སྔ་འགྱུར་སྨིན་གླིང་དཔེ་ཚོགས།
སྔ་འགྱུར་སོ་ཐར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར། ལོ་ཆེན་དྷརྨ་ཤྲཱི།
སྔ་འགྱུར་སྡོམ་རྒྱུན་གྱི་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།
སྔ་འགྱུར་སྡོམ་རྒྱུན་གྱི་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་སྨད་འདུལ་བའི་མཁན་བརྒྱུད་ཀྱི་རྣམ་ཐར་ཡིད་ཆེས་ངོ་མཚར་བའི་གཏམ་ཉུང་གསལ་སྒྲོན་མེ་ཞེས་བྱ་བ། སྟོན་པ་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །ཐུབ་ཆེན་འགྲོ་བའི་བླ་མ་ཟས་གཙང་སྲས། །གང་གི་རིང་ལུགས་ཞིང་འདིར་གསལ་མཛད་པ། །མཁན་ཆེན་ཞི་འཚོ་བརྒྱུད་པར་བཅས་ལ་འདུད། །ཐབས་མཁས་ཤིང་རྟས་གདུལ་བྱ་ཐར་གླིང་དུ། །འཁྲིད་མཁས་མཁན་བརྒྱུད་རིམ་པར་བྱོན་པའི་ཚུལ། །ཉུང་ངུའི་ངག་གིས་ཡིད་ཆེས་ངོ་མཚར་གཏམ། །རྒྱ་ཆེན་གསལ་ནུས་ལེགས་བཤད་སྒྲོན་མེ་བྱ། །དེ་ལ་འདིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་སོ་སོར་ཐར་པའི་སྡོམ་རྒྱུན་ནི་བོད་ཡུལ་གྱི་འདུལ་བ་འཛིན་པ་ཐམས་ཅད་སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པུ་ཡིན། དེ་ལྟར་ནའང་སྡོམ་རྒྱུན་རིམ་པ་གསུམ་བྱུང་སྟེ། དང་པོ་ནི། མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་བསྟན་པའི་ཉི་མ་བླ་ཆེན་པོ་ལ་བརྒྱུད་པ་སྨད་འདུལ་བའི་ལུགས། གཉིས་པ་ནི། ཤར་ཕྱོགས་ཀྱི་པཎྜིཏ་དྷརྨ་པཱ་ལ་ནས་པཱ་ལ་རྣམ་གསུམ་སོགས་ལ་བརྒྱུད་པ་སྟོད་འདུལ་བའི་ལུགས། གསུམ་པ་ནི། ཁ་ཆེའི་པཎྜིཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལ་བརྒྱུད་པ་ཁ་ཆེའི་ལུགས་དང་གསུམ་ལས། འདིར་སྨད་འདུལ་བའི་མཁན་བརྒྱུད་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟར་རིམ་པར་བྱོན་ཚུལ་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་བདག་ཅག་གི་སྟོན་པ་འདི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སངས་རྒྱས་ནས་སླར་ཡང་འཚང་རྒྱ་ཚུལ་སྟོན་པ་སོགས་གང་
ལ་གང་འདུལ་གྱི་བཀོད་པ་ཚད་མེད་པར་སྟོན་པར་གསུངས་པ་དང་། ཡང་གྲངས་མེད་གསུམ་གྱི་བར་དུ་སློབ་ལམ་བཞིའི་མཐར་ཐུག་ས་བཅུ་པ་མན་ཆད་བགྲོད་དེ་འཛམ་བུའི་གླིང་འདིར་སངས་རྒྱས་པ་བཞིན་དུ་བྱེ་བ་ཕྲག་བརྒྱའི་ཞིང་ཀུན་ཏུ་སྐུ་མཉམ་དུ་བསྟན་ནས་དོན་མཛད་པར་གསུངས་པ་ལ་སོགས་པའི་ཚུལ་དུ་མ་ཡོད་ཀྱང་། འདིར་སྐབས་སུ་བབ་པ་ལུང་དང་མངོན་འབྱུང་སོགས་འཁོར་ལོ་དང་པོའི་བཀའ་དགོངས་འགྲེལ་དང་བཅས་པ་ལས་འབྱུང་བ་ནི། སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་སེམས་བསྐྱེད། དེ་ནས་བཟུང་སྟེ་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་ཏེ། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། །དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས། དེ་ནས་ཡུལ་དང་རིགས་དང་དུས་དང་བརྒྱུད་དང་བུད་མེད་དེ་ལྔ་ལ་གཟིགས་ནས་ཆུ་སྟོད་ཟླ་བའི་ཉ་ལ་གླང་པོ་ཆེ་ཐལ་དཀར་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ནས། ཟླ་བ་བཅུ་ཕལ་ཆེར་རྫོགས་པར་དཔྱིད་ཟླ་ཐ་ཆུང་གི་ཚེས་བདུན་སྐར་མ་རྒྱལ་ལ་བབས་པ་ན་ལུམྦྷཱིའི་ནགས་ཚལ་དུ་བལྟམས་ཏེ། སྒྱུ་རྩལ་གྱིས་དྲེགས་པ་ཅན་རྣམས་ཚར་བཅད་ནས་བཙུན་མོའི་འཁོར་དང་བཅས་ཏེ་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས་སོ། །དེ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ལོ་དྲུག་ཏུ་དཀའ་བ་སྤྱད་དེ། རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་དགུང་ལོ་སོ་ལྔ་པ་ལ་ས་ག་ཟླ་བའི་ཉའི་སྲོད་ལ་བདུད་བཏུལ་ཞིང་སྐྱ་རེངས་འཆར་བར་ཕྱོགས་པ་ན། མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཚེ་རང་བྱུང་གིས་བསྙེན་པར་རྫོགས་པར་གྱུར་ཏོ། །དེའང་ཚོགས་ལམ་ཆེན་པོའི་རྟེན་ལ་སྦྱོར་ལམ་དྲོད་ནས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་མཛད་པ་སྟེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐར་བརྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སོ། །དེ་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝ་རཱ་ཎ་སིར་ལྔ་སྡེ་ལས་
བརྩམས་ཏེ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས་ལྔ་སྡེས་དགྲ་བཅོམ་པ་ཐོབ་བོ། །ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་ལ་སོགས་པ་ནས་རབ་བཟང་གི་བར་བཏུལ་ཏེ་དགུང་ལོ་བརྒྱད་ཅུ་པ་ས་གའི་ཉ་ལ་གྱད་ཡུལ་རྩྭ་མཆོག་གི་གནས་ཤིང་སཱ་ལ་ཟུང་གི་ཚལ་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་སྟོན་པར་མཛད་དོ། །དེ་ལྟར་སྟོན་པ་སངས་རྒྱས་ལས་སྡོམ་རྒྱུན་ཇི་ལྟར་བརྒྱུད་ཚུལ་ནི། སྤྱིར་ས་གའི་ལྷས། གང་ཕྱིར་བསྙེན་པར་རྫོགས་པ་ནི། །གཞན་ཡང་བྱེ་བྲག་སྨྲ་བར་བརྗོད། །ཇི་ལྟར་གནས་པ་མཁྱེན་པས་ན། །འདྲེན་པ་རང་རྒྱལ་རང་བྱུང་གིས། །འཕགས་པ་ཀཽ་ཌཱི་ནྱ་སོགས། །ལྔ་སྡེ་རྣམས་ནི་ངེས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་མཆོད་སྦྱིན་མ། །ཚུར་ཤོག་དགེ་སློང་ཞེས་བྱས་ཀྱང་། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུངས་བདག་ཉིད་ཆེ། །དྲི་བས་མཉེས་པ་ཉིད་ཀྱིས་ནི། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་ས་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་ལས་ལྷག་པས་ཀྱང་ནི་རུང་། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གཽའུ་ཏ་མ་ལྕི་ཆོས་ཀྱི། །ཞེས་བསྙེན་པར་རྫོགས་ཚུལ་བཅུ་གསུངས་པ་ལས། རང་བྱུང་གི་བསྙེན་རྫོགས་ནི། ཡུལ་གཞན་ལ་མ་བརྟེན་པར་སྲིད་པ་ཐ་མ་བའི་གང་ཟག་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་བརྙེས་པའི་ཚེ་རང་གི་ངང་གིས་རྫོགས་པ་ཡིན་ལ། འཕྲིན་དང་བཅུའམ་ལྔའི་ཚོགས་ཀྱིས་རྫོགས་པ་གཉིས་ནི་ཆོ་གའི་རིགས་བྱེད་ལ་བརྟེན་པ་ཡིན་ཞིང་། དེ་ལྷག་བདུན་པོ་སྟོན་པའི་ཐུགས་རྗེ་ལ་བརྟེན་ནས་རང་གི་ངང་གིས་བསྙེན་པར་རྫོགས་པ་ཡིན་པས་ཡུལ་སྟོན་པ་སངས་རྒྱས་ལ་བརྟེན་པའི་བསྙེན་རྫོགས་ཏེ་དེ་ལས་འདིར་ནི་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་ཤཱ་རིའི་བུ་ལས་བརྒྱུད་པ་ཡིན་ནོ། །༈ དེ་ལས་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ནི། ཡབ་བྲམ་ཟེ་སྐར་རྒྱལ་དང་། ཡུམ་བྲམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། མཚན་ཀུན་ཏུ་རྒྱུ་ཉི་རྒྱལ་དུ་གསོལ། ཆུང་
ངུ་ནས་རིག་བྱེད་ཐམས་ཅད་ལ་མཁས། མཁན་པོ་ཡང་དག་རྒྱལ་བའི་ཐད་དུ་ཚངས་པར་སྤྱོད་ཅིང་སློབ་མ་སྐྱོང་བའི་ཚེ། མཁན་པོ་འདའ་ཁར་སངས་རྒྱས་ལས་རབ་ཏུ་ཕྱུངས་ཤིག་ཅེས་ཁ་ཆེམས་བཞག་པ་དང་། རྒྱལ་པོའི་ཁབ་ཏུ་སོང་བ་ན་འཕགས་པ་རྟ་ཐུལ་མཐོང་བས་དད་དེ། ཁྱོད་ཀྱི་སྟོན་པ་གང་། ཅིའི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ། ཞེས་དྲིས་པ་ལ་ཨ་ལན་བཏབ་པས། ཉེ་རྒྱལ་གྱིས་དེའི་ཆོས་སྟོན་ཅིང་། རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །ཞེས་སོགས་གསུངས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་མཐོང་ནའང་། གཟུགས་ཀྱི་སྐུ་བལྟ་བའི་ཕྱིར་འགྲོའོ་ཞེས་མཽའུ་གལ་གྱི་བུ་དང་འགྲོགས་ནས་སོང་བ་ལས། བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་མཐོང་ནས་ལྷག་པར་དད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགེ་སློང་དག་ཚུར་ཤོག་ལ་ཚངས་པ་མཚུངས་པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་པ་ཙམ་གྱིས་སྐྲ་དང་ཁ་སྤུ་རང་བྱི་ཆོས་གོས་གསུམ་གྱོན་ཞིང་ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་སོ། །དེའི་ཚེ་བར་སྣང་གི་ལྷས། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་གྱུར། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀའ་པར་གྱུར། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་ཟླ་བ་ཕྱེད་འདས་པ་ན་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་སེན་རིང་ལ་ཆོས་བསྟན་པས་ཆོས་མིག་ཐོབ་ཅིང་ཚུར་ཤོག་གི་དགེ་སློང་དུ་གྱུར་པའི་ཚེ་ཆོས་དེ་ཐོས་པས་ཤཱ་རིའི་བུས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བརྙེས་པར་གྱུར་ཏོ། །༈ དེའི་མཁན་བུ་སྟོན་པའི་སྲས་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡབ་རྒྱལ་བུ་དོན་གྲུབ་སྟེ་རབ་ཏུ་བྱུང་ཁར་གྲགས་འཛིན་མའི་མངལ་དུ་བཞག་ནས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་བལྟམས་ཤིང་དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པས་ཁྱེའུའི་མིང་སྒྲ་གཅན་འཛིན་དུ་བཏགས། ལོ་དྲུག་པ་ལ་བཅོམ་ལྡན་འདས་བཙུན་མོའི་ཁྱིམ་དུ་གདུགས་ཚོད་ལ་
བྱོན་པའི་ཚེ་ཞབས་ཕྱིར་འབྲངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས་འཕགས་པ་ཤཱ་རིའི་བུ་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད། སྟོན་པ་ལས་ཆོས་མང་དུ་བླངས་ཤིང་བསྒྲུབས་པས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏེ། ཐུབ་པ་ཆེན་པོས་བཀའ་བསྒོས་པ་བཞིན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱ་དང་བཅས་ཏེ་པྲི་ཡངྐུའི་གླིང་ན་བསྟན་པ་སྐྱོང་བཞིན་དུ་བཞུགས་སོ། །༈ དེའི་མཁན་བུ་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨོ་ཊི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང་རིག་པའི་གནས་བཅོ་བརྒྱད་སོགས་ལ་མཁས་པས་བྲམ་ཟེའི་ཁྱེའུ་རྣམས་ལ་གསང་ཚིག་ཀློག་ཅིང་གནས་པ་ལས། ནམ་ཞིག་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པས་ནང་གི་ནུས་པ་རྙེད། དེའི་ཚེ་བྲམ་ཟེ་རྣམས་ཀྱིས་མྱོས་བྱེད་གསོལ་བ་ལ་བརྟེན་ནས་དམའ་དབབ་པར་འདོད་པ་ན་ཐམས་ཅད་ནུས་པས་ཚར་བཅད། དེ་ནས་ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིང་པོ་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པ་ཆེས་མཆོག་ཏུ་གྱུར་ནས་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་སར་གཙུག་ལག་ཁང་བརྩིགས་པ་ནཱ་ལེནྡྲར་གྲགས་པ་སྟེ་ཐོག་མར་མྱ་ངན་མེད་ཀྱིས་བརྩིགས་ཤིང་དེ་རྗེས་ཐོ་བཙུན་སྐུ་མཆེད་ཀྱིས་ཆོས་གཞི་དར་བར་མཛད་པ་དེའི་མཁན་པོར་གྱུར་ནས་བསྟན་པ་ཆེས་ཆེར་རྒྱས་པར་མཛད། ཕྱིས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཡུལ་ཀུན་ཏུ་རྒྱུ་བ་ན། མ་ར་ཧ་ཊར་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་དུ་གཟིགས་ཏེ་དེ་ཉིད་ཕྱག་རྒྱར་བསྟེན་པས་མདའ་བསྲང་བའི་བརྡའ་ཐབས་ཀྱིས་ཀྱང་ངོ་སྤྲད་པ་ལྟར་གྱུར་ཏེ་མཆོག་གི་དངོས་གྲུབ་བརྙེས། མཚན་ཡང་ས་ར་ཧ་གྲགས་ཏེ། དོ་ཧ་རྡོ་རྗེའི་གླུ་མང་དུ་མཛད་ཅིང་དཔལ་གྱི་རི་ལ་གཤེགས་ནས་ད་ལྟའང་བཞུགས་ཞེས་ཟེར་ལ། ཡང་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་པ་ཡིན་ཡང་གསུང་། སློབ་དཔོན་འདིའི་སྐུ་
ཚེའི་རིང་ལ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེ་བ་བྱུང་ཞེས་གྲགས་སོ། །༈ དེའི་མཁན་བུ་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་དཪྦྷར་བྲམ་ཟེའི་རིགས་སུ་འཁྲུངས། ལྟས་མཁན་གྱིས་སྐྱེ་བོ་བརྒྱ། བྲམ་ཟེ་བརྒྱ། དགེ་སློང་བརྒྱ་རྣམས་ལ་སྟོན་མོ་དྲངས་ན་རིམ་པར། ཞག་བདུན། ཟླ་བ་བདུན། ལོ་བདུན་དུ་འཚོ། དེ་ལས་ལྷག་པའི་ཐབས་མེད་ཟེར་བ་ལྟར་ཕ་མས་ཀྱང་ཚུལ་བཞིན་བསྒྲུབས་ནས། དེ་སྲིད་དུ་རིག་བྱེད་ཀྱང་མཁས་པར་བསླབས། དུས་དེ་རྣམས་རྫོགས་སུ་ཉེ་བ་ན་གཡོག་དང་བཅས་ཏེ་འཁྱམས་སུ་བཏང་བས་ནཱ་ལེནྡྲར་སླེབས། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིག་སྔགས་བཟླར་བཅུག་པས་འཆི་བའི་འཇིགས་པ་ལས་གྲོལ། དེར་རབ་ཏུ་བྱུང་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱངས། ལོ་ལོན་ནས་སྔར་གྱི་མཁན་པོ་ལ་བསྙེན་པར་རྫོགས་ཏེ་བསྟན་པ་བསྐྱངས། དབུ་མའི་ཚུལ་ལུགས་དར་བར་མཛད། ཉན་ཐོས་རྣམས་ལའང་ཕན་ཆེར་བཏགས། ཁྱད་པར་དུ་དགེ་ཚུལ་སློང་བསླབ་འཆལ་མང་པོ་དགེ་འདུན་གྱི་ནང་ན་དབང་ཆེན་གྱིས་གནས་པ་ཐམས་ཅད་བསྐྲད་པས་སྟོང་ཕྲག་བརྒྱད་ཙམ་དབྱུང་བར་གྲགས། སྡེ་པ་ཀུན་གྱི་བདག་པོ་མཛད། བཅུད་ལེན་སོགས་ཐུན་མོང་གི་དངོས་གྲུབ་མང་པོ་དང་བསད་གསོ་སོགས་ཀྱི་ནུས་པ་ཐམས་ཅད་ཀྱང་གྲུབ། ནཱ་ལེནྡྲར་ཐེག་ཆེན་གྱི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོར་གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། རྨ་བྱ་ཆེན་མོའི་རིག་སྔགས་གྲུབ་པས་ཀླུ་ཡུལ་དུ་བྱོན་ནས་ཡུན་རིང་པོར་བཞུགས་ཤིང་ཆོས་གསུངས། ཤེར་ཕྱིན་རྒྱས་པ་སོགས་སྤྱན་དྲངས་ཏེ་མི་ཡུལ་དུ་བྱོན། སྔར་མཚན་དགེ་སློང་དཔལ་དང་ལྡན་པ་ཞེས་བྱ་བ་ཡིན་པ་ལས་དེ་ཕྱིན་ཀླུ་སྒྲུབ་ཅེས་གྲགས། རིགས་ཚོགས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། མུ་སྟེགས་པའི་རྒོལ་བ་དང་ཐེག་ཆེན་ལ་སྡང་བའི་དགེ་སློང་བདེ་བྱེད་སོགས་རྩོད་པས་ཚར་བཅད། ལྷ་ཁང་དང་མཆོད་རྟེན་གྱིས་ཀྱང་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད། ཕྱིས་དཔལ་གྱི་རི་
ལ་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ཏེ་སྔགས་སྤྱོད་ཀྱིས་བཞུགས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་སྐུ་ལ་མཚན་བཟང་པོ་སོ་གཉིས་ཀྱིས་བརྒྱན་པར་གྱུར། རྒྱལ་པོ་བདེ་བྱེད་ཀྱི་བུ་ཆུང་ངུ་སུ་ཤཀྟིའི་དོན་དུ་མགུལ་ཀུ་ཤས་བཅད་དེ་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས་སོ། །གང་དག་བྲམ་ཟེ་སྒྲ་གཅན་འཛིན་གྱི་མཁན་པོ་གནས་བརྟན་ནག་པོ་པ་བྱ་བ་ཡིན་ཞེས་འབྱུང་བ་དང་། ཀླུ་སྒྲུབ་ཀྱི་མཁན་པོ་དྲི་མ་མེད་པའི་གཟི་བརྗིད་ཅན་ཞེས་སྦྱོར་ལམ་པ་ཞིག་ཡིན་ཞེས་པ་དང་། སྒྲ་གཅན་འཛིན་གཉིས་ཀྱི་བར་དུ་ཐེག་ཆེན་དཔལ་གྱི་གྲགས་པ་ཞེས་བྱ་བ་བརྒྱུད་དགོས་གསུང་ནའང་། སྔར་གྱི་མཁན་བརྒྱུད་སྔ་ཕྱི་ཐམས་ཅད་ཀྱི་ལོ་རྒྱུས་ལ་འདིར་བཤད་པ་ལྟར་ཡོད་ཅིང་། ཤཱ་རིའི་བུ། སྒྲ་གཅན་འཛིན་གཉིས། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་ས་ཏྭ་རྣམས་བསམ་ཡས་ཀྱི་གྱང་རིས་ལ་ཡོད་ཅེས་ཀུན་མཁྱེན་བུ་སྟོན་གསུངས་པས་ཀྱང་འདི་ཁོ་ན་དག་པར་སེམས་སོ། །༈ འཕགས་པ་ཀླུ་སྒྲུབ་ཀྱི་མཁན་བུ་སློབ་དཔོན་ལེགས་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལ་ཡར་རྒྱལ་རིགས་སུ་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་གྲུབ། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་བསྟན་པ་བསྐྱངས། དབུ་མ་རྩ་བ་ཤེས་རབ་ལ་སངས་རྒྱས་བསྐྱངས་ཀྱི་བཞེད་པ་སུན་ཕྱུངས་ཏེ་འགྲེལ་པ་མཛད། དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲང་བས་ལུགས་དེ་ཤིན་ཏུ་དར་བར་གྱུར། རིལ་བུའི་དངོས་གྲུབ་སྒྲུབ་པས་གྲུབ་ཅིང་། མཐར་རྣམ་སྨིན་གྱི་སྐུ་ལུས་བོར་ནས་རིག་སྔགས་འཆང་གི་གནས་སུ་གཤེགས་སོ། །༈ དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་པ་སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་མཐའ་དག་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། ཉན་ཐོས་དང་ཕྱི་རོལ་པའི་རྒོལ་བ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ཐེག་པ་ཆེན་པོའི་ལུང་
རྟོགས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །༈ དེའི་མཁན་བུ་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་ཊི་བི་ཤའི་ཡུལ་དུ་འཁྲུངས་ཤིང་། ཆུང་ངུ་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག་བྷཾ་ག་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཆོས་ཉན་པས། ལེགས་ལྡན་འབྱེད་ཀྱི་སྲོལ་འཛིན་དབུ་མ་པ་ཆེན་པོར་གྱུར། དབུ་མ་བདེན་གཉིས་ལ་སོགས་བསྟན་བཅོས་ཀྱང་མང་དུ་མཛད། འཕགས་པ་སྤྱན་རས་གཟིགས་ཡུན་རིང་པོར་བསྒྲུབས་པས་མཐར་ཡིད་བཞིན་ནོར་བུའི་འཁོར་ལོར་བསྒྱུར་བས་ཞལ་གཟིགས་ཏེ་མངོན་ཤེས་ཀྱང་གྲུབ། མདོ་སྡེ་དུ་མ་ཐུགས་ནས་འདོན་ཞིང་མུ་སྟེགས་ཀྱི་རྒོལ་བ་རྣམས་ཀྱང་རྩོད་པས་ཕམ་པར་མཛད་པ་ཡིན་ནོ། །༈ དེའི་མཁན་བུ་གངས་ཅན་བསྟན་པའི་ཉི་མ་ཨཱ་ཙཪྱ་བོ་དྷི་སཏྭ་ནི། ཤར་ཕྱོགས་བྷཾ་ག་ལའི་ཡུལ་དུ་ས་ཧོ་རའི་རིགས་སུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཡོངས་གྲགས་ཤཱནྟ་རཀྵི་ཏ་སྟེ་ཞི་བ་འཚོའམ་དྷརྨ་ཤནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་ཀྱང་བྱ། ཐུན་མོང་གི་སྡེ་སྣོད་གསུམ་དང་ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཐུགས་སུ་ཆུད། རིག་པའི་གནས་སུ་གྱུར་པ་མཐའ་དག་ཀྱང་མཁྱེན་པར་མཛད། ལྷག་པར་རང་རྒྱུད་གོང་མའི་རིང་ལུགས་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་དེ་འཕགས་ཡུལ་དུ་བསྟན་པ་ཡུན་རིང་དུ་བསྐྱངས། དེ་ནས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་བཞེད་པ་ན། སང་ཤི་དང་། གསལ་སྣང་གིས་རྒྱ་ནག་ཏུ་ཕྱིན་ཏེ་ཆོས་བམ་པོ་སྟོང་ཙམ་བླངས་ཀྱང་མ་ཞང་གི་ཆད་པས་འཇིགས་ནས་སྦས། ཕྱིས་རྦས་གསལ་སྣང་མང་ཡུལ་གྱི་ཁང་དཔོན་ལ་བསྐོས་པས། དེར་གཙུག་ལག་ཁང་གཉིས་བརྩིགས་ཤིང་རྐྱེན་རིས་ཀྱང་བཅད། བལ་པོར་མཁན་པོ་ཞི་བ་འཚོ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས། བོད་ཡུལ་དུ་འབྱོན་པར་གསོལ་བས། བོད་ངའི་གདུལ་ཞིང་
ཡིན་ཡང་ཁྲི་སྲོང་ལྡེའུ་བཙན་དང་ཁྱོད་མ་སྐྱེས་པས། ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་སྒུག་གིན་བསྡད་པ་ཡིན། ད་ཁྱོད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབས་ཞེས་གསུངས། དེ་ནས་རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་ལ་མཆོད་པ་ཆེན་པོ་བྱེད་དུ་ཕྱིན། སླར་ལོག་སྟེ་དབུས་སུ་འོང་ནས། བཙན་པོ་ལ་མཁན་པོའི་གསུང་རྣམས་གསོལ་བས། བཙན་པོའི་ཞལ་ནས། མ་ཞང་གིས་ཆད་པ་བཅད་དོགས་ཡོད་པས་ཁྱོད་རང་མྱུར་དུ་སོང་། ངས་ལྐོག་ཏུ་འགོས་རྒན་དང་གྲོས་བྱས་ནས་ཐབས་ཀྱིས་སྤྱན་འདྲེན་དུ་བཏང་གི་གསུངས། དེ་ནས་འགོས་རྒན་གྱིས་གཡོ་ཆེན་པོས་མ་ཞང་གསོན་དུར་དུ་བཅུག་སྟེ། ཕོ་ཉ་མངགས་པས་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས་ལྷ་སར་ཕྱགས་ཕེབས་པ་དང་། བཙན་པོས་བློན་པོ་རྣམས་ལ་ཨཱ་ཙཪྱ་དེ་ཇི་ལྟར་འདུག་ལྟོས་ལ་ཤོག་བཟང་པོ་ཞིག་འདུག་ན་འདིར་ཡང་སྤྱན་འདྲེན་ནོ་གསུངས། བློན་པོ་རྣམས་ཀྱིས་ཕྱིན་ཏེ་དྲིས་པས། མཁན་པོའི་ཞལ་ནས། ཁོ་བོའི་ཆོས་ལུགས་ནི་རིགས་པས་བརྟགས་ནས། གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་པ་ཡིན་གསུངས། དེར་རྒྱལ་བློན་མཐུན་པས་སྤྱན་དྲངས་ཏེ་འོམ་བུའི་ཚལ་དུ་མཇལ། བཙན་པོས་ཕྱག་མཛད་པའི་ཚེ། ཨཱ་ཙཪྱའི་ཞལ་ནས། འོ་སྐོལ་འོད་སྲུང་གི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་དུ་བོད་དུ་དམ་ཆོས་སྤེལ་བར་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་ལམ་གསུངས་པའི་ལན་དུ་མ་འཚལ་ཞུས་པ་ན། མཁན་པོས་བྱིན་གྱིས་བརླབས་ཏེ་བཙན་པོས་སྔོན་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་ཕོ་བྲང་ཀླུང་ཚུགས་ཀྱི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་སུ་བཅུག་སྟེ། ཟླ་བ་བཞིར་ཁ་ཆེ་ཨ་ནནྟས་ལོ་ཙཱ་བྱས་ནས་བཙན་པོ་ལ་དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གཉིས་ཁམས་བཅོ་བརྒྱད་རྣམས་ལས་བརྩམས་ཏེ་ཆོས་བཤད་པས། བོད་འདྲེ་རྣམས་ཁྲོས་ཏེ་ཕོ་བྲང་ཕང་ཐང་ཆུས་ཁྱེར། དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ཡུལ་ཁམས་རྣམས་སུ་ལོ་ཉེས་དང་མི་ནད་ཆེན་པོ་བྱུང་བས། བོད་འབངས་ཐམས་ཅད་ཀྱིས་ཆོས་བྱས་པས་ལན་ཟེར་ཆོས་བྱར་མ་བཏུབ་ནས། བཙན་པོས་མཁན་པོ་ལ་གསེར་ཕྱེ་བྲེ་གང་གི་ཡོན་ལན་གསུམ་ཕུལ་ནས།
འདི་སྐད་ཅེས་ཨཱ་ཙཪྱ་རེ་ཞིག་བལ་ཡུལ་དུ་བཞུད་ལ། དེ་བར་བོད་མི་རྣམས་ལྷ་ཆོས་མི་བྱེད་དུ་མི་རུང་བར་གླེང་ཞིང་བརྔན་པར་སྦྱིན། ཞང་བློན་རྣམས་ཐབས་ཀྱིས་བྲིད་ནས་ཆོས་བྱར་བཏུབ་པའི་ཚེ་སླར་སྤྱན་འདྲེན་ནོ་ཞུས་པས། མཁན་པོའི་ཞལ་ནས། བོད་ཀྱི་འདྲེ་སྲིན་འདུལ་བ་ལ་སློབ་དཔོན་པདྨ་སམྦྷ་ཝ་བྱ་བ་ད་ལྟ་ས་སྟེང་ན་མཐུ་ཆེ་ཤོས་དེ་སྤྱན་དྲངས་ན་བཙན་པོའི་བསམ་པ་འགྲུབ་གསུངས། གསེར་ཁྱོར་བ་གང་བལ་པོའི་རྒྱལ་པོ་ལ་སྦྱིན་དགོས་གསུངས་ནས་བསྣམས། ལྷག་མ་རྣམས་བཙན་པོ་ལ་གཏད་དེ་ཕྱི་ལྟར་ན་བསྐྲད་པ་ལྟར་བྱས་ཏེ་གསལ་སྣང་དང་ལང་གྲོ་སྦ་རས་བལ་ཡུལ་གྱི་བར་དུ་བསྐྱལ། སླར་ལོག་ནས་གསལ་སྣང་ཆོས་ཀྱི་སྤྱན་པར་བསྐོས་ཏེ་འཁོར་སུམ་ཅུ་དང་བཅས་རྒྱ་ནག་ཏུ་ཕོ་ཉར་ཕྱིན། དེ་བར་ཞང་བློན་ཐམས་ཅད་བསྡུས་ནས་ཆོས་བྱེད་པའི་ཆད་སོ་གྲུབ་པའི་ཚེ་རྒྱ་རྗེས་ཕོ་ཉ་རྣམས་ལ་བྱ་དགའ་ཆེན་པོ་དང་། བཙན་པོ་ལ་དར་ཡུག་ཁྲི་ཕྲག་སོགས་སྐྱེས་མང་པོ་དང་བཅས་ཏེ་སླེབས། དེ་ནས་བལ་ཡུལ་དུ་སྤྱན་འདྲེན་གྱི་ཕོ་ཉ་བཏང་བས། སློབ་དཔོན་རྣམ་གཉིས་བྱོན་ཏེ་སློབ་དཔོན་ཆེན་པོ་པདྨས་བོད་འདྲེ་ཐམས་ཅད་བཏུལ་ནས། ད་ཕྱིན་ཆད་ལྷ་ཆོས་ཅི་དར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་དུ་བརྩིགས་ཤིག་གསུངས་པ་ལྟར། བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས་པས་ལོ་ལྔ་ལ་ལེགས་པར་འབྱོངས། དེ་རྗེས་བཱི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ། ཨཱ་ཙཪྱ་བོ་དྷི་སཏྭ་མཁན་པོ་མཛད་དེ་སད་མི་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་ནས་ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། ཡེར་བ་དང་ཡེར་པའི་སྒོམ་ཆེན་བརྒྱ་དང་བརྒྱད་ལས་དཔལ་གྱི་རྡོ་རྗེ་མ་གཏོགས་ཐམས་ཅད་འོད་ལུས་སུ་གྲུབ་བོ། །ལས་རྒྱུ་འབྲས་འདི་ལ་ཧ་ཅང་གིས་སྐྲག་གསུངས། ཆུ་བོ་རི་དང་མཆིམས་ཕུ་རྣམས་སུ་སྒོམ་གྲྭ་ཆེན་པོ་བཙུགས་ཏེ་རབ་བྱུང་ཐམས་ཅད་ཀྱི་འཚོ་བ་བླ་ནས་སྦྱར། སྔགས་མཚན་ཉིད་ཀྱི་ཆོས་ཕལ་མོ་ཆེ་བསྒྱུར་ཞིང་ཉན་བཤད་ཀྱིས་གཏན་ལ་ཕབ། མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུས་གངས་ཅན་གྱི་ཡུལ་ཐམས་ཅད་མཛེས་པར་བྱས་སོ། །
དུས་ཕྱིས་ཇོ་བོ་དཱི་པཾ་ཀ་རས་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས། རྒྱ་དཔེ་མང་པོ་འདུག་པ་གཟིགས་པས་ཤིན་ཏུ་དགྱེས་ཏེ། སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདུག་ཅེས་བསྔགས་པར་མཛད། མཁན་པོ་དགུང་ལོ་དགུ་བརྒྱ་བཞེས་པའི་ཚེ་བོད་ཡུལ་དུ་བྱོན་ཞེས་གྲགས་པ་ནི་མཁན་པོ་ཉིད་ལྷ་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་པ་ཙམ་བྱས་ན་བོད་དུ་ཕེབས་པའི་བར་ལ་རགས་རྩིས་ལོ་བཞི་བརྒྱ་ལྷག་ཙམ་སོང་བས་དགུ་བརྒྱ་ཞེས་པ་ནི་ཕྱེད་ལོ་ཡིན་པར་མངོན་ལ། དེ་ལྟར་ན་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐེ་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་པ་དེ་ཡང་བློ་སེམས་དང་། འཚོ་ཞེས་པ་ཞི་འཚོ་ལ་འབྱོར་བས་མཁན་པོ་ཡིན་པར་འགོས་ལོ་ཙཱ་བ་ཆེན་པོས་བཞེད་པ་དང་། བོད་ཀྱི་རྒྱལ་རབས་དགུའི་བར་ཁྲི་སྲོང་སྒུག་གིན་བཞུགས་པ་སོགས་དང་ཡང་སྒྲིག་ནུས་སོ། །དེ་ནས་བོད་ཀྱི་ཡུལ་འདིར་ཡང་ལོ་བཞི་བཅུའི་བར་དུ་བསྟན་པ་བསྐྱངས། མཐར་བྲག་དམར་གྱི་ཕོ་བྲང་དུ་རྟས་འཕྲས་བརྒྱབ་པས་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ནས་སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པར་བཞུགས་སུ་གསོལ། རབ་བྱུང་གི་སྡེ་དབྱར་མཚོ་ལྟར་འཕེལ་ཞིང་རྒྱུན་མི་ཆད་པའི་ཕྱིར་དུ་མཆོད་རྟེན་གྱི་ཤར་ཕྱོགས་སུ་སྐུ་གདུང་འཇོག་པ་ཡིན་གསུངས། ༈ དེའི་མཁན་བུ་རྦ་རཏྣ་ནི། ཡུལ་ཡར་ལུང་པ་ཡིན་ཟེར། རུས་སྦ། ཨཱ་ཙཪྱ་བོ་དྷི་ས་ཏྭ་སོགས་ལས་ཆོས་མང་དུ་སློབ་པའི་ཞང་བློན་དད་པ་དང་ཤེས་རབ་ཕུན་སུམ་ཚོགས་པར་མངའ་བ་ཞིག་ཡིན། ནམ་ཞིག་གི་ཚེ་བཙན་པོའི་ཞལ་ནས། ངའི་བོད་ལ་དགེ་སློང་མེད་པས་ངའི་ཞང་བློན་དག་ལ་དགེ་སློང་བཏུབ་བམ་ཞེས་ཞུས་པས། མཁན་པོའི་ཞལ་ནས། བཏུབ་བམ་སད་པར་བྱ་གསུངས་ཏེ། ལུག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་ཨཱ་ཙཪྱ་ཞི་བ་འཚོས་མཁན་པོ། དཱ་ན་ཤི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞན་བཅུ་པོས་ཁ་སྐོང་བྱས་ཏེ། བོད་མི་ལ་དད་པ་ཆེ་བ་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་མ་ཐག་ལྷའི་མངོན་ཤེས་དང་ལྡན་པས་བཙན་པོ་དགྱེས་ཏེ། དེའི་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ནོ་ཞེས་བཀའ་སྩལ་བས་མཚན་རྦ་རཏྣ་ཞེས་གྲགས།
མཚན་དངོས་དཔལ་དབྱངས་ཡིན་ཞེས་རྦ་བཞེད་ཆེ་བ་ནས་འབྱུང་གསུངས་ཏེ། བོད་ཀྱི་རབ་ཏུ་བྱུང་བ་ལ་སྔ་བ་འདི་ཡིན་ནོ། །བཙན་པོས་ད་དུང་རབ་ཏུ་ཕྱུངས་ཤིག་ཞུས་པས། སད་པར་བགྱི་གསུངས་ནས་རྦ་གསལ་སྣང་དང་སྤ་གོར་ཧེ་འདོད་ཀྱི་བུ་སོགས་རབ་ཏུ་བྱུང་ཞིང་མཚན་ཡེ་ཤེས་དབང་པོ་དང་བཻ་རོ་ཙཱ་ན་རཀྵི་ཏ་སོགས་བཏགས་པར་བཤད། དེ་ནས་རྦ་རཏྣ་གནས་བརྟན་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་བསམ་ཡས་ཀྱི་པྲ་ཏི་ཧ་རའི་མཆོད་པ་ཆེན་པོའི་དུས་སུ་དད་པ་ཅན་སུམ་བརྒྱ་ཙམ་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོས་ཡུན་རིང་དུ་བསྐྱངས་བའི་མཐར། ཇོ་མོ་ཡིད་བཞིན་འཁོར་ལོས་སྒྱུར་བའི་སྐུ་གཟུགས་ཀྱི་སྤྱན་ཆབ་ཕྱུང་བ་སོགས་ངོ་མཚར་བའི་རྟགས་མང་པོ་བསྟན་ནས་སྐུ་གཤེགས་སོ། །༈ དེའི་མཁན་བུ་ནི། བསྟན་པ་ཕྱི་དར་གྱི་རྩ་བ་དམར་གཡོ་གཙང་གསུམ་ཞེས་གྲགས་ཤིང་གྲུབ་པ་དེ་ཉིད་ཡིན་ཏེ། འཇད་ཀྱི་གྱེར་མི་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནི་གསུམ་གྱིས་རྦ་རཏྣ་ལས་རབ་ཏུ་བྱུང་ཞེས་བསྙེན་པར་རྫོགས་ནས། ཛི་ན་མི་ཏྲ་དང་། དཱ་ན་ཤྲཱི་ལ་དང་། ཅོག་གྲུ་ཀླུ་དང་། རང་གི་མཁན་པོ་སོགས་ལས་གསུང་རབ་ལ་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བསམ་གཏན་སྒོམ་ཞིང་བཞུགས་པ་ལས། ལྕགས་བྱ་ལ་ཁྲི་འུ་དུམ་བཙན་དར་མས་བསྟན་པ་བསྣུབས་པའི་ཚེ་ཀརྨ་ཤ་ཏཾ་སོགས་འདུལ་མངོན་གྱི་དཔེ་ཆ་དགོས་པ་རྣམས་ཁྱེར་ནས། དང་པོ་སྟོད་ཕྱོགས་ལ་བྲོས། རྒྱལ་པོའི་ཁྲིམས་ཀྱིས་ཁྱབ་པས་འཇིགས་ཏེ་ཉིན་པར་ཡིབ་ཅིང་མཚན་མོ་ལམ་བཅད་དེ་སོང་བས་མངའ་རིས་སུ་སླེབས། དེར་ཡང་བཞུགས་མ་ནུས་པར་གར་ལོག་ནས་འཐོན་ཏེ་བྱང་སྟོད་བརྒྱུད་ཧོར་ཡུལ་དུ་བྲོས། ཧོར་གྱི་དགེ་བསྙེན་ཤཱཀྱ་ཤེས་རབ་ལ་བརྟེན་ནས་བཞུགས་ཏེ་བསྟན་པ་དར་བར་བྱེད་དགོས་སྙམ་ནས་འབད་ཀྱང་དར་བར་མ་ནུས་པས་མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཚྭ་མཚོ་ནས་ཚུར་འཐོན་ཏེ། རྨ་ཆུའི་བརྒྱུད་མདོ་སྨད་ཀྱི་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་སོ། །
༈ དེ་ནས་གཙང་རབ་གསལ་གྱི་མཁན་བུ་བླ་ཆེན་པོ་ནི། སྐྱེ་བ་སྔ་མ་རྒྱལ་པོའི་ཆོས་བློན་འགྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་པ་ཞིག་གིས་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཟེར། དོན་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོ་ལ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་དུ་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔལ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱི་ལས་དབུ་ཚད་དང་། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྫིས་དམར་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ནས། འདི་ལྟར་འདུག་ཅེས་མི་རྣམས་ལ་སྨྲས་པ་ཐོས་ཏེ། མུ་ཟུ་གསལ་འབར་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་གིས་རབ་ཏུ་བྱུང་བར་བྱ། །སྙམ་དུ་དགོངས་ཏེ་རབ་ཏུ་བྱུང་བར་གསོལ་བས། འདུལ་བའི་པུསྟི་ཞིག་གཏད་ནས། འདི་ལྟོས་ལ་དད་ན་རབ་ཏུ་བྱུང་བར་བྱའོ་གསུངས། བལྟས་པས་ཆེས་དད་དེ་མཆི་མ་ཕྱུང་ནས་ཞུས་པས། དེར་གཙང་གིས་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་ཤིང་། མཁན་སློབ་ཀྱི་མཚན་ལས་གྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས་སྐད། དེ་ནས་བསྙེན་རྫོགས་ཞུས་པ་ལས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུང་པ་ལ། སྔར་ལྷ་ལུང་དཔལ་རྡོར་ཅན་གསུམ་ཀློང་ཐང་ན་འདུག་པ་མཐོང་ནས་འཚོལ་དུ་ཕྱིན་པས་རྙེད་དེ། འབྱོན་པར་ཞུས་པས་དཔལ་གྱི་རྡོ་རྗེའི་གསུང་ནས། ངས་རྒྱལ་པོ་སྡིག་ཅན་དངོས་སུ་བསད་པས་ཁ་སྐོང་མི་འོང་གི །ངས་བཙལ་ལ་བཏང་གིས་གསུངས་ཏེ། རྒྱ་ནག་གི་དགེ་སློང་ཀེ་ཝང་དང་གི་ཕན་བྱ་བ་གཉིས་འབད་པས་བཙལ་བས་རྙེད་དེ་བཏང་ངོ་། །དེ་ནས་སྔར་གྱི་མཁན་སློབ་གཉིས་ཀྱིས་མཁན་པོ་དང་ལས་སློབ། དམར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས་ཏེ་ངུར་སྨྲིག་གི་རྒྱལ་མཚན་
འཛིན་པ་ཆེན་པོར་གྱུར། འདུལ་བའི་བཤད་པ་དང་ལག་ལེན་ལ་མཁས་པར་སྦྱངས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པའི་ཚེ། དབུས་གཙང་གི་མི་བཅུ་མདོ་ཁམས་སུ་ཕྱིན་ནས་གཙང་ལ་བསྙེན་རྫོགས་ཞུས་པས། ང་རྒན་པས་མཁན་བུ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་པ་ལྟར་ཞུས་བས། ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མི་བཏུབ་གསུང་བ་ལ། གཙང་གི་ཞལ་ནས། དམིགས་བསལ་ལ་གང་ཟག་ཁྱད་པར་ཅན་གྱིས་བཏུབ་པས་གྱིས་གསུངས་ཏེ། བླ་ཆེན་གྱིས་མཁན་པོ་མཛད་ནས་ཆིག་རྫོགས་མཛད་དོ། །དེ་ལ་ནུས་པ་ཅན་གྱི་མི་བཅུ་ནི། དབུས་ནས་ཀླགས་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཉལ་པ་འབྲིང་ཡེ་ཤེས་ཡོན་ཏན། གཡོ་རུ་བ་རྦ་ཚུལ་ཁྲིམས་བློ་གྲོས། རཀྴི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔའོ། །གཙང་ནས་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔ་པ་ཚོང་བཙུན་ཤེས་རབ་སེང་གེ །མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་ཀར་དང་ལྔའོ། །དེ་ནས་ལོ་བཅུ་ཙམ་སོང་ནས་མེ་ཉག་སྒའི་ཡུལ་དུ་བྱོན་ཏེ། གོ་རོང་སེང་གེ་གྲགས་ལའང་འདུལ་བ་གསན་པས། ལུང་སྡེ་བཞི་བསྟན་བཅོས་དང་བཅས་པའི་གླེགས་བམ་བླ་ཆེན་པོ་ལ་བྱིན་ནས་བསྟན་པ་གསལ་བར་གྱིས་ཤིག་ཅེས་གདམས། དེ་ནས་དབུས་སུ་བྱོན་པར་བཞེད་པ་ལ་ལྷོ་བར་ཡུལ་དུ་ཆོས་མང་པོ་སྦྱངས་པའི་ཀྭ་འོད་མཆོག་གྲགས་པ་བྱ་བ་ཁམས་སུ་བྱོན་ཟེར་བ་གསན་ནས་སླར་བཟློག་སྟེ། ཕར་ཕྱིན་དང་བྱང་ས་སོགས་ཐེག་པ་ཆེན་པོའི་ཆོས་མང་པོ་ལ་སྦྱངས། བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོ་ལས་རྫོགས་ཆེན་སེམས་ཕྱོགས་གསན་ཏེ། དེ་ལས་བརྒྱུད་པ་རོང་ཟོམ་ལ་མངའ་བར་གྲགས་ཤིང་། ཀུན་བྱེད་རྒྱལ་པོ་བཤད་རྒྱུད་བཞི་དང་བཅས་པ་ཨ་རོའི་ལུགས་ཀྱང་བླ་ཆེན་པོ་ནས་གྲུམ་ཤིང་གླག་ཅན་ལ་བརྒྱུད་དེ་དེང་སང་གི་བར་དུ་དར་བ་ཡོད་དོ། །ནམ་ཞིག་གི་ཚེ་མནལ་ལམ་དུ་གླང་ཆེན་ལ་ཆིབས་ཤིང་ནོར་བུ་བསྣམས་ནས་ཚོང་འདུས་ཀུན་ཏུ་བྱོན་པ་ལ་མི་ཀུན་ན་རེ། བཙུན་པ་ཁྱེད་ཀྱི་ནོར་བུ་བཟང་སྟེ། རེ་ཞིག་ཉོ་བའང་མེད། རིན་ཡང་མི་ཐེག་ཟེར། མནལ་སད་ནས་རེ་ཞིག་སྒྲུབ་པ་མཛད་པར་དགོངས་པ་ན། གཞི་བདག་གི་མི་མ་ཡིན་རྣམས་
ཀྱིས་དད་པ་ཆེན་པོས་འབྱོན་པར་ཞུས་པ་ལྟར་དན་ཏིག་ཏུ་བྱོན་ནས་སྒོམ་པ་ལ་ཞུགས་ཤིང་། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་ཡང་བཞེངས་སོ། །དད་པ་ཅན་མང་པོ་རབ་ཏུ་བྱུང་བའི་མཁན་པོའང་མཛད། བརྒྱ་སྦྱིན་སོགས་ལྷ་རྣམས་ཆོས་ཉན་དུ་འོང་བར་གྲགས། འཁོར་རྣམས་ཀྱིས་ཀྱང་མདང་ངོ་མཚར་བའི་སྣང་བ་འདི་དང་མི་འདྲ་བ་སྣང་བས་བླ་ཆེན་ཉིད་ངེས་པར་སྤྲུལ་པའི་སྐུ་ལགས་སམ་ཞུས་པས། ལན་དུ་སྤྲུལ་པ་མ་ཡིན། བདག་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་པ་སྣང་བ་ཐོབ་པ་ལ་ཞུགས་པའི་བནྡེ་དགེ་བ་རབ་གསལ་ཡིན། ཞེས་གསུངས། དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་གི་ལོ་ལ་སྐུ་གཤེགས་ཁར་བཀའ་ལས། འཕགས་པ་ཐོགས་མེད་དང་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བར། དེ་ཁོ་བོས་བྱམས་མགོན་ལ་དྲི་དགོས་ཏེ། སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་ཞེས་གསུངས། ཡང་ཁོ་བོ་བྱམས་པ་མགོན་པོ་འཛམ་བུའི་གླིང་འདིར་མ་བྱོན་གྱི་བར་དུའང་འདི་དག་ཏུ་སྐྱེ་བ་བརྒྱད་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ། །༈ དེ་ཡང་བླ་ཆེན་པོའི་ཞལ་ནས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་བསྐོས་མཁས་པས་གནས་གཞི་ཟུངས། ལོ་སྟོན་མཐུ་ཆེ་བས་བསྟན་སྲུང་གྱིས། ཞེས་གསུངས་པ་ལྟར། དབུས་གཙང་གི་མི་བཅུའི་ནང་ནས་མཁན་པོར་མངའ་གསོལ་བ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཡིན་ཏེ། མདོ་སྨད་ཀྱི་ཕྱོགས་ནས་མཁན་སློབ་ཀྱི་བཀའ་བརྒྱུད་མ་ཆད་པར་འདུག་ཅེས་ཐོས་པས་དད་ནས་མི་དགུ་དང་འགྲོགས་ཏེ་མདོ་སྨད་དུ་སྡོམ་པ་ལེན་དུ་ཕྱིན་ཞེས་ཀྱང་གྲགས། བསམ་ཡས་ཀྱི་མངའ་བདག་ཚན་ཡེ་ཤེས་རྒྱལ་མཚན་གྱིས་མི་བཅུ་ཁམས་སུ་བརྫངས་ཞེས་ཀྱང་འབྱུང་། གང་ལྟར་ཡང་མདོ་སྨད་དུ་སོང་སྟེ་བླ་ཆེན་པོས་མཁན་པོ། གཙང་རབ་གསལ་གྱིས་ལས་སློབ། གཡོ་དགེ་འབྱུང་གིས་གསང་སྟོན། དམར་ཤཱཀྱ་མུ་ནི་དང་རྒྱའི་དགེ་སློང་གཉིས་ཀྱིས་ཁ་བསྐངས་ཏེ་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པས་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་
ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་མང་པོའང་ནོད་དེ། ཀླུ་མེས་ཀྱིས་མཁན་པོར། ཁོ་བོ་ཅག་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས། དབུ་ཞྭ་བཞེས་འཕྲོ་དེ་ཀ་ཕུད་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་བསྐོན། ཡར་བྱོན་ཏེ་བསམ་ཡས་ན་བཙན་པོ་ཁྲི་བྱ་བ་བཞུགས་པ་ལ་སྣ་གཏད་ནས་དེར་ཕྱགས་ཕེབས་པས། བཙན་པོས་ཀྱང་སྣ་ལེན་བྱས་ཏེ་ཁྱེད་རྣམས་ཀྱི་སློབ་དཔོན་གང་ཡིན་ཟེར་བ་ལ་ཀླུ་མེས་ཡིན་ཞེས་སྨྲས་པས་དབུ་རྩེའི་ལྡེ་མིག་གཏད་དེ་དཀོར་མཛོད་ཀྱིས་གང་བར་གཟིགས་ནས་དེར་འདོན་མི་ཐུབ་པའི་ཅ་ག་མཛད་དེ། ངེད་མཁན་པོར་མངགས་པས་མཁན་པོ་དཀོར་ལ་འབགས་པ་མི་རིགས་པས་འདི་མི་འཛིན་ཞེས་བཙན་པོ་ལ་ལྡེ་མིག་གཏད། དེ་ནས་ཁམས་གསུམ་ཟངས་ཁང་ཕུལ་བས་ཀྱང་མ་བཞེས། ཀ་ཆུ་ཕུལ་བས་གཡུ་རུའི་ལམ་རྒྱགས་བྱ་ཡི་གསུངས་ཞེས་བཞེས། ཕྱིས་ཀླུ་མེས་ཀྱིས་ཡོ་བྱད་མང་པོ་སྟ་གོན་བྱས་ཏེ་དབུ་རྩེ་གསོ་བར་བཞེད་པ་ན། སྦ་རག་གཉིས་ཀྱིས་བཟུང་བས་གསོར་མ་བཅུག །དེར་བཙན་པོས་བར་བྱས་ཏེ་ཀླུ་མེས་ཀྱིས་གསོས། ཕྱག་རྗེས་སྦ་རག་ལ་གཏོད་པར་བྱས་ཏེ་ལེགས་པར་གསོས། དབུ་རུར། ལ་མོ་ཆག་དེའུ། མི་ཆོས་ཀྱི་ས་ཁུལ་དུབ་གནས། གཞན་ཡང་། ལ་མོ། ར་སྒྱེལ། ཡེར་པ། བ་རོད། ཚོང་འདུས་གནས་སོགས་མཐའ་ཡས་པ་བརྩིགས་པས་ས་སྟེང་ཐམས་ཅད་ཀླུ་མེས་ཡམ་ཤུད་ཀྱི་མཁན་བུ་དགེ་བཤེས་གྲྭ་པས་ཀྱང་གནས་གཞི་བརྒྱ་དང་རྩ་བརྒྱད་གཏིང་བར་གྲགས་གསུངས། དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་གྱུར། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་ཆུད་མ་ཟོས་པར་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་ངང་པ་འདུ་བ་ལྟར་འདུས་ནས་ཉིན་རེ་བཞིན་ཡང་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་པོ་འཕེལ་ཏེ། དེ་ཡང་གཙོ་བོར་གྲུ་མེར་དང་སྣ་ནམ་སོགས་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲལ་མ་གྲངས་ལས་བརྒལ་བ་བྱུང་བར་གྲགས། དེ་ལྟར་བསྟན་པ་ཡུན་རིང་དུ་བསྐྱངས་མཐར་ཚེ་སྤོང་གི་སེ་ར་ཕུག་པར་བཞུགས་ནས་ཐང་དུ་བྱོན་པའི་ལམ་དུ་སྐུ་གཤེགས་ཏེ། གདུང་མཆོད་རྟེན་འོད་ཅན་ན་མ་ཉམས་པར་བཞུགས་སོ། །
༈ དེའི་མཁན་བུ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ནི། གཞོན་ནུ་ནས་གཞི་དད་པ་རྐྱེན་གྱིས་སད་དེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱིས་མཁན་པོ་དང་། གྲུ་མེར་གྱིས་ལས་སློབ་བྱས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོའི་དྲུང་དུ་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་པ་ལ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། རང་གི་མཆེད་གྲོགས། དུས་ཕྱིས་ལོ་ཙཱ་བ་རླུང་སྐྱོག་རྣམ་གཉིས་ལའང་འཆད་ཉན་མཛད་སྐད། རོང་ཟོམ་དང་སོའི་གནས་གཞི་ངང་ཆུང་དཔལ་གྱི་རྒྱལ་མོས་བཞེངས་པ། གསོས་ཏེ་གཙུག་ལག་ཁང་བཞེངས་ཤིང་། དེར་འདུལ་བའི་བཤད་གྲྭ་བཙུགས་པ་སོགས་བཤད་སྒྲུབ་ཀྱི་བྱ་བས་བསྟན་པ་བསྐྱངས་ཏེ། སེམས་ཅན་རྣམས་བདེ་བ་ལ་བཀོད། སློབ་མའང་བསམ་གྱིས་མི་ཁྱབ་པ་ལས་ཐུགས་ཟིན་གྱི་བུ་ཆེན་བཞི་ནི། འཛིམ་པ་ཤེར་འོད། སྣེ་བོ། གླེན་ཚུལ་བྱང་། སྤོ་ཆུང་ཚུལ་ཁྲིམས་འབྱུང་གནས་རྣམས་སོ། །༈ དེའི་མཁན་བུ་སྣེ་བོ་གྲགས་པ་རྒྱལ་མཚན་ནི། ཕ་ཡུལ་རོང་ལྷོ་ཚ་བ། རུས་ཞང་། གཟུས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་ཏེ་མཁས་པར་བྱས་ནས། མཁར་ཕུག་དང་། དམུ་རུར་འདུལ་བའི་བཤད་གྲྭ་བཙུགས། སློབ་མ་སོག་ཚུལ་ཁྲིམས་བླ་མ་སོགས་མཁས་པ་མང་པོ་ཐོན། །༈ དེའི་མཁན་བུ་འབྲེ་ཤེས་རབ་འབར་ནི། སྣེ་བོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་མཁས་པར་སྦྱངས། རྔོག་ལེགས་ཤེས་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་དང་བསྡེབས་ནས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལས་ཆོས་མང་དུ་གསན། ཁྱད་པར་དུ་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་འགྲོས་ལ་མཆོག་ཏུ་མཁས། ཕྱིས་རྔོག་ལོ་ཆེན་པོ་ལ་ཡང་ཤེར་ཕྱིན་འཆད་ཉན་མཛད་པས་རྔོག་ལོའི་ཐུགས་སྲས་དམ་པ་གྱུར། སྐྱོག་གནས་རྙིང་སོགས་སུ་ཆོས་འཁོར་བསྐོར་ཞིང་། ཤེར་ཕྱིན་མདོ་བསྟན་གཉིས་ཀ་ལ་བཤད་པ་རྒྱ་ཆེར་མཛད། ཆོས་འཆད་པའི་ཚེ་ལྷ་རྣམས་ཆོས་ཉན་དུ་འོང་བར་ཡང་གྲགས། སློབ་མ་ཡང་ཨར་བྱང་ཆུབ་ཡེ་ཤེས་སོགས་བསྟན་པའི་བདག་པོ་མཐའ་ཡས་
པ་ཐོན་ཏོ། །༈ དེའི་མཁན་བུ་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི། གཙང་རོང་གཡུང་དུ་ལྕགས་ལུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་རྨ་ཚོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུགས་ཅེས་པའི་ཁ་སྐད་ཀྱང་བྱུང་། གཞན་ཡང་ཞང་གཡེ་པ་ལས་དབུ་ཚད། ཟངས་མཁར་ལོ་ཙཱ་བ་ལས་ཡོ་ག །སྟོད་ལུང་པ་ཆེན་པོ་ལས་བཀའ་གདམས་རྣམས་གསན། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། པེ་ཧར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་གཅིག་པུ་ལས་མ་མཐོང་བས་དད་དེ་བྱ་ཊིཀ་ལ་སློབ་གཉེར་བྱེད་པ་རྣམས་ཀྱིས་གྲོགས་བྱེད་པར་ཁས་བླངས། ལོ་དགུར་ཚོགས་པ་བསྐྱངས་རྗེས་སྒྲུབ་པ་ལ་བཞུགས། སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་། དགུང་ལོ་དོན་དྲུག་པ་ལ་ཟུལ་ཕུའི་གཟིམས་ཆུང་དུ་སྐུ་གཤེགས། ༈ དེའི་མཁན་བུ་རྩིས་འདུལ་བ་འཛིན་པ་གཞོན་ནུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ། བྱ་འདུལ་གྱི་སློབ་མའི་གཙོ་བོ་ཡིན། ཉང་སྟོད་མཁར་ལུང་དུ་འདུལ་གྲྭ་བསྐྱངས་པས། བྱའི་སྣག་དཔོན་ཟུལ་ཕུའི་གདན་ས་བ་འདིའི་སློབ་མ་ནབ་བཟའ་ཕྲེང་གསོལ་བར་གྲགས་པ་དེ་ཡིན། རོག་ཆོས་དབང་སོགས་སློབ་མ་བཤེས་གཉེན་མང་པོ་ཐོན་ཏོ། །༈ དེའི་མཁན་བུ་དཔལ་ལྡན་གྲོ་མོ་ཆེ་བ་ནི། བྱའི་ལོ་ལ་ཆུ་སྒོར་དུ་འཁྲུངས། གདུང་རུས་གྲོ། རྩིས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་འདུལ་བའི་སྡེ་སྣོད་ལ་སྦྱངས། མཚན་བདུད་རྩི་གྲགས། རྡོ་སྟོན་དང་། ཞང་བཙུན་ལས་ཤ་ར་བའི་གདམས་པ་རྣམས་ནོད་ཞིང་། ཆུ་མིག་བ་ཤེར་གྲགས། མུས་སྨན་པ། སངས་རྒྱས་དབོན་སྟོན། ལྷ་སྤྱིལ་བུ་བ། རས་པ་དར་རྒྱལ། གྲང་ཕུ་ལུང་པ་འཇམ་དབྱངས་རྒྱལ་མཚན། དྲེའུ་ལྷས་པ། འགོས་
རིང་ཆུ་ནག་པ། རྨར་ཤཱཀ་སེང་། གཙང་ནག་པ་སོགས་ལས་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང་རྗེ་བཙུན་སྒྲོལ་མ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། སྣར་ཐང་གི་གདན་སར་གདན་རབས་བཞི་པ་ཡིན། ཕེབས་ནས་ལོ་སུམ་ཅུ་རྩ་དགུའི་བར་དུ་ཕྲིན་ལས་བསྐྱངས། དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། །༈ དེའི་མཁན་བུ་མཆིམས་ཆེན་ནམ་མཁའ་གྲགས་ནི། ཉང་སྟོད་སྟག་ཚལ་དུ་རྟའི་ལོ་ལ་འཁྲུངས། གཞོན་ནུ་ནས་དཔལ་ལྡན་གྲོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་རྣམས་ལ་མཁས་པར་སྦྱངས། མཛོད་ཀྱི་ཊིཀ་ཆེན་སོགས་བསྟན་བཅོས་ཀྱང་མང་དུ་མཛད། དཔལ་ལྡན་གྲོ། ཞང་སྟོན། མཆིམས་བློ་བརྟན། སངས་གདན་རབས་དྲུག་པ། རྒྱས་སྒོམ་པ་སྟེ་བཞི་ལས་བཀའ་གདམས་ཀྱི་སྐོར་དང་། བཀྲ་ཤིས་སྒང་པ་ལས་བྱང་སེམས་ཟླ་རྒྱལ་བའི་དབུ་མའི་གདམས་པ་སོགས་གསན། ཆུ་མིག་ཆོས་འཁོར་གྱི་གྲལ་གྱི་གཙོ་བོ་མཛད། འགྲོ་མགོན་འཕགས་པ་སོགས་ཆེ་དགུ་ཐམས་ཅད་ཀྱིས་བཀུར། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། སྣར་ཐང་གི་གདན་སར་གདན་རབས་བདུན་པ་ཡིན། ལོ་སུམ་ཅུ་རྩ་དྲུག་གི་བར་དུ་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས་སོ། །༈ དེའི་མཁན་བུ་གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། གདུང་ཟེའུ་སྟེ་མཁན་ཆེན་འདུལ་བ་འཛིན་པ་གྲགས་པ་བརྩོན་འགྲུས་ཀྱི་གཅུང་པོ་ཡིན། མཆིམས་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དང་གཅེན་ལས་གཞུང་བཤད་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་གྱི་རྗེས་སུ་མཁན་པོར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་གདན་སྣར་ཐང་གི་གདན་རབས་བཅུ་གཅིག་པ་ཡིན། ས་བསྐྱངས་སོ། །༈ དེའི་མཁན་བུ་མཁན་ཆེན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨོན་འགྲོའི་ཕུ་ཁའུར་འཁྲུངས། གདུང་རུས་མཆིམས། ཟེའུ་པ་གྲགས་ཤེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་པ་སྐུ་མཆེད་དང་། རྒྱག་རོ་བྱང་ཆུབ་འབུམ་སོགས་བླ་མར་བསྟེན། མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་ལ་མཁྱེན་རྟོགས་རྒྱས། གྲགས་ཤེས་པས་གདན་ས་གཏད་ནས་ལོ་
སོ་དགུའི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། གྲྭ་སར་ཤ་ཁྲིམས་དང་གླིང་ལྕགས་རི་ཆེན་མོ་ཡང་དཔོན་སྙན་གྲགས་ཀྱིས་འདི་དུས་བརྩིགས། ནང་དུ་ཁམས་པ་མི་བརྟེན་པ་སོགས་བཅའ་ཁྲིམས་ཀྱང་དམ་པར་མཛད་དེ་ཡོས་ལོ་ལ་སྐུ་གཤེགས། ༈ དེའི་མཁན་བུ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོའི་ལུང་བྱ་བར་སྟག་གི་ལོ་ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་གཞུང་གདམས་ངག་ཐམས་ཅད་དང་། བཀའ་བཅུ་གཞོན་སེང་སོགས་ལས་ཀྱང་ཆོས་མང་དུ་གསན། མཁན་པོ་གཤེགས་པའི་ལོ་དེ་ཀ་ལ་གདན་སར་ཕེབས་ནས་ལོ་ཉི་ཤུ་རྩ་བདུན་གྱི་བར་དུ་བསྐྱངས་ཤིང་། བསླབ་བཏུས་ཀྱི་ཊཱི་ཀ་སོགས་རྩོམ་པའང་མང་དུ་མཛད་ནས་སྦྲུལ་ལོ་ལ་གཤེགས། ༈ དེའི་མཁན་བུ་གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་པར་མེ་བྱ་ལ་ཁྲུངས། གདུང་རུས་དཔང་ཡིན། དགུང་ལོ་བཅུ་པ་ལ་ཀུན་རྒྱལ་བ་ལས་རབ་ཏུ་བྱུང་ཞིང་མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང་། སློབ་དཔོན་གྲགས་པ་རྒྱ་མཚོ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་གཉིས་དང་། ཡོན་ཏན་འོད། སློབ་དཔོན་སྐལ་བཟང་པ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་གདམས་ངག་དབང་དང་བཅས་པ་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་གཉིས་པ་ལ་མཁན་སར་ཕེབས་ནས་ལོ་སུམ་ཅུ་བསྐྱངས། དེ་རྟིང་ཉིད་ཀྱི་དབོན་པོ་བསོད་རྣམས་མཆོག་གྲུབ་ལ་གདན་ས་གཏད་དེ་ལོ་ལྔ་ཟུར་བཞུགས་མཛད་ནས་རེ་བདུན་ལ་སྐུ་གཤེགས། དེ་ལྟར་གྲོ་མོ་ཆེ་པ་ནས་གྲུབ་ཤེའི་བར་སྣར་ཐང་གི་གདན་སར་ཕེབས་པ་ཤ་སྟག་སྟེ། དཔལ་དཱི་པཾ་ཀ་རས། སྣར་ཐང་གི་སའི་ཐད་དེར་ཕྱག་མཛུབ་གཏད་དེ་ས་ཕ་གིར་གནས་བརྟན་ཆེན་པོ་བཅུ་དྲུག་བྱོན། ཞེས་ལུང་བསྟན་པ་ལྟར་གནས་བརྟན་གྱི་རྣམ་འཕྲུལ་འབའ་ཞིག་ཡིན་པར་གསུངས་སོ། །༈ དེའི་མཁན་བུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་པཎ་ཆེན་དགེ་
འདུན་གྲུབ་ནི། རུ་ལག་གི་ས་ཆ་གུར་མའི་རུ་བར་ལྕགས་ལུག་ལ་འཁྲུངས། གདུང་རུས་ངར་ཚོ། མཚན་པདྨ་རྡོ་རྗེ། དགུང་ལོ་བཅོ་ལྔ་པ་ལ་སྣར་ཐང་དུ་མཁན་པོ་གྲུབ་པ་ཤེས་རབ་དང་། སློབ་དཔོན་གྱང་སའི་ཆེན་པོ་བློ་ལྡན་པས་མཛད་དེ་དགེ་ཚུལ་དུ་སྒྲུབ། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་གཉིས་སྟེང་། གསང་སྟོན་གྲགས་པ་ཤེས་རབ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། ཐུགས་སྦྱོང་མཛད་པའི་ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ་དང་། སྣར་ཐང་པ་ཤེས་རབ་སེང་གེ །ལས་སྨོན་གྱི་འབྲེལ་པ་རྗེ་རིན་པོ་ཆེ་ཡབ་སྲས་ཡིན། གཞན་ཡང་ཀུན་མཁྱེན་རོང་སྟོན། བོ་དོང་པཎ་ཆེན། སེམས་དཔའ་ཐུགས་རྗེ་དཔལ་བ། སཾ་གྷ་ཤྲཱི། གྲོ་པའི་དམར་སྟོན་ཁུ་དབོན། ཐང་ཆེན་ཉི་མ་རྒྱལ་མཚན། ཨ་བྷ་ཡ། དོན་ཡོད་པས་ལུང་བསྟན་པའི་བླ་མ་འཆད་ཀའི་ལྷ་རིན་པོ་ཆེ་དང་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་གཉིས་ཏེ། དེ་ལ་སོགས་པའི་བཤེས་གཉེན་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་གྱུར་པས་བོ་དོང་པཎ་ཆེན་གྱིས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། སྣར་ཐང་བྱང་ཆེན་དུ་སྒྲུབ་པ་མཛད་པས་ཉམས་རྟོགས་ཀྱང་མཐར་ཕྱིན་པ་བརྙེས། འཇིགས་བྱེད་དང་སྒྲོལ་མའི་ཞལ་གཟིགས། འདོད་ཁམས་མ་བྲན་དུ་ཁོལ། རྩ་བ་སྣར་ཐང་པའི་དགེ་བཤེས་ལ། ཕྱིས་རྗེའི་གྲུབ་མཐའ་འཛིན་པར་བྱུང་ཡང་། སྡེ་རིས་དང་གྲུབ་མཐའི་ཕྱོགས་རིས་མི་མཛད་པར་ཀུན་ལ་དག་སྣང་སྦྱོང་། མཁས་པའི་བྱ་བ་དབུ་ཚད་འདུལ་བ་སོགས་གཞུང་ལུགས་མང་པོར་དགོངས་འགྲེལ་བརྩམས། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་ཤིང་དགེ་འདུན་མང་དུ་བསྡུས་ཏེ། སྐུ་ཚེ་ཧྲིལ་པོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས། དགུང་ལོ་གྱ་ལྔ་པ་ཤིང་རྟ་ལ་དགའ་ལྡན་དུ་གཤེགས་སོ། །༈ དེའི་མཁན་བུ་གནས་རྙིང་པ་ཀུན་དགའ་བདེ་ལེགས་ནི། སྔོན་སློབ་དཔོན་པདྨ་སམྦྷ་
བའི་དངོས་སློབ་རྒྱང་འཇམ་དཔལ་གསང་བའི་གདུང་རབས་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གདུང་རིམ་པར་བྱོན་པ་ལས་ཡབ་རིན་ཆེན་རྣམ་གཉིས་ཀྱི་སྲས་སུ་ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་བསྩལ། མཁན་པོའི་དྲུང་དུ་གཞུང་ལུགས་གདམས་ངག་དང་བཅས་པ་ལ་མཁས་པར་སྦྱངས། འབྲས་སྤུངས་དང་འོལ་དགའ་སོགས་སུ་ཡང་ཕེབས། ཉང་སྟོད་ཕྱོགས་སུ་བློ་གསལ་མང་པོའི་དོན་མཛད་དོ། །༈ དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་ཀུན་དགའ་རྒྱལ་མཚན་པའི་སྲས་སུ་འཁྲུངས། དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རིགས་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་དགེ་འདུན་རྒྱ་མཚོ་ཞེས་བསྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དགའ་བདེ་ལེགས་པས་མཁན་པོ། པཎ་ཆེན་ལུང་རིགས་རྒྱ་མཚོས་སློབ་དཔོན། དབུ་མཛད་སངས་ཚུལ་བས་དུས་གོ་མཛད་དེ་དགེ་ཚུལ་བཞེས། དགུང་ལོ་ཉི་ཤུ་པ་ཡོས་ལོ་དབོ་ཟླའི་ཚེས་བརྒྱད་ལ་མཁན་པོ་སྔ་མ་ཉིད་དང་། ལས་སློབ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གསང་སྟོན་སངས་རྒྱས་དཔལ་བཟང་། དུས་གོ་བ་འོལ་དགའ་སངས་བཟང་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཚིགས་སྔ་ཕྱིའི་མཁན་སློབ་རྣམས་དང་། པཎ་ཆེན་ནོར་བཟང་རྒྱ་མཚོ། ཡབ་ཀུན་རྒྱལ་བ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐོན་ཡོན་རྒྱམ་སོགས་བཤེས་གཉེན་མང་པོ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་ལ་སྦྱང་པས་ཚིག་དོན་མཐའ་དག་ཐུགས་སུ་ཆུད། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེ་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ནག་ཟླའི་ཚེས་བརྒྱད་ལ་དག་པའི་ཞིང་དུ་སྐུ་གཤེགས། །༈ དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། ཡུལ་འོལ་ག་གྱང་གསར་
དུ་ཤིང་གླང་ལོར་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བསམ་གཏན་གླིང་། སེ་ར་སྨད། རྒྱུད་སྟོད་རྣམས་སུ་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས། རྒྱུད་སྟོད་དང་ཤར་རྩེའི་གདན་ས་ནས་དགུང་ལོ་ང་བཞི་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བསྙེན་རྫོགས་བཞེས་པའི་མཁན་པོའང་ཡིན། དྲུག་ཅུ་པ་ལ་བདེ་བ་ཅན་དུ་ཟུར་བཞུགས་མཛད། རེ་གསུམ་པ་ལ་སྐུ་གཤེགས་སོ། །༈ དེའི་མཁན་བུ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ་ནི། ཡུལ་སྟོད་ལུང་རམ་པའི་གད་པ་ཁར་མེ་ཁྱི་ལ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐྱོར་མོ་ལུང་། ར་བ་སྟོད། རྒྱུད་སྟོད་རྣམས་ཀྱི་གྲྭ་སར་གཞུང་ལུགས་ལ་སྦྱངས་པས་འཇིགས་པ་མེད་པའི་སྤོབས་པ་ཐོབ། ར་བ་སྟོད་ཀྱི་འཆད་ཉན། རྒྱུད་སྟོད་དང་ཤར་རྩེ་སྦྲེལ་བའི་བླ་མ་མཛད་ནས། ང་བདུན་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད་དེ་ཕྲིན་ལས་རྣམ་པར་དཀར་བའི་ངང་ནས་དགུང་ལོ་དོན་བཞི་པ་ལ་སྐུ་གཤེགས། །༈ དེའི་མཁན་བུ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས། ཆུང་ངུ་ནས་དྭགས་པོ་གྲྭ་ཚང་དུ་གསན་སྦྱངས་ལ་ཕེབས། དེའི་སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་སྟེ། མཚན་དཀོན་མཆོགས་ཆོས་འཕེལ་དུ་བཏགས། དེ་རྗེས་ར་བ་སྟོད་དང་། རྒྱུད་སོགས་ཀློག་པའི་གྲྭ་མང་པོར་བྱོན་ཏེ་འཆད་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་པ་ལས་བསྙེན་པར་རྫོགས། ར་བ་སྟོད་དང་རྒྱུད་སྟོད་བློ་གསལ་གླིང་རྣམས་ཀྱི་འཆད་ཉན། གསང་ཕུ་གླིང་སྨད་ཀྱི་ཁྲི་ཤར་རྩེ་དང་དགའ་ལྡན་གྱི་ཁྲི་རྣམས་སུ་ཕེབས། རྗེ་ཐམས་ཅད་མཁྱེན་པ་རྒྱལ་མཆོག་ལྔ་པ་ཆེན་པོས་མཚན་ཉིད་ཀྱི་གཞུང་ལུགས་རྣམས་གསན་ནས་ཏི་ཤྲཱིར་བཀུར། འཆད་མཁས་ཤིང་ཐུགས་དགོངས་བཟང་བས་ཞལ་སློབ་
དགེ་བའི་བཤེས་གཉེན་མང་དུ་ཐོན། རྗེས་སུ་སློབ་མ་ཐམས་ཅད་ཚུལ་གནས་ལུང་རིགས་སྨྲ་བ་ལ་སྦྱོར། སྡེ་རིས་ཀྱི་ཆགས་སྡང་མི་མངའ་བའི་དབང་གིས་སྡེ་གསར་སློང་བའི་གྲོས་ལ་རང་མི་འཇུག་ཅིང་གཞན་དག་ཀྱང་བསྲུང་བར་མཛད་པས་རང་ཕྱོགས་པ་རྣམས་ཀྱིས་ཀྱང་གཙང་ཞེན་པ་ཞེས་ཕྱོགས་འབུལ་ཞུ་བ་བྱུང་ཞེ་རྗེ་ཐམས་ཅད་མཁྱེན་པས་བསྔགས་པར་མཛད་པ་ཡིན་ནོ། །དགུང་ལོ་དོན་བཞི་པ་མེ་ཁྱི་ལ་དབུར་སྟོད་གསང་སྔགས་མཁར་དུ་སྐུ་གཤེགས། །༈ དེའི་མཁན་བུ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་པོ་དཀོན་མཆོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོ་ལ་དབུ་རུ་ཁ་རབ་ཏུ་སྐུ་འཁྲུངས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་བཞུགས་དུས་ནས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དུས་དབང་གིས་འབྱུང་བར་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པས་བཙུན་གཅིག་མར་གྲགས། ར་བ་སྟོད་དང་། བློ་གསལ་གླིང་སོགས་སུ་མཚན་ཉིད་ཀྱི་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས། རྗེ་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ་དང་། རང་གི་མཁན་པོ་ཁྲི་རིན་པོ་ཆེ་སོགས་བཤེས་གཉེན་དུ་མ་ལས་གཞུང་གདམས་ངག་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད། གཉལ་སྡེ་དྲུག་གི་མཁན་པོ་ལོ་བཅོ་ལྔ་སྐོར་དང་། དེ་རྗེས་ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་མཁན་པོར་ཕེབས་ནས་གྲུབ་མཐའི་ཕྱོགས་ཆ་དང་བྲལ་བར་ཡུན་རིང་དུ་བསྐྱངས་པས་ས་ཞལ་དགེ་གསུམ་གྱི་གྲྭ་པ་ཐམས་ཅད་ཀྱིས་སྤྱི་མི་ལྟར་བཀུར་ཞིང་བསྔགས། དེ་ནས་གདན་ས་ཡར་སྟོད་པ་ངག་དབང་ཕྲིན་ལས་ལ་གཏད་དེ་དབུར་སྟོད་གསང་སྔགས་མཁར་དུ་ལོ་ཤས་ཐུགས་དམ་ལ་བཞུགས་ནས་དགུང་ལོ་རེ་གཉིས་པ་ཤིང་ཕོ་བྱི་བ་ལ་སྐུ་གཤེགས་སོ། །༈ དེ་ཉིད་ཀྱི་སྡོམ་ཕྲུག་བདག་མཁན་པོའི་མིང་བཏགས་སྨྱོས་ཀྱི་དགེ་སློང་དྷརྨ་ཤྲཱི་ནི། མཆོག་གི་དངོས་གྲུབ་བརྙེས་པ་ཡེ་ཤེས་ཀྱི་སྐུ་ཅན་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་། སྡོམ་བརྩོན་མཁས་པ་ཆེན་པོ་རྒྱལ་སྲས་བསྟན་པའི་ཉི་མ་གཉིས་ཀྱི་རིགས་ཀྱི་གཅུང་དུ་སྐྱེས། གཅེན་རྣམ་གཉིས་ཀྱི་བཀའ་དྲིན་གྱིས་ཆུང་ངུ་ནས་རྒྱལ་བའི་
བསྟན་པ་རིན་པོ་ཆེ་དང་མཇལ། ཁྱད་པར་རང་ལོ་ཉི་ཤུ་རྩ་བདུན་པ་ལྕགས་ཕོ་སྤྲེའུའི་ལོའི་དུས་ཚིགས་ལྔ་ལས་དཔྱིད་ཟླ་དང་པོའི་དུས། དཔྱིད་འབྲིང་ནག་ཟླའི་ཡར་ངོའི་ཚེས་བཅུ་གསུམ། ཉིན་གྱི་དུས་སུ་ཕྱི་དྲོའི་ཉི་མ་བརྒྱད་ཆ་ལུས་པ་གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་དུས་སུ་མཁན་སློབ་སྦྲགས་མ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་དཀོན་མཆོག་བསྟན་འཛིན། གསང་སྟོན་རབ་འབྱམས་པ་བློ་བཟང་སྐྱེས་མཆོག །དུས་གོ་བ་རབ་འབྱམས་པ་ཕུན་ཚོགས་ལེགས་འབྱོར། གྲོགས་དན་པ་དགེ་སློང་བློ་བཟང་ཀུན་དགའ། ཁ་སྐོང་པ་དགེ་སློང་ངག་དབང་ཆོས་འཛིན་སྟེ། དད་པའི་དགེ་འདུན་གྲངས་ཚང་པའི་དབུས་སུ། རང་བྱུང་འཕགས་པའི་གཙུག་ལག་ཁང་ཆེན་པོ་པོ་ཏ་ལར། གྲོགས་རང་གི་གཅུང་དང་། དགེ་སློང་བཟོད་པ་བཅས་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པའི་ཆོ་གས་བསྙེན་པར་རྫོགས་པས། དགེ་སློང་གི་དངོས་པོ་ཐོབ། དེ་ཉིན་བསྒྲུབ་བྱ་གཉིས་བྱུང་བའི་ངེད་རྣམས་དང་པོ་ཡིན། ཆ་གཉིས་པ་ལ་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཞབས་ཕྱི་བ་དགེ་སློང་ངག་དབང་ཚུལ་ཁྲིམས་དང་བློ་གསལ་རྒྱ་མཚོ་གཉིས་སོ། །འདུལ་བའི་བརྡའ་ཆད་དང་ལག་ལེན་ཕྲན་བུ་གཅེན་རྒྱལ་བའི་སྲས་པོ་དང་གུང་ཐང་པཎ་ཆེན་གཉིས་ལས་སྦྱངས་ཏེ་སྔོན་ནས་ཅུང་ཟད་ཤེས་ཤིང་། བསྙེན་པར་རྫོགས་པའི་ཕྱི་ལོ་དེར་གཞུང་ལུགས་རབ་འབྱམས་སྨྲ་བ་སངས་རྒྱས་ཆོས་དར་ལས་འདུལ་བའི་བཤད་ཡམ་ཙམ་ཞིག་ཉན་ནས་བསམ་པའི་ཤེས་རབ་ཀྱིས་ཅུང་ཟད་བསྐྱངས་པས། གོ་བའི་སྣེ་ཟིན་ཙམ་གྱི་བག་ཆགས་བཞག་པ་ལགས་སོ། །ད་ནི་འཕྲོས་དོན་ཐོར་བུ་བརྗོད་པར་བྱ་སྟེ། བརྒྱུད་ཡིག་རྙིང་པ་ཁ་ཅིག་ཏུ་རྦ་རཏྣ་ནས་དམར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་བླ་ཆེན་པོ་ཞེས་འདྲེན་པ་ནི། རྨ་གཡོ་གཙང་གསུམ་བཀའ་དྲིན་ཆེ་བས་ངོ་མཚར་བརྒྱུད་པ་ལྟ་བུར་གསུམ་ཀ་བགྲངས་པ་ལས། བླ་ཆེན་གྱི་མཚན་མཐར་རབ་གསལ་གྱིས་འཁྲུལ་གཞི་བྱས་ནས་གཙང་རབ་གསལ་ཆད་པར་སྣང་བས་ཡི་གེ་བྲིས་ནོར་འབྱམས་པ་ཡིན་ལ། ཁ་གཅིག་ཏུ་དམར་དང་གཡོའི་བར་དུའང་ལེགས་པ་རིན་ཆེན་ནམ་མཁའ་མཛོད་ཟེར་བ་ནི་དམར་གཡོ་གཙང་གསུམ་ཀ་རཏྣའི་མཁན་བུ་ཡིན་པར་ཡོངས་
སུ་གྲགས་པས་གནོད་དོ། །ཡང་བླ་ཆེན་པོ་ནས། རྦ་ཡེ་ཤེས་གཡུང་དྲུང་། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཟེར་བ་ནི། ཡིག་ཚང་འགའ་ཞིག་ཏུ། དབུས་གཙང་གི་མི་བཅུས། བླ་ཆེན་པོ་ལ་སྡོམ་པ་བླངས་ནས་བྱིངས་ཡར་ལོག །ཀླུ་མེས་ཀྱིས་གྲུམ་ལས་འདུལ་བ་ཉན་ཞིང་བསྡད་དོ། །ཞེས་འབྱུང་བའི་གཏམ་རྒྱུད་ཐོས་ཤིང་ཇི་བཞིན་པ་མ་འཁྱོལ་བའི་འཆལ་གཏམ་མོ། །ཡང་ཕྱོགས་གཏམ་ཅན་ཁ་ཅིག་ན་རེ། བླ་ཆེན་མཁན་བརྒྱུད་མ་དག་སྟེ། དེའི་རྒྱུ་མཚན་བླ་ཆེན་བསྙེན་པར་རྫོགས་པའི་ལས་ཀྱི་ཁ་སྐོང་ལ་རྒྱ་ནག་གི་དགེ་སློང་གཉིས་ཡོད་པ་དེ་རྣམ་དག་ཡིན་མིན་མི་ཤེས་པས། ལས་ཆགས་མ་ཆགས་ཐེ་ཚོམ་ཟ་བས། བླ་ཆེན་པོ་ལ་སྡོམ་པ་འཁྲུངས་མ་འཁྲུངས་ཐེ་ཚོམ་ཟ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་ལ་དེ་འདྲའི་སྐྱོན་མེད་པས་སྡོམ་བརྒྱུད་དག་པ་ཡིན་ནོ། །ཞེས་སྨྲ་བར་མི་རིགས་ཏེ་སྤྱིར་རྒྱའི་དགེ་སློང་ཡིན་པས་རྣམ་དག་མ་ཡིན་པར་བསྒྲུབ་མི་ནུས་ཤིང་། ཁྱད་པར་དེ་གཉིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ཆོས་རྒྱུས་ཤིན་ཏུ་ཆེ་ཞིང་བསྟན་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་སུ་མཛད་པ་དེས། རང་ཉིད་རྒྱལ་པོ་སྡིག་ཅན་བསད་པས་ལས་ཀྱི་ཁ་སྐོང་མི་བཏུབ་པར་གཟིགས་ཏེ་ཁ་སྐོང་བར་འོས་པའི་དགེ་སློང་འབད་པ་ཆེན་པོས་བཙལ་ནས་བཏང་བར་ཡོངས་སུ་གྲགས་ཤིང་གྲུབ་པས་ན། རྣམ་དག་ཡིན་མིན་གྱི་ཐེ་ཚོམ་ག་ལ་དགོས། ལར་དུས་ཕྱིས་ཀྱི་མི་ཐེ་ཚོམ་ཆེར་ཟོས་པས་སྔོན་བླ་ཆེན་པོའི་ཐུགས་རྒྱུད་ལ་སྡོམ་པ་རྣམ་དག་མ་འཁྲུངས་པར་བསྒྲུབ་པ་ནི་བཞད་གད་ཀྱི་གནས་སོ། །དེར་མ་ཟད་བླ་ཆེན་བརྒྱུད་པ་མ་དག་ན། ཁ་ཆེའི་པཎ་ཆེན་གྱིས་བྱང་རྡོར་རྣམ་གཉིས་དང་འཇམ་དབྱངས་ས་པཎ་གསུམ་བསྙེན་པར་རྫོགས་པ་ལའང་ལས་མ་ཆགས་པར་འགྱུར་ཏེ། རྒྱུ་མཚན་བྱང་ཆུབ་དཔལ་བའི་ལས་སློབ་ཤངས་པ་ཇོ་སྟོན་དང་། གསང་སྟོན་རྒྱང་རོ་གཞོན་རིན། རྡོ་རྗེ་དཔལ་བའི་ལས་སློབ་གཙང་པོ་བ་དང་། གསང་སྟོན་བསོད་རྒྱན། འཇམ་དབྱངས་ས་པཎ་གྱི་ལས་སློབ་སྤྱི་བོ་ལྷས་པ་དང་། གསང་སྟོན་མོ་རི་བ་རྣམས་པཎ་ཆེན་བོད་དུ་མ་བྱོན་གོང་དུ་བསྙེན་པར་རྫོགས་ཟིན་པའི་བླ་ཆེན་བརྒྱུད་པ་ཡིན་དགོས་ལ། དེ་ཡིན་ན་ཁྱོད་རང་གི་རིགས་པ་དེས་པཎ་ཆེན་སྡོམ་རྒྱུན་ཡང་མ་དག་པར་ཁས་
བླངས་པར་འགྱུར་རོ། །ཡང་ཁ་ཅིག་བླ་ཆེན་དང་ཀླུ་མེས་ཀྱི་སྡོམ་པ་གང་ལས་བླངས་པའི་མཁན་པོ་ལ་མི་མཐུན་པའི་ལོ་རྒྱུས་སྣ་ཚོགས་བྱུང་བའི་ཕྱིར་ཡིད་ཆེས་པའི་གནས་སུ་རུང་བ་ཡེ་མི་འདུག་པས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་མཁན་བརྒྱུད་ལ་མཁས་པ་རྣམས་ཐུགས་རྩིས་ཆེན་པོ་མཛད། ཅེས་བྲིས་ནས་དེའི་སྒྲུབ་བྱེད་ལ། འཇམ་དབྱངས་ས་པཎ་དང་། བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་། ཏི་ཤྲཱི་ཀུན་བློ་དང་། མཁས་མཆོག་བུ་སྟོན་རྣམས་ཀྱིས་པཎ་ཆེན་སྡོམ་བརྒྱུད་ལས་བསྙེན་རྫོགས་བཞེས་པ་བཀོད་དོ། །དེ་ཡང་ཕྱོགས་གཏམ་སྟེ། ལོ་རྒྱུས་མི་འདྲ་བ་ནི་པཎ་ཆེན་སྡོམ་བརྒྱུད་ལའང་མང་སྟེ། རཏྣ་མི་དྲའི་རྗེས་སུ། དྷརྨ་པཱ་ལ་སྟེ་ཆོས་སྐྱོང་ཞེས་ཡིན་པ་ལ་ཆོས་བཟང་ཟེར་བ་དང་། དེ་རྗེས་སུ་གུ་ཎ་པ་ཏི་སྟེ་ཡོན་ཏན་བདག་པོ་ཞེས་པ་ལ། ཡོན་ཏན་རྒྱ་མཚོ་ཞེས་ཁ་ཅིག་ཏུ་འབྱུང་བ་དང་། བྱང་རྡོར་རྣམ་གཉིས་ཆུ་ཤུལ་གྱི་སྤྲོག་མ་དགོན་པར་དུས་གཅིག་ལ་བསྙེན་པར་རྫོགས་པར་འདོད་པ་དང་། ཡང་བྱང་ཆུབ་དཔལ་བ་ཁྲོ་ཕུ་ལོ་ཙཱ་བའི་གཟིམས་ཁང་དུ་རྫོགས་ལ། རྡོ་རྗེ་དཔལ་བ་ཕྱིས་རྒྱན་གོང་དུ་རྫོགས་པས་དུས་མི་གཅིག་ཟེར་བ་དང་། ཡང་ཚོགས་ཆེན་པོའི་མཁན་པོ་ཡར་འབྲོག་སྒྲགས་མདའ་བ་བཀྲ་ཤིས་ཚུལ་ཁྲིམས་སམ་རྩིས་པ་ཤེར་མགོན་པའི་སྡོམ་ཕྲུག་ཏུ་འདོད་པ་དང་། སྙེ་མོ་བ་བསོད་ནམས་དཔལ་གྱི་སྡོམ་ཕྲུག་ཏུ་འདོད་པ་གཉིས་ཀྱང་འགལ་བ་སོགས་དེ་རིགས་ཀྱི་གཏམ་རྒྱུད་མ་དག་པ་གཉིས་ཀ་ལ་ཡོད་བཞིན་དུ་བླ་ཆེན་སྡོམ་བརྒྱུད་ཁོ་ན་ལ་སྐྱོན་འདོགས་པ་ནི། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ཉིད་བལྟ་ན་མེ་ལོང་དགོས་པས་བཙལ་བར་རིགས་སོ། །བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་དང་ཀུན་མཁྱེན་བུ་སྟོན་ཁ་ཆེ་པཎ་ཆེན་བརྒྱུད་པ་ལས་བསྙེན་རྫོགས་བཞེས་པ་བདེན་མོད། དེ་ལྟ་བུའི་མཁས་གྲུབ་བླ་ཆེན་བརྒྱུད་པ་ལའང་ཆེས་མང་སྟེ། རྒྱ་འདུལ་འཛིན། སོག །རྨ་ཚོ་བྱང་རྡོར། འབྲེ་ཤེས་རབ་འབར། བྱ་འདུལ་འཛིན། བརྩོན་འགྲུས་འབར། ཤ་མི་སྨོན་ལམ་རྡོ་རྗེ་སོགས་འདུལ་འཛིན་ཁྱད་པར་ཅན་མང་པོ་དང་། ལོ་ཆེན་རིན་ཆེན་བཟང་པོ། མཁན་པོ་ཡེ་ཤེས་བཟང་པོ། པུ་ཏོ་བ། མཁན་པོ་རྒྱ་ལྷ་ཁང་པའི་གླན། ཕུ་ཆུང་བ་མཁན་པོ་རྒྱལ་ལྷ་ཁང་པའི་ཞང་། ཤ་ར་བ། མཁན་པོ་པོ་ཏོ་བ། རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ།
འབྲིང་གི་མཁན་པོ་རྔོག་ལེགས་ཤེས། འབྲེ་ཤེས་རབ་འབར། སྣེ་བོ་གྲགས་པ་རྒྱལ་མཚན། དྭགས་པོ་ལྷ་རྗེ། མཁན་པོ་ཤབ་གླིང་པ། འགྲོ་མགོན་ཕག་གྲུ། མཁན་པོ་བྱ་འདུལ། བཅོམ་ལྡན་འདས་རིག་རལ་སོགས་མཐའ་ཡས་སོ། །དེས་ན་སྔོན་གྱི་མཁས་གྲུབ་རྒྱལ་བ་གཉིས་པ་ལྟ་བུའི་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱི་ཐུགས་རྒྱུད་ལ་སྡོམ་པ་རྣམ་དག་འཁྲུངས་མ་འཁྲུངས་ཀྱི་ཁ་ཚོན་གཅོད་པ་ནི་མཐའ་བྲལ་གྱི་ནམ་མཁའ་ཁབ་མིག་ཏུ་འཛུད་པར་འདོད་པ་དང་འདྲ་བས་མཛངས་པ་མ་ཡིན་ནོ། །མདོར་ན་སྔར་བསྟན་པ་རྒྱས་པའི་དུས་སུ་སྟོད་འདུལ། སྨད་འདུལ། ཁ་ཆེ་བརྒྱུད་པའི་སྡོམ་རྒྱུན་ཐམས་ཅད་ལ་གནས་བརྟན་སྡེ་སྣོད་འཛིན་པ་ཆེས་མཆོག་ཏུ་གྱུར་པའི་མཁན་རབས་མང་དུ་བྱུང་མོད་དེ་ལས་སྟོད་འདུལ་བ་པཱ་ལ་རྣམ་གསུམ་གྱི་སྡོམ་རྒྱུན་ནི། སྔོན་གྱི་དུས་སུའང་རྒྱུན་བྲེང་ངེ་བ་གཅིག་ལས་རྒྱ་ཆེར་མ་འཕེལ་ཞིང་དེང་སང་ནི་ཡོད་པའི་སྒྲ་མི་གྲག་གོ ། པཎ་ཆེན་སྡོམ་རྒྱུན་ཡང་ཚོགས་སྡེ་བཞི་ལས། དེང་སང་བྱིངས་རྫིང་པའི་སྡོམ་རྒྱུན་ཕྱོགས་གང་ན་ཡང་ཡོད་པ་མ་ཐོས་ཤིང་། གཞན་གསུམ་གྱི་སྡོམ་རྒྱུན་རང་རང་གི་ཚོགས་དེར་མ་ཆད་མོད། དེ་ལྟ་ནའང་། དགེ་འདུན་སྒང་པའི་སྡོམ་རྒྱུན་ཀར་ལུགས་པ་དང་། ཆོས་ལུང་པའི་སྡོམ་རྒྱུན་འབྲུག་ལུགས་པ་འདྲ་ལ་མ་ཆད་པ་ཙམ་ཡོད་པར་གྲགས་ཤིང་། ཚལ་མིག་པའི་སྡོམ་རྒྱུན་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལས་བརྒྱུད་ནས་དིང་སང་ས་ལུགས་པ་རྣམས་ལ་དར་རྒྱས་ཆེ། ཁ་ཆེ་པཎ་ཆེན་གྱི་ལུགས་འཇམ་དབྱངས་ས་སྐྱ་པཎྜི་ཏ་ནས་བརྒྱུད་དེ་ཀུན་མཁྱེན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོའི་ཕྲིན་ལས་ཀྱིས་རྒྱས་པར་མཛད་པ་དང་། སྨད་འདུལ་བའི་སྡོམ་རྒྱུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནས་བརྒྱུད་པ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་ཀྱིས་རྒྱས་པར་སྤེལ་བ་སྟེ། དེ་ལྟར་སྡོམ་རྒྱུན་གཉིས་པོ་འདི་དིང་སང་རྒྱ་བོད་ཧོར་གསུམ་སོགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་སྣང་ལ། སྨད་འདུལ་བའི་ལུགས་དེ་ལས་བརྒྱུད་པའི་ཁྱད་པར་ཅུང་ཟད་མི་འདྲ་བ་འདི་ཉིད་ཤིན་ཏུ་ཉག་ཕྲ་བར་གྱུར་པ་ན་གོང་མ་ཐམས་ཅད་མཁྱེན་གཟིགས་རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་ལུང་གིས་བླ་ཆེན་སྡོམ་རྒྱུན་རྣམ་པར་དག་པ་ཁ་རབ་ཞལ་སྔ་ནས་ལ་བཞུགས་ཤིང་། ཁོང་འདུལ་བའི་ངང་ཚུལ་ཤིན་ཏུ་
གཙང་བས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་ཁྱེད་ཀྱིས་ཞུས་ནས་མ་ནུབ་པར་གྱིས་ཤིག་ཅེས་བསྩལ་བ་ལྟར་བསྒྲུབས་པས་འདུན་མ་ལེགས་པ་ཡིན་ནོ། །དེས་ན་འདི་བསམ་པར་རིགས་ཏེ། འཇམ་དབྱངས་ས་པཎ་ནས་བརྒྱུད་པ་འདི་ཉིད་སྔོན་དུས་སྐྱེས་ཆེན་མང་དུ་བྱོན་ཞིང་། ད་ལྟའི་དུས་སུ་ནི་གནས་བརྟན་སྡེ་སྣོད་འཛིན་པའི་སྐྱེས་མཆོག་དམ་པ་མང་དུ་སྣང་མོད་ཀྱི། འོན་ཀྱང་བར་སྐབས་ཀྱི་མཁན་རབས་འགའ་ཞིག་མཚན་མ་ནུབ་ཙམ་ལས་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་བཤེས་གཉེན་གྲགས་ཆེ་བ་མ་བྱུང་བ་དང་། ངོར་ལུགས་ཀྱི་མཁན་བརྒྱུད་རྣམས་ཀྱང་སྔགས་ཀྱི་རྡོ་རྗེ་འཛིན་པའི་བཤེས་གཉེན་བརྒྱུད་མར་བྱོན་ཀྱང་འདུལ་བའི་ཕྱོགས་ལ་ཕྱག་བཞེས་ཅུང་ཟད་ལྷོད་པ་བཅས། དེ་རྣམས་དང་བསྟུན་ན་ད་ལྟའི་དུས་འདིར་བླ་ཆེན་པོའི་སྡོམ་རྒྱུན་ཁྱད་པར་ཅན་འདི་ཉིད་ཆེས་འཕགས་པར་འགྲུབ་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་པོ་དཀོན་མཆོག་བསྟན་འཛིན་ཡན་ཆད་མཁན་བརྒྱུད་ཐམས་ཅད་གནས་བརྟན་སྡེ་སྣོད་འཛིན་པ་ཤ་སྟག་གསེར་རིའི་ཕྲེང་བ་ལྟར་བཟང་ཟ་ར་ཚགས་སུ་བྱོན་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདི་ཡིན་ཞིང་། གཞན་དུ་ན་སྡོམ་རྒྱུན་ལུགས་སོ་སོ་དེ་དང་དེའི་མཁན་བརྒྱུད་ལ་བཞུགས་པའི་བླ་མ་རྣམས་ཀྱི་ཐུགས་རྒྱུད་ཀྱི་སྤངས་རྟོགས་སྐྱེ་འཕགས་གང་ཡིན་ནི་བདག་ཅག་སོ་སྐྱེ་རྣམས་ཀྱིས་ཅི་ཞིག་གཞལ་བར་ནུས་ཏེ། འཕགས་པའི་སྤྱོད་ཡུལ་ལས་གཞན་གྱིས་རྟོགས་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་སྨད་འདུལ་བ་འདི་ལ་སྡོམ་རྒྱུན་ཙམ་དུ་མ་ཟད། སྔོན་གྱི་སྐྱེས་མཆོག་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་ལས་བཤད་རྒྱུན་ཡང་དུས་ཀྱི་ཐ་མའི་ཐ་མ་ད་ལྟའི་བར་དུ་དར་ཞིང་རྒྱས་པར་ཡོད་ཅིང་། སྟོད་འདུལ་བའི་བཤད་རྒྱུན་ཡང་གཟུས་རྡོ་རྗེ་རྒྱལ་མཚན་གྱི་ལོ་ཙཱ་བ་རླུང་སྐྱོག་གཉིས་ལ་མཁས་ཉན་མཛད་པས་སྨད་འདུལ་བའི་བཤད་རྒྱུན་ལ་འདྲེས་པའི་ཕྱིར་མ་ཆད་པར་སྣང་ངོ་། །དེ་ལྟར་ན་ངོས་ཅག་གིས་ཀྱང་རང་ལ་ནུས་པ་མ་མཆིས་རུང་། དམ་པ་རྣམས་ཀྱིས་བྱིན་རླབས་ཅུང་ཟད་ཞུགས་པས་མཁན་པོའི་གཡར་ཁྲལ་བླངས་ནས་གང་སྤོབས་ཀྱིས་སྤེལ་ལོ་བགྱིས་པར། ད་ལྟའི་ལྕགས་སྦྲུལ་གྱི་ལོ་འདི་ཡན་ལ་སྡོམ་ཕྲུག་དགེ་སློང་ཉིས་བརྒྱ་ལྷག་ཙམ་དང་།
དགེ་ཚུལ་སྟོང་ཕྲག་བརྒལ་བ་ཙམ་དུ་ཟིན་པ་ནི་ཆོས་ལྡན་གྱི་ཕྲིན་ལས་སུ་རློམ་པ་ལགས་པས། ཕྱིས་ནས་ཀྱང་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་པོའི་ཡོན་ཏན་མངའ་བ་རྣམས་ཀྱིས་གཅིག་ཏུ་བསྟན་པ་ལ་དགོངས་ཏེ། མཁན་པོ་གཏན་མེད་ཀྱི་ལུང་ཙམ་ལ་འཁྲིས་ནས་དགེ་སློང་བཞི་ཚོགས་ཀྱིས་བསྙེན་རྫོགས་འབོགས་པ་དང་། བསྒྲུབ་བྱ་ལོ་བདུན་དང་ཉི་ཤུ་མ་ལོན་པར་རབ་བྱུང་བསྙེན་རྫོགས་སྟེར་བ་དང་། བསྒྲུབ་བྱ་གསུམ་ལས་མང་བ་དུས་གཅིག་ཏུ་སྡོམ་པ་འབོགས་པ་དང་། གོས་བྱིན་རླབས་མཁན་པོ་ལས་གཞན་དག་གིས་ཀྱང་བྱེད་པ་དང་། ལས་ཆོག་དཔེ་ཀློག་བྱེད་པ་དང་། ལས་གྲྭ་རྣམས་ཀྱིས་ཀྱང་ཆོ་ག་ལ་ཐུགས་མི་གཏོད་པར། འགྲོ་འདུག་དང་། ངག་བཟླས་བྱེད་པ་དང་། ལས་གྲྭ་གྱེས་ནས་ལས་སློབ་ཀྱིས་གདམས་ངག་ཟུར་དུ་འདེབས་པ་སོགས་ཟོར་ཡང་མི་མཛད་པར་ཕྲ་ཞིབ་ཀྱི་ཕྱག་ལེན་རྣམ་པར་དག་པ་འདི་ཉིད་མི་ཉམས་ཤིང་གོང་འཕེལ་དུ་འགྱུར་བའི་སྒོ་ནས་སྤྱིར་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་མཁན་ཆེན་ཞི་བ་འཚོའི་ལུགས་རྒྱས་པར་བྱ་བའི་ཕྱིར་དང་། ངེས་འབྱུང་གི་ཚུལ་ཁྲིམས་དོན་དུ་གཉེར་བའི་བློ་ལྡན་རྣམས་ཀྱི་རྒྱུད་ཆུད་མི་གཟོན་པར་བསྐྱང་བ་ལ་ནན་ཏན་དུ་མཛོད་ཅིག་ཅེས་གསོལ་བ་འདེབས་སོ། །དེ་ལྟར་ཉུང་ངུའི་ང༵ག་གི་སྦྱོར་བ་ཡིས། །ངོ་མཚར་རྒྱ་ཆེན་གཏམ་ལ་དབ༵ང་བསྒྱུར་བའི། །མཁན་བརྒྱུད་རྣམ་ཐར་གསལ་བྱེད་སྒྲོན་མེ་འདི། །ཆོ༵ས་ཁུངས་བལྟ་འདོད་དཔ༵ལ་དུ་འགྱུར་སྙམ་སྤེལ། །དགེ་འདིས་ངེས་འབྱུང་ཚུལ་ཁྲིམས་གྲུར་ཞུགས་ཏེ། །བག་ཡོད་མཐུན་པའི་རླུང་གིས་ལེགས་བསྐུལ་ནས། །དོན་མཐུན་མ་གྱུར་འགྲོ་དང་ལྷན་ཅིག་ཏུ། །རྣམ་གྲོལ་གླིང་དུ་བདེ་བར་ཕྱིན་གྱུར་ཅིག །ཅེས་པ་སྔ་འགྱུར་སྡོམ་རྒྱུན་གྱི་མཁན་བརྒྱུད་ཇི་ལྟར་བྱོན་པའི་གཏམ་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི་རྣམ་པར་དཔྱོད་པའི་བློ་ཅན་རྣམས་ལ་ཆོས་ཁུངས་ཀྱི་ངེས་པ་སྦྱིན་པའི་སླད་དུ་ཚུལ་འདི་ལྟ་བུ་ཞིག་རྩོམས་ཞེས་རྒྱལ་ཀུན་སྤྱི་གཟུགས་སྐྱབས་མགོན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་གནང་བསྩལ་བ་སྤྱི་བོས་བླངས་ཏེ། གང་གི་བཀའ་དྲིན་གྱིས་འཚོ་བའི་སྨྱོས་ཀྱི་དགེ་སློང་དྷརྨ་ཤྲཱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་
ཁྱུ་མཆོག་གི་ལོ་ལ་སྦྱར་བའོ། །འདིས་ཀྱང་མཁན་ཆེན་ཞི་བ་འཚོའི་རིང་ལུགས་རྣམ་པར་དག་པ་ཡུན་རིང་དུ་གནས་ཤིང་རྒྱས་པར་གྱུར་ཅིག། །།
ཁྱིམ་པ་རྗེས་སུ་འཛིན་པ་སོ་སོ་ཐར་པའི་སྡོམ་པའི་ཆོ་ག རིག་འཛིན་འགྱུར་མེད་རྡོ་རྗེ།
ཁྱིམ་པ་རྗེས་སུ་འཛིན་པ་སོ་སོ་ཐར་པའི་སྡོམ་པའི་ཆོ་ག་ཐར་ལམ་རབ་གསལ་ཞེས་བྱ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ།
ཁྱིམ་པ་རྗེས་སུ་འཛིན་པ་སོ་སོ་ཐར་པའི་སྡོམ་པའི་ཆོ་ག་ཐར་ལམ་རབ་གསལ་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི། རྣམ་གྲོལ་བྱང་ཆུབ་མཆོག་བརྙེས་ནས། །ཐུགས་རྗེས་གདུལ་བྱ་སྐལ་བ་བཞིན། །འདུལ་མཛད་ཐམས་ཅད་མཁྱེན་དེ་ལ། །དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །ཚུལ་ཁྲིམས་གྲུ་གཟིངས་ལ་བརྟེན་ནས། །མྱང་འདས་རིན་ཆེན་གླིང་མཆོག་ཏུ། །བགྲོད་བྱེད་མ་སྨད་ཆོ་གའི་ཁྲིགས། །ཉུང་གསལ་འཇུག་བདེ་ཉིད་དུ་སྤེལ། །འདིར་སྐྱབས་འགྲོའི་སྡོམ་པ་དོན་དུ་གཉེར་བ་དག་འོངས་ན། གནས་གཙང་མར་ཐུབ་པ་ཆེན་པོའི་སྐུ་གཟུགས་སོགས་དཀོན་མཆོག་གི་རྟེན་དང་མཆོད་པ་ཅི་འབྱོར་པ་བཤམས་པའི་མདུན་དུ། བླ་མ་སྟན་མཐོ་བ་ལ་འདུག་པའི་དྲུང་དུ་སློབ་མས་རྟེན་དང་བླ་མ་ལ་ཕྱག་གསུམ་གསུམ་བྱས་ནས་ཙོག་པུའམ་པུས་མོ་བཙུགས་ཐལ་མོ་སྦྱར་ཏེ་འདུག་པ་ལ། བླ་མས། འོ། རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བདག་ལེགས་སུ་འདོད་པའི་སྐྱེ་བོ་དག་གིས་དོན་དུ་གཉེར་བྱ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་སྙིང་པོར་བྱ་བ་ཉིད་ཡིན་ལ། དེ་ལ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཐོག་མར་བསླབ་དགོས་ཤིང་། དེའི་རྩ་བ་ཡང་སྐྱབས་སུ་འགྲོ་བའི་སྡོམ་པ་ཉིད་ལ་རག་ལས་པ་ཡིན་ཏེ། ཇི་སྐད་དུ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །འཇིགས་པ་མེད་པ་འཐོབ་པར་འགྱུར། །ཞེས་གསུངས་པས་ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། དེ་ཡང་བླ་མའི་རྗེས་སུ་བཟློས་ནས་བླང་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྤྲད་ལ། ཆོས་འབྲེལ་མེད་ན་བཙུན་པ་ཞེས་དང་། ཡོད་ན། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་
རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གཉིས་ལན་གསུམ་དུ་བརྗོད་ནས། སློབ་དཔོན་གྱིས། ཐབས་ཡིན་ནོ། །སློབ་མས། ལེགས་སོ། །ཞེས་བརྗོད་པར་བྱའོ། །དེ་ནས་བསླབ་བྱ་བཤད་པར་བྱ་སྟེ། དེ་ལྟར་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག །བསླབ་བྱ་ལ་བསླབ་དགོས། བསླབ་བྱའི་ཆ ོས་དེ་ཡང་ཇི་ལྟ་བུ་ཡིན་སྙམ་ན། དགག་པའི་བསླབ་བྱ་གསུམ་དང་། སྒྲུབ་པའི་བསླབ་བྱ་གསུམ་དང་། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུའོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་འགྲོ་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ལ་མི་བརྟེན་པའོ། །དེ་ཡང་བོད་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཡང་སྡིག་ཅན་གྱི་གྲོགས་དེ་དང་འདྲ་བས་མི་བསྟེན་པའོ། །གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རྟེན་ཐ་ན་སཙྪའི་ཆག་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་བཀུར་སྟི་སོགས་གུས་པར་བྱེད། ཆོས་ལ་སྐྱབས་སུ་སོང་ནས་ཆོས་དཀོན་མཆོག་གི་རྟེན་གསུང་རབ་ཀྱི་རྟེན་ཐ་ན་ཡིག་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་འདུད་བཀུར་སྟི་སོགས་སྔ་མ་ལྟར་བྱའོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་དཀོན་མཆོག་གི་རྟེན་རབ་ཏུ་བྱུང་བ་ནས་ཐ་ན་ལྷན་པ་སེར་པོ་བཏབ་པ་ཡན་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་འདུད་བཀུར་སྟི་སོགས་སྔར་ལྟར་བྱའོ། །གསུམ་པ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་སྟེ་ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང་། ནངས་ནུབ་སོགས་སུ་སྐྱབས་འགྲོ་བཟླ་བ་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཀྱི་རྗེས་སུ་འཇུག་ཅིང་ཆོས་དང་མཐུན་པའི་སྤྱོད་པ་ལ་བསླབ་པར་བྱའོ། །དེ་ལྟ་བུའི་བསླབ་བྱ་རྣམས་
ཡིད་ལ་བཟུང་སྟེ་དྲན་ཤེས་དང་ལྡན་པས་དུས་རྟག་ཏུ་སློབ་པར་གྱིས་ཤིག །ཅེས་བརྗོད་ནས། ཕྱག་གསུམ་འཚལ་དུ་བཅུག །བསྔོ་བ་དང་སྨོན་ལམ་བྱས་ནས་རང་གི་གནས་སུ་གཏང་ངོ་། །སྐྱབས་འགྲོའི་སྡོམ་པ་སྦྱིན་པའི་ཆོ་གའོ། །༈ སྭ་སྟི། སྟོབས་བཅུའི་སྟོབས་ཀྱིས་བདུད་བཅོམ་ནས། །ཐུགས་རྗེས་འགྲོ་བའི་དོན་མཛད་པ། །ཟས་གཙང་སྲས་ལ་གུས་བཏུད་ནས། །དགེ་བསྙེན་སྡོམ་པའི་ཆོ་ག་བཤད། །འདིར་ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་སྡོམ་པའི་ཆོ་ག་འཆད་པ་ལ། ཐོག་མར་སྡོམ་པ་ལེན་པའི་ཚུལ། བར་དུ་མི་ཉམས་པར་བསྲུང་བའི་ཚུལ། མཐར་ཉམས་ན་ཕྱིར་བཅོས་པའི་ཚུལ། སྡོམ་པའི་ཕན་ཡོན་བཤད་པ་དང་བཞི་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་ཅི་འབྱོར་པ་བཤམས། སློབ་དཔོན་ཁྲི་སྟན་ལ་འཁོད་པའི་མདུན་དུ་བསྒྲུབ་བྱས་རྟེན་དང་བླ་མ་ལ་ཕྱག་གསུམ་གསུམ་བྱས་ནས་ཙོག་པུའམ་པུས་བཙུགས་ཀྱིས་ཐལ་མོ་སྦྱར་བས་འདུག་པ་ལ། འོ། རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བདག་ལེགས་སུ་འདོད་པའི་སྐྱེ་བོ་རྣམས་ཀྱིས་དོན་དུ་གཉེར་བྱ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་སྙིང་པོར་བྱ་བ་ཉིད་ཡིན་ལ། དེ་ལ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཐོག་མར་བསླབ་དགོས་ཤིང་། དེ་ཡང་སོ་སོ་ཐར་པ་གཞིར་བཞག་གི་དབང་དུ་བྱས་ན་སྡོམ་པ་རིགས་བདུན་ནམ་བརྒྱད་དུ་གསུངས་པའི་ནང་ནས་སྐྱབས་འགྲོ་ནས་ཡོངས་རྫོགས་ཀྱི་བར་སྔར་གསུངས་པ་ལས། འདིར་ཡོངས་རྫོགས་དགེ་བསྙེན་གྱི་དངོས་པོར་སྒྲུབ་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བྱ། དེའི་ཕྱིར་དུ་དགེ་བསྙེན་ཡོངས་རྫོགས་ཀྱི་བསླབ་པ་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས་གྱིས་ཤིག །ཅེས་བརྡ་སྦྱར་ལ། བཙུན་པའམ་སློབ་དཔོན་དགོངས་སུ་གསོལ་དང་། རྐང་གཉིས་རྣམས་ཀྱི་ནས། དགེ་འདུན་ལ་སྐྱབས་སུ་མཆིའོའི་བར་དང་། བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པའམ་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་དང་ཐབས་ལེགས་བྱ། དེ་ལྟར་ཁྱོད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་ནས་བསྲུང་དགོས་པས། བསྲུང་ཚུལ་ཡང་སྤང་བྱ་ལྔ་པོ་འདི་ཡིད་ཀྱི་སྒོ་ནས་སྤང་། ལུས་ངག་གི་སྒོ་ནས་སླར་ལོག་པར་བྱེད། དེ་ཡང་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲང་ནས་བསྲུང་སྙམ་པ་
གྱིས་ལ་འདིའི་རྗེས་ཟློས་གྱིས་ཞེས་བརྡ་སྦྱར་ལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། ཞེས་པ་ནས་བག་མེད་པའི་གནས་ལས་སླར་ལོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ། ཞེས་པ་ནས། རྗེས་སུ་བགྱིད་དོའི་བར་ལན་གཅིག་བརྗོད། དེ་ལྟར་ཁྱོད་ཀྱིས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ལེན་པའི་ཆོ་ག་དངོས་དང་། བསླབ་པ་བརྗོད་པ་གཉིས་ཀྱི་སྒོ་ནས་ལེགས་པར་ཐོབ་པ་ཡིན་པས། དེ་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་གྱིས་ཤིག །ཅེས་བརྗོད་ནས་བསྔོ་བ་བྱའོ། །གཉིས་པ་བར་དུ་མི་ཉམས་པར་བསྲུང་བའི་ཚུལ་ནི་བསླབ་བྱ་ཤེས་པ་ལ་རག་ལས་པས། དེ་ཉིད་འཆད་པར་འདོད་ན་ཐོག་མར་སྡོམ་པ་གང་དང་གང་ལེན་ཡང་སྐྱབས་འགྲོ་རྩོམ་བྱེད་དུ་དགོས་པས་སྐྱབས་འགྲོའི་བསླབ་བྱ་འདི་རྣམས་ལ་བསླབ་དགོས། ཞེས་སྐྱབས་སྡོམ་གྱི་ཆོ་གར་སྨོས་པའི་བསླབ་བྱ་རྣམས་བརྗོད་ནས། དགེ་བསྙེན་གྱི་བསླབ་བྱ་ལ་དངོས་ཀྱི་སྤང་བྱ་ཡན་ལག་ལྔ་དང་། ཕྱོགས་མཐུན་གྱི་བསླབ་བྱ་དང་། ཐབས་མཁས་ཀྱི་སྒོ་ནས་ཉེས་མེད་དང་གསུམ། དང་པོ་ཡན་ལག་ལྔ་ལས། སྲོག་གཅོད་ནི་གཞི་མིའམ་མིར་ཆགས་པ་ལ་དེར་འདུ་ཤེས་པ། ཀུན་སློང་ཞེ་སྡང་། བསམ་པ་གསོད་སེམས།
སྦྱོར་བ་མཚོན་བརྩམས་པ་ལ་སོགས་པ། མཐར་ཐུག་སྦྱོར་བ་བརྩམས་མ་ཐག་པའམ་གཞན་གྱི་ཚེ་ཡང་རུང་གསོད་པ་པོ་བདག་ཉིད་མ་ཤི་བའི་སྔ་རོལ་དུ་ཕ་རོལ་པོ་སྲོག་དང་བྲལ་ན་ཡན་ལག་རྫོགས་སོ། །མ་བྱིན་པར་ལེན་པ་ནི། གཞི་གཞན་གྱིས་བདག་གིར་བཟུང་བའི་དངོས་པོ་གསེར་ཞོ་ཕྱེད་ཀྱི་རིན་ཐང་ཚང་བ་ཡན་ཆད་དེར་འདུ་ཤེས་པ། ཀུན་སློང་ཆགས་པ། བསམ་པ་རྐུ་སེམས། སྦྱོར་བ་མཐུའམ་གཡོ་དང་འཇབ་བུས་གནས་ནས་སྤོས་པ། མཐར་ཐུག་ཐོབ་བློ་སྐྱེས་པས་ཡན་ལག་རྫོགས་པའོ། །ལོག་གཡེམ་ནི། གཞི་རང་གི་ཆུང་མ་མ་ཡིན་པའི་བུད་མེད་རུས་བདུན་བརྒྱུད་ལས་མ་འདས་པ་དང་། སྡོམ་པ་དང་ཕ་མ་སོགས་ཀྱིས་བསྲུང་བ་དང་། གཞན་གྱི་གླ་རྔན་མ་སྦྱངས་བ་དང་། ནད་བུ་ཅན་སོགས་ཡུལ་དང་། དུས་མ་ཡིན་པ་ཉིན་མོ་སོགས་དང་། གནས་མ་ཡིན་པ་ཕ་མ་དང་དཀོན་མཆོག་ལ་སོགས་པའི་གནས་དང་། ཡན་ལག་མ་ཡིན་པ་ཁ་དང་བཤང་སྒོ་ལ་སོགས་པ་རྣམས་སོ། །ཀུན་སློང་འདོད་ཆགས། བསམ་པ་འཁྲིག་པར་སེམས་པ། སྦྱོར་བ་བཅུག་རེག་ལ་སོགས་པས་འཁྲིག་པ། མཐར་ཐུག་བདེ་བའི་ཚོར་བ་ཉམས་སུ་མྱོང་བ་སྲེད་པས་བདག་གིར་བྱས་པས་ཡན་ལག་རྫོགས་པའོ། །རྫུན་དུ་སྨྲ་བ་ནི། གཞི་སྨྲ་ཤེས་དོན་གོའི་མི་རང་ལས་གཞན་པ་ལ། བདེན་བཞིའི་དོན་རྟོགས་པ་སོགས་ཡོན་ཏན་གོང་མ་དང་། ལྷ་ཀླུ་ལ་སོགས་པ་མཐོང་ངོ་ཞེས་པ་རྣམས་སོ། །ཀུན་སློང་དུག་གསུམ་གང་རུང་ལས་གཏི་མུག་གཙོ་བོར་གྱུར་པའོ། །བསམ་པ་མངོན་ཤེས་རྫུ་འཕྲུལ་སོགས་མེད་པར་ཤེས་བཞིན་དུ་གཞན་བསླུ་སེམས་ཀྱིས་ཡོད་པར་འདུ་ཤེས་བསྒྱུར་བ། སྦྱོར་བ་ལུས་ངག་གི་རྣམ་རིག་ཏུ་ཐོན་པས་བརྡ་སྤྲོད་པ། མཐར་ཐུག་སྨྲས་པའི་ཡུལ་དེ་ལ་བརྡ་འཕྲོད་པས་ཡན་ལག་རྫོགས་པའོ། །ཆང་འཐུང་བ་ནི། གཞི་ནས་དང་འབྲས་ལ་སོགས་པ་འབྲུ་དང་། མེ་ཏོག་དང་། རྒུན་འབྲུམ་དང་། བུར་སྦྲང་གི་ཁུ་བ་སོགས་ལས་བྱས་པའི་མྱོས་པར་འགྱུར་བ། ཀུན་སློང་སྲེད་པ་སྟེ་ཆགས་པའོ། །བསམ་པ་ནི་བག་མེད་པར་འཐུང་བར་སེམས་པའོ། །སྦྱོར་བ་ནི་ཆང་འཐུང་བའི་ལུས་ངག་གི་ལས་སོ། །མཐར་ཐུག་མྱོས་པར་གྱུར་པ་ན་ཡན་ལག་རྫོགས་པའོ། །གཞན་ཡང་རྩ་བ་བཞི་མ་ལོངས་པ་ལ་ཕྲ་མོ་ཞེས་བཏགས་པ་སྟེ།
མིའམ་མིར་ཆགས་པ་མ་ཡིན་པ་དུད་འགྲོ་ལ་སོགས་པ་བསད་པ་དང་། གསད་བྱ་མིའམ་མིར་ཆགས་ཀྱང་གསད་བྱ་མ་ཤི་བའི་གོང་དུ་འགྱོད་པ་སོགས་དང་། མ་བྱིན་ལེན་རིན་ཐང་མ་རྫོགས་པ་དང་། ལོག་གཡེམ་རང་ཉིད་ཀྱིས་སམ་སྤྱད་པར་མི་བཟོད་པའི་ཡུལ་ལས་ཁུ་བ་ཕྱུང་བ་དང་། རྫུན་སྨྲ་ནི་མི་ཆོས་བླ་མ་སྨྲ་བ་མ་ཡིན་པ་རྣམས་སོ། །གཉིས་པ་ཕྱོགས་མཐུན་ནི། མི་དགེ་བ་བཅུ་ལས་གོང་གི་བཞི་པོ་མ་གཏོགས་པའི་ལྷག་མ་དྲུག་སྟེ། ཕྲ་མ་ནི་དབྱེན་ཚིག་སྨྲ་བའོ། །ཚིག་རྩུབ་ནི་གཞན་གྱི་གནད་དུ་ཕོག་པའོ། །བཀྱལ་པ་ནི་བྲེ་མོ་དང་གླུ་དང་བསྟན་བཅོས་ངན་པ་སྨྲ་བའོ། །བརྣབ་སེམས་ནི་གཞན་གྱི་རྫས་ལ་ཐོབ་འདོད་བསྐྱེད་པའོ། །གནོད་སེམས་ནི་གཞན་ལ་གསོད་ཅིང་བརྡེག་པར་སེམས་པ་སོགས་སོ། །ལོག་ལྟ་ནི་ལས་འབྲས་མི་བདེན་པར་ལྟ་བའོ། །དྲུག་པོ་འདི་དག་ཀྱང་མི་དགེ་བའི་ལས་ལམ་དུ་རྫོགས་པ་ལ་གཞི་ཀུན་སློང་འདུ་ཤེས་སྦྱོར་བ་མཐར་ཐུག་གི་ཡན་ལག་ལྔ་པོ་རྩ་བ་བཞི་ལ་ཡོད་པ་ལྟར་ཚང་དགོས་ཀྱང་འདིར་ནི་ཡིད་ཀྱིས་བསྡམ་བྱ་ཙམ་སྨོས་པའོ། །དེ་དག་ཇི་ལྟར་སྤོང་བ་ལ་བསླབ་པའི་ཚུལ་ནི། དེ་ལྟར་སྤང་བྱ་ལྔ་ཕྱོགས་མཐུན་དང་བཅས་པ་དེ་དག་ཡིད་ཀྱིས་བསྡམ་ཞིང་། ལུས་ངག་གིས་སླར་ལོག་པ་ལ་བསླབ་པ་ཡིན་ཏེ། བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ། སྒོ་གསུམ་གྱི་བྱ་བ་ལ་སྐྱོན་ཡོན་རྟོག་པའི་ཤེས་བཞིན། ལུས་ངག་ཡིད་གསུམ་ཆོས་བཞིན་ལྷུར་བྱེད་པའི་བག་ཡོད་དེ། ཆོས་གསུམ་ལ་ནན་ཏན་ལྷུར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ལ་བསླབ་བོ། །གསུམ་པ་ཐབས་ལ་མཁས་པས་ཉེས་མེད་དུ་འགྱུར་བ་ནི། སྙིང་བརྩེར་ལྡན་དང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ལྟར། རང་དོན་གྱི་འཁྲི་བ་མེད་པའི་གཞན་ལ་ཕན་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེས་ཀུན་ནས་བསླངས་ཏེ། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་བསམ་པ་ཅན་ལ་ཡིད་ཀྱི་གསུམ་མམ་ལོག་ལྟ་མ་གཏོགས་པ། ལུས་ངག་གི་མི་དགེ་བ་བདུན་པོ་གནང་བ་ཡིན་ཏེ། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེའམ་ཡང་ན་མི་དགེའང་རུང་། །ཐམས་ཅད་བདེ་དགེ་ཉིད་དུ་འགྱུར། །ཞེས་གསུངས་པས། ཀུན་
སློང་དགེ་བ་འབའ་ཞིག་ཡིན་ཡང་། ལུས་ངག་གི་སྦྱོར་བ་མི་དགེ་བ་ལྟར་སྣང་བས་མི་དགེ་བ་ཞེས་བཏགས་པའོ། །འོན་ཀྱང་སྲོག་གཅོད་ཀྱི་ལས་ལམ་རྫོགས་པར་གནང་བ་ནི་ས་ཐོབ་པ་ཡན་གྱི་དབང་དུ་བྱས་པའོ། །གསུམ་པ་ཉམས་ན་ཕྱིར་འཆོས་པའི་ཚུལ་ནི། རྩ་བ་བཞི་ཉམས་ན་དགེ་བསྙེན་ཡན་ཆད་སྡོམ་ལྡན་གྱི་དྲུང་དུ་བསྐྱར་ལ་བླང་དགོས་ཤིང་། ཡན་ལག་མ་ཚང་བ་བྱུང་ན་བཤགས་བྱའི་ཉེས་པ་ཡིན་པས་ཡུལ་སྔ་མ་རྣམས་ཀྱི་མདུན་དུ། ཕྱག་དང་དགོངས་གསོལ་བྱས་ནས། བདག་མིང་འདི་ཞེས་བྱ་བ་ལ་ཇི་ལྟར་ཡོངས་སུ་གྲགས་པའི་ལྟུང་བ་འདི་ལྟ་བུ་བྱུང་བ་དེ་བཤགས་པར་བགྱིའོ། །མི་འཆབ་བོ། །མི་སྦེད་དོ། །ཞེས་ལན་གསུམ་གྱིས་བཤགས་ཤིང་། ཕྱོགས་མཐུན་རྣམས་ནི་ཡིད་ཀྱིས་བསྡམས་པས་ཀྱང་ཆོག་གོ །བཞི་པ་ཕན་ཡོན་ནི། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། གལ་ཏེ་རང་བཞིན་གྱི་སྡིག་པའི་རྩ་བ་བཞི་པོ་དེ་བསྲུངས་ན། དེ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུའི་མཆོག་དམ་པ་རྣམ་པར་བཞག་པ་ཡིན་ནོ། །དེ་བས་ན་ཆོས་རྣམ་པ་བཞི་བསྲུང་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། །འདི་ལྟ་སྟེ། ས་ཆེན་པོ་འདི་ལ་བརྟེན་ནས་རྩི་ཤིང་དང་། མེ་ཏོག་དང་། ཤིང་གེལ་པ་དང་། ནགས་ཚལ་ལ་སོགས་པ་ཐམས་ཅད་སྐྱེའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་འདི་བསྲུངས་པ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཕེལ་ཞིང་སྐྱེ་བར་འགྱུར་རོ། །ཞེས་སོགས་གསུངས་པ་དང་། གཞན་ཡང་། དང་པོར་བསླབ་པའི་གཞི་ལྔ་རྣམས། །གསོ་སྦྱོང་སོགས་དང་ཡང་དག་ལྡན། །མི་དགེ་བཅུ་ནི་ཡོངས་སྤོང་བ། །བྱིན་ནས་དགེ་བསྙེན་ཉིད་དུ་བྱ། །ཞེས་གསུངས་པས། དགེ་བསྙེན་གྱི་བསླབ་པ་ནི། མི་དགེ་བཅུ་སྤོང་གི་སྡོམ་པ་ཡིན་པའི་ཕྱིར། སྡོམ་པ་གོང་མ་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་པ་ཡིན་ལ། ཆང་ནི་མྱོས་པར་འཐུང་བ་ལས་བག་མེད་པར་གྱུར་ཏེ། ཉེས་པ་གཞན་མཐའ་དག་འདྲེན་པའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ནས་ཆེས་ལྕི་བ་ཡིན་པས་སྡོམ་ལྡན་གྱི་ནད་པས་ཀྱང་རྩ་རྩེའི་ཐིགས་པ་ཙམ་ཡང་མི་འཐུང་བར་གསུངས་སོ། །དེ་ལྟར་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་བྱ་ཆ་ཙམ་བཤད་པ་འདིས་ནི།
སྣ་གཅིག་སྤྱོད་པ་དང་། ཕྱོགས་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པའི་དགེ་བསྙེན་གྱི་བསླབ་བྱའང་ཤེས་པར་འགྱུར་ཞིང་། ཡན་ལག་ལྔ་ལས་ལོག་གཡེམ་གྱི་དོད་དུ་མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་དགེ་བསྙེན་དང་། བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བསྲུང་བ་གོ་མིའི་དགེ་བསྙེན་དུ་གྲགས་པ་སྟེ་གཞན་དུ་ཤེས་པར་བྱའོ། །སྐྱབས་འགྲོའི་དགེ་བསྙེན་གྱི་བསླབ་བྱ་ནི་ཐམས་ཅད་ཀྱི་ཐུན་མོང་བའོ། །དེ་ལྟར་ཡང་ཆོས་འདུལ་བ་ལས། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་གསུངས་པས་སངས་རྒྱས་ཀྱི་བསྟན་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །དེ་དག་ལས་རྒྱས་པ་ནི་བསླབ་བྱའི་བཤམ་གྱི་ནན་ཏན་ལྷུར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ལ་བསླབ་བོ་ཞེས་པའི་བར་ཚང་བར་བཤད་ནས་དགེ་བ་བསྔོ་བར་བྱའོ། །འབྲིང་དུ་ན་ཡན་ལག་བཞི་ཆང་དང་བཅས་ལྔ་པོ་སྤོང་དགོས་ཚུལ་མདོར་བསྡུས་ཙམ་ཞིག་བཤད་ནས་བསྔོ་བ་བྱའོ། །ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་སྦྱིན་པའི་ཆོ་གའོ། །༈ སྭ་སྟི། ལྷ་མིའི་སྟོན་པ་ཟས་གཙང་སྲས། །ཐུགས་རྗེའི་བདག་ཉིད་དེར་བཏུད་ནས། །ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི། །ཆོ་ག་མདོ་ཙམ་བཤད་པར་བྱ། །འདིར་ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི་ཆོ་ག་སྒྲུབ་པ་ལ། ལེན་པའི་ཆོ་ག །བླངས་པའི་བསླབ་བྱ། འཐད་པ་བཤད་པ་དང་གསུམ་ལས། དང་པོ་སྡོམ་པ་བླང་བའི་ཆོ་ག་ནི། དཀོན་མཆོག་གི་རྟེན་དང་མཆོད་པ་ཅི་འབྱོར་བ་བཤམས་པའི་དྲུང་དུ། སློབ་དཔོན་སྟན་མཐོ་བ་ལ་འདུག །སློབ་མས་མཆིལ་ལྷམ་ཕུད། ཡན་ལག་ལྔའི་ཁྲུས་བྱས། རྟེན་དང་བླ་མ་ལ་ཕྱག་བྱས་ནས་ཙོག་པུའམ་པུས་མོ་བཙུག །ཐལ་མོ་སྦྱར་ཏེ་འཁོད་པ་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ནས། དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྣམས་རྒྱས་བསྡུས་ཅི་རིགས་པར་བཤད་ནས་བློ་བཅོས་པའམ། ཁྱོད་བསྙེན་གནས་ཀྱི་སྡོམ་པ་ལེན་པར་འདོད་པ་དེ་ལེགས། ལེགས་པའི་རྒྱུ་མཚན་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡིས། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་བརྔུབས་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་
གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པར་དཀའ་ཞིང་རྙེད་ཀྱང་ཡུན་རིང་དུ་མི་གནས་པར་སྐད་ཅིག་གིས་ཀྱང་འཇིག་པའི་ཆོས་ཅན་འདི་ཉིད་ད་ལྟ་ཅུང་ཟད་ཙམ་གནས་པའི་སྐབས་འདིར་སྙིང་པོ་ལོངས་པ་ཞིག་ཅི་ནས་ཀྱང་བགྱིད་དགོས་ཤིང་། ལེན་ཐབས་ཀྱང་ཚོགས་བསགས་ཤིང་སྒྲིབ་པ་སྦྱང་བ་ལ་རག་ལས་པ་ཡིན་ལ། དེ་ཡང་ཚེགས་ཆུང་ལ་ཕན་ཡོན་ཆེ་བ་བསྙེན་གནས་ཀྱི་སྡོམ་པ་བླངས་ནས་བསྲུང་བ་ཡིན་ཏེ། གནས་འཇོག་གི་མདོ་ལས། གངྒཱ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་ལྔ་དང་། རྒྱ་མཚོ་ཆེན་པོའི་ཆུ་བུམ་པའི་གྲངས་ཀྱིས་བཟུང་བར་ནུས་ཀྱིས། བསྙེན་གནས་ཀྱི་ཕན་ཡོན་གྱི་ཚད་བཟུང་བར་མི་ནུས་ཤིང་། འཛམ་བུ་གླིང་གང་བའི་དགྲ་བཅོམ་པ་ལ་རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཐམས་ཅད་བྱིན་པའི་བསོད་ནམས་ཀྱིས། བསྙེན་གནས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་འགྲོ། སྟོང་གི་ཆར་ཡང་མི་འགྲོ་བར་གསུངས་ཤིང་། འཇིག་རྟེན་གདགས་པ་ལས་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུང་ན། །དེ་ནི་ང་དང་ང་འདྲར་འགྱུར། །ཞེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཁྱོད་དེ་སྐད་མ་ཟེར་ཅིག །ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཞེས་པ་ནས། དེ་ནི་ང་དང་ང་འདྲར་འགྱུར། །ཞེས་བསྙེན་གནས་ཁོ་ནས་སངས་རྒྱས་ཐོབ་པར་གསུངས་པས་བསམ་པ་འདི་བཞིན་དུ་མཛོད། དེ་ཡང་འཁོར་བ་འདི་ནས་སེམས་ཅན་ཐམས་ཅད་གནས་གྲོགས་ལོངས་སྤྱོད་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་སྡུག་བསྔལ་གྱི་ཡོ་ལང་དང་སྡུག་བསྔལ་སྒྲུབ་ཐབས་འབའ་ཞིག་པར་ལོངས་སྤྱོད་པར་འདུག་པས་སྙིང་རེ་རྗེ། དེ་རྣམས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆ ེད་དུ་སངས་རྒྱས་ལ་སྐྱབས་ཞུ། ཆོས་ལ་ལམ་ཞུ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། བཙུན་པའམ་སློབ་དཔོན་དགོངས་སུ་གསོལ། རྟེན་ལས་ལེན་ན། སྟོན་པ་དགོངས་སུ་གསོལ། ཞེས་སྦྱར། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་
སུ་མཆིའོ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའི་བར་དང་། བདག་དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་ཇི་སྲིད་འཚོའི་བར་དུས་བཟང་གསུམ་ཀ་ལ་གཏན་ལེན་བྱེད་ན། ཇི་སྲིད་འཚོའི་བར་དུ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་། བཅོ་ལྔ་དང་། གནམ་གང་ལ་བསྙེན་གནས་ཡན་ལག་བརྒྱད་པར་ཞེས་སྦྱར། བསྙེན་གནས་ཡན་ལག་བརྒྱད་པར་སློབ་དཔོན་གྱི་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་ནས། གསུམ་པའི་ཡན་ལག་བརྒྱད་པར་ཞེས་པའི་ཚིག་རྫོགས་པ་དང་སྡོམ་པ་ཐོབ་ཤེས་བསྐྱེད་ཅིང་། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། ཡང་སློབ་དཔོན་གྱིས། དེས་ཁྱོད་ཀྱི་རྒྱུད་ལ་བསྙེན་གནས་ཀྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན། ཐོབ་པས་མི་ཆོག་བསྲུང་དགོས། དེ་ལ་བསྙེན་གནས་ཀྱི་སྐབས་སུ་བཤད་པའི་བསྲུང་བྱ་བརྒྱད་པོ་འདི་ཡིད་ཀྱི་སྒོ་ནས་སྤང་། ལུས་ངག་གི་སྒོ་ནས་སླར་ལོག་པར་བྱེད། དེ་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་བཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་མ་བྱིན་པར་ལེན་པ་དང་། ཞེས་པ་ནས། སླར་ལོག་པར་བགྱིའོའི་བར་དང་། ཡན་ལག་བརྒྱད་
པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་ནས། རྗེས་སུ་བགྱིད་དོའི་བར་ལན་གཅིག་བརྗོད་ནས། ཐབས་ལེགས་བྱའོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བ་ནི། བསླབ་བྱ་ཤེས་པ་ལ་རག་ལས་པས། སྐྱབས་འགྲོའི་བསླབ་བྱ་ནི། གཞན་དུ་བརྗོད་པ་བཞིན་བཤད་ནས། བསྙེན་གནས་རང་གི་བསླབ་བྱ་ཡན་ལག་བརྒྱད་དེ། དེ་ཡང་མིའམ་མིར་ཆགས་པའི་སྲོག་མི་གཅད་ཅིང་སྲོག་ཆགས་ཕྲ་མོ་ལའང་མི་འཚེ། གཞན་གྱི་ནོར་རིན་ཐང་ཚང་བར་མ་ཟད། དངོས་པོ་ཕྲ་མོ་ཙམ་ཡང་མ་བྱིན་པར་མི་ལེན། མི་ཚངས་པར་སྤྱོད་པ་ལྟ་ཅི་ཐ་ན་ཆགས་སྲེད་ཀྱིས་གཞན་གྱི་ལུས་ལ་རེག་པའང་མི་བྱ། མི་ཆོས་བླ་མའི་རྫུན་དུ་མ་ཟད་རྩེད་མོའི་ཆེད་དུ་ཡང་རྫུན་མི་སྨྲ། མྱོས་པར་འགྱུར་བའི་ཆང་ཐིགས་པ་གཅིག་ཡན་ཆད་མི་བཏུང་། གར་སོགས་ཕྲེང་སོགས་སྡོམ་པས་གཅིག་སྟེ་སེམས་རྒོད་ཅིང་ལུས་སྒེག་པས་བརྟུལ་ཞུགས་ཉམས་པའི་ལས་མི་བྱ། ཁྲི་སྟན་ཆེ་མཐོ་མི་བསྟེེན། དུས་མ་ཡིན་པ་སྟེ་ཕྱི་དྲོའི་ཁ་ཟས་སྤོང་བ་དང་བརྒྱད་པོ་འདི་བསྲུང་དགོས་ཤིང་། དེར་མ་ཟད་ཇོ་བོ་རྗེའི་ཕྱག་ལེན་ཟས་དཀར་གསུམ་ལ་བརྟེན་ཅིང་ཤ་ཁྲག་གི་དྲི་ཙམ་ཡང་མི་བསྟེན་པ་དང་། དྲན་ཤེས་བཞིན་བག་ཡོད་ཀྱི་སླད་དུ་ཆབ་ལེན་པ་སོགས་ཀྱང་བྱ་བར་གསུངས་སོ། །དེ་ལྟར་སྤང་བྱ་རྣམས་ཚུལ་བཞིན་དུ་མ་བསྲུངས་ན་སྡོམ་པ་བླངས་ཀྱང་ཕན་ཡོན་མི་འབྱུང་བར་སྟོན་པའི་བཅས་པ་དང་འགལ་བའི་ཉེས་དམིགས་བསམ་གྱིས་མི་ཁྱབ་སྟེ། ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱུག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་སོགས་གསུངས་པ་དང་། ཚུལ་བཞིན་བསྲུངས་པ་ལ་ཕན་ཡོན་ཤིན་ཏུ་ཆེ་སྟེ། སོ་ཐར་གྱི་མདོ་ལས། འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་དང་སྔར་ཡང་བཤད་པ་བཞིན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་ཞིང་། དེ་ཡང་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་སོགས་དགོས་པ་དུ་མ་དང་ལྡན་པས། ཐོག་མར་སློབ་དཔོན་ལས་བླང་བར་བྱ་ཞིང་། བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་གི་མཐའ་ཅན་ཡིན་པས། ནངས་པར་སྐྱ་རེངས་ཤར་བའི་ཚེ་སྡོམ་པ་གཏོང་
བའ་ིཕྱིར་སླར་ཡང་ནམ་བསྲུང་བསྲུང་གི་བར་བླ་མ་ལས་ནོད་པའམ། བླ་མ་མ་འབྱོར་ན་རྟེན་གྱི་དྲུང་དུ་གསོ་སྦྱོང་རང་གིས་བླང་བའི་ཆོ་ག་ལ་བརྟེན་ནས་བླངས་ཏེ། དུས་བཟང་རྣམས་ལ་ཅི་ནུས་སུ་བསླབ་པར་གྱིས་ཤིག །ཅེས་བརྗོད་ནས་བཀའ་དྲིན་དྲན་པས་ཕྱག་བྱའོ། །གསུམ་པ་འཐད་པ་བཤད་པ་ནི། མཛོད་ལས། བསྙེན་གནས་ཡན་ལག་ཚང་བ་ནི། །དང་པོ་གཞན་ལས་ནོད་པར་བྱ། །ཞེས་གསུངས་པས། ཐོག་མར་རབ་དུ་བྱུང་བའམ། ཁྱིམ་པ་གསོ་སྦྱོང་ལ་གནས་པ་ཞིག་ལ་ཇི་སྲིད་འཚོའི་བར་གྱི་ཉ་སྟོང་བརྒྱད་གསུམ་གའི་བསྙེན་གནས་ཀྱི་སྡོམ་པ་དུས་གཅིག་ལ་བླངས་ནས། དེ་ཕྱིན་ཆད་སྡོམ་པ་ལེན་ཡུལ་གྱི་གང་ཟག་མ་རྙེད་ན། རང་ཉིད་ཀྱིས་རྟེན་གྱི་དྲུང་དུ་ལེན་པ་ཡིན་གྱི། སྔར་གང་ཟག་ལས་ལེན་མ་མྱོང་ན་རྟེན་གྱི་དྲུང་དུ་བླངས་ཀྱང་སྡོམ་པ་མི་སྐྱེ། སྔར་ལེན་མྱོང་བ་དག་གིས་ཀྱང་བསྲུང་རྒྱུའི་དུས་ཚེས་གང་ཡིན་དེ་ལ་རང་གིས་རྟེན་གྱི་དྲུང་དུ་བླང་བར་བྱ་ཡིས་མ་བླངས་པར་མི་རུང་ངོ་། །དེ་ཡང་ལེན་ཡུལ་ལས་རང་ཉིད་སྟན་མཐོ་བ་དང་། དབང་པོ་མ་བསྡམས་པ་དང་། མ་གུས་པ་དང་། རྗེས་ཟློས་ཁ་གཅམ་པ་དང་། ཉི་མ་ཤར་བ་དང་། རྒྱན་གསར་དུ་གདགས་པ་རྣམས་ནི་སྡོམ་པ་སྐྱེ་བའི་གེགས་ཡིན་ལ། སང་གི་ཉི་མ་མ་ཤར་བ། དེའི་གོང་དུ་ཤི་བ། ལོག་ལྟ་སྐྱེས་པ། ཕུལ་བ་རྣམས་ནི་སྡོམ་པའི་གཏོང་རྒྱུའོ། །སྐྱེ་བའི་རྒྱུ་ནི་ངེས་འབྱུང་གི་བསམ་པའོ། །གནས་པའི་ཐབས་ནི་དྲན་པ་དང་ཤེས་བཞིན་གྱིས་བསླབ་བྱ་རྣམས་ལེགས་པར་བསྲུང་བར་བྱ་བའོ། །སྡོམ་པ་དེ་ཉིད་ཚེ་གང་དུ་བླངས་ནས་བསྲུང་བ་ནི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་ལྟར་གོ་མིའི་དགེ་བསྙེན་དུ་འགྱུར་རོ། །དེ་ལྟར་གནས་སྐབས་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །སྒྲུབ་བྱེད་ཡན་ལག་བརྒྱད་པ་ཡི། །ཆོ་ག་ཉུང་གསལ་འཇུག་བདེར་སྤེལ། །ཁྱིམ་པ་རྗེས་སུ་འཛིན་པ་སོ་སོ་ཐར་པའི་སྡོམ་པའི་ཆོ་ག་ཐར་ལམ་རབ་གསལ་ཞེས་བྱ་བ་འདི་ནི། ཉེ་བར་གནས་པ་ཨོ་རྒྱན་རྣམ་གྲོལ་གྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་བསྙེན་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྤེལ་བའོ།། །།
རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས། ལོ་ཆེན་དྷརྨ་ཤྲཱི།
རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།
རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
རབ་བྱུང་གི་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་ཞེས་བྱ་བ། སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁྱེན་པས་སྲིད་ལས་རྣམ་གྲོལ་ཞིང་། །སྙིང་རྗེས་གདུལ་བྱ་འདུལ་བའི་ཐབས། །སྟོན་མཛད་ཐུབ་དབང་ལྷ་ཡི་ལྷ། །ཀུན་མཁྱེན་འགྲོ་བའི་བླ་མར་འདུད། །འབུམ་ཕྲག་འདུལ་གཞུང་འོད་བརྒྱ་པས། །འཁོར་བའི་རྨོངས་མུན་བསལ་མཛད་པ། །ཡོན་ཏན་འོད་མངའ་ཞི་བ་འཚོ། །དགོངས་པ་རབ་ཏུ་གསལ་དེས་སྐྱོངས། །ངེས་འབྱུང་ཚུལ་ཁྲིམས་མ་སྨད་པའི། །རིན་ཆེན་ཐེམ་སྐས་ལ་འཛེགས་ནས། །རྣམ་གྲོལ་ཁང་བཟང་ཉམས་དགའ་བར། །འཁྲིད་ཐབས་ལས་ཀྱི་ཆོ་ག་བཤད། །འདི་ལ་གཉིས་ཏེ། ཚིགས་སྔ་མ་དགེ་ཚུལ་དུ་སྒྲུབ་པའི་དང་། ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པའི་ཆོ་གའོ། །དང་པོ་ནི། ཐོག་མར་སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་བཤམས། ཆོས་གོས་གཉིས། ལྷུང་བཟེད། གདིང་བ། ཆུ་ཚགས་སོགས་སྟ་གོན་བྱས་ནས། བསྒྲུབ་བྱ་དེ་མདུན་དུ་ཙོག་ཙོག་པོར་འདུག་དུ་བཅུག་པ་ལ། མཁན་པོ་ཉིད་དུ་ཕྱོགས་པའི་དགེ་སློང་དེས་བར་ཆད་དྲི་སྟེ། ཁྱོད་སྔོན་གྱི་དགེ་བ་དང་སྨོན་ལམ་གྱི་དབང་གིས་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་པ་དོན་ཡོད་པར་བྱ་བའི་ཆེད་དུ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་བྱེད་པ་ནི་ཤིན་ཏུ་སྐལ་པ་བཟང་པོ་ཡིན། དེ་ལ་བསྟན་པའི་སྙིང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་འདི་བར་ཆད་དང་མི་ལྡན་པའི་གང་ཟག་རྒྱུད་དག་པ་ཞིག་ལ་སྦྱིན་དགོས། བར་ཆད་ཡོད་མེད་ཁོ་བོས་དྲིས་པ་ལས་རྟོགས་པས་དྲི་བ་འདི་རྣམས་ལ་ལན་དྲང་པོར་ཐོབ་ཅིག །ཁྱེད་མུ་སྟེགས་ཅན་མ་ཡིན་ནམ། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཕ་མས་
མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་གྱུར་པའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་ཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཕུང་གྲོལ་བ་མ་ཡིན་ནམ། ལྷྭམ་མཁན་མ་ཡིན་ནམ། གདོལ་པ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་མིར་བརྫུ་བ་མ་ཡིན་ནམ། བྱང་གི་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་འགྱུར་བ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། ཞེས་དྲིས་པས། མ་ཡིན་ལགས། ཟེར་ན། འོ་ན་ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བྱའོ། །ཞེས་སྐབས་དབྱེའོ། །དེ་ནས་བསྒྲུབ་བྱ་དེ་སྟོན་པ་དང་རང་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་འདུག་ཅིང་ཐལ་མོ་སྙིང་ཁར་སྦྱར་དུ་བཅུག་སྟེ། ཁྱོད་རབ་ཏུ་འབྱུང་བར་བྱེད་པ་ལ་འགལ་རྐྱེན་བར་ཆད་དང་བྲལ་བ་གཅིག་པུས་མི་ཆོག་གི་མཐུན་རྐྱེན་ཆོ་ག་རྣམ་པར་དག་པ་ལ་བརྟེན་དགོས་ཤིང་། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་བསླབ་པའི་དོན་དུ་ཐོག་མར་དགེ་བསྙེན་གྱི་སྡོམ་པ་བླང་དགོས་པས་བསམ་པ་འདི་བཞིན་དུ་གྱིས། ཁམས་གསུམ་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་
གྱི་རང་བཞིན་ལས་མ་འདས་པས་འཁོར་བ་སྤངས་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་སྒྲུབ། དེའི་ཆེད་དུ་དཀོན་མཆོག་གསུམ་སྐྱབས་གནས་སུ་བཟུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་ཇི་སྲིད་འཚོའི་བར་དུ་བསྲུང་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་བཟུང་དུ་གསོལ། ཞེས་ལན་གཉིས་བཟླས། ལན་གསུམ་པ་འདི་ལ་སྐྱབས་བརྗོད་དང་བདག་བརྗོད་གཉིས་རྫོགས་པ་དགེ་བསྙེན་དུ་ཞེས་པའི་སྐབས་སུ་ཁོ་བོས་སེ་གོལ་གྱི་བརྡ་བྱས་པ་དང་མཉམ་དུ་སྡོམ་པ་སྐྱེ་བ་ཡིན་པས། དུས་དེར་སྡོམ་པ་ཐོབ་སྙམ་པ་དང་། དེ་ནས་ངེད་ལའང་སློབ་དཔོན་ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག་ལ་རྗེས་ཟློས་གྱིས། ཞེས་དང་། མཇུག་ཏུ་སློབ་དཔོན་གྱིས། ཐབས་ཡིན་ནོ། །ཞེས་པའི་ལན་དུ་སློབ་མས། ལེགས་སོ། །ཞེས་བརྗོད། དེས་ཁྱོད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན་པས། དེའི་བསླབ་པའི་གཞི་ལྔ་པོ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྲུངས་པ་བཞིན་དུ་བདག་གིས་ཀྱང་བསྲུང་སྙམ་པས་རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་
པའི་ཆང་མྱོས་པས་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཞེས་ལན་གཅིག་གི་མཐར་སྔར་བཞིན། ཐབས་ལེགས་བྱའོ། །༈ དེ་ལྟར་མཁན་པོར་ཕྱོགས་པས་བར་ཆད་དྲིས་ནས་བསྒྲུབ་བྱ་རྒྱུད་དག་པར་གྲུབ་པ་དེ་རང་གིས་དགེ་བསྙེན་དུ་བསྒྲུབས་པའི་རྗེས་དེ་ནས་ཞུ་བ་བྱེད་པའི་དགེ་སློང་ཆོས་བཅུ་ལྡན་ཞིག་ལ། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོས། ཚེ་དང་ལྡན་པ་འདི་དགེ་འདུན་ལ་རབ་ཏུ་འབྱུང་བའི་ཞུ་བ་མཛོད་ཅིག །ཅེས་གཏད། དགེ་སློང་དེས། ཅི་ཚེ་དང་ལྡན་པ་འདིའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། ཞེས་དྲིས་པ་ལ། མཁན་པོར་ཕྱོགས་པས། ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ཡིན་གདའི། ཞེས་ལན་གདབ། དེ་ནས་བསྐོས་པ་དེས་བསྒྲུབ་བྱ་དེ་ཁྲིད་ནས་གནས་ཁང་སོ་སོར་འཁོད་པའི་དགེ་འདུན་ལ་ཞུས་ཀྱང་རུང་མོད། འོན་ཀྱང་དེང་སང་དགེ་འདུན་ཐམས་ཅད་གནས་ཁང་གཅིག་ཏུ་འདུས་པ་ལ་ཞུ་བ་ཉིད་ཕྱག་ལེན་དུ་མཛད་པས། བསྒྲུབ་བྱ་དེ་མཁན་པོ་མ་གཏོགས་དགེ་སློང་རྒན་རིམ་ནས་ཕྱག་གསུམ་གསུམ་འཚལ་དུ་བཅུག་ལ། གོས་དཀར་པོ་དང་ལྡན་པས་ཙོག་ཙོག་པོར་འདུག་ཅིང་ཐལ་མོ་སྦྱོར་དུ་བཅུག་སྟེ། རང་རྒན་པའི་མཐའ་ལོགས་སུ་འགྲེངས་ཏེ་འདུད་པ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་བྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་དེ་རབ་ཏུ་དབྱུང་ངམ།
ཞེས་པའི་ལན་དུ་དགེ་འདུན་རྣམས་ཀྱིས། གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད། དེ་ཡང་འདིར་བསྒྲུབ་བྱ་གཅིག་གི་དབང་དུ་བྱས་པ་སྟེ། གཉིས་ཡོད་ན་སྔར་འདི་ཞེས་པ་ལ་འདི་དག །དེ་ཡང་ལ་དེ་དག་ཀྱང་། ཅི་དེ་ལ་ཅི་དེ་དག །ཁོ་ན་ཉིད་ལ་ཁོང་དག་ཉིད་ཅེས་དང་། གསུམ་ཡོད་ན་དག་ཅེས་པའི་གནས་སུ་རྣམས་ཞེས་བསྒྱུར་ཞིང་། མིང་འདི་ཞེས་བགྱི་བ་ལས། ཞེས་པ་དེ། རང་གི་མཁན་པོ་ཡིན་ན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བ་ཞེས་དང་། སློབ་དཔོན་ཡིན་ན་སློབ་དཔོན། རང་གི་མཁན་སློབ་མིན་ན་གནས་བསྟན་ནམ། དགེ་བའི་བཤེས་གཉེན་ཞེས་ཉེ་ཚིག་གིས་བརྗོད་པ་སོགས་རྣམ་དབྱེ་དང་ཚིག་ཕྲད་སྐབས་ཐོབ་ཀྱིས་བསྒྱུར་ཚུལ་གོང་འོག་ཐམས་ཅད་དུ་འཁྱེར་ཤེས་པར་བྱའོ། །༈ དེ་ནས་མཁན་པོར་ཕྱོགས་པས་བསྒྲུབ་བྱ་དེ་རང་ལ་ཕྱག་གསུམ་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་ཐལ་སྦྱར་གྱིས་འདུག་ཏུ་བཅུག་སྟེ། ཁྱོད་རབ་ཏུ་བྱུང་བ་བྱེད་པ་དེ་རང་ཞུགས་སུ་བྱས་པས་མི་ཡོང་བས་བྱེད་པ་པོར་གྱུར་པའི་མཁན་པོ་ཞིག་དགོས། དེའི་རྒྱུ་མཚན་སྔོན་སྟོན་པ་རྫོགས་སངས་རྒྱས་ནས་རིང་པོ་མ་ལོན་པའི་དུས་ཀྱི་གདུལ་བྱ་རྣམས་ནི་རང་བཞིན་གྱི་དབང་པོ་དུལ་ཞིང་བག་དང་ལྡན་ལ། ན་ཚ་སོགས་ཀྱང་འབྱུང་དཀོན་པས་འཁྲིད་ཅིང་སྐྱོད་པར་བྱེད་པ་ལ་མི་ལྟོས་པའི་ཕྱིར་མཁན་སློབ་མེད་པར་རྫོགས་པ་ཡིན་གྱི། དུས་ཕྱིས་ཀྱི་གང་ཟག་རྣམས་དེ་ལྟ་བུ་མ་ཡིན་པས་ད་ལྟར་གྱི་ཆོ་གས་རབ་ཏུ་འབྱུང་བའི་མཐུན་རྐྱེན་གྱི་གཙོ་བོ་མཁན་པོ་ཡིན། མཁན་པོའི་དོན་ཡང་། ཨུ་པ་ཉེ་བ། དྷ་ར་འཛིན་པ། སིནྡྷ་སྦྱོར་བ། བི་ཀཱ་ར་ཎ་ལུང་འབོགས་པ་སྟེ། བརྩེ་བས་འཁོར་བར་ལྟུང་པ་ལས་ཉེ་བར་འཛིན་ལ། བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར་བའི་རྐྱེན་སྒྲུབ་ཅིང་། འཇུག་ལྡོག་གི་བསླབ་བྱ་རྣམས་ཉེ་བར་ལུང་འབོགས་པར་བྱེད་པ་ཞིག་ཡིན། དེ་ཡང་བཙུན་པ་བརྟན་པའི་ཡོན་ཏན་དང་། མཁས་ཤིང་ཕན་ཐོགས་པའི་ཡོན་ཏན་ཏེ། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ཞིག་དགོས་པ་ཁོ་བོས་འགྲུབ་རུང་དུ་ཡོད་པས། སྔར་དགེ་བསྙེན་གྱི་སློབ་དཔོན་ལ་ད་རབ་བྱུང་གི་མཁན་པོ་ཞུ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱི། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་རབ་ཏུ་དབྱུང་བར་བགྱིའོ། །ཞེས་ལན་གསུམ་བཟླས་པའི་གསུམ་པ། མཁན་པོ་མཁན་པོས་ཞེས་བསྒྱུར་ཞིང་། ཐབས་
ལེགས་བྱའོ། །༈ དེ་ནས་མཁན་པོས་གྲོགས་དན་ལ། དགེ་སློང་འདི་ཞེས་བྱ་བས་ཚེ་དང་ལྡན་པ་འདིའི་སྐྲ་དང་ཁ་སྤུ་ཞེས་སམ། བྲེགས་ཚར་ན་གཙུག་ཕུད་འབྲེག་པར་མཛོད་ཅིག །ཅེས་བཅོལ། དེས་ཀྱང་སྐྲ་དང་ཁ་སྤུ་འབྲེག་དགོས་ན་གཙུག་ཕུད་མ་གཏོགས་པ་བྲེགས་ནས། དེའི་འོག་ཏུ་ཅི་གཙུག་ཕུད་འབྲེག་པར་སྤྲོའམ་ཞེས་དྲི། སྤྲོ་ལགས་ཟེར་ན་བྲེགས་ཏེ་ཁྲུས་བྱེད་དུ་བཅུག་ལ། མཁན་པོའི་ཞབས་ལ་གཏུགས་པའི་ཕྱག་བྱས་ཏེ། མདུན་དུ་ཙོག་ཙོག་པོར་འདུག་པ་ལ་མཁན་པོས་བླ་གོས་གཏད་དེ་གཉིས་ཀས་བཟུང་ནས། འདི་སྟོད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཆོས་གོས་བླ་གོས་ཞེས་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར། དགེ་སྦྱོང་གི་དྲན་པ་གསོ། ཚ་གྲང་གི་རེག་པ་ལས་སྐྱོབ་པའི་གོས་སུ་གནང་བས། སྟོན་པ་སངས་རྒྱས་ཀྱིས་ཇི་ལྟར་བསྣམས་པ་བཞིན་དུ་གྱོན་ནས་སེམས་ཞི་དུལ་དང་ལྡན་པར་གྱིས་ཤིག །མཐང་གོས་གཏད་དེ། འདི་སྨད་ཀྱི་ནང་དུ་གྱོན་པར་བྱེད་པའི་ཆོས་གོས་མཐང་གོས་ཞེས་བྱ་བ། སྨད་གཅེར་བ་དང་། ཚ་གྲང་གི་རེག་པ་ལས་སྐྱོབ། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར། དགེ་སྦྱོང་གི་དྲན་པ་གསོ་བའི་གོས་སུ་གནང་བས། སྟོན་པ་སངས་རྒྱས་ཀྱིས་སོགས་སྔར་ལྟར། ལྷུང་བཟེད་གཏད་དེ། འདི་ལྷུང་བཟེད་ཅེས་བྱ་བ་ཁྱིམ་པ་དང་མུ་སྟེགས་བྱེད་སོགས་ལས་སྣོད་སྤྱད་ཀྱི་རྟགས་ཁྱད་པར་དུ་གྱུར། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་གྱིས་འགེང་། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་སྤྱོད་པའི་བརྡར། བསོད་སྙོམས་ཀྱི་ཟས་ལྷུང་བ་བཟེད་པའི་དོན་དུ་གནང་བས། འཆང་བར་གྱིས་ཤིག །གདིང་བ་གཏད་དེ། འདི་ཆོས་གོས་གདིང་བ་ཞེས་བྱ་བ། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་པའི་གནས་མལ་དང་། ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་སྤྱོད་པ་ན། འདིས་སྐྱོབས་ཏེ་ཆུད་མ་ཟོད་པར་སྤྱོད་དགོས་པས། དེའི་ཆེད་དུ་འཆང་བར་གྱིས་ཤིག །ཆུ་ཚགས་གཏད་དེ། འདི་ཆུ་ཚགས་ཞེས་བྱ་བ་ཡིན་ཏེ། རབ་ཏུ་བྱུང་བ་རྣམས་ནི་སེམས་ཅན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་དགོས་པས། སྤྱིར་སེམས་ཅན་ཐམས་ཅད་ལ་གནོད་པ་སྤང་དགོས་ཤིང་། ཁྱད་པར་ཆུ་ལ་ལོངས་སྤྱོད་པའི་ཚེ་འདིས་
སྲོག་ཆགས་རྣམས་རང་གི་གནས་སུ་དོར་ནས་ཆུ་གཙང་མ་ལ་ལོངས་སྤྱོད་པའི་ཆེད་དུ་གནང་བ་ཡིན་པས་འཆང་བར་གྱིས་ཤིག །ཅེས་སྦྱིན། འདིར་མདོ་རྩར་གོས་ངུར་སྨྲིག་སྟེར་བ་ཙམ་ལས་མ་གསུངས་ཀྱང་། ལུང་དང་ཀརྨ་ཤ་ཏཾ་ལས་ལྷུང་བཟེད་སྦྱིན་པར་གསུངས་ཤིང་། གདིང་བ་ཆུ་ཚགས་གཉིས་སྟེར་དགོས་པའི་གསལ་ཁ་མེད་ཀྱང་སྟེར་བ་ཕྱག་ལེན་ནོ། །དེ་ལྟར་གོས་སྦྱིན་ནས་མཁན་པོ་རང་ཉིད་ཀྱིས་བསྐོན་ཞིང་། ཞར་ལ་མཚན་མ་ཚོར་བར་བརྟག །གཞན་ལ་འཆོལ་ན། དགེ་སློང་ཆེ་གེ་མོས། འདིའི་གོས་ཚགས་སློབ་པ་དང་བདག་གི་བྱ་བ་ཡང་སྒྲུབས་མཛོད་ཅིག །ཅེས་བསྒོ། དེས་ཀྱང་གོན་ལུགས་བསླབ་ཅིང་མཚན་བརྟགས་པས་སྐྱོན་མེད་ན། བར་ཆད་དང་མི་ལྡན་པར་གདའ་ཞེས་བརྡ་སྤྲད། གོས་བསྐོན་པའི་ཚེ་གཞུང་ནས་མ་བཤད་ཀྱང་ཕྱག་ལེན་ལ། ཀུན་གྱིས་མེ་ཏོག་འཐོར་བ་དང་བཅས། ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་པར་སྤྱོད་པ་ཚེ་མཐར་ཕྱིན་པར་གྱུར་ཅིག །ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །༈ དེ་ནས་བསྒྲུབ་བྱ་དེ་སྟོན་པ་དང་མཁན་པོ་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་འདུག་ཅིང་ཐལ་མོ་སྙིང་གར་སྦྱོར་དུ་བཅུག་སྟེ། ཁྱོད་རབ་ཏུ་འབྱུང་བར་འདོད་པ་དེ་ལེགས། ལེགས་པའི་རྒྱུ་མཚན། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། ཁྱིམ་པ་རྣམས་ནི་མེའི་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་སོགས་གསུངས་ཤིང་། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས་ཀྱང་། སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་ཐོབ། །ཅེས་དང་། ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་གསུངས་པ་ལྟར་ཁྱིམ་པ་རྣམས་ནི་འདོད་ཡོན་གྱིས་བཅིངས་པས་བྱང་ཆུབ་ཐོབ་དཀའ་ཞིང་། རབ་ཏུ་བྱུང་བ་རྣམས་ནི་འདོད་ཡོན་ལ་རང་གི་ངང་གིས་ཆགས་པ་དང་བྲལ་བར་བྱེད་ནུས་པའི་དབང་གིས་བྱང་ཆུབ་དམ་པ་རྙེད་སླ་བ་ཡིན་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་རྟེན་ལས་སངས་རྒྱས་ཤིང་རྒྱ་བར་འགྱུར་ལ། རྒྱུ་མཚན་དེས་རབ་ཏུ་བྱུང་བ་ནི་དོན་ཆེ་ཞིང་བསོད་ནམས་ཆེ་སྟེ། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། སྟོང་གསུམ་གྱི་སེམས་ཅན་
ཐམས་ཅད་ཀྱིས་བསྐལ་པའི་བར་དུ་བུ་དང་ཆུང་མ་སྦྱིན་པར་བཏང་བའི་བསོད་ནམས་བས་རབ་ཏུ་འབྱུང་བའི་བསམ་པས་དགོན་པར་གོམ་པ་གཅིག་བོར་བ་བསོད་ནམས་ཆེ། ཞེས་སོགས་གསུངས་པས། བསོད་ནམས་ཅན་གྱི་རབ་བྱུང་དུ་སྒྲུབ་པའི་སྐབས་འདིར་བརྗེ་བ་རྣམ་པ་གསུམ་བྱ་སྟེ། རྟགས་བརྗེ་བ། མིང་བརྗེ་བ། བསམ་པ་བརྗེ་བའོ། །རྟགས་བརྗེ་བ་ནི་ཁྱིམ་པའི་རྟགས་ཆ་ལུགས་རྣམས་སྤངས་ཤིང་། ལུས་ཀྱི་བྱི་བྱད་དང་། གོས་དང་། སྣོད་སྤྱད་ཀྱི་རྟགས་གསུམ་གྱི་སྒོ་ནས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་སུ་བསྒྲུབས་པ་ཞིག་དགོས་དེ་ཚང་། མིང་བརྗེ་བ་ནི། སྔོན་གྱི་མཁན་པོའི་མིང་གི་མཐའ་ཅན། དཔལ་དང་། འོད་དང་། གྲགས་པ་དང་། བཟང་པོ་སྟེ་བཞིའམ། ད་ལྟར་གྱི་མཁན་པོའི་མིང་གི་མཐའ་ཅན་གང་རུང་དུ་སྤོ་དགོས་པས། ཁྱོད་ཀྱི་མིང་འདི་ཞེས་བྱ་བ་གྱིས་ཤིག །རྟགས་དང་མིང་བརྗེས་པའི་དགོས་པ་ཡང་བསམ་པ་བརྗེ་བ་ཡིན་པས། སྔར་ཕན་ཆད་ཚེ་འདིའི་བདེ་འབྱོར་སྙན་གྲགས་སོགས་བསྒྲུབ་བྱར་བྱེད་པ་དེ་སྤངས་ནས། ད་ཕྱིན་ཆད་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པ་གལ་ཆེ་སྟེ། དེའི་རྒྱུ་མཚན་འཁོར་བ་འདིར་ལྷ་མིའི་ལུས་ཐོབ་ཀྱང་སྡུག་བསྔལ་ལས་མ་འདས་པས་འཁོར་བ་རྒྱུ་དང་བཅས་པ་སྤངས་ཏེ། རྣམ་གྲོལ་གཏན་གྱི་བདེ་བ་སྒྲུབ། དེ་ཡང་རང་གཅིག་པུའི་དོན་དུ་མ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཐབས་སུ་འོ་སྐོལ་གྱི་སྟོན་པས་རྒྱལ་སྲིད་ཀྱི་འབྱོར་པའང་མཆིལ་མའི་ཐལ་བ་ལྟར་བོར་ནས་རབ་ཏུ་བྱུང་བ་བཞིན་དུ་བདག་ཀྱང་དེའི་རྣམ་ཐར་གྱི་རྗེས་སུ་ཞུགས་ཏེ་རབ་ཏུ་འབྱུང་བ་ཡིན་པས། འཁོར་བ་ལས་སྐྱོབ་པའི་སྐྱབས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྒོ་ནས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཡང་དག་པར་བླངས་ཏེ་ཇི་སྲིད་འཚོའི་བར་དུ་བསྲུང་སྙམ་པས་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་མཆིའོ། །བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཞེས་ལན་གསུམ་བཟླས་པའི་མཐར་ཐབས་ལེགས་བྱའོ། །རབ་བྱུང་འདི་བར་མ་དགེ་བ་ཙམ་ལས་སྡོམ་པ་དངོས་མ་ཡིན་པས་སྐྱེ་བའི་བར་ཆད་ཅན་ལའང་སྐྱེ་ཞིང་། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སོགས་མི་ལེན་པར་འདི་རྐྱང་པ་བྱིན་ཀྱང་སྐྱེ་བར་བཤད་དོ། །༈ དེ་ནས་མཁན་པོས་དགེ་སློང་དགེ་ཚུལ་གྱི་ཆོ་ག་ལ་མཁས་པ་སོགས་ཆོས་བཅུ་ལྡན་ཞིག་ལ། དགེ་སློང་ཆེ་གེ་མོས་ཚེ་དང་ལྡན་པ་འདི་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབས་ཤིག །ཅེས་གཏད། དེས་ཅི་ཚེ་དང་ལྡན་པ་འདིའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། ཞེས་དྲིས་པ་ལ། མཁན་པོས། ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ཡིན་གདའ། ཞེས་ལན་གདབ། དེ་ནས་སློབ་དཔོན་གྱིས་བསྒྲུབ་བྱ་དེ་སྟོན་པ་དང་རང་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་ཐལ་སྦྱར་གྱིས་འདུག་དུ་བཅུག་སྟེ། ཁྱོད་དགེ་ཚུལ་དུ་སྒྲུབ་པར་བྱེད་པ་ལ། ཆོ་ག་སྦྱོར་བ་དང་། དངོས་གཞི་དང་། མཇུག་གསུམ་ལས། དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོས་རྣམས་སོང་ནས། དངོས་གཞིའི་སྐབས་ཡིན། དེ་ཡང་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བ་ལས་སྐྱེ་བས་ན། འགལ་རྐྱེན་སྡོམ་པ་སྐྱེ་བ་དང་། གནས་པ་དང་། ཁྱད་པར་དུ་འགྱུར་བ་དང་། མཛེས་པ་ལ་བར་དུ་གཅོད་པ་སྟེ་བཞི་མེད་པ་ཞིག་དགོས་ཏེ། སྔར་མཁན་པོས་དྲིས་ཤིང་ཁྱེད་རང་གིས་ལན་བཏབ་པའི་སྒོ་ནས་བར་ཆད་དང་མི་ལྡན་པར་རྟོགས་པ་དེ་ཡིན། མཐུན་རྐྱེན་ལ་ལྔ་ལས། ཡུལ་མཐུན་པའི་རྐྱེན་ལ་སྐྱབས་འགྲོའི་ཡུལ་དུ་གྱུར་པའི་དཀོན་མཆོག་གསུམ། མཛོད་ལས། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་འགོག་ལམ་གྱི་སྟེང་ནས་འཇོག་པས། དེ་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པའི་སྒོ་ནས། དེ་མཚོན་བྱེད་སངས་རྒྱས་སྟོན་པའི་སྐུ་གཟུགས་དང་། ཆོས་སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་ཤིང་། ཁྱད་པར་འདུལ་བའི་བསླབ་པ་ལ་ནན་ཏན་དུ་བྱེད་པ་དང་། ལས་ཀྱི་ཆོ་ག་ཡོད་པ་དགོས་དེ་ཚང་། དགེ་ཚུལ་གྱི་སྡོམ་པ་གང་ཟག་ལས་སྐྱེ་བས་མེད་ཀ་མེད་ཀྱི་ཡན་ལག་
མ་ཡིན་ཀྱང་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་དགེ་འདུན་དང་བཅས་པ་བཞུགས། མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་གསོལ་བ་བཏབ་ཅིང་ཞལ་གྱིས་བཞེས་པ་ཞིག་དགོས་ན་དེ་ཡང་ཚང་། སློབ་དཔོན་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་ཅིང་དགེ་ཚུལ་གྱི་སྡོམ་པ་འབོགས་པའི་ཆོ་ག་བརྡ་སྤྲོད་པ་ལ་མཁས་པ་ཞིག་དགོས་ཏེ། དེ་བདག་གིས་སྒྲུབ་པས་ཡུལ་དུ་གང་དགོས་ཐམས་ཅད་ཚང་། རྒྱུད་སྣོད་དུ་རུང་བ་མཐུན་པའི་རྐྱེན་ཡང་། བསྒྲུབ་བྱ་བཞིར་མ་ལོངས་ཤིང་། དགེ་ཚུལ་གྱི་སྡོམ་པ་དང་སྡོམ་རོས་རྒྱུད་མ་བཀག་པ། ཉེས་མེད་ཀྱི་སྡོམ་པ་སྐྱེ་བ་ལ་ཚིག་སྔ་མ་དགེ་བསྙེན་སོགས་ཐོབ་ཅིང་མ་ཉམས་པ་དགོས་ན་ཐམས་ཅད་ཚང་། རྟགས་མཐུན་པའི་རྐྱེན་ལའང་། ལུས་བྱི་བྱད་དང་གོས་དང་སྣོད་སྤྱད་གསུམ་གྱི་སྒོ་ནས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དང་ལྡན་པ་ཞིག་དགོས་ན་བརྙན་པོ་ཚུན་ཆད་ཀྱིས་ཐམས་ཅད་ཚང་། བསམ་པ་མཐུན་པའི་རྐྱེན་ལ། རྒྱུའི་ཀུན་སློང་ཞེ་ཐག་པ་ནས་སྡོམ་པ་ལེན་འདོད་དགོས་ཏེ། ཁྱོད་རང་གིས་དོན་དུ་གཉེར་ནས་སྒྲུབ་པས་ཚང་ཞིང་། དུས་ཀྱི་ཀུན་སློང་སྡོམ་པ་ཐོབ་དུས་ཐོབ་ཤེས་ཀྱི་བསམ་པ་སྐྱེ་རུང་ཞིག་དགོས་ཏེ། དེ་ཡང་ཁྱོད་ལ་སྐྱེ་རུང་དུ་ཡོད་ཅིང་། ངེད་ཀྱིས་ཀྱང་བརྡ་སྤྲོད་པ་ཡིན། འགལ་རྐྱེན་ངེས་པ་ལྔ་བྲལ་ཆ་འདྲ་ཞིག་དགོས་ཏེ། སེམས་ཅན་ཆེ་གེ་མོ་ཞིག་ལ་སྤོང་ཞེས་པ་ལྟ་བུ་སེམས་ཅན་ངེས་པ་དང་། ཡུལ་ག་གེ་མོ་ཞིག་ཏུ་བསྲུང་ཞེས་པ་ལྟ་བུ་ཡུལ་ངེས་པ་དང་། ཟླ་བ་གཅིག་གམ་ལོ་གཅིག་གི་བར་དུ་བསྲུང་ཞེས་པ་ལྟ་བུ་དུས་ངེས་པ་དང་། འཐབ་རྩོད་ཀྱི་ཚེ་མ་གཏོགས་བསྲུང་ཞེས་པ་ལྟ་བུ་ཚེ་ངེས་པ་དང་། སྤང་བྱ་བཅུའི་ནང་ནས་འདི་བསྲུང་འདི་མི་བསྲུང་ཞེས་པ་ལྟ་བུས་ཡན་ལག་ངེས་པ་སྟེ། ངེས་པ་དེ་རྣམས་དང་བྲལ་བ་ཞིག་དགོས། དེ་ཐམས་ཅད་མྱང་འདས་ཀྱི་བསམ་པས་ཟིན་པ་ཞིག་དགོས་ཏེ། ཚེ་འདིའི་སྡུག་བསྔལ་དང་བྲལ་འདོད་དམ། ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་ལེན་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་། ཚེ་འདིའི་བདེ་སྐྱིད་ཐོབ་འདོད་དམ། ཕྱི་མར་ལྷ་མིའི་བདེ་འབྲས་འདོད་ནས་ལེན་པ་ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་ལས། དེ་གཉིས་སོ་ཐར་གྱི་སྡོམ་པར་མི་འགྱུར་ཏེ། སོ་སོ་ཐར་པའི་སྡོམ་པ་འདི་ནི་ངེས་པར་འབྱུང་
བའི་ཚུལ་ཁྲིམས་ཡིན་པས། སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་པ་མྱང་འདས་ཐོབ་པའི་ཆེད་དུ་བླང་དགོས། དེ་ཡང་ཐར་པའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་པས་བསམ་པ་འདི་བཞིན་དུ་གྱིས། ཁམས་གསུམ་འཁོར་བ་ན་རྒྱུ་བའི་སེམས་ཅན་འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་མི་མཁས་པས་ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམས་པོ་ཆེ་ལ་སྤྱོད། ལ་ལ་ནི་ལས་ངན་གྱི་འབྲས་བུ་སྡུག་བསྔལ་དངོས་ཀྱི་ཡོ་ལང་ལ་སྤྱོད་པས་ཉམ་ཐག་པ་འདི་རྣམས་སྙིང་རེ་རྗེ། འོ་ན་སྙིང་རྗེ་བའི་སར་བཞག་པས་མི་ཕན་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་འགྲོ་ཀུན་སྒྲོལ་ནུས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བདག་གིས་དགེ་ཚུལ་གྱི་སྡོམ་པ་བླང་སྙམ་པའི་བསམ་པ་དུང་དུང་བ་བསྐྱེད་འཚལ། ཆོ་ག་མཐུན་པའི་རྐྱེན་ལ་སྦྱོར་བ་སྔར་སོང་། དངོས་གཞི་དང་། རྗེས་ད་ལྟ་ཉིད་དུ་སྒྲུབ་པས། དཀོན་མཆོག་གསུམ་སྐྱབས་གནས་སུ་བཟུང་ནས་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་ཇི་སྲིད་འཚོའི་བར་དུ་བསྲུང་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ། བཙུན་པས་བཟུང་དུ་གསོལ། ཞེས་ལན་གཉིས་བཟླས། ལན་གསུམ་པ་འདི་ལ་སྐྱབས་བརྗོད་དང་བདག་བརྗོད་གཉིས་རྫོགས་མཚམས་གཞན་བརྗོད་ཀྱི་ཐོག་མར་བདག་གིས་སེ་གོལ་གྱི་བརྡ་བྱས་པ་དང་མཉམ་དུ་སྡོམ་པ་སྐྱེ་བ་ཡིན་པས། དུས་དེར་སྡོམ་པ་ཐོབ་སྙམ་པ་དང་། དེ་ནས་ངེད་ལའང་སློབ་དཔོན་ཞེས་བརྗོད་དགོས་པས། དེ་ཡིད་ལ་ཞོག་ལ་རྗེས་ཟློས་གྱིས། ཞེས་དང་མཇུག་ཏུ་ཐབས་ལེགས་བྱའོ། །དེས་དངོས་གཞི་གྲུབ་ནས་མཇུག་གི་ཆོ་ག་ལ་གཉིས་ཡོད་པའི། དང་པོ་ཐོབ་པའི་དུས་གོ་བ་དེ་དགེ་སློང་ཆེ་གེ་མོས་མཛོད་ཅིག །ཅེས་བསྒོ། དེས་ཀྱང་ཉི་མ་རྫོགས་པའི་སར་ཕྱིན་ཏེ་གྲིབ་ཚོད་གཞལ། དུས་ཚོད་དང་ཉིན་མཚན་གྱི་ཆ་རྣམས་ངེས་པར་བྱས་ནས། ཁྱོད་
དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི། སྦྱོར་དངོས་གཉིས་ཀྱིས་ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ཡིན། ད་མཇུག་ཆོག་ལ་གཉིས་ཡོད་པའི། དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཕྱིར་ཐོབ་པའི་དུས་གོ་བའི་དབང་དུ་བྱས་ན། ལུང་དག་ཀརྨ་ཤ་ཏཾ་དང་། མདོ་རྩ་བ་རྣམས་སུ་ཕྲ་རིམ་ནས་གསུངས་ཀྱང་། གཞི་འབྲེལ་མཁན་པོས་ཕྲ་རིམ་ནས་བཙལ་ནས་རགས་རིམ་ནས་བརྗོད་པར་གསུངས་ཤིང་། ལོ་ཚིགས་ཤེས་པའི་ཕྱིར་ལོ་ཡང་བརྗོད་དགོས་པར་གསུངས་པ་དང་བསྟུན་ན། ད་ལོའི་ལོ་འདི་ཆེ་གེའི་ལོ་ཡིན། དེ་ལ་ལོ་འགོ་འཛིན་ལུགས་མི་འདྲ་བ་མང་ཡང་ཀརྨ་ཤ་ཏཾ་ལས། དུས་ཚོད་ནི་ལྔ་སྟེ། དགུན་གྱི་དུས་དང་། ཞེས་སོགས་གསུངས་ཤིང་དེ་ཡང་ཧོར་ཟླ་དང་སྦྱར་ན། ཉེ་སྙིང་ལས། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདིར་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་གསུངས་པས་སྨིན་དྲུག་ཟླ་བའི་ཕྱེད་སྔ་མས་སྟོན་ཟླ་ཐ་ཆུང་རྫོགས་ནས། དེའི་ཕྱེད་ཕྱི་མ་ནས་ལོ་འགོ་འཛིན་པའི་དབང་དུ་བྱས་ཏེ། དགུན་གྱི་དུས་ཟླ་བ་བཞི། དཔྱིད་ཀྱི་དུས་ཟླ་བ་བཞི། དབྱར་གྱི་དུས་ཟླ་བ་གཅིགདབྱར་ཐུང་ངུ་ཉིན་ཞག་གཅིག །དབྱར་རིང་པོ་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་བ་རྣམས་སུ་ཡོད་པ་ལས་ཆེ་གེ་ཡིན། ཟླ་བ་ལའང་ཡར་ངོ་མར་ངོ་གཉིས་ལས་ཆེ་གེ་ཡིན། དེ་ལའང་ཡར་ངོའི་གྲལ་ཚེས་བཅོ་ལྔ་དང་། མར་ངོའི་བཅོ་ལྔའམ་བཅུ་བཞི་ལས་ཆེ་གེ་ཡིན། དེ་ལ་ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ཡོད་དེ། སྔ་དྲོ་དང་། གུང་དང་། ཕྱི་དྲོ་དང་། མཚན་མོའི་ཐུན་དང་པོ་དང་། ཐུན་དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་དང་། ཐུན་ཐ་མ་དང་། ཐུན་ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་། སྐྱ་རེངས་ཤར་བ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིག་མ་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། ཉི་མ་བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བ་ཏེ་ཉི་ཤུ་རྩ་གཉིས་ལས། ཆེ་གེའི་དུས། ཉིན་མོ་ཡིན་ན། གྲིབ་ཚོད་སྐྱེས་བུ་ཆེ་གེ་དང་།
རྐང་པ་ཆེ་གེའི་དུས་སུ། བཀྲ་ཤིས་པའི་གཙུག་ལག་ཁང་དང་གནས་འདི་ཞེས་བྱ་བར། མཁན་པོ་ཆེ་གེ་དང་། སློབ་དཔོན་ཆེ་གེ་ལས་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ཡིན་པས། དེ་ངེས་པར་བྱས་ནས། བསྙེན་བཀུར་གྱི་གནས་ནི། དགེ་སློང་ཐམས་ཅད་དང་། དགེ་ཚུལ་རང་བས་བསླབ་པ་རྒན་པ་རྣམས་ཡིན། གནས་མ་ཡིན་པ་ནི། དགེ་ཚུལ་རང་བས་བསླབ་པ་གཞོན་པ་རྣམས་དང་། རྟེན་དམན་པ་དགེ་སློང་མ་སོགས་བུད་མེད་རབ་ཏུ་བྱུང་བ་ཐམས་ཅད་དང་། དགེ་བསྙེན་མན་ཆད་ཁྱིམ་པ་ཐམས་ཅད་ཡིན། དེ་ཡང་རྒན་གཞོན་གྱི་ཁྱད་པར་རགས་པ་ལོ་ཟླས་འཇོག་པར་མ་ཟད། ཐ་ན་གྲིབ་མ་སོར་གཅིག་ཡན་ཆད་ཀྱིས་ཀྱང་འཇོག་པས། དེ་ལྟར་ཤེས་པར་བྱས་ནས། བསྙེན་བཀུར་གྱི་གནས་རྣམས་གྲལ་གོང་དུ་ཞོག །རྙེད་པ་དང་པོར་ཕུལ། ཕྱག་འཚལ། སྔོན་ལ་ལྡང་བ་སོགས་གུས་པའི་ལས་རྣམས་ཡར་སྟོབས། གནས་མ་ཡིན་པ་རྣམས་རང་གི་གྲལ་འོག་ཏུ་ཞོག །ཕྱག་དང་བསྙེན་བཀུར་སྟོབ་པ་བྱུང་ན་དང་དུ་ལོང་། འོན་ཀྱང་དགེ་སློབ་མ་དང་དགེ་སློང་མ་གཉིས་བསླབ་ཚིགས་མཐོ་བས་དེ་གཉིས་ཀྱི་ཕྱག་མ་ལེན། དེ་ལྟར་བརྩིས་པས་དགེ་ཚུལ་ནང་དུས་མཉམ་པ་བྱུང་ན་གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས་ཤིང་། གྲལ་ཡང་མགྱོགས་གྲལ་དུ་བྱས་པས་ཆོག །དེ་ལྟར་བྱས་པས་གནས་སྐབས་སུ་སྡོམ་པ་ཐོབ་པའི་དུས་ཤེས་ཤིང་རྒན་པ་ལ་བསྙེན་བཀུར་བས་གཞན་རྒྱུད་ཀྱི་བསླབ་པ་ལ་གུས་པ་དང་། གཞོན་པའི་བསྙེན་བཀུར་དང་དུ་བླངས་པས་རང་རྒྱུད་ཀྱི་བསླབ་པ་ལ་གུས་པ་དང་། གྲལ་འཁྲུག་ལོང་དུ་མི་འགྱུར། སྦྱིན་བདག་དང་བ་འདྲེན་ཅིང་། ཡ་རབས་ཀྱི་ལུགས་དང་མཐུན་མཐར་ཐུག་སྟོན་པའི་བཅས་པ་བཞིན་དུ་བསླབས་པས། རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཐོབ་པའི་དགོས་པ་ཡོད་པས། དེ་རྣམས་ཐུགས་ལ་བཞག་ནས་ཕྱག་ལེན་ལ་ཐེབས་པ་མཛོད། དེ་མཇུག་ཆོག་དང་པོ་ལགས། གཉིས་པ་དགེ་བའི་བཤེས་གཉེན་པས་གསུང་བར་འགྱུར་པས་དེ་ལ་གསན་པས་མཆི་བར་གདའ། དེ་ནས་སློབ་དཔོན་གྱིས། དགེ་བའི་བཤེས་གཉེན་པས་གསུངས་པ་དེ་རྣམས་ཀྱང་སེམས་ལ་བཞག་ནས་ལག་ལེན་ལ་ཐེབས་པ་བྱ་དགོས། ད་མཇུག་ཆོག་གཉིས་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་བསླབ་པ་བརྗོད་
པ་ནི། སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག་གཅེས་སྤྲས་ཀྱི་སྒོ་ནས་བསྲུང་དགོས། བསྲུང་ལུགས་བསླབ་བྱ་བཅུ་པོ་འཁོར་དང་བཅས་པ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྲུངས་པ་བཞིན་དུ་བདག་གིས་ཀྱང་བསྲུང་སྙམ་པས་རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཞེས་ལན་གཅིག་གི་རྗེས་སུ་ཐབས་ལེགས་བྱའོ། །དེ་རྣམས་བསླབ་བྱ་བརྗོད་པ་ཡིན་པས་ཇི་ལྟར་ཁས་བླངས་པ་བཞིན་ལེགས་པར་སྲུངས་ཤིག །
དེ་ལྟར་དགེ་ཚུལ་དུ་གྱུར་ནས་ཁྱིམ་པ་ཐམས་ཅད་ཀྱིས་ཕྱག་བྱ་བའི་གནས་ཐོབ་པ་ཡིན་ཏེ། ས་གའི་ལྷས། དེ་ལྟར་དགེ་ཚུལ་བྱས་མ་ཐག །འདི་ལ་ཁྱིམ་པ་ཐམས་ཅད་ཀྱིས། །ཕྱག་འཚལ་སྨོན་པར་འགྱུར་བ་སྟེ། །གང་ཕྱིར་ཁྱིམ་གྱི་འཆིང་གྲོལ་ཕྱིར། །ཞེས་གསུངས་པ་ལྟར་ཕན་ཡོན་ཆེན་པོ་མངའ་བས་དགའ་བ་སྒོམས། དེ་མཁན་པོའི་སྐུ་དྲིན་ཡིན་པས་གཏང་རག་གི་ཕྱག་གསུམ་འཚོལ་ལ་བཀའ་དྲིན་ཆེ་ལགས་ཞེས་བརྗོད་ཅིག །མེ་ཏོག་འཐོར་བཞིན་དུ་ཐམས་ཅད་ཀྱིས་སྨོན་ལམ་རྣམ་བཞི་གདབ་བོ། །དགེ་ཚུལ་དུ་སྒྲུབ་པའི་ཆོ་གའོ། །༈ གཉིས་པ་ཚིགས་ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པའི་ཆོ་ག་ནི། བསྒྲུབ་བྱ་དེ་ལོ་ཉི་ཤུ་ལོན་ཞིང་བསྙེན་རྫོགས་འདོད་ན། སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་བཤམས། ཆོས་གོས་སོགས་ཡོ་བྱད་རྣམས་བརྙན་པོ་ཚུན་ཆད་ཀྱིས་བཙལ་ལ། ཆོས་གོས་རྣམས་ཕྱི་ནང་འགོ་མཇུག་མ་ལོག་པར་བཞི་ལྟབ་ཏུ་བྱས་ཏེ་བརྐྱང་པ་དང་། ལྷུང་བཟེད། གདིང་བ། ཆུ་ཚགས་རྣམས་མཁན་པོ་དང་ཉེ་བར་བཞག །མེ་ཏོག་དང་། སྟན་གྱི་རྩྭ་ཕ་གུ་དང་བཅས་པ་སྟ་གོན་བྱ། ལས་ཀྱི་གནས་དེར་འདུ་བའི་དགེ་སློང་ཐམས་ཅད་ཀྱིས་རང་རྒྱུད་ལ་བརྟགས་ཏེ། ལྟུང་བ་ཡོད་ན་བཤགས་བསྡམ་བྱིན་གྱིས་རློབ་པ་སོགས་གང་ལ་གང་འོས་ཀྱིས་ཕྱིར་བཅོས་པས་རྒྱུད་དག་པར་བྱས་ཏེ་ལས་གྲལ་དུ་འདུས་པ་དང་། བསྒྲུབ་བྱ་དེ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་བཞག་མཁན་པོ་ཉིད་དུ་ཕྱོགས་པ་དེས་དགེ་འདུན་ཐམས་ཅད་ལ་མེ་ཏོག་ཕུལ་ནས་འགྲེངས་ཏེ་འདུད་པ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོས་ལས་ཀྱི་སློབ་དཔོན་བཀས་གནང་བ་ཞུ། དགེ་སློང་ཆེ་གེ་མོས་གསང་སྟེ་སྟོན་པའི་སློབ་དཔོན་བཀས་གནང་བ་ཞུ། དགེ་སློང་ཆེ་གེ་མོས་དབུ་མཛད་པ་རྣམས་ཀྱིས་ལས་ཀྱི་ཁ་སྐོང་བར་མཛད་ནས། ཚེ་དང་ལྡན་པ་འདི་ལ་བསྙེན་པར་རྫོགས་པའི་སྡོམ་པ་བཀས་གནང་བ་ཞུ། དངོས་དེ་ལྟར་གཡར་ངོ་འཕྱར་ཞིང་མཆིས་ལགས། ཞེས་གསོལ་བ་གདབ། འདི་ལས་གྲལ་དུ་འདུས་ནས་མཛད་པ་ཕྱག་ལེན་ཏེ། བསྟན་པའི་རྣམ་བཞག་མ་ཉམས་ཙམ་ཡིན་གྱི། གཞུང་གི་འགྲོས་དང་བསྟུན་ན་ལས་གྲལ་དུ་མ་འདུས་གོང་དུ་ཚིག་གིས་གསོལ་བ་བཏབ་པས་ཆོག་པར་གསུངས་སོ། །དེ་ནས་བསྒྲུབ་བྱ་ལ། སྟོན་པའི་སྐུ་གཟུགས་འདི་ལ་སྟོན་པ་དངོས་ཀྱི་འདུ་ཤེས་ཞོག་ལ་ཕྱག་གསུམ་གྱིས་ཞེས་
འཚལ་དུ་གཞུག །རང་ཉིད་དགེ་འདུན་གྱི་ནང་དུ་འཇུག་པའི་དོན་དུ་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་གྱིས། ཞེས་ཡན་ལག་ལྔ་ས་ལ་གཏུགས་པའམ་སྒྱིད་པ་ལ་འཁྱུད་དེ་མགོ་བོས་རྐང་པ་ལ་གཏུགས་པའི་ཕྱག་གཉིས་གང་ཡང་རུང་བ་འཚལ་དུ་གཞུག་ཅིང་། ཕྱག་འཚལ་བའི་ཚེ་དགེ་སློང་རེ་རེས་ཀྱང་། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་ཅིང་མེ་ཏོག་འཐོར་རོ། །༈ དེ་ནས་བསྒྲུབ་བྱ་དེ་རྩྭའི་སྟེང་ནས་མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག་ནས། ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོས་སྙིང་གར་ཐལ་སྦྱར་གྱིས་འདུག་ཏུ་བཅུག་སྟེ། ཁྱོད་སྔོན་གྱི་དགེ་བ་དང་སྨོན་ལམ་གྱི་དབང་གིས་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ཐོབ་ཅིང་། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་བསླབས་ཏེ། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ནོད་པར་འདོད་པ་དེ་ཤིན་ཏུ་ལེགས། ལེགས་པའི་རྒྱུ་མཚན། ད་རེས་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་འདི་ལས་ཐར་པ་རྣམ་གྲོལ་གཏན་གྱི་བདེ་བ་ཐོབ་པའི་ཆེད་དུ་རྒྱལ་བའི་བསྟན་པ་ལ་བསླབ་དགོས་ཤིང་། བསྟན་པའི་སྙིང་པོ་སྡེ་སྣོད་གསུམ་གྱི་ཉམས་སུ་བླང་བྱ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཡིན། དེ་ཡང་འཁོར་བ་དངོས་ཀྱི་གཉེན་པོ་རྣམ་པར་མི་རྟོག་པའི་ཤེས་རབ་ནི་ལམ་གྱི་གཙོ་བོ་ཡིན་མོད་ཀྱི། དེའི་རྒྱུར་ཡང་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས་ལ། དེ་ཡང་འགྱོད་པ་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལས་འགྲུབ་ཅིང་། ཚུལ་ཁྲིམས་ཀྱང་འདིར་སོ་སོ་ཐར་པའི་སྡོམ་པ་རིགས་བརྒྱད་ལས་མཆོག་ཏུ་གྱུར་པ་དགེ་སློང་གི་སྡོམ་པ་ཡིན་ཏེ། ལུང་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་གསུངས། དེ་ལྟ་བུའི་ཕན་ཡོན་ཅན་གྱི་བསྙེན་རྫོགས་སུ་སྒྲུབ་པའི་ཚུལ་ཡང་། སྔོན་སྟོན་པ་རྫོགས་སངས་རྒྱས་ནས་རིང་པོ་མ་ལོན་པའི་དུས་ཀྱི་གདུལ་བྱ་རྣམས་ནི་ཉོན་མོངས་པ་དང་། རྣམ་པར་སྨིན་པ་དང་། ལས་ཀྱི་སྒྲིབ་པ་གསུམ་ཤས་ཆུང་ཞིང་། ཤེས་རབ་དང་རྒྱུད་དང་། དབང་པོ་དང་། དགེ་བའི་རྩ་བ་སྨིན་པ་ཤས་ཆེ་བས་འཁྲིད་ཅིང་སྐྱོང་བར་བྱེད་པ་ལ་ལྟོས་མི་དགོས་པའི་ཕྱིར་ཚུར་ཤོག་ལ་སོགས་པ་ཐབས་སླ་བ་མང་
པོ་དང་། མཁན་སློབ་མེད་པར་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་རབ་བྱུང་བསྙེན་རྫོགས་ཅིག་ཅར་དུ་སྒྲུབ་པ་སོགས་སྔོན་གྱི་ཆོ་ག་རྣམས་གསུངས་མོད་ཀྱི། དུས་ཕྱིས་སེམས་ཅན་སྨིན་གསུམ་ཤས་ཆུང་ཞིང་སྒྲིབ་གསུམ་ཤས་ཆེ་བས་ཀུན་ཏུ་སྤྱོད་པའི་ཁྱད་པར་མི་ཤེས་པ་སློབ་དགོས་པར་འགྱུར་ཞིང་། ལུས་ཀྱི་འབྱུང་བ་ཆ་མ་སྙོམས་པས་ན་བར་གྱུར་པ་དག་ལ་ནད་གཡོགས་དགོས་པ་སོགས་འཁྲིད་ཅིང་སྐྱོང་བ་ལ་ལྟོས་པའི་ཕྱིར་ཚེགས་དང་བཅས་པ་ད་ལྟར་གྱི་ཆོ་གའི་སྒོ་ནས་བསྙེན་པར་རྫོགས་པ་སྒྲུབ་འཚལ། དེ་ལའང་ཆོ་ག་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལའང་དྲུག་ལས། ཡོ་བྱད་ཚགས་སུ་གཞུག་ཅིང་དཀོན་མཆོག་གསུམ་དང་སློབ་དཔོན་མངོན་དུ་འགྱུར་བར་བྱ་བའི་ཕྱིར་དང་པོར་བྱ་བ་སོང་ནས། ད་མཁན་པོ་མངོན་དུ་འབྱུང་བར་བྱ་བའི་ཕྱིར། སྦྱོར་ཆོག་གཉིས་པ་མཁན་པོར་གསོལ་བ་འདེབས་པའི་སྐབས་ཡིན། མཁན་པོའི་དོན་ཡང་། ཉེར་བསྒྱུར་ཨུ་པ་སྔོན་མའི། དྷ་ར། སནྡྷི། བི་ཀཱ་ར་ཎ་ཞེས་པས། ཉེ་བར་འཛིན། ཉེ་བར་སྦྱོར། ཉེ་བར་ལུང་འབོགས་པའི་དོན་ཏེ། བརྩེ་བས་འཁོར་བར་ལྟུང་བ་ལས་ཉེ་བར་བཟུང་ནས། བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱར་ཏེ། འཇུག་ལྡོག་གི་བསླབ་བྱ་རྣམས་ཉེ་བར་ལུང་འབོགས་པར་བྱེད་པས་ན་མཁན་པོ་ཞེས་བྱ། དེ་ཡང་བཙུན་པ་བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་དང་། མཁས་ཤིང་ཕན་ཐོགས་པའི་ཡན་ལག་ཏུ་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས་གང་རུང་དང་ལྡན་པ་སྟེ། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ཞིག་དགོས་པ་ཁོ་བོས་འགྲུབ་རུང་དུ་ཡོད་པས། བཙུན་པའམ་སྔར་གྱི་མཁན་སློབ་ཡིན་ན་དགེ་ཚུལ་གྱི་སློབ་དཔོན་ནམ། རབ་བྱུང་གི་མཁན་པོ་ལ་ད་བསྙེན་རྫོགས་ཀྱི་མཁན་པོ་ཞུ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། བཙུན་པའམ་སློབ་དཔོན་ནམ་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། བཙུན་པའམ་སློབ་དཔོན་ནམ་མཁན་པོ་ལ་མཁན་པོར་གསོལ་གྱི། བཙུན་པའམ་སློབ་དཔོན་ནམ་མཁན་པོ། བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པའམ་སློབ་དཔོན་ནམ་མཁན་པོས་བསྙེན་པར་རྫོགས་པར་བགྱིའོ། །ལན་གཉིས་བཟླས་ནས། ལན་གསུམ་པའི་ཆ་གསུམ་པ་ལ་གང་ཡིན་ཀྱང་མཁན་པོ་མཁན་པོས་ཞེས་
བརྗོད་ཅིང་། མཇུག་ཏུ་ཐབས་ལེགས་བྱའོ། །དེ་ནས་ཡོ་བྱད་མངོན་དུ་འགྱུར་བར་བྱ་བའི་ཕྱིར་སྦྱོར་ཆོག་གསུམ་པ་རྟགས་དང་ཆ་ལུགས་སྦྱིན་པ་ཡིན་པས་ཕྱག་གསུམ་འཚོལ་ལ་ངེད་ཀྱི་མདུན་དུ་ཤོག་ཅིག །ཅེས་བསྒོ། གྲོགས་དན་གྱིས་ཆོས་གོས་གསུམ་སོ་སོར་བལྟབ་སྟེ་བསྒྲུབ་བྱའི་ཕྲག་པ་གཡོན་ལ་བཀལ་ནས། འདི་ལ་དངོས་དང་། འདི་ལ་རྒྱུའི་བྱིན་རླབས་འཆགས་པར་གདའ་ཞེས་བརྡ་སྤྲད། མཁན་པོས་ཀྱང་དེ་ལ། ཚེ་དང་ལྡན་པ་འདིའི་ལྷུང་བཟེད་དགེ་འདུན་ལ་སྟོན་ཅིག །ཅེས་བསྒོ། དེ་ནས་མཁན་པོ་དང་བསྒྲུབ་བྱ་གཉིས་ཀ་འགྲེང་སྟེ་གཉིས་ཀའི་ལག་གཡོན་འོག་དང་གཡས་སྟེང་དུ་བྱས་པས་སྣམ་སྦྱར་བཟུང་ནས། འདི་སྣམ་ཕྲན་དང་གླེགས་བུ་མཐུད་ཅིང་སྦྱར་བས་སྣམ་སྦྱར་ཞེས་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་དང་རབ་བྱུང་ཡང་བསྙེན་པར་མ་རྫོགས་པ་དགེ་ཚུལ་མན་ཆད་ལས་རྟགས་ཁྱད་པར་དུ་གྱུར་དགེ་སྦྱོང་གི་དྲན་པ་གསོ། ངོ་ཚ་དང་ཁྲེལ་ཡོད་ཀྱི་བསམ་པ་ཁྱད་པར་ཅན་བསྐྱེད། ལྷ་དང་བཅས་པའི་མཆོད་རྟེན་དུ་འགྱུར་བའི་ཕྱིར་གནང་བས། འདི་དགེ་སློང་གི་འཚོ་བའི་ཡོ་བྱད་སྣམ་སྦྱར་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླ། ཐབས་ལེགས་བྱས་ལ་ཕྲག་པ་གཡས་སུ་སྤོ་བ་འོག་མ་རྣམས་ལའང་འགྲེ། དེ་བཞིན་དུ་བླ་གོས་བཟུང་ནས། འདི་སྟོད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཞེས་པ་ནས་གོས་སུ་གནང་བས་ཞེས་པའི་བར་རབ་བྱུང་གི་སྐབས་ལྟར་ལས། འདི་བླ་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས་བྱ། སྔར་གྱི་རྣམ་སྦྱར་ཞེས་པའི་གནས་སུ་བླ་གོས་ཞེས་འདོན་པ་བསྒྱུར། མཐང་གོས་བཟུང་ནས། འདི་སྨད་ཀྱི་ནང་དུ་གྱོན་པར་བྱེད་པའི་ནས་གོས་སུ་གནང་བས། འདི་མཐང་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས་བྱ། སྣམ་སྦྱར་ཞེས་པ་མཐང་གོས་ཞེས་བསྒྱུར། དེ་ནས་མཐང་གོས་བཀོན་རྗེས། བླ་གོས་དང་སྣམ་སྦྱར་སྦྲགས་ཏེ་མཁན་པོས་བཀོན་པར་བྱ་ཞིང་། ཐམས་ཅད་ཀྱིས་སྨོན་ལམ་བཞི་གདབ། དེས་ཀྱང་སྣམ་སྦྱར་དང་བཅས་པ་ཉིད་ཡིན་ན་རྩྭའམ་གདིང་བའི་སྟེང་ནས་བསྙེན་པར་རྫོགས་པའི་ཕྱིར་འདུས་པའི་དགེ་འདུན་ལ་ཕྱག་གསུམ་བྱའོ། །གལ་ཏེ་རེ་ཞིག་ཆོས་གོས་གསུམ་དངོས་ཀྱི་བྱིན་རླབས་འཆགས་པ་མེད་ན། རྒྱུ་དང་ཁ་དོག་གིས་རུང་བའི་གོས་ཁྲུ་གང་ཡན་ཆད་ལ་རྒྱུའི་བྱིན་རླབས་བྱ་སྟེ། སྔར་བཞིན་བཟུང་ལ། བཤད་པ་གཞན་འདྲ་བ་ལས། འདི་
སྣམ་སྦྱར་རྒྱུར་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བར་ཆད་མ་བྱུང་ན། བཀྲུའོ། །བརྐྱང་ངོ་། །དྲའོ། །སྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །ལན་གསུམ་བཟླས་ཤིང་ཐབས་ལེགས་བྱ། གཞན་གཉིས་ཀྱང་དེ་དང་འདྲ་བ་ལས། སྣམ་སྦྱར་ཞེས་པའི་གནས་སུ་བླ་གོས་ཞེས་དང་། སྣམ་ཕྲན་བདུན་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །ཞེས་དང་། སྣམ་སྦྱར་ཞེས་པ་མཐང་གོས་དང་། སྣམ་ཕྲན་ལྔ་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །ཞེས་པ་བརྗེའོ། །དེ་ནས་ལྷུང་བཟེད་སྟོན་པར་བསྐོས་པ་དེས། ལྷུང་བཟེད་དུ་སྨན་ནམ་མེ་ཏོག་ཅུང་ཟད་བཅུག་ལ་ལག་གཡོན་པར་བཞག །གཡས་པས་བཀབ་སྟེ། དགེ་སློང་རེ་རེའི་མདུན་དུ་འགྲེང་སྟེ་འདུད་པ་དང་བཅས་པས། རྒན་ན་བཙུན་པའམ། གཞོན་ན་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེའམ། མི་སྐྱའམ། ཞེས་དྲི། དེ་ལྟ་བུ་མ་ཡིན་ན་རེ་རེ་ནས་ལྷུང་བཟེད་བཟང་ངོ་། །ཞེས་བརྗོད། མ་བརྗོད་ན་ཉེས་བྱས་སོ། །དེ་ནས་ལྷུང་བཟེད་དེ་མཁན་པོ་དང་བསྒྲུབ་བྱ་གཉིས་ཀ་འགྲེང་བའི་ལག་གཡོན་པར་བཞག །གཡས་པས་བཀབ་ལ། འདི་ལྷུང་བཟེད་ཅེས་བྱ་བ། ཞེས་པ་ནས། ཟས་ལྷུང་བ་བཟེད་པའི་དོན་དུ་གནང་བས་འདི་དགེ་སློང་གི་འཚོ་བའི་ཡོ་བྱད་ལྷུང་བཟེད་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ལེགས་བྱའོ། །གདིང་བ་གཏད་དེ། འདི་ཆོས་གོས་གདིང་བ་ཞེས་བྱ་བ་ནས། སྤྱོད་དགོས་པས། གདིང་བ་འདི་ལྟ་བུ་བྱིན་གྱིས་རླབས་ནས་འཆང་བར་གྱིས་ཤིག །དེས་མཚོན་ནས་གཞན་གྱི་ལོངས་སྤྱོད་གང་ལ་ཡང་འཕངས་མེད་དུ་སྤྱོད་པ་ཐམས་ཅད་སྤང་དགོས། ཆུ་ཚགས་གཏད་དེ། འདི་ཆུ་ཚགས་ཞེས་བྱ་བ་ཡིན་ཏེ་ནས་གནང་བ་ཡིན་པས་ཆུ་ཚགས་འདི་ལྟ་བུ་བྱིན་
གྱིས་བརླབ་ནས་འཆང་བར་གྱིས་ཤིག །དེས་མཚོན་ནས་ཡོ་བྱད་གང་ལའང་སེམས་ཅན་ལ་མི་གནོད་པར་བྱ་དགོས། དེས་ཡོ་བྱད་མངོན་དུ་གྱུར་པ་བྱས་ཟིན་པས། རེ་ཞིག་དགེ་སློང་འདིའི་ཕྱི་ལ་སོང་ཞིག །ཅེས་བསྒོ། གྲོགས་བྱེད་པའི་དགེ་སློང་དེས་ཀྱང་བསྒྲུབ་བྱ་དེ་ལས་མི་ཐོས་ཤིང་ལས་གྲལ་ནས་མཐོང་བའི་སར་གདིང་བའི་སྟེང་དུ་ཚོགས་ལ་མངོན་དུ་ཕྱོགས་པར་འགྲེང་སྟེ་ཐལ་སྦྱར་གྱིས་བཞག་ལ། རང་ཉིད་ལས་གྲལ་དུ་འཁོད་དོ། །དེ་ནས་ལས་སློབ་ཏུ་མངོན་དུ་ཕྱོགས་པའི་དགེ་སློང་དེས། གསང་སྟོན་བསྐོ། ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་པ་རྣམས་ཀྱིས་ལས་ལ་མི་སྒྲིབ་པར་བྱ་བའི་ཕྱིར། གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་བསྙེན་པར་རྫོགས་པའི་འཕྲིན་ལས་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་སྔར་གནས་ལ་བློ་མཐུན་བྱས་པ་ཞིག་པའམ། མ་བྱས་པ་ཡིན་ན་འདི་ལྟར་བྱ་སྟེ། གནས་ལ་བློ་མཐུན་བགྱི་བས། ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།
དགེ་འདུན་གྱི་གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས། གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་གནས་ཐམས་ཅད་ནས་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུངས་བས་དེ་དེ་བཞིན་དུ་འཛིན་ཏོ། །འདིར་གྲུབ་པ་ནི། བྲག་གི་བྱ་སྐྱིབས་ལྟ་བུ་རང་གྲུབ། བགྱིས་པ་ནི་སྐྱེས་བུས་བྱས་ལ་མ་ཟིན་པ། ལགས་པ་ནི་ཟིན་པ་སྟེ་ཚགས་སུ་ཚུད་པ་ཡིན་པས་སྐབས་སུ་གང་བབས་བརྗོད་དོ། །དེ་ནས་ལས་བྱེད་པས་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན། ཞེས་དྲི། དེས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལགས། ཞེས་ལན་གདབ། དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོའམ། ཞེས་དྲི། དེས་སྤྲོ་ལགས་ཞེས་ལན་གདབ། ཁོང་སྤྲོ་བར་ག །དའ་བས་ཡོངས་སུ་དག་པ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་སྦྱོར་ཆོག་བཞི་པ་ལྐོག་ཏུ་བར་ཆད་དྲི་བའི་ཆེད་དུ་གསང་སྟེ་སྟོན་པ་བསྐོ་བ་ལ་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་
ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནས་གསང་སྟོན་ཕྱི་རོལ་ཏུ་སོང་སྟེ། བསྒྲུབ་བྱ་དེ་རང་ལ་ཕྱག་གསུམ་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་ཐལ་སྦྱར་གྱིས་འདུག་ཏུ་གཅུག་སྟེ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ། འགལ་རྐྱེན་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས། བར་ཆད་ཡོད་མེད་ཁོ་བོས་དྲིས་པ་ལས་རྟོགས་པས། དྲི་བ་འདི་རྣམས་ལ་ལན་དྲང་པོར་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡང་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། དེས་ཡིན་ལགས། སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ལགས། ལོ་ཉི་ཤུ་ལོན་ནམ། ལོན་ལགས། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། ཚང་ལགས། ཁྱོད་ཀྱི་ཕ་མ་གསོན་ནམ། གསོན་ཟེར་ན། ཁྱོད་ཕ་མས་གནང་ངམ། གནང་ལགས། གལ་ཏེ་ཤི་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ་ཞེས་དྲི། དེས་མ་ཡིན་ལགས། ཞེས་བརྗོད། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་
