་བདག་པོ་གཙོར་གྱུར་ལས་ལྡན་འགར། །བཀའ་བརྒྱད་རྫོང་འཕྲང་དབང་ལུང་སྨིན་པར་མཛད། །སླར་ཡང་གཞུང་ས་མཆོག་ནས་ཡོན་སྦྱར་ལྟར། །འདུས་པར་བཅས་པའི་སྟོན་འཁོར་ལྷན་ཅིག་པས། །ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་མང་པོ་བསྐོར། །གྲ་ཡི་ལྡུམ་པོར་སྟོན་འཁོར་ཆབས་ཅིག་བསྐྱོད། །རབ་ཏུ་གནས་པའི་ཆོ་ག་ཉིན་ཆོག་གིས། །གནས་བྱའི་རྟེན་ལ་ལྷག་གནས་མེ་ཏོག་འཐོར། །ཚེ་ཡི་དབང་བསྩལ་རྙེད་བཀུར་རྒྱས་པར་ཞུས། །གྲུབ་པའི་དབེན་
གནས་དར་རྒྱས་ཆོས་གླིང་དུ། །སྐོར་གཅིག་ཐེགས་ནས་དགོན་སྡེ་ཆེན་པོར་ཕེབས། །ཡོངས་འདུའི་རྒྱལ་ཁབ་ཆེན་པོ་རྒྱ་རི་བའི། །ས་དབང་ཞབས་དྲུང་མ་ཆེན་དགོངས་བཞེད་བཞིན། །དབེན་པའི་གནས་མཆོག་ངམ་ཤོད་ཕུག་ཏུ་ཕེབས། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །དཀྱིལ་འཁོར་ཞལ་ཕྱེ་སྨན་གྱི་སྒྲུབ་པ་ཚུགས། །ལྷ་རིགས་ཞབས་དྲུང་ཤེལ་བྲག་བླ་མ་སོགས། །སྐལ་ལྡན་མང་པོར་སྨིན་བྱེད་དབང་ལུང་དང་། །གྲོལ་བྱེད་ཁྲིད་ཀྱི་ཆོས་འཁོར་མང་དུ་བསྐོར། །ཁྱད་པར་ཉིས་སྟོང་བརྒལ་བའི་ཁྲོམ་ཚོགས་ལ། །ཚེ་རྟའི་དབང་གི་ཐར་པའི་ས་བོན་བཞག །འབྱོར་བའི་བསྟི་སྟང་དུ་མས་བསྙེན་བཀུར་ཞིང་། །རྒྱལ་སྲིད་རིན་ཆེན་བདུན་གྱི་ཡ་གྱལ་ཉིད། །རྟ་མཆོག་ཉམས་བཟང་ཕུལ་བས་ཆིབས་སུ་ཕེར། །ཡོན་གྱི་བདག་པོའི་དགོངས་པ་ཡོངས་སུ་རྫོགས། །དེ་ལས་ས་ཡི་ཚངས་ཆེན་འཁོར་བཅས་ཀྱི། །ཆིབས་ཀྱི་སྐྱེལ་མ་དང་བཅས་སའི་འོག་མིན། །ངོ་མཚར་ཆོས་གྲྭ་ཆེན་པོར་ཕྱག་ཕབ་ནས། །གཏེར་ཆེན་བླ་མའི་གསུང་ཟབ་ཁྲིད་གཉེར་བ། །དགེ་སློང་གིས་མཚོན་གཞིས་བྱེས་དོན་གཉེར་འགར། །དབང་ལུང་ཟབ་ཁྲིད་མང་པོའི་བཀའ་དྲིན་བསྩལ། །ལོ་འདིའི་མཇུག་གི་དུས་རིམ་ཆེན་མོ་སོགས། །ཕྲ་ཞིབ་ཕྱག་ལེན་མ་ཉམས་སྔར་བཞིན་དང་། །དགུང་ལོ་སོ་དྲུག་ཞི་བ་ས་བྱའི་ལོའི། །གསར་ཚེས་དགྱེས་སྟོན་དུས་གསོལ་སོགས་མཛད་རྗེས། །ཤིང་རྩ་སྤྲུལ་སྐུ་ཟ་ར་སྤྲུལ་སྐུ་སོགས། །གཞན་དོན་ནུས་པའི་བུ་ཆེན་མང་པོ་དང་། །མི་དབང་མདོ་མཁར་བློ་བཟང་བཀྲ་ཤིས་སོགས། །དད་སྟོབས་འཆང་བ་མང་པོའི་རེ་འདོད་བཞིན། །སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་བདེ་འདུས་སོགས། །དབང་ཆེན་དབང་ཕྲན་ལུང་ཁྲིད་མང་པོ་མཛད། །རྟ་ཟླའི་ཉ་ནས་ལུག་ཟླའི་ཉེར་གསུམ་བར། །རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་གནད་ཐེམས་དང་། །ཕྱི་ནང་གྲ་ཡི་ཡོན་བདག་མང་པོའི་སར། །གཤིན་དགེ་གསོན་རིམ་དགེ་བསྔོ་ངོ་སྤྲོད་དང་། །གཞུང་སའི་བཀས་མངགས་བསྟན་སྲིད་ཇུས་རིམ་སོགས། །སྨྲ་བོ་ཞབས་དྲུང་ཡབ་སྲས་ཀླུ་ཆུ་དང་། །མཁར་ཆེན་ཆོས་དྲུང་སྒྲུབ་སྡེ་བསམ་གཏན་རྩེའི། །གཉུག་མར་གནས་པ་མ་ཇོ་ཁ་ཐོར་དང་། །རྩེ་ལི་སྤྲུལ་སྐུ་མངའ་བདག་བླ་མ་མཆེད། །རྩེ་ཆེན་
གྲ་རིགས་ལེགས་གླིང་སྨོན་གྲུབ་པའི། །ཞལ་ངོ་སོགས་ཏེ་ཆོས་ཞུ་ཁག་མང་པོར། །གཏེར་གསར་གཏེར་རྙིང་བཀའ་མ་དག་སྣང་སོགས། །དབང་དང་རྗེས་གནང་ཟབ་ཁྲིད་མན་ངག་ལུང་། །ཉིན་ལྟར་ཆོས་ཐུན་གཉིས་གསུམ་ལ་སོགས་པའི། །དམ་པའི་ཆོས་སྒོ་འབུམ་ཕྲག་ཕྱེ་བ་སོགས། །རྣམ་བཞིའི་ཕྲིན་ལས་འཆི་མེད་ལམ་ལ་བཅས། །སྤྲེལ་ཟླའི་དུས་ཆེན་ཚེས་བཅུ་མཆོད་པ་དང་། །རྗེས་འབྲེལ་ག །ཏོར་དབང་གནད་ཀྱི་ཤོག་གཅིག་མ། །ཕྱི་ཉིན་ཁྲི་ཕྲག་འདུས་པའི་ཁྲོམ་པ་ལ། །ཚེ་སྲིང་དབང་སྟེ་ཐར་པའི་ས་བོན་བཏབ། །མི་རྗེའི་བཀའ་ཡི་ཕྲིན་ལས་ཤིང་རྟ་ཆེ། །མགྲོན་གཉེར་སྨུག་པོ་སྟང་དཔྱལ་འཁོར་བཅས་ལ། །ཚེ་གུར་དབང་དང་ནང་རྟེན་མཇལ་ཁ་གནང་། །སྟོན་དུས་སྨྲ་བོ་ལྕོག་པའི་གདུང་རྒྱུད་དང་། །བློ་གསལ་གྲྭ་བ་ཉི་ཤུ་སྐོར་ཉིད་ལ། །རྒྱུད་རྒྱལ་རྩ་རྒྱུད་གསང་བ་སྙིང་པོ་ཡི། །བཤད་སྲོལ་བླ་མ་གོང་མའི་གསུང་རྒྱུན་བཞིན། །ལུང་རིགས་ཀྱིས་བརྒྱན་གཞི་ལམ་འབྲས་གསུམ་པོ། །གཏན་ལ་འབེབས་པའི་བཤད་པ་ཞིབ་མོར་མཛད། །ཁྲུམས་ཟླའི་ཚེས་དགུར་མཆེད་འཁོར་ལྷན་ཅིག་པར། །འོལ་དགའི་ཚ་ཆབ་འཕྲོད་བཞེས་དག་ལ་བསྐྱོད། །བདུན་ཕྲག་ཞག་འདས་རྫིང་ཕྱིའི་གནས་གཟིགས་ལ། །ཕེབས་པར་དགོན་སྡེ་དེ་ཡིས་གུས་པར་མཆོད། །དེ་ལས་རྗེ་དྲུང་སྤྲུལ་སྐུ་རིན་པོ་ཆེས། །གཏོང་བའི་ཕྱག་སྐྱོང་འཁོར་བཅས་ཆིབས་བསུ་དང་། །ཐབ་བསུར་བསྔགས་ལ་བླ་བྲང་སྟེང་ཉིད་ནས། །འབུད་དཀྲོལ་བསང་དར་བཀོད་པ་ཚར་དངར་བས། །ཉེར་བསུས་མཇལ་དར་ཕྱག་སྔོན་གནང་བ་སོགས། །བཀུར་སྟི་གཟེངས་བསྟོད་ཆེན་པོས་གོང་དུ་བཀུར། །དག་སྣང་གཡུ་སྒྲོན་མ་ཡི་རྗེས་གནང་དང་། །གནོད་སྦྱིན་ཆེན་པོའི་སྲོག་གཏད་གཞན་ཡང་ནི། །རྒྱལ་གསོལ་ཕྲིན་ལས་དོན་བཅུ་མ་ཉིད་དང་། །སྒྲུབ་ཐབས་སྤྲིན་ནག་འཁྲིགས་པའི་ལུང་བཅས་གསན། །དགེ་བའི་ཚེས་ལ་འདུས་པའི་ཚོགས་ཉིད་ཀྱི། །རྡོ་རྗེ་སློབ་དཔོན་སྤྲུལ་སྐུ་ཉིད་ཀྱིས་མཛད། །རྗེ་འདི་མཐོན་པོའི་ཁྲི་ལ་སྤྱན་དྲངས་ནས། །སྐུ་གསུང་ཐུགས་རྟེན་ཉེར་དཔྱད་སྔོན་བསྟར་བའི། །ཟང་ཟིང་དངོས་པོའི་འབུལ་བ་རྒྱ་ཆེ་བཅས། །འཆི་བ་མེད་པའི་ཆོ་ག་དེའི་རྫས་སོགས། །ཏིང་འཛིན་སྔགས་རྒྱས་བྱིན་གྱིས་རློབ་པ་ཉིད། །རྒྱལ་སྲིད་སྣ་བདུན་
བཀྲ་ཤིས་རྫས་བརྒྱད་སོགས། །སྙན་འཇེབས་དབྱངས་ཀྱི་འགྱུར་བ་ལྡན་བཞིན་པར། །ཞབས་པད་བརྟན་པའི་གསོལ་འདེབས་སྒྲུབ་པར་མཛད། །ཕར་ཡང་སྐྱེས་ལན་ཚུལ་དུ་ཆིབས་བཟང་པོས། །ཐོག་དྲངས་དངོས་པོའི་འབུལ་བ་གྱ་ནོམ་པ། །འདུས་པའི་ཚོགས་ལ་མང་འགྱེད་བསྲུང་མདུད་བཅས། །དག་པའི་སྣང་བ་ཆོས་དར་འབུལ་བར་མཛད། །ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ལ། །སྟོན་འཁོར་མཁའ་སྤྱོད་ཅེས་པར་སྤྱན་དྲངས་ལ། །བདག་ཉིད་ཆེན་པོ་མཆོད་པའི་ཡུལ་དུ་བཞག །སྤྲུལ་བའི་སྐུ་ཉིད་རྫོགས་ཆེན་སྤྲུལ་སྐུ་བཅས། །འདུས་པ་ཕོ་མོ་སྐྱ་སེར་ངེས་མེད་པ། །ཉིས་བརྒྱར་ཉེ་བ་གཡས་གཡོན་གྲལ་འཁོད་ནས། །མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་ཀྱི། །དཀྱིལ་འཁོར་ཆེན་པོར་ཚོགས་སྟོན་གཟབ་རྒྱས་དང་། །རྗེས་འབྲེལ་འདུས་པ་ཕོ་མོ་བཞེངས་སྟབས་ཀྱི། །ཟབ་དོན་གླུ་བརྡར་བླངས་པའི་བྲོ་བརྡུང་ཞིང་། །ལག་པའི་འགྱུར་བ་པདྨའི་བསྐོར་བ་བཅས། །བདག་ཉིད་ཆེན་པོར་མཆོད་པའི་ཚུལ་དུ་འབུལ། །གནས་དེའི་སྟེང་ཤོད་རྟེན་རྣམས་ཞིབ་མཇལ་དང་། །རབ་ཏུ་གནས་པའི་མེ་ཏོག་འཐོར་བར་མཛད། །རང་གྲྭ་དགེ་སྦྱོང་བློ་གསལ་རྒྱ་མཚོ་ཡིས། །རང་གི་བསམ་གཏན་ཁང་བུར་སྤྱན་དྲངས་ནས། །རང་ལ་ཡོད་དགུའི་ཞབས་ཏོག་སྒྲུབ་བྱས་ནས། །རང་གཞན་རྗེས་སུ་འཛིན་པའི་སྨོན་ལམ་མཛད། །སླར་ཡང་སླེ་ལུང་བླ་བྲང་དུ་ཕེབས་ནས། །གནས་རྟེན་མ་ལུས་ཞིབ་མཇལ་སྤྲུལ་པའི་སྐུ། །སྐྱ་སེར་ཕོ་མོ་དཔག་མེད་འཁོར་དང་བཅས། །འཁོར་བའི་ཕྱི་རུ་ཞབས་ཀྱི་སྐྱེལ་མ་དང་། །ཕྱག་མཛོད་ཁྲ་འབྲུག་སྐུ་རྟེན་པ་ལ་སོགས། །བཞོན་པར་བཅས་པའི་སྐྱེལ་མའི་སྤྲོས་པ་བཅས། །རིམ་བཏེག་ཟངས་རི་བདེ་སྐྱིད་གླིང་ཁྱིམ་ཕེབས། །ཚེ་རྟའི་དབང་མཛད་གདན་ས་ཐེལ་དུ་བསྐྱོད། །སྣ་ལྔའི་མཆོད་པ་རེག་བདེའི་སྙན་ཤལ་དང་། །འཇག་མའི་སྤྱིལ་བུར་བརྒྱ་ཕྲག་ཚོགས་མཆོད་མཛད། །རང་དགོན་ཡིབ་ཕྱིའི་བླ་མ་བསྟན་དར་གྱིས། །འགྲོ་བའི་མགོན་པོའི་རྟོགས་བརྗོད་དང་འབྲེལ་བའི། །སྙན་འཇེབས་མགུར་གྱི་མཆོད་པས་མཉེས་པར་བྱས། །དེ་ལས་ཁྲི་སྨོན་ནས་ཀྱིས་སྤྱན་དྲངས་ཤིང་། །རྐྱེན་སེལ་ཚེ་ཡི་དབང་བཀས་ཚིམས་པ་དང་། །འཕྱོངས་རྒྱས་དཔལ་རི་སྤྲུལ་སྐུ་ལ་སོགས་པ། །དད་པས་མཇལ་མི་མང་
པོའི་རེ་བ་བསྐངས། །ཉང་འགོའི་གྲུར་ཕེབས་འཚུབ་ལྷོངས་རྣམ་པ་ཡི། །དགའ་ལྡན་སྔོན་པོར་གྲགས་པའི་ཆིབས་ཀྱི་འཁྲབ། །གྲུ་རྫིང་རྒྱ་མའི་འུར་མཐིལ་ལྟར་ལྡིང་བའི། །ཅི་བྱའི་གཏོལ་དང་བྲལ་བར་གྱུར་པ་ན། །བྱམས་དང་སྙིང་རྗེ་ཆེན་པོས་ཟིལ་གྱིས་མནན། །སྐད་ཅིག་ཞི་སྟེ་ཕ་རོལ་བདེ་བར་བགྲོད། །སྣེ་ཞོལ་ཤར་དུ་ཚེ་རྟའི་དབང་མཛད་ནས། །ཐེག་མཆོག་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། །དབྱུག་ཟླའི་དམར་ཕྱོགས་རྫོགས་ཆེན་སྤྲུལ་སྐུ་དང་། །འཕྱོངས་རྒྱས་དཔལ་སྤྲུལ་ཟར་སྤྲུལ་སྨྲ་ལྕོག་གདུང་། །མི་དབང་མཆོག་གི་སྐུ་ཡི་རིམ་གྲོ་པ། །བྱ་མཆུ་བ་སྟེ་བུ་ཆེན་སྐལ་ལྡན་འགར། །འདུས་པ་མདོ་དབང་བཀའ་བརྒྱད་བདེ་འདུས་ཀྱི། །ཁྲོ་བོའི་དབང་ཆེན་རྣལ་འབྱོར་རྒྱན་དབང་དང་། །ཆོས་དབང་ཕུར་པ་ལས་འབྲེལ་ཕྱག་རྡོར་དབང་། །གཏེར་གསར་གུ་དྲག་གཤིན་རྗེ་དྲེགས་འཇོམས་སོགས། །ཟབ་མོ་དབང་གི་ཆོས་སྦྱིན་མང་པོ་མཛད། །བཅུ་པའི་ཚེས་གཅིག་གཟའ་སྐར་དགེ་བའི་ཉིན། །འཕགས་ཚོགས་རིག་འཛིན་འདུས་པ་རྒྱ་མཚོ་ཡི། །གར་དབང་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ། །ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་མཛད། །པདྨའི་གདུང་འཚོབ་འགྲོ་འདུལ་བླ་མ་ཡི། །གསང་གསུམ་མཚན་དཔེའི་སྣང་བས་ཁྱབ་པ་ཡི། །གནས་ཀྱི་ཡ་གྱལ་ཆོས་འཁོར་ལྷུན་པོ་གང་། །དུས་ཀྱི་འགྱུར་བས་ཉམས་རལ་རྩ་ཞིག་ཉིད། །ལོ་འདིར་གསར་བཞེངས་ཕྱི་ནང་བཀོད་པ་ཉིད། །འཆི་མེད་གནས་ལྟར་ངོ་མཚར་ཕུལ་དུ་བྱུང་། །ལྷ་ཕྱོགས་རྔམས་བརྗིད་ལྡན་པའི་མགོན་ཁང་དུ། །བི་ཤྭ་ཀརྨ་གཉིས་པར་གྱུར་པ་ལྟའི། །དབུ་མཛད་མགོན་པོ་ཕ་བུར་བཅས་པ་ཡིས། །ཆོས་བསྲུང་འགའ་ཡི་འབུར་སྐུ་གསར་བཞེངས་སོགས། །རྟེན་དང་བརྟེན་པར་བཅས་པ་གསར་རྙིང་ལ། །རིག་འཛིན་འདུས་པར་བཅས་པ་སྟོན་འཁོར་གྱིས། །རབ་ཏུ་གནས་པའི་ཆོ་ག་ཉིན་གཉིས་མའི། །ལུགས་སུ་རྒྱས་པར་བསྒྲུབས་པའི་རྗེས་འབྲེལ་དུ། །སྣམ་སྦྱར་ཅན་གྱི་སེར་སྦྲེངས་དང་བཅས་པའི། །ལྷག་པར་གནས་པའི་མེ་ཏོག་འཐོར་བར་ཕེབས། །ཕྱི་ནང་དགེ་བའི་མཚན་མ་མངོན་དུ་གྱུར། །མངའ་བདག་ཉང་སྟོན་རིག་འཛིན་རྒྱ་མཚོ་ཡི། །བཅུ་ཕྲག་ཞག་ཏུ་འདུས་པའི་ཚོགས་ཉིད་ལ། །བདེ་གཤེགས་ཀུན་འདུས་དཀྱིལ་
འཁོར་ཆེན་པོ་ཡི། །སྒྲུབ་མཆོད་བཙུགས་པའི་གྲལ་གྱི་དབུ་ཉིད་དང་། །ཀུན་མཁྱེན་ངག་དབང་ཆོས་དཔལ་རྒྱ་མཚོ་ཡི། །ཉེ་བར་གནས་པ་ཀུན་དགའ་བློ་གྲོས་དང་། །རྗེ་འདིའི་ཞམ་རིང་མི་ཕམ་དབང་ཕྱུག་གཉིས། །དགེ་སློང་དཔལ་འབྱོར་མགྲོན་གཉེར་སྐལ་བཟང་བཅས། །ཆོས་རྫོང་བླ་མ་རྣམ་རྒྱལ་གྲགས་པ་དང་། །དགེ་སློང་འགར་ཚ་འཕེལ་རྒྱས་སོ་སོ་ཡིས། །དད་པ་ཆེན་པོས་ཀུན་ནས་ཉེར་བསླངས་ཏེ། །ཕྱི་ལོ་དགུང་སྐེག་སྟེང་ཕེབས་ཉེན་སེལ་གྱི། །འདུས་པ་རྒྱ་མཚོར་ཞབས་ཏོག་ཡོན་སྦྱར་ཏེ། །ཞབས་པད་ཡུན་བརྟན་གསོལ་འདེབས་བསྒྲུབ་པ་ལ། །རེ་དོན་ཞལ་གྱིས་བཞེས་བཞིན་ཚོགས་དབུར་བསྐྱོད། །ཞང་རིགས་ཕུན་ཚོགས་རབ་བརྟན་གཞིས་ཉིད་དུ། །འདུས་པར་བཅས་པ་རབ་གནས་ཆོ་ག་ལ། །སྤྱན་དྲངས་གནས་བྱའི་རྟེན་ལ་མེ་ཏོག་འཐོར། །ཟག་བཅས་དགེ་བ་བྱང་ཆེན་སར་བསྔོ་མཛད། །ཉི་བཟློག་དང་བསྟུན་རིག་འཛིན་བླ་མ་ཡི། །ཕྱི་ནང་གསང་བའི་བསྙེན་སྒྲུབ་སྨིན་པ་དང་། །ཉེ་བསྐོར་ཚེས་བཅུ་ཁག་ལ་ཐུགས་ཐིག་དབང་། །གུར་དྲག་ལས་བྱང་བདུད་རྩིའི་སྤྲིན་ཕུང་ལུང་། །མངའ་བདག་བླ་མར་ཚེ་ཡི་དབང་བཀའ་དང་། །གཏེར་སྟོན་ཉི་མ་གྲགས་པའི་སྤྲུལ་སྐུ་ཡི། །མཐོན་མཐིང་རལ་པའི་གཙུག་ཀྱི་ཕུད་བཞེས་ལ། །པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས། །མཚན་དུ་གསོལ་ལ་ཤིས་པའི་མེ་ཏོག་འཐོར། །རྒྱལ་ཟླའི་མཇུག་གི་དུས་རིམ་ཆེན་པོ་ཡི། །ཚོགས་དབུར་བསྐྱོད་ལ་ཉི་ཤུ་བརྒྱད་དགུ་ཡི། །སྤྲོས་བཅས་མཐའ་དག་སྔར་བཞིན་གསར་འཛུགས་དང་། །གནམ་གང་རྟེན་གཏོར་འབུལ་བ་ལ་སོགས་པ། །ཕྱག་ལེན་ཕྲ་ཞིབ་མ་ལུས་གཏན་འབེབས་མཛད། །དགུང་ལོ་སོ་བདུན་ཐུན་མོང་ལྕགས་ཁྱིའི་ལོ། །གསར་ཚེས་དགྱེས་སྟོན་སྔ་ཕྱི་གཞུང་བརྒྱ་བ། །ཨོ་རྒྱན་ཆོས་གྲགས་ཨོ་རྒྱན་དཔལ་མགོན་གྱི། །ལེགས་བཤད་བགྲོ་བའི་གླེང་མོས་མཉེས་པར་བྱས། །ཚེས་གསུམ་མགོན་ཁང་ཆེན་མོའི་སྦུབ་ཉིད་ཀྱི། །དྲག་པོ་མངོན་སྤྱོད་ཁང་པར་གྲགས་པ་རུ། །དཀོར་བསྲུང་ཞིང་སྐྱོང་དུར་ཁྲོད་མ་མོ་ཉིད། །དགྱེས་པའི་རྟེན་རྫས་གཞུང་བཞིན་གསར་འཛུགས་དང་། །རྗེས་འབྲེལ་དུས་ཀྱི་གསོལ་མཆོད་རྒྱས་པར་
མཛད། །རང་གྲྭ་དགེ་སྦྱོང་དཀོན་མཆོག་བསམ་འགྲུབ་གཉིས། །དགེ་སློང་དགེ་འཕེལ་རྣམ་རྒྱལ་ཟུང་ཉིད་དང་། །ཡོངས་འདུའི་རྒྱལ་ཁབ་ཆེན་པོ་རྒྱ་རི་ནས། །ལྷ་རིགས་འཛིན་པ་ཞབས་དྲུང་སྐུ་འབྲིང་གིས། །རིག་འཛིན་འདུས་སྡེར་བཀུར་སྟིས་མཉེས་བྱས་ནས། །ཞབས་པད་ཡུན་བརྟན་གསོལ་འདེབས་ཆོ་ག་བསྒྲུབས། །ཞབས་དྲུང་ཉིད་དང་བློན་པོ་ཁ་ཅིག་ལ། །ཚེ་ཡི་དབང་ལུང་འདི་ལོ་མདོ་ཚོང་ཉིད། །གསར་ཚུགས་འགྲོ་མིར་ཐོན་ཕྱག་ཞལ་ལྟ་མཛད། །ས་ཡི་བདག་པོ་མི་ཡི་དབང་པོའི་སྲས། །ཐུ་བོར་གྱུར་པ་གང་ཉིད་སྒ་འདྲ་ཕྱོགས། །ཚ་ཆབ་འཕྲོད་བསྟེན་དག་ལ་ཆིབས་བསྐྱོད་པར། །དེ་ལས་དགོན་སྡེ་ཆེན་པོར་སྤྱན་དྲངས་ཤིང་། །བསུ་བ་སེར་སྦྲེངས་བཀོད་པ་རྒྱ་ཆེན་པོས། །སྔུན་བསུས་རྙེད་དང་བཀུར་སྟིའི་ཁྱད་པར་དང་། །དབང་ལུང་གདམས་པའི་ཆོས་ཀྱི་བདུད་རྩི་ཕུལ། །ལོ་མཇུག་དུས་རིམ་ཆེན་མོའི་འཆམས་ཕུད་སོགས། །ཅི་མཉེས་སྒྲུབ་མཛད་དེ་ལས་ཕྱིར་ཕེབས་སོ། །དབོ་ཟླའི་སྒྲུབ་མཆོད་སྔར་བཞིན་ཚུགས་པ་ལ། །རྗེ་བཙུན་བླ་མ་མདོ་མཁར་ཕྱག་མཛོད་ཀྱི། །ཉིན་པར་མཆོད་པའི་དགེ་རྩ་བསྔོ་བ་དང་། །གཞིས་བྱེས་དོན་གཉེར་འགའ་ལ་དབང་ལུང་གིས། །སོ་སོའི་རེ་བ་ཇི་བཞིན་སྐོང་བར་མཛད། །དེ་ལས་ལུམ་པའི་གྲུ་བརྒྱུད་ལྷ་སར་ཕེབས། །རྣམ་པར་རྒྱལ་བའི་ཁང་བཟང་སར་འཕོས་འདྲའི། །ཕོ་བྲང་ཆེན་པོ་དགའ་ལྡན་ཁང་གསར་དུ། །ས་ཡི་ཚངས་པ་མི་རྗེ་ཡབ་སྲས་ཉིད། །ཞབས་པད་ཡུན་བརྟན་རྟེན་འབྲེལ་ཆོ་ག་དང་། །རྗེས་འབྲེལ་ཟང་ཟིང་འབུལ་དོན་སྤྱན་སྔར་བསྟར། །ཡབ་ཡུམ་སྲས་ལྕམ་སོ་སོར་དགོངས་བཞེད་བཞིན། །ཚེ་དབང་བརྒྱ་རྩ་ལྷ་ཆེན་རྗེས་གནང་སོགས། །དམ་པའི་ཆོས་སྐྱེས་མང་པོ་འབུལ་གནང་ལ། །གོས་དར་ཇ་སིག་རིན་གཉིས་བྲེ་ཆེན་སོགས། །ཡོན་གྱི་དངོས་པོ་རྒྱ་ཆེ་སྤམ་མཐོ་བསྩལ། །མི་རྗེའི་ཆེ་ཞེ་མགྲོན་སྨུག་ལྕམ་ཉིད་ཀྱིས། །རིན་ཐང་བྲལ་བ་ཁྱད་ནོར་མུ་ཏིག་གི། ཐོན་རྩེ་དབུ་ནས་བཀྲོལ་ཏེ་དར་ཡུག་དཔྱངས། །དད་པས་ཀུན་བསླངས་རྗེ་འདིའི་ཕྱག་ཏུ་ཕུལ། །འཕྲལ་ཡུན་དགེ་བའི་བསྔོ་བས་རྒྱས་འདེབས་མཛད། །སྔ་ཕྱིར་མགྲོན་གཉེར་སྨུག་བུ་སྟང་དཔྱལ་དང་། །མདོ་མཁར་བློན་ཆེན་ནོ་ཡོན་ཁོ་ཤོར་ཆེ། །གཞན་ཡང་རྒྱལ་སྲིད་སྐྱོང་བའི་
ཞམ་རིང་པ། །དུས་དེའི་མཇལ་ཡིག་མཛོད་གསུམ་གསོལ་གཟིམ་མཆོད། །བློན་རྩིས་ཞོལ་གཤེད་ཡོན་སོགས་ཆེ་དགུ་ཡིས། །ཞབས་ནས་བཏེགས་པར་སོ་སོའི་དབང་པོ་དང་། །སེར་སྐྱ་མཆོག་དམན་སྤྱི་དང་བྱེ་བྲག་ལ། །དམ་པའི་ཆོས་ཀྱི་འབྲེལ་བ་རྒྱ་ཆེར་བསྩལ། །སྐབས་བབས་མི་དབང་ཆེན་པོའི་ཐོན་ཕྱག་དུས། །ཕྱི་ནང་གསང་བའི་བཀའ་སློབ་མང་པོ་དང་། །རིན་ཆེན་དང་གཉིས་གོས་དར་ཕྱི་ནང་ཡུག །རིན་ཐང་བྲལ་བའི་ཉེར་སྤྱད་མང་པོ་དང་། །ཇ་སིག་ཟང་ཟིང་དངོས་པོའི་གསོལ་རས་སོགས། །རྨུགས་འཛིན་དབང་པོའི་མཛོད་སྒོ་ཕྱེ་ལྟར་བསྩལ། །རྟ་ཟླའི་ཚེས་གསུམ་ཆིབས་བཏེག་རང་གནས་ཕེབས། །ཤེལ་བྲག་བླ་མ་སྐུ་མཆེད་ཟར་སྤྲུལ་དང་། །འཕྱོངས་རྒྱས་དཔལ་སྤྲུལ་ཟངས་མཁར་སྤྲུལ་སྐུ་གཉིས། །སྨྲ་ལྕོག་གདུང་བཅས་རང་ལུགས་བླ་སྤྲུལ་དང་། །སེ་ར་ཐེག་ཆེན་གླིང་དང་དར་རྒྱས་གླིང་། །གསུང་རབ་གླིང་དང་རྒྱལ་གླིང་ཚོགས་པ་ཡི། །འདུས་སྡེ་འགྲིམ་པའི་དགེ་བཤེས་མང་པོ་སོགས། །ས་དགེ་རྙིང་གསུམ་གྲུབ་མཐའ་འཛིན་པ་ཡི། །སྐལ་ལྡན་འགའ་ལ་སྔ་ཕྱིར་ངེས་མེད་དུ། །གཏེར་གསར་གཏེར་རྙིང་བཀའ་མ་དག་སྣང་གི། དབང་ལུང་ཁྲིད་དང་གདམས་པ་མང་པོ་སོགས། །མདོ་སྔགས་བཀའ་གཏེར་རྒྱ་མཚོའི་ཆོས་སྦྱིན་ནི། །ངལ་བ་མེད་པར་བར་མེད་དགྱེས་བཞིན་གནང་། །ས་ག་ཟླ་བའི་ཆོག་མང་སྒྲུབ་མཆོད་དང་། །སྤྲེལ་ཟླའི་ཚེས་བཅུ་མཆོད་པ་སྔར་བཞིན་དང་། །ཁྱད་པར་ཚེས་བཅུའི་སྤྲོས་བཅས་ཕྱག་ལེན་རྣམས། །བར་སྐབས་ཉམས་ཆག་སྟབས་ཀྱིས་ནུབ་གྱུར་ཀྱང་། །འདི་ལོ་འཆམས་དབྱངས་ཕྲ་ཞིབ་གཏན་ཕབ་ནས། །གཏེར་ཆེན་བླ་མའི་དགོངས་བཞེད་མ་ཉམས་པ། །ཕྱི་དར་དུས་ཀྱི་ཐོག་མ་གསར་དུ་ཚུགས། །འདི་ནུབ་འདུས་པར་བཅས་པར་ནང་དབང་དང་། །ཕྱི་ཉིན་སུམ་སྟོང་བརྒལ་བའི་ཁྲོམ་པ་ལ། །ཚེ་ཡི་དབང་བསྩལ་ཐར་པའི་ས་བོན་བཞག །སྐབས་འདིར་གང་གི་ལྕམ་སྲིང་བུ་དགའ་ལགས། །སྤྲུལ་སྐུ་རྣམ་གསུམ་སྨྲ་ལྕོག་གདུང་རྒྱུད་སོགས། །སྐལ་ལྡན་བཅུ་ཕྲག་བཞི་རུ་ལོངས་པ་ལ། །བཅུ་ཕྲག་ཞག་ལ་འདོད་འཇོའི་བུམ་བཟང་གི། དབང་དང་བྱིན་རླབས་རྗེས་གནང་མ་ལུས་པ། །རྗེ་བཙུན་བླ་མར་རྐྱེན་སེལ་ཚེ་གུར་དབང་། །ལ་སོགས་ཆོས་སྦྱིན་མང་པོ་བཀྱེ་བར་
མཛད། །ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་མགོ་ལ། །དར་རྒྱས་ཆོས་གླིང་མཁའ་འགྲོའི་དོ་ར་ཆེའི། །མགོན་ཁང་ཆེན་མོར་བསྐང་གསོ་འཕྲིན་བཅོལ་དང་། །དེ་ལས་ཆོས་འབྱུང་ཟངས་མཚོའི་ཚེས་བཅུར་བསྐྱོད། །ནང་དབང་འདུས་པའི་ཁྲོམ་ལ་ཚེ་དབང་དང་། །གྲ་ཕུའི་ཚེས་བཅུ་ཁག་ལ་གུར་དྲག་དབང་། །ལས་བྱང་ལུང་བསྩལ་རང་གནས་དགོན་དུ་ཕེབས། །ཟངས་མཁར་སྤྲུལ་སྐུ་ལ་སོགས་ལས་ལྡན་འགར། །བཀའ་བརྒྱད་གསང་བ་ཡོང་རྫོགས་དབང་ཆ་ཚང་། །བདེ་གཤེགས་ཀུན་འདུས་སྤྲོས་བཅས་བུམ་དབང་དང་། །གཏོར་དབང་བདུན་ཚན་གཉིས་དང་ལྔ་ཚན་ལ། །སྤྲོས་མེད་ཆོག་དབང་རྣམ་གསུམ་གཏད་རྒྱ་བཅས། །སྨིན་བྱེད་དབང་གི་རིམ་པ་མང་པོ་དང་། །རྩ་ཁྲིད་གཏུམ་མོའི་ཤར་ཁྲིད་ལ་སོགས་པ། །གྲོལ་བྱེད་ཁྲིད་དང་གཡུ་ཐོག་སྙིང་ཐིག་ལུང་། །གསུམ་ལྡན་འདུས་པ་རྒྱ་མཚོས་དབྱར་སྔ་མ། །ཞལ་གྱིས་བཞེས་པའི་དགག་དབྱེའི་རྗེས་འབྲེལ་གྱི། །ལྗོངས་རྒྱུ་ཆབ་ཞུགས་དུས་སྟོན་སྔར་བཞིན་མཛད། །ཁྲུམས་ཟླའི་ནང་དུ་རང་ཕྱོགས་བསྟན་འཛིན་གྱི། །གཙོ་བོར་གྱུར་པ་རྡོར་བྲག་མཆོག་སྤྲུལ་ཉིད། །དགོན་གནས་ཕེབས་པར་ཕན་ཚུན་མཉམ་ཕྱག་དང་། །མཇལ་དར་སྣེ་སྤྲོ་སོགས་ཏེ་བཀུར་བཟོས་དང་། །ཤ་འུག་ཚེ་དབང་སྒྲུབ་ཐབས་འདོད་བུམ་ནས། །རྩ་གསུམ་ལྷ་ཚོགས་མང་པོའི་དབང་རྗེས་གནང་། །བྱད་འགྲོལ་དུག་དབང་ཚར་གསུམ་དེའི་གཞུང་གི། ལུང་སོགས་ཐུགས་ཀྱི་བཞེད་དོན་འགེང་བ་དང་། །ཟང་ཟིང་བདོག་པའི་ཕེབས་རྫོང་རྒྱས་པར་བསྟབས། །ས་ཕུག་སྐུ་སྐྱེ་ཆོས་རྒྱལ་གླིང་པའི་གདུང་། །འབྲས་ལྗོངས་དཔའ་བོ་ཧཱུྃ་རིང་ལ་སོགས་ཏེ། །གཞིས་བྱེས་སྐལ་བར་ལྡན་པ་མང་པོ་ལ། །དབང་ལུང་ཁྱད་པར་ཁྲིད་བཀའ་མང་པོ་ཡི། །གཞི་རྒྱུད་ལྕགས་ཁམས་དོན་གྱི་གསེར་དུ་སྒྱུར། །སྐྱེ་སྲིད་སྔ་མའི་རྩེ་ཆེན་གྲྭ་རིགས་ལ། །ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་དབང་ཉིད་དང་། །འདི་ཕྱི་རྣམ་པ་ཀུན་ཏུ་དགེ་བ་ཡི། །ཕྲིན་ལས་བཞི་ཡི་མཛད་པའི་སྣང་བ་ཡི། །ངེས་མེད་སྐྱེ་བོ་ཐར་པའི་ལམ་བཀོད་པའི། །རྣམ་ཐར་ཡོས་ཟླའི་དམར་པོའི་ཕྱོགས་ཉེར་བསྐྱངས། །ལོ་འདིའི་མཇུག་གི་དུས་རིམ་ཆེན་མོ་ཡི། །སྤྲོས་བཅས་ཕྱག་ལེན་གནམ་གང་གཏོར་འབུལ་དང་། །
དགུང་ལོ་སོ་བརྒྱད་འགལ་བྱེད་ལྕགས་ཕག་ལོ། །གསར་ཚེས་དགྱེས་སྟོན་ལ་སོགས་སྔར་བཞིན་མཛད། །དད་སྟོབས་འཆང་བ་མངའ་བདག་བླ་མ་དང་། །རྗེ་བཙུན་བླ་མ་ལེབ་རྩེ་བླ་མ་སོགས། །ཕྱོགས་བཞི་མཚམས་ནས་འདུས་པའི་འཁོར་མང་པོར། །དབང་ལུང་ཁྲིད་སོགས་རང་རྒྱུད་སྨིན་བྱེད་དང་། །འབྲུག་པ་གཞུང་གི་ཨ་ཁུར་གྲགས་པ་དང་། །ཡར་འབྲོག་བཀྲས་ཤོང་ཞོལ་སྡེ་སྤང་ནས་སོགས། །མི་བདག་འགའ་ཡི་རྐྱེན་སེལ་མང་པོ་མཛད། །རང་གྲྭ་དྲུང་འཚོ་ལེགས་འབྱོར་ཞེས་བགྱི་བས། །སྨན་གྱི་རྒྱུད་བཞིའི་ནག་འབྱམས་རྒྱུགས་འབུལ་དང་། །གསེར་མདོག་ཅན་པའི་དགེ་བཤེས་ཁག་གཅིག་གིས། །འདུལ་བ་མདོ་རྩ་མཛོད་རྩ་དབུ་མ་འཇུག །རྣམ་འགྲེལ་རྩ་གཞུང་བྱམས་པའི་ཆོས་སྡེ་ལྔ། །སྡོམ་གསུམ་རབ་དབྱེ་བཅས་པའི་རྒྱུགས་ཕུལ་བར། །དགྱེས་བཞེས་ལེགས་ཆ་དངོས་པོའི་གསོལ་རས་བསྩལ། །ལོ་འདིའི་དབོ་ཟླ་ས་ཟླའི་སྒྲུབ་མཆོད་དང་། །སྣྲོན་ཟླའི་དུས་སྟོན་སྤྲོས་བཅས་སྔར་བཞིན་དང་། །སྤྱི་དབང་ཆེན་མོ་ཚེས་བཅུ་ཁག་གཉིས་ལ། །སྒེར་དབང་མཇལ་ཁ་རེ་འདོད་ཇི་བཞིན་བསྩལ། །རྗེ་བཙུན་བླ་མར་བདེ་གཤེགས་ཀུན་འདུས་ཀྱི། །རྩ་ཁྲིད་ཡན་ལག་ཁྲིད་སོགས་མ་བུ་དང་། །རྡོར་སེམས་སྨིན་ལམ་གཅོད་ཀྱི་ལུང་ཁྲིད་བཅས། །གསན་ཏེ་ཐུགས་རྒྱུད་འགེལ་བའི་མཛད་པ་བརྩམས། །ཤེལ་བྲག་བླ་མར་རང་བྱོན་ནས་སོགས་དང་། །ཚལ་པ་བཟད་པ་དགེ་ཚལ་གྲྭ་པ་སོགས། །ས་དགེ་འབྲུག་སོགས་རིས་མེད་ཆོས་ཞུ་བ། །པད་མཚོར་ངང་པ་ཇི་བཞིན་འདུས་པ་ལ། །བཀའ་གཏེར་མང་པོའི་དབང་ལུང་གདམས་པ་དང་། །ཁྱད་པར་དོན་གྱི་སྙིང་པོ་ངོ་སྤྲོད་པའི། །ཟབ་ཁྲིད་མང་པོ་བར་མེད་སྨིན་པར་གནང་། །མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ། །རྗེ་བཙུན་བླ་མའི་བཞུགས་གནས་གསར་འགྱེད་ཉིད། །ལེགས་པར་གྲུབ་སྟེ་ཞལ་བསྲོའི་རྟེན་འབྲེལ་དང་། །ཕུན་ཚོགས་དགེ་བའི་ཤིས་བརྗོད་མེ་ཏོག་འཐོར། །ཁྲུམས་ཟླའི་ནང་དུ་གར་དབང་ཚེ་ཡི་ལྷ། །བདུན་ཕྲག་ཞག་ཏུ་བསྙེན་ཅིང་སྒྲུབ་པ་དང་། །ཀོང་བླ་མོན་བླ་དབུ་མཛད་རིན་འབྱུང་སོགས། །བཅུ་ཕྲག་གཉིས་ལ་གཏེར་གསར་དབང་ཡོངས་བསྩལ། །བླ་བྲང་ཕྱོགས་ཀྱི་གཟིམས་ཆུང་མགོན་ཁང་ཉིད། །རྟེན་དང་བརྟེན་པར་བཅས་
པ་གསར་བཞེངས་ཀྱི། །ཞལ་བསྲོའི་བསྐང་བ་གསོལ་མཆོད་མཛད་པ་ལ། །དགྱེས་པའི་སྤྱན་ལྟས་ཡ་མཚན་བྱུང་ཞེས་གསུངས། །དབུ་རུ་སྟོད་ཀྱི་ཏེ་སྒྲོའི་ཆུ་ཚན་ཉིད། །སྐུ་ཡི་འཕྲོད་བཞེས་དག་ལ་ཕེབས་བཞེད་ཀྱི། །མར་ངོའི་ཚེས་བཅུར་དགོན་ནས་ཆིབས་བཏེག་ལ། །རིམ་གྱིས་གཡོ་རུའི་ཁྲ་འབྲུག་གནས་སུ་ཕེབས། །གནས་རྟེན་རྣམས་ལ་མཆོད་འབུལ་སྙན་ཤལ་བསྟར། །བསྟན་འགྲོ་བདེ་བའི་ཐུགས་སྨོན་ཡང་དག་མཛད། །དེ་ལས་སྣེའུ་རྫོང་བཞུགས་འཁོར་བཅས་ཀྱི། །ཆིབས་སྐྱེལ་དང་བཅས་ལམ་བར་ལྔ་མཆོད་ཀྱི། །གནས་རྟེན་ཞིབ་མཇལ་ཉང་འགོ་གྲུ་བརྟོལ་ཏེ། །ཁྲི་སྨོན་ཕེབས་ལ་ཚེ་ཡི་དབང་བཀའ་བསྩལ། །བཀྲ་ཤིས་རྡོ་དཀར་གྲགས་པ་ཙོང་ཁ་པའི། །ཁྱད་འཕགས་གནས་མཇལ་དེ་ལས་འོན་ཕུར་ཕེབས། །སྙུང་གནས་བླ་མ་འགྱུར་མེད་དགེ་ལེགས་ཀྱི། །ཁོས་སུ་ཕེབས་པའི་ཞབས་ཏོག་ལེགས་པར་བསྒྲུབས། །ཆོས་སྡིངས་རྒྱལ་སྲས་དམ་པའི་བཀས་མངགས་ལྟར། །དགོན་དེའི་ཉེ་འདབས་ཆིབས་བཤོལ་བསྙེན་བཀུར་གཟབས། །དེ་ལས་བོད་འབྲོག་མང་པོའི་རེ་སྐོང་བཞིན། །གཏད་དཀར་ལ་བརྒྱུད་མལ་གྲོ་གཞུང་བསྲང་སྟེ། །ཀོ་མོར་ཕེབས་ནས་ཁྲོམ་ལ་ཚེ་དབང་མཛད། །དབྱུག་ཟླའི་ཚེས་ལྔར་འབྲི་ཁུང་རྫོང་གསར་ཕེབས། །རྗེ་དྲུང་མཆོག་གི་སྤྲུལ་སྐུ་དང་མཇལ་ཞིང་། །འབྲི་ཁུང་ཆོས་ཀྱི་གྲགས་པའི་ཡང་སྲིད་ནི། །དཀོན་མཆོག་ཕྲིན་ལས་དོན་གྲུབ་གང་ཉིད་དང་། །དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ལྷན་རྒྱས་མཇལ། །བསྙེན་བཀུར་མཐོང་གཟོས་བདག་རྐྱེན་མཛད་ཅེས་གསུངས། །དེ་ལས་ཏེ་སྒྲོའི་ཚ་ཆབ་ཞག་བདུན་བཞེས། །མི་རྗེ་དམ་པའི་བཀའ་བརྟགས་ཕྱག་རྒྱའི་དོན། །ཇི་བཞིན་མལ་གྲོ་རྫོང་ནས་ཟུར་བསོས་གཟབས། །ཡུལ་ལྷར་བསང་དང་གསོལ་མཆོད་དར་འཕན་སོགས། །བྲེས་ཤིང་བདེ་གཤེགས་ཀུན་འདུས་ཡབ་ཡུམ་གྱི། །དཀྱིལ་འཁོར་ཆེན་པོར་ཚོགས་བརྒྱ་ཉིན་སྦྲེལ་མཛད། །དེ་ལས་དབུ་རུ་ཞྭ་ཡི་ལྷ་ཁང་ཕེབས། །གཏོར་གཞི་གསར་བརྗེར་བསྐང་གསོ་ཕྲིན་བཅོལ་དང་། །གནས་དེའི་གྲྭ་ཚང་སྔགས་བོན་ཚེས་བཅུ་བར། །མ་གཟའ་རྡོར་གསུམ་ལ་སོགས་ལུང་འགའ་དང་། །གྲུབ་ཆེན་འགྱུར་མེད་ཅན་ལ་གཤིན་རྗེས་མཚོན། །དམ་པའི་ཆོས་ཀྱི་འབྲེལ་བ་ཁ་ཤས་བསྩལ། །
ཡིབ་ཕྱི་དགོན་དུ་ཨོ་རྒྱན་ཕུན་ཚོགས་དང་། །ཚེས་བཅུ་མ་ཎི་བ་སོགས་བཅུ་ཕྲག་ལྔར། །གུ་རུ་དྲག་པོའི་སྐུ་གསུང་ཐུགས་དབང་དང་། །འདུས་པའི་ཁྲོམ་ལ་འཆི་མེད་དཔལ་སྟེར་དབང་། །དྭགས་པོ་ཨོ་རྒྱན་བསོད་ནམས་ཞེས་བགྱི་བས། །པདྨ་བཀའ་ཐང་རྒྱུགས་ཕུལ་ལེགས་ཆ་བསྩལ། །རིམ་གྱིས་ཆོས་ཀྱི་འབྲེལ་བ་གནང་བཞིན་པར། །འབྱོར་པས་མཐོ་བའི་རྒྱ་མ་ཁྲི་ཁང་ཕེབས། །མི་དབང་སྐུ་འཁོར་ཚང་མར་རྐྱེན་སེལ་དང་། །ལམ་བར་གསུང་གིས་འགྲོ་དོན་མཛད་བཞིན་པར། །པདྨའི་སྒྲུབ་གནས་གཡའ་མ་ལུང་དུ་ཕེབས། །གཟིམ་ཕུག་གཏེར་གནས་སོ་སོར་སྙན་ཤལ་དང་། །མཆོད་འབུལ་བསྟན་འགྲོ་བདེ་བའི་སྨོན་ལམ་མཛད། །གོང་མའི་གསུང་སྐྱོར་དགེ་སློང་ཁྲིད་གཉེར་བས། །དད་པས་ཀུན་ནས་བསླངས་པའི་ཞབས་ཏོག་བསྒྲུབས། །རིམ་པར་ཟན་ཡངས་དཔལ་གྱི་བསམ་ཡས་ཕེབས། །གནས་རྟེན་ཡོངས་ལ་མཆོད་འབུལ་སྨོན་ལམ་དང་། །ལྕོག་ཏུ་གསེར་ཕུད་སྙན་ཤལ་མཆོད་པ་བཅས། །རྣམ་བཞིའི་ཕྲིན་ལས་སྒྲུབ་པའི་གཉེར་ཁ་མཛད། །སླར་ཡང་ཁྲི་སྨོན་ནས་ཀྱིས་སྤྱན་དྲངས་ལྟར། །གསར་བཙུགས་རྟེན་མདུན་བསྐང་བ་འཕྲིན་བཅོལ་དང་། །ཞི་དྲག་སྦྱིན་སྲེག་རྒྱལ་པོར་རྫོང་འདེབས་གནང་། །དེ་ལས་འོན་ཕུའི་སྟག་ཚང་གཟིགས་མོ་རུ། །ཕེབས་བཞེད་ལམ་བར་གཤིན་དགེ་གསོན་རིམ་སོགས། །སྤྱི་དབང་སྒེར་དབང་སྣ་ཚོགས་ཐབས་སྒོ་ཡིས། །ཕྱོགས་དེའི་སྐྱེ་རྒུར་ཐར་པའི་ས་བོན་བཞག །གནས་དེར་ནམ་ཟླའི་དུས་ཀྱིས་ཕེབས་མ་ཐུབ། །ལྕགས་རི་གྲོང་སྟོད་ཅེས་བྱའི་ཁྱིམ་བཞུགས་ནས། །ཚོགས་ཀྱི་འཁོར་ལོ་བརྒྱ་ཚར་བསྐོར་བ་མཛད། །སྔར་བཞིན་གཤིན་དགེ་གསོན་རིམ་འདྲེ་འདུལ་དང་། །དབང་དང་བྱིན་རླབས་བྱད་གདོན་འགྲོལ་བ་སོགས། །ཡུལ་ཁྱིམ་སོ་སོའི་རེ་འདོད་སྐོང་བཞིན་པར། །འོད་གསལ་སྡིངས་དང་བདེ་ཆེན་དགའ་ཚལ་དུ། །ཤེལ་བླ་སྙུང་བླ་སོ་སོས་སྤྱན་དྲངས་ཤིང་། །བསྙེན་བཀུར་གཟབ་རྒྱས་འབུལ་ནོད་རྒྱ་ཆེར་བསྟབས། །གྲྭ་བཙུན་གྱིས་གཙོས་ཁྲོམ་ལ་དབང་སྦྱིན་དང་། །སྒེར་ལྟོས་ལུང་གིས་ཚིམ་པ་མཛད་ནས་ཀྱང་། །ཡང་བསྐྱར་ཁྲི་སྨོན་གཞིས་ཕེབས་དབང་འགའ་བསྩལ། །ཉང་འགོའི་གྲུ་ལས་རིམ་ཕེབས་ཚོང་འདུས་སུ། །ཇོ་བསྟན་ཚོགས་པའི་མཁན་ཕྱག་སྤྱི་པ་
སོགས། །མཇལ་མི་མང་པོར་རེ་བ་སྨིན་མཛད་ནས། །ཕན་བདེའི་འབྱུང་གནས་སྨིན་གྲོལ་གླིང་དུ་ཕེབས། །མདོ་ཁམས་ཞེ་ཆེན་སྤྲུལ་སྐུ་དཔོན་གཡོག་དང་། །ཀོང་པོ་བླ་མར་པད་གླིང་རྡོར་ཕྲེང་དང་། །བྱང་གླིང་ཕྱག་རྡོར་ལས་འབྲེལ་ལྷ་ཆེན་དབང་། །བསྩལ་ཞིང་ལེགས་གླིང་ཡུམ་ལ་སོགས་པ་ཡི། །ལྔ་ལམ་གྱུར་ལ་ངོ་སྤྲོད་དགེ་བསྔོ་དང་། །རྒྱ་ཕག་བློ་བཟང་དངོས་གྲུབ་ལ་སོགས་པའི། །མཆོག་དམན་གསོན་དགེ་བསྐྱེད་པ་མང་པོ་ཡི། །དགེ་རྩ་བླ་མེད་བྱང་ཆེན་སར་བསྔོ་སོགས། །ཕན་པ་དུ་མས་རྗེས་འཛིན་བཀའ་དྲིན་བསྩལ། །ཀོང་པོ་བདེ་སྟེང་བླ་མས་ཡོན་སྦྱར་ཏེ། །རིག་འཛིན་འདུས་སྡེས་ཞབས་བརྟན་ཆོ་ག་མཛད། །སྐབས་འདིར་བཞུགས་གནས་ཆོས་འཁོར་ལྷུན་པོ་ཡི། །ཉམས་གསོ་གེགས་མེད་ཚགས་སུ་ཚུད་པ་ལ། །རྣམ་ལྔའི་ཕྱག་དར་འཕྲེང་བ་ཚར་དངར་བ། །མཛེས་པར་བསྟར་ལ་ལྷ་བསང་རྒྱས་པ་དང་། །ཕྱི་ཉིན་རྡོ་རྗེའི་ཆོས་སྲུང་འཁོར་བཅས་ལ། །གཏང་རག་གསོལ་མཆོད་སླར་ཡང་ཕྲིན་ལས་བཅོལ། །ཧོར་བླ་ཆོས་རྫོང་རྣམ་རྒྱལ་གྲགས་པ་ཡི། །རྟ་ནོར་མཛོ་གཡག་མར་ལྡང་ལ་སོགས་པའི། །བརྒྱ་ཕྲག་འབུལ་བ་རྟེན་ཅིང་འབྲེལ་འབྱུང་ཁྱད། །བཀོད་ལེགས་ཡིད་འོང་ཁང་བཟང་འདིར་བཞེས་ཤིང་། །སྐྱེས་ལན་ཚེ་ཡི་དབང་ལ་སོགས་པ་གནང་། །ལྷ་རིགས་རྒྱ་རིའི་ཞབས་དྲུང་གཤེགས་པ་ལ། །རིན་ཐང་བྲལ་བའི་བསྔོ་རྟེན་ཁྱད་འཕགས་འབྱོར། །དམིགས་ཡུལ་ཐར་ལམ་བགྲོད་པའི་བཀའ་དྲིན་བསྩལ། །རྒྱལ་ཟླའི་སྟོད་ལ་དར་ལུང་དགོན་དུ་བསྐྱོད། །དོན་གཉེར་མང་པོར་འདོད་པའི་དབང་ལུང་དང་། །དེ་ལས་ཆོས་བཟང་མཁའ་འགྲོའི་དོ་ར་ཆེ། །དར་རྒྱས་ཆོས་གླིང་ཆོས་ཀྱི་འདུན་ས་ཆེར། །དམར་ནག་ཁྲོམ་དུ་འཁྱིལ་བའི་སྐྱེ་བོ་ལ། །འཆི་བདག་ལས་རྒྱལ་དབང་གིས་ཚིམ་པར་མཛད། །གནས་དེར་གཉུག་མར་གནས་པ་ཕོ་མོ་ཡིས། །པད་གླིང་ཕྱག་ལེན་མཁའ་འགྲོ་བསུན་བཟློག་གི། ཆོ་གའི་རྗེས་འབྲེལ་འབུལ་ནོད་རྒྱས་པར་བསྟབས། །ཕྱི་ཉིན་གིང་བཞིའི་འཆམས་ཀྱི་གཟིགས་མོ་ཕུལ། །སྟེང་ཤོད་གཟིམས་ཆུང་མགོན་ཁང་ཆེན་མོ་ཡི། །གཏོར་གསོ་ཕྲིན་བཅོལ་སྙན་ཤལ་མཛེས་པར་སྤྲས། །ལྡུམ་པོའི་གཞིས་ཕེབས་བླ་མ་དྲག་པོའི་དབང་། །གསང་འདུས་ལས་བྱང་ལུང་དང་བསྐང་
གསོ་སོགས། །རེ་འདོད་བཞིན་མཛད་སྐྱིད་རུ་གཞིས་དེ་ལས། །རང་དགོན་ཐེག་མཆོག་ཨ་ཏིའི་གླིང་དུ་ཕེབས། །དད་གསུམ་མངའ་བ་གསེར་ཟངས་ཡུམ་སྲས་དང་། །མདོ་སྨད་གྲུ་དགོན་གྲྭ་པ་བཅུ་ཕྲག་གསུམ། །དཔལ་སྤྲུལ་ཀོང་བླ་ཧོར་བླ་སྨྲ་ལྕོག་གདུང་། །ལ་སོགས་འདོད་ཆོས་ཞུ་མི་ཁག་མང་པོར། །སྔ་ཕྱིར་ཆོས་ཐུན་སོ་སོར་བཅད་མཛད་ནས། །བླ་མ་ཞི་དྲག་བདེ་གཤེགས་ཀུན་འདུས་སོགས། །གཏེར་གསར་གཙོར་གྱུར་དབང་ལུང་ཟབ་ཁྲིད་བཅས། །དམ་པའི་ཆོས་ཀྱི་སྦྱིན་མང་བཀྱེ་བར་མཛད། །རྒྱལ་ཟླའི་དུས་རིམ་ཆེན་མོ་སྤྲོས་པར་བཅས། །སྔར་བཞིན་རྟེན་གཏོར་འབུལ་བ་ལ་སོགས་གནང་། །དེ་འདས་ཡོངས་འཛིན་ཆུ་བྱི་སོ་དགུའི་སྟེང་། །ཕེབས་པའི་གསར་ཚེས་དགྱེས་སྟོན་སྔར་བཞིན་དང་། །རྣམ་སྲས་གླིང་དུ་ཡུམ་ཉིད་འདུས་བྱས་སུ། །གྱུར་པའི་ཚོགས་ཀྱི་གྲལ་དབུར་ཆིབས་བཏེག་པར། །ཟང་ཟིང་དངོས་པོའི་འབུལ་ནོད་སྤམ་མཐོ་དང་། །ཁྱད་པར་རང་ནོར་སྦྱོང་དུས་འཁྱར་བ་ཡི། །ཧོར་འཆོལ་ཁྱད་འཕགས་འཁོལ་མ་འབྲུག་སྒྲ་ཞེས། །རྒྱལ་སྲིད་དཔལ་འབྱོར་དབང་པོའི་ཟླར་གྱུར་པའི། །སྣེ་གདོང་རྒྱལ་པོའི་བླ་རྡོར་གྲགས་པ་ཉིད། །དད་པས་ཀུན་ནས་བསླངས་ཏེ་ཕུལ་བ་ལ། །བྱས་དང་བྱེད་འགྱུར་དགེ་བའི་རྩ་བ་རྣམས། །བླ་མེད་བྱང་ཆེན་ས་དེར་བསྔོ་བར་མཛད། །དེ་ལས་སྒོ་མོ་སྐྱིད་རུར་སྐོར་གཅིག་ཐེགས། །སླར་ཡང་རང་གནས་ཕེབས་ལ་དབོ་ཟླ་བའི། །སྒྲུབ་ཆེན་ཚོགས་དབུར་བསྐྱོད་ལ་དམར་པོའི་ཕྱོགས། །བཟང་པོ་གཉིས་པའི་ཚེས་ནས་ནག་པ་ཟླའི། །ཚེས་གཉིས་བར་དུ་རྗེ་བཙུན་བླ་མ་ཡི། །གཏེར་གསར་ཐུགས་རྗེ་ཆེན་པོའི་སྒྲུབ་ཞག་བདུན། །གསང་ཡེའི་ཆོ་ག་ན་རཀ་སྐོང་ཆོག་བཅས། །དྲག་པོའི་ཞག་གི་བར་དུ་འདི་ལོ་ནས། །ཇི་སྲིད་ནམ་གནས་བར་དུ་འཛུགས་གནང་ལ། །ཐོག་མའི་ལོ་འདིར་བསྟར་ཆགས་ཚོགས་དབུར་ཕེབས། །ཐ་མའི་ཞག་ལ་འདུས་པར་ཕྱག་འགྱེད་དང་། །རྗེ་འདིར་འབུལ་ནོད་རྒྱ་ཆེར་མཛད་པ་ཉིད། །བྱང་ཆེན་མཆོག་གི་གཞི་ལ་བསྔོ་བར་མཛད། །སྐབས་འདིར་མངའ་རིས་སྐོར་གསུམ་ས་སྐྱོང་བའི། །མི་རྗེ་ཆོས་ཀྱི་སྤྱན་ལྡན་གུང་སྐུ་ཞབས། །བརྒྱ་ཕྲག་འཁོར་དང་བཅས་པ་ཕེབས་པ་ལ། །འཕྱར་དར་འབུད་དཀྲོལ་འཕན་གདུགས་ཀྱིས་
མཚོན་པའི། །བསུ་བའི་སེར་སྦྲེངས་བཀོད་པས་སྔུན་བསུས་ཏེ། །ཅི་ཡོད་འབྱོར་བའི་ཞབས་ཏོག་འཁོས་ཕེབས་དང་། །ལོ་མཇུག་དུས་རིམ་འཆམས་ཀྱི་གཟིགས་མོ་ཕུལ། །པད་གླིང་མ་ནིང་གཏེར་གསར་ལྷ་ཆེན་གྱི། །སྲོག་གཏད་རྒྱབ་ལུང་བཅས་པའང་འབུལ་བར་མཛད། །སྐུ་ཡི་ཞམ་རིང་གཙོ་བོར་གྱུར་པ་ནི། །ནོ་ཡོན་རབ་བརྟན་དོན་གྲུབ་ཅན་གསུམ་ལ། །གུ་རུ་དྲག་པོའི་སྐུ་གསུང་ཐུགས་དབང་དང་། །དཔོན་འཁོར་ཚང་མར་ཕེབས་རྫོངས་རྒྱས་པ་རུ། །བསྟབ་པར་དགྱེས་བཞེས་ཆིབས་ཀྱི་ཁ་ལོ་བསྒྱུར། །མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ། །ཆོས་བསྲུང་རྣམས་ལ་གཏོར་གཞི་གསར་འཛུགས་ཉིད། །གནང་བར་བསྐང་གསོ་ཕྲིན་བཅོལ་རྒྱས་པར་མཛད། །ལོ་འདིར་སྐུ་འབུམ་མཐོང་གྲོལ་ཆེན་མོ་ཡི། །ཉམས་གསོའི་དགོངས་པ་བརྟས་བཞིན་ལྷ་ས་ནས། །མངའ་བདག་བླ་མ་རིག་འཛིན་རྒྱ་མཚོ་ཡི། །ཐུགས་བསྐྱེད་རྣམ་པར་དག་པས་གཞི་བཟུང་སྟེ། །རིགས་ཀྱི་གཅུང་གྱུར་ཆེད་བསྔགས་ཞལ་བསྲོའི་ཐེབས། །ཐེག་ཆེན་དྲིལ་བུ་ཧོར་སྦུབ་ཤུབས་བཅས་དང་། །མཛོད་བཏགས་བཅུ་གཅིག་བཟང་ཇ་འཁོར་དྲུག་སོགས། །ལེགས་བསྟབས་ལྷ་ཆེན་རྗེས་གནང་འབུལ་བར་མཛད། །སྔ་ཕྱིར་བུ་ཆེན་གསེར་ཟངས་ཞལ་ངོ་གསུམ། །ཤེལ་བླ་ཀོང་བླ་གེར་ལྷ་ཞབས་དྲུང་དང་། །ས་དགེ་རྙིང་གསུམ་གྲྭ་པ་ཁ་ཡར་བཅས། །རིས་མེད་ཆོས་ལ་དོན་གཉེར་ཁག་མང་པོར། །དབང་ལུང་ཟབ་ཁྲིད་གདམས་པར་བཅས་པ་དང་། །བྱད་གདོན་འགྲོལ་པའི་ལས་སྦྱོར་དེ་དག་གི། གྱེར་གཞུང་སོགས་ཏེ་གླེགས་བམ་པོད་རྫོགས་པ། །བཅུ་ཕྲག་ཙམ་གྱི་ལུང་དང་ཁྱད་པར་དུ། །ཟབ་མོའི་སྣོད་གྱུར་སྐལ་ལྡན་མང་པོ་ལ། །གཏེར་གསར་བླ་རྫོགས་ཐུགས་གསུམ་གཙོར་གྱུར་པའི། །དབང་དང་རྒྱབ་ལུང་ཁྲིད་བཀའ་སྨིན་པར་མཛད། །ས་གའི་སྒྲུབ་མཆོད་སྣྲོན་ཟླའི་ཚེས་བཅུ་ཡི། །སྤྲོས་བཅས་ཕྱག་ལེན་མཐའ་དག་སྔར་བཞིན་དང་། །གྲུབ་དབང་གསེར་ཟངས་ཡུམ་སྲས་འཁོར་བཅས་དང་། །རིག་འཛིན་འདུས་སྡེའི་དགེ་བཤེས་ཁ་ཤས་ལ། །ཉང་གི་གཏེར་མ་ཤེལ་གཡུ་ལྕགས་གསུམ་རྒྱུད། །ཕྲིན་ལས་དོན་བཅུ་སོགས་ཀྱི་ལུང་ཉིད་དང་། །ལྔ་ཕྲག་ཞག་ལ་རྫོགས་པར་འདོད་བུམ་གྱི། །དབང་དང་རྗེས་གནང་བྱིན་
རླབས་མ་ལུས་གནང་། །ནག་ཟླའི་མཁའ་འགྲོ་འདུ་བའི་དུས་ཆེན་ལ། །བླ་བྲང་ཕྱོགས་ཀྱི་གཟིམས་ཆུང་མགོན་ཁང་དུ། །གཏེར་གཞི་གསར་འཛུགས་སྙན་ཤལ་གྱིས་བྲེས་པར། །རྗེ་ཉིད་མཆེད་འཁོར་བཅས་པ་བརྒྱ་ཕྲག་གིས། །བསྐང་གསོ་འཕྲིན་བཅོལ་རྒྱས་པར་སྒྲུབ་གནང་སྐབས། །གཟིགས་སྣང་ངོ་མཚར་ཅན་དག་མང་འདུག་ཀྱང་། །གཞན་པའི་བློ་མིག་འགྲིམ་པའི་བཀའ་མ་ཁྲོལ། །ཡོན་གྱི་བདག་པོ་ཕུག་ནས་ཞོ་ར་སོགས། །འདུས་པར་བསྙེན་བཀུར་ཞུ་མིའི་དགེ་བསྔོར་བསྐྱོད། །སྣྲོན་ཟླའི་དགའ་བ་གསུམ་པའི་ཚེས་ཉིད་ནས། །སྐུ་འབུམ་ཆེན་མོའི་ཞིག་གསོ་དབུ་ཚུགས་པར། །གཞུང་ས་མཆོག་ནས་ལས་གཡོར་ཤིང་ཆ་ཡི། །མཐུན་རྐྱེན་བསྩལ་ཅིང་གེགས་མེད་ལྷུན་འགྲུབ་ཆེད། །དགོངས་ལྟར་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་མཛད། །སྙུང་གནས་བླ་མ་བྱ་རྒོད་དབོན་མོ་སོགས། །སྐལ་ལྡན་མང་པོར་བླ་མ་ཡང་ཐིག་གི། སྤྲོས་བཅས་སྤྲོས་མེད་རབ་ཏུ་སྤྲོས་མེད་སོགས། །བླ་མ་ཞི་དྲག་གཤིན་རྗེའི་དབང་བསྩལ་ནས། །རིམ་བཏེག་རྣམ་གྲོལ་གླིང་ཕེབས་བསྙེན་བཀུར་སོགས། །ཕུན་སུམ་ཚོགས་པའི་གཟེངས་བསྟོད་ཆེན་པོ་མཛད། །ལྟ་སྡུག་གནས་དང་ཞིང་སྐྱོང་བླ་མཚོ་མཇལ། །རིག་འཛིན་ཆེན་པོ་བཞད་པའི་རྡོ་རྗེ་ལ། །ཞིང་སྐྱོང་སྲོག་གཏད་སྒྲུབ་སྐོར་ལུང་གསན་ཅིང་། །ཕར་ཡང་གསང་ཡེའི་རྒྱུན་འཁྱེར་ལུང་འབུལ་མཛད། །མཁའ་སྤྱོད་གནས་སུ་བརྒྱ་ཕྲག་འདུས་པར་བཅས། །གཞུང་དོན་ཇི་བཞིན་ཚོགས་ཀྱི་འཁོར་ལོ་བསྐོར། །ཕན་ཚུན་བདོག་པའི་སྐྱེས་བཟང་ལེགས་བསྟབས་ནས། །རིམ་གྱིས་འོལ་ཁའི་ཚ་ཆབ་ཁར་ཕེབས་ཤིང་། །ཞག་ལྔའི་བར་དུ་སྐུ་ལ་བསྟེན་དེ་བཞུགས། །དེ་ལས་ཟངས་རི་ཆོས་ལུང་ཁྱིམ་ཕེབས་ནས། །རྐྱེན་ངན་སེལ་བའི་དབང་དང་རིམ་གྲོ་མཛད། །ཉང་འགོའི་གྲུ་བརྒྱུད་རང་གནས་དགོན་དུ་ཕེབས། །རིང་མིན་སྐུ་འབུམ་ཆེན་མོའི་བུམ་རྟེན་དུ། །དྲི་མེད་རྣམ་གཉིས་ཆོ་གར་བརྟེན་པ་ཡི། །འགྱུར་མེད་སྲོག་ཤིང་བཙུགས་པ་དེ་ཡི་ཚེ། །ངོ་མཚར་དགེ་བའི་ལྟས་བཟང་མངོན་དུ་གྱུར། །དགའ་བཞིའི་སྲས་ཉིད་གཙོར་གྱུར་དོན་གཉེར་འགར། །གུར་དྲག་ཕྱག་རྡོར་དབང་དང་རྣམ་འཇོམས་ཁྲུས། །བློ་འཕེལ་འཇམ་དབྱངས་དཀར་པོའི་རྗེས་གནང་དང་། །དམིགས་སྐོར་ཟབ་མོའི་
ཕྱག་ཁྲིད་དག་ཀྱང་མཛད། །གསང་བདག་དངོས་བྱོན་བཞད་པའི་རྡོ་རྗེ་ཡི། །དབུས་ཕྱོགས་ཕལ་ཆེར་ཞབས་ཀྱིས་བཅགས་གྱུར་ནས། །འཕྱོངས་རྒྱས་ཕྱོགས་ཕེབས་རང་དགོན་སྤྱན་འདྲེན་པའི། །བྱ་མ་རྟ་མངགས་རེ་བ་ཞལ་གྱིས་བཞེས། །འཁུན་པ་ལ་བརྒྱུད་བྱ་ཟླའི་བཅུ་བདུན་ལ། །ཆིབས་བསུ་སེར་སྦྲེངས་བཀོད་པ་མདུན་བདར་ནས། །དྲི་མེད་ཞབས་ཟུང་པདྨོ་གནས་འདིར་བཅགས། །རོ་ལྡན་ཕེབས་སྤྲོའི་ཞབས་ཏོག་ཅི་འབྱོར་བསྒྲུབས། །ཁྱད་པར་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ། །དག་སྣང་ལུགས་སྲོལ་བདུད་རྩིའི་མཆོད་པ་ཞུས། །ཕྱི་ཉིན་ཚེས་བཅུའི་སྤྲོས་བཅས་གར་འཆམས་དང་། །ལྷ་འབངས་རྣམས་ཀྱི་བྲོ་གཞས་རྩེད་སྣ་ཚོགས། །ཚར་དངར་གཟིགས་མོའི་རྣམ་གྲངས་བསྟར་བ་ལ། །དགྱེས་པའི་སྤྱན་གྱིས་གཟིགས་པ་རིང་པོར་བརྐྱངས། །རིག་འཛིན་ཆེན་པོ་སྟངས་དཔྱལ་ནང་འཁོར་ལ། །ཤ་འུག་ཚེ་དབང་ནང་རྟེན་གཟིགས་འབུལ་དང་། །ཕན་ཚུན་གནས་གཟིགས་གནང་ཞིང་དེ་ཞོར་དུ། །ཕྱི་ནང་ཀུན་ལ་ཤིས་པའི་མེ་ཏོག་འཐོར། །ཅི་འབྱོར་བདོག་དགུའི་ཕེབས་རྫོངས་རྒྱས་པར་བསྟབས། །ཉི་ཤུའི་ཚེས་ལ་ལེགས་གླིང་གཞིས་སུ་ཐེགས། །སྐབས་འདིར་བདག་ཉིད་ཆེན་པོ་སྐུ་ཅུང་ཟད། །སྙུང་བའི་ཚུལ་བཞེས་རྗེ་བཙུན་བླ་མ་ཡི། །མཁའ་འགྲོའི་བསུན་བཟློག་དང་འབྲེལ་བརྟན་བཞུགས་དང་། །སྨེ་བརྩེགས་བྱབ་བཀྲུ་མཁན་ཆེན་བླ་མ་ཡི། །རྡོ་རྗེ་རྣམ་པར་འཇོམས་པའི་བྱབ་ཁྲུས་དང་། །སྙེ་མདོ་བླ་མས་མཁའ་འགྲོ་གྲིབ་སེལ་སོགས། །སྐུ་ཡི་རིམ་གྲོ་རྣམ་གྲངས་མང་པོ་དང་། །ཁྱད་པར་འདུས་པའི་ཚོགས་ཀྱི་བསྐང་གསོ་སོགས། །ཞབས་པད་བརྟན་པའི་ཐབས་སྒོ་མང་བསྒྲུབས་པས། །རིང་མིན་སྙུན་ལས་གཞི་མེད་དྭངས་པར་གྱུར། །དེ་ནས་ཟླ་གཅིག་བཅུ་ཕྲག་ཞག་གི་བར། །གསང་བ་ཡེ་ཤེས་མཁའ་འགྲོ་བསྙེན་པ་ལ། །སྣང་གྲགས་འགྱུ་བའི་དངོས་པོ་ཐམས་ཅད་ཀུན། །སྤྲོས་མེད་དེ་བཞིན་ཉིད་དུ་འཇོག་པ་དང་། །རྗེས་ཐོབ་ཏུ་ཡང་སྒྱུ་མའི་ཡོ་ལང་གིས། །ཐུན་མཚམས་མཆོད་འབུལ་རིམ་པའང་བར་མེད་མཛད། །རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིད། །མཆོད་རྟེན་ཆེན་པོའི་བྲེ་ནང་སྨད་ཀྱི་གཞིར། །གནོད་སྦྱིན་འཁོར་ལོ་ནུས་ལྡན་གསར་སྒྲུབ་དང་། །རྡོ་རྗེའི་ཆོས་སྐྱོང་
སྤྱི་དང་བྱེ་བྲག་གི། རྟེན་གཏོར་རྟེན་རྫས་བཅས་པ་མན་ངག་གི། ཡི་གེའི་ངེས་པ་ཇི་བཞིན་འདུ་མཛད་པ། །བཅས་ཤིང་བསྐང་བསྐུལ་ཕྲིན་ལས་གཉེར་ཁ་གཏད། །རིམ་པར་ཆོས་འཁོར་བཅུ་གསུམ་གཟུངས་ཉིད་དང་། །སྐུ་རྟེན་ནང་གཟུངས་བཅས་པའང་འབུལ་བཀོད་མཛད། །གྲ་ནང་ཀླུ་ཆུ་གསེར་ཁུང་དགེ་འཕེལ་བ། །བསམ་དར་བྲེ་མོ་ན་ཁ་ལ་སོགས་ཏེ། །གཤིན་གསོན་དགེ་རིམ་ཆེད་དུ་སྟོན་འཁོར་ཀུན། །སྤྱན་དྲངས་དགེ་རྩ་རྣམ་མཁྱེན་རྒྱུ་རུ་བསྔོས། །དེ་ལས་ལུམ་པའི་གྲུ་བརྒྱུད་ལྷ་སར་ཕེབས། །མི་རྗེ་དམ་པའི་སྤྱན་སྔར་འབྱོར་ཕྱག་དང་། །ཕྱི་ཉིན་ཤ་འུག་ཚེ་དབང་གུར་དྲག་དབང་། །སྟག་ལུང་ཤག་དང་ངེས་མེད་གནས་སོ་སོར། །མི་དབང་མཆོག་གི་ཞམ་རིང་སྤྱི་བྱེ་བྲག །ལྷ་སའི་ཉེ་འཁོར་ཚེས་བཅུ་ཁག་མང་པོ། །བསྙེན་གནས་མ་སོགས་ཆེ་ཕྲ་མང་པོ་ཡིས། །སོ་སོའི་རེ་འདོད་ཇི་བཞིན་དབང་ལུང་དང་། །ཤར་ཁྲིད་བྱད་གདོན་འགྲོལ་བསྲུང་ལ་སོགས་པ། །ཕན་པ་དུ་མས་རྗེས་བཟུང་བཀའ་དྲིན་བསྩལ། །ས་ཡི་ཚངས་ཆེན་གང་གི་བཀའ་ལུང་བཞིན། །བདག་ཉིད་ཆེན་པོ་འཁོར་དང་བཅས་པ་ཡིས། །ར་ས་འཕྲུལ་སྣང་དཀྱིལ་འཁོར་སྡིངས་ཉིད་དུ། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལ་བརྟེན་ནས། །རབ་ཏུ་གནས་པའི་ཆོ་ག་ཉིན་གཉིས་མའི། །ལུགས་སུ་རྒྱས་པར་མཛད་ལ་མེ་ཏོག་འཐོར། །ཡོན་བསྒོའི་སྐབས་སུ་མི་རྗེ་ཡབ་སྲས་ཉིད། །ཆིབས་བསྐྱོད་ཉེ་བར་ཁྲི་ལ་ཞབས་བཀོད་པར། །གནས་བྱའི་རྟེན་ལ་ལྷག་གནས་མེ་ཏོག་ཉིད། །བསྐྱར་མར་འཐོར་བའི་ཕན་ཡོན་ལས་བརྩམས་པའི། །ལུང་རིགས་དང་འབྲེལ་སྙན་འཇེབས་ལེགས་བཤད་ཀྱི། །རྗེས་འབྲེལ་བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་བདུན། །ལ་སོགས་ཕྱག་ལེན་ཇི་བཞིན་འབུལ་གནང་ལ། །དགྱེས་པའི་ཉམས་བརྟས་ཀུན་གྱི་ཡིད་རབ་འཕྲོག །དེ་ཚེ་རབ་སྟོན་ཡོན་གྱི་ཁྱད་པར་སོགས། །རྨུགས་འཛིན་དབང་པོའི་གཏེར་སྒོ་ཕྱེ་ལྟར་བསྩལ། །ངོ་མཚར་ལེགས་པའི་མཚན་མ་མངོན་དུ་གྱུར། །སླར་ཡང་ཡོངས་འདུའི་རྒྱལ་ཁབ་ཆེན་པོ་དེར། །ས་ཡི་བརྒྱ་བྱིན་མི་རྗེ་ཡབ་སྲས་ལ། །འཆི་མེད་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །ཚེ་ཡི་དབང་བསྐུར་མཛད་པའི་རྗེས་འབྲེལ་དུ། །སྐུ་གསུང་ཐུགས་རྟེན་ན་བཟར་བཅས་པ་ཡི། །དངོས་པོའི་འབུལ་
ནོད་རྒྱ་ཆེར་བཤམས་པ་དང་། །རྡོ་རྗེའི་ཚིག་གི་ཞབས་བརྟན་གསོལ་འདེབས་མཛད། །བསྐྱེད་པའི་ཡུམ་ཆེན་དགྱེས་རོལ་ལྕམ་ཉིད་ལ། །ཚེ་དབང་ལྔ་བཅུ་ཐུགས་ཐིག་ཤར་ཁྲིད་དང་། །རྒྱལ་པོའི་ཁབ་དེའི་ཡང་དབེན་སྟེང་ཉིད་དུ། །ལྷ་བསངས་རྒྱགས་བརྔན་ཆོ་གའང་རྒྱས་པར་མཛད། །ཟམ་གདོང་ཞེས་པར་ལྷ་སྲས་རྡ་ལས་སུ། །གུ་རུ་དྲག་པོའི་སྐུ་གསུང་ཐུགས་དབང་ཉིད། །བསྩལ་བར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། །གཞན་ཡང་མངའ་བདག་བླ་མ་དགའ་བཞི་གུང་། །བླ་སྨན་མཁན་པོ་སྙུག་འཛིན་བསྟན་དར་སོགས། །ཆེ་དགུ་མང་པོས་རྒྱ་ཆེའི་ཚོགས་སྟོན་ཞུས། །ཡང་ཟབ་དབང་གིས་གཞི་རྒྱུད་སྨིན་པར་མཛད། །སླར་ཡང་རྒྱལ་ཁབ་ཕོ་བྲང་ཆེན་པོ་དེར། །མི་དབང་སྟོབས་ཀྱི་རྒྱལ་པོས་ཐོན་ཕྱག་གནང་། །ཕྱི་ནང་གོས་དར་ཇ་སིག་དངུལ་བྲེ་ཆེན། །ལ་སོགས་བདོག་པའི་གསོལ་རས་རྒྱ་ཆེར་བསྩལ། །བཞུགས་མཚེར་གནས་སུ་བཀའ་ཡི་མནའ་བོ་ཆེ། །མདོ་མཁར་ཞབས་དྲུང་ཉིད་ལ་གུར་དབང་དང་། །གཤེར་དཔོན་འབྲུག་པའི་དབོན་སྲས་དཔོན་གཡོག་སོགས། །བཅུ་ཕྲག་བཞི་ལ་ཚེ་ཡི་དབང་བསྐུར་དང་། །ཇོ་ཤཀ་རྣམ་གཉིས་གཙོར་གྱུར་གནས་རྟེན་རྣམས། །ཞིབ་མཇལ་རྒྱ་ཆེའི་ཐུགས་སྨོན་ལེགས་མཛད་ནས། །རིམ་བཏེག་གསང་མདའ་སྡིངས་དཔོན་ཁྱིམ་དུ་ཕེབས། །ཚེ་ཡི་དབང་མཛད་ལུམ་པའི་གྲུ་བརྒྱུད་ལ། །རང་དགོན་ཐེག་རྒྱལ་ཨ་ཏིའི་གླིང་དུ་ཕེབས། །ཨེ་ས་སྤྲུལ་སྐུར་ཚེ་གུར་དབང་ཉིད་དང་། །འདུས་པར་བཅས་པས་གཏང་རག་བསྐང་གསོ་མཛད། །ལེགས་གླིང་སྡེ་པར་དབུས་གཙང་ཟི་བུན་གྱི། །དུས་འགྱུར་ལ་བརྟེན་མི་རྗེའི་ཐུགས་འགལ་ཉིད། །དགོངས་དྭངས་སྙན་སྒྲོན་མཛད་པ་རེ་མཐོང་ལ། །ལེགས་གསོར་གཞིས་སུ་མཆེད་འཁོར་སྤྱན་དྲངས་ལ། །བསྙེན་བཀུར་བསྟི་སྟང་དུ་མས་ལེགས་པར་མཆོད། །བྱང་ཕྱོགས་ཤ་ཟན་ཡུལ་གྱི་འདྲེན་པ་ལ། །ཆེད་མངགས་བླ་མ་འཁོར་བཅས་འབྱོར་བ་ཡི། །རྟ་ནོར་མར་ཚྭའི་བརྒྱ་ཕྲག་འབུལ་བ་ཉིད། །བྱང་ཆེན་ས་ལ་བཀོད་དེ་དགེ་བར་མཛད། །བསྟན་འགྲོ་སྤྱི་དང་བྱེ་བྲག་རིམ་གྲོར་དམིགས། །ཉི་ལྡོག་དང་བསྟུན་ཀི་ཀཾ་རླུང་གྲུབ་ཀྱི། །ལས་སྦྱོར་གནད་ཐེམས་མཛད་ལ་ནུབ་ཐ་མ། །འཆི་བདག་གཤིན་རྗེའི་ལག་ཏུ་གཉེར་ཁ་གཏད། །སྐུ་
འབུམ་ཆེན་མོའི་ཆོས་འཁོར་བཅུ་གསུམ་ཡན། །སྔ་དུས་གཡུ་རྩི་ལས་གྲུབ་ཡིན་གྱུར་རུང་། །རིན་ཆེན་གསུམ་པ་དབང་གི་མདངས་ལྡན་ལ། །དང་པོའི་ཞུན་མས་ཁྱབ་པ་སྐབས་འདིར་སྒྲོན། །འགྱུར་མེད་ཡུན་དུ་བརྟན་པའི་མེ་ཏོག་འཐོར། །རྩེ་ཆེན་གྲྭ་རིགས་བཅུ་ཕྲག་དྲུག་ཙམ་དང་། །གསེར་ཟངས་གདུང་རྒྱུད་སོགས་ཏེ་དོན་གཉེར་འགར། །དབང་ཁྲིད་གདམས་པའི་ཆུ་བོ་མང་པོ་དང་། །སྒྲུབ་འཕྲིན་ཁ་འཐོར་མང་པོའི་ལུང་ཉིད་གནང་། །རྒྱལ་ཟླའི་དུས་རིམ་ཆེན་མོ་སྔར་བཞིན་དང་། །བག་ཡོད་ཅེས་པ་ཆུ་གླང་ཞེ་དགུའི་སྟེང་། །ཕེབས་པའི་དུས་སྟོན་ལ་སོགས་ཟིན་པའི་རྗེས། །ཟར་སྤྲུལ་ཨོ་རྒྱན་གསང་སྔགས་བསྟན་འཛིན་གྱི། །སྟོན་འཁོར་ཀུན་ལ་ཞབས་ཏོག་མཆོད་སྤྲིན་སྤྲོས། །གོང་མའི་ཞམ་རིང་མཐུ་སྟོབས་རྒྱ་མཚོ་ཉིད། །ལྔ་ལམ་གྱུར་པར་འཕོ་བའི་མཚམས་སྦྱོར་དང་། །དབོ་ཟླའི་སྒྲུབ་ཆེན་ཚུགས་པའི་སྲུབས་དབར་ལ། །དམ་པའི་ཆོས་ཀྱིས་དོན་གཉེར་ཀུན་མགུ་མཛད། །རྣམ་པར་དགེ་བའི་གྲལ་ཚེས་བཟང་པོ་ལ། །མངའ་ཆེན་རིག་འཛིན་རྒྱ་མཚོས་ཡོན་སྦྱར་ཏེ། །བདག་ཉིད་ཆེན་པོ་འདུས་པར་བཅས་པ་ཡི། །སྐུ་འབུམ་ཆེན་མོ་རྟེན་དང་བརྟེན་པར་བཅས། །རབ་གནས་མངའ་གསོལ་ཆོ་གས་བྱིན་གྱིས་བརླབས། །རྒྱལ་ཁམས་ལོ་ལེགས་ནད་འཁྲུག་ཞི་བ་སོགས། །དགེ་བའི་མཚན་མ་བཟང་པོས་ཤིས་པར་གྱུར། །མངའ་བདག་བླ་མར་རོང་ཕུར་དབང་ལུང་དང་། །ཁམས་ལུང་དབོན་པོ་སྨྲ་ལྕོག་གདུང་སོགས་ལ། །སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་གཏེར་གསར་གྱི། །གདམས་ཁྲིད་ལ་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །སྐབས་འདིར་གཟིགས་སྣང་བྱད་ཁའི་ངོ་ཤར་བར། །རབ་འབྱམས་སྨྲ་བ་ཨོ་རྒྱན་ཆོས་གྲགས་ཀྱིས། །བྱད་འགྲོལ་ལས་སྦྱོར་ཆེན་མོ་འབུལ་བར་མཛད། །ས་ཟླའི་སྒྲུབ་མཆོད་སྤྲེལ་ཟླའི་ཚེས་བཅུ་ཡི། །ཕྱག་ལེན་སྤྲོས་པར་བཅས་པ་སྔར་བཞིན་དང་། །དབྱར་འདིར་མི་རྗེའི་ཆེ་ཞེ་སྤོང་བརྟུལ་ཅན། །གསེར་ཟངས་ཞལ་ངོའི་འོག་མིན་སྤྲུལ་སྐུ་སོགས། །གཞན་དོན་ནུས་པའི་སྐྱེས་བུ་དམ་པ་དང་། །གཞན་ཡང་གཞིས་བྱེས་སྐལ་ལྡན་མང་པོ་ལ། །གཏེར་གསར་གཙོར་གྱུར་བཀའ་གཏེར་མང་པོ་ཡི། །དབང་ཁྲིད་ལུང་གསུམ་སྙིང་ཐིག་རྣམ་གཉིས་ཀྱི། །ཟབ་དབང་ཟབ་ཁྲིད་དུག་དབང་
ལ་སོགས་པ། །དམ་པའི་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར། །ལྷ་རིགས་རྒྱ་རི་ཞབས་དྲུང་སྐུ་འབྲིང་གིས། །འདུས་སྡེར་བསྙེན་བཀུར་བདག་ཉིད་ཆེན་པོ་ཉིད། །བསྟན་འགྲོའི་མགོན་དུ་ཞབས་པད་ཡུན་བརྟན་པའི། །ཆོ་ག་དང་འབྲེལ་རྒྱ་ཆེའི་འབུལ་ནོད་བསྟར། །ཁྲུམས་ཟླའི་རྒྱལ་བ་གཉིས་པའི་ཚེས་ཉིད་ཀྱི། །གཟའ་སྐར་འཕྲོད་སྦྱོར་དུས་ལྷ་འཛོམ་པའི་སྐབས། །ཞལ་བསྲོའི་རྟེན་འབྲེལ་དགྱེས་སྟོན་རྒྱས་བསྟབས་དང་། །འབྲེལ་བར་བླ་བྲང་ཕྱོགས་ལ་བཞུགས་གནས་སྤོས། །ཕྱི་ཉིན་ཆོས་སྲུང་རྣམས་ལ་ཕྲིན་བཅོལ་མཛད། །བདུན་ཕྲག་གསུམ་དུ་ཆོས་དབང་གཏེར་བྱོན་གྱི། །བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་དང་། །འགྲོ་བའི་དོན་ནུས་བུ་ཆེན་མང་པོ་ལ། །སྙིང་ཐིག་རྣམ་གཉིས་གདམས་ཁྲིད་སྨིན་པར་གནང་། །སྐབས་འདིར་མི་རྗེ་ཆོས་ཀྱི་རྒྱལ་པོ་དང་། །སྲས་ཀྱི་ཐུ་བོ་མངའ་རིས་ས་སྐྱོང་གུང་། །ཡབ་སྲས་ལྷན་ཅིག་སྒ་འདྲའི་ཆུ་ཚན་ལ། །ཆིབས་བསྐྱོད་མཇལ་བར་དགོན་ནས་རིམ་བཏེག་ཕེབས། །དེ་འཕྲལ་སྲིད་རིང་དར་དང་ཟུར་བསོས་ཀྱི། །གནང་སྐྱེས་རྒྱ་ཆེར་བཅས་ཏེ་མགྲོན་གཉེར་མངགས། །དེ་ལས་མཆོད་ཡོན་མཇལ་འཕྲད་ཚ་ཆབ་ཀྱང་། །མི་རྗེའི་བཀའ་བཞིན་ལྷན་ཅིག་དགྱེས་པར་རོལ། །བརྒྱ་ཕྲག་ཚེ་ཡི་དབང་གིས་ཐུགས་བཞེད་བསྐངས། །གསེར་དངུལ་ཇ་སིག་ཕྱི་ནང་གོས་དར་དང་། །སྐུ་ཡི་ཉེར་སྤྱད་རིན་ཐང་བྲལ་བ་སོགས། །བདོག་པའི་སྐྱེས་ཀྱི་གསོལ་རས་རྒྱ་ཆེར་བསྩལ། །ཟར་ཕུའི་ལ་བརྒྱུད་རང་གི་བསྟི་གནས་ཕེབས། །བཀོད་ལེགས་གཟིམས་ཆུང་དབང་གི་ཁང་པ་རུ། །སོ་ཡི་སྟོན་ཆེན་འགྱུར་མེད་ལགས་ཉིད་ཀྱིས། །བསྙེན་དང་བཀུར་སྟིའི་ཁྱད་པར་འབུལ་ནོད་བཅས། །ཞབས་པད་ཡུན་བརྟན་ཆོས་འཁོར་བསྐོར་བར་གསོལ། །འདི་ཤེད་ཞག་འགའ་ཆུ་སེར་རྣམ་པ་ཡི། །སྐུ་ལ་སྙུན་པ་བཞེས་ཚུལ་བསྟན་པ་ལ། །གཞུང་བརྒྱ་སྨྲ་བ་ཨོ་རྒྱན་ཆོས་གྲགས་ཀྱིས། །ལྷག་མ་ཅན་གྱི་བྱད་གདོན་འགྲོལ་ཆོག་དང་། །རྗེ་བཙུན་བླ་མ་མི་འགྱུར་དཔལ་སྒྲོན་གྱིས། །ན་ག་རཀྴའི་རྗེས་གནང་སྨེ་བརྩེགས་ཀྱི། །བྱབ་ཁྲུས་ཕུལ་བས་རིང་མིན་གཞི་མེད་དྭངས། །སྡེ་སྟོད་བླ་མ་འགྱུར་མེད་བཟང་པོ་ཡིས། །རྟ་ནོར་མཛོ་གཡག་རྩི་བཅུད་ལྡང་ལ་སོགས། །ཤ་ཟན་ཡུལ་གྱི་ལུགས་སྲོལ་
བརྒྱ་འབུལ་བསྟར། །འབྲེལ་བར་བཅས་པ་བསྔོ་བའི་མཚམས་སྦྱོར་དང་། །སྐྱེས་ལན་ཚེ་གུར་དབང་གིས་ཚིམ་པར་གནང་། །གདུང་བླ་བསྟན་འཛིན་ལྔ་པའི་ལམ་གྱུར་པར། །འདད་ཀྱི་དགེ་བསྔོ་རང་རིགས་གཅུང་ཉིད་ལ། །ཚེ་དབང་བརྒྱ་རྩ་དྲེགས་འདུལ་དབང་བཅས་བསྩལ། །ལོ་འདིའི་དུས་རིམ་སྤྲོས་བཅས་སྔར་བཞིན་མཛད། །དེ་འདས་ཀུན་དགའ་ཞེས་པ་ཤིང་སྟག་ལོ། །དགུང་ལོ་ཞེ་གཅིག་སྟེང་ཕེབས་གནམ་ལོ་ཡི། །གསར་ཚེས་དགྱེས་སྟོན་སྔ་ཕྱི་དུས་གསོལ་བཅས། །སྔར་བཞིན་མཛད་པར་ཕྱི་ནང་པྲ་བརྟགས་ལེགས། །རྒྱལ་བས་ཆོ་འཕྲུལ་བསྟན་པའི་ཟླ་བ་ལ། །ཡོངས་ཀྱི་བཤེས་གཉེན་ཨོ་རྒྱན་ཆོས་གྲགས་དང་། །ཡིབ་ཕྱི་བླ་མ་བསྟན་དར་སོ་སོ་ཡིས། །རྟེན་འབྱུང་དངོས་པོའི་འབུལ་ནོད་ཡོན་སྦྱར་ཏེ། །ཚོགས་ཆེན་ཞབས་བརྟན་ཆོ་ག་རྒྱས་པར་བསྒྲུབས། །བཀའ་བརྒྱད་སྒྲུབ་ཆེན་ཆོག་མང་སྒྲུབ་མཆོད་ཀྱང་། །སྔར་བཞིན་མཛད་ལ་བསྟར་ཆགས་ཚོགས་དབུར་བསྐྱོད། །དབོ་ཟླའི་ནང་དུ་གསང་བ་ཡེ་ཤེས་ཀྱི། །བསྙེན་བསྒྲུབ་མཛད་པའི་རྗེས་འབྲེལ་མེ་མཆོད་དང་། །མཁའ་སྤྱོད་དབང་མོ་ཡིད་བཞིན་འཁོར་ལོ་ཡི། །བཟླས་བརྗོད་བསྙེན་པར་མཛད་པའི་དགེ་མཚན་མངོན། །ཕྱག་ན་པདྨོའི་གསུང་གི་གསང་བ་ཉིད། །ཡིག་ལམ་འདྲེན་པའི་ཤིང་རྟ་ཚངས་དགྱེས་ལགས། །ཆེད་ཕེབས་འདུས་སྡེར་བསྙེན་བཀུར་དགེ་བསྔོ་དང་། །གང་དེར་དབང་དང་བྱད་གདོན་འགྲོལ་བསྲུང་སོགས། །ཕན་པའི་བཀའ་དྲིན་དུ་མས་རྗེས་སུ་བཟུང་། །འདུལ་འཛིན་ལུང་མང་ཨོ་རྒྱན་ཆོས་གྲགས་དང་། །སོ་ཡི་རིགས་འཛིན་འགྱུར་མེད་ལ་སོགས་པ། །ལས་དང་སྐལ་བར་ལྡན་པ་མང་པོ་ལ། །བྱང་གཏེར་ཕུར་པ་ལྷ་ནག་དབང་ལུང་དང་། །རིག་འཛིན་གདོང་དྲུག་དབང་བསྩལ་གཞན་ཡང་ནི། །བསམ་རྩེའི་མ་ཇོ་སོགས་ཏེ་བརྒྱ་སྐོར་ལ། །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི། །ཟབ་ཁྲིད་རྒྱུད་ཁེལ་རིམ་གྱིས་སྨིན་པར་མཛད། །སྣྲོན་ཟླའི་འགོ་ལ་དབེན་གནས་དར་གླིང་ཐེགས། །སྙེང་ཤོད་མགོན་ཁང་གཏོར་གཞི་གསར་བརྗེས་དང་། །གསོལ་མཆོད་རེག་བདེའི་དར་གྱིས་མཛེས་པར་སྤྲས། །དེ་ལས་ངེས་དོན་ཆོས་ཀྱི་ཕོ་བྲང་ཕེབས། །ཉང་གི་སྟོན་ཆེན་རིག་འཛིན་རྒྱ་མཚོ་
ཡི། །འདུས་པ་རྒྱ་མཚོར་མཉེས་པའི་ཡོན་སྦྱར་ཏེ། །ཚེས་བཅུའི་དུས་སྟོན་ཆེན་མོ་དང་འབྲེལ་བའི། །ཉིན་གཉིས་ཆོ་ག་རྒྱས་པར་བསྟར་བ་ཡི། །ཟག་བཅས་དགེ་བ་ཟག་མེད་རྒྱུ་རུ་བསྔོས། །དངོས་གཞིའི་སྤྲོས་པར་བཅས་པའི་ཕྱག་ལེན་དང་། །ཕྱི་ནང་དབང་གིས་ཐར་པའི་ས་བོན་བཏབ། །ཡོངས་ཀྱི་བཤེས་གཉེན་ཨོ་རྒྱན་རབ་བརྟན་ལ། །ཇོ་ནང་ཀུན་དགའ་སྙིང་པོའི་ཡིག་ཆ་ནི། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་གྲགས་པ་ཡི། །དབང་དང་རྗེས་གནང་རིག་གཏད་སྒོམ་ལུང་བཅས། །སྨྱོས་ལུགས་དྲག་ཤད་དབང་དང་རྩ་རྒྱུད་ལུང་། །བསམ་ལྷུན་དབང་དང་བཅས་པ་ལེགས་པར་གསན། །གྲུབ་དབང་ཀུན་བཟང་ཀློང་གྲོལ་སྐྱིད་སྟོན་པ། །འོག་མིན་སྤྲུལ་སྐུ་སོགས་ཏེ་བུ་ཆེན་འགའ། །རིག་འཛིན་འདུས་པར་བཅས་པར་ཉང་གཏེར་གྱི། །བཀའ་བརྒྱད་བདེ་འདུས་པོད་རྫོགས་ལུང་ཉིད་དང་། །ཞི་ཁྲོའི་དབང་ཆེ་རྣལ་འབྱོར་རྒྱུན་གྱི་དབང་། །དེ་ལས་འདུས་པ་ཅུང་ཟད་ཉུང་བ་ལ། །བཀའ་བརྒྱད་གསང་བ་ཡོངས་རྫོགས་གླེགས་བམ་ལུང་། །ལ་སོགས་དབང་ཁྲིད་གདམས་པའི་སྐོར་མང་གསུངས། །ཁྱད་པར་འདུས་པ་མདོ་དབང་སྒྲུབ་དབང་དང་། །འབྲེལ་བ་ཞག་བདུན་ཁོངས་སུ་རྫོགས་པར་བསྩལ། །སྐབས་འདིར་ལྷོ་བྲག་ཐུགས་སྲས་རིན་པོ་ཆེ། །སྒངས་སྟེང་སྤྲུལ་སྐུ་དང་བཅས་ཕེབས་པ་ལ། །ཕེབས་བསུ་མཉམ་ཕྱག་ལ་སོགས་བཀུར་གཟོས་དང་། །མཁའ་འགྲོ་ཡང་ཐིག་རྫོགས་ཆེན་རང་བྱུང་དབང་། །ཚེ་དབང་གསང་མགོན་དབང་དང་སྒྲུབ་སྐོར་ལུང་། །བི་མ་སྙིང་ཐིག་ཤར་ཁྲིད་སོགས་མཛད་ནས། །ཕེབས་རྫོང་བསྟབས་ཏེ་ཆིབས་ཀྱི་ཁ་ལོ་སྒྱུར། །ཟངས་མཁར་སྤྲུལ་སྐུ་འོག་མིན་སྤྲུལ་སྐུ་སོགས། །བརྒྱ་ཕྲག་འདུས་པར་སྒྱུ་འཕྲུལ་ཞི་ཁྲོའི་དབང་། །བཀའ་བརྒྱད་བཀའ་མ་རྫོང་འཕྲང་ཉང་གཏེར་གྱི། །སྡེ་དཔོན་སུམ་ཅུའི་མཐུ་དབང་ཁྲོས་ནག་མའི། །དབང་ཁྲིད་ལུང་སོགས་ཟབ་ཆོས་མང་དག་བསྩལ། །བཀའ་དྲིན་རྗེས་དྲན་འོག་མིན་སྤྲུལ་སྐུ་ཡིས། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །ལྡུམ་པོའི་ཡུམ་གཤེགས་འདད་ཀྱི་དགེ་བསྔོ་སོགས། །གཞིས་བྱེས་གཉིས་ཀར་གསོན་གཤིན་དོན་མང་མཛད། །མགོ་ཟླའི་ནང་དུ་གཞུང་སའི་བཀས་མངགས་ལྟར། །ཁྲ་འབྲུག་གནས་སུ་ཁྲོ་རོལ་བདུན་གཅིག་
དང་། །མཆོད་འབུལ་ཚོགས་མཆོད་སྙན་ཤལ་དང་བཅས་ལ། །བསྟན་འགྲོར་དགེ་བའི་ཐུགས་སྨོན་རྒྱ་ཆེར་གནང་། །དེ་ལས་རང་གནས་དུས་རིམ་ཆེན་མོ་ཚུགས། །གནམ་གང་བར་གྱི་སྤྲོས་བཅས་ཉམས་མེད་མཛད། །སྲིན་པོ་ཞེས་པ་ཤིང་ཡོས་ཞེ་གཉིས་སྟེང་། །ཕེབས་པའི་དགྱེས་སྟོན་དུས་གསོལ་སྔར་བཞིན་དང་། །འདུལ་འཛིན་ཆེན་པོ་དྷརྨ་ཀིརྟི་དང་། །ཟར་སྤྲུལ་ལྷ་རྩེ་གྲུབ་པའི་དབང་ཕྱུག་སོགས། །དོན་གཉེར་ཆོས་ལ་སྤྱོད་པའི་བུ་ཆེན་འགར། །པད་གླིང་མགོན་པོ་སྡེ་བརྒྱད་མ་ནིང་དབང་། །གནོད་སྦྱིན་ཙིཏྟ་དམར་པོའི་སྲོག་གཏད་སོགས། །གནང་ཞིང་ཆོ་འཕྲུལ་བཅོ་ལྔའི་དུས་ཆེན་ཉིན། །རིག་འཛིན་འདུས་སྡེའི་དབུ་བགྲེས་དང་བཅས་པས། །སྙིང་ཐིག་བླ་རྒྱུད་འབུར་སྐུར་བཞེངས་རྣམས་ལ། །བླ་མ་རིག་འཛིན་ཀུན་འདུས་དཀྱིལ་འཁོར་དུ། །རབ་ཏུ་གནས་པའི་ཆོ་གས་མེ་ཏོག་འཐོར། །སྐུ་མཆོད་སྒྲུབ་ཆེན་ཚུགས་པར་གྲྭ་གསར་རྣམས། །རྣལ་འབྱོར་རྒྱུན་གྱི་དབང་བཀས་སྨིན་པར་མཛད། །མདོ་སྟོད་མངའ་རིས་སྐྱོང་བའི་མི་རྗེ་གུང་། །སྒ་འདྲར་ཆིབས་བསྐྱོད་གསེར་ཞལ་མཇལ་དུ་ཐེགས། །ཟབ་དབང་ལུང་སོགས་ཆོས་ཀྱི་སྐྱེས་འགའ་ཕུལ། །རྒྱ་ཆེ་བདོག་པའི་གསོལ་རས་བརྩེ་བས་བསྐྱངས། །ཕྱིར་ཕེབས་ལམ་ལས་སྒྲུབ་གནས་དར་གླིང་ཕེབས། །གཏོར་གཞི་གསར་སྤོས་གསོལ་མཆོད་རྒྱས་པར་མཛད། །རང་གནས་བསམ་རྩེའི་མ་ཇོ་བཅུ་ཕྲག་ལ། །ཡན་ལག་བརྒྱད་པའི་ཁྲིམས་ཀྱི་སྡོམ་པ་དང་། །བཅུ་གཅིག་ཞལ་གྱི་རྗེས་གནང་ཆོ་གའི་ལུང་། །ཐར་ལམ་བགྲོད་པའི་ཐབས་མཆོག་ལེགས་པར་བསྩལ། །ས་གའི་སྒྲུབ་མཆོད་ཆེན་མོ་སྔར་བཞིན་ཚུགས། །ཕྱོགས་མཐའི་དོན་གཉེར་ཆོས་ལོ་བྱེད་པ་འགར། །གཏེར་གསར་ཐུགས་རྗེ་ཆེན་པོའི་ཁྲིད་དམིགས་དང་། །མདའ་སྲས་དངོས་གྲུབ་རྣམ་རྒྱལ་ལ་སོགས་པར། །ཚེ་དབང་རྟ་མགྲིན་གསང་སྒྲུབ་བྱིན་རླབས་གནང་། །གཞན་ཡང་དགའ་བཞི་འབྲོང་རྩེ་བོན་གྲོང་པའི། །སྲས་གསུམ་གཞིས་བྱེས་གྲྭ་པ་མང་འདུས་ལ། །དབང་དང་ལུང་ཁྲིད་བྱད་གདོན་འགྲོལ་བ་སོགས། །གཞན་ཕན་ཕྲིན་ལས་ནམ་མཁའི་མཐའ་ལ་བཅས། །སྣྲོན་ཟླའི་མཇུག་དང་ཆུ་སྟོད་ཟླ་བའི་རིང་། །དཔལ་སྤྲུལ་ལ་སོགས་སྐལ་ལྡན་བརྒྱ་ཕྲག་ལ། །སྔ་འགྱུར་རྒྱུད་འབུམ་པོད་རྫོགས་ལུང་ཉིད་དང་། །
རིག་འཛིན་འདུས་སྡེ་རྗེས་འབྲང་བཅས་པ་ལ། །སྣ་ཚོགས་ཡུམ་ཆེན་དཀར་མོའི་རྗེས་གནང་མཛད། །སྐབས་འདིར་བསྟན་འགྲོ་ཀུན་གྱི་ཉིན་མོར་བྱེད། །ཀུན་མཁྱེན་རྒྱལ་བའི་དབང་པོ་མདོ་ཁམས་ནས། །མི་རྗེའི་ཕྲིན་ལས་ཤིང་རྟའི་དཔུང་ཉིད་ཀྱིས། །བོད་ཡུལ་གདུལ་བྱའི་མཁའ་ལ་དྲངས་པ་ན། །གསེར་ཞལ་མཇལ་བར་འདུས་པའི་འཁོར་དང་བཅས། །རིམ་བཏེག་འཕྲུལ་སྣང་ཉེ་འདབས་སྟག་ཤག་ཕེབས། །བདག་ཉིད་ཆེན་པོ་ཉུང་བསྡུས་འཁོར་དང་བཅས། །རྒྱལ་དབང་མཆོག་གི་ཆིབས་ཀྱི་བསུ་བར་ཕེབས། །གཟའ་སྐར་འཕྲོད་སྦྱོར་འཛོམ་པ་བཅོ་ལྔའི་ཉིན། །ར་ས་འཕྲུལ་སྣང་གཙུག་ལག་ཁང་ཉིད་ཀྱི། །གཟིམས་ཆུང་ཁམས་གསུམ་རྣམ་རྒྱལ་གྲགས་པ་དེར། །མཆོད་ཡོན་ཉི་ཟླ་ལྷན་ཅིག་གསེར་གྱི་ཁྲིར། །ཞབས་སེན་ནོར་བུའི་ཐིག་ལེ་བཀོད་པ་ལ། །དྲི་མེད་གཡའ་བྲལ་དངུལ་དཀར་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་བཀོད་པས་ཐོག་དྲངས་ཏེ། །དངོས་འབྱོར་ཟང་ཟིང་འབུལ་ནོད་ཅི་ཡོད་དང་། །ཡིད་སྤྲུལ་ནམ་མཁའི་མཛོད་དབྱེའི་རྗེས་འབྲེལ་དུ། །རྒྱལ་བ་ཚེ་མཐའ་ཡས་པའི་དཀྱིལ་འཁོར་དུ། །ཞབས་པད་རྡོ་རྗེའི་ཁམས་ལྟར་ཡུན་བརྟན་པའི། །རྡོ་རྗེའི་ཚིག་གིས་གསོལ་འདེབས་ཤིས་པ་བརྗོད། །དེ་ཚེ་རྗེ་འདིའི་ལྗགས་ཀྱི་པདྨོ་ལས། །ལེགས་བཤད་མགུར་ལས་དྲངས་པའི་སྙན་འཇེབས་ཅན། །རྣམ་དཔྱོད་བློ་གྲོས་སྤོབས་པ་གཟེངས་བསྟོད་པས། །དཔྱོད་ལྡན་ཀུན་ཡིད་རང་དབང་མེད་པར་འཕྲོགས། །ཕྱི་ཉིན་མཚམས་སྤྲིན་ས་ལ་འཕོས་འདྲ་བའི། །ངུར་སྨྲིག་འཆང་བའི་སེར་སྦྲེངས་བཀོད་པ་ནི། །ཚར་དུ་དངར་བའི་ངོ་མཚར་དགའ་སྟོན་བཅས། །གངས་ཅན་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ། །ནོར་བུ་བརྩེགས་པའི་གཞལ་མེད་ཁང་དེར་ཕེབས། །ཆེ་དགུ་དམར་ནག་འཁྱིལ་བའི་ཕེབས་སྐྱེལ་ལ། །བདག་ཉིད་ཆེན་པོ་འཁོར་དང་བཅས་པའང་ཕེབས། །གནས་འདིར་མ ི་རྗེ་དཱ་ལས་བཱ་དུར་དང་། །ཉང་གི་སྟོན་ཆེན་རིག་འཛིན་རྒྱ་མཚོ་ལ། །གཏེར་གསར་བླ་མ་དྲག་པོའི་རྩ་དབང་དང་། །མི་རྗེ་ཡབ་སྲས་དགའ་བཞི་གུང་ཉིད་དང་། །བཀའ་བློན་མདའ་དཔོན་རྩིས་དཔོན་ལ་སོགས་པ། །ཆེ་དགུ་མང་པོར་ཚེ་གུར་དབང་སྦྲེལ་བསྩལ། །ཕོ་བྲང་ཆེན་པོར་ཡས་ལྗིང་ཐོན་ཕྱག་དང་། །ཡོངས་འདུའི་རྒྱལ་
ཁབ་དགའ་ལྡན་ཁང་གསར་དུ། །ཕྱིར་ཕེབས་ཐོན་ཕྱག་མཛད་པར་གནས་སོ་སོར། །གསེར་དངུལ་ཇ་སིག་ཕྱི་ནང་གོས་དར་སོགས། །གནང་སྐྱེས་བཟང་པོ་སྤམ་མཐོའི་གསོལ་རས་དང་། །འཕྲལ་ཡུན་དགེ་བའི་གསུང་གི་བདུད་རྩི་ཡིས། །སྙིང་ལ་སིམ་པའི་རང་སྐལ་ཐོབ་ཅེས་གསུངས། །ཕན་བདེའི་འབྱུང་གནས་ཇོ་ཤཀ་རྣམ་གཉིས་སུ། །མཆོད་འབུལ་རྒྱ་ཆེའི་ཐུགས་སྨོན་ལེགས་མཛད་ནས། །སྟོད་ལུང་ཆུ་ཤུར་རིམ་བརྒྱུད་ཆུ་བོ་རིའི། །ཚེ་ཆུ་བཀོད་པའི་སྒྲུབ་སྡེ་ཆེན་པོར་ཕེབས། །སྐྱ་སེར་མང་པོར་ཚེ་ཡི་དབང་སྦྱིན་དང་། །ཕྱི་ཉིན་གོང་དཀར་ཆོས་སྡེའི་གནས་རྟེན་རྣམས། །ཞིབ་གཟིགས་སྙན་ཤལ་གྱིས་ཀླུབས་གནས་ཆུང་ཕེབས། །ཁྲུམས་ཟླའི་དཀར་ཕྱོགས་རང་དགོན་ཕྱག་ཕེབས་ལ། །ཆོས་སྲུང་རྣམས་ལ་གཏང་རག་བསྐང་གསོ་མཛད། །ཞག་གསུམ་ཆབ་ཀྱི་དགྱེས་སྟོན་ཆེན་པོ་དང་། །དེ་ལས་དོན་གཉེར་ཆོས་ལ་སྤྱོད་པ་འགར། །རང་གཏེར་བླ་རྫོགས་ཐུགས་གསུམ་རྡོར་སེམས་དང་། །རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི། །དཀྱིལ་འཁོར་ཆེན་པོའི་དབང་རྣམས་ལེགས་པར་བསྩལ། །རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ཙམ། །དམ་པ་གོང་མར་གསན་འཕྲོས་རྒྱུན་ཆགས་པ། །བར་གཅོད་གཞན་དབང་བཙན་པོའི་འཕྲོ་ལུས་པ། །རྒྱལ་བའི་བཀའ་རྣམས་འགྱུར་རོ་ཅོག་ཉིད་ཀྱི། །གསན་འཕྲོས་གྲ་ཐང་མཁན་པོའི་ཁྲི་ཐོག་པ། །ཀུན་དགའ་མཁྱེན་རྩེ་ཕུན་ཚོགས་ཞལ་སྔ་ནས། །རང་གནས་སྤྱན་དྲངས་དབྱུག་ཟླའི་བཅོ་ལྔ་ནས། །གཞིས་བྱེས་སྐལ་བར་ལྡན་པ་འགའ་བཅས་ཏེ། །མདོ་སྡེ་སྐལ་པ་བཟང་པོ་ནས་བཟུང་སྟེ། །གླེགས་བམ་རྫོགས་པར་གསན་པའི་དབུ་ཚུགས་ལ། །བར་གསེང་རྣམས་ལ་མཆོག་དམན་སྐྱ་སེར་འགར། །སྨིན་གྲོལ་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེ། །རང་དགོན་ཀོང་པོ་བདེ་སྟེང་བླ་མ་ཡི། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་ཐོབ། །ཉམས་བཟང་ཆིབས་སུ་ཕེར་བའི་རྟ་མཆོག་བཅས། །ཕུལ་བ་དགྱེས་བཞེས་རེ་བའི་འབྲས་བུ་སྨིན། །ལྷོ་ཕྱོགས་མོན་ཡུལ་ཐེ་སེ་བླ་མ་དང་། །མདོ་ཁམས་ཕྱོགས་ནས་བླ་མ་འདྲེན་མཆོག་ཉིད། །ཆེད་དུ་འབྱོར་བར་སོ་སོའི་ཡུལ་བབ་ཀྱི། །བརྒྱ་ཕྲག་འབུལ་བ་སྤྱན་ལམ་བསྟར་བ་ལ། །ཟག་མེད་བསྔོ་བའི་རྒྱས་འདེབས་ཡང་དག་
མཛད། །ཉི་ལྡོག་དང་བསྟུན་འཆི་མེད་དཔལ་སྟེར་དང་། །བླ་མ་དྲག་པོའི་ལྗགས་བསྙེན་གནད་ཐེམས་ནས། །ལོ་འདིར་རང་གཏེར་ཐུགས་རྗེ་ཆེན་པོ་ཡི། །དཀྱིལ་འཁོར་ཆེན་པོའི་བློས་བསླང་ཁྱད་འཕགས་ཉིད། །རྟེན་དང་བརྟེན་པར་བཅས་པ་བཞེངས་གནང་ལ། །རྗེ་བཙུན་བླ་མས་མཐུན་པའི་རྐྱེན་སྦྱར་ཏེ། །མགོ་ཟླའི་བཅོ་ལྔའི་གཟའ་སྐར་དགེ་བའི་ཉིན། །སྟོན་འཁོར་ཡོངས་ཀྱིས་ལྷག་གནས་སྔོན་བཏང་བའི། །རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད། །རྒྱས་པའི་བསྲེགས་བླུགས་གར་གྱི་མཆོད་པ་དང་། །སྣ་ཚོགས་མཆོད་སྤྲིན་ཐོགས་པའི་སེར་སྦྲེངས་ཉིད། །རིང་པོར་བརྐྱང་ལ་དཀྱིལ་འཁོར་ཆེན་པོས་མཚོན། །གནས་འདིའི་རྟེན་དང་བརྟེན་པར་བཅས་ཀུན་ལ། །མེ་ཏོག་འཐོར་ཞིང་བརྟན་པར་བྱིན་གྱིས་བརླབས། །རྩེ་ཆེན་གྲྭ་རིགས་བཅུ་ཕྲག་དྲུག་བརྒལ་དང་། །མདོ་ཁམས་པདྨ་དར་རྒྱལ་འདྲེན་མཆོག་ཟུང་། །རྒྱལ་བའི་སྨྱུག་འཛིན་ཚངས་དགྱེས་བློ་ལྡན་སོགས། །སྐལ་ལྡན་མང་པོར་ཚེ་གུར་དབང་གིས་གཙོས། །དུག་དབང་བྱད་འགྲོལ་ལོཀྟྲིའི་རིག་གཏད་སོགས། །དབང་དང་སྒྲུབ་ཕྲིན་མང་པོའི་ལུང་ཉིད་བསྩལ། །རྒྱལ་ཟླའི་དཀར་པོའི་གང་བ་གསུམ་པ་ལ། །རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་རྟེན་གཏོར་རྣམས། །མན་ངག་ངེས་པ་ཇི་བཞིན་གསར་འཛུགས་དང་། །ཆེ་བརྗིད་བརྟག་གཏོར་གསར་བརྗེ་གནང་བ་ཡི། །རྗེས་འབྲེལ་བསྐང་གསོའི་ཆོ་ག་རྒྱས་པར་མཛད། །ཡོས་ཟླའི་དུས་རིམ་ཆེན་མོའི་ཚོགས་དབུར་བསྐྱོད། །དཔལ་ལྡན་དུས་དགྲའི་དབང་པོའི་དཀྱིལ་འཁོར་གྱི། །གཙོ་བོར་བཞེངས་ལ་བསྟན་འགྲོའི་ཕན་བདེ་ལ། །ཉེར་འཚེའི་དགྲ་བགེགས་མ་ལུས་ཚར་གཅོད་པའི། །ཐ་མའི་ལས་ཀྱི་སྦྱོར་བར་ཞུགས་པ་དང་། །རྗེས་འབྲེལ་རྟེན་གཏོར་འབུལ་བ་ལ་སོགས་པའི། །སྤྲོས་བཅས་ཕྱག་ལེན་མ་ལུས་ཉམས་མེད་མཛད། །དེ་འདས་མེ་ཞེས་མེ་མོ་འབྲུག་གི་ལོ། །བགྲང་བྱ་ཞེ་གསུམ་སྟེང་ཕེབས་གནམ་ལོ་དེ། །གསར་དུ་ཚེས་པའི་དགྱེས་སྟོན་སྔ་ཕྱི་ལ། །དགེ་བཤེས་རྣམས་ཀྱིས་ལུང་རིགས་རྩལ་འགྲན་པའི། །ལེགས་པར་བཤད་པའི་དགྱེས་པའི་མཆོད་སྤྲིན་དང་། །དྲག་པོའི་མངོན་སྤྱོད་ཁང་པའི་དུས་གསོལ་བཅས། །བསྟན་འགྲོའི་བདེ་ཐབས་མ་ལུས་སྔར་བཞིན་མཛད། །ལེགས་རྩེ་བླ་མ་རྡོར་གླིང་
གྲྭ་པ་སོགས། །བཅུ་ཕྲག་ལྔ་ལ་གཏེར་གསར་ཚེ་དབང་དང་། །རིག་འཛིན་འདུས་སྡེ་བསམ་རྩེའི་མ་ཇོ་སོགས། །བརྒྱ་ཕྲག་བཞི་དང་བཅུ་ཡི་ལྷག་བཅས་ལ། །དབུ་མ་ལུགས་ཀྱི་སེམས་བསྐྱེད་སྡོམ་པ་བསྩལ། །དབོ་ཟླ་ས་གའི་སྒྲུབ་མཆོད་སྔར་བཞིན་ཚུགས། །སྔ་ཕྱིར་ཆོས་ཉན་སྐྱ་སེར་ཅི་རིགས་ལ། །དབང་ལུང་ཐན་ཐུན་མང་པོ་རིམ་བསྩལ་ཞིང་། །ནག་ཟླའི་དགའ་བ་གསུམ་པའི་ཚེས་ཉིད་ལ། །རྒྱལ་བའི་བཀའ་འགྱུར་ལུང་ཉིད་གེགས་མེད་རྫོགས། །ཡོན་གྱི་དངོས་པོ་རྒྱ་ཆེར་འབུལ་བར་མཛད། །སླར་ཡང་སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་། །འདུལ་བ་མདོ་རྩའི་ལུང་གི་གསན་པ་ཚུགས། །གྲ་ཐང་མཁན་པོ་དགེ་བཅུ་མཁན་སྤྲུལ་དང་། །ཁམས་བླ་པདྨ་དར་རྒྱས་དཔོན་སློབ་བཞི། །ཐེ་སེ་བླ་མ་སྙེ་མོ་རུ་གདུང་རྒྱུད། །ལེགས་རྩེ་བླ་མ་སོ་སྟོན་འགྱུར་མེད་ལགས། །ཡོངས་ཀྱི་བཤེས་གཉེན་ཨོ་རྒྱན་རབ་བརྟན་སོགས། །སྐལ་ལྡན་བཅུ་ཕྲག་གཉིས་དང་ལྔ་བཅས་པར། །རྒྱལ་དབང་ལྔ་བའི་གཟིགས་སྣང་རྒྱ་ཅན་གྱི། །རིག་འཛིན་ཞལ་ལུང་མ་གཏོགས་དབང་བཀའ་ཡོངས། །རྫོགས་པར་གནང་ཞིང་དེ་ལས་ཡང་གསང་དང་། །དྭངས་མ་བཅུད་འདྲེན་ནཱ་ག་རཀྴ་ལ། །རིག་འཛིན་འདུས་པ་རྒྱ་མཚོའང་གསན་པར་ཕེབས། །གཞན་ཡང་འདུས་པ་བརྒྱ་ཕྲག་ཙམ་ཉིད་ལ། །རིག་འཛིན་བླ་མའི་དབང་དང་ཟབ་ཁྲིད་དང་། །བདེ་གཤེགས་ཀུན་འདུས་ཡང་སྙིང་འདུས་པའི་དབང་། །ལ་སོགས་ཟབ་ཆོས་མང་པོའི་ཆོས་སྦྱིན་མཛད། །སྤྲེལ་ཟླའི་ཚེས་བཅུའི་སྤྲོས་བཅས་ཕྱག་ལེན་དང་། །ཕྱི་ནང་དབང་དང་མཇལ་མང་སྔར་བཞིན་དང་། །དེ་ལས་གྲོ་བཞིན་ཟླ་བའི་བར་ཉིད་ལ། །བདེ་གཤེགས་ཀུན་འདུས་རྡོར་སེམས་དབང་ཁྲིད་དང་། །ཞིག་གླིང་དམག་བཟློག་དཀོན་མཆོག་སྤྱི་འདུས་དབང་། །ཉང་གི་མཁའ་འགྲོ་ཆེན་མོའི་དབང་སོགས་དང་། །ཁྱད་པར་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི། གཟའ་དང་ལྷ་མོ་མ་གཏོགས་དབང་ཡོངས་བསྩལ། །དགག་དབྱེའི་ལྗོངས་རྒྱུ་དང་བསྟུན་ཆབ་ཞུགས་དང་། །བདུན་གསུམ་བར་དུ་བཅད་རྒྱ་དམ་པའི་ཁོག །ལྷ་སྔགས་ཡེ་ཤེས་རོལ་པར་འབྱམས་སུ་བཟླས། །སྐབས་འདིར་གོང་ས་ཡས་ཕྱིན་གཙང་ཕྱོགས་སུ། །ཆིབས་ཀྱི་ཁ་ལོ་སྒྱུར་བར་གན་པའི་འདར། །མཆོད་ཡོན་
ལྷན་རྒྱས་གསེར་ཞལ་མཇལ་དུ་ཕེབས། །དགྱེས་པའི་གསུང་གི་བདུད་རྩི་ཟང་ཟིང་གི། དངོས་པོ་རྒྱ་ཆེའི་གསོལ་རས་ལ་སོགས་པ། །མིག་སྤམ་མཐོ་བའི་སྐལ་བཟང་བྱས་ཞེས་གསུངས། །གཞུང་ས་མཆོག་ནས་ཡོ་བྱད་སྦྱོར་གནང་བཞིན། །ཚེ་ཆུ་སྒྲུབ་སྡེར་སྟོང་ཕྲག་ཚོགས་འཁོར་མཛད། །དེ་ལས་གོང་དཀར་ལྷུན་གྲུབ་རབ་བརྟན་དུ། །ཚེ་ཡི་དབང་དང་ཚོགས་ཀྱི་འཁོར་ལོ་བསྐོར། །རང་གནས་ཆོས་ཀྱི་འདུན་ས་ཆེན་པོར་ཕེབས། །མངའ་བདག་བླ་མས་མཐུན་པའི་རྐྱེན་སྦྱར་ལྟར། །ལྷ་ལས་བབས་པའི་དུས་ཆེན་དང་བསྟུན་ནས། །བཅུ་ཕྲག་ཞག་ཏུ་རོང་ཕུར་གཤེད་དམར་དང་། །ཁ་ཐུན་བཅས་པའི་ཆོག་གྲྭ་གསར་དུ་ཚུགས། །དབྱུག་ཟླའི་མར་ངོའི་ཚེས་བཅུ་ནས་བཟུང་སྟེ། །མགོ་ཟླའི་མཇུག་བར་གཏེར་གསར་དྲེགས་འཇོམས་ཀྱི། །ཞི་བར་བསྙེན་པས་ངོ་མཚར་མཚན་མ་མཉེས། །འབྱུང་རྩིས་ལྟར་ན་མེ་མོ་སྦྲུལ་གྱི་ལོ། །ཤར་བ་ཧོར་ཟླ་དང་སྦྱར་བཅུ་གཅིག་པའི། །ཡར་ཚེས་བཅུ་གཉིས་རེས་གཟའ་པ་ཝ་སངས། །རྒྱུ་སྐར་ནབས་སོར་སྤྱོད་པ་ཉི་ཕྱེད་དུས། །དབང་ཆེན་ཟློས་གར་འགྱུར་མེད་རྒྱ་མཚོ་ཉིད། །བར་གཅོད་བགེགས་ཀྱི་དབང་གྱུར་སྐུ་ཚེ་དང་། །མཛད་པ་ཕྲིན་ལས་རྫོགས་པར་མ་གྱུར་པས། །སླར་ཡང་བསྟན་འགྲོ་སྤྱི་དང་བྱེ་བྲག་ནི། །ངེས་དོན་སྙིང་པོའི་བསྟན་པའི་གསལ་བྱེད་དུ། །ཡེ་ཤེས་ཌཱ་ཀི་མི་མོའི་ཚུལ་བཟུང་བ། །རྒྱལ་ཡུམ་ཚེ་དབང་དཔལ་འཛོམ་ལྷུམས་ཉིད་དུ། །དཔལ་ལྡན་སྨྱོས་ཀྱི་རིགས་སུ་སྲིད་བཟུང་བ། །སྲས་ཀྱི་ཐུ་བོ་རྒྱལ་སྲས་ཉིན་མོར་བྱེད། །ཇི་ལྟར་དྭངས་པའི་མཚོ་ལ་པདྨ་དང་། །ཤར་རིའི་སྤོ་ལས་སྲིད་པའི་སྒྲོན་མེ་བཞིན། །ཡུམ་ལ་གནོད་པ་མེད་པར་བདེ་བར་བལྟམས། །དེ་ཚེ་ཐུགས་རབ་འཕེལ་བའི་རྟེན་འབྲེལ་དང་། །བྱིན་རླབས་བསྲུང་བའི་ཐབས་སྒོ་མང་པོ་མཛད། །རྒྱལ་ཟླའི་ཡར་ངོའི་བཟང་པོ་གསུམ་པ་ཡི། །གཟའ་སྐར་འཕྲོད་སྦྱོར་དགེ་བའི་སྔ་དྲོའི་ཆར། །རྡོ་རྗེ་རྣམ་པར་འཇོམས་པའི་བྱབས་ཁྲུས་དང་། །བླ་མ་དྲག་པོའི་དབང་བཞི་བྱིན་རླབས་དང་། །དྲེགས་པའི་སྲོག་དབང་བཅས་པ་མཐའ་རྒྱས་མཛད། །སླར་ཡང་དྲང་སྲོང་ལོཀྟྲིའི་རིག་གཏད་དང་། །གཏེར་གསར་ཡང་སྙིང་ཀུན་འདུས་ཚེ་དབང་བསྩལ། །ལོ་འདིའི་མཇུག་གི་དུས་རིམ་ཕྱག་
ལེན་དང་། །དམར་སེར་ཅན་ཞེས་ཡོངས་གྲགས་མེ་མོ་སྦྲུལ། །དགུང་ལོ་ཞེ་བཞིའི་སྟེང་ཕེབས་གསར་ཚེས་དེའི། །དགྱེས་སྟོན་སྔ་ཕྱི་དུས་གསོལ་སྔར་བཞིན་མཛད། །ཚེས་ལྔར་གུང་རུ་སྡེ་པ་ཡབ་སྲས་ལ། །ཚེ་གུར་དབང་དང་ཟིམ་པོ་སྔགས་འཆང་དང་། །གསར་ཞུགས་འདུས་གྲྭ་བཅས་པ་ཁ་ཤས་ལ། །བཀའ་བརྒྱད་རྣལ་འབྱོར་རྒྱུན་གྱི་དབང་བསྩལ་ནས། །དབོ་ཟླའི་སྒྲུབ་ཆེན་ཚུགས་པའི་ཚོགས་དབུར་ཕེབས། །ནག་ཟླའི་ཚེས་བརྒྱད་སྔགས་རབ་དཔལ་མགོན་གྱི། །སྒོམ་ཁང་སྤྱན་དྲངས་ལྷ་ཆེན་སྲོག་གཏད་བསྩལ། །འདི་ཉིན་སེ་དོ་ཚོང་དཔོན་རྒྱལ་མཚན་ནས། །འདུས་དེར་བསྙེན་བཀུར་ཚོགས་ཆེན་ཞབས་བརྟན་དང་། །སྤོང་བརྟུལ་འཛིན་པ་སྒོམ་ཆེན་དོན་གྲུབ་ནས། །འབྲས་བུའི་སྒོམ་གྲྭའི་རང་ཁང་སྤྱན་དྲངས་ལ། །ཅི་འབྱོར་གྱིས་མཆོད་གཅེས་དགུ་ཕུལ་ནས་ཀྱང་། །བསྟན་འགྲོའི་མགོན་དུ་ཡུན་བརྟན་གསོལ་འདེབས་མཛད། །ས་ཟླའི་ནང་དུ་གྲུབ་ཆེན་སྨོན་ལམ་ལ། །ལས་འབྲེལ་རྩལ་གྱི་ཐུན་མིན་གཟའ་དབང་དང་། །རིགས་སྲས་དམ་པ་གཅེན་མོ་མཆེད་ཟུང་ལ། །བ་རི་ལུགས་ཀྱི་རྣམ་འཇོམས་བྱབ་ཁྲུས་གནང་། །སྐབས་འདིར་གུང་རུ་སྡེ་སྲས་ཚངས་སྐྱབས་དང་། །དགའ་བཞིའི་སྲས་པོ་ཐའི་ཇིས་དབྱངས་ཅན་མ། །སྒྲ་མདོ་རིལ་པོའི་རི་མོའ་ིརྒྱུགས་ཕུལ་བར། །ངོས་བཞེས་ལེགས་སྐྱེས་གསོལ་རས་མཚན་འདོགས་མཛད། །ཕུན་རབ་སྡེ་པ་དགེ་སློང་དཔལ་འབྱོར་ཉིད། །ལྔ་བའི་ལམ་གྱུར་འཕོ་བའི་མཚམས་སྦྱོར་དང་། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱི། །དུས་ཆེན་ཚེས་བཅུའི་སྤྲོས་བཅས་སྔར་བཞིན་གནང་། །ཟན་ཡངས་མི་འགྱུར་དཔལ་གྱི་བསམ་ཡས་སུ། །གོང་ས་མཆོད་ཡོན་ཕེབས་པར་མཇལ་ཞུར་བསྐྱོད། །དགྱེས་པའི་བཀའ་བཞིན་བྱང་ཆུབ་ཆེན་པོའི་མདུན། །མཆོད་འབུལ་ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་བསྐོར། །མི་ཡི་དབང་པོ་ཡབ་སྲས་ལྷན་རྒྱས་ལ། །གཏེར་གསར་ཚེ་དབང་བརྒྱ་རྩ་གུར་དབང་དང་། །ལྷ་ཆེན་སྲོག་གཏད་ལེགས་པར་འབུལ་གནང་ལ། །རྒྱ་ཆེ་དངོས་པོའི་གསོལ་རས་སྤམ་མཐོར་བསྩལ། །དེ་ལས་རང་གནས་ཕྱིར་ཕེབས་ཆུ་སྟོད་ཟླའི། །དཀར་པོའི་སྟོད་ལ་ཆོས་འབྱུང་ཟངས་མཚོ་
ཞེས། །བོད་འབྲོག་མཚམས་ཀྱི་སྤྲིན་གསེབ་གནས་དེར་བསྐྱོད། །ཚེས་བཅུའི་ཆོ་ག་དང་འབྲེལ་ནང་དབང་དང་། །འདུས་པའི་ཁྲོམ་ལ་ཐང་སྟོང་ཚེ་དབང་བསྩལ། །ཕྱིར་ཕེབས་དར་གླིང་གནས་སུ་བསྐང་གསོ་དང་། །འདུས་ཚོགས་ཀླུ་ཆུའི་གཞིས་སུ་སྤྱན་དྲངས་པའི། །ཡོན་བསྔོ་དེ་ལས་རང་གི་བསྟི་གནས་ཕེབས། །སྐབས་འདིར་དམར་སྟོན་བསྟན་འཛིན་བཟང་པོ་ལ། །སྒྲ་མདོ་ཀ་ལ་པ་ཡི་རི་མོ་དང་། །གོ་དོན་དང་བཅས་ཞིབ་ཆའི་ཕྱག་ཁྲིད་མཛད། །ཁྲུམས་ཟླའི་ཆབ་ཞུགས་དགྱེས་སྟོན་སྔར་བཞིན་དང་། །གཞུང་སའི་བཀས་མངགས་གཡོ་རུ་ཁྲ་འབྲུག་ཐེགས། །ཕ་རོལ་གཡུལ་ངོ་བཟློག་པའི་མདོས་ཆེན་དང་། །མཆོད་འབུལ་སྨོན་ལམ་བརྒྱ་ཕྲག་ཚོགས་མཆོད་མཛད། །གཏེར་སྟོན་གྲྭ་བའི་བརྒྱ་རྩ་བརྒྱད་ཀྱི་གནས། །ཡ་གྱལ་སྐྱིད་རུའི་མཆོད་ཁང་ཉམས་རལ་ལ། །ཞིག་གསོ་མཐར་ཕྱིན་དབྱུག་ཟླའི་ཉའི་ཚེས་ལ། །རབ་ཏུ་གནས་པའི་ཆོ་གས་མེ་ཏོག་འཐོར། །དེ་ལས་གྲུབ་དབེན་དར་རྒྱས་ཆོས་གླིང་ཕེབས། །གཏོར་གཞི་གསར་སྤོ་མཆོད་ཕྲིན་རྒྱས་པ་དང་། །སྐྱ་སེར་ཁྲོམ་ལ་དབང་ཆོས་འབྲེལ་པ་ཉིད། །བསྩལ་ནས་རང་གནས་ཆོས་གྲྭ་ཆེན་པོར་ཕེབས། །རྗེ་བཙུན་བླ་མར་སྨེ་བརྩེགས་བྱབས་ཁྲུས་དང་། །ཡོངས་ཀྱི་བཤེས་གཉེན་ཨོ་རྒྱན་རབ་བརྟན་ལ། །བྱད་འགྲོལ་ལས་སྦྱོར་རིག་འཛིན་ཡོངས་འདུས་ནས། །བསྟན་པ་རྨད་བྱུང་སྤྲོས་བྲལ་བདེ་ཆེན་མ། །སིནྡྷུ་རྒྱ་མཚོ་ཆེ་ཆུང་དབང་རྣམས་གསན། །རིགས་ཀྱི་གཅུང་གྱུར་རྗེ་དབོན་ཕྱག་མཛོད་ནས། །རྒྱ་ཆེའི་འབུལ་ནོད་ཞབས་ཏོག་ཡོན་སྦྱར་ཏེ། །རིག་འཛིན་འདུས་སྡེའི་བགྲེས་གྲྭ་དྲུག་ཅུ་ཡི། །ཞབས་པད་ཡུན་དུ་བརྟན་པའི་ཆོ་ག་དང་། །ཆོས་རྫོང་བླ་མ་རྣམ་རྒྱལ་གྲགས་པ་དང་། །རུ་རྙིང་སྡེ་བླ་དགེ་སློང་ཡོངས་གྲོལ་གྱིས། །རྟ་ནོར་མཛོ་གཡག་མར་ལྡང་ལ་སོགས་པའི། །བརྒྱ་ཕྲག་འབུལ་བ་ཉི་མ་སྔ་ཕྱིར་བསྒྲུབས། །རྒྱལ་ཟླའི་དུས་རིམ་གནམ་གང་གཏོར་འབུལ་སོགས། །སྤྲོས་བཅས་ཕྱག་ལེན་མ་ལུས་ཉམས་མེད་མཛད། །དེ་འདས་དུས་ཀྱི་ཕོ་ཉ་ས་རྟ་ལོ། །དགུང་ལོ་ཞེ་ལྔའི་སྟེང་ཕེབས་གསར་ཚེས་ཀྱི། །དགྱེས་སྟོན་སྔ་ཕྱིར་སྔགས་རབ་བསྟན་དར་དང་། །སྐྱེས་མཆོག་གཉིས་ཀྱིས་བགྲོ་བའི་གླེང་མོལ་
མཛད། །ཆོ་འཕྲུལ་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །དགེ་སློང་མཆོག་གྲུབ་ཞམ་རིང་མི་ཕམ་དང་། །ཉང་སྟོན་རིག་འཛིན་རྒྱ་མཚོ་སོ་སོ་ནས། །རིག་འཛིན་འདུས་སྡེར་བཀུར་སྟིས་ལེགས་མཆོད་ནས། །རྗེ་ཉིད་ཡུན་དུ་བརྟན་པའི་ཆོ་ག་བསྒྲུབས། །བཀོད་ལེགས་གཟིམས་ཆུང་དབང་གི་ཁང་པ་རུ། །བཅུ་ཕྲག་གཉིས་ཀྱི་འདུས་པའི་འཁོར་དང་བཅས། །བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས། །བདུད་རྩི་སྨན་གྱི་སྒྲུབ་པ་སྨིན་རྒྱས་མཛད། །དེ་ཚེ་ཕྱག་དྲིལ་བཅུ་ཕྲག་གསུམ་འཕེལ་སོགས། །བྱིན་རླབས་དགེ་བའི་རྟགས་མཚན་མངོན་དུ་གྱུར། །སྐབས་འདིར་ཟན་ཡངས་དཔལ་གྱི་བསམ་ཡས་སུ། །གཞུང་སའི་བཀའ་བཞིན་གསར་བཞེངས་པདྨའི་སྐུར། །བཅུ་ཕྲག་གསུམ་གྱི་འདུས་པའི་འཁོར་དང་བཅས། །རབ་ཏུ་གནས་པའི་ཆོ་ག་མཛད་ལ་ཕྱོགས། །གནས་དེར་བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ། །རབ་ཏུ་གནས་པའི་ཆོ་ག་ཉིན་གསུམ་མའི། །ལུགས་སུ་རྒྱས་པར་བསྒྲུབས་ལ་ལྷག་གནས་ཀྱི། །ངོ་མཚར་མེ་ཏོག་གནས་བྱའི་རྟེན་ལ་འཐོར། །རྡོར་བྲག་རིག་འཛིན་མཆོག་གི་སྤྲུལ་སྐུ་ལ། །འཆི་མེད་དཔལ་སྟེར་གྲགས་པའི་ཚེ་དབང་དང་། །མངའ་བདག་བླ་མ་རིག་འཛིན་རྒྱ་མཚོ་ལ། །གུར་དྲག་དབང་བསྩལ་དེ་ལས་རང་དགོན་ཕེབས། །དབོ་ཟླའི་སྒྲུབ་མཆོད་སྔར་བཞིན་ཚུགས་པ་ལ། །བདག་ཉིད་ཆེན་པོ་གཟིམས་ཆུང་སྐུ་སྒེར་དང་། །རྗེ་བཙུན་བླ་མ་མཆོག་གིས་ཡོན་སྦྱར་ཏེ། །སྐུ་མཆོད་ཆེན་མོ་ཉིན་གཉིས་འཕར་བ་སོགས། །ཇ་འགྱེད་མཆོད་པའི་རིམ་པ་ཤིན་ཏུ་མང་། །ཚེས་གཉིས་གཟའ་སྐར་དགེ་བའི་སྔ་དྲོའི་ཆར། །གཙུག་ལག་རྩིས་ཀྱི་རྟེན་འབྲེལ་ལས་བྱུང་ལྟར། །རྒྱལ་བའི་སྲས་མཆོག་ཆབ་སྒོར་བསྐྱོད་པ་ལ། །ལས་སྣེ་རྣམས་ཀྱིས་བཀྲ་ཤིས་ལྷ་རེག་གིས། །མགུལ་བ་མཛེས་སྤྲས་ཤིས་བརྗོད་མེ་ཏོག་འཐོར། །སྐབས་འདིར་ཀཿཐོག་རིག་འཛིན་ཆེན་པོ་ཉིད། །རྗེ་འདིའི་གསང་གསུམ་མཇལ་བར་ཕེབས་པ་ན། །བསྙེན་དང་བཀུར་སྟིའི་ཁྱད་པར་དུ་མ་དང་། །རྫོགས་ཆེན་སྐོར་དང་ཚེ་ཡི་དབང་ལ་སོགས། །ཟབ་མོའི་གདམས་པ་མང་པོས་ཐུགས་བཞེད་བསྐངས། །ཚུར་ཡང་རྫོགས་ཆེན་སེམས་ཀློང་སྡེ་གཉིས་དང་། །ཟབ་མོ་ཡང་ཐིག་དབང་ཁྲིད་ལུང་གསུམ་བཞེས། །ས་ཡི་དབང་ཕྱུག་བསོད་
ནམས་སྟོབས་ཀྱི་རྒྱལ། །ཉེ་དབང་གིས་བསྐོར་ལྷ་དབང་ཆས་འདྲ་བའི། །འཁོར་ཚོགས་ས་གཞི་ནོན་པའི་དཔུང་བཅས་ཉིད། །སྒ་འདྲར་ཕེབས་པའི་སྤྱན་སྔར་མཇལ་བར་ལྷགས། །མི་ཡི་བདག་པོར་ཚེ་དབང་བརྒྱ་ཚར་དང་། །ཞབས་དྲུང་ལྕམ་དང་དགའ་བཞི་གུང་སྲས་བཅས། །བཀའ་ཡི་སྣ་ཆེན་མདོ་ཞབས་ཛ་སག་བཅས། །སོ་སོར་བཅུ་ཕྲག་ལྔ་རེའི་ཚེ་དབང་བསྩལ། །དགྱེས་པའི་བཀའ་དང་བདོག་པའི་གསོལ་རས་བཅས། །བདག་གིར་མཛད་ནས་འཇད་ཀྱི་ལྡུམ་པོར་ཕེབས། །རྐྱེན་ངན་སེལ་བའི་དབང་གིས་རེ་བ་བསྐངས། །དེ་ལས་གདན་ས་ཆེན་པོར་ཕྱག་ཕབ་སྟེ། །བཀའ་མའི་ཆོག་ཁག་གསུམ་དང་རྡོར་སེམས་དང་། །ཁྲོས་མ་ནག་མོ་འཁོར་བ་དབྱིངས་སྒྲོལ་བཅས། །བཀའ་གཏེར་ཆོ་ག་དྲུག་གི་སྒྲུབ་མཆོད་ཉིད། །ནག་ཟླའི་ཉ་ནས་ཚུགས་པའི་སྲོལ་གཏོད་མཛད། །མདོ་ཁམས་བླ་མ་འདྲེན་མཆོག་གྲགས་པ་ཉིད། །དད་པས་ཉེར་བསླངས་འབུལ་སྐྱེལ་དུ་འབྱོར་བར། །ཀུན་གྱི་ལམ་གྱུར་ལྔ་བར་གཤེགས་པ་ན། །མ་སྒོམ་འཚང་རྒྱའི་གདམས་པས་རྗེས་སུ་བཟུང་། །ལུག་ཟླའི་ཆོག་མང་སྒྲུབ་མཆོད་སྔར་བཞིན་དང་། །རང་དགོན་ལག་གྱུར་ཚེ་ཆུ་སྒྲུབ་སྡེ་ནས། །ཡོངས་ཀྱི་བཤེས་གཉེན་ཨོ་རྒྱན་ཆོས་གྲགས་ཀྱིས། །ཞབས་པད་རྡོ་རྗེའི་རང་བཞིན་ལྟར་བརྟན་པས། །ཡོན་སྦྱར་ཚོགས་ཆེན་བརྟན་བཞུགས་རྒྱས་པར་བསྒྲུབས། །གཞུང་བརྒྱ་སྨྲ་བའི་བཤེས་གཉེན་མཆོག་ཉིད་ཀྱིས། །སྔ་འགྱུར་རྒྱུད་སྡེ་རྒྱ་མཚོའི་ཡ་གྱལ་ཉིད། །སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་བློས་བསླངས་ཚུལ། །ཚད་དང་མཚན་ཉིད་ཀུན་ཚང་བཞེངས་པ་ལ། །རྗེ་ཉིད་གཙོར་གྱུར་རང་གྲྭ་སུམ་ཅུ་ཡིས། །རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད། །སྣྲོན་ཟླའི་ཚེས་བཅུའི་སྤྲོས་བཅས་སྔར་བཞིན་ནས། །རིང་མིན་ཟན་ཡངས་དཔལ་གྱི་བསམ་ཡས་བསྐྱོད། །ས་ཡི་དབང་ཕྱུག་དཱ་ལས་བཱ་དུར་གྱིས། །གསེར་ཞལ་མཇལ་ལ་དགོངས་པའི་བཞེད་པ་བཞིན། །ཚེ་གུར་དབང་དང་རྒྱལ་པོའི་སྲོག་གཏད་དང་། །བྱད་འགྲོལ་ལས་སྦྱོར་ལ་སོགས་འབུལ་གནང་ལ། །རྒྱ་ཆེ་དངོས་པོའི་གསོལ་རས་གྱ་ནོམ་བསྩལ། །དབུ་རྩེ་རིམ་གསུམ་རྟ་མགྲིན་ལྷ་ཁང་དུ། །མཆོད་འབུལ་སྙན་ཤལ་དར་གྱིས་ལེགས་བཀླུབས་ལ། །བསྟན་འགྲོར་དགེ་བའི་རྒྱ་ཆེའི་སྨོན་ལམ་
དང་། །ལྕོག་ཏུ་སྙན་ཤལ་འདོད་པའི་ཕྲིན་ལས་བཅོལ། །དེ་ལས་རང་གནས་ཕྱིར་ཕེབས་དད་ལྡན་འགར། །དམ་པའི་ཆོས་ཀྱི་ལུང་སྦྱིན་ཁ་ཡར་དང་། །རྒྱལ་བས་ཆོས་འཁོར་བསྐོར་བའི་ཟླ་བ་ལ། །མདོ་སྔགས་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཆེ། །རབ་འབྱམས་ཨོ་རྒྱན་ཆོས་ཀྱི་གྲགས་པ་ལ། །ཀུན་མཁྱེན་དྷརྨ་ཤྲཱིའི་བསྟན་བཅོས་གྲས། །གསང་སྙིང་སྤྱི་དོན་གསང་བདག་ཞལ་ལུང་དང་། །འགྲེལ་པ་གསང་བདག་དགོངས་རྒྱན་གཞན་ཡང་ནི། །དཀོན་མཆོག་འགྲེལ་དང་ཕྱོགས་བཅུའི་མུན་སེལ་དང་། །སྒྲོལ་ཊིཀ་སྨན་ལུང་མི་བསྐྱོད་རྡོ་རྗེའི་གསུང་། །བསྡུས་དོན་ཆོས་ཚོམ་འགྲེལ་བའི་ལུང་རྣམས་གསན། །བཤེས་གཉེན་གང་དང་ཤེལ་བླ་ཟིལ་གནོན་སོགས། །སྐལ་ལྡན་འགའ་ལ་དཀོན་མཆོག་སྤྱི་འདུས་དང་། །རྒྱ་ཅན་འཇིག་རྟེན་དབང་ཕྱུག་ཕྱག་དྲུག་པའི། །གཏོར་དབང་དུར་ཁྲོད་བདག་མོའི་རྗེས་གནང་སོགས། །ཡང་ཟབ་དབང་དང་ལུང་ཕྲན་མང་པོ་བཅས། །སླར་ཡང་གདུང་བརྒྱུད་རིན་པོ་ཆེ་ཡི་གཙོས། །དོན་གཉེར་མང་པོར་ཆོས་དབང་གསང་འདུས་པོད། །ལ་སོགས་ཆོས་སྦྱིན་མང་པོའི་དགའ་སྟོན་ཕྱེ། །གྲོ་བཞིན་ཟླ་བའི་རྒྱལ་བ་དང་པོ་ལ། །གྲ་ཡི་ཟར་ཕུ་སོགས་བརྒྱུད་སའི་ཐིག་ལེ། །མདོ་མཁར་རྫོང་ཆེན་བཀྲ་ཤིས་རབ་བརྟན་གྱི། །ཉེ་འདབས་ཕུན་ཚོགས་དཔལ་འབྱོར་གྲགས་པ་དེར། །གཏོང་པའི་ཕྱག་རྐྱོང་དོན་འགྲུབ་ཚེ་དབང་གིས། །བསུ་བའི་བཀོད་པས་མདུན་བདར་འཁོར་བཅས་དྲངས། །ཐུབ་གསུང་འགྱུར་རོ་ཅོག་གི་བཀའ་འགྱུར་སོགས། །གསར་རྙིང་སྐུ་གསུང་ཐུགས་རྟེན་མང་པོ་ལ། །གཏེར་གསར་བླ་མ་ཞི་བའི་དཀྱིལ་འཁོར་དུ། །རབ་ཏུ་གནས་པའི་ཆོ་གས་མེ་ཏོག་འཐོར། །ཡོན་གྱི་བདག་པོར་ཚེ་དབང་བརྒྱ་རྩ་དང་། །ཞི་བའི་བསྲེགས་བླུགས་བརྒྱ་ཕྲག་ཚོགས་འཁོར་བཅས། །དམར་ནག་ཁྲོམ་ལ་ཐང་སྟོང་ཚེ་དབང་སོགས། །འབྲེལ་ཚད་དོན་ལྡན་འཕྲིན་ལས་རྒྱ་ཆེར་བསྐྱངས། །སླར་ཡང་མདོ་མཁར་རྫོང་དུ་ཕྱག་ཕབ་སྟེ། །རྒྱལ་བའི་བཀའ་བསྟན་གླེགས་བམ་གསར་རྙིང་སོགས། །གྲངས་མེད་བརྗོད་ལས་འདས་པའི་རྟེན་མང་པོར། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལ་བརྟེན་ནས། །རབ་གནས་ཆོ་གས་ལྷག་གནས་མེ་ཏོག་འཐོར། །ཡོན་བདག་ཁག་ནས་རབ་ཡོན་
ཁྱད་པར་སོགས། །ཟང་ཟིང་དངོས་པོའི་བདོག་པ་རྒྱ་ཆེར་བསྟབས། །དེ་ལས་རང་དགོན་དགེ་ཡེ་བླ་བྲང་བསྐྱོད། །སྤྱི་དབང་སྒེར་དབང་སོགས་ཀྱིས་རེ་བསྐངས་ནས། །ལྷོ་ཕྱོགས་སྤྲིན་སེག་བྱང་ཆུབ་གླིང་དུ་ཕེབས། །མགོན་ཁང་ཆེན་མོའི་གཏོར་གཞི་གསར་སྤོ་དང་། །རྗེས་འབྲེལ་ཐུགས་དམ་བསྐངས་ལ་མདོ་དོན་བཅོལ། །དམར་ནག་འདུས་པར་ཚེ་ཡི་དབང་བསྩལ་ནས། །བཙན་དྲོ་གཞུང་བརྒྱུད་གནས་གཞིར་ཕྱག་ཕབས་ལ། །དབང་དང་བྱིན་རླབས་འདོད་པའི་བུམ་པ་བཀང་། །སྨྲ་བོ་གཞིས་ཀ་གྲི་གུ་བྲག་རྩ་གསུམ། །སོ་སོར་ཕྱི་ནང་དབང་གིས་ཚིམ་མཛད་ནས། །རིམ་བཏེག་གྲ་ཡི་ཨར་གེའི་དགོན་གསར་དུ། །སྤྱན་དྲངས་རབ་གནས་ཆོ་ག་ཉིན་ཆོག་མཛད། །དེ་ལས་ས་ཡི་འོག་མིན་ཞབས་སོར་བཀོད། །ཡན་ལག་བརྒྱད་ལྡན་ཆུ་ཡི་དགྱེས་སྟོན་དང་། །ལྷོ་ཕྱོགས་འབྲུག་པའི་གྲྭ་པ་ཐོར་བུ་དང་། །རང་གྲྭ་བཅུ་ཕྲག་གཉིས་ཀྱི་འདུས་པ་ལ། །མཁའ་འགྲོ་སྙིང་ཐིག་ཆེན་མོའི་དབང་ཁྲིད་དང་། །ན་རག་དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་དབང་། །བཤེས་གཉེན་ཆེན་པོ་ཨོ་རྒྱན་རབ་བརྟན་དང་། །སྐུ་ཞང་ཕུན་ཚོགས་རབ་བརྟན་གཞིས་ཀ་ནས། །རིག་འཛིན་འདུས་སྡེར་བསྙེན་བཀུར་གྱིས་མཆོད་པར། །སོ་སོའི་དགེ་བ་བྱང་ཆེན་བསྔོ་བ་མཛད། །དབྱུག་ཟླ་སྒང་བོ་སྨིན་དྲུག་ཟླ་བ་ཡི། །དགའ་བ་གཉིས་པའི་ཚེས་བར་བཅད་རྒྱའི་ཁོག །རིམ་གཉིས་ཟབ་མོའི་ཉམས་བཞེས་ཆིག་སྒྲིལ་དང་། །རིགས་སྲས་མཆོག་ལ་ཆོས་ལུང་འགའ་ཡང་བསྩལ། །བཟང་པོ་གཉིས་པར་ཚེ་ཆུ་སྒྲུབ་སྡེ་ཞེས། །འཆི་མེད་གནས་ཀྱི་ཡང་རྩེར་གྱུར་པ་དེར། །གསང་བདག་དངོས་བྱོན་ཟུར་ཆུང་ཤེས་རབ་གྲགས། །འཕགས་བོད་མཁས་གྲུབ་མང་པོར་སྐྱེ་བ་བཞེས། །ཁྱད་པར་རྗེ་བཙུན་ཏ་ར་ནཱ་ཐ་ཡི། །ལས་ཀྱི་ཕྱག་རྒྱ་ཨེ་ཀ་ཛ་ཊིའི་རིགས། །ཞིང་སྐྱེས་ཚེ་དབང་རྒྱལ་མོ་ཚེ་འཕོས་པའི། །ཡང་སྲིད་དེ་མ་ཐག་པར་ལུང་ཟིན་གྱི། །སྔ་འགྱུར་རྒྱུད་སྡེ་ཟབ་མོའི་དོན་སྨྲ་མཁས། །ཡོངས་ཀྱི་བཤེས་གཉེན་དྷརྨ་ཀིརྟིའམ། །ཨོ་རྒྱན་ཆོས་ཀྱི་གྲགས་པ་ཞིང་གཤེགས་པར། །མཆོད་བསྔོ་རྟེན་འབྱོར་པ་དང་ལམ་ཉིད་ཀྱི། །བར་ཆད་ཀུན་ཞི་གཞན་དོན་རྩོལ་མེད་དུ། །འཆར་བའི་ལྗགས་བསྔོ་རྩེ་གཅིག་སྨིན་རྒྱས་དང་། །སླར་ཡང་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། །
ཟབ་ལམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །མཆོད་འབུལ་རྒྱ་ཆེའི་ཐུགས་སྨོན་ནན་ཏན་མཛད། །མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ། །རྗེ་བཙུན་བླ་མས་རྟེན་བཞེངས་གསར་གནང་ལ། །རང་གྲྭ་བཅུ་ཕྲག་གསུམ་གྱི་འཁོར་དང་བཅས། །རབ་ཏུ་གནས་པའི་ཆོ་གས་མེ་ཏོག་འཐོར། །རིགས་ཀྱི་གཅུང་གྱུར་རྗེ་དབོན་ཕྱག་མཛོད་ནས། །བཻ་རོའི་ཡང་སྲིད་གཏེར་ཆེན་བླ་མ་ཡི། །འཁྲུངས་རབས་ཕྲེང་བ་ཚར་དུ་དངར་བ་རྣམས། །ཚངས་པའི་རོལ་མོའི་སྙེམས་པ་འཕྲོག་བྱེད་པའི། །གྲ་མཚུངས་ཐང་སྐུ་གསར་བཞེངས་གནང་བ་རྣམས། །གེགས་མེད་མྱུར་འགྲུབ་རིག་འཛིན་འདུས་སྡེ་ནས། །ཤ་འུག་གཏེར་བྱོན་བདེ་གཤེགས་ཀུན་འདུས་ཀྱི། །དཀྱིལ་འཁོར་ཆེན་པོར་ལྷག་གནས་སྔོན་བཏང་བའི། །དེ་དང་དེའི་རྟེན་དམ་ཚིག་སེམས་དཔའི་ངོར། །ཡེ་ཤེས་སེམས་དཔའི་བྱིན་ཆེན་དབབ་པ་སོགས། །རབ་ཏུ་གནས་པའི་ཆོ་ག་ཉིན་གཉིས་མའི། །ལུགས་སུ་སྦྱོར་དངོས་རྗེས་གསུམ་ཚང་བ་ཡི། །གྲངས་མེད་ཤིས་པའི་མེ་ཏོག་འཐོར་བར་མཛད། །དེ་ཚེ་རབ་ཡོན་སྟོན་མོའི་ཁྱད་པར་སོགས། །ལྷ་ཡི་འབྱོར་པ་ལྟ་བུས་མཐོ་བ་ལ། །ཡོན་བདག་བསྒོ་བའི་གསུང་བཤད་ལྗགས་བསྔོ་སོགས། །དཔྱོད་ལྡན་ཀུན་གྱི་ཡིད་རབ་འཕྲོག་པར་མཛད། །དད་གསུམ་ལྡན་པ་གུང་རུ་ཡབ་སྲས་དང་། །མ་ཎི་སྒང་པ་སྟེང་ཞལ་ལྷན་ཅིག་ལ། །རང་གཏེར་ཚེ་གུར་དབང་དང་དེའི་ཕྱི་ཉིན། །ཆུ་ཤུར་བྱང་ཆུབ་གླིང་པའི་དགེ་སྦྱོང་གཉིས། །རང་གྲྭ་འཕྱོངས་རྒྱས་ཚེ་དབང་ལ་སོགས་པར། །གཏེར་གསར་ཡང་ཟབ་ཐུགས་རྗེ་ཆེན་པོ་ཡི། །ཟབ་ཁྲིད་མ་བུ་དབང་དང་བཅས་པ་རྣམས། །རིམ་པར་གནང་ཞིང་མདོ་ཁམས་སྨད་ཀྱི་ཕྱོགས། །གནམ་སའི་བདག་པོ་སྡེ་དགེ་བླ་དཔོན་ཟུང་། །བརྒྱ་ཕྲག་འཁོར་གྱི་བརྟེན་པ་ལྷགས་པ་ལ། །བཀུར་གཟོའི་མཇལ་ཁས་རེ་འདོད་སྐོང་བར་གནང་། །གཏོང་བའི་ཕྱག་རྐྱོང་རབ་འབྱམས་མཆོག་དགའ་ཉིད། །འདུས་བྱས་ལམ་གྱུར་འཕོ་བས་རྗེས་འཛིན་དང་། །ལོ་མཇུག་དུས་རིམ་ཚུགས་པའི་ཚོགས་ཕེབས་སོགས། །སྤྲོས་བཅས་མ་ལུས་སྔར་བཞིན་དུས་ཐོག་མཛད། །དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ། །གསར་དུ་ཚེས་པ་དགུང་ལོ་ཞེ་དྲུག་ཐོག །དགྱེས་
སྟོན་དུས་གསོལ་བཅས་པ་སྔར་སྲོལ་ལྟར། །མཛད་ཅིང་ཆོ་འཕྲུལ་ཟླ་བའི་དཀར་པོའི་ཕྱོགས། །ཐོག་མཐའ་འཁྱོངས་པར་འདུས་སྡེར་མང་བྱ་དང་། །མཆོད་པ་རྣམ་ལྔ་ཁྱོན་དྲིལ་སྟོང་མཆོད་བཅས། །འཇམ་དཔལ་མཚན་བརྗོད་གྲངས་མང་གསོག་པར་མཛད། །རྗེ་བཙུན་བླ་མ་གཏེར་ཆེན་ཆོས་རྗེ་ཡི། །གདུང་ཁང་དངུལ་གདུང་མཐོང་བས་རྣམ་གྲོལ་ཉིད། །བྱང་ཕྱོགས་བདུད་འགོང་ཇུན་གར་དཔུང་བཅས་ཀྱིས། །མཚམས་མེད་ལྔ་ཡི་ལས་ཚབབ་ཆེར་བསགས་པའི། །སྐུ་རྒྱུ་ཕྲ་རྒྱན་རྩ་འཐོར་སོང་བ་ལ། །མཁན་ཆེན་བླ་མ་དོན་ཡོད་བཟང་པོ་ཡི། །གཞུང་སའི་བཀའ་བཞིན་མདོ་ཁམས་ས་ངན་དུ། །ཕེབས་པའི་ཕྲིན་ལས་ཟང་ཟིང་དངོས་པོ་ཡིས། །སླར་ཡང་གསར་བཞེངས་གནང་བའི་དགོངས་གཏད་ལ། །དགའ་བ་གཉིས་པའི་གཟའ་སྐར་འཕྲོད་དགེ་བར། །གཏེར་གསར་རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །བཟོ་བོ་སྐུ་རྒྱུར་ཚུལ་བཞིན་བྱིན་རླབས་མཛད། །སྐབས་འདིར་རྒྱལ་སྲས་ཁམས་བླ་རྟ་མགྲིན་དང་། །རང་གྲྭ་བཅུ་ཕྲག་གསུམ་གྱི་འདུས་པ་ལ། །བཀའ་མ་ཡང་དག་སངས་རྒྱས་མཉམ་སྦྱོར་དང་། །ཚེ་བདག་ལྕགས་འདྲ་ཆོས་དབང་ཕུར་པ་དང་། །དོང་སྤྲུགས་པདྨ་བརྒྱ་ཕྲག་ལྡན་པ་དང་། །རྟ་མགྲིན་ཡང་གསང་ཕྱག་རྡོར་དྲེགས་འདུལ་བཅས། །རྩ་བའི་དབང་བསྩལ་བདག་གིའང་སྐལ་བཟང་ཐོབ། །སླར་ཡང་གཏེར་ཆེན་གུ་རུ་ཆོས་དབང་གི། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་དང་། །ལེགས་ལྡན་རྗེ་ཡི་འཁོར་བ་དབྱིངས་སྒྲོལ་དབང་། །འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་སྡོང་དང་། །འཆར་ཀ་གནམ་སྐས་མ་ཡི་ཟོར་དབང་གནང་། །དེ་ལས་བཀའ་བརྒྱད་སྒྲུབ་ཆེན་སྔར་བཞིན་ཚུགས། །ནག་ཟླའི་ནང་དུ་རྒྱལ་སྲས་འཁོར་བཅས་འགར། །གཏེར་གསར་གསང་མགོན་ཉང་གཏེར་ལྷ་མོ་དང་། །རྡོར་སེམས་དབང་སོགས་ལུང་ཁྲིད་འགའ་བསྩལ་ནས། །གཞུང་སའི་བཀས་བསྐུལ་དཔལ་གྱི་བསམ་ཡས་སུ། །རང་གྲྭ་མང་པོའི་འཁོར་བཅས་ཀྱིས་བཏེག་པའི། །དབུ་རྩེའི་བར་ཁང་རབ་གནས་ཆོ་ག་དང་། །ཞི་རྒྱས་དབང་དང་དྲག་པོའི་བསྲེགས་བླུགས་བཅས། །གནད་སྨིན་མཛད་ལ་རང་གནས་གདན་སར་ཕེབས། །རྒྱལ་སྲས་བཅུ་ཕྲག་བཞི་ཡི་འཁོར་ཚོགས་ལ། །རོང་ཕུར་གཤེད་དམར་ཁ་ཐུན་དབང་རྣམས་བསྩལ། །
ས་ཟླའི་ཚེས་དྲུག་གཟའ་སྐར་དགེ་བའི་ཉིན། །དངུལ་གདུང་ཆེན་པོའི་སེང་ཁྲིའི་གཟུངས་འབུལ་དང་། །རྗེས་འབྲེལ་ཆོས་སྲུང་རྣམས་ལ་འཕྲིན་ལས་བཅོལ། །དེ་ནས་གཟུངས་འབུལ་མ་ལུས་རིམ་གྱིས་མཛད། །ལུག་ཟླའི་ཆོག་མང་སྒྲུབ་མཆོད་སྔར་བཞིན་དང་། །དབུས་ལྗོངས་མདའ་དཔོན་བློ་བཟང་དར་རྒྱས་ཀྱི། །རིགས་སྲས་གསན་སྦྱོང་ལ་ཕེབས་ཐུགས་བུམ་ཁེངས། །སྟོན་འཁོར་ཚང་མར་ཚོགས་སྟོན་གྱིས་མཆོད་ལ། །རང་གནས་ཕྱིར་ཕེབས་སྲིད་རིང་དར་ཉིད་དང་། །མཛོད་གོས་རྒྱན་བཞིའི་ན་བཟའ་གསོལ་རས་དང་། །ལུགས་གཉིས་ཡུལ་ལ་སྤྱོད་པའི་བཀའ་སློབ་བསྩལ། །སྣྲོན་ཟླའི་རྫོགས་པ་དང་པོའི་ཚེས་ཉིད་ལ། །རྗེ་ཉིད་གཙོར་གྱུར་འཕགས་ཚོགས་དགེ་འདུན་སྡེ། །དངུལ་གདུང་སྲིད་ཞིའི་གདུང་སེལ་རིན་པོ་ཆེར། །གཏེར་གསར་བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ། །ལྷག་གནས་སྔོན་འགྲོའི་རབ་ཏུ་གནས་པར་མཛད། །དེ་ཚེ་རྣམ་སྦྱོར་ཅན་གྱི་སེར་སྦྲེངས་ནི། །རབ་ཏུ་ཚར་དངར་རིང་པོར་བརྐྱང་བྱས་ཏེ། །གསར་རྙིང་རྟེན་དང་བརྟེན་པར་བཅས་པ་ལ། །ཤིས་བརྗོད་མེ་ཏོག་ཆར་བཞིན་འབབ་པར་མཛད། །དུས་གསུམ་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་ཡི། །དུས་ཆེན་ཚེས་བཅུའི་སྤྲོས་བཅས་སྔར་བཞིན་དང་། །ཕྱི་ནང་དབང་དང་སྒོམ་ཆེན་དཔལ་མགོན་སོགས། །སྐལ་ལྡན་འགའ་ལ་ཚེ་བདག་ལྕགས་འདྲའི་དབང་། །ཉང་གཏེར་དུར་ཁྲོད་མ་མོའི་རྗེས་གནང་དང་། །ཆོས་དབང་མ་ནིང་དབང་བཀའ་ཐུན་མིན་བཅས། །གཞན་ཡང་དོན་གཉེར་ཅན་འགར་འདོད་པ་བཞིན། །དབང་དང་ལུང་གི་སྦྱིན་པ་མང་པོ་བཀྱེ། །རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཟླ་ལ། །མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ། །རྗེ་བཙུན་བླ་མས་བགྲེས་གྲྭ་རགས་བསྡུས་བཅས། །ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་དང་། །རང་དགོན་ཀོང་པོ་ཐང་འབྲོག་བླ་མ་ནི། །སོ་སྟོན་འགྱུར་མེད་ཆོས་འཛིན་རྣམ་རྒྱལ་གྱིས། །རྒྱ་ཆེའི་འབུལ་ནོད་རོ་བདའི་ཞབས་ཏོག་བཅས། །ཚོགས་ཆེན་བརྟན་བཞུགས་ཆེན་མོ་ལེགས་པར་བསྒྲུབས། །སྐབས་འདིར་རྒྱལ་བའི་སྲས་མཆོག་ཅུང་ཟད་ཙམ། །གཞན་ངོར་སྐུ་ཁམས་ཧྲེང་ཚུལ་བསྟན་པ་ལ། །ཚེ་གུར་དབང་དང་བྱབ་ཁྲུས་ལ་སོགས་པའི། །རྐྱེན་སེལ་
འགའ་བསྩལ་རིང་མིན་གཞི་མེད་དྭངས། །ཉང་སྟོན་རིག་འཛིན་རྒྱ་མཚོས་ཡོན་སྦྱར་ལྟར། །སྟོན་འཁོར་འགའ་ཡིས་བདུན་ཕྲག་གཅིག་གི་རིང་། །ཁྲོ་རོལ་བདུད་དཔུང་ཟིལ་གནོན་གཏོར་བཟློག་གིས། །མཐའ་དམག་བཟློག་པའི་ལས་ཀྱི་སྦྱོར་བ་མཛད། །ལོ་འདིར་གཙུག་ལག་ཁང་དང་བླ་བྲང་གི། རྩེ་མོར་རིན་ཆེན་གསུམ་པར་གསེར་ཞུན་གྱིས། །ཁྱབ་པའི་གཉྫི་ར་ཉིད་བཞེངས་གནང་ལ། །གེགས་མེད་འགྲུབ་པར་རབ་གནས་མེ་ཏོག་འཐོར། །གནམ་སའི་བདག་པོ་མི་ཡི་དབང་པོ་ཡི། །བཀས་མངགས་དགའ་བཞིའི་ལྷ་སྲས་ཐི་ཇི་ཉིད། །རིག་གནས་གསན་སྦྱོང་དག་ལ་བཞུགས་པ་ཉིད། །སྤྱི་དང་བྱེ་བྲག་གསན་པ་ཐུགས་རྫོགས་པའི། །ལྷ་ལྡན་རྒྱལ་ཁབ་ཆེན་པོར་གཤེགས་ཉེ་ཚེ། །རྗེ་གཅིག་བརྒྱ་བྱིན་གཉིས་པར་གྱུར་པ་དེས། །ཕྱག་དྲུང་དཔལ་འཛོམ་གྲགས་པ་སྐུ་ཚབ་ཏུ། །མངགས་ཏེ་མགོན་འདིར་རྒྱ་ཆེའི་འབུལ་ནོད་ཀྱིས། །འདུས་པ་རྒྱ་མཚོས་ཞབས་བརྟན་འབུལ་ཆོག་དང་། །ཕྱི་ཉིན་ཆོས་བསྲུང་རྣམས་ལ་འཕྲིན་བཅོལ་བཅས། །ཉིན་ཐུབ་ཞབས་ཏོག་ཡོན་གྱི་ཁྱད་པར་བསྩལ། །ལྷ་ཡི་སྲས་པོ་ཕྱིར་ཕེབས་ཕྱག་འབུལ་དང་། །འཛམ་གླིང་སའི་ལྟེ་གྲུ་འཛིན་ཕོ་བྲང་ཆེར། །ཀུན་མཁྱེན་རྒྱལ་བའི་སྤྱན་སྔར་རྒྱུགས་འབུལ་སྐབས། །ཞམ་རིང་མཁས་གྲུབ་མང་པོ་ཚོགས་དབུས་སུ། །རྣམ་དཔྱོད་བློ་གྲོས་སྤོབས་པ་གཟེངས་བསྟོད་ལ། །ཤེས་བྱ་སྤྱི་དང་བྱེ་བྲག་མ་ལུས་པ། །སོ་སོ་མ་འདྲེས་གསལ་དག་ཐོན་པ་ཡི། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་མཉེས་པ་དང་། །མི་རྗེ་དམ་པའི་ཐུགས་དགོངས་རྫོགས་པ་དང་། །མཁས་མང་ཀུན་གྱི་ཡིད་བརྟན་འཕྲོག་པ་སོགས། །མཛད་པ་དོན་ལྡན་ཕྱག་རྩེར་བཞེས་དགོས་ཞེས། །ལུགས་བརྒྱ་ཀུན་ལ་འཇུག་པའི་བསླབ་བྱ་དང་། །མགུལ་བ་མཛེས་བྱེད་སྲིད་རིང་ལྷ་ཡི་དར། །རྣམ་བཀྲའི་གོས་བཟང་རྒྱན་བཞིའི་ན་བཟའ་སོགས། །ཟང་ཟིང་དངོས་པོའི་ཕེབས་རྫོང་རྒྱས་པ་དང་། །ཁྱད་པར་གཡའ་ལུང་གཏེར་བྱོན་ཧྲཱིཿརྒྱ་ཅན། །འཆི་མེད་ཚེ་ཡི་རིལ་བུ་བསེ་རུའི་གྲངས། །བདུད་རྩི་སྨན་གྱི་ཕུར་མ་ལ་སོགས་པའི། །བྱིན་རྟེན་ཁྱད་འཕགས་མང་པོ་ཕྱག་ནས་བསྩལ། །མཁན་ཆེན་འགྱུར་མེད་དོན་ཡོད་ལྷོ་ཕྱོགས་སུ། །ཕེབས་བཞེད་འཁོར་དང་བཅས་པར་ཐོན་ཕྱག་བསྩལ། །སྔ་ཕྱིར་དོན་གཉེར་
ཅན་འགར་གཏེར་གསར་ནས། །ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཡན་ལག་ཁྲིད། །སྤྲོས་བཅས་སྤྲོས་མེད་གཏོར་མའི་དབང་རྣམས་དང་། །ཁྱད་པར་རྒྱུད་འཛིན་རྒྱལ་སྲས་འཁོར་བཅས་ལ། །རྫོགས་ཆེན་སེམས་སྡེ་ཨ་རོ་སྙིང་ཐིག་དང་། །ཀློང་སྡེ་རྡོ་རྗེ་ཟམ་པ་མདོ་དབང་པོད། །སྒྱུ་འཕྲུལ་ལམ་རིམ་སྒྱུ་འཕྲུལ་ཕྲ་མོའི་སྐོར། །གསང་སྙིང་གཞུང་དང་རོང་ཊིཀ་གཡུང་ཊིཀ་དང་། །ཀློང་ཊིཀ་བཻ་རོའི་འདྲ་འབག་ལ་སོགས་པ། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་མང་དུ་ཕྱེ། །མངའ་ཆེན་རིག་འཛིན་རྒྱ་མཚོས་ཡོན་སྦྱར་ཏེ། །འདུས་པ་རྒྱ་མཚོས་ཉིན་ཞག་བཅོ་ལྔའི་བར། །ན་རག་དོང་སྤྲུགས་ཆོ་ག་སྐོང་མང་བཅས། །མཛད་པའི་ཉིན་མཐར་ཚོགས་དབུར་སྤྱན་དྲངས་ལ། །སེ་ཡི་སྟོན་ཆེན་རིན་ཆེན་རྒྱལ་མཚན་གྱི། །སྐུ་བརྙན་ཕྱག་ནས་གསུང་འབྱོན་མར་གྲགས་པ། །གཏེར་ཆེན་ཆོས་རྗེ་མཁན་ཆེན་ལོ་ཙཱ་བའི། །གསུང་འབུམ་པོད་ཆེན་བཀྲ་ཤིས་གྲངས་ལྡན་དང་། །རིན་ཆེན་གཉིས་པ་བྲེ་ཆེན་ལ་སོགས་པ། །འབུལ་དངོས་བཀོད་གཙང་རྒྱ་ཆེ་སྤམ་མཐོ་ཉིད། །ཟག་མེད་བསྔོ་བས་ཟིན་པའི་བཀའ་དྲིན་བསྩལ། །མགོ་ཟླའི་དཀར་ཕྱོགས་བྱང་ཕྱོགས་ཤ་ཟན་ཡུལ། །འདྲེན་པར་མངགས་པ་བླ་མ་བཟང་པོ་ཡི། །རྟ་ནོར་མཛོ་གཡག་རྩི་བཅུད་ལྡང་ལ་སོགས། །བྱང་ཟོག་ལྟོས་ཆེའི་བརྒྱ་ཕྲག་འབུལ་བ་བསྟར། །མངའ་བདག་བླ་མས་སླར་ཡང་ཡོན་སྦྱར་བཞིན། །ལོ་མཇུག་དུས་རིམ་ཆེན་མོ་སྔ་ནུར་ཚུགས། །གདབ་ལས་རྒྱས་པའི་ཕྱག་བཞེས་སྤྲོས་བཅས་སོགས། །སྔར་འཁྱུད་ཇི་བཞིན་གནམ་གང་བར་དུ་མཛད། །དེ་འདས་དྲག་པོ་ཞེས་པ་ལྕགས་སྤྲེའུ་ལོ། །དགུང་ལོ་ཞེ་བདུན་གསར་ཚེས་གནམ་ལོ་དེའི། །དགྱེས་སྟོན་དུས་གསོལ་ལ་སོགས་སྔར་བཞིན་དང་། །གསུམ་ལྡན་འདུས་སྡེ་སྤྱི་ཡིས་ཡོན་སྦྱར་ལྟར། །རྗེ་བཙུན་བླ་མས་འཆི་བསླུ་ཚེ་དབང་བསྩལ། །མཆུ་ཟླའི་གང་བ་དང་པོའི་ཚེས་བཟང་ལ། །བླ་བྲང་ཚོམས་ཆེན་ཡོལ་བ་བླ་བྲེས་ཀྱིས། །ལེགས་པར་བརྒྱན་ལ་རྒྱལ་སྲས་གཅེན་མོ་ཟུང་། །ཡུམ་དྲུང་འདུས་པ་རྒྱ་མཚོ་བཅས་པ་ལ། །ན་རག་དོང་སྤྲུགས་དཀྱིལ་འཁོར་ཞལ་ཕྱེ་ནས། །ཟབ་མོ་དབང་གི་རིམ་པས་སྨིན་པར་མཛད། །གཞན་ཡང་དབང་ལུང་
གདམས་པ་མང་པོ་ཡིས། །དོན་གཉེར་ཅན་འགའི་བཞེད་པ་སྐོང་བ་དང་། །དབོ་ཟླའི་སྒྲུབ་ཆེན་ཚུགས་པར་སྦྱོར་དངོས་དང་། །རྗེས་གསུམ་ཚང་བའི་མཛད་པ་བདག་གིར་བཞེས། །དགེ་སྦྱོང་ཁྱབ་བདག་ཡུན་གྱིས་ཡོན་སྦྱར་ལྟར། །རིག་འཛིན་འདུས་སྡེས་ཞབས་བརྟན་ཆོ་ག་དང་། །མི་ཡི་དབང་པོའི་བཀས་མངགས་ཡོན་བསྩལ་ལྟར། །རྗེ་ཡི་ལྷ་ཆེན་མེ་མཆོད་ཞག་གསུམ་མཛད། །སྦྲུལ་ཟླའི་ཉ་ལ་བགྲེས་གྲྭ་བཅོ་ལྔ་བཅས། །གཙུག་ལག་ཁང་གི་ཡང་རྩེར་རྫོགས་པ་ཆེའི། །བླ་རྒྱུད་སྨན་སྐུར་གསར་བཞེངས་གནང་བ་ལ། །རབ་ཏུ་གནས་པའི་ཆོ་གས་མེ་ཏོག་འཐོར། །དེ་ལས་རང་གྲྭ་མང་པོའི་འཁོར་དང་བཅས། །ཟན་ཡངས་མི་འགྱུར་དཔལ་གྱི་བསམ་ཡས་བསྐྱོད། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །དཀྱིལ་འཁོར་ཆེན་པོར་བདུད་རྩི་སྨན་སྒྲུབ་ནི། །གོང་མའི་ཕྱག་བཞེས་ཇི་བཞིན་སྨིན་པར་མཛད། །ནག་ཟླའི་ཉ་ལ་བྱང་ཆུབ་ཆེན་པོའི་མདུན། །ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་བསྐོར་བ་དང་། །རྗེས་འབྲེལ་ཇི་སྲིད་བསྟན་པ་ནམ་གནས་བར། །སྣང་བྱེད་མར་མེའི་རྒྱན་བཟང་གསར་ཚུགས་མཛད། །གཞན་ཡང་བཟང་གོས་སྣ་ཚོགས་ལས་གྲུབ་དང་། །མཛོད་རྙིང་སྲིད་དུ་རིང་བའི་ཕན་ཆ་རེ། །བར་ཁང་ལྷ་ཚོགས་གཙོ་འཁོར་མ་ལུས་པར། །བཟང་གོས་སྣ་ཚོགས་བརྩེགས་པའི་དར་དཔྱང་རེ། །དབུ་རྩེ་རིམ་གསུམ་གླིང་བཞི་གླིང་ཕྲན་སོགས། །མ་ལུས་ཞབས་ཀྱིས་བཅགས་ལ་མཆོད་པ་དང་། །འདོད་གསོལ་ཅན་གྱི་སྙན་ཤལ་གྱིས་བཀླུབས་ནས། །བསྟན་འགྲོ་དགེ་བའི་ཐུགས་སྨོན་ནན་ཏན་མཛད། །སྣང་སྲིད་དྲེགས་པའི་སྡེ་དཔོན་གནོད་སྦྱིན་ཆེ། །སྐྱེས་བུ་ཁོག་ཏུ་བརླམས་པའི་སྤྱན་སྔར་ཡང་། །གསེར་ཕུད་སྙན་ཤལ་ཇ་སྐྱེམས་འབུལ་བ་དང་། །འདོད་པའི་ཕྲིན་ལས་བཅོལ་བར་ཕེབས་པ་ལ། །ཅི་བསྒོ་སྒྲུབ་པའི་ཞལ་བཞེས་རི་མོ་མཛད། །སྲང་ཁ་ཤར་དུ་རྒྱལ་བའི་ཡབ་རྗེ་ཡི། །སྤྱན་སྔར་མཇལ་དུ་ཕེབས་པར་ལྷོད་ཆགས་དང་། །བཟང་གོས་མཛོད་བཏགས་སྣ་ལྔ་བྲོ་ཁལ་བརྒྱའི། །གསོལ་རས་ལ་སོགས་བཀུར་གཟོས་ཆེན་པོ་མཛད། །དེ་ལས་རང་གནས་ཆོས་གྲྭ་ཆེན་པོར་ཕེབས། །ལ་དྭགས་རྒྱལ་པོ་གནམ་དུ་ཐེགས་པ་ཡི། །མཆོད་བསྔོ་རྟེན་འབྱོར་བྱང་ཆེན་བསྔོ་སྒྱུར་དང་། །སླར་
ཡང་ཚོང་འདུས་ནོར་བུ་གླིང་ཉིད་དུ། །མི་རྗེ་དཱ་ལས་བཱ་དུར་མཇལ་བར་བསྐྱོད། །དུག་དབང་རྡོ་རྗེ་ཕ་ལམ་ཚེ་གུར་དབང་། །དགོངས་བཞེད་ཇི་བཞིན་འབུལ་མཛད་བདོག་པའི་སྐྱེས། །རྒྱ་ཆེར་བསྩལ་བ་བདག་གིར་བཞེས་ནས་ནི། །ས་ཡི་འོག་མིན་སྨིན་གྲོལ་གླིང་དུ་ཕེབས། །རིང་མིན་གཡུ་རུའི་གྲ་རྒྱུད་སྒ་འདྲར་ཕེབས། །ས་ཡི་ཚང་ཆེན་མི་རྗེ་བློན་འཁོར་བཅས། །སྨན་ཆབ་ཁྲུས་ཀྱི་རྫིང་བུར་དགྱེས་རོལ་བར། །སེང་སང་མཆོད་ཡོན་གསེར་ཞལ་ལྷན་ཅིག་འཛོམ། །ཞག་ལྔའི་བར་དུ་ལྷན་ཅིག་ཆབ་ལ་རོལ། །ཐུགས་ཀྱི་བཞེད་པ་ཇི་བཞིན་དུག་དབང་དང་། །གུར་དབང་བརྒྱ་ཕྲག་ཚེ་ཡི་དབང་སོགས་དང་། །ཁྱད་པར་སྲིད་ཞིའི་མ་དལ་གྱིས་དྲངས་པའི། །དངོས་འབྱོར་འབུལ་སྐྱེས་སྤྱན་སྔར་བསྟར་བྱས་ནས། །ཞབས་པད་ཡུན་བརྟན་བདེན་པའི་ཚིག་ཀྱང་གསོལ། །ཐོན་ཕྱག་དུས་སུ་སྐུ་གསུང་ཐུགས་རྟེན་གྱིས། །སྣེ་དྲངས་བཟང་གོས་ཁྱད་མཚར་འགན་སྦྱར་དང་། །ནོར་ལྷའི་གྲངས་ལྡན་དངུལ་དཀར་རྟ་རྨིག་མ། །ལྗོན་འདབ་ཕུར་མའི་ཡང་རྩེ་འཁོར་དྲུག་བདུན། །རྒྱ་གར་རྒྱ་ནག་གཉིས་ཀའི་ཟོག་བཟང་གི། དགུ་ཚན་བསྡེབས་པ་སྐྱོན་གྱི་གྲངས་ལྡན་བསྩལ། །སྤྱི་དང་བྱེ་བྲག་གསུང་གིས་དབུགས་དབྱུང་བས། །དགྱེས་པོས་འདའ་བཞིན་རིམ་གྱིས་རང་གནས་ཕེབས། །ས་ཟླའི་ཆོག་མངས་སྒྲུབ་མཆོད་སྔར་བཞིན་ཚུགས། །ལོ་འདིར་ནཻ་པ་ལ་ཡི་བཟོ་བོ་ལྔས། །རིན་ཐང་བྲལ་བ་རིན་པོ་ཆེ་ཉིད་ཀྱི། །དབུ་རྒྱན་བཟོ་རྒྱུས་འཕགས་པ་གསར་བཞེངས་ཉིད། །གེགས་མེད་ལེགས་པར་གྲུབ་པར་རྟེན་འབྲེལ་དུ། །ཡར་ངོའི་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། །བླ་བྲང་ཚོམས་ཆེན་སྤྱན་གཟིགས་ཀྱིས་བྲེས་པར། །སྣ་ལྔའི་མཆོད་པ་རྒྱ་ཆེར་བཤམས་མཛད་ནས། །རྗེ་བཙུན་བླ་མ་རྒྱལ་བའི་སྲས་པོ་མཆེད། །འདུས་པའི་ཚོགས་བཅས་སུམ་བརྒྱར་ཉེ་བ་ལ། །གཏེར་གསར་བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ། །སློབ་བུ་འཇུག་པའི་སྟ་གོན་དངོས་གཞིའི་དབང་། །ཕྱི་ཉིན་སྤྲོས་བཅས་ལྷན་ཐབས་ནང་བཞིན་དུ། །མཆོག་དབང་གཏོར་དབང་བཅས་པ་བསྩལ་བ་ལ། །བུམ་དབང་སྐབས་དེར་གསར་བཟོས་དབུ་རྒྱན་ཉིད། །བཞེས་པར་རྗེ་བཙུན་རིན་པོ་ཆེ་ཡིས་གཙོས། །ཞལ་ངོ་སྐུ་འཁོར་འདུས་པ་སྤྱི་སོ་ནས། །སྲིད་རིང་དར་
སོགས་རྟེན་འབྱུང་དངོས་པོ་བསྟར། །སྣྲོན་ཟླའི་ཚེས་བཅུ་མཆོད་པ་ཚེས་གསུམ་ནས། །མངའ་བདག་བླ་མས་ཡོན་སྦྱར་བཞིན་དུ་ཚུགས། །དུས་ཆེན་སྤྲོས་བཅས་ཕྱི་ནང་དབང་ལ་སོགས། །སྔར་བཞིན་མཛད་ལ་གཞན་ཡང་དབང་ལུང་འགའ། །དད་ལྡན་སོ་སོའི་རེ་འདོད་བཞིན་དུ་གནང་། །ཡར་ངོའི་ཚེས་བཅུར་རྗེ་བཙུན་བླ་མ་ཡི། །འདུས་པ་རྒྱ་མཚོར་བཀུར་སྟིས་ལེགས་མཆོད་ནས། །ཚེས་བཅུ་མཆོད་པའི་ཆོ་ག་རྒྱས་པར་མཛད། །རིང་མིན་གཞུང་སའི་བཀས་བསྐུལ་བསམ་ཡས་བསྐྱོད། །ཇོ་མོ་གླིང་གྲྭའི་ཁམས་གསུམ་ལྷ་ཁང་དུ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཞལ་ཕྱེ་ནས། །རབ་ཏུ་གནས་པའི་ཆོ་གས་མེ་ཏོག་འཐོར། །རང་གནས་ཕྱིར་ཕེབས་རིག་འཛིན་འདུས་པའི་སྡེར། །རྒྱལ་ཡུམ་ཚེ་དབང་དཔལ་འཛོམ་གྱིས་མཆོད་ལ། །རྗེ་ཉིད་ཞབས་པད་རྡོ་རྗེའི་རང་བཞིན་དུ། །བརྟན་པའི་གསོལ་འདེབས་ཆོ་ག་རྒྱས་པར་མཛད། །སླར་ཡང་ཆོས་འཁོར་དཔལ་གྱི་བསམ་ཡས་བསྐྱོད། །ཁྲོ་བོ་རོལ་བའི་གཏོར་བཟློག་བདུན་གཅིག་རིང་། །རང་གྲྭའི་འཁོར་ཚོགས་དང་བཅས་སྨིན་པར་མཛད། །དེ་ལས་རང་དགོན་ཕྱག་ཕེབས་གྲོ་བཞིན་ཟླའི། །བཟང་པོ་དང་པོར་བ་ཟལ་སྤྲུལ་སྐུ་ཡིས། །འདུས་པའི་ཚོགས་དབུར་སྤྱན་དྲངས་གསེར་དངུལ་ཇ། །རྟ་དྲེལ་བཅས་པའི་རྒྱ་ཆེའི་འབུལ་ནོད་བསྟར། །དགེ་རྩ་ཟག་མེད་བསྔོ་བས་ཟིན་པར་མཛད། །སྐྱེས་ལན་ཚེ་སྲིང་དབང་ཆེན་བརྒྱ་ཕྲག་བསྩལ། །རིང་མིན་བདུན་ཕྲག་གསུམ་དུ་སྐུ་མཚམས་བཅད། །དབང་གི་རྒྱལ་པོ་རྟ་མཆོག་སྐྱེར་སྒང་ལུགས། །མཆོད་སྒྲུབ་བསྙེན་པའི་ལས་ལ་ཆིག་སྒྲིལ་མཛད། །སྐབས་འདིར་བཤེས་གཉེན་རབ་འབྱམས་དཔལ་མགོན་ལ། །ཚེ་རྟ་འབྲེལ་བའི་དབང་ཟབ་བརྒྱ་ཚར་དང་། །མགོན་ཁང་ཆེན་མོའི་སྦུབ་ཏུ་བཟང་གོས་ཀྱི། །གནམ་རྒྱན་སྤྱན་གཟིགས་མང་པོ་འབུལ་བ་དང་། །གསར་བཞེངས་སྐུ་བརྙན་རྣམས་ལ་རབ་གནས་བཅས། །འཕྲིན་ལས་གཉེར་ཁ་གཏོད་པའི་བསྐང་གསོ་གནང་། །རྒྱལ་བ་ལྷ་ལས་བབས་ཟླའི་དཀར་པོའི་ཕྱོགས། །གར་དབང་ཚེ་དཔག་མེད་ཀྱི་བསྙེན་སྒྲུབ་དང་། །དམར་ཕྱོགས་གཞུང་སའི་བཀའ་བཞིན་ཁྲ་འབྲུག་བསྐྱོད། །ཁྲོ་བོ་རོལ་པའི་གཏོར་བཟློག་བདུན་གཅིག་དང་། །ཕ་རོལ་གཡུལ་ངོ་བཟློག་པའི་མགོན་ཆེན་མདོས། །
བདུན་ཕྲག་བཞི་རུ་ལོངས་པར་སྨིན་རྒྱས་དང་། །ཟུར་ཚོགས་བརྒྱད་གྲས་ཀི་ཀཾ་དགྲ་མནན་ཉིད། །སོ་སོ་ཉིན་ཐ་ལས་ལ་སྦྱོར་བར་མཛད། །གནས་དེར་རྫོང་དཔོན་ལ་སོགས་དོན་གཉེར་འགར། །ཚེ་དབང་བྱད་གདོན་འགྲོལ་བསྲུང་ལ་སོགས་པ། །སོ་སོའི་རེ་བའི་འབྲས་བུ་སྨིན་མཛད་ནས། །རང་དགོན་ཐེག་མཆོག་ཨ་ཏིའི་གླིང་དུ་ཕེབས། །བྱང་ཕྱོགས་རུ་རྙིང་སྡེ་བླ་འཁོར་བཅས་ཀྱིས། །རྟ་ནོར་མཛོ་གཡག་མང་པོའི་བརྒྱ་འབུལ་དང་། །དམར་སྟོན་བླ་མ་བསྟན་འཛིན་བཟང་པོ་ཡིས། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །མགོ་ཟླའི་ནང་དུ་མངའ་བདག་བླ་མ་ཡི། །བསྟན་སྲིད་ལ་རྒྱའི་ཆེད་དུ་ཡོན་སྦྱར་བཞིན། །ཁྲོ་རོལ་བདུད་དཔུང་ཟིལ་གནོན་གཏོར་བཟློག་ཉིད། །ཚུགས་པར་ཉེར་དགུར་འཕང་བའི་ལས་ལ་སྦྱར། །རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི། །རྣལ་འབྱོར་ཆེན་པོར་རྩེ་གཅིག་གཞོལ་བ་ཡི། །སྒོམ་ཆེན་དོན་གྲུབ་ཞིང་གཞན་གཤེགས་པ་ལ། །ཐུགས་དམ་བསྐུལ་པའི་གསུང་ཆོག་རྒྱས་པར་མཛད། །རུ་སྙིང་སྡེ་བླ་དགེ་སྦྱོང་ཡོངས་གྲོལ་གྱིས། །ཚོགས་ཆེན་བརྟན་བཞུགས་བསྒྲུབས་པ་དང་འབྲེལ་བར། །རྫོགས་ཆེན་པདྨ་རིག་འཛིན་དཔོན་སློབ་ནས། །གསེར་དངུལ་ཇ་སིག་མཛོ་ནོར་འབུལ་བ་དང་། །འདུས་པར་རྒྱ་ཇའི་ཞལ་སྐྱེམས་སྐུ་འགྱེད་བཅས། །བསྒྲུབས་པར་དགེ་རྩ་བྱང་ཆེན་རྒྱུ་རུ་བསྔོས། །རྒྱལ་བའི་སྲས་མཆོག་རྫོགས་ཆེན་བླ་མ་སོགས། །སྐལ་ལྡན་མང་པོར་རཏྣའི་རྟ་མགྲིན་དབང་། །གཏོར་དབང་འཇིགས་བྱེད་ཕྱག་རྡོར་རྟ་ནག་དང་། །མཚོ་རྒྱལ་སྔགས་སྲུང་རྣམ་སྲས་རྣམས་ཀྱི་དབང་། །དུག་ཁྲག་བུམ་ལྕགས་མ་ཡི་བྱིན་རླབས་དང་། །ཆོས་དབང་ཕུར་པ་སྤུ་གྲིའི་དབང་སོགས་བསྩལ། །དེ་ལས་དུས་རིམ་ཆེན་མོའི་ཚོགས་དབུར་བསྐྱོད། །སྤྲོས་བཅས་ཕྱག་ལེན་གང་ཡིན་སྔར་བཞིན་མཛད། །བློ་ངན་ལྕགས་བྱ་དགུང་ལོ་ཞེ་བརྒྱད་དུ། །ཕེབས་པའི་དགྱེས་སྟོན་ལ་སོགས་སྔར་བཞིན་དང་། །ལྕམ་སྲིང་འཛམ་གླིང་དཔལ་འཛིན་སྐུ་གཤེགས་པར། །འཕོ་བའི་མཚམས་སྦྱོར་ཟབ་མོས་རྗེས་སུ་བཟུང་། །མཆུ་ཟླའི་དམར་ཕྱོགས་རྒྱལ་བ་གཉིས་པ་ལ། །རྗེ་ཉིད་ཡབ་སྲས་འདུས་པ་བརྒྱ་ཕྲག་བཅས། །ལུམ་པའི་གྲུ་བརྒྱུད་བོད་ཀྱི་རྡོ་རྗེ་གདན། །ལྷ་ལྡན་གསེར་གྱི་
རྒྱལ་ཁབ་ཆེན་པོར་བསྐྱོད། །དབོ་ཟླའི་དཀར་ཕྱོགས་དགའ་བ་དང་པོ་ལ། །གྲུ་འཛིན་ཕོ་བྲང་གཞལ་མེད་ཁང་པ་ཡི། །གཟིམས་ཆུང་བཀའ་གདམས་འཁྱིལ་པར་གྲགས་པ་དེར། །མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲིར། །ཀུན་མཁྱེན་ཕྱག་ན་པདྨོའི་མཚན་དཔེའི་གཟི། །ཉི་མ་འབུམ་གྱི་འོད་ཟེར་ལས་བརྒལ་བ། །ཞབས་མཐིལ་གསེར་གྱི་ཐིག་ལེ་ལྷམ་མེར་བཀོད། །ཧ་ཅང་རིང་མིན་སྐུ་ཡི་གམ་ཉིད་དུ། །སྟོབས་ཀྱི་འཁོར་ལོས་སྒྱུར་བ་མི་ཡི་རྗེ། །དབང་པོ་བརྒྱ་བྱིན་ས་ལ་འཕོས་འདྲ་བ། །སྐུ་ཟིལ་ལྡན་པ་ཁྲི་ལ་ཞབས་བཀོད་པའི། །མཆོད་ཡོན་ཉི་ཟླ་ལྷན་ཅིག་གདན་འཛོམས་པར། །སྤྱན་སྔར་དངོས་འབྱོར་འབུལ་བའི་རིམ་པ་ནི། །རྒྱ་ཆེར་རིང་དུ་བརྐྱངས་ཤིང་ཡིད་སྤྲུལ་ཡང་། །ཀུན་བཟང་མཆོད་པའི་སྤྲིན་ཕུང་བསམ་ཡས་པ། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡངས་ཕྱེ་ནས། །འཆི་མེད་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་དང་། །རྗེས་འབྲེལ་རྒྱལ་སྲས་ཐུ་བོ་དམ་པ་ཡི། །མཐིང་སྔོན་དབུ་ཡི་གཙུག་ཕུད་འབུལ་གནང་ལ། །དགྱེས་པའི་ཕུལ་ཕྱིན་ཆོ་ག་བཞིན་བཞེས་ལ། །བློ་ལྡན་འགྱུར་མེད་ཀུན་བཟང་བསྟན་འཛིན་ཞེས། །སྙན་པའི་མཚན་གསོལ་ཤིས་པའི་མེ་ཏོག་འཐོར། །དེ་འཕྲལ་ས་ཡི་དབང་ཕྱུག་མི་རྗེ་དང་། །མདུན་འཁོར་རྩེ་མགྲོན་དྲུང་ཡིག་ལ་སོགས་པ། །ཆེ་བཙན་འགའ་ཡི་ལེགས་སྐྱེས་དར་འབུལ་མཛད། །རྫོགས་པ་དང་པོར་དགའ་ལྡན་ཁང་གསར་དུ། །སྤྱན་དྲངས་མི་རྗེ་ཡབ་སྲས་དགའ་བཞིའི་ཡུམ། །ཉང་སྟོན་རིག་འཛིན་རྒྱ་མཚོ་པཎྜི་ཏ། །ལྷན་ཅིག་ཞལ་སྐྱིན་མངོན་པར་འཛོམ་པ་ལ། །གུ་རུ་དྲག་པོའི་རྩ་དབང་སྲོག་གཏད་དང་། །གཡའ་ལུང་ཚེ་ལྷའི་དབང་རྣམས་འབུལ་བར་མཛད། །སླར་ཡང་དགའ་ལྡན་ཁང་གསར་སྤྱན་དྲངས་པར། །མི་དབང་ཆེན་པོ་སྐུ་ངོས་རྣམས་ལ་ནི། །བརྒྱ་ཕྲག་ཚེ་ཡི་དབང་ཀ་འབུལ་གནང་ལ། །རྒྱ་ཆེ་དོག་པའི་དབང་ཡོན་གྱ་ནོམ་བསྟབས། །ཉི་མ་གཞན་དུ་མངའ་རིས་ཁང་གསར་ཞེས། །མི་ཡི་རྗེ་བོ་གུང་གི་བཞུགས་གནས་སུ། །སྤྱན་དྲངས་རོ་བདའི་བཀུར་བསྟིས་ལེགས་པར་མཆོད། །གཡུ་ཐོག་སྙིང་ཐིག་གཤིན་རྗེ་དྲེགས་འཇོམས་དབང་། །ལྷ་ཆེན་སྲོག་གཏད་རཏྣའི་རྡོར་ལེགས་སོགས། །དབང་དང་
རྗེས་གནང་ཟབ་མོ་འགའ་ཡང་བསྩལ། །ཕྱི་ནང་གོས་ཡུག་རྫབ་ཀྱི་ཡོལ་གོ་སོགས། །རིན་ཐང་བྲལ་བའི་ཆོས་ཡོན་རྒྱས་པར་བསྟབས། །སྔ་ཕྱི་ཅི་རིགས་གུང་བློན་མདོ་མཁར་བ། །སྟེང་ཞལ་མདའ་དཔོན་བློ་བཟང་དར་རྒྱས་སོགས། །བཀའ་མདའ་རྩིས་གསུམ་མགྲོན་དྲུང་གསོལ་གཟིགས་ཏེ། །ཉེ་དབང་སོ་གཉིས་ལྷན་ཅིག་སར་འཕོས་འདྲའི། །སྟོབས་དང་མཁྱེན་པས་ཕྱུག་པ་མང་པོ་ལ། །དབང་དང་བྱད་གདོན་འགྲོལ་ཆོག་ལ་སོགས་པ། །སོ་སོའི་རེ་བའི་འབྲས་བུ་རྫོགས་པར་མཛད། །མི་རྗེའི་བཀའ་བཞིན་ཡེར་པའི་གནས་སུ་བསྐྱོད། །མཆོད་འབུལ་རྒྱ་ཆེའི་ཐུགས་སྨོན་དྲག་པོ་དང་། །ཟླ་བ་ཕུག་ཏུ་བརྒྱ་ཕྲག་ཚོགས་མཆོད་གནང་། །སླར་ཡང་ལྷ་སར་ཕྱིར་ཕེབས་ཇོ་ཤཀ་ནི། །རྣམ་གཉིས་ཀྱིས་མཚོན་གནས་རྟེན་མ་ལུས་པར། །མཆོད་འབུལ་སྙན་ཤལ་གྱིས་བཀླུབས་ཐུགས་སྨོན་དང་། །བཅོ་ལྔའི་ཚེས་ཉིན་གངས་ཅན་པོ་ཏ་ལར། །གོང་ས་ཡས་ཕྱིན་གཉིས་ནས་ཐོན་ཕྱག་སྐབས། །ཕྱི་ནང་གོས་ཡུག་ཇ་སིག་ཀོ་ཊ་དང་། །རིན་གཉིས་བྲེ་ཆེན་སོགས་ཀྱི་གསོལ་རས་ནི། །ངལ་གསོས་བུ་ཡི་འབྱོར་བ་ལྟ་བུ་བསྩལ། །ཁྱད་པར་རྒྱལ་བའི་དབང་པོའི་གསུང་གསང་ལས། །བསྟན་འགྲོ་སྤྱི་དང་བྱེ་བྲག་འཕེལ་རྒྱས་ཀྱི། །རྣམ་བཞིའི་མཛད་པ་གོང་མའི་རྣམ་ཐར་རྣམས། །ཇི་བཞིན་ལྷུར་བཞེས་དགོས་པའི་བཀའ་ཡང་ཕེབས། །དེ་ལས་གྲུ་འཛིན་རི་བོའི་གནས་གཟིགས་མཛད། །ཕྱི་དྲོ་རྣམ་རྒྱལ་ཁང་བཟང་སར་འཕོས་འདྲའི། །རྒྱལ་ཁབ་ཆེན་པོ་དགའ་ལྡན་ཁང་གསར་དུ། །ཕེབས་པར་བསྙེན་བཀུར་བསྟི་སྟང་དུ་མས་མཆོད། །ཁྱད་པར་ཡབ་སྲས་སོ་སོར་འགན་སྦྱར་དང་། །རྒྱལ་བའི་སྲས་པོར་དབུ་པན་ཤེལ་སྒོ་ནི། །ཁྱད་དུ་མཚར་བ་ཆེ་ལེགས་ཤུབས་བཅས་དང་། །ལྷན་རྒྱས་དངུལ་བྲེ་ལྗོན་རྩེ་འཁོར་དྲུག་སོགས། །བཟང་གོས་ཕྱི་ནང་ཡུག་དང་རྣམ་བཀྲའི་དར། །བཟང་དགུ་བསྡེབས་པའི་དགུ་ཚན་མང་པོ་ནི། །བྱང་ཕྱོགས་བཀོད་ལེགས་ལྕང་ལོ་ཅན་ཉིད་ཀྱི། །མཛོད་སྒོ་དུས་གཅིག་ཕྱེ་བ་ལྟ་བུར་བསྩལ། །སྐབས་འདིར་ཐུགས་ལོང་ནམ་བྱུང་གསེང་རྣམས་སུ། །ཉང་གི་སྟོན་ཆེན་རིག་འཛིན་རྒྱ་མཚོ་ལ། །ཉང་གཏེར་ཕྱག་བཞི་དུར་ཁྲོད་བདག་མོ་དང་། །རྒྱལ་སྲས་ལེགས་པའི་ཞིང་སྐྱོང་སེང་གདོང་མ། །བཅས་
པའི་སྒྲུབ་སྐོར་རྣམས་ཀྱི་ལུང་ཉིད་དང་། །མདོ་མགོན་ལེགས་ལྡན་ཀི་ཀཾ་ནག་པོའི་དབང་། །དམར་ནག་གཉིས་ཀའི་སྒྲུབ་ཐབས་ལུང་རྣམས་གསན། །དེ་ལས་གཞུང་ས་མཆོག་གི་ཆིབས་སྐྱེལ་ནི། །བཅུ་ཕྲག་གཅིག་གིས་གྲུ་ཁའི་བར་དུ་ཕེབས། །རིམ་པར་བསྐྱོད་ལ་རང་དགོན་དགོན་གསར་དུ། །བླ་མ་ཆོས་དཔལ་གྱིས་ནི་གདན་དྲངས་པར། །ཐང་སྟོང་ཚེ་ཡི་དབང་གིས་ཚིམ་པར་མཛད། །ལུམ་པའི་གྲུ་བརྒྱུད་རིམ་ཕེབས་ཚེས་ཉེར་བཞིར། །འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཉིན་ནས། །མྱུར་འགྲོའི་རྟ་ལ་བརྟེན་པའི་བསུ་བ་དང་། །བདུད་ལས་རྒྱལ་བའི་རྒྱལ་མཚན་བ་དན་སོགས། །རྒྱལ་བ་མཉེས་པའི་མཆོད་རྫས་འབུལ་དཀྲོལ་དང་། །མཆོད་པའི་བྱེ་བྲག་མང་པོ་ཐོགས་པ་ཡི། །སྣམ་སྦྱར་ཅན་གྱི་སེར་སྦྲེངས་རིང་བརྐྱང་བ། །ཐུན་མཚམས་སྤྲིན་ཕུང་ས་ལ་འཕོས་འདྲ་དང་། །རང་དབང་སྤྱད་བྱར་གྱུར་པའི་སྐྱེས་ཕོ་མོ། །རྒྱན་གོས་བཟང་པོ་འཆོར་ཆས་བྱས་པ་ཡིས། །གླུ་ཤོན་རྣམ་འགྱུར་ཡིད་དུ་འོང་བ་བཅས། །ལྷ་མིའི་དཔལ་འབྱོར་ལྷན་ཅིག་བསྡེབས་འདྲ་བའི། །ངོ་མཚར་བསུ་བའི་བཀོད་པ་རྒྱ་ཆེན་པོ། །མདུན་བདར་ནོར་བུ་བརྩེགས་པའི་གཞལ་མེད་ཁང་། །ལངྐའི་ཡུལ་གྱི་རྔ་ཡབ་དཔལ་རི་དང་། །རྣམ་དབྱེར་མེད་པའི་རང་དགོན་ཕྱག་ཕབ་པར། །དགྱེས་སྟོན་ཆེན་པོས་ཉིན་ཞག་མང་པོ་འདས། །ནག་ཟླའི་ཚེས་གསུམ་གཟའ་སྐར་དགེ་བའི་ཉིན། །རྡོ་རྗེའི་ཆོས་སྲུང་རྣམས་ལ་གཏང་རག་གི། གསོལ་མཆོད་འདུས་པ་རྒྱ་མཚོས་གནང་བ་ལ། །ཇ་སྐྱེམས་ཕྱག་འགྱེད་ཚོགས་ཀྱི་སྟོན་མོ་སོགས། །གཟིམས་ཆུང་སྐུ་སྒེར་ཕྱག་མཛོད་ཉིད་ནས་བསྩལ། །ཕྱི་ཉིན་སྙུང་གནས་བླ་མ་དགེ་ལེགས་ཀྱིས། །ཚོགས་ཆེན་བརྟན་བཞུགས་ཆེན་མོ་རྒྱས་པར་ཕུལ། །སྐབས་འདིར་སྐུ་གྲིབ་ལྟ་བུའི་སྙུན་བཏབ་པར། །རྗེ་བཙུན་བླ་མས་སྨེ་བརྩེགས་བྱབ་ཁྲུས་དང་། །ཚེ་དབང་བརྒྱ་རྩ་གཏེར་གསར་གུར་དྲག་དབང་། །འཆི་བསླུའི་ཆོ་ག་མཁའ་འགྲོ་གྲིབ་སེལ་སོགས། །རྐྱེན་སེལ་མང་པོ་འབུལ་བར་མཛད་པ་ལ། །ཟླ་བ་གཟའ་ལས་གྲོལ་བཞིན་གཞི་མེད་དྭངས། །སྟོན་པས་རྩ་རྒྱུད་གསུངས་པའི་དུས་ཆེན་དང་། །བསྟུན་ཏེ་ཐོས་བསམ་དར་རྒྱས་གླིང་ཉིད་དང་། །ཆོས་གྲྭ་ཆེན་པོ་མངའ་རིས་གྲྭ་ཚང་དུ། །བདུན་ཕྲག་གཅིག་ཡུན་
ཕོགས་ཡོན་སྦྱོར་མཛད་ནས། །འཇམ་དཔལ་མཚན་བརྗོད་ཚར་གྲངས་གསོག་མཛད་པར། །ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་ལྔ་བཅུ་བརྒལ། །ས་གའི་ཚེས་བདུན་རྒྱལ་བ་བལྟམས་པ་ཡི། །དུས་ཆེན་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། །རིག་འཛིན་འདུས་པ་རྒྱ་མཚོ་སྤྱི་སོ་ནས། །ཡོན་སྦྱར་བདག་ཉིད་ཆེན་པོ་བསྐལ་པ་བརྒྱར། །ཞབས་པད་ཡུན་དུ་བརྟན་པའི་ཆོ་ག་དང་། །རྗེས་འབྲེལ་རྒྱལ་བའི་སྲས་པོའང་གསེར་གྱི་ཁྲིར། །སྤྱན་དྲངས་དངོས་འབྱོར་འབུལ་བ་རྒྱ་ཆེ་དང་། །ལྷན་ཅིག་རྟེན་འབྱུང་རྫས་རྣམས་འབུལ་བར་མཛད། །དེ་ལས་ས་གའི་ཆོག་མང་སྒྲུབ་མཆོད་ཚུགས། །དོན་གཉེར་ཅན་འགར་ཨ་ཏིའི་དབང་ཁྲིད་སོགས། །ཟབ་རྒྱས་ཆོས་ཀྱི་གདམས་པ་འགའ་ཡང་བསྩལ། །རྩ་བའི་ཞམ་རིང་དུ་འགྱུར་མི་ཕམ་གྱི། །སྐྱེད་པའི་མ་རྒན་ལྔ་པའི་ལམ་གྱུར་པར། །གསལ་འདེབས་སྔ་ཕྱི་གཉིས་ཀྱིས་རྗེས་སུ་བཟུང་། །སྣྲོན་ཟླའི་ཚེས་གཉིས་གཟའ་སྐར་དགེ་བའི་ཉིན། །གཙུག་ལག་ཁང་གི་གཟིམས་ཆུང་ཀ་བརྒྱད་མར། །བཞུགས་རྒྱུའི་གཏེར་གསར་སྐུ་བརྙན་བཞེངས་རྣམས་དང་། །རྒྱལ་བའི་བཀའ་འགྱུར་ལ་སོགས་རྟེན་རྣམས་ལ། །རྗེ་ཉིད་བགྲེས་གྲྭ་སུམ་ཅུའི་འཁོར་བཅས་ཀྱིས། །གཏེར་གསར་བླ་མ་ཞི་བའི་དཀྱིལ་འཁོར་དུ། །རབ་ཏུ་གནས་པའི་ལྷག་གནས་མེ་ཏོག་འཐོར། །ཉང་སྟོན་རིག་འཛིན་རྒྱ་མཚོས་ཡོན་སྦྱར་ལྟར། །སློབ་དཔོན་ཆེན་པོའི་དུས་མཆོད་ཚེས་བཅུ་ནི། །སྤྲོས་པར་བཅས་པའི་ཕྱག་ལེན་ཉམས་མེད་དང་། །ནང་དབང་ཕྱི་ཉིན་ཁྲོམ་ལ་དབང་བསྐུར་སོགས། །སྔར་བཞིན་བསྩལ་ཅིང་ལྷ་རྩེ་གྲུབ་དབང་ནི། །ཀུན་བཟང་ཀློང་གྲོལ་ཞེས་བྱས་གསེར་དངུལ་གྱི། །འབུལ་བ་གཙོར་གྱུར་ཞབས་བརྟན་གསོལ་འདེབས་བསྒྲུབས། །དམར་ཕྱོགས་དགའ་བ་དང་པོའི་ཚེས་ཉིད་ལ། །ཡབ་སྲས་ལྷན་ཅིག་ཆིབས་ཀྱི་ཁ་ལོ་བསྐྱོད། །གྲ་ནང་ས་ཡི་ཐིག་ལེ་སྐྱིད་རུ་ཞེས། །ཕུན་ཚོགས་འབྱོར་པས་མཐོ་བའི་གཞིས་ཀ་རུ། །རང་ཞབས་རྣམས་ཀྱིས་བྲོ་གཞས་རྩེད་སྣས་བསུས། །ཕྱི་ཉིན་བསང་རོལ་འབུད་དཀྲོལ་རིམ་པ་དང་། །མཆོད་རྫས་ཐོགས་པའི་སེར་སྦྲེངས་མདུན་བསྟར་ཏེ། །གྲུབ་པའི་གནས་མཆོག་མཁའ་འགྲོའི་དོ་ར་ཆེ། །དར་རྒྱས་ཆོས་གླིང་ཆོས་ཀྱི་མདུན་ས་ཆེ། །བདེ་བར་གཤེགས་པས་བྱིན་བརླབས་གནས་
མཆོག་དེར། །འཁོར་བཅས་ཕེབས་པར་བསྙེན་བཀུར་རྒྱ་ཆེ་དང་། །གཏེར་ཆེན་པདྨ་གླིང་པའི་ཕྱག་བཞེས་བཞིན། །ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་དང་། །ཕྱི་དྲོ་གིང་གསུམ་རྩེན་པའི་གཟིགས་མོ་སོགས། །དངོས་དང་ཡིད་སྤྲུལ་མཆོད་པས་མཉེས་པར་བྱས། །ཉི་མ་གཞན་དུ་དམ་པ་གོང་མ་ཡི། །ཆོས་ཁྲིའི་སྟེང་ནས་གློ་བུར་འདུས་པ་ནི། །སྟོང་ཕྲག་བརྒལ་བའི་སྐྱ་སེར་ཁྲོམ་པ་ལ། །འཆི་བ་མེད་པའི་དབང་གི་སྦྱིན་པ་མཛད། །བསྔོ་བྱང་བདོག་དགུའི་འབུལ་ནོད་སྤྲིན་ལྟར་གཏིབས། །དེ་ཡི་མཚན་མོ་ཐོག་མཐའ་འཁྱོངས་པ་རུ། །ཕྱག་དང་བསྐོར་བ་གསོལ་འདེབས་རྒྱང་འབོད་སོགས། །ཅི་ཐོབ་སྒྲུབ་པར་སོ་སོའི་རེ་སྐོང་མཛད། །དེ་དག་སྡིག་སྤོང་དགེ་ལ་གཞོལ་བ་ཡི། །ཀུན་རྟོག་སེམས་ཀྱི་འཆར་སྒོ་ལེགས་ཕྱོགས་པར། །འབྲེལ་མཛད་དོན་དང་ལྡན་པ་མཛད་དམ་སྙམ། །མགོན་ཁང་ཆེན་མོར་གཏོར་གསོལ་དང་བཅས་པ། །འཕྲིན་ལས་བཅོལ་བའི་གསོལ་མཆོད་རྒྱས་པར་མཛད། །དེ་ལས་ཡར་བྱོན་ལྷ་ཁང་གནས་གཟིགས་དང་། །སེ་སྒང་ངག་དབང་གྲགས་པའི་ཁྱིམ་དུ་ཕེབས། །རེ་བ་ཇི་བཞིན་གུར་དྲག་དབང་བསྩལ་ཅིང་། །སྐྱིད་རུའི་གནས་ལའང་མཆོད་འབུལ་སྙན་ཤལ་བསྟར། །མ་བྱོན་སངས་རྒྱས་གསུམ་པའི་རིང་ལུགས་པ། །ཆོས་གྲྭ་ཆེན་པོ་དགེ་འདུན་སྒང་ཞེས་པས། །སྤྱན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད། །སྐྱེས་ལན་མང་འགྱེད་བསྩལ་ལ་དེ་ཡི་ནུབ། །ཕུག་ཏུ་སྤྱན་དྲངས་ཚེ་རྟའི་དབང་བསྐུར་མཛད། །དེ་ལས་རང་གནས་ཆོས་གྲྭ་ཆེན་པོར་ཕེབས། །རིག་འཛིན་འདུས་སྡེར་ཉིན་གསུམ་བསྙེན་བཀུར་ལ། །དོང་སྤྲུགས་སྐོང་བཤགས་གསང་འདུས་ཆོ་ག་གྱེར། །སྐབས་འདིར་རྒྱལ་སྲས་སྐུ་མཆེད་ཡུམ་དྲུང་སོགས། །འདུས་པ་བཅུ་ཕྲག་བཞི་བརྒལ་འབྲས་ལྗོངས་ཀྱི། །མཁན་པོ་བཅས་པར་འཆར་ཀ་གནམ་སྐས་མའི། །ཟོར་དབང་ཉུང་འདུས་ཁག་ལ་དུག་དབང་དང་། །གནོད་སྦྱིན་ཆེན་པོའི་སྲོག་གཏད་ཁ་ཐུན་གྱི། །པུ་སྟིའི་ལུང་དང་དབུས་གཏའ་བསྡམས་མཛད་ནས། །ཕྱོགས་འདིར་སྐྱིན་ཐང་སེར་བའི་འཇིགས་སྐྱབས་དང་། །གཤིན་པོ་འགའ་ཡི་ངོ་སྤྲོད་དགེ་བསྔོ་གནང་། །ཆུ་སྟོད་ཟླ་བའི་དཀར་པོའི་ཚེས་བརྒྱད་ལ། །བོད་འབྲོག་མཚམས་ཀྱི་གནས་མཆོག་སྤྲིན་གྱི་སེག །
ཆོས་འབྱུང་ཟངས་ཀྱི་དགོན་སྡེ་ཆེན་པོར་བསྐྱོད། །དེ་འདུས་དང་བཅས་ཚེས་བཅུའི་ཆོ་ག་དང་། །ཕྱི་ནང་དབང་གི་རིམ་པ་མཚོ་བདག་ལ། །གསོལ་མཆོད་མཚོ་རྫས་དང་བཅས་ལེགས་མཛད་ནས། །རང་གནས་ཕྱིར་ཕེབས་རྒྱལ་བའི་སྲས་པོ་མཆེད། །འབྲས་ལྗོངས་མཁན་པོ་མོན་འབྲུག་བླ་མ་སོགས། །སྐལ་ལྡན་མང་པོར་རིམ་པར་བསྩལ་བ་ལ། །ཉང་གཏེར་བཀའ་བརྒྱད་བདེ་འདུས་ཞི་ཁྲོའི་དབང་། །ཞིག་གླིང་དམག་བཟློག་རྡོ་རྗེ་གླིང་པ་ཡི། །བླ་མ་ཞི་བ་བཀའ་འདུས་དབང་ཆ་ཚང་། །སྒྱུ་འཕྲུལ་ཞི་ཁྲོ་ཁྱད་པར་འདུས་པ་མདོ། །སྒྲུབ་དབང་དང་འབྲེལ་མཐའ་རྟེན་བཅས་པ་དང་། །རྫོགས་ཆེན་ཨ་རོ་སྙིང་ཐིག་སེམས་ཀློང་སྡེའི། །དབང་དང་བྱིན་རླབས་རིག་པའི་རྩལ་དབང་སོགས། །བཀའ་གཏེར་མང་པོའི་དབང་དང་རྗེས་གནང་དང་། །ཟབ་ཁྲིད་ལུང་སྟེ་རྒྱ་ཆེའི་ཆོས་འཁོར་བསྐོར། །རྗེ་བཙུན་བླ་མའི་སྤྱན་སྔར་རྫོགས་པ་ཆེ། །སེམས་སྡེ་མྱང་ལུགས་དོང་སྤྲུགས་ཁྲིད་སྨིན་གསན། །ཐུ་མིའི་རིགས་གྱུར་ཐོན་པའི་སྲས་ལ་སོགས། །སློབ་ཕྲུག་འགའ་དང་གཞན་ཡང་དོན་གཉེར་འགར། །འདོད་འཇོའི་ནང་བཞིན་འཇམ་དཀར་སྨྲ་སེང་དང་། །དབྱངས་ཅན་མ་ཡི་རྗེས་གནང་ལེགས་པར་བསྩལ། །སྐབས་འདིར་ཆབ་ཀྱི་དགྱེས་སྟོན་ཆེན་པོའང་མཛད། །མི་རྗེའི་དབུ་ཡི་བླ་མཆོད་པར་གྱུར་པ། །མངའ་བདག་བླ་མས་མཐུན་རྐྱེན་སྦྱར་བ་ལྟར། །ཁྲོ་བོ་རོལ་བའི་གཏོར་བཟློག་སྨིན་པ་དང་། །སྐལ་ལྡན་བུ་ལ་སེམས་སྡེའི་ཁྲིད་ཀྱང་བསྩལ། །ལོ་འདིར་ས་གའི་དཀར་ཕྱོགས་ནས་བཟུང་སྟེ། །བི་ཤྭ་ཀརྨའི་ཁེངས་པའང་འཕྲོག་ནུས་པའི། །ནཻལྤཱ་ཱལ་ཡི་བཟོ་བོ་མཁས་པ་བཞིས། །སློབ་དཔོན་ཆེན་པོ་མི་ཚད་ཆེ་ཕྱོགས་ཙམ། །རིན་ཆེན་གསུམ་པ་དབང་གི་མདངས་ལྡན་ལ། །དང་པོའི་ཞུན་མས་ཁྱབ་པ་བཞེངས་པ་གང་། །སྣ་ཚོགས་རིན་ཆེན་ཕྲ་ཡིས་སྤྲས་གྱུར་པ། །ལེགས་པར་གྲུབ་པས་དབྱུག་ཟླའི་ཚེས་དགེ་བར། །རབ་ཏུ་གནས་པའི་ཆོ་གས་བརྟན་པར་གསོལ། །དེ་ལས་སྔོན་འགྲོའི་དགེ་བའི་དཔུང་བསྐྱེད་ནས། །ཟླ་གསུམ་བར་དུ་བདེ་གཤེགས་ཀུན་འདུས་ཀྱི། །ཕྱི་ནང་གསང་བའི་བསྙེན་སྒྲུབ་གནད་ཐེམས་ཉིད། །ལེགས་མཛད་ངོ་མཚར་དགེ་བའི་མཚན་མ་བརྙེས། །འཚོ་བྱེད་གཞན་ཕན་དགེ་སྦྱོང་ཡང་དག་ནི། །སོ་སོས་ཡོན་སྦྱར་
ཚོགས་ཆེན་བརྟན་བཞུགས་བསྒྲུབས། །དོན་གཉེར་ཅན་འགར་དབང་ལུང་ཟབ་ཁྲིད་དང་། །ཁྱད་པར་ཡུམ་ཆེན་ཅུང་ཟད་སྐུ་སྙུན་པར། །ཚེ་ཡི་དབང་སོགས་རྐྱེན་སེལ་ཟབ་གནང་ལ། །རེ་ཞིག་དྭངས་པ་ལྟ་བུའི་འཕྲོད་ངོ་བཞེས། །དུས་རིམ་ཆེན་མོ་སྤྲོས་བཅས་གང་ཡིན་དང་། །རྔ་ཆེན་ཞེས་པ་ཆུ་ཁྱི་གནམ་ལོ་རུ། །ཚེས་ཤིང་ཞེ་དགུའི་སྟེང་ཕེབས་དགྱེས་སྟོན་སོགས། །སྔར་སྲོལ་བཟང་པོའི་ཕྱག་ལེན་གཟབ་རྒྱས་མཛད། །ཆོ་འཕྲུལ་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །དགེ་སྦྱོང་མཐའ་ཡས་མགྲོན་གཉེར་སྐལ་བཟང་སྟེ། །རྣམ་གཉིས་ཚེ་ཆུ་སྒྲུབ་སྡེ་གདན་ས་བ། །བླ་མ་ཆོས་འཛིན་རྒྱལ་ཚབ་སྤྲུལ་སྐུ་དང་། །དེ་ཡི་ཉེ་གནས་འགྱུར་མེད་རྣམ་མཁྱེན་ཏེ། །སོ་སོས་ཡོད་དགུ་རྩལ་སྤྲུགས་ཞབས་ཏོག་གིས། །ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་རྒྱས་པར་བསྒྲུབས། །རྒྱལ་སྲས་སྐུ་མཆེད་དམག་བཟློག་སྐུ་རིམ་པར། །དྲག་དམར་རྩ་དབང་ཞིག་གླིང་དམག་བཟློག་དབང་། །གཞན་ཡང་སྔ་ཕྱིར་གཤིན་གསོན་མང་པོའི་ཆེད། །དགེ་བསྔོ་བྱད་གདོན་འགྲོལ་བསྲུང་མན་ངག་གིས། །རྗེས་སུ་འཛིན་པའི་བཀའ་དྲིན་བསམ་ལས་འདས། །དབོ་ཟླའི་སྒྲུབ་ཆེན་སྔར་བཞིན་ཚུགས་པ་ལ། །དུས་དྲན་ཆེན་མོར་མངའ་བདག་བླ་མས་མཆོད། །སྟོན་འཁོར་མ་ལུས་གཉིས་པའི་ཡོན་བཟང་བཏབ། །དགེ་བའི་རྩ་བ་རྣམ་མཁྱེན་སར་བསྔོ་མཛད། །སྐབས་འདིར་ཞམ་རིང་འགྱུར་མེད་མི་ཕམ་དང་། །སྒོམ་ཆེན་ཡོན་ཏན་ཡིབ་ཕྱི་བླ་མ་བཅས། །སོ་སོས་དད་པ་ཆེན་པོས་ཀུན་བསླངས་ཏེ། །རིག་འཛིན་འདུས་པ་རྒྱ་མཚོར་བསྙེན་བཀུར་ལ། །རྒྱ་ཆེའི་འབུལ་བ་དང་བཅས་ཞབས་བརྟན་བསྒྲུབས། །ཁྱད་པར་གསེར་ཟངས་གྲུབ་པའི་དབང་ཕྱུག་གིས། །དངུལ་དཀར་འབའ་ཞིག་ལས་གྲུབ་དབང་ཆས་དང་། །བརྒྱ་ཕྲག་དགུ་ཡི་དངུལ་གྱི་དོང་རྩེ་བཅས། །སྤྱན་སྔར་བསྟར་ལ་གངྒཱའི་རྡུལ་རྙེད་ཀྱི། །གྲངས་དང་མཉམ་པའི་སྐལ་པར་འཚོ་བཞེས་ནི། །བདེ་ལྡན་མགོན་བཞིན་བཞུགས་པར་རིང་ནས་གསོལ། །འཇིག་རྟེན་མིག་གཅིག་བཻ་རོ་ཙ་ན་ཡི། །སྒོས་ཀྱི་གདུལ་ཞིང་རྒྱལ་མོ་ཚ་བའི་རོང་། །དབང་སྒྱུར་ཛ་ཀོ་རྒྱལ་སྲས་འཁོར་བཅས་ཉིད། །ཆེད་དུ་འབྱོར་བར་ལྷོད་ཆགས་མཇལ་ཁ་དང་། །གུ་རུ་དྲག་པོའི་སྐུ་གསུང་ཐུགས་དབང་བསྩལ། །རྟ་ཟླའི་ནང་དུ་ས་
ཡི་དབང་ཕྱུག་མཆོག །འཁོར་བཅས་སྒར་འདྲའི་ཚ་ཆབ་འཕྲོད་བསྟེན་ལ། །ཕེབས་པར་མཇལ་ཞུགས་ཆེད་བཏེག་གནས་དེ་རུ། །མཆོད་ཡོན་དགྱེས་ཞལ་འཛོམ་པར་རྗེ་འདི་ཡིས། །ཟང་ཟིང་བདོག་པ་རྒྱ་ཆེའི་འབུལ་བ་དང་། །ཚེ་ཡི་དབང་བསྐུར་བརྒྱ་ཕྲག་འབུལ་བར་མཛད། །རིགས་ཀྱི་སྲས་མོ་བདེ་ལྡན་སྒྲོན་མ་དང་། །བཀའ་ཡི་སྣ་བོ་མདོ་མཁར་ཞབས་དྲུང་སོགས། །སྐུ་ཡི་གམ་འཁོད་ཆེན་པོ་འགའ་ཞིག་ལ། །མི་རྗེའི་བཀའ་བཞིན་ཚེ་དབང་བདུན་རེ་བསྩལ། །སྐབས་འདིར་དགོན་གནས་རྒྱལ་བའི་ཡུམ་ཆེན་ཉིད། །ཆབ་ཀྱི་སྙུན་གཞི་ཇེ་ལོད་སོང་བ་ཡི། །དཀར་ནག་འཕེལ་འགྲིབ་མཚམས་ཀྱི་དུས་ཉིད་ལ། །དག་པ་མཁའ་སྤྱོད་འབུམ་ཕྲག་ཌཱ་ཀིའི་གནས། །དཔལ་གྱི་གྲོང་ཁྱེར་ཆེན་པོ་དེར་སྙེགས་སོ། །དེ་ཡི་གནས་ཚུལ་སྙན་དུ་མ་སླེབས་ཀྱང་། །ཡེ་ཤེས་གཟིགས་པའི་ཡུལ་དུ་གྱུར་པ་ལ། །མི་རྗེའི་བཀའ་ལས་ཆབ་ཀྱི་འཕྲོད་བཞེས་ཉིད། །ལྷན་ཅིག་མཛོད་ཅེས་དགྱེས་པས་དབུགས་དབྱུང་ཡང་། །གནས་ཚུལ་ཇི་བཞིན་གསོལ་བས་བཀའ་ཁྲོལ་ཏེ། །མྱུར་མགྱོགས་ཕེབས་པའི་སྟ་གོན་མཛད་པ་ལ། །མི་རྗེ་མཆོག་ནས་སྐུ་གསུང་ཐུགས་རྟེན་དང་། །ཉེར་སྤྱད་ན་བཟའ་འགན་སྦྱར་ལ་སོགས་དང་། །རིན་ཆེན་གཉིས་པ་བྲེ་ཆེན་བཅུ་ཕྲག་གཅིག །ཇ་སིག་གོས་དར་བཟང་པོའི་གསོལ་རས་ཉིད། །བདག་གིར་མཛད་ལ་ཉམ་ངའི་གྲོང་ཁྱེར་ནི། །སྒ་འདྲར་དེ་ནུབ་ཕེབས་ལ་སང་གི་ཉིན། །རིམ་ཕེབས་ལམ་དུ་ཇི་བཞིན་གནས་ཚུལ་འབྱོར། །དེ་འཕྲལ་རྗེ་དབོན་ཕྱག་མཛོད་འཁོར་དང་བཅས། །བཤད་རྩོལ་ཕེབས་ལམ་སྲང་ལ་སྔོན་དུ་བསྐྱོད། །རྗེ་ཉིད་སྐྱིད་རུར་ཞག་ས་མཛད་པ་ནས། །དེ་ཡི་ཕྱི་ཉིན་དགོན་གནས་སྔ་ཆར་ཕེབས། །ལྷ་མིའི་འདྲེན་མཆོག་རྒྱལ་དབང་ཡབ་སྲས་སོགས། །རིས་མེད་བསྟན་འཛིན་མང་པོར་མཆོད་བསྔོ་རྟེན། །ལྷ་ས་བསམ་ཡས་ཁྲ་འབྲུག་ལ་སོགས་པའི། །གནས་ཆེན་ཁག་ལ་མཆོད་འབུལ་སྙན་ཤལ་སོགས། །བསྩལ་ཅིང་ཞག་གསུམ་གསལ་འདེབས་ལ་བསྐྱོད་ནས། །སྒྲིབ་སྦྱོང་ཟབ་མོའི་ཆོ་གས་རྗེས་སུ་བཟུང་། །ཁྱད་པར་རིག་འཛིན་འདུས་སྡེ་འདི་ཡིས་གཙོས། །ཕྱི་ནང་གྲ་ཡི་དགོན་པ་ཆེ་ཕྲ་ཉིད། །སྤྱན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད། །སྐབས་འདིར་བཤེས་གཉེན་རབ་འབྱམས་
དཔལ་མགོན་ཉིད། །གཤེགས་པར་གསལ་འདེབས་ཟབ་མོའི་མཚམས་སྦྱོར་དང་། །ལྷ་སར་ཉང་སྟོན་རིག་འཛིན་རྒྱ་མཚོ་ཉིད། །འབམ་གྱི་སྙུན་ཚབས་ཆེ་བར་གསོན་བསྔོ་རྟེན། །བདག་གིར་མཛད་པའི་སྐུ་ཆས་ཚང་མ་འབྱོར། །དེ་འཕྲལ་རྒྱ་ཆེའི་སྐུ་རིམ་སྒྲུབ་མཛད་ཀྱང་། །ལྡོག་ཏུ་མ་གྱུར་མྱ་ངན་ལས་འདས་པར། །མི་རྗེ་མཆོག་ནས་མཆོད་བསྔོ་རྟེན་ཉིད་དང་། །འདུས་པ་རྒྱ་མཚོར་ཉིན་ཐུབ་ཞབས་ཏོག་བསྩལ། །རྒྱལ་བའི་སྲས་མཆེད་འཁོར་བཅས་ཕྱོགས་འདུས་འགར། །གཏེར་གསར་བླ་མ་ཞི་བའི་རྩ་དབང་དང་། །ཐུགས་རྗེ་ཆེན་པོའི་དབང་དང་ཟབ་ཁྲིད་བཅས། །སྨིན་པར་བསྩལ་ཅིང་གོང་དཀར་ཆོས་སྡེ་ནས། །དཔོན་སློབ་བསོད་ནམས་བློ་གྲོས་སྤྱན་དྲངས་ཏེ། །བདེ་མཆོག་དྲིལ་བུ་ལྷ་ལྔ་ལུ་ཧི་པ། །ཀྱཻ་རྡོར་མན་ངག་ལུགས་ཀྱི་དབང་རྣམས་དང་། །རྣམ་སྲས་རིགས་ཆེན་བཅོ་ལྔའི་རྗེས་གནང་བཅས། །ནཱ་རོ་མཁའ་སྤྱོད་མ་ཡི་བྱིན་རླབས་དང་། །ཁྲིད་བཀའ་རྒྱབ་རྟེན་པོད་ལུང་དང་བཅས་པ། །ཆོས་ཉིད་དངོས་དོན་བྱིན་རླབས་ངོ་སྤྲོད་རྣམས། །ལེགས་གསན་རྒྱ་ཆེའི་ཆོས་ཡོན་འབུལ་བར་མཛད། །ས་གའི་ཟླ་བ་འདི་ཡི་ཚེས་ཉེར་གཉིས། །ནམ་ལངས་ཡོས་ཀྱི་ཕྱི་ཆར་བབ་པའི་ཚེ། །གནས་འདིར་ཉིན་མོར་བྱེད་པ་ཚེས་པ་དང་། །གསུམ་ལྡན་འདུས་པ་རྒྱ་མཚོ་འདུ་བ་ཡི། །སྙན་སྒྲོན་བཀྲ་ཤིས་དུང་གི་དབྱངས་འབྱིན་དང་། །ལྷན་ཅིག་གསང་བདག་མི་ཡི་ཟོལ་རྒྱུ་བ། །ཟུར་ཆུང་ཤེས་རབ་གྲགས་པ་བསྟན་འགྲོའི་ཆེད། །མི་ཡི་གར་དུ་བཟློས་པའི་དགེ་བའི་བཤེས། །དྷརྨ་ཀིརྟིའི་ཡང་སྲིད་དེ་མ་ཐག །ཡབ་རྗེ་ཆོས་ཀྱི་རྒྱལ་པོ་འདི་ཉིད་དང་། །རྗེ་བཙུན་བླ་མ་མི་འགྱུར་དཔལ་སྒྲོན་གྱིས། །འཁྲུལ་བྲལ་ངོས་བཟུང་མཛད་པའི་རྒྱལ་བའི་སྲས། །ཟླ་གསར་ལྟ་བུའི་གདུང་རྒྱུད་སྐུ་གཞོན་ཉིད། །ཡུམ་ལ་གནོད་པ་མེད་པར་བདེ་བར་བལྟམས། །དེ་འཕྲལ་ཐུགས་རབ་འཕེལ་བའི་རྟེན་འབྲེལ་དང་། །བར་ཆད་བགེགས་ལས་རྒྱལ་བའི་བསྲུང་བ་སོགས། །ཐབས་དང་རྟེན་འབྲེལ་མང་པོས་རྗེས་སུ་བཟུང་། །རྒྱལ་བའི་ཡུམ་ཆེན་ཕུན་ཚོགས་དཔལ་འཛོམས་ཀྱི། །དགོངས་རྫོགས་དངོས་གཞིར་རིག་འཛིན་འདུས་སྡེའི་དབུར། །ལྷོ་བྲག་ཐུགས་སྲས་མཆོག་སྤྲུལ་རིན་པོ་ཆེ། །སྤྱན་དྲངས་རིན་ཐང་བྲལ་བའི་དངོས་འབུལ་ནི། །རྒྱ་ཆེར་མཛད་
པས་གསུང་བསྔོས་རྗེས་སུ་བཟུང་། །ཐུགས་སྲས་སྤྲུལ་སྐུ་རྒྱལ་སྲས་སྐུ་མཆེད་སོགས། །དད་ལྡན་འགའ་ལ་སྔ་ཕྱིར་ཁྲོས་ནག་མའི། །རྒྱུད་ཚན་གསུམ་ལུང་གསང་འདུས་པོད་ལུང་དང་། །རྩ་དབང་སྐྱ་སེར་ཕོ་མོ་འགའ་ཞིག་ལ། །བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པའང་བསྩལ། །སྣྲོན་ཟླའི་གཟའ་སྐར་དགེ་བ་ཚེས་བཞིའི་ཉིན། །རྗེ་འདིའི་ཐོག་མའི་སྲས་སུ་བྱིན་བརླབས་པ། །ལྕམ་མོ་ནོར་འཛིན་སྒྲོན་མ་སྐུ་ལུས་སྒྱུར། །ཞམ་རིང་རྣམས་ཀྱི་ལེགས་སྐྱེས་ཁ་བཏགས་ཕུལ། །ཚེས་བཅུ་མཆོད་པའི་སྤྲོས་བཅས་སྔར་བཞིན་དང་། །སུམ་སྟོང་བརྒལ་བའི་ཁྲོམ་ལ་ཚེ་དབང་བསྩལ། །སྐབས་འདིར་མཆོག་དམན་སྐྱེ་བོ་མང་པོ་ལ། །དབང་དང་བྱིན་རླབས་བྱད་གདོན་འགྲོལ་ཆོག་དང་། །བསྟན་སྲིད་ལ་རྒྱའི་སྐུ་རིམ་ལ་དམིགས་པའི། །ཀི་ཀཾ་ནག་པོའི་དགྲ་མནན་བདུན་གཅིག་མཛད། །དེ་ནས་ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས། །དབུས་ཕྱོགས་ཉག་ཕྲན་དཔོན་གྱི་སྲས་འཁོར་བཅས། །རྗེ་འདིའི་ཞལ་དཀྱིལ་མཇལ་བར་ཕེབས་པ་ལ། །ཚེ་གུར་དུག་དབང་རྣམ་འཇོམས་བྱབས་ཁྲུས་དང་། །དུར་ཁྲོད་བདག་མོའི་སྲོག་གཏད་ནང་རྟེན་གྱི། །མཇལ་ཁ་ལ་སོགས་དགོངས་པ་བཞིན་མཛད་པ། །ཟླ་གཅིག་བར་དུ་སྐུ་མཚམས་དམ་པོར་བཅད། །སྒྲོལ་དཀར་ཚེ་སྒྲུབ་འཇམ་དཀར་སྨྲ་སེང་བཅས། །སོ་སོའི་བསྙེན་སྒྲུབ་གནད་ཐེམས་མཛད་དེ་གྲོལ། །རྒྱལ་སྲས་མཆེད་གསུམ་དད་ལྡན་འགའ་བཅས་ལ། །ཚེ་སྦྱིན་ལྷ་མཆོག་སྒྲོལ་དཀར་རྗེས་གནང་བཅས། །སྐབས་འདིར་ཆོག་མངས་སྒྲུབ་མཆོད་ཚུགས་པ་ལ། །ཡོན་བདག་མདོ་མཁར་འཚོ་བྱེད་ཀུན་ཚེས་བགྱིས། །རྒྱལ་སྲས་མཆེད་གསུམ་ལྷ་རྩེ་གྲུབ་དབང་དང་། །དགེ་སྦྱོང་དགེ་དབང་སོགས་ཏེ་དོན་གཉེར་འགར། །གཏེར་སྟོན་ཆེན་པོ་ཚེ་བརྟན་རྒྱལ་མཚན་གྱི། །བླ་མ་ཞི་དྲག་པོད་ལུང་མཁའ་སྤྱོད་མའི། །བྱིན་རླབས་ཁྲིད་དང་ཟབ་མོ་ཡང་ཐིག་ལུང་། །ཨ་ཏིའི་རྩལ་དབང་བཀའ་ཐང་ཤེལ་བྲག་མ། །བཟང་པོ་གྲགས་པའི་ལེའུ་བདུན་ཉང་གཏེར་གྱི། །རྣམ་པར་དྲི་མེད་བ་ཁལ་སྨུག་པོ་ཡི། །བར་ཆད་ལམ་སེལ་སོགས་ཀྱི་ལུང་ཉིད་བསྩལ། །རིག་འཛིན་འདུས་སྡེའི་ལྗོངས་རྒྱུ་དང་བསྟན་ལ། །ཉིན་གསུམ་བར་དུ་ཆབ་ཀྱི་དགྱེས་སྟོན་དང་། །དེ་ལས་རྟ་མགྲིན་གཉེན་པོ་ལྷ་གསུམ་
པོད། །རཀྴ་མདོས་བཅུ་ལྷ་ཆེན་རླུང་ཞབས་སྐོར། །སྲིད་པའི་གཏེར་ཁྱིམ་དགོངས་འདུས་པོད་ལ་སོགས། །དམ་ཆོས་ལུང་གི་སྦྱིན་པ་མང་པོ་དང་། །ཁྱད་པར་རྒྱལ་དབང་ལྔ་པའི་དག་སྣང་གི། བཀའ་བརྒྱད་སྤྱི་དྲིལ་ཞི་ཁྲོ་རྣམ་རོལ་དང་། །ཡང་གསང་དྲག་པོ་མ་གཏོགས་རྒྱ་ཅན་གྱི། །དབང་དང་རྗེས་གནང་ཆ་ཚང་ལེགས་པར་གནང་། །གཞན་ཡང་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི། །བླ་མ་ཞི་དྲག་དབང་དང་གཏེར་གསར་ནས། །ཐུགས་རྗེ་ཆེན་པོའི་སྤྲོས་བཅས་སྤྲོས་མེད་དབང་། །སྙན་རྒྱུད་ཐིག་ལེ་གསང་སྐོར་ཞིག་གླིང་གི། དམག་བཟློག་ཉེར་ལྔའི་དབང་དང་སྒྲུབ་རིན་ནས། །ཉི་མ་སྦས་པའི་སྒྲོལ་མ་ཉེར་གཅིག་དབང་། །སྨེ་བརྩེགས་དུད་ཁ་རྣམ་རྒྱལ་མའི་རྗེས་གནང་། །གཞན་ཡང་དོན་གཉེར་སྔ་ཕྱི་མང་པོ་ལ། །དབང་དང་ལུང་གི་སྦྱིན་པའི་སྒོ་བརྒྱ་ཕྱེ། །ལོ་འདིར་གཙུག་ལག་ཁང་གི་ཕྱི་ནང་དུ། །རྡོ་ལྷ་མཚན་བྱང་གཞལ་ཡས་ལྷ་ཁང་གི། རྟེན་གྲས་མཚན་བརྒྱད་སོགས་ཏེ་གསར་བཞེངས་འགའི། །གཟུང་འབུལ་ལྷག་པར་གནས་པའི་མེ་ཏོག་འཐོར། །མདོ་ཁམས་གོ་འཇོའི་རྫོང་དཔོན་སྤེལ་གཞི་ནས། །དར་རྒན་འཁོར་བཅས་གནས་འདིར་ལྷགས་གྱུར་ནས། །རིག་འཛིན་འདུས་སྡེར་རྒྱ་ཆེའི་ཞབས་ཏོག་དང་། །རྗེ་འདིར་སྤམ་མཐོའི་འབུལ་གནོད་སྤྱན་སྔར་བསྟར། །དགེ་བའི་རྩ་བ་བྱང་ཆུབ་རྒྱུ་རུ་བསྔོས། །སྨིན་དྲུག་ཟླ་བ་དཀར་པོའི་ཕྱོགས་ཉིད་ལ། །གངས་ཅན་ལྷ་གཅིག་རྒྱལ་བའི་ཞམ་རིང་པ། །དྲུང་ཡིག་ཚང་སྐྱེས་བློ་དང་ལྡན་པ་དེས། །སྟོན་འཁོར་བརྒྱ་ཕྲག་སྤྱན་དྲངས་གུས་པས་མཆོད། །དགེ་བསྔོ་ཚེ་གུར་དབང་གིས་ཚིམ་པར་མཛད། །རྒྱལ་སྲས་སྐུ་མཆེད་དགེ་སྦྱོང་དགེ་དབང་ལ། །གཏེར་གསར་ཆོས་སྲུང་འགའ་ཡི་དབང་བསྩལ་ལ། །ལུང་གིས་མཐོ་བའི་དགེ་སྦྱོང་དགེ་དབང་ཉིད། །བཟང་པོའི་གནང་སྐྱེས་ལུགས་གཉིས་འཇུག་ལྡོག་གི། བསླབ་བྱ་དང་བཅས་མཁོ་ཆེན་དགོན་ཞེས་པའི། །རང་དགོན་དེ་ཡི་བླ་མར་རྫོང་བདའ་གནང་། །དེ་ལས་བདུན་ཕྲག་གཅིག་ཏུ་སྐུ་མཚམས་བཅད། །དམར་ཕྱོགས་དཔལ་ལྡན་མ་ཕམ་སྡེ་དགེ་བའི། །མི་རྗེ་བསོད་ནམས་ཕུན་ཚོགས་སྟེང་ཞལ་ཉིད། །ཕེབས་པར་ཞལ་མཇལ་གསུང་གི་བསྒོ་སྐལ་སོགས། །གང་འཚམས་བསྩལ་བས་རེ་རྫོགས་ཕྱིར་ཐེགས་
སོ། །སྟག་ཟླའི་ཚེས་དགུ་གཟའ་སྐར་དགེ་བ་ལ། །གཙུག་ལག་རྩིས་ལས་བྱུང་བའི་རྟེན་འབྲེལ་ལྟར། །རྒྱལ་སྲས་སྐུ་གཞོན་ཆབ་སྒོར་འགྲིམ་པ་ཡི། །ཐོག་མའི་ཞལ་བསྲོའི་རྟེན་འབྲེལ་དང་འབྲེལ་བར། །ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་མཚན་གསོལ་ཞིང་། །ཞལ་ངོ་ནང་འཁོར་ཚོགས་ཀྱི་ལེགས་སྐྱེས་བསྟར། །འདི་ཉིན་ཞབས་དྲུང་རྐྱེན་གྱིས་སྔ་འགྱུར་ལས། །རྒྱུད་རྒྱལ་གསང་བ་སྙིང་པོའི་གཞུང་རྫོགས་པ། །རྗེ་འདིའི་སྤྱན་སྔར་རྒྱུགས་འབུལ་མཛད་པ་ལ། །སྲིད་དུ་རིང་བའི་དར་གྱི་ལེགས་སྐྱེས་བསྩལ། །དགེ་སློང་མཆོག་གྲུབ་ཞམ་རིང་ཆོས་དབང་གི། ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་དང་། །མདོ་ཁམས་བླ་མ་འདྲེན་མཆོག་ཚ་བོ་ཡི། །རྟ་ནོར་བྱང་ཟོག་གཏོས་ཆེའི་འབུལ་བ་ལྟར། །འབྲེལ་བས་བཅས་པ་རྗེས་འཛིན་བསྔོ་བ་བསྩལ། །འབྲས་ལྗོངས་རྗེ་བོ་རྟ་མགྲིན་གྲགས་པ་དང་། །མདུན་ན་འདོན་ནི་མཛོ་མོ་བཀྲ་ཤིས་གཉིས། །རྐང་རྡོ་དཔྲལ་བར་འཕར་བའི་རྣམ་པར་གྱིས། །རྗེ་རྒྱལ་བོད་དུ་སྐྱབས་རེར་ཆས་པ་ལས། །རྗེ་འདིའི་གསེར་ཞལ་མཇལ་བར་འཁོར་བཅས་འབྱོར། །ཞབས་ཏོག་རྐྱེན་སེལ་དབང་གིས་ཚིམ་པར་མཛད། །རྒྱལ་སྲས་སྐུ་མཆེད་སྐལ་ལྡན་མང་པོ་ལ། །དབང་དང་ལུང་ཆོས་བར་མེད་ལེགས་བསྩལ་ནས། །ཉང་མགོའི་གྲུ་བརྒྱུད་ཁྲི་སྨོན་ཞེས་པར་ཕེབས། །ཡོན་གྱི་བདག་པོ་ཆོས་རྒྱལ་གྲགས་པ་ཉིད། །ལྔ་བའི་ལམ་གྱུར་བྱང་བུ་བཞུ་བ་དང་། །སྐུ་སྤུར་བཞུ་བའི་ཆོ་གས་རྗེས་སུ་བཟུང་། །ཞལ་བཞུགས་རྣམས་ལ་ཚེ་ཡི་དབང་བསྩལ་ནས། །ལོ་ཧི་ཏ་བརྒལ་སྣེའུ་གདོང་ཞོལ་ཤར་ཕེབས། །ཞལ་ངོ་རྣམས་ལ་བཞེད་པའི་དབང་བསྩལ་ཅིང་། །ཕྱི་ཉིན་ཆིབས་བཏེག་ཆོས་གྲྭ་ཆེན་པོར་ཕེབས། །དུས་རིམ་ཆེན་མོ་དུས་ཐོག་ཚུགས་པ་ལ། །རྒྱལ་སྲས་ཐུ་བོ་ཚོགས་སུ་ཞབས་བསྐྱོད་པའི། །གསང་བ་སྙིང་པོ་ཚོགས་སུ་རྒྱུགས་འབུལ་མཛད། །གདབ་ལས་རྒྱས་པའི་ཕྱག་ལེན་སྤྲོས་བཅས་དང་། །ལས་མཐའ་འཕང་བ་གཏོར་འབུལ་སྔར་བཞིན་གནང་། །དེ་འདས་ཁྲག་སྐྱུག་ཅེས་པ་ཆུ་ཕག་ལོ། །གནམ་ལོར་ཚེས་པ་དགུང་ལོ་ལྔ་བཅུའི་སྟེང་། །ཕེབས་པའི་དགྱེས་སྟོན་དུས་གསོལ་ལ་སོགས་པ། །སྔར་བཞིན་མཛད་ལ་གང་བ་དང་པོའི་
ཉིན། །རྒྱལ་སྲས་མཆེད་གསུམ་རིག་འཛིན་འདུས་སྡེ་སོགས། །བརྒྱ་ཕྲག་གསུམ་ལ་བླ་བྲང་ཚོམས་ཆེན་དུ། །དབུ་མ་ལུགས་ཀྱི་སེམས་བསྐྱེད་སྡོམ་པ་བསྩལ། །གཙུག་ལག་ཁང་གི་གཏེར་གསར་ལྷ་ཁང་དུ། །རྗེ་བཙུན་བླ་མ་མི་འགྱུར་དཔལ་སྒྲོན་ནས། །བཀའ་བརྒྱད་བདེ་འདུས་སྒྱུ་འཕྲུལ་ཁྲོ་བོ་ཡི། །དཀྱིལ་འཁོར་བློས་བསླངས་སྒོམ་དོན་དང་མཐུན་པར། །མཚན་ཉིད་ཡོངས་སུ་རྫོགས་པ་གསར་བཞེངས་ལ། །རྗེ་ཉིད་འདུས་པ་བཅས་པ་ཆོ་འཕྲུལ་ཟླའི། །དཀར་ཕྱོགས་བཟང་པོ་གཉིས་པའི་ཚེས་དགེ་བར། །ལྷག་གནས་སྔོན་གྲོའི་བཀའ་བརྒྱད་བདེ་འདུས་ཀྱི། །དཀྱིལ་འཁོར་ཆེན་པོར་རབ་ཏུ་གནས་པ་ནི། །ཉིན་གཉིས་ལུགས་སུ་རྒྱས་པར་མཛད་པ་ལ། །རབ་ཡོན་སྟོན་མོའི་ཁྱད་པར་ལ་སོགས་པ། །རྗེ་བཙུན་བླ་མ་སྐུ་སྒེར་ཉིད་ནས་བསྩལ། །དེ་ལས་དབོ་ཟླའི་སྒྲུབ་མཆོད་མཆོད་སྔར་བཞིན་ཚུགས། །དད་ཅན་མང་པོར་རྐྱེན་སེལ་དབང་འགའ་དང་། །མངའ་བདག་བླ་མ་སྐུ་འབྲིང་ཆེད་ཕེབས་ཀྱིས། །འདུས་སྡེར་ཉིན་ཐུབ་ཞབས་ཏོག་རྒྱས་པ་བཅས། །བདེ་གཤེགས་ཀུན་འདུས་དཀྱིལ་མཆོད་སྒྲུབ་པས། །མངའ་ཆེན་ཞིང་གཤེགས་དགོངས་པ་རྫོགས་ཐབས་བསྒྲུབས། །སྐབས་འདིར་རྒྱལ་སྲས་སྐུ་མཆེད་འདུས་པ་འགར། །བདེ་གཤེགས་ཀུན་འདུས་དབང་ཁྲིད་ལུང་གསུམ་དང་། །འཇམ་དཔལ་ཚེ་བདག་ལྕགས་སྡིག་དབང་བསྩལ་ནས། །ས་ཡི་དབང་ཕྱུག་མི་རྗེ་ཆབ་ཆེན་ལ། །ཆིབས་ཀྱི་ཁ་ལོ་བསྐྱོད་པར་མཇལ་དུ་ཕེབས། །བཀྲ་ཤིས་དོལ་གྱི་ས་ཚིགས་རྣམ་རྒྱལ་དུ། །མཆོད་ཡོན་གསེར་ཞལ་ལྷན་ཅིག་འཛོམ་གྱུར་ནས། །ཤ་འུག་ཚེ་དབང་བརྒྱ་ཕྲག་འབུལ་བཞེས་དང་། །བདོག་པའི་གསོལ་རས་རྒྱ་ཆེར་བསྩལ་བ་ཉིད། །བདག་གིར་མཛད་ལ་རང་གནས་དགོན་དུ་ཕེབས། །སླར་ཡང་ཟན་ཡངས་དཔལ་གྱི་བསམ་ཡས་བསྐྱོད། །མི་དབང་དཱ་ལས་བཱ་དུར་ཡབ་སྲས་ལ། །གཡའ་ལུང་ཚེ་དབང་སྟོང་དང་ཉིས་བརྒྱ་རེ། །བྱད་འགྲོལ་ཕྱི་ནང་ཞམ་རིང་ཡོངས་འདུས་ལ། །ཚེ་དབང་སྒེར་དབང་དབུ་རྩེའི་རྟ་མགྲིན་གླིང་། །ལྕོག་ཏུ་ཞབས་བསྐྱོད་ཐུགས་སྨོན་འཕྲིན་བཅོལ་མཛད། །དེ་ལས་ཐོན་མཇལ་མཛད་པར་དངུལ་བྲེ་ཆེན། །ཇ་སིག་གོས་དར་འབྲུ་ཁལ་སུམ་བརྒྱ་བཅས། །རྒྱ་ཆེ་སྤམ་མཐོའི་གསོལ་རས་བདག་གིར་མཛད། །ཞམ་
རིང་ནང་འཁོར་འགའ་ཡི་ཆིབས་སྐྱེལ་བཅས། །རིམ་བཏེག་ས་ཡི་འོག་མིན་གང་དེར་ཕེབས། །རྒྱལ་སྲས་མཆེད་གསུམ་ཨ་མདོའི་དམ་ཆོས་དང་། །བདག་ཅག་སྐལ་ལྡན་ཉུང་འདུས་བཅས་པ་ལ། །གཏེར་གསར་ལྷ་ཆེན་རྗེས་གནང་ཞལ་བཞི་པའི། །གཏོར་དབང་འདོད་བུམ་ནང་བཞིན་ཕྱག་བཞི་པ། །མ་ནིང་ལས་འབྲེལ་གཟའ་དབང་ཐུན་མིན་བཅས། །རཏྣའི་རྡོར་ལེགས་གྲྭ་པའི་ཛམ་དམར་དང་། །རྣམ་སྲས་ཡང་གསང་ཕྱག་མཚན་བཞི་པའི་དབང་། །གཏེར་གསར་སྔགས་སྲུང་དུར་ཁྲོད་བདག་མོ་ཡི། །རྗེས་གནང་ཐུན་མོང་པ་ཉིད་ལེགས་བསྩལ་ནས། །འཁོར་བཅས་སྒ་འདྲའི་ཆབ་ཚན་ལ་བཏེག་ལ། །སླར་ཡང་དགོན་གནས་ཆེན་པོར་ཞབས་བསྟི་བའི། །རྒྱལ་སྲས་སྐུ་མཆེད་དད་ལྡན་འགའ་བཅས་ལ། །སྔ་ཕྱིར་བཀའ་གཏེར་མང་པོའི་དབང་དང་ལུང་། །བར་མེད་རྒྱ་ཆེའི་ཆོས་འཁོར་བསྐོར་བར་མཛད། །ས་གའི་སྒྲུབ་མཆོད་སྤྲེལ་ཟླའི་ཚེས་བཅུ་སོགས། །སྤྲོས་བཅས་ཕྱག་ལེན་གང་ཡིན་སྔར་བཞིན་དང་། །གཞུང་ས་མཆོག་ནས་བསྟན་འགྱུར་རིན་པོ་ཆེ། །གླེགས་བམ་རྫོགས་པ་གསོལ་རས་བསྩལ་བ་ལ། །གདུགས་དང་རྒྱལ་མཚན་འབུལ་དཀྲོལ་ལ་སོགས་པ། །མཆོད་རྫས་ཐོགས་པའི་བསུ་བའི་བཀོད་པ་དང་། །ཡང་ཐོག་ཀུན་ནས་རྔ་བརྡུང་དར་འཕྱར་སོགས། །སྤྲོས་བཅས་རྒྱ་ཆེའི་མཆོད་པའང་བཤམས་པར་མཛད། །ཨེ་གྲབས་ཨུ་རྒྱན་གླིང་པའི་བླ་མ་སོགས། །དོན་གཉེར་མང་པོར་ཨ་ཏིའི་དབང་ལུང་དང་། །དགེ་སློང་ཐོས་བསམ་བསམ་གཏན་ཡར་འཕེལ་སོགས། །གཤིན་པོ་འགའ་ཞིག་རྗེས་འཛིན་བཀའ་དྲིན་བསྩལ། །དེ་ལས་ཆོས་འབྱུང་ཟངས་ཀྱི་མཚོ་གནས་བསྐྱོད། །ཕྱི་ནང་དབང་སོགས་བོད་འབྲོག་མང་པོ་ལ། །ཐར་པའི་ས་བོན་ཅི་ཐེབས་མཛད་པ་ནས། །རང་གནས་ཕྱག་ཕེབས་ཤེལ་བྲག་བླ་མ་སོགས། །གཞིས་བྱེས་སྐལ་ལྡན་མང་པོར་གཏེར་གསར་སོགས། །དབང་ལུང་གདམས་པའི་སྒོ་འཕར་མང་པོ་ཕྱེ། །སྒོམ་ཆེན་དཔལ་མགོན་འབྲས་བྱང་བཟང་པོ་ནས། །གྲུབ་དབང་གསང་སྔགས་ཆོས་འཛིན་དྲུང་ཉིད་དུ། །ཤ་འུག་གཏེར་བྱོན་བདེ་གཤེགས་ཀུན་འདུས་དང་། །ཕག་མོ་ཟབ་རྒྱ་རིག་འཛིན་སྲོག་སྒྲུབ་ཀྱི། །འཕྲུལ་འཁོར་སློབ་སྦྱོང་མཛད་པ་མཐར་ཕྱིན་ནས། །སྤྱན་སྔར་རྒྱུགས་ཕུལ་ལེགས་
སྐྱེས་གསོལ་རས་བསྟབས། །རྒྱལ་བའི་སྲས་མཆེད་ཤེལ་བླ་ཡབ་སྲས་སོགས། །སྣོད་ལྡན་མང་པོར་དགོངས་འདུས་དབང་ལུང་དང་། །ཆབ་ཀྱི་དགྱེས་སྟོན་རྙིང་རྒྱུད་གསར་བཞེངས་ཉིད། །གེགས་མེད་འགྲུབ་པར་ལྷག་གནས་མེ་ཏོག་འཐོར། །སྡེ་འདིའི་འདོད་རྒུ་འཇོ་བའི་གཉེར་ཚང་སྦུག །ལྷ་ཆེན་སོགས་ཀྱི་སྐུ་དང་གཏོར་མ་བཅས། །གསར་བསྒྲིགས་དང་འབྲེལ་གཡང་འགུགས་ཆོ་གའང་མཛད། །སྐབས་འདིར་འབྲས་ལྗོངས་རྫོགས་ཆེན་སྤྲུལ་སྐུ་ཡི། །དངོས་སློབ་དཔོན་སློབ་ཆོས་རྗེ་རིན་པོ་ཆེ། །རྣམ་གྲོལ་གླིང་ནས་ཆེད་དུ་གདན་དྲངས་ལ། །དགོངས་འདུས་ཁྲིད་ཆེན་བཞི་ཀ་རྫོགས་པ་དང་། །ཡང་ཏི་ནག་པོའི་ཁྲིད་བཅས་ལེགས་པར་གསན། །ཕར་ཡང་སྐྱེས་ལན་རྫོགས་ཆེན་སེམས་ཀློོང་སྡེའི། །པོད་ལུང་བྱང་གཏེར་ཐུགས་ཀྱི་སྒྲུབ་པ་ཡི། །སྡེ་བརྒྱད་སྡེ་དྲུག་ཨ་རོའི་རིག་རྩལ་དབང་། །ལ་སོགས་དབང་ལུང་གདམས་ངག་མང་པོ་དང་། །ཟང་ཟིང་དངོས་པོའི་ཆོས་ཡོན་རྒྱ་ཆེར་བསྩལ། །དེ་ལས་སྨིན་དྲུག་ཟླ་བའི་ཉའི་བར་དུ། །བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་ཆིག་སྒྲིལ་དང་། །མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ། །བཤེས་གཉེན་ཆེན་པོ་ཨོ་རྒྱན་རབ་བརྟན་ཉིད། །ཞི་བར་མནལ་བར་གསལ་འདེབས་ངོ་སྤྲོད་དང་། །སྐུ་གདུང་ཞུགས་ལ་སྦྱངས་པའི་ཆོ་ག་མཛད། །བྱང་ཕྱོགས་ཤ་ཟན་ཡུལ་གྱི་སྟོད་སྨད་དུ། །འགྲོ་ཕན་སྐྱོང་བ་བླ་མ་བཟང་པོ་དང་། །དགེ་སྦྱོང་ཡོངས་གྲོལ་གཉེར་བ་རོགས་བཅས་ཏེ། །སོ་སོས་རྟ་ནོར་མར་གྱི་བརྒྱ་འབུལ་དང་། །དམར་གྱི་སྟོན་ཆེན་རྣམ་རྒྱལ་གྲགས་པ་དང་། །དགེ་སློང་ལེགས་བཤད་བསྟན་པ་དར་རྒྱས་སོགས། །གཞིས་བྱེས་འདུས་སྡེ་བསྙེན་བཀུར་ཞུ་བ་ཡི། །ཡོན་བདག་མང་པོའི་དགེ་རྩ་བསྔོ་སྒྱུར་མཛད། །མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི། །དབྱིབས་དང་བཀོད་པས་ཁྱད་འཕགས་གསར་བཞེངས་ཉིད། །གསང་བ་སྔགས་ཀྱི་གཞལ་མེད་ཁང་ཆེན་པོ། །དབུས་སུ་བཀོད་པར་ཐོག་མར་ཞབས་བསྟི་བའི། །རྟེན་འབྱུང་དང་བསྒྲིགས་རིག་འཛིན་འདུས་སྡེ་ནས། །ཆོས་བསྲུང་དམ་ཅན་རྒྱ་མཚོར་གསོལ་མཆོད་དང་། །ཕྲིན་ལས་བཅོལ་བའི་ཆོ་ག་མཛད་པ་ལ། །ནང་འཁོར་བཅས་པས་ལེགས་སྐྱེས་ལྷ་རེག་བསྟར། །རྒྱལ་ཟླའི་མཇུག་གི་དུས་རིམ་ཆེན་མོ་
དང་། །རྟེན་གཏོར་འབུལ་སོགས་སྤྲོས་བཅས་སྔར་བཞིན་དང་། །མིག་དམར་ཤིང་བྱི་འབྱུང་བ་གསུམ་ལྡན་ལོ། །དགུང་ལོ་ང་གཅིག་སྟེང་ཕེབས་ལོ་གསར་གྱི། །དགྱེས་སྟོན་དུས་གསོལ་མཛད་རྗེས་ཟ་ར་དང་། །དོ་ནང་པད་གླིང་སྤྲུལ་སྐུ་རྣམ་གཉིས་སོགས། །དོན་གཉེར་ཅན་འགར་བཀའ་མ་ཡང་དག་དབང་། །རོག་ཕུར་རོང་ཕུར་སངས་རྒྱས་མཉམ་སྦྱོར་སོགས། །བཀའ་མ་མང་པོའི་དབང་ལུང་ལ་སོགས་ཏེ། །རྒྱ་ཆེན་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར། །ཟར་སྤྲུལ་བྱང་འདྲེན་དགེ་སྦྱོང་བསམ་གཏན་གྱིས། །འབུལ་ནོད་དང་བཅས་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །གཉུག་མར་གནས་དང་གློ་བུར་ལྷགས་པ་སོགས། །སྐྱ་སེར་མཆོག་དམན་མང་པོར་རྐྱེན་སེལ་གྱི། །རིམ་པ་འགག་མེད་བསྩལ་ནས་དབོ་ཟླ་བའི། །སྒྲུབ་མཆོད་ཆེན་མོའི་ཚོགས་དབུར་སྟར་ཆགས་བསྐྱོད། །སྦྲུལ་ཟླའི་ཚེས་བརྒྱད་སྐྱ་རེངས་འཆར་ཉེ་ཚེ། །ཧོར་བླ་འགྱུར་མེད་བཟང་པོ་ལྔ་བའི་ལམ། །གྱུར་པར་གསལ་འདེབས་ངོ་སྤྲོད་འདད་བསྔོ་སོགས། །རིམ་པར་མཛད་ལ་མངའ་བདག་བླ་མ་ཡི། །ལོ་དུས་མཆོད་པ་རྒྱས་པར་མཛད་པ་ལ། །སླར་ཡང་བསྟན་འགྲོར་སྨན་པའི་སྐུའི་བཀོད་པ། །ཇི་སྙེད་འཆར་བའི་ལྗགས་བསྔོ་རྒྱས་པར་བསྩལ། །དམར་ཕྱོགས་ས་ཡི་ཚངས་པ་མིའི་རྗེ་བོ། །བསོད་ནམས་སྟོབས་ཀྱི་རྒྱལ་པོ་བློན་འཁོར་བཅས། །ཡར་འབྲོག་ཚ་ཆུའི་འཕྲོད་བསྟེན་ལ་བསྐྱོད་པར། །གཡོ་རུ་དོལ་གྱི་རྣམ་རྒྱལ་ཞེས་བྱའི་ལྗོངས། །སྒར་ཆེན་རྒྱུ་སྐར་བཀྲམ་འདྲའི་ལྟེ་བར་ཕེབས། །དགྱེས་པའི་ཞལ་འཛོམ་གསུང་གི་བདུད་རྩི་ལ། །ཕན་ཚུན་སྙན་པའི་རོ་མངར་མྱང་བཞིན་པར། །ཉི་སྣང་ནུབ་ལས་ཤར་རིའི་རྩེ་ལས་ཡིབས། །དེ་ཚེ་འགོལ་གནས་འཕྱིང་གུར་ནང་ཉིད་དུ། །མི་རྗེ་དམ་པ་ཞབས་དྲུང་ལྕམ་ཆུང་མར། །ཤ་འུག་ཚེ་དབང་བརྒྱ་ཕྲག་བརྒལ་པ་རེ། །མདུན་ན་འདོན་ནི་དགའ་བཞི་མདོ་ཞབས་ལ། །ཚེ་དབང་ཚར་གཅིག་ཞམ་རིང་དམངས་བཅས་ལ། །དགོངས་བཞེད་ཇི་བཞིན་ཤར་ཁའི་དབང་རྫས་བསྩལ། །རྒྱ་ཆེའི་གསོལ་རས་དབང་ཡོན་བདག་གིར་བཟུང་། །རང་གནས་བསྐྱོད་ལ་སེམས་མ་དགེ་བ་ནི། །ལེགས་གླིང་ཡུམ་སོགས་བཅུ་ཕྲག་འདུས་པ་ལ། །བསྙེན་གནས་ཡན་ལག་བརྒྱད་པའི་
སྡོམ་པ་ཕོག །དེ་ལས་མི་ཡི་རྗེ་བོ་གང་ཉིད་ཀྱི། །དགོས་པའི་ཡོ་བྱད་མ་ཚང་མེད་པ་རྣམས། །ཆེད་དུ་གཉེར་བའི་དོ་དམ་བཅས་བསྩལ་བཞིན། །སྒ་འདྲར་ཆབ་ཀྱི་འཕྲོད་བསྟེན་དག་ལ་བསྐྱོད། །སླར་ཡང་ཆོས་སྡེ་ཆེན་པོར་ཕྱག་ཕེབས་ནས། །དུས་ཆེན་གསུམ་འཛོམ་གང་དང་ཉེར་བསྒྲིགས་པའི། །སྔ་འགྱུར་བཀའ་མའི་ཆོག་མང་སྒྲུབ་མཆོད་ཚུགས། །བར་གསེང་གཉུག་མར་གནས་པ་ཁག་ཅིག་ལ། །ཡན་ལག་བརྒྱད་པའི་ཚུལ་ཁྲིམས་སྡོམ་པ་ཕོག །དེ་ལས་ཆོས་འཁོར་དཔལ་གྱི་བསམ་ཡས་བསྐྱོད། །ས་ཡི་དབང་ཕྱུག་དཱ་ལས་བཱ་དུར་ནི། །ཡབ་སྲས་མཇལ་ཞིང་དཀར་སྤྲོའི་སྟོན་ཆེན་བསྩལ། །དགོངས་བཞེད་ཇི་བཞིན་ཚེ་གུར་གསང་ཡེའི་དབང་། །ཡབ་སྲས་བདག་མོར་བཅས་པར་འབུལ་གནང་དང་། །དྲུང་ན་སྤྱོད་པ་བརྒྱ་ཕྲག་གཉིས་ཉེ་བར། །ཚེ་ཡི་དབང་བསྩལ་དེ་ལས་དབུ་རྩེ་དང་། །པེ་ཧར་དཀོར་མཛོད་རྟ་མགྲིན་གླིང་དུ་ཕེབས། །མཆོད་འབུལ་རྒྱ་ཆེའི་ཐུགས་སྨོན་དྲག་པོ་མཛད། །སླར་ཡང་ས་ཡི་དབང་ཕྱུག་སྤྱན་སྔར་བསྐྱོད། །སྐུ་དངོས་ལྔ་ལ་བཀའ་བསྒོ་བྱིན་རླབས་སོགས། །གནང་བར་རྒྱ་ཆེའི་གསོལ་རས་སྤམ་མཐོ་བསྩལ། །ངང་པའི་རྒྱལ་པོ་ཁྲུས་ལ་ཞུགས་འདྲ་བའི། །གྲུ་བོ་ཆེ་ལས་ལོ་ཧི་ཏ་བརྒལ་ཏེ། །རིམ་བཏེག་ཚོང་འདུས་ནོར་བུ་གླིང་ཁ་རུ། །གུར་གཡབ་བཀོད་པས་ལེགས་པར་མཛེས་པ་བཅས། །བྱེ་ཚོགས་མཁན་པོས་བསྙེན་བཀུར་གཟབ་རྒྱས་ཞུས། །དེ་ལས་ཆོས་བཟང་ཆོས་ཀྱི་འདུན་ས་ཆེ། །ས་ཡི་འོག་མིན་སྨིན་གྲོལ་གླིང་དུ་ཕེབས། །རྒྱལ་བའི་སྲས་མཆེད་དོ་ནང་སྤྲུལ་སྐུ་སོགས། །སྐལ་ལྡན་བཅུ་ཕྲག་བཞི་ཡི་འཁོར་ཚོགས་ལ། །ཡང་ཟབ་ཐུགས་རྗེ་ཆེན་པོའི་དབང་ཁྲིད་དང་། །བཀའ་ཐང་སྡེ་ལྔ་དྲི་མེད་བཤགས་རྒྱུད་ཀྱི། །བཀའ་ལུང་བསྩལ་ཅིང་སྣྲོན་ཟླའི་དུས་ཆེན་ནི། །སྤྲོས་བཅས་ཕྱག་ལེན་གང་ཡིན་ཉམས་མེད་དང་། །ལྔ་སྟོང་བརྒལ་བའི་ཁྲོམ་ལ་ཚེ་ཡི་དབང་། །རིགས་སྲས་མཆེད་སོགས་ལས་ལྡན་འགའ་ཞིག་ལ། །ཨ་ཏིའི་དབང་ཁྲིད་སྒོམ་ཆེན་དཔལ་མགོན་ལ། །དུག་དབང་རྡོ་རྗེ་ཕ་ལམ་ཚར་གཅིག་བསྩལ། །བྱ་ཟླའི་དཀར་ཕྱོགས་ཆོས་འབྱུང་ཟངས་མཚོར་བསྐྱོད། །ཚེས་བཅུའི་ཚོགས་བསྐྱོད་ཕྱི་ནང་དབང་ལ་སོགས། །སྔར་བཞིན་བསྩལ་ཅིང་ལྷོ་ཕྱོགས་སྤྲིན་གྱི་སེག །
བྱང་ཆུབ་གླིང་ཞེས་གྲུབ་པའི་དབེན་གནས་དེར། །ཕེབས་བཞེད་ཕྱོགས་དེར་ཆིབས་ཁ་བསྐྱོད་པ་ལ། །དད་སྟོབས་འཆང་བ་ཚོང་འདུས་འབྲོག་པ་དང་། །གྲ་རྟག་སོ་སོས་ཡུལ་མཚོར་སྤྱན་དྲངས་ལ། །མྱུར་མགྱོགས་རྟ་ལ་བརྟེན་པའི་གཟིགས་མོ་དང་། །མར་ཕྱུར་རྩི་ཡི་སྙིང་པོ་བལ་འདབ་སོགས། །རང་ལ་ཡོད་དགུས་སྤྱི་ཚོམས་སྒེར་གྱི་མཆོད། །སྤྱི་དབང་སྒེར་དབང་བྱད་གདོན་འགྲོལ་བསྲུང་སོགས། །གཞན་ཕན་ཕྲིན་ལས་རྒྱ་ཆེར་འགྱེད་མཛད་ནས། །གྲི་གུ་ཁ་ལེ་སོགས་བརྒྱུད་རིམ་ཕེབས་པར། །སྨྲ་བོ་ཞབས་དྲུང་དཔོན་སློབ་ཀྱིས་བསུས་ལྟར། །སྦངས་ཟན་གཞིས་སུ་ཞག་གཉིས་ཕྱག་ཕབ་ལ། །ཚེ་ཡི་དབང་དང་བྱད་འགྲོལ་ལས་སྦྱོར་མཛད། །དེ་ལས་རང་དགོན་གནས་གཞི་རྣམས་ཀྱིས་བསུས། །སྤྱི་སྒེར་ཡོད་དགུའི་འབུལ་བ་ཞབས་ཏོག་སོགས། །བརྒྱ་ཕྲག་ལྔ་ཡི་ཁྲོམ་ལ་ཚེ་དབང་དང་། །གཉལ་བླ་སོགས་ཏེ་དད་ལྡན་འགའ་ཞིག་ལ། །སོ་སོའི་རེ་བའི་འདོད་ཆོས་ལེགས་གནང་ནས། །མཁའ་འགྲོའི་དོ་ར་བྱང་གླིང་དབེན་གནས་བསྐྱོད། །གྲྭ་བཙུན་ཕོ་མོས་ཡོད་དགུ་རྩལ་སྤྲུགས་ཀྱིས། །བསྙེན་བཀུར་བསྟབ་ཅིང་དགོན་ཁང་ཆེན་མོ་ཡི། །གཏོར་གཞི་གསར་སྤོ་སྙན་ཤལ་སྤྱན་གཟིགས་ཀྱིས། །མཛེས་པར་སྤྲས་ལ་གསོལ་མཆོད་རྒྱས་པ་དང་། །རྒྱ་ཆེའི་ཕྲིན་ལས་སྒྲུབ་པའི་གཉེར་ཁ་བཅོལ། །འདུས་པ་མང་པོར་ཚེ་ཡི་དབང་སྦྱིན་དང་། །དར་མ་གཞིས་གཉེར་ལ་སོགས་དད་ལྡན་འགར། །དབང་དང་ལུང་གིས་རེ་འདོད་ཚིམ་མཛད་ནས། །རིམ་བཏེག་སྒོ་ཆེན་གདང་སྣར་བཞུགས་སྒར་བཏབ། །དད་པར་ལྡན་པ་སངས་རྒྱས་ཕ་བུ་ནས། །རྒྱུན་གྱི་བསྙེན་བཀུར་ཁྱད་པར་དབང་གཞི་བཏེག །བརྒྱ་ཕྲག་བཞིར་ཉེའི་ཁྲོམ་ལ་ཚེ་དབང་བསྩལ། །ཡོན་གྱི་བདག་པོ་མང་པོའི་ཁྱིམ་ཕེབས་ལ། །བཀའ་བསྒོ་བྱིན་རླབས་ཕྱག་ནས་འཐོར་བ་སོགས། །འབྲེལ་ཚད་དོན་ལྡན་མཛད་ལ་དགེ་ཡེར་ཕེབས། །བླ་མིང་འཛིན་པ་དགེ་སྦྱོང་གསལ་བྱེད་དང་། །གྲྭ་དམངས་བཅས་ལ་རང་གཏེར་རྡོར་སེམས་དང་། །གུ་རུ་དྲག་པོའི་དབང་བསྩལ་དེ་ལས་བཏེག །ཤིང་མང་དགོན་དུ་གྲྭ་ཐང་མཁན་ཆེན་པ། །ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས་ཀྱིས་བསུས་ལ། །རྙེད་དང་བཀུར་སྟིའི་ཁྱད་པར་ཡང་དག་ཞུས། །དེ་ལས་ཆིབས་བསྐྱོད་བསུ་བའི་བཀོད་
པ་བཅས། །མདོ་མཁར་ཕུན་ཚོགས་དཔལ་འབྱོར་གཞིས་སུ་ཕེབས། །དད་སྟོབས་འཆང་བ་མི་དབང་ཕྱག་མཛོད་ནས། །བདུན་ཕྲག་ཞག་བར་བསྟི་སྟང་དུ་མས་མཆོད། །སྟོན་འཁོར་ཆབས་ཅིག་བདེ་གཤེགས་ཀུན་འདུས་ཀྱི། །དཀྱིལ་འཁོར་ཆེན་པོར་ཚོགས་ཀྱི་འཁོར་ལོ་ནི། །ཉིན་ལྔའི་བར་དུ་བསྐོར་ཞིང་ཕྱོགས་དེ་ཡི། །སྐྱ་སེར་བརྒྱད་བརྒྱར་ཉེ་བའི་ཁྲོམ་པ་ལ། །ཚེ་དཔག་མེད་མགོན་འཆི་མེད་དཔལ་སྟེར་གྱི། །དབང་གི་རིམ་པའི་ཆོས་སྦྱིན་བཀྱེ་བར་མཛད། །ས་དེར་དད་ལྡན་ཕོ་མོ་མང་པོ་ཡི། །ཕྱག་དང་བསྐོར་བ་གསོལ་འདེབས་ཅི་འགྲུབ་ཀྱི། །རང་ལུས་རྒྱན་གྱིས་གཙོས་པའི་ཟང་ཟིང་ནོར། །ཅི་ཡོད་འབུལ་བར་བསྔོ་བའི་རྒྱས་འདེབས་སོགས། །ཕྱོགས་དེའི་སྐྱེ་རྒུར་ཐར་པའི་ས་བོན་བཞག །དེ་ལས་སྔོན་དུས་པདྨ་སཾ་བྷ་ཝས། །བྱིན་བརླབས་ཞབས་ཀྱིས་བཅགས་ཤིང་ཕྱི་དུས་སུ། །རཏྣ་གླིང་པས་ཟབ་གཏེར་སྒོ་ཕྱེ་བའི། །ངོ་མཚར་སྒྲུབ་གནས་ཁྱད་འཕགས་བུམ་ཐང་དུ། །གོང་མའི་ཞལ་སློབ་སྒོམ་ཆེན་ཤེས་རབ་ཀྱིས། །དད་པས་སྤྱན་དྲངས་བསྙེན་བཀུར་ཕུན་ཚོགས་ཞུས། །ཚེ་ཡི་དབང་བསྩལ་མཆོད་འབུལ་གནས་གཟིགས་དང་། །དགེ་ལ་འདུན་པ་དོན་གཉེར་མང་པོའི་ངོར། །ཐན་ཐུན་ལུང་གིས་རེ་བ་སྐོང་མཛད་ནས། །རཏ་གླིང་ཐུགས་སྲས་ཚེ་དབང་གྲགས་པ་ཡིས། །བཏབ་པའི་ལྷུན་གྲུབ་ཕོ་བྲང་མཇལ་དུ་ཐེགས། །མདོ་མཁར་རྫོང་ཕེབས་དཀར་སྤྲོ་གདུགས་ཚོད་སྟོབ། །བཀའ་དང་བསྟན་བཅོས་མང་པོར་མེ་ཏོག་འཐོར། །སླར་ཡང་ཕྱག་གཞིས་ཕུན་ཚོགས་དཔལ་འབྱོར་ཕེབས། །ཟང་ཟིང་དངོས་པོའི་འབུལ་བ་རྒྱ་ཆེར་བསྟར། །བཅོས་མིན་དད་པས་རྗེས་འཛིན་གསོལ་བ་བཏབ། །རེ་འདོད་ཇི་བཞིན་འགྲུབ་པར་ཞལ་གྱིས་བཞེས། །དེ་ལས་རིམ་བཏེག་ཐ་སྐར་སྒོ་རྔར་ཕེབས། །དད་ལྡན་ནོར་སྐྱོང་གྲགས་པས་དབང་གཞི་བཏེག །དེར་འདུས་ཁྲོམ་ལ་ཐང་སྟོང་ཚེ་དབང་བསྩལ། །རིམ་པར་གནམ་མདོ་གྲི་གུ་བྲག་རྩ་སོགས། །བརྒྱུད་ལ་རང་གནས་ཆོས་གྲྭ་ཆེན་པོར་ཕེབས། །གསུམ་ལྡན་འདུས་པ་རྒྱ་མཚོའི་ལྗོངས་རྒྱུ་དང་། །བསྟུན་པའི་ཆབ་ཀྱི་དགྱེས་སྟོན་ཆེན་པོ་མཛད། །གྲུབ་དབང་ཆོས་འཕེལ་ཆོས་གཏེར་གླིང་སྤྲུལ་སྐུ། །རང་གྲྭ་འགའ་ལ་གཤིན་རྗེའི་དབང་བཀའ་དང་། །གཞན་ཡང་སྨར་ལམ་སྡེ་པ་རྫོགས་ཆེན་པའི། །གྲྭ་རིགས་
བླ་མ་གསང་སྔགས་བསྟན་འཛིན་སོགས། །དོན་གཉེར་ཅན་འགར་ཚེ་གུར་པེ་ཧར་དང་། །གནོད་སྦྱིན་ཆེན་པོའི་སྲོག་གཏད་བྱད་འགྲོལ་གྱི། །ལས་སྦྱོར་ལོཀྟྲིའི་རིག་གཏད་ལ་སོགས་བསྩལ། །སྨིན་དྲུག་ཟླ་བའི་དཀར་ཕྱོགས་ནས་བཟུང་སྟེ། །བརྒྱུད་འཛིན་སྲས་མཆེད་རྗེ་དབོན་ཕྱག་མཛོད་སོགས། །ནང་འདུས་འགའ་ལ་ཕྱག་རྡོར་གུ་དྲག་དབང་། །རྟ་མགྲིན་གསང་སྒྲུབ་ཚེ་རིང་མཆེད་ལྔ་དང་། །ནཱ་རོ་མཁའ་སྤྱོད་མ་ཡི་རྗེས་གནང་བསྩལ། །དབུས་ཕྱོགས་གཡུལ་གྱི་ཁ་ལོ་པར་མངགས་པའི། །ཉག་ཕྲན་དཔོན་དང་གྲྭ་ནང་སའི་རྗེ་བོ། །ཀུན་དགའ་བསྟན་འཛིན་སྟེང་ཞལ་དགོན་གནས་སུ། །རིམ་པར་ཆིབས་བསྒྱུར་བཀུར་སྟི་གཟོས་སྒོ་དང་། །དབང་དང་བྱིན་རླབས་སོགས་ཀྱིས་ཐུགས་བཞེད་བསྐང་། །མགོ་ཟླའི་ནང་དུ་གསང་བ་ཡེ་ཤེས་ཉིད། །བདུན་ཕྲག་ཞག་ཏུ་བསྟེན་ཅིང་དེའི་རྗེས་འབྲང་། །གཏེར་མགོན་ཞལ་བཞིའི་དྲག་གཏོར་ལས་རིམ་ཉིད། །ཉི་ལྡོག་དང་བསྟུན་མཐའ་སྡུད་ལས་ལ་སྦྱར། །ཁམས་གསུམ་དབང་བྱེད་ལྷ་ཆེན་ལྕམ་དྲལ་ལ། །མེ་མཆོད་སྟོང་རྩ་འབུལ་བའི་ཆོ་ག་སོགས། །སྐུ་མཚམས་ཁོག་ཏུ་གནད་སྨིན་ཡང་དག་མཛད། །སྐབས་འདིར་ཅུང་ཟད་སྐུ་ཁམས་ཧྲེང་ཚུལ་ལ། །རྗེ་བཙུན་བླ་མས་མཁའ་འགྲོ་གྲིབ་སེལ་དང་། །སྨེ་བརྩེགས་བྱབས་ཁྲུས་གར་དབང་ཚེ་ཡི་དབང་། །བརྒྱ་ཕྲག་འབུལ་མཛད་འགྱངས་མིན་གཞི་མེད་དྭངས། །ཡོས་ཟླའི་ནང་དུ་མགོན་ཁང་ཆེན་མོ་ཡི། །གཏོར་གཞི་གསར་སྤོ་གསོལ་མཆོད་ཕྲིན་བཅོལ་དང་། །ལོ་འདིའི་མཇུག་གི་དུས་རིམ་ཕྱག་ལེན་རྣམས། །གནམ་གང་གཏོར་འབུལ་བར་དུ་རྒྱས་པར་མཛད། །དེ་འདས་ཁྲོ་མོ་ཞེས་པ་ཤིང་མོ་གླང་། །དགུང་ལོ་ང་གཉིས་སྟེང་ཕེབས་གསར་ཚེས་ཀྱི། །དགྱེས་སྟོན་དུས་གསོལ་རྒྱལ་སྲས་སྐུ་མཆེད་སོགས། །སྐལ་ལྡན་འགའ་ལ་ཆོས་དབང་ཕུར་པའི་དབང་། །རིག་འཛིན་བླ་མའི་དབང་ཁྲིད་གཞུང་ས་ཆེའི། །སྐུ་རིམ་སྒྲུབ་མི་དམག་བཟློག་མཚམས་གྲྭ་ལ། །གུར་དབང་ཞིག་གླིང་དམག་བཟློག་དབང་བཅས་བསྩལ། །ཆོ་འཕྲུལ་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །གཟིམས་ཆུང་སྐུ་སྒེར་ཉིད་ཀྱིས་ཡོན་སྦྱར་ནས། །རིག་འཛིན་འདུས་སྡེར་ཚོགས་སྐོང་བཤགས་པ་དང་། །བསྙེན་སོང་ཁག་ནས་མེ་མཆོད་སྦྱིན་སྲེག་གནང་། །
སྐབས་འདིར་སྔ་ཕྱིར་དགེ་སྦྱོང་མཆོག་གྲུབ་དང་། །མོན་མཁར་ཤར་མར་བྱང་བའི་ཁྱིམ་འཛིན་སོགས། །གཞིས་བྱེས་ལྔ་ལམ་གྱུར་པ་མང་པོ་ཡི། །གསལ་འདེབས་ངོ་སྤྲོད་དགེ་བསྔོ་ལ་སོགས་པ། །ངན་འགྲོའི་འཇིགས་ལས་གྲོལ་བའི་སྐྱབས་སྦྱིན་མཛད། །དམར་ཕྱོགས་ཉང་གཏེར་བཀའ་བརྒྱད་བདེ་འདུས་ཀྱི། །དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་མཆོད་སྒྲུབ་ཀྱིས། །མཐའ་རྟེན་མར་མེའི་སྨོན་ལམ་བར་དག་དང་། །དབོ་ཟླའི་ནང་དུ་རིག་འཛིན་འདུས་སྡེ་སྤྱི། །མཆོད་དཔོན་རབ་དགའ་དྲུང་ཡིག་ལགས་དབང་ཆེན། །རིན་ཆེན་ཟླ་བ་བཅས་པ་སོ་སོ་ནས། །རང་ལ་ཡོད་དགུའི་འབུལ་ནོད་ཞབས་ཏོག་བཅས། །རྗེ་འདི་བསྐལ་བ་གངྒཱའི་བྱེ་རྡུལ་གྱི། །གྲངས་དང་མཉམ་པར་ཞབས་པད་བརྟན་བྱས་ནས། །རང་རང་གདུལ་བྱའི་སྐལ་བ་དང་འཚམས་པར། །རྒྱ་ཆེར་ཆོས་འཁོར་བསྐོར་བའི་གསོལ་འདེབས་ནི། །འདུས་སྡེ་རྒྱ་མཚོས་མགྲིན་གཅིག་མངའ་དབུལ་མཛད། །སྐབས་འདིར་ཞམ་རིང་དུ་གྱུར་མི་ཕམ་ནས། །ཀུན་ལ་ཕན་པའི་ལྷག་བསམ་རྨ་མེད་ཀྱིས། །འབྲས་ཀྱི་ཕུ་ནས་གསང་བའི་ཆུ་འདྲེན་པའི། །ཐབས་སྒོ་མ་རྨད་ལག་ལེན་མཛད་པ་ལ། །རྗེ་ཉིད་ཆུ་རྩར་ཕེབས་ནས་ས་ཆོག་དང་། །ཀླུ་གཏོར་བུམ་གཏེར་སྦ་བ་ལ་སོགས་པའི། །ཀླུ་ལས་རེ་བ་འཇོ་བའི་ཕྱི་ནང་གི། རྟེན་འབྲེལ་མན་ངག་གནད་དང་འབྲེལ་བར་མཛད། །ཉང་གི་སྟོན་པ་རིག་འཛིན་རྒྱ་མཚོ་ཡིས། །ལོ་དུས་སྐུ་མཆོད་སྔར་བཞིན་མཛད་པ་ལ། །ཟང་ཟིང་དངོས་འབུལ་རྒྱ་ཆེའི་ཞབས་ཏོག་སོགས། །མངའ་ཆེན་དགེ་སྦྱོང་ཉིད་ནས་སྒྲུབ་པར་མཛད། །ནག་ཟླའི་ནང་དུ་ལེབ་རྩེ་བླ་མ་སོགས། །སྐལ་ལྡན་འགའ་ལ་བདེ་གཤེགས་ཀུན་འདུས་ཀྱི། །སྤྲོས་བཅས་སྤྲོས་མེད་དབང་གིས་ཚིམ་པ་དང་། །གཞན་ཕན་ཆོས་ཀྱི་སྦྱིན་པ་མང་པོ་བསྩལ། །གྲ་ཡི་སྙེན་མདོར་སོ་ཡི་སྟོན་ཆེན་ནི། །ཆོས་མཛད་འགྱུར་མེད་ཆོས་འཛིན་དུ་གྲགས་པ། །ལྔ་ཕུང་སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལ། །ཀུན་རྫོབ་བག་ཆགས་འཁྲུལ་བ་རང་སེམས་ཀྱི། །རོལ་པའི་རྩལ་ལས་དོན་དམ་བདེན་པ་རུ། །གཞི་མེད་རྩ་བྲལ་དབུ་མའི་ལམ་གནས་པའི། །ངོ་སྤྲོད་ཆེད་དུ་རྗེ་ཉིད་ཞབས་པད་བསྐྱོད། །རང་གྲྭ་བཅུ་ཕྲག་གསུམ་གྱི་འཁོར་དང་བཅས། །དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་དཀྱིལ་འཁོར་དུ། །མཚན་བྱང་བཞུ་
བའི་གསུང་ཆོས་རྒྱས་པར་མཛད། །ས་ཡི་ཚངས་པ་བསོད་ནམས་སྟོབས་ཀྱི་རྒྱལ། །བློན་འཁོར་བཅས་པ་སྒ་འདྲར་ཆིབས་སྒྱུར་བར། །བཀྲ་ཤིས་དོལ་གྱི་ས་ཚིགས་རྣམ་རྒྱལ་དུ། །གསེར་ཞལ་མཇལ་བར་ཆིབས་བཏེག་སྔར་བཞིན་དུ། །མི་རྗེ་དམ་པར་ཚེ་དབང་བརྒྱ་ཕྲག་དང་། །མདུན་ན་འདོན་ནི་དགའ་བཞི་མདོ་མཁར་བ། །ལ་སོགས་ནང་འཁོར་བཅུ་ཕྲག་གཉིས་བཅས་ལ། །ཚེ་ཡི་དབང་ཆེན་ཚར་རེའི་བཀའ་དྲིན་བསྩལ། །རིན་ཆེན་དང་གཉིས་གོས་དར་ཇ་སིག་སོགས། །མཁོ་དགུའི་འབུལ་བ་གྱ་ནོམ་བསྩལ་བ་ཉིད། །རང་གིར་མཛད་ལ་ཆོས་གྲྭ་ཆེན་པོར་ཕེབས། །གཤིན་གསོན་མང་པོའི་དོན་མཛད་ས་ག་ཟླའི། །མཆོག་དམངས་གྲུབ་ཆེན་ཚུགས་པར་ས་འདུལ་གྱི། །འཆམས་སྟབས་ནས་བཟུང་རྡུལ་ཚོན་གཤེགས་ཀྱི་བར། །སྦྱོར་དངོས་རྗེས་གསུམ་ཚང་བར་བསྟར་ཆགས་ཕེབས། །པད་གླིང་སྤྲུལ་སྐུ་གསང་གླིང་གདུང་རྒྱུད་སོགས། །བཅུ་ཕྲག་གཅིག་ལ་ཕུར་པ་སྤུ་གྲི་དང་། །གུ་རུ་དྲག་པོའི་དབང་ཉིད་ལེགས་བསྩལ་ནས། །གཞུང་ས་མཆོག་ནས་མཐུན་རྐྱེན་སྦྱར་གནང་བཞིན། །སྒ་འདྲའི་ཚ་ཆབ་འཕྲོད་བསྟེན་དག་ལ་བསྐྱོད། །ཕྱོགས་དེར་བཀའ་བསྒོ་བྱིན་རླབས་ལ་སོགས་པ། །སོ་སོའི་རེ་བ་ཇི་བཞིན་སྐོང་མཛད་ནས། །ས་ཡི་འོག་མིན་དགོན་སྡེ་ཆེན་པོར་ཕེབས། །སླར་ཡང་ཆོས་འཁོར་དཔལ་གྱི་བསམ་ཡས་བསྐྱོད། །ས་ཡི་དབང་ཕྱུག་དཱ་ལས་བཱ་དུར་གྱི། །གསེར་ཞལ་མཇལ་བར་མི་རྗེའི་བཀའ་ཕེབས་སུ། །ད་ནངས་སྔ་ཐོག་གནོད་སྦྱིན་ཙིའུ་དམར་བ། །སྐྱེས་བུའི་ཁོག་དུ་བརླམས་པའི་དུས་ཡིན་པར། །སྤྱོད་ངན་མི་ཡི་རྗེས་སུ་འབྲང་བ་ལྟའི། །ཆོས་སྲུང་རྣམས་ཀྱང་ཆོས་པར་སྤྱོད་འདུག་པས། །བསྟན་འགྲོའི་བདེ་སྐྱིད་གོང་དུ་སྤེལ་བ་ལ། །སྔོན་ཚེ་པདྨའི་བཀས་མངགས་གཉེར་གཏད་པའི། །གཡར་དམ་གཉན་པོ་རྗེས་སུ་དགོངས་པ་ཡིས། །དམ་ཚིག་བསྒྲག་དགོས་གསུངས་པར་ལྷུར་བཞེས་ཏེ། །མཆོད་ཡོན་ཆབས་ཅིག་པེ་ཧར་ལྕོག་ཏུ་བསྐྱོད། །གནོད་སྦྱིན་ཆེན་པོ་ཁོག་ཏུ་བརླམས་དང་འགྲིག །གསེར་ཕུད་སྙན་ཤལ་མཐུན་རྫས་འབུལ་མཛད་རྗེས། །རྗེ་ཉིད་བླ་མ་དྲག་པོའི་སྐུར་བཞེངས་ཏེ། །བརྒྱུད་གསུམ་བླ་མའི་མཚན་འབོད་རགས་རིམ་བཅས། །སྔོན་ཚེ་ཇི་ལྟར་དམ་བཅས་ཇི་བཞིན་དུ། །
བསྟན་འགྲོའི་ཕན་བདེ་གོང་དུ་སྤེལ་བ་དང་། །དམ་ཚིག་ཅན་གྱི་ལུས་དང་གྲིབ་མ་བཞིན། །འགྲོགས་ནས་མཐུན་རྐྱེན་ཕྲིན་ལས་སྒྲུབ་པ་དང་། །བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་དམ་ཉམས་རྣམས། །བདུན་རྒྱུད་མིང་གི་ལྷག་མར་མཛད་དགོས་ཞེས། །སྙན་དུ་བསྒྲགས་པར་སྟེགས་ལས་ཧར་བཞེངས་ཏེ། །དར་དཀར་སྲིད་རིང་དམར་པོའི་བསྲུང་མདུད་བཅས། །དགྱེས་ཉམས་ཆེན་པོས་ཕུལ་ཞིང་བཀའི་མགུར་ལས། །རིག་འཛིན་ཆེན་པོ་འདྲེ་ཡི་གནས་ཁང་དུ། །ངོས་བསྐྱོད་མཛད་པ་ཤིན་ཏུ་ལེགས་ཚོགས་ཆེ། །དེང་སང་དམུ་རྒོད་འགྲོ་རྣམས་སྒོ་གསུམ་གྱི། །ཀུན་སྤྱོད་ལོག་མཐུས་ཇི་བཞིན་དཀའ་ཡང་རུང་། །རྡོ་རྗེའི་གསུང་གིས་ཇི་ལྟར་བསྐུལ་བ་བཞིན། །མི་མངོན་དབྱིངས་ནས་ཕྲིན་ལས་བྱ་ར་བྱེད། །ཅེས་པའི་གསུང་གི་སྒྲ་སྐད་མཐོན་པོ་དང་། །ནང་དང་གསང་བའི་ལུང་བསྟན་འགའ་ཞིག་ཀྱང་། །ཤུབ་བུའི་ཚིག་གིས་སྙན་དུ་འབུལ་བར་མཛད། །དེ་ལས་ཁྲིའུ་ཤིང་གི་སྟེང་བཞུགས་ནས། །མི་རྗེ་ཡབ་སྲས་བཙུན་མོར་བཅས་པ་ལ། །ཕྱག་དང་ཞབས་ཀྱི་བྱིན་རླབས་རིམ་པར་གནང་། །སླར་ཡང་ཕོ་བྲང་ཆེན་པོར་ཞབས་བསྐྱོད་ལ། །མི་རྗེ་སྟངས་དཔྱལ་སྲས་འཁོར་ནང་མ་འགར། །ཚེ་ཡི་དབང་ཆེན་རྣམ་འཇོམས་བྱབས་ཁྲུས་རྣམས། །འབུལ་མཛད་རྒྱ་ཆེའི་གསོལ་རས་བདོག་དགུ་བསྩལ། །འབྲས་པའི་གྲུ་ལས་རང་གནས་དགོན་དུ་ཕེབས། །སྣྲོན་ཟླའི་ཚེས་བཅུའི་སྤྲོས་བཅས་ཕྱག་ལེན་དང་། །ཁྲི་ཕྲག་འདུས་པའི་སྐྱེ་བོ་མ་ལུས་པར། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་སྦྱིན་གྱི། །ཕྱི་ཉིན་ས་ཡི་ཐིག་ལེ་སྐྱིད་རུ་བའི། །ཚེས་བཅུའི་འདུས་པར་གསོལ་འདེབས་ལེའུ་བདུན་མ། །པད་གླིང་བླ་མའི་ལས་བྱང་ལུང་ཡང་བསྩལ། །རྒྱལ་སྲས་སྐུ་མཆེད་པད་གླིང་སྤྲུལ་སྐུ་སོགས། །བཅུ་ཕྲག་གཅིག་དང་ཕྱེད་བཅས་འདུས་པ་ལ། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །པོད་ལུང་རྫོགས་པར་གནང་བའི་དབུ་ཡང་ཚུགས། །དེ་སྟེང་སེར་སྲུང་གྲྭ་པ་ཁ་ཐོར་བཅས། །ཟོ་ལུང་ས་ཡི་གདམས་པ་ཉེར་དྲུག་དང་། །ལོ་གླུད་ཐོ་ཆོག་བཅས་ཀྱི་ལུང་བསྩལ་ནས། །བོད་འབྲོག་མཚམས་ཀྱི་གནས་ཆེན་ཟངས་མཚོར་བསྐྱོད། །ཚེས་བཅུའི་གསུང་ཆོག་ཕྱི་ནང་དབང་ལ་སོགས། །ཐར་པའི་ས་བོན་ཅི་ཐེབས་མཛད་པ་ནས། །
པདྨ་འོད་ཞིང་སྨིན་གྲོལ་གླིང་དུ་ཕེབས། །ལེགས་གླིང་སྡེ་བ་ཨོ་རྒྱན་ཚེ་བརྟན་ཉིད། །མི་བརྟན་ལམ་དུ་འཕྱན་པའི་དགེ་བསྔོ་དང་། །སྐུ་ཞང་ཕུན་རབ་པ་ཡི་སྟོན་འཁོར་ཀུན། །སྤྱན་དྲངས་བཀུར་སྟིས་མཆོད་པའི་དགེ་བསྔོ་མཛད། །རྡོར་བྲག་ཁམས་ལུང་དཔོན་སློབ་གཙོར་གྱུར་པའི། །སྐལ་ལྡན་འགའ་ལ་ཡང་ཏི་ནག་པོ་ཡི། །དབང་ཁྲིད་ལུང་གསུམ་སེམས་ཀློང་སྡེ་ལ་སོགས། །མན་ངག་ཟབ་དགུའི་དབང་ཁྲིད་མང་པོ་དང་། །རྒྱལ་སྲས་མཆེད་གསུམ་སྙེ་མོ་རུ་གདུང་རྒྱུད། །དོ་ནང་པད་གླིང་སྤྲུལ་སྐུ་ལ་སོགས་པ། །གཞན་དོན་ནུས་པའི་སྐལ་ལྡན་ཉི་ཤུ་ལ། །ཡབ་རྗེ་གཏེར་ཆེན་ཆོས་རྗེའི་བཀའ་འབུམ་ནི། །གླེགས་བམ་རྫོགས་པར་གནང་བའི་ལུང་དབུ་ཚུགས། །གཞན་ཡང་ཉང་གཏེར་ཁྲོས་ནག་དབང་ཁྲིད་དང་། །དགོངས་འདུས་ཁྲིད་ཆེན་བཞི་དང་གཏུམ་མོའི་ཁྲིད། །རྣམ་སྲས་ལྗང་ཡུལ་སྤྲིན་གསེབ་ནང་སྒྲུབ་ནི། །མདུང་མར་ཅན་དང་གནུབས་ལུགས་དྲག་པོ་ནི། །རྟ་སྔོན་ཅན་གྱི་སྒྲུབ་སྐོར་ལྗགས་ལུང་སོགས། །ཟབ་དང་རྒྱ་ཆེའི་ཆོས་འཁོར་མང་པོ་བསྐོར། །གོང་མའི་ཞབས་ཟིན་དགེ་སྦྱོང་ཚེ་དབང་དང་། །གྲུབ་པའི་དབང་ཕྱུག་འོད་གསལ་གཞན་ཡང་ནི། །གཞིས་བྱེས་ཕྱི་མའི་མགྲོན་གྱུར་མང་པོའི་ཆེད། །ཟག་པར་བཅས་པའི་དངོས་ཀུན་ཟག་མེད་ཀྱི། །རྣམ་ཁྱེན་རྒྱ་མཚོར་བསྲེ་བའི་མཚམས་སྦྱོར་བསྩལ། །གྲོ་བཞིན་ཟླ་བའི་དཀར་པོའི་ཚེས་གཅིག་ཉིན། །རྒྱལ་དབང་མཆོག་གི་ཆིབས་དཔོན་འབུམ་ཐང་ནས། །ཆེད་དུ་ཕེབས་པར་འཁོས་ཕེབས་གཞིས་ལེན་དང་། །རྐྱེན་སེལ་དབང་གི་རིམ་པས་ཐུགས་བཞེད་བསྐང་། །ལོ་འདིར་བསྟན་འགྲོར་ཕན་བདེ་སྤེལ་བའི་ཆེད། །སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་ལ། །སྟོད་ཧོར་གོས་དང་དིང་ཕོན་ལ་སོགས་པ། །བཟང་གོས་རིན་ཐང་བྲལ་བ་འབའ་ཞིག་ལས། །གྲུབ་པའི་གཙོ་བོ་ཐུབ་དབང་ཉན་ཐོས་གཉིས། །ལྷ་མགྲོན་དུ་མས་བསྐོར་བའི་གོས་སྐུ་ནི། །དཔངས་ལ་རྒྱུག་འདོམ་བཅུ་གཅིག་ཞེང་ལ་བདུན། །རི་མོའི་འདུ་བྱེད་ཚངས་རིས་སྙེམས་འཕྲོག་པ། །དགེ་སྦྱོང་དཔལ་འབར་འབྲུག་སྟོད་བསྟན་སྐྱོང་གཉིས། །གོས་བཟོའི་དབུ་མཛད་ལུས་ངག་ཡིད་གསུམ་གྱི། །བཟོ་གནས་ཀུན་ལ་ཕུལ་རབ་རྩེར་སོན་པ། །དགེ་སློང་མཐའ་ཡས་དམངས་མ་བཅུ་ཕྲག་གཅིག །
དོ་དམ་ཁུར་ལེན་ཁོ་བོའི་ཞང་རིགས་སུ། །གྱུར་པ་ཞམ་རིང་མི་ཕམ་ལ་སོགས་ཏེ། །ཀུན་གྱི་ལྷག་བསམ་དག་པའི་བརྩོན་འགྲུས་ཀྱིས། །བཞེངས་པའི་ངོ་མཚར་བཟོ་བཀོད་ཁྱད་པར་དང་། །བཅུ་བདུན་རྒྱུད་ཀྱི་པོད་གྲས་གླེགས་བམ་གཉིས། །ཡིག་དྲུག་ཁྲི་སྐོར་གཉིས་དང་ཁྱད་པར་དུ། །ཐུན་མིན་ཆོས་སྐུའི་རྟེན་ནམ་ཐུན་མོང་དུ། །ཐུགས་རྟེན་དུ་འབོད་བྱང་ཕྱོགས་སོ་བདུན་དང་། །སྟོབས་བཅུ་མཚོན་བྱེད་བྱང་ཆེན་མཆོད་རྟེན་ནི། །སྐུ་རྒྱུ་ཙནྡན་དཀར་དམར་ཨ་ཀ་རུ། །དཔངས་ལ་ལག་ཁྲུ་དོ་ཡོད་རིན་པོ་ཆེ། །གསེར་དངུལ་བྱུ་རུ་མུ་ཏིག་གཡུ་ལ་སོགས། །རིན་ཐང་བྲལ་བའི་ཕྲ་ཚོམ་གྱིས་སྤུད་པ། །རྒྱུ་དང་བཟོ་དབྱིབས་ཁྱད་པར་འཕགས་པ་དང་། །གཞན་ཡང་དབང་རྫས་ཉེར་སྤྱད་མང་པོ་དང་། །འདུ་ཁང་ཚོགས་དབུའི་གཏེར་ཆེན་སྐུ་བརྙན་གྱི། །བཞུགས་ཁང་གཎ་དྷོ་ལ་ཡི་དབྱིབས་ཅན་བཅས། །གསར་བཞེངས་གནང་བ་གེགས་མེད་ལྷུན་གྱིས་གྲུབ། །ཁྲུམས་ཟླའི་ཆབ་ཀྱི་དགྱེས་སྟོན་སྔར་བཞིན་མཛད། །རྒྱལ་སྲས་སྐུ་གཞོན་སྙེ་མོ་རུ་གདུང་རྒྱུད། །གྲྭ་ཚང་དགེ་བཤེས་བཅུ་ཕྲག་ཕྱེད་གཉིས་ལ། །སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་མདོ་ཁམས་ནས། །གོ་འཇོ་རྫོང་དཔོན་སྤེལ་གཞི་དར་ཧན་གྱི། །གཟིམས་དཔོན་གྲགས་པ་ཆེད་མངགས་འབྱོར་བ་ལྟར། །རིག་འཛིན་འདུས་པ་རྒྱ་མཚོས་ཉིན་ཆོག་གིས། །སྐུ་ཐང་མང་པོར་རབ་གནས་མཛད་པ་ལ། །རྗེ་ཉིད་ཚོགས་དབུར་ཕེབས་ཏེ་རབ་ཡོན་རྣམས། །ཟག་མེད་བསྔོ་བས་ཟིན་པའི་མཚམས་སྦྱོར་བསྩལ། །སླར་ཡང་རྫོགས་པ་ཆེན་པོ་རང་བྱུང་དབང་། །རྒྱལ་སྲས་སྐུ་མཆེད་སོགས་ལ་ལེགས་བསྩལ་ནས། །ཟླ་གཅིག་བར་དུ་སྐུ་མཚམས་བཅད་རྒྱ་ནས། །གོང་ས་མཆོད་ཡོན་ཞབས་པད་ཡུན་བརྟན་པའི། །ཤ་འུག་ཚེ་ལྷའི་སྒྲུབ་པ་གནད་སྨིན་ནས། །འགྱང་མིན་རྫས་རྣམས་འབུལ་བར་རྫོང་བདའ་གནང་། །རྒྱལ་སྲས་གཅུང་པོ་པད་གླིང་སྤྲུལ་སྐུ་ལ། །གཏེར་གསར་གཤིན་རྗེའི་རྩ་དབང་ལྷ་ཆེན་གྱི། །རྗེས་གནང་སྤྲུལ་སྐུར་ཐོན་ཕྱག་གནང་སྟེ་ཐེགས། །སྐབས་འདིར་གྱེར་ལྷ་ཞབས་དྲུང་གསན་སྦྱོང་ལ། །བཞུགས་མུར་སྒྲ་མདོ་དབྱངས་ཅན་མ་ཉིད་ཀྱི། །རི་མོའི་རྒྱུགས་འབུལ་མཛད་པར་སྲིད་རིང་དར། །ཆོ་ལོ་བཅས་པས་སྤྲོ་བ་བསྐྱེད་པར་མཛད། །མེ་རག་བླ་མ་དགེ་སློང་དབང་
ཕྱུག་གིས། །ཇ་སིག་དྲིའུའི་འབུལ་བ་སོགས་བགྱིས་པར། །ཆུད་མི་འཛའ་བའི་བསྔོ་བའི་རྒྱས་འདེབས་མཛད། །དགེ་སློང་རིག་གྲོལ་སྒོམ་ཆེན་དཔལ་མགོན་ནས། །འདུས་པར་བསྙེན་བཀུར་ཞུས་པའི་དགེ་བསྔོ་དང་། །དགེ་སློང་སྐྱེས་མཆོག་ཕྱི་མའི་མགྲོན་གྱུར་ལ། །འདད་ཀྱི་ཚོགས་དབུར་བསྐྱོད་ལ་བསྔོ་བསྒྱུར་མཛད། །རྗེ་བཙུན་བླ་མས་ཡོས་ཟླའི་ཚེས་དྲུག་ཉིན། །འདུས་སྡེ་ཡོན་སྦྱར་རྗེ་ཉིད་ཡུན་བརྟན་པའི། །གསོལ་འདེབས་དངོས་འབུལ་རྒྱལ་ཆེར་བསྟར་བ་དང་། །མི་འགྱུར་རྡོ་རྗེའི་བདེན་ཚིག་འགའ་ཡང་གསོལ། །རྫོགས་ཆེན་བླ་མཆན་པདྨ་རྣམ་རྒྱལ་དང་། །མེ་རག་བླ་མ་ལ་སོགས་དོན་གཉེར་འགར། །འདོད་འཇོའི་ནང་བཞིན་མ་ནིང་སྔགས་སྲུང་མ། །ཉང་གཏེར་ཕྱག་བཞི་གཟའ་དབང་ཐུན་མོང་བཅས། །དབང་དང་བྱིན་རླབས་རྗེས་གནང་མང་པོ་བསྩལ། །གཏེར་སྟོན་ཉི་མ་གྲགས་པའི་ཡང་སྲིད་ལ། །ཆོས་དབང་གཏེར་བྱོན་ཡང་དག་སྙིང་པོའི་དབང་། །རྒྱལ་མོ་ཚ་རོང་ཚ་ཁོ་རྒྱལ་པོ་ཡི། །དཔོན་མོ་འཁོར་གཡོག་བརྒྱ་ཕྲག་འབྱོར་བ་ལ། །གཞིས་ལེན་འཁོས་ཕེབས་ཚེ་ཡི་དབང་ཉིད་བསྩལ། །སྐབས་འདིར་ཕྱི་ནང་གྲ་ཡི་ཤི་གསོན་ཆེད། །རྐྱེན་སེལ་ངོ་སྤྲོད་དགེ་བསྔོ་ལ་སོགས་ཏེ། །གཞན་ཕན་འཕྲིན་ལས་ཆུ་ཡི་རི་མོར་འགྲན། །འབྲུག་པའི་ཡུལ་ནས་ཁྲོ་ཕུ་ལོ་ཆེན་གྱི། །སློབ་རྒྱུན་སྒྲ་པ་ངག་དབང་དཔལ་བཟང་འབྱོར། །དམར་སྟོན་བསྟན་འཛིན་བཟང་པོར་བཀའ་ཕེབས་ཏེ། །ཙནྡྲ་པ་དང་པ་ཎིའི་རྒྱུན་ལེན་མཛད། །སྒྲ་རམས་པ་སོགས་གཞིས་བྱེས་མང་པོ་ལ། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་དབང་ཉིད་དང་། །ཚེ་ཡི་དབང་སོགས་ཆོས་སྦྱིན་མང་པོ་བཀྱེ། །དེ་ལས་ལོ་འདིའི་དུས་རིམ་ཆེན་པོ་ཚུགས། །གདལ་ཁ་རྒྱས་པའི་སྤྲོས་བཅས་ཕྱག་ལེན་མཛད། །དགུང་ལོ་ང་གསུམ་ཟ་བྱེད་མེ་སྟག་ལོ། །གནམ་ལོ་ཚེས་པའི་དགྱེས་སྟོན་སྔར་བཞིན་དང་། །སྐྱིད་ཤོད་དགོན་གསུམ་བླ་མ་ཆོས་དཔལ་གྱིས། །དད་པས་ཀུན་བསླངས་སྟོན་འཁོར་ལྷན་རྒྱས་སུ། །རྙེད་དང་བཀུར་སྟིའི་ཁྱད་པར་ཞུས་པ་ལ། །དགེ་ཚོགས་བླ་ན་མེད་པས་ཟིན་པར་མཛད། །རྒྱལ་བས་ཆོ་འཕྲུལ་བསྟན་པའི་ཟླ་སྟོད་དུ། །གསར་བཞེངས་གོས་སྐུས་མཚོན་པའི་རྟེན་མང་པོར། །རྒྱུད་ནས་ཇི་ལྟར་བཤད་པ་དང་འགྲིག་པའི། །གཟའ་སྐར་ཕུན་
སུམ་ཚོགས་པའི་ཚེས་བཅུའི་ཉིན། །རྗེ་ཉིད་འདུས་པར་བཅས་པས་ཟབ་མོའི་ལམ། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ཆེན་པོ་རུ། །ལྷག་གནས་སྔོན་འགྲོའི་རབ་གནས་རྒྱས་པར་མཛད། །དེའི་ཚེ་ཕྱི་དྲོ་གཙུག་ལག་ཁང་ཉིད་ཀྱི། །ལོགས་སུ་གསར་བཞེངས་གོས་སྐུ་བཀྲམ་པའི་མདུན། །རྗེ་ཉིད་རིན་ཐང་བྲལ་བའི་སྐུ་རྒྱན་བཅས། །འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས་མཛད་དེ། །བསྙེན་སོང་བགྲེས་གྲྭ་ཉེར་ལྔའི་འཁོར་དང་བཅས། །རྒྱས་པའི་བསྲེག་བླུགས་འབུལ་བའི་མཐའ་སྐོར་དུ། །ལྷ་ཡི་ཆ་བྱད་ལྡན་པའི་གར་པ་ཡིས། །བསྐོར་ལ་ཕྱི་ནང་སུ་ར་ཏོ་བཅུ་དྲུག །ལ་སོགས་གླུ་གར་མཆོད་པའི་སྤྲིན་གྱིས་མཆོད། །དེ་ལས་སྣམ་སྦྱར་ཅན་གྱི་སེར་སྦྲེངས་ནི། །ནམ་མཁའི་མདངས་འཕྲོག་ལྟ་བུར་བརྐྱངས་བྱས་ཏེ། །གསར་རྙིང་རྟེན་དང་བརྟེན་པར་བཅས་པ་ལ། །ལྷག་པར་གནས་པའི་མེ་ཏོག་ཆར་བཞིན་ཕབ། །དེ་ཚེ་ཡོན་དང་རྙེད་པའི་ཁྱད་པར་ཀུན། །རྗེ་ཉིད་གཟིམས་ཆུང་སྐུ་སྒེར་ཉིད་ནས་བསྩལ། །ཕྱི་ནང་གྲ་ཡི་ལྷ་འབངས་དགོན་ཞོལ་ནས། །རྒྱན་དང་གོས་ཀྱི་ཁྱད་པར་དང་བཅས་ནས། །སྐྱིད་པའི་བྲོ་བརྡུང་དགའ་བའི་གླུ་གར་ནི། །ཉིན་ཞག་གཉིས་ཀྱི་བར་དུ་འདའ་བར་གྱུར། །ཞལ་ངོ་སྐུ་འཁོར་འདུས་སྡེའི་བགྲེས་གྲྭ་དང་། །གཞན་ཡང་དགོན་ལག་ཡོན་བདག་བུ་ཆེན་སོགས། །པདྨར་བུང་བ་ལྟ་བུར་འདུས་པ་ནས། །ལེགས་སོའི་དར་དང་སྐྱེས་འབུལ་རྒྱ་ཆེར་བསྟར། །དེ་ལྟར་སྔོན་རྗེས་ཚང་མ་གེགས་དབང་དུ། །མ་གྱུར་བཞེད་པའི་དོན་ཀུན་གྲུབ་པ་ལ། །རྡོ་རྗེའི་ཆོས་སྲུང་རྣམས་ལ་གཏང་རག་གི། གསོལ་མཆོད་འདུས་པར་བཅས་ནས་རྒྱས་པར་མཛད། །དེ་རྗེས་བསྟན་འགྲོ་བདེ་བའི་ཐབས་སྒོ་དང་། །སྐུ་ཡི་འགལ་རྐྱེན་སེལ་བའི་ཆེད་དུ་དམིགས། །ན་རཀ་དོང་སྤྲུགས་ལ་བརྟེན་སྐོང་བཤགས་དང་། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ཆེན་པོ་རུ། །བརྒྱ་ཕྲག་ཚོགས་མཆོད་མཁའ་འགྲོའི་མེ་མཆོད་དང་། །ཞི་བའི་བསྲེག་བླུགས་བཤགས་རྒྱུད་གསུང་སྒྲོག་སོགས། །དགེ་བཤེས་བསྙེན་སོང་ཁག་ནས་སྨིན་པར་མཛད། །སྐབས་འདིར་སྐུ་འཁྲུགས་ལྟ་བུའི་གསུང་གློ་ཉིད། །ཆད་མེད་ཡུན་རིང་ཕེབས་པའི་སྙུན་ལ་བརྟེན། །རྗེ་བཙུན་བླ་མས་འཆི་བསླུའི་ཆོ་ག་དང་། །རྗེས་འབྲེལ་
ཚེ་དབང་བརྒྱ་ཕྲག་འབུལ་གནང་ལ། །ཞལ་ངོ་སྐུ་འཁོར་ཚང་མས་དཀར་པོའི་དར། །ཕུལ་ལ་ཞབས་པད་ཡུན་བརྟན་གསོལ་འདེབས་བསྒྲུབས། །དབོ་ཟླའི་སྒྲུབ་མཆོད་སྔར་བཞིན་ཚུགས་པ་ལ། །སྐུ་མཆོད་ཆེན་མོར་མཁན་ཆེན་བླ་མ་ཡིས། །ཞབས་ཏོག་འབུལ་ཡོན་རྒྱ་ཆེར་བསྩལ་བ་ཉིད། །རྣམ་མཁྱེན་རྒྱ་མཚོར་བསྲེ་བའི་ལྗགས་བསྔོ་བསྩལ། །དཔྱིད་འབྲིང་དཀར་པོའི་གང་པ་གཉིས་པའི་ཉིན། །རྗེ་བཙུན་བླ་མས་མཆེད་རོགས་རགས་བསྡུས་བཅས། །མཁའ་འགྲོའི་བསུན་མ་བཟློག་པའི་རྟེན་འབྲེལ་ཉིད། །མཛད་པར་ཞམ་རིང་རྣམས་ཀྱིས་ལྷ་རྫས་བསྟར། །རྗེས་འབྲེལ་གར་ཚེའི་དབང་བཀའ་བཅུ་ཕྲག་བདུན། །འབུལ་གནང་དེ་ལས་སྙུན་བབ་རིམ་དྭངས་གྱུར། །ལྷོ་འབྲུག་མི་སྣ་རྒྱ་དྲུང་ཚེ་དབང་ནས། །ཆེད་འབྱོར་ཡོན་ཟོག་གཏོས་ཆེའི་འབུལ་བ་བཅས། །ཞབས་པད་ཡུན་བརྟན་གསོལ་འདེབས་བསྒྲུབས་པ་ལ། །སྐྱེས་ལན་ཚེ་ཡི་དབང་ཟབ་སྨིན་པར་མཛད། །ས་ཡི་བརྒྱ་བྱིན་བསོད་ནམས་སྟོབས་ཀྱི་རྒྱལ། །ཉེ་དབང་སོ་གཉིས་ཡང་འཁོར་གྱིས་བསྐོར་ལྟའི། །སྒ་འདྲའི་ཆབ་ཀྱི་འཕྲོད་བཞེས་ལ་བསྐྱོད་པར། །སྔར་བཞིན་དོལ་དུ་གསེར་ཞལ་མཇལ་བར་ཕེབས། །ཞབས་བརྟན་ལེགས་འབུལ་རྐྱེན་སེལ་འབུལ་བ་དང་། །དགྱེས་བརྩེའི་དབུགས་དབྱུང་བདོག་པའི་གསོལ་རས་སོགས། །ཕན་ཚུན་དང་པའི་རྣམ་ཐར་བདག་གིར་བཞེས། །ཤེལ་བྲག་བླ་མའི་ཡུམ་གྱུར་གནས་འཕོས་པར། །ཆེད་དུ་སྤྱན་དྲངས་ཞི་ཁྲོའི་དཀྱིལ་འཁོར་དུ། །ངན་སོང་སྦྱོང་བའི་གསུང་ཆོག་སྨིན་རྒྱས་དང་། །རྗེས་བཞུགས་རྣམས་ལ་ཚེ་ཡི་དབང་བསྩལ་ནས། །ཟ་ར་སྒེར་པའི་ཁྱིམ་དུད་སྐོར་ཞིག་ཕེབས། །སོ་སོར་ཚེ་ཡི་དབང་གིས་ཚིམ་མཛད་ནས། །ཡོངས་འདུའི་ཆོས་ར་སྨིན་གྲོལ་གླིང་དུ་ཕེབས། །མི་རྗེ་མཆོག་གི་མཐུན་རྐྱེན་སྦྱོར་གནང་ལྟར། །སྒ་འདྲར་ཆིབས་བསྒྱུར་ཚ་ཆབ་འཕྲོད་བསྟེན་མཛད། །སླར་ཡང་གདན་ས་ཆེན་པོར་ཕྱག་ཕེབས་ལ། །དོན་གཉེར་མང་པོར་རེ་འདོད་རྐྱེན་སེལ་དང་། །ཁྱད་པར་མི་རྗེའི་ན་བཟའ་དྲེག་ཅན་ལ། །དམིགས་རྟེན་མཛད་ལ་བྱད་འགྲོལ་ལས་སྦྱོར་དང་། །རྗེ་དབོན་ཕྱག་མཛོད་རྒྱལ་སྲས་བཅས་རྣམས་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་ཚེ་དབང་བསྩལ། །གཞུང་ས་མཆོག་ནས་ཕོགས་ཡོན་གཟབ་རྒྱས་བཅས། །
མི་རྗེ་དགུང་སྲིར་ཕེབས་པའི་ཉེན་སེལ་དུ། །བརྒྱ་ཕྲག་འདུས་པས་གུར་དྲག་རྩ་སྔགས་ནི། །དུང་ཕྱུར་གྲངས་ཀྱི་རིལ་སྒྲུབ་གནང་བ་ལ། །ངོ་མཚར་ཁྱད་འཕགས་ནུས་ལྡན་མངོན་དུ་གྱུར། །སྣྲོན་ཟླའི་ཚེས་བཅུའི་སྤྲོས་བཅས་མཆོད་པ་དང་། །སྒོ་བསྟུན་མི་རྗེ་ཀུན་དགའ་བསྟན་འཛིན་ཉིད། །སྟེང་ཞལ་སྲས་བཅས་ཆེད་དུ་སྤྱན་དྲངས་ལྟར། །ངོ་མཚར་གཟིགས་མོ་ཕྱི་ནང་དབང་སོགས་དང་། །སྒེར་དབང་ནང་རྟེན་མཇལ་ཁ་བསྙེན་བཀུར་སོགས། །དགྱེས་པ་བརྟས་པའི་ཐབས་སྒོ་དང་བས་མཛད། །མཁན་ཆེན་བླ་མ་དོན་ཡོད་བཟང་པོ་ཉིད། །གཞུང་སའི་བཀའ་བཞིན་སྟོད་ཕྱོགས་འགྲོ་དོན་ལ། །ཕེབས་པར་དཔོན་གཡོག་སོ་སོར་གནང་སྐྱེས་བཅས། །འཇུག་ལྡོག་སྐབས་སུ་བབས་པའི་བཀའ་ཡང་ཕེབས། །ལེགས་གླིང་ཕུག་ནས་ཉི་ལུང་དཔོན་གོང་ས། །སོ་སོས་འདུས་སྡེ་སྤྱན་དྲངས་བསྙེན་བཀུར་བར། །ངོས་བསྐྱོད་དགེ་རྩ་བསྔོ་བའི་བཀའ་དྲིན་བསྩལ། །གནམ་བསྐོས་འཇམ་དབྱངས་གོང་མ་བདག་པོ་ཡིས། །ས་ཡི་ཚངས་ཆེན་མི་དབང་ཡབ་སྲས་ལ། །དབུགས་དབྱུང་གཟེངས་བསྟོད་ཆོ་ལོ་བཅས་ཕེབས་པར། །རྟེན་འབྱུང་ལེགས་སྐྱེས་འབུལ་མི་མངགས་པ་དང་། །ལྷན་ཅིག་འདུས་སྡེས་གཏང་རག་བསྐང་གསོ་མཛད། །ཚད་མ་སྨྲ་བ་དགེ་སྦྱོང་ཁྱབ་བདག་གི། ཐུབ་བསྟན་འབྲས་ཡུལ་སྐྱེད་མོས་ཚལ་གྱི་ལུགས། །ཕར་ཕྱིན་འགྲེལ་བ་ལུང་རིགས་རྒྱ་མཚོ་ཉིད། །ནག་འབྱམས་རྒྱུགས་ཕུལ་ལེགས་སོའི་དཔའ་དར་གནང་། །སྐབས་འདིར་འདུས་པའི་དབུ་གུར་ཆེན་མོ་ཉིད། །ཞམ་རིང་མི་ཕམ་དག་ལ་བཀའ་ཕབ་སྟེ། །བཟོ་སྐྱོར་གནང་བ་ཏེ་སེའི་སྤུན་ཟླ་ཉིད། །སྔོན་མེད་གྲུབ་པར་ལྗོངས་རྒྱུ་དང་བསྟུན་ནས། །ཞལ་གསོའི་རྟེན་འབྲེལ་ཤིས་པའི་མེ་ཏོག་འཐོར། །ལེགས་གླིང་དཔོན་ས་མེ་ཏོག་ཡབ་སྲས་དང་། །གཉུག་མར་གནས་པའི་མ་ཇོ་མང་པོ་ལ། །བསྙེན་གནས་ཡན་ལག་བརྒྱད་པའི་ཆོས་ཁྲིམས་དང་། །མོན་པ་འགའ་ལ་སྐྱབས་འགྲོའི་སྡོམ་པ་བསྩལ། །དུས་རྟགས་མངོན་སུམ་གསལ་པ་དོལ་གྱི་རི། །གླང་དབྱིབས་མིག་ནས་བདུད་ཀྱི་བླ་ཆུ་ཞེས། །གློ་བུར་དོན་པས་ཁད་ཉེའི་དགོན་སྡེ་སོགས། །འཇིག་ཏུ་ཉེ་བར་གཞུང་སའི་བཀས་བསྐུལ་ཏེ། །བདུན་ཕྲག་ཞག་ཏུ་འཇོམས་བྱེད་མནན་པ་ཡི། །ཐ་མའི་ལས་སྦྱར་ཐེམ་
བུ་བཀག་བཞིན་གྱུར། །ཡབ་རྗེ་ནས་བཟུང་མཆོད་བཟོའི་ཞམ་རིང་དུ། །འགྱུར་བའི་ཨོ་རྒྱན་རབ་དགའ་འདས་པ་ལ། །གསལ་འདེབས་ངོ་སྤྲོད་དགེ་བསྔོས་རྗེས་སུ་བཟུང་། །རྣམ་གྲོལ་ཡང་རྩེར་ཡབ་སྲས་ནང་འཁོར་བཅས། །ཚེས་བཅུ་མཆོད་པའི་གསུང་ཆོག་རྒྱས་པ་དང་། །ན་ལེནྡྲ་པ་བཅོ་བརྒྱད་ཞབས་དྲུང་ལ། །གཏེར་གསར་དབང་སོགས་འདོད་ཆོས་མང་པོ་དང་། །གཞན་ཡང་གཞིས་བྱེས་མཆོག་དམན་མང་པོ་ལ། །རྐྱེན་སེལ་དབང་དང་བགེགས་བསྲུང་མང་པོ་མཛད། །གླང་ཟླའི་ནང་དུ་སྐུ་མཚམས་དམ་པོར་བཅད། །སྤྲོས་མེད་ཉམས་བཞེས་དག་ལ་ཆིག་སྒྲིལ་དང་། །མགོ་ཟླའི་དམར་ཕྱོགས་བློ་གསལ་རྒྱ་མཚོ་ཡི། །སྐྱེ་བར་གྲགས་པ་ལྟེ་ཤིང་ཆོས་མཛད་ཀྱི། །གཙུག་ཕུད་བཞེས་ལ་སྐྱབས་འགྲོའི་སྡོམ་པ་དང་། །ཐང་སྟོང་ཚེ་ཡི་དབང་བཀས་རྒྱུད་སྨིན་མཛད། །བྱང་ཕྱོགས་ཤ་ལ་སྤྱོད་པའི་ཡུལ་གྲུ་ཡི། །སྟོད་སྨད་འགྲོ་ཕན་སྐྱོང་བའི་བླ་གཉེར་ནི། །སོ་སོ་རོགས་བཅས་འབྱོར་ལ་བརྒྱ་འབུལ་བསྟབས། །དེ་དག་བསྔོ་བས་ཟིན་པའི་བཀའ་དྲིན་བསྩལ། །བདེ་ཆེན་གླིང་དུ་རྗེ་བཙུན་བླ་མ་ལ། །ཚེ་དབང་བརྒྱ་རྩ་རྣམ་འཇོམས་བྱབས་ཁྲུས་བཅས། །བསྩལ་ཅིང་གོང་ས་ཡས་ཕྱིན་མཇལ་ཁའི་ཆེད། །ལུམ་པའི་གྲུ་བརྒྱུད་ར་ས་འཕྲུལ་སྣང་གི། ཉེ་འདབས་སླེ་མ་ཁང་གསར་ཞེས་དེར་ཕེབས། །པཎྜི་ཏ་དང་བཀའ་ཡི་ཕྲིན་ལས་པ། །ཆེད་གཏད་ལྷ་རེག་ཟུར་ཆས་དང་བཅས་བསྩལ། །བཅོ་ལྔའི་ཚེས་ཉིན་དགའ་ལྡན་ཁང་གསར་དུ། །མི་རྗེ་མཆོག་ལ་མཇལ་འབུལ་མཚོན་བྱེད་བཅས། །ཞབས་པད་ཡུན་དུ་བརྟན་པའི་བདེན་ཚིག་དང་། །ལྕང་ལོ་ཅན་དུ་སྲས་ལའང་དེ་བཞིན་མཛད། །སླར་ཡང་ཡབ་སྲས་སོ་སོའི་ཕོ་བྲང་དུ། །ཚེ་དབང་བརྒྱ་རྩ་གུར་དབང་བྱད་འགྲོལ་སོགས། །དགོངས་བཞེད་ཇི་བཞིན་འབུལ་བར་མཛད་པ་ལ། །ཇ་སིག་གོས་དར་གསེར་དངུལ་ལ་སོགས་དང་། །ཁྱད་པར་མི་ཡི་དབང་པོ་མཆོག་ཉིད་ཀྱིས། །བརླིང་དུལ་ཅན་གྱི་ཆིབས་བཟང་དང་བཅས་པའི། །རྣམ་ཐོས་མཛོད་སྒོ་ཕྱེ་འདྲའི་གསོལ་རས་བསྩལ། །གྲུ་འཛིན་གཉིས་པ་ཕོ་བྲང་པོ་ཏ་ལར། །འཇིག་རྟེན་རྣམ་པར་འདྲེན་པ་ཆེན་པོ་ཡི། །སྤྱན་སྔར་རྒྱ་ཆེན་དངོས་འབུལ་དང་ལྷན་ཅིག །གསེར་ཞལ་ལ་སྤྱད་བྱིན་རླབས་ཞུ་གནང་ལ། །
མི་ཤིགས་རྡོ་རྗེས་རྒྱས་བཏབ་བསྲུང་མདུད་དང་། །དངོས་པོའི་གསོལ་རས་གསུང་གི་བདུད་རྩི་ཡི། །དབུགས་དབྱུང་ཐོབ་པས་སྐལ་བཟང་དོན་ལྡན་མཛད། །གནས་དེར་གུང་བློན་པཎྜི་ཏ་ལ་སོགས། །དུས་དེའི་ཆེ་བཙན་མང་པོར་ཚེ་དབང་དང་། །རྟ་མགྲིན་ཕྱག་རྡོར་གུ་དྲག་དབང་ཉིད་དང་། །བྱད་འགྲོལ་སོགས་ཏེ་སོ་སོའི་བཞེད་པ་བསྐངས། །མི་རྗེ་མཆོག་དང་རྗེ་འདིའི་གཟིགས་སྣང་ལྟར། །ཅུང་ཟད་འཚུབ་ངོའི་རྣམ་པར་བལྟས་པ་ཡི། །བླ་སྨན་གཞན་ཕན་ནད་ཚབས་དྲག་པོས་བཏབ། །དེ་འཕྲལ་བསམ་མདར་སྔོན་དུ་རྫོང་བདའ་གནང་། །རྗེ་ཉིད་བསམ་འགྲུབ་ཕོ་བྲང་གུང་ཉིད་དང་། །ཀཿཐོག་རིག་འཛིན་ཆེན་པོ་མཇལ་འཛོམས་ནས། །རིམ་པར་ཆིབས་བཏེག་དགོན་སྡེ་ཆེན་པོར་ཕེབས། །དུས་རིམ་ཆེན་མོའི་སྤྲོས་བཅས་སྔར་བཞིན་དང་། །རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོ། །དགུང་ལོ་ང་བཞིའི་སྟེང་ཕེབས་གསར་ཚེས་ཀྱི། །དགྱེས་སྟོན་ལ་སོགས་སྔར་བཞིན་མཛད་པ་ནས། །འཚོ་བྱེད་གཞན་ཕན་ལྔ་ལམ་གྱུར་པ་ལ། །གསོལ་འདེབས་ངོ་སྤྲོད་དགེ་བསྔོ་རྗེས་སུ་བཟུང་། །སྲི་ཞུར་གྱུར་པ་འགྱུར་མེད་ཆོས་དབང་ནས། །ལུས་སྐྱེད་མ་ལ་གསོན་དགེ་བཏང་བ་ལ། །དགེ་རྩ་བྱང་ཆེན་བསྔོ་བསྒྱུར་ཕུག་ནས་དང་། །སྨོན་གྲུབ་སྡེ་པ་ཡིབ་ཕྱི་བླ་མ་སོགས། །དོན་གཉེར་ཅན་འགར་ཚེ་གུར་དབང་ཉིད་དང་། །དམག་བཟློག་མཚམས་གྲྭ་རྣམས་ལ་གུ་དྲག་དང་། །རྟ་མགྲིན་ཕྱག་རྡོར་དམག་བཟློག་ཉེར་ལྔའི་དབང་། །གྲྭ་གསར་ཐོར་བུ་རྣལ་འབྱོར་རྒྱུན་དབང་བཅས། །བསྩལ་ཅིང་ཡིབ་ཕྱི་བླ་མ་བསྟན་དར་གྱིས། །གུས་པས་ལྷུར་བླངས་ཚོགས་ཆེན་བརྟན་བཞུགས་ཕུལ། །གསུང་སྤྲུལ་ལྔ་པ་གྲུབ་མཆོག་རྡོ་རྗེ་ཉིད། །དགོན་དུ་ཕེབས་པར་བསུ་བ་སེར་སྦྲེངས་དང་། །ཕེབས་སྤྲོའི་སྟོན་མོ་མཉམ་པའི་ཕྱག་ལ་སོགས། །བཀུར་སྟི་གཟོས་སྒོ་ཕུན་སུམ་ཚོགས་པ་བསྩལ། །དབོ་ཟླའི་བཀའ་བརྒྱད་སྒྲུབ་པ་སྔར་བཞིན་དང་། །སྐབས་འདིར་མི་རྗེ་བསོད་ནམས་སྟོབས་ཀྱི་རྒྱལ། །ཐུན་མོང་གདུལ་བྱའི་སྣང་ངོར་སྙུན་གྱིས་ཟིན། །ཆེད་དམིགས་གཞུང་སའི་བཀའ་ཡིས་མངགས་པ་བཞིན། །བཻ་རོ་ཙ་ནས་སྨོད་པ་གྲུབ་པའི་ས། །འཆི་མེད་གྲུབ་གནས་
གཡའ་མ་ལུང་དུ་བསྐྱོད། །དེ་འཕྲལ་སྐུ་ཚེའི་སྒྲུབ་པ་ཚུགས་མཛད་ཀྱང་། །བསྟན་འགྲོའི་བདེ་སྐྱིད་ཉི་མ་ནུབ་རིར་ཉེ། །ནག་ཕྱོགས་ཐུན་མཚམས་གོས་དམར་འཛིན་པ་ལ། །བཟློག་ཐབས་ཕན་པ་སྟོབས་སུ་མ་གྱུར་པས། །དབོ་ཟླའི་དཀར་ཕྱོགས་དགའ་བ་གཉིས་པ་ལ། །ཞི་དབྱིངས་མནལ་བར་མགྱོགས་བསྔོ་རྟེན་འབྱོར་བར། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ཆེན་པོ་རུ། །ཐུགས་དམ་བསྐུལ་བའི་གསོལ་འདེབས་བསྔོ་སྨོན་མཛད། །དེ་ལས་ཆོས་གྲྭ་ཆེན་པོར་མྱུར་ཕེབས་ལ། །ཡོད་དགུ་རྩལ་སྤྲུགས་དགོངས་རྫོགས་ཞལ་འདེབས་ཉིད། །འབུལ་བར་རྗེ་དབོན་ཕྱག་མཛོད་རྫོང་བདའ་གནང་། །བསམ་མི་ཁྱབ་པའི་བཀའ་དྲིན་རྗེས་དྲན་གྱིས། །འོག་མིན་སྨིན་གྲོལ་གླིང་གི་འདུས་སྡེས་མཚོན། །ཕྱི་ནང་གྲྭ་ཡི་དགོན་པ་ཆེ་ཕྲ་ལ། །ཇ་སྐྱེམས་བདག་ཉིད་ཆེན་པོ་གང་ཉིད་ཀྱིས། །རྟེན་གསུམ་རྣམས་ལ་མཆོད་འབུལ་སྨོན་ལམ་མཛད། །སླར་ཡང་འཆི་མེད་གྲུབ་པའི་གནས་དེར་བསྐྱོད། །ཚེ་ཡི་སྒྲུབ་པའི་འཕྲོ་མཐུད་རྫས་རྣམས་ཀྱང་། །ས་ཡི་དབང་ཕྱུག་མཆེད་ལ་འབུལ་དུ་མངགས། །གནས་དེར་གཉུག་མར་གནས་པའི་མ་ཇོ་ལ། །ཐུགས་རྗེ་ཆེན་པོ་མ་བུའི་ལུང་བསྩལ་ནས། །སླར་ཡང་བསྐྱར་མའི་མཆོད་བསྔོ་རྟེན་འབྱོར་བར། །བརྒྱ་ཕྲག་སྣ་ལྔའི་མཆོད་པ་དང་བཅས་ནས། །ཡང་སྲིད་ཕྲེང་བར་བསྟན་འགྲོའི་དོན་ཆེན་ཉིད། །འབའ་ཞིག་ཁོ་ནར་སྤྱོད་པའི་བསྔོ་སྨོན་མཛད། །དེ་ལས་བསམ་ཡས་མཐིལ་ཕེབས་དབུ་རྩེ་དང་། །རྟ་མགྲིན་གླིང་སོགས་མཆོད་འབུལ་རྒྱས་བསྩལ་ནས། །པདྨ་འོད་ཞིང་ཡོངས་འདུའི་ཆོས་སྡེར་ཕེབས། །བདུན་ཕྲག་གཉིས་པར་སྐུ་མཚམས་ཁོག་མུ་ནས། །བསྟན་སྲིད་སྤྱི་སྒོས་རིམ་གྲོར་ཆིག་སྒྲིལ་མཛད། །སྔ་ཕྱི་ཅི་རིགས་གསུང་སྤྲུལ་རིན་པོ་ཆེ། །རྒྱལ་སྲས་གཅུང་པོ་རང་གྲྭ་ཁ་ཐོར་ལ། །རང་གཏེར་ཀུན་གྱི་རྩ་བའི་ལུང་ཉིད་དང་། །མངའ་བདག་དགེ་སློང་ཉིད་ཀྱི་ཞམ་རིང་པ། །ཆེད་མངགས་འདུས་སྡེར་བསྙེན་བཀུར་མཛད་པ་ཡིས། །དགེ་ཚོགས་བླ་ན་མེད་པའི་རྒྱུ་རུ་བསྔོས། །རྒྱལ་བའི་ཡུམ་ཆེན་ཚེ་དབང་དཔལ་འཛོམས་ནས། །འདུས་སྡེར་རྒྱ་ཆེའི་ཞབས་ཏོག་འབུལ་ནོད་བཅས། །འཆི་མེད་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །ཞབས་པད་ཡུན་བརྟན་གསོལ་འདེབས་
སྒྲུབ་པར་གནང་། །རྒྱལ་སྲས་མཆེད་གསུམ་གསུང་སྤྲུལ་རིན་པོ་ཆེ། །གྲུབ་དབང་ལྷ་རྩེ་གསང་གླིང་གདུང་རྒྱུད་དང་། །རོང་པ་རྫོགས་ཆེན་སྤྲུལ་སྐུ་ལ་སོགས་ཏེ། །སྐལ་ལྡན་བཅུ་ཕྲག་བརྒྱད་ཀྱི་འཁོར་ཚོགས་ལ། །མདོ་དབང་དབང་རྐྱང་སྒྱུ་འཕྲུལ་ཞི་ཁྲོའི་དབང་། །དེ་སྟེང་རྗེ་བཙུན་བླ་མ་བཅས་པ་ལ། །རྒྱ་ཅན་ནང་ནས་དབང་ཐོར་འགའ་ཡང་བསྩལ། །ས་གའི་ཆོག་མང་སྒྲུབ་མཆོད་སྣྲོན་ཟླ་བའི། །དུས་ཆེན་ཚེས་བཅུའི་སྤྲོས་བཅས་སྔར་བཞིན་དང་། །གསུམ་ལྡན་འདུས་པ་རྒྱ་མཚོའི་སྙན་ལམ་དུ། །བཅའ་ཡིག་མ་བུའི་བརྡའ་དོན་འབུལ་བར་མཛད། །སླར་ཡང་གོང་གསལ་ཆོས་ཞུ་ཕལ་ཆེར་ལ། །གཏེར་གསར་བཀའ་སྲུང་བཅས་པའི་དབང་ཀུན་དང་། །སྒྲུབ་བརྒྱུད་གདན་ས་དར་རྒྱས་ཆོས་གླིང་དུ། །བཞུགས་རྒྱུའི་ཡབ་རྗེའི་སྐུ་ལ་རབ་གནས་མཛད། །ལོ་འདིར་བལ་པོའི་བཟོ་བོ་རྣམ་གསུམ་གྱིས། །དངུལ་བུམ་གྱིས་གཙོས་དབང་ཆས་མང་པོ་དང་། །དངུལ་ལྟིར་སོགས་ཏེ་ཉེར་སྤྱད་མང་པོ་ཉིད། །རིན་ཆེན་གཉིས་པ་ཁོ་ནར་སྒྲུབ་མཛད་པར། །རྒྱུ་བཟོས་ཁྱད་འཕགས་མིག་ལམ་གྲུབ་པ་བཞིན། །ལྷོ་ཕྱོགས་འབྲུག་ཡུལ་བཀྲ་ཤིས་ཆོས་རྫོང་གི། དགེ་སློང་ཞིག་ལ་བདེ་གཤེགས་ཀུན་འདུས་ཀྱི། །ཡབ་ཡུམ་དབང་དང་ལུང་ཁྲིད་ཉམས་ལེན་གྱི། །མན་ངག་གདམས་པའི་ཁྱད་པར་འགའ་ཡང་བསྩལ། །རབ་འབྱམས་སྨྲ་བ་དགེ་སྦྱོང་འཕེལ་རྒྱས་ནས། །གསུང་གི་སྤྲུལ་པར་རིག་གནས་རྣམ་གྲངས་དང་། །ཁྱད་པར་རྒྱུད་རྒྱལ་གསང་བ་སྙིང་པོ་ཡི། །བཤད་འབུལ་མཛད་པ་ཐུགས་ལ་རྫོགས་གྱུར་ནས། །རྗེ་འདིའི་སྤྱན་སྔར་རྒྱུགས་འབུལ་ལེགས་པར་མཛད། །རྒྱལ་བས་ཆོས་འཁོར་བསྐོར་བའི་ཟླ་བ་ཡི། །དཀར་ཕྱོགས་བཟང་པོ་གཉིས་པའི་ཚེས་ཉིད་ལ། །རིག་འཛིན་འདུས་སྡེར་གསུང་སྤྲུལ་རིན་པོ་ཆེས། །ཡོན་སྦྱར་ཚོགས་ཆེན་བརྟན་བཞུགས་རྒྱས་པར་ཕུལ། །དེ་ལས་ཕྱི་ནང་རིག་པའི་གནས་ཀུན་དང་། །ཁྱད་པར་དབང་ལུང་མན་ངག་བཤད་སྲོལ་གྱིས། །ཐུགས་བུམ་ཁེངས་ལ་རང་གནས་དགོན་སྡེར་ཕེབས། །རྒྱལ་སྲས་མཆེད་གསུམ་རྫོགས་ཆེན་སྤྲུལ་སྐུ་སོགས། །ལས་དང་སྐལ་བར་ལྡན་པ་མང་པོ་ལ། །ཆོས་དབང་གཏེར་བྱོན་མ་ནིང་ཆོས་སྐོར་དང་། །རྒྱལ་པོ་བཀའ་འབུམ་ཉང་གི་དྲག་དམར་པོད། །ཐུགས་
རྗེ་ཆེན་པོ་འགྲོ་འདུལ་པོད་ལ་སོགས། །དམ་ཆོས་བདུད་རྩིའི་ལུང་མང་བཀའ་དྲིན་བསྩལ། །མདོ་སྟོད་མངའ་རིས་ཕྱོགས་ལ་དབང་བསྒྱུར་བའི། །མི་ཡི་རྗེ་བོ་གུང་ཉིད་སྒ་འདྲར་ཕེབས། །རྗེ་འདིའི་འཁོར་བཅས་གནས་དེར་ཆིབས་བཏེག་ནས། །མཇལ་འབུལ་མཚོན་བྱེད་དགོངས་པའི་བཞེད་པ་བཞིན། །དབང་དང་བྱིན་རླབས་རྗེས་གནང་མང་པོ་མཛད། །རྒྱ་ཆེའི་གསོལ་རས་དངོས་གཙང་སྤམ་མཐོ་བསྩལ། །བདག་གིར་བཞེས་ལ་རང་གནས་ཕྱག་ཕེབས་སོགས། །ཁྲུམས་ཟླ་ཤར་མཚམས་ཆབ་ཀྱི་དགྱེས་སྟོན་དང་། །གཤིན་གསོན་མང་པོའི་འགྲོ་ཕན་སྐྱོང་མཛད་ནས། །སླར་ཡང་ས་ཡི་དབང་ཕྱུག་དབང་དཱ་ལས། །སྒ་འདྲར་ཆིབས་བསྒྱུར་གསེར་ཞལ་མཇལ་བར་བཏེགས། །རྗེ་འདིར་ཐུགས་དད་ལྷག་པར་ཆེ་སྟོབས་ཀྱིས། །གསེར་དངུལ་གོས་དར་ཇ་སིག་ལ་སོགས་པའི། །ཟང་ཟིང་དངོས་པོའི་གསོལ་རས་བླ་ལྷག་བསྩལ། །དགོན་གནས་ཕྱིར་ཕེབས་མདོ་ཁམས་གོ་འཇོའི་རྫོང་། །གཉེར་ཁ་འཛིན་པ་སྤེལ་གཞི་དར་རྒན་གྱི། །སྲས་མཆེད་འཁོར་བཅས་འབྱོར་ལ་འདུས་པའི་སྡེར། །ཉིན་ཐུབ་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་། །དངུལ་སྲང་ཉིས་བརྒྱར་ཉེ་བའི་སྤྱི་རྫས་བཅས། །སྟོན་འཁོར་ཚང་མར་སྐྱེས་ཕུལ་བླ་མེད་ལ། །གནས་སྐབས་བཞེད་པའི་དོན་རྣམས་འགྲུབ་པ་དང་། །མཐར་ཐུག་བླ་མེད་གོ་འཕང་ལ་དཀྲི་བའི། །ཟག་མེད་བསྔོ་བའི་རྒྱས་འདེབས་ཡང་དག་བསྩལ། །དེ་ལས་ཡབ་སྲས་ཆབས་ཅིག་ཡར་ལུང་བསྐྱོད། །གཡོ་རུ་ཁྲ་འབྲུག་ཤེལ་བྲག་ཡུམ་བུ་སྟེ། །གནས་གསུམ་སོ་སོར་མཆོད་འབུལ་ཚོགས་མཆོད་དང་། །རྟག་སྤྱན་དགོན་ཐང་ཚེ་ཆུ་འབུམ་པ་སྟེ། །རྟེན་གསུམ་མཇལ་ལ་ཐུགས་སྨོན་དྲག་པོ་མཛད། །སྣེའུ་གདོང་རྫོང་དཔོན་ཁང་གྲགས་ཡབ་སྲས་གསུམ། །ཤེལ་བྲག་བླ་མ་ཞལ་ངོ་སྐུ་འཁོར་ཏེ། །སོ་སོར་ཚེ་གུར་དབང་ཉིད་ལེགས་བསྩལ་ནས། །ཉང་མགོའི་གྲུ་ལས་གདན་ས་ཐེལ་དུ་ཕེབས། །འགྲོ་མགོན་ཆེན་པོའི་བཞུགས་གནས་འཇག་སྤྱིལ་དུ། །མཆོད་འབུལ་ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་དང་། །གནས་རྟེན་མ་ལུས་སྙན་ཤལ་གྱིས་བཀླུབས་ལ། །བསྟན་འགྲོར་དགེ་བའི་ཐུགས་སྨོན་ནན་ཏན་ནས། །སླར་ཡང་སྐུ་ཉེའི་དྭངས་མ་ཞོལ་ཤར་དང་། །མོན་མཁར་བརྒྱུད་ལ་ས་ཡི་འོག་མིན་ཕེབས། །མདོ་
ཁམས་དགེ་ཚེ་བཅུ་ཕྲག་ལྔ་ལྷག་བཅས། །ཞལ་སྐྱིན་མཇལ་དུ་ལྷགས་པར་ཚེ་དབང་དང་། །འབྲུག་སྟོད་བསྟན་སྐྱོང་དྲུང་ཡིག་པད་ཚེ་སོགས། །འདུས་སྡེར་གསོན་དགེ་བསྟབས་པར་བསྔོ་བ་དང་། །ཐང་འབྲོག་སྤྲུལ་སྐུར་བླ་མའི་རྣལ་འབྱོར་གྱི། །ལུང་ཁྲིད་བསྩལ་ནས་ཡོས་ཟླའི་བར་ཉིད་དུ། །ལྷ་སྔགས་ཡེ་ཤེས་རོལ་པ་ལས་མི་འདའི། །རྩེ་གཅིག་ཉམས་བཞེས་ཆིག་སྒྲིལ་སྐུ་མཚམས་བཅད། །རྒྱལ་སྲས་ཐུ་བོས་བདུན་བཞིའི་ཞག་གི་བར། །བླ་མ་དྲག་པོ་རྩེ་གཅིག་བསྙེན་པ་ལ། །གྲོལ་སྟོན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེ་དང་། །དགྱེས་པ་བརྟས་པའི་སྲིད་རིང་དར་ཉིད་བསྩལ། །སྒྲུབ་སྡེ་བསམ་རྩེར་ཨོ་རྒྱན་དཔལ་འཛོམས་ཀྱིས། །ཡབ་སྲས་སྤྱན་དྲངས་གུས་པས་མཆོད་པ་དང་། །ལྷན་ཅིག་སྒོམ་མ་སྤྱི་ཡི་འདུ་ཁང་དུ། །སྤྱན་དྲངས་བླ་མའི་རྣལ་འབྱོར་ཁྲིད་དམིགས་མཛད། །རྒྱལ་ཟླའི་དམར་ཕྱོགས་དུས་རིམ་ཆེན་མོ་དང་། །རྣམ་བྱུང་ས་འབྲུག་དགུང་ལོ་ང་ལྔའི་སྟེང་། །ཕེབས་པའི་དགྱེས་སྟོན་ལ་སོགས་སྔར་བཞིན་ནས། །མཚམས་གྲྭ་རྣམས་ལ་གུ་རུ་དྲག་པོ་དང་། །ཞིག་གླིང་དམག་བཟློག་ཉེར་ལྔའི་དབང་བཅས་བསྩལ། །མི་རྗེའི་བཀའ་ཡི་ཕྲིན་ལས་ཇའི་སང་དང་། །ཆོས་རྫོང་བླ་མ་དགེ་སྦྱོང་མཐའ་ཡས་སོགས། །རིག་འཛིན་འདུས་སྡེར་ཚ་གྲ་སྟོབ་པ་པོ། །ཀུན་གྱི་དགེ་རྩ་བསྔོ་བས་ཟིན་པར་མཛད། །སྐུ་ཡི་སྲི་ཞུ་ཐར་གླིང་བསམ་འཕེལ་གྱིས། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་ཕུལ། །སྐབས་འདིར་རང་གྲྭ་བློ་གསར་བཅུ་ལྷག་ཙམ། །སྒྲ་མདོ་ཀུན་གྱི་སྙིང་པོ་དབྱངས་ཅན་མ། །སློབ་འཇུག་གནང་བར་དེ་ལས་ལྔ་ཙམ་གྱིས། །རི་མོའི་རྒྱུགས་ཕུལ་ཆོ་ལོ་ལྷ་རེག་གནང་། །སྲིད་པའི་རྒྱལ་མོ་མ་མོ་གྲུ་འདེབས་མ། །དམག་གི་རྒྱལ་མོ་རབ་ཏུ་འཁྲུགས་པ་ཡིས། །བོད་ཡུལ་མི་བདེའི་མཚན་མའི་ཉེན་སེལ་དུ། །རྗེ་ཉིད་སྲས་བཅས་བསྙེན་སོང་འཁོར་བཅས་ཀྱིས། །ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །དཀྱིལ་འཁོར་ཞལ་ཕྱེ་ཚོགས་སྒྲུབ་དང་འབྲེལ་བར། །ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་བདུན་གཅིག་རིང་། །བདུད་རྩི་སྨན་གྱི་སྒྲུབ་པ་གནད་སྨིན་མཛད། །མཚན་བཅས་ཕུར་མ་གཏོས་ཆེ་འཕེལ་བར་གྱུར། །དབོ་ཟླའི་སྒྲུབ་མཆོད་ཆེན་མོའང་སྔར་བཞིན་ཚུགས། །རྒྱལ་
སྲས་མཆེད་གསུམ་ཤེལ་བླ་རྫོགས་སྤྲུལ་སོགས། །གཞན་དོན་ནུས་པའི་སྐལ་ལྡན་ཉི་ཤུ་ལ། །ནག་ཟླའི་དགའ་བ་དང་པོའི་ཚེས་ནས་བཟུང་། །ཉང་གི་མཁའ་འགྲོ་ཆེན་མོ་ཆོས་དབང་གི། སངས་རྒྱས་མཉམ་སྦྱོར་ཕུར་པ་སྤུ་གྲི་སོགས། །རྩ་གསུམ་ལྷ་ཚོགས་མང་པོའི་སྒྲུབ་སྐོར་གྱི། །དམ་ཆོས་ལུང་གི་སྦྱིན་པ་མང་པོ་མཛད། །ས་ཡི་དབང་ཕྱུག་དཱ་ལས་བཱ་དུར་ཉིད། །སྒ་འདྲའི་ཆབ་ཀྱི་འཕྲོད་བཞེས་ལ་ཕེབས་པར། །རྗེ་ཉིད་འཁོར་བཅས་གནས་དེར་ཆིབས་ཁ་བསྒྱུར། །དང་བའི་སྤྱན་གྱིས་གཟིགས་པ་མི་ལྷོད་པས། །མཇལ་ཐོན་སྦྲགས་མའི་གསོལ་རས་སྤམ་མཐོ་བསྩལ། །ཁྱད་པར་འགོལ་གནས་དབུ་གུར་ཕྱིང་ཕུབ་ཏུ། །མི་རྗེ་ཡབ་སྲས་བཙུན་མོར་བཅས་པ་ལ། །གུ་དྲག་རྩ་དབང་སྡེ་བརྒྱད་སྲོག་གཏད་བཅས། །འབུལ་གནང་ཆོས་ཡོན་བདོག་པ་རྒྱ་ཆེར་བསྩལ། །སྐུ་ཡི་རིམ་གྲོ་ནང་མ་བཅུ་ཕྲག་ལ། །གསང་ཡེའི་བྱིན་རླབས་མདའ་དཔོན་རྩིས་དཔོན་དང་། །སྐྱིད་སྦུབ་ལྷ་དབང་ཇའི་སང་མགྲོན་གཉེར་ལ། །ཚེ་ཡི་དབང་སོགས་སོ་སོའི་ཐུགས་བཞེད་བསྐངས། །དེ་ལས་ཁྲབ་མོ་སྐྱིད་དུ་གཞི་དགའ་བཅས། །པདྨ་འོད་ཞིང་སྨིན་གྲོལ་གླིང་དུ་ཕེབས། །ཏྲེ་བོ་བླ་མ་བྲག་དམར་བླ་མ་སོགས། །ཕྱོགས་འདུས་འགའ་ལ་གུ་རུ་དྲག་པོ་དང་། །ཐུགས་རྗེ་ཆེན་པོའི་དབང་ཉིད་གཞན་ཡང་ནི། །གནོད་སྦྱིན་ཆེན་པོའི་སྐུ་རྟེན་བསམ་ཡས་པར། །རྐྱེན་སེལ་དབང་དང་བྱབས་ཁྲུས་ལ་སོགས་བསྩལ། །དེ་ལས་ཚ་ཆུའི་འཕྲོད་བཞེད་སྒ་འདྲར་བསྐྱོད། །ནད་ཅན་ནད་མེད་འགྲོ་བ་མང་པོ་ཡི། །རེ་འདོད་ཇི་བཞིན་བཀའ་བསྒོ་བྱིན་རླབས་དང་། །ཕྱིར་ཕེབས་ལམ་དུ་ལྡུམ་པོ་དར་གླིང་ནས། །གདུགས་ཚོད་བཏབ་པར་མགུ་བའི་གསོལ་རས་མཛད། །ས་ཟླའི་སྒྲུབ་མཆོད་སྣྲོན་ཟླའི་ཚེས་བཅུ་སོགས། །སྤྲོས་བཅས་ཕྱག་ལེན་ཉམས་མེད་རྒྱས་པ་དང་། །གཞིས་བྱེས་ལྔ་སྟོང་འདུས་པའི་ཁྲོམ་པ་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་སྦྱིན་བཀྱེ། །རྒྱལ་བའི་སྲས་མཆོག་མཆེད་གསུམ་གྱིས་གཙོས་པས། །བཀའ་ལུང་བདུད་རྩི་མྱང་བའི་འཁོར་ཚོགས་ལ། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་པོད། །ཡང་བཟློག་ལོཀྟྲི་ཚེ་བདག་ལྕགས་འདྲའི་པོད། །མགོན་པོ་གཡུལ་བཟློག་མདོས་ཆོག་ལ་སོགས་པ། །མན་ངག་ཟབ་དགུའི་ཆོས་ལུང་མང་པོ་དང་། །
གཞུང་སའི་བཀའ་བཞིན་དཔོན་གཡོག་ཉི་ཤུ་ནས། །ཚོགས་མཆོད་ཁྲི་ཚར་གནད་དུ་སྨིན་པར་མཛད། །ཆིབས་ཀྱི་མཆོག་གྱུར་ནོར་བུ་རླུང་གཤོག་ཉིད། །ཕྱི་མའི་མགྲོན་གྱུར་མྱོང་གྲོལ་རིལ་བུ་དང་། །མ་སྒོམ་འཚང་རྒྱའི་གདམས་ངག་འཕོ་བ་སོགས། །གཅེས་དགུའི་མི་ལ་བྱ་བཞིན་རྗེས་སུ་བཟུང་། །རི་ཥི་དང་བསྟུན་ཆབ་ཀྱི་འཕྲོད་བཞེས་དང་། །སྐལ་ལྡན་སྙིང་གི་བུ་ཆེན་གོང་གསལ་ལ། །གཤིན་རྗེ་ཁྲོ་བཅུ་དུག་སྡོང་རཀྴཀ་གི། སྲིད་པ་མ་མོ་སྒང་ཤར་པོད་ལ་སོགས། །དམ་པའི་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར། །དགེ་སྦྱོང་དཀོན་མཆོག་གདུང་རྒྱུད་མཆེད་རྣམས་ཀྱི། །རིམ་གྲོ་པར་མངགས་ཨ་ཡགས་ཚེས་མ་ཟིན། །གསལ་འདེབས་ངོ་སྤྲོད་དགེ་བསྔོས་རྗེས་སུ་བཟུང་། །སླར་ཡང་འབྲི་གུང་སྣང་གསལ་སྤྲུལ་སྐུ་དང་། །རྒྱལ་སྲས་སྐུ་མཆེད་སོགས་ཏེ་བཅུ་ཕྲག་ལྔར། །རྩ་གསུམ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི། དབང་དང་རྗེས་གནང་མ་ལུས་ལེགས་པར་བསྩལ། །སྐུ་ཡི་ཚ་རིགས་དངོས་གྲུབ་དཔལ་འཛོམ་ལགས། །ལེགས་གླིང་མདུན་མར་འཇིག་རྟེན་བྱིངས་སྲོལ་ལྟར། །ཞུགས་པར་ཕྱོགས་དེར་སྐུ་འཁོར་སྤྱན་དྲངས་ནས། །གཟབ་རྒྱས་བསྙེན་བཀུར་དུ་མས་ལེགས་པར་མཆོད། །མདོ་ཁམས་རང་དགོན་རྩེ་རོང་བྲག་ནག་དགོན། །གོ་འཇོ་མཁོ་ཆེན་དགོན་གྱི་བླ་མ་ནི། །དགེ་སྦྱོང་དགེ་དབང་བསྟན་འཕེལ་སོ་སོ་ནས། །ཇ་སིག་རྟ་དྲེལ་མཛོ་གཡག་ལ་སོགས་པའི། །རྒྱ་ཆེའི་འབུལ་རིམ་བསྔོ་བས་ཟིན་པར་མཛད། །གཅེས་གྲོང་ཨ་བོ་རྟ་མདོ་ཆོས་མཛད་སོགས། །དོན་གཉེར་ཅན་འགར་རྐྱེན་སེལ་རིམ་པ་དང་། །མདོ་ཁམས་རྫོགས་ཆེན་གྲྭ་རིགས་བཅུ་ཕྲག་ལ། །སྐྱབས་འགྲོའི་སྡོམ་པ་འབེབས་པའི་ཆོ་ག་དང་། །གླང་ཟླའི་མགོ་ནས་ཟླ་གཅིག་ཞག་གསུམ་བར། །མཁའ་སྤྱོད་དབང་མོ་བསྙེན་པའི་མཚམས་ལ་བཞུགས། །དེ་ལས་གོང་ས་མཆོད་ཡོན་མཇལ་ཕྱག་ཆེད། །རིམ་བཏེག་ལྷ་ལྡན་ཀ་བརྒྱད་སྨད་དུ་ཕེབས། །དེ་འཕྲལ་ལྷ་རེག་ཟུར་ཆས་གྱ་ནོམ་བསྩལ། །མགོ་ཟླའི་ཚེས་དྲུག་དགའ་ལྡན་ཁང་གསར་དུ། །ས་ཡི་དབང་ཕྱུག་དཱ་ལས་བཱ་དུར་དང་། །བརྒྱད་ལ་གྲུ་འཛིན་རི་བོའི་ཕོ་བྲང་དུ། །ཀུན་མཁྱེན་ཕྱག་ན་པདྨོ་གང་ཉིད་ཀྱི། །གསེར་ཞལ་མཇལ་བར་གསུང་གི་དབུགས་དབྱུང་དང་། །རྒྱ་ཆེའི་གསོལ་རས་
སྐལ་བཟང་རང་གིར་བཞེས། །སླར་ཡང་མི་རྗེའི་ཕོ་བྲང་ཆེན་པོར་བསྐྱོད། །གཙང་ཞང་པོད་པའི་རྒྱ་ཆེའི་ཚོགས་སྟོན་དང་། །དངུལ་དཀར་རྟ་རྨིག་ཀླུ་ཡི་གྲངས་ལྡན་བཅས། །བཟང་དགུ་ཚར་དུ་དངར་བའི་གསོལ་རས་བསྩལ། །གནས་དེར་དབང་དང་བྱད་འགྲོལ་ལ་སོགས་པའི། །ཆེ་དགུ་མང་པོའི་བཞེད་དོན་བསྐངས་པ་དང་། །ཇོ་ཤཀ་རྣམ་གཉིས་མཆོད་པའི་བྱ་བ་སོགས། །འཕྲིན་ལས་མང་པོའི་མཛད་པ་མཐར་ཕྱིན་ནས། །བསམ་མདའ་ཚལ་སྣ་རྡོ་ར་སྐྱིད་ཤོད་སོགས། །ཞག་བཞུགས་ཆོས་ཀྱི་འབྲེལ་བ་བཀྱེ་བཞིན་པར། །ཡོངས་འདུའི་ཆོས་ར་གསེར་གྱི་གླིང་དུ་ཕེབས། །སྤྱི་དང་བྱེ་བྲག་བསྟན་པའི་དགྲ་བགེགས་རྣམས། །མ་ལུས་ཆམ་ལ་ཕེབས་པའི་དུས་རིམ་དང་། །གདབ་ཁ་རྒྱས་པའི་ཕྱག་བཞེས་གཏོར་འབུལ་སོགས། །སྔར་བཞིན་མཛད་པར་རང་རྟགས་མངོན་དུ་གྱུར། །དེ་འདས་དཀར་པོ་ས་སྦྲུལ་ང་དྲུག་གི། དགུང་ལོར་ཕེབས་པའི་གསར་ཚེས་དགྱེས་སྟོན་ལ། །དགེ་བཤེས་རྣམས་ཀྱི་རིགས་ལུང་མཆོད་སྤྲིན་དང་། །ཚེས་གསུམ་དུས་གསོལ་ལ་སོགས་སྔར་བཞིན་མཛད། །གནས་ལྔ་སྨྲ་བ་དགེ་སློང་འཕེལ་རྒྱས་དང་། །ཚེ་རིག་འཛིན་པ་ལེགས་འབྱོན་ཟུང་ཉིད་ནས། །བདོག་དགུ་བཟང་དགུའི་ཞབས་ཏོག་འབུལ་ནོད་བཅས། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་དང་། །སྐྱིད་ཤོད་དགོན་བཞིའི་བླ་མ་ཆོས་དཔལ་ནས། །གསུམ་ལྡན་འདུས་པ་རྒྱ་མཚོ་མཆོད་པ་ལ། །དགེ་རྩ་ཟག་མེད་རྩི་ཡིས་ཟིན་པར་མཛད། །རྩེ་ཆེན་གྲྭ་རིགས་བཞི་བཅུར་ཚེ་དབང་དང་། །དམག་བཟློག་མཚམས་གྲྭར་སྔར་བཞིན་དབང་བསྩལ་ཅིང་། །བསླབ་གསུམ་ནོར་གྱིས་སྤུད་པའི་འདུས་པའི་སྡེའི། །སྙན་གྱི་དབང་པོར་བཅའ་ཡིག་གསུང་སྒྲོག་དང་། །དོན་བསྡུའི་འཇུག་ལྡོག་གོ་བདེའི་ཚོགས་གཏམ་ཡང་། །རྡོ་རྗེའི་ཚིག་གི་སྤུན་ཟླར་དཔྱིས་ཕྱིན་བསྩལ། །ལོ་འདིར་འདུས་པ་རྒྱ་མཚོའི་ཞལ་སྐྱེམས་སྣོད། །རྒྱུ་དང་དབྱིབས་ཀྱི་ཁྱད་འཕགས་ཆེ་ཆུང་བཞི། །གསར་བླུགས་མཛད་པ་སྐྱོན་བྲལ་ལུགས་ཐོན་པ། །ཆོ་འཕྲུལ་ཉ་ཡི་གཟའ་སྐར་དགེ་བའི་ཉིན། །འདུལ་བ་ལས་བཅས་རུང་ཁང་ཆེན་མོ་རུ། །གསར་འཛུགས་མཛད་ལ་ཤིས་པའི་མེ་ཏོག་འཐོར། །ཐོག་མའི་
ལྗོན་འདབ་རྩི་ཤིང་ཕྱག་ལས་བསྩལ། །དེ་ཚེ་སེམས་མེད་ཀུན་གསལ་ལྷ་ལམ་ལས། །འདོད་ཡོན་སྒོ་ཕྱེ་ཁ་བས་ས་གཞི་གཡོགས། །ཇ་མཆོད་ཕུན་ཚོགས་འདོད་རྒུའང་འཛུགས་པར་གནང་། །དེ་བསྟུན་རང་གྲྭ་འགྱུར་མེད་ཚེ་བརྟན་ནས། །རོ་བདའི་ཞབས་ཏོག་དངོས་གཙང་འབུལ་ནོད་བཅས། །ཞབས་ཟུང་གདོང་ལྔའི་ཁྲི་ལས་མི་གཡོ་ཞིང་། །ཟབ་གསང་རྒྱ་ཆེའི་ཆོས་འཁོར་སྐོར་བསྐུལ་པར། །ངག་ཚིག་བདེན་པའི་ཤིས་གླུ་དྲང་སྲོང་ཚིག །ཐུང་ངུར་བྱེད་པ་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །དབོ་ཟླའི་སྒྲུབ་ཆེན་སྔར་བཞིན་ཚུགས་པ་ལ། །རིམ་གྲོ་པ་ནི་འགྱུར་མེད་མི་ཕམ་ནས། །མར་ངོའི་ཚེས་བཅུར་ཚ་གྲ་གཟབ་རྒྱས་ཞུས། །ཡབ་སྲས་ཚོགས་དབུར་སྤྱན་དྲངས་འབུལ་ནོད་བསྟབས། །རྒྱལ་སྲས་མཆོག་དེས་ཡོན་བསྔོའི་བཀའ་དྲིན་བསྩལ། །ཚོགས་དབུར་ལྗགས་བསྔོ་གནང་བའི་ཐོག་མའོ། །རྗེ་བཙུན་འགྱུར་མེད་བསམ་གཏན་ཆོས་འཛིན་ནས། །ཕྱི་ནང་གྲྭ་ཡི་དགེ་འདུན་ཡོད་དོ་ཅོག །སྤྱན་དྲངས་བསྙེན་བཀུར་བསྟི་སྟང་གིས་མཆོད་ཅིང་། །དབོ་ཟླའི་ཚེས་གཉིས་སྐུ་མཆོད་ཆེན་མོའི་ཉིན། །རིག་འཛིན་འདུས་སྡེ་ཡབ་སྲས་རྣམས་མཆོད་པར། །དགེ་རྩའི་བསྔོ་བསྒྱུར་རྒྱལ་སྲས་ཐུ་བོས་མཛད། །ཚེས་གསུམ་རྗེ་བཙུན་བླ་མས་ཡབ་དང་སྲས། །ལྷན་ཅིག་ཐུགས་རྗེ་ཆེན་པོའི་འཆི་བསླུ་དང་། །རྗེས་འབྲེལ་བརྒྱ་ཕྲག་ཚེ་ཡི་དབང་བསྩལ་བར། །ནང་འཁོར་རྣམས་ཀྱིས་རྟེན་འབྱུང་ལྷ་རེག་ཕུལ། །དྲུང་ཡིག་ལག་དབང་ཉི་ལུང་དཔོན་གོང་ས། །ལ་སོགས་འདུས་སྡེར་བསྙེན་བཀུར་མཆོད་པ་རྣམས། །བྱང་ཆེན་བསྔོ་མཛད་སྒ་འདྲར་ཆིབས་ཁ་བསྐྱོད། །ཞག་བདུན་བར་དུ་ཚ་ཆབ་འཕྲོད་བཞེས་ནས། །སླར་ཡང་མཁའ་འགྲོའི་གླིང་མཆོག་རང་དགོན་ཕེབས། །གཅེས་པའི་ལུས་སྲོག་བརྩེ་བའི་མ་རྒན་ཡང་། །བློས་དོར་སྦྱོང་དུས་ཀྱིས་མཚོན་ཁོར་ཡུག་ཏུ། །ཞམ་རིང་དུ་ནི་འགྱུར་མེད་མི་ཕམ་ཉིད། །ས་འོག་གདོན་འཚེས་ཟིན་པ་ཇེ་ལོད་དུ། །སོང་བར་རྐྱེན་སེལ་དབང་དང་རིམ་གྲོ་ནི། །ཐབས་སྣ་མ་འགགས་བསྒྲུབས་ཀྱང་མྱོང་འགྱུར་གྱི། །ལས་ལྡོག་མེད་ལྟར་ས་གའི་ཚེས་བཅུ་བཞིར། །ལྔ་ཕུང་སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལ། །རྗེ་ཉིད་སྐབས་འདིར་ཉེར་ཕེབས་མ་ཐུབ་ཀྱང་། །རྗེ་བཙུན་བླ་མས་འཕོ་བའི་
མཚམས་སྦྱོར་བསྩལ། །འགྱངས་མིན་གནས་ཚུལ་སྙན་དུ་སོན་མ་ཐག །ངན་འགྲོའི་ལམ་དུ་སྐད་ཅིག་མི་ལྟུང་ཞིང་། །དལ་འབྱོར་མི་ལུས་བཟང་པོའི་རྟེན་ཐོབ་ནས། །དགེ་བའི་བཤེས་ཀྱིས་རྗེས་འཛིན་བསྔོ་སྨོན་དང་། །ཞག་གསུམ་ཚུགས་ཉིན་གསལ་འདེབས་ངོ་སྤྲོད་སོགས། །ཚད་མེད་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་། །ས་གའི་སྒྲུབ་མཆོད་ཆེན་པོ་སྔར་བཞིན་ཚུགས། །ཕྱི་མའི་མགྲོན་གྱུར་ཞལ་ཏ་དཔལ་ལྡན་དང་། །སྐུ་ཡི་སྲི་ཞུ་འགྱུར་མེད་མི་ཕམ་གྱི། །དགེ་རྩར་འདུས་སྡེར་ཚ་གྲ་བསྟབས་པ་ལ། །དགེ་ཚོགས་བླ་མེད་རྒྱུ་རུ་བསྔོ་བ་མཛད། །རྗེ་ཉིད་ཡབ་སྲས་ནང་འཁོར་བཅས་པ་ཡིས། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ཆེན་པོ་རུ། །ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་བསྐོར་མཛད་ནས། །དམིགས་ཡུལ་མི་ཕམ་ཆེད་དུ་རྗེས་འཛིན་དང་། །དད་སྟོབས་འཆང་བ་སྤེལ་གཞི་དར་རྒན་ཉིད། །འཁོར་བཅས་ཆེད་དུ་དགོན་གནས་ཕེབས་པ་ལ། །བཀུར་གཟོས་ཆེན་པོས་རྒྱུན་གྱི་བསྙེན་བཀུར་དང་། །གཏེར་གསར་གཙོ་གྱུར་བཀའ་གཏེར་ངེས་མེད་ཀྱི། །ཟབ་ཁྲིད་དབང་ལུང་གདམས་པ་མང་པོ་བསྩལ། །ཡོན་གྱི་བདག་པོ་དར་ཧན་ཐི་ཇི་ཡིས། །གསར་བཞེངས་གྲ་མཚུངས་ཐང་སྐུ་མང་པོ་ལ། །བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལ་བརྟེན་ནས། །རབ་གནས་ཆོ་ག་འདུས་པར་བཅས་པ་དང་། །རྗེ་ཉིད་ཡབ་སྲས་བཅས་ཀྱིས་མཛད་རབ་ཡོན། །བླ་ན་མེད་པའི་སྤྱི་རྫས་སྦྱོར་འཇགས་སོགས། །ཟག་མེད་བསྔོ་བས་ཟིན་པའི་མཚམས་སྦྱོར་མཛད། །སྣྲོན་ཟླའི་དུས་མཆོད་སྤྲོས་བཅས་ཕྱག་ལེན་དང་། །ཕྱི་ནང་དབང་གི་རིམ་པ་སྔར་བཞིན་ནས། །སྤེལ་བཞི་དར་ཧན་མཁོ་ཆེན་བླ་མ་དང་། །རྩེ་རོང་བྲག་ནག་བླ་མ་ལ་སོགས་ཏེ། །ལས་དང་སྐལ་བར་ལྡན་པ་མང་པོ་ལ། །ཡང་བཟློག་རྣོན་པོ་ནང་གཅོད་དབང་བཀའ་སོགས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་མང་པོ་བསྐོར། །དེ་ལས་ཐི་ཇི་འཁོར་བཅས་དགྱེས་ཚིམ་པའི། །ལྷ་རིག་མྱོང་གྲོལ་ན་བཟའ་ལ་སོགས་པ། །ཟང་ཟིང་སྐྱེས་མང་བསྩལ་ལ་ཕྱིར་ཐེགས་སོ། །ཁོ་བོ་ནང་མིར་བཅས་པས་འདུས་པའི་སྡེར། །ཞང་རིགས་མི་ཕམ་དྲིན་གཟོར་བསྙེན་བཀུར་བར། །ཟག་པར་བཅས་པའི་དགེ་ཚོགས་ཅི་བགྱིས་ཀུན། །ཟག་མེད་བསྔོ་བའི་བཀའ་དྲིན་ཆེན་པོ་བསྩལ། །ཚོང་དཔོན་
རྒྱལ་མཚན་ཕྱི་མའི་ལམ་གྱུར་པར། །གསལ་འདེབས་ངོ་སྤྲོད་དགེ་བསྔོའི་རྗེས་འཛིན་དང་། །བདེ་རོང་བསྟན་རྒྱས་ལ་སོགས་དོན་གཉེར་འགར། །ཐུགས་རྗེ་ཆེན་པོའི་སྨིན་ཁྲིད་ཀི་ཀཾ་དབང་། །རྟ་མགྲིན་ཕྱག་རྡོར་ལོ་མ་གྱོན་མ་སོགས། །དབང་དང་བྱིན་རླབས་རྗེས་གནང་མང་པོ་བསྩལ། །མདོ་སྟོད་མངའ་རིས་ལེབ་རྩེ་བླ་མ་དང་། །མདོ་སྨད་སྤང་ལེབ་དགོན་བླ་དཔོན་གཡོག་སོགས། །སྐལ་ལྡན་བཅུ་ཕྲག་གཉིས་ཀྱི་འཁོར་སློབ་ལ། །འཆི་བ་མེད་པ་དཔལ་སྟེར་དབང་ཉིད་དང་། །མི་རྟག་ལམ་གྱུར་ཞམ་རིང་མི་ཕམ་མཆེད། །ལྷ་ཁང་རྣམས་ལ་མཆོད་འབུལ་སྙན་ཤལ་དང་། །ཕྱི་རྟེན་རྡོར་སེམས་སྒྲོལ་མ་བརྒྱ་ཐང་ལ། །རྗེ་ཉིད་ཕྱག་རོགས་ཉི་ཤུར་བཅས་པ་ཡིས། །རབ་ཏུ་གནས་པའི་ཆོ་ག་ཉིན་གང་མཛད། །རྒྱལ་སྲས་མཆེད་གསུམ་འབྲུག་པ་དགེ་སློང་སོགས། །སྐལ་ལྡན་མང་པོར་དགོངས་འདུས་དབང་ཆ་ཚང་། །ཁྲིད་ཆེན་བཞི་དང་གཡུ་ཐོག་སྙིང་ཐིག་དབང་། །གསོ་རིག་རྒྱུད་བཞི་སྙིང་ཐིག་ཡ་བཞི་སོགས། །ཟབ་རྒྱས་དབང་ལུང་གདམས་པའི་བདུད་རྩི་ཡིས། །སྐལ་ལྡན་སྙིང་གི་བུ་རྣམས་ཚིམ་པར་མཛད། །སྒྲུབ་གནས་ཁྱད་འཕགས་དཔལ་གྱི་ཆུ་བོ་རི། །ངོ་མཚར་ཚེ་ཆུ་བཀོད་པའི་སྒྲུབ་སྡེ་ལ། །ཕེབས་བཞུད་རྗེ་བཙུན་བླ་མར་ཕེབས་མཇལ་དང་། །སྒྲུབ་ཐབས་རིན་འབྱུང་ནང་བཞིན་མཁའ་སྤྱོད་མའི། །བྱིན་རླབས་དགོངས་པ་དང་སྦྱར་འབུལ་བར་མཛད། །དེ་ལས་གོང་གསལ་ཆོས་ཞུར་ཡང་རྫོང་གི། སྙིང་ཐིག་དབང་ལུང་རཀྴཀ་གཏེར་སྟོན་གྱི། །མ་མོ་སྒང་ཤར་དབང་ཉིད་ཆ་ཚང་དང་། །ཡབ་རྗེ་གཏེར་ཆེན་ཆོས་རྗེའི་ཕྱི་ནང་གི། རྣམ་པར་ཡོང་རྫོགས་མྱ་ངན་འདས་བྱུང་གཏམ། །དག་སྣང་ཆུ་ཟླའི་རོལ་རྩེད་གཞན་ཡང་ནི། །རིམ་གཉིས་ལམ་བརྩོན་སྔགས་རབ་ཡོན་ཏན་ནས། །ཆེད་དུ་གསོལ་བ་བཏབ་པར་འདུས་པའི་སྡེ། །ལ་སོགས་བརྒྱ་ཕྲག་གསུམ་བརྒལ་སྐལ་ལྡན་ལ། །ཆོས་སྤྱོད་ཐར་ལམ་རབ་གསལ་སྤར་རྙིང་སོགས། །བསླབ་གསུམ་ནོར་བུས་ཕྱུག་པའི་འདུས་པའི་སྡེའི། །ཉམས་བཞེས་ཆོག་འཕྲིན་ཆོས་སྤྱོད་མ་ལུས་པའི། །བཀའ་ལུང་བདུད་རྩིའི་སྦྱིན་པ་བཀྱེ་བར་མཛད། །སླར་ཡང་འབྲས་ལྗོངས་རྫོགས་ཆེན་སྤྲུལ་སྐུ་སོགས། །རྒྱལ་སྲས་མཆེད་ཀྱི་ཞབས་ཕྱིར་ལུང་གསན་མི། །གོང་གསལ་རྣམས་
ལ་དྷརྨ་ཤྲཱིའི་གསུང་། །སྙིང་པོའི་སྤྱི་དོན་གསང་བདག་ཞལ་ལུང་དང་། །འགྲེལ་པ་གསང་བདག་དགོངས་རྒྱན་སྡོམ་པ་གསུམ། །རྣམ་ངེས་འགྲེལ་པ་དཔག་བསམ་སྙེ་མ་དང་། །ཞི་བྱེད་སྔ་ཕྱི་བར་གྱི་ཁྲིད་ཡིག་སོགས། །ཡིག་ཆ་ཀུན་དང་རྒྱ་འགྲེལ་སྤར་ཁབ་དང་། །དམ་ཚིག་གསལ་བཀྲ་ཞི་བ་དྲ་ཆེན་དང་། །མེ་ལོང་ལྟ་བུའི་སྒྲུབ་ཐབས་ལ་སོགས་པ། །སྒྱུ་འཕྲུལ་དྲ་བའི་སྐོར་དང་ཀུན་མཁྱེན་པའི། །གསུང་འབུམ་ཐོར་བུའི་སྐོར་གྱི་ལུང་རྣམས་བསྩལ། །སྨིན་དྲུག་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །འབྲས་ལྗོངས་རྫོགས་ཆེན་སྤྲུལ་སྐུ་དཔོན་གཡོག་དང་། །མདོ་ཁམས་རྫོགས་ཆེན་གྲྭ་རིགས་བཅུ་ཕྲག་ལ། །ཐུགས་རྗེ་ཆེན་པོའི་སྤྲོས་བཅས་སྤྲོས་མེད་དབང་། །སྙིང་པོ་དོན་གྱི་གཏོར་དབང་སྐྱབས་འགྲོ་ཡི། །སྡོམ་པ་བསྩལ་ནས་དོན་གཉེར་ཅན་མང་པོར། །རྐྱེན་སེལ་དབང་དང་བྱད་འགྲོལ་བཀའ་བསྒོ་སོགས། །གཞན་ཕན་ཕྲིན་ལས་བར་མེད་སྐྱོང་བར་མཛད། །མགོ་ཟླའི་ནང་དུ་བཅད་རྒྱ་དམ་པ་ནས། །སྤྲོས་མེད་ཉམས་བཞེས་དག་ལ་ཞིག་སྒྲིལ་དང་། །དེ་འདས་བྱང་ཕྱོགས་ཤ་ཟན་སྟོད་སྨད་ནས། །འགྲོ་ཕན་ལ་མངགས་བླ་གཉེར་སོ་སོ་འབྱོར། །རྗེ་ཉིད་འདུས་ཚོགས་དབུ་ཡི་གདོང་ལྔའི་ཁྲིར། །སྤྱན་དྲངས་རྟ་ནོར་མཛོ་གཡག་མར་ལྟང་སོགས། །ཕྱོགས་དེའི་ལུགས་ཀྱི་བརྒྱ་འབུལ་སྟོབ་པ་ལ། །ཟག་མེད་བསྔོ་བས་ཟིན་པའི་བཀའ་དྲིན་བསྩལ། །རྒྱལ་ཟླའི་ཚེས་བཅུ་མཆོད་པའི་གསུང་ཆོག་དང་། །ཕྱི་ཉིན་བདག་ཅག་རྣམས་ལ་དྲིན་དུ་གཟོའི། །ཞང་རིགས་མི་ཕམ་ཉིད་ཀྱི་དགེ་སྐྱོར་དུ། །རིགས་བརྒྱའི་ཁྱབ་བདག་སྐྱབས་མཆོག་ཡབ་སྲས་གསུམ། །གསུམ་ལྡན་འདུས་པར་བཅས་ཏེ་སྟོན་འཁོར་ཀུན། །རང་ཁྱིམ་སྤྱན་དྲངས་ཡོད་དགུ་རྩལ་སྤྲུགས་ཀྱིས། །བསྙེན་བཀུར་འབུལ་ནོད་དང་བས་ཞུས་པ་ལ། །རྗེས་འཛིན་བསྔོ་བའི་མཚམས་སྦྱོར་རྒྱས་པར་བསྩལ། །འབྲས་ལྗོངས་རྫོགས་ཆེན་སྤྲུལ་སྐུ་དཔོན་གཡོག་སོགས། །སྐལ་ལྡན་འགའ་ལ་གཏེར་གསར་ཕལ་ཆེར་གྱི། །དབང་དང་མདོ་ཁམས་ལྕགས་མདུད་མི་བཅོ་ལྔར། །སྐྱབས་སུ་འགྲོ་བའི་སྡོམ་པའང་ཡང་དག་བསྩལ། །ཡོས་ཟླའི་དུས་རིམ་ཆེན་མོ་སྔར་བཞིན་དང་། །རབ་མྱོས་ལྕགས་རྟ་དགུང་ལོ་ང་བདུན་སྟེང་། །ཕེབས་པའི་དགྱེས་སྟོན་སྔ་ཕྱི་དུས་གསོལ་
དང་། །རྒྱལ་བའི་སྲས་མཆོག་རྫོགས་ཆེན་སྤྲུལ་སྐུ་སོགས། །བཅུ་ཕྲག་གཉིས་ཀྱི་འདུས་པའི་འཁོར་ཚོགས་ལ། །སྒྲུབ་ཐབས་འདོད་པ་འཇོ་བའི་བུམ་བཟང་གི། དབང་དང་རྗེས་གནང་རིག་གཏད་ཆ་ཚང་དང་། །པད་གླིང་དྲག་དམར་ཡང་གསང་བླ་མེད་དབང་། །བསྩལ་ཅིང་དབོ་ཟླའི་སྒྲུབ་མཆོད་སྔར་བཞིན་དང་། །སྔ་ཕྱིར་རྒྱལ་སྲས་མཆེད་གསུམ་ལ་སོགས་པར། །མངའ་རིས་པཎ་ཆེན་རིག་འཛིན་ཡོངས་འདུས་ནས། །བསྟན་པ་རྨད་བྱུང་སྤྲོས་བྲལ་བདེ་ཆེན་མ། །སིནྡྷུ་རྒྱ་མཚོ་ཆེ་ཆུང་དབང་ཉིད་དང་། །གཞན་ཡང་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན། །རྡོར་གླིང་གཏེར་མ་ཀློང་གསལ་འབར་ཉིའི་རྒྱུད། །ལས་འགྲེལ་གཏོ་ནག་ཁ་ལ་རྒྱས་འདེབས་དང་། །ཀུན་གླིང་བཀའ་བཟློག་ནག་པོ་ཐུགས་རེག་ཆོད། །བྱ་ཁྱུང་ས་ཡི་གཟའ་ཆོས་ཆོས་ཚན་ལྔ། །ལ་སོགས་བཀའ་ལུང་མང་པོ་བར་མེད་མཛད། །དེ་ལས་ཆོས་འཁོར་དཔལ་གྱི་བསམ་ཡས་བསྐྱོད། །ས་ཡི་ཚངས་ཆེན་ཇུན་དབང་དཱ་ལས་ནི། །ཚངས་པ་ཚངས་ཆེན་ཚངས་རིས་ཀྱིས་བསྐོར་ལྟའི། །དཔལ་འབྱོར་མངའ་ཐང་འཁོར་ལོས་སྒྱུར་རྒྱལ་ལ། །འགྲན་བཟོད་སྐྱེད་མོས་ཚལ་དབུས་ནེའུ་ཐང་གཞིར། །སྒར་བསྒྲིགས་རྒྱུ་སྐར་བཀྲམ་འདྲས་མཐའ་རྟེན་པའི། །དབུས་ཕྱོགས་རྣམ་པར་བཀྲ་བའི་ཕྱིང་གུར་ནི། །རྒྱུ་དབྱིབས་ངོ་མཚར་ཕུན་སུམ་ཚོགས་པའི་ནང་། །ཉི་མ་བྱེ་བས་མཚོན་མིན་གཟི་བྱིན་གྱི། །མུ་ཁྱུད་ཀྱིས་བསྐོར་ཞལ་སྐྱིན་ངོས་མཇལ་དང་། །གསུང་གིས་གསང་བའི་དབུགས་དབྱུང་གཟེངས་བསྟོད་བཅས། །དར་ཟབ་རིན་ཆེན་མང་པོའི་གསོལ་རས་ནི། །ལྕང་ལོ་ཅན་གྱི་མཛོད་སྒོ་ཕྱེ་ལྟར་བསྩལ། །དབུ་ཡི་བླ་མཆོད་ཤེལ་སྟོད་རལ་ཆེན་དང་། །ཉག་ཕྲན་དཔོན་གྱུར་གཡུ་ཐོག་སྟངས་དཔྱལ་ལ། །གུ་རུ་དྲག་པོའི་དབང་དང་བྱད་འགྲོལ་སོགས། །ལེགས་བསྩལ་རང་གནས་དགོན་སྡེ་ཆེན་པོར་ཕེབས། །རིག་འཛིན་འདུས་པ་རྒྱ་མཚོ་སྤྱི་སོ་ནས། །ཞབས་པད་ཡུན་བརྟན་བརྟན་བཞུགས་ཆེན་མོ་མཛད། །སྔ་འགྱུར་རྒྱུད་སྡེ་རྒྱ་མཚོའི་མཆོག་གྱུར་པའི། །སྒྱུ་འཕྲུལ་ཞི་ཁྲོ་འདུས་མདོ་མཉམ་སྦྱོར་སོགས། །ས་གའི་ཆོག་མང་སྒྲུབ་མཆོད་སྔར་བཞིན་ཚུགས། །དེ་འདས་སྒ་འདྲར་ཆབ་ཀྱི་འཕྲོད་བཞེས་བསྐྱོད། །སླར་ཡང་རང་གནས་ཕྱག་ཕབ་སྣྲོན་ཟླ་བའི། །ཚེས་བཅུའི་
སྤྲོས་བཅས་ཕྱི་ནང་དབང་ལ་སོགས། །སྔར་སྲོལ་བཟང་པོ་ཉམས་མེད་རྒྱས་པར་མཛད། །དེ་ནས་ཁྲུམས་ཀྱི་ཟླ་བའི་བར་ཉིད་དུ། །རྒྱུད་འཛིན་སྲས་ཀྱི་ཐུ་བོ་གཅེན་དང་གཅུང་། །རྫོགས་ཆེན་སྤྲུལ་སྐུ་ལ་སོགས་སྐལ་ལྡན་འགར། །ཉང་གཏེར་བཀའ་བརྒྱད་བདེ་འདུས་ཁྲོ་བོའི་དབང་། །དངོས་སྟ་ཕྲལ་བ་རྣལ་འབྱོར་རྒྱུན་དབང་དང་། །སྡེ་དཔོན་སུམ་ཅུའི་མཐུ་དབང་གཞན་ཡང་ནི། །བཀའ་བརྒྱད་གསང་རྫོགས་ལུགས་གསུམ་དབང་ཉིད་དང་། །འགྱོགས་དབང་བུམ་རྒྱ་ཅན་དང་བསམ་ལྷུན་དབང་། །རྟ་མགྲིན་ཡང་གསང་ཁྲོས་པའི་རྩ་དབང་དང་། །བདེ་འདུས་གིང་ལྔ་གཟའ་གདོང་རྗེས་གནང་སོགས། །རྫོགས་པར་རང་བྱུང་དབང་དང་ཆོས་དབང་གི། བླ་མ་གསང་འདུས་ཕུར་པ་སྤུ་གྲིའི་དབང་། །ཕྱག་རྡོར་དྲེགས་འདུལ་ལུགས་གསུམ་དུག་དབང་དང་། །རྫོགས་ཆེན་སེམས་སྡེ་ཨ་དོན་བཅོ་བརྒྱད་དབང་། །བཻ་རོའི་སྙན་རྒྱུད་རྡོ་རྗེ་ཟམ་པ་ཡི། །སྒོམ་ཚུལ་བླ་མའི་བྱིན་རླབས་གཡུ་ཐོག་པའི། །སྙིང་ཐིག་རྩ་དབང་ཚེ་དབང་སྨན་གྱི་ལྷའི། །རྗེས་གནང་དྲང་སྲོང་རིག་གཏད་ལ་སོགས་པའི། །དབང་དང་བྱིན་རླབས་རྗེས་གནང་མང་པོ་དང་། །དཀོན་མཆོག་སྤྱི་འདུས་པོད་དང་རྗེ་ཉིད་ཀྱི། །བཀའ་འབུམ་པོད་གཉིས་ལོངས་པའི་ལྗགས་ལུང་སོགས། །དབུ་མ་ལུགས་ཀྱི་སེམས་བསྐྱེད་སྡོམ་པའང་བསྩལ། །མདོར་ན་གཞིས་བྱེས་རྐྱེན་སེལ་དབང་རིམ་སོགས། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བར་མེད་བསྐོར། །མཁའ་སྤྱོད་བདེ་ཆེན་གླིང་གི་གནས་ཀྱི་མཆོག །རྒྱ་ཆེ་སྟེང་བཀོད་མཛེས་པར་བཞེངས་པ་ཉིད། །གེགས་མེད་འགྲུབ་པར་རྗེ་ཉིད་ཡབ་སྲས་གསུམ། །རིག་འཛིན་འདུས་སྡེའི་ཆེ་བགྲེས་ནང་འཁོར་བཅས། །བཅུ་ཕྲག་གཉིས་ཀྱིས་རབ་ཏུ་གནས་པ་དང་། །ཆོས་སྲུང་རྣམས་ལ་འཕྲིན་བཅོལ་རྒྱས་པར་མཛད། །ཕྱི་ཉིན་ཞལ་གསོའི་ཞབས་ཏོག་རྒྱས་པ་སོགས་། །རྗེ་བཙུན་བླ་མ་ཉིད་ཀྱི་ཕྱག་ནས་བསྩལ། །འདུས་པའི་ལྗོངས་རྒྱུ་དང་བསྟུན་དྲང་ཆབ་ཀྱི། །དགྱེས་སྟོན་ལ་སོགས་སྔར་བཞིན་རྒྱས་པར་མཛད། །རིགས་སྲས་གསུང་གི་གསང་བ་སྙིང་པོའི་གཞུང་། །ཐུགས་འཛིན་གནང་བ་གསལ་དག་ཐོན་པ་ཡི། །རྗེ་ཡི་སྤྱན་སྔར་རྒྱུགས་འབུལ་མཛད་པ་ལ། །སྲིད་རིང་དར་དང་ཕྱག་དྲིལ་ཁྱད་འཕགས་བསྩལ། །དེ་ལས་ལྷོ་ཕྱོགས་གྲུབ་
པའི་དབེན་གནས་ནི། །བྱང་ཆུབ་གླིང་ཞེས་མཁའ་འགྲོའི་དོ་ར་དེར། །ཡབ་སྲས་གསུམ་འཁོར་དང་བཅས་རིམ་གྱིས་བཏེག །མགོན་ཁང་ཆེན་མོའི་གཏོར་གཞི་གསར་བརྗེ་དང་། །གཞིས་བྱེས་སྐྱ་སེར་མང་པོར་མཇལ་ཁ་དབང་། །སྔར་བཞིན་མཛད་ལ་དབྱུག་ཟླའི་ཚེས་གཅིག་ཉིན། །རང་དགོན་གནས་གཞིར་ཆིབས་བཏེག་དགོན་བཙུན་སྤྱིས། །རྒྱ་ཆེའི་ཞབས་ཏོག་བསྒྲུབས་ཤིང་ཁྱད་པར་དུ། །པདྨ་རྣམ་རྒྱལ་གྲགས་པས་འབུལ་ནོད་དང་། །བསྙེན་བཀུར་འཁོས་ཕེབས་དང་བ་ཆེན་པོས་བསྒྲུབས། །བརྒྱ་ཕྲག་གསུམ་གྱི་ཁྲོམ་པར་ཚེ་དབང་བསྩལ། །ཆིབས་ཁ་བསྐྱོད་ལ་སྒོ་གཞུང་ཐེལ་ཆད་ཕེབས། །དམར་ནག་འདུས་པའི་ཁྲོམ་ལ་ཚེ་དབང་དང་། །དེ་ལས་ཆོས་འབྱུང་དགེ་ཡེའི་ཆོས་གྲྭར་ཕེབས། །གསར་བཞེངས་རྟེན་ལ་ལྷག་གནས་མེ་ཏོག་འཐོར། །ཕྱི་ཉིན་བརྒྱ་ཕྲག་གསུམ་བརྒལ་འདུས་ཁྲོམ་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་བཀའ་བསྩལ། །དེ་ལས་མདོ་མཁར་ཕྱག་མཛོད་ཀྱིས་བསུས་ལ། །དབྱུག་ཟླའི་ཚེས་བརྒྱད་ཕུན་ཚོགས་དཔལ་འབྱོར་ཕེབས། །སྟོན་འཁོར་ཆབས་ཅིག་དོང་སྤྲུགས་གསུང་ཆོག་དང་། །གསར་རྙིང་རྟེན་ལ་རབ་གནས་ཆོ་ག་མཛད། །དགོན་པ་ས་སྦུག་ཕྱ་ཁྲོད་ཆོས་སྡེ་སྒང་། །མདོ་མཁར་རྫོང་དང་མཁར་ལྟག་ལྷ་ཁང་སོགས། །སྐོར་ཅིག་ཞབས་ཀྱིས་བཅགས་ནས་ཕྱག་ནས་འཐོར། །སླར་ཡང་ཕུན་ཚོགས་དཔལ་འབྱོར་ཀླུ་སྡིངས་སུ། །གུར་གཡབ་བཀོད་པས་མཛེས་པ་བསྟར་བྱས་པར། །སྟོང་ཕྲག་ཁྲོམ་དུ་ཚོགས་པའི་སྐྱེ་བོ་ལ། །འཆི་མེད་སྐྱབས་ཀྱི་དབང་གི་སྦྱིན་པ་བཀྱེ། །འབུལ་ནོད་བསྔོ་བྱང་དབྱར་སྤྲིན་ལྟ་བུར་ཐིབས། །གདོན་བགེགས་བསྲུང་དང་འདི་ཕྱིར་དགེ་བསྔོ་སོགས། །འཕྲལ་ཡུན་ཕན་དང་བདེ་བའི་ལམ་ལ་སྦྱར། །ཡོན་གྱི་བདག་པོར་གཏེར་གསར་ཚེ་དབང་དང་། །མྱོང་གྲོལ་སྨན་གྱི་ཕུར་མ་ལ་སོགས་པའི། །ཐུགས་ཀྱི་རེ་བ་ཇི་བཞིན་མཛད་པ་ལ། །ཟང་ཟིང་དངོས་པོའི་འབུལ་བ་རྒྱ་ཆེར་བསྟབས། །ཡོན་གྱི་བདག་པོས་ཆིབས་ཀྱི་སྐྱེལ་མ་བཅས། །རིམ་བཏེག་ལྷ་རལ་ཕུ་ཡི་ལྷ་ཁང་ལ། །མེ་ཏོག་འཐོར་ཞིང་གུང་གི་གསོལ་བ་མཛད། །གྲ་ཐང་མཁན་པོ་ཀུན་དགའ་མཁྱེན་བརྩེ་དང་། །མཇལ་འཕྲད་མཛད་ལ་ཆོས་བཟང་དགེ་ཡེར་ཕེབས། །དེ་
ལས་གནམ་མདོ་གྲི་གུ་སོགས་བརྒྱུད་ལ། །མཁས་གྲུབ་དུ་མས་བྱིན་གྱིས་བརླབས་པའི་གནས། །གཡོ་རུའི་གྲུབ་དབེན་དར་རྒྱས་ཆོས་གླིང་ཕེབས། །མགོན་ཁང་ཆེན་མོའི་གཏོར་གཞི་གསར་སྤོ་དང་། །དམར་ནག་འདུས་པའི་ཁྲོམ་ལ་དབང་བསྩལ་ནས། །ས་ཡི་འོག་མིན་སྨིན་གྲོལ་གླིང་དུ་ཕེབས། །ལོ་འདིར་རིན་ཆེན་དང་པོའི་ཞུན་མ་ཡི། །བི་མ་སྙིང་ཐིག་མཁའ་འགྲོ་སྙིང་ཐིག་སྟེ། །གླེག་བམ་གསུམ་དང་དངུལ་དཀར་ཞུན་མ་ཡི། །བླ་མ་ཡང་ཐིག་མཁའ་འགྲོ་ཡང་ཐིག་དང་། །ཟབ་མོ་ཡང་ཐིག་སོགས་ཏེ་ཁྱོན་པོད་བདུན། །ཨ་ཀ་རུ་དང་ཙནྡན་དམར་པོ་ལས། །བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་བརྒྱད། །བཟོ་བཀོད་ཕུན་སུམ་ཚོགས་པ་གསར་བཞེངས་རྣམས། །གེགས་མེད་གྲུབ་པར་སྨིན་དྲུག་ཟླ་བ་ཡི། །གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཚེས་ཉིད་ལ། །རྗེ་ཉིད་ཡབ་སྲས་ནང་འཁོར་བགྲེས་གྲྭ་ནས། །བླ་མ་རིག་འཛིན་ཀུན་འདུས་དཀྱིལ་འཁོར་དུ། །རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད། །སྐབས་འདིར་མི་རྗེ་དཱ་ལས་བཱ་དུར་ཉིད། །བསྟན་འགྲོའི་ཕན་བདེ་འཕྲོག་ལ་ཆེས་དཔའ་བ། །མདའ་ཅན་སྙིང་ཞུགས་འགའ་ཡིས་སྐྱོད་བྱས་པས། །ཡབ་རྗེའི་མཛད་པ་དག་ལས་ཕྱིར་ཕྱོགས་པར། །འཇམ་དབྱངས་གོང་མ་བདག་པོའི་དགོངས་ཚོམ་གྱིས། །བོད་བཞུགས་ཨམ་པ་གཉིས་ལ་བཀའ་ཕབ་ལྟར། །མཚོན་ཆའི་ལམ་ལས་ཕྱི་མའི་གཟིགས་མོ་རུ། །བཏང་བར་ལོག་སྨོན་དུས་སུ་བདོ་བ་ཡི། །དབང་གི་ཞམ་རིང་རྣམས་ནས་ཁྲོམ་ཁང་ཉིད། །མེ་ལ་སྦྱངས་ཤིང་ཨམ་པ་རྣམ་གཉིས་སོགས། །བེམ་རིག་བྲལ་ཏེ་ལྔ་པའི་ལམ་དུ་བཏང་། །དུས་ངན་རང་རྟགས་མངོན་སུམ་གསལ་བར་གྱུར། །དེ་ཚེ་སྙིང་པོའི་བསྟན་འཛིན་འགའ་ཞིག་ལ། །གྲུབ་མཐའི་ཕྱོགས་འཛིན་ཁ་གཅིག་གིས་གསོལ་ལྟར། །རྒྱལ་བའི་དབང་པོའི་དག་པའི་གཟིགས་མོ་རུ། །མ་གྱུར་ཤེས་བྱ་རྡུལ་ཙམ་མེད་གྱུར་ཀྱང་། །གཞན་ངོར་ཐུན་མོང་མཛད་པའི་རྣམ་ཐར་གྱིས། །མནན་གཏད་སྐོར་ལ་བཀའ་ཡི་དྲི་བ་ཕེབས། །གཡོ་ཁྲམ་ཟོག་རྫུན་རྣམ་པར་རྒྱང་བསྲིངས་ནས། །ཡིན་ལུགས་དྲང་པོའི་ལམ་ནས་སྤྲིངས་པ་ཡི། །སྙན་འབུལ་ཞུ་བར་རྗེ་དབོན་ཕྱག་མཛོད་ཉིད། །འཁོར་བཅས་རྒྱལ་ཁབ་ཆེན་པོར་རྫོང་བདའ་མཛད། །དེ་ཚེ་རྗེ་ཉིད་སྲས་མཆེད་
ནང་འཁོར་བཅས། །མ་ཉེས་ནམ་དེ་མཐའ་ནས་ལངས་པའི་ཕྱིར། །ཆོས་སྲུང་སྤྱི་དང་བྱེ་བྲག་རྣམས་ལ་ནི། །གསོལ་མཆོད་ཕྲིན་ལས་གཉེར་གཏོད་ལས་ལ་བརྩོན། །ཇི་ལྟར་སྤྲིན་གྱིས་བསྒྲིབས་པའི་ཉི་མ་དང་། །འདམ་གྱིས་གཡོགས་པའི་ཡིད་བཞིན་ནོར་བུ་ཉིད། །རིང་མིན་རང་གི་ཡོན་ཏན་མངོན་གྱུར་ལྟར། །ཕ་མཐའ་བྲལ་བ་ཆོས་དབྱིངས་ཟབ་མོའི་མཛོད། །རྣམ་པར་དག་པ་དྭངས་ཏེ་སྔར་བས་ཀྱང་། །ལྷག་པར་རྗེས་སུ་འཛིན་པའི་བཀའ་དྲིན་ནི། །སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་དཀའ་བ། །མཆོག་དམན་ཀུན་གྱི་མིག་ལམ་གྱུར་འདིའོ། །དེ་ལས་བདུན་གསུམ་ཞག་ཏུ་སྐུ་མཚམས་བཅད། །ལྷ་སྔགས་ཡེ་ཤེས་རོལ་པར་འབྱམས་སུ་ཀླས། །མགོན་ཁང་ཆེན་མོའི་གཏོར་བཞེངས་གསར་སྤོ་ལ། །ཡབ་སྲས་འདུས་པར་བཅས་པ་ཉུང་འདུས་ཀྱིས། །གསོལ་མཆོད་བསྐང་སྐུལ་ཕྲིན་ལས་རྒྱས་པར་མཛད། །རྒྱལ་ཟླའི་ཚེས་གསུམ་གཟའ་སྐར་དགེ་བའི་ཉིན། །རྒྱལ་བའི་ཡུམ་ཆེན་ཚེ་དབང་དཔལ་འཛོམས་ཀྱིས། །འདུས་པ་རྒྱ་མཚོ་བསྙེན་ཅིང་གུས་མཆོད་ནས། །རྗེ་ཉིད་ཞབས་པད་བརྟན་པའི་ཆོ་ག་བསྒྲུབས། །ལོ་མཇུག་དུས་རིམ་སྤྲོས་བཅས་ཕྱག་ལེན་དང་། །གནམ་གང་རྟེན་གཏོར་འབུལ་སོགས་རྒྱས་པར་མཛད། །སྐྱེས་བདག་ཅེས་པ་ལྕགས་མོ་ལུག་ལོ་ཡི། །གསར་ཚེས་དགྱེས་སྟོན་ལ་སོགས་སྔར་བཞིན་དང་། །དགུང་ལོ་ང་བརྒྱད་ཆུ་ཟླའི་དམར་ཕྱོགས་ལ། །དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། །འབྲེལ་བའི་ཡིག་བརྒྱའི་བཟླས་སྒོམ་ཆིག་སྒྲིལ་མཛད། །འབྲས་སྤུངས་དགེ་བཤེས་དྭགས་པོ་རབ་འབྱོར་སོགས། །གཞིས་བྱེས་སྐལ་བར་ལྡན་པ་མང་པོ་ལ། །ཚེ་གུར་དབང་དང་བྱད་འགྲོལ་ལས་སྦྱོར་དང་། །རྡོར་སེམས་ཁྲིད་བཀའ་གཞན་ཡང་རྒྱལ་སྲས་མཆེད། །བདག་ཅག་ཞམ་རིང་དུ་གྱུར་ཁ་ཤས་ལ། །ཀུན་མཁྱེན་ཆེན་པོའི་ངལ་གསོ་སྐོར་གསུམ་དང་། །མཛོད་བདུན་རྩ་འགྲེལ་བཅས་པའི་ཆོས་ལུང་དང་། །སྣྲོན་ཟླའི་སྤྲོས་བཅས་དུས་ཆེན་ཚེས་བཅུ་ཡི། །ཕྱག་ལེན་ཕྱི་ནང་དབང་སོགས་སྔར་བཞིན་མཛད། །གཞིས་བྱེས་གསོན་གཤིན་ཆེད་དུ་འདུས་པའི་སྡེར། །བསྙེན་བཀུར་ཞུ་བ་མང་པོའི་དགེ་བསྔོ་དང་། །
དབང་དང་སྟེང་འོག་གདོན་འགྲོལ་ཆོ་ག་སོགས། །གཞན་ཕན་ཕྲིན་ལས་བར་མེད་མཛད་པ་བསྐྱངས། །ཆུ་སྟོད་ཟླ་བའི་རྫོགས་པ་དང་པོའི་ཉིན། །རྒྱལ་སྲས་མཆོག་དེས་འདུས་པ་རྒྱ་མཚོ་དང་། །བསམ་རྩེ་འོལ་གླིང་གཉུག་མར་གནས་པ་སོགས། །བདུན་བརྒྱར་ཉེ་བའི་སྐལ་ལྡན་ཚོགས་པ་ལ། །མགོན་འདིའི་གསུང་གི་གསང་བས་བཅད་པ་བཞིན། །གཡའ་ལུང་གཏེར་བྱོན་ཚེ་ཡི་དབང་བསྐུར་མཛད། །ཡར་ངོའི་ཚེས་བཅུར་ཆོས་འབྱུང་ཟངས་ཀྱི་མཚོར། །གཉུག་མར་གནས་པ་སྒྲུབ་སྡེས་སྤྱན་དྲངས་ལྟར། །ཚེས་བཅུའི་ཆོ་ག་དང་འབྲེལ་གཏོར་དབང་དང་། །ཕྱི་ཉིན་བོད་འབྲོག་བདུན་བརྒྱའི་ཁྲོམ་པ་ལ། །ཕྱི་རོལ་ཆོས་ཁྲིའི་སྟེང་ནས་ཚེ་དབང་བསྩལ། །གདུལ་བྱར་གྱུར་པའི་ལས་ལྡན་འཁོར་ཚོགས་ལ། །གཞིས་བྱེས་དབང་བཀའ་མཛད་པའི་ཐོག་མའོ། །གྲོ་བཞིན་ཟླ་ནང་འཆི་མེད་དཔལ་སྟེར་གྱི། །བསྙེན་སྒྲུབ་ལེགས་མཛད་རྒྱལ་སྲས་ཐུ་བོ་ལ། །བརྒྱ་ཕྲག་ཚེ་ཡི་དབང་བསྐུར་ཁྲུམས་ཟླའི་མགོར། །དྲང་ཆབ་སྐུ་ཡི་འཕྲོད་བཞེས་ཞག་ཤས་གནང་། །ཡབ་སྲས་གསུམ་དང་ཞམ་རིང་བགྲེས་གྲྭ་བཅས། །བཅུ་ཕྲག་གཉིས་ཀྱིས་ཚེས་བཅུ་མཆོད་པ་ནི། །རྗེ་ཡི་ཕྱག་ནས་ཞབས་ཏོག་སྦྱར་གནང་བཞིན། །བླ་མ་དྲག་པོའི་སྒོ་ནས་རྒྱས་པར་མཛད། །དབྱུག་ཟླའི་ཚེས་བརྒྱད་མཁའ་སྤྱོད་བདེ་གླིང་དུ། །རྩ་གསུམ་ལྷ་ཡི་གཏོར་གཞི་གསར་འཛུགས་ཐོག །ཡབ་སྲས་ནང་འཁོར་བཅས་པས་གསོལ་མཆོད་དང་། །དྲག་པོའི་ཚེས་ལ་རྗེ་ཉིད་སྐུ་མཆེད་དང་། །དགེ་འདུན་རགས་བསྡུས་བཅས་པ་ཆབས་ཅིག་ཏུ། །རིམ་བཏེག་ར་ས་འཕྲུལ་སྣང་གཙུག་ལག་གི། ཉེ་འདབས་འབྲང་རྒྱས་ཤག་ཏུ་ཕྱག་ཕེབས་ལ། །ལྷ་མིའི་འདྲེན་པ་མཆོག་གི་འབྱོར་ཕྱག་དང་། །ཁྱད་པར་གྲུ་འཛིན་ཕོ་བྲང་མཆོག་ཉིད་ཀྱིས། གཟིམས་ཆུང་བཀའ་གདམས་འཁྱིལ་བར་གྲགས་པ་དེར། །མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲིར། །འཇིག་རྟེན་རྣམ་པར་འདྲེན་པ་གང་ཉིད་ཀྱི། །གསང་གསུམ་མཚན་དཔེའི་གཟི་བྱིན་རབ་འབར་བ། །ཉི་མ་བྱེ་བའི་དཔལ་གྱིས་མི་བཟོད་པ། །ལྷམ་མེ་ལྷན་ནེར་ཞབས་ཟུང་བསྟི་བ་ལ། །འཆི་མེད་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །ཚེ་ཡི་རྫས་ཀྱི་མངའ་དབུལ་རྟེན་འབྱུང་གི། རྒྱ་ཆེའི་འབུལ་བའི་རིམ་པ་སྤྱན་
སྔར་བསྟར། །དགྱེས་པའི་བཀའ་ཡི་བདུད་རྩིའི་དབུགས་དབྱུང་ཐོབ། །སྐབས་འདིར་མཆོག་དམན་བར་མའི་འགྲོ་བ་ལ། །མཇལ་ཕྱག་རྐྱེན་སེལ་བྱིན་རླབས་འདོད་སྦྱར་དང་། །སླར་ཡང་ཀུན་མཁྱེན་རྒྱལ་བའི་དབང་པོ་ཡི། །ཐོན་ཕྱག་ལ་ཕེབས་གསུང་གི་བདུད་རྩི་ནི། །སྙིང་ལ་སིམ་པའི་དབུགས་དབྱུང་བཀའ་དྲིན་དང་། །ཇ་སིག་གོས་དར་དངུལ་དཀར་བྲེ་ཆེན་སོགས། །རྨུགས་འཛིན་དབང་པོའི་གཏེར་སྒོ་ཕྱེ་འདྲ་བའི། །རྒྱ་ཆེ་བདོག་པའི་གསོལ་རས་བླ་མེད་བསྩལ། །བདག་གིར་མཛད་པའི་འཛིན་ཁོངས་གང་ཡིན་ལ། །བཀའ་བརྟགས་ཤེ་བམ་སླར་ཞུའི་སྙན་གསོལ་ལ། །རེ་འདོད་ཇི་བཞིན་ཡོང་བའི་བཀའ་ཡང་ཕེབས། །གསེར་གདུང་ཆེན་མོ་འཛམ་གླིང་རྒྱན་གཅིག་གིས། །མཚོན་པའི་གནས་རྟེན་རྣམས་ལ་མཆོད་འབུལ་དང་། །བསྟན་འགྲོར་ཕན་བདེ་སྤེལ་བའི་ཐུགས་སྨོན་བཅས། །ལྷ་ལྡན་གསེར་གྱི་རྒྱལ་ཁབ་ཆེན་པོར་བསྐྱོད། །མི་ཡི་དབང་པོ་འགྱུར་མེད་དབང་རྒྱལ་ནི། །སྟངས་དཔྱལ་གཉིས་ལ་སྨེ་བརྩེགས་བྱབས་ཁྲུས་དང་། །གཡུ་ཐོག་སྐྱེད་མོས་ཚལ་དུ་སྤྱན་དྲངས་ལྟར། །སྐོར་ཅིག་ཕེབས་ལ་མདའ་དཔོན་སྟངས་དཔྱལ་ལ། །ཚེ་གུར་དབང་མཛད་དེ་ལས་རྡོ་རིང་བསྐྱོད། །བཀའ་ཡི་དགུང་བློན་རྣམས་ཀྱི་གཙོ་བོ་ནི། །ཚངས་པའི་བློ་ལྡན་ནོ་ཡོན་པཎྜི་ཏ། །ཡུམ་ལྕམ་སྲས་བཅས་རྣམས་ཀྱིས་ཞབས་ནས་བཏེག །རོ་བདའི་ཞབས་ཏོག་རྒྱ་ཆེའི་འབུལ་བ་བསྟབས། །བཀའ་ཡི་བློན་ཆེན་མདོ་མཁར་ཞབས་དྲུང་བཅས། །ལུགས་བརྒྱར་གཟིགས་པ་ཡངས་པའི་རྣམ་དཔྱོད་ཅན། །ཡབ་ཡུམ་ལྕམ་དྲལ་དད་ལྡན་འདུས་པ་དེར། །ཚེ་གུར་དབང་དང་ལྷ་ཆེན་སྲོག་གཏད་བསྩལ། །ཁྱད་པར་ཡུམ་ཆེན་བསོད་ནམས་ལྷ་སྒྲོན་གྱིས། །རང་གི་ན་བཟའ་ཆ་ཚང་ཕུལ་བ་ལ། །ཟག་མེད་བསྔོ་བའི་རྗེས་འཛིན་བཀའ་དྲིན་བསྩལ། །ཇོ་ཤཱཀ་རྣམ་གཉིས་འཕགས་པ་བཅུ་གཅིག་ཞལ། །ཨོ་ཊི་ཡ་ནའི་སློབ་དཔོན་ལ་སོགས་པའི། །མཆོད་ཡུལ་དམ་པ་རྣམས་ལ་ཐུགས་སྨོན་དང་། །ས་ཡི་ཚངས་ཆེན་བསམ་འགྲུབ་ཕོ་བྲང་གུང་། །རྡོར་བྲག་རིག་འཛིན་མཆོག་གི་སྤྲུལ་སྐུ་བཅས། །སྐོར་ཅིག་མཇལ་ནས་ཆིབས་བཏེག་གསང་མདར་ཕེབས། །ནང་མི་རྣམས་ལ་ཚེ་གུར་དབང་མཛད་ནས། །སྐྱིད་ཤོད་དགོན་གསུམ་བླ་མ་ཆོས་དཔལ་གྱིས། །སྙེ་ཕུར་ནམ་
མཁའ་ལྷོ་མའི་ཁྱིམ་དུ་དྲངས། །ཅི་ཡོད་མཆོད་པའི་བྱ་བས་མཉེས་པར་བྱས། །དད་འདུས་སྐྱ་སེར་བརྒྱ་ཕྲག་གཉིས་བརྒལ་བར། །ཚེ་ཡི་དབང་མཛད་ལུམ་པའི་གྲུ་བརྒྱུད་ལ། །ས་ཡི་འོག་མིན་ཡོངས་འདུའི་ཆོས་གྲྭ་ཆེ། །ངེས་དོན་དགའ་ཚལ་ཨ་ཏིའི་གླིང་དུ་ཕེབས། །ཕྱོགས་འདུས་མཇལ་ཞུ་མང་པོའི་རེ་སྐོང་ནས། །སྨིན་དྲུག་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །རྫོགས་ཆེན་གྲྭ་རིགས་ཉི་ཤུར་དགེ་བསྙེན་དང་། །བཅོ་ལྔའི་གྲངས་ལ་སྐྱབས་འགྲོའི་སྡོམ་པ་བསྩལ། །ལྡུམ་པོ་ཆོས་མཛད་ཕུན་ཚོགས་མཆེད་གཉིས་ནས། །དད་པའི་བསམ་སྦྱོར་རི་མོ་གཅིག་མཐུན་པའི། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །དེ་ལས་མགོ་ཟླའི་སྒང་བར་ཕྱི་མཚམས་ཁོག །ལྷ་སྔགས་ཡེ་ཤེས་རོལ་པར་འབྱམས་སུ་ཀླས། །རྒྱལ་སྲས་སྐུ་མཆེད་དགེ་སློང་འཕེལ་རྒྱས་དང་། །བདག་ཅག་ཞམ་རིང་དུ་གྱུར་ཁ་ཤས་ལ། །དོལ་པོའི་རི་ཆོས་ངེས་དོན་རྒྱ་མཚོ་དང་། །ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་དང་། །རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་དང་། །རྒྱལ་སྲས་ཞི་བ་ལྷ་ཡི་སྤྱོད་འཇུག་བཅས། །ཟབ་ལུང་བདུད་རྩིའི་རང་བཞིན་ངོམ་མེད་བསྩལ། །གཞིས་བྱེས་གཤིན་གསོན་མང་པོའི་དགེ་བསྔོ་དང་། །བཀའ་བསྒོ་བྱིན་རླབས་བྱད་གདོན་འགྲོལ་ཆོག་སོགས། །གཞན་ཕན་འཕྲིན་ལས་བར་མེད་སྐྱོང་བ་དང་། །རྒྱལ་ཟླའི་དུས་རིམ་སྔར་བཞིན་ཚུགས་པ་ལ། །གདབ་ཁ་རྒྱས་པའི་སློབ་དཔོན་རྗེ་ཉིད་དང་། །རྒྱལ་སྲས་ཐུ་བོ་དུས་དགྲའི་དབང་པོའི་སྐུར། །བཞེངས་ལ་ཟོར་འཆམས་དམངས་ཀྱི་གྲས་སུ་ཕེབས། །མེ་གཏོར་པྲ་རྟགས་ལེགས་ཤིང་གནམ་གང་གི། རྟེན་གཏོར་འབུལ་བའི་རིམ་པའང་རྒྱས་པར་མཛད། །དེ་འདས་ཨང་ཀི་ར་ཞེས་ཆུ་སྤྲེལ་ལོ། །དགུང་ལོ་ང་དགུའི་སྟེང་ཕེབས་གསར་ཚེས་ཀྱི། །དགྱེས་སྟོན་སྔ་ཕྱིར་དགེ་བའི་བཤེས་རྣམས་ཀྱིས། །ལུང་རིགས་མན་ངག་འབྲེལ་བའི་མཆོད་འབུལ་དང་། །མགོན་ཁང་སྦུབ་ཀྱི་དུས་གསོལ་སྔར་བཞིན་མཛད། །གྲུབ་པའི་དབང་ཕྱུག་འགྱུར་མེད་ཀློང་གྲོལ་ནས། །དད་པས་ཀུན་བསླངས་གཟིམས་ཆུང་ཞབས་བརྟན་ཕུལ། །དེ་ལས་བདུན་ཕྲག་གསུམ་དུ་སྐུ་མཚམས་བཅད། །སྤྲོས་མེད་ཉམས་བཞེས་དག་ལ་ཆིག་སྒྲིལ་དང་། །ལྡུམ་ཆོས་འགྱུར་མེད་རྣམ་རྒྱལ་
མཆོག་གྲུབ་ཉིད། །གཤེགས་པའི་དགེ་བསྔོ་ལྡུམ་པོར་ཡིད་བཞིན་ལགས། །གཤེགས་པའི་འདད་ཀྱི་གྲལ་དབུར་ཆིབས་ཁ་བསྐྱོད། །སླར་ཡང་རང་གནས་མདོ་ཁམས་རྫོགས་ཆེན་པའི། །བླ་མཆན་དཔོན་སློབ་བདུན་སོགས་བྱེས་འགའ་དང་། །ཞམ་རིང་བསམ་འཕེལ་ཕུན་གླིང་གྲུབ་པ་ལ། །ཐང་སྟོང་ཚེ་དབང་ཆོས་རྫོང་དཔོན་སློབ་ལ། །འབྲས་བུའི་སྒྲུབ་སྡེར་གཏེར་གསར་ཚེ་དབང་བསྩལ། །ས་གའི་སྒྲུབ་མཆོད་ཆེན་མོ་སྔར་བཞིན་དང་། །བླ་བྲང་ཕྱོགས་ཀྱི་ཕྱག་མཛོད་གཡང་ཁང་དུ། །གཡང་འགུགས་ཆོས་སྐྱོང་རྣམས་ལ་གསོལ་མཆོད་མཛད། །ཡིབ་ཕྱི་བླ་མ་དགེ་སྦྱོང་རིག་འཛིན་སོགས། །མི་རྟག་ལམ་གྱུར་འགའ་ཡི་དགེ་བསྔོ་དང་། །སྣྲོན་ཟླའི་ཚེས་དགུར་རྗེ་བཙུན་བླ་མ་ཡི། །འབུལ་ཡོན་ཞབས་ཏོག་སྤྱི་རྫས་སྦྱོར་འཇགས་སོགས། །སྟོན་འཁོར་མ་ལུས་མཉེས་པར་མཛད་པ་ལ། །གསང་འདུས་བླ་མའི་ཆོ་ག་རྒྱས་པ་དང་། །ཕྱི་ཉིན་ཚེས་བཅུའི་སྤྲོས་བཅས་དབང་ཆེན་ནི། །རྒྱལ་བའི་སྲས་མཆོག་ཐུ་བོར་གྱུར་པས་གནང་། །གོང་མའི་གསུང་གི་བདུད་རྩི་མྱང་བ་པོ། །གྲུབ་པའི་དབང་ཕྱུག་ཀུན་བཟང་ཀློང་གྲོལ་ལས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི། །གསུང་ལས་སྤྱི་དོན་ལེགས་བཤད་རྒྱ་མཚོ་དང་། །ཤིང་རྟ་ཆེན་པོ་འགྱུར་མེད་རྒྱ་མཚོའི་གསུང་། །ཐུགས་རྗེ་ཆེན་པོའི་དབང་གི་རྣམ་ངེས་དང་། །གཏེར་སྟོན་གྲྭ་པའི་ཞང་བློན་སྒྲུབ་སྐོར་གྱི། །ལུང་རྣམས་ཡབ་སྲས་གསུམ་ཀས་ལྷན་ཅིག་གསན། །ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཉིད་ལ། །ཆོས་རྫོང་བླ་མ་རྣམ་རྒྱལ་གྲགས་པ་ཡི། །སྟོན་འཁོར་ཚང་མ་འབྲས་བུར་སྤྱན་དྲངས་པའི། །རྒྱ་ཆེའི་འབུལ་ནོད་ཞབས་ཏོག་བསྒྲུབས་པ་ལ། །དགེ་རྩ་བླ་མེད་རྒྱུ་རུ་བསྔོ་བསྒྱུར་མཛད། །སྐབས་འདིར་སྔ་སོར་སྙན་གསོལ་གནང་དོན་ལྟར། །གཏན་ཚིགས་ཤེ་བམ་ཆེན་མོ་ཕྱག་ཏུ་འབྱོར། །འབྲུག་པ་ཀུན་དགའ་དམ་ཆོས་རྣམ་རྒྱལ་ལ། །སངས་རྒྱས་གསང་བའི་རྣམ་འཇོམས་རྗེས་གནང་དང་། །གཏེར་གསར་མ་ཧཱ་དེ་ཝའི་སྲོག་གཏད་སོགས། །དད་ཅན་མང་པོར་ཆོས་སྦྱིན་ཅི་རིགས་མཛད། །ཆོས་ཀྱི་སྤྱན་ལྡན་རྗེ་བཙུན་བླ་མ་ལས། །ཤ་འུག་ཚེ་ཡི་དབང་བཀའ་བརྒྱ་ཕྲག་གསན། །གྲོ་བཞིན་ཟླ་བའི་ཚེས་གཉིས་སྐུ་མཆོད་ལ། །རང་གནས་གཙུག་ལག་ཁང་
རྣམས་ཕན་ཚུན་གྱི། །ལྷ་ཁང་རྣམས་ལ་མཆོད་འབུལ་སྙན་ཤལ་བཀླུབས། །བསྟན་འགྲོའི་བདེ་ཐབས་ཐུགས་སྨོན་ཡང་དག་མཛད། །ཀླུ་ཆུ་གྲབ་ཆེན་རབ་བརྟན་དབང་པོ་དང་། །མེས་སྲོང་རྗེ་དྲུང་རང་གྲྭ་འགའ་ལ་སོགས། །དོན་གཉེར་མང་པོར་དབང་དང་རྗེས་གནང་དང་། །ཟབ་ལུང་མན་ངག་བདུད་རྩིས་རེ་འདོད་བསྐངས། །ལྗོངས་རྒྱུ་དང་བསྟུན་ཆབ་ཀྱི་དགྱེས་སྟོན་དང་། །གསང་བ་སྔགས་ཀྱི་ཕོ་བྲང་ཆེན་པོ་ཡི། །བཀོད་ལེགས་གཟིམས་ཆུང་བདེ་ཆེན་ཡང་རྩེ་རུ། །སྐུ་གསུང་ཐུགས་རྟེན་མང་པོ་གསར་བསྒྲིགས་ནས། །ཡབ་སྲས་ནང་འཁོར་བཅས་པ་སུམ་ཅུ་ནས། །གཏེར་གསར་རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །རབ་ཏུ་གནས་པའི་ཆོ་གས་མེ་ཏོག་འཐོར། །ཕྱི་ཉིན་ཆོས་སྲུང་རྣམས་ལ་ཕྲིན་བཅོལ་མཛད། །བདུན་ཕྲག་གཅིག་རིང་སྐུ་མཚམས་དམ་བཅད་ནས། །དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། །འབྲེལ་བའི་ཡིག་བརྒྱའི་བཟླས་པར་ཆིག་སྒྲིལ་དང་། །བྱང་ཕྱོགས་འགྲོ་སྐྱོང་བླ་མ་ཕན་བདེ་ཡི། །རྟ་ནོར་མར་ཚའི་བརྒྱ་འབུལ་བསྟབས་པ་ལ། །འབྲེལ་བར་བཅས་པ་རྗེས་འཛིན་བསྔོ་འདེབས་གནང་། །དཔྱིད་འབྲིང་རྒྱལ་ཟླའི་གཟའ་སྐར་དམིགས་བསལ་ཉིན། །ས་ཡི་ཚངས་པ་ནོ་ཡོན་པཎྜི་ཏ། །སྲས་བཅས་ཞལ་ངོ་ཀུན་གྱི་ན་བཟའ་ལ། །རིག་སྔགས་བྱད་ལས་འགྲོལ་བའི་ལས་སྦྱོར་མཛད། །རུ་རྙིང་བླ་མ་གཉེར་པ་རོགས་བཅས་དང་། །ཡིབ་ཕྱི་བླ་མ་སོགས་ཏེ་བཅུ་ཕྲག་བཞིར། །ཐང་སྟོང་ཚེ་དབང་མདོ་ཁམས་རྫོགས་ཆེན་པའི། །བླ་མཆན་ཀུན་བཟང་རྣམ་རྒྱལ་དཔོན་འཁོར་ལ། །གུ་དྲག་དབང་དང་གཞན་ཡང་དད་ལྡན་འགར། །རྐྱེན་སེལ་དབང་གི་རིམ་པ་ཅི་རིགས་ནས། །ལོ་མཇུག་དུས་རིམ་ཆེན་མོར་སྟང་ཆགས་ཕེབས། །རྟེན་འབུལ་བར་གྱི་སྤྲོས་བཅས་ཇ ི་བཞིན་མཛད། །དེ་འདས་དཔལ་གདོང་ཞེས་པ་ཆུ་མོ་བྱ། །དགུང་ལོ་དྲུག་ཅུའི་སྟེང་ཕེབས་དགྱེས་སྟོན་སོགས། །སྔར་བཞིན་མཛད་ལ་ལུང་རྟོགས་ལེགས་གྲུབ་ནས། །འདུས་སྡེར་བསྙེན་བཀུར་ཞུས་པའི་དགེ་བསྔོ་དང་། །ལྡུམ་པོའི་གཞིས་བསྐྱོད་གསར་བཞེངས་རྟེན་རྣམས་ལ། །སྟོན་འཁོར་ཆབས་ཅིག་ལྷག་གནས་ཆོ་ག་མཛད། །དབོ་ཟླའི་སྒྲུབ་མཆོད་སྔར་བཞིན་ཚུགས་པ་
ལ། །ཚེས་གཉིས་དུས་ཆེན་མཁན་ཆེན་བླ་མས་མཆོད། །སྐབས་འདིར་སྡེ་སྟོད་བླ་གཉེར་གྲྭ་བཅས་ནས། །བརྒྱ་འབུལ་བགྱིས་པར་བསྔོ་བའི་མཚམས་སྦྱོར་དང་། །མཁན་ཆེན་བླ་མ་ཞམ་རིང་རྣམ་མཁྱེན་དང་། །ཧོར་བླ་རྩེ་ཆེན་བསྟན་འཛིན་འཛིན་ལྡན་དང་། །མཆོད་བཟོ་ཐར་གླིང་བསྟན་པ་སོ་སོ་ནས། །དད་པས་ཉེར་བསླངས་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །རྒྱལ་བའི་སྲས་མཆེད་བདག་ཅག་དད་འདུས་འགར། །འཇམ་དཀར་མ་ཏི་ལུགས་ཀྱི་རྗེས་གནང་དང་། །འབྲས་བུའི་སྒོམ་གྲྭར་ཆོས་རྫོང་བླ་མ་ཉིད། །གཤེགས་པར་གསལ་འདེབས་ངོ་སྤྲོད་སྤུར་ཞུགས་སྦྱངས། །དགོངས་རྫོགས་ཆེན་མོའི་ཡོན་བསྔོ་ཀུན་ལ་ཕེབས། །དཔལ་ལྡན་མ་ཕམ་སྡེ་དགེའི་ཁྲི་པ་ཉིད། །གཤེགས་པའི་མཆོད་བསྔོ་རྟེན་འབྱོར་བསྔོ་བསྒྱུར་དང་། །རྒྱལ་སྲས་གཅེན་གྱིས་སྐར་རྩིས་ཟུང་སྦྱོར་གྱི། །རི་ཐུ་འབྲིང་པོ་ལུགས་ལྟར་འབུལ་གནང་ལ། །དགྱེས་བརྟས་མགུལ་པ་མཛེས་པའི་ལྷ་རེག་བཀླུབས། །སྔ་འགྱུར་བཀའ་མའི་ཆོག་མང་སྒྲུབ་མཆོད་ཚུགས། །སྐབས་འདིར་སིབ་བུའམ་བེ་གེར་གྲགས་པ་ཡིས། །ཕྱོགས་འདིར་ཡོངས་སུ་གང་བས་རྐྱེན་བགྱིས་ཏེ། །རྒྱལ་སྲས་ཐུ་བོར་བཞེས་ཚུལ་བསྟན་པར་ཡང་། །སྨེེ་བརྩེགས་བྱབས་ཁྲུས་མཛད་པས་རིང་མིན་དྭངས། །དགེ་སྦྱོང་མཐའ་ཡས་དགེ་སློང་གྲགས་པ་སོགས། །ཕྱི་ནང་ལྔ་ལམ་ཐེགས་པ་མང་པོ་ཡི། །གསལ་འདེབས་ངོ་སྤྲོད་འདས་བསྔོའི་རྗེས་འཛིན་དང་། །སྤྲེལ་ཟླའི་དཀར་ཕྱོགས་རྗེ་བཙུན་བླ་མ་ལས། །ཡབ་སྲས་ལྷན་ཅིག་ཚེ་དབང་བརྒྱ་ཕྲག་དང་། །གུ་རུ་དྲག་པོའི་སྐུ་གསུང་ཐུགས་དབང་གསན། །རིགས་སྲས་ཆུང་བ་གཅུང་ཉིད་སིབ་བུ་ཡིས། །ཅུང་ཟད་སྐུ་ཁམས་སྙུང་བའི་ཚུལ་ཉིད་ལ། །རྣམ་འཇོམས་བྱབས་ཁྲུས་ཚེ་གུར་དབང་བསྩལ་བས། །འགྱངས་མིན་ཟླ་བ་སྤྲིན་ལས་གྲོལ་བཞིན་གྱུར། །སངས་རྒྱས་གཉིས་པ་ཨོ་རྒྱན་མཁན་པོ་ཡི། །དུས་མཆོད་སྤྲོས་བཅས་ཕྱི་ནང་དབང་ལ་སོགས། །འགྲོ་མང་མཐོང་ཐོས་དྲན་རེག་གྱུར་པ་ཡི། །རྒྱལ་བའི་རྨད་བྱུང་མཛད་པ་མཁའ་ལ་བརྡལ། །དྲང་སྲོང་དམོད་པས་བསྒྱུར་བའི་བདུད་རྩིའི་ཆབ། །བདུན་ཕྲག་ཞག་ཏུ་སྐུ་ལ་བསྟེན་པ་དང་། །ལྷོ་ནང་བཀྲ་ཤིས་ཆོས་གླིང་དགོན་ཉིད་དུ། །པད་གླིང་ཐུགས་སྲས་མཆོག་གི་སྤྲུལ་སྐུ་ཉིད། །
ཐ་མའི་གཟིམས་ཁྲིར་མནལ་བའི་ཚུལ་བསྟན་པར། །ཡབ་སྲས་སོ་སོར་མཆོད་བསྔོ་རྟེན་རྒྱས་པ། །རིག་འཛིན་འདུས་སྡེར་མངའ་གྱེད་བཅས་འབྱོར་བར། །ས་ལམ་བར་ཆད་ཀུན་ཞི་བསྟན་འགྲོའི་ཆེད། །རིང་མིན་གསལ་དྭངས་འཁྲུལ་བྲལ་སྤྲུལ་པའི་སྐུ། །འབྱུང་བའི་མཆོད་འབུལ་གསོལ་འདེབས་སྨོན་ལམ་མཛད། །མདོ་ཁམས་རྫོགས་ཆེན་གྲྭ་རིགས་མང་པོ་དང་། །རྗེ་ཡི་སྐུ་ཚ་སྨིན་གྲུབ་སྡེ་པ་སྲས། །བདག་ཅག་ཆེད་དུ་དོན་གཉེར་མང་པོ་ལ། །དབང་དང་རྗེས་གནང་བསྲུང་བའི་བྱིན་རླབས་སོགས། །སོ་སོའི་འདོད་པ་དང་སྦྱར་སྐྱོ་མེད་མཛད། །ཉང་པོ་ཀུན་ལྷར་གྲགས་པས་བསྐུལ་བ་ལྟར། །རྗེ་ཡི་སྐུ་ཡི་འགལ་རྐྱེན་སེལ་ཕྱིར་དུ། །རྗེ་བཙུན་བླ་མས་བགྲེས་གྲྭའི་ཆོག་རོགས་བཅས། །མཁའ་འགྲོའི་བསུན་མ་བཟློག་པའི་ཆོ་ག་དང་། །རྗེས་འབྲེལ་འཚོ་ཞིང་གཞེས་པའི་བརྟན་བཞུགས་ཕུལ། །དབྱུག་ཟླའི་སྨད་ནས་མགོ་ཟླའི་སྟོད་ཀྱི་བར། །སྐུ་མཚམས་ལ་བཞུགས་དཔལ་ཆེན་བཀའ་བརྒྱད་ཀྱི། །ལྷ་སྔགས་ཡེ་ཤེས་རོལ་པར་འབྱམས་སུ་ཀླས། །རྒྱལ་སྲས་ཐུ་བོར་གྱུར་པ་གང་གིས་ཀྱང་། །ཞག་ནི་སུམ་ཅུ་ཕྲག་ཏུ་རྩེ་གཅིག་གིས། །རིག་འཛིན་བླ་མ་བསྙེན་པར་མཛད་པ་ལ། །གེགས་མེད་ཕྱག་རྩེར་སོན་པའི་རྟེན་འབྱུང་དང་། །ཞལ་ངོ་སྐུ་འཁོར་ཀུན་གྱིས་ལྷ་རེག་ཕུལ། །གཟིམ་ཆུང་ངོ་མཚར་ཀུན་གཟིགས་སྦུབ་ཉིད་དུ། །རིགས་སྲས་གཅུང་གིས་གཏོར་གཞི་གསར་འཛུགས་ཉིད། །མཛད་པར་ཡབ་སྲས་ནང་འཁོར་བཅས་པ་ཡིས། །གསོལ་མཆོད་གཡར་དམ་གཉན་པོ་གཉེར་དུ་གཏད། །སྐུ་ཡི་ཚ་རི་ཚེ་བརྟན་སྐྱིད་འཛོམ་དང་། །མཁན་ཆེན་བླ་མའི་མདོ་ཡི་ཇ་ལེན་པ། །བཅུ་ཕྲག་གཅིག་དང་ཕྱེད་ཀྱི་འཁོར་ཚོགས་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་ཆེན་བསྩལ། །ངེས་གསང་སྟོན་མཆོག་མི་འགྱུར་དཔལ་གྱི་སྒྲོན། །རིག་གྲོལ་སྟོབས་མངའ་འཕགས་ཚོགས་འདུས་པའི་སྡེ། །རྒྱལ་ཀུན་སྐྱེད་མ་ཚེ་དབང་དཔལ་འཛོམ་བཅས། །ཡོན་གྱི་བདག་པོ་ཁྱད་འཕགས་རྣམ་གསུམ་གྱིས། །རྟེན་གསུམ་མི་ཤིགས་ཕྱག་རྒྱའི་རེ་ཁ་བཅས། །རྟེན་འབྱུང་དངོས་པོའི་འབུལ་ནོད་བསྟར་བྱས་ནས། །འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བའི། །གསུམ་ལྡན་འདུས་པ་རྒྱ་མཚོར་བསྙེན་བཀུར་ཏེ། །འཆི་མེད་
ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །ཞབས་པད་ཡུན་བརྟན་གསོལ་འདེབས་སོ་སོས་བསྒྲུབས། །རྒྱལ་ཟླ་རྒྱལ་ཕུར་འཕྲོད་པའི་ཚེ་ཉིད་ལ། །བཀའ་ཡི་སྣ་ཆེན་ནོ་ཡོན་པཎྜི་ཏ། །སྟངས་དཔྱལ་སྲས་དང་བཅས་པས་ན་བཟའ་ལ། །རིག་སྔགས་བྱད་ལས་འགྲོལ་བའི་ལས་སྦྱོར་དང་། །མདོ་སྨད་ཡུལ་གྱི་ས་ཆ་འབའ་ཞེས་ནས། །མཁར་ཤིང་བླ་མ་དཔོན་གཡོག་ཉེར་མངགས་ཏེ། །གསེར་དངུལ་གོས་དར་ཇ་སིག་མང་པོ་ཡི། །འབུལ་ནོད་འདུས་པ་རྒྱ་ཇའི་སྐྱེམས་འགྱེད་བཅས། །དགྱེས་པར་འཁོར་གསུམ་དམིགས་མེད་བསྔོ་བསྒྱུར་མཛད། །ཚེ་གུར་དབང་དང་ནང་རྟེན་མཇལ་ཁ་དང་། །དགོངས་འདུས་ཁྲིད་ཆེན་བཞི་ཡི་ཤར་ཁྲིད་བཅས། །དབང་ལུང་གདམས་པའི་བདུད་རྩིས་ཡིད་ཁེངས་མཛད། །འཇམ་དཔལ་དུས་དགྲའི་དབང་པོའི་སྐུར་བཞེངས་པའི། །དུས་རིམ་ཆེན་མོ་སྤྲོས་བཅས་ཇི་བཞིན་དུ། །གནམ་གང་རྟེན་གཏོར་འབུལ་བའི་ཕྲ་རྟགས་ནི། །ཅུང་ཟད་ངན་པའི་རྣམ་པ་བྱུང་ཞེས་གསུངས། །དངོས་པོ་ཞེས་པ་ཤིང་ཁྱི་རེ་གཅིག་གི། དགུང་སྐེག་སྟེང་ཕེབས་དགྱེས་སྟོན་སྔར་བཞིན་དང་། །རྗེ་དབོན་ཕྱག་མཛོད་གློ་བུར་སྙུན་བཞེས་ལ། །རྗེ་བཙུན་བླ་མས་ཚེ་དབང་བརྒྱ་ཕྲག་དང་། །རྗེ་འདིས་གུར་དབང་བཀའ་བསྒོ་སོགས་མཛད་ཀྱང་། །རྗེ་ཡི་དགུང་སྐེག་འཚུབ་ལྷོངས་ཆེ་བའི་སྟབས། །མཆུ་ཟླའི་དཀར་ཕྱོགས་དགའ་བ་གཉིས་པའི་སྲོད། །གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཐིམ། །དེ་ཚེ་སྐྱབས་མཆོག་ཟུང་གིས་གསལ་འདེབས་དང་། །རྗེ་འདིས་ཞག་གསུམ་ཆོ་ག་ངོ་སྤྲོད་སོགས། །སྐུ་སྤུར་ཞུགས་སུ་སྦྱོང་བའི་ཆོ་ག་ནི། །མི་འགྱུར་དཔལ་གྱི་སྒྲོན་མ་ཉིད་ཀྱིས་སོ། །འཇིག་རྟེན་རྣམ་པར་འདྲེན་པ་ཉིད་ཀྱིས་གཙོས། །མཆོད་ཡུལ་དམ་པ་རྣམས་ལ་མཆོད་བསྔོ་རྟེན། །ཕྱི་ནང་གྲ་ཡི་དགོན་སྡེ་ཆེ་ཕྲ་ཀུན། །རང་གནས་སྤྱན་དྲངས་རྙེད་དང་བཀུར་བསྟིས་མཆོད། །གྲྭ་གསར་རྣམས་ལ་རྣལ་འབྱོར་རྒྱུན་དབང་དང་། །དམར་ཕྱོགས་བཀའ་བརྒྱད་སྒྲུབ་པ་ཆེན་པོ་ཚུགས། །དབོ་ཟླའི་བཅུ་གཅིག་སྐུ་འདད་དངོས་གཞི་ལ། །རང་དགོན་མ་ལག་མ་ལུས་མཆོད་པ་དང་། །ལྷ་འབངས་རྣམས་ལ་སྦྱིན་པའི་སྒོ་འཕར་ཕྱེད། །དེ་ལྟར་བགྱིས་དང་བགྱི་འགྱུར་དགེ་བ་ཀུན། །རྣམ་ཀུན་དོན་ཡོད་བསྔོ་བའི་མཚམས་སྦྱོར་བསྩལ། །
སྐབས་འདིར་རྒྱལ་བའི་སྲས་མཆོག་མཆེད་གསུམ་གྱིས། །འདུས་པ་རྒྱ་མཚོར་ཞབས་ཏོག་ཉིན་ཐུབ་དང་། །རྟེན་འབྱུང་དངོས་པོ་རྒྱ་ཆེའི་འབུལ་བ་བཅས། །བརྒྱ་ཕྲག་བསྐལ་པར་འཚོ་ཞིང་གཞེས་པ་དང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་སྐོར་བསྐུལ་བའི། །གསོལ་འདེབས་ཞབས་བརྟན་ཆེན་མོ་སྒྲུབ་པར་མཛད། །རིགས་སྲས་མཆེད་གསུམ་དགེ་སློང་འཕེལ་རྒྱས་དང་། །སྤོ་བོ་རྦ་ཁ་བླ་མ་ལ་སོགས་པ། །ཟབ་གསུང་མྱང་བའི་སྐལ་ལྡན་ཉི་ཤུ་ལ། །དྲི་མེད་རྣམ་པ་གཉིས་ཀྱི་བཀའ་དབང་དང་། །གཟིམས་ཆུང་དབང་ཁང་བཀྲ་ཤིས་སྣང་བའི་ཤོད། ཚེས་བཅུ་མཆོད་པའི་གསུང་ཆོག་རིམ་པར་གནང་། །ལུག་ཟླའི་ནང་དུ་གར་དབང་ཚེ་ཡི་ལྷའི། །སྒྲུབ་པ་གནད་ཐེམས་མཛད་ལ་རྫས་དེ་ཡིས། །རྒྱལ་སྲས་མཆེད་ལ་དགུང་གྲངས་ཡུམ་སྲས་གཉིས། །བདག་ཅག་ནང་འཁོར་འདུས་པ་ཁ་ཤས་ལ། །ཚེ་ཡི་དབང་ཞབས་མྱང་པའི་བཀའ་དྲིན་བསྩལ། །སྣྲོན་ཟླར་ཨོ་ཊི་ཡ་ནའི་སློབ་དཔོན་དེའི། །མཆོད་པའི་སྤྲོས་བཅས་སྔར་བཞིན་མཛད་པ་ལ། །རིགས་སྲས་གཅུང་གིས་ལུས་ངག་འགྱུར་བའི་གར། །གླུ་ཡི་མཆོད་པ་དཔའ་མོའི་ཡང་རྩེ་དང་། །མུ་སྟེགས་དམ་སྲི་འདུལ་བར་ཉེར་དགོངས་ལ། །དཔལ་ཆེན་སེང་གེའི་ངར་སྒྲ་སྒྲོག་པ་དེའི། །སྤྲུལ་བའི་ཆས་ཞུགས་འཆམས་སྟོབས་འགྱིང་མཛད་པར། །དགྱེས་པ་བརྟས་པས་ལྷ་ཡི་རེག་བྱ་བསྩལ། །ལྔ་སྟོང་ཁྲོམ་ལ་དབང་གི་སྦྱིན་པ་ནི། །རྒྱལ་སྲས་ཐུ་བོར་གྱུར་པ་དེ་ཡིས་སོ། །དབྱར་མཐའི་ནང་དུ་སྙུང་གནས་བླ་མ་ཉིད། །ཀུན་གྱི་ལམ་ཆེན་གཤེགས་པར་སྤྱན་དྲངས་ལྟར། །འབྲས་པའི་གྲུ་བརྒྱུད་གློ་དགོན་ཤར་དུ་བསྐྱོད། །ངོ་སྤྲོད་གདམས་པ་བཏབ་ལ་དེའི་ཕྱི་ཉིན། །སྐུ་སྤུར་ཞུགས་ལ་འབུལ་བའི་ཆོ་ག་མཛད། །དེ་ལས་རང་གནས་ཆིབས་བསྐྱོད་འབྲས་ལྗོངས་ནས། །རྫོགས་ཆེན་སྤྲུལ་སྐུ་མཆེད་འཁོར་ཕེབས་པ་ལ། །ཕེབས་བསུའི་ཞབས་ཏོག་ལྷོད་ཆགས་མཇལ་ཁ་གནང་། །གསུམ་ལྡན་འདུས་པའི་ལྗོངས་རྒྱུ་དང་བསྟུན་ལ། །དྲང་ཆབ་སྐུ་ལ་བཞེས་པའི་དགྱེས་སྟོན་མཛད། །རང་ཞབས་བཟོ་བོ་སྐྱ་སེར་ཉུང་འདུས་ཀྱི། །རྗེ་དབོན་ཕྱག་མཛོད་དམ་པ་གང་དེ་ཡི། །ཕྱི་རྟེན་དངུལ་གདུང་བཟོ་བཀོད་ཁྱད་འཕགས་བཅས། །གེགས་མེད་བཞེད་གྲུབ་གནོད་སྦྱིན་འཁོར་ལོ་ནས། །
རིམ་པར་གཟུངས་འབུལ་མ་ལུས་ཕྱག་བསྟར་དང་། །རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ལ། །ཡབ་སྲས་གསུམ་དང་དགེ་འདུན་བཅོ་ལྔ་བས། །གཏེར་གསར་བླ་མ་ཞི་བའི་དཀྱིལ་འཁོར་དུ། །ལྷག་གནས་ཆོ་གས་དགེ་ཤིས་སྒྲུབ་པར་མཛད། །གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་འཆང་། །ཀུན་མཁྱེན་རྒྱལ་བའི་དབང་པོ་བདུན་པ་ཉིད། །ཆོས་གྲྭ་ཆེན་པོ་ཆོས་འཁོར་རྒྱལ་ཉིད་དུ། །ཆིབས་ཀྱི་ཁ་ལོ་བསྒྱུར་བའི་ཚུལ་གསན་པར། །ཡབ་སྲས་གསུམ་དང་འདུས་པ་ལྔ་བཅུ་བཅས། །མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། །ཟན་ཡངས་ཆོས་འཁོར་དཔལ་གྱི་བསམ་ཡས་བསྐྱོད། །དེ་ལས་རྗེ་ཉིད་ཉུང་བསྡུས་འཁོར་བཅས་ཀྱིས། །ཆིབས་བསུར་ཕེབས་པར་རྡོ་མདར་བཞུགས་སྒར་དུ། །གསེར་ཞལ་མཇལ་བར་དཀར་སྤྲོའི་གསོལ་རས་དང་། །དགྱེས་པའི་གསུང་གི་བདུད་རྩིའི་བསྒོ་སྐལ་བསྩལ། །བཀོད་ལེགས་ཡངས་པའི་ཕོ་བྲང་ཚོམས་ཆེན་དུ། །འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེ་སྟེ། །ཚེ་ཡི་རྫས་ཀྱི་མངའ་དབུལ་རྟེན་འབྱུང་གི། ཟང་ཟིང་དངོས་པོའི་འབུལ་ནོད་བསྟར་བ་ལ། །དགྱེས་པའི་ཞལ་དང་སྤྱན་གྱིས་གཟིགས་པ་གཡོ། །དེ་འབྲེལ་རིགས་ཀྱི་སྲས་མཆོག་ཐ་ཆུང་གི། མཐིང་སྔོན་དབུ་སྐྲའི་གཙུག་ཕུད་འབུལ་གནང་ལ། །ཚུལ་བཞིན་བཞེས་ལ་གསུང་གི་གསང་བ་ཡི། །ཀུན་བཟང་འགྱུར་མེད་དབང་ཕྱུག་རྒྱ་མཚོ་ཞེས། །མཚན་དུ་གསོལ་ལ་ཤིས་པའི་མེ་ཏོག་དོར། །དེ་ལས་པེ་དཀར་ལྕོག་ཏུ་ཆིབས་བསྒྱུར་བར། །ཞབས་ཕྱིར་འབྲངས་ཏེ་གནོད་སྦྱིན་ཆེན་པོ་ཉིད། །སྐྱེས་བུའི་ཁོག་ཏུ་བརླབས་པར་སྙན་དར་བསྟར། །སྤྱི་དང་བྱེ་བྲག་ཕྲིན་ལས་གཉེར་ཁ་མཛད། །ཞབས་སྟེགས་ཁྲི་ལས་ཧར་གྱི་བཞེངས་ནས་ནི། །རིག་འཛིན་ཆེན་པོའི་བཀའ་བཞིན་སྒྲུབ་པོ་ཞེས། །མི་ཤིགས་རྡོ་རྗེའི་བསྲུང་བའི་མདུད་པ་དང་། །སྲིད་རིང་ལྷ་ཡི་དར་གྱིས་མགུལ་པ་བཀླུབས། །དེ་ལས་བཞུགས་གནས་རྡོ་ཟམ་ཁྱིམ་ཉིད་དུ། །མཆོག་དམན་མང་པོར་རྐྱེན་སེལ་མཇལ་ཁ་དང་། །ཕྱི་ཉིན་ཐོན་ཕྱག་གནང་བར་རྗེ་ཉིད་དང་། །རྒྱལ་སྲས་སྐུ་མཆེད་སོ་སོར་ན་བཟས་མཚོན། །ཇ་སིག་གོས་དར་དངུལ་དཀར་བྲེ་ཆེན་སོགས། །རྒྱ་ཆེ་སྤམ་མཐོའི་གསོལ་རས་བླ་ལྷག་དང་། །གསུང་གི་གསང་བའི་བདུད་རྩིས་དབུགས་
དབྱུང་མཛད། །བསམ་ཡས་ཕུའི་བར་ཆིབས་ཀྱི་སྐྱེལ་མར་ཕེབས། །ལྗོན་འདབ་ཕུར་མའི་ཡང་རྩེར་འཁོར་ལོ་དྲུག །ཀོ་ཤུན་འཁྱུད་རྒྱས་བཅིངས་པའི་གསོལ་རས་བསྩལ། །ཕྱིར་ཕེབས་དད་ལྡན་རྩིས་དཔོན་ཕུན་ཚོགས་དང་། །ཡོངས་བཞེས་རྒྱལ་རྩེ་རྣམ་དཀར་ནས་གཉིས་ལ། །ཚེ་སྲིང་དབང་གི་སྦྱིན་པས་ཚིམ་པར་མཛད། །རྒྱལ་སྲས་མཆེད་བཅས་གཡའ་ལུང་གནས་གཟིགས་བསྐྱོད། །ཉམས་ཆག་སྐོང་ཕྱིར་བརྒྱ་ཕྲག་ཚོགས་མཆོད་མཛད། །ཕྱིར་ཕེབས་ཡབ་སྲས་འཁོར་དང་བཅས་པ་ཡིས། །གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུར་བསྐྱོད། །རྒྱ་ཆེའི་མཆོད་འབུལ་ཚོགས་ཀྱི་འཁོར་ལོ་བསྐོར། །རྒྱལ་སྲས་འཁོར་པ་འགའ་ཡི་ཟེ་བསྐོར་ཐེགས། །གནས་རྟེན་ཀུན་དང་དབེན་རྩ་ལྷ་ཁང་དང་། །ཕྱིར་ལམ་དབུ་ཚལ་ལ་སོགས་ཞིབ་མཇལ་དང་། །བཅོ་ལྔའི་ཚེས་ལ་དབུ་རྩེའི་གནས་གཟིགས་ནས། །བར་ཁང་བརྒྱ་ཕྲག་ཚོགས་ཀྱི་མཆོད་པ་མཛད། །ཕྱི་ཉིན་བྱང་ཆུབ་ཆེན་པོའི་སྐུ་མདུན་དུ། །མཆོད་པ་རྣམ་ལྔ་བརྒྱ་ཕྲག་སྙན་ཤལ་གྱིས། །ལེགས་བཀླུབས་མཆོད་འབུལ་ཐུགས་སྨོན་རྒྱས་པ་དང་། །དེ་ཞོར་གླིང་བཞི་གླིང་ཕྲན་ལ་སོགས་པའི། །གནས་རྟེན་མ་ལུས་མཇལ་ལ་ཐུགས་སྨོན་མཛད། །རང་གནས་ཕྱིར་ཕེབས་འདུས་པ་རྒྱ་མཚོ་ནས། །དགེ་སྦྱོང་འོད་ཟེར་སྤུན་གྱིས་ཡོན་སྦྱར་ལྟར། །ཞབས་པད་ཡུན་དུ་བརྟན་པའི་ཆོ་ག་མཛད། །རྒྱལ་སྲས་སྐྱེད་ཡུམ་ཚེ་དབང་དཔལ་འཛོམ་ནས། །མར་ངོའི་ཚེས་བཅུར་གཙང་པོ་རྒྱུ་སྦྱར་ལྟར། །ཡབ་སྲས་ནང་འཁོར་བཅས་པས་གཏེར་བྱོན་གྱི། །སྐུ་ཚབ་རྣམས་དང་གཏེར་ཆེན་ཐུགས་སོགས་མདུན། །ཟབ་ལམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བརྒྱ་ཕྲག་བསྐོར་བར་མཛད། །དེ་ནས་སྒ་འདྲར་ཆབ་ཀྱི་འཕྲོད་བཞེས་བསྐྱོད། །སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན། །སྤྲང་བཙུན་ཁོ་བོས་ཞབས་ཏོག་སྦྱངས་པ་ལྟར། །ཡབ་སྲས་ནང་འཁོར་བཅས་པས་གུར་དྲག་གི། ཚེས་བཅུའི་ཆོ་ག་མཛད་པའི་སྐལ་བཟང་ཐོབ། །དཔྱིད་ར་སྟག་ཟླར་སྤྲོས་མེད་ཉམས་བཞེས་ཆེད། །སྐུ་མཚམས་ལ་བཞུགས་དེ་ལས་ཡབ་སྲས་གསུམ། །བགྲེས་གྲྭ་ནང་འཁོར་བཅས་པ་ཉེར་ལྔ་ནས། །འཆར་ཅན་ཁྲོ་བོ་རོལ་བའི་གཏོར་བཟློག་བཙུགས། །འཕང་བའི་ལས་ལ་རྒྱལ་
སྲས་མཆོག་དེས་སྦྱར། །གཞན་ཡང་གཤིན་དང་གསོན་གྱི་བྱ་བ་ཡི། །གཞན་ཕན་ཕྲིན་ལས་བར་མེད་ཁོ་ན་ལ། །སྐྱོ་དང་དུབ་པ་མེད་པའི་རྣམ་ཐར་བསྐྱངས། །ལོ་མཇུག་དུས་རིམ་ཚོགས་དབུར་བསྟར་ཆགས་དང་། །ཉེར་དགུའི་འཕང་བ་རིགས་སྲས་ཐུ་བོས་མཛད། །དེ་འདས་ན་ཚོད་ལྡན་ཞེས་ཤིང་ཕག་ལོ། །དགུང་ལོ་རེ་གཉིས་སྟེང་ཕེབས་གསར་ཚེས་དེའི། །རྟེན་འབྱུང་དགྱེས་སྟོན་དུས་གསོལ་སྔར་བཞིན་དང་། །དགེ་སློང་དཔལ་ལྡན་དྭགས་པོ་བླ་མ་སོགས། །དོན་གཉེར་འགའ་ལ་དབང་ཁྲིད་འདོད་སྦྱར་དང་། །ཆོ་འཕྲུལ་ཟླ་བའི་བཅོ་ལྔའི་ཚེས་ཉིད་ལ། །ཡབ་སྲས་གསུམ་དང་འདུས་པ་རྒྱ་མཚོ་བཅས། །རྗེ་དབོན་གཅུང་གི་ཕྱི་རྟེན་དངུལ་གདུང་ལ། །ཟབ་ལམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །ལྷག་གནས་སྔོན་འགྲོའི་རབ་གནས་མེ་ཏོག་འཐོར། །བསྙེན་བཀུར་གཟབ་རྒྱས་རྒྱ་ཆེའི་རབ་ཡོན་རྣམས། །བླ་མེད་བྱང་ཆེན་ས་དེར་བསྔོ་བསྒྱུར་བསྩལ། །འབྲས་ཕུར་གླུ་ཆུང་རབ་བརྟན་དབང་པོ་ཉིད། །འཆི་བ་དོན་དམ་བདེན་པ་ལ་ཕྱོགས་པར། །གསལ་འདེབས་ངོ་སྤྲོད་གཉིས་གར་ཞབས་བསྐྱོད་དང་། །དབོ་ཟླའི་སྒྲུབ་ཆེན་སྔར་བཞིན་ཚུགས་པ་ལ། །རྗེ་དབོན་གཅུང་གི་ལོ་དུས་དགོངས་རྫོགས་སུ། །འདུས་པ་རྒྱ་མཚོར་མཁན་ཆེན་བླ་མ་ཡི། །བསྙེན་བཀུར་རྗེ་འདིར་བརྒྱ་ཆའི་འབུལ་བ་བསྟབས། །དེ་དག་བསྔོ་བས་ཟིན་པའི་བཀའ་དྲིན་དང་། །སྟོན་འཁོར་ཡོངས་ལ་ཞབས་ཏོག་སྤྱི་རྫས་སོགས། །རྒྱ་ཆེར་བསྒྲུབས་པའི་དགེ་བའི་རྩ་བ་རྣམས། །རྣམ་མཁྱེན་རྒྱ་མཚོ་ཆེན་པོར་བསྲེ་བར་མཛད། །དབོ་ཟླའི་དཀར་ཕྱོགས་རྗེ་བཙུན་བླ་མ་ཡི། །ཡབ་སྲས་གཉིས་སུ་ཚེ་དབང་བརྒྱ་ཕྲག་དང་། །རིགས་སྲས་ཆུང་བར་དགུང་གྲངས་འབུལ་བར་མཛད། །རྗེ་ཡིས་རྒྱུ་སྦྱོར་མཛད་ལྟར་དབང་ཁང་དུ། །ཡབ་སྲས་ནང་འཁོར་རྣམས་ཀྱིས་ཚེས་བཅུ་མཆོད། །དམར་སྟོན་བླ་མ་བསྟན་འཛིན་བཟང་པོ་ཡིས། །རྒྱ་ཆེའི་འབུལ་ནོད་གཟབ་རྒྱས་བསྙེན་བཀུར་བཅས། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །པད་གླིང་ལྔ་པ་གསུང་སྤྲུལ་རིན་པོ་ཆེ། །སྐོར་ཅིག་མཇལ་ཁར་ཕེབས་པར་ལྷོད་ཆགས་ཀྱི། །མཇལ་འཛོམས་འཁོས་སུ་ཕེབས་པའི་ཞབས་ཏོག་དང་། །ལུགས་གཉིས་དང་འབྲེལ་འཇུག་ལྡོག་བསླབ་སྟོན་
བསྩལ། །བྱང་འདྲེན་བསམ་གཏན་མི་རྟག་ལམ་གྱུར་པར། །གསལ་འདེབས་ངོ་སྤྲོད་འདད་བསྔོའི་རྗེས་འཛིན་དང་། །རྣམ་གྲོལ་ཡང་རྩེར་རྒྱལ་སྲས་གཅེན་ཉིད་ཀྱིས། །རྒྱུ་སྦྱོར་མཛད་བཞིན་ཚེས་བཅུའི་གསུང་ཆོག་གནང་། །སྐབས་འདེར་སྐུ་གྲིབ་ལྟ་བུའི་སྙུན་བཞེས་ལ། །རྗེ་བཙུན་བླ་མས་མཁའ་འགྲོ་གྲིབ་སེལ་དང་། །སྨེ་བརྩེགས་བྱབས་ཁྲུས་གསུམ་ལྡན་འདུས་སྡེ་ནས། །ཆོས་སྲུང་སྤྱི་བསྐང་བསྙེན་སོང་བརྒྱད་གྲྭ་ཡིས། །མཁའ་འགྲོའི་མེ་མཆོད་ཞི་སྲེག་ཚོགས་བརྒྱ་དང་། །དོང་སྤྲུགས་སྐོང་བཤགས་སོགས་ཏེ་ཉིན་འབྲེལ་མར། །མཛད་པས་རིམ་པར་བདེ་དྭངས་ཉིད་དུ་གྱུར། །རྫོགས་སྤྲུལ་སྐུ་མཆེད་ནུ་མ་གྲུབ་ཐོབ་དང་། །ར་སྟོན་སྐུ་སྐྱེ་སོགས་ཏེ་དད་ལྡན་འགར། །གཡུ་ཐོག་སྙིང་ཐིག་རྩ་དབང་དོན་དབང་དང་། །ཚེ་དབང་སྨན་གྱི་ལྷ་མོའི་རྗེས་གནང་དང་། །དྲང་སྲོང་སེར་སྐྱའི་རིག་གཏད་དེའི་སྟེང་དུ། །རྒྱལ་བའི་སྲས་མཆོག་མཆེད་གཉིས་དང་བཅས་པར། །དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་བཀའ་དབང་དང་། །དེ་སྟེང་རྗེ་བཙུན་བླ་མ་དཔོན་གཡོག་བཅས། །སྐལ་བར་ལྡན་པ་བཅུ་ཕྲག་གསུམ་ཙམ་ལ། །ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །དབང་བཀའ་ཆ་ཚང་བར་དོ་བཞིའི་ཤར་ཁྲིད། །ཆོས་དབང་བླ་མ་གསང་འདུས་རྩ་དབང་དང་། །གཞན་ཡང་གཞིས་བྱེས་དོན་གཉེར་ཁག་མང་པོར། །དབང་དང་ལུང་ཁྲིད་རྐྱེན་སེལ་མང་པོ་མཛད། །ས་ཟླའི་ཚེས་བཅུར་ངོ་མཚར་ཀུན་གཟིགས་སུ། །རིགས་སྲས་གཅུང་གིས་རྒྱུ་སྦྱོར་མཛད་པ་བཞིན། །གཏེར་གསར་བླ་མ་དྲག་པོའི་གསུང་ཆོག་གི། རྗེས་འབྲེལ་དེར་འདུས་རྣམས་ལ་གཏོར་དབང་བསྩལ། །སྐབས་འདིར་ཞམ་རིང་འགྱུར་མེད་ཆོས་དབང་ཉིད། །བྲོ་འཚལ་གྱུར་པར་ཚེ་གུར་དབང་ཉིད་དང་། །འཆི་བ་བསླུ་བ་ལོ་གྲངས་ཉིན་ཁ་ཡར། །མཛད་རུང་ལྡོག་ཏུ་མེད་པའི་ནད་བབས་ཀྱིས། །ལྔ་ལམ་གྱུར་པར་གསལ་འདེབས་ངོ་སྤྲོད་དང་། །ཞག་གསུམ་ཚིགས་ཐོག་མ་ཡང་འདས་པ་ལ། །གསལ་འདེབས་གཉིས་ཀའི་འདད་བསྔོས་རྗེས་སུ་བཟུང་། །རྗེ་འདིའི་སྐུ་རིམ་གཞན་དུ་བབས་པ་བཞིན། །དམར་ཕྱོགས་བཟང་པོ་གཉིས་པའི་སྲོད་འཁོར་དུས། །ཞམ་རིང་བསམ་འཕེལ་སྐུ་མདུན་གནས་བཞིན་པར། །གློ་བུར་གནམ་ནད་ལྕི་བས་ཐེབས་གྱུར་པར། །དེ་
འཕྲལ་བྱིན་རླབས་བསྲུང་བ་ཟབ་མོ་དང་། །རིམ་པར་ཚེ་གུར་དབང་དང་བྱབས་ཁྲུས་དང་། །ཐུན་མིན་གཟའ་དབང་རྟ་མགྲིན་གསང་སྒྲུབ་དབང་། །ཉིན་ལྟར་འཆི་བསླུ་ལོ་གྲངས་རྗེ་ཉིད་དང་། །འདུལ་འཛིན་དགེ་སྦྱོང་འཕེལ་རྒྱས་རོགས་བཅས་ནས། །དམིགས་བསལ་ཟབ་བཅོས་བགྱིད་དུ་བསྩལ་བ་ལ། །དྲག་པོའི་ནད་ལས་གཞི་མེད་གྲོལ་བར་གྱུར། །བདེ་ཆེན་གླིང་དུ་ཞབས་པད་བསྐྱོད་མཛད་ནས། །གུར་དབང་རྟ་མགྲིན་གསང་སྒྲུབ་བྱིན་རླབས་གསན། །སྤྲེལ་ཟླའི་ཚེས་བཅུའི་སྤྲོས་བཅས་སྔར་བཞིན་དང་། །ཚེ་ཡི་དབང་ཆེན་རྒྱལ་སྲས་གཅེན་གྱིས་བསྩལ། །རིགས་སྲས་སྐུ་མཆེད་སོག་ཕུའི་ཚེས་བཅུ་བར། །པདྨ་གླིང་པའི་བླ་མའི་ལས་བྱང་ནི། །ནོར་བུ་པདྨའི་ལྗོན་ཤིང་ལུང་ཡང་བསྩལ། །བསམ་ཡས་ཆོས་སྐྱོང་ཆེན་པོའི་ལུང་ཕེབས་བཞིན། །འདུས་སྡེས་བཀའ་བརྒྱད་སྒོ་ནས་ཚོགས་བརྒྱ་དང་། །ཆོས་སྲུང་སྤྱི་བསྐང་བསམ་པ་ལྷུན་གྲུབ་མ། །བར་ཆད་ལམ་སེལ་ཤེས་རབ་སྙིང་པོ་བཅས། །ཉིན་སྦྲེལ་མཛད་པར་ཡོན་གྱི་དངོས་པོ་གནང་། །སྐབས་འདིར་གྲང་གསེར་རྫིབ་བྱུག་ཚལ་བཅད་ཀྱིས། །འཇམ་དཔལ་དབྱངས་ཀྱི་ཐང་སྐུ་དྲུག་ཚར་དང་། །ཡབ་རྗེ་དམ་པའི་པར་སྐུ་ཁ་ཤས་ནི། །ཕྱག་བསྟར་འདེབས་མཛད་ལྷག་གནས་མེ་ཏོག་འཐོར། །དེ་ལས་ཐུགས་གཡེང་མཚམས་བཤོལ་ཟླ་ཤས་བར། །གཏེར་གསར་རྡོ་རྗེ་སེམས་དཔའི་བཟླས་སྒོམ་ལ། །རྩེ་གཅིག་བཞུགས་ལ་དེ་གྲོལ་རྒྱལ་བའི་སྲས། །ཐུ་བོ་གང་དེར་ཚེ་གུར་དབང་ཉིད་དང་། །གཞན་ཡང་རྫོགས་སྤྲུལ་སྐུ་མཆེད་འཁོར་བཅས་དང་། །ནུ་མ་གྲུབ་ཐོབ་ལྷ་རྩེ་གྲུབ་ཆེན་སོགས། །སྐལ་བར་ལྡན་པ་བཅུ་ཕྲག་ཕྱེད་གཉིས་ལ། །གཡུ་ཐོག་སྙིང་ཐིག་སྨན་གྱི་རྒྱུད་བཞིའི་པོད། །ལུང་ཕྲན་ཁ་ཡར་བཅས་པ་དགྱེས་བཞིན་བསྩལ། །སྤྱི་སྒོས་བསྟན་སྲིད་ལ་རྒྱར་ཆེད་དམིགས་ཀྱིས། །ཞིང་སྐྱོང་མ་མོ་གཟའ་མཆོག་བརྟན་མ་ཡི། །མདོས་སྐོང་བགྲེས་གྲྭ་བསྙེན་སོང་བརྒྱད་ཀྱིས་དང་། །བཞི་གྲས་སྐུ་ཚེའི་སྒྲུབ་པའང་སྨིན་པར་མཛད། །ཁྲུམས་ཟླ་ཤར་མཚམས་ཆབ་ཀྱི་དགྱེས་སྟོན་དང་། །མདོ་སྨད་སྡེ་དགེ་རླུང་རྟ་གྲྭ་ཚང་ནས། །མཁན་པོ་དཔོན་གཡོག་གསེར་ཞལ་མཇལ་བར་ལྷགས། །རེ་འདོད་ཇི་བཞིན་བཀའ་ལུང་ཐོར་བུ་དང་། །སྔགས་མདུད་མྱོང་གྲོལ་མོན་གྱི་དངོས་པོ་
སོགས། །ཉེར་མཁོའི་རྫོང་བ་བཀའ་ཡི་འཇུག་ལྡོག་བསྩལ། །དད་སྟོབས་མངའ་བ་མདོ་མཁར་ཕྱག་མཛོད་ཉིད། །སྐུ་ནར་སོན་ལ་སྙུན་གྱིས་བཏབ་གྱུར་པ། །སྐབས་འདིར་སྤྱན་འདྲེན་བྱ་མ་རྟ་མངགས་ལྟར། །དབྱུག་ཟླའི་དཀར་ཕྱོགས་ལྷོ་ཕྱོགས་མདོ་མཁར་ཕེབས། །མཆོད་ཡོན་ཞལ་འཛོམས་ཕན་ཚུན་དགྱེས་པ་ཆེ། །རིམ་གྲོར་ན་རག་དོང་སྤྲུགས་གསུང་ཆོག་གནང་། །བསྲུབས་དབར་ཀོང་པོ་ཐང་འབྲོག་སྐུ་སྐྱེ་ལ། །ཞིག་གླིང་དམག་བཟློག་ཉེར་ལྔའི་ཆོས་སྐོར་དང་། །ཀི་ཀཾ་ནག་པོའི་ཆོག་ཁྲིགས་སོག་བཟློག་པས། །མཛད་པའི་བཀླགས་ལུང་དེ་སྟེང་འཕྱོངས་རྒྱས་པ། །སྒོམ་ཆེན་ཡོན་ཏན་གྲུབ་ཆེན་བསྟན་འཛིན་སོགས། །དད་ལྡན་འགའ་ལ་དམག་བཟློག་རྒྱལ་ཆེན་བཞིའི། །སྲོག་གཏད་ཡང་དག་སྙིང་པོའི་ལས་བྱང་དང་། །བསྙེན་ཡིག་བཅས་པའི་ལྗགས་ལུང་ལེགས་པར་བསྩལ། །དུས་ངན་སྐལ་བས་གསན་འཕྲོར་ལུས་པ་ཡི། །གནོད་སྦྱིན་དམར་ནག་སྒྲུབ་སྐོར་ལས་འབྲེལ་དང་། །རཏྣ་གླིང་པའི་གཏེར་མའི་ལུང་རྣམས་ནི། །ཐང་འབྲོག་སྐུ་སྐྱེ་ཉིད་ལ་གསན་པ་མཛད། །མི་ཡི་དབང་ཕྱུག་མདོ་མཁར་ཕྱག་མཛོད་ལ། །རིམ་པར་གཏེར་གསར་རྡོར་སེམས་གར་ཚེའི་དབང་། །འདོད་འཇོའི་ནང་བཞིན་སྔགས་སྲུང་གཙོ་རྐྱང་དང་། །ཡང་སྙིང་ཀུན་འདུས་དབང་སོགས་ཐུགས་བཞེད་བསྐངས། །ཕྱོགས་དེར་བརྒྱད་བརྒྱར་ཉེ་བའི་ཁྲོམ་པ་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་སྦྱིན་བཀྱེ། །ས་ཡི་ཐིག་ལེ་མདོ་མཁར་རྫོང་དུ་ཕེབས། །གཉེར་པ་རྣམས་ཀྱིས་བསྟི་སྟང་དུ་མས་མཆོད། །གསར་བཞེངས་བྱམས་ཁང་རྟེན་ལ་མེ་ཏོག་འཐོར། །སླར་ཡང་ཕུན་ཚོགས་དཔལ་འབྱོར་གཞིས་སུ་ཕེབས། །ཡོན་གྱི་བདག་པོ་རེ་ཞིག་སྙུན་དྭངས་པས། །སྐུ་རྟེན་ལི་སྐུ་ལྔ་དང་གསུང་རྟེན་དུ། །རྗེ་དྲུང་བཞད་པ་རྡོ་རྗེའི་གསུང་པོད་བརྒྱད། །ནོར་ལུག་བསྡོམས་པ་བརྒྱད་བརྒྱར་ཉེ་བ་བཅས། །ཟང་ཟིང་དངོས་པོའི་འབུལ་བ་གཏོས་ཆེ་ཕུལ། །བྱང་ཆུབ་མ་ཐོབ་བར་དུ་རྗེས་འཛིན་གསོལ། །དེ་བཞིན་ཞལ་གྱིས་བཞེས་དང་མགུལ་ག་ནས། །དེ་བཞིན་གཤེགས་པའི་འཕེལ་གདུང་ལྔ་ཕྲག་བསྩལ། །མདོ་མཁར་རྫོང་ནས་ཆིབས་ཀྱི་སྐྱེལ་མ་བཅས། །ཆོས་གྲྭ་ཆེན་པོ་དགེ་ཡེ་དགོན་དུ་ཕེབས། །བརྒྱ་ཕྲག་བཞི་ཡི་ཁྲོམ་ལ་
ཚེ་དབང་བསྩལ། །བསྔོ་བྱང་བདོག་དགུའི་འབུལ་བ་སྤྲིན་ལྟར་གཏིབས། །དེ་དག་བསྔོ་བས་ཟིན་པའི་མཚམས་སྦྱོར་བསྩལ། །དེ་ལས་ཐེལ་ཆད་འོག་པའི་ཁྱིམ་པར་ཕེབས། །རྣམ་འཇོམས་བྱབས་ཁྲུས་གུ་དྲག་དབང་ཉིད་དང་། །དམར་ནག་འདུས་པའི་ཁྲོམ་ལ་ཚེ་དབང་བཀྱེ། །ཡོན་གྱི་བདག་པོ་རྒན་གཞོན་སོ་སོའི་ཁྱིམ། །མེ་ཏོག་འཐོར་ལ་ལྷོ་ཕྱོགས་སྤྲིན་གྱི་གསེབ། །གྲུབ་པའི་གནས་དགོན་བྱང་ཆུབ་གླིང་དུ་ཕེབས། །དམར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ཉིད་ལ། །མི་དབང་ཕྱག་མཛོད་དོན་གྲུབ་ཚེ་དབང་ཉིད། །མི་རྟག་ལམ་གྱུར་ཕོ་ཉ་འབྱོར་བ་ལྟར། །སླར་ཡང་འཁོར་བཅས་ཕུན་ཚོགས་དཔལ་འབྱོར་བསྐྱོད། །དེ་ཉིན་བདུན་ཕྲག་དང་པོའི་ཕྱེད་དང་འགྲིག །དཔལ་ལྡན་རྡོ་རྗེ་སེམས་པའི་དཀྱིལ་འཁོར་དུ། །མཚན་བྱང་བཞུ་དང་ངོ་སྤྲོད་གསལ་འདེབས་ཀྱི། །གདམས་པ་ཟབ་མོས་རྗེས་སུ་བཟུང་བར་མཛད། །སྟོན་འཁོར་ཀུན་གྱིས་ཉིན་བཞིའི་བར་ཉིད་དུ། །ན་རཀ་དོང་སྤྲུགས་ཆོ་ག་དང་འབྲེལ་བར། །གནས་ལུང་ཆོ་ག་ཟབ་མོ་རྒྱས་པར་བསྩལ། །ཉེར་དྲུག་བཛྲ་ས་ཏྭའི་དཀྱིལ་འཁོར་དུ། །སྐུ་སྤུར་ཞུགས་སུ་འབུལ་དང་རུས་ཆོག་སོགས། །ཐ་མའི་བྱ་བ་སྦྱོར་དངོས་རྗེས་གཙང་གི། ཚད་མེད་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་། །དེ་ལས་གྲུབ་དབེན་སྤྲིན་གྱི་ཚལ་དུ་ཕེབས། །རྗེ་ཡི་བཀས་སྤྱད་སྤྱན་འདྲེན་མངགས་པ་ལྟར། །རྒྱལ་སྲས་མཆེད་འཁོར་ཀུན་ཀྱང་གནས་དེར་ཕེབས། །མགོན་ཁང་ཆེན་པོའི་གཏོར་བཞེངས་གསར་བཙུགས་ནས། །གསོལ་མཆོད་རྒྱས་པས་ཕྲིན་ལས་གཉེར་དུ་གཏད། །འདུས་པ་དམར་ནག་ཁྲོམ་དུ་འཁྱིལ་བ་ལ། །ཚེ་སྲིང་དབང་གི་སྦྱིན་པས་རེ་བསྐངས་ནས། །རང་དགོན་གནས་གཞིའི་ཆོས་གྲྭ་ཆེན་པོར་ཕེབས། །དད་འདུས་སྐྱ་སེར་མང་པོར་རྐྱེན་སེལ་གྱི། །དབང་དང་བྱིན་རླབས་གདོན་བགེགས་བསྲུང་བ་དང་། །ཁྱད་པར་བརྒྱ་ཕྲག་བདུན་གྱི་ཁྲོམ་པ་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་སྦྱིན་བཀྱེ། །འབྲེལ་ཚད་དོན་དང་ལྡན་པའི་བཀའ་དྲིན་བསྩལ། །དེ་ལས་སྨྲ་བོ་ལྕོག་པའི་གཞིས་སུ་ཕེབས། །ཞབས་དྲུང་ཡབ་སྲས་གྲི་རྫོང་མེར་མོ་ནས། །གྲུབ་ཆེན་འོད་གསལ་ཀློང་ཡངས་བཅས་པ་ལ། །རིག་སྔགས་བྱད་ལས་འགྲོལ་བའི་ལས་སྦྱོར་དང་། །དེ་སྟེང་ཡུམ་དང་ཇོ་མོ་
འབུམ་ཐང་ནས། །ལ་སོགས་སྐལ་ལྡན་བཅུ་ཕྲག་ཕྱེད་གསུམ་ལ། །གཏེར་གསར་ཚེ་ཡི་དབང་བཀའ་སྨིན་པར་བསྩལ། །རིམ་བཏེག་གྲི་གུ་མཛོད་པས་དང་བས་བསུས། །ཞལ་ངོ་རྣམས་ལ་ཚེ་གུར་དབང་མཛད་ནས། །གངས་ཅན་བོད་ཀྱི་དཔལ་རི་པདྨ་འོད། །ཡོངས་འདུའི་ཆོས་གྲྭ་སྨིན་གྲོལ་གླིང་དུ་ཕེབས། །གྲུབ་པའི་དབང་ཕྱུག་འགྱུར་མེད་རྣམ་གྲོལ་ནས། །ཞབས་པད་ཡུན་བརྟན་གཟིམས་ཆུང་བརྟན་བཞུགས་དང་། །མཆོད་བཟོའི་ཞམ་རིང་བྱ་རོག་ཆོས་སྐྱོང་ནས། །ཡོད་དགུ་རྩལ་སྤྲུགས་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །མདོ་ཁམས་རང་དགོན་གོ་འཇོ་མཁོ་ཆེན་ནས། །བླ་མ་དགེ་སློང་ཁྱབ་བདག་གིས་མངགས་པའི། །འདུས་པ་རྒྱ་མཚོར་ཇ་སྐྱེམས་ཇ་འགྱེད་དང་། །རྗེ་འདིར་ཇ་སིག་དྲེའུའི་འབུལ་བ་བསྟབས། །འབྲེལ་བར་བཅས་པ་རྗེས་འཛིན་བསྔོ་བ་བསྩལ། །མགོ་ཟླའི་ནང་དུ་བྱང་ཕྱོགས་ཤ་ཟན་ཡུལ། །འགྲོ་ཕན་སྐྱོང་བ་བླ་མ་ཕན་བདེ་ཡིས། །རྟ་ནོར་མཛོ་གཡག་མར་གྱི་བརྒྱ་འབུལ་བསྟར། །དགེ་སྦྱོང་བཀྲ་ཤིས་མིག་གཞི་ལེགས་པ་ནས། །འདུས་སྡེར་ཚོགས་སྟོན་ཞུས་པའི་དགེ་རྩ་རྣམས། །སོ་སོར་ཟག་མེད་བསྔོ་བས་ཟིན་པར་མཛད། །སྡེ་སྟོད་སྟོང་དཔོན་དཔལ་ལྡན་ཟུང་གི་བུ། །རྒྱལ་ཡུམ་ཚེ་དབང་དཔལ་འཛོམ་ཞམ་རིང་གྲས། །ཆོས་མཛད་དོན་ལྡན་བསམ་འཕེལ་ལ་སོགས་པ། །སོ་སོར་ཚེ་གུར་དབང་དང་གཟའ་དབང་བཅས། །དེ་དང་དེ་ཡི་རེ་འདོད་རྗེས་སུ་བསྐངས། །རྒྱལ་ཟླའི་ཚེས་གཉིས་མཆོད་དཔོན་ཆོས་སྐྱོང་ནས། །བཟང་ཞིང་པོད་པའི་ཡོ་བྱད་སྦྱར་བ་ལྟར། །ཡབ་སྲས་ནང་འཁོར་བཅས་པས་གུ་དྲག་གི། ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཆོ་ག་དང་། །ཤ་ཟན་ཡུལ་སྟོད་འབུལ་སྡུད་པར་མངགས་པའི། །གཉན་བླ་འཕེལ་རྒྱས་གཉེར་པ་གྲྭ་བཅས་ནས། །རྩི་མར་རྟ་ནོར་མང་པོའི་བརྒྱ་འབུལ་བཏེག །འཁོར་གསུམ་མི་དམིགས་ངང་དུ་བསྔོ་བསྒྱུར་མཛད། །ཡར་ངོའི་ཚེས་བཅུར་བཀྲས་སྣང་ཉི་འོད་དུ། །རྗེ་བཙུན་རྣམ་རྒྱལ་དཔལ་སྒྲོན་གྱིས་མཆོད་ལྟར། །ཡབ་སྲས་ནང་འཁོར་བཅས་པས་ཆོས་དབང་གི། གསང་འདུས་བླ་མའི་ལས་བྱང་དབྱངས་སུ་གྱེར། །སྟག་ལུང་དགེ་སྦྱོང་འགྱུར་མེད་རང་གྲོལ་གྱིས། །ལྷག་པའི་བསམ་སྦྱོར་བཟང་པོས་ཀུན་བསླངས་ཏེ། །བསླབ་གསུམ་ནོར་གྱིས་
གཏམས་པའི་འདུས་པའི་སྡེར། །རེ་བདའི་ཞབས་ཏོག་རྒྱ་ཆེའི་འབུལ་བ་བསྩལ། །བདེ་ལྡན་ཞིང་གི་མགོན་པོ་ལྟར་བཞུགས་ལ། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །མདོ་ཁམས་བྱང་གླིང་ཨཪྱ་དེ་བ་ཡི། །ཕྲིན་ལས་ཆེན་པོ་རྣམ་སྲས་དཔོན་འཁོར་བཅས། །བཅུ་ཕྲག་གསུམ་འབྱོར་གཟོས་སྒོ་ཞབས་ཏོག་དང་། །ཡང་བཟློག་ཚེ་དབང་འདས་ཆེམས་ལུང་ལ་སོགས། །ཐུགས་ཀྱི་བཞེད་པ་མཐའ་དག་སྒྲུབ་པར་མཛད། །ལོ་འདིའི་མཇུག་གི་དུས་རིམ་སྔར་བཞིན་དང་། །འཛིན་བྱེད་ཅེས་པ་མེ་མོ་བྱི་བའི་ལོ། །དགུང་ལོ་རེ་གསུམ་སྟེང་ཕེབས་གསར་ཚེས་དེའི། །དགྱེས་སྟོན་དགེ་བཤེས་རྣམས་ཀྱིས་བགྲོ་གླེང་སོགས། །རྫོགས་ལྡན་གསར་དུ་ཚེས་པའི་སྐལ་བཟང་མྱོང་། །ཆུ་ཟླའི་ཚེས་དྲུག་ལུང་རྟོགས་ལེགས་གྲུབ་ནས། །ཚོགས་ཡོངས་བཏེག་པའི་བརྟན་བཞུགས་ཆེན་མོ་དང་། །རྒྱལ་ཡུམ་མཆོག་གིས་བསྙེན་ཅིང་མཆོད་པ་ལྟར། །ཚེས་བཅུ་མཆོད་པའི་གསུང་ཆོག་བདག་གིར་བཞེས། །ཌཱཀྐིའི་དགའ་ཚལ་བདེ་ཆེན་གླིང་ཉིད་དུ། །རྗེ་བཙུན་བླ་མ་མི་འགྱུར་དཔལ་སྒྲོན་ནས། །འབྲས་སྤང་སྐུ་ཐང་གྲ་མཚུངས་བཞེངས་རྣམས་ལ། །ཡབ་སྲས་འདུས་པར་བཅས་པ་སུམ་ཅུ་ནས། །ལྷག་གནས་ཆོ་གས་དགེ་ཤིས་མེ་ཏོག་འཐོར། །ཕྱི་ཉིན་ཆོས་སྲུང་རྣམས་ལ་གཏང་རག་མཛད། །རབ་ཡོན་རྙེད་དང་བཀུར་སྟིས་ལེགས་པར་མཆོད། །སྟོབས་བཅུའི་བདག་ཉིད་རྫོགས་པའི་སངས་རྒྱས་ལ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ལེགས་མཆོད་པར། །ཁྱད་འཕགས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཉིན། །རིགས་སྲས་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ཡི། །ལྔ་རིག་ཤེས་བྱ་ཀུན་ལ་སྤྱན་ཡངས་པ། །འདུལ་འཛིན་ཉེ་འཁོར་རབ་འབྱམས་འཕེལ་རྒྱས་ལས། །དགེ་ཚུལ་སྡོམ་པ་བཞེས་ཤིང་ཇི་ལྟར་བཅས། །རང་བཞིན་ཁ་ན་མ་ཐོའི་བསྲུང་མཚམས་ལས། །མི་འདའ་ཉེས་ལྟུང་དྲི་མས་མ་གོས་པའི། །ཉེས་མེད་ཕུན་ཚོགས་དཔྱད་པ་དང་ལྡན་པའི། །ཀུན་གྱིས་བསྔགས་འོས་གཙོ་བོར་བཞུགས་འདིའོ། །ཚུལ་དེར་རྟེན་འབྱུང་ཞལ་ངོ་སྐུ་འཁོར་ནས། །དྲི་མེད་ལྷ་ཡི་རེག་བྱས་ལེགས་པར་བཀླུབས། །སྐབས་འདིར་འཇིག་རྟེན་ཐུན་མོང་འཇུག་པ་བཞིན། །བསོད་ནམས་
ཡེ་ཤེས་ཚོགས་གཉིས་གོང་འཕེལ་ཆེད། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་སྡེས། །ལྔ་ཕྲག་ཞག་ཏུ་འཇམ་དཔལ་མཚན་བརྗོད་ནི། །བདུན་སྟོང་ལྔ་བརྒྱ་བཞི་བཅུའི་གྲངས་ཉིད་དང་། །རྒྱལ་བའི་བཀའ་བསྟན་སྒྲོག་པའི་སྤོབས་པ་ཅན། །ལྗགས་དབང་སྲབ་རྣོ་གྲ་མོ་བསྟན་རྒྱས་ནས། །དྲི་མེད་བཤགས་རྒྱུད་བཅུ་ཕྲག་གཅིག་ལྷག་པའི། །བརྒྱ་ཕྲག་གྲངས་རྫོགས་བཀླགས་པར་ཡོན་དངོས་བསྟབས། །རྒྱུད་སྡེ་སྨྲ་བ་རབ་འབྱམས་འཕེལ་རྒྱས་དང་། །ཚེ་རིག་འཛིན་པ་དྲུང་འཚོ་ལེགས་འབྱོར་ནས། །ལུས་བསྐྱེད་མ་ཡི་སྔོན་འགྲོར་སྟོན་འཁོར་ཀུན། །ཚ་གྲའི་ཞབས་ཏོག་གིས་མཆོད་བསྔོ་བསྒྱུར་མཛད། །སྐབས་འདིར་འཇམ་དབྱངས་མི་ཡི་ཟོལ་འཛིན་པ། །ས་སྐྱ་བདག་ཆེན་སྐུ་མཆེད་འཁོར་གྱི་ཚོགས། །ས་ཡི་ཐིག་ལེ་ནོར་བུ་གླིང་ཉིད་དུ། །སྒར་ཆེན་རྒྱུ་སྐར་བཀྲམ་འདྲ་ལྟ་བུ་ལས། །རྒྱལ་སྲས་ཐུ་བོ་བཅུ་ཕྲག་འཁོར་ཚོགས་ཀྱི། །ཆིབས་ལ་བརྟེན་པའི་བསུ་བའི་བཀོད་པ་དང་། །གདུགས་དང་རྒྱལ་མཚན་འཕན་དར་འབུད་དཀྲོལ་སོགས། །སྣམ་སྦྱར་ཅན་གྱི་སེར་སྦྲེངས་ཚར་དངར་པོ། །ཐུན་མཚམས་སྤྲིན་གྱི་དགུ་ཚིགས་བརྐྱང་འདྲ་དང་། །རྔ་ཤོན་གླུ་ཤོན་སྐལ་བཟང་གླུ་ལེན་སོགས། །རིང་པོར་བསྐྱངས་ཤིང་བླ་བྲང་ཕན་ཚུན་སྟེང་། །བསང་རོལ་འབུད་སྒྲ་དར་གྱི་ལྡ་ལྡིས་བྲེས། །ཡུལ་ལྗོངས་དྲི་ཞིམ་བསང་སྤོས་དུད་པས་བཀང་། །ནོར་བུའི་བ་གམ་གཞལ་མེད་ཁང་ཆེན་པོ། །ཆོས་འཁོར་ལྷུན་སྟུག་པོ་ཡི་གཡས་གཡོན་ནས། །རྣམ་བཀྲ་བཀྲ་ཤིས་ཁྲ་རིང་རིང་པོར་བརྐྱངས། །མདོར་ན་སྐབས་གསུམ་བདག་པོའི་དཔལ་འབྱོར་ལྟའི། །ཕུན་སུམ་ཚོགས་པའི་བཀོད་པས་མཛེས་བྱས་དེར། །ཉི་མ་བྱེ་བའི་དཔལ་གྱིས་མི་བཟོད་པའི། །མཚན་དཔེའི་དཀྱིལ་འཁོར་འཛུམ་པའི་ངང་ཚུལ་ཅན། །འཁོར་ཚོགས་བརྒྱ་ཕྲག་ཉི་ཤུའི་གྲངས་བརྒལ་བ། །ས་ཡི་འོག་མིན་དག་པའི་གནས་འདིར་བསུས། །བཀོད་ལེགས་ཡིད་འོང་ཁང་བཟང་དབང་ཁང་དུ། །མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་བཞུགས། །གཙང་ཞིང་པོད་པའི་ཞལ་བསྲོའི་བཀུར་བསྟིས་མཆོད། །དག་པའི་སྣང་བ་འབྱམས་ཀླས་དགོངས་པ་བཞིན། །འཇམ་དགོན་སྐུ་མཆེད་ཕྱག་མཛོད་བཅས་པ་ཡིས། །གཡའ་ལུང་ཚེ་ཡི་བཀའ་དབང་བྱང་
གཏེར་གྱི། །ཐང་ལྷའི་སྲོག་གཏད་རྗེ་འདི་ཉིད་ལས་བཞེས། །བདག་ཆེན་ཆོས་ཀྱི་རྒྱལ་པོ་གང་ཉིད་ཀྱིས། །ཡབ་སྲས་བདག་ཅག་ཞམ་རིང་བཅས་པ་ལ། །ཛེ་ཏ་རི་ལུགས་ཚེ་ལྷ་དགུ་པའི་དབང་། །ཟབ་རྒྱ་ཅན་དེ་བསྩལ་བའི་བཀའ་དྲིན་ཐོབ། །རབ་ཏུ་གནས་པའི་གསུང་ཆོག་དང་འབྲེལ་བར། །གཙུག་ལག་ཁང་ཆེན་རྟེན་དང་བརྟེན་པར་བཅས། །ལྷག་གནས་དགེ་ཞིང་ཤིས་པའི་མེ་ཏོག་འཐོར། །དེ་ཞར་གནས་གཟིགས་རྣམས་ཀྱང་ཞིབ་པར་གནང་། །ཉི་མ་གཞན་དུ་སྐུ་མཆེད་སོ་ས་ོལ། །བཀྲ་ཤིས་རྟགས་ཀྱིས་སྤ་བའི་ལྷ་རེག་དང་། །སྐུ་གསུང་ཐུགས་རྟེན་འགན་སྦྱར་སྐུ་གཟན་སོགས། །སྐུ་ལ་བསྟེན་དུ་ཉན་པའི་ན་བཟའ་དང་། །དངུལ་དཀར་བྲེ་ཆེན་ཆིབས་བཟང་གོས་དར་སོགས། །བཟང་དགུ་བསྒྲིགས་པའི་དགུ་ཚན་བཅོ་ལྔ་དང་། །ཞབས་ཕྱིར་འབྲངས་པ་རྣམས་ལའང་རྣམ་འབྲས་རྩོད། །རས་ཆར་བཅས་པའི་དགུ་ཚན་ལྔ་ཕྲག་བསྩལ། །དེ་འཕྲལ་སྐུ་མཆེད་སོ་སོས་མགུལ་དར་དང་། །དངུལ་བྲེ་ཇ་སིག་གོས་དར་ལ་སོགས་པའི། །སྐྱེས་ལན་ཚུལ་དུ་རྒྱ་ཆེའི་གསོལ་རས་བཏབ། །ཕྱི་དྲོ་འདུས་སྡེའི་འཁོར་བའི་མདུན་ངོས་ཀྱི། །རྡོ་གཅལ་བཀྲམས་པ་ལག་མཐིལ་ལྟར་མཉམ་པར། །ཨོ་རྒྱན་ཆེན་པོའི་དུས་ཆེན་ཚེས་བཅུ་ཡི། །སྤྲོས་བཅས་གར་འཆམས་རྣམས་ཀྱི་གཟིགས་མོ་ཕུལ། །དགྱེས་པ་རབ་ཀྱི་ཕུལ་དུ་ཕྱིན་པ་ཡི། །མཚན་བརྒྱད་གཙོ་བོ་བཅས་པར་སྙན་ཤལ་དང་། །སྤྱི་ཚོམས་དངོས་པོའི་གསོལ་རས་སྤམས་མཐོ་བསྩལ། །བྱིན་རླབས་ཆར་དུ་བསྙིལ་བའི་མེ་ཏོག་འཐོར། །མཐོང་ཐོས་དྲན་རེག་སྒྲོལ་བའི་མགོན་པོ་མཛད། །ཞག་གཉིས་བརྟན་འཇགས་ཕྱི་ཉིན་ཆིབས་བསྒྱུར་བར། །དེ་ཞར་སྐུ་འབུམ་མཐོང་གྲོལ་ཆེན་མོ་ཡི། །གནས་གཟིགས་དང་སྦྲགས་ཤིས་པའི་མེ་ཏོག་འཐོར། །རྒྱལ་སྲས་འཁོར་བཅས་ཀྱིས་ནི་ཆིབས་སྐྱེལ་མཛད། །དབོ་ཟླའི་སྒྲུབ་མཆོད་ཆེན་མོ་སྔར་བཞིན་ཚུགས། །སྦྲུལ་ཟླའི་བཅུ་བཞིར་ཁམས་འབའ་གཉའ་ངོས་ཀྱི། །སྡེ་པ་ཨོ་རྒྱན་དཔལ་འབྱོར་སྟོབས་འཕེལ་ནི། །སྟངས་དཔྱལ་ཕེབས་པར་གཞིས་ལེན་གཟབ་རྒྱས་དང་། །རྐྱེན་སེལ་དབང་ལུང་རྒྱལ་སྲས་གཅེན་གྱིས་བསྩལ། །སྐབས་འདིར་ཕྱོགས་མཐའི་མཇལ་མི་མང་སྟོབས་ཀྱིས། །སྐུ་ཁམས་གྲིབ་ཚད་ལྟ་བུས་རྙོགས་པ་ལ། །ཟླ་
གཅིག་བར་དུ་སྐུ་མཚམས་འཕྲོད་བཞེས་དང་། །ལྷ་སྔགས་ཡེ་ཤེས་རོལ་པར་འབྱམས་སུ་ཀླས། །རང་གྲྭ་བསྙེན་སོང་བཅུ་ཕྲག་གཅིག་ཉིད་ཀྱིས། །མཁའ་འགྲོའི་མེ་མཆོད་ཚོགས་སྐོང་ཞི་སྲེག་དང་། །གཞན་ཡང་ཆོས་སྲུང་སྤྱི་བསྐང་ལ་སོགས་པའི། །རྒྱ་ཆེའི་སྐུ་རིམ་མཛད་པས་གཞི་མེད་དྭངས། །ཡར་ངོའི་གཟིམས་ཆུང་ཚེས་བཅུའང་སྔར་བཞིན་མཛད། །བཀའ་ཡི་སྣ་བོ་མི་རྗེ་པཎྜི་ཏ། །སྟངས་དཔྱལ་སྲས་བཅས་སྒ་འདྲར་ཆིབས་བསྒྱུར་བར། །མཇལ་འཛོམ་ཕྱིར་དུ་ཕྱོགས་དེར་ཆིབས་པ་བཏེག །མཆོད་ཡོན་ལྷན་ཅིག་ཆབ་ལ་དགྱེས་དགུར་རོལ། །ཡབ་སྲས་ཉི་ལྡེ་སྤྲུལ་སྐུ་བཅས་པ་ལ། །རིག་སྔགས་བྱད་ལས་འགྲོལ་བའི་ལས་སྦྱོར་དང་། །མི་རྗེ་སྟངས་དཔྱལ་སྲས་དང་བཅས་པ་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་བཀའ་བསྩལ། །ནོར་འཛིན་དབང་མོ་བདེ་ལྡན་སྒྲོན་མ་ཡིས། །ཁྱད་འཕགས་སྦུར་ལེན་འབུལ་བར་མཛད་པ་ལ། །འཁོར་གསུམ་དམིགས་མེད་རྩིས་ཟིན་བསྔོ་བ་དང་། །མི་རྗེའི་བཀས་བསྐུལ་མྱོང་གྲོལ་ཨ་རྒྱ་ཅན། །འཕེལ་གདུང་སོགས་ཀྱིས་སོ་སོའི་ཐུགས་བཞེད་བསྐངས། །གསེར་དངུལ་གོས་དར་ཇ་སིག་ལ་སོགས་པའི། །ཟང་ཟིང་དངོས་པོའི་གསོལ་རས་རྒྱ་ཆེར་བསྩལ། །ཕན་ཚུན་ཐུགས་ཡིད་གཅུགས་པའི་གསུང་མོལ་ནས། །རང་གནས་ཐེག་མཆོག་ཨ་ཏིའི་གླིང་དུ་ཕེབས། །ནག་ཟླ་ཕྱི་མའི་ཚེས་གཅིག་དམིགས་བསལ་གྱི། །གཟའ་སྐར་འཛོམས་པར་བླ་བྲང་གཉེར་ཚང་སྦུབ། །གཡང་ཁང་གསར་འཛུགས་གཡང་འགུགས་མཛད་པ་ལ། །རྟེན་ཅིང་འབྲེལ་འབྱུང་མི་འགོག་རྟགས་མངོན་གྱུར། །འདི་ཉིན་རིགས་སྲས་ཨོ་ཊི་ཡ་ན་དེས། །རྫོགས་ཆེན་སྤྲུལ་སྐུ་མཆེད་འཁོར་ལ་སོགས་ཏེ། །བཅུ་ཕྲག་གསུམ་དུ་ལོངས་པའི་དད་འདུས་ལ། །ཆོག་མང་སྒྲུབ་དཀྱིལ་རྣམས་ཀྱི་ལྗགས་ལུང་མཛད། །ཡར་ངོའི་ཚེས་བཅུར་གཟིམས་ཆུང་ཀུན་གཟིགས་ནས། །རྒྱུ་སྦྱོར་གནང་བཞིན་གསང་འདུས་ཆོ་ག་དང་། །རིགས་སྲས་སྐུ་མཆེད་རྫོགས་ཆེན་སྤྲུལ་སྐུ་མཆེད། །ཁམས་བླ་བསྟན་འཛིན་དབོན་ཕྲུག་ཆོས་མཛད་སོགས། །ལས་དང་སྐལ་བར་ལྡན་པ་ཉི་ཤུ་ལ། །སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་འདུས་པ་མདོ། །སྒྲུབ་དབང་དང་འབྲེལ་ཞག་དྲུག་ཁོངས་སུ་མཛད། །གཞན་ཡང་སངས་
རྒྱས་མཉམ་སྦྱོར་ཡང་དག་དབང་། །ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་དང་། །དོང་སྤྲུགས་པདྨ་བརྒྱ་ལྡན་དབང་ཉིད་དང་། །རིགས་སྲས་གཅུང་དང་རྫོགས་སྤྲུལ་སྐུ་མཆེད་དང་། །བདག་ཅག་ཞམ་རིང་དུ་གྱུར་ཁ་ཤས་ལ། །འདོད་འཇོའི་ནང་བཞིན་མ་ནིང་ལས་འབྲེལ་གཟའ། །ཉང་གཏེར་དུར་ཁྲོད་བདག་མོའི་སྲོག་དབང་ནི། །ཐུན་མོང་མིན་པ་སོགས་ཏེ་དབང་ཆོས་ཀྱི། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བར་མེད་བསྐོར། །སྐུ་འཁྲུགས་སྐུ་གྲིབ་ལྟ་བུའི་ཉིས་འདོམ་གྱི། །དུས་འདིར་སྐུ་ལ་སྙུན་བབས་ལྕི་བ་ལ། །རྗེ་བཙུན་བླ་མ་མི་འགྱུར་དཔལ་སྒྲོན་གྱིས། ཁ་འབར་མ་ཡི་འཆི་བསླུ་བྱབ་ཁྲུས་དང་། །མཁའ་འགྲོའི་གྲིབ་སེལ་ཐུགས་རྗེ་ཆེན་པོ་ཡི། །འཆི་བསླུའི་རྗེས་འབྲེལ་ཚེ་དབང་བརྒྱ་རྩ་དང་། །འདུས་པའི་ཚོགས་སུ་མང་ཇ་སྤོང་དག་ཐོག །རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྲིན་བཅོལ་དང་། །རིགས་སྲས་གཅེན་དང་བསྙེན་སོང་བརྒྱད་གྲྭ་ནས། །ཞི་བའི་སྲེག་བླུགས་གནད་དུ་སྨིན་པ་དང་། །སླར་ཡང་རྗེ་བཙུན་བླ་མས་གུ་དྲག་གི། རྩ་དབང་སྡེ་བརྒྱད་སྲོག་གཏད་དང་བཅས་པ། །འབུལ་གནང་གཞི་མེད་དྭངས་པ་ལྟ་བུར་གྱུར། །མགྲོན་གཉེར་དཔལ་བཟང་ལྔ་ལམ་གྱུར་པ་ལ། །གསལ་འདེབས་ངོ་སྤྲོད་དགེ་བསྔོས་རྗེས་སུ་བཟུང་། །ས་གའི་ཆོག་མང་སྒྲུབ་མཆོད་ཚུགས་པ་ཡི། །སྦྱིན་སྲེག་མ་གཏོགས་རྒྱུན་མར་ཚོགས་དབུར་བསྐྱོད། །རྫོགས་སྤྲུལ་ཞམ་རིང་འཕགས་རྒྱལ་དཔོན་སློབ་ཉིད། །འཇིག་རྟེན་གཞན་དུ་དྲངས་པར་བྱང་ཆོག་དང་། །ཡུལ་ཕྱོགས་འདི་ཡི་འབྲས་བུ་ལོ་ཏོག་ལ། །ཉེར་འཚེའི་ཆུ་འཁྱགས་སྐྱིན་ཐང་བསྲུང་བ་ཡི། །དབུས་ཀྱི་གཏའ་སྡོམ་ཆེན་མོའང་ལེགས་པར་མཛད། །འཇད་ཀྱི་ལྡུམ་པོར་སྟོན་འཁོར་སྤྱན་དྲངས་པར། །ན་རག་དོང་སྤྲུགས་ཆོ་གའི་སློབ་དཔོན་དང་། །ཟང་ཟིང་འབུལ་ནོད་བྱང་ཆེན་རྒྱུ་རུ་བསྔོས། །དེ་ལས་ཡོངས་འདུའི་ཆོས་གྲྭ་ཆེན་པོར་ཕེབས། །སངས་རྒྱས་གཉིས་པ་ཨོ་རྒྱན་མཁན་པོ་དེའི། །དུས་ཆེན་ཚེས་བཅུའི་སྤྲོས་བཅས་སྔར་བཞིན་དང་། །བཟའ་ཤིང་སྣ་ཚོགས་ར་བས་ཡོངས་གང་བའི། །ཀླུ་སྡིངས་ཐུགས་སྤྲོ་ཁང་དུ་ཡབ་སྲས་ཀུན། །དགྱེས་པ་བརྟས་བྱེད་ཡུམ་གྱིས་ལེགས་པར་མཆོད། །རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ཟླར། །མཆོད་རྟེན་བརྒྱ་རྩ་བརྒྱད་
གདབ་ཆོ་ག་དང་། །སྙིང་ཐིག་རྣམ་པ་གཉིས་ཀྱི་བཏགས་གྲོལ་ལ། །ཆོ་ག་དང་འབྲེལ་རབ་ཏུ་གནས་པར་མཛད། །གྲུ་འཛིན་རི་བོའི་ཞོལ་འདབས་པར་ཁང་དུ། །ཐུན་མོང་བཀའ་རྒྱར་བཅས་པའི་གཟུངས་པར་ཀུན། །འདེབས་རྒྱུད་བསྩལ་བ་ཉམས་མེད་ཕྱག་ཏུ་འབྱོར། །དེ་དུས་རྨོངས་བློས་བསྒྲིབས་པས་རྣམ་པར་རྟོག །སྐུ་འཁོར་ཚང་མ་སུ་ལའང་མ་ཤར་རུང་། །ད་དུས་བརྟག་ཚེ་ཞིང་ཁམས་གཞན་ཉིད་དུ། །དགོངས་རྩེ་གཏད་པའི་སྟ་གོན་ཡིན་པར་གོ། དད་པའི་སྟོབས་འཆང་སྤེལ་གཞི་དར་ཧན་ཉིད། །སྐུ་ཚེའི་འདུ་བྱེད་བཏང་བར་བསྔོ་རྟེན་འབྱོར། །རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི། དཀྱིལ་འཁོར་ཆེན་པོར་བྱང་བཞུའི་ཆོ་ག་དང་། །སྲས་བཅས་རྒྱལ་བ་མ་ལུས་སྐྱབས་གསོལ་བའི། །ཟག་མེད་བསྔོ་བའི་མཚམས་སྦྱོར་ནན་ཏན་མཛད། །སྐབས་འདིར་རྩ་དཀར་ལྟ་བུའི་བསྙུན་བཞེས་པར། །འཕྲོད་བཞེས་བདེ་མཚམས་ཁོག་བཞུགས་སྤྲོས་མེད་ཀྱི། །རྣལ་འབྱོར་ཆེན་པོར་རྩེ་གཅིག་གཞོལ་བར་མཛད། །གྲོ་བཞིན་ཟླ་བའི་དཀར་པོའི་ཚེས་ལྔ་ལ། །འབྲས་བུའི་སྒོམ་གྲྭར་གསང་སྔགས་ཆོས་འཛིན་ཉིད། །འདུས་བྱས་འཁོར་བའི་རྫུན་ཕུགས་རྡིབ་པ་ལ། །སྲུབས་ཤོལ་ངོ་སྤྲོད་སྐྱབས་ཀྱི་བཀའ་དྲིན་བསྩལ། །སླར་ཡང་ཟླ་གཅིག་ཞག་བཅུའི་བར་ཉིད་དུ། །བླ་མ་ཞི་བའི་ཕྱི་ནང་གསང་གསུམ་གྱི། །བསྙེན་སྒྲུབ་ཆེན་མོ་གནད་དུ་སྨིན་པ་དང་། །དེ་གྲོལ་ཆབ་ཀྱི་དགྱེས་སྟོན་འཕྲོ་བཞེས་མཛད། །གྲུབ་ཆེན་ཆོས་འཕེལ་ཤེལ་བྲག་ཆོས་མཛད་སོགས། །དོན་གཉེར་ཅན་འགར་གུ་དྲག་དབང་ཉིད་དང་། །སྔགས་རབ་མང་ཐོས་འབྲོང་ཞོལ་ཡང་དག་གི། འདུས་པར་བསྙེན་བཀུར་དགེ་བའི་བསྔོ་བསྒྱུར་གནང་། །རྫོགས་ཆེན་སྤྲུལ་སྐུ་མཆེད་ནས་ཚོགས་ཡོངས་བཏེག །ཞབས་པད་ཡུན་བརྟན་བརྟན་བཞུཊ་ཆེན་པོ་བསྒྲུབས། །དབྱུག་ཟླའི་དམར་ཕྱོགས་གང་བ་དང་པོ་ལ། །པདྨས་ལུང་བསྟན་གྲུབ་དབེན་དར་གླིང་བསྐྱོད། །གྲྭ་བཙུན་རྣམས་ཀྱིས་སེར་སྦྲེངས་བཀོད་པས་དྲངས། །ཕེབས་བསྲོའི་ཞབས་ཏོག་ཡོད་དགུ་རྩལ་སྤྲུགས་ཞུས། །ཆིག་སྟོང་ཉིས་བརྒྱ་བརྒལ་བའི་ཁྲོམ་པ་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་བསྐུར་མཛད། །ཞབས་པད་ཡུན་དུ་བརྟན་པའི་ཆོ་ག་དང་། །པད་གླིང་ལུགས་ཀྱི་གིང་བཞིའི་འཆམས་
ཕུད་ཕུལ། །གཟིམས་ཆུང་བསམ་གཏན་སྦུག་དང་མགོན་ཁང་དུ། །གཏོར་གཞི་གསར་འཛུགས་གསོལ་མཆོད་རྒྱས་པར་མཛད། །གྲྭ་བཙུན་རྣམས་ལ་ཇ་སྐྱེམས་ཉིན་འཁྱོངས་དང་། །ཟང་ཟིང་དངོས་པོའི་གསོལ་རས་རྒྱ་ཆེའི་ཐོག །འཇུག་ལྡོག་བཀའ་དང་བཅའ་ཡིག་སྒྲོག་པར་མཛད། །དེ་ལས་ཆིབས་བཏེག་སྐྱིད་རུའི་གནས་ཉིད་ཀྱི། །གཏོར་གཞི་སྤོས་ལ་ཆིབས་ཀྱི་ཁ་ལོ་བསྒྱུར། །ཡོངས་འདུའི་ཆོས་གྲྭ་ཆོས་ཀྱི་མདུན་ས་ཆེ། །རྔ་ཡབ་དཔལ་རི་སྨིན་གྲོལ་གླིང་དུ་ཕེབས། །ཉི་ལྡོག་དང་བསྟུན་སྐུ་མཚམས་དམ་པོར་བཅས། །རིམ་པ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བཞེས། །དད་ལྡན་སྐྱིད་སྦུག་ཚངས་སྲས་བློ་གྲོས་ཉིད། །བེམ་རིག་བྲལ་བའི་སྐྱབས་ཞུའི་བསྔོ་རྟེན་འབྱོར། །ངན་སོང་གནས་ནས་འདྲེན་པའི་ཆོ་ག་ཡི། །མཚན་བྱང་བཞུ་དང་བསྔོ་བའི་རྒྱས་འདེབས་བསྩལ། །མགོ་ཟླའི་དཀར་ཕྱོགས་བསྙེན་སོང་བརྒྱད་གྲྭ་ནས། །མཁའ་འགྲོའི་མེ་མཆོད་ཚོགས་སྐོང་ལ་སོགས་པ། །སྤྱི་དང་བྱེ་བྲག་སྐུ་རིམ་སྒྲུབ་ཏུ་བསྩལ། །མདོ་སྨད་རྫོགས་ཆེན་བླ་མཆན་འཁོར་སློབ་སོགས། །བཅོ་ལྔའི་འདུས་པར་འདོད་འཇོའི་བུམ་བཟང་ནས། །དབང་དང་རྗེས་གནང་སྲོག་གཏད་ཆ་ཚང་ནས། །གཟའ་དང་ལྷ་མོ་ཐུན་མོང་ལུགས་སུ་བསྩལ། །སླར་ཡང་གསར་འབྱོར་གྲྭ་རིགས་སུམ་ཅུ་ལ། །རྡོར་སེམས་དབང་བཀའ་ནང་རྟེན་མཇལ་ཁ་གནང་། །རྒྱལ་ཟླའི་ཚེས་གསུམ་འདུལ་འཛིན་འཕེལ་རྒྱས་ཉིད། །ཞི་བར་གཤེགས་པར་གསལ་འདེབས་ངོ་སྤྲོད་དང་། །ཕུག་པའི་སྡེ་པ་མདོ་ཁམས་གཤེགས་པའི་ཆེད། །འདུས་པའི་ཚོགས་དབུར་གཞིས་སུ་ཆིབས་ཁ་བསྐྱོད། །རྒྱལ་ཟླའི་ནག་ཕྱོགས་དུས་རིམ་ཚུགས་པ་ལ། །སྐུ་ཁམས་བབ་ཀྱིས་སྟར་ཆགས་མ་ཐུབ་ཀྱང་། །གནམ་གང་བརྟེན་གཏོར་འབུལ་བའི་ཚོགས་དབུར་ཕེབས། །སྤྲོས་བཅས་ཕྱག་ལེན་མ་ལུས་ཉམས་མེད་མཛད། །དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོ། །དགུང་ལོ་རེ་བཞིའི་སྟེང་ཕེབས་གསར་ཚེས་ཀྱི། །དགྱེས་སྟོན་ཆེན་པོ་དུས་གསོལ་སྔར་བཞིན་དང་། །ཚེས་དྲུག་རྗེ་དབོན་གཅུང་གི་སྐུ་མཆོད་ལ། །རིག་འཛིན་འདུས་པ་རྒྱ་མཚོའི་ཚོགས་དབུར་ཕེབས། །ཟག་བཅས་དངོས་འབུལ་ཟག་མེད་རྣམ་མཁྱེན་གྱི། །རྒྱ་མཚོ་ཆེན་པོར་རོ་གཅིག་བསྲེ་བར་མཛད། །སྟོབས་བཅུ་མངའ་བ་
རྫོགས་པའི་སངས་རྒྱས་དེར། །ཚེས་བརྒྱད་མིག་སྟོང་ལྡན་པས་མཆོད་པའི་ཉིན། །རིག་འཛིན་འདུས་པ་རྒྱ་མཚོ་སྤྱི་སོ་དང་། །ཚེས་དགུ་ཚངས་པས་རྒྱལ་པོའི་མཆོད་པའི་ཉིན། །ཡིབ་ཕྱི་བླ་མ་ཆོས་འཕེལ་རོགས་བཅས་ཀྱིས། །འཆི་མེད་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །ཞབས་པད་ཡུན་བརྟན་ཚོགས་ཆེན་བརྟན་བཞུགས་བསྒྲུབས། །ཚེས་བཅུར་རྒྱལ་ཡུམ་ཉིད་ཀྱི་མཆོད་པ་བཞིན། །གསང་འདུས་བླ་མའི་ཆོ་ག་རྒྱས་པ་དང་། །འདུས་པ་རྒྱ་མཚོར་གསེར་ཁུང་ཀུན་ཁྱབ་ཀྱི། །བསྙེན་བཀུར་དགེ་རྩ་བསྔོ་ཕྱིར་ཚོགས་དབུར་བསྐྱོད། །འཁོར་ཚ་བར་དའི་སྟོང་དཔོན་དཔལ་ལྡན་ཟུང་། །མི་ངོ་ཀུན་ལ་ཐང་སྟོང་ཚེ་དབང་དང་། ཁམས་པ་སྤྲུལ་སྐུ་དཔོན་གཡོག་རང་གྲྭ་སོགས། །བཅུ་ཕྲག་གཉིས་ལ་གཡའ་ལུང་ཚེ་དབང་དང་། །གུ་རུ་ཆོས་ཀྱི་དབང་པོའི་ཕུར་བའི་དབང་། །གཞན་ཡང་རིགས་སྲས་མཆེད་དང་དགེ་བསྟན་པ། །ལ་སོགས་དད་ལྡན་ཆེད་གཉེར་མང་པོ་ལ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཉིད་ཀྱི། །སྐུ་གསུམ་སྙིང་པོའི་དོན་ཁྲིད་ཤར་ཁྲིད་དང་། །གཏེར་གསར་ཨ་ཏིའི་པོད་ལུང་རྫོགས་པར་བསྩལ། །ཡབ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡི། །དུས་དྲན་སྐུ་མཆོད་སྒྲུབ་པ་ཚུགས་པ་ལ། །ཉིན་ཞག་ཁ་ཡར་འདུས་སྡེའི་ཚོགས་དབུར་བསྐྱོད། །སྔགས་རབ་ལེགས་དབང་དྲུང་ཡིག་པད་ཚེ་སོགས། །ལྔ་ལམ་གྱུར་པའི་ངོ་སྤྲོད་འདད་བསྔོ་དང་། །རྗེ་ཉིད་ཀྱིས་ནི་རྒྱུ་སྦྱོར་མཛད་པ་བཞིན། །དབོ་ཟླའི་ཡར་ངོའི་ཚེས་བཅུ་རྒྱས་པར་མཆོད། །ཕྱག་ན་པདྨ་ངུར་སྨྲིག་གར་རོལ་པ། །ཀུན་མཁྱེན་རྒྱལ་བའི་དབང་པོ་བདུན་པ་ཉིད། །ཞིང་འདིར་བསྟན་འགྲོའི་དོན་བཟང་རླབས་པོ་ཆེ། །བསམ་མི་ཁྱབ་པའི་མཛད་དགོངས་མཐར་ཕྱིན་ནས། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །དབོ་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་སྲོད། །འཕགས་པ་སེམས་ཉིད་ངལ་བསོའི་བཞུགས་སྟངས་ཀྱིས། །སྟོང་པ་གསུམ་པོར་རིམ་གྱིས་ཐིམ་པའི་མཐར། །ཐམས་ཅད་སྟོང་པ་འོད་གསལ་བདེ་ཆེན་ནི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་སྐུ། །མངོན་པར་མཛད་ཅིང་ཡེ་ཤེས་མངོན་སྦྱོར་གྱི། །ཐུགས་དམ་ཟབ་མོ་དག་ལ་བཞུགས་པ་ཡི། །གཟིམས་ཁྲི་ཐ་མའི་མཛད་པ་མངོན་དུ་གྱུར། །དེ་ཚེ་སྙན་ལམ་གནས་
ཚུལ་གསན་མ་ཐག །སྐུ་གདུང་ཡིད་བཞིན་དབང་གི་རྒྱལ་པོ་ལ། །སྙན་ཤལ་བཟང་གོས་ཡུག་ཆེན་གསེར་མ་དང་། །མཛོད་སྙིང་ཁ་དོག་ལྔ་ལྡན་གདུང་འབུལ་དུ། །དངུལ་དཀར་བྲེ་ཆེན་ལྔ་ཕྲག་གིས་གཙོས་པའི། །དགུ་ཚན་བཟང་བསྒྲིགས་ལྔ་དང་མཆོད་པའི་དོད། །དངུལ་དཀར་བྲེ་ཆེན་རྟེན་བཞེངས་ཞལ་འདེབས་སུ། །རིན་ཆེན་གཉིས་པ་བྲེ་ཆེན་ལྔས་གཙོས་པའི། །བཟང་དགུ་སྡེབས་སུ་བསྒྲིགས་པའི་དགུ་ཚན་ལྔ། །དཔྲལ་གཡུ་གསེར་ཀོང་སྦུར་ལེན་ཆེ་ལེགས་དང་། །རིན་ཆེན་དང་པོ་སྲང་གསུམ་དང་བཅས་པ། །ཆེད་དུ་འབུལ་བར་ཨོ་རྒྱན་བློ་གསལ་དང་། །འཚོ་བྱེད་ཡར་འཕེལ་རོགས་བཅས་རྫོང་བདའ་གནང་། །དེ་ཚེ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང་། །ཁྱད་པར་ཡབ་སྲས་གསུམ་དང་འདུས་སྡེ་ཡི། །བགྲེས་གྲྭ་དང་བཅས་བཅུ་ཕྲག་གཉིས་བཅས་ཀྱིས། །ཡེ་ཤེས་སྤྱན་ལྡན་རྡོ་རྗེའི་ཆོས་སྐྱོང་ནི། །སྤྱི་སྒོས་མཉེས་པའི་གསོལ་མཆོད་རྒྱས་པ་ནས། །ཡང་སྲིད་འཁྲུལ་བྲལ་མྱུར་དུ་ཕེབས་པ་ཡི། །ཕྲིན་ལས་གཉན་པོ་གཉེར་དུ་གཏོད་པར་མཛད། །ཉི་མ་གཞན་དུ་མ་ཧཱ་དེ་བ་ཉིད། །མེ་ཡི་མཆོད་པ་ཆིག་སྟོང་ལྔ་བརྒྱ་དང་། །མར་ངོའི་ཚེས་བཅུར་རིགས་སྲས་གཅུང་གིས་མཆོད། །བླ་མ་དྲག་པོའི་གསུང་ཆོག་རྒྱས་པར་མཛད། །བདུན་ཕྲག་ཞག་ཏུ་སྐུ་མཚམས་དམ་བཅད་ནས། །ལྷ་ཆེན་དབང་ཕྱུག་ཆེན་པོ་བསྙེན་ཅིང་མཆོད། །དྲུང་འཚོ་ཀུན་བཟང་གསེར་ཁུང་དཔལ་འཛོམ་ཉིད། །སྒྱུ་མའི་གཡར་ཁང་བོར་བའི་གསལ་འདེབས་དང་། །ནག་ཟླའི་ཚེས་བཅུར་རྒྱལ་སྲས་ཐུ་བོ་ཡི། །གཙང་དག་པོད་པའི་ཡོ་བྱད་ཀྱིས་མཆོད་ལྟར། །བཀོད་ལེགས་གཟིམས་ཆུང་རྣམ་གྲོལ་ཡང་རྩེ་རུ། །གུ་དྲག་ཆོ་ག་ཆོས་སྲུང་སྐང་བ་མཛད། །སྐབས་འདིར་སྐུ་ཁམས་ཇེ་ལོད་གྱུར་པ་ལ། །རྒྱལ་གླིང་ཚོགས་དང་བྱེ་རྫོང་ཚོགས་སོ་སོར། །རྒྱལ་བའི་བཀའ་འགྱུར་གསུང་སྒྲོག་ཉིན་གསུམ་དང་། །སྨན་བླ་ཉིན་རེའི་དགོས་ཆ་ཕོགས་ཡོན་དང་། །དགའ་ལྡན་ཆོས་གླིང་ཐོས་བསམ་དར་རྒྱས་གླིང་། །སོ་སོར་ཉིན་ཐུབ་ཇ་འཇམ་སྣེ་བཞགས་བཅས། །འཇམ་དཔལ་མཚན་བརྗོད་གང་མང་བསོག་པར་མཛད། །བདུད་རྩི་སྨན་ཆབ་སྐུ་ལ་འཕྲོད་བསྟེན་དང་། །ཉེར་ལྔར་བཀྲ་ཤིས་སྣང་བའི་ཉི་འོད་དུ། །རྗེ་བཙུན་རྣམ་རྒྱལ་
དཔལ་སྒྲོན་གྱིས་མཆོད་པའི། །ཨོ་ཊི་ཡ་ནའི་སློབ་དཔོན་གང་དེ་མཆོད། །རྗེ་བཙུན་བླ་མ་མི་འགྱུར་དཔལ་སྒྲོན་ལ། །ཤ་འུག་ཚེ་ལྷའི་དབང་ཆེན་བརྒྱ་ཕྲག་གསན། །རྒྱལ་སྲས་གཅུང་སོགས་སྐལ་ལྡན་ཉི་ཤུ་ལ། །གསང་ཡེའི་བྱིན་རླབས་དབང་བཞིའི་ཚུལ་དུ་དང་། །ཕག་མོ་ཟབ་རྒྱའི་པོད་ལུང་རྫོགས་པར་བསྩལ། །ས་ཟླའི་ནང་དུ་སྐྱིད་སྦུག་ལྷ་དབང་ལགས། །ཡབ་སྲས་གཙོར་གྱུར་དོན་གཉེར་ཅན་མང་པོར། །ཚེ་ཡི་དབང་བསྐུར་ནང་རྟེན་མཇལ་ཁ་གནང་། །རིན་ཆེན་དང་གཉིས་གཙོར་གྱུར་འབུལ་ནོད་བསྟབས། །སྐྱེས་ལན་དབུ་ཞྭ་ན་བཟའ་གསེར་སྐེད་སོགས། །གཟབ་པར་བསྩལ་ཞིང་དགྱེས་ཚིམ་ཕྱིར་ཕེབས་གྱུར། །དེ་ལས་སྤྲོས་མེད་ཉམས་བཞེས་ཆིག་སྒྲིལ་གྱིས། །ཡུན་རིང་བར་དུ་སྐུ་མཚམས་ཁོག་ཏུ་བཞུགས། །སྤྲེལ་ཟླའི་སྤྲོས་བཅས་ཕྱག་ལེན་མ་མཛད་ཀྱང་། །ཚེས་བཅུ་མཆོད་པའི་གསུང་ཆོག་གང་ཡིན་དང་། །ཕྱི་ཉིན་འདུས་པའི་ཁྲོམ་ལ་ཚེ་ཡི་དབང་། །རྒྱལ་སྲས་མཆོག་དེས་ཆོས་ཁྲིའི་སྟེང་ནས་བསྩལ། །བསླབ་གསུམ་ནོར་གྱིས་ཕྱུག་པ་འདུས་པའི་སྡེས། །དབྱར་སྔ་ཞལ་གྱིས་བཞེས་པར་དགག་དབྱེ་ལ། །ལྗོངས་རྒྱུ་དང་བསྟུན་ཆབ་ཀྱི་དགྱེས་སྟོན་ལ། །སྐུ་མཚམས་གྲོལ་ལ་སྔར་བཞིན་ཆིབས་ཁ་བསྒྱུར། །གསུང་སྲས་བུ་ཆེན་རྣམས་ཀྱི་ཡང་རྩེ་ནི། །ཡར་འབྲོག་དོ་ནང་པད་གླིང་བླ་མ་ཡིས། །ཐུགས་བསྐྱེད་དག་པས་ཡབ་སྲས་རྣམ་པ་གསུམ། །ཞབས་པད་ཡུན་བརྟན་གཟིམས་ཆུང་བརྟན་བཞུགས་དང་། །གྲུབ་པའི་གནས་མཆོག་མཁའ་འགྲོའི་དོ་ར་ཆེ། །བདེ་ཆེན་གླིང་དུ་རྗེ་བཙུན་བླ་མ་ཡིས། །དགེ་བའི་བཤེས་གཉེན་ཉི་ཤུའི་འཁོར་བཅས་ཀྱིས། །ཡབ་སྲས་ལྷན་རྒྱས་ཞབས་བརྟན་ཆོ་ག་མཛད། །ཕྱི་ཉིན་གསར་བཞེངས་བདེ་གཤེགས་མཆོད་རྟེན་བརྒྱད། །འབྲལ་སྤངས་སྐུ་ཐང་གྲ་མཚུངས་བཅས་པ་ལ། །པདྨའི་དགོངས་བཅུད་བདེ་གཤེགས་ཀུན་འདུས་ཀྱི། །དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ལྷག་གནས་ཀྱི། །མེ་ཏོག་འཐོར་བས་དགེ་ཤིས་སྒྲུབ་པར་གནང་། །དད་གསུམ་ཕུལ་ཕྱིན་པ་རྣམ་སྤྲུལ་སྐུ་ཡིས། །གསུམ་ལྡན་འདུས་པ་རྒྱ་མཚོར་བསྙེན་བཀུར་ལ། །རྗེ་ཉིད་བདེ་ལྡན་ཞིང་མགོན་ལྟར་བཞུགས་ནས། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །རྒྱལ་བ་ལྷ་ལས་བབས་པའི་ཟླ་བ་ལ། །
རིགས་སྲས་མཆེད་གསུམ་གསུང་སྲས་དཔལ་སྤྲུལ་དང་། །དོ་ནང་བླ་མ་ཁམས་པ་བླ་མ་དང་། །དགེ་སློང་ནོར་བུ་ཆོས་བཟང་ལ་སོགས་པ། །འགྲོ་དོན་ནུས་པའི་ཕྱོགས་འདུས་བུ་ཆེན་དང་། །རབ་འབྱམས་བརྟན་པ་བདག་ཅག་ལ་སོགས་པའི། །རང་གྲྭ་དོན་གཉེར་ལྡན་པ་མང་པོ་ལ། །འཆི་བདག་གཡུལ་ལས་རྒྱལ་བའི་དབང་བཀའ་དང་། །ཐང་ལྷའི་སྲོག་གཏད་ནི་གུ་ཆོས་དྲུག་ཁྲིད། །ཕྱག་ཆེན་གའུ་མ་ཡི་ཤར་ཁྲིད་བསྩལ། །དམ་པ་གོང་མའི་ཞབས་ཟིན་ལྷ་རྩེ་བ། །གྲུབ་པའི་དབང་ཕྱུག་ཀུན་བཟང་ཀློང་གྲོལ་ཞེས། །བགྲང་བྱའི་ཁུར་གྱིས་ལྕི་བ་ཆེད་ཕེབས་ཀྱིས། །གསེར་དངུལ་གཙོར་གྱུར་རྒྱ་ཆེའི་འབུལ་ནོད་བཅས། །ཞབས་པད་ཡུན་བརྟན་གཟིམས་ཆུང་བརྟན་བཞུགས་བསྒྲུབས། །དེ་ལས་རེ་ཞིག་ཕྱི་མཚམས་ཁོག་བཞུགས་ལ། །རྒྱལ་སྲས་མཆེད་གསུམ་ཡུམ་ལ་ཚེ་དབང་ནི། །མཚམས་ཁོངས་བསྩལ་ཅིང་རྒྱལ་ཟླའི་ཚེས་གཉིས་བར། །སྤྲོས་མེད་རྣལ་འབྱོར་རིམ་པར་ཆིག་སྒྲིལ་མཛད། །སྐབས་འདིར་སྐུ་ཡི་འགལ་རྐྱེན་སེལ་ཕྱིར་དུ། །རང་གྲྭ་བསྙེན་སོང་བརྒྱད་གྲྭས་ཉིན་དགུའི་རིང། །མཁའ་འགྲོའི་མེ་མཆོད་ཞི་སྲེག་ཚོགས་སྐོང་དང་། །སྟོན་ཟླ་གསུམ་དང་དགུན་ཟླ་གཉིས་ཀྱི་ཁོངས། །ཀློག་གི་རྩེར་སོན་གྲ་མོ་བསྟན་རྒྱས་ནས། །རྒྱལ་བའི་བཀའ་འགྱུར་བརྒྱ་ཕྲག་གླེགས་བམ་ཉིད། །གསལ་དག་སྙན་པའི་ཡོན་ཏན་གྱིས་བཀླགས་པར། །བཟང་པོའི་ཡོན་གྱིས་མགུ་བའི་བཀའ་དྲིན་བསྩལ། །སྡེ་སྟོད་བླ་གཉེར་རོགས་བཅས་འབྱོར་བ་ལ། །ཡོས་ཟླའི་དཀར་ཕྱོགས་བརྒྱ་ཕྲག་འབུལ་བ་བསྟབས། །མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་སྟེང་ནས། །དཔལ་གྱི་མགུར་ལས་དྲངས་པའི་ལྗགས་བསྔོ་བསྩལ། །སླར་ཡང་དགེ་འདུན་ཁྲིམས་དག་བཅོ་བརྒྱད་ནས། །བརྒྱ་ཕྲག་ཚོགས་ཀྱི་འཁོར་ལོའི་མཆོད་པ་དང་། །ཡེ་ཤེས་ཌཱཀྐི་མི་མོའི་ཚུལ་བཟུང་བ། །ལས་ཀྱི་ཕྱག་རྒྱ་ཚེ་དབང་དཔལ་འཛོམ་ནས། །ཁྲིམས་གཙང་དགེ་འདུན་ཉི་ཤུའི་གྲངས་བཅས་ཀྱིས། །ཞབས་བརྟན་ཆོ་ག་གསོལ་འདེབས་བསྒྲུབས་པར་མཛད། །རིགས་ཀྱི་སྲས་མོ་རྣམ་རྒྱལ་དཔལ་སྒྲོན་ནས། །བསྙེན་དང་བཀུར་སྟི་དུ་མས་མཆོད་པ་བཞིན། །གཏེར་གསར་བླ་མ་དྲག་པོའི་ཆོ་ག་དང་། །རྗེས་འབྲེལ་དེར་འདུས་རྣམས་ལ་གཏོར་དབང་བསྩལ། །འཁོར་ལོ་གསུམ་གྱི་བྱ་བས་
དུས་འདའ་བའི། །རིག་འཛིན་འདུས་པ་རྒྱ་མཚོ་སྤྱི་སོ་ནས། །ཞལ་སྐྱེམས་འཇམ་གང་ཉིན་བཞིར་སྦྱར་བ་ཡིས། །རྒྱལ་བའི་བཀའ་འགྱུར་གླེགས་བམ་གསུང་སྒྲོག་གི། རྗེ་འདིའི་སྐུ་ཡི་འགལ་རྐྱེན་སེལ་ཐབས་བསྒྲུབས། །རྒྱལ་ཟླའི་མཇུག་གི་དུས་རིམ་ཚུགས་པ་ལ། །སྐུ་ཁམས་ཞན་པས་རྒྱུན་ཕེབས་མ་ཐུབ་ཀྱང་། །ཉེར་དགུ་གནམ་གང་གཉིས་ལ་ཐུགས་རུས་བསྐྱེད། །གསུམ་ལྡན་འདུས་པ་རྒྱ་མཚོའི་ཚོགས་དབུར་བསྐྱོད། །མཆོག་དམན་མཐའ་དག་དགའ་མགུ་རངས་པར་གྱུར། །འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོ། །དགུང་ལོ་དྲུག་ཅུ་རེ་ལྔའི་སྟེང་ཕེབས་པའི། །གསར་ཚེས་གནམ་ལོའི་དགའ་སྟོན་སྔ་ཕྱི་ལ། །སྔར་བཞིན་བསྐྱོད་པར་དགེ་བཤེས་ཆེ་རྣམས་ཀྱིས། །ལུང་རིགས་ལེགས་བཤད་མཆོད་པས་མཉེས་པར་བྱས། །ཚེས་གསུམ་མགོན་ཁང་སྦུག་གི་དུས་གསོལ་དང་། །མཐུན་རྫས་སྐོར་ཆའི་བྱེ་བྲག་རྒྱས་པར་བསྩལ། །ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཉིན་གསུམ་རིང་། །རིག་འཛིན་འདུས་པ་རྒྱ་མཚོས་རིམ་སྒྲུབ་ཀྱི། །བསྟན་སྲིད་སྤྱི་དང་བྱེ་བྲག་མགོན་འདི་ཡི། །སྐུ་ཡི་འགལ་རྐྱེན་སེལ་བར་ཆེད་དམིགས་ཀྱིས། །ཡེ་ཤེས་སྤྱན་ལྡན་རྡོ་རྗེའི་ཆོས་སྐྱོང་རྣམས། །གསོལ་མཆོད་རྒྱས་པའི་ཕྲིན་ལས་གཉེར་དུ་གཏད། །དོན་ཀུན་གྲུབ་པ་དགྲ་བཅོམ་ཤཱཀྱའི་རྒྱལ། །ཕྱོགས་བཞིའི་རྒྱལ་ཆེན་བཞི་ཡིས་མཆོད་པའི་ཉིན། །སྟོན་འཁོར་མ་ལུས་འགྱུར་མེད་ཚེ་བརྟན་གྱི། །ཚ་གྲའི་ཞབས་ཏོག་དག་གིས་མཉེས་བྱས་པར། །ཟག་པར་གྱུར་པའི་འབུལ་ནོད་དང་བཅས་པ། །ཟག་མེད་བསྔོ་བར་འདུས་པའི་ཚོགས་དབུར་བསྐྱོད། །ཕྱི་ཉིན་རྒྱལ་ཡུམ་ཚེ་དབང་དཔལ་འཛོམ་ནས། །བསྙེན་བཀུར་བསྟི་སྟང་དུ་མས་མཆོད་པ་ལ། །བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་དུ། །ཚེས་བཅུ་མཆོད་པའི་གསུང་ཆོག་རྒྱས་པར་མཛད། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་འདུས་པའི་སྡེ། །ཇ་སྐྱེམས་འཇམ་གྱིས་ཉིན་གསུམ་མཆོད་མཛད་དེ། །ཉིན་གཉིས་འཇམ་དཔལ་མཚན་བརྗོད་བསགས་པ་དང་། །ཅིག་ཤོས་སྤྱི་དང་བྱེ་བྲག་ཆོས་སྲུང་ལ། །བསྐང་བཤགས་ཕྲིན་ལས་གཉེར་གཏོད་སྙན་ཤལ་བསྟར། །སྟོབས་བཅུའི་བདག་ཉིད་ཉན་ཐོས་འཁོར་བཅས་ལ། །
ཨུ་ཏྲ་ཡ་ནས་མེ་ཏོག་གཏོར་བའི་ཉིན། །དད་གསུམ་མངའ་བ་དགེ་སྦྱོང་རང་གྲོལ་ནས། །སྡོམ་གསུམ་ཁྲིམས་དག་རང་གྲྭ་བཅུ་ཕྲག་གཉིས། །གཙང་པོད་རོ་བདའི་ཞབས་ཏོག་གིས་མཆོད་ལ། །ཞབས་པད་ཡུན་བརྟན་གཟིམས་ཆུང་བརྟན་བཞུགས་བསྒྲུབས། །དེང་སྐབས་ནོར་འཛིན་བུ་ཁྲིད་ལྔ་བའི་ལམ། །མངོན་གྱུར་སྐོར་ཅིག་ཞབས་པད་བསྐྱོད་མཛད་དེ། །འབྱུང་ལུས་སྒྱུ་མའི་གཡར་ཁང་ཧྲུལ་པོ་ལས། །རྣམ་པར་ཤེས་པ་བདེ་ཆེན་ཐར་ལམ་དྲངས། །དམར་ཕྱོགས་ཡབ་གཅིག་གཏེར་ཆེན་ཆོས་ཀྱི་རྗེའི། །སྐུ་མཆོད་བཀའ་བརྒྱད་སྒྲུབ་ཆེན་ཚུགས་པ་ལ། །སྐུ་ཁམས་རྙོགས་པས་བསྟར་ཆགས་མ་ཐུབ་ཀྱང་། །ཉི་མ་བདུན་དུ་ཚོགས་དབུའི་ཁྲི་ལ་བསྐྱོད། །དབོ་ཟླའི་ཚེས་བཅུ་དབང་གི་ཁང་པ་རུ། །གཏེར་བྱོན་སྐུ་ཚབ་རྣམས་ཀྱི་སྤྱན་ལམ་དུ། །སྣ་ལྔའི་མཆོད་པ་བརྒྱ་ཕྲག་བཤམས་མཛད་དེ། །རྗེ་འདིའི་ཕྱག་ནས་རྒྱུ་སྦྱོར་མཛད་པ་ལྟར། །ཡབ་སྲས་ནང་འཁོར་བགྲེས་གྲྭ་ཉི་ཤུ་ནས། །བླ་མ་མཆོད་པའི་གསུང་ཆོག་རྒྱས་པར་མཛད། །རིགས་སྲས་རྗེ་བཙུན་རྣམ་རྒྱལ་དཔལ་སྒྲོན་དང་། །རྒྱལ་སྲས་སྐྱེད་མ་ཚེ་དབང་དཔལ་འཛོམ་ཉིད། །ཕྱག་མཛོད་ལས་འཛིན་ཆོས་མཛད་ཕུན་ཚོགས་ཏེ། །འདུས་སྡེའི་བྱང་འདྲེན་དགེ་སྦྱོང་གྲགས་པ་སོགས། །སྐལ་ལྡན་བཅུ་ཕྲག་གཅིག་དང་བདུན་བཅས་ལ། །འདོད་འཇོའི་ནང་བཞིན་ཕྱག་རྡོར་དྲེགས་འདུལ་དབང་། །ལེགས་པར་བསྩལ་བའི་བཀའ་དྲིན་བསམ་བརྗོད་བྲལ། །རྒྱལ་སྲས་ཨོ་ཊི་ཡ་ནའི་མཚན་ཅན་གྱིས། །ཕུག་ལུགས་སྐར་ནག་ཟུང་སྦྱོར་རི་ཐོ་ནི། །ཞག་གསུམ་གཟའ་ལྔ་བཅས་པ་རྒྱས་པའི་ལུགས། །འབུལ་གནང་དགྱེས་པ་བརྟས་པའི་ལེགས་སྐྱེས་བསྩལ། །དབོ་ཟླའི་དམར་ཕྱོགས་བདུན་ཕྲག་ཞག་ཉིད་དུ། །བདུད་རྩི་སྨན་གྱི་ཚ་ཆབ་སྐུ་ལ་བསྟེན། །མར་ངོའི་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། །དབང་ཆེན་ཟློས་གར་རྒྱལ་སྲས་གཅེན་ཉིད་ཀྱིས། །གཙང་དག་བཟང་པོད་བསྙེན་བཀུར་གྱིས་མཆོད་ལྟར། །བཀོད་ལེགས་གཟིམས་ཆུང་རྣམ་གྲོལ་ཡང་རྩེ་རུ། །བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་དུ། །ཚེས་བཅུ་མཆོད་པའི་ཕྲིན་ལས་དབྱངས་སུ་གྱེར། །རྟ་ཟླའི་དཀར་ཕྱོགས་རྫོགས་པ་དང་པོའི་ཉིན། །སྒོམ་པ་ཕུལ་ཕྱིན་འགྱུར་མེད་འབྱོར་ལྡན་ནས། །འཁོར་ལོ་གསུམ་ལ་
ལྷུར་བཞེས་འདུས་པའི་སྡེ། །བསྙེན་བཀུར་བསྟི་སྟང་དུ་མས་ཞབས་ནས་བཏེག །ཡོད་དགུ་རྩལ་སྤྲུགས་བགྱིས་པའི་འབུལ་ཡོན་བཅས། །གཏེར་གསར་ཡང་སྙིང་ཀུན་འདུས་དཀྱིལ་འཁོར་དུ། །བདེ་ལྡན་ཞིང་གི་མགོན་པོ་ལྟར་བཞུགས་པའི། །ཞབས་བརྟན་གསོལ་འདེབས་ཆོ་ག་རྒྱས་པར་བསྒྲུབས། །ཡར་ངོའི་ཚེས་བཅུ་སྒྲུབ་པོ་ཀུན་གྱི་གམ། །མ་ཚོགས་མཁའ་འགྲོ་སྤྲིན་ལྟར་འཐིབས་པའི་ཉིན། །རིགས་སྲས་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ཡིས། །ཕུན་སུམ་ཚོགས་པའི་བཀུར་བསྟིས་ལེགས་མཆོད་ནས། །གནས་ཀྱི་ཁྱད་པར་ངོ་མཚར་ཀུན་གཟིགས་སུ། །ཡབ་སྲས་ནང་འཁོར་དབུ་བགྲེས་རགས་རིམ་བཅས། །གཏེར་གསར་བླ་མ་དྲག་པོའི་དཀྱིལ་འཁོར་དུ། །དུས་གསུམ་ཀུན་མཁྱེན་ཨོ་རྒྱན་མཁན་པོ་ཉིད། །མཆོད་དང་གསོལ་འདེབས་མཛད་པའི་རྗེས་འབྲེལ་དུ། །བདག་ཅག་དེར་འདུས་སྐྱ་སེར་མཆོག་དམན་ལ། །གཞན་དོན་མཛད་མཐའ་གཏོར་མའི་དབང་བསྩལ་བའི། །བྱིན་རླབས་དངོས་གྲུབ་སྐལ་བཟང་ཉམས་སུ་མྱོང་། དེ་ལྟར་རིགས་བརྒྱའི་བདག་པོ་མགོན་འདི་ཉིད། །དངོས་པོ་ཤིང་ཁྱིར་བལྟམས་ནས་གསེར་འཕྱང་ཞེས། །མེ་མོ་བྱའི་བར་ཡོངས་འཛིན་གསུམ་གྱིས་གཙོས། །མཁས་གྲུབ་བླ་མ་མང་བསྟེན་མདོ་སྔགས་སོགས། །རིས་མེད་ཆོས་ཚུལ་རྒྱ་མཚོའི་དབང་ལུང་དང་། །མན་ངག་ཟབ་ཁྲིད་ཕྱག་ལེན་གསན་པ་སོགས། །སྤྱི་དང་བྱེ་བྲག་བསྟན་པའི་སྲོག་མཐུད་དང་། །སྒྲ་ཚད་བཟོ་སོགས་ཐུན་མོང་རིག་པ་ཡང་། །རྒྱལ་བའི་གསུང་རབ་ལ་འཇུག་མིག་ཏུ་དགོངས། །མ་ལུས་ཐུགས་རྫོགས་མཁས་པའི་ས་བརྙེས་ལ། །ཡབ་རྗེ་གཏེར་ཆེན་ཆོས་རྗེའི་དགོངས་པ་ལྟར། །རྗེ་བཙུན་སྒྲོལ་བའི་མགོན་པོ་ལྟ་བུར་གྱུར། །དེ་ལས་བར་སྐབས་རྫོགས་པའི་སངས་རྒྱས་ལ། །དགའ་རབ་དབང་ཕྱུག་དཔུང་གི་རྣམ་ཐར་བཞིན། །མདའ་ཅན་སྙིང་ཞུགས་བྱང་ཕྱོགས་བདུད་འགོང་གིས། །དགོན་གནས་གཏོར་ལ་སྐུ་གསུང་ཐུགས་རྟེན་རྣམས། །མེ་ཆུར་སྦྱངས་ཤིང་ཁུ་དབོན་ཕལ་ཆེར་བཀྲོངས། །དེ་ཚེ་དྭ་ཕྲུག་ཐང་དོར་ལྟར་གྱུར་པར། །ལྷོ་མོན་ཁམས་ཀོང་ཡུལ་ཕྱོགས་ངེས་མེད་པར། །རྔོན་པས་དེད་པའི་རི་དྭགས་བཞིན་དུ་ཐེགས། །དཀའ་སྤྱད་དྲག་པོའི་རྣམ་ཐར་བདག་གིར་བཞེས། །ཡུལ་ཕྱོགས་དེ་དང་
དེ་ཡི་གདུལ་བྱ་རྣམས། །ཐབས་ལ་མཁས་པའི་མཛད་པས་རྣམ་དཀར་གྱིས། །ཐར་བའི་ས་བོན་ཅི་ཐེབས་མཛད་པ་དང་། ཁྱད་པར་མདོ་ཁམས་ཕྱོགས་སུ་ལོ་གསུམ་རིང་། །བཻ་རོ་ཙ་ན་རྒྱལ་མོ་ཚ་རོང་བཞིན། །དཀར་པོའི་ཆོས་ཀྱི་སྣང་བས་ཁྱབ་མཛད་ནས། །འབྲེལ་ཚད་དོན་དང་ལྡན་པའི་རྣམ་ཐར་བསྐྱངས། །དགེ་བྱེད་ཆུ་སྟག་དགོན་འདིར་ཆིབས་བསྐྱོད་ལ། །ད་ལྟའི་འབྲུ་མང་ས་སྟག་ལོ་འདི་ཕན། །གཙུག་ལག་ཁང་ཆེན་རྟེན་དང་བརྟེན་པར་བཅས། །ཉམས་རལ་ཞིག་གསོ་གསར་དུ་བཞེངས་པ་དང་། །འཁོར་ལོ་གསུམ་ལ་ལྷུར་བཞེས་འདུས་པའི་གྲངས། །སུམ་བརྒྱར་ལོངས་པར་དུས་ཀྱི་སྒྲུབ་མཆོད་དང་། །རྒྱུན་གྱི་བསྙེན་བཀུར་སྤྲོས་བཅས་ཕྱག་ལེན་གྱི། །ཉེར་ཆས་འཆམ་གོས་རྔ་རོལ་དབང་ཆས་སོགས། །མདོར་ན་དམིགས་པས་རྒྱས་མི་ཐེབས་པ་དང་། །དོན་གཉིས་ལྷུན་གྲུབ་བསྐྱེད་རྫོགས་ཉམས་བཞེས་སོགས། །ཁྱད་པར་དབང་ལུང་མན་ངག་ཟབ་ཁྲིད་ཀྱི། །རྒྱ་ཆེའི་ཆོས་འཁོར་བསྐོར་བ་བར་མེད་སོགས། །ཡབ་རྗེའི་མཛད་པའང་ཐུང་ངུ་ལྟ་བུར་མཛད། །མཁས་གྲུབ་བུ་ཆེན་བགྲང་ལས་འདས་པ་ཐོན། །མདོར་ན་སྐུ་ཚེ་གཅིག་གི་མཛད་པ་ནི། །བསམ་འདས་སྒྱུ་མ་མཁན་གྱི་སྤྲུལ་པ་བཞིན། །ཚངས་དང་བརྒྱ་བྱིན་གྱིས་ཀྱང་གཞལ་དཀའ་ན། །བདག་བློས་ཕྲ་ཞིབ་ཡི་གེར་བཀོད་ཅི་ནུས། །དེ་ལྟར་སྤྱོད་ལམ་ཀུན་ཏུ་ཟུང་འཇུག་གི། རྣལ་འབྱོར་ཆེ་ལས་གཡོ་བ་མེད་བཞིན་དུ། །ཉིན་ཕྲུགས་རེ་རེར་ཐུགས་དམ་རིམ་པ་ཡང་། །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ནས། །སྐྱབས་སེམས་སྔོན་འགྲོའི་རྡོར་སེམས་སྒོམ་བཟླས་དང་། །བླ་མའི་རྣལ་འབྱོར་སྒོམ་རིམ་གང་བདེའམ། །ཕལ་ཆེར་ཀུན་འདུས་གུ་རུའི་སྐུར་གསལ་ནས། །མཚན་སྔགས་གསོལ་འདེབས་ལེའུ་བདུན་མ་དང་། །ཟངས་མདོག་དཔལ་རིའི་སྨོན་ལམ་སྐུ་གསུམ་མ། །སྐུ་བཞིའི་གསོལ་འདེབས་འོད་ཟེར་སྤྲོ་བསྡུ་ནས། །དབང་བཞི་བཞེས་རྗེས་སྤྲོས་མེད་ངང་གདངས་བསྐྱངས། །སླར་ཡང་བསྲུང་འཁོར་གུ་དྲག་གསོལ་འདེབས་ནས། །རྩ་སྔགས་བརྒྱ་རྩ་སྤྱན་ལྟས་དང་སྦྱར་བའི། །སྔགས་དམིགས་སྒྱུར་ཁ་ཅི་རིགས་སྐབས་སྦྱར་མཛད། །དེ་ནས་གཏེར་གསར་བདེ་གཤེགས་ཀུན་འདུས་ཀྱི། །རྩ་སྔགས་སྟོང་ཕྲག་རྟ་ཡུམ་
ཆིག་བརྒྱ་རེ། །འཁོར་སྔགས་ཉེར་གཅིག་བྱིན་བསྡུ་བདུན་ཕྲག་གཅིག །གསང་བ་ཡེ་ཤེས་གར་ཚེ་ལྔ་བཅུ་རེ། །སོང་རྗེས་སྣོད་བཅུད་དག་པའི་ཞིང་སྦྱངས་ནས། །འབྲུ་གསུམ་འགོག་བཟླས་རྡོ་རྗེའི་བཟླས་པ་ཉིད། །ཅི་རིགས་མཛད་མཐར་འོད་གསལ་དུ་བཅུག་རྗེས། །ཀ་དག་ཆོས་ཉིད་དེ་བཞིན་རྣལ་འབྱོར་དང་། །ལྷུན་གྲུབ་ཁྲེགས་ཆོད་ངང་ལ་མཉམ་པར་འཇོག །དེ་ནས་ནམ་སེང་རྡོ་རྗེ་རྣལ་འབྱོར་མའི། །བསྐྱེད་རིམ་རྣལ་འབྱོར་བཟླས་པ་བརྒྱ་རྩ་དང་། །རྫོགས་རིམ་གཏུམ་མོ་རྣལ་འབྱོར་ཅི་རིགས་ནས། །ཆུ་སྦྱིན་ཛམ་ལྷ་དཀར་གཏོར་ལོཀྟྲི་དང་། །ལོ་མ་གྱོན་མ་འབྱུང་བཞི་བརྒྱ་རྩ་བླུད། །ཆ་གསུམ་ཁ་འབར་མ་སོགས་སོང་བའི་རྗེས། །རྣམ་འཇོམས་བཅུ་གཅིག་ཞལ་གྱི་གཟུངས་བཟླས་མཛད། །དེ་ནས་རྗེས་ཀྱི་རྣལ་འབྱོར་རིམ་པ་དང་། །སླར་ཡང་ཐུགས་ཐིག་ཕྱི་ནང་གསང་གསུམ་དང་། །ཡང་སྙིང་ཀུན་འདུས་རྡོར་སེམས་གསང་བ་འདུས། །ཇོ་ལུགས་སྒྲོལ་དཀར་ཡིག་བཅུ་ཤམ་བུ་ཅན། །ནཱ་ག་རཀྴ་རྟ་མགྲིན་གསང་སྒྲུབ་དང་། །ཉང་གཏེར་ཁྲོས་ནག་བཅས་པ་བརྒྱ་ཕྲག་ཙམ། །བཀའ་བརྒྱད་ལུས་དཀྱིལ་ལ་བརྟེན་ཧཱུྃ་སུམ་བརྒྱ། །ཞི་ཁྲོ་སྤྱི་སྔགས་གཙོ་བོ་ལྔ་བཅུ་རེ། །དཔལ་བརྒྱད་བཀའ་སྡོད་དྲག་སྔགས་སོ་ལྔ་པ། །དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། །འབྲེལ་བར་ཡིག་བརྒྱ་ཉེར་གཅིག་རེ་མཛད་རྗེས། །གཟིམས་ཆུང་སྟེང་གི་རྟེན་མཆོད་སྤྱན་སྔར་ཕེབས། །སྐྱབས་སེམས་རྒྱས་པ་སྔོན་འགྲོས་སེམས་བསྐྱེད་བཞེས། །ལྟུང་བཤགས་རྗེས་འཛིན་སྨོན་ལམ་ལ་སོགས་པའི། །བཤགས་སྨོན་མང་པོའི་ཞལ་འདོན་དང་བསྟུན་ནས། །རྟེན་གསུམ་རྣམས་ལ་ཞབས་སྐོར་ཁ་ཤས་མཛད། །དེ་ནས་ཉིན་མོའི་སྟན་ལ་ཕེབས་ནས་ནི། །དབང་ལུང་ཟབ་ཁྲིད་གསུང་འོས་རིམ་པ་དང་། །ཀུན་ཏུ་དོན་ཡོད་མཛད་པ་གང་འོས་གནང་། །དེ་ནས་ཉི་མའི་གུང་ལ་བབ་པ་ན། །གསོལ་འདེབས་བསམ་པ་ལྷུན་གྲུབ་རྗེས་དྲན་རྗེས། །རིན་ཆེན་བྱིན་རྟེན་མང་པོས་སྤགས་པ་ཡི། །སྨན་གྱི་འདམ་ལ་སྣང་མཐའ་ཕྱག་རྡོར་དང་། །གུར་དྲག་རྡོར་སེམས་ཐུགས་རྗེ་ཆེན་པོ་དང་། །གཏེར་ཆེན་བླ་མ་ཐུབ་དབང་སྒྲོལ་མ་དང་། །སཙྪ་ལྔ་རེ་ཆགས་མེད་པར་འདེབས་མཛད། །དེ་ནས་འཁོར་ཚོགས་ཞམ་རིང་དང་བཅས་ནས། །བླ་
བྲང་ཡང་ཐོག་འཁོར་པའི་ཞབས་ཆག་ནས། །འོག་མིན་ཡང་རྩེར་དཀྱིལ་འཁོར་བློས་བསླངས་མདུན། །ཡན་ལག་བདུན་པ་བསྡུས་པའི་ཞལ་འདོན་བཅས། །ཕྱག་འཚལ་ཁ་ཤས་མཛད་མཐར་གཟིམས་ཆུང་ཕེབས། །རྟེན་གསུམ་བཞེངས་དང་འདུས་སྡེའི་བཅའ་སྒྲིག་སོགས། །གང་སར་བཀའ་བཀོད་བཟང་པོས་ཁྱབ་པར་མཛད། །དགོང་ལ་བབས་ཚེ་གཟིམས་ཆུང་མགོན་ཁང་དུ། །ཆུ་ལས་ཉ་ལྡང་ཇི་བཞིན་དཔལ་ཆེན་པོའི། །སྐུར་བཞེངས་སྤྱི་དང་བྱེ་བྲག་ཆོས་སྲུང་གི། གཏོར་བསྔོ་གཤིན་རྗེ་གཤེད་ཀྱི་སྙིང་པོ་དང་། །ཉེ་སྙིང་རྩ་སྔགས་བཟླས་པ་ཅི་རིགས་མཐར། །ཕྱིར་བཟློག་བཟླས་སྒོམ་ཐུན་གཏོར་འཕང་བ་མཛད། །དེ་ནས་གཟིམས་ཁྲིར་ཕུར་བའི་རྣལ་འབྱོར་གྱིས། །ཀཱི་ལ་ཡ་སྔགས་ལྔ་བཅུ་གཞན་ཡང་ནི། །འབྲུ་གསུམ་འགོག་བཟླས་རྡོ་རྗེའི་བཟླས་པ་དང་། །ཉེར་བསྡུའི་རྣལ་འབྱོར་སྟོང་པ་ཉིད་ངང་མདངས། །མཉམ་འཇོག་དེ་དང་མཚན་མོའི་འོད་གསལ་ནི། །རྣལ་འབྱོར་སྒྲོལ་བའི་མཛད་པ་བདག་གིར་བཞེས། །
ཞིང་འདིའི་མཛད་པ་བསྡུས་ཏེ་སྐུ་ཞི་བར་གཤེགས་ཚུལ།
དེ་ལྟར་ཞིང་འདིའི་བསྟན་དང་འགྲོ་བའི་དོན། །དེ་ཙམ་དགོངས་ལ་ཞིང་གཞན་དགོངས་པ་གཏད། །ཐ་མའི་མཛད་པའི་རྗེས་འབྲེལ་ཕྱི་ནང་གི། རྟེན་གྱི་ནང་གཟུངས་ཕལ་ཆེར་སྟ་གོན་དང་། །གསུང་རྟེན་ཤེར་ཕྱིན་གླེགས་བམ་བཅུ་ཕྲག་གཉིས། །དྲུག་གིས་ལྷག་པ་གསེར་ཆོས་བཞེངས་རྒྱུར་དགོངས། །གདོང་རྫར་ཞལ་ཁེབས་ཧོར་གོས་འབའ་ཞིག་ལས། །གྲུབ་པ་ཞལ་བྱང་བཅས་པའང་བཟོད་བཀོད་མཛད། །ཁྱད་པར་རྒྱུད་འཛིན་ཐུགས་སྲས་མཆེད་གཉིས་དང་། །གསུང་སྲས་འདུས་པའི་སྡེ་ཡི་ཆེ་བགྲེས་སོགས། །སྡེ་འདིའི་གཙོ་བོའི་ལས་འཛིན་ཕལ་ཆེར་ལ། །ཕྱི་མཐའ་གཟིགས་པའི་ཞལ་ཆེམས་རྒྱུན་མར་བསྩལ། །དེ་ནས་མཛད་མཐའ་སྟོན་ལ་ཉེར་ཕྱོགས་ཏེ། །སྐབས་འདིར་སྐུ་ལ་རྩ་དཀར་ལྟ་བུ་ཡིས། ཅུང་ཟད་བསྙུན་པའི་ཚུལ་མཛད་དེར་ཕན་བྱེད། །བདུད་རྩི་སྨན་གྱི་ཆུ་ཚན་ཞག་བདུན་བར། །སྔོན་དུ་སྐུ་ལ་བསྟེན་པ་དེ་ཉིད་ཀྱི། །འཕྲོད་ངོ་བལྟས་པའི་སྐུ་ངལ་གསོས་པ་ལ། །དེ་མ་ཐག་པར་དྲན་བཞིན་མཁྱེན་བཞིན་དུ། །འོ་སྐོལ་སྟོན་པའང་གྱད་ཡུལ་རྩྭ་ཅན་དུ། །མྱ་ངན་འདའ་བར་དགོངས་ལ་གཤེགས་པ་ལྟར། །ཚ་ཆབ་སྐུ་ལ་བསྟེན་རྒྱུའི་ཚུལ་ཉིད་ཀྱི། །ཤར་ཕྱོགས་དག་པའི་གནས་
མཆོག་འོལ་དགའ་རུ། །མྱ་ངན་འདའ་བཞེད་ནོ་ཡོན་པཎྜི་ཏར། །ཕེབས་བྱང་གཡར་མཛད་དགོངས་པ་ཇི་བཞིན་འབྱོར། །དེ་ཚེ་རྒྱལ་སྲས་སྐུ་མཆེད་ཡུམ་འཁོར་བཅས། །མགྲིན་ལམ་གཅིག་པས་རེ་ཞིག་སྐུ་ངལ་སྟབས། །ཆིབས་བསྐྱོད་བཤོལ་བའི་ཞུ་བ་ནན་གསོལ་ཀྱང་། །རེ་བ་བཀའ་ཡིས་མ་བཞེས་ཐབས་སུ་བྲལ། །སྤྱི་དང་བྱེ་བྲག་སོ་སོས་ཞབས་པད་ཉིད། །ཡུན་དུ་བརྟན་པའི་སྐུ་རིམ་གསོལ་འདེབས་དང་། །ཐབས་སྒོ་དུ་མ་རྒྱ་ཆེར་བསྒྲུབས་མཛད་ཅིང་། །དེ་ལས་གཞན་པའི་ཐབས་ཀྱིས་དབེན་པར་གྱུར། །སྐུ་ཉེའི་རིགས་གྱུར་ཕུན་རབ་ཆོས་དྲུང་ནས། །སྟོན་འཁོར་མ་ལུས་གཙང་དག་པོད་པ་ཡི། །ཚོགས་ཀྱི་སྟོན་མོས་མཉེས་པར་བྱས་པ་ལ། །དགེ་བའི་རྩ་བ་བྱང་ཆེན་སར་བསྔོ་མཛད། །དེ་ལས་རིགས་སྲས་མཆེད་བཅས་འཁོར་ཚོགས་ཀུན། །རིམ་པར་ཆིབས་བཏེག་མོན་མཁར་ཟ་ར་སྡེར། །ཞག་ས་མཛད་ལ་ཀླུ་ཁང་གྲུ་ལ་བརྟེན། །ཟངས་རི་སྐྱིད་ཚལ་ཀླུ་ཁང་ཞེས་པར་བཞུགས། །གསལ་བྱེད་ཟླ་བའི་དཀྱིལ་འཁོར་མར་ངོ་བཞིན། །རིམ་གྱིས་སྐུ་ཁམས་ཇེ་ཞན་དུ་གྱུར་པར། །རྒྱལ་སྲས་མཆེད་འཁོར་ཀུན་གྱིས་མགྲིན་གཅིག་ཏུ། །ད་ཆ་སྐུ་ཁམས་བབ་དང་ཕྱི་ནང་གི། པྲ་རྟགས་ལ་སོགས་གང་ལ་བལྟས་ན་ཡང་། །དགོན་གནས་ཕྱིར་ཕེབས་དགོས་པའི་ཞུ་བ་ནི། །ལན་གཅིག་མིན་པར་ནན་གྱིས་གསོལ་བཏབ་ཀྱང་། །སྐྱོན་མེད་འོལ་དགར་ཅིས་ཀྱང་འགྲོ་བ་ཡིན། །ཞེས་པའི་བཀའ་ཡིས་བཞེས་པ་མེད་པ་ལ། །སྔ་དགོང་ཞབས་བརྟན་སྐུ་རིམ་ཅི་འགྲུབ་ནས། །ཆིབས་དང་ཕེབས་བྱམ་གང་བདེ་བརྟེན་བཞིན་པར། །རིམ་བཏེག་སླེའུ་ལུང་མདོ་རུ་ཞག་ས་མཛད། །ཕྱི་ཉིནའང་སྔར་བཞིན་ཕེབས་ལ་ཉི་ཤུའི་ཚེས། །ཉིན་མོར་བྱེད་པ་ཕྱེད་ཡོལ་ཙམ་གྱི་དུས། །རང་བྱུང་སྨན་གྱི་རྫིང་བུའི་ཁང་པར་ཕེབས། །གཟིམས་ཁྲིར་བརྟེན་པའི་བཀའ་ལས་འདི་སྐད་ཅེས། །ཁྱེད་རྣམས་ཆབ་རོལ་བཞེད་ཚེ་ཁོ་བོ་ཅག །ངལ་གསོའི་རིང་ལ་ཅིས་ཀྱང་ཕེབས་ཞེས་གསུངས། །དེ་བཞིན་འཁོར་བཅས་འགའ་ཡི་བཀའ་བཞིན་ཐེགས། །དེ་ལས་མགྱོགས་མྱུར་སྐུ་མདུན་ཕེབས་གྱུར་པས། །སྔར་ལས་སྐུ་གཟུགས་ཤིན་ཏུ་ཞན་སོང་བར། །དེ་འཕྲལ་དགོན་དུ་རྒྱ་ཆེའི་སྐུ་རིམ་སོགས། །སྒྲུབ་དགོས་གནས་ཚུལ་འབུལ་བར་
བཤད་རྩོལ་གྱི། །རྟ་ལ་བརྟེན་པའི་བྱ་མ་རྟ་ཉིད་མངགས། །དེར་འཁོད་མཆེད་འཁོར་ཀུན་གྱིས་རྟེན་འབྱུང་གི། དངོས་འབུལ་ཅུང་ཟད་དང་བཅས་མགྲིན་གཅིག་ཏུ། །ལག་པའི་པདྨོ་སྦྱར་བས་འདི་སྐད་གསོལ། །འཕགས་ཆེན་རྣམས་ནི་སྒྱུ་མ་ལྟ་བུ་ཡི། །ཏིང་ངེ་འཛིན་ལ་མངའ་དབང་འབྱོར་བའི་ཕྱིར། །ཐུགས་འདུན་གང་གཏད་འགྲུབ་པ་ཆོས་ཉིད་བཅས། །སྤྱིར་ནི་སེམས་ཅན་ཐམས་ཅད་སྒོས་ཉིད་དུ། །བདག་ཅག་གདུལ་བྱར་གྱུར་པ་རྣམས་ཉིད་དང་། །ཡང་སྒོས་ཞབས་དྲུང་སྐུ་མཆེད་རྣམས་ཀྱི་དབུས། །ཆོས་སྲས་འདུས་པའི་སྡེ་དང་བཅས་རྣམས་དང་། །ཁྱད་པར་འདིར་བསྐྱོད་དཔོན་གཡོག་འདི་རྣམས་ནི། །ཅི་བྱའི་གཏོལ་བྲལ་སྡུལ་བསྔལ་ཉམ་ཐག་པའི། །ཚུལ་འདིར་ལེགས་པར་དགོངས་ལ་མགོན་ཁྱོད་ཀྱིས། །ཐུགས་ཀྱི་བརྩེ་བའི་སྤྱན་གྱིས་གཟིགས་གྱུར་ནས། །ཞི་བའི་ལམ་ལ་ཐུགས་མི་གཞོལ་བ་ནས། །ཞབས་པད་ཡུན་བརྟན་ཐུགས་སྣང་རིང་དགོས་ཞེས། །ནན་གྱིས་གསོལ་བ་བཏབ་ཀྱང་ཁོ་བོ་ནི། །སྨིན་པའི་འབྲས་བུ་ས་ལ་ལྷུང་དང་འདྲ། །ཞེས་པའི་བཀའ་ལས་ཆེས་འཕྲོས་རྒྱལ་བའི་སྲས། །མཆེད་འཁོར་ཀུན་ལ་སྤྱན་གྱི་གཟིགས་པ་གཏད། །འཕྲལ་དང་ཡུན་གྱི་བགྱི་འོས་མང་པོ་དང་། །ཁྱད་པར་རྒྱལ་བའི་སྲས་མཆོག་གང་ཉིད་ལ། །བསྟན་པའི་གཉེར་ཁ་འཛིན་པའི་ཞལ་ཆེམས་བཅས། །ཉིན་ཐུན་མཐའ་མ་རྫོགས་པར་ཉེ་བའི་ཚེ། །གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བ་དང་། །ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །སྤྱན་གྱི་གཟིགས་པ་མཁའ་ལ་གཏོད་པ་དང་། །ཕྱག་གཡས་གདེངས་ཀ་སྡིགས་མཛུབ་གཡོན་དཀུར་བརྟེན། །སྐུ་སྟོད་རྒྱས་དང་དབུ་གཙུག་འཕར་བ་སོགས། །ངོ་མཚར་ཆོ་འཕྲུལ་བཀོད་པ་ཚད་མེད་པས། །མངོན་པར་བྱང་ཆུབ་བསམ་མི་ཁྱབ་པ་ཡི། །རྣམ་ཐར་བཞི་ལྡན་ཡེ་ཤེས་འོད་གསལ་བའི། །ཆོས་སྐུ་ཀ་དག་ཆེན་པོའི་ཀློང་ཉིད་དུ། །སྤྲུལ་བའི་རང་གཟུགས་བསྡུ་བའི་མཛད་པ་བསྟན། །དེ་ཚེ་དེར་འཁོད་མཆེད་འཁོར་མ་ལུས་པ། །རེ་ཞིག་མྱ་ངན་གདུང་བ་ཆེན་པོས་མནར། །བླང་དོར་གནས་མེད་རྟོག་དཔྱོད་གོ་སྐབས་བྲལ། །ཅི་བྱ་གཏོལ་མེད་ལོང་བ་ཐང་དཀྱིལ་ལམ། །དྭ་ཕྲུག་ཐང་སྟོང་བོར་བ་བཞིན་དུ་གྱུར། །དེ་ནས་རང་བློ་དང་འཚམས་བསྟན་པ་ཡི། །གཟུགས་སྐུའི་ཞལ་
ཁྱིམ་མཐོང་དང་གསུང་ཉིད་ཀྱི། །བདུད་རྩིར་སྤྱོད་པའི་སྐལ་བ་ཟད་གྱུར་པས། །རང་རིག་བླ་མའི་ངོ་བོར་ངེས་བྱས་ནས། །ཐུགས་དམ་བསྐུལ་ཞིང་གསོལ་འདེབས་ནན་ཏན་ནས། །ནང་གི་རླུང་སྦྱོར་དང་བསྟུན་སྐུ་གདུང་ལས། །བྱིན་རླབས་དབང་བཞིའི་ཚུལ་དུ་ལེགས་བཞེས་ནས། །མཐར་ནི་འཁོར་གསུམ་མི་དམིགས་ངང་མདངས་བསྐྱངས། །སླར་ཡང་འཚོ་བྱེད་ཡར་འཕེལ་རོགས་བཅས་ཉིད། །དགོན་དུ་གནས་ཚུལ་འབུལ་བར་རྫོང་བདའ་མཛད། །དེ་ལས་མཚན་མོའི་གུང་ལ་ཉེ་བ་ན། །སྐུ་གདུང་ཡིད་བཞིན་ནོར་བུ་རིན་པོ་ཆེ། །གར་དབང་ཐུགས་རྗེ་ཆེན་པོའི་སྐུར་བསྐྱེད་པའི། །གཙུག་ཏོར་ཐུགས་ཀ་ལྟ་གསང་ཕྱག་ཞབས་བཞིའི། །ཚིགས་བཞིར་ནང་སྒྲུབ་ལུས་དཀྱིལ་ལྷ་རྣམས་སྒོམ། །སོ་སོའི་རྩ་སྔགས་བྲིས་པའི་གདགས་ཡིག་ཕུལ། །དཀྱིལ་འཁོར་ཆེན་པོའི་ངོ་བོར་སྒྲུབ་པ་ལ། །ཡེ་ཤེས་སྤྱན་དྲངས་བསྟིམ་ནས་མཆོད་པའི་རྗེས། །སྦྱངས་ཁྲུས་སྔོན་འགྲོའི་ག་བུར་དྲི་བཟང་གི། བྱུག་པ་ཕུལ་ལ་དར་དཀར་ཀ་རས་ཉིད། །དྲི་ཡིས་སྦགས་པས་དྲིལ་སྦྱངས་ལེགས་བཅས་ནས། །ཁ་དོག་སྣ་ལྔའི་དར་གྱིས་ལེགས་པར་བཀླུབས། །དབུ་རྒྱན་ལ་སོགས་ལྷ་ཡི་ཆས་གསོལ་ལ། །སྐུ་ཡི་ཉེར་སྤྱད་མ་ལུས་ལེགས་པར་བཀོད། །རྒྱ་ཆེ་སྣ་ལྔའི་མཆོད་པ་སྤྱན་སྔར་བསྟར། །བླ་མ་ཞི་བ་བདེ་གཤེགས་ཀུན་འདུས་ཀྱི། །དཀྱིལ་འཁོར་ཞལ་ཕྱེ་གདུང་མཆོད་འཕྲལ་དུ་བཙུགས། །དེ་ལས་ཞག་གསུམ་འདས་པའི་ཐོ་རེངས་དུས། །སྐུ་གདུང་ཡིད་བཞིན་ནོར་བུ་སྤྱན་དྲངས་ལ། །རང་དགོན་ཕྱིར་ཕེབས་གཟིམ་ཆུང་དབང་ཁང་དུ། །སླར་ཡང་སྦྱངས་ཁྲུས་སྔོན་དུ་འགྲོ་བ་ཡི། །དྲི་བཟང་ཕུར་མས་ལེགས་པར་གཏམས་བྱས་ཏེ། །ཟ་མ་ཏོག་ཏུ་བཞུགས་སུ་གསོལ་བ་ལ། །ལྷ་ཡི་ཆས་བཅས་རྒྱ་ཆེའི་མཆོད་པ་སོགས། །སྤྱན་སྔར་བསྟར་ལ་རྒྱལ་སྲས་སྐུ་མཆེད་གཉིས། །འདུས་སྡེའི་བགྲེས་གྲྭ་བཅུ་ཕྲག་གཉིས་བཅས་ནས། །ས་ཟླའི་བཅུའི་བར་གདུང་ཆོག་རྒྱས་པ་དང་། །རིག་འཛིན་འདུས་སྡེས་ན་རག་སྐོང་བཤགས་མཛད། །ཕྱི་དྲོ་གཟིམ་ཆུང་ཀུན་བཟང་ཕོ་བྲང་གི། མཐོང་ཁའི་ཐད་དུ་སེར་སྦྲེངས་དང་བཅས་ནས། །འདོ་ལིར་སྤྱན་དྲངས་རྒྱལ་སྲས་ཐུ་བོ་ཡིས། །ལས་སློབ་མཛད་ལ་གོང་གསལ་དཔོན་སློབ་ནས། །སྐུ་གདུང་ཞུགས་
སུ་སྦྱོང་བའི་ཕྱག་ལེན་ནི། །ཕྲ་ཞིབ་མཛད་ལ་རྒྱ་ཆེའི་མཆོད་པ་ཕུལ། །དེ་ཚེ་དབུ་ཐོད་རིལ་པོ་ཐུགས་ཉིད་ཀྱང་། །ཞུགས་ཀྱིས་མ་གནོད་ཕྱི་རབས་གདུལ་བྱ་ཡི། །དད་པའི་རྟེན་དུ་བཞུགས་པའི་སྐལ་བཟང་ཐོབ། །དེ་ཡང་ཤར་ཕྱོགས་ཞི་བར་མནལ་དུས་དང་། །དགོན་གནས་སྐུ་གདུང་སྤྱན་འདྲེན་རྣམས་ཀྱི་དུས། །ནམ་མཁའི་དབྱིངས་ཀྱང་ཤིན་ཏུ་དྭངས་པ་ལ། །འཇའ་དཀར་ཀུ་ཤའི་ཆུན་པོ་བཀྲམ་འདྲ་དང་། །སྣ་ཚོགས་འཇའ་གུར་ཕུབ་དང་བརྐྱངས་པ་སོགས། །ངོ་མཚར་དགེ་བའི་མཚན་མ་མང་དུ་བྱུང་། །ཁྱད་པར་ཞུགས་འབུལ་དུས་དང་འབྲས་སྤྱི་སྡེའི། །རྩེ་ལས་ཤར་ཕྱོགས་ཁ་བལྟས་འཇའ་དཀར་དང་། །རྨ་བྱའི་མཇུག་སྒྲོ་བཀྲམ་འདྲའི་འཇའ་འོད་རིས། །བླ་བྲང་ཐད་དུ་ལྔ་ལྡན་གུར་ཕུབ་དང་། །འཇའ་དཀར་མདུང་ཚུགས་ཟུག་པ་ལ་སོགས་པའི། །ཀུན་གྱི་སྤྱོད་ཡུལ་ངོ་མཚར་ལྟས་བཟང་གྱུར། །སྐུ་ཚིགས་རྣམས་ལ་ཚོགས་སྡེ་ཡས་མས་སོགས། །ཕྱི་ནང་གྲ་ཡི་དགོན་སྡེ་ཆེ་ཕྲ་ཀུན། །སྤྱན་དྲངས་ཚ་གྲ་ཕྱག་འགྱེད་ལ་སོགས་པའི། །རྙེད་བཀུར་བསྟི་སྟང་དུ་མས་ལེགས་པར་མཆོད། །ཁྱད་པར་ས་ཟླའི་བཅོ་བརྒྱད་དངོས་གཞི་ལ། །ནང་དགོན་མ་བུར་བཅས་པར་ཚྭ་གྲ་འགྱེད། །ལྷག་པོར་སྤྱི་རྫས་སྦྱོར་འཇགས་གྲྭ་ཚང་དབུར། །པད་གླིང་གསུང་སྤྲུལ་ལྔ་པ་སྤྱན་དྲངས་ལ། །རྒྱ་ཆེའི་འབུལ་བ་ཟག་པར་བཅས་པ་ཉིད། །ཟག་མེད་བསྔོ་བས་ཟིན་པའི་བཀའ་དྲིན་བསྩལ། །དེ་ཡིས་རྗེས་འབྲེལ་རང་ཞབས་ལྷ་འབངས་དང་། །ཐར་གླིང་དགོན་ཞོལ་སྒོ་དུད་ཆེ་ཕྲ་ལ། །བཟའ་བཏུང་འབྲུ་འགྱེད་ལ་སོགས་རྒྱ་ཆེ་དང་། །གཞིས་བྱེས་ངན་སློང་བརྒྱ་ཕྲག་བརྒལ་བ་ལ། །སྦྱིན་པའི་ཕྱག་བརྐྱངས་དགའ་མགུས་ཚིམ་པར་མཛད། །གཞན་ཡང་པཎ་ཆེན་མཆོག་གི་སྤྲུལ་སྐུ་དང་། །རྒྱལ་ཚབ་དེ་མོ་ཧུ་ཐོག་ཐུ་ཡི་གཙོས། །ས་དགེ་རྙིང་འབྲུག་དཀར་འབྲི་བོ་དོལ་སོགས། །གྲུབ་མཐའ་རིས་མེད་བླ་མ་སློབ་དཔོན་ལ། །བཟང་ལ་སྤམས་མཐོའི་བསྔོ་རྟེན་གྱ་ནོམ་དང་། །དབུ་གཡོར་དྭགས་ཀོང་ལྷོ་དབུས་གཙང་སོགས་ཀྱི། །འདུས་སྡེ་ཕལ་མོ་ཆེ་ལ་མང་ཇ་འགྱེད། །ཚྭ་གྲ་ལ་སོགས་སྐབས་སུ་གང་འོས་དང་། །ལྷ་ས་བསམ་ཡས་ཁྲ་འབྲུག་ལ་སོགས་པའི། །གནས་ཆེན་ཁག་ལ་སྟོང་མཆོད་བརྒྱ་མཆོད་སོགས། །བསམ་མི་ཁྱབ་པའི་
མཆོད་སྦྱིན་རྒྱ་ཆེར་སྤྲོས། །ནང་རྟེན་འདྲ་སྐུ་དགུང་ཞག་ཁོང་སྒྲུབ་ལ། །ལྷག་གནས་ཆོ་གས་དགེ་ཤིས་སྒྲུབ་པར་མཛད། །ཕྱི་རྟེན་དངུལ་གདུང་རྒྱུག་འདོམས་བཅུ་བདུན་གྱི། །སྐུ་ཚད་རྫོགས་པ་བཟོ་རྒྱུས་ཁྱད་འཕགས་དང་། །གསུང་རྟེན་ཤེར་ཕྱོགས་གསེར་ཆོས་པོད་ལ་སོགས། །ལོ་ཁོངས་ལེགས་པར་གྲུབ་པར་མཛད་པ་ལ། །རྒྱལ་སྲས་སྐུ་མཆེད་རིག་འཛིན་འདུས་པར་བཅས། །མྱོས་ལྡན་ས་ཡོས་དབོ་ཟླའི་ཚེས་བརྒྱད་ལ། །ལྷག་གནས་སྔོན་འགྲོའི་རབ་ཏུ་གནས་པར་མཛད། །དེ་འབྲེལ་རྒྱལ་སྲས་ཐུ་བོར་གྱུར་པ་གང་། །ཡབ་རྗེ་དམ་པའི་ཆོས་ཁྲིར་སྤྱན་དྲངས་ལ། །རྒྱལ་སྲས་ཨོ་ཊི་ཡ་ནའི་མཚན་ཅན་ནས། །ལུང་རིགས་དང་འབྲེལ་སྙན་འཇེབས་ལེགས་བཤད་ཀྱི། །སྟོང་ཐུན་སྔོན་འགྲོའི་བཀྲ་ཤིས་རྫས་བརྒྱད་སོགས། །མངའ་གསོལ་ཆོ་ག་རྒྱས་པར་བསྒྲུབས་པ་ལ། །སེམས་མེད་ནམ་མཁས་གྲགས་པའི་སྒྲ་དབྱངས་ལྡིར། །རང་ཞབས་ལྷ་འབངས་ཐར་གླིང་དགོན་ཞོལ་བས། །དགའ་སྐྱིད་བྲོ་གཞས་ཉམས་གླུ་ལེན་པ་སོགས། །ཕུན་སུམ་ཚོགས་པའི་རྟེན་འབྱུང་སྒོ་བརྒྱ་ཕྱེ། །སླད་འཆར་ལོ་ཟླའི་དུས་མཆོད་གཏན་ལ་ཕབ། །མདོར་ན་བགྱིས་དང་བགྱི་འགྱུར་བྱ་བ་ཀུན། །བསྟན་འགྲོར་ཕན་བདེ་སྤེལ་བར་དམིགས་གྱུར་ན། །རྗེ་འདིའི་ཐུགས་དགོངས་རྫོགས་པར་འགྱུར་བ་ཡིན། །དེ་ལྟར་རྒྱ་ཆེ་གནད་འགྲོའི་དགོངས་རྫོགས་རྣམས། །གཙོ་བོར་རྒྱལ་སྲས་སྐུ་མཆེད་གཉིས་ཀྱིས་གཙོས། །ཞལ་ངོ་སྐུ་འཁོར་མ་ལུས་ཕྱོགས་གཅིག་ཏུ། །ཐུགས་བསྐྱེད་དཀར་བའི་ནུས་མཐུས་བསྒྲུབས་པ་ལ། །གང་བཞེད་ཕྱག་རྩེར་སོན་པའང་མགོན་འདི་ཡི། །རྨད་བྱུང་ཐུགས་རྗེའི་མཐུ་དཔུང་ཡིན་པར་གོ། སྨྲས་པ། འཁོར་དང་མྱང་འདས་ཆོས་སོ་ཅོག་མ་ལུས། །རང་བྱུང་རིག་པའི་རྩལ་དུ་ངེས་རྙེད་ནས། །བདེ་ཆེན་ཐར་ལམ་འདྲེན་པའི་དེད་དཔོན་ཡང་། །རང་སེམས་ལས་ཅི་དེ་ཕྱིར་སླར་ཡང་འདུད། །འདི་ནི་མཁས་འདོད་གྲགས་པའི་གཏམ་རྗེས་སུ། །སྙེགས་པར་བྱེད་པའི་དབང་གིས་བྲིས་མིན་ཏེ། །རྒྱུ་མཚན་གྲོང་ཚིག་རྐང་པར་བཅད་པ་ལ། །ངོ་མཚར་རྩིས་སུ་བྱེད་པ་བྱིས་པའི་བློ། །ཅི་སྟེ་བསྐལ་བའི་སངས་རྒྱས་མཆོད་པ་བས། །བླ་མའི་སྐུ་ཡི་བ་སྤུ་
ཉག་གཅིག་ལ། །འབྲུ་མར་ཐིགས་པ་གཅིག་བྱུགས་བསོད་ནམས་ཀྱི། །ཕུལ་དུ་གྱུར་ན་མཛད་པའང་ཆ་ཤས་ཙམ། །བརྗོད་པའི་ཡོན་ཏན་ཚད་དུ་མེད་པ་རུ། །ངེས་པ་རྙེད་ནས་ཚུལ་འདི་བྲིས་པའོ། །ཀུན་རྟོག་སེམས་ཀྱི་འཆར་སྒོ་མ་འགགས་པར། །སྒྱུ་མའི་ཡོ་ལང་ངང་ཚུལ་དེར་དཔྱོད་པར། །རྒྱལ་དང་དེ་སྲས་རྣམས་ཀྱི་རྣམ་ཐར་ཡང་། །རྫོགས་པར་བརྗོད་ལ་ཚངས་པའང་ངལ་བར་གྱུར། །འོན་ཏང་སྐབས་སུ་བབ་པའི་མཛད་པ་ནི། །ཅུང་ཟད་བརྗོད་འདི་སྐུལ་བ་པོ་ཉིད་ཀྱི། །དགོངས་པ་སྐོང་དང་མཐའ་འཁོབ་དད་ཅན་གྱི། །མོས་དགེ་འཕེལ་ཕྱིར་བྲིས་ལ་ཀླན་ཀ་ཅི། །འདི་ཙམ་ཡོན་ཏན་སྤྲིན་གྱི་བ་གམ་ལས། །ཐུགས་རྗེའི་བྱིན་རླབས་ཆར་དུ་བསྙིལ་གྱུར་ནས། །མོས་ལྡན་འགྲོ་བའི་མྱུ་གུ་རྒྱས་བྱས་ཏེ། །དངོས་གྲུབ་འབྲས་བུའི་སྙེ་མ་གཡུར་ཟ་ཤོག །བཀྲ་ཤིས་དགའ་བ་འཁྱིལ་བའི་ལྡིང་ཁང་ནས། །བཀྲ་ཤིས་དགེ་ལེགས་སྟོང་གི་ཉིན་མོར་བྱེད། །བཀྲ་ཤིས་དད་པའི་འདབ་སྟོང་རྒྱས་བྱེད་པའི། །བཀྲ་ཤིས་སྣང་བས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་མཚན་བརྗོད་པར་དཀའ་བ་རྗེ་བཙུན་བླ་མ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས་བྱིས་པ་ཚུན་གྱིས་གོ་བདེའི་གྲོང་ཚིག་རྐང་པར་བཅད་པ་སྐལ་བཟང་གདུང་སེལ་ཞེས་བྱ་བ་འདི་ནི་མཚོ་ཁ་ནས་སྔོན་དུས་རང་དང་གྲྭ་ཐོག་གཅིག་ཅིང་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་མང་པོར་རྡོ་རྗེའི་སྤུན་དུ་གྱུར་པ་ཨ་མདོ་སྔགས་རམས་པ་འགྱུར་མེད་དམ་ཆོས་བཟང་པོས་ཚོས་ལྡན་ཁ་བཏགས་སྦབ་ཆ། རྒྱ་ཟམ་ཁ་དོག་ལྔ་ལྡན་ཡུག །ཌཱ་འཕན་ཁྱད་མཚར་བཅས་རྟེན་དུ་བྱས་ཏེ་རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་གང་འདིའི་སྐུ་ཚེའི་སྟོད་ཀྱི་མཛད་པའི་རྣམ་ཐར་ཤིན་ཏུ་རྒྱས་པ་ཞིག་ཡོད་འདུག་ཀྱང་འདི་ཕྱོགས་དཔེ་མི་འབྱོར་ཞིང་ཕྱོགས་མཐར་ཡང་སྤེལ་རེ་བྲལ་བ་ཙམ་དུ་མ་ཟད་ད་ལྟ་སྨད་ཆ་ཡང་མེད་སྐད་བཅས། ད་ལམ་ཁྱོད་ནས་ཤིན་ཏུ་གོ་བདེའི་མཛད་པ་རྫོགས་པ་དུམ་བུ་གཅིག་ཏུ་བྱས་པ་རྒྱས་བསྡུས་འཚམས་པ་ཞིག་བྲིས་ནས་བསྐུར་དགོས་ཚུལ་ལྟར་ལ་ཕྱོགས་འདིར་མཁས་བླུན་ཕལ་ཆེར་བཞད་གད་ཀྱི་རྒྱུ་ལས་གཟིགས་ཡུལ་དུ་འབབ་པ་ཞིག་ཅི་ལ་ཡོང་རུང་
མཐའ་འཁོབ་ཡུལ་དུ་དད་ཅན་རྣམས་ཀྱི་གཟིགས་ངོར་ཆུད་པ་ཡོང་རེའི་ཤར་ཕྱོགས་འོལ་དགར་ཆིབས་སྒྱུར་ཡན་རྗེ་ཉིད་ཀྱི་ས་བོན་ཕྱག་བྲིས་སུ་བཏབ་པར་གཞི་བཅོལ། དེར་མ་འཁོད་པའི་མཐོང་ཐོས་ངེས་འདྲོངས་འགའ་ཞིག་གིས་ཟུར་བརྒྱན། དེ་མན་རང་ཉིད་ཀྱི་མིག་ལམ་དུ་གྱུར་ཅིང་བློར་ཡང་ངེས་པ་བཅས་རྗེ་བླ་མ་དེ་ཉིད་ཀྱི་དགོངས་པར་ཡང་ཚིགས་སུ་བཅད་པ་ཉུང་ངུ་ཞིག་བཞེད་པ་ལྟར་ལ་འདི་ཙམ་གྱིས་དགོངས་པ་ཡང་ཕྱོགས་ཙམ་རྫོགས་རེ་བཅས་ཁོ་བོ་སྤྲང་བཙུན་མངྒ་ལའི་མིང་ཅན་གྱིས་ཤིང་སྤྲེལ་ལོར་རྒྱལ་སྲས་ལྔ་རིག་པ་ཆེན་པོ་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་ཞལ་སྔ་ནས་མཁའ་སྤྱོད་བདེ་ཆེན་གླིང་དུ་གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་གསུམ་འདུས་ཀྱི་ཕྱི་ནང་གསང་བའི་བསྙེན་སྒྲུབ་ཟླ་དྲུག་མར་བཞུགས་སྐབས་ཉིན་གྱི་འཆར་བླ་བྲང་ཕྱོགས་སུ་རང་ཉིད་ངལ་བར་གྱུར་པ་བཅས་སྟོན་གསུམ་རྩི་བཅུད་འབྲས་བུ་སྨིན་པའི་དུས་ཀྱི་སྔ་དྲོ་རིམ་པར་རང་གི་ཤག་ཁུང་དུ་ཤར་མར་བྲིས་ནས་ཕྱོགས་དེར་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །འདིས་ཀྱང་བླ་མ་དམ་པའི་བྱིན་རླབས་གདུལ་བྱའི་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག། །།
རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་ཐར་དད་པའི་གདུང་སེལ། ཁྱུང་པོ་རས་པ་འགྱུར་མེད་འོད་གསལ།
རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་ཐར་དད་པའི་གདུང་སེལ་བཞུགས་སོ། །
ཁྱུང་པོ་རས་པ་འགྱུར་མེད་འོད་གསལ།
སྔོན་བྱུང་བ་སྐུ་སྐྱེ་སྔ་མའི་ཚུལ་མདོ་བསྟན་པ།
རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་ཐར་དད་པའི་གདུང་སེལ་བཞུགས་སོ། །ༀ་སྭ་སྟི། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བཙུན་བླ་མ་དམ་པ་གར་གྱི་དབང་ཕྱུག་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་པར་ཐར་པ་དད་པའི་གདུང་སེལ་ཞེས་བྱ་བ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བདེ་ཆེན་ཌཱཀྐིའི་གཙོ་མོ་བསླུ་མེད་མཆོག་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གདོད་ནས་མི༵་འགྱུར༵་ཆོས་དབྱིངས་ནམ་མཁའ་ལ། །འགག་མེད་རང་གདངས་འགྲོ་བའི་དཔ༵ལ་གཅིག་པུར། །ཡོངས་ཤར་མ་རིག་མུན་སེལ་སྒྲོན༵་མེ་མཆོག །རིགས་ཀུན་བདག་ཉིད་ཁྱབ་བདག་བླ་མར་འདུད། །ཆོས་སྐུ་འགྱུར་མེད་སྤྲོས་བྲལ་ནམ་མཁའ་ལ། །བདེ་ཆེན་ཐུགས་རྗེའི་ཆུ་འཛིན་འཁྲིགས་པ་ལས། །དབང་བཞིའི་ཆར་གྱིས་གདུལ་བྱ་སྨིན་མཛད་པ། །རྡོ་རྗེའི་གར་མཁན་ཤེས་རབ་སྒྲོལ་མས་སྐྱོངས། །ཐབས་མཆོག་བདེ་ཆེན་དཔའ་བོ་ཀུན་ཏུ་བཟང་། །ཤེས་རབ་དགའ་མར་སྦྱོར་བ་ཀུན་བཟང་ཡུམ། །ཟུང་འཇུག་བཀའ་གསང་རྫོགས་ཆེན་རྡོ་རྗེའི་གླུ། །ལེན་ཕྱིར་མི་འགྱུར་དཔལ་གྱི་སྒྲོན་མར་ཤར། །མགོན་དེའི་མཛད་པ་ཡོན་ཏན་རྒྱ་མཚོའི་གཏེར། །བགྲང་ཡས་བདེ་གཤེགས་རྣམས་ཀྱིས་བརྗོད་དཀའ་ན། །ཚུར་མཐོང་བྱིས་བློས་སྤོབས་པར་མི་འགྱུར་ཡང་། །དམ་པའི་གསུང་ངོར་ཆུ་ཐིགས་ཙམ་ཞིག་གོ། མི་ཤིགས་རྡོ་རྗེ་དབྱིངས་ཀྱི་མཁའ་ཀློང་ལས། །རང་རིག་དོན་གྱི་བླ་མ་མཚན་དཔེའི་སྐུའི། །དགྱེས་ཞལ་གསུང་གི་བདུད་རྩི་བདག་སྩོལ་ལ། །ཐར་འདོད་དད་པའི་གདུང་བ་སེལ་མཛད་གསོལ། །དེ་ལ་འདིར་བདག་ཅག་རྣམས་ཀྱི་སྐྱབས་མགོན་བླ་མ་དམ་པ་ལྷན་སྐྱེས་ཀྱི་ཌཱཀྐིའི་གཙོ་
མོ་རིགས་བརྒྱའི་ཁྱབ་བདག་གར་གྱི་དབང་ཕྱུག་མི་འགྱུར་དཔལ་གྱི་སྒྲོན་མའམ་རྗེ་བཙུན་ཤེས་རབ་སྒྲོན་མ་ཞེས་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་བཀའ་གསང་རྡོ་རྗེ་སྙིང་པོའི་ཐོལ་གླུ་གཞོམ་མེད་དུ་ལེན་ཅིང་སྙན་གྲགས་ཀྱི་བ་དན་སྲིད་པའི་རྩེ་མོར་སྒྲེང་ཞིང་ལྷ་དང་བཅས་པའི་འཇིག་རྟེན་དུ་མཚན་ཡོངས་སུ་གྲགས་པའི་དམ་པ་གང་གི་མཛད་པའི་ཚུལ་ཆ་ཙམ་གླེང་བ་ལ་གཉིས་ཏེ། སྔོན་བྱུང་བ་སྐུ་སྐྱེ་སྔ་མའི་ཚུལ་མདོར་བསྟན་པ་དང་། ཞིང་འདིའི་མཛད་པ་ཅུང་ཟད་སྤྲོས་ཏེ་བཤད་པའོ། །དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་ཟབ་ཞི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཀ་དག་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ་རང་སྣང་གི་ཡུམ་དབྱིངས་ཕྱུག་མ་ཀུན་ཏུ་བཟང་མོས་སྤྱིར་བསྟན་པའི་ཆོས་ཐེག་པ་ཆེ་ཆུང་སྣ་ཚོགས་པ་དང་། ཁྱད་པར་བཀའ་གསང་རྫོགས་པ་ཆེན་པོ་རྨད་བྱུང་བསྟན་པའི་སྙིང་པོ་འདི་ཉིད་འབྱུང་བར་གསོལ་བ་བཏབ་པ་ལས། སྟོན་པ་བླ་ན་མེད་པ་དེ་ཉིད་ཀྱིས་རང་རྩལ་ཡེ་ཤེས་རོལ་པའི་འཁོར་ཚོགས་རྣམས་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་ངེས་དོན་བརྗོད་མེད་དོན་གྱི་སྒོ་ནས་གསུངས་པ་ནི་རྒྱལ་བ་ཉིད་ལ་ཉིད་ཀྱིས་བརྒྱུད་པས་རྒྱལ་བ་དགོངས་པས་བརྒྱུད་པ་དང་། དེ་ལྟར་དོན་བརྡ་ཙམ་བསྟན་པ་ལས་རིག་འཛིན་རིག་པ་འཛིན་པ་རྣམས་ཀྱིས་ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་རིག་འཛིན་བརྡ་ཡི་བརྒྱུད་པ་དང་། ཆོས་ཉིད་རྫོགས་པ་ཆེན་པོའི་དོན་ཐུགས་ཀྱི་ཟ་མ་ཏོག་ཏུ་གཏམས་པ་མགུལ་གྱི་བུམ་པ་ལས་དྲངས་ལྗགས་ཀྱི་པདྨ་འདབ་བརྒྱད་ལས་ཐོན་པའི་དོན་སྙན་གྱི་བུ་ག་ཤིན་ཏུ་སྲབ་པ་ནས་རིམ་པར་བརྒྱུད་པའི་བཀའ་གསང་རྫོགས་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་བསྟན་པའི་སྙིང་པོ་འདི་ཉིད་ཉག་གཅིག་གི་བརྒྱུད་པ་ཟམ་མ་ཆད་པར་སྙན་ནས་སྙན་དུ་བརྒྱུད་དེ་གང་ཟག་བཀའ་བབས་ལས་འཕྲོ་ཅན་ལས་ད་ལྟའི་བར་རྣམ་དག་གི་བཀའ་ཁྱད་པར་ཟབ་མོ་གཏེར་དུ་རྒྱས་བཏབ་པའི་བརྒྱུད་པ་དྲུག་ལྡན་དུ་འཕགས་པ་འདི་ཉིད་ཐོག་མ་དང་། བར་མ་དང་། མཐའ་མ་གསུམ་གྱི་ཟབ་མོའི་བཀའ་བབས་ཞལ་གྱིས་
བཞེས་ཤིང་དམ་བཅས་པའི་ཐོག་མའི་ཐོག་མ་ལ་ཡུམ་དབྱིངས་ཕྱུག་མ་ཀུན་ཏུ་བཟང་མོས་བསྟན་པ་འབྱུང་བར་གསོལ་བ་བཏབ་ཅིང་། བཀའ་གསང་རྡོ་རྗེ་སྙིང་བོའི་བསྟན་པ་བསྲུང་ཕྱིར་བཀའ་སྲུང་རག་གདོང་སྨུག་ནག་ཁྲོ་མོར་སྤྲུལ་ཞིང་རང་དམ་བཅས། བར་དུ་བསྐལ་བ་འདིའི་བསྟན་པ་ལ་རྨད་བྱུང་བསྟན་པའི་སྙིང་པོ་འདི་ཉིད་མི་ཉམས་ཤིང་སྤེལ་ཕྱིར་བདག་ཅག་གི་རྣམ་འདྲེན་བླ་མ་དམ་པ་བདེ་ཆེན་ཌཱཀྐིའི་གཙོ་མོ་འགྲན་ཟླ་ཐམས་ཅད་བྲལ་བ་ཡུམ་ཀུན་ཏུ་བཟང་མོ་ཉིད་དུ་སྐུ་སྤྲུལ་བཞེངས་པར་གྱུར་པ་ནི་སྙིང་ཐིག་ཆེན་མོའི་ཆོས་བདག་ལུང་བསྟན་གྱི་འཕྲོར་དཔལ་ཀུན་ཏུ་བཟང་པོའི་ལྗགས་ཀྱི་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་ཀྱང་། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ན་དར། །དེ་ནས་མི་གནས་རང་སའོ། །ཞེས་གསུངས་པས། དེ་ལ་མཁའ་འགྲོ་མ་ནི་སྐུའི་བཀོད་པ་དང་མཚུངས་པར་བསྟན་ཏེ། དོན་ལ་ཆོས་སྐུ་སྤྲོས་བྲལ་གྱི་ནམ་མཁའ་ལ་རིག་པ་ཡེ་ཤེས་ཀྱི་རང་རྩལ་མ་འགགས་པར་འགྲོ་བས་ན་མཁའ་འགྲོ་དང་། དཔལ་ནི་མི་འགྱུར་དཔལ་གྱི་སྒྲོན་མ་སྟེ་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་འཛིན་པར་ལུང་གིས་བསྟན་པས་ན་མཚན་སྒྲའི་ཚིག་ཀྱང་ཤིན་ཏུ་གསལ་ཞིང་། དེ་ལ་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོ་ཡིན་པའང་དངོས་སུ་བསྟན་ཏེ་རང་གཏེར་ཤ་འུག་གཏེར་བྱོན་གབ་རྒྱའི་ལུང་བྱང་དུམ་བུ་ཐ་མ་ལས་ཀྱང་། ཁྱད་པར་བདེ་གཤེགས་ཀུན་འདུས་མན་ངག་འདིའི༔འཆང་བྱེད་སྣོད་ལྡན་ཆོས་ཀྱི་བདག་པོ་ནི༔གསང་ཆེན་སྙིང་ཐིག་མན་ངག་བསྟན་པའི་བདག༔ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་མོ་དང༔པོ་ཏཱ་ལ་རུ་ཨཪྱ་ཏཱ་རེ་མ༔དཔལ་རི་པདྨར་ཡེ་ཤེས་མཚོ་རྒྱལ་ཏེ༔ཨོ་རྒྱན་གཟུང་མ་ད་ལྟའི་མཁར་ཆེན་གཟའ༔སྐྱེ་བ་འདི་ནས་ཆོ་འཕྲུལ་གྲངས་མེད་འགྱེད༔མ་གཅིག་ལབ་སྒྲོན་སྣང་ས་འོད་དེ་འབུམ༔ཟུར་མོ་དགེ་འབུམ་ལ་སོགས་དུ་མའི་མཐར༔བསམ་ཡས་ལྷོ་ཕྱོགས་གྲྭ་ཞེས་གཡོར་པོའི་ཆར༔མཚན་རྟགས་ལས་ཅན་བཻ་རོའི་སྐྱེ་མཐའ་ཡིས༔བརྒྱུད་འཛིན་ཊཱཀྐི་སྒྲོན་མའི་མིང་འཆང་མ༔མདོ་རྒྱུད་ལུང་གི་གདམས་པས་རྒྱུད་ཕྱུག་པའི༔རབ་འབྱམས་རྒྱུད་སྡེའི་ཕ་མཐར་རྒལ་བ་བྱུང༔ སྔགས་ཀྱི་དོན་སྤྱོད་
རྫོགས་ཆེན་རྣལ་འབྱོར་མ༔དངོས་སམ་ཉམས་སུ་ང་དང་བཀའ་ཡང་བགྲོ༔ཟླ་ཟེར་སྤྲུལ་པར་ཆད་མཐའ་མི་མངའ་ཡང༔དེ་ཕྱིར་མཚོ་རྒྱལ་དངོས་ཀྱི་སྐྱེ་མཐའ་ནི༔རེ་ཞིག་འདིས་ཆོད་སྔོན་མེད་རྫོགས་སངས་རྒྱས༔ཞེས་དང་རྒྱལ་པོ་བཀའ་ཐང་ལས༔ཡུལ་གཅིག་དབུས་ཀྱི་རྡོ་རྗེ་གདན་དྲུང་དུ༔དགེ་སློང་དཔལ་མོ་ཞེས་བྱ་འབྱུང་བར་འགྱུར༔ཞེས་གསུངས་པས་རྒྱལ་བའི་བཀའ་བསྟན་མན་ངག་མ་ལུས་པ་རྒྱ་བོད་ཀྱི་ལོ་པཎ་རྣམས་ཀྱིས་དཔལ་བསམ་ཡས་སུ་བསྒྱུར་ཅིང་བོད་དུ་མདོ་སྔགས་དར་བའི་ཐོག་མའི་ས་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་ཡིན་པས་གཙོ་ཆེ་བའི་དབང་གིས་རགས་པ་ཙམ་དུ་ལུང་བསྟན་པ་དང་། དཔལ་ཨོ་རྒྱན་ཆེན་པོས་པད་གླིང་གཏེར་བྱོན་མཚོ་རྒྱལ་གྱི་རྣམ་ཐར་ལས། ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྤྲུལ་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་མངའ་གསོལ་བ༔རྡོ་རྗེ་པདྨའི་མིང་ཅན་སྙིགས་མའི་འགྲོ་བ་ཐམས་ཅད་ཀྱི་དེད་དཔོན་དམ་པར་གྱུར་པ་གཅིག་བསམ་ཡས་འདིའི་ནུབ་ཕྱོགས་ཡུལ་སྒྲགས་ཞེས་པ་ནས་འབྱུང༔ཞེས་གསུངས་པའི་ཡུལ་ཕྱོགས་དངོས་སུ་བསྟན་པ་དང་། རྡོ་རྗེ་པདྨའི་མིང་ཅན་ནི། སྙིང་ཐིག་གི་ཟབ་ཁྲིད་རྗེས་སུ་མངའ་གསོལ་མཛད་དུས་མཚན་འགྲོ་འདུལ་རྡོ་རྗེ་སྙིང་པོ་ཞེས་པ་དང་། བདེ་གཤེགས་ཀུན་འདུས་ཟབ་ཁྲིད་ཀྱི་དབང་གི་དུས་པདྨའི་དབང་ཕྱུག་ཏུ་ཡབ་རྗེ་གཏེར་བདག་གླིང་པས་སྩལ་བས་དངོས་སུ་བསྟན་པ་ལྟར་ལུང་བསྟན་ཕལ་ཆེར་ཀུན་རྫོབ་དགོས་དབང་ཆེད་དུ་སྣང་ཚུལ་དུ་གནང་བའི་མཚན་རྗེ་བླ་མས་བདག་ལ་དངོས་སུ་སྩལ་བ་བཞིན་གྱ་ཚོམས་སུ་མ་བརྒལ་བར་ཁུངས་དང་ལྡན་པ་སྟེ། དེ་ཡང་མཚན་གཉིས་སུ་གསུངས་པའི་དོན་ཐོག་མ་གཉིས་སུ་ལུང་བསྟན་པ་ཡིན་ནོ། །དེས་ན་དམ་པ་འདི་ཉིད་མཚོ་རྒྱལ་དངོས་ཡིན་པ་ལྟར་ན། དོན་ལ་འོག་མིན་ཆོས་ཀྱི་དབྱིངས་སུ་ཀུན་ཏུ་བཟང་མོ་དང་། པོ་ཏཱ་ལར་རྗེ་བཙུན་སྒྲོལ་མ་དང་། དེར་མ་ཟད་པདྨ་བཀའ་ཐང་ལས། དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གྱིས༔ཞེས་ལྷ་མོ་དབྱངས་ཅན་མའང་ཡིན་པ་དང་། བདག་ཅག་གི་སྟོན་པས་མ་གཅིག་ལབ་སྒྲོན་ལུང་བསྟན་དུས། བྱང་ཕྱོགས་ལབ་གྱི་གྲོང་ཁྱེར་དུ་ཡུམ་ཆེན་མོ་དངོས་སུ་འབྱུང་བར་མདོ་ལས་ལུང་
བསྟན་པ་དང་། ཀུན་མཁྱེན་རྡོ་རྗེ་ཐོགས་མེད་ཀྱི་གཟིགས་སྣང་རྒྱ་ཅན་ལས་མཚོ་རྒྱལ་དང་མཇལ་དུས་ཌཱཀྐིའི་རྡོ་རྗེའི་ཐོལ་གླུ་ལས། ཁྱད་པར་ཁོ་མོ་རྡོ་རྗེ་རྣལ་འབྱོར་མ། །གསང་བ་ཡེ་ཤེས་རྗེ་བཙུན་སྒྲོལ་མ་སོགས། །སོ་སོར་སྣང་ཡང་དོན་ལ་དབྱེ་བ་མེད། །ཅེས་གསུངས་པ་དེ་དག་ངོ་བོ་གཅིག་ལ་སྣང་ཚུལ་ཐ་དད་པར་གསུངས་ཀྱང་དོན་ལ་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོ་དངོས་ཡིན་པ་བཤད་པ་ལྟར་རོ། །དེ་ནས་ཐ་མར་བསྐལ་པ་ཚེ་ལོ་བཅུ་པའི་ཚེ་དམ་པ་འདི་ཉིད་ད་ལྟའི་བཀོད་པ་དང་མཚུངས་པར་རང་བྱུང་དུ་བྱོན་ནས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བ་ལས། དང་པོ་དང་གཉིས་པའི་དུས་ན་གང་ཟག་ལས་འཕྲོ་ཅན་རྣམས་རྫོགས་པ་ཆེན་པོ་སྒྲ་ཐ་ཚིག་བྱ་རྩོལ་བྲལ་བའི་དོན་ཐོས་པ་ཙམ་གྱིས་ཆོས་ཐུན་རེ་རེ་བཞིན་རྫོགས་མ་ཐག་ཏུ་བྱ་བརྒྱ་འུར་རྡོས་བསྐྲད་པ་ལྟར་ཡང་དག་པར་འདུས་པའི་འཁོར་རྣམས་འཚང་རྒྱ་བ་དང་། གསུམ་པའི་དུས་འཁོར་ཚོམ་བུ་ལྷག་མེད་དུ་ཡང་དག་པར་འགྱུར་བ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་ཕྱུང་ནས། །འདི་དང་གང་འཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཞིང་འདིར་ཐོག་མར་པདྨའི་གཟུང་མ་མཁར་ཆེན་གཟའི་ལོ་རྒྱུས་ཅུང་ཟད་བརྗོད་ན། དེ་ཡང་པདྨ་བཀའ་ཐང་ལས། དེ་ནས་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ཨེ་མ་ཧོ༔ཡོན་ཏན་དུ་མས་བརྒྱན་པའི་པདྨ་འབྱུང༔ཞེས་སོགས་ནས། བོད་བྱོན་མི་ལོ་བཅུ་གསུམ་སོང་ཙ་ན༔སྒྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚན༔གནུབ་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚན༔ཤིང་མོ་བྱ་ཡི་ལོ་ལ་མཚོ་རྒྱལ་འཁྲུངས༔མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལ༔མི་བརྗེད་གཟུངས་ཐོབ་ཆོས་རྣམས་སློབ་མ་དགོས༔བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བསྒྲུབས༔སྤུ་གུ་ཕོ་མོ་གང་ཡང་བདག་ལ་མེད༔དགེ་སློང་མ་ཡིན་འཁོར་བའི་སྐྱོན་མ་གོས༔ཞེས་གསུངས་པས། དེ་ལ་:དབུ་རུ་༼གཡོ་རུ༽སྒྲགས་ཀྱི་ཡུལ་ཚ་ལུ་མཁར་ཞེས་བྱ་བར་ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་དགེ་བ་འབུམ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཏེ་མཚན་པདྨ་ལྕམ་དུ་གསོལ། དགུང་
ལོ་བརྒྱད་པ་ནས་སྐུ་ལུས་མཚར་སྡུག་དང་ལྡན་པ་ཡེ་ཤེས་ཀྱི་མཁའ་འགྲོའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ་ཅིང་། དགུང་ལོ་བཅུ་གསུམ་ནས་རྒྱ་གར་བཻ་དའི་རྒྱལ་པོ་སོགས་ཕྱོགས་ཀྱི་རྒྱལ་ཕྲན་མང་པོ་དང་། དེ་ལས་བོད་ཟུར་མོ་མཁར་གྱི་རྒྱལ་བུ་ནོར་བུ་དཀར་གསལ་གྱི་ཞུ་ནན་གྱི་སློང་མི་མང་བ་ལ། དེར་ཡབ་རྒྱལ་པོས་བུ་མོ་ཁྱོད་སློང་མི་མང་བས་ཁྱོད་རང་གང་དགའ་བ་འདོམས་ཤིག་གསུངས་པས། དེར་སྲས་ཀྱིས་དམ་པའི་ཆོས་ཞིག་མ་བྱུང་ན་འཁོར་བའི་སྡུག་བསྔལ་ལས་མི་འདུག་པས་རང་དབང་ཞིག་བྱུང་ན་ཆོས་བྱེད་པ་ཡིན་གསུངས་པས། རྒྱལ་བློན་གྲོས་མཛད་པས་བདུད་བློན་ཤི་སྲ་ཞེས་ཁས་བཙན་པ་དེས། འོ་ན་བདུད་རི་ཤ་ཤང་ཀངྐ་གྲགས་སུ་སྤྱུགས་པ་དྲག་ཅིང་དེར་ཁ་འཆམ་སྟེ་ཆོས་བློན་རྣམས་ཀྱིས་ནི་བསྒྱུར་ཁ་མ་ཐུབ་པས། སྐུ་ལུས་གཅེར་བུ་བྱས་ཞགས་པས་བཅིངས། ཚེར་ལྕག་གིས་བྲབས་ཤིང་གནས་འཇིགས་རུང་མི་བཟད་པའི་ནགས་ཚལ་གཅན་གཟན་མི་བསྲུན་པ་དང་དུར་བྱ་དང་ཁྭ་ཏ་སོགས་སྒྲ་སྣ་ཚོགས་སྒྲོག་པའི་ས་དེར་སྤྱུགས་སོ། །དེར་སྐུ་ལུས་གཅེར་བུ་ཟས་སྐོམ་གྱིས་ཕོངས་པ་ལ་གཅན་གཟན་དང་བྱ་ཚོགས་རྣམས་ཀྱིས་མོས་གུས་ཀྱི་ཤིང་ཏོག་དང་ཤིང་སེ་བའི་འབྲས་བུ་དང་ཁུ་བ་སོགས་ཀྱི་ཞབས་ཏོག་ལ་བརྟེན་ཟག་མེད་ཀྱི་ཏིང་ངེ་འཛིན་ཁོ་ན་ལ་བཞུགས་སོ། །དེར་ཟུར་མོ་མཁར་གྱི་རྒྱལ་པོས་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་ཏེ་བློན་འབངས་ཀྱིས་བདུད་རི་ནས་ལྷ་ལྕམ་དབང་མེད་དུ་བཀུག་ནས་ཟུར་མོ་མཁར་དུ་དར་དཀར་གྱི་ཡོལ་བའི་ནང་དུ་རྒྱལ་པོ་དང་ཟུང་དུ་བཞུགས་སོ། །དེར་རྒྱལ་བློན་ཐམས་ཅད་ནི་ལྷ་ལྕམ་འདི་ལྟ་བུ་ཁུག་རྟིང་བློ་བདེ་ནས་གཉིད་དུ་སོང་། དེའི་ཚེ་ལྷ་ལྕམ་ནམ་ཕྱེད་ན་ཐུགས་དྭངས་པའི་དཀོན་མཆོག་ལ་གདུང་ཤུགས་ཀྱི་འབོད་པ་མཛད་པས་ཁྱེའུ་ཤེལ་གྱི་ཐོར་ཚུགས་ཅན་ཞིག་བྱུང་བ་ལ། ལྷ་ལྕམ་གྱིས་ཁྱོད་སུ་ཡིན་ངས་ངོ་མི་ཤེས་གསུངས་པས། ཁྱེའུ་དེའི་ཞལ་ནས། རྣལ་འབྱོར་ང་ནི་ཨོ་རྒྱན་པདྨ་ཡིན༔གདུལ་བྱ་རྒྱ་གར་ཤར་ནུབ་ཕྱོགས་སུ་དར༔དགོས་པའི་དོན་བྱེད་ལྷ་ལྕམ་ཁྱོད་ཉིད་ཀྱི༔གདུང་ཤུགས་དད་པའི་ཆེད་དུ་ཡོང་པ་ཡིན༔ཞེས་གསུངས་པས། ལྷ་ལྕམ་གྱིས་ཁྱོད་ཨོ་རྒྱན་པདྨ་ཡིན་ན་གྲོགས་འཁོར་བའི་བཙོན་དོང་
ནས་འཐོན་པའི་ཐབས་ཤིག་སྩལ་དུ་གསོལ་ཞེས་ཞུས་པས། ཨོ་རྒྱན་གྱིས་ཁྱོད་རང་གི་སོར་གདུབ་ལག་ཏུ་ཚུར་ལོངས་ལ་རྣལ་འབྱོར་ང་སྤྱི་གཙུག་ཏུ་སྒོམས་ཤིག་གསུངས་པས། དེ་ལྟར་མཛད་པས་ཕྱག་ཞབས་བསྡམས་པ་རང་གྲོལ་དུ་སོང་སྟེ་ཨོ་རྒྱན་ཉིད་ཀྱི་རྗེས་སུ་ནམ་མཁའ་ལ་འཕུར་ཏེ་མཆིམས་ཕུ་རྫའི་རི་ཁྲོད་ཀྱི་བྲག་ཕུག་ཏུ་ཕེབས་ནས་ཨོ་རྒྱན་ཉིད་ཀྱིས་རྫོགས་པ་ཆེན་པོའི་ཆོས་རྣམས་ཞུ་བ་དང་ཞུ་ལེན་གྱི་སྒོ་ནས་ཞིབ་ཏུ་སྩལ། དེ་ནས་ཨོ་རྒྱན་ཆེན་པོས་མཚོ་རྒྱལ་ལ་ང་རྒྱ་གར་དུ་གཉུག་གཅིག་འགྲོ་བས་དེ་བར་གྲུབ་པ་ཐོབ་པ་གྱིས་ཤིག་གསུངས་པས། དེར་ལྷ་ལྕམ་གྱིས་མི་ལོ་བཅུ་གཉིས་ལ་སྒྲུབ་པ་མཛད་པས། སྐབས་ཤིག་ཇག་པ་མི་བདུན་བྱུང་བས། དམ་པའི་ཆོས་ཀྱིས་བསྐུལ་ཏེ་བཞུགས་པའི་དུས། བུད་མེད་ཅིག་གིས་དོ་ལི་ལ་ལྷ་ལྕམ་བཞུགས་དགོས་ཟེར་བ་ལ་བཞུགས་པས་ཇག་པ་རྣམས་ཀྱང་སྡོད་དགོས་ཟེར་དེར་ཐོགས་མེད་དུ་མཁའ་སྤྱོད་ཀྱི་ཞིང་བགྲོད་ནས་ཇག་པ་བདུན་འོད་ལུས་སུ་ཡལ། ལྷ་ལྕམ་ཧེ་རུ་ཀའི་དུར་ཁྲོད་ཉུལ་བའི་རང་སྣང་གི་ཞིང་དུ་རིག་འཛིན་གྱི་དཔའ་བོ་སྡེ་ལྔ་དང་ཚོགས་སྤྱོད་གྱི་སྤྱོད་པ་མཛད་དེ། མཚན་རྡོ་རྗེ་གར་དབང་མ། རྡོ་རྗེ་དྲག་མོ་རྩལ། ཡེ་ཤེས་མཚོ་རྒྱལ། བདུད་འདུལ་དྲག་མོ་རྩལ། མཁར་ཆེན་གཟའ་ལ་སོགས་དཔའ་བོ་རེས་མཚན་རེ་གསོལ་ནས་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་བརྙེས་ནས་གདོད་མའི་བཙན་ས་ཟིན། དེ་ནས་སླར་ཡང་མཆིམས་ཕུའི་བྲག་ཕུག་ཏུ་ཕེབས་སོ། །དེ་ནས་ཨོ་རྒྱན་ཉིད་རྒྱ་གར་ནས་ཕེབས་པའི་ཆོས་ཀྱི་བྱ་བ་མཛད། སྔར་ལྷ་ལྕམ་ཆོས་མཛད་པ་ལ་བར་གཅོད་གཏོང་མི་བདུད་བློན་ཤི་ར་ངན་སོང་དུ་འཁྱམས་པ་འདྲེན་དགོས་པའི་ལུང་གིས་དམྱལ་ཁམས་ནས་དེས་མཚོན་པའི་འགྲོ་བ་མང་པོ་དོང་སྤྲུགས་ཀྱི་སྒོ་ནས་བདེ་ཆེན་གྱི་གནས་སུ་དྲངས། དེ་ནས་ཨོ་རྒྱན་ཆེན་པོའང་ཐུགས་ཡིད་རང་བའི་མཚོ་རྒྱལ་ཉིད་ལ་གསང་མཚན་རིག་འཛིན་མཐིང་འོད་འབར་མར་གསོལ་ཏེ་བསྟོད་པ་མཛད་ཅིང་། སློབ་དཔོན་ཆེན་པོའི་སྤྲུལ་པས་གར་ཁྱབ་པའི་གནས་སུ་མཚོ་རྒྱལ་གྱིས་ཀྱང་ཆོས་ཀྱི་ཞུ་བ་པོ་དང་བཀའི་བསྡུ་བ་པོར་ཁྱབ་པར་མཛད་ཅིང་མཐར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས་དུས་ད་ལྟ་ཡང་
རྔ་ཡབ་པདྨ་འོད་དུ་སྐུ་དངོས་བཞུགས་པ་ཡིན་ཏེ་ཀུན་མཁྱེན་རྡོ་རྗེ་ཐོགས་མེད་ཀྱི་གཟིགས་སྣང་རྒྱ་ཅན་ལས་ཀྱང་། ཕྱི་ལྟར་བུ་མོ་ཡེ་ཤེས་འཚོ་རྒྱལ་ང་། །པོ་ཏཱ་ལ་རུ་ཨཪྱ་ཏཱ་རེར་གྲགས། །ཉི་ཤུ་རྩ་བཞིའི་གནས་ཡུལ་ཀུན་ཏུ་རྒྱུ། །འདི་ནས་ནུབ་ཕྱོགས་ཟངས་མདོག་དཔལ་རི་ན། །སྲིན་པོ་འདུལ་བའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཞེས་གསུངས་ཤིང་། དེར་མ་ཟད་སྐུ་སྐྱེ་བ་འདིའི་གོང་དུ་རྒྱ་གར་དུ་སངས་རྒྱས་འཁོར་བ་འཇིག་གི་ཚེ་ནའང་ནམ་མཁའ་ལ་མེ་འབར་བ་ལྟ་བུའི་ཐན་པ་ཆེན་པོ་བྱུང་ནས་ས་གཞིའི་ལོ་ཏོག་ཐམས་ཅད་སྐམས༔འབབ་ཆུ་ཕལ་ཆེར་ཡང་སྐེམ༔འགྲོ་བ་རྣམས་ཉམ་ཐག་པའི་ང་རོ་ཆེན་པོ་སྒྲོགས་པའི་དུས་སུ༔ཁོ་བོའི་རྣམ་འཕྲུལ་བྱང་ཆུབ་སེམས་དཔའ་ཆུའི་འཁོར་ལོ་བྱ་བ་གཅིག་བྱུང་སྟེ༔དེ་ལ་ཡུམ་ཀླུའི་བུ་མོ་སྒྲུབ་སྡེ་ཆུའི་དཔལ་མོ་བྱ་བ་བྱུང་ནས་ཆར་ཆེན་པོ་འབེབས་པའི་སྨོན་ལམ་བཏབ་ཚེ༔ཆར་རྒྱུན་ཆུ་གཟོ་བྱོ་བ་ལྟར་བབས་ཏེ་ས་གཞིའི་ལོ་ཏོག་ཐམས་ཅད་གསོས༔སྲོག་ཆགས་རྣམས་ཉམ་ཐག་ཤི་བ་ཐམས་ཅད་ལམ་ལ་བཀོད༔འགྲོ་བ་ཐམས་ཅད་ལོངས་སྤྱོད་ཀྱིས་ཚིམས་པར་བྱས༔དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་རྟ་ཐུལ་ཅན་གྱིས་ཞུས་པའི་མདོ་ལས་རྒྱས་པར་གསུངས༔སྒྲུབ་སྡེ་ཆུའི་དཔལ་མོ་དེ་ད་ལྟའི་མཚོ་རྒྱལ་འདིའོ༔ཞེས་དཀོན་མཆོག་སྤྱི་འདུས་ཀྱི་པདྨའི་རྣམ་ཐར་ལས་གསུངས། ཡང་དེ་ལས། དེའི་དུས་ན་ཁོ་བོའི་སྤྲུལ་པ་འཕགས་པ་ཀུན་དགའ་བོར་གྱུར་ནས་ཐུབ་པ་ཆེན་པོ་ལ་དད་གུས་མོས་པས་མཆོད་བསྟོད་སོགས་གཞན་ལས་ཁྱད་པར་དུ་འཕགས་པའོ༔དེའི་ཚེ་བདག་གི་སྲིང་མོ་གདྒཱའི་ལྷ་མོ་ཞེས་བྱ་བ་ཡོན་ཏན་དུ་མ་དང་ལྡན་པའི་བུད་མེད་དེ་ད་ལྟའི་མཚོ་རྒྱལ་འདིའོ༔ཞེས་གསུངས་པས་རྒྱ་བོད་ཀུན་ཏུ་རྣམ་སྤྲུལ་བརྗོད་ཀྱིས་མི་ལང་བ་བྱུང་ངོ་། །གང་ལྟར་ཡང་དེའི་འོག་ཏུ་སྐུ་སྤྲུལ་མ་གཅིག་ལབ་ཀྱི་སྒྲོན་མ་དང་། གསུང་སྤྲུལ་མྱང་སྟོད་སྣང་ས་འོད་དེ་འབུམ་གཉིས་ནི། པད་གླིང་གཏེར་ལུང་ཀུན་གསལ་མེ་ལོང་ལས། མཁའ་འགྲོ་སྡེ་ལྔ་མཚོ་རྒྱལ་ཐུགས་ཀྱི་སྤྲུལ༔ལབ་ཀྱི་སྒྲོལ་མ་སྣང་ས་འོད་དེ་འབུམ༔བུད་མེད་ཚུལ་འཆང་འགྲོ་དྲུག་ལམ་སྣ་འདྲེན༔ཞེས་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་ནི༔པད་གླིང་གཏེར་
བྱོན་རྣམ་ཐར་ལས༔ཁྱད་པར་ཐུབ་པའི་བསྟན་པ་སྙིགས་མ་ལྔ་བདོ་བའི་དུས་སུ༔ཁྱོད་ཀྱི་སྐུའི་སྤྲུལ་པ་རིགས་ལྔའི་རྟགས་ཀྱི་མངའ་གསོལ་བ༔འབྲེལ་ཚད་དོན་དང་ལྡན་པ་གཅིག་གངས་ཅན་གྱི་དབུས་སུ་འབྱུང༔ཞེས་བསྟན་པ་ལྟར་བདག་ཅག་གི་སྟོན་པས་མདོའི་ལུང་བསྟན་དུ་བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ་ཡུམ་ཆེན་མོ་དངོས་སུ་འབྱུང་བར་བསྟན་ཏེ། ཡུལ་དབུས་རོང་དུ་ལབ་ཅེས་བྱ་བར་ཡབ་ཡུམ་གཉིས་ཀྱི་སྲས་སུ་བལྟམས། ཆུང་ངུ་ནས་ཐེག་པའི་ཆོས་ཀྱི་བག་ཆགས་སད་ཅིང་ངེས་འབྱུང་གི་ཐུགས་རྒྱུད་བཟང་པོ་བརྙེས། རྩེད་ཐང་དུ་དུས་སྟོན་ཞིག་ལ་བྱོན་པས་ཕྱོགས་འདུས་ཀྱི་མི་མང་པོ་འདུས་པའི་ཁྲོམ་དབུས་སུ་མི་རྣམས་ཀྱིས་ཁྲོམ་འདིའི་དཀྱིལ་ན་བུ་མོ་འདི་ལས་མཚར་བ་མི་འདུག་འདི་གང་ནས་ཡིན་ཟེར་བ་ལ། དེར་འགའ་ཞིག་རྒྱུས་ཡོད་པ་རྣམས་ཀྱིས་ཡུལ་ལབ་ནས་ཡིན། མོ་རང་གི་མིང་ལ་སྒྲོལ་མཛེས་ཟེར་སྨྲས་པར། ཁྲོམ་པ་རྣམས་ཀྱིས་འོ་ན་ལབ་སྒྲོལ་ཟེར་བ་ཡིན་འདུག་ཅེས་བསྒྲགས་པས་ཕྱིས་མཚན་ལ་ལབ་སྒྲོལ་དུ་གྲགས་པ་དེ་ལྟར་ཡིན། དེ་ནས་གྲྭ་ནང་དུ་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བྱང་ཆུབ་ཆོས་སྒྲོན་དུ་མཚན་གསོལ། བཀའ་འགྱུར་གྱི་གསུང་སྒྲོག་མཛད་པས་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་བརྙེས་ནས་བཀའ་ཐོག་ནས་གྲོལ་བའི་གདེང་ཐོབ། དེའི་ཚེ་ལ་སྟོད་དིང་རི་ནས་རྗེ་དམ་པ་སངས་རྒྱས་གྲྭ་ཐང་དུ་ཕེབས་ཏེ་མ་གཅིག་དང་མཇལ་བས། དེར་དམ་པའི་ཞལ་ནས་ངའི་ཡུམ་ཆེན་མོ་ཡི་དམ་གྱི་ལྷ་དང་ད་ལམ་འདིར་མཇལ་བྱུང་ཞེས་ཕྱག་དང་གུས་བསྟོད་ཀྱི་ངང་ནས་བྱིན་རླབས་ཞུ་བར་མཛད། རོང་དུ་དད་ཅན་ཞིག་གི་སར་གསུང་སྒྲོག་མཛད་པས། དེར་དགེ་སློང་ཞིག་ཀྱང་ཆོས་སྟོན་དུ་འཛོམས་པར། དགེ་སློང་མ་གཅིག་གི་གསུང་སྒྲོག་གི་སྙན་དབྱངས་ཀྱིས་སྣང་སེམས་བདེ་བས་ཁྱབ་པས་ཆོས་སྟོན་མ་བྱུང་བར་སྦྱིན་བདག་གིས་བསྐུལ་བས་དེར་དགེ་སློང་ན་རེ། དེ་རིང་ཁྱོད་ཀྱི་མཆོད་གནས་མའི་གསུང་སྒྲས་ཆོས་དང་ཟས་སྐོམ་གྱི་འདུ་ཤེས་གང་ཡང་མི་འདུག་ཅེས་གསུངས་བས་སྦྱིན་བདག་ཀྱང་ངེད་ཚོ་ཡང་དེ་འདྲ་འདུག་ཅེས་གླེང་། དེ་ནས་སྲོད་ཀྱི་དུས་དགེ་སློང་ནས་མ་གཅིག་གི་དྲུང་དུ་ང་ལ་བྱིན་རླབས་ཤིག་ཞུ་གསོལ་བས། དེར་མ་གཅིག་
གིས་ཆོས་ཀྱི་བམ་པོ་དུམ་པ་ཞིག་མགོ་ཐོག་ཏུ་སྩལ་བས། དགེ་སློང་གིས་དེ་མི་ཞུ་གསང་གནས་ཀྱི་བྱིན་རླབས་ཤིག་ཞུ་ཞུས་པས། མ་གཅིག་གིས་དེ་མི་རུང་འདུལ་བའི་བསླབ་སྡོམ་ཉམས་འགྲོ་གསུངས་པའི་ནུབ་ཡུམ་ཆེན་མོས་ཡི་དམ་གྱི་ལྷས་བསླབ་སྡོམ་བློས་ཐོངས་ལ་ཚོགས་སྤྱོད་ཀྱི་སྤྱོད་པས་སེམས་ཅན་རྣམས་མཁའ་སྤྱོད་དུ་དྲོངས་ཞེས་ལུང་བསྟན་པར་བརྟེན་དེར་དགེ་སློང་དང་ཐབས་ཤེས་ཀྱི་སྦྱོར་བ་མཛད་པས་སྲས་རྒྱལ་བ་དོན་གྲུབ་དང་། ཐོད་སྨྱོན་བསམ་གྲུབ་སོགས་གསུམ་ཙམ་འཁྲུངས། དེར་མི་རྣམས་སྔར་དད་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ལ། དུས་དེ་ནས་བསམ་པ་ཕྱིར་ལོག་ཏུ་སོང་ཡང་ཉམ་ང་མེད་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་ལྟ་བ་མཐའ་བྲལ་དུ་བརྙེས་ནས་ཟབ་མོ་གཅོད་ཀྱི་གདམས་པ་བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་སྙིང་པོར་དྲིལ་བའི་ལམ་ཁྱེར་གྱི་མན་ངག་བཀའ་རྩོམ། ཡང་རྩོམ། ཉིང་རྩོམ། ལེ་ལག །ཁ་ཐོར་སོགས་གདམས་པ་གནད་ཟབ་མང་པོའི་ཡིག་ཆ་མཛད་ཅིང་། སྨྱོན་སྤྱོད་རོ་སྙོམས་ཀྱི་ལྟ་བས་བཟང་ངན་མེད་པའི་སྐྱེ་བོ་ཀུན་དང་རོལ་ཏེ་ཕྱོགས་མཐའ་སྤྱི་དང་ཁྱད་པར་ཟངས་རི་ཁང་དམར་དུ་སྐུ་ལུས་ཀྱི་ཚུལ་བཏང་ནས་འགྲོ་བ་མང་པོ་དབྱིངས་སུ་དྲངས་ཤིང་མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །དེའི་འོག་ཏུ་གསུང་སྤྲུལ་སྣང་ས་འོད་དེ་འབུམ་ནི། སངས་རྒྱས་གླིང་པའི་གཏེར་ལུང་དུ། ནུབ་ཕྱོགས་མྱང་སྟོད་ཞེས་བྱའི་ཕུར༔མཚོ་རྒྱལ་ཁྱོད་ཀྱི་གསུང་སྤྲུལ་ནི༔འོད་དེ་འབུམ་ཞེས་གྲགས་པ་འབྱུང༔མ་སྐྱེས་གདོད་མའི་རྣལ་འབྱོར་མ༔ཞེས་དང་། པད་གླིང་གཏེར་བྱོན་རྣམ་ཐར་ལས། གསུང་གི་སྤྲུལ་པ་བླ་མ་མཁའ་འགྲོས་མངའ་གསོལ་བ༔མཚན་ཉིད་དང་ལྡན་པ་གཅིག་ནུབ་ཕྱོགས་གཙང་གི་ཕྱོགས་སུ་འབྱུང༔ཞེས་གསུངས་པས། དེ་ཡང་གཙང་མྱང་སྟོད་འོད་དཀར་རམ་འཇང་ཕད་ཁུད་དུ་གྲགས་པར་ཡབ་ཀུན་བཟང་བདེ་ཆེན་དང་། ཡུམ་མྱང་ས་གསལ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་ངུ་ནས་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་བས་འཁོར་བའི་ཉེས་དམིགས་དང་བསྐལ་པ་སྙིགས་དུས་ཀྱི་ལུང་བསྟན་མགུར་དུ་གསུངས། དགུང་ལོ་བཅོ་ལྔར་རྒྱལ་རྩེའི་དུས་སྟོན་ལ་བྱོན་པས་དཔོན་པོ་སྒྲ་ཆེན་པས་དབང་
མེད་དུ་བཀུག །རྗེ་ལྷོ་བྲག་མར་པ་ཨོ་རྒྱན་དངོས་སུ་བསྟན་པས་དེའི་གཟུང་མ་མཚོ་རྒྱལ་གྱི་སྤྲུལ་པ་ཡུམ་བདག་མེད་མ་དངོས་ཡིན་པར་མཁྱེན་ཏེ། སྟག་ཤམ་པའི་གཏེར་བྱོན་མཚོ་རྒྱལ་གྱི་རྣམ་ཐར་དུ་དཔལ་ཨོ་རྒྱན་ཆེན་པོས༔ང་ཡི་སྤྲུལ་པ་མར་པ་ལོ་ཙཱར་གྲགས༔མཚོ་རྒྱལ་སྤྲུལ་པ་བདག་མེད་མ་ཞེས་འབྱུང༔མི་ལ་ཞེས་བྱས་དཀའ་སྤྱད་གྲུབ་པ་ཐོབ༔ཅེས་གསུངས། རྗེ་མི་ལ་རས་པས་ཐུགས་རྒྱུད་བསྐུལ་ཏེ་འཁོར་བའི་སྡུག་བསྔལ་གྱིས་མནར། སྐུ་ཚེའི་དུས་བྱས་པས་དུར་ཁྲོད་ནས་རང་ལོག་ཏུ་བྱུང་། སླར་ཁྱིམ་དུ་ཕེབས། ཡབ་ཡུམ་གཉིས་ཀྱི་སར་ཡུམ་སྲས་གཉིས་ཕེབས་ནས་ཐགས་རར་ཐགས་ལ་བརྟེན་པའི་གདམས་པ་མགུར་དུ་བཞེས་ཏེ་ཡབ་ཡུམ་གཉིས་ལ་ཆོས་ཕྱིར་དགོངས་ཞུ་མཛད་པས། འདོད་དུ་མ་སྟེར། དེའི་ནུབ་མོ་སེ་བྲག་ཏུ་ཕེབས་ནས་བླ་མ་གཡུང་སྟོན་ཤཱཀྱ་རྒྱལ་མཚན་བྱ་བ་ཕྱག་རྫོགས་ཀྱི་བསྟན་པའི་བདག་པོའི་དྲུང་དུ་སྐྱོ་ཤས་ཀྱི་སྨྲེ་སྔགས་ཀྱི་སྒོ་ནས་གཙུག་ཕུད་ཕུལ་ཏེ་དམ་པའི་ཆོས་སྒོར་ཞུགས། གདམས་པའི་དོན་ལ་ཞུ་བ་དང་ཞུ་ལན་གྱི་སྒོ་ནས་མགུར་དུ་གསུང་སྟེ་སྒྲུབ་པ་ལ་བཞུགས། དེར་དཔོན་སྒྲ་ཆེན་པས་ཆོས་མཛད་པ་ལ་བར་གཅོད་ཀྱི་དམག་འཁྲུག་ལ་དམག་དཔུང་གི་དཀྱིལ་དུ་བྱོན་ནས་རྟ་མཐུར་ནས་བཟུང་སྟེ་འཁོར་བའི་ཉེས་དམིགས་ཀྱི་གདམས་པ་མགུར་དུ་གསུངས་པས་སྒྲ་ཆེན་ཡང་འགྱོད་དེ་ཡོ་བྱད་ཚང་མ་བླ་མ་ལ་ཕུལ་ནས་འགྱོད་བཤགས་མཛད་དེ་སྐྱབས་འགྲོའི་སྒོམ་ལུང་ཞུས་ཤིང་རང་གནས་སུ་བྱོན། དེ་ནས་བཟུང་བློ་ཁ་ཆོས་སུ་འགྱུར་ཞིང་ཡུམ་དང་རང་སྲས་མཇལ་འཕྲད་མཛད་དེ་མཐར་སྐུ་མི་མངོན་དབྱིངས་སུ་འོད་ཕུང་དུ་གཤེགས་སོ། །དེའི་འོག་ཏུ་ཐུགས་སྤྲུལ་ཀོང་མོ་སིད་དྷིར་གྲགས་པ་ནི། པད་གླིང་གཏེར་བྱོན་རྣམ་ཐར་ལས། ཐུགས་ཀྱི་སྤྲུལ་པ་དཀོན་མཆོག་གསུམ་གྱིས་མངའ་གསོལ་བ༔འབྲེལ་ཚད་དོན་དང་ལྡན་པ་གཅིག་ཤར་ཕྱོགས་ཀོང་པོའི་ཡུལ་དུ་འབྱུང་༔ ཞེས་གསུངས་པ་གསལ་བར་རྟོགས་དཀའ་ཡང་རཏྣ་གླིང་པ་སོགས་ཀྱི་གཏེར་ལུང་འགའ་རེར་ཀོང་མོ་སིད་དྷིའི་མཚན་ཅན་དུ་འབྱུང་གྱུར་བཞིན་དེས་ཐ་མལ་གྱི་སྣང་སྤྱོད་ཀྱིས་ཟག་མེད་ཏིང་འཛིན་ལ་མངའ་བརྙེས་པའི་
མ་གཅིག་ཇོ་མོ་ལྟ་བུའི་སྐུ་ལུས་ཀྱི་འབྲེལ་བས་འགྲོ་བ་རྣམས་མཁའ་སྤྱོད་དུ་འདྲེན་པར་བཤད་དོ། །དེའི་འོག་ཏུ་ཡོན་ཏན་གྱི་སྤྲུལ་པ་ཟུར་མོ་དགེ་བ་འབུམ་མམ་མཁས་བཙུན་སངས་རྒྱས་ནི། པད་གླིང་གཏེར་བྱོན་རྣམ་ཐར་ལས། ཁྱོད་ཀྱི་ཡོན་ཏན་གྱི་སྤྲུལ་པ་མཐོང་བས་དོན་ཡོད་པ་རིགས་ལྔས་མངའ་གསོལ་བའི་ངང་རྒྱུད་ཅན་གཅིག་ལྷོ་ནུབ་མཚམས་སུ་འབྱུང༔ཞེས་བསམ་ཡས་ནས་བརྩིས་པའི་ལྷོ་ནུབ་ཅེས་ཕྱོགས་ཙམ་དུ་ལུང་བསྟན་པའི་དོན། དེ་ཡང་དངོས་སུ་རྣམ་ཐར་སོགས་སྔར་ཕན་མ་མཇལ་ཡང་གཙང་ཟུར་འུག་པ་ལུང་པའི་གདུང་འཁྲུལ་མེད་ཟུར་སྟོན་བྱམས་པ་སེང་གེའི་སྲས་སུ་སྐུ་བལྟམས། ཆུང་ངུ་ནས་སྦྱངས་པའི་ཏིང་འཛིན་གྱིས་ཐུགས་རྒྱུད་བལྟམས་པའི་བག་ཆགས་བཟང་པོ་མངའ་བས་རྫོགས་པ་ཆེན་པོ་སེང་སྡེ་མྱང་ལུགས་ཀྱི་བསྟན་པའི་བདག་པོར་གྱུར་ཅིང་མ་གཅིག་ཟུར་མོ་ཞེས་ཕྱོགས་ཐམས་ཅད་རྫོགས་པ་ཆེན་པོའི་གྲགས་པས་ཁྱབ་པར་མཛད་པ་ཡིན་ཏེ། སེང་སྡེ་མྱང་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་ལས་ཀྱང་། སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདེངས་དང་ལྡན། འཁོར་བའི་སྐྱོན་སྤངས་རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པ་བཞིན་ནོ། །དེར་མ་ཟད་མཁས་དབང་ཨཱ་ནན་ཏཱ་མ་ཏིས་གཏེར་ཆེན་རིན་པོ་ཆེའི་བཀའ་ལས། རྒྱ་གར་དུ་བྲམ་ཟེ་མ་གཟུགས་ཀྱི་ཉི་མ། གྲུབ་ཐོབ་ཀུ་ཀུ་རི་པ། མཁའ་འགྲོ་མ་སུ་ཁ་སིད་དྷི་སོགས་དང་། རྗེ་བླ་མའི་གསུངས་ལས་ཀྱང་མི་ལ་རས་པའི་དྲུང་དུ་རས་པ་ཞི་བ་འོད་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དྲུང་དུ་གཞོན་ནུ་སངས་རྒྱས། གསང་བདག་འཕྲིན་ལས་ལྷུན་གྲུབ་ཀྱི་དྲུང་དུ་དམ་པ་ཀློང་ཡངས་འོད་གསལ། དེའི་ཡང་སྤྲུལ་ཞིག་ཀྱང་ད་ལྟ་ངེད་རང་གི་འཁོར་གྱི་ཚུལ་དུ་ཡོད་ཅེས་གསུངས་པས། དེས་ན་བདག་ཅག་གི་སྟོན་པས་ཕལ་པོ་ཆེར་ཆེ་ཆུང་མ་ངེས་པའི་སྤྲུལ་པ་མཐའ་ཡས་པས་འགྲོ་བ་འདུལ་བར་ལུང་གིས་བསྟན་པ་བཞིན་མཐའ་གཅིག་ཏུ་བཀག་པ་མེད་དོ། །དེའི་འོག་ཏུ་པད་གླིང་གཏེར་བྱོན་རྣམ་ཐར་ལས། རྗེ་ཉིད་འཕྲིན་ལས་
ཀྱི་སྤྲུལ་པར་གོང་དུ་བསྟན་པ་ལྟར་དང་། ཁྱད་པར་རང་གཏེར་ཤ་འུག་གཏེར་བྱོན་གབ་བརྒྱའི་ལུང་བྱང་དུམ་བུ་གཉིས་པ་ལས་ཀྱང་། མ་འོངས་བསྐལ་པའི་ཡང་མཐའ་ལ༔གསང་སྔགས་བསྟན་པ་སྐྱོང་བའི་གཙོ༔ད་ལྟའི་བུད་མེད་མཚོ་རྒྱལ་གྱི༔འཕྲིན་ལས་སྤྲུལ་པ་སྒྲོན་མའི་མིང༔ས་ཁམས་ཡོས་ཀྱི་ལོ་མ་ནི༔པད་ཅན་བདེ་ཆེན་ཌཱཀི་མ༔བསླབ་གསུམ་ནོར་བུས་རྒྱུད་བལྟམས་པའི༔རབ་བྱུང་ཆ་བྱད་བརྟུལ་ཞུགས་ཅན༔ལས་ཅན་སློབ་མ་མང་དུ་འདུ༔ཕྱིར་མི་ལྡོག་པ་འགའ་ཡང་འབྱུང་༔རང་བཞིན་དབྱིངས་ཀྱི་རྒྱུད་བལྟམསཔའི༔གནས་ལུགས་དོན་གྱི་མཁའ་འགྲོ་མ༔གཡོ་རུ་གྲྭ་ཡི་ཕྱོགས་སུ་འབྱུང༔ཞེས་ལུང་བསྟན་པ་བཞིན་བདག་ཅག་གི་རྣམ་འདྲེན་བླ་མ་བདེ་ཆེན་མཁའ་འགྲོའི་གཙོ་མོ་དམ་པ་འདི་ཉིད་དུ་སྐུ་འཕོས་པ་ཡིན་ནོ།། །།
སྐུ་ཚེ་འདིའི་མཛད་པ་སྤྲོས་ཏེ་བཤད་པ། དམ་པའི་རིགས་སུ་འཁྲུངས་ཤིང་ཆོས་ལ་ཐོས་བསམ་གནང་བ།
ན་མོ་གུ་རུ་ཀྵ་ར་ཤྲཱི་དཱི་པ་ཡེ། །ངོ་བོ་མི༵་འགྱུར༵་ཆོས་དབྱིངས་རྣམ་དག་ལས། །རང་བཞིན་འགག་མེད་དཔ༵ལ་གྱི་སྒྲོན༵་མའི་སྐུ། །ཐུགས་རྗེས་འགྲོ་རྣམས་སྒྲོལ་བའི་དེད་དཔོན་མཆོག །སྐུ་གསུམ་དོན་གྱི་བླ་མར་སྙིང་ནས་འདུད། །མཁའ་ཀློང་རྣམ་དག་ཆོས་དབྱིངས་འོག་མིན་ཞིང་། །མི་ཟད་གཞོམ་མེད་སྐུ་ཡི་རྣམ་འགྱུར་གྱི། །འགྲོ་ཀུན་རྡོ་རྗེའི་གར་གྱིས་འཁྲིད་མཛད་པའི། །རྣམ་ཀུན་མཆོག་ལྡན་མི༵་འགྱུར༵་དཔ༵ལ་སྒྲོན༵་རྒྱལ། །གདོད་ནས་གཞིར་རྫོགས་བདེ་གསང་འཁྱིལ་བའི་དབྱིངས། །མི་འགྱུར་རྡོ་རྗེའི་ངོ་བོར་ལྷུན་གྲུབ་པ། །རིགས་རྣམས་ཀུན་བདག་དཔལ་གྱི་སྒྲོན་མ་མཆོག །ཁྱབ་བདག་བླ་མའི་མཛད་ཚུལ་ཅུང་ཟད་བྲི། །ད་ནི་ཞིང་འདིའི་མཛད་པའི་ཚུལ་ཆ་ཙམ་བརྗོད་ན། དེ་ལ་བདག་ཉིད་ཆེན་མོ་འདིའི་སྐུ་བལྟམས་པའི་ཡུལ་ནི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་འདི་ནས་བརྩིས་པའི་ལྷོ་ཕྱོགས་གཡོར་པོའི་ཆ་སྔར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་གདན་ས་གྲ་ཕྱི་ཐར་པ་གླིང་ཞེས་དཔལ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་ཤིང་ལུང་བསྟན། བོད་ཡུལ་དགེ་བའི་བསྟི་གནས་གསང་ཆེན་རྡོ་རྗེ་ཐེག་མཆོག་གི་འབྲས་བུ་སྨིན་པའི་སར་གྱུར་པ་དེང་དུས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ཡོངས་སུ་གྲགས་པའི་དགའ་བའི་ཚལ་ཆེན་པོ་སྟེ། དེ་ལ་སྐུ་སྐྱེད་པའི་ཡབ་ནི་ལོ་ཙཱ་ཆེན་པོ་བེ་རོ་ཙཱ་ནའི་སྐུའི་སྤྲུལ་པ་དཔལ་ལྡན་མཐིང་མ་སྨྱོས་ཀྱི་གདུང་འཁྲུལ་མེད་འགྲོ་འདུལ་རིག་པ་འཛིན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་དང་། ཡུམ་ནི་ཡར་རྒྱབ་ཆོས་རྒྱལ་གྱི་གདུང་རབས་འཕྱུགས་མེད་གྲྭ་ལྡུམ་པོ་བ་དང་གཉིས་སུ་མེད་པ་གྲྭ་ཕྱི་ཕུན་ཚོགས་རབ་བརྟན་པའི་ལྕམ་ཕུན་ཚོགས་དཔལ་འཛོམས་ཞེས་ཐུགས་ཐིག་གི་ལུང་བྱང་དུ། ཁྲོམ་པ་རྒྱན་སྤྲུལ་སྟག་བྱི་གླང་གི་ལོ༔རིགས་བཟང་ཁུངས་བཙུན་ཕྱག་རྒྱ་རྣམ་པ་ལྔ༔གསང་བ་སྔགས་ཀྱི་ཉམས་རྟོགས་ཇེ་ཆེར་སྤེལ༔ཞེས་པས་དགུང་སྙིང་བྱི་ལོ་མ་ཡིན་པ་དང་། གཟིགས་སྣང་ཆུ་ཟླའི་རོལ་རྩེད་དུ་རྗེ་གཏེར་ཆེན་བླ་མ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་གཉིས་མཇལ་དུས་རྣལ་འབྱོར་མའི་གསུང་
གིས། ངའི་སྤྲུལ་པ་བཅོ་ལྔ་ཡོད། ལ་ལས་ནད་སེལ། ལ་ལས་བུ་ནོར་བསྐྱེད། ལ་ལས་ཚེ་བསྲིང་། ལ་ལས་གཏེར་འབྱིན་པའི་གྲོགས་བྱེད་པ་ཡིན་ཞེས་པས་བུ་ནོར་བསྐྱེད་པར་ལུང་གིས་བསྟན་པ་ནི་རྒྱལ་ཡུམ་འདི་ཉིད་ཡིན་ཏེ། དེ་ལྟར་ཡབ་ཡུམ་དེ་གཉིས་ལ་སྲས་གསུམ་དང་སྲས་མོ་བཞི་སྟེ་ལྕམ་སྲིང་བདུན་འཁྲུངས་པ་ལས་དམ་པ་འདི་བཞི་པ་ཡིན། དེ་ཡང་ས་མོ་ཡོས་ཀྱི་ལོ་ཧོར་ཟླ་བཅུ་པའི་ཉེར་ལྔའི་ནུབ་ཌཱ་ཀི་འདུ་བའི་དུས་ཁྱད་པར་ཅན་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམ་ཆུང་བཀྲ་ཤིས་སྣང་བར་ངོ་མཚར་བའི་ལྟས་ཕུན་སུམ་ཚོགས་པ་དང་བཅས་བསྟན་འགྲོ་སྤྱི་དང་སྒོས་བདག་སོགས་གདུལ་བྱར་གྱུར་པའི་མཆོད་སྡོང་འགྲོ་འདྲེན་དམ་པར་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་དམ་པ་འདི་ཉིད་སྐུ་བལྟམས་པ་ཡིན་ནོ། །དེ་ཡང་ཡབ་རྗེས་བརྒྱུད་འཛིན་འདི་ཉིད་དཀྱུས་མར་མི་ཡོང་བས་གཙང་སྦྲ་ལ་འབད་དགོས་གསུངས་པ་ལྟར་སྐུ་བལྟམས་མ་ཐག་པར་ལོ་ཆེན་དྷརྨ་ཤྲཱིས་མི་གཙང་བ་སེལ་བྱེད་ཁྲོ་བོ་སྨེ་བ་བརྩེགས་པའི་བྱབ་ཁྲུས་དང་། ནངས་པར་ཡབ་རྗེ་བླ་མ་གཏེར་ཆེན་ཉིད་ཀྱི་གཏེར་གསར་དྲག་དམར་གྱི་སྐུ་གསུང་ཐུགས་དབང་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་བཅས་སྩལ་བ་ཡིན་འདུག་གསུངས་། དེ་ལྟར་ཡུམ་གྱི་མངལ་ནས་བལྟམས་མ་ཐག་ཧཱུྃ་གི་སྒྲ་དང་ཅུང་ཟད་ཙོག་པུར་མཛད་དེ་བཞུགས་པར་ཡུམ་དང་ཞལ་ཏ་མ་སོགས་འཇིགས་ཆོམ་ཆོམ་བྱུང་ཞེས་ཡུམ་གྱི་ཞལ་ཏ་མ་ལྷ་སྐྱིད་དཔལ་འཛོམས་དང་གང་གི་གཟིམ་དཔོན་སྐུ་བལྟམས་མ་ཐག་ནས་མཛད་པའི་སྐལ་བཟང་ཅན་འགྱུར་མེད་ཆོས་སྒྲོན་སོགས་ནས་གསུངས་ཤིང་། དེ་ལྟར་ན་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ཐུགས་ཉམས་རྗེས་སུ་འབྲང་བ་ཞིག་ཡིན་ནམ་སྙམ། དེ་ཡང་སྐུ་བལྟམས་པ་ནས་རིང་པོར་མི་ཐོགས་པར་སྐུ་སྐྱེད་ཆེ་ཞིང་རེས་ཞག་རེ་ཉིན་རེ་ཙམ་ནུ་ཞོ་མི་བཞེས་པར་བཞུགས་པ་དང་། དམ་པའི་ངང་ཚུལ་བཟང་པོ་དང་ལྡན་ཞིང་ཁྱད་པར་ཐུགས་དྲན་གྱིས་ཆོད་མ་ཆོད་ཙམ་ནས་སྤྱིར་སྐྱེས་བུ་དམ་པའི་རིགས་དང་། ཁྱད་པར་དཔལ་ཨོ་རྒྱན་ཆེན་པོ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར། གསང་བདག་འཕྲིན་
ལས་ལྷུན་གྲུབ་རྣམས་ཀྱི་སྐུ་རྟེན་མཇལ་དུས་ཐུན་མོང་མ་ཡིན་པའི་ངེས་ཤེས་རྩེ་གཅིག་པ་དང་། དེ་དག་གི་སྐུ་ལ་འབྲེལ་པ་སོགས་ཞབས་རིམ་པ་རྣམས་ཀྱིས་བསླབ་དོན་ཞུ་མི་དགོས་པའི་རྗེ་ཉིད་ཀྱིས་ངོས་འཛིན་མཛད་ཅིང་བྱིན་རླབས་ཞུ་བའི་ཚུལ་དང་། ཁྱད་པར་ད་ལྟའི་དུས་ནའང་སྐྱེ་བ་སྔོན་མའི་རྟེན་གྱི་ཚེ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སློབ་མ་ཞིག་ཡིན་ནམ་སྙམ་པའི་བག་ཆགས་ཡིད་ཡུལ་དུ་གསལ་བ་ཞིག་འདུག་གསུངས། གཞོན་ནུ་རོལ་རྩེད་དུས་ཀྱང་བྱིས་པ་ཕལ་གྱི་སྤྱོད་ཡུལ་ལས་འདས་པའི་འཁོར་འདས་རུ་ཤན་དབྱེ་བའི་རྣམ་འགྱུར་དང་། རེས་སྐྱིལ་དཀྲུང་མཛད་ཅིང་མཉམ་བཞག་གིས་ལྟ་སྟངས་དང་། ཡང་སྐབས་ཤིག་སྒའི་གལ་ལྡེ་ཆུང་ངུ་གོས་ལྗང་གིས་རྒྱན་ལྡན་ཞིག་ཕྱག་བསྟར་གྱིས་བཟོ་བ་མཛད་དེ། གཟིམ་དཔོན་འགྱུར་མེད་ཆོས་སྒྲོན་ལ་གལ་ལྡེ་འདི་དྲུང་ཉེ་གནས་མ་དང་ངེད་རང་གཉིས་ནམ་ཞིག་མཐའ་འཁོབ་ཀྱི་ཡུལ་དུ་བྲོས་ནས་འགྲོ་དགོས་ཡོང་བས་དེ་དུས་ཀྱི་འཚོ་བ་བླུགས་པའི་སྣོད་བྱེད་པ་ཡིན་ཞེས་གཅེས་སུ་མཛད་པ་ནི་འཁོར་འདས་སྒྲིབ་མེད་གསལ་ལེར་གཟིགས་པའི་ལུང་ཐོག་བབས་སུ་གཏན་ལ་ཕེབས་པ་ཡིན་ཏེ། ཕྱིས་ཡབ་རྗེ་དག་ཞིང་དུ་གཤེགས་རྟིང་ཇུན་གར་ཇུ་རིགས་ཐུ་ཧོང་ཐའི་ཇིའི་དཔུང་གིས་སྙིང་པོའི་བསྟན་པ་མིང་མེད་དུ་བཅོམ་དུས་འབྲས་ལྗོངས་སུ་སྐུ་སྲོག་འཚོ་ཕྱིར་སྟབས་ཅག་གི་ཕེབས་དགོས་བྱུང་བ་དངོས་བསྟན་དང་། དེ་སོགས་ངེས་པའི་གཏན་ཚིགས་མང་ངོ་། །དེ་ཡང་སྔོན་གྱི་ཐུགས་སྨོན་ལམ་གྱི་འབྲས་བུ་དུས་སུ་སྨིན་པའི་མཐུ་ལས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་དང་། ཡབ་སྲས་ཀྱི་འབྲེལ་པས་སྐྱེ་སྲིད་འདི་ལ་ཡབ་ཡུམ་ཆོ་རིགས་གཙང་ཞིང་ཕུན་སུམ་ཚོགས་པའི་སྲས་སུ་བལྟམས་ཏེ་ངེས་གསང་རྡོ་རྗེ་སྙིང་པོའི་སྲོག་འཛིན་པའི་གཉེན་པོར་གྱུར་ཅིང་སྐུ་ཆུང་ངུ་ནས་སྡོམ་གསུམ་འགལ་མེད་དུ་དྲིལ་ནས་བསྟན་འགྲོའི་དཔུང་གཉེན་དམ་པར་ལུང་གིས་ཟིན་ཅིང་གཏན་ལ་ཕེབས་པ་འདི་ནི་རྗེ་བླ་མ་ཉིད་ཀྱི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས་ཀྱང་། ཚེ་རབས་སྔོན་མའི་ལེགས་བྱས་བཟང་པོའི་འབྲས། །ཚོགས་གཉིས་དྲོད་གཤེར་མཐུ་ཡིས་སྨིན་པ་ལས། །རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་ཡིས། །
སྲས་སུ་སྐྱེ་སྲིད་བཟུང་ལ་གསོལ་བ་འདེབས། །ཞེས་དང་། སྐྱབས་ཀུན་འདུས་པ་འགྲོ་འདུལ་བླ་མ་ཡིས། །མ་དག་རང་རྒྱུད་དྲ་མ་ལྕགས་ཀྱི་ཁམས། །སྡོམ་གསུམ་གསེར་འགྱུར་རྩི་ཡིས་ལེགས་བསྒྱུར་ནས། །ཟབ་མོའི་སྣོད་དུ་གཟིགས་ལ་གསོལ་བ་འདེབས། །ཞེས་རང་ཉིད་དམན་པའི་ཚུལ་གྱིས་བླ་མའི་བཀའ་དྲིན་ཁོ་ནའི་མཐུ་ལས་གྲུབ་པར་ཡིན་ཚུལ་གསུངས་ཀྱང་། གཏེར་ལུང་ལས་རང་བཞིན་དབྱིངས་ཀྱི་རྒྱུད་བལྟམས་པའི༔གནས་ལུགས་དོན་གྱི་མཁའ་འགྲོ་མ༔གཡོ་རུ་གྲྭ་ཡི་ཕྱོགས་སུ་འབྱུང་༔ཞེས་གསུངས་པའི་མངོན་བརྗོད་ཆེ་བར་མཛད་པ་ལྟར་རོ། །དེ་ནས་དགུང་ལོ་བཅུ་གཉིས་བཞེས་པ་ལྕག །ས་སྟག་ཟླ་བ་ལྔ་པའི་ཚེས་བཅུ་དཔལ་ཨོ་རྒྱན་གུ་རུ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དུས་མཆོད་ཌཱ་ཀི་འདུ་བའི་དུས་ཚེས་ཁྱད་པར་ཅན་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམ་ཆུང་ཀུན་བཟང་ཕོ་བྲང་དུ་སྐུ་ལུས་བསྒྱུར་བར་མཛད་དེ། དེ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། རང་བྱུང་གཞལ་མེད་རྡོ་རྗེའི་ཕོ་བྲང་གི་དབུས་སུ་མི་ཤིགས་གཞོམ་མེད་རྡོ་རྗེའི་ཁྲི་སྟེང་དུ་རང་གི་ཡབ་གསང་བདག་རྡོ་རྗེ་ཆོས་མིའི་ཟོལ་འཛིན་པ་འགྲོ་འདུལ་རིག་པ་འཛིན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་དཔལ་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ་ཆོས་ཉིད་རྣལ་མ་ཤེས་རབ་ཀྱི་སྤུ་གྲིས་གཙུག་ཕུད་བཞེས་ཏེ་མཚན་མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་ཞིང་རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་ཚེ། འོག་མིན་ཡང་རྩེའི་རྒྱ་ཕིབས་ཀྱི་རྩེར་འཇའ་འོད་མདུང་ཚུགས་སུ་ཟུག་པ་ལ། དེར་གཏེར་ཆེན་ཉིད་སྐུ་ཅུང་ཟད་ངལ་བ་ཙམ་ཡོད་པ་ལ་ཕྱི་རོལ་ན་གནས་པ་མང་པོ་འཇའ་ཟུག་པ་མ་ལེགས། སྐུ་ཞབས་པད་མི་བརྟན་པ་ནི་མིན་ལས་ཆེ་ཞེས་གླེང་། དེ་དང་དུས་མཚུངས་པར་ཀུན་བཟང་ཕོ་བྲང་གི་སྦུག་ཏུ་གར་དབང་ཚེ་དཔག་མེད་ཀྱི་ཚེའི་དཀྱིལ་འཁོར་བཤམས་ཏེ་ཡོད་པའི་བུམ་ཆུ་སོར་ཞིང་ཁོལ་བའི་ཅུང་ཟད་ལུད་པ་ལ་ཡབ་རྗེའི་བཀའ་ལས་བུ་མོ་ཁྱོད་ལ་རེ་ཆེན་པོ་ཡོད་པས་སྙིང་པོའི་བསྟན་པ་འཛིན་པའི་རྟེན་འབྲེལ་གྱི་ལ་ཉེ་བཟང་། ད་མྱུར་དུ་ལོངས་ལ་བུམ་ཆུ་འཐུང་
ཤོག །གསུང་ཞིང་སླར་ཡང་ཐང་སྟོང་པའི་གཏེར་བྱོན་གྱིས། དཔོན་སློབ་མི་འབྲལ་ལྷན་གཅིག་གནས། ཞེས་མེ་ཏོག་ཀྱང་འཐོར་བ་ཡིན་འདུག་གསུངས། དེ་ནས་ཡབ་རྗེའི་དྲུང་དུ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དཀྱིལ་འཁོར་དུ་དབང་བཞིའི་ཆུ་བོས་སྨིན་པར་མཛད་པ་ཡིན་ཏེ་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས་ཀྱང་། བཅུ་གཉིས་ལོར་སོན་ཁྱབ་བདག་བླ་མ་ཉིད། །མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་གི། །སྐུར་བཞེངས་གང་གི་དཀྱིལ་འཁོར་ཆེར་བཅུག་ནས། །དབང་བཞིས་སྨིན་པར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས། དེ་ཡང་ཁྱད་པར་གྲོལ་བྱེད་ཁྲིད་ཀྱི་རིམ་པ་རྣམས་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནས་བཟུང་རེ་རེ་ནས་རྟགས་ཐོན་དུ་སྒོམ་ཁྲིད་དུ་འདེབས་པར་མཛད་ཅིང་། དེ་དག་གི་དུས་ལྗགས་བཤད་འཁྱོར་བའི་ཚེ་ཡབ་རྗེས་དབུ་ལ་ཕྱག་གིས་བྱིལ་བྱིལ་མཛད་ཅིང་ཁྱོད་ལ་རེ་བ་ཆེན་པོ་ཡོད། གྲུབ་པ་ཕོ་མོ་མང་པོ་མཁའ་སྤྱོད་དུ་འཁྲིད་པ་ཡོད་པས་ཕའི་ངག་བརྒྱུད་ཀྱི་བདུད་རྩི་པདྨའི་གསུང་བཤད་རྣམས་མ་བརྗེད་པ་སྦྱོངས་ལ་མཐར་སྙིང་ལ་སིམ་པ་ཞིག་བྱེད་དགོས་ཞེས་གཞོན་ནུའི་མཉེས་རྫས་སྤྲོ་བྱེད་ཀྱི་བུ་རམ་དང་ཤིང་ཏོག་བཞེས་སྤྲོ་སོགས་ཀྱི་གནང་སྦྱིན་དང་། དེ་དག་མ་འཁྱོར་བའི་ཚེ་གཟིམ་དཔོན་ཨོ་རྒྱན་རྣམ་གྲོལ་གྱིས་ཞབས་འཕོངས་སར་སློའི་མར་བཙོས་པའི་ཞབས་ཏོག་སོགས་ན་ཚའི་སྡུག་བསྔལ་མ་དྲག་པོའང་བྱེད་རྒྱུ་ཡོད་ཅེས་གསུངས་པས། དེས་ན་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་བརྙེས་པའི་ཡེ་ཤེས་ཀྱི་ཌཱ་ཀི་དེ་ལྟ་བུ་ལའང་སྦྱོངས་གཅོད་ཀྱི་སྐུ་ངལ་དེ་ཙམ་བྱུང་ན་རང་ཅག་ཐ་མལ་པ་རྣམས་འཁོར་བ་ཁོ་ན་དང་དུ་ལེན་པ་བས་ད་རེས་ཐར་པའི་སྣ་ཟིན་ངེས་པའི་དམ་པའི་ཆོས་ལ་འབད་པ་འདོན་དགོས་འདུག་པས་རྗེས་འཇུག་རྣམས་ཀྱི་ཐུགས་ལ་ཆོངས་ཤིག །ཁྱད་པར་བསྐྱེད་རིམ་དང་རྫོགས་རིམ་ལ་ནན་ཏན་གྱི་ཞལ་ཏ་ཡང་ཡང་ཕེབས་ཏེ་ལམ་འདི་ཐོས་པས་མི་གྲོལ་བས་ངེས་པར་ནན་ཏན་སྒོམ་དགོས་ཞེས་གསུངས་ཏེ་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས། གྲོལ་བྱེད་རིམ་གཉིས་གདམས་པ་ཟབ་མོའི་གནད། །མ་ཚང་མེད་པར་བསྩལ་ལས་གསུང་གསང་གིས། །ལམ་འདི་ཐོས་པས་མི་གྲོལ་སྒོམས་ཤིག་ཅེས། །དབུགས་དབྱུང་ནན་
ཏན་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བསྐྱེད་རིམ་ལ་སྒོམ་པ་ནན་ཏན་མཛད་རྗེས་རྫོགས་རིམ་ལ་གཙོ་བོར་དྲིལ་བའི་སྐབས་ཤིག་ན་དམ་པ་འདི་ཉིད་སྔོན་གོམས་བག་ཆགས་ཤིན་ཏུ་བཟང་ཞིང་ཕུལ་དུ་བྱུང་བ་ཞིག་ཡིན་པས་དེ་དག་ལ་མ་ལྟོས་ཀྱང་། རྣམ་མང་འགྲོ་བའི་ས་བོན་དུ་དགོངས་ནས་གདམས་པ་འདི་སྐོར་ལ་ཡབ་རྗེ་ཐུགས་ཤིན་ཏུ་ངལ་བ་ཡོད་གཤིས་གཞི་ནས་བསྐྱེད་རིམ་རྫོགས་རིམ་པའི་གཞི་རྟེན་ཡིན་རུང་། ད་དུང་ཆེད་དུ་གཉེར་ནས་རྫོགས་རིམ་གྱི་སྐབས་ཞི་གནས་བཙལ་བ་ལྷག་མཐོང་བསྐྱེད་པ་ཟུང་འཇུག་ཏུ་བསྒོམས་པ་ཞེས་གཞུང་དུ་བཤད་པ་ལྟར། དེས་ན་ཞི་གནས་བཙལ་སྐབས་གཏེར་ཚིག་དང་ཁྲིད་ཡིག་ཏུ་མི་གསལ་བའི། རྗེ་བླ་མ་དམ་པ་འདི་ཉིད་ངག་གཅིག་པུར་ཆིག་བརྒྱུད་དུ་སྩལ་བའི་མན་ངག་ཁྱད་པར་ཅན། སྣ་རྩེའི་ཐིག་ལེ་དཀར་པོ་ལ་སེམས་འཛིན་པ། རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པ། སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁར་ཧཱུྃ་སྔོན་པོའམ་ཨ་ཡིག་དཀར་པོ་ལ་སེམས་འཛིན་པ། རླུང་གི་གྲངས་ལ་སེམས་འཛིན་པ། རླུང་འགྲོ་འོང་ལ་སེམས་འཛིན་པ། སྣ་རྩེའི་ཐིག་ལེ་དཀར་པོ་འགྲོ་འོང་ལ་སེམས་འཛིན་པ། རླུང་བུམ་ཅན་སྦྱོར་བ་བཞི་ལྡན་ལ་སེམས་འཛིན་པ། སྣ་རྩེ་ཐིག་ལེ་དམར་པོ་འགྲོ་འོང་ཁྱད་ཆོས་གཉིས་ལྡན་ལ་སེམས་འཛིན་པ། དེ་ལྟར་ཁྱད་ཆོས་ཀྱི་མན་ངག་ཟབ་མོ་རྗེ་བླ་མ་བདེ་ཆེན་ཌཱ་ཀིའི་གཙོ་མོའི་ཞལ་ལུང་གྲ་ཟུར་མ་ཉམས་པ་ཀ་དག་གི་ཁྲིད་ཡིག་ནས་རིག་འཛིན་ཞལ་ལུང་ཟུར་དུ་ཁོ་བོས་བྲིས་པ་བཞིན་བཀའ་སྩལ་བ་ལྟར་ཡིན་ཞིང་། དེ་ལྟར་དང་པོ་ཞི་གནས་ཀྱི་རྒྱུ་ཉམས་ལྔའི་རིམ་པ་སྟེ། བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །རི་གཟར་ཆུ་དང་རྩི་ཏི་མོ། །རྒན་པོ་སྦུགས་ཀྱི་ཆུ་དང་ནི། །རི་བོ་ལྟ་བུའི་དཔེ་ལྔས་བསྟན། །ཞེས་བཤད་པ་ལྟར་ཐུགས་ཉམས་སུ་འཁྲུངས་ཏེ། དེ་ཡང་ལྷག་མཐོང་རིག་བྱ་གསལ་རིག་དང་ཟུང་འཇུག་བདེ་ཆེན་སྤྲོས་བྲལ་མི་འགྱུར་བ་ཀ་དག་དེ་ཁོ་ན་ཉིད་དུ་འབྱམས་སུ་བཀླས་པའི་རང་རིག་གཞི་དབྱིངས་རྫོགས་པ་ཆེན་པོའི་ཀློང་དུ་འཕོ་འགྱུར་མེད་པའི་དོན་ལ་ངེས་ཤེས་ཁྱད་པར་ཅན་གྱི་གཏན་
པ་རང་བློ་དང་འཚམས་པ་ཐོབ་པའི་བཀའ་དྲིན་ཕུལ་དུ་བྱུང་བ་ཡིན་གསུངས་ཏེ་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས། སྦྱངས་སྐྱེའི་ཤེས་རབ་བརྩོན་འགྲུས་མི་ལྡན་ཡང་། །དམ་པའི་བྱིན་རླབས་སྙིང་ལ་ཞུགས་པའི་མཐུས། །གང་བསྒོམས་བསྐྱེད་དང་རྫོགས་པའི་གསལ་སྣང་དག །མ་འགགས་འཆར་སྒོ་བདེ་ལ་གསོལ་བ་འདེབས། །ཞེས་པས་བསྐྱེད་རྫོགས་ཀྱི་འཆར་སྒོ་མ་འགགས་པའི་གསལ་སྣང་འཛིན་མེད་བདེ་བ་ཆེན་པོར་འཆར་ཞིང་། དེ་ཉིད་ཀྱང་རྣམ་འགྱུར་གློ་བུར་བའི་རྐྱེན་གྱིས་མི་འཕྲོག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པའི་ཡེ་ཤེས་ཀྱི་འཁོར་ལོ་མི་གཡོ་བའི་གསལ་སྣང་བརྟན་པོར་ཞལ་གྱིས་བཞེས་པ་ཡིན་ཏེ། རྣམ་ཐར་གསོལ་འདེབས་ཞལ་གསུངས་མ་ལས། དབེན་རིར་བསྐྱེད་རྫོགས་བསྒོམས་པའི་ཉམས་ལེན་གནད། །མ་སྨད་སྙིད་སྟོབས་མཆོག་གིས་ལེགས་བསྐྱངས་པས། །ངོ་མཚར་མཚན་མའི་ངེས་པ་མ་ཐོབ་ཀྱང་། །ཏིང་འཛིན་བརྟན་པར་གྱུར་ལ་གསོལ་བ་འདེབས། །ཞེས་གསུངས་ཤིང་གང་ལྟར་ཡང་མཐར་གདམས་པ་དེ་ཉིད་ཀྱི་ཐོད་རྒལ་གྱི་མན་ངག་དང་། བཙན་ཐབས་འཕོ་བའི་མན་ངག་སོགས་ཀྱང་ཉམས་ཁྲིད་དུ་བསྩལ་ཞིང་། དེ་དག་གི་རྒྱབ་རྟེན་ལུང་དང་བཀའ་སྲུང་གི་སྲོག་གཏད་ཀྱང་བཀའ་དྲིན་དུ་བསྩལ་ཅིང་། དེ་རྗེས་ཀླུ་སྡིངས་ལྷ་དབང་དགའ་ཚལ་གྱི་གཟིམ་སྤྱིལ་འཆི་མེད་བདེ་ཆེན་དུ་ལོ་ངོ་གཅིག་གི་བར་བསམ་གཏན་ལ་ཆིག་སྒྲིལ་དུ་གོམས་པར་བྱས་པ་ཡིན་གསུངས། དེ་ནས་དགུང་ལོ་བཅུ་གསུམ་བཞེས་པ་ལྕགས་ཡོས་ཟླ་བ་གསུམ་པའི་ནང་དུ་བཅད་རྒྱ་གྲོལ་བསྟུན་ཡབ་རྗེ་བླ་མ་དམ་པའི་ཞབས་དྲུང་དུ་གཏེར་གསར་ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ལྷག་མེད་དུ་ཟླ་བ་བཞིར་ཉེ་བའི་བར་དམ་པ་འདི་ཉིད་ལ་སྐུ་རྐྱང་དུ་བསྩལ་ཅིང་ཉམས་རྟོགས་ཀྱང་རང་རྒྱུད་ལ་རང་བློ་དང་འཚམས་པའི་བརྟན་པ་ཐོབ་པའི་ངེས་ཤེས་དང་། ཁྱད་པར་ཐོད་རྒལ་དུས་རིག་པ་ཚད་ཕེབས་ཀྱི་སྣང་ཆ་རྫོགས་ཉེའི་འཆར་སྒོ་ལ་ཡབ་རྗེའི་ཞལ་ནས། བུ་མོ་ཁྱོད་གཏེར་ལུང་ནས་བཤད་པ་བཞིན་ཁྱོད་རང་གི་སྔོན་མའི་བག་ཆགས་རྗེས་སུ་འབྲང་བའི་ཚད་དང་ལྡན་པ་ཞིག་འདུག །ད་རེ་ཞིག་སྒོམ་ཁང་དུ་ཟླ་ཤས་ནན་ཏན་
སྒོམས་ཤིག །དེ་རྗེས་རྡོར་སེམས་དང་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་གདམས་ཁྲིད་སྨིན་པར་འདེབས་དགོས་འདུག་ཅེས་བསྩལ་བས་ཟླ་བ་ལྔར་ཉེ་བའི་བར་ཨ་དོན་ལ་ནན་ཏན་བྱས་པ་ཡིན་གསུངས། དེ་གྲོལ་བསྟུན་གཏེར་གསར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྩ་ཁྲིད་ཡན་ལག་དང་བཅས་པ་དང་རྒྱབ་རྟེན་ལུང་དང་བཀའ་སྲུང་གི་སྲོག་གཏད་སོགས་ཀྱང་རྫོགས་པར་བསྩལ་ལོ། །དེ་ནས་དགུང་ལོ་བཅུ་བཞི་བཞེས་པ་ཆུ་འབྲུག་ཟླ་བ་གཉིས་པའི་ནང་དུ་རང་གི་ཡབ་གསང་བདག་རྡོ་རྗེ་ཆོས་མིའི་ཟོལ་འཛིན་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱི་ཞབས་པད་དུ་རྗེ་བླ་མ་དམ་པ་དང་གང་གི་ཞབས་རིམ་དྲུང་ཉེ་གནས་མ་འགྱུར་མེད་ཆོས་སྒྲོན་དང་གསོལ་ཐབ་འགྱུར་མེད་གཡང་འཛོམ། དགེ་མཁན་གྲུབ་པ་མོ་སྟེ་དཔོན་གཡོག་བཞིར་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་དང་། སྤྲོས་མེད་མཆོག་དབང་གོང་མ་གསུམ་དྲོད་རྟགས་གཏོར་མའི་དབང་དང་བཅས་པ་སོ་སོའི་སྐབས་ཐོབ་ཀྱི་སྨིན་པར་བསྩལ་ཅིང་གསང་མཚན་པདྨའི་དབང་ཕྱུག་ཏུ་སྩལ་ལོ། །ཁྱད་པར་རྩ་ཁྲིད་ཀྱི་བསྐྱེད་རྫོགས་ཀྱི་གདམས་པ་རྣམས་ལ་ཞིབ་བཤད་མཛད་དེ། ཐུན་རེ་བཞིན་རྫོགས་རྗེས་ཡབ་རྗེས་ལྗགས་བཤད་ཀྱི་རྒྱུགས་བཞེས་ཏེེ་ཟབ་ཁྲིད་ཀྱི་སྤྱི་གནད་དང་ཁྱད་པར་བའི་གདམས་པའི་དགོངས་དོན་མཐར་ཐུག་པ་རྣམས་བྱང་བར་སྦྱངས་ཤིང་གདམས་པ་འདི་ཉིད་ཀྱི་སྒོམ་པའི་གནད་ལ་མ་རྨོངས་པའི་སྨིན་གྲོལ་གྱི་དོན་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་ཤིང་བླ་མ་མཉེས་པར་སྒྲུབ་པའི་བཀའ་དྲིན་ཐོབ་པ་ཡིན་གསུངས། དེ་རྗེས་ཟབ་ལམ་རྩ་བའི་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་རྣམས་དང་རྩ་པོད་ཀྱི་ལུང་དང་བཀའ་སྲུང་གི་རྗེས་གནང་སོགས་ཀྱང་ཞིབ་པར་སྩལ་ཅིང་། ཁྱད་པར་འཁྲུལ་འཁོར་དུས་དགེ་མཁན་གྲུབ་པ་མོས་གོང་ནས་སྦྱོང་མཐར་སོང་གཤིས་རྗེ་ཉིད་དང་དྲུང་ཉེ་གནས་མོས་བདེ་གཤེགས་ཀུན་འདུས་ཀྱི་འཁྲུལ་འཁོར་བསླབ་སྦྱོངས་མཛད་པས། སྨན་བརྗིད་དབུ་མཛད་གོང་དཀར་བ་གྲུབ་པ་མོས་ཕག་མོ་ཟབ་རྒྱ་དང་སྤེལ་མའི་འཁྲུལ་འཁོར་ཞིག་མཛད་དེ་ཤིན་ཏུ་གཏུམ་གཤིས་རྗེ་ཉིད་ལ་ཤ་
གཅུས་དང་ཐལ་བཅག་བརྒྱབ་སྟེ་ངས་བསླབ་པའི་འཁྲུལ་འཁོར་མི་རྒྱག་པ་ཅི་ཡིན་ཟེར་ཕར་ཕར་མཛད་པ་ལ་རྗེ་ཉིད་ནས་འོ་ན་ཨ་ཁུ་ལགས་ཀྱིས་ནི་འདི་བཞིན་གནང་བྱུང་ཞེས་ངེས་འདྲོངས་གསུངས་ཀྱང་ཚད་འཛིན་མེད་པའི་རྡོག་ཐོ་བརྒྱབ་པ་ལ་སྤྱན་ཆབ་བསིལ་ཞིང་ཨ་ཁུ་ཕྱག་མཛོད་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོའི་ཞབས་པད་དུ་ཕེབས་ཏེ་དེ་ཚུལ་ཞུ་བར་མཛད་པས། དེར་ཅུང་ཟད་བཞད་ཅིང་ངེད་དཔོན་སློབ་རྣམས་གྲྭ་ནང་དུ་འཁྲུངས་གཤིས་སྤྲོས་ཙམ་བཞེས་ཀྱི་མེད། ཁྱེད་རང་དཔོན་གཡོག་གཉིས་གྲྭ་ཕྱིར་འཁྲུངས་གཤིས་སྤྲོས་ཙམ་བཞེས་པ་ཡིན་འདུག །ད་དགེ་སློང་གི་བུ་མོ་དཔོན་གཡོག་གཉིས་གཙུག་ལག་ཁང་དུ་མཁན་རིན་པོ་ཆེའི་སྐུ་དྲུང་དུ་ཕུལ་མཛོད། རྗེ་གཏེར་སྟོན་རིན་པོ་ཆེ་ནི་གདུང་པ་ལས་བུ་མོ་འདི་ལ་ཐུགས་རྩིས་ཆེ་བ་ཡོད་གསུང་སྟེ། དགེ་སློང་རབ་འཕེལ་གྱིས་ལོ་ཆེན་དྷརྨ་ཤྲཱིའི་ཞབས་པད་དུ་འཆི་མེད་འོད་སྣང་དུ་གདན་ཞུ་མཛད། དེ་ནས་ལོ་ཆེན་རིན་པོ་ཆེ་ནས་རྗེ་དམ་པ་དཔོན་གཡོག་གཉིས་ལ་ཟབ་ལམ་བདེ་བཤེགས་ཀུན་འདུས་ཀྱི་འཁྲུལ་འཁོར་གྱི་སྐུ་ལུས་ཀྱི་འགྱུར་དང་སྒོ་གནད་རྩ་རླུང་ཐིག་གསུམ་གྱི་མན་ངག་ཟླ་བ་གཉིས་སུ་ཉེ་བའི་བར་བསྩལ་བས་རྒྱུད་ཐོག་ཏུ་མ་རྨོངས་པར་དྲིལ་ཐུབ་པའི་བཀའ་དྲིན་ཐོབ་པ་ཡིན་གསུངས། དེའི་ཚེ་ལོ་ཆེན་གྱི་གསུང་ལས། གཏེར་སྟོན་དར་རྒྱས་ཆོས་སྡིངས་པའི་བརྒྱུད་པ་དེ་དགོས་པའི་བུས་ནི་མ་ཁྱེར་བར་འདུག །མི་དགོས་པའི་བུ་མོ་འདིས་ཁྱེར་འདུག་ད་མཇུག་བསྐྱངས་ཏེ་མ་བརྗེད་པ་མཛོད་གསུངས་དགྱེས་བཞིན་པ་མཛད། དེ་ཡང་སྤྱིར་མཁས་བཙུན་བཟང་གསུམ་འཛོམ་པ་ལ་དགེ་མཁན་བསྟེན་དགོས་པར་བཤད་ཀྱང་། ཇི་ལྟར་འཚམས་པའི་རྣམ་འགྱུར་ལས་ཤིན་ཏུ་གལ་ཆེས་ན་རྒྱུ་འབྲས་སྤང་བླང་གི་སྐབས་དགེ་བའི་སེམས་ཀྱིས་ཀུན་ནས་ཟིན་པའི་ལས་ཁོ་ན་ཡིན་ན་རྣམ་སྨིན་ཡང་བདེ་བ་ཁོ་ན་སྟེར་བ་དང་གཞན་དུ་སྙན་གྲགས་འདོད་ནས་སྦྱིན་པ་གཏོང་བ་སོགས་བསམ་པ་གནག་ལ་སྦྱོར་བ་དཀར་བ་དང་ཕན་འདོད་ཀྱིས་བརྡེག་བརྡུངས་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ། དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་བསྐྱེད་པར་བཤད་པ་ལྟར་བླང་དོར་གྱི་གནས་ལ་ཤེས་བཞིན་དུ་བག་
ཡོད་ཀྱི་དྲན་ཤེས་བསྟེན་པ་གལ་ཆེ་སྟེ། དེའི་རྒྱུ་མཚན་ཡང་སྔོན་ལས་རྗེས་སུ་འབྲང་བ་དངོས་བསྟན་ལྟར་གྲུབ་པ་མོའང་སྐྱེ་བ་འདིའི་འོག་ཏུ་དོལ་ཁང་པ་རྒྱང་དུ་བུ་ཞིག་ཏུ་སྐྱེས་ཀྱང་རིག་པ་འདི་ཡིན་མེད་པའི་ཆ་མ་ཆོ་ཞིག་ཡོད་པར་གྲགས་སོ། །དེ་ནས་ཡང་གཙང་རྟ་ནག་ཕྱོགས་ནས་བྱུང་བའི་བཙུན་མ་ཁ་ཤས་དང་། སྨན་བརྗིད་ཀྱི་སྒོམ་མོ་ཁ་ཤས་བཅས་བསྡོམས་པ་ལ་ཨ་དོན་གྱི་ཟབ་ཁྲིད་རྒྱས་པར་གསུངས་པའི་སྐབས་ཤིག་ཡབ་རྗེའི་བཀའ་ལས། ཁྱེད་རང་རྟ་ནག་གི་བཙུན་མ་རྣམས་སྒོམ་ལ་ནན་ཏན་མཛོད་ཅིག །སླར་ཡང་ཁྱེད་རང་རྣམས་ཀྱི་བླ་ཚབ་ཏུ་ཁོ་བོའི་བུ་མོ་སྟེར་བ་ཡིན་གསུངས་རྗེས་དམ་པ་འདིའི་དབུ་ལ་ཕྱག་གིས་བྱིལ་བྱིལ་མཛད་ཅིང་། དེ་དག་གི་ཚེ་སྨན་བརྗིད་སྒོམ་མོ་རྣམས་ཀྱིས་གསོལ་འདེབས་ཀྱི་ངོར་རྗེ་དམ་པ་འདིའི་བརྟན་བཞུགས་གསོལ་འདེབས་བཀའ་སྩལ་མཛད་དེ། དེ་ཡང་རྡོ་རྗེའི་ཚིག་སྒྲོམ་ཆེ་བ་ཡིན་ཏེ། ཡེ་ཤེས་དབྱིངས་ལས་རྣམ་རོལ་སྒྱུ་མའི་གར། །གདུལ་བྱའི་ཉེར་མཚོར་ཤར་བ་སྤྲུལ་པའི་སྐུ། །མི༵་འགྱུར༵་བདེ་བའི་དཔ༵ལ་སྟེར་སྐལ་བཟང་གི། མུན་སེལ་སྒྲོན༵་མེ་རྟག་ཏུ་གསལ་བརྟན་གསོལ། །ཅེས་སྨན་བརྗིད་སྒོམ་མོ་རྣམས་ཀྱི་ངོར་འགྱུར་མེད་རྡོ་རྗེས་སོ། །ཞེས་བསྩལ་ཅིང་དེ་མ་ཐག་པར་ལུང་ཡང་གནང་ངོ་། །ཞེས་པའི་ཁྱད་འཕགས་ཀྱི་གདམས་པ་འདི་གསུང་འབུམ་དངོས་སུ་བཞུགས་པ་ཡིན་ཡང་ཆེར་མ་གྲགས་པ་ལ་ཕྱིས་ཤིག་ཁོ་བོ་སྨན་བརྗིད་དགོན་དུ་མང་སྐོལ་དུ་རྫོང་བདའ་གནང་སྐབས་ཕྱག་བྲིས་དངོས་ལས་ཞལ་བཤུས་ཏེ་ཕྱིས་ཀུན་ལ་གྲགས་པ་ལྟར་རོ། །དེ་སྐབས་ཁྱད་པར་ལོ་ཆེན་དྷརྨཱ་ཤྲཱི་ལ་གཏེར་ཆེན་རྗེས་བུ་མོ་ཆོས་དྲུང་དེ་ཡིས་མཁན་རིན་པོ་ཆེ་ནས་རིག་གནས་སོགས་རྒྱ་ཆེ་བ་དགོས་པ་མེད། ཕས་བཏབ་པའི་གདམས་པའི་ཉིང་ཁུ་རྣམས་ལ་ཡང་བསྐྱར་ནན་གཅགས་ཀྱི་སྐྱོར་མ་དང་། འདི་ཉིད་ཤེས་བློ་ལུང་ནས་བསྟན་པ་ལྟར་མཐའ་བྲལ་ཞིག་འདུག་པ་སླར་མཁན་རིན་པོ་ཆེ་འམ་བུ་ཆུང་བགྲེས་པ་གང་རིགས་ཀྱིས་སྙིང་པོའི་རྒྱུད་འབྲེལ་གདམས་པ་ཤེས་རྒྱུད་ལ་དཀྲི་ཐུབ་པ་ཞིག་མཛོད། མི་རིང་བར་ཕ་ལས་ལྷག་པའི་འགྲོ་དོན་ནམ་མཁའ་དང་མཉམ་པས་སྐྱེ་འགྲོ་མང་པོ་བདེ་ཆེན་གྱི་ཞིང་དུ་འཁྲིད་པ་ཡོད་ཅེས་བསྩལ། དེ་ལྟར་ཡབ་རྗེ་གཏེར་སྟོན་རིན་པོ་
ཆེའི་སྐུ་དྲུང་དུ་དགུང་ལོ་བཅུ་དྲུག་ལས་མ་སོང་བས་སྐུ་ལུས་མ་བསྒྱུར་གོང་ནས་ཡབ་རྗེ་གཙོ་བོར་བསྟེན་ཏེ་རིམ་པར་གསན་པ་ལ། དྲེགས་པ་འཇོམ་བྱེད་ཀྱིས་མཚོན་ཡབ་རྗེའི་གཏེར་གསར་ཚང་མའི་དབང་ལུང་ཡབ་རྗེའི་གསུང་འབུམ་སྤོད་ཆེན་བཅུ་གསུམ་གྱི་ལུང་། མྱང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། ཆོས་དབང་གི་ཕུར་པ་སྤུ་གྲིའི་དབང་ལུང་། བཀའ་བརྒྱད་ཀྱི་དབང་ལུང་། རྫོགས་འཕྲང་གི་དབང་ལུང་། གྲུབ་ཐོབ་འདར་ཕྱར་གྱི་རྟ་མགྲིན་གྱི་དབང་ལུང་། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་དབང་ལུང་ཕྱག་ལེན་ཞིབ་སྤྱད། གཞན་ཡང་གྲུབ་ཐོབ་དངོས་གྲུབ་གླིང་པ་བཅུ་གཉིས་དྲི་མེད་གསུམ། བྱང་གཏེར་སྔ་ཕྱི་སོགས་གཏེར་སྟོན་གྲགས་ཆེ་བ་ཕལ་མོ་ཆེའི་གཏེར་ཆོས་ཀྱི་དབང་ལུང་། འདུས་པ་མདོའི་དབང་ལུང་། སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། ན་རག་དོང་སྤྲུགས་རྣམས་ཀྱི་དབང་དང་སྒྲུབ་ཐབས་ཀྱི་ལུང་། མ་གཅིག་གཅོད་ཡུལ་གྱི་དབང་རྒྱས་པ་དང་། ནམ་མཁའ་སྒོ་འབྱེད་ཀྱི་ཁྲིད། སྟན་ཐོག་གཅིག་མ་དང་དཔའ་བོའི་གད་བརྒྱངས་ཀྱི་ཁྲིད། གཅོད་ཡུལ་ཟབ་མོ་དང་། མ་གཅིག་གི་མཛད་པའི་སྐོར་གྱི་ལུང་། བྱང་སྡོམ་དཀའ་འགྲེལ། གསང་བདག་འཕྲིན་ལས་ལྷུན་གྲུབ་ཀྱི་གཟིགས་སྣང་སྐོར། ཀུན་མཁྱེན་ལྔ་པའི་གཟིགས་སྣང་རྒྱ་ཅན་སྐོར་དང་། ལྷ་བཙུན་པའི་རིག་འཛིན་སྲོག་སྒྲུབ་སྐོར་སོགས་ཀྱི་དབང་ལུང་རྣམས་བསྩལ་ཅིང་། ཁྱད་པར་སེམས་སྡེ་ཀློང་སྡེ་གཉིས་ཀྱི་དབང་ཁྲིད་ལུང་དང་། དེའི་ནང་ནས་མན་ངག་གི་སྡེ་ལ་རིམ་པ་མང་ཡང་། གཙོ་བོར་སྙིང་ཐིག་རྣམ་གཉིས། བི་མ་ལའི་ཁྱད་ཆོས་བི་མ་སྙིང་ཏིག་དང་བླ་མ་ཡང་ཏིག་གཉིས་གོ་ཆུ་རུབ་ཏུ་མཛད་པའི་དཔལ་གསང་བ་སྙིང་ཏིག་མ་བུའི་དབང་དང་གདམས་ཁྲིད་ལུང་མཐར་བཀའ་གཏད་དང་། དེ་དག་གི་བཀའ་སྲུང་མ་གཟའ་རྡོར་གསུམ་གྱི་དབང་། པདྨའི་ཁྱད་ཆོས་མཁའ་འགྲོ་སྙིང་ཏིག་དང་མཁའ་འགྲོ་ཡང་ཏིག་གཉིས་ཀྱི་དབང་ཁྲིད་ལུང་བཀའ་གཏད་དང་བཀའ་སྲུང་གི་སྲོག་གཏད་བཅས་རྫོགས་པར་བསྩལ་བའི་རྗེས་སུ། ཟབ་ཆོས་ཆོས་ཀྱི་བདག་པོར་ལྷག་མེད་དུ་ཕུལ་ཡོད། དེས་ན་རྫོགས་ཆེན་སྡེ་གསུམ་པོ་ནན་ཏན་དུ་སྒོམ་དགོས། མ་འོངས་པ་ན་གཞན་ལ་འཆད་དགོས་པས་ཁྱོད་ལ་རེ་
བ་ཆེན་པོ་ཡོད་ཅེས་མངའ་གསོལ་མཛད་དེ་དེ་མ་ཐག་པར་ན་བཟའ་བཅའ་རྗེས་དང་དབུ་ཞྭ་པདྨ་ཁ་འབུས་སྒྲོན་པར་མཛད་དེ་མཚན་འགྲོ་འདུལ་རྡོ་རྗེ་སྙིང་པོ་ཞེས་བསྩལ་ཏེ་ཡབ་རྗེའི་སྐུ་བརྙན་གཟུངས་རྫོང་ཕྱག་བསྟར་དང་རབ་གནས་བྱིན་ཅན་མ་རྟེན་དུ་བསྩལ་ནས་གཅེས་པར་བརྩེ་བས་བསྐྱངས་པ་ཡིན་གསུངས་ཏེ་གང་གི་བཀའ་ལས། དམ་པའི་གསུང་གིས་རྫོགས་ཆེན་སྡེ་གསུམ་པོ། །ནན་ཏན་སྒོམ་ལ་གཞན་ལ་འཆད་ནུས་པ། །དགོས་ཏེ་མ་འོངས་ཁྱེད་ལ་རེ་ཆེ་ཞེས། །བཀའ་མཆིད་སྤྱི་བོར་ལྷུང་ལ་གསོལ་བ་འདེབས། །ཞེས་གསུངས་པ་ནི་དེང་སང་རྗེ་བླ་མ་དམ་པའི་ཞལ་དངོས་སུ་མཇལ་མི་མང་ཞིང་ཞལ་སློབ་ཀྱིས་ཀྱང་དབུས་གཙང་མངའ་རིས་ལྷོ་མོན་དང་ཀོང་ཁམས་སྟོད་སྨད་བར་གསུམ་སོགས་ལ་མ་ཁྱབ་པ་མེད་པ་ནི་ཀུན་གྲགས་ཀྱིས་གཏན་ལ་ཕེབས་པ་འདིའོ། །དེ་ནས་ཆུ་མོ་སྦྲུལ་ལོ་དགུང་ལོ་བཅོ་ལྔར་ཕེབས་དུས་ཤ་འུག་གཏེར་བྱོན་མཁའ་འགྲོའི་ཆོས་སྐོར་ཤོག་སེར་ལས་འབེབས་པར་མཛད་དེ་གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོར་དབང་ལུང་གཏད་རྒྱ་དང་བཅས་བསྩལ་ཅིང་། དེ་མ་ཐག་པར་དེའི་དབང་ལུང་རྣམས་རྗེ་ཉིད་ལ་གཅེན་རྒྱལ་སྲས་རིན་པོ་ཆེ་ནས་བསྩལ་ཅིང་། དེ་ཉིན་ནས་བཟུང་ཟབ་ཁྲིད་ཀྱི་གདམས་པ་ཡབ་རྗེས་ཞག་ལྔར་རྫོགས་པར་བསྩལ་བའི་བཀའ་དྲིན་ཐོབ་པ་ཡིན་གསུངས། དེ་ལྟར་ཡབ་རྗེ་ཞལ་བཞུགས་བར་དང་། དེ་རྗེས་ཞི་བའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་པ་ཧོར་དམག་མ་ཤོར་བར་ཕལ་ཆེར་སྐུ་བཅད་རྒྱ་དང་། དེའི་བར་སྐབས་ཅི་རིགས་པར་ལོ་ཆེན་དྷརྨ་ཤྲཱི་ལས་རབ་ཏུ་བྱུང་སྟེ་ཡབ་རྗེའི་གཏེར་གསར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་དང་། དེའི་གསལ་བྱེད་ལོ་ཆེན་རིན་པོ་ཆེ་ནས་མཛད་པའི་སྐོར་ཡོངས་རྫོགས་ཀྱི་ལུང་། མ་གཅིག་གཅོད་ཡུལ་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་དང་། ཕྱག་ཆེན་གཱའུ་མའི་ཁྲིད། ན་རག་དོང་སྤྲུགས་ཀྱི་དབང་དོན་ཀྱི་ཁྲིད། སྤྱན་རས་གཟིགས་སྐུ་གསུམ་སྙིང་པོའི་དོན་ཁྲིད་དང་དབང་། དཔལ་མོ་ལུགས་ཀྱི་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང་། འདོད་འཇོའི་བུམ་བཟང་གི་དབང་ཡོངས་རྫོགས། གཞན་ཡང་འདུས་པ་མདོའི་དབང་དང་མྱང་གཏེར་བཀའ་
བརྒྱད་ཀྱི་དབང་སོགས་མང་པོ་གནང་། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལས་ཀྱང་། ཨ་ཏིའི་རྩལ་དབང་། ཕྱག་རྡོར་དྲེགས་འདུལ་གཏེར་ཁ་གསུམ་ལྡན་གྱི་དབང་ལུང་། དུས་འཁོར་དང་། བདེ་ཀྱེ་གསང་བ་འདུས་པ་རྣམས་དང་། རྡོ་རྗེ་འཕྲེང་བ་རྣམས་ཀྱི་དབང་ལུང་། གཡུ་ཐོག་སྙིང་ཐིག་གི་དབང་ལུང་རྣམས་དང་། ཁྱད་པར་ཡབ་རྗེ་གཏེར་ཆེན་བླ་མའི་བཀའ་ལུང་བཞིན་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་གསང་བདག་དགོངས་རྒྱན་ཐུགས་སུ་ཆུད་དེ་དཀའ་གནད་ཀྱི་གཞུང་དོན་ལྷུག་པར་བཀྲལ་བའི་ལྗགས་བཤད་དང་། ཕྱིས་སུའང་བར་སྐབས་སུ་བདུད་ཀྱི་ཟིལ་གྱིས་རྐྱེན་དབང་དུ་ཐལ་བ་འཚོ་བྱེད་འགྱུར་མེད་ལེགས་འབྱོར་ནས་ཞབས་ཕྱི་ཞུས་པའི་གཞུང་བཤད་རྣམས་བྱང་བར་སྦྱོངས་མཐར་དང་གཅེན་རཏྣ་བི་ཛ་ལས་ཀྱང་། བྱང་གཏེར་ཐུགས་སྒྲུབ་སྒྲུབ་པ་སྡེ་བརྒྱད་དང་། སྡེ་དྲུག་གི་དབང་རྒྱས་འབྲིང་གཉིས་དང་། རྡོར་གླིང་གི་གཏེར་བྱོན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་ལུང་ཕུར་པ་སྤུ་གྲིའི་དབང་སོགས་མང་པོ། གཞན་ཡང་འབྲས་ལྗོངས་རྫོགས་ཆེན་ཁྲག་འཐུང་འཇིགས་མེད་རྡོ་རྗེ། ཀ་ཐོག་རིག་འཛིན་༧ཞབས་དྲུང་འགྱུར་མེད་གཞན་ཕན་དབང་པོ། བཤེས་གཉེན་ཨོ་རྒྱན་རབ་བརྟན། སོ་སྟོན་མཐུ་སྟོབས་རྣམ་རྒྱལ། འདུལ་འཛིན་ཀུན་དགའ་བློ་གྲོས། གོང་དཀར་ཆོས་སྡེའི་དཔོན་སློབ་བསོད་ནམས་བློ་གྲོས་རྒྱལ་མཚན་སོགས་བཤེས་གཉེན་མཐའ་ཡས་པ་ནས་རྫོགས་པ་ཆེན་པོའི་ཀློང་གཉིས་དང་། ཡང་ཏིག་ནག་པོ་སྔ་འགྱུར་བཀའ་མའི་མན་ངག་སྣ་ཚོགས་པ་དང་། མ་གཅིག་གཅོད་ཡུལ། ཞི་བྱེད་ཀྱི་ཆོས་བཀའ་དུ་མ་དང་། ཨ་གྷོ་ར་དང་། ཕྱག་དྲུག་པའི་རྗེས་གནང་། མྱང་གཏེར་ཁྲོས་ནག །ནཱ་རོ་མཁའ་སྤྱོད་མ་དང་། ཉི་ཟླ་སངས་རྒྱས་ནས་བརྒྱུད་པའི་འཕོ་བ་འཇའ་ཚུགས་མའི་མན་ངག་གིས་མཚོན་གསང་སྔགས་ཕྱི་ནང་གི་བཀའ་གཏེར་གྱི་མན་ངག་མང་དུ་གསན་མོད་ཀྱང་གསན་ཡིག་གི་ཐོ་བྱང་ལོགས་སུ་ཡོད་པ་ལྟར་ལས་འདིར་རྒྱས་པར་མ་སྨོས་སོ། །དེ་ཡང་ཤིང་རྟ་དགུང་ལོ་བཅུ་དྲུག་ཏུ་ཕེབས་དུས་ཟླ་བ་གཉིས་པའི་ཚེས་གཉིས་ལ་ཡབ་རྗེ་བླ་མ་དམ་པ་ཡེ་ཤེས་གོང་འཕོའི་རྟགས་ངོ་མཚར་བ་དང་བཅས་དག་པའི་ཞིང་དུ་
གཤེགས་པའི་ཐུགས་སྐྱོ་ངལ་ཚད་མེད་པ་ཤར་བའི་ནུབ་མོ་སྲོད་ཀྱི་དུས་མུན་པ་ནག་པོའི་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་དུ་ཡབ་རྗེའི་སྐུའི་སྣང་བརྙན་གསལ་བར་གཟིགས་པའི་སྐུ་བརྙན་མཚོ་བྲག་གི་དག་སྣང་སོགས་ཕྱིས་འབྱུང་འགྱུར་མང་པོ་གནང་གསུངས། དེ་ནས་མེ་བྱ་དགུང་ལོ་བཅུ་དགུར་མ་ཕེབས་བར་ལོ་གསུམ་གྱི་བཅད་རྒྱ་དམ་པར་མཛད་ཅིང་གཙོ་བོར་དཔལ་གསང་བ་སྙིང་ཏིག་གི་དགོངས་པའི་ཟབ་ཁྲིད་ཀྱི་འོད་གསལ་རྡོ་རྗེ་སྙིང་པོའི་རྫོགས་རིམ་ཁོ་ན་དང་། དེའི་ཞར་བྱུང་དུ་བདེ་གཤེགས་ཀུན་འདུས་ཀྱི་མན་ངག་རྣམས་ཀྱང་སྒོམ་པ་ཡིན་གསུངས།
ཇུན་གར་བའི་འཚེ་བ་ལས་གཡོལ་ཏེ་འབྲས་ལྗོངས་ལ་ཕེབས་པ།
ས་ཕོ་ཁྱི་ལོ་བསྟན་འགྲོའི་བགེགས་དབང་མངོན་གྱུར་ཐོག་བབས་ཀྱིས་པདྨའི་ལུང་བྱང་རྣམས་སུ་གསལ་བ་ལྟར་ཇུ་རིང་ཐུ་ཧོང་ཐའི་ཇིའི་དཔུང་གིས་བོད་ཁ་བའི་ལྗོངས་ཧོར་དམག་གིས་ཁེངས། གསང་ཆེན་སྙིང་པོའི་བསྟན་པ་མིང་མེད་དུ་བཅོམ། གཙུག་ལག་ཁང་རྣམས་བཤིག །བསྟན་པ་འཛིན་པའི་སྐྱེས་ཆེན་གཙོ་བོར་གྱུར་པ་རྣམས་བཀྲོངས། དགེ་འདུན་གྱི་སྡེ་གཏོར། བོད་ཡུལ་གངས་རིའི་ལྗོངས་འདི་སྔོན་སྤྲུལ་པའི་ལོ་པཎ་རྒྱལ་བློན་ཚོགས་ཀྱིས་རྟེན་འབྲེལ་ལས། དུས་གསུམ་ཀུན་མཁྱེན་དཔལ་ཨོ་རྒྱན་ཆེན་པོ་ནས་དཀར་པོའི་ཆོས་ཀྱིས་གང་བར་མཛད་པའི་ཞིང་ཁམས་རྔ་ཡབ་པདྨ་འོད་དང་མཚུངས་པར་མཛད་པ་འདི་མུན་པའི་སྣང་བས་གང་བ་ལ་ཕྱོགས་ཐམས་ཅད་སྒྲོན་མེ་དང་བྲལ་བའི་སྲོད་ཀྱི་མུན་པ་སྟུག་པོ་ལྟ་བུས་ཁྱབ་ཅིང་དེའི་ཚེ་ཆོས་འཕེལ་ཇི་བཟང་ཟེར་བ་སྔོན་གཏེར་ཆེན་བླ་མ་དང་མཇལ་དུས་ཨ་ཐམ་མའི་གནང་སྦྱིན་བཅས་ནམ་ཞིག་ཁྱེད་ཀྱི་ངའི་དགོན་ཆུང་འདི་ལ་ཕན་ཐོགས་པའི་དུས་ཤིག་ཡོང་བས་དེ་དུས་མ་བརྗེད་པ་དྲན་པར་མཛོད་ཅེས་གནང་ཆ་དཔངས་མཐོ་བ་སྩལ་བར་ཁོ་པས་དེ་དུས་དྲན་གསོས་པའི་སྨིན་གླིང་དགོན་པ་གཏོར་མི་ཐབས་ཇི་བྱ་བཟང་དང་། རྡོར་བྲག་གཏོར་མི་ཁམས་པ་གཉིས་ནང་རྗེས་བརྒྱབ་པའི་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པའི་གཤམ་དུ་གུར་བརྒྱབ་པའི་མེ་མདའི་སྒྲ་ཙམ་ལས་དགོན་པར་ཤར་དུ་མ་ཡོངས་པའི་ཐོག །ལོ་ཆེན་རིན་པོ་ཆེ་དང་། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཚོན་ཁུ་དབོན་མཆེད་རྣམས་
ཧོར་དམག་གིས་དཔོན་ཚེ་རིང་དོན་གྲུབ་ནས་བཀའ་ལུང་ཞུ་དགོས་འདུག་ཟེར། སྔོན་ནས་ལྷ་སར་ཕེབས་དགོས་ཞེས་ཕེབས་གྲུབ་ཅིང་། དེའི་ནུབ་མོ་སྐུ་མཚམས་གྲོལ་བའི་དབུ་སྐྲ་སྦད་མགོ་དང་སྐུ་ལ་སྣམ་བུ་རྒྱ་ཁྲའི་ན་བཟའ་བཞེས་ཏེ་སྐྱ་ཆས་སུ་བསྒྱུར་ནས་ཡབ་རྗེའི་སྐུ་བརྙན་ཆུང་ངུ་དེ་སྐུ་རྒྱབ་ཏུ་བཞེས། ཞབས་རིམ་མ་འགྱུར་མེད་ཆོས་སྒྲོན་དང་། གསོལ་ཐབ་པ་འགྱུར་མེད་གཡང་འཛོམས། དགེ་སློང་བཀྲ་ཤིས་དབང་ཕྱུག །དགེ་འདུན་མཚམས་འཕེལ་ཏེ་དཔོན་གཡོག་ལྔས་ཉེར་མཁོའི་གསོལ་ཆས་བསྣམས་ནས་གསང་སྒོ་བརྒྱུད་དེ་གཏེར་བདག་གི་རྒྱབ་རིའི་རྩེ་བརྒྱུད་ནས་བཙན་ཡུལ་སྡེ་པ་དབང་འདུས་པར་ཞལ་གཟིགས་ནས་ཕེབས། དེ་སྐབས་ཧོར་དམག་གིས་དགོན་པ་བཟུང་། གསང་སྔགས་ཕོ་བྲང་མ་གཏོགས་གཙུག་ལག་ཁང་དང་ཆོས་འཁོར་ལྷུན་པོའི་སྤེན་བད་ཡན་བཤིག་ཅིང་། མཆོད་རྟེན་ཆེན་པོའི་ཆོས་འཁོར་ཡན་བཤིག །གཞན་རྣམས་སྐྱོན་མེད་རང་གནས་སུ་བཞག་པ་ཡིན་ཡང་། གྲྭ་ཕྱི་ཡུལ་མི་རྣམས་ཀྱི་སྙིང་ལ་ཧོར་དམག་གི་བྱིན་རླབས་ཞུགས་པའི་མཐུས་ཤུལ་མེད་དུ་བཏང་བཤིག །དེའི་རྐྱེན་ལས་པདྨའི་མངའ་ཞུགས་ཀྱི་ཕོ་ཉ་རྣམས་ཀྱིས་དེང་སང་ཡུལ་གཞན་དང་མི་འདྲ་བ་གྲྭ་ཕྱི་སྟོང་ཚབས་ཆེ་བའང་གཏེར་ལུང་གབ་སྦས་རྣམས་ལ་ཞིབ་མོར་དཔྱད་ན་ངེས་པ་འདྲོངས་པ་འགྱུར་རོ། །གང་ལྟར་ཡང་དེ་སྐབས་ལྕམ་དྲུང་དང་ལྕམ་དཔལ་འཛིན་གཉིས་ཧོར་སོག་གི་བྱི་ཕོའི་བྱོལ་ཉོག་གིས་འོ་བརྒྱལ་བ་ལ། དེར་ཡུམ་ནས་ང་ལ་བུ་མོ་མི་འགྱུར་དཔལ་སྒྲོན་བྱ་བའི་བཙུན་མ་བཞིན་མཚར་མོ་ཞིག་ཡོད་གསུངས་ཐལ་བས་རྨ་བྱའི་སྙིང་ལ་འབྲུག་སྒྲའི་དཔེ་བཞིན་ལྗོངས་གཞིས་ཡས་མས་ལ་གྲུ་སོགས་ལ་ཧོར་དམག་གི་དམ་རྩིས། གཏེར་བདག་གླིང་པའི་བུ་མོ་དེ་ལྟར་ཟེར་བ་ཐལ་ན་མི་འཐུས་པས་བཟུང་འཆང་བྱས་པའི་ནམ་ཉིན་མཚན་ལྟོས་མེད་ཀྱིས་ལྷ་སར་མ་འཁྱོལ་ན་སྐེ་མིག་ལ་གྱ་ཡོང་བའི་སྒྲ་གྲགས་སོ། །དེ་ནས་བཙན་ཡུལ་དུ་ཕེབས་པའི་ནུབ་སོག་པོས་བཙན་ཡུལ་མནན་པ་ན། སྡེ་པ་དབང་འདུས་ཀྱིས་ཁྲུང་བཞེས་བཙུགས་པའི་སོག་པོ་མགོ་བསྐོར་ཐབས་མཁས་ཀྱང་སྤྱོད་པས་དཀར་ཁུང་དུ་རྗེ་ཉིད་ཐག་ཤུར་ལ་གདན་དྲངས་ཏེ་མཚན་མོ་རིལ་པོར་གྲ་ནང་གཞུང་བརྒྱུད་ལྡུམ་པོ་བཀྲ་ཤིས་མཐོང་སྨོན་གྱི་
གཞིས་སུ་སྐུ་ཞང་གི་སར་ཕེབས་དེང་སང་དེའི་ཉིན་ཧོར་སོག་གིས་ལྡུམ་པོ་མནན་པ་ན། ཞབས་དྲུང་ག །ཞན་ཕན་དབང་པོས་ཀྱང་ཁྲུང་བཞེས་བཙུགས་པའི་ཧོར་སོག་མགོ་བསྐོར། མངོན་དགའི་ཞལ་དཀར་ནས་མར་ཐག་བཤུར་ལ་གདན་དྲངས། དེ་ནས་ལུང་རིང་གི་ཕུའི་རྫ་ཁྲོད་དུ་ཉིན་ཞག་གཉིས་ཀྱི་བར་རྡོ་སྦས་བརྒྱབ་པའི་ཡིབ་ནས་བཞུགས་ཤིང་། ཞབས་རིམ་པ་བཞིས་ཉིན་མོ་སྐྱ་ཆས་ཀྱིས་སྨན་བརྗིད་དགོན་དུ་ཡིབ་ནས་མི་རེས་རེ་མོས་ཀྱིས་རྒྱང་བཙོས་དང་། མཚན་མོ་གསོལ་ཆས་འབུལ་དུ་ཡོང་། དེར་སོག་པོས་ལུང་རིང་གི་ཕུའི་རྫ་ཁྲོད་དུ་ཡོང་སྟེ་རྗེ་ཉིད་ཀྱི་དབུ་ཐོག་ཏུ་ཕར་འགྲོ་ཚུར་འགྲོ་བྱས་ཏེ་ཉུལ་བས། ད་ང་ཟིན་སོང་སྙམ་པའི་ཤིན་ཏུ་ཚད་པའི་སྙིང་ཁར་དོན་དོན་གྱི་འཇིགས་རྔམས་ཚད་མེད་པ་བྱུང་གསུངས། དེར་དཀོན་མཆོག་སྤྱི་དང་ཁྱད་པར་དཔལ་ཨོ་རྒྱན་གུ་རུ་ཡབ་སྲས་ཀྱི་ཐུགས་རྗེ་དང་། བདག་སོགས་གདུལ་བྱར་གྱུར་པའི་བུ་སློབ་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཧོར་སོག་གི་མིག་གིས་མ་མཐོང་བར་མ་རྙེད་པས་རེ་ཐག་ཆོད་ནས་ལོག་སོང་རྗེས་སྨན་བརྗིད་དུ་དགེ་མཁན་སྒྲུབ་པ་མོའི་སར་ཕེབས། ནངས་པར་སྔ་བར་བཞེངས་ནས་དོལ་ཁང་པ་བརྒྱང་དུ་གནས་ཆུང་མ་ཞིག་གི་ཐབ་ཚང་དུ་ཡིབ་ནས་བཞུགས་སོ། །དེ་དག་གི་ཚེ་གྲོང་སྙིང་གཉེར་པ་སྤོ་བོ། འབུམ་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་། ཞབས་དྲུང་འགྱུར་མེད་གཞན་ཕན་དབང་པོ། དགེ་སློང་ཨོ་རྒྱན་རབ་བརྟན་སོགས་གྲྭ་བགྲེས་པ་རྣམས་ཀྱིས་བཀའ་གྲོས་མཛད་པའི་ཚེ། འབུམ་རབ་འབྱམས་པས་གཏེར་བདག་གླིང་པའི་སྙིང་པོའི་དྭངས་མ་ནི་སྲས་མོ་འདི་ལ་ཡོད་པས་ཆུད་ཟོས་སུ་མ་སོང་བ་གྲགས། ད་ཅི་དྲག་ཕྱོགས་གང་དུ་ཕེབས་པ་དྲག་གསུངས་པར་དགེ་སློང་ཨོ་རྒྱན་རབ་བརྟན་ནས་ཁྱེད་རྣམས་ཐབས་མཁས་ཤིང་ཐུགས་རིག་བཀྲ་བས་ས་ཆ་སོགས་གང་དུ་སོང་གཟིགས་པས་སླར་གྲྭ་གཙང་ཚུགས་དུས་ཀྱི་དོན་དུ་ཧུར་བསྐྱེད་མཛོད། ཁོ་བོས་སྲས་མོ་འདི་དབུ་བཏོན་ནས་ཆུད་ཟོས་མེད་པར་སླར་ཁྱེད་རང་རྣམས་ལ་འབུལ་རྒྱུ་ཡོད་པ་བྱེད་གསུང་ནས་དེར་ཞལ་འཆམ་སྟེ། དགེ་སློང་ནས་འཁང་རྒྱང་དུ་རྗེ་བླ་མའི་ཞབས་དྲུང་དུ་ཕེབས། ནངས་པར་ལུང་རིང་གི་ལ་རྩེ་
ནས་ཡར་འབྲོག་པ་ཆོས་དང་ཁ་རོ་ལ་བརྒྱུད་དེ་འབྲས་ལྗོངས་སུ་ཡབ་རྗེའི་ལུང་བསྟན་ལྟར་ཕེབས་རྩིས་ཀྱིས་ཕག་རི་ཕྱོགས་སུ་ཞལ་གཟིགས་ཏེ་ཕེབས། དེ་ཡང་རྒྱུན་ལྡན་སྐུ་མཚམས་དང་དལ་འགྲོས་ཀྱི་ཅུང་ཟད་ཕེབས་པའང་ཆིབས་ལ་བརྟེན་གཤིས། དེ་དུས་སྤྲང་ཆས་ཀྱིས་ཉིན་མཚན་བར་མེད་ཤད་ནས་ཕེབས་དགོས་གཤིས་སྐུ་ངལ་ཞིང་ཉམས་ཞན་པས་ཕེབས་སོ། །དེར་ཕག་རིར་ཁྲོམ་དང་ཐག་ཉེའི་སར་ཚ་ཕོག་མཛད་པའི་ཚེ། དགེ་འདུན་མཚམས་འཕེལ་ནས་ཇ་ཕོར་པ་གང་བཏུང་སྟེ་ཁྲོམ་ལ་ལྟ་བར་ཕྱིན། དེ་འདྲ་ཁ་ཤས་ཀྱི་རྗེས་སུ་དགེ་སློང་རབ་བརྟན་ལགས་ནས་ཇ་འཐུང་རིང་ཡང་སྡོད་མི་ཚུགས་པ་འདུག་གམ་གསུངས་པས། མཚམས་འཕེལ་ན་རེ། ཨ་ཁ་ཅི་གསུངས། ད་ཅིའི་རྩ་ན་རྟ་གཉིས་ཤད་ནས་ལངས་སོང་། ད་ལྟ་ཤོག་བརྒྱངས་རིང་པོ་ཁྱེར་ནས་སློག་གིན་འདུག །ད་ང་ལྟ་རུ་འགྲོ་ཟེར་སོང་། དེ་མ་ཐག་པར་ཁོ་པ་ཡོང་སྟེ་ངས་ཨེ་ཟེར་ལྷ་ས་ནས་དཔོན་གྱིས་ཡི་གེ་འདུག །གཏེར་བདག་གླིང་པའི་བུ་མོ་དེ་རིགས་གློད་ཤོར་དུ་སོང་ན་མི་རུང་བས་འཕྲལ་དུ་བཟུང་འཆང་བསྐྲད་པས་ལྷ་སར་ནམ་ཉིན་ལྟོས་མེད་ཀྱིས་ཁྲིད་ཤོག་ཟེར་འདུག །ད་ཇ་འཕོ་ལ་ཕེབས་བཏོང་ཟེར་བས་དེ་མ་ཐག་པར་རྟབ་རྟབ་ཀྱིས་བྲོས་ནས་ཕེབས་སོ། །དེར་འབྲས་ལྗོངས་ལམ་བར་གཅའ་འཕྲང་བས་ཕེབས་དཀའ་ཞིང་ལམ་རྙེད་དཀའ་བ་ལ། ཡབ་རྗེའི་ཐུགས་རྗེས་དགེ་སློང་བཀྲས་དབང་དང་མཚམས་འཕེལ་གཉིས་སྔོན་ནས་རྫོགས་ཆེན་པའི་སྐུ་དྲུང་དུ་ཕེབས་མྱོང་གཤིས་ཕེབས་ལམ་བགྲོད་བདེ་བར་གནས་སྒོ་གོང་དུ་ཕེབས་སོ། །དེ་སྐབས་འགྱུར་མེད་ཆོས་སྒྲོན་སྐྲན་གྱིས་ན་ཚས་འགྲོ་མ་ཐུབ་བར་ལམ་ཐང་སྟོང་ཞིག་ཏུ་ལུས་པའི་གྲོགས་དགེ་སློང་བཀྲས་དབང་བཞུགས་པའི་ཚེ། ས་སྲིབ་ལྟ་བུའི་གངས་དང་རླུང་གི་བུ་ཡུག་འཚུབས་པའི་ཤིན་ཏུ་དཀའ་བའི་དུས་ས་གད་རིང་པོ་ཞིག་ནས་དགེ་སློང་བཀྲ་ཤིས་དབང་ཕྱུག་གར་ཡོད་ཅེས་ཟེར་བ་ལ། ས་འབུར་རྡོག་ཙམ་པ་གངས་ཀྱིས་འཁེངས་པའི་པུས་མོ་ཙམ་ཚུད་པའི་སྟེང་ནས། ང་འདིར་ཡོད་དོ་གསུངས་པས། དགེ་འདུན་མཚམས་འཕེལ་དང་ཐག་ཉེར་སོང་དུས། དགེ་སློང་ནས་ང་འདིར་ཡོད་དོ་རྩམ་པ་ཁྱེར་ཡོད་དམ་གསུངས། དེར་མཚམས་འཕེལ་ནས། ཁྱོད་
བདེན་ནོ་རྩམ་པ་ཁྱེར་ཡོད་ཟེར། དེར་མཚམས་འཕེལ་གྱིས་བཙུན་མ་རྒྱབ་ཏུ་ཁུར་ཡོང་། དགེ་སློང་ཡུས་པ་ལྟ་བུས་བླ་མ་དྲན་ཏེ་སྔོན་དུ་བྱོན་པས། དེར་རྗེ་ཉིད་བཙུན་མ་ཤིའམ་དགོངས་དྲུང་ཉེ་གནས་མ་གང་དུ་ཡོད་གསུངས་བར། དགེ་སློང་ནས་རྗེས་ལ་ཡོད་ངས་སྔོན་དུ་ཡོང་པ་ཡིན་གསུངས་ཀྱང་རྗེ་ཉིད་ཞལ་མདངས་ལོག་པས་བདེན་ནམ་སྙམ་པ་རང་མི་འདུག་ཅེས་གསུངས། དེར་ལྷ་སར་ལོ་ཆེན་རིན་པོ་ཆེ་དང་། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་བཀྲོངས། གཞན་ཡང་གཅེན་ཡིད་བཞིན་ལེགས་གྲུབ་ཨ་ཁུ་ཕྱག་མཛོད་དྲུང་སོགས་ཧོར་སོག་སྡིག་དཔོན་བདུད་རིགས་རྣམས་ཀྱིས་བཀྲོངས་པའི་བང་མི་འབྱོར་བས་ཐུགས་ཅག་གནང་དགོས་ཚུལ་གྱི་སྐྱར་ཤོག་འབྱོར་བར་ཐུགས་སྐྱོ་བ་ལ་ཚད་མེད་པའི་ངང་ནས་སྤྱན་ཆབ་བསིལ་ཞིང་མགུར་འདི་གསུངས་སོ། །རྗེ་ན་མོ་གུ་རུཿསྐྱབས་གནས་བསླུ་མེད་ཀྱི་བདག་ཉིད། །དྲིན་ཅན་མཚོ་སྐྱེས་ཀྱི་རྡོ་རྗེ། །ཕ་གཅིག་འགྲན་ཟླ་དང་བྲལ་བ། །ཆོས་རྒྱལ་གཏེར་བདག་གི་གླིང་པ། །ཐུགས་རྗེ་མི་མངོན་གྱི་དབྱིངས་ན། །བརྩེ་བས་ཐོགས་མེད་དུ་དགོངས་ནས། །གསོལ་འདེབས་མ་འཁོར་བ་རུ་འཁྱམ་པའི། །མི་འགྱུར་དཔལ་སྒྲོན་ལ་གཟིགས་ཤིག །ཕ་གཅིག་ཨོ་རྒྱན་གྱི་བླ་མའི། །གསང་ཆེན་མན་ངག་གི་བསྟན་པ། །ནམ་མཁའི་ཉི་ཟླ་ལྟར་གསལ་ཡང་། །མུན་པའི་སྤྲིན་རུམ་གྱིས་བསྒྲིབས་སོང་། །སྒྲུབ་བརྒྱུད་སྲོག་འཛིན་གྱི་སྙིང་པོ། །ལོ་པཎ་རྗེ་འབངས་ཀྱི་རྣམ་སྤྲུལ། །དབྱར་གུང་མེ་ཏོག་ལྟར་རྒྱས་ཀྱང་། །སྟོན་མཇུག་སད་ཁྱེར་གྱིས་བཅོམ་སོང་། །སྐྱེས་ཁང་ལྷ་དབང་གི་དགའ་ཚལ། །མི་གཙང་མཆིལ་སྣབས་བཞིན་བསྐྱུར་ནས། །འཇིགས་རུང་ནགས་ཚལ་གྱི་སྟུག་པོའི། །ཉམ་ངའི་གཅོང་རོང་དུ་སླེབས་བྱུང་། །སྒྱུ་མ་གཡར་ཁང་གི་ཕུང་པོ། །ལང་ཚོའི་མེ་ཏོག་གི་བསླུ་ཁྲིད། །བྲོས་བྲོས་བྲོས་པས་ཀྱང་མི་ཐར། །རྔོན་པའི་རི་དྭགས་དང་མཚུངས་བྱུང་། །སེམས་ཉིད་རང་དབང་རང་མ་ཐོབ། །སྡུག་བསྔལ་མི་ཟད་པའི་ཁུར་པོ། །སྙིང་མེད་འཇིགས་རུང་གི་གཤིན་རྗེའི། །ཕོ་ཉའི་དམག་ཚོགས་ལ་གཟིགས་ཤིག །ཀྱེ་མ་གང་འདྲ་ཞིག་བྱེད་དམ། །ཕ་གཅིག་ཨོ་རྒྱན་གྱི་བླ་མ། །ད་ལྟ་ཐོགས་མེད་དུ་དགོངས་ཤིག །འགྲོ་
འདུལ་གཏེར་བདག་གི་གླིང་པ། །ཞེས་གདུང་དབྱངས་ཀྱིས་རྒྱང་འབོད་མཛད་པས་ཨོ་རྒྱན་ཡབ་ཡུམ་དང་རྗེ་བླ་མ་དམ་པའི་སྐུའི་སྣང་བརྙན་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་དུ་གསལ་བར་གཟིགས་པས་གདུང་བ་སེལ་བའི་ལུང་དང་ཕྱིས་ལས་ཅན་གྱི་སློབ་མ་དང་། བར་གཅོད་ཀྱི་བདུད་འབྱུང་འགྱུར་སོགས་གསལ་བར་གནང་ཞེས་གསུངས། དེར་མ་ཟད་ལུང་རིང་གི་ཕུ་ནས་བཟུང་དེ་ཚུལ་གྱི་སྐྱོ་ཤས་ཀྱི་ཚུལ་མང་པོ་ཡོད་དོ། །ད་ལྟའི་དགེ་སློང་གིས་ཟིན་རིས་སུ་བྲིས་འདུག་པ་མ་གཏོགས་ད་བརྗེད་ནས་མི་དྲན་པ་འདུག་ཅེས་གསུངས་པས། གཟིམ་དཔོན་འགྱུར་གཡང་ལགས་ཀྱིས་ངེད་ཚོ་ནི་སྡུག་དྲགས་དེ་འདྲ་དྲན་མ་བྱུང་། ད་བཀའི་བསྡུ་བ་པོ་སྐུ་སྐྱེ་བཞེས་པ་ཕྱིས་འདུག་གསུངས་པར། ང་རང་དཔོན་གཡོག་གསུམ་བཞད་སྐད་དིར་ཙམ་བྱུང་། དེ་ཡང་དེ་དུས་སྐུ་རླུང་གི་བསྙུན་གཞི་དྲག་པོས་སྐུ་ཚེའི་བར་ཆད་དུ་འགྲོ་ཚད་ཚད་པའང་བྱུང་ཞེས་དགེ་སློང་བཀྲས་དབང་ལ་གསུངས། དེ་ནས་འབྲས་ལྗོངས་བླ་བྲང་ནས་རྫོགས་ཆེན་ཁྲག་འཐུང་དཔའ་བོ་འཇིགས་མེད་རྡོ་རྗེས་སེར་སྦྲེངས་ཀྱིས་བཀུར་སྟིའི་བཀོད་པ་ཕུན་སུམ་ཚོགས་པས་གསང་སྔགས་ཕོ་བྲང་དུ་གདན་དྲངས་ཏེ་ཁྲི་བཀོད་མངོན་པར་འཕགས་པའི་སྟེང་དུ་བཞུགས་སུ་གསོལ་ལ་ཞབས་ཏོག་ཚད་མེད་པས་ངལ་གསོའི་བདེ་བ་ཐོབ་པ་ཡིན་གསུངས། དེའི་སང་ཉིན་ཕོ་བྲང་གི་ཡང་ཐོག་ཏུ་དགེ་སློང་ཨོ་རྒྱན་རབ་བརྟན་གྱིས་ཞབས་ཕྱི་ཞུས་པས་དབུ་སྐྲ་བསིལ་བར་མཛད་པས་སྔར་བཞིན་རབ་བྱུང་དུ་སྐུ་ལུས་བསྒྱུར་བ་མཛད། དེ་ནས་དགེ་འདུན་མཚམས་འཕེལ་ཙམ་མ་གཏོགས་དགེ་སློང་གཉིས་དང་། བཙུན་མ་གཉིས་ཏེ་བཞིས་ཀྱང་སྐྱ་ཆས་བཞག་སྟེ་སོ་སོའི་རང་གཟུགས་སུ་བསྒྱུར་ཆོག་པའི་སྐལ་བཟང་ཐོབ་པ་ཡིན་གསུངས། དེ་ཡང་ཡུལ་ཕྱོགས་དེར་རྫོགས་ཆེན་པ་དང་རྒྱལ་པོའི་བཀས་ཟིན་ན་མ་གཏོགས་བླ་མ་གཞན་གྱིས་བསྒྱུར་ཁ་དཀའ་ཡང་རྫོགས་ཆེན་པ་དང་རྒྱལ་པོ་ཟུང་གིས་རང་རེ་འབྲས་ལྗོངས་ཀྱི་འོག་ཏུ་ཆུད་པའི་སྐྱ་སེར་མེད་པའི་སྐྱེ་བོ་ཀུན་རྩ་བའི་བླ་མ་འགྲོ་འདུལ་གཏེར་བདག་གླིང་པའི་རིགས་སྲས་མཚོ་རྒྱལ་གྱི་སྤྲུལ་པ་འཁྲུལ་མེད་མི་འགྱུར་དཔལ་གྱི་སྒྲོན་མ་ཡུལ་ཕྱོགས་འདི་དག་ཏུ་ཕེབས་པ་སྐལ་བ་ཤིན་ཏུ་བཟང་བས་དབང་
ཆོས་ལུང་སོགས་སོ་སོ་གང་འདོད་དུ་ཞུ་བ་ལ་བཀག་སྡོམ་མེད་པས་སོ་སོའི་འདོད་སྦྱར་ལྟར་བྱས་ཆོག་ཅེས་བཀའ་ཤོག་བཀྲམ་པས་གཞི་ལྷོངས། དད་ཅན་གྱི་སྐྱེ་འགྲོ་ཕོ་མོ་སྟོང་ཚོ་བཞིར་བརྒལ་བ་འདུས་ཏེ་སོ་སོའི་བདོག་པས་གུས་མཆོད་འབུལ་བ་གྱ་ནོམ་པ་ཕུལ་བ་དག་ལ། གཏེར་གསར་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་བསྩལ་བའི་ཚེ་རྗེ་ཉིད་བཞུགས་པའི་དབུ་ཐོག་ཏུ་འཇའ་ཁ་དོག་ལྔ་ལྡན་མདུང་ཚུགས་སུ་ཟུག་ཅིང་། ཚེ་དབང་ཚུགས་ནས་མ་གྲོལ་གྱི་བར་རྗེའི་དབུ་ཐོག་གི་ནམ་མཁར་བྱ་རྒོད་ཅིག་སྐོར་བ་གཡས་སུ་བསྐོར་བས་ཀུན་ཡི་རངས་བའི་དད་པའི་ས་བོན་དུ་མཛད་ཅིང་རྗེ་ཉིད་ཀྱི་མཚན་ནས་འབོད་ཅིང་རྐྱང་ཕྱག་འཚལ་བའི་འུར་དིར་གྱི་སྣང་བ་འགྱུར་བའང་བྱུང་ཞེས་གསུངས། གཞན་ཡང་སོ་སོ་གང་འདོད་དང་འཚམས་པའི་ཆོས་དང་དམ་རྫས་ཀྱི་སྦྱིན་པས་ཚིམས་པར་མཛད་ཅིང་། ཁྱད་པར་རྫོགས་ཆེན་པ་དང་རྒྱལ་པོས་མཚོན་ཞབས་རིམ་ཐུ་བོར་གྱུར་པ་འགའ་ཞིག་ལ་ཡབ་རྗེའི་གཏེར་གསར་ཆ་ཚང་གི་དབང་ལུང་དང་། དེའི་ནང་ནས་གཏེར་གསར་ཨ་ཏིའི་དབང་ཁྲིད་ལུང་སོགས་བསྩལ་བའི་རིག་པའི་རྩལ་དབང་གི་ཚེ་གཞི་ནས་སྦས་ཡུལ་ཞོད་ཆེ་བས་ཡིན་ནམ་གང་ལྟར་ཡང་དཀྱིལ་འཁོར་དང་རྗེ་ཉིད་བཞུགས་སར་འཇའ་ཟུག་ཅིང་མེ་ཏོག་གི་ཆར་འཁོར་ལོ་རྩིབས་བཞི་པ་དང་། པད་འདབ་བཞི་པའི་རྣམ་པ་ཁ་བ་འཚུབས་པ་ལྟར་བབས་ཤིང་སྤོས་བཟང་པོའི་དྲི་ངད་ལྡང་བ་ལྟ་བུའི་དྲི་མས་ཁྱབ་པས་ཀུན་ངོ་མཚར་ཅན་དུ་གྱུར་ཏོ། །དེ་ཡང་ཆོས་བཀའ་འདི་ཙམ་དུ་མ་ཟད་གཏེར་གསར་ཚང་མ་རྗེ་བླ་མ་དམ་པ་བདེ་ཆེན་ཌཱ་ཀིའི་གཙོ་མོ་ཉིད་ཀྱི་སྐུ་ཚེ་འདི་ལ་སྦས་པའི་གནས་ཡུལ་ཁྱད་པར་ཅན་འདིར་གནང་བའི་སྐབས་འདི་ཐོག་མ་ཡིན། ཚུར་ཡང་རྫོགས་ཆེན་རིན་པོ་ཆེ་ནས་དཀོན་མཆོག་སྤྱི་འདུས་དང་། རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་ཚང་བར་གནང་ངོ་། །དེའི་སྐབས་ཤིག་གསང་སྔགས་ཕོ་བྲང་གི་ཡང་དབེན་དུ་ཟབ་ཆོས་རིག་འཛིན་ཐུགས་ཐིག་དང་། བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ཀྱང་སྨིན་པར་མཛད་པའི་དྲོད་རྟགས་ཀྱི་མཚན་མའང་ཅི་རིགས་པ་ཤར་གསུངས། དེ་དག་གི་དུས་སྐྱིད་པའི་གླུ་དང་དགའ་བའི་བྲོ་བརྡུངས་བ་ལྟ་བུའི་བདེ་བ་དཔག་ཏུ་མེད་པའི་
ཚེ་ཡུམ་དང་། ལྕམ་དཔལ་འཛིན་བུ་དགའ་སྐྱིད་འཛོམ་བཅས་འབྲས་ལྗོངས་སུ་ཕེབས་པས་རྐྱེན་བླང་། ཡང་ལྷ་ས་ན་དཔོན་ཚེ་རིང་དོན་གྲུབ་ཀྱིས་ཐོས་པས་གཏེར་བདག་གླིང་པའི་བུ་མོ་བཙུན་མ་བཞིན་མཚར་པོ་དེ་འབྲས་ལྗོངས་སུ་ཡོད་འདུག་ཅེས་པའི་སྒྲ་སྦིར་ལ་བརྟེན་ཧོར་སོག་རྟ་པ་བཅུ་ལམ་རྒྱུས་པ་དང་བཅས་ཕག་རིའི་ཕྱོགས་སུ་འབྱོར་ཙ་ན་རྗེ་བླ་མ་དམ་པ་ཌཱ་ཀིའི་གཙོ་མོར་རྫོགས་ཆེན་རིན་པོ་ཆེ་ནས་ཨའུ་རྩི་སྐྱོན་མེད་ཞུས་པར་གཅའ་སོགས་ཕྲ་ཞིང་འཕྲང་དོག་ཅིང་ལ་བགྲོད་དཀའ་ཡང་ནག་པོའི་བདུད་རིགས་ཐབས་མཁས་པས་ཅི་འཆར་མི་ཤེས། འོན་ཏེ་ང་ཡང་ཕ་གཏེར་བདག་གླིང་པའི་ཐུགས་ནས་ཆད་པའི་བུ་མོ་ཞིག་ཡིན། མི་སྲུན་འབྱུང་པོ་དེ་ལ་འབྱུང་བ་རླུང་འཁོར་ཞིག་བཟོ་གསུངས་ཏེ། འཁོར་ལོ་བྲི་བའི་ཕྱག་ལེན་དང་ལས་སློབ་དགེ་སློང་དགེ་བའི་བཤེས་གཉེན་བཀྲ་ཤིས་དབང་ཕྱུག་གིས་མཛད་དེ། ཞིག་པོ་གླིང་པའི་གཏེར་བྱོན་རླུང་དམར་གྱི་འཕྲུལ་འཁོར་དྲག་པོའི་ལས་སྦྱོར་མཛད་པས་ཁོ་པ་རྣམས་ནང་འཁྲུགས་ཀྱིས་འདི་ཡིན་མེད་པའི་གཞི་མེད་དུ་སོང་བས་ཐུགས་གཡེང་མ་དགོས། ད་དུང་ཆེད་དུ་གཉེར་ནས་པདྨའི་ཡང་ཟབ་ཀྱི་གདམས་པའི་ཉིང་ཁུས་གངས་འབེབས་མཛད་པས་སྔར་མཐོང་མ་མྱོང་མ་དྲན་ཞེས་པའི་ཁ་བས་ཆོད་པས་བདེ་བ་ཐོབ་པའི་དཔལ་དུ་གྱུར་གསུངས།
བསྟན་དགོན་བསྐྱར་གསོའི་མཛད་པ་རྒྱ་ཆེར་བསྐྱངས་པ།
ས་ཕག་ལོ་སྟོད་སྒར་ཐོག་ཏུ་སྡེ་པ་སྒར་དཔོན་ཤངས་ཁང་ཆེན་ནས་ཀྱི་བོད་ཀྱི་ནང་ཆ་ཁྱེར་མི་གདུགས་དཀར་དུ་སོང་། ཐབས་ཇི་ཇ་བཟང་སོགས་ཧོར་སོག་གི་སྡེ་མིང་མེད་དུ་བཅོམ་པས་ལྷ་སར་སྡོད་མིའི་དཔོན་སོགས་ཀྱང་སྟབས་ཅག་གིས་འབྲོས་པ་བྱུང་སོང་ཞིང་། དེའི་མཐུ་དཔུང་གི་རྐྱེན་ལས་འཇམ་དབྱངས་གོང་མ་རྒྱལ་པོས་ཁང་ཆེན་གནས་ལ་སྲིད་སྐྱོང་བསྐོ་བཞག་དང་། དའི་ཆིང་བ་དུར་ཞེས་ཆོ་ལོའང་སྩལ། དཔལ་ཨོ་རྒྱན་ཆེན་པོའི་ཐུགས་རྗེའི་ཟླ་ཟེར་ལས་དཔོན་གཉིས་ནས་རྙིང་མ་ཉུང་ངུའི་སྡེ་མིང་མེད་དུ་བཏང་བའི་རང་སྡེ་རྣམས་ཚུགས་ཤིག་པའི་སོ་སོར་བཀའ་ཤོག་བཀྲམ་པ་ལ་རང་རེའི་དབུ་ཆོས་རྣམས་ཀྱིས་བསླབ་སྡོམ་སྐྱོན་མེད་རྣམས་བསྡུས་ཏེ་འདུས་སྡེའི་ས་བོན་ཚུགས་པའི་བང་ཆེན་རྗེ་བླ་མ་དམ་པ་ཌཱ་ཀིའི་
གཙོ་མོའི་ཞབས་པད་དུ་འབྱོར་བར། དེར་རྗེ་ཉིད་དཔོན་གཡོག་སྔར་རྒྱུན་སྟེང་གྲྭ་རིགས་རྙིང་པ་འགའ་དང་བཅས་འབྲས་ལྗོངས་ནས་བོད་དུ་ཆིབས་བསྒྱུར། ཕག་རི་དང་ཁ་རོ་ལ་ནས་བ་བཅོས་ཀྱི་གཞུང་བརྒྱུད་ཟར་པོ་དྲ་མ་ནས། སྐུ་ཞང་ལྡུམ་པོ་བའི་གཞིས་སུ་ཕེབས་ཏེ་ཞལ་ངོ་རྣམས་དང་མཇལ་འཕྲད་མཛད་པར། དེར་བར་དོ་ནས་མི་ཡུལ་དུ་མཇལ་བ་ལྟ་བུའི་དགྱེས་ཚོར་དཔག་མེད་ཐོབ་བྱུང་གསུངས། དེ་ནས་སྐུ་ཞང་གི་ཞལ་ངོ་རྣམས་དང་ཞབས་ཕྱི་ནང་འཁོར་འགའ་ལ་ཚེ་དབང་དང་དྲག་དམར་གྱི་སྐུ་གསུང་ཐུགས་དབང་བསྩལ་ཏོ། །དེ་ནས་སྐུ་ཞང་ནས་དབང་བཞི་བཏེགས་པའི་དར་རྒྱས་ཆོས་སྡིངས་སུ་ཕེབས་ཏེ་ཡུལ་མིར་ཁྲོམ་དབང་དང་། དད་ཅན་དུ་མར་མཇལ་འཕྲད་མཛད་ཅིང་སོ་སོའི་རེ་འདོད་སྐོང་བར་མཛད། དེ་སྐབས་ཡབ་རྗེའི་མཆོད་དཔོན་ཨོ་རྒྱན་རབ་དགས་ཡབ་རྗེའི་དབང་ཆས་ཀྱི་ཕྱག་སྒམ་ཟུང་ཞལ་ངོ་སུ་སྔ་བ་ཕེབས་པར་འབུལ་རྩིས་ལ་རྗེ་ཉིད་སྔ་བས་དེར་འབུལ་བ་མཛད་པས་རྟེན་འབྲེལ་ལེགས་ཤིང་ཤིན་ཏུ་མཉེས། དེ་ནས་སྐྱིད་རུ་གཞིས་སུ་ཞག་པོ་མཛད་པའི་གྲའི་གཞུང་བརྒྱུད་རང་གི་དགོན་པར་ཆིབས་བསྒྱུར། དེའི་ཚེ་གཉེན་མཁར་རི་ཟུར་ནས་དགོན་པ་གཟིགས་པས། སྔར་ལྷའི་དགའ་ཚལ་དང་མཉམ་པའི་གནས་དེ་གསང་སྔགས་ཕོ་བྲང་ཙམ་མ་གཏོགས་བླ་བྲང་ཟུང་དང་མཆོད་རྟེན་གྲྭ་ཤག་གིས་མཚོན་གྱང་སྟོང་དུ་རོང་ངེར་འདུག་པས། སྔར་ཡབ་རྗེ་དང་ཁུ་དབོན་རྣམས་ཀྱི་སྟོབས་འབྱོར་ལོངས་སྤྱོད་རྣམས་དྲན་ཏེ་བཟོད་གླགས་མེད་པའི་སྡུག་བསྔལ་གྱིས་མནར་ཞིང་། དེའི་རྐྱེན་ལས་སྔར་སྣང་གསལ་འོད་དེ་འབུམ་གྱི་སྐྱེ་བའི་དུཿཁ་ཡང་ལམ་ལམ་དྲན་པ་ཞིག་བྱུང་གསུངས། དེ་ནས་དབུ་ཆེ་བགྲེས་པ་རྣམས་ཀྱིས་ཐོག་དྲངས་གྲྭ་གཙང་འདུས་པ་རྣམས་ཀྱིས་བཀུར་སྟིའི་ཞབས་ཏོག་དང་བཅས་གསང་སྔགས་ཕོ་བྲང་དུ་གཟིམ་ཆུང་བདེ་ཆེན་ཡང་རྩེར་སྤྱན་དྲངས་ཏེ་མཇལ་འཕྲད་མཛད་ཅིང་། གྲྭ་གཙང་དུ་མང་ཇ་སྦྱོར་དང་འབྲུ་དཀར་གྱི་བཞེས་ཐུག །ལྷོ་མོན་གྱི་ཡུལ་བབས་ཀྱི་དངོས་པོ་གང་འཚམས་ཀྱི་ཕྱག་འགྱེད་དང་བཅས་བསྩལ་ཅིང་། གྲྭ་གཙང་དུ་འཕན་རིང་གཉིས་དང་རྒྱལ་མཚན་བཅས་དང་། ཞག་བདུན་གྱི་བར་གུ་རུའི་ཕྲིན་ལས་དང་འཕྲོས་པའི་ཆོས་སྐྱོང་རྣམས་ལ་གཏང་རག་
གིས་བསྐང་གསོ་རྒྱས་པར་མཛད། དེ་སྐབས་ཕོ་ལྷ་ཐའི་ཇི་འགྱུར་མེད་བསོད་ནམས་སྟོབས་རྒྱས་བཀའ་བློན་གྱི་ལས་འཁུར་གྱི་དབང་ཆེ་ཞིང་མི་ཕྱེད་པའི་དད་གདུང་དྲག་པོས་རྗེ་ཉིད་ལ་ལེགས་གསོལ་གྱི་འབུལ་བ་དང་། དབུ་ཞྭས་མཚོན་ན་བཟའ་ཆ་ཚང་། ཆིབས་དཀར་པོ་རྟ་སྒ་རྒྱན་བཅས་སྤུས་ལེགས་དང་། གྲྭ་གཙང་འདུས་ཚོགས་སུ་མང་ཇ་འགྱེད་དང་བཅས་པ་སྦྱོར། དེ་རྗེས་ཀླུ་སྡིངས་ལྷ་དབང་དགའ་ཚལ་གྱི་ཞིག་གསོ་ཚུགས་ཤིང་ལེགས་པར་གྲུབ་རྗེས་རབ་གནས་ཀྱི་ཆོ་ག་མཛད་ནས། དེར་སྤོ་བ་མཛད་དེ་ཟླ་ཤས་བཅད་རྒྱར་བཞུགས། དེའི་ཚེ་མི་རིང་བ་ཁམས་ནས་གཅེན་རཏྣ་བི་ཛ་དང་། གཅུང་རྒྱལ་སྲས་ཉེ་བའི་མགོན་པོ་དཔོན་གཡོག་རྣམས་ཕེབས་པའི་མཇལ་ཕྲད་མཛད་ཅིང་དགྱེས་པ་དང་སྤྲོ་བའི་སྐབས་སུ་ལགས། ལྕགས་བྱི་དགུང་ལོ་ཉེར་གཉིས་ལ་ཕེབས་པའི་སྐུའི་གཉན་ཆ་ཆེ་བའི་སྟེང་སྐྲན་གྱི་བསྙུན་དྲོན་ནས་མནར་བ་ལ། སྐུ་བགེགས་ཀྱི་བར་ཆད་ཞི་ཕྱིར་སྐུ་རིམ་ཐ་མ་འགགས་པ་དང་། ཁྱད་པར་ཨེམ་ཇི་བློ་འཕེལ་ནས་དཔལ་ལྡན་ཟུར་མཁར་བའི་ཁྱད་ཆོས་ཀྱི་ཐབས་སྒོ་དུ་མའི་སྨན་སྦྱོར་འབུལ་ཞིང་འཆི་མེད་ཚེའི་རིལ་བུ་ཧྲཱིཿདམ་མ་མཆོད་པས། སྐུ་བདེ་དྭངས་སུ་གྱུར་པའི་སྐལ་བཟང་ཐོབ་ཅིང་། དེ་ལྟར་འབྲས་ལྗོངས་ནས་ཕེབས་ནས་ཀོང་པོར་མ་ཕེབས་བར་དམ་པ་ཆོས་ཀྱི་སྦྱིན་པས་དབུས་གཙང་། མངའ་རིས། ལྷོ་མོན། ལྷོ་བྲག་ཡང་བཞི། དྭགས་པོ་དང་ཁམས་སྟོད་སྨད་བར་གསུམ། དབུ་རུ་དང་གཡོ་རུ་ཕྱོགས་ཀྱི་དད་ཅན་ཕོ་མོ་ཆོས་ལྡན་པ་མང་པོའི་རེ་འདོད་སྐོང་བར་མཛད་པའི་སྙན་གྲགས་ཀྱིས་ཁྱབ་པར་མཛད་དོ། །ཚུལ་དེ་ལས་བླ་བྲང་ཞབས་རིམ་པ་འགས་ཐའི་ཇིའི་སྐུ་དྲུང་བླ་བྲང་གི་ཞལ་སྒོ་ལ་ཅུང་འཛེར་བ་ཞུས་པས། དེར་ཐའི་ཇི་ནས་རེ་ཞིག་ཀོང་པོ་བདེ་ཆེན་སྟེང་དུ་ཕེབས་དགོས་པའི་སློབ་དོན་གྱིས་དེར་ཆིབས་བསྒྱུར་བས་ལོ་གཅིག་ལྷག་བརྒལ་ཙམ་སོང་རྗེས། དགེ་རྒན་དགེ་སློང་ཨོ་རྒྱན་རབ་བརྟན་དང་། དགེ་སློང་བཀྲ་ཤིས་དབང་ཕྱུག་གཉིས་རྡོ་རིང་དུ་ཐའི་ཇིའི་སར་བང་ཆེན་དུ་ཕེབས་དུས། དེར་ཐའི་ཇིས་རྗེ་བཙུན་རིག་འཛིན་ཆོས་ཀྱི་འགྲོ་དོན་ཆེ་བ་ཨེ་འདུག་གསུངས་པར། དགེ་སློང་རབ་བརྟན་ནས་སྟོད་སོག་ཕྱོགས་ནས་འཁོར་བའི་སློབ་རིས་མ་
གཏོགས་ཡུལ་ཕྱོགས་དེར་ཆོས་ཀྱི་འགྲོ་དོན་ནི་གང་ཡང་མི་འདུག་ཅིང་། འགྱུར་མེད་ཆོས་སྒྲོན་ཞབས་ཕྱིར་ཡོད། འགྱུར་མེད་གཡང་འཛོམས་དང་། དགེ་སློང་གྲགས་པ་སོགས་གཞན་རྣམས་ནི་ཞིང་ལས་བྱེད་ཅིང་ཡོད་ལགས་ཞེས་གསུངས་པས། དེར་ཐའི་ཇིས་ཨ་ཁ་ཁ་དེང་སང་གི་མི་འདི་ཚོ་བདག་ལ་དོན་མེད་ཀྱི་མགོ་གཡོགས་བཏང་འདུག །ད་བླ་མ་སྙིང་པོའི་དོན་ཁོ་ན་མཛད་པ་དེ་འོ་བརྒྱལ་དེར་བཞུགས་སུ་མ་འཇུག །འཕྲལ་དུ་འདིར་གདན་དྲོངས་ཤོག་གསུངས་པས་ཀོང་པོ་ནས་ལྷ་ལྡན་དུ་ཆིབས་བསྒྱུར། དེར་ད་ཇིན་བ་དུར་ཞྭ་སེར་མ་གཏོགས་རྙིང་མ་བར་རྗེས་གཏིང་ཞིག་ནས་གཞན་སྐྱོད་ཀྱིས་ཤིན་ཏུ་བརྣག་པའི་ཀོར་པ་དགེ་ཁོང་ནས་ཀྱང་བཀག་སྟེ་གཏེར་མ་རག་ལ་ཐུག་པའི་འཇིགས་སྐྲག་མི་དཔོན་གཡོག་ཚངས་མས་དབུ་ཞྭ་སེར་པོ་བཞེས་ནས་ཕེབས་པས། ཐའི་ཇིས་དེ་འདྲའི་ཟོན་གནང་མི་དགོས་རང་ལུགས་གང་ཡོད་གནང་ཆོག་གསུངས་པར་ཚང་མས་དབུ་ཞྭ་རང་ལུགས་སུ་བསྒྱུར་བ་མཛད། རྩེར་གོང་མ་འདྲེན་མཆོག་བློ་བཟང་སྐལ་བཟང་རྒྱ་མཚོའི་ཞབས་དྲུང་དུ་མཇལ་ཕྱག་ཏུ་ཕེབས་པའི་གཙུག་ཕུད་འབུལ་བ་མཛད་དེ་མཚན་རྗེ་བཙུན་ཤེས་རབ་སྒྲོན་མ་ཞེས་བསྩལ་ཏེ་མེ་ཏོག་ཀྱང་འཐོར་བར་མཛད། དེ་ནས་རྩེའི་འཕགས་པ་ལོ་ཀེ་ཤྭ་ར་དང་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གིས་དབུས་གནས་རྟེན་རྣམས་ལ་སྙན་ཤལ་མཆོད་འབུལ་བོད་འབངས་བདེ་བའི་སྨོན་ལམ་དང་བཅས་མཛད་ཅིང་། དེ་ཞོར་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེ་བཅས་པར་ཡང་དེ་མཚུངས་སུ་མཛད་ནས། རྡོ་རིང་དུ་ཐའི་ཇིའི་སར་ཞང་ཁྲོམ་གྱི་གཏེར་བྱོན་བྱད་གྲོལ་གསེར་གྱི་ལྡེ་མིག་ལེགས་ལྡན་རྗེའི་ཕྱག་བཞེས་མ་ལས་ཡབ་རྗེའི་ཁྱད་ཆོས་གདམས་པ་རྨད་དུ་བྱུང་བའི་ལས་སྦྱོར་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་སྐུ་ཚེའི་སྒྲུབ་པ་དང་ཚེ་དབང་བརྒྱ་རྩ། གཏེར་གསར་དྲག་དམར་གྱི་སྨིན་བྱེད་ཀྱི་དབང་དང་པོ་ཏིའི་ལུང་། ཤ་འུག་ལྷ་ཆེན་གྱི་རྗེས་གནང་དང་མེ་མཆོད་བརྒྱ་རྩ། རྡོར་སེམས་ཐུགས་སྒྲུབ་ཀྱི་སྒོ་ནས་ཞི་བའི་བསྲེག་ཆོག་འབུམ་སྡེ་རྣམས་མཛད་ཅིང་། དེར་སྐུ་ཡོན་གྱི་དངོས་པོ་གྱ་ནོམ་པའང་སྩལ། ཆིབས་བསྒྱུར་ལམ་ཞོར་དུ་སྐྱིད་ཤོད་ཆོས་ལུང་ཏ་ར་བའི་སར་ཚེ་དབང་དང་བཀའ་བསྒོ། སྐུ་
ཞབས་གྲ་གཙང་གི་དགེ་བཤེས་ངག་དབང་པདྨ་ཅན་གྱིས་བརྟན་བཞུགས་ཕུལ་ཞིང་རྗེ་ཉིད་ཀྱི་བརྟན་བཞུགས་གསོལ་འདེབས་ཞུས་པའང་དོན་དཔག་པར་དཀའ་བའི་བཀའ་རྩོམ་མཛད་ནས་དལ་འགྲོས་ཀྱིས་རང་གནས་སུ་ཆིབས་བསྒྱུར། དེ་ནས་སྐུ་ཞང་ལྡུམ་པོ་བས་གདན་དྲངས་པས་ཞག་ཁ་ཡར་བཞུགས་ནས་དབང་བྱད་གྲོལ་ཆོས་སྲུང་གི་བསྐང་གསོ་དང་སྟེང་ཤོད་ཚང་མར་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་ཆིབས་བསྒྱུར། དེ་སྐབས་ཆིབས་ལམ་དུ་བདག་གི་མ་རྒན་མོས་མཚོན་ཚང་མས་རྗེ་ཉིད་ཀྱི་མཇལ་ཕྱག་ཏུ་ཕྱིན་པར་ཁྲབ་མོ་རང་མགོར་ཞལ་མཇལ། དེར་བདག་ལོ་བརྒྱད་པར་ངོ་མཐོང་བས་ཚེ་འདི་ལ་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་འདི་ཉིད་ཞལ་མཇལ་བའི་སྐལ་བཟང་གི་ཐོག་མ་ཡིན། དེར་ཕྲན་བུ་མོ་གཞོན་ཡང་ཞལ་ཁྱིམ་ཤིན་ཏུ་མཚར་ཞིང་ལྟ་ན་སྡུག་པའི་སྐུའི་གཟི་བྱིན་བལྟ་མི་བཟོད་པའི་ངང་ནས་མཆི་མ་མང་དུ་ཤོར་ཏེ་རྗེས་སྙེགས་ནས་ཕྱིན་ན་བསམ་པའི་དད་པ་རང་དབང་མེད་པ་བྱུང་། དེ་ནས་སྐྱབས་རྗེ་དཔོན་གཡོག་རྣམས་གྲྭའི་གཞུང་བརྒྱུད་དགོན་པར་ཕེབས། ཞལ་ངོ་རྣམས་དང་མཇལ་འཕྲད་མཛད་དེ་ཀླུ་སྡིངས་སུ་ལོ་གཅིག་བར་བསམ་གཏན་ལ་བཞུགས་སོ། །དེ་ནས་བཅད་རྒྱ་གྲོལ་བསྟུན་སྐལ་ལྡན་འགའ་ལ་ཐུགས་ཐིག་དང་། ཨ་ཏིའི་ཟབ་ཁྲིད་སྡེ་ཕུག་ནས་འགྱུར་མེད་ཚེ་དབང་ཕུན་ཚོགས་ལ་བྱད་གྲོལ་དང་ཚེ་དབང་རྣམས་སྩལ། མེ་རྟ་ལོ་དཱ་ཆིང་བ་དུར་དང་ལུམ་པ་བས་མཚོན་བཀའ་བློན་རྣམས་ནང་དུ་ཟིན་ཤིག་འཁོས་སུ་མ་ཕེབས་པའི་རྒྱུ་ལས་དབུས་གཙང་དུས་ཟིང་གིས་སྤྲེལ་ལོ་གཏེར་ལུང་དུས་བབས་དང་གསལ་གྱིས་དེ་ཡང་ཇི་སྐད་དུ། ལ་སྟོད་འབངས་མི་རྗེ་བོར་འཐོན། །ཞེས་པའི་མི་དབང་ཆེན་པོ་ཁྲི་ཐོག་ཏུ་ཕེབས་པའི་མངའ་དབང་རིན་ཆེན་རྒྱས་པའི་རྐྱེན་སེལ་ལ་མོས་གུས་ཆེན་པོའི་སྤྱན་ཞུ་དབང་འབུལ་ལ་རྗེ་གཅེན་རཏྣ་བི་ཛ་ཕེབས་བསྒྱུར། རྗེ་ཉིད་ནས་ཀྱང་ལེགས་འབུལ་རྒྱས་པར་སྩལ། དེ་ནས་སྐབས་ཤིག་མི་རྗེའི་སྲས་རྣམས་ཀྱི་ཡུམ་ལྷ་ལྕམ་ལྔ་ལམ་དུ་གཤེགས་པ་ལ་བོད་ཀྱི་བླ་མ་སངས་རྒྱས་དངོས་དང་མཚུངས་པའི་གྲགས་ཆེ་བ་རྣམས་དང་། སྡིངས་ཆེ་སྤྲུལ་སྐུ་དགེ་ལེགས་དཔལ་མགོན་རབ་བརྟན། བི་མའི་རྣམ་རོལ་རྗེ་རཏྣ་བི་ཛ། སྐྱབས་
རྗེ་བླ་མ་བདེ་ཆེན་མཁའ་འགྲོའི་གཙོ་མོ་བཅས་པ་ལ་མི་རྗེས་ཚང་གྲུའི་ལུང་བསྟན་གྱི་ས་བོན་སྩལ་པས། ངེད་ཀྱི་ཨོ་ལོ་རྣམས་ཀྱི་མ་ཅུང་ཟད་མ་བདེ་བ་ལ་རིམ་གྲོ་ཇི་ལྟར་བྱས་ན་བཟང་སྩལ་པར་བླ་མ་གྲགས་ཆེ་བ་རྣམས་ཀྱིས་ལུང་དུ་རིམ་གྲོ་འདི་ལྟར་གནང་ན་བགེགས་མེད། སྐུ་བདེ་དྭངས་སུ་འགྱུར་བའི་ལུང་ལ་འཁེངས་པའི་རྫ་རི་འདིར་བས་ཐུགས་འཚེངས་བར་གྱུར་ཅིང་། སྡིངས་ཆེ་སྤྲུལ་སྐུ་དང་ཁྲི་ཆེན་རཏྣ་ཞབས་རྗེ་དམ་པ་འདི་གསུམ་གྱིས་ཞལ་མི་འཚོ་བའི་ལུང་གིས་བར་དོ་བགྲོད་པའི་བསགས་སྦྱངས་སོགས་མཛད་ན་རུང་བ་དང་། ཁྱད་པར་སྐྱབས་རྗེ་བླ་མ་བདེ་ཆེན་ཌཱ་ཀིའི་གཙོ་མོས་ཞི་བའི་སྦྱིན་སྲེག་འབུམ་ཚོ་དང་། རྡོར་སེམས་ཀྱི་སྐུ་འབུམ་ཚོ། ཨོ་རྒྱན་གྱི་སྐུ་པདྨ་མཐོང་གྲོལ་འབུམ་ཚོ་བཞེངས་པ་སོགས་གནང་ཚེ་བདེ་འགྲོའི་རྟེན་བཟང་ཐོབ་པ་ཤར་སྩལ་པར། མི་རྗེ་རང་དབང་མེད་པའི་དད་པས་སྡིངས་ཆེ་སྔར་ནས་དམ་ཕྲུག་ནག་པོ་ཡིན་པ་ལ་འདི་ལོ་ནས་དམར་པོ་གནང་ཆོག་པའི་ལུང་དང་ལེགས་སྐྱེས་བཟང་པོས་དབུགས་དབྱུང་བར་མཛད། ཁྲི་ཆེན་བླ་མར་བཀའ་དྲིན་འཇལ་བྱེད་དུ་མི་རྗེས་དབུ་གཙུག་ཏུ་ཁུར་བའི་འདུས་སྡེ་རྨད་དུ་བྱུང་བའི་བསྟི་གནས་བླ་བྲང་ཁག་གི་ཞིག་གསོ་ཁྱད་འཕགས་ཀྱི་བཀུར་གསོལ་དང་བླ་གྲྭ་ཚང་མར་མཆོད་བསྟོད། བཀུར་སྟིའི་ཞབས་ཏོག །སྐྱབས་རྗེ་དུས་གསུམ་ས་ལེར་མཁྱེན་པའི་ཡེ་ཤེས་མཁའ་འགྲོའི་གཙོ་མོ་བཀའ་དྲིན་མཉམ་མེད་མཆོག་ལ། མི་རྗེས་ཨོ་ལོའི་མ་ཁ་སྡིང་འདས་མོའི་ལུང་བསྟན་ཤིན་ཏུ་གསལ་ལ་བཙན་ས་འཕེལ་བའི་ལུང་རྣམས་སྒྲུབ་ཏུ་ཅིས་ཀྱང་ཆིབས་སྐྱོད་དགོས་པའི་ཞུ་བར་དེ་དོན་བཞིན། ཆོག་རོགས་ཞབས་ཕྱིར་གྲྭ་གཙང་གི་བགྲེས་གྲྭ་འགའ་བཅས་ཁྱོན་དཔོན་གཡོག་ཉི་ཤུ་སྐོར་དགའ་ལྡན་ཁང་གསར་དུ་ཆིབས་བསྒྱུར་བས་གོང་གི་རིམ་གྲོ་སོགས་མཛད། གཞན་ཡང་ཞབས་བརྟན་རིམ་གྲོ་སྣ་མ་འགགས་པ་བཅས་སྒྲུབ་ཏུ་ཟླ་གཅིག་ཞག་བཅོ་ལྔར་ཉེ་བའི་བར་སྒྲུབ་པ་གནང་ཞིང་། སྐུ་ཡོན་གྱི་དངོས་པོ་དཔངས་མཐོ་བའི་ཚུར་མི་འདྲོངས་པ་ལྟ་བུའི་སྐུར་གསོལ་བྱུང་ཞེས་དགེ་སློང་བཀྲས་དབང་སོགས་ཞབས་རིམ་པས་གསུངས་ཤིང་། ཁྱད་པར་བཀའ་བརྒྱད་སྨད་པའི་གྲྭ་ཕྱི་ཇུའི་མི་སེར་རྣམས་སྤྱིར་དཔལ་རི་བོ་དགའ་ལྡན་པའི་བསྟན་
པ་ནམ་གནས་བར་དང་། གཙོ་བོར་རྗེ་བླ་མའི་སྐུའི་སྐྱེ་ཕྲེང་དང་བསྟན་ལར་འཇགས་གནས་གཡོ་མེད་ཀྱི་བཀའ་ཤོག་གོང་ས་ཡས་ཕྱིན་གཉིས་ཀས་བསྩལ་ཏོ། །དེ་ནས་རང་གནས་སུ་ཆིབས་བསྒྱུར་ཏེ་ཆོས་སྲུང་རྣམས་ལ་བསྐང་གསོ་དང་། གྲྭ་གཙང་དུ་མང་ཇ་འགྱེད་བཅས་བསྩལ་ནས་ལོ་གཅིག་བར་བཅད་རྒྱར་བཞུགས་སོ། །དེ་སྐབས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཞིག་གསོའི་ཨར་ལས་ཚུགས་པས་མཆོད་རྟེན་ཙམ་མ་གཏོགས་གྲུབ་ཉེར་ཡོད། དེ་ནས་མཁའ་སྤྱོད་བདེ་ཆེན་གླིང་དུ་ཡུམ་དྲུང་ཕུན་ཚོགས་དཔལ་འཛོམས་ཀྱི་གཟིམ་སྤྱིལ་ཕྱིས་ལོ་ཆེན་དྷརྨ་ཤྲཱིས་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་སྒྲུབ་མཛད་པ་ཉིད་ཧ་ཅང་རང་ཆུང་དྲགས་པས་རྗེ་བླ་མ་ཌཱ་ཀིའི་གཙོ་མོ་མཆོག་བཞུགས་བཞེད་ཀྱིས་གཟིམ་སྤྱིལ་གྱི་ཨར་ལས་ཚུགས་པའི་ཨར་དཔོན་དགེ་སློང་གྲགས་པས་མཛད་ཅིང་། དེ་གྲུབ་རྗེས་གཅེན་ཁྲི་རཏྣ་བི་ཛ་དང་། རྗེ་བླ་མ་དམ་པ་འདིས་དབུས་གྲྭ་གཙང་གི་དགེ་བཤེས་ཞལ་གྲངས་ཁ་ཤས་ཀྱིས་གཏེར་གསར་བླ་མ་ཞི་བའི་སྒོ་ནས་རབ་གནས་ཀྱི་ཆོ་ག་མཛད་ཅིང་མེ་ཏོག་འཐོར་བའི་ཚེ་ནམ་མཁའ་དྭངས་ཤིང་ཉི་ཁྱིམ་གྱི་འཇའ་སྐོར་འཆར་བ་སོགས་དགེ་བའི་མཚན་མའང་ཤར། དེ་ནས་གཙོ་བོར་གྲྭ་གཙང་ཚོགས་ཆེན་དང་སྐུ་ཞང་ཟུང་སྐུ་ཉེ་སོགས་ཀྱིས་མཚོན་མི་སེར་དང་ཡོན་བདག་དད་ཅན་རྣམས་ཀྱིས་ལེགས་འབུལ་རྒྱས་པར་བསྟབས། དེ་ནས་ལོ་གསུམ་གྱི་བར་སྐུ་གསུམ་གྱི་སྤྱོད་པ་ལས་མི་གཡོ་བའི་བཅད་རྒྱ་དམ་པར་བཞུགས་སོ། །དེའི་བར་ལ་གཏེར་གསར་དྲག་དམར་གྱི་ལྗགས་བསྙེན་སྐྱར་འདབ་དང་། གཙོ་བོར་རྫོགས་རིམ་ལ་མི་གཡེལ་བའི་ངང་ནས་ཐུན་མཚམས་ཀྱི་སྤྱོད་པ་དང་འབྲེལ་བའི་ཤ་འུག་གཏེར་བྱོན་ཐུགས་གཏེར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་སྨིན་པར་མཛད་ཅིང་། དེ་དག་གི་ཚེ་དགེ་བའི་མཚན་མ་བཟང་པོ་ཤར་བ་ནི་རྗེ་ཉིད་ཀྱི་སྐུའི་སྐྱེ་ཕྲེང་རྒྱ་བོད་གང་དང་གང་དུ་ཇི་ལྟར་འཁྲུངས་ཚུལ་གསལ་བར་གཟིགས་ཤིང་ཁྱད་པར་ཕྱི་སྒྲུབ་དང་། གསང་སྒྲུབ་ཀྱི་དུས་དཀྱིལ་འཁོར་གྱི་ལྷའི་ངོ་བོར་ལྷུན་གྱིས་འབྱམས་པའི་སྔ་དགོང་གི་ཐུན་འབྲེལ་བ་དང་། དཔལ་ཨོ་རྒྱན་ཆེན་པོ་དང་མཚོ་རྒྱལ་གྱིས་ཞལ་གཟིགས་པའི་སྔ་ཕྱིའི་སྐྱེ་ཕྲེང་གི་ལུང་དང་དེ་སྐབས་
ཀྱི་གྲོགས་སོགས་ཀྱང་གསལ་བར་བསྟན་གསུངས། དེ་ལྟར་ལོ་གསུམ་གྱི་བཅད་རྒྱ་གྲོལ་རྗེས། སྐལ་བ་དང་ལྡན་པ་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་ཐུགས་ཐིགམཁའ་འགྲོའི་སྙིང་ཐིག་རྣམས་ཀྱི་ཁྲིད་བཀའ་ཡང་བསྩལ་བ་ཡིན་གསུངས། དེ་ནས་རྗེ་བླ་མ་དམ་པ་མཆོག་དང་ལྕམ་ཡུམ་དང་ལྕམ་དཔལ་འཛིན་བཅས་དཔོན་གཡོག་ཚང་མས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོའི་གནས་གཟིགས་སུ་ཕེབས། ཚོགས་བརྒྱ་དང་བོད་འབངས་བདེ་བའི་སྨོན་ལམ་མཛད་ཅིང་། དེར་མོན་བོད་ཀྱི་སྐྱེ་འགྲོ་དད་ཅན་མང་པོ་འདུས་པ་ལ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་ཚེ་དབང་བསྩལ་ཅིང་སོ་སོའི་རེ་འདོད་སྐོང་བའི་ཆོས་དང་དམ་རྫས་ཀྱི་སྦྱིན་པས་ཚིམ་པར་མཛད་ནས་རང་གནས་སུ་ཆིབས་བསྒྱུར། དེ་ནས་སྐབས་ཤིག་རྗེ་བླ་མ་མཆོག་དང་གང་གི་ཡུམ་དང་ལྕམ་དཔལ་འཛིན་དཔོན་གཡོག་བཅས་པས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་ལ་ཕྱག་མཆོད་སྐོར་བཅས་དང་། མཆིམས་ཕུ་དང་གཡའ་མ་ལུང་རྣམས་ཀྱི་གནས་གཟིགས་སུ་ཕེབས་ཏེ་སྙན་ཤལ་མཆོད་འབུལ་བོད་འབངས་བདེ་བའི་སྨོན་ལམ་སོགས་མཛད་ཅིང་། དེའི་ཚེ་བསམ་ཡས་པེ་ཧར་ལྕོག་ཏུ་ཕེབས་དུས་རྡོ་སྐས་ཀྱི་གཤམ་དུ་ཆོས་སྐྱོང་ཐོག་བབས་སུ་ཕེབས་བསུར་བསྐྱོད་པའི་མཇལ་དར་ཕུལ་ཏེ་ཨོ་རྒྱན་ཆེན་པོའི་གཟུངས་མ་མཁར་ཆེན་བཟའ་འདྲེའི་གནས་རྟེན་དུ་ཕེབས་པ་ལེགས། བསྟན་འགྲོའི་དོན་དུ་ཞབས་པད་བརྟན་ཅིང་། དེའི་གདོང་གྲོགས་གཟུགས་མེད་ཀྱིས་ཀྱང་ཞུ་ཞེས་གུས་བསྟོད་ཞུས་ཏེ་བསམ་ཡས་ནས་རྡོའི་མདའ་བརྒྱུད་དེ་གདན་ས་མཐིལ་དང་། ཟངས་རི་ཁང་དམར་གྱི་གནས་གཟིགས་མཛད་པའི་ཚེ། ཁང་དམར་གྱི་གནས་སུ་སྔར་ཡུན་རིང་དུ་བཞུགས་པའི་བག་ཆགས་ཡལ་ཡུལ་དང་། གནས་ཚུལ་མ་ངེས་པའི་སྤྱོད་པ་ཡ་མཚར་བ་རྣམས་ཐུགས་དྲན་སོས་པའི་གད་མོ་ཤོར་བའང་བྱུང་གསུངས། དེ་ནས་འོལ་ཁ་ཆབ་ཚན་དུ་ཕེབས་པའི་ཞག་ཁ་ཡར་སོང་བ་ན། སླེ་ལུང་རྗེ་དྲུང་རིན་པོ་ཆེ་བློ་བཟང་ཕྲིན་ལས་གྲགས་ཆེ་བས་ཨོ་རྒྱན་ཡབ་ཡུམ་དངོས་ཀྱི་འདུ་ཤེས་དབུ་བརྙེས་པའི་བོད་འབངས་སྐྱེ་འགྲོ་མ་ལུས་རེ་ལྟོས་འཆའ་གྲགས་པའི་དབུ་
ཚུགས་པས་སླེ་ལུང་ནས་སྤྱན་འདྲེན་ནན་གཅགས་ཞུས་པར་ཆིབས་བསྒྱུར་བའི་ཞག་གཉིས་སུ་བཞུགས་པའི་དུས་རྗེ་དྲུང་རིན་པོ་ཆེ་ནས་དེ་རིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་འདུ་བའི་དུས་ཁྱད་ཀྱིས་བདུད་རྩི་མཆོད་པ་གནང་དགོས་ཞེས་གསུངས་པའི་ཆང་ནན་གྱིས་གྲངས་མི་མཆོད་པའི་ངང་ནས་བདུད་རྩིའི་མཆོད་པ་མཛད་སོང་བས་ཁོང་པ་རྣམས་ཆང་གིས་ར་རོ་ནས། དེར་རྗེ་དྲུང་དང་ལྷ་གཅིག་གཉིས་ནས་གཞས་དཔོན་མཛད་པའི་བཙུན་པ་དང་། བཙུན་མ། སྐྱེས་པ་དང་། བུད་མེད་བཅས་སྐྱ་སེར་མ་ངེས་པའི་གླུ་དང་བྲོའི་གཟིགས་མོ་ངོ་མཚར་ཅན་ཕུལ་བ་ལ་གཟིགས་ཤིང་། དེར་རྗེ་བླ་མ་དམ་པ་ཉིད་ནས་བདུད་རྩི་ཞལ་ཧུབ་གང་ཡང་མ་བཞེས་པ་ལ་ཆང་ཚབ་ཡིན་ཞེས་ཇ་རྒྱ་ཕོར་ཆེན་པོ་ཞིག་ལ་ཟངས་སྐྱོགས་ཤིག་བཙུག་སྟེ་ནན་གྱིས་ཞུས། དེར་དགེ་རྒན་དབུ་རབ་དང་། དགེ་སློང་བཀྲས་དབང་ནན་གྱིས་ཞུས་པས་བདུད་རྩི་མཆོད་ཅན་དེ་མི་བཞེས་ཀ་མེད་བྱུང་བར། དེའི་ཚུལ་ལས་ཕྱིས་དགོན་པར་སྒོམ་ཆེན་དོན་གྲུབ་དང་གསུང་ལེན་བྱུང་དུས་སྒོམ་ཆེན་ནས་དགེ་སློང་རབ་བསྟན་ལགས་འཚོ་ཆེ་ཞིང་། ཆང་བཏུང་པ་རང་གི་བླ་མའི་ཞབས་དྲངས། དོན་མེད་ལ་ངའི་བླ་མ་འགྲན་བྲལ་ནོར་ཉན་པ་དེ་འཆལ་པོའི་སར་ཁྲིད་ནས་ཅི་བྱེད་རྒྱུ་ཡིན་ཞེས་ཕར་ཕར་མཛད་པར། དེར་དགེ་སློང་ནས་རྗེ་དྲུང་རིན་པོ་ཆེ་དབུ་ཚུགས་ཆེས་པའི་ཁར་དེ་རིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྤྲིན་ལྟར་འདུ་བའི་དུས་ཆེན་ཡིན་པས་བདུད་རྩི་མ་བཞེས་ན་ངན་སོང་དུ་འགྲོ་ཚུལ་གསུངས་པས། དེ་ནས་ཆང་ཕོར་པ་དོ་འོ་ན་འཐུང་དགོས་གསུངས་ཤིང་གཟིམ་དཔོན་འགྱུར་མེད་ཆོས་སྒྲོན་དང་འགྱུར་མེད་གཡང་འཛོམ་སྟེ་ཉེ་གནས་བཙུན་མ་གཉིས་ཙམ་མ་གཏོགས་ཡུམ་དྲུང་དང་། ལྕམ་དཔལ་འཛིན་སོགས་དཔོན་གཡོག་དེ་བྱིངས་རྣམས་སྦིར་རོ། །ནངས་པར་སྔ་བར་བཞེངས་ནས་ཉང་པོ་གྲུ་བརྒྱུད། དཔལ་ཁྲ་འབྲུག་དང་། ཡར་ཀླུང་རྒྱུད་ཀྱི་ཚེ་ཆུ་འབུམ་པ་དང་། ཤེལ་བྲག་སོགས་ཀྱི་གནས་གཟིགས་དང་ཁྱད་པར་ཤེལ་ཕུག་ཏུ་རང་གཏེར་བླ་མ་ཞི་བ་ཚོམ་བུ་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་དབྱེ་བའི་སྐོར་དང་འབྲེལ་བའི་ཚོགས་བརྒྱ་དང་། བོད་འབངས་བདེ་བའི་སྨོན་ལམ་མཛད་ཅིང་ཁྱད་པར་པདྨ་ཤེལ་ཕུག་ཏུ་དག་པའི་སྣང་བ་ངོ་མཚར་
ཅན་དང་ཕྱིས་བོད་འབངས་ཇི་ལྟར་འབྱུང་གྱུར་གྱི་ལུང་རྣམས་ཅུང་ཟད་ཤར་གསུངས། དེ་ལྟར་གནས་ཆེན་དེ་ཉིད་དུ་ཞག་གསུམ་བཞུགས་ནས་རང་གནས་སུ་ཆིབས་བསྒྱུར་བ་ཡིན་ནོ། །དེ་དུས་སྟོད་ནས་ཡབ་རྗེའི་ཞལ་བློན་གསེར་ཟངས་གྲུབ་ཆེན་འགྱུར་མེད་ཀློང་གྲོལ་གྱི་ལྕམ་ཡུམ་དང་སྲས་ལྕམ་སྲིང་གཉིས་བཅས་དགོན་པར་ཕེབས་པར་མཇལ་འཕྲད་མཛད་ཅིང་གཏེར་གསར་ཚང་མའི་ཟབ་ཁྲིད་ལུང་བཅས་པའང་སྩལ། ཆུ་ཕོ་བྱི་ལོ་དགུང་ལོ་སོ་བཞིར་ཕེབས་དུས་ཡབ་རྗེའི་ཞལ་སློབ་ལ་སྟོད་ཕྱོགས་ནས་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་འགྱུར་མེད་རྣམ་གྲོལ་དང་། འགྱུར་མེད་མཐར་ཕྱིན་སོགས་བྱ་བཏང་མང་པོས་ལ་སྟོད་ཀྱི་དངོས་ཆས་ཀྱི་འབུལ་བ་བཟང་པོ་བཅས་འབྱོར་བར་མཇལ་ཁ་དང་། ཤ་འུག་གཏེར་བྱོན་མཁའ་འགྲོའི་ཟབ་ཁྲིད་གསུང་བའི་ཚེ། ཡབ་རྗེའི་ཞལ་སློབ་ཡང་གྲོང་ནས་སྡེ་པ་འགྱུར་མེད་བསམ་གཏན་མཆོག་གྲུབ་ཀྱིས་གསོལ་བ་བཏབ་པའི་ངོར་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན་བཀའ་རྩོམ་མཛད་ཅིང་བཀའ་ཁྲིད་གྲོལ་བསྟུན་སྟོད་དུ་ཐོན་མིའི་བྱ་བཏང་རྣམས་ལ་འདི་དང་ཕྱི་མའི་ཞལ་ཏ་དཔྱིས་ཕྱིན་པ་ལྷུག་པར་བསྩལ་ནས་ལོ་གསུམ་གྱི་བར་སྒོ་གསུམ་ལས་མི་འདའ་བའི་བཅད་རྒྱ་དམ་པར་བཞུགས་སོ། །མེ་འབྲུག་ལོ་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱས་ཀྱིས་གཅེན་རཏྣ་བི་ཛའི་ཞབས་དྲུང་དུ་བདག་གི་བསྟན་པའི་དུས་འོལ་ཁ་རྗེ་དྲུང་འདི་ཕན་ཐོགས་པ་ལ་དགེ་ལུགས་པས་ཀྱང་སྤྱན་འདྲེན་གྱི་འདུག་པར་ཆོས་ལུགས་ནི་ཁྱེད་རང་ཚོའི་ཡིན་མོད་སྤྱན་མི་འདྲེན་པ་ཅི་ཡིན་གསུངས་པར། དེར་གཅེན་གྱི་ཞལ་ནས་གྲྭ་གཙང་ཆུད་ཟོས་དོགས་པ་བྱུང་། འོ་ན་གདན་དྲངས་ཆོག་གསུངས་ཏེ་དགོན་པར་ཕེབས་གྲུབ་མ་ཐག་པར་གྲ་འགྲིག་གནང་བའི་ཟླ་བ་གསུམ་པའི་ཚེས་འགོར་སྤྱན་འདྲེན་གནང་རྩིས་ཀྱིས་ཐུགས་སྲས་དང་བཅས་གདན་དྲངས་པའི་སེར་སྦྲེངས་ཀྱི་བཀུར་སྟི་དང་བཅས་པའི་ཕེབས་བསུས་ཆོས་འཁོར་ལྷུན་པོའི་གཟིམ་ཆུང་ཀུན་བཟང་ཕོ་བྲང་དུ་སྤྱན་དྲངས་པའི་ཁྲི་བཀོད་ཕུན་སུམ་ཚོགས་པ་ལ་རྗེ་དྲུང་ཡབ་ཡུམ་
བཞུགས་སུ་གསོལ། རྗེ་གཅེན་རཏྣ་བི་ཛས་དབུས་གཅུང་ཉེ་བའི་མགོན་པོ་དང་བཅས་བླ་གྲྭ་ཚང་མས་ལེགས་གསོའི་མཇལ་དར་གྱིས་སྣ་དྲངས་ཕྱག་མཆོད་གུས་བསྟོད་ཀྱི་ངང་ནས་བདུད་རྩིའི་མཆོད་པ་མཛད་པར། དེར་ཁོང་དཔོན་གཡོག་སྐྱ་སེར་བུད་མེད་བཅས་མ་ངེས་དྲུག་ཅུ་སྐོར་ཙམ་གྱིས་ཐུགས་སྤྲོའི་གླུ་གཞས་ཀྱིས་དགོན་པ་ཁྱབ་ཅིང་། དེ་དག་གི་ཚེ་སྐྱབས་རྗེ་བླ་མ་ཌཱཀིའི་གཙོ་མོ་སྐུ་བཅད་རྒྱ་གྲོལ་བའི་ཞབས་ཕྱིར་དགེ་མཁན་རབ་བརྟན་རྒྱའུ། དགེ་སློང་བཀྲས་དབང་དང་། དགེ་སློང་གྲགས་པ། གཟིམ་དཔོན་འགྱུར་མེད་ཆོས་སྒྲོན་དང་། འགྱུར་མེད་གཡང་འཛོམ་བཅས་རྫུ་བག་སྤངས་པའི་མཇལ་ཁར་ཕེབས་པར། དེར་རྗེ་དྲུང་རིན་པོ་ཆེ་ནས་སྐྱབས་རྗེ་བླ་མ་དམ་པར་ཆོས་འབྲེལ་ཞིག་དགོས་གསུངས་པར་གུ་རུའི་བླ་མའི་རྣལ་འབྱོར་གྱི་ལུང་དང་འབྲེལ་བའི་དམིགས་ཁྲིད་ཞིབ་པར་བསྩལ། དེར་རྗེ་དྲུང་ནས་སྨིན་གླིང་རྗེ་བཙུན་རིན་པོ་ཆེ་དང་ང་རང་གཉིས་སྐུ་ཚེ་འདི་ལ་ཐབས་ཤེས་ཟུང་འཇུག་གི་རྟེན་འབྲེལ་འགྲིག་ན་མཐའ་དམག་མི་ལོ་ལྔ་བརྒྱའི་བར་དུ་བཟློག་པའི་རྟེན་འབྲེལ་གྱི་ལུང་བསྟན་ངེས་པ་ཅན་ཡོད་གསུངས་པར། སྐྱབས་རྗེ་བླ་མ་དམ་པ་བདེ་ཆེན་ཌཱ་ཀིའི་གཙོ་མོས་ངས་དེ་འདྲ་མི་ཡོང་། གཏེར་ཆེན་དེ་ཉིད་དེས་གཞན་ཁྱོད་རང་གིས་གང་ཡང་མི་ཡོང་ལུས་ཟུངས་ཐུབ་པ་གྱིས་ལ་རྫོགས་པ་ཆེན་པོའི་ཉམས་ལེན་སྙིང་ལ་བཅང་སྟེ་བསྒོམ་པས་དད་ལྡན་གྱི་འགྲོ་བ་ཕོ་མོ་རྣམས་དམ་པའི་ཆོས་ལ་དཀྲི་བའི་འདུན་པ་ཡང་དག་གྱིས་ཕེབས་བྱུང་ཞེས་སྐུ་ཧར་གྱིས་བཞེངས་པའི་ཚེ། རྗེ་དྲུང་ནས་འོ་ན་བདེ་ཆེན་གླིང་མཇལ་དུ་ཡོང་དགོས་འདུག་ཅེས་གསུངས་པར། སྐྱབས་རྗེ་བླ་མས་ཕེབས་གཞན་འདྲ། དགེ་སློང་གྲགས་པས་ལྕི་བུ་རང་ཤོག་བརྒྱབ་པ་མ་གཏོགས་མཇལ་དུ་གང་ཡང་མེད་གསུངས་ཏེ་དེ་མ་ཐག་པར་རང་གནས་སུ་ཕེབས་སོ། །དེ་དག་གི་ཚེ་ཡབ་རྗེའི་ཞལ་སློབ་ཟླ་བྲལ་བ་སྒོམ་ཆེན་འགྱུར་མེད་དོན་འགྲུབ་འབྲས་བུ་ནས་སྐུ་མཚམས་གྲོལ་ཏེ་སྒྲུབ་སྡེ་བསམ་གཏན་རྩེའི་འོག་བསྟན་མའི་སྐུ་མཁར་གྱི་སར་གཟིགས་རྟོག་ཏུ་ཕེབས་པར། ཐོག་མར་རྗེ་དྲུང་དཔོན་གཡོག་རྣམས་དགོན་གཤམ་ནས་ཡར་ཕེབས་དུས་ནམ་མཁའ་དྭངས་བ་ཡོད་ཀྱང་སྤང་ཆུང་ཤར་གྱི་ལྷ་མོའི་སྐུ་མཁར་གྱི་ཐོག་
གི་ནམ་མཁར་སྦྲིན་ནག་ཞྭ་སྒོར་ཙམ་འདུག་པར། དེ་མ་ཐག་པར་ཆེར་ཆེར་པའི་བྱ་ཕོ་ལ་ཉག་ནས་དེའི་བར་གྱི་ཕན་ཚུན་སྤྲིན་གྱིས་ཁེབས་པའི་སེར་དྲག་དྲག་པོ་གློ་བུར་བབས་པ་ཞག་གཉིས་ཙམ་མ་ཞུ་བས་སེར་སྦྲེངས་ཀྱི་སྐུ་ཆས་སོགས་ཀྱང་ཆུད་ཟོས་པའི་འབྲུག་སྒྲ་སྒྲོག་ཅིང་ཐོག་སེར་དྲག་པོས་བརྡུངས། དེ་རྗེས་བདེ་ཆེན་ཌཱ་ཀིའི་གཙོ་མོ་དཔོན་གཡོག་རྣམས་ལྷ་དྲུག་སྒང་འཁྱིལ་གྱི་སར་མཇལ་ཁར་ཕེབས་བྱུང་བར་སྒོམ་ཆེན་ནས། འོ་གཏེར་བདག་གླིང་པའི་སྙིང་པོའི་བསྟན་པ་འཛིན་པ་ལ་བཙུན་མ་ནོར་ཉན་པ་གཅིག་རང་འདུག །དེ་དེ་རིང་ཐག་གཅོད་ཀྱི་ཡིན་འདུག་ཅེས་བྲང་གསུམ་བཞི་ཞིག་གི་བརྡུང་ངུས་ནས་སྡོད། ད་དུང་བལྟ་ཞིང་བསྡད་པར་ཇ་ཡུན་གཅིག་མ་སོང་ཙ་ན་བཙུན་མ་མོ་ནི་སྐུ་འབུམ་ཚད་སྒང་གི་སར་དམར་གཙུག་དོན་བྱུང་བས་བློ་བདེ་ནས་ད་ཨའུ་ཙི་འདུག་སྙམ་ནས་ང་རང་གི་སྒོམ་ཁང་དུ་ལོག་ཡོང་གསུངས། དེའི་ནུབ་མོ་ནས་རྗེ་ཉིད་སྐུ་བཅད་རྒྱར་བཞུགས་སོ། །དེའི་སང་ཉིན་གྲྭ་གཙང་ནས་ཚེས་བཅུའི་འཆམས་ཕུད་ཀྱི་གཟིགས་མོ་དང་། ནང་རྟེན་ཁྱད་པར་བའི་གཟིགས་རྟོག་འབུལ་བར་མཛད་པའི་རྗེ་རཏྣ་བི་ཛས་ཤ་འུག་གཏེར་བྱོན་གྱི་གཏེར་སྒྲོམ་ཞལ་དབྱེ་བར་མཛད་དེ། ཨ་དམ་མ་བཅོ་ལྔ་འབུལ་བར་མཛད་ནས་ཤོག་སེར་འདི་ནས་ཐུགས་ལ་གང་དགའ་གཅིག་བཞེས་པ་ཞུ་གསུངས་པར། དེར་རྗེ་དྲུང་ནས་རྟེན་འབྲེལ་གྱི་ཁྱད་བཅས་ལོངས་སྐུ་ལུང་བསྟན་འདི་ཞུ་གསུངས་ཏེ་མཚོ་རྒྱལ་གྱི་ཕྱག་བྲིས་མའི་ཤོག་སེར་མ་ཡིག་ལོངས་སྐུ་ལུང་བསྟན་དུས་གསུམ་གསལ་བྱེད་དེ་བཞེས་སོང་བས་རང་རེའི་གྲྭ་བགྲེས་རྣམས་ཤིན་ཏུ་འཕྲེང་བའི་ཁྲི་ཆེན་ཉིད་ལ་ཞབས་བརྟན་ལྐོག་མའང་མང་དུ་གསུངས་སོ། །འདི་སྐབས་ཆོས་སྲུང་མཐུན་མིན་གྱི་རྐྱེན་ལས་ཁྲི་ཆེན་ཉིད་གློ་བུར་དུ་སྐུ་རྟེན་པའི་ཚ་འཇིགས་ལྟ་བུའི་བླ་གྲྭ་ཚང་མར་འཇིགས་སྐྲག་དང་སྙེང་མདོ་དཔོན་སློབ་སོ་སྟོན་མཐུ་སྟོབས་རྣམ་རྒྱལ་ལ་གཏེར་བདག་དྲག་བཙན་དམར་པོ་ཁོག་བརླམས་ཀྱིས་དམ་རྩིའི་གཏུམ་རྔམས་ཀྱང་བསྩལ་ཏོ། །དེ་ནས་དེའི་ནམ་ཞོགས་རྗེ་དྲུང་དཔོན་གཡོག་རྣམས་གླུ་སྒྲ་རྒྱུན་མ་ཆད་པར་ཆིབས་བསྒྱུར་བའི་དགོན་གཤམ་ནས་རྗེ་བླ་མ་དམ་པའི་བཞུགས་གནས་མཁའ་སྤྱོད་བདེ་ཆེན་གླིང་གཟིགས་པ་ན། དེར་རྗེ་དྲུང་སྤྲུལ་
སྐུས་ཚེ་འདི་ལ་མཁའ་སྤྱོད་བདེ་ཆེན་གླིང་མཇལ་བའི་སྐལ་བ་མི་འདུག་ཅེས་རྒྱང་ཕྱག་མཆོད་འབུལ་མཛད་དེ་ཆིབས་བསྒྱུར་ཏོ། །དེའི་དུས་གྲྭ་གཙང་ཚོགས་ཆེན་དུ་ཉི་གཞོན་མའི་གསོལ་ཁ་འཛུགས་པས་དེའི་རྐྱེན་ལས་གྲྭ་གཙང་ཤག་ཆད་མང་ཞིང་དེ་དུས་བསླབ་པར་སྐྱོན་བྱུང་བའི་གྲྭ་པ་བཅུ་སྐོར་ཙམ་ཕྱིར་ཕེབས་དགོས་པ་དང་། ཟངས་མཚོའི་རུ་བ་རྣམས་ལ་གློ་བུར་དུ་གོར་ཤོར་བའི་རྫི་བ་སོགས་གཉེར་ཚང་དུ་ཡོང་ཆོག་པ་ལ་རྗེ་བླ་མ་བདེ་ཆེན་ཌཱ་ཀིའི་གཙོ་མོའི་གཟིགས་སྣང་དུ་སྲོད་དྲག་པོའི་གདོང་ཞིང་སྐྱོང་མ་མོས་སྔོན་རིག་འཛིན་གོང་ནས་བསྟེན་པའི་སྲུང་མས་མི་ཆོག་པ་འདུག་ན་ངེད་རྣམས་མཁའ་སྤྱོད་དུ་ལོག་ཕྱིན་པས་ཆོག་ཅེས་གསུངས་པས། དེ་ནས་འཇོག་པ་གནང་བས་གྲྭ་གཙང་ཤག་ཆད་ཆུང་ལ་ནང་བཀྲ་ཤིས་པ་ཞིག་བྱུང་སོང་། འདི་དུས་དཀྲི་ཞིང་ཞོང་སྟེ་སྤྲུལ་སྐུ་དཔོན་པོ་ལ་གཏེར་གསར་ཨ་ཏི་ཟབ་དོན་སྙིང་པོ་དང་། རྡོར་སེམས་ཀྱི་གཅོད་ཁྲིད། དཀོན་མཆོག་སྤྱི་འདུས་རྣམས་ཀྱི་ཟབ་ཁྲིད་སྩལ་ཅིང་། དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གསར་རྩོམ་ཞུས་པའང་བཀའ་རྩོམ་མཛད། དེ་ནས་རྒྱ་རིར་སྤྱན་འདྲེན་ཞུས་པའི་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་སྐུ་ཡོན་གྱི་དངོས་པོ་བཀུར་སྟི་གཟེངས་བསྟོད་མཛད། དེ་ཞོར་སྒང་ཐོག་ཏུ་སྤྱན་དྲངས་པས་དབང་ཆོས་སོགས་སྩལ་ཏེ་རང་གནས་སུ་ཕེབས་ཏེ་བཅད་རྒྱར་བཞུགས། མེ་སྦྲུལ་ལོ་རྗེ་བླ་མ་བཀའ་དྲིན་མཚུངས་མེད་དགུང་ལོ་སོ་དགུར་ཕེབས་ཚེ་མི་རྗེས་གསོལ་བ་བཏབ་པའི་ངོར་སླར་ཡང་ཤ་འུག་སྟག་སྒོར་ཆིབས་བསྒྱུར་བའི་བསྟན་འགྲོའི་བདེ་ཐབས་ཀྱི་ཆེད་དུ་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་ཞི་རྒྱས་ཀྱི་སྦྱིན་བསྲེག་དང་ཚོགས་བརྒྱ་རབ་གནས་ཐོག་མཐའ་དབུས་བདེ་བའི་ཐུགས་སྨོན། མཁའ་འགྲོའི་མེ་མཆོད། བརྒྱགས་བརྔན་དང་འབྲེལ་བའི་བཀའ་གནན་རབ་འཇིགས། ཆོས་སྲུང་སྤྱི་དང་ཁྱད་པར་ལྷ་ཆེན་སྨན་བཙུན་རྡོར་ལེགས་རྣམས་ཀྱི་བསྐང་གསོ། འཕྲིན་བཅོལ་གཉེར་གཏད། གཏེར་གནས་ཀྱི་བྲག་རྩེར་རྒྱལ་མཚན་དང་ཕན་ཚུན་འབྲེལ་བའི་དཀར་པོ་རྒྱང་གྲགས། བདེ་གཤེགས་ཞི་ཁྲོ་འདུས་པའི་མཚོ་ལ་གསེར་སྲང་གང་དང་རྒྱ་དངུལ་སྲང་གསུམ་གྱིས་མཚོན་པའི་རིན་ཆེན་སྣ་ལྔ་དང་།
དར་ཡུག་ཁ་དོག་ལྔ་ལྡན་སོ་སོ་ནས་ཡུག་རེ་བཅས་པས་སྣ་དྲངས་པའི་བསྟན་འགྲོ་སྤྱི་དང་ཁྱད་པར་རྒྱལ་དབང་མཆོག་དང་མི་རྗེ་ཡབ་སྲས་ཀྱི་བདེན་སྨོན་བོད་འབངས་བདེ་བའི་མངའ་གསོལ་གྱི་དར་དཀར་ཡུག་ལ་བཀའ་རྩོམ་དང་། གསེར་སྐྱེམས་སྨོན་ལམ་དང་བཅས་པ་སྩལ་ཅིང་། དེར་ཚོགས་མོན་བོད་ཀྱི་སྐྱེ་འགྲོ་དད་ཅན་རྣམས་ལ་འཆི་མེད་ཚེ་དབང་དང་། ཆོས་དང་དམ་རྫས་ཀྱི་སྦྱིན་པས་ཚིམས་པར་མཛད་ནས་ཆུར་ལས་ཆིབས་བསྒྱུར། མཚོ་སྣ་ལས་དཔོན་གསུམ་གྱིས་བཏུད་དེ་གསོལ་བ་བཏབ་པའི་ངོར་ཚེ་དབང་སོགས་སོ་སོ་གང་འདོད་ཀྱི་ཆོས་སྩལ་རེ་འདོད་སྐོང་བར་མཛད། ཁྱད་པར་མདོ་མཁར་ཕྱག་མཛོད་ནས་བྱང་ཆུབ་བར་གྱི་སྐྱབས་གནས་ཞུས་པའི་འབྲི་གཡག་གི་འབུལ་བ་སོགས་དཔག་མེད་ཕུལ་བའི་དགེ་ཚོགས་བྱང་བསྔོ་མཛད། དེ་ནས་དལ་འགྲོས་ཀྱི་ཆིབས་བསྒྱུར་བའི་ཞར་བྱུང་སྨན་བརྗིད་དགོན་དུ་གདན་དྲངས་པར་བརྟན་བཞུགས་རྒྱས་པར་ཕུལ་ཞིང་། དེ་ནས་དུར་ཁྲོད་དུ་ཆིབས་བསྒྱུར་ཏེ་རབ་གནས་ཀྱིས་མེ་ཏོག་འཐོར་ཞིང་། དེའི་ཕྱི་དྲོ་བདག་ལ་གཏེར་གསར་དྲག་དམར་གྱི་གཏེར་གཞུང་གི་ལུང་སྩལ་བའི་བཀའ་དྲིན་ཐོབ། མར་ལམ་ལྡུམ་པོར་དབང་དང་ཆོས་སྲུང་གི་བསྐང་གསོ་མཛད་ཅིང་། ཆིབས་ལམ་དུ་ཕུག་དཔོན་པ་ཨ་སྙིང་ནས་གདན་དྲངས་པའི་ཚེ་དབང་སྩལ་ཅིང་དེ་ནས་རང་གནས་སུ་ཆིབས་བསྒྱུར་བའི་གྲྭ་གཙང་དུ་མང་འགྱེད་དང་། ཆོས་སྲུང་རྣམས་ལ་གཏང་རག་གི་བསྐང་གསོ་དང་། མི་རྗེར་དེ་ཚུལ་གྱི་འཚམས་ཞུ་ཞུ་འཕྲིན་སྩལ་བར་ཆིབས་སྒ་བཅས་སྤུས་ལེགས་ཀྱིས་མཚོན་པའི་ལེགས་སོའི་འབུལ་སྩལ་ཅིང་བཅད་རྒྱར་ལོ་གཅིག་བཞུགས་སོ། །ས་རྟ་དགུང་ལོ་བཞི་བཅུར་ཕེབས་ཚེ་བཅད་རྒྱ་གྲོལ་བའི་ཟླ་བ་གསུམ་པའི་ཚེས་བརྒྱད་ནས་ལྔ་པའི་ཚེས་བཅོ་བརྒྱད་ཀྱི་བར་བདག་སོགས་སྐལ་ལྡན་གྱི་རྡོ་རྗེའི་སྤུན་གྲོགས་ཉིས་བརྒྱ་དང་བདུན་ཅུ་སྐོར་ལ་བཀའ་གསང་རྫོགས་ཆེན་རྡོ་རྗེའི་ཐོལ་གླུ་ཨ་ཏི་ཟབ་དོན་སྙིང་པོའི་དབང་ཁྲིད་ལུང་དང་བཅས་སྩལ་བའི་བཀའ་དྲིན་ཐོབ་ཅིང་། དེ་རྗེས་ཐུགས་ཐིག་དང་། རྡོར་སེམས་ཐུགས་སྒྲུབ། བདེ་གཤེགས་ཀུན་འདུས་དང་བཅས་པའི་དབང་ཁྲིད་ལུང་བཅས་
གདམས་པ་ཆ་ལག་ཚང་བར་སྩལ་ནས་བདག་ལ་ཁྲིད་གཉེར་བྱེད་དགོས་ཀྱི་བཀའ་ཕེབས་ཤིང་། འཕྲུལ་འཁོར་བསླབ་སྦྱོང་སྩལ་ཏེ་འཕྲུལ་འཁོར་ནུབ་པ་ལ་དཀའ་ཚེགས་མེད་པས་ཁྱོད་ཤེས་རབ་དང་བརྩོན་འགྲུས་ཆེ་བས་ས་བོན་བྱེད་དགོས་འདུག །དེ་ནས་སྒོམ་ཆེན་ལགས་སྐུ་ན་ཕེབས་སྟབས་རེ་ཞིག་ཀླུ་ཁང་གྲུབ་ཆེན་པའི་སར་སློབས། སླར་ང་རང་ནས་ཞུས་དག་གཏོང་གི་ཡིན་ཕེབས། དེར་འབྲས་ཕུར་ཀླུ་ཁང་པའི་སར་ཟླ་གཅིག་ཙམ་བསླབས་རྗེས་རྗེའི་ཞབས་པད་དུ་འཕྲུལ་འཁོར་གྱི་རྒྱུགས་ཕུལ་བས། བཀའ་ལས་དེ་ག་བསླབས་བྱུང་ངམ་ཀླུ་ཁང་པ་འཕྲུལ་འཁོར་ལེགས་པོ་འདུག་ཅེས་པ་མ་གཏོགས་ངས་མ་མཐོང་། རིག་འཛིན་སྲོག་སྒྲུབ། ཕག་མོ་ཟབ་རྒྱ་བདེ་གཤེགས་བཅས་ཟློས་ནས་མི་འདུག །ད་རེ་ཞིག་སྒོམ་ཆེན་ལགས་སུ་མི་ཞུ་ཀ་མེད་འདུག་གསུངས། གསོལ་ཇ་དང་ཕྱག་བྲིས་བཅས་རྫོང་བདའ་སྩལ་བས་ཞག་ཉི་ཤུ་ཙམ་རྩལ་སྦྱོང་བྱས་ནས་རྒྱུགས་ཕུལ་བར་དེ་ཉིན་རྗེ་ཉིད་ཤིན་ཏུ་མཉེས་པས་ད་རེས་དེ་ག་ཡིན་འདུག་གསུངས། དཔའ་དར་གྱི་གནང་སྦྱིན་ཡང་སྩལ་ཅིང་བཀའ་ལས། ད་ཁྱོད་རང་བདེ་འདུས་འདི་རང་གཏེར་ཕ་ཆོས་ཀྱི་གཙོ་བོ་ཡིན་པས་འཕྲུལ་འཁོར་གཞན་མ་བསླབས་པར་འདི་གཙོ་བོར་གཟུང་ལ་གཞན་དང་མ་འདྲེས་པ་བྱེད་དགོས་ཞེས་རྗེས་གནོན་ཆེ་ཙམ་བཀའ་ཕེབས། དེ་དུས་བདག་སོགས་འགས་བླ་མ་ཇི་ལྟར་བསྟེན་ཚུལ་གྱི་སྤང་བླང་རྣམས་ཞུས་པར་ཞིབ་ཏུ་སྩལ་རྗེས། ངེས་དོན་སྟོན་པའི་རང་སེམས་དབྱེར་མེད་ཀྱི་བླ་མ་དེ་དངོས་འཛིན་བརྡོས་བཅས་ད་ལྟའི་རྣམ་པར་བལྟས་ན་ལྟུང་བ་ངེས་པར་འཕོག་པར་གསུངས་པས། དེ་ནས་ལས་དང་པོ་བས་ཐོག་མར་དེ་དག་དཀའ་ཡང་། ངོ་བོ་ད་ལྟའི་སྐུའི་རྣམ་པ་དེ་མོས་པས་ཡེ་ཤེས་ཀྱི་སྐུར་རྒྱས་འདེབས་དགོས་པས་དེ་དག་གི་སྤང་བླང་མ་བརྗེད་པར་སེམས་ལ་ཞོག་གསུངས་ཤིང་། བདག་ལ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་ཐབས་ཀྱི་ལུང་དམར་ཁྲིད་ཕྲ་ཞིབ་ཏུ་སྩལ་ཅིང་། དེ་ཞོར་ཐུགས་ཐིག་རིན་ཆེན་བླ་མའི་ལས་བྱང་གི་དམིགས་ཁྲིད་ཀྱང་སྩལ། འདི་སྐབས་འབྲས་ལྗོངས་རྫོགས་ཆེན་པ་ཕེབས་ཏེ་མཇལ་འཕྲད་མཛད། དེ་ནས་མདོ་ཁམས་ནས་ཏྲེ་བོ་བླ་མ་རྟ་མགྲིན་ཕེབས་པའི་གཏེར་གསར་ཚང་མའི་དབང་ཁྲིད་ལུང་དང་།
བི་སྙིང་དང་བླ་མ་ཡང་ཐིག་མཁའ་འགྲོ་སྙིང་ཐིག་ཡང་ཐིག་རྣམས་ཀྱི་དབང་ཁྲིད། མ་གཅིག་གཅོད་ཡུལ་དབང་དང་ནམ་མཁའ་སྒོ་འབྱེད་ཀྱི་ཁྲིད། དོང་སྤྲུགས་དང་ཁྲོས་ནག་གི་དབང་བཅས་རྒྱས་པར་སྩལ་ཏེ་ལོ་གཅིག་བར་བཅད་རྒྱར་བཞུགས་སོ། །དེ་ཕྱི་སྨན་བརྗིད། ཤོངས་དགའ་སྒང་། སོག་ཕུ་བསམ་གཏན་གླིང་གི་བཙུན་མ། ཕྱོགས་མཐའ་ངེས་མེད་ཀྱི་བྱ་བཏང་བཅས་འདུས་པ་སུམ་བརྒྱ་སྐོར་ལ་གཏེར་གསར་ཨ་དོན། ཐུགས་ཐིག་མ་གཅིག་གཅོད་ཡུལ་སྟན་ཐོག་གཅིག་མ་བཅས་སྩལ། དེ་རྗེས་གྲྭ་གཙང་གི་གྲྭ་པ་ཞིག་དང་བསམ་རྩེའི་བའི་བཙུན་མ་གཉིས་སྐྱོན་ཉེས་ཀྱིས་སྦྲུམ་པའི་ཆར་ནན་གྱིས་ཞུས་པའི་བཀའ་བསྒོ་མཛད་པ་ཉམས་གྲིབ་ཀྱིས་སྐུ་མ་བདེ་བས་ཟླ་བ་གཉིས་སུ་གཟིམ་སྒྲོམ་དུ་ལྷུང་པའི་སྐུ་ནད་ལྕི་བས་སྐུ་ཞབས་རིན་པོ་ཆེ་ནང་འཁོར་དང་བདག་དངོས་ངན་བཅས་མྱ་ངན་གྱིས་ནོན་པའི་མིག་མཆི་མ་དང་འབྲལ་མེད་ལ། ཕྱག་མཛོད་ལེགས་འབྱོར་ཐབས་མཁས་ཀྱི་སྤྱོད་པས་གཙོ་བོར་སྐུ་ཞབས་ཁྲི་རིན་པོ་ཆེ། རབ་འབྱམས་པ་ཆོས་གྲགས། སྒོམ་ཆེན་དོན་འགྲུབ། སོ་སྟོན་མཐུ་སྟོབས་རྣམ་རྒྱལ། རབ་འབྱམས་པ་དཔལ་མགོན་སོགས་བླ་གྲྭ་ཚང་མས་སྐུ་ཚེའི་སྒྲུབ་པ། མཁའ་འགྲོ་བསུན་བཟློག །ཁྲོ་རོལ་དང་དྲག་དམར་འཇོམས་བྱེད་རྣམས་ཀྱི་གཏོར་བཟློག །བླ་བསླུ་བཅུ་གསུམ། གར་དབང་ཚེ་དཔག་མེད་ཀྱི་སྒོ་ནས་སྐུ་འཆི་བསླུ། ཡང་བཟློག་མེའི་སྤུ་གྲིའི་འཕྲུལ་འཁོར། བཀའ་འགྱུར་དང་རྙིང་རྒྱུད་ཀྱི་གསུང་སྒྲོག །བཤགས་རྒྱུད་སྟོང་ཚར། ཚོགས་ཆེན་དུ་མགོན་ཆོས་ཀྱི་བསྐངས་བཤགས་བྱད་འགྲོལ་དང་། སྨེ་བརྩེགས་ཀྱི་བྱབ་ཁྲུས། བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་ཞི་རྒྱས་ཀྱི་སྦྱིན་བསྲེག་འབུམ་ཚོགས་དང་ཚོགས་བརྒྱ། བརྒྱ་བཞི་དང་རྒྱལ་རྫོངས་རྟ་ཐོད་མ་མཆོད་རྟེན་སྐུ་ལ་ན་བཟའ། ཟམ་འཛུགས་ལམ་བཟོ། གུང་ཉོག་གི་སྒོ་ནས་བྱུང་བའི་ཞབས་བརྟན་སྐུ་རིམ། ཡུམ་དྲུང་དང་ལྕམ་དཔལ་འཛིན་བུ་དགའ་ལགས་གསུམ། བསྡོམས་པའི་མཁའ་འགྲོའི་སུན་ཟློག་དང་འབྲེལ་བའི་བརྟན་བཞུགས་རྣམས་མཛད། དེ་ནས་དགེ་རྒན་སྒོམ་ཆེན་དོན་འགྲུབ་ལགས་སྐྱབས་རྗེ་བླ་མ་དམ་པའི་སྐུ་མདུན་དུ་ཕེབས་དུས་སྤྱན་གྱེན་དུ་སྒྲིལ་བའི་དགོངས་པ་ཆོས་དབྱིངས་སུ་གཏད་པ་ལ། སྤྱན་ཆབ་བསིལ་ཞིང་བུ་
སློབ་གཞོན་པ་རྣམས་ལམ་ཁར་ལུས་པའི་སྙིང་མི་རྗེ་བ་འདུག་གམ། ཁྱེད་རང་དབང་ཐོབ་པའི་མཁའ་འགྲོ་མ་ཞི་བའི་དབྱིངས་སུ་མ་གཤེགས་པར་ཞེས་ཞབས་པད་བརྟན་པའི་གསོལ་འདེབས་མཛད་པར་སྤྱན་ཅུང་ཟད་མར་གཟིགས་པས་དེའི་སང་ཉིན་ནས་རིམ་པར་སྐུ་བདེ་དྭངས་སུ་གྱུར་པའི་སྐལ་བཟང་ཐོབ་པ་ཡིན་ནོ། །དེ་ནས་ལྡུམ་པོར་ལྕམ་དཔལ་འཛིན་ལགས་ཀྱི་དྲུང་ཡུམ་སྐུ་ཞབས་ཕེབས་པས་ཅུང་ཟད་སྐུ་མ་བདེ་བའི་སྐུའི་འཚམས་དྲི་ཞུ་བར་བདག་རྫོང་བདའ་གནང་། དེའི་བཀའ་ལན་གྱི་ཞུ་ཡིག་རྗེར་ཕུལ་བས་འགྱུར་གཡང་ལགས་ཀྱིས་ཁྱེད་རང་ལ་སྐུ་ཞབས་ནས་ཤོག་གནང་གི་འདུག་གསུངས་པས། ཞབས་པད་དུ་ཕྱིན་པར་སྔར་ཞལ་ཁྱིམ་མཚར་སྡུག་གཟི་བྱིན་ལྡན་པ་དེ་ཉིད་དེ་དུས་དམར་ཁོགས་སོགས་ཞིག་གི་སྐུ་ཤ་རྣམས་ཤོར་བའི་མཆི་མ་རང་དབང་མེད་པ་ཤོར་བྱུང་། དེར་ཕྱག་ཕུལ་ད་རེས་སྙུང་གཞིའི་བབས་ཀྱིས་ཞལ་མཇལ་རྒྱུའི་སྐལ་བ་ཟད་པ་ཡིན་འདུག་སྙམ་པ་བྱུང་། ད་སྐྱེ་བ་འདི་ནས་བྱང་ཆུབ་བར་དུ་ཁྱེད་གཅིག་བུའི་སློབ་པུར་སྐྱེ་བ་ཤོག་ཅེས་ཞུས་པར། བཀའ་ལས་ལེགས་འབྱོར་དང་འགྱུར་གཡང་གཉིས་ནས་ཁྱོད་སེམས་ཁ་ཡངས་ཤིང་བཀོལ་བདེ་བའི་རོགས་ལ་ཕན་ཐོགས་པོ་བྱུང་ཟེར་བས། དེས་ན་རྒྱུན་གྱི་རོགས་དང་ད་རེས་མི་གཅིག་པ་བཅས་རང་ཅག་གཉིས་ནམ་ཡང་མི་འབྲལ་བའི་སྨོན་ལམ་འདེབས་ཞེས་མགོ་བོར་ཕྱག་གཉིས་ཀྱིས་བྱིལ་བྱིལ་མཛད་པའི་སྐལ་བཟང་ཐོབ་བོ། །དེ་ནས་སྐུ་ངལ་ཅུང་ཟད་སོས་པའི་སྐབས་བཅད་རྒྱར་བཞུགས་པའི་ཁོག་ནས་བདག་དང་ཆོས་འཕེལ་གཉིས་ལ་གསེར་དངུལ་དང་སྣམ་ཁྲེས་ཀྱི་དངོས་པོ། རྒྱ་རའི་བཞེས་ཁུར་གྱི་སྐྲོང་རྩེ་དང་བཀའ་ཤོག་བཅས་ཡབ་རྗེའི་གསུང་འབུམ་པོད་ཆེན་བཅུ་གསུམ། སྙིང་ཐིག་ཡ་བཞིའི་པོ་ཏི་བཅས་བཞེངས་བཞེད་ཐུགས་ལ་དགོངས་ཏེ་རྒྱ་རི་རྫོང་དུ་ཞབས་དྲུང་སྐུ་འབྲིང་གི་སར་རྫོང་བདའ་གནང་། གསེར་དངུལ་བཏུལ་ཚར་བའི་བང་མི་འབྱོར་ཕྲལ་བདག་དཔེ་ཡིག་པ་འབོད་དུ་རྒྱ་རིར་རྫོང་བདའ་གནང་བའི་བཟོ་གྲྭ་ཚུགས། དེ་རྣམས་གྲུབ་རྗེས་སྔར་གསར་བཞེངས་གནང་བའི་རྩ་གསུམ་བྲིས་ཐང་མང་ཙམ་ལ་གཅེན་ཁྲི་ཆེན་བི་ཛའི་ཞབས་དང་རྗེ་འདིས་དབུས་གྲྭ་གཙང་གི་དགེ་བཤེས་བགྲེས་གྲས་
ཉི་ཤུ་ཙམ་གྱིས་རབ་གནས་རྒྱས་པ་མཛད། དེ་ནས་སྔར་གྱི་རབ་གནས་གནང་བའི་དཔོན་གཡོག་བླ་གྲྭ་ཚང་མས་ཆོས་སྲུང་རྣམས་ཀྱི་བསྐང་གསོ་རྒྱས་པར་མཛད་ཅིང་། རབ་གནས་མངའ་དབུལ་དུས་ལེགས་སྐྱེས་འབུལ་མི་རྣམས་ལ་ཉིན་གསུམ་གྱི་བར་ཞབས་ཏོག་རྒྱས་པར་སྩལ། དེར་དཔོན་གཡོག་བླ་གྲྭ་མང་གཤིས་བདག་ཅིག་པུར་འོ་བརྒྱལ་ཡོང་བ་འདུག་དགོངས། ཆུ་ཐག་རིང་བས་མི་ལོན་པ་འདུག་ཚེ་ཨ་མ་ལགས་སུ་བསླབ་དོན་ཞུས་པའི་ཞལ་ཏ་མ་རྣམས་བསྐུལ་ཞེས་སྩལ། འདི་དུས་ཤེལ་བྲག་བླ་མ་དབྱངས་འབྱོར་ལྔ་ལམ་དུ་གྱུར་པའི་གསལ་འདེབས་སུ་རྗེ་བླ་མ་དམ་པ་ཆེད་དམིགས་ཀྱིས་སྤྱན་འདྲེན་ཞུས་པས་དེ་དུས་འབྲུམ་ནད་སོགས་ལ་འཛེམ་མེད་ཀྱིས་ཨེ་རོང་དུ་ཆིབས་བསྒྱུར་ཞིང་ཕྱིར་འཁོར་གྲུབ་རྗེས་ལོ་གཅིག་བར་བཅད་རྒྱ་དམ་པོར་བཞུགས་སོ། །ལྕགས་སྤྲེལ་དགུང་ལོ་ཞེ་གཉིས་བཞེས་པ་ཟླ་བ་གསུམ་པའི་ཚེས་གསུམ་ནས་ལྔ་པའི་ཚེས་ལྔའི་བར་བདག་སོགས་རྡོ་རྗེའི་ཞལ་སློབ་ལྔ་བརྒྱ་དང་དྲུག་ཅུ་སྐོར་ལ་དཔལ་གསང་བ་སྙིང་ཐིག་མ་བུའི་དབང་དང་ཟབ་ཁྲིད་སྨིན་པར་སྩལ་བའི་སྐལ་བཟང་ཐོབ་ཅིང་། དེ་རྗེས་བདག་དང་མདོ་མཁར་འགྱུར་མེད་བསྟན་འཛིན་ལ་རྡོར་སེམས་ཐུགས་སྒྲུབ་ཀྱི་བསྙེན་སྒྲུབ་ཡན་ལག་ཚང་མ་དང་། མཆོད་སྦྱིན་བསིལ་གཏོར་བཅས་པའི་ལུང་ཕྱག་ལེན་དམིགས་ཁྲིད་ཕྲ་ཞིབ་ཏུ་སྩལ་ཏོ། །དེ་རྗེས་སྐྱབས་མཆོག་རྗེ་བླ་མ་བདེ་ཆེན་ཌཱཀིའི་གཙོ་མོ་མཆོག་དང་ལྕམ་དཔལ་འཛིན་དང་བུ་དགའ་སྐྱིད་འཛོམས་བཅས་དཔོན་གཡོག་རྣམས་དགའ་འདྲ་ཆབ་ཚན་དུ་ཕེབས་པའི་ཕྱིར་ལམ་བདེ་སྐྱིད་གླིང་དུ་དབང་སྩལ་བའི་སང་ནུབ་ལྡུམ་པོར་ཕེབས། དེའི་ཚེ་ལྕམ་དྲུང་དང་སྐྱེས་བཟང་གཉིས་གྲ་མ་ཕུང་སྦྱོར་བས་ལབ་གཞི་མང་བར་ཐུགས་ཚིག་པས་དེའི་ནུབ་མོ་སྔ་ཆར་སྐུ་བཞེངས་གནང་བའི་སླད་ནས་དེ་ཕྱོགས་སུ་མི་ཡོང་ཞེས་སྐྱི་རུ་གཞིས་སུ་ཆིབས་བསྒྱུར། ནང་ཞོགས་རང་གནས་སུ་ཕེབས་སོ། །དེ་ནས་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་བསྙེན་སྒྲུབ་ལོ་གཅིག་བར་མཛད་པའི་དངོས་གྲུབ་བཞེས་དུས་སུ་གནང་བའི་དར་ལྗང་གི་ཕུར་མདུད་འགུག་དར་དམར་གྱི་ཕྱག་མདུད་སྐྱང་པར་འབྲེལ་བ་བདག་ལ་ཆེད་དམིགས་
ཀྱིས་སྩལ་ཏོ། །དེར་མ་ཟད་སྔ་ཕྱིར་བསྙེན་སྒྲུབ་མཛད་པ་ལ། ཆོས་དབང་གི་བླ་མ་གསང་འདུས། གཏེར་གསར་བླ་མ་ཞི་བ་དང་དྲག་དམར་དཔལ་རྡོར་སེམས་ཐུགས་སྒྲུབ། མྱང་གཏེར་བཀའ་བརྒྱད་བདེ་འདུས་དང་མཁའ་འགྲོ་ཆེན་མོ། འཇམ་དཔལ་དྲེགས་འཇོམ། དབྱངས་ཅན་དཀར་མོ། སྒྱུ་འཕྲུལ་ཞི་བ་ཕྱག་རྒྱ་གཅིག་པ། ན་རག་དོང་སྤྲུགས། སྔགས་རྒོད་ལོཀ་ཏྲི་པཱ་ལ་རྣམས་ཀྱི་བསྙེན་སྒྲུབ་སྨིན་པར་མཛད་པས་དེ་དག་གི་མཚན་མའི་དགེ་ལྟས་བཟང་པོ་ཅི་རིགས་ཤར་གསུངས། ཁྱད་པར་རིག་པའི་རྒྱལ་པོའི་ལྗགས་བསྙེན་མཛད་པར་སྲོད་ཐུན་ཞིག་གི་སྐབས་མདུན་གྱི་ནམ་མཁར་རིག་པའི་རྒྱལ་པོའི་སྐུ་གཡོ་མེད་ཆུ་ཚོད་གཅིག་གི་བར་བརྟན་ཅིང་སྔོན་རྒྱ་གར་དུ་བྲམ་ཟེ་མ་གཟུགས་ཀྱི་ཉི་མ་དང་། དགེ་སློང་མ་དཔལ་མོ་རྣམས་ཀྱི་སྐྱེ་འཕྲེང་རྗེ་ཉིད་ཡིན་ཚུལ་གསལ་བར་བསྟན་གསུངས། གཞན་ཡང་ཉིན་ཞག་ཕྲུགས་གཅིག་ལ་གུ་རུའི་ཐུན་དྲུག་གསོལ་འདེབས་དང་འབྲེལ་བའི་ཡབ་རྗེའི་གསོལ་འདེབས་དང་རྗེས་འཛིན་སྨོན་ལམ། ཞོགས་པ་ཆུ་གཏོར་གདྒཱའི་རྒྱུན་དང་ཡན་ལག་བདུན་པ་རྒྱས་པར་མཛད་དེ་བཟང་སྤྱོད་སྨོན་ལམ་དང་། དེ་རྗེས་རྣམ་འཇོམ། སྔ་དགོང་གཙོ་བོར་རྫོགས་པ་ཆེན་པོའི་ངང་དུ་ལ་ཟློ་བ་དང་། དེ་རྗེས་སྟར་ཆགས་བསྙེན་སྒྲུབ་མཛད་པ་རྣམས་ཀྱི་སྒོམ་བཟླས་དུམ་པ་རེ། མཚན་མོ་དྲག་དམར་གྱི་སྒོམ་བཟླས་དམ་ཅན་སྤྱི་གཏོར་དང་རྗེས་འབྲང་། སྒོས་སུ་དྲག་པོ་སྡེ་ལྔ། སྔགས་སྲུང་མ། ལྷ་ཆེན་དུར་ཁྲོད་མ་མོ། ཨ་གྷོ་ར་དང་། ཕྱག་དྲུག་པ། མཁའ་འགྲོ་སྤྱི་གཏོར། བསྟན་ཕུག་རྒྱལ་གསོལ་ཉུང་བསྡུས་རྣམས་མཛད་ཅིང་། དུས་གཏོར་རྣམས་ལ་བཀའ་བརྒྱད་དམ་དཔལ་ཆེན་ཕུར་པའི་གཞུང་དྲང་སྲོང་གི་དཔལ་མགོན་ལྕམ་དྲལ་གྱི་འཕྲིན་ལས་རྒྱས་པར་མཛད། ཚེས་གཉིས་ཀྱི་ཡབ་རྗེའི་དུས་དྲན་སྐུ་མཆོད་དང་། ཡར་མར་གྱི་ཨོ་རྒྱན་ཆེན་པོའི་དུས་ཀྱི་མཆོད་པ་གཏེར་གསར་བླ་མ་ཞི་བ་སྔོོན་འགྲོ་དྲག་དམར་རམ། གསང་འདུས་རྡོར་སེམས་སམ། བདེ་གཤེགས་ཀུན་འདུས། ན་རག་དོང་སྤྲུགས་སམ། བཀའ་བརྒྱད་དང་ཕུར་པ་རྣམས་ཅི་རིགས་པའི་སྒྲུབ་མཆོད་ཆགས་མེད། ནངས་ནུབ་མཚན་བཅས་སམ་ཕལ་ཆེར་གཏོར་བསྔོ་རྣམས་དང་ཐུན་དྲུག་གསོལ་འདེབས་སོགས་གྲུབ་རྗེས་
བདེ་གཤེགས་ཀུན་འདུས་དང་ཕུར་པ་ཡང་གསང་གི་སྒོམ་བཟླས་མཛད་ནས་ནམ་ཕྱེད་ལ་ཉེ་བའི་བར་འོད་གསལ་རྫོགས་པ་ཆེན་པོའི་ངང་ལས་མི་གཡོ་བའི་མཉམ་བཞག་དང་འབྲེལ་བའི་མཚན་མོ་འོད་གསལ་གྱི་འཁོར་ལོར་འབྱམས་ཀླས་པའི་རྣལ་འབྱོར་གྱི་ངང་ནས་མནལ་བ་དང་། ཐོ་རེངས་ཀྱི་ཐུན་ལ་ཐུག་པ་ན་སྐད་ཅིག་གིས་ལྡང་བའི་རྣལ་འབྱོར་གྱི་ལྷའི་འཁོར་ལོར་བཞེངས་པའམ། ཕལ་ཆེར་རྫོགས་པ་ཆེན་པོའི་རིག་པ་གསལ་སྟོང་གི་ཨ་ཏིའམ། དཔལ་གསང་བ་སྙིང་ཐིག་ཆེན་མོའི་སྔོན་འགྲོ་རྣམས་མཛད་རྗེས་ནམ་སེང་གི་བར་དུ་རྫོགས་པ་ཆེན་པོའི་ངང་དུ་འཕོ་འགྱུར་མེད་པའི་མཉམ་བཞག་དང་། དེ་རྗེས་བླ་མ་ཞི་བའི་སྒོམ་བཟླས་ཉུང་ངུ་རེ་དང་ཕད་བཅིང་གཏུམ་མོའི་རླུང་སྦྱོར་ཡང་མཛད། ཁྱད་པར་ཐུན་བཞི་ཆགས་མེད་ཀྱིས་རྫོགས་པ་ཆེན་པོའི་ངང་དུ་གཡོ་མེད་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བའི་མཉམ་བཞག་དང་ཐོད་རྒལ་གྱི་མན་ངག་ལས་ནམ་ཡང་མི་འདའ་བའི་ཞེ་དམ་དང་། སྐུ་མཚམས་གྲོལ་བའི་དུས་འགའ་རེ་རྣམས་སུ་དད་ཅན་གྱི་སྐལ་ལྡན་ཕོ་མོ་རྣམས་མཇལ་འཕྲད་མཛད་དེ་དགེ་བའི་ལས་ལ་བསྐུལ་ཞིང་བྱ་བ་ལས་ཀྱི་འཁོར་ལོའི་ཞལ་བཀོད་དང་། སྐྱ་སེར་ཆེ་ཆུང་མེད་པ་དང་དབུལ་ཕོངས་ཅན་གྱི་དད་ཅན་ཅི་ཡོད་གཉིས་སམ་གསུམ་གྱི་མཐའ་བརྟེན་པ་ལའང་སོ་སོའི་བློ་དང་བསྟུན་པའི་རིམ་གཉིས་ཀྱི་མན་ངག་སྟོན་ཅིང་བཀའ་རྩོམ་མཛད་པ་དང་རྒྱུད་ལུང་མན་ངག་རྣམས་ལ་ཞིབ་གཟིགས་ཀྱི་ཁགས་རྟོག་དང་། དྲག་ཞན་མེད་པའི་ཞལ་སློབ་ཇི་ཡོད་ལ་མཛེས་སྤྱོད་སྤངས་པའི་ཉམ་ང་མེད་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་ཐར་ལམ་འགོད་ཕྱིར་དེང་སང་གི་བླ་མ་འགའི་སྤྱོད་པ་ལྟ་བུའི་མཛེས་སྤྱོད་མི་མཛད་པར་བརྩེ་གདུང་ཆེན་པོས་ལས་མི་སོགས་པའི་རྟེན་དུ་ཐུགས་ཤིན་ཏུ་མྱུར་བའི་བརྩེ་བ་ཆེན་པོས་འཁོར་བའི་འཇིགས་པ་བསལ་ཕྱིར་ཐབས་མཁས་ཀྱི་སྤྱོད་པས་འགྲོ་ཆགས་ཟ་ཉལ་གྱི་རྣམ་འགྱུར་དང་དམ་པ་ཆོས་ཀྱི་ཉམས་ལེན་མཐར་ཐུག་པའི་ཞལ་གདམས་རྡོ་རྗེའི་བདེན་ཚིག་རྗེས་སུ་གདམས་ཤིང་། ཁྱད་པར་སྐྱིད་ཆོས་བདེ་བར་རྣམ་པ་ཀུན་ཏུ་ནམ་ཡང་བཞུགས་པ་མི་སྲིད་ཅིང་། དེའི་ནང་ནས་གཙོ་བོར་མཉམ་རྗེས་རིས་མེད་བྱ་སྤྱོད་ལམ་ཁྱེར་གྱིས་ཐ་མལ་དུ་མི་འཁྱམས་པ་མེད་པ་ཡིན་
གསུངས་ཏེ་རྡོ་རྗེའི་ཐ་ཚིག་གོ། ཆུ་ཁྱི་ལོ་སྟོད་ནས་གསེར་བཟང་སྤྲུལ་སྐུ་འགྱུར་མེད་བསྟན་འཛིན་དོན་ལྡན་དང་། ཁྲི་རིན་པོ་ཆེ་གཅེན་རཏྣ་བི་ཛའི་ཞབས་དང་། ཐུགས་སྲས་སྤྲུལ་སྐུ་རྣམས་ཀྱིས་གསོལ་འདེབས་མཛད་པའི་ངོར་སྒྲ་ཐལ་འགྱུར་ནས་ལུང་གིས་བསྟན་པ་ལྟར་བཀའ་བབས་ཆོས་བདག་གི་དོན་གྱིས་གཞན་གྱིས་མཛད་དཀའ་ལ་རྗེ་དམ་པ་འདིས་སྙིང་ཐིག་མ་བུ་གཅིག་དྲིལ་གྱི་གདམས་པ་ཁྲིད་ཡིག་བདེ་ཆེན་ལམ་བཟང་བཀའ་རྩོམ་མཛད། དེའི་སྔོན་འགྲོ་ཆོས་སྤྱོད་དང་། དེར་མ་ཟད་སྔ་ཕྱིར་བཀའ་རྩོམ་མཛད་པ་ལ། རྗེ་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གདུང་བའི་མུན་སེལ་ལེ་ཚན་སྣ་ཚོགས། རྗེ་ཉིད་ལ་བརྟེན་པའི་རྣམ་ཐར་གསོལ་འདེབས་བརྟན་བཞུགས་བཅས་རེ་འདོད་མཆོག་སྦྱིན། བཤེས་གཉེན་གཞན་གྱི་གསོལ་འདེབས་བྱིན་རླབས་ཀྱི་ཆུ་བོ། རྗེ་ཉིད་ཀྱི་སློབ་བུའི་རིགས་ལ་གདམས་པའི་ཞལ་གདམས་མགུར་མ་སོགས་སྙིང་གི་མུན་སེལ། ཞུས་ལན་སྐོར་ཕྱོགས་གཅིག་ཏུ་བསྡོམ་པའི་དྭངས་གསལ་མེ་ལོང་སྣང་བརྙན། རྒྱབ་བྱང་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་ཡིད་བཞིན་ལྷུན་གྲུབ། མཆོད་འབུལ་སྙན་ཤལ་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དགུའི་སྙེ་མ། བདེ་གཤེགས་ཀུན་འདུས་ཀྱི་བླ་བརྒྱུད་ཕྱག་འཚལ་སྨོན་ལམ་དང་བཅས་པ། གར་དབང་ཚེ་དཔག་མེད་ཀྱི་བརྒྱུད་འདེབས། གསང་བ་ཡེ་ཤེས་མཁའ་འགྲོ་མའི་ལམ་རིམ་དང་འབྲེལ་བའི་སྨོན་ལམ། དེའི་ལམ་རིམ་དང་འབྲེལ་བའི་གསོལ་འདེབས། རྡོར་སེམས་ཐུགས་སྒྲུབ་ཀྱི་གཅོད་ཁྲིད་ཀྱི་བརྒྱུད་འདེབས། ཐུགས་ཐིག་སོགས་གཏེར་གསར་ཚང་མའི་བརྒྱུད་འདེབས་སོགས་ཀྱི་ཁ་སྐོང་ལེ་ཚན་མང་པོ། ན་རག་དོང་སྤྲུགས་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་བདེ་ཆེན་ལམ་བཟང་། གཏེར་གསར་བླ་མ་དྲག་པོའི་བདག་འཇུག་དབང་གི་ཆོ་ག་དབང་དྲག་གྲུབ་པའི་ལམ་བཟང་། གཏེར་གསར་བླ་མ་དྲག་པོའི་ལས་བྱང་གི་དམིགས་རིམ་སྒོས་ཆོས་ཟིན་ཐོར་བའི་རྣམ་ངེས། དེའི་ལྷ་ཁྲིད་ཀྱི་དམིགས་རིམ་རྫོགས་རིམ་དང་འབྲེལ་བ་གཏེར་ཆེན་བླ་མས་རྗེ་བླ་མ་དམ་པ་མཆོག་ལ་དགུང་ལོ་བཅུའི་ལོར་ཆེད་དུ་གདམས་པ། རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཐོད་རྒལ་
དབང་གི་ཆོ་གའི་ལྷན་ཐབས། དེའི་ལམ་རིམ་དང་འབྲེལ་བའི་སྨོན་ལམ། དེའི་ལམ་རིམ་དང་འབྲེལ་བའི་ཞལ་གདམས་ཐུགས་ཐིག་གི་འཕོ་བའི་གསོལ་འདེབས་དང་། དེའི་དམིགས་རིམ་ཟིན་བྲིས། གར་དབང་ཚེ་དཔག་མེད་ཀྱི་རྒྱུན་ཁྱེར། དཀོན་མཆོག་སྤྱི་འདུས་ཀྱི་དབང་ཆོག་སྐལ་བཟང་དགའ་བྱེད། དེའི་ཁྲིད་ཡིག་མན་ངག་གསལ་སྒྲོན་སྙིང་པོ། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་ཀུན་བཟང་རོལ་མཚོ་རྣམས་སོ། །དེ་ཡང་ཕྱིས་སུ་ཁོ་བོས་གསུང་འབུམ་རྣམས་བསྡུས་པ་མ་གཏོགས་སྐུ་ཚེ་ཐོག་མ་ནས་མཛད་པ་རྣམས་ཞབས་རིམ་པ་རྣམས་ལེ་ལོ་ཆེ་སྟབས་ཟིན་ཐོར་མ་བཀོད་པ་མ་གཏོགས་གསོལ་འདེབས་དང་ཞལ་གདམས་གསུང་མགུར་དཀར་ཕྱོགས་ཀྱི་ལྷའི་གསོལ་མཆོད་སོགས་འབྲས་ལྗོངས་དང་མངའ་རིས་སོགས་ཀྱིས་མཚོན་མང་པོ་ཡོད་ཅེས་རྗེ་བླ་མ་ཉིད་ནས་གསུངས། ཆུ་ཕག་ལོ་སྐུ་ཞང་ལྡུམ་པོ་བའི་སྲས་རབ་བརྟན་ལགས་དང་། ཁྱད་པར་གདུང་བརྒྱུད་རིན་པོ་ཆེ་འགྱུར་མེད་པདྨ་བསྟན་འཛིན་སོགས་ཀྱི་དབུས་བདག་ནང་འཁོར་ཉུང་འདུས་ལ་གཏེར་གསར་བླ་མ་དྲག་པོའི་སྨིན་བྱེད་ཀྱི་དབང་། མཐའ་རྟེན་དྲེགས་པའི་སྲོག་གཏད་དང་བཅས་བཀའ་དྲིན་དུ་སྩལ། འདི་སྐབས་རྫོགས་ཆེན་མཁན་པོ་དང་། ལྷ་རྩེ་གྲུབ་ཆེན་ཀུན་བཟང་ཀློང་གྲོལ་སོགས་དོན་གཉེར་གྱི་འདུས་པ་མང་པོར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་ཡན་ལག་དང་བཅས་སྨིན་པར་སྩལ། དེར་མ་ཟད་རྩ་པོད་ཀྱི་ལུང་དང་རི་ཆོས་སོགས་ཀྱི་ལུང་ཡང་སྩལ། དེ་རྗེས་ཤ་འུག་གཏེར་བྱོན་མཁའ་འགྲོའི་དབང་ཁྲིད་ལུང་དང་བཅས་པའང་སྩལ་ཅིང་། ཁོང་དཔོན་ཨོ་རྒྱན་གྱི་འཕྲུལ་འཁོར་བསླབ་སྦྱོང་དང་ཁྲིད་སྐྱོར་དུ་བདག་རྫོང་བདའ་གནང་། དེ་ནས་གཅེན་རཏྣ་བི་ཛའི་ཞབས་སུ་སེམས་ཀློང་གཉིས་ཀྱི་དབང་དང་ཁྲིད། མྱང་གཏེར་ཁྲོས་ནག་གི་དབང་ཁྲིད་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་ཡིག་ཆའི་སྟེང་ནས་འབུལ་བ་གནང་། ཤིང་བྱི་ཟླ་བ་བཞི་པའི་ཚེས་འགོར་སྐྱབས་རྗེ་བླ་མས་བདག་ལ་པདྨའི་ཐུགས་བཅུད་ཁྱད་འཕགས་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་དམིགས་ཁྲིད་
ཕྱག་ལེན་སྩལ་དུས་ཟིལ་གནོན་མཁན་པོ་ཕེབས་པས་སྐེ་ཆད་དུ་ལུས་པའི་སང་ཉིན་ཚེས་བཅུ་སྒྲུབ་སྡེར་ཆིབས་བསྒྱུར་གྱིས་དེ་འཕྲོས་ཆུ་བོ་རིར་དམིགས་ཁྲིད་ཆེ་ཕྲ་ཞིབ་ཏུ་སྩལ་ཏེ་ད་རེས་བསྟན་པ་འདི་ལ་མི་ལུས་ལན་གཅིག་ཐོབ་པ་དོན་མེད་དུ་མ་སོང་བའི་སྙིང་རུས་བསྐྱེད་དགོས་ཞེས་གདམས་པ་འདིའི་བསྙེན་སྒྲུབ་ལས་གསུམ་ལ་ལོ་གསུམ་གྱི་དམ་བཅའ་བཞེས་པའི་བྱིན་རླབས་དང་བཀའ་དྲིན་སྐལ་བཟང་དུ་ཐོབ་བོ། །ཟླ་བ་དགུ་པའི་ཚེས་འགོར་རང་གནས་སུ་ཆིབས་བསྒྱུར་བའི་གོང་ཞབས་རིན་པོ་ཆེའི་ཞབས་བརྟན་དམིགས་བསལ་རྣམས་བསྒྲུབས་རྗེས། དབུས་གཙང་གི་སྐལ་ལྡན་དུ་མར་ཨ་ཏི་དང་ཐུགས་ཐིག །རས་རྐྱང་སོགས་སོ་སོའི་རེ་འདོད་སྐོང་བར་མཛད་ནས་ལོ་གསུམ་གྱི་བར་བཅད་རྒྱར་བཞུགས་སོ། །དེ་ནས་བཅད་རྒྱ་གྲོལ་རྗེས་སློབ་དཔོན་ཆོས་རྫོང་འགྱུར་མེད་རྣམ་རྒྱལ་དང་། འབྲས་པ་དགེ་སློང་འགྱུར་མེད་བཟང་པོ། བདག་ཅག་གསུམ་ལ་ཤ་འུག་གཏེར་བྱོན་མཁའ་འགྲོའི་དབང་ཁྲིད་སྨིན་པར་སྩལ་ཅིང་། དེ་རྗེས་སྲོག་སྒྲུབ་ཀྱི་ཕག་མོའི་དབང་དང་རས་རྐྱང་གི་གདམས་པ་བདག་ལས་ཅན་བདུན་ལ་སྩལ་ཏོ། །མེ་ཡོས་ཧོར་ཟླ་བཅུ་པའི་ནང་དུ་བཅད་རྒྱར་ཤིན་ཏུ་དམ་པའི་ཁོག་ཏུ་བདག་ལ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་ལེགས་ལྡན་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་སྩལ་རྗེས་བཀའ་ལས། ཕྱི་མ་དམ་པའི་ཆོས་དང་མཇལ་བའང་དཀའ་བས་ཚེ་འདི་ཁོ་ན་ལ་གྲོལ་བའི་ཧུར་ཐག་བྱེད་དགོས། སྤྱིར་སྤྲོས་མེད་ཀྱི་གདམས་པ་ཤ་ཐག་ཀྱང་དུས་སྤྲོས་བཅས་ཀྱི་དགེ་སྦྱོར་གནོད་པར་གསུང་ཞིང་། ཁྱད་པར་མཚན་མོའི་མན་ངག་དུས་ཉིན་པར་ངག་འཆལ་གྱི་ཅ་ཅོའི་སྒྲ་མང་ན་ནུབ་མོ་རྨི་ལམ་གྱི་མན་ངག་ལ་ཤིན་ཏུ་གནོད་པ་ཡོང་བས་ཚུལ་དེ་ངེས་པ་གྱིས་ཞེས་སྩལ་ནས་ཟླ་བ་གསུམ་པའི་ཚེས་འགོའི་བར་བཅད་རྒྱར་བཞུགས་སོ། །དེ་ནས་ས་འབྲུག་ལོར་མངའ་རིས་གུང་ཐང་རྒྱལ་པོའི་གདུང་ཐའི་སྲས་ལྕམ་སྐུ་ཞབས་དཔོན་གཡོག་རྣམས་ལ་མཇལ་ཁ་དང་། ཚེ་དབང་དྲག་དམར་གྱི་དབང་། སྤྱན་རས་གཟིགས་
ཡི་གེ་དྲུག་པའི་ལྷ་ཁྲིད་ཀྱང་སྩལ། དེ་ནས་གཡུ་ཐོག་དབུས་མདའ་དཔོན་གྱི་སྲས་དངོས་གྲུབ་རྣམ་རྒྱལ་ཕེབས་པའི་མཇལ་ཁ་དང་གཏེར་གསར་དྲག་དམར་གྱི་དབང་དང་ལས་བྱང་གི་ལུང་། རྗེ་ཉིད་ཀྱིས་མཛད་པའི་ལས་བྱང་རྣམ་ངེས་ཀྱི་ལུང་ཡང་སྩལ། དེ་ནས་འབྲས་ལྗོངས་རྫོགས་ཆེན་སྤྲུལ་སྐུའི་ཡང་སྲིད་དཔོན་གཡོག་རྣམས་རྗེ་ཉིད་ཀྱི་ཞབས་པད་དུ་ཆེད་དམིགས་ཀྱིས་ཕེབས་པ་ལ། སྙིང་ཐིག་ཆེན་མོ་དང་མཁའ་འགྲོ་སྙིང་ཐིག །དཀོན་མཆོག་སྤྱི་འདུས། རིག་འཛིན་སྲོག་སྒྲུབ། ཡབ་རྗེ་བླ་མའི་གཏེར་གསར་བཅས་པའི་དབང་དང་ཟབ་ཁྲིད་སྨིན་པར་སྩལ། བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་དུས་བདག་ཁོང་དཔོན་གཡོག་གི་འཕྲུལ་འཁོར་སློབ་སྦྱོང་དུ་རྫོང་བདའ་གནང་། དེ་དུས་ལྷོ་བྲག་སྨྲ་བོ་ལྕོག་གི་བླ་ཡབ་སྐུ་གཤེགས་པའི་སར་རྗེ་ཉིད་ཆེད་དམིགས་ཀྱིས་སྤྱན་འདྲེན་ཞུས་པའི་བར་ལམ་གློ་བུར་དུ་ང་ད་ལྟ་ཕོབས་ཞེས་སྩལ་བར་ཞབས་རིམ་པ་ཐམས་ཅད་ཀྱི་ཙབ་ཙབ་ཀྱི་བློས་ཆིབས་ཐོག་ནས་གདན་དྲངས་མ་ཐག་ཆིབས་ཆེན་དེ་མ་ཐག་ཤི་བ་ལ་འཕོ་དམིགས་དང་བསྔོ་སྨོན་གྱིས་མཚམས་སྦྱོར་ནན་ཏན་མཛད་ཅིང་ཕྱི་མའི་མཚམས་སྦྱོར་གྱི་ལུང་ཡང་སྩལ་ནས་ཕྱིར་འཁོར་གྲུབ་བསྟུན་ལོ་གཅིག་བར་བཅད་རྒྱར་བཞུགས་སོ། །དེ་ནས་འབྲས་ཕུར་སྒོམ་ཆེན་དེ་ཉིད་དེ་ཞིང་གཤེགས་མཇུག་མགོ་མཇུག་ནས་རྗེས་གནོན་མེད་པའི་རི་ཁྲོད་གླུ་གཞས་ཀྱིས་ཁེངས་པའི་ཅ་ཅོའི་སྒྲས་བསམ་གཏན་ལ་ཤིན་ཏུ་གནོད་པའི་སྡོད་ཐབས་དཀའ་བ་ལ། ས་སྦྲུལ་ལོ་སྐྱབས་རྗེ་དམ་པ་བཅད་རྒྱར་བཞུགས་པའི་ཞབས་དྲུང་དུ་དེ་ཚུལ་གྱི་མི་ཚེ་སྟོང་ཟད་དུ་འགྲོ་བ་འདུག་པས་རེ་ཞིག་པདྨས་ཞབས་བཅགས་ཀྱི་གནས་ཆེན་ཞིག་ཏུ་འགྲོ་དགོས་ཀྱི་བསླབ་དོན་ནན་ཅག་ཞུས་པར་བཀའ་ལས། དངོས་གཞི་བདེན་པ་ཙམ་འདུག་སྟེ། གཏེར་ཆེན་དེ་ཉིད་དེས་དགོན་ཆེ་ཕྲ་གང་དུའང་རི་ཁྲོད་རེ་ཡོང་གི་འདུག་པས་རི་ཁྲོད་འདི་ཀ་ཨེ་ཚུགས་སྙམ་ཐུགས་ལ་དགོངས་གཤིས་རང་གི་བསླབ་གཉེར་ཐོབ་ཟིན་སྙམ་ཁ་ཕྱིར་བལྟ་མ་བྱེད་པར་རེ་ཞིག་སྡོད་དགོས། ཆོས་འཆད་སྤེལ་སོགས་ཀྱི་དུས་ངེད་ཀྱི་རམ་གཏེགས་ལ་ནང་སྣོད་པ་འདུག་ཅེས་འབྲུ་ཆས་ཆ་ཚང་། ཇ་སྦག་མར་རྫིས་དང་བཅས་པའི་གནང་ཆ་སྩལ་ནས། འབྲས་ཕུར་ཨུ་ཚུགས་བསྐྱེད་ནས་སྡོད་
དགོས་བྱུང་། དེ་ནས་ལྕགས་ལུག་ལོར་སྔར་ལས་ཀྱང་ལོད་དུ་སོང་བའི་བུད་མེད་སྨད་ཚོང་མ་མང་པོ་དང་། སྐྱེས་པ་དང་བཅས་པའི་གླུ་སྒྲ་ཉིན་མཚན་བར་མེད་དང་། རེས་འཐབ་མོའི་གཞི་ལྷོངས་པའི་ཀུ་སྒྲ་ཆེ་བར་ཡང་དེ་ཚུན་གྱི་ཞུ་བ་ནན་ཏན་ཞུས་པས་བཀའ་ལས། ད་རྒན་པ་རྣམས་དངོས་ཆས་ཤིན་ཏུ་བཟང་བའི་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་མ་གྱུར་ཞིང་། ངེས་འབྱུང་གི་གཏིང་ནས་མ་བསྡམས་པའི་རིག་པ་ཚོ་མ་ཟིན་པས་ལན་འདུག །དེ་ནས་སྒོམ་ཆེན་སྟོབས་རྒྱལ་ལ་གཏེར་ཆེན་གནས་ཤ་འུག་ཏུ་སོང་ལ་སྒོམ་ནན་ཏན་གྱིས་གསུངས་འདུག་པར། ཁོང་པ་ཐ་སྙད་ཀྱི་རིག་གནས་སོགས་རྒྱ་ཆེ་བས་བསླབ་གྲྭ་མང་པོ་འདུས་པས་མགོ་བོ་འཁོར། དེ་རྗེས་ནག་མོ་དང་འབྲེལ་བ་ཞིག་གིས་བླ་མའི་བཀའ་དང་འགལ་:མེད༼མོད༽། དེས་ན་ཁྱོད་ཤེས་རབ་དང་བརྩོན་གྲུས་ཆེ་གཤིས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་འདི་རང་གཏེར་ཕ་ཆོས་ཀྱི་གཏེར་གནས་ཀྱི་གཙོ་བོ་ཡིན་པས་སླད་ནས་མིག་ལྟོས་ལ་ཕན་པའི་རྫོགས་རིམ་ཁོ་ན་ལ་འབད་པ་གཙོར་བཏོན་གྱིས་བསྟན་འགྲོ་སྤྱི་དང་བྱེ་བྲག་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་སྙིང་ལ་དུང་དུང་བཅངས་པའི་སྒྲུབ་པ་སྙིང་ལ་བཟུང་སྟེ་ངའི་བླ་མ་རྒན་མོ་དེས་དེ་ལྟར་ཟེར་བཞིན་ཡོད་སྙམ་པ་སེམས་ལ་ཞོག །སླར་ང་རང་གཉིས་འཕྲད་དུས་ང་ཡང་ངའི་སློབ་མ་མགྱོགས་པ་བྱུང་བསམ་པ་དང་ཁྱོད་རང་ཡང་ངའི་བླ་མ་དང་འཕྲད་བྱུང་བསམ་པའི་སེམས་དགའ་ལྷང་ལྷང་བྱས་ཆོག་པ་བྱེད། དེ་བར་གྱི་ཕོགས་ང་རང་གིས་རྒྱག་པ་ཡིན་གསུང་བར། འཚོ་རྟེན་གནང་མི་དགོས་ང་རང་གིས་འགྲིག་ཡོང་ལགས་ཞུས་པས། མོན་པ་རྣམས་ཀྱི་སྐད་དེ་གོ་དཀའ་བས་རེ་ཞིག་ཁྱེར་ཅིག་གསུངས་ཇ་ཆུང་ཇ་སྦག །དངུལ་སྲང་བཅོ་བརྒྱད་བཅས་དང་། རྗེ་ཉིད་ཀྱི་དབུ་ལོ་བམ་པོ་གཅིག །གསང་ཆབ་ཕུར་མདུད་དམར་པོ་ནང་མཛོད་ཀྱི་དཔའ་དར་བཅས་རྫོང་བདའ་གནང་། དེར་སླར་ཡང་ཕྱག་ཕུལ་བས། ཞབས་གཡས་པ་སྤྱི་གཙུག་ཏུ་ཚ་ཕྱིར་གྱིས་སྩལ་ཏེ་ངའི་བུའི་སྒྲུབ་པ་མཐར་ཕྱིན་པར་ཤོག །ལམ་གྱི་བར་གཅོད་རྣམས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་སེལ་མཛོད་གསུངས་དགྱེས་ཤིང་བརྩེ་བས་བསྐྱངས་པ་ཡིན་ནོ། །ཤ་འུག་ཏུ་སླེབས་ནས་ལོ་གཉིས་ཙམ་སོང་དུས་ཡབ་རྗེའི་ཞལ་སློབ་ཀྱི་ཐ་མར་
གྱུར་པ་སག་སྟེངས་ན་ཨ་ཎི་ཀུན་བཟང་སྒྲོན་མ་རྗེའི་མཇལ་ཕྱག་ཏུ་འཐོན་རྒྱུར་སྐུའིི་འཚམས་འདྲིའི་ཞུ་ཡིག་ཅིག་ཕུལ་བར། དེར་རྗེའི་ཞབས་པད་དུ་ཁོང་རྣམས་མཇལ་དུས་བཀའ་ལས་དེ་ཕྱོགས་སུ་ངེད་ཀྱི་སློབ་བུ་འགྱུར་མེད་འོད་གསལ་ཟེར་བ་ཞིག་ཕེབས་ཨེ་འདུག་སྩལ་བར་ཨ་ཎིས་འདུག་འདུག །ཤ་འུག་བདེ་ཆེན་འཁོར་ལོ་སྤྱིལ་བུ་གསར་རྒྱག་གིས་མཚམས་དམ་པར་འདུག །ཁྱེད་ཀྱིས་དངུལ་ཕོགས་བརྒྱབ་ཀྱང་སྐོར་མ་མཐོང་པའི་ཞོལ་ཁང་པས་རྩམ་པ་མ་གཏོགས་གང་ཡང་མི་འདུག་ཅེས་ཞུས་པར། བཀའ་ལས་དེ་འདྲས་བསྡད་འགྲོ་ཞེས་སྩལ་ཟེར། དེ་ནས་ཨ་ཎིས་གྲུབ་ཆེན་གྱིས་ཁྱེད་རང་ལ་ཡི་གེ་ཞིག་བསྐུར་བྱུང་དེ་གནས་ཚང་དུ་དེ་རིང་ལུས་པས་སང་ཉིན་ཁྱེད་རང་ལ་སྤྲོད་དོ་ཞེས་མོན་ལྐུག་གིས་ཞེ་ས་མེད་པར་ཞུས་པས། དེར་རྗེ་ཉིད་ཞལ་འཛུམ་དང་བཅས་ཅུང་ཟད་བཞད་ཟེར། དེ་ནས་ཁོང་རྣམས་ཐོན་གདོང་བདེ་འདུས་ཀྱི་ཐང་སྐུ་རྒྱབ་བྱང་བཀའ་རྩོམ་ཕྱག་བྲིས་དབུ་ཆེན་དང་བཅས་པའི་བཀའ་ཤོག་བྱིན་རྟེན་བཅས་པ་ཞིག་སྩལ་ཕེབས། དེ་ནས་ལོ་གསུམ་འཐེན་པའི་ཤིང་ཁྱི་ལོ་རྗེ་བླ་མ་མཆོག་གི་ཞབས་པད་དུ་ཆུ་བོ་རིར་ནངས་པར་སླེབས་རྒྱུའི་ཞོགས་པ་སྐུ་བཞེངས་གནང་དུས་སྐུ་གཤམ་དཀྲི་བ་དང་བསྟུན། དེ་རིང་འགྱུར་མེད་འོད་གསལ་ཡོང་བ་ཡོད་གསུངས་འདུག །ཞབས་པད་དུ་ཕྱིན་དུས་ཁྱོད་ད་རེས་ཧུར་ཐག་བྱུང་ཞེས་ཤིན་ཏུ་མཉེས་པའི་བསྐྱེད་རྗོགས་ཀྱི་ལམ་བསྒོམས་པའི་རྟགས་སྣང་སོགས་ཅི་འདྲ་བྱུང་ཞེས་ཕེབས་པར་དེ་ལན་ཞིབ་པར་ཞུས་ཏེ། གེགས་སེལ་བོགས་འདོན་ཕྲ་ཞིབ་ཏུ་སྩལ་ཅིིང་། དེ་ནས་ཅུང་ཟད་བཞད་ཅིང་ཁྱོད་ཀྱིས་ཚུར་ལམ་ང་ལ་དམར་ཙག་ལ་གཤམ་དུ་འོག་རླུང་དྲི་ཞིམ་བུ་ཞིག་བྱིན་བྱུང་ཞེས་གསུངས་པར། བླ་མ་རིན་པོ་ཆེ་དགོངས་དག་ཕྲན་ལ་འབྲོག་པ་རྣམས་ཀྱིས་ཞོ་དར་ཆུར་བ་སྦྱིན་པས་གྲོད་པ་མ་བདེ་བས་དེ་འདྲ་ལ་རྐྱེན་ཡོང་བསམ་པ་མ་བྱུང་། ང་རང་གཅིག་པོ་ཉམས་མཚར་གྱིས་ངའི་རྩ་བའི་བླ་མ་མི་འགྱུར་དཔལ་སྒྲོན་མཆོད་ཞུས་ཐལ་ཐག་ཆོད་ཡིན་ཞེས་མཐོལ་བཤགས་ཕུལ། ད་རེ་ཞིག་ལྷོད་ཀྱིས་སྡོད་གསུངས། ཞག་བཅོ་ལྔའི་བར་བཟའ་བཏུང་ལོངས་སྤྱོད་ཀྱི་སྐྱིད་ཉལ་དང་དབང་ཆོས་ཀྱང་མང་དུ་བསྐྱངས་ཤིང་། དེ་ནས་བདག་ཐོན་གདོང་བླང་དོར་
གྱི་ཞལ་བཀོད་སྤྱི་དང་ཁྱད་པར་རྟག་པར་བསྐྱེད་རིམ་གྱིས་ལམ་མི་བགྲོད་པར་རྫོགས་པ་ཁོ་ན་རིམ་དུ་བསྒོམ་དགོས། སྒོམ་དུས་ནན་ཏན་དུ་བསྒོམས་ཀྱང་རྗེས་ཐོབ་ཏུ་ཐ་མལ་དུ་ཤོར་ན་གར་ཡང་མི་ཕྱིན་པས། རེ་ཞིག་ང་རང་རྣམས་གདམས་པ་ལ་ཕར་འཆང་དགོས་མོད། ནམ་ཞིག་ཕར་འཆང་ཆེ་མི་དགོས་གདམས་ངག་གིས་ཚུར་བཅུན་ཡོང་། དོན་ལ་འཁོར་བའི་སྡུག་བསྔལ་དྲན་པས་རྟག་ཏུ་སྲིད་སྲེད་ལ་མ་ཆགས་པར་ཚེ་འདི་བློས་ཐོངས་ལ་གནས་ངེས་པ་མེད་པ་གྱིས། གཙོ་བོར་ཟབ་ལམ་གྱི་སྙིང་པོ་ལ་མཉམ་རྗེས་རིས་མེད་བྱ་སྤྱོད་དང་བསྲེ་ཞིང་། ཁྱད་པར་ནང་དུ་སྤངས་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་ཅིང་ལུས་རྟེན་དམན་ཡང་སྔོན་ལས་ཀྱི་འབྲེལ་པས་ང་ལ་མོས་གུས་ཀྱི་དད་པ་གཏིང་ཐུག་པ་བཅས། དེས་ན་གང་ཤར་གྱིས་རྟོག་པ་ཆོས་སྐུར་གྲོལ་བ་དང་། དེ་མིན་ང་དང་ཁྱོད་རང་དབྱེར་མེད་དུ་བསྲེས་ལ་མོས་གུས་ཀྱི་བློ་དེ་སྐྱེ་མེད་སྤྲོས་བྲལ་ཀ་དག་གི་ཀློང་དུ་ཞོག །དེས་འཆི་ཀ་འོད་གསལ་དུ་མ་གྲོལ་ན་བར་དོ་བར་པའམ། བར་དོ་ཐ་མ་བླ་མའི་སྣང་བས་འདྲེན་པའི་དགོས་པ་ཡོད་པ་སེམས་ལ་ཞོགདེ་ཡང་རང་ཅག་རྣམས་བསྐྱེད་རྫོགས་ཀྱི་གདམས་པ་གང་སྒོམ་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་དགོས། སྦྱོར་བ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དམན་པའི་ས་བཟུང་ལ་ཕན་ཐོགས་ཀྱི་བྱ་བ་རླབས་པོ་ཆེ་ལ་དཔའ་བསྐྱེད། དངོས་གཞི་བསྐྱེད་རྫོགས་གང་སྒོམ་ཡང་སེམས་ཅན་ཐམས་ཅད་རང་སེམས་དབྱེར་མེད་ཀྱི་དངོས་གཞི་སྐྱེ་མེད་ཀྱི་ངང་དུ་བསྲེས་རྗེས། རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་མཐའ་མེད་པར་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་ཚེ་རབས་ལན་ཆགས་འབྲེལ་པར་བསམ་པས་འཁོར་བའི་རྒྱ་མཚོ་ལས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་སྨོན་ལམ་རྒྱ་ཆེ་ཞིང་། བདག་ཀྱང་སྐྱེ་བ་ནས་བྱང་ཆུབ་བར་རྩ་བའི་བླ་མ་དང་སྙིང་པོའི་བསྟན་པ་འདི་དང་ནམ་ཡང་མི་འབྲལ་ཞིང་འགྲོ་དྲུག་འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ་དལ་འབྱོར་གྱི་རྟེན་གཙང་མ་ཐོབ་པའི་གཞན་དོན་ནུས་ཕྱིར་ས་སྐྱོང་སྡིག་གསོག་པ་དང་ངན་སོང་གི་རྟེན་གསོག་པའི་རིགས་སུ་ནམ་ཡང་མི་སྐྱེ་བར་ངེས་འབྱུང་སྐྱོ་ཤས་ཀྱིས་དཀོན་
མཆོག་གསུམ་སྐྱབས་སུ་བསྟེན་པའི་ཕ་མ་དད་ཅན་འབྱོར་ལྡན་གྱི་བུར་སྐྱེས་ནས་འགྲོ་ཀུན་སྒྲོལ་ནུས་པར་སྐྱེ་བར་ཤོག་སྙམ་པའི་འདུན་པ་ཡང་དག་གིས་ཆོས་བྱས་པ་རང་གིས་རང་མི་བསླུ་ཞིང་མི་ཁྲེལ་བའི་བྱ་བ་བྱེད་དགོས། རང་བཙན་ས་ཟིན་ནས་སེམས་ཅན་རྣམས་དོར་བ་མ་བཤད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་དོན་དོར་ནས་སེམས་ཅན་གྱི་དོན་ཁོ་ན་མཛད་པ་ཡིན་མོད། ད་དུང་ཧུར་ཐག་བྱེད་དགོས་གསང་ཆེན་སྙིང་པོའི་བསྟན་པ་ནུབ་མ་རག་ལ་ཐུག་པའི་ཉག་ཤིན་ཏུ་ཕྲ་བ་འདིར་གཞིགས་པའི་སྙིང་ལ་རུས་པ་བསྐྱེད་ཅིག་ཅེས་སྩལ་བའི་ངུ་ངག་གིས་ངང་ནས་སེམས་འཕྲེང་ཤིན་ཏུ་ཆེ་བ་ནས་ལོག་ཡོང་། དེར་ཤ་འུག་སྟག་སྒོ་བདེ་ཆེན་དུ་ལོ་བཞི་སོང་དུས་ཚོགས་པ་རྣམས་ལ་འཕྲལ་ལ་ལོག་ཡོང་དགོས་པའི་བཀའ་ཤོག་སྩལ་བའི་ཞབས་པད་དུ་ལོག་ཡོང་། འདི་ཕྱི་དགེ་བའི་ཞལ་ཏ་ལྷུག་པར་བརྩེ་བས་སྩལ་བ་ཡིན་ནོ། །དེ་ནས་གངས་རི་ཐོད་དཀར་ནས་ཡེར་པའི་ལོ་གསུམ་བཏོང་དུས་འགྲོ་ཞོར་ཆུ་བོ་རིར་རྗེའི་ཞབས་པད་དུ་ཡོང་བར་ཆུ་བོ་རིར་གཟིམ་ཆུང་དུ་རྗེ་ཉིད་ཅུང་ཟད་བཞད་པར། འགྱུར་གཡང་ནས་རྗེ་ཉིད་དོན་མེད་ལ་བཞད་པ་ཅི་ཡིན་ཞུས་པར། བཀའ་ལས་ཡངས་པའི་རྟོགས་ལྡན་དེ་ཆུ་ཤུར་རྫོང་གི་མ་ཚད་དེ་ནས་ཡར་ཡོང་གི་འདུག །ཁ་སྐོམ་པ་ལ་ལམ་བར་གྱིས་རྫབ་དོང་ནང་ནས་ཆུ་ཐུང་གྲབས་བྱས་སོང་བར་བྱིས་པ་ཞིག་གིས་སྐྱུག་བྲོ་ཞེས་འཐུང་དུ་བཅུག་མ་སོང་། ད་ཆང་མ་ཞིག་གི་ནང་ན་ཆང་འཐུང་གིན་འདུག །སང་འདིར་ཡོང་བ་འདུག་ཅེས་གསུངས་ཤིང་། དེའི་སང་ཉིན་ཞབས་པད་དུ་ཡོང་དུས་གཙང་དཔལ་རྣམ་དཔལ་རི་སྤྲུལ་སྐུ་དང་བསྟུན་པའི་བྱང་གཏེར་ཐུགས་སྒྲུབ་མཐིང་ག་དྲག་པོ་རྩལ་གྱི་དབང་རྒྱས་འབྲིང་གཉིས་དང་ཀློང་སྡེ་རྡོ་རྗེ་ཟམ་པའི་རྩ་དབང་རྒྱས་པ་དང་ཁྲིད་ཡིག་སྐལ་བཟང་མིག་འབྱེད་ལྟར་ཤར་ཁྲིད་དང་། དེ་རྗེས་ཆུ་བོ་རི་འདུས་ཚོགས་དང་། ཆུ་ཤུར་ཐར་པ་གླིང་འདུས་ཚོགས་བཅས་པ་ལ་གར་ཚེའི་དབང་བཅས་སྩལ་བའི་བཀའ་དྲིན་ཐོབ། ཐར་གླིང་འདུས་ཚོགས་ཀྱིས་བརྟན་བཞུགས་རྒྱས་པར་ཕུལ། དེ་རྗེས་བདག་ལ་ཉང་གཏེར་ཞིང་སྐྱོང་མ་མོའི་རྗེས་གནང་དང་། གར་དབང་ཚེ་དཔག་མེད་ཀྱི་ཕྱི་སྒྲུབ་ཀྱི་དམིགས་ཁྲིད་ཕྱག་ལེན་
དང་བཅས་ཕྲ་ཞིབ་དུ་སྩལ་བ་ཡིན་ནོ། །ལྕགས་ལུག་ལོར་ལ་མོ་ཆོས་སྐྱོང་གི་ཁོག་གཞི་མ་བདེ་བར་རྗེ་ཉིད་ཆོས་སྐྱོང་ནས་ཞབས་སྐྱོད་དགོས་པའི་ཞུ་བར་ཕེབས་པའི་ཚེ་དབང་སོགས་རིམ་གྲོ་དུ་མ་མཛད་པས་སྐུ་རྟེན་པ་གཞི་མེད་དུ་དྭངས་པ་ལ། དེར་མགོན་ཁང་དུ་ཆོས་སྐྱོང་ནས་རྗེ་ཉིད་སྤྱན་འདྲེན་ཞུས་པར་ཕེབས་ལམ་ཕར་ཐོགས་སྐབས་གྲྭ་པ་རྣམས་ལང་པ་ཙམ་ཡང་མི་བྱེད་པར། མགོན་ཁང་དུ་ཕེབས་ཚེ་ཆོས་སྐྱོང་ཁྲི་སྟེང་ནས་བབས་པའི་ཞབས་སུ་བསྐྱོད་དེ་མཚོ་རྒྱལ་གྱི་སྤྲུལ་པ་འདྲེའི་གནས་རྟེན་དུ་ཕེབས་པ་ལེགས་ཞེས་མཇལ་དར་ཕུལ་ནས། སྙིང་པོའི་བསྟན་པར་འཕོ་འགྱུར་མི་ཡོང་ཞེས་གསུངས་པས་ཚུར་ལམ་གྲྭ་མང་རྣམས་འུར་ཞོགས་ཀྱིས་བྱིན་རླབས་ཞུ་བར་ཕེབས་ལམ་འགགས་པ་ཙམ་བྱུང་། དེ་ནས་ཆིབས་ལམ་དུ་ཕོ་བྲང་ཆེན་མོའི་ལྟག་སྒོ་ལས་བརྒྱུད་དེ་རྩེར་གོང་མ་རྒྱལ་དབང་དམ་པའི་ཞབས་པད་དུ་བཅར་བར་མཛད། སྨིན་གླིང་། རྡོར་བྲག །བྱང་ཆུབ་གླིང་རྣམས་ལ། ཕོ་ལྷའི་བསྟན་པའི་རྗེས་ཁྲི་ནུབ་མོ་ནན་གྱི་དགོངས་ཚོམས་ཀྱི་དམ་རྩི་ཆེ་བར། དེར་རྗེ་ཉིད་ནས་དེ་སྐོར་གྱི་སྔར་རྒྱལ་པོ་ལྷ་བཟང་ནས་བཟུང་དཔོན་པོ་ན་རིམ་གྱི་སྐུ་རིམ་ཕེབས་ཀྱི་འདུག་ཅིང་། དཔོན་ཐོག་འགྱུར་རེས་བཞིན་ཕྲན་ཚོར་སྦྱོང་གཅོད་ཀྱི་ཉེས་ཆད་འདི་བཞིན་ཡོང་གི་འདུག་པས། དེས་ན་ད་ནས་བཟུང་དཀར་པོའི་དགེ་ཆོས་ཀྱི་ཞི་བའི་ལས་བཙུན་མ་ལྟ་བུའི་བྱ་བཞག་ལས། མངོན་སྤྱོད་དྲག་ལས་སུ་གྱུར་པའི་ཕྲན་རྣམས་རྔ་ལག་ཏུ་ལོན་མི་དགོས་པ་ཞིག་གི་དམ་བཅའི་ཚུལ་སོགས་བཀའ་ནན་ཆེ་ཙམ་ཞུ་གནང་ལ། རྒྱལ་དབང་མཆོག་ནས་སྨིན་གླིང་རྗེ་བཙུན་དྲུང་རང་དེ་འདྲ་གནང་མི་དགོས་ལྷོད་དེ་བཞུགས་པ་ཞུ། ངས་ནི་གང་ཡང་མ་བྱས་དགེ་རྒན་པ་དྲི་བ་ཅུང་ཟད་བཏང་བ་ཡིན་འདུགསྙིང་པོའི་བསྟན་པར་འཕོ་འགྱུར་མི་ཡོངས་ཞེས་སྩལ་ཏེ། ཆད་འགྲོས་སོགས་ཀྱང་མར་འབེབས་པར་མཛད། དེའི་སང་ཉིན་ནས་གཅེན་རཏྣ་བི་ཛ་མཇལ་བཀའ་ཡང་སྩལ་ཏེ། མི་སྲུན་ནམ་མཁའ་སྤྲིན་བྲལ་བཞིན་དྭངས་ཏེ་ཐམས་ཅད་བདེ་འཇགས་སྐལ་བཟང་གི་བདེ་བ་ཐོབ་ནས་རང་གནས་སུ་ཕེབས་ཏེ་ཆོས་སྐྱོང་རྣམས་ལ་གྲྭ་སྒྲོས་བཅོ་ལྔས་གཏང་རག་གི་བསྐང་གསོ་
མཛད་དེ་བཅད་རྒྱར་བཞུགས། ལྕགས་ལུག་ནས་བཟུང་མེ་ཁྱིའི་བར་ཤ་འུག་སོགས་ཕྱོགས་འགྲོའི་དབེན་རི་རྣམས་སུ་སྒྲུབ་པ་ལ་ཕྱིན་པས་ཞིབ་པ་ཞིག་རྗེ་སྐུ་ན་སྨིན་སྟབས་ཞུ་མ་ཐུབ་ཅིང་། ཞབས་རིམ་པ་རྣམས་ལའང་ངེས་འབྱོར་ཞིག་མི་འདུག་ཀྱང་། ཕྱིས་སྒྲུབ་སྡེ་འཆི་མེད་བཀོད་དུ་ཕེབས་ཏེ་ལོ་ལྟར་ཧོར་ཟླ་བཞི་པ་ནས་དགུ་པའི་བར་སྙིང་པོའི་རྒྱུད་ཀྱི་བཤད་པ་ཆག་མེད་ཀྱིས་བློ་གསར་རྣམས་ལ་ཐོལ་བྱུང་གི་ཤེས་རབ་བསྐྱེད་པར་མཛད་དེ་སྐུ་ངལ་ཡང་། རང་རེའི་མ་དགོན་དུ་དོན་མཐར་སྐྱེལ་ལྟ་བུ་ཤིན་ཏུ་དཀོན་ཞིང་བྱེད་བློ་ཙམ་ལས་མི་འདུག་ཅེས་སྩལ་ཅིང་། གང་ལྟར་ཡང་སྒྲུབ་སྡེར་ཕེབས་པའི་སྐོར་མ་གཏོགས་རང་གནས་སུ་ཕེབས་ཏེ་རྣམ་ཀུན་ཏུ་ཕལ་ཆེར་སྐུ་བཅད་དང་ཟླ་བ་གསུམ་པ་ཤར་མཚམས་ལོ་ལྟར་འཆར་ཅན་གྱི་ཕྱོགས་འདུས་ཀྱི་ཆོས་ཞུ་བ་རྣམས་ལ་གང་ལ་གང་འཚམས་པའི་སོ་སོའི་རེ་འདོད་སྐོང་བའི་དམ་པ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ་ཡིན་ནོ། །དེ་དག་གི་དུས་སྐབས་ཤིག་ལ་མདོ་ཁམས་པ་རྫོགས་ཆེན་བླ་མ་ཟུང་དཔོན་གཡོག་རྣམས་ལ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་དང་རི་ཆོས་ཟབ་དོན་གསལ་བའི་ཉི་མའི་ལུང་ཡང་སྩལ། དེའི་རྗེས་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱས་དང་སྲས་ལྕམ་བདེ་ལྡན་སྒྲོལ་མ་དང་། དགའ་བཞི་གུང་ཡབ་ཡུམ་སྟེང་ཞལ་སྲས་བཅས་དགོན་པར་ཕེབས་པའི་མཇལ་ཁ་དང་། དབང་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་དོ། །དེ་རྗེས་བསམ་འགྲུབ་ཕོ་བྲང་ནས་མི་རྗེའི་ཚངས་སྲས་གུང་བཀྲ་ཤིས་རྣམ་རྒྱལ་སྟེང་ཞལ་སྲས་བཅས་ཕེབས་པར་མཇལ་ཁ་དང་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་དང་དམ་རྫས་ཞལ་ཆེམས་ཀྱིས་ཚིམ་པར་མཛད་དོ། །དེ་ནས་ཨར་དགེ་དགོན་གསར་བསམ་གཏན་འཕེལ་རྒྱས་གླིང་དུ་གདན་དྲངས་ཏེ་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་ཡུལ་པར་ཁྲོམ་དབང་དང་སོ་སོའི་རེ་འདོད་སྐོང་བ་མཛད་ཅིང་། ཕེབས་ལམ་དུ་ཕུག་དཔོན་ས་ཨ་སྙིང་ནས་དཔལ་འབྱོར་ལྷུན་གྲུབ་ཏུ་གདན་དྲངས་པའི་ཞབས་ཏོག་ཞུས་ཏེ་རང་གནས་སུ་ཆིབས་བསྒྱུར་ཏེ་བཅད་རྒྱར་ཞུགས།
མེ་ཁྱི་ཟླ་བ་ལྔ་པའི་ཚེས་འགོ་ནས་བཟུང་གྲྭ་གཙང་འདུས་གྲངས། དབུས་ཀྱི་བྱ་བཏང་མང་པོ་དང་། སྙིང་མདོ་ཞབས་དྲུང་མེ་ཏོག་ལགས། འཇུན་པ་ཆོས་དྲུང་། བསམ་རྩེ་དང་། འོད་གསལ་གླིང་གི་མ་ཇོ་ཁ་ཤས་སོགས་འདུས་པ་ཉིས་བརྒྱ་སྐོར་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་མན་ངག་དང་བཅས་རྫོགས་པར་སྩལ། དེ་དུས་བདག་གཙང་ཉང་སྟོད་ཡོལ་བའི་གནས་སྣང་ས་འོད་དེ་འབུམ་གྱི་སྒྲུབ་གནས་སུ་ལོ་གསུམ་ཐེམས་པས་རྗེ་བླ་མ་མཆོག་གི་ཞབས་པད་དུ་མཇལ་ཕྱག་ཏུ་ཡོང་བས་ཐུགས་དགྱེས་པའི་ངང་ནས་བླང་དོར་གྱི་ཞལ་ཏ་ཞིབ་པར་སྩལ། དེ་ནས་བདེ་གཤེགས་ཀུན་འདུས་འཕྲུལ་འཁོར་འདི་རྒྱག་མི་དཀོན་པ་ཙམ་འདུག །ཅུང་ཟད་ཡོད་པ་སྲོག་སྒྲུབ་དང་ཕག་མོ་ཟབ་རྒྱ་སོགས་དང་འབྲེལ་ནས་མི་འདུག །རྗེ་དམ་པ་ཁྲི་རིན་པོ་ཆེ་ལའང་ཆོས་རྒྱུན་ནུབ་པར་དཀའ་ཚེགས་མེད་པས་མི་ནུབ་པ་དར་རྒྱས་ཀྱི་སྙན་ཞུ་ཞུས་ཡོད་ཅིང་། དེས་ན་ཁྱོད་ནས་འཕྲུལ་འཁོར་གནད་དུ་གང་འགྲོ་ཞིག་བསླབ་སྦྱོང་གྱིས་སྩལ་བས་ཕྱོགས་འདུས་ཀྱི་བྱ་བཏང་བཅོ་ལྔ་སྐོར་དང་། འཇུན་པའི་ཆོས་དྲུང་། ཁྱད་པར་གྲྭ་གཙང་གི་གྲྭ་པ་བཅོ་ལྔ་སྐོར་བཅས་ལ་ཇི་ལྟར་བཀའ་སྩལ་རྗེས་གྲུབ་ཀྱི་ངོས་ནས་ནན་ཏན་བསླབས་ཤིང་། ཡང་སྐབས་ཤིག་ཁྲིད་པ་འདུས་ཚོགས་སུ་ད་ལམ་མ་བསྒྲིགས་རང་འགྲིག་གི་རྟེན་འབྲེལ་ཡང་བཟང་། གྲུབ་ཆེན་འགྱུར་མེད་འོད་གསལ་ངེད་ནས་སྒོམ་ཆེན་དོན་གྲུབ་ལགས་ཀྱི་དྲུང་ཆེད་གཉེར་གྱི་འཕྲུལ་འཁོར་བསླབ་ཏུ་བཏང་ཞིང་ངེད་རང་ནས་ཀྱང་ཞུས་དག་ནན་ཏན་སོང་བས། དེས་ན་འཕྲུལ་འཁོར་ངེས་པོ་ཡོད་པས་ཀུན་གྱིས་ནན་ཏན་བྱེད་དགོས། ཞེས་བཀའ་ཕེབས་ཀྱང་འཕྲལ་གྱི་ལྟར་སྣང་ཙམ་མ་གཏོགས་སྙིང་པོའི་བསྟན་རྒྱུན་ལ་བསམ་པའི་གང་ཟག་ཤིན་ཏུ་དཀོན་པས་དེས་ན་ད་བར་བདེ་གཤེགས་ཀུན་འདུས་འཕྲུལ་འཁོར་འདི་ལྷོ་ནུབ་རྔ་ཡབ་པདྨ་འོད་དུ་གཤེགས་འགྲོ་བར་སེམས་སོ། །དེར་མ་ཟད་ཁྲིད་བཀའ་རྫོགས་དུས་བཀའ་ལས། ངས་ལུས་དམན་ཞིང་ཤིན་ཏུ་ངལ་ཡང་སྙིང་པོའི་བསྟན་ལ་བསམ་པའི་ཆོས་རྒྱུན་རེ་རེ་བཞིན་ཕྲ་ཞིང་ཞིབ་པ་དོགས་གཅོད་སོགས་ལ་མ་ལྟོས་པར་བཤད་ཀྱང་། ཇི་བཞིན་ཉམས་སུ་མ་བླངས་ཤིང་འཆད་སྤེལ་གང་ཡང་མ་
ནུས་ན་དེ་འདྲའི་སློབ་མས་ཅི་བྱེད་རྒྱུ་ཡིན། ད་འགྱུར་མེད་འོད་གསལ་གྱིས་འཆད་སྤེལ་ཡོང་གི་ཡོད་མོད། ཁྱོད་གྲྭ་པ་དང་རྟོགས་ལྡན་རྣམས་མི་ཡར་འདྲེན་གྱི་འཕོ་བ་སོགས་ལས་གང་དང་གང་གི་ཚེ་ཡང་། ད་ང་ལ་ལྟོ་ཅི་སྦྱིན་ཡོང་། ཡོན་ཅི་བརྒྱབ་ཡོང་{མ་}བསམ་པའི་ཟ་འདོད་ལྟོག་འདོད་ཀྱི་རང་འདོད་ཁོ་ནའི་བསམ་པ་གཏིང་དུ་བཅགས་ནས་གཞན་དོན་བྱང་སེམས་ཀྱི་རྣམ་བཞག་དོར་ན་མི་ཡར་འདྲོངས་པ་ལས་མིར་མི་ཕན་པའི་སྟེང་བླ་མའི་བཀའ་དང་འགལ་ཞིང་དཀོན་མཆོག་ལ་རྒྱབ་གྱེས་པས་རང་ཆོས་གཟུགས་འཁོར་བ་ངན་སོང་གི་གནས་ལས་མ་འདས། ཁྱད་པར་དུས་དབང་ཞིག་ཡིན་ནམ་གང་ལྟར་ཡང་ང་རང་དམན་གཟུགས་པ་ཡིན་ཡང་དེང་སང་རྟོགས་ལྡན་ལས་ཟོབ་ཚ་བ་མི་འདུག །ཆང་མང་པོ་བཏུང་ན་ཆོས་ཉིད་ཀྱི་རྟོགས་པ་མཐོ་ཞིང་བཟང་ཟེར་ཡང་། དེ་ཟོབ་ཁོ་ན་ཡིན། ཆང་མང་པོ་བཏུང་བས་རིག་པ་ཚོ་མ་ཟིན་པར་ཤེས་པ་ཧོལ་ཤིང་རྨུགས་པ་དང་འཐིབས་པ་སོགས་བག་ཡངས་སུ་འཆལ་འགྲོ། འདི་ནས་བླ་མས་ཟབ་ཆོས་བློས་བླངས་ཀྱི་དོ་གལ་གྱི་ངལ་བ་ཁྱད་དུ་བསད་ནས་བཤད་ཀྱང་སྒོམ་མེད་བག་ཡངས་སུ་ལུས་ན་ཆོས་སྒོར་ཚུད་ནས་གནས་སྐབས་སུ་མཁའ་འགྲོའི་བཀའ་ཆད་དང་། མཐར་ཐུག་ངན་སོང་གསུམ་དང་ཁྱད་པར་འཇིག་རྟེན་དམྱལ་བའི་ཚ་གྲང་འགྱུར་འབྱེད་ཀྱིས་བསྐུལ་བཟོད་དཀའ་བ་མྱང་དགོས་མོད། དམྱལ་བ་ལས་ཀྱི་ཆོ་འཕྲུལ་དུ་ངེས་པར་ཡོད་ངེས་པས་རང་གིས་རང་མི་བསླུ་བ་ཐམས་ཅད་ཀྱིས་བྱེད་དགོས། ཡང་སྡིག་སྒྲིབ་མ་དག་པར་ཉེ་ཚེ་རང་གི་བླ་མར་ཡང་དད་པ་ཆུང་དུ་འགྲོ་ཞིང་། རྒྱུ་འབྲས་ལ་རྩིས་མེད་དུ་འགྲོ་བ་སོགས་བྱུང་ཚེ་བླ་མར་བཀའ་དྲིན་རྗེས་དྲན་གྱི་དད་པ་གཏིང་ནས་བསྐྱེད། ཉམས་ལེན་ལ་སྙིང་རུས་དང་། རྒྱུ་འབྲས་ལ་ངན་སོང་གི་བསྐུལ་བས་རྟོག་སྤྱོད་ཞིབ་ཏུ་བྱེད། བླ་མར་མི་ཕྱེད་པའི་དད་པས་གསོལ་བ་འདེབས་ཤིང་མཐར་རང་སེམས་དང་བསྲེ་བ་སོགས་བྱ། ཡང་ཆོས་འཆད་སྤེལ་སོགས་ཀྱི་ཚེ་ན་ཡང་གཏེར་ཆེན་དེ་ཉིད་དེས་སློབ་མའི་རྒྱུད་ལ་སིམ་པ་ཐོབ་པའི་སྒྲ་གསལ་ཞིང་དག་པ་མ་གཏོགས་ནོག་ནོག་དུ་བརྗོད་ན་རང་ལ་ཉེས་པ་མྱང་དགོས་མདོ་སྔགས་ཐམས་ཅད་ནས་བཤད་མོད་ཅེས་གནང་ཞིང་། ཁྱེད་བཙུན་མ་རྣམས་
རང་མགོ་འཐོན་ངེས་པའི་ཆོས་དང་མཐུན་པའི་བྱ་བ་ལས་འཆད་སྤེལ་དཀའ་མོད། འོན་ཀྱང་ཁྱེད་ཆེ་བཙན་གྱི་བཙུན་མ་རྣམས་རང་དོན་ཅུང་ཟད་ཟིན་ནས་འཆད་སྤེལ་ནུས་པ་བྱེད་དགོས། སྔར་འདི་འདྲ་ཞིག་གི་དབོན་མོ་ཡིན་འདུག་ཅེས་འགའ་རེ་འདུག་པ་ཐམས་ཅད་ཀྱིས་ཤེས་མོད། ད་ཁྱེད་རྣམས་ཀྱི་བསམ་པར་ཆོས་གཤའ་མ་བྱེད་པ་ལ་འཚོ་བས་ཕོངས་འདུག་སྙམ་ན། བསླབ་སྡོམ་དང་དམ་ཚིག་ལས་མ་འགལ་ཞིང་། རང་གི་བླ་མར་མོས་གུས་དང་། གདམས་ངག་ལ་ལྟེམས་རྐྱང་མེད་པར་ངེས་ཤེས་བསྐྱེད་ལ་བརྩོན་ན་སྔོན་གྱི་ལས་སྒྲིབ་དག་ཕྱིན་འདོད་ཡོན་ལྷའི་བུའི་མགོ་སྐོར་དུ་ལས་ཀྱིས་འབྱུང་ཞིང་། ཁྱད་པར་གཏེར་ཆེན་དེ་ཉིད་ཀྱིས་ངའི་གཏེར་ཆོས་ལ་བརྩོན་ན་འཚོ་བས་འཕོངས་དོགས་མི་དགོས་ཞེས་གནང་བས། དེས་ན་འཚོ་བ་བྱུང་བསྟུན་རང་ཚོད་ཟིན་པའི་རྒྱུ་འབྲས་རྗེས་དྲན་གྱིས་དཀོན་མཆོག་མཆོད་ཅིང་། ངན་སློང་༼ལ་༽སྦྱིན་པ་ལ་ཐམས་ཅད་ཀྱིས་བརྩོན་དགོས། ད་ཁྱེད་ཚང་མས་འཆི་བ་རྗེས་དྲན་དང་། འཇིག་རྟེན་ངན་སོང་གསུམ་གྱི་སྡུག་བསྔལ་བཀའ་བསྟན་མན་ངག་རྣམས་སུ་བཤད་པ་བདེན་ངེས་ཀྱིས་སེམས་ལ་བཞག་པའི་ཧུར་ཐག་བྱེད་དགོས། ཞེས་བསྩལ་ནས་རྗེ་བླ་མ་བཅད་རྒྱར་བཞུགས། དེ་གདོང་མཇལ་ཕྱག་ཏུ་ཕྱིན་པར་བཀའ་ལས། ད་ཁྱོད་འགྱུར་མེད་འོད་གསལ་འདི་ཁར་སྡོད་དམ་ཅི་བྱེད་རྒྱུ་ཡིན་ཕེབས་པར། དེར་བདག་གིས་རྗེ་ཉིད་ཞབས་པད་བརྟན་རིང་གང་དུའང་མི་འགྲོ་ཞེས་ཞུས་ཏེ། ཁོ་བོས་གཏེར་གསར་ཨ་ཏིའི་རིག་པའི་རྩལ་དབང་འདི་ལ་ལྷན་ཐབས་ཤིག་མེད་ན་བསྐུར་ཐུབ་པ་མི་འདུག་ཅེས་ཞུས་པར། བཀའ་ལས་ཕྱག་ལེན་ཞིབ་ཏུ་ཁྲིད་ན་ཤེས་ཡོང་བ་ཕེབས། དེར་བདག་གིས་ཕྱག་ལེན་དང་རྗེ་ཉིད་ཀྱི་ཐུགས་རྗེས་ཤེས་པ་འདུག་སྟེ། གཏེར་གཞུང་ནས་མི་ཐོན་པའི་ཞལ་ཤེས་མཚམས་སྦྱོར་གྱི་ཚིག་དོན་རྣམས་ཁ་ནས་ར་ཐོན་ལུག་ཐོན་བྱེད་ན་མ་གཏོགས་ཤེས་པ་མི་འདུག་ལགས་ཞེས་ཞུས་པར། དེར་བཞད་མོ་མང་དུ་བཞེས་རྗེས་འོ་ན་ད་རེས་མཚམས་ཁོངས་འདིར་བརྩམ་གྱིས། ཁྱོད་རང་གྲྭ་ནས་བསོད་སྙོམས་གྲུབ་བསྟུན་དཔེ་ཐོག་ཏུ་ཕབ་ཆོག་པ་བྱེད་༼ཅེས་༽བཀའ་ཕེབས་ཏེ། དེ་ནས་སྐུ་བཅད་རྒྱར་བཞུགས་པའི་སྒྲུབ་སྡེ་འཆི་མེད་བཀོད་སོགས་ལའང་།
སྐུ་ཚེའི་སྨད་འདིར་ཆེར་མ་ཕེབས་པ་ཡིན་ནོ། །མེ་ཕག་ཧོར་ཟླ་བཞི་པའི་ཚེས་འགོར་བཅད་རྒྱ་གྲོལ་བའི་ཚེས་བརྒྱད་ནས་བཟུང་དོ་ནང་པད་གླིང་སྤྲུལ་སྐུ་དཔོན་གཡོག་གསུམ། སྨིན་གླིང་གྲྭ་གཙང་འདུས་གྲངས། སྨན་བརྗིད་དང་སོག་ཕུ་བསམ་གཏན་ཆོས་གླིང་གི་བཙུན་མ་མང་པོ། དབུས་གཙང་གི་ཞལ་སློབ་བྱ་བཏང་སོགས་འདུས་པ་བརྒྱ་དང་ཞེ་བདུན་སྐོར་ལ་ཐུགས་ཐིག་གི་ཟབ་ཁྲིད་སྨིན་པར་སྩལ། འདི་སྐབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་སྐྱེད་ཡུམ་ཤེལ་དཀར་རྡོ་རྗེའི་སྤྲུལ་པ་ལྷ་འཛིན་དབྱངས་ཅན་སྒྲོན་མའི་ཡང་སྲིད་ལྕམ་འཛམ་གླིང་དཔལ་འཛིན་གྱི་རིགས་སྲས་མོ་ལགས་ཀྱི་ལེགས་གླིང་སྦུ་ག་བས་མཐུན་མིན་ཅུང་ཟད་ལ་ཚ་ནན་གྱི་ཙ་ར་དྲག་པོའི་ཁྲིམས་གཅོད་ལ། དེར་རྗེ་ཉིད་ནས་ཁོང་རང་འབོད་པ་གནང་བའི་ཞུ་གསོལ་གྱིས་བར་གཟུ་མཛད་པར་མི་ཉན་པའི་ཨུ་ཚུགས་ལ་རྗེ་ཉིད་སྐུ་རླུང་བཞེངས་པའི་བཀའ་ལས། ངས་སྔར་བོད་ཀྱི་དཔོན་ཆེན་རྣམས་ལ་བདེན་གསོལ་གྱི་ཞུ་གསོལ་ཞུས་པར་དང་བླངས་ཀྱིས་གསན་པ་ལ། ད་ཁྱོད་ཙམ་གྱིས་མི་ཉན་ན་ང་རང་གཉིས་ད་ནས་བཟུང་ང་ཁྱོད་ཚ་མོ་ཡིན་བསམ་པ་དང་། ཁྱོད་རང་སྲུ་མོ་ཡིན་བསམ་པ་བྱེད་རིགས་དུས་དེ་རིང་ནས་རྩ་གསུམ་ལྷ་ཚོགས་སྤང་ཞེས་དབུ་སྙུང་བཞེས་ཤིང་། དེར་ཅུང་ཟད་སྐུ་:གཏོན་༼རྟེམ་༽པས་ཞག་བཅུ་སྐོར་ཙམ་ཁྲིད་བཀའ་ཆད་པར། ཞལ་སློབ་རྣམས་ཁོང་རང་ལ་ཞབས་བརྟན་ཐོལ་བྱུང་དུ་མ་མཛད་ཅིང་། དེའི་སྐྱོན་ལས་ཁོང་རང་སྟེང་ཞལ་མི་རིང་བར་འདས་མོད། རྡོ་རྗེ་མཚོའི་སྤྲུལ་པ་ཡིན་ཚུལ་ཡང་ལྕམ་དེ་ཉིད་གཤེགས་དུས་སྐུ་གདུང་ཤེལ་བྲག་དུར་ཁྲོད་དུ་གདན་དྲངས་པའི་ཕུང་པོ་ཚོགས་མཆོད་ཁྲོས་ནག་གི་སྒོ་ནས་མཛད་པའི་གསུང་ཆོག་པའི་གྲལ་འབྲས་པ་དགེ་སློང་བཟང་པོ་ཕྱི་འཁོར་གྲུབ་བསྟུན་བདག་ཉིད་རྗེ་བླ་མ་དམ་པའི་མཇལ་ཕྱག་ཏུ་ཕྱིན་དུས་བཀའ་ལས། ཁྱོད་རང་ད་རེས་སྐལ་བ་བཟང་པོ་བྱུང་སོང་། བུ་མོ་དཔལ་འཛིན་དེ་ཁ་ཐོལ་ཐོལ་ལབ་དུས། གཟིམ་ཆུང་ཀུན་བཟང་ཕོ་བྲང་དུ་གཏེར་ཆེན་དེ་ཉིད་དེས་མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད་པའི་བུ་མོ་འདི་ཨ་མ་དེ་ཉིད་དེའི་ཡང་སྲིད་འཁྲུལ་མེད་ཡིན་ཞེས་ཡུམ་དེ་ཉིད་ཀྱིས་གསེར་གྱི་སོར་གདུབ་
ཅིག་སྩལ་སོང་བས་ཕྱིས་མོ་རང་ལ་མ་ལེན་པར་ཡོད་ཅེས་གནང་། གང་ལྟར་ཡང་དེར་དབང་གི་དུས་འདུས་པ་མང་པོ་དང་། གནས་སྐབས་གདུལ་བྱའི་ལྟར་སྣང་དུ་ཅུང་ཟད་སྐུ་ན་སྨིན་སྟབས་དབང་ཉིན་གཉིས་འདས་ཏེ་མཛད་པས་སྐུ་ངལ་ཡང་བར་མཚམས་མེད་པར་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་ཞིང་། གང་ཟག་སོ་སོ་ལ་དཔག་ཚོད་ཀྱི་ཞལ་ཏ་ཞིབ་པར་སྩལ་ཅིང་། ཁྱད་པར་རྒྱུད་ཐོག་ཏུ་མ་ཁེལ་བའི་ཆོས་ནི་ཀུན་མཁྱེན་ཆེན་པོས་རྡོ་རྗེའི་ཕུང་པོ་ལ་ཆོས་བཤད་པ་དང་མཚུངས་ཞེས་གསུངས་ཡོད། སྐུ་ཞབས་གཏེར་ཆེན་དེ་ཉིད་དེས་སྐྲ་བྲེགས་ཚད་སངས་རྒྱ་ན་སོག་པོ་ཐམས་ཅད་སངས་རྒྱ་མོད། གོས་དམར་པོ་གྱོན་ཚད་སངས་རྒྱ་ན་སྤྲང་པོ་ཐམས་ཅད་སངས་རྒྱ་ཞིང་། ཆོས་ཟབ་པ་མང་པོ་ཐོབ་ཀྱང་ཉམས་ལེན་མཐར་ཁྱོལ་མ་བྱས་ན་གནས་སྐབས་ལྟར་སྣང་གི་སྐལ་བ་བཟང་བ་ཙམ་ལས་མཐར་ཐུག་གི་འབྲས་བུ་མི་འབྱུང་བ་ཟོ་ཁོག་ལ་ཐིག་པ་བརྒྱབ་ཀྱང་ཐོབ་ཐོབ་ཟེར་ཡོང་ཞེས་གནང་བས་ཐམས་ཅད་ཀྱིས་ནན་ཏན་བྱེད་དགོས་ཕེབས། འདི་དུས་གྲྭ་ནང་གུང་སྐུ་ཞབས་དཔོན་གཡོག་ཉིས་བརྒྱ་ལྷག་བརྒལ་བ་ལ་ཚེ་དབང་དང་དམ་རྫས་ཀྱི་སྦྱིན་པས་ཚིམས་པར་མཛད་ཅིང་། རྗེའི་སྐུ་ཚ་མོ་ཨེ་རྒང་ཐོག་ཏུ་ཕེབས་པས་འདི་ལོ་ཞབས་པད་དུ་བཅར་ཏེ་ཕྱིར་ཕེབས་སྐབས་བླང་དོར་གྱི་ཞལ་འཁོས་ཞིབ་པར་སྩལ་བའི་ད་ཕྱིས་ཕྲད་པ་ཞིག་དཀའ་བས་སེམས་ལ་ཞོག་སྩལ། འདི་སྐབས་རྣམ་ཐར་འདིའི་ས་བོན་བདག་ལ་སྩལ་དུས་ཀྱི་ཞབས་པད་དུ་ཕལ་ཆེར་གནས་ཤིང་དཔེར་མ་འཁོད་ཀྱང་ཡིད་བཅགས་བྱེད་པའི་སྐབས་སུ་ཡོད། འདི་ལོ་སྒྲུབ་སྡེ་འཆི་མེད་བཀོད་བླ་བྲང་གཞུང་དུ་རྩིས་འབུལ་གནང་བཞིན་ཟླ་བ་བཞི་པའི་ཆུ་བོ་རིའི་དབང་མོ་ཆེའང་ཁྲི་རིན་པོ་ཆེ་འགྱུར་མེད་པདྨ་བསྟན་འཛིན་གྱིས་མཛད། རྗེས་དཔོན་གཡོག་ཕྱིར་འཁོར་གྲུབ་བསྟུན་ཞབས་བརྟན་རྒྱས་པར་སྩལ་བའི་བཅད་རྒྱར་བཞུགས། ས་བྱི་ཧོར་ཟླ་གཉིས་པའི་ཡབ་རྗེ་འགྲོ་འདུལ་གཏེར་བདག་གླིང་པའི་དུས་མཆོད་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་བོད་ཡུལ་གངས་རིའི་ལྗོངས་འདིར་གཞན་དུ་མ་གྲགས་པའི་ཕྱག་བཞེས་ཁྱད་འཕགས་གཏེར་བྱང་དུ་དཔལ་ཨོ་རྒྱན་གུ་རུའི་ལུང་
གི་བསྟན་པ་གདམས་པ་འདི་སྐོར་ལ་རྨད་བྱུང་སྲོག་རྩ་འཛིན་པར་གྱུར་པའི་གསང་བདག་རྡོ་རྗེ་ཆོས་མི་གཟུགས་སུ་བསྟན་པའི་དུས་ཀྱི་མཆོད་པ་འདི་ཉིད་སྔར་ནས་ལན་མང་ཙམ་གསོར་བ་གནང་ཡང་འདི་ལོའང་རིགས་སྲས་རྗེ་བླ་མ་བདེ་ཆེན་ཌཱ་ཀིའི་གཙོ་མོ་ཉིད་ཀྱིས་འགན་བཞེས་གནང་བའི་ཞབས་ཏོག་དང་འབུལ་ཡོན་གྱ་ནོམ་པའི་སྟ་གོན་དང་དངོས་གཞིའི་ཉིན་ཚོགས་སུ་ཕེབས་པའི་ཕྱག་འགྱེད་འབུལ་བ་སྦྱོར་འཇགས་རྒྱས་པར་སྩལ། དེ་རྗེས་ཀླུ་སྡིངས་སུ་བླ་གྲྭ་ཚང་མས་ལེགས་སོའི་མགུལ་དར་དང་། དེ་མཚུངས་མི་སེར་དང་དགོན་མ་ལག་ཞལ་སློབ་དང་བཅས་པས་ཕུལ། དེའི་སང་ཉིན་མགུལ་དར་འབུལ་མི་རྣམས་ལ་ཞབས་ཏོག་རྒྱས་པར་སྩལ་ནས་བཅད་རྒྱར་བཞུགས། ས་བྱི་ཟླ་བ་གསུམ་པའི་ཚེས་ཉེར་གསུམ་ལ་བཅད་རྒྱ་གྲོལ་བའི་ཉེར་བརྒྱད་ནས་དོ་ནང་སྤྲུལ་སྐུ་པདྨ་དབང་རྒྱལ་དཔོན་གཡོག་སྨིན་གླིང་གྲྭ་གཙང་འདུས་གྲངས་རོང་པ་རྫོགས་ཆེན་པ་སོགས་འདུས་པ་བཞི་བརྒྱར་ཉེ་བ་ལ། ཐུགས་ཐིག་ཨ་དོན་མཁའ་འགྲོ་སྙིང་ཐིག་དང་བཅས་པའི་དབང་ཁྲིད་སྨིན་པར་སྩལ་ཅིང་། བདག་ལ་ཁྲིད་སྐྱོར་དང་ཁྱད་པར་སེམས་ཚོལ་ལ་རུ་གང་ང་བྱེད་དགོས་ཕེབས། བཀའ་ཁྲིད་རྫོགས་རྗེས་པད་སྤྲུལ་དཔོན་གཡོག་དང་གྲོང་སྙིང་སྨིན་གྲོལ་སོགས་ལ་ཡང་སྙིང་ཀུན་འདུས་ཀྱི་ཚེ་ཁྲིད་སྩལ་རྗེས་བཀའ་ལས། པད་སྤྲུལ་ཉིད་སྔ་ཐོག་ཆུང་དུས་ཆུ་བོ་རིར་ཡབ་སོགས་ཞལ་ངོ་རྣམས་ཕེབས་དུས་བདག་གི་རྡོར་དྲིལ་འཁྲོལ་བ་སོགས་བག་ཆགས་བཟང་ཞིང་བདག་ལ་དགྱེས་ཉམས་ཀྱིས་གཡས་གཡོན་ཐད་ཀྱི་གཟན་བཟུང་བ་སོགས་ཕྱིས་བསམ་ཚེ་བདག་གི་རྗེས་སུ་བཟུང་དོགས་པར་འདུག་སོགས་བཀའ་ལྷུག་པར་སྩལ། ཟླ་བ་ལྔ་པའི་ཟླ་སྨད་ལ་ཁྲིད་བཀའ་རྫོགས་རྗེས་བཅད་རྒྱར་བཞུགས་པའི་བར་སེང་དུ་བདག་གིས་གར་དབང་ཚེ་དཔག་མེད་ཀྱི་ནང་དང་ཁྱད་པར་གསང་སྒྲུབ་ལས་རྒྱར་བསྟེན་པ་ཡིན་ཡང་ཡིད་རྒྱར་བསྟེན་པའི་ཕྱག་ལེན་ཡོད་དམ་ཞེས་ཞུས་པས་བཀའ་ལས། ཡོད་གྲགས་ད་ལམ་ཁྱོད་ཀྱིས་ཞུ་བ་དེ་ལེགས་པོ་བྱུང་གཞན་ལས་འགྲོ་བས་ཆོས་རྒྱུན་ནུབ་འགྲོ་མོད། ཁྱོད་ཀྱིས་གྲོང་སྙིང་ཨེམ་ཇི་སྨོན་གྲོལ་བོས་ཤོག །ཁྱེད་རང་གཉིས་ལ་ཁྲིད་པ་ཡིན་གསུངས། ནང་གསང་གི་གདམས་པ་ཞིབ་པར་སྩལ།
དེ་རྗེས་བདག་ལ་ད་ཚར་ཅིག་སྐྱོར་དང་སྩལ། སྐྱོར་བས་དེ་ག་ཡིན་པ་འདུག་གཏེར་ཆེན་རྗེས་གདམས་པ་ཡིག་ཐོག་ཏུ་མི་འབེབས་པ་ཡིན་ཏེ། ནམ་ཞིག་ནུབ་པའང་འཚོལ་དགོས་དེས་ན་ཁྱོད་རང་གི་ཚེའི་མཐར་ཐུག་པ་ན་དད་ཅན་གྱི་སློབ་བུ་བྱ་བཏང་ཞིག་འོང་བས་དེར་སྤྲོད་ལ་ཟིན་ཐོར་ཕབ་ཏུ་ཆུག་གནང་བས་ད་རེས་ཟིན་བྲིས་བྱས་པ་འདིར་ཁྱེར་ཤོག་སྩལ། ཟིན་བྲིས་བྱས་པ་སྤྱན་ལམ་དུ་བསྟར་བས་ཞུས་དག་མཛད་ཅིང་བཀའ་མཆན་ཡང་སྩལ། དེའི་དུས་འགྱུར་དབང་དང་དགེ་སློང་བཀྲས་དབང་གཉིས་ལ་ཆོས་རྒྱུན་ལ་ཕན་པའི་ང་ལ་བུ་ཉི་ཟླ་ལྟ་བུ་གཉིས་ཡོད། ཉི་མ་ལྟ་བུ་དེ་མུ་ཏོའི་ཆས་ཅན་ཤེས་རབ་མེ་ལྕེ་ལྟ་བུ་དང་། ཟླ་བ་ལྟ་བུ་དེ་རབ་བྱུང་ཞིག་ཅེས་སྐུ་རྩེད་ལྟ་བུ་གནང་ཞིང་། ཁྱད་པར་ཕྱི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་འགོ་བར་བཅད་རྒྱར་བཞུགས་ཤིང་། བཅད་རྒྱ་གྲོལ་རྗེས་མེ་རག་པདྨ་འཕྲིན་ལས་དབང་ཕྱུག་གིི་ཡང་སྲིད་ངག་དབང་བློ་བཟང་བསྟན་འཛིན་དཔོན་གཡོག་རྣམས་ལ་མཇལ་ཁ་དང་བདེ་:ཆེན་༼གཤེགས་ཀུན་༽འདུས་ཀྱི་ཟབ་ཁྲིད་སྨིན་པར་སྩལ། ཆོས་བཀའ་ལྷག་ལུས་པའི་རྡོར་སེམས། ཐུགས་ཐིག་ཨ་དོན་སོགས་ཀྱི་ཁྲིད། དྲག་པོ་སྡེ་ལྔ། གཏེར་གསར་སྔགས་སྲུང་མ། གཏེར་གསར་ལྷ་ཆེན་རྣམས་ཀྱི་རྗེས་གནང་། ལུང་ཁ་འཐོར་སྣ་ཚོགས་བཅས་འབུལ་བར་ཁོང་དཔོན་གཡོག་ལྷ་སར་སྟབས་ཤུར་ཕེབས་དགོས་པ་བདག་རྫོང་བདའ་གནང་།
ཞིང་འདིའི་མཛད་པ་ཟིན་ནས་སྐུ་ཞི་བར་གཤེགས་པ།
དེ་ནས་བདག་སོགས་རྣམས་ཀྱི་འཕེན་པ་ཟད་པའི་ཚུལ་ནི། ས་གླང་ཟླ་བ་དང་པོའི་ཚེས་གཅིག་གི་ཐོ་རེངས་ཆར་བདག་གིས་རྗེ་བླ་མ་དམ་པའི་ཞབས་དྲུང་དུ་ལེགས་སོའི་མགུལ་དར་འབུལ་ཕྱིར་ཚུར་ལམ་གཏེར་བདག་གི་སྐུ་མཁར་སར་ནམ་སེང་ལ་ཐུག་དུས་བྱོ་བོ་ལ་ཉག་ནས་དེའི་བར་གྱི་ཕན་ཚུན་ཡན་ཁ་བ་མིན་པའི་ན་བུན་ལྟ་བུའི་ས་ལི་སི་ལི་ཞིག་གིས་དགོན་པ་ཁེངས་ཤིང་། འབྲས་བུ་ལ་རྫས་འོག་གི་རི་ཉི་ཤར་ཙམ་གླང་སྐད་ལྟ་བུའི་སྒྲ་ཆེ་བ་དང་། བདེ་ཆེན་གླིང་ཆིབས་རི་ནང་དུ་གླ་བ་ཡོངས་ཤིང་། ཐོ་རེངས་སྐར་མ་མཇུག་ཕོད་ཅན་ཐགས་ཤད་དོ་ཙམ་ཤར་ཞིང་། ཕོ་རོག་གཤོག་པ་སྒྲོ་དཀར་གྱིས་བརྒྱན་པས་འདི་ལོ་སྟར་ཆགས་སྡོད་པ་སོགས་པྲ་ལྟས་ངན་ཞིང་། དེར་མ་ཟད་བདག་ཙམ་ལ་ངེས་པ་དཀའ་ཡང་དེ་
གོང་ས་བྱི་ལོར་ནད་ཀྱིས་ལྕི་བའི་དུས་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ཀྱི་ཆའི་རྨི་ལམ་དུ་མཁའ་སྤྱོད་བདེ་ཆེན་གླིང་གི་གསོལ་ཐབ་ཀྱི་གསང་སྒོའི་ཕྱིར་རང་འདུག་པར་རྗེ་ཉིད་ཕྱིར་ཕེབས་པའི་ཞབས་ཕྱིར་རྣམ་རྒྱལ་ཆོས་སྐྱིད་འདུག་པ། དེ་མ་ཐག་ཐུར་དུ་ཕེབས་སོང་བའི་དགོན་གཤམ་གཙང་པོ་ལྟ་བུའི་ཆུས་ཁེངས་འདུག་པར་དེར་རང་གི་བསམ་པར། ད་བླ་མ་སྐུ་ན་སྨིིན་པོ་འདིར་ཞབས་ཕྱི་གཅིག་ལས་མེད་པ་འདི་མི་བྱུང་བ་འདུག་པས་ང་རང་ཞབས་ཕྱིར་འགྲོ་སྙམ་པ་ན། དེ་མ་ཐག་པར་རྗེ་ཉིད་བར་སྣང་ལ་ཡོར་གྱིས་གཤེགས་སོང་བའི་བྲག་པོ་ཆེ་ནས་བསམ་རྩེའི་བར་བར་སྣང་འཇའ་འོད་ཁ་དོག་ལྔ་ལྡན་སྣམ་བུ་བསྐྱངས་པ་ལྟར་ཏ་ལེ་འདུག་པའི་སྟེང་རྗེ་ཉིད་ཞལ་ཁྱིམ་སྔར་གྱི་སྐུ་དར་མའི་དུས་བཞིན་མཚར་སྡུག་དང་ལྡན་པའི་སྐུ་གཅེར་བུ་དར་དམར་གྱི་ཨང་རག་དང་། རུས་པའི་རྒྱན་ཅན་དབུ་སྐྲ་གནག་སྣུམ་སྐུ་རྒྱབ་ཏུ་སིལ་བུར་འཆང་ཞིང་སེདྒེ་དཀར་མོ་ཞིག་ལ་ཆིབས། ཕྱག་གཡས་སྡིགས་མཛུབ་ནམ་མཁའ་དང་། གཡོན་བདག་ལ་ཐུར་དུ་བརྐྱངས་པའི་སྐྱབས་བྱིན་གྱི་ཕྱག་རྒྱ་མཛད་དེ་ཞལ་ཕྱིར་ལོག་གིས་གཟིགས་ཤིང་གསུངས་དྭངས་ཤིང་སྙན་པས་འདི་སྐད་དོ། །མ་བཅོས་སེམས་ཉིད་ཐོག་མ་མཐའ་བྲལ་ཞིང་། །རང་སེམས་དོན་གྱི་རྡོ་རྗེ་སེམས་པའི་ཞལ། །མངོན་སུམ་རང་ཞལ་མཇལ་ནས་འཁོར་བའི་ཆོས། །ཡོད་སྣང་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་ཤིང་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་ཡེར་གྱིས་གཤེགས་པའི་སྐྱོ་ངར་གྱི་མཆི་མ་ཤོར་བའི་ངང་ལ་གཉིད་སད་ཅིང་། འདི་ལས་ན་རྗེ་བླ་མ་དམ་པ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སྐུ་དངོས་ཡིན་པར་བསྟན་པས་རྫུ་འཕྲུལ་ལ་མངའ་མཉེས་པས་རྣམ་པ་གཟུགས་སྐུར་བཞུགས་པ་ཙམ་ལས་ངོ་བོ་ཡེ་ཤེས་པ་བདེ་ཆེན་དག་པའི་ཞིང་ཁམས་སུ་གཤེགས་པ་ཡིན་ནམ་སྙམ་སྟེ་རྗེས་སུ་གོ། ཡང་ནུབ་ཅིག་ཉི་མ་ཤར་བའི་ཉིན་གུང་ཙམ་ན་ཤོར་པོ་ལུང་གི་ཐད་ཀྱི་ནམ་མཁའི་གུང་དུ་ཉི་མ་ནམ་མཁའ་ལ་ཐིམ་པས་ས་རུབ་པ་སོགས་རྨི་ལྟས་ཀྱང་ངན་ནོ། །འདི་སྐབས་གནམ་ལོ་གསར་ཚེས་ཀྱི་ཉིན་གཟིམ་དཔོན་འགྱུར་གཡང་གི་ཚ་མོའི་དཔོན་པོ་བྱ་རྒྱུད་དགོན་པར་སྡོད་མ་བདེ་བའི་བརྟག་པ་ཞུས་པའི་རིམ་གྲོར་ཞི་བའི་སྦྱིན་བསྲེག་དང་
ལན་ཆགས་གཏོར་མ་གཏོང་བར་བདག་རྫོང་བདའ་སྩལ་བའི་ཕྱི་ཉིན་ཆུ་གཏོར་གཏོང་སྐབས་ཁ་ཤིན་ཏུ་སྐོམ་པར་ཆང་བཏུང་བས་ཡར་ལམ་དད་ཅན་རྣམས་ཀྱིས་སྦྱིན་པའི་བལ་ཊམ་གསུམ་ཡོད་པ་རྗེར་འབུལ་དུ་ཡོང་བའི་ཐུན་སེང་དུས་བཞེས་ཐུག་མཆོད་དུས་བདག་སྐུ་མདུན་དུ་ཡོད་པར་གང་ཅིའི་སློབ་དོན་དང་། ཁྱོད་ཀྱིས་དེ་རིང་ཆུ་གཏོར་གཏོང་སྐབས་ཆང་བཏུང་སོང་བ། ནང་རྟགས་ཀྱིས་ཆུན་པའི་གང་ཟག་ལ་ལྟོས་པ་ཆེར་མེད་ཀྱང་། ཕྱིས་ཁྱོད་རང་གི་སློབ་མ་རྣམས་ངན་ལམ་དུ་འགྲོ་བས་ཚུལ་དེ་འདྲ་ད་ནས་མ་བྱེད་གསུངས་པས། དེས་ན་འཁོར་འདས་སྒྲིབ་མེད་ས་ལེར་གཟིགས་པའི་བཀའ་ལུང་ཐོག་བབས་སུ་ཕེབས་པ་ཡང་མང་ངོ་། །ཡང་ཉིན་ཞིག་སྐུ་མདུན་དུ་འགྱུར་གཡང་དང་དགེ་སློང་བཀྲས་དབང་། ཨེམ་ཇི་ཡར་འཕེལ། བདག་བཅས་ཡོད་པར་དེར་བདག་ལ་ངེད་ཀྱི་ཁྲིད་གཉེར་དུ་བསྐོ་བཞག་བྱས་སྟབས་སླར་དོགས་གཅོད་བྱེད་མི་བྱུང་ན་ལྗགས་ལ་དཔའ་ལྕོག་བརྒྱབ་ཡོང་། ད་དུང་དོགས་གཅོད་བྱེད་རྒྱུ་འདུག་ན་གྱིས། གཞན་མ་ད་རྫོགས་པ་ཆེན་པོའི་བསྟན་པ་འདི་རྒན་མོ་ང་འདས་པའི་རྗེས་ཇེ་ཞན་དུ་སོང་སྟེ་རླུང་ནང་གི་མར་མེ་བཞིན་འགྲོ་ཡོད་ཕེབས་པར། དེར་བདག་གིས་དེ་འདྲ་མི་དྲན་པ་འདུག་སྐུ་ན་སྨིན་སྟབས་ཞབས་པད་བརྟན་པར་དཀའ་ཡང་ལོ་ཤས་ཤིག་རང་ཞབས་པད་བརྟན་དགོས། དེ་མིན་སྐུ་སྐྱེ་འདིར་རེ་ཞིག་རྫོགས་པར་ལུང་ལས་བསྟན་ཀྱང་བསྟན་འགྲོ་སྤྱི་དང་ཁྱད་པར་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་དང་བདག་སོགས་གདུལ་བྱའི་བུ་སློབ་རྣམས་ལ་གཟིགས་པའི་སྐུ་སྐྱེ་ཚར་གཅིག་ཅིས་ཀྱང་ཕེབས་དགོས་ཞེས་ནན་གྱིས་ཞུས་པས་དེར་འཁོད་ཐམས་ཅད་ཀྱིས་ཀྱང་ཞུས་སོང་བར། དར་ཅིག་ཅི་ཡང་མི་གསུངས་བར་བཞུགས། དེ་ནས་དར་རྒྱས་ཆོས་སྡིངས་པའི་བླ་རབས་ནས་ང་ལས་ཚེ་རིང་བ་མེད་ད་ནི་བཙུན་མ་རྒན་མོའི་བྱེད་ལུགས་དེ་ཙམ་ཡིན། དེ་སྔར་རྒྱ་བོད་གཉིས་སུ་ཕལ་ཆེར་བུད་མེད་ཀྱི་སྐྱེ་བ་རྐྱང་པ་ལེན་དགོས་བྱུང་བ་ལ། རེ་ཞིག་སྐྱེ་རྒྱུན་འདིས་ཆོད་པ་ཡིན་ཡང་། སྐྱེ་བ་འདིའི་འོག་ཏུ་རྟེན་དགེ་སློང་ཞིག་གི་སྐྱེ་བ་ལེན། དེ་ཡང་སྔར་དགེ་བའི་བཤེས་གཉེན་མཚན་ལྡན་ཞིག་ལ་གཏུགས་ཏེ་ངེས་གསང་བསྟན་པའི་སྙིང་པོ་འདི་ལ་ལག་རྗེས་འཇོག་ཐུབ་པ་ཞིག་
སླེབས་ཡོང་། ཕྲལ་དུ་ཡོང་བའི་ངེས་པ་མེད། དེ་དུས་ང་རང་རྣམས་འཛོམས་ཡོང་གསུངས། དེ་ཡང་ཟླ་བ་གསུམ་པའི་བར་བཅད་རྒྱར་བཞུགས་པའི་བཅད་རྒྱ་གྲོལ་རྗེས་གྲ་ཕྱི་ནང་གི་དགོན་ཚང་མ་དང་། མོན་མཁར་གྱི་དགོན་བཅས་པར་སེར་ཚོགས་རྒྱས་པ་དང་། དེ་ཞོར་དྭགས་པོ་གྲྭ་ཚང་ལའང་ཞབས་ཏོག་རྒྱས་པར་སྩལ། དེ་དུས་རྗེ་ཉིད་ངོས་ཀྱི་ཞབས་བསྐྱོད་པས་ཨོ་རྒྱན་སྨིན་གྲོལ་གླིང་གི་གནས་རྟེན་རྣམས་ལ་མཆོད་འབུལ་སྙན་ཤལ་བཅས་བསྟན་འགྲོ་སྤྱི་དང་ཁྱད་པར་རྡོ་རྗེ་སྙིང་པོའི་འདུས་སྡེ་འདིའི་དེར་འཛིན་བཅས་པར་ཐུགས་སྨོན་ལམ་རྣམ་དག་དང་། གཙུག་ལག་ཁང་གི་རྟེན་གཙོ་བོ་ཐུབ་དབང་དྲུང་དུ་རྗེ་ཉིད་ལ་དད་ཅན་དབུ་མཛད་སྙིང་པོ་སོགས་གྲྭ་བགྲེས་པ་འགའ་དང་བཅས་མཆོད་འབུལ་མཛད་དུས་བཀའ་ལས། ད་ངེད་ན་མཐོ་ཞིང་རྟེན་འདིར་འགྲོ་དོན་འབྱུང་བར་དཀའ་བས། དེས་ན་རྟེན་འདིའི་འོག་ཏུ་དམན་པ་མིན་པའི་ཕོ་ལུས་ཀྱི་རྟེན་ལས་བསྙེན་པར་རྫོགས་ཏེ། རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་ལ་ལག་རྗེས་མི་དམན་ཙམ་འཇོག་ནུས་པ་ཡོང་བའི་ཐུགས་སྨོན་གནང་དགོས་ཞེས་གདུལ་བྱ་ཕྱི་མར་དགོངས་པའི་བཀའ་སྩལ་ཏེ་གནས་གཟིགས་ལྷ་ཁང་ཐམས་ཅད་མཇལ་ཟིན་རྗེས། རྣམ་གྲོལ་ཡང་རྩེར་ཞག་གསུམ་གྱི་བར་བཞུགས་ནས་ཞལ་ངོ་རྣམས་ལ་ཕྱི་མཐའ་གཟིགས་པའི་ཞལ་ཆེམས་ཞིབ་པར་སྩལ་ཏེ་བདེ་ཆེན་གླིང་དུ་ཆིབས་སྒྱུར་ཕེབས་ལམ་སར་སྤྲུལ་སྐུ་དོན་གྲུབ་ཀྱི་ནང་གསར་གཟོ་བྱས་པར་མིང་ཞུས་པ་དཔལ་འབྱོར་བདེ་ལྡན་སྩལ་ཅིང་ལྷུན་གྲུབ་སྒང་དཀྱིལ་དུ་ལེགས་གླིང་ཆོས་དྲུང་གིས་སྤྱན་འདྲེན་ཞུས་པར་རེ་འདོད་སྐོང་བར་མཛད་དེ་རང་གནས་སུ་ཕེབས་ཏེ་བཅད་རྒྱར་བཞུགས། དེ་ཡང་སྤྱིར་ས་གླང་ལོ་ཤར་བ་ནས་བརྩམས་ཐམས་ཅད་ལ་ཕྱི་མཐའ་གཟིགས་པའི་ཞལ་ཆེམས་དང་། སྤྱན་རྟེན་ལྟུང་བཤགས་ཀྱི་ཐང་སྐུ་གསར་བཞེངས་གནང་བའི་རྒྱབ་བྱང་གནང་དུས་ད་རེས་རྫོགས་པའི་སངས་རྒྱས་ཀྱི་གསོ་སྦྱོང་སྐབས་ཀྱི་གསུང་དེ་བྱིན་རློབས་ཁྱད་བྲིས་དགོས་གསུངས་ཤིང་། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་གནང་ཞིང་རབ་ཏུ་གནས་པར་མཛད། དེ་ཞོར་ཁོ་བོའི་རྗེའི་སྐུ་ཐང་ལ་ཡང་དེ་བཞིན་དུ་སྩལ། དེ་ཡང་
འདི་ལོ་ནས་སྤྱིར་རྩ་ལོག་དང་སྐུ་རླུང་འཁྲེང་པ་དང་སྤྱན་ལྟས་ལོག་པ་སོགས་ལ་ཆེད་དམིགས་ཀྱི་སྐུ་སྤོང་ཐག་གིས་སེར་ཚོགས་ལན་གཉིས་བསྟུད་མར་མཛད་ཅིང་གཟིམ་ཆུང་སྦུག་སྒོ་སྔར་མེད་གསར་འདོན་དང་། དེ་ཡང་ས་གླང་དགུང་ལོ་དོན་གཅིག་བཞེས་པ་ཟླ་བ་བཞི་པའི་ཟླ་འགོར་བཅད་རྒྱ་གྲོལ་བའི་གྲ་གཙང་འདུས་གྲངས། བསམ་རྩེ། སོག་ཕུ་བསམ་གཏན་ཆོས་གླིང་དང་། ཨར་དོག་དགོན་གསར་གྱི་བཙུན་མ། ཕྱོགས་མཐའ་ངེས་མེད་ཀྱི་བྱ་བཏང་སོགས་བདག་སོགས་འདུས་པ་བརྒྱ་དང་དྲུག་ཅུ་སྐོར་ལ་ཨ་དོན་གྱི་ཟབ་ཁྲིད་རྒྱས་པར་སྩལ། དེར་འདུས་གྲོལ་སྟོན་སྐབས་དོན་གདམས་པའི་ཞལ་ཆེམས་ཕྲ་ཞིབ་ཏུ་སྩལ་རྗེས། ཁྱེད་རྣམས་ཀྱིས་ཆོས་དང་མཐུན་པའི་བྱ་བས་རང་གིས་རང་མི་བསླུ་བ་ཞིག་བྱེད་དགོས། སྤྱིར་བཟང་ངན་གྱི་རྣམ་འགྱུར་གང་བྱས་རྒྱལ་བས་སྒྲིབ་མེད་དུ་དབྱིངས་ནས་ས་ལེར་གཟིགས་མོད། དེས་ན་ཅུང་ཟད་འགལ་བྱར་གྱུར་ན་རང་གིས་མ་བྱུང་བ་ཡིན་འདུག་སྙམ་དུ་དེ་མ་ཐག་བཤགས་ཤིང་སྡོམ་སེམས་དང་། ཡང་ཟས་སྐོམ་མཐུན་རྐྱེན་ཚོགས་པའི་ཚེ་ན་ཡང་བླ་མ་དང་དཀོན་མཆོག་གི་ཐུགས་རྗེ་ཡིན་སྙམ་དུ་མཆོད་སྦྱིན་གཏོང་ཞིང་། དགེ་སྦྱོར་གྱི་འཆུན་པ་བྱེད། དབུལ་ཞིང་འཕོངས་པའམ་ན་ཚ་དང་སྡུག་བསྔལ་སོགས་ཀྱི་རྐྱེན་ངན་ཅི་བྱུང་ཡང་། ངའི་རྩ་བའི་བླ་མ་མཁྱེན་སྔོན་ལས་རྗེས་སུ་འབྲངས་བ་ལས་རྒྱུ་འབྲས་མི་བསླུ་བའི་བདེན་པ་ཡིན། ད་ཅི་བྱུང་ནའང་བྱུང་བླ་མ་དཀོན་མཆོག་མཁྱེན། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ་སྙམ་དུ་མཐར་དེ་ཐམས་ཅད་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་ཞོག་སོགས་བླང་དོར་ཞིབ་དུ་སྩལ། དེ་ནས་ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ནས་དོ་ནང་པད་གླིང་སྤྲུལ་སྐུ་སོགས་དོན་གཉེར་གྱི་སྐལ་ལྡན་བརྒྱ་ཕྲག་ཙམ་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་མ་བུ་ཚང་བར་སྩལ་བའི་འཕྲུལ་འཁོར་བསླབ་སྦྱོང་དུས་བདག་ལ་ཞལ་ཏ་ཡང་སྩལ། དབང་གི་དུས་སྐུ་སྨིན་སྟབས་སྐུ་རྟེན་པའི་ངལ་བ་ལ་ཞབས་དྲུང་མཁན་རིན་པོ་ཆེས་གནང་ན་ཞེས་ཞུས་གནང་ལ་བཀའ་ལས། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་འཇལ་བྱེད་གདམས་ངག་རོའི་སྟེང་དུ་བཞག་པ་ལ་དགོས་པ་ཅི་ཡོད་
ཅེས་སྩལ་བས་དབང་ཁྲིད་རྫོགས་པར་སྩལ་ཁྲིད་བཀའ་རྫོགས་ཚེ་བཀའ་ལས། སྤྱིར་རྒྱལ་བའི་བསྟན་ཞབས་དང་སྒོས་སྙིང་པོའི་བསྟན་པ་ནི་ཉག་ཤིན་ཏུ་ཕྲ་བའི་ནུབ་མ་རག་ལ་ཐུག་འདུག་པས། ཁྱེད་རྣམས་ཀྱིས་ཉམས་ལེན་ནན་ཏན་མཛད་དགོས། ཁྱད་པར་རང་རེའི་ཆོས་བརྒྱུད་རྗེ་གཏེར་ཆེན་བླ་མའི་ཞལ་སློབ་འཆད་སྤེལ་ནུས་པ་ད་རང་ངེད་ཙམ་ལས་མེད་པ་ལྟར་འདུག་པས། ངེད་རྒས་གཤིས་དཀའ་སྦྱོང་ཆེ་ཡང་ཆོས་རྒྱུན་བསམ་པས་ངལ་བ་ཁྱད་དུ་བསད་ནས་ད་རེས་གདམས་པ་ལྷག་མ་ལུས་པར་ཕུལ་བ་ཡིན་པས། ད་ནི་ལུས་ངལ་ཞིང་མིག་དབང་ཡང་མགྱོགས་མྱུར་འགྲིབས་འགྲོ་བ་འདུག་པས་རེ་ཞིག་སྡོད་སྲིད་ཀྱང་ད་རེས་ལྟ་བུའི་སྨིན་ཁྲིད་བྱེད་པ་ཞིག་ཡོང་མི་འགྲོ། དེས་ན་གཞན་དོན་གྱི་སྔོན་དུ་རང་རྒྱུད་སྨིན་དགོས་པས་ཐམས་ཅད་ཀྱིས་གཙོ་བོར་ཉམས་ལེན་ལ་རང་བྱན་ཆུད་པ་ཞིག་མཛད་ངོས། དེ་ཐོག་ནས་འཆད་སྤེལ་གང་ནུས་ཀྱི་འབད་པ་ཐམས་ཅད་ཀྱིས་འདོན་དགོས་ཞེས་བཀའ་སྩལ་བས་དེར་འདུས་ཚོགས་མིག་མཆི་མས་བརྣངས་ཤིང་ཡིད་དྲན་པ་སྟོར་བ་ལྟར་གྱུར། དེ་ནས་ཟླ་བ་དྲུག་ནང་དུ་ཉམས་གྲིབ་ལ་བརྟེན་པའི་མགུལ་ཆམ་གྱིས་སྐུ་ངལ་ཡང་པད་གླིང་སྤྲུལ་སྐུར་ཤ་འུག་ལྷ་ཆེན་གྱི་རྗེས་གནང་དང་། གྲྭ་གཙང་གཉེར་པ་ཀུན་ཁྱབ་ལ་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་དང་། དྲག་དམར་སྐུ་གསུང་ཐུགས་དབང་ཡང་སྩལ། དེ་རྗེས་རྗེ་ཉིད་ཀྱི་གཅུང་རྗེ་བཙུན་དྲུང་གི་སར་ཕེབས་པས་སྐུ་ཚེའི་སྨད་འདིར་ཐུགས་དམ་ལ་ཆིག་སྒྲིལ་གནང་དགོས་ཞེས་བཀའ་དང་རྗེ་ཉིད་ཀྱི་ཕྱག་འཕྲེང་བྱིན་རྟེན་དུ་སྩལ། དེ་ནས་ཡར་གཟིམ་ཆུང་དུ་ཕེབས་པའི་ཞབས་རིམ་པ་སེར་སྐྱ་མེད་པ་ཐམས་ཅད་ལ་མཇལ་ཁ་དང་སོ་སོར་གནང་ཆ་སྩལ་ཅིང་འདི་ཕྱིར་དགེ་བའི་ཞལ་ཆེམས་ཞིབ་པར་སྩལ། དེ་ནས་པད་གླིང་སྤྲུལ་སྐུ་དང་བདག་སོགས་སྐལ་ལྡན་མང་པོར་རྡོར་སེམས་ཐུགས་སྒྲུབ་ཀྱི་ཟབ་ཁྲིད་སྩལ། དེ་རྗེས་སྨོན་གྲུབ་ནས་སྡེ་པ་དངོས་གྲུབ་རབ་བརྟན་སྔར་ནས་དམ་སེལ་ཆེ་ཙམ་ཡོད་ཀྱང་སླར་ཡང་སྐུའི་འགལ་རྐྱེན་ཟློག་ཕྱིར་ཐུགས་ཐིག་གི་ཟབ་ཁྲིད་ཞུས་པར། དེ་ཉིན་ནས་ཞལ་ཁྱིམ་སྔར་དང་མི་འདྲ་བའི་དམར་སྨུག་ལ་སྔོ་མདངས་ཡོད་པའི་ཐུགས་གཏུམ་ཞིང་སའི་སྔོན་འགྲོ་སོགས་རགས་བསྡུས་དང་། དབང་གི་ཉིན་ཤངས་
ཚལ་མང་དུ་ཕེབས་པས་སྐུ་ངལ་ཡང་བསྐྱེད་རྫོགས་ཀྱི་གདམས་པ་མདོར་བསྡུས་སུ་སྩལ་ཅིང་། ཟླ་བ་བདུན་པའི་ཚེས་གཅིག་ནས་སྙུན་གྱིས་ཟིན་པ་ལ་དེར་ཞབས་བརྟན་སྐུ་རིམ་སྣ་མ་འགགས་པ་དང་། འཚོ་བྱེད་ཀྱིས་སྨན་དཔྱད་སོགས་ཞུས་པར་མི་བཞེས་ཤིང་། སྐུ་རིམ་སོགས་ལའང་ད་རིམ་གྲོ་མ་བྱེད་ཅི་བྱེད་པ་ཡིན་གསུངས་ཤིང་། གཟིམ་དཔོན་འགྱུར་གཡང་ངའི་རྗེས་སྤྱོད་ཁྱོད་ཀྱིས་གྱིས། ང་རང་གཉིས་ལ་འབྲལ་བ་ནམ་ཡང་མི་ཡོང་ཞེས་གསུངས་ཤིང་། དེ་ནས་གསུང་བཅད་པའི་ཏིང་ངེ་འཛིན་ཁོ་ནས། སྤྱན་གྱེན་དུ་དྲིལ་བའི་ལྟ་གདེང་ལ་མི་གཡེལ་བར་བཞུགས་སོ། །དེར་སྐུ་ཡར་བསྐྱེད་མ་བྱུང་བའི་ཚེས་དགུ་ནས་གསོལ་བ་ཐེབས་པའི་རེ་ཐག་ཆོད་ཀྱང་། ཞབས་དྲུང་སྐུ་མཆེད་གཉིས་ནས་བདག་ལ་བསམ་ཡས་རྩི་དམར་ཐང་དུ་ཞབས་བརྟན་སྐུ་རིམ་དུ་དམིགས་ཕོགས་བཟང་པོ་སྩལ་ཏེ་གཉིས་འཛིན་འཁྲུལ་གཅོད་གསང་གཅོད་གཏང་དུ་རྫོང་བདའ་གནང་བའི་ཚེས་བཅུའི་ནངས་ཞོག་བདག་འབོད་མིའི་བང་ཆེན་སྩལ་ཅིང་སྒབ་པའི་བཀའ་ཕེབས་འདུག་ཀྱང་ད་རང་མ་ལེགས་ཚར་སྙམ་ཇ་མར་སོགས་ཚོང་འདུས་སུ་མང་བསྐོལ་དུ་བཏང་སྟེ་ལོག་ཡོང་། དེ་དུས་ཚེས་བཅུའི་ཐོ་རེངས་ཀྱི་ཆར་སྐྱབས་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་སྐུ་གཞོན་ཉམས་རྒྱས་པའི་གཟི་བྱིན་ལྡན་པའི་སྐྱིལ་ཀྲུང་དང་ཕྱག་གཡས་སྙན་གཡས་ཀྱི་ཐད་སེ་གོལ་མཛད་པའི་བརྡ་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། སྤྱན་གྱེན་དུ་ཧྲིལ་གྱིས་དྲིལ་བའི་འཛུམ་མདངས་དང་ལྡན་པའི་ངང་ནས་ཆོས་སྐུའི་ལྟ་སྟངས་བཅས་པའི་དབུ་གཙུག་ཆེར་འཕགས་པའི་དྭངས་མའི་ཟིལ་པ་རླུང་དང་བཅས་ཁོལ་ཞིང་ལུད་པ་སོགས་ཡེ་ཤེས་གོང་འཕོའི་རྟགས་ངོ་མཚར་བ་ཀུན་གྱི་སྤྱོད་ཡུལ་དུ་བསྟན་ནས་བདག་སོགས་གདུལ་བྱར་གྱུར་པའི་སྐལ་ལྡན་རྣམས་ལ་གསང་ཆེན་རྫོགས་པ་ཆེན་པོའི་གདམས་པའི་གསུང་གི་བདུད་རྩི་ཇི་སྙེད་ཅིག་སྩལ་བའི་སྐལ་བ་ཉམས་སུ་མྱོང་བའི་མཐར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་མི་རིང་བའི་མོད་ལ་ཕྱི་ནང་གི་མངོན་པར་བྱང་ཆུབ་པ་ལྔས་གདུལ་བྱའི་མཐུན་འཇུག་ཙམ་དུ་རགས་པ་རང་བཞིན་ཉི་ཤུ་དང་། ཕྲ་བ་ནང་གི་འབྱུང་བའི་ཐིམ་རིམ་རྣམས་རྫོགས་
པའི་རྣམ་ཐར་བཞི་ལྡན་གྱི་ཡེ་ཤེས་འོད་གསལ་ཆོས་སྐུ་ཀ་དག་ཆེན་པོའི་ཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་སྤྲོས་པ་དང་བྲལ་བའི་གཤིས་བདེ་བ་ཆེན་པོ་སྒྲིབ་བྲལ་མི་འགྱུར་ཆོས་སྐུའི་དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཅིང་། དེ་ཉིད་ཀྱང་རང་རྩལ་མ་འགགས་པའི་རྣམ་རོལ་འགགས་མེད་ལོངས་སྐུ་དང་སྤྲུལ་སྐུའི་རོལ་པ་མཐའ་ཡས་པས་འགྲོ་བའི་དོན་དེ་སྲིད་དུ་མཛད་ཅིང་། ལྷན་སྐྱེས་བདེ་ཆེན་མངོན་དུ་གྱུར་པའི་ཞིང་ཁམས་སུ་ཧེ་རུ་ཀ་སོགས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་མཆོད་རྫས་ཀྱི་བཀུར་སྟི་དང་བཅས་མཁའ་སྤྱོད་དུ་སྤྱན་འདྲེན་པར་བཤད་དེ་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་ཀྱིས། །འཆི་བ་ཞེས་པ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་བཤད་པས་རིག་འཛིན་གྱི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཚོགས་དཔོན་དུ་གཤེགས་པར་བཤད་ལ། དེ་ནས་གང་གི་སྐུའི་ཞལ་ཁྱིམ་དང་གསུང་གི་བདུད་རྩི་མྱང་བའི་སྐལ་བས་འཕོངས་པར་གྱུར་ཀྱང་། ཞབས་དྲུང་སྐུ་མཆེད་དགེ་སློང་ཆོས་ལྡན་སོགས་གདུང་མཆོད་པ་རྣམས་ཀྱིས་མི་ཕྱེད་པའི་དད་པས་བླ་མའི་སྐུ་ལས་དབང་བཞི་བཞེས་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས་མཉམ་བཞག་མཛད་ཅིང་། སྐུ་གདུང་རིན་པོ་ཆེ་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་བསྐྱེད་པའི་གཙུག་ཏོར་སོགས་ལྷ་གནས་རྣམས་སུ་ནང་སྒྲུབ་ཀྱི་ལྷ་རྣམས་གསལ་བཏབ་པའི་རྩ་སྔགས་ཤམ་བུ་ཅན་བྲིས་པ་ཕུལ་ཏེ་དཀྱིལ་འཁོར་གྱི་ལྷའི་ངོ་བོར་བསྒྲུབས་ནས་བླ་མའི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་རྗེས་དགེ་སློང་ཟུང་དང་ཨེམ་ཇི་བཅས་ཀྱིས་ཞབས་ཕྱི་ཞུས་པའི་པུར་སྦྱངས་ཞུ་བའི་ཐོག་མར་སྐུ་ཁྲུས་གསོལ་ཏེ་ག་པུར་དང་གུར་གུམ་སོགས་དྲི་བཟང་པོས་ཁྱབ་པར་བྱུགས་ཤིང་། དེ་ནས་ནང་ཚས་དར་དཀར་སྲིད་དུ་རིང་བའི་ཕྱིར་གན་གོས་དམར་པོ་ཡུག་དང་ཀ་ཤི་ཀའི་རས་ཀྱི་ན་བཟའ་དྲི་བཟང་གིས་སྦགས་པས་དྲིལ་བ་རིན་པོ་ཆེའི་ཟ་མ་ཏོག་ཏུ་བཞུགས་གསོལ་བའི་ནང་སྐོར་རྣམས་དྲི་བཟང་གི་ཕུར་མས་གཏམས། ཕྱི་རོལ་ན་སྟོད་གཡོགས་དང་སྨད་གཡོགས་
སོགས་དར་དམར་གྱི་ཆས་དང་། རིན་པོ་ཆེའི་རྒྱན་བརྒྱན་ཏེ་ལྷའི་ཆས་སུ་བཅུག་སྟེ་ཁྲི་ལ་བཞུགས་སུ་གསོལ་བའི་སྤྱན་སྔར་སྐུའི་ཉེར་སྤྱད་དང་མཆོད་པའི་བྱེ་བྲག་སོགས་དཀྱིལ་འཁོར་གྱི་ལྷའི་མཆོད་རྫས་བཟང་ཞིང་བཀོད་ལེགས་པར་བཤམས་ཏེ། དེའི་ནངས་ཞོག་གསང་རྒྱ་བཀྲོལ་ཞིང་གཙོ་བོར་ཚོགས་ཆེན་གྱི་དབུས་གྲ་ཕྱི་ནང་གི་དགོན་ཆེ་གྲར་གསང་བཏོལ་གྱི་མང་ཇ་བཏང་། དེ་དུས་ནམ་མཁའ་དྭངས་ཤིང་འཇའ་སྤྲིན་ཚོམ་བུ་ཆེས་བཀྲ་བའང་བྱུང་ངོ་། །སྐུ་གདུང་གི་སྤྱན་སྔར་ཞབས་དྲུང་སྐུ་མཆེད་ཀྱིས་མཚོན་གྲྭ་གཙང་གི་དགེ་བཤེས་བཅས་བཅོ་བརྒྱད་ཀྱིས་བླ་མ་ཞི་བ་དང་། བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་མཆོད། ཚོགས་ཆེན་དུ་བླ་མ་ཞི་བ་དང་ཞི་ཁྲོ་དོང་སྤྲུགས་བཅས་ཆོག་ཁག་སོ་སོས་མཆོད་འབུལ་གསོལ་འདེབས། དབང་བླང་བ་སོགས་གདུང་མཆོད་ཞག་ཉེར་གཅིག་གི་བར་མཛད་ཅིང་། སྐུ་དངོས་གཞིར་གྲྭ་གཙང་གིས་རྗེས་འབྲེལ་དུ་གྲ་ཕྱི་ནང་མོན་མཁར་བཅས་པའི་དགོན་ཚང་མ་བསྡུས་པའི་སེར་ཚོགས་རྒྱས་པར་མཛད་དེ་བསྙེན་བཀུར་ཞབས་ཏོག་འབུལ་བ་སོགས་གྱ་ནོམ་པ་དང་། མི་སེར་དུད་ཆེ་ཆུང་ཚང་མ་དང་སྐུ་ཉེ་ཡོན་བདག་སློང་མོ་བ་སོགས་ལ་བཟའ་བཏུང་འགྱེད་བཅས་ཕུལ་དུ་ཕྱིན་པ་དང་། རང་ཞབས་རྣམས་སུ་སྦྱོར་འཇགས་དང་། ཁྱད་པར་གོང་ས་མཆོད་ཡོན་གྱིས་མཚོན་དབུས་ཀྱི་བླ་མ་ཆེ་ཕྲ་ཐམས་ཅད་ལ་བསྔོ་རྟེན་དང་། དགོན་ཆེ་ཆུང་མེད་པ་ཐམས་ཅད་ལ་མང་བཀོལ་དང་འགྱེད་བཅས་གནང་ཞིང་གཙོ་ཆེར་གོང་ས་ཡས་ཕྱིན་ནས་གདུང་འབུལ་གྱི་གནང་སྐྱེས་བཟང་བ་དང་། གཞན་ཡང་གྲྭ་གཙང་ཚོགས་ཆེན་གྱི་གྲྭ་མང་། དགོན་ལག་ཚང་མ་སྐུ་ཉེ་ནང་ཟན་གྲ་ཕྱི་ནང་གིས་མཚོན་དད་ཅན་གྱི་ཡོན་བདག་ཆེ་ཕྲ་ཚང་མ། ལྷག་པར་དགའ་བཞི་གུང་དང་ལྕམ་བདེ་ལྡན་སྒྲོན་མ། མི་རྗེ་གུང་སྐུ་ཞབས་གཡུ་ཐོག་མདའ་དཔོན། སྡེ་དཔོན་ཆེ་ཕྲ་མེད་པ་སོགས་མཆོག་གི་ལམ་མཁན་པདྨའི་གཟུངས་མ་མཁར་ཆེན་བཟའམ་བདུད་འདུལ་དྲག་མོ་རྩལ་ཞེས་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱི་འཕྲིན་ལས་ཀྱི་སྤྲུལ་པ་སྐྱེ་མཐར་གྱུར་པ་བདེ་ཆེན་ཌཱཀིའི་གཙོ་མོ་ཉིད་ལ་སྐྱབས་སུ་མཛད་པ་རྣམས་དང་། དེའི་ནང་ནས་རྗེ་བླ་མ་དམ་པ་ལྷན་སྐྱེས་ཀྱི་མཁའ་འགྲོའི་གཙོ་མོ་མཆོག་གིས་རྗེས་སུ་བཟུང་བའི་གནས་ལུགས་
ཟབ་མོའི་རྟོགས་པ་སྤྲོས་བྲལ་གྱི་ལྟ་བ་མངོན་དུ་རྟོགས་པའི་བྱ་བཏང་རྣལ་འབྱོར་པས་མཚོན་ཞལ་སློབ་ཚང་མས་སོ་སོའི་ཡོ་བྱད་དངོས་གཙང་གྱ་ནོམ་པའི་གདུང་འབུལ་བཀའ་ཐེགས་མཆོད་ཐེགས་སོགས་བདག་ཉིད་ཆེན་མོ་དེའི་ཐུགས་དགོངས་རྫོགས་པར་མཛད་ཅིང་། ཟླ་བ་བདུན་པའི་ཚེས་གནམ་གང་གི་ཉིན་གདུང་མཆོད་བསྡུ་བར་མཛད། དེ་ཡང་སྐུ་གདུང་རིན་པོ་ཆེ་བཞུགས་ཀྱི་བར་རྒྱུན་ལྡན་ཡང་བརྒྱ་མཆོད་གསུམ་རེ་ཆག་མེད་དང་། སྐུ་ཚིགས་སོ་སོར་འཕར་མ་སོགས་མི་ཆད་པ་ཡིན་ཡང་རུལ་དྲི་སོགས་དྲི་མི་སྡུག་པའི་རྣམ་པ་མེད་པར་དྲི་བཟང་པོས་དྲི་ཕལ་གྱིས་མཚོན་དུ་མེད་པའི་དྲི་མར་སྣང་ལ། ཟླ་བ་བརྒྱད་པའི་ཚེས་གཅིག་གི་ཉིན་སྐུ་གདུང་རིན་པོ་ཆེ་ཞུགས་ཀྱིས་སྦྱོང་བའི་སླད་དུ་སེར་སྦྲེངས་ཀྱི་བཀུར་སྟི་དང་བཅས་དོ་ལི་ལ་སྤྱན་དྲངས་ཏེ་གཟིམ་ཆུང་ཉི་འོད་ཀྱི་མཐོངས་སུ་མྱང་འདས་མཆོད་རྟེན་གྱི་རྣམ་པའི་ཐབ་ཁུང་དུ་བཞུགས་སུ་གསོལ་ནས། སྔར་གྱི་གདུང་མཆོད་པ་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་གའི་སྒོ་ནས་མཆོག་གི་སྦྱིན་བསྲེག་གི་མཆོད་པ་མཛད་ཅིང་། དེའི་ཚེ་མེ་ཕུལ་མ་ཐག་པར་དུ་བ་དཀར་པོ་མདུང་ཚུགས་པ་ལྟ་བུ་ནམ་མཁའི་དབྱིངས་མཐོན་པོར་སོང་རྗེས་དུ་བ་དཀར་པོ་ཞྭ་སྒོར་ཙམ་པ་ཞིག་དེ་ལས་མཆེད་ནས་ནུབ་ཕྱོགས་ཀྱི་ནམ་མཁའི་དབྱིངས་སུ་ཡེར་གྱིས་སོང་ཞིང་། དེ་ཡང་སྤྱིར་སྐུ་ཚིགས་རྣམས་སུ་ནམ་མཁའ་དྭངས་ཤིང་འཇའ་དཀར་ངོ་མཚར་ཅན་མང་པོ་ཆད་མེད་དང་། གྲྭ་ཚང་ཚོགས་ཆེན་ནས་གདུང་མཇལ་དུ་ལན་གསུམ་ཕེབས་དུས་ཀྱང་འཇའ་ཁ་དོག་ལྔ་ལྡན་འཆར་བ་དང་། ཁྱད་པར་དེ་ཉིན་ནམ་མཁའ་ཤིན་ཏུ་དྭངས་པའི་ཕྱི་མ་བྲག་པོ་ཆེའི་རི་རྩེ་ནས་ཆོས་སྡིངས་དང་། ནང་མ་བྲག་པོ་ཆེའི་གཟིམ་ཕུག་ནས་མཁའ་སྤྱོད་བདེ་ཆེན་གླིང་གི་གཟིམ་སྤྱིལ་ཐོག་ཏུ་འཇའ་འོད་ཁ་དོག་ལྔ་ལྡན་ཉིས་བརྩེགས་ཤིན་ཏུ་དྭངས་པ་དང་འཇའ་སྤྲིན་དཀར་པོ་འདོད་ཡོན་ལྔའི་རྣམ་པ་དང་ཁ་ཅིག་འཁོར་ལོ་རྩིབས་བཞི་དང་རྟ་མཆོག་གི་དབྱིབས་དང་། པདྨ་འདབ་མ་བཞི་པའི་རྣམ་པ་ཅན་སོགས་བསམ་གྱིས་མི་ཁྱབ་པའི་ངོ་མཚར་ཅན་མང་པོ་སྣང་བས་ཀུན་དད་པའི་ས་བོན་དུ་མཛད་དོ། །ཁྱད་པར་ཁྲི་ཆེན་རྗེ་པདྨ་བསྟན་འཛིན་རིན་པོ་ཆེ་ནས་ཞུན་
ཕུལ་བརྒྱ་རྩ་མ་རྫོགས་གོང་ནས་ཞུན་བཞེས་པའི་བར་སྐབས་ཤིག་ཏོག་སྒྲ་ཤིན་ཏུ་ཆེ་བའི་ཐུགས་ཞུན་གྱིས་མ་ཟོས་པར་མངོན་གྱུར་ཐོགས་བབས་སུ་ཞབས་དྲུང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་སྐུ་པང་དུ་མེ་སྒོ་ནས་རྒྱངས་མར་ཕེབས་ཤིང་། དེ་དག་གི་ཚེ་དུ་བའི་རྩེ་མོ་ཕལ་ཆེར་ནུབ་ཕྱོགས་ཀྱི་ནམ་མཁར་འགྲོ་ཞིང་། ཕོ་རོག་གིས་མཚོན་བྱ་ཚོགས་མང་པོ་གཏེར་བདག་གི་རི་བརྒྱུད་ནས་ཡར་དུ་བའི་རྗེས་སྙེག་ཅིང་། ནེའུ་ལེ་གཉིས་དུ་བ་ལ་ཐོག་མ་ཉིད་ནས་མཇུག་མ་རྫོགས་བར་སྐོར་བ་བསྐོར་བ་སོགས་བྱུང་ངོ་། །དེ་ནས་ཞག་བདུན་གྱི་བར་པུར་ཁང་ཞལ་མ་ཕྱེ་བའི་ཞོགས་ལྟར་མཁན་ཆེན་གྱིས་མཆོད་འབུལ་དུ་ཕེབས། འདི་སྐབས་ཞལ་སློབ་ཁ་རག་སྒོམ་ཆེན་འགྱུར་མེད་གློ་བུར་དུ་གདུང་མཇལ་དུ་འབྱོར། དེ་ནས་པུར་ཁང་ཞལ་ཕྱེ་བས་དབུ་ཐོད་རིལ་པོར་བཞུགས་ཤིང་། གདུང་རུས་རྣམས་ལ་ལྷ་སྐུ་དང་ཡིག་འབྲུའི་རྣམ་པ་དཔག་མེད་དང་། གདུང་ཐལ་ཕལ་ཆེར་དག་པའི་རྟགས་ངོ་མཚར་ཅན་སྣང་ངོ་། །དེ་ནས་གདུང་འབུམ་མཆོད་རྟེན་བཞེངས་ཤིང་གདུང་ཐལ་རྣམས་ལ་དགེ་སློང་ཆོས་ལྡན་ནས་སཱཙྪ་མཛད་པ། བསྟན་འགྲོའི་མཆོད་སྡོང་དུ་དངུལ་གདུང་རིན་པོ་ཆེ་བཞེངས་ཏེ་དེ་དག་ལ་གར་དབང་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་རབ་གནས་ཆོ་ག་སོགས་བླ་གྲྭ་ཚང་མས་མི་ཕྱེད་པའི་དད་གདུང་དྲག་པོས་གདུལ་བྱའི་འགྲོ་བ་རྣམས་ཀྱི་སྐྱབས་ཀྱི་མཆོད་སྡོང་དུ་སྒྲུབ་པར་མཛད་དོ། །དེ་ཡང་ལོ་ལྔ་ཙམ་གྱི་བར་སྐུའི་ལོ་དུས་ཀྱི་དུས་ཆེན་ལ་གཙོ་བོ་ཚོགས་ཆེན་དང་གྲ་ཕྱི་ནང་གི་དགོན་ཚང་མ་ཚོགས་པའི་སེར་ཚོགས་དང་། སླད་ཀྱི་ཆར་ལོ་ཟླ་བའི་དུས་མཆོད་ལ་རིག་འཛིན་འདུས་སྡེའི་ཚོགས་ཆེན་དུ་དཔལ་ཨོ་རྒྱན་ཆེན་པོའི་དུས་མཆོད་དང་བསྟུན་པའི་གཏེར་གསར་བླ་མ་ཞི་དྲག་དང་། ཁྱད་པར་ཇི་སྲིད་རྒྱལ་བསྟན་ནམ་གནས་བར་དང་དུས་ཀྱི་སྒྲུབ་མཆོད་ལ་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་ཉིད་རྗེ་བླ་མ་དམ་པའི་ལྷག་པའི་ལྷའི་གཙོ་བོར་མཛད་པས་དེའི་སྒྲུབ་མཆོད་ཀྱི་མཆོད་པ་ཆག་མེད་ཀྱིས་བདག་ཉིད་ཆེན་མོ་དེའི་ཐུགས་དགོངས་ཡོངས་སུ་རྫོགས་པར་མཛད་ཅིང་། དེ་དག་གི་འགན་བཞེས་ཐམས་ཅད་གཙོ་བོར་ཞབས་དྲུང་སྐུ་མཆེད་དང་། བླ་མ་ལ་གུས་ཤིང་གཏོང་བ་ལ་མ་རྨོངས་
པའི་ལས་དང་སྐལ་པར་ལྡན་པའི་སྐུ་ཚེ་དུ་མར་འབྲེལ་བའི་སྐལ་ལྡན་གཟིམ་དཔོན་འགྱུར་མེད་གཡང་འཛོམ་གྱིས་མཛད་དོ། །ལྷག་པར་རྡོ་རིང་ནས་མི་རྗེ་དགའ་བཞི་ཡབ་ཡུམ་གཉིས་ཀྱི་དངུལ་གདུང་གི་བཟོ་པ་དོན་གཉེར་ཆེན་པོས་སྩལ་ཅིང་། ཁྱད་པར་དངུལ་གདུང་མཆོད་སྡོང་ཆེན་པོའི་བཟོ་བཀོད་ཆེ་ཆུང་ད་ལྟ་མཐོང་བྱེད་ཡུལ་གྱུར་འདི་ཉིད་མཁན་ཆེན་བླ་མའི་ཡོངས་འཛིན་དགེ་བཤེས་མདྒ་ལའི་མཚན་ཅན་གྱིས་མཛད་པ་དེ་དག་གེགས་མེད་དུ་འགྲུབ་པར་གྱུར་བ་ནི་སྐྱབས་ཀྱི་མཆོག་གྱུར་རྗེ་བླ་མ་དམ་པ་བདེ་ཆེན་ཌཱ་ཀིའི་གཙོ་མོ་མཆོག་གི་བཀའ་དྲིན་གྱི་མཐུ་ཁོ་ན་ལས་གྲུབ་པ་ཡིན་པའི་ཕྱིར་རོ། །བདེ་ཆེན་གདལ་བ་མཁའ་སྤྱོད་འོག་མིན་དབྱིངས། །འཕོ་བྲལ་གཞོམ་ཞིག་བྲལ་བའི་སྐུ་བརྙེས་ནས། །རྣམ་འགྱུར་རྩལ་སྣང་རོལ་པ་རྡོ་རྗེའི་གཟིས། །ཟིལ་གནོན་གྲུབ་པའི་རྣལ་འབྱོར་མ་དེས་སྐྱོངས། །མི་འགྱུར་མི་ཤིགས་གསང་ཆེན་རྡོ་རྗེའི་མཁའ། །འགྲོ་ལ་བདེ་བའི་དཔལ་སྟེར་སྒྲོན་མེ་མཆོག །ཁྱབ་གདལ་འགྱུར་བ་མེད་པ་རྡོ་རྗེའི་ཞལ། །མངོན་སུམ་རང་ངོ་སྤྲོད་མཛད་མ་དེར་འདུད། །རྒྱལ་ཀུན་སྤྱི་གཟུགས་ཁྱབ་བདག་འགྲོ་བའི་མགོན། །རིགས་ཀུན་བདག་ཉིད་མི་འགྱུར་དཔལ་གྱི་སྒྲོན། །མགོན་ཁྱོད་མི་འགྱུར་རྡོ་རྗེའི་སྐུ་བརྙེས་ནས། །ཞིང་འདིར་མི་བཞུགས་གདོད་མའི་དབྱིངས་སུ་གཤེགས། །བདག་སོགས་གདུལ་བྱ་སྤྱི་དང་མགོན་ཁྱོད་ཀྱི། །གསུང་གི་བདུད་རྩི་མྱང་བའི་བུ་སློབ་རྣམས། །སྐྱབས་མེད་ཉམ་ཐག་མིག་གི་འབྲས་བུ་ཟུམ། །ཁོང་པའི་སྙིང་དོར་མེད་འདི་མི་གཟིགས་སམ། །འོན་ཀྱང་ངེས་གསང་མན་ངག་སྙིང་པོའི་གནད། །མི་ཤིགས་ཟག་མེད་མཚོར་འཁྱིལ་ཆོས་ཀྱི་རྗེ། །སྨྱོས་རིགས་མི་འགྱུར་དཔལ་གྱི་སྒྲོན་མ་ཡིས། །ཐུགས་ཀྱི་དགོངས་པ་བདག་གིས་སྐོང་བར་ཤོག །བདག་ཀྱང་སྐྱེ་བར་དལ་འབྱོར་རྟེན་བཟང་ལས། །གང་འདུལ་ཞིང་དུ་མགོན་ཁྱོད་མི་འབྲལ་ཞིང་། །གསང་ཆེན་ལམ་མཆོག་སྙིང་པོའི་གཞུང་བཟུང་སྟེ། །འགྲོ་ཀུན་སྒྲོལ་བའི་དཔའ་བོར་ལྷུན་གྲུབ་ཤོག །ཁྱད་པར་མགོན་ཁྱོད་རྣམ་འདྲེན་བཅུ་པའི་ཚེ། །རང་བཞིན་སྐུ་ཡིས་རྡོ་རྗེ་གདན་གྱི་སྤོར། །གསང་ཆེན་དཀྱིལ་འཁོར་འབྱེད་ཚེ་རབ་སྐྱེས་ནས། །ཟག་མེད་ཐུགས་ཀྱི་ཀློང་
དུ་དབྱེར་མེད་ཤོག །མི་ཤིགས་འགྱུར་མེད་འཁོར་ལོའི་ཕོ་བྲང་དུ། །དཔལ་ལྡན་བདེ་ཆེན་ཡེ་ཤེས་ཌཱ་ཀི་མའི། །ངོ་མཚར་སྒྲོན་མེའི་སྙིང་པོར་བྱང་ཆུབ་ནས། །དོན་གཉིས་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག །དེ་ལྟར་རིགས་བརྒྱའི་ཁྱབ་བདག་གར་གྱིི་དབང་ཕྱུག་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་པར་ཐར་པ་དད་པའི་གདུང་སེལ་ཞེས་བྱ་བ་འདི་ཡང་། དང་པོར་བོད་རྗེ་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱས་དང་། ལྷ་རྒྱ་རི་ཞབས་དྲུང་ཕྱག་རྡོར་དབང་ཆེན་གཉིས་ཀྱིས་རྗེ་བླ་མ་དམ་པའི་ཞབས་པད་དུ་གསོལ་འདེབས་མཛད་ཅིང་། དགུང་ལོ་ཞེ་གཅིག་ཕེབས་པ་ནས་བཟུང་དེ་རྗེས་ཞི་བའི་དབྱིངས་སུ་མ་གཤེགས་བར་ཁོ་བོས་སྔ་ཕྱིར་སྙན་ཞུ་ཚར་བཅུ་གཉིས་ཙམ་གསོལ་འདེབས་ཞུས་པའི་རྣམ་ཐར་གྱི་ས་བོན་བདག་ལ་སྩལ་ཏེ་བླ་མའི་རྣམ་ཐར་སློབ་བུས་རྩོམ་དགོས་པར་ཁྱོད་རང་ནས་གྱིས་ཕེབས་ཤིང་། སླར་ནན་གྱིས་ཞུས་པའི་བཀའ་རྩོམ་གྱི་དབུ་ཚུགས་ཀྱང་དམ་སྲིའི་བར་གཅོད་ཀྱིས་ལུས་པ་ལ་གཡས་རུ་གཙང་གི་ཕྱོགས་ནས་དད་ལྡན་རྡོ་རྗེའི་སློབ་བུ་བྱ་བཏང་འགྱུར་མེད་ཆོས་འཕེལ་གྱིས་རྣ་བའི་བུ་ག་ཡང་ནས་ཡང་དུ་གཙེར་ཞིང་། འགྲོ་བའི་བླ་མ་རིག་འཛིན་པདྨ་གླིང་པའི་སྲས་རིགས་ཆོས་རྗེ་གྲགས་རྒྱལ་བའི་ཡང་སྲིད་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དཔལ་བཟང་པོ་ཞེས་པས་ལྷ་རྫས་ཀྱི་གནང་སྐྱེས་དང་བཅས་གསུང་གིས་བསྐུལ་ཞིང་ཁྱད་པར་བདག་ཉིད་ཀྱིས་མི་ཕྱེད་པའི་དད་གདུང་དྲག་པོས་བསྐུལ་བའི་ཕྱི་རབས་སྐལ་ལྡན་རྣམས་ཀྱི་མོས་པའི་ས་བོན་དུ་རིང་མོ་ཉིད་ནས་མི་འགྱུར་དམ་བཅའི་རི་མོ་ཡིད་ལ་བཅངས་ཤིང་བཀའི་གནང་བ་ཐོབ་པ་ལ་བརྟེན་རྒྱལ་དབང་པདྨའི་གཟུང་མ་མཁར་ཆེན་བཟའི་ཡང་སྲིད་འཁྲུལ་མེད་བདེ་ཆེན་མཁའ་འགྲོའི་གཙོ་མོ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཆེན་པོས་འཚོ་ཞིང་ཞབས་རྡུལ་སྤྱི་བོས་ལེན་པ་སྐལ་ལྡན་འདུས་པའི་ཚོགས་ལ་བཀའ་གསང་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲིད་གཉེར་དུ་བྱིན་གྱིས་བརླབས་ཤིང་དབང་བསྐུར། ཤངས་སྟོད་ཁྱུང་པོའི་རིགས་ལས་རྒྱལ་ཁམས་པ་རྒན་པོ་ཁྱུང་པོ་རས་པ་གྲུབ་དབང་འགྱུར་མེད་འོད་གསལ་དུ་འབོད་པ་རང་ལོ་དྲུག་
ཅུ་རྩ་བརྒྱད་སོན་པ་དགེ་བྱེད་ཅེས་པ་ཆུ་སྟག་ནག་ཟླའི་ཚེས་བཅུ་རྗེ་བླ་མ་དམ་པའི་དུས་དྲན་སྐུ་མཆོད་ཀྱི་ཉིན་བཤེས་གཉེན་གྲྭ་སྟོན་དབང་ཕྱུག་འབར་གྱི་བྱིན་གྱིས་བརླབས་པའི་གྲ་ནང་སའི་ཐིག་ལེ་གནམ་བསྐོས་ཡང་རྩེའི་སྒོམ་ཁང་དུ་གྲུབ་པར་བགྱིས་པ་ལ་རྗེས་སུ་སྨྱོས་རིགས་ཀརྨ་བི་ཛས་ཚིག་སྦྱོར་གྲོང་ཚིག་ཕལ་སྐད་སྣ་ཚོགས་པའི་སྐབས་སུ་འབབ་མིན་ལ་ཞུ་དག་དང་བཟོ་བཅོས་མཛེས་བྱ་ཕྲན་ཚེགས་བགྱིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་མ་དམ་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །དགེའོ།། །།