← Search

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།

རིག་འཛིན་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ། རིག་འཛིན་འགྱུར་མེད་རྡོ་རྗེ།

p. 1

རིག་འཛིན་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ།

p. 2

རིག་འཛིན་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ་བཞུགས་སོ། །རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་གར། །ཅིར་ཡང་སྟོན་མཛད་བླ་མ་དང་། །དབྱེར་མེད་ཐོད་ཕྲེང་རྩལ་ལ་འདུད། །འདིར་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཕྱི་ནང་གསང་བའི་སྒྲུབ་པའི་ལས་རིམ་ལ་འཇུག་པ་ནི་སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་སྟོན་ཏེ། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སར་ཕྱག་བདར་བྱས། སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲིས། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་དང་མཚམས་ཁོངས་སུ་ཆུད་དགོས་པ་ཐམས་ཅད་ཀྱང་སྤྱི་དང་མཐུན་པ་འདུ་བྱས་ལ། གཟའ་ཚེས་སོགས་དགེ་ཞིང་ཤིས་པ་ནས་དབུ་བཟུང་སྟེ། ལོང་སྐབས་ཡོད་ན་ཐོག་མར་བསྙེན་པ་དངོས་མ་ཚུགས་པའི་ཞག་གཉིས་གསུམ་ཙམ་གྱི་གོང་ནས་ཕྱི་མཚམས་བཅད་ལ། དེ་ཉིན་གྱི་དགོང་ཐུན་ལ་རིག་འཛིན་ལས་བྱང་གིས་ཁོག་ཕུབ་པའི་བདག་བསྐྱེད་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་གཏོར་བཏང་ནས་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། སྲུང་བའི་འཁོར་ལོ་བརྟན་པར་བ སྒོམ་དེའི་ནུབ་བམ་སང་ཐོ་རངས་ནས་བཟུང་། དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བ་ལས་ངེས་པར་འབྱུང་བའི་བློ་རྩེ་གཅིག་པས་སྐྱབས་སེམས་ཡིག་བརྒྱའི་སྒོམ་བཟླས་བླ་མའི་རྣལ་འབྱོར་རྣམས་ཁྲིད་ཡིག་ལས་བྱུང་བ་བཞིན་ཐུན་བཞིའམ་གཉིས་སོགས་ཀྱི་ཁྲིགས་སུ་བཅད་ནས་ཞག་མང་ཉུང་ཇི་ལྟར་རིགས་པས་སེམས་རྒྱུད་དང་

p. 3

ཅི་འདྲེས་སུ་བྱེད་ཅིང་། འགྲུབ་ན་གཞན་དག་ཀྱང་བསྐུལ་ཏེ། གསུང་སྒྲོག ཆུ་གཏོར། ཉེའུ་འདོན། སྲོག་བླུ། སཱཙྪ་འདེབས་པ་སོགས་དགེ་བའི་དཔུང་བསྐྱེད་ཅི་ནུས་བསྒྲུབ་པས་རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པ་སོགས་ཀྱི་དགོས་པ་ཡོད་ཅིང་། ལོང་ཆུང་ན་མ་འགྲུབ་ནའང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་བསྙེན་པ་དངོས་ལ་འཇུག་རྒྱུའི་དགོང་ཐུན་དེ་ལ་བསྐྱེད་བཟླས་དང་གཞི་བགེགས་ཀྱི་གཏོར་མ་བཏང་བ་སོགས་སྔར་དང་འདྲ་བས་ནང་མཚམས་བཅད། ཐོ་བརྩིགས་པ་རྒྱལ་ཆེན་བཞིར་མོས་ནས་མཆོད་གཏོར་ཕུལ་ལ་ཕྲིན་ལས་གསོལ་བརྟན་བཞུགས་ཤིས་བརྗོད་རྣམས་བྱའོ། །གཉིས་པ་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ནི། རང་གང་དུ་བལྟ་བའི་ཕྱོགས་དེ་ཉིད་དུ་བྲིས་སྐུ་སོགས་རྟེན་བཤམས་པའི་སྟེགས་བུ་གཙང་མའི་ཁར་སྨན་རག་ཉེར་སྤྱོད་སོགས་མཆོད་རྫས་རྣམས་ལག་ལེན་ལྟར་བཤམས་ལ་ཉིན་རེ་བཞིན་ཁ་གསོ་མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་བཅུག་ལས་ངོ་གསར་དང་མི་འཕྲད་ཅིང་ཆས་ཀ་གཏོང་ལེན་ཡང་མི་བྱ། སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་མེད་པར་ལྷའི་ང་རྒྱལ་ཤུགས་དྲག་དང་བཟླས་པ་འཕྲེང་སྐོར་རེ་རེའི་མཚམས་སུ་ཡང་ཡང་གསལ་འདེབས་ཤིང་། བླ་མ་ལ་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་བསྐྱེད་པ་རྣམས་དང་མ་འབྲལ་བའི་བློ་ཁྲིགས་སུ་བཅུར་ནས་བསྐྱངས་པས་ཇི་ཞིག་ན་རྩོལ་མེད་ཤུགས་འབྱུང་དུ་འཆར་བར་འགྱུར་ཞིང་། དཔེར་མཚོན་ན། ད་རེས་བཟླས་པ་མ་གྲོལ་བར་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་པ་ཁོ་ནར་སོང་བ་ལ། ད་རེས་གསང་སྔགས་ཟབ་མོའི་ལམ་སྒྲུབ་ཏུ་ཡོད་པ་ནི་སྐལ་བ་རེ་བཟང་སྙམ་པའི་མོས་གུས་གདུང་ཤུགས་ཀྱི་འབད་རྩོལ་དྲག་པོ་བྱས་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་དེ་ལྟར་ཤེས་པར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་གྱི་ཚོགས་བསགས་པ་རྣམས་སྤྱི་དང་མཐུན་པར་བྱས་རྗེས་དོན་དམ་བྱང་ཆུབ་སེམས་ཀྱི་ངང་དུ་བཟོ་མེད་ལྷུག་པར་ཅི་གནས་སུ་བཞག་

p. 4

པའི་ངང་ལས། སྭ་བྷཱ་ཝའི་སྔགས་བརྗོད་པའི་མཐུས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་དག སེམས་སྣང་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བར་སེམས་བསྲེ། དེའི་ངང་ལས་མི་ཤིགས་པ་རྡོ་རྗེ་བསྲུང་བའི་ར་གུར་ཡེ་ཤེས་ཀྱི་མེ་དཔུང་འབར་བར་འཁྲིགས་པས་འཁོར་ཡུག་ཐམས་ཅད་ཁྱབ་པའི་ནང་དུ་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་ཡོངས་སུ་གསལ་བའི་དབུས་སུ་པདྨའི་སྡོང་པོ་རབ་ཏུ་རྒྱས་པ་འདབ་མ་བརྒྱད་པའི་ལྟེ་བར་ཉི་ཟླའི་གདན་ལ་རང་རིག་ཧཱུྃ་དམར་པོ་འབར་བ་ལ་སེམས་བསྲེ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་གདོད་མའི་མི་ཤིགས་པ་རིག་འཛིན་བླ་མའི་ངོ་བོར་སད་འོད་ཟེར་རྣམས་ཧཱུྃ་ལ་འདྲེས། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གི་རིག་འཛིན་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་གསང་ཕོད་ཟབ་བེར་ཆོས་གོས་སྙན་ཞུ་སོགས་མཛེས་ཤིང་བརྗིད་པའི་ཆས་ཀྱིས་བརྒྱན་ཅིང་མཚན་དཔེའི་གཟི་བྱིན་འབར་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་དཔུང་པ་གཡས་ཀྱི་ཐད་སོར་གདེངས་ཤིང་གཡོན་བྷནྡྷ་དམ་ཚིག་གི་བཟའ་བས་གཏམས་པའི་དབུས་སུ་རིན་པོ་ཆེའི་བུམ་པ་འཆི་བ་མེད་པའི་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། ཞབས་གཉིས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་མཁའ་འགྲོ་མཚོ་རྒྱལ་དཀར་དམར་མཛེས་སྡུག་ལང་ཚོས་སྒེག་པ་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཅན་གཡས་ཅང་ཏེའུ་འཁྲོལ་བའི་སྟབས་སུ་འཛིན་ཅིང་། གཡོན་བདུད་རྩིའི་ཐོད་པ་སྟོབ་པའི་ཚུལ་དུ་སྙོམས་པར་འཇུག་པ་སྐུ་ལས་སྤྲུལ་པའི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོ་བ་མཐའ་སྐོར་གྱི་པདྨའི་འདབ་མ་བརྒྱད་ལ་ཤར་དུ་ཧཱུྃ་ཀཱ་ར་རྡོ་རྗེ་དྲིལ་བུ༑ ལྷོར་འཇམ་དཔལ་བཤེས་གཉེན་བེ་ཅོན་སྡིགས་མཛུབ། ནུབ་ཏུ་ཀླུ་སྒྲུབ་གསེག་པར། བྱང་དུ་པྲ་བྷ་ཧ སྟི་རྒྱ་གྲམ་གླེགས་བམ། ཤར་ལྷོར་དྷ་ན་སམ་ཀྲི་ཏ་ཐོད་རྔ་པད་ཕོར། ལྷོ་ནུབ་ཏུ་བི་མ་མི་ཏྲ་མཉམ་བཞག་ཚེ་བུམ། ནུབ་བྱང་དུ་གུ་ཧྱ་ཙནྟྲ་ལྕགས་ཀྱུ་ཞགས་པ། བྱང་ཤར་དུ་ཤནྟིཾ་གརྦྷ་ཐོད་པ་དང་གྲི་གུག་འཛིན་པ། ཐམས་ཅད་ཀྱང་གསང་ཕོད་སྣམ་སྦྱར་སྙན་ཞུ་ལ་སོགས་པའི་ཆས་ཅན་རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་

p. 5

ཁྱབ་པས་བསྐོར་བའི་སྒྱུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པར་འཆར་བ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་རང་རིག་ཀ་དག་གདོད་མའི་མི་ཤིགས་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་རིག་འཛིན་བླ་མའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་རྣམ་རོལ་དུ་ཤར་བ་ལ་སེམས་རྩེ་གཅིག་པ་ཉིད་ཀྱི་ཐུགས་ཁར་པད་ཉི་ཟླ་བའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བར་བསམ་ལ། དེ་ལས་བྱུང་བའི་འོད་ཀྱིས་སྣང་བ་ཐམས་ཅད་ལྷ། གྲགས་པ་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་ལས་གཡོ་བ་མེད་པའི་ངང་ནས། ༀ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པའི་བཟླས་པ་ཅི་ནུས་སུ་བཟླས་པའི་མཐར་སྦྱང་བ་གསུམ་སྔོན་དུ་འགྲོ་བའི་རླུང་བུམ་པ་ཅན་དང་སྦྱར་ཏེ་རླུང་སྔགས་དབྱེར་མི་ཕྱེད་པའི་རྡོར་བཟླས་ཀྱང་ཅི་ནུས་སུ་བྱ་ཞིང་ཐུན་བསྡུ་བ་ན་ལྷ་སྔགས་ལ་སོགས་པ་མཚན་མའི་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག དེ་ལས་ལྡང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལངས་ནས་བསྔོ་སྨོན་བྱ། དེ་ནས་སྲོད་ཐུན་ཡང་སྐྱབས་སེམས་ནས་བཟུང་ཐུན་བསྡུ་བའི་བར་སྔར་ལྟར་ལས་ཐུན་མཐར་གཏོར་བསྔོ་སོགས་དགེ་སྦྱོར་ཁྲིགས་གཞན་རྣམས་ཀྱང་བྱ་ཞིང་མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་ཁའི་ཧཱུྃ་ཡིག་ལ་སེམས་རྩེ་གཅིག་པས་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབས་པ་ན་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཤིང་སྐྱབས་སེམས་ཡན་ལག་བདུན་པ་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་གྱི་སྔ་དྲོ་ཐུན་གཉིས་ཕྱི་དྲོ་ཐུན་གཉིས་ཏེ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང་། དེ་ནས་སྲོད་ཐུན་གྱི་བར་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང་། འོན་ཀྱང་འདི་ལ་ངག་འདོན་སོགས་ཀྱི་སྤྲོས་པ་ཉུང་བས། ཐུན་བཞི་མར་བྱས་པ་ཉིད་བློ་འཇུར་བ་ལ་ཕན་པའི་ཕྱིར་དེ་ལྟར་བྱས་པ་ཉིད་ལེགས་ཤིང་། གང་ལྟར་ཡང་རིམ་པ་དེ་ལྟ་

p. 6

བུའི་གྲངས་ནི་འབྲུ་འབུམ་ནས་འབུམ་ཕྲག་གཅིག་གི་བར་དང་། དུས་ནི་ཟླ་བ་གཅིག་ནས་བདུན་ཕྲག་གཅིག་གི་བར་དང་། མཚན་མ་ནི་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་ཞིང་ལུང་སྟོན་པའི་བར་རོcགཉིས་པ་ནང་སྒྲུབ་ནི། སྦྱོར་བ་སྔར་དང་འདྲ་བ་ལས། སྭཱ་བྷཱ་ཝས་སྟོང་པར་སྦྱངས་ཏེ༑ སྟོང་པ་ཉིད་ཀྱི་ངང་ལས། སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ལྔའི་རང་མདངས་འཇའ་འོད་སྣ་ལྔའི་གུར་ཁྱིམ་འཁྲིགས་པར་གྱུར་པའི་དབུས་སུ་རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་པདྨ་དང་ཉི་ཟླའི་གདན་ལ་རིག་པའི་རང་རྩལ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གི་བླ་མ་རྡོ་རྗེ་ཐོད་འཕྲེང་རྩལ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན་ཁྲོ་འཛུམ་བཞད་པའི་ཉམས་ལྡན་སྤྱན་གསུམ་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་དར་གྱི་ཅོད་པཎ་དང་རུས་པའི་རྒྱན་གྱིས་སྤྲས་པ། རལ་པའི་ཐོར་ཚུགས་དང་མཚན་དཔེའི་གཟི་བྱིན་ཅན་ཕྱག་གཉིས་རྡོར་དྲིལ་ཐུགས་ཁར་བསྣོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་དབྱིངས་ཕྱུག་མནྡྷ་ར་བ་དཀར་གསལ་གྲི་ཐོད་འཛིན་པས་འཁྲིལ་བ། བདེ་སྟོང་གཉིས་སུ་མེད་པའི་རྣམ་རོལ་ཅན་སྤྲུལ་པའི་འོད་ཟེར་མཐའ་ཡས་པར་སྤྲོ་བ། དེའི་སྤྱི་བོར་བུདྡྷ་ཐོད་ཕྲེང་དཀར་པོ་འཁོར་ལོ་དང་དྲིལ་བུ། མགྲིན་པར་པདྨ་ཐོད་ཕྲེང་དམར་པོ་པདྨ་དང་དྲིལ་བུ། སྙིང་ཁར་བཛྲ་ཐོད་ཕྲེང་སྔོན་པོ་རྡོ་རྗེ་དང་དྲིལ་བུ། ལྟེ་བར་རིན་ཆེན་ཐོད་ཕྲེང་སེར་པོ་རིན་པོ་ཆེ་དང་དྲིལ་བུ། གསང་བར་ཀརྨ་ཐོད་ཕྲེང་ལྗང་གུ་རལ་གྲི་དང་དྲིལ་བུ། ཐམས་ཅད་ཀྱང་རང་མདོག་གི་ཡུམ་གྲི་ཐོད་འཛིན་པ་དང་སྦྱོར་ཞིང་། རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཚུངས་པ། མཐའ་སྐོར་དུ་རིན་ཆེན་ཟུར་བརྒྱད་པའི་སྟེང་གི་ཤར་དུ་པདྨ་འབྱུང་གནས། ལྷོར་བློ་ལྡན་མཆོག་སྲེད། ནུབ་ཏུ་ཉི་མ་འོད་ཟེར། བྱང་དུ་སེངྒེ་སྒྲ་སྒྲོག ཤར་ལྷོར་པདྨ་སཾ་བྷ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ། ནུབ་བྱང་དུ་ཤཱཀྱ་སེངྒེ། བྱང་ཤར་དུ་རྡོ་རྗེ་གྲོ་ལོད་རྣམས་ཆ་ལུགས་སྤྱི་དང་མཐུན་པ་རིག་འཛིན་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི་སྤྲིན་ཕུང་སྤྲོ་བ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་

p. 7

པའི་ངོ་བོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་མཐིང་ག་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ལས་བྱུང་བའི་འོད་ཀྱིས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡེ་ཤེས་ལྔའི་འོད་ཁྱིམ། བཅུད་ཀྱི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ཚོམ་བུར་རྫོགས་པ་ལས་གཞན་དུ་མ་གཡོས་པའི་སེམས་རྩེ་གཅིག་པས་ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་བཟླས་པ་ལ་ཆིག་སྒྲིལ་དུ་བྱ་ཞིང་ཐུན་མཚམས་སུ་འཁོར་རྣམས་གཙོ་བོ་ལ་བསྡུ། གནས་ལྔའི་ལྷ་ཡང་དེ་དང་དེར་འོད་དུ་ཐིམ། རང་ཉིད་ཀྱང་ཐུགས་ཁའི་ཧཱུྃ་ལ། དེ་ཡང་ནཱ་དའི་བར་དུ་བསྡུས་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བློ་བཞག དེ་ལས་ལྡངས་བ་ན་སྐད་ཅིག་གིས་ལྷར་བསྐྱེད་ནས་བསྔོ་སྨོན་བྱ། རིམ་པ་དེ་ལྟ་བུའི་ཐུན་གཅོད་ལུགས་སོགས་ཕྱི་སྒྲུབ་ལྟར་དང་། གྲངས་དུས་མཚན་མའི་བར་རྣམས་ཀྱང་སྔར་བཤད་པ་བཞིན་ནོ། ༈ །གསུམ་པ་གསང་སྒྲུབ་ནི། སྦྱོར་བ་སྔར་དང་འདྲ་བ་ལས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་དག་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་གདན་ཐབས་སུ་བཀོད་པའི་ལྟེ་བར་པད་ཉི་དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་དུ་རང་རིག་ཧཱུྃ་ཡིག་མཐིང་གའི་འཕྲོ་འདུ་ལས་ཁྲག་འཐུང་བླ་མ་དྲག་པོ་རྩལ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས་ཅན་བེར་སྨུག་རྡོ་རྗེའི་གསང་རིས་ཅན་དང་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ་སྤྱན་གསུམ་ཉི་ཟླ་ལྟར་འབར་ཞིང་ཞལ་གདངས་པ་རལ་པ་དམར་སེར་འབར་བ། གཡས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་གདེངས་ཐབས་སུ་འཕྱར་ཞིང་། གཡོན་དམར་གྱིས་གང་བའི་དུང་ཆེན་ཐུགས་ཁར་འཛིན་པ་ཡུམ་ཀྲོ་དྷི་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པ་སྦྱོར་བ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པའི་དོར་སྟབས་ཀྱིས་བཞུགས་པ། ཕྱི་རོལ་རྩིབས་བརྒྱད་ཀྱི་སྟེང་དུ་ཧཱུྃ་ཡིག་བརྒྱད་ལས་ཤར་དུ་ཡང་དག་གཡས་རྡོ་རྗེ། ལྷོར་གཤིན་རྗེ་གཡས་འཁོར་ལོ༑ ནུབ་ཏུ་རྟ་མགྲིན་གཡས་ཐོད་དབྱུག བྱང་དུ་རྡོ་རྗེ་གཞོན་ནུ་གཡས་ཕུར་པ། ཤར་ལྷོར་

p. 8

མངོན་རྫོགས་རྒྱལ་པོ་གཡས་ཁ་ཊཱཾ། ལྷོ་ནུབ་ཏུ་ཆེ་མཆོག་གཡས་རྡོ་རྗེ། ནུབ་བྱང་དུ་དྲེགས་པ་གཡས་གྲི་གུག བྱང་ཤར་དུ་དྲག་སྔགས་གཡས་སུ་རྡོ་རྗེ། ཐམས་ཅད་ཀྱང་གཡོན་དུང་དམར་འཛིན་པ་དུར་ཁྲོད་ཀྱི་ཆས་ཅན། ཡུམ་དྲིལ་བྷན་འཛིན་པ་དང་མཉམ་པར་སྦྱོར་བ། སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི་སྤྲིན་སྤྲོ་བ་དམ་ཚིག་པ་དང་ཡེ་ཤེས་པ་ཡེ་ནས་དབྱེར་མེད་རང་རིག་དེ་བཞིན་ཉིད་དུ་ངོ་བོ་གཅིག་པའི་གསལ་སྣང་དཀྱིལ་འཁོར་འཁོར་ལོའི་སྣང་ཆ་མ་འགགས་པའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རོལ་པར་འཆར་བ་ལ་སེམས་རྩེ་གཅིག་པར་བྱས་ལ་གཙོ་བོའི་ཐུགས་ཁར་འཁོར་ལོའི་དབུས་སུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འབར་བ་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བར་བ སྒོམ་ལ། བཟླས་བརྗོད་བགྱིས་པ་ན་སྔགས་ཀྱི་འོད་ཟེར་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཧེ་རུ་ཀའི་རྣམ་རོལ། སྒྲ་གྲགས་ཐམས་ཅད་གསང་སྔགས་ཀྱི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཆོས་ཉིད་ཁྱབ་གདལ་སྤྲོས་བྲལ་ཀ་དག་ཆེན་པོའི་དབྱིངས་སུ་རོ་མཉམ་པ་ལ་བསླབ་ཅིང་སྔགས་ནི། ༀ་གུ་རུ་ཀྲོ་དྷ་རཱ་ཛ་ཀྲོ་དྷི་ཤྭ་རི་སརྦ་སིདྡྷི་ཧཱུྃ། ཞེས་ངག་གི་བཟླས་པ་བྱ་ཞིང་རེས་འགའ་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་འགོག་བཟླས་དང་རྡོ་རྗེའི་བཟླས་པ་ཡང་བྱའོ། །ཐུན་བསྡུ་བ་ན། རྟེན་དང་བརྟེན་པའི་སྣང་ཆ་ཐམས་ཅད་ཐུགས་སྲོག་ཧཱུྃ་ཡིག་ལ་བསྡུ་དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ་སྤྲོས་བྲལ་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག ལྡངས་བ་ན་སྐད་ཅིག་གིས་ལྷ་སྐུའི་གསལ་སྣང་དང་མ་བྲལ་བས་བསྔོ་སྨོན་སོགས་བྱ་བ་སྟེ། སྔར་བཞིན་ཐུན་བཞིའམ་གཉིས་ལ་སོགས་པའི་ཁྲིགས་སུ་བཅད་དེ་བྱ་ཞིང་གང་ལྟར་ན་ཡང་རིམ་པ་དེ་ལྟ་བུའི་གྲངས་མཚན་ནི་སྔར་བཞིན་དང་དུས་ནི་མ་མཐའ་ཡང་བདུན་ཕྲག་གསུམ་གྱི་ངེས་པ་དང་ལྡན་པར་བྱའོ། །ཐུན་ཐམས་ཅད་ཀྱི་མཐར་ཡི་གེ་བརྒྱ་པ་མང་ཉུང་ཅི་འགྲུབ་རེ་བཟླ་བ་ཕྱག་ལེན་ནོ། ༈ །གསུམ་པ་རྗེས་ནི། བསྙེན་པ་རྫོགས་ནས་སང་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་རྒྱ་ཆེར་བཤམས་མདུན་གྱི་གཏོར་མ་ཡང་ལྷར་བསྐྱེད་དངོས་གྲུབ་བསྡུ་བའི་

p. 9

དམིགས་པ་དང་བཅས་སྔགས་མཐར་སརྦ་སིདྡྷི་ཧཱུྃ༔ ཞེས་བཏགས་པ་ཡང་ཅི་ནུས་བཟླ་སྟེ། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་སླར་ཡང་མཆོད་གཏོར་བཤམས་ལས་བྱང་གི་ཁོག་ཕུབ་པའི་སྒོམ་བཟླས་ཚོགས་མཆོད་སོགས་མཐའ་རྒྱས་སྤྱི་ལྟར་ལས་སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་གཏོར་རཀྟས་མཆོད། ཡིག་བརྒྱས་འཁོན་བཅུགས་སྦྱངས་ནས་དངོས་གྲུབ་ལེན་པ་སོགས་བསྙེན་ཡིག་གཞན་དུ་བཤད་པ་བཞིན་བྱའོ། །འོན་ཀྱང་འདི་ཉིད་སྤྲོས་མེད་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་ཕྱིར། དེ་དག་མ་བྱས་ཀྱང་ཆད་པར་ནི་མི་འགྱུར་རོ། །སྣང་གྲགས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་གསལ་བ་ཐམས་ཅད་ཀྱང་གདོད་ནས་གྲུབ་པའི་ཆོས་ཉིད་ཀྱི་ངོ་བོར་རོ་མཉམ་པར་ཤེས་པ་ཉིད་ལ་ཚང་བའི་ཕྱིར་རོ། ༈ །རྒྱུན་བཟླས་ནར་མར་བྱེད་པ་ན། དཀྱིལ་འཁོར་རྫོགས་པར་བ སྒོམ་པ་ལ་སོགས་པ་ནི༑ གཞུང་སོ་སོའི་སྒོས་ཆོས་བཞིན་དུ་སྒྲུབ་པ་ཡིན་མོད་ཀྱི་སྙིང་པོ་དྲིལ་བ་ཙམ་དུ་བྱེད་ན་སྐྱབས་སེམས་སྔོན་དུ་འགྲོ་བས་ཤུ་ནྱ་ཏའི་སྔགས་ཀྱི་དང་པོར་སྟོང་པ་ཉིད་ཅུང་ཟད་བསྒོམ་པའི་ངང་ལས་སྙིང་རྗེ་ཆེན་པོའི་བློས་བསྐྱེད་དེ་ཆུ་དྭངས་པ་ལ་ཉི་ཟླའི་གཟུགས་བརྙན་འཆར་བ་ལྟར་སྐད་ཅིག་གིས་ལྷའི་སྐུར་བཀྲ་ལམ་གྱིས་གསལ་བ་དང་སྔགས་ཀྱི་སྒྲ་གདངས་ལ་སེམས་རྩེ་གཅིག་ཏུ་དྲིལ་ནས་བཟླས་པ་བྱ་ཞིང་། ཐུན་བསྡུ་བ་ན་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་པའི་ཀློང་དུ་བཞག་གོ ། ༈ ཡང་ན་སྔར་བསྒོམ་པའི་ཤུགས་ཀྱི་ལྷར་དྲན་པ་ཙམ་བྱས་པས་དེའི་གསལ་སྣང་ཤར་བ་ན་དེ་ལ་བརྟེན་ནས་ཀྱང་བཟླས་བརྗོད་བྱའོ། །ཡང་ན་ལྷའི་རྣམ་པ་གསལ་བར་མ་གྱུར་ཀྱང་བདག་གིས་ལུས་ངག་ཡིད་གསུམ་ཡེ་ནས་ལྷའི་སྐུ་གསུང་ཐུགས་ཡིན་ནོ་སྙམ་པའི་ང་རྒྱལ་དང་ལྡན་པས་ཀྱང་བཟླས་བརྗོད་བྱ་སྟེ་མན་ངག་གི་གནད་ཁྱད་པར་ཅན་དང་འབྲེལ་བ་ཡིན་ནོ། །རིག་འཛིན་ཐུགས་ཐིག་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི་གསལ་བྱེད་སྙིང་པོར་དྲིལ་བ་འདི་ནི་བྱ་བཏང་པ་ཨོ་རྒྱན་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་རིག་འཛིན་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་ཨོ་རྒྱན་རྣམ་གྲོལ་ལོ།། །།

p. 10

༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ འཕོ་བའི་གདམས་པ་སྐྱེ་མེད་མྱུར་འགྲུབ་བཞུགས༔ ཨོ་རྒྱན་གཏེར་བདག་གླིང་པ། རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ བསྐྱེད་རྫོགས་སྒྲུབ་པ་མི་ནུས་པའི༔ འགྲོ་རྣམས་འཆི་ཁར་གྲོལ་བའི་ཆོས༔ ཚེགས་ཆུང་དོན་ཆེའི་གདམས་པ་མཆོག༔ ཡང་ཟབ་འཕོ་བའི་རིམ་པ་ནི༔ མ་འོངས་འགྲོ་བའི་དོན་དུ་བཞག༔ ས་མ་ཡ༔ འདི་ཉིད་ཉམས་སུ་ལེན་པ་ན༔ གནད་བདུན་ལྡན་པའི་ལུས་གནད་བྱས༔ དེ་ནས་བདག་ལུས་ཐ་མལ་ནི༔ ཕྲུ་མ་ཕུ་ཡིས་བཏབ་པ་ལྟར༔ སྟོང་སང་སྐྱ་སེང་གསལ་བའི་དབུས༔ མཚན་ཉིད་བཞི་ལྡན་དབུ་མའི་རྩ༔ གཡོ་མེད་དྲང་ཐལ་གསལ་བ་ཡི༔ གཡས་གཡོན་རོ་རྐྱང་དཀར་དམར་ནི༔ མར་སྣ་དབུ་མའི་ནང་དུ་ཚུད༔ ཡར་སྣ་འགྲམ་བརྒྱུད་སྣ་སྒོར་གནས༔ རང་གི་སྙིང་གར་དབུ་མའི་གདོང་༔ རྡོ་རྗེ་མཐིང་ག་བསྒོམ་པ་ལས༔ ཞུ་ལུགས་རྡོ་རྗེ་དགུ་འཕྲོས་པས༔ སྒོ་དགུ་འཁོར་བའི་ལམ་དགུ་དགག༔ དེ་ནས་ལྟེ་འོག་སོར་བཞིའི་སར༔ རང་གི་རྣམ་པར་ཤེས་པ་ནི༔ ནྲྀ་ཡིག་ལྗང་གུ་ཞིག་ཏུ་བསྒོམ༔ དབུ་མའི་ཡར་སྣ་ཚངས་བུག་ཏུ༔ ཧཾ་དཀར་མགོ་བོ་ཐུར་བསྟན་མོས༔ རང་གི་སྤྱི་བོར་ཐིག་ལེའི་དབུས༔ སྐྱེ་མེད་ཡི་གེ་ཨ་དཀར་གསལ༔ ངག་ཏུ་ཧིཀ་ཧིཀ་བཞི་བརྗོད་པས༔ དབུ་མའི་ལམ་ནས་གནས་བཞི་བརྒྱུད༔ ཕཊ་ཅེས་བརྗོད་པས་ནྲྀ་ཡིག་གིས༔ ཐུར་བསྟན་ཧཾ་ཡིག་ཡར་འཕངས་ཏེ༔ ནྲྀ་ཡིག་ཨ་དཀར་དབྱེར་མེད་དུ༔ ཐིག་ལེ་གཅིག་གི་ངང་དུ་བསྲེ༔ བརྗོད་བྲལ་ངང་དུ་མཉམ་པར་བཞག༔ ས་མ་ཡ༔ སྦྱོང་ཚེ་ཀ་ཞེས་བརྗོད་པ་ཡིས༔ ཞུ་ལུགས་ཨ་དང་ནྲྀ་ཡིག་བྲལ༔ ལྟེ་འོག་སོར་བཞིར་རྣམ་

p. 11

ཤེས་ཕབ༔ ཧཾ་ཡིག་ཚངས་པའི་བུ་ག་བཀག༔ ཤེས་པ་གནས་དང་རྐང་མཐིལ་ཕབ༔ ཚེ་ཟད་སྐྱེས་བུ་མ་གཏོགས་པ༔ སྤར་ན་ལུས་དཀྱིལ་བཤིག་པ་ཡི༔ ལྟུང་བ་ཕོག་པར་འགྱུར་བས་ན༔ སྦྱོང་ཚོད་ཟིན་པ་གནད་དུ་ཆེ༔ རྗེས་སུ་ཚེ་སྒྲུབ་དག་ལ་འབད༔ ས་མ་ཡ༔ ཡང་ཟབ་འཕོ་བའི་གདམས་པ་གུ་རུའི་གསུང་བཞིན་ལོ་ཙཱ་བ་བདག་གིས་ཡི་གེར་བཀོད་ནས་གཏེར་དུ་སྦས་པ༔ སྐལ་ལྡན་སྙིང་གི་སྲས་དང་འཕྲད་པར་ཤོག༔ བཀའི་སྲུང་མ་དྲག་པོ་ལྔ་ལ་བཅོལ་ལོ༔ ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ།། །།

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ རྫོགས་རིམ་ངེས་དོན་སྙིང་པོ།

p. 12

༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ རྫོགས་རིམ་ངེས་དོན་སྙིང་པོ་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། མི་འགྱུར་ལྷུན་གྲུབ་ཀུན་ཏུ་བཟང་པོའི་དབྱིངས༔ ཆོས་ཉིད་ཁྱབ་གདལ་ཀུན་ཏུ་བཟང་མོའི་ངང་༔ འདུ་འབྲལ་མེད་པའི་རང་བྱུང་ཡེ་ཤེས་ལ༔ མ་རིག་སྒྲིབ་གཡོགས་དག་ཕྱིར་ཕྱག་འཚལ་ལོ༔ གང་ཞིག་སྲིད་མཚོར་བྱིང་བའི་འགྲོ་བ་དག༔ ཞི་བདེ་མྱང་འདས་ཐར་པའི་ཞིང་མཆོག་ཏུ༔ སྒྲོལ་བྱེད་ལམ་བཟང་མཆོག་གི་གྲུ་ཆེན་འདི༔ རང་བྱུང་པདྨས་ཕྱི་རབས་དོན་ཕྱིར་བཤད༔ ས་མ་ཡ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྦྱངས་ལྡན་སྐྱེས་བུ་བསོད་ནམས་ལྡན༔ དལ་འབྱོར་ཚུལ་བཞིན་ཐོབ་ཅིང་བསྟན་དང་མཇལ༔ ཐེག་ཆེན་བླ་མས་རྗེས་སུ་བཟུང་གྱུར་ཅིང་༔ མ་སྨིན་སྨིན་བྱེད་དབང་ཐོབ་གང་དག་གིས༔ ལམ་གྱི་གནས་ལུགས་འདི་ལ་འཇུག་པ་ན༔ དབེན་ཞིང་ཡིད་འོང་གནས་མཆོག་དམ་པ་རུ༔ མཚན་ཉིད་ཀུན་ལྡན་བཤེས་གཉེན་མཆོག་བསྟེན་ནས༔ ནན་ཏན་རིག་ཐག་ཆོད་པར་མ་གྱུར་བར༔ ཚུལ་འདི་ཡང་དག་བཤད་ཅིང་ཉན་པར་བྱ༔ ༁ྃ༔ རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི༔ རྒྱུ་རྐྱེན་དཔེ་གྲངས་ཀུན་ལ་བརྟག་དཔྱད་ཀྱང་༔ ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདས༔ དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་བྱས་ལ༔ ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད༔ ཉིན་མཚན་མི་དལ་དམ་ཆ ོས་བསྒྲུབ་པར་བྱ༔ ༁ྃ༔ དེ་ལྟར་ཐོབ་ཀྱང་རྟག་པ་མ་ཡིན་གྱི༔ རྒན་གཞོན་བར་མའི་གོ་རིམ་མ་ངེས་པར༔ རླུང་ནང་མར་མེ་ཆུ་བུར་ཤིང་རྩེའི་བྱ༔ ཇི་བཞིན་ལོང་མེད་འཆི་ཡང་རྟག་པའི་སེམས༔ སྤངས་ཏེ་སྐྱོ་ཤས་དྲག་པོས་འཆི་བ་བསམ༔ སྙིང་ནས་ཆོས་སྒྲུབ་ཚེ་འདིའི་

p. 13

རྣམ་གཡེང་སྤང་༔ ༁ྃ༔ མི་རྟག་བསྟན་ཚེ་བདེ་སྡུག་མེད་མིན་གྱི༔ མངར་ཁ་ས་བོན་ཇི་བཞིན་འབྲས་བུ་སྨིན༔ མི་དགེ་སྤྱད་ལས་དམྱལ་བ་ཡི་དྭགས་དང་༔ དུད་འགྲོ་ལྷ་མིན་ལ་སོགས་ངན་འགྲོར་ལྟུང་༔ ཚ་གྲང་བཀྲེས་སྐོམ་རྨོངས་འཐབ་འཕོ་ལྟུང་སོགས༔ མི་བཟད་སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཞིང་༔ དགེ་བ་སྤྱད་ལས་གནས་སྐབས་ཡིད་འོང་བདེ༔ མཐར་ཐུག་ཞི་བདེ་མྱང་འདས་བདེ་བ་ཐོབ༔ དེ་ཕྱིར་མི་དགེ་མེ་འོབས་ལྟ་བུར་སྤངས༔ དགེ་བའི་དམ་ཆོས་སྙིང་ནས་ཡང་དག་སྒྲུབ༔ ༁ྃ༔ སྲིད་པའི་སྡུག་བསྔལ་འཆིང་བ་ལས་གྲོལ་བའི༔ སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་ཡོད་མིན༔ དེ་ཕྱིར་དཀོན་མཆོག་སྐྱབས་རྟེན་མཆོག་ཏུ་ལྷག༔ མདུན་གྱི་མཁའ་ལ་སྐྱབས་ཡུལ་གསལ་བྱས་ལ༔ སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སོང་སྟེ༔ སྤང་བྱ་ཀུན་སྤངས་བླང་བྱ་དང་དུ་ལེན༔ སྐྱབས་ཡུལ་ལྷ་ཚོགས་རང་དང་གཉིས་མེད་བཞག༔ ༁ྃ༔ ཁམས་གསུམ་འགྲོ་ཀུན་ཕ་མ་གཉེན་དང་དགྲར༔ མ་གྱུར་མེད་པས་ཕྱོགས་འཛིན་སྤངས་བྱས་ལ༔ བདེ་ལྡན་སྡུག་བསྔལ་དང་བྲལ་སྨོན་པ་ཡི༔ ལམ་དུ་ཞུགས་ལ་སྔོན་དུས་མ་གྲོལ་བའི༔ འགྲོ་བའི་འདྲེན་པར་སེམས་བསྐྱེད་བདེ་སྡུག་བརྗེ༔ སྙིང་ནས་ཚད་མེད་སྙིང་རྗེས་སྐྱོང་བར་བྱ༔ ༁ྃ༔ ཚེ་རབས་ཀུན་ཏུ་བསགས་པའི་སྡིག་སྒྲིབ་དང་༔ ལས་ཉོན་མི་དགེ་ཐམས་ཅད་ཡོངས་སྦྱང་ཕྱིར༔ བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའ་སྒོམ༔ ཐ་མལ་སྤྱི་སྟེང་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེར༔ རྡོར་དྲིལ་འཛིན་ཞིང་ལོངས་སྐུའི་རྒྱན་གྱིས་མཛེས༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་ད་ཟླའི་སྟེང་༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་སྐོར་བཛྲ་ས་ཏྭའི་སྔགས་ཕྲེང་རྣམས༔ གཡས་སྐོར་སྒྲར་བཅས་འཁོར་མོས་བཟླས་པ་བྱ༔ ༀ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་དྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་པ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་བཟླས༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔

p. 14

ནད་གདོན་སྡིག་སྒྲིབ་མ་ལུས་དག་པར་བསམ༔ ཐུན་མཐར་རྡོར་སེམས་འོད་ཞུ་བརྗོད་བྲལ་ངང་༔ ལྷོད་ཀྱིས་ཀློད་པས་སྡིག་སྒྲིབ་བྱང་བར་འགྱུར༔ ༁ྃ༔ ཚོགས་གཉིས་རྫོགས་བྱེད་རྩ་བ་མཎྜལ་ཏེ༔ མདུན་མཁར་ཚོགས་ཞིང་སྐུ་གསུམ་ལྷ་ཚོགས་ལ༔ གུས་པས་སྤྲུལ་སྐུར་ཡིད་འཐད་ལོངས་སྤྱོད་རྫས༔ གླིང་བཞི་ཕྲན་བརྒྱད་རི་བོ་ལ་སོགས་དང་༔ ལྷ་མིའི་མཆོད་རྫས་དབུལ་ཞིང་ལོངས་སྐུ་ལ༔ ཚངས་པ་རྔ་སྒྲའི་ཞིང་ཁམས་ཐིག་ལེ་དང་༔ ཐིག་ཕྲན་བསམ་ཡས་ཡིད་ཀྱིས་དབུལ་བར་བྱ༔ ཆོས་སྐུར་དབྱིངས་ཡེ་ཟག་མེད་རིག་པ་ནི༔ དག་པ་རབ་འབྱམས་ཀ་དག་ཀློང་དུ་དབུལ༔ མཎྜལ་མཆོད་རྫས་ཧཱུྃ་བསྡུ་རང་ལ་ཐིམ༔ དེ་ལྟར་ཕུལ་བས་སྐུ་གསུམ་འབྲས་བུ་ཐོབ༔ ༁ྃ༔ བདེ་གཤེགས་ཀུན་འདུས་ཐར་པའི་ལམ་མཁན་མཆོག༔ མཆོད་ཡུལ་གཙོ་བོ་བླ་མར་གསོལ་གདབ་བྱ༔ དེ་ཡང་སྤྱི་བོར་མཛེས་ཁྲི་པདྨའི་སྟེང་༔ རྩ་བརྒྱུད་བླ་མ་ཐོ་བརྩེགས་གསལ་བའི་གཡས༔ སངས་རྒྱས་དཀོན་མཆོག་གཡོན་ན་དགེ་འདུན་དང་༔ རྒྱབ་ཏུ་དམ་ཆོས་མདུན་དུ་ཡི་དམ་དང་༔ མཁའ་འགྲོ་དམ་ཅན་འཁོར་བཅས་གསལ་བསྐྱེད་ལ༔ སྒོ་གསུམ་དང་བས་གསོལ་འདེབས་མཆི་མ་སློང་༔ བླ་མས་བྱིན་བརླབས་སྒྲིབ་དག་དབང་བཞི་ཐོབ༔ ཐུན་མཐར་བླ་མ་བདག་ཐིམ་མི་དམིགས་བཞག༔ ༁ྃ༔ འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ པདྨ་ཉི་ཟླའི་གདན་སྟེང་རང་གི་རིག༔ ཧཱུྃ་མཐིང་གསལ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་རིགས་བསྡུས་རྩ་གསུམ་ལྷས་གསལ་བའི༔ ཐུགས་ཀར་ཧཱུྃ་མཐིང་འོད་ཀྱི་གོང་བུ་ཅན༔ གནས་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས༔ སྣང་གྲགས་ལྷ་སྔགས་རང་བཞིན་གསལ་བྱས་ལ༔ ཡི་གེ་གསུམ་གྱི་བཟླས་པ་བར་མེད་བྱ༔ ཐུན་མཐར་བསྐྱེད་རིམ་གར་བསྡུའི་ངོ་བོར་བལྟ༔ ༁ྃ༔ དབེན་པར་ཆོས་བདུན་མི་འགུལ་ལུས་གནད་བྱ༔ དེ་ནས་བསྐྱེད་རིམ་སྐུ་དང་ཡིག་འབྲུ་དང་༔ རྡོ་ཤིང་སྣང་གྲགས་གང་ཡང་རུང་ཞིག་ལ༔ མ་བཅོས་ངོས་བཟུང་བྲལ་བའི་སེམས་ཉིད་དེས༔ རྩེ་གཅིག་མ་ཡེངས་དམིགས་གཏད་མཉམ་པར་བཞག༔ འཕྲོ་ན་སླར་ཡང་དམིགས་རྟེན་དག་ལ་བཟུང་༔ དེ་ལྟར་བྱས་པས་སེམས་ཉིད་མི་འཕྲོ་ཞིང་༔ གར་གཏད་ཡུལ་ཟིན་ཇི་ཙམ་མཉམ་གཞག་གནས༔ སྒོ་གསུམ་

p. 15

བདེས་ཁྱབ་ལོ་ཟླ་ཞག་མི་ཚོར༔ གཡོ་མེད་གནས་ཚེ་ཞི་གནས་གོམས་པ་ཡིན༔ ༁ྃ༔ སྣང་གྲགས་ཆོས་ཀུན་རྨི་ལམ་སྒྱུ་མ་ལྟར༔ སྣ་ཚོགས་སྣང་ཡང་རང་བཞིན་སྟོང་པ་སྟེ༔ མཁའ་ལྟར་བདག་མེད་སྤྲོས་དང་བྲལ་བར་བཞག༔ དེ་ནས་གཡའ་བཅས་གསེར་འདྲའི་སེམས་ལ་བརྟག༔ དང་པོ་གང་འོངས་ད་ལྟ་གང་ན་གནས༔ ཐ་མ་གར་འགྲོ་དབྱིབས་དང་ཁ་དོག་གང་༔ དེ་ལྟར་ཞིབ་ཏུ་བརྟགས་པས་སེམས་ཉིད་འདི༔ མ་སྐྱེས་མི་གནས་མི་འགག་ཁ་དོག་དང་༔ དབྱིབས་མེད་ངོ་བོ་ངོས་བཟུང་བྲལ་བ་ཡི༔ བརྗོད་མེད་ནམ་མཁའ་ལྟ་བུར་རིག་པའི་ཚེ༔ དེ་གའི་ངང་དུ་བཟོ་མེད་ལྷོད་ཀྱིས་ཀློད༔ ༁ྃ༔ སྣང་སེམས་དབྱེར་མེད་མཐའ་བྲལ་བརྗོད་མེད་ངང་༔ གང་ཤར་བཟོ་བྲལ་རང་བབས་ཅེ་རེ་བ༔ བདེ་ལུགས་ཤིག་གེ་རྗེས་མེད་སང་ངེ་བ༔ རྒྱ་ཡན་ཆལ་ལེ་མཐའ་བྲལ་ལྷོད་ཀྱིས་བཞག༔ ཕྱི་ནང་བར་མེད་ནམ་མཁའ་ལྟ་བུར་འཆར༔ དེ་ཚེ་སྐུ་བཞིའི་ངོ་བོར་མངོན་བྱང་ཆུབ༔ ༁ྃ༔ ཞིབ་ཏུ་བརྟག་དཔྱད་དེ་ལྟར་ངེས་རྙེད་ཚེ༔ རིག་པའི་ཐོག་ཏུ་ངོ་སྤྲོད་གདབ་པར་བྱ༔ སྐྱེ་མེད་སྟོང་ཆའི་ངོ་བོ་ཆོས་ཀྱི་སྐུ༔ རང་གདངས་འགག་མེད་འཆར་བ་ལོངས་སྤྱོད་རྫོགས༔ གཉིས་སུ་མེད་པའི་རྩལ་ལས་སྤྲུལ་པའི་སྐུ༔ དེ་ལྟར་རྣམ་པ་གསུམ་དུ་ཐ་དད་ཀྱང་༔ ངོ་བོ་གཅིག་འདུས་ངོ་བོ་ཉིད་ཀྱི་སྐུ༔ སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་དོ༔ འདི་ཐོབ་བརྩོན་པས་ཉམས་སུ་བླངས་གྱུར་ན༔ རབ་ཀྱིས་ལོ་གསུམ་འབྲིང་གིས་ལོ་ལྔ་དང་༔ ཐ་མས་མི་ལོ་བདུན་ལ་འབྲས་བུ་འགྲུབ༔ ཡང་དག་རྫོགས་སངས་རྒྱས་དང་མངོན་སངས་རྒྱས༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར༔ གཞན་ཡང་རྗེས་ཀྱི་རིམ་པ་མ་ལུས་པ༔ རྫོགས་ཆེན་སྤྱི་ལྟར་ཤེས་པར་བྱ་བའོ༔ ས་མ་ཡ༔ ཡང་ཟབ་རྫོགས་རིམ་ངེས་དོན་སྙིང་པོ་འདི༔ མ་འོངས་འགྲོ་བ་རྣམས་ཀྱི་དོན་ཆེད་དུ༔ པདྨ་བདག་གི་ཐུགས་ཁྲག་དྭངས་མ་བཞག༔ ལས་ལྡན་སྙིང་གི་སྲས་དང་འཕྲད་པར་ཤོག༔ བཀའ་ཡི་སྲུང་མ་དྲག་པོ་ལྔ་ལ་བཅོལ༔ སྣོད་མིན་ཡ་ག་ཅན་གྱི་སྙིང་ཁྲག་རོལ༔ ཆོས་བདག་བསྟན་པ་སྤེལ་བའི་སྡོང་གྲོགས་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ལས་འཕྲོ་སྨོན་ལམ་གྱི་རྒྱའོ༔

p. 16

རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་གི་འཆི་མེད་རྡོ་རྗེའི་སྤོ་ནས་སྤྱན་དྲངས་པའོ།། །།

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ ཐོད་རྒལ་གྱི་ཁྲིད་ཡིག་འཇའ་ལུས་མཆོག་སྦྱིན།།

p. 17

༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ ཐོད་རྒལ་གྱི་ཁྲིད་ཡིག་འཇའ་ལུས་མཆོག་སྦྱིན་བཞུགས༔ ཨོ་རྒྱན་གཏེར་བདག་གླིང་པ། དེ་ནས་ཉམས་ལེན་སྙིང་པོ་བསྟན་པ་ནི༔ ཚུལ་འདི་བཞིན་དུ་ཉམས་སུ་བླང་བྱ་སྟེ༔ དབྱིངས་ལ་ཕྱི་ནང་བྲལ་ཏེ་ཕྱི་ཡི་དབྱིངས༔ ནམ་མཁའ་སྟོང་པ་ཡིན་ཏེ་སྣང་བའི་ཡུལ༔ ནང་དབྱིངས་རྣམ་དག་སྒྲོན་མ་ཞེས་བྱ་བ༔ སྣ་ཚོགས་ནམ་མཁའི་འཇའ་འདྲ་འགྱུ་བ་ཡི༔ ཐིག་ལེ་འོད་ཟེར་དུ་མའི་བདག་ཉིད་ཅན༔ ཞིང་ཁམས་རྒྱལ་བའི་ཞིང་དུ་འཆར་བ་ཡིན༔ རིག་པ་ཞེས་བྱ་རྣམ་པ་ལྔ་ཡོད་དེ༔ གཞི་གནས་རིག་པ་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ གཞི་འཛིན་རིག་པ་རྟོག་པ་དུ་མས་སྤགས༔ སེམས་ཅན་རྒྱུ་སྟེ་ཀུན་གཞིའི་རྣམ་ཤེས་ཡིན༔ མཚན་ཉིད་འཛིན་པའི་རིག་པ་ཞེས་བྱ་བ༔ རྣམ་རྟོག་རིག་རིག་འགྱུ་འགྱུ་བྱེད་པ་སྟེ༔ རྟོག་པ་ཞེས་བྱར་རབ་ཏུ་གྲགས་པ་ཡིན༔ དེ་ནས་ལྷག་མཐོང་རིག་པ་ལུ་གུ་རྒྱུད༔ ལས་ལྡན་སྐལ་པ་ཅན་གྱི་མིག་གི་ཡུལ༔ སྣང་ཡང་ཐིག་ལེ་སྙིང་པོ་ཅན་ཞེས་བྱ༔ དེ་ཡི་ཆ་ཤས་སྐུ་དང་ཐིག་ལེར་སྣང་༔ སྣ་ཚོགས་སྣང་སྟེ་འཁོར་བའི་འཁྲུལ་པ་འཇོམས༔ ཉམས་བླངས་ཚད་ཕྱིན་ཐོད་རྒལ་རིག་པ་སྟེ༔ འཁྲུལ་པ་རང་དག་འབྲས་བུའི་གནས་ལུགས་ཉིད༔ ཆོས་ཟད་བློ་འདས་དབྱིངས་སུ་གྲོལ་བ་ན༔ རང་སྣང་རང་ཤར་འགག་མེད་ཕྱོགས་བཅུར་འཆར༔ སྤྱན་ལྔ་རྣམ་དག་ཡེ་ཤེས་རང་འོད་གསལ༔ ཤེས་བྱ་ཀུན་གྱི་ཆ་མཐུན་ཀུན་དང་བྲལ༔ རྫུ་འཕྲུལ་ཆེན་པོ་མིག་འཕྲུལ་ལྟ་བུ་ལ༔ སྣང་གྲགས་ཀུན་ལྟར་སྣང་ཡང་གྲུབ་པ་མེད༔ འགྱུ་ཡང་འགྱུ་བའི་རྟོག་པ་དང་བྲལ་ལ༔ བསམ་གཏན་ལྡན་ཡང་ཤེས་རབ་ཟབ་མོའི་དོན༔ ཤེས་

p. 18

རབ་ཡིན་ཡང་ཐོས་བསམ་བྲལ་བ་ལ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་ཆེན་པོ༔ དང་པོའི་དུས་ན་སྨིག་རྒྱུ་ལྟ་བུ་འཆར༔ བར་དུ་གོང་འཕེལ་ཡེ་ཤེས་སྣང་བ་ཡིས༔ ལམ་སྟོན་འཁྲུལ་པའི་དྲི་མ་སེལ་བས་ཏེ༔ ཐ་མའི་ཚེ་ན་རིག་པ་ཚད་ཕེབས་དུས༔ རིགས་ལྔའི་ཞིང་དུ་ཐམས་ཅད་ལམ་མེར་སྣང་༔ ཆོས་ཀུན་ཟད་པས་ཡུལ་དང་ཡུལ་ཅན་བྲལ༔ ངང་ཉིད་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ༔ སྒྲ་ཚིག་ཀུན་གྱིས་གཏན་ལ་ཕེབས་མི་འགྱུར༔ འདི་དོན་མཐོང་ན་ཀུན་ཏུ་བཟང་དང་མཉམ༔ ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས༔ ལུས་ཀྱི་གནད་གསུམ་གཅུན་ལ་དལ་བ་བསྟེན༔ ངག་གི་སྨྲ་བཅད་ཆོས་ཀུན་ཚིག་ལ་སྦྱང་༔ ཡིད་ནི་རྟག་ཏུ་བསམ་རྒྱུན་བཅད་ནས་ཀྱང་༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་བཅུག་ལ༔ ལྟ་སྟངས་གསུམ་གྱིས་གཏད་སའི་འབེན་ལ་གཏད༔ སྣང་བའི་ཞེན་པ་བཅད་ཅིང་རྟག་ཏུ་གཟིར༔ རྫུ་འཕྲུལ་ཡོན་ཏན་ཐམས་ཅད་རྫོགས་པའི་ཚེ༔ རང་ལུས་ཟད་པའི་མཐའ་རུ་ཕྱིན་པ་དང་༔ འཕོ་བ་ཆེན་པོའི་ལུས་ལ་དབང་ཐོབ་ནས༔ སེམས་ཅན་ཀུན་དོན་སྤྱོད་པ་འབྲས་བུ་མཆོག༔ ས་མ་ཡ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་གི་འཆི་མེད་རྡོ་རྗེའི་སྤོ་ནས་སྤྱན་དྲངས་པའོ༔ འདི་ཉིད་སྔོན་དུ་རྫོགས་རིམ་ཁྲིད་ཡིག་གི་དཀྱུས་སུ་བཅུག་པ་ཡིན་ཡང་༔ ཤོག་སེར་གྱི་བཞུགས་ཚུལ་ལྟར་ཐ་དད་དུ་བཞུགས་པ་སྐབས་དོན་འབྲེལ་བའི་ཕྱིར་གུད་དུ་ཕྱུང་ནས་བྲིས་པ་སྟེ༔ ཕྱིན་ཆ ད་འདི་ལྟར་བྱས་ན་ཁུངས་བཙུན་པའོ་ཞེས་འགྱུར་མེད་རྡོ་རྗེས་སོ།། །།

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ། ལོ་ཆེན་དྷརྨ་ཤྲཱི།

p. 19

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། དུས་གསུམ་སངས་རྒྱས་ཐམས་ཅད་དང་མི་གཉིས་པའི་མཁྱེན་བརྩེ་ནུས་པའི་བདག་ཉིད་བཀའ་དྲིན་མཉམ་མེད་གཏེར་ཆེན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་ཕན་དང་བདེ་བ་ཡི། །རྣམ་གྲོལ་མཆོག་གི་རྒྱལ་ཐབས་ལ། །འགྲོ་ཀུན་འདྲེན་མཛད་ཐུགས་རྗེ་ཅན། །གཏེར་ཆེན་བླ་མའི་ཞབས་ལ་འདུད། །ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི། །ཆོས་ཀྱི་ཕུང་པོ་མ་ལུས་པའི། །ཡང་སྙིང་ཨ་ཏིའི་ལམ་ཟབ་མོས། །སྐལ་ལྡན་ཁྲིད་ཐབས་འདིར་གསལ་བྱ། །དེ་ཡང་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱའི་མཐར་ཐུག་ངེས་པ་དོན་གྱི་སྙིང་པོ་ཨ་ཏི་ཡོ་གའི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་འཁྲིད་པ་ལ་དོན་གསུམ་སྟེ། ལམ་བསྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད། བསྐྱེད་རྫོགས་ཇི་ལྟར་བསྒོམ་ཚུལ་གྱིས་ལམ་སྣ་ཁྲིད་ཐབས་དངོས་གཞིའི་ཁྲིད། གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་བསྐྱེད་པ་རྗེས་ཀྱི་ཁྲིད་དོ། །དང་པོ་སྔོན་འགྲོ་ལ། མདོ་དང་ཐུན་མོང་བའི་སྔོན་འགྲོ་དང་། སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང་གཉིས། དང་པོ་ཐུན་མོང་བ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ་འདི་ལྟར་བསྒོམ་པར་བྱའོ། །དེ་ལ་དམིགས་སྐོར་ལྔ་སྟེ། བདག་གིས་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་འཁོར་

p. 20

བའི་སྡུག་བསྔལ་ལས་ཐར་བ་ཞིག་བྱ་དགོས། དེ་ལ་ཐར་བའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་མེད་ཅིང་། དམ་པའི་ཆོས་ཀྱང་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན། ཟབ་མོའི་གདམས་པ་དང་འཕྲད། ཆོས་བྱེད་པའི་དབང་ཡོད་ཅིང་། བྱེད་ཐབས་ཤེས་པ་སྟེ། དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་དཀའ་ཞིང་དཀོན་པའི་རྟེན་རྙེད་པའི་དུས་འདིར་མ་འབད་ན་ཕྱིས་ནས་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམ་ཡང་འདི་ལྟ་བུའི་རྟེན་འབྲེལ་མི་འཛོམ་པས་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་སངས་རྒྱས་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཚང་བའི་སྐབས་འདིར། ཚེ་འདི་སྣང་གི་བཙན་ཕྱུག་ལོངས་སྤྱོད་སོགས་བདེ་བ་ལྟར་སྣང་བ་ལ་མ་ཆགས་པར་གཏན་གྱི་བདེ་བའི་དམ་པའི་ཆོས་གཤའ་མ་ཞིག་རང་མི་བྱེད་རེ་ཤི་སྙམ་བསམ་པ་སྟེ། དམིགས་སྐོར་དང་པོའོ། །ཆོས་བྱེད་པ་དེ་ཡང་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་ཕྱི་བཤོལ་དུ་མ་སོང་བ་འཕྲལ་རང་དུ་བྱེད་དགོས། དེའི་རྒྱུ་མཚན་མི་ལུས་རིན་པོ་ཆེ་འདི་ཐོབ་ཏུ་ཟིན་ཀྱང་ཡིད་བརྟན་མི་རུང་སྟེ། སྐྱེས་ཕན་ཆ ད་ཚེ་རིང་ཐུང་གི་ཁྱད་པར་ཅུང་ཟད་ཙམ་མ་གཏོགས་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་པས་སྲིད་པ་མཐོ་དམན་གྱི་འགྲོ་བ་ཐམས་ཅད་མཐར་འཆི་ངེས་པ་ཅན་ཡིན་ལ། དེ་ཡང་ཚེ་ལ་བསྣོན་པ་མེད་ཅིང་དུས་སྐད་ཅིག་མ་རེ་རེས་ཀྱང་འཆི་བ་ལ་ཇེ་ཉེར་འགྲོ་བས་འཛད་པ་དང་བཅས་པའི་ཕྱིར་མྱུར་དུ་རང་འཆི་སྟེ༑ རླུང་ཁྲོད་ཀྱི་མར་མེ་ལྟར་འཆི་རྐྱེན་མང་། ཆུའི་ལྦུ་བ་ལྟར་ཚེ་སྲོག་མི་བརྟན། ཤིང་རྩེར་བབས་པའི་བྱ་ནམ་འཕུར་ཆ་མེད་པ་ལྟར་རྒན་གཞོན་བར་མའི་གོ་རིམ་ངེས་པ་ཅན་དུ་འཆི་བ་མ་ཡིན་པས་རང་ཡང་ནམ་འཆི་ཆ་མེད། མདོར་ན་ཕྱེ་མ་ལེབ་མར་མེ་དང་འཕྲད་པ་ལྟར་གཟའ་གདོང་ཐུག་ལྟ་བུས་ད་ལྟ་རང་ཡང་མི་འཆི་བའི་གདེ ང་མི་འདུག འཆི་བའི་དུས་སུ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པས། ནད་པ་འཆི་ཁ་མ་སང་གི་ཚིས་མི་བྱེད་པ་ལྟར་སྐྱོ་ཤས་དྲག་པོས་ཚེ་འདིའི་བྱ་བ་རྒྱབ་ཏུ་དོར་ཏེ། སྐད་ཅིག་ཙམ་ཡང་སོས་དལ་དུ་མི་སྡོད་པར་བརྩོན་འགྲུས་བསྐལ་ཆེན་གྱི་མེ་འབར་བ་ལྟ་བུས་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་

p. 21

བསྐུལ་བར་བྱའོ་སྙམ་དུ་ཞེ་དམ་བཅའ་སྟེ། དམིགས་སྐོར་གཉིས་པའོ། །ཤི་ནའང་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། ཤི་ནས་སྐྱེ་བ་ལེན་མི་དགོས་པར་ཅང་མེད་དུ་འགྲོ་ན་སྟེ་དེ་གས་ཡོང་བར་འདུག་ཀྱང་། ཅང་མེད་དུ་མི་འགྲོ་སྟེ། ས་བོན་མངར་ཁག་གི་འབྲས་བུ་མ་འཆོལ་བར་སོ་སོར་སྨིན་པ་ལྟར། ལས་དགེ་བ་དང་མི་དགེ་བའི་རྒྱུ་ལས་འབྲས་བུ་བདེ་བ་དང་སྡུག་བསྔལ་དུ་སྨིན་པར་འགྱུར་བས་དགེ་སྡིག་ལ་བླང་དོར་མ་ནོར་བར་བྱ་དགོས། དགེ་བ་དེ་ཡང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་ན་ཟག་མེད་ཀྱི་དགེ་བའམ། ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ། ཐར་པའི་རྒྱུར་འགྱུར་བས་འབྲས་ལོ་ལེགས་ན་རྩྭ་ཕུབ་ཞོར་ལ་འབྱུང་བ་ལྟར་གནས་སྐབས་སྲིད་པའི་བདེ་འབྲས་རྣམས་ཀྱང་ཞར་ལ་འབྱུང་བས་བརྩོན་པས་བསྒྲུབ་པར་བྱ་ཞིང་། དེ་ལས་གཞན་དུ་ཐར་ལམ་དང་མ་འབྲེལ་བའི་ཟག་བཅས་ཀྱི་དགེ་བ་ནི་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། སྲིད་པའི་བདེ་འབྲས་ཙམ་བསྐྱེད་ནས་ཟད་པར་འགྱུར་བས་གཉིད་ཐུན་རེའི་རྨི་ལམ་བཟང་བ་ལྟར་སྙིང་པོ་མེད་དོ། །ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱང་ཕྱེ་མ་ལེབ་འཐོར་རླུང་གིས་དེད་པ་ལྟར་ཤི་ནས་གར་སྐྱེ་དང་གར་འགྲོ་ཆ་མེད་པས་སྤྲིན་བར་གྱི་ཉི་མ་བཞིན་དུ་འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་རེ་མོས་མ་གཏོགས་གཅིག་ཁོ་ནས་རྟག་མི་ཐུབ་པས་ཡིད་བརྟན་མི་རུང་ལ། ཁྱད་པར་ཟག་པ་དང་བཅས་པའི་མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ཐོས་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་གླགས་མེད་པ་དང་། གལ་ཏེ་མཐོ་རིས་སུ་སྐྱེས་ནའང་དེ་དང་དེར་སྡུག་བསྔལ་གྱི་ཆ་ཐམས་ཅད་བསྐྱེད་པར་འགྱུར་ཞིང་། རང་ཅག་རྣམས་ཀྱང་བསགས་པ་སྡིག་ལས་མེད་པས་འགྲོ་ས་འཁོར་བའི་གནས་ལས་མ་འདས། འཁོར་བ་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གསོག་འཇོག སྡུག་བསྔལ་གྱི་བསུ་སྐྱེལ། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར། ད་རེས་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་བཅོས་མ་མ་ཡིན་པར་བསྐྱེད་པར་བྱ་སྟེ། དམིགས་སྐོར་གསུམ་པའོ། །དེ་ལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་

p. 22

སྐྱོབ་ནུས་པ་ནི་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་མེད་པས་དཀོན་ཅོག་གསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་པའི་སྒོ་ནས། ས་ཕྱོགས་འདི་དག་རིན་པོ་ཆེའི་རང་བཞིན་ལག་མཐིལ་ལྟར་མཉམ་པའི་དབུས་སུ་དཔག་བསམ་གྱི་ཤིང་སྡོང་པོ་རབ་ཏུ་རྒྱས་པ༑ དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་སྙིང་པོ་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པ་ལ་རྩ་བའི་བླ་མ་བཞུགས་པའི་སྟེང་ན་ཡར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ། ཕྱོགས་བཞིར་གྱེས་པའི་ཡལ་ག་ལས། མདུན་མར་ཁྱད་པར་གྱི་སངས་རྒྱས་ཡི་དམ། གཡས་སུ་ཐུབ་དབང་སོགས་ཐུན་མོང་གི་སངས་རྒྱས། རྒྱབ་མར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། གཡོན་པར་ཐུན་མོང་གི་དགེ་འདུན་བྱང་སེམས་ཉན་རང་འཕགས་པ། དེ་དག་གི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་ཞིང་། རང་གི་མཐའ་སྐོར་དུ་དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བ་རྣམས་ཀྱི་བྱང་རང་གིས་དྲངས་ཏེ་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ལ། ན་མོ༔ ཕྱོགས་དུས་བདེ་གཤེགས་སོགས་ཡིད་ཚིམ་པར་མ་གྱུར་གྱི་བར་དུ་ཡང་ཡང་བརྗོད་ཅིང་། མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་བདག་གཞན་གྱི་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཏེ་བསྔོ་བ་བྱ། ཉལ་བའི་ཚེ་དམིགས་རྟེན་མ་བཤིག་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་བསམས་ནས་མོས་པ་སྒོམ་བཞིན་ཏུ་གཉིད་དུ་འགྲོ་བར་བྱ་སྟེ། དམིགས་སྐོར་བཞི་པའོ། །མཁའ་ཁྱབ་ཀྱི་སེམས་ཅན་གྲངས་མེད་པ་འདི་རྣམས་ཀྱིས་རང་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་པའི་དྲིན་ཅན་ཤ་སྟག་ཡིན་ཡང་། ཁྱི་སྨྱོན་གྱིས་བདག་པོ་ངོ་མི་ཤེས་པ་ལྟར་ཕན་ཚུན་ཕ་མ་དང་བུ་ཚ་ཡིན་པར་མ་ཤེས་ཤིང་། ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་སྒྲུབ་པ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་

p. 23

སྨྱོན་པ་འདི་རྣམས་སྙིང་རེ་རྗེ། དེའི་ཆེད་དུ་བདག་གི་མ་ཆུས་ཁྱེར་བ་འདྲེན་པའི་ཐག་པ་འཚོལ་བ་ལྟར་ལམ་ཟབ་མོ་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ཏེ། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་དགོད་པར་བྱའོ་སྙམ་དུ་བསམ་ལ། ཧོཿ དེང་ནས་བཟུང་སྟེ་ཞེས་སོགས་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་བའི་བདེ་སྡུག་གི་གཏོང་ལེན་དང་། མཐར་མི་དམིགས་པའི་ངང་ལ་དར་ཅིག་ཀློད་ལ་བསྔོ་བ་བྱ་སྟེ། དམིགས་སྐོར་ལྔ་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་དམིགས་སྐོར་གསུམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༑ གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པས་རང་འདྲའི་ཡུམ་ལ་འཁྱུད་པ༑ དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སེམས་སྐྱིལ་གྱིས་བཞུགས་པ། དེའི་ཐུགས་ཀར་པད་ཟླ་ལ་གནས་པའི་རྡོ་རྗེ་དཀར་པོ་འགྲེང་སྟབས་སུ་བསླང་བའི་ལྟེ་བར་ཧཱུྃ་ཡིག་དཀར་པོ་ཡིག་བརྒྱའི་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ཏེ་ཡིག་བརྒྱ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་སྐྱ་ཆི་ལི་ལི་བབས་པ་ཚངས་བུག་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་དང་། དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན་ཏེ། རང་ལུས་ཤེལ་སྒོང་ལྟར་དག་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་དཀར་མེར་གྱིས་གང་བར་བསམ་ཞིང་། མཐར་གནོང་འགྱོད་དྲག་པོས། མགོན་པོ་བདག་ནི་མི་ཤེས་ཞེས་སོགས་ཀྱིས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པར་བསམ་ཞིང་འཁོར་གསུམ་མི་དམིགས་པའི་ངང་ལ་ཅི་གནས་བཞག་ནས་བསྔོ་བ་བྱ་སྟེ། དམིགས་སྐོར་དང་པོའོ། །མདུན་གྱི་ནམ་མཁར་ཚོགས་ཞིང་གི་མཎྜལ་སྐྱབས་ཡུལ་ལྟར་གསལ་བཏབ་ལ། མཆོད་པའི་མཎྜལ་ནི་རིན་

p. 24

པོ་ཆེ་ལ་སོགས་པའི་མཎྜལ་ལམ། མེད་ན་ས་གཞི་བྱི་དོར་བྱས་ལ་དྲི་དང་བ་བྱུང་གི་ཆུས་བྱུགས། མེ་ཏོག་གི་ཚོམ་བུ་སོ་བདུན་ནམ་བདུན་བཀོད་ཅིང་སྣོད་བཅུད་ཀྱི་འཇིག་རྟེན་ལྷ་མིའི་ལོངས་སྤྱོད་དང་ཕུན་སུམ་ཚོགས་པས་གང་བར་དམིགས་ཏེ། རིན་ཆེན་ས་གཞི་ཞེས་སོགས་ཀྱིས་དབུལ་བ་སྤྲུལ་སྐུའི་མཎྜལ་དང་། ཚངས་པ་རྔ་སྒྲའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེ་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པར་བསམས་ཏེ་དབུལ་བ་ལོངས་སྐུའི་མཎྜལ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དམིགས་མེད་ཀ་དག་གི་ཀློང་དུ་དབུལ་བ་ཆོས་སྐུའི་མཎྜལ་ཏེ། གཙོ་བོར་སྤྲུལ་སྐུའི་མཎྜལ་ལ་བསྒྲིལ་ཞིང་། ཐུན་མཇུག་ཏུ་མཎྜལ་ཕྱི་མ་གཉིས་ཀྱང་ཇི་ལྟར་རིགས་པ་ཕུལ་བའི་མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་བསྔོ་བ་བྱ་སྟེ། དམིགས་སྐོར་གཉིས་པའོ། །རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁའི་དབུས་སུ་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མཐའ་སྐོར་དུ་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་སྐྱབས་ཡུལ་ལྟར་གསལ་བཏབ། དེ་ཐམས་ཅད་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་ཤར་བའི་སྒྱུ་འཕྲུལ་གྱི་རོལ་པར་ཡང་ཡང་བསམ་པས་ཀུན་གོ་གཅིག་གིས་ཆོད་པར་བློ་ཐག་བཅད་དེ་སེམས་ཅན་ཐམས་ཅད་ཀྱི་བྱང་རང་གིས་དྲངས་པར་བསམས་ནས་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ་གདུང་ཤུགས་བཟོད་མེད་ཀྱིས་ངག་ཏུ། རྒྱལ་བ་རྒྱ་མཚོའི་ཞེས་སོགས་ཀྱིས་གསོལ་བ་ཡང་ཡང་བཏབ་ཅིང་། དེ་ནས་བརྒྱུད་པའི་བླ་མ་དང་དཀོན་མཆོག་གསུམ་སོགས་རྩ་བའི་བླ་མ་ལ་བསྡུས་ནས་མོས་གུས་དྲག་པོས་སྐུ་བཞིའི་དབང་ཕྱུག་སོགས་ཀྱིས་གསོལ་བ་བཏབ་ནས། གུ་རུའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས་ཞེས་སོགས་ཀྱིས་བླ་མའི་སྐུ་ལས་དབང་བཞི་བླངས་རྗེས། བླ་མ་དེ་ཉིད་དགྱེས་ཉམས་དང་བཅས་ཏེ་རང་གི་མགོ་ཐོག་ཏུ་བྱོན་པ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་དུ་བསམ་ལ་མཉམ་པར་བཞག་ཅིང་བསྔོ་བ་བྱ་སྟེ། དམིགས་སྐོར་གསུམ་པའོ། །གཉིས་པ་དངོས་གཞི་ནི། སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་ན་སྐབས་

p. 25

འདིར་དབང་བསྐུར་བས་རྒྱུད་སྨིན་པར་བྱས་ལ་བསྒོམ་པ་ལ་འཇུག་གོ །དེ་ལ་གཉིས་ལས། ཐོག་མར་རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་བསྒོམ་པའི་ཚུལ་ནི། བདེ་བའི་སྟན་ལ་འདུག་སྟེ་སྐྱབས་སེམས་ལ་སོགས་པ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་པད་ཉི་ཟླ་བའི་སྟེང་དུ་རང་རིག་ཧཱུྃ་མཐིང་ག དེ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོ་འཛུམ་ལང་ཚོ་རྒྱས་པའི་ཉམས་ཅན་སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བས་དབྱིངས་ཕྱུག་མནྡྷ་ར་བ་དམར་གསལ་གྲི་ཐོད་འཛིན་པ་དང་ཕན་ཚུན་འཁྲིལ་བ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་ཡིག་མཐིང་ག་རྟག་ཏུ་འཆར་བཞིན་པར་གསལ་བཏབ་ཅིང་། རྣམ་པ་མི་གསལ་ན་ཐང་སྐུ་ལྟ་བུའི་སྐུ་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་ཤར་བ་དང་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག དེ་ལྟར་གསལ་ཐེབས་པ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་རང་གི་མཐའ་ཕྱིའི་དངོས་པོ་གང་རུང་ལ་རེག་པས་ཞེན་རྟོག་སྦྱངས་ནས་ལྷར་ལམ་ལམ་གྱུར་པར་བསམ་ཞིང་། རིམ་པར་ཡུལ་གྲུ་ལ་སོགས་པ་ནས་མཐར་སྣོད་བཅུད་ཐམས་ཅད་སྦྱངས་ཏེ། སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་བསྲེ་བ་ལ་ཐུན་གཅིག ལྷ་སྐུ་དེ་ཡང་རང་གི་སེམས་ཉིད་ཀྱི་རང་རྩལ་ཙམ་སྟེ་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྐུ་སྤངས་པའི་ཚུ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་གཉིས་སུ་མེད་པར་ཐག་བཅད་དེ་བསྲེ་བ་ལ་ཐུན་གཅིག ཅིར་སྣང་ཐམས་ཅད་ཡིད་དང་ལྷ་སྐུ་དབྱེར་མེད་དུ་སྣང་བ་དེ་ཡང་སྣང་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་སྒྱུ་མའི་སྣང་བ་ལྟར་བདེ་གསལ་སྟོང་པ་ཉིད་དུ་བསྲེ་བ་ལ་ཐུན་གཅིག་སྟེ། སྒོམ་པས་སྐྱོ་ན་ལྷ་སྐུ་གསལ་ལ་དེར་འཛིན་མེད་པ་དེའི་ངང་ནས། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ་གདངས་གྲགས་སྟོང་དུ་གསལ་བཏབ་སྟེ། རླུང་འཇུག་གནས་ལྡང་གསུམ་དང་

p. 26

སྦྱར་ནས་ༀ་ཨཱཿཧཱུྃ་གི་ཡིད་བཟླས་བྱ་ཞིང་། དེས་སུན་ན་འབྲུ་གསུམ་གྱི་ངག་བཟླས་དང་ལས་བྱང་ལྟར་བསྙེན་སྒྲུབ་ཀྱི་སྔགས་རྣམས་ཀྱང་ཅི་རིགས་བཟླས་ལ། ཐུན་བསྡུ་བའམ་ཉལ་བའི་ཚེ་དག་པའི་སྣོད་བཅུད་ཐམས་ཅད་རང་ལ་བསྡུ། དེ་ཡང་ཡུམ་ཡབ་དང་། དེ་ཐུགས་ཀའི་ཧཱུྃ་དང་། དེ་ཡང་རིམ་གྱིས་ནཱ་དའི་བར་དུ་བསྡུས་ཏེ། དེ་ཉིད་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་བཟུང་།དེ་ཡང་བསྡུས་ཏེ་མི་དམིགས་པ་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག ཉལ་བ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་ན། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་པ་གསུང་། དྲན་རིག་ཐུགས་སུ་ཤེས་པས་རྒྱས་གདབ་ཅིང་བསྔོ་བ་བྱའོ། །གཉིས་པ་རྫོགས་རིམ་ལ་གསུམ་སྟེ། ཞི་གནས་བཙལ་བ། ལྷག་མཐོང་བསྐྱེད་པ། ཟུང་འཇུག་ཏུ་བསྒོམ་པའོ། །དང་པོ་ཞི་གནས་བཙལ་བ་ནི། སྐྱེ་བོའི་འདུ་འཛི་དང་ཀླག་ཅོར་ལ་སོགས་པ་མེད་པའི་གནས་དབེན་པར་སྟན་བདེ་བ་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲང་ཞིང་ཆ་ཆ་ནས་ཧྲིལ་གྱིས་བསྒྲིམ། ངག་གནད་རླུང་རང་སོར་བཞག སེམས་ཀྱི་གནད་སྔར་འདི་བྱས། ཕྱིས་འདི་བྱེད། ད་ལྟ་འདི་ཡིན་འདི་མིན་སོགས་སེམས་ལ་ལས་གང་ཡང་མི་འཆོལ་བར་དུས་གསུམ་གྱི་སྤྲོས་པ་བཅད་དེ་བཟོ་མེད་ཡེངས་མེད་དུ་འཇོག དེ་ལ་གནས་ན་དེས་ཆོག གལ་ཏེ་མི་གནས་ན་མདུན་གྱི་ནམ་མཁར་རྡོ་རྗེ་ཐོད་ཕྲེང་རྩལ་ལྟ་བུའི་ལྷ་སྐུ་ཆེ་ཆུང་ཇི་ལྟར་རིགས་པ་ཞིག་བསྒོམས་ལ། གསལ་ཡེ་རེ་བྱུང་བ་དང་ཧ་ཅང་ཚིར་ཟིན་མི་བྱེད་པར་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ཀ་ལ་ཆེ་རེ་བལྟས་ཏེ་བཟོ་མེད་ཡེངས་མེད་དུ་ཀློད་དེ་འཇོག དེ་ལའང་གནས་དཀའ་ན་ལྷ་སྐུའམ། ཡིག་འབྲུའམ། ཤིང་བུ་རྡེའུ་ལྟ་བུ་དངོས་པོ་ཕྲ་རགས་གང་རུང་ཞིག་མདུན་དུ་དངོས་སུ་བཞག་སྟེ། དེ་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་འཐབ་པར་ཆེ་རེ་ལྟ་སྟངས་གཏད་ནས་སེམས་ཀྱིས་ལེགས་ཉེས་སྤུ་རིས་སོགས་གང་ཡང་ཡིད་ལ་མི་བྱེད་ཅིང་། ཅི་ཡང་མི་སེམས་མི་བསྒོམ་པར་ཁྲེས་སེ་བོར་ལ་འཇོག དེའི་ངང་ལས་རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་མཐུད་དུ་མི་གཞུག་པར་རྟེན་ལ་བ སླན་ཏེ་ཅིར་ཡང་མི་བསྒོམ་མི་འཛིན་པར་རྟོག་མེད་སིང་ངེ་མ་ཡེངས་པར་བཟུང་ངོ་། །གལ་ཏེ་བྱིང་ན་

p. 27

ལྟ་སྟངས་གཏོད། ལུས་གྲིམ་ཆ་འཚོལ། ཤེས་པ་ལ་ངར་བཏགས། རིག་པ་ལ་ཧུར་བཏོན་ཏེ་རྩེ་གཅིག་ཏུ་བལྟ། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། ཞེ་གཏིང་ནས་ཀློད་ལ་རང་བབས་སུ་འཇོག་གོ །དེ་བཞིན་དུ་སྒྲ་ལྷང་ངེ་བ་དང་། དྲི་ཆིལ་ལེ་བ་སོགས་དང་། དབུགས་རང་བབས་ཀྱི་འབྱུང་འཇུག་གནས་གསུམ་ལ་ཤེས་པ་གཏད་ཙམ་མ་གཏོགས་ཅི་ཡང་མི་བསམ་པར་ཀློད་དེ་འཇོག་པའམ། ཡང་ན་རྟེན་མེད་དུ་ཧད་དེ་འཇོག་པ་སོགས་གང་རུང་གཅིག་གི་སྟེང་དུ་བཞག་པས་ཆོག་ཅིང་། དེ་ལྟར་བསྒོམས་པས་ཐོག་མར་རྣམ་རྟོག་གི་འཆར་སྒོ་མང་དུ་འགྲོ་བ་སྙམ་བྱེད་ཀྱང་སྐྱོན་ཡོན་དུ་མ་བལྟས་པར་རྒྱུན་བསྲིངས་ལ་བསྒོམ་པས་ཆ་ཆ་ནས་ཞི་སྟེ་ལུས་སེམས་ལ་བདེ་བ་སྐྱེ་ཞིང་མདོག་སྣུམ། ངག་སྨྲ་བ་ཉུང་ཞིང་ཚིག་འཇམ། གང་ལ་སེམས་བཟུང་སར་རྟོག་མེད་དུ་གནས་པ་ལས་ལྡང་མི་ནུས་ཤིང་གཡོ་མི་འདོད་པ་འདྲ་བར་ཆམ་གྱིས་འགྲོ་བས་རྩེ་གཅིག་ཏུ་གནས་པ་ཞིག་འོང་སྟེ། དེ་ཙ་ན་ཞི་གནས་གོམས་པའི་རྟགས་ཡིན་གསུངས། གཉིས་པ་ལྷག་མཐོང་བསྐྱེད་པ་ལ་གཉིས་ལས། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུར་གཏན་ལ་འབེབས་པ་ནི། དེ་ལྟར་སྣང་ལ་བཏགས་པའི་ཚེ་སྣང་གྲགས་འཁོར་འདས་ཀྱི་ཆོས་འདི་དག་རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་ལོགས་ན་དོན་བདེན་པར་གྲུབ་པ་ཞིག་རྡུལ་ཙམ་ཡང་མེད་དེ། སྣང་ནི་སྣང་། བདེན་ནི་མི་བདེན། འདི་ག་སྒྱུ་མའི་འཁྲུལ་འཁོར་རྨི་ལམ་གྱི་སྣང་བ་ལྟར་མེད་བཞིན་དུ་སྣང་བ་སང་སེང་འལ་འོལ་ཙམ་དུ་བལྟ་ཞིང་། དེ་ཡང་བཏགས་པ་ཙམ་ལས་རང་བཞིན་ཡོད་མེད་སྤྲོས་པའི་ཡུལ་ལས་འདས་པས་དོན་ལ་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པར་ཐག་བཅད་དེ། ཡུལ་གྱི་སྣང་བ་གང་ཤར་ཡང་དེ་གའི་རང་ངོ་ལ་ཅེར་གྱིས་བལྟས་པས་སྣང་བ་མ་འགགས་ལ། དེར་འཛིན་གྱི་བློའི་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་ནམ་མཁའ་ལྟ་བུར་རྗེན་སང་གིས་འཆར་བས་དེའི་ངང་ལ་རང་བབས་སུ་འཇོག་ཏུ་བཅུག་གོ །གཉིས་པ་ནང་འཛིན་སེམས་རྩ་བྲལ་དུ་གཏན་ལ་འབེབས་པ་ནི། ཁ་ནང་དུ་ཕྱོགས་ཏེ་རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་

p. 28

འཕྲོ་ཞིང་རྟོག་པ་ཁྱོད། དང་པོ་གང་ནས་འོངས། ད་ལྟ་གང་ན་གནས། མཐའ་མ་གང་དུ་འགྲོ། དབྱིབས་ཅི་འདྲ། ཁ་དོག་ཇི་ལྟར་འདུག་ཅེས་སྐད་ཅིག་ཀྱང་མ་ཡེངས་པར་ཕུ་འདེད་མདའ་འདེད་ཀྱིས་རིག་པ་རྐྱང་འདེད་དུ་བལྟར་བཅུག་པས། སེམས་མ་མཐོང་ཟེར་ན། འོ་ན་གྱུ་གྱུ་བ་ཐོལ་གྱིས་སྐྱེས་པ་དེ་ཀ་ལ་ལྟོས་དང་ཅི་འདྲ་འདུག ལྟ་མཁན་དེ་རང་ག་སུ་ཡིན་པར་འདུག་ཅེས་རྩད་གཅོད་དུ་བཅུག་པས། དངོས་མེད་གཅིག་འདུག་ཟེར་ན། ཐལ་བ་རླུང་གིས་ཁྱེར་བ་ལྟར་ཅང་མེད་ཅིག་འདུག་གམ་ཅི་འདྲ་འདུག་ཅེས་ནན་ཏན་དུ་བལྟར་བཅུག དེ་ལྟར་སྐྱེ་འགག་གནས་གསུམ་དང་དབྱིབས་ཁ་དོག་སོགས་ཅི་འདྲ་འདུག་ཞིབ་ཏུ་བལྟས་པས། ལྟ་མཁན་དང་བལྟ་རྒྱུ། མཐོང་མཁན་དང་མཐོང་རྒྱུ་སོགས་གང་ཡང་མ་མཐོང་། བཙལ་ཞིང་དཔྱད་པས་ཅི་ཡང་མ་རྙེད་པའི་ངང་དེར། གང་དུ་ཡང་ངོས་བཟུང་དཔྱད་ར་མེད་པར་ནམ་མཁའ་ལྟར་སང་ངེ་བ། ཡངས་ཆམ་མེ་བ། བྱ་རྒྱུ་ཟད་པ། བྱ་ཐབས་རྡུགས་པས་བྱ་བྱེད་ཐམས་ཅད་དང་བྲལ་བ། གསལ་རིག་རྗེན་ནེ་བ་ཞིག་འཆར་ན། ཆད་པ་ངལ་གསོ་བ་ལྟར་དེ་ཁའི་རང་ལུགས་སུ་ལྷོད་ཀྱིས་ཀློད་ལ་འཇོག་ཏུ་བཅུག དེ་ལྟར་བཞག་པས་དྲན་བསམ་གང་ཡང་མེད་ཅིང་གདངས་བདེ་བ་དང་བཅས་པ་མ་འགགས་པར་སྣང་བ་ཐམས་ཅད་འཛིན་མེད་རང་བབས་སུ་ཁྲོལ་ལེ་ཤིག་གེ་བུན་ནེ་བའི་ངང་ལ་མཉམ་པར་འཇོག་ཏུ་བཅུག་གོ །གསུམ་པ་ཞི་ལྷག་ཟུང་འཇུག་ཏུ་བསྒོམ་པ་ནི། ཡུལ་ལ་བློ་སྣང་ངམ། བློ་ལ་ཡུལ་སྣང་ལྟ་བུ་གང་ཤར་ཡང་འདྲ་སྟེ། གང་ཤར་དེ་ཁ་ལ་ཅེར་གྱིས་བལྟས་པས། རྫིང་བུར་ཟླ་གཟུགས་ཤར་དུས་ཆུ་དང་ཟླ་གཟུགས་ཐ་མི་དད་པ་ལྟར་ཕ་གར་སྣང་བ་མ་འགགས་ལ། ཚུ་གར་དེར་འཛིན་གྱི་དྲི་མ་དང་བྲལ་བའི་སྣང་སེམས་དབྱེར་མེད་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ་ཞིག་འཆར་བས། དེ་ཁའི་ངང་ལ་རྟོག་དཔྱོད་ཀྱི་ཚོལ་འཕྲོ་གང་ཡང་མི་བྱ་བར་རང་བབས་སུ་ཅེ་རེ་བལྟ། བདེ་ལུགས་སུ་ཤིགས་སེ་ཤིག རྗེས་མེད་དུ་སང་ངེ་སྐྱུར། རྒྱ་ཡན་དུ་ཆལ་ལེ་བརྡལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་རང་སོར་ལྷོད་ཀྱིས་ཀློད། དེའི་ཚེ་ཚོགས་དྲུག་གི་ཡུལ་སྣང་ཡང་འཛིན་པ་མེད་པ་རང་གསལ་རྗེན་པར་ལྷག་གེ་བ། ནང་སེམས་

p. 29

ལ་རྟོག་དཔྱོད་ཀྱི་སྤྲོ་བསྡུ་མེད་པ་རང་སངས་སུ་རྗེན་ནེ་བ། བར་རང་སར་གནས་ཀྱང་གཉེན་པོས་མ་བཅིངས་པར་བར་མེད་དུ་ཧ་རེ་བ་སྟེ། ཡུལ་བཟང་ངན་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་གྱི་བློ་མ་ཞུགས་པར་སལ་ལེ་སང་ངེ་བའི་་རིག་པའི་ཆ་དེ་ཅར་ཕོག་ཏུ་ངོས་བཟུང་ལ་ཟང་ཐལ་རྗེན་པར་སྐྱོང་བ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཏེ། ཡིན་ལུགས་ཡེ་སངས་རྗེན་པ་རང་བྱུང་གི་ཡེ་ཤེས་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་འཛིན་ནས་འཁོར་བ་ཆོས་སྐུར་སངས་པས་རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུ་སྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་རིག་ཀྱང་མི་འཕྲོ། གསལ་ཡང་མི་འཛིན། མི་རྟོག་ཀྱང་རིག་པའི་གདངས་ཡུལ་སྣང་མ་འགགས་པས་འདོད་གཟུགས་གཟུགས་མེད་ཀྱི་སེམས་གསུམ་ལས་གྲོལ་ཞིང་། མཉམ་པར་བཞག་དུས་སེམས་སྤྲོ་བསྡུ་མེད་པར་ལྷན་ནེར་གནས་པ་མི་རྟོག་པ་སྟོང་པའི་ཆ་དེ་ཞི་གནས་དང་། རིག་པ་གསལ་དག་རྗེན་སང་ངེ་བར་གསལ་བས་སྣང་བའི་ཆ་དེ་ལྷག་མཐོང་སྟེ། ཟུང་འཇུག་ཏུ་སྒོམ་པ་ཡིན་ནོ། །གསུམ་པ་གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་བསྐྱེད་པ་རྗེས་ཀྱི་ཁྲིད་ནི། ལྟ་སྒོམ་སྤྱོད་འབྲས་བཞིའི་སྒོ་ནས་ངོ་སྤྲོད་པའི་ཡི་གེ་ཞིག་སླར་ལོགས་སུ་ུ འབྲི་བར་འདོད་པ་ལས་ཤེས་པར་བྱ་ཞིང་། གཙོ་བོར་ནི་བླ་མ་དམ་པ་མན་ངག་ཉམས་མྱོང་ཅན་གྱི་ཞལ་ལས་ཉམས་མྱོང་སྐྱེས་པའི་དོན་ངོ་སྤྲོད་པ་དང་། ཉམས་མྱོང་ཇི་ལྟར་སྐྱེ་ཚུལ། དེའི་གེགས་སེལ་བོགས་འདོན་དང་བཅས་པ་ལེགས་པར་མཉན་ཏེ། ཉམས་རྟོགས་ཀྱི་འཕྲང་ལས་མ་གྲོལ་གྱི་བར་གདར་ཤ་བཅད་ལ་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པའི་ཐབས་ལ་ཅི་ནས་ཀྱང་འབད་པར་བྱའོ། །དེ་སྐད་བཀའ་དྲིན་མཉམ་མེད་རྗེ་བླ་མའི། །བཀའ་གནང་ཐོབ་ནས་བན་ཆུང་ཆོས་དཔལ་གྱིས། །བློ་དམན་དོན་དུ་ཚིག་ཉུང་དོན་འདྲིལ་བར། །རྒྱལ་ཟླ་ཡར་ངོའི་ཚེས་བཅུར་གྲུབ་པར་སྤེལ། །ནོངས་པར་གྱུར་གང་བླ་མ་ཡི་དམ་ལྷ། །ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་བཞེས། །དགེ་འདིས་རང་རྒྱུད་གྲོལ་ནས་མཐའ་ཡས་འགྲོ། །རྣམ་གྲོལ་གདོད་མའི་ས་

p. 30

ལ་སྒྲོལ་ནུས་ཤོག། །།

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ལས། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ།

p. 31

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རྫོགས་རིམ་ལས། ཀ་དག་གི་ཁྲིད་ཀྱི་དམིགས་རྐང་ཟིན་བྲིས་སུ་བཏབ་པ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཚུངས་པ་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་གདམས་ཁྲིད་དོན་དུ་གཉེར་བའི་སྐལ་ལྡན་འོང་ན་འདི་སྐད་ཅེས་གདམ་པར་བྱ་སྟེ། འོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་གདམས་པ་ཞུས་ནས་ཉམས་སུ་བླང་བར་བྱ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ལེགས་པར་བཏབ་སྟེ་གསན་པར་ཞུ་འཚལ། གང་གསན་བྱའི་གདམས་པ་འདི་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །སྔོན་འགྲོ་ལའང་གཉིས་ཏེ། ཐུན་མོང་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལའང་ལྔ་ལས། ཐོག་མར་དལ་འབྱོར་རྙེད་པར་དཀའ་བ་ནི། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི༔ རྒྱུ་རྐྱེན་དཔེ་གྲངས་ཀུན་ལ་བརྟག་དཔྱད་ཀྱང་༔ ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདས༔ དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་བྱས་ལ༔ ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད༔ ཉིན་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ༔ ཞེས་གསུངས་པའི་དོན་འདི་ལྟར་བསམ་པར་བྱ་སྟེ། དེ་ཡང་བདག་ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་གྱིས་བྲེལ་ཏེ་ལུས་མི་ཁོམ། ལྐུག་པར་སྐྱེས་ན་ཚིག་དོན་གྱི་བརྡ་སྤྲོད་པའི་ནུས་པ་མེད་པས་ངག་མི་ཁོམ། ལྷ་ཚེ་རིང་པོ། མཐའ་འཁོབ། སངས་རྒྱས་ཀྱིས་སྟོངས་ཏེ་མུན་པའི་བསྐལ་པ། ལོག་ལྟ་ཅན་དང་བཞིར་སྐྱེས་ན་ཡིད་མི་ཁོམ་པ་

p. 32

ལས། བདག་དེ་བརྒྱད་པོ་གང་དུ་ཡང་མ་སྐྱེས་པས་དལ་བ་བརྒྱད་ཐོབ་འདུག་སྙམ་དུ་བསམ། དལ་བ་དེའི་ཁྱད་པར་གྱི་ཆོས་འབྱོར་པ་བཅུ་དང་ཡང་ལྡན་ཏེ། བདག་མིའི་ནང་དུ་ནི་སྐྱེས། དེ་ཡང་ཡུལ་དབུས་སུ་སྐྱེས། དབང་པོ་སྒོ་ལྔ་ཚང་། དགེ་བ་ལ་ཡིད་འདུན། བསྟན་པ་ལ་དད་པས་ལས་མཐའ་མ་ལོག་པ་སྟེ་རང་ལ་ལྟོས་པ་ལྔ། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཆོས་གསུངས། དེའི་བསྟན་པ་མ་ནུབ་པར་གནས། དེའི་རྗེས་སུ་ཞུགས་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་པས་གཞན་ལ་ལྟོས་པ་ལྔ་སྟེ། འབྱོར་པ་བཅུ་ཡང་ལེགས་པར་ཚང་། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་རྟེན་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་སྟེ། དེའི་རྒྱུ་མི་ལུས་འཕེན་ཐུབ་ཀྱི་ཚུལ་ཁྲིམས་བསྲུང་བ་འཇིག་རྟེན་ན་དཀོན་པར་སྣང་བའི་ཕྱིར་རྒྱུའི་སྒོ་ནས་རྙེད་པར་དཀའ། རྒྱ་མཚོ་ཆེན་པོ་རླུང་གིས་གཡེངས་པའི་གཉའ་ཤིང་གི་བུ་ུག་གཅིག་པའི་བུ་གར་ལོ་བརྒྱ་བརྒྱ་ན་སྙེང་སྙེང་ལན་རེ་བྱེད་པའི་རུས་སྦལ་གྱི་མགྲིན་པ་ཚུད་པ་དང་འདྲ་བས་དཔེའི་སྒོ་ནས་རྙེད་པར་དཀའ། དབྱར་དུས་ཀྱི་དུད་འགྲོས་ས་གཞི་རི་ཀླུང་ཁེངས་པ་འདིའི་ཚོད་ན་མི་ལུས་སྲིད་པ་ཙམ་དུ་འདུག་པས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་སྙམ་དུ་བརྟག རྙེད་པ་ཕན་ཡོན་ཆེ་ཚུལ་ལ་ཡང་བསམ་སྟེ། རྒྱལ་བ་ཀུན་ཀྱང་རྟེན་འདི་ལ་བརྟེན་ནས་སངས་རྒྱས་ཤིང་རྒྱ་བར་འགྱུར་བའི་ཕྱིར། དབུལ་པོས་ཡིད་བཞིན་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་བདག་གིས་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ཁ་རྗེ་རེ་ཆེ། ད་འདི་མདོ་མེད་དུ་མ་ལུས་པར་དམ་པའི་ཆོས་ལ་རྩེ་གཅིག་ཏུ་བསླབས་ཏེ་དལ་འབྱོར་སྟོང་ལོག་ཏུ་མ་སོང་བར་བྱའོ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པའི་ཁྲིད་ནི། དེ་ལྟར་ཐོབ་ཀྱང་རྟག་པ་མ་ཡིན་གྱི༔ རྒན་གཞོན་བར་མའི་གོ་རིམ་མ་ངེས་པས༔ རླུང་ནང་མར་མེ་ཆུ་བུར་ཤིང་རྩེའི་བྱ༔ ཇི་བཞིན་ལོང་མེད་འཆི་ཡང་རྟག་པའི་སེམས༔ སྤངས་ཏེ་སྐྱོ་ཤས་དྲག་པོས་འཆི་བ་བསམ༔ སྙིང་ནས་ཆོས་བསྒྲུབ་ཚེ་འདིའི་རྣམ་གཡེང་སྤང་༔ ཞེས་གསུངས་པའི་དོན་ནི། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཐོབ་ཀྱང་ཡུན་རིང་པོར་མི་གནས་ཏེ།

p. 33

འཆིའམ་མི་འཆི་སྙམ་པའི་ཐེ་ཚོམ་མེད་པར་སྐྱེས་ཕན་ཆད་ཐམས་ཅད་འཆི་ངེས་ཅན་ཡིན་ལ༑ དེ་ཡང་རྒན་གཞོན་བར་མའི་གོ་རིམ་མ་ངེས་པར་འཆི་སྟེ། རླུང་ནང་གི་མར་མེ་ལྟར་འགལ་རྐྱེན་མང་བ་དང་། ཆུའི་ལྦུ་བ་ལྟར་མི་བརྟན་པ་དང་། ཤིང་རྩེར་གནས་པའི་བྱ་ལྟར་ནམ་འཆི་ཆ་མེད་པའི་ཕྱིར་རོ། །གཞན་ཡང་ལྟག་ཆུ་ཆད་པའི་རྫིང་བུ་མཐིལ་རྡོལ་བ་ལྟར་ཚེ་འདི་བསྣོན་མ་མེད་ཅིང་འབྲིད་པ་དང་བཅས་པས་མྱུར་དུ་མི་རྟག ནགས་མཐའ་མེས་བསྐོར་བའི་དབུས་ཀྱི་སྤྲེའུ་ལྟར་འདི་ལས་ཐར་བ་གང་ནའང་མེད། མདོར་ན་དོ་ནུབ་རང་ཡང་འཆི་མི་འཆི་བ་ཅི་ཆ། དེ་ཕྱིར་དོན་ཆུང་གི་རྣམ་གཡེང་བྱ་བྱེད་ཐམས་ཅད་བཤོལ་ཏེ། ཚེ་གཞུག་སྤྲིན་བར་གྱི་ཉི་ཞུར་ཙམ་འདི་ལ་ཕྱི་མའི་རྒྱགས་ཕྱེ་ཚགས་སུ་ཚུད་པའི་ཆོས་གཤའ་མ་སྙིང་ནས་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གསུམ་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ནི། མི་རྟག་བསྟན་ཚེ་བདེ་སྡུག་མེད་མིན་གྱི༔ མངར་ཁག་ས་བོན་ཇི་བཞིན་འབྲས་བུ་སྨིན༔ མི་དགེ་སྤྱད་ལས་དམྱལ་བ་ཡི་དྭགས་དང་༔ དུད་འགྲོ་ལྷ་མིན་ལ་སོགས་ངན་འགྲོར་ལྟུང་༔ ཚ་གྲང་བཀྲེས་སྐོམ་རྨོངས་འཐབ་འཕོ་ལྟུང་སོགས༔ མི་བཟད་སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཞིང་༔ དགེ་བ་སྤྱད་ལས་གནས་སྐབས་ཡིད་འོང་བདེ༔ མཐར་ཐུག་ཞི་བདེ་མྱང་འདས་བདེ་བ་ཐོབ༔ དེ་ཕྱིར་མི་དགེ་མེ་འོབས་ལྟ་བུར་སྤང་༔ དགེ་བའི་དམ་ཆོས་སྙིང་ནས་ཡང་དག་བསྒྲུབ༔ ཅེས་གསུངས་ཏེ། དེ་ཡང་འཆི་བ་བདེན་མོད། ཤི་ཡང་ཆོས་རང་བྱ་མི་དགོས་སོ་སྙམ་ན། འདི་ནས་ཅང་མེད་དུ་འགྲོ་ན་ལྟ་དེ་ལྟར་ཡིན་ཡང་། ཅང་མེད་དུ་མི་འགྲོ་སྟེ། དཔེར་ན་ས་བོན་མངར་བ་བཏབ་ན་འབྲས་བུ་མངར་བ་དང་། ས་བོན་ཁག་པ་ལས་འབྲས་བུ་ཁག་པ་སྨིན་པ་བཞིན། མི་དགེ་བའི་ལས་བཅུ་སྤྱད་པས་ངན་སོང་གསུམ་སོགས་སྡིག་ཏོའི་ལས་ཀྱི་སྡུག་བསྔལ་མྱོང་འགྱུར་གནས་སུ་སྐྱེ་ལ། དགེ་བའི་ལས་བཅུ་སྤྱད་པས་གནས་སྐབས་སུ་མཐོ་རིས་ལ་སོགས་པའི་བདེ་བ་རྣམས་ཐོབ་ཅིང་། མཐར་ཐུག་ཐར་པ་ལ་སྦྱོར་བའི་སྟེགས་བྱེད་པའི་ཕྱིར། མི་དགེ་བའི་ལས་བཅུ་ཕྲ་ཞིང་ཕྲ་བ་ནས་དུག་བཞིན་དུ་སྤང་། དགེ་བའི་ལས་རྣམས་འཆི་གསོས་ཀྱི་སྨན་བཞིན་དུ་བསྟེན། འགྲོ་འཆག་

p. 34

ཉལ་འདུག་སོགས་དགེ་སྡིག་གང་དུའང་ལུང་མ་བསྟན་པ་རྣམས་དགེ་བའི་ལས་ལ་བསྒྱུར་ཏེ༑ དལ་འབྱོར་ཐོབ་པའི་དུས་འདིར་བྱ་བ་བྱས་པ་རྣམས་མདོ་མེད་དུ་མ་སོང་བ་ཞིག་བྱའོ་སྙམ་དུ་དྲག་ཏུ་བསམ། དེ་ཡང་མི་དགེ་བའི་ལས་ཀྱིས་ངན་འགྲོ་རྣམས་སུ་སྐྱེས་ཀྱང་ཅི་ཏོ་སྙམ་ན། དེ་ནི་ད་ལྟ་གཉའ་ཐོག་ཏུ་མ་བྱུང་བས་སྦད་ཁམ་ཡིན། དེའི་རྒྱུ་མཚན་འདི་ལྟར་བསམ་ན་ཤེས་པར་འགྱུར་ཏེ། དེ་ལ་དམྱལ་བའི་སྡུག་བསྔལ་ནི། ཚ་དམྱལ་རྣམས་ལྕགས་སྲེག་གི་ས་གཞི་རབ་ཏུ་འབར་བའི་གནས་སུ་ཡང་སོས་ཀྱི་སེམས་ཅན་རྣམས་ནི་ཕན་ཚུན་དགྲར་མཐོང་སྟེ་ཕན་ཚུན་བརྡེག་རེས་ཀྱིས་ཡང་ཤི་ཡང་སོས་དང་། ཐིག་ནག་ནི་ལུས་ལ་ཐིག་ནག་པོ་བཏབ་སྟེ་སོག་ལེ་དང་སྟྭ་རེ་སོགས་ཀྱིས་གཤག་པ་དང་། བསྡུས་འཇོམས་ནི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་བཞིན་དུ་འཚིར་བ་དང་། ངུ་འབོད་ནི་ཉམ་ཐག་ནས་བདེ་བའི་ནགས་འཚོལ་བ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་ནས་སྒོ་ཟུམ་སྟེ་བསྲེག་པ་དང་། ངུ་འབོད་ཆེན་པོ་ནི་ལྕགས་ཁང་ཉིས་རིམ་དུ་བསྲེག་པ་དང་། ཚ་བ་ནི་ལྕགས་ཁྱིམ་མེ་འབར་བར་བསྲེགས་ཤིང་མདུང་རྩེ་གསུམ་པས་བསྣུན་པ་དང་། རབ་ཏུ་ཚ་བ་ནི་ལྕགས་ཟངས་ཁྲོ་ཆུ་ཁོལ་མར་འཚོད་ཅིང་ལྟོ་བ་ནས་མེ་འབར་བ་དང་། མནར་མེད་ནི་ལྕགས་ཁང་མེ་འབར་བར་ལུས་སྡོང་བུ་ལྟར་བསྲེག་པ་ན་སྐད་ངན་ཙམ་ལས་སེམས་ཅན་ཡོད་པ་ཤེས་པ་མ་གཏོགས་མེའི་ཕུང་པོ་ཁོ་ནར་འབར་བ་དང་། དེ་ནས་ཐོན་ཏེ་བྲོས་པ་ན། དེའི་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས་དང་། རོ་མྱགས་ཀྱི་འདམ་དང་། མཚོན་ཆའི་ཐང་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་རྣམས་ཀྱིས་ཀུན་ནས་བསྐོར་བའི་ནང་དུ་ཚུད་དེ་སྡུག་བསྔལ་མི་བཟོད་པ་བསྐལ་པར་མྱོང་བར་འགྱུར་ལ། གྲང་དམྱལ་རྣམས་ནི། སྣང་བ་མེད་པའི་མུན་ཁྲོད། ཁ་ཆར་ན་བུན་རླུང་དང་འཁྱག་པའི་གཅོང་རོང་ཆེན་པོའི་ཁྲོད་དུ། ལུས་གྲང་བས་ཉེན་ནས་ལུས་ཆུ་བུར་གྱིས་གང་བ་དང་། ཆུ་བུར་རྡོལ་བ་དང་། གྲང་དྲགས་ནས་སོ་ཐམ་ཐམ་པ་དང་། ཨ་ཆུ་དང་ཀྱེ་ཧུད་ཀྱི་སྡུག་སྐད་འདོན་པ་དང་། ཨཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པའི་སྡུག་བསྔལ་ཡུན་རིང་པོར་མྱོང་དགོས་ཏེ། ད་ལྟ་ཚ་གྲང་

p. 35

གི་རེག་བྱ་ཅུང་ཟད་རེ་ཡང་མི་བཟོད་ན། ཚ་དམྱལ་དང་གྲང་དམྱལ་གྱི་སྡུག་བསྔལ་དེ་ལྟ་བུ་བཟོད་པར་འདུག་གམ་སྙམ་དུ་བསམ་མོ། །ཡི་དྭགས་ཀྱི་གནས་ནའང་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ། ཕྱིའི་སྒྲིབ་པ་ཅན་རྣམས་ནི། བཀྲེས་སྐོམ་གྱིས་ཉེན་པས་ཡུལ་ཀུན་ཏུ་རྒྱུག་ཀྱང་བཟའ་བཏུང་གང་ཡང་མི་རྙེད་ཅིང་མི་མཐོང་ལ། མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུང་བ་དང་། ཆུ་མཐོང་ནས་རྗེས་སྙེགས་པས་སྐམ་པ་དང་། ནགས་མཐོང་ནས་ཕྱིན་པས་སོལ་བའི་ཕུང་པོར་འགྱུར་བ་སོགས་སྡུག་བསྔལ་བཟོད་གླགས་མེད། ནང་གི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་དང་པོར་མི་རྙེད། ཅུང་ཟད་རྙེད་པ་ཟོས་པ་ན་ལུས་ཀྱི་ནང་དུ་མེ་འབར་ཏེ་ནང་རོལ་ཐམས་ཅད་བསྲེག་པ་སོགས་བརྗོད་ཀྱིས་མི་ལང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། སྤྱིར་ཁྱབ་པའི་སྡུག་བསྔལ་དབུལ་འཕོང་། འཇིགས་དངངས། ཉམ་ང་བའི་གནས་སུ་མགོན་སྐྱབས་མེད་པ་སོགས་མཐའ་ཡས་ཏེ། ད་ལྟ་ཉིན་གཅིག་གི་བཀྲེས་སྐོམ་ཡང་མི་བཟོད་ན། དེ་ལྟ་བུའི་སྡུག་བསྔལ་བཟོད་པར་འདུག་གམ་སྙམ་དུ་བསམ། དུད་འགྲོ་ལའང་སྡུག་བསྔལ་མང་སྟེ། ཆེ་བས་ཆུང་བ་ཟ་བ། ཆུང་བས་ཆེ་བ་འབིགས་པ། གཅིག་ལ་མང་པོས་རུབ་ནས་ཟ་ཞིང་། མང་པོ་གཅིག་ཁོ་ནས་གསོན་ཟས་བྱེད་པ་སོགས་བཀོལ་སྤྱོད་རྡེག་འཚོག་དང་། ཐུན་མོང་དུ་གླེན་ལྐུགས་ཀྱི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ། མི་རྣམས་ལའང་སྐྱེ་རྒ་ན་འཆི་འབྱོར་རྒུད་ལ་སོགས་པའི་སྡུག་བསྔལ། ལྷ་མིན་ལའང་རང་བཞིན་གྱི་ལྷའི་དཔལ་ལ་ཕྲག་དོག་སྐྱེས་ཏེ་དུས་རྟག་ཏུ་འཐབ་རྩོད་དང་གསོད་གཅོད་འབའ་ཞིག་གིས་སྡུག་བསྔལ། འདོད་ལྷ་རྣམས་ལའང་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་འགྲེ་བ་ལྟ་བུར་ལྷའི་ཞག་བདུན་དུ་མྱོང་དགོས་པ་དང་། གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གཉིས་ནི། དར་ཅིག་བདེ་ཡང་ལས་དེ་ཟད་ནས་སླར་ཡང་འོག་ཏུ་ལྷུང་སྟེ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བའི་ཕྱིར། ཁམས་གསུམ་འཁོར་བའི་གནས་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་སྐབས་ཅིས་ཀྱང་མི་འདུག་པས། ཅི་ནས་ཀྱང་ཁམས་གསུམ་འཁོར་བའི་བཙོན་དོང་

p. 36

འདི་ནས་ངེས་པར་ཐར་བ་ཞིག་བྱ་སྙམ་དུ་ཡང་ནས་ཡང་དུ་བསམ་པར་བྱའོ། །བཞི་པ་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་འགྲོའི་ཁྲིད་ནི། སྲིད་པའི་སྡུག་བསྔལ་འཆིང་བ་ལས་གྲོལ་བའི༔ སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་ཡོད་མིན༔ དེ་ཕྱིར་དཀོན་མཆོག་སྐྱབས་རྟེན་མཆོག་ཏུ་ལྷག༔ མདུན་གྱི་མཁའ་ལ་སྐྱབས་ཡུལ་གསལ་བྱས་ལ༔ སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སོང་སྟེ༔ སྤང་བྱ་ཀུན་སྤང་བླང་བྱ་དང་དུ་ལེན༔ སྐྱབས་ཡུལ་ལྷ་ཚོགས་རང་དང་གཉིས་མེད་བཞག༔ ཅེས་གསུངས་ཏེ། འཁོར་བའི་བཙོན་ར་འཇིགས་སུ་རུང་བར་ལས་ཉོན་གྱི་ཞགས་པ་དམ་པོས་བཀྱིགས་ཤིང་། བཟོད་གླགས་མེད་པའི་སྡུག་བསྔལ་གྱི་ཆད་པ་དྲག་པོས་རྟག་ཏུ་མནར་བ་འདི་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མི་འདུག་པས། དེ་ཕྱིར་དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དེའི་ཚུལ་ནི། ས་གཞི་ཐམས་ཅད་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ། ལག་མཐིལ་ལྟར་མཉམ་པ། དེའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པས་རང་གི་མདུན་གྱི་ནམ་མཁའ་ཁྱབ་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་སྙིང་པོ་ལ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་རིག་འཛིན་གཏེར་བདག་གླིང་པ་སྐུ་མཛེས་ཤིང་ཞལ་གཟི་མདངས་དང་ལྡན་པ། ཐུགས་བདག་ཁོ་ན་ལ་དགྱེས་པ་ཞིག་བཞུགས་པར་བསམ། དེའི་དབུ་གཙུག་ནས་ཡར་རིམ་པ་བཞིན་དུ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། སྤྲུལ་སྐུ་པདྨ་འབྱུང་གནས། ལོངས་སྐུ་ཐུགས་རྗེ་ཆེན་པོ། ཆོས་སྐུ་སྣང་བ་མཐའ་ཡས་རྣམས་ཐོ་བརྩེགས་ཀྱིས་བཞུགས་པ༑ ཕྱོགས་བཞིའི་སྡོང་པོ་བཞི་ལ། གཡས་སུ་སངས་རྒྱས་དཀོན་མཆོག་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། རྒྱབ་ཏུ་དམ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེགས་བམ་བརྩེགས་པའི་ཚུལ་ཅན། གཡོན་དུ་དགེ་འདུན་དཀོན་མཆོག་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་འཕགས་

p. 37

པ༑ མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དེ་དག་གི་སྨད་ཆར་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཀྲ་ལམ་མེ་བདག་ལ་སྐྱོབ་པའི་ཚུལ་དུ་བཞུགས་པར་བལྟའོ། །དེ་ནས་རང་གི་གཡས་སུ་ཕ༑ གཡོན་དུ་མ་ལ་སོགས་ཏེ་ས་གཞི་ཐམས་ཅད་དགྲ་གཉེན་དང་ཕྱོགས་རིས་མེད་པའི་རིགས་དྲུག་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བར་བསམས་ནས། རང་གིས་བྱང་དྲངས་ཏེ། དེ་ཐམས་ཅད་ཀྱང་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་འུར་དིར་དིར། ཡིད་གུས་པས་ན་རུང་། ཚ་རུང་། ཤི་རུང་། གསོན་རུང་། སྐྱིད་རུང་། སྡུག་རུང་། མཐོ་རུང་། དམའ་རུང་། སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་རྣམས་ལས་གཞན་ན་མེད་དོ་སྙམ་དུ་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོས་ངག་ཏུ། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ ཞེས་སོགས་སྐྱབས་འགྲོ་བརྒྱ་སྟོང་སོགས་བློ་དང་འདྲེས་ངེས་འབད་ནས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སང་གིས་དག སེམས་ཅན་ཐམས་ཅད་བྱི་ཁྱུ་ལ་རྡོ་འཕང་པ་ལྟར་འུར་དིར་གྱིས་དག་པ་མཁའ་སྤྱོད་ཀྱི་གནས་སུ་སོང་། མཐར་སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་བསྟིམས་ཏེ་དགེ་བ་བསྔོའོ། །མཚན་མོ་ཉལ་བའི་ཚེ་སྐྱབས་ཡུལ་རྣམས་མ་བསྡུས་པར་དཔག་བསམ་ཤིང་གི་རྩ་བ་ལ་སྔས་གཏད་དེ་སྐྱབས་ཡུལ་རྣམས་ལ་མོས་གུས་སྒོམ་བཞིན་པས་ཉལ་བར་བསམ་མོ། །ལྔ་པ་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་ཀྱི་ཁྲིད་ནི། ཁམས་གསུམ་འགྲོ་ཀུན་ཕ་མ་གཉེན་དང་དགྲར༔ མ་གྱུར་མེད་པས་ཕྱོགས་འཛིན་སྤངས་བྱས་ལ༔ བདེ་ལྡན་སྡུག་བསྔལ་དང་བྲལ་སྨོན་པ་ཡིས༔ ལམ་དུ་ཞུགས་ལ་སྔོན་དུས་མ་གྲོལ་བའི༔ འགྲོ་བའི་འདྲེན་པར་སེམས་བསྐྱེད་བདེ་སྡུག་བརྗེ༔ སྙིང་ནས་ཚད་མེད་སྙིང་རྗེས་སྐྱོང་བར་བྱ༔ ཞེས་གསུངས་ཏེ། དེ་ཡང་ད་ལྟ་རང་ཅག་གཉེན་ལ་ཆགས་ཤིང་། དགྲ་ལ་སྡང་བའི་སེམས་

p. 38

འདི་མི་རིགས་ཏེ། ཚེ་རབས་སྔ་མ་མང་པོར་དགྲ་འདིས་ཀྱང་གཉེན་བྱས་ལ། གཉེན་འདིས་ཀྱང་དགྲ་བྱས། ད་ལྟའི་གནས་སྐབས་སུའང་། དགྲས་ཀྱང་རྟག་ཏུ་མི་གནོད་ཅིང་རེས་འགའ་ཕན་འདོགས་པའང་སྲིད་ལ། གཉེན་འདིས་ཀྱང་རེས་འགའ་གནོད་པ་སྐྱེལ་ཞིང་། སེམས་སྡུག་བསྔལ་ཐམས་ཅད་གཉེན་ཁོ་ན་ལ་བརྟེན་ནས་བྱུང་། མ་འོངས་པ་ན་གཉེན་དགྲ་དང་། དགྲ་གཉེན་དུ་འགྱུར་བའང་སྲིད་པའི་ཕྱིར། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་སེམས་སྤངས་ཏེ་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་བསམ། དེ་ནས་ད་ལྟའི་མའི་བྱ་བ་ལ་ལེགས་པར་བརྟགས་ཏེ། འདིས་བདག་ལུས་ལ་འཁྲིས་པ་ནས་ད་ལྟའི་བར་དུ་མ་རང་ལས་ཀྱང་གཅེས་པར་བསྐྱངས་པས་དྲིན་ཆེ་བ་བཞིན་དུ། ཕྱོགས་བཅུ་གང་ནས་གཞལ་ཡང་ནམ་མཁའ་ལ་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་བར་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱིས་ཀྱང་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། བྱས་རེས་ཀྱིས་འདི་ལྟ་བུར་བསྐྱངས་པས་དྲིན་ཆེ་སྙམ་དུ་བྱམས་པ་བསྒོམ། དེ་ལྟར་བདག་གི་མ་དྲིན་ཅན་མཐོ་རིས་ཀྱི་བདེ་བ་ལ་སྤྱོད་པ་རྣམས་ལ་དམིགས་ཏེ། འདི་དང་རྟག་ཏུ་མི་འབྲལ་ཞིང་འདི་བས་ཀྱང་ད་དུང་སྐྱིད་པར་གྱུར་ཅིག་སྙམ་དུ་དགའ་བ་བསྒོམ། ཁྱད་པར་དུ་དྲིན་ཅན་མ་འདི་རྣམས་ཤེས་རབ་ཀྱི་མིག་ལོང་བས་དགེ་སྡིག་གི་བླང་དོར་མི་ཤེས། དམིགས་བུའི་བཤེས་གཉེན་མེད་པས་ལམ་མཁན་དང་བྲལ། ཐབས་ཤེས་ཀྱི་རྐང་པ་ཆ ག་པས་ངན་འགྲོའི་ཕྱོགས་སུ་གོམ་པ་འདོར། མདུན་ནས་བརྟེན་པའི་བསོད་ནམས་ཀྱི་མཁར་བ་མེད་པས་སྡིག་པའི་ལས་འབའ་ཞིག་ལ་སྤྱོད། མདོར་ན་ཐམས་ཅད་བདེ་བར་འདོད་པ་གཅིག་ཀྱང་། ཐབས་མི་མཁས་པས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་འབའ་ཞིག་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་དྲག་ཏུ་བསྒོམ། ད་དྲིན་ཅན་གྱི་མ་འདི་རྣམས་ཀྱི་དྲིན་ལན་གྱི་ཁུར་དེ་བདག་ལ་བབས་པར་འདུག་པས་འདི་རྣམས་འཁོར་བ་སྡུག་བསྔལ་ལས་དྲངས། ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་གིས་མྱུར་དུ་དགོད་པར་བྱའོ་སྙམ་བློ་སྟོབས་བསྐྱེད། ད་ལྟ་

p. 39

དེའི་ནུས་པ་བདག་ལ་མི་འདུག་པས། འགྲོ་ཀུན་སྒྲོལ་བར་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པར་བྱ། དེའི་ཕྱིར་ལམ་ཟབ་མོ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་བསྒོམ་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ངག་ཏུ། ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ ཞེས་སོགས་དོན་བསམ་བཞིན་པས་བརྒྱ་སྟོང་ལ་སོགས་པར་བཟླ་ཞིང་། དབུགས་ནང་དུ་འཇུག་པ་ན། སེམས་ཅན་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག དབུགས་ཕྱིར་འགྲོ་བ་ན། བདག་གི་དགེ་བ་དང་བདེ་བ་རྣམས་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ་ཞིང་བདེ་སྡུག་བརྗེ་བའི་གཏོང་ལེན་གྱི་དམིགས་པ་བྱ། མཐར་སེམས་ཅན་རྣམས་མི་དམིགས་པའི་ངང་དུ་མཉམ་བཞག་བྱས་ཏེ་བསྔོ་བ་བྱའོ། །གཉིས་པ། ཁྱད་པར་གྱི་སྔོན་འགྲོ་ལའང་གསུམ་ལས། དང་པོ་སྡིག་སྒྲིབ་མྱུར་དུ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཚེ་རབས་ཀུན་ཏུ་བསགས་པའི་སྡིག་སྒྲིབ་དང་༔ ལས་ཉོན་མི་དགེ་ཐམས་ཅད་ཡོངས་བྱང་ཕྱིར༔ བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའ་བསྒོམ༔ ཐ་མལ་སྤྱི་སྟེང་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེར༔ རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་རྒྱན་གྱིས་མཛེས༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང་༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་སྐོར་བཛྲ་སཏྭའི་སྔགས་ཕྲེང་རྣམས༔ གཡས་སྐོར་སྒྲར་བཅས་འཁོར་མོས་བཟླས་པ་བྱ༔ ༀ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙེཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་པ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་བཟླ༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ནད་གདོན་སྡིག་སྒྲིབ་མ་ལུས་དག་པར་བསམ༔ ཐུན་མཐར་རྡོར་སེམས་འོད་ཞུ་བརྗོད་བྲལ་ངང་༔ ལྷོད་ཀྱིས་ཀློད་པས་སྡིག་སྒྲིབ་བྱང་བར་འགྱུར༔ ཞེས་གསུངས་ཏེ། ཚེ་འཁོར་བ་ཐོག་

p. 40

མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་སྦྱོང་བར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་འཇུག་པར་བྱ་སྟེ། དེ་ཡང་རང་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཡིག་དཀར་ཞིང་དྭངས་ལ་འཚེར་བ༑ དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། ཉི་མ་ལྟར་འཚེར་བ། ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་རང་འདྲའི་ཡུམ་སྙེམས་མ་དཀར་མོ་དང་འཁྲིལ་བ ། མཚན་དཔེའི་གཟི་བྱིན་ཅན་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ཟེའུ་འབྲུའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དཀར་ཞིང་གསལ་བའི་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེང་སྟབས་སུ་བསླངས་བའི་དབུས་སུ་ཧཱུྃ་ཡིག་དཀར་པོ་གྱེན་དུ་ལངས་པའི་མཐར་མདུན་ནས་བརྩམས་ཏེ། ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བར་བསམ། དེ་ནས་སྡིག་སྒྲིབ་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོ་དང་ལྡན་པས། སྤྱི་བོའི་རྡོ་རྗེ་སེམས་དཔའ་ལ་དད་གུས་ཚད་མེད་པའི་སྒོ་ནས་ཡིག་བརྒྱ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པར་ཡུར་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་སྲོག་ཆགས་ཕྲ་མོའི་རྣམ་པར་བཤང་ལམ་དང་ཆུ་ལམ་དང་བ་སྤུའི་བུ་ག་ཐམས་ཅ ད་ནས་ཕྱིར་ཐོན་པའི་རྗེས་སུ། ལུས་ཀྱི་ཆ་ཐམས་ཅད་བདུད་རྩི་དཀར་པོ་དེས་མེར་གྱིས་ཁེངས་པར་བསམ་ལ། ཡིག་བརྒྱ་བརྒྱ་སྟོང་ལ་སོགས་པ་བཟླས་པའི་མཇུག་ཏུ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཞེ་ཐག་པ་ནས་བཤགས་པའི་འདུན་པ་ཤུགས་

p. 41

དྲག་པོས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཐུགས་དགྱེས་ཏེ་ཞལ་འཛུམ་པ་མཛད་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུངས་ཤིང་། རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་སྟེ། བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་ཀློད་ལ་བཞག་ཅིང་། མཐར་བསྔོ་བ་བྱའོ། །གཉིས་པ་ཚོགས་གསོག་མཎྜལ་གྱི་ཁྲིད་ནི། ཚོགས་གཉིས་རྫོགས་བྱེད་རྩ་བ་མཎྜལ་ཏེ༔ མདུན་མཁར་ཚོགས་ཞིང་སྐུ་གསུམ་ལྷ་ཚོགས་ལ༔ གུས་པས་སྤྲུལ་སྐུར་ཡིད་འཐད་ལོངས་སྤྱོད་རྫས༔ གླིང་བཞི་གླིང་ཕྲན་རི་བོ་ལ་སོགས་པ༔ ལྷ་མིའི་མཆོད་རྫས་འབུལ་ཞིང་ལོངས་སྐུ་ལ༔ ཚངས་པ་རྔ་སྒྲའི་ཞིང་ཁམས་ཐིག་ལེ་དང་༔ ཐིག་ཕྲན་བསམ་ཡས་ཡིད་ཀྱིས་དབུལ་བར་བྱ༔ ཆོས་སྐུར་དབྱིངས་ཡེ་ཟག་མེད་རིག་པ་ནི༔ དག་པ་རབ་འབྱམས་ཀ་དག་ཀློང་དུ་འབུལ༔ མཎྜལ་མཆོད་རྫས་ཧཱུྃ་བསྡུ་རང་ལ་ཐིམ༔ དེ་ལྟར་ཕུལ་བས་སྐུ་གསུམ་འབྲས་བུ་ཐོབ༔ ཅེས་གསུངས་ཏེ། དྲི་དང་བ་བྱུང་གིས་ཆག་ཆག་བཏབ་པའི་མཎྜལ་ལ། མེ་ཏོག་གི་ཚོམ་བུ་སུམ་ཅུ་རྩ་བདུན་སོགས་ལག་ལེན་ལྟར་བཀོད་དེ། མཆོད་པའི་ཡུལ་བླ་མ་དཀོན་མཆོག་སོགས་སྐྱབས་ཡུལ་ལྟར་མདུན་གྱི་ནམ་མཁར་གསལ་བཏབ་ལ། རི་རབ་གླིང་བཞི་རི་མཚོ་མུ་ཁྱུད་ཉི་ཟླ་སོགས་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེས་ཕྱུར་བུར་བཀང་སྟེ་འབུལ་བའི་འདུན་པ་དྲག་པོས་ངག་ཏུ། རིན་ཆེན་ས་གཞི་ལྷུན་པོ་ཁོར་ཡུག་བཅས། །གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད། །ལྷ་མིའི་འབྱོར་ཚོགས་རྒྱ་མཚོས་ཡོངས་གང་བ། །རྣམ་དག་ཞིང་དུ་དམིགས་ཏེ་འབུལ་བར་བགྱི། །ཞེས་བརྒྱ་སྟོང་ལ་སོགས་པ་བརྗོད་ཅིང་། ལུས་ཀྱི་ལས་སུ་ཚོམ་བུ་དགོད་པ། ཡིད་ཀྱི་ལས་སུ་དམིགས་པ་བསྒོམ་པ་རྣམས་ཕྲུགས་སུ་བྱས་ཏེ་འབུལ་ལོ། །མཇུག་ཏུ་འོག་མིན་ནས་རྣམ་སྣང་སྟུག་པོ་བཀོད་པའི་གཞལ་ཡས་ཁང་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་ཀུན་ཏུ་གང་བའི་རྣམ་པ། ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ་ཡེ་ཤེས་རིན་པོ་ཆེའི་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་འབུལ་བ་ལོངས་སྐུའི་མཎྜལ་དང་། མཐར་ཡུལ་དང་མཆོད་རྫས་

p. 42

ཧཱུྃ་གི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམས་ཏེ་དབུལ་བྱ་འབུལ་བྱེད་འབུལ་ཡུལ་ཀུན་དམིགས་མེད་འཁོར་གསུམ་བདེ་བ་ཆེན་པོ་ཀ་དག་གི་ཀློང་དུ་དར་ཅིག་མཉམ་པར་འཇོག་པ་ནི་ཆོས་སྐུའི་མཎྜལ་ལོ། །དེ་ལྟར་འབད་པར་བྱས་ཏེ་བསྔོ་བ་བྱའོ། །གསུམ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་ནི། བདེ་གཤེགས་ཀུན་འདུས་ཐར་པའི་ལམ་མཁན་མཆོག༔ མཆོད་ཡུལ་གཙོ་བོར་བླ་མར་གསོལ་གདབ་བྱ༔ དེ་ཡང་སྤྱི་བོར་མཛེས་ཁྲི་པདྨའི་སྟེང་༔ རྩ་བརྒྱུད་བླ་མ་ཐོ་བརྩེགས་གསལ་བའི་གཡས༔ སངས་རྒྱས་དཀོན་མཆོག་གཡོན་ན་དགེ་འདུན་དང་༔ རྒྱབ་ཏུ་དམ་ཆོས་མདུན་ན་ཡི་དམ་དང་༔ མཁའ་འགྲོ་དམ་ཅན་འཁོར་བཅས་གསལ་བསྐྱེད་ལ༔ སྒོ་གསུམ་དང་བས་གསོལ་འདེབས་མཆི་མ་སློང་༔ བླ་མས་བྱིན་བརླབས་སྒྲིབ་དག་དབང་བཞི་ཐོབ༔ ཐུན་མཐར་བླ་མ་བདག་ཐིམ་མི་དམིགས་བཞག༔ ཅེས་གསུངས་ཏེ། རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁར་གང་ལ་གསོལ་བ་གདབ་བྱའི་ཡུལ་རྣམས་སྐྱབས་ཡུལ་ལྟར་གསལ་བཏབ། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བླ་མ་ཁོ་ན་ལ་བརྟེན་ནས་འཇུག་པའི་ཕྱིར། བླ་མ་ནི་སངས་རྒྱས་ཐམས་ཅད་ལས་ལྷག་པར་བསམས་ཏེ། སྙིང་གི་དཀྱིལ། རྐང་པའི་ཁོང་། རུས་པའི་གཏིང་ནས་མོས་གུས་ཚད་མེད་པ་མཆི་མ་འབྲུལ་བ་ཙམ་དུ་བསྐྱེད་ནས། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཚིག་གཅིག་མགྲིན་གཅིག་ཏུ་གདུང་བ་དྲག་པོས་གསོལ་བ་འདེབས་པར་མོས་ལ། རྒྱལ་བ་རྒྱ་མཚོའི་རིགས་བདག་འོད་དཔག་མེད། །ཅེས་སོགས་གསོལ་འདེབས་མང་དུ་བཏོན་པའི་མཐར། རྩ་བའི་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་རེག་པས། མཐའ་སྐོར་གྱི་ཡི་དམ་དང་དཀོན་མཆོག་གསུམ་སོགས་བླ་མ་ལ་འདུས། བརྒྱུད་པའི་བླ་མ་རྣམས་ཀྱང་གོང་མ་གོང་མ་འོག་མ་འོག་མར་ཐིམ་སྟེ། རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་བསམ་ལ་མོས་གུས་དྲག་པོས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་སོ་སོའི་ཡི་གེ་ལས་འོད་ཟེར་སྤོས་རེང་གི་དུ་བ་ལྟ་བུ་ཡི་གེ་སོ་སོ་དང་འདྲ་བའི་ཁ་དོག་ཅན་བུན་མ་ཆད་པ་འཕྲོས།

p. 43

རང་གི་གནས་སོ་སོར་ཐིམ་པས་སྒྲིབ་བཞི་སྦྱངས་ནས་དབང་བཞི་རིམ་པར་ཐོབ་པར་བསམ་ལ༑ གུ་རུའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས། ཞེས་སོགས་བརྗོད། སླར་ཡང་གུས་འདུད་དྲག་པོས་གསོལ་བ་བཏབ་པས་བླ་མ་རང་གི་སྤྱི་བོར་བྱོན། གདན་ཁྲི་ནས་ཡར་འོད་དུ་ཞུ། དབུ་སྐྲ་ནས་མར་འོད་དུ་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་པ་རང་གི་སྤྱི་བོར་ཐིམ་སྟེ། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་ངང་ལ་ཅུང་ཟད་མཉམ་པར་བཞག་ལ་བསྔོ་བ་བྱའོ། །གཉིས་པ་དངོས་གཞི་ནི། དབང་བསྐུར་བ་སྔོན་དུ་མ་སོང་ན་སྐབས་འདིར་དབང་གིས་སྨིན་པར་བྱས་ནས། དེ་རྗེས་དངོས་གཞིའི་ཁྲིད་ལ་འཇུག་གོ །དེ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ནི། འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ པདྨ་ཉི་ཟླའི་གདན་སྟེང་རང་གི་རིག༔ ཧཱུྃ་མཐིང་གསལ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་རིགས་བསྡུས་རྩ་གསུམ་ལྷར་གསལ་བའི༔ ཐུགས་ཀར་ཧཱུྃ་མཐིང་འོད་ཀྱི་གོང་བུ་ཅན༔ གནས་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས༔ སྣང་གྲགས་ལྷ་སྔགས་རང་བཞིན་གསལ་བྱས་ལ༔ ཡི་གེ་གསུམ་གྱི་བཟླས་པ་བར་མེད་བྱ༔ ཐུན་མཐར་བསྐྱེད་རིམ་གང་བསྡུའི་ངོ་བོར་བལྟ༔ ཞེས་གསུངས་ཏེ། དེ་ཡང་བསྐྱེད་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་ན་ལས་བྱང་ལྟར་ལྷ་ཁྲིད་རྫོགས་པར་ཉན་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྒོམ་པ་ཡིན་མོད་ཀྱི། འོན་ཀྱང་འདིར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས་ཡིན་པས་རྫོགས་རིམ་གྱི་རྟེན་ཙམ་དུ་འདི་ལྟར་བསྒོམས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་དར་ཅིག་མཉམ་པར་བཞག སྟོང་ཉིད་དེ་ལས་པདྨ་ཉི་མ་ཟླ་བ་རྣམས་བརྩེགས་པའི་གདན་གྱི་སྟེང་དུ། རང་གི་རིག་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ག་གསལ་ལ་འཚེར་བ་གཅིག་བསྒོམ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་ཨིནྡྲ་ནི་ལའི་རི་བོ་ལ་ཉི་ཟེར་ཕོག་པ་ལྟར་མཐིང་ག་དྭངས་

p. 44

ཤིང་འཚེར་བ་སྤྱན་གསུམ་པ། ལོ་བརྒྱད་པའི་ལང་ཚོ་ཅན། ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཡུམ་དབྱིངས་ཕྱུག་མནྡྷ་ར་བ་དམར་གསལ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དུ་མས་བརྒྱན་ཅིང་། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། འཇའ་ཚོན་འོད་ལྔ་འཁྲིགས་པའི་ཀློང་ན་བཞུགས་པ་གསལ་ལེགས་པར་བཏབ། དེའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ག་འོད་ཀྱི་གོང་བུ་ཅན་རྟག་པར་འཆར་བ། དེ་ལས་འོད་ཟེར་འཕྲོས། རེག་པ་ཙམ་གྱིས་སྣོད་ཀྱི་འཇིག་རྟེན་གྱི་ཞེན་པ་སྦྱངས་ཏེ་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཐོད་ཕྲེང་རྩལ་གྱི་རྣམ་པར་གསལ་བཏབ། དེ་དག་ཡིད་ཡུལ་དུ་གསལ་ལེགས་པར་ཐེབས་པ་དང་། ལྷ་སྐུ་ཡིད་དང་གཉིས་མེད་དུ་བསྲེ། དེ་ཡང་ཟུང་འཇུག་སྒྱུ་མ་ལྟ་བུར་བསྲེ་ཞིང་བསྒོམ། དེ་ལྟར་ཅིར་སྣང་ཐམས་ཅད་ཡིད་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་སྒྱུ་མ་ལྟ་བུར་ཤེས་པའི་ངང་བསྐྱང་ལ། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་གདངས་སྒྲར་གསལ་བས་འབྲུ་གསུམ་གྱི་རྡོར་བཟླས་རྩེ་གཅིག་ཏུ་བྱ་ཞིང་། དེས་སུན་ན་འབྲུ་གསུམ་གྱི་ངག་བཟླས་དང་། ལས་བྱང་གི་བསྙེན་སྒྲུབ་ཀྱི་སྔགས་རྣམས་ཀྱང་ཅི་རིགས་པ་བཟླ། ཐུན་འཇོག་ཁར་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ་རང་ལ་བསྡུས། དེ་ཡང་ཐུགས་ཀའི་ཧཱུྃ་ལ་བསྡུས། ཧཱུྃ་ཡང་ནཱ་དའི་བར་བསྡུས་ལ། ཀ་དག་གཉིས་སུ་མེད་པའི་ངང་དུ་རང་བབས་སུ་མཉམ་པར་བཞག ལྡང་བ་ན། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་པ་གསུང་། དྲན་རིག་ཐུགས་སུ་ཤེས་པར་བྱས་ཏེ་སྤྱོད་ལམ་ཐམས་ཅད་ལ་རྒྱས་གདབ་ཅིང་བསྔོ་བ་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ལ་གཉིས་ཏེ། གཞི་ཀ་དག་ཆོས་ཟད་དུ་ལ་བཟླ་བ་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་འོད་གསལ་དུ་འགག་སྡོམ་པ་ཐོད་རྒལ་གཉིས་ལས། ཕྱི་མ་ནི་གཞན་དུ་ཤེས་པར་བྱ་ལ། འདིར་དང་པོའི་དབང་དུ་བྱས་ན་གསུམ་སྟེ། ཞི་གནས་བཙལ་བ༑ ལྷག་མཐོང་བསྐྱེད་པ། ཟུང་འཇུག་བསྒོམ་པའོ། །དང་པོ་ནི། དབེན་པར་ཆོས་བདུན་

p. 45

མི་འགུལ་ལུས་གནད་བྱ༔ དེ་ནས་བསྐྱེད་རིམ་སྐུ་དང་ཡིག་འབྲུ་དང་༔ རྡོ་ཤིང་སྣང་གྲགས་གང་ཡང་རུང་ཞིག་ལ༔ མ་བཅོས་ངོས་བཟུང་བྲལ་བའི་སེམས་ཉིད་འདི༔ རྩེ་གཅིག་མ་ཡེངས་དམིགས་གཏད་མཉམ་པར་བཞག༔ འཕྲོ་ན་སླར་ཡང་དམིགས་རྟེན་དག་ལ་བཟུང་༔ དེ་ལྟར་བྱས་པས་སེམས་ཉིད་མི་འཕྲོ་ཞིང་༔ གང་གཏད་ཡུལ་ཟིན་ཇི་ཙམ་མཉམ་བཞག་གནས༔ སྒོ་གསུམ་བདེས་ཁྱབ་ལོ་ཟླ་ཞག་མི་ཚོར༔ གཡོ་མེད་གནས་ཚེ་ཞི་གནས་གོམས་པ་ཡིན༔ ཞེས་གསུངས་ཏེ། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་དབེན་པའི་གནས་སུ་སྟན་བདེ་བ་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། སྒལ་ཚིགས་དང་ལྟག་པ་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག་པས་ལྐོག་མའི་ཨོལ་མདུད་ནོན་ཙམ་བྱ། ལྕེ་ཡ་རྐན་ལ་སྦྱར། སོ་མཆུ་རང་སར་འཇོག ལག་ངར་བསྲངས་པའི་མཉམ་བཞག་བྱ། མིག་རྟེན་ལ་མི་འགུལ་བར་འཇོག་པ་ནི་ལུས་ཀྱི་གནད་དེ། ཆ་ཆ་ནས་གྲིམ་ལྷོད་རན་པས་བདེ་བར་བཅའ། ངག་ལྐུག་པ་ལྟར་སྨྲ་བརྗོད་སྤང་དགོས་པར་མ་ཟད་རླུང་ཡང་བཟོ་བཅོས་མེད་པར་རང་བབས་སུ་བཞག མདུན་དུ་བྲིས་སྐུའམ། ཡིག་འབྲུའམ། ཤིང་བུའམ། རྡེའུ་ལྟ་བུ་དམིགས་རྟེན་གང་ཡང་རུང་བ་ཞིག་བཞག དེ་ལ་སེམས་མི་ཡེངས་པའི་རྟེན་ཙམ་བྱས། དེའི་སྟེང་དུ་ཆེ་རེ་མིག་འབྲས་མི་འགུལ་བ་དང་རྫི་མ་འཐབ་འཐབ་མེད་པར་ལྟ་བའི་ངོས་ལ་ཤེས་པ་རང་བབས་སུ་ལྷན་གྱིས་འཇོག ནུབ་མོ་ཡང་མིག་སྣ་རྩེའི་ཐད་ཀ་ཙམ་དུ་གཏད་ལ་རྟོག་པ་འཕྲོར་མི་འཇུག གལ་ཏེ་རྟོག་པ་འཕྲོ་བྱུང་ན་དེའི་རྗེས་སུ་མི་འབྲང་བར་རང་སོར་སད་ཀྱིས་བཅད་དེ་རྟེན་ལ་བསླན་ཏེ་འཇོགཐ་ན་ཞི་གནས་སྒོམ་པ་ཡིན་སྙམ་པའི་རྟོག་པ་ཙམ་ཡང་མི་བྱ་བར། དུས་གསུམ་གྱི་རྟོག་པ་ཐམས་ཅད་བཅད་དེ་ཆེད་དུ་སྒྲིམ་ལྷོད་བཅས་བཅོས་སོགས་གང་ཡང་མི་བྱེད་པར་ཀློད་ལ་འཇོག་པ་གནད་དོ། །དེ་བཞིན་དུ་དམིགས་རྟེན་སྒྲ་ལྷང་ངེ་བ། དྲི་ཆིལ་ལེ་བ་ལ་སོགས་ཏེ་རོ་དང་རེག་བྱ། ལྷའི་བསྐྱེད་རིམ་རྡོར་བཟླས་སོགས་ཡུལ་གང་རུང་ལ་རྟེན་བཅས་ཏེ་འཇོག་པའམ། ཡང་ན་རྟེན་ཅི་ལའང་མི་བཅའ་བར་རྟེན་མེད་དུ་ཧད་དེ་འཇོག་པ་སོགས་གང་བདེ་གཅིག་གི་སྟེང་དུ་བཞག་པས་ཆོག དེ་ལྟར་བསྒོམས་པས་རྟོག་པའི་འཆར་སྒོ་རྣམས་མང་དུ་

p. 46

སོང་བ་སྙམ་བྱེད་ན། གནས་པའི་སྣ་ཟིན་པ་ཡིན་པས་ཤེས་པ་ཁོངས་ཀློད་ལ་ད་དུང་སྙིང་རུས་ཆེར་བསྐྱེད། དེ་ལྟར་འབད་པས་རྣམ་རྟོག་ཆ་ཆ་ནས་ཞི་སྟེ་ལུས་སེམས་ལ་ཅུང་ཟད་བདེ་བའི་ཉམས་འཆར། དེ་སྙུགས་བསྲིངས་པས་ལུས་ཡོད་དུ་མི་ཚོར་བ་དང་། དབུགས་ཀྱང་རྒྱུ་བ་མི་ཚོར་བའི་གནས་པ་བརྟན་པོ་འོང་གསུངས་ཏེ། ཡུལ་དྲུག་ལ་སེམས་རྩེ་གཅིག་པའི་ཞི་གནས་སྐྱེ་བ་ཡིན་ནོ། །གཉིས་པ་ལྷག་མཐོང་བསྐྱེད་པ་ལའང་གཉིས་ལས། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པ་ནི། སྣང་གྲགས་ཆོས་ཀུན་རྨི་ལམ་སྒྱུ་མ་ལྟར༔ སྣ་ཚོགས་སྣང་ཡང་རང་བཞིན་སྟོང་པ་སྟེ༔ མཁའ་ལྟར་བདག་མེད་སྤྲོས་དང་བྲལ་བར་བཞག༔ ཅེས་གསུངས་ཏེ། འདི་ལྟར་སྣང་གྲགས་འཁོར་འདས་ཀྱི་ཆོས་འདི་ཀུན་རྨི་ལམ་གྱི་སྣང་བ་དང་སྒྱུ་མའི་འཕྲུ ལ་འཁོར་ལྟར་སྣ་ཚོགས་སུ་སྣང་ཡང་། དཔྱད་ན་རང་བཞིན་མ་གྲུབ་པའི་སྟོང་པ་སྟེ། ཡུལ་སྣང་དུ་འཇལ་བའི་གཟུང་བའི་ཤེས་པ་དང་བཅས་པ་རང་གསལ་སྟོང་པའི་ངང་ལ་ཆམ་གྱིས་འཇོག མདོར་ན་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པར་ཆོས་ཐམས་ཅད་མཁའ་ལྟར་བདག་མེད་པས་སྤྲོས་པ་ཀུན་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ཡིན་ནོ༑ ༑ གཉིས་པ་ནང་འཛིན་པ་རྩ་བྲལ་སྟོང་པར་བསྟན་པ་ནི། དེ་ནས་གཡའ་བཅས་གསེར་འདྲའི་སེམས་ལ་བརྟག༔ དང་པོ་གང་འོང་ད་ལྟ་གང་ན་གནས༔ མཐའ་མར་གར་འགྲོ་དབྱིབས་དང་ཁ་དོག་གང་༔ དེ་ལྟར་ཞིབ་ཏུ་བརྟགས་པས་སེམས་ཉིད་འདི༔ མ་སྐྱེས་མི་གནས་མི་འགག་ཁ་དོག་དང་༔ དབྱིབས་མེད་ངོ་བོ་ངོས་བཟུང་བྲལ་བ་ཡི༔ བརྗོད་མེད་ནམ་མཁའ་ལྟ་བུར་རིག་པའི་ཚེ༔ དེ་ཀའི་ངང་དུ་བཟོ་མེད་ལྷོད་ཀྱིས་ཀློད༔ ཅེས་གསུངས་ཏེ། ཡུལ་ཡུལ་ཅན་དུ་འཇལ་བྱེད་ཀྱི་སེམས་ལ་བརྟགས་ཏེ། དེ་ཡང་ཝལ་གྱིས་ཤར་བའི་རྟོག་པ་གང་སྐྱེས་དེ་ཀ དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། མཐའ་མར་གར་འགྲོ། གང་དུ་འགག་རྩད་བཅད། དེ་བཞིན་དུ་དབྱིབས་ཁ་དོག་ཅི་འདྲ་འདུག་བརྟག དབྱིབས་སུ་གྲུབ་ན་རིང་ཐུང་སོགས་སུ་གྲུབ་མ་གྲུབ་དང་། ལྟ་མཁན་རང་ཀ་སུ་ཡིན་པར་འདུག་སོགས་ཕུ་འདེད་

p. 47

མདའ་འདེད་དུ་སྐད་ཅིག་ཙམ་ཡང་མ་ཡེངས་པར་རྩད་བཅད། དེ་ལྟར་ཞིབ་ཏུ་བརྟག་ཅིང་དཔྱད་པས་ལྟ་མཁན་སེམས་དེ་གང་དུའང་བརྗོད་དུ་མེད་པའི་དངོས་མེད་ཅིག་འདུག་ཟེར་ན༑ དེ་ཡང་སེམས་འདི་ཡོད་པ་ལྟར་སྣང་བ་ནི་རྟོག་པས་བསླད་པ་སྟེ། དོན་ལ་ངོ་བོ་གང་ཡང་མེད་པས་དང་པོར་སྐྱེས་པའི་རྒྱུས་སྟོང་། མ་སྐྱེས་པ་ལ་གནས་མཁན་མེད་པས་གནས་པ་ངོ་བོས་སྟོང་། མི་གནས་པ་ལ་འགག་ཏུ་མེད་པས་འགག་པ་རང་གི་མཚན་ཉིད་ཀྱིས་སྟོང་། དེ་བཞིན་དུ་དབྱིབས་ངོ་བོ་ངོས་བཟུང་དང་བྲལ་བས་གང་དུའང་མ་གྲུབ་པའི་སྟོང་པ། གང་གིས་ཀྱང་མ་བསྒྲིབས་པའི་གསལ་ལེ་བ། ཧྲིག་གེ་བ། ཡེ་རེ་བ། རྗེན་ནེ་བ་སྟེ། བརྗོད་དུ་མེད་པའི་དཔེ་ནམ་མཁའ་ལྟར་དཔྱད་ར་མེད་པ་དེ་ཀ་རང་རིག་དང་མ་བྲལ་བ་ནི་ལྷག་མཐོང་ཡིན་པས། དེ་ལ་བཅས་བཅོས་གང་ཡང་མི་བྱེད་པར་དེ་ཀའི་ངང་དུ་ལྷོད་ཀྱིས་ཀློད་ལ་འཇོག་གོ ། གསུམ་པ་ཟུང་འཇུག་ཏུ་བསྒོམ་པ་ནི། སྣང་སེམས་དབྱེར་མེད་མཐའ་བྲལ་བརྗོད་མེད་ངང་༔ གང་ཤར་བཟོ་བྲལ་རང་བབས་ཅེ་རེ་བ༔ བདེ་ལུགས་ཤིག་གེ་རྗེས་མེད་སང་ངེ་བ༔ རྒྱ་ཡན་ཆལ་ལེ་མཐའ་བྲལ་ལྷོད་ཀྱིས་བཞག༔ ཕྱི་ནང་བར་མེད་ནམ་མཁའ་ལྟ་བུར་འཆར༔ དེ་ཚེ་སྐུ་བཞིའི་ངོ་བོར་མངོན་བྱང་ཆུབ༔ ཅེས་གསུངས་ཏེ། གང་ཤར་ལ་བཅས་བཅོས་མེད་པར་དེ་ཀའི་རང་ངོ་ལ་ཆེར་གྱིས་བལྟས་ཏེ། རང་བབས་སུ་ཅེར་རེ། བདེ་ལུགས་སུ་ཤིག་གེ རྗེས་མེད་དུ་སང་ངེ་། རྒྱ་ཡན་དུ་ཆལ་ལེ། མཐའ་བྲལ་དུ་ལྷོད་དེ། འཛིན་མེད་དུ་ཁྲོལ་ལེ་བཞག དེ་ཡང་རྣམ་པར་རྟོག་པའི་ཕྲེང་བ་མཐོ་དམན། བདེ་སྡུག ལེགས་ཉེས། བླང་དོར་སོགས་ཆོས་ཅི་ལྟར་སྣང་། གང་ལྟར་ཤར་ཡང་། ཅི་ཤར་གང་སྣང་གི་རང་ངོ་ལ་ཆེ་རེ་བལྟས་པ་ན་ཕྱི་ནང་བར་སོགས་ཐ་སྙད་ཀུན་ལས་གྲོལ་བ་ནམ་མཁའ་ལྟ་བུར་འཆར་བས་དེ་ཀའི་ངང་དུ་བཟོ་མེད་དུ་འཇོག་པ་སྟེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་དཔྱད་འདས་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་དུ་བཞག །ཅེས་སོ། །དེ་ནས་བསྒོམ་ཚུལ་རྣམ་པ་གསུམ་གྱིས་བོགས་དབྱུང་

p. 48

བ་ལས། དང་པོ་སྟོང་པ་ནམ་མཁའ་ལྟ་བུར་བསྒོམ་ཚུལ་ནི། ལུས་མི་གཡོ་བ་ཆོས་བདུན་བཅའ། དབང་པོ་རྫིང་བུའི་ཟླ་གཟུགས་ལྟར་མ་འགགས་རང་གསལ་དུ་བཞག་ནས། གང་སྣང་ཅེར་གྱིས་བལྟས་ཏེ་ཕྱི་ནང་བར་མེད་ཧར་སང་ངེ་། བུན་ནེ། ཤིག་གེ་ལྟ་སྟངས་གཅུན་ལ་བཞག་གོ །གསལ་བ་མེ་ལོང་ལྟ་བུའི་བསྒོམ་ཚུལ་ནི། གང་སྣང་རང་གསལ་འཛིན་མེད་ཀྱི་ངང་དུ། སལ་ལེ། ཝལ་ལེ། ཡེ་རེ་བཞག་གོ །འཆར་བ་རྦ་རླབས་ལྟ་བུའི་བསྒོམ་ཚུལ་ནི༑ རྣམ་རྟོག་འགྱུས་སམ་འགྱུར་བཅུག་སྟེ། འགྱུ་བ་གང་ཤར་དེའི་ངོ་བོ་ལ་ཆེར་གྱིས་བལྟས་པས་རྦ་རླབས་ཆུར་ཐིམ་པ་ལྟར་འཛིན་མེད་དུ་ཁྲོལ་གྱིས་འགྲོ་སྟེ། དེ་ཁོ་ནས་གནས་འགྱུ་བསྲེས་ཏེ་བོགས་དབྱུང་ངོ་། །དེ་ཡང་དང་པོས་མི་རྟོག་པ་དང་། གཉིས་པས་བདེ་བ། གསུམ་པས་གསལ་བའི་བོགས་འདོན་དུ་འགྲོ། ཕྱི་མ་གཉིས་ལའང་ལུས་གནད་དབང་གནད་སྔ་མ་ལྟར་བྱ་ཞིང་། དམིགས་སྐོར་གསུམ་པོ་འདི་འཕྲོས་དོན་ཞལ་ཤེས་མའོ། །དེ་ལྟར་གནས་པ་ཞི་གནས། གསལ་བ་ལྷག་མཐོང་། དབྱེར་མེད་པས་ཟུང་འཇུག་སྟེ། གཞི་རྫོགས་ཡེ་གྲོལ་སྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་འགྲོ་འཆག ཉལ་འདུག གཏམ་སྨྲ་བ། སྔགས་བཟླ་བ། ཁ་ཏོན་བྱེད་པ། ཟས་ཟ་བ་སོགས་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་མིག་མ་འགུལ་བར་ཆེ་རེ་མ་ཡེངས་པར་བཞག་པས་གཡོ་ཟོལ་མེད་པའི་སྒོམ་ཐེབས་པ་ན་ངོ་སྤྲད་པ་བྱ་སྟེ། ཞིབ་ཏུ་བརྟག་དཔྱད་དེ་ལྟར་ངེས་རྙེད་ཚེ༔ རིག་པའི་ཐོག་ཏུ་ངོ་སྤྲོད་གདབ་པར་བྱ༔ སྐྱེ་མེད་སྟོང་ཆའི་ངོ་བོ་ཆོས་ཀྱི་སྐུ༔ རང་གདངས་འགག་མེད་འཆར་བ་ལོངས་སྤྱོད་རྫོགས༔ གཉིས་སུ་མེད་པའི་རྩལ་ལས་སྤྲུལ་པའི་སྐུ༔ དེ་ལྟར་རྣམ་པ་གསུམ་དུ་ཐ་དད་ཀྱང་༔ ངོ་བོ་གཅིག་འདུས་ངོ་བོ་ཉིད་ཀྱི་སྐུ༔ སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་དོ༔ ཞེས་གསུངས་ཏེ། འདི་ལྟར་སེམས་ཀྱི་གཤིས་སྐྱེ་འགག་གནས་གསུམ་དང་དབྱིབས་ཁ་དོག་སོགས་གང་དུའང་མ་གྲུབ་པའི་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་པའི་ཆ་དེ་ནི་ཆོས་ཀྱི་སྐུ། ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་སྟོང་བདོ་བའི་ཚེ་ན་རང་གདངས་འགག་པ་མེད་པ། སལ་ལེ་བ། ཡེ་

p. 49

རེ་བ། རྗེན་ནེ་བ། ཧྲིག་གེ་བར་འཆར་བ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལྟར་གསལ་བཞིན་པ་ལ་སྟོང་། སྟོང་པའི་ངོ་བོ་གསལ་བ། རང་བཞིན་གཉིས་སུ་མེད་པའི་རྩལ་ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་ཤར་བའི་ཚེ་ནའང་ངོ་བོ་ཉིད་ལས་མི་གཡོ་བ་ནི་སྤྲུལ་པའི་སྐུ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་གསུམ་རྣམ་པ་ཐ་དད་དུ་སྣང་ཡང་ངོ་བོ་དབྱེར་མི་ཕྱེད་པས་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་ཀྱི་སྐུ། ཡེ་ཤེས་ནི་མཉམ་ཉིད་ཡེ་ཤེས་སོ། །སྐུ་བཞི་ལས་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡང་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་ཞེས་ཀྱང་བྱ་སྟེ། གཤིས་སྐྱེ་བ་མེད་པ་དེ་ངོ་བོ། གདངས་འགག་པ་མེད་པ་དེ་རང་བཞིན། རྩལ་ཅིར་ཡང་འཆར་བ་དེ་ཐུགས་རྗེའོ། །གཞན་ཡང་སེམས་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། སྣ་ཚོགས་སུ་གསལ་བ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས། དེ་གཉིས་དབྱེར་མེད་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅེས་བྱའོ། །ཧྲིལ་གྱིས་དྲིལ་ཏེ་རིག་ཐོག་ཏུ་ངོ་སྤྲད་ན། ད་ལྟར་གྱི་རིག་པ་དྲན་བསམ་གྱི་བཅོས་བསླད་མ་བྱས་པའི་ཝལ་ལེ་བ། སང་ངེ་བ། སལ་ལེ་བའི་ད་ལྟའི་རིག་པ་འདི་བཞི་ཆ་གསུམ་བྲལ་གྱི་ཆོས་སྐུར་ངོ་སྤྲད། ཕྱམ་བརྡལ་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲད། སྔ་ཕྱི་དྲན་རྟོག་གིས་མ་བསླད་པའི་ཐ་མལ་གྱི་རིག་པ་རིག་གེ་བ། སང་ངེ་བ། ཤར་དུས་ཉིད་ནས་རང་རིག་དང་མ་བྲལ་བས་དྲན་རྟོག་རྗེས་མེད་རང་སར་ཡལ་ནས་བྱུང་ཚོར་གཞིར་ཐིམ་པ་ནི་རང་གྲོལ་དུ་ངོ་སྤྲད་པ་སྟེ། གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱའོ། །དེ་དག་ཀྱང་མདོར་བསྡུས་ཙམ་བརྗོད་པ་སྟེ། རྒྱས་པར་མདོ་རྒྱུད་ཀྱི་ལུང་སྦྱོར་ལ་སོགས་པས་རྒྱབ་བརྟེན་ཏེ་མྱོང་བ་ཅན་གྱི་བླ་མའི་ཞལ་ལུང་ལས་ངེས་ཤེས་བསྐྱེད་པར་བྱའོ། །ཚུལ་འདི་སྨྱོས་བཙུན་དྷརྨ་ཤྲཱི་ཡིས། །མིང་དོན་མཐུན་པའི་གྲོགས་མཆོག་འགྱུར་མེད་ཀྱི། །དགོངས་ཁྲིད་ཁོ་ནར་དམིགས་ནས་ཟིན་རིས་སུ། །འབད་པས་བྲིས་པའི་ངལ་བ་འགྲོ་ལ་བསྔོ། །འོན་ཀྱང་མཚན་ལྡན་བླ་མའི་དྲུང་། །ཟབ་མོའི་གདམས་པ་ལེགས་ཐོབ་ཀྱང་། །གདམས་པ་དཔེ་ཆའི་ལྡེབས་ལུས་ནས། །ཆོས་དང་གང་ཟག་ཡ་བྲལ་བས། །རྟོགས་པའི་

p. 50

ཉམས་མྱོང་མི་ལྡན་ཕྱིར། །ནོར་འཁྲུལ་འགལ་བ་ཡོད་སྲིད་པས། །གང་མཆིས་བླ་མ་མཁའ་འགྲོ་ཡིས། །བཟོད་མཛད་ཐུགས་རྗེས་བདག་ལ་གཟིགས། །ཕྱིས་མཁས་གྲུབ་མི་ཕམ་ཆ ོས་སྐྱོང་རྒྱལ་མཚན་གྱི་བཀའ་ལུང་གིས། གཞུང་ཚིག་རྣམས་ཆ་ཚང་དང་། རྒྱབ་རྟེན་གྱི་ལུང་འདྲ་བྲི་ཐུབ་ན་ལེགས་པར་འདུག་གསུངས་པ་ལྟར། རྩ་བ་རྡོ་རྗེའི་ཚིག་རྣམས་དཀྱུས་སུ་བྲིས། རྒྱབ་རྟེན་གྱི་ལུང་འགའ་རེ་མཆན་བུའི་ཚུལ་དུ་སླར་བཏབ་པ་ཡིན་ནོ། །ཤུབྷཾ།། །།

རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བའི་ཆ་ལག་ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ། ལོ་ཆེན་དྷརྨ་ཤྲཱི།

p. 51

རིག་འཛིན་ཐུགས་ཐིག་གི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བའི་ཆ་ལག་ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ན་མཿཤྲཱི་མཱཾ་སངྒུ་རུ་པདྨ་ཀ་རཤྩཱ་དྭ་ཡ་བྷཊྚཱ་ར་ཀ་ནི་དྷི་པ་དྷི་དྭཱི་པ་ཀཱ་ཡ་ཤ་ར་ཎ་གཙྪ་མི། འདིར་ཐེག་པ་ཐམས་ཅད་ཀྱི་ཡང་སྙིང་གསང་བ་བླ་ན་མེད་པའི་གདམས་པ་ཀ་དག་གི་གནས་ལུགས་གཏན་ལ་འབེབས་པར་བྱེད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། འདིར་རྩ་བར། ཞིབ་ཏུ་བརྟག་དཔྱད་དེ་ལྟར་ངེས་རྙེད་ཚེ༔ རིག་པའི་ཐོག་ཏུ་ངོ་སྤྲོད་གདབ་པར་བྱ༔ ཞེས་གསུངས་པ་ལྟར། སྤྱི་དོན་གསུམ་པ་གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་སྐྱེད་པར་བྱེད་པ་རྗེས་ཀྱི་ཁྲིད་ཀྱི་སྐབས་ལགས། དེ་ལའང་དོན་གསུམ་སྟེ། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ། ཉམས་ལེན་གྱི་སྣེ་ནས་ཁྲིད་དེ་ངོ་སྤྲད་པ། གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ངོ་སྤྲད་པའོ། །དང་པོ་ནི། ཚོགས་གཏོར་རྒྱ་ཆེར་བཤམས་ཤིང་མཆོད། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ལ་ལུས་གནད་བཅའ། རང་རང་གི་སྤྱི་བོའི་གཙུག་ཏུ་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བར་བསམ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། དགོས་འདོད་ཀུན་འབྱུང་། སྐྱབས་གནས་ཀུན་འདུས་ཡིན་པར་བློ་ཐག་བཅད་དེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ནས། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་བདག་ལ་གནས་ལུགས་ཀ་དག་གི་རྟོགས་པ་ཇི་ལྟ་བ་བཞིན་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་དུ་བཅུག སྤོས་བཏུལ་ཞིང་། བླ་མས་ཌཱ་དྲིལ་གྱི་

p. 52

སྒྲ་དང་སྦྱར་བའི་གདངས་སྙན་པོས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །རྒྱུད་སྨིན་ཅིང་གྲོལ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་བླ་མ་བརྒྱུད་པའི་བཤར་བཏབ་ལ་སོ་སོའི་མཚན་མཐར་གསོལ་བ་འདེབས་སོ་མན་ཆད་སྦྱར་ཏེ་བརྗོད་པའི་རྗེས་སུ། བརྒྱུད་པའི་བླ་མ་རྣམས་རིམ་བཞིན་རྩ་བའི་བླ་མའི་བར་དུ་བསྡུས། དེ་ཉིད་སློབ་མ་ལ་བསྟིམས་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་དར་ཅིག་ཀློད་དེ་འཇོག་ཏུ་བཅུག དེ་ལྟར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བྱིན་རླབས་ཀྱི་འུར་ལངས་ཏེ། སྒོ་གསུམ་གྱི་སྣང་བ་བླ་མས་འཕྲོག །བློ་སྣ་མོས་གུས་སུ་ཧྲིལ་གྱིས་འདྲིལ། དེའི་ངང་ལ་རྩེན་གྱིས་ཀློད་པའི་ཚེ། རིག་གདངས་མོས་གུས་སུ་རུམ་མེ་བར་མ་འགགས་ལ། གཤིས་འཛིན་མེད་དུ་ཁྲོལ་ལེ་ཤར་བ་ནི་མོས་གུས་རང་རིག་ཏུ་ཤར། རང་རིག་སྐྱེ་མེད་ཆོས་སྐུའི་དགོངས་པར་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་བཞག་མེད་པར་བསྐྱང་བར་བྱའོ། །གཉིས་པ་ཉམས་ལེན་གྱི་སྣེ་ནས་ཁྲིད་དེ་ངོ་སྤྲད་པ་ནི། ལུས་གནད་ཆ ོས་བདུན་གྱི་ངང་ནས་མིག་བར་སྣང་ལ་ཧ་རེ་གཏོད། སེམས་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་གྱི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་རིག་རང་གསལ་དེ་ཀའི་རང་ངོ་ལ་ཅེར་གྱིས་ལྟོས་ཤིག་ཅེས་བརྡ་སྤྲད། དེ་ལྟར་བལྟས་པས་ད་ལྟའི་རིག་པ་བཞི་ཆ་གསུམ་བྲལ་སལ་ལེ་སང་ངེ་ཕྱམ་གདལ་བ་འདི་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པ་ཡིན་པས་ཅར་ཕོག་ཏུ་ངོས་བཟུང་སྟེ། དེའི་ངང་མ་ཤོར་བར་དྲན་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་སྲོལ་དུ་འཇུག་པར་གྱིས་ཤིག གསུམ་པ་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ངོ་སྤྲད་པ་ནི། རྩ་བར། སྐྱེ་མེད་སྟོང་ཆའི་ངོ་བོ་ཆོས་ཀྱི་སྐུ༔ རང་གསལ་འགག་མེད་འཆར་བ་ལོངས་སྤྱོད་རྫོགས༔ གཉིས་སུ་མེད་པའི་རྩལ་ལས་སྤྲུལ་པའི་སྐུ༔ དེ་ལྟར་རྣམ་པ་གསུམ་དུ་ཐ་དད་ཀྱང་༔ ངོ་བོ་གཅིག་འདུས་ངོ་བོ་ཉིད་ཀྱི་སྐུ༔ སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་དོ༔ ཞེས་ཚིགས་སུ་བཅད་པ་ཕྱེད་དང་

p. 53

གཉིས་པོ་འདི་གཞི་དུས། ལམ་དུས། འབྲས་དུས་ཀྱི་སྐུ་བཞི་ཀ་ལ་སྦྱར་ཏེ་ངོ་སྤྲོད་པར་མཛད་པ་ལས། དང་པོ་གཞི་རང་བཞིན་གནས་ལུགས་ཀྱི་སྒོ་ནས་ངོ་སྤྲད་པ་ནི། སྦྱོང་བྱེད་ལམ་གྱིས་སྦྱང་བྱའི་དྲི་མ་སྦྱོང་བར་བྱེད་པའི་གཞི་དང་། བྲལ་སྟོབས་ཀྱིས་ཡོན་ཏན་གྱི་ཆ་རྣམས་མངོན་དུ་འགྱུར་བའི་གཞི་དེ་གང་སྙམ་ན། འདམ་རྫབ་ཀྱིས་བསྟུམས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དེའང་སེམས་ཀྱི་ཆོས་ཉིད་འོད་གསལ་བའི་ནོར་བུ་སྦྱང་བྱ་དྲི་མའི་འདམ་རྫབ་ཀྱིས་གཡོགས་ཀྱང་། དྲི་མ་མེད་སྣང་གློ་བུར་གྱི་ཆོས་ཡིན་པས་སྦྱང་གཞི་ལ་ཡེ་ནས་གོས་མ་མྱོང་བ་སྟེ། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས། དེས་ན་ཡེ་ནས་དོར་བྱའི་སྐྱོན་དང་བྲལ་བས་རང་བཞིན་གྱིས་རྣམ་པར་དག་པའི་སེམས་ཀྱི་ཆོས་ཉིད་ཁམས་རང་བཞིན་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཡེ་ནས་གནས་པ། འགྱུར་བ་མེད་པ། དེའི་ངོ་བོ་སྟོང་པའི་ཆ་ལས་ཆོས་སྐུ་སྤྲོས་བྲལ་གྱི་ཡེ་ཤེས། གདངས་འགག་མེད་སྐུ་ལྔ་ཡེ་ཤེས་ལྔ་སོགས་ཀྱི་འཆར་གཞི་རང་བཞིན་གསལ་བའི་ཆ་ནི་ལོངས་སྤྱོད་རྫོགས་པའི་སྐུ། སྟོང་གསལ་གཉིས་མེད་ཀྱི་རྩལ་ལས་མཁྱེན་པའི་ཡེ་ཤེས་འཆར་བ་ཐུགས་རྗེ་རིག་པའི་ཆ་ནི་སྤྲུལ་པའི་སྐུ། དེ་ལྟར་སྟོང་གསལ་རིག་པའ་ིཡེ་ཤེས་གསུམ་པོ་དེ་གཉུག་སེམས་འོད་གསལ་བའི་ངོ་བོར་རོ་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་སྐུ་སྟེ། སངས་རྒྱས་ཀྱི་ཡོན་ཏན་སེམས་ཉིད་ལ་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པའི་བདག་ཉིད་དོ། །དེའང་འདི་ཉིད་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་ངོ་བོ་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་རང་བཞིན་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་

p. 54

འབྲས་བུ་བསྟན་པ་མིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན། །ཞེས་སོ། །མདོར་ན་དོན་དམ་པར་སྦྱང་གཞི་ཆོས་ཉིད་རང་ངོས་ནས་རྣམ་ཤེས་ཀྱི་ཆོས་གཟུང་འཛིན་གཉིས་སྣང་གློ་བུར་གྱི་དྲི་མས་བསྒྲིབས་བསལ་དག་ཟིན་གསུམ་གྱི་རྣམ་དབྱེ་བྱར་མེད་ཀྱང་། ཀུན་རྫོབ་འགྲོ་བའི་བློའི་རིམ་པར་སྒྲིབ་གཡོགས་ཀྱིས་བསྒྲིབས་པའི་སྐབས་སེམས་ཅན་དང་། སྒྲིབ་གཡོགས་དེ་བསལ་བཞིན་པའི་སྐབས་བྱང་ཆུབ་སེམས་དཔའ་དང་། བསལ་ཟིན་དག་པའི་སྐབས་སངས་རྒྱས་ཞེས་གནས་སྐབས་རིམ་པ་གསུམ་དུ་བྱུང་ཞིང་། རྡོའི་སྦུབས་ན་གནས་པའི་བཻཌཱུཪྱ་དང་། རྡོའི་སྒྲིབ་གཡོགས་བྲལ་བའི་བཻཌཱུཪྱ་གཉིས་ངོ་བོ་བདག་ཉིད་གཅིག་པ་ལྟར་གཞི་འབྲས་གཉིས་ཀྱང་དེ་དང་འདྲ་བས། གཞིའི་དྲི་མ་སྦྱོང་བྱེད་ཀྱི་ལམ་ཡང་གཞི་འབྲས་གཉིས་དང་རྗེས་སུ་མཐུན་པ་ཞིག་བསྒོམ་དགོས་པ་ཡིན་པས། རིག་པ་སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆེན་པོ་ཀ་དག་གི་དགོངས་པ་ངོས་བཟུང་ནས་བསལ་བཞག་མེད་པར་བསྐྱང་བ་ལ་བསླབ་ཅིང་། ལམ་དང་འབྲས་བུའི་ངོ་སྤྲོད་ཀྱི་རྩ་བའང་གང་ངོ་སྤྲད་པར་བྱ་བའི་ཡུལ་གཞི་འདི་ལ་ཐུག་པས། གཞི་ཆོས་ཉིད་ཀྱི་དོན་ལ་ངེས་ཤེས་བསྐྱེད་པ་གལ་ཆེའོ། །གཉིས་པ་ལམ་ལ། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ངོ་སྤྲད་པ་གསུམ་ལས། དང་པོ་ལྟ་བའི་སྒོ་ནས་ངོ་སྤྲད་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་སོགས་གསུངས་པ་ལྟར། འདི་ལྟར་སྣང་ཞིང་མྱོང་བའི་ཆོས་འདི་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་རང་གི་སེམས་ཀྱི་བག་ཆགས་འཁྲུལ་པ་ལས་སྣང་བ་ཙམ་མ་གཏོགས་ཕྱི་རོལ་ན་དོན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དངོས་པོ་གཅིག་ལའང་རིགས་དྲུག་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་སུ་མ་ཆད་པར་ཐ་དད་དུ་སྣང་བའི་

p. 55

ཕྱིར་དང་། ཡུལ་སེམས་གཉིས་ཕར་ཚུར་དུ་འགྲོ་འོང་མེད་ནའང་། སེམས་ཀྱིས་ཡུལ་སྣང་ཉམས་སུ་མྱོང་བའི་ཕྱིར། ཡུལ་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ངེས་པ་རྙེད་པར་འགྱུར་ཞིང་། དེས་ན་བར་སྣང་གི་ནམ་མཁའ་སང་ངེ་བ་འདི་ལ་བརྟགས་ཤིང་དཔྱད་པས་སྐྱེ་འགག་གནས་གསུམ་དབྱིབས་ཁ་དོག་སོགས་སྣང་བའི་གོ་འབྱེད་པ་ཙམ་ལས་གཞན་འདི་ཞེས་ངོས་བཟུང་ཐམས་ཅད་ལས་འདས་པ་ལྟར། རང་གི་སེམས་ཁ་ནང་དུ་ཕྱོགས་ཏེ་བརྟགས་ཤིང་དཔྱད་པས་གང་དུའང་མ་མཐོང་། ཅིར་ཡང་མ་གྲུབ་པས་སྟོང་པ་ཉིད། གང་དུའང་ངོས་བཟུང་མེད་པས་སྤྲོས་བྲལ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལས་མི་འདའ་བས་གཉུག་མ༑ བློའི་དྲི་མས་མ་གོས་པས་ཀ་དག ཉམས་ཀྱི་ཞེན་པས་མ་བཅིངས་པས་ཡེ་གྲོལ། བསམ་མེད། བརྗོད་མེད། གནས་མེད། དམིགས་མེད། འགྲོ་མེད། འོང་མེད། དྲན་བསམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་གསལ་ཡུལ་མེད་དུ་རྗེན་ཅེར་གྱིས་མཐོང་བའི་རིག་པ་གཅེར་བུ་ལྷིང་ངོས་བཟུང་ལ་ར་བ་དེ་ཀ ང་བབས་སུ་སྐྱོང་བ་ནི་མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་ནམ་མཁའ་ལྟ་བུར་ངོ་སྤྲོད་པ་སྟེ། སུམ་ཅུ་རྩ་གསུམ་པའི་མདོ་ལས། ལྷའི་བུ་ཁམས་གསུམ་པོ་ནི་སེམས་ཙམ་དུ་ཟད་ལ། སེམས་དེ་ཡང་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པ་སྒྱུ་མ་ལྟ་བུ་སྟེ། སེམས་དེའང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ནའང་མི་རྙེད་དེ། སེམས་གང་གིས་སེམས་ཡོངས་སུ་འཚོལ་བའི་སེམས་དེའང་མི་རྙེད་དོ། །དེ་སེམས་མི་དམིགས་པས་ཆོས་ཐམས་ཅད་མི་དམིགས་སོ། །ཞེས་དང་། ཀུན་བྱེད་ལས། སེམས་ཀྱིས་སེམས་ལ་ལྟ་རུ་མེད་པའི་ཕྱིར། །བལྟས་པས་མི་མཐོང་ཇི་བཞིན་ཉིད་དུ་ཞོག །ཅེས་དང་། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་དང་། སློབ་

p. 56

དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཞེས་དང་། རྩ་བར་ཡང་། དེ་ལྟར་ཞིབ་ཏུ་བརྟགས་པས་སེམས་ཉིད་འདི༔ མ་སྐྱེས་མི་གནས་མི་འགག་ཁ་དོག་དང་༔ དབྱིབས་མེད་ངོ་བོ་ངོས་བཟུང་བྲལ་བ་ཡི༔ བརྗོད་མེད་ནམ་མཁའ་ལྟ་བུར་རིག་པའི་ཚེ༔ དེ་ཀའི་ངང་དུ་བཟོ་མེད་ལྷོད་ཀྱིས་ཀློད༔ ཅེས་འབྱུང་ངོ་། །དེ་ལྟར་བཞག་པའི་ངང་ལས་འགྱུ་དྲན་གྱི་རྟོག་པ་གང་ཤར་ཡང་དེ་ཀའི་རང་ངོ་ལ་རྩོལ་མེད་ཀྱི་དྲན་པས་ཆེར་གྱིས་བལྟས་ལ་བསལ་བཞག་མེད་པའི་ངང་དུ་ཀློད་པས་དྲན་རྟོག་རྗེས་མེད་དུ་ཡལ་ནས་བྱུང་ཚོར་གཞིར་ཐིམ་པ་ནི་རང་ཤར་རང་གྲོལ་ཏེ་རྦ་རླབས་ཆུར་ཐིམ་པ་ལྟ་བུའོ། །ཇི་སྐད་དུ། ཅེར་གྱིས་གྲོལ་བས་མཐོང་སར་ཡལ། ཞེས་གསང་བ་སྒྲ་རྒྱུད་ལས་གསུངས་སོ། །དེའང་མཉམ་བཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པར་རང་གསལ་རྒྱ་ཡན་དུ་ཀློད་ཅིང་། རྗེས་ཐོབ་ཏུ་གང་སྣང་ཡང་སྟོང་པའི་རང་བཞིན། སྟོང་ཡང་འཆར་སྒོ་མ་འགགས་པར་སྣང་ལ། སྣང་ཡང་བདེན་པས་སྟོང་པ་སྒྱུ་མའི་འཁྲུལ་འཁོར་རམ་རྨི་ལམ་གྱི་སྣང་བ་ལྟ་བུར་ཤེས་པས་ཆགས་སྡང་དང་ཉོན་མོངས་པ་གྲོལ་བར་བྱེད་པ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་དང་། །སྨིག་སྒྱུ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་ཏེ། རྗེས་ཐོབ་རིས་མེད་ཀྱིས་ཡེ་ཤེས་སྒྱུ་མ་ལྟ་བུར་ངོ་སྤྲད་པའོ། །དེ་ལྟར་རིག་པ་སྤྲོས་བྲལ་ངོས་བཟུང་མེད་པ་དེ་ཀ་རྩལ་སྣང་མ་འགགས་པའི་རོལ་པ་སྒྱུ་མ་ལྟ་བུར་འཆར་བས་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུང་འཇུག་ནི་སྣང་ཚུལ་མ་ཡིན། གནས་ཚུལ་ལམ་གནས་ལུགས་ཡིན་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད། སྙིང་རྗེའི་གདངས་རང་བཞིན་སྤྲོས་བྲལ་ངོས་བཟུང་མེད་པའི་ངང་དུ་ལ་ཟློ་བར་བྱ་སྟེ། ཟུང་འཇུག་མཆོག་ཏུ་མི་འགྱུར་བར་ངོ་སྤྲད་པའོ། །མདོར་ན་མཉམ་རྗེས་ཀུན་ཏུ་རིག་པ་ཕྱོགས་བྲལ་རྒྱ་ཡན་གསལ་སྟོང་རང་ཤར་རང་གྲོལ་གྱི་ངང་ལ་ཞེན་འཁྲིས་མེད་པར་བསྐྱངས་པས་རིག་པའི་རང་ངོ་གང་དུའང་མ་གྲུབ་པ་སྐྱེ་མེད་སྟོང་

p. 57

པ་ཉིད་ཀྱི་ཆ་མེ་ལོང་གཡའ་མེད་པ་ནག་ལིང་ངེ་འདུག་པ་ལྟ་བུ་དེ་ཆོས་སྐུ། དེའི་རང་གདངས་སྙིང་རྗེ་ཆེན་པོ་བདེ་བའི་རྣམ་པར་འགག་མེད་དུ་འཆར་བ་སལ་ལེ་ཡེར་རེ་ཧྲིག་གེ་གསལ་ལ་དེར་འཛིན་གྱིས་མ་བསླད་པའི་ཆ་མེ་ལོང་གཡའ་བྲལ་གྱི་རང་བཞིན་སྒྲིབ་གཡོགས་མེད་པར་གསལ་སིང་ངེ་འདུག་པ་ལྟ་བུ་དེ་ལོངས་སྐུ། དེ་ལྟར་གསལ་བཞིན་དུ་སྟོང་། སྟོང་པའི་ངོ་བོ་གསལ་བ། གསལ་སྟོང་རང་བཞིན་དབྱེར་མི་ཕྱེད་པ་ཟུང་འཇུག་གི་རྩལ་རང་ཤར་རང་གྲོལ་དུ་འཆར་བའི་ཆ་མེ་ལོང་དྭངས་པ་ལ་གཟུགས་བརྙན་འཆར་བ་ལྟ་བུ་དེ་སྤྲུལ་པའི་སྐུ། དེ་གསུམ་རང་བཞིན་གྱིས་དབྱེར་མི་ཕྱེད་པའི་ཆ། གཡའ་བྲལ་གྱི་དྭངས་ཆ། གསལ་ཆ། འཆར ཆ་གསུམ་ཡང་མེ་ལོང་གི་ངང་དུ་རོ་གཅིག་པ་ལྟ་བུ་དེ་ཀ་ངོ་བོ་ཉིད་ཀྱི་སྐུ་སྟེ། གཉིས་མེད་རྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྤྱོད་རྫོགས། །སྣ་ཚོགས་སྣང་བ་སྤྲུལ་པ་སྟེ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །གཉིས་པ་སྒོམ་པའི་སྒོ་ནས་ངོ་སྤྲོད་པ་ནི། ཐོག་མར་ཏིང་ངེ་འཛིན་གྱི་རྒྱུ་ལ་ངོ་སྤྲད་དེ། ངེས་འབྱུང་གི་བློ་དང་ལྡན་པའི་གང་ཟག་ལུས་ངག་འདུ་འཛི་དང་སེམས་སྤྲོས་པས་མི་གཡེང་ཞིང་། དད་པ་དང་ཚུལ་ཁྲིམས་དང་ཆོག་ཤེས་པ་དང་སྒོ་གསུམ་བསྡམས་པ་སོགས་ཞི་གནས་སྐྱེ་བའི་སྤྱིའི་རྒྱུ་ཚོགས་དང་། ལམ་གྱི་སྣོད་རུང་དུ་སྒྲུབ་པའི་སྔོན་འགྲོ་དང་། དངོས་གཞི་ལུས་ཀྱི་གནད་ཆོས་བདུན། དབང་པོའི་གནད་ལྟ་སྟངས། ངག་གནད་རླུང་རང་སོར། སེམས་གནད་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་བསལ་བཞག་མེད་པར་ཡེངས་མེད་དུ་འཇོག་པའི་གནད་ཁྱད་པར་ཅན་རྣམས་ཡིན་ལ། དེ་ལྟར་བཞག་པ་ལ་བརྟེན་ནས་ཏིང་ངེ་འཛིན་རིམ་པར་སྐྱེ་བའི་ཚུལ་ལ་ངོ་སྤྲད་དེ། གནུབས་ཆེན་གྱིས་གཡོ་ཐོབ་གོམས་པའི་ཉམས་གསུམ་རི་གཟར་གྱི་འབབ་ཆུ་དང་། ཆུ་ཀླུང་དལ་འབབ། རྒྱ་མཚོའི་གཏིང་གི་དཔེ་གསུམ་གྱིས་མཚོན་ཏེ་གསུངས་ཀྱང་། བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པར་ཉམས་ལྔར་གསུངས་པ་ལྟར་བཤད་ན། དང་པོ་གཡོ་བའི་ཉམས་ནི། བསྒོམས་པས་རྟོག་པ་མང་དུ་སོང་བ་སྙམ་བྱེད་པ་འབྱུང་བསྒོམ་སྐྱེ་སྙིང་འདོད་པས་རྟོག་པ་ངོ་ཤེས་པའི་ཉམས་ཏེ། དཔེ་རི་གཟར་གྱི་

p. 58

འབབ་ཆུ་ལྟ་བུའོ། །དེ་ནས་ཐོབ་པའི་ཉམས་ནི། རྟོག་པ་ཡོང་འཕྲོ་ལ་ཅུང་ཟད་ཞི་མལ་ལེ་གནས་པ་འབྱུང་བ་རྣམ་རྟོག་ངལ་སོས་པའི་ཉམས་ཏེ། དཔེ་རོང་ཁུང་དོག་པོའི་འབབ་ཆུ་ལྟ་བུའོ། །དེ་ནས་གོམས་པའི་ཉམས་ནི། ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རེས་འགའ་རྟོག་པ་བན་བུན་ཙམ་རེ་འབྱུང་བ་རྣམ་རྟོག་གི་ཐང་ཆད་པའི་ཉམས་ཏེ། དཔེ་མི་རྒན་པོའི་སྤྱོད་པ་ལྟ་བུའོ། །དེ་ནས་བརྟན་པའི་ཉམས་ནི། ཕལ་ཆེར་རྟོག་མེད་རྒྱ་འབྱམས་སུ་གནས་པ་ལ་རྐྱེན་གྱིས་ཅུང་ཟད་གནོད་པས་རྣམ་རྟོག་གིས་བསྐྱོད་དུ་ཡོད་པའི་ཉམས་ཏེ། དཔེ་མཚོ་ཆུང་བསིར་བུས་བསྐྱོད་པ་ལྟ་བུའོ། །དེ་ནས་མཐར་ཕྱིན་པའི་ཉམས་ནི། ཡུལ་སྣང་ལ་དེར་འཛིན་མེད་པའི་ངང་དུ་སེམས་སྤྲོ་བསྡུ་མེད་པར་དྭངས་སང་ངེ་ཡེ་རེ་ཝལ་ལེར་གནས་པ་ལ་རྐྱེན་གང་གིས་ཀྱང་མི་གནོད་པའི་སྟེང་དུ་སླར་ལ་བོགས་འབྱིན་པ་ན་རྣམ་རྟོག་གིས་བསྐྱོད་དུ་མེད་པ་རང་དབང་ཐོབ་པའི་ཉམས་ཏེ། དཔེ་མཚོ་ཆེན་རླབས་དང་བྲལ་བའམ་རི་བོ་ཆེན་པོ་ལྟ་བུའོ། །དེ་ནས་ཏིང་ངེ་འཛིན་གྱི་དྲོད་རྟགས་ལ་ངོ་སྤྲད་པ་ནི། བསྒོམས་པའི་སྟོབས་ཀྱིས་སྒོ་གསུམ་ཤིན་སྦྱངས་ཐོབ་པས་ལུས་ཡངས་ཤིང་བདེ་བ་དང་། ངག་རླུང་འཇམ་ཞིང་དལ་ལ་རྒྱུ་བ་མི་ཚོར་བ་སྙམ་བྱེད་པ་དང་། སེམས་མི་རྟོག་པའི་ངང་དུ་ཐིམ་པ་དང་། འདུས་བྱས་ཐམས་ཅད་བཅོས་མ་རྫུན་པར་མཐོང་བས་ཞེན་པ་རང་ལོག་ཏུ་སོང་སྟེ་ཆོས་བརྒྱད་མགོ་སྙོམས་པ་དང་། མེད་སྣང་སྒྱུ་མ་ལྟ་བུའི་འཁོར་བ་ན་རྒྱུ་ཞིང་སྤྱོད་པའི་སེམས་ཅན་རྣམས་ལ་ཉེ་རིང་མེད་པའི་སྙིང་རྗེ་བཅོས་མིན་དུ་སྐྱེ་བ་དང་། ལྟོ་གོས་ཀྱི་སེམས་ཁྲལ། ཚ་གྲང་། དཀའ་སླ༑ བདེ་སྡུག ཆགས་སྡང་། གཏམ་ངན་སོགས་གང་ལའང་ཇི་མི་སྙམ་པ་དང་། ཁྱད་པར་སེམས་ཟིན་པས་རླུང་ལྔ་ཟིན་པར་འགྱུར་ཞིང་། དེ་ཟིན་པའི་རྟགས་ཀྱང་ལུས་ཉམས། ངག་ཉམས། སེམས་ཉམས། རྨི་ཉམས། སྨིག་རྒྱུ་ལྟ་བུ་སོགས་མཐོང་ཉམས་ཀྱི་རྟགས་མཐའ་ཡས་པ་དང་། མངོན་ཤེས་ལྔ་དང་། ངེས་དོན་གྱི་ཆོས་སྨྲ་བ་ལ་སྤོབས་པ་ཐོབ་པ་སོགས་ཡོན་ཏན་གྱི་རྟགས་ཀྱང་མང་དུ་འབྱུང་སྟེ། ཉམས་རྟོགས་སྐྱེ་རིམ་དང་བསྟུན་ནས་ངོ་སྤྲོད་པ་གལ་ཆེའོ། །དེ་ནས་ཏིང་ངེ་འཛིན་རང་གི་ངོ་བོ་ལ་ངོ་སྤྲད་པ་ནི། ཞི་གནས་དང་ལྷག་མཐོང་སྟེ།

p. 59

ཇི་སྐད་དུ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་པས་བྱིང་རྒོད་རྣམ་རྟོག་གི་སྤྲོ་བསྡུ་མེད་པར་ཡུལ་སྣང་ལ་དེར་འཛིན་མ་ཞུགས་པའི་ངང་དུ་དྭངས་སང་ངེ་ཡེར་རེ་ཝལ་ལེ་སྟོན་གནམ་སྤྲིན་དང་བྲལ་བ་ལྟར་གསལ་སྟོང་དུ་ལྷན་ནེར་གནས་པ་ནི་ཞི་གནས། སྣང་ཡུལ་སྒྱུ་མ་ལྟར་རྟོགས་ལ་འཛིན་བྱེད་མ་ཞུགས་ཤིང་། རང་བཞིན་ནམ་མཁའ་ལྟར་རྟོགས་ལ་སྣང་ཡུལ་མ་འགགས་པའི་ཡེ་ཤེས་སྣང་སེམས་གཉིས་མེད་སྟོང་གསལ་སྤྲོས་པ་བྲལ་བའི་གནས་ལུགས་ཟང་ཐལ་རྗེན་པར་མཐོང་བ་ནི་ལྷག་མཐོང་སྟེ། དེའང་རྟོག་ཚོགས་རང་སར་ཞི་བའི་གནས་ཆ་ཞི་གནས། ཡིན་ལུགས་རྗེན་པར་མཐོང་བའི་གསལ་ཆ་ལྷག་མཐོང་། ཐ་དད་མེད་པར་ངོ་བོ་གཅིག་པས་ཟུང་འཇུག་གཅིག་གི་རང་བཞིན་དུ་ལྷུན་གྱིས་གྲུབ་པར་ཐག་བཅད་དོ། །དེའང་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། སྐྱེ་བ་པོ་ཡི་ཞི་གནས་དང་། །ལྷག་མཐོང་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་ལས་གྲོལ་བར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་ནོན་ལ། །ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན། །ཞེས་སོ། །དེ་ཡང་རྣམ་རྟོག་གང་ཤར་ལ་རྩོལ་མེད་ཀྱི་དྲན་པས་བལྟས་པས་རང་ཞིར་སོང་ནས་ཤར་གྲོལ་དུས་མཉམ་པའི་ཚེ། ཤར་གྲོལ་རིག་པ་གསལ་དག་རྗེན་སང་ངེ་བ་དེ་ལྷག་མཐོང་དང་། གང་ཤར་རང་ཞིའི་ཆ་དང་རིག་དྭངས་དང་བཅས་པ་ལ་གནས་པ་དེ་ཞི་གནས་སོ། །མདོར་ན་ཚོགས་དྲུག་གི་ཡུལ་མི་དགག་པར་སྒོ་ལྔ་རང་ཡན་དུ་ཀློད་ལ། རིག་པའི་ངང་ཤེས་པས་ཡུལ་ཕྱིར་མི་འབྲང་བ། གསལ་དྭངས་ཕྱེད་པ། རེ་དོགས་བཅོས་བསླད་མེད་པའི་སོ་མར་ཉམས་སུ་བླངས་པས་ཡུལ་སྣང་དང་འཛིན་སེམས་མ་སྤངས་རང་སར་གྲོལ། སྣང་སེམས་གཉིས་མེད་དུ་གྲོལ་ནས་ལྷའི་མིག་ལ་སོགས་པའི་མངོན་ཤེས་ལྔ་ཡང་ཚེགས་མེད་པར་འཐོབ་པར་འགྱུར་ཞིང་། སྒོམ་པའི་དུས་ཀྱི་རིག་པ་སྟོང་གསལ་ཤར་གྲོལ་དབྱེར་མེད་ཀྱི་ཆ་ཤས་རྣམས་ཀྱང་ངོས་བཟུང་ལ་སྐུ་བཞི་དང་སྦྱར་ཏེ་ངོ་སྤྲོད་ཚུལ་ལྟ་བའི་སྐབས་བཞིན་དང་། མཉམ་བཞག་

p. 60

ཏུ་ཡིན་ལུགས་ལ་བཟླ་བ་དང་། རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སོགས་ཀྱང་མ་འདྲེས་པར་ངོ་སྤྲད་དོ། །གསུམ་པ་སྤྱོད་པའི་ངོ་སྤྲོད་ནི། སྔར་ལྟ་བ་ལ་བཟླའི་སྐབས་ཆོས་ཐམས་ཅད་སྒྱུ་མའི་སྣང་བ་ལྟར་མེད་པ་གསལ་སྣང་ཙམ་དུ་ཐག་ཆོད་མོད་ཀྱི། འོན་ཀྱང་སྤྱོད་པ་ཤན་འབྱེད་ཀྱི་སྐབས་འདིར་ཤེས་པར་བྱ་བ་ལ། ཇི་སྲིད་བདག་འཛིན་གྱི་རྟོག་པ་དབྱིངས་སུ་མ་ནུབ་ཀྱི་བར་དེ་སྲིད་དུ་མེད་བཞིན་དུའང་ལས་ཀྱི་འབྲས་བུ་མི་བསླུ་བར་འབྱུང་བ་ཡིན་ཏེ། དཔེར་ན་རྨི་ལམ་དུ་མེ་སྣང་བའི་ཚེ་དེ་ལ་དུ་བ་ཡང་འཁྲུལ་སྣང་ལ་འཆར་བ་བཞིན་ནོ། །དེས་ན་གང་ལའང་འཛིན་ཞེན་མེད་པའི་ངང་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་སྤྱོད་ཅིང་། སྡོམ་གསུམ་འགལ་མེད་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་དགོས། དེའང་གནད་བསྡུས་ན༑ སོ་ཐར་གྱི་བསླབ་བྱ་དངོས་དང་བརྒྱུད་པའི་སྒོ་ནས་གཞན་གནོད་ཆ་དང་བཅས་པ་སྤོང་། བྱང་སྡོམ་གྱི་བསླབ་བྱ་བདག་བས་གཞན་གཅེས་ཀྱི་ལྷག་བསམ་ལྡན་པས་ཕན་པ་སྒྲུབ། སྔགས་སྡོམ་གྱི་བསླབ་བྱ་སེམས་ཅན་ཐམས་ཅད་ཀྱི་གཉུག་སེམས་སྒྲིབ་བྲལ་རྡོ་རྗེ་གསུམ་གྱི་ལྷར་ཡེ་ནས་རྫོགས་པས་དག་སྣང་དང་མོས་གུས་བྱ་ཞིང་། ཁྱད་པར་བླ་མ་དམ་པ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པས་མོས་གུས་དང་ཞབས་ཏོག་ལ་ཚད་བཟུང་མེད་པའི་སྒོ་ནས་བསྟེན་པར་བྱ་སྟེ། སྤྱོད་པ་དུས་ཚོད་དང་འབྲེལ་བའི་བར་བསླབ་པ་ཞེས་བྱའོ། །གསུམ་པ་འབྲས་བུའི་ངོ་སྤྲོད་ནི། རིན་ཆེན་རྒྱ་མཚོ་ལས། འོད་གསལ་བ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོའི་ས། །སྣང་བ་རྣམ་པར་མི་རྟོག་པ། །མཆེད་པ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པས་རྫོགས་པའོ། །ཞེས་པས། ཡེ་ཤེས་བཞིའི་རིམ་པས་སློབ་པའི་ལམ་བཞི་བགྲོད་ཚུལ་བསྟན་ཏེ། དེའང་ཞི་ལྷག་ཟུང་འཇུག་གི་ལམ་བསྒོམས་པས་སེམས་ཉིད་གཉུག་མའི་ངང་དུ་བློའི་འཇུག་པ་ཞི་ནས་དྭངས་གསལ་གཡོ་མེད་ཀྱི་ཡེ་ཤེས་ཐོག་མར་སྐྱེས་པ་ནི་འོད་གསལ་དང་པོ་སྣང་བའི་ཡེ་ཤེས་ཏེ་

p. 61

ཐར་པའི་ལམ་སྣ་ཟིན་ཅིང་ཚོགས་ལམ་གྱི་ཡོན་ཏན་རྣམས་རིམ་པར་འཆར། དེ་ནས་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་སྔ་མ་ལས་ཆེས་ཆེར་གོམས་པས་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ཤིང་ཆོས་ཐམས་ཅ ད་ཀྱི་རང་བཞིན་རོ་གཅིག་ཏུ་རྟོགས་པ་ནི་འོད་གསལ་གཉིས་པ་མཆེད་པའི་ཡེ་ཤེས་ཏེ་སྦྱོར་ལམ་གྱི་ཡོན་ཏན་རྣམས་ཐོབ་བོ། །དེ་ནས་ཆེས་ཆེར་གོམས་པས་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཟག་པ་མེད་པ་དང་པོར་མཐོང་བ་ནི་འོད་གསལ་གསུམ་པ་ཐོབ་པའི་ཡེ་ཤེས་ཏེ་ས་དང་པོ་མཐོང་ལམ་གྱི་ཡོན་ཏན་རྣམས་ཐོབ་བོ། །དེ་ནས་ཆེས་ཆེར་གོང་དུ་འཕེལ་བས་མཐོང་ཟིན་གོམས་པར་བྱེད་པ་ནི་འོད་གསལ་བཞི་པ་ཉེ་བར་ཐོབ་པ་ཞེས་བྱ་བའི་ཡེ་ཤེས་ཏེ་སྒོམ་ལམ་དགུའི་ཡོན་ཏན་རྣམས་རིམ་པར་འཆར་ཞིང་ལྷན་ཅིག་སྐྱེས་པ་ས་དགུའི་དྲི་མ་རྣམས་སྦྱོང་བ་ཡིན་ནོ། །དེ་ཡང་ལངྐར་གཤེགས་པ་ལས། ས་བདུན་པོ་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་མཆོག་དང་ནི་སངས་རྒྱས་ལ། །དེ་དག་ང་ཡི་རང་བཞིན་ནོ། །ཞེས་པས། ས་བདུན་པ་མན་ཆ ད་རྗེས་ཐོབ་ཏུ་སེམས་སུ་འཛིན་པ་ཅུང་ཟད་དང་། བརྒྱད་པར་དེ་ཉིད་དབྱིངས་སུ་དག་ཀྱང་སྣང་མེད་ཀྱི་དབུ་མ་ལ་ཞེན་པའི་ཆ་ཅུང་ཟད་ཡོད་ཅིང་། དགུ་པ་དང་བཅུ་པར་དེ་ཡང་དག་ནས་མཉམ་རྗེས་ལ་གསལ་མི་གསལ་གྱི་ཆ་ཕྲ་མོ་ཙམ་དང་བཅས་པའི་ཆོས་ཉིད་ཇི་བཞིན་པའི་དོན་མངོན་དུ་འགྱུར་བར་གསུངས་ལ༑ དེ་ནས་མཐར་ཐུག་གི་འབྲས་བུ་ནི། ས་བཅུའི་མཐའ་མར་རྒྱུན་མཐའི་ཡེ་ཤེས་ཀྱིས་ཆེས་ཕྲ་བའི་གཉིས་སྣང་དང་འགྱུར་བདེའི་བག་ཆགས་ཕྲ་མོ་བཅོམ་ནས་རྫོགས་པའི་སངས་རྒྱས་མངོན་དུ་མཛད་ཅིང་། དེ་ཡང་རྒྱུད་བླར། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་རྗེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཅེས་པས། ལམ་མཉམ་བཞག་ཡེ་ཤེས་ཀྱི་བྲལ་འབྲས་སྤངས་པ་ཕུན་སུམ་ཚོགས་པ་རྣམ་པར་གྲོལ་བའི་སྐུ་དང་། རྗེས་ཐོབ་ཡེ་ཤེས་ཀྱི་བྲལ་འབྲས་རྟོགས་པ་ཕུན་སུམ་ཚོགས་པ་ཡང་དག་པའི་སྐུའོ། །དེའང་སྒྲིབ་པ་སངས་

p. 62

པའི་ཚེ་དབྱིངས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཆ་དེ་ཆོས་ཀྱི་སྐུ། དེའི་རང་གདངས་འགག་མེད་ཆོས་སྐུ་དང་ངོ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། དེ་གཉིས་དབྱེར་མེད་པའི་རྩལ་སྣང་གདུལ་བྱ་གཞན་སྣང་དུ་སྐུ་དང་མཛད་པའི་རྣམ་པར་རོལ་པ་སྟོན་པར་བྱེད་པའི་ཐུགས་རྗེ་དང་ནུས་པའི་ཡེ་ཤེས་ནི་སྤྲུལ་པའི་སྐུ། དེ་ལྟར་རང་རྒྱུད་ཀྱིས་བསྡུས་པའི་སྐུ་གསུམ་པོ་དེ་ཉིད་དབྱིངས་ཡེ་ཟུང་འཇུག་གི་ངོ་བོར་རོ་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོར་བཞུགས་ཤིང་། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱི་མཐུ་ལས་རྒྱལ་སྲས་སར་གནས་རྣམས་དང་། སེམས་ཅན་གྱི་ཚོགས་ལ་གཞན་སྣང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་རྣམ་པ་མཐའ་ཡས་པར་བསྟན་ནས་དོན་མཛད་པ་ཡིན་ནོ། །འབྲས་བུ་དེ་དག་ཐོབ་པའི་དུས་ནི། དབང་པོ་རབ་ཚེ་འདིར་གྲོལ་ཏེ། དེ་ལའང་དབང་པོའི་རིམ་པས་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་མི་ལོ་བདུན་ལ་གྲོལ་བར་གསུངས་ཤིང་། དབང་པོ་འབྲིང་བར་དོར་གྲོལ་ཚུལ་ནི། འབྱུང་བ་ཕྲ་རགས་དང་འོད་གསལ་གཞིའི་ཐིམ་རིམ་གྱིས་ཆོས་སྐུའི་འོད་གསལ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་པས་ངོས་ཟིན་ཏེ་བར་དོ་དང་པོ་ལ་གྲོལ་བར་འགྱུར་ལ། དེར་མ་གྲོལ་ན་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་བཞུགས་པའི་གནད་ཀྱིས་རིགས་ལྔ་ཚོམ་བུའི་སྣང་བ་འཆར་ཏེ། དེར་མ་པང་དུ་བུ་འཇུག་པ་ལྟར་ངོ་འཕྲོད་ནས་བར་དོ་བར་པ་ལ་གྲོལ་ལོ། །དེར་ངོ་མ་འཕྲོད་ཀྱང་སྔར་གདམས་པའི་གནད་མཐོང་བ་ཡིན་ན་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱི་མཐུས་བར་དོ་མཐའ་མ་ལ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་ཕྱུང་སྟེེ་གྲོལ་བའོ། །དབང་པོ་ཐ་མ་རྣམས་ནི། བར་དོ་དང་པོ་དང་བར་པ་ལ་གྲོལ་བར་མ་ནུས་པས་འབྱུང་བཞི་ཕྲ་བའི་ལུས་བླངས་ཏེ་སྲིད་པ་བར་དོར་རྨི་ལམ་གྱི་སྣང་བ་ལྟར་འཁྱམས་ཤིང་། སྐྱེ་གནས་ལ་སྲེད་པ་སྐྱེས་པས་མཚམས་སྦྱར་ནས་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་སྟེ། སྔ་མའི་ལམ་གྱི་འཕྲོ་

p. 63

མཐུད་ནས་ཚེ་དེ་ཉིད་ལ་གྲོལ་བར་འགྱུར་ཞིང་། གལ་ཏེ་ཟབ་མོའི་ལམ་འདི་ལ་ཞུགས་རྗེས་སྒོམ་པའི་རྩོལ་བ་ཞན་པར་གྱུར་ཀྱང་སྡིག་ལྟུང་གིས་མ་གོས་ན་ཤིན་ཏུ་འགྱངས་ནའང་སྐྱེ་བ་བདུན་ནས་མཆོག་འགྲུབ་པར་གསུངས་པས་ཚེ་འདིའི་བདེ་བ་ལ་མ་ཞེན་པར་ཟབ་མོའི་ལམ་སྒོམ་པ་ལ་བརྩོན་པར་བྱ་བ་ཤིན་ཏུ་གཅེས་སོ། །ཞེས་རྫོགས་རིམ་ངེས་དོན་སྙིང་པོའི་ཁྲིད་ཀྱི་ངོ་སྤྲོད་མདོར་བསྡུས་པ་འདིའང་ཟབ་ལམ་ལ་གཅིག་ཏུ་མོས་པའི་དགེ་སློང་སྤོང་བ་པ་བློ་ལྡན་ལྷུན་གྲུབ་ལ་སོགས་པ་དོན་དུ་གཉེར་བ་ཅན་མང་པོས་བསྐུལ་ཞིང་། ཁྱད་པར་བཀའ་དྲིན་མཉམ་མེད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་གཏེར་ཆེན་བླ་མ་མཆོག་གི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས། གང་གི་ཕྱག་བཞེས་ཀྱི་རྒྱུན་ལྟར་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་མས་བརྒྱན་པ་གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་ཟིན་ཐུན་དུ་སྤེལ་བ་སྟེ། གཉོས་ཀྱི་བན་ཆུང་རྨོངས་པ་དྷརྨ་ཤྲཱིའི་སུག་ལས་སོ། །འདིས་ཀྱང་ཟབ་ལམ་གྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། །།

འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་། ལོ་ཆེན་དྷརྨ་ཤྲཱི།

p. 64

འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་བཞུགས་སོ། ལོ་ཆེན་དྷརྨ་ཤྲཱི། ༀ་སྭསྟི། བླ་མ་དང་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་འཆི་མེད་ཡང་སྙིང་ཀུན་འདུས་ཀྱིས་བསྙེན་པ་བྱེད་ཚུལ་ལ། ཐོག་མར་དཀོན་མཆོག་མཆོད་པ་དང་། གསུང་རབ་བཀླག་པ་སོགས་རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་འགྲོ་བས། དབེན་ཞིང་ཡིད་དུ་འོང་བའི་གནས་ཕྱག་བདར་གྱིས་དག་པར་བྱས་ལ། དམིགས་རྟེན་གྱི་བྲིས་སྐུ་བཀྲམ་པའི་མདུན་དུ། བསྙེན་སྒྲུབ་སྦྲེལ་ནས་བྱེད་ན་ལས་བྱང་འཆི་མེད་འདོད་འཇོར་གསུངས་པ་ལྟར་དཀྱིལ་འཁོར་ཚེ་རྫས་དང་བཅས་པའི་གཤོམས་རྒྱས་པར་བྱ་བའམ། བསྙེན་རྐྱང་ཙམ་ལས་མི་བྱེད་ན་མཆོད་གཏོར་ཅི་འབྱོར་བཤམ། དེ་དང་ཁ་སྤྲོད་དུ་སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ས་དཀར་གྱི་གཡུང་དྲུང་ཆོས་སྐོར་དུ་བྲི། མདུན་དུ་རྡོ་དྲིལ་ཌཱ་མ་རུ་ནང་མཆོད་སོགས་བཀོད། གཞན་ཡང་མཚམས་གཡོག་སྨན་པ་འཚོ་ཆས་སོགས་མཚམས་འོག་ཏུ་ཆུད་དགོས་པ་ཐམས་ཅད་ཚོགས་པར་འདུ་བྱས་ལ། ཉི་མ་བྱང་བགྲོད་ཀྱི་དུས་ཟླ་བ་ཡར་གྱི་ངོའི་རྒྱས་པའི་ལས་ལ་ཤིས་པའི་གཟའ་སྐར་དགེ་བ་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། ཧྲཱིཿ ཀ་དག་ཆོས་སྐུའི་སོགས་ཀྱིས་རྟ་མགྲིན་གྱི་ང་རྒྱལ་མཆོག་ཏུ་བརྟན་པོས། ཧྲཱིཿཔདྨ་ཀྲོ་དྷ་ཅུང་ཟད་བཟླས་ནས་ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ལ། ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི། །ཞེས་སོགས་ཀྱིས་ཁྲོ་བོའི་སྤྲིན་སྤྲོས་པས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བསམ་ལ་དྲག་སྔགས་ཐུན་བྲབ། གུ་གུལ་གྱིས་བདུག་པ་

p. 65

སོགས་ཚམ་རྔམ་གྱིས་བགེགས་བསྐྲད་ནན་ཏན་བྱས་རྗེས། སྒོ་དྲུང་དུ་ཐོ་བརྩིགས་ལ་རྒྱལ་པོ་ཆེན་པོ་བཞི་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་བྱས་པས་ཁོར་ཡུག་ཐམས་ཅད་རྒྱལ་ཐབས་བཞིའི་གུར་གྱིས་བཅིངས་པར་བསམ་སྟེ་ཕྱི་མཚམས་བཅད། དེ་ནས་ནང་དུ་ཞུགས་ལ༑ ཧྲཱིཿ མི་དམིགས་གསལ་བ འི་སོགས་ཤྭ་ལོ་ཀ་གཅིག་གིས་ནང་མཚམས་གཅོད་པ་ནི། ཧྲཱིཿཞེས་མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ནས་མི་དམིགས་པའི་ངང་ལ་དར་ཅིག་མཉམ་པར་འཇོག དེ་ལས་འགག་མེད་གསལ་བའི་རང་གདངས་རང་རིག་པའི་ངོ་བོ་ཧཱུྃ་ཡིག་རང་སྒྲ་སྒྲོག་པས་ནམ་མཁའ་གང་བ་ལ་སེམས་བཟུང་། ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་ར་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ལ། བཛྲ་རཀྵ་ཧཱུྃ་ཕཊ་ཅེས་པའི་སྔགས་ཀྱིས་བསྲུངས་ཏེ་ནང་མཚམས་སོ། །དེ་ནས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་འཛིན་མེད་ནམ་མཁའ་ལྟ་བུའི་ངང་ལ་ད ར་ཅིག་མཉམ་པར་འཇོག་པས་གསང་མཚམས་བཅད། དེ་ལྟར་མཚམས་བཅད་ཕྱིན་ཆད་སྔར་དམིགས་འོག་ཏུ་མ་ཆུད་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀ་གཏོང་ལེན་མི་བྱ། སྲུང་འཁོར་འདི་མཚམས་གྲོལ་རྒྱུའི་ཐུན་མཐའ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་མགོ་ཐམས་ཅད་དུའང་ཆོ་གའི་དཀྱུས་ནས་འབྱུང་བ་ལྟར་གསལ་འདེབས་བྱའོ། །དེ་ཡང་ཞག་དང་པོའི་དགོང་ཐུན་དང་ཞག་གཉིས་པ་ཕན་གྱི་ཐོར་ཐུན་གྱི་འགོར་སྔོན་འགྲོ་སྐྱབས་སེམས་ནས་མཆོད་པ་བྱིན་རློབ་ཀྱི་བར་དང་། ཐུན་གཞན་རྣམས་ལ་སྐྱབས་སེམས་ཙམ་སྔོན་དུ་འགྲོ་བས། ཧྲཱིཿམི་དམིགས་སོགས་སྲུང་འཁོར་ནས་བརྩམས་ཏེ་དངོས་གཞི་ལ་འཇུག་པས་ཆོག གང་ལྟར་ཡང་ངེས་འབྱུང་གི་བློས་བསྐུལ་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་གསལ་བཏབ་ནས་རེ་ལྟོས་ལིང་བསྐྱུར་གྱིས་སྐྱབས་འགྲོ་དང་། སེམས་ཅན་ཐམས་ཅད་འཆི་མེད་རྡོ་རྗེའི་གོ་འཕང་ལ་འགོད་པའི་ལྷག་བསམ་གྱིས་ཀུན་རྫོབ་སེམས་བསྐྱེད་ཀྱི་མཐར་ཡུལ་སེམས་ཅན་མི་དམིགས་པ་ཀ་དག་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་ཀློད་པ་དོན་དམ་བྱང་སེམས། དེའི་རང་རྩལ་འགག་པ་མེད་པ་རྟ་མགྲིན་གྱི་སྐུར་ལངས་

p. 66

ལ་མཚམས་བཅད་ནས། རྩ་བརྒྱུད་ཀྱི་བླ་མ་རྣམས་བསྐུལ་བས་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པར་བསམ་ལ་བྱིན་དབབ། རང་གི་ཐུགས་ཀ་ནས་སྤྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུས་མཆོད་རྫས་རྣམས་སྦྱངས་ཏེ། མི་དམིགས་པ་ལས་ཟག་པ་མེད་པའི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་པས་བརླབ། དེ་ནས། ཧྲཱིཿ མི་དམིགས་སོགས་ཀྱིས་སྔར་ལྟར་སྲུང་འཁོར་གསལ་བཏབ། དེའི་དབུས་སུ་ཧྲཱིཿལས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་དྭངས་གསལ་སྒྲིབ་པ་མེད་པའི་རྣམ་པར་སད་པར་བསམ། དེའི་དབུས་སུ་པད་ཉིའི་གདན་ལ་རང་རིག་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་འཕྲོས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་མི་ཤིགས་པའི་ལྷར་སད། ཚུར་འདུས་ཧྲཱིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ཚེ་དཔག་མེད་དུ་བསྐྱེད་པའི་ཕྱི་རོལ་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་ལཱ་སྱ་མ་སོགས་སེམས་མ་བཞི། མཚམས་བཞིར་བདུག་སྤོས་མ་སོགས་མགྱོགས་མ་བཞི། སྒོ་བཞིར་ལྕགས་ཀྱུ་མ་སོགས་སྒོ་སྐྱོང་བཞི་གསལ་བཏབ། གཙོ་བོའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧྲཱིཿལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའི་བར་བྱས་ལ། སྐབས་འདིར་གཏེར་གཞུང་རྩ་བ་ལྟར་གསོལ་འདེབས་ནི། རང་གི་སྤྱི་བོར་འཇའ་གུར་གྱི་དབུས་སུ་བླ་མ་ཚེ་དཔག་མེད་ཀྱི་རྣམ་པར་གསལ་བ་ལ། ༀ་ཨཱཿཧཱུྃཿ ཆོས་དབྱིངས་ཕྱོགས་ལྷུང་བྲལ་བའི་སོགས་ཀྱི་གསོལ་འདེབས་དང་། བཛྲ་ཨཱ་ཡུཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃཿཞེས་མོས་གུས་གདུང་ཤུགས་དྲག་པོས་བཟླས་པས། བླ་མའི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པས། སྣོད་ཀྱི་འབྱུང་ལྔའི་མདངས་དང་བཅུད་ཀྱི་ཚེ་དང་བསོད་ནམས་དང་ཡེ་ཤེས་རྣམས་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་པ་ཕྱག་གི་བུམ་པའི་ནང་དུ་ཐིམ་པའི་རྐྱེན་གྱིས་བུམ་ནང་གི་བདུད་རྩི་ཁོལ་ཞིང་ལུད་པ་རང་གི་ཚངས་བུག་ནས་ཞུགས། སྤྱི་བོ་སོགས་གནས་ལྔ་རིམ་གྱིས་གང་བའི་བདེ་བ་ལ་སེམས་བཟུང་ནས་ཡིད་བཟླས་བྱ་ཞིང་ངང་བསྐྱང་། མཐར་སྤྱི་བོའི་ལྷ་འོད་དུ་ཞུ་ནས་རང་ལ་བསྟིམ་ལ་བུམ་ཅན་དང་སྦྱར་བའི་ཡིད་བཟླས་དང་རང་ངོ་བསྐྱང་ངོ་། །དེ་

p. 67

ནས་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་རང་ལ་མཆོད་བསྟོད་བྱས་པར་བསམ་ལ། མེ་ཏོག་བདུག་སྤོས་སོགས་ཀྱིས་མཆོད། ཧྲཱིཿ ཆོས་དབྱིངས་ངང་ལས་སོགས་ཀྱིས་བསྟོད། དེ་ནས་རང་གི་ཐུགས་པད་འདབ་བརྒྱད་གྱེས་པའི་ལྟེ་བར་ཟླ་དཀྱིལ་གྱི་དབུས་སུ་ཧྲཱིཿཡིག་དམར་པོ་འབར་ཞིང་འཕྲོ་བ་ལ་སྔགས་ཕྲེང་དམར་གསལ་རང་སྒྲ་སྒྲོག་བཞིན་པར་ལྡེམ་མེ་གཡས་སུ་འཁོར་བ། དེ་ལས་འོད་ཟེར་འཕྲོས་བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསྡུས་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ། ལྷ་སྔགས་སྤྲོ་བསྡུའི་རོལ་པ་གསལ་ལ་འཛིན་མེད་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ལ་མཉམ་པར་བཞག་ནས་ཕྲེང་བ་བྱིན་གྱིས་བརླབས་ཏེ་ངག་བཟླས་བྱ། སྤྲོ་ཞིང་ནུས་ན་རེས་རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་སྒྲ་གདངས་སུ་མོས་ལ་བུམ་པ་ཅན་དང་སྦྱར་བའི་རྡོར་བཟླས་བྱ་སྟེ། ཧཱུྃ་སྒྲས་འབྱིན་པའི་ཚེ་འོད་ཟེར་སྤྲོས། ༀ་གྱིས་འཇུག་པའི་ཚེ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྡུས། ཨཱཿས་གནས་པའི་ཚེ་བསྟིམ་ལ་འཆི་མེད་རྡོ་རྗེའི་སྐུ་སྣང་སྟོང་མི་ཤིགས་པའི་ངང་ལ་འཇོག གལ་ཏེ་ཚེའི་སྒྲུབ་རྫས་རྣམས་བཤམས་ཡོད་ན་བཟླས་པའི་མཐར་ཚེ་འགུགས་རེའང་བྱ་སྟེ། ཚེའི་ལྷ་ཚོགས་རྣམས་ཀྱིས་འཁོར་འདས་ཀྱི་ཚེའི་དྭངས་མ་ཐམས་ཅད་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་བསམ་ལ༑ ཚེ་མདའ་གཡབ་ཅིང་ཐུགས་དམ་བསྐུལ་ནས་ཚེ་འགུགས། དེ་ཡང་འོད་ཀྱི་རྣམ་པར་བསྡུས་པ་རང་གི་སྙིང་གའི་ཧྲཱིཿལ་བསྟིམས་ནས་སྦ་བ་རྣམས་བྱའོ། །གང་ལྟར་ཡང་ཉལ་བའམ་ཐུན་བསྡུ་བ་ན། ཨ༔ སྐྱེ་འགག་གནས་གསུམ་སོགས་ཀྱི་མཐའི་ཚིག་སྐྱེ་མེད་ཐུགས་སྲོག་ནཱ་དའི་དབྱིངས་སུ་བསྡུ༔ ཞེས་རང་གི་ཐུགས་ཀའི་འོད་ཀྱིས་རེག་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐུགས་ཀའི་ཧྲཱིཿའི་བར་དུ་བསྡུ། དེའང་འཆི་མེད་གཉུག་མའི་ཡེ་ཤེས་མི་དམིགས་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་བསྡུས་ལ་མཉམ་པར་བཞག ཉལ་བ་ལས་ལྡང་བའམ་ཐུན་ལས་ལྡང་བའི་ཚེ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ལྷར་ལངས་ལ་བསྔོ་བ་བྱའོ། །

p. 68

ཚུལ་དེ་ལྟ་བུས་ཐུན་བཞིའི་རིམ་པས་འབུམ་ཚོ་གསུམ་གྱིས་མཐའ་བརྟེན་པ་བཟླ་བ་ནི་གྲངས་བསྙེན། ལོ་གཅིག་གམ། ཟླ་བ་དྲུག་གམ། གསུམ་ནི་དུས་བསྙེན། དངོས་ཉམས་རྨི་ལམ་གང་རུང་ལ་དགེ་བའི་མཚན་མ་མ་མཐོང་གི་བར་དེ་སྲིད་དུ་བཟླ་བ་ནི་མཚན་མའི་བསྙེན་པའོ། །དེ་ལྟར་བསྙེན་པ་རྫོགས་ནས་སང་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་རྒྱ་ཆེར་བཤམ། མདུན་གྱི་སྒྲུབ་རྫས་གཏོར་མ་ལྷར་བསྐྱེད། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་བཟླས་པ་བྱ། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་ལ་སྲུང་འཁོར་བརྟན་པོར་བསྒོམ། བཟླས་པའི་ཚེ་མདུན་རྟེན་ལྷར་གསལ་བའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེ་མི་ཤིགས་པའི་དངོས་གྲུབ་ཐོབ་པར་བསམ་ལ། གསོལ་འདེབས་དང་ཛཔ྄་བཟླས་མཐར།ༀ༑ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། ཞེས་སོགས་ཀྱིས་དངོས་གྲུབ་བླངས་ཤིང་མཇུག་ཆོག་རྣམས་མཐའ་རྒྱས་སུ་བྱའོ། །དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་བྱེད་ན། ཚེའི་སྒྲུབ་རྫས་རྣམས་ཚང་བར་བཤམས་ཤིང་། ཐུན་ཐམས་ཅད་ལ་བདག་བསྐྱེད་སྔོན་དུ་འགྲོ་བས་བཟླས་པ་ཅུང་ཟད་བྱས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྐྱེད་བསྟིམ་མཆོད་བསྟོད་རྣམས་དཀྱུས་ལྟར་བཏང་། བཟླས་པའི་ཚེ་བདག་བསྐྱེད་ཀྱི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ཏེ་ལྷ་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསམ་ལ་བཟླས་པ་བྱ། ཡང་བདག་བསྐྱེད་ཀྱིས་སྔར་ལྟར་བསྐུལ་བས། མདུན་བསྐྱེད་ཀྱི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་དང་དེ་དག་གི་རྩེ་ལས་ལྕགས་ཀྱུ་མ་སོགས་ཕྱག་རྒྱའི་ལྷ་མོ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། སྟོང་གསུམ་གྱི་སྣོད་འབྱུང་བ་ལྔའི་མདངས་དང་བཅུད། ནང་སྐྱེ་འགྲོའི་ཚེའི་དྭངས་མ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ཐུགས་སྲོག་གི་ཧྲཱིཿལ་ཐིམ་པར་བསམ་ལ་བཟླས་པ་བྱ་སྟེ༑ དམིགས་པ་གཉིས་པོ་དེ་སྤེལ་བས་ཐུན་གྱི་གཞི་བཟུང་ནས་བཟླ་ཞིང་། ཐུན་མཇུག་ཏུ་

p. 69

བུམ་བཟླས་དང་། ཚེ་རྫས་རྣམས་ལ་དམིགས་པའི་བཟླས་པའང་ཅུང་ཟད་ཙམ་རེ་དང་ཚེ་དགུག་བསྟིམ་སྦ་བ་རྣམས་བྱ་ཞིང་། ཐུན་གཅོད་ཚུལ་བསྙེན་པ་དང་འདྲ། གྲོལ་རྒྱུའི་སྔ་ཐུན་ལ་སྔར་ལྟར་དངོས་གྲུབ་ལེན་ཅིང་། སྤྲོ་ན་མཐའ་རྟེན་དུ་དབང་ཆོག་ལྟར་ཚེ་དབང་བླང་ངོ་། །གང་ལྟར་ཡང་མཚམས་ཁོངས་དེར་བསྙེན་པའི་ཁ་སྐོང་དུ་བཟླས་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་དང་། ཐོ་འགྲོལ། གནས་སྲུང་སོགས་བསྙེན་སྒྲུབ་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །ཞེས་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་བསྙེན་ཡིག་ཐོ་བྱང་ཙམ་དུ་བཀོད་པ་འདི་ཡང་། གོ་འཇོ་མཁོ་ཁྱིམ་བླ་མ་རྣམ་གྲོལ་བཟང་པོའི་གསུང་གིས་བསྐུལ་བ་ལས། གཉོས་བཙུན་དྷརྨ་ཤྲཱིས་ཆུ་སྟོད་ཟླ་བའི་ཚེས་བཅུའི་སྔ་དྲོ་ཐུན་གཅིག་ལ་ཤར་མར་སྤེལ་བའི་ཡི་གེ་པ་ནི་དགེ་སློང་ཨ་ནནྟ་མ་ཏིའོ།། །།

ཐུགས་ཐིག་ཀ་དག་གི་ཟབ་ཁྲིད་མི་འགྱུར་དཔལ་གྱི་སྒྲོན་མའི་ལྗགས་བཤད་ཟིན་བྲིས་སུ་བྱས་པ་རིག་འཛིན་ཞལ་ལུང་། རྗེ་བཙུན་མི་འགྱུར་དཔལ་སྒྲོན།

p. 70
p. 71

ཐུགས་ཐིག་ཀ་དག་གི་ཟབ་ཁྲིད་མི་འགྱུར་དཔལ་གྱི་སྒྲོན་མའི་ལྗགས་བཤད་ཟིན་བྲིས་སུ་བྱས་པ་རིག་འཛིན་ཞལ་ལུང་ཞེས་བྱ་བ་ཞུགས་སོ། །རྗེ་བཙུན་མི་འགྱུར་དཔལ་སྒྲོན།

p. 72

ཐུགས་ཐིག་ཀ་དག་གི་ཟབ་ཁྲིད་མི་འགྱུར་དཔལ་གྱི་སྒྲོན་མའི་ལྗགས་བཤད་ཟིན་བྲིས་སུ་བྱས་པ་རིག་འཛིན་ཞལ་ལུང་ཞེས་བྱ་བ་ཞུགས་སོ། །ན་མོ་གུ་རུ་ཀྵ་ར་ཤྲཱི་དཱི་པ་ཡེ། རྒྱལ་ཀུན་སྤྱི་གཟུགས་འགྲོ་བའི་མགོན། །བདེ་ཆེན་སྒྱུ་མའི་རྣམ་རོལ་གར། །གཅིག་ཆོག་རྒྱལ་པོར་ཡོངས་ཤར་བ། །དྲིན་ཆེན་ཤེས་རབ་སྒྲོལ་མས་སྐྱོངས། །སྙིགས་ལས་ཆེར་སྙིགས་དུས་མཐའ་འདིར། །འདི་ཀོ་ངན་པའི་རྒྱུར་མཆིས་ཀྱང་། །དཔལ་ལྡན་བླ་མའི་གསུང་གི་བཅུད། །སྙོམ་ཆུང་དུ་མར་ཕན་ཕྱིར་སྤེལ། དེ་ཡང་རྗེ་བླ་མ་དམ་པའི་ལྗགས་དྲོད་ཅན་ལས་འདི་ལྟར་སྩལ་ཏེ། འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ལུང་ཐམས་ཅད་ཀྱི་གལ་མདོ། མན་ངག་ཐམས་ཅད་ཀྱི་ཡང་སྙིང་ངམ་ཟབ་ཆར་གྱུར་པ་འཕྲོ་བའི་གཞིའམ་བཅུད་འདུས་པའི་སྙིང་པོར་གྱུར་པས་ན་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་རོ་གཅིག་ཏུ་གྱུར་པ་མན་ངག་རྫོགས་པ་ཆེན་པོ་སྡེའི་ཡང་རྩེ་ཚེ་གཅིག་ལུས་གཅིག་ལ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་མྱུར་ལམ་ཁྱད་པར་ཅན་དུ་གྱུར་པ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཨཱ་ཏི་ཡོ་གའི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་རྣམས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདེ་མྱུར་གྱི་སྒོ་ནས་འཁྲིད་པར་བྱེད་པ་ལ་དོན་གསུམ་སྟེ། ལམ་སྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད། བསྐྱེད་རྫོགས་ཇི་ལྟར་སྒོམ་ཚུལ་གྱི་ལམ་སྣ་ཁྲིད་ཐབས་དངོས་གཞིའི་ཁྲིད། གནས་ལུགས་ཇི་བཞིན་ངོ་སྤྲད་པས་ངེས་ཤེས་བསྐྱེད་པ་རྗེས་ཀྱི་ཁྲིད་ཀྱི་རིམ་པའོ། །དང་པོ་ལ་ཐུན་གྱི་སྔོན་འགྲོ་དང་། ལམ་གྱི་སྔོན་འགྲོ་གཉིས་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། བསམ་གཏན་ལ་ཚེར་མ་མི་འབྱུང་

p. 73

བའི་དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲངས། ངག་གནད་རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ། སེམས་གནད་མཁའ་མཉམ་གྱི་སེམས་ཅན་ཚད་མེད་པ་འདི་རྣམས་ཀྱི་ཆེད་དུ་ལམ་ཟབ་མོ་རྫོགས་པ་ཆེན་པོའི་གདམས་པ་འདི་ཉིད་ཉམས་སུ་བླང་སྙམ་དུ་སེམས། དེ་ནས་རང་གི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཉིད་མཚན་དཔེ་གསལ་རྫོགས་སུ་གསལ་བཏབ་ལ། ངག་ཏུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་དུང་གིས་ལན་གསུམ་མཐའ་བརྟེན་པ་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མ་ཉིད་ཐུགས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་མཉམ་བཞག་བྱས་རྗེས་དགེ་བ་བསྔོ། འདི་ནི་གཞུང་དངོས་ལ་མི་གསལ་ཡང་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་སུ་ཐུན་ནམ་སྒོམ་རེས་བཞིན་སྔོན་འགྲོ་འགོ་འཛིན་དུ་མཛད་པ་ཡིན། གཉིས་པ་ལམ་གྱི་སྔོན་འགྲོ་ལ་གཉིས་ཏེ། མདོ་དང་ཐུན་མོང་བའི་སྔོན་འགྲོ་དང་། སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོ་འགྲོའི་རིམ་པའོ། །འདི་ཆན། འདིར་གཏེར་གཞུང་རྩ་བའི་ཚིག་རྣམས་འགོ་འདྲེན་དུ་འཆད་སྤེལ་གཉན་པའི་སློབ་མ་ལས་གཞན་དུ་ཀྱུས་ལྟར་ལས་མི་མཛད་པ་ཡིན་ནོ། །དང་པོ་ལ་ཧ་ཅང་རྒྱས་པའི་དུས་ས་བཅད་དྲུག་ཏུ་མཛད་པ་དང་། ཤིན་ཏུ་བསྡུས་པའི་དུས་ས་བཅད་གསུམ་དུ་མཛད་པ་སོགས་ཡིན་ཀྱང་འདིར་ལྗགས་བཤད་འབྲིང་པོ་གཏེར་གཞུང་རྩ་བའི་མན་ངག་དང་མཐུན་པའི་དབང་དུ་བྱས་ཏེ། ས་བཅད་ལྔ་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པའི་ཁྲིད་ནི། རྩ་བའི་མན་ངག་རྡོ་རྗེའི་ཚིག་རྐང་ལས། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི༔ རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟག་དཔྱད་ཀྱང༔ རྙེད་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདས༔ དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་བྱས་ལ༔ ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད༔ ཉི་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ༔ ཞེས་གསུངས་པས་འདི་ལྟར་

p. 74

བསམ་སྟེ། དེ་ཡང་བདག་གིས་ད་རེས་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན། དམ་པའི་ཆོས་དང་མཇལ། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་འཁོར་བའི་སྡུག་བསྔལ་ལས་ཐར་པ་ཞིག་བྱ་དགོས། དེ་ཅིའི་ཕྱིར་ན། དཔེར་ན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་དཀའ་ཞིང་དཀོན་པའི་རྟེན་ཁྱད་པར་ཅན་རྙེད་པའི་སྐབས་འདིར་མ་འབད་ན། ཕྱིས་ནས་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་འདི་ལྟ་བུའི་རྟེན་འབྲེལ་མི་འཛོམས་པས། དེས་ན་གྲུ་ཡོད་དུས་ཆུ་བོའི་ཕ་རོལ་དུ་བརྒལ་དགོས་པ་དང་། དཔའ་བོའི་དཔུང་ཚོགས་དུས་དགྲ་སྡེ་འདུལ་བ་དང་། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་ཅི་ཐེབས་བྱེད་དགོས་པ་བཞིན་དུ་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར་ཚེ་འདི་སྣང་གི་ཟས་ནོར་ལོངས་སྤྱོད་སོགས་སྲིད་པའི་བདེ་འབྱོར་གང་ལ་ཡང་མ་ཆགས་པར་ནམ་ཞག་གཏན་གྱི་འདུན་མ་དམ་པའི་ཆོས་ཡང་དག་པ་ཞིག་མི་བྱེད་རེ་ཤིའོ་སྙམ་དུ་དྲག་ཏུ་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་འདི་ཚོགས་ཀྱིས་རྙེད་པ་ཡིན། །ཨེ་མ་དལ་བ་དང་ནི་ཆོས་རྙེད་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། སློབ་དཔོན་ཆེན་པོས་ཀྱང་། གངས་དཀར་སྟེང་གི་སེང་གེའམ། །མེ་ཏོག་ཨུ་དུམ་ཝ་ར་ལྟར། །ཉིན་པར་གནས་པའི་སྐར་མ་བཞིན། །བརྒྱ་ལམ་ན་ནི་རེས་འགའོ། །ཞེས་གསུངས་པ་ལྟར་ཡིན་པས་ན། དལ་འབྱོར་ལ་སྙིང་པོ་ལོན་ངེས་པའི་དམ་པའི་ཆོས་གཤའ་མ་ཞིག་མི་བྱེད་རེ་ཤིའོ་སྙམ་དུ་བསམ་པར་བྱ། གཉིས་པ་ཚེ་མི་རྟག་པར་བསམ་པའི་ཁྲིད་ནི། རྩ་བར། དེ་ལྟར་ཐོབ་ཀྱང་རྟག་པ་མ་ཡིན་གྱི༔ རྒན་གཞོན་བར་མའི་གོ་རིམ་མ་ངེས་པར༔ རླུང་ནང་མར་མེ་ཆུ་བུར་ཤིང་རྩེའི་བྱ༔

p. 75

ཇི་བཞིན་ལོང་མེད་འཆི་ཡང་རྟག་པའི་སེམས༔ སྤངས་ཏེ་སྐྱོ་ཤས་དྲག་པོས་འཆི་བ་བསམ༔ སྙིང་ནས་ཆོས་སྒྲུབ་ཚེ་འདིའི་རྣམ་གཡེང་སྤང༔ ཞེས་གསུངས་པས། ཆོས་བྱེད་པ་དེ་ཡང་སྒེག་མོའི་མགོ་ལ་མེ་ཤོར་བའམ། སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་ལེ་ལོ་དང་ཕྱི་བཤོལ་དུ་མ་སོང་བར་ཕྲལ་རང་དུ་བྱེད་དགོས་ཏེ། དེའི་རྒྱུ་མཚན། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་ཅིང་ཁྱད་པར་སྐྱེས་བུའི་ཚེ་ནི་སྐད་ཅིག་ཀྱང་མི་རྟག་ཅིང་ཡིད་བརྟན་མི་རུང་སྟེ། སྐྱེས་ཕན་ཆད་ཚེ་རིང་ཐུང་ཅུང་ཟད་ཙམ་མ་གཏོགས་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་དེ། མདོར་ན་རྒན་གཞོན་བར་མའི་གོ་རིམ་ཙམ་ཡང་མ་ངེས་པར་འཆི་ངེས་པ་ཅན་ཡིན་ཏེ། དེས་ན་ཚེ་ལ་སྣོན་མ་མེད་ཅིང་འགྲིབ་པ་ནི་ལྟག་ཆུ་བཅད་པའི་རྫིང་བུ་ལ་མཐིལ་རྡོལ་དང་འདྲ། འཆི་བའི་རྐྱེན་ནི་ཆར་རླུང་གསེབ་ཀྱི་མར་མེ་དང་འདྲ། ཚེ་སྲོག་མི་བརྟན་ཅིང་བསླུ་བ་ནི་ཆུའི་ལྦུ་བ་དང་འདྲ། ནམ་འཆི་ཆ་མེད་པར་རྟག་མི་ཐུབ་པ་ནི་ཤིང་རྩེའི་བྱ་དེ་ད་ལྟ་རང་འཕུར་རམ་མི་འཕུར་ཆ་མེད་པ་དང་འདྲ། འཆི་བ་ལ་སྐད་ཅིག་སྐད་ཅིག་གིས་ཀྱང་ཇེ་ཉེར་ཇེ་ཉེར་འགྲོ་བ་ནི་ཉི་རྒས་ཀྱི་གྲིབ་སོའམ་གསོད་སར་ཁྲིད་པའི་སེམས་ཅན་དང་འདྲ། འཆི་རྐྱེན་ནི་འདིས་བྱ་བ་མེད་དེ། ཕན་དུ་རེ་བས་ཀྱང་འཆི་རྐྱེན་བྱེད། དེས་ན་དགྲ་གཉེན་བར་མའི་འགྲོ་བ་དེ་ཙམ་ཞིག་ཤི་བ་མཐོང་ཐོས་སུ་གྱུར་མོད། མདོར་ན་རང་ཉིད་ཀྱང་ཕྱེ་མ་ལེབ་མར་མེ་དང་འཕྲད་པ་ལྟར་གཟའ་གདོང་ཐུག་ལྟ་བུས་དོ་ནུབ་ཀྱང་མི་འཆི་བའི་བློ་གདེང་ཐུབ་པ་མ་ཡིན་ཏེ། དེས་ན་འཆི་བའི་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པས། དེ་ཡང་རང་གིས་བརྩིགས་པའི་ཁང་ཁྱིམ། བསགས་པའི་ནོར་རྫས། མཛའ་བའི་གཉེན་བཤེས་སོགས་གང་ཡང་རྗེས་སུ་མི་འབྲང་སྟེ། མདོར་ན་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་མཐའ་མ་ལྷུང་བ་བཞི་ལས་མ་འདས། དེས་ན་ནད་པ་འཆི་ཁ་མ་སང་གི་སོ་ཚིས་མི་བྱེད་པ་ལྟར་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་ཚེ་འདི་སྣང་གི་བཙན་ཕྱུག་ལོངས་སྤྱོད་སོགས་བྱ་བཞག་ཐམས་ཅད་རྒྱབ་ཏུ་དོར་ཏེ་སྐད་ཅིག་ཀྱང་སོས་དལ་དུ་སྡོད་མི་ཁོམ་པར་བརྩོན་འགྲུས་བསྐལ་ཆེན་གྱི་མེ་འབར་བ་ལྟར་ལུས་ངག་ཡིད་གསུམ་དམ་པའི་ཆོས་

p. 76

ལ་བཀོལ་ཏེ་ཉིན་མཚན་བར་མེད་མགལ་མེའི་འཁོར་ལོ་བསྐོར་བ་ལྟར་འབད་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་། དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་དང་། སློབ་དཔོན་རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། གང་དུ་ཕྱིན་ཀྱང་འཆི་བས་མི་ཐུབ་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ཏུ་ཞུགས་ཀྱང་མེད། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་བྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་རྣམས་ལ་ངེས་ཤེས་བསྐྱེད་དེ་འཆི་བ་མི་རྟག་པ་དྲེད་ཤ་ཐོན་ཐོན་བསྒོམ་པ་གལ་ཆེ་བ་ཡིན་ནོ། ། གསུམ་པ་ལས་རྒྱུ་འབྲས་བསམ་ཞིང་འཁོར་བའི་སྡུག་བསྔལ་དྲན་པའི་ཁྲིད་ནི། རྩ་བར། མི་རྟག་བསྟན་ཚེ་བདེ་སྡུག་མེད་མིན་གྱི༔ མངར་ཁ་ས་བོན་ཇི་བཞིན་འབྲས་བུ་སྨིན༔ མི་དགེ་སྤྱད་ལས་དམྱལ་བ་ཡི་དྭགས་དང༔ དུད་འགྲོ་ལྷ་མིན་ལ་སོགས་ངན་འགྲོར་ལྟུང༔ ཚ་གྲང་བཀྲེས་སྐོམ་རྨོངས་འཐབ་འཕོ་ལྟུང་སོགས༔ མི་བཟད་སྡུག་བསྔལ་སྣ་ཚོགས་མྱོང་འགྱུར་ཞིང༔ དགེ་བ་སྤྱད་ལས་གནས་སྐབས་ཡིད་འོང་བདེ༔ མཐར་ཐུག་ཞི་བདེ་མྱང་འདས་བདེ་བ་ཐོབ༔ དེ་ཕྱིར་མི་དགེ་མེ་འོབས་ལྟ་བུར་སྤང༔ དགེ་བའི་དམ་ཆོས་སྙིང་ནས་ཡང་དག་སྒྲུབས༔ ཞེས་གསུངས་པས། དེ་ཡང་ཤི་བ་བདེན་མོད་འོན་ཀྱང་ཀུན་གྱི་ལམ་ཆེན་ཡིན། དེ་ལ་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། ཤི་ནས་སྐྱེ་བ་ལེན་མི་དགོས་པར་སེམས་ཅང་མེད་དུ་འགྲོ་ན་དེ་ཀས་ཆོག་མོད། ཅང་མེད་དུ་མི་འགྲོ་བ་སྐྱེ་བ་རེ་ངེས་པར་ལེན་དགོས། དཔེར་ན་ས་བོན་མངར་ཁའི་འབྲས་བུ་སོ་སོར་སྨིན་པ་བཞིན་ལས་དགེ་བ་དང་མི་དགེ་བའི་རྒྱུ་ལས་འབྲས་བུ་བདེ་སྡུག་སོ་སོར་སྨིན་ཏེ་རང་རང་གིས་མྱོང་སྟེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་

p. 77

ནི། །བསྐལ་པ་བརྒྱ་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་བཞིན། ཐར་འདོད་རྣམས་ཀྱིས་དགེ་སྡིག་གི་བླང་དོར་མ་ནོར་བ་གལ་ཆེ་སྟེ། དེའི་རྒྱུ་མཚན། དགེ་བ་རང་གིས་མ་བྱས་པ་ཁྱེར་དབང་ནི་མེད་སྡིག་པ་བྱས་ཟིན་བསྐྱུར་དབང་ནི་མེད། ཤི་བའི་དུས་སུ་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲངས་པས་ཡར་འགྲོ་དང་མར་འགྲོའི་ས་མཚམས་ཤན་འབྱེད་སྐབས་འདིར་ལག་ལེན་དང་། ཞེ་འདོད་ཕྱིན་ཅི་མ་ལོག་པར་དགེ་བའི་ལས་ལམ་མཐའ་དག་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་དགོས་ཏེ། དཔེར་ན་ཆུའི་ཐིགས་པས་བུམ་པ་དང་པོ་ནས་མཐའ་མའི་བར་ཡོངས་སུ་འགེངས་པ་བཞིན་རང་རྒྱུད་ལ་དཀར་པོའི་ཡོན་ཏན་ཐམས་ཅད་སྐྱེད་བྱེད་ཡིན་པའི་ཕྱིར་འཆི་གསོས་ཀྱི་སྨན་བཞིན་བསྟེན་པར་བྱ་སྟེ། དེ་ཡང་སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་ཤིང་། དེ་བཞིན་དུ་མི་དགེ་བའི་ལས་ཐམས་ཅད་ཆུང་ངུ་ནས་སྤང་དགོས་ཏེ་དེའི་རྒྱུ་མཚན་མེ་སྟག་ཆུང་ངུ་ཞིག་གིས་ཀྱང་རྐྱེན་རླུང་དང་འཕྲད་ན་རྩའི་ཕུང་པོ་རི་བོ་ཙམ་ཡང་སྐད་ཅིག་ལ་འཇོམས་པ་བཞིན། བསོད་ནམས་ཆ་མཐུན་གྱི་དགེ་བ་ཐམས་ཅད་ཁོང་ཁྲོ་དྲག་པོ་ཞིག་གིས་འཇོམས་འགྲོ་སྟེ། དེ་ཡང་ཞི་བ་ལྷས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པས། དེས་ན་སྡིག་པ་མི་དགེ་བའི་ལས་མཐའ་དག་དུག་དང་འདྲེས་པའི་ཁ་ཟས་བཞིན་དུ་སྤང་དགོས་ཏེ། རང་རྒྱུད་ལ་སྡུག་བསྔལ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །དེར་མ་ཟད་ལུང་མ་བསྟན་ཀྱང་དགེ་བར་བསྒྱུར་བ་གལ་ཆེའོ། །དགེ་བ་དེ་ཡང་རང་བཞིན་མེད་པའི་རྟོགས་པས་ཟིན་ན་ཟག་མེད་ཀྱི་དགེ་བའམ་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ། ཐར་པ་དམ་པའི་རྒྱུར་གྱུར་པས། འབྲས་ལོ་ལེགས་ན་རྩ་ཕུག་ཞར་ལ་འབྱུང་བ་ལྟར་གནས་སྐབས་ཀྱི་བདེ་འབྲས་ཐམས་ཅད་ཞར་ལས་འབྱུང་བས་བརྩོན་པས་

p. 78

བསྒྲུབ་པར་བྱ་ཞིང་། དེ་ལས་གཞན་དུ་ཐར་ལམ་དང་མ་འབྲེལ་བའི་ཟག་བཅས་ཀྱི་དགེ་བ་ནི་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། གནས་སྐབས་སྲིད་པའི་བདེ་འབྱོར་ཙམ་སྤྱད་ནས་ཟད་པར་འགྱུར་བས་གཉིད་ཐུན་རེའི་རྨི་ལམ་བཟང་པོ་ལྟར་སྙིང་པོ་མེད་དེ་ཅིའི་ཕྱིར་ན་ཚངས་པ་དང་བརྒྱ་བྱིན་སོགས་འཁོར་ལོས་སྒྱུར་རྒྱལ་རྣམས་ཀྱང་རང་རང་གི་གནས་སྐབས་ཟག་བཅས་ཀྱི་དགེ་བའི་ས་བོན་ཟད་པ་ན་ཕྱེ་མ་ལེབ་འཐོར་རླུང་གིས་བསྐྱོད་པ་ལྟར་ཤི་ནས་གར་སྐྱེ་དང་གར་འགྲོའི་གཏད་སོ་མེད་པར་རྨི་ལམ་གྱི་སྣང་བ་ལྟར་འཁོར་བའི་སྐྱིད་སྡུག་རྒྱལ་ཕམ་ཐམས་ཅད་རེ་མོས་མ་གཏོགས་གཅིག་ཁོ་ནས་རྟག་མི་ཐུབ་ཅིང་ཡིད་བརྟན་མི་རུང་སྟེ། མདོར་ན་ཟོ་ཆུའི་འཁྱུད་མོ་བཞིན་འཕོ་ཞིང་རྟག་མི་ཐུབ། འཁོར་བ་སྣང་དུས་ཉིད་ནས་མི་རྟག་སྟེ། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་དང་། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་ཡང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེ ན་འཚལ་ལོ། །ཞེས་གསུངས་ཤིང་། དེ་ཡང་ཟག་པ་དང་བཅས་པའི་མི་དགེ་བའི་ལས་ཆེ་འབྲིང་ཆུང་གསུམ་གྱི་འབྲས་བུ་ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་ཉམས་སུ་མྱོ ང་བ་ལྟ་ཅི་སྨོས། དེ་དག་གི་ཚུལ་མཐོང་ཐོས་སུ་གྱུར་ནའང་སྙིང་རླུང་སྡང་བ་ཙམ་དུ་སྡུག་བསྔལ་བཟོད་གླགས་མེད་དེ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡིས། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་ལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམས་སྤང ་བདེ་རྒྱུ་སྤྱད། །ཅེས་གསུངས་ཤིང་། འོ་ན་མཐོ་རིས་སུ་སྐྱེས་ན། དེས་ཆོག་གམ་སྙམ་ན་མི་ཆོག་སྟེ། ངན་སོང་གསུམ་ལ་ལྟོས་ན་མཐོ་རིས་ཞེས་བཤད་ནའང་། དཔེར་ན་མེ་ཆེ་ཆུང་གང་ཡིན་ཀྱང་ཚ་བའི་སྲེག་པ་ལས་མ་འདས་ཏེ། དེ་དག་རྣམས་སུ་ཡང་། སྤྱིར་མི་རྣམས་ལ་ཡང་སྐྱེ་རྒ་ན་འཆི། དབུལ་ཕོངས་འབྱོར་གུད། འདུ་

p. 79

འབྲལ་ཡོད་མེད་རྡེག་རྡུང་ལ་སོགས་པའི་སྡུག་བསྔལ། ལྷ་མ་ཡིན་ན་འཐབ་རྩོད་ཀྱིས་རྟག་ཏུ་མནར་ཞིང་། འདོད་པའི་ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། ཁམས་གོང་མ་གཉིས་ན་རེ་ཞིག་སྡུག་བསྔལ་མངོན་འགྱུར་བ་མེད་ནའང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ས་བོན་དུ་གནས་པ་ཉིད་རང་རང་གི་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་མཐར་ངན་སོང་གསུམ་ལ་སོགས་པར་སྡུག་བསྔལ་རྒྱུན་མི་ཆད་པར་དྲན་དགོས་ཏེ། དེས་ན་ཁམས་གསུམ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱོད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་ཏེ། དེ་ཡང་རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་བཞིན། དེས་ན་ཁམས་གསུམ་འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་། སྡུག་བསྔལ་གྱི་གསོག་འཇོག སྡུག་བསྔལ་གྱི་བསུ་སྐྱེལ། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་དཔེར་ན་ཟུག་ཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་འདུག་པས་ནག་ཅན་བཙོན་དོང་ནས་བྲོས་པའམ་རི་དྭགས་རྒྱ་མཐོང་ནས་བྲོས་པ་བཞིན་མདོར་ན་འཁོར་བ་ལ་ཞེ་གཏིང་ནས་ལོག་པ་སྐྱུག་ནད་ཅན་གྱིས་ཟས་མཐོང་པ་ལྟར་བློ་བཅོས་མིན་གྱི་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་ད་རེས་འཁོར་བའི་རྒྱ་མཚོ་འདི་ནས་ཐར་ངེས་པའི་དམ་པའི་ཆོས་ལ་མི་འབད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱ། བདག་ཉིད་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་སུ་འགྲོ་བའི་ཁྲིད་ནི། རྩ་བར། སྲིད་པའི་སྡུག་བསྔལ་འཆིང་བ་ལས་གྲོལ་བའི༔ སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་ཡོད་མིན༔ དེ་ཕྱིར་དཀོན་མཆོག་སྐྱབས་རྟེན་མཆོག་ཏུ་ལྷག༔ མདུན་གྱི་མཁའ་ལ་སྐྱབས་ཡུལ་གསལ་བྱས་ལ༔ སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སོང་སྟེ༔ སྤང་བྱ་ཀུན་སྤངས་བླང་བྱ་དང་དུ་ལེན༔ སྐྱབས་ཡུལ་ལྷ་ཚོགས་རང་དང་གཉིས་མེད་བཞག༔ ཅེས་

p. 80

གསུངས་པས། དེ་ལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱབས་ནུས་པ་ནི་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད། དེས་ན་སྐྱབས་དང་ར་མདའ་དཀོན་མཆོག་གསུམ་ལ་ཞུ་སྙམ་དུ་ལུས་སེམས་རྣལ་དུ་ཕབ། རང་གར་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པ་བཻཌཱུརྱ་ལ་གསེར་གྱི་མིག་མང་རིས་སུ་བྲིས་པ་མནན་ན་ནེམ་བྱེད་ཅིང་བཏེག་ན་འཕར་བྱེད་པ་ཡངས་ཤིང་གོ་སྐབས་དང་བྲལ་བ་ཞིག་ཏུ་བསམ། དེ་ན་རང་གི་མདུན་གྱི་ནམ་མཁར་དཔག་བསམ་གྱི་སྡོང་པོ་རྩ་བ་གཅིག་ལ་རྩེ་མོ་དབུས་དང་ཕྱོགས་བཞིར་གྱེས་པའི་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོགའབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པས་རབ་ཏུ་དུད་པའི་དབུས་ཀྱི་སྙིང་པོ་དེ་ལ་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ་པདྨ་ཉི་ཟླའི་གདན་དང་བཅས་པའི་སྟེང་དུ་རང་གི་རྩ་བའི་བླ་མ་ཉིད་མཚན་དཔེའི་གསལ་རྫོགས་སུ་གསལ་བཏབ་པའི་དབུ་གཙུག་ནས་ཡར་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་སུ་གསལ་བཏབ་པ་དཀོན་མཆོག་ཀུན་འདུས་སུ་མོས། དེས་ན་ཕྱོགས་བཞིར་གྱེས་པའི་ཡལ་ག་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པ་རེ་རེའི་མདུན་དུ་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་སྐོར་བ། གཡས་སུ་སྟོན་པ་ཐུབ་པའི་དབང་པོ་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཀྱི་མཐའ་བསྐོར་དུ་བསྐལ་བཟང་གི་སངས་རྒྱས་སྟོང་རྩས་བསྐོར་བ་ཐུན་མོང་གི་སངས་རྒྱས་དཀོན་མཆོག རྒྱབ་ཏུ་དམ་ཆོས་དཀོན་མཆོག་གླེག་བམ་རྩེག་པའི་རྣམ་པ་ཅན། གཡོན་གྱི་ཡལ་གར་ཐུན་མོང་གི་དགེ་འདུན་དཀོན་མཆོག ཐེག་པ་ཆེ་ཆུང་དགེ་འདུན་བྱང་སེམས་ཉན་རང་འཕགས་པའི་ཚོགས་དང་། དེ་དག་གི་བར་མཚམས་སུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་གསལ་བཏབ། དེ་ཐམས་ཅད་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་མ་གཡོས་བཞིན་དུ་ཐུགས་རྗེ་ལ་བྲི་གང་དང་། དགོངས་པ་ལ་མཐོ་དམན་མེད་པར་བསམ་པ་ནི་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ལ། སྐྱབས་སུ་འགྲོ་བ་པོའི་གང་ཟག་དེས་རང་གི་གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ།

p. 81

རྒྱབ་ཏུ་གཉེན། གཞན་ཡང་ཕྱོགས་རིས་མེད་པའི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་འཁོད་པར་བསམ་ལ། དེ་ཐམས་ཅད་མོས་གུས་གཅིག་སྒྲིལ་གྱི་སྒོ་གསུམ་གུས་པ་ཆེན་པོ་བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དུས་ད་ལྟ་ཉིད་དུ་བསྐྱབ་ཏུ་གསོལ་སྙམ་དུ། ངག་ཏུ། ན་མོ་ཕྱོགས་དུས་བདེ་གཤེགས་སོགས། སྐྱབས་འགྲོ་ལན་གསུམ་གྱིས་མཐའ་བརྟེན་པར་བྱས་རྗེས་སྐྱབས་ཡུལ་འོད་དུ་ཞུ་ནས། རང་ལ་བསྟིམ་སྟེ་མཉམ་བཞག་བྱས་རྗེས་དགེ་བ་བསྔོ། སྐྱབས་འགྲོ་ཁོ་ན་སྒོམ་པའི་སྐབས་ཡིན་ན་ནུབ་མོ་ཉལ་དུས་ཚོགས་ཞིང་མ་བསྡུས་པར་རྟེན་བྱས་ཏེ ་ཉལ་བས་ནང་ནུབ་ཐམས་ཅད་སྐྱབས་འགྲོར་འགྲོ་བའི་དགོས་པ་ཡོད་གསུངས་། སྤྲོ་ན་སྐྱབས་འགྲོའི་བསླབ་བྱ་ཕན་ཡོན་སོགས་ཀྱང་བཤད་དོ། །ལྔ་པ་ལམ་དམན་པ་ལ་ཁྱད་པར་བྱེད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ནི། རྩ་བར། ཁམས་གསུམ་འགྲོ་ཀུན་ཕ་མ་གཉེན་དང་དགྲར༔ མ་གྱུར་མེད་པས་ཕྱོགས་འཛིན་སྤངས་བྱས་ལ༔ བདེ་ལྡན་སྡུག་བསྔལ་དང་བྲལ་སྨོན་པ་ཡི༔ ལམ་དུ་ཞུགས་ལ་སྔོན་དུས་མ་གྲོལ་བའི༔ འགྲོ་བའི་འདྲེན་པར་སེམས་བསྐྱེད་བདེ་སྡུག་བརྗེ༔ སྙིང་ནས་ཚད་མེད་སྙིང་རྗེས་སྐྱོང་བར་བྱ༔ ཞེས་གསུངས་པས། དེ་ཡང་ཕྱོགས་བཅུའི་ནམ་མཁའ་འདི་ལ་ཇི་ལྟར་གཞལ་ཡས་མཐའ་དབུས་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་དང་ཚད་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ་འདུག་མོད། དེ་ན་རང་གི་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་གྲངས་མེད་པ་ཞིག་བླངས། སྐྱེ་བ་བླང་རེས་ཀྱི་ལུས་རེ་གྲུབ། ལུས་གྲུབ་རེས་བཞིན་གྱི་སེམས་ཅན་འདི་ཐམས་ཅད་ཕ་མ་མ་གྱུར་པ་ནི་གཅིག་ཀྱང་མེད། ད་འདི་ཐམས་ཅད་འདོད་པ་ནི་བདེ་བ་འདོད་དེ་བསྒྲུབ་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་བསྒྲུབ་པ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ། ད་སྙིང་རྗེ་ཞེས་བཞག་པས་ཅི་ལ་ཕན། དེས་ན་བདག་གི་མ་ཆུས་ཁྱེར་ན་ཀོ་གྲུའམ་ཐག་པ་ལ་སོགས་པས་འདྲེན་པ་དང་ཆོས་མཚུངས་དྲངས་ངེས་བཞིན། བདག་གིས་རྫོགས་པའི་སངས་རྒྱས་གོ་འཕང་ཚེ་འདི་ལ་ཐོབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་

p. 82

གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་གདམས་པ་འདི་ཉིད་ཉམས་སུ་བླངས་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ངེས་པར་འགོད་པར་བྱའོ་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྐྱེད་ལ་ངག་ཏུ། ཧོ༔ དེང་ནས་བཟུང་སྟེ་སོགས་ལན་གསུམ་གྱིས་ཉུང་མཐའ་བྱས་རྗེས་དབུགས་འབྱིན་འཇུག་དང་སྦྱར་བའི་བདེ་སྡུག་གི་གཏོང་ལེན་བྱས་རྗེས་སེམས་བསྐྱེད་བྱ་སྐྱེད་བྱེད་མི་དམིགས་པར་མཉམ་བཞག་བྱས་རྗེས་དགེ་བ་བསྔོ། འདིར་ཡང་སེམས་བསྐྱེད་ཀྱི་ཕན་ཡོན་བསླབ་བྱ་སོགས་ཀྱང་བཤད་དོ། ། གཉིས་པ་སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དམིགས་སྐོར་གསུམ་ལས། དང་པོ་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི་རྩ་བར། ཚེ་རབས་ཀུན་ཏུ་བསགས་པའི་སྡིག་སྒྲིབ་དང ༔ ལས་ཉོན་མི་དགེ་ཐམས་ཅད་ཡོངས་སྦྱང་ཕྱིར༔ བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའ་སྒོམ༔ ཐ་མལ་སྤྱི་སྟེང་པདྨ་ཉི་ཟླའི་སྟེང ༔ ཞེས་སོགས་ཏེ་དེ་ཡང་ཟབ་མོའི་ལམ་བསྒོམ་པ་ལ་གེགས་དང་བར་ཆོད་ཐུ་ཤོས་སྡིག་སྒྲིབ་ཡིན་པས་དེ་སྦྱང་ཕྱིར་རྡོར་སེམས་བསྒོམ་བཟླས་ལ་སྦྱོར་ལམ་དུ་བྱ་སྙམ་དུ་བསམ་ལ། རང་ཐ་མལ་གྱི་སྤྱི་བོར་པདྨ་དཀར་པོ་འདབ་བརྒྱད་ཀྱི་སྟེང་དུ་ཟླ་གདན་ལ་ཧཱུྃ་དཀར་པོ་ཞིག་བསམ། དེ་ལས་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་ཞབས་སེམས་དཔའི་སྐྱིལ་ཀྲུང་ཅན། ཡུམ་རྡོ་རྗེ་སྙེ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་བསྣམས་པ་ཡབ་ལ་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་ཅན་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པར་བསམ། དེ་ལྟར་གསལ་བའི་ཡབ་ཀྱི་ཐུགས་ཀར་ཟླ་གདན་ལ་ཤེལ་གྱི་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གི་མཐར་ཡིག་བརྒྱའི་སྔགས་ཕྲེང་གིས་བསྐོར་བར་བསམ་ལ། སྤྱིར་དཔལ་རྡོ་རྗེ་སེམས་དཔའ་སྒོམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་ལས་ལ་འགྱོད་སེམས་སྡིག་པ་ལས་ལྡོག་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་

p. 83

སྡིག་པའི་ལས་མི་བགྱིད་སྙམ་པ་སུན་འབྱིན་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་ཡིག་བརྒྱའི་སྒོམ་བཟླས་ལ་སྤྱོད་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་དྲན་བཞིན་པས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་འབད་པས་སྐུ་དང་སྔགས་ལས་བྱང་སེམས་བདུད་རྩིའི་རང་བཞིན་སྐྱ་ཆིལ་ཆིལ་བབས་པས་ནད་ཐམས་ཅད་རྣག་ཁྲག ལྗན་ལྗིན། གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པ། སྡིག་སྒྲིབ་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་བཞིན་ཕྱིར་སོང་བས་རང་ལུས་ཤེལ་གོང་ཕྱིས་པ་ལྟ་བུར་བསམ། སླར་ཡང་མོས་དུང་གིས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་འབད་པས་རང་ལུས་ཤེལ་བུམ་འོ་མས་གང་བ་ལྟར་གང་བས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་བསམ། མགོན་པོ་བདག་ནི་སོགས་ཀྱིས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔས་ཞལ་འཛུམ་མཛད་དེ་སྡིག་སྒྲིབ་དག་པའི་གནང་བ་བྱིན་པར་བསམ། རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་སྟེ་མཉམ་བཞག་བྱས་རྗེས་དགེ་བ་བསྔོ། འདིར་ཡང་སྡིག་སྒྲིབ་དག་པའི་རྟགས་ཕན་ཡོན་དང་བཅས་པ་བཤད་དོ། ། གཉིས་པ་ཚོགས་གཉིས་རྫོགས་ཐབས་མཎྜལ་གྱི་ཁྲིད་ནི། རྩ་བར། ཚོགས་གཉིས་རྫོགས་བྱེད་རྩ་བ་མཎྜལ་ཏེ༔ མདུན་མཁར་ཚོགས་ཞིང་སྐུ་གསུམ་ལྷ་ཚོགས་ལ༔ གུས་པས་སྤྲུལ་སྐུར་ཡིད་འཐད་ལོངས་སྤྱོད་རྫས༔ གླིང་བཞི་ཕྲན་བརྒྱད་རི་བོ་ལ་སོགས་དང ༔ ལྷ་མིའི་མཆོད་རྫས་དབུལ་ཞིང་ལོངས་སྐུ་ལ༔ ཚངས་པ་རྔ་སྒྲའི་ཞིང་ཁམས་ཐིག་ལེ་དང ༔ ཐིག་ཕྲན་བསམ་ཡས་ཡིད་ཀྱིས་དབུལ་བར་བྱ༔ ཆོས་སྐུར་དབྱིངས་ཡེ་ཟག་མེད་རིག་པ་ནི༔ དག་པ་རབ་འབྱམས་ཀ་དག་ཀློང་དུ་དབུལ༔ མཎྜལ་མཆོད་རྫས་ཧཱུྃ་བསྡུ་རང་ལ་ཐིམ༔ དེ་ལྟར་ཕུལ་བས་སྐུ་གསུམ་འབྲས་བུ་ཐོབ༔ ཅེས་གསུངས་པས། དེ་ཡང་མཎྜལ་འབུལ་བའི་ཡུལ་ཚོགས་ཞིང་སྔར་སྐྱབས་འགྲོའི་སྐབས་ལྟར་གསལ་བཏབ། མཎྜལ་འབུལ་བའི་རྫས་རིན་ཆེན་ལ་སོགས་མཆོད་པའི་ཡོ་བྱད་འདུ་བྱས་ལ། ལུས་ཀྱི་ཚོམ་བུ་འགོད་པ། ངག་གི་བརྗོད་པ། ཡིད་ཀྱིས་དབང་ཆེན་གསེར་གྱི་ས་གཞིས་བཏེགས་པའི་དབུས་སུ་རི་མཚོ་འཁོར་ཡུག་གླིང་བཞི་

p. 84

གླིང་ཕྲན་ཉི་མ་ཟླ་བ་ལྕགས་རི་མུ་ཁྱུད་ལ་སོགས་པ་མདོར་ན་སྲིད་རྩེ་མན་ཆད་ལྷ་དང་མིའི་འབྱོར་པ་བཟང་ལ་གྱ་ནོམ་པ་འབུལ་བ་ནི་སྤྲུལ་སྐུའི་མཎྜལ། ཚངས་པ་རྔ་སྒྲའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་ཐིག་ལེ་ཐིག་ཕྲན་གྱིས་བརྒྱན་པ་འབུལ་བ་ལོངས་སྐུའི་མཎྜལ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དམིགས་མེད་ཀ་དག་གི་ཀློང་འབུལ་བ་ཆོས་སྐུའི་མཎྜལ་ཏེ། གཙོ་བོར་སྤྲུལ་སྐུའི་མཎྜལ་ཆིག་སྒྲིལ་བྱས་རྗེས་མཎྜལ་ཕྱི་མ་གཉིས་ཀྱང་ལན་རེ་ཕུལ། མཐར་མཎྜལ་མཆོད་ཡུལ་བཅས་པ་འོད་དུ་ཞུ་ནས་ཧཱུྃ་སྔོན་པོའི་རྣམ་པར་གྱུར་པ་རང་ལ་ཐིམ་སྟེ་མི་དམིགས་པའི་ངང་དུ་མཉམ་བཞག་བྱས་རྗེས་དགེ་བ་བསྔོ། མཎྜལ་གྱི་རྟགས་ཕན་ཡོན་དང་བཅས་པ་བཤད་དོ། ། གསུམ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། དེ་ཡང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། བདེ་གཤེགས་ཀུན་འདུས་ཐར་པའི་ལམ་མཁན་མཆོག༔ མཆོད་ཡུལ་གཙོ་བོ་བླ་མར་གསོལ་གདབ་བྱ༔ དེ་ཡང་སྤྱི་བོར་མཛེས་ཁྲི་པདྨའི་སྟེང༔ རྩ་བརྒྱུད་བླ་མ་ཐོ་བརྩེགས་གསལ་བའི་གཡས༔ སངས་རྒྱས་དཀོན་མཆོག་གཡོན་ན་དགེ་འདུན་དང༔ རྒྱབ་ཏུ་དམ་ཆོས་མདུན་དུ་ཡི་དམ་དང༔ མཁའ་འགྲོ་དམ་ཅན་འཁོར་བཅས་གསལ་བསྐྱེད་ལ༔ སྒོ་གསུམ་དང་བས་གསོལ་འདེབས་མཆི་མ་སློང༔ བླ་མས་བྱིན་བརླབས་སྒྲིབ་དག་དབང་བཞི་ཐོབ༔ ཐུན་མཐར་བླ་མ་བདག་ཐིམ་མི་དམིགས་བཞག༔ ཅེས་གསུངས་པས། དེ་ཡང་རྡོ་རྗེ་ཐེག་པ་རྩ་བའི་ཉམས་རྟོགས་དང་ཡོན་ཏན་སྐྱེད་བྱེད་ཀྱི་རྩ་བ་བླ་མ་དམ་པའི་བྱིན་རླབས་ཁོ་ན་ལ་རག་ལུས་ཕྱིར། དེས་ན་བླ་མའི་རྣལ་འབྱོར་སྒོམ་པ་ལ་འཇུག་པར་བྱ་སྙམ་དུ་བསམ་ལ་ལུས་སེམས་རྣལ་དུ་དབབ། རང་གནས་དག་པའི་ཞིང་དུ་གསལ་བའི་མདུན་གྱི་ནམ་མཁའ་འཇའ་ཚོན་འོད་ལྔའི་ཀློང་དུ་རྟོག་པའི་མཐའ་བརྒྱད་རྣམ་པར་དག་པའི་བརྡར་བྱང་ཆུབ་སེམས་དཔའ་བརྒྱད་སྟོབས་སེངྒེའི་གཟུགས་སུ་སྤྲུལ་ནས་བཏེགས་པའི་ཁྲི་མཐོ་ཞིང་ཡངས་པ་པདྨ་ཉི་ཟླའི་གདན་དང་བཅས་པའི་སྟེང་དུ། དུས་གསུམ་རྒྱལ་བ་འདུས་པའི་བདག་ཉིད་རྩ་བའི་བླ་མ་མཚན་དཔེའི་ལང་ཚོ་རྒྱས་པའི་སྐུ་ཅན་དུ་གསལ་བཏབ། དེའི་སྟེང་གི་ཆ་ལ་རྩ་རྒྱུད་ཀྱི་བླ་མ།

p. 85

གཞན་ཡང་མཐའ་སྐོར་དུ་དཀོན་མཆོག་གསུམ་སོགས་སྔར་སྐྱབས་འགྲོའི་སྐབས་བཞིན་གསལ་བཏབ་ལ། རང་གཞན་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་འཁོད་པར་བསམ་ལ་མོས་གུས་གདུང་ཤུགས་དྲག་པོས་ལུས་གུས་བཏུད། ངག་ནས་འོ་དོད་ཀྱི་གསོལ་འདེབས་དང་། ཡིད་མོས་པའི་གདུང་ཤུགས་ཀྱི་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཅི་མཛད་ཁྱེད་རང་གིས་ཤེས་སོ་སྙམ་དུ། ངག་ཏུ། རྒྱལ་བ་རྒྱལ་མཚོའི་རིགས་བདག་འོད་དཔག་མེད། ཅེས་སོགས་ཀྱིས་གསོལ་བ་བཏབ་རྗེས་སྐུ་བཞི་དབང་ཕྱུག་སོགས་དང་བླ་མའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་གསུམ་འོད་ཟེར་རིམ་དང་ཅིག་ཆར་དུ་འཕྲོས་པས་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག སྒྲིབ་བཞི་སྦྱངས་ཤིང་དབང་བཞི་ཐོབ་ནས་སྐུ་བཞིའི་འབྲས་བུ་མངོན་དུ་བྱས་པར་བསམ་ལ། བླ་མའི་སྤྱི་བོའི་ཨོཾ་ལས་སོགས་དང་མཐར་བླ་མ་རྒྱང་འབོད་ཀྱི་རིམ་པ་ལ་སོགས་པ་བྱས་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་སྟེ་མཉམ་བཞག་བྱས་རྗེས་དགེ་བ་བསྔོ། འདི་ལམ་རྩ་བའི་རྨང་གཞི་ལྟ་བུའི་དངོས་གཞིའི་ཡོན་ཏན་སྐྱེད་བྱེད་ཀྱི་སྒོ་ཡིན་པས། གོམས་འདྲིས་བརྟན་པ་ཐོབ་པའི་ཉམས་ལེན་བྱ། དེ་དག་ནི་སྔོན་འགྲོའི་ཁྲིད་ཀྱི་རིམ་པའོ། །འདི་ཡན་ལྗགས་བཤད་འབྲིང་པོའོ། །འདི་ནས་བསྒྱུར་ཁ་མཆན་མེད་དོ། །གཉིས་པ་དངོས་བཞིའི་ཁྲིད་ཀྱི་རིམ་པ་ལ་གཉིས་ཏེ། དབང་དང་དབང་ལས་བྱུང་བའི་ལམ་མོ། །དང་པོ་ནི། རྩ་བར། དང་པོ་སྦྱངས་ལྡན་སྐྱེས་ བུ་བསོད་ནམས་ལྡན༔ དལ་འབྱོར་ཚུལ་བཞིན་ཐོབ་ཅིང་བསྟན་དང་མཇལ༔ ཐེག་ཆེན་བླ་མས་རྗེས་སུ་བཟུང་གྱུར་ཅིང༔ མ་སྨིན་སྨིན་བྱེད་དབང་ཐོབ་གང་དག་གིས༔ ཞེས་གསུངས་པས། དེ་ཡང་སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་གིས་རྒྱུད་སྨིན་པར་བྱས་ཏེ། སྒོམ་པ་ལ་འཇུག་པའོ། །གཉིས་པ་དེའི་ལམ་གྱི་རིམ་པ་ལ་གཉིས་ཏེ་རྣལ་འབྱོར་བསྐྱེད་པའི་རིམ་པ་དང་མན་ངག་རྫོགས་པའི་རིམ་པའོ། །དང་པོ་རྣལ་འབྱོར་བསྐྱེད་པའི་རིམ་པ་ནི་རྩ་བར། འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང༔ པདྨ་ཉི་ཟླའི་གདན་སྟེང་རང་གི་རིག༔ ཧཱུྃ་མཐིང་གསལ་

p. 86

ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་རིགས་འདུས་རྩ་གསུམ་ལྷར་གསལ་བའི༔ ཐུགས་ཀར་ཧཱུྃ་མཐིང་འོད་གྱི་གོང་བུ་ཅན༔ གནས་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་ཀུན༔ སྣང་གྲགས་ལྷ་སྔགས་རང་བཞིན་གསལ་བྱས་ལ༔ ཡི་གེ་གསུམ་གྱི་བཟླས་པ་བར་མེད་བྱ༔ ཐུན་མཐར་བསྐྱེད་རིམ་གར་བསྡུའི་ངོ་བོ་ལྟ༔ ཞེས་གསུངས་པས། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཁྲིད་ཀྱི་རིམ་པའོ། །དང་པོ་ནི། སྔོན་འགྲོའི་རིམ་པ་དྲག་ལ་འཇུར་བར་བཏང་། དེ་ནས་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲངས། མིག་གནད་ཐད་ཀའི་བར་སྣང་ལ་གཡོ་མེད་བཞག ངག་གནད་རླུང་སོ་མར་བཞག །སེམས་ཀྱི་གནད་ངག་ཏུ། སྭཱ་བྷ་ཝ་ཤུདྡྷ༔སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ་ཧོ༔ ཞེས་བརྗོད་པའི་རྐྱེན་གྱིས་རང་ལུས་ཐ་མལ་དུ་གནས་པ་འདིས་མཚོན་འདི་ལྟར་སྣང་ལ་དེར་བཏགས་པའི་སྣང་གྲགས་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པའི་མཐའ་ཐམས་ཅད་བྲལ་བའི་ངང་དུ་དལ་ཅིག་མཉམ་བཞག་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཡེ་གདོད་མ་ཉིད་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་དེ་ལྟར་ཡིན་ཀྱང་དེ་མ་རྟོགས་པའི་དབང་གིས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་ལམ་དུ་ནོན་པ་འདི་རྣམས་སྙིང་རེ་རྗེའོ་སྙམ་དུ་སྙིང་རྗེ་ཆེན་པོ་མཁའ་ཁྱབ་དུ་བསྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། སྟོང་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རང་རྩལ་འགག་པ་མེད་པ་ལས། སྐད་ཅིག་གིས་ཧཱུྃ་ཡིག་མཐིང་གསལ་སྒོམ་པ་རྒྱུའི་ཏིང་ངེ་འཛིན། དེ་ལྟར་ཏིང་འཛིན་གསུམ་པོ་དེ་ལ་ཉམ་ངའི་རིམ་པ་མ་སྐྱེས་ཀྱི་བར་སྒོམ། དེའི་འཚམས་དེ་ནས་རང་གནས་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོ་ཡོངས་སུ་དག་པའི་དབུས་སུ་སྣ་ཚོགས་པདྨ་ཉི་ཟླའི་གདན་དང་བཅས་པའི་སྟེང་དུ་ནམ་མཁའི་ཧཱུྃ་དེ་སྐར་མདའ་ལྷུང་བ་ལྟར་ཡེར་གྱིས་བབས། དེ་ལས་སེམས་ཅུང་ཟད་ཅིག་བཟུང་། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཟེར་གྱིས་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ལ་ཕོག་

p. 87

པས་སྡིག་སྒྲིབ་སྦྱངས། རྡོ་རྗེ་ཐོད་ཕྲེང་རྩལ་གྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གི་རང་ཉིད་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ག་ཨིནྜ་ནཱི་ལ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟར་གསལ་ཞིང་འཚེར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཁྲོ་འཛུམ་བཞད་པའི་ཉམས་དང་ལྡན་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་དྲིལ་བུ་ཐུགས་ཀར་སྣོལ་ཐབས་སུ་འཛིན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཅོག་ཅན་རིན་པོ་ཆེ་དང་ནོར་བུའི་རྩེ་ཕྲན་གྱིས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་རིགས་ལྔའི་རྩེ་ཕྲན་གྱི་རྒྱན་ཅན། སྐུ་སྟོད་ལ་དར་གྱི་སྟོད་གཡོག་དང་། སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། གཞན་ཡང་དར་དང་རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། གསེར་དངུལ་གྱི་དྲིལ་གཡེར་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེར་བཞུགས་པར་བསྐྱེད། དེ་ཡི་པང་དུ་ཡུམ་དབྱིངས་ཕྱུག་མནྡྷ་ར་བ་སྐུ་མདོག་དམར་གསལ་མཛེས་འཛུམ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་འཛིན་པ་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་པ་ཟག་མེད་ཀྱི་བདུད་རྩིས་གང་བ་ཡབ་ལ་སྟོབ་པ། དབུ་སྐྲ་གནག་སྣུམ་སིལ་པའི་རལ་པའི་ཟུར་ཕུད་སོགས། བྲག་ཏུ་སིལ་བུར་འཕྱང་བ། བྷ་ག་དང་ནུ་མའི་འཁོར་ལོ་རབ་ཏུ་རྒྱས་པ། དར་དང་རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཉིས་ལོང་བུ་འདུད་པའི་ཚུལ་གྱིས་པད་སྐྱིལ་གྱི་ཡབ་ཀྱི་སྐུ་སྐེད་ནས་འཁྲིལ་བ་གཉིས་ཀ་བདེ་སྟོང་ཟུང་འཇུག་གི་ངོ་བོར་འཇའ་ཚོན་འོད་ལྔ་འཁྲུག་པའི་ཀློང་ན་བཞུགས་པར་བསྐྱེད་ལ་རིམ་པར་གསལ་བཏབ་སྟེ་བསྒོམ། ལས་དང་པོ་པས་དེ་ལྟར་གསལ་ཐེབ་པར་དཀའ་ན་རང་གི་མདུན་དུ་དམིགས་རྟེན་བྲིས་སྐུ་མཚར་ལ་ཡིད་དུ་འོང་བ་ཞིག་དངོས་སུ་བཀྲམ་དེ་ལ་མིག་རེངས་རེངས་སུ་བལྟས་ལ་དེའི་རྣམ་པ་ཡིད་ཡུལ་དུ་གསལ་ལེགས་པར་ཐེབ་པ་ན་དེ་ལ་དཔེ་བྱས་ཏེ་སྒོམ། དེ་ནས་ཆུ་དྭངས་པའི་ནང་དུ་ལྷ་སྐུའི་རྣམ་པ་འཆར་བར་བྱས་ལ་དེ་ལ་མིག་རིངས་སུ་བལྟས་པས་ཡིད་ཡུལ་གསལ་ཐེབ་པ་དང་། དེ་ལ་མི་བལྟ་བར་དེའི་རྣམ་པར་རང་ལུས་ལ་འཆར་བ་ལ་རྩེ་གཅིག་ཏུ་གཉམ་པར་འཇོག དེས་གསལ་ཐེབ་པ་དཀའ་ན། ཡང་

p. 88

སྔར་བཞིན་རང་གི་མདུན་དུ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་ཡིད་ཡུལ་དུ་འཆར་བདེ་བ་ཞིག་དངོས་སུ་བཀྲམ། དེའི་མཚམས་དེ་ནས་ལུས་གནད་རྡོར་སྐྱིལ་གྱི་ཆོས་བདུན་ལས། ད་རེས་ལག་པ་གཉིས་པུས་མོའི་སྟེང་ཁ་སྦུབ་ཏུ་བཞག་ལ་ལག་པ་དྲང་པོར་བསྲངས། ལུས་གནད་ལའང་ཆུན་བཙལ་ལ་རླུང་རོ་བསལ། དེ་ནས་རླུང་དལ་བུས་ཀྱིས་ཕྱིར་བྱུང་བའི་ཚེ་ན་མདུན་གྱི་དམིགས་རྟེན་བྲིས་སྐུ་དེ་ལ་མིག་དང་ཤེས་པ་ཕབ་ལ་རླུང་ཕྱིར་གནན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་རླུང་མི་ཐུབ་པ་འདྲ་ན་དལ་བུས་ནང་དུ་རྔུབ་པའི་ཚེ་མདུན་གྱི་ལྷ་ཉིད་མེར་གྱིས་བྱོན་ནས་རང་ལ་གཉིས་མེད་དུ་གྱུར་པ་ལ་མཉམ་པར་བཞག་སྟེ་བུམ་ཅན་གཡོ་མེད་དུ་འཆིང་། དེ་ལྟར་ལན་འགའ་བསྐྱར་བས་གསལ་ཐེབ་པར་འགྱུར་ཞིང་གསལ་ཐེབ་ན་དེ་མ་ཐག་པར་ཡང་འཕྲོ་བཅད་ནས་ངལ་གསོ། གསལ་མ་ཐེབ་ན་ཡང་དེ་མ་ཐག་པར་འཕྲོ་བཅད་ལ་བུམ་ཅན་ཐུན་ཆུང་ལ་གྲངས་མང་བས་ཡང་བཟླས། སྤྱིར་བྱིང་རྒོད་རྐྱེན་དང་བསྲེ་ཞིང་ལྷ་སྐུའི་རྣམ་པ་ཡིད་ལ་གསལ་འདེབས་དང་མ་བྲལ་བ་ཐུན་མཚམས་སུའང་སྤྱོད་ལམ་དང་བསྲེ་བ་ཡིན་ཞེས་རིག་འཛིན་གཏེར་སྟོན་ཆེན་པོའི་གསུང་ཐོས་ཞེས་རྗེ་བླ་མ་བདེ་གཤེགས་ཌཱཀིའི་གཙོ་མོ་འགྲོ་འདུལ་རྡོ་རྗེ་སྙིང་པོའི་གསུང་ལས་སོ། །དེ་ལྟར་གསལ་བརྟན་དུ་གྱུར་ཅིང་གོམས་པ་ན་བསྲེ་བ་གསུམ་ལས་བསླབ་སྟེ། རང་ཐོད་ཕྲེང་རྩལ་གྱི་ཐུགས་ཀར་ཧཱུཾ་ཡིག་མཐིང་ག་གསལ་ཞིང་འཚེར་བ་ཆེ་ཆུང་མཐེབ་སོར་གང་ཙམ་པ་ཞིག་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས་པ་རང་གི་མཐའ་ཕྱིའི་དངོས་པོ་གང་རུང་ལ་རེག་པས་ཞེན་རྟོག་ཐམས་ཅད་སྦྱངས་ནས་ལྷར་ལམ་ལམ་གྱུར་པར་བསམ་ཞིང་། རིམ་པར་ཡུལ་གྲུ་ལ་སོགས་པ་ནས་མཐར་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྦྱངས། དེ་ནས་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་བསྲེ་ཞིང་། དེ་ལྟར་ལྷ་སྐུ་དེ་ཡང་རང་གི་སེམས་ཉིད་ཀྱི་རང་རྩལ་ཙམ་སྟེ་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་གཉིས་སུ་མེད་པ་དེ་ཡང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་། དགོས་འདོད་ཀུན་འབྱུང་། རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡེ་གདོད་མ་ནས་རིགས་འདུས་བླ་མ་རྡོ་རྗེ་ཐོད་

p. 89

ཕྲེང་རྩལ་དེའོ་སྙམ་དུ་ལྷ་སྐུ་རང་གི་རིག་པའི་རང་རྩལ་དུ་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་བསྒོམ། ཅིར་སྣང་ཐམས་ཅད་ཡིད་དང་ལྷ་སྐུ་དབྱེར་མེད་དུ་སྣང་དེ་ཡང་སྣང་ལ་རང་བཞིན་མ་གྲུབ་པ། གསལ་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པ། བྲིས་སྐུ་ལྟ་བུའི་ཆང་ཆང་མ་ཡིན་པ། འཇིམ་པ་ལྟ་བུའི་རྡོས་རྡོས་མ་ཡིན་པ། སྣང་བའི་གཟུགས་སུ་གྲུབ་ལ་འཛིན་པའི་གཟུགས་སུ་མ་གྲུབ་པ། ནམ་མཁའི་འཇའ་འམ་མེ་ལོང་ནང་གི་གཟུགས་བརྙན་ནམ། མདོར་ན་སྒྱུ་མའི་སྣང་བ་ལྟར་སྣང་ཆར་གྲུབ་ཀྱང་འཛིན་ཆར་མ་གྲུབ་ལ་བདེ་གསལ་སྟོང་ཉིད་དག་པ་རབ་འབྱམས་སུ་ལྷུན་གྱིས་གྲུབ་པ་ལ་མཉམ་པར་འཇོག་གོ །དེ་ལྟར་བསྒོམས་པས་སྐྱོ་བ་ན། གཉིས་པ་གསུང་བཟླས་པ་སྔགས་ཀྱི་འཁོར་ལོ་ལ་འཇུག་པ་ལ་གསུམ་ལས་དངོས་པོ་ཕྲ་བ་རྡོར་བཟླས་ལ་བསླབ་པ་ནི། དེ་ཡང་ལུས་གནད་བཅས་ཤིང་སེམས་གནད་རང་ལྷ་སྐུ་ཡབ་ཡུམ་དུ་གསལ་བ་ལ། གསལ་སྣང་འགགས་ན་འདོན་སྐྱོར་ཅིག་བྱས། དེ་ནས་སྙིང་གའི ་ཧཱུྃ་ལ་སེམས་ཡུད་ཙམ་ཞིག་བཟུང་། དེའི་མཚམས་དེ་ནས་རླུང་རོ་དལ་བུས་ཕྲ་ལ་རིང་བ་གསུམ་ཕྱིར་སེང་གིས་བསལ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དེ་ནས་རླུང་རྒྱུ་བ་རང་བབས་སུ་རྒྱུ་བ་ལ་ཤེས་པ་བཏད་དོ། །དེ་ཡི་ཚེ་རླུང་ནང་དུ་འཇུག་པ་ན་ཨོཾ། ནང་དུ་གནས་པའི་ཚེ་ན་ཨཱཿ ཕྱིར་ལྡང་བའི་ཚེ་ཧཱུྃ་ཞེས་སྨྲ་གདོང་ཡིད་ཀྱིས་དྲན་པར་བྱས། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་དང་སྦྱར་ཏེ་རླུང་སྔར་སྟོང་པ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེའི་བཟླས་པ་ལ་ཇི་སྲིད་མི་སྐྱོའི་བར་བསླབ། དེ་ལྟར་འབད་པས་རྡོ་རྗེའི་བཟླས་པ་ཉིད་འབྱོངས་བའི་རྟགས་སྣང་ཁྱད་པར་ཅན་མཐོང་བར་འགྱུར་གསུངས། དེ་ནས་གཉིས་པ་རང་ས་རླུང་བཟླས་ནི། ལུས་གནད་ཆོས་བདུན་ལས་ལག་པ་གཉིས་པུས་སྟེང་ཁ་སྦུབ་ཏུ་བཞག་ལ་ལག་ཡུ་དྲང་པོར་བསྲང་མིག་ཐད་ཀའི་བར་སྣང་ལ་ཧ་རེ་བཞག །དེ་ནས་དམིགས་གནད་རང་ལྷ་སྐུ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་སེམས་ཡུད་ཙམ་ཞིག་བཟུང་། དེ་ནས་རླུང་རོ་བསལ་ལ་སྟེང་རླུང་ཨོཾ་གྱི་སྒྲ་གདངས་ལ་བརྟེན་ནས་ཤར་གྱིས་རྔུབ་ཅིང་སྐྱུར་སྟབས་སུ་མནན། ཨཱཿའི་གདངས་ཀྱི་གནས་པར་བསམས་ལ་བུམ་ཅན་ཁ་སྦྱོར་གཡོ་

p. 90

མེད་དུ་འཆིང་མི་ཐུབ་པ་ན་འཐེན་གནོན་བྱས་ཏེ་གཞིབ་པར་བྱ། དེས་ཀྱང་མི་ཐུབ་པ་ན་ཧཱུཾ་གི་སྒྲ་གདངས་ལ་བསྟེན་ནས་རླུང་དལ་བུས་ཕྲ་ལ་རིང་བ་ཕྱིར་སེང་གིས་འཕངས་ཀྱང་དེ་མ་ཐག་པར་རྔུབ་ཅིང་བཟུང་། དེ་ལྟར་བྱས་པས་རླུང་ཡུན་རིང་དུ་བཀག་ཀྱང་ངན་པ་དང་མི་བདེ་བ་མི་འབྱུང་ན་དེ་ཙམ་ནས་འདི་ཉིད་གོམས་པ་ཡིན་གསུངས། གསུམ་པ་སྐྱོ་ན་ངག་བཟླས་ལ་བསླབ་པ་ནི། ལུས་གནད་བཅས་ཏེ་ལྷ་སྐུའི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་བཟུང་། དེ་ནས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་མོས་ལ་འབྲུ་གསུམ་གྱི་བཟླས་པ་ལ་རྩེ་གཅིག་ཏུ་འབད་ཅིང་། དེ་ནས་ཐུགས་ཀའི་ཧཱུཾ་གི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་བ་མཐིང་ཞུན་མས་བྲིས་པ་ལྟ་བུ་གཡས་སྐོར་དུ་ལྡེམ་མེར་འཁོད་པར་བསམ། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ལ་ཁ་བ་བབས་པ་བཞིན་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལ་སིབ་སིབ་ཐིམ་པར་བསམ་ལ། བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་འོད་ཟེར་སྔར་བཞིན་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། བདེ་ཆེན་གྱི་ཞིང་དུ་བསྒྲལ་བར་བསམ་ལ། གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །གཞན་ཡང་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་ཉིད་ཡེ་ཤེས་ཀྱི་འཁོར་ལོར་རྒྱས་བཏབ་པ། བདག་གཞན་གཉིས་མེད་དམ། གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །དམིགས་པ་དེ་ལྟ་བུ་ལས་བྱང་ལྟར་བསྙེན་བསྒྲུབ་ཀྱི་བཟླས་པའི་ཅི་ནུས་བྱ་ཞིང་། གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཁྲིད་ནི། བསྐྱེད་བཟླས་ཀྱི་སྐབས་མཐར་བསྡུ་བ་ན། རང་ལྷ་སྐུ་ཡབ་ཡུམ་དུ་གསལ་ལ་སླར་ཡང་གསལ་སྣང་འདོན་སྐྱོར་ཅིག་བྱས་རྗེས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ལྷར་དག་པ་འོད་དུ་ཞུ་བ་རང་ལྷ་སྐུ་ཡབ་ཡུམ་དུ་གསལ་བ་ལ་ཐིམ། དེ་ཡང་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཞུ་བ་ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ཡང་ཇེ་མཐོ་ཇེ་མཐོར་སོང་སྟེ་མཐར་ནཱ་དའི་བར་དུ་བསྡུས་ཏེ་སྤྲོས་པ་

p. 91

ཐམས་ཅད་དང་བྲལ་བའི་ངང་དུ་བཞག སླར་ལྡང་བའི་སྤྱོད་ལམ་ལ་འཇུག་པ་ན། ཆུ་ལས་ཉ་ལྡང་བ་བཞིན་སྐད་ཅིག་གིས་ལྷ་སྐུར་ལང་ཞིང་། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོའི་རྒྱས་བཏབ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རིག་འཛིན་བླ་མ་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ། དེ་དག་ནི་རྣལ་འབྱོར་བསྐྱེད་པའི་རིམ་པའོ། །གཉིས་པ་མན་ངག་རྫོགས་པའི་རིམ་པ་ལ་གསུམ་སྟེ། ཞི་གནས་བཙལ་བ། ལྷག་མཐོང་བསྐྱེད་པ། ཟུང་འཇུག་ཏུ་བསྒོམ་པའོ། །དང་པོ་ཞི་གནས་བཙལ་བ་ནི། རྩ་བར། དབེན་པར་ཆོས་བདུན་མི་འགུལ་ལུས་གནད་བྱ༔ དེ་ནས་བསྐྱེད་རིམ་སྐུ་དང་ཡིག་འབྲུ་དང ༔ རྡོ་ཤིང་སྣང་གྲགས་གང་ཡང་རུང་ཞིག་ལ༔ མ་བཅོས་ངོས་བཟུང་བྲལ་བའི་སེམས་ཉིད་དེ༔ རྩེ་གཅིག་མ་ཡེངས་དམིགས་གཏད་མཉམ་པར་བཞག༔ འཕྲོ་ན་སླར་ཡང་དམིགས་རྟེན་དག་ལ་བཟུང ༔ དེ་ལྟར་བྱས་པས་སེམས་ཉིད་མི་འཕྲོ་ཞིང ༔ གར་གཏད་ཡུལ་ཟིན་ཇི་ཙམ་མཉམ་གཞག་གནས༔ སྒོ་གསུམ་བདེས་ཁྱབ་ལོ་ཟླ་ཞག་མི་ཚོར༔ གཡོ་མེད་གནས་ཚེ་ཞི་གནས་གོམས་པ་ཡིན༔ ཞེས་གསུངས་པས། དེ་ལ་ཡང་ལས་དང་པོ་པ་རྣམས་ཀྱིས་ནི་བསམ་གཏན་ལ་ཚེར་མ་མི་འབྱུང་ཞིང་། སྐྱེ་བོའི་འགྲུལ་དང་དགྲའི་གླག་ཆོར་སོགས་མེད་པའི་གནས་དབེན་པ་ཉིད་དུ་ངེས་པར་རང་ཕྱིན་ཏེ་བསམ་གཏན་གྱི་འབོལ་ཆུང་གདིང་བའི་སྟན་ལ་ལུས་གནད་ཆོས་བདུན་དྲང་པོར་བཅས། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཅེ་རེ་བཞག ངག་གནད་རླུང་རང་བབས་སུ་སོ་མར་བཞག །སེམས་ཀྱི་གནད་སྔར་འདས་པའི་རྗེས་མི་གཅོད། ཕྱིས་མ་འོངས་པའི་རྗེས་མི་བསུ། ད་ལྟའི་ཤེས་པ་ལའང་འདི་ཡིན་འདི་མིན་སོགས་སེམས་ལ་ལས་གང་ཡང་མི་འཆོར་བར་ད་ལྟའི་ཤེས་པ་སྐད་ཅིག་མ་ཁོའི་རང་ངོ་ལ་ཅེར་གྱིས་ལྟ་བཞག་བྱ། དེ་ལྟར་བྱས་པས་རིག་པ་གསལ་ལ་དེ་འཛིན་མེད་པའི་གཞི་འཆལ་བ་ཞིག་འཆར་བས། དེ་འཆར་ན་དེ་ཀའི་ངང་དུ་གསལ་བཞག་མེད་པར་སོ་མར་བཞག་པར་བྱ། དེ་འདྲ་བའི་གང་ཟག་དབང་པོ་ཡང་རབ་ཀྱི་སྒོམ་ཚུལ་ཏེ་དམིགས་རྟེན་སོགས་མ་དགོས་མོད། ལས་དང་པོ་པ་དང་དབང་རྟུལ་སོགས་གང་ཟག་ཕལ་ཆེ་བ་ཞིག་དེ་ལ་གནས་པ་དཀའ་བས་ན། རང་གི་

p. 92

མདུན་གྱི་ནམ་མཁར་རྡོ་རྗེའི་ཐོད་ཕྲེང་རྩལ་ལྟ་བུའི་ལྷ་སྐུ་ཆེ་ཆུང་ཇི་ལྟར་རིགས་པ་ཞིག་གསལ་བཏབ་སྟེ། དེ་ཡང་ཤེས་པ་བྱིང་ནས་ཆེ་ན་ལྷ་སྐུ་ཆེ་ཆུང་མཐེབ་སོར་གང་ཙམ་པ་དང་འཕྲོ་རྒོད་ཆེ་ན་མཁྱིད་གང་ཙམ་གསལ་བ་ལ། དེ་ཡང་གསལ་མ་ཐེབ་ཀྱི་བར་དུ་ཙབ་ཙུབ་ཅི་དྲག་མང་པོ་མི་བསམ་པར་ཤེས་པ་རྩེ་གཅིག་ཏུ་བསྒྲིམ་ལ་གསལ་བཏབ། གསལ་ཐེབས་པ་དང་ཧ་ཅང་གི་ཚིགས་ཟིན་མི་བྱེད་པར་ལྷ་སྐུའི་སྣང་བ་ལམ་མེ་བ་གསལ་ལེ་ཡེ་རེ་བ་དེ་ཀ་ལ་བལྟས་ཏེ། བཟོད་མེད་ཡེངས་མེད་དུ་གློད་དེ་འཇོག དེ་ལ་གནས་དཀའ་ན། རང་གི་མདུན་དུ་ལྷ་སྐུའམ་ཡིག་འབྲུའམ། ཤིང་བུ་རྡེའུ་ལྟ་བུའི་དངོས་པོ་ཕྲ་རགས་གང་རུང་ཞིག་དངོས་སུ་བཞག་སྟེ། རྡེའུ་དེ་ཡང་དཀར་པོ་མིག་ལ་གནོད་པས་ནག་པོ་ཞིག་བཞག་ལ། དེ་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་འཐབ་རྡེག་མི་བྱེད་པར་ཅེ་རེ་བལྟས་ལ་ལེགས་སམ་མི་ལེགས་པའི་ལེགས་ཉེས་ཀྱི་བརྟག་དཔྱད་ཀྱི་སྤྲོས་པ་དོར་ཏེ་གང་དུ་གཏད་པའི་དམིགས་རྟེན་དེ་ག་ལ་བཟོ་མེད་ཡེངས་མེད་དུ་གློད་ནས་འཇོག དེ་ལ་གནས་ན་དེས་ཆོག་པས་དེ་གའི་རང་ངོ་ཅེ་རེ་བལྟས་ལ་བཟོ་མེད་ཡེངས་མེད་དུ་གློད་ནས་འཇོག དེ་ལ་མི་གནས་པར་རྣམ་རྟོག་མང་པོ་ཐོ་ལོ་ལོ་འཕྲོ་ན་འཕྲོ་རྦད་ཀྱིས་བཅད་ལ་སྔར་གྱི་དམིགས་རྟེན་གྱི་སྟེང་དུ་ཧྲིལ་སྒྲིལ་ལ་བཞག ཡང་སྒྲིམ་དྲ གས་པས་མི་གནས་པ་ལ། ལུས་གནད་ཀྱང་ལྷོད་ཀྱིས་གློད། ལྟ་སྟངས་ཐུར་དུ་ཕབ་ལ་ཤེས་པ་རང་བབས་སུ་མ་ཡེང་ཙམ་དྲན་པའི་རྒྱང་སོ་བཙུགས་ལ་བཞག དེ་ལྟར་དམིགས་རྟེན་དེ་དང་རང་རིག་པ་གསལ་རིག་ཅིས་ཀྱང་བལྟ་བྱ་དང་ལྟ་བྱེད་དུ་མ་སོང་བར་ཟུང་འཇུག་གསལ་ལ་མི་རྟོག་པའི་དབྱིངས་སུ་བཞག་པར་བྱ། གལ་དེ་བྱིང་ན་གནས་ཀྱང་མཐོ་བར་འདུག་ལ་ཟས་ཀྱང་ཅུང་ཟད་ཉུང་ཙམ་བསྟེན་ཏེ་ལུས་གནད་གྲིམ་ཆ་བཏོན་ཤེས་པ་ལ་ངར་བཏགས། ལྟ་སྟངས་གཏོད་ཅིང་། རིག་པ་རྒུར་བཏོན་ལ། རྩེ་གཅིག་ཏུ་ལྟ། ཡང་འཕྲོ་རྒོད་ན། གནས་ཀྱང་དམའ་སར་འདུག་ལ་ཟས་ཀྱང་ཅུང་ཟད་མང་ཙམ་བསྟེན་ཏེ་ལུས་གནད་ཀྱང་ལྷོད་ཆ་བཏོན། མིག་གི་ལྟ་སྟངས་ཐུར་དུ་ཕབ། ཞེ་གཏིང་ནས་གློད་ལ་རང་བབས་སུ་ལྷོད་ཀྱིས་གློད་ལ་མ་ཡེང་དྲན་པའི་རྒྱང་སོ་དང་བཅས་བཞག་པར་བྱ། འདི་དག་གི་གནས་སུ་འོག་མ་རྣམས་སུའང་

p. 93

ཤེས་པར་བྱ་སྟེ། བཀའ་དྲིན་མཉམ་མེད་རྗེ་བླ་མ་ཌཱ་ཀིའི་གཙོ་མོའི་གསུང་དྲོན་མོ་ཡིན། དེ་བཞིན་དུ་སྒྲ་ལྷང་ངེ་བ་དང་། དྲི་ཆི་ལི་བ་སོགས་དང་དབུགས་རང་བབས་ཀྱི་འབྱུང་འཇུག་གནས་གསུམ་ལ་ཤེས་པ་གཏད་པ་ཙམ་མ་གཏོགས་ཅི་ཡང་མི་བསམ་པ་ལ་གློད་དེ་འཇོག་པའམ། ཡང་ན་རྟེན་མེད་དུ་ཧད་དེ་འཇོག་པ་སོགས་གང་རུང་ཞིག་གི་སྟེང་དུ་བཞག་པས་ཆོག་ཅིང་སློབ་བུ་བསྐྱངས་པའི་རིགས་ལ་རྩ་བའི་གཏེར་ཚིག་ལྟར་དང་དོན་གཉེར་ཅན་ལ། ཟབ་གནད་ཞལ་ཤེས་ལའང་མཛད་པའོ། །དེ་དག་ལ་གནས་དཀའ་ན་འདིར་རྡོ་རྗེའི་གཞུང་ཚིག་རེར་གཞུང་རྩ་བ་དང་ཁྲིད་ཡིག་སོགས་ལ་མི་འབྱུང་སྟེ། འདི་ནི་གཏེར་སྟོན་རིག་འཛིན་ཆེན་པོའི་ཞལ་བཞེས། ཐུན་མོང་མ་ཡིན་པ་ཉིད་ཡིན་ཏེ། དེ་ལ་སྣ་རྩེར་ཐིག་ལེ་དཀར་པོ་བོད་སྲན་ཙམ་པ་ཞིག་གསལ་བཏབ། སྐྱོ་ན་བཅོས་ཚུལ་བསྒོམ་ཚུལ་སོགས་སྔར་དང་འདྲ་བས་དེ་ལྟར་དུ་བསྒོམ། ཡང་དེ་ལ་གནས་དཀའ་ན། རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའི་རྡོ་རྗེའི་བཟླས་པ་ལ་སེམས་གཞན་དུ་མ་ཡེངས་པའི་སྒོ་ནས་བསྒོམ། ཡང་དེ་ལ་གནས་དཀའ་ན༑ རང་གི་སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁར་ཧཱུྃ་ཡིག་སྔོན་པོའམ་ཨོཾ་ཡིག་དཀར་པོ་གང་ཡིན་ལ་འཆར་བདེ་བ་ཞིག་གསལ་བཏབ་སེམས་འཛིན། ཡང་དེ་ལ་གནས་དཀའ་ན། ད་ལྟའི་རླུང་བཟོ་བཅོས་མེད་པ་འདི་ཕྱི་ནང་དུ་འགྲོ་འོང་བྱེད་པར་ཤེས་པ་གཏད་དེ་རླུང་ཁུག་གཅིག་ཏུ་བྱས་པའི་གྲངས་ལ་སེམས་འཛིན། ཡང་དེ་ལ་གནས་དཀའ་ན་རླུང་འགྲོ་འོང་བྱེད་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་པ་རླུང་ཕྱིར་འགྲོ་བ་ན་ཤེས་པ་ཕྱིར་གཏད། ནང་དུ་འོང་བ་ན་ཤེས་པའང་ནང་དུ་གཏད་དེ་སེམས་འཛིན། ཡང་དེ་ལ་གནས་དཀའ་ན། རང་སྣ་རྩེར་ཐིག་ལེ་དཀར་པོ་བོད་ཀྱི་སྲན་མ་ཙམ་ཞིག་ལ་གསལ་བཏབ། དེ་ལ་གསལ་སྣང་ཐོན་པ་ན། ཐིག་ལེ་དེ་ཉིད་སྣའི་རླུང་དང་འགྲོགས་ཏེ་རྒྱང་གིས་ཕྱིར་སོང་། རླུང་ནང་དུ་འོང་བ་ན་ཚུར་འོང་སྟེ་སྣ་རྩེར་ཡེ་རེ་ཡོད་པར་བསམ་ལ་སེམས་འཛིན། དེ་ལ་གནས་དཀའ་ན་ལུས་གནད་ཆོས་བདུན་སྤྱི་ལྟར་ལས་ཁྱད་པར་ལག་པ་གཉིས་པུས་མོའི་སྟེང་དུ་ཁུ་ཚུར་ཁ་སྦུབ་ཏུ་བཞག་ལ་ལུས་གནད་དྲང་པོར་བསྲང་། མིག་ཐད་ཀར་ན་རེ་བཞག་ལ་བུམ་ཅན་སྦྱོར་བ་བཞི་ལྡན་གྱི་

p. 94

རླུང་སྦྱོར་ལ་སེམས་འཛིན། ཡང་དེ་ལ་གནས་དཀའ་ན་རང་གི་སྣ་རྩེར་ཐིག་ལེ་དམར་པོ་བོད་སྲན་ཙམ་པ་ཞིག་གསལ་བཏབ། གསལ་སྣང་ཐོན་པ་ན་ཐིག་ལེ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་རླུང་དང་འགྲོགས་ཏེ་ཕྱིར་རྒྱང་གིས་སོང་བར་བསམ། ཡང་རླུང་ནང་དུ་ཡོང་བ་ན༑ ཚུར་ཡེར་གྱིས་བྱུང་བ་སྣ་བུག་གཡོན་ནས་ཁུགས་ཏེ་ལྟེ་བར་དམར་ཡེ་རེ་ཡོད་པར་བསམ་ལ་དེའི་ངང་དུ་ཅུང་ཟད་འཇོག ཡང་སྣ་བུག་གཡས་ནས་འཐོན་སྔར་བཞིན་འགྲོ་འོང་བྱེད་པ་ལ་ཤེས་པ་གཏད། ཡང་རང་ལུས་གནད་ཆོས་བདུན་ལས་ད་རེས་ལག་པ་པུས་སྟེང་དུ་ཁ་སྦུབ་ཏུ་བཞག་ལ་ལག་ཡུ་དྲང་པོར་བསྲང་། མིག་ཐད་ཀར་གཡོ་མེད་དུ་བཞག རླུང་རོ་བསལ། དེ་ནས་སྔར་གྱི་དམིགས་པ་དེ་ག་ལན་གསུམ་ཙམ་ཞིག་བསྐྱར། དེའི་མཚམས་དེ་ནས་བུམ་ཅན་སྦྱོར་བ་བཞི་ལྡན་དང་བསྟུན་ནས་ཐིག་ལེ་ཕྱི་ནང་དུ་འགྲོ་འོང་བྱེད་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ལ། དེ་ལྟར་རླུང་རྒྱུ་བ་རང་བབས་དང་བསྟུན་པ་དང་བུམ་ཅན་ལ་སྦྱར་བ་སྟེ་ཁྱད་ཆོས་གཉིས་ལྡན་ལ་སེམས་གཏད་པས་ཐ་མལ་གྱི་རྣམ་རྟོག་རིམ་གྱིས་འགགས་ནས་ཞི་གནས་རྩེ་གཅིག་པའི་ཏིང་འཛིན་མྱུར་དུ་སྐྱེ་ཞིང་། དེ་ལྟར་སྒོམ་པས་ཐོག་མར་རྣམ་རྟོག་གི་འཆར་སྒོ་མང་དུ་འགྲོ་བར་སྙམ་བྱེད་ཀྱང་སྐྱོན་ཡོན་དུ་མ་བལྟས་པར་རྒྱུན་བསྲིང་ལ་བསྒོམས་པས་ཆ་ཆ་ནས་ཞི་སྟེ་ལུས་སེམས་ལ་བདེ་བ་སྐྱེ་ཞིང་མདོག་སྦུབ། ངག་སྨྲ་བ་ཟུང་ཞིང་ཚིག་འཇམ།གང་ལ་སེམས་བཟུང་བར་རྟོག་མེད་དུ་གནས་པ་ལས་ལྡང་མི་ནུས་ཤིང་གཡོ་བ་མེད་པར་གཡོ་འདོད་པ་འདྲ་བ་ན་ཆམ་གྱིས་འགྲོ་བས་རྩེ་གཅིག་ཏུ་གནས་པ་ཞིག་འོང་སྟེ། དེ་ཙམ་ན་ཞི་གནས་གོམས་པའི་རྟགས་ཡིན། ཞེས་རྗེ་བླ་མ་བདེ་གཤེགས་ཌཀིའི་གཙོ་མོའི་གསུང་ལས་སོ༑ ༑གཉིས་པ་ལྷག་མཐོང་བསྐྱེད་པ་ལ་གཉིས་ལས། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུར་གཏན་ལ་འབེབས་པ་ནི། རྩ་བར། སྣང་གྲགས་ཆོས་ཀུན་རྨི་ལམ་སྒྱུ་མ་ལྟར༔ སྣ་ཚོགས་སྣང་ཡང་རང་བཞིན་སྟོང་པ་དེར༔ མཁའ་ལྟར་བདག་མེད་སྤྲོས་དང་བྲལ་བར་བཞག༔ ཅེས་གསུངས་པས། དེ་ཡང་འདི་ལྟར་སྣང་ལ་དེར་བརྟགས་པའི་སྣང་གྲགས་འཁོར་

p. 95

འདས་ཀྱི་ཆོས་འདི་དག་རང་གི་བློས་བསྐོར། བློ་ལ་ཤར་བ་མ་གཏོགས་ལོགས་ན་དོན་བདེན་པར་གྲུབ་པ་ཞིག་རྡུལ་ཙམ་ཡང་མེད། ག་རེ་འདི་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་སྒྱུ་མའི་འཕྲུ ལ་འཁོར་རམ་རྨི་ལམ་གྱི་སྣང་བ་ལྟར་མེད་བཞིན་དུ་སྣང་བ་སེང་ངེ་། འལ་འོལ་ཙམ་དུ་བལྟ་ཞིང་། དེ་ཡང་བརྟགས་པ་ཙམ་ལས་རང་བཞིན་ཡོད་མེད་སྤྲོས་པའི་ཡུལ་ལས་འདས་པས་དོན་ལ་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པར་ཐག་བཅད་དེ། ཡུལ་གྱི་སྣང་བ་གང་ཤར་ཡ ང་། དེ་ཀའི་རང་ངོ་ལ་ཅེར་གྱིས་བལྟས་པས་ཕ་གར་སྣང་བ་མ་འགགས་ལ་ཚུར་གར་དེར་འཛིན་གྱི་བློའི་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་ནམ་མཁའ་ལྟ་བུ་རྗེན་སེང་གིས་འཆར་བས་དེའི་ངང་ལ་རང་བབས་སུ་བཞག་པར་བྱ། གཉིས་པ་ནང་འཛིན་སེམས་གཏན་ལ་འབེབས་པ་ནི། རྩ་བར། དེ་ནས་གཡའ་བཅས་གསེར་འདྲའི་སེམས་ལ་བརྟག༔ དང་པོ་གང་འོང་ད་ལྟ་གང་ན་གནས༔ ཐ་མ་གང་འགྲོ་དབྱིབས་དང་ཁ་དོག་གང༔ དེ་ལྟར་ཞིབ་ཏུ་བརྟགས་པས་སེམས་ཉིད་འདི༔ མ་སྐྱེས་མི་གནས་མ་འགགས་ཁ་དོག་དང༔ དབྱིབས་མེད་ངོ་བོ་ངོས་བཟུང་བྲལ་བ་ཡི༔ བརྗོད་མེད་ནམ་མཁའ་ལྟ་བུ་རིག་པའི་ཚེ༔ དེ་ཀའི་ངང་དུ་བཟོ་མེད་ལྷོད་ཀྱིས་གློད༔ ཅེས་གསུངས་པས་དེ་ཡང་རང་ཅག་རྣམས་འཁོར་བ་འདིར་འཁྱམས་ནས་སྡུག་བསྔལ་མྱང་བ་ནི་གནས་ལུགས་མ་རྟོགས་པས་ལན་པ་ཡིན། དེས་ན་ད་རེས་འདས་མ་འདས་ཀྱི་ས་མཚམས་དབྱེ་དུས་འདིར་སེམས་ཀྱི་གནས་ལུགས་ཡང་དག་པ་ཞིག་རྟོགས་པར་བྱའོ་སྙམ་དུ་བསམ་ལ་ལུས་སེམས་རྣལ་དུ་ཕབ། དེ་ནས་སེམས་སྔར་འདས་པའི་རྗེས་མི་གཅོད། ཕྱིས་མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་ལའང་བཟོ་བཅོས་གང་ཡང་མི་བྱེད་པར་རང་བབས་སུ་སོ་མར་བཞག་པས་རིག་པ་གསལ་ལ་དེར་འཛིན་མེད་པ་ཞིག་འཆར་བས། དེ་འཆར་བས་རང་བབས་སུ་བཞག་པས་ཆོག་མོད། དེ་འདྲ་བའི་གང་ཟག་ནི་སེམས་འཚོལ་སོགས་མི་དགོས་མོད་རིག་པ་སྤྱི་ལུགས་སུ་འཇོག་པ་ཞེས་ཡིན། དེ་གང་ཟག་དབང་རབ་ཀྱི་བསྒོམ་ཚུལ་ཡིན། གང་ཟག་ཕལ་ཆེ་བ་ཞིག་དང་དེར་མ་ཟད་དབང་རྟུལ་རྣམས་ཀྱིས་དེ་ལ་ངོ་འཕྲོད་པ་དཀའ་བས་ན་འབྱུང་གནས་འགྲོ་

p. 96

འགྲོ་གསུམ་ལ་བརྟགས་ཏེ་སེམས་བཙལ་བར་བྱ་སྟེ། དེ་ཡང་ཁ་ནང་དུ་ཕྱོགས་ཏེ་རང་གི་སེམས་མི་འཆར་དགུ་འཆར་འཕྲོ་ཞིང་རྟོག་པ་འདི་དང་པོ་གང་ནས་འོང་། ད་ལྟ་གང་དུ་གནས། ཐ་མར་གང་དུ་འགྲོ། དབྱིབས་ཅི་འདྲ། ཁ་དོག་ཇི་ལྟར་འདུག་ཅེས་སྐད་ཅིག་ཀྱང་མ་ཡེངས་པར་ཕུ་འདེད་མདའ་འདེད་ཀྱི་རིག་པ་རྐྱང་འདེད་དུ་ལྟར་བཅུག་པས་སེམས་མ་མཐོང་ཟེར་ན༑ འོ་ན་གྱ་གྱུ་བ་ཐོལ་གྱིས་སྐྱེས་པ་དེ་ཀ་ལ་ལྟོས་དང་ཅི་འདྲ་ཞིག་འདུག ལྟ་མཁན་དེ་རང་སུ་ཡིན། ལྟ་མཁན་དང་། ལྟ་རྒྱུ་གཅིག་གམ་མི་གཅིག་པ་འདུག་ཅེས་རྩད་བཅད་དུ་བཅུག་པས། དངོས་མེད་ཅིག་འདུག་ཟེར་ན། ཐལ་བ་རླུང་གིས་ཁྱེར་བ་ལྟར་ཅང་མེད་ཅིག་འདུག་གམ། འལ་འོལ་བན་བུན་ཞིག་འདུག་གམ་ཇི་ལྟར་ཞིག་འདུག དངོས་པོར་འདུག་ཟེར་ན། དེའི་དབྱིབས་གྲུ་བཞི་དང་ཟླ་གམ། ཟླུམ་པོ། ཟུར་གསུམ། ཧྲིལ་མོ། ནར་མོ། ལེབ་མོ་སོགས་གང་ལྟར་འདུག །དེ་བཞིན་དུ་ཁ་དོག་ཀྱང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། མཐིང་ག་སྔོན་པོ། ནག་པོ། ཁྲ་བོ་སོགས་ཇི་འདུག་ལྟར་བཅུག ཡང་སེམས་ཞེས་ནང་རང་ལུས་རང་ལ་བྱུང་ངམ་སྙམ་ན་ལུས་ཀྱི་མགོ་མཇུག་ཕྱི་ནང་བར་གསུམ་གང་ལ་གནས་བརྟག ཡང་སྙིང་རང་ལས་བྱུང་ངམ་སྙམ་ན་སྙིང་གི་ཕྱིའི་ཤུན་པ་དང་ནང་གི་ཤ་ཚིལ་ཁྲག་དང་མགོ་མཇུག་གང་ལ་གནས་བརྟག དེ་ལྟར་སྐྱེ་འགག་གནས་གསུམ། འགྲོ་བ་དང་འགྲོ་བྱེད་སོགས་ཅི་འདྲ་ཞིག་འདུག་པ་བལྟས་པས་བལྟ་རྒྱུ་དང་ལྟ་མཁན། མཐོང་རྒྱུ་དང་མཐོང་མཁན་སོགས་གང་ཡང་མ་མཐོང་བཙལ་ཞིང་དཔྱད་ཀྱང་གང་ཡང་མ་རྙེད་པའི་ངང་དེར་གང་དུའང་ངོས་བཟུང་དཔྱད་པ་མེད་པའི་ནམ་མཁའ་ལྟར་སད་སེར་འལ་འོལ་ཡང་ཆམ་མེ་བ། བྱ་རྒྱུ་ཟད་པ། བྱ་ཐབས་རྡུགས་པ། བྱ་བྱེད་ཐམས་ཅད་དང་བྲལ་བའི་གསལ་རིག་རྗེན་ནེ་བ་ཞིག་འདུག་ཟེར་ན། ཆད་པ་དང་ངལ་གསོ་བའམ་རྒན་པོ་ཉི་མ་འདེ་བ་ལྟར་དེ་ཀའི་ངང་ལ་རང་ལུས་ལྷོད་ཀྱིས་གློད་པ་འཇོག་ཏུ་བཅུག དེ་ལྟར་བཞག་པས་དྲན་བསམ་གང་ཡང་ཡིད་ལ་མེད་པར་མདངས་བདེ་བ་དང་བཅས་པ་མ་འགགས་ལ་སྣང་བ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་གྱི་ངང་ལ་རང་བབས་སུ་ཁྲོལ་ཤིགས་སོ། །བུན་ནེ་ཧ་རེ་བའི་ངང་ལ་འཇོག་

p. 97

ཏུ་བཅུག་གོ །གསུམ་པ་ཞི་ལྷག་ཟུང་འཇུག་ཏུ་སྒོམ་པ་ནི། རྩ་བར། སྣང་སེམས་དབྱེར་མེད་མཐའ་བྲལ་བརྗོད་མེད་ངང༔ གང་ཤར་བཟོ་བྲལ་རང་བབས་ཅེ་རེ་བ༔ བདེ་ལུགས་ཤིག་གེ་རྗེས་མེད་སེང་ངེ་བ༔ རྒྱ་ཡན་ཆད་ལེ་མཐའ་བྲལ་ལྷོད་ཀྱིས་བཞག༔ ཕྱི་ནང་བར་མེད་ནམ་མཁའ་ལྟ་བུར་འཆར༔ དེ་ཚེ་སྐུ་བཞིའི་ངོ་བོེར་མངོན་བྱུང་བ༔ ཞེས་གསུངས་པས་དེ་ཡང་ཡུལ་ལ་བློ་སྣང་བ་བློ་ལ་ཡུལ་སྣང་ལྟ་བུར་གང་ཤར་ཡང་འདྲ་སྟེ་གང་ཤར་དེ་ཀ་ལ་ཅེར་གྱིས་བལྟས་པས་རྫིང་བུ་ཟླ་གཟུགས་ཤར་དུ་ཆུ་དང་ཟླ་གཟུགས་ཐ་མི་དད་པ་ལྟར་ཕ་གར་སྣང་བ་འགགས་ལ་ཚུར་གར་དེ་འཛིན་གྱི་དྲི་མ་དང་བྲལ་བའི་སྣང་སེམས་དབྱེར་མེད་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ་ཞིག་འཆར་བས་དེ་ཀའི་ངང་ལ་རྟོག་དཔྱོད་ཀྱི་ཚོལ་འཕྲོ་གང་ཡང་མི་བྱ་བར་རང་བབས་སུ་ཅེ་རེར་ལྟ། བདེ་ལུགས་སུ་ཤིགས་སེ་བཤིག རྗེས་མེད་དུ་སེང་ངེ་སྐྱུར། རྒྱ་ཡན་དུ་ཆམ་མེ་བརྡལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་རང་སོར་ལྷོད་ཀྱིས་གློད། དེའི་ཚེ་ཕྱི་ཚོགས་དྲུག་གི་ཡུལ་སྣང་ཡང་འཛིན་པ་མེད་པ་རང་གསལ་རྗེན་པར་ལྷག་གེ་བ། རང་སེམས་ལ་རྟོག་དཔྱོད་ཀྱི་སྤྲོ་བསྡུ་མེད་པར་རང་ཡང་རྗེན་ནེ་བ། བར་རང་སར་གནས་ཀྱང་གཉེན་པོས་མ་བཅིངས་པར་བར་མེད་དུ་ཧ་རེ་བ་སྟེ། ཡུལ་བཟང་ངན་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་གྱི་བློ་མ་ཞུགས་པར་སལ་ལེ་སེང་ངེ་བ་རིག་པའི་ཆ་དེ་ཅར་ཕག་ཏུ་ངོས་བཟུང་ལ་ཟང་ཐལ་རྗེན་པར་བསྐྱངས་པ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་ཏེ། དེ་ཡང་ཡིན་ལུགས་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་ནས། འཁོར་བ་ཆོས་སྐུར་སའི་རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུ་སྐུ་བཞི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །དེ་ཡང་རིག་ཀྱང་མི་འཕྲོ། གསལ་ཡང་མི་འཛིན། མི་རྟོག་ཀྱང་རིག་པའི་གདངས་ཡུལ་སྣང་མ་འགགས་པས་འདོད་གཟུགས་གཟུགས་མེད་ཀྱི་སེམས་གསུམ་ལས་བྲལ་ཞིང་མཉམ་པར་བཞག་དུས་སེམས་སྤྲོ་བསྡུ་མེད་པ་ལྷན་ནེར་གནས་པའི་མི་རྟོག་པ་སྟོང་པའི་ཆ་དེ་ཞི་གནས་དང་། རིག་པ་གསལ་

p. 98

དག་རྗེན་སང་ངེ་བ་གསལ་བས་སྣང་བའི་ཆ་དེ་ལྷག་མཐོང་སྟེ་ཟུང་འཇུག་ཏུ་སྒོམ་པ་སྟེ་གནས་ལུགས་ཞི་བ་ལ་ཡེ་གནས་པའི་ངོ་བོ་དེ་ལ་ཅེར་གྱིས་བལྟས་ལ་ལྟ་མཁན་དེས་བལྟ་བྱ་གྲིམས་གློད་རན་པར་འཇོག་གོ །འདི་དཀྱུས་སུ་བློ་དམན་རྣམས་ལ་འཁོར་ལོའི་མ་བཀའ་དྲིན་ཅན་དེས་གསུངས་སོ། །ཞེས་གསུངས་ཀྱང་འགགས་དོན་ལ་དྲིལ་རྒྱུའི་སྙིང་པོར་འདི་ལྟར་ཤེས་པར་བྱ་སྟེ། སེམས་གང་ཤར་ལ་གཅེར་གྱིས་བལྟས་པས་རྣམ་རྟོག་རང་ཞི་ལ་སོང་ནས་ཞི་མལ་ལེ་གནས་པའི་ཚེ། གནས་བྱ་བཞག་ནས་རིག་བྱ་རྗེན་པར་སོང་བའི་ཟ་ཀ་དེ་ངོས་བཟུང་སྟེ་བརྐྱང་བའི་གནད་ཀྱིས་སེམས་དེ་ཀ་གཞི་མེད་རྩ་བྲལ་ཀ་དག་ཏུ་གཏན་ལ་ཕབ་ནས་སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་བཞག་ཆེན་པོ་ཁྲོད་ཀྱི་ཉམས་སུ་ལེན་པ་སྟེ། དེ་ཡང་ད་ལྟའི་རིག་པ་དྲན་སེམས་བཅོས་སླད་དང་བྲལ་བའི་ཝལ་ལེ་སང་ངེ་ཆམ་བརྡལ་བ་ཉིད་ཆོས་སྐུ་ཀ་དག་གི་དགོངས་པ་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་པ་ནི། ངོ་རང་ཐོག་ཏུ་སྤྲད་པ་དང་། སྔ་ཕྱི་དྲན་རྟོག་མེད་པའི་ད་ལྟར་གྱི་རིག་པ་སོ་མ་བཞི་ཆ་གསུམ་བྲལ་གྱི་ངང་ལ་ཧྲིག་གེ། སང་ངེ་། ཡེ་རེ། ཝལ་ལེ་བསྐྱངས་པ་ནི་ཐག་གཅིག་ཐོག་ཏུ་གཅོད་པ་དང་། རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་པ་ནི་གདེངས་གྲོལ་ཐོག་ཏུ་བཅའ་བ་ཞེས་བཀའ་གསང་རྫོགས་པ་ཆེན་པོའི་རྨད་བྱུང་ལམ་གྱི་དགོངས་པ་ཁྱད་པར་ཅན་ཡིན་ནོ། །དེ་དག་ཀྱང་མདོ་ཙམ་བསྟན་པ་སྟེ་ཞིབ་པ་རློམ་སེམས་རྟོག་གེས་ཐུགས་མ་བསླད་པའི་འདི་སྐོར་གྱི་གདམས་པས་ཐུགས་ཀྱི་བུམ་པ་ཡོངས་སུ་བཏམས་པའི་ཉམས་མྱོང་ཅན་གྱི་དམ་པའི་གསུང་གི་བདུད་རྩི་མྱོང་ལ་ཤེས་པར་བྱ་ཞེས། པདྨའི་གཟུང་མ་མཁར་ཆེན་གཟའི་ཡང་སྤྲུལ་འཁྲུལ་མེད་བདག་མེད་མཁའ་འགྲོའི་གཙོ་མོ་མི་འགྱུར་དཔལ་གྱི་སྒྲོན་མའི་གསུང་ལས་བཀའ་དྲིན་དུ་ཟབ་ཆོས་འདི་ཉིད་རང་ལོ་བཅུ་བདུན་ནས་བཟུང་། རྗེ་འདི་ཉིད་ཞི་བ་ཆོས་ཉིད་དུ་མ་གཤེགས་བར། སྔ་ཕྱི་ལན་བཞི་བཅུ་ཞེ་གསུམ་སྐལ་བཟང་དུ་ཐོབ་པའི་བན་ཆུང་ཁྱུང་པོ་རས་པས་རང་ལོ་དྲུག་ཅུ་རེ་བརྒྱད་སོན་པ་ཆུ་སྟག་ཟླ་བཞི་པའི་ཡར་ཚེས་བཅོ་ལྔ་ལ་གྲུབ་པར་བསམ་གཏན་གྱི་ཐུན་གསེང་ལ་བྲིས་པར་བློ་རྨོངས་བདག་ལྟ་བུའི་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག །

p. 99

འདིར་སྨྲས་པ། སྙིགས་ལས་ཆེར་སྙིགས་རྩོད་ལྡན་ཐ་མ་འདིར། །ཐུབ་བསྟན་སྤྱི་དང་ཁྱད་པར་མྱུར་ལམ་འདིར། །སྙིང་ནས་རེ་འདོད་བཅའ་བའི་ཆོས་ལྡན་ཉུང་། །དེ་ཕྱིར་འདི་དག་ངལ་བའི་རྒྱུར་སེམས་མོད། །འོན་ཀྱང་པདྨའི་ཞལ་ལུང་གཏེར་ཆེན་རྗེས། །ཞིབ་སྩལ་ཁྱབ་བདག་དྲིན་ཅན་བླ་མའི་གསུང་། །དད་བརྩོན་བཅུད་དུ་བླངས་པའི་མན་ངག་ལམ། །ཉམས་བཞེས་བན་ཆུང་རྒན་པོས་བརྩོན་པས་བྲིས། །དེ་ཕྱིར་འཁོར་བའི་སྡུག་བསྔལ་མི་བཟད་པའི། །མཇུག་ཏུ་འདི་ལྟ་མཐོང་ན་བཟོད་མེད་འདིས། །གཏིང་ནས་བསམ་ཞིང་བརྩོན་པ་ཉམས་སུ་ལོངས། །དགེ་འདི་རྗེས་འཇུག་ཡོངས་ལ་ཁྱབ་པར་བསྔོ། །དགེའོ། །ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས ། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །ཞེས་དང་། ཐིག་ལེ་དམ་ཚིག་ཀྱང་། ཀློང་ལས། རྒྱུ་ཡི་ཐིག་ལེ་ཡོང་བ་ནི། །སྔགས་ཀྱི་དམ་ཚིག་གཏན་ནས་ཉམས། །འབྲས་བུའི་རྒྱབ་ཀྱིས་ཕྱོགས་ནས་སུ། །བསྐལ་པ་འབུམ་གྱི་ན་རག་སྤྱོད། །ཅེས་སོ། །འབྲས་བུའི་མིང་ནི། རྣམ་དག་ལྷུན་གྲུབ་ཀྱི་འབྲས་བུ་ཞེས་བྱ་སྟེ། རྩེ་གཅིག་གི་བྱས་པའི་ཡུལ་ཆོས་ཕྱིར། ཐར་རྒྱུ། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་པར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མ་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་བ་མེད། །ཅེས་དང་། སྒྲོན་མ་སྣང་བྱེད་ལས། འབྲས་བུའི་ཚད་ནི་རིག་པས་བཟུང་། །དེ་ལྟར་འབྲས་བུའི་ཚད་ཟིན་པས། །ཚད་ནད་སངས་པའི་སྐྱེས་བུ་བཞིན། །རིམས་ནད་སངས་པའི་སྐྱེས་བུ་དང་། །སྙིང་ལ་མདའ་ཕོག་ཤི་བ་དང་། །རྩ་ཡི་ཤི་བའི་སྐྱེས་བུ་བཞིན། །ཕྱིར་ན་བཟློག་པ་མ་ཡིན་ནོ། །ཞེས་གསུངས་པ། ཤུ་བྷཾ། །དགེའོ། །མངྒ་ལཾ།། །།

སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ།

p. 100

སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ་བཞུགས་སོ། །རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། ༀ་སྭ་སྟི། ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་གྱི་གཙོ། །ཐ་དད་མ་དམིགས་རྗེ་བཙུན་གཏེར་བདག་གླིང་། །གང་གི་ཞབས་པད་སྤྱི་བོར་རྟག་མཆོད་ནས། །སྐོང་ཆེན་བཞི་ཡི་བཤད་པ་མདོ་ཙམ་བྲི། །དེ་ལ་སྤྱིར་ཐུགས་དམ་སྐོང་བར་བྱེད་པའི་ཆོ་ག་ལ། ཉམས་ཆག་གི་སྐོང་ཆེན་ལྔ་སྟེ། མཆོད་པ་ཕུད་ཀྱི་སྐོང་། དམ་རྫས་མདངས་ཀྱི་སྐོང་། སྲོག་ཆགས་རྒྱུའི་སྐོང་། གླིང་བཞི་མདོས་ཀྱི་སྐོང་། འགྱོད་ཚངས་བཤགས་པའི་སྐོང་བ་རྣམས་སུ་གྲགས་པ་ལས། འདིར་ན་རཀ་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་གྱི་ཆོ་ག་ལ། ཤིང་རྟ་ཆེན་པོ་སློབ་དཔོན་སོ་སོའི་དགོངས་པ། ཞི་ཁྲོ་རྒྱུད་ལུང་གི་རང་གཞུང་སྡེབས་པ་ལ། དོང་སྤྲུགས་ཀྱི་ཁ་སྐོང་བ་ཞི་ཁྲོ་རབ་འབྱམས་སུ་གྲགས་པ་དང་། ཡི་གེ་བརྒྱ་པ་ཕྲིན་ལས་ཀྱི་རྒྱུད་ཀྱི་དགོངས་པ་བརྒྱ་ལྡན་ལས་རིམ་གྱི་མན་ངག་གིས་བཀྲལ་བ་རིགས་བརྒྱའི་དཀྱིལ་འཁོར་རིགས་བདག་གཅིག་གིས་བསྡུས་པ་ཞི་ཁྲོ་རིགས་བསྡུས་སུ་གྲགས་པ་དང་། གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས་བཀོལ་བ་ཀལྤ་དུམ་བུའི་རྒྱུད་དྲི་མེད་བཤགས་རྒྱུད་ལ་བརྟེན་པ་རིགས་སོ་སོར་ཕྱེ་བའི་དཀྱིལ་འཁོར་ཞི་ཁྲོ་ཁྲོམ་སྤྲུགས་སུ་གྲགས་པ་དང་། བཤགས་རྒྱུད་ཀྱི་ལེའུ་གསུམ་པ་ཕྱག་གི་བཀོལ་བྱང་ལྟར་ཞི་ཁྲོ་གནས་བསྒྱུར་གྱི་གླེང་གཞི་ཇི་སྐད་སྨོས་པའི་རིམ་པ་བཞིན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཞི་ཁྲོ་གནས་བསྒྱུར་དུ་གྲགས་པ་སྟེ། དེ་ལྟར་བཞེད་ཚུལ་བཞི་ལས། འདིར་སློབ་དཔོན་སངས་རྒྱས་གསང་བའི་དགོངས་པ་དང་ཁྱད་པར་སློབ་དཔོན་ཆེན་

p. 101

པོ་པདྨ་འབྱུང་གནས་ཀྱི་མན་ངག་སོགས་རྒྱ་བོད་ཀྱི་གཞུང་རྙིང་མ་རྣམས་ཀྱི་དགོངས་པ་རྒྱུད་ལུང་མན་ངག་གི་གནད་ཐམས་ཅད་གཅིག་ཏུ་བསྡུས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པས་མཛད་པ་ན་རཀ་དོང་སྤྲུགས་འཁོར་བ་ཀུན་གྲོལ་ཞེས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ནས། རྟོག་ཚོགས་ལྷའི་རང་བཞིན་གདོད་མ་ནས་རྣམ་པར་དག་པའི་སྒྲུབ་གཞི་ཉིད་དམ་ཚིག་གི་དཀྱིལ་འཁོར་དུ་གསལ་གདབ་པ་ལ་མཁའ་ཁྱབ་འབྲས་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བྱེད་པའི་ཐབས་ལ་བརྟེན་ནས་ནང་ཕུང་པོ་རྟེན་གྱི་བཤགས་པ་དང་། ཕྱག་གི་བཀོལ་བྱང་ལ་བརྟེན་ནས་འགྱོད་ཚིག་གི་བཤགས་པ་དང་། སྐོང་ཆེན་བཞི་གནས་དག་གནས་གྱུར་དང་བཅས་པས་ཕྱི་ཡོ་བྱད་ཚོགས་ཀྱི་བཤགས་པ་དང་། བདག་འཇུག་དང་འབྲེལ་བར་མཁའ་འགྲོ་མ་གཏོར་མའི་དབང་དང་རིག་པའི་རྩལ་དབང་ལ་བརྟེན་ནས་གསང་བ་བྱང་ཆུབ་སེམས་ཀྱི་བཤགས་པ་སྟེ། དེ་ལྟར་བཤགས་པའི་ཐབས་རྨད་དུ་བྱུང་བ་རྣམ་པ་བཞི་ལས། འདིར་སྐོང་ཆེན་བཞི་དག་གྱུར་དང་བཅས་པས་ཕྱི་ཡོ་བྱད་ཚོགས་བསོག་གི་བཤགས་པ་ལ། མཆོད་པའི་ཡོ་བྱད་བཤམས་ཚུལ་དང་། འབུལ་ཚུལ་གཉིས་ལས། དང་པོ་ལ། སྨན་གཏོར་རཀྟ་སྒྲོན་མའི་མཆོད་པ་བཞིའི་བཤམས་ཚུལ། དེ་དག་གི་གོ་དོན། དེ་ཉིད་རང་བྱུང་རང་ཤར་གྱི་ཚུལ་དུ་འབུལ་ཚུལ་དང་གསུམ་ལས། དང་པོ་ནི། གང་དུ་སྟེགས་བུ་གྲུ་བཞི་པ་བཅས་པའི་གཡས་གཡོན་མདུན་གསུམ་གྱི་ངོས་བང་རིམ་ཅན་བྱས་པའི་སྟེང་ཞི་ཁྲོའི་དཀྱིལ་འཁོར་ཆུ་ཚོན་གྱིས་བྲིས་པ་བཤམས་པའི་སྟེགས་བུའི་རྒྱབ་སྟེགས་མཐོ་བ་ལ་བདག་བསྐྱེད་ཞི་ཁྲོའི་གཏོར་མ་ཟླུམ་པོ་སྦོ་ལྡིར་ཅན་ལ་ལྷ་གྲངས་དང་ལྡན་པའི་མཐེབ་ཀྱུས་བསྐོར་བའི་གཡས་གཡོན་དུ་སྨན་དང་རཀྟ་བཅས་བཤམས། དཀྱིལ་འཁོར་གྱི་མདུན་དབུས་སུ་མཁའ་འགྲོའི་གཏོར་མ་བླ་གཏོར་ལྟ་བུ་ལ་ཕྱོགས་བཞིར་པད་འདབ་གྱེན་ལངས་ཀྱི་མཚམས་མཐེབ་ཀྱུས་གཅེར་བའི་སྟེང་དུ་རིལ་བུས་མཚན་པ་ཅན། བསྡུ་ན་དེའི་གཡས་སུ་ཞི་བའི་གཏོར་མ་དཀར་པོ་སྦོ་ལྡིར་ཅན་གྱི་རྩ་བར་མཐེབ་ཀྱུ་ཞེ་གཉིས་ཀྱིས་བསྐོར་བ་དང་། གཡོན་དུ་ཁྲོ་གཏོར་དཔལ་གཏོར་ཅན་གྱི་རྩ་བར་མཐེབ་ཀྱུ་ང་བརྒྱད་ཀྱིས་བསྐོར་

p. 102

བ་བཤམས་པའི་གཡས་གཡོན་དུ་སྨན་རཀ་བཅས་བཤམས་པས་འཐུས། རྒྱས་པར་བྱེད་ན་ཞི་ཁྲོའི་གཏོར་མ་ལྷ་གྲངས་དང་མཉམ་པ་བཤམས་ཚུལ་སྟེགས་བུའི་ངོས་ཀྱི་བང་རིམ་དང་པོའི་གཡས་ཀྱི་ཆར་ཞི་གཏོར། གཡོན་གྱི་ཆ་ལ་ཁྲོ་གཏོར་བཤམས་པའོ། །ད་ལྟ་ཕྱག་བཞེས་སུ་བང་རིམ་དང་པོར་ཞི་གཏོར། གཉིས་པར་ཁྲོ་གཏོར། གསུམ་པར་བདུད་རྩི་ལྷ་གྲངས་དང་མཉམ་པ། བཞི་པར་རཀྟ་ཡང་དེ་མཚུངས། ལྔ་པ་སོགས་ཡོད་ན་མར་མེ་ལྷ་གྲངས་དང་མཉམ་པ། མེད་ན་མདུན་གྱི་མཐིལ་དུ་བཤམས་པའོ། །གང་ལྟར་ཡང་མཆོད་པ་རྣམས་གཙང་སྦྲ་དང་ལྡན་པས་བཀོད་ལེགས་པར་བཤམས་པ་ཡིན་ནོ། །གཉིས་པ་ལ་བཞི་ལས། དང་པོ་བདུད་རྩིའི་གོ་དོན་ནི། དེ་ཡང་དོན་ཡིན་ལུགས་ཀྱི་དབང་དུ་བྱས་པའི་བདུད་རྩི་ནི། འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་ངོ་བོར་གནས་པ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་དང་། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས་པའོ། །དམ་རྫས་བདུད་རྩི་ཞེས་གྲགས་པ་ནི། རྩ་རྒྱུ ད་གསང་བ་སྙིང་པོ་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་གསུངས་པས་བདུད་རྩི་ལྔ་ཡིན་ལ། དེའི་སྐྱོབ་དང་འཕྲད་དུ་གྱུར་པའི་རྫས་རྣམས་ལ་ནི་སྨན་བདུད་རྩི་ཞེས་གྲགས་ཏེ། དེ་ལྟར་རྩ་བ་དང་སྐྱོབ་རྣམས་ཚང་བར་སྦྱར་བ་ནི། རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །ཞེས་བདུད་རྩི་ལྔའི་རྩ་བ་བརྒྱད་ལའང་། སྔོན་བྱུང་གི་རྩ་བ་བརྒྱད། ཕྱིའི་རྩ་བ་བརྒྱད། ནང་གི་རྩ་བ་བརྒྱད། གསང་བའི་རྩ་བ་བརྒྱད། ཟུག་པ་རྩ་བའི་རྩ་བ་བརྒྱད། འདྲིལ་བ་སྡོང་པོའི་རྩ་བ་བརྒྱད། གྱེས་པ་ཡན་ལག་གི་རྩ་བ་བརྒྱད། སྨིན་པ་འབྲས་བུའི་རྩ་བ་བརྒྱད་དེ། དེ་ལྟར་བདུད་རྩིའི་རྩ་བ་བརྒྱད་བརྒྱད་དྲུག་ཅུ་རེ་བཞི་ཡོད་པར་གྲགས། ཡན་ལག་སྟོང་ནི། བདུད་རྩི་ལྔ་པོ་རེ་རེ་ལ་ནང་ཚན་བརྒྱ་བརྒྱ་ཡོད་པ་རྣམས་བསྡོམས་པས་ལྔ་བརྒྱ་དང་། དེ་རེ་རེའི་སྐྱོབ་ལྔ་བརྒྱ་རྣམས་བསྡོམས་པས་སྟོང་དུ་ཚང་བ་ཚུལ་བཞིན་དུ་སྦྱར་ནས་བསྒྲུབས་པ་འདི་ལ་བདུད་རྩི་ཨ་མྲྀ་ཏ་ཞེས། བོད་སྐད་དུ་

p. 103

འཆི་མེད་ཀྱི་རྫས། ར་ས་ཡ་ན་ཞེས་བཅུད་ལེན་དུའང་གྲགས་པ་སྟེ། བདུད་རྩི་ཨ་མྲྀ་ཏ་འདི་ཉིད་འདེབས་པའི་གཞི་མ་ནི། ཛ་གད་དཔའ་བོ་ཞེས་ཆང་རྣམ་པ་ལྔ་ཡིན་ཏེ། ནས་ཆང་། གྲོ་ཆང་། འབྲས་ཆང་། རྒུན་ཆང་། སྦྲང་ཆང་སྟེ་མེ་ཏོག་གི་ཆང་དང་ལྔ་ཡིན་ལ། དེ་ལྟ་བུའི་ཆང་རྣམ་པ་ལྔ་ཚང་བའི་གཞི་མ་ལ་གོང་གི་བདུད་རྩི་ཨ་མྲྀ་ཏ་བཏབ་པའི་བདུད་རྩི་སྨན་མཆོད་ཀྱི་ཡོན་ཏན་ནི། དགོངས་འདུས་ལས། བདུད་རྩིའི་སྣོད་ནི་ཀ་པཱ་ལར། །བཅུད་ནི་བྱང་ཆུབ་སེམས་ཀྱི་རྒྱུན། །རྐྱེན་ནི་འབྲུ་གསུམ་ནུས་པས་བྱས། །དོན་ནི་སྐྱེ་འཆི་མེད་པ་ལ། །ལས་ནི་རྟོག་པའི་དྲྭ་བ་འཇོམས། །དེ་ཕྱིར་བདུད་རྩི་ཨ་མྲྀ་ཏ། །ལྷ་ལ་ཕོག་ན་དགྱེས་པ་སྐོང་། །སྲིང་ལ་ཕོག་ན་དམ་ལ་འདུ། །དགྲ་ལ་ཕོག་ན་ཐལ་བར་རློག །བགེགས་ལ་ཕོག་ན་མྱོས་སུ་འཇུག །རྫས་ལ་ཕོག་ན་ནུས་པ་བསྐྱེད། །གང་ལ་ཕོག་ཀྱང་སྟོབས་དང་ལྡན། །ཞེས་གསུངས་སོ༑ ༑དེང་སང་གི་ཆོ་ག་མཁན་པོ་བ་ཕལ་མོ་ཆེས་ནི། སྣོད་རྣམ་པ་གཉིས་སུ་ཆང་ཕུད་ཕལ་པ་རེ་དང་ཤའམ་ཁྲག་ཐིགས་པ་རེ་བླུག་པ་ལ་བྱིན་རླབས་ཀྱི་ཚིག་གཤར་རེ་ཙམ་ངག་འདོན་བྱས་པ་དེས་བདུད་རྩི་དང་རཀྟའི་གོ་ཆོད་པ་ཡིན་རྒྱུ་རློམ་མོད་ཀྱང་། དེས་ནི་ལྷ་ཚོགས་ཐུགས་དམ་བསྐང་བ་དང་སྲུང་མ་དམ་ལ་འདུ་ནུས་པ་དཀའ་ཞིང་། དེ་མ་ནུས་ཚེ་དགོས་དོན་གྱི་དངོས་གྲུབ་དང་ཕྲིན་ལས་སོགས་ཀྱང་ག་ལ་འབྱུང་སྟེ། ཆོ་གའི་གཟུགས་བརྙན་ཙམ་དུ་ཟད་མོད། ལྷ་དང་དམ་ཅན་འདུ་བར་བྱེད་པ་ལ་སྒྲུབ་པ་པོ་དམ་ཚིག་གཙང་ཞིང་ལྟ་དགོངས་དང་ལྡན་པ། སྔགས་ཚིག་དང་ཆོ་ག་དག་ཅིང་ཏིང་འཛིན་གསལ་བ། རྫས་དང་ཡོ་བྱད་འཛོམ་ཞིང་གཙང་སྦྲ་ཐོན་པ་སོགས་དགོས་པར་གསུངས་པའི་ཕྱིར་རོ། །གཉིས་པ་གཏོར་མའི་གོ་དོན་ནི། གཏོར་གཞོང་རིན་པོ་ཆེའི་གཞལ་ཡས་ཁང་ས་གཞི་དང་མཉམ་པའི་ནང་དུ་གཏོར་མ་ཉིད་རྫས་རང་ག་མའི་རྟོག་པ་སྦྱོང་ནས་འདོད་ཡོན་བདུད་རྩིའི་ཕུང་པོར་རྟོགས་པར་བྱ་བ་སྟེ། དེ་ཡང་ཡབ་ཡུམ་ཐབས་ཤེས་སྣང་སྟོང་ཟུང་དུ་འཇུག་ཅིང་གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པའི་དམ་རྫས་ཀྱི་གཙོ་བོ་ཡིན་པས་སྤྱིར་བཏང་དབུས་སུ་བཤམས་དགོས་པ་ཡང་དེ་ལྟར་ཡིན་ཞིང་གོང་དུ་

p. 104

སྨོས་པ་ལྟར་རོ། །གསུམ་པ་རཀྟའི་གོ་དོན་ནི། སྤྱིར་རཀྟ་ལ་རྣམ་པ་ལྔ་སྟེ། སྲིད་པ་གཞིའི་རཀྟ་ནི་འབྱུང་བ་ཆུ། སྣང་བ་བརྡའི་རཀྟ་ནི་ཁ་དོག་དམར་པོར་གྱུར་ཚད། འགྱུར་མེད་དོན་གྱི་རཀྟ་ནི་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཐའ་ཡས། འཁོར་བ་རྒྱུའི་རཀྟ་ནི་མའི་མངལ་ཁྲག འབྲས་བུ་ཆེན་པོའི་རཀྟ་ནི་གདུག་པ་རཱུ་ཏྲ་བསྒྲལ་བའི་སྙིང་ཁྲག་སྟེ་རྣམ་པ་ལྔར་བཤད། དེ་ལ་དབྱེ་ན་རཀྟ་རྩ་བ་བརྒྱད་དང་ཡན་ལག་སུམ་ཅུ་སོ་ལྔར་འདུས་ཤིང་། སྐབས་དོན་སྙིང་པོ་མདོར་བསྡུས་ཏེ་བཤད་ན། མ་ཧཱ་རཀྟ། མཱུ་ལ་རཀྟ། གུ་ཧྱ་རཀྟ་དང་གསུམ་ནི་བླ་མེད་གྱི་ཆོ་ག་གཞུང་ཕལ་ཆེ་བ་ལས་འབྱུང་བ་སྟེ། དེ་ལ་མ་ཧཱ་རཀྟ་ནི་གདུག་པ་ཅན་བསྒྲལ་བའི་ཁྲག་ཆེན་པོ་ལ་འཇུག་ཀྱང་། ད་ལྟ་ནི་དམིགས་རྟེན་ཙམ་དུ་སྲོག་ཆགས་གཡག་དང་ར་སོགས་ཀྱི་ཁྲག་གཙང་མས་རུང་མཐུན་དུ་མཛད། མཱུ་ལ་རཀྟ་ནི་སྣོད་བཅུད་ཆགས་པའི་རྒྱུའི་རྩ་བ་ལ་འཇུག་ཀྱང་རུང་མཐུན་ཆུ་གཙང་མ་ལ་སིནྡྷུ་ར་སོགས་རཀྟ་རྩ་བ་བརྒྱད་དང་ཡན་ལག་གི་རྫས་རྣམས་ཚང་བའམ་ཅི་འབྱོར་བཏབ་པས་མཚོན་པར་བྱེད། གུ་ཧྱ་རཀྟ་ནི་མཚན་ལྡན་མ་གྲོང་པའི་ཆོས་ཀྱིས་མ་གོས་པའི་པདྨ་རཀྟ་ལ་བཤད་དོ། །ཡང་རྣམ་པ་གཅིག་ཏུ་ན་མཱུ་ལ་རཀྟ་ནི་སྤང་བྱ་དང་གཉེན་པོའི་ཕྱོགས་ནས་བརྗོད་ན་རྟེན་འབྲེལ་བཅུ་གཉིས་ནི་འཁོར་བར་འཁྱམས་པའི་རྒྱུ་ཡིན་ལ། དེ་ཉིད་ཀྱི་རྩ་བ་མ་རིག་པ་སྟེ་དེ་རིག་པའི་ཡེ་ཤེས་ཀྱིས་བཅོམ་པས་འཁོར་བ་བསྒྲལ་བའི་རཀྟ་སྟེ། རྒྱུད་ལས། རྒྱུ་དྲུག་འཁོར་བ་བསྒྲལ་བའི་རཀྟས་མཆོད། །ཅེས་གསུངས། གཉེན་པོའི་ཕྱོགས་ནས་བརྗོད་ན་རྒྱུ་དུག་གསུམ་དང་འབྲས་བུ་ཁམས་གསུམ་དུ་སྣང་བ་འདི་ཐམས་ཅད་ཡེ་ནས་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་རྣམ་པར་དག་པ་ནི་རང་བྱུང་བདེ་བ་ཆེན་པོའི་རཀྟ་སྟེ། ཇི་སྐད་དུ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། །ཁམས་གསུམ་དུག་གསུམ་བསྒྲལ་བའི་རཀྟ་མཆོག །ཅེས་དང་། ལེགས་ལྡན་གྱི་རྒྱུད་ལས་ཀྱང་། མ་ཧཱ་རཀྟ་དགྲ་བགེགས་བསྒྲལ་བའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག་གིས་

p. 105

མཆོད། །ཅེས་གསུངས་སོ། །བཞི་པ་སྒྲོན་མའི་གོ་དོན་ནི། ལུས་ཅན་ཐམས་ཅད་ལ་རང་བྱུང་ཡེ་ཤེས་ཀྱི་སྒྲོན་མ་རང་ཆས་སུ་བཞུགས་པ་ཉིད་འཁོར་བའི་དྲྭ་བས་བསྒྲིབས་པའི་མུན་པ་གཞོམ་པའི་ཆེད་དུ་ལྷ་གྲངས་དང་མཉམ་པའི་མར་མེའི་མཆོད་པ་སྟེ། དེ་ཡང་སྨན་བླའི་མདོ་ཆོག་ལས། མར་མེ་རེ་རེ་བྱ། མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱའོ་ཞེས་གསུངས་པའི་ཕྱིར་རོ༑ ༑གསུམ་པ་ནི། དབྱིངས་རྣམ་པར་དག་པའི་རང་བྱུང་རང་ཤར་གྱི་མཆོད་པ་དེ་རྣམས་ཡེ་ནས་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པ་དེ་ཉིད་ཚིག་གིས་གསལ་བཏབ་སྟེ་དམིགས་མེད་བདེ་བ་ཆེན་པོའི་དབྱིངས་སུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་ཡིན་ནོ། །དེ་ཡང་ལྟ་བ་ལ་བཟླ་བའི་ཚུལ་དུ་རྟོག་ཚིག་གིས་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་། སྒོམ་པ་ཏིང་ངེ་འཛིན་གྱིས་རང་བཞིན་གནས་ལུགས་ལས་མི་གཡོ་བའི་ཚུལ་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་། ལྷ་རྟོག་དབྱེར་མེད་ཀྱི་གནས་དག་གནས་གྱུར་དུ་ཐུགས་དམ་ཡོངས་སུ་སྐོང་བར་བྱེད་པ་དང་གསུམ། དང་པོ་ནི། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཞེས་པ་སྟེ། དེ་ལ་བསྐང་ངོ་ཞེས་པས་ཐུགས་དམ་ཡོངས་སུ་སྐོང་ཚིག སྐོང་བྱེད་ནི་བསྐལ་པ་སྟེ། རྟོགས་ཚིག་མང་པོའི་དོན་ཡིན་པས་དོན་དམ་གསལ་འདེབས་ཀྱི་རྟོགས་པའི་ཚིག་མང་པོ་དག་གིས་སྐོང་བའི་དོན་ཏེ། རོང་ཟོམ་ཆོས་ཀྱི་བཟང་པོས། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཞེས་གསུངས་སོ། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །ཞེས་པ་སྟེ་དངོས་པོར་སྣང་བའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ལས་མ་གཡོས་པ་སྟེ༑ དབུ་མ་རིན་ཆེན་ཕྲེང་བ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་དང་། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་པས་གནས་ལུགས་ཟབ་མོ་སྟོང་པ་ཉིད་དུ་དང་། སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །ཞེས་པ་སྟོང་ཉིད་དེའི་རྩལ་སྣང་དག་མ་དག་གི་སྣང་བ་ཐམས་ཅད་ཡེ་ཤེས་ཆེན་པོ་གཅིག་གི་ཀློང་

p. 106

དུ་སྐོང་བ་དང་། གསལ་བ་ཤེས་རབ་ཀློང་དུ་བསྐང་། །ཞེས་པ་གོང་དུ་སྨོས་པའི་ཐབས་ཤེས་ཟུང་འཇུག་བདེ་ཆེན་སྟོང་ཉིད་ཀྱི་ངོ་བོ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་དང་། སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །ཞེས་པ་གནས་ལུགས་མ་རྟོགས་པར་སྡུག་བསྔལ་གྱིས་བཅིངས་པའི་འགྲོ་བ་འདི་རྣམས་ཡེ་ནས་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་དག་པའི་དང་། དེ་བཞིན་དུ་སྐྱེ་བ་མེད་པའི་སོགས་ཀྱི་དོན་ནི། འདི་ལྟར་སྐྱེས་པ་ལྟར་སྣང་ཡང་དོན་ལ་སྐྱེ་བ་མེད་པའི་དབྱིངས་སུ་དང་། འགགས་པ་ལྟར་སྣང་ཡང་དོན་ལ་འགག་པ་མེད་པའི་ཡེ་ཤེས་ཀྱི་མཁའ་ཀློང་དུ་དང་། སྣང་སྟོང་གི་རང་བཞིན་སྐྱེ་འགག་གི་རྣམ་པ་ཅན་དེ་ཡང་དོན་ལ་སྐྱེ་འགག་གཉིས་སུ་མེད་པའིི་ཆོས་ཉིད་ཀློང་དུ་ལྟ་བ་ལ་བཟླ་བའི་ཚུལ་དུ་དང་། ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག །ཅེས་སོགས། དེ་ཡང་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབས་པས་ན་ཐུན་ཚོད་ལས་འདས་པ་ཞེས་བྱ་བ་དང་། ཞག་གཅིག་གིས་བར་མ་ཆོད་པ་འགལ་བ་དང་། ཟླ་བས་བར་མ་ཆོད་པ་ཚུན་ཆད་ཉམས་པ་དང་། ལོ་གཅིག་ཚུན་ཆད་འདས་པ་དང་། ལོ་གསུམ་ཚུན་ཆད་རལ་པ་ཞེས་དུས་ལ་ལྟོས་ནས་རིམ་གྱིས་ལྕི་བ་སྟེ། དེ་ཚུན་ཆད་སྙིང་ནས་བརྩོན་པ་ཆེན་པོས་བཤགས་ན་འདག་ལ། ལོ་གསུམ་འདས་པ་ཕན་ཆད་ནི་གསོར་མི་རུང་བ་དམ་ཚིག་བཀོད་པའི་རྒྱུད་ལས་བཤད་དོ། །དེ་ལ་ཉམས་པ་ལ་སྤྱི་མདོ་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པས་ཀུན་ཏུ་ཉམས་པ་ཆེན་པོ་ནི། ཡུལ་ཆེས་གཉན་པ་ལ་ཀུན་དཀྲིས་དྲུག་པོས་སྤྱད་པའང་ལན་གྲངས་མང་དུ་བྱུང་བ་དང་། དུས་འདས་རལ་པ་ལ་སོགས་པ་ཡིན་ལ། རྩ་བ་ཉམས་པ་དང་ཡན་ལག་ཉམས་པ་གཉིས་ནི་དེ་དག་དང་། ཟླས་ཉམས་ནི། ཉམས་པ་དང་འགྲོགས་པའིི་ཉེས་པ་དང་། ཞར་ཉམས་ནི། གཞན་གྱི་ངོ་དགར་ཐལ་བའི་ཉེས་པའོ། །ཆག་པ་ནི། དམ་ཚིག་གསལ་བཀྲ་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །རབ་ཀྱིས་ཆུ་བོའི་རྒྱུན་གཞུང་བཞིན། །ཉིན་གསུམ་མཚན་

p. 107

གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མར་བརྩོན་པའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་ན། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའོ། །ཞེས་པའོ། །རྟོག་སྒྲིབ་ནི། དོན་དམ་བློ་རྟོག་གི་ཡུལ་དུ་བྱས་པའི་སྒྲིབ་པ་སྟེ། རྒྱུད་ལས། དོན་དམ་མི་དམིགས་སྤྲོས་ལས་འདས་པས་ན། །ཞེས་སོ། །དེ་ལྟར་བློའི་དྲི་མ་རྣམས་དག་ནས་རང་གནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་དབང་དང་མཆོག་ཐུན་གྱི་དངོས་གྲུབ་རྣམ་པ་གཉིས་ད་ལྟ་ཉིད་དུ་སྩལ་དུ་གསོལ་ཞེས་པའོ། །གཉིས་པ་ལ་བཞི་ལས། དང་པོ་བདུད་རྩིས་བསྐང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་སོགས། ཀུན་གཞི་མཁའ་ཀློང་ཡངས་པའི་བྷཉྫའི་སྣོད་དུ་རང་བྱུང་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་བདུད་རྩིས་ཡོངས་སུ་བཀང་ནས་སངས་རྒྱས་ཆོས་ཀྱི་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། གདངས་གསལ་འབར་བའི་བྷཉྫ་རུ། །ཞེས་སོགས། སེམས་ཉིད་དམིགས་མེད་ཀྱི་རྩལ་གདངས་འགག་པ་མེད་པའི་བྷཉྫའི་སྣོད་དུ་སེམས་ཅན་གྱི་དོན་ལ་གཟིགས་པ་སྒྲིབ་པ་མེད་པའི་ཡེ་ཤེས་ལྔའི་རང་བྱུང་གི་བདུད་རྩིས་ཡོངས་སུ་བཀང་ན་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། མཆོག་གི་འོད་གསལ་སོགས་ཏེ། དེ་ལས་མ་གཡོས་བཞིན་དུ་མཆོག་གི་སྤྲུལ་པའི་སྐུ་འཕོ་མེད་འོད་གསལ་གྱི་སྐུར་བཞེངས་པ་ཕྲིན་ལས་ཐུགས་རྗེའི་བྷཉྫ་རུ་སེམས་ཅན་རྣམས་ཀྱི་ཆོས་སྐུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་དེའི་སྒྲིབ་པ་བསལ་བས་སེམས་ཉིད་བདེ་ཆེན་ཡེ་ཤེས་སུ་འབར་བའི་བདུད་རྩིས་བཀང་བ་ནི་རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་གནས་སུ་སྐོང་བ་དང་། ཡེ་ཤེས་རྩ་ལྔའི་ཞེས་སོགས། སེམས་ཉིད་ཀྱི་ཀློང་ན་འབྲས་བུའི་ཆོས་ཡེ་ཤེས་ཉི་ཤུ་རྩ་ལྔར་སྣང་བའི་བྷནྫ་རུ་སེམས་ཉིད་ཀྱི་ངོ་བོ་ཨ་ཡིག་དཀར་པོ་གནས་པ་དེ་ལམ་པས་ཉམས་སུ་བླངས་པས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་སུ་སྣང་བ་ཞི་བ་དང་། དཔའ་བོ་འབྲུ་ལྔའི་སོགས་ཏེ། ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ་སྟེ། དཔའ་

p. 108

བོ་འབྲུ་ལྔ་འོད་དུ་འབར་བའི་བྷཉྫ་རུ་ཤེས་རབ་ཡུམ་ལྔའི་བདུད་རྩིས་ཡོངས་སུ་བཀང་ནས་ཟུང་འཇུག་ཡེ་ཤེས་ཀྱི་བདུད་རྩི་དེ་ཉིད་གདུལ་བྱ་གདུག་པ་ཅན་འདུལ་བའི་ཐབས་ཀྱི་ཕྱག་རྒྱ་ཁྲག་འཐུང་ང་བརྒྱད་ཀྱི་རྣམ་པར་ཤར་བ་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གནས་སུ་སྐོང་བའོ། །བདུད་རྩི་སྨན་གྱི་དམ་ཚིག་སོགས། འདི་ལྟར་འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་རང་བཞིན་དུ་གནས་པའི་བདུད་རྩི་སྨན་གྱི་དམ་ཚིག་འདིས་མཆོད་འོས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ན་བཞུགས་པ་རྣམས་ཀྱི་ཐུགས་དམ་སྐོང་བའོ། །གཉིས་པ་གཏོར་མ་ནི། ཧཱུྃ། བྷཉྫ་འབར་བའི་སོགས་ཏེ། རང་ལུས་ཡེ་ནས་འདོད་ཡོན་ལྔའི་རང་བཞིན་གྱི་གཏོར་མ་གདོད་ནས་གྲུབ་པ་ཚིག་གིས་གསལ་བཏབ་ནས་འབུལ་བར་བྱེད་པ་སྟེ། ཐོད་པ་བྷཉྫ་འབར་བའི་གཏོར་སྣོད་དུ་ཤངས་ཀྱི་རླུང་སྒྲོམ་སྣའི་དབང་པོ་ཉིད་དཔལ་བཤོས་གཏོར་མའི་ཚུལ་དུ་བྱས་ནས་སྣ་སྒོའི་ལས་རླུང་ཡེ་ཤེས་སུ་དག་པའི་འདོད་ཡོན་དྲུག་གི་ལྷ་མོ་འདོད་པའི་ཡོན་ཏན་སྤྲོ་བའི་བདག་ཉིད་ཅན་གྱི་གཏོར་མ་དེ་ལ་བདེ་ཆེན་འཁོར་ལོའི་རྩ་འདབ་ཡེ་ཤེས་སུ་འབར་བའི་སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག་གི་མཐེབ་ཀྱུས་ཡོངས་སུ་བསྐོར་བ་ལ། སྒྲོན་མ་མིག་གི་ཛ་གད་སྩལ། །ཞེས་པ་ཤ་ལྔ་ནི་སྒྲོན་མ་སྟེ། དབང་པོ་ལྔ་བཀྲག་གདངས་གཟི་བརྗིད་འབར་བར་བྱེད་ལ། དེའི་ནང་ནས་དབང་པོའི་དྭངས་མ་མིག་ཡིན་པས་མིག་བདུད་རྩི་དང་། དབང་པོ་ལྔ་ཡི་རཀྟ་ནི། ཆགས་འཛིན་གྱི་སྒོ་དབང་ཤེས་ནང་དུ་སྡུད་པའི་ཐབས་དབང་པོ་ལྔའི་བྱེད་བཅིངས་ཀྱིས་ཆགས་རྟོག་དབྱིངས་སུ་བསྒྲལ་བའི་རཀྟས་བརྒྱན་ཏེ་རང་བྱུང་གི་གཏོར་མས་མཆོད་པ་དང་། ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཞེས་སོགས། སྤྱི་བོའི་ཧཾ་ཡིག་ཟླ་བའི་རང་བཞིན་དང་། ལྟེ་བའི་ཨཾ་ཡིག་ཉི་མའི་རང་བཞིན་དུ་ཡོད་པ་ཉི་ཟླ་ཁ་སྦྱོར་གྱི་ལུས་ཀྱི་དབུས་སུ་སྙིང་རང་བྱུང་དཔལ་གྱི་ལྷ་བཤོས་སུ་བཙུགས་ནས་སྙིང་གའི་རྩ་ཆེན་བརྒྱད་པད་འདབ་བརྒྱད་ཀྱི་མཐེབ་ཀྱུའི་ཚུལ་དུ་བསྐོར་ནས་རྩ་དེ་དག་ལ་གནས་པའི་རྣམ་ཤེས་བརྒྱད་ནི་སྙིང་གའི་འཁོར་ལོའི་བྱེད་པ་བཅིངས་ན་ཡེ་ཤེས་ལྔར་རང་འབར་བའི་ཛ་གད་བདུད་རྩི་སྩལ་ནས་དེའི་ཚེ་རྩ་ཆེན་བཞི་ལས་འཁོར་བ་འཆར་བའི་

p. 109

སྒོ་འགགས་པས་འཁོར་བ་བསྒྲལ་བའི་རཀྟས་བརྒྱན་པའི་རང་བྱུང་གི་གཏོར་མ་དང་། ཁྱབ་བརྡལ་པགས་པའི་ཞེས་སོགས། ལུས་པོའི་པགས་པའི་སྐྱ་རིས་ཀྱི་ལྟེམས་པའི་གཏོར་སྣོད་དུ་རུས་པའི་ཚོགས་རྣམས་དཔལ་གྱི་གཏོར་མར་གྲུབ་པ་ལ་ཤའི་མཐེབ་ཀྱུ་བཀྲག་མདངས་ཀྱི་བདུད་རྩི་ཁྲག་དང་ཆུ་སེར་གྱི་རཀྟས་བརྒྱན་པའི་གཟུགས་ཕུང་རང་བྱུང་གི་གཏོར་མ་དང་། ཁོག་པ་སྟོང་པའི་ཞེས་སོགས། ལུས་ཁོག་གཏོར་གཞོང་གི་ནང་དུ་མཆིན་པ་ཉིད་དཔལ་བཤོས་སུ་བཙུགས་པ་ལ་གློ་མཚེར་མཁལ་མའི་མཐེབ་ཀྱུས་ཡོངས་སུ་བསྐོར་ནས་གུ་ཧྱ་གསང་བ་སྟེ༑ གསང་བ་ནང་ཁྲོལ་དུ་གཏོགས་པ་ཐམས་ཅད་ཛ་གད་བདུད་རྩིའི་རང་བཞིན་དུ་ཡེ་ནས་གནས་པའི་བདུད་རྩི་དང་། མཁྲིས་པའི་རཀྟ་སྟེ་ནང་ཕུང་པོའི་ཆོས་ཐམས་ཅད་ཡེ་ནས་རང་བྱུང་གི་གཏོར་ཚོགས་སུ་གནས་པའི་བ་ལིང་འདོད་ཡོན་ལྷ་མོ་རྡོ་རྗེའི་དམ་ཚིག་གིས་མཆོད་པའོ། །གསུམ་པ་རཀྟས་བསྐང་བ་ནི། ཧཱུྃ། བསྐང་ངོ་རཀྟ་སོགས་ཏེ། སྤྱི་བོར་དུང་ཁང་འཁོར་ལོའི་བྷཉྫ་རུ་སྡུག་བསྔལ་གྱིས་མཚོན་པའི་རྣམ་པར་རྟོག་པ་ཐམས་ཅད་མི་རྟོག་པའི་དབྱིངས་སུ་བསྒྲལ་བའི་རཀྟས་བསྐང་ནས་དང་། མགྲིན་པ་ལོངས་སྤྱོད་སོགས། བཟའ་བཏུང་སྣ་ཚོགས་ཀྱི་རོ་བཅུད་ཉམས་སུ་མྱོང་བར་བྱེད་པའི་ལོངས་སྤྱོད་འཁོར་ལོའི་བྷཉྫ་དེར་དབང་པོ་གཟུགས་ཅན་ལྔས་སྤྱད་བྱར་མ་གྱུར་པའི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱིས་བསྐྱེད་པའི་ཡིད་ཤེས་འཛིན་མེད་རྒྱ་ཡན་གྱི་རཀྟས་བཀང་ནས་དང་། སྙིང་ག་ཆོས་ཀྱི་འཁོར་ལོའི་བྷཉྫ་དེར་ཆོས་ཉིད་བསམ་བརྗོད་ལས་འདས་པའི་བློ་ངོ་བོ་ཉིད་དུ་དག་པའི་རཀྟས་བཀང་ནས་དང་། ལུས་ཀྱི་སྤྲུལ་གཞི་ལྟེ་བ་སྤྲུལ་པའི་འཁོར་ལོའི་བྷནྫ་དེར་ཉོན་མོངས་པ་སྲིད་པའི་རྩ་བ་དམར་ཆ་རྡུལ་ཏེ་ཤེས་རབ་སྟོང་ཉིད་ཀྱི་རཀྟས་བཀང་ནས་དང་། གསང་གནས་བདེ་སྐྱོང་འཁོར་ལོའི་བྷཉྫ་དེར་ཐབས་ཤེས་མཉམ་པར་སྦྱོར་བའི་རྗེས་ཆགས་བདེ་བ་ཆེན་པོའི་ཐིག་ལེའི་རཀྟས་ཡོངས་སུ་བཀང་ནས་དང་། དེ་ལྟར་ན་ཡེ་ནས་སེམས་ཅན་ཐམས་ཅད་ལ་རཀྟ་བདེ་བ་ཆེན་པོའི་ངོ་བོར་འབར་བའི་ལྷ་མོ་རྡོ་རྗེའི་དམ་ཚིག་གིས་མཆོད་འོས་རྣམས་

p. 110

མཉེས་པར་བྱེད་པའོ། །བཞི་པ་སྒྲོན་མེས་བསྐང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་སོགས་ཏེ། གཟུགས་ཕུང་ཀུན་ལ་ཁྱབ་པའི་པགས་པའི་ཀོང་བུ་རུ་ཁྲག་དང་ཆུ་སེར་གྱི་བཅུད་ཀྱི་མར་ཁུས་ཡོངས་སུ་གཏམས་ནས་ཤ་རུས་ཀྱི་སྡོང་བུ་ལ་ཡེ་ནས་རང་ལ་ཡེ་ཤེས་རང་གསལ་དུ་གནས་པས་ལུས་ཀྱི་བཀྲག་མདངས་མཆོག་ཏུ་འབར་བའི་ཞུན་མར་རང་བྱུང་གི་སྒྲོན་མ་དང་། ཐོད་པ་དུང་ཆེན་འབར་བའི་ཀོང་བུར་ཀླད་པ་གོ་རོ་ཙ་ནའི་མར་ཁུས་ཡོངས་སུ་གཏམས་ཏེ་ཤེས་བྱའི་གནས་གསལ་བར་བྱེད་པའི་དབང་ཤེས་ཉི་ཤུ་རྩ་ལྔའི་སྡོང་བུ་ལ་དབང་པོ་སྒོ་ལྔའི་རང་བྱུང་གི་སྒྲོན་མ་དང་། ཙིཏྟ་སྙིང་གི་ཀོང་བུ་འབར་བའི་སྣོད་དུ་སྙིང་ཚིལ་དཀར་དམར་གྱི་མར་ཁུས་ཡོངས་སུ་གཏམས་ནས་སྙིང་གི་རྩ་ཆེན་བརྒྱད་པདྨ་འདབ་བརྒྱད་ཀྱི་སྡོང་བུ་ལ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་འོད་དུ་འབར་བའི་རང་བྱུང་གི་སྒྲོན་མ་དང་། ཨ་བ་དྷུ་ཏི་སྟེ། དབུ་མ་ཡེ་ཤེས་ཀྱི་ཀོང་བུ་རུ་བདེ་སྟོང་གཉིས་མེད་རང་གསལ་འོད་དུ་འབར་བའི་མར་ཁུས་ཡོངས་སུ་གཏམས་ནས། འཁོར་ལོ་བདུན་བརྩེགས་ཏེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༑ སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། སྤར་བྱ་མེའི་འཁོར་ལོ། སྤོར་བྱེད་རླུང་གི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་སྟེ་བདུན་བརྩེགས་པའི་སྡོང་བུ་ལ་ཞུ་བདེ་ལས་བྱུང་བའི་འཁོར་འདས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རང་འབར་བའི་རང་བྱུང་གི་སྒྲོན་མ་དང་། སེམས་ཉིད་མི་ཤིགས་པ་སྟོང་ཉིད་ཀྱི་ཀོང་བུ་རུ་ཆོས་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་སུ་ལ་བཟླ་བའི་མར་ཁུས་ཡོངས་སུ་གཏམས་ནས་མ་རིག་པ་ལ་སོགས་ཏེ་རྟེན་འབྲེལ་བཅུ་གཉིས་འཆར་བྱེད་ཀྱི་སྒོ་རྩ་ཕྲན་བཅུ་གཉིས་ཀྱི་སྡོང་བུ་ལ་རིག་པ་རང་བྱུང་གི་སྒྲོན་མ་རང་འབར་བ་དང་། སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉེར་ལྔ་ལུས་ཅན་རྣམས་ལ་རང་ཆས་སུ་གནས་པའི་ཀོང་བུ་རུ་སེམས་ཅན་གྱི་དབང་པོའི་ཆ་ལས་ཕྱེ་ན། དབང་པོ་རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་

p. 111

ཕྱིན་པ་སྟེ་བདུན་དང་། དེ་བཞིན་དུ་དབང་པོ་འབྲིང་གི་ཐ་མ་སོགས་བདུན་དང་། ཐ་མའི་ཐ་མ་སོགས་བདུན་ཚན་གསུམ་སྟེ་ཉི་ཤུ་རྩ་གཅིག་གི་དབང་པོ་མི་འདྲ་བའི་སེམས་ཉིད་ཨ་དཀར་དྲི་མ་མེད་པ་ཉེར་གཅིག་གི་མར་ཁུས་ཡོངས་སུ་གཏམས་ནས་ཨ་ཡིག་དེ་རྣམས་ཀྱི་ཀློང་ན་འབྲས་ཆོས་ཉེར་ལྔ་འཆར་རུང་མ་འགགས་པར་གནས་པའི་སྡོང་བུ་ལ་ཤེས་རབ་འབྲུ་ལྔ་སྟེ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་འོད་དུ་ཞུ་བ་ཡུམ་ལྔའི་ངོ་བོར་འབར་བའི་སྒྲོན་མ་དང་། མཆོག་སངས་རྒྱས་ཀྱི་ཞིང་ཁམས་འོད་གསལ་རྒྱ་ཚད་དང་བྲལ་བའི་ཀོང་བུ་རུ་དེའི་རང་གདངས་འགག་མེད་བདེ་སྟོང་གཉིས་མེད་ཀྱི་མར་ཁུས་ཡོངས་སུ་གཏམས་ནས་ཆོས་ཐམས་ཅད་ཟུང་འཇུག་ཡེ་ཤེས་ཀྱི་ཐིག་ལེ་གཅིག་ཏུ་འཁྱིལ་བའི་སྡོང་བུ་ལ་ཡེ་ཤེས་རྣམ་པ་ལྔ་རང་ཤར་དུ་འབར་བའི་སྒྲོན་མ་དང་། འཁོར་འདས་ཐམས་ཅད་ཀྱི་འབྱུང་ཁུངས་ཀུན་གཞི་མ་བཅོས་མཁའ་ཀློང་ཡངས་པའི་ཀོང་བུ་རུ་ཆོས་དབྱིངས་འགྱུར་བ་མེད་པའི་མར་ཁུས་ཡོངས་སུ་གཏམས་ནས་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པའི་སྡོང་བུ་ལ་ཆོས་ལོངས་སྤྲུལ་གསུམ་མངོན་བྱང་རྡོ་རྗེའི་སྐུ་སྟེ་སྐུ་ལྔ་ལྷུན་གྲུབ་འོད་དུ་འབར་བའི་སྒྲོན་མ་སྟེ། དེ་ལྟར་ལུས་ཅན་རྣམས་ལ་ཡེ་ནས་རང་བྱུང་གི་སྒྲོན་མ་རང་འབར་དུ་གནས་པའིི་གནས་ལུགས་ཀྱི་དོན་འདི་ལས་མི་འདའ་བའི་དམ་ཚིག་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས། དམ་ཚིག་འདི་ནི་རྨད་པོ་ཆེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཅེས་གསུངས་པ་ལྟར་རོ། །དཱི་པ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད་འོས་རྣམས་ལ་མར་མེའི་མཆོད་པའི་གཞི་ཚུགས་ཞེས་པའི་དོན་ནོ། །ༀ་ཨེ་ཧོ་སོགས་ཁྲུས་བདུན་གྱིས་རིག་སྔགས་ལན་བདུན་བཟླས་པས་འབྱུང་བའི་ཡི་གེ་དེ་རྣམས་ལུས་ཅན་རྣམས་ལ་རང་ཆས་སུ་ཡོད་པ་འོད་དུ་འབར་བའི་ཆག་ཉམས་དང་རྟོག་གྲིབ་ཐམས་ཅད་དག་པར་བྱེད་པའི་དོན་ནོ༑ ། གསུམ་པ་ལ། ཞི་བ་གནས་དག་དང་། ཁྲོ་བོ་གནས་གྱུར་གྱི་བསྐང་བ་གཉིས་ལས། དང་པོ་ནི། ཧཱུྃ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཞེས་སོགས། ཡིད་ནི་རྟོག་བཅས་འཁོར་བའི་བྱེད་པ་པོ་དང་། རྟོག་མེད་མྱང་འདས་གཉིས་ཀའི་བྱེད་པ་པོ་ཀུན་བཟང་གི་ངོ་བོར་གནས་

p. 112

སུ་དག་པ་དང་། ཡིད་ཀྱིས་གཏན་ལ་དབབ་བྱའི་ཡུལ་ཆོས་ཀྱི་ཁམས་དེ་ཀུན་ཏུ་བཟང་མོའི་ངོ་བོར་རྣམ་པར་དག་པ་དང་། དེ་བཞིན་དུ་ཕུང་པོ་ལྔ་ནི་རྒྱལ་བ་རིགས་ལྔའི་ངོ་བོར་དང་། འབྱུང་བ་ལྔ་ནི་ཡུམ་ལྔའི་ངོ་བོར་དང་། རྣམ་ཤེས་ཚོགས་བརྒྱད་ནི་སེམས་དཔའ་བརྒྱད། དེའི་ཡུལ་བརྒྱད་ནི་སེམས་མ་བརྒྱད་དང་། ལུས་དབང་། དེའི་རྣམ་ཤེས། དེའི་ཡུལ། དེ་གསུམ་འདུས་པའི་ལུས་ཀྱི་རེག་པ་སྟེ་ལུས་ཀྱི་ཆོས་བཞི་ནི་སྒོ་བ་བཞིའི་ངོ་བོར་དང་། རྟག་ཆད་བདག་མཚན་བཞི་ནི་ཁྲོ་མོ་ལྕགས་ཀྱུ་མ་ལ་སོགས་པ་བཞིའི་ངོ་བོར་གནས་སུ་དག་པ་དང་། ང་རྒྱལ། ཕྲག་དོག འདོད་ཆགས། གཏི་མུག སེར་སྣ། ཞེ་སྡང་སྟེ་ཉོན་མོངས་དྲུག་ནི་ཐུབ་དྲུག་གི་ངོ་བོར་གནས་སུ་དག་པའོ། །གཉིས་པ་ནི། འདོད་ཆགས། ཞེ་སྡང་། ང་རྒྱལ། གཏི་མུག ཕྲག་དོག་སྟེ་དུག་ལྔ་ཁྲག་འཐུང་ཡབ་ལྔའི་ངོ་བོར་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཡུལ་ལྔ་ནི་ཁྲག་འཐུང་ཡུམ་ལྔའི་ངོ་བོར་དང་། ལུས་ཞེས་པ་ནི་འབྱུང་བ་ལྔས་འཁོར་བའི་གནས་སྐབས་སུ་འཁོར་བའི་འབྱུང་ཁུངས་སམ་དེའི་རྟེན་གཞི་ལུས་ལྟ་བུ་དང་། མྱང་འདས་ཀྱི་གནས་སྐབས་སུ་འབྲས་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སམ་རྟེན་གཞི་ཡུམ་ལྔ་འདུས་པ་ཀུན་ཏུ་བཟང་མོ་ཆོས་ཀྱི་སྐུ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། ཆོས་ཀྱི་སྐུ་ནི་རྒྱལ་བ་རྣམས་ཀྱི་ལུས། །ཞེས་གསུངས་པའི་ཕྱིར་རོ། །རྣམ་བཞིའི་རྟོག་པ་ནི། སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་རྟོག་པ་དང་། སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་དང་། དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་དང་། གསང་བའི་དབྱིངས་ནས་སྐྱེ་གན་ཀྱི་རྟོག་པ་བཞི་འཇོམས་པའི་ཧེ་རུ་ཀ་བཞིའི་ངོ་བོར་དང་། དྲོད་གཤེར། རྫུས་སྐྱེས། སྒོང་སྐྱེས། མངལ་སྐྱེས་ཏེ་སྐྱེ་གནས་བཞིའི་རྟོག་པ་ནི་ཧེ་རུ་ཀ་བཞིའི་ཡུམ་བཞིའི་ངོ་བོར་དང་། ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་ཚོགས་བརྒྱད་ནི་ཁྲོ་མོ་ཀཽ་རི་མ་བརྒྱད་དང་། དེའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་། ཁམས་དང་སྐྱེ་མཆེད་དེ་རྣམ་འགྱུར་ཡུལ་བརྒྱད་ནི་ཁྲོ་མོ་སྟེ་སིངྷ་མ་བརྒྱད་ཀྱི་ངོ་བོར་དང་། རྟག་

p. 113

མཐའ། ཆད་མཐའ། བདག་མཐའ། མཚན་མའི་མཐའ་སྟེ་བཞི་ནི་རྡོ་རྗེ་སྲིང་འགྲོ་མ་ལ་སོགས་པ་ཁྲོ་མོ་སྒོ་མ་བཞིའི་ངོ་བོར་དང་། རྟོག་ཚོགས་སྣ་ཚོགས་སུ་སྣང་བ་ནི། སྲིན་མོ་ཆེན་མོ་མའི་སྲིན་མོ་ལ་སོགས་ཏེ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ངོ་བོར་དང་། དེ་ལྟར་དག་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པ་རྡོ་རྗེ་མི་ཤིགས་པའི་ངང་ལས་མ་གཡོས་ཀྱང་གཟུགས་སྐུ་གང་འདུལ་ཞི་ཁྲོའི་ལྷ་ཚོགས་ཀྱི་རོལ་པར་སྣང་ནས་འགག་མེད་གསུང་གི་སྣང་བ་གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ཡང་སྐུ་ལ་འཕོ་འགྱུར་མི་མངའ་བ་དང་། གསུང་ཐུགས་འཁྲུལ་མེད་པ་དང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་སད་པར་བྱས་ཏེ། ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་སྤྱི་གཙུག་འཁོར་ལོའི་རྒྱན་དུ་ཞུགས་པའི་མཆོད་ཡུལ་ཡེ་ཤེས་ཀྱི་འཁོར་ལོའི་རོལ་པ་ཟད་མི་ཤེས་པར་བཞུགས་པ་རྣམས་ཐུགས་དམ་ཡོངས་སུ་སྐོང་ནས་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་དང་རྟོག་སྒྲིབ་དག་ནས་སྐོང་བའི་འབྲས་བུ་དབང་བཞིའི་ཡེ་ཤེས་དང་མཆོག་ཐུན་གྱི་དངོས་གྲུབ་དམ་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ་ཞེས་པའོ། །ཞེས་སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ་འདི་ནི་རྗེ་བླ་མ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་སྡེའི་བཀའ་ལུང་སྤྱི་བོར་ལྷུངས་པ་ལྡོག་པར་མ་ནུས་པས་སྨིན་གླིང་གྲྭ་པའི་ཐ་ཤལ་དུ་གྱུར་པ་དྷརྨ་ཀིརྟིས་གང་ཤེས་ཚོད་དཔོགས་སུ་བྲིས་པ་ལས་གཞུང་དོན་དང་འབྱོར་བ་ཇི་བཞིན་བྱུང་མིན་འགྲོ་བ་ཆོས་སྤྱན་གྱིས་གཟིགས་པས་དཔྱད་དུ་གསོལ་ལོ། །འཕགས་བོད་མཁས་གྲུབ་དུ་མའི་ཐུགས་ཀྱི་བཅུད། །སྒྱུ་འཕྲུལ་དྲྭ་བ་འགྱོད་ཚངས་བཤགས་སྐོང་ལ། ཟིན་མ་ཊཱིཀ་ཏུ་བྱས་པའི་དགེ་འབྲས་གང་། །འགྲོ་ཀུན་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །འདིས་ཀྱང་གསང་ཆེན་རྙིང་མའི་བསྟན་པ་རིན་པ་ཆེ་དར་རྒྱས་སུ་གྱུར་ཅིག དགེའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་ཡིག་ཉུང་གསལ་སྙིང་པོ། ལོ་ཆེན་དྷརྨ་ཤྲཱི།

p. 114
p. 115

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་ཡིག་ཉུང་གསལ་སྙིང་པོ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

p. 116

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་ཡིག་ཉུང་གསལ་སྙིང་པོ་བཞུགས་སོ། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པ་བྱེད་ལུགས་ཀྱི་ཟིན་བྲིས་མདོར་བསྡུས་པ་ནི། དབེན་ཞིང་ཡིད་དུ་འོང་བའི་གནས་ཁང་ཕྱག་བདར་གྱིས་གཙང་བར་བྱས་ལ། དམིགས་རྟེན་གྱི་བྲིས་སྐུ་བཀྲམ་པའི་མདུན་དུ་སྨན་གཏོར་རཀྟ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམས། དེ་དང་ཁ་སྤྲོད་དུ་རང་གི་སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་ཉེར་མཁོའི་ཡོ་བྱད་མཚམས་ཁོངས་སུ་ཆུག་དགོས་པ་ཐམས་ཅད་སྤྱི་མཐུན་པར་འདུ་བྱས་ལ། གཟའ་སྐར་བཟང་བ་ནས་དབུ་བརྩམས་ཏེ་ལོང་སྐབས་ཡོད་ན་བདུན་ཕྲག་གཅིག་གི་བར་ཕྱི་མཚམས་བཅད་པ༑ ཚུགས་པའི་དགོང་ཐུན་དེ་ལ་རང་ཉིད་རྡོ་རྗེ་ཧེ་རུ་ཀར་གསལ་བཏབ་ནས། གཞི་བདག་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་བྱིན་ནས་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག་ཅིང་དྲག་སྔགས་བཟླས་པས་བསྐྲད་ལ་སྲུང་འཁོར་བསྒོམ། དེ་ནས་དལ་འབྱོར་རྙེད་དཀའ་བསམ་ཞིང་འཆི་བ་མི་རྟག་པས་ཡིད་བསྐུལ་ནས། འཁོར་བ་ལ་ངེས་པར་འབྱུང་བའི་བློ་རྩེ་གཅིག་པས། སྐྱབས་སེམས་ཡིག་བརྒྱའི་སྒོམ་བཟླས། མཎྜལ་བླ་མའི་རྣལ་འབྱོར་རྣམས་ཁྲིད་ཡིག་ལས་འབྱུང་བ་བཞིན་ཐུན་བཞིར་བཅད་ནས་སེམས་རྒྱུད་དང་ཅི་འདྲེས་སུ་བྱེད། གྲོགས་བློ་དང་ལྡན་པ་གཞན་ཡོད་ན་གསུང་སྒྲོག ཆུ་གཏོར། ཉེའུ་འདོན་པ། སྲོག་བླུ༑ སཱཙྪ་འདེབས་པ་སོགས་རྒྱབ་དཔུང་གི་དགེ་བ་ཅི་ནུས་སྒྲུབ་པར་བསྐུལ་ཞིང་། མ་གྲུབ་ནའང་འགལ་བ་མེད། དེ་ནས་བསྙེན་པ་དངོས་ལ་འཇུག་རྒྱུའི་དགོང་ཐུན་དེ་ལ་གཞི་བགེགས་ཀྱི་གཏོར་མ་སྔར་བཞིན་བཏང་ནས་ནང་མཚམས་བཅད། སྒོ་དྲུང་དུ་ཐོ་བརྩིགས་ལ། རྒྱལ་༷

p. 117

ཆེན་བཞི་བསྐྱེད་བསྟིམ་མཆོད་གཏོར་ཕུལ་ལ་ཕྲིན་ལས་བཅོལ་བརྟན་བཞུགས་ཤིས་བརྗོད་བྱ་ཞིང་། དེ་ནས་མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་ཆུག་ལས། ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་མི་བྱ། སྐྱིད་སྡུག་ལེགས་ཉེས་གང་ལའང་རེ་དོགས་མེད་པ་དང་། རྒྱུན་དུ་རང་ཉིད་རྡོར་སེམས་ཀྱི་ང་རྒྱལ་དང་། ཁྱད་པར་སྔགས་ཕྲེང་སྐོར་རེའི་མཚམས་སུ་ལྷར་མོས་པ་སླར་གསལ་འདེབས་རེ་དང་། བླ་མ་ལ་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་དུང་པ་རེ་ངེས་པར་དྲན་པར་བྱ། ད་རེས་བཟླས་པ་འདི་མ་གྲོལ་གྱི་བར་ལ་རྐྱེན་གང་གི་ཡང་དབང་དུ་མི་གཏོང་། ན་ན་ཡང་ན་གོ་ཆོད། ཤི་ནའང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་དུ་སོང་བ་ལ། ད་ལྟ་ལྷག་པའི་ལྷ་འདི་ལྟ་བུ་སྒྲུབ་ཏུ་ཡོད་པ་སྐལ་བ་བཟང་བས་འབད་རྩོལ་དྲག་པོ་བྱ་སྙམ་དུ་ཞེ་དམ་འཆའ། དེ་ལྟར་ངེས་པར་བྱས་ནས། བླ་མ་རིག་འཛིན་སོགས་ཀྱིས་ཚོགས་ཞིང་སྤྱན་དྲངས་ཏེ། བླ་མ་དཔལ་ལྡན་རྡོ་རྗེ་སེམས་ཞེས་སོགས་ཀྱི་ཡན་ལག་བདུན་པས་རྒྱུད་དག་པར་བྱས་ལ་ཚོགས་ཞིང་རང་ལ་བསྡུས་རྗེས། མཆོད་རྫས་བྱིན་རླབས་དཀྱུས་ལྟར་བྱ། དེ་ནས་དཀྱིལ་འཁོར་བསྒོམ་པ་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མེ་ལོང་གི་རླངས་པ་ཡལ་བ་ལྟར་ཡལ་ནས་སེམས་སྣང་མེད་ལ་ཅུང་ཟད་བཞག་རྗེས། ཤུ་ནྱ་ཏའི་སྔགས་ཀྱིས། ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་སོ་སྙམ་པའི་ང་རྒྱལ་བསྒོམ་པ་དེ་ཏིང་། དེ་ལྟར་མ་གཏོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྒོམ་པ་ཀུན་སྣང་། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཧཱུྃ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་དུ་བསྒོམ་པ་རྒྱུ་ཏིང་སྟེ། འཁོར་འདས་ཆོས་ཀུན་གདོད་མ་ནས་ཞེས་སོགས་རྐང་པ་ལྔས་གསལ་གདབ། རྒྱུའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོས་པས་ཅིས་ཀྱང་མི་ཤིགས་པའི་སྲུང་འཁོར་གྱི་ནང་དུ། རྒྱུའི་ཧཱུྃ་ལས་ཨེ་ཡྃ་སོགས་འོག་ཏུ་འཆད་པས་འབྱུང་ལྔ་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་ས་རྡུལ་གྱི་འཁོད་སྙོམས་པའི་གཞི་ལ། པདྨའི་ལྟེ་བ་ལ་རྫོགས་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་

p. 118

ལྟེ་བ་གྲུ་བཞི་པའི་སྟེང་དུ་བྷྲུཾ་ཡིག་ཆད་པ་ལས་གཞལ་ཡས་ཁང་མཚན་ཉིད་ཚང་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་དབུས་སེང་ཁྲི་པད་ཟླའི་གདན་སྒོམ། གདན་གྱི་སྟེང་དུ་རྒྱུའི་ཧཱུྃ་ཡིག་བབས། དེ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ནས་སྔགས་ཀྱི་རྐྱེན་གྱིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུར་བསྒོམ་པ་ནི། དེ་ལས་འོད་ཟེར་ཕྱོགས་མཚམས་ཀུན། །ཅེས་པ་ནས། མཐའ་ཡས་འོད་ཟེར་སྤྲོ་བའོ། །ཞེས་པའི་བར་གྱིས་གསལ་གདབ། དེ་ནས་གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ། དབང་བསྐུར་བ་མཆོད་བསྟོད་རྣམས་དཀྱུས་བཞིན་རྫོགས་པར་བྱས་རྗེས། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ནི་རྣམ་པ་སྤྱི་བྱེ་བྲག་ང་རྒྱལ། དག་དྲན་རྣམས་ལ་རེ་རེ་ནས་སེམས་འཛིན་ཅིང་། གཙོ་བོར་ལྷའི་གསལ་སྣང་ཁོ་ན་ལ་སེམས་འཛིན། དེ་ཡང་ཡབ་ཡུམ་མཁའ་སྦྱོར་གྱི་ཞུ་བདེས་དྲངས་པའི་བདེ་བའི་ངང་ལས་ལྷའི་གསལ་སྣང་དང་། ང་རྒྱལ་སྦྲེལ་བ་ལ་སྒྱུ་མ་ལྟ་བུས་རྩིས་བཏབ་སྟེ་རྩེ་གཅིག་ཏུ་མཉམ་པར་བཞག དེས་སྐྱོ་ན་རང་གི་ཐུགས་འོད་ལྔར་འཁྱིལ་བའི་ཀློང་དུ། ཟླ་བ་ལ་གནས་པའི་རང་འདྲའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་ལངས་ཀྱི་ལྟེ་བར་ཧཱུྃ་ཡིག་དཀར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་གསལ་བཏབ་ནས། དེ་ནས་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པ་ནི། སྔགས་བཟླས་པས་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་སྲས་བཅས་མཆོད། བྱིན་རླབས་དང་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ། ཡང་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་ནི། རེས་སྔགས་ཕྲེང་ལས་སྤྲོས་པའི་འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་བཀོད། འོད་ཟེར་ཚུར་བསྡུས་ནས་སྔགས་ཕྲེང་ལ་ཐིམ་པར་བསམ། དམིགས་པ་དེ་གཉིས་ཕྲུགས་གཅིག་གམ། མ་ལྕོགས་ན་རེ་མོས་ཀྱིས་གསལ་བཏབ་ནས་བཟླས་པ་བྱ་ཞིང་། མཐར་ཐུན་བསྡུ་བ་ན། རང་གི་སྙིང་གའི་འོད་ཀྱིས་ཕོག་པས། ཞེས་སོགས་ཀྱི་དམ་ཡེ་དབྱེར་མེད་ཀྱི་

p. 119

དཀྱིལ་འཁོར་རིམ་གྱིས་ཐུགས་ཀའི་ཧཱུྃ་ཡིག་གི་ནཱ་དའི་བར་དུ་བསྡུ། དེའང་མི་དམིགས་ཁྱབ་བརྡལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག དེ་ལས་ལྡང་བ་ན། ཆུ་ལས་ཉ་ལྡང་བའི་ཚུལ་དུ་རྡོ་རྗེ་སེམས་དཔའི་སྐུར་ལངས་ནས་བསྔོ་བ་བྱ། དེ་ནས་སྲོད་ཐུན་ཡང་དེ་དང་འདྲ་བ་ལས་ཐུན་མཐར་གཏོར་བསྔོ་བྱ་ཞིང་། མཐར་ཉེར་བསྡུའི་འོད་གསལ་དང་སྦྲེལ་ཏེ་མི་དམིགས་པའི་ངང་ལ་ཉལ། ཐོ་རེངས་ལ་བབས་པ་ན། ནམ་མཁའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་སྔགས་སྒྲ་དང་ཌཱ་དྲིལ་གྱི་སྒྲས་གཉིད་སད་པར་བསམ་ལ། སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལངས་ནས། ཐོར་ཐུན་སྔར་བཞིན་ཚོགས་བསགས་ནས་བཟུང་དཀྱིལ་འཁོར་བསྡུ་ཞིང་ལྡང་བའི་བར་བྱ། དེ་བཞིན་དུ་སྔ་དྲོའི་ཐུན་དང་། ཕྱི་དྲོ་དང་། སྲོད་ཐུན་རྣམས་ཏེ། ཐུན་བཞིར་བྱ་ཞིང་། ཚུལ་དེ་ལྟ་བུས་ཡིག་དྲུག་འབུམ་ཚོ་དྲུག་ཁྲི་ཚོ་དྲུག ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་དང་ཁྲི་གཅིག་གིས་མཐའ་བརྟེན་པ་བཟླ་བ་ནི་གྲངས་བསྙེན་དང་། ལོ་གཅིག་གམ་ཟླ་བ་དྲུག་གམ་ཟླ་བ་གསུམ་གྱི་དུས་བསྙེན། དངོས་ཉམས་རྨི་ལམ་ཞལ་མཐོང་ཞིང་ལུང་སྟོན་པ་སོགས་ནི་མཚན་མའི་བསྙེན་པའོ། །ཐུན་སྒང་ལ་ངག་མ་ཤོར་བ་གལ་ཆེ་ཞིང་། ཐུན་མཚམས་སུ་ངག་འགྲོལ་བ་དང་། བཟའ་བཏུང་གི་རྣལ་འབྱོར་སོགས་གང་ལའང་ལྷའི་ལམ་ཁྱེར་དང་མ་བྲལ་བས་དོན་ཡོད་པར་བྱ། དེ་ལྟར་བསྙེན་པ་རྫོགས་ནས་སང་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་རྒྱ་ཆེར་བཤམས། མདུན་གྱི་གཏོར་མའང་ལྷར་བསྐྱེད་ལ། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྔགས་མཐར་ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ་ཞེས་བཏགས་ནས་བཟླ། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་དེ་ལ་སྲུང་འཁོར་དྲག་ཏུ་གསལ་བཏབ། བཟླས་པའི་ཚེ་གཏོར་མ་ལྷར་གསལ་བའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། བཟླས་པའི་སྔགས་ཀྱི་ཤམ་བུ་ས་མ་ཡ་སིདྡྷི་བཏགས་པ་ཁོ་ན་བཟླས་མཐར། སྨན་རག་གཏོར་གསུམ་གྱིས་མཆོད། ཡིག་བརྒྱས་འཁོན་གཅུགས་བཤགས་ནས། ༀ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ ཞེས་སོགས་

p. 120

ཀྱིས་དངོས་གྲུབ་བླང་ཞིང་། མཇུག་ཆོག་རྣམས་མཐའ་རྒྱས་སུ་བྱའོ། །དེ་ལྟར་བསྙེན་པ་རྫོགས་པའི་རྗེས་སྒྲུབ་པ་བདུན་ཕྲག་ཅི་རིགས་བྱ་ན། དཀྱིལ་འཁོར་བཤམས་པའི་དབུས་སུ་མན་ཤེལ་ཟུར་དྲུག་པ་བཀོད། མཆོད་གཏོར་སོགས་རྒྱས་པར་བཤམས་ལ། བདག་བསྐྱེད་སྔར་ལྟར་ལས་བཟླས་པ་གཉིས་པོ་ཅི་རིགས་བྱས་རྗེས། མདུན་བསྐྱེད་ཀྱི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་དཀྱུས་ལྟར་དང་། དེ་ནས་རང་རྡོ་རྗེ་སེམས་དཔའི་རྣམ་པར་ལོགས་སུ་ཕྱེ་ནས་འོད་ཟེར་སྤྲོ་བསྡུའི་འཛབ་དམིགས་གསལ་བཏབ་སྟེ། བཟླས་པ་བྱ་ཞིང་། གསོལ་གདབ། གནང་བ་སྦྱིན་པ་རྣམས་བྱས་ལ། ཚོགས་གཏོར་སོགས་མཇུག་ཆོག་རྣམས་རྒྱས་པར་བྱ་ཞིང་། ཐུན་གཅོད་ཚུལ་སོགས་བསྙེན་པ་དང་འདྲ། གང་ལྟར་ཡང་མཚམས་ཁོག་དེར་ཁ་སྐོང་དུ་བཟླས་པའི་བཅུ་ཆའི་སྦྱིན་སྲེག་དང་། ཐོ་འགྲོལ་གནས་བསྲུང་སོགས་བསྙེན་སྒྲུབ་སྤྱི་ལྟར་ཤེས་པར་བྱའོ། །དྷརྨ་ཤྲཱིས་སོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་མོ་ཁྲིད་ཀྱི་མན་ངག

p. 121

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་མོ་ཁྲིད་ཀྱི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། དབང་ཐོབ་སྙིང་པོའི་ལམ་མཆོག་ལ༔ ཡང་དག་བསླབ་པར་འདོད་པ་ན༔ མཐའ་མེད་འཁོར་བའི་དུཿཁ་ལས༔ ལེགས་པར་བསམ་སྟེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ དང་པོ་སྲུང་འཁོར་བརྟན་དབུས་སུ༔ ལྷར་བསྐྱེད་ཡེ་ཤེས་དགུག་བསྟིམ་རྗེས༔ སྐུ་ཡི་ཆ་ཤས་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་དུ་གསལ་བར་བསྒོམ༔ དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང་༔ དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བརྟན་སེམས་དག་པ་དྲན་པ་དང་༔ སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང་༔ ཁ་སྦྱོར་རླུང་འཆིང་ཡིད་བཟླས་བྱ༔ དེ་གོམས་འབྱུང་འཇུག་གནས་གསུམ་པོ༔ ༀ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ གསུམ་པ་རྫོགས་པའི་རིམ་པ་ལ༔ དང་པོ་ལྟ་བའི་གཟེར་ཐེབས་གཅེས༔ སྣང་བ་སྒྱུ་མ་ལྟ་བུར་བལྟ༔ སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང་༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ དེ་ལྟར་གཏན་ལ་ཕེབས་

p. 122

པ་ན༔ བདེ་དང་གསལ་དང་མི་རྟོག་བསྒོམ༔ རང་ལུས་ལྷ་སྐུ་འཇའ་ཚོན་བཞིན༔ གསལ་བའི་དབུས་སུ་དྷུ་ཏི་ནི༔ མཚན་ཉིད་བཞི་ལྡན་གཡས་གཡོན་ཏུ༔ རོ་རྐྱང་རྡུལ་ཟླས་གང་བ་ཅན༔ མར་སྣ་དྷུ་ཏིར་ཚུད་པར་བལྟ༔ སྤྱི་མགྲིན་སྙིང་ལྟེ་འཁོར་ལོ་ལ༔ ཧ་ༀ་ཧཱུྃ་དང་ཨ་ཡིག་བསྒོམ༔ སྟེང་གནོན་འོག་རླུང་གསུམ་དུ་དྲངས༔ རོ་རྐྱང་ལས་བྱུང་རླུང་གིས་ཨཱཿ སོལ་མེ་བུས་བཞིན་འབར་བར་བསམ༔ དེ་ཡིས་སྙིང་གའི་ཧཱུྃ་ཡིག་ཞུ༔ དབུ་མ་བརྒྱུད་ནས་ཨ་ལ་བབས༔ འོག་རླུང་འཐེན་པའི་སྦྱོར་བ་ཡིས༔ ལྟེ་བའི་ཨ་བསྐུལ་སྙིང་ག་མན༔ བདེ་བས་གང་བསམ་མགྲིན་པ་ཡི༔ ༀ་ལ་སྔར་བཞིན་འབར་འཛག་བྱ༔ དེར་ཡང་བདེ་བ་བརྟན་པ་ན༔ ༀ་ཞུ་ལྟེ་བའི་ཨ་ལ་ཐིམ༔ སྤྱི་བོའི་ཧཾ་ལ་འབར་འཛག་བྱ༔ སྤྱི་བོ་མན་ཆད་ལུས་ཀུན་གང་༔ བདེ་བར་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་གསང་གནས་བར༔ ཤར་རེ་བདེ་བར་བྲེང་ངེ་བསྒོམ༔ བདེ་བའི་ངང་ལ་ཅི་གནས་བཞག༔ སླར་ཡང་ཧཱུྃ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ དེ་ཉིད་གོམས་ནས་ཤེས་རབ་མར༔ མཉམ་པར་སྦྱོར་བའི་བདེ་བ་བསྟེན༔ བདེ་ཆེན་ཀ་དག་ངང་དུ་བཞག༔ གསལ་སྟོང་ཡེ་ཤེས་གོམས་པ་ན༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་སྒྲུབ་རང་སར་བཞག༔ ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ སྐྱིལ་དང་འཆིང་དང་མཉམ་པར་གནས༔ རླུང་རོ་ཕྱིར་བསལ་ཧཾ་ཨ་ལ༔ སེམས་བཟུང་འོག་རླུང་གྱེན་དུ་བསྐྱིལ༔ སྙིང་གའི་ཧཱུྃ་ལ་སེམས་བཟུང་སྟེ༔ སྟེང་རླུང་གྱེན་ནས་ཐུར་དུ་འཆིང་༔ རླུང་སྦྱོར་མཉམ་གནས་གང་ལ་ཡང་༔ མི་རྟོག་འགྲོ་འོང་རྟག་ཏུ་དལ༔ དེ་ཚེ་དྷུ་ཏི་ལས་འོད་བྱུང་༔ ལུས་ནི་ཤེལ་ལྟར་དྭངས་པར་བསམ༔ རགས་པ་ཕྲ་བའི་རླུང་དུ་འགྱུར༔ མིག་ནི་མི་འགུལ་མཁའ་ལ་བལྟ༔ གསལ་ལ་དྭངས་པའི་ཡེ་ཤེས་ཉམས༔ ཤར་ཚེ་དེ་དོན་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ མི་རྟོག་པ་ཡི་སྒོམ་ཚུལ་ནི༔ ལུས་བསྲང་རླུང་སྦྱར་མིག་མི་འགུལ༔ སྐུའམ་ཡིག་འབྲུ་ཐིག་ལེ་ལ༔ ཡུད་དེ་སེམས་བཞག་ཧྲིལ་གྱིས་བསྒྲིམ༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ འཕྲོ་ན་འཕྲོ་མཁན་རང་གི་སེམས༔ ཁ་དོག་

p. 123

དབྱིབས་མེད་ངོས་བཟུང་བྲལ༔ གནས་ན་གནས་མཁན་རིག་པའི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ཉིད༔ བླང་དོར་རེ་དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་པོར་བཞག༔ ཡང་ན་མདུན་དུ་ཨ་བྲིས་ལ༔ སྐྱེ་མེད་དྲན་ཞིང་ལམ་མེ་གཏད༔ རང་བབས་དེ་ལ་སེམས་གནས་ཚེ༔ དམིགས་མེད་ངང་དུ་ལྷོད་ཀྱིས་ཀློད༔ སྐབས་སུ་གཟིངས་ལས་བྱ་རོག་བཞིན༔ གར་འགྲོ་ངོས་བཟུང་དྲན་པ་བསྟེན༔ རེས་འགའ་དྷུ་ཏི་དཀར་པོ་ནི༔ ལྟེ་བ་ནས་བརྩམས་སྤྱི་བོའི་བར༔ གནས་པའི་ནང་དུ་ཐིག་ལེ་ནི༔ དཀར་པོ་འགྲོ་འོང་བྱེད་པར་བསམ༔ འདི་ལས་སྟོང་ཉམས་སྣ་ཚོགས་འཆར༔ བྱིང་ན་སྨིན་མཚམས་ཐིག་ལེ་དཀར༔ སྲན་མ་ཙམ་ཞིག་འཁོར་བར་བསམ༔ རེས་འགའ་མི་དམིགས་མཉམ་པར་བཞག༔ ཐུན་མཚམས་ཤེས་པ་ངོས་བཟུང་ལ༔ ལྷོད་ཀྱིས་ཀློད་ལ་མཉམ་གཞག་བྱ༔ དེ་ཡིས་མི་རྟོག་གོམས་པར་འགྱུར༔ རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ཡང་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཉོན་མོངས་རྣམ་རྟོག་གང་ཤར་ཡང་༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ གང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཡོད་མེད་སྣང་སྟོང་བཏགས་པ་ཙམ༔ འཁོར་འདས་རང་སྣང་བདེན་འཛིན་བྲལ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱང་༔ རྫོགས་རིམ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག

p. 124

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། གོང་གི་ཐུན་མོང་རྫོགས་རིམ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ གསང་བ་གནད་ཀྱི་མན་ངག་བསྟན༔ ལུས་ངག་ཡིད་སྒོ་ཡུལ་དང་རླུང་༔ གནད་དྲུག་དང་པོ་ལུས་གནད་ནི༔ གནད་ཁམས་ཤེས་པའི་ཁྱད་པར་གྱིས༔ སེང་གེ་གླང་པོ་དྲང་སྲོང་ཚུལ༔ ངག་ནི་འཁྲུལ་གཏམ་སྨྲ་བ་བཅད༔ ཡིད་ནི་དུས་གསུམ་རྟོག་པ་བྲལ༔ མ་བཅོས་ངོས་བཟུང་བྲལ་བར་བཞག༔ སྒོ་ནི་ཆོས་ལོངས་སྤྲུལ་པའི་མིག༔ གྱེན་ཐད་ཐུར་དུ་ཟིམ་བུར་བལྟ༔ ཡུལ་ནི་སྤྲིན་བྲལ་ནམ་མཁའ་དང་༔ ཉི་ཟླ་མར་མེའི་སྣང་བའོ༔ རླུང་ནི་ཤིན་ཏུ་དལ་བ་ལ༔ ཅུང་ཟད་འགྲོ་འོང་ཁ་ལས་སོ༔ དེ་ལྟར་གནད་དྲུག་དང་ལྡན་པས༔ རང་རིག་ཡེ་ཤེས་ཆེན་པོ་ཡི༔ གསལ་གདངས་སྙིང་ལས་མིག་གི་སྒོ༔ དཀར་འབྱམས་རྩ་ལས་བརྒྱུད་དེ་ཐོན༔ ནམ་མཁའ་རྣམ་དག་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་འདྲར་འཆར༔ དེ་ནང་ཐིག་ལེ་སྟོང་སྒྲོན་ནི༔ མུ་ཁྱུད་ཐིག་ལེ་དུ་མར་འཆར༔ དེ་ནང་རྡོ་རྗེ་ལུ་གུ་རྒྱུད༔ རྟ་རྔ་མུ་ཏིག་ཕྲེང་འདྲ་འཆར༔ ཅུང་ཟད་འཕར་གཡོ་བྱེད་པའི་ཚུལ༔ རང་གདངས་རིག་པའི་ངོ་བོ་ཉིད༔ ཐིག་ལེ་ཉག་གཅིག་མཐོང་བ་སྟེ༔ ཆོས་ཉིད་མངོན་སུམ་སྣང་བའོ༔ དེ་ནས་བརྩོན་པས་བསྒོམ་པ་ལས༔ དབྱིངས་རིག་རེས་གསལ་རེས་མི་གསལ༔ ནམ་མཁའི་དབྱིངས་འཐོན་ཐིག་ལེ་ནི༔ ལྔ་ཚོམ་གསལ་འཚེར་ལྷུན་སྟུག་འབར༔ ཟ་འོག་གུར་ཁྱིམ་ལྟ་བུ་དང་༔ གྱེན་འགྲེང་རྩིབས་ཤར་ལ་སོགས་པ༔ ཡུལ་སྣང་ཀུན་ཏུ་ཁྱབ་པར་འཆར༔ ཐམས་ཅད་མི་འགུལ་རང་སར་གནས༔ དེ་

p. 125

ལས་ཕྱེད་སྐུ་སྐུ་རྐྱང་སོགས༔ གྲངས་མེད་ལམ་ལམ་ཝལ་གྱིས་གསལ༔ ཕྱི་ཡི་སྣང་རྐྱེན་གྲོགས་སུ་འཆར༔ ནང་གི་འཁྲུལ་པའི་ཡིད་དཔྱོད་བྲལ༔ གསང་བ་མི་རྟོག་རང་སར་གནས༔ ཉམས་སྣང་གོང་འཕེལ་སྣང་བ་སྟེ༔ འདི་དུས་ཤི་བ་ཆོས་ཉིད་ཀྱི༔ བར་དོར་མངོན་པར་འཚང་རྒྱའོ༔ དེ་ནས་བརྩོན་པས་རབ་བསྒོམས་ན༔ ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ༔ ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས༔ གྲངས་མེད་ཞིང་ཁམས་སྣང་བར་འཆར༔ འདི་དུས་ཕྱི་ནང་ལོངས་སྐུའི་ཞིང༔ སྒྱུ་ལུས་འོད་ཕུང་ཆེན་པོར་གྲོལ༔ ཉོན་མོངས་རང་གྲོལ་སྒྲིབ་གཉིས་བྲལ༔ འཁྲུལ་པ་ཀུན་ཟད་ཡེ་ཤེས་རྒྱས༔ གདོས་བཅས་ཕུང་པོ་དབྱིངས་སུ་དག༔ སྐུ་དང་ཞིང་ཁམས་གཏན་ལ་ཕེབས༔ རིག་པ་ཚད་ཕེབས་སྣང་བའོ༔ སླར་ཡང་འབད་པས་ཉམས་བླངས་པས༔ སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང༔ འགག་པ་མེད་ལས་ཐ་སྙད་ཀྱི༔ གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང༔ ཉམས་ཀྱི་འཕེལ་བ་ཀུན་ཟད་པས༔ གདོས་བཅས་ལུས་ཉིད་འོད་དུ་ཡལ༔ ངག་ཟད་གཞོམ་མེད་རང་སྒྲར་ཡལ༔ འཁྲུལ་པའི་བློ་ཟད་ཆོས་སྐུར་གྲོལ༔ ཐོག་མའི་དབྱིངས་སུ་ལ་ཟླའོ༔ འདི་ནི་ཆོས་ཉིད་ཟད་པ་སྟེ༔ བརྩོན་པས་བསྒོམས་ན་ལོ་གསུམ་དང་༔ ཟླ་བ་བདུན་ན་འཇའ་ལུས་ཀྱི༔ འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཅིང་༔ སྡོད་པ་གསུམ་གྱིས་ཚད་བཟུང་སྟེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ནས༔ མི་འགུལ་གསུམ་ལ་བཞི་བཅས་པས༔ རེ་དོགས་མཚན་མ་ཀུན་དག་ནས༔ ཆོས་དབྱིངས་རང་ས་ཟིན་པར་འགྱུར༔ སྣང་བཞིའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ རྨི་ལམ་གྱི་མན་ངག

p. 126

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ རྨི་ལམ་གྱི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། གང་ཞིག་འཁྲུལ་པའི་སྐྱེ་བོ་རྣམས༔ ཡང་དག་ལམ་དུ་འཇུག་པའི་ཕྱིར༔ རྨི་ལམ་གདམས་པ་འདི་ཁོ་ན༔ དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ བག་ཆགས་དབང་ལས་མེད་བཞིན་དུ༔ སྣང་བའི་ཕྱི་རོལ་ཡུལ་སྣང་དང་༔ དེར་འཛིན་དགག་སྒྲུབ་འཆར་སྒོ་ཀུན༔ རྨི་ལམ་ལྟ་བུར་ཡེངས་མེད་དུ༔ དྲན་འདུན་དྲག་པོས་རྟག་ཏུ་བཟུང་༔ ཉལ་དུས་རྨི་ལམ་བཟུང་སེམས་ཀྱིས༔ སྤྱོད་ལམ་དལ་བསྟེན་སེམས་ཀྱི་གནད༔ སྙིང་ནང་ཨ་དཀར་དྲི་མ་མེད༔ སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས༔ འཁོར་འདས་འོད་ཞུ་ཨ་ལ་བསྟིམ༔ དྲི་མེད་མཁའ་ལ་ཟླ་ཤར་འདྲའི༔ གསལ་སྣང་མ་བྲལ་ངང་ལ་ཉལ༔ རྨི་ལམ་མང་ཞིང་གསལ་ལ་ཟིན༔ དེ་ལྟར་ཟིན་པར་གྱུར་པ་ན༔ སྣང་བ་འདི་ཀུན་རྨི་ལམ་སྟེ༔ གར་ཡང་བསྒྱུར་རུང་བསམ་བྱས་ལ༔ གཅིག་ལས་མང་པོར་སྤེལ་བ་དང་༔ མང་པོ་གཅིག་ཏུ་བསྡུ་བ་དང་༔ ཞི་ཁྲོ་སོ་སོར་བསྒྱུར་བ་དང་༔ དག་དང་མ་དག་ཞིང་རྣམས་སུ༔ འགྲོ་དང་ཆོས་ཞུ་གནས་ལུགས་ལྟ༔ དེ་ལྟར་ཡིད་བྱེད་མཚན་དུས་སྦྱར༔ གང་གཏད་འདུན་པ་མངོན་དུ་འགྱུར༔ དེ་ནས་ལྷ་སྐུ་སྒྱུ་མ་རུ༔ བལྟ་ཞིང་འདུན་པ་དྲག་པོས་ཉལ༔ གཉིད་དུས་གཅན་གཟན་མེ་ཆུ་དང་༔ འཇིགས་སྐྲག་སྣང་བ་ཤར་བ་ན༔ མེད་ཅིང་སྣང་བའི་འཁྲུལ་ངོ་ལ༔ སེམས་བསྲེས་ལྷ་སྐུ་སྒྱུ་མར་བསྒོམ༔ ཉིན་དུས་འདི་ནི་རྨི་ལམ་སྟེ༔ སྟོང་ཉིད་ནམ་མཁའ་ལྟ་བུ་ཞེས༔ སྒྱུ་མ་འོད་གསལ་ངང་དུ་བཞག༔ དེ་ཉིད་སྟོང་གསལ་ནམ་མཁའ་ལྟར༔ དྭངས་པའི་ངང་ལ་ལྷ་སྐུར་ལྡང་༔ དེ་ཡང་སྤེལ་ཞིང་བསྒྱུར་བ་སོགས༔ ཉིན་དུས་ཡེངས་མེད་དྲན་འཛིན་དང་༔ མཚན་མོ་བཙན་ཐབས་མན་ངག་སྦྱར༔

p. 127

སྒྱུ་ལུས་རྨི་ལམ་བར་དོ་གསུམ༔ མཚན་དུས་དབྱེར་མེད་གོམས་པ་ནི༔ མཐར་ཐུག་འཆི་བའི་འོད་གསལ་གྱི༔ ཐིམ་རིམ་ཆོས་སྐུའི་རོལ་པ་དང་༔ རང་ཤར་འཁྲུལ་པའི་སྣང་བ་རྣམས༔ སྒྱུ་མ་ལོངས་སྐུའི་འཆར་སྒོ་དང་༔ འཇུག་སྒོ་སྟོང་ཉིད་བདེན་མེད་དུ༔ དྲན་འདུན་སྤྲུལ་སྐུའི་རྩལ་གྱིས་སྦྱང་༔ དེ་ལྟར་ཡང་ཡང་དྲན་བྱ་ཞིང་༔ སྣོད་བཅུད་གཞལ་ཡས་ལྷ་རུ་བལྟ༔ མཐར་ཐུག་སྒྱུ་མའི་སྐུར་ལྡང་ཞིང་༔ འོན་ཏེ་བར་དོར་རང་བྱན་ཚུད༔ དེ་ཕྱིར་ཟབ་མོའི་གདམས་པ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་ལམ་འཕོ་བའི་མན་ངག

p. 128

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་ལམ་འཕོ་བའི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། གང་ཞིག་རྨོངས་པ་ལེ་ལོ་ཅན༔ ཉམས་ལེན་མི་ལྡན་སྐྱེས་བུ་རྣམས༔ འཕོ་བའི་གདམས་པས་བཟུང་བར་བྱ༔ རྒྱུད་དག་ཚོགས་བསགས་སྔོན་སོང་ནས༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ སྟོང་ར་འོད་ཀྱི་གོང་བུ་ཅན༔ སྒོ་དགུ་མཐིང་ནག་ཧཱུྃ་གིས་དགག༔ ལུས་ནང་དྷུ་ཏི་དམར་པོ་ཡི༔ མར་སྣར་རླུང་དཀྱིལ་སྔོན་པོ་ལ༔ གནས་པའི་རྣམ་ཤེས་ཐིག་ལེ་ནི༔ དཀར་པོ་གསལ་འཚེར་འཕར་གཡོར་བསྒོམ༔ སྤྱི་བོར་བླ་མ་རྡོ་རྗེ་སེམས༔ སྐྱབས་གནས་ཀུན་འདུས་ངོ་བོར་གསལ༔ མ་ཡེངས་རྩེ་གཅིག་གསོལ་བ་འདེབས༔ འོག་རླུང་གྱེན་བསྐུམ་རླུང་དཀྱིལ་བསྐུལ༔ མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ༔ ཧིཀ་ཅེས་དྲག་ཏུ་བརྗོད་པ་ཡིས༔ རྣམ་ཤེས་གྱེན་འཕར་ཚངས་བུག་ལས༔ ཕྱིར་འཐོན་བླ་མའི་ཐུགས་ཀར་ཐིམ༔ དེ་ཉིད་ཇེ་མཐོ་ཇེ་མཐོར་སོང་༔ དམིགས་མེད་སྤྲོས་བྲལ་ངང་དུ་བཞག༔ སྦྱོང་ཚེ་ཀ་ཞེས་ཐུར་དུ་ཕབ༔ བླ་མ་འོད་ཞུ་བདག་ལ་ཐིམ༔ སྟེང་རླུང་མནན་ནས་ལྟེ་བར་འཆིང་༔ དེ་ཡིས་མ་བསྒོམས་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེན་པོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ འཕོ་བའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གཉིས་འཛིན་འཁྲུལ་གཅོད་མན་ངག

p. 129

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གཉིས་འཛིན་འཁྲུལ་གཅོད་མན་ངག་བཞུགས༔ ཨོ་རྒྱན་གཏེར་བདག་གླིང་པ། གཉིས་འཛིན་འཁྲུལ་གཞི་གཅོད་འདོད་ན༔ དུར་ཁྲོད་མཚོ་གླིང་ཤིང་གཅིག་སོགས༔ སེམས་གཡེང་ཉམ་ངའི་གནས་སོང་ལ༔ རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ གྲངས་མེད་གསལ་བཏབ་རང་གི་ལུས༔ ཤ་ཁྲག་འདོད་ཡོན་ཞེན་མེད་བྱིན༔ བསམ་མེད་མཉམ་པ་ཉིད་དུ་ཉལ༔ དེ་ཚེ་རྣམ་རྟོག་འཁྲུལ་སྣང་ནི༔ དངོས་ཉམས་རྨི་ལམ་སྣ་ཚོགས་འབྱུང་༔ ཆོ་འཕྲུ ལ་དེས་མཚོན་འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་ལ༔ རྟག་ཆད་སྒྱུ་མ་ཆུ་ཟླ་འདྲ༔ རང་སེམས་གཞི་མེད་རྩ་བྲལ་ལ༔ ཚུར་བཅད་ནམ་མཁའི་རང་བཞིན་ཉིད༔ ཡུལ་སེམས་གཟུང་འཛིན་མ་གྲུབ་པའི༔ རང་བྱུང་ཡེ་ཤེས་རང་གསལ་ངང་༔ སྤང་བླང་རེ་དོགས་འཁྲུལ་གཞི་བཅད༔ གཅེར་མཐོང་རང་གནས་ངོས་བཟུང་ལ༔ སྙེམས་མེད་ངང་དུ་སོ་མར་བཞག༔ རྐྱེན་ངན་རང་གྲོལ་བོགས་འབྱིན་པའི༔ འཁྲུལ་གཅོད་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག

p. 130

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། རིམ་གཉིས་སྒོམ་པའི་རྣལ་འབྱོར་པས༔ དགེ་སྦྱོར་སྲང་དུ་འཇུག་པ་ན༔ ཉིན་མཚན་ཆ་ནི་བཞི་བཞིར་དབྱེ༔ ཉིན་དུས་ལྷ་སྐུ་སྒྱུ་མ་དང་༔ འོད་གསལ་ངང་དུ་རྩལ་སྦྱང་ཞིང་༔ མཚན་དུས་ཤེས་པ་ནང་དུ་བཟུང་༔ ལྟེ་བའི་ཨ་ལས་གཏུམ་མོ་སྦར༔ སྤྱི་བོའི་ཧཾ་ཡིག་བདུད་རྩིར་ཞུ༔ སྙིང་གར་བབས་པའི་ཐིག་ལེ་ལ༔ སེམས་བཟུང་ལྷན་སྐྱེས་ཡེ་ཤེས་འཆར༔ གུང་ལ་སེང་གེའི་ཉལ་སྟབས་ཀྱིས༔ སྙིང་ནང་ཨ་དཀར་སེམས་བཟུང་ལ༔ མི་དམིགས་ངང་དུ་ཉལ་བར་བྱ༔ ཐོ་རངས་ཨ་ཡིག་སྙིང་ནང་ནས༔ སྤྱི་བོའི་འདོམ་གང་ནམ་མཁར་འཐོན༔ སེམས་བཟུང གསལ་སྟོང་ཡེ་ཤེས་འཆར༔ གསང་བའི་དུས་བཞི་རྣམ་རྟོག་གི༔ བཞི་ཆ་གསུམ་བྲལ་ཆོས་སྐུ་ལ༔ རང་རིག་ཡེ་ཤེས་མ་ཡེངས་བསྒོམ༔ སྔ་ཕྱི་བར་དེར་དུས་གསུམ་གྱི༔ རྣམ་རྟོག་འཕྲོ་འདུ་རང་ཆད་དེ༔ མི་རྟོག་ཡེ་ཤེས་ཉིད་དང་སྦྱར༔ དེ་ལྟར་དུས་བཞིའི་གནད་གོམས་པས༔ ཡང་དག་དོན་ལ་གནས་པར་འགྱུར༔ སྲང་འཇུག་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ སྒྲིབ་སྦྱོང་ཁྲུས་ཀྱི་མན་ངག

p. 131

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ སྒྲིབ་སྦྱོང་ཁྲུས་ཀྱི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། རིན་ཆེན་བུམ་པར་གཙང་མའི་ཆུ༔ ཉེར་ལྔའི་རྫས་དང་ལྡན་པས་བཀང་༔ འདབ་བརྒྱད་མ་དྷལ་དབུས་སུ་བཀོད༔ སྟོང་པའི་ངང་ལས་བུམ་པ་ནི༔ མཚན་ཉིད་ཡོངས་རྫོགས་ལྟོ་བ་རུ༔ པདྨ་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པའི་ཚེ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ཉིད༔ བུམ་ནང་ལྷ་ཡི་ཐུགས་ཀར་ཞུགས༔ དེ་ལས་འོད་ཟེར་དཀར་པོ་ནི༔ གྲངས་མེད་འཁོར་འདས་ཀུན་ཏུ་སྤྲོས༔ དོན་བྱས་ཚུར་འདུས་ལྷ་ལ་ཐིམ༔ མཉམ་སྦྱོར་བདུད་རྩི་དཀར་པོའི་རྒྱུན༔ བུམ་པའི་ཆུར་འདྲེས་འོད་དུ་ཞུ༔ བྱང་སེམས་བདུད་རྩིའི་ངོ་བོར་བསམ༔ སྔགས་མཐར་ནད་གདོན་སྡིག་སྒྲིབ་རྣམས༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས༔ སྟོང་བཟླས་བདག་ལུས་རིགས་དྲུག་གི༔ ས་བོན་བསྐྱེད་ལ་དེ་སྦྱངས་བསམ༔ བུམ་ཆུས་བཀྲུ་ཞིང་འཐུང་བར་བྱ༔ ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས༔ རྣམ་དག་ཡེ་ཤེས་རྒྱུད་ལ་སྐྱེ༔ སྒྲིབ་སྦྱོང་ཁྲུས་ཆོག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གྲོལ་ལམ་གསུམ་གྱི་མན་ངག

p. 132

༁ྃ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གྲོལ་ལམ་གསུམ་གྱི་མན་ངག་བཞུགས་སོ༔ ཨོ་རྒྱན་གཏེར་བདག་གླིང་པ། ཐུན་མོང་འགྲོ་བ་མཐའ་དག་གིས༔ ལམ་ལ་སློབ་པར་མི་ནུས་པས༔ མ་བསྒོམས་གྲོལ་བ་ཐོབ་པའི་གནད༔ འདི་ལྟའི་རིམ་པ་བཞིན་ཏུ་བསྒྲུབ༔ བསྙེན་སྒྲུབ་དྲོད་ཐོབ་རྣལ་འབྱོར་པས༔ ཡར་ངོའི་དུས་སུ་དབེན་པའི་སར༔ རེ་ཁཱ་དཀར་པོའི་པད་འདབ་བརྒྱད༔ དེ་དབུས་རྡུལ་བྲལ་མེ་ལོང་ལ༔ དྲི་ཡིས་ཧཱུྃ་དང་ཡིག་བརྒྱ་བྲིས༔ དེ་ཉིད་རྡོ་རྗེ་སེམས་དཔར་བསྒོམ༔ ཡེ་ཤེས་སྤྱན་དྲངས་མཆོད་ཅིང་བསྟོད༔ སྙིང་པོ་ཡི་གེ་བརྒྱ་པ་ནི༔ འབུམ་བཟླ་ཕྱོགས་བཅུའི་རྒྱལ་བ་རྣམས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་དེ་ལ་བསྟིམ༔ ལྷ་ཉིད་འོད་ཞུ་མེ་ལོང་ནི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ རབ་གནས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་རྟེན་ལམ་གྱི་གཞི་མདོ་རུ༔ བཀུར་སྟི་ཆེན་པོས་བཞུགས་སུ་གསོལ༔ གང་ཞིག་མཐོང་བའི་འགྲོ་བ་དེའི༔ ལས་སྒྲིབ་བྱང་ནས་བདེ་ཆེན་ཐ ོབ༔ དྲི་མེད་རས་ལ་རྡོར་སེམས་སྐུ༔ ཐུགས་ཀར་སྙིང་པོ་སྲོག་ཡིག་དང་༔ ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ འ་ཨ་ཤ་ས་མ་ཧ༔ དྷརྨ་ཀཱ་ཡ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་བྲི་མན་ཤེལ་ཟུར་དྲུག་ལ༔ རྩེ་མོར་ཧཱུྃ་མཱུྃ་ལོགས་དྲུག་ཏུ༔ སྦྱོང་བྱེད་དྲུག་དང་སྦྱང་བྱ་དྲུག༔ སྙིང་པོ་རྩ་བའི་སྔགས་རྣམས་བྲི༔ དར་རམ་གྲོ་གའམ་ཤོག་ཤོག་ལ༔ རིན་ཆེན་ལྔ་ཡི་ཁུ་བ་ཡིས༔ སྙིང་པོ་ཡིག་བརྒྱ་ཚར་བདུན་ནི༔ སྤེལ་ཚིག་བཅས་པ་དག་པར་བྲི༔ དྲི་བཟང་བྱིན་རླབས་རྫས་ཀྱིས་བྱུགས༔ མན་ཤེལ་དག་ལ་གཡས་སྐོར་དཀྲི༔ སྣ་ཚོགས་དར་གྱིས་ཡང་དག་བཅིང་༔ མ་དྷལ་དབུས་བཞག་བགེགས་སྦྱང་བཀྲུ༔ ལྷར་བསྐྱེད་བསྟིམ་མཆོད་ཐུགས་ཀ་ནས༔ འོད་འཕྲོས་འགྲོ་ཀུན་ལས་

p. 133

སྒྲིབ་སྦྱངས༔ བྱང་ཆུབ་གནས་བཀོད་དེ་དག་དང་༔ རབ་འབྱམས་རྒྱལ་ཀུན་འོད་དུ་ཞུ༔ དེར་ཐིམ་གོང་གི་གསང་སྔགས་རྣམས༔ ཁྲི་བཟླས་རབ་གནས་མངའ་གསོལ་ཏེ༔ གང་གི་མགོ་འམ་སྙིང་གར་གདགས༔ མཚམས་མེད་སྒྲིབ་སྦྱང་བྱང་ཆུབ་ཐོབ༔ དབང་པོ་ཤ་ལྔ་བདུད་རྩི་ལྔ༔ མཆོག་གྲུབ་གདུང་དང་རིང་བསྲེལ་དང་༔ བདུད་རྩི་སྒྲུབ་རྫས་སྨན་ཕབས་རྣམས༔ རྩ་བའི་རྫས་ཏེ་སྟོབས་སྐྱེད་པ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགས༔ སྦྲང་རྩི་མཆོག་བརྒྱུད་བཞིན་སྦྱར་ནས༔ ཡུངས་དཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བླུག༔ མ་དྷལ་དབུས་བཀོད་མཆོད་པ་བཤམ༔ བགེགས་བསྐྲད་ཁྲུས་བྱས་སྲུང་འཁོར་བསྒོམ༔ སྒྲུབ་རྫས་རླུང་མེ་ཐོད་སྒྱེད་ལ༔ གནས་པའི་པདྨའི་སྙིང་ནང་དུ༔ ས་བོན་བཅུ་ལས་དམ་རྫས་བཅུ༔ དེ་སྟེང་དཀར་གསལ་ཟླ་དཀྱིལ་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་དང་བསྟོད་བྱས་ནས༔ རླུང་བུས་མེ་སྦར་བདུད་རྩི་ནི༔ དཀར་དམར་འོད་ཀྱི་གོང་བུར་ཞུ༔ རླངས་པས་ཡབ་ཡུམ་ཆགས་པ་བསྐུལ༔ མཉམ་སྦྱོར་དགའ་བའི་འོད་དང་སྒྲས༔ སངས་རྒྱས་ཚད་མེད་སྤྱན་དྲངས་ནས༔ ཞལ་ཞུགས་ཐིག་ལེར་ཞུ་བ་ཉིད༔ མཁའ་གསང་ལས་ནི་བདུད་རྩི་ལ༔ མཚོ་ལ་ཁ་བ་བབས་བཞིན་ཐིམ༔ དེ་ནས་རྗེས་ཆགས་མཉམ་སྦྱོར་བས༔ ཡབ་ཡུམ་ཐིག་ལེའི་ངོ་བོར་ཞུ༔ དམ་ཚིག་རྫས་དང་རོ་གཅིག་བསྒོམ༔ དེ་ལྟར་གསལ་བསྒོམ་སྙིང་པོའི་མཐར༔ ༀ་ཛྙཱ་ན་ཨ་མྲྀ་ཏ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་བར་མ་ཆད་བཟླ་ཞིང་༔ དུས་བཞིར་བྱིན་དབབ་དངོས་གྲུབ་བསྡུ༔ རྫས་ལ་འོད་འཕྲོ་དྲི་བཟང་དང་༔ སྒྲ་སྙན་འཕར་སོགས་རྟགས་མཐོང་ན༔ སྙིང་པོར་སརྦ་སིདྡྷི་ཧཱུྃ༔ བཏགས་བཟླས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་བསྟོད་མཇུག་གི་བྱ་བ་བསྒྲུབ༔ དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་བག་ཆགས་སྦྱོང ༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ མ་བསྒོམས་བྱང་ཆུབ་སྒྲུབ་པའི་གནད༔ ཡང་ཟབ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྲིད་ཡིག་རབ་གསལ་སྣང་བ།

p. 134

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྲིད་ཡིག་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། དཔལ་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་ཁྲིད་ཡིག་རབ་གསལ་སྣང་བ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༑ ༑མི་འགྱུར་རང་རིག་བྱང་ཆུབ་སེམས། །བླ་མེད་སྟོང་ཉིད་རྡོ་རྗེར་སྡོམ། །ཟུང་འཇུག་བདེ་ཆེན་རོལ་པ་ཅན། །གཏེར་ཆེན་བླ་མའི་ཞབས་ལ་འདུད། །ཤིན་ཏུ་རྙེད་པར་དཀའ་བའི་ཆོས། །ཟབ་ལམ་གདམས་པའི་ཤིང་རྟ་ཡིས། །སྐལ་ལྡན་རྣམ་དག་སྐུ་བཞིའི་སར། །ཁྲིད་ཐབས་རབ་གསལ་སྣང་བ་སྤྲོ། །འདིར་མདོ་རྒྱུད་ཐམས་ཅད་ཀྱི་ཡང་ཞུན། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག ཐར་འདོད་མ་ལུས་པའི་འཇུག་ངོགས། ཚེ་འདི་ཉིད་ལ་འཚང་རྒྱ་བའི་མྱུར་ལམ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་འཁྲིད་པ་ལ་དོན་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་གཉིས་ཏེ། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས། དང་པོ་ནི། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་སྟེ། རླུང་རོ་ལན་གསུམ་བསལ་བས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་པ་དང་། རང་གི་སྤྱི་བོར་རྩ་བའི་བླ་མ་བསྒོམས་ཏེ། སྐྱབས་གནས་

p. 135

ཀུན་འདུས་ཀྱི་ངོ་བོར་བསམ་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་ལྟོས་ལིང་བསྐྱུར་གྱིས་གསོལ་བ་བཏབ་རྗེས་བླ་མ་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམ་པར་མོས་ཏེ། འོག་གི་དམིགས་པ་གང་སྒོམ་ཡང་ཐུན་གྱི་སྔོན་དུ་འདི་ངེས་པར་གཏོང་ངོ་། །གཉིས་པ་ནི། མཐའ་མེད་འཁོར་བའི་དུཿཁ་ལ༔ ལེགས་པར་བསམས་ཏེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ ཞེས་གསུངས་པས་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ལ་གསུམ་སྟེ། ངེས་འབྱུང་གིས་བློ་བཅོས་པ། ཐེག་པ་སྤྱིའི་རྨངས་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་དོ། །དང་པོ་ནི། ཁྲིད་གསར་པ་ཡིན་ན། དལ་འབྱོར་རྙེད་དཀའ་བསམ་པ། ཚེ་མི་རྟག་པ་བསམ་པ། ལས་འབྲས་སྨིན་ཚུལ་ལ་བསམ་པ། འཁོར་བའི་ཉེས་དམིགས་ལ་བསམ་པ་རྣམས་རེ་རེ་ནས་ཞིབ་མོར་བཤད་ནས། རྒྱུད་ལ་མྱོང་བ་ཅི་རིག་ཐོན་ཐོན་གྱི་བར་དེ་སྲིད་སྒོམ་དུ་འཇུག་དགོས་ཤིང་། འདིར་སྔར་བློ་འབྱོངས་ཟིན་གྱི་དབང་དུ་བྱས་ཏེ། དེ་ཉིད་ཅུང་ཟད་གསལ་འདེབས་ཀྱི་ཚུལ་དུ་དམིགས་པ་དེ་རྣམས་གཅིག་ཏུ་དྲིལ་ན༑ ཡང་ཡང་རྙེད་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ད་རེས་རྙེད་པའི་དུས་འདིར་གཏན་བདེའི་འདུན་མ་དམ་པའི་ཆོས་ཁོ་ན་སྒྲུབ་དགོས་པར་འདུག དེ་ཡང་ཚེ་འདི་བར་སྣང་གི་གློག་འགྱུ་བ་ལྟར་ནམ་འཆི་ཆ་མེད་པས་ཆོས་ཕྱི་བཤོལ་དུ་མ་ལུས་པར་ད་ལྟ་ཉིད་རང་ནས་བསྒྲུབ། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་དགྲ་གཉེན་གནས་ལུས་དབང་ཐང་སོགས་གང་ཡང་རྗེས་སུ་མི་འབྲང་ཞིང་ཕན་གནོད་སྤུ་ཙམ་ཡང་མེད། རྒྱལ་ཕམ་སྐྱིད་སྡུག་གང་བྱུང་ནའང་བྱུང་སྟེ་འདི་ལྟོས་ཀྱི་བྱ་བ་ལ་ཅིས་ཀྱང་དགོས་པ་མེད། དགེ་སྡིག་གི་ལས་གཉིས་པོ་ནི་ལུས་ཀྱི་གྲིབ་མ་ལྟར་ཤི་ནས་ཀྱང་རྗེས་སུ་འབྲང་། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པར་འཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་

p. 136

འཁོར་ལོ་ལས་མ་འདས་པས་སྐྱིད་མེད། ངན་སོང་གསུམ་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདིང་ནི་མེད། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད། དགེ་བ་ལ་ནན་ཏན་དུ་བསླབ་པར་བྱ། གལ་ཏེ་ཟག་བཅས་ཀྱི་དགེ་བས་བདེ་འགྲོའི་གནས་སུ་སྐྱེས་ནས་འཕྲལ་བདེ་བདེ་ལྟར་སྣང་བ་ཅུང་ཟད་ཡོད་པ་རྣམས་ཀྱང་གཉིད་འཐུམས་རེའི་རྨི་ལམ་བཟང་བ་དང་འདྲ་སྟེ་འགྱུར་ཞིང་འགྲོ། འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་ཀྱང་རེ་མོས་ལས་རྟག་ཐུབ་པ་གཅིག་ཀྱང་མེད་པས། འཁོར་བའི་བདེ་འབྱོར་ཇི་ལྟར་བཟང་ཡང་སྙིང་པོ་མེད། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་སྙམ་དུ་སྙིང་ཁོང་རུས་པའི་གཏིང་ནས་ཡང་ཡང་བསམ་ཞིང་། ལག་ལེན་དུ་ཐེབས་པ་གལ་ཆེ་བ་ཡིན་ནོ། །གཉིས་པ་ནི། འཇིགས་རུང་འཁོར་བའི་སྡུག་བསྔལ་མེའི་འོབས་དང་འདྲ་བ་ལས། སེམས་ཅན་ཐམས་ཅད་སྒྲོལ་བའི་སྐྱབས་དཔུང་ར་མདའ་དེ་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཞུ་སྙམ་པས་རང་གར་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་ས་གཞི་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པར་གྱུར་པའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་འདབ་མེ་ཏོག་འབྲས་བུས་དུད་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་མ་ལ་གདན་ཁྲིའི་བཀོད་པ་མཐོ་ཞིང་ཡངས་པར་རྩ་བའི་བླ་མ། དེའི་སྙིང་ནས་ཡར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ། ཕྱོགས་བཞིར་གྱེས་པའི་ཡལ་ག་ལས། མདུན་མར་ཁྱད་པར་གྱི་སངས་རྒྱས་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། གཡོན་དུ་ཐུན་མོང་གི་དགེ་འདུན་བྱང་སེམས་དང་ཉན་རང་འཕགས་པ། དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་

p. 137

པར་མོས་ལ། རང་དང་ལྷན་ཅིག་ཏུ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འདུས་ནས། སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སོ་སྙམ་དུ་རེ་ལྟོས་ལིང་བསྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ནས། ན་མོ། ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ ཞེས་སོགས་ཅི་ནུས་སུ་བརྗོད་ཅིང་། ཐུན་འཇོག་ཁར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་རང་ལ་བསྟིམས་ཏེ་བསྔོ་བ་བྱ། ཉལ་བའི་ཚེ་སྐྱབས་ཡུལ་རྣམས་མ་བསྡུས་པར་དེ་ཉིད་ལ་མགོ་ཕྱོགས་པར་ཉལ་བར་བསམས་ལ། མོས་གུས་དུང་ངེ་བའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །གསུམ་པ་ནི། ཕྱོགས་བཅུ་གང་ནས་གཞལ་ཡང་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱིས་རང་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ཏེ། ལེགས་པར་བསྐྱངས་བའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་བསྒྲུབས་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། བདག་གི་ཕ་མ་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་ཀུན་ཅི་ཙུག་བྱ། ད་སྙིང་རྗེ་ཟེར་ནས་བཞག་པས་ཅི་ཕན། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། ཐར་པའི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་དགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་འ ཐོབ་པར་བྱ། དེའི་ཆེད་དུ་དཔལ་རྡོ་རྗེ་སེམས་དཔའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་བསྒོམ་པར་བགྱིའོ་སྙམ་དུ་བསམས་ནས། ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ ཞེས་སོགས་མ་འགྲོ་དྲུག་གི་སེམས་ཅན་རྣམས་སྙིང་ཁོང་དུ་བཅངས་པའི་ལྷག་བསམ་དྲག་པོས་ཅི་ནུས་བརྗོད་ཅིང་། ཐུན་མཐར་ཡུལ་སེམས་ཅན་མི་དམིགས་པའི་ངང་ལ་དར་ཅིག་བཞག་ནས་བསྔོ་བ་བྱའོ། །

p. 138

གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ་སྟེ། སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་ཁྲིད། ཚོགས་བསགས་པ་མཎྜལ་གྱི་ཁྲིད། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ༑ ༑དང་པོ་ནི། རང་གི་སྤྱི་བོར་པད་ཟླའི་གདན་ལ་ཧཱུྃ་ཡིག་དཀར་པོ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བླ་མ་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཡབ་སེམས་སྐྱིལ་དང་ཡུམ་པད་སྐྱིལ་གྱིས་ཕན་ཚུན་འཁྲིལ་བ། ཐུགས་ཀར་པད་ཟླའི་སྟེང་དུ་རྡོ་རྗེ་དཀར་པོ་འགྲེང་སྟབས་སུ་ལངས་པའི་ལྟེ་བར་ཧཱུྃ་དཀར་པོ་ཡིག་བརྒྱའི་སྔགས་ཕྲེང་གིས་བསྐོར་བར་དམིགས་ཏེ། སྔར་བྱས་ཀྱི་སྡིག་ལྟུང་ལ་གནོང་འགྱོད་དང་། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་བརྟན་པོས། བླ་མ་དཔལ་རྡོ་རྗེ་སེམས་དཔས་བདག་གཞན་འགྲོ་བ་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་མཛད་དུ་གསོལ་སྙམ་པའི་འདུན་པ་དྲག་པོས། ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་དཀར་ཆི་ལི་ལི་བབས་པ་ཚངས་བུག་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་དང་། དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཤར་ཤར་ཐོན་ཏེ། ལུས་ཤེལ་སྒོང་ལྟར་དག་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང་། ཉམས་རྟོགས་དང་ཡོན་ཏན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་ཞིང་། ཐུན་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཀྱིས་བཤགས་པ་ཕུལ་བས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱེད་རྣམས་ཀྱི་སྡིག་སྒྲིབ་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་ཞིང་། སྡིག་སྒྲིབ་ཀྱི་ངོ་བོར་ཆེར་གྱིས་བལྟས་ལ། འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་བཞག་ནས་བསྔོ་བ་བྱ་སྟེ། སྡིག་སྒྲིབ་འདག་པའི་རྟགས་མ་བྱུང་གི་བར་དུ་འབད་དོ། །

p. 139

གཉིས་པ་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་གི་མཎྜལ་སྐྱབས་ཡུལ་བཞིན་དུ་གསལ་བཏབ་ལ། མཆོད་པའི་མཎྜལ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་ལམ་མེད་ན་ས་གཞི་བྱི་དོར་བྱས་པར་དྲི་དང་བ་བྱུང་གི་ཆུས་བྱུགས་པ་ལ། ལུས་ཀྱི་ལས་སུ་མེ་ཏོག་གི་ཚོམ་བུ་དགོད་ཅིང་། ངག་གི་ལས་སུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། རིན་ཆེན་ས་གཞི་ལྷུན་པོ་ཁོར་ཡུག་བཅས། །ཞེས་སོགས་བརྗོད། ཡིད་ཀྱི་ལས་སུ་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་ལྷུན་པོ་རི་མཚོ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་སྣོད་བཅུད་ཀྱི་འཇིག་རྟེན་ལྷ་དང་མིའི་འབྱོར་ཚོགས་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་བར་དམིགས་ནས་ལན་མང་དུ་དབུལ་ལ། ཉམས་རྟོགས་དང་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་མྱུར་དུ་སྐྱེ་བར་གསོལ་བ་གདབ་བོ། །མཐར་ཚོགས་ཞིང་མཆོད་རྫས་ཀྱི་མཎྜལ་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོའི་ངང་དུ་དར་ཅིག་བཞག་ནས་བསྔོ་བ་བྱའོ། །གསུམ་པ་ནི། མདུན་གྱི་ནམ་མཁར་གང་ལ་གསོལ་བ་གདབ་བྱའི་ཡུལ་སྔར་གྱི་སྐྱབས་ཡུལ་བཞིན་དུ་གསལ་བཏབ་ཅིང་། དེ་ཐམས་ཅད་ཀྱང་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམའ་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པར་ཤར་བས། རང་གཞན་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབ་པའི་ཚུལ་དུ་གཟིགས་ཤིང་བྱིན་ཐིབས་སེ་སད་པར་བསམས་ལ། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་དང་ལྷན་ཅིག་ཏུ་ཤིན་ཏུ་དད་ཅིང་གུས་པས་ཕྱག་འཚལ་བ་སོགས་བདུན་རྣམ་དག་ཕུལ་བར་བསམས་ཏེ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ ཞེས་སོགས་ཅི་ནུས་བརྗོད། དེ་ནས་བླ་མ་ཉིད་སངས་རྒྱས་ཀུན་འདུས་སུ་ཡང་ནས་ཡང་དུ་སྒྲོ་འདོགས་ཆོད་པས་གཅིག་ཆོག་རྒྱལ་པོར་ངེས་པ་གཏིང་ཚུགས་པའི་ཡོན་ཏན་དང་། བཀའ་དྲིན་རྗེས་སུ་དྲན་པས་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་སྐྱུར་ལ་གདུང་ཤུགས་དྲག་པོས་ངག་ཏུ། ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །ཞེས་སོགས་ཀྱིས་གསོལ་བ་ཡང་ཡང་བཏབ་རྗེས། རྩ་

p. 140

བའི་བླ་མའི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་རེག་པས། བརྒྱུད་པའི་བླ་མ་དཀོན་མཆོག་གསུམ་སོགས་འོད་དུ་ཞུ་བ་རིམ་བཞིན་རང་གི་སྐུ་ལ་བསྡུས། དེ་ནས་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ། སྐུ་བཞིའི་དབང་ཕྱུག་སོགས་ཀྱིས་གསོལ་བ་བཏབ་པས། གུ་རུའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས། ཞེས་སོགས་ཀྱིས་དབང་བཞི་རིམ་གྱིས་བླང་། སླར་ཡང་མོས་གུས་དུང་བ་དང་ཡིད་ཀྱིས་གསོལ་བ་བཏབ་པས་བླ་མ་དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་ཅུང་ཟད་མཉམ་པར་བཞག་ཅིང་བསྔོ་བ་བྱའོ། །དེ་ལྟར་སྔོན་འགྲོའི་དམིགས་པ་དེ་རྣམས་ཀྱང་རྒྱུད་ལ་མྱོང་བ་ཐོན་ཐོན་གྱི་བར་དུ་བསྒོམ་དགོས་མོད། མགྱོགས་ཁྲིད་ཀྱི་སྐབས་ཞག་རེ་ཞག་གཉིས་ཙམ་ལས་བསྒོམ་རྒྱུ་མ་བྱུང་ན། ཁྲིད་ཡོངས་རྫོགས་མ་ཚར་གྱི་བར་དུ་ཐུན་དང་པོ་ལ་ལུས་གནད་ཅི་བདེ་བའི་སྟེང་ནས་སྔོན་འགྲོ་རྒྱས་པ་ཚང་བར་བྱ་ཞིང་། དེའང་བསྡུས་པ་ལ་དགའ་ན། སྐྱབས་ཡུལ་ཉིད་མ་བསྡུས་པར་མཎྜལ་དང་བླ་མའི་རྣལ་འབྱོར་གྱི་རྟེན་དུ་བྱས་པས་ཟོར་ཡང་ཞིང་གནད་ལ་འབྱོར་བ་འོང་། ཕྱི་ཐུན་རྣམས་ལ་སྐྱབས་སེམས་བླ་མའི་རྣལ་འབྱོར་ཙམ་མམ། དེའང་བསྡུ་ན་ཐུན་གྱི་སྔོན་འགྲོ་ཙམ་བྱས་པས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གཉིས་པ་དངོས་གཞི་ནི། དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ ཞེས་པ་སྔོན་འགྲོའི་གཞི་མ་ཐིངས་ན། དངོས་གཞི་ཁྲིད་བཏབ་ཀྱང་རྒྱུད་ལ་ཡོན་ཏན་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་མི་བརྟན་ཞིང་མཐར་མི་ཕྱིན་པས། དེ་ལྟར་སྔོན་འགྲོ་རྣམས་ཐོག་མར་མཐར་ཕྱིན་པར་བསླབ། དེ་ནས་སྔར་དབང་མ་ཐོབ་ན་བསྐྱེད་རྫོགས་ཀྱི་ལམ་དངོས་སྒོམ་པའི་སྔོན་དུ་དབང་བསྐུར་བས་རྒྱུད་སྨིན་པར་བྱ་དགོས་ཤིང་། སྔར་དབང་ཐོབ་ཟིན་ཡིན་ནའང་དམ་ཚིག་གསོ་བའི་ཕྱིར། སྐབས་འདིར་ཡང་བླ་མ་ལས་ཞུ་བའམ་མ་

p. 141

འབྱོར་ན་སྡོམ་ལྡན་རང་ཉིད་ཀྱིས་བླངས་ཀྱང་རུང་སྟེ་འགྲུབ་ན་ལེགས་པ་ཡིན་ནོ། །གང་ལྟར་ཡང་དབང་གིས་རྒྱུད་སྨིན་པར་བྱས་ནས་ལམ་སྒོམ་པ་ལ་འཇུག་སྟེ། དེ་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་དོ། །དང་པོ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་སྤྱི་དང་མཐུན་པར་བྱས་ནས། ཇི་ལྟར་སྒོམ་པའི་ཚུལ་ལ་གཉིས་ཏེ། དམ་ཡེ་དབྱེར་མེད་ཀྱི་དཀྱིལ་འཁོར་སྒྲུབ་པ་དང་། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། དང་པོ་སྲུང་འཁོར་རྟེན་དབུས་སུ༔ ལྷ་བསྐྱེད་ཡེ་ཤེས་དགུག་བསྟིམ་རྗེས༔ ཞེས་པས་གཉིས་ཏེ། རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲང་ཞིང་བསྟིམ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་གསུམ་ལས། དེ་ཏིང་ནི། འདི་ལྟར་རང་གཞན་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སེམས་སྣང་མེད་པ་༼ལ་༽ ཅུང་ཟད་བཞག་རྗེས། ཤུ་ནྱ་ཏཱའི་སྔགས་བརྗོད་ཅིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་ནས་མ་སྐྱེས་པ་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ངའོ་སྙམ་པའི་ང་རྒྱལ་བསྒོམ། དེ་ཡང་བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་དག་རྫོགས་སྨིན་གསུམ་ཚང་དགོས་པས། འདིས་འཆི་སྲིད་སྦྱོང་ཞིང་དག་པར་བྱེད། ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག ལམ་གོང་མ་རྫོགས་རིམ་གྱི་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་པས་སྨིན་བྱེད་དུ་འགྲོ། འདིར་ཡང་འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བྱ་སྟེ། འོག་མ་རྣམས་ལའང་འགྲེ་ཤེས་པར་བྱའོ། །གཉིས་པ་ཀུན་སྣང་ནི། ནམ་མཁའ་ལས་འཇའ་ཚོན་ཤར་བ་ལྟར་དེ་ཉིད་དབྱིངས་སྤྲོས་བྲལ་གྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་འདི་ཀུན་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུའི་ཡུལ་ལ། འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་ཁྱབ་པར་སྣང་བས། བྱང་ཆུབ་མཆོག་གི་

p. 142

གོ་འཕང་ལ་དགོད་པར་བྱའོ་སྙམ་དུ་བསྒོམ། འདིས་བར་དོ་སྦྱོང་། འབྲས་བུ་ལོངས་སྐུར་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་། གསུམ་པ་རྒྱུ་ཏིང་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རང་རིག་ཧཱུྃ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་ཞིང་། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་གསལ་བརྟན་གྱི་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམ། འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་ཡེ་ཤེས་ཀྱི་ལྷ་སྐུར་བཞེངས་པའི་གཞི་འདིང་། གཉིས་པ་ལ་གསུམ་སྟེ། སྲུང་འཁོར་སྒོམ་པ། རྟེན་གྱི་དཀྱིལ་འཁོར་སྒོམ་པ། བརྟེན་པ་ལྷའི་དཀྱིལ་འཁོར་སྒོམ་པའོ། །དང་པོ་ནི། རྒྱུའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་གཞོམ་མེད་རྡོ་རྗེའི་ས་གཞི་ར་གུར་མཐོ་ཞིང་ཡངས་པའི་ནང་དུ་རྡོ་རྗེའི་བླ་རེ་དང་། ཕྱིར་རྡོ་རྗེའི་དྲྭ་བ་འཕྱང་ཞིང་རྡོ་རྗེའི་ཕྲེང་བས་བཅིངས་པ། རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ་དེ་དག་ལས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བས་ཅིས་ཀྱང་མི་ཤིགས་པར་བསྒོམ། འདིས་སྐྱེ་སྲིད་ཕྱི་མར་འཇུག་པའི་སྐྱེ་གནས་ཀྱི་འགལ་རྐྱེན་བར་ཆད་བྱེད་པ་སྦྱོང་། འབྲས་དུས་སུ་བདུད་བཞི་བཅོམ་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་པའི་གཞི་འདིང་། གཉིས་པ་ནི། སྲུང་འཁོར་གྱི་ནང་དུ་རྒྱུ་ཡི་ཧཱུྃ་ཡིག་ལས། ཨེ་ཡྃ་རྃ་བྃ་ལྃ་སུྃ་རྣམས་འོག་ཏུ་ཆད་པ་ལས། ནམ་མཁའ། རླུང་། མེ། ཆུ། སའི་དཀྱིལ་འཁོར་རི་རབ་དང་བཅས་པ། དེའི་སྟེང་དུ་རྡོ་རྗེའི་ས་རྡུལ་ཆགས་པས་རྡོ་རྗེ་ར་བའི་ནང་ཚུན་ཆད་ཀྱི་འོག་གཞི་ཐམས་ཅད་ཁོད་སྙོམས་པར་བརྡལ་བའི་དབུས་སུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་འདབ་མ་གྱེས་པའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གེ་སར་གྱི་རྒྱ་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་རྣམས་རེ་རེ་ནས་རིམ་བཞིན་བསྒོམ། འདི་རྣམས་ཀྱིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་

p. 143

རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་བཅས་གྲུབ་པ་དེ་སྦྱོང་། འབྲས་དུས་སུ་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཁམས་ཡུམ་ལྔའི་མཁའ་མཚོན་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་མ། པད་ཉི་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ། དེ་རྣམས་མཉེན་ཞིང་དུལ་བའི་གཞི་འདིང་། སྣ་ཚོགས་རྡོ་རྗེའི་སྟེང་དུ་རྒྱུའི་ཧཱུྃ་ལས་བྷྲུཾ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྒྱུ་དང་འབྲས་བུའི་རྟ་བབས་བརྒྱད་བརྒྱད་དང་། དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ་སོགས་མཚན་ཉིད་ཐམས་ཅད་རྫོགས་པའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་དབུས་སུ་སེང་ཁྲི་པད་ཟླའི་གདན་དང་བཅས་པ་བསྒོམ་ཞིང་། གཞལ་ཡས་ཁང་གིས་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་དང་། གདན་པད་ཟླས་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་མའི་མངལ་ཁུ་ཁྲག་དང་བཅས་པ་དང་། གཞན་གཉིས་ཀྱིས་དྲོད་གཤེར་དང་། གནས་ལུས་ལ་སྲེད་ལེན་གྱི་བག་ཆགས་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་གྲུབ་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གིས་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་། གདན་པདྨ་ནི་སྤྱི་བོའི་རྩ་འཁོར། ཟླ་བ་ནི་དེར་ཁུ་བ་ལུགས་ལྡོག་ཆ་བཅུ་དྲུག་པ་རྫོགས་པ་མི་འགྱུར་བའི་གདིང་ཆེན་ཐོབ་པའི་གཞི་འདིང་། གསུམ་པ་ལ། ལྷ་བསྐྱེད་པ་དང་། བྱིན་གྱིས་རློབ་པ་གཉིས་ལས། དང་པོ་ནི། ཆོ་ག་གསུམ་བསྐྱེད་དེ། རྒྱུ་ཡི་ཧཱུྃ་ཡིག་གདན་སྟེང་བབས་པ་གསུང་ཡིག་འབྲུའི་ཆོ་ག དེ་རིགས་ཀྱི་ཕྱག་མཚན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་ཡིག་གིས་མཚན་པར་སྒོམ་པ་ཐུགས་ཕྱག་མཚན་གྱི་ཆོ་ག དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། འོད་ཀྱི་གོང་བུར་གྱུར་པ་ལས།ༀ་བཛྲ་སཏྭ་ཨ་ཞེས་བརྗོད་པས་རྡོ་རྗེ་སེམས་དཔའི་སྐུར་བཞེངས་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། འདིས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་ཤེས་པ་ཞུགས་པ། ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་ཁུ་རྡུལ་སེམས་གསུམ་

p. 144

འདྲེས་པས། རླུང་བཅུ་གསུམ་རིམ་གྱིས་གྲུབ་པས་དབང་པོ་རྣམས་རྫོགས་ནས་བཙས་པ་སྦྱོང་། འབྲས་བུ་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པ་ན་ལྷུམས་ཞུགས་དང་བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་ས་བོན་ཕྱག་མཚན་ནི་རླུང་སེམས་དྷཱུ་ཏིར་ཐིམ་པ། སྤྲོ་བསྡུ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་མི་འགྱུར་བའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་གཞི་འདིང་བའོ། །དེ་ཡང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་འཚེར་བ་སྒེག་ཅིང་འཛུམ་པའི་ལང་ཚོ་ཅན། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། དབུ་སྐྲ་རལ་པ་ཐོར་ཚུགས་ཅན། ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་ཅིང་མཉམ་པར་སྦྱོར་བ། གཉིས་ཀའང་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་བའི་སྐུར་སྒོམ་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་གསལ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བཏབ། འདིས་བྱིས་པ་དེ་སྒོ་གསུམ་གྱི་ནུས་རྩལ་ནར་སོན་པ་སྦྱོང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་བརྙེས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་ཁུ་རྡུལ་རླུང་གསུམ་འགགས་པའི་དྭངས་མ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་། གཉིས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲང་ཞིང་བསྟིམ་པ་ནི། སྙིང་གའི་འོད་ཀྱིས་བསྐུལ་བས་སངས་རྒྱས་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པ་ལས་གཟུགས་སྐུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་པ། ༀ་ཨེ་ཧྱ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཞེས་པས་ཆུ་ལ་ཆུ་བཞག་པ་ལྟར་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམས་ནས། དམ་ཡེ་ལ་མཆོག་དམན་དུ་འཛིན་པའི་ཞེན་རྟོག་སྤངས་ཏེ་བསྒོམ་ཞིང་། འདིས་བྱིས་པ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པའི་ཞེན་པ་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་མཉམ་

p. 145

པ་ཉིད་དུ་འགྱུར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པ་དང་འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ལ་བཞི་ལས། དང་པོ་རྣམ་པ་སྤྱི་ལ་བསླབ་པ་ནི། སྐུ་ཡི་ཆ་བྱད་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ ཞེས་པས་ཐ་མལ་མ་དག་པའི་སྣང་བ་རགས་པ་ལྡོག་པའི་ཕྱིར་སྒོམ་པ་སྟེ། གཙུག་ཏོར་ནས་གདན་ཁྲིའི་བར་སྐུ་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བཏབ་ལ། རྫིང་བུ་གསལ་དྭངས་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་རྩེ་གཅིག་ཏུ་མཉམ་པར་འཇོག དེའང་རྣམ་པ་ཝལ་གྱིས་གསལ་འདེབས་མི་ནུས་ན། ཐང་སྐུ་ལྟ་བུའི་སྐུའི་སྣང་བརྙན་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་ཤར་བ་དང་། དེ་ལ་དཔེ་བྱས་ནས་རང་ཉིད་ལྷར་ལམ་གྱིས་བསྒོམ་ཞིང་། དེའང་ཙབ་ཙུབ་ཅི་དྲག་མང་པོ་མི་བསམ་པར་ལྷ་སྐུའི་གསལ་སྣང་དེ་ཀ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་སྟེ༑ ལྷ་སྐུ་སྤྱི་རྣམ་རགས་པའི་གསལ་སྣང་ལ་རྣམ་རྟོག་གིས་འཕྲོག་ཏུ་མེད་པ་མ་བྱུང་བར་སྒོམ་མོ། །གཉིས་པ་རྣམ་པ་བྱེ་བྲག་ལ་བསླབ་པ་ནི། དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་ཏུ་གསལ་བར་བསྒོམ༔ ཞེས་པས་ཐ་མལ་གྱི་སྣང་བ་ཕྲ་བ་ལྡོག་པའི་ཕྱིར་སྒོམ་པ་སྟེ། སྤྱན་སོགས་ནས་ཞབས་ཀྱི་བར་སྐུའི་ཆ་ཤས་དང་། སྤྱི་བོའི་ནོར་བུ་ནས་གདན་གྱི་བར་རྒྱན་གྱི་ཆ་ཤས་རེ་རེ་ཞིང་ནས་གསལ་བཏབ་ཅིང་བསྒོམས་པས། དེ་དང་དེ་རེ་རེ་ལའང་སེམས་ཟིན་ཏེ་སོ་སོའི་གསལ་སྣང་ཁྱད་པར་ཅན་མ་འདྲེས་པར་ཕྲ་ཞིང་ཞིབ་པ་མ་སྐྱེས་ཀྱི་བར་དེ་སྲིད་དུ་འབད་པས་བསྒོམ་ཞིང་། སོ་སོའི་གསལ་སྣང་སྐྱེས་པ་དང་ཡང་ཅིག་ཅར་དུ་གསལ་འདེབས་པའང་གནད་དོ། །གསུམ་པ་ང་རྒྱལ་ལ་བསླབ་པ་ནི༑ དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང་༔ ཞེས་པས་ཐ་མལ་གྱི་ཞེན་པ་ལྡོག་པའི་ཕྱིར་ང་རྒྱལ་བ སྒོམ་སྟ ེ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། རྒྱལ་བ་ཀུན་གྱི་སྤྱི་གཟུགས་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་ཞིང་། ལྷ་

p. 146

སྐུ་རང་གི་རིག་རྩལ་ལས་གཞན་དུ་མ་གྲུབ་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་སྒོམ་སྟེ། དེའང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་བ་ཡིན་ནོ། །བཞི་པ་དག་དྲན་ལ་བསླབ་པ་ནི། དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བསྟན་སེམས་དག་པ་དྲན་པ་དང་༔ སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ ཞེས་པས་ལྷ་སྐུའི་གསལ་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་བསླབ་པ་སྟེ། དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་གཟུང་འཛིན་གྱི་མཚན་མ་མི་སྣང་ཡང་། འགྲོ་བ་འདུལ་བའི་ཕྱིར་དེ་དང་མཐུན་པའི་ཕྱག་རྒྱའི་རྣམ་པ་སྒྱུ་མ་ལྟ་བུར་མ་འགགས་པར་སྟོན་པ་སྟེ། གཞི་དུས་སུ་གདོད་མ་ནས་རང་བྱུང་གི་ཡེ་ཤེས་ལ་ཉེས་སྐྱོན་གྱིས་གོས་མ་མྱོང་བས་རང་བཞིན་གྱིས་རྣམ་པར་དག་པ་དང་། འབྲས་དུས་སུ་རང་བྱུང་གི་ཡེ་ཤེས་དེ་རྣམ་འགྱུར་གློ་བུར་གྱི་སྒྲིབ་པ་ཀུན་ལས་གྲོལ་བས་སྐུ་མདོག་དཀར་པོ། གཞི་དུས་སུ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་དང་། འབྲས་དུས་སུ་སྐུ་གསུམ་མམ་སྐུ་དང་ཡེ་ཤེས་རོ་གཅིག་པས་ཞལ་གཅིག་པ། གཞི་དུས་སུ་གདོད་མའི་ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང་ལྡོག་ཆ་ནས་བདེན་པ་གཉིས་དང་། འབྲས་དུས་སུ་ཚོགས་གཉིས་མཐར་ཕྱིན་པའམ་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བས་ཕྱག་གཉིས་པ། གཞི་འབྲས་གཉིས་ཀ་ལ་ཡུལ་ཅན་ཡེ་ཤེས་ལྔ་རོ་གཅིག་པ་རང་བྱུང་གི་ཡེ་ཤེས་དང་ཡུལ་སྟོང་ཉིད་སྤྲོས་པ་དང་བྲལ་བ་མཚོན་པའམ། ཁྱད་པར་འབྲས་དུས་སུ་ཐབས་ཤེས་ཀྱི་སྒོ་ནས་འགྲོ་དོན་མཛད་པས་ཕྱག་མཚན་རྡོར་དྲིལ། གཞི་དུས་སུ་གདོད་མའི་གནས་ལུགས་ལ་སྲིད་ཞི་དབྱེར་མི་ཕྱེད་པ་དང་། འབྲས་དུས་སུ་ཤེས་རབ་དང་སྙིང་རྗེ་ཆེན་པོ་ལ་མཐར་ཕྱིན་པས་སྲིད་ཞིའི་མཐའ་ལས་གྲོལ་བས་ཞབས་གཉིས་ཡབ་རྡོར་སྐྱིལ་དང་ཡུམ་པད་སྐྱིལ། གཞི་དུས་སུ་ཉོན་མོངས་པའི་གདུང་བས་རང་བཞིན་ལ་གོས་མ་མྱོང་ཞིང་འབྲས་དུས་སུ་དེ་ལས་རྣམ་པར་གྲོལ་བས་དར་གྱི་ཆས་གོས་ལྔ་

p. 147

དང་། དགེ་བའི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་རྫོགས་པས་རལ་པའི་ཐོར་ཚུགས། འདོད་པའི་ཡོན་ཏན་ཐམས་ཅད་ཡེ་ཤེས་ཀྱི་རྒྱན་དུ་རོལ་པས་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཀུན་ཏུ་རྟོག་པ་གཅོད་ཅིང་མི་རྟོག་པའི་བདེ་བ་སྐྱོང་བས་ཡུམ་གྲི་ཐོད་འཛིན་པ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པས་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་སོགས་བརྟེན་པ་ལྷ་དང་། དེས་མཚོན་ནས་རྟེན་གཞལ་ཡས་ཁང་གདན་ཁྲི་དང་བཅས་པ་དང་། གཞི་འབྲས་ཀྱི་དག་པ་ལས་དཔགས་ནས་ལམ་དུས་ལའང་དག་དྲན་ཇི་ལྟར་ནུས་ནུས་སུ་སྦྱར་ཞིང་། མདོ་འགགས་ནི་གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས། ཡོན་ཏན་གང་དང་གང་ཞིག་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ངོ་བོར་གདོད་ནས་དག་པ་དེར། ཏིང་ངེ་འཛིན་གྱིས་སྒོམ་པའི་རྟེན་བརྟེན་པ་དེའང་རྣམ་པར་དག་པར་མོས་དགོས་པ་ཡིན་ནོ། །དེ་ཡང་དག་པ་ནི་མངོན་རྟོགས་ནམ་སྒོམ་པའི་ཚེ་དྲན་པར་བྱ་དགོས་མོད། ཁྱད་པར་སྐབས་འདིར་དག་པ་དེ་རྣམས་ལ་དེ་དང་དེར་མོས་པ་ཤུགས་དྲག་པོ་རེ་བཞག་པའི་མཐར་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇོག་གོ །དེར་མ་ཟད་ཡབ་ཡུམ་རྗེས་ཆགས་ཀྱིས་ཞུ་བདེ་དྲངས་ཏེ། ལུས་སེམས་ལ་བདེ་བར་ཤར་བའི་ཚེ། དེའི་ངང་ལས་ལྷ་སྐུའི་རྣམ་པ་སལ་ལེ་བ་དང་ང་རྒྱལ་ལམ་མེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་བསྒོམས་པས། དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས། ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །དེ་རྣམས་ལ་གསལ་བརྟན་གྱི་མྱོང་བ་ཐོན་མཚམས་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་ཕྱིར་ཕྲ་བའི་གནས་ལ་བསླབ་སྟེ། རྟེན་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་བརྟེན་པ་ལྷ་སྟོང་གསུམ་གྱི་འཇིག་རྟེན་ཙམ་དང་། གཞལ་ཡས་ཁང་སྟོང་གསུམ་ཙམ་གྱི་ནང་དུ་ལྷ་ཡུངས་འབྲུ་ཙམ་སྒོམ་པ་སོགས་ཆེ་ཆུང་མ་ངེས་པ་ལ་རྩལ་སྦྱངས་བས། གཞལ་ཡས་ཁང་ཡུངས་འབྲུ་ཙམ་པ་ཆེར་མ་སོང་ཞིང་། ལྷ་སྟོང་གསུམ་ཙམ་དུ་སྒོམ་པ་ཡང་ཆུང་དུ་མ་སོང་ཡང་དོག་པ་དང་མི་འཚམས་པའི་སྐྱོན་མེད་པ་དང་། ཡང་རྟེན་

p. 148

སྟོང་གསུམ་ཙམ་པ་ཆུང་དུ་མ་སོང་ཞིང་ལྷ་ཡུངས་འབྲུ་ཙམ་པ་ཆེར་མ་སོང་བར་ཆེ་ཆུང་གི་སྐྱོན་མེད་པར་འཚམས་པ་སོགས་ཇི་ལྟར་བསྒོམས་ཀྱང་བདེ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྣང་བ་ཐམས་ཅད་ལྷ་སྐུའི་རོལ་པར་སྤྲོ་བ་སོགས་རྩལ་སྣང་གོང་སྤེལ་གྱིས་བོགས་ཕྱུང་པས། མ་དག་པའི་ལས་སྣང་འདི་ཐམས་ཅད་དག་པ་ལྷ་སྐུར་བསྒྱུར་བའི་ཏིང་ངེ་འཛིན་ལ་འབད་པར་བྱའོ། །དེ་ལྟར་ལྷའི་སྣང་ཞེན་ལ་བསླབ་པའི་དམིགས་སྐོར་བཞི་དང་། རྣམ་པ་བྱེ་བྲག་སོ་སོ་ལ་འཛིན་པ་རྣམས་ལ་གོ་རིམ་འདི་ཁོ་ན་ལྟར་མཐའ་གཅིག་ཏུ་དགོས་པ་མ་ཡིན་པས། གང་སེམས་བཟུང་སླ་ས་ནས་བཟུང་བས་ཆོག་ཅིང་། འོན་ཀྱང་སྔར་ཏིང་ངེ་འཛིན་གྱི་མྱོང་བའི་སྣེ་མ་ཟིན་པ་ཡིན་ན། ཐོག་མར་རྣམ་པ་ལ་སེམས་འཛིན་པ་ལ་གཙོ་བོར་བཏོན་ཏེ། དེས་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་སེམས་ཟིན་པས་ཞི་གནས་གྲུབ་པ་ཞིག་དགོས། དེའི་ཚེ་བསམ་གཏན་གྱི་སྐྱོན་ཡང་། གལ་ཏེ་རྣམ་རྟོག་ཆིག་སྐྱེར་བ་འཕྲོ་ན་འཕྲོ་རྦད་ཆོད་ཀྱིས་བསྒོམ། ལུ་གུ་རྒྱུད་དུ་འཕྲོ་ན་རིག་པ་འཇུར་མིག་ནས་འདོན། འདོད་ཡོན་གྱིས་སེམས་གཡེང་ན་ཉེས་དམིགས་བསམ། སྒོམ་པས་སྐྱོ་ཞིང་འཚེར་ན་ཏིང་ངེ་འཛིན་གྱི་ཕན་ཡོན་བསམས་ཏེ་སྤྲོ་བ་བསྐྱེད་པ་སོགས་སྐྱོན་འཕྲལ་འཕྲལ་དུ་བསལ་ནས་བསྒོམ། ལྷ་སྐུའི་གསལ་སྣང་ལ་སེམས་འཛིན་པའི་ཚེ། དེ་ཉིད་ལ་ཐུན་ཆུང་གྲངས་མང་བས་སྣ་མ་འདོགས་པར་བྱས་ཏེ་མཉམ་པར་འཇོག་ཅིང་། ཞག་བདུན་ཙམ་གྱི་བར་ཞག་རེ་ཞིང་ཐུན་ཇེ་རིང་ལ་གཏོང་བ་དང་། ཐུན་མཚམས་སུའང་ལྷའི་གསལ་སྣང་དེ་ཉིད་སྐྱོང་ཅི་ཐུབ་བྱ། ཡང་ཞག་བདུན་གྱི་བར་ཐུན་ཇེ་ཆུང་ལ་གཏོང་ཞིང་ཐུན་མཚམས་སུའང་གསལ་སྣང་མ་བྲལ་བར་སྐྱོང་བ་སོགས་ཐུན་གྱི་སྐྱེ་འབྲི་ཡང་ཁམས་ཚོད་དང་སྦྱར་ནས་བསླབ། གལ་ཏེ་རྒོད་ཅིང་འཕྲོ་ན། ལྟ་སྟངས་ཟིམ་མེ་བ་ལ་རང་བབས་སུ་བཞག རིག་པའང་ཐུར་དུ་སྨད་ཅིང་ཤེས་པ་ཁོང་གློད། ཟས་བཅུད་ཅན་དང་ཅུང་ཟད་མང་བ་བསྟེན། ས་དམའ་བའམ་དྲོ་སར་འདུག ཡང་བྱིང་ན་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས་ཏེ། རིག་པ་ལ་ཧུར་བཏོན་ནས་མཁའ་ལ་བལྟ། ཁ་ཟས་བསིལ་ཞིང་ཉུང་བ་དང་། གནས་མཐོ་ཞིང་བསིལ་བའི་མཐོངས་

p. 149

དཀར་སར་འདུག་པས་སེལ། སྤྱིར་འཕྲོ་རྒོད་ལ་འཆི་བ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་བསམ་ལ་སྐྱོ་བ་བསྐྱེད་དེ་ཅིས་ཀྱང་དགོས་པ་མེད་སྙམ་དུ་ཡང་ཡང་བསམ། བྲིས་སྐུ་ལྟ་བུ་དམིགས་རྟེན་ཡིད་དུ་འོང་བ་ཞིག་ལ་སེམས་བསྒྲིམས་ཏེ་ཅུང་ཟད་བཞག་རྗེས། དེ་ལ་མི་བལྟ་བར་ཤེས་པ་ཁོང་ཀློོད་དེ་བཞག་པས་སེལ། བྱིང་བ་ལ་གྲུབ་ཐོབ་གོང་མ་རྣམས་ཀྱི་རྣམ་ཐར་ངོ་མཚར་ཅན་མང་པོ་དྲན་པས་སྤྲོ་བ་བསྐྱེད། ལྷ་སྐུའི་ཆ་ཤས་ཀྱི་རྣམ་པ་རེ་རེ་ནས་དམིགས་པ་གཏད་ཅིང་དམིགས་རྟེན་ཡང་ཡང་སྤོས་ནས་བསྒོམས་པས་ངེས་པར་སེལ། བྱིང་རྒོད་མེད་པར་གནས་ན་བཟོ་བཅོས་མེད་པར་བསྐྱང་བར་བྱ། ཡང་སྔ་ཐུན་ནམ་ཐུན་འགོ་ལ་ཉམས་བཟང་ཞིང་། ཕྱི་ཐུན་ནམ་ཐུན་གཤམ་ལ་ངན་ན། ཆུ་ཟད་པའི་རྫིང་ལྟར་ཁམས་ཀྱིས་མ་ལྕོགས་པ་ཡིན་པས། ཁམས་གསོ་ཞིང་ཀློད་ནས་བསྒོམ། སྔ་ཐུན་ནམ་ཐུན་འགོ་ལ་ངན། ཕྱི་ཐུན་ནམ་ཐུན་གཤམ་ལ་བཟང་ན། ཡུར་བས་ཆུ་མ་འདྲོངས་བ་ལྟར་སྦྱོར་བརྩོན་ཆུང་བ་ཡིན་པས་རིག་པ་འཇུར་མིག་ནས་བཏོན་ལ་ཤེས་པ་དྲུངས་སུ་བཅུག་སྟེ་བསྒོམ་ཞིང་། འདི་དག་གི་གནད་འོག་མ་རྣམས་སུའང་ཤེས་པར་བྱའོ། །དེ་ལྟར་འབད་པས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་དང་ཕྱི་ནང་གསང་བའི་དྲོད་རྟགས་རྣམས་ཀྱང་ཤར་རིམ་ནས་ངོ་སྤྲད་དེ་བསྐྱང་དུ་གཞུག་གོ །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ་གསུམ་སྟེ། རགས་པ་རླུང་བཟླས། ཕྲ་བ་རྡོར་བཟླས། དེས་སྐྱོ་ན་ངག་གི་བཟླས་པ་ལ་བསླབ་པའོ། །དང་པོ་ནི། གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང་༔ ཁ་སྦྱར་རླུང་འཆིང་ཡིད་བཟླས་བྱ༔ ཞེས་པས། ལུས་གནད་སྔར་ལྟར་ལས་རྐང་པ་རྡོར་སྐྱིལ་ལམ་སེམས་སྐྱིལ་དང་། ལག་པ་མཉམ་བཞག་གམ་ལག་ངར་བསྲངས་པའི་ཁུ་ཚུར་བརླ་བཞག་གང་བདེ་བྱ། དམིགས་པ་རང་ལྷར་གསལ་བའི་ཐུགས་འོད་ལྔར་འཁྱིལ་བའི་ཀློང་དུ་ཟླ་བ་ལ་གནས་པའི་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་ལངས་ཀྱི་ལྟེ་བར་ཧཱུྃ་ཡིག་དཀར་གསལ་འབར་བ་བསྒོམ། དེ་ལྟར་གསལ་ཐེབས་པ་ན། དེ་ལ་སེམས་རྩེ་གཅིག་

p. 150

ཏུ་གཏད་དེ། རླུང་རོ་དལ་ལ་རིང་བ་གསུམ་བསལ། དེ་རྗེས་སྟེང་རླུང་འཇམ་ལ་རན་པར་བརྔུབས་ཏེ་ལྟེ་འོག་ཏུ་མནན། འོག་རླུང་ཡང་ཅུང་ཟད་བསྐུམས་ཏེ་ཁ་སྦྱོར་འཇམ་པར་བཅིངས་ལ༑ ༀ་བཛྲ་སཏྭ་ཨཱཿ ཞེས་པའི་ཡིད་བཟླས་བྱ། དེ་ལྟར་མི་བདེ་བ་མེད་མེད་ཀྱི་བར་རླུང་བཟུང་ནས་ཅུང་ཟད་མི་བདེ་སྙམ་བྱེད་པ་ན། སྣ་སྒོ་གཉིས་ནས་ཐོག་མར་སྤུ་མི་འགུལ་བའི་ཚོད་ཙམ་ལས་བར་དུ་ཤུགས་བསྐྱེད་ཅིིང་མཐར་སང་གིས་འཕང་ངོ་། །གཉིས་པ་ནི། དེ་གོམས་འབྱུང་འཇུག་གནས་གསུམ་པོ༔ ༀ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ ཞེས་རླུང་འཇུག་གནས་ལྡང་གསུམ་ཡི་གེ་འབྲུ་གསུམ་གྱི་གདངས་སུ་མོས་པ་རླུང་སྔགས་སྟོང་པ་གསུམ་དབྱེར་མི་ཕྱེད་པར་ཤེས་པའི་སྒོ་ནས། ལག་ལེན་ནི། ལུས་གནད་སྔར་ལྟར་ལས། ཐོག་མར་ལྷ་སྐུའི་གསལ་སྣང་ལ་ཡུད་ཙམ་བཞག་ནས། རླུང་རོ་བསལ་རྗེས་དབུགས་རང་བབས་ཀྱི་འཇུག་གནས་ལྡང་གསུམ་ལ་སེམས་མ་ཡེངས་པར་གཏད་དེ། ནང་དུ་འཇུག་པའི་ཚེ་ༀ། གནས་པའི་ཚེ་ཨཱཿ ཕྱིར་ལྡང་བའི་ཚེ་ཧཱུྃ་གི་སྒྲ་གདངས་སུ་ཤེས་པའི་སྒོ་ནས་སྐད་ཅིག་ཀྱང་མ་ཡེངས་པར་བཟླ་བར་བྱ་སྟེ། དེའང་རླུང་ནང་དུ་འདུས་ནས་འགག་པ་ལ་ཕྱོགས་པའམ་འགགས་ན་སྤོས་དྲི་ཞིམ་པོས་སློང་བ་སོགས་ཐབས་ཀྱིས་བསལ་བར་བྱ་ཞིང་། དེ་ལ་མྱོང་བ་ཐོན་ནས་རྡོར་བཟླས་བུམ་པ་ཅན་སྦྱོར་བ་བཞི་ལྡན་གྱི་སྟེང་ནས་བྱ་སྟེ། རླུང་རོ་བསལ་ལ་ཕྱིར་ཅུང་ཟད་བཟུང་བའི་སྐབས་འོག་སྒོ་བསྡམས་ནས་ཐུར་སེལ་ཅུང་ཟད་འཐེན། སྟེང་རླུང་ༀ་གྱི་སྒྲར་མོས་ལ་ནར་གྱིས་བརྔུབས་ཏེ་ལྟེ་བར་སྐྱུར་ཐབས་སུ་མནན། འོག་རླུང་ཡར་དྲངས་ཏེ་ཁ་སྦྱོར་དུ་འཆིང་ཞིང་བཟུང་ནས་གནས་པའི་བར་ཨཱཿཞེས་པའི་སྒྲ་གདངས་སུ་མོས། ཅུང་ཟད་མི་བདེ་ན་རྔུབ་ཆུང་དང་འཐེན་གནོན་བྱ། མི་ཐུབ་པ་ན་ཧཱུྃ་གདངས་ལ་ཡིད་གཏད་དེ་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་འཕང་། དེ་ལྟ་བུས་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུང་མ་གྲུབ་ཀྱི་བར་དུ་འབད་པར་བྱའོ། །གསུམ་པ་ནི། དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ ཞེས་པས་རླུང་བཟླས་ཀྱིས་སྐྱོ་ན་རགས་བཟླས་ལ་འཇུག་སྟེ། ཡེ་ཤེས་སེམས་

p. 151

དཔའི་ཐུགས་ཀའི་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་མཐར་སྔགས་ཕྲེང་དཀར་གསལ་གཡས་སྐོར་དུ་གནས་པར་བསམ་ལ། སྔགས་ཟློས་པའི་ཚེ་སྔགས་ཕྲེང་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་སྲས་བཅས་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་དམིགས་པའོ། །ཡང་ཐུགས་ཀའི་འོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་བཀོད། འོད་ཟེར་ཚུར་འདུས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་མོས་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་གཉིས་ཕྲུགས་གཅིག་གམ། མི་ལྕོགས་ན་རེ་མོས་ཀྱིས་གསལ་བཏབ་ལ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་ཁྱེར་སོ་དང་མ་བྲལ་བའི་ངང་ནས། ཡི་གེ་དྲུག་པ་དང་། ཡི་གེ་བརྒྱ་པ་ཅི་ནུས་བཟླ་ཞིང་། མགྱོགས་ཁྲིད་མི་བྱེད་པར་སྐབས་འདི་ཉིད་དུ་བསྙེན་པ་བྱེད་ན། གྲངས་བསྙེན་ནི་ཡིག་དྲུག་འབྲུ་འབུམ་དང་། ཡིག་བརྒྱ་དེའི་དྲུག་ཆ་སྟེ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང་། དུས་བསྙེན་ནི་ཟླ་དྲུག་མ་ནས་ཟླ་གསུམ་གྱི་བར་དང་། མཚན་བསྙེན་ལ་དུས་གྲངས་མཐའ་གཅིག་ཏུ་མ་ངེས་སོ། །འདི་དག་གིས་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱངས་སུ་རྫོགས་པས་གདུལ་བྱ་ལ་ཆ ོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་ངོ་། །དེ་ལྟར་སྐུ་བསྐྱེད་རིམ་དང་གསུང་བཟླས་པའི་ཁྲིད་གཉིས་ཀྱི་དམིགས་ཐུན་གང་དང་གང་ཡིན་ཡང་འདྲ་སྟེ། མཇུག་ཏུ་ཐུན་བསྡུ་བའི་ཚེ་དམ་ཡེ་དབྱེར་མེད་ཀྱི་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ་ནས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ལྷར་དག་པ་ཐམས་ཅད་སྦྱངས་ནས་སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེ་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ། དེ་རྡོ་རྗེ་ལ། དེ་ཧཱུྃ་ལ། དེའང་གྱེན་རྫོགས་མི་དམིགས་པའི་དབྱིངས་སུ་ཐིམ་པའི་རང་ངོ་ལ་ཆེར་བལྟས་པས། སྣང་རིག་ངོས་བཟུང་དང་བྲལ་བའི་

p. 152

རྗེན་ནེ་བ་དེ་ཀའི་ངང་ལ་སོ་ཁད་དེ་མཉམ་པར་བཞག དེ་ལས་ཐུན་མཚམས་ཀྱི་ལྷར་ལངས་ལ་བསྔོ་བ་བྱ་ཞིང་སྤྱོད་ལམ་ལ་འཇུག་གོ །བསྐྱེད་བཟླས་ཀྱི་སྐབས་འདིར་ཉལ་བའི་རྣལ་འབྱོར་ནི། ལྷ་སྐུ་མི་དམིགས་པའི་ངང་དུ་བསྡུས་ལ་བསམ་མེད་ཀྱི་ངང་ནས་གཉིད་དུ་འགྲོ་བར་བྱ་ཞིང་། གཉིད་མ་བྱུང་ན་ཡང་ཡང་བསྐྱར་བས་ཆོག ནངས་པར་ལྡང་བའི་ཚེ་ནམ་མཁར་བཞུགས་པའི་ལྷ་རྣམས་ཀྱི་སྔགས་སྒྲས་གཉིད་སད་པར་མོས་ཏེ་ལྷར་ལམ་གྱིས་ལང་ངོ་། །འདིས་འདུ་བྱེད་ཀྱི་ཐ་མ་འཇིག་ཅིང་ལྡང་བ་སྦྱོངས་ཏེ། སྣོད་བཅུད་སྲུང་འཁོར་གཞལ་ཡས་ཁང་རྣམས་ལྷ་དམ་ཚིག་སེམས་དཔའ་ལ་བསྡུ་བ་ནི་རགས་པ་ཐིམ་པ། སེམས་དཔའ་སུམ་བརྩེགས་ཧཱུྃ་ལ་བསྡུ་བའི་བར་སྣང་གསུམ། དེའང་བསྡུ་བ་འོད་གསལ་ཏེ་འཁོར་བར་སྐྱེ་བ་ལས་སླར་ཡང་འཆི་བ་དང་དེ་ལས་བར་སྲིད་དུ་ལྡང་བ་སྦྱོང་། འབྲས་དུས་སུ་གཟུགས་སྐུ་ཆོས་ཀྱི་སྐུའི་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་ཆད་པར་འཆར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་དུས་དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་སྐུར་ལྡང་བའི་གཞི་འདིང་བའོ། །དེ་ལྟར་ཉེར་བསྡུའི་རྣལ་འབྱོར་འདི་ནི་རྫོགས་རིམ་ཡིན་པས། གསུམ་པ་ཐུགས་རྫོགས་རིམ་གྱི་ཁྲིད་ཀྱིས་ཁོངས་འདི་ཉིད་ལ་སྦྱར་ནས་འཆད་ཅིང་ཐུན་མཚམས་ཀྱི་ཁྱེར་སོའི་རྣལ་འབྱོར་དང་། ཏིང་ངེ་འཛིན་གྱི་ཉམས་མྱོང་གང་སྐྱེས་དང་བསྟུན་པའི་ངོ་སྤྲོད་ཀྱིས་རྗེས་བསྡུ་བ་རྣམས་ལྷག་པར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་གྱི་ཁྲིད་ཀྱི་དམིགས་རྐང་ཅུང་ཟད་སྤྲོས་ཏེ་བཤད་པ་འདི་ནི། རེ་ཞིག་བསྐྱེད་བཟླས་ཀྱི་རྣལ་འབྱོར་ཙམ་གྱིས་ཡིད་ཚིམ་པར་རྫོགས་རིམ་ལ་འཕྲལ་དུ་མི་འཇུག་པའམ། འཇུག་ཀྱང་གཙོ་བོར་མི་འདོན་པའི་གང་ཟག་ལ་ཕན་ཕྱིར་བཀོད་པ་སྟེ། གཞན་དུ་རྫོགས་རིམ་ཉིད་ལ་གཙོ་བོར་སྒྲིལ་བའི་སྐབས་སུ་ཧ་ཅང་བསྐྱེད་རིམ་གྱི་དམིགས་སྐོར་རྒྱས་དྲགས་ན། རྫོགས་རིམ་ལ་འཕྲལ་དུ་འཇུག་པ་ལས་ཕྱིར་ཕྱོགས་པར་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་བས་ན། ཏིང་ངེ་འཛིན་གསུམ་དང་། དཀྱིལ་འཁོར་བསྐྱེད་བསྟིམ་སོགས་རེ་རེ་ནས་དམིགས་ཐུན་སོ་སོར་གཅོད་པ་དང་། རྫོགས་སྨིན་སྦྱང་གསུམ་བརྩི་ཞིང་གཞི་འབྲས་སྦྲེལ་བའི་ང་རྒྱལ་སྒོམ་པ་རྣམས་དོར་ནས། སྐབས་

p. 153

འདིར་རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་གྱི་རྣལ་འབྱོར་བསྡུས་ལ་གནད་འདྲིལ་བ་འདི་ལྟར་བསྒོམ་སྟེ། དེའང་རྒྱུ་ཏིང་ངེ་འཛིན་གསུམ་བསྒོམས་རྗེས། འབྲས་བུ་དཀྱིལ་འཁོར་བསྐྱེད་པ་ལ་སྲུང་འཁོར་གྱི་དབུས་སུ། རྟེན་གཞལ་ཡས་ཁང་སྒོམ་མམ། མི་བསྒོམ་ན་སྲུང་འཁོར་གྱི་ནང་དུ་སྟེ། ཆོ་ག་གསུམ་བསྐྱེད་ཀྱིས་དམ་ཚིག་པ་བསྐྱེད་རློབ་དྲང་བསྟིམ་བྱས་རྗེས། ལྷའི་གསལ་སྣང་ཁོ་ན་ལ་སེམས་ཟིན་པ་གཙོ་བོར་འདོན་ཅིང་དེའང་ཞུ་བདེས་དྲངས་པའི་བདེ་བའི་ངང་ནས་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབས་ཏེ། དེ་ལས་གཞན་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསླབ། དེས་སྐྱོ་ན་རགས་ཕྲའི་རླུང་བཟླས་གང་རུང་ལ་གཙོ་བོར་དྲིལ་ཞིང་ངག་བཟླས་ཀྱང་ཅུང་ཟད་བྱས་ལ། ལྷ་སྐུ་འོད་གསལ་དུ་བསྡུ་ཞིང་། དེ་ལས་ལངས་ཏེ་བསྔོ་བ་བྱ་བ་ཡིན་ནོ། །གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་ལ་གསུམ་སྟེ། གནས་ལུགས་གཏན་ལ་འབེབས་པ་ལྟ་བས་ཐག་གཅོད་པའི་ཁྲིད། མཉམ་བཞག་ཏུ་སྒོམ་པས་ཉམས་སུ་བླང་བའི་ཁྲིད། དེ་རྗེས་ཐོབ་ཏུ་སྤྱོད་པས་སྐྱོང་བའི་ཁྲིད་དང་གསུམ་ལས། གསུམ་པ་རྫོགས་པའི་རིམ་པ་ལ༔ དང་པོ་ལྟ་བའི་གཟེར་ཐེབས་གཅེས༔ ཞེས་པས་དང་པོ་ལྟ་བས་ཐག་གཅོད་པའི་ཁྲིད་སྟོན། དེ་ལ་གཉིས་ཏེ། ཕྱི་གཟུང་ཡུལ་གཏན་ལ་འབེབས་པ་དང་། ནང་འཛིན་སེམས་གཏན་ལ་འབེབས་པའོ། །དང་པོ་ནི། སྣང་བ་སྒྱུ་མ་ལྟ་བུར་བལྟ༔ ཞེས་པས། རང་གཞན་སྣོད་བཅུད་དུ་སྣང་བའི་དངོས་པོ་ཐམས་ཅད་ལ་སེམས་གཏད་ནས། ག་རེ་འདི་ཐམས་ཅད་སྣང་བ་ལྟར་བདེན་བདེན་འདྲ་བར་འདུག་ཀྱང་། རང་གི་སེམས་ཀྱི་འཁྲུལ་སྣང་ལས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས། འདི་དག་སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ལྟ་བུ་ཡིན་སྙམ་པའི་འདུན་པ་ཤུགས་དྲག་པོས་བསྐྱངས་ཏེ། སྣང་བ་ཐམས་ཅད་སང་སེང་། འལ་འོལ་ཙམ་དུ་བལྟ། དེ་རྗེས་སྒྱུ་མ་ལྟ་བུ་ཡིན། བདེན་པར་མེད་དོ་སྙམ་པའི་བློ་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་པས། སྣང་བ་མ་འགགས་ལ་དེར་འཛིན་གྱི་བློའི་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་དུ་རྗེན་སང་གིས་འཆར་བས། གང་ཤར་དེ་ལ་བཅས་བཅོས་མི་བྱ་བར། དེ་

p. 154

ཀའི་ངང་ལ་ལྷོད་ཀྱིས་ཀློད་ནས་མཉམ་པར་འཇོག་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་དང་། །སྨིག་རྒྱུ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། ཡུམ་ལས། ལྷའི་བུ་དག ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་པས་འདི་ལྟར་སྣང་བ་ཐམས་ཅད་རང་སྣང་རིས་མེད་སྒྱུ་མ་ལྟ་བུའི་ཡེ་ཤེས་སུ་ཐག་བཅད་དོ། །གཉིས་པ་ནི༑ སེམས་ནི་གཟུང་འཛིན་བྲལ་བར་ལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང་༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ ཞེས་པ་སྟེ། ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་བཞག སེམས་གནད་ནི། སེམས་མ་བསྒྲིམས། མ་ཀློད། གང་ཡང་ཡིད་ལ་མི་བྱེད་པར་རིག་པ་མ་བཅོས་སོ་མར་ཙེན་གྱིས་འཇོག་ཏུ་བཅུག་ལ། ཁ་ནང་ལོག་གི་ཤེས་པས་སེམས་ཁོ་རང་གི་རང་ངོ་ལ་ཆེ་རེ་བལྟ། དེ་ལྟར་བལྟས་པས། བལྟ་བྱ་དང་ལྟ་བྱེད། མྱང་བྱ་དང་མྱོང་བྱེད། ཡུལ་དང་ཡུལ་ཅན་སོགས་གཟུང་འཛིན་ཐམས་ཅད་དང་བྲལ་བའི་ཡུལ་མེད་རང་གསལ་སྤྲོས་པའི་མཐའ་དང་བྲལ་བ་ཞིག་འཆར་བས། དེ་ཀའི་སྟེང་དུ་མ་བཅོས། མ་བསླད། མ་བསྒྱུར་བར་སོ་ཁད་དེ་མཉམ་པར་འཇོག་ཏུ་བཅུག དེ་ནི་དབང་རབ་ཀྱིས་སྒོམ་ཚུལ་ཏེ་རིག་པ་སྤྱི་བླུགས་སུ་འཇོག་པའོ། །གང་ཟག་ཕལ་ཆེ་བ་ཞིག་རྣམ་རྟོག་གིས་དཀྲུགས་ནས་དེ་ལ་ངོ་འཕྲོད་པ་དཀའ་བས། རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བར་བྱ་སྟེ། དེའང་རིག་པ་སྤྱི་བླུགས་སུ་བཞག་པས། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་གྱ་གྱུ། ཐལ་ཐོལ་དུ་འཕྲོ་ན། རྣམ་རྟོག་ཐོལ་གྱིས་སྐྱེས་པ་དེ་ཀ དང་པོ་གང་ནས་སྐྱེས། ད་ལྟ་གང་ན་གནས། མཐའ་མར་གང་དུ་འགག རྐྱང་འདེད་ཀྱིས་བལྟ། དེར་མ་ཟད་ཡར་འཚང་རྒྱ་མཁན་དང་། མར་འཁོར་བར་འཁྱམ་མཁན་སོགས་བདེ་སྡུག་གི་བྱེད་པ་པོ་དེ་གང་ཡིན། དེ་སེམས་ཡིན་པར་འདུག་སྙམ་ན། སེམས་དེ་ལ་ཐོག་མ་དང་། མཐའ་མ་དང་། བར་མ་གསུམ་ཨེ་འདུག སེམས་ཁོ་རང་དངོས་པོའམ། དངོས་མེད་གང་། དངོས་ཡོད་ཡིན་ན་དབྱིབས་ཁ་དོག་སོགས་ཅི་འདྲ། དངོས་མེད་དོ་སྙམ་ན། ཅང་མེད་ཅིག་འདུག་གམ་ཅི་འདྲ་

p. 155

ཞེས་ཡང་ཡང་དྲི་ཞིང་བྱ་མ་ཤོར་བར་བྱས་ལ་བལྟར་བཅུག་པས། དངོས་པོ་འདི་འདྲ་ཞིག་འདུག་ཅེས་བདེན་འཛིན་ལ་ཨ་འཐས་པ་དང་། ཅང་མེད་སྟོང་པར་འདུག་ཅེས་ཚོད་དཔོགས་དང་། མ་རྙེད་པས་ཡེ་ནས་མེད་པ་ཞིག་གམ། ཡོད་རང་ནི་ཡོད་ལས་ཆེ་སྟེ་མ་རྙེད་པ་ཨེ་ཡིན་སྙམ་དུ་བློ་ཐག་མ་ཆོད་ན་ད་དུང་འཚོལ་དུ་བཅུག་སྟེ་དྲི་བར་བྱ། བལྟ་བྱ་ལྟ་བྱེད། མཐོང་བྱ་དང་མཐོང་བྱེད་སོགས་གསལ་བ་མ་མཐོང་། བཙལ་ཞིང་དཔྱད་པས་ཅི་ཡང་མ་རྙེད་པ། ནམ་མཁའི་དབྱིངས་ལ་བལྟས་པས་ཅི་ཡང་མ་མཐོང་བ་འདྲ་བར། སྣང་རིག་འདི་ཀ་ངོ་བོ་ངོས་བཟུང་དང་བྲལ་བ། རྗེན་ནེ་བ། སྨྲ་མི་ཤེས། བསམ་མི་ཤེས། མཐོང་མི་ཤེས་པར་སྟོང་གསལ་ཡུལ་མེད་ཀྱི་རིག་པ་གཅེར་བུ་ལྷིངས་པ་ཞིག་འཆར་ན། ཁྲིད་ཆུད་པ་ཡིན་ན་དེ་ཀའི་ངང་དུ་བསལ་བཞག་མེད་པར་བསྐྱང་བར་བྱ་སྟེ། ཀུན་བྱེད་ལས། སེམས་ཀྱིས་སེམས་ལ་བལྟ་རུ་མེད་པའི་ཕྱིར། །བལྟས་པས་མི་མཐོང་ཇི་བཞིན་ཉིད་དུ་ཞོག །ཅེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ༔ སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ༔ ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས༔ དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན༔ ཞེས་གསུངས་སོ། །དེ་ཡང་མཉམ་བཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པ་རང་གསལ་རྒྱ་ཡན་དུ་ཀློད་ཅིང་། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་རམ་རྨི་ལམ་གྱི་སྣང་བ་ལྟར་གསལ་སྟོང་འཛིན་མེད་དུ་ཐག་བཅད་དེ་ལམ་དུ་ཁྱེར་བས། མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཀ་རྩལ་སྣང་མ་འགགས་པའི་རོལ་པར་ཤར་ནས་ཡུལ་སྣང་ཐམས་ཅད་མེད་བཞིན་དུ་སྣང་བར་ཐག་ཆོད། དེ་ཀ་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུང་འཇུག་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་སམ་དངོས་པོའི་གནས་ལུགས་ཡིན་པས། སེམས་ཅན་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་ཀྱང་། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་དྲངས་

p. 156

པའི་བྱང་ཆུབ་ཀྱི་སེམས་མ་འགགས་པར་འཆར་ལ་ཤར་ཙམ་ནས་ཆེད་འཛིན་མེད་པར་གཤིས་འཛིན་མེད་དུ་ཁྲོལ་ལེ་བསྒྱུར་ཏེ་བསྐྱང་བར་བྱའོ། །དེ་ལྟར་མཉམ་རྗེས་དབྱེར་མེད་དུ་བསྲེས་པ་དེས་གང་ཤར་རང་གྲོལ་མངོན་དུ་གྱུར་ནས་རྣམ་རྟོག་སྒོམ་གྱི་གྲོགས་སུ་ཤར་ན་ལེགས། གལ་ཏེ་རྣམ་རྟོག་གིས་གནོད་ན་འགྱུ་དྲན་གྱི་རྟོག་པ་གང་ཤར་དེ་ཀ་ལ་ཅེར་ཅེར་བལྟས་པས་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་དུ་ཡལ་ཏེ། རྣམ་རྟོག་གཞི་མེད་རྩ་བྲལ་དུ་ཐག་ཆོད་པ་སྐྱེ་བས། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ཡིན་ཞེས་དམ་པ་རྣམས་ཀྱི་ཞལ་ལས་ཐོས་སོ། །གཉིས་པ་མཉམ་བཞག་ཏུ་སྒོམ་པས་ཉམས་སུ་བླང་བའི་ཁྲིད་ནི། དེ་ལྟར་གཏན་ལ་ཕེབས་པ་ན༔ བདེ་དང་གསལ་དང་མི་རྟོག་བསྒོམ༔ ཞེས་པས་ཕྱི་རོལ་སྣ་ཚོགས་སུ་སྣང་བའི་ཡུལ་རྣམས་རང་སྣང་རིས་མེད་གསལ་སྟོང་ཞེན་བྲལ་ནམ་མཁའ་ལྟར་མཉམ་པར་གཏན་ལ་ཕེབས་པ་དང་། ནང་ཡུལ་དང་ཡུལ་ཅན་དུ་འཇལ་བྱེད་ཀྱི་སེམས་ཀྱི་རང་བཞིན་ལ་བརྟགས་ཤིང་དཔྱད་པས་ངོ་བོ་གང་དུའང་མ་གྲུབ་ཅིང་། མཐའ་གང་དུའང་མ་རེག་པའི་རྩ་བྲལ་སྟོང་པ་ཉིད་དུ་གཏན་ལ་ཕེབས་ནས་སྒོམ་པ་ལ་འཇུག་སྟེ། དེ་ལ་གསུམ། བདེ་བ་སྒོམ་པ། གསལ་བ་སྒོམ་པ། མི་རྟོག་པ་སྒོམ་པའི་ཁྲིད་དོ། །དེ་གསུམ་རང་གི་བྱེད་ལས་ནི། སྦྱང་གཞི་ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གདོད་མ་ནས་རང་ལ་བཞུགས་པ་དེ། སྦྱོང་བྱེད་གནས་ལུགས་དང་རྗེས་སུ་མཐུན་པའི་ཐབས་ཀྱི་ལམ་བདེ་གསལ་མི་རྟོག་པ་གསུམ་བསྒོམས་པས། སྦྱང་བྱ་ཆགས་སྡང་རྨོངས་གསུམ་གྱིས་བསྡུས་པའི་སྒྲིབ་པ་ཕྲ་རགས་རྣམས་མ་སྤངས་མ་བསྒྱུར་བར་རང་སངས་ཀྱིས་དག་ནས། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་བདེ་གསལ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སུ་གྲོལ་ཏེ་སྦྱངས་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མངོན་དུ་བྱེད་པའོ། །དེ་ལ་དང་པོ་བདེ་བ་སྒོམ་པའི་ཁྲིད་ལ་གཉིས་ཀྱི། དང་པོ་ལམ་སེལ་གྱི་གནད་རྩ་རླུང་སྦྱོང་བ་ནི། རང་ལུས་ལྷ་སྐུ་གཞའ་ཚོན་བཞིན༔ གསལ་བའི་དབུས་སུ་དྷཱུ་ཏི་ནི༔ མཚན་ཉིད་བཞི་ལྡན་གཡས་གཡོན་དུ༔ རོ་རྐྱང་རྡུལ་ཟླས་གང་བ་ཅན༔ མར་སྣེ་དྷཱུ་

p. 157

ཏིར་ཚུད་པ་བལྟ༔ ཞེས་པས་ལུས་གནད་རྐང་པ་རྡོར་སྐྱིལ་བྱས་ལ། རྒལ་ཚིགས་དྲང་པོར་བསྲང་། ལག་གཉིས་པུས་མོ་ལ་བཀབ། ལྟ་སྟངས་ཐད་ཀ་ལས་ཅུང་ཟད་སྨིན་མཚམས་སུ་བལྟ། ལྷག་མ་སྤྱི་དང་མཐུན། རང་ཐ་མལ་གྱི་ལུས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྦྱངས་ཏེ་མི་དམིགས་པ་ལས། རང་ལུས་ཕྱི་དབྱིབས་རྡོ་རྗེ་སེམས་དཔའ་འཇའ་ཚོན་ལྟ་བུའི་སྐུ་ཅན། ནང་ཁོང་སྟོང་དྭངས་གསལ་སྒྲིབ་ཐོགས་མེད་པའི་རྣམ་པ་ཅན་ལ་སེམས་གཏད་དེ་བསྒོམ། དེ་གསལ་བ་དང་ལུས་ཀྱི་ནང་རྒྱབ་ཕྱོགས་ལ་ཅུང་ཟད་ཉེ་བའི་དབུས་དྲང་པོར་རྩ་ཨ་ཝ་དྷཱུ་ཏི་ཆུ་ཤིང་གི་སྡོང་པོ་ལྟར་དྲང་པ། ཏིལ་གྱི་མར་མེ་ལྟར་གསལ་ཞིང་རང་འོད་འཕྲོ་བ༑ རྒྱ་སྐྱེགས་ཀྱི་ཁུ་བས་བཙོས་པ་ལྟར་མདོག་དམར་བ། པདྨའི་སྣལ་མ་ལྟར་ཤིན་ཏུ་སྲབ་ཅིང་དྭངས་པ་སྟེ། མཚན་ཉིད་བཞི་དང་ལྡན་པ། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་པ། ཡར་སྣ་ཚངས་བུག་ལ་རེག་ཅིང་། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་གནས་པ། དེའི་གཡས་སུ་རོ་མ་དམར་པོ་རྡུལ་གྱིས་གང་བ་དང་། གཡོན་དུ་རྐྱང་མ་དཀར་པོ་ཟླ་བས་གང་བ་གཉིས་དབུ་མ་ལས་བཞི་འགྱུར་གྱིས་ཕྲ་བ། ཡར་རྩེ་གུག་པ་སྨིན་མཚམས་སུ་སྣ་བུག་གི་ནང་གཉིས་ལ་ཟུག་ཅིང་། དེ་གཉིས་དབུ་མ་དང་ལྷན་ཅིག་སུམ་གཤིབས་སུ་སོང་བའི་མར་སྣ་གཉིས་དབུ་མ་ལས་ཅུང་ཟད་རིང་བ་མར་སོང་སྟེ་དབུ་མའི་ནང་དུ་ཚུད་པར་བསམ་ལ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་མོས་ཏེ་རླུང་རོ་དལ་ལ་རིང་བ་གསུམ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་བརྒྱུད་དེ་སོང་བ་ལྟེ་འོག་ནས་དབུ་མའི་ནང་དུ་ཞུགས་པར་མོས་ལ་སྟེང་རླུང་རན་པར་བརྔུབས་ཏེ། ལྟེ་འོག་ཏུ་ཁ་སྦྱོར་རང་བབས་འཇམ་ཞིང་རན་པར་བཟུང་ལ་དམིགས་པའང་དབུ་མའི་ནང་ཉིད་ལ་གཏད། ཅུང་ཟད་མི་བདེ་ན་གཞིལ་བར་བྱ་ཞིང་། མི་ཐུབ་པ་ན་སྣ་བུག་གཉིས་ནས་དལ་བུས་སྤུ་མི་འགུལ་བའི་ཚོད་ཙམ་དུ་སང་གིས་གཏོང་། དེ་ལྟར་རླུང་སྦྱོར་བ་བཞི་ལྡན་ལ་སློབ་སྟེ། གོང་དུ་བཟླས་པའི་སྐབས་སུ་ཕྲ་བའི་རྡོར་བཟླས་ཀྱིས་རྩལ་མ་འབྱོངས་ཤིང་། རགས་པའི་རྡོར་བཟླས་ཀྱིས་བུམ་ཅན་གྲུབ་ཟིན་ན་འདིར་ཞག་རེ་གཉིས་

p. 158

བསྒོམས་པས་ཆོག སྔར་མ་འབྱོངས་ན་སྐབས་འདིར་མྱོང་བ་ཅི་རིགས་ཐོན་ཐོན་གྱི་བར་སྦྱང་དགོས་ཤིང་། དེ་དག་གི་ཐུན་མཚམས་རྣམས་སུ་ལུས་སྦྱོང་རེ་ཡང་བྱ་སྟེ། ལུས་གནད་སྔར་ལྟར་ལས། བུམ་ཅན་དྲག་ཏུ་འཆིང་། སྟེང་རླུང་རྔུབ་ཆུང་གིས་མནན་པ་དང་བསྟུན། དང་པོ་ལག་གཉིས་དཔུང་སྟེང་རྡེག །གཉིས་པ་རྐང་རྟིང་དཔྱི་མགོར་རྡེག །གསུམ་པ་རོ་སྟོད་གཅུ་ཞིང་སྤྲུག །བཞི་པ་མགོ་བསྐོར་ཕྱོགས་བཞིར་འཕང་། །ལྔ་པ་ཁ་ནས་སྒྲ་དང་བཅས། །རླུང་སྟོང་ལུས་ནང་བཤལ་བ་ལྟར། །སྒོམ་ཞིང་འབེབས་བྱ་ཡན་ལག་སྤྲུག །ཅེས་པ་ལྟར་རོ༑ ༑གཉིས་པ་བདེ་བ་བསྒོམ་པ་ལ་གསུམ་སྟེ། གཏུམ་མོ་སྦར་བ། དེས་ཞུ་བདེ་སྒྲུབ་པ། བདེ་དྲོད་ཀ་དག་ཏུ་བསྲེ་བའོ། །དང་པོ་ནི། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་ལ། །ཧྃ་ༀ་ཧཱུྃ་དང་ཨ་ཡིག་བསྒོམ། །སྟེང་མནན་འོག་རླུང་གསུམ་དུ་དྲག །རོ་རྐྱང་ལས་བྱུང་རླུང་གིས་ཨཱཿ སོལ་མེ་བུས་བཞིན་འབར་བར་བསམ། །ཞེས་པས། ལུས་གནད་མེ་ཐབ་གྲུ་འཆིངས་བཅས་ལ༑ རང་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་སྔར་ལྟར་གསལ་བཏབ། དེ་ལྟར་རྩ་གསུམ་སུམ་གཤིབས་སུ་ཡོད་པ་ལས། ལྟེ་ཁུང་གི་ཐད་དང་སྙིང་གའི་ཐད་དང་། མགྲིན་པའི་དཔུང་པ་སྐྱེ་མཚམས་ཀྱི་ཐད་དང་། སྤྱི་བོའི་དབུ་མའི་ཡར་སྣ་དང་མར་རྩེ་སོར་གཉིས་ཙམ་གཞལ་བའི་ཐད་རྣམས་སུ་རོ་རྐྱང་གཉིས་དབུ་མ་ལ་ཐིམ་པ་ལྟར་ནང་ཁོང་འབྲེལ་བ། དེ་ལས་འཁོར་ལོའི་རྩ་འདབ་རྣམས་སྦུ་གུ་སང་ངེ་བའི་རྣམ་པ་ཅན་སྐྱེས་པ་སྟེ། དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ཁ་མར་ལྟ་གདུགས་རྩིབས་ལྟ་བུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཡར་ལྟ་གདུགས་འདེགས་ལྟ་བུ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་མར་ལྟ་གདུགས་རྩིབས་ལྟ་བུ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་གདུགས་རྩིབས་གན་རྐྱལ་དུ་གནས་པ་ལྟ་བུ། རྩ་འདབ་དེ་ཐམས་ཅད་ཀྱང་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། སྤྱི་བོའི་འཁོར་ལོའི་སྟེང་རྩ་དབུ་མའི་ཡས་སྣའི་ནང་དུ་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཞུ་ལ་ཁད་པ། མགྲིན་པའི་

p. 159

འཁོར་ལོའི་ལྟེ་བར་མཁའ་འགྲོ་མ་རྔམས་མའི་ཐིག་ལེ་ༀ་ཡིག་སེར་པོ། སྙིང་གར་ཡེ་ཤེས་སྙིང་པོའི་ཐིག་ལེ་ཧཱུྃ་ཡིག་མཐིང་ག་འོད་ལྔའི་གོང་བུ་ཅན། ལྟེ་བར་ཀུན་ཏུ་བཟང་མོ་ཉི་མའི་ཐིག་ལེ་ཨ་ཡིག་དམར་པོ་འབར་ལ་ཁད་པ་རྣམས་གསལ་བཏབ། ཡང་འདི་དང་ཞུ་བདེ་སྒོམ་པའི་ཚེ། དམིགས་པ་བསྡུས་པ་ལ་དགའ་ན། འཁོར་ལོ་བཞིའི་རྩ་འདབ་རྣམས་མ་བསྒོམས་པར་དེ་དང་དེའི་ཐད་ཀྱི་དབུ་མའི་ནང་དུ་ཐིག་ལེ་བཞི་པོ་བསྒོམས་ཀྱང་གནད་འདྲ་སྟེ། དབུ་མ་ཉིད་འཁོར་ལོ་བཞི་ཀའི་ལྟེ་བ་ཡིན་པའི་ཕྱིར། དེ་བསྒོམས་པས་དོན་འཁོར་ལོ་བཞི་ཀ་ཚང་བར་འགྱུར་བ་ཡིན་ནོ། །དེ་ལྟར་དམིགས་པ་རྒྱས་བསྡུས་གང་བསྒོམས་ཀྱང་རུང་སྟེ། དམིགས་པའི་གཞི་དེ་ལྟར་གསལ་ཐེབས་པ་ན། རླུང་རོ་བསལ་ཏེ། རླུང་ཤར་གྱིས་དྲངས་ལ་ལྟེ་འོག་ཏུ་བསྐྱུར་ཐབས་སུ་མནན། དེ་དང་མཉམ་དུ་འོག་རླུང་དྲག་ཏུ་དྲངས་ཏེ་ལྟེ་བར་ཁ་སྦྱོར་དུ་བཟུང་། ཅུང་ཟད་མི་བདེ་ཚེ་སླར་རྔུབ་ཆུང་བྱས་ཏེ། ལྟེ་བའི་གནས་སུ་གཡས་གཡོན་དབུས་གསུམ་དུ་འཐེན་གནོན་བྱས་ནས་བཟུང་། མི་ཐུབ་པ་ན་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་འཕང་། དེ་མ་ཐག་བརྔུབས་ཏེ། རླུང་མ་གོམས་པར་བུམ་ཅན་སྦྱོར་བ་བཞི་ལྡན་དེ་དང་འདྲ་བ་ཚར་བཞིའམ། བརྒྱད་ལྟ་བུ་བསྟུད་མར་བསྒོམས་ནས་བཞི་ཚན་གཅིག་གཉིས་གསུམ་བཞི་སོགས་ཀྱིས་མཚམས་རྣམས་སུ་ངལ་གསོ་བ་ལས་གང་འདོད་དུ་མི་གཞག ངལ་གསོའང་ཡུན་རིང་ན་དྲོད་མི་སྐྱེ་བས་ཐུང་བར་བྱ། དམིགས་པ་ནི། སྟེང་རླུང་བརྔུབས་པ་སྣ་སྒོ་ནས་ཞུགས། རོ་རྐྱང་གི་ལམ་བརྒྱུད་ནས་ལྟེ་འོག་རྩ་གསུམ་འདུས་མདོར་སླེབ། འོག་རླུང་བསྐུམས་པས་བཤང་སྒོ་ནས་རླུང་མདུང་ཚུགས་སུ་ལངས་པ་དབུ་མའི་སྣར་ཚུད་དེ། རོ་རྐྱང་ཐུར་སེལ་གྱི་རླུང་གསུམ་འདུས་པ་ལྟེ་བའི་ཨ་ཡིག་ལ་ཕོག སོལ་མེ་ངར་མ་བུས་པ་ལྟར་མེ་ལྕེ་ཤིན་ཏུ་ཕྲ་ཞིང་རྣོ་བ་སྤུ་ཤད་དམར་པོ་ལྟར། ཕྲ་ལ་གསལ་བ། འཚེར་བ། མཁྲང་བ། རྩེ་མོ་འབར་ཞིང་འཁྱུག་པ། རིང་ཐུང་སོར་གང་ནས་སོར་བཞི་ཙམ་གྱི་བར་ཇེ་རིང་དུ་འབར་བ་ལ་སེམས་གཏད་དེ། སྤྲོས་པ་གཞན་སྤངས་ནས་འདི་ཁོ་ན་ལ་རྩེ་གཅིག་ཏུ་བསྒོམ། དེ་ལ་དམིགས་པ་བརྟན་པར་གྱུར་པ་ན། མེ་དེའི་འོད་ཀྱིས་ལྟེ་བའི་རྩ་འཁོར་ཐམས་

p. 160

ཅད་གང་བས་ལྟེ་བ་མན་ཆད་ལུས་ནང་དུ་དམར་ལྷག་ལྷག་དང་། ཚ་འུར་འུར་བྱུང་བར་བསམ། དེ་བཞིན་དུ་མེ་དེ་དབུ་མའི་ནང་ནས་ཡར་ཁྱུར་གྱིས་ཞུགས་ཏེ། སྙིང་ག་དང་། མགྲིན་པའི་འཁོར་ལོའི་ཡི་གེ་གཉིས་ཀྱང་འོད་དུ་འབར་བས་རྩ་འཁོར་ཐམས་ཅད་ཁེངས། དེ་ལས་ཀྱང་ཡར་སོང་བའི་མེ་ལྕེ་སྤྱི་བོའི་འཁོར་ལོ་ལ་རེག་པ་ཙམ་དུ་བསམ་ཞིང་། དེར་མ་ཟད་འཁོར་ལོ་བཞིའི་འོད་ཀྱིས་བ་སྤུའི་ཁུང་བུའི་བར་ཐམས་ཅད་ཀྱང་གང་སྟེ་དམར་ལྷག་གེ་ཁྱབ་པས་ལུས་ནང་ཚ་འུར་གྱིས་བྱུང་བར་བསམ། རེས་མེ་ལྕེ་ཕྲ་ཞིང་དྭ ངས་པ་ཟངས་ཁབ་ལྟ་བུ་དམར་ཕྲེང་གིས་འབར་བ་ལ་ཤེས་པ་གཏད། དེ་ལྟར་ཉིན་མཚན་གཉིས་ལ་སྔ་ཐུན་རེ་དང་ཕྱི་ཐུན་གཉིས་གཉིས་ཏེ་ཐུན་དྲུག་ཏུ་བཅད་ལ་བརྩོན་འགྲུས་དྲག་པོས་བསྒོམ། མཚན་མོ་ཉལ་དུས་ལུས་གནད་རབ་སྐྱིལ་ཀྲུང་། འབྲིང་ཙོག་པུ། ཐ་མ་སྔས་མཐོ་བར་བྱས་ལ་གློ་གཡས་འོག་ཏུ་བཅུག པུས་བྲང་སྦྱར་བའི་ལུས་སུམ་བལྟབ་ཏུ་ཉལ། དེ་གསུམ་གང་བྱས་ཀྱང་པུས་འཁྱུད་ཀྱང་མི་གཡོ་བར་བསྡམས། ལག་པ་མདུན་གྱི་ནང་དུ་བསྣོལ་ནས་མཐིལ་གཉིས་མཁལ་ཁུང་གཡས་གཡོན་ལ་བཀབ། ལྟེ་བའི་ཨ་ཡིག་མེ་འབར་བ་ལ་སེམས་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། འདིས་གཉིད་ཀྱི་འོད་གསལ་ཟིན་པ་དང་། ཉིན་པར་གཏུམ་མོ་སྒོམ་པའི་རྒྱུན་དེ་མཚན་མོ་བསྲེས་པས་དྲོད་མི་ཡལ་བའི་དགོས་པ་ཡོད། དེ་ལྟར་གཏུམ་མོ་སྒོམ་པའི་ཐུན་མཚམས་རྣམས་སུ་སྔར་བཤད་པའི་ལུས་སྦྱོང་དེ་ཚར་ཅི་རིགས་སྔོན་དུ་འགྲོ་བས། གཙོ་བོར་རླུང་བུམ་ཅན་བཟུང་ཞིང་མེ་དམིགས་ལ་ཤེས་པ་གཏད་ལ་གཙུབ་ཤིང་གཙུབ་སྟན་གྱི་འཁྲུལ་འཁོར་ཁོ་ན་ལ་རྩེ་གཅིག་ཏུ་འབད། ལུས་ལ་རྔུལ་བྱུང་ན་དྲོད་འཆོར་བས། གོས་སྲབ་ཏུ་གཏོང་། དེས་ཀྱང་མ་ཕན་ན་ཐོ་རེངས་ཀྱི་དྲི་ཆུ་རྫ་སོ་མར་གྲང་དུ་བཅུག་པས་ལུས་བཀྲུ་ཞིང་ལྕི་ཐལ་འཇམ་པོས་ཀྱང་བྱུག དམིགས་པ་ཕྱིར་ཤོར་བ་དང་། ངལ་གསོ་ཡུན་རིང་བ༑ ཁམས་ཉམས་པ། མེ་དང་ཉི་མ་ལ་འདུག་པ། གོས་འཐུག་པ། ཟས་ལན་ཚྭ་ཆེས་པ། ཉིན་མོ་གཉིད་དང་ཉལ་བོ་རྣམས་སྤང་ཞིང་། རྩོལ་བ་ཞན་ན་འབྱོངས་དུས་མི་འོང་བས་བརྩོན་འགྲུས་དྲག་པོས་བསྒོམ། ཐོག་མར་དྲོད་སྙིང་ག་དང་ཕྱིར་བྱུང་ན་ངན་པས་སྲིན་ཞལ་

p. 161

འབྱེད་འཛུམ་མང་པོ་དང་། ལྟེ་བར་ཁ་སྦྱོར་དྲག་པོ་བསྒོམས་པས་དྲོད་གནས་སུ་སྡུད་ཅིང་ཕེབས་པར་འགྱུར་རོ། །གཉིས་པ་ཞུ་བདེ་སྒྲུབ་པ་ལ་གཉིས་ཏེ། སྟེང་སྒོ་འཇུ་འདུལ་གྱི་མན་ངག་གིས་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གིས་བདེ་བ་སྒྲུབ་པའོ། །དང་པོ་ལའང་བདེ་བ་དབབ་པ། དེ་རྩོལ་མེད་དུ་གནས་པའི་ཐབས། ལྡོག་དགྲམ་གྱི་གནད་ཀྱིས་འཛག་མེད་དུ་སྒྲུབ་པའོ། །དང་པོ་ནི། དེ་ཡི་སྙིང་གའི་ཧཱུྃ་ཡིག་ཞུ༔ དབུ་མ་བརྒྱུད་ནས་ཨ་ལ་བབས༔ འོག་རླུང་འཐེན་པའི་སྦྱོར་བ་ཡིས༔ ལྟེ་བའི་ཨ་བསྐུལ་སྙིང་ག་མན༔ བདེ་བས་གང་བསམ་མགྲིན་པ་ཡི༔ ༀ་ལ་སྔར་བཞིན་འབར་འཛག་བྱ༔ དེར་ཡང་བདེ་བ་བརྟན་པ་ན༔ ༀ་ཞུ་ལྟེ་བའི་ཨ་ལ་ཐིམ༔ སྤྱི་བོའི་ཧཾ་ལ་འབར་འཛག་བྱ༔ སྤྱི་བོ་མན་ཆད་ལུས་ཀུན་གང་༔ ཞེས་པས་སྔར་གྱི་གཏུམ་མོས་དྲོད་སྐྱེས་མཚམས་ནས། ལུས་གནད་ཆོས་བདུན་བཅའ། དམིགས་པ་འཁོར་ལོ་བཞིའི་ལྟེ་བ་དབུ་མའི་ནང་དུ་ཡི་གེ་བཞི་པོ་སྔར་ལས་ཀྱང་གསལ་བར་བསྒོམ། དེ་གསལ་ཐེབས་པ་དང་བུམ་ཅན་དྲག་པོ་བཞི་སྦྱོར་གྱིས་ལྟེ་བའི་ཨ་ཡིག་སྦར་བའི་མེས་སྙིང་གའི་ཧཱུྃ་ཡིག་ལས་བྱང་སེམས་བ་ཐག་གམ་མུ་ཏིག་ལྟར་བདེ་ཁྲིལ་ལི་བྱུང་བ་ལྟེ་བའི་ཨ་ལ་བབས་བས་སྡོང་རྩ་མར་ཁུས་བརླན་པ་ལྟར་མེ་ཆེར་འབར། དེས་བཞུ་བའི་དྭངས་མས་སྙིང་ག་མན་ཆད་གང་བ་ལས་བདེ་བའི་རོས་ཁྱབ་པར་བསམ་ལ། དེའི་ངང་བསྐྱང་ཞིང་མཉམ་པར་བཞག དེར་བདེ་བ་བརྟན་པ་ན། འོག་རླུང་འཐེན་པའི་སྦྱོར་བས་སྙིང་གའི་ཧཱུྃ་ཡིག་ལྟེམ་གྱིས་ཞུ་སྟེ་ལྟེ་བའི་ཨ་ལ་བསྟིམ། མེ་ལྕེ་ཇེ་རིང་དུ་འབར་བས་མགྲིན་པའི་ༀ་ལས་བྱང་སེམས་ཞུ་བ་ལྟེ་བའི་ཨ་ལ་བབས་པའི་འབར་འཛག་སྔར་བཞིན་བསྒོམས་པས་མགྲིན་པ་མན་ཆད་དྭངས་མས་གང་བའི་བདེ་བ་ལ་མཉམ་པར་བཞག དེ་བརྟན་པ་དང་སྔར་བཞིན་ༀ་ཡིག་ཞུ་བ་ལྟེ་བའི་ཨ་ལ་བསྟིམས་ཏེ། མེ་ལྕེ་ཇེ་རིང་དུ་འབར་བས་སྤྱི་བོའི་ཧཾ་ལས་འབར་འཛག་བྱ་ཞིང་། སྤྱི་བོ་མན་ཆད་ལུས་མགོ་མཇུག་མེད་པ་ཐམས་ཅད་དྭངས་མས་གང་བའི་བདེ་བ་ལ་མཉམ་པར་བཞག་གོ །གཉིས་པ་ནི། བདེ་བར་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་གསང་

p. 162

གནས་བར༔ ཤར་རེ་བདེ་བར་བྲེང་ངེ་བསྒོམ༔ བདེ་བའི་ངང་ལ་ཅི་གནས་བཞག༔ ཅེས་པས་བདེ་བ་དབབ་པའི་ཐབས་ཀྱིས་ལུས་ཀུན་དྭངས་མས་གང་བའི་བདེ་བ་རང་ཤར་བའི་ཚེ༑ དེ་ཉིད་རྩོལ་མེད་ཡུན་དུ་གནས་པའི་ཐབས་སྤྱི་བོའི་ཧཾ་ནས་དབུ་མའི་ལམ་བརྒྱུད་གསང་གནས་ཀྱི་བར་བྱང་སེམས་ཀྱི་རྒྱུན་དར་དཀར་གྱི་སྐུད་པ་བཞིན་དུ་སྐྱ་བྲེང་ངེ་གནས་པར་བསམ་ལ། དེའི་བདེ་བའི་ངང་གདངས་ལ་སེམས་རྩེ་གཅིག་ཏུ་བཟུང་ངོ་། །གསུམ་པ་ནི། སླར་ཡང་ཧཱུྃ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ ཞེས་པས་བྱང་སེམས་དྭངས་མ་ཐབས་ཀྱིས་བབས་པ་ན་བདེ་བ་ངང་གིས་སྐྱེ་བར་འགྱུར་བས། དེའི་ཚེ་བདེ་བ་རྒྱས་པས་བྱང་སེམས་འཕོ་བ་འདྲ་ན། ལྟོ་བ་ཚིག་པ་ལ་གཅེར། ཉྭ་བཞི་བསྒྲིམས་ཤིང་རྐང་ལག་གི་སོར་མོ་དྲག་ཏུ་བསྐུམ། ལྕེ་ཡ་རྐན་ལ་གཏད། མིག་བགྲད་དེ་གྱེན་དུ་ལྡོག ངག་ཏུ་ཧཱུྃ་དྲག་པོས་གྱེན་དུ་འདྲེན་པར་བྱ་སྟེ། ཧེ་རུ་ཀ་གལ་པོ་ལས། རྒྱ་མཚོ་རི་རབ་ལོག་ལ་སྐམ། །གླིང་བཞི་དབང་དུ་བསྡུ་བ་དང་། །རོ་འཛིན་ངག་གི་གནས་སུ་སྦྱར། །དབང་པོའི་མཆོག་ནི་སྟེང་དུ་བཞག །ངག་སྟོབས་ཧཱུྃ་དྲག་རིང་དུ་དྲང་། །ཞེས་སོ། །རླུང་གནད་ནི། འོག་སྒོ་དྲག་ཏུ་ཀློད་ཅིང་སྲོག་ཕྱིར་བསལ། བར་རླུང་ཤུགས་དང་ལྡན་པས་གཟུང་ལྡོག་གཉིས་ཀ་བྱེད་པར་འགྱུར། དེ་ལྟར་དྲངས་པས་རྡོ་རྗེ་བརྟན་པར་གྱུར་ཅིང་ལུས་རྔུལ་བ་དང་དྲོད་འབར་ན་གྱེན་དུ་འདྲོངས་པའི་རྟགས་ཡིན་པས། དེ་རྩ་མིག་ཏུ་དགྲམ་པར་བྱ་སྟེ། གལ་པོ་ལས། རྣམ་རོལ་རྒྱ་ཡིས་ལུས་ལ་དགྲམ། ཞེས་པས་སེང་གེ་རྣམ་རོལ་གྱིས་ཁྱབ་པར་དགྲམ། མཐར་བུམ་པ་ཅན་བདུན་ཙམ་གྱིས་རླུང་དང་བསྲེ་ཞིང་། འོག་ནས་འབྱུང་བ་ལྟར་ཀ་དག་གི་ཀློང་དུ་བསྲེ་བས་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པར་བྱའོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བསླབ་པ་ནི། དེ་ཉིད་གོམས་ནས་ཤེས་རབ་ལ༔ མཉམ་པར་སྦྱོར་བའི་བདེ་བ་བསྟེན༔ ཅེས་པ་སྟེ། དེ་ལ་སྤྱིར་ལས་དང་། ཡེ་ཤེས་དང་། དམ་ཚིག་དང་། ཕྱག་ཆེན་ཏེ་ཕྱག་རྒྱ་རྣམ་པ་བཞི་ལས། དམ་ཚིག་གི་ཕྱག་རྒྱ་ནི་གཏུམ་མོ་ཡིན་ཏེ་སྔར་སོང་། ཕྱག་ཆེན་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་

p. 163

ཁ་སྦྱོར་གྱིས་མི་འགྱུར་བའི་བདེ་བ་སྒྲུབ་པ་ལ་ཟེར། ལས་ཀྱི་ཕྱག་རྒྱ་ནི་མི་མོ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཡིད་རིག་སྟེ། འདིར་ཡེ་རྒྱའི་དབང་དུ་བྱས་ན། ལུས་གནད་སྐྱིལ་ཀྲུང་བཅས་ལ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། རླུང་གནད་སྲོག་ཐུར་ལྟེ་བར་ཁ་སྦྱར། དམིགས་གནད་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་རྡོ་རྗེ་དང་པདྨོར་བྱིན་གྱིས་རློབ། སྙོམས་འཇུག་གི་བརྡ་བཞིས་བསྣོལ་མར་བསྐུལ། འདུ་ཤེས་གསུམ་དང་ལྡན་པའི་སྒོ་ནས་ཕྱག་རྒྱ་བཞིས་མཉམ་པར་སྦྱར་ཏེ། རྗེས་ཆགས་ཀྱི་རྐྱེན་གྱིས་རླུང་བསྐྱོད་པས་གཏུམ་མོ་ལྷག་པར་འབར་བ་དབུ་མར་ཞུགས་པའི་མཐུས་དཀར་ཆ་ཞུ་བའི་བྱང་སེམས་ཀྱི་རྒྱུན་བབས་པ། མགྲིན་པ་སོགས་འཁོར་ལོ་བཞིའི་གནས་སུ་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་སྐྱེས་ཀྱི་དགའ་བ་སྟེ། དེ་རེ་རེ་ཞིང་དགའ་བའི་ངང་བསྐྱངས་ཏེ་མཉམ་པར་འཇོག་པ་དང་། དེ་བཞིན་དུ་གནས་དེ་དང་དེར་ཡང་འགྱུར་བ་དང་། གྱེན་དུ་ལྡོག་པ་དང་། ཁྱད་པར་དགྲམ་པ་དང་། དེ་ཉིད་རླུང་དང་བསྲེ་ཞིང་། དབྱིངས་སུ་བསྐྱལ་བས་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པ་རྣམས་ཚང་བ་རེ་བྱས་ཏེ། དབབ་བཟུང་ལྡོག་ཁྱབ་ཀྱི་གནད་ལ་རིམ་གྱིས་སྦྱངས་པ་ཉམས་འོག་ཏུ་ཆུད་པར་བྱས་ནས། མཐར་བྱང་སེམས་གསང་བའི་ནོར་བུར་ཕབས་པའི་ཚེ། དེར་འཛག་མེད་དུ་བཟུང་བའི་ཐབས་ཀྱིས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ནས། སླར་གྱེན་དུ་ལྡོག་པས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིར་ལུགས་ལྡོག་གི་དགའ་བཞི་མྱོང་བའི་མཐར་བྱང་སེམས་སྤྱི་བོར་བརྟན་པ་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་འགྱུར་བ་སྟེ། དེའང་འོག་སྒོའི་གདམས་ངག་གི་སྣོད་དུ་གྱུར་པའི་སྐལ་ལྡན་གྱིས་གནད་རྣམས་བླ་མ་དམ་པ་ཉམས་མྱོང་ཅན་གྱི་ཞལ་ལས་བླང་བར་བྱ་ཞིང་། འདིར་ནི་དེང་སང་ཕྱག་བཞེས་སུ་སློབ་མ་ཕལ་ལ་ཁྱབ་བརྡལ་དུ་མི་གནང་བས། ས་ཁོངས་འཛིན་བྱེད་གོ་དོན་ཙམ་ཞིག་སྨོས་པ་སྟེ། མོས་སློབ་ཀྱི་སྒོམ་པ་ལ་འདིས་དམིགས་རྐང་གི་ངོ་བོ་ཙམ་ཚང་བར་ཡང་འགྱུར་བ་ཡིན་ནོ། །གསུམ་པ་ཀ་དག་ཏུ་བསྲེ་བ་ནི། བདེ་ཆེན་ཀ་དག་ངང་དུ་བཞག༔ ཅེས་པ་སྟེ་འདི་ནི་སྔར་དྲོད་སྐྱེད་

p. 164

པ་དམ་ཚིག་གི་གཏུམ་མོ་དང་། བདེ་བ་ཆོས་ཀྱི་གཏུམ་མོ་སྟེང་སྒོ་ཉམས་སུ་བླངས་པས་བདེ་དྲོད་ཀྱི་ཉམས་སྐྱེས་པའི་ཚེ་ལུས་གནད་ཆོས་བདུན་བཅའ་རླུང་གནད་བུམ་པ་ཅན་དང་སྦྱར་ཏེ༑ དྲོད་དང་བདེ་བའི་ཡེ་ཤེས་སྐྱེས་པ་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་པས། བདེ་དྲོད་ཀྱི་གདངས་མ་འགགས་ལ། དེའི་རང་བཞིན་གང་དུའང་ངོས་བཟུང་དུ་མེད་པ་བློ་འདས་རང་རིག་རང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདེ་སྟོང་གི་ཡེ་ཤེས་ལྷག་གེར་འཆར་བ་ན་དེ་ཀའི་ངང་ལ་མཉམ་པར་བཞག་པས། དམ་ཚིག་དང་ཆོས་ཀྱི་གཏུམ་མོ་ལ་ཡེ་ཤེས་ཀྱི་རྒྱས་ཐེབས་པར་འགྱུར་ཞིང་རླུང་གི་ཡོན་ཏན་སེམས་ལ་ཐིམ་པས་ཡེ་ཤེས་ཆེན་པོར་ལ་ཟློ་བར་འགྱུར་རོ། །དེ་ལྟར་གཏུམ་མོ་སྒོམ་པ་ཕལ་ཆེར་ལ་རླུང་ལོག་གི་གེགས་འབྱུང་བ་ཤས་ཆེ་བས་བསལ་བར་བྱ་སྟེ། དེ་ལ་སྟོང་གེགས་ནི་ཤེས་པ་འཕྱོ་བ། སྙིང་མི་དགའ་བ། རོ་སྟོད་ན་བ། མགོ་ལ་ཟུག་གཟེར་སྐྱེ་བ་སོགས་བྱུང་ན་རང་ལུས་སྟོང་སང་ངེ་བར་གསལ་བཏབ་སྟེ༑ རླུང་ཐེངས་གཅིག་གཉིས་ཤིག་བསྒོམས་རྗེས། གང་ན་སའི་ལུས་ཀྱི་ཐད་ཀའི་མདུན་རྒྱབ་ཏུ་བུ་ག་ཧ་རེ་དོད་པ་ལས་ནད་རྣམས་ཉི་ཟེར་གྱི་རྡུལ་བཞིན་དུ་བུན་བུན་ཐོན་པས་ལུས་ནང་སྟོང་སང་སང་སོང་བར་མོས་ལ། ལག་གཉིས་ཁུ་ཚུར་མདུན་དུ་བརྐྱངས་རྗེས། ཁུ་ཚུར་གྱི་རྒྱབ་ནུ་སྟེང་དང་། ལག་ངར་རྩིབས་ལོགས་ལ་ཐེབས་པར་རྡེག་པ་དང་མཉམ་དུ་ཧ་ཐུང་དྲག་ཏུ་འདོན་ནོ། །སྨད་ཀུན་དའི་གེགས་ནི་ཆགས་སྲེད་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་དགག་སྒྲུབ་དང་བྲལ་བའི་བློས་སེལ། གྲིབ་དང་དམ་སེལ་གྱིས་འཛག་ན་དབང་ཞུ་ཞིང་ཚོགས་འཁོར་བྱ། གང་བས་འཛག་པ་དང་ནད་ཀྱིས་འཛག་ན་འཛིན་ལྡོག་དགྲམ་པའི་དམིགས་པ་དང་འཁྲུལ་འཁོར་གྱིས་བསལ། གཞན་ཡང་བྱང་སེམས་ཉམས་པའི་སྐྱོན། ཧ་ཅང་ལུས་བྲེལ་བ་དང་། ཧ་ཅང་ཚ་བ་དང་། ཧ་ཅང་འཁྱག་པར་མི་བྱ། གལ་ཏེ་བཤང་གཅིའི་ཁྲོད་ལ་འཛག་ན་དོར་བའི་ཚེ། རྐང་ལག་གི་སོར་མོ་བསྐུམ། ལྟ་སྟངས་གྱེན་དུ་བལྟ། ལྕེ་རྐན་ལ་སྦྱར། ལྟེ་བར་བུམ་ཅན་ཅི་ནུས་བཟུང་རྗེས་བཤང་གཅི་དོར་བས་ཕན་པར་འགྱུར། ཡང་རྨི་ལམ་དུ་འཛག་ན། ཉལ་ཁར་རང་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་པོ་རལ་པའི་ཐོར་ཚུགས་

p. 165

ཅན། ལུས་ཐམས་ཅད་ཐལ་བས་བྱུགས་པ། ལིངྒ་གྱེན་དུ་སྒྲེང་བ། ཕྱག་གཡས་རྨ་བྱའི་སྒྲོ་ཆུན་བཟུང་ནས་རང་གི་མཚན་མ་ལ་ནང་རོལ་དུ་བྱབས་པར་བྱེད་པའི་སྐུར་བསྒོམས་ལ། ༀ་ཧ་རི་ནི་ས་རཀྟ་ཚུ་ཀ་ཚུ་ཀ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ཏེ། རང་གི་རྡོ་རྗེ་པགས་པས་མགོ་བསྟུམས་ལ་ཁོང་པར་སྦས་པས་རྟིང་པ་གཡས་གཡོན་གང་རིགས་ཀྱིས་མནན་ཅིང་། རྐང་པ་ཅིག་ཤོས་བརྐྱངས་ནས་ཉལ་བས་སེལ་ཏེ་ཤིན་ཏུ་ཟབ། གེགས་སེལ་འདི་དག་གེགས་གང་བྱུང་དང་བསྟུན་ནས་འཆད་པ་ལས། དམིགས་ཐུན་དུ་བཅུག་ནས་མ་བཤད་ཀྱང་ཆོག་གོ ། གཉིས་པ་གསལ་བ་སྒོམ་པ་ལ། སྤྱི་དང་། ཁྱད་པར་བ་གཉིས་ལས། དང་པོ་ནི། གསལ་སྟོང་ཡེ་ཤེས་སྒོམ་པ་ན༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་བ སྒྲུབ་རང་སར་བཞག༔ ཅེས་པས་ལུས་གནད་ཆོས་བདུན། ངག་གནད་འཇམ་རླུང་ཅུང་ཟད་བཟུང་། མིག་གནད་དབང་པོའི་སྒོ་མ་བཀག་པར་བར་སྣང་ལ་ཧ་རེ་བཞག དམིགས་པའི་གནད། སྣང་བ་གང་ཤར་ལ་དགག་སྒྲུབ་མི་བྱེད་པར་རང་ངོ་ལ་ཆེར་གྱིས་བལྟས་ཏེ། རང་རིག་རང་གསལ་འཛིན་མེད་ཀྱི་ངང་ལ་བཞག་པས། སྣང་བ་ཐམས་ཅད་བདེན་མེད་བཀྲག་མེད་དུ་སལ་ལེ། ཝལ་ལེ། ཡེ་རེ་འཆར་ན། དེ་ཀའི་ངང་བསྐྱངས་ཏེ་རང་བབས་སུ་བཞག་གོ །གཉིས་པ་ནི། ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ སྐྱིལ་དང་འཆིང་དང་མཉམ་པར་གནས༔ ཞེས་པས། རང་ལྷར་གསལ་བའི་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་སྔར་ལྟར་རྩ་གསུམ་དང་། སྤྱི་སྙིང་ལྟེ་བའི་ཡི་གེ་གསུམ་གསལ་བཏབ། ཐེབས་པ་ན་དམིགས་པའི་གནད་ལ་གསུམ་ལས། དང་པོ་སྐྱིལ་བའི་གནད་ནི། རླུང་རོ་ཕྱིར་བསལ་ཧཾ་ཨ་ལ༔ སེམས་བཟུང་འོག་རླུང་གྱེན་དུ་བསྐྱིལ༔ ཞེས་པས་རླུང་རོ་བསལ། རླུང་བུམ་པ་ཅན་ལ་གཙོ་བོར་འོག་རླུང་གྱེན་དུ་བསྐྱིལ། དམིགས་པ་སྤྱི་བོའི་ཧཾ་དང་ལྟེ་བའི་ཨ་ལ་གཏད། དབང་པོ་མ་བཀག་པར་ཀློད་པས་རང་སྣང་རང་གསལ་འཛིན་མེད་དུ་སལ་ལེ་འཆར་ཏེ་ངང་བསྐྱང་ངོ་། །གཉིས་པ་འཆིང་བའི་གནད་ནི། སྙིང་གའི་ཧཱུྃ་ལ་སེམས་བཟུང་སྟེ། སྟེང་རླུང་གྱེན་ནས་ཐུར་དུ་འཆིང་༔ ཞེས་

p. 166

པས་རླུང་བུམ་ཅན་ལས་གཙོ་བོར་སྟེང་རླུང་ཐུར་དུ་འཆིང་། དམིགས་པ་སྙིང་གའི་ཧཱུྃ་ལ་གཏད་དེ༑ དབང་པོ་མ་བཀག་པར་བཞག་པ་སྔར་ལྟར་འཆར་བས་བསྐྱང་ངོ་། །གསུམ་པ་མཉམ་གནས་ལ། དངོས་དང་། དེ་ལས་འཕྲོས་པ་གཉིས་ལས། དང་པོ་ནི། རླུང་སྦྱར་མཉམ་གནས་གང་ལ་ཡང་༔ མི་རྟོག་འགྲོ་འོང་རྟག་ཏུ་དལ༔ ཞེས་པས་རླུང་སྲོག་ཐུར་ཁ་སྦྱོར་དུ་འཆིང་། སེམས་གནད་གང་ལའང་མི་སེམས་མི་མངོན་པར་རྟོག་མེད་དུ་བཞག་པས། འགྲོ་འོང་བཟང་ངན་སོགས་གང་ཤར་ཐམས་ཅད་སྣང་ལ་ངོས་བཟུང་མེད་པར་བདེན་མེད་དུ་བུན་ལོང་ངེ་ཡེངས་མེད་དུ་ཤིགས་སེ་འཆར་ན་བཅས་བཅོས་མེད་པར་རང་བབས་སུ་བསྐྱང་ངོ་། །གཉིས་པ་ལ་གཉིས་ལས། དང་པོ་རགས་རླུང་ཕྲ་བའི་རླུང་དུ་བསྒྱུར་བའི་གནད་ནི། དེ་ཚེ་དྷཱུ་ཏི་ལས་འོད་བྱུང༔ ལུས་ནི་ཤེལ་ལྟར་དྭངས་པར་བསམ༔ རགས་པ་ཕྲ་བའི་རླུང་དུ་འགྱུར༔ ཞེས་པས་མཉམ་གནས་ལ་མཉམ་པར་བཞག་པས་གསལ་སྟོང་གི་ཉམས་སྐྱེས་པ་དེའི་ཚེ། དབུ་མ་ལས་འོད་ཀྱི་སྣང་བ་འཕྲོས་པ་རེག་པ་ཙམ་གྱིས་ལུས་ཤེལ་ལྟར་དྭངས་ཏེ། གང་ལའང་ཆགས་ཐོགས་སྒྲིིབ་པ་མེད་པ་འཇའ་ཚོན་ལྟ་བུར་གྱུར་པར་བསམ་ལ། རླུང་དྲག་ཏུ་བཀག་པས་རགས་པ་བེམ་པོའི་རླུང་འགགས་ཏེ། ཕྲ་བ་ཤེས་པའི་རླུང་དུ་འགྱུར་བས། རླུང་ཕྱི་ནང་བསྲེ་ནུས་ཤིང་། གཉིས་སྣང་འདྲེས་པས་གདོས་བཅས་ལ་ཐོགས་པ་མེད་པ་དང་། ཁམས་འཛིན་འདྲེན་ལ་ནུས་པ་འཐོབ་པར་འགྱུར་རོ། །གཉིས་པ་སྤྱིར་གཅེས་པའི་གནད་ནི། མིག་ནི་མི་འགུལ་མཁའ་ལ་བལྟ༔ གསལ་ལ་དྭངས་པའི་ཡེ་ཤེས་ཉམས༔ ཤར་ཚེ་དེ་དོན་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ ཞེས་པས་ལུས་གནད་སྤང་ལ་བེ་ཕུར་བཏབ་པ་ལྟར་ཆོས་བདུན་ལྡན་མི་གཡོ་བར་བཅའ། ལྟ་སྟངས་མིག་འབྲས་མི་འགུལ་ཞིང་རྫི་མ་མི་བརྡེབ་པར་མདུན་གྱི་ནམ་མཁའི་དབྱིངས་སུ་རྩེ་གཅིག་ཏུ་མི་འགྱུར་བར་ཆེ་རེ་བལྟ། སེམས་གང་ཤར་དེ་ཀ་ལ་གཏད་དེ། ཤེས་པ་ཁོང་ཀློོད་ནས་རང་ཞལ་བལྟ་ཤེས་པ་ཙམ་བྱ་སྟེ། དེ་ཡང་སྣང་བ་སྣ་ཚོགས་སུ་རང་ཤར་བའི་གསལ་ཆ་དེ་ལ་དགག་སྒྲུབ་མི་བྱ་བར། གང་ཤར་དེ་ཀའི་རང་ཞལ་ལ་ཆེ་རེ་བལྟས་པས་ཅི་ཡང་མ་ཡིན་ལ། དེ་ཀའི་ངང་གདངས་ཅིར་ཡང་མ་

p. 167

འགགས་པས་སལ་ལེ་བར་སྣང་ན་གསལ་དྭངས་ཀྱི་ཉམས་སྐྱེས་པ་ཡིན་པས། ཐུན་མཚམས་ཐམས་ཅད་དུ་དེ་ཀའི་ངང་དུ་རིག་པ་དྭངས་སང་ངེ་བ། གསལ་རྗེན་ནེ་བའི་ཆ་དེ་ངོས་བཟུང་ལ༑ བསལ་བཞག་མེད་པར་བསྐྱང་བར་བྱ་བ་ཡིན་ནོ། །དེ་ལ་བསལ་བཞག་མེད་པའི་དོན་ནི༑ རིག་པ་གསལ་དྭངས་རྙོག་པ་མེད་པར་སལ་ལེ་སྣང་བ་དེ་ཉིད་ལ་རེ་དོགས་ཀྱི་དཔྱོད་པ་མེད་པ་བྱ་ཐི་བ་ཚང་དུ་འཇུག་པ་ལྟར་ཙེན་གྱིས་བཞག དེ་ཀའི་ངང་ལ་སྦྲང་མ་གར་སྦྱིན་ལ་འབྱར་བ་ལྟར་ལྷན་ནེ་ག ནས་པས་རྒྱུན་བསྲིང་། བྱ་བ་ཟིན་པའི་སྐྱེས་བུ་ལྟར་རྩོལ་སྒྲུབ་མེད་པའི་ངང་ལ་ལྷོད་ཀྱིས་ཀློད་ནས་འཇོག་པ་ཡིན་ནོ། །གསུམ་པ་མི་རྟོག་པ་སྒོམ་པ་ལ། རྩ་བའི་དམིགས་པ་དང་། དེ་ལས་འཕྲོས་པ་གཉིས། དང་པོ་ནི། མི་རྟོག་པ་ཡི་སྒོམ་ཚུལ་ནི༔ ལུས་བསྲང་རླུང་སྦྱར་མིག་མི་འགུལ༔ སྐུའམ་ཡིག་འབྲུ་ཐིག་ལེ་ལ༔ ཡུད་དེ་སེམས་བཞག་ཧྲིལ་གྱིས་བསྒྲིམ༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ ཅེས་པས་ལུས་གནད་ཆོས་བདུན་མི་གཡོ་བར་བཅའ། རླུང་གནད་འཇམ་རླུང་ཁ་སྦྱོར་དུ་འཆིང་། ལྟ་སྟངས་ཀྱི་གནད་མི་འགུལ་བར་དམིགས་རྟེན་སྐུའམ། ཡིག་འབྲུའམ་ཐིག་ལེ་ལྟ་བུ་གང་ཡང་རུང་བ་ལ་ཧ་ཅང་ཚིར་ཟིན་མི་བྱེད་པར་ལྟ་ཤེས་པ་ཙམ་བྱ། སེམས་གནད་དུས་གསུམ་གྱི་སྤྲོས་པ་ཐང་བཅད་ནས་ཡེངས་མེད་ཀྱི་དྲན་པས་ཡུད་དེ་བཞག་ནས། དེ་ལ་ཧྲིལ་གྱིས་བསྒྲིམས་ནས་བལྟས་པས་བུན་ལོང་གིས་འགྲོ། དེའི་ཚེ་གཤིས་ལུགས་དེ་ཀའི་སྟེང་དུ་མ་བཅོས་པར་སིང་ངེ་བཞག མ་བསླད་པར་ཧད་དེ་བཞག མི་འགྱུར་བར་སོ་ཁད་དེ་བཞག སྤྲིན་མེད་ཀྱི་ནམ་མཁའ་ལྟར་མི་རྟོག་ལ་མཐའ་དབུས་མེད་པར་ཡངས་ཆེམ་མེ། ངོས་བཟུང་དཔྱད་ར་མེད་པར་ཧར་སང་ངེ་བཞག་གོ །གཉིས་པ་ལ་དྲུག་ལས། དང་པོ་ཤར་གྲོལ་ངོ་བོ་གཅིག་པ་ཡེ་སྟོང་རྩ་བྲལ་ཆེན་པོར་བཞག་པ་ནི། འཕྲོ་ན་འཕྲོ་མཁན་རང་གི་སེམས༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ གནས་ན་གནས་མཁན་རིག་པའི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ནི༔ བླང་དོར་རེ་དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་

p. 168

པོར་བཞག༔ ཅེས་པས། གནས་ཐོག་ནས་འགྱུ་བའི་རྟོག་པ་ལྷང་གིས་འཕྲོ་ན། འཕྲོ་མཁན་གྱི་སེམས་དེ་ཀ་ལ་ཁོ་རང་གིས་ཆེ་རེ་བལྟས་པས། དབྱིབས་དང་ཁ་དོག་སོགས་ཅིར་ཡང་མ་མཐོང་བས་ངོས་བཟུང་དཔྱད་ར་མེད་པར་རྗེན་སང་ངེ་བ། གནས་ན་གནས་མཁན་གྱི་སེམས་དེ་ཀ་ལ་རང་གིས་ཆེ་རེ་བལྟས་པས། བལྟ་བྱ་ལྟ་བྱེད་རྗེས་མེད་རང་ཡལ་བ་ནི་ཡེ་གྲོལ་གདོད་མའི་གནས་ལུགས་སམ། འདུག་ལུགས་སམ། ཡིན་ལུགས་ཏེ། དེ་ཀའི་ངང་ལ་བླང་བྱ་དང་དོར་བྱ། རེ་བ་དང་དོགས་པ་སོགས་གཉིས་ཆོས་སུ་འཛིན་པའི་རྟོག་དཔྱོད་རྩིས་གདབ་ཀྱི་སྤྲོ་བསྡུས་མ་བསླད་པར་རང་སར་རང་གྲོལ་ཡེ་སྟོང་རྩ་བྲལ་ཆེན་པོའི་དོན་ཟང་ཐལ་རྗེན་པར་བསྐྱང་བར་བྱའོ། །གཉིས་པ་སྐྱེ་མེད་ཀྱི་དོན་དྲན་པའི་ངང་བསྐྱང་བ་ནི། ཡང་ན་མདུན་དུ་ཨ་བྲིས་ལ༔ སྐྱེ་མེད་དྲན་བཞིན་ལམ་མེ་གཏད༔ རང་བབས་དེ་ལ་སེམས་གནས་ཚེ༔ དམིགས་མེད་ངང་ལ་ལྷོད་ཀྱིས་ཀློད༔ ཅེས་པས་མཉམ་རྗེས་ཀུན་ཏུ་དམིགས་རྟེན་མདུན་དུ་ཨ་ཡིག་དཀར་པོ་ཞིག་དངོས་སུ་བྲིས་སམ། ཡང་ན་ཡིད་ཀྱིས་བྲིས་ཏེ། དེ་ལ་ཆེ་རེ་བལྟས་ནས་ཨ་ནི་གདོད་ནས་མ་སྐྱེས་པ་སྟེ་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་དང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་དང་། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་སོགས་གསུངས་པ་ལྟར། ཨ་ཡིག་ནི་གདོད་ནས་སྐྱེ་བ་མེད་པ་བསམ་བརྗོད་ཀྱི་ཡུལ་ཐམས་ཅད་ལས་འདས་པ་མཁའ་ལྟར་ཡོངས་སུ་དག་པའོ། །ཞེས་པའི་དོན་དྲན་བཞིན་དུ། ཨ་ཡིག་གི་རྣམ་པ་ལམ་མེ་བ་ལ་སེམས་གཏད་དེ་བཞག་པས། རང་བབ་དེ་ཀ་ལ་སེམས་སོ་ཁད་དེ་གནས་པའི་ཚེ། དམིགས་མེད་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་ལ་ལྷོད་ཀྱིས་ཀློད་ལ་མཉམ་པར་བཞག་གོ །གསུམ་པ་གནས་འགྱུ་ངོ་བོ་གཅིག་པ་རང་ཤར་རང་གྲོལ་དུ་བཞག་པ་ནི། སྐབས་སུ་གཟིངས་ལས་བྱ་རོག་བཞིན༔ གར་འགྲོ་ངོས་བཟུང་དྲན་པ་བསྟེེན༔ ཞེས་པས། དཔེར་ན་གཟིངས་ཀྱི་ནང་ནས་བྱ་རོག་བསྐྲད་དེ་གར་འགྲོ་བལྟས་ན། རྒྱ་མཚོ་རྒྱ་ཆེས་པས་མཐའ་མ་ཆོད་པར་སླར་གཟིངས་ཁོ་རང་ལ་གཏད་ནས་སླེབ་ཡོང་བ་བཞིན་དུ། གནས་ཐོག་ནས་འགྱུ་བ་ལྷང་གིས་འགྱུས་

p. 169

པའི་ཚེ། དེའི་ངོ་བོ་ལ་ཆེར་གྱིས་བལྟས་པ་ན་ཚུགས་མ་ཐུབ་པར་རྟོག་པ་དེ་ཀ་གནས་པའི་ངོ་བོར་རྗེན་སང་གིས་འཆར་བས། གནས་འགྱུ་ངོ་བོ་གཅིག་པ་ཤར་གྲོལ་འཛིན་མེད་ཀྱི་ངང་དུ་བསྐྱང་བར་བྱའོ། །བཞི་པ་སྟོང་ཉམས་ཀྱི་རྩལ་འདོན་པ་ནི། རེས་འགའ་དྷཱུ་ཏི་དཀར་པོ་ནི༔ ལྟེ་བ་ནས་བརྩམས་སྤྱི་བོའི་བར༔ གནས་པའི་ནང་དུ་ཐིག་ལེ་ནི༔ དཀར་པོ་འགྲོ་འོང་བྱེད་པར་བསམ༔ འདི་ལས་སྟོང་ཉམས་སྣ་ཚོགས་འཆར༔ ཞེས་པས་རང་ལུས་སྟོང་སང་ངེ་བའི་དབུས་སུ་རྩ་དབུ་མ་ཁ་དོག་དཀར་པོ་དྭངས་གསལ་སྦུབས་སྟོང་ཡ་ཡོ་འཁྱག་འཁྱོག་མེད་པར་ལྟེ་བ་ནས་སྤྱི་བོའི་བར་དྲང་ཐ་ལེར་གནས་པའི་ནང་དུ། ཐིག་ལེ་དཀར་གསལ་ཆེ་ཆུང་སྲན་མ་ཙམ་པ་ཡང་ཞིང་གཡོ་བ་ཞིག་གསལ་བཏབ་ནས། འཇམ་རླུང་རང་བབས་སུ་ཟིན་པས་ཐིག་ལེ་དེ་ལྟེ་བ་ནས་ཡར་ཡེར་གྱིས་སོང་སྟེ་སྤྱི་བོའི་དབུ་མའི་སྣར་སླེབ། ཡང་དེ་ནས་མར་ཁྱུར་གྱིས་བབས་ཏེ་ལྟེ་བར་སླེབ། ཚུལ་དེས་ཐིག་ལེ་འགྲོ་འོང་ལ་སེམས་གཏད་པས་སྣང་བ་ཐམས་ཅད་གཏད་མེད་དུ་སོང་ནས་ཅི་ཡང་མེད་པ་འདྲ་བའི་སྟོང་ཉམས་རྗེན་རྗེན་པ་ལ་ཡངས་ཆམ་མེ་བ་ཞིག་འཆར་ལ། དེ་ཀའི་ངང་བསྐྱངས་པས་ཇེ་ཞིག་ན་སྟོང་པའི་གདངས་འོད་འགགས་མེད་ཀྱི་རྩལ་སྣང་སྣ་ཚོགས་པའང་འཆར་བར་འགྱུར་རོ། །ལྔ་པ་རྟོག་པ་ཁ་འཁྱིལ་པས་བྱིང་ན་བསལ་བ་ནི། བྱིང་ན་སྨིན་མཚམས་ཐིག་ལེ་དཀར༔ སྲན་མ་ཙམ་ཞིག་འཁོར་བར་བསམ༔ རེས་འགའ་མི་དམིགས་མཉམ་པར་བཞག༔ ཅེས་པས། ལུས་གནད་ཆོས་བདུན་ལས་ལྟ་སྟངས་མཐོ་བར་བྱས་ཏེ། རང་གི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་མ་ཙམ་པ་ཞིག་ཆིར་ཆིར་འཁོར་བ་ལ་ཤེས་པ་གཏད་ལ་རིག་པ་ཧུར་ཕྱུང་། རེས་འགའ་ཅི་ལའང་མི་དམིགས་པར་ཧད་དེ་མཉམ་པར་འཇོག དེ་གཉིས་རེས་འཇོག་ཏུ་སྤེལ་ནས་བསྒོམས་པས་སེལ་ལོ། །དྲུག་པ་མཉམ་བཞག་གི་ཉམས་སྐྱེས་པ་རྗེས་ཐོབ་ལ་བསྲེས་ཏེ་ལམ་དུ་ཁྱེར་བ་ནི། ཐུན་མཚམས་ཤེས་པ་ངོས་བཟུང་ལ༔ ལྷོད་ཀྱིས་ཀློད་ལ་མཉམ་བཞག་བྱ༔ དེ་ཡིས་མི་རྟོག་གོམས་པར་འགྱུར༔ ཞེས་པས། མཉམ་བཞག་ཏུ་རྟོག་པ་བར་འགྱུ་འོག་འགྱུ་ཐམས་ཅད་བཅད་དེ། མི་མནོ། མི་བསམ། སྤྲོ་བསྡུ་མེད་པར་མི་དམིགས་པའི་ངང་དུ་

p. 170

རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་། ཐུན་དེ་ལས་ལངས་པའི་ཚེ་གནས་པ་དེའི་ངོ་བོ་ངོས་བཟུང་ཙམ་བྱས་ལ། ཡང་དེ་ཀའི་ངང་དུ་ལྷོད་ཀྱིས་ཀློད་ནས་བསལ་བཞག་མེད་པར་བསྐྱང་བར་བྱའོ། །གསུམ་པ་དེ་རྗེས་ཐོབ་ཏུ་སྤྱོད་པས་བསྐྱང་བའི་ཁྲིད་ལ་གསུམ་སྟེ། གང་སྣང་རིས་མེད་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་བ། གང་ཤར་རང་གྲོལ་ཆུ་རླབས་ལྟ་བུར་ལམ་དུ་ཁྱེར་བ། བླང་དོར་རེ་དོགས་ཐམས་ཅད་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར་བའོ། །དང་པོ་ནི། རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ཡང་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཞེས་པས། ལྟ་སྒོམ་གྱི་བོགས་འདོན་པའི་ཕྱིར་མཉམ་བཞག་ཏུ་ཉམས་མྱོང་སྐྱེས་པ་དེ་རྗེས་ཐོབ་ཏུ་རོ་མཉམ་ཞིང་དབང་པོའི་རང་སྣང་ཐམས་ཅད་ལ་སྦྱར་ཏེ། འདི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་གྱིས་བསྡུས་པ་སྣང་ཞིང་སྲིད་པའི་ཆོས་སྣ་ཚོགས་སུ་སྣང་བ་འདི་ཀུན་སེམས་ལས་གཞན་དུ་ནམ་ཡང་གྲུབ་པ་མེད་པ་རང་སྣང་ཙམ་ཡིན་མོད། དེ་ལྟ་ནའང་སྣང་ཞིང་མྱོང་བ་ནི་རྨི་ལམ་གྱི་སྣང་བ་དང་འདྲ་ལ། སྣང་ཡང་བདེན་པས་སྟོང་པ་ཆུ་ནང་གི་ཟླ་བ་དང་འདྲ་ཞིང་། རྒྱུ་རྐྱེན་ཚོགས་པ་ལས་རང་སྣང་ཡང་བདེན་མེད་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ལ་སོགས་པ་དང་འདྲ་བ་སྟེ། དེ་ལྟར་སྣང་བ་ཐམས་ཅད་རང་སྣང་རིས་མེད་སྒྱུ་མ་ལྟ་བུར་ཐག་བཅད་དེ། གང་ལའང་ཆགས་སྡང་རེ་དོགས་མེད་པའི་སྒོ་ནས་བྱ་བ་ཐམས་ཅད་ལམ་གྱི་གྲོགས་སུ་འཁྱེར་ཤེས་པར་བྱའོ། །གཉིས་པ་ནི། ཉོན་མོངས་རྣམ་རྟོག་གང་ཤར་ཡང༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ གང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཞེས་པས་རྗེས་ཐོབ་ཀྱི་དུས་སུ་ཉོན་མོངས་པའི་རྣམ་རྟོག་སྣ་ཚོགས་ཤིག་ཤར་ཡང་། དེའི་ངོ་བོ་ལ་བལྟས་པས་རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར་སྣང་ཙམ་ནས་སྟོང་ཞིང་། སྟོང་དུས་ནས་སྣང་བ་མ་འགགས་པས། གང་ལྟར་བྱས་ཀྱང་སྣང་སྟོང་དབྱེར་མེད་ཆོས་སྐུའི་རོལ་པར་ཐག་བཅད་ནས་ལམ་གྱི་གྲོགས་སུ་འཁྱེར་ཤེས་པར་བྱའོ། །གསུམ་པ་ནི། ཡོད་མེད་སྣང་སྟོང་བཏགས་པ་ཙམ༔

p. 171

འཁོར་འདས་རང་སྣང་བདེན་འཛིན་བྲལ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱང༔ ཞེས་པས། ཡོད་པ་དང་མེད་པ། སྣང་བ་དང་སྟོང་པ་སོགས་ལྟོས་འཇོག་གི་ཆོས་ཐམས་ཅད་བློས་གསར་དུ་བཏགས་པ་ཙམ་ལས། དོན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་ལ། འཁོར་འདས་གཉིས་ཀྱི་ཆོས་ཀྱང་སེམས་དང་ཡེ་ཤེས་ཀྱི་རང་སྣང་ལ་ལྟོས་ནས་སོ་སོར་སྣང་ཡང་དོན་ཆོས་ཐམས་ཅད་ཀྱི་སྙིང་པོ་དབྱིངས་མི་འགྱུར་བ་ནི་གདོད་མ་ནས་མྱ་ངན་ལས་འདས་པའི་ཆོས་ཉིད་རྟག་པ་དོན་དམ་པའི་བདེན་པ་ཡིན་ལ། དེ་ཉིད་མ་རྟོགས་པས་ལོག་ཤེས་ཅན་གྱི་ངོར་འཁོར་བར་སྣང་ཡང་སྣང་ཙམ་ནས་བདེན་པར་མ་གྲུབ་པས་མེད་སྣང་གློ་བུར་བའི་ཆོས་ཏེ། གདོད་མ་ནས་ཚུགས་ཐུབ་མ་ཡིན་པའི་ཕྱིར། གནས་ལུགས་ལ་འཁོར་འདས་སོ་སོར་བདེན་པར་འཛིན་པའི་ཡུལ་མ་གྲུབ་པས་འཁོར་བ་ལ་དོར་བྱ་དང་འཁྱམས་ཀྱི་དོགས་པ། མི་འཁྱམ་དུ་རེ་བ། མྱང་འདས་ལ་སྤང་བྱ་དང་ཐོབ་ཏུ་རེ་བ། མ་ཐོབ་ཀྱི་དོགས་པ་སོགས་གཉིས་འཛིན་ཐམས་ཅད་བློས་བཏགས་ཙམ་ལས་དོན་ལ༑ འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པའང་དེ། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་པ་ལྟར་ཡིན་པས་གནས་ལུགས་ལ་འཁོར་འདས་གཉིས་མེད་འོད་གསལ་ཆོས་སྐུ་བྱང་ཆུབ་ཀྱི་སེམས་སུ་ཐག་བཅད་ནས་ལམ་གྱི་གྲོགས་སུ་འཁྱེར་ཤེས་པར་བྱའོ། །དེ་ལྟར་ངེས་པའི་སྒོ་ནས་རྗེས་སྤྱོད་ཐམས་ཅད་དུས་ཚོད་དང་འབྲེལ་བར་སྤྱོད་པ་སྟེ། དེ་ཡང་ལས་དང་པོ་པའི་དུས་སུ་གང་ལའང་འཛིན་ཞེན་མེད་པའི་ངང་ནས་རྒྱུ་འབྲས་ཀྱི་བླང་དོར་མ་ནོར་བར་བྱ་ཞིང་། ཐེག་པ་རང་སའི་སྤྱོད་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་བཞིན་དུ་མ་འཁྲུལ་བར་སྤྱོད་པ་དང་། སྡོམ་གསུམ་འགལ་མེད་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་བླང་། དྲོད་ཐོབ་ནས་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་གྱིས་མཐར་དབྱུང་བར་བྱའོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། ཉམས་རྟོགས་ཇི་ལྟར་སྐྱེས་པ་རྣམས་གནས་ལུགས་ཇི་བཞིན་པར་ངོ་སྤྲོད་པས་ངེས་ཤེས་སྐྱེད་པར་བྱེད་པ་སྟེ། གཞི་ལམ་འབྲས་གསུམ་དང་། ལམ་ལའང་

p. 172

ལྟ་སྒོམ་སྤྱོད་པ་གསུམ་དུ་ཕྱེ་ནས་བླ་མ་དམ་པ་ཉམས་མྱོང་ཅན་གྱིས་ངོ་སྤྲོད་པ་དང་། གེགས་སེལ་བོགས་འདོན་དང་བཅས་པའང་ལེགས་པར་གདམས་ཏེ། ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་བྱེད་པའི་ཐབས་ཀྱིས་འ ཁྲིད་པར་བྱ་ཞིང་། དེ་ལྟར་ཁྲིད་པས་ཉམས་རྟོགས་དབྱར་གྱི་མྱུ་གུ་ལྟར་འཕེལ་ནས་དུས་མྱུར་བ་ཉིད་དུ་གནས་སྐབས་འབྲས་བུ་སློབ་པའི་ཟུང་འཇུག་རིག་འཛིན་རྣམ་པ་བཞིས་བསྡུས་པའི་ས་ལམ་བགྲོད་དེ། མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་བླ་ན་མེད་པ་འཐོབ་པར་འགྱུར་བ་ཡིན་ནོ། །ད་ནི་ལམ་གྱི་གཞུང་གི་རྩ་ཁྲིད་འདི་ཉིད་ལེགས་པར་ཚར་རྗེས། ལམ་གྱི་ཡན་ལག་རྣམས་ཇི་ལྟར་སྦྱོར་བའི་གནད་ཀྱི་སྒོ་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་ཉིན་པར་དྲན་པ་རྒྱུན་ཆགས་དང་། མཚན་མོ་བཙན་ཐབས་ཀྱི་མན་ངག་ལ་བརྟེན་ནས་རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་ལ་བསླབ་པ། མཚན་མོའི་རྣལ་འབྱོར་དེས་འཆི་སྲིད་བར་དོར་མི་བསླུ་བའི་གདེང་མ་རྙེད་ན་ཕྱི་མའི་མཚམས་སྦྱོར་འཕོ་བའི་མན་ངག་ལ་བསླབ་པ། གཉིས་འཛིན་འཁྲུལ་གཅོད་ཀྱི་གདམས་པས་རྐྱེན་ངན་ལམ་དུ་བསླངས་ཏེ་ཉམས་རྟོགས་ཀྱི་བོགས་འབྱིན་པ། རྩ་ཁྲིད་ལ་གོམས་པ་བརྟན་ནས། འོད་གསལ་རྡོ་རྗེ་སྙིང་པོ་གསང་བ་བླ་ན་མེད་པའི་ཐབས་མཆོག་མཐར་ཐུག་པ་ཐོད་རྒལ་རྡོ་རྗེའི་གསེང་ལམ་གྱིས། གནད་དྲུག་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པས་སྣང་བ་བཞིའི་འཆར་ཚུལ་མཐའ་རྟེན་དང་བཅས་པ་ཉམས་སུ་བླངས་པས་འཇའ་ལུས་འཕོ་མེད་རྡོ་རྗེའི་སྐུ་ལོ་བདུན་དང་ཟླ་བ་བདུན་ལས་མི་འགྱངས་པར་བྱེད་པའི་ལམ་མཆོག ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་རྣམས་ཡན་ལག་གི་ཚུལ་དུ་སྐབས་དང་བསྟུན་ཏེ་སྦྱར་བས་ལམ་གྱི་ཆ་རྐྱེན་ཚང་བར་འགྱུར་ཞིང་། རྩ་ཁྲིད་ཙམ་མམ། ཡན་ལག་དང་བཅས་པ་ཡིན་ཡང་རུང་སྟེ། ཉིན་ཞག་ཕྲུག་གཅིག་ལ་ཇི་ལྟར་ཉམས་སུ་ལེན་པའི་གནད་དགེ་སྦྱོར་སྲང་འཇུག་གི་མན་ངག་གིས་ཉིན་མཚན་གྱི་ཆ་ལ་སྤྱིའི་དུས་ཆ་བཞི་དང་། ཤེས་པ་སྐད་ཅིག་མ་ལ་གསང་བའི་དུས་བཞིར་ཕྱེ་བ་ལས། ཕྱིའི་དུས་བཞི་ནི། ཉིན་

p. 173

མོ་དུས་གཅིག་དང་མཚན་ལ་གསུམ་དུ་ཕྱེ་བས་བཞི་སྟེ། ཉིན་དུས་སྣང་བ་རྒྱས་འདེབས་པའི་མན་ངག་གིས། མཉམ་བཞག་ཏུ་འོད་གསལ་རྣམ་པར་མི་རྟོག་པ་ནམ་མཁའ་ལྟ་བུའི་ངང་ལ་བཞག་ཅིང་། རྗེས་ཐོབ་ཏུ་ལྷ་སྐུ་སྒྱུ་མ་ལྟ་བུའི་ཁྱེར་སོའམ། ཡང་ན་དག་པའི་སྒྱུ་ལུས་སྣང་བ་ལྷ་སྐུར་གསལ་བ་ཉིད་འོད་གསལ་དུ་སྦྱང་པས་རྩལ་འདོན་ཞིང་། མཚན་དུས་ཡེ་ཤེས་གནད་དུ་བསྣུན་པའི་མན་ངག་ལ་གསུམ་ལས། དང་པོ་སྲོད་དུས་ཤེས་པ་ནང་དུ་བཟུང་བ་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་གྱིས་དབུ་མའི་ནང་གི་ལྟེ་བའི་ཨ་ཡིག་སྦར་བས་སྤྱི་བོའི་ཧཾ་བཞུ་སྟེ་སྙིང་གར་བབ་པའི་ཐིག་ལེ་ལ་སེམས་བཟུང་བས་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་སྟོང་ངང་གིས་འཆར་རོ། །གཉིས་པ་ནམ་གུང་ཤེས་པ་བུམ་པར་དྲིལ་བ་ནི། སྙིང་པདྨ་དམར་པོ་འདབ་མ་བཞི་པའི་ནང་དུ་ཨ་དཀར་པོ་འོད་འབར་བ་ཞིག་ལ་སེམས་གཏད་དེ༑ སྙིང་གར་འཇམ་རླུང་ཁ་སྦྱོར་དུ་བཟུང་བས་གཞོགས་གཡས་ཕབ་ནས་སེང་གེའི་སྟབས་ཀྱིས་ཉལ་བས་གཉིད་འཐུག་འོད་གསལ་དུ་འཆར་རོ། །གསུམ་པ་ཐོ་རེངས་རིག་པ་རང་གསལ་གདབ་པ་ནི། ཐོ་རེངས་ལངས་ཏེ་སེང་གེའི་འདུག་སྟངས་ཀྱིས་ཧ་ཞེས་དབུགས་རིང་བ་གསུམ་ཕྱིར་བུས་ལ་བཟུང་ཞིང་། དེའི་ཚེ་སྙིང་གའི་ཨ་དེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན། སྤྱི་བོའི་སྟེང་འདོམ་གང་ཙམ་གྱི་ནམ་མཁར་ལིང་ངེ་འདུག་པ་ལ་སེམས་གཏད་དེ། རླུང་ཕྱིར་བཟུང་བའི་ངང་ལ་བཞག་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་རོ༑ ༑གཉིས་པ་གསང་བའི་དུས་བཞི་ནི། བློས་ཕྱེ་བ་རྣམ་པར་རྟོག་པའི་དུས་གསུམ་དང་། བློ་བྲལ་རྣམ་པར་མི་རྟོག་པའི་དུས་གཅིག་སྟེ་བཞི་ལས། བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ཅར་ཕོག་ཏུ་ངོས་བཟུང་ནས། དེ་ཁའི་ངང་ལས་མི་གཡོ་བར་སོ་མར་འཇོག་པ་སྟེ་དེ་ཡང་རྣམ་པར་རྟོག་པའི་དུས་གསུམ་གྱི་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་བློས་བཅས་བཅོས་མེད་པར་ཆམ་གྱིས་བསྐྱུར་བས། བཞི་ཆ་གསུམ་བྲལ་བརྗོད་མེད་རྣམ་པར་མི་རྟོག་པའི་དུས་ཏེ། ཐ་མལ་གྱི་རིག་པ་གསལ་ལ་ངོས་བཟུང་མེད་པ་ཞིག་འཆར་བས། དེ་ཀའི་ངང་དུ་རིག་གེ སང་ངེ་། སལ་ལེ་བར་བསྐྱང་བར་བྱ་སྟེ། གསང་བ་སྒྲུབ་རྒྱུད་ལས།

p. 174

སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སང་ངེ་སལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་། །ཞེས་གསུངས་པ་ལྟར་བསླབ་པར་བྱ་བ་གནད་དོ། །བླ་མ་དམ་པའི་གསུང་ངག་ཇི་བཞིན་ཏུ། །སྐལ་ལྡན་ཚོགས་རྣམས་རྡོ་རྗེ་འཆང་དབང་གི །གོ་འཕང་མཐོན་པོར་འཁྲིད་ཐབས་ལམ་ཟབ་ཆོས། །རབ་གསལ་སྣང་བའི་དཔལ་དུ་འགྱུར་སྙམ་སྤེལ། །དགེ་བས་ཚེ་འདིའི་ལུས་སྐྱེད་དྲིན་ཅན་མས། །ཐོག་དྲངས་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཟབ་ལམ་ཐབས་ཀྱིས་རང་ཁམས་སྒྲིབ་པའི་དཔུང་། །ཡོངས་བཅོམ་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག ། ཅེས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོའི་ཁྲིད་ཡིག་བཀླགས་ཆོག་ཏུ་བཀོད་པ་འདི་ནི། ཆབ་མདོ་ནས་དགེ་སློང་ཨོ་རྒྱན་བསོད་ནམས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བའི་ཡི་གེ་རིམ་པར་བྱུང་བ་དང་། དགེ་སློང་གྲུབ་ཆེན་བློ་ལྡན་ལྷུན་གྲུབ་ཀྱིས་ཀྱང་རིང་མོ་ནས་བསྐུལ་བའི་ངོར། རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་ཞབས་རྡུལ་སྤྱི་བོས་ལེན་པ་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཆུ་ཕོ་རྟའི་ལོ། སྣྲོན་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན་སྒྲུབ་གནས་བཟང་པོ་ཆོས་འབྱུང་ཟངས་མཚོའི་རི་ཁྲོད་དུ་གྲུབ་པར་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་བསྟན་པ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག། །།

དཔལ་རྡོ་རྗེ་སེམས་དཔའི་ཁྲིད་ཡིག

p. 175

དཔལ་རྡོ་རྗེ་སེམས་དཔའི་ཁྲིད་ཡིག་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ༀ་སྭསྟི། བླ་མ་དཔལ་ལྡན་རྡོ་རྗེ་ཅན་ཞབས་ལ། །དངོས་ཀུན་དང་བས་རྟག་ཏུ་ཕྱག་བྱས་ཏེ། །ཟབ་ལམ་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ཡི། །ཁྲིད་དམིགས་བསྡུས་དོན་ཟིན་བྲིས་དྲན་གསོར་འདེབས། །དེ་ཡང་རྩ་བར། དབང་ཐོབ་སྙིང་པོའི་ལམ་མཆོག་ལ༔ ཡང་དག་བསླབ་པར་འདོད་པ་ན༔ ཞེས་པས་རྟེན་གྱི་གང་ཟག་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དང་ལྡན་པས་ཚེ་འདི་ཁོ་ན་ལ་བླ་ན་མེད་པའི་ཡེ་ཤེས་འཐོབ་པར་འདོད་པས་ལམ་འདི་ལ་འབད་པས་ཉམས་སུ་བླང་བར་བྱའོ། །འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། མཐའ་མེད་འཁོར་བའི་དུཿཁ་ལས༔ ལེགས་པར་བསམས་ཏེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ ཞེས་པས་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་སྙིང་ནས་དྲན་ཞིང་། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་པའི་སྒོ་ནས་མཐའ་མེད་འཁོར་བའི་སྡུག་བསྔལ་ལ་མེའི་འོབས་ལྟ་བུར་མཐོང་བ་དེས། ཆོས་སྤྱིའི་རྩ་བ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཁྲིད། ཐེག་ཆེན་གྱི་རྩ་བ་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད། སྡིག་སྒྲིབ་སྦྱོང་བ་ཡི་གེ་བརྒྱ་པའི་ཁྲིད། ཚོགས་བསགས་པ་མཎྜལ་གྱི་ཁྲིད། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་ཁྲིད་དེ། དེ་ལྟར་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་རྣམས་མཐར་ཕྱིན་པར་བྱས་ལ།

p. 176

དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ ཞེས་པས། གཉིས་པ་དངོས་གཞིའི་ཁྲིད་ལ་སྤྱི་དོན་གསུམ་སྟེ། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་རྫོགས་རིམ་འོད་གསལ་གྱི་ཁྲིད་དོ། །སྤྱི་དོན་དང་པོ་ནི། དང་པོ་སྲུང་འཁོར་རྟེན་དབུས་སུ༔ ལྷར་བསྐྱེད་ཡེ་ཤེས་དགུག་བསྟིམ་རྗེས༔ ཞེས་པས། རྒྱུ་ཏིང་གསུམ་ལས་སྲུང་འཁོར་གྱི་དབུས་སུ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་པ་བསྐྱེད་ཅིང་། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པའི་བར་སྒྲུབ་ཐབས་བཞིན་དུ་བྱའོ། །དེ་ནས་སེམས་འཛིན་གྱི་དམིགས་པ་བཞི་ལས། དང་པོ་རྣམ་པ་སྤྱི་ལ་སེམས་འཛིན་པ་ནི། སྐུ་ཡི་ཆ་ཤས་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ ཞེས་པས་གདན་ཁྲི་ནས་གཙུག་ཏོར་གྱི་བར་སྐུ་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བཏབ་ཅིང་། དེ་ཡང་མེ་ལོང་ནང་གི་གཟུགས་བརྙན་གྱི་དཔེར་གསལ་ལ་དེར་འཛིན་མེད་པའི་ལྷ་སྐུ་གསལ་སྟོང་དེ་ལ་རྩེ་གཅིག་ཏུ་བཞག་སྟེ། ལྷ་སྐུ་རགས་པའི་གསལ་སྣང་ལས་རྣམ་རྟོག་གིས་འཕྲོག་ཏུ་མེད་པ་མ་བྱུང་བར་བསྒོམ་མོ། །གཉིས་པ་རྣམ་པ་བྱེ་བྲག་ལ་སེམས་འཛིན་པ་ནི། དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་དུ་གསལ་བར་བསྒོམ༔ ཞེས་པས་སྤྱན་སོགས་སྐུའི་ཆ་ཤས་དང་། དབུ་རྒྱན་སོགས་རྒྱན་ཆ་རྣམས་སོ་སོའི་རྣམ་པ་ཕྲ་ཞིང་ཕྲ་བའི་བར་རེ་རེ་ནས་གསལ་བཏབ་ཀྱིན་བསྒོམས་པས་སོ་སོའི་གསལ་སྣང་ཁྱད་པར་ཅན་ཕྲ་ཞིང་ཞིབ་པ་མ་སྐྱེས་ཀྱི་བར་རྩེ་གཅིག་ཏུ་བསྒོམ། གསུམ་པ་ང་རྒྱལ་ལ་འཛིན་པ་ནི། དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང༔ ཞེས་པའི་ང་རྒྱལ་བརྟན་པོས་རང་རྡོ་རྗེ་སེམས་དཔར་རང་ངོ་ཤེས་པའི་ཚུལ་གྱི་གསལ་སྣང་རང་ཤར་དུ་མ་བྱུང་གི་བར་དུ་བསྒོམ། བཞི་པ་དག་དྲན་ནི། དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བརྟན་སེམས་དག་པ་དྲན་པ་དང༔ ཞེས་པས། དོན་སངས་རྒྱས་ཆོས་ཀྱི་སྐུ་ལ་ཞལ་ཕྱག་སོགས་མཚན་འཛིན་གྱིས་མ་གོས་ཀྱང་། འགྲོ་བ་འདུལ་བའི་ཕྱིར་དེ་དང་མཐུན་པའི་དབྱིབས་ཁ་དོག་སོགས་ཀྱིས་ཕྱག་རྒྱར་བསྟན་པ་སྟེ། ཉེས་པའི་སྐྱོན་

p. 177

གྱིས་མ་གོས་པའི་བརྡར་སྐུ་མདོག་དཀར་པོ། ཐིག་ལེ་ཉག་གཅིག་མཚོན་པའི་དབུ་གཅིག དབྱིངས་དང་ཡེ་ཤེས་མཚོན་པའི་ཕྱག་གཉིས། ཐབས་ཤེས་རབ་ཀྱི་སྒོ་ནས་འགྲོ་དོན་མཛད་པའི་བརྡར་ཕྱག་མཚན་རྡོར་དྲིལ། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅིངས་པ། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་རོལ་པའི་བརྡར་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སོགས་རྟེན་བརྟེན་པ་ཐམས་ཅད་ལ་དག་དྲན་ཇི་ལྟར་ནུས་ནུས་སྦྱར་ཏེ་རྩེ་གཅིག་ཏུ་བསྒོམ་མོ། །དེ་ལྟར་སེམས་འཛིན་རྣམས་ལ་འབད་པས་ཀུན་བརྟགས་རྣམ་རྟོག་གིས་བསྐྱེད་པ་ལ་མ་ལྟོས་པའི་ལྷ་སྐུ་གསལ་སྟོང་རང་ཤར་མ་བྱུང་གི་བར་རྩེ་གཅིག་ཏུ་འབད་པ་གནད་དོ། །དེ་ནས་བསྐྱེད་རིམ་ལ་བོགས་དབྱུང་བའི་ཕྱིར་ཕྲ་བའི་གནས་ལ་བསླབ་པ་ནི། སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ ཞེས་པས་རྟེན་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་བརྟེན་པ་ལྷ་སྟོང་གསུམ་གྱི་འཇིག་རྟེན་ཙམ་བསྐྱེད་དེ་བསྒོམས་པས། ཡུངས་འབྲུ་ཆེར་མི་འགྲོ་ཞིང་སྟོང་གསུམ་ཆུང་དུ་མི་འགྲོ་བ་དང་། རེས་འགའ་རྟེན་སྟོང་གསུམ་ཙམ་དུ་སྐུ་ཡུངས་འབྲུ་ཙམ་བསྒོམས་པས་ཆུང་སྐྱོན་མེད་པ་སོགས་ཇི་ལྟར་བསྒོམས་ཀྱང་བདེ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུ་མ་བྱུང་བར་རྩེ་གཅིག་ཏུ་འབད་དེ་བསྒོམ་པར་བྱའོ། །སྤྱི་དོན་གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ་གསུམ་སྟེ། རགས་པ་རླུང་བཟླས། ཕྲ་བ་རྡོར་བཟླས། དེས་སྐྱོ་ན་ངག་གི་བཟླས་པ་ལ་བསླབ་པའོ། །དང་པོ་ནི། གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང༔ ཁ་སྦྱར་རླུང་འཆིང་ཡིད་བཟླས་བྱ༔ ཞེས་པས་རང་ལྷར་གསལ་བའི་ཐུགས་འོད་ལྡང་འཁྱིལ་པའི་ཀློང་དུ་ཟླ་བ་ལ་གནས་པའི་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་ལངས་ཀྱི་ལྟེ་བར་ཧཱུྃ་དཀར་པོ་གསལ་བ་ལ་རྩེ་གཅིག་ཏུ་དམིགས་ཏེ། རླུང་རོ་བསལ་བ་སྔོན་དུ་འགྲོ་བས། འཇམ་རླུང་བུམ་པ་ཅན་དང་སྦྱར་ཏེ་ཡིད་བཟླས་བྱེད་པའོ། །གཉིས་པ་ནི། དེ་གོམས་འབྱུང་འཇུག་གནས་གསུམ་པོ༔ ༀ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་

p. 178

བཟླས་པ་བྱ༔ ཞེས་པས་རླུང་རོ་བསལ་རྗེས་འབྱུང་འཇུག་གནས་གསུམ་ཡི་གེ་འབྲུ་གསུམ་གྱི་གདངས་སུ་ཡོད་པ་རླུང་སྔགས་དབྱེར་མི་ཕྱེད་པའི་སྒོ་ནས། ༀ་གྱིས་རླུང་ནང་དུ་བརྔུབས་ཏེ་ཁེངས་པར་དགང་། རླུང་མཇུག་མགྲིན་པ་མན་ཆད་དུ་སླེབས་པ་དང་གནས་པའི་འགོ་བརྩམས་པ་ཡིན་པས། དེ་ནས་འབྱུང་འཇུག་གཉིས་ལས་བག་ཙམ་ཡུན་རིང་བར་ཆེད་དུ་ཟུང་སྟེ་དེའི་ཚེ་ཨཱཿཞེས་དྲན་པར་བྱ་ཞིང་སྟེང་འོག་གི་རླུང་ཁ་སྦྱོར་དུ་འཆིང་ངོ་། །མི་ཐུབ་པ་དང་ཧཱུྃ་གདངས་དང་སྦྱར་ཏེ་དབྱུང་བས་སང་གིས་སོང་བར་བསམ་མོ། །གསུམ་པ་ནི། དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ ཞེས་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་མཐར་སྔགས་ཕྲེང་དཀར་གསལ་གཡས་སུ་འཁོར་བ་ལས་འོད་ཟེར་སྤྲོ་བསྡུའི་དམིགས་གནད་བསྙེན་པའི་མན་ངག་ལྟར་སྦྱར་ཏེ། ཡི་གེ་དྲུག་པ་དང་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །སྤྱི་དོན་གསུམ་པ་ཐུགས་རྫོགས་རིམ་གྱི་ཁྲིད་ལ་ཡང་ལྟ་བས་ཐག་བཅད་པ་དང་། སྒོམ་པས་ཉམས་སུ་བླང་བ་གཉིས་ལས། དང་པོ་ལྟ་བའི་གཟེར་ཐེབས་གཅེས༔ ཞེས་པ་ལའང་གཉིས་ཀྱི། དང་པོ་ཕྱི་ཡུལ་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུར་བཞག་པ་ནི། སྣང་བ་སྒྱུ་མ་ལྟ་བུར་བལྟ༔ ཞེས་པས་ཡུལ་དུ་སྣང་བའི་ཆོས་རྣམས་སྒྱུ་མ་ལྟར་སྣང་ལ། དཔྱད་ན་རང་བཞིན་མ་གྲུབ་པ་སྟེ་རང་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཆམ་ཆམ་བཞག་གོ །གཉིས་པ་ནང་འཛིན་པ་རྩ་བྲལ་སྟོང་པར་བསྟན་པ་ནི། སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང༔ ཁ་དོག་དབྱིབས་མེད་ངོས་གཟུང་བྲལ༔ ཞེས་པས་སེམས་འདི་དང་པོ་བྱུང་ས། ད་ལྟ་གནས་ས། མཐར་འགྲོ་ས། དབྱིབས་ཁ་དོག་སོགས་ཅི་འདྲ་འདུག་རྩད་བཅད་པས། དང་པོ་སྐྱེ་བའི་རྒྱུས་སྟོངས་ཏེ་ཐོག་མ་མེད། མཐའ་གང་དུ་འགག་པ་མེད་པས་འགྲོ་ས་མེད། ད་ལྟ་གནས་པ་མ་གྲུབ་པས་དབུས་མེད། དེ་བཞིན་དུ་ཁ་དོག་དབྱིབས་ངོ་བོ་ངོས་བཟུང་དང་བྲལ་བས་གང་དུ་ཡང་མ་གྲུབ་པའི་སྟོང་པ། གང་གིས་ཀྱང་མ་བསྒྲིབས་པའི་སལ་ལེ་བ། ཧྲིག་གེ་བ། ཡེར་རེ་བ། རྗེན་ནེ་བ་སྟེ་དཔེ་དང་བསམ་བརྗོད་ཀྱི་ཡུལ་ལས་

p. 179

འདས་པའི་དོན་རང་སངས་རང་རིག་དེ་ཉིད་ལྷག་མཐོང་ཡིན་པས་དེ་ཀའི་ངང་དུ་སོ་མར་བཞག་གོ །དེ་ལྟར་གཏན་ལ་ཕེབས་པ་ན༔ བདེ་དང་གསལ་དང་མི་རྟོག་བསྒོམ༔ ཞེས་པས། གཉིས་པ་སྒོམ་པས་ཉམས་སུ་བླང་བ་ལའང་གསུམ་སྟེ། བདེ་བ་བསྒོམ་པ། གསལ་བ་བསྒོམ་པ། མི་རྟོག་པ་བསྒོམ་པའོ། །དང་པོ་བདེ་བ་བསྒོམ་པ་ཐབས་ལམ་གྱི་ཁྲིད་ལའང་། ཐོག་མར་ལུས་ཀྱི་སྔོན་འགྲོར་ལུས་སྦྱོང་ཅི་རིགས་པ་བྱ་སྟེ་བླ་མའི་ཞལ་ལས་ཤེས་སོ། །རྩ་རླུང་སྦྱར་བའི་གནད་སྟོང་ར་བསྒོམ་པ་ནི། རང་ལུས་ལྷ་སྐུ་གཞའ་ཚོན་བཞིན༔ གསལ་བའི་དབུས་སུ་དྷཱུ་ཏི་ནི༔ མཚན་ཉིད་བཞི་ལྡན་གཡས་གཡོན་དུ༔ རོ་རྐྱང་རྡུལ་ཟླས་གང་བ་ཅན༔ མར་སྣ་དྷཱུ་ཏིར་ཆུད་པར་བལྟ༔ ཞེས་པས་རང་ལུས་ཕྱི་ལྷའི་རྣམ་པ་ལ། ནང་སྟོང་ར་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་དུ་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཡར་རྩེ་ཚངས་བུག མར་སྣ་གསང་གནས་སུ་ཟུག་པ། སྦོམ་ཕྲ་སྨྱུག་སྦུབས་ཙམ། དེའི་གཡས་སུ་རོ་མ་དམར་པོ་རྡུལ་གྱིས་གང་བ་དང་། གཡོན་དུ་རྐྱང་མ་དཀར་པོ་ཟླ་བས་གང་བ་གཉིས་ཡར་རྩེ་སྣ་སྒོ་གཉིས། མར་སྣ་ལྟེ་འོག་སོར་བཞི་ནས་དྷཱུ་ཏིར་ཆུད་པ་སྦོམ་ཕྲ་གྲོ་སོག་ཙམ་པ། རྩ་གསུམ་ཀ་ལུས་ཀྱི་དབུས་སུ་སྲོག་ཤིང་བསླང་བ་ལྟ་བུ་ལ་འཁོར་ལོ་བཞི་གདུགས་ཀྱི་རྩིབས་མ་བཀོན་པ་ལྟ་བུ་སྟེ། དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། དེ་དག་གི་ལྟེ་བ་དབུ་མའི་ནང་དུ་རིམ་པ་བཞིན། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན། མགྲིན་པར་ༀ་སེར་པོ། སྙིང་གར་ཧཱུྃ་སྔོན་པོ༑ ལྟེ་བར་ཨ་ཡིག་དམར་པོ་མེའི་རང་བཞིན་ཅན་གཅིག་བསྒོམ། ལུས་གནད་སྤྱིར་གོང་འོག་ཐམས་ཅད་རྣམ་སྣང་ཆོས་བདུན་ཡིན་ཡང་འདིར་མེ་ཐབ་དྲུག་འཆིང་བྱས་ཏེ་རླུང་རོ་བསལ། དེ་ནས་སྟེང་རླུང་རྔུབ་པ་རོ་རྐྱང་ལས་བརྒྱུད་དེ་ཨ་ལ་ཕོག་པས་སོལ་མེ་བུས་པ་བཞིན་དུ་མེ་སྒྲ་དང་བཅས་ཏེ་འབར་བས་ལྟེ་བའི་འཁོར་ལོ་གང་། དེ་ནས་ཀྱང་རིམ་བཞིན་

p. 180

སྙིང་ག་དང་མགྲིན་པའི་འཁོར་ལོ་བསྲེགས་ཏེ་ཡི་གེ་རྣམས་ཀྱང་མེར་འབར་བས་ལུས་ནང་དང་རྩ་ཀུན་མེས་གང་བར་བསམ་ཞིང་འོག་རླུང་བསྐུམས་ཏེ་ཁ་སྦྱོར་དུ་འཆིང་། རེས་འགའ་མེ་ལྕེ་ཕྲ་ཞིང་ཚ་བ་དབྱིབས་ནས་སམ་བྱི་ཐུར་ལྟ་བུ་རྩ་རྩེ་ཕྲ་ཞིང་སྐེད་པ་ལྡིར་བ་བྱ། དེ་ཡང་ལུས་ཀྱི་ལས་སུ་གཙུབ་ཤིང་གཙུབ་སྟན་གྱི་འཁྲུལ་འཁོར་བྱ། ངག་གི་ལས་སུ་རླུང་བཟུང་། སེམས་ཀྱི་ལས་སུ་མེ་འབར་བཞིན་པ་ལ་དམིགས་པ་གཏད། སྐབས་སྐབས་སུ་ལུས་གནད་མེ་ཐབ་དྲུག་འ ཆིང་གི་སྟེང་ནས་ངལ་གསོ། དམིགས་པ་ཕྱིར་ཤོར་བ་དང་། ངལ་གསོ་ཡུན་རིང་བ་དང་། ཐིག་ལེ་ཉམས་ན་དྲོད་མི་སྐྱེ། གཞན་ཡང་མེ་དང་ཉི་མ། ལན་ཚྭ་ཆེས་པ། བུད་མེད་དང་ཉིན་མོའི་གཉིད་རྣམས་སྤང་། རྔུལ་བྱུང་ན་དྲོད་འཆོར་བས་ཐོ་རངས་ཀྱི་དྲི་ཆུ་རྫ་སོ་མར་གྲང་དུ་བཅུག་པས་ལུས་བཀྲུ་ཞིང་ལྕི་ཐལ་འཇམ་པོས་བྱུག་གོ །མཚན་མོ་ཉལ་དུས་ལག་གཉིས་ཀྱིས་མཁལ་རྩ་ལ་བཀབ་སྟེ་ཁྱི་ཉལ་སྒོར་མོར་ཉལ་ཏེ་དབུགས་ཤ་ཁྲག་ན་མར་འགྲོ་བྱའོ། །དེ་ལྟར་རྩེ་གཅིག་ཏུ་འབད་པས་དྲོད་སྐྱེས་ནས་སླར་ཡང་འཁོར་ལོ་བཞིའི་ལྟེ་བ་དབུ་མའི་ནང་དུ་སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་བསྟན། མགྲིན་པའི་ༀ་སེར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཨ་ཡིག་དམར་པོ་རྣམས་སྔར་ལྟར་གསལ་བཏབ། དེ་ནས་བདེ་བ་བསྒོམ་པ་ནི། དེ་ཡིས་སྙིང་གའི་ཧཱུྃ་ཡིག་བཞུ༔ དབུ་མ་བརྒྱུད་ནས་ཨ་ལ་བབས༔ འོག་རླུང་འཐེན་པའི་སྦྱོར་བ་ཡིས༔ ལྟེ་བའི་ཨ་བསྐུལ་སྙིང་ག་མན༔ བདེ་བས་གང་བསམ་མགྲིན་པ་ཡི༔ༀ་ལ་སྔར་བཞིན་འབར་འཛག་བྱ༔ དེ་ཡང་བདེ་བ་བརྟན་པ་ན༔ ༀ་ཞུ་ལྟེ་བའི་ཨ་ལ་ཐིམ༔ སྤྱི་བོའི་ཧཾ་ལ་འབར་འཛག་བྱ༔ སྤྱི་བོ་མན་ཆད་ལུས་ཀུན་གང༔ ཞེས་པས་རླུང་བུམ་པ་ཅན་གྱིས་སྔར་ལྟར་གཏུམ་མོ་སྦར་ཞིང་། ཁྱད་པར་འོག་རླུང་འཐེན་པའི་སྦྱོར་བས་ལྟེ་བའི་ཨ་ཡིག་མེར་འབར་ནས། སྙིང་ཁའི་ཧཱུྃ་ལ་རེག་ནས་མར་ལ་མེས་རེག་པ་ལྟར་ཧཱུྃ་ཞུ་བའི་བྱང་སེམས་བ་ཐག་གམ་མུ་ཏིག་ལྟར་བདེ་ཕྲིལ་ཕྲིལ་བབས་པ་དབུ་མ་བརྒྱུད་ལྟེ་བའི་ཨ་ལ་ཕོག སྡོང་རྩ་མར་ཁུས་བརླན་པ་ལྟར་ཆེར་འབར་བས་ཧཱུྃ་བསྲེགས་ནས་མེས་རྩ་འཁོར་ལ་ཞེན་པར་བསམ་ཞིང་སྙིང་ག་མན་ཆད་དྭངས་མས་གང་བ་ལ་བདེ་བའི་རོས་ཁྱབ་པར་བསམ་མོ། །དེ་

p. 181

བཞིན་དུ་ཧཱུྃ་ཡིག་ཨ་ལ་བསྟིམས་ནས་མགྲིན་པའི་ༀ་ལས་འབར་འཛག་དང་། ༀ་ཞུ་ནས་ཨ་ལ་བསྟིམས་ཏེ་སྤྱི་བོའི་ཧཾ་ལ་འབར་འཛག་བྱས་པས་མགྲིན་པ་དང་སྤྱི་བོ་མན་ཆད་བདེ་བས་གང་བར་བསམ་མོ། །དེ་ནས་བདེ་བ་རྩོལ་མེད་དུ་གནས་པའི་ཐབས་ནི། བདེ་བ་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་གསང་གནས་བར༔ ཤར་རེ་བདེ་བ་བྲེང་ངེ་བསྒོམ༔ བདེ་བའི་ངང་ལ་ཅི་གནས་བཞག༔ ཅེས་པས་ཧཾ་ལས་ཐིག་ལེ་སྐུད་པ་ལྟ་བུ་གསང་གནས་བར་དུ་ཤར་རེ་བསྒོམ་པའི་བདེ་བ་ལ་སེམས་བཟུང་ཞིང་དེའི་ངང་ལ་ཅི་གནས་མཉམ་པར་བཞག་པས་བདེ་བ་ཡུན་དུ་གནས་པར་འགྱུར་རོ། །བདེ་བ་རྒྱས་པས་བྱང་སེམས་འཕོ་བ་འདྲ་ན་འཛིན་ལྡོག་དགྲམ་པའི་གནད་ནི། སླར་ཡང་ཧཱུྃ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ ཞེས་པས་ལྟོ་བ་ཚིགས་པ་ལ་གཅེར། ཉྭ་བཞི་བསྒྲིམ་ཞིང་རྐང་ལག་གི་སོར་མོ་དྲག་ཏུ་བསྐུམ། ལྕེ་ཡ་རྐན་ལ་གཏད། མིག་བགྲད་དེ་གྱེན་དུ་ཟློག །ངག་ཏུ་ཧཱུྃ་འདྲེན་དྲག་པོར་བརྗོད་པས་གྱེན་དུ་འདྲེན་ཏེ། ཧེ་རུ་ཀ་གལ་པོ་ལས། རྒྱ་མཚོ་རི་རབ་ལོགས་ལ་བསྐམ། །གླིང་བཞི་དབང་དུ་བསྡུ་བ་དང་། །རོ་འཛིན་ངག་གི་གནས་སུ་སྦྱར། །དབང་པོའི་མཆོག་ནི་སྟེང་དུ་བཞག །ངག་སྟོབས་ཧཱུྃ་དྲག་རིང་དུ་དྲང་། །ཞེས་པའི་དོན་ནོ། །རླུང་གནད་ནི་འོག་སྒོ་རང་བབས་སུ་ཀློད་པ་དང་། རེས་འགའ་དགང་འདྲེན་སོགས་ཟབ་གནད་ཞལ་ལས་ཤེས་སོ། །དགྲམ་པ་ནི། གལ་པོར། རྣམ་རོལ་རྒྱ་ཡི་ལུས་ལ་དགྲམ། །ཞེས་པ་ལྟར་རྗེས་ལ་སེང་གེ་རྣམ་རོལ་གྱིས་ཁྱབ་པར་དགྲམ་མོ། །དེ་ལྟར་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་ལ་བྱང་ནས། འོག་སྒོ་བདེ་བ་ཆེན་པོའི་ཐབས་ལ་བསླབ་པ་ནི། དེ་ཉིད་གོམས་ནས་ཤེས་རབ་ལས༔ མཉམ་པར་སྦྱར་བའི་བདེ་བ་བསྟེན༔ ཅེས་གསུངས་པའི་མན་ངག་ནི་བླ་མ་མཉེས་པའི་ཞལ་ལས་བླང་ངོ་། །དེ་ལྟར་བདེ་དྲོད་སྐྱེས་ནས་ཡེ་ཤེས་ཀྱི་གཏུམ་མོས་རྒྱས་གདབ་པ་ནི། བདེ་ཆེན་ཀ་དག་ངང་དུ་བཞག༔ ཅེས་པས་ཀ་དག་གི་ལྟ་བའི་ངང་སྒོམ་དང་བསྲེས་ལ་མཉམ་པར་བཞག དབང་པོ་རབ་རྣམས་ལ། སྨད་ཀུནྡའི་གེགས་ཀྱང་འདི་ཁོ་ན་ལ་འབད་པས་སེལ་ཞིང་། དབང་པོ་དམན་པ་རྣམས་ནི་སྔར་གྱི་འཛིན་འགྲེམས་ལ་འབད་

p. 182

དོ༑ ༑གལ་ཏེ་ཤེས་པ་འཕྱོ་བ། སྙིང་མི་དགའ་བ། རོ་སྟོད་ན་བ་སོགས་སྟོད་གེགས་བྱུང་ན་ལུས་ཀྱི་རྒྱབ་མདུན་དུ་བུག་པ་ཧར་བྱུང་དོད་པ་ལས་ནད་གདོན་དུད་པ་ལྟ་བུ་སྔོ་ཕྱུ་རུ་རུ་ཐོན་པར་བསམ་ལ་རླུང་འབུད་ཅིང་ཧ་འདོན་བྱ་སྟེ། གེགས་སེལ་དེ་གཉིས་ནི་རྗེས་ཀྱི་རིམ་པའོ། །གཉིས་པ་གསལ་བ་བསྒོམ་པ་ལ་སྤྱི་དང་། ཁྱད་པར་གཉིས་ལས། དང་པོ་ནི། གསལ་སྟོང་ཡེ་ཤེས་བསྒོམ་པ་ན༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་བསྒྲུབ་རང་སར་བཞག༔ ཅེས་པས་མིག་གི་དབང་པོ་བར་སྣང་ལ་ཧུ་རེ་དབང་པོའི་སྒོ་མ་བཀག་པར་བཞག་ཅིང་། སྣང་བ་གང་ཤར་ལ་དགག་སྒྲུབ་མི་བྱ་བར་ཆེར་གྱིས་བལྟས་ཏེ་རང་རིག་རང་གསལ་འཛིན་མེད་ཀྱི་ངང་ལ་སལ་ལེ་བ། ཝལ་ལེ་བ། ཡེ་རེ་བ་བཞག་གོ །གཉིས་པ་ནི། ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ སྐྱིལ་དང་འཆིང་དང་མཉམ་པར་གནས༔ ཞེས་ཁྱད་པར་གྱི་གནད་གསུམ་ལས། དང་པོ་འོག་རླུང་བསྐྱིལ་བའི་གནད་ནི། རླུང་རོ་ཕྱིར་བསལ་ཧཾ་ཨ་ལ༔ སེམས་བཟུང་འོག་རླུང་གྱེན་དུ་བསྐྱིལ༔ ཞེས་པས་རྩ་གསུམ་སྔར་ལྟར་གསལ་བཏབ། དམིགས་གནད་ཧཾ་དང་ཨ་ལ་སེམས་གཏད་དེ། རླུང་རོ་བསལ་ནས་བུམ་ཅན་ལས་གཙོ་བོར་འོག་རླུང་གྱེན་དུ་བསྐྱིལ་ཞིང་དབང་གནད་སྔར་ལྟ་བུས་རང་སྣང་འཛིན་མེད་ཀྱི་ངང་དུ་སལ་ལེ་བཞག་གོ །གཉིས་པ་སྟེང་རླུང་འཆིང་བའི་གནད་ནི། སྙིང་གའི་ཧཱུྃ་ལ་སེམས་བཟུང་སྟེ༔ སྟེང་རླུང་གྱེན་ནས་ཐུར་དུ་འཆིང༔ ཞེས་པས། གཞན་སྔར་ལྟར་ལས། ཧཱུྃ་ལ་སེམས་གཏད་དེ་གཙོ་བོར་སྟེང་རླུང་ཐུར་དུ་འཆིང་ངོ་། །གསུམ་པ་མཉམ་གནས་ཀྱི་གནད་ནི། རླུང་སྦྱར་མཉམ་གནས་གང་ལ་ཡང༔ མི་རྟོག་འགྲོ་འོང་རྟག་ཏུ་དལ༔ ཞེས་པས། རླུང་ཁ་སྦྱོར་དུ་འཆིང་ཞིང་། སེམས་གནད་གང་ལའང་མི་སེམས་མི་མནོ་བར་རང་བབས་སུ་དབང་གནད་སྔར་ལྟ་བུས་བཞག་གོ །དེ་ནས་རགས་པའི་རླུང་ཕྲ་བའི་རླུང་དུ་བསྒྱུར་བའི་གནད་ནི། དེ་ཚེ་དྷཱུ་ཏི་ལས་འོད་བྱུང ༔ ལུས་ནི་ཤེལ་ལྟར་དྭངས་པར་བསམ༔ རགས་པ་ཕྲ་བའི་རླུང་དུ་འགྱུར༔ མིག་ནི་མི་འགུལ་མཁའ་ལ་བལྟ༔ གསལ་ལ་དྭངས་པའི་ཡེ་ཤེས་ཉམས༔ ཤར་ཚེ་དེ་དོན་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ ཞེས་པས་དྷཱུ་ཏིའི་འོད་ཀྱི་སྣང་

p. 183

བས་ལུས་ཤེལ་ལམ་འཇའ་ཚོན་ལྟར་དྭངས་པར་བསམ་ཞིང་རླུང་བུམ་པ་ཅན་དྲག་ཏུ་འཆིང་། མིག་མི་འགུལ་བར་ནམ་མཁའ་ལ་ཧུ་རེ་བཞག་པས་གསལ་དྭངས་མཁའ་ལྟར་དག་པའི་ཉམས་ཤར་ཚེ་དེ་ངོས་བཟུང་ནས་རང་རིག་གི་ངང་དུ་མ་བཅོས་པར་བཞག་གོ །གསུམ་པ་ནི། མི་རྟོག་པ་ཡི་སྒོམ་ཚུལ་ནི༔ ལུས་བསྲང་རླུང་སྦྱར་མིག་མི་འགུལ༔ སྐུའམ་ཡིག་འབྲུ་ཐིག་ལེ་ལ༔ ཡུད་དེ་སེམས་བཞག་ཧྲིལ་གྱིས་གྲིམས༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ ཅེས་པས་ལུས་གནད་མི་གཡོ། མིག་འབྲས་སྐད་ཅིག་ཀྱང་མི་འགུལ་བར་དམིགས་རྟེན་ཐིག་ལེ་ལྟ་བུའི་སྟེང་དུའམ་ཡང་ན་བར་སྣང་མདའ་གང་ཙམ་གྱི་ཚད་དུ་གཏད་ནས་ཧད་དེ་བཞག འཇམ་རླུང་ཅུང་ཟད་བཟུང་ལ་ཁ་སྦྱོར་དུ་འཆིང་། སེམས་གནད་མ་ཡེངས་ཙམ་གྱི་དྲན་རིག་ཡུད་དེ་བ་ལ་སེམས་བཞག་ནས་དེ་ལ་ཧྲིལ་གྱིས་བསྒྲིམས་ཏེ་བལྟས་པས་བུན་ལོང་གིས་འགྲོ། དེའི་ཚེ་བཅོས་བསླད་མེད་པར་རང་བབས་སུ་མི་རྟོག་མཐའ་དབུས་མེད་པ་ནམ་མཁའ་དག་པ་ལྟ་བུ་ལས་མི་འགྱུར་བར་ཆམ་གྱིས་བཞག་གོ །དེ་ནས་ཤར་གྲོལ་ངོ་བོ་གཅིག་པ་ཡེ་སྟོང་རྩ་བྲལ་ཆེན་པོར་འཇོག་པ་ནི། འཕྲོ་ན་འཕྲོ་མཁན་རིག་པའི་སེམས༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ གནས་ན་གནས་མཁན་རིག་པའི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ཉིད༔ བླང་དོར་རེ་དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་པོར་བཞག༔ ཅེས་པས་འཕྲོ་གནས་གང་ལྟར་ཡང་གང་ཤར་གྱི་ངོ་བོ་ལ་ཆེར་གྱིས་བལྟས་ཏེ་མ་བཅོས་རང་བབས་འཛིན་མེད་དུ་ཁྲོལ་ལེ་བཞག་གོ །ཡང་ན་མདུན་དུ་ཨ་བྲིས་ལ༔ སྐྱེ་མེད་དྲན་ཞིང་ལམ་མེ་གཏད༔ རང་བབས་དེ་ལ་སེམས་གནས་ཚེ༔ དམིགས་མེད་ངང་དུ་ལྷོད་ཀྱིས་ཀློད༔ ཅེས་པས་དམིགས་རྟེན་ཨ་ལ་སྐྱེ་མེད་ཀྱི་དོན་དྲན་ཙམ་པས་སེམས་ལམ་གྱིས་གཏད་ལ་དེའི་ངང་དུ་རང་བབས་སུ་ལྷོད་ཀྱིས་ཀློད་ལ་བཞག་གོ །དེ་དག་གི་ཚེ། སྐབས་སུ་གཟིངས་ལས་བྱ་རོག་བཞིན༔ གར་འགྲོ་ངོས་བཟུང་དྲན་པ་བསྟེན༔ ཅེས་པས་དཔེར་ན་གཟིངས་ཀྱི་ནང་ནས་བྱ་རོག་བསྐྲད་དེ་གར་འགྲོ་བལྟས་ན། རྒྱ་མཚོ་རྒྱ་ཆེས་པས་མཐའ་མ་ཆོད་པར་སླར་གཟིངས་

p. 184

ཁོ་ན་ལ་ཁ་གཏད་ནས་སླེབ་ཡོང་བ་བཞིན་དུ། གནས་ཐོག་ནས་འགྱུ་བ་ལྷང་གིས་འགྱུས་པའི་ཚེ། དེའི་ངོ་བོ་ལ་ཆེར་གྱིས་བལྟས་པ་ན་ཚུགས་མ་ཐུབ་པར་རྟོག་པ་དེ་ག་གནས་པའི་ངོ་བོར་རང་ཤར་དུ་འཆར་བས་དེའི་ངང་བསྐྱང་ངོ་། །ཡང་། རེས་འགའ་དྷཱུ་ཏི་དཀར་པོ་ནི༔ ལྟེ་བ་ནས་བརྩམས་སྤྱི་བོའི་བར༔ གནས་པའི་ནང་དུ་ཐིག་ལེ་ནི༔ དཀར་པོ་འགྲོ་འོང་བྱེད་པར་བསམ༔ འདི་ལས་སྟོང་ཉམས་སྣ་ཚོགས་འཆར༔ ཞེས་པས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་ལྟེ་བ་ནས་སྤྱི་བོའི་བར་དབུ་མའི་ནང་དུ་ཡར་འགྲོ་མར་འགྲོ་བྱེད་པར་བསམ་ཞིང་། གལ་ཏེ་བྱིང་ན་དེའི་གེགས་སེལ་ནི། བྱིང་ན་སྨིན་མཚམས་ཐིག་ལེ་དཀར༔ སྲན་མ་ཙམ་ཞིག་འཁོར་བར་བསམ༔ ཞེས་པ་ལྟར་སྒོམ་ཞིང་མིག་གནད་ཀྱང་ཅུང་ཟད་མཐོ་བར་བྱས་པས་སེལ་ལོ། །རེས་འགའ་མི་དམིགས་མཉམ་པར་བཞག༔ ཐུན་མཚམས་ཤེས་པ་ངོས་བཟུང་ལ༔ ལྷོད་ཀྱིས་ཀློད་ལ་མཉམ་བཞག་བྱ༔ དེ་ཡིས་མི་རྟོག་གོམས་པར་འགྱུར༔ ཞེས་པས་རེས་མི་དམིགས་པར་འཇོག་པ་སོགས་མདོར་ན་ཐུན་སྒང་དུ་མཉམ་པར་འཇོག་གོ་སྙམ་པ་ཙམ་ཡང་བཅད་དེ་མི་མནོ་མི་བསམ་སྤྲོ་བསྡུ་མེད་པར་མི་དམིགས་པའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་། ཐུན་དེ་ལས་ལངས་པའི་ཚེ། གནས་པ་དེའི་ངོ་བོ་ངོས་བཟུང་ཙམ་བྱས་ལ། ཡང་དེ་ཁའི་ངང་དུ་ལྷོད་ཀྱིས་ཀློད་ལ་བསལ་བཞག་མེད་པར་བཞག་གོ །དེ་ལྟར་དངོས་གཞི་མཐར་ཕྱིན་ནས། གསུམ་པ་རྗེས་ཀྱི་རིམ་པ་ནི། རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ཡང་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཞེས་པས་ལྟ་སྒོམ་གྱི་བོགས་འདོན་པའི་ཕྱིར་མཉམ་བཞག་ཏུ་ཉམས་མྱོང་སྐྱེས་པ་དེ་རྗེས་ཐོབ་ཏུ་རོ་མཉམ་ཞིང་དབང་པོའི་རང་སྣང་ཐམས་ཅད་ལ་སྦྱར་ཏེ། སྣང་བ་རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པའི་སྒོ་ནས་བྱ་བ་ཐམས་ཅད་ལམ་གྱི་གྲོགས་སུ་ཁྱེར་ཏེ་སྤྱད་དོ། །མདོར་བསྡུ་ན། ཉོན་མོངས་རྣམ་རྟོག་གང་ཤར་ཡང༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ གང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཞེས་པས་སྤྱོད་ལམ་ཀུན་ཏུ་རང་རིག་དང་མ་བྲལ་བར་ཆོས་སྐུའི་ལམ་ཁྱེར་ལ་འབད་པར་བྱ་སྟེ། ཡོད་མེད་

p. 185

སྣང་སྟོང་བཏགས་པ་ཙམ༔ འཁོར་འདས་རང་སྣང་བདེན་འཛིན་བྲལ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱང༔ ཞེས་གསུངས་པ་ལྟར་སྦྱངས་པས་སེམས་ཉིད་འོད་གསལ་བའི་གནས་ལུགས་ཀྱི་དོན་མངོན་དུ་འགྱུར་བར་གདོན་མི་ཟ་བས་མན་ངག་ཉམས་མྱོང་ཅན་གྱི་བླ་མ་དམ་པའི་ཞལ་ལས་ངོ་འཕྲོད་ངེས་པའི་ངོ་སྤྲོད་ཞིབ་མོ་མཉན་པར་བྱའོ། །ཞེས་རྡོར་སེམས་ཀྱི་ཁྲིད་ཀྱི་དམིགས་རྐང་གི་རིམ་པ་ངོ་བོ་ཙམ་བསྡུས་པ་འདི་ནི། སྤོང་བ་ལ་གཅིག་ཏུ་ཐུགས་གཞོལ་བའི་ཆོས་འཁོར་ཡང་རྩེའི་དགེ་སློང་གསུམ་དང་བྱ་བཏང་འབྲུག་རིག་འཛིན་གྱི་བསྙེལ་ཐོར། དྷརྨ་ཤྲཱིས་རྗེ་བླ་མ་ལས་བཀའི་གནང་བ་ཞུས་ཏེ་འཁྲོལ་བར་བྱས་ནས་མཚན་མོ་འབྲུ་མར་གྱི་སྣང་བ་ལ་ཟིན་བྲིས་སུ་ཤར་