ཟད་ཆགས་པ་མེད་དམ། ཆགས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། ནུས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། རབ་ཏུ་བྱུང་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཁྱོད་འབབ་པ་ན་བསླབ་པ་ལེགས་པར་ཕུལ་ལམ། ལྟུང་བ་བྱུང་ངོ་ཟེར་ན། འོ་ན་སོང་ཞིག །མ་བྱུང་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ། དེས་ཡིན་ལགས། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། སྤྱད་ལགས། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི་བ་ལགས། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོའི་མིང་འདི་ཞེས་བགྱི་བ་ལགས། ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། རློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། རྗེད་བྱེད་དང་། བཀྲེས་ངབ་དང་། སྐྱ་སྤབ་དང་། རྐང་བམ་དང་། མཚན་པར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུ་འགགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་ལ་ད་ལྟ་ངས་གང་དྲིས་པ་དེ་ཉིད་དགེ་འདུན་གྱི་དབུས་སུ་ཡང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཁྱོད་ལ་འདྲི་ཡིས། དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་མ་བོས་ཀྱི་བར་དུ་མ་འོངས་པར་སྡོད་ཅིག །ངས་དགེ་འདུན་ལ་ཞུས་ལ་འོང་གི་ཞེས་བརྗོད། དགེ་
འདུན་གྱི་ནང་དུ་འོངས་ཏེ་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ། ཐམས་ཅད་ཀྱིས། གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད། མ་བརྗོད་ན་ཉེས་བྱས་སོ། །དེས་བསྒྲུབ་བྱ་ལ། དགེ་འདུན་གྱིས་གནང་གིས་ཤོག་ཅིག །ཅེས་བོས་ལ། ནང་དུ་གདིང་བའི་སྟེང་ནས་དགེ་འདུན་ལ་འཇུག་ཡོན་གྱི་ཕྱག་གསུམ་འཚལ་དུ་བཅུག་སྟེ། རང་མལ་དུ་འཁོད་དོ། །དེ་ནས་ལས་བྱེད་པས། བསྒྲུབ་བྱ་དེ་སྟོན་པ་དང་། དགེ་འདུན་དང་། རང་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་སྟེ། རང་གི་མདུན་དུ་ཕ་གུའི་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་ཐལ་སྦྱོར་གྱིས་འདུག་ཏུ་བཅུག་སྟེ། ཁྱོད་བསྙེན་པར་རྫོགས་པར་འདོད་པས་དེ་དགེ་འདུན་གྱི་ལས་ཀྱིས་སྒྲུབ་དགོས། དེ་ལ་འདི་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པའི་ལས་ཡིན་པས། སྦྱིན་ལས་མཚན་ཉིད་པ་ཐམས་ཅད་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་དགོས་པར་གསུངས་ཤིང་། དེར་མ་ཟད་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་དེ་མངོན་གྱུར་བཅུ་ཚང་བ་ལས་སྐྱེ་བས། འདིར་གསོལ་བ་མངོན་དུ་འགྱུར་བར་བྱ་བའི་ཕྱིར། སྦྱོར་ཆོག་ལྔ་པ་གསོལ་བ་འདེབས་པའི་སྐབས་ཡིན། དེ་ཡང་མཁན་པོས་ངོ་ཆེན་མཛད་དེ། ལས་བྱེད་པའི་ཚིག་གིས་ཐོག་དྲངས་ནས། གང་ལས་སྡོམ་པ་ཐོབ་པར་འགྱུར་བའི་དགེ་འདུན་གྲངས་ཚང་བ། ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་སྟེ་མཚན་ཉིད་གསུམ་ལྡན་ལ་གསོལ་བ་འདེབས། དེས་ཆོ་གའི་ཚིག་ལ་ཟུར་ལྔ་ཡོད་དེ། ཉེས་པ་མ་ལུས་པ་སྤངས་ཤིང་ཡོན་ཏན་མཐའ་དག་རྫོགས་པའི་རྣམ་པར་གྲོལ་བ་ལ་བསྙེན་པ་དགེ་སློང་གི་དངོས་པོར་བསྒྲུབ་ཏུ་གསོལ། འཁོར་བའི་གནས་བརྒལ་དཀའ་བ་འདམ་རྫབ་དང་འདྲ་བ་ནས་དྲང་དུ་གསོལ། སྔར་མ་ཐོབ་པའི་སྡོམ་པ་སྦྱིན་པའི་སྒོ་ནས་སོ་སོ་ཐར་པའི་སྡོམ་པ་མཆོག་དང་ལྡན་པར་བཟུང་དུ་གསོལ། དེའི་བླང་དོར་གྱི་ཐབས་མ་ནོར་བ་བསྟན་དུ་གསོལ། རྙེད་པ་དང་བཀུར་བསྟི་ལ་མི་གཟིགས་པར་ཐུགས་བརྩེ་བས་ཀུན་ནས་བསླངས་ཏེ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་གནང་བར་མཛད་དུ་གསོལ་སྙམ་
པས་ཐམས་ཅད་ཀྱིས་གསན་པའི་རྗེས་ཟློས་གསལ་དག་འཐོན་པར་གྱིས་ཤིག །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་བཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ཞེས་ལན་གསུམ་བཟླས། དེ་ལྟར་གསོལ་བ་བཏབ་པས། དགེ་འདུན་གྱིས་ཀྱང་ཅང་མི་གསུང་པའི་སྒོ་ནས་གནང་བ་བྱིན་པ་ཡིན་ནོ། །དེ་ནས་དགེ་སློང་ལས་བྱེད་པས། ཡོངས་སུ་དག་པར་དགེ་འདུན་ཐུགས་ཆེས་པའི་ཕྱིར་སྦྱོར་ཆོག་དྲུག་པ་ནང་དུ་བར་ཆད་དྲི་བའི་ཐོག་མར་སྔོན་འགྲོ་གསོལ་བའི་ལས་བགྱིད་པས། ཁྱེད་རང་རྗེས་ཟློས་བྱ་མི་དགོས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །དེ་ནས་བསྒྲུབ་བྱ་དེ་རང་ལ་ཕྱག་གསུམ་འཚལ་དུ་བཅུག་སྟེ་སྔར་བཞིན་འདུག་ཏུ་བཅུག་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་འགལ་རྐྱེན་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས། བར་ཆད་ཡོད་མེད་བརྟག་པའི་ཆེད་དུ་སྔར་གསང་སྟོན་གྱིས་ལྐོག་ཏུ་དྲིས་ཤིང་དགེ་འདུན་གྱི་དབུས་སུ་བར་ཆད་
དང་མི་ལྡན་པར་བརྡ་སྤྲད་པ་ཡིན་མོད་ཀྱི། འོན་ཀྱང་བར་ཆད་གློ་བུར་བ་ཡིན་པས་གསར་དུ་བྱུང་བའང་སྲིད། སྔར་མ་དྲན་པ་དྲན་པའང་སྲིད་པ་དང་། གཙོ་བོར་དགེ་འདུན་ཐུགས་ཆེས་པ་ལ་སོགས་ཏེ་དགོས་པ་འགའ་ཞིག་ལ་ལྟོས་ནས་འདིར་ཡང་འདྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཞེས་པ་ནས། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། ཞེས་པའི་བར་སྔར་བཞིན་དྲི་བར་བྱའོ། །༈ དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོས་རྣམས་ལེགས་པར་སོང་ནས། ད་འདིར་དངོས་གཞིའི་ཆོ་གའི་སྐབས་ཡིན། དེ་ལ་བསྙེན་པར་རྫོགས་པའི་སྡོམ་པ་འདི་ཆོས་ཉིད་ཀྱིས་ཐོབ་པ་མ་ཡིན་ཞིང་། ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཡིན་པས་ཆོ་ག་ཕུན་སུམ་ཚོགས་པ་ལ་བརྟེན་ནས་བླང་དགོས། དེ་ཡང་ལུང་གཅིག་ལས་འཕྲོས་པ་བཅུ་པའི་སྐབས་ལས། མངོན་དུ་གྱུར་པ་རྣམ་པ་བཅུ་ལས་སྐྱེ་བར་གསུངས་ཏེ། བཅུ་གང་ཞེ་ན། སངས་རྒྱས་ཆོས་དང་སྟོན་པ་དང་། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང་། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་བསྡུས་པའི་དོན་འགལ་རྐྱེན་སྤངས་ཤིང་མཐུན་རྐྱེན་ཚང་བ་ལ་འདུ་ཡང་རེ་རེ་ནས་བརྡ་སྤྲོད་པའི་དབང་དུ་བྱས་ན། དོན་དམ་པའི་དཀོན་མཆོག་གསུམ་ནི། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སྐྱབས་འགྲོའི་ཡུལ་དུ་གྱུར་པའི་དཀོན་མཆོག་གསུམ་སྟེ། འགོག་ལམ་གྱི་སྟེང་ནས་འཇོག་པས། དེ་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པའི་སྒོ་ནས། འདིར་མངོན་སུམ་དུ་གྱུར་པ་ནི་བརྡར་བཏགས་པའི་དཀོན་མཆོག་གསུམ་སྟེ། དེ་ལ་སངས་རྒྱས་མངོན་དུ་གྱུར་པ་ནི། སྟོན་པའི་སྐུ་གཟུགས་བྱིན་རླབས་ཀྱི་གཟི་འོད་འབར་བར་བཞུགས་པ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཞོག །ཆོས་མངོན་དུ་གྱུར་པ་ནི། འདིར་བཞུགས་པའི་དགེ་སློང་རྣམས་བསླབ་པ་རིན་པོ་ཆེ་ལ་ནན་ཏན་སྙིང་པོར་མཛད་པས་སྒྲུབ་པའི་ཆོས་དང་། ལུང་གི་ཆོས་ཀྱང་ལས་ཀྱི་ཆོ་ག་དངོས་སུ་ཡོད་པ་འདིས་ཚང་། སྟོན་པ་མངོན་དུ་གྱུར་
པ་ནི་སངས་རྒྱས་དང་ཟློས་པས་དགེ་འདུན་ལ་འཆད་ཅིང་། དེ་ཡང་གྲངས་ཚང་བ། ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་དགོས་པ་ལས། གྲངས་ནི་ཡུལ་དབུས་དང་མཐའ་འཁོབ་ཀྱི་ཁྱད་པར་གྱིས། བཅུ་ཚོགས་དང་ལྔ་ཚོགས་ཡན་ཆད་ཚང་དགོས་པ་ལ། བོད་འདི་མཐའ་འཁོབ་ཡིན་ཡང་དགེ་འདུན་གྱི་གྲངས་ཡུལ་དབུས་དང་མཐུན་པར་བཞུགས། ཞེས་སམ། གལ་ཏེ་ལྔ་ཚོགས་ཡིན་ན། བོད་འདི་མཐའ་འཁོབ་ཡིན་པས་གྲངས་ཚང་བར་བཞུགས། ཞེས་བརྗེ། ཁ་སྐོང་གི་ཆོས་ལ་འདི་ཆོས་ཕྱོགས་པའི་ལས་ཡིན་པས་མི་འདུག་པར་འགྲེང་བ་མ་ཡིན་པ་སོགས་བཅུ་གསུམ་དང་ལྡན་དགོས་ཤིང་། དེའི་ནང་ནས་ཀྱང་དཀའ་ཤོས་འཁྲུལ་བཅས་མ་ཡིན་པ་ཞེས་བསྡམ་བྱའི་ཉེས་བྱས་ཚུན་ཆོད་ཀྱིས་མ་གོས་པ་དགོས་ཏེ། ལྟུང་མཐུན་བྱིན་རླབས་བྱས་པ་ཚུན་ཆད་ཀྱིས་ཚང་། མ་འདུས་པ་དང་འདུས་པ་ཕྱིར་བཟློག་གི་མི་མཐུན་པ་གཉིས་དང་བྲལ་བ་དགོས་ཏེ། འདིར་འདུ་འོས་ཐམས་ཅད་འདུས་ཤིང་། འདུས་པ་རྣམས་ཀྱང་ཅང་མི་གསུང་པའི་ཚུལ་གྱིས་གནང་བ་སྟེར་བར་བཞུགས་པས་ཚང་། མཁན་པོ་མངོན་དུ་གྱུར་པ་ནི། བརྟན་མཁས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་གསོལ་བ་བཏབ་ཅིང་ཞལ་གྱིས་བཞེས་པ་ཞིག་དགོས་ན་དེ་ཡང་ཚང་། སློབ་དཔོན་མངོན་དུ་གྱུར་པ་ལ་གཉིས་ལས། གསང་སྟེ་སྟོན་པའི་སློབ་དཔོན་ཁ་སྐོང་གི་ཆོས་དང་ལྡན་ཞིང་། འགྲོ་བ་བཞི་དང་བྲལ་བ། ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུ་བ་ལ་མཁས་པ། དགེ་འདུན་གྱི་ལས་ཀྱིས་བསྐོས་ཤིང་ཆགས་པ་དགོས་ན་དེ་ཡང་ཚང་། ལས་ཀྱི་སློབ་དཔོན་ཁ་སྐོང་བར་འོས་པ་དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་བརྡ་སྤྲོད་པ་ལ་མཁས་པ་ཞིག་དགོས་ཏེ་བདག་གིས་བགྱིད་པས་གང་ལས་བླང་བའི་ཡུལ་རྣམས་མངོན་སུམ་དུ་གྱུར་པར་བཞུགས་པ་ཡིན། ལེན་པ་པོ་བསྙེན་པར་རྫོགས་འདོད་མངོན་དུ་གྱུར་པ་ནི། ཁྱེད་རང་གི་སྟེང་ནས་རྩི་སྟེ། དེ་ལ་གཉིས་ལས། ལུས་རྟེན་ནི། བསྒྲུབ་བྱ་བཞིར་མ་ལོངས་ཤིང་། བསྙེན་རྫོགས་ཀྱི་སྡོམ་པ་དང་སྡོམ་རོས་རྒྱུད་མ་བཀག་པ། ཉེས་མེད་ཀྱི་སྡོམ་པ་སྐྱེ་བ་ལ་ཚིག་སྔ་མ་དགེ་ཚུལ་མན་ཆད་ཐོབ་ཅིང་མ་ཉམས་པ་དགོས་ན་ཐམས་ཅད་ཚང་། བསམ་རྟེན་ལ་རྒྱུའི་ཀུན་སློང་ཞེ་ཐག་པ་ནས་
སྡོམ་པ་ལེན་འདོད་དགོས་ཏེ། ཁྱོད་རང་གི་དོན་དུ་གཉེར་ནས་བསྒྲུབས་པས་ཚང་ཞིང་དུས་ཀྱི་ཀུན་སློང་སྡོམ་པ་ཐོབ་དུས་ཐོབ་ཤེས་ཀྱི་བསམ་པ་སྐྱེ་རུང་ཞིག་དགོས་ཏེ། དེ་ཡང་ཁྱེད་ལ་སྐྱེ་རུང་དུ་ཡོད་ཅིང་། ངེད་ཀྱིས་ཀྱང་བརྡ་སྤྲོད་པ་ཡིན། འགལ་རྐྱེན་ངེས་པ་ལྔ་དང་བྲལ་བ་ཞིག་དགོས་ཏེ། སེམས་ཅན་ཆེ་མོ་ཞིག་ལ་སྤོང་ངོ་ཞེས་པ་ལྟ་བུ་སེམས་ཅན་ངེས་པ་དང་། ཡུལ་ག་གེ་མོ་ཞིག་ཏུ་བསྲུང་ངོ་ཞེས་པ་ལྟ་བུ་ཡུལ་ངེས་པ་དང་། ཟླ་བ་གཅིག་གམ་ལོ་གཅིག་གི་བར་དུ་བསྲུང་ངོ་ཞེས་པ་ལྟ་བུ་དུས་ངེས་པ་དང་། འཐབ་རྩོད་ཀྱི་ཚེ་མ་གཏོགས་བསྲུང་ངོ་ཞེས་པ་ལྟ་བུ་ཚེ་ངེས་པ་དང་། དགེ་སློང་གི་བསླབ་བྱ་ལས་ཕྲ་ཞིང་ཕྲ་བ་རྣམས་བསྲུང་མི་ནུས་པས་རགས་པ་འགའ་ཞིག་བསྲུང་སྙམ་པ་ལྟ་བུ་ཡན་ལག་ངེས་པ་སྟེ། ངེས་པ་དེ་རྣམས་དང་བྲལ་བ་ཞིག་དགོས། མཐུན་རྐྱེན་ཕུན་ཚོགས་གསུམ་དང་ལྡན་པ་ཞིག་དགོས་ཏེ། བླང་བྱའི་ཡུལ་མཁན་སློབ་དགེ་འདུན་དང་བཅས་པ་དང་། བྱེད་པ་ལས་ཀྱི་ཆོ་ག་ལ་སྡོམ་པ་སྐྱེ་བའི་ནུས་པ་ཡོད་སྙམ་པ་ཡིད་ཆེས་ཀྱི་དད་པ་དང་ལྡན་ཞིང་། རང་ཉིད་ཀྱིས་ཀྱང་བསླབ་བྱ་ལ་ཚུལ་བཞིན་དུ་སློབ་ནུས་སོ་སྙམ་པའི་བསམ་པ་དང་ལྡན་པ་ཞིག་དགོས། དེ་ཐམས་ཅད་མྱང་འདས་ཀྱི་བསམ་པས་ཟིན་པ་ཞིག་དགོས་ཏེ་ཚེ་འདིའི་སྡུག་བསྔལ་དང་བྲལ་འདོད་དམ། ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་ལེན་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་། ཚེ་འདིའི་བདེ་སྐྱིད་ཐོབ་འདོད་དམ། ཕྱི་མར་ལྷ་མིའི་བདེ་འབྲས་འདོད་ནས་ལེན་པ་ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་ལས། དེ་གཉིས་སོ་ཐར་གྱི་སྡོམ་པར་མི་འགྱུར་ཏེ། སོ་སོར་ཐར་པའི་སྡོམ་པ་འདི་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས། སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་པ་མྱང་འདས་ཐོབ་པའི་ཆེད་དུ་བླང་དགོས། དེ་ཡང་ཐར་པའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་པས་བསམ་པ་འདི་བཞིན་དུ་གྱིས། ཁམས་གསུམ་འཁོར་བ་ན་རྒྱུ་བའི་སེམས་ཅན་འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་མི་མཁས་པས། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་སྤྱོད། ལ་ལ་ནི་ལས་ངན་གྱི་འབྲས་བུ་སྡུག་བསྔལ་དངོས་ཀྱི་ཡོ་ལང་ལ་སྤྱོད་པས་ཉམ་ཐག་པ་འདི་རྣམས་སྙིང་རེ་རྗེ། འོ་ན་སྙིང་
རྗེ་བའི་སར་བཞག་པས་མི་ཕན་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས། འགྲོ་ཀུན་སྒྲོལ་ནུས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་འཐོབ་པར་བྱེད་པ་ལ། རྒྱུ་ཚོགས་རྒྱ་ཆེན་པོ་བསགས། སྤང་བྱ་སྒྲིབ་པ་མ་ལུས་པ་སྤོང་དགོས། དེའི་སྤང་གཉེན་ཏིང་ངེ་འཛིན་ལས་བྱུང་བའི་ཟག་མེད་ཀྱི་ཤེས་རབ་བསྐྱེད་པའི་གཞི་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་རག་ལས་པ་ཡིན་ཏེ། མདོ་ལས། ཚུལ་ཁྲིམས་ལ་བརྟེན་ཚུལ་ཁྲིམས་ལ་གནས་ན། །རིམ་གྱིས་འཕགས་པའི་བདེན་པ་བཞི་པོ་དག །ཡང་དག་ཇི་ལྟ་བ་བཞིན་རྟོགས་པར་འགྱུར། །ཞེས་གསུངས། དེས་ན་སོ་སོ་ཐར་པའི་སྡོམ་པའི་མཆོག་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཡིན་པས། དེ་བླངས་ལ་ཇི་སྲིད་འཚོའི་བར་དུ་ལེགས་པར་བསྲུང་སྙམ་པ་གྱིས། ཡོ་བྱད་མངོན་དུ་གྱུར་པ་ནི། ཆོས་གོས་གསུམ་དངོས་སམ་རྒྱུར་རུང་བ་དང་། ལྷུང་བཟེད་རུང་བ་ཚད་ལྡན་དགེ་འདུན་ལ་བསྟན་པ་རྣམས་མཁན་པོས་བྱིན་གྱིས་བརླབས་ཏེ། གནང་བ་དང་། གདིང་བ་དང་ཆུ་ཚགས་ཀྱང་མཁན་པོའི་ཚིག་གིས་གནང་བ་དགོས་ཏེ། བརྙན་པོ་ཚུན་ཆད་ཀྱིས་ཚང་བ་ཡིན། ཡོངས་སུ་དག་པ་མངོན་དུ་གྱུར་པ་ནི། འགལ་རྐྱེན་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས་ཏེ། གསང་སྟོན་གྱིས་ལྐོག་ཏུ་དྲིས་ཤིང་། ཁོ་བོས་ཀྱང་དགེ་འདུན་གྱི་དབུས་སུ་དྲིས་པ་ལ་ཁྱེད་རང་གིས་ལན་བཏབ་པའི་སྒོ་ནས་བར་ཆད་མེད་པར་རྟོགས་པས་ཚང་བ་ཡིན། གསོལ་བ་མངོན་དུ་གྱུར་པ་ནི། བསྙེན་པར་རྫོགས་པའི་ཕྱིར་བསམ་པ་ཐག་པ་ནས་དགེ་འདུན་ལ་གསོལ་བ་ལན་གསུམ་བཏབ་པ་དེས་ཚང་བ་ཡིན། ལས་མངོན་དུ་གྱུར་པ་ནི། གསོལ་བ་དང་བཞིའི་ལས་ཀྱི་ཆོ་ག་ཚང་ལ་མ་ནོར་མ་འཁྲུགས་པ་ཞིག་དགོས་ཏེ། ད་ལྟ་ཉིད་དུ་ཁོ་བོས་སྒྲུབ་པས་ཚང་བར་གདའ། དེ་ལྟར་ན་མངོན་དུ་གྱུར་པ་བཅུས་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཐམས་ཅད་ཚང་བ་ཡིན། དེ་ལ་མདོ་སྡེ་པ་ཡན་ཆད། ངེས་འབྱུང་གི་བསམ་པས་ཉེར་ལེན་གྱི་རྒྱུ་བྱས། མངོན་དུ་གྱུར་པ་བཅུས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ། དགེ་སློང་གི་སྡོམ་པ་སེམས་པ་དགེ་བ་ས་བོན་དང་བཅས་པའི་ངོ་བོར་སྐྱེ་བར་བཞེད་ནའང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རང་
གི་གྲུབ་མཐའ་དང་བསྟུན་ན། རྒྱུ་དྲུག་དང་རྐྱེན་བཞི་ལས། རྒྱུའི་རྐྱེན་རང་རྒྱུད་ཀྱི་འབྱུང་བ་བཞི་དང་། བདག་པོའི་རྐྱེན་གཞན་གྱི་རྣམ་པར་རིག་བྱེད་དེ་རྐྱེན་གཉིས་ལ་བརྟེན་ནས། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བ་དང་། སྐལ་མཉམ་སྟེ་རྒྱུ་གསུམ་གྱིས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀྱིས་བསྡུས་པའི་གཟུགས་རྫས་བདུན་ནམ་སྤོང་བ་བདུན་ལྡན་གྱི་ངོ་བོར་སྐྱེ་བ་ཡིན་ནོ། །ད་ཧྲིལ་གྱིས་དྲིལ་ན། དཀོན་མཆོག་གསུམ་མཁན་སློབ་དགེ་འདུན་དང་བཅས་པ་ལ་སེམས་དང་བའི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ལ། དུས་དེང་ནས་ཇི་སྲིད་མ་ཤིའི་བར་དུ་དགེ་སློང་གི་སྤང་བྱ་མཐའ་དག་ནི་སྤང་། གཉེན་པོ་མཐའ་དག་ནི་རྒྱུད་ལ་བསྟེན་པར་བྱ་སྙམ་དུ་ལེན་སེམས་དང་བསྲུང་སེམས་ཀྱི་བསམ་པ་མ་ཡེངས་པར་གྱིས། རྗེས་ཟློས་བྱ་མི་དགོས། ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་གསུངས་པས་དགེ་འདུན་རྣམས་སྤྱོད་ལམ་བསྟུན། བསྟན་པ་དང་བསྒྲུབ་བྱ་ལ་ཕན་སེམས་དང་། བསམ་པ་ཐག་པ་ནས་ལས་བྱེད་འདོད་དང་། ངེས་འབྱུང་གི་བསམ་པས་ཟིན་པ་སྟེ་ཐུགས་དགོངས་གསུམ་གསལ་བཏབ་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞིང་། ཆད་ལྷག་བྱུང་ན་གསོ་བར་ཞུ། དགེ་འདུན་གཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ་སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབས་ཤིང་བཟོད་ན་། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་
བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། ལས་བརྗོད་པ་དང་པོ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །ལས་བརྗོད་པ་དང་པོ་ཐལ། གཉིས་པ་ལ་ཐུགས་གཏད་པར་ཞུ་བྱས་ལ། གཉིས་པ་བཟླས་ཏེ། ལས་བརྗོད་པ་གཉིས་པ་ཐལ། གསུམ་པའི་སྐབས་སུ་ལས་འཆགས་པ་ཡིན་ཏེ། མདོ་རྩར། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པས། ཁོ་ན་ཉིད་མཆི་སྟེ་ཡན་ཆད་ངོ་བོ་བརྗོད་པ། དེ་ནས་བསྙེན་པ་རྫོགས་པར་གསོལ་ན་ཞེས་པའི་བར་བྱ་བ་བརྗོད་པ། དེའི་སླད་དུ་མན་ཆད་བྱེད་པ་བརྗོད་པ་ཡིན་པས། བརྗོད་པ་དང་པོ་གཉིས་རྫོགས་པ་གསོལ་ན། ཞེས་པ་དེ་འགགས་པ་དང་མཉམ་དུ་ཁྱོད་ལ་སྡོམ་པ་སྐྱེ། དེང་སློབ་དཔོན་དུ་འགྱུར་བ་ཡིན། དེའི་སླད་དུ་ཞེས་པའི་ཚིག་བྱུང་བ་ན་སྡོམ་པ་སྐྱེས་ཚར་བས་བདག་དགེ་སློང་དུ་གྱུར་སྙམ་དུ་རྫོགས་པའི་འདུ་ཤེས་བསྐྱེད་པ་གལ་ཆེ་བས་སེམས་མ་ཡེངས་པར་གཏད་མཛོད། དགེ་འདུན་རྣམས་བརྗོད་པ་གསུམ་པ་ལ་ཐུགས་གཏད་པར་ཞུ་བྱས་ལ། གསུམ་པ་བཟླས་ཏེ། ལས་བརྗོད་པ་གསུམ་པ་ཐལ། ལས་ཀྱི་མཇུག་སྡུད་ལ་ཐུགས་གཏད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་
ནས། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། །གལ་ཏེ་ཆོ་ག་ནོར་བའམ་དགེ་སློང་སོང་བ་ལ་སོགས་པས་ལས་འཁྲུགས་ནས་གསོལ་བ་བསྐྱར་དགོས་ན། བཙུན་པ་དག་ཡང་གསོལ་བ་བགྱིའོ། །བྱས་ལ་སྐྱོར། བརྗོད་པ་སྐྱོར་ན། བཙུན་པ་དག་ཡང་རྗེས་སུ་སྒྲོག་གོ་བྱས་ལ་སྐྱོར། གཉིས་པ་སྐྱོར་ན། བཙུན་པ་དག་ཡང་གསོལ་བ་བགྱི་ཞིང་རྗེས་སུ་ཡང་སྒྲོག་གོ་བྱས་ལ་བསྐྱར་རོ། །དེ་ལྟར་ན་ཁྱེད་ཀྱི་རྒྱུད་ལ་བསྙེན་པར་རྫོགས་པའི་སྡོམ་པ་འཆལ་ཚུལ་གྱི་རྒྱུན་སྡོམ་ཞིང་འགོག་པ་ཆུའི་ཆུ་ལོན་ལྟ་བུ་དེ་ཐོབ་ཅིང་མངོན་དུ་གྱུར་པ་ཡིན་པས་བདག་དགེ་སློང་གི་དངོས་པོར་གྱུར་ཏོ་སྙམ་དུ་དགའ་བ་སྒོམས་ཤིག །དེས་དངོས་གཞི་གྲུབ་ནས་མཇུག་གི་ཆོ་ག་ལ་གཉིས་ཡོད་པའི། དང་པོ་རྫོགས་པའི་དུས་གོ་བ་དེ་དགེ་སློང་ཆེ་གེ་མོས་མཛོད་ཅིག །ཅེས་བསྒོ། དེས་ཀྱང་ཉིན་མོ་ཡིན་ན་ཉི་མ་རྫོགས་པའི་སར་ཕྱིན་ཏེ། ཐུར་མ་སོར་བཞི་པས་གཞལ་ཞིང་། གྲིབ་མ་སོར་རེ་ལ་རྐང་པ་དང་། བཞི་ལ་སྐྱེས་བུ་ཞེས་བྱ་བའི་ཐ་སྙད་དང་སྔ་ཕྱིའི་ཆ་ཡང་ངེས་པ་བྱ། མཚན་མོ་ཡིན་ན་སྐར་ཁོངས་ཀྱིས་ཐུན་ཚད་ངེས་པར་བྱ་བ་ནས། ཁྱོད་བསྙེན་པར་རྫོགས་པ་དགེ་སློང་དུ་སྒྲུབ་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི། སྦྱོར་དངོས་གཉིས་ཀྱིས་ཁྱོད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཐོབ་པ་ཡིན། ད་མཇུག་ཆོག་ལ་གཉིས་ཡོད་པའི་དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཕྱིར་རྫོགས་པའི་དུས་གོ་བའི་དབང་དུ་བྱས་ན། ཞེས་པ་ནས། མཁན་པོ་ཆེ་གེ་དང་། ཞེས་པའི་བར་སྔར་ལྟར་ལས། དེ་ནས་ལས་ཀྱི་སློབ་དཔོན་ཆེ་གེ་དང་། གསང་སྟེ་སྟོན་པའི་སློབ་དཔོན་ཆེ་གེ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པ་ཡིན་པས། དེ་ངེས་པར་བྱས་ནས། བསྙེན་བཀུར་གྱི་གནས་ནི། རང་བས་བསླབ་པ་རྒན་པས་རང་བཞིན་དུ་གནས་པའི་དགེ་སློང་མཚན་མཐུན་པ་རྣམས་ཡིན། གནས་མ་ཡིན་པ་ནི། རང་ལས་དུས་ཀྱིས་གཞོན་པའི་དགེ་སློང་རྣམས་དང་། རྒན་ཡང་ས་གཞན་གནས་པ་སོགས་དམིགས་བསལ་གསུམ་པ་རྣམས་དང་། དགེ་སློང་མ་རྒན་གཞོན་ཐམས་ཅད་དང་། བསྙེན་པར་མ་རྫོགས་པའི་རབ་བྱུང་རྣམས་དང་། དགེ་བསྙེན་མན་ཆད་ཁྱིམ་པ་ཐམས་ཅད་ཡིན། དེ་ཡང་རྒན་གཞོན་
གྱི་ཁྱད་པར་ཞེས་པ་ནས། ཕྱག་དང་བསྙེན་བཀུར་སྟོབ་པ་བྱུང་ན་དང་དུ་ལོང་། དེ་ལྟར་རྩིས་པས་དགེ་སློང་ནང་དུས་མཉམ་པ་བྱུང་ན། ཞེས་པ་ནས། དེ་ལ་གསན་པས་མཆི་བར་གདའ། ཞེས་པའི་བར་སྔར་ལྟར་རོ། །དེ་ནས་ལས་བྱེད་པས། དགེ་བའི་བཤེས་གཉེན་པས་གསུངས་པ་དེ་རྣམས་ཀྱང་སེམས་ལ་བཞག་ནས་ལག་ལེན་ལ་ཐེབས་པ་བྱ་དགོས། ད་མཇུག་ཆོག་གཉིས་པ་ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཆེད་དུ་གདམས་ངག་བརྗོད་པའི་སྐབས་ཡིན། དེ་ཡང་ཁྱོད་ཀྱིས་དགེ་སློང་གི་སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག །གཅེས་སྤྲས་ཀྱི་སྒོ་ནས་བསྲུང་དགོས་ལ། དེའི་བླང་དོར་རྣམས་ཤེས་པའི་དོན་དུ་གདམས་ངག་བཅུ་གཅིག་གསུངས་པ་རྣམས་ཀྱང་། བསླབ་བྱ་ཡུལ་དང་། ཡུལ་ཅན་གཉེན་པོ་ལ་གདམས་པ་གཉིས་སུ་འདུ་ཞིང་། བསླབ་བྱ་ཡུལ་ལ་གདམས་པ་ལའང་། བསླབ་བྱའི་གཙོ་བོ་རྣམས་དངོས་སུ་བརྗོད་པ་དང་། མ་བརྗོད་པ་གཞན་དུ་ཁ་འཕངས་པ་གཉིས་ལས། ཐོག་མར་བསླབ་བྱའི་གཙོ་བོ་རྣམས་དངོས་སུ་བརྗོད་པའི་སྐབས་ཡིན། དེ་ལ་རྣམ་དག་རྣམ་པ་བཞི་ལས། དང་པོ་བསྟེན་བྱ་འཚོ་བ་རྣམ་དག་ལ་གདམས་པ་ནི། དེ་ལྟར་ལེགས་པར་ཐོབ་པའི་ཚངས་སྤྱོད་མི་ཉམས་པའི་ཆེད་དུ་མཐའ་གཉིས་སྤངས་པའི་གནས་བཞི་ལ་བརྟེན་དགོས་ཞེས་སྤྱིར་འདོམ་པ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །བྱེ་བྲག་ཏུ་གདམས་པ་ལ་བཞི་ལས། གོ །ས་མཐའ་གཉིས་སུ་མ་ལྷུངས་པ་བསྟེན་པར་གདམས་པ་ལའང་། བཟང་པོ་དོན་དུ་གཉེར་བའི་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་ཏེ། གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་གྱིས་ཤིག་ཅེས་འདོམས་པ་ནི། བཞི་གང་ཞེ་ན། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་
བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ལགས། ཞེས་བརྗོད། གོས་བཟང་པོ་ཀཪྵ་པ་ན་འབུམ་རི་བ་ཡང་འབད་རྩོལ་མེད་པས་རྙེད་ཅིང་ཞེན་ཆགས་མི་སྐྱེ་ན་ལོངས་སྤྱོད་པས་ཆོག་གོ་ཞེས་ངལ་ཞིང་དུབ་པའི་མཐའ་སྤོང་བར་གདམས་པ་ནི། ལྷག་པར་རྙེད་ན་དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལའམ། མོན་ད་རམ། བེའུ་རས་ཡུག་ཆེན་ནམ། བེའུ་རས་དམར་པོའམ། བེའུ་ཕྲུག་གམ། ལ་དམར་རམ། ཡུལ་ཀ་ཤི་ཀའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའམ། བལ་གོས་སམ། ཤ་ནའི་རས་སམ། ཟར་མའི་རས་སམ། རས་གོས་སམ། དུ་གུ་ལའི་རས་སམ། ཀོ་ཏཾ་པའི་རས་སམ། ཉི་འོག་གི་གོས་སམ། གཞན་ཡང་གོས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའ་ལགས། ཞེས་བརྗོད། གཉིས་པ་ཟས་མཐའ་གཉིས་སུ་མ་ལྷུངས་པ་བསྟེན་པར་གདམས་པ་ལའང་། བཟང་པོ་དོན་དུ་གཉེར་བའི་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་ཏེ་ཟས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་གྱིས་ཤིག་ཅེས་འདོམས་པ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་ཀྱི་ཟས་འཚོ་བར་སྤྲོའམ། དེས་སྤྲོ་ལགས། ཟས་བཟང་པོ་རོ་བརྒྱ་པ་ཡང་འབད་རྩོལ་མེད་པས་རྙེད་ཅིང་ཞེན་ཆགས་མི་སྐྱེ་ན་ལོངས་སྤྱད་པས་ཆོག་གོ་ཞེས་ངལ་ཞིང་དུབ་པའི་མཐའ་སྤང་བར་གདམས་པ་ནི། ལྷག་པར་རྙེད་ན་འབྲས་ཆན་ནམ། སྐྱོ་མའམ། ཐུག་པའམ། ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞི་སྟོན་ནམ། ཉ་སྟོན་ནམ། རྟག་རེས་འཁོར་རམ། འགྲོན་དུ་བོས་པའམ། འཕྲལ་ལ་བོས་པའམ། སྔགས་པའམ། གཞན་ཡང་ཟས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོངས་ལ་ཚོད་ཟིན་
པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའ་ལགས། གསུམ་པ་གནས་མལ་མཐའ་གཉིས་སུ་མ་ལྷུངས་པ་བསྟེན་པར་གདམས་པ་ལའང་། བཟང་པོ་དོན་དུ་གཉེར་བ་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་ཏེ་ཤིང་དྲུང་གི་གནས་མལ་ཙམ་གྱིས་ཆོག་ཤེས་པར་གྱིས་ཤིག་ཅེས་འདོམས་པ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །གནས་མལ་གྱི་ནང་ན་ཤིང་དྲུང་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ལགས། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འབད་རྩོལ་མེད་པས་རྙེད་ཅིང་ཞེན་ཆགས་མི་སྐྱེ་ན་ལོངས་སྤྱད་པས་ཆོག་གོ་ཞེས་ངལ་ཞིང་དུབ་པའི་མཐའ་སྤང་བར་གདམས་པ་ནི། ལྷག་པར་རྙེད་ན་ཁང་པའམ་ལྷ་ཁང་ངམ། ཁང་པ་བརྩེགས་པའམ། བསིལ་ཁང་ངམ། སབ་མོས་བསྐོར་བའམ། བ་གམ་མམ། ཁང་བཟང་ངམ། སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ་། ཁང་སྟེང་གི་ཡོལ་ཁང་ངམ། ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ། བྲག་ཕུག་གམ། རི་ཕུག་གམ། རྩྭའི་སྤྱིལ་བུའམ། ལོ་མའི་སྤྱིལ་བུའམ། འཆག་སར་བྱས་པའམ། འཆག་སར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའ་ལགས། བཞི་པ་སྨན་མཐའ་གཉིས་སུ་མ་ལྷུངས་པ་བསྟེན་པར་གདམས་པ་ལའང་། བཟང་པོ་དོན་དུ་གཉེར་བ་འདོད་པ་བསོད་སྙོམས་ཀྱི་མཐའ་སྤངས་ཏེ་གཞན་གྱིས་ཁུ་བ་བཀུས་ཤིང་བོར་བ་སྙིགས་མ་ཙམ་གྱིས་ཆོག་ཤེས་པར་གྱིས་ཤིག །ཅེས་འདོམས་པ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །སྨན་གྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བཀུས་ཏེ་
བོར་བའི་སྨན་གྱིས་འཚོ་བར་སྤྲོ་འམ། དེས་སྤྲོ་ལགས། སྨན་བཟང་པོ་རོ་ནུས་ཕུན་སུམ་ཚོགས་པའང་འབད་རྩོལ་མེད་པར་རྙེད་ཅིང་ཞེན་ཆགས་མི་སྐྱེ་ན་ལོངས་སྤྱད་པས་ཆོག་གོ་ཞེས་ངལ་ཞིང་དུབ་པའི་མཐའ་སྤང་བར་གདམས་པ་ནི། ལྷག་པར་རྙེད་ན་ཞུན་མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བའམ། དུས་སུ་རུང་བའམ། ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་པའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའ་ལགས། ཞེས་བརྗོད། དེ་རྣམས་ཀྱིས་བསྟེན་བྱ་འཚོ་བ་རྣམ་དག་ལ་གདམས་པ་སོང་ནས། གཉིས་པ་བསྲུང་བྱ་ཚུལ་ཁྲིམས་རྣམ་དག་ལ་གདམས་པ་ནི། དགེ་སློང་གི་དངོས་པོ་འཇིག་པར་བྱེད་པ་ཕས་ཕམ་བཞི་ཆ་དང་བཅས་པ་སྤང་དགོས་སོ་ཞེས་འདོམས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་འདོམས་པ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་དག་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །བྱེ་བྲག་ཏུ་གདམས་པ་ལ་བཞི་ལས། དང་པོ་ནང་སེམས་ཅན་ལ་ཆགས་པ་མི་ཚངས་སྤྱོད་ཆ་དང་བཅས་པ་སྤོང་དགོས་ཞེས་འདོམས་པ་ནི་འདི་ཡིན་ཏེ། བཞི་གང་ཞེ་ན། འདོད་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་
ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །འདོད་པ་སྤངས་པ་ནི། བསྔགས་ཏེ། བོར་བ་དང་། བསལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་ལ་མིག་གཏད་དེ། མིག་གིས་བལྟ་བར་ཡང་མི་བྱ་ན། གཉིས་ཀྱིས་གཉིས་སྤྲད་དེ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ །སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར། མི་ཚངས་པ་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་། བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས། ཞེས་བརྗོད། གཉིས་པ་ཕྱི་རོལ་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླངས་པ་མ་བྱིན་ལེན་གྱི་ཕམ་པ་ཆ་དང་བཅས་པ་སྤོང་དགོས་ཞེས་འདོམས་པ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མ་བྱིན་པར་ལེན་པ་ནི་བཅོམ་
ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །མ་བྱིན་པར་ལེན་པ་སྤངས་བ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་གཞན་གྱི་རྫས་ཏིལ་གྱི་ཕུབ་མ་ཙམ་ཡང་མ་བྱིན་པར་མི་བླང་ན་མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པར་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པ་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུག་ཀྱང་རུང་སྟེ་དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་འདི་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤངས་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས། གསུམ་པ་ཞེ་སྡང་གིས་ཀུན་ནས་བསླངས་པ་སྲོག་གཅོད་ཀྱི་ཕམ་པ་ཆ་དང་བཅས་པ་སྤོང་དགོས་ཞེས་འདོམས་པ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །སྲོག་གཅོད་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །སྲོག་གཅོད་པ་སྤང་བ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་
ཁྱོད་ཀྱིས་དེང་ཕྱིན་ཆད་བསམ་བཞིན་དུ་སྲོག་ཆགས་གྲོག་སྦུར་ཙམ་ཡང་གསད་པར་མི་བྱ་ན། མིའམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམ་བཞིན་དུ་རང་གིས་ལག་དར་ཏེ་སྲོག་གཅོད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་སླའོ་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ཡང་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས། བཞི་པ་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པ་རྫུན་དུ་སྨྲ་བའི་ཕམ་པ་ཆ་དང་བཅས་པ་སྤང་དགོས་ཞེས་འདོམས་པ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །རྫུན་དུ་སྨྲ་བ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་
པ་ཁྱོད་དེང་ཕྱིན་ཆད་ཐ་ན་བཞད་གད་བྱ་བར་བསམས་ཏེ། ཤེས་བཞིན་དུ་བརྫུན་དུ་སྨྲ་བར་ཡང་མི་བྱ་ན། བསམ་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་ལྟ་སྨྲོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རིག་པར་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་། །ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་། །ཞེས་སྨྲས་ཏེ། གསོབ་གསོག་རྫུན་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ཞེ་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་སོ། །ཅི་ཞིག་མཐོང་ཞེ་ན། ལྷ་རྣམས་མཐོང་ངོ་། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་། །ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ཀླུ་རྣམས་དང་། ཞེས་པ་ནས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ཞེས་པའི་བར་གྱི་འོག་མ་རྣམས་ལའང་འགྲེའོ། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང་ནས། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ཀླུ་རྣམས་དང་ནས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། །ཀླུ་རྣམས་དང་ནས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་། །ཀླུ་རྣམས་དང་ནས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་
བལྟ་བའི་ཕྱིར་འོང་ངོ་། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་ནས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ལྷ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་ཞེས་པ་ནས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་བརྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་བོ། །མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་པ་ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རྫུ་
འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་བོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་བྱ་བ་སྟེ་དགེ་སློང་གིས་གནས་འདི་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས། ཞེས་བརྗོད། དེ་རྣམས་ཀྱིས་བསྲུང་བྱ་ཚུལ་ཁྲིམས་རྣམ་དག་ལ་གདམས་པ་སོང་ནས། གསུམ་པ་ཉམས་ལེན་སྤྱོད་པ་རྣམ་དག་ལ་གདམས་པ་ལ་ལྔ་ཡོད་པའི་དང་པོ་སེམས་ཅན་ལ་ཕར་མི་གནོད་པར་མ་ཟད་ཚུར་ལ་གནོད་པ་བྱུང་ཡང་ལན་མི་བྱེད་པར་བཟོད་པར་བྱ་དགོས་ཞེས་འདོམས་པ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་དགེ་སློང་གི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང་། བརྡེགས་ཀྱང་སླར་མི་བརྡེག་པར་བྱ་བ་དང་། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱའོ། །ཇི་ལྟར་གནས་འདི་ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ལགས་ཞེས་བརྗོད། གཉིས་པ་བླང་དོར་གྱི་གནས་དེ་རྣམས་ཉམས་སུ་ལེན་པ་ཤིན་ཏུ་དཀའ་བས་བདག་གིས་མི་ནུས་སྙམ་ན། གཞན་
གྱིས་དབང་མེད་དུ་ལེན་དུ་བཅུག་པ་མ་ཡིན་གྱི། ཁྱོད་རང་སྔ་མོ་ནས་མཆོག་ཏུ་འདོད་ཅིང་དོན་དུ་གཉེར་བ་གང་ཡིན་པ་དེ་གྲུབ་པ་ཡིན་པས། ད་གཉེན་པོ་བསྐྱེད་ནས་སྲུངས་ཤིག་ཅེས་མཆོག་ཏུ་འདོད་པའི་དོན་གྲུབ་པར་གདམས་པ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་ཁྱོད་སྔོན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ཀྱང་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ། ད་ཁྱོད་མཁན་པོར་འོས་པ་དང་། སློབ་དཔོན་དུ་འོས་པ་གཉིས་དང་། དགེ་འདུན་མཐུན་པ་དང་། གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །གསུམ་པ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་དང་ཁྱོད་གཉིས་དོན་གསུམ་གྱིས་མཉམ་པ་ཡིན་པས། གནས་བསྟན་བགྲེས་པོ་རྣམས་ཀྱིས་ཇི་ལྟར་སློབ་པ་བཞིན་དུ་བསླབ་དགོས་ཞེས་འདོམས་པ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་བོ། །དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་བོ། །དེ་ལྟར་ན་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ་ཁྱོད་ཀྱིས་དེང་ཕྱིན་ཆད་བསྒྲུབ་པར་བྱའི་མི་བསྒྲུབ་པར་མི་བྱའོ། །བཞི་པ་འཇིག་རྟེན་ན་ཕ་དང་བུ་མཛངས་པས་ཕན་ཚུན་ཇི་ལྟར་བསྟེན་པ་བཞིན་དུ། ཁྱོད་ཀྱིས་མཁན་པོ་ལ་རིམ་གྲོ་བསྐྱེད་དེ་བསྟེན་པར་གྱིས་ཤིག་དང་། དེས་ཀྱང་ཁྱོད་རྗེས་སུ་འཛིན་པར་འགྱུར་རོ་ཞེས་འདོམས་པ་ནི་འདི་ཡིན་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་སོས་ཀྱི་བར་དུ་ནད་གཡོག་བྱའོ། །ལྔ་པ་མཁན་པོར་མ་ཟད་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་གཞན་
རྣམས་ལའང་གུས་པའི་སྒོ་ནས་རིམ་གྲོ་བསྐྱེད་པར་གྱིས་ཤིག་ཅེས་འདོམས་པ་ནི་འདི་ཡིན་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་དང་གནས་བསྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་། ཞེ་ས་བཅས་པ་དང་། འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ། །དེ་རྣམས་ཀྱིས་ཉམས་ལེན་སྤྱོད་པ་རྣམ་དག་ལ་གདམས་པ་སོང་ནས། བཞི་པ་རྟོགས་དོན་ལྟ་བ་རྣམ་དག་ལ་གདམས་པ་ནི། ཁྱོད་དགེ་སློང་གི་དངོས་པོར་བསྒྲུབས་པ་འདི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པ་ཡིན་པས། སོས་དལ་དུ་བསྡད་པས་མི་ཡོང་། དེའི་བྱ་བ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པར་བྱས་ནས། ལུང་སྡེ་སྣོད་གསུམ་ལ་མཁས་པ་དང་། མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པར་བྱེད་དགོས་ཞེས་སྟོན་པ་འདི་ཡིན་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་མནོད་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་འཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པ་མི་འདོར་བར་བྱའོ། །དེ་ལྟར་རྣམ་དག་བཞི་པོ་དེ་བསྒྲུབ་བྱའི་གཙོ་བོ་ཡིན་པས། ཇི་ལྟར་གདམས་པ་བཞིན་དུ་འབད་པས་བསླབ་དགོས་པ་ཡིན་ལ། ད་གཉིས་པ་དངོས་སུ་མ་བརྗོད་པ་གཞན་དུ་ཁ་འཕངས་པ་ནི། སྔར་སྨོས་པའི་བསླབ་གཞི་དེ་ཙམ་དུ་མ་ཟད་དགག་སྒྲུབ་ཀྱི་བསླབ་བྱ་དངོས་སུ་མ་བརྗོད་པ་རྣམ་ཀྱང་མཁན་སློབ་སོགས་ཀྱིས་སྟོན་པར་འགྱུར་བས་ཤེས་པར་བྱས་ལ་ཕྲ་ཞིང་ཕྲ་བ་ནས་བླང་དོར་མ་ནོར་བར་གྱིས་ཤིག་ཅེས་འདོམས་པ་འདི་ཡིན་ཏེ། འདི་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་དང་། མཁན་པོ་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲིས་པ་དང་། ཕེབས་པར་སྨྲ་བ་
དང་། སྨོན་འདྲིན་དང་། འགྲོགས་བཤེས་རྣམས་ཀྱིས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །གཉིས་པ་ཡུལ་ཅན་གཉེན་པོ་ལ་གདམས་པ་ལ་གཉིས་ཀྱི། དང་པོ་བསླབ་པ་ལ་གུས་པར་སྦྱར་བ་སྟེ། ཉིད་ཀྱིས་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་ཅིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་ནས། བསྟན་པའི་སྙིང་པོ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་འདི་ལྟ་བུ་ཤིན་ཏུ་རྙེད་པར་དཀའ་བ་ཡིན་པས། བསླབ་པ་རིན་པོ་ཆེ་ལ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱི་སྒོ་ནས་གུས་པ་བསྐྱེད་དེ་ཚུལ་བཞིན་དུ་སྒྲུབས་ཤིག་ཅེས་འདོམས་པ་ནི་འདི་ཡིན་ཏེ། ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་གྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་སྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །གཉིས་པ་ཐབས་བག་ཡོད་པ་ལ་སྦྱར་བ་ནི། དེ་ལྟར་བསླབ་པ་ལ་གུས་པ་བསྐྱེད་དེ། བག་ཡོད་པའི་ཐབས་ཀྱིས་དགེ་སྦྱོང་གི་ཚུལ་སྒྲུབས་ཤིག་ཅེས་འདོམས་པ་ཡིན་ཏེ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག །འདི་ནི་ཚིག་ཉུང་ཡང་དོན་རྒྱ་ཆེ་སྟེ། བླང་དོར་གྱི་གནས་ལ་འཇུག་ལྡོག་མ་ནོར་བར་བྱེད་པ་ནི་བག་ཡོད་པ་ཡིན་ལ་སྒོ་གསུམ་གྱི་སྤྱོད་པ་བག་ཡོད་པས་དམ་པའི་ཆོས་འདུལ་བ་འདི་ལ་སྤྱད་ན་རྣམ་གྲོལ་གཏན་གྱི་བདེ་བ་འཐོབ་པར་འགྱུར་ཏེ། སོ་སོར་ཐར་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །ཞེས་གསུངས་པ་ལྟར་ཕན་ཡོན་ཆེན་པོ་མངའ་བས་ལེགས་པར་སྒྲུབས་ཤིག །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་ཁྱོད་བསྙེན་པར་རྫོགས་པའི་ཆོ་ག་དེ་གྲུབ་པ་ཡིན། དེ་ཡང་གཙོ་བོར་མཁན་པོའི་བདག་རྐྱེན་ལས་བྱུང་བ་ཡིན་ཏེ། རང་གིས་མཛད་འོས་རང་གིས་མཛད། གཞན་གྱིས་བྱེད་དགོས་པ་རྣམས་དེ་དང་དེ་ལ་བསྐོས་ནས་མཛད་པས་གཏང་རག་གི་ཕྱག་གསུམ་འཚོལ་ལ་བཀའ་དྲིན་ཆེ་ལགས་ཞེས་
བརྗོད་ཅིག །ཐམས་ཅད་ཀྱིས་མེ་ཏོག་འཐོར་བཞིན་དུ་སྨོན་ལམ་རྣམ་བཞི་གདབ་བོ། །ཐར་མཆོག་ཞི་བའི་ཁང་བཟང་དུ། །འཇུག་བྱེད་ལས་ཀྱི་ཆོ་གའི་ཁྲིགས། །རིན་ཆེན་ཐེམ་སྐས་ལྟ་བུ་འདི། །དགེ་སློང་དྷརྨ་ཤྲཱིས་སྦྱར། །རྣམ་དཔྱོད་ཤར་རིའི་བ་གམ་ལ། །འཛེགས་པའི་ལེགས་བཤད་འོད་བརྒྱ་པ། །ཞི་འཚོའི་རིང་ལུགས་སྣང་བ་ཆེ། །ཡུན་རིང་བསྟན་པའི་དཔལ་གྱུར་ཅིག །དགེ་འདིས་མཐའ་ཡས་འགྲོ་བ་ཀུན། །ཚངས་སྤྱོད་ཡོན་ཏན་བདུད་རྩིའི་ཆུས། །ཉེས་བརྒྱའི་དྲི་མ་དྲུང་ཕྱུང་སྟེ། །མི་གནས་མྱ་ངན་འདས་ཐོབ་ཤོག །ཅེས་པ་འདི་ནི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཁྱུ་མཆོག་གི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ།། །།དགེའོ།། །།
འབུལ་ཆོག
འབུལ་ཆོག་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་བསླབ་པ་བསྲུང་མི་ནུས་པས་སླར་འབུལ་བར་འདོད་ན། གང་ལ་འབུལ་བའི་ཡུལ། མིའི་འགྲོ་བ་ཡིན་པ། སྨྲ་ཤེས། དོན་གོ །ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པའི་གང་སོ་སྐྱེས་ཕལ་པ་ལྟ་བུ་ཟག་གི་དྲུང་དུ་དབེན་པ་མ་ཡིན་པའི་གནས་སུ། གང་གི་འབུལ་བ་པོ་སྨྱོ་བ་སེམས་འཁྲུག་པ། མྱོས་པ། གླེན་པ། ལྐུག་པ། འོན་པ། གཉིད་ལོག་པ། སྙོམས་འཇུགསོགས་སྤྲུལ་པ། དུད་འགྲོའི་གཟུགས་བརྙན། དབེན་པ། མ་ཡིན་པའི་གང་ཟག་གིས། འབུལ་འདོད་ཀྱི་ཀུན་སློང་དང་ལྡན་པས་སླར་འབུལ་བར་བྱ་སྟེ། དེའི་འབུལ་ཆོག་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བས་དགེ་ཚུལ་གྱི་སྡོམ་པ་འབུལ་ལོ། །བདག་དགེ་བསྙེན་དུ་བཟུང་དུ་གསོལ། ཞེས་བརྗོད་དུ་གཞུག །དེ་ལྟར་ཕུལ་བའི་ཕན་ཡོན་ཡང་། ཇི་སྐད་དུ། གང་ཞིག་བསླབ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཆང་བ་ལས། །བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་བོར་ཁྱིམ་པར་གནས་པ་བཟང་། །ཞེས་དང་། བདེ་བར་གཤེགས་པའི་རྒྱལ་མཚན་འཛིན། །གཟུགས་ཙམ་ལ་ནི་བརྟེན་ནས་སུ། །གླང་ཆེན་སྣ་ལ་རལ་བཏགས་སམ། །སྦྲུམ་མ་སྐྱུར་རྩི་འཐུངས་པ་ལྟར། །མི་དེ་ཉི་མ་གཅིག་ལ་ཡང་། །སྡིག་པའི་ས་བོན་དཔག་མེད་དང་། །རང་ལ་གནོད་པ་སྣ་ཚོགས་པ། །བྱེད་པར་འགྱུར་བ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་སྡོམ་པ་སླར་བླང་དུ་ཡོད་པ་དང་། རྒྱུད་གསོར་མི་རུང་དུ་མི་འགྱུར་བ་ལ་སོགས་པའི་ཕན་ཡོན་ཡོད་དོ། །འདིར་དགེ་ཚུལ་འབུལ་ཆོག་ཙམ་བརྗོད་ཀྱི། གཞན་དུ་དགེ་སློང་འབུལ་ན། དགེ་སློང་གི་སྡོམ་པ་འབུལ་ལོ། །བདག་དགེ་ཚུལ་དུ་བཟུང་དུ་གསོལ། ཞེས་དང་། གཞན་ཡང་སྡོམ་པའི་ངོ་བོ་༡བསླབ་པ་༡འབུལ་ལོ། །དང་། རྩ་བ་༢སངས་རྒྱས་༢འབུལ་ལོ། །དང་། རྒྱུ་༣འདུལ་བ་༣འབུལ་ལོ་ཞེས་སོགས། དང་། ཉེ་སྦྱོར་༤སློབ་དཔོན་༤འབུལ་ལོ་ཞེས་སོགས། བ། བསླབ་༥པའི་བཏང་བདག་ཟ་༥མའོ་ཞེས་སོགས། མཚམས། གྲོགས་༦སྤང་བའི་བདག་༦ཚངས་པར་འབུལ་ལོ་ཞེས་སོགས། ཆོ་ག་རྣམས་ཀྱང་གསུངས་ཏེ་དགོས་ན་ཇི་ལྟར་རིགས་པར་
སྦྱར་རོ། །ཕམ་པ་འཆབ་བཅས་ཅན་ལའང་སྡོམ་པ་ཡོད་པ་འབུལ་དུ་རུང་ཞིང་། རྒྱུད་གསོར་མི་རུང་དུ་ཉམས་པའི་ཕྱིར་འབུལ་ཡང་། སླར་སྐྱེ་བ་ནི་མ་ཡིན་པས་ཁྱད་པར་ཡོད་ལ། འོན་ཀྱང་བར་མ་རབ་བྱུང་ཙམ་ལེན་དུ་རུང་བར་བཞེད་དོ། །ཞེས་པའང་དྷརྨཱ་ཤྲཱིས་ཟིན་བྲིས་སུ་བྱས་པའོ། །༈ དགེ་སློང་མི་འདོད་པའམ། མངོན་པར་མི་དགའ་བའམ། སྒྱིད་ལུགས་པའམ། དམུས་ཕྱུང་བའམ། ཐེ་ཚོམ་ཟ་བའམ། སྨད་པའམ། དགེ་སྦྱོང་གི་ཚུལ་བཏང་བར་འདོད་པས། འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་བསླབ་ངོ་བོ། པ་འབུལ་ལོ། །ཞེས་ཟེར་ན་བསླབ་པ་འབུལ་བ་ཡིན་ནོ། །སངས་རྒྱས་དང་ཆོས་དང་རྩ་བ། དགེ་འདུན་འབུལ་ལོ། །ཟེར་ན་བསླབ་པ་ཕུལ་བ་ཡིན་ནོ། །མདོ་རྒྱུ། སྡེ་དང་འདུལ་བ་མ་མོ་འབུལ་ལོ། །ཟེར་ན་བསླབ་པ་འབུལ་བ་ཡིན་ནོ། །མཁན་ཉེ་སྦྱོར། པོ་དང་སློབ་དཔོན་ཉེ་སྦྱོར། འབུལ་ལོ། །ཟེར་ན་བསླབ་པ་ཕུལ་བ་ཡིན་ནོ། །བདག་ཁྱིམ་པའམ། དགེ་ཚུལ་ལམ། བསླབ་པའི་གཏོང་མཚམས། མཆན། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། ཕ་མ་དགྲ་བཅོམ་བསད་པའམ། དགེ་འདུན་དབྱེན་ནམ། ཁྲག་འབྱིན། མུ་སྟེགས། མུ་སྟེགས་ཞུགས། རྐུ་ཐབས། ཐ་དད་པ། གནས་པར་མི་བྱ་བར་བཟུང་དུ་གསོལ། ཟེར་ན་བསླབ་པ་ཕུལ་བ་ཡིན་ནོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བགྱིད་དཀའོ། །སོགས་ཟེར་ཡང་། གོང་མ་འདི་རྣམས་གང་རུང་མ་ཟེར་བས། བསླབ་པ་ཉམས་པར་བྱས་ལ་བསླབ་པ་ཕུལ་བ་མ་ཡིན་ནོ། །༈ སྔ་ཕྱི་གཉིས་ཀ་ཟེར་ན། བསླབ་པ་ཉམས་པར་ཡང་བྱས་ལ་ཕུལ་བའང་ཡིན་ནོ། །བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པ་མ་བྱས་པ་ནི། རྣམ་པ་དེ་དག་ལས་ལྡོག་པའོ། །ཞར་བྱུང་གི་ཉེར་མཁོ་ཡིན་ནོ།། །།
དགེ་ཚུལ་གྱི་བསླབ་བྱ་པད་གླིང་ལྔ་བར་གནང་བ།
དགེ་ཚུལ་གྱི་བསླབ་བྱ་པད་གླིང་ལྔ་པར་གནང་བ་བཞུགས། ན་མཿསརྦ་ཛྙཱ་ཡ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ནས། །མཐའ་ཡས་འགྲོ་བ་འདུལ་བའི་ཐབས། །སྟོན་མཛད་ཐུབ་དབང་ལ་བཏུད་དེ། །དགེ་ཚུལ་བསླབ་བྱ་མདོ་ཙམ་བྲི། །དེ་ལ་ཐོག་མར་སྡོམ་ནི། སྲོག་གཅོད་རྐུ་དང་མི་ཚངས་སྤྱོད། །རྫུན་སྨྲ་ཆང་དང་ཕྱི་དྲོའི་ཟས། །གར་སོགས་ཕྲེང་སོགས་གསེར་དངུལ་ལེན། །ཁྲི་སྟན་ཆེ་མཐོ་གཉིས་དང་བཅུ། །ཁྱིམ་རྟགས་སྤོང་དང་རབ་བྱུང་རྟགས། །བླངས་དང་མཁན་པོར་གསོལ་བཏབ་ལས། །ཉམས་པ་རྣམ་པ་གསུམ་བསྣན་པས། །སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །དེ་ལྟར་བཅུ་གསུམ་ལས། དང་པོ་སྲོག་གཅོད་པ་ནི། གསད་བྱའི་ཡུལ་རང་ལས་རྒྱུད་གཞན་པའི་མིའམ་མིར་ཆགས་པ་ཡིན་ལ། དེ་ཡིན་པར་འདུ་ཤེས་མ་འཁྲུལ་བའི་ཀུན་སློང་གསོད་འདོད་རྒྱུན་མ་ཆད་པས། རང་ངམ་གཞན་ལ་བསྒོས་སམ་གྲོས་སུ་གཏོགས་ཀྱང་རུང་སྟེ། མཚོན་དུག་སོགས་ཀྱི་སྦྱོར་བས་རང་མ་ཤི་བའི་སྔ་རོལ་དུ་གསད་བྱའི་སྲོག་འགགས་པའོ། །གཉིས་པ་རྐུ་བ་ནི། རང་དང་ནོར་མི་གཅིག་པའི་མིའི་འགྲོ་བས་བདག་ཏུ་བཟུང་ཞིང་གསེར་ཞོ་ཕྱེད་ཀྱི་རིན་ཐང་དུ་ལོངས་པའི་ནོར་ཡིན་ལ། དེ་ཡིན་པར་འདུ་ཤེས་ཤིང་རྐུ་འདོད་ཀྱི་བསམ་པས་རང་ངམ་གཞན་ལ་རྐུར་བཅུག་ཀྱང་རུང་སྟེ། མཐུ་དང་འཇབ་བུའམ་གཡོ་སྒྱུའི་སྦྱོར་བས་དུས་གཅིག་ལ་བླངས་ཤིང་རང་དབང་ཐོབ་བློ་སྐྱེས་པའོ། །གསུམ་པ་མི་ཚངས་སྤྱོད་ནི། རྟེན་རྨ་སྒོ་གསུམ་གང་ཡང་རུང་བར་བརྟེན་བྱེད་ཕོ་དབང་ལས་རུང་རེག་བདེ་མྱོང་འདོད་ཀྱི་བསམ་པས། བཅུག་རེག་གི་བདེ་བ་ལུས་ཤེས་ཀྱིས་མྱོང་ཞིང་ཡིད་ཤེས་ཀྱིས་བདག་གིར་བྱས་པའོ། །བཞི་པ་རྫུན་དུ་སྨྲ་བ་ནི། ཡུལ་སྨྲ་ཤེས་དོན་གོ་བའི་མི་ལ་བདེན་པའི་འདུ་ཤེས་བསྒྱུར་ཏེ་རྫུན་སྨྲ་བར་
འདོད་པས་མངོན་ཤེས་སོགས་མི་ཆོས་བླ་མའི་ཡོན་ཏན་རང་ལ་མེད་བཞིན་དུ་ཡོད་པར་སྨྲ་བའམ། གཞན་གྱིས་སྨྲས་པ་དང་དུ་བླངས་ཀྱང་རུང་སྟེ་ཕ་རོལ་པོས་རྫུན་ཚིག་ཐོས་ཤིང་དོན་གོ་བའོ། །བཞི་པོ་དེ་འཆབ་བཅས་བྱུང་ན་གསོར་མི་རུང་བའི་ཕྱིར་ཕམ་འདྲའི་ཉེས་བྱས་སོ། །ལྔ་པ་ཆང་ནི། ཕབས་བཏབ་པ་འབྲུའི་ཆང་དང་། མ་བཏབ་པ་རྒུན་ཆང་སྟེ་མྱོས་པར་འགྱུར་བ་འཐུང་བའོ། །དྲུག་པ་ཕྱི་དྲོའི་ཁ་ཟས་ནི། རང་གླིང་གི་ཉི་མ་གུང་ཡོལ་ནས་སང་གི་སྐྱ་རེངས་མ་ཤར་གྱི་བར་དུ་དུས་རུང་གི་ཟས་ལ་ལོངས་སྤྱོད་པའོ། །བདུན་པ་གར་སོགས་ནི། རྒོད་བག་ལ་སོགས་པའི་བསམ་པས་རང་གར་གླུ་དབྱངས་ལེན་པ་དང་། བྲོ་གར་འཁྲབ་པ་དང་། རོལ་མོ་འཁྲོལ་བ་སྟེ་གར་སོགས་གསུམ་མོ། །བརྒྱད་པ་ཕྲེང་སོགས་བཞི་ནི། འཕྱོར་སྒེག་གི་བསམ་པས་རང་གར་མེ་ཏོག་སོགས་མཛེས་བྱེད་ཀྱི་ཕྲེང་བ་འདོགས་པ་དང་། མགུལ་རྒྱན་དང་སོར་གདུབ་སོགས་རྒྱན་གྱིས་བརྒྱན་པ་དང་། ལུས་ལ་དྲིལ་ཕྱིས་བྱེད་པ་སོགས་ཁ་དོག་འཆང་བ་དང་། དྲི་ཞིམ་པོས་བསྐུ་བ་སོགས་སྤོས་ཉུག་པ་སྟེ་ཕྲེང་སོགས་བཞིའོ། །དགུ་པ་གསེར་དངུལ་ལེན་པ་ནི། རང་དབང་བའི་གསེར་དངུལ་སོགས་རིན་པོ་ཆེ་ལ་རུང་བ་མ་བྱས་པར་ནོར་གྱི་བློས་རེག་པའོ། །བཅུ་པ་ཁྲི་སྟན་ཆེ་མཐོ་ནི། མཐོ་དམན་གང་ཡིན་ཡང་རུང་སྟེ། རྒྱུ་རིན་པོ་ཆེ་སོགས་ལས་བྱས་པའི་ཁྲི་སྟན་རིན་ཐང་ཅན་ལ་རང་གར་འདུག་པ་ཁྲི་སྟན་ཆེན་པོ་དང་། ཤིང་སོགས་རྒྱུ་དམན་ཡང་ཁྲུ་གང་ལས་ལྷག་པའི་ཁྲི་སྟན་ལ་འདུག་པ་ཁྲི་སྟན་མཐོ་བའོ། །དེ་དག་ཀྱང་སུམ་བརྒྱ་པར། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེ་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང་། །ཞེས་གསུངས་པ་ལྟར་རོ། །བཅུ་གཅིག་པ་ཁྱིམ་པའི་རྟགས་སྤོང་བར་ཁས་བླངས་པ་ལས་ཉམས་པ་ནི། གོས་དཀར་པོ་དང་ཚོན་ཆེན་གྱིས་བསྒྱུར་བ་སོགས་ཁ་དོག་གིས་མི་རུང་བ་དང་། སྦུ་གུ་ཅན་སོགས་དབྱིབས་ཀྱིས་མི་རུང་བ་གྱོན་པ་དང་། སྐྲ་དང་ཁ་སྤུ་རིང་པོར་འཇོག་པ་ལ་སོགས་པའོ། །བཅུ་གཉིས་པ་རབ་བྱུང་གི་རྟགས་ལེན་པར་ཁས་བླངས་བ་ལས་ཉམས་པ་ནི། མུ་སྟེགས་པའི་རྟགས་སྤྱོད་ལམ་དཀའ་
ཐུབ་སོགས་ལ་སྤྱོད་པའོ། །བཅུ་གསུམ་པ་མཁན་པོར་གསོལ་བ་བཏབ་པ་ལས་ཉམས་པ་ནི། ཁྱད་གསོད་དང་མཁས་འདོད་ཀྱི་བསམ་པས་མཁན་པོར་བརྙས་ཤིང་མ་གུས་པར་བྱེད་པའོ། །དེའང་ཞིབ་ཏུ་ཕྱེ་ན་བླངས་འདས་སོ་དྲུག་ཏུ་འགྱུར་ཏེ། སྲོག་གཅོད་ཀྱི་ཆར་གཏོགས་པ་དུད་འགྲོ་གསོད་པ། སྲོག་ཆགས་དང་བཅས་པའི་རྩྭའམ་ཆུ་ལ་འདེབས་པ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་དེ་གསུམ་མོ། །རྫུན་གྱི་ཆར་གཏོག་པ་ལ་གཞི་མེད་དང་། བག་ཙམ་གྱི་ཕམ་པའི་སྐུར་འདེབས། དགེ་འདུན་དབྱེན། དེའི་རྗེས་སུ་ཕྱོགས་པ། ཁྱིམ་སུན་འབྱིན་པ། ཤེས་བཞིན་དུ་རྫུན་དུ་སྨྲ་བ། བཤེས་ངོར་སྐུར་འདེབས། ཞལ་ཏ་པར་འཕྱ་བ། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཞེས་སྐུར་པ་འདེབས་པ། ལྷག་མའི་སྐུར་འདེབས། ཁྱད་གསོད་ཀྱིས་བསླབ་པ་སྤོང་བ། ལྷག་པོ་ལེན་ཕྱིར་འབྲས་ཆན་འགེབས་པ་སྟེ་བཅུ་གཉིས་སོ། །དེ་ལྟར་ཆར་གཏོགས་པས་ཕྱེ་བའི་བཅོ་ལྔ་པོ་སྔར་གྱི་བཅུ་གསུམ་པོའི་སྟེང་དུ་བསྣན་ཅིང་། གར་སོགས་གསུམ། ཕྲེང་སོགས་བཞི། ཁྲི་དང་སྟན་གཉིས་རེ་རེར་ཆེ་མཐོ་གཉིས་ཏེ་དེ་དག་སོ་སོར་བགྲངས་པས་ཁྱོན་སུམ་ཅུ་རྩ་དྲུག་ལས། ཕམ་འདྲ་བཞི་པོ་མ་གཏོགས་པའི་སུམ་ཅུ་རྩ་གཉིས་ནི་བཤགས་བྱའི་ཉེས་བྱས་སོ། །དེ་ཡང་ཉམས་པ་གསུམ་ནི། རབ་བྱུང་གི་བླངས་འདས་དང་། ལྷག་མ་སུམ་ཅུ་རྩ་གསུམ་ནི། དགེ་ཚུལ་གྱི་དངོས་སུ་བླངས་འདས་ཡིན་ལ། དེ་ལས་གཞན་དུ་འཆང་འབྲལ་སོགས་ལྟུང་མེད་ཕྱེད་དང་བཅོ་བརྒྱད་མ་གཏོགས་པ་གཞི་དང་། རྣམ་འབྱེད་ཀྱི་སྐབས་ནས་བྱུང་བའི་བསླབ་བྱ་རྣམ་གྲངས་ཙམ་གྱི་སྒོ་ནས་དགེ་སློང་དང་མཐུན་པར་གསུངས་ནའང་། དགེ་ཚུལ་ལ་བླངས་པའི་ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས་ཙམ་མོ། །ཞེས་པ་འདི་ཡང་འགྲོ་བའི་སྐྱབས་མགོན་པད་གླིང་ལྔ་པ་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ་ཚུལ་ཁྲིམས་གྲགས་པ་བཟང་པོས་གཟིགས་པའི་སླད་དུ་བན་ཆུང་ཆོས་དཔལ་གྱིས་འཕྲལ་དུ་ཟིན་བྲིས་སུ་སྤེལ་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། །།
སྡེ་ལྔའི་སྡོམ་ཚིག་གསལ་བྱེད་མེ་ལོང་།
སྡེ་ལྔའི་སྡོམ་ཚིག་གསལ་བྱེད་མེ་ལོང་ཞེས་བྱ་བ་བཞུགས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཕམ་པ་༤ལྷག་མ༡༣ལྟུང་བ་སྤངས་ལྟུང་༣༠དང་། ལྟུང་བྱེད་འབའ་༩༠ཞིག་དང་། །སོར་བཤགས་༤ཉེས་བྱས་༡༡༢སྡེ་ལྔ་ཡིན། །༈ དང་པོ་སྤྱད་ན་གསོར་མེད་པས་གཉེན་པོ་ཕམ་པ་ཕམ་པའི་སྡེ་ནི། ༡མི་ཚངས་སྤྱོད་ནི། ཁ་ཤུན་སོ་དང་པགས་པ་ལས། །ནོར་བུ་འདས་ན་ཕས་ཕམ་སྟེ། །ཞེས་སྐྱེ་གནས་ཀྱི་ལམ་གསུམ་དུ་ཕོ་དབང་བཅུག་རེག་གི་བདེ་བ་མྱོང་བ་དང་། ༢རྐུ་བ་ནི། ཀཪྵ་པ་ཎིའི་བཞི་ཆ་རྐུས། །དེ་རྐུས་ཚུལ་ཁྲིམས་ཞིག་པ་ཡིན། །ཞེས་གསེར་ཞོ་ཕྱེད་ཀྱི་རིན་ཐང་དུ་ལོངས་པའི་ནོར་དུས་གཅིག་ལ་རྐུ་བ་དང་། ཕུང་པོ་ལ་རྐུ་ན་རེ་རེ་ཞིང་ཐ་དད་དོ། །༣མི་ལ་གསད་པར་མི་བྱ་བ། མིའམ་མིར་ཆགས་པ་རང་ངམ། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གཞན་ལ་བསྒོས་པས་གསད་བྱའི་སྲོག་འགགས་པ། ༤རྫུན་དུ་སྨྲ་བ་ནི། འདིར་ནི་སྒྲིབ་པ་རྣམ་པ་ལྔ། །མི་རྣམས་ཀྱི་ནི་ཆོས་སུ་ཐོས། །དེ་སྐད་བླ་མའི་ཆོས་སུ་འདོད། །ཅེས་མངོན་ཤེས་སོགས་མི་ཆོས་བླ་མའི་ཡོན་ཏན་མེད་བཞིན་དུ་ཡོད་པར་སྨྲས་པ་གཞན་གྱིས་གོ་བ་དང་བཅས་པ་ཡི། ཆོས་བཞི་འདིར་ནི་གསུངས་པ་ཡིན། ༈ གཉིས་པ་གསོ་བ་དགེ་འདུན་ལ་རག་ལས་ཤིང་སྡོམ་པ་རྣམ་དག་གི་ལྷག་མ་ལུས་པས་ན་དགེ་འདུན་ལྷག་མའི་སྡེ་ནི། ༡ཁུ་བ་བསམ་བཞིན་དུ་ལག་པ་སོགས་ཀྱིས་ཁུ་བ་ཕྱུང་པ། ༢འཛིན་པ་བུད་མེད་ཀྱི་ལུས་ཀྱི་ཆ་ཤས་ཀྱི་ཤ་རྗེན་པར་རེག་པ། ༣འཁྲིག་ཚིག་བུད་མེད་ལ་ཆགས་སེམས་ཀྱིས་འཁྲིག་ཚིག་སྨྲ་བ། ༤བསྙེན་བཀུར་བུད་མེད་ཀྱི་དྲུང་དུ་འཁྲིག་པས་བསྙེན་བཀུར་ན་མཆོག་གོ་ཞེས་བསྔགས་པ། ༥སྨྱན་གཉེན་དགར་བྱས་པས་
སྐྱེས་པ་བུད་མེད་ཕྲད་པ། ༦ཁང་པ་གཞི་དང་ཡོ་བྱད་མི་རུང་བས་རང་དོན་དུ་སྲིད་དུ་ཁྲུ་བཅོ་བརྒྱད་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་ལས་ལྷག་པའི་ཁང་པ་བརྩིགས་པ། ༧ཁང་ཆེན་གཞི་མ་དག་པར་དགེ་སློང་བཞི་ཡན་ཆད་ཀྱི་དོན་དུ་བརྩིགས་པ་དང་། ༨གཞི་མེད་པ་མཐོང་ཐོས་དོགས་གསུམ་མེད་པར་དགེ་སློང་ལ་ཕམ་པས་སྐུར་པ་འདེབས་པ། ༩བག་ཙམ་དགེ་སློང་ལ་སྙད་བག་ཙམ་ལ་བརྟེན་ནས་ཟུར་གྱིས་ཕམ་པའི་སྐུར་འདེབས། ༡༠དགེ་འདུན་དབྱེན་དང་ཞེས་དགེ་འདུན་དབྱེན། དེ་རྗེས་ཕྱོགས། ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བ་བྱེད་པ་ལ་ཟློག་བྱེད་གླེང་དྲན་གཞམ་བགོ་གསོལ་བ་གཅིག་དང་བརྗོད་པ་གསུམ་སོང་བའི་མཐར་མི་གཏོང་ན་དངོས་ག །ཞི་བསྐྱེད་དོ། །༡༡དེ་རྗེས་ཕྱོགས་དགེ་འདུན་དབྱེན་བྱེད་པ་དེའི་གྲོགས་བྱེད་པའི་དགེ་སློང་ལ་བཟློགས་ཀྱང་མི་གཏོང་བ། ༡༢ཁྱིམ་སུན་འབྱིན་སྤྱོད་པ་ངན་པས་ཁྱིམ་པ་མ་དད་པར་བྱས་པ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་བ་འདེབས་པ་བཟློགས་ཀྱང་མི་གཏོང་བ་དང་། ༡༣བཀའ་བློ་མི་བདེ་བ་ལྟུང་བ་བྱུང་བར་གླེང་བ་ན་བདག་ལ་མ་སྨྲ་ཞེས་འགོག་པར་དགེ་འདུན་གྱིས་བཟློགས་ཀྱང་མི་གཏོང་བའོ། །༈ གསུམ་པ་ལྟུང་བ་ལ་གཉིས་ལས། དང་པོ་གང་ལ་ལྟུང་བ་བྱུང་བའི་ཡོ་བྱད་དེ་སྤངས་པའི་སྒོ་ནས་ཕྱིར་བཅོས་དགོས་པས་སྤང་ལྟུང་ལ་བཅུ་ཚན་གསུམ་གྱི། དང་པོ་ནི། ༡འཆང་བ་ཆོས་གོས་ཀྱི་ཁ་སྐོང་བའི་རེ་བ་མེད་པའི་གོས་ཁྲུ་གང་ལོངས་པ་བྱིན་གྱིས་མ་བརླབས་པའམ་བརླབས་ཀྱང་ཤན་སྟོབས་ཀྱིས་ཞག་བཅུ་འདས་པར་བཅངས་པ། ༢འབྲལ་བར་རང་གི་ཆོས་གོས་རྣམ་གསུམ་བྱིན་རླབས་ཅན་རང་གི་ཉེ་འཁོར་ལས་གཞན་དུ་བཞག་ནས་ཞག་འདས་པ། ༣འཇོག་པ་ཆོས་གོས་གསུམ་གང་རུང་མེད་པས་དེའི་རྒྱུར་བསགས་པའི་ཁྲུར་ལོངས་ལ་འཁོར་གསུམ་མི་ཁེབས་པའམ་གོས་བྱིན་མ་བརླབས་པའམ་ཤན་སྟོབས་ཀྱིས་ཟླ་བ་གཅིག་འདས་པ་དང་། ༤འཁྲུར་འཇུག་པ་རང་གི་ཆོས་གོས་གསུམ་དང་གདིང་བ་རྙིང་པ་དགེ་སློང་མ་ཉེ་དུ་མ་ཡིན་པར་འཁྲུར་བཅུག་པ་དང་། ༥ལེན་པ་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་གོས་སོགས་བླངས་པས་ཐོབ་པ་དང་། ༦སློང་བ་ཁྱིམ་པ་ཉེ་དུ་མིན་པ་ལས་
གོས་བླངས་ཏེ་ཐོབ་པ་དང་། ༧སྟོད་གཡོགས་སྨད་གཡོགས་རང་གོས་ཀྱིས་འཕོངས་པས་ཁྱིམ་པ་ཉེ་དུ་མིན་པར་གོས་གཉིས་ལས་ལྷག་པ་བླངས་པས་ཐོབ་པ་སློང་བར་རིགས་པའི་སྤང་བ་བཅས། ༨རིན་ཐང་ཁྱིམ་པ་ཉེ་དུ་མ་ཡིན་པས་རང་ལ་གོས་སྟེར་བར་ཤེས་པ་མ་ཕུལ་གོང་ནས་བླངས་ཏེ་ཐོབ་པ་དཔགས་པ་སློང་བའི་ལྟུང་བ། ༩སོ་སོར་ཁྱིམ་པ་ཉེ་དུ་མིན་པ་གཉིས་ཀྱིས་སྟེར་བར་ཤེས་ནས་སློང་བ། ༡༠བསྐུར་བ་སྦྱིན་བདག་གིས་བསྐུར་བའི་གོས་ཀྱི་རིན་ཞལ་ཏ་བ་ཁྱིམ་པ་ལ་གཏད་ནས་གོས་སྒྲུབ་ཏུ་བཅུག་པ་བསྐུལ་བ་གསུམ་དང་སྡོད་པ་གསུམ་ལས་ལྷག་པར་ལེན་པའོ། །༈ བཅུ་ཚན་གཉིས་པ་ནི། ༡སྲིན་བལ་ཞེས་སྲིན་བལ་སོགས་རིན་ཐང་ཅན་གྱི་གདན་དང་། ༢འབའ་ཞིག་བལ་ནག་པོ་འབའ་ཞིག་པའོ། །༣ཆ་གཉིས་བལ་ནག་ཆ་གཉིས་ལས་ལྷག་པ་བསྲེས་ཏེ་གདན་བྱེད་དམ་བྱེད་དུ་བཅུག་པ་ན་དང་སྟེ་བལ་བཀྲམ་པ་ཙམ་གྱིས་དེ་དང་དེའི་སྤང་ལྟུང་ངོ་། །༤དྲུག་དང་ཞེས་སྟན་སྔ་མས་ལོ་དྲུག་མ་སོང་བར་སྟན་གཉིས་པ་བྱེད་པ། ༥མཐོ་གང་གདིང་བ་གསར་པ་ལ་རྙིང་པ་ནས་ཁྲུ་ཕྱེད་དོ་མ་གླན་པར་ལོངས་སྤྱོད་པ། ༦ལམ་དུ་བལ་ཁུར་དུ་ལོངས་པ་ཆགས་སེམས་ཀྱིས་ཁྱེར་མཁན་ཡོད་ན་རྒྱང་གྲགས་དང་མེད་ན་དཔག་ཚད་ལས་འདས་ནས་ཁྱེར་བ་དང་ནི། ༧ཁྲུ་གང་ཉེ་དུ་མིན་པའི་དགེ་སློང་མ་ལ་བལ་འཁྲུའམ་འཚོད་དམ་རྨེལ་དུ་འཇུག་པ་དང་། ༨གསེར་དངུལ་ལེན་རིན་ཐང་མ་ཉམས་པའི་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་པའོ། །༩མངོན་མཚན་ཅན་ཉེ་དུ་མིན་པའི་ཁྱིམ་པར་རང་དོན་འབུན་བསྐྱེད་བཏང་སྟེ་གོས་ཁྲུ་ག །ང་ཡན་ཙམ་གྱི་སྐྱེད་ཐོབ་པ་དང་། ༡༠ཉོ་ཚོང་ངོ་། །ཞེས་རང་དོན་དུ་ཁེ་འདོད་པས་འབྲུ་སོགས་རིན་ཆེན་མིན་པའི་ནོར་མོད་ན་ཉོ་ཞིང་དཀོན་ན་བཙོངས་པས་གོས་ཁྲུ་གང་ཡན་ཆད་ཀྱི་ཁེ་ཐོབ་པའོ། །༈ བཅུ་ཚན་གསུམ་པ་ནི། ༡ལྷུང་བཟེད་གཉིས་༢ལྷུང་བཟེད་ལྷག་པོ་བྱིན་མ་བརླབས་པའམ་བརླབས་ཀྱང་ཤན་སྟོབས་ཀྱིས་ཞག་བཅུ་འདས་པར་འཆང་བ་དང་ལྷུང་བཟེད་རུང་བ་ཚད་ལྡན་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ལྷུང་བཟེད་ལྷག་པོ་འཚོལ་བ་དང་།
༣ཐ་ག་གཉིས། ༤ཁྱིམ་པ་ཉེ་དུ་མ་ཡིན་པར་གླ་རྔན་མ་སྦྱིན་པར་རང་གི་གོས་རྒྱུ་འཐག་ཏུ་བཅུག་པ་དང་སྦྱིན་བདག་གིས་རང་ལ་འབུལ་རྒྱུའི་གོས་ཐ་ག་པ་ལ་རྔན་པ་སྦྱིན་ནས་བསྐྱེད་པའོ། །༥བྱིན་འཕྲོགས་དགེ་སློང་གཞན་ལ་གོས་དང་ལྷུང་བཟེད་སོགས་སྔར་བྱིན་ནས་སླར་འཕྲོག་པ། ༦སྟོན་ཟླ་ཐ་ཆུང་དབྱར་གནས་པའི་དགེ་སློང་གིས་དབྱར་རྙེད་བདག་གིར་བྱེད་པ་དང་དབྱར་ནང་དུ་བགོད་པ་སྔས་པ་དང་དགག་དབྱེའི་ཕྱིས་མ་བགོས་པ་ཕྱིས་པའི་སྤང་བ་དང་། ༧དགོན་པ་བ་འཇིགས་བཅས་ཀྱི་དགོན་པར་སྣམ་སྦྱར་གཞན་དུ་བཅོལ་བ་འཇིགས་པ་དང་བྲལ་ནས་ཀྱང་བཞག་སྟེ་ཞག་བདུན་པའི་སྐྱ་རེངས་ཤར་བ་དང་། ༨རས་ཆེན་དབྱར་གྱི་རས་ཆེན་ཚུལ་ཞུགས་ཀྱི་གོང་ཟླ་གཅིག་དང་དགག་དབྱེའི་རྗེས་སུ་ཟླ་ཕྱེད་པར་ལས་ལྷག་པར་འཚོལ་བཅངས་དང་། ༩བསྔོས་པ་དགེ་འདུན་ནམ་གང་ཟག་གཞན་ལ་བསྔོས་པའི་རྙེད་པ་རང་ལ་བསྒྱུར་བ་དང་ནི། ༡༠གསོག་འཇོག་ཟན་ལྟ་བུ་དུས་རུང་། ཇའི་བཏུང་བ་ལྟ་བུ་ཐུན་ཚོད། མར་བུར་སོགས་ཞག་བདུན་པ། ཨ་རུ་ལྟ་བུ་འཚོ་བཅངས་ཏེ་སྨན་བཞི་ལས་དང་པོ་གསུམ་བྱིན་ལེན་བྱས་པ་རང་རང་གི་དུས་ལས་འདས་པར་བཅངས་པ་དག་གོ ། ༈ གཉིས་པ་བཤགས་པ་འབའ་ཞིག་པས་ཕྱིར་བཅོས་དགོས་པས་ལྟུང་བྱེད་འབའ་ཞིག་པ་ལ་བཅུ་ཚན་དགུ་ལས། སྤྱི་སྡོམ་ལས། ཤེས་བཞིན་དང་པོ་སོགས་བཅུ་ཚན་དང་པོ་ནི། ༡རྫུན་གོང་འོག་ཏུ་དམིགས་བསལ་སྨོས་པ་རྣམས་མ་གཏོགས་པའི་ཤེས་བཞིན་དུ་རྫུན་སྨྲས་པ་གཞན་གྱིས་ཐོས་ཤིང་གོ་བ། ༢སྐྱོན་གནོད་སེམས་ཀྱིས་དགེ་སློང་གཞན་གྱི་སྐྱོན་ནས་བརྗོད་པ། ༣དགེ་སློང་ཕྲ་མ་དགེ་སློང་གཉིས་ཕན་ཚུན་དབྱེ་འདོད་ཀྱིས་ཕྲ་མའི་ཚིག་སྨྲ་བ་དང་། ༤སྐྱོ་སྔོགས་བྱེད་དགེ་སློང་ཕན་ཚུན་གཉིས་ཀྱི་རྩོད་པ་ཞི་བ་སླར་བསླང་སྟེ་རྩོད་དུ་འཇུག་པ་དང་། ༥སྟོན་པ་ཁྲིམས་གྲོགས་མེད་པར་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པའི་ཆོས་སྟོན་པ་དང་། ༦འདོན་དང་ཞེས་རྒོད་བག་གི་དབང་གིས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཚིག་གདངས་སྣ་ཚོགས་ཀྱིས་འདོན་པ་བྱེད་པ། གནས་ངན་ལེན། ༧བསྙེན་པར་མ་རྫོགས་པའི་དྲུང་དུ་དགེ་སློང་གི་ཕམ་ལྷག་གི་ལྟུང་བ་གླེང་བར་མ་བསྐོས་པར་འདིས་
འདི་བྱས་སོ་ཞེས་གླེང་བ་དང་། ༨ཆོས་ཡུལ་མ་རྫོགས་པ་དང་འཕགས་པ་མིན་པའི་དྲུང་དུ་རང་གིས་ཐོབ་པའི་མི་ཆོས་བླ་མའི་ཡོན་ཏན་བརྗོད་པས་གོ་བའོ། །༩བཤེས་ངོར་བྱེད་དགེ་འདུན་གྱི་རྫས་སྟེར་བར་མི་འོས་པ་ལ་མ་བྱིན་ཀྱང་བྱིན་ནོ་ཞེས་སྐུར་པ་འདེབས་པ་དང་། ༡༠ཁྱད་དུ་གསོད་གསོ་སྦྱོང་གི་དུས་སུ་བསླབ་པ་འདི་དང་འདིས་ཅི་བྱ་ཞེས་ཁྱད་གསོད་ཀྱི་ཚིག་སྨྲས་པ་གཞན་གྱིས་གོ་བའོ། །༈ ས་བོན་དང་སོགས་བཅུ་ཚན་གཉིས་པ་ནི། ༡ས་བོན་ནས་ལྟ་བུ་ས་བོན་དང་མྱུ་གུ་སྐྱེ་བ་གང་རུང་ཉམས་པར་བྱེད་དམ་བྱེད་དུ་འཇུག་པ། ༢འཕྱ་བ་དགེ་སློང་ཞལ་ཏ་པ་ལ་འདིས་བདག་ལ་གནས་མལ་དང་ཟས་ངན་པ་སྟོབ་ཅེས་དངོས་པོ་ཟུར་གྱིས་འཕྱ་བ། ༣བསྒོ་བ་དགེ་འདུན་ནམ་དགེ་སློང་གིས་ཕྱིར་བཅོས་པའི་ལྟུང་བ་གླེང་བའམ་སྙིང་ནས་གཏམ་འདྲི་བ་ལ་ཁྱད་གསོད་ཀྱི་གཞན་ལན་འདེབས་པ་དང་། ༤ཁྲི་དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱད་ནས་བླ་གབ་མེད་པར་བོར་བས་ཆུད་ཟོས་པ་དང་། ༥གདིང་བ་དགེ་འདུན་གྱི་གནས་སུ་རྩྭ་དང་ལོ་མའི་སྟན་བཏིང་བ་རང་གར་བོར་ནས་སོང་བ་དང་། ༦སྐྲོད་པ་དགེ་སློང་གཞན་ལ་གནོད་སེམས་ཀྱིས་དགེ་འདུན་གྱི་གནས་ཁང་ནས་སྐྲོད་དམ་སྐྲོད་དུ་འཇུག་པ་དང་། ༧ ཕྱིས་གནོན་ལུས་ངག་གིས་དགེ་སློང་གཞན་ལ་གནོད་པ་བྱེད་པས་ཟིལ་གྱིས་གནོན་པ། ༨ འབྱུང་བ་དགེ་འདུན་གྱི་གནས་ཁང་སྟེང་ཐོག་བརྡོལ་ཉེན་ཡོད་པར་ཁྲི་རྐང་རྣོན་པོ་བཙུགས་ཏེ་འདུག་པ། ༩འདེབས་པ་སྲོག་ཆགས་དང་བཅས་པའི་རྩ་ཆུ་ལ་སྤྱོད་དམ་སྤྱོད་དུ་བཅུག་པས་སེམས་ཅན་ཤི་བ་དང་། ༡༠རིམ་པ་གཉིས་སུ་རྩིག་པ་སྤྱོད་ལམ་བཞི་ཤོང་ཡན་གྱི་གཙུག་ལག་ཁང་ཆར་ཆུས་འཇིག་སར་ཉིན་གཅིག་ལ་ཕ་གུ་རིམ་གཉིས་ལས་ལྷག་པར་བརྩིགས་པའོ། །༈ མ་བསྐོས་པ་དང་སོགས་བཅུ་ཚན་གསུམ་པ་ནི། ༡མ་བསྐོས་མ་བསྐོས་པས་དགེ་སློང་མ་ལ་ཆོས་སྟོན་པ། ༢ཉི་མ་ནུབ་པ་བསྐོས་ཀྱང་དགེ་སློང་མ་ལ་ཉི་མ་ནུབ་ནས་ཆོས་སྟོན་པ་དང་། ༣ཟས་དགེ་སློང་མའི་སྟོན་པར་བསྐོས་པའི་དགེ་སློང་ལ་ཟས་ཕྱིར་ཆོས་སྟོན་
ཏོ་ཞེས་སྐུར་པ་འདེབས་པ་དང་། ༤ཆོས་གོས་གཉིས་དག །༥ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་འཚེམ་པ་དང་དགེ་སློང་མ་ལ་ཆོས་གོས་སྟེར་བ་དང་། ༦དོན་མཐུན་དགེ་སློང་མ་དང་ལྷན་ཅིག་ལམ་དུ་ཞུགས་ནས་རྒྱང་གྲགས་ལས་ལྷག་པར་འདའ་བ། ༧གྲུ་དང་ཞེས་དགེ་སློང་མ་དང་ལྷན་ཅིག་གྲུར་ཞུགས་ནས་ཁྲིམས་གྲོགས་མེད་པར་རྒྱུན་ནམ་རྒྱུན་ལས་ལྡོག་སྟེ་རྒྱང་གྲགས་འདས་ནས་འགྲོ་བ། ༨དབེན་པ་གཉིས། དབེན་པ་སྐྱབས་ཡོད་དུ་བུད་མེད་ཉེ་དུ་མ་ཡིན་པ་དང་ལྷན་ཅིག་ཁྲིམས་གྲོགས་མེད་པར་འདུག་སྟེ་གནས་པ་དང་། ༩འགྲེངས་ཏེ་གནས་པ་གཉིས་སོ། །༡༠དགེ་སློང་མ་ཡིས་སྦྱོར་བཅུག་པ་དགེ་སློང་མ་ཉེ་དུ་མིན་པས་རྫུན་གྱིས་ཡོན་ཏན་བརྗོད་པའི་སྒོ་ནས་སྦྱིན་བདག་ལ་ཟས་སྦྱོར་དུ་བཅུག་པས་ཟོས་པའོ། །༈ ཡང་ཡང་དང་སོགས་བཅུ་ཚན་བཞི་པ་ནི། ༡ཡང་ཡང་ཁྱིམ་གཞན་དུ་ཁ་ཟས་ཟོས་ནས་ཡང་གཞན་དུ་ཟ་བ་དང་ནི། ༢འདུག་གནས་གཅིག་ནི་མུ་སྟེགས་པའི་གནས་སུ་ཞག་གཅིག་བསྡད་ནས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ཟས་གཉིས་པ་བླངས་ནས་ཟ་བ། ༣ཕྱེ་དང་ཞེས་ཁྱིམ་པ་ཉེ་དུ་མིན་པ་ལས་ལྷུང་བཟེད་དོ་གསུམ་ལས་ལྷག་པའི་ཟས་བླངས་པ་གཞན་དུ་ཁྱེར་ནས་ཟ་བ། ༤བཅའ་དང་ཞེས་ཉིན་ཞག་དེ་ལ་ཁ་ཟས་ཟོས་ཚར་ནས་མི་ཟ་བར་བློ་ཐག་བཅད་པ་སླར་ལྷག་པོར་མ་བྱས་པར་ཟ་བ། ༥སྟོབ་པ་དགེ་སློང་གཞན་གྱིས་སྤངས་པའི་ཟས་ལྷག་པོར་མ་བྱས་པར་བྱས་སོ་ཞེས་རྫུན་གྱིས་སྟོབ་པ་དང་། ༦འདུས་དང་ཞེས་མཚམས་ནང་དུ་དགེ་འདུན་སྤྱི་ལས་ལོགས་སུ་དགེ་སློང་གསུམ་ཡན་འདུས་ནས་ཟ་བ། ༧དུས་མིན་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུས་རུང་གི་ཟས་ཟ་བ། ༨གསོག་འཇོག་སྨན་བཞི་གང་རུང་གསོག་འཇོག་བྱས་ཏེ་ཟ་བ་དང་། ༩ཁ་ནས་མིད་དེ་བྱིན་ལེན་མ་བྱས་པར་སྨན་བཞི་གང་རུང་ཟོས་པ་དང་། ༡༠བསོད་པ་ཉིད་སྨན་བཞི་གང་བྱུང་གིས་ཆོག་མི་ཤེས་པར་བཟང་པོ་བླངས་ཏེ་ཟ་བ་དང་། ༈ ཆུ་དང་སོགས་བཅུ་ཚན་ལྔ་པ་ནི། ༡སྲོག་ཆགས་བཅས་ཞེས་སྲོག་ཆགས་དང་བཅས་པའི་རྩྭ་ཆུ་ཤིང་སོགས་ལ་རང་དོན་དུ་སྤྱད་པས་སེམས་ཅན་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བ་
དང་། ༢ཉལ་སར་འདུག་ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པའི་ཁྱིམ་དུ་འདུག་པ་ཕན་ཚུན་ཡོད་པར་ཚོར་བ། ༣འགྲེང་བ་ཁྱིམ་པ་ཉལ་བོ་ཤོམ་པའི་ཁྱིམ་གྱི་དབེན་པའི་སྐྱབས་སུ་འགྲེངས་ཏེ་གནས་པ་དང་། ༤གཅེར་བུ་མུ་སྟེགས་གཅེར་བུ་པར་དགོས་པ་ཁྱད་པར་བ་མེད་པར་ཟས་སྟེར་བ། ༥དམག་དང་ནི་ཞེས་རང་གི་གནས་ཀྱི་ཉེ་འཁོར་ལས་འདས་ནས་དམག་ལ་བལྟ་བ། ༦ཞག་གཉིས་དམག་གི་ནང་ཞག་གཉིས་ལས་འདས་སྟེ་སྡོད་པ། ༧བཤམ་དཀྲུག་འགྲོ་བ་དམག་ནང་དུ་གོ་ཆ་སོགས་ལ་རེག་པ་དང་གཡུལ་བཤམས་པའི་རུ་དཀྲུག་པ་སོགས་བྱེད་པ་དང་། ༨བརྡེག་པ་ཁྲོ་བས་དགེ་སློང་གཞན་ལ་བརྡེག་པས་ཕོག་པ་དང་། ༩གཟས་པ་དགེ་སློང་ལ་བརྡེག་པར་གཟས་པ་སྟེ་བརྡེག་ཚུལ་བྱས་པ་དང་། ༡༠གནས་ངན་ལེན་དགེ་སློང་གཞན་ལ་ཕམ་ལྷག་གང་རུང་བྱུང་བ་ཤེས་བཞིན་དུ་བཅབས་ཏེ་མཚན་མོ་འདས་པའོ། །༈ ཁྱིམ་དང་སོགས་བཅུ་ཚན་དྲུག་པ་ནི། ༡བདེ་དང་ཞེས་ཁྱིམ་པས་དགེ་སློང་གཞན་ལ་ཟས་འདྲེན་པ་འགོག་པའི་ཚིག་གིས་གཅོད་པ། ༢མེ་དང་ཞེས་རྒོད་བག་གི་བསམ་པས་མེ་ལ་རེག་གམ་རེག་དུ་བཅུག་པ་སྟེ་དགོས་དབང་གིས་རེག་དགོས་ན་འདིའི་ཚེ་སྟོན་པས་གནང་ངོ་སྙམ་དུ་དུས་དྲན་བྱའོ། །༣འདུན་པ་དགེ་འདུན་གྱི་ལས་ལ་དང་པོར་འདུན་པ་ཕུལ་ནས་ཡང་འདུན་པ་མི་སྟེར་བ་དང་། ༤བསྙེན་པར་མ་རྫོགས་མཚམས་ནང་གཅིག་ཏུ་ཁྲུ་ཕྱེད་དང་དགུས་བར་མ་ཆོད་པར་བསྙེན་པར་མ་རྫོགས་པ་དང་མཉམ་དུ་ནུབ་གཉིས་ལས་ལྷག་པར་ཉལ་བ། ༥ཆོས་ཞེས་ཆང་འཐུང་བ་སོགས་ཉེས་པ་མེད་ཅེས་སྡིག་ལྟའི་ཆོས་དེ་ཟློག་བྱེད་ལྔས་བཟློགས་ཀྱང་མི་གཏོང་བ་དང་། ༦སྨྲ་བ་དགེ་འདུན་གྱི་གནས་དབྱུང་བྱས་པའི་དགེ་སློང་དང་ལྷན་ཅིག་གཏམ་སྨྲ་བ་སོགས་སྤྱོད་ལམ་བསྲེས་པ། ༧དགེ་ཚུལ་ཞེས་དགེ་ཚུལ་གནས་ནས་ཕྱུང་པ་དང་ལྷན་ཅིག་སྨྲ་བ་སོགས་འདྲ། ༨ཁ་དོག་བསྒྱུར་བ་རུང་བའི་ཚོན་གསུམ་གྱིས་ཁ་མ་བསྒྱུར་བའི་གོས་གྱོན་པ་དང་། ༩རིན་པོ་ཆེ་ཞེས་རིན་པོ་ཆེ་དང་མཚོན་ཆ་རོལ་ཆ་རྣམས་ལ་རྒོད་བག་གིས་རེག་པ་དང་། ༡༠ཚ་བའི་དུས་དབྱར་ཟླ་གསུམ་སོགས་དུས་མིན་པར་ཟླ་ཕྱེད་ཀྱི་སྔ་རོལ་དུ་ཁྲུས་བྱེད་པའོ། །
༈ བསམ་བཞིན་དང་སོགས་བཅུ་ཚན་བདུན་པ་ནི། ༡དུད་འགྲོ་ཞེས་དུད་འགྲོའི་རིགས་ཆེ་ཕྲ་བསད་ན་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། །༢འགྱོད་པ་དགེ་སློང་གཞན་ལ་ཁྱོད་ལ་སྡོམ་པ་མ་སྐྱེས་སམ་ཉམས་ཞེས་འགྱོད་པ་སྐྱེར་འཇུག་པ། ༣སོར་མོ་དགེ་སློང་གཞན་གྱི་མཆན་ཁུང་སོགས་སྐྱི་གཡའ་བའི་གནས་ལ་རེག་པས་གཡའ་སྒོག་པ་དང་། ༤རྩེ་དང་ཞེས་རྒོད་བག་གི་བསམ་པས་ལུས་ཕྱེད་ནུབ་པའི་ཆུ་ལ་རྩེས་སམ་རྩེར་འཇུག་པ། ༥ལྷན་ཅིག་ཁྲིམས་གྲོགས་མེད་པར་ཁང་པ་གཅིག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ། ༦དངངས་བྱེད་དགེ་སློང་གཞན་འཇིགས་སྐྲག་སྐྱེ་བའི་ཕྱིར་བསྡིགས་ར་སྟོན་པ་དང་། ༧སྦེད་པ་རབ་བྱུང་གཞན་གྱི་ཆོས་གོས་སོགས་ཡོ་བྱད་ཐོ་འཚམས་པའི་བསམ་པས་སྦེད་དམ་སྦེད་དུ་བཅུག་པ་དང་། ༨གདེང་མེད་དགེ་སློང་གཞན་གྱི་གོས་དེས་བྱིན་པ་སོགས་ཀྱི་གདེང་མེད་པར་ཅི་དགར་ལོངས་སྤྱོད་པ། ༩གཞི་མེད་དགེ་སློང་གཞན་ལ་མཐོང་ཐོས་དོགས་པའི་གཞི་མེད་པར་ལྷག་མས་སྐུར་པ་འདེབས་པ་དང་། ༡༠སྐྱེས་པ་མེད་པར་ལམ་འགྲོ་བ་བུད་མེད་དང་ལྷན་ཅིག་སྐྱེས་པའི་ཁྲིམས་གྲོགས་མེད་པར་རྒྱང་གྲགས་ལས་འདས་པར་ལམ་དུ་འགྲོ་བའོ། །༈ མགྲོན་མང་རྐུན་མ་སོགས་བཅུ་ཚན་བརྒྱད་པ་ནི། ༡རྐུ་དང་ཞེས་ཆོམ་རྐུན་དང་ལྷན་ཅིག་རྒྱང་གྲགས་འདས་ནས་འགྲོ་བ། ༢ཉི་ཤུ་མ་ལོན་དགེ་སློང་མཁན་པོར་གྱུར་པས་བསྒྲུབ་བྱ་ལ་ཤོལ་རྩིས་པའི་ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཕོག་པ་དང་། ༣རྐོ་བ་ས་མ་ཉམས་འཐས་པ་སོར་བཞི་ཡན་རྐོའམ་རྐོར་བཅུག་པ་དང་། ༤མགྲོན་སྦྱིན་བདག་གིས་མགྲོན་དུ་བོས་པའི་དུས་ལས་འདས་པར་བསྡད་ནས་ཟས་ཟོས་པ་དང་། ༥བསླབ་པ་དགེ་སློང་གཞན་གྱིས་བསླབ་བྱ་བསླབ་པ་ན་ཁྱོད་ཀྱིས་བསླབས་པ་ལ་མི་ཉན་ཞེས་སྨྲས་པ་གོ་བ་དང་། ༦འཐབ་དང་ཞེས་རྩོད་ཟླའི་དགེ་སློང་གཞན་དང་གྲོས་བྱེད་པ་ན་རྩོད་པ་སྦར་བའི་ཕྱིར་ལྐོག་ཉན་བྱེད་པ། ༧མི་སྨྲ་འགྲོ་བ་དགེ་འདུན་གྱི་ལས་ལ་འདུས་ནས་དགེ་སློང་འཁོད་པ་ལ་མ་སྨྲས་པར་ལས་མི་ཐོས་པའི་སར་ཕྱིན་པ་དང་། ༨མ་གུས་སྟོན་པ་དགེ་འདུན་ཞལ་ཏ་པས་ཆོས་ལྡན་གྱི་བསྒོ་བ་སྒྲུབ་ནུས་བཞིན་དུ་མ་གུས་པས་མ་བསྒྲུབས་པ། ༩ཆང་འཐུང་བ་མྱོས་པར་ནུས་
པའི་ཆང་འཐུང་ཞིང་སྦང་མ་སོགས་ཟ་བ། ༡༠དུས་མིན་པ་གྲོགས་ལ་མ་སྨྲས་པར་ཉིན་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་ཁྱིམ་པའི་གནས་སུ་འགྲོ་བའོ། །༈ ཆོས་སྟོན་ཏོ་སོགས་བཅུ་ཚན་དགུ་པ་ནི། ༡ཟས་བཅས་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་ན་སྦྱིན་བདག་ལ་དུས་ལས་མ་ཡོལ་བར་བྲིམ་ཞིག་མ་སྨྲས་པར་སྔ་དྲོ་ཁྱིམ་གསུམ་དུ་རྒྱུ་བ་དང་། ཡང་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་ཁྱིམ་བཞིའི་བར་འདས་ནས་འགྲོ་བའོ། །༢སྐྱ་རེངས་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བར་རྒྱལ་པོའི་ཕོ་བྲང་དང་བཙུན་མོའི་གནས་སུ་ཕྱིན་པ། ༣ད་གདོད་གསོ་སྦྱོང་གི་དུས་སུ་མདོ་དེ་ལ་དོན་དེ་ཡོད་པ་སྔར་ནས་རྒྱུས་ཡོད་ཀྱང་ཤེས་རིན་མི་ཆོག་པར་ཁྱད་གསོད་ཀྱི་ཚིག་དོན་འདི་ཡོད་པ་ད་རེས་ཤེས་སོ་ཟེར་བ་དང་། ༤ཁབ་རལ་བ་སོ་སོགས་རིན་ཐང་ཅན་ལ་ཁབ་རལ་བཟོས་སམ་བཟོར་བཅུག་པས་ཟིན་པ་དང་ནི། ༥ཁྲི་རྐང་ཁྲུ་གང་ལས་ལྷག་པའི་ཁྲི་རྐང་བཟོས་སམ་བཟོར་བཅུག་པས་ཟིན་པ་དང་། ༦བརྡལ་བ་དགེ་འདུན་གྱི་གནས་མལ་ལ་ཤིང་བལ་སོགས་བརྡལ་བས་རྩུབ་མོས་གོས་པར་བྱས་པ་དང་། ༧གདིང་བ་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་སོར་དྲུག་བཅས་ལས་ལྷག་པའི་གདིང་བ་བཟོས་པ་དང་། ༨གཡན་དགབ་སྲིད་དུ་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ་ལས་ལྷག་པའི་གཡན་དགབ་བཟོས་པ་དང་། ༩རས་ཆེན་སྲིད་དུ་ཁྲུ་དགུ་དང་ཞེང་དུ་ཁྲུ་གསུམ་སོར་བཅོ་བརྒྱད་ལས་ལྷག་པའི་རས་ཆེན་བཟོས་པ། ༡༠བདེ་གཤེགས་ཆོས་གོས་རྒྱལ་བའི་སྐུ་ཚད་མེད་བཞིན་དུ་དེའི་ཁྲུ་ཚད་ཀྱི་ཆོས་གོས་ཕལ་པའི་ཁྲུ་སྲིད་དུ་བཅོ་ལྔ་དང་ཞེང་ལ་དགུ་བྱས་པས་སོ། །༈ བཞི་པ་དགེ་འདུན་ལ་སྨྲེ་སྔགས་ཀྱི་སྒོ་ནས་སོ་སོར་བཤགས་དགོས་པས་སོར་བཤགས་ཀྱི་སྡེ་ནི། ༡གྲོང་དགེ་སློང་མ་ལས་གྲོང་ངམ་ལམ་དུ་མོ་རང་འཚོ་བའི་ཟས་དེ་ཉིད་བླངས་སྟེ་ཟོས་པ་དང་། ༢ཁྱིམ་གཞན་ཉིད་དུ་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་ན་དགེ་སློང་མས་ངོས་མགྲོན་བྱེད་པ་མ་བཟློགས་པར་ཟོས་པ་དང་ནི། ༣བསླབ་པ་ཁྱིམ་གང་ལས་དགེ་འདུན་གྱི་ཟས་མི་སློང་བར་བསྡམས་པ་ལས་ཁྱིམ་དེ་ནས་ཟས་བླངས་ཏེ་ཟ་བ་དང་ནི།
༤དགོན་པ་སྟེ། འཇིགས་བཅས་ཀྱི་གནས་སུ་དགེ་འདུན་གྱིས་ནགས་ཉུལ་བར་བསྐོས་པའི་དགེ་སློང་གིས་ནགས་མ་ཉུལ་བར་ཁྱིམ་པ་ལས་ཟས་བླངས་ཏེ་ཟོས་པའོ། །སངས་རྒྱས་ཕན་པར་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །༈ ལྔ་པ་རང་རང་གི་མིང་གིས་བཤགས་པར་བྱ་བ་ཉེས་བྱས་ཀྱི་སྡེ་ལས། དང་པོ་གོས་ཀྱི་སྡེ་ནི། ཤམ་ཐབས་ལ་ནི་རྣམ་པ་བདུན། །ཤམ་ཐབས་ཟླུམ་པོར་མ་བགོས་པ། ༡ཧ་ཅང་རྩེངས་པ། ༢ཧ་ཅང་འཇོལ་བ། ༣གྲྭ་ནར་བ། ༤མགོ་ལྟེབ་པ། ༥སྐ་རགས་ཀྱི་བར་ནས་འབུར་བ། ༦སྟེང་མཐོ་དམན་དུ་འདུག་པ་༧མིན་པར་བསླབ་བོ། །སྟོད་གཡོགས་ལའང་རྣམ་གསུམ་དང་སྟེ་སྣམ་སྦྱར་དང་བླ་གོས་གཉིས་ཀྱང་ཧ་ཅང་རྩེངས་པ་དང་། ༡འཇོལ་བ་མིན་པར། ༢ཟླུམ་པོར་བགོ་བ་ལ་༣བསླབ་བོ། །༈ གཉིས་པ་གྲོང་དུ་འགྲོ་བའི་སྡེ་ནི། ཤིན་ཏུ་བསྡམས་ལ་སོགས་པ་ལྔ། ཁྱིམ་དུ་འགྲོ་ཚེ་ལུས་ངག་བསྡམས་པ་དང་། ༡གོས་ལེགས་པར་བགོས་པ་དང་། ༢ཅ་ཅོ་མི་སྨྲ་བ་དང་། ༣མིག་མི་གཡོ་བ་དང་། ༤གཉའ་ཤིང་གང་ཙམ་དུ་ལྟ་ཞིང་འགྲོའོ། །༥མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མགོ་གོས་ཀྱིས་མི་གཡོགས་པ་དང་། ༡གོས་མི་བརྫེ་བ་དང་། ༢ གོས་དཔུང་པ་གཉིས་སུ་མི་གཟར་བ་དང་། ༣ལག་གཉིས་གཉའ་གོང་དུ་མི་བསྣོལ་བ་དང་། ༤ལྟག་པར་མི་བསྣོལ་བས་༥འགྲོ་བར་བྱའོ། །མཆོངས་ལ་སོགས་པ་རྣམ་པ་ལྔ། །མཆོངས་ཤིང་མི་འགྲོ། ༡རྐང་པ་བརྐྱང་ནས་༢མི་སྡོད། རྐང་པའི་བྲང་གིས་མི་༣འགྲོ། ཙོག་པུས་མི་༤འགྲོ། ལག་དཀུར་བརྟེན་ཏེ་གྲུ་བརྒྱངས་ནས་༥མི་འགྲོའོ། །ལུས་ལ་སོགས་པ་རྣམ་པ་ལྔ། །ལུས་མི་བསྒྱུར། ༡ལག་མི་གཡུགས། ༢མགོ་མི་ཀྱོག །༣། གཞན་དང་ཕྲག་པ་༤ མི་སྤྲོད། ལག་མ་སྦྲེལ་བར་༥འགྲོའོ། །༈ གསུམ་པ་འདུག་པའི་སྡེ་ནི། འདུག་པར་བྱ་བ་དགུ་དག་དང་། སྟེ་སྟན་ལ་མ་བསྒོས་པ་དང་། ༡མ་བརྟགས་པར་མི་འདུག །༢ལུས་ཀྱི་ལྕིད་ཕབ་ནས་མི་འདུག །༣རྐང་པ་བརྐྱངས་ཏེ་མི་༤བསྣོལ། བརླ་མི་༥བསྣོལ། ལོང་མི་༦བརྩེག །རྐང་པ་ཁྲི་འོག་ཏུ་མི་དགུག །༧རྐང་
པ་མི་གདངས། ༨འདོམས་མི་སྣང་བར་༩འདུག་གོ ། ༈ བཞི་པ་ཟས་སློང་བའི་སྡེ་ནི། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཟས་ལྷུང་བཟེད་ཀྱི་ཁ་ད་ཆད་དང་། ༡འབྲས་ཆན་དང་ཚོད་མ་མཉམ་དུ་མི་བླང་༢གྲལ་རིམ་བཞིན་བླང་། ༣ལྷུང་བཟེད་ལ་བལྟ་བཞིན་དུ་བླང་། ༤ཟས་མ་བྱུང་བར་མི་༥བཟེད། ཚོད་མ་འདོད་པས་འབྲས་ཆན་གྱིས་མི་དགབ། ༦ཟས་ཀྱི་སྟེང་དུ་སྣོད་མི་བཟེད། ༧ཟས་ལེགས་པར་བླང་བར་༨བྱའོ། །༈ ལྔ་པ་ཟས་ཟ་བའི་སྡེ་ནི། ཟས་ལ་ལེགས་པར་བྱ་བ་དྲུག །ཁམ་ཧ་ཅང་ཆུང་བ། ༡ཧ་ཅང་ཆེ་བ་མིན་པ། ༢ཁམ་རན་པ་དང་། ༣ཟས་མ་སླེབ་པར་ཁ་མི་གདང་། ༤ཟ་བཞིན་དུ་མི་སྨྲ། ༥ལེགས་པར་ཟ་བའོ། ༦། ཙུག་ཙུག་ལ་སོགས་རྣམ་པ་ལྔ། ཟ་བའི་ཚེ་ཙུག་ཙུག །༡། ཅག་ཅག །༢ཧུ་ཧུ། ༣ཕུ་ཕུ་༤མི་བྱ་བ་དང་། ལྕེ་མི་ཕྱུང་། ༥འབྲུ་ནས་ཐ་དད་བྱེད་པ་ལྔ། །འབྲུ་རེ་རེ་ནས་༡མི་ཟ། ཟས་ལ་འཕྱས་མི་གདགས། ༢མཁུར་མི་སྤོ། ༣རྐན་སྒྲ་མི་ཏོག །༤ཁམ་འཕྲོར་བཅད་དེ་མི་ཟའོ། ༥། ལག་པ་ལྡག་ལ་སོགས་པ་ལྔ། །ལག་པ་མི་ལྡག །༡ལྷུང་བཟེད་མི་འབྱོག །༢ལག་པ་མི་སྤྲུག །༣ལྷུང་བཟེད་མི་སྐྱོམ། ༤ཟས་མཆོད་རྟེན་དབྱིབས་འདྲ་བཅོས་ཏེ་མི་ཟའོ། ༥། ༈ དྲུག་པ་ལྷུང་བཟེད་སྤྱོད་པའི་སྡེ་ནི། འཕྱ་བ་ལ་སོགས་རྣམ་པ་བཞི། །གཞན་གྱི་ལྷུང་བཟེད་ལ་འཕྱས་མི་འདོགས། ༡ལག་པ་ཟས་ཀྱིས་སྤགས་པས་ཆུ་སྣོད་མི་བཟུང་། ༢དགེ་སློང་གཞན་ལ་ཟས་དང་འབགས་པའི་ཆུ་མི་གཏོར། ༣ཁྱིམ་བདག་ལ་མ་དྲིས་པར་འབགས་པའི་ཆུ་མི་འབོའོ། ༤། ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །ཟས་ལྷག་ལྷུང་བཟེད་དུ་བླུགས་ཏེ་མི་དོར། ༡ལྷུང་བཟེད་ས་རྗེན་ལ་མི་འཇོག །༢དེ་བཞིན་དུ་གད་ཁ། ༣གཡང་ས། ༤རྐན་གཟར་པོ་རྣམས་སུ་མི་འཇོག །༥། གད་ཁ། ༦གཡང་ས། ༧རྐན་གཟར་དུ་མི་འཁྲུ། ༨ འགྲེངས་ཏེ་མི་འཁྲུ། ༩འབབ་ཆུའི་རྒྱུན་ལས་༡༠ལྡོག་སྟེ་མི་གཅུའོ། །༈ བདུན་པ་ཆོས་བསྟན་པའི་སྡེ་ནི། འགྲེང་བ་ལ་སོགས་རྣམ་པ་ལྔ། །ཆོས་ཉན་པ་པོ་
མི་ན་བཞིན་དུ་འདུག་པ། ༡ཉལ་བ། ༢སྟན་མཐོ་བ། ༣མདུན་དུ་འགྲོ་བ། ༤ལམ་ནས་འགྲོ་བ་༥ལྔ་ལ་མི་འཆད་དོ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཉན་པ་པོ་མི་ན་བཞིན་དུ་མགོ་གཡོགས་པ། ༡གོས་བརྫེས་པ། ༢ཕྲག་གཟར། ༣ལག་གཉའ་བ་དང་༤ལྟག་པར་བསྣོལ་བ་༥ལྔ་ལ་མི་འཆད་དོ། །དོ་ཀེར་ཅན་ལ་སོགས་པ་ལྔ། །ཉན་པ་པོ་དོ་ཀེར་ཅན། ༡ཞྭ་གྱོན་པ་དང་། ༢ཅོད་པཎ་ཅན། ༣ཕྲེང་བ་ཅན། ༤མགོ་ཐོད་ཀྱིས་༥དཀྲིས་པ་ལྔ་ལ་ཆོས་མི་འཆད་དོ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ཉན་པ་པོ་མི་ན་བར་གླང་ཆེན་དང་། ༡རྟ་ཞོན་པ་དང་། ༢བཞོན་པ་གཞན་གྱི་སྟེང་དང་། ༣ཁྱོགས་ཀྱི་སྟེང་ན་འདུག་པ། ༤མཆིལ་ལྷམ་གྱོན་པ་༥རྣམས་ལ་མི་འཆད་དོ། །ལག་ན་འཁར་བ་ལ་སོགས་དྲུག །ཉན་པ་པོ་མི་ན་བར་ལག་ན་འཁར་བ། ༡གདུགས། ༢མཚོན་དང་། ༣རལ་གྲི། ༤དགྲ་ཆ་སྟེ་མདའ་གཞུ་ཐོགས་པ། ༥གོ་ཆ་གྱོན་པ་༦རྣམས་ལ་ཆོས་མི་འཆད་དོ། །༈ བརྒྱད་པ་སྒྲུབ་པའི་སྡེ་ནི། ན་བ་རྣམ་པ་བཞི་རྣམས་སོ། །མི་ན་བར་ལངས་ཏེ་བཤང་གཅི་མི་འདོར། ༡ཆུ་ནང་དང་། ༣རྩྭ་སྔོན་ཡོད་པའི་ཕྱོགས་སུ་བཤང་གཅི་མཆིལ་སྣབས་སོགས་མི་འདོར། ༣གནོད་པ་མེད་པར་ཤིང་ལ་མི་གང་ལས་མཐོ་བར་མི་འཛེགས་པ་༤ རྣམས་སོ། །སྡེ་ལྔའི་སྡོམ་ཚིག་གསལ་བྱེད་མཆན། །སྨྱོས་བཙུན་དྷརྨ་ཤྲཱིས་བཏབ། །འགྲོ་བའི་འཆལ་ཚུལ་དུག་བཅོམ་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དགེ་ལེགས་འཕེལ། །
བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག ལོ་ཆེན་དྡརྨ་ཤྲཱི།
བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྡརྨ་ཤྲཱི།
བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །
ན་མཿསརྦ་ཛྙཱ་ཡ། དགེ་ལེགས་ཡོན་ཏན་ཀུན་གྱི་གཏེར། །སྲིད་མཚོར་བྱིང་བ་རྣམས་ཀྱི་སྐྱབས། །ཀུན་མཁྱེན་འགྲོ་བའི་བླ་མ་ལ། །རྟག་ཏུ་དང་བས་ཕྱག་བྱས་ཏེ། །ཉེས་བརྒྱའི་ཆུ་གཏེར་རབ་བརྒལ་ནས། །ཐར་པའི་གླིང་དུ་བགྲོད་བྱེད་པའི། །བསླབ་པ་ཡོངས་སྦྱོང་གཞི་གསུམ་གྱི། །ཆོ་ག་ལེགས་བཤད་གྲུ་ཆེན་བྱ། །འདི་ལ་གསུམ་སྟེ། གསོ་སྦྱོང་། དབྱར་གནས། དགག་དབྱེའོ། །དང་པོ་ནི། དུས་ངེས་པ་ཅན་དང་འབྲེལ་བ་མཐུན་པའི་གསོ་སྦྱོང་གི་དབང་དུ་བྱས་ཏེ། ཐོག་མར་ཚེས་གྲངས་ངེས་པའི་ཕྱིར་སྐུད་པ་ལ་སྨྱིག་མའི་ཐུར་མ་བཅོ་ལྔ་བརྒྱུས་པ་ཉི་མ་རེ་རེ་ཞིང་སྤོ་བས་ཟླ་བའི་མིང་གྲངས་ཡ་དྲུག་གི་མར་ངོའི་ཉིན་ཞག་བཅོ་ལྔ་པ་དོར་ཞིང་གཞན་རྣམས་མ་ཆད་པར་བགྲང་། གལ་ཏེ་ཟླ་བཤོལ་ཡོད་ཚེ་གང་ལ་བཤོལ་དོན་པའི་ཟླ་བ་དེ་ཐུབ་མི་ཐུབ་གང་ཡིན་ཀྱང་རུང་སྟེ། ཉིས་བརྩེགས་ཀྱི་ཕྱི་མ་ཉིད་ཐུབ་པར་བརྩིས་ཏེ་བགྲང་ཚུལ་ངེས་པར་བྱས་ལ། དགེ་བསྐོས་ཀྱིས་དེ་ལ་བརྟགས་ནས་ཉིན་རེ་ཞིང་དགེ་འདུན་ལ་བརྗོད་ཅིང་མདོ་བསྐུལ་བར་བྱའོ། །དེ་ནས་གསོ་སྦྱོང་གི་དུས་ལ་བབས་པ་ན། སྦྱོར་བ་ནི། གཙུག་ལག་ཁང་སོགས་འདུ་བའི་གནས་བྱི་དོར་གྱིས་དག་པར་བྱ། དྲི་གཙང་ཁང་གི་དབུས་ལྟ་བུ་མདོ་འདོན་པའི་གོང་དུ་སྟོན་པའི་སྐུ་གཟུགས་ཁྲི་ལ་སྤྱན་དྲངས་པའི་སྤྱན་སྔར་མཆོད་པ་རྒྱས་པར་བཤམ། གཞི་བདག་ལ་དཀར་གཏོར་གཙང་མ་དང་། མདོ་འདོན་པ་པོའི་སེང་ཁྲི་སོགས་སྟན་རུང་བ་གོ་རིམ་བཞིན་དུ་བཤམ། དགེ་འདུན་བསྡུ་བའི་ཕྱིར། དགེ་ཚུལ་སློང་ངམ། གསོ་སྦྱོང་ལ་གནས་པའི་དགེ་བསྙེན་གྱིས་ཀྱང་རུང་སྟེ། གཎྜི་བརྡུང་བའི་གནས་སུ་སོང་ལ། དཀོན་མཆོག་ལ་ཕྱག་བྱས་ནས་ཤད་ཙ་ལན་གསུམ་སྔོན་དུ་འགྲོ་བས་ལས་ཀྱི་གཎྜི་རྒྱུད་གཅིག་དང་ཏོག་གསུམ་པ་བརྡུང་། ཅིའི་ཕྱིར་བརྡུང་ཞེ་ན། གསོ་སྦྱོང་གི་ཕྱིར་རོ། །ཞེས་གོ་བར་བྱ། དེ་ཡང་འདུ་བའི་སྔ་རོལ་དུ། དགེ་འདུན་རྣམས་ཀྱིས། གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་རང་རྒྱུད་ཀྱི་ལྟུང་བ་ལ་སོ་སོར་བརྟགས་ཏེ། ལྟུང་བ་བྱུང་བར་ཤེས་ན་བཤགས་བསྡམ་བྱིན་གྱིས་བརླབས་པ་གང་ལ་གང་
འོས་ཀྱིས་ཕྱིར་བཅོས་ཏེ་འདུ་དགོས་པས། དེ་དག་གི་སྔགས་ནི། ལྷག་མའི་སྦོམ་པོ་ཡང་བ་དང་། ལྟུང་བྱེད་འབའ་ཞིག་པ། སོར་བཤགས། ཉེས་བྱས་ཀྱི་སྡེ་ཚན་ལས་གང་རུང་ཞིག་ཤེས་ན། དེས་ལྟུང་བ་ནང་མི་མཐུན་པའི་དགེ་སློང་གཅིག་གི་དྲུང་དུ་ཕྱིན་ཏེ། མཆིལ་ལྷྭམ་ཕུད། རྒན་ན་ཕྱག་བྱས། ཙོར་པུར་ཐལ་མོ་སྦྱར་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་ཞེས་སོགས་འོག་ནས་འབྱུང་བ་ལྟར་ལན་གསུམ་དང་མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱ། དེ་བཞིན་དུ་ཕམ་པའི་སྦོམ་པོ་ལྕི་ཡང་དང་། ལྷག་མའི་སྦོམ་པོ་ལྕི་བ་ནི་རིམ་པ་ལྟར་དགེ་སློང་དྲུག་དང་། ལྔ་དང་། བཞི་ཡན་ཆད་ཀྱི་མདུན་དུ་བཤགས་ཚིག་དེ་ཁོ་ནས་བཤགས། གལ་ཏེ་དོགས་པ་དང་ཡིད་གཉིས་ཟ་ན་དགེ་སློང་སྡེ་སྣོད་འཛིན་པ་ལ་དྲིས་ཏེ་ཕྱིར་བཅོས་བྱ། དགེ་འདུན་ལྷག་མ་དང་སྤང་ལྟུང་ནི་གང་ཟག་ཁྱད་པར་ཅན་གྱིས་བཤགས་པས་འདག་ནའང་། གཞན་གྱིས་ཆད་ལས་ཀྱི་སྒོ་ནས་བཤགས་དགོས་པ་མ་གྲུབ་པར་ལས་ཀྱི་ཁ་སྐོང་ལ་འདུ་ན་ལྟུང་བ་དེ་ཐུན་མོང་པ་མིན་ཞིང་། བཤགས་པས་ཀྱང་མི་འདག་པས་ཐུན་མོང་མིན་པའི་བྱིན་བརླབ་བྱ་དགོས་ཏེ། ལྟུང་བ་མི་མཐུན་པའི་དགེ་སློང་གི་དྲུང་དུ་གཞན་སྔར་ལྟར་ལས། འདི་ལྟ་བུ་འདི་བྱུང་སྟེ། ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་སོགས་འོག་ནས་འབྱུང་བ་ལྟར་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །ཡང་ལས་གྲལ་དུ་འདུག་མ་ཐག་ཏུ་བྲན་ནམ། ཡིད་གཉིས་ཟ་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་ཚུལ་སྔར་ལྟར་དང་། ལས་བྱེད་པས་ནི་སེམས་ཀྱིས་བརླབ་པར་བཤད་དོ། །བསྡམ་བྱའི་ཉེས་བྱས་རྣམས་ནི་སྔར་བྱས་ལ་གནོང་འགྱོད་དང་ཕྱིས་མི་ཉམས་པར་བསྲུང་ཞིང་བསྡམ་པར་བྱའོ་སྙམ་དུ་བསམ་ཞིང་། དེ་ནས་ལས་དེ་མ་གྲུབ་བར་དུ་ཉེས་ལྟུང་གིས་མ་གོས་པར་བྱའོ། །དེ་ཡང་སྤྱིར་ཆོས་འདི་པའི་ཕྱིར་བཅོས་བྱེད་ཚུལ་ནི། ཕམ་པ་འཆབ་མེད་ལ་བསླབ་བྱིན་གྱིས་བཅོས། ལྷག་མ་འཆབ་བཅས་ལ་སྤོ་མགུ་དབྱུང་བ་སྟེ་སྤང་ལྟུང་དངོས་པོ་སྤངས་ལ་བཤགས། སོར་བཤགས་མཚམས་ཀྱི་ཕྱི་རོལ་དུ་སྨྲེ་སྔགས་དང་བཅས་པས་བཤགས། ལྟུང་བྱེད་འབའ་ཞིག་པ་དང་བཤགས་བྱའི་ཉེས་བྱས་རྣམས་རང་རང་གི་མིང་གིས་བཤགས། བསྡམ་བྱའི་ཉེས་བྱས་བསྡམ། བཤགས་ཡུལ་མ་རྙེད་ན་བྱིན་གྱིས་བརླབ་པ་སྟེ། རང་རང་གི་ཆོ་གས་བཅོས་དགོས་པ་ཉིད་དོ། །དེ་ལྟ་ནའང་ལྟུང་བའི་མིང་རིགས་སོ་སོར་འབྱེད་མི་ནུས་པ་སོགས་ཀྱིས་དེ་རྣམས་ཇི་བཞིན་པ་མ་གྲུབ་པས། དེང་སང་གི་ཕྱག་ལེན་ལྟར་གནས་ཁང་གཅིག་ཏུ་འདུས་ནས་ཕན་ཚུན་བརྗོད་རེས་ཀྱིས་ཐམས་ཅད་དགེ་འདུན་ལས་བཤགས་ན། འོས་པའི་ཕྱག་དང་འདུག་ཚུལ་སྔར་ལྟ་བུས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་
ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བཟླ། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ་ཞེས་དྲི། འཆགས་པ་པོས་མཐོང་ལགས། ལེན་པ་པོས་ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། འཆགས་པ་པོས་སྡོམ་ལགས། ཞེས་དང་ཐབས་ལེགས་བྱ། དེ་བཞིན་དུ་བྱིན་རླབས་ལའང་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་སོགས་ནས་ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་གསོ་སྦྱོང་མཛད་ལ། སླད་ཀྱིས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །དེ་ལྟར་རྒྱུད་དག་པར་བྱས་ནས་གསོ་སྦྱོང་གི་གནས་དེར་དགེ་འདུན་ཐམས་ཅད་ཚོགས་ཏེ་མཆིལ་ལྷྭམ་ཕུད་ཅིང་གྲལ་ལ་འཁོད་པ་ན། དགེ་བསྐོས་ཀྱིས་སྤྱོད་ལམ་འགྲེང་། ཐལ་སྦྱར་འདུད་པ་དང་བཅས་ཏེ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་མཁན་པོའམ། སློབ་དཔོན་ནམ། གནས་བརྟན་པའི་ཞལ་སྔ་ནས་གཙོ་མཛད་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་ཟླ་བ་ཡར་གྱི་ངོའི་གྲལ་ཚེས་བཅོ་ལྔ་པའམ། མར་གྱི་ངོའི་བཅུ་བཞི་པའམ་བཅོ་ལྔ་པ་མངོན་དུ་གྱུར་པ་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་དེ་བཀླག་ཏུ་གསོལ། ཞེས་བསྐུལ་བས་དགེ་འདུན་རྣམས་བཞེངས། སྣམ་སྦྱར་གྱོན་ནས་རྒྱུད་ཆགས་གསུམ་པ་འདོན་པར་བྱ་སྟེ། དེ་ལ་ཐོག་མར་ཕྱག་འཚལ་བའི་རྒྱུད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་
བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དང་། སྤྲོ་ན། ཇི་སྙེད་སུ་དག་ཅེས་སོགས་ཀྱི་ཡན་ལག་བདུན་པའང་བྱའོ། །དེ་ནས་མདོ་གདོན་པའི་རྒྱུད་ནི། ཤེས་རབ་སྙིང་པོ་ལྟ་བུ་ཞིག་གི་མཇུག་ཏུ། དགེ་བར་གསུངས་ཤིག །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ནས་བསྔོ་བའི་རྒྱུད་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འགྲོ་བའི་སྡུག་བསྔལ་
སྨན་གཅིག་པུ། །བདེ་བ་ཐམས་ཅད་བྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་བརྗོད། དེ་ནས་གཏོར་མ་བཏང་བ་ནི། ཆབ་བྲན་ལ། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་བཟའ་བཏུང་འདོད་པའི་ཡོན་ཏན་དུ་མས་གང་བར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾཾ་ཨཱདྱ་ནུཏྤནྣ་ཏོཏྟེ་ༀ་ཨཱ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། གཉུག་མར་གནས་པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང་། གཞན་ཡང་ནགས་ཚལ་དང་། རི་བོ་དང་། ཆུ་ཀླུང་དང་། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་བར་འདོད་པ་རྣམས་ཀྱི་ཞལ་དུ་བ་ལིཾང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་དགེ་བསྐོས་ཀྱིས་སྤྱོད་ལམ་སྔར་ལྟར་འགྲེང་སྟེ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་མཁན་པོའམ་སློབ་དཔོན་ནམ། གནས་བརྟན་མིང་འདི་ཞེས་བགྱི་བ་གསན་དུ་གསོལ། དེང་དུས་བཟང་པོ་ལ་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་སྟོན་པའི་བཀའི་ཆོས་ཉན་པ་སྦྱིན་དུ་གསོལ། ཅེས་བསྐུལ་ནས། ཐམས་ཅད་སྤྱོད་ལམ་བསྟུན། ཐལ་མོ་བསྣོལ། མདོ་འདོན་པ་པོ་ཁྲིར་འཛེགས་ཏེ་འདི་སྐད་ཅེས། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས། དགེ་བ་མཐའ་དག་ཡང་དག་གསོ་བྱེད་ཅིང་། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དགེ་གསོ་ཕྱིར་དང་སྡིག་པ་རྣམས་སྦྱོང་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་གསུངས་སོ། །ཞེས་པས་གཉེན་པོས་བསླབ་པ་གསོ་ཞིང་། སྤང་བྱ་སྡིག་པ་སྦྱོང་བས་ན་གསོ་སྦྱོང་ཞེས་བྱ། གསོ་སྦྱོང་ལའང་ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་གཉིས་ལས་འདིར་ཕྱི་མ། དེ་ལའང་དུས་ངེས་ཅན་དང་། དུས་མ་ངེས་པར་བྱ་བ་གཉིས་ལས། འདིར་བཅོམ་ལྡན་འདས་ཀྱིས་གསོ་
སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་པ་ལྟར་ཕྱག་ལེན་དུ་བགྱིད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལའང་གཎྜི་བརྡུང་བ། དགེ་འདུན་བསྡུ་བ། དྲིས་པའི་ཚིག་གིས་ལན་གདབ་པ། སྟན་སྟབས་མི་ཉམས་པར་བྱ་བ་རྣམས་སྔོན་དུ་སོང་ནས། ཆོས་འཆད་ཉན་ཉམས་སུ་མྱོང་བ་ཆོས་སྒྲགས་ཀྱི་མདོ་དང་། དུས་བཟང་གི་མདོའི་དོད་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལ་མཛད་པ་ཕྱག་ལེན་དུ་གདའ་བས་གསན་པར་ཞུ། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡྷ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །རྒྱ་གར་སྐད་དུ། ཤཱི་ལ་སཾ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་བ། དེ་ཐོབ་ནས་དེས་
རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླའི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་གྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་ཤིང་། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་སྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་པས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང་། །བསྟན་སྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་སྙིང་པོ་མེད། །ལོངས་
སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བཏོན་ནས། ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་གྲུབ་པ་གང་ཡོད་པ། །དེས་ནི་མར་གྱུར་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བསྔོའོ། །དེ་ནས་སྐབས་འདིར་དགེ་ཚུལ་གྱི་གསོ་སྦྱོང་མཛད་པ་ནི། མདོ་དང་ཀརྨ་ཤ་ཏཾ་དུ་མ་བཤད་ཀྱང་། སུམ་བརྒྱ་པ་ལས། གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །ཅེས་གསུངས་པ་ལྟར་ཏེ། དེ་ཡང་རྒྱུད་ཉེས་བྱས་ཀྱིས་མ་གོས་ན་དེས་ཆོག །གལ་ཏེ་གོས་ན་དེ་བཤགས་ཏེ་གསོ་སྦྱོང་བྱ་དགོས་པས། ཐོག་མར་ཉེས་པ་དེ་བྱུང་མ་ཐག་ཏུ་དགེ་སློང་གང་ཡང་རུང་བ་ཞིག་གི་དྲུང་དུ་སོང་སྟེ་བཤགས། དེ་ལྟར་མ་གྲུབ་ན་འདིར་དགེ་འདུན་གྱི་ནང་དུ་དགེ་སློང་ཞིག་གི་མདུན་དུ་བཤགས་ནའང་རུང་བས་ཕྱག་བྱས། ཙོག་པུར་འདུག་སྟེ་མཁན་པོའམ། སློབ་དཔོན་ནམ། གནས་བརྟན་ནམ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་འདི་ལྟ་བུའི་ཉེས་བྱས་འདི་བྱུང་སྟེ། ཞེས་སམ་དེ་ལྟར་མི་ནུས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཉེས་བྱས་གང་དང་གང་བྱུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། མཁན་པོ་འམ་ནས། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་དང་མཐོང་སྡོམ་ཐབས་ལེགས་བྱ། དེ་ནས་དངོས་གཞི་ནི། དགེ་སློང་ཞིག་གི་མདུན་དུ་ཕྱག་བྱས་ཙོག་པུར་འདུག་སྟེ། སྔར་ལྟར་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་མཁན་པོ་སོགས་ཀྱིས་གཟུང་དུ་གསོལ། ཞེས་ལན་གསུམ་དང་།
ཐབས་ལེགས་བྱས་ནས། ཐོས་པའི་ཉེ་འཁོར་ལས་ལོགས་སུ་བཀར་རོ། །དེ་ནས་དགེ་སློང་གི་གསོ་སྦྱོང་ནི། ལྟུང་བ་ཐུན་མོང་མ་ཡིན་པ་ཕྱིར་བཅོས་དགོས་པ་རྣམས་གོང་དུ་མ་གྲུབ་ན་འདིར་བྱ། གལ་ཏེ་ལྟུང་བ་ནང་མཐུན་པས་བཤགས་ཡུལ་མ་རྙེད་པ་རྣམས་ནི་ཐུན་མོང་གི་བྱིན་བརླབ་བྱ་སྟེ། དེའི་སྔགས་ནི་མདོ་འདོན་པ་པོས་ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་བ་རྣམས་ཀྱིས་ལས་ལ་མི་སྒྲིབ་པར་བྱ་བའི་ཕྱིར་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་གི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་སྔར་གནས་ལ་བློ་མཐུན་བྱས་པ་ཞིག་པའམ་མ་བྱས་པ་ཡིན་ན་འདི་ལྟར་བྱ་སྟེ། གནས་ལ་བློ་མཐུན་བགྱི་བས། ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད་གསོ་སྦྱོང་གི་གནས་སུ་བློ་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་
མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས། གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ནས། འདོམ་གང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །འདིར་གྲུབ་པ་ནི་བྲག་སྐྱིབས་ལྟ་བུ་རང་གྲུབ། བགྱིས་པ་ནི་སྐྱེས་བུའི་བྱེད་འཕྲོ། ལགས་པ་ནི་བྱས་ནས་ཟིན་པ་སྟེ་སྐབས་སུ་གང་བབ་བརྗོད་དོ། །དེ་དག་ནི་སྦྱོར་བའི་ཆོས་ཏེ། དེ་ལས་རྒྱུད་ཆགས་གསུམ་འདོན་པ་དང་གཏོར་མ་བཏང་བ་ནི་ཉིན་རེ་ཞིང་ཡང་བྱར་རུང་ལ། ཆོས་བཤད་ཉིན་ནི་ཉ་སྟོང་ཚེས་བརྒྱད་ཀྱི་དུས་བཟང་པོ་རྣམས་ཀྱི་མཚན་མོ་བྱ་བར་གསུངས་པས་གསོ་སྦྱོང་གི་སྔ་ཕྱི་གང་དུ་བྱས་ཀྱང་རུང་བའི་ཕྱིར་མེད་མི་རུང་གི་སྦྱོར་བ་མ་ཡིན་ནའང་། འདིར་གསོ་སྦྱོང་གི་སྔོན་དུ་འབྲེལ་ཆགས་སུ་མཛད་པའི་ཕྱག་ལེན་ལྟར་སྦྱར་བས་སྦྱོར་བར་སོང་ཞིང་། ཐུན་མིན་གྱི་ལྟུང་བ་བཤགས་བསྡམས་བརླབ་པ་དང་། ཐུན་མོང་བ་གསོལ་བ་འབའ་ཞིག་གིས་བརླབ་པ་རྣམས་ནི་ལྟུང་བ་ཅན་དགེ་འདུན་གྱི་ལས་ལ་འཇུག་པ་ཐམས་ཅད་ཀྱི་སྔོན་འགྲོར་མེད་མི་རུང་གི་ཡན་ལག་ཏུ་སྣང་བས་གསོ་སྦྱོང་གིའང་སྦྱོར་ཆོག་གལ་ཆེ་ཤོས་ཏེ། འོན་ཀྱང་ལྟུང་བས་མ་གོས་པའི་གང་ཟག་ཁྱད་པར་ཅན་ལ་མི་དགོས་པས་མཐའ་གཅིག་ཏུ་ངེས་པར་དགོས་པའི་སྦྱོར་བར་མི་འགྱུར་ལ། གནས་ཀྱི་བློ་མཐུན་ནི། གཉུག་མར་གནས་པའི་དགེ་འདུན་གྱི་གཙུག་ལག་ཁང་ལྟ་བུ་བློ་མཐུན་མ་ཞིག་པ་ཡིན་ན་མ་བྱས་ཀྱང་ཆོག །གཞན་དུ་ན་མེད་མི་རུང་གི་སྦྱོར་བར་འགྱུར་ཞིང་། ལས་ཀྱི་མཚམས་ཆེ་ཆུང་གང་རུང་གཅོད་པ་སོགས་ནི་འདིར་བཏང་སྙོམས་སུ་བྱས་སོ། །དེ་ནས་གསོ་སྦྱོང་གི་གཞི་དངོས་ལ། སྤྱིར་བཏང་དང་། དམིགས་བསལ་གཉིས་ལས། དང་པོ་ནི་མདོ་འདོན་ཅིང་ཉན་པ་སྟེ། གནས་བརྟན་གྱིས། སོ་སོ་ཐར་པ་ལ་སྟོན་པའི་འདུ་ཤེས། རང་ཉིད་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས། ཚུལ་འདི་ལ་བརྟེན་ན་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་ཏེ། དེ་ལྟར་ཐུགས་ལ་
བཞག་ནས་གསན་པར་ཞུ། ཞེས་བརྗོད་ལ། མཆོད་བརྗོད་རྣམས་ཀྱི་དུས་ཐལ་མོ་སྦྱོར་ཞིང་། གཞན་གྱི་ཚེ་ཐལ་མོ་བསྣོལ་ནས་རབ་ཏུ་ཞི་བའི་ཚུལ་གྱིས། རྒྱ་གར་སྐད་དུ། པྲ་ཏི་མོཀྵ་སཱུ་ཏྲ། བོད་སྐད་དུ། སོ་སོ་ཐར་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེདྒེའི་སྒྲ་བསྒྲགས་པས། །ཐམས་ཅད་མཁྱེན་པ་དཀོན་ཅོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་ཅོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམས་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡི། །འདི་ནི་ཉོན་མོངས་ཕམ་བྱེད་ལས། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དང་རབ་ཏུ་འབྱུང་བ་དང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང་། །
དེ་དག་འབྲས་བཅས་བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱིས་སོ་སོ་ཐར། །མཉན་པའི་ཕྱིར་ནི་འབད་པར་བགྱི། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོ་ཐར་པ་ཐོས་པ་དང་། །བཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་རྣམས་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་ཅིང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཚེ་དང་ལྡན་པ་དག་སོ་ཀ་རྣམས་ཀྱི་འདས་པ་དང་། ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཞེས་པའི་སྐབས་ཀྱི་དུས་བརྗོད་ཚུལ་ནི། ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔས་སྟོན་ཟླ་རྫོགས་པས། དེའི་ཕྱི་ཉིན་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་ཤར་བའི་ཕྱིར། དེ་ནས་ལོ་འགོ་འཛིན་པའི་དབང་དུ་བྱས་ནས་འདི་ལྟར་བརྗོད་པར་བྱ་སྟེ། ཧོར་ཟླ་བཅུ་པའི་མར་ངོ་ལ། ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བའི་ཚེ་དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ། །བཅུ་གཅིག་པའི་ཡར་ངོ་ལ། གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །དེའི་མར་ངོ་ལ་ཕྱེད་དང་གཉིས་འདས། ཕྱེད་ལུས། བཅུ་གཉིས་པའི་ཡར་ངོ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ། །ཞེས་བརྗོད། དེ་བཞིན་དུ། དགུན་སྨད་ཀྱི་ཟླ་བ་གཉིས་དང་། དཔྱིད་ཟླ་བ་གཉིས། སོ་ཀའི་ཟླ་བ་གཉིས། དབྱར་ཟླ་བ་གཉིས། སྟོན་ཟླ་བ་གཉིས་རྣམས་རིགས་འགྲེ་ཤེས་པར་བྱ། གལ་ཏེ་ཟླ་ལྷག་ཡོད་ཚེ་གང་ལྷག་པའི་དུས་ཚིགས་དེ་ལ་བཤོལ་དང་བཅས་པའི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་
དང་གསུམ་ནི་ལུས་སོ། །ཞེས་པ་ལྟ་བུ་སྐབས་དང་བསྟུན་ཏེ་བརྗོད་དོ། །ཚེ་དང་ལྡན་པ་དག་རྒ་བ་དང་། འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པའང་འཇིག་པར་འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པ་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ། །ཞེས་བརྗོད་མ་ཐག་དགེ་བསྐོས་ཀྱི་བརྟགས་པས། མཚམས་ནང་གི་དགེ་སློང་ན་བ་སོགས་རྐྱེན་དབང་གིས་འདུ་མ་ནུས་པ་ཡོད་ན་འདུན་དག་ལེན་པའི་དགེ་སློང་བསྐོས་ལ། དེས་དེར་ཕྱིན་ནས་འདུན་དག་ལེན་ཏེ། དེ་འབུལ་བའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བའམ། དབང་མེད་པའམ། ཆོས་ལྡན་གྱི་བྱ་བས་གཡེངས་པ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་འཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། དེ་ནས་ལེན་པ་པོས་ནང་དུ་འོངས་ཏེ་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་
པ་ཡང་རིག་པར་བགྱིའོ། །ཞེས་ལན་གཅིག་བརྗོད། དེ་ནས་གནས་བརྟན་གྱིས། ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོ་ཐར་པ་གདོན་པར་བྱ། །འདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུང་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །རྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོ་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམས་པར་འགྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོ་ཐར་པའི་མདོ་འདོན་པ་གདོན་ཏོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོ་ཐར་པའི་མདོ་འདོན་པ་གདོན་གྱི། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཞིང་། ལྟུང་བ་མེད་ན་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་
དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་འདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྷག་མ་ཐོས་པ་བསྒྲགས་པས་ཀྱང་རུང་བས་འདི་སྐད་ཅེས། ཚེ་དང་ལྡན་པ་དག །སླད་མ་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བ་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་བས་སྔར་གསན་པའམ། ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་མདོའི་ཆེ་བ་དང་མ་ལྷགས་པའི་འདུན་དག་ལེན་བརྗོད། གསོལ་བ་དང་རྣམ་བཞག་འཛིན་དུ་གཞུག་པ་སྔར་བྱ་བས་དངོས་གཞི་མདོ་འདོན་པ་ལ་སྔར་གསུངས་པ་ལས། འདིར་དེང་སང་གི་ཕྱག་ལེན་ལྟར་གླེང་གཞི་ཡན་རྫོགས་པར་བཏོན། དེ་མན་ཕམ་ལྷག་མ་ངེས་པ་དང་རིལ་འདོན་བཞི་པོ་ཐོས་པ་བསྒྲགས་པའི་དབང་དུ་བྱས་པ་སྟེ། སྤྲོ་ཞིང་ནུས་ན་ཇི་ལྟར་རིགས་པ་འདོན་པར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། སོ་སོ་ཐར་པ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པའི། །ཚུལ་ཁྲིམས་འདི་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་དང་། གཞན་ཡང་བསྔོ་སྨོན་དང་བཀྲ་ཤིས་ཅི་རིགས་པ་བརྗོད་པར་བྱའོ། །གཉིས་པ་དམིགས་བསལ་གྱི་གསོ་
སྦྱོང་ནི། རྐྱེན་དབང་གིས་ལམ་དུ་ཡིད་ཀྱིས་བྱིན་གྱིས་བརླབས་པའམ། གནས་གཅིག་ན་རང་གཅིག་པུ་ལས་མེད་ན་འདུག་ལ། ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་བཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོ་ཐར་པའི་མདོ་འདོན་པ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ཅིང་ཡིད་ལ་བསམ་མོ། །ཡང་དགེ་སློང་གཉིས་དང་གསུམ་ཡོད་ན་ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་སྟེ། བཙུན་པ་དགོངས་སུ་གསོལ། ཞེས་དང་། མཐར་བཙུན་པས་བཟུང་དུ་གསོལ་ཞེས་བརྗེ་ཞིང་ཐབས་ལེགས་བྱ། དེ་ཙམ་ཡང་མ་གྲུབ་ན། གསོ་སྦྱོང་གི་དུས་ལ་བབ་པ་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་སྔོན་དུ་བཏང་སྟེ། ཐུབ་པའི་སྔོན་གྱི་གསོ་སྦྱོང་། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་དང་། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་པ་ཙམ་འདོན་ནོ། །དེ་དག་ནི་དུས་ངེས་པ་ཅན་གྱི་གསོ་སྦྱོང་སྟེ། གཞན་དུ་ངེས་མེད་བཀྲ་ཤིས་པའི་དང་། གནོད་པ་བཟློག་པའི་དང་། རྩོད་པ་བཟློག་པའི་གསོ་སྦྱོང་གསུམ་ལ་ནི། སྦྱོར་དངོས་མཇུག་གསུམ་གྱི་ཆོ་ག་ཐམས་ཅད་སྔར་དང་འདྲ་བ་ལས། གསོལ་བའི་ལས་ཀྱི་ཚེ་གསོ་སྦྱོང་བཅོ་ལྔ་པ་སྟེ། ཞེས་པའི་དོད་ལ། བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ། ཞེས་པ་ལྟ་བུ་དང་། དུས་བརྗོད་དུས། ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལྟ་བུ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་དང་པོའི་བར་ཞག་གསུམ་ནི་འདས་སོ། །ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་བདུན་ནི་ལུས་སོ། །ཞེས་བརྗོད་པ་ཙམ་ཁྱད་པར་རོ། །གཉིས་པ་དབྱར་གྱི་གཞིའི་ཆོ་ག་ལ། སྦྱོར་བ་ནི། སྔོན་དུ་གཙུག་ལག་ཁང་བྱི་དོར་བྱ་བ་དང་། རྟེན་དགྲམ་པ་སོགས་བྱ་ཞིང་གནས་མལ་གྱི་གདན་སྤྱད་སོགས་སྟོབ་རྒྱུ་ཡོད་ན་སྟ་གོན་བྱས་ལ། དབྱར་སྔ་མ་ཡིན་ན། དབྱར་ཟླ་འབྲིང་པོ་
ཆུ་སྟོད་ཀྱི་ཟླ་བ་རྫོགས་པ་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་རྫོགས་པ་ཧོར་ཟླ་བདུན་པའི་ཉའི་ཉིན་པར་སྔར་བཞིན་གསོ་སྦྱོང་བྱས་ཚར་མ་ཐག་གནས་མལ་སྟོབ་པའི་དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱ་སྟེ། ཇི་ལྟར་ན་ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད། དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ། ཞེས་དྲིས་པའི་ལན་དུ། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། དེ་ནས་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་གནས་མལ་སྟོབ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་བོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་བསྐོས་པའི་དགེ་སློང་དེས་གནས་མལ་སྟོབ་པ་དང་ཚུལ་ཤིང་བྲིམ་པ་ཡང་བྱའོ། །གལ་ཏེ་གནས་མལ་སྟོབ་མི་དགོས་ན་ཚུལ་ཤིང་བྲིམ་པ་བསྐོ་བའི་ཆོ་ག་ནི། རྩོད་པ་ཞི་བྱེད་ནས་འབྱུང་བ་ལྟར་བརྗོད་དེ། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་སྤྲོའམ། ཞེས་དྲི། སྤྲོ་ཟེར་ན། སྔར་གྱི་དབྱར་གྱི་གནས་མལ་སྟོབ་པ་ཞེས་པའི་དོད་དུ་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་ཞེས་བསྒྱུར་བས་གསོལ་གཉིས་ཀྱི་ལས་མཇུག་སྡུད་དང་
བཅས་པ་བརྗོད་དོ། །དེས་ཚུལ་ཤིང་འཇམ་ཞིང་དྲང་བ་སྲིད་དུ་ཁྲུ་གང་པ་དྲི་བཟང་པོས་ཁ་བསྒྱུར་བ་དགེ་འདུན་གྱིས་གྲངས་ལས་མི་ཉུང་བ་རྣམས་གཟེབ་ཀྱི་པྲོག་མར་རས་དཀར་བཏིང་བས་དཀྲིས་པ་རྒན་པའི་མཐར་བཤག་ལ། རང་ཉིད་འགྲེང་སྟེ་ཐལ་མོ་སྦྱར་ནས་དབྱར་གྱི་ཁྲིམས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ། དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱ་བ་འདི་དང་། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང་། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང་། ལྟུང་བ་གླེང་དྲན་མི་བྱ་བ་འདི་དང་། ཆད་པས་གཅོད་པའི་ལས་མི་བྱ་བ་འདི་དང་། གནས་རལ་བ་དང་གྲུམ་པ་བཅོས་པར་བྱ་བ་འདི་དང་། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བ་མི་བྱ་བ་འདི་དང་། དགེ་འདུན་གྱི་སྤྱི་གདན་ལ་ཞབས་རྗེན་པར་མི་འཇོག་པ་འདི་དང་། ཞལ་བཤལ་བའི་ཆུ་དགེ་འདུན་གྱི་གཙུག་ལག་ཁང་དུ་མི་འདོར་བར་བྱ་བ་ལ་སོགས་པ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས། གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་བཞེས་ཤིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་སྨོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་པ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ། །ཞེས་བརྗོད་ནས་གྲལ་དུ་འདུག་གོ །དེ་ནས་ལས་བྱེད་པས། ཚུལ་ཤིང་བཞེས་པ་དང་དབྱར་གནས་པར་ཞལ་གྱིས་བཞེས་པའི་སླད་དུ་དགེ་འདུན་རྣམས་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་དེང་ཚུལ་ཤིང་བཞེས་ཏེ། སང་ནངས་པར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ། །དེ་ནས་བྲིམ་པ་པོས་དང་པོར་སྟོན་པའི་ཚུལ་ཤིང་དར་དང་མེ་ཏོག་གིས་དཀྲིས་པ་ལག་པའི་གུང་སྲིན་གཉིས་ཀྱིས་སྣ་
གཉིས་ནས་བླངས་ཏེ་སྤྱི་བོར་རེག་ནས། འདི་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཞེས་པར་མཛད་དོ། །ཞེས་བརྗོད་དེ་སྟོན་པའི་སྤྱན་སྔར་དབུལ། དེ་ནས་པྲོག་མ་སོ་སོའི་མདུན་དུ་ཁྱེར་ཏེ་གནས་བསྟན་ནས་རིམ་པར་བྲིམ་ཞིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་སྟན་ལས་ཕྱེད་འཕགས་ཏེ་རང་རང་གི་ཚུལ་ཤིང་བླངས་ནས་དལ་བུས་པང་དུ་བཞག །དགེ་སློང་རྫོགས་པ་དང་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི། འདི་ནི་དགེ་ཚུལ་འདི་དང་འདིའི་འོ། །ཞེས་རང་རང་གི་མཁན་སློབ་ཀྱིས་བླང་། མཇུག་ཏུ་འདི་ནི་གཙུག་ལག་ཁང་འདི་ན་གཉུག་མར་གནས་པའི་ལྷའི་འོ་ཞེས་གནས་བསྟན་གྱིས་བླང་། དེ་ནས་དགེ་སློང་དང་དགེ་ཚུལ་གཉིས་རིམ་པར་མ་འདྲེས་པར་བསྡུས་ནས་གྲངས་བཟུང་སྟེ། བྲིམ་པ་པོས་འགྲེང་སྟེ་ཐལ་མོ་སྦྱར་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །ཞེས་གོ་བར་བྱ་ཞིང་། གྲལ་ན་གནས་པ་རྣམས་ཀྱིས་བཞེས་སོ་ཞེས་ལན་ཟེར་བ་དགག་དབྱེའི་རིགས་འགྲེ་ལས་བཤད་ཁུངས་མེད་པས་མ་དག་གསུངས། དགེ་ཚུལ་འདི་ཉིད་ཀྱིས་བླངས་ཞེས་བརྗོད་པ་ནི་མདོར་མ་བཤད་ཀྱང་མཆིམས་ཆེན་གྱི་ཡི་གེ་ལྟར་ཕྱག་ལེན་དུ་མཛད་དོ། །དེའི་འོག་ཏུ་གནས་མལ་སྟོབ་པ་ནི། སྤྱིར་གནས་ཁང་དང་མལ་སྟན་སོགས་གཉུག་མར་གནས་པ་རྣམས་ལ་བསྟབས་ཟིན་པ་དག་ཡིན་མོད་ཀྱི། འོན་ཀྱང་གློ་བུར་བ་ལ་གསར་སྟོབ་དགོས་པ་དང་། དེར་མ་ཟད་སྟོབ་རྒྱུ་ཡོད་ན་སོ་སོར་སྟོབ་པར་བྱ་བ་སྟེ་བསྐོས་པོས་གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་བཟུང་ནས། དང་པོར་གནས་བརྟན་གྱི་མདུན་དུ་འདུག་སྟེ། མཁན་པོ་འམ་སློབ་དཔོན་ནམ་གནས་བརྟན་གཙུག་ལག་ཁང་འདི་ནི་གོས་ཀྱི་རྙེད་པ་སོགས་ཡོ་བྱད་དང་ལྡན་པ་ལགས་ཀྱི་བཞེས་ཤིག །ཅེས་རྒན་རིམ་ནས་དགེ་ཚུལ་གྱི་མཐའི་བར་དུའང་རང་རང་གི་གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་གཏད་ཅིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་ལྷུང་བཟེད་ལྟར་བླང་ངོ་། །དེ་ནས་མལ་སྟན་ཡང་རིམ་པ་བཞིན་དུ། གདན་ཆ་འདི་ལ་དབྱར་ཚུལ་དང་མཐུན་པར་ལོངས་སྤྱོད་ཅིག །ཅེས་བྲིམས་ཚར་བའི་རྗེས་སུ་སྟོབ་པ་པོས་དགེ་འདུན་གྱི་མཐར་འགྲེང་སྟེ་ཐལ་མོ་སྦྱར་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཁྱེད་ཅག་
ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པར་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་གོ་བར་བྱས་ནས། སྤྱོད་ལམ་དེ་ཉིད་ཀྱིས་དབྱར་ཁས་བླང་བ་གོ་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་སང་གི་གདུགས་ལ། སྦྱིན་བདག་འདི་ཞེས་བྱ་བའམ་དམིགས་བསལ་མེད་ན་སྐྱེ་བོའི་ཚོགས་ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་དུ་བཅས་པ་དུ་མ་དང་། ཞལ་ཏ་པ་འདི་ཞེས་བྱ་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བྱ་བ་དང་། བྲོ་གཡོག་པ་འདི་ཞེས་བྱ་བའམ་སོ་སོར་སྨོས་པ་འདི་རྣམས་ལ་བརྟེན་ཏེ་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཞེས་བརྗོད། དེ་ནས་བསྔོ་སྨོན་དང་ཤིས་བརྗོད་བྱས་ནས་གྲོལ་ཏེ་དབྱར་གྱི་སྦྱོར་བ་ཚུལ་འཇུག་གི་ཆོ་གའོ། །དེ་ནས་དབྱར་ཁས་བླང་བ་དངོས་གཞིའི་ཆོ་ག་ནི། དེའི་ཕྱི་ཉིན་ཚེས་བཅུ་དྲུག་གི་ནངས་པར་རང་རང་སོ་སོའི་གནས་སྟེང་གཡོགས་དང་བཅས་པ་དགེ་སློང་གི་མདུན་དུ་ཁས་བླང་བར་བཤད་ཀྱང་། དེང་སང་འདུས་ནས་མཛད་པ་ཕྱག་ལེན་དུ་གདའ་བས་གཎྜི་བརྡུངས་ཏེ་འདུས་པ་དང་། དེང་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དུས་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། ཞེས་སོགས་ཀྱི་རྒྱུད་ཆགས་གསུམ་པ་དང་གཞི་བདག་ལ་གཏོར་མ་བཏང་། དེ་ནས་དགེ་འདུན་དུ་མ་ལོངས་པའི་དགེ་སློང་གི་མདུན་དུ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་ཏེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱ། དབྱར་ཕྱི་མ་ཡིན་ན་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་བསྒྱུར། སྦྱིན་བདག་སོགས་ཡོད་ན། གྲུམ་པ་བཅོས་པའི་སླད་དུ་ཞེས་པའི་མཇུག་ཏུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བགྱི་བ་དང་། བྲོ་གཡོག་པ་འདི་ཞེས་བགྱི་བས། དབྱར་སྔ་མ་ཟླ་བ་གསུམ་ཞེས་སྦྱར་རོ། །དམིགས་བསལ་ཡུལ་མེད་ན་གནས་འདིར་དབྱར་ཟླ་བ་གསུམ་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གནས་པར་འགྱུར་ཏེ། གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་སོ། །དེ་ལྟར་དབྱར་ཁས་བླངས་པའི་རྗེས་སུ་ཇི་ལྟར་བསྒྲུབ་པའི་བྱ་བ་ནི། ཟླ་བ་ཕྱེད་ཅིང་གནས་མལ་ལ་ལོག་པར་སྤྱད་མ་སྤྱད་བརྟག་པ་སོགས་བསྐོས་པའི་གང་ཟག་གི་བྱ་བ་དང་། དགེ་འདུན་སྤྱིའི་བྱ་བ་ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་ལ་བརྩོན་ཅིང་། ལྷུང་བཟེད་ཁ་སྒྱུར་བ་སོགས་དོན་མང་བ་དང་བྱ་བ་མང་བ་སྤང་། འཁྲུག་སློང་གི་རྒྱུ་ལྟུང་བ་གླེང་བ། རྙེད་པ་བགོ་བ། འཐབ་རྩོད་བྱེད་པ་སྤང་། གཙུག་ལག་ཁང་ཐིགས་ཚགས་སོགས་ཀྱིས་བསྐྱང་། མཚམས་ཀྱི་ཕྱི་རོལ་ཏུ་ཞག་ཏུ་མི་སྡོད། འོན་
ཀྱང་ཆོས་ལྡན་གྱི་དགོས་པའི་དབང་གིས་མཚམས་ཀྱི་ཕྱིར་ཞག་སྡོད་བྱེད་དགོས་ན་དབྱར་མི་རལ་བའི་སླད་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེ་ལ་དབྱར་གྱི་མཐའི་ཞག་དྲུག་མ་གཏོགས་པ་གང་ཟག་ལས་ཞག་གཅིག་ནས་བདུན་གྱི་བར་གང་རུང་བྱིན་གྱིས་བརླབ་པའི་ཆོ་ག་ནི། མཚམས་ནང་དུ་དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ་ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་༼བྱ་༽བ་འགའ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །དེ་བཞིན་དུ་ཞག་གཅིག་དང་གཉིས་སོགས་གང་ཡིན་འདོན་པ་བརྗེ་བར་བྱའོ། །གལ་ཏེ་ཞག་བདུན་གྱིས་མི་འགྲུབ་པའི་དགེ་འདུན་ལ་སོགས་པའི་ཆོས་ལྡན་གྱི་ཆེད་དུ་འགྲོ་དགོས་ན། དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་ཐོབ་པར་བྱས་རྗེས་ཞག་བརྒྱད་ནས་བཞི་བཅུའི་བར་གང་དགོས་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་ཆོ་ག་ནི། དགེ་འདུན་གྱི་ཆེད་ཡིན་ན། ལས་བྱེད་པས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་སྤྲོའམ་དྲི། དེས་ཀྱང་སྤྲོ་ལགས་ཞེས་བྱ། རང་དོན་ཡིན་ན་དྲི་མི་དགོས་ཞེས་གཉགས་དབོན་གསུང་། དེ་ནས་རང་གིས་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར་དགེ་འདུན་ལ་ཕྱག་བྱས་ཏེ་རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གནང་བ་སྦྱིན་པའི་ལས་དངོས་ནི། ལས་བྱེད་པས། དགེ་འདུན་རྣམས་སྤྱོད་ལམ་བཏུན་ནས་གསོལ་བའི་ལས་ལ་
ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱིས་གནས་འདི་ལགས་པ་ལས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་མིང་འདིི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་། ཞེས་པ་ནས། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་ཞེས་པའི་བར་སྔར་ལྟར་ལས། གསོལ་ཏེ། དེའི་སླད་དུ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་ཞེས་པ་ནས། གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིགགང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུངས་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་དགེ་འདུན་ལས་གནང་བ་ཐོབ་པ་དེས་ཀྱང་ནམ་འགྲོ་བའི་ཚེ་མཚམས་ནང་གི་དགེ་སློང་ཞིག་གི་མདུན་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་སྔགས་ནི། སྔར་གྱི་ཞག་བདུན་པའི་ཆོ་ག་དེ་ཉིད་ལ། ཆོས་ལྡན་གྱི་བྱ་བ་ཞིག་གི་སླད་དུ་དགུང་བདུན་ཞེས་པའི་ཚབ་ཏུ། དགེ་འདུན་ནམ་ཆོས་ལྡན་གྱི་སླད་དུ་དགུང་བརྒྱད་དམ་བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །
སྔ་རོལ་ནས་སྤྱོད་ཡུལ་གྱི་གྲོང་དུ་གོ་བར་བྱ་བ་དང་། འཁོན་ཡོད་ན་བཟོད་པར་གསོལ་བ་དང་། གཙུག་ལག་ཁང་བརྒྱན་པ་སོགས་བྱས་ལ། དབྱར་སྔ་མ་ཡིན་ན་སྟོན་ཟླ་འབྲིང་པོ་དབྱུག་པའི་ཟླ་བའམ། ཕྱི་མ་ཡིན་ན་སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་བའི་ཚེས་བཅུ་བཞིའི་མཚན་ཐོག་ཐག་འཆད་ནུས་པའི་དགེ་སློང་སྡེ་སྣོད་འཛིན་པ་ཡོད་ན་ཁྱིམ་པ་རྣམས་ཀྱང་ཉན་པར་བསྐུལ་ཏེ་ཆོས་བསྟན། དེ་ཙམ་མི་ནུས་ན་ཚེས་གྲངས་བརྗོད་དེ་བསྐུལ་ནས་དུས་བཟང་གི་མདོ་འདོན་པ་ཙམ་ངེས་པར་བྱ་ཞེས་མཁན་པོ་མཆིམས་ཆེན་པོ་གསུང་། བཅུ་བཞི་མཚན་མོའི་ཐ་རྫོགས་པ་སྐྱ་རེངས་ཤར་བའི་མདུན་ནས་བརྩམས་ཏེ་ཉིན་ཞག་བཅོ་ལྔ་པར་གྱུར་པའི་སྔ་དྲོའི་དུས་སུ་རྩྭ་ཟོར་བ་སྟ་གོན་བྱ། ལས་ཀྱི་གཎྜི་བརྡུངས་ཏེ་དགེ་འདུན་ཐམས་ཅད་འདུས་པ་ན། ཐམས་ཅད་ཀྱིས་ཕན་ཚུན་དུ་ཕྱག་ཟིང་པོར་བྱས་ལ། འགྲེང་སྟེ་འདུད་པ་དང་བཅས་པས། དབྱར་དགེ་འདུན་གྱི་ནང་དུ་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །ཞེས་བྱས་ལ་འདུག་སྟེ། དེང་དགེ་འདུན་གྱི་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། ཞེས་བསྐུལ་ནས། རྒྱུད་ཆགས་གསུམ་པ་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་གདོན་པ་ཡན་ཆད་གསོ་སྦྱོང་བཞིན་བྱས་པའི་རྗེས་སུ་དགེ་ཚུལ་རྣམས་ཀྱི་བཤགས་པ་བྱེད་དགོས་ནའང་བྱས་ལ། དགེ་ཚུལ་རྣམས་བཀར་ཏེ། དེའི་འོག་ཏུ་མཚམས་ནང་དེ་ན་ཡོད་པའི་དགེ་སློང་ན་བ་ལ་སོགས་པའི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་པས་འདུན་པ་དང་དགག་དབྱེ་གཉིས་ཀ་འབུལ་བའི་སྔགས་ནི། དགེ་འདུན་གྱིས་བསྐོས་པའི་ལེན་པ་པོའི་དྲུང་དུ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། ལེན་པ་པོས་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །
མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གཅིག་བརྗོད། དེ་ནས་ལྟུང་བ་ཤེས་པ་རྣམས་བཤགས་བསྡམ་བྱིན་གྱིས་བརླབ་པ་གང་ལ་གང་འོས་བྱ་སྟེ། དེ་ཡང་གསོ་སྦྱོང་གི་སྐབས་ལྟར་ལས་གྲལ་ལ་འདུ་བའི་སྔ་རོལ་དུ་བྱ་ཞིང་། དེར་མ་གྲུབ་ན་འདིར་བྱས་ལ། ལྟུང་བ་ཐུན་མོང་པ་རྣམས་ཀྱི་བྱིན་རླབས་ཀྱང་བྱའོ། །དེ་རྗེས་སྔ་རབས་པ་རྣམས་གནས་ཀྱི་བློ་མཐུན་མཛད་མོད། དེ་ལ་མཁས་པ་ཁ་ཅིག །དགག་དབྱེའི་ལས་དངོས་གཞི་དེ་གང་ཟག་གི་ལས་ཡིན་གྱི། དགེ་འདུན་གྱི་ལས་དངོས་མ་ཡིན་པས། དགེ་འདུན་གྱི་དགག་དབྱེའི་གནས་སུ་བློ་མཐུན་པར་བགྱིའོ། །ཞེས་འདོན་མི་རིགས་པའི་ཕྱིར་མི་འཐད་གསུང་། གང་ལྟར་ཀྱང་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བྱས་པ་དེ་ཉིད་ལས་གཞན་ཐམས་ཅད་ཀྱི་གནས་ཡིན་པས། དེ་མ་ཞིག་ན་ལས་གཞན་བྱེད་པ་ལ་བློ་མཐུན་བསྐྱར་ནས་བྱེད་མི་དགོས་པ་གསལ་བར་གསུངས་པས་གསོ་སྦྱོང་གི་ལག་ལེན་ཡོད་པའི་གཉུག་མར་གནས་པའི་དགེ་འདུན་གྱི་གནས་རྣམས་སུ་བྱེད་མི་དགོས་པར་གྲུབ་བོ། །དེ་ནས་དགག་དབྱེ་བྱེད་པ་པོ་བསྐོ་སྟེ། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ་ཞེས་དྲི། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། ཡང་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་དགག་དབྱེ་བྱེད་པ་པོ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགག་དབྱེ་བྱེད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་བསྡུ་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་
དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བ་བཟོད་པར་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། ཡང་ལས་བྱེད་པས། དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། དེང་དགེ་འདུན་གྱི་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །ཞེས་བརྗོད། དེ་ནས་དགག་དབྱེ་དངོས་གཞིའི་ཆོ་ག་ལ། སྤྱིར་བཏང་དང་། དམིགས་བསལ་གཉིས། དང་པོ་ལའང་གཉིས་ལས། ཐོག་མར་ཚུལ་ཁྲིམས་དང་ཆོས་རྣམ་པར་དག་པའི་ཕྱིར་ལྟུང་བའི་དགག་དབྱེ་བྱ་སྟེ། བསྐོས་པའི་དགེ་སློང་དེས་རྩྭ་ཟོར་བ་དགེ་འདུན་ཐམས་ཅད་ལ་ཁྱབ་པར་བྲིམ། དེ་རྗེས་དགེ་སློང་གསུམ་མན་ཆད་ཀྱིས་བསྐོས་པ་དེ་རྒན་ན་ཕྱག་བྱས། ཙོག་པུར་འདུག་སྟེ་ཡུལ་རྟེན་གཉིས་ཀས་རྩྭ་ཆུན་རྒྱ་གྲམ་དེའི་རྩ་བ་རང་རང་གི་རྐང་པས་མནན། རྩེ་མོ་ལག་གཉིས་ཀྱིས་བཟུང་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་མམ། རྐྱེན་དབང་གིས་མ་འགྲུབ་ན་གཉིས་སམ་གཅིག་བརྗོད་པས་ཀྱང་ཆོག །མཇུག་ཏུ་ཐབས་ལེགས་
བྱའོ། །དེ་ནས་བསྐོས་པ་དེས་ཀྱང་གཞན་ཞིག་གི་དྲུང་དུ་དགག་དབྱེ་བྱས་རྗེས་རྩྭ་ཆུན་རྣམས་བསྡུས་པ་བགྲངས་ནས། འགྲེང་སྟེ་འདུད་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། །ཞེས་གོ་བར་བྱས་པའི་རྗེས་སུ་གྲལ་ན་འཁོད་པ་རྣམས་ཀྱིས། ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད། དེ་ནས་རྙེད་པའི་སྒོ་དབྱེ་བའི་ཕྱིར་རྫས་ཀྱི་དགག་དབྱེ་བྱ་སྟེ། བསྐོས་པའི་དགེ་སློང་དེས་རང་གི་རྫས་ཁབ་ཡན་ཆད་གང་རུང་ཞིག་ཐོགས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངམ། ཞེས་བརྗོད་པས། ཐམས་ཅད་ཀྱིས་ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །ཞེས་བརྗོད། དེའི་འོག་ཏུ་དགེ་ཚུལ་རྣམས་བོས་ཏེ་དགག་དབྱེ་སྔར་བཞིན་བྱེད་དུ་བཅུག་ནས་དགེ་འདུན་ལ་གོ་བར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། བསྐོས་པ་དེས་དགེ་སློང་དང་དགེ་ཚུལ་གྱི་དབྱར་རྙེད་རྣམས་བསྡུས་ཏེ་ལྷན་ཅིག་ཏུ་བགོ་བར་བྱ་ཞིང་། བསྔོ་བ་དང་ཤིས་བརྗོད་བྱས་ནས་ལྡང་བ་ནི་དགག་དབྱེའོ། །དེ་ཉིན་ཚེས་བཅོ་ལྔ་ཡིན་ཡང་གསོ་སྦྱོང་བྱ་མི་དགོས་ཏེ། དགག་དབྱེ་བྱས་པས་གསོ་སྦྱོང་ཡང་དེས་འགྲུབ་པའི་ཕྱིར། དེ་ལྟར་ཡང་ས་གའི་ལྷས། སྡིག་པ་དམན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་མི་བྱ། །གསོ་སྦྱོང་དག་པར་བྱ་ཕྱིར་ཏེ། །དགག་དབྱེ་ཡང་ནི་དེ་ཉིད་ཡིན། །ཞེས་སོ། །རྒྱུ་མཚན་དེས་དབྱར་ཁས་མ་བླངས་པའི་རབ་བྱུང་དེ་ཉིན་གློ་བུར་དུ་ལྷགས་པ་གཞན་ཡོད་ནའང་དགག་དབྱེ་བྱེད་དགོས་པར་གྲུབ་བོ། །དེའི་ཕྱི་ཉིན་ཚེས་བཅུ་དྲུག་ལ་གནས་ལ་ལྷག་པར་ཆགས་པ་དང་དུབ་པ་སོགས་སྤང་བའི་ཕྱིར་རྒྱང་གྲགས་གཅིག་ཕན་ཆད་དུ་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །གཉིས་པ་དམིགས་བསལ་གྱི་དགག་དབྱེ་ནི། རྐྱེན་དབང་གིས་དབྱར་ཟླ་བ་གསུམ་གནས་པར་མི་ནུས་ན་ཟླ་བ་གཅིག་གམ་ཕྱེད་དང་གཉིས་འདས་པའི་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་སྟེ། མདོ་རྩ་བར། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །ཞེས་སོ། །ཡང་གསོ་སྦྱོང་གཉིས་སོགས་མ་སོང་བ་དང་ཉ་སྟོང་མ་ཡིན་པའི་དུས་སུའང་དམག་འཁྲུགས་སོགས་ཀྱི་རྐྱེན་གྱིས་གློ་བུར་དུ་དགེ་འདུན་ཐམས་ཅད་གྱེས་དགོས་ན། དགེ་སློང་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་ཕྱག་བྱས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡང་དགག་དབྱེ་ལགས་ན། བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་ཚོགས་པའི་
དགག་དབྱེ་བགྱི་ཡི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཞེས་པ་ནས། ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་པའི་བར་གསུམ་དང་། ཐབས་ལེགས་བྱའོ། །དགེ་འདུན་ཐམས་ཅད་མི་གྱེས་པར་གང་ཟག་འགའ་ཞིག་རྐྱེན་དབང་གིས་འགྲོ་དགོས་ནའང་རང་གི་མིག་སྔའི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ཞིག་གི་དྲུང་དུ་ཆོ་ག་འདི་བྱར་རུང་བ་ཡིན་ནོ། །དེ་ནི་ཚོགས་ཀྱི་དགག་དབྱེའོ། །ཡང་དབྱར་བྱིན་གྱིས་བརླབས་ཏེ་སོང་བ་ལས་མཚམས་གཞན་གྱི་གཙུག་ལག་ཁང་དུ་དགག་དབྱེ་བྱེད་པ་དང་ཐུག་ན་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ནའང་འཆགས་ཤིང་ཉེས་པ་མེད་དོ། །ཡང་དགག་དབྱེ་གང་དུ་བྱ་བའི་གནས་དེ་ན་དགེ་སློང་བཞི་ལས་མེད་ན། དགག་དབྱེ་བྱེད་པ་པོ་བསྐོར་མི་རུང་བས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོས་གོང་ལྟར་བྱ་ཞིང་། དགེ་སློང་གསུམ་མམ་གཉིས་ལས་མེད་ན་དགག་དབྱེ་བྱིན་གྱིས་བརླབ་སྟེ། ཕན་ཚུན་བརྗོད་རེས་ཀྱིས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགག་དབྱེ་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་མ་རྙེད་པ་དེའི་ཚེ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱ། རང་གཅིག་པུ་ཡིན་ན་དངོས་གཞི་ཙམ་ལན་གསུམ་བརྗོད་དོ། །དེ་ནི་དགག་དབྱེ་བྱིན་གྱིས་བརླབ་པའི་ཆོ་གའོ། །གང་ཡང་འགྲོ་ལ་ཕན་བདེ་ཡི། །འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །གཞིར་གྱུར་ལྷག་པ་ཚུལ་ཁྲིམས་ཀྱི། །སྙིང་པོ་དག་ཅིང་སྤེལ་བའི་ཕྱིར། །གཞི་གསུམ་ཆོ་ག་ཐར་གླིང་དུ། །བགྲོད་པའི་གྲུ་ཆེན་བཟང་པོ་འདི། །གཉོས་བཙུན་དྷརྨ་ཤྲཱིས་བསྡེབས། །བསྟན་དང་འགྲོ་ལ་ཕན་པར་ཤོག །ཅེས་པ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐྱབས་མགོན་བླ་མ་མཆོག་གི་བཀའ་སྩལ་མ་ཆོག་པར་བརྟེན་དགེ་སློང་རྨོངས་པ་དྷརྨས་རབ་མྱོས་ཀྱི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ཨོ་རྒྱན་དཔལ་འབྱོར་རོ། །ཕྱིས་མྱོས་ལྡན་ས་ཡོས་ཀྱི་ལོ་རྩོམ་པ་པོ་རང་ཉིད་ཀྱིས་དབྲི་བསྣན་ཅུང་ཟད་བགྱིས་སོ། །
རུང་ཆུ་བྱིན་རླབས་ནི། བསྟན་པ་རིན་པོ་ཆེ་ནས༴རུང་ཆུ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། གནས་བརྟན་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བས་སྨན་ཐུན་ཚོད་རུང་བ་འདི་དག་བདག་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བགྱི་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། །ལན་གསུམ་བརྗོད། བསྟན་པ་རིན་པོ་ཆེ་ནས༴བཀའ་དྲིན་ཆེ་ལགས་བར་བརྗོད།། །། རུང་ཁང་བྱིན་རླབས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་རུང་བའི་ཁང་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་ན་ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱི་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་
ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིས་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། །། མཚམས་བུ་ཆུང་གཅོད་པ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པས་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་འཁོར་བར་བློ་མཐུན་པར་མཛད་དོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། ལས་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞི་ནི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པ་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་འཁོར་བར་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་།
དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པ་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་འཁོར་བར་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིགགང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་འཁོར་བར་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མཚམས་བུ་ཆུང་གི་ཚད་ནི་དབུས་ཕྱོགས་ནས་སོ་སོར་དཔག་ཚད་གཉིས་རིང་མཐའ་དང་། གདིང་བ་བཞི་བཅུ་ཚང་བའི་གནས་ཚུན་ཆད་དོ།། །།
དབྱར་གནས་ཀྱི་ཟིན་བྲིས་རྨོངས་པའི་མུན་སེལ།
དབྱར་གནས་ཀྱི་ཟིན་བྲིས་རྨོངས་པའི་མུན་སེལ་བཞུགས་སོ། །
ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཞོགས་གསོ་སྦྱོང་རྒྱུན་དང་འདྲ་བ་བྱས་ལ། གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་པའི་མཇུག་ཏུ་གནས་བརྟན་རང་ཉིད་ཁྲིའི་སྟེང་འདུག་བཞིན་པས། དགེ་སློང་ངག་དབང་བཟོད་པ་དང་། དགེ་སློང་བློ་གསལ་རྒྱ་མཚོ་ཞེས་བགྱི་བ་ཁྱེད་དག་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་འམ། ཞེས་དྲིས་པའི་ལན་དུ། གཉིས་ཀས་མཉམ་དུ་སྤྲོ་ལགས། ཞེས་ལན་བཏབ་བྱུང་བ་དང་། ཡང་འདི་སྐད་ཅེས། ཁོང་དག་སྤྲོ་བར་གདའ་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གནས་མལ་བཏབ་པར་བསྐོ་བས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ངག་དབང་བཟོད་པ་དང་བློ་གསལ་རྒྱ་མཚོ་བགྱི་བ་འདི་དག་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ངག་དབང་བཟོད་པ་དང་། དགེ་སློང་བློ་གསལ་རྒྱ་མཚོ་ཞེས་བགྱི་བ་གནས་མལ་སོགས་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་པས། དབྱར་བདག་པ་རྒན་པས་ལངས་ནས་ཚུལ་ཤིང་ལོགས་སུ་གསར་ཏེ། འགྲེང་ཞིང་འདུད་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་ནས། ཉེ་བར་བརྟག་པར་དགོངས་སོ། །ཞེས་པའི་བར་ཁྲིམས་བརྗོད་ནས་གྲལ་ལ་བསྡད་ཚར་བ་དང་། གནས་བརྟན་གྱིས་ཚུལ་ཤིང་བཞེས་པ་དང་སོགས་ནས། འདི་ནི་གསོལ་བའོ། །ཞེས་པའི་བར་བརྗོད། དེ་ནས་དབྱར་བདག་པས་སྟོན་པའི་ཚུལ་ཤིང་ཕུལ། དེ་ནས་གནས་བརྟན་ནས་བཟུང་བྲིམ། ལེན་པོ་རྣམས་ཀྱིས་སྟན་ལས་ཆེས་འཕགས་ཀྱིས་ལེན། དགེ་སློང་
རྫོགས་ནས་དགེ་ཚུལ་རྣམས་དགེ་སློང་འོས་པས་ལེན། མཇུག་ཏུ་གནས་བརྟན་གྱིས། འདི་ནི་གཙུག་ལག་ཁང་འདི་ན་གཉུག་མར་གནས་པའི་ལྷའི་འོ་ཞེས་བླང་། དེ་ནས་དབྱར་བདག་པས་དགེ་གསོལ། བཀྲ་ཤིས་ཀྱི་སོགས་ནས་ཚུལ་ཤིང་བཞེས་སོ། །ཞེས་པའི་བར་གྱིས་གོ་བར་བྱས་རྗེས། སྒོ་ལྕགས་ལྡེ་མིག་མལ་སྟན་གྱི་དོད་གདིང་བ་རྣམས་སྟོབ་ནས་མཇུག་ཏུ་དགེ་གསོལ། དགེ་འདུན་སང་གི་གདུགས་ལ་ཞེས་པ་ནས་ཞལ་གྱིས་བཞེས་པར་འགྱུར་རོ། །ཞེས་བརྗོད་པའི་མཇུག་ཏུ་གནས་བརྟན་གྱིས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའམ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་སོགས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དེང་འདིར་དགོངས་སུ་གསོལ། ཞེས་ཐུན་གྱུར་བསྐུལ་རྗེས། བསོད་ནམས་འདི་ཡིས༴འགྲོ་ཀུན་དགེ་བ༴འགྲོ་བའི་སྡུག་བསྔལ༴འཇིག་རྟེན་བདེ་ཞིང་༴ཕན་བདེ་འབྱུང་བའི༴ཨོ་རྒྱན་དུས་གསུམ༴སངས་རྒྱས་སྐུ་གསུམ༴ཉིན་མོ་བདེ་ལེགས༴དེ་ལྟར་འགྲུབ་པ་ཡང་སོགས་བསྐུལ་ལོ། །ཚེས་བཅོ་ལྔའི་བྱ་བ་རྫོགས་སོ། །༈ དེ་ནས་ཚེས་བཅུ་དྲུག་གི་ཞོགས་སྔ་བར་གཎྜིས་བསྡུས་ལ། དགེ་སྐོས་ཀྱིས། དེང་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དུས་ལགས་ཏེ་གཙུག་ལག་ཁང་གི་སོགས་ཀྱིས་བསྐུལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གསོ་སྦྱོང་ལྟར་བྱས་རྗེས་དབྱར་ཁས་བླང་པ་དངོས་ནི། ཐོག་མར་དབྱར་བདག་པས་གནས་བརྟན་གྱི་དྲུང་དུ་ལེན་ཅིང་། དེ་རྗེས་ཡུལ་དགེ་འདུན་དུ་མ་ལོངས་པའི་དགེ་སློང་གི་མདུན་དུ་ཁས་བླངས་ཏེ། དེའི་ཆོ་ག་ནི། དབྱར་གནས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་པ་ལྟ་བུས་གསོལ་བ་བཏབ་རྗེས། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནང་མཚམས་དང་ནས། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོའི་བར་ལན་གསུམ་དང་ཐབས་ལེགས། དགེ་ཚུལ་སློང་ཐམས་ཅད་ཀྱིས་ཞལ་བཞེས་སོང་བ་དང་གནས་བསྟན་གྱིས་ཉིན་སྔ་མ་བཞིན་བསྔོ་བ་བྱའོ། །ཚེས་བཅུ་དྲུག་གི་ཆོ་གའོ། །༈ དགག་དབྱེའི་ཟིན་བྲིས་ནི། ཟླ་བ་བདུན་པའི་མར་ངོའི་གསོ་སྦྱོང་བཅུ་བཞི་པ་ཡོང་
བས་དགག་དབྱེ་ཉེར་དགུའི་ཉིན་བྱེད་དགོས་པས་དེའི་སྦྱོར་བ་ཉེར་བརྒྱད་ཀྱི་ནུབ་མོ་གནྜིས་བསྡུས་ནས། དགེ་སྐོས་ཀྱིས་མདོ་བསྐུལ་ཏེ་རྒྱུད་ཆགས་གསུམ་པ་ནས་ཚུལ་ཁྲིམས་རབ་བསྔགས་ཀྱི་མདོ་ཡན་ཆད་གསོ་སྦྱོང་ལྟར་བྱས་ལ་གྱེས། ༈ སང་ནངས་པ་ཉེར་དགུའི་སྔ་དྲོ་སྔ་བར་དགེ་སློང་རྣམས་ཚོགས་ཏེ་ལྟུང་བ་ཕྱིར་བཅོས་དང་བྱིན་རླབས་གཞན་གསོ་སྦྱོང་ལྟར་ལས་དེང་དགེ་འདུན་གྱི་གསོ་སྦྱོང་ཞེས་པའི་ཚབ་ཏུ་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་དགག་དབྱེ་མཛད་ལ་ཞེས་བསྒྱུར། དེ་ནས་གནྜི་བཏང་སྟེ་འདུས་མ་ཐག་མཛད་བཅུ་བཏོན་རྗེས་ཐམས་ཅད་ལངས་ནས་ཕན་ཚུན་དུ་ཕྱག་མ་བསྒྲིགས་པར་ཟིང་པོར་བྱས་རྗེས་འགྲེང་འདུད་དང་བཅས་པས་དབྱར་དགེ་འདུན་གྱི་ནང་དུ་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །ཞེས་ཐམས་ཅད་ཀྱིས་སྡེབས་སུ་འདོན་ནོ། །དེ་ནས་ཐམས་ཅད་འདུག་ཚར་བ་དང་དགེ་བསྐོས་ཀྱིས་དེང་དགེ་འདུན་གྱི་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅུ་བཞི་པ་ལགས་ཏེ་སོགས་ཀྱིས་མདོ་བསྐུལ་ནས་རྒྱུད་ཆགས་གསུམ་པ་ནས་བཟུང་ཚུལ་ཁྲིམས་རབ་བསྔགས་ཀྱི་མདོ་འདོན་པའི་བར་གསོ་སྦྱོང་ལྟར་བྱས་རྗེས་དགེ་ཚུལ་རྣམས་ཀྱིས་བཤགས་པ་བྱ། ཡོངས་དག་འབུལ་མི་དགོས། དགེ་ཚུལ་རྣམས་ཀྱི་བཤགས་པ་སོང་རྗེས་ཡོལ་བའི་ཕྱིར་ཕུལ་ནས་དགེ་སློང་རྣམས་སྤྱོད་ལམ་བསྟུན་ཏེ་འདུག་པ་ལ་གནས་བརྟན་གྱིས་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྟུང་ཐུན་བྱིན་གྱིས་རློབ་པ་འདི་ལས་གྲལ་དུ་མ་འདུས་གོང་དུ་བྱ་བར་གསུངས་ཀྱང་མ་གྲུབ་པས་འདིར་བགྱི། དེ་ཡང་ཞེས་པ་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་གསོལ་དེང་དགེ་འདུན་གྱི་དགག་དབྱེ་བཅུ་བཞི་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་ནས། སླར་མཛད་དོ། །འདི་ནི་གསོལ་བའོ། །ཞེས་བར་གྱིས་ལྟུང་ཐུན་བྱིན་རླབས་བྱས་གནས་ལ་བློ་མཐུན་མི་དགོས། ཡང་གནས་བརྟན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དབྱར་གནས་པའི་ནས། སྤྲོའམ་ཞེས་དྲི། ལན་དུ་སྤྲོ་ལགས་ཟེར་བ་དང་། ཁོང་སྤྲོ་བར་གདའ་བས་ནས། དེ་དེ་བཞིན་དུ་འཛིན་ཏོ། །
ཞེས་པའི་བར་ལན་གཅིག་བརྗོད། དགག་དབྱེའི་གསོལ་བ་ནི། གནས་བརྟན་གྱིས། དགག་དབྱེ་བགྱི་བའི་སླད་དུ་དགེ་འདུན་རྣམས་གསོལ་བའི་ནས་འདི་ནི་གསོལ་བའོ། །ཞེས་ཚར་གཅིག་བྱས་ནས། གནས་བརྟན་རང་ཉིད་ཁྲི་ལས་བབས་ཏེ་གྲལ་དུ་འདུག་པ་ལ་དབྱར་བདག་པས་རྩྭ་བྲིིམ་ཞིང་། ཐོག་མར་དབྱར་བདག་པ་གཉིས་ཀྱིས་གནས་བརྟན་གྱི་དྲུང་དུ། དེ་ནས་དགེ་སློང་གཞན་གསུམ་གསུམ་དབྱར་བདག་པའི་དྲུང་དུ་བསྡད་ལ་རྩྭའི་རྩ་བ་མནན་ཅིང་རྩེ་མོ་བཟུང་ལ་དགག་དབྱེ་བྱ་སྟེ། དགག་དབྱེའི་ཆོ་ག་ལ་ཐུགས་གཏད་པ་ཞུ་ནས། སླར་བགྱིའོ། །ཞེས་པའི་བར་ལན་གསུམ་མམ་གཅིག་གང་རིགས་དང་ཐབས་ལེགས་བྱ། དགེ་སློང་རྣམས་ཚར་བ་དང་དབྱར་བདག་པས་རྩྭ་བསྡུས་ཏེ་འགྲེང་བས་དགེ་གསོལ་ནས་དགག་དབྱེ་མཛད་དོ་ཞེས་པའི་བར་བྱས་པའི་ལན་དུ་ཐམས་ཅད་ཀྱིས་ལེགས་པར། ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད་དོ། །དབྱར་བདག་པས་དགེ་གསོལ། རྫས་འདི་ལྟ་བུས་ཀྱང་ནས། བགྱིད་རུང་ངམ། ཞེས་པ་ལན་དུ། ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །ཞེས་བརྗོད་ལ་ཡོལ་བ་བསལ་ཏེ་དགེ་ཚུལ་རྣམས་ལ་རྩྭ་བཀྲམ་ནས་སྔར་བཞིན་དགག་དབྱེ་དང་། རྫས་དགག་བྱ། དགེ་སློང་རྣམས་ཀྱིས་ལེགས་པར་རུང་ངོ་སོགས་བརྗོད། དགེ་ཚུལ་གྱི་དགག་དབྱེ་ཟིན་པ་དང་། གནས་བརྟན་གྱི་དེ་ཁར་འདུག་ལ་དབྱར་གནས་ལྟར་བསྔོ་བ་རྒྱས་པར་བྱས་ལ་གྱེས། དེ་ནས་དུང་གིས་བསྡུས་ཏེ་ཚོགས་ཆེན་ཚོགས་ནས་དགག་དབྱེའི་གཏོང་སྒོ་དབྱར་རྙེད་སོགས་ཕུལ། བསྒྲོ་གླེང་སོགས་བྱས་ལ་དེ་གྱེས་ཁར་ཐམས་ཅད་ལ་ནས་བཀྱེ་ནས་བཀྲ་ཤིས་ཞལ་བསྐོར་སོགས་བྱེད་དོ། །དགེ་སློང་དྷརྨ་ཤྲཱིས་བྲིས་པའོ། །༈ བཅུ་གཅིག་དང་པོ་གསུམ་པ་ལྔ། །བདུན་པ་དགུ་པའི་མར་ངོ་ལ། །ཉིན་ཞག་བཅུ་བཞིའོ་དེ་ལྷག་གི །ངོ་གཉིས་རེ་རེར་ཉིན་ཞག་ནི། །བཅོ་ལྔ་བཅོ་ལྔར་ཤེས་པར་བྱ། །འདི་ལས་གཞན་དུ་སྨྲ་བ་འཁྲུལ། །ཅེས་སོ།། །།
རི་མོ་ཡོད།
རི་མོ་ཡོད།
ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་། རིག་འཛིན་འགྱུར་མེད་རྡོ་རྗེ།
ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་ཞེས་བྱ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ།
ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི། འགྲོ་ཀུན་དོན་དུ་ཐུགས་བསྐྱེད་ནས། །བྱང་ཆུབ་མངོན་མཛད་རྫོགས་སངས་རྒྱས། །སྲས་དང་བཅས་ལ་གུས་བཏུད་ནས། །སེམས་བསྐྱེད་ཆོ་ག་མདོ་ཙམ་བཤད། །འདིར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་ཆོ་ག་རྒྱལ་སྲས་ཞི་བ་ལྷའི་ལུགས་བཞིན་དུ་བསྒྲུབ་པ་ལ། སྦྱོར་བ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྦྱོར་བ་གཞི་བཅའ་བ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཐུབ་པ་ཆེན་པོའི་སྐུ་གཟུགས་སོགས་རྟེན་ཁྱད་པར་་ཅན་གྱི་དྲུང་དུ་མཆོད་པའི་རྫས་རྒྱ་ཆེན་པོ་དང་གཏོར་མ་གསུམ་ལ་སོགས་པ་བཤམས་ཏེ། སློབ་དཔོན་ཁྲི་སྟན་བཟང་པོ་ལ་འདུག་ནས་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་དང་། ཁྱད་པར་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་ལྷག་བསམ་དང་ལྡན་པས་འདི་སྐད་ཅེས་བརྗོད་པར་བྱའོ། །འོ་སྐོལ་རྣམས་རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆ ེ་དང་མཇལ། འཁོར་འདས་ཀྱི་འདམ་ཁ་རང་དབང་ཐོབ་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་འབད་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག །དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཤིང་། དམ་པའི་ཆོས་ཀྱི་ནང་ནས་ཀྱང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་འཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བསླབ་བཏུས་ལས། སྡུག་བསྔལ་མཐར་འབྱིན་འདོད་པ་དང་། བདེ་བའི་
མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །ཞེས་གསུངས་པས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་བསྐྱེད་ཀྱི་ཆོ་ག་བསྒྲུབ་པ་ལའང་། སྡོང་པོ་བཀོད་པ་དང་། ནམ་མཁའི་སྙིང་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། འཕགས་པ་འཇམ་དཔལ་ནས་བརྒྱུད་དེ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་སྲས་ཞི་བ་ལྷ་སོགས་ཀྱི་ཕྱག་བཞེས་དབུ་མ་ལུགས་སུ་གྲགས་པ་དང་། བྱང་ཆུབ་སེམས་དཔའི་ས་ཆེན་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། མགོན་པོ་བྱམས་པ་ནས་བརྒྱུད་དེ་འཕགས་པ་ཐོགས་མེད་སྐུ་མཆེད་དང་། སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་དང་ཇོ་བོ་ཨ་ཏི་ཤ་སོགས་ཀྱི་ཕྱག་བཞེས་སེམས་ཙམ་ལུགས་སུ་གྲགས་པ་གཉིས་ཡོད་པ་ལས་འདིར་སྔ་མ་བཞིན་དུ་སྒྲུབ་པར་བགྱིད་པས། དེ་ལ་ཐོག་མར་སྡོམ་པ་ལེན་པའི་ཚུལ། བར་དུ་མི་ཉམས་པར་བསྲུང་བའི་ཚུལ། མཐར་ཉམས་ན་ཕྱིར་བཅོས་པའི་ཚུལ། སྡོམ་པའི་རང་བཞིན་གཏན་ལ་དབབ་པའི་ཚུལ་དང་བཞི་ལས། དང་པོ་ཐོག་མར་སྡོམ་པ་ལེན་པའི་ཚུལ་ལ། གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་གང་ཟག །ཇི་ལྟར་ལེན་པའི་ཆོ་ག་དངོས་བཤད་པའོ། །དང་པོ་གང་ལས་བླང་བའི་ཡུལ་ནི། ཐེག་པ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། བྱང་སེམས་ཀྱི་སྡེ་སྣོད་སྤྱི་དང་ཁྱད་པར་བྱང་སྡོམ་འབོགས་པ་དང་བསླབ་བྱ་ལ་དཀྲི་མཁས་ཤིང་། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་དང་བྲལ་བ་སྟེ། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆ ེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་སོ། །ལུགས་འདི་ལ་སེམས་བསྐྱེད་གསར་དུ་ལེན་པ་དང་ཉམས་པ་གསོ་བ་གཉིས་ཀ་སློབ་དཔོན་མ་འབྱོར་ན་རྟེན་གྱི་དྲུང་དུ་བླངས་པས་ཀྱང་རུང་བར་བཤད་དོ། །གཉིས་པ་གང་གིས་ལེན་པའི་གང་ཟག་ནི། གཟུགས་མེད་ཁམས་པ་དང་འདུ་ཤེས་མེད་པའི་ལྷ་མ་གཏོགས་སེམས་ཅན་བརྡ་ཤེས་ཤིང་སྡོམ་པ་ལེན་འདོད་ཡོད་པ་ཀུན་ལ་སྐྱེ་བར་བཤད་པ་དང་། ཁྱད་པར་ཤེས་རབ་ཀྱིས་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་རྟོགས་ཤིང་། སྙིང་རྗེས་འགྲོ་ཀུན་
ཕན་བདེ་ལ་འགོད་འདོད་ཀྱི་བྱམས་སྙིང་རྗེ་ཁྱད་པར་ཅན་དང་ལྡན་པས་བྱང་སེམས་ཀྱི་བསླབ་པ་ལ་སློབ་པར་འདོད་པ་ཞིག་དགོས་སོ། །གསུམ་པ་ཇི་ལྟར་ལེན་པའི་ཆོ་ག་ལ་སྦྱོར་བ། དངོས་གཞི། རྗེས་སོ། །སྦྱོར་བ་ལ་བཞི་སྟེ། གདམས་ངག་ཁྱད་པར་ཅན་གྱིས་བློ་བཅོས་པ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ། ཐབས་ཁྱད་པར་ཅན་གྱིས་ཚོགས་བསགས་པའོ། །དང་པོ་གདམས་ངག་ཁྱད་པར་ཅན་གྱིས་བློ་བཅོས་པ་ལའང་། སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ། ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ། མཐའ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ་གྱི། དང་པོ་སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་ནི། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་མི་རྟག་པ་དང་། སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་རྣམས་དྲན་པར་བྱ་སྟེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག །ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་ན་ཚུལ་དེའི་ཕྱིར་བཤེས་སྤྲིངས་སུ། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་གཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར་འཁོར་བ་ལས་ངེས་པར་འབྱུང་ཞིང་དམ་ཆོས་སྒྲུབ་པ་ལ་སྤྲོ་ཤུགས་ཆེན་པོས་བློ་འཁུལ་བར་བྱའོ། །གཉིས་པ་ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་སྒོམ་པ་སྟེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་འདུག་པས། དེ་སྤངས་ནས་རང་ཉིད་ཕུང་པོ་ལྷག་མེད་ཀྱི་མྱང་འདས་འཐོབ་པར་བྱ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེས་གཞན་དོན་མི་ནུས་ལ། འཁོར་བའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མ་བྱས་པའི་དྲིན་ཅན་ཡིན་པས། དེ་རྣམས་ཀྱི་དོན་མི་བྱེད་
པར་རང་ཉིད་ཞི་བདེ་སྒྲུབ་པ་ནི་དྲིན་མི་ཤེས་པས་ཁྲེལ་མེད་པའི་སྤྱོད་པར་འགྱུར་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤིས་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་བས་ཁྲེལ་བོར་མེད། །ཅེས་གསུངས་པས་གཞན་དོན་བོར་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་སྤང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་མཐའ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་ནི། སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ་སྟེ། འོ་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྤང་དགོས་ཤིང་སྡུག་བསྔལ་སྤངས་པའི་མྱང་འདས་དེ་ཡང་འཐོབ་པར་མི་བྱེད་ན། ཅི་ཞིག་འཐོབ་པར་བྱ་བ་ཡིན་སྙམ་ན། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ནས། །སེམས་ཅན་སྲིད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐོབ་བརྟན་ནས། །འཕགས་པ་འཁོར་བ་མྱ་ངན་འདས་མི་འགྲོ། །ཞེས་གསུངས་པ་ལྟར་ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་ན་རང་དོན་སྤངས་རྟོགས་མཐར་ཕྱིན། གཞན་དོན་མཁའ་ཁྱབ་ཀྱི་ཕྲིན་ལས་འཁོར་བ་ཇི་སྲིད་བར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས། དོན་གཉིས་མཐར་ཕྱིན་པ་དེ་ཉིད་འཐོབ་བྱ་ཡིན་ཞིང་། དེ་འཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །ཞེས་དང་། སྡུད་པ་ལས། དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་། །ཞེས་གསུངས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་སྤྲོ་བ་ཤུགས་དྲག་ཏུ་བསྐྱེད་པ་རྣམས་ནི་ལམ་འདིའི་གཞི་ཡིན་པས་རྒྱས་བསྡུས་ཅི་རིགས་པས་སློབ་མའི་རྒྱུད་ལ་འབྱོར་ངེས་སུ་བརྡ་སྤྲད་པར་བྱའོ། །གཉིས་པ་ནི། ཡུལ་ཁྱད་པར་ཅན་
ལ་གསོལ་བ་གདབ་པ་སྟེ། སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་མཎྜལ་ཕུལ་ལ། བདག་ཅག་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ་སྙམ་པའི་འདུན་པ་ཆེན་པོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད་ཅིག །སློབ་དཔོན་དགོངས་སུ་གསོལ། རིགས་ཀྱི་བུ་བདག་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །གསུམ་པ་ནི། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་སྟེ། སྐྱབས་འགྲོའི་ཡུལ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པ། དགེ་འདུན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན། དུས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར། རྒྱུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ། ངོ་བོ་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབ་པ་ལ་སངས་རྒྱས་ཐོབ་དགོས། དེ་ཐོབ་པ་དཀོན་མཆོག་གསུམ་ལ་རག་ལས་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པའི་དད་པ་ཆེན་པོ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད་ཅིག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་རང་གི་མིང་ནས་བརྗོད་ལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད། དེང་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་བར་བགྱིའོ་སྙམ་ལ་བློ་བརྟན་པར་མཛོད། བཞི་པ་ནི། ཐབས་ཁྱད་པར་ཅན་གྱིས་ཚོགས་བསགས་པ་སྟེ། ཚོགས་ཀྱི་ཞིང་མདུན་གྱི་ནམ་མཁར་སེངྒེའི་ཁྲི་སྟན་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ། སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་དབང་པོ་ལ་འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོ་བྱས་
ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་ནས། དེ་དག་གི་ཞབས་ཀྱི་རྡུལ་ཕྲ་རབ་རེ་རེ་ལའང་། རང་གི་ལུས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དུ་སྤྲུལ་མཁའ་མཉམ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ཕྱག་འཚལ་བར་བསམས་ནས་གནས་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་པས་འདིའི་རྗེས་ཟློས་མཛོད་ཅིག །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་བརྗོད་ཅིང་ཕྱག་བྱ། འདི་ནི་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་གོ །དེ་ནས་རང་གཞན་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་རྒྱ་མཚོ་རྒྱ་ནམ་མཁའི་མཐའ་དང་མཉམ་པ། ངོ་བོ་བཟང་ཞིང་དགེ་བ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བ་རྣམས་ཀྱིས་ཡང་དག་པར་མཆོད་པར་མོས་ལ་འདིའི་རྗེས་ཟློས་མཛོད་ཅིག །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་ཆབ་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་
བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདི་ནི་འདོད་ཆགས་ཀྱི་གཉེན་པོ་སྟེ་མཆོད་པའི་ཡན་ལག་གོ །། དེ་ནས་རང་གཞན་ཐམས་ཅད་ཀྱི་བཅས་པ་དང་རང་བཞིན་གྱི་སྡིག་ལྟུང་སྔར་བྱས་ལ་འགྱོད་པ་དུག་འཐུང་བ་ལྟ་བུ་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པོ་དང་ལྡན་པས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་དཀོན་མཆོག་རིན་པོ་ཆེ་མཁྱེན་སྙམ་ནས་བཤགས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་མོས་ནས་འདིའི་རྗེས་ཟློས་མཛོད། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །འདི་ནི་ཞེ་སྡང་གི་གཉེན་པོ་སྟེ་བཤགས་པའི་ཡན་ལག་གོ །དེ་ནས་འཕགས་པ་དང་སོ་སྐྱེའི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཤིན་ཏུ་དགའ་ཞིང་ཡི་རང་བའི་བློ་བསྐྱེད་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །འདི་ནི་ཕྲག་དོག་གི་གཉེན་པོ་སྟེ་རྗེས་སུ་ཡི་རང་བའི་ཡན་ལག་གོ ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བདེ་བར་གཤེགས་པ་གང་དག་གདུལ་བྱའི་རྐྱེན་དབང་གིས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ་སྙམ་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །འདི་ནི་གཏི་མུག་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་གོ །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བདེ་བར་གཤེགས་པ་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པའི་ཆེད་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་རྣམས་ལ་འཁོར་བ་ཇི་
སྲིད་པ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །འདི་ནི་ལོག་ལྟའི་གཉེན་པོ་སྟེ་གསོལ་བ་གདབ་པའི་ཡན་ལག་གོ །དེ་ལྟར་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་དེ་དག་གིས་མཚོན་ཏེ་བདག་གཞན་འཁོར་འདས་ཐམས་ཅད་ཀྱིས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདི་ནི་ཐེ་ཚོམ་གྱི་གཉེན་པོ་སྟེ་བསྔོ་བའི་ཡན་ལག་གོ །དེ་དག་གིས་ནི་སྦྱོར་བའི་ཆོ་ག་རྣམས་གྲུབ་པ་ལགས། གཉིས་པ་དངོས་གཞི་ལ། བློ་སྦྱོང་བ་དང་། དམ་བཅའ་བ་སྟེ་གཉིས་ལས། དང་པོ་བློ་སྦྱོང་བ་ནི། འཁོར་བ་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་ཕ་མར་གྱུར་པའི་དྲིན་ཅན་གྱི་སེམས་ཅན་འདི་དག་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་གཟིར་ཏེ་འདུག་པས། འདི་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་བསལ་ཞིང་བདེ་བ་བླ་ན་མེད་པ་ལ་འགོད་པའི་ཆེད་དུ་བདག་གི་ལུས་དང་ལོངས་སྤྱོད་དགེ་རྩ་ཐམས་ཅད་དེ་དག་གི་དོན་ཀུན་འགྲུབ་པའི་རྒྱུར་ཕངས་པ་མེད་པར་གཏོང་ཞིང་། དཀའ་སྤྱད་དང་སྡུག་བསྔལ་ཐམས་ཅད་དགའ་ཞིང་སྤྲོ་བས་དང་དུ་བླང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད་ཅིག །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་
མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་བློ་སྦྱངས་ནས། གཉིས་པ་དམ་བཅའ་བ་སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་དོན་དམ་སྤྲོས་པའི་མཐའ་ལས་འདས་ཀྱང་། ཀུན་རྫོབ་བདག་གཞན་བདེ་སྡུག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་བདེན་མེད་ཡིན་ཡང་། དེ་ལྟར་མ་ཤེས་པར་བདེན་འཛིན་ཨ་འཐས་པས་འཁོར་བ་ན་སྡུག་བསྔལ་མི་བཟད་པས་རྟག་ཏུ་མནར་བའི་སེམས་ཅན་འདི་དག་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་ཕ་མ་བྱས་ཏེ། ཕན་བདེ་མཐའ་དག་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་བསྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་རང་རེ་ལས་མེད་པར་བྱས། རང་རེའི་ཆེད་དུ་ཡང་ལུས་སྲོག་གྲངས་མེད་པར་བཏང་བའི་དྲིན་ཅན་ཤ་སྟག་ཡིན་ཡང་། བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་དང་ནི་ལྡན། བདེ་བ་སྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རྨོངས་པ་འདི་དག་སྡུག་བསྔལ་ཅན་གྱི་འཁོར་བ་ལས་སྒྲོལ་དགོས། དེ་ཡང་ད་ལྟ་བདག་ལ་དེའི་ནུས་པ་མེད་པས། ནུས་པ་དང་ལྡན་པའི་སངས་རྒྱས་དེ་ཉིད་ཐོབ་དགོས་པར་འདུག །དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་ནས། འཇུག་པ་བྱང་ཆུབ་སེམས་དཔའི་བསླབ་བྱ་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡོངས་སུ་བསླབས་པ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ཚོགས་གཉིས་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྒྲིབ་གཉིས་དང་བྲལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང་དགོངས་གསོལ་བརྗོད་པ་ན་སངས་རྒྱས་བྱང་སེམས་རྣམས་ཀྱིས་བདག་གི་བསམ་སྦྱོར་ཇི་ལྟ་བ་བཞིན་དུ་མཁྱེན་ངེས་སྙམ་དུ་བླ་མ་དཀོན་མཆོག་ལ་དད་པ་ཆེན་པོ། སེམས་ཅན་ལ་སྙིང་རྗེ་ཆེན་པོ། སངས་
རྒྱས་ལ་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་འདུ་ཤེས་གསུམ་དང་མ་བྲལ་བའི་སེམས་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད་ཅིག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་རང་གི་མིང་ནས་བརྗོད་དེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་དང་། ཀུན་སློང་བཅོས་པ་སྔར་སྨོས་པ་ལས་སྙིང་པོ་ཙམ་བརྗོད་ནས། གཉིས་པ་དང་གསུམ་པའི་རྗེས་ཟློས་ཀྱང་སྔར་བཞིན་བྱ་སྟེ། མཚམས་སྦྱོར་རྣམས་བརྡ་འཕྲོད་པ་དང་། ཚིགས་བཅད་རྣམས་དལ་ཞིང་སྐབས་ཕྱེད་པར་བརྗོད་དོ། །གསུམ་པའི་རྗེས་ཟློས་རྫོགས་པ་དང་། དེས་ཁྱེད་ཀྱི་རྒྱུད་ལ་སྨོན་པ་དང་། འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པ་ཡིན་པས་ཐོབ་ཤེས་ཀྱི་དགའ་བ་མཛད་འཚལ། ཞེས་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ལ། དགའ་བ་བསྒོམ་པ་དང་། གཏང་རག་འབུལ་བ་གཉིས་ལས། དང་པོ་ལ། རང་དགའ་བ་བསྒོམ་པ་དང་། གཞན་དགའ་བ་བསྐྱེད་པ་གཉིས་ལས། དང་པོ་རང་དགའ་བ་བསྒོམ་པ་ནི། བདག་གི་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་ཞིག་བླངས་ཀྱང་བྱང་ཆུབ་ཀྱི་སེམས་དང་མ་ལྡན་པས་དོན་མེད་པ་ཁོ་ནར་སོང་། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས་དོན་ཆེན་པོ་གྲུབ་སྙམ་དུ་དགའ་བ་བསྒོམ་པར་བྱའོ། །དེ་ཙམ་དགའ་བ་བསྒོམས་པའི་ཕན་ཡོན་ཅི་ཡོད་སྙམ་ན་མཐའ་ཡས་པའི་ཕྱིར་བརྗོད་པར་མི་ནུས་མོད། ཆ་ཤས་ཙམ་བརྗོད་ན་མིང་དོན་འཕོ་བ། སྡིག་པ་སྟོབས་ཆེན་སྦྱོང་བ། ཕན་ཡོན་དཔེས་བསྟན་པ། བསོད་ནམས་རྒྱུན་ཆགས་སུ་འབྱུང་བ། ཕན་ཡོན་མཐའ་ཡས་པ་རྣམས་ལས། དང་པོ་མིང་དོན་འཕོ་བ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་ཆུད་པའི་
ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །གཉིས་པ་སྡིག་པ་སྟོབས་ཆེན་སྦྱོང་བ་ནི། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་གྱུར་པ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གིས་ནི་ངེས་པར་སྲེག་པར་བྱེད། །ཅེས་གསུངས་སོ། །གསུམ་པ་ཕན་ཡོན་དཔེས་བསྟན་པ་ནི། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་སོ། །བཞིི་པ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་ནི། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །ནམ་ཡང་ལྡོག་པ་མེད་སེམས་ཀྱིས། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །ལྔ་པ་ཕན་ཡོན་མཐའ་ཡས་པ་ནི། དཔལ་སྦྱིན་གྱིས་ཞུས་པའི་མདོར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོར། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །དེ་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། གཞན་ཡང་བྱང་ཆུབ་ཆེན་པོའི་རྒྱུ་འབྲས་ཀྱི་ཕན་ཡོན་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ལ་དགའ་སྤྲོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད་ཅིག །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་
འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་སྟེས་ན། །བྱང་ཆུབ་སེམས་ནི་བདག་ལ་རྙེད། །ཅེས་ལན་གཅིག་བརྗོད། གཉིས་པ་གཞན་དགའ་བ་བསྐྱེད་པ་ནི། བདག་གིས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་འགྲོ་བ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་མགྲོན་དུ་བོས་པ་ཡིན་པས་དགའ་བར་གྱིས་ཤིག་སྙམ་པས་འདིའི་རྗེས་ཟློས་མཛོད་ཅིག །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བརྗོད་དོ། །གཉིས་པ་གཏང་རག་འབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། བཀའ་དྲིན་རྗེས་སུ་དྲན་པས་བླ་མ་དང་དཀོན་མཆོག་ལ་ཕྱག་དང་མཆོད་པ་རྒྱས་བསྡུས་ཅི་རིགས་པ་དང་ལུས་དབུལ་བ་རྣམས་བྱས་ནས། གཏོར་མ་གསུམ་གྱི་དང་པོ་བླ་མ་དཀོན་མཆོག །གཉིས་པ་ཆོས་སྐྱོང་སྲུང་མ། གསུམ་པ་གནས་དང་གཞིའི་བདག་པོ་རྣམས་ལ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །གཉིས་པ་བར་དུ་མི་ཉམས་པར་བསྲུང་བའི་ཚུལ་ལ། བསླབ་བྱ་ངོས་བཟུང་བ་དང་། དེ་ཉིད་བསྲུང་ཚུལ་གྱིས་འགག་བསྡུ་བའོ། །དང་པོ་ལ་སྨོན་འཇུག་སྤྱིའི་བསླབ་བྱ་དང་། བྱེ་བྲག་སོ་སོའི་བསླབ་བྱའོ། །དང་པོ་སྤྱིའི་བསླབ་བྱ་ལ། བསྒྲུབ་པར་བྱ་བའི་ཆོས་གསུམ་དང་། ཤེས་པར་བྱ་བའི་ཆོས་བཞི་ལས། དང་པོ་བསྒྲུབ་པར་བྱ་བའི་ཆོས་གསུམ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དེ་ལ་འདུན་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ་དང་། སེམས་ཅན་བློས་མི་འདོར་བའོ། །དེར་མ་ཟད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་མི་ཉམས་པར་བསྲུང་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀློག་པ་དང་། རྒྱུན་དུ་བག་ཡོད་བསྟེན་པའོ། །གཉིས་པ་ཤེས་པར་བྱ་བའི་ཆོས་བཞི་ནི། ལྟུང་བ་དང་། ལྟུང་བ་མེད་པ་དང་། ལྟུང་བའི་གཟུགས་བརྙན་དང་། ལྟུང་མེད་ཀྱི་གཟུགས་བརྙན་རྣམས་ལེགས་པར་ཤེས་པར་བྱའོ། །མདོར་ན་བྱང་ཆུབ་སེམས་དཔས་སྒྲུབ་པའི་བསླབ་བྱ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་
ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། །གཉིས་པ་བྱེ་བྲག་གི་བསླབ་བྱ་ལ་སྨོན་པ་དང་འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་སྨོན་པའི་བསླབ་བྱ་ནི། སྐྱེས་བུ་དམ་པའི་སྨོན་པ་གསུམ་དང་། སྤང་བྱ་ནག་པོའི་ཆོས་བཞི་དང་། བསྒྲུབ་བྱ་དཀར་ཆོས་བཞི་ལ་བསླབ་པའོ། །དང་པོ་སྐྱེས་བུ་དམ་པའི་སྨོན་པ་གསུམ་ནི། སེམས་ཅན་གྱི་དོན་དུ་རྫོགས་བྱང་འཐོབ་པར་བྱའོ་སྙམ་པ་འབྲས་བུ་ལ་སྨོན་པ་དང་། ས་དང་ལམ་ཐམས་ཅད་ལ་བསླབ་པར་བྱའོ་སྙམ་པ་ཐབས་ལ་སྨོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་བྱའོ་སྙམ་པ་ཕྲིན་ལས་ལ་སྨོན་པའོ། །གཉིས་པ་སྤང་བྱ་ནག་པོའི་ཆོས་བཞི་ནི། བླ་མ་དང་སྦྱིན་གནས་བསླུ་བ་དང་། ཐེག་པ་ཆེན་པོའི་གང་ཟག་ལ་མི་བསྔགས་པ་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུ་བྱེད་པ་དང་། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་སྟེ་ནག་པོའི་ཆོས་བཞི་པོ་དེ་སྤོང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་བསྒྲུབ་བྱ་དཀར་ཆོས་བཞི་ལ་བསླབ་པ་ནི། སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། གཡོ་སྒྱུ་སྤངས་ཏེ་ལྷག་པའི་བསམ་པས་གནས་པ་དང་། གདུལ་བར་བྱ་བའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་སྟེ། དེ་ལྟར་དཀར་པོའི་ཆོས་བཞི་པོ་དེ་ལ་བསླབས་པས་ནི་ནག་པོའི་ཆོས་བཞི་པོ་དེ་ཡང་ཤུགས་ལ་ཁེགས་པ་ཡིན་ནོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། སྤང་བྱ་དང་བསྒྲུབ་བྱ་གཉིས། དང་པོ་སྤང་བྱ་ནི། རྩ་བའི་ལྟུང་བ་དང་ཡན་ལག་གི་ལྟུང་བའོ། །དང་པོ་རྩ་བའི་ལྟུང་བ་ལ། བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། བློན་པོ་ལ་འབྱུང་ཉེ་བ་ལྔ། ལས་དང་པོ་པ་ལ་འབྱུང་ཉེ་བ་བརྒྱད། ཐུན་མོང་དུ་སྨོན་སེམས་བཏང་བའོ། །ལྟུང་བ་དེ་དག་འབྱུང་བའི་རྟེན་ནི་བྱང་ཆུབ་སེམས་ཀྱི་སྡོམ་ལྡན། སྨྱོ་བ་དང་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་སོགས་མ་ཡིན་པ་ཞིག་དགོས་ཏེ་སྨྱོ་བ་སོགས་ཀྱི་རྟེན་ལ་རྩ་ལྟུང་གང་ཡང་མི་འབྱུང་ཞིང་། འདི་དག་ལ་ཀུན་སློང་
ཉོན་མོངས་མི་དགོས་ཏེ། བྱ་བར་འོས་པ་དང་མི་འོས་པའི་འཇུག་ལྡོག་ལོག་པ་ལས་ལྟུང་བར་འགྱུར་བའི་ཕྱིར་རོ། །དེ་ལ་དང་པོ་རྒྱལ་པོ་ལ་འབྱུང་བར་ཉེ་བ་ལྔ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའམ་རྐུ་བ་དང་། དམ་པའི་ཆོས་སྤོང་བའམ་སྤོང་དུ་འཇུག་པ། དགེ་སློང་རབ་ཏུ་བྱུང་བ་ལ་ཡོ་བྱད་འཕྲོག་པ་སོགས་ཀྱི་སྒོ་ནས་གནོད་པར་བྱེད་པ་དང་། མཚམས་མེད་ཀྱི་ལས་ལྔ་པོ་དག་ལས་གང་ཡང་རུང་བ་བྱས་པ། ལོག་ལྟས་རང་མི་དགེ་བ་བཅུ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་འགོད་པ་དང་ལྔ་ཡིན་ཏེ། ནམ་མཁའི་སྙིང་པོའི་མདོར་གསུངས་པའི་དོན་བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་རྒྱལ་བས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་རྡེག་པ་དང་། །བཙོན་རར་གཞུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །སྲོག་འབྲལ་བྱེད་པ་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །ཞེས་གསུངས་ཤིང་། དགེ་འདུན་ལས་འཕྲོག་པ་ནི་རྩ་ལྟུང་དང་པོར་འདུ་བས་གསུམ་པར་དགེ་སློང་ཞེས་བཀར་ཏེ་གསུངས་པའོ། །བློན་པོ་ལ་འབྱུང་ཉེ་བའི་ལྟུང་བ་ལྔ་ནི། སྔ་མ་བཞི་ཐུན་མོང་བ་དང་། ལོག་ལྟ་འཛིན་པའི་ཚབ་ལ། གྲོང་ངམ། གྲོང་ཁྱེར་སོགས་འཇོམས་པར་བྱེད་པ་རྣམས་སྔར་ལྟར་གཅིག་ཏུ་བགྲངས་པས་ལྔ་ཡིན་ཏེ། གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་སོ། །ལས་དང་པོ་པ་ལ་འབྱུང་བར་ཉེ་བ་བརྒྱད་ནི། དང་པོ་རིམ་གྱིས་ཐེག་ཆེན་ལ་བློ་མ་སྦྱངས་པར་སྟོང་པ་ཉིད་བསྟན་པས་སྐྲག་ནས་དེའི་བྱང་སེམས་ཉམས་པར་བྱེད་པ་དང་། གཉིས་པ་རྫོགས་བྱང་སྒྲུབ་པའི་བསམ་སྦྱོར་ལ་ཞུགས་པ་ལས་ཕྱིར་ལྡོག་པར་བྱེད་པ་དང་། གསུམ་པ་ཉན་ཐོས་ཀྱི་རིགས་ཅན་སོ་སོ་ཐར་པ་ལ་སློབ་པ་དག་ལ་དགོས་པ་ཁྱད་པར་ཅན་མེད་པར་དེ་སྤངས་ནས་ཐེག་ཆེན་ལ་སྦྱོར་བ་དང་། བཞི་པ་ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་སྤོང་མི་ནུས་པར་རང་ཉིད་འཛིན་ཅིང་གཞན་ཡང་འཛིན་དུ་བཅུག་ནས་དེའི་བཤད་ཉན་འགོག་པ་དང་། ལྔ་པ་རྙེད་བཀུར་གྱི་ཕྱིར་རྙེད་བཀུར་ཅན་གཞན་
ལ་ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། དྲུག་པ་སྟོང་ཉིད་མ་རྟོགས་ཀྱང་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་སྨྲས་པ་དང་། བདུན་པ་དགེ་སྦྱོང་དང་རྒྱལ་རིགས་ཕྱེ་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པ་གཅོད་དུ་འཇུག་པ་དང་འབྲེལ་བའི་ལྟུང་བ་དང་། བརྒྱད་པ་ཆོས་ལྡན་གྱི་དགེ་སྦྱོང་ལ་གནོད་པའི་ཁྲིམས་ངན་བཅས་ཏེ་ཞི་གནས་ཀྱིས་མཚོན་པའི་རྣལ་འབྱོར་འདོར་བར་བྱེད་པ་དང་། དགེ་སློང་ཡང་དག་འཇོག་གི་ནོར་ཕྲོགས་ནས་ཁ་ཏོན་པ་ལ་སྟེར་བ་རྣམས་ཏེ། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །ཞེས་པ་ནས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་པའི་བར་ཤོ་ལོ་ཀ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟར་ན་རྟེན་གྱི་སྒོ་ནས་བཅོ་བརྒྱད་དུ་གསུངས་ཀྱང་རྫས་ཀྱི་སྒོ་ནས་བཅུ་བཞིར་ངེས་པའོ། །ཐུན་མོང་དུ་སྨོན་སེམས་བཏང་བ་ནི། རང་དོན་དུ་ཞི་བདེ་དོན་གཉེར་གྱི་བློ་སྐྱེས་ན་ལྟུང་བའི་ནང་ནས་ལྕི་ཤོས་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པས་བཅུ་དགུ་དང་། དེའི་སྟེང་དུ་དཀོན་བརྩེགས་ལས། འཇུག་སེམས་སྤངས་ཏེ་དགེ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིན་ནོ། །ཞེས་ཀྱང་འབྱུང་ངོ་། །གཉིས་པ་ཡན་ལག་གི་ལྟུང་བ་ནི། རྩ་བར་མ་གཏོགས་པའི་ལུས་དང་ངག་དང་ཡིད་ཀྱིས་བསླབ་བྱ་ལས་ཉམས་པ་རྣམས་ཏེ། དང་པོ་ལུས་ཀྱི་བསླབ་བྱ་ལས་ཉམས་པ་ནི། མིག་ཕབ་སྟེ་ལྟ་བར་བྱ་བ་སོགས་བསྒྲུབ་བྱ་དང་། དོན་མེད་རྒྱུག་མཆོང་སོགས་དགག་བྱ་ལས་ཉམས་པའོ། །གཉིས་པ་ངག་གི་བསླབ་བྱ་ལས་ཉམས་པ་ནི། ལེགས་པར་འོངས་སོ་ཞེས་བྱ་བ་སོགས་བསྒྲུབ་བྱ་དང་། བྲེ་མོའི་གཏམ་སྨྲ་བ་སོགས་དགག་བྱ་ལས་ཉམས་པའོ། །གསུམ་པ་ཡིད་ཀྱི་བསླབ་བྱ་ལས་ཉམས་པ་ནི། བྱམས་སྙིང་རྗེ་དང་དྲན་ཤེས་བག་ཡོད་བསྟེན་པ་སོགས་བསྒྲུབ་བྱ་དང་། ཆགས་སྡང་མི་སྤོང་བ་སོགས་དགག་བྱའི་བསླབ་བྱ་ལས་ཉམས་པ་སྟེ་དབང་པོ་འབྲིང་རྟུལ་གྱི་ཡན་ལག་གི་ཉེས་པ་རྣམས་ཀྱང་དེ་དག་ཏུ་འདུ་
བར་བཤད་དོ། །དེ་ཡང་རྩ་ལྟུང་རྣམས་ལ་ཀུན་སློང་ཉོན་མོངས་དྲག་ཞན་སོགས་ཀྱི་དབྱེ་བ་མེད་ཀྱང་རྩ་ལྟུང་དེ་དག་བྱུང་ནས་ཐུན་ཚོད་ལས་འདས་ན་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་གཏོང་ལ། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་ཇི་སྲིད་རྫོགས་བྱང་ལས་བློ་མ་ལོག་པ་དེ་སྲིད་དུ་མི་གཏོང་ངོ་། །དེས་ན་སྨོན་སེམས་བཏང་བ་རྩ་ལྟུང་དང་སྡོམ་པའི་གཏོང་རྒྱུ་གཉིས་ཀར་འདོད་པ་དབུ་མ་པའི་ལུགས་སོ། །རྩ་ལྟུང་བྱུང་ཡང་ཐུན་ཚོད་ལས་མ་འདས་གོང་དུ་འགྱོད་པ་སྐྱེས་ན་སྡོམ་པ་མི་གཏོང་ལ། ཐུན་ཚོད་ནི་ཉིན་ཞག་གཅིག་གི་དྲུག་ཆའི་མཐའོ། །ཉེས་བྱས་ནི་ཉིན་ཞག་གཅིག་འདས་ན་ལྟུང་བར་འགྱུར་རོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། ཇི་སྐད་བཤད་པའི་ལྟུང་བ་རྣམས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་ཚོགས་སྒྲུབ་པ་ལ་བསླབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པར་འདོད་པའི་སེམས་པ་ས་བོན་དང་བཅས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་གསུམ་པོ་དེ་ལ་ནན་ཏན་དུ་བསླབ་པར་བྱ་སྟེ། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་དང་། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདི་དག་ཙམ་ཁོ་ནར་ཟད་དེ། ཞེས་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་དེ་གསུམ་དུ་འདུས་པས། དེའི་སྤང་བྱ་རྣམས་སྤོང་ཞིང་། བསྒྲུབ་བྱ་རྣམས་ལ་རྩེ་གཅིག་ཏུ་བསླབ་པར་བྱའོ། །གཉིས་པ་དེ་ཉིད་བསྲུང་ཚུལ་གྱིས་འགག་བསྡུ་བ་ལ། ཉེས་དམིགས་བསམ་པ་དང་། བསྲུང་ཚུལ་དངོས་སོ། །དང་པོ་ཉེས་དམིགས་བསམ་པ་ལ། ཁས་བླངས་ཉམས་པ། མིང་དོན་ཤོར་བ། ངན་སོང་དུ་ལྟུང་བའོ། །དང་པོ་ཁས་བླངས་ཉམས་པ་ནི། སྟོན་པ་སངས་རྒྱས་བསླུས་པས་སངས་རྒྱས་མི་མཉེས། ཡུལ་སེམས་ཅན་བསླུས་པས་སེམས་ཅན་མི་མགུ། རང་ཆེད་དུ་བསླུས་པས་རང་དོན་ཉམས་ཤིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པ་སྟེ། བློ་གྲོས་
རྒྱ་མཚོའི་མདོར། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་ནས་ཇི་སྐད་སྨྲས་པ་བཞིན་མི་བྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པ་ཡིན་ནོ། །ཞེས་སོགས་གསུངས་པ་དང་། གཉིས་པ་མིང་དོན་ཤོར་བ་ནི། རྒྱལ་པོ་རྒྱལ་སྲིད་ཤོར་བ་ལྟར་ཚེ་འདིར་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་ཞིང་། འཆི་ཁར་མྱ་ངན་གྱིས་གདུང་བར་མདོ་ལས་གསུངས་སོ། །གསུམ་པ་ངན་སོང་དུ་ལྟུང་བ་ནི། ཕྱི་མར་ངན་སོང་དུ་འགྲོ་ཞིང་དེ་ལས་ཀྱང་ཐར་བར་དཀའ་བ་དང་། རྩ་ལྟུང་གི་ཉེས་པས་ནི་སྔོན་དུ་བསྐྱེད་པའི་བྱང་སེམས་ཀྱི་དགེ་རྩ་ཐམས་ཅད་འཇིག་པ་དང་། དཀོན་མཆོག་ལྷ་དང་བཅས་པ་བསླུས་པས་སྤྱིར་ངན་འགྲོ་དང་། ཁྱད་པར་དམྱལ་བར་སྐྱེ་བར་གསུངས་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། ཞེས་གསུངས་པ་ལྟར་རོ། །གཉིས་པ་སྲུང་ཚུལ་དངོས་ནི། དེ་ལྟ་བུའི་ཉེས་དམིགས་ཅན་གྱི་ལྟུང་བ་དེ་འབྱུང་བའི་རྒྱུ་ནི། མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པའོ། །དེ་ལ་མི་ཤེས་པ་ནི་བསླབ་པ་ལ་འབད་ཀྱང་ལྟུང་བའི་མཚན་ཉིད་མི་ཤེས་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱའོ། །བག་མེད་པ་ནི་ལྟུང་བ་ཤེས་ཀྱང་ཉེས་དམིགས་མ་མཐོང་བའམ། མཐོང་ཡང་དྲན་ཤེས་མེད་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བླང་དོར་གྱི་དམིགས་རྣམ་མ་བརྗེད་པར་དྲན་པ་དང་སྒོ་གསུམ་ལ་སོ་སོར་རྟོག་ཅིང་ལེགས་ཉེས་གང་ལ་འཇུག་ལྡོག་ཤེས་པར་བྱེད་པའི་ཤེས་བཞིན་དང་། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང་། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང་ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་ནས་བག་ཡོད་ལ་བསླབ་པར་བྱའོ། །ཉོན་མོངས་པ་མང་བ་ནི། འཛེམ་བག་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་ཉོན་མོངས་པ་ལས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་རང་རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བསྟེན་ཅིང་འདི་ཙམ་འགལ་ཡང་ཉེས་པ་ཆུང་ངོ་སྙམ་པའི་བག་ཡངས་ཀྱི་ཚོད་ཡོད་མི་བྱའོ། །མ་གུས་པ་ནི། ལྟུང་བ་སོགས་ཤེས་ཀྱང་དམན་པ་ལ་མོས་ནས་བསླབ་པ་ལ་མི་འཇུག་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་སྟོན་པ་དང་། དེའི་བཅས་
པ་རྣམས་ལ་གུས་པར་བྱའོ། །དེ་ཡང་མི་ཤེས་པ་དང་བག་མེད་པས་ལྟུང་བ་ཆུང་ངུ་། ཉོན་མོངས་པ་མང་བ་ལ་འབྲིང་། མ་གུས་པ་ལ་ཆེན་པོ་འབྱུང་ཞིང་། ཞིང་བསམ་གྱི་ཁྱད་པར་གྱིས་ཅི་རིགས་པར་འགྱུར་བའང་ཡོད་དོ། །དེས་ན་བླང་དོར་གྱི་གནས་རྣམས་ལ་སྲོག་བརྡོས་བྱས་ནས་བསླབ་པ་ལ་ནན་ཏན་དུ་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་དགེ་བསྙེན་ལ་གསུངས་པའི་བསླབ་གཞི་ལྔ་པོ་དགེ་སློང་གིས་ཀྱང་བསྲུང་བ་མེད་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི་འབྲས་བུ་ལྷག་པར་ཡང་ཆེ་བ་སྟེ། དེ་ཉིད་ལས། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །གསུམ་པ་ཉམས་ན་ཕྱིར་འཆོས་པ་ལ། ཉེས་པ་བཤགས་པའི་ཚུལ་དང་། སྡོམ་པ་བཏང་ནས་སླར་བླང་བའི་ཚུལ་ལོ། །དང་པོ་ཉེས་པ་བཤགས་པའི་ཚུལ་ལ། ཐེག་ཆེན་སྤྱིའི་ལུགས་དང་། དབུ་མ་རང་ལུགས་ཀྱི་བཤགས་པའོ། །དང་པོ་ཐེག་ཆེན་སྤྱིའི་ལུགས་ནི། བཤགས་བྱའི་ཡུལ་ལྟུང་བས་མ་གོས་པའི་བྱང་སེམས་སམ། རྟེན་གྱི་དྲུང་དུ་སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དང་། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དང་ལྡན་པའི་སྒོ་ནས་བཏུད་དེ། དགོངས་གསོལ་བྱས་ནས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ་ཉེས་པ་འདི་ལྟ་བུ་ཞིག་བྱུང་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །གཉིས་པ་དབུ་མ་རང་ལུགས་ཀྱི་བཤགས་པ་ནི། ངན་སོང་དུ་ལྟུང་བས་འཇིགས་ཏེ་འགྱོད་པ་ཆེན་པོས་འཕགས་པ་ནམ་མཁའི་སྙིང་པོ་མཐོང་བར་ནུས་ན་དེ་ལ་དངོས་སུ་བཤགས་པ་དང་། དེ་ལྟར་མི་ནུས་ན་ཐོ་རངས་ལངས་ལ་གཙང་སྦྲ་དང་ལྡན་པས་ཤར་དུ་
ཕྱོགས་ཏེ་མཆོད་ཅིང་ལྷའི་བུ་སྐྱ་རེངས་ལ་འཕྲིན་གསོལ་ནས། རྨི་ལམ་དུ་དེའི་མདུན་དུ་ལྟུང་བ་བཤགས་པ་དང་། ཕྱག་བྱ་བ་དང་། གཟུངས་སྔགས་བཟླ་བ་སོགས་ཀྱི་སྒོ་ནས་འཕགས་པ་དེ་མངོན་སུམ་དུ་མཐོང་བའམ། སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཤགས་པར་བྱ་སྟེ། བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བསྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་དང་། ཆོས་བཞི་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྡིག་པ་ཐམས་ཅད་སྟོབས་བཞིས་འདག་པར་གསུངས་པས་སྐུ་གཟུགས་ལ་སོགས་པའི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་དང་བཅས་པས་སམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ནི་རྟེན་གྱི་སྟོབས་དང་། སྔར་བྱས་ཀྱི་ཉེས་པ་ལ་དུག་འཐུང་བ་ལྟ་བུའི་འགྱོད་པ་དྲག་པོ་སྐྱེས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང་། ལྟུང་བའི་གཉེན་པོར་སྐུ་གཟུགས་བཞེངས་པ་དང་ཕྱག་མཆོད་བསྐོར་བ་བཟླས་བརྗོད་དང་ཏིང་ངེ་འཛིན་དང་སྟོང་ཉིད་སྒོམ་པ་སོགས་དགེ་བ་ལ་བརྩོན་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་འདི་དག་མི་བྱའོ་སྙམ་དུ་དམ་བཅའ་བརྟན་པར་བྱེད་པ་ཉེས་པ་ལས་ལྡོག་པའི་སྟོབས་ཏེ་བཞི་ཡིན་ནོ། །གཉིས་པ་སྡོམ་པ་བཏང་ནས་སླར་བླང་བའི་ཚུལ་ནི། རྩ་ལྟུང་བྱུང་ནས་ཐུན་ཚོད་ལས་འདས་ན་སྡོམ་པ་གཏོང་བས་ལེན་དགོས་ལ། ལེན་ཡུལ་དགེ་བའི་བཤེས་གཉེན་མ་རྙེད་ན་རྟེན་གྱི་དྲུང་དུ་སྔར་བཞིན་བླངས་པས་སྐྱེ་བ་ཡིན་ནོ། །མདོར་ན་དབུ་མ་ལུགས་ཀྱི་བསླབ་བྱ་ནི། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སེམས་ཅན་ཀུན་ལ་གཏང་བ་དང་། དེ་དག་མི་ཉམས་པར་བསྲུང་བ་དང་། དྲི་མ་དག་པར་བྱ་བ་དང་། གོང་ནས་གོང་དུ་སྤེལ་བར་བྱ་བ་རྣམས་ཡིན་ཏེ། བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདིར་རིག་བྱ། །གནད་ཀྱི་གནད་དེ་གང་ཞེ་ན། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་
སྐྱེས་པ་རྣམས། །སེམས་ཅན་རྣམས་ལ་གཏང་བ་དང་། །དེ་བསྲུང་དགེ་བ་སྤེལ་བའོ། །ཞེས་དང་། དེ་ཐམས་ཅད་ཀྱི་རྩ་བ་ཡང་སེམས་བསྲུང་བ་ལ་ཐུག་སྟེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུངས་ཏེ། །ཞེས་གསུངས་ཤིང་། སེམས་བསྲུང་བའི་ཐབས་ཀྱང་དེ་ཉིད་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །དེ་ལྟར་བདག་ནི་ཐལ་མོ་སྦྱོར། །ཞེས་དང་། རྔ་སྒྲའི་ཚིགས་བཅད་ལས་ཀྱང་། བདག་གི་ནོར་ནི་གཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་གཏང་ལ་སྲོག་བསྲུང་ངོ་། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་གཏང་ལ་འདིར་ནི་ཆོས་བསྲུང་ངོ་། །ཞེས་གསུངས་པ་ལྟར་བསླབ་པ་ལ་འབད་པར་བྱའོ། །བཞི་པ་རང་བཞིན་གཏན་ལ་དབབ་པ་ནི། སེམས་བསྐྱེད་ཀྱི་ངོ་བོ། དབྱེ་བ། སོ་སོའི་ས་མཚམས། སེམས་བསྐྱེད་ཀྱི་རྒྱུ། ཕན་ཡོན། ཉེས་དམིགས། ཆོ་གའི་ཁྱད་པར་རྣམས་ལས། དང་པོ་ངོ་བོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། མདོ་སྡེ་རྒྱན་ལས། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དབྱེ་བ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པ་སྨོན་པ་དང་། གཞན་དོན་དུ་བྱང་ཆུབ་ཏུ་འགྲོ་བཞིན་པ་ནི་འཇུག་པ་སྟེ། བསམ་པས་འགྲོ་འདོད་དང་སྦྱོར་བས་འགྲོ་བཞིན་པ་ལྟ་བུར་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་དང་། ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་ཀྱང་རྣམ་པ་གཉིས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་པས། ཕྱི་རོལ་སེམས་ཅན་ལ་དམིགས་ཏེ་སོ་སྐྱེ་ལ་གཙོ་བོར་སྐྱེ་བ་ཀུན་རྫོབ་སེམས་བསྐྱེད་དང་། ནང་སེམས་ཉིད་
ལ་དམིགས་ཏེ་གཙོ་བོར་འཕགས་རྒྱུད་ལ་སྐྱེ་བ་དོན་དམ་སེམས་བསྐྱེད་ཡིན་ནོ། །དེས་ན་སྨོན་པ་བྱང་ཆུབ་སེམས་ནི་བྱང་ཆུབ་ཏུ་སྨོན་པ་ཙམ་ལས་ཀྱང་སྐྱེ་ཞིང་། འཇུག་པའི་སེམས་བསྐྱེད་ནི་ཆོ་ག་ལས་སྐྱེས་པའི་སྡོམ་པ་ཡིན་ཏེ། དེ་གཉིས་ཀའང་ཀུན་རྫོབ་སེམས་བསྐྱེད་དུ་འདུ་ལ། དོན་དམ་སེམས་བསྐྱེད་ནི་དེའི་ཆོས་ཉིད་གོམས་པའི་སྟོབས་ལས་སོ། །གསུམ་པ་ས་མཚམས་ལ། སྨོན་སེམས་ནི། དང་པོ་སེམས་བསྐྱེད་མ་ཐག་ནས་སྡོམ་པ་མ་བཟུང་བར་གྱི་ཚོགས་ལམ་ཆུང་ངུ་ནས་ཡོད་ལ། འཇུག་སེམས་ནི། འཇུག་སྡོམ་བཟུང་ནས་རྒྱུན་མཐའི་བར་ན་ཡོད་དེ། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་སོགས་ཀྱིས་འགྲུབ་ཅིང་། གལ་ཏེ་འཇུག་སེམས་འཕགས་ལམ་ཁོ་ནར་ཡོད་དམ་ཞེ་ན་མ་ངེས་ཏེ། སྡོམ་པའི་རྟེན་སོ་སྐྱེའི་རྟེན་ཅན་དུ་གྲུབ་པ་དང་། གཞན་དུ་འཇུག་སྡོམ་བླངས་ནས་རྩ་ལྟུང་སྤྱོད་པ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །བཞི་པ་སེམས་བསྐྱེད་ཀྱི་རྒྱུ་ནི། སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཤེས་ནས་ཐོབ་པར་འདོད་པ་སྟེ་གསུམ་ལས་སྐྱེ་བར་མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱི་བརྟན་པའི་སེམས་བསྐྱེད་བཤད། །ཅེས་པའི་གྲོགས་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་བྱས་པ་ལས་སྨོན་པ་སེམས་བསྐྱེད་བརྟན་པའི་རྒྱུ་དང་པོར་འབྱུང་ཞིང་། རང་གིས་དགེ་བ་གོམས་པ་དང་། རྒྱུ་རིགས་སད་པ་དང་། རྩ་བ་སྙིང་རྗེ་སྐྱེས་པ་ལས། འཇུག་པ་སེམས་བསྐྱེད་བརྟན་པོར་སྐྱེ་བའི་རྒྱུར་གསུངས་སོ། །ལྔ་པ་སེམས་བསྐྱེད་པའི་ཕན་ཡོན་ནི། སྨོན་པ་སེམས་བསྐྱེད་ཀྱིས་ཉན་རང་གི་སེམས་བསྐྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་ཟིལ་གྱིས་ནོན་ཅིང་། འཇུག་སེམས་ཀྱིས་རྩ་ལྟུང་མ་བྱུང་ན་གཉིད་འཐུག་པོ་ལོག་པའམ། བག་མེད་པར་གྱུར་ཀྱང་བསོད་ནམས་རྒྱུན་མི་ཆད་པར་འབྱུང་བ་སྟེ། སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལས་ཆ་
ཤས་ཙམ་སྔར་བརྗོད་ཟིན་ཏོ། །དྲུག་པ་སེམས་མ་བསྐྱེད་པའི་ཉེས་དམིགས་ནི། གཙོ་བོར་འཁོར་བ་དང་ངན་སོང་དུ་ལྟུང་བ་རྒྱུན་མི་ཆད་ཅིང་། ཇི་ལྟར་ཆོས་ལ་འབད་ཀྱང་ཉན་རང་དུ་གོལ་བ་དང་། དམྱལ་བར་ལྟུང་བ་བྱང་ཆུབ་ཀྱི་གཏན་གེགས་མ་ཡིན་ཀྱང་། ཉན་རང་དགྲ་བཅོམ་དུ་ལྟུང་བ་ནི་གྲངས་མེད་པའི་བསྐལ་པར་བླ་ན་མེད་པ་རྫོགས་བྱང་གི་གེགས་ཡིན་པའི་ཕྱིར་རོ། །བདུན་པ་ཆོ་གའི་ཁྱད་པར་ནི། མགོན་པོ་བྱམས་པ་ལས་བརྒྱུད་པ་སེམས་ཙམ་ལུགས་སུ་གྲགས་པ་དང་། འཕགས་པ་འཇམ་དཔལ་ལས་བརྒྱུད་པ་དབུ་མ་ལུགས་སུ་གྲགས་པ་སྟེ། དེ་དག་ཀྱང་བླང་བྱའི་ཡུལ་གྱི་ཁྱད་པར། ལེན་པ་པོ་གང་ཟག་གི་ཁྱད་པར། ལེན་བྱེད་ཆོ་གའི་ཁྱད་པར། མི་ཉམས་པར་བསྲུང་བའི་ཁྱད་པར་རྣམས་ཀྱིས་བསྟན་པ་སྟེ། དེ་དག་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་བསྟན་བཅོས་རྣམས་ལས་ཤེས་པར་བྱ་བ་ཡིན་ནོ། །འདིར་ནི་དབུ་མའི་ལུགས་སུ་བྱས་པ་སྟེ། དེ་ལ་ཡང་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་ནི། སྔར་བཤད་མ་ཐག་པའི་ཆོ་ག་ཇི་ལྟ་བ་ཉིད་ཀྱི་འགོར་རང་བཞིན་གཏན་ལ་དབབ་པའི་སྐབས་སུ་བརྗོད་པའི་སེམས་བསྐྱེད་ཀྱི་ངོ་བོ་དང་དབྱེ་བ་ལ་སོགས་པའང་མཚམས་སྦྱོར་དུ་སྦྲེལ་ཞིང་། ཐོབ་པ་མི་ཉམས་པར་བསྲུང་ཚུལ་ཡན་ཆད་ཚང་བར་བཤད་ནས་མཐར་དགེ་བ་བསྔོ་བ་རྣམས་བྱའོ། །འབྲིང་པོ་ནི། སྦྱོར་བ་གསོལ་བཏབ་སྐྱབས་འགྲོ་ཡན་ལག་བདུན་པ་རྣམས་བྱས། དངོས་གཞི་སྔར་དང་འདྲ། རྗེས་གཞན་དགའ་བ་བསྐྱེད་པའི་བར་བྱས་ནས་བསྔོ་བ་བྱའོ། །བསྡུས་པ་ནི། ཡན་ལག་བདུན་པ་བྱས་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སོགས་དང་ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། སོགས་སྔར་ལྟར་བརྗོད་པའི་རྗེས་སུ་རང་གཞན་དགའ་བ་བསྐྱེད་པ་སྔར་ལྟར་བྱས་པས་ཀྱང་འགྲུབ་བོ། །དེ་དག་གང་གི་ཚེ་ན་ཡང་མཐར། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། སོགས་དང་། བྱང་ཆུབ་སེམས་ཉིད་རིན་པོ་ཆེ། སོགས་དང་། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཅེས་སོགས་བརྗོད་པར་བྱའོ། །སྲིད་འདིར་ཕྱིན་ཅི་ལོག་བློས་རྟག་འཁྱམས་འགྲོར། །ཚད་མེད་སྙིང་རྗེས་དྲངས་ནས་བྱང་ཆུབ་ཏུ། །སེམས་བསྐྱེད་སྡོམ་པའི་ཆོ་ག་བཀླག་ཆོག་ཏུ། །བཀོད་འདི་འགྲོ་ཀུན་བྱང་ཆུབ་འཐོབ་རྒྱུར་བསྔོ། །ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་ཞེས་བྱ་བ་འདི་ནི། རང་ལུགས་སུ་སྔོན་ཆད་སྡོམ་པ་འབོགས་ཆོག་ལམ་རིམ་རྒྱས་པ་རྣམས་ནས་མཛུབ་ཚུགས་སུ་བསྡུ་བ་ལས། བཀླག་ཆོག་ཏུ་བཀོད་པ་མི་འདུག་པས་རྗེས་འཇུག་རྣམས་ལ་ཕན་འདོད་ཀྱིས་སྔོན་ནས་འབྲི་བར་བསམ་པ་ལས། ཉེ་ཆར་དད་འདུན་གྱི་ནོར་ཅན་ཨོ་རྒྱན་རྣམ་གྲོལ་གྱིས་བསྐུལ་བ་དང་། རྨི་
ལམ་དུ་དགེ་བའི་མཚན་མའང་ཅུང་ཟད་མཐོང་བས་རྐྱེན་བྱས་ཏེ། བྱང་ཆུབ་སེམས་དཔའི་མིང་ཙམ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་བྲིས་པའོ།། །།
ནམ་མཁའི་སྙིང་པོའི་མདོའི་རྩ་བའི་ལྟུང་བ་རྣམས་བྱང་ཆུབ་སེམས་དཔའི་རྩ་ལྟུང་དུ་འདུ་ལུགས་ཀྱི་བཤད་པ། ལོ་ཆེན་དྷརྨ་ཤྲཱི།
ནམ་མཁའི་སྙིང་པོའི་མདོའི་རྩ་བའི་ལྟུང་བ་རྣམས་བྱང་ཆུབ་སེམས་དཔའི་རྩ་ལྟུང་དུ་འདུ་ལུགས་ཀྱི་བཤད་པ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།
ནམ་མཁའི་སྙིང་པོའི་མདོའི་རྩ་བའི་ལྟུང་བ་རྣམས་བྱང་ཆུབ་སེམས་དཔའི་རྩ་ལྟུང་དུ་འདུ་ལུགས་ཀྱི་བཤད་པ་བཞུགས་སོ། །
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བའི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་རྣམས་ཀྱི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ལྟུང་བའི་རྟེན་ནི། བྱང་ཆུབ་སེམས་དཔའི་འཇུག་པའི་སེམས་བསྐྱེད་པ་ཡང་དག་པར་བླངས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་སོ་སོ་སྐྱེ་བོའི་གང་ཟག་མིའམ་གནོད་སྦྱིན་ལ་སོགས་པ་གང་ཡང་རུང་བ་དག་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་ཐམས་ཅད་ཀྱི་ལྟུང་བ་ཡིན་པར་གསུངས་པའི་ཕྱིར་རོ། །སོ་སོ་སྐྱེ་བོའང་ལས་དང་པོ་པ་སྟེ། སྤྱོད་པ་ལ་ཞུགས་པ་ཡན་ཆད་ལ་རྩ་བའི་ལྟུང་བར་འགྱུར་མི་སྲིད་དོ། །འོན་ཀྱང་དངོས་སུ་སྨོས་པ་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཕོའམ་མོའམ་གང་ཡང་རུང་བ་སྟེ། འབྱུང་ཉེ་བའི་ཕྱིར་དེ་གཉིས་སྨོས་པ་སྟེ། རྒྱལ་པོ་ལ་འབྱུང་བར་ཉེ་བས་རྒྱལ་པོའི་ལྟུང་བ་ཞེས་བཞག་པ་བཞིན་ནོ། །དེ་ལས་ལྟུང་བ་དང་པོ་ནི། མདོར། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་གམ། དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ་འཕྲོག་ཏུ་འཇུག་པ་ནི་རྩ་བའི་ལྟུང་བ་དང་པོའོ། །ཞེས་གསུངས་པ་སྟེ། འདི་ལ་གཞི་ནི། སངས་རྒྱས་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་རྫས་གང་ཡང་རུང་བ་དང་། དམ་པའི་ཆོས་ཀྱི་གླེགས་བམ་དང་། ཆོས་སྨྲ་བའི་ཆ་རྐྱེན་གང་ཡང་རུང་བ་དང་། དགེ་འདུན་གཉུག་མར་གནས་པ་དང་། ཕྱོགས་བཞི་ནས་གློ་བུར་དུ་འབྱུང་བར་འགྱུར་བ་དག་གི་
རྫས་ཏེ། ཐེག་པ་ཆེན་པོ་འདིར་ནི་རིན་ཐང་མ་གསུངས་པས་འཇིག་རྟེན་ན་རྫས་སུ་བརྩི་བ་ཙམ་སྟེ། དཀོན་མཆོག་གསུམ་གྱི་བྲན་དུ་ཉེ་བར་གནས་པ་ལྷ་འབངས་ཞེས་གྲགས་ཤིང་། རྒྱལ་པོ་དང་བློན་པོ་ལ་སོགས་པས་བདག་གིར་མ་བྱས་པ་ཡང་ངོ་། །འདུ་ཤེས་ནི། དཀོན་མཆོག་གསུམ་གང་ཡང་རུང་བའི་ཡིན་པར་འདུ་ཤེས་ཤིང་བདག་ཉིད་དེ་ལ་མི་གཏོགས་པར་ཤེས་པའོ། །བསམ་པ་ནི། འཕྲོག་པར་སེམས་པའི་ཉོན་མོངས་པ་གསུམ་གང་ཡང་རུང་བས་ལན་གཅིག་ཙམ་མ་ཡིན་པར་ལན་གཉིས་པར་བྱེད་པའི་ངོ་ཚ་དང་ཁྲེལ་མེད་ཆེན་པོ་དང་ལྡན་པའོ། །སྦྱོར་བ་ནི། བདག་ཉིད་དམ་གཞན་ལ་རྐུར་བཅུག་པའོ། །མཐའ་ནི། ལྟུང་བའི་གནས་དེ་ལ་ལན་གཉིས་པ་སྤྱད་དེ་རྫས་བདག་ཉིད་ཀྱི་ཡིན་པར་བློས་ཡོངས་སུ་བཅད་པའི་ཚེའོ། །དེ་ལྟར་རྩ་བའི་ལྟུང་བ་གཞན་ཐམས་ཅད་ལའང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཅུང་ཟད་ཀྱང་མེད་པའི་ཀུན་ནས་དཀྲིས་པ་ཆེན་པོས་ལན་གཉིས་སུ་སྤྱད་པ་མཐའ་ཡིན་པར་ཤེས་པར་བྱའོ། །འདི་ནི་མ་བྱིན་པར་བླངས་པའི་ལྟུང་བ་ཡིན་པའི་ཕྱིར་བྱང་སའི་ལྟུང་བ་གཉིས་པའོ། །ལྟུང་བ་གཉིས་པ་ནི། མདོར། གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ། ཉན་ཐོས་ཀྱི་ངེས་པར་འབྱུང་བ་བཤད་པའམ། རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོའི་ངེས་པར་འབྱུང་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ། །ཞེས་གསུངས་ཏེ། གཞི་ནི། ཐེག་པ་གསུམ་ལས་གང་ཡང་རུང་བའི་ཆོས། ཁམས་གསུམ་གྱི་ཉོན་མོངས་པ་མཐའ་དག་སྤང་བར་བྱ་བར་སྟོན་པའི་གསུང་རབ་དང་། དེའི་དོན་ཉམས་སུ་ལེན་པའི་བསླབ་པ་གསུམ་ལས་གང་ཡང་རུང་བར་གཏོགས་པའི་དགེ་བ་རྣམས་སོ། །འདུ་ཤེས་ནི། དེ་ཐར་པ་ཐོབ་པའི་ཐབས་དང་མི་མཐུན་པར་འདུ་ཤེས་པའོ། །ཀུན་སློང་ནི། དེ་ལ་ཞེ་སྡང་བའི་ཉོན་མོངས་པ་ཆེན་པོའོ། །སྦྱོར་བ་ནི། རང་གི་ལུས་ངག་ཡིད་གསུམ་གྱིས་སྤང་བའམ་གཞན་དེ་ལྟར་བྱེད་དུ་འཇུག་པའོ། །མཐའ་ནི། ལྟུང་བའི་གནས་ལན་གཉིས་སུ་སྤྱད་པའི་ཚེའོ། །འདི་ནི་སའི་ལྟུང་བ་བཞི་པའོ། །
ལྟུང་བ་གསུམ་པ་ནི། མདོར། གང་ཡང་ངའི་ཕྱིར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་གྱོན་པ། བསླབ་པ་བཟུང་ཡང་རུང་མ་བཟུང་ཡང་རུང་། ཚུལ་ཁྲིམས་འཆལ་རུང་ཚུལ་ཁྲིམས་དང་ལྡན་ཡང་རུང་སྟེ། དེའི་གོས་ངུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། ལུས་ལ་ལག་ཆས་བསྣུན་ནམ། བཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གསུམ་པའོ། །ཞེས་གསུངས་ཏེ། འདི་ལ་གཞི་ནི། ཚུལ་ཁྲིམས་དང་ལྡན་པ་དང་མི་ལྡན་པ་གང་ཡིན་ཡང་རུང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་དེའི་ཆ་ལུགས་འཛིན་པའོ། །འདུ་ཤེས་ནི། ནོར་རམ་མ་ནོར་ཡང་རུང་སྟེ་རབ་བྱུང་གི་ཕྱོགས་སུ་གནས་པར་འདུ་ཤེས་པའོ། །བསམ་པ་ནི། སྤྱིར་ངུར་སྨྲིག་ལ་སྡང་བའམ་རང་ཉིད་ཀྱི་འཁོར་ལས་རབ་ཏུ་བྱུང་བར་ཤེས་ནས་སྡང་བའོ། །སྦྱོར་བ་ནི། རྣམ་པ་ལྔ་སྟེ། ངུར་སྨྲིག་འཕྲོག་པ་དང་། བརྡེག་པ་དང་། བཙོན་རར་འཇུག་པ་དང་། ཁྱིམ་པར་འབེབས་པ་དང་། སྲོག་དང་བྲལ་བར་བྱེད་པ་རྣམ་པ་ལྔ་ལས་གང་ཡང་རུང་བ་རེ་རེའམ་མང་དུ་བྱས་ཀྱང་རུང་བའོ། །འདི་ལའང་རང་ཉིད་ཀྱིས་བྱས་སམ་གཞན་བྱེད་དུ་བཅུག་པས་ཀྱང་ངོ་། །མཐའ་ནི། སྔ་མ་དང་འདྲའོ། །འདི་ནི་སའི་ལྟུང་བ་གསུམ་པའོ། །རྩ་བའི་ལྟུང་བ་བཞི་པ་ནི། མདོར། རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ་མའི་སྲོག་གཅོད་པ་དང་། ཕ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང་། དགེ་འདུན་འདུམ་པ་འབྱེད་པ་དང་། ཆེད་དུ་བསམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་འདི་ནི་རྩ་བའི་ལྟུང་བ་བཞི་པའོ། །ཞེས་གསུངས་ཏེ། འདི་དག་ནི་ལས་ཆེས་ལྕི་བ་ཡིན་པའི་ཕྱིར་ལན་གཉིས་པ་ལ་མི་ལྟོས་པར་སེམས་སོ། །འདི་ཡང་གཞན་ལ་གནོད་པའི་ལས་ཡིན་པའི་ཕྱིར་སའི་གསུམ་པའོ། །ལྟུང་བ་ལྔ་པ་ནི། མདོར། རྒྱལ་རིགས་གང་ཡང་རྒྱུ་མེད་པར་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་
ཤིང་སེམས་ཅན་གཞན་མང་པོ་དག་ཀྱང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་སྟེ་འདུལ་ཞིང་འཛུད་ལ་འགོད་པ་འདི་ནི་རྩ་བའི་ལྟུང་བ་ལྔ་པའོ། །ཞེས་གསུངས་ཏེ། འདི་ལ་རྒྱུ་མེད་པར་སྨྲ་བ་ནི། འཇིག་རྟེན་རྒྱང་འཕེན་པ་དག་གི་ལྟ་བ་སྟེ། དེ་མཚོན་པར་བྱེད་པ་ཡིན་ལ། འཇིག་རྟེན་རྒྱང་འཕེན་པའི་ལྟ་བ་མ་བཟུང་དུ་ཟིན་ཀྱང་ལས་དང་འབྲས་བུ་ལ་སྐུར་པ་འདེབས་པ་དང་། དཀོན་མཆོག་གསུམ་ལ་མེད་པར་ལྟ་བས་སྐུར་པ་འདེབས་པ་དག་ནི་ལོག་པར་ལྟ་བ་ཡིན་ཞིང་། རྒྱུ་དེས་སྲོག་གཅོད་པ་ལྟ་བུའི་མི་དགེ་བ་བཅུ་ལས་གང་ཡང་རུང་བ་ཞིག་བྱས་ནའང་ལྟུང་བར་འགྱུར་ལ། གཞན་དག་བྱེད་དུ་བཅུག་ནའང་ལྟུང་བར་འགྱུར་ཏེ། འདི་ལ་ལོག་པར་ལྟ་བ་ནི་སྐྱེ་བའི་ཡུལ་དཀོན་མཆོག་གསུམ་དང་འཇིག་རྟེན་གཞན་དང་ལས་དང་འབྲས་བུ་དང་བདེན་པ་རྣམས་ལ་མེད་དོ་ཞེས་མཐའ་གཅིག་ཏུ་ལྟ་བ་ཡིན་པས་དེ་རྣམས་ལས་གང་ཡང་རུང་བ་གཅིག་སྐྱེས་ཀྱང་ལོག་པར་ལྟ་བ་ཡིན་གྱི། ལོག་ལྟར་འགྱུར་བ་ལ་ཡུལ་བཞི་ཀ་ལ་སྐུར་པ་བཏབ་པ་མི་དགོས་སོ། །དེ་བས་ན་འདི་ནི་སེམས་ཀྱི་ལས་ཉིད་ཡིན་པས་སྐྱེས་ཙམ་གྱིས་ལྟུང་བར་འགྱུར་ཞིང་། འོན་ཀྱང་གནས་སྐབས་འདིའི་རྩ་བའི་ལྟུང་བར་འགྱུར་བ་ལ་ནི་གཞན་ཡང་ལྟ་བ་དེ་དང་ལྟ་བའི་རྒྱུས་མི་དགེ་བ་ལ་བཀོད་པས་རྫོགས་པར་འགྱུར་བ་འདྲའོ། །འདི་ནི་གཏི་མུག་གིས་ཀུན་ནས་བསླངས་ཏེ་ལོག་པར་སྟོན་པ་ཡིན་པས་སའི་ལྟུང་བ་བཞི་པའོ། །དེ་དག་ནི་རྒྱལ་པོ་ལ་འབྱུང་བ་ཉེ་བའི་ཕྱིར་རྒྱལ་པོའི་ལྟུང་བ་ཞེས་བྱའོ། །དེ་དག་ལས་ལོག་པར་ལྟ་བ་དོར་ཏེ་མཚམས་མེད་པ་ཡན་ཆད་བཞི་དང་། གྲོང་ལ་སོགས་པ་ཞི་བ་ལྷའི་བསླབ་བཏུས་ལས། ཡང་གྲོང་འཇོམས་པ་དང་། ལྗོངས་འཇོམས་པ་དང་། གྲོང་ཁྱེར་འཇོམས་པ་དང་། ཡུལ་འཁོར་འཇོམས་པར་བྱེད་པ་འདི་ཡང་རྩ་བའི་ལྟུང་བའོ། །ཞེས་པའི་མཆན་ཟིན་དུ། གྲོང་ནི། ཁྱིམ་གཅིག་ལ་སོགས་པ། ལྗོངས་ནི། མི་རིགས་བཞི་གནས་པའི་ཕྱོགས། གྲོང་ཁྱེར་ནི། བཟོ་སྣ་བཅོ་བརྒྱད་ཡོད་པའི་གནས། ཡུལ་འཁོར་ནི། ཙམ་པ་ཀ་ལ་སོགས་པ་ཡུལ་ཆེན་པོ་རྣམས་སོ། །ཡང་གྲོང་བརྡལ་ནི། ཚོང་པ་མང་པོ་ཡོད་པའོ། །འཇོམས་པའི་ལྟུང་བ་སྡེ་ལྔ་ནི། བློན་པོ་ལ་འབྱུང་བར་ཉེ་བའི་ཕྱིར་བློན་པོའི་ལྟུང་བ་ཞེས་ཀྱང་བྱའོ། །དེ་ལ་ལྟུང་བ་འདིའི་གཞི་ནི། གྲོང་ནས་ཡུལ་ལྗོངས་ཀྱི་བར་གང་ཡང་རུང་བའོ། །འདུ་ཤེས་ནི་མི་མཐུན་
པའི་ཕྱོགས་ཀྱི་གནས་ཡིན་པར་སེམས་པའོ། །བསམ་པ་ནི། སེམས་ཅན་གཞན་ལ་གནོད་པས་གྲོང་སོགས་འཇོམས་པར་འདོད་པའི་ཞེ་སྡང་ངོ་། །སྦྱོར་བ་ནི་གནས་དེ་དག་མེ་ལ་སོགས་པས་མ་རུངས་པར་བྱེད་པའོ། །མཐར་ཐུག་པ་ནི་ལན་གཉིས་པ་ཉིད་ཀྱི་ཚེའོ། །འདི་ནི་སྲོག་གཅོད་པ་དང་རྗེས་སུ་མཐུན་པའི་ཕྱིར་སའི་ལྟུང་བ་གསུམ་པའོ། །ལས་དང་པོ་པའི་ལྟུང་བ་བརྒྱད་ལས། དང་པོ་ནི། མདོར། སེམས་ཅན་གང་དག་སྔོན་ཉེས་པ་སྤྱད་པའི་རྒྱུས་སྙིགས་མ་ལྔ་དང་ལྡན་པ་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་པ་དེ་དག་ནི་དགེ་བའི་རྩ་བ་ཆུང་བ་སྟེ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཐེག་པ་ཆེན་པོ་མཆོག་ཏུ་ཟབ་པ་འདི་ཉན་ཏོ། །རིགས་ཀྱི་བུ་བློ་ཆུང་ངུ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ལ། དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་གང་དག་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་མཆོག་ཏུ་ཟབ་པ་འདི་ཉན་པ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དེ་དག་ཇི་ལྟར་ཐོས་པ་དང་ཇི་ལྟར་ཆུབ་པར་བྱས་པ་བཞིན་དུ་སྔ་མའི་བློ་དང་འདྲ་བ་གཞན་དག་གི་མདུན་དུ་དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་རྒྱས་པར་དྲན་པར་བྱེད་ཅིང་བར་ཏུ་སྟོན་ལ། དེ་དག་ནི་ནན་ཏན་ཏུ་མ་སྦྱངས་པས་བྱིས་པ་སོ་སོའི་སྐྱེ་བོ་དག་སྟེ་མཉན་ནས་སྐྲག་ཅིང་སྔངས་ཏེ་དངངས་པར་འགྱུར་ཞིང་། དེ་དག་སྔངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལོག་སྟེ་ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་དང་པོ་སྟེ། ཞེས་བྱ་བ་གསུངས་ཏེ། འདི་ལ་ཡུལ་སྨོན་པའམ་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གང་ཟག་གོ །འདུ་ཤེས་ནི། བྱང་ཆུབ་སེམས་དཔར་འདུ་ཤེས་པའོ། །སྦྱོར་བ་ནི། སྣོད་མ་བརྟགས་པར་ཟབ་མོ་སྟོང་པ་ཉིད་ཀྱི་ཚིག་དང་དོན་ནན་ཏན་གྱིས་བསྟན་པའོ། །མཐའ་ནི་གཞན་ཏེ་སྟོང་པ་ཉིད་ཀྱིས་སྐྲག་ནས་བྱང་ཆུབ་ཀྱི་སེམས་བཏང་བ་སྟེ། དེ་ཡང་གཏོང་བའི་སེམས་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་འདི་མེད་པ་དང་མཐུན་ནོ་ཞེས་སྐུར་པའི་བློས་བཏང་བའོ། །ཐེག་པ་དམན་པར་སེམས་བསྐྱེད་པ་ནི། ཕྱོགས་གཅིག་བསྟན་པ་སྟེ། བྱང་ཆུབ་ཀྱི་
སེམས་བཏང་བ་ཉིད་ཀྱིས་སྟོན་པ་པོ་ལ་ལྟུང་བར་འགྱུར་ལ་ཡུལ་གྱི་བྱང་ཆུབ་སེམས་དཔའ་དེའང་འཇུག་སྡོམ་དང་ལྡན་ན་དེ་ལའང་ལྟུང་བར་འགྱུར་རོ། །འདི་ནི་དམ་ཆོས་འདྲར་སྣང་སྟོན་པ་སྟེ་སའི་ལྟུང་བ་བཞི་པའོ། །ལྟུང་བ་གཉིས་པ་ནི། མདོར། གཞན་ཡང་བྱང་ཆུབ་ཏུ་སེམས་དཔའ་ལས་དང་པོ་པ་ཁ་ཅིག་ལ། འདི་སྐད་དུ། ཁྱོད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་སྤྱད་པར་མི་ནུས། ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་མོད་ཀྱིས། ཁྱོད་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པར་མྱུར་དུ་སེམས་བསྐྱེད་ཅིག་དང་། དེས་ཁྱོད་འཁོར་བ་ལས་ངེས་པར་འབྱུང་ངོ་ཞེས་སྨྲ་བ་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་གཉིས་པ་སྟེ། ཞེས་གསུངས་ཏེ། འདི་ལ་ཡུལ་ནི་སྨོན་པ་བྱང་ཆུབ་སེམས་བསྐྱེད་པའོ། །འདུ་ཤེས་ནི་དེར་ཤེས་པའོ། །ཀུན་སློང་ནི་དེ་ལ་བརྡས་ཏེ་འདིས་ཐེག་པ་ཆེན་པོ་ལ་སློབ་པར་མི་ནུས་སྙམ་དུ་ཁྱད་དུ་གསོད་པའོ། །སྦྱོར་བ་ནི། ཁྱོད་ཀྱིས་རྒྱུ་ཕྱིན་དྲུག་ལ་སློབ་པར་ཡང་མི་ནུས། འབྲས་བུ་སངས་རྒྱས་ཀྱང་ཐོབ་པར་མི་ནུས་པས་ཉན་ཐོས་སུ་སེམས་བསྐྱེད་ཅིག་ཅེས་བརྗོད་པའོ། །མཐའ་ནི་རྒྱུ་དེས་སེམས་བསྐྱེད་པ་བཏང་སྟེ་འདི་དང་སྔ་མ་གཉིས་ཀར་ལན་གཉིས་སུ་སྤྱད་པ་བརྗོད་པར་བྱའོ། །འདི་ལའང་ཐེག་པ་ཆེན་པོ་སྤོང་དུ་འཇུག་པ་སྟེ། སའི་ལྟུང་བ་བཞི་པའོ། །ལྟུང་བ་གསུམ་པ་ནི། མདོར། གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཁ་ཅིག་ལ་འདི་སྐད་དུ། ཀྱེ་སོ་སོ་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་ལེགས་པར་བསྲུངས་པས་ཅི་ཞིག་བྱ། ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་ལྷོགས་ཤིག་དང་། དེས་ན་ཁྱོད་ཀྱིས་ཉོན་མོངས་པའི་རྐྱེན་གྱིས་ལུས་དང་ངག་དང་ཡིད་རྣམས་ཀྱིས་མི་དགེ་བའི་ལས་གང་བསྒྲུབས་པ་དེ་དག་རྣམ་པར་སྨིན་པར་མི་འགྱུར་བར་དག་པར་འགྱུར་རོ། །ཞེས་སྨྲ་བ་འདི་ནི། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་གསུམ་པ་སྟེ། ཞེས་གསུངས་ཏེ། འདི་ལ་ཡུལ་ནི། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའམ་བྱུང་མ་ཟིན་ཀྱང་སོ་ཐར་ལ་སློབ་པར་འདོད་པའོ། །འདུ་ཤེས་ནི། སོ་སོར་
ཐར་པ་ཐེག་ཆེན་གྱི་ལམ་དུ་དགོས་པ་མེད་པར་འདུ་ཤེས་པའོ། །སྦྱོར་བ་ནི། སངས་རྒྱས་སྒྲུབ་པ་ལ་སོ་སོ་ཐར་པ་མི་དགོས་ཏེ། ཉོན་མོངས་པ་སྐྱེས་པའང་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་མཐུས་འཇོམས་སོ། །ཞེས་སྨྲ་བའོ། །མཐའ་ནི་སོ་སོ་ཐར་པ་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་མ་ཡིན་སྙམ་དུ་སེམས་བསྐྱེད་པའོ། །འདི་ཡང་། ཐེག་པ་ཆེན་པོའི་ལམ་གྱི་ཕྱོགས་གཅིག་སྡོམ་པའི་ཚུལ་ཁྲིམས་སྤངས་པ་སྟེ། དེས་ན་སའི་ལྟུང་བ་བཞི་པ་ཐེག་པ་ཆེན་པོ་སྤངས་པ་ཡིན་ནོ། །ལྟུང་བ་བཞི་པ་ནི། མདོར། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཞིག་ལ་འདི་སྐད་དུ། རིགས་ཀྱི་བུ་དག་ཁྱེད་ཉན་ཐོས་ཀྱི་ཐེག་པ་པའི་གཏམ་མ་ཉན་ཅིག་མ་ཀློག་ཅིག་གཞན་དག་ལ་ལུང་མ་འབོགས་ཤིག །ཉན་ཐོས་ཀྱི་ཐེག་པའི་གཏམ་ཚོབས་ཤིག །དེས་ནི་ཁྱོད་ཀྱིས་འབྲས་བུ་ཆེན་པོ་རྙེད་པར་མི་འགྱུར་ཞིང་གཞི་དེས་ནི་ཁྱོད་ཀྱིས་ཉོན་མོངས་པ་མཐར་འབྱིན་པར་མི་ནུས་ཀྱིས། ཐེག་པ་ཆེན་པོའི་གཏམ་འདི་ཉིད་ལ་དད་པར་གྱིས་ཤིག །ཐེག་པ་ཆེན་པོ་ཉོན་ཅིག །ཐེག་པ་ཆེན་པོ་ལྷོགས་ཤིག །གཞན་དག་ལའང་ལུང་ཕོག་ཅིག་དང་། དེས་ན་ཁྱོད་ཀྱིས་ངན་འགྲོ་དང་ངན་སོང་གི་ལམ་ཐམས་ཅད་ཞི་བར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེ་དག་གིས་དེའི་ཚིག་བཞིན་དུ་མཉན་ཏེ་འདི་འདྲ་བའི་བལྟ་བར་གྱུར་པ་བླངས་ན་གཉིས་ཀ་ལའང་རྩ་བའི་ལྟུང་བར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་བཞི་པའོ། །ཞེས་བྱ་བ་གསུངས་ཏེ། འདི་ལ་གཞི་ནི་ཉན་ཐོས་ཀྱི་སྡེ་སྣོད་དོ། །འདུ་ཤེས་ནི་གཉིས་ཀས་ཉན་ཐོས་ཀྱི་སྡེ་སྣོད་དུ་འདུ་ཤེས་པའོ། །བསམ་པ་ནི་ཉན་ཐོས་ཀྱི་ཐེག་པས་ཆགས་སོགས་མི་སྤོང་བ་དང་། ཐེག་ཆེན་གྱིས་སྤོང་བར་སེམས་པ་སྟེ། སྦྱོར་བ་ནི། ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་པ་སྤོང་མི་ནུས་པས་ཐེག་ཆེན་ཁོ་ན་ལ་སློབས་ཤིག་པར་བརྗོད་པའོ། །མཐའ་ནི་ཉན་ཐོས་ཀྱི་ཐེག་པ་ལ། སྤོང་ལམ་མེད་པར་ལྟ་བ་སྐྱེས་སོ། །དེས་ན་འདི་འདྲ་བའི་ལྟ་བ་སྐྱེས་པ་ཉིད་ཀྱིས་ལྟུང་བར་འགྱུར་བའི་ཕྱིར་གཞན་ལ་ལྟ་བ་དེ་བསྐྱེད་པའི་རྒྱུར་བརྗོད་པ་དགོས་ཀྱང་བརྗོད་པ་པོ་བདག་
ཉིད་ལ་ལྟ་བ་སྐྱེས་ཙམ་གྱིས་ལྟུང་བར་འགྱུར་བའི་ཕྱིར། བརྗོད་པ་པོ་ལ་དང་པོར་ལྟུང་བ་བྱུང་ནས་ཡུལ་གཞན་དེ་ལ་ཕྱིས་ལྟུང་བ་འབྱུང་བར་ཤེས་པར་བྱའོ། །འདོམས་པ་པོ་རང་ཉིད་ལ་ལྟུང་བ་འབྱུང་བའི་སྦྱོར་བ་ནི། རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་ཉན་ཐོས་ལ་སྤོང་ལམ་མེད་པའི་རྒྱུ་མཚན་དེ་ཡིད་ལ་བྱེད་པའོ། །ཚུལ་འདིས་ནི་ལྟུང་བ་གསུམ་པ་ལའང་རྟེན་གཉིས་ཀ་ལ་ལྟུང་བ་འབྱུང་བ་འདྲའོ། །འདིའང་ཐེག་པ་ཆེན་པོའི་ཕྱོགས་གཅིག་སྤོང་བ་ཡིན་པའི་ཕྱིར་སའི་ལྟུང་བ་བཞི་པའོ། །ལྟུང་བ་ལྔ་པ་ནི། མདོར། གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དག་ལྕེ་གཉིས་བྱེད་པ་ཡིན་ཏེ། གཞན་དུ་སྟོན་ཞིང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་དང་ཐོབ་པ་དང་བཀུར་སྟིའི་ཕྱིར་ཐེག་པ་ཆེན་པོ་འདི་ཚིག་ཏུ་འདོན་པ་དང་ཁ་ཏོན་བྱེད་པ་དང་ཀློག་པ་དང་སྟོན་པ་དང་ཐོབ་པ་ཙམ་གཞན་ལའང་སྟོན་ལ། འདི་སྐད་དུ། བདག་ནི་ཐེག་པ་ཆེན་པོ་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ཞེས་སྨྲ་ཞིང་བདག་གིས་ཕ་རོལ་པོ་གང་དག་ལས་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་རྙེད་པར་གྱུར་པ་དེའི་རྐྱེན་གྱིས་ཐོབ་པ་དང་བཀུར་སྟིའི་ཕྱིར་དེ་དག་གཞན་དག་ལ་ཕྲག་དོག་བྱེད་དེ། དེ་དག་འཁྲུག་པར་འགྱུར་ཞིང་དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་དོ། །སྨད་དོ། །གཤུང་ངོ་། །རྣམ་པར་སྨད་དོ། །དེ་དག་ལ་འདུད་པ་དེ་རྣམས་ལའང་ཕྲག་དོག་གི་རྒྱུས་བདག་བསྟོད་ཅིང་མིའི་ཆོས་བླ་མ་བདག་ཉིད་ལ་སྒྲོགས་སོ། །དེའི་ཕྱིར་དེ་དག་དངོས་པོ་དེས་ཕམ་པར་འགྱུར་ཞིང་། ཞེས་བྱ་བ་གསུངས་ཏེ། འདི་ས་ལས་བཤད་པའི་ལྟུང་བ་དང་པོ་དེ་ཉིད་ཡིན་པར་བཞེད་པ་ན། ས་ལས་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཏེ་བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ། བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་དང་། ཞེས་པ་ཙམ་ལས་མ་གསུངས་ལ། ནམ་མཁའི་སྙིང་པོའི་མདོ་འདིར་ནི། མིའི་ཆོས་བླ་མ་སྨྲས་པས་བདག་ཉིད་ལ་བསྟོད་པར་གསུངས་ཏེ། སར་ཡང་མིའི་ཆོས་བླ་མ་སྨྲ་བ་ལྟུང་བའི་ཡན་ལག་ཏུ་བྱ་བའམ། ཡང་ན་འདིར་མིའི་ཆོས་བླ་མ་སྨྲ་བ་བདག་ཉིད་བསྟོད་པའི་ཕྱོགས་གཅིག་ཙམ་ཡིན་གྱི་ངེས་པར་དགོས་སོ། །ཞེས་ནི་མི་བྱ་བར་རིགས་སོ། །ཇི་ལྟར་ཡང་རུང་སྟེ། ཡུལ་ནི་གང་ཟག་གཞན་
ཙམ་མ་ཡིན་གྱི་བྱང་ཆུབ་སེམས་དཔའོ། །འདུ་ཤེས་ནི། ཕ་རོལ་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས། དཀའ་བས་གཞན་གྱི་བཀུར་སྟིའི་གནས་སུ་འདུ་ཤེས་པ་ཙམ་མོ། །བསམ་པ་ནི་དེ་ལ་སྨད་པས་དེ་ལ་གུས་པའི་སྐྱེ་བོ་དང་ལོངས་སྤྱོད་རྣམས་བདག་ཉིད་ལ་འོང་དུ་རེ་བའོ། །སྦྱོར་བ་ནི། དེའི་རྙེད་བཀུར་ལ་ཕྲག་དོག་པའི་སྒོ་ནས་དེའི་སྐྱོན་བདེན་པའམ་རྫུན་པ་གང་ཡང་རུང་བ་བརྗོད་ཅིང་བདག་ཉིད་ལ་མེད་པའི་ཡོན་ཏན་ཡོད་པར་སྒྲོགས་པའོ། །མཐའ་ནི་བསྟོད་སྨད་ཀྱི་ཚིག་སྐྱེ་བོ་གཞན་གྱིས་གོ་བའོ། །རྗེ་ཆོས་ཀྱི་བཟང་པོ་ནི། བྱང་ཆུབ་ཀྱི་སེམས་གཏོང་བའང་སའི་ལྟུང་བ་དང་པོ་འདི་ཉིད་ཡིན་པར་བཞེད་དེ། དེ་ནི་སྤྱོད་པ་ལ་འཇུག་པ་ལས། གང་ཞིག་གཞན་འབྱོར་ཁྲོ་དེ་ལ། །བྱང་ཆུབ་སེམས་ནི་ག་ལ་ཡོད། །ཅེས་གསུངས་པ་དེ་དང་མཐུན་པར་སྣང་ངོ་། །ལྟུང་བ་དྲུག་པ་ནི། མདོར། གཞན་ཡང་མ་འོངས་པའི་དུས་ན་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་སེམས་དཔའ་ནན་ཏན་དུ་སྦྱངས་པ་མཁས་པ་སྐྱེས་བུ་ཆེན་པོ་གཟུངས་དང་བཟོད་པ་དང་ཏིང་ངེ་འཛིན་གྱི་ས་ལ་ལེགས་པར་སྦྱངས་པ་བྱས་པ་རྣམས་ཀྱི་སྤྱོད་ཡུལ་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་གང་ཡིན་པ་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་འཛིན་ཅིང་མཆོག་ཏུ་འདོན་ལ་ཁ་ཏོན་བྱེད་ཅིང་། གཞན་དག་ལའང་རྒྱ་ཆེར་ཀློག་ཅིང་རབ་ཏུ་སྟོན་ཏེ། ཆོས་འདི་དག་ཁོ་བོ་ཉིད་ཀྱི་བློས་རྟོགས་ནས་ཁོ་བོ་སྙིང་རྗེ་བས་དེ་བཞིན་དུ་ཁྱོད་ལ་བསྟན་གྱིས། ཁྱོད་ཀྱིས་ཀྱང་ཅི་ནས་འདི་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་མངོན་སུམ་དུ་འགྱུར་བ་དེ་ལྟར་སྒོམས་ཤིག །དེ་ལྟར་བྱས་ན་ཁྱོད་དེ་ལྟར་ཁོ་བོ་བཞིན་དུ་ཡེ་ཤེས་མཐོང་བར་འགྱུར་རོ་ཞེས་སྨྲའོ། །འདི་སྐད་དུ། ཁོ་བོས་མདོ་སྡེ་ཟབ་མོ་ཟབ་པ་འདི་ལྟ་བུ་བཀླགས་པ་ཙམ་གྱིས་བསྟན་པར་ཟད་ཀྱི་མངོན་སུམ་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་པ་སྟེ། རྙེད་པ་དང་བཀུར་སྟིའི་ཕྱིར་བདག་འཚོང་ཞིང་དེའི་རྐྱེན་གྱིས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྤྱན་སྔར་ཉེས་པ་དང་བཅས་པ་ཡིན་ཏེ། ཆེན་པོའི་
ལྟུང་བར་འགྱུར་རོ། །ཞེས་གསུངས་ཏེ། འདི་ལ་གཞི་ནི་ཐེག་པ་ཆེན་པོའི་མཐོང་བའི་ལམ་གྱི་སྒོམ་སྤང་སྤང་བ་ཡན་ཆད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །དེ་བདག་ཉིད་ལ་མི་ལྡན་པར་ཤེས་པ་ནི་འདུ་ཤེས་སོ། །བསམ་པ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པས་ཁོ་བོས་ཆོས་འདི་མངོན་སུམ་དུ་བྱས་པར་སྨྲས་ན་རྙེད་པ་དང་བཀུར་སྟི་འོང་དུ་རེ་བའོ། །སྦྱོར་བ་ནི་འདིའི་དོན་མངོན་སུམ་དུ་མ་བྱས་ཀྱང་བྱས་སོ་ཞེས་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་གཞན་ལ་བཤད་པའམ་མདོ་སྡེ་དངོས་སུ་མ་བཤད་ཀྱང་བདག་ཉིད་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་སྟོན་པའི་ཚིག་མང་དུ་སྨྲས་པའོ། །མཐའ་ནི་ཡུལ་གྱིས་བཤད་པའི་དོན་གཞན་རྟོགས་སམ་མ་རྟོགས་ཀྱང་རུང་བྱང་ཆུབ་སེམས་དཔས་སྟོང་ཉིད་མངོན་སུམ་དུ་བྱས་པར་ཁས་ལེན་ཏེ་སྙམ་དུ་གོ་བའོ། །འདིའང་སའི་ལྟུང་བ་དང་པོའི་ཁོངས་སུ་གཏོགས་པ་ཡིན་མོད་ཀྱི། ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བའི་ལྟུང་བ་ལྔ་པ་དང་མི་འདྲ་སྟེ། ལྟུང་བ་ལྔ་པ་ནི། བདག་ལ་བསྟོད་པ་དང་འགྲན་ཟླའི་བྱང་ཆུབ་སེམས་དཔའ་གཞན་ལ་སྨོད་པ་ལས་ལྟུང་བར་གྱུར་པ་ཡིན་ལ། འདི་ནི་འགྲན་ཟླ་གཞན་ལ་སྨད་པ་མེད་དུ་ཟིན་ཀྱང་རྫུན་གྱིས་བདག་ཉིད་བསྔགས་པ་ལས་ལྟུང་བར་གྱུར་པ་སྟེ་ཁྱད་པར་ནི་དེ་ཡོད་དོ། །ལྟུང་བ་བདུན་པ་ནི། མདོར། རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་དུས་ན་རྒྱལ་རིགས་རྣམས་ཀྱི་མདུན་ན་འདོན་གདོལ་པ་དང་བློན་པོ། གདོལ་པ་དང་ཤོར་པ་གདོལ་པ་བླུན་པོ་མཁས་པའི་ང་རྒྱལ་ཅན་ནོར་ཆེ་བ་ལོངས་སྤྱོད་ཆེ་བ་དག་འབྱུང་སྟེ། དེ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམ་པ་ལྔ་མང་པོ་དག་ལ་སྣང་སྟེ། གཏོང་བས་རྒྱགས་ཤིང་དྲེགས་པ་དེ་དག་ང་རྒྱལ་དང་རྒྱགས་པ་དང་དྲེགས་པས་རྒྱལ་རིགས་དང་དགེ་སྦྱོང་དང་། དགེ་སྦྱོང་དང་རྒྱལ་རིགས་རྣམས་འབྱེད་པའི་དབྱེན་བྱེད་ཅིང་། དེ་དག་རྒྱལ་རིགས་ལ་བརྟེན་ནས་དགེ་སྦྱོང་རྣམས་ལ་ཆད་པས་གཅོད་དུ་འཇུག །ཆད་པས་ནོར་འཕྲོག་ཏུ་འཇུག་སྟེ། གནོན་པ་དེས་དགེ་སྦྱོང་དེ་དག་གང་ཟག་གིའམ་དགེ་འདུན་གྱིའམ་ཕྱོགས་བཞིའི་དགེ་འདུན་གྱིའམ་མཆོད་རྟེན་གྱི་དག་དགེ་སྦྱོང་རྣམས་རྐུར་བཅུག་ནས་དེ་དག་ལ་གསུག་ཏུ་འབུལ་ལོ། །གདོལ་པ་དེ་དག་གིས་ཀྱང་རྒྱལ་རིགས་དེ་དག་
ལ་འབུལ་བར་འགྱུར་ཏེ། དེ་དག་གཉིས་ཀ་ལ་རྩ་བའི་ལྟུང་བར་འགྱུར་རོ། །འདི་ནི་རྩ་བའི་ལྟུང་བ་བདུན་པའོ། །ཞེས་བྱ་བ་གསུངས་ཏེ། འདི་ལ་གཞི་ནི་རྒྱལ་རིགས་སམ་དེ་མ་ཡིན་ཡང་དབང་ཆེ་བ་ཁྱིམ་པའམ་རབ་ཏུ་བྱུང་བ་དག་ཀྱང་རུང་སྟེ། དེ་དང་། ཆོས་འདི་པའི་དགེ་སློང་དང་དགེ་སྦྱོང་རྫས་དང་བཅས་པའོ། །འདུ་ཤེས་ནི་དེ་དག་མ་ནོར་བར་ཤེས་པའོ། །བསམ་པ་ནི་དགེ་སློང་དང་དགེ་སྦྱོང་དམའ་དབབ་པར་འདོད་པའོ། །སྦྱོར་བ་ནི། བདེན་ནམ་རྫུན་ཡང་རུང་སྟེ་དབང་ཆེ་བ་དང་དགེ་སློང་དང་དགེ་སྦྱོང་ཕྲ་མས་ཕྱེ་ནས་དབང་ཆེ་བས་དགེ་སློང་དང་དགེ་སྦྱོང་ལ་ཆད་པ་གཅོད་དུ་བཅུག །དེའི་རྐྱེན་གྱིས་ཆད་པ་བཟློག་པའི་ཕྱིར་དཀོན་མཆོག་གི་དཀོར་རྐུར་བཅུག །རྐུར་བཅུག་པའི་ནོར་དགེ་སློང་དང་དགེ་སྦྱོང་གིས་ཕྲ་མ་བྱེད་པ་ལ་གསུག་ཏུ་ཕུལ། ཕྲ་མ་བྱེད་པ་དེས་ནོར་དེ་ལས་དབང་ཆེ་བ་དེ་ལ་ཕུལ་བའོ། །མཐའ་ནི་ཕྲ་མ་བྱེད་པ་དང་དབང་ཆེ་བས་ནོར་དེ་བདག་གིར་བྱས་པའོ། །དེས་ཕྲ་མ་བྱེད་པ་པོ་དང་དབང་ཆེ་བ་གཉིས་ཀ་ལ་ལྟུང་བར་འགྱུར་ལ། ཕྲ་མའི་ཡུལ་དགེ་སློང་དང་དགེ་སྦྱོང་ནི་རྒྱལ་པོའི་ལྟུང་བ་གསུམ་པའི་རིགས་པས་ཚུལ་ཁྲིམས་དང་ལྡན་མི་ལྡན་གང་ཡིན་ཀྱང་རུང་བ་འདྲའོ། །འོ་ན་ཡང་རྒྱལ་པོའམ་བློན་པོའི་ལྟུང་བ་ཞེས་མི་གདགས་པ་ཅི་ཞེ་ན། འདི་ཕྲ་མ་བྱེད་པ་པོ་ཡང་བློན་པོར་མ་ངེས་ཀྱི། རབ་ཏུ་བྱུང་བས་བྱས་ནའང་ལྟུང་བར་འགྱུར་ལ། དབང་ཆེ་བའང་ཁྱིམ་པར་མ་ཟད། རབ་ཏུ་བྱུང་བ་ཡིན་ཡང་རུང་བར་བསམས་སོ། །དེ་བས་ན་རྒྱལ་པོ་དང་བློན་པོའི་ལྟུང་བར་མི་གདགས་སོ། །འདི་ནི་གཞན་གྱི་ནོར་འཕྲོག་ཅིང་ཆད་པས་གཅོད་པའི་ཕྱིར་སའི་ལྟུང་བ་གསུམ་པ་ཡིན་ནོ། །ལྟུང་བ་བརྒྱད་པ་ནི། མདོར། རྒྱལ་རིགས་གདོལ་པ་དེ་དག་ཀྱང་དགེ་སྦྱོང་རྣམས་ལ་རབ་ཏུ་སྡང་བར་འགྱུར་ཏེ། ཆོས་འདི་ལྟ་བུ་ནི། ཆོས་མ་ཡིན་པར་འདོགས་ཤིང་ཆོས་སྤངས་ནས་ཆོས་མ་ཡིན་པ་ལ་འཇོག་པར་འགྱུར་རོ། །མདོ་དང་འདུལ་བ་དང་བསླབ་པ་ལ་མི་ལྟ་ཞིང་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་སྤངས་ཏེ་སྙིང་རྗེ་ཆེན་པོའི་ཚུལ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་དང་། ཐབས་ལ་མཁས་པའི་བསླབ་པ་དང་མདོ་སྡེ་གཞན་དག་ལས་བསླབ་པ་བསྟན་པ་དེ་དག་ཀྱང་སྤངས་
ནས་ཆོས་འདི་ལྟ་བུ་དང་ལྡན་པའི་དགེ་སློང་རྣམས་ལ་གཙེ་བའི་ཕྱིར་བཀའ་ཁྲིམས་གང་གིས་དགེ་སློང་རྣམས་ལ་གནོད་པར་འགྱུར་བ་དང་། ཞི་གནས་དང་ལྷག་མཐོང་དང་མཐུན་པའི་རྣལ་འབྱོར་ཡིད་ལ་བྱེད་པ་འདོར་བར་བྱེད་པ་དང་། འཕྱ་བ་དང་། གནོད་སེམས་མང་དུ་འགྱུར་བའི་ཁྲིམས་འཆའ་བར་བྱེད་དོ། །རྒྱུ་དེས་ན་དགེ་སློང་རྣམས་ཉེ་བར་མ་ཞི་བས་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་མི་འགྱུར། བསྲབས་པར་མི་འགྱུར་རོ། །དེའི་ཚེ་དགེ་སློང་དེ་དག་བསམ་པ་ཉམས་པར་འགྱུར། ཚུལ་ཁྲིམས་ཉམས་པར་འགྱུར། ཆོ་ག་ཉམས་པར་འགྱུར། ལྟ་བ་ཉམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྒྱིད་ལུག་པར་འགྱུར་བ་དང་། བྱ་བ་མང་བར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་ལུག་བོང་ལྟར་སྤྱོད་པས་སོ། །རིག་པར་བྱ་བའི་ཆོས་སྟོན་པ་དེ་དག་ཀྱང་ལྷག་པར་རྒྱལ་རིགས་འཁོར་དང་བཅས་པའི་བཀུར་སྟི་བྱས་པར་འགྱུར། རིམ་གྲོ་དང་མཆོད་པ་བྱས་པར་འགྱུར་རོ། །དེ་དག་ཀྱང་ཁྱིམ་པ་རྣམས་ལ་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པར་འགྱུར་རོ། །རྒྱལ་རིགས་འཁོར་དང་བཅས་པ་དེའང་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ལ་རབ་ཏུ་སྡང་བར་འགྱུར་འཕྱ་བར་འགྱུར་ཏེ། དེས་ན་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་གང་ཡིན་པ་དེ་དགེ་སློང་ཁ་ཏོན་བྱེད་པ་ལ་དགའ་བ་རྣམས་ལ་སྦྱིན་པར་འགྱུར་ཏེ་དེ་དག་གཉིས་ཀའང་རྩ་བའི་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་བསམ་གཏན་པ་ནི་ཞིང་དམ་པ་ཡིན་གྱི། ཀློག་པ་དང་ཞལ་ཏ་བྱེད་པ་ལ་གནས་པ་དང་ཀློག་པ་ལ་བརྩོན་པ་ནི། ཏིང་ངེ་འཛིན་དང་གཟུངས་དང་བཟོད་པའི་ས་རྣམས་ཀྱི་སྣོད་དུ་གྱུར་པའམ། ཤིན་ཏུ་སྦྱིན་གནས་སུ་གྱུར་པའམ། སྣོད་དུ་གྱུར་པ་དང་། འཇིག་རྟེན་ལ་སྣང་བར་བྱེད་པའམ། ཉེ་བར་སྟོན་པར་བྱེད་པའམ། ལས་ཀྱི་ཞིང་དང་ཉོན་མོངས་པའི་ཞིང་ལས་སེམས་ཅན་རྣམས་སྒྲོལ་བ་དང་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་འཇོག་པ་མ་ཡིན་པའི་ཕྱིར་ཏེ། རིགས་ཀྱི་བུ་བརྒྱད་པོ་འདི་དག་ནི་རྩ་བའི་ལྟུང་བའོ། །ཞེས་བྱ་བ་གསུངས་ཏེ།
འདི་ལ་གཞི་ནི། བསམ་གཏན་བྱེད་པའི་ལོངས་སྤྱོད་དོ། །འདུ་ཤེས་ནི། སངས་རྒྱས་ཀྱི་བསྟན་པ་དང་བསྟན་པ་མ་ཡིན་པའི་ཁྱད་པར་མི་ཤེས་པས་བསམ་གཏན་པ་དག་ཆོས་མ་ཡིན་པ་ལ་སྤྱོད་པར་ཤེས་ཤིང་ཆོས་སྨྲ་བ་ཁོ་ན་བསྟན་པ་འཛིན་པར་འདུ་ཤེས་པའོ། །བསམ་པ་ནི། བསམ་གཏན་པའི་ལོངས་སྤྱོད་འཕྲོག་པར་སེམས་པ་དང་། ཆོས་སྨྲ་བ་པོས་བསམ་གཏན་པ་ལས་བདག་ཉིད་ཞིང་དམ་པར་ཤེས་པའོ། །སྦྱོར་བ་ནི། བསམ་གཏན་པའི་ལོངས་སྤྱོད་སྤྱོད་པའམ་ལོངས་སྤྱོད་འཕྲོགས་ནས་བདག་གིར་བྱས་པའམ། བསམ་གཏན་པའི་ལོངས་སྤྱོད་ཆོས་སྨྲ་བ་ལ་སྦྱིན་པའོ། །མཐའ་ནི་བསམ་གཏན་པའི་ལོངས་སྤྱོད་ཕྲོག་པ་པོས་ལོངས་སྤྱོད་རྣམས་བདག་ཉིད་ཀྱི་ཡིན་པར་བློས་མཚམས་བྱས་པ་དང་། ཆོས་སྨྲ་བས་ལོངས་སྤྱོད་དེ་རང་ལ་སྦྱིན་པ་ན་ཡང་བདག་ཉིད་ཀྱི་ཡིན་པར་བློས་མཚམས་བྱས་པའོ། །འདི་ནི་དམ་ཆོས་འདྲར་སྣང་སྟོན་པ་སྟེ་སའི་ལྟུང་བ་བཞི་པའོ། །རྩ་བའི་ལྟུང་བ་བཅུ་བཞི་པོའི་རྣམ་པར་བཞག་པ་རང་གི་བློས་ཇི་ཙམ་ནུས་པ་དང་སྦྱར་ཏེ་བཀོད་པ་ཡིན་ལ། སློབ་དཔོན་ཨ་བྷ་ཡས་ནི་ལས་དང་པོ་པའི་ལྟུང་བ་བདུན་པ་དང་བརྒྱད་པ་གཉིས་པོ་སའི་ལྟུང་བ་གསུམ་པ་དང་སྦྱོར་ཏེ། གཉིས་ཀ་མ་སྦྱིན་པར་ལེན་པའི་བྱ་བ་ཡིན་པས་འཐད་པ་འདྲའོ། །གསུམ་པ་དང་བཞི་པ། བདག་བསྟོད། གཞན་སྨོད་དུ་བསྡུ་བར་བཞེད་ཀྱང་། དམ་ཆོས་ལྟར་སྣང་སྟོན་པའི་ཕྱོགས་སུ་བྱས་ན་ཉེའོ། །སྤྱིར་ན་གནས་འདི་དག་ལ་ཤིན་ཏུ་གསལ་བའི་བཤད་པ་ཉུང་བས་བདག་ཉིད་ཀྱི་བློའི་གོམས་པ་བསྐྱེད་པའི་ཕྱིར་བྲིས་པ་ཡིན་ལ། བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ཡིན་ཕན་ཆད། སའི་བཞི་པོར་འདུ་བར་མ་བྱས་ན་རྩ་བའི་ལྟུང་བའི་ཕྱོགས་ཙམ་ལས་མ་བརྗོད་པས་སློབ་དཔོན་ཐོགས་མེད་ཀྱིས་མི་མཁྱེན་པའམ། མཁྱེན་ཡང་བཏང་སྙོམས་སུ་མཛད་ན། མཛད་པར་འོས་པ་མ་མཛད་པའི་ཉེས་པས་གོས་པར་འགྱུར་རོ་སྙམ་དུ་བསམས་ནས། ནམ་མཁའི་སྙིང་པོའི་བཅུ་བཞི་པོ་ཐམས་ཅད་ཐོགས་མེད་ཀྱི་རྩ་བའི་ལྟུང་། ནམ་སྙིང་གི་མདོའི་རྩ་ལྟུང་རྣམས་བྱང་སའི་རྩ་ལྟུང་དུ་འདུ་ལུགས་ཀྱི་བཤད་པ་འདི་ནི་ལོ་ཆེན་བསོད་ནམས་རྒྱ་མཚོས་མཛད་པར་སྣང་སྟེ། མ་དཔེའི་ཞབས་ནས་ཅུང་ཟད་མ་ཚང་འདུག་པ་སླར་
རྙེད་ན་བསབ་པར་བྱའོ། །སྨྱོས་བཙུན་རྨོངས་པ་དྷརྨ་ཤྲཱི་ཡིས། །རང་གི་ལྟ་དཔེར་ཡར་འབྲོག་དགའ་ལྡན་དུ། །ཕྱིན་དུས་ཕར་ཕྱིར་ཚུགས་མལ་ས་རུ་བྲིས། །དགེ་དེས་བླ་མེད་ཚུལ་ཁྲིམས་རྣམ་དག་ཤོག། །།
ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་སྡེའི་བཅའ་ཁྲིམས་ཀྱི་ཡི་གེ་བླང་དོར་གསལ་བར་བྱེད་པའི་ཉི་མ། རིག་འཛིན་འགྱུར་མེད་རྡོ་རྗེ།
ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་སྡེའི་བཅའ་ཁྲིམས་ཀྱི་ཡི་གེ་བླང་དོར་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ།
ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་སྡེའི་བཅའ་ཁྲིམས་ཀྱི་ཡི་གེ་བླང་དོར་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས་སོ། །
རྫོགས་སངས་རྒྱས་ཀུན་ཡོན་ཏན་ཕུང་པོའི་དཔྱིད། །ངོ་མཚར་སྒྱུ་མར་འབྱམས་ཀླས་རྡོ་རྗེའི་སྐུ། །རིགས་བརྒྱའི་མགོན་པོར་ཡོངས་གྲུབ་པདྨ་འབྱུང་། །བརྒྱུད་པར་བཅས་པའི་རིག་འཛིན་ཚོགས་རྣམས་རྒྱལ། །དོན་དམ་ཆོས་དབྱིངས་འགྱུར་བ་མེད་སྐུ་དངོས་པོ་ཀུན་གྱི་ངོ་བོ་ཉིད། །མ་འགགས་རྣམ་རོལ་ལོངས་སྤྱོད་རྫོགས་སྤྲིན་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །འགྲོ་ལ་རྗེས་ཆགས་སྤྲུལ་པའི་སྒྱུ་འཕྲུལ་ཐུགས་རྗེ་མཚུངས་མེད་ཤཱཀྱའི་རྒྱལ། །དེས་གསུང་དམ་ཆོས་ཚོགས་ཀྱི་ཞིང་མཆོག་འཇིག་རྟེན་གསུམ་མགོན་དེར་ཕྱག་འཚལ། །སྒྲིབ་བྲལ་ཡེ་ཤེས་གཟིགས་པས་རང་གི་འཁོར། །རྣམ་གྲོལ་ལམ་ལ་འགོད་ཕྱིར་བཅས་པའི་ཁྲིམས། །བསླབ་གསུམ་རིན་ཆེན་ཕན་བདེའི་འབྱོར་པ་ཅན། །རྒྱལ་སྲས་རྒྱ་མཚོའི་སྤྱི་བོས་བསྟེན་བྱར་གྱུར། །དེ་ཡི་བླང་དོར་གསལ་བྱེད་དྲི་མེད་འོད། །ཉེས་བརྒྱའི་མུན་པ་སེལ་བའི་ཉིན་མོར་བྱེད། །སྙིང་སྟོབས་ཤར་རིའི་ཕྲག་པར་གར་རྩེ་བ། །འདི་ལས་ཕན་བདེའི་ལམ་བཟང་ཅི་ཡང་མཚོན། །དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་རྨད་དུ་བྱུང་བའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་རྩོད་པའི་དུས་འདིར་མཆོག་གི་སྤྲུལ་པའི་སྐུར་སྣང་བར་མཛད་དེ། ཞི་བ་བདུད་རྩི་དམ་པའི་ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་གདུལ་བྱའི་སྐལ་བ་དང་མཚུངས་པར་བསྐོར་ཞིང་། ས་བཅུའི་དབང་ཕྱུག་རྣམས་དང་དགྲ་བཅོམ་པ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་བཀའི་བསྡུ་བ་རིམ་པར་མཛད། རྒྱལ་བས་ལུང་བསྟན་པའི་རྒྱན་དྲུག་མཆོག་
གཉིས་སོགས་པཎ་གྲུབ་ཤིང་རྟ་ཆེན་པོ་རྣམས་ཀྱིས་འཛིན་སྐྱོང་རྒྱ་ཆེར་སྤེལ་བ་ལས། གངས་རིའི་ལྗོངས་འདིར་སྤྱིར་འཇམ་དཔལ་རྩ་བའི་རྒྱུད་ལས་ལུང་བསྟན་པའི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དར་བར་མཛད་ཅིང་། ཁྱད་པར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་ཀུན་ངོ་བོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་སོགས་པཎ་གྲུབ་མང་པོ་སྤྱན་དྲངས་ཤིང་གཙུག་ཏུ་མཆོད། རྒྱལ་བསྟན་ཉིན་མོར་བྱེད་པའི་སྣང་བས་བོད་ཡུལ་མུན་པའི་གླིང་ལྟ་བུ་ཡང་ཕན་བདེའི་སྣང་བ་མཆོག་གིས་དཀར་པོར་མཛད་མོད། འོན་ཀྱང་འགྲོ་བའི་བསོད་ནམས་མ་ཡིན་པའི་རྒྱུ་ལས་སྡིག་སྤྱོད་རྒྱལ་པོའི་ལུང་གིས་བར་སྐབས་སུ་མི་གསལ་བར་གྱུར་པ་ན། བླ་ཆེན་མཁན་བརྒྱུད་དང་སྔགས་འཆང་ཆེན་པོ་རྣམས་གྱིས་བསྟན་པའི་སྲོག་བཟུང་། ཁྱད་པར་སོ་ཟུར་གནུབས་གསུམ། ཉང་། ཆོས་དབང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་རིམ་པར་བྱོན་པ་དེ་རྣམས་ཀྱིས། སྔོན་གྱི་ཤིང་རྟ་ཆེན་པོ་དེ་དག་གིས་ལེགས་པར་ཕྱེ་བའི་ཐེག་པ་གསུམ་གྱི་ལམ་སྲོལ་མཐའ་དག་འཁྲུལ་མེད་དུ་གསལ་བར་མཛད་པའི་རིང་ལུགས་དྲི་མ་མེད་པ་འདི་ནི། ཐ་སྙད་ཀྱི་རྣམ་པར་རྟོག་པས་བརྟགས་པའི་མཐའ་ཙམ་མ་ཡིན་པར་རྒྱལ་བ་སྲས་དང་བཅས་པའི་བཞེད་གཞུང་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་ངེས་དོན་བསྟན་པ་རྒྱ་མཚོའི་སྙིང་པོར་གནས་པ་ཡིན་ལ། དེས་ན་ལུས་ཅན་མཐའ་དག་གི་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་གཅིག་པུར་གྱུར་པ་ནི་འདི་ཁོ་ནའོ། །དེ་ལའང་ལུང་རྟོགས་ཀྱི་དབྱེ་བས་གཉིས་ཏེ། མཁས་མཆོག་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། ལུང་གི་བསྟན་པ་ནི་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་གནས་པས། རྟོགས་པའི་བསྟན་པ་ཡང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དུ་ངེས་པའོ། །དེ་ཉིད་འཛིན་པར་བྱེད་པའི་གང་ཟག་གི་རིམ་པ་ཡང་རྣམ་པ་གཉིས་ཏེ། དེ་འཛིན་བྱེད་པོ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ཀློག་པ་ཐོས་བསམ་དང་། སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་རྣམ་པ་གཉིས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་
འཛིན་སྐྱོང་དང་། རང་གཞན་མཐའ་དག་གི་མཐར་ཐུག་གི་འབྲས་བུ་དོན་དུ་གཉེར་དགོས་པ་ཁོ་ནའོ། །དེ་གཉིས་ཀའང་གཞི་ཚུལ་ཁྲིམས་རྣམ་པར་དག་པས་ཡོངས་སུ་བསྡམས་པའི་གང་ཟག་ལ་རག་ལས་པར་གདའ་ནའང་། སྙིགས་དུས་ཀྱི་བསྐལ་པས་ཆོས་པར་རློམ་པའི་གང་ཟག་ཕལ་ཡང་བག་མེད་པའི་སྤྱོད་པ་བརླང་པོར་སྤྱོད། ཚུལ་དེས་བསྟན་པ་ཉམས་དམས། གཟུགས་བརྙན་ཞིག་ཏུ་ཉེ་བ་བློས་མ་བཟོད་དེ་བསྟན་པའི་སྙིང་པོ་མཆོག་གི་སྲོལ་ཁ་བཟང་པོ་མི་ཉམས་པ་དང་། རང་གཞན་མཐའ་དག་གི་ཕན་བདེའི་ཞིང་དུ་འདུས་པའི་སྡེ་འདི་ཉིད་གསར་དུ་སྤེལ་བ་ལ། ལྷག་པའི་བསམ་པ་རྣམ་པར་དཀར་བས་གཞི་བཟུང་བཟོད་པར་དཀའ་བའི་རྐྱེན་དུ་མ་ལ་ཇི་མི་སྙམ་པའི་སྦྱོར་བས་ཁྱད་དུ་བསད་དེ། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པ་ཆེན་པོས་བསྒྲུབས་པ་ལ། ཐོག་མར་དགེ་འདུན་བརྒྱད་གྲྭ་ཙམ་ལ་བརྟེན་ནས་འདུལ་བའི་བཅའ་སྒྲིགས་སོགས་ལེགས་ཚོགས་གྱི་རྟེན་འབྲེལ་ས་བོན་གྱི་ཚུལ་དུ་ཚུགས། ༈ དེ་ནས་མི་རིང་བར་སྙིགས་དུས་རྒྱལ་བའི་རྒྱལ་ཚབ་ཡེ་ཤེས་ཆེན་པོས་བདུད་ཀྱི་གཡུལ་ལས་རྒྱལ་ཞིང་། བསོད་ནམས་ཀྱི་དཔུང་པས་ས་ཆེན་པོ་ལ་ཕྲིན་ལས་ཀྱི་མངའ་དབང་བསྒྱུར་བ་ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྡེའི་ཞབས་དང་། དེའི་ཕྲིན་ལས་ཀྱི་མངགས་གཞུགས་ཆོས་རྒྱལ་སངས་རྒྱས་རྒྱ་མཚོ་སོགས་ས་སྐྱོང་རིམ་པར་བྱོན་པ་དང་བཅས་པ་རྣམས་ཀྱིས་མཐུན་པའི་རྐྱེན་མཐའ་དག་ལེགས་པར་བསྩལ་བའི་མཐུ་ལས། རང་ལོ་ཉེར་ལྔ་པ་ལྕགས་ཕོ་ཁྱི་ལོ་ས་གས་ཉ་བའི་ཡར་ངོའི་ཚེས་བཅུ་གཟའ་སྐར་སྦྱོར་བྱེད་ཕུན་སུམ་ཚོགས་པ་ལ་དགེ་འདུན་གྱི་འདུ་ཚོགས། རྒྱུན་གྱི་བསྙེན་བཀུར། བཅའ་བ་ཆོས་ཀྱི་ཁྲིམས་སོགས་གཏན་ལ་ཕབ་ནས་འདུས་སྡེ་འདི་ཉིད་ལེགས་པར་བཙུགས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་མཚན་གྱི་དགེ་ལེགས་འཇིག་རྟེན་གསུམ་དུ་བསྒྲགས་པས་བཀྲ་ཤིས་པར་བྱས། དེ་ནས་ལོ་བདུན་འདས་པ་མེ་ཕོ་འབྲུག་གི་ལོ་ལ་གནས་མལ་གྱི་གཞིའི་གཙུག་ལག་ཁང་ཁྱམས་འཁོར་ས་བྲང་ཁང་དང་བཅས་པ་བསྒྲུབས། ཐུབ་ཆེན་བདུད་ལས་རྒྱལ་བ་མཐོང་བས་རྣམ་པར་གྲོལ་བ་སོགས་དཀོན་མཆོག་གསུམ་གྱི་རྟེན་ངོ་མཚར་བྱིན་རླབས་ཀྱི་
དཔལ་དང་ལྡན་པ་དུ་མ་བསོད་ནམས་ཀྱི་ཞིང་དུ་སྤྱན་འདྲོངས། ཕུན་སུམ་ཚོགས་པའི་སྤྲིན་གཏིབས། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱིས་བཀུར་ཞིང་མཆོད་པར་འོས་པའི་ཡོན་ཏན་མོད་མི་དམའ་བས་ལེགས་པར་བརྒྱན་པའི་བཀྲ་ཤིས་ཀྱི་གཙུག་ལག་ཁང་ཆེན་པོ་འདིར་གཉུག་མར་གནས་པའི་དགེ་འདུན་རྣམས་དང་། རྣམ་པར་དཀར་བའི་ཕྲིན་ལས་སྤེལ་བ་ལ་ཕྱོགས་གཞན་དུ་རྒྱུ་བ་དང་བཅས་པའི་སྡེ་འདིའི་དགེ་འདུན་དུ་གཏོགས་པ་མཐའ་དག་གིས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ངེས་དོན་ཟབ་མོའི་གྲུབ་པའི་མཐའ་འདི་ལ་བརྟེན་ནས་བལྟ་བ་དང་། ནན་ཏན་དུ་བྱ་བ་དང་། བརྟུལ་ཞུགས་དང་། དེ་དག་གི་བསླབ་པ་དང་། འདུལ་བ་ཀུན་ཏུ་སྤྱོད་པའི་ཡན་ལག་ཏུ་གྱུར་པའི་བླང་དོར་གྱི་གནད་རྣམས་མི་བསྐྱུད་པར་བྱ་བའི་ཕྱིར་ཡི་གེར་སྤེལ་བ་ལ། དང་པོར་ལུང་དང་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་དག་སྐྱེ་བ་དང་། གནས་པ་དང་། འཕེལ་བའི་རྟེན་ནི་ཚུལ་ཁྲིམས་ཀྱི་བསླབ་པ་ཁོ་ན་ཡིན་ཏེ། དཔུང་བཟང་གིས་ཞུས་པ་ལས། ཇི་ལྟར་ལོ་ཐོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཞེས་དང་། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནན་ཏན་དུ་བྱ་བ་ནི་ཤིན་ཏུ་གཅེས་སོ། །དེ་ཉིད་གང་ལས་སྟོན་པའི་ལམ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ཉིད་གཞིར་གྱུར་པ་སྟེ། ཇི་སྐད་དུ། སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོ་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡིན། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །ཅེས་གསུངས་པ་བཞིན་ནོ། །༈ དེའི་ཕྱིར་ཐོག་མར་སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པ་རབ་བྱུང་གི་གཞིའི་སྐབས་སུ་གསུངས་པའི་བར་ཆད་རྣམས་བརྟག་དགོས་ཤིང་། དེ་ཡང་སྡེ་གཞན་ནས་སྒྲིགས་འགལ་གྱི་དབྱུང་པོ་དང་། ཆད་ལས་དང་བུ་ལོན་མ་བྱང་བ་དང་། དབང་པོ་སྐྱོན་ཅན་དང་མཛེ་ཅན།
མི་བསད་པ་དང་། རྐུ་རྫུན་ལང་ཤོར་བློ་ལད་ཀྱི་རིགས་དང་། གཞན་གྱི་རྩོད་གཞི་ཅན་དང་། དཔོན་གཡོག་ནང་ཚང་སོགས་ཀྱི་འཕྲལ་རྐྱེན་ཉི་ཚེ་ཙམ་གྱིས་ཆོས་ལ་ཕུགས་གཏན་མི་འཁེལ་བའི་རིགས་སོགས་མ་ཡིན་པའི་གང་ཟག་རིགས་གཙང་ཞིང་རྣམ་རིག་དྭངས་པ་བློ་ཆོས་སོང་གི་རིགས་རྣམས་དང་། ཆོས་བརྒྱུད་གཅིག་པའི་སྡེ་གཞན་ནས་སློབ་གཉེར་དུ་ལྷགས་པ་གོང་གི་སྐྱོན་བྲལ་དུ་ཕོམ་མ་སྡོད་པའི་ངེས་པ་ཅན་རྣམས་འཇུག་ཅིང་། བསྲེལ་དགོས་པའི་རྐྱེན་ཅན་རྣམས་ཞག་བདུན་སོགས་བསྲེལ་བའི་སྒོ་ནས་གཞིགས་འབྲེལ་བྱེད་པ་དང་། བློ་ཆོས་སུ་སོང་ངེས་རྒྱལ་པོ་ཕ་མ་སོགས་ཀྱི་གཞན་དབང་ཅན་རྣམས་ཞི་བས་སྦྱངས་བཤད་ཀྱིས་ཆོས་སྒོར་གང་ཆུག་བྱེད། བཅུག་རིམ་ནས་དགེ་ཚུལ་དུ་སྒྲུབ་ཅིང་འོས་སུ་གྱུར་པའི་གནས་ཀྱི་སློབ་དཔོན་ལ་བརྟེན་ནས་བླང་འདས་ཕྱོགས་མཐུན་དང་བཅས་པའི་བསླབ་བྱ་མ་མཐའ་སྡོམ་ཚིག་ཙམ་ལ་བརྟེན་ནས་བསྲུང་མཚམས་མ་ཟིན་གྱི་བར་དུ་ལེགས་པར་ཉན་དགོས་ཤིང་། དེ་ནས་རིམ་གྱིས་སྐབས་སུ་བབས་པ་ན་དགེ་སློང་དུ་བསྒྲུབ་འོས་པའི་རིགས་ཀྱང་སྐྱེ་བའི་བར་ཆད་དང་མི་ལྡན་ཞིང་རྟགས་རྣམས་ཚང་བ་རྣམ་འབྱེད་ཀྱི་སྡོམ་གྱིས་བསྡུས་པའི་བསླབ་ཁྲིམས་དང་། གཞིའི་དོན་རགས་པ་ཙམ་ལ་གོ་བ་ཆགས་ཤིང་དེ་དག་གི་བསྲུང་མཚམས་མ་ཟིན་གྱི་བར་སློབ་པར་བྱས་ཏེ་བསྙེན་པར་རྫོགས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ་པ་སྟེ་སྡོམ་པ་གསུམ་ལྡན་དུ་བསྒྲུབས་ནས། དེ་དག་སོ་སོའི་བསླབ་ཁྲིམས་ཕྲ་རགས་ཐམས་ཅད་ལ་འཇུག་ལྡོག་གི་མཚམས་ཟིན་པའི་ངེས་པ་འདྲོངས་པར་བྱས་ནས་ལག་ལེན་ལ་ཐེབས་པ་གལ་ཆེའོ། །དེ་ལྟར་མ་ངེས་ན་དམུས་ལོང་གཡང་སར་གར་རྩེ་བ་དང་འདྲ་ཞིང་འཇིགས་པ་ཆེན་པོ་བསྐྱེད་པར་འགྱུར་བས་དམིགས་རྣམ་ཕྱེད་པར་བྱའོ། །༈ དེ་ནས་མི་ཉམས་པར་སྲུང་བར་བྱེད་པའི་སྐབས་སུ་ནི། སྔར་སྡོམ་པ་ལེན་དུས་ཁས་བླངས་པའི་བསླབ་བྱ་རྣམས་བསྲུངས་ན་ཕན་ཡོན་ཤིན་ཏུ་ཆེ་བ་བཞིན་མ་བསྲུངས་ནའང་ཉེས་
པ་ཆེན་པོར་འགྱུར་བ་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ལོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པ་ནི་མ་གསུངས་སོ། །མྱ་ངན་འདས་གྲོང་འགྲོ་བ་ཡིས། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱ་བ་ཤིན་ཏུ་གལ་ཆེ་བས་སྔོན་དུ་རང་གིས་ཇི་ཙམ་བླངས་པའི་བསླབ་པ་རྣམས་ལ་སྐབས་ཇི་ལྟར་བའི་བསླབ་བྱ་དང་མི་འགལ་བར། སློབ་པ་ལ་རྒྱལ་བ་སྲས་དང་བཅས་པ་རྣམས་དང་རང་སེམས་དཔང་དུ་བཙུགས་པའི་ཡིད་དམ་བརྟན་པོར་བགྱིད་པ་གལ་ཆེ་ཞིང་། རང་ལ་ཁོང་གནོང་མེད་ཀྱང་གཞན་གྱི་བློ་དང་མི་འཚམས་ཤིང་མི་མཛེས་པའི་རྐྱེན་གྱིས་མ་དད་པར་འགྱུར་བའི་གནས་རྣམས་ཁྱད་པར་དུ་ཡང་དགག་དགོས་པ་ལས། དེ་ཡང་ཕམ་པ་བཞི་གསོར་མི་རུང་བའི་ཉེས་པ་རྟོགས་སླ་ཞིང་གྲགས་ཆེ་བས་ཞིབ་པར་མ་སྨོས་ཀྱང་། དེ་དག་གང་རུང་དང་ཁྱད་པར་མི་ཚངས་སྤྱོད་ཀྱི་ཉེས་པས་གོས་པ་མཐོང་ཐོས་དོགས་གསུམ་དང་ལྡན་པ་ལ་དོགས་པ་ཆོད་ངེས་པའི་རྒྱུ་མཚན་ཡང་དག་མཐོང་ན་འཆལ་པའི་ཀླད་པ་འགེམས་པའི་གཎྜིའི་སྒྲ་དྲག་པོ་དང་བཅས་པས་གནས་ནས་དབྱུང་། དེའི་རྒྱབ་སྣོན་པ་སྣང་ཡང་ཚར་གཅོད། ཕམ་པ་དང་པོའི་མཐའ་འགེགས་ཕྱིར། གླིང་ནང་དུ་གནས་མཇལ་དང་གཙུག་ལག་ཁང་གི་ཐིག་ཚགས་འུ་ལག་སོགས་མཐུན་སྣང་དུ་གྲུབ་པ་རྣམས་མ་གཏོགས་བུད་མེད་ཀྱི་རིགས་འགྲིམ་འགྲུལ་མི་བྱེད་ཅིང་། མཐོ་དམན་སུ་ཡང་ཞག་སྡོད་བྱེད་ས་མེད། ཁྱད་པར་བྲང་ཁང་སོ་སོར་མཁར་ལས་ཐོག་འབུབས་ལྟ་བུ་ལས་དགོས་དུས་མ་གཏོགས་བུད་མེད་ཀྱི་རིགས་མ་སྲིང་ཙམ་ཡང་གཏན་དུ་འགྲོ་ས་མེད། ཁྲིམས་གྲོགས་མེད་པར་ཉེ་དུ་མ་ཡིན་པར་བུད་མེད་ཀྱི་ཁྱིམ་དུ་མི་འགྲོ་ཞིང་། མདོར་ན་བག་མེད་པའི་རྩེད་འཇོ་ཙམ་ཡང་མ་འདྲེས་པར་བྱ། དགེ་འདུན་རྣམས་ཀྱང་གནང་བ་མ་ཐོབ་པར། ཐོ་མཚམས་ཀྱི་ཕྱིར་དགོས་དོན་ཇི་ལྟར་ཆེ་ཡང་མི་འགྲོ། མདོར་ན་རྔོ་འཐག་སོགས་དམིགས་བསལ་གྱི་འགྲོ་
དགོས་ལ་ཡང་ཁྲིམས་གྲོགས་མེད་པར་འགྲོ་ས་མེད། གལ་ཏེ་ཁྲིམས་གྲོགས་མེད་པར་གྲོང་རྒྱུ་བྱས་ན་མར་ཉག་བདུན་གྱི་མར་མེ། ཐོ་མཚམས་འདས་པར་ཉག་གསུམ་གྱི་མར་མེ་འབུལ་ཞིང་ཚོགས་སུ་ཉེས་པ་བསྒྲགས་པའི་ཕྱག་བརྒྱ་ནས་ཉི་ཤུའི་བར་སྐབས་དང་སྦྱར། མ་བྱིན་ལེན་གྱི་ཕྱོགས་མཐུན་གསེར་ཞོ་ཕྱེད་ཚུན་གྱི་དངོས་པོ་ཆེ་ཆུང་གང་བརྐུས་ཀྱང་ངོ་བོའི་འདབ་འཕར་གྱི་ཆ་གཅིག་ངོ་བོ་དང་མཉམ་དུ་ཟོག་བདག་ལ་སྤྲོད། ཆ་གཅིག་མར་མེར་འབུལ་བ་དང་བསྟུན་ཉེས་པ་བསྒྲགས་པའི་བརྒྱ་ཕྱག་སོགས་འགེལ། བླ་མ་དང་གྲྭ་སའི་ཤེ་མོང་གིས་གཞན་གྱི་རྒྱུ་ནོར་ས་ཞིང་སོགས་འཕྲོག་པ་དང་། བབས་མཐུན་མིན་པའི་བན་སྐལ་རྩོད་པ། ཐབས་མཁས་ཀྱི་གཞོགས་སློང་། བྲེ་སྲང་ལ་གཡོ་རྒྱུ་བྱེད་པ་སོགས་མ་བྱིན་ལེན་གྱི་ཁོངས་སུ་འདུ་བས་ཉེས་པ་སྔར་དང་འདྲ། སྲོག་གཅོད་ཀྱི་ཕྱོགས་མཐུན་སྤྱིར་འཆི་བའི་ཐབས་བཤམས་པ་དང་། བསྔགས་པ་བརྗོད་པ། དམག་ལ་སོགས་པ་དོན་གཅིག་པར་གསུངས་པས་སྡེ་དཔོན་སོགས་གཞན་རྩོད་པའི་ཕྱོགས་རིས་ཆགས་སྡང་གི་གཏམ་དག་ཕན་གནོད་ཀྱི་སྦྱོར་བའི་འཕྲིན་སྐྱེལ་རྩོལ་འདོན་བྱེད་ས་མེད་ཅིང་སྤྱི་མཆོད་དུ་གནས་པ་དགོས། སྡེ་ནང་དུ་ལག་འདྲེས་པའི་འཐབ་རྩོད་བྱས་ནས་རྨ་ཁྲག་འཐོན་པ་ཙམ་ལ་ལག་སྔ་བས་མང་ཇ་སྙན་དར་དུང་དར་དང་། མར་ཁལ་གཅིག་ནས་ཕྱེད་ཀྱི་བར་གྱི་མར་མེ་དང་བརྒྱ་ཕྱག་སོགས་སྐབས་དང་སྦྱོར། ལན་བྱེད་པོས་དེའི་ཕྱེད་ཆ་སྒྲུབ། རྨ་མ་བྱུང་བའི་ལག་འཐབ་ཕྲན་ཚེགས་ཙམ་ལ་ལག་སྔ་བས་ཁལ་ཕྱེད་ཀྱི་མར་མེ་དང་བརྒྱ་ཕྱག །ལན་བྱེད་པོས་དེའི་ཕྱེད་ཆ། ཁ་འཐབ་ཙམ་ལ་སྔ་མས་བརྒྱ་ཕྱག །ཕྱི་མས་དེའི་ཕྱེད་ཆ། མདོར་ན་སྲོག་ཆགས་ཕྲ་མོ་ཙམ་ལ་ཡང་གནོད་པ་མེད་པའི་དྲན་ཤེས་བརྟན་པར་བྱ། རྫུན་སྨྲའི་ཕྱོགས་མཐུན་སྡེ་ནང་དུ་མི་བདེན་རྫུན་བསྒྲིགས་ཀྱིས་འཆལ་གཏམ་ཅལ་སྒྲོག་འཁྲུགས་རྐྱེན་དུ་འགྲོ་བ་བྱས་ཚེ་ཐོག་མར་གང་ལས་ཐོས་པ་དེ་ལ་མཐར་འདེད་ཕུགས་སྐྱེལ་བྱས་ངོས་ཉེས་པ་ཆེ་ཆུང་ལ་གཞིགས་པའི་ཁལ་གཅིག་ནས་ཉག་ལྔའི་བར་གྱི་མར་མེ་དང་བརྒྱ་ཕྱག་སོགས་སྐབས་དང་སྦྱར། དད་ཅན་མགོ་བསྐོར་བའི་མི་ཤེས་ཤེས་བརྫུའི་ཟོབ་མ་ཚོར་བའི་འཇབ་བུ་འདི་ཉེན་ཤིན་ཏུ་ཆེ་བས་འཁྲིགས་ཚུད་པ་གལ་
ཆེ། མདོར་ན་ཀུ་རེ་དང་ཀྱལ་ཀ་ཙམ་དུ་ཡང་རྫུན་ཚིག་སྨྲ་བརྗོད་གཏན་མི་བྱ། ལྷག་མ་དང་པོ་འདི་སྤྱད་པས་ལུས་སྟོབས་དྲན་ཤེས་ཐམས་ཅད་འགྲིབ་ཅིང་ཚུལ་མིན་ཡིད་བྱེད་ཀྱི་རྒྱུར་འདུག་པས་བག་ཡོད་ཆེ་བར་བྱེད། བུད་མེད་ཀྱི་རིགས་ལ་སྲེད་པས་རེག་ཅིང་འཁྲིག་ཚིག་མི་སྨྲ། ཕན་ཚུན་ཁྱོ་ཤུག་ཏུ་སྦྲེལ་བའི་གཉེན་སྣ་མི་སྦྱོར། གཞན་ལ་གཞི་མེད་ཀྱི་སྐུར་འདེབས་དང་ཅལ་སྒྲོག་གི་རྗེས་སུ་མི་འབྲང་། དགེ་འདུན་སྡེ་ནང་དུ་མི་ཚན་ཕྱོགས་ཁྱེར་སོགས་ཕྲ་མས་དབྱེན་བཅོས་པའི་དཀྲུག་སྦྱོར་མི་བྱེད། གཞན་བྱེད་པ་སྣང་ཡང་རྗེས་སུ་མི་འབྲང་། ཁྱིམ་པ་ལ་འོས་མེད་ཀྱི་བན་སྐལ་རྩོད་པ་བུ་ལོན་དང་འུ་ལག་ཁྲལ་བསྐུལ་སོགས་དབང་ཡོད་ཤེད་ངོམ་གྱིས་ཁྱིམ་པ་སུན་མི་འབྱིན། གལ་ཏེ་འདི་དག་ལས་ནོངས་པར་གྱུར་ན་ཁལ་གཅིག་ནས་ཉག་གསུམ་བར་གྱི་མར་མེ་དང་ཕྱག་སོགས་ཉེས་པ་དང་སྦྱར་བའི་ཆད་ལས་འབོགས། ནོངས་པ་ཅན་ལ་དགེ་བསྐོས་སོགས་ལས་འཛིན་གྱིས་སྐྱོན་སེལ་ཁ་ཏ་བྱས་པར། འཇམ་པོའི་ངག་གི་བཤད་སྦྱངས་བདེན་ཕྱོགས་སྒྲུབ་བྱེད་ཙམ་མིན་པའི་རྩིང་སྤྱོད་ཀྱི་རྣམ་འགྱུར་དང་། ཁས་ལྡོག་ན་ཁལ་གཅིག་ནས་ཉག་ལྔའི་བར་གྱི་མར་མེ་དང་བརྒྱ་ཕྱག །ལག་གིས་ལྡོག་ན་གནས་ནས་དབྱུང་བའམ་མང་ཇ་སྙན་དར་ཁལ་གཅིག་གིས་མར་མེ་སོགས་ཉེས་བྱས་ཆེ་ཆུང་གི་སྐབས་དང་སྦྱར་བ་འགེལ། གྲྭ་ཆས་སྤྱི་ཙམ་ཐོག་མ་ནས་འགྲིག་པ་གཞིར་བཞག་ནས་ལོ་བཅུ་དྲུག་ལོན་པ་ཡན་གྱིས་ཆོས་གོས་དང་ལྷུང་བཟེད་ཚང་བ་དགོས་ཤིང་། གལ་ཏེ་མ་ཤོམ་ན་དགེ་བསྐོས་རེའི་ཐོག་ཏུ་ཆོས་གོས་ལ་སྨན་རྩེ་ཁ་དོ་སྦྲེལ་གྱི་སྙན་དར་དང་། ལྷུང་བཟེད་ལ་ཉག་གསུམ་གྱི་མར་མེ་རེ་འབུལ། དགེ་སློང་རྣམས་ཀྱིས་སྣམ་སྦྱར་སོགས་མཁོ་བའི་གོས་སོ་སོ་རུང་བ་ཚད་ལྡན་ཆ་ཚང་ཞིང་བྱིན་གྱིས་བརླབས་པ་དང་། ཆོས་གོས་སོགས་གཞིས་བྱེས་གང་དུ་ཡང་མི་འབྲལ་བར་བཅང་དགོས། རབ་ཏུ་བྱུང་བ་བཞི་ཡན་ཆད་ལ་ཆོས་གོས་གསུམ་དང་ལྷུང་བཟེད་སྣམ་སྦྱར་གྱི་རྒྱུར་རུང་བ་སྤྱི་འབུལ་དུ་བྱུང་ན་ཡོ་བྱད་དེ་དག་མེད་པ་རྒན་རིམ་བཞིན་སྒྲུབ་པའི་ནུས་པ་ཡོད་མེད་བརྟགས་ནས་བླུར་འཇུག་པ་སོགས་བྱེད། གང་ཟག་རེ་རེས་བུ་ལོན་གཏོང་བ་འདི་ཡང་རྣམ་གཡེང་དང་འཕར་བུག་ཆེ་ཞིང་ཆོག་ཤེས་མེད་
པའི་བློ་ངན་གྱི་རྒྱུར་འདུག་པས་གཏན་མི་བྱེད། གལ་ཏེ་བྱས་པ་བྱུང་ན་དངོས་པོ་གང་བཏང་དེ་སྤྱི་ཐོག་ཏུ་ལོངས། འོན་ཀྱང་སྐྱེད་འཕེལ་མེད་པའི་སྔ་འཕྲུལ་ཙམ་སྐྱེ་བོ་སོ་སོར་ཡང་མཁོ་བར་སྣང་བས་རྒྱ་ཆེ་མུ་མེད་དུ་མ་སོང་ཕྱིན་བཀག་ཆ་མེད། དགེ་འདུན་གྱི་སྤྱིའི་རྫས་ལ་གང་ཟག་གིས་འོས་མིན་དུ་བདག་བཟུང་འཁོལ་བ་ཐེས་མེད་དུ་མ་སོང་བ་དགོས་ཤིང་། གལ་ཏེ་བྱས་པ་བྱུང་ན་དོད་ལོང་ངེས་ཀྱི་དངོས་པོ་གུན་ཚབ་ངོ་བསྲུང་མེད་པར་ལེན། དགོས་མེད་ཀྱི་ཉོ་ཚོང་མང་པོ་བྱེད་ས་མེད་ཅིང་། གང་བྱེད་ཀྱང་རིན་ཐང་ཚོང་པ་སོ་སོའི་ལུགས་མཐུན་ལས་འཕར་ཆག་མི་བྱེད་པ་དང་། སྔ་མའི་ཚོང་ཐག་མ་ཆོད་བར་ཧབ་ཤུར་མི་བྱ། ཚོང་ས་ཡང་གཞུང་སྒོའི་ཕྱི་རོལ་མ་གཏོགས་གཞན་དུ་མི་བྱེད། དབྱར་དུས་བཟའ་ཤིང་གི་འབྲས་བུ་གང་སྲུབས་ལབ་ཉུང་རྩ་ཤིང་ཡན་ཆད་སྟེར་སློང་མ་གཏོགས་འཐོག་གཟན་མི་བྱེད། ལོ་ཐོག་དང་ལྡན་པའི་ཞིང་དང་ལྕང་ར་རྣམས་ལ་ལམ་གཏོད་པ་སོགས་གནོད་པ་མི་བྱ། དེ་ནས་འགལ་ན་མར་མེ་དང་ཕྱག་སོགས་ཆད་ལས་སྐབས་དང་སྦྱོར། གྲྭ་སའི་ནང་དུ་སྤྱིར་ཕྲ་མ་དང་། ཁྱད་པར་ཤ་ཚའི་ཁུལ་གྱིས་ལྐོག་ཤུབ་འཕྱ་རྒོད་སོགས་གཞན་རྒྱུད་འཁྲུག་ཅིང་ཚེར་མ་ལྟར་གཞོགས་མི་བདེར་འགྲོ་བ་མི་བྱེད། དགེ་རྒན་གཞན་གྱི་དགེ་གཞོན་བཟའ་བཏུང་གིས་མཚོན་པས་བྲིད་དེ་རང་གིར་བསྡུ་བ་སོགས་འཕུང་ཀྲོལ་མི་བྱེད། ཁ་མང་བྱུར་གྱི་སྣ་འདྲེན་ཟེར་བ་བཞིན་ཆགས་སྡང་གི་གཏམ་ཆོལ་རྫུན་ཤོབ་སོགས་རང་གཞན་བློ་ལད་དུ་འགྱུར་བའི་ངག་འཆལ་མི་སྨྲ། དེ་དག་ལས་འདས་ན་ཉག་ལྔ་ནས་གསུམ་གྱི་བར་གྱི་མར་མེ་དང་ཕྱག་སོགས་འགེལ། སྤྱི་པས་བསྐོས་ཤིང་ཁྲིམས་གྲོགས་ཡོད་ན་མ་གཏོགས་ངོ་ཤེས་ཀྱི་སྣེ་ཤན་སོགས་འཕེར་རྒྱའི་གྲོང་འཁྱམས་མི་བྱེད། རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་གསལ་བ་དགེ་བའི་བཤེས་གཉེན་ལ་རག་ལས་པས་མཁན་སློབ་རྒན་རིམ་གྱི་བསླབ་པ་ལ་འཕྱ་དམོད་མི་བྱ་ཞིང་དག་པའི་སྣང་བ་སྦྱོང་། སྤྱི་མི་ལས་འཛིན་རྣམས་ཀྱིས་ཀྱང་རྫུན་དང་ཕྲ་མའི་རིགས་ལ་ཐོས་ཚད་བདེན་འཛིན་དུ་མ་སོང་བའི་བརྟགས་གཞིགས་བརླིང་ཆ་གང་ཆེའི་ངོས་ཕྲལ་མཛེས་ཤིང་ཕུགས་ནོན་འཇགས་གང་ཆེའི་ཐབས་མཁས་ལ་བློ་རྩེ་གཅིག་ཏུ་དྲིལ། གང་ཟག་
སོ་སོས་ཀྱང་ཆུ་ཚགས་བསྟེན་པའི་ཆུ་ལ་བརྟགས་གང་ཐུབ་དང་། ཁྱད་པར་སྤྱིའི་ཆུ་ལེན་པས་ནི་ཆུ་ཚགས་མེད་དུ་མི་རུང་ངོ་། །དགེ་འདུན་སྤྱིའི་སྒྲིགས་འགལ་དང་ལས་སྣེར་ཁྱད་གསོད་ཀྱིས་ཆད་པ་མི་བསྒྲུབ་པ་སོགས་ངན་རྩ་རྒྱབ་བདག་བྱེད་པ་བྱུང་ན་ཆད་ལས་མི་ཆུང་བས་ཚར་ཆོད། ཉེས་ཅན་ཆད་ལས་མི་འཁུར་བར་བྱོལ་ཟུར་བྱེད་པ་བྱུང་ན་རྩོལ་བ་ཆེན་པོས་བཀུག་ནས་གནས་དབྱུང་མངོན་མཚན་ཅན་བྱེད། དེང་སང་ཆོས་པར་རློམ་ནས་དུད་འགྲོ་གསོད་པར་ཇི་མི་སྙམ་པར་འདུག་པ་དེས་ན་འགྲོ་བའི་སྐྱབས་སུས་བྱེད་ཡིན་པས་སྤྱི་སྒོས་སུས་ཀྱང་བཤས་མི་བྱེད་པ་གལ་ཆེ། ༈ བག་མེད་ཐམས་ཅད་བསྐྱེད་པའི་རྩ་བ་ཆང་ཡིན་པས་གཞིས་བྱེས་གང་དུ་ཡང་ཁྱོར་གཟིགས་ཙམ་ཡང་མི་བྱ་ཞིང་། ཐ་ན་སིང་པོ་ཡང་མི་འཐུང་། རབ་བྱུང་གིས་ཁྱིམ་པ་ཡན་ཆད་ལ་མཁར་ལས་སོགས་དམིགས་བསལ་གྱི་དུས་མ་གཏོགས་ཆང་དང་དེའི་རིན་ཡང་མི་སྦྱིན། མཚམས་ཐོ་ཡན་ལ་ཆང་སྣོད་ཁྱིམ་པས་འཁུར་ཡང་སྣོད་གཅོག་པ་སོགས་ཀྱིས་ཚར་གཅོད། ནད་པ་ཉེན་ཅན་གྱི་སྨན་རྟ་དགོས་པ་ཡང་ལྷ་རྗེ་དང་དགེ་བསྐོས་བློ་བསྡུར་དགོས་ཚོད་གཏོང་བ་དམིགས་བསལ་ཡིན། ཚོགས་ཆང་གིས་མཚོན་ཆང་ཕུད་དགོས་པ་ཡང་སྣོད་དམ་འབྱར་མ་ལས་ཆེ་བ་བྱེད་ས་མེད་ཅིང་། ཚོགས་ཆང་ཡང་སྒྲོན་ཐུར་གྱིས་འགྱེད་པ་ལས་མང་བ་མི་བྱ། མྱོས་འགྱུར་གྱི་སྡེ་ཚན་ཐ་མ་ཁ་ཡང་མི་རྔུབ། གལ་ཏེ་མྱོས་འགྱུར་ཕོར་གང་ཡན་ཆད་ལན་གཅིག་བསྟེན་པ་ལ་ཉག་ལྔའི་མར་མེ་དང་བརྒྱ་ཕྱག །དུ་བ་ལན་གཅིག་བརྔུབས་པ་ལ་ཉག་གསུམ་གྱི་མར་མེ་སྤོར། དགེ་འདུན་གྱི་རྙེད་པ་ཁྱིམ་པ་ལ་མི་སྦྱིན་པར་གསུངས་པའི་མཚོན་བྱེད་ཙམ་ལ་མང་ཇར་དགེ་བསྐོས་ཀྱིས་གནང་བ་མ་ཞུས་པ་མི་སྦྱིན། དགེ་འདུན་གྱི་རྙེད་པ་སྙོམས་པར་བྲིམས་ཤིང་ནད་པ་དང་མཚམས་པ་སྤྱི་པའི་ལས་བྱེད་སོགས་དམིགས་བསལ་མ་གཏོགས་ཚོགས་སུ་མ་འདུས་པར་སྐལ་བ་མི་སྦྱིན། སྦྱིན་བདག་གིས་སྒོས་སུ་སྟེར་ན་བཀག་པ་མེད། དགེ་འདུན་སྡེབས་ལོངས་ཡོན་བདག་གིས་སྤྱན་དྲངས་སྐབས་གང་ཟག་རང་དོན་ལ་གནང་བ་ཞུས་ནས་བཞུགས་པ་བྱུང་ན་ཕོག་རྩིས་རྒྱག །རྟེན་མཆོད་རོལ་ཆ་ཡོལ་
བ་བླ་རེ་སོགས་རྙེད་པ་འགངས་ཆེན་སྤྱི་འགྱེད་དུ་འབུལ་མི་བྱུང་ན་མི་བགོ་བར་སྤྱི་རྫས་སུ་འཇོག །འགྱེད་འོས་པའི་རིགས་དང་སྤྱི་འགྱེད་ཕྲ་མོ་རྣམས་སྤྱི་ལས་དང་དགེ་བསྐོས་ཀྱིས་རིམ་བསགས་བྱས་པའི་དགེ་འདུན་ལ་ཁེབས་གང་ཆེ་འཁོས་བསྡུར་གྱིས་འགྱེད་པ་སོགས་སྐབས་དང་སྦྱར། ནད་པ་བྱུང་ན་དེ་ལ་ནད་གཡོག་དང་ཡོ་བྱད་སོགས་རང་ལ་རྐྱེན་འབྱོར་བ་འདུག་ན་དང་། དེ་མིན་ཉེར་མཁོའི་ཆས་བློ་མཐུན་གྱི་ནད་གཡོག་སྨན་པ་རིམ་གྲོ་སོགས་རྐྱེན་གང་འབྱོར་གྱིས་མི་ངལ་བར་བསྐྱང་། འདིར་མཐའ་གཅིག་ཏུ་དཀར་རྡོར་གྱི་སྒྲིགས་མ་བཅས་ཀྱང་སྟོན་མོ་སོགས་དཀར་གྲོ་ཤས་ཆེར་བྱ་ཞིང་ལོངས་སྤྱོད་ཀྱི་གཞི་ཤ་ལ་མི་བྱེད་པ་ཅི་ནས་གལ་ཆེ། དགེ་འདུན་གྱི་གསོལ་བ་དུས་ལས་མ་ཡོལ་བ་དང་། སྤྱི་སྒེར་གྱི་ཐབ་གང་དུ་ཡང་དགུང་ཡོལ་ནས་ཐུག་པ་སོགས་གཡོ་བསྐོལ་མི་བྱེད་ཅིང་། ཇ་སོགས་ལ་ཡང་རུང་ཆུ་ངེས་ཅན་དུ་འདེབས། དགེ་སློང་གིས་བཟའ་བཏུང་ལ་བྱིན་ལེན་དང་ནུབ་ལྷག་ཉལ་གཅོད་པ་སོགས་ངོ་ལྐོག་མེད་པ་གལ་ཆེ། ཤག་ཏུ་མེའི་གནང་བའང་མཐའ་ཡངས་སུ་མ་སོང་བའི་རྒྱས་བསྡུས་གང་ཟིན་དང་། ཇ་མགྲོན་བསྐོར་རེས་འདི་ཡང་རྒྱུད་ལང་ཤོར་ཆུད་ཟོས་ཀྱི་གཞིར་འདུག་པས་མང་པོ་མི་མཛད། གནང་བ་མེད་པར་ཤག་ཏུ་མེ་བཏང་བ་བྱུང་ན་སྔ་དྲོ་ཉག་རེ་དང་ཕྱི་དྲོ་ཉག་དོའི་མར་མེ་འབུལ། མདོར་ན་ས་རྐོ་མེ་རེག་རྩྭ་ཤིང་གཅོད་པ་སོགས་དགེ་ཚུལ་མན་གྱིས་སྒྲུབ་ཅིང་དགེ་སློང་གིས་མི་མཛད། གོས་ཀྱི་གཞི་ཀོ་ལྤགས་དང་ཁ་དོག་མ་བསྒྱུར་བ། མཚོན་གྱིས་མ་བཅད་པ། སྦུ་གུ་ཅན་སོགས་ཁྱིམ་པའི་རྟགས་མི་ལེན། ཞྭ། གཟན་ཤམ། སྟོད་རྩར་སྨད་གཡོགས་བླ་གོས་གདིང་བ་སྐ་རགས་མཆིལ་ལྷམ་ཡན་ཆད་རུང་མཐུན་མ་གཏོགས་ཆ་ཚད་མ་ཚང་བ་དང་ཚད་བརྒལ་དཔའ་ཐལ་མི་བྱེད། བཟའ་བཏུང་དང་རྙེད་པའི་སྣོད་ཀྱང་པགས་སྣོད་རྩི་ཕོར་སྣམ་ཕད་འབོག་དཀར་པོ་སོགས་མི་འཁུར། དེ་བཞིན་དུ་གློ་ཆབ་ཕྲེང་བ་གྲི་གུ་མཐོ་ཚད་བསྙེན་ཕུར་མ་གཏོགས་བསྲུང་དར་གློ་ཆ་ཕྲེང་བ་རྒྱན་མང་དང་མགུལ་དུ་གྱོན་པ་སོགས་རྒྱན་ཆ་འོས་མིན་མི་འདོགས། འདི་དག་ལས་མི་རུང་བའི་ཆས་གོས་བཅངས་པ་བྱུང་ན་དངོས་པོ་ངོ་བོ་དགེ་བསྐོས་ཀྱིས་ལོང་ལ། དར་ཁ་རེའི་སྙན་
དར་དང་བརྒྱ་ནས་ཉི་ཤུའི་བར་གྱི་ཕྱག་འགེལ། བཅང་འོས་ཀྱི་ཡོ་བྱད་མ་ཚང་ན་ཉག་གསུམ་ནས་གང་གི་བར་གྱི་མར་མེ་དང་ཕྱག་བརྒྱ་ཕྱག་འཚལ། སྐྲ་ཚད་ལས་ལྷག་པ་མི་འཇོག་ཅིང་གོས་ཆས་ཀྱང་རིང་ཆེས་ཐུང་བརྩེང་མིན་པའི་ཟླུམ་པོར་བགོ་བ་སོགས་བཙུན་ཉམས་གང་དོད་བྱེད། དགེ་འདུན་བཞི་གྲྭ་ལོངས་ནས་ཞྭ་སེར་དང་། དེ་མན་གྱི་ཞྭ་ཆུང་ལས་གཞན་རིགས་མི་མཐུན་པ་མི་གྱོན། གླིང་ནང་དུ་རྩེ་ཞྭ་མ་གཏོགས་ཞྭ་གྱོན་ས་མེད། ཆོས་མཐུན་གྱི་འབེལ་གཏམ་རང་གཞན་ལ་ཕན་པར་འགྱུར་བ་རྣམས་མ་གཏོགས། བླ་མ་དང་གྲུབ་མཐའ་བཟང་ངན་ཡོན་བདག་གི་ཁ་འཛིན་སོགས་ཕྱོགས་ལྷུང་གི་ཤགས་དང་ཀུ་ཅོ་བཞད་གད་མཚང་འདྲུའི་སྐྱོན་བརྗོད་མིང་ངན་འདོགས་པ་སོགས་མི་བྱེད། སྤྱི་དོན་གནོད་མེད་ཕན་འགྱུར་ལ་དགེ་འདུན་གྱིས་གནང་ན་མ་གཏོགས་སྡེ་དཔོན་རིས་དང་བན་རྩ་ངོ་ཤེས་མང་པོའི་ཁ་མཆུའི་ཞལ་ལྕེ་དང་ཕྱོགས་ལྷུང་གི་རྒྱབ་བདག་སྣེ་ཤན་འཕྲིན་སྐྱེལ་ཉན་རྣ་གྲོས་འདོན་སོགས་འཕེར་རྒྱ་ཆེན་པོ་བྱེད་པ་འདི་ཡང་དགེ་འདུན་སྤྱིའི་ཞབས་འདྲེན་དང་། རང་ལའང་ཉེས་སྤྱོད་གང་འབབ་མི་ཤེས་པས་རྒྱས་བསྡུས་ཟིན་པ་བྱེད། ཁྱད་པར་སྐྱེ་བོ་སུ་ལ་ཡང་ཉེ་ཆེ་འཁོན་ཆེའི་ཞེན་འཁྲིས་ཨ་འཐས་སུ་མ་སོང་བའི་ཆེན་པོ་ལ་བཀུར་སྟི། མཉམ་པ་ལ་འགྲོགས་གཞུང་། དམན་པ་ལ་སྐྱོང་མཁས་སོགས་སྤྱོད་ཚུལ་གང་བཟང་བྱེད། ༈ གླིང་ནང་མིན་པར་བླ་བྲང་དུ་དམིགས་བསལ་ཞུས་གནང་དང་གཤིན་པོའི་རྒྱུན་ཆོག་པ་མ་གཏོགས་སོ་སོའི་ཉེ་ཕྱོགས་ཀྱི་སྒེར་བརྡ་མི་གཏོང་། ཡོན་བདག་གི་བསྙེན་བཀུར་བཟང་ངན་ཅི་བྱུང་ཡང་བཟང་པོ་ལ་ངོ་བསྟོད་དང་། ངན་པ་ལ་བརྙས་ཐབས་མེད་པར་གང་བྱུང་ཆོག་ཤེས་ཀྱིས་དད་རྫས་ལོག་འཚོར་མ་སོང་བ་གལ་ཆེ། ཁྱད་པར་སྙོམས་ཆུང་གིས་མང་ཇ་བསྐོལ་བ་སོགས་ལ་གང་ཡོད་ངན་ལྡངས་ལས་འདི་དགོས་ཀྱི་རྩོད་པ་མི་བྱེད། མང་ཇ་དང་འབྲེལ་བའི་རྣམ་གཞག་སོགས་ཀྱང་ཡོན་བདག་གི་བློ་གཙོ་ལས་འདི་ཙམ་དུ་གྱིས་པར་བཀབ་མི་བྱེད། ཞལ་ཏའི་ལས་བྱེད་སོགས་དམིགས་བསལ་རྣམས་མ་གཏོགས་རུང་ཁང་དུ་མི་འགྲོ་ཞིང་ཐབ་རྩར་མི་སྡོད་དགེ་འདུན་གྱི་ཀུན་ར་དང་ཆོས་ར། སོ་སོའི་བྲང་ཁང་སོགས་ཀྱང་ཕྱག་
བདར་གྱི་ཕན་ཡོན་ལྔ་མཐོང་བས་ཕྱག་བདར་ལེགས་པར་བྱས་ཏེ་སོ་སོའི་ཡོ་བྱད་རྣམས་ཀྱང་བཀོད་ལེགས་དང་བ་འདྲེན་པར་འཇོག །དེ་དག་དང་ཆུ་ངོགས་སོགས་སུ་བཤང་གཅི་དང་མཆིལ་སྣབས་མི་འདོར་ཞིང་གད་རོ་ཉལ་ཉིལ་གྱིས་མི་འགེང་། གལ་ཏེ་ས་མི་གཙང་བར་བྱས་ན་བྱེད་མི་སུ་ཡིན་དེ་ཁ་འཕྱག་ཏུ་ཆུག །གླིང་གསེབ་ཏུ་རྒྱང་སྐད་འབོད་པ་སོགས་ཀུ་ཅོ་མི་བྱ་ཞིང་། གལ་ཏེ་བྱས་པ་བྱུང་ན་ཕྱག་བརྒྱ་ནས་ཉི་ཤུའི་བར་ཉེས་ཆད་སྐབས་དང་སྦྱོར། བྲང་ཁང་རྣམས་སུ་སོ་སོའི་ནང་མི་སོགས་ཀྱང་དམིགས་བསལ་གྱི་གནང་བ་མ་ཐོབ་པར་མི་གཏོང་། མི་ཡན་དང་སྤྲང་པོ་གླིང་གསེབ་ཏུ་མི་གཏོང་ཞིང་ཁ་ཟས་སྒོའི་ཕྱི་རོལ་དུ་སྟེར། དགེ་འདུན་སྤྱིའི་ཡོ་བྱད་ལ་གང་ཟག་སོ་སོས་བདག་བཟུང་ཐེས་མེད་ཀྱིས་ལོངས་མི་སྤྱོད་ཅིང་ཐ་ན་རྩྭ་ཤིང་ཕྲ་མོ་ཙམ་ཡང་མི་འཁྱེར་ཞིང་སྤྱི་ཚིས་ཀྱི་བསམ་པ་གང་ཆེ་བྱེད། སྤྱིར་མི་གཞན་གྱི་ནང་དུ་ཡང་ཡང་འགྲོ་བ་འདི་ཡང་འཇིག་རྟེན་འདོད་སྲེད་འཕེལ་བའི་མིག་རྐྱེན་ངན་ཤས་ཀྱི་རྒྱུར་འདུག་པས་མི་འགྲོ་ཞིང་། ཕ་མ་སྤུན་ཟླ་སོགས་ལ་ན་ཚ་ཤི་ཆད་ལྟ་བུས་མཚོན་པའི་དམིགས་བསལ་འགྲོ་དགོས་ཤར་ཡང་ཟླ་ལམ་གྱི་ཐག་རིང་མིན་ཕྱིན་འཁོར་ཞག་གི་དུས་ཚོད་ལས་མ་འདས་པར་འཁོར་བར་བྱེད། གལ་ཏེ་ཕྱིར་འགྱངས་ཀྱི་སྒོ་མ་ཟིན་པ་ཙམ་ལ་ཕྱག་ཉེར་གཅིག །ཞག་གཅིག་འགྱངས་པ་ལ་ཉག་གསུམ་གྱི་མར་མེ་སྤོར། ཟླ་བ་ཕན་ཆད་དེ་ཙམ་གྱི་རང་དབང་དཀའ་བས་ས་ཐག་རིང་ཐུང་ཡུན་འགོར་ཆེ་ཆུང་ལ་དཔེས་པའི་མང་ཇ་མཆོད་མེ་སོགས་དྲན་འཛིན་འོས་རིས་འགེལ། ༈ གཙོ་བོར་སངས་རྒྱས་སྒྲུབ་པའི་རྒྱུའི་གཙོ་བོ་ཐོས་བསམ་ལ་རག་ལས་པས། ཐོག་མར་གྲྭ་སར་ཞུགས་པ་ནས་བློ་གྲོས་ངན་གོམས་ལང་ཤོར་དུ་མི་འགྲོ་བའི་ཕྱིར་ཀུན་རའི་སློབ་དཔོན་དང་བྱེ་བྲག་སོ་སོའི་དགེ་རྒན་ལ་བསྟེན་ནས་སྤྱོད་ལམ་རྣམ་བཞིའི་ཀུན་སྤྱོད་བག་ཡོད་པར་བསླབ་པ་ནས་བཟུང་། ཡི་གེའི་ཀློག་སྦྱོང་ཆོ་ག་ཆོས་སྤྱོད་ཀྱི་དཔེ་འཛིན་སོགས་བློ་རེང་མི་འགྲོ་ཞིང་གསལ་དག་རུས་ཐོན་ཡོང་བའི་འཁྲིད་མཁས་བྱས་ནས། སོ་སོའི་ཤེས་རབ་ཀྱི་བབས་དང་སྦྱར་བའི་ཉིན་རེའི་དཔེ་རྒྱུགས་ཇི་ཙམ་ཟིན་པ་དེ་ལ་ཆ་བཞག་གི་སྤྱི་ལས་ཕྱོགས་
འགྲོ་ན་བ་སོགས་ཀྱི་དུས་མ་གཏོགས། དཔེ་རྒྱུགས་སྤྲོད་ལེན་བསྟར་ཆགས་སྒྲིགས་ཆུར་དོ་དམ་གང་ཆེ་གྲོག་མཁར་དང་སྦྲང་རྩིའི་དཔེ་བཞིན་བློ་སྐྱེད་ཡོང་བ་ལ་དཔོན་སློབ་གཉིས་ཀས་ཁུར་བསམ་བསྐྱེད་ངོས། ཤེས་རབ་ཀྱི་བབས་དང་སྦྱར་བའི་རྒྱུགས་བསྡེབ་སྤྲོད་དམ། རྒྱུགས་ཆ་གསུམ་པོ་རིམ་སྤྲོད་བྱེད་པ་སོགས་གང་ཡིན་ཡང་ཞུགས་ནས་ལོ་ལྔ་ཚུན་ལ་འཕྲོད་ངེས་པ་བྱེད། གལ་ཏེ་གཉིས་ཀས་བཏང་སྙོམས་སུ་ལུས་ན་ཉིན་གཅིག་གིས་ཟིན་ཚོད་དང་བབས་བསྒྲིགས་པའི་མ་འགྲིག་པ་ལ། ལོ་བཅོ་ལྔ་ལོན་པ་ཡན་ཆད་ལ་ཉིན་རྒྱུགས་ལྔ་རེར་སློབ་མས་གཞོན་ལས་འཕར་མ་ཉིན་རེ་དང་། དགེ་རྒན་གྱིས་བཅུ་རེར་སྤོར་གང་གི་མར་མེ་འབུལ་བ་བྱེད། ལོ་བཅུ་དྲུག་ཕྱིན་ནས་མ་འགྲིག་ན་ཉེས་ཆད་རང་རང་གིས་སྒྲུབ་པ་ལས་དགེ་རྒན་ལ་མི་འཁྲི། དེའི་རྩི་ཞག་སོ་སོའི་དགེ་རྒན་དང་ཀུན་རའི་སློབ་དཔོན་དགེ་བསྐོས་རྣམས་བསྟུན་ཏེ། ལས་སྣེ་འཕོ་མཚམས་སོ་སོར་བཏང་སྙོམས་སུ་མ་ལུས་པ་བྱེད། ༈ དེ་རྗེས་རང་རང་གི་བློ་གྲོས་ཀྱི་འཇུག་སྒོ་དང་སྦྱར་བའི་ཆོ་ག་སོ་སོའི་དམིགས་རིམ་ལག་ལེན་ལ་ཕྱོགས་མགོ་ཐིངས་པའི་ཐོས་བསམ་དང་། གདངས་དབྱངས་རོལ་ཚིག་གཏོར་མ་དཀྱིལ་འཁོར་གར་འཆམ་སོགས་གྲྭ་ས་རང་དུ་ཕྲིན་ལས་སྐྱོང་བ་ལ་མེད་དུ་མི་རུང་བ་རྣམས་ངེས་ཏིག་ཚགས་སུ་ཚུད་པ་བྱས་པའི་འདོན་ཆར་སྨྲ་བཅད། ལག་ཤེས་ལ་བོང་སུག་ངན་དལ་དུ་མི་ལུས་པ་བྱེད། དེ་ནས་སོ་སོའི་ཤེས་རབ་ཀྱི་སྒོ་དང་སྦྱར་བའི་ཐེག་པ་སྤྱི་བཤད་དེ་དང་དཔལ་གསང་བ་སྙིང་པོའི་སྤྱི་ཌཱིཀ་མཐའ་གཅོད་རང་ལུགས་གཞུང་ཚུགས་པའི་ཚིག་འཛིན་དང་གོ་དོན་མཛུབ་ཁྲིད་ཀྱི་བཤད་པ་ཉན་པ་སོགས་མཁས་པའི་གནས་ཐོབ་པར་བྱེད། བློ་ཁ་མཐོ་བ་རྣམས་ཀྱིས་དེ་དག་གི་སྟེང་དུ་འདུལ་བ་དང་ཕར་ཕྱིན་སོགས་མཚན་ཉིད་ཐེག་པའི་གཞུང་ཅི་རིགས་དང་། རིག་པའི་གནས་གཞན་དག་ལ་ཡང་སློབ་སྦྱོང་ཅི་ནུས་སུ་བྱེད་པ་སོགས་རང་རང་གི་གཏན་འདུན་ཡལ་བར་མི་འདོར་བའི་གོ་ཆ་དང་། དགེ་རྒན་གྱིས་གཞན་རྒྱུད་ཆུད་མི་འཛའ་བའི་ལྷག་བསམ་གྱི་བསྐུལ་འདེབས་བཏང་སྙོམས་སུ་མ་ལུས་པ་བྱེད། དབྱར་དགུན་གྱི་ཆོས་དུས་གཉིས་ལ་རྒྱུད་བཤད་ཀྱིས་མཚོན་ཐོས་བསམ་དང་། སྟོན་
དཔྱིད་ཀྱི་ཆོས་དུས་གཉིས་ལ་སོ་བྱང་གི་སྡོམ་པ་དབང་ཁྲིད་ལུང་མན་ངག་དང་བཅས་པ་རྣམས་རང་རྒྱུད་སྨིན་གྲོལ་དུ་གང་འགྱུར་ཞུ་ཞིང་། ཁྱད་པར་རྒྱུན་གྱི་ཉམས་ལེན་སོ་ཐར་དང་བྱང་སྡོམ་གྱི་བསླབ་བྱ་རགས་པ་རྣམས་ལ་འཇུག་ལྡོག་མ་ནོར་བའི་ངོས་ནས། བསྐྱེད་རིམ་ལ་མོས་པ་རྣམས་ཀྱིས་བླ་མ་ཞི་དྲག་ཐུགས་རྗེ་ཆེན་པོ། སྒྱུ་འཕྲུལ། བཀའ་བརྒྱད། ཕུར་པ། གཤིན་རྗེའི་གཤེད་སོགས་ཡི་དམ་གང་མོས་ཀྱི་བསྙེན་པ་ཟླ་དྲུག་མ་སོགས་དང་། རྒྱུན་གྱི་སྒོམ་བཟླས་མ་ཆག་པས་ལུས་སྣང་སེམས་གསུམ་དག་པ་རབ་འབྱམས་ཡེ་ཤེས་ཀྱི་འཁོར་ལོར་སྦྱངས་ཏེ། དམ་ཚིག་ཉེར་བརྒྱད་སོགས་ལ་དམིགས་རྣམ་ཕྱེད་པའི་སྤང་བླང་མ་ནོར་བ་དང་། རྫོགས་རིམ་གཙོ་བོར་བྱེད་ན་སྙིང་ཐིག་རྣམ་གཉིས། རྡོ་རྗེ་ཟམ་པ། གཏེར་གསར་གྱི་ཁྲིད་བཀའ་སོགས་ཉམས་ཁྲིད་གང་རིགས་རྒྱུད་ལ་མྱོང་བ་སྐྱེ་ངེས་ཞུས་ནས་གནས་སྐབས་བཞིའི་སྒྲིབ་པས་མི་འཕྲོག་པར་བྱེད། གང་ཟག་ཡང་རབ་ལ་ཚོགས་དབེན་འདྲ་ཞིང་། རབ་ལ་དབེན་པ་དགེ་སྦྱོར་འཕེལ་ཡང་། འབྲིང་མན་ཆད་འགོལ་སར་བསྡད་པས་སེམས་མི་འཆུན། རང་རྒྱུད་ཆུད་འཛའ་ལེ་ལོ་དང་སྙོམ་ལས་སུ་འཆོར། མྱོས་འགྱུར་དང་ཕྱི་དྲོའི་ཁ་ཟས་ཙམ་ཡང་སྤོང་མི་ནུས་པ་ཞིག་འདུག་པས། རང་རྒྱུད་ཆོས་དང་མཐུན་པའི་ཚོགས་པ་དེ་དགེ་འདུན་མཚན་ཉིད་པར་འགྲོ། བསྟན་པ་ལ་བྱ་བ་བྱས། དོན་གཉིས་ཕུན་ཚོགས་སུ་འགྲུབ་པ་ཡིན་པས་ཚོགས་ཀྱིས་སྐྱོ་ནས་རི་ཁྲོད་དུ་འགྲོ་བ་སྐད་ཀྱི་བློ་སྣ་མང་པོའི་གུ་ཡངས་མི་བྱེད། གལ་ཏེ་དགེ་སྦྱོར་བྱེད་ངེས་ལོ་ཟླའི་གྲངས་བཅད་ཀྱི་མཚམས་པ་བྱུང་བ་དགེ་འདུན་གྱི་སྤྱི་སྒྲིགས་དང་ཡ་མ་བྲལ་བའི་ངོས་ནས་བདེ་བ་ཅན་གྱི་མཚམས་གྲྭ་ལ་ཞུགས་ཤིང་གྲོལ་ནས་སྒྲིགས་སུ་སྔར་བཞིན་གནས་པ་ལས་མི་འགལ་བ་གལ་ཆེ། མདོར་ན་ཐོས་བསམ་སྒོམ་པའི་བྱ་བས་ཉིན་མཚན་དུས་འདའ་ཞིང་། མཁས་བཙུན་བཟང་པོའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་བློ་ལྡན་རྣམས་ཀྱིས་བསྔགས་འོས་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་ཞིག་མཛད་དགོས་སོ། །དེ་ལྟ་བུའི་བསླབ་ཁྲིམས་ལ་གནས་པ་གཞིར་བཞག་གི་ངོས་ནས་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་རིམ་པ་ནི།
༈ ཐོག་མར་ཐོར་ཐུན་དགེ་བསྐོས་ཀྱིས་མཁར་རྔས་བསྐུལ་བའི་རྗེས་འབྲེལ་མལ་གྱི་བདེ་དྲོད་ཉི་ཚེར་མ་ཆགས་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ཤིང་། གཉེན་པོ་ཞན་པ་རྣམས་ཀྱང་དགེ་རྒན་དང་ཤག་དཔོན་སོ་སོས་སད་པར་བྱས་ཏེ། ལུས་གནད་དང་ལྡན་པས་སྐྱབས་སེམས་སྔོན་དུ་འགྲོ་བའི་རྟེན་བསྐྱེད་མཆོད་འབུལ་ཉི་མ་ལྷོ་ནུབ་མ་སོགས་གསོལ་འདེབས་དབང་བཞི་ལེན་པ་རྣམས་ཁྲལ་ཆོས་མིན་པའི་རྒྱུད་དང་ཅི་འདྲེས་བྱ་ཞིང་། དགེ་བསྐོས་ཀྱིས་བསྐོར་ཏེ་བརྟག་པ་དང་མི་འདོན་ན་བརྡ་སྦྱོར་ཞིང་དྲན་འཛིན་བྱེད། ཐུན་གྱི་རྗེས་འབྲེལ་དུ་བཟླས་སྒོམ་སོགས་ཉམས་ལེན་དང་དཔེ་ཆའི་སྐྱོར་སྦྱང་གང་རིགས་མཛད་པ་ལས་བདེ་དལ་དུ་མི་མནལ་ཞིང་ནམ་ལངས་ནས་དཔེ་འཛིན་གཙོ་བོ་བྱེད། ཞོགས་ཐུན་བཞེངས་བརྡ་བྱུང་བ་དང་སྤྲོས་བྲལ་བདེ་ཆེན་མ་དང་ལྟུང་བཤགས་སོགས་ཁ་ཏོན་གང་མོས་བྱེད་བཞིན་པར་གོས་ཚགས་མཛེས་ཤིང་རན་པར་བྱས་ལ། དགེ་འདུན་རེས་བསྐོར་གྱི་དགེ་སློང་རེའི་རྗེས་སུ་དགེ་ཚུལ་གཉིས་རེ་མཆོད་བཤམས་པ་བཅས་བཞི་གྲྭ་རེས་དཀར་གཏོར་ཛམ་ལྷའི་ཆུ་སྦྱིན་བརྒྱ་རྩ་འབྱུང་བཞི་སོགས་རྒྱུན་གཏོར་རྣམས་ཆག་མེད་བསྟར་ཆགས་སུ་ཞོགས་ཚོགས་གོང་དུ་ཚར་བ་མཛད། ཚོགས་དུང་དང་པོ་བྱུང་བ་དང་ཞྭ་ཟླམ་བགོ་བ་སོགས་སྤྱོད་ལམ་མཐུན་པ་བསྟར། ཁ་འདོན་ཤུབ་བུར་བྱེད་བཞིན་པས་ཁྱམས་ཀྱི་སྒོ་དྲུང་དུ་འདུས་ཏེ། མཆིལ་ལྷམ་ཕུད། སྔ་ཆབ་བླངས། དུང་ཐེངས་གཉིས་པ་བྱུང་བ་དང་། ཁྱམས་སྨད་ནས་གནས་ལྔ་སར་གཏུགས་པའི་ཕྱག་གསུམ་རེ་སྔོན་དུ་འགྲོ་བས། རང་རང་གི་གྲལ་ལ་སྐྱིལ་ཀྲུང་དང་ལྡན་པས་དྲང་པོར་བཞུགས་ཤིང་། གདིང་བ་མེད་པར་ཚོགས་གདན་ལ་རྗེན་བཞུགས་དང་མཆིལ་སྣབས་དང་། ལག་པ་འཕྱི་བ་སོགས་མི་རུང་། སྐུ་ཆེ་ཡུལ་གཉན་དང་མདོ་སྔགས་ཀྱི་རབ་འབྱམས་པ་ལས་སྣེ་གྲལ་འདོན་དགོས་པའི་རིགས་མ་གཏོགས་མདུན་གྲལ་གཉིས་ལ་སྐད་དབྱངས་དང་། གཞན་རྣམས་བསླབ་གྲལ་ཁོ་ན་ལས་མགྱོགས་གྲལ་མི་བྱ། ཞལ་འདོན་གྱི་རིམ་པ། ཚིག་བདུན་གསོལ་འདེབས། སྐྱབས་སེམས་གནས་ཡོ་བྱིན་བརླབ། སྤྱན་འདྲེན་ཁྲུས་གསོལ་རྣམས་སྔོན་དུ་འགྲོ་བས། དེ་རྗེས་ཞག་གསུམ་ལ་རེས་སྐོར་
གྱིས་ཞོགས་རེ་ཡན་ལག་བདུན་པ་རྒྱས་པ། ཐུགས་བསྐྱེད། སོ་ཐར། བྱང་སྡོམ་སྙིང་ཐིག་རྣམས་ཀྱི་བླ་བརྒྱུད་གསོལ་འདེབས། མཛད་བཅུ། གནས་བརྟན་ཕྱག་མཆོད། བརྟན་བཞུགས་གསོལ་འདེབས་ཅི་རིགས། དཀོན་མཆོག་རྗེས་དྲན། ཡོན་སྦྱོང་། དཔལ་ལྡན་རྩ་གསུམ་མ་རྣམས་དང་། ཞོགས་རེ་ཡན་ལག་བདུན་པ་བསྡུས་པ་བཟང་སྤྱོད་ལྟར་དང་། ཐུགས་བསྐྱེད་གསོལ་འདེབས་ལེའུ་བདུན་མ། བརྟན་བཞུགས་གསོལ་འདེབས། རྗེས་དྲན། ཡོན་སྦྱོང་། ཤེར་སྙིང་། དཔལ་ལྡན་རྩ་གསུམ་མ་རྣམས། ཞོགས་རེ་ཐུགས་བསྐྱེད་ཡན་དེ་དང་འདྲ་བ་ལས། དེ་རྗེས་སྙིང་ཐིག་བརྒྱུད་པའི་ཕྱག་འཚལ། ཡེ་ཤེས་སྐུ་མཆོག་རྩ་ལྟུང་བཤགས་པ་དང་། རྗེ་བཙུན་མ། བརྟན་བཞུགས་གསོལ་འདེབས། རྗེས་དྲན། ཡོན་སྦྱོང་། བཟང་སྤྱོད། རྩ་གསུམ་མ་རྣམས་ཏེ་ཞག་གསུམ་རེར་འཁོར་བ་མཛད། ཚོགས་གྲལ་དུ་བླ་གོས་ཟླུམ་པོར་བགོ་བ་སོགས་སྤྱོད་ལམ་མཐུན་པས་ཁ་འདོན་ཤུབ་དིར་གྱིས་སྐོར་ལམ་དུ་ཕེབས། ཚ་རྟིང་ལ། སྔར་སྦྱིན་བདག་ཆེན་མོ་ཞལ་འཚོ་རིང་ཇ་ཚུལ་རེ་གནང་བ་ཕྱིས་འདི་ཁ་ནས་སྔ་ཕན་མ་བཅག་པ་ལྟར་སླད་ནས་ཀྱང་རྒྱུན་ཆགས་འབྱོར་རེ་དེ་སྲིད་ཞལ་འདོན་དམིགས་བསལ་གྱི་སྐུ་རིམ་ལྟ་བུ་བསྒྱུར་བཀོད་དགོས་དུས་མ་གཏོགས་རྒྱུན་དུ་གང་བློ་མ་སྔོན་འགྲོའི་མཚན་བརྗོད་ཀྱི་རྒྱུད་འདོན་དང་། བརྟན་བཞུགས་གསོལ་འདེབས་ཅི་རིགས་མཛད། སྔ་དྲོའི་གུང་སེང་གཉིས་ལ་ཀུན་ར་བ་རྣམས་ཆོས་དུས་ཡོད་མེད་ལ་མ་ལྟོས་པའི་བསྡེབས་ཚོགས་ཀྱིས་དཔེ་འཛིན་རུས་ཐོན་ཡོང་བའི་འགོ་བསྡུས་སྐྱོན་གནོན་བསྐུལ་འདེབས་ཀུན་རའི་སློབ་དཔོན་པས་ཉི་མ་སྟེང་ཤོད་མེད་པའི་སྐྱོང་མཁས་དང་རང་རང་གི་དགེ་རྒན་སོ་སོས་ཀྱང་འཕྲལ་འཕྲལ་གྱིས་ལེགས་པར་སློབ་ཅིང་བསླབ་གཉེར་ལ་སྐྱེད་ཅི་ཐོན་གྱིས་འབད་པ་འདོན་པ་གལ་ཆེ། དེ་ནས་དགུང་ཚོགས་ལ་ཞལ་འདོན། གང་བློ་མ། མཚན་བརྗོད། རྣམ་འཇོམས། ལྟུང་བཤགས། བསམ་པ་ལྷུན་གྲུབ་མ། མགོན་པོ་ཐུགས་རྗེ་མ། ཡོན་སྦྱོང་རྣམས་ཀྱི་རྗེས། བྱམས་སྨོན། ཀུན་བཟང་སྨོན་ལམ། མ་ཧཱ་གུ་རུ་བཅས་སྨོན་ལམ་གསུམ་ཉི་མ་རེས་སྐོར་དང་། བརྟན་བཞུགས་གསོལ་འདེབས་ཅི་རིགས། ཚོགས་གྲོལ་རྗེས། དགུང་ཚིགས་ཀྱི་ཚེ་ཡང་། དགེ་
ཚུལ་སློང་མ་འདྲེས་པར་བཞུགས་ངོས། ལྷུང་བཟེད་སོགས་རུང་མཐུན་གྱི་སྣོད་ལས་པགས་སྣོད་སོགས་སུ་མི་སྤྱོད། སྐོར་ཚོམ་ཉལ་སྙེལ་རྒྱབ་རེང་སོགས་བག་མེད་སྤངས་ཏེ། རྗེས་དྲན་ཕུད་མཆོད་ཆང་བུ་བསྔོ་བ་ཡོན་སྦྱོང་སོགས་སྤྱོད་ལམ་དག་པས་ལོངས་སྤྱད། དགུང་ཚིགས་གྲོལ་རྗེས་ཀློག་གྲྭ་ནས་མ་ཐོན་པ་རྣམས་ཀུན་ར་སློབ་དཔོན་པས་ཏིང་བརྡས་བསྡུས་ཏེ་གསལ་དག་སྙན་པའི་ཀློག་སྦྱོང་ལ་འཇུག །དགོང་ཚོགས་ལ། རིག་འཛིན་མཆོད་པ་བཟླས་པ་སྔགས་ཚན་གཉིས་ལྔ་བཅུ་རེས་ཉུང་མཐའ་བྱས་པ། དམ་ཅན་སྤྱི་གཏོར། ཆ་གསུམ་གཏོར་མ། སིནྡྷུ་རྒྱ་མཚོ་ཆེ་བ། སྨོན་ལམ་གྱིས་མཐའ་བརྟེན་པ་རྣམས་དང་གྲོལ་རྗེས་གཎྜི་རྒྱུད་གསུམ་པས་བསྡུས་ནས། ཆོས་རར་གྲལ་ཟླ་གམ་དུ་ཚོགས་ནས་བསམ་པ་ལྷུན་གྲུབ་མ། སྒྲོལ་སྔོན། སྒྲོལ་དཀར། ཚེ་གཟུངས་ཚར་བདུན། གཏེར་གསར་ཚེ་གཟུངས་ཉེར་གཅིག །ཤེར་སྙིང་བདུད་བཟློག་དང་བཅས་པ། ལོཀྟྲིའི་ཞི་སྔགས་ཉེར་གཅིག་དང་དྲག་སྔགས་བདུན་དམོད་མོ་ཚར་གཅིག་དང་བཅས་པ། འཁོར་ལོ་འབར་བའི་སྔགས་ཚར་བདུན། ཡང་བཟློག་རྡོ་རྗེ་ཕ་ལམ་གྱི་བསྐྱེད་བཟླས་བཟློག་པ་དང་བཅས་གཉིས་གང་རིགས། སྨོན་ལམ་གྱིས་མཐའ་བརྒྱན་པ་རྣམས་མཛད་རྗེས། དགེ་འདུན་བྱིངས་ཆོས་རར་སོ་སོའི་དགེ་རྒན་གྱིས་སྐྱོན་ནོན་པར་སྤྱོད་ལམ་བག་ཡོད་པས་འཁོད་ནས། དགེ་སྦྱོང་ཞེ་ཐག་པའི་ཁ་ཏོན་བྱེད་པ་སོགས་དང་སློབ་སྦྱོང་ཡིན་ངེས་ཀྱི་གདངས་དབྱངས་འཐེན་པ་མ་བཀག །དེ་ཕྱིན་དཔེ་ཆའི་སྐྱོར་སྦྱངས་ལ་གཙོ་བོར་འདོན་པ་ལས་བག་ཡངས་སོས་དལ་དུ་མི་ལུས་པའི་བསྐུལ་འདེབས་སོ་སོའི་དགེ་རྒན་དང་སྤྱིར་དགེ་བསྐོས་ཀྱིས་མཛད། ཁྱད་པར་ཀུན་ར་སློབ་དཔོན་གྱིས་སྔར་བཞིན་བསྐུལ་ནས་ཟུར་ཚོགས་ཀྱིས་དཔེ་ཆའི་སྐྱོར་སྦྱང་ཁོ་ན་ལ་ཆིག་དྲིལ་ལས་གཞན་བྱེད་ས་མེད། དེ་ནས་སྲོད་ཐུན་གྱི་འཁར་རྔ་བྱུང་བ་དང་། ཐམས་ཅད་ཆོས་རར་སྔར་བཞིན་སྒོར་ཚོགས་ཀྱིས་སྐྱབས་སེམས། རྟེན་བསྐྱེད་མཆོད་བླ་མ་སྐུ་གསུམ་མ་བརྒྱུད་འདེབས་བཅས་པ། བསྟན་པ་རྨད་བྱུང་མ། སིནྡྷུ་རྒྱ་མཚོ་ཆུང་བ་སོགས་གསོལ་འདེབས་བརྟན་བཞུགས་དབང་བཞི་ལེན་པ། སྨོན་ལམ་ཤིས་བརྗོད་དང་བཅས་པའི་མཐར་ཁ་ཏོན་བྱེད་བཞིན་པར་བསྐོར་ལམ་ལ་
ཕེབས་ནས་ཤག་སོ་སོར་བཞུགས་རྗེས། ཆོས་ར་སོགས་ཕྱིར་བག་ཡངས་ཀྱི་རྒྱུ་འགྲུལ་ལབ་སྒྲ་མེ་སྒྲོན་ཁྱེར་བ་ཉལ་འདུག་སོགས་མི་བྱེད། དགེ་སྦྱོང་དང་དཔེ་ཆ་སྐྱོར་སྦྱང་མ་བཀག །དེ་ཕྱིན་ཕྱིར་མ་ཟད་ཤག་གི་ནང་དུ་ཡང་སྡེབས་ཚོགས་མེ་སྒྲ་ཐུག་ཆོམ་སོགས་གཏན་མི་བྱ་ཞིང་། མལ་གདང་གིས་ཉལ་བ་དང་ཉལ་ཆས་དཀར་ནག་གྱོན་པ་སོགས་སྤངས་ཏེ་བག་ཡོད་དྲན་ཤེས་ཀྱིས་ཉལ་བའི་རྣལ་འབྱོར་དང་ལྡན་པར་མཛད། ཚ་རྟིང་དང་བར་ཇས་མཚོན་པའི་མང་ཇ་འཕར་མ་ཞུ་མི་བྱུང་ན་སོ་སོའི་བཞེད་སྦྱར་གྱི་ཞལ་འདོན་ཚོགས་ཡུན་རིང་བ་མ་མཐའ་ཡང་ལེའུ་བདུན་མ་ཚར་རེ་འགྲོ་བ་ལས་མི་ཐུང་བར་མཛད། ཚོགས་ཀྱི་དུས་ཀུན་ཏུ་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲངས་ཏེ། འདོན་པ་གདངས་འདུར་གང་བསྐུལ་དལ་སྙོམས་སྙན་འཇེབས་སེམས་རྒྱུད་དང་གང་འདྲེས་འདོན་ཞིང་གཉིད་ཡུར་མགོ་སྒྲིལ་གྲུ་སྲུབས་ཤབ་ཤུས་སྨྲ་བ་སོགས་མི་བྱ། ཇ་ཐུག་བཞེས་པ་སོགས་ཀྱང་ཕུས་འདེབས་ཧབ་འདྲེན་རྐན་སྒྲ་ཏོག་པ་སོགས་དང་ཕོར་བུ་ལྕེས་འབྱོག་པ་མི་རུང་། ཡོ་བྱད་རྣམས་ཀྱང་སྤྱོད་ལམ་མཐུན་ཞིང་མཛེས་པར་བསྒྲིགཆོས་སྤྱོད་ཀྱི་གདངས་དབྱངས་རྣམས་ཟླ་བ་ཕྱེད་རེའི་ཁོངས་སུ་ཆད་མེད་བསྟར་ཆགས་སུ་འཁོར་བ་དང་འཕར་ཇའི་རིགས་ལ་ཇ་རྒྱབ་གསོལ་འདེབས་གདངས་མ་གང་འོས་རེ་ཡང་མཛད། ཚོགས་འདུ་གྱེས་གང་ལ་ཡང་རྒྱུག་ཤར་འཚང་དྲག་ཅོ་དིར་སོགས་མེད་པར་སྤྱོད་ལམ་ཞི་དུལ་གྱིས་དུས་གསུམ་སངས་རྒྱས་དང་ཚིག་བདུན་གསོལ་འདེབས་ཤུབ་འདོན་དུ་མཛད་པ་སོགས་རང་འཚེངས་གཞན་མོས་ཀྱི་རྒྱུར་མཛད་དགོས་ཤིང་། གལ་ཏེ་དེ་དག་ལས་འགལ་བའི་ཐོར་ཐུན་མ་བཏོན་ན། ཞོགས་ཚོགས་ཐོག་ལྟུང་བཤགས་ཚར་གཅིག་གི་བར་ཕྱག་འབུལ། དཔེ་ཆ་སྐྱོར་འཛིན་མ་བྱས་ན་དགེ་རྒན་ཤག་དཔོན་སོ་སོས་འཐབ་རྡེག་གིས་ཚར་ཆོད། ཚོགས་སུ་ལུས་ངག་གི་སྤྱོད་ལམ་ལོག་པ་བྱེད་ན་ཉག་རེའི་མར་མེ་འབུལ། ཕྱག་རྡེག་འཐབ་སོགས་ཉེས་ཆད་སྐབས་དང་སྦྱོར། ཆོས་རར་སོ་སོའི་སྡོད་སར་མ་བསྡད་པ་དང་དཔེ་ཆ་སྐྱོར་སྦྱང་མི་བྱེད་པ་གཏམ་ཆོལ་སྨྲ་བ་གསུམ་གྱིས་ནོངས་ན་ཉག་རེའི་མར་མེ་འབུལ། གཉིས་ནོངས་ན་དེའི་ཕྱེད་ཆ། གཅིག་འདས་ན་དེའི་ཡང་ཕྱེད་ཆའི་མར་མེ་སྤོར། བག་མེད་
ཀྱིས་ཚོགས་འདུ་ཅལ་སྒྲོག་བྱེད་པ་སོགས་བྱུང་ན་སྨན་རྩེ་ཁ་རེའི་སྙན་དར་དང་བརྒྱ་ནས་ཉི་ཤུའི་བར་གྱི་ཕྱག་འོས་བབས་འཚལ། ཤག་གི་འགག་སོགས་མཐོང་གསལ་ཆེ་སར་ཡི་གེ་འབྲི་ཀློག་དང་དཔེ་ཆ་ལྟ་བ་ཙམ་ལས་ཚེམ་བུ་སོགས་ཀྱི་ལས་མི་བྱེད། དགག་དབྱེའི་མཐར་ལྗོངས་རྒྱུ་དང་བསྟུན་ཆུ་ཞུགས་ཀྱི་ཉིན་ལྔའི་བར་མ་གཏོགས་བང་མཆོངས། མིག་མང་དང་ཤོ་སོགས་:ཁྲབ་༼འཁྲབ༽རྩེ་བའི་འོས་མིན་གྱི་རྩེད་མོ་བྱས་ན་ཉག་རེའི་མར་མེ་འབུལ། མདའ་མེ་མདའ་རྡོ་སྒོར་འཇག་རྒྱང་གླུ་གཞས་ཀྱི་རྩེད་སྣ་རྣམས་གཏན་བཀག་ཡིན་པས་ཆུ་ཞུགས་ཀྱིས་མཚོན་གཞིས་བྱེས་གང་དུའང་མི་བྱེད་པ་སོགས་དུས་ཀུན་ཏུ་དྲན་ཤེས་དང་ལྡན་པས་ཅི་བྱས་ཆོས་བཞིན་དུ་འགྱུར་བའི་སྤྱོད་ལམ་ལ་བསླབ་པ་གལ་ཆེའོ། །༈ ཟླ་བ་རེའི་ཁོངས་སུ་ཇི་ལྟར་བྱ་བའི་རིམ་པ་ལ། ཐོག་མར་ཚེས་གསུམ་གྱི་ཐོ་རེངས་ནས་བཟུང་སྙན་གསན་འབེབས་པའི་དུང་རྒྱ་གླིང་སྔོན་དུ་འགྲོ་བས་དགེ་འདུན་བརྒྱད་གྲྭ་རེས་བསང་མཆོད་བརྒྱགས་བརྔན་དང་བཅས་པ། ཚེས་བཞི་ལ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན་གྱི་དུས་དྲན་མཆོད་པར་སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་དང་བཀའ་བརྒྱད་བདེ་འདུས་རྩ་རྒྱུད་ཀྱི་རྒྱུད་འདོན་རྣམ་གཉིས། བརྒྱད་ལ་བསང་མཆོད་སྔར་ལྟར་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་ཆོག །བཅུ་ལ་གུ་རུ་ཞི་དྲག་གི་སྒོ་ནས་ཚེས་བཅུའི་མཆོད་པ་གསོལ་འདེབས་རྒྱས་པ་དང་རྗེས་འབྲེལ་དུ་གཏེར་མགོན་སྔགས་སྲུང་མ་གཙོ་བོར་གྱུར་པའི་བསྐང་བ་གསོལ་མཆོད་དང་བཅས་པ། སྨོན་གྲུབ་པའི་ཟླ་ཇ་གཅིག་ལ་བསམ་པ་ལྷུན་གྲུབ་མ། བཅུ་གཉིས་ལ་ཁྲི་ལྕམ་གྱི་དུས་མཆོད་དུ་རྒྱུད་འདོན་རྣམ་གཉིས། བཅུ་བཞི་ལ་ཕུར་པ་སྤུ་གྲིའི་ཆོ་ག་དང་རྗེས་འབྲེལ་དུ་གཟའ་དང་རྣམ་སྲས་གཙོ་བོར་གྱུར་པའི་བསྐང་བ་གསོལ་མཆོད་སོགས། བཅོ་ལྔ་ལ་བསང་མཆོད་སྔར་ལྟར་དང་། ཡུམ་གྱི་དུས་མཆོད་དུ་རས་བྲིས་ལ་བརྟེན་པའི་རྡོར་སེམས་ཀྱི་སྒྲུབ་མཆོད་བདག་འཇུག་དང་བཅས་པའི་རྗེས་འབྲེལ་སྤྱི་གཏོར་སྔགས་སྲུང་མའི་བསྐང་བ་གསོལ་མཆོད་དང་། རྒྱལ་ཚབ་དྲུང་པའི་དགོངས་རྫོགས་ཀྱི་ཟླ་ཇ་གཅིག་ལ་བཟང་སྤྱོད་འདོན་ཞིང་། ཡར་ངོའི་གསོ་སྦྱོང་མཛད། བཅོ་བརྒྱད་ལ་ཀུན་མཁྱེན་ཆེན་པོ་
དང་གཅུང་རྒྱལ་བའི་སྲས་པོའི་དུས་དྲན་བཀའ་བརྒྱད་བདེ་འདུས་ཀྱི་ཆོ་ག་དང་འབྲེལ་བར་ཕྱག་བཞི་པ་དང་དུར་ཁྲོད་མ་མོ་གཙོ་བོར་གྱུར་པའི་བསྐང་གསོ་གསོལ་མཆོད། ཉེར་གཅིག་ལ་མ་གཅིག་གི་དུས་མཆོད་དུ་རས་བྲིས་ལ་བརྟེན་པའི་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་མཆོད་བདག་འཇུག་དང་བཅས་པའི་རྗེས་འབྲེལ་ལྷ་ཆེན་གཙོ་གྱུར་གྱི་བསྐང་བ་གསོལ་མཆོད། ཉེར་གཉིས་ལ་རྗེ་བླ་མའི་དུས་དྲན་རས་བྲིས་ལ་བརྟེན་པའི་ཞི་ཁྲོ་ཁྲོམ་སྤྲུགས་དོང་སྤྲུགས་ཀྱི་སྒྲུབ་མཆོད་བདག་འཇུག་དང་བཅས་པ། ཉེར་བཞི་ལ་རྒྱུད་འདོན་རྣམ་གཉིས་སྔར་དང་འདྲ། ཉེར་ལྔ་ལ་བླ་མ་གསང་འདུས་ཀྱི་སྒོ་ནས་མར་ངོའི་ཚེས་བཅུ་མཆོད་པ་གསོལ་འདེབས་རྒྱས་པ་དང་རྗེས་འབྲེལ་མ་ནིང་གཙོ་བོར་གྱུར་པའི་བསྐང་བ་གསོལ་མཆོད། ཉེར་དགུ་ལ་གཤིན་རྗེ་འཇོམས་བྱེད་ཀྱི་ཆོ་ག་གདབ་ཁ་གཏོར་ཟོར་དང་བཅས་པའི་རྗེས་འབྲེལ་ལས་གཤིན་གྱི་གཏོར་ཆོག་དང་སྤྱི་གཏོར་རྣམས་དང་། ནག་ཁྲིམས་དང་ཆང་ཁྲིམས་སོགས་ལ་དམིགས་སུ་བསལ་བའི་དགུ་བཟློག །ཚེས་བརྒྱད་དང་། བཅོ་ལྔ། ཉི་ཤུ་དགུ་རྣམས་ལ་མགོན་ཁང་ཤོད་དུ་དགེ་འདུན་ལྔ་རེས་ཆོས་སྐྱོང་སྤྱིའི་དུས་གཏོར་བསྐང་གསོ་འཕར་མ་རེ་དང་། ཡར་ངོ་མར་ངོའི་བརྒྱད་གཉིས་ལ་མགོན་ཁང་བར་དུ་དཀོན་གཉེར་གྱི་དུས་གཏོར་འཕར་མ་རེ་གཏོང་། གནམ་གང་ལ་ཚེ་བདག་གི་ཆོ་ག་ཨྱཻ་རིང་སྤྱང་མོ་གཉིས་དང་བཅས་པའི་བཟླས་པ་དང་ལེགས་ལྡན་ཚོགས་ཀྱི་བདག་པོའི་གཏོར་ཆོག་བསྐང་བཤགས་དང་བཅས་པ་དང་། མར་ངོའི་གསོ་སྦྱོང་རྣམས་ཆག་མེད་དུ་བསྟར་ཆགས་མཛད། སྤྱིར་ནད་པ་དང་སྤྱི་དོན་ལ་དགོས་པའི་དམིགས་བསལ་མ་གཏོགས་དུས་གཏོར་ལ་གནང་བ་ཞུ་སྟེར་མི་བྱེད། ཁྱད་པར་གསོ་སྦྱོང་ལ་དགེ་སློང་ནད་པ་དང་སྤྱི་དོན་བྲེལ་བ་ཅན་ཡང་འདུན་པ་འབུལ་ལེན་བྱེད། བླ་བྲང་ནས་ཚོགས་དབུར་མ་ཕེབས་པའི་དུས་སྒྲུབ་མཆོད་ཀྱིས་མཚོན་ཆོ་ག་འདི་དག་གི་རྡོ་རྗེ་སློབ་དཔོན་དང་གསོ་སྦྱོང་གི་མདོ་གསུང་བ་ལ་མཁན་པོ་ཕེབས་ཤིང་། ཆོས་འཆད་སོགས་ཀྱིས་ཕེབས་མ་ཁོམ་པའི་སྐབས་རྡོར་འཛིན་སློབ་དཔོན་པས་མཛད། དེ་ཡང་མེད་དུས་དབུ་ཆེ་དང་བགྲེས་པའམ་དགེ་བཤེས་གང་རུང་འོས་པ་བསྙེན་སོང་གིས་ཆོ་གའི་སློབ་དཔོན་མཛད་
ཅིང་། མདོ་གསུང་མི་དགེ་སློང་བགྲེས་པ་མདོ་ཐུགས་ལས་ཐོན་པ་སུ་འོས་ཀྱིས་མཛད། དུས་མཆོད་འདི་དག་གཙོ་བོར་བླ་མ་གོང་མའི་དུས་དྲན་ཕན་ཡོན་གཞན་ལས་ཁྱད་པར་དུ་གྱུར་པར་མ་ཟད། འཕྲལ་ཆོ་ག་སོ་སོའི་རྒྱུན་མི་ཉམས་པའི་དྲན་གསོ་ཡང་ཡིན་པ་བཅས་གདངས་དབྱངས་རོལ་ཚིག་སོགས་གང་རྒྱས་བསྟར་ཆག་ལས། འདོན་པ་འདུར་རྒྱུགས་དང་རོལ་མོའི་འུར་བརྡུངས་སོགས་བྱང་འདྲེན་སོ་སོའི་གང་དྲན་ལག་འགེལ་དུ་མ་སོང་བའི་རུས་ཐོན་པ་དང་དགེ་འདུན་སོ་སོས་ཀྱང་བཅས་དང་རང་བཞིན་གྱི་ཉེས་པ་མཐའ་དག་སྦྱོང་བར་བྱེད་པའི་ཐབས་དང་དོན་གཉིས་ཕུན་ཚོགས་ཀྱི་རྒྱུར་དགོངས་པའི་ཐུགས་འདུན་དང་ཆེད་གཉེར་ཆེ་དགོས། ཐོག་མ་དགུན་ཡིན་པ་ལས་བརྩམས་ཏེ། ཧོར་ཟླ་བཅུ་གཅིག་པ་མགོས་ཉ་བའི་ཚེས་གཅིག་ནས་བཅུ་གཉིས་པའི་ཚེས་བཅུ་ཡན་ལ་དགུན་ཆོས་ཁྲིགས་ཆགས་སུ་མཛད་པར། ཆོས་འཆད་མཁན་པོས་གནང་བའམ་དེ་མིན་ཟུར་འཆད་སློབ་དཔོན་སུ་འོས་བསྐོས་ངོས། དད་བརྩོན་ཤེས་རབ་ཆེ་བ་རྣམས་དམིགས་བཙུགས་དང་རང་མོས་སྦྱར་བའི་ཆོས་གྲྭ་ཟུར་འཚོགས་བྱས་པའི་སྔ་དགོང་གི་ཆོས་ཐུན་གཉིས་རེ་བྱེད་པར་དཔལ་གསང་བ་སྙིང་པོའི་གཞུང་འགྲེལ་པ་དང་བཅས་པ་རྩ་བར་བཟུང་སྤྱི་དོན་དང་ལམ་རིམ་གསལ་བཀྲ་དཀའ་འཚོམ་མཐའ་གཅོད་དང་བཅས་པས་བརྒྱན་ཏེ་ལེགས་པར་འཆད་ཅིང་། ཉན་པ་པོས་ཀྱང་གཞུང་ཚིག་རིས་ཙམ་ལ་མ་བལྟོས་པའི་དོན་གྱི་གོ་བ་ལྷོངས་ཤིང་། དངོས་པོ་བཅུའི་སྟེང་དུ་ངག་འདོན་སྙིང་པོར་དྲིལ་བའི་བཤད་པ་གཞུང་བསྐྱུར་འཕེལ་བ་བྱེད་དགོས་ཤིང་། ཆོས་ར་འགྲིམ་པའི་བསླབ་གཉེར་བ་གཞུང་མ་རྣམས་སྔ་དགོང་གི་ཚོགས་དང་སྐུ་རིམ་སྲོད་ཐུན་ལ་འདུ་དགོས་ལས། དེ་ཕྱིན་དམིགས་བསལ་གྱིས་བསྡུ་དགོས་བྱུང་ན་མ་གཏོགས་དེ་བར་ཚོགས་འདུ་ཡངས་ཤིང་། རྒྱུད་འགྲེལ་ནག་འབྱམས་ཀྱི་རྒྱུགས་འབུལ་སྔོན་དུ་འགྲོ་བས། དུས་རིམ་དང་དབོ་ཟླའི་སྒྲུབ་མཆོད་གང་འོས་ཐོག་ཏུ་རྒྱུད་ཀྱི་བཤད་གསར་གཞུང་བསྐྱུར་འཕེར་བའི་བློ་བཤད་ཐོག་མཐའ་ཁྱོངས་པ་བྱུང་ན། གཞོན་བར་གྱི་ལས་ཡངས་ཤིང་སྔགས་རམས་པའི་མིང་འདོགས་གྲལ་
འདོན་དང་བཅས་པས་གཟེངས་བསྟོད། མཚན་ཉིད་པ་རྣམས་རིགས་ཆེན་ལུང་ཆེན་ནས་དཀའ་བཅུའི་བར་གང་ཡིན་ཡང་རུང་ཚོགས་ལངས་ཀྱི་རིགས་ལུང་འཕེར་བའི་ཐོག་པོད་ཆེན་གང་རིགས་ཀྱི་རྒྱུགས་ཕུལ་ན་གཞོན་བར་གྱི་ལས་ཡངས་ཤིང་། དེའི་སྟེང་དུ་བྱེས་ཀྱི་གྲྭ་ས་ཡས་མས་གང་རུང་དུ་གྲྭ་སྐོར་ཐེངས་ན་རབ་འབྱམས་པའི་མིང་འདོགས་དང་། བསྙེན་རྫོགས་ཀྱི་བསླབ་གྲལ་མ་གཏོགས་སྔགས་རམས་པའི་གོང་དུ་གྲལ་འདོན་བཅས་པས་གཟེངས་བསྟོད། བློ་ཁ་མཐོ་བ་རྣམས་ཀྱིས་ཡོན་ཏན་ལ་ངོམ་པ་མེད་པའི་སྒོ་ནས་དེ་དག་གི་སྟེང་དུ་གཞུང་གཞན་མའི་སློབ་སྦྱོང་ཡང་ཅི་ནུས་སུ་འབད་དགོས་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཐོས་བསམ་ལ་རག་ལས་པའི་ཕྱིར་རོ། །རྒྱུད་ཀྱི་ཆོས་ཐོག་དང་བསྟུན་ཀུན་ར་ནས་འཐོན་པའི་དགེ་འདུན་བྱིངས་ཀྱང་ཆོས་རར་སྡེབས་ཚོགས་ཀྱི་དཔེ་འཛིན་བློ་བཤར་འཆམ་དབྱངས་གཏོར་མ་དཀྱིལ་འཁོར་སོགས་དག་ཐོན་པའི་སློབ་སྦྱོང་ལ་འབད་ངོས། སྤྱི་སྒོས་ཀྱི་བསྐུལ་འདེབས་སྐྱོན་འདེབས་སྐྱོན་སེལ་དགེ་བསྐོས་དང་དགེ་རྒན་སློབ་གྲྭ་སོ་སོའི་སློབ་དཔོན་དང་བཅས་པས་ཟོམ་ལུས་སུ་མ་སོང་བ་མཛད། མིག་ལྟོས་བཟང་འགྲན་གྱི་ཐོས་བསམ་སྒོམ་གསུམ་ལ་བློ་འདུན་ཆེ་བ་རྣམས་ལ་ངན་པ་ཁ་འགྲིལ་གྱིས་འཐིང་སླད་སུས་ཀྱང་མི་བྱ། གལ་ཏེ་བྱས་པ་བྱུང་ན་ཉེས་ཆད་མི་ཆུང་བས་ཚར་ཆོད། ༈ རྒྱལ་ཟླའི་ཚེས་བཅུ་གཉིས་ནས་ཉིན་བརྒྱད་ཀྱི་བར་དུས་རིམ་གྱིས་འཆམ་དབྱངས་སྦྱོང་བརྡར་དང་། དེ་རྗེས་ས་ཆོག་དཀྱིལ་འཁོར་གཏོར་ཤོམས་སོགས་འགྲིག་པར་བྱས་རྗེས་ཉེར་གསུམ་ནས་བཟུང་རྒྱུན་གྱི་ཆགས་མེད་རིག་འཛིན་མཆོད་པ་སྔོན་དུ་འགྲོ་བས་གཤིན་རྗེའི་གཤེད་ཀྱི་སྒྲུབ་མཆོད་བསྙེན་སྒྲུབ་བསྲུང་བཟློག་བསད་པའི་ལས་སྦྱོར། ཆོས་སྐྱོང་སོ་སོའི་མཆོད་གཏོར་བསྐང་བ་གདབ་ཁ་བཟློག་བསྒྱུར་སོགས་བསྟར་ཆགས་དང་། ཉེར་བརྒྱད་ལ་རྔ་འགྲོས་བསྒྲལ་འཆམ་སོགས་དང་སྦྱར་བའི་སྨད་ལས་རྒྱས་པ་དང་། སྲེག་མནན་གྱི་ལས་སྦྱོར། ཉེར་དགུ་ལ་ཟོར་འཕེན། གནམ་གང་ལ་མ་མགོན་ལྕམ་དྲལ་གྱི་འཆམ་སྐུ་སྤྱན་འདྲེན་དང་བསྟུན་གཏོར་འབུལ་རྟེན་འཛུགས་སོགས་མཐའ་རྒྱས་སུ་མཛད།
༈ ཟླ་བ་དང་པོ་མཆུས་ཉ་བའི་ཚེས་གཅིག་ལ་ལོ་གསར་གྱི་དགའ་སྟོན་དང་འབྲེལ་བར་ཚོགས་བཤད་རིགས་ལུང་འབུལ་བ་སོགས་བྱེད། ཉིན་གསུམ་ལ་དགེ་འདུན་སོ་སོའི་ལོ་གསར་གུང་གསེང་ལྟ་བུ་དང་། གསུམ་གྱི་ཞོགས་བླ་བྲང་དང་གསང་སྔགས་ཕོ་བྲང་སྟེང་དུའང་གྲྭ་པ་བཅོ་ལྔ་རེས་བསང་མཆོད་འཕར་མ་དང་། ཕྱི་དྲོ་བླ་བྲང་ནས་ངོས་ཕེབས་ཀྱིས་མགོན་ཁང་སྦུག་ཏུ་དུས་གསོལ་རྣམས་མཛད་རྗེས། ཚེས་བཞི་ལྔ་ནས་བཟུང་དཔྱིད་ཆོས་ལ། དགེ་འདུན་སྤྱིའི་ཆོས་གྲྭ་སྡེབས་ཚོགས་ཀྱིས་བསླབ་སྦྱོང་དགུན་ཆོས་ལྟར་ལས། བྱེ་བྲག་གློ་བུར་དུ་ལྷགས་པ་དང་གཉུག་མར་གནས་པའི་ཆོས་ཞུ་བ་དགེ་སློང་དུ་སྒྲུབ་འོས་རྣམས་ལ་ཐོག་མར་མཁན་པོས་དེའི་སྡོམ་པ་གནང་ཞིང་ལས་གྲྭ་རྣམས་དགེ་སློང་སུ་འོས་ཀྱིས་ཐོགས་མེད་ཡོང་བ་མཛད། དེ་རྗེས་བླ་བྲང་ནས་གནང་བའམ་དེ་མིན་མཁན་པོས་ཐུགས་བསྐྱེད་ཀྱི་སྡོམ་པ་གནང་ནས། དུས་ཁྲིད་ཀྱི་ངོ་བོ་སྙིང་ཐིག་ཆེ་ཆུང་ལྟ་བུ་གང་འོས་ཀྱི་དབང་བཀའ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བ་དང་། ཁྲིད་ཡིག་སོ་སོའི་ཟབ་དོན་གནད་འདོམས་སུ་འདྲིལ་བའི་དམིགས་རིམ་ཉམས་མྱོང་དང་སྦྱར་བའི་བོགས་འདོན་ངོ་སྤྲོད་མཐའ་རྒྱས་སུ་གནང་ཞིང་། ཁྲིད་གྲྭ་དེ་ཉིད་དུ་ཞུགས་པར་མི་འོས་པ་ལ་ཐུན་མོང་གི་ཐེག་པའི་ལམ་རིམ་རྣམས་དང་། ཁྱད་པར་སྡོམ་པ་གསུམ་གྱི་བསླབ་བྱ་གང་འོས་རྣམས་སྙིང་པོར་དྲིལ་ནས་སྟོན། སྤྱིའི་རྒྱབ་ཆོས་སུ་གདམས་པ་སོ་སོའི་ལུང་དང་དཀའ་གནས་སུ་མཛུབ་ཚུགས་ཀྱི་བཤད་པ་སོགས་སྐབས་དང་སྦྱར་བས་དབོ་ཟླའི་ཚེས་བདུན་བརྒྱད་ཚུན་ལས་ཡུན་མི་ཐུང་བ་གནང་། དོན་གཉེར་སོ་སོས་ཀྱང་ཆོས་དེ་གང་ལས་ནོད་པའི་དགེ་བའི་བཤེས་གཉེན་ལ་ཡིད་ཆེས་པའི་དད་པ་དང་། དོན་དུ་གཉེར་བའི་འདུན་པ་ཕུན་སུམ་ཚོགས་པ་རྩེ་གཅིག་ཏུ་བྱའོ། །༈ དེ་ནས་ཧོར་ཟླ་གཉིས་པའི་ནང་དུ་རྩ་བའི་བླ་མ་རྣམ་པ་གཉིས་ཀྱི་དུས་དྲན་ལོ་མཆོད་ལ་དམིགས་ཚེས་བཅུ་དགུའི་དགོང་ཇའི་ཐོག་ས་བསླང་སྦྱང་བ་སྔོན་འགྲོས། རྒྱལ་ཐོ་དམ་སྲི་མནན་པ། སྒོ་བྱང་ཕུར་གདབ་སོགས་ས་ཆོག་ཚང་བ་བྱ། ཉི་ཤུའི་ཞོགས་པར་ལྷ་བུམ་སྟ་གོན། ཉེར་གཅིག་ནུབ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཤིང་རྒྱན་འགྲེམ་པ་རྣམས་འགྲུབ་
པར་མཛད་ནས། ཉེར་གཉིས་ནས་བཟུང་ཞོགས་པ་རིག་འཛིན་མཆོད་པའི་དབང་ལེན་པའི་གསོལ་འདེབས་ཀྱི་གོང་དུ་སྙིང་ཐིག་བརྒྱུད་པའི་ཕྱག་འཚལ་སྦྱར་བ་སྔོན་དུ་འགྲོ་བས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་མཆོད་བདག་འཇུག་ཚོགས་གཏོར་བཀའ་སྲུང་ལྷ་ཆེན་གཙོར་གྱུར་གྱི་བསྐང་བཤགས་གསོལ་མཆོད་རྣམས་སྒྲུབ་ཞག་བརྒྱད་ཀྱི་བར་དང་། ཁྱད་པར་ཉེར་ལྔའི་སྔ་དྲོ་མཆོད་པ་དང་འབྲེལ་བར་མཆོད་གར་དང་། ཉེར་དགུའི་ཕྱི་དྲོ་གྲྭ་པ་གྲངས་བཅད་ཀྱིས་མཆོག་གི་སྲེག་བླུགས་འབུལ་བ་དང་བསྟུན་ལོ་རེའི་ནང་གི་བསྔོ་ཡིག་བསགས་པའི་བསྔོ་བྱང་རྣམས་ཀྱང་བཞུ་ཞིང་། དེ་རྗེས་དངོས་གྲུབ་ལེན་པ་དཀྱིལ་འཁོར་བསྡུ་ཞིང་ཕྱི་ནང་གི་ཐོ་འགྲོལ་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་དང་། གནམ་གང་གི་ཉིན་རས་བྲིས་ལ་བརྟེན་པའི་ན་རག་དོང་སྤྲུགས་ཀྱི་སྒྲུབ་མཆོད་བདག་འཇུག་དང་བཅས་པ། ཚེས་གཅིག་གི་ཞོགས་པ་སློབ་དཔོན་གྱིས་ཐོག་དྲངས་གྲྭ་པ་ཞལ་གྲངས་ཀྱིས་རྡུལ་ཚོན་དང་བསྲེགས་ཐལ་ལྷན་ཅིག་ཆུ་བོར་གཤེགས་པའི་བར་མཐའ་རྒྱས་སུ་མཛད། ༈ དེ་རྗེས་ཧོར་ཟླ་བཞི་པ་ས་གས་ཉ་བའི་དུས་ཆེན་ལ། དཀྱིལ་འཁོར་ཁང་པའི་དབུས་སུ་འདུས་པ་མདོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར། དེའི་གཡས་སུ་དོང་སྤྲུགས་པདྨ་བརྒྱ་ལྡན་དང་། གཡོན་དུ་མཉམ་སྦྱོར་རིགས་བསྡུས། མདོའི་རྒྱབ་ཏུ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོ། དེའི་གཡས་གཡོན་དུ་སྒྱུ་འཕྲུལ་ཁྲོ་བོ་ང་བརྒྱད་དང་། ཡང་དག་ལྷ་དགུ་སྟེ་དཀྱིལ་ཆེན་དྲུག་དང་དོང་སྤྲུགས་ཀྱི་གཡས་ཟུར་དུ་ཚེ་དཔག་མེད་ལུང་ལུགས་རྣམས་རྡུལ་ཚོན། མཉམ་སྦྱོར་གྱི་གཡོན་ཟུར་དུ་ཆ་གསུམ་གྱི་དཀྱིལ་འཁོར་ཆུ་ཚོན་ལ་བརྟེན་པ་སྟེ་དཀྱིལ་ཆུང་གཉིས་དང་བཅས་དཀྱིལ་འཁོར་བརྒྱད་ཀྱི་ཆོག་གྲྭ་མཛད་པར་ནག་ཟླའི་མཇུག་ཏུ་གསར་འཇུག་གི་སྒེར་སྦྱངས་དགོས་པ་རྣམས་སོ་སོའི་ཆོག་དཔོན་དང་འཆམ་དཔོན་སོགས་ཀྱིས་དོ་ཁུར་དང་། ཟླ་མཚམས་ནས་སོ་སོའི་སློབ་དཔོན་དང་དབུ་མཛད་ཀྱིས་གཞུང་བཞེས་རྒྱུར་ཀུན་ར་ནས་མ་ཐོན་པར་ཆོག་གྲྭར་འཇུག་ས་མེད་པས་རྒྱུད་འདོན་གཉིས་གང་རུང་དུ་ཞུགས་ཟིན་གྱི་གང་ཟག་གསར་གཞུག་རྣམས་ཆོག་དཔོན་གཞན་ལ་ཆིག་རྒྱུགས་དང་། དེ་ཕྱིན་ལོ་
རེ་བཞིན་རང་རང་གི་སློབ་དཔོན་དབུ་མཛད་གང་རུང་ལ་ཉིས་རྒྱུགས། ཆོག་གྲྭ་ནང་དུ་ཆོག་ཆུང་ནས་ཆོག་ཆེན་ལ་འགྲོ་འོས་ཞུས་གནང་གང་ཡིན་ཡང་རང་གི་ཆོག་དཔོན་ལ་ཆིག་རྒྱུགས་སྤྲད་ངོས། ཉེར་བརྒྱད་ནས་ཉིན་ལྔའི་བར་སོ་སོ་བསྡེབས་ཚོགས་ཀྱི་ཆོག་སྒྲིགས་དང་། ཉིན་དང་པོ་བཞིའི་ཕྱི་དྲོ་རྩ་འཆམ་སྦྱོང་བརྡར། ཚེས་གཉིས་ཀྱི་དགོང་དྲོ་མཚན་ཐོ་བསྒྲགས་ནས་དེ་ནུབ་ཕྱོགས་དབྱངས་སོ་སོའི་དབྱངས་སྦྱང་། ཚེས་གསུམ་གྱི་ཕྱི་དྲོ་དངོས་གཞི་ཇི་ལྟར་བའི་འཆམ་འགྲིག་ཚང་བར་མཛད་ནས། ཚེས་བཞིའི་སྔ་དྲོ་ཆ་གསུམ་པས་བདག་བསྐྱེད་སྔོན་འགྲོའི་གཏོར་ཆོག་དང་། ཆོག་ཁག་གཞན་རྣམས་རང་རང་སོ་སོའི་ས་ཆོག་མཛད་ཅིང་། ཕྱི་དྲོ་དཀྱིལ་འཁོར་གྱི་གཞིར་ཁྲག་འཐུང་རྩ་འཆམ་དང་། ཚེས་ལྔ་ལ་ཆ་གསུམ་པ་རྣམས་སྔར་ལྟར་དང་། ཚེ་ཆོག་པ་རྣམས་ཀྱི་ཕྱི་བཤགས་སུ་འབུམ་སྡེ་ལྔ་ཞལ་ཕྱེ་ཙམ་བྱས་ལ་དེ་དག་གི་སྙིང་པོ་མདོ་ལྔ་དང་། ནང་བཤགས་སུ་རུ་ཆེན་བཞིའི་བཤགས་པ་ཀློག །དོང་སྤྲུགས་པ་རྣམས་ཀྱིས་ཕྱག་གི་བཀོལ་བྱང་དང་བརྗོད་མེད་ཀྱི་བཤགས་པ་འདོན་ཞིང་། གཅིག་གིས་དཔང་སྐོང་སྒྲོག་པ་སོགས་སྔོན་འགྲོའི་རིམ་པ་དང་། མདོ་སྒྱུའི་ཆོག་གྲྭ་རྣམས་སོ་སོའི་ཡན་ལག་དང་ཡན་ལག་ཅན་གྱི་རབ་གནས། མ་རྒྱུད་ཀྱི་དཀྱིལ་ཁག་གཉིས་སོ་སོའི་ལྷ་བུམ་སྟ་གོན་རྣམས་དང་། ཚེས་དྲུག་དང་བདུན་གཉིས་ལ་དཀྱིལ་འཁོར་བྲི་བ་དང་། ཡོ་བྱད་གཤོམས་བཀོད་ཞི་ཁྲོའི་རབ་གནས་དང་བཅས་པ་རྣམས་གྲུབ་པར་མཛད་ནས། ཚེས་བརྒྱད་ནས་བཟུང་ཆོ་ག་དངོས་གཞི་འཛུགས་པར། ཐོག་མར་ཚིག་བདུན་གསོལ་འདེབས། སྐྱབས་སེམས། གནས་ཡོ་བྱིན་རླབས། སྤྱན་འདྲེན་ཁྲུས་གསོལ་ཡན་ལག་བདུན་པ་ཐུགས་བསྐྱེད་རྣམས་དང་། བྱིན་འབེབས་དུས་ཚོགས་ཆེན་བྱང་འདྲེན་གང་ཡིན་གྱིས་བསྐུལ་ནས་སྡེབས་འདོན་ལས། གཞན་རང་རང་གི་ཆོ་གར་འཇུག་ཅིང་། དེ་ཡང་དོང་སྤྲུགས་མ་གཏོགས་པ་རྣམས་ཆོ་གའི་སྔོན་རྗེས་ཚར་རེ་དང་། དངོས་གཞིའི་ཆོ་ག་བཟླས་པ་དམིགས་འགྲོ་དང་བཅས་ཚར་གཉིས་མ། དེའི་སྟེང་ཡང་དག་པ་རྣམས་ཀྱིས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་གཏོར་ཆོག་བསྐང་བཤགས་རྔ་དབྱངས་རྒྱས་པ་དང་བཅས། ཚེ་ཆོག་པས་དྲིལ་སྟབས་
ཀྱིས་ཆོས་སྐྱོང་སྤྱིའི་གཏོར་ཆོག་རྗེས་འབྲང་བསྐང་བཤགས་རྣམས་དང་། དོང་སྤྲུགས་པ་རྣམས་ཀྱིས་བདག་མདུན་སྐོང་བདག་འཇུག་དང་བཅས་པ་མཛད་ཅིང་། ཚེས་བཅོ་ལྔ་ལ་ཚོགས་མཆོད་དང་འབྲེལ་བར་མཆོད་གར། བཅུ་དྲུག་ལ་སྒྱུ་འཕྲུལ་ཁྲོ་བོའི་གདབ་ཁ་དང་འབྲེལ་བའི་བྲུབ་འཆམ། བཅུ་བདུན་གྱི་ཕྱི་དྲོ་མདོ་སྒྱུ་ཡང་དག་གི་ཆོ་ག །སྒྱུ་འཕྲུལ་ཞི་བས་ཞི་བ། མདོས་རྒྱས་པ། ཡང་དག་གིས་དབང་། སྒྱུ་འཕྲུལ་ཁྲོ་བོས་དྲག་པོ། ཁག་བཞིའི་དགེ་འདུན་རགས་བསྡུས་བཅུ་གཅིག་རེས་ལས་བཞིའི་སྲེག་བླུགས་འབུལ་ཞིང་། དེ་ནུབ་དངོས་གྲུབ་ལེན་པ་དང་མར་མེའི་སྨོན་ལམ་དཀྱིལ་འཁོར་བསྡུ་བ་མཐར་སྨོན་ལམ་ཤིས་བརྗོད་སྡེབས་འདོན་དང་བཅས་པ། བཅོ་བརྒྱད་ཀྱི་སྔ་དྲོ་རྡུལ་ཚོན་སྤྱན་འདྲེན་དང་བསྟུན་གོས་སྐུ་ཞལ་འབྱེད་ལ་སེར་སྦྲེངས་དང་བཅས་པས་གོས་སྐུའི་མདུན་དུ་སྐྱབས་སེམས་གནས་ཡོ་བྱིན་རླབས་སྤྱི་དང་བྱེ་བྲག་གནས་བརྟན་སྤྱན་འདྲེན། ཁྲུས་འཕྱིས་གོས་འབུལ། ཡན་ལག་བདུན་པ་དང་གནས་བརྟན་ཕྱག་མཆོད་སྨོན་ལམ་ཤིས་བརྗོད་བཅས་མཛད་རྗེས། སེར་སྦྲེངས་བྱིངས་ལྟག་སྒོ་ནས་སྐོར་ལམ་ལ་བྱོན་ཞིང་། ཆོག་གྲྭ་སོ་སོའི་སློབ་དཔོན་སོགས་གྲངས་བཅད་ཀྱིས་རྡུལ་ཚོན་ཆུ་བོར་གཤེགས་པ་རྣམས་མཐའ་རྒྱས་སུ་མཛད་པར་སྤྱི་དང་བྱེ་བྲག་སོ་སོའི་ཆོ་གའི་ཕྱག་བཞེས་རྣམས་མ་འདྲེས་གཙང་དག་གོང་འཕེལ་དང་། སྒྲུབ་མཆོད་འདིའི་རིང་དགེ་འདུན་བཞི་གྲྭ་རེས་བསྐོར་གྱིས་སཙྪ་བསྟར་ཆགས་སུ་འདེབས་པར་མི་རེས་ཉི་མ་རེ་ལ་སྟོང་ཕྲག་གིས་ཉུང་མཐར་བྱས་པ་བཏབ་པ་དགེ་བསྐོས་ཀྱིས་དགོང་རེ་བཞིན་རྩིས་ལེན་མཛད། ༈ ཟླ་བ་ལྔ་པའི་ཚེས་གཉིས་གསུམ་ནས་འཆམ་དབྱངས་ཀྱི་སྦྱོང་བརྡར་དང་། ཚེས་བརྒྱད་ལ་དངོས་གཞི་ཇི་ལྟ་བའི་འཆམ་སྒྲིག །དགུ་ལ་ཡར་ངོའི་ཚེས་བཅུ་མཆོད་པ་དང་འདྲ་བའི་གསུང་ཆོག །ཚེས་བཅུའི་ཉིན་བླ་མ་གསང་འདུས་ཀྱི་ཆོ་ག་དབྱངས་རོལ་རྒྱས་པ། གསོལ་འདེབས། མ་ནིང་གཙོར་གྱུར་གྱི་གཏོར་བསྐང་། ཕྱི་དྲོ་གར་འཆམ་གྱི་ཕྱག་བཞེས་རྒྱས་པ་དང་། དངོས་གྲུབ་ལེན་པ་དང་བསྟུན་འདུས་པར་གནད་ཀྱི་ཤོག་གཅིག་མའི་གཏོར་དབང་རྣམས་མཛད་ཅིང་། ཉིན་སྔ་རྟིང་གཉིས་པོར་དེ་ལོའི་སྔགས་རམས་པ་གཉིས་སམ་གང་རུང་
འདོད་སྦྱར་གྱི་བཤད་འབུལ་ཡང་བྱེད། ༈ ཟླ་བ་དྲུག་པ་ཆུ་སྟོད་ཀྱི་ཉ་བའི་ནང་དུ་དབྱར་སྔ་མའི་དབང་དུ་བྱས་ནས་དབྱར་གནས་མཛད་རྒྱུར། བཅོ་ལྔ་ལ་གསོ་སྦྱོང་གི་རྗེས་འབྲེལ་དུ་དབྱར་གྱི་སྦྱོར་བ་དང་། བཅུ་དྲུག་གི་ནངས་པར་ཞལ་ལེན་མཛད་པ་ནས་བཟུང་དབྱར་གྱི་ཆོས་ཞག་ཞེ་ལྔའི་བར་ལ་གསོ་སྦྱོང་གསུམ་འགྲོ་བས་དབྱར་བྱིན་རླབས་ཆགས་ཤིང་། དགག་དབྱེ་གློ་བུར་བའི་དབང་དུ་བྱས་ཏེ་བདུན་པའི་གནམ་གང་ལ་དགག་དབྱེ་མཛད། དེ་བར་སྤྱིའི་ཆོས་ར་དང་རྒྱུད་འཆད་ཉན་གྱི་ཆོས་ར་དགུན་ཆོས་ཀྱི་དུས་ལ་ཆ་བཞག་མཛད་ཅིང་། དབྱར་ཚུགས་གྲོལ་དང་བདུན་པའི་བཅོ་ལྔར་སྒང་སྟོན་ཏེ་སྟོན་མོ་དུས་གསུམ་གྱི་ཐོག་ཚོགས་ལངས་ཀྱིས་རིགས་ལུང་འབུལ་བ་དང་། དགག་དབྱེའི་ཕྱི་ཉིན་ནས་ལྗོངས་རྒྱུ་ཉིན་གཅིག་གཏོང་སྒོ་ཟུར་གསལ་ལྟར་དང་། དབྱར་གནས་ཀྱི་སྐབས་གྲྭ་ཚང་གཞན་དུ་སྤྱན་འདྲེན་སོགས་དགོས་པ་ཇི་ལྟར་ཆེ་ཡང་དགེ་སློང་བཞི་དང་དགེ་ཚུལ་གཅིག་གིས་མཐའ་བརྟེན་པ་རྣམས་ངེས་པར་བཞུགས་ཤིང་། རྐྱེན་དབང་གིས་གང་ཟག་མཚམས་ཀྱི་ཕྱི་རོལ་ཏུ་ཞག་སྡོད་དགོས་པ་རྣམས་ཀྱང་བྱིན་གྱིས་བརླབས་ནས་བྱོན་པ་སོགས་སྔར་ཕྱག་ལེན་དུ་ཇི་ལྟར་ཐེབས་པའི་ཕྲ་ཞིབ་རྣམས་མི་ནུབ་ཅིང་གོང་འཕེལ་དུ་འགྱུར་བ་མཛད། ༈ ཟླ་བ་བརྒྱད་པ་ཁྲུམས་ཀྱིས་ཉ་བའི་ཚེ་བཅུ་སྐོར་ནས་བཟུང་དགེ་འདུན་སྡེབས་ཚོགས་ཀྱིས་དུས་སྔར་ལྟར་ལས། ཁྱད་པར་སྤྱི་ཆོས་སྒྱུ་འཕྲུལ་ཞི་ཁྲོ་འདུས་པ་མདོ་སོགས་བཀའ་མ་དང་། བཀའ་བརྒྱད་སོགས་གཏེར་མ་སྤྱི་དང་བྱེ་བྲག་གི་དབང་བསྐུར་དང་ལུང་གི་རིགས། བསྙེན་སྒྲུབ་སྲུང་ཟློག་གི་ཕྱག་ལེན། དམིགས་རིམ་སོགས་དོན་གཉེར་སོ་སོའི་འདོད་མོས་བཞིན་ཟླ་ཕྱེད་ལས་མི་ཐུང་བ་མཛད། ༈ ཟླ་བ་དགུ་པ་ལྷ་བབས་དུས་ཆེན་ཐོག་ཧོར་བདུད་འདུལ་རབ་བརྟན་གྱི་དགོངས་རྫོགས་སྒྲུབ་མཆོད་སྔར་ས་ག་ཟླ་བར་གནང་བ་འདིར་སྤོས་ཏེ། ཀུན་ར་ནས་ཐོན་པའི་དགེ་འདུན་ཆོ་ག་གསུམ་པོ་ལོ་རེ་བཞིན་ཉིས་རྒྱུགས་འཕྲོད་པ་རྣམས་གྲལ་གཡས་གཡོན་ལོ་རེ་
མོས་ཀྱིས་ཕྱེད་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་། ཕྱེད་ཀྱིས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ། གྲྭ་གྲངས་བཅོ་ལྔ་ནས་ཉི་ཤུའི་བར་གྲངས་བཅས་ཀྱིས་ཉང་གཏེར་ཁྲོས་ནག་སྟེ་ཆོག་ཁག་གསུམ་མཛད་པར། བཅོ་ལྔ་ལ་སོ་སོའི་ས་ཆོག་དང་ཐུགས་རྗེ་ཆེན་པོའི་སྟ་གོན་ཡང་དེ་ཉིན་སྦྲེལ། བཅུ་དྲུག་ལ་དབུས་སུ་རྡོར་སེམས། གཡས་སུ་དབྱིངས་སྒྲོལ་གཡོན་དུ་རྣལ་འབྱོར་མའི་དཀྱིལ་འཁོར་རྡུལ་ཚོན་གྱིས་བཞེངས། བཅུ་བདུན་ནས་ཉེེར་གསུམ་གྱི་བར་སྔ་དྲོའི་ཚོགས་གསུམ་ལ། ཐུགས་རྗེ་ཆེན་པོའི་སྔོན་འགྲོ་ཚར་གཅིག་དངོས་གཞིའི་ཆོ་ག་ཚར་གསུམ། གཞན་གཉིས་ཀྱིས་མདུན་བསྐྱེད་དང་རྣལ་འབྱོར་མའི་གཏོར་ཆོག་བཅས་མཛད་རྗེས། བར་ཇ་ལ་ཆོག་ཁག་གསུམ་དྲིལ་བས་དམ་ཅན་སྤྱི་གཏོར་དྲིལ་སྟབས་དང་། ལེགས་ལྡན་སྔགས་སྲུང་མ། དུར་ཁྲོད་མ་མོ་གསུམ་གྱི་གཏོར་ཆོག་བསྐང་བཤགས་དང་བཅས་རྔ་དབྱངས་རྒྱས་པ། དགོང་ཇ་ལ་དབྱིངས་གྲོལ་བས་གཟའི་མཆོད་གཏོར་དང་གཞན་གཉིས་ཀྱིས་བདག་འཇུག་བླངས་རྗེས་སོ་སོའི་མཇུག་ཆོག །ཉེར་བཞིར་རྡུལ་ཚོན་གཤེགས་པའི་བར་མཛད་པ་སོགས་ལོ་གཅིག་གི་ཁོངས་སུ་སྤྱི་ཆོས་གཉིས་བསྡོམས་པར་ཟླ་ཕྱེད་གཉིས། བྱེ་བྲག་གི་ཆོས་ར་དགུན་ཆོས་ཟླ་གཅིག་ཞག་བཅུ། དབྱར་ཆོས་ཟླ་བ་ཕྱེད་གཉིས། སྒྲུབ་མཆོད་དུས་ལྔ་ཤིང་ལུག་ནས་སྐུ་མཆོད་ཆེན་མོ་བསྣན་པས་དྲུག །མཆན། དང་བཅས་པ་རྣམས་སོ། །འདི་དག་གི་དུས་ཚིགས་དོན་གྱིས་བསམ། ཆོ་གའི་ཕྱག་ལེན། འཕྲལ་གྱི་ཀུན་ཏུ་སྤྱོད་པ་མཐའ་དག་ཁྲལ་ཆོས་གཞན་ངོ་ཙམ་དུ་མ་སོང་བའི་རང་གཞན་གྱི་དོན་གཉིས་སྒྲུབ་ཐབས་བླ་ན་མེད་པར་གོ་བའི་བསམ་སྦྱོར་རྩེ་གཅིག་ཏུ་མཛད་པ་གལ་ཆེ། དེ་རྣམས་ཀྱི་ཆོ་གའི་གཏོང་སྒོ་རྙེད་པའི་ཁྱད་པར་སོགས་ནི་ལོགས་སུ་ཡོད། ༈ ཆོས་བར་འདེགས་བཞུད་སོགས་ཀྱི་སྐབས། དགེ་འདུན་རྣམས་གྲྭ་ཆས་ཚང་འགྲིག་སྤྱོད་ལམ་མཐུན་པས་ཐག་རིང་གི་ས་ཡིན་ན་འདེགས་པ་དང་བཞུགས་པའི་གྲོང་མཚམས་ཙམ་གྱི་བར་དང་། ཐག་ཉེའི་འབྱོན་བཞུད་བཅས་པར་སྔ་འགྲོས་ཕྱི་འཐེན་མེད་པར་བྱང་འདྲེན་དང་དགེ་བསྐོས་ཀྱིས་སྔ་ཕྱི་བརྟེན་པའི་སེར་སྦྲེངས་བག་ཡོད་ཞི་དུལ་གྱིས་བྱོན་པ་དང་།
དབུ་ཆེ་དང་བགྲེས་ཁ་སོགས་ཀྱི་ཡུལ་གཉན་ཡང་ཆས་འོས་པ་རྣམས་མ་གཏོགས་དེ་ཕྱིན་རྒྱབ་ཁྲེས་ཧ་ཅང་ཆེ་བ་དང་ཆུང་བ་མིན་པའི་ཞེ་སྙོམས་གྲ་འགྲིག་ཡོང་བ་བྱེད། གལ་ཏེ་དམིགས་བསལ་གྱི་རེ་གཉིས་སྔ་ཕྱི་བྱེད་དགོས་བྱུང་རིགས་གནང་བ་སྟེར་ལུགས་དགེ་བསྐོས་ཀྱིས་བརྟགས་ཏེ་བྱ། གཞན་དུ་སེར་སྦྲེངས་མི་དགོས་པའི་ཐག་རིང་གི་ས་དང་རེ་གཉིས་འབྱོན་བཞུད་སོགས་ཀྱི་ཚེ་ཡང་ཤམ་ཐབས་སྒོར་བརྫེས་དང་བཞི་གྲྭ་ཡན་གྱིས་ཞྭ་ཆུང་གྱོན་པ་སོགས་འོས་མིན་གྱི་བདེ་ཆས་ཁྲེས་འཁུར་ཨར་ཉམས་སོགས་བག་ཡངས་མི་བྱེད། ཆོས་དབར་གྱི་དོས་ཀྱང་སྤྱི་རྫས་མཆོད་རྫས་སོགས་ཀྱི་འཕར་ཆགས་དམིགས་བསལ་མཐུན་སྣང་དུ་གྲུབ་པ་སྐབས་སྦྱར་དང་། གཞན་ཡང་དགེ་འདུན་བཞི་རེས་ཁྲེས་རེ་བྱེད་པ་ཐེག་ཚོད་ཞེ་སྙོམས་ལས་རང་སྣང་གང་དྲན་གྱིས་མི་འགེལ། དོས་རྒྱབ་པ་རྣམས་ཀྱིས་ཀྱང་དྲག་འདེད་བསྐུལ་གཙེར་ཁྱིམ་པ་སུན་འབྱིན་དུ་འགྲོ་བ་མི་བྱེད། དགེ་སློང་རྣམས་དང་ལས་སྣེ་ཐེམ་པའི་བགྲེས་ཁ་དབུ་ཆེ་མདོ་སྔགས་ཀྱི་གཞུང་བསྐྱུར་འཕེལ་བའི་དགེ་བཤེས་རྣམས་ལ་རྒྱབ་ཆ་མི་འགེལ་འབྲལ་སྤང་གི་རྟེན་གསུམ་རོལ་ཆ་སོགས་བར་ཤར་བ་རེས་སྐོར་གྱིས་ཁུར། ལམ་བར་གནས་མལ་སོགས་སུ་བདག་པོས་མ་བཏང་བར་རང་འཚམས་ཀྱིས་སྡོད་པ་སྣོད་སྤྱད་དང་གཟན་ཤིང་སོགས་ལ་ཤེ་མོང་གིས་ལོངས་མི་སྤྱོད། གལ་ཏེ་སེར་སྦྲེངས་ཀྱི་ཁྲོད་དུ་ཆས་གོས་ཞེ་མི་མཐུན་བཅངས་པ་བྱུང་ན་སྤྱི་པས་བསྡུས། སྔ་ཕྱིར་ཟུར་འགྲོས་བཞད་གད་བདེ་ཆས་ཨར་ཉམས་དྲག་འདེད་འོས་མིན་བྱས་ན་བརྒྱ་ནས་ཉི་ཤུའི་བར་གྱི་ཕྱག །གནས་མལ་ཡོ་བྱད་ལ་རང་འཚམས་ཀྱིས་སྤྱད་ན་ཉག་ལྔ་ནས་གང་གི་བར་གྱི་མར་མེ་འབུལ་བ་སོགས་སྐབས་དང་སྦྱར། གཞུང་གི་སྐུ་རིམ་གྱིས་མཚོན་ཡོན་བདག་སོ་སོའི་སར་འབྱོན་དགོས་ལ་སློབ་དཔོན་བསྙེན་སོང་ཆོ་ག་གང་བྱེད་ཀྱི་གོ་དོན་ཆགས་ཤིང་ལག་ལེན་གཙང་བ་རེའི་རྗེས་སུ་དགེ་འདུན་ཆོ་ག་གང་དགོས་བློ་ལ་རྫོགས་ཤིང་ཕྱག་ལེན་གྱི་རམ་ཐེག་པ། གདིང་ལྷུང་སོགས་ཡོ་བྱད་ཚང་བ་བཟང་ངན་མོད་སྙོམས་ཀྱིས་གཏོང་བར་འགྲོ་མཁན་སོ་སོས་སྒྲིགས་ལ་བཅུར་ནས་བྱོན་བཞུགས་ཀྱི་བླང་དོར་གང་ཅི་སྔར་བཤད་པ་ལྟར་འཛོལ་མེད་ཡོང་བ་བྱེད། ཁྱད་པར་
ཡོན་བདག་གིས་བཞེད་པའི་ཆོ་ག་སོགས་རང་གཞུང་བཞིན་སྨིན་རྒྱས་མཐའ་གཙང་བློ་ཁ་རྫོགས་ངེས་དང་། ཟོར་ཡང་དེས་ཆོག་རང་གཞན་སླ་ཆོས་སུ་མ་སོང་བ་གལ་ཆེ། གལ་ཏེ་སྤྱི་ཁྲིམས་ལ་གྲས་ཁ་བྱས་པའི་ཉེས་ཆེ་བ་རྣམས་སླར་གཞིས་སུ་སྤྱི་པར་གཏུག་ཅིང་། དེ་མན་གྱི་ཉེས་བྱས་ལ་གཞིགས་པའི་བྱེས་ཐོག་དེ་ཁའི་ཡོན་ཚང་མ་ཕྱེད་ཆ། སུམ་ཟུར་རྣམས་བྱེས་པ་སྤྱི་ཐོག་ཏུ་ལོང་། བྱེས་རྫས་སྤྱི་འབུལ་དགོས་པ་ཡང་སྔར་སྲོལ་གཞིར་བཞག་བློ་གཙང་བ་བྱེད། ཕར་ཕྱིར་གྱི་ལམ་དུའང་བསྡེབས་དྲིལ་གྱིས་བྱོན་ཞིང་། གནས་མལ་ཡང་གཅིག་ལས་སྒེར་འབྲེལ་ཐ་དད་མི་བྱེད། ཞག་ས་དང་གྲབས་ཞག་གི་ཚེ་ཡང་ཐུན་དང་གཏོར་བསྔོ་མི་ཆག་པ་དང་། ཡོན་བདག་གི་སར་བཞུགས་ཡུལ་ཡང་ས་མཚམས་བཅད་པ་ལས་གནང་བ་མི་ཐོབ་པར་མི་འདའ་གཟིམས་ས་དང་དགུང་ཚིགས་ཀྱང་ཚོགས་གྲལ་ཉིད་དུ་སྤྱི་མཐུན་ལས་ཐ་དད་དུ་མི་མཛད། བཞུགས་སའི་ས་ཁོངས་རྣམས་ཀྱང་གད་རོ་ཉལ་ཉིལ་གྱིས་མི་འགེངས་པར་གཙང་ཞིང་། ཁྲ་འབྲུག་སོགས་ལྷ་ཁང་གི་རིགས་རྣམས་སུ་སྒོག་བཙོང་ལ་ཡང་མི་སྤྱོད་ཅིང་། བཀུར་སྟི་དང་སྲི་ཞུ་གང་ཆེའི་བག་ཟོན་དང་། རྒྱབ་ཆོས་པ་སོགས་སྐུ་རིམ་གཞན་གྱི་རིགས་ལའང་ཧ་ཅང་ཉེ་ཆེའི་ཀླད་སྐྱེལ་དང་འཁོན་ཆེའི་ཟེ་རེག་མི་བྱ་བར་སྤྱོད་ལམ་ཐང་ལྷོད་རན་པ་དང་། རྔ་དང་ཐབ་ཆ་སོགས་གཞན་གྱི་ཆས་གཡར་པོའི་རིགས་ཀྱང་རང་ནོར་དང་མཚུངས་པའི་ཅ་གས་ཐེབས་མེད་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཅིང་། དོས་བསྐུལ་དང་ལག་གཡོག་སོགས་ལའང་ཤེད་ངོམ་གྱི་འདེད་གཙེར་དང་ཁ་ངན་མེད་པའི་འཇམ་འདྲོངས་སྙུགས་བསྲིང་ནས་བྱེད་དགོས་པ་སོགས་བླང་དོར་གྱི་གནས་མཐའ་དག་འགྲོ་འགོ་སོ་སོས་དོ་ཁུར་དུ་ལྕི་བ་བྱེད་པ་དང་། གལ་ཏེ་རྩིས་མེད་ཀྱིས་ལམ་ལ་སྔ་འགྲོས་ཕྱི་འཐེན་བྱས་ན་ཉག་རེའི་མར་མེ། གནས་མལ་ཐ་དད་དུ་བྱས་ན་ཉག་དོའི་མར་མེ། ཀུ་ཅོ་བཞད་གད་བྱས་ན་དེར་ཚོགས་ལ་ཟུར་ཇས་མཚོན་སྐབས་སུ་གང་བབས་ཀྱི་ཆད་སྒྲུབ་དགོས་པ་སོགས་གོང་གསལ་གྱི་དོན་རྣམས་ལ་སོ་སོ་ནས་འགལ་མེད་ཀྱི་བླང་དོར་མཛད་དགོས་སོ། །༈ གྲྭ་ས་འདིའི་ཆོས་ཀྱི་ཁྲི་ལ་བཞུགས་པའི་མཁན་པོ་གཅུང་རྒྱལ་བའི་སྲས་པོ་བསྟན་
པའི་ཉི་མའི་རྗེས་སུ་ད་ལྟའི་མཁན་ཆེན་ལོ་ཙཱ་བ་མངའ་གསོལ་བ་བཞིན་དུ་སླད་ནས་ཀྱང་རང་རེའི་མི་ངོ་བཞུགས་འོས་རེ་བཞུགས་པར་བཅས་ཤིང་། རྡོར་འཛིན་སློབ་དཔོན་ཆོ་ག་གང་བྱེད་ཀྱི་ལྷའི་བསྙེན་པ་ཐེམ་པའམ་མིན་ནའང་དཀྱིལ་འཁོར་ཆེ་བ་གཅིག་གི་བསྙེན་པ་རྫོགས་ཤིང་། ཆོ་ག་སོ་སོའི་གོ་རིམ་ལ་གོ་དོན་ཆགས་པས་ཉམས་ལེན་གྱི་གནད་ཤེས་པ། མཐོང་བརྒྱུད་ཕྱག་ཁྲིད་ལ་མཁས་པས་དཀྱིལ་འཁོར་བྲི་སྒྲུབ་སྲུང་ཟློག་གི་ཕྲིན་ལས་དང་དེའི་བྱང་འདྲོངས་པ། བསམ་བཟང་སྦྱོར་བརྩོན་དང་ལྡན་པ་སྤྱི་མཐུན་འོས་པ་རེ་བསྐོས་ངོས། ཆོ་གའི་སློབ་དཔོན་སོགས་བགྱི་འོས་གང་ཅི་ལས་སླ་ཟོར་ཡང་དུ་མ་སོང་བའི་བཤད་ཚོད་ཀྱི་ཁུངས་དང་འབྱོར་ཞིང་དམིགས་རྣམ་འབྱེད་པའི་ལེགས་ཚོགས་གོང་འཕེལ་དུ་འགྱུར་བ་དགོས། ཆོས་འཆད་སློབ་དཔོན་པ་བཤད་བྱའི་གཞུང་གི་ཚིག་དོན་ལ་མཁས་ཤིང་རང་བཞིན་བཟང་བ་རེ་བསྐོས་ངོས་གྲུབ་མཐའི་རང་གཞུང་ཚུགས་པའི་འཆད་ཉན་རྐང་བཟང་ཞིང་ཐོན་ཆེ་བ་ལ་བསམ་སྦྱོར་རྩེ་གཅིག་པས་བསྲིང་དགེ་བསྐོས་སྤྱིའི་འོས་མཐུའི་སྟེང་ནས་སྤྱི་བསམ་བཟང་ཞིང་བློ་སྤྱི་སོར་གནས་པ་ཁྲིམས་ནོན་ཆེ་བ་རེ་ཟླ་བ་དྲུག་རེ་བསྐོ་བ་དང་། ངོ་སྐྱ་སྣུམ་ལ་མ་ལྟོས་པའི་སྤྱི་ཁྲིམས་ཡོ་སྲོང་འབད་རྩོལ་གྱིས་ཐོན་པ་བྱེད། དེའི་རྒྱབ་གཉེར་མཁན་ཆེན་པས་དབུས་ལས་སྣེ་ཐམས་ཅད་ཀྱིས་ངོ་ལྐོག་མེད་པར་མཛད། བྱང་འདྲེན་སྐད་བཟང་ཞིང་འདོན་ཆའི་ཚིག་དང་དབྱངས་རོལ་ངེས་པ་མཐུན་སྣང་དུ་གྲུབ་པ་རེ་བསྐོས་ངོས་འདོན་ཆ་ཐམས་ཅད་ཁོལ་ལེན་མ་ལུས་པའི་འདོན་སྐད་བཟང་ཞིང་། ཚིག་ཆ་དབྱངས་རོལ་སོགས་རང་ལུགས་གཏན་ལ་གང་ཕབ་རྣམས་ངེས་འཕྱུགས་ལྷད་མེད་པའི་དོ་དམ་དང་ནམ་གཅོག་བར་ཡུན་སྲིངས། ཀུན་རའི་སློབ་དཔོན་ནོན་ཆེ་ཞིང་ཕན་སེམས་ཆེ་བ་སྦྱོར་བརྩོན་དང་ལྡན་པ་རེ་བསྐོས་ངོས་སྔ་དགོང་གི་ཀུན་རའི་དཔེ་ཆ་འཛིན་སྐྱོར་གྱི་གྲྭ་དང་ཀློག་གྲྭ་སོགས་བསླབ་གཉེར་གྱི་བསྐུལ་ལྕག་རུས་ཐོན་ཞིང་སྤྱོད་ལམ་བཟང་པོ་ལ་སྦྱོར་མཁས་པ་བསམ་སྦྱོར་རྩེ་གཅིག་ཏུ་དྲིལ་བ་དགོས། རྒྱན་ཁང་གི་རྩིས་འཛིན་པ་བགྲེས་པ་རེ་དང་རོགས་འོས་པ་རེ་དམིགས་བཙུགས་ཀྱིས་བསྐོས་པའི་རྩིས་འཁྲིའི་ཡོ་བྱད་ཐམས་ཅད་དགོས་ངེས་ཀྱི་དམིགས་
བསལ་རྣམས་སུ་མ་གཏོགས་གཞན་དུ་གཡར་པོ་གཏོང་ལེན་སོགས་མི་བྱེད་ཅིང་བེད་སྤྱོད་དགོས་དུས་ཀྱང་ལས་བྱེད་སོ་སོར་རྩིས་སྤྲད་ངོས་ཆུད་ཟོས་མི་ཡོང་བའི་འཁོས་ཁྱབ་དང་། གལ་ཏེ་བོར་བ་ལ་ཚབ་དང་ཆད་པ་གང་འོས་ཆུད་ཟོས་ཆེ་བ་ལ་ཚབ་དང་རྙིང་པའང་ལེན། ཆུང་བ་ལ་གུན་བསབ། དྲན་འཛིན་གང་འོས་རྣམས་སོ་སོར་འགེལ་བ་དང་། ངོས་མ་ཟིན་པ་རྣམས་ལ་རྩིས་པ་རང་གིས་གོང་གསལ་བཞིན་གུན་བསབ་པ་སོགས་དོ་དམ་ཅ་གས་འདྲོངས་པ་བྱེད། མཆོད་བཤོམས་པ་བར་ཤར་བའི་ཁྲོད་ནས་གཏོར་བཟོ་མཁས་ཤིང་གཙང་སྦྲ་ཆེ་བ་འོས་བབས་རེ་ལོ་གཉིས་རེ་བསྐོས་པའི་དུས་དང་ནར་མའི་མཆོད་གཏོར་རྣམས་གཙང་ཞིང་དམིགས་སུ་ཐིམ་པ་བཤམས་བཀོད་སོགས་ཕྱག་ལེན་རྣམས་འཕྱུགས་ལས་མེད་པའི་གཙང་དག་དང་། རྩིས་འཁྲིའི་མཆོད་ཆས་རྣམས་ལ་ཆུད་ཟོས་བོར་བརླག་མི་ཡོང་བའི་དོ་དམ་གང་ཆེ་དང་བྱུང་རིགས་སུས་བྱས་ངོས་བཟུང་བའི་ཚབ་སྒྲིག་གུན་བསབ་སོགས་ཉེས་ཆད་གུང་འགྲིག་པའི་ལག་ལེན་དང་། སྤྱིའི་མཆོད་རྫས་ནས་རང་ཤག་ཏུ་ཁྱེར་སྒྲིག་སོགས་མི་བྱེད། བྱང་རྟེན་དང་མཆོད་རོའི་ཕྱེད་ཆའི་རིན་ལས་མི་ཞན་རྩིས་ཀྱི་དོད་ཁལ་སུམ་ཅུས་མ་མཐའ་བྱས་པའི་ཉེར་མཁོའི་མཆོད་རྫས་ཀྱི་འཇོག་དང་རྡུལ་ཚོན་ཚོན་སྣ་སོ་སོ་ནས་ཚང་བ་སྤྱི་མཁར་བྲེ་ལྔ་ལོངས་པ་ལས་མི་ཉུང་བ་སྤྲོད་པ་སོགས་མིག་རྐྱེན་བཟང་འགྲན་གོང་འཕེལ་དུ་འགྲོ་བ་བྱེད། མཆོད་བཤོམས་པ་ཐེངས་རྗེས་ཚོན་གཉེར་པ་བྱེད་པས་དབང་དང་སྒྲུབ་མཆོད་དུས་རིམ་གྱི་རྡུལ་ཚོན་དང་རྫས་ཆ་དགོས་པ་རྣམས་ཀྱི་རྒྱུན་གྱི་སྲི་ཚགས་གཏོང་ལེན་སོགས་བསྟར་ཆགས་པ་བྱེད། ཞལ་ཏ་བར་ཤར་བློ་གཙང་ཐབ་གཡོས་མཁས་པ་རེ་འོས་འཐུས་དམིགས་བཙུགས་ཀྱིས་བསྐོས་ངོས། སྤྱི་ཚིས་ཀྱི་ཁུར་བསམ་བཟང་ཞིང་གཙང་སྦྲ་ཆེ་བ། ཡོ་བྱད་རྣམས་བར་མ་དོ་ཆུད་མ་ཟོས་པར་དམིགས་སུ་ཐིམ་པ་སོགས་རང་གཞན་ཚོགས་བསག་གི་རྒྱུར་ཅི་འགྱུར་དང་། ཆུ་ཤིང་ཐབ་ཆས་གཡར་གཏོང་སོགས་ཀྱིས་སྒོས་སྐྱོང་མི་བྱེད། རྩིས་འཁྲི་རྣམས་ལ་འཛིན་སྤྲས་དག་ཐོན་རུ་གང་ངའི་རྩིས་སྒྲིག་གོང་འཕེལ་དུ་འགྱུར་བ་བྱེད། ཞལ་ཏ་ཐེངས་རྗེས་གདན་གཉེར་བྱེད་པས་གཞིས་བྱེས་ཀྱི་ཚོགས་སྟན་འདིང་བསྡུ་སོགས་རྣམ་
དཔྱོད་གཙང་ཞིང་ཆུད་ཟོས་མི་ཡོང་བའི་དོ་དམ་ཅ་གས་འདྲོངས་པ་བྱེད། ཆབ་རིལ་བ་སུ་ཡིན་གྱིས་ཞོགས་པ་ཚོགས་ཁང་གི་སྒོ་དྲུང་དུ་སྔ་ཆབ་སྦྲེང་བ། དེ་རྗེས་ཡོན་ཆབ་དང་རུང་ཆུ་ལེན་པ། ཐུན་ཚོད་ཀྱི་བྱིན་རླབས་ཞུ་ཞིང་རུང་ཆུ་འདེབས་པ་རྒྱུན་ཚོགས་ཀྱི་འཕྲལ་གཏོར་བཤམས་འབུལ། ཕྱི་ཆབ་འབུལ་བ། དགེ་བསྐོས་དང་བསྟུན་པའི་སྒོ་མཚམས་གཅོད་པ་རྣམས་རྣམ་དཔྱོད་གཙང་ཞིང་བསྟར་ཆགས་པ་བྱེད། གཙུག་ལག་ཁང་གི་དཀོན་གཉེར་སུ་བྱེད་ཀྱིས་གཙུག་ལག་ཁང་ཉེ་འཁོར་དང་བཅས་པའི་འཛིན་སྐྱོང་། མཆོད་ཁང་སོ་སོའི་མཆོད་འབུལ་ཞབས་ཏོག །མགོན་ཁང་སྟེང་ཤོད་ཀྱི་རྒྱུན་བསྐང་རྣམས་ཁོར་མོར་ལས་བར་མེད་པའི་གོང་འཕེལ་དང་དབྱར་དུས་སེར་བ་སྲུང་ཟློག་གི་ལག་ལེན་ལས་ཤོར་མེད་པའི་བསྟར་ཆགས་ངོས་ལྕང་ར་སོགས་གླིང་སྤྱིའི་བྱ་བ་རྣམས་གཉེར་པ་དང་བསྟུན་ནས་བྱེད་པར་དཔྱིད་དུས་ཞིག་གསོའི་ཨར་ཚགས་སྔར་སྲོལ་བསྟར་ཆགས་དང་། གསོལ་ཐབ་མ་གཏོགས་སྒོ་ཕྱིར་ཡན་དུ་ཚོན་སྲོ་བ་སྤོས་དང་མར་མེ་སྤོར་བ་རྣམས་མ་གཏོགས་མེ་གཏོང་ལེན་མི་བྱེད། འགྲིམ་འགྲུལ་བྱེད་མི་རྣམས་ཀྱིས་བག་ཡངས་ཀྱི་རྡིག་ཆོམ། འཐབ་རྡེག་འཛིང་མོ་སོགས་ཀྱིས་ཞལ་བ་རི་མོ་རྡོ་གཅལ་རྣམས་ལ་གནོད་པ་མེད་ཅིང་གཟེབ་གྲིམ་དགོས་རྒྱུ་དང་། གད་དང་ཁ་ཆར་གྱི་ཟོན་སོགས་ཁ་ཏས་ཁྱབ་པ་བྱེད། སྒོ་ཡོལ་ལྕགས་གཟེར་ཤིང་ཆ་འཁྱེར་བ་སོགས་བྱུང་ན་གུན་བསབ་དང་། ཁོར་ས་ཞལ་བ་སོགས་ལ་ལག་དལ་གྱིས་རི་མོ་བྲིས་པ་བྱུང་ན་བྱེད་མི་ངོས་བཟུང་ལ་གསོར་འཇུག །ངོས་མ་ཟིན་ན་ཐད་སོའི་གད་པས་གསོ་དགོས། གླིང་གི་ཕྱི་རོལ་ཏུ་ཡང་དགོས་མེད་ཀྱིས་ས་བརྐོ་རྡོ་སློག་སྐྱེ་ཤིང་གཅོད་རྐུ་ཆུ་རགས་དང་སྐྱེད་ཚལ་སོགས་ལ་གནོད་པ་བྱས་པ་བྱུང་ན་སྟེང་གོས་བཤུ་བ་དང་། མར་མེ་ཕྱག་སོགས་ནོངས་པ་ཆེ་ཆུང་ལ་དཔེས་པའི་དྲན་འཛིན་བཏང་སྙོམས་སུ་མ་ལུས་པ་བྱེད། སྐུ་གསུང་ཐུགས་རྟེན་གྱི་པར་འདེབས་པ་རྣམས་ལ། པར་ངོ་བོར་ཆུད་ཟོས་མེད་ཅིང་སོ་སོའི་འདོད་སྦྱར་ངོས། པར་ཡོན་བཅད་ཐང་ལས་ལྷག་རྩོད་སློང་མི་བྱེད། མཆོད་རོའི་ཕྱེད་ཆ་དང་པར་ཡོན་གྱི་དངོས་པོ་རྣམས་ཀྱིས་དགོང་ལྟར་ཞལ་རས་ལྷ་ཁང་དུ་མར་མེ་ཀོང་བུ་རེ་དང་རྩེའི་རྒྱལ་མཚན་ཆུ་འཛར་སྒོ་ཡོལ་ལེ་ཚན་
རྣམས་བརྗེ་བའི་ཐེབས་བྱེད་པ་སོགས་མིག་ལྟོས་བཟང་འགྲན་གྱི་འཛིན་སྐྱོང་གོང་འཕེལ་དུ་འགྱུར་བ་བྱེད། སྡེ་ཚན་སོ་སོའི་འགོ་སྡུད་ཚོ་དཔོན་འོས་འཐུས་བསྐོས་པ་རྣམས་ཀྱིས། གྲྭ་ཚང་གི་འགྱེད་ཐོབ་འགོད་གྲའི་གཉེན་སྙོམས་འཁོས་བསྡུར། ཡིག་བསྡུས་ཀྱིས་མཚོན་པའི་བློ་མཐུན་གྱི་གྲོས་བྱེད་དགོས་སྤྱི་བྱེ་བྲག་གི་ཆོས་བར་འདེགས་པ་དང་སྐུ་རིམ་སོགས་ཀྱིས་དོས་རྒྱབ་འདྲལ་ཤང་བྱེད་པ་སོགས་རྩི་སྐུད་འགོ་བཅད་དུ་མ་སོང་བའི་རྒན་འོག་གཞོན་འདུའི་བློ་སྣ་གྲོས་བསྡུར་གྲ་འགྲིགས་བསམ་སྦྱོར་ཕྱོགས་གཅིག་པས་ལེགས་ཕྱོགས་སུ་འགྲོ་བ་བྱེད། མདོར་ན་ལས་འཛིན་ཁུར་ཡོད་ཐམས་ཅད་ཀྱིས་སྡེ་འདིའི་འཚོ་ཚིས་འཛིན་པ་ལ་མཁས་བཙུན་བཟང་པོའི་རྣམ་ཐར་གྱི་སྲོལ་བཟུང་། དུས་སྐབས་དང་སྦྱར་བའི་མི་ཆོས་ཀྱི་གནད་དང་ཡང་བསྟུན། གྲོས་དབང་ཅན་རྣམས་ཟོལ་མེད་ཀྱི་འཕྲོས་མོལ་བྱས་ཏེ་ཐག་ཡིན་ཐོག་ཏུ་ཆོད། བློ་ཕུགས་དཀོན་མཆོག་ལ་གཏད་ནས་ཅི་བྱས་ཆོས་ལྡན་དུ་འགྱུར་བ་ལ་སློབ་དགོས། དེས་ན་གྲྭ་ས་འདིར་བཞུགས་པའི་མཁན་སློབ་དགེ་འདུན་དང་བཅས་པ་རྣམས་ཀྱིས་འདུས་སྡེ་འདི་ཉིད་ལ་བརྟེན་ནས་བསྟན་འགྲོ་སྤྱི་དང་ཁྱད་པར་འཛིན་སྐྱོང་སྤེལ་བའི་ཐབས་ལ་ཕན་བདེའི་ཐུགས་བསྐྱེད་བཟང་པོ་མཁའ་ལྟར་ཡངས་པས་བླང་དོར་གྱི་གནས་ལ་འཇུག་ལྡོག་འཛོལ་བ་མེད་པའི་ངང་ཚུགས་དང་། ཐོས་བསམ་སྒོམ་གསུམ་གྱི་བྱ་བས་ཉིན་མཚན་དུས་འདའ་ཞིང་། དལ་འབྱོར་ལ་སྙིང་པོ་ལེན་པའི་སྙིང་སྟོབས་མི་དམན་པས་རྡོ་རྗེ་ཐེག་པའི་རིང་ལུགས་མཚུངས་ཟླ་དང་བྲལ་བ་འདི་ཉིད་མི་ཉམས་ཤིང་། གོང་ནས་གོང་དུ་ཕྱོགས་བཅུར་སྤེལ་བ་ལ་བརྩོན་པ་མི་ལྷོད་པ་མཛད་དགོས། དེའི་ཆེད་དུ་བླང་དོར་གྱི་གནས་ལ་དམིགས་རྣམ་འབྱེད་པའི་ཡི་གེ་འདིར་བཀོད་པ་ཇི་སྙེད་པ་རྣམས་ཞིབ་ཏུ་བརྟགས་ཤིང་ཧོལ་ཁོངས་མེད་པའི་ངོས་ནས། ལས་འཛིན་ཁུར་ལེན་དང་བཅས་པ་མཐའ་དག་གིས་རང་རང་གི་བགོ་སྐལ་གང་ཡིན་ལ་ཁུར་ཡང་དུ་མ་སོང་བའི་བསམ་སྦྱོར་ཕྱོགས་གཅིག་པའི་སྙིང་སྟོབས་བསྐྱེད་པ་དང་། དགག་སྒྲུབ་ཀྱི་གནས་རྣམས་ལ་ཚར་གཅོད་རྗེས་འཛིན་གྱི་སྤང་བླང་དགོས་པ་རྣམས་ཕྱོགས་བསྐྱོར་དང་ངོ་སྲུང་སོགས་སུ་མ་སོང་བའི་ཁྲིམས་ལུགས་དྲང་པོར་བསྟར་ཆགས་ཀྱི་
རྒྱབ་བསྣོན་གང་ཡིན་གཙོ་བོར་མཁན་ཆེན་པས་གནང་རྒྱུ་དང་། བླ་བྲང་གི་གདན་སར་ཡང་གཏུགས་པའི་འཕྲལ་དང་འཕྲལ་དུ་ཁ་ཏ་དང་བཀོད་པས་ཁྱབ་པའང་གལ་ཆེ་ཞིང་། རྣམ་པར་དགེ་བའི་ཕྲིན་ལས་གོང་འཕེལ་གྱི་གནས་ཡི་གེར་དགོད་འོས་གསར་དུ་འཆར་བ་རྣམས་བླ་ནས་བླར་འཕེལ་རྒྱས་སུ་བསྣོན་པའང་བྱེད། དེ་ལྟར་ཡུལ་དུས་གནས་སྐབས་དང་སྦྱར་བའི་བཅའ་ཁྲིམས་ཀྱི་ཡི་གེ་ཡངས་དོག་རན་པར་ཇི་ལྟར་སྨྲས་པའི་བླང་དོར་གྱི་གནས་རྣམས་ལ་མ་གུས་པ་དང་བག་མེད་པས་བཏང་སྙོམས་ཡལ་བོར་གྱིས་འགལ་བར་བྱེད་པ་མཆིས་ན་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་པས་དྲག་པོའི་ཆད་ལས་མི་བཟད་པས་ཚར་གཅོད་པ་དང་། ཚུལ་བཞིན་དང་དུ་ལེན་པ་དག་ལ་འཕྲལ་དང་ཡུན་དུ་བདེ་ལེགས་ཀྱི་ཕྲིན་ལས་གཡེལ་མེད་དུ་སྒྲུབས་ཤིག་ཅེས་རིག་འཛིན་བརྒྱུད་པ་རྣམས་ཀྱིས་དམ་ཚིག་གི་ལུང་སྦྱིན་པ་བཞིན་དུ་བདག་གིས་ཀྱང་བསྒྲགས་ཤིང་བསྐུལ་བ་ཡིན་ནོ། །འགྲོ་འདིའི་ཕན་བདེའི་འབྱུང་གནས་རྒྱལ་བ་ཡི། །བསྟན་པ་ཉིད་དེ་བསྟན་འཛིན་རྒྱུད་ལ་བཞུགས། །དེ་ཉིད་ཁྲིམས་གཙང་ཐོས་བསམ་སྒོམ་བརྩོན་པ། །འཇིག་རྟེན་གསུམ་གྱི་རིན་ཆེན་མཚུངས་མེད་ཡིན། །དེ་ལྟར་ཚུལ་བཞིན་སྤྱོད་པ་མི་གཡེལ་ཞིང་། །དཔལ་འབྱོར་འདུ་སྒོ་དབྱར་མཚོ་ལྟར་འཕེལ་བས། །ལྷ་མི་ཀུན་གྱི་གཙུག་ཏུ་བཀུར་བ་དང་། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །བརྒྱུད་གསུམ་རིག་འཛིན་བླ་མ་དཀོན་མཆོག་གསུམ། །ལྷག་པའི་ལྷ་དང་དམ་ཅན་སྲུང་མ་ཡིས། །ཕན་དགོངས་མཐུ་ཡིས་སྲུང་སྐྱོབས་མི་གཡེལ་བའི། །བཀྲ་ཤིས་དཔལ་གྱིས་ཕྱོགས་བཅུར་ཁྱབ་པར་ཤོག ། ཅེས་དཀར་པོར་གྲགས་པ་ས་མོ་སྦྲུལ་ལོའི་སྟོན་ཟླ་ར་བའི་ཚེས་བརྒྱད་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་བྲིས་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་རྒྱ་ཆེ་རྒྱུན་མི་ཆད་པས་ཡོངས་སུ་ཁྱབ་པར་གྱུར་ཅིག །སླད་ཀྱི་སྒྲིགས་ལམ་ཡར་འཕེལ་འགྱུར་ཁྱད་ཕྲན་བུས་མི་བཅོས་སུ་མི་རུང་བ་རྣམས་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ལ་དབྲི་བསྣན་གྱིས་བཅོས་ཤིང་དག་པར་བྱས་སོ། །འགྲོ་བའི་སྡུག་བསྔལ་
སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའིི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག ། ༀ་སྭ་སྟི། གངས་ལྗོངས་ཐུབ་བསྟན་ཕྱི་མོ་སྔ་འགྱུར་གྱི། །བཀའ་གཏེར་ཆོས་ཀྱི་འཁོར་ལོ་ཕྱག་མཚན་དུ། །བཞེས་ལ་པདྨའི་ལུང་གིས་དབང་བསྐུར་བ། །ཆོས་ཀྱི་རྒྱལ་པོ་གཏེར་ཆེན་བླ་མ་རྗེས། །ཆ་ཙམ་མ་ཡིན་མདོ་སྔགས་རྫོགས་པའི་ལམ། །བཤད་དང་སྒྲུབ་པས་ཉམས་སུ་ལེན་པའི་ཚུལ། །སྔ་འགྱུར་བརྒྱུད་པའི་བཀའ་སྲོལ་ལས་འོངས་པའི། །གཙང་མའི་རིང་ལུགས་རིང་དུ་གནས་པའི་ཕྱིར། །སོ་ཐར་བསླབ་གཞིའི་རྩ་བ་རབ་བརྟན་ཞིང་། །ཕར་ཕྱིན་ལམ་གྱི་ལོ་འདབ་ཀུན་ནས་ཟླུམ། །གསང་མཆོག་ཆོས་ཀྱི་འབྲས་བུ་གཡུར་ཟ་བའི། །སྨིན་གྲོལ་ཡོངས་འདུའི་གླིང་འདི་བསྐྲུན་པར་མཛད། །སྡེ་འདིའི་ཆོས་ཀྱི་ཕྲིན་ལས་ལ་སྤྱོད་པའི། །བྱུང་དང་འབྱུང་འགྱུར་འགྲོ་ལ་ཐུགས་རྗེའི་སྤྱན། །ནམ་ཡང་མ་ཟུམ་དགག་སྒྲུབ་བསླབ་པའི་གཞི། །གསལ་བར་འདོམ་པའི་གླེགས་བམ་འདི་ཡང་གནང་། །འདི་བཞིན་སྒྲུབ་ལ་ནན་ཏན་བྱེད་པ་རྣམས། །རྒྱལ་བའི་བསྟན་ལ་བྱ་བ་ཆེར་བྱས་པས། །འཕྲལ་ཡུན་དོན་ཆེན་ལག་པའི་རྩེར་སོན་ཏེ། །རྒྱལ་བའི་གོ་འཕང་ཐོབ་ལ་ཐག་མི་རིང་། །དེ་ཕྱིར་སྐུ་གཤེགས་རཏྣའི་མཚན་ཅན་གྱིས། །དངོས་པོས་ཡོན་སྦྱར་སྔོན་མེད་པར་གྱི་འཕྲུལ། །ཆོས་མཆོག་ཞིང་ལ་རབ་དགའ་འཕེལ་བ་དེས། །དད་བརྩོན་ལྷག་བསམ་དག་པའི་སྟོབས་ཀྱིས་བསྒྲུབས། །ཡེ་ཤེས་སྐུ་ཅན་གཏེར་ཆེན་བླ་མའི་ཞལ། །མངོན་སུམ་ལྟ་བའི་སྐལ་བཟང་ཐོབ་ན་ཡང་། །གསུང་གསང་གདམས་པའི་བདུད་རྩི་འདི་ལས་གཞན། །དམིགས་སུ་མེད་ན་འདོར་དུ་ཅི་སྟེ་རུང་། །སྣང་བརྙན་མཇལ་དང་མཚན་ཐོས་ཙམ་གྱིས་ཀྱང་། །མིག་དང་ལག་པའི་ཐལ་མོ་ལྷན་གཅིག་ཏུ། །ཟུམ་པར་ཕྱོགས་འདི་གུས་པས་ཡིན་མཆི་སྟེ། །བཀའ་བཞིན་སྒྲུབ་ན་སྙིང་ནས་དད་པའི་རྟགས། །གང་གི་བཀའ་དྲིན་སྣུམ་པོའི་གྲིབ་བསིལ་གྱིས། །རིང་ནས་བདེ་བར་འཚོ་བའི་སྐལ་བཟང་རྣམས། །སྙིང་ལ་བྱས་གཟོའི་རི་མོ་མ་ཟུམ་ན། །བསྒོ་བའི་བཀའ་འདི་སྤྱི་བོའི་རྒྱན་དུ་ལོངས། །འདི་བསྒྲུབས་ལས་ཐོབ་དྲི་མེད་དགེ་བའི་དངོས། །ཁ་བ་དུང་དང་
པད་རྩ་ལྟར་དཀར་དེས། །དམིགས་ཡུལ་གང་དང་བཀའ་བཞིན་སྒྲུབ་རྣམས་ལ། །གཏེར་ཆེན་བླ་མའི་བྱིན་རླབས་མྱུར་འཇུག་ཤོག །རྩ་གསུམ་ཐུགས་རྗེའི་སྤྲིན་གྱི་བླ་བྲེ་ལས། །སྨིན་གྲོལ་བདུད་རྩིའི་གྲུ་ཆར་རྟག་འཇོ་བཞིན། །སྣོད་བཅུད་པདྨ་འོད་དང་དབྱེར་མེད་པའི། །དགེ་མཚན་གླིང་འདིར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་གསེར་འཕྱང་གི་ལོར་སྐུ་གཤེགས་པ་དགེ་སློང་དཀོན་མཆོག་འོད་ཟེར་གྱི་དགེ་འཇུག་ཏུ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་གཏེར་ཆེན་བླ་མའི་གསུང་འདུས་སྡེའི་བཅའ་ཡིག་མ་བུ་པར་དུ་གསར་བཞེངས་སྐབས་པར་བྱང་སྨོན་ཚིག་ཏུ་སྨིན་གླིང་གཅུང་དྷརྨ་ཀིརྟིས་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ་ལོ།། །།
བཅའ་ཡིག་མ་མོ་ལས་འཕྲོས་པའི་ཟུར་བཀོལ།
བཅའ་ཡིག་མ་མོ་ལས་འཕྲོས་པའི་ཟུར་བཀོལ་དུམ་དུམ་ཁྲིགས་ཀྱི་སྐོར།
དབྱར་གནས་བཅའ་ཡིག་ཟུར་བཀོལ། དབྱར་གནས་ཀྱི་བསླབ་བྱ་ཡུལ་དུས་དང་འཚམས་པ་འགའ་ཞིག་བཀོད་པ་ལ། ཡུལ་ཐག་རིང་གི་འཁོར་ཞག་དུས་བཅས་རང་དབང་མ་འདུས་པ་དང་། དམིགས་བསལ་གྱི་གནང་བ་ཐོབ་པས་དགག་དབྱེའི་གོང་དུ་མི་འབྱོར་བ་རྣམས་མ་གཏོགས་ཕྱོགས་སུ་ཐེགས་མི་རྣམས་དབྱར་ཚུལ་ཞུགས་ཀྱི་སྔུན་འཆུར་ཧོར་ཟླ་དྲུག་པའི་ཚེས་བཅུ་བཞིའི་གོང་ངམ་ཐ་ནའང་བཅུ་དྲུག་གི་ཞལ་ལེན་ལ་འབྱོར་ངེས་འདུ་ཞིང་། གལ་ཏེ་རྐྱེན་གྱིས་དུས་ཐོག་འབྱོར་བའི་རང་དབང་མི་འདུས་ངེས་ཅན་མཐུན་སྣང་དུ་གྲུབ་རིགས་རྣམས་དབྱར་ཞལ་བཞེས་མ་ཐུབ་ཀྱང་གསོ་སྦྱོང་དང་དགག་དབྱེར་འདུ་དགོས། དབྱར་གནས་པར་དམ་བཅས་ནས་མཚམས་ཀྱི་ཕྱི་རོལ་དུ་ཞག་སྡོད་མཛད་དགོས་ན་ཙམ་ཐོགས་ཞག་བདུན་པའི་ནང་མཚན་གྱི་བྱིན་རླབས་དང་། དེས་མི་ཆོག་པ་ལ་དགེ་འདུན་ལས་གནང་བ་ནོས་ནས་ཞག་བཞི་བཅུ་ལས་ཙམ་དགོས་བྱིན་གྱིས་བརླབས་པའི་ཕྱག་ལེན་ཕྲ་ཞིབ་རྣམས་སྔར་རྒྱུན་ལྟར་མ་འཕྱུགས་པར་མཛད། མཐའི་ཞག་དྲུག་ལ་བྱིན་རླབས་མི་ཆག་པར་བཤད་པའི་དོན་བྱ་འདུལ་ཆེན་པོའི་བཞེད་པར། དེའི་ཚེ་ཞག་བདུན་ཉིད་མི་ཆག་པ་ཡིན་གྱི། ཞག་གཅིག་གཉིས་རླབས་རུང་བར་གསུངས་པར་མ་ཟད་དེང་སང་ཁས་ལེན་ཟླ་བ་གསུམ་བྱས་ནས་དགག་དབྱེ་གློ་བུར་བ་ཡིན་པས་བྱིན་རླབས་བྱས་ཆོག་གོ །གང་ལྟར་བྱིན་རླབས་བྱས་ནས་ཐེགས་པ་རྣམས་དགག་དབྱེར་མ་འཁོར་ན་མཚམས་གཞན་དུ་དགག་དབྱེ་བྱེད་པའི་ཟླ་ལ་དགག་དབྱེ་བྱར་རུང་བ་བཤད་ཀྱང་། དེང་སང་དེ་འདྲའི་ཕྱག་ལེན་གྱི་སྲོལ་མ་དར་གཤིས་མི་འགྲུབ་པས་དགག་དབྱེར་ངེས་པར་འཁོར་བར་མཛད། གལ་ཏེ་མི་འཁོར་བའི་རིགས་
ལ་དགེ་འདུན་སྤྱི་སྐུ་རིམ་ལྟ་བུར་ཐེགས་དགོས་ན་ཞལ་བཞེས་ནས་ཟླ་གཅིག་ཕན་སོང་ཞིང་ཉ་སྟོང་དང་འགྲིག་ན་དགག་དབྱེ་གློ་བུར་བ་མཛད་པ་ཡིན་མོད། མ་འགྲིག་ན་ཚོགས་ཀྱི་དགག་དབྱེ་མཛད། སྤྱི་ཐེགས་མི་དགོས་པར་གང་ཟག་འགའ་ཞིག་རྐྱེན་དབང་གིས་འགྲོ་དགོས་ཤིང་དགག་དབྱེར་མི་འཁོར་ནའང་ཕྱག་ལེན་དུ་ཐེབས་པ་ལྟར་ཚོགས་ཀྱི་དགག་དབྱེ་ཆགས་པས་བྱར་རུང་། དབྱར་གནས་ཀྱི་དགོས་པའང་དོན་མང་པོ་དང་བྱ་བ་མང་པོ་སྤངས་ནས་ཀློག་སྤོང་ལ་བརྩོན་པའི་ཆེད་ཡིན་པས། རྒྱུད་ཀྱི་བཤད་གྲྭར་ཚོགས་པ་རྣམས་སུ་མ་ཟད། དེར་མ་འདུས་པའི་དགེ་འདུན་བྱིངས་ཀྱང་སོ་སོའི་དབང་པོའི་རིམ་པ་དང་འཚམས་པའི་ཐོས་བསམ་སྒོམ་གསུམ་དང་དེ་དག་གི་ཡན་ལག་གར་ཐིག་དབྱངས་སོགས་ཀྱི་བསླབ་སྦྱོང་ལ་རུས་ཐོན་གྱིས་འབད་ཅིང་། དབྱར་ནང་དུ་འཐབ་རྩོད་ཀྱི་རྒྱུར་འགྲོ་བའི་བྱ་བྱེད་རྣམས་སྤང་བ་དང་། དགག་དབྱེའི་སྔོན་ཚུད་དུ་བཟོད་གསོལ་དགོས་པ་རྣམས་ཀྱང་ཕྱག་ལེན་ལ་ཐེགས་པ་མཛད། དབྱར་རྙེད་ཀྱི་ཆ་ད་ལྟའི་དགག་དགོས་བརྩིས་ནས་མཐོ་དམའ་སྙོམས་པའི་དབང་དུ་བྱས་པར། དབྱར་ཁོངས་སུ་གཞུང་གི་མང་འགྱེད་དང་། གྲྭ་མང་ཚོགས་པའི་སྐུ་རིམ་ཞག་སྦྲེལ་གྱིས་མཚོན་པ་དང་། དེ་དང་ཐོབ་ཆ་འདྲ་བའི་མང་འགྱེད་ཚོགས་གསོག་ཆེ་བ་ཞུ་མི་བྱུང་རིགས་བཅས་པའི་རྙེད་པ་རྣམས་ད་ལྟའི་ལུགས་བཞིན་དང་། དེ་ཕྱིན་དུང་གིས་བསྡུས་པའི་རྙེད་པ་གང་བྱུང་ཚང་མ་དབྱར་རྙེད་སྤྱི་ཐོག་ཏུ་བསགས་ནས་བགོ །བགོ་བའི་དུས་ཀྱང་དབྱར་ནང་དུ་བགོས་ན་བགོས་སྔས་པ་དང་། དགག་དབྱེ་བྱས་པའི་ཕྱི་ཉིན་བགོས་མ་ཚར་ན་བགོས་འཕྱིས་ཀྱི་ཉེས་པ་ཡོང་བ་བཤད་པས། དགག་དབྱེ་སྔ་དྲོ་བྱས་པའི་ཕྱི་དྲོའམ་སང་ཉིན་དེ་བགོས་ཚར་བ་མཛད། རྐྱེན་དབང་གིས་ཚོགས་ཀྱི་དགག་དབྱེ་བྱས་ནས་ཐེགས་རིགས། དབྱར་ནང་དུ་དབྱར་གྱི་ཞག་གྲངས་ཕྱེད་དུ་ཚང་ན་དབྱར་རྙེད་ཕྱེད་དབང་བས་སྐལ་བ་ཕྱེད། དེ་ཡང་དབྱར་ཕྱེད་དུ་ཞག་གཅིག་གིས་མ་ཚང་ན་རྙེད་པ་མི་དབང་བར་བཤད་པས་མི་བྱིན། དབྱར་སུམ་གཉིས་གནས་ན་རྙེད་པ་རངས་པོ་དབང་བས་སྐལ་བ་ཚང་བར་སྟེར། དབྱར་བདག་པ་ཁ་སྐོང་དགེ་བསྐོས་སོགས་བསྐོས་པའི་གང་ཟག་རྣམས་ཀྱིས་ཀྱང་། གཙུག་ལག་
ཁང་ཕྱག་བདར་ཐིགས་ཚགས་སོགས་ཀྱིས་སྐྱོང་བའི་འཁོས་དང་། དགེ་འདུན་གྱི་སྤྱི་གདན་ལ་གདིང་བ་མེད་པ་དང་གདིང་བ་རུང་བ་མ་ཡིན་པས་སྤྱད་མ་སྤྱད་སོགས་དབྱར་ཁྲིམས་རྣམས་ལ་ཟོམ་ལུས་སུ་མ་སོང་བའི་ལྟ་རྟོག་མཛད། ཞལ་གྲངས་ཡོན་བདག་གི་སར་ཕེབས་མི་རྣམས་ཀྱིས་ཀྱང་དབྱར་ལམ་བསྐོར་བ་ལས། ཞིང་སྐེ་གཅོད་པ་དང་། གང་སྲུབས་འབྲས་བུ་འཐོག་པ་སོགས་མི་མཛད། མདོར་ན་གཞི་གསུམ་གྱིས་མཚོན་དགེ་འདུན་གྱི་ལས་ལ་འདུ་བ་ཐམས་ཅད་ལ་ཞི་དུལ་གྱི་འདུ་འཚོག་དང་། ཐལ་མོ་སྙིང་གར་བཅའ་ཞིང་དཔྲལ་བར་བཀོད་ནས་དཀྱིལ་འཁོར་ལྔ་པའི་ཕྱག་དང་། འགྲེངས་ཏེ་འདུད་པ་དང་། བཞུགས་པའི་སྤྱོད་ལམ་བསྟུན་པ་སོགས་སྔར་ཕྱག་ལེན་དུ་བཏབ་པ་རྣམས་ལས་མི་འདའ་ཞིང་གསར་ཞུགས་རྣམས་ལའང་དགེ་བསྐོས་དང་དགེ་རྒན་སོགས་གོང་བཞུགས་རྣམས་ཀྱིས་སློབ་ནས་མི་ནུབ་ཅིང་གོང་འཕེལ་དུ་འགྱུར་བའི་ཐབས་ལ་ཐམས་ཅད་ཀྱིས་འབད་པ་འདོན་དགོས། །
རྒྱུད་ཀྱི་བཤད་གྲྭའི་བཅའ་ཡིག་ཟུར་བཀོལ།
རྒྱུད་ཀྱི་བཤད་གྲྭའི་བཅའ་ཡིག་ཟུར་བཀོལ། ༀ་སིདྡྷི་རསྟུ། དེ་ཡང་ཚེ་འདིར་བླ་ན་མེད་པའི་བྱང་ཆུབ་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་འདོད་པས་ཟབ་མོའི་རྒྱུད་ལ་རྟོགས་གོམས་ཀྱི་སྦྱོར་བས་འབད་དགོས་པ་ངེས་པར་བྱས་ནས། རྒྱུད་བཤད་ཀྱི་གྲྭ་འདིར་ཞུགས་པ་རྣམས་ཀྱི་བླང་དོར་གྱི་གནས་ཆེ་ལོང་ཙམ་བཀོད་པ་ལ། སྤྱིར་རིན་པོ་ཆེའི་གླིང་དུ་སླེབས་ནས་ལག་སྟོང་དུ་ལྡོག་མི་བཟོད་པ་ལྟར། ད་རེས་བསྟན་པའི་སྙིང་པོ་རྒྱུད་སྡེ་ཟབ་མོའི་ཐོས་བསམ་བྱ་བའི་རྐྱེན་ཕུན་སུམ་ཚོགས་པ་འཛོམས་པའི་སྐབས་འདིར། དད་པ་དང་བརྩོན་འགྲུས་ཐང་ལྷོད་མེད་པའི་སྒོ་ནས་རང་གི་བཞེད་དོན་འདི་ཉིད་མཐར་མ་ཕྱིན་གྱི་བར་དུ་བཏང་སྙོམས་ཡལ་བོར་མེད་པའི་སྙིང་སྟོབས་བསྐྱེད་ལ། རྒྱུན་གྱི་ཀུན་ཏུ་སྤྱོད་པ་དང་བསླབ་ཁྲིམས་ལ་གནས་པ་གཞིར་བཞག་ནས། ཁྱད་པར་དུ་ནན་ཏན་ལྷུར་ལེན་བྱ་བ་ནི། ཐོག་མར་ཆོས་བརྡ་བྱུང་མ་ཐག་ཀུ་ཅོ་བཞད་
བགད་སོགས་སྤངས་ནས་བདུད་ཚར་གཅོད་པའི་གཟུངས་ཤུབ་བུར་འདོན་བཞིན་དུ་བག་ཡོད་པས་འདུ་རྐྱེན་པ་དང་། འདུས་ནས་ཀྱང་ལུས་ཀྱི་སྐྱོན་ཉལ་སྙེས་རྐང་བརྐྱང་གཉིད་ཡུར་བ་སོགས་དང་། ངག་གི་སྐྱོན་ཚིག་རྩུབ་བཀྱལ་ཁའི་བརྒལ་ལན་ཅ་ཅོ་ཆེ་བ་སོགས་དང་། ཡིད་ཀྱི་སྐྱོན་ཆགས་སྡང་དྲག་པོས་དཀྲུགས་པ་སོགས་སྒོ་གསུམ་གནས་ངན་ལེན་གྱི་སྐྱོན་རྣམས་སྤངས་ནས། འཆད་པ་པོ་དགེ་བའི་བཤེས་གཉེན་ལ་དད་པ་དང་། ཐར་པ་ཐོབ་འདོད་ཀྱི་འདུན་པ་དྲག་པོས། ཆོས་ཚུགས་གྲོལ་གྱི་ཕྱག་དང་། མཎྜལ་རྒྱུད་འཆད་ཉན་གྱི་མན་ངག་ལས་ཇི་ལྟར་འབྱུང་བའི་དོན་ཉམས་སུ་ལེན་པའི་རྣལ་འབྱོར་ལས་མི་གཡེལ་བའི་སྒོ་ནས། སྒོ་གསུམ་གུས་པ་དང་ལྡན་པའི་སྤྱོད་ལམ་གྱིས་ཚིག་དོན་ལ་སྒྲིམས་ཤིང་དཔྱོད་པའི་བློས་མ་ཡེངས་པར་མཉན་ཏེ་ཡིད་ལ་འཇེབས་པར་བྱ་ཞིང་ཕན་ཚུན་འབེལ་གཏམ་གྱི་ཚེ་ཡང་ཀུ་ཅོ་བཞད་གད་ཆེན་པོ་སོགས་རྩེད་མོ་དང་ཀྱལ་ཀ་དང་། ཞེ་སྡང་གིས་མཚང་འདྲུ་བ་སོགས་མ་ཡིན་པར། ལུང་རིགས་ཀྱི་བློ་མཐུ་རྩལ་འགྲན་པའི་བརྒལ་བརྟག་ཆོས་དང་མཐུན་པར་མཛད། སྤྱིའི་སྐྱོར་ཅག་སློབ་དཔོན་གྱིས་མཛད་པ་ཡིན་ཡང་། དེ་དག་གི་བར་རྣམས་སུ་ཡང་གང་བཤད་བྱའི་ཆོས་ལ་མཁས་པའི་དགེ་བའི་བཤེས་གཉེན་དང་བ་འདྲོང་བ་རེ་ལ་གྲོགས་དན་བཅོལ་ནས་མཛུབ་ཁྲིད་བསྐྱར་ཅག་གིས་ཞུན་ཐར་གཅོད་པ་སོགས་ལ་བརྩོན་པས་སློབ་གཉེར་བྱེད་ལོ་དང་ཐོས་ལོར་མ་ལུས་པར་གནད་དུ་བསྣུན་པ་དགོས་ཤིང་སློབ་དཔོན་ལ་ཆོས་ཐོག་རེའི་སྤྱི་སྒྲིགས་ཀྱི་འཛིན་དཔེའི་རྒྱུགས་ཀྱང་འཕྲོད་པར་མཛད། དེར་མ་ཟད་ཤེས་རབ་དང་འདུན་རྩོལ་ཆེ་བ་རྣམས་ཀྱིས་དེའི་སྟེང་དུའང་གསར་འཛིན་དང་བརྗེད་གསོའི་རྒྱུགས་དཔང་བསྟོད་དེ་སྤྲོད་པ་སོགས་མིག་ལྟོས་བཟང་འགྲན་ཡོང་བ་དང་། བཤད་པར་བསྐྱར་ཅག་དང་དཔེ་ཆ་འཛིན་སྐྱོར་མི་ནུས་པའི་སོས་དལ་དུ་སྡོད་མི་བྱུང་ན་སློབ་དཔོན་གྱིས་དེ་རྣམས་ལོགས་སུ་བཀར་ནས་རྒྱུད་གཞུང་བསྡེབས་འདོན་བྱེད་དུ་འཇུག་པའམ། བརྗེད་གསོ་གསར་འཛིན་གང་འོས་ཀྱིས་དཔེ་ཆ་ཉིན་རེ་བཞིན་སྒྲིགས་ཆུབ་ཀྱིས་རྒྱུགས་ལེན་པ་བཅས་བསྟན་པའི་རྣམ་གཞག་གྲུབ་པའི་རབ་འབྱམས་པ་རྣམས་ཀྱིས་ཀྱང་བློ་གསར་བཞིན་དུ་སློབ་གྲྭའི་
སྒྲིགས་ལ་གནས་པས། བསམ་པའི་གོ་བགོས་སྦྱོར་བས་ལག་ཏུ་ལེན་པའི་སྒོ་ནས། སྤྱི་དོན། མཐའ་དཔྱོད། ལམ་རིམ་སོགས་རྒྱུད་འགྲེལ་ལེ་ལག་དང་བཅས་པ་རྣམས་ལ་ཆོག་མི་ཤེས་པར་ལེགས་པར་བལྟས་ནས་ཤེས་རྒྱས་མཐའ་བཅད། གོ་བས་སྒྲོ་སྐུར་སྤངས་ཏེ། རྒྱུད་དོན་ཨི་ཐི་བ་ཉམས་འོག་ཏུ་ཆུབ་པ་ཞིག་མཛད་དགོས། རྣམ་གཞག་ཀྱང་བློ་རྫོགས་ཆེ་ཞིང་གོ་དོན་བཟང་བ་ཕེར་ངེས་མཐུན་སྣང་གྲུབ་པས། རྒྱུད་ཀྱི་འགྲེལ་པ་ནག་འབྱམས་ཀྱི་རྒྱུགས་འབུལ་སྔོན་དུ་བཏང་རྗེས་དུས་རིམ་དང་དབོ་ཟླའི་སྒྲུབ་མཆོད་གང་འོས་ཐོག་ཏུ་གཞུང་བསྐྱུར་ཕེར་བའི་བཤད་འབུལ་ཐོག་མཐའ་འཁྱོངས་པ་བྱུང་ན་སྔགས་རམས་པའི་མཚན་འདོགས་དང་བསྟུན་གཞོན་བར་གྱི་ལས་ཡངས་ཤིང་གྲལ་འདོན་གྱིས་གཟེངས་བསྟོད། མདོ་ལ་གྲྭ་སྐོར་སོང་བའི་རབ་འབྱམས་པ་རྣམས་ལ་མཚན་འདོགས་དང་གྲལ་འདོན་གསར་དུ་མ་དགོས་ཀྱང་མདོ་སྔགས་ཟུང་འབྲེལ་གྱི་རབ་འབྱམས་པ་མཛད་ན་བཤད་པ་སྔར་ལྟར་དང་རྒྱུད་དོན་ལ་དམ་བཅའ་བགྲོ་གླེང་ཕེར་བ་མཛད། མདོ་སྔགས་ཀྱི་རབ་འབྱམས་པ་གང་ཡིན་ཡང་རུང་སྔགས་ལ་ཚོགས་གསོག་མཛད་ན་སྒྲུབ་མཆོད་ལྟ་བུ་སྟོན་འཁོར་འཛོམས་པའི་དུས་དགེ་བ་ཞིག་གི་ཐོག་གཞུང་བླངས་པ་ནས་བརྩམས་ཏེ་རྒྱུད་འགྲེལ་ཡོངས་རྫོགས་ཀྱི་ཚོགས་བཤད་འབུལ་བ་སོགས་མིག་ལྟོས་བཟང་འགྲན་གོང་འཕེལ་དུ་འགྱུར་བ་མཛད། ཡང་རྣམ་གཞག་མི་ཕེར་བའི་བློ་དམན་དད་ཅན་གྱི་སྐལ་བཟང་ཚོགས་གསོག་ཏུ་དམིགས་ཉིན་རེ་གཉིས་ཙམ་གྱི་བཤད་འབུལ་བྱེད་པ་བྱུང་ན་ཡང་བརྙས་པ་མི་མཛད་པར་བསྔགས་བརྗོད་ཀྱིས་སྤྲོ་བ་བསྐྱེད། རྒྱུད་གྲྭར་ཞུགས་ནས་རྒྱུད་ཀྱི་བཤད་པ་ཚར་རེ་མ་རྫོགས་པར་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་བར་ཉན་ཅི་ཐུབ་ཀྱི་འདུན་རྩོལ་ལ་ནན་ཏན་དུ་མཛད། སྤྱི་ལས་འགངས་ཆེ་བའི་རིགས་ལ་དམིགས་བསལ་འགྲོ་དགོས་ངེས་རྣམས་མ་གཏོགས་ལས་སྣེ་རྣམས་ཀྱིས་ཀྱང་མ་བརྟགས་པར་ཆོས་ཐོག་གི་དུས་དོན་ཆུང་ཆུང་ལ་གཞན་དུ་གཏོང་བ་སོགས་མི་བྱེད། ཆོས་གྲྭ་ཚོགས་པའི་དུས་ཐོས་བསམ་ལ་ནན་ཏན་ལྷུར་བྱེད་པ་ལས་མི་གཡེལ་བར་མ་ཟད། སྔ་དགོང་ཡང་ཚིག་གི་སྐྱོར་སྦྱང་དོན་ལ་བསམ་གཞིགས་སོགས་རྒྱུད་ལ་ཅི་འབྱོར་ཡོང་བ་
མཛད། གཙོ་བོར་ཐམས་ཅད་ཀྱིས་བདག་དོན་བདག་གཅེས་ཀྱི་ཚུལ་དུ་འབད་རྩོལ་དགོས་པ་གཞིར་བཅས་དང་། ཁྱད་པར་མཁན་ཆེན་གྱི་བཀས་བཅས་ནས་འདོམས་པ་བཞིན། ཆོས་འཆད་སློབ་དཔོན་པ་ཉིད་ཀྱིས་དོ་འཁུར་ལེ་བར་མ་ལུས་པའི་འཁོས་ཁྱབ་ཀྱིས་འདོམས་པ་དང་། རང་རང་རིགས་མཐུན་པའི་གྲོགས་དན་སོ་སོས་ཀྱང་བསྐུལ་ལྕག་ཤ་ཚ་ལྷུར་བླངས་པའི་བསམ་སྦྱོར་བཟང་པོས་སློབ་པ་སོགས་མདོར་ན་རྒྱུད་ཀྱི་བཤད་ཉན་ནི་སྔགས་ལ་བརྟེན་ནས་དོན་གཉིས་སྒྲུབ་པར་འདོད་པ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་མེད་དུ་མི་རུང་བ་ཡིན་ལ། དེ་ལ་དམིགས་ནས་ད་རེས་ཀྱང་འབད་རྩོལ་ལ་ནན་ཏན་དུ་བྱས་པའི་བཞེད་དོན་ཆོས་ཀྱི་རྗེ་མཁན་རིན་པོ་ཆེའི་རེ་བ་བཞིན་དུ་འགྲུབ་པ་འདི་བསྟན་པ་སྤྱི་དང་། ཁྱད་པར་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་དར་རོ་ཞེས་པའི་མིང་དང་དོན་འགལ་ཁྱབ་ཏུ་མ་སོང་བར་མིང་དོན་མཚུངས་པ་འབྱུང་བ་ཡིན་པས། དེ་ནས་སྔགས་ཀྱི་དངོས་གྲུབ་ནི་དམ་ཚིག་རྣམ་པར་དག་པའི་རྗེས་སུ་འབྲང་བར་གསུངས་པའི་ཕྱིར། རྒྱུད་གྲྭ་འདིར་ཚོགས་པ་ཐམས་ཅད་དཔོན་སློབ་དང་མཆེད་གྲོགས་ལ་ཕན་ཚུན་དག་སྣང་གི་བརྩེ་གདུངས་ནང་གཤིན་པའི་སྒོ་ནས། ཚེ་འདིའི་བདེ་སྙན་ཉི་ཚེ་བས་བློ་མི་འདྲིད་པར་སྐྱེ་བ་འདི་ཁོ་ན་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འགྲོ་བ་ཐམས་ཅད་སྒྲོལ་བར་ནུས་པའི་གོ་འཕང་དཀའ་བ་མེད་པར་ཐོབ་པར་མོས་པའི་ལྷག་བསམ་གྱིས་དྲངས་ཏེ། ཐོས་བསམ་ལ་འབད་རྩོལ་དྲག་པོས་བློ་གྲོས་ཀྱི་མཐུ་ཉིན་རེ་བཞིན་ཡང་དབྱར་མཚོ་ལྟར་གོང་འཕེལ་དུ་འགྱུར་བ་ལ་ཅིས་ཀྱང་འབད་འཚལ། འདིར་མ་འཁོད་པའི་བླང་དོར་གྱི་གནས་ཕྲ་མོ་དག་དང་། གོང་དུ་བརྗོད་པའི་དོན་ལག་ཏུ་མ་ལོངས་པའི་དགག་དགོས་ཀྱི་གྲོས་འདེབས་དགོས་པ་སོགས་ཐོ་ཟུར་གསལ་དང་ངག་ལམ་ནས་རྨེད་པའང་བྱེད་རྒྱུ་ཡིན་ཞེས་ཁྱུ་མཆོག་གི་ལོ་ཆུ་སྟོད་ཀྱིས་ཉ་བའི་གྲལ་ཚེས་དགེ་བ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོ་ནས་བྲིས། །
རྒྱུད་འདོན་གྱི་གྲྭ་རྣམ་གཉིས་ཀྱི་བཅའ་ཡིག་ཟུར་བཀོལ།
རྒྱུད་འདོན་གྱི་གྲྭ་རྣམ་གཉིས་ཀྱི་བཅའ་ཡིག་ཟུར་བཀོལ།
ཡང་རྒྱུད་གྲྭ་བ་རྣམས་ཀྱིས་བགྱི་འོས་ནི། དེ་ཡང་སྔོན་བསྟན་པ་དར་བའི་དུས་ན་གསང་བ་སྙིང་པོ་སོགས་རྒྱུད་སྡེ་འདི་དག་ལ་བཤད་སྒྲུབ་བཟང་རྒྱས་སུ་བྱུང་འདུག་ནའང་། དེང་སང་སྙིགས་མའི་སྤྱོད་ཚུལ་གྱིས་བསྟན་པའི་སྲོལ་ཁ་ཐམས་ཅད་ཇེ་ཕྲར་གྱུར་པས་རྒྱུད་སྡེ་སོ་སོའི་མིང་འཛིན་པ་ཙམ་ཡང་དཀོན་པར་སྣང་བས་དེ་དག་འཕེལ་ཞིང་རྒྱས་པར་འདོད་པའི་ལྷག་བསམ་དང་། ཁྱད་པར་རྒྱུད་སྡེ་ཆེན་པོ་འདི་གཉིས་གསང་སྔགས་བཀའ་གཏེར་གྱི་རྒྱུད་རྣམས་ཀྱི་སྙིང་པོ་དང་གཙོ་བོ་ལྟ་བུ་ཡིན་པས་དགེ་འདུན་རྣམས་ཀྱིས་ཞལ་འདོན་སྒྲིགས་ཆགས་སུ་མཛད་པའི་རྒྱུན་ཚུགས་ན། དམིགས་རྐྱེན་དེ་ལ་བརྟེན་ནས་བློ་རབ་རྣམས་ཀྱིས་རྒྱུད་ཀྱི་མངོན་པར་རྟོགས་པའི་དོན་ལ་དབང་འབྱོར་ཞིང་། བློ་འབྲིང་གིས་ཀྱང་ལེ་དོན་ཙམ་གྱི་ས་ཁོངས་ཆོད་པ་དང་། བློ་དམན་པས་ཀྱང་རྗོད་བྱེད་ཀྱི་ཚིག་རྫོགས་པར་བཏོན་པས་ཀྱང་རྒྱུད་བཀླགས་པས་འགྲུབ་ཅེས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པ་དང་། རྒྱུད་ནི་རྒྱུད་གཞན་གྱི་ངེས་པས་འཆད་པར་གསུངས་པ་བཞིན། རྒྱུད་གཅིག་ཁོ་ནའི་ཚིག་དོན་ཤེས་པས་ཀྱང་རྒྱུད་སྡེ་རབ་འབྱམས་ལ་བློ་གྲོས་ཀྱི་འཇུག་པ་ཇེ་ཡངས་སུ་འགྱུར་བ་དང་། རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་དོན་ཐམས་ཅད་རྒྱུད་སྡེ་ཆེན་པོ་གཅིག་ཁོ་ནས་ཀྱང་རྟོགས་པར་འགྱུར་བའི་ཕྱིར། སྔགས་ཀྱི་གྲྭ་ས་ཡིན་ཕྱིན་ཆད་རྒྱུད་སྡེའི་བཤད་སྲོལ་ལམ། མ་ཐ་རྒྱུད་ཚིག་འདོན་པ་ཙམ་གྱིས་གཞི་ལམ་འབྲས་བུའི་རྣམ་གཞག་ཙམ་ཆགས་པས་རྡོ་རྗེ་ཐེག་པའི་བསྟན་པ་འཕེལ་རྒྱས་ཀྱི་རྟེན་འབྲེལ་དང་། རང་གཞན་གྱི་དོན་བླ་ན་མེད་པའི་གཞིར་འགྱུར་དུ་རེ་བའི་བདག་རྐྱེན་བྱས་པ་ཡིན་པས། གནས་སྐབས་ཀྱི་རྙེད་འཚོལ་ཙམ་དང་ཁྲལ་ཆོས་སུ་མི་བསམ་པར་སྒོ་གསུམ་རྩེ་གཅིག་པས་ནན་ཏན་དུ་བྱེད་དགོས་ཤིང་། དེ་ཡང་སྡེབས་ཚོགས་ཟུར་ཚོགས་གང་གི་ཚེ་ཡང་དུང་དང་འཁར་རྔ་སོགས་ཀྱི་འཚོག་བརྡ་གང་ཡིན་གྱི་
མཇུག་ནོན་པའི་འདུ་རྐྱེན་པ་དང་། འདུས་ནས་ཀྱང་གྲལ་གཤམ་ནས་ཕྱག་གསུམ་སྔོན་དུ་འགྲོ་བས་རང་རང་གི་གྲལ་ལ་ལུས་ལྟག་ཚུགས་ཟིན་ཅིང་འདུག་སྟངས་ལེགས་པའི་སྒོ་ནས་གསོལ་འདེབས་དང་བདག་བསྐྱེད་གཏོར་འབུལ་འདོན་པའི་མན་ངག་རྣམས་སྔོན་དུ་འགྲོ་བས། རྒྱུད་ངོ་བོའི་འདོན་པ་ལེའུ་རེ་རེ་བཞིན་གདངས་འདུར་སྤེལ་བའི་ཚུལ་གྱིས་གསལ་དག་སྙན་ཅིང་ལྷོད་ལ་འགྲིག་ཆགས་པར་བྱས་མཐར་རྗེས་ཆོག་བསྔོ་སྨོན་བཀྲ་ཤིས་དང་བཅས་པས་མཐའ་རྒྱས་པར་བྱ་ཞིང་། ནད་པ་དང་སྤྱི་དོན་གྱིས་བྲེལ་བའི་རིགས་རྣམས་དུས་གཏོར་རྣམས་དང་མཚུངས་པའི་གནང་བ་དགེ་བསྐོས་དང་སོ་སོའི་དབུ་མཛད་ལ་བརྡ་འབྱོར་བར་ཞུ་ཞིང་། སྒེར་དོན་ཇི་ལྟར་ཆེ་ཡང་ཞུ་སྟེར་བྱེད་ས་མེད། ཚོགས་བརྡའི་རྗེས་མ་ནོན་ན་ཕྱག་བཅུ་འཚོལ། འདོན་པ་ཚུགས་ཙམ་ལ་སླེབས་ན་ཕྱག་ཉི་ཤུ་འཚོལ། དེ་ནས་ཀྱང་འགོར་ན་བརྒྱ་ཕྱག་རེ་རྣམས་ཉེས་པ་ངོས་ཁུར་གྱིས་འཚོལ། གལ་ཏེ་དང་ལེན་མི་བྱེད་ན་ཚོགས་ཆེན་དུ་ཕྱག་ལྡབ་འཕར་རེ་ཁོལ། གྲལ་ལ་འདུག་ནས་ཀྱང་གྲུ་སྲུབས་མགོ་སྒྲིལ་ཤབ་ཤུབ་སོགས་ཅལ་ཅོལ་མི་བྱ་ཞིང་། གལ་ཏེ་བག་ཡངས་བྱས་པ་བྱུང་ན་རྒྱུད་འདོན་རྗེས་མའི་སྟེང་དུ་ཉག་རེའི་མར་མེ་སྤོར་བ་དང་། དང་ལེན་མི་བྱེད་ན་ཉིས་ལྡབ་ཏུ་སྤོར། ཚོགས་གྲོལ་མགྱོགས་པར་བློ་རྩེ་གཏད་པའི་འདོན་པ་བྲེལ་མྱུར་ཟུར་ཁྱེར་བྱེད་པ་བྱུང་ན་སུ་བྱེད་དམིགས་བཟུང་ལ་རྒྱུད་གྲྭར་ཇ་རེ་ཞུ་བ་དང་ཉག་རེའི་མར་མེ་སྤོར། ཚོགས་སྡེབས་གྲོལ་གུང་བསྒྲིགས་པའི་གསང་སྙིང་རྒྱུད་གྲྭའི་གཞོན་པ་རེས་གྲྭ་གཉིས་ཀའི་འགྲོལ་ཆབ་འབུལ། འདོན་པ་སྔ་ཕྱི་མ་སྙོམས་ན་ཡེ་ཤེས་སྐུ་མཆོག །ཀུན་བཟང་སྨོན་ལམ་སོགས་ཇི་ལྟར་འོས་པས་ཁ་:བསླང་༼བསྐང་༽བའི་མཉམ་གྲོལ་ལས་སྔ་ཕྱི་མེད་པ་བྱེད། མདོར་ན་ཚོགས་ཆེན་གྱི་སྒྲིགས་སྲོལ་གང་ཡིན་སྟར་ཆགས་འཕྱུགས་མེད་དུ་མ་ཟད། གྲྭ་རགས་བཟང་བསྡུས་ལྟ་བུ་ཡིན་པས་དེའི་ངོ་སོ་ཐོན་པའི་སྤྱོད་ལམ་ཡོང་བ་བྱེད། དེ་ཐམས་ཅད་ཀྱི་དོ་དམ་འགན་འཁུར་གྲྭ་སོ་སོའི་དབུ་མཛད་དང་བགྲེས་པ་རེ་དམིགས་བཏུས་པས་ཟོམ་ལུས་ཡལ་བོར་མེད་པའི་ནན་ཏན་ཆེ་བ་བྱེད་དགོས། གོང་སྨོས་ཐམས་ཅད་རང་དོན་རང་གིས་སྒྲུབ་པ་ཡིན་པས་གཞན་ལ་དྲིང་ཞིང་ངོ་སོ་
བྱེད་རྒྱུ་མེད་པར་གོ་བ་ལེན་དགོས། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་པའང་བསམ་མནོ་ཅུང་ཟད་གཏོང་། གཞན་གྱི་བསོད་ནམས་ཚོགས་སུ་འགྱུར་ཕྱིར་དང་བ་འདྲེན་པའི་དམིགས་རྐྱེན་ཡང་ཆོས་མཐུན་གྱི་སྤྱོད་པ་ལས་གཞན་མེད་དེ། འཇིག་རྟེན་མ་དད་གྱུར་པའི་ལས། །མཐོང་ངམ་དྲིས་ཏེ་སྤང་བར་བྱ། །ཞེས་པ་འདི་ཡང་རབ་ཏུ་བྱུང་བ་རྣམས་ཀྱིས་མི་བསྒྲུབ་ན་སུས་བསྒྲུབ། གལ་ཏེ་དེ་དག་སྤོམ་ཡོར་ཨར་ཉམས་ཀྱིས་ཁྱད་གསོད་བྱེད་པ་བྱུང་ན། དེས་བདུད་ལས་བདག་གིར་བྱས་པ་ཡིན་པས་དགེ་འདུན་ཐམས་ཅད་ཀྱི་སྐུ་ཆག་དེའི་སྟེང་དུ་སྒྱུར་ཅིག་པའི་ཐུགས་འདུན་ཐམས་ཅད་ཀྱིས་གཏོད་པ་དང་། ཉེས་པ་གང་ཡིན་དམིགས་ཕུག་ངོ་བསྲུང་མེད་པར་སྤྱི་སར་ཞུ་བ་དང་། ཆད་ལས་མི་ཆུང་བས་ཚར་གཅོད་པར་གྱིས། དེ་ལྟར་ངེད་རང་གིས་བློས་བཅད་ཁྲིགས་སུ་བཅད་པ་འདི་ལ་སུས་ཀྱང་གྲས་བཟོ་མི་བྱེད་པ་གལ་ཆེ།
ཆང་བསྐོལ་དང་། གནང་བའི་མཚམས་ཚིགས་ཀྱི་བཅའ་ཡིག
ཆང་བསྐོལ་དང་། གནང་བའི་མཚམས་ཚིགས་ཀྱི་བཅའ་ཡིག་ཟུར་འདེབས། ཆང་བསྐོལ་གྱི་རིགས་འདི་བསྐོལ་ན་དེ་ཉིད་ལས་ཉམས་པའི་དབང་དུ་བྱས་ཏེ། དགེ་ཚུལ་སློང་ཕལ་ཆེར་བཞེས་སྲོལ་འདུག་པ་ལྟར། སྔར་ཕན་ནུས་པ་ཉམས་ངེས་ཀྱི་དབང་དུ་བཏང་ནས་བཀག་ཆ་དེ་ཙམ་མ་བྱས་རུང་། ཕྱི་ནས་འབྲེལ་ཆེ་བ་འདྲས་ཆང་བསྐོལ་ཞུ་སྐྱེལ་གྱི་སྲོལ་ཇེ་མང་ལ་སོང་བ། སླར་ཆང་ཁྲིམས་ཀྱི་མཐའ་ཅིར་འགྱུར་ཤེས་དཀའ་བ་འདུག་གཤིས། ད་ཆ་རུང་ཁང་ལྟ་བུའི་སྤྱི་ཐབ་འགྲིམ་པའི་བསྐོལ་ལྡན་ཚོགས་སུ་ཞུ་བ་དང་། ཕྱི་ནང་གི་བཞུགས་གྲལ་སྟོན་མོ་ལྟ་བུར་ཞུས་པ་རྣམས་སུ་མ་ཟད། སྦྱིན་བདག་སར་ཡང་གྲྭ་གྲངས་བཅོ་ལྔ་ཡན་ཆད་ལ་བུར་སྦྲང་ལྟ་བུའི་འཕྲད་བཅས་ཚད་ལྡན་བསྐོལ་ནས་ཞུ་བ་རྣམས་མ་གཏོགས། དེ་ཕྱིན་གྲྭ་ཤག་ཏུ་བསྐོལ་བསྡུ་བྱེད་པ་དང་ཕྱི་ནས་བསྐོལ་ཟིན་ལེན་པ། རྒྱུན་ཆོག་གིས་མཚོན་
གྲྭ་པ་ཞལ་གྲངས་དང་ཁ་ཡར་གང་ཡིན་ཡང་བཞེས་པ་རྩ་བཀག་བྱེད་རྒྱུར། དེ་ལས་འགལ་བའི་གླིང་ནང་དུ་བཞེས་པར་ཉག་དོའི་མར་མེ་དང་། ཕྱི་ཁྱིམ་པའི་ནང་དུ་བཞེས་པར་ཉག་བཞིའི་མར་མེ་འབུལ་དུ་གཞུག ། ༈ སྤྱི་ལས་ལ་ཐེགས་མི་འགས་རང་འཚམས་ཀྱིས་ཚོགས་ལ་གནང་བ་མ་ཞུས་པ་དང་། སྔར་གནང་སྲོལ་གཏན་མེད་པའི་སྐུ་རིམ་ལ་རང་མ་འདུས་པ་འགའ་རེ་བྱུང་འདུག་ཅིང་། ཐོ་མཚམས་ལའང་གནང་བ་མ་ཐོབ་པར་འདས་ནས་ཐེགས་པའི་རྩིང་སྤྱོད་ཅི་རིགས་བྱུང་འདུག་པ་རྣམས་སྔར་ཐལ་ལ་རྗེས་འདེད་མེད་པར་བཞག །ད་ཕྱིན་ཆད་ནས་དགེ་འདུན་གྱི་སྡེ་ལ་གཅེས་པ་སྒྲིགས་རྣམ་ཡིན་པ་ཐམས་ཅད་ཀྱིས་ཐུགས་ལ་བཞག་ནས། ལས་ཁོམ་མ་ཁོམ་གྱི་བྲེལ་བ་ཆེ་ཆུང་གང་ཡིན་ཡང་ཚོགས་ཀྱི་གནང་བ་ངེས་ཏིག་ཞུ་ཞིང་། ཁྱད་པར་ལོ་གསར་ལྟ་བུ་ཡོ་ལངས་ཆེན་པོའི་སྤྱི་ལས་མ་གཏོགས། ཟས་སྣ་བཟོ་མི་སྤྱི་སྒེར་ལ་མ་ལྟོས་པར། ལས་འཕྲོ་འཇོག་མི་ཐུབ་པའི་སྤྱི་ཁང་དུ་བཟོ་མི་གསུམ་གྱི་གྲངས་བཅད་མའི་གནང་བ་སྟེར་སྲོལ་སྔར་རྒྱུན་ལྟར་དང་། དེ་ཕྱིན་སྐུ་རིམ་ལ་དགེ་བསྐོས་ཀྱིས་གནང་བ་མཛད་སྲོལ་མེད་པ་བཞིན་ད་དུང་དེ་ལས་མ་འདས་པ་དགོས། ཐོ་མཚམས་ཀྱི་གནང་བ་ལའང་བྱ་བྱེད་དགོས་དོན་ཡོད་མེད་བརྟག་དཔྱད་མཛད་ནས་གནང་དགོས་ཤིང་། སྔར་ཕན་ཆད་སྐྱ་རྩ་ཞོལ་པ་རང་ཡིན་པ་རྣམས་མ་གཏོགས་དགེ་བསྐོས་ཀྱིས་གནང་སྲོལ་ལ། ད་ཆ་གྲྭ་ཚང་གཞིས་གཏན་ཆགས་པས་ཡུལ་མི་དང་ཕྱོགས་མི་འདྲིས་ཆེ་ཆུང་ཁྱད་མེད་ལྟ་བུར་སོང་འདུག་གཤིས། ད་ནས་ཞོལ་གྱིས་མཚོན་ཁྱིམ་པའི་ནང་དུ་འགྲོ་བར་ཡང་བླ་བྲང་ཕན་ཚུན་གང་རིགས་སུ་གནང་བ་མ་ཐོབ་པར་དགེ་བསྐོས་ཀྱིས་ཀྱང་མི་གནང་ཞིང་། ཞུ་སྣ་ཡང་དགེ་བསྐོས་རང་བརྒྱུད་ནས་ཞུ་བ་དང་། དགེ་བསྐོས་ཀྱིས་ཀྱང་དོན་ཡོད་མེད་བཅད་བརྡར་གྱིས་ངེས་པ་འདྲོངས་ནས་ཞུ་བ་ལས་གང་ཞུས་ཞུ་བ་མི་མཛད། བླ་བྲང་དུ་གནང་བ་ཐོབ་པའི་ཞོར་འདྲོངས་ཀྱིས་བཀྲ་ཤིས་སྣང་བ་དང་། བཀྲ་ཤིས་རབ་བརྟན་སོགས་སུ་ཐེགས་པར་ཡང་སྒེར་ཞུ་མི་མཛད་པའི་སྲོལ་བྱང་འདུག་པས། དེ་དག་ཏུ་ཞལ་ཏ་མ་འདྲ་དང་བཅས་ནག་ཁྲིམས་ཀྱི་མཐའ་བག་ཡངས་སུ་འགྲོ་ཉེན་འདུག་
པས། ཕྱིན་ཆད་བླ་བྲང་དུ་གནང་བ་ཐོབ་པ་རྣམས་ཀྱིས་ཀྱང་། བླ་བྲང་གི་ཞོལ་མིག་རྩེ་རིས་ཀྱི་ཁང་བྲན་རྣམས་དང་། ལོངས་སྤྱོད་གླིང་། བཀྲ་ཤིས་ཁང་གསར། མགྲོན་ཁང་། མཆོད་རྟེན་སོགས་ཀྱིས་མཚོན་གཞན་དུ་ཐེགས་དགོས་ངེས་རྣམས་ཀྱང་དམིགས་བསལ་གྱི་གནང་བ་སྒེར་དུ་ཞུ་དགོས་ཤིང་། དགེ་བསྐོས་ཀྱིས་ཀྱང་དགོས་མིན་ལེགས་པར་བརྟགས་ཏེ་དམིགས་ཕྱེད་པའི་གནང་བ་སྟེར་ལུགས་དང་། དོན་ཆོད་ནས་ཚུར་འབྱོར་མ་འབྱོར་པ་རྣམས་ལ་རྩིས་བཞག་ཐེམས་པ་མཛད། སྨན་ཆུ་རྒྱག་པར་དགོངས་པ་ཞུ་བ་འདི་ཡང་། འཕྲོད་བསྟེན་ལ་དགོས་ངེས་སྨན་པ་དང་དགེ་བསྐོས་བསྟུན་ནས་མཐུན་སྣང་དུ་གྲུབ་རིགས་མ་གཏོགས་ལད་རྐྱེན་དུ་འདུག་པས་གནང་བ་ཞུ་སྟེར་མི་མཛད་ཅིང་། གྲྭ་ཚང་སྦྱིན་བདག་སར་ཕེབས་དུས་འདི་ཁར་བཞུགས་མི་རྣམས་མཐོ་མཚམས་སོགས་ཀྱི་གནང་བ་ཞུ་སྟེར་བགྲེས་པ་སུ་བཞུགས་འོས་པས་མཛད་ནས་གོང་བཞུགས་ལ་ཞུ་དགོས་བཅས་དམིགས་ཕྱེད་པའི་གནང་ལུགས་རྒྱུན་ལས་ལྷོད་དུ་མ་སོང་བའི་ནོན་ཆེ་བ་མཛད་པ་དང་། སྔར་སྐལ་བ་ཉིས་ལེན་བྱས་པར་ཆད་ལས་ཀྱི་བཅའ་བ་སོང་རུང་། འདི་ལོའང་རེ་གཉིས་བྱུང་འདུག་པས། ད་ནས་ཉིས་ལེན་ཕྱི་ནང་གང་དུ་བྱས་པ་བྱུང་ཡང་བགྲེས་གཞོན་སུས་ཚོར་གྱི་དགེ་བསྐོས་ལ་བརྡ་སྦྱར་ངོས། སྐལ་ཐོལ་ངོ་བོ་སྤྱི་སར་ལེན་ཞིང་དེའི་སྟེང་དུ་སྐལ་བ་ཆེ་ཆུང་ལ་གཞིགས་པའི་ཆད་པ་ཉག་གསུམ་ནས་ཉག་གང་གི་བར་གྱི་མར་མེ་སྤོར་དུ་འཇུག །འདི་རྣམས་སྤྱི་སྒྲིགས་ལ་གལ་ཆེ་བ་ཡིན་པས་དགེ་བསྐོས་ཀྱིས་ཀྱང་བཏང་སྙོམས་སུ་མ་ལུས་པའི་རྩིས་བཞག་དང་། ནོངས་པ་རྣམས་ལ་བཅའ་ཡིག་མ་དང་ཟུར་འདེབས་སོ་སོའི་ནང་གསལ་ལྟར་རྗེས་འཇོག་མེད་པའི་ཆད་ལས་འཕྲལ་འཕྲལ་འབེབས་ཤིང་བགྲེས་པ་གཞན་རྣམས་ཀྱིས་ཀྱང་ཆུ་རྐ་འདྲིལ་གྱི་འོན་གསེངས་དང་། དགེ་བསྐོས་ལ་བསྐུལ་བ། སྒྲིགས་ལམ་གྱི་རྒྱབ་གཉེར་རྣམས་ཁ་ཞེ་མེད་པའི་བདག་རྐྱེན་ཐང་བ་མཛད་དགོས།
ཆུ་ཞུགས་ཀྱི་བཅའ་ཡིག་ཟུར་བཀོལ།
ཆུ་ཞུགས་ཀྱི་བཅའ་ཡིག་ཟུར་བཀོལ། ཆུ་ཞུགས་ཀྱི་སྐབས་བཞུགས་པའི་གུར་གཡབས་རྣམས་ཕན་ཚུན་ཁང་ཉེར་འདབས་འབྲེལ་དུ་འབུབས་པ་ལས་ཐག་རིང་དབེན་པར་མི་རྒྱག །ཆང་གི་ཆ་ན་ནིང་ཡང་དགེ་སྐྱོན་ཅི་རིགས་བྱུང་བ་བཅས་གང་དགོས་འོས་བབས་བལྟས་པའི་གནང་བ་མ་ཐོབ་པར་བག་མེད་ཁྱེར་ས་མེད། ཤ་ཡང་རང་བཞིན་གྱིས་འཚོང་མི་ཡོང་ན་ཉོ་བ་མ་གཏོགས་ཆེད་གཏད་དུས་བསྒྲིགས་ཀྱིས་དམིགས་ཤ་སོགས་བྱུང་ན་སྐབས་སུ་གཏན་མི་ཆེ་བས་བག་ཟོན་ཆེ་བ་གལ་ཆེ། གུར་ནང་དུ་མི་སྐྱ་བག་འདྲེས་སུ་འཇོག་པ་འདི་ཡང་འབོད་མི་ཁོ་ནས་བག་ཟོན་བྱེད་པའི་དབང་དུ་བྱས་ཀྱང་གཞན་རྣམ་རྟོག་བརྟག་ཏུ་སྒྲིམ་པ་རང་ཞིག་དཀའ་བས། སྐྱེས་པའི་རིགས་འབོད་པ་ཡང་ཇ་མགྲོན་ལྟ་བུའི་དམིགས་བསལ་ལས་གུར་ནང་དུ་ཁྱུ་འདྲེས་སུ་མི་འཇོག །བུད་མེད་ཀྱི་རིགས་འཕྲད་མི་བྱུང་བ་རྣམས་ལ་གུར་གྱི་ཕ་ཚད་ཀུན་གྱིས་མཐོང་སར་མགྲོན་ལན་སྐྱེལ་བ་ལས་གུར་ནང་དུ་དྲག་ཞན་སུ་ཡང་མི་གཏོང་། བུད་མེད་དང་མི་སྐྱའི་རིགས་སྒར་དུ་ཁད་ཉེར་ཡོད་པ་རྣམས་ཀྱང་སྔ་དྲོ་གྲྭ་མང་ཕེབས་རྗེས་དང་། ཕྱི་དྲོ་གླིང་ཁའི་ཉི་མ་ནུབ་པ་དང་དུས་མཚུངས་འདུ་འགྱེད་ལས་སྔ་སྣུར་ཕྱི་སྣུར་དུ་སུ་ཡང་སྡོད་དུ་མ་འཇུག །དགོང་མོ་གུར་གཡབས་སྲུང་མི་ཡང་མི་ངེས་འདྲོངས་རྟག་ཐུབ་འོས་བཏུས་གསུམ་རེ་ལས་མང་བ་མི་འཇོག་ཅིང་། དེ་དག་གི་སྒྲིགས་གནོན་དུ་དགེ་བསྐོས་ལས་སྣེ་ཐེམས་པ་རེ་ནང་ཤོམས་སམ་རེས་བསྐོར་དུ་བཞུགས་པས་སྐྱོན་གནོན་ངོ་བསྲུང་མེད་པ་བྱེད། ནུབ་མོ་གླིང་ཁྱི་གང་ཡོད་སྒར་ཁྲོད་དུ་གློད་ནས་རྐུན་མ་སོགས་བསྲུང་ཆ་དམ་དོག་ཆེ་བ་བྱེད། གྲྭ་མང་ཡང་ཕྱི་དྲོ་གླིང་ཁའི་ཉི་མ་ནུབ་ཚུན་ཆད་ལ་ཡར་ཕེབས་པ་ལས་ས་རུབ་པ་སོགས་ཧ་ཅང་ཕྱི་མོར་མི་བཞུགས། ཡར་ཕེབས་མར་ཕེབས་ལ་ཡང་སྤྱོད་ལམ་གང་བཟོ་དང་། གླིང་ཁར་ཡང་མཐུན་སྣང་དུ་གྲུབ་པའི་རྩེད་མོ་འོས་བབས་ལས། སྐབས་སུ་མི་བབས་པའི་རིགས་མདའ་རྡོ་རྫོགས་བང་བྱས་ན་
ཉག་ལྔའི་མར་མེ་སྤོར། མཆན། སྐྱུར་གླུ་གཞས་འཇག་བརྒྱངས་འཐེན་པ་སོགས་དང་། ཀུ་ཅོ་བཞད་བགད་ཀྱི་ཀླག་ཅོར་ཆེ་བ་མི་བྱེད། གླིང་ཁའི་ལྕང་ཤིང་དང་རགས་རྩིག་སྐོང་བ་སོགས་ལ་དོགས་ཟོན་བཟན་ཆ་མེད་པའི་ཤ་ཚ་བ་བྱེད། ཐུན་གྱི་ཞལ་འདོན་ཡང་སྒྲིགས་ཆུག་ཉམས་ཆག་མེད་པ་དགོས། མདོར་ན་ཆབ་ཞུགས་ཀྱིས་མཚོན་པའི་དགྱེས་སྤྲོའི་སྐབས་སུ་ཧ་ཅང་བག་ཡངས་ཀྱི་སྲོལ་ལྟར་ཆགས་ན་རྒྱུན་སྒྲིགས་དམ་དོག་གི་རྣམ་ཐར་གཙང་བ་ཐམས་ཅད་ལ་རྒྱས་འདེབས་ཀྱི་ཤན་ཕོག་པའི་ཕུགས་ཡུལ་མིག་རྐྱེན་ཤས་རྒྱུ་མཐའ་མེད་དུ་འགྲོ་བ་བགྲེས་གཞོན་བར་པ་ཐམས་ཅད་ཀྱིས་འཕྲལ་ཕུགས་དགེ་སྐྱོན་གྱི་མཐའ་མྱུལ་བའི་ལེགས་ཚོགས་སུ་གང་འགྲོར་བསམ་སྦྱོར་དྲིལ་བ་ལས། འཕྲལ་སྣང་གདོང་འདེད་ཀྱི་ཨུ་ཚུགས་མཐར་སྐྱེལ་ཉི་ཚེ་བར་སོང་ན་གྲྭ་པ་བྱིངས་ཆུད་ཟོས་སུ་འགྲོ་བ་ལ་ཚེགས་མེད་པས་བྱས་པ་ལས་རོའི་དཔེ་དོན་གནས་ཡོང་། ད་ལྟའི་སྡེ་གོག་སེར་ཁྱིམ་དགོན་འདི་ཚོ་ཡང་དང་པོར་གྲྭ་ཚང་དུ་ཚུགས་པ་ཡིན་མོད། དེས་ན་དེ་དག་གི་སྐྱོན་གནད་ལ་བརྟགས་པའི་ལེགས་ཚོགས་སུ་གང་འགྱུར་ལ་ཉན་འཇོག་བླང་དོར་ཡང་དག་ཡོད་པ་གལ་ཆེ། མེ་བྱི་ཟླ་ཚེས་ལ་བྲིས། ཡང་ཆུ་ཞུགས་སྐབས་ནད་པ་དང་མཁར་ལས་དམིགས་བསལ་དགོས་ངེས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་གནང་བ་མི་བྱིན་ཐབས་མེད་འདི་ཁ་ནས་བལྟ་རྒྱུ་ལས། དེ་ཕྱིན་གླིང་ཁར་མ་བྱོན་པར་འདིར་བཞུགས་ས་མེད་པ་བྱེད། བླང་དོར་སྤྱིའི་བཅའ་ཡིག་གལ་ཆེ་བ་བཏུས་ཏེ་ཟུར་དུ་བཀོད་པའོ། །
༈ དཔལ་ལྡན་བླ་མ་དམ་པ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གྲྭ་ས་འདིར་གཉུག་མར་གནས་པའི་གཞིས་གྲྭ་དང་ཕྱོགས་ནས་གློ་བུར་དུ་བྱོན་པའི་སློབ་གཉེར་བ་རྣམས་ཀྱིས་ཐུན་མོང་དུ་བླང་དོར་མཛད་རྒྱུའི་བསླབ་བྱའི་རིམ་པ་མདོ་ཙམ་བཅའ་ཡིག་མ་བུ་རྣམས་ཀྱི་དོན་ལྟར་ཟུར་དུ་བཀོལ་ནས་གོ་བདེ་བར་བྱས་པ་ལ། སྤྱིར་སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང་། །ཞེས་གསུངས་པ་ལྟར། སྐྱེ་དགུ་ཐམས་ཅད་ཀྱི་མི་འདོད་པ་སྡུག་བསྔལ་དང་། འདོད་བྱ་ཕན་བདེར་འདུ། དེའི་ཕྱིར་སྡུག་བསྔལ་ནད་དང་འདྲ་བ་སེལ་བ་ལ་སྨན་མཆོག་བཟང་པོ་ལྟ་བུ་དང་། ཕན་བདེའི་རེ་བ་མ་ལུས་པ་ཡིད་བཞིན་དུ་འབྱུང་བ་ལ་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པ་ནི་རྒྱལ་བའི་བསྟན་པ་འབའ་ཞིག་ཡིན། བསྟན་པ་དེ་ཡང་བསྟན་འཛིན་གྱི་དགེ་འདུན་ལ་རག་ལས། དགེ་འདུན་གྱི་སྡེ་ཚུལ་ལྡན་དུ་འགྲོ་བ་ལ། དེར་ཚོགས་པའི་གང་ཟག་རྣམས་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་:དང་༼རང་༽ཚུགས་ལ་གནས་ཤིང་། ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་སྒོ་ནས་བཤད་སྒྲུབ་ཀྱི་བྱ་བས་བསྟན་པ་འཛིན་སྐྱོང་སྤེལ་ནུས་པ་ཞིག་དགོས། དེའི་རྒྱུར་རང་ཕལ་པའི་གནས་སུ་མི་སྡོད་པར་སྙིང་སྟོབས་ཆེན་པོས་བསམ་པའི་གོ་ཆ་གྱོན། སྦྱོར་བ་བརྩོན་འགྲུས་ཀྱིས་ལག་ཏུ་བླངས་ཏེ། དམ་པའི་ཆོས་ལ་ཆོག་མི་ཤེས་པར་སློབ་དགོས། དེའི་རྒྱུ་མཚན། རང་ཅག་ཀུན་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། འཕྲད་པར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱིས་རྗེས་སུ་བཟུང་སྟེ་རྒྱལ་བའི་བསྟན་པ་དང་མཇལ། རང་དབང་ཡོད་པའི་དུས་འདིར་སྒོ་གསུམ་ཆོས་དང་མ་བསྟུན་ན། འཆི་ཁར་འགྱོད་ཀྱང་འཕྱིས་པ་ལས་མི་ཡོང་བས་ད་ལྟ་ནས་འབད་པར་རིགས། དེ་ལ་ཆོས་བསྒྲུབ་པའི་བདག་རྐྱེན་བླ་མ་དམ་པའི་བྱིན་རླབས་དང་འདུས་སྡེའི་བཅའ་སྒྲིགས་ལ་རག་ལས་པས། བླ་མ་དམ་པ་ལ་གཡོ་ཟོལ་མེད་པའི་དད་པ་དང་དམ་ཚིག་ཁོག་པའི་སྙིང་དང་མིག་གི་འབྲས་བུ་ལྟར་གཅེས་པའི་སྲོག་ཏུ་བཟུང་ནས། ཅི་མཛད་ལེགས་མཐོང་དང་ཅི་གསུང་ཚད་མར་
འཛིན་པའི་མོས་གུས་ཀྱིས། ལུས་ཀྱིས་ཞབས་ཏོག །ངག་གི་སྙན་པ་སྒྲོག་པ། ཡིད་ཅི་མཛད་ཁྱེད་ཤེས་ཀྱིས་རེ་ལྟོས་འཆའ་ནུས་པ་ཞིག་དགོས་པ་ཡིན་ཏེ་བླ་མ་ལ་དད་པ་མེད་ན། ཆོས་བྱེད་བློ་བྱས་ཀྱང་འགལ་རྐྱེན་མང་། ཐོས་བསམ་ལ་བློ་སྐྱེད་ཆུང་། བསྒོམས་ཀྱང་ཉམས་རྟོགས་མི་སྐྱེ། ཆོས་ཅུང་ཟད་ཤེས་སུ་ཟིན་ཀྱང་གཞན་ལ་ཕན་མི་ཐོགས། དེས་ན་བླ་མ་ལ་དད་གུས་བྱེད་པ་འདི་བླ་མ་ལ་གལ་ཆེ་བ་མ་ཡིན་སློབ་མ་རང་ཉིད་ལ་གལ་ཆེ་བ་ཡིན་པས། བྱ་བྱེད་ཐམས་ཅད་བླ་མ་ཅི་མཉེས་སྒྲུབ་པ་དང་། བླ་མའི་རྣལ་འབྱོར་བསྒོམ་པ་སོགས་ལ་འབད་པ་ཆེན་པོས་སློབ་དགོས་ཏེ། རང་གི་འདི་ཕྱིའི་བདེ་ལེགས་ཐམས་ཅད་བླ་མའི་བཀའ་དྲིན་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་བླ་མ་དམ་པ་ཚུལ་བཞིན་དུ་བསྟེན་ནས། དེས་བླང་དོར་གྱི་གནས་ཇི་ལྟར་འདོམས་པའི་འདུས་སྡེའི་བཅའ་སྒྲིགས་ལ་རང་སྲོག་ལྟར་གཅེས་སྤྲས་ཀྱིས་བསླབ་དགོས། དེ་ཡང་གྲྭ་ས་འདིར་བཞུགས་པ་ཐམས་ཅད་སོ་ཐར་གྱི་སྡོམ་པ་དགེ་ཚུལ་སློང་གང་རུང་དང་། བྱང་སྡོམ་ཐེག་ཆེན་སེམས་བསྐྱེད། སྔགས་སྡོམ་དཀྱིལ་འཁོར་ཆེན་པོར་དབང་གིས་རྒྱུད་སྨིན་པར་བྱས་པ་ཤ་སྟག་ཡིན་པས། དེ་དག་གི་བསྲུང་མཚམས་རྣམས་སྔར་མི་ཤེས་པ་རྣམས་ཀྱིས་རང་བློ་དང་འཚམས་པའི་བསླབ་བྱ་རྒྱས་བསྡུས་ཇི་ལྟར་རིགས་པ་ལ་ཐོས་བསམ་བྱ་ཞིང་། ཤེས་པ་རྣམས་ཀྱིས་ཁྱད་དུ་མི་གསོད་པའི་སྒོ་ནས་ལས་ཅི་ལ་ཐུག་ཀྱང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བས་བསྡུས་པའི་ཉེས་སྤྱོད་ཐམས་ཅད་སྤོང་ཞིང་། ལེགས་སྤྱོད་དགེ་བའི་བྱ་བ་རྣམས་ཞེ་ཐག་པ་ནས་བསྒྲུབ་པ་ལ་ངོ་ལྐོག་མེད་པས་རང་སེམས་ཀྱིས་མི་འགྱོད་པ་དང་། གཞན་གྱིས་མི་སྨྲ་ཞིང་དཀོན་མཆོག་ལྷ་དང་བཅས་པས་མི་ཁྲེལ་བ་ཞིག་དགོས་པ་ཡིན། དེའི་ཐབས་སུ་སྤྱིར་དགེ་འདུན་ཐམས་ཅད་ཐུགས་མཐུན་ཞིང་ནང་གཤིན་པས། བླ་མ་དང་གྲྭ་སའི་བསྟན་སྡེའི་ཞབས་འདེགས་དང་འཕེལ་རྒྱས་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་གྲུ་ནང་གི་མི་བཞིན་ཐམས་ཅད་བསམ་སྦྱོར་ཕྱོགས་གཅིག་པས་འདུན་མ་གཅིག་ཏུ་བསྒྲིལ་ནས་སྤྱི་སྒོས་ཀྱི་སྒྲིགས་ལམ་རྣམ་གཞག་ལ་གནས་པ་གལ་ཆེ། ཁྱད་པར་མཁན་སློབ་དབུ་ཆོས་སོགས་རྒན་ལས་སྣེ་རྣམས་ཀྱིས་རང་གཙང་མ་ཉེས་སྐྱོན་མེད་ཅིང་།
སྤྱི་ཚིས་ཆེ་བ། བློ་སྤྱི་སོར་གནས་པའི་སྒོ་ནས། རང་ནུས་གང་ཐོན་གྱིས་སློབ་པར་འོས་པ་ལ་རང་གིས་དངོས་སུ་སློབ་པའམ་གཞན་བསྐུལ་ནས་སློབ་ཏུ་གཞུག །དམད་པར་འོས་པ་ལ་ཉེས་ཆད་བབས་འབྲེལ་གྱིས་སྤྱོད་པ་ངན་པ་ལས་བཟློག་པའི་ཐབས་སྟོན། དེ་ཡང་འཕྲལ་སེལ་ཉི་ཚེ་བ་ཙམ་དུ་མ་སོང་བའི་འཕྲལ་འཇམ་ཞིང་ཕུགས་ནོན་ཆེ་བའི་རུས་ཐོན་ངོ་ལྐོག་མེད་པ་ལ་འབད་ཅིང་། དེའི་ནང་ནས་ཀྱང་དགེ་བསྐོས་ཚོས་སྒྲིགས་ཀྱི་ཐད་དུ་བཟོད་ཁུར་བཏང་སྙོམས་རང་ལ་སྡང་སྨྲས་བྱུང་དོགས་ཀྱི་ཟོན་སྐྱོར་བྱས་ཚེ་སྤྱི་སྒྲིགས་བག་ལ་ཞ་འགྲོ་བས་འཕྲལ་ཕུགས་ཀྱི་ཁེ་ཉེན་ལ་བསམ་ནས་གཟབ་དགོས་ཤིང་། དགེ་འདུན་གྱི་བཅའ་ཁྲིམས་འདི་འདུལ་བ་ནས་སངས་རྒྱས་ཀྱིས་བྱས་པ་དང་ཁྱད་མེད་པར་གསུངས་པས་དགེ་འདུན་ཐམས་ཅད་ཀྱིས་ཀྱང་ཐུགས་བསམ་ལེགས་པར་བཏང་ནས། སྤྱིའི་ཆོས་ཁྲིམས་པའམ་ཉིན་རེའི་ཞལ་གྲངས་ཀྱི་ཆོས་ཁྲིམས་པས་མཚོན་གྲྭ་པ་བཞི་གྲྭ་ཡན་ཆད་ཀྱི་འགོ་བསྡུས་ཀྱི་སྒྲིགས་གནོན་བྱེད་མི་སོགས་མཁན་སློབ་རྒན་དབུ་ཆོས་རྣམས་ཀྱིས་ཆོས་མཐུན་གྱི་བསླབ་བྱ་བྱས་པའི་ངག་ལ་གུས་པས་ཉན་ཅིང་། ཕྱི་ནང་ངོ་ལྐོག་གང་དུའང་ཆོས་དང་མི་མཐུན་པའི་ཀུན་སྤྱོད་འགྲོ་འཆག་ཉལ་འདུག །ཚོགས་འདུ་འགྲོལ་ཕར་ཚུར་དུ་ཐེགས་བཞུད་སོགས་གནས་སྐབས་ཀུན་ཏུ་ཀུ་རེ་དང་ཀྱལ་ཀ་ཀུ་ཅོ་དང་བཞད་གད། ཆགས་སྡང་གི་གཏམ། ཨར་ཤེད། སྤྱོད་རྩིང་སོགས་བག་ཡངས་ཀྱི་སྤྱོད་ངན་མི་མཛེས་པ་ཐམས་ཅད་སྤངས་ནས། ཞི་དུལ་གྱི་སྤྱོད་ལམ་བག་ཡོད་པས་གཞན་དང་བ་འདྲེན་ཅིང་། རང་བྱས་པ་དོན་ལྡན་གྱིས་རང་མི་འགྱོད་པ་དང་། གཞན་མི་ཁྲེལ་བའི་སྤྱོད་ལམ་ཆོས་མཐུན་ཁོ་ནར་འབད་རྩོལ་ཆེན་པོས་སློབ་པས་གཞུང་བསྲངས་ཏེ། གནས་སྐབས་འདིའི་རྙེད་བཀུར་ཕུགས་ཀྱི་བདེ་ལེགས་ཐམས་ཅད་ཆོས་བཞིན་བྱས་ན་ཆར་བཞིན་འབབ་པའི་དཔེ་ལྟར་ཡོང་བས། འཕྲལ་གྱི་ཟས་གོས་གཉེན་གྲོགས་སོགས་ལ་བརྟེན་པའི་བྱ་བ་ངན་ཞེན་དང་ལེ་ལོར་མ་ལུས་པས། ཆོས་དུས་རྣམས་ཀྱིས་གཙོས་དུས་གནས་ཐམས་ཅད་དུ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་ཆེ་དགོས། སང་བྱེད་གནང་བྱེད་ཀྱི་སོས་དལ་གྱི་ངང་ལ་མི་ཚེ་ཐལ་འགྲོ། བློ་ཆུང་ལ་ལ་དག་ད་ལྟ་སྐྱིད་
ན་དེས་ཆོག །ཕུགས་ཅི་འདྲ་ཞེས་སེམས་པ་སྲིད། དེ་འདྲ་ཁྱིམ་པ་ལས་ཀྱང་བསམ་སྟངས་ཞན་པ་ཡིན། དེས་ན་ཤེས་རབ་ཆེ་བ་ཚོས་རྒྱུད་འགྲེལ་གྱིས་ཐོག་དྲངས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་བསྟན་པའི་མིག་རྐྱེན་དུ་འགྲོ་བའི་རྣམ་གཞག་དང་། གཞུང་གི་བློ་ཚོགས་གོ་དོན་གྱི་འགྲོས་འདེད་སོགས་གཞན་གྱི་སྨྲ་བའི་འགྲམ་ཐེག་པ་ཞིག་དང་། བློ་གསར་དོན་གཉེར་རྣམས་ལ་གོ་དོན་མཛུབ་ཁྲིད་ཀྱིས་བརྡ་འཕྲོད་ཅིང་། རང་གི་བླང་དོར་འགལ་འབྲེལ་གྱི་དམིགས་རྣམ་ཕྱེད་པ་ཞིག་དགོས། སྐད་བཟང་བ་རྣམས་ཀྱིས་ཀྱང་ཆོ་ག་ཆོས་སྤྱོད་ཚང་མའི་གདངས་དབྱངས་རོལ་ཚིག་སོགས་ཐམས་ཅད་སྦྱོངས་བརྡར་དཔྱིས་ཕྱིན་རང་སྐྱ་ཕེར་བས་འདོན་པའི་བྱང་འདྲོངས་པ། ལུས་དང་ལག་བདེ་བ་རྣམས་ཀྱིས་གར་འཆམ་དང་གཏོར་མ་དཀྱིལ་འཁོར་ལ་རང་བྱན་ཆུད་པར་སྦྱོང་བ་སོགས་བགྲེས་གཞོན་ཐམས་ཅད་ཀྱིས་རང་ལུགས་ཁུངས་ལྡན་གྱི་ཆོས་དང་ལག་ལེན་ལ་བསླབ་སྦྱངས་གནད་དུ་བསྣུན་པ། གཏུགས་སར་གཏུགས། ཤེས་རྒྱས་མཐའ་བཅད་གོ་བས་སྒྲོ་སྐུར་སྤངས། ལག་ལེན་གྱིས་ཉམས་སུ་ལེན་པའི་དང་ལེན་ལ་འབད་རྩོལ་འདོན་དགོས། ཡོན་ཏན་དེ་ཐམས་ཅད་མི་གཅིག་ལ་བྱུང་ཡང་ཆེས་སྐྱོན་མི་ཡོང་། བགྲེས་པ་དང་ཡོན་ཏན་ཆེ་བ་ཚོས་ཀྱང་ཆོག་ཚོད་མི་ཉན། སངས་རྒྱས་མ་ཐོབ་བར་ཡོན་ཏན་སློབ་རྒྱུ་མི་རྫོགས་པས་ཡོན་ཏན་གྱི་མཐའ་རྒྱ་ཐམས་ཅད་ནས་གང་སྨིན་སྦྱོང་དགོས། ངན་པ་ལ་ལ་ཞིག་གིས་བྱིས་པའི་བསམ་པ་དང་། སྤྱོད་པ་བག་མེད་ཀྱི་མགོ་ཡང་ཀླད་མེད་དང་སྡེབས་ཚོགས་ཚོད་མེད་ཀྱི་ཟ་འཐུང་། ཆགས་སྡང་གི་སྐད་ཆ་དང་འཆལ་གཏམ། ཨར་ཤེད། སྤྱོད་རྩིང་། དབྱེན་བཅོས། མི་དཔུང་གྲ་སྒྲིག་གིས་ངན་པའི་སྣ་འདྲེན་སོགས་བྱས་པས་བློ་ཆུང་གཉེན་པོ་ཞན་པ་རྣམས་ཅལ་སྒྲོག་རྗེས་འབྲང་གིས་སྦལ་པ་རྨ་ཅན་ལྟ་བུའི་སྐྱོན་བསྐྱེད་ནས་མང་པོ་ཞིག་གི་འདི་ཕྱིའི་འདུན་མ་གཏན་ཉེས་སུ་འགྲོ་བར་སྣང་བས། བསམ་ཡོད་ཐམས་ཅད་ཀྱིས་དེ་དག་གི་རྗེས་སུ་འབྲང་བ་ལྟ་ཅི་རྨི་ལམ་དུའང་མི་འཇུག་པ་མ་ཟད། རང་ནུས་གང་ཡོད་ཀྱིས་སུན་འབྱིན་དང་ཚར་གཅོད་བྱེད་དགོས། ལར་ཐོས་བསམ་སྒོམ་གསུམ་གང་ཡང་མི་བྱེད་ཅིང་ཚོང་ཁེ་སྤོགས་འགྲས་འདྲིས་
ཀྱི་ཆགས་སྡང་སོགས་ཚེ་འདིའི་བྱ་བཞག་ལ་མི་ཚེ་སྐྱེལ་བའི་བཙུན་པ་དེ་བཙུན་པའི་གཟུགས་བརྙན་ཡིན། རི་མོ་བྲིས་པའི་བཙུན་པ་དང་འདྲ། བཙུན་པའི་དོན་བྱེད་མི་ནུས་པས་ཐུགས་བསམ་ལེགས་པར་གཏོང་དགོས། ཚོགས་ཀྱི་དུས་ཀྱང་འདོན་པ་ལ་ཐམས་ཅད་ཀྱི་བློ་རྩེ་བཅུར་བས་འཕྲལ་གསུང་སྒྲ་ལེགས་པས་གཞན་དང་བ་འདྲེན། ཕུགས་ཆོས་སྤྱོད་གཟུགས་བརྙན་དུ་མ་སོང་བར་རང་གི་འདུན་མ་གྲུབ་པ་དེ་ཡིན། སྦྱིན་བདག་གིས་མང་ཇ་ཞུ་བ་སོགས་ཀྱང་འཕྲལ་གྱི་རྐྱེན་སེལ་དང་ཕུགས་ཀྱི་ཚོགས་གསོག་སྒྲིབ་སྦྱོང་གི་ཕྱིར་ཞུས་པ་ཡིན་པས། དེ་ལ་མང་ཇ་བཞེས་པ་གཅིག་པུས་མི་ཆོག །ཚོགས་ཡུན་རིང་ཞིང་ཞལ་འདོན་ལེགས་པས་བློ་ཁ་རྫོགས་པ་ཞིག་མཛད་དགོས། ཁྱད་པར་གཤིན་པོའི་དོན་དུ་ཞུས་པ་ཡིན་ན་ཁོ་ད་ལྟ་བར་དོར་གནས་པས་སྐྱབས་དང་སྐྱེལ་མ་གལ་ཆེ་བའི་དུས་ཡིན། གལ་ཏེ་ཁོ་མ་དད་པ་སྐྱེས་ན་ངན་འགྲོར་ལྟུང་བའི་རྒྱུ་གསོག་ཅིང་རང་ཡང་ཤིན་ཏུ་སྡིག་ཆེ་བས་གཟོབ་དགོས། དེ་བཞིན་དུ་གཤིན་དགེ་གསོན་རིམ་གྱི་གྲོང་ཆོག་ཏུ་ཕེབས་པའི་ཚེ་ཡང་དུས་སྐབས་དང་བསྟུན་པའི་དོང་སྤྲུགས་དང་རྡོར་སེམས་གང་རུང་ལས་ཟོར་ཡང་གིས་ཆོག་ཆུང་གཞན་མི་གཏོང་ཞིང་དམིགས་ཡུལ་ལ་བརྩེ་བས་ཀུན་ནས་བསླངས་པའི་ཆོ་ག་སྦྱོར་དངོས་རྗེས་གཙང་ཡོང་བར་མཛད། རྒྱུན་དང་ཆོས་དུས་ཀྱི་སྔ་དགོང་ཆོས་ར་རྣམས་ཀྱི་དཔེ་ཆ་འཛིན་སྐྱོར་གྱི་གྲྭ་སོགས་ལ་ཡང་སྤྱིར་དགེ་བསྐོས་དང་སློབ་དཔོན་རྣམ་གཉིས་ཆོས་འཆད་དང་ཀུན་ར་བྱེ་བྲག་སོ་སོའི་སློབ་ཆུང་དང་དགེ་རྒན་རྣམས་ཀྱིས་ཕ་མ་མཛངས་པས་གཅེས་པའི་བུ་ཚ་ལ་སློབ་པ་བཞིན་དུ་བརྩེ་བའི་བསམ་པ་དང་། ཐང་ལྷོད་མེད་པའི་སྦྱོར་བརྩོན་གྱིས་དུས་དང་བློ་གྲོས་གྲོན་དུ་མི་འགྲོ་བའི་བསླབ་སྦྱོང་ལ་ཉེ་རིང་མེད་པའི་སྐུལ་འདེབས་དང་མིག་ལྟོས་གང་བཟང་སློབ་དགོས། ནས་ཁལ་རེ་རེ་གཉིས་གཉིས་ཀྱི་རྩིས་ཞག་བྱེད་པའི་དོ་ཟླ་མིན། དེས་ན་དུས་ཀུན་ཏུ་གྲྭ་སའི་ལས་སྣེ་དང་རིགས་དང་ཡོན་ཏན་གྱིས་རྒན་པས་བླ་ན་བཞུགས་པའི་བཀུར་འོས་རྣམས་གོང་དུ་འཁུར་ནས་ཕུ་དུད་ཞུ་ཞིང་། བགྲེས་པ་རྣམས་ཀྱིས་ཕན་སེམས་ཀྱི་བསླབ་བྱ་སློབ་པའི་ཚིག་ལ་དང་དུ་ལེན་པས་ཉན་པ་དང་། རང་དང་མཉམ་པའི་མཆེད་གྲོགས་རྣམས་
ཕ་མ་གཅིག་གིས་བསྡུས་པའི་སྤུན་ལྟར་འགྲོགས་གཞུང་བཟང་པོས་བརྩེ་དུང་བྱ་བ་དང་། རང་ལས་གཞོན་པ་རྣམས་རང་གི་བུ་ཚ་ལྟར་མི་ཤེས་པ་སློབ་ཅིང་མ་མཐོང་བ་སྟོན་པས་སྐྱོང་བ་སོགས་རྒན་གཞོན་གྱི་གོ་རིམ་མ་འཆུགས་ཤིང་སོ་སོའི་སྤང་བླང་གི་བྱ་བ་མ་འཛོལ་བའི་ངོས། སྤྱི་སར་ཡང་བསམ་པ་དང་ཕུགས་རྩིས་ཆེ་བ་སོགས་སྒོ་དུ་མ་ནས་ལེགས་ཚོགས་གོང་འཕེལ་དུ་འགྱུར་བ་ཞིག་མཛད། མདོར་ན་གཞི་འདུལ་བའི་ངང་ཚུགས་ལ་བརྟེན་ནས། ཐོས་བསམ་སྒོམ་གསུམ་གྱི་བྱ་བས་ཉིན་མཚན་དུས་འདའ་ཞིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱི་ཁུར་གྱི་ལྕི་བས་སྐྱེས་བུ་དམ་པ་རྣམས་ཀྱིས་བསྔགས་འོས་སུ་གྱུར་པ་ཞིག་ཅི་ནས་ཀྱང་མཛད་དགོས་ཤིང་། ཁྱད་པར་མི་རབས་བགྲངས་ནས་ཀྱང་ད་ལྟ་ཚུགས་པའི་བཤད་སྒྲུབ་ཡན་ལག་དང་བཅས་པའི་བསྟན་རྒྱུན་བཟང་པོ་འདི་མ་ཉམས་པ་ཞིག་དགོས་རྒྱུ་ཐམས་ཅད་ཀྱིས་སྙིང་ཁོངས་སུ་བཅུག་སྟེ། ཁོས་བྱས་ཡོང་། གཞན་གྱིས་བྱས་ཡོང་། མ་བྱུང་ནའང་བཟོད་སྙམ་པ་མི་བྱེད་པར་ཁོ་བོས་བྱེད། བདག་ཅག་གིས་བྱེད། བསྐལ་པའི་བར་དུ་གནས་པ་བྱེད་སྙམ་པས་རང་ནུས་གང་ཡོད་ཆོས་ཀྱི་ཕྱོགས་སུ་འབུངས་ན། དལ་འབྱོར་དོན་ཡོད་པར་སོང་བས་འཆི་ཙ་ན་མི་འགྱོད་ཅིང་ཞེ་བློ་བདེ། རང་གཞན་མང་པོའི་འདི་ཕྱིའི་དོན་འགྲུབ་པས་འཚེངས། གལ་ཏེ་བཅའ་ཁྲིམས་ལས་འགལ་ཞིང་འདས་པ་བྱུང་ན། བཅའ་ཡིག་ལེ་ཚན་ལྟར་བསྡིགས་སྨད་ཕྱིར་འགྱེད་ལ་སོགས་པའི་ཆད་ལས་ཀྱི་སྒོ་ནས་སྐྱོན་རྣམས་འཕྲལ་འཕྲལ་དུ་འཆོས་པའི་ཐབས་ཀྱིས་འདུལ་བར་བྱ་ཞིང་། དེའི་ཚེ་གཞན་ལ་སྐྱོན་དུ་མི་ལྟ་བར་རང་གི་ཉེས་པ་དང་དུ་ལེན་ཅིང་། ཐབས་འདི་ལ་བརྟེན་ནས་ཉེས་པ་གང་བྱས་དེས་ཐོག་དྲངས་ཚེ་རབས་ཀྱི་སྡིག་པ་མང་པོ་དག་པར་འགྱུར་རོ་སྙམ་དུ་བསམ་སྟེ། ཚེ་འདིར་ཡང་སྨད་པའི་གནས་དང་ཕྱི་མར་ངན་སོང་གི་སྡུག་བསྔལ་མྱོང་འགྱུར་དྲན་པས། ཆད་པ་ཆེ་ཆུང་གང་ཡིན་ཡང་སྤྲོ་བས་དང་དུ་ལེན་པ་རང་དྲིན་རང་ལ་ཆེ་བ་ཡིན་པས་དགོངས་དགོས་སོ། །དེ་ནས་ཐམས་ཅད་ཀྱིས་བསྟན་པ་སྤྱི་དང་བྱེ་བྲག་རྙིང་བསྟན་ལ་ཤེད་གང་ཐོན་དང་། སེམས་ཅན་གྱི་དོན་དུ་སྤྱི་འགྱུར་གྱི་འབད་པ་འདོན་དགོས། སྔོན་བསྐལ་པ་བཟང་དུས་བསྟན་པ་ལ་
བྱ་བ་རླབས་པོ་ཆེ་བྱས་པ་ལས། དེང་སང་ཕན་པའི་ལྷག་བསམ་ཕྲ་མོ་ཙམ་ཡང་ཕན་ཡོན་ཆེ་བར་གསུངས་པས་བགྲེས་གཞོན་ཐམས་ཅད་ཀྱིས་ཐུགས་བསམ་བསྐྱེད་ནས་ཀུན་ཏུ་དོན་ཡོད་པའི་བྱ་བ་ལ་བརྩོན་པ་མི་ལྷོད་པར་འཚལ། སྙིང་གཏམ་ལབ་རྒྱུ་དེ་ལས་མེད་དོ། །ཞེས་པ་འདི་ས་སྦྲུལ་ལོ་དར་གླིང་ནས་དགེ་འདུན་སྤྱི་ལ་སྙན་བསྐུལ་དུ་ཕུལ་བ་དང་། མེ་ཕག་ལོ་སྤྱིའི་དན་བཞག་གི་ཡིག་དོན་ལྟར་བསྡེབས་ནས་གོ་བདེ་བ་བཀོད་པ་ཕྱོགས་དུས་ཐམས་ཅད་དུ་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག། །།
སྡོམ་གསུམ་རྣམ་ངེས་ལས་འཕྲོས་པ་གཞི་ལམ་འབྲས་བུའི་མན་ངག་ངེས་དོན་གྲུབ་མཐའི་སྙིང་པོ། རྒྱས་སྲས་པདྨ་འགྱུར་མེད་རྡོ་རྗེ།
སྡོམ་གསུམ་རྣམ་ངེས་ལས་འཕྲོས་པ་གཞི་ལམ་འབྲས་བུའི་མན་ངག་ངེས་དོན་གྲུབ་མཐའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྒྱས་སྲས་པདྨ་འགྱུར་མེད་རྡོ་རྗེ།
སྡོམ་གསུམ་རྣམ་ངེས་ལས་འཕྲོས་པ་གཞི་ལམ་འབྲས་བུའི་མན་ངག་ངེས་དོན་གྲུབ་མཐའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
ༀ་སྭསྟི། མི་འགྱུར་དོན་དམ་འཕོ་མེད་འདུས་མ་བྱས། །བརྟན་གཡོ་ཀུན་ལ་ཁྱབ་པའི་ཆོས་ཉིད་གཤིས། །ཟུང་འཇུག་རྡོ་རྗེའི་གནས་ལུགས་ཇི་བཞིན་དུ། །སྟོན་མཛད་གཏེར་ཆེན་བླ་མ་གཙུག་གིས་མཆོད། ༡། ངག་ཚིག་བརྗོད་པའི་མཚན་མ་ལས་འདས་ཤིང་། །འཁོར་འདས་ཀུན་ལ་དབང་སྒྱུར་ཆོས་ཀུན་སྲོག །དཔལ་ལྡན་ཆོས་དབྱིངས་རྟག་བརྟན་གཡུང་དྲུང་དངོས། །མངོན་དུ་སྣང་མཛད་འགྲོ་བའི་བླ་མར་འདུད། ༢། སྦྱང་གཞི་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཁམས། །སྦྱང་བྱ་གློ་བུར་དྲི་མས་བཅིངས་པ་གང་། །སྦྱོང་བྱེད་ཐབས་གྲོལ་ལམ་གྱིས་ཉེར་སྦྱངས་པས། །སྦྱངས་འབྲས་རྣམ་གྲོལ་འགྲུབ་ཕྱིར་ཚུལ་འདི་བཤད། ༣ ། འདིར་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་འཕྲོས་པའི་དཀའ་གནས་འགའ་ཞིག་ཟུར་དུ་བཀོལ་བ་ལ་གསུམ། གཞི་བདེ་གཤེགས་སྙིང་པོ་གཏན་ལ་དབབ་པ། ལམ་ལས་འབྲས་བུར་སྦྱོར་ཚུལ་འཕྲོས་དོན་དང་བཅས་པ། ཟུང་འཇུག་འབྲས་བུའི་རྣམ་བཞག་གོ །དང་པོ་ལ་བཞི། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པའི་ལུགས་སོ། །དང་པོ་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཆོག་ཤེས་པ་ལ་འཕགས་པའི་རིགས་སུ་འདོད། དེ་ཡང་། སྲིད་པའི་ཡོ་བྱད་ལ་ཆགས་པའི་གཉེན་པོར་ཆོས་གོས། བསོད་སྙོམས། གནས་མལ་ངན་ངོན་གྱིས་ཆོག་ཤེས་པ་སྟེ་འཕགས་རིགས་གསུམ། དེའི་སྟེང་དུ། སྲིད་པ་ལ་ཆགས་པའི་གཉེན་པོར་སྤོང་བ་དང་སྒོམ་པ་ལ་ནན་ཏན་དུ་བྱེད་པ་འཕགས་པའི་རིགས་ཏེ་བཞིའོ། །དེ་དག་ལས་
འཕགས་རིགས་དང་པོ་གསུམ་གྱིས་ཚུལ་དང་ཕྱི་མས་ལས་བསྟན་ཏེ། དང་པོ་གསུམ་གྱི་ཚུལ་ལ་གནས་ནས་ཕྱི་མ་ལ་དགའ་བའི་ལས་ཀྱི་མཐུས་འཕགས་པའི་ཆོས་མྱུར་དུ་འགྲུབ་བྱེད་ཡིན་པའི་ཕྱིར། མཛོད་ལས། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། །ཞེས་སོ། །གཉིས་པ་ནི། སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འདོད། དེའི་ཤེས་བྱེད། རྒྱལ་སྲས་མ་ལས། མདོ་སྡེ་པ་དག་གི་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་སྐྱེད་པར་བྱེད་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་འདོད་དེ། ཤེས་བྱེད། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་ཐོག་མ་མེད་པ་ནས་འོངས་པ། ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་སོ། །དེའི་དོན་ཡང་། བྱང་སའི་འགྲེལ་པ་རྒྱ་མཚོ་སྤྲིན་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་ནི། ཀུན་གཞིའི་རྣམ་ཤེས་ལ་གནས་པའི་ས་བོན་ཟག་པ་མེད་པའི་ཆོས་སྐྱེད་པར་བྱེད་པའི་ནུས་པའོ། །ཞེས་སོ། །འདི་ནི་ཐོགས་མེད་ཀྱི་བཞེད་པར་སྣང་ལ། འཕྲོས་དོན་ཕྱོགས་གླང་ནི། རྒྱུ་དུས་ཀྱི་བརྩེ་བ་དང་ཤེས་རབ་ཀྱིས་བསྡུས་པའི་དགེ་རྩ་ལ་རིགས་སུ་བཞེད་དོ། །དེ་ཐམས་ཅད་འདུས་བྱས་ཏེ་དངོས་པོར་སྨྲ་བའི་ལུགས་སོ། །བཞི་པ་ལ། གཞན་ལུགས་འགོད་པ་དང་། རང་ལུགས་བཞག་པ་གཉིས། དང་པོ་ནི། དྲི་བཅས་ཆོས་ཉིད་དེ་བཞིན་ཉིད་ལ་རིགས་སུ་འདོད་པར་ཕལ་ཆེར་མཐུན་ཡང་། ངོས་འཛིན་ལུགས་མ ི་འདྲ་བ་མང་དུ་སྣང་སྟེ། རྔོག་ལོ་ཆེན་པོ་རྗེས་འབྲང་དང་བཅས་པ་སྟོབས་སོགས་ཡོན་ཏན་གྱིས་ཁྱད་པར་དུ་མ་བྱས་པའི་གཞི་ལམ་འབྲས་གསུམ་ཐམས་ཅད་དུ་ཁྱབ་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་མེད་དགག་གི་ཆ་ལ་བཞེད། ཆོས་
ཀྱི་རྗེ་ས་སྐྱ་པཎྜི་ཏ་སོགས་སྟོབས་སོགས་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པ་ལ་ངོས་བཟུང་ནས་དེ་སེམས་ཅན་ལ་ཡོད་པ་དྲང་དོན་དུ་བཞེད། གངས་ཅན་གྱི་ཀློག་པ་པོ་ཕལ་ཆེ་བ་སྙིང་པོའི་ངོས་འཛིན་རང་བཞིན་རྣམ་དག་རྐྱང་པའི་ཆ་ལ་བཞེད། རྗེ་ཕག་མོ་གྲུབ་པ་སོགས་སྟོབས་སོགས་ཡོན་ཏན་དེ་དག་རྟོགས་པ་ཆོས་སྐུའི་ཡོན་ཏན་གོ་ཆོད་པོར་བཞེད། པཎ་ཆེན་འཇིགས་མེད་གྲགས་པ་སོགས་རང་བཞིན་ཆོས་སྐུའི་ཡོན་ཏན་དུ་བཞེད་དེ། དེ་ལ་སོགས་པ་བཞེད་ཚུལ་མང་ངོ་། །གཉིས་པ་ནི། འདིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར། ཇོ་ནང་ཀུན་མཁྱེན་ཆེན་པོ་རྟོན་པ་བཞི་ལྡན། རང་བྱུང་ཞབས་སོགས་ཀྱི་གསུང་རབ་དང་། མཁས་མཆོག་བུ་སྟོན་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་དགོངས་དོན་རྒྱུད་སྡེ་སྤྱི་རྣམ་ཀྱི་རྒྱུ་རྒྱུད་བཤད་པའི་སྐབས་སོགས་སུ་བཀྲལ་བ་བཞིན། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་བཤད་པ་ལ་གཉིས། དངོས་དང་། འཕྲོས་དོན་རིགས་ཀྱི་ཁྱད་པར་རོ། །དང་པོ་ལ་གསུམ། བདེ་གཤེགས་སྙིང་པོའི་རང་བཞིན་སྤྱིར་བསྟན་པ། དེའི་རྣམ་བཞག་རྒྱས་པར་བཤད་པ། ཞར་བྱུང་སྔགས་ལུགས་ལ་ཇི་ལྟར་འདོད་ཚུལ་ལོ། །དང་པོ་ནི། སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ། སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་ངོ་བོར་འཕོ་འགྱུར་མེད་པར་གནས་པ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྟེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །གཉིས་པ་ལ། དྲི་བཅས་སྙིང་པོའི་མཚན་ཉིད། སྒྲ་དོན། དབྱེ་བ་དང་གསུམ། དང་པོ་ནི། དྲི་མ་དང་བཅས་པའི་དེ་བཞིན་ཉིད་གང་ཞིག །སྣང་སྟོང་ཟུང་འཇུག་གི་སེམས་ཉིད་ཀྱང་ཡིན། རང་གི་ངོ་བོ་ཀུན་ཁྱབ་རང་བཞིན་འགྱུར་མེད་དོ། །གཉིས་པ་ནི། སུ་ག་ཏ་པཱ་རའི་སྒྲ་ལས་དྲངས་ན། ཉེར་བསྒྱུར་སུ་སྔོན་མའི། གམླྀ་འགྲོ་བའི་བྱིངས་ལ། ཀྟ་བྱིན་ར་ལས་དབྱི་བར་བྱ་བ་དག་གོས་མ་ཕྱིས་པས་སུ་ག་ཏ། བདེ་གཤེགས།
པྲྀ་འགྲོ་བའི་བྱིངས་ལ། གྷཉ་བྱིན། རྀའི་འཕེལ་བ། ཨཱར་བྱས་ཏེ་སྦྱར་བས། པཱ་ར་འཕྲོ་བའི་དོན་གྱིས་སྙིང་པོ་སྟེ། བདེ་གཤེགས་སྙིང་པོའོ། །གསུམ་པ་ལ་བཞི། སྙིང་པོའི་རང་བཞིན་བཤད་པ། རྒྱུ་མཚན་གསུམ་གྱིས་སེམས་ཅན་ལ་ཡོད་ཚུལ་བསྟན་པ། རྣམ་གཞག་རྣམ་པ་བཅུས་གཏན་ལ་དབབ་པ། དྲི་མས་བསྒྲིབས་ཚུལ་དཔེས་མཚོན་པའོ། །དང་པོ་ནི། རྒྱུད་བླ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པའི་དོན། སྙིང་པོ་ཆོས་ཅན། དོར་བྱའི་དྲི་མ་ཡེ་ནས་མེད་དེ། རང་གི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། དེ་ཆོས་ཅན། སྔར་མེད་ཀྱི་ཡོན་ཏན་གསར་དུ་བསྒྲུབ་ཏུ་མེད་དེ། ཡོན་ཏན་ཐམས་ཅད་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། དེ་ཡང་སྔ་མ་ལས། དག་དང་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་བསམ་གྱིས་མི་ཁྱབ་པའི་གནས་བཞིས་བསྟན། དེ་ཉིད་མཚན་མའི་བློ་ཅན་རྣམས་ལ་འགལ་འདུ་ལྟར་སྣང་ཡང་། མི་འགལ་བར་དཔེས་བསྟན་པ་ནི། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་མདོའི་དོན་རྒྱུད་བླའི་འགྲེལ་པ་ལས། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས། རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ་། །ཀྱཻ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་
ཅད་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། འཁོར་ཡུག་ཆེན་པོ་ཚད་དུ་ནི་འཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ་བྲིས། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་འཛམ་བུ་གླིང་། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་ལང་སྤྱོད་ཀྱི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པ་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། འདོད་པ་ན་སྤྱོད་པ་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་པ་ལྷའི་གཞལ་ཡས་ཁང་། གཟུགས་ན་སྤྱོད་པ་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་པ་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་བཅུག་པ་དེ་བཞིན་དུ། རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ་འཛངས་པ་གསལ་བ་ཡིད་གཞུངས་པ། དེར་ཉེ་བར་ཞུགས་པའི་དཔྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ། དེས་ལྷའི་མིག་གིས་རྣམ་པར་བལྟས་ཏེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་མ་ལ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེ་བརྩོན་པ་ཆེན་པོའི་
སྟོབས་ཀྱིས་མཐུ་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ། དར་ཡུག་ཆེན་པོ་དེས་འགྲོ་བ་མཐའ་དག་ཉེ་བར་འཚོ་བར་བྱེད་ཅིང་གཅིག་ལས་ཇི་ལྟ་བ་དེ་བཞིན་དུ། རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལས་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །ཞེས་གསུངས་སོ། །གཉིས་པ་ནི། རྒྱུད་བླ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པའི་དོན་ལུས་ཅན་ཀུན་ཆོས་ཅན། ཐོག་མ་མེད་པ་ནས་དུས་རྟག་ཏུ་རྒྱུན་མི་ཆད་པར་དོན་དམ་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་སྐུ་ནི་ཆོས་ཐམས་ཅད་ལ་འཕྲོ་ཞིང་ཁྱབ་པའི་ཕྱིར་དང་། འཁོར་འདས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་རྣམ་པར་དབྱེ་བ་མེད་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་རིགས་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་སྒྲིབ་པ་སྦྱང་རུང་དུ་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་ཀྱང་། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི། རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་སོགས་ལུང་དུ་མས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་བསྟན་ཏོ། །གསུམ་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། རྒྱུ་བླ་ལས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་སོ། །གཉིས་པ་ལ་བཅུ་ལས། དང་པོ་དག་བྱ་ངོ་བོའི་དོན་ནི། སྔ་མ་ལས། རིན་ཆེན་ནམ་མཁའ་
ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཅེས་པའི་དོན། རང་མཚན་གྱི་དབང་དུ་བྱས་ན་དེ་བཞིན་གཤེགས་པའི་ཆོས་སྐུ་ཆོས་ཅན། ཡིད་བཞིན་གྱི་ནོར་བུ་དང་མཚུངས་ཏེ། བསམ་པའི་དོན་ཐམས་ཅད་འགྲུབ་པ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར། དེ་བཞིན་ཉིད་ཆོས་ཅན། ནམ་མཁའ་དང་མཚུངས་ཏེ། རང་བཞིན་འགྱུར་བ་མེད་པའི་ཕྱིར། རིགས་ཆོས་ཅན། ཆུ་དང་མཚུངས་ཏེ། སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེའི་རླན་དང་འབྲལ་བ་མེད་པའི་ཕྱིར། ཡང་། སྤྱི་མཚན་གྱི་དབང་དུ་བྱས་ན། དོན་གསུམ་དཔེ་གསུམ་ཀས་མཚོན་པ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་པར་མཚུངས་པའི་ཕྱིར། གཉིས་པ་དག་བྱེད་རྒྱུའི་དོན་ནི། སྔ་མར། ཆོས་མོས་ལྷག་པའི་ཤེས་རབ་དང་། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །ཞེས་པའི་དོན། གློ་བུར་གྱི་དྲི་མ་རྣམ་པར་དག་པར་བྱེད་པའི་རྒྱུ་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་ཏེ། ཐེག་ཆེན་གྱི་ཆོས་ལ་མོས་པ་དང་། ཐེག་དམན་ལས་ལྷག་པའི་བདག་མེད་རྟོགས་པའི་ཤེས་རབ་དང་། ཏིང་ངེ་འཛིན་གྱི་བདེ་བ་ཚད་མེད་པ་དང་། སེམས་ཅན་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་རྣམས་ལས་བྱུང་བའི་བྱང་ཆུབ་ནི་བྲལ་འབྲས་ཡིན་དགོས་པའི་ཕྱིར། གསུམ་པ་འཐོབ་བྱ་འབྲས་བུའི་དོན་ནི། སྔ་མར། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་པའི་དོན་ཆོས་མོས་སོགས་བཞིའི་འབྲས་བུ་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བ་དང་། བདག་དམ་པ་དང་། བདེ་བ་དང་། རྟག་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་བཞི་དང་ལྡན་པའི་ཕྱིར། དེ་ལ་གཙང་བ་ལ་སོགས་པ་བཞིའི་དོན་ནི། བྲལ་འབྲས་ཆོས་སྐུ་ཆོས་ཅན། གཙང་བའི་ཕ་རོལ་དུ་ཕྱིན་པ་ཡིན་ཏེ། སྤྱིའི་མཚན་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་གང་ཞིག །ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། དེ་ཆོས་ཅན། བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། མུ་སྟེགས་ལ་སོགས་པས་བརྟགས་པའི་བདག་འཛིན་གྱི་སྤྲོས་པ་དང་། ཉན་རང་ལ་སོགས་པས་བརྟགས་པའི་བདག་མེད་པར་འཛིན་པའི་སྤྲོས་པ་མཐའ་དག་ཉེ་
བར་ཞི་བའི་ཕྱིར། དེ་ཆོས་ཅན། བདེ་བའི་ཕ་རོལ་དུ་ཕྱིན་པ་ཡིན་ཏེ། སྡུག་བསྔལ་མ་ལུས་པ་འགགས་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། ཀུན་འབྱུང་མཐའ་དག་སྤངས་པས་དེའི་རྒྱུ་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་པ་དང་། ཟག་པ་མེད་པའི་ལས་ཐམས་ཅད་ཀྱང་ཟད་པའི་ཕྱིར། དེ་ཆོས་ཅན། རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། སྲིད་ཞི་རང་བཞིན་མཉམ་ཉིད་དུ་རྟོགས་པས་དོན་གཉིས་རྒྱུན་མི་ཆད་པའི་ཕྱིར། བཞི་པ་འཐོབ་བྱེད་ལས་ཀྱི་དོན་ནི། སྔ་མར། སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། །ཞེས་པའི་དོན། འཁོར་འདས་ཀྱི་སྡུག་བདེ་ལ་འདོར་ལེན་གྱི་ཆོས་ཆོས་ཅན། འབྲས་བུ་འཐོབ་བྱེད་ལས་ཀྱི་དོན་ཡིན་ཏེ། འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བའི་ལས་ཅན་གང་ཞིག །ཞི་བ་མྱང་འདས་ཀྱི་གོ་འཕང་ལ་འདུན་ཞིང་སྨོན་པའི་ལས་ཅན་གཉིས་ནི་ཁམས་ཡོད་པའི་བྱེད་ལས་ཡིན་པའི་ཕྱིར། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས། གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་སྐྱོ་བར་ཡང་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་པར་འགྱུར་རོ། །ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་པར་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་བསྐྱེད་པར་ཟད། །ཅེས་གསུངས། དེ་དང་མཐུན་པར་སོར་ཕྲེང་གི་མདོ་ལས་ཀྱང་། འཇམ་དཔལ། མི་གསེར་འདོད་པ་རྟོག་པ་དང་ལྡན་པ་བྲག་ལ་རྐོ་ལ་ཅིའི་ཕྱིར་ཤིང་ལ་མི་རྐོ། རྡོ་བ་གསེར་གྱི་ཁམས་ཡོད་པ་ལ་ནི་རྐོ་ཡི་ཤིང་གསེར་མེད་པ་ལ་མི་རྐོའོ། །དེ་བཞིན་དུ་འཇམ་དཔལ། དབྱིངས་ཡོད་པ་ལ་རྟོག་པའི་མི་རྣམས་བདག་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ་ཚུལ་ཁྲིམས་བསྲུང་ཞིང་ཚངས་པར་སྤྱོད་དོ། །གཞན་ཡང་འཇམ་དཔལ། དབྱིངས་མེད་ན་ནི་ཚངས་པར་སྤྱད་པ་དོན་མེད་པར་འགྱུར་རོ། །ཞེས་སོ། །ལྔ་པ་ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན་ནི། རྒྱུད་བླར། རྒྱ་མཚོ་ཆེ་བཞིན་དཔག་མེད་པའི། །ཡོན་ཏན་རིན་ཆེན་མི་ཟད་གནས། །དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཞེས་པའི་དོན། ཆོས་ཀྱི་དབྱིངས་
ཆོས་ཅན། རྒྱུའི་ཡོན་ཏན་དང་ལྡན་ཏེ། མོས་པའི་སྣོད་རབ་ཏུ་ཡངས་པར་ཤེས་རབ་དང་ཏིང་ངེ་འཛིན་དཔག་ཏུ་མེད་པའི་ཡོན་ཏན་གྱི་རིན་པོ་ཆེ་དང་ཐུགས་རྗེའི་ཆུ་མི་ཟད་པའི་གནས་སུ་གྱུར་པའི་ཕྱིར། དཔེར་ན་རྒྱ་མཚོ་ཆེན་པོར་རིན་པོ་ཆེ་དང་ཆུ་ཕྲན་དཔག་མེད་འདུ་བ་བཞིན་ནོ། །དེ་ཆོས་ཅན། འབྲས་བུའི་ཡོན་ཏན་དང་ལྡན་ཏེ། མངོན་ཤེས་ལྔ་དང་། ཟག་མེད་ཀྱི་ཡེ་ཤེས་དང་། ཟག་མེད་ཀྱི་སྤངས་པ་རྣམས་རྣམ་པར་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན། མར་མེའི་སྣང་བ་དང་དྲོ་བ་དང་ཁ་དོག་རྣམས་རྣམ་པར་དབྱེ་བ་མེད་པ་བཞིན་ནོ། །མདོ་ལས། ཤཱ་རིའི་བུ། དཔེར་ན། མར་མེ་ནི་འདི་ལྟ་སྟེ། སྣང་བ་དང་། དྲོ་བ་དང་། མདོག་དག་གིས་སམ། ནོར་བུ་སྣང་བ་དང་མདོག་དང་དབྱིབས་དག་གིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་ལ་བྲལ་བའི་ཡོན་ཏན་ཅན་ནོ། །ཤཱ་རིའི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། གངྒཱའི་རླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་སོ། །དྲུག་པ་གང་ཟག་གི་དབྱེ་བས་འཇུག་པའི་དོན་ནི། རྒྱུ་བླར། སོ་སོ་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །ཞེས་པའི་དོན། དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་རྒྱལ་བ་དེ་བཞིན་གཤེགས་པ་ཆོས་ཅན། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་རྒྱལ་བའི་སྙིང་པོ་འདི་ཡོད་པར་བསྟན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་དང་། འཕགས་པ་སློབ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་གནས་སྐབས་ཀྱི་དེ་བཞིན་ཉིད་ཀྱི་དབྱེ་བའི་འཇུག་པ་ལས་བརྩམས་ནས་བསྟན་པའི་ཕྱིར། བདུན་པ་གནས་སྐབས་ཙམ་གྱི་དོན་ནི། སྔ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་པའི་དོན། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཅན། ཁྱོད་ཀྱི་ངོ་བོ་འགྱུར་བ་མེད་ཀྱང་རྟེན་གྱི་གང་ཟག་ལ་ལྟོས་ནས་གནས་སྐབས་ཀྱི་ཐ་
སྙད་གསུམ་དུ་བཏགས་ཏེ། གློ་བུར་གྱི་དྲི་མས་མ་དག་པ་དང་། མ་དག་ལ་དག་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་ལ་ལྟོས་ནས་སེམས་ཅན་སོ་སོ་སྐྱེ་བོ་ཐ་མལ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ཞེས་བྱ་བར་རིམ་པ་བཞིན་བརྗོད་པའི་ཕྱིར། དེ་ལྟར་ཡང་འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་པར། གནས་སྐབས་གསུམ་དུ་གོ་རིམ་བཞིན་མིང་གསུམ་བསྟན་པས་བསྟན་པ་རིག་པར་བྱ་སྟེ། འདི་ལྟ་སྟེ། མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང་མ་དག་པ་དང་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ། ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ་འཁོར་བའི་རྒྱུན་གྱིས་འཁྱེར་བ་ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །ཤཱ་རིའི་བུ། ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལ་སྐྱོ་བར་གྱུར་པ། འདོད་པ་དང་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་དུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་དུ་སྤྱད་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ། ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་འདས་པ་ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། དག་པ་རྣམ་པར་དག་པ། མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བའི་ས་ལ་བཞུགས་པ། ཤེས་བྱའི་ས་མཐའ་དག་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ་སྒྲིབ་པ་མེད་པའི་ཆོས་ཅན། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །ཞེས་དྲངས་ཏེ་གསུངས་སོ། །བརྒྱད་པ་ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན་ནི། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་
དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་པའི་དོན། སེམས་ཀྱི་རང་བཞིན་འོད་གསལ་དྲི་མ་མེད་པའི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། སོ་སྐྱེ་སོགས་གནས་སྐབས་གསུམ་པོ་ཀུན་ཏུ་འགྲོ་བའི་དཔེ་ཡོད་དེ། རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ནམ་མཁའ་གཟུགས་ཀྱི་རྣམ་པ་དམན་འབྲིང་མཆོག་གསུམ་ཐམས་ཅད་ལ་དབྱེར་མེད་པར་ཀུན་ཏུ་རྗེས་སུ་སོང་ཞིང་ཁྱབ་པ་ཇི་ལྟ་བ་དེ་ལྟར་གྱི་ཕྱིར། དེ་ལྟར་ཡང་རྒྱུད་བླར། དེ་སྤྱིའི་མཚན་ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་ཀྱང་གསུངས་ཤིང་། དེའི་འགྲེལ་པར་སྔ་མའི་འཕྲོ་ནས་ལུང་དྲངས་པ། ཤཱ་རིའི་བུ། དེའི་ཕྱིར་ན་སེམས་ཅན་གྱི་ཁམས་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ་འདི་ནི་དོན་གྱི་གཉིས་སུ་མེད་དོ། །ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །ཞེས་སོ། །དགུ་པ་དུས་རྟག་ཏུ་འགྱུར་བ་མེད་པའི་དོན་ནི། རྒྱུད་བླར། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པའི་དོན། ཆོས་ཀྱི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན། རང་གི་ངོ་བོ་ཇི་ལྟར་སྔར་འཁོར་བའི་གནས་སྐབས་སུ་ཡོད་པ་བཞིན་དུ་ཕྱིས་མྱ་ངན་ལས་འདས་པ་ནའང་རང་བཞིན་འགྱུར་བ་མེད་པའི་ཆོས་ཉིད་ཡིན་ཏེ། མ་དག་པའི་གནས་སྐབས་སུ་ཉོན་མོངས་པ་ལ་སོགས་པ་ཉེས་པ་རྣམས་སྤང་རུང་གློ་བུར་བ་ཉིད་དང་ལྡན་པ་ཡིན་གྱིས་རང་བཞིན་དུ་ཡོད་པ་མ་ཡིན་པའི་ཕྱིར་དང་། དག་པའི་གནས་སྐབས་སུ་སྟོབས་ལ་སོགས་པའི་ཡོན་ཏན་མངོན་དུ་གྱུར་པ་རྣམས་ཀྱང་གདོད་མ་ནས་རང་བཞིན་གྱིས་ལྡན་པ་ལས་གསར་དུ་བསྒྲུབ་ཏུ་མེད་པའི་ཕྱིར། ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར། དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་དང་གཞན་ཡང་། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་དང་། འཕགས་
པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོར་ཡང་། གྱད་ཀྱི་ནོར་བུའི་དཔེ་སྔོན་དུ་བཏང་ནས་གསུང་པ། རིགས་ཀྱི་བུ། དེ་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པ་ཡང་། ཇི་ལྟར་སྨན་པ་མཁས་པས་གྱད་ཀྱི་རྡོ་རྗེའི་ནོར་བུ་བསྟན་པ་བཞིན་ནོ། །ཞེས་པ་ནས། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ། །ཞེས་སོ། །བཅུ་པ་ཡོན་ཏན་དབྱེར་མེད་ཀྱི་དོན་ནི། རྒྱུད་བླར། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་པའི་དོན་འགྱུར་བ་མེད་པའི་དབྱིངས་ཆོས་ཅན། ཉི་མ་དང་ཉི་མའི་ཟེར་བཞིན་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དབྱེར་མེད་དུ་ལྡན་པས་རྫོགས་པའི་སངས་རྒྱས་ཉིད་མ་གཏོགས་མྱང་འདས་མངོན་དུ་གྱུར་པ་གཞན་མེད་དེ། གང་གི་ཕྱིར་ན་དབྱིངས་རྣམ་པར་དག་པའི་ཆོས་ཉིད་དེ་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་དང་། དེ་བཞིན་གཤེགས་པ་དང་། འཕགས་པའི་བདེན་པ་དང་། དོན་དམ་པའི་མྱ་ངན་ལས་འདས་པ་ཡང་ཡིན་པས་དེ་རྣམས་མིང་གི་རྣམ་གྲངས་ཙམ་ཡིན་པ་གང་ཞིག །བདེ་གཤེགས་སྙིང་པོ་ལ་དོན་དམ་གྱི་ཡོན་ཏན་ཐམས་ཅད་གདོད་མ་ནས་ལྡན་ཡང་། དེ་རྒྱུད་ལྡན་གྱི་གང་ཟག་སངས་མ་རྒྱས་ཀྱི་བར་དུ་དེའི་ཡོན་ཏན་མི་ཐོབ་པ་དང་། སངས་རྒྱས་ནས་ཡོན་ཏན་མངོན་དུ་གྱུར་པའི་ཚེ་དེ་དག་ཐོབ་པར་འཇོག་དགོས་པའི་ཕྱིར། དེ་ལྟར་ཡང་འཕེལ་འགྲིབ་མེད་པ་བསྟན་པའི་མདོ་ལས། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་པའོ། །རྒྱུད་བླར། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིན། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །ཞེས་དང་། དེའི་འགྲེལ་པར་ཐོགས་མེད་ཀྱིས། མདོར་བསྡུ་ན། ཟག་པ་
མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོན་བཞིའི་དབང་དུ་བྱས་ནས། མིང་གི་རྣམ་གྲངས་བཞིར་རིག་པར་བྱའོ། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་པ། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་སོ། །དེ་ཡང་ངག་དོན་དུ་སྒྲིལ་ན། འགྱུར་བ་མེད་པའི་དབྱིངས་ཆོས་ཅན། ཡེ་ནས་ཡོན་ཏན་དབྱེར་མེད་ཡིན་ཏེ། དྲི་མས་བསྒྲིབས་མ་བསྒྲིབས་ཙམ་ལས་གཞི་འབྲས་ཀྱི་ངོ་བོ་འགྱུར་མེད་དུ་བསྟན་ཟིན་པ་དེའི་ཕྱིར། རྒྱུ་མཚན་དེས། རྫོགས་པའི་སངས་རྒྱས་མ་གཏོགས་མྱང་འདས་མཚན་ཉིད་པ་གཞན་མེད་ཅེས་གསུངས་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་དང་ཉི་མའི་འོད་ཟེར་གཉིས་ནམ་དུའང་འབྲལ་མི་ཤེས་པའི་དབྱེར་མེད་ཡིན་པ་ལྟར། གདོད་མ་ནས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་ལ་ཡང་སྟོབས་སོགས་ཡོན་ཏན་ཐམས་ཅད་དབྱེར་མེད་དུ་ཡོད་པར་འདོད་དགོས་ཤིང་། དེའི་གནད་ཀྱིས། དཔེ་ཉི་མའི་དཀྱིལ་འཁོར་དེ་ཡང་སྒྲིབ་བྱེད་ཀྱི་སྤྲིན་དང་མ་བྲལ་བར་འོད་ཟེར་ཇི་ལྟར་ཡོད་པ་སྣང་མི་ནུས་པ་ལྟར། དོན་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་དེ་ཡང་། རྒྱུད་ལྡན་གྱི་གང་ཟག་གློ་བུར་གྱི་དྲི་མ་མཐའ་དག་དང་མ་བྲལ་བར་གཞིའི་ཡོན་ཏན་ཇི་ལྟ་བ་སྟོན་པར་མི་ནུས་པས། ཉན་རང་དགྲ་བཅོམ་སོགས་ཀྱང་མྱང་འདས་མཚན་ཉིད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་གསུངས་སོ། །བཞི་པ་དྲི་མས་བསྒྲིབས་ཚུལ་དཔེས་མཚོན་པ་ལ་བཞི། སྙིང་པོ་ཡོད་ཚུལ་དཔེ་དགུའི་སྒོ་ནས་སྤྱིར་བསྟན་པ། དྲི་མ་དང་སྙིང་པོའི་དཔེ་སོ་སོར་ཕྱེ་སྟེ་ཐོག་མ་མེད་ཚུལ་བསྟན་པ། སྒྲིབ་བྱེད་དྲི་མའི་དབྱེ་བ་བྱེ་བྲག་ཏུ་བཤད་པ། དེས་དབྱིངས་ལ་སྒྲིབ་ཚུལ་གཏན་ལ་དབབ་པའོ། །དང་པོ་ནི། རྒྱུད་བླ་མ་ལས། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་
ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡིས། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་པའི་དོན་ངག་དོན་དུ་སྒྲིལ་ན། ལུས་ཅན་ཀུན་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་ཉེ་བར་གནས་ཀྱང་མ་འབྲེལ་བའི་རང་བཞིན་གློ་བུར་གྱི་དྲི་མའི་སྦུབས་བྱེ་བ་མཐའ་ཡས་པའི་ནང་ན་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་ཡོན་ཏན་དབྱེར་མེད་དུ་བཞུགས་པའི་དཔེ་ཡོད་དེ། པདྨའི་ནང་ན་སངས་རྒྱས་ལ་སོགས་པ་རྣམ་པ་དགུས་མཚོན་པའི་ཕྱིར། གཉིས་པ་ནི། སྔ་མར། པདྨ་སྲོག་ཆགས་བུང་བ་དང་། །སྦུན་པ་དང་ནི་མི་གཙང་དང་། །འབྲས་ཤུན་གོས་རུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང་། །ཞེས་དྲི་མའི་དཔེ་དང་། སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །སྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །ཞེས་སྙིང་པོའི་དཔེ་སོ་སོར་ཕྱེ་སྟེ་བཤད་ལ། ཐོག་མ་མེད་ཚུལ་དངོས་ནི། དེ་མ་ཐག་པར་སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས། མ་འབྲེལ་ཐོག་མ་མེད་པ་ན། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་པས་སེམས་ཅན་གྱི་ཁམས་ཀྱི་དེ་བཞིན་ཉིད་ལ་སྒྲིབ་བྱེད་ཉོན་མོངས་ལ་སོགས་པའི་དྲི་མའི་སྦུབས་རྣམས་ནི་རང་བཞིན་ལ་མ་འབྲེལ་བས་གློ་བུར་བ་ཡིན་ཡང་། ཆོས་དབྱིངས་དང་ལྷན་ཅིག་ཐོག་མ་མེད་པ་ནས་ཉེ་བར་གནས་ཤིང་། དེ་རྣམས་གང་ན་ཡོད་པ་ན་སེམས་ཀྱི་རང་བཞིན་དྲི་མ་མེད་པའི་དབྱིངས་དེ་ཡང་ཐོག་མ་མེད་པ་ནས་རྒྱུན་མི་ཆད་དུ་བཞུགས་པ་ཡིན་པར་བརྗོད་དོ། །གཞན་ཡང་སེམས་ཅན་ལ་བདེ་གཤེགས་སྙིང་པོ་ཡོད་ཚུལ་དཔེས་མཚོན་པ་ནི། ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པ། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་
དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམས་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་དང་། ཇི་ལྟར་རིན་ཆེན་བཻ་ཌཱུཪྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་དང་། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་ཁུག་རྣ་དུ་བ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་མེ་ལོང་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཅེས་སོགས་དུ་མར་གསུངས་པས་ཀྱང་མཚོན་ནོ། །གསུམ་པ་ནི། རྒྱུད་བླར། ཆགས་དང་སྡང་དང་རྨོངས་དང་དེའི། །ཀུན་ལྡང་དྲག་དང་བག་ཆགས་དང་། །མཐོང་སྒོམ་ལམ་སྤང་མ་དག་པའི། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམས་དགུ་པདྨ་ཡི། །སྦུབས་སོགས་དཔེས་ནི་རབ་བསྟན་ཏེ། །ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། །དབྱེ་བ་བྱེ་བ་མཐའ་ལས་འདས། །ཞེས་པས། ཇི་ལྟར་མེ་ཏོག་པདྨ་ནི་གནས་སྐབས་སུ་མཛེས་པས་དགའ་བ་བསྐྱེད་ལ་ཕྱིས་བསྐམས་ཤིང་ཡིད་དུ་མི་འོང་བ་བཞིན་དུ། དེ་དང་མཚུངས་པ་འདོད་ཆགས་བག་ལ་ཉལ་དང་། ཇི་ལྟར་སྲོག་ཆགས་བུང་བ་ནི་གཞན་གྱིས་སྦྲང་རྩི་བླངས་པ་ན་ཞེ་སྡང་དྲག་པོས་མདུང་བརྡེག་པ་བཞིན་དུ། དེ་དང་མཚུངས་པ་ཞེ་སྡང་བག་ལ་ཉལ་དང་། ཇི་ལྟར་འབྲས་ལ་སོགས་པའི་སྙིང་པོ་སྦུན་པ་ལ་སོགས་པས་བསྒྲིབས་ནས་མི་མཐོང་བ་བཞིན་དུ། དེ་དང་མཚུངས་པ་གཏི་མུག་བག་ལ་ཉལ་ཏེ། དེ་ལྟར་ཁམས་གོང་མ་གཉིས་སུ་འཕེན་བྱེད་བག་ལ་ཉལ་གྱི་དྲི་མ་གསུམ་དང་། ཇི་ལྟར་ལྗན་ལྗིན་མི་གཙང་བའི་ཕུང་པོ་ཡིད་དུ་མི་འོང་ཞིང་ཉམ་ང་བའི་བདག་ཉིད་ཅན་ཡིན་པ་བཞིན་དུ། དེ་དང་མཚུངས་པ་འདོད་པའི་ཁམས་སྒྲུབ་བྱེད་དུག་གསུམ་ཀུན་ནས་ལྡང་བ་དྲག་པོ་དང་། ཇི་
ལྟར་ཁྱིམ་གྱི་ས་འོག་ན་ཡོད་པའི་གཏེར་ནི་ས་མང་པོས་བསྒྲིབས་ཤིང་སྦས་པ་ན་ཁྱིམ་བདག་དབུལ་པོས་ངོ་མི་ཤེས་པ་བཞིན་དུ། དེ་དང་མཚུངས་པ་འཕགས་པ་དགྲ་བཅོམ་གྱི་རྒྱུད་ལ་ཡོད་པ་ཡིད་ཀྱི་རང་བཞིན་གྱི་ལུས་སྒྲུབ་བྱེད་མ་རིག་བག་ཆགས་ཀྱི་སས་བསྡུས་པ་དང་། ཇི་ལྟར་ལྗོན་ཤིང་གི་མྱུ་གུ་དང་སྡོང་བུ་སོགས་རིམ་གྱིས་སྐྱེ་བ་ལས་ས་བོན་གྱི་ཤུན་པ་རྣམས་རིམ་གྱིས་གཅོད་པ་བཞིན་དུ། དེ་དང་མཚུངས་པ་ཐེག་དམན་སློབ་པའི་རྒྱུད་ལ་ཡོད་པ་མཐོང་སྤང་གིས་སྤང་བར་བྱ་བ་དང་། ཇི་ལྟར་གོས་རུལ་ནི་རགས་པ་ཟད་པའི་ལྷག་མ་ཡིན་ལ་དྲི་མ་དང་བཅས་པའི་བདག་ཉིད་ཀྱིས་བསྒྲིབས་པ་བཞིན་དུ། ཐེག་དམན་སློབ་པའི་རྒྱུད་ལ་ཡོད་པ་སྒོམ་སྤང་གིས་སྤང་བར་བྱ་བ་དང་། ཇི་ལྟར་བུད་མེད་ཀྱི་མངལ་སྦུབས་ཀྱིས་མཐོང་བྱ་ལ་སྒྲིབ་པ་བཞིན་དུ། དེ་དང་མཚུངས་པ་མ་དག་ས་བདུན་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱིས་བསྡུས་པ་དང་། ཇི་ལྟར་ས་འདམ་གྱིས་གོས་པའི་གསེར་གྱི་གཟུགས་ནི་ཚེགས་ཆུང་ངུས་དག་པར་བྱེད་ནུས་པ་བཞིན་དུ་དག་པ་ས་གསུམ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱིས་བསྡུས་པའི་དྲི་མ་རྣམས་ཏེ། དེ་ལྟར་དྲི་མ་དགུ་པོ་དེ་པདྨའི་སྦུབས་ལ་སོགས་པའི་དཔེ་དགུས་ནི་རབ་ཏུ་བསྟན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་སྒྲིབ་བྱེད་ཉེ་བའི་ཉོན་མོངས་པའི་སྦུབས་ཀྱི་དབྱེ་བ་བརྒྱད་ཁྲི་བཞི་སྟོང་དང་། དེ་ལས་ཕྱེ་ན་དབྱེ་བ་མཐའ་ལས་འདས་པར་འགྱུར་རོ། །བཞི་པ་ནི། སྔ་མར། དྲི་འདི་དག་གིས་བྱིས་རྣམས་དང་། །དགྲ་བཅོམ་སློབ་པ་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱིས་མ་དག་ཉིད། །ཅེས་པས། དེ་ལྟར་འདོད་ཆགས་བག་ལ་ཉལ་སོགས་དྲི་མ་དགུ་པོ་འདི་དག་ལས། དང་པོ་བཞིས་བྱིས་པ་སོ་སོ་སྐྱེ་བོ་རྣམས་དང་། ལྔ་པས་འཕགས་པ་དགྲ་བཅོམ་པ། དྲུག་པ་དང་བདུན་པས་ཐེག་དམན་སློབ་པ། བརྒྱད་པ་དང་དགུ་པས་བློ་ལྡན་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་སོ་སོའི་རྒྱུད་ལ་ཡོད་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་རིམ་པ་བཞིན་སྒྲིབ་པར་བྱེད་དོ། །དེ་ལྟར་ཡང་འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་བར། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་
སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ་སེམས་ཅན་ཐམས་ཅད་ནི། མདོར་བསྡུས་ན་རྣམ་པ་བཞིར་བརྗོད་དེ། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་། དགྲ་བཅོམ་པ་དང་། སློབ་པ་དང་། བྱང་ཆུབ་སེམས་དཔའོ། །དེ་ལ་འདི་དག་ནི། ཟག་པ་མེད་པའི་དབྱིངས་སུ་གོ་རིམ་ཇི་ལྟ་བ་བཞིན་བཞི་དང་། གཅིག་དང་། གཉིས་དང་། གཉིས་ཀྱིས་མ་དག་པར་བསྟན་ཏོ། །ཞེས་གསུངས་སོ། །གསུམ་པ་ཞར་བྱུང་སྔགས་ལུགས་ལ་ཇི་ལྟར་འདོད་ཚུལ་ལ། གཞི་རྒྱུད་ཀྱི་མཚན་ཉིད། དེའི་དོན་སྤྱིར་བཤད་པ། མདོ་ལུགས་ལས་འཕགས་ཚུལ། མིང་གི་རྣམ་གྲངས་དང་བཞི། དང་པོ་ནི། དྲི་མ་ཅུང་ཟད་ཀྱང་མ་སྦྱངས་པའི་དེ་བཞིན་ཉིད་གང་ཞིག །བདེ་སྟོང་ཟུང་འཇུག་གི་སེམས་ཉིད། རང་གི་ངོ་བོ་འགྱུར་མེད་སྲིད་ཞི་ཀུན་ཁྱབ་རང་བཞིན། གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་གྲགས་ཏེ། མི་འགྱུར་བའི་བདེ་ཆེན་དང་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དབྱེར་མི་ཕྱེད་པའི་སེམས་ཉིད་ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པས་ན་རྫོགས་པ་ཆེན་པོ་དང་། དེ་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པས་ན་ཡེ་ཤེས་ཐམས་ཅད་ཀྱི་སྤྱི་གཟུགས་ཞེས་བྱའོ། །དེ་ལྟར་ཡང་། འཇམ་དཔལ་ཞལ་ལུང་དུ། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཞེས་སོ། །གཉིས་པ་ལ། དངོས་དང་། ཁྱབ་ཚུལ་གཉིས། དང་པོ་ནི་སྒྱུ་འཕྲུལ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ཀུན་རྫོབ་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་དང་། གསང་བ་སྙིང་པོ་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས། འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་རང་བྱུང་གི །ཡེ་ཤེས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོ་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་བདག་ཉིད་ནི། གཞིའི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། དེ་ནི་དུས་རྟག་ཏུ་འཕོ་འགྱུར་བྲི་གང་མེད་པས་འདུས་མ་བྱས་པ་རྟག་པའི་རང་
བཞིན་ཅན། འབྲས་བུའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་བཞུགས་པ་སྟེ། རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་དང་། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང༔ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ཞེས་དང་། དུང་ཡིག་ཅན་ལས། གཞི་རྒྱུད་དངོས་པོའི་གནས་ལུགས་ཏེ༔དེ་ཡི་ངོ་བོ་རང་བཞིན་སྟོང༔སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔དབྱེ་བ་རྣམ་པ་གསུམ་ཡིན་ཏེ༔ངོ་བོ་རང་བཞིན་ཐུགས་རྗེའོ༔ཞེས་སོ། །དེ་ཡང་། ཐབས་ཀྱི་རྐྱེན་གྱིས་ཟིན་མ་ཟིན་གྱི་བྱེད་པས་འཁོར་འདས་གཉིས་ཀའི་གཞིར་གྱུར་པས་ན་གཞི་ཞེས་བྱ་སྟེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་སོ། །དེ་དག་གི་ངག་དོན། འཆིང་གྲོལ་མེད་པའི་གནས་ལུགས་བདེ་གཤེགས་སྙིང་པོ་ཆོས་ཅན། གཞི་རྒྱུད་ཅེས་བྱ་སྟེ། རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་གཉིས་ཀའི་གཞིར་གྱུར་པ་གང་ཞིག །རང་བཞིན་འགྱུར་བ་མེད་པར་རྒྱུན་ཆགས་པའི་ཕྱིར། གཉིས་པ་ནི། རྒྱ་མཚོ་ལས། ཡེ་ནས་མངོན་རྫོགས་སངས་རྒྱས་ཆོས། །ལུས་ཅན་ཀུན་ལ་གནས་པའི་ཕྱིར། །ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་ནི། །ལུས་ཅན་ཀུན་གྱི་ལུས་ལ་གནས། །ཞེས་དང་། དགྱེས་རྡོར་རྒྱུད་དུ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །ཞེས་པས། དེ་ལྟར་རང་བྱུང་གི་ཡེ་ཤེས་གཞི་རྒྱུད་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་བརྟན་གཡོ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། ཏིལ་འབྲུ་འམ་ནི་ཡུངས་འབྲུ་ལ། །མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན། །སེམས་ཅན་ལུས་ལྟར་སྣང་བ་ལ། །དེ་བཞིན་གཤེགས་པའི་ས་བོན་ནི། །མཐུན་པའི་འོད་དང་བཅས་
པར་སྣང་། །ཞེས་དང་། ཐལ་འགྱུར་ལས། རང་རིགས་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལ་ནི་མར་བཞིན་ནོ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་དང་། རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་སོ། །དེ་དག་གི་ངག་དོན། གཞི་རྒྱུད་ཆོས་ཅན། རིས་མེད་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་ཏེ། བརྟན་གཡོ་ཀུན་ལ་ཁྱབ་པའི་ཕྱིར། གསུམ་པ་ནི། ནང་རིག་འགྱུར་མེད་ལ་དེ་བཞིན་ཉིད་དུ་བྱས་པ་ཙམ་ནི་སྙིང་པོའི་སྐོར་གྱི་མདོ་སྡེ་རྣམས་དང་། དེའི་དགོངས་འགྲེལ་རྒྱུད་བླ་དང་ཆོས་དབྱིངས་བསྟོད་པ་སོགས་ཀྱིས་བཀྲལ་བ་ལྟར་ཡིན་པས་མདོ་སྔགས་ཐུན་མོང་དུ་བཞེད་པ་ཡིན་མོད། འདིར་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་སྙིང་པོ་དེ་ཉིད་གཞི་རྒྱུད་དུ་འཇོག་པའི་སྐབས་འདིར། རིག་པ་དེ་ཡང་བདེ་བ་ཆེན་པོའི་རང་བཞིན་ཡིན་པར་བཞེད་པས་ཁྱད་པར་དུ་འཕགས་ཏེ། མདོ་སྡེ་རྣམས་སུ་དེ་ལྟར་མ་གྲགས་པའི་ཕྱིར། དེ་ཡང་ཞུ་བདེ་ཙམ་ལ་འཇོག་པ་མ་ཡིན་གྱི། རང་བཞིན་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་བཞེད་པ་ཡིན་ནོ། །དེ་ལྟར་ཡང་རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དུས་འཁོར་བསྡུས་རྒྱུད་ལས། སྲིད་གསུམ་ཕྲ་རགས་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཅེས་དང་། དགྱེས་རྡོར་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་དང་། གྲུབ་ཆེན་མཚོ་སྐྱེས་ཀྱིས་དེའི་འགྲེལ་པར། རང་རིག་པ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་དག་
པས་རྣམ་པར་དག་པ་ཡིན་གྱི་གཞན་ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་དག་པས་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །ཞེས་སོགས་ཀྱིས་གསལ་བར་གསུངས་སོ། །དེ་དག་གི་ངག་དོན། བདེ་གཤེགས་སྙིང་པོ་ཆོས་ཅན། ཁྱོད་ལ་མདོ་ལུགས་ལས་སྔགས་ལུགས་འཕགས་ཚུལ་ཡོད་དེ། བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་ཕྱིར། བཞི་པ་ནི། སྤྱིར་ཐུན་མོང་དུ། འཆིང་གྲོལ་མེད་པའི་དོན་གྱི་གནས་ལུགས། འབྲས་ཆོས་རྣམས་ཡེ་ནས་ཚང་བས་བདེ་གཤེགས་སྙིང་པོ། སེམས་ཀྱི་ཆོས་ཉིད་ཡོན་ཏན་ཐམས་ཅད་དང་ལྡན་ཡང་དྲི་མ་ལས་མ་གྲོལ་བར་མངོན་དུ་སྣང་མི་ནུས་པས་རང་བཞིན་གནས་རིགས་དང་། ཁམས་དང་། དྲི་བཅས་དེ་བཞིན་ཉིད་དྲི་མ་དང་འབྲེལ་ཡང་རང་གི་ངོ་བོ་ལ་གོས་མ་མྱོང་བས་རང་བཞིན་རྣམ་དག་གམ་བྱང་ཆུབ་ལ་སོགས་པའི་ཐ་སྙད་བཏགས་ཤིང་། ཁྱད་པར་སྔགས་ལུགས་ལ་ཕྱི་རྒྱུད་དུ། བདག་གི་དེ་ཁོ་ན་ཉིད་དང་། ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང་། ནང་རྒྱུད་དུ། མ་ཧཱ་ཡོ་ག་བས་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ། བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུ་ཡོ་ག་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཨ་ཏི་ཡོ་ག་བས་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་མེད་ཀྱི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་ཡེ་ནས་བཞུགས་པའོ། །དེ་ཡང་བླ་ན་མེད་པའི་རྒྱུད་རྣམས་སུ་ལུས་ཅན་རྣམས་ཀྱི་སྙིང་ག་ཆོས་ཀྱི་ཕོ་བྲང་དུ་རྒྱུ་རྒྱུད་ཀྱི་རྟེན་དྭངས་མ་ལྔའི་དབུས་ན་བརྟེན་པ་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པར་བཤད་ཅིང་། འབྱུང་ལྔ་སེམས་དང་བཅས་པའི་དྭངས་མ་དྲུག་ཀྱང་གཉིས་གཉིས་རོ་གཅིག་ཏུ་འཇུག་པའི་དོན་གྱིས་ཤིན་ཏུ་ཕྲ་བའི་སྒོ་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་དུ་བཞུགས་སོ། །གཉིས་པ་འཕྲོས་དོན་རིགས་ཀྱི་ཁྱད་པར་གཉིས། སྒྲ་དོན་དང་། དེའི་རྣམ་གཞག་གོ ། དང་པོ་ནི། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དག །དེ་ནི་རྟེན་དང་བརྟེན་པ་
དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་པས། གོ་ཏྲའི་སྒྲ་ལས་དྲངས་ན། གོ་ནི་གྷུ་ཎ་འཁྱམས་པའི་བྱིངས། ཀའི་རྐྱེན། བྱིངས་མཐའི་ཨ་བརྗོད་དོན་དང་། རྐྱེན་གྱི་ཀ་ཁྱད་དོན་ཕྱིས་སྲོག་གི་ཨ་བཞག །གྷུ་ཀུན་ཏུ་བསྒྱུར་བས་གུ་ཎ་སྟེ་ཡོན་ཏན། ཏྲཱྀ་རྐྱལ་བ་དང་སྒྲོལ་བའི་བྱིངས་ལ་ཡུ་བྱིན། ཡུ་བྷུ་ཛ་སོགས་ཀྱི་ཡུ་ཨན། རཱྀ་ཡོན་ཏན་ཨར། ར་ཥ་རྀ་སོགས་ཀྱིས་ན་ཎར་བྱས་ཏེ་སྦྱར་བས་ཏ་ར་ཎ་ཞེས་སྒྲོལ་བ་སྟེ། ཡོན་ཏན་ལ་བརྟེན་ནས་འཁོར་བ་ལས་སྒྲོལ་བའི་ཕྱིར་ཡོན་ཏན་སྒྲོལ་བ་ཞེས་བྱ་བར་འགྱུར་རོ། །གཉིས་པ་ནི། སྙིང་པོ་དེའི་དབྱིངས་སྟོང་པ་ཉིད་ཀྱི་ཆ་ནི་ཆོས་སྐུ་ངོ་བོ་ཉིད་སྐུའི་བྲལ་རྒྱུ་སྟེ། རིན་པོ་ཆེའི་གཏེར་དགོས་འདོད་འབྱུང་བའི་གཞིར་གྱུར་པ་ལྟར་སྐུ་དང་ཡེ་ཤེས་འཆར་བའི་གོ་འབྱེད་པས་ན་རང་བཞིན་གནས་རིགས་དང་། དེ་ལས་ཤར་བའི་ཡེ་ཤེས་སྣང་བའི་ཆ་ནི་གཟུགས་སྐུ་གཉིས་ཀྱི་བྲལ་རྒྱུ་སྟེ། འབྲས་བུ་ཅན་གྱི་ལྗོན་ཤིང་གོང་འཕེལ་ལྟར་རྐྱེན་སྒྲིབ་པ་བྲལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་མངོན་དུ་འགྱུར་ངེས་པས་རྒྱས་འགྱུར་གྱི་རིགས་སོ། །དེ་ལྟར་ཡང་། རྒྱུད་བླར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་སོ། །གཉིས་པ་ལམ་ལས་འབྲས་བུར་སྦྱོར་ཚུལ་འཕྲོས་དོན་དང་བཅས་པ་ལ་གཉིས་ཏེ། མཚམས་སྦྱར་བས་མདོར་བསྟན་པ་དང་། དངོས་སོ། །དང་པོ་ནི། སྦྱང་གཞི་ཆོས་ཉིད་ཀྱི་མདངས་འོད་སྦྱང་བྱའི་དྲི་མ་འཁོར་བའི་ཆོས་དང་འཛོམས་པ་ལས་སྦྱོང་བྱེད་ལམ་གྱི་རྣམ་པར་ཤར་ནས་དེས་སྦྱང་བྱའི་དྲི་མ་སྦྱོང་བའི་གཉེན་པོར་འགྲོ་བ་ཡིན་པས། འདིར་མཐར་ཐུག་གི་འབྲས་བུའི་དབང་དུ་བྱས་ཏེ། སྡོམ་པ་གསུམ་གྱི་ལམ་གྱི་སྙིང་པོ་རིག་པ་འཛིན་པ་སྔགས་ཀྱི་ལམ་སྨིན་གྲོལ་གཉིས་ཀྱིས་ཁམས་ཀྱི་དྲི་མ་སྦྱངས་པས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པ་ན་འབྲས་བུའི་མཆོག་མངོན་དུ་གྱུར་པ་ཞེས་བྱའོ། །
གཉིས་པ་ལ་གཉིས། ས་ལམ་གྱི་བགྲོད་ཚུལ་དང་། དམན་ལམ་ལས་ཐེག་ཆེན་དུ་འཇུག་ཚུལ་ལོ། །དང་པོ་ལ་གཉིས། སོ་སྐྱེ་དང་། འཕགས་ལམ་གྱི་ཡེ་ཤེས་སོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བ། གཏན་ལ་དབབ་པའོ། །དང་པོ་ནི། དྲི་བཅས་དེ་བཞིན་ཉིད་ཀྱི་སྣང་བ་གང་ཞིག །ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་སྣང་སྟོང་། གཉིས་པ་ནི། བརྟགས་པ་ལས་བྱུང་བ་བསྐྱེད་རིམ་གྱི་ལྷ་སྐུ་དང་བཅོས་མིན་གྱི་ལྷ་སྐུ་མི་བརྟན་པ་རྒྱུ་དང་། བརྟན་པ་འབྲས་བུའི་རྫོགས་རིམ་མོ། །གསུམ་པ་ལ་ཚོགས་སྦྱོར་གཉིས་ལས། དང་པོ་ཚོགས་ལམ་ལ། ཡེ་ཤེས་ཕེབས་པ་ནི་ཚོགས་ལམ་ཆུང་ངུ་སྟེ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་བཞི་དྲན་པ་རྒྱུན་ཆགས་སུ་སེམས་ལ་ཉེ་བར་བཞག་ནས་སྒོམ་པར་བྱེད་པ་དྲན་པ་ཉེར་བཞག་བཞིའོ། །ཡེ་ཤེས་ལ་ཆོས་དབང་བ་ནི་ཚོགས་ལམ་འབྲིང་པོ་སྟེ། མི་དགེ་བ་སྐྱེས་པ་སྤོང་བ་དང་། མ་སྐྱེས་པ་མི་བསྐྱེད་པ་དང་། དགེ་བ་སྐྱེས་པ་འཕེལ་བ་དང་། མ་སྐྱེས་པ་སྐྱེས་པའི་ཕྱིར་སྒོམ་པ་སྟེ་ཡང་དག་སྤོང་བ་བཞིའོ། །ཚོགས་ལམ་ཆེན་པོར་དེ་ཉིད་སྤྱོད་པས་མཐར་ཕྱིན་ཅིང་ལྟ་སྟངས་རྣམས་ཐོགས་མེད་འགྲུབ་པ་དང་། སངས་རྒྱས་སྤྲུལ་པའི་སྐུ་ལ་མངོན་སུམ་དུ་གདམས་ངག་ཉན་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ནི་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །དེ་ལྟར་ཡང་ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོར། ཁམས་ལྔའི་རིམ་པ་བགྲོད་ལས་གྲོལ་བ་སྟེ། །ཚོགས་ལམ་ཆུང་ངུར་ལུས་ཚོར་སེམས་དང་ཆོས། །དྲན་པ་ཉེར་བར་བཞག་པ་བཞི་སྒོམ་ཞིང་། །འབྲིང་དུ་འདུན་དང་འབད་རྩོལ་བརྩོན་འགྲུས་བཞིས། །དགེ་དང་མི་དགེའི་ཞེན་བཞི་ཡང་དག་སྤོང་། །ཆེན་པོར་འདུན་སེམས་དཔྱོད་དང་དྲན་པ་བཞིས། །རྫུ་འཕྲུལ་རྟེན་སྒྲུབ་རྐང་པ་བཞི་པོ་སྒོམ། །ཞེས་སོ། །གཉིས་པ་སྦྱོར་ལམ་ལ། རྫོགས་རིམ་དངོས་ཀྱི་སེམས་དབེན་ཐོབ་པ་ཞུ་བདེ་མཐར་ཐུག་པ་དབང་པོ་ལྔའི་རང་བཞིན་ནི་དྲོད་དང་རྩེ་མོ་སྟེ་དེ་ལ་དབང་པོ་ལྔ་ནི། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་སོ། །ཡེ་ཤེས་ཀྱི་སྐུ་ནམ་མཁའི་མཛོད་ཐོབ་པ་སྟོབས་ལྔ་དང་ལྡན་པ་ནི་བཟོད་པ་
དང་། ཆོས་མཆོག་སྟེ། དེ་ལ་སྟོབས་ལྔ་ནི། མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་དང་། རྣམ་གཡེང་དང་། རྨོངས་པ་རྣམས་ཀྱིས་མི་ཚུགས་ཤིང་འཇོམས་པར་ནུས་པའི་སྟོབས་རྣམས་སོ། །དེ་ཡང་སྔ་མ་ལས། སྦྱོར་ལམ་བཞི་སྟེ་དྲོད་དང་རྩེ་མོ་རུ། །དད་བརྩོན་དྲན་དང་ཏིང་འཛིན་ཤེས་རབ་ཀྱི། །དབང་པོ་ལྔ་དང་བཟོད་པ་ཆོས་མཆོག་ཏུ། །དད་སོགས་སྟོོབས་ལྔ་རབ་ཏུ་སྒོམ་པར་བྱེད། །ཅེས་སོ། །དེ་ལྟར་སྦྱོར་ལམ་བཞི་ལས། ཕྱི་མ་གསུམ་དུ་དག་པའི་ཡེ་ཤེས་ཀྱི་སྐུ་མ་ཐོབ་ཀྱང་། ཉིན་མཚན་གྱི་སྣང་བ་དང་མཉམ་རྗེས་ཀུན་ཏུ་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷ་སྐུ་འཁོར་ཡུག་ཏུ་འབྱུང་བས་སྒྱུ་ལུས་རླུང་སེམས་ཙམ་གྱི་སྐུ་མངོན་དུ་མཛད་པ་ཡིན་ཏེ་དེ་དག་ནི་མོས་པས་སྤྱོད་པའི་སའོ། །གཉིས་པ་འཕགས་ལམ་གྱི་ཡེ་ཤེས་ལའང་གསུམ། མཚན་ཉིད། དབྱེ་བ། གཏན་ལ་དབབ་པའོ། །དང་པོ་ནི། འཕགས་རྒྱུད་ཀྱི་ཡེ་ཤེས་གང་ཞིག །ཞུ་བདེ་དང་མཚུངས་ལྡན་དུ་བྱུང་བའི་ལྷ་སྐུ་ཁ་སྦྱོར། གཉིས་པ་ནི། མཐོང་ལམ་དང་། སྒོམ་ལམ་ས་དགུའོ། །གསུམ་པ་ལ་མཐོང་སྒོམ་གཉིས་ལས། དང་པོ་མཐོང་ལམ་ནི། སྦྱོར་ལམ་གྱི་རྒྱུན་མཐར་སྒྱུ་ལུས་རླུང་སེམས་ཀྱི་ལྷ་སྐུ་ཡང་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས། མཐོང་ལམ་གྱི་མངོན་བྱང་ལྔས་འོད་གསལ་གྱི་ལྷ་སྐུར་གྲུབ་སྟེ། དོན་དམ་སོ་སོ་རང་རིག་བདེ་སྟོང་རྣམ་པར་མི་རྟོག་པའི་འོད་གསལ་བ་མངོན་སུམ་དུ་མཐོང་བ་ནི་བྱང་ཆུབ་ཡན་ལག་མཐོང་བའི་ལམ་སྟེ། དགའ་བའི་རང་བཞིན་བདེན་པ་བཅུ་དྲུག་གིས་བསྡུས་པ་དང་པོ་རབ་དགའི་སའོ། །ལམ་འདི་ལ་གནས་པ་དེས་དྲན་པ་དང་། ཆོས་རབ་ཏུ་རྣམ་འབྱེད་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཏེ་བྱང་ཆུབ་ཡན་ལག་བདུན་ཉམས་སུ་ལེན་པར་བྱེད་དེ། སྔ་མར། མཐོང་བའི་ལམ་སྟེ་རབ་ཏུ་དགའ་བའི་སར། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་དགའ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་བདུན་པོ་དག་ནི་ལེགས་བསྒོམ་ཞིང་། །ཞེས་སོ། །ཕར་ཕྱིན་བཅུ་ལས་སྦྱིན་པའི་ཕར་ཕྱིན་ལ་གཙོ་བོར་སྤྱོད། ཐུན་མོང་གི་ཡོན་ཏན་ནི། དུས་སྐད་ཅིག་ལ་སྟོན་ནུས་པའི་ཡོན་ཏན་བརྒྱ་
ཕྲག་བཅུ་གཉིས་དང་སྤྱན་དང་མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི། སངས་རྒྱས་བརྒྱའི་ཞལ་བལྟ་བ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ། སྤྲུལ་པ་བརྒྱ་འགྱེད་པ། བསྐལ་པ་བརྒྱར་སྟོན་པ། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་པ། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་། སེམས་ཅན་བརྒྱ་སྨིན་པར་བྱེད་པ། ཞིང་བརྒྱ་གཡོ་བར་བྱེད་པ། ཞིང་བརྒྱ་འོད་ཀྱིས་གསལ་བར་བྱེད་པ། ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་པ། རང་གི་ལུས་བརྒྱར་སྟོན་པ། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པའོ། །ཁྱད་པར་གྱི་ཡོན་ཏན་ནི། གང་ཟག་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ལ་བརྟེན་ནས་ཟག་བཅས་རྣམ་སྨིན་གྱི་ལུས་ཟག་མེད་དུ་སྦྱོང་མ་ནུས་པ་ལྷག་མེད་དམ་རྣམ་སྨིན་རིག་འཛིན་དང་། ཟག་མེད་དྭངས་མའི་འཇའ་ལུས་ཁྱད་པར་ཅན་དུ་བསྒྱུར་ནུས་པ་ཚེ་དབང་རིག་འཛིན་ནོ། །དེ་ལ་དྭངས་མའི་ལུས་ནི། གཟུགས་མི་ཐོགས་པའམ་ཆུང་ངུ་བསྡུས་ནུས་པས་ཕྲ་བ་དང་། རྒྱུ་མཚན་དེས་ན་རེག་པ་ཡང་བ་དང་། གཟུགས་ཆེན་པོའམ་མང་པོས་ཀུན་ལ་ཁྱབ་པ་དང་། གཟུགས་མཛེས་ཤིང་ནད་མེད་པ་སོགས་དང་སེམས་ལ་བདེ་བ་ཡང་དག་པ་ཐོབ་པ་ཉིད་དང་། ལུས་སྒྱུ་མ་ལྟར་སྣང་ཞིང་སེམས་འོད་གསལ་དུ་སྣང་བས་རབ་ཏུ་གསལ་བ་དང་། དེ་གཉིས་ཀ་རབ་ཏུ་བརྟན་པ་དང་། རང་དབང་དུ་གྱུར་པས་དབང་ཕྱུག་ཉིད་དང་། ལུས་གང་འདོད་སྣ་ཚོགས་དང་སེམས་མཉམ་རྗེས་ལ་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་ནུས་པས་འདོད་རྒུར་བསྒྱུར་བ་སྟེ་པྲ་ཕབ་ཀྱི་ཡོན་ཏན་བརྒྱ་ལྡན་ནོ། །དེ་གཉིས་ཀ་རྟེན་གྱི་ཁྱད་པར་མ་གཏོགས་སེམས་དག་པའི་ཡེ་ཤེས་ཀྱི་སྐུ་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་འཇོག་པར་མཚུངས་སོ། །དེ་དག་ལས། རྣམ་སྨིན་གྱིས་གླིང་བཞི་པའི་འཇིག་རྟེན་ཙམ་དང་། ཚེ་དབང་གིས་མཆོག་གི་སྤྲུལ་སྐུའི་ཞིང་ཁམས་ཙམ་དུ་དུས་གཅིག་ལ་སྐུ་གཅིག་གིས་དོན་བྱེད། སྤྲུལ་པ་སྟོན་ཚུལ་ཡང་། གཙོ་བོར་སྙིང་པོའི་རྩ་རྒྱུད་དུ། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་གྱུར་ཡིན། །ཞེས་སོ། །གཉིས་
པ་སྒོམ་ལམ་ནི། ས་དང་པོར་བདེན་པ་མཐོང་བའི་དོན་འོད་གསལ་མཉམ་བཞག་ལས་རྗེས་ཐོབ་ཟུང་འཇུག་གི་སྐུར་ལངས་པ་ནི་རྗེས་ལ་མངོན་རྟོགས་ཏེ། དེ་ལ་སྒོམ་ལམ་ས་དགུའོ། །དེ་དག་ནི། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏེ། འཕགས་ལམ་ཡན་ལག་བརྒྱད་ཉམས་སུ་ལེན་པར་བྱེད་དེ། ངལ་གསོར། སྒོམ་ལམ་ཆུང་འབྲིང་ཆེན་པོ་རེ་རེ་ཞིང་། །ཆུང་ངུའི་ཆུང་ངུ་ཆུང་ངུའི་འབྲིང་དང་ནི། །ཆུང་ངུའི་ཆེ་སོགས་ས་དགུ་རིམ་པ་བཞིན། །དྲི་མ་མེད་དང་འོད་བྱེད་འོད་འཕྲོ་ཅན། །སྦྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་རྣམས་སུ། །ཡང་དག་ལྟ་དང་རྟོགས་པ་ངག་དང་ལས། །འཚོ་རྩོལ་དྲན་པ་ཏིང་འཛིན་འཕགས་ལམ་བརྒྱད། །དེ་ལྟར་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །སློབ་པའི་ལམ་བཞིར་སྒོམ་པའི་མཇུག་ཐོགས་སུ། །མི་སློབ་པ་ལ་མི་གནས་མྱ་ངན་འདའ། །ཞེས་སོ། །ཕར་ཕྱིན་བཅུ་ལས་ཚུལ་ཁྲིམས་ནས་ཡེ་ཤེས་ཀྱི་བར་ཕར་ཕྱིན་ཕྱི་མ་དགུ་ལ་གཙོ་བོར་སྤྱོད། ཐུན་མོང་གི་ཡོན་ཏན་ནི། ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག །གཉིས་པ་དྲི་མ་མེད་པར་སྐད་ཅིག་རེ་རེ་བཞིན་སྟོང་འགྱུར་མངོན་དུ་བྱེད་དོ། །དེ་བཞིན་དུ། གསུམ་པ་འོད་བྱེད་པར་བརྒྱ་སྟོང་འགྱུར་དང་། བཞི་པ་འོད་འཕྲོ་བར་ཁྲག་ཁྲིག་འགྱུར་དང་། ལྔ་པ་སྦྱང་དཀའ་བར་ཁྲག་ཁྲིག་ཕྲག་སྟོང་དང་། དྲུག་པ་མངོན་དུ་གྱུར་པར་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་། བདུན་པ་རིང་དུ་སོང་བར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། བརྒྱད་པ་མི་གཡོ་བར་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང་། དགུ་པ་ལེགས་པའི་བློ་གྲོས་སུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང་། བཅུ་པ་ཆོས་ཀྱི་སྤྲིན་དུ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་ལ་སོགས་པའི་ཡོན་ཏན་རྣམས་སྟོན་པར་ནུས་པ་ཡིན་ནོ། །ཁྱད་པར་གྱི་ཡོན་ཏན་ནི། ས་གཉིས་པ་ནས་ལྔ་པའི་བར་བཞི་ལ་རྡོ་རྗེའི་རིག་འཛིན་ཞེས་བྱ་སྟེ། རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇོམས་པའི་ཕྱིར་རོ། །ས་
དྲུག་པར་ཤེར་ཕྱིན་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་བའི་ཕྱིར་དང་། ས་བདུན་པའང་ཐབས་མཁས་པ་འཁོར་ལོ་ལྟར་གྱུར་པས་ས་དེ་གཉིས་སུ་འཁོར་ལོའི་རིག་འཛིན་ཞེས་བྱའོ། །བརྒྱད་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པས་རིན་པོ་ཆེའི་རིག་འཛིན་དང་། དགུ་པར་ཆགས་པ་མེད་པས་ཞིང་སྦྱོང་ཞིང་དོན་མཛད་པས་པདྨའི་རིག་འཛིན་དང་། བཅུ་པར་འཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རལ་གྲིའི་རིག་འཛིན་ཞེས་བྱ་སྟེ། སྒྱུ་འཕྲུལ་ལམ་རིམ་དུ། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །ཐུན་མོང་ཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་རིགས་ལྔས་བསྡུས་པ་ནི་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་ཆེན་རིག་འཛིན་ཏེ། དེས་ནི་ལོངས་སྐུའི་ཞིང་ཁམས་ཙམ་དུ་དུས་གཅིག་ལ་སྐུ་གཅིག་གིས་དོན་བྱེད། སྤྲུལ་པ་སྟོན་ཚུལ་ཡང་། ལམ་རིམ་དུ། རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་པས་གང་འདུལ་གྱི་བཀོད་པ་ངེས་མེད་དུ་སྟོན་ཏོ། །དེ་ཡང་ས་བཅུ་ཙམ་སྒོམ་ལམ་ཕྱག་རྒྱའི་རིག་འཛིན་དུ་བསྡུས་ནས། རྒྱུན་མཐའི་ཡེ་ཤེས་དག་ལས་རྣམ་གྲོལ་ལམ་དང་། ཁྱད་པར་ལམ་ནི་ཐར་ལམ་ལྷུན་གྲུབ་རིག་འཛིན་ཡིན་ལ། འདི་ལ་དབྱེ་ན། ཕར་ཕྱིན་ཐེག་པའི་ལམ་གྱིས་བསྒྲུབ་པའི་སངས་རྒྱས། ཀྲྀ་ཡའི་རིགས་གསུམ། ཡོ་གའི་རིགས་ལྔ། མ་ཧཱའི་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་ཚབ་མཛད་པ་སྟེ་བཞིའོ། །དེ་ལྟར་ཡང་ལམ་རིམ་ལས། བྱ་བ་ལྷུན་གྲུབ་རྣལ་འབྱོར་གྱི། །རིག་འཛིན་ཆེན་པོ་ནང་རིག་འཛིན། །ཞེས་སོ། །འདི་དག་མཐར་ཐུག་གི་འབྲས་བུ་ལ་སྦྱོར་ཚུལ་མཚུངས་པས་སྐལ་བ་མཉམ་པ་ཡིན་མོད་ཀྱི། འོན་ཀྱང་ཕྱི་མ་བླ་མེད་ཀྱི་ལམ་གྱིས་བསྒྲུབས་པས་ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པའོ། །ཡོན་ཏན་གྱི་ཁྱད་པར། ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཤས་ཆེར་མཚུངས་པས་རྗེས་ཐོབ་ཏུ་སེམས་ཅན་སྒྲོལ་བ་ལ་མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་འགྲོ་བའི་དོན་མཛད་དེ། སྔ་མར། ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། །
ཞིང་ཁམས་ཐུག །པ་མེད་པ་དག །འདུལ་ཕྱིར་སྤྲུལ་སྐུའི་མཛད་པ་སྟོན། །ཅེས་དང་། གསང་བའི་ཏནྟྲ་སྟོན་པ་དང་། །དེ་བཞིན་བསྡུ་བ་མཛད་པ་དང་། །ཞེས་དང་། ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་ཡང་ཚད་མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །ཞེས་དང་། རྒྱུད་བླ་ལས་ཀྱང་། རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་སོ། །གཉིས་པ་དམན་ལམ་ལས་ཐེག་ཆེན་དུ་འཇུག་ཚུལ་ལ་གསུམ། ལྡོག་བྱའི་ས་མཚམས་དང་། གཞུག་བྱའི་ས་མཚམས་དང་། འཇུག་པའི་ཚུལ་ལོ། །དང་པོ་ནི། ཉན་ཐོས་རང་ལུགས་ལ་དྲོད་རྩེ་གཉིས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐེག་ཆེན་ཏུ་འཇུག་པ་ཡང་ཡོད་པར་འདོད་ཅིང་། རང་རྒྱལ་ནི། བཟོད་པ་འབྲིང་ནས་ཀྱང་འཇུག་པར་འདོད་དེ། མཛོད་ལས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་སོ། །སེམས་ཙམ་པ་ནི་ཕུང་པོ་ལྷག་བཅས་མན་ཆད་ནས་འཇུག་པ་ཡོད་པར་འདོད་དེ། རྣམ་པར་གཏན་ལ་དབབ་པར་བསྡུས་པ་ལས་ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་པ་ཅི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བླ་ན་མེད་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། སྨྲས་པ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་དེ། འདི་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི་བརྩོན་པ་ཐམས་ཅད་དང་བྲལ་ཞིང་། འབད་པ་ཐམས་ཅད་རྒྱུན་ཆད་པ་ཡིན་པའི་ཕྱིར། ཅེས་སོ། །དབུ་མ་པ་ནི་ཕུང་པོ་ལྷག་མེད་དུ་ཞུགས་པ་ཡང་ཐེག་ཆེན་དུ་འཇུག་པར་འདོད་དེ། ལང་ཀར་གཤེགས་པ་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ནས་ལྡང་བ་ལྟར། །དེ་ནི་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཤེས་བྱ་བ་ཐོབ། །ཅེས་སོ། །གཉིས་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ཉིད་ནས་འཇུག་དགོས་ཏེ། འདུན་ལྡན་གྱི་སེམས་བསྐྱེད་
སྔར་མ་སྐྱེས་ཤིང་གདོད་སྐྱེ་དགོས་པའི་ཕྱིར། དེས་ན་ཚོགས་ལམ་ལ་གནས་པའི་གང་ཟག་ཡིན་ན། སོ་སྐྱེ་ཡིན་པའི་ངེས་པ་མེད་དོ། །གསུམ་པ་ནི། ཉན་རང་སོ་སྐྱེའི་འཇུག་ཚུལ་སྐྱེ་བོ་ལམ་མ་ཞུགས་ཤིག་དང་པོ་ནས་ཐེག་ཆེན་དུ་འཇུག་པ་དང་ཚུལ་འདྲ་ཞིང་། འཕགས་པ་སློབ་པའི་འཇུག་ཚུལ། སེམས་བསྐྱེད་དེ་ཐབས་ལ་མཁས་པའི་མཐུས་འཕགས་པའི་ཟག་མེད་ཀྱི་དགེ་བ་དེ་འཁོར་བར་སྐྱེ་བའི་རྒྱུར་འགྱུར་ནས་སྐྱེ་བ་འཛིན་ཏེ། མདོ་སྡེ་རྒྱན་ལས། དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་སྒྱུར་བ་ཡི། །སྐྱེ་བ་དག་ནི་ཡང་དག་ལྡན། །ཞེས་སོ། །སྐྱེ་བ་ལེན་ཚུལ་ཡང་སྔ་མ་ལས། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། །ཅིག་ཤོས་ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་གསུངས་ཤིང་། དེ་དག་ཀྱང་དང་པོ་ཉིད་ནས་ཐེག་ཆེན་ལ་ཞུགས་པ་བས་ལམ་བུལ་བ་ཡིན་ཏེ། སྔ་མར། དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་སོ། །མི་སློབ་པ་འཇུག་ཚུལ་ནི། དགྲ་བཅོམ་ལྷག་བཅས་ཐེག་ཆེན་དུ་འཇུག་པའི་ཚེ། རྩ་བའི་ལུས་དེ་གཞན་གྱིས་མི་མཐོང་བའི་དབེན་པའི་གནས་སུ་བཞུགས་ཏེ། སྤྲུལ་པའི་ལུས་ཀྱིས་འགའ་ཞིག་ལ་མྱ་ངན་ལས་འདས་པར་ཡང་སྟོན་ལ་ཚོགས་རྣམས་ཀྱང་སྒྲུབ་པར་བྱེད་དོ། །བསྡུ་བ་ལས། ཇི་ལྟར་སྐྱེ་བ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་ཏུ་རུང་སྟེ། དགྲ་བཅོམ་པ་ལ་ནི་རེ་ཞིག་སྐྱེ་བ་གཅིག་ཀྱང་མེད་ན་སྐྱེ་བའི་རྒྱུན་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན། སྨྲས་པ། ཚེའི་འདུ་བྱེད་བསྲིངས་ནས་མངོན་པར་སྒྲུབ་པར་བྱེད་དོ། །ཞེས་སོ། །ཉན་རང་ཕུང་པོ་ལྷག་མེད་དུ་ཞུགས་ཟིན་ནས་ཐེག་ཆེན་དུ་འཇུག་པའི་ཚེ། སྔར་ཚོགས་ཇི་ཙམ་བསགས་པའི་ཡུན་དེ་ཙམ་གཅིག་ཞི་བའི་དབྱིངས་སུ་བློའི་འཇུག་པ་ཐིམ་ཡང་། དེ་ནས་བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་པདྨའི་སྦུབས་སུ་སྐྱེས་ཏེ། ལོ་བདུན་དུ་པདྨ་ཁ་ཟུམ་སྟེ་གནས་སོ། །དེ་ལ་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ཀྱི་ས་བོན་ཡོད་པའི་ཕྱིར། ཞིང་དེའི་སངས་རྒྱས་
ཀྱི་གསུང་གི་འོད་ཟེར་བསྒྲགས་ཏེ་ཏིང་ངེ་འཛིན་ལས་སློང་བའི་ཚིགས་སུ་བཅད་པ་འབྱུང་བ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདས་པ་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་ཐོས་མ་ཐག་ཏུ། ཐེག་ཆེན་ཏུ་འཇུག་འདོད་ཀྱི་སྤྲོ་བ་སྐྱེས་པས་པདྨ་ཁ་ཕྱེས་ཏེ། དེ་བཞིན་གཤེགས་པ་དེའི་དྲུང་དུ་སེམས་དེ་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་བྱང་ཆུབ་མངོན་དུ་མཛད་དོ། །དེ་ལྟར་ཡང་ལང་གཤེགས་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སྐྱེ་བ་ལ་རང་དབང་ཐོབ་པའི་སྒོ་ནས་ཚོགས་གཉིས་ཡོངས་སུ་བསགས་ཏེ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཞེས་སོ། །གསུམ་པ་ཟུང་འཇུག་འབྲས་བུའི་རྣམ་གཞག་ལ་གཉིས། ལྷན་གྲུབ་རིག་འཛིན་ལས་འབྲས་བུར་སྦྱོར་ཚུལ་དང་། གཏན་ལ་དབབ་པ་དངོས་སོ། །དང་པོ་ནི། དེ་ཡང་རྒྱུན་མཐའི་སྔ་ལོགས་ཚུན་ཆད་དུ་ཁུ་རྡུལ་རླུང་གསུམ་གྱི་འགྱུར་བདེ་མྱོང་བའི་ཡིད་དང་བཅས་པའི་གཉིས་སྣང་ཤེས་པ་ཕྲ་ཞིང་ཕྲ་བ་ཞིག་ཡོད་པ་དེ་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་བས། གསུམ་པ་དང་བཞི་པའི་རྗེས་ཆགས་ཀྱི་རྐྱེན་གྱིས་རླུང་གི་གཡོ་བ་ཕྲ་མོས་དམར་ཆ་ཕྲ་མོ་འབར་བའི་རང་བཞིན་གྱིས་ཕྲ་ཞིང་ཕྲ་བའི་དཀར་ཆ་བཞུ་བ་ལས། ཁུ་བ་རྣམ་པར་དག་པའི་དགའ་བ་བཅུ་དྲུག་ཡས་བབས་ཀྱི་ཚུལ་དུ་ཤར་བའི་ཡེ་ཤེས་ནི་དང་པོ་སེམས་སོ་སོར་རྟོག་པ་ལས་མངོན་པར་བྱང་ཆུབ་པའོ། །མས་བརྟན་གྱི་ཚེ་དཀར་དམར་རོ་གཅིག་ཏུ་གྱུར་པས་ཁུ་རྡུལ་གཉིས་ཀ་རྣམ་པར་དག་པའི་ཡེ་ཤེས་ལྷན་སྐྱེས་མཐར་ཕྱིན་པ་ཕུང་ལྔ་འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཡེ་ཤེས་ལྔ་ཚད་མེད་བཞིས་ཕྱེ་བའི་ལམ་མཐར་ཐུག་གི་ཡེ་ཤེས་སྟོང་ཉིད་ཉི་ཤུར་དག་པ་ནི་གཉིས་པ་བྱང་ཆུབ་ཀྱི་སེམས་ལས་མངོན་པར་བྱང་ཆུབ་པའོ། །མས་བརྟན་དེ་ཉིད་ཀྱི་མཐར་ཁུ་རྡུལ་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་གཉིས་པར་རླུང་ཡང་འགགས་པའི་ཡེ་ཤེས་སྟོང་ཉིད་མཐར་ཐུག་པ་ནི་གསུམ་པ་བརྟན་པའི་རྡོ་རྗེ་ལས་མངོན་པར་
བྱང་ཆུབ་པའོ། །དེ་ལྟར་ཁུ་རྡུལ་རླུང་གསུམ་འགགས་པས་གསུམ་ཀ་དག་པའི་ཡེ་ཤེས་ཤེས་བྱ་ཀུན་ལ་ཁྱབ་པ་ནི་བཞི་པ་རྡོ་རྗེའི་བདག་ཉིད་ལས་མངོན་པར་བྱང་ཆུབ་པའོ། །དེའི་དུས་ན་འགྱུར་བདེ་མྱོང་བའི་ཤེས་རིག་ཀྱང་རྒྱུན་ཆད་པས་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་མཁའ་ཁྱབ་མངོན་དུ་གྱུར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་ལས་མངོན་པར་བྱང་ཆུབ་པ་སྟེ། དེ་ལྟར་ཉེ་རྒྱུའི་ཏིང་ངེ་འཛིན་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས། དཀར་ཆ་དག་པ་སྐུ་རྡོ་རྗེ་དང་མེ་ལོང་ལྟ་བུའི་ཡེ་ཤེས། དམར་ཆ་དག་པ་གསུང་དང་མཉམ་ཉིད། རླུང་དག་པ་ཐུགས་དང་སོར་རྟོག །ཤེས་རིག་དག་པ་ཡེ་ཤེས་རྡོ་རྗེ་དང་ཆོས་དབྱིངས་ཡེ་ཤེས། བྱ་བ་གྲུབ་པའི་འཕྲིན་ལས་དང་བཅས་པ་མཐར་ཕྱིན་ཏེ་གདོད་མའི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའོ། །དེ་སྐད་དུ་ཡང་། སྒྱུ་འཕྲུལ་བླ་མ་ལས། དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་དུ། །འདུས་པས་ལོངས་སྤྱོད་དོན་གྱི་ཕྱིར། །སྲོད་དང་ཐོ་རངས་དུས་ཉིད་དུ། །ཉི་ཟླ་ཟ་བའི་དབང་བྱིན་ནས། །རོལ་པའི་ཀ་ར་བསྟན་པ་ཡིས། །དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་སོ། །གཉིས་པ་ལ་གསུམ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། དག་པ་གཉིས་ལྡན་གྱི་ཡེ་ཤེས་མཐར་ཐུག་གང་ཞིག །ཁ་སྦྱོར་ལ་སོགས་པའི་ཡན་ལག་བདུན་ལྡན་ནོ། །དེ་ལ་ཡན་ལག་བདུན་ནི། །ཇི་སྐད་དུ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཅེས་སོ། །གཉིས་པ་ནི། སྙིང་པོའི་ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པས། བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོགས་པས་འབྲས་བུའོ། །གསུམ་པ་ལ་གཉིས། ཆེན་པོ་གསུམ་གྱིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་སྐུ་ནི་
སྤོང་བ་ཆེན་པོ། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གསལ་ལེར་གཟིགས་པའི་ཡེ་ཤེས་ནི་རྟོགས་པ་ཆེན་པོ། དེའི་མཐུས་འགྲོ་བ་མཐའ་དག་གི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་ནི་སེམས་ཆེན་པོ་སྟེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །དེའི་དོན་སྦྱོར་ངག་ཏུ་བརྗོད་ན། མཐར་ཐུག་གི་འབྲས་བུ་ཆོས་ཅན། སྤངས་བ་ཆེན་པོ་ཡིན་ཏེ། སྒྲིབ་པ་ཀུན་ལས་རྣམ་པར་གྲོལ་བའི་སྐུ་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། རྟོགས་པ་ཆེན་པོ་ཡིན་ཏེ་ཤེས་བྱ་ཐམས་ཅད་གཟིགས་པ་ཡང་དག་པའི་སྐུ་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། སེམས་ཆེན་པོ་ཡིན་ཏེ། འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པའི་ཕྱིར། དེ་ཡང་རྒྱུད་བླ་ལས། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཅེས་གསུངས་སོ། །དེ་ལྟར་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སྐུ་གསུམ་དང་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའོ། །གཉིས་པ་ལ་གཉིས། རང་དོན་གྲུབ་པ་དང་། གཞན་དོན་མཛད་པའོ། །དང་པོ་ལ་གཉིས། སྐུའི་རྣམ་བཞག་དང་། དེ་ལ་མངའ་བའི་ཡོན་ཏན་ནོ། །དང་པོ་ནི། དེ་ལ་རང་སྣང་གི་སྐུ་གསུམ་དུ་དབྱེ་བའི་དབང་དུ་བྱས་ན། ཆོས་ཐམས་ཅད་མཚན་མ་མེད་པར་ཐུགས་སུ་ཆུད་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རང་བཞིན་རྣམ་དག་མངོན་དུ་གྱུར་པའི་ཆ་ནི་ཆོས་ཀྱི་སྐུ། དེ་གློ་བུར་རྣམ་དག་མཐར་ཐུག་པས་ཁྱད་པར་དུ་བྱས་པ་ན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་དག་པའི་སྣང་བ་རབ་འབྱམས་སུ་གཟིགས་པའི་ཆ་ནི་ལོངས་སྤྱོད་རྫོགས་པའི་སྐུ། དེ་ལ་མངའ་བའི་ཡོན་ཏན་གདུལ་བྱ་གཞན་སྣང་དུ་སྐུ་དང་མཛད་པའི་རྣམ་རོལ་སྟོན་ནུས་པའི་ཐུགས་རྗེ་དང་ནུས་མཐུའི་ཡེ་ཤེས་ཀྱིི་ཆ་ནི་སྤྲུལ་
པའི་སྐུ་སྟེ། རང་རྒྱུད་ཀྱིས་བསྡུས་པའི་སྐུ་གསུམ་མོ། །དེ་ལྟར་ཡང་གསེར་འོད་དམ་པར། སྐུ་གསུམ་གྱི་ལེའུ་ལས། དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པ་ཐམས་ཅད་མི་སྐྱེ་བའི་ཕྱིར། རྣམ་པར་དག་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྐུ་ནི་མེད་པ་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་ཆོས་ཀྱི་སྐུ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པས་སྤྲུལ་པའི་སྐུར་སྣང་བར་འགྱུར་རོ། །ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་དག་པས་ཆོས་ཀྱི་སྐུར་སྣང་བར་འགྱུར་རོ། །དཔེར་ན་ནམ་མཁའ་ལ་བརྟེན་ནས་གློག་འབྱུང་བར་འགྱུར་རོ། །གློག་ལ་བརྟེན་ནས་འོད་སྣང་ངོ་། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་འགྱུར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་པའི་སྐུར་སྣང་བར་འགྱུར་རོ། །དེ་ལ་རང་བཞིན་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་སྐུ་སྣང་ངོ་། །ཡེ་ཤེས་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ་། །ཏིང་ངེ་འཛིན་རྣམ་པར་དག་པས་སྤྲུལ་པའི་སྐུ་སྣང་ངོ་། །དེ་གསུམ་རྣམ་པར་དག་པ་ནི། ཆོས་ཀྱི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་རོ་གཅིག་པའི་དེ་བཞིན་ཉིད་དང་། རྣམ་པར་གྲོལ་བའི་དེ་བཞིན་ཉིད་དང་། མཐའ་ཀླས་པའི་དེ་བཞིན་ཉིད་ཀྱི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཐ་མི་དད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་༼མོ༽གང་དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པ་ཆེན་པོའོ། །ཞེས་སྨྲ་ཞིང་མོས་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་སུ་མེད་པར་བསམ་པ་ཐག་པས་ཤེས་པ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་སྒྱུ་འཕྲུལ་དུ་སྐུ་གསུམ་པོ་དེ་དག་ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་དང་། སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་སྟེ་སྐུ་ལྔའོ། །ཡང་། གཞན་སྣང་གཙོ་བོའི་དབང་དུ་བྱས་ན། རང་སྣང་སྐུ་གསུམ་ལས་མ་གཡོས་བཞིན་དུ། གདུལ་བྱའི་སེམས་དག་པ་དང་སྨོན་ལམ་གྱི་རྐྱེན་ཉེ་བར་འཛོམས་པ་ལས། གཞན་སྣང་གི་ལོངས་སྤྲུལ་གཉིས་ཆུ་ཟླའི་གཟུགས་བརྙན་ལྟར་འཆར་བ་ཡིན་ཏེ། རྒྱུད་བླར། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །
དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོ། །དེ་ཡང་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་མཚན་དཔེའི་སྣང་བརྙན་ངེས་པ་ལྔ་ལྡན་དུ་འཆར་བ་ནི་ལོངས་སྐུ་སྟེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །མ་དག་པའི་གདུལ་བྱ་རྣམས་ལ་བཟོ་དང་། སྐྱེ་བ། མཆོག་གི་སྤྲུལ་སྐུ་སོགས་མདོར་ན་བརྟན་གཡོ་སྣ་ཚོགས་པས་བསྡུས་པའི་སྤྲུལ་པ་གང་འདུལ་དུ་འཆར་བ་ནི་སྤྲུལ་པའི་སྐུ་སྟེ། སྔ་མ་ལས། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་དང་། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་དེ་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །ཡང་སྐུ་ལྔར་དབྱེ་ཚུལ་གྱི་རྣམ་གྲངས་མི་འདྲ་བ་ལྟར་ན། སློབ་དཔོན་འཇམ་དཔལ་གྲགས་པས། ཆོས་སྐུ་སོགས་གསུམ་གྱི་སྟེང་དུ། ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཀྱི་སྐུ་གཉིས་བསྣན་པའི་ལྔར་གསུངས། ཡང་སྐུ་གསུམ་གྱི་སྟེང་དུ་ངོ་བོ་ཉིད་སྐུ་བསྣན་པས་བཞིའམ། ཤིན་ཏུ་བསྡུ་ན་ཆོས་སྐུ་དང་གཟུགས་སྐུ་གཉིས་སུ་འདུས་ཏེ། དེ་ལྟར་དབྱེ་ཚུལ་མང་ངོ་། །གཉིས་པ་ལ་གཉིས། བརྟེན་པ་ཡེ་ཤེས་ལྔའི་རྣམ་བཞག་དང་། ཡོན་ཏན་དྲུག་ཅུ་རྩ་བཞིའི་དབྱེ་བའོ། །དང་པོ་ནི། ཤིན་ཏུ་རྣམ་པར་དག་པ་སྤྲོས་བྲལ་གྱི་ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་ཏེ། ལེ་ལག་ལས། རྣམ་རྟོག་ཀུན་གཞི་མ་ཡིན་ལ། །རང་བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་སོ། །དེས་ཆོས་ཐམས་ཅད་གསལ་ལ་མི་རྟོག་པར་གཟིགས་པའི་ཆ་ནི་མེ་ལོང་ཡེ་ཤེས་ཏེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །དེ་ལྟར་གཟིགས་པའི་ཆོས་ཐམས་ཅད་མཉམ་པར་གཟིགས་པ་ནི་མཉམ་ཉིད་ཡེ་ཤེས་ཏེ། སྔ་མ་ལས། མི་གནས་ཞི་བར་བཞུགས་པ་ནི། །
མཉམ་ཉིད་ཡེ་ཤེས་ཡིན་པར་བརྗོད། །ཅེས་སོ། །ངོ་བོ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་པ་ནི་སོར་རྟོག་ཡེ་ཤེས་ཏེ། སྔ་མ་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པའི་དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོ་ནི་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའི་ཕྱིར་བྱ་གྲུབ་ཡེ་ཤེས་ཏེ། སྔ་མ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པ་པོ། །ཞེས་སོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། རྒྱུད་བླ་མར། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་པའི་དོན། ཆོས་སྐུ་དང་གཟུགས་སྐུ་གཉིས་ཆོས་ཅན། གཙོ་ཆེ་ཆུང་གིས་ཡོན་ཏན་གྱི་རིགས་ཀྱི་དབྱེ་བ་གཉིས་དང་ལྡན་ཏེ། སྟོབས་བཅུ་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་ལས་སྒྲིབ་པ་དང་བྲལ་བ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཡོན་ཏན་རྣམས་དང་རྣམ་དབྱེར་མེད་པར་ལྡན་པ་གང་ཞིག །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ལས་རྣམ་པར་སྨིན་པའི་ཡོན་ཏན་དག་དང་ཡང་ལྡན་པའི་ཕྱིར། གཉིས་པ་ལ་གཉིས། བྲལ་བ་དང་། རྣམ་སྨིན་གྱི་ཡོན་ཏན་ནོ། །དང་པོ་ལ་གསུམ། སྟོབས་དང་། མི་འཇིགས་པ་དང་མ་འདྲེས་པའི་ཡོན་ཏན་ནོ། །དང་པོ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། དབང་པོ་མཆོག་དམན་དང་། འཇིག་རྟེན་གྱི་ཁམས་དུ་མ་དང་། མོས་པ་སྣ་ཚོགས་དང་། ཐམས་ཅད་དུ་འགྲོ་བའི་ལམ་དང་། ཉོན་མོངས་རྣམ་བྱང་དང་། སྔོན་གྱི་གནས་དང་། འཆི་འཕོ་སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །དེ་ལྟར་ཡང་རྒྱུད་བླར། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་
ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་སོ། །སྦྱོར་ངག་ནི། སྟོབས་བཅུ་ཆོས་ཅན། རྡོ་རྗེ་དང་མཚུངས་ཏེ། རང་རང་གི་མི་མཐུན་ཕྱོགས་འཇོམས་ནུས་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་རྣམ་པ་བཞི་སྟེ། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་མ་ལུས་པ་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཐར་པ་ཐོབ་པ་ལ་སྒྲིབ་པས་འགོག་པར་བྱེད་དགོས་སོ་ཞེས་བར་དུ་གཅོད་པའི་ཆོས་སྟོན་པ་ལ་མི་འཇིགས་པ་དང་། འཁོར་བ་ལས་ངེས་པར་འབྱུང་བའི་ཐེག་པ་གསུམ་གྱི་ལམ་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་དང་། སྤང་བྱ་མ་ལུས་པ་ཟད་པའི་འགོག་པ་ཐོབ་ཅེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་རྣམས་སོ། །དེ་ཡང་སྔ་མར། ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་སོ། །སྦྱོར་ངག་ནི། མི་འཇིགས་པ་བཞི་ཆོས་ཅན། ཞལ་གྱིས་བཞེས་པ་ལ་འཇིགས་པ་མེད་དེ། གཞན་གྱི་ཆོས་དང་མཐུན་པར་རྒོལ་མི་ནུས་པའི་ཕྱིར། གསུམ་པ་ནི། དེ་བཞིན་གཤེགས་པའི་མ་འདྲེས་པ་བཅོ་བརྒྱད་དེ། དུག་གསུམ་གྱིས་ཀུན་ནས་བསླང་བའི་སྐུའི་སྤྱོད་པ་འཁྲུལ་པ་མི་མངའ་བ་དང་། དེས་ཀུན་ནས་བསླང་བའི་གསུང་གི་སྤྱོད་པ་ཅ་ཅོ་མི་མངའ་བ་དང་། འདས་པའི་དོན་བརྗོད་པའི་དྲན་པ་ཉམས་པ་མི་མངའ་བ་དང་། དུས་རྟག་ཏུ་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་དང་། འཁོར་འདས་རང་བཞིན་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ་ཚོགས་མི་མངའ་བ་དང་། གདུལ་བྱ་དུས་ལ་བབས་ཀྱང་སོ་སོར་མ་བརྟགས་པའི་སྒོ་ནས་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བས་ཐུགས་ཀྱི་སྤྱོད་པ་བཞི་སྟེ་སྤྱོད་པས་བསྡུས་པ་དྲུག །མཁའ་མཉམ་འགྲོ་བའི་དོན་རྒྱུན་མི་ཆད་དུ་མཛད་པར་བཞེད་པའི་འདུན་པ་དང་། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་པའི་དྲན་པ་དང་། ཆོས་རྣམ་པར་འབྱེད་པའི་ཤེས་རབ་དང་། སྒྲིབ་པ་དང་བྲལ་བའི་རྣམ་པར་གྲོལ་བ་དང་། ཆོས་ཐམས་ཅད་
ལ་དབང་འབྱོར་པའི་ཤེས་རབ་སྒྲིབ་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་གཟིགས་པ་ཉམས་པ་མི་མངའ་བ་རྣམས་ཏེ་རྟོགས་པས་བསྡུས་པ་དྲུག །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་{ཀྱི་}རྗེས་སུ་འབྲང་བ་སྟེ་མཛད་པས་བསྡུས་པ་གསུམ། དུས་གསུམ་གྱི་ཆོས་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་མཁྱེན་པས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་དོ། །དེ་ཡང་སྔ་མར། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །ཞེས་སོ། །སྦྱོར་ངག་ནི། མ་འདྲེས་པ་བཅོ་བརྒྱད་ཆོས་ཅན། སྐྱེ་འཕགས་གཞན་དང་མ་འདྲེས་པས་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་བཞག་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ཎྱ་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་ཀྱང་གཡས་ལེགས་འཁྲུངས། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་
དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །། འདྲ་བ་འདི་དག་སུམ་ཅུ་གཉིས་མཚན། །ཞེས་སོ། །དེ་རྣམས་ནི་ཡོན་ཏན་དྲུག་ཅུ་རྩ་བཞི་སྟེ། རྒྱུད་བླ་མར་ཁྱད་གཞི་མཚན་སོ་གཉིས་དངོས་སུ་གསུངས་ནས་ཁྱད་ཆོས་དཔེ་བྱད་དོན་ལ་ཚང་བའི་དབང་དུ་མཛད་དེ་མ་སྨོས་ཀྱང་། སྤྲོ་ན། སྔ་མ་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །རྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་གཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་ཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་
གྱི་བེའུ་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །སྦྱོར་ངག་ནི། མཚན་བཟང་པོ་ཆོས་ཅན། ཁྱོད་ལ་རྣམ་སྨིན་གྱི་ཡོན་ཏན་ཞེས་བྱ་སྟེ། སྔོན་སློབ་ལམ་དུ་རྒྱུ་སོ་སོ་མཐར་ཕྱིན་པར་བསྒྲུབས་པ་ལས་ཡོན་ཏན་དེ་དག་མངོན་དུ་གྱུར་པའི་ཕྱིར། གཉིས་པ་གཞན་དོན་མཛད་པ་ལ་གཉིས། རང་སྣང་སྐུ་གསུམ་དབྱེར་མེད་དུ་བཞུགས་ཚུལ་དང་། དེ་ལས་འཕྲིན་ལས་འབད་མེད་དུ་འབྱུང་ཚུལ་དངོས་སོ། །དང་པོ་ནི། དེ་བཞིན་གཤེགས་པ་རྣམས་གང་དུ་འཚང་རྒྱ་བའི་ཞིང་ནི་དོན་ལ་སངས་རྒྱས་ཀྱི་ས་ཞེས་བྱ་བ་དེ་ཡིན་པས་ཕྱོགས་དང་རིས་སུ་ཆད་པ་མེད་ཅིང་། བདེ་སྟོང་དབྱེར་མི་ཕྱེད་པའི་བདག་ཉིད་ཀྱི་སྟོང་པའི་གཟུགས་བརྙན་གྱི་སྣང་ཆ་འོག་མིན་ཆེན་པོའི་གནས་མཐའ་དང་དབུས་མེད་པ་སྟེ། སྙིང་པོའི་འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་སོ། །དེ་ལྟ་བུའི་རང་སྣང་གི་ཞིང་ཁམས་ཤིན་ཏུ་རྣམ་པར་དག་པ་དེ་ལ་ནི། །དོན་གྱི་འོག་མིན་དང་། འོག་མིན་ཆེན་པོ་དང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པའི་མིང་གིས་བསྙད་པ་གང་ཡིན་པ་སྟེ། དེར་སྤངས་རྟོགས་མངོན་དུ་འགྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། དོན་ལ་ཆོས་སྐུའི་ཡེ་ཤེས་གཅིག་གི་ངོ་བོར་བཞུགས་པས། དེའི་གཟིགས་ངོར་མ་དག་པའི་སྣང་བ་གཏན་མེད་པའི་དག་པ་རབ་འབྱམས་ཀྱི་སྣང་བ་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རང་སྣང་བའི་ཡེ་ཤེས་ལས་འགྲོ་དོན་མཛད་པའི་བརྩེ་བ་དང་། ནུས་མཐུའི་ཡེ་ཤེས་མངའ་བ་ནི་རང་སྣང་གི་གཟུགས་སྐུ་གཉིས་ཏེ། སྐུ་གསུམ་ངོ་བོ་གཅིག་ལ་ལྡོག་ཆ་མ་འདྲེས་པའི་བདག་ཉིད་ཅན་དུ་བཞུགས་པ་ཡིན་ཏེ། རྒྱུ་མཚན། གདོད་མ་ནས་འཁོར་བའི་གནས་སྐབས་སུའང་རིགས་མི་འགྱུར་:མི་༼བའི༽ཡེ་ཤེས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ངོ་བོར་བཞུགས་པ་ཉིད་སྒྲིབ་པ་བྲལ་སྟོབས་ཀྱིས་དེ་ལྟར་སྣང་བའི་ཕྱིར། དེ་ལྟར་ཡང་། སྔ་མ་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་
རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་དང་། བརྟག་གཉིས་ལས། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་སོ། །གཉིས་པ་ལ་གཉིས། འབད་མེད་དུ་གཞན་དོན་འབྱུང་ཚུལ་དཔེས་མཚོན་པ་དང་། རྟག་ཁྱབ་ལྷུན་གྱིས་གྲུབ་པའི་སྒོ་ནས་འཕྲིན་ལས་ཇི་ལྟར་མཛད་ཚུལ་ལོ། །དང་པོ་ནི། རྒྱུད་བླར། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་པའི་དོན། རང་སྣང་གི་སྐུ་གསུམ་ལས་གཡོས་པ་མེད་བཞིན་དུ་དག་མ་དག་གི་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པར་གཞན་དོན་འབད་མེད་དུ་འབྱུང་ཚུལ་ཡོད་དེ། ཇི་ལྟར་བཻ་ཌཱུཪྻའི་ས་གཞི་ལ་ལྷའི་དབང་པོའི་གཟུགས་བརྙན་འཆར་བ་བཞིན་དུ་འགྲོ་སེམས་དག་པ་ལ་ཐུབ་པའི་དབང་པོའི་སྐུའི་གཟུགས་བརྙན་འཆར་བ་དང་། ཇི་ལྟར་ལྷའི་རྔ་བོ་ཆེའི་སྒྲས་ལྷ་རྣམས་བག་མེད་པ་ལས་སློང་བ་བཞིན་དུ་སངས་རྒྱས་ཀྱི་གསུང་དེ་ཡང་འབད་རྩོལ་མེད་པར་གདུལ་བྱའི་སྐལ་བ་བཞིན་དུ་ཆོས་སྟོན་པའི་དབྱངས་དང་ལྡན་པ་དང་། ཇི་ལྟར་དབྱར་གྱི་དུས་ན་སྤྲིན་ལས་ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ་ཆར་ཆུའི་ཕུང་པོ་འབད་མེད་དུ་འབེབས་པ་བཞིན་དུ་ཐུགས་རྗེའི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་འགྲོ་བའི་དགེ་བའི་ལོ་ཏོག་མངོན་པར་འཕེལ་བའི་རྒྱུར་འབེབས་པ་དང་། ཇི་ལྟར་ཚངས་པ་རང་གི་གནས་ལས་གཡོས་པ་མེད་པར་འདོད་ཁམས་ཀྱི་ལྷའི་ནང་དུ་སྤྲུལ་པ་འབད་མེད་དུ་འབྱུང་བ་བཞིན་དུ་དེ་བཞིན་གཤེགས་པ་དེ་ཡང་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱ་སྐལ་ལྡན་རྣམས་ལ་འབད་མེད་དུ་སྣང་བ་དང་། ཇི་ལྟར་ཉི་མའི་དཀྱིལ་འཁོར་རྟོག་པ་མེད་ཀྱང་པདྨ་འབྱེད་ཅིང་ཀུ་མུད་ཟུམ་པ་ལ་སོགས་པ་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པ་དེ་ཡང་རྣམ་རྟོག་མེད་པར་གདུལ་བྱའི་སྐྱེ་བོའི་པད་ཚལ་རྒྱས་པར་བྱེད་པ་དང་། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་འབད་རྩོལ་མེད་པར་དགོས་འདོད་སྟེར་བ་བཞིན་དུ་རང་སྣང་ལས་གཡོ་བ་མེད་པར་གདུལ་བྱའི་རེ་བ་སྐོང་བ་དང་། ཇི་ལྟར་སྒྲ་སྙན་བྲག་ཆ་
ནི་རྣམ་རྟོག་མེད་ཅིང་སྐྱེ་བ་མེད་ཀྱང་རང་འབྱུང་བ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་རྐན་དང་ལྕེ་ཕྲད་པ་ལ་སོགས་པའི་བྱེད་རྩོལ་མེད་པར་ཆོས་ཀྱི་སྒྲ་རང་འབྱུང་བ་དང་། ཇི་ལྟར་ནམ་མཁའ་ལ་མཐོ་དམན་གྱི་རྣམ་པ་སོགས་གང་ལྟར་སྣང་ཡང་དེ་ལྟ་མ་ཡིན་པ་བཞིན་དུ་དེ་བཞིན་གཤེགས་པ་དེ་ཡང་གདུལ་བྱའི་སྣང་ངོར་ཇི་ལྟར་སྟོན་ཀྱང་དོན་ལ་སྐྱེ་འགག་ཅན་མ་ཡིན་པ་དང་། ཇི་ལྟར་ས་གཞི་ལ་བརྟེན་ནས་ལྗོན་ཤིང་ལ་སོགས་པ་འཕེལ་ཞིང་རྒྱས་པར་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པ་དེ་ཡང་རྣམ་རྟོག་མེད་པར་དེ་ལ་བརྟེན་ནས་འགྲོ་བའི་དགེ་བའི་རྩ་བ་མ་ལུས་པ་སྐྱེད་པར་བྱེད་པ་ཡིན་ཏེ། སྔ་མ་ལས། རིན་ཆེན་ལྷ་དབང་སྣང་ཞིང་སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་ལ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མི་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་པ་ཡིན་ནོ། །ཞེས་སོ། །དེ་དག་ཀྱང་དཔེ་ལས་ཁྱད་པར་དུ་འཕགས་ཚུལ་གྱིས་ཕྱོགས་རེ་བ་མ་ཡིན་པར་སྒྲུབ་པ་ཡང་། སྔ་མ་ལས། སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་དང་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་བྱེད་མིན་པ་དེ་འདྲ་མིན། །སྤྲིན་ཆེན་དང་མཚུངས་དོན་མེད་པའི། །ས་བོན་སྤོང་མིན་དེ་འདྲ་མིན། །ཚངས་ཆེན་བཞིན་དུ་གཏན་དུ་ནི། །སྨིན་པར་བྱེད་མིན་དེ་འདྲ་མིན། །ཉི་མའི་གཟུགས་བཞིན་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲ་མིན། །ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །རྙེད་པར་མི་དཀའ་དེ་འདྲ་མིན། །སྒྲ་སྙན་བཞིན་ཏེ་རྐྱེན་ལས་ནི། །བྱུང་བ་དེ་དང་འདྲ་བའང་མིན། །ནམ་མཁའ་དང་འདྲ་དགེ་བ་ཡི། །གཞི་མིན་དེ་དང་འདྲ་བའང་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡིི་རྟེན་ཡིན་
ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །ཞེས་སོ། །གཉིས་པ་ལ་གསུམ། རྟག་པ། ཁྱབ་པ། ལྷུན་གྱིས་གྲུབ་པའི་འཕྲིན་ལས་སོ། །དང་པོ་ནི། དེ་བཞིན་གཤེགས་པའི་འཕྲིན་ལས་ཆོས་ཅན། རྟག་པ་ཡིན་ཏེ། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་ཆད་པ་མེད་པའི་ཕྱིར། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་དང་། རྒྱུད་བླ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་ཆད། །ཅེས་སོ། །གཉིས་པ་ནི། ཕྲིན་ལས་ཆོས་ཅན། ཁྱབ་པ་ཡིན་ཏེ། ནམ་མཁའ་ལྟར་གདུལ་བྱའི་ཁམས་ལ་ཕྱོགས་རིས་མེད་པར་ཁྱབ་པའི་ཕྱིར། རྒྱུད་བླ་ལས། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་སོ། །གསུམ་པ་ནི། ཕྲིན་ལས་ཆོས་ཅན། ལྷུན་གྱིས་གྲུབ་པ་ཡིན་ཏེ། གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན་འབད་རྩོལ་མེད་པར་ངང་གིས་གྲུབ་པའི་ཕྱིར། མདོ་སྡེ་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་འཕྲིན་ལས་ནི་གདུལ་བྱ་སོ་སོའི་སྐལ་བ་དང་འཚམ་པར་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་འཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་ཟོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ལེགས་པར་བཤད་པ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། གསེར་འོད་དམ་པ་ལ་སོགས་པ་རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་དང་། དེའི་དགོངས་འགྲེལ་རྒྱལ་ཚབ་མི་ཕམ་མགོན་པོས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལ་སོགས་པ་གསུང་རབ་
རྣམ་པར་དག་པ་རྣམས་ཀྱི་དགོངས་དོན་བཞིན་དུ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་མཁན་ཆེན་བླ་མ་མཆོག་གི་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ལས་བརྩམས་ཏེ་ལེགས་བཤད་ཀྱི་བཀའ་དྲིན་ནོད་པའི་སྐལ་བཟང་དང་པོར་ཐོབ་པའི་ཚེ། རང་བློས་ཇི་ལྟར་ངེས་པ་རྣམས་གཞིར་བཟུང་། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་སོགས་མཁས་གྲུབ་འགྲན་ཟླ་དང་བྲལ་བ་རྣམས་ཀྱི་གསུང་རབ་རྣམས་ལ་ལེགས་པར་བརྟགས་ཏེ་ཡིད་གཞུངས་པར་བྲིས་པས་རྣམ་པར་དག་པའི་བསྟན་བཅོས་སུ་རློམ་སྟེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས་པའི་རྒྱུ་མཚན་གྱིས་སོ། །བློ་གྲོས་ཀུན་གསལ་བཞིན་གྱི་ཁྱོན་ཡངས་པོར། །གཞི་ལམ་འབྲས་བུའི་མན་ངག་ཉིན་མོར་བྱེད། །དྲི་མེད་ལེགས་བཤད་འོད་ཟེར་འབུམ་བཀྱེ་བས། །རྣམ་དཔྱོད་པདྨོའི་གེ་སར་འཛུམ་གྱིས་བསུ། ༡། ཕྱོགས་འཛིན་གྲུབ་མཐའི་གནས་ལ་མངོན་ཞེན་པས། །རྩོད་བྲལ་མཁས་གྲུབ་དུ་མའི་བཞེད་གཞུང་ཡང་། །མ་དག་འཁྲུལ་པར་སྒྲུབ་གང་བྱིས་པའི་བློ། །ཡིན་ཕྱིར་གནས་ངན་ལེན་དུ་གཞོལ་བ་ཉིད། ༢། ཟུང་འཇུག་ལམ་གྱི་གནད་དོན་མ་རྟོགས་པར། །ཕྱོགས་རེའི་ལྟ་བ་མཛེས་མའི་བསླུ་བྲིད་ཀྱིས། །སེམས་གླང་འཆོལ་པར་དཔྱོད་ལས་རང་བྱུང་གི །། ཡེ་ཤེས་ཆེན་པོར་རྫོགས་པའི་ལྟ་བས་དབེན། ༣། འཁྲུལ་བྲལ་རྒྱལ་བའི་དགོངས་གསང་ངེས་པའི་དོན། །སྙིང་པོའི་སྡེ་སྣོད་རྗེས་འབྲངས་གྲུབ་མཐའི་བཅུད། །ལེགས་བཤད་སྙིང་པོར་ལོངས་ལས་ཐར་འདོད་ལས། །བདེ་ཆེན་སིམ་པ་སྦྱིན་བྱེད་འདི་རྨད་བྱུང་། ༤། དེ་ཕྱིར་བཀའ་ཡི་འཁོར་ལོ་རྩིབས་སྟོང་ཅན། །རིམ་པ་གསུམ་དུ་འཁོར་བས་བདུད་སྡེའི་དཔུང་། །ཕ་མཐར་བྱས་ཚེ་དོན་དམ་རྣམ་ངེས་སྐོར། །ལེགས་བཤད་དབྱངས་སུ་ལེན་པའི་གར་གྱིས་བྲེལ། ༥། གསེར་མངལ་ཅན་དང་མཆོད་སྦྱིན་བརྒྱ་པ་སོགས། །དཀར་ཕྱོགས་སྐྱོང་བའི་བྱ་བ་བདུད་རྩིའི་རོར། །དཔྱོད་པའི་སྲུང་མ་ནུས་མཐུར་ལྡན་རྣམས་ཀྱང་། །ཅི་ཕྱིར་ཐུབ་བསྟན་
སྤེལ་ལ་བརྩོན་མི་བྱེད། ༦། དེ་ལྟར་བདག་གིས་ངལ་བས་བསྒྲུབས་པའི་འབྲས། །རྒྱལ་བསྟན་སྙིང་པོ་འགྱུར་༵མེད༵་འདོད་འཇོའི་གཏེར། །སྐལ་ལྡན་སྐྱེ་རྒུའི་གདུང་སེལ་བྱེད་པོ་རུ། །མི་ཕྱེད་རྡོ༵་རྗེ༵འི་ངོ་བོར་འགྲུབ་གྱུར་ཅིག །༧། སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་འཕྲོས་པའི་དཀའ་གནས་འགའ་ཞིག་ཟུར་དུ་བཀོལ་བ་གཞི་ལམ་འབྲས་བུའི་མན་ངག་ངེས་དོན་གྲུབ་མཐའི་སྙིང་པོ་ཞེས་བྱ་བ་འདི་ཡང་རབ་བྱུང་བཅུ་གཉིས་པ་རྣམ་གྱུར་གྱི་ལོ་དབྱར་ཆོས་ཐོག་མཁན་ཆེན་བླ་མ་མཆོག་གི་ཞབས་དྲུང་དུ་སྡོམ་གསུམ་གྱི་གསུང་བཤད་རྣམ་ཞིབ་མོར་ནོས་པའི་ཚེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་བཀའ་དྲིན་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་དབུགས་དབྱུང་གི་བཀའི་གནང་བས་མདུན་བསུས་ཏེ་གསུང་བཤད་རྣམས་བརྗེད་བྱང་དུ་སྤེལ་ན་རང་ཉིད་ཀྱི་དྲན་གསོ་དང་གཞན་དག་ལ་ཡང་ཕན་པར་འགྱུར་ཞེས་ཤིན་ཏུ་དགྱེས་པའི་བཀའ་སྩལ་དད་བརྒྱའི་གཙུག་གིས་གུས་པར་མཆོད་དེ་གང་གི་བཀའ་དྲིན་གྱིས་འཚོ་བའི་སྨྱོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་རང་ལོ་ཉེར་ལྔ་པ་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་དགེ་བར་སྔ་དྲོ་བརྟན་པ་སེང་གེའི་དུས་སྦྱོར་ཐོག་རྫོགས་པར་སྦྱར་བ་སྟེ། འདིས་ཀྱང་འགྲོ་ཀུན་བདེ་གཤེགས་སྙིང་པོ་རྟོགས་པའི་རྒྱུར་གྱུར་ཅིག། །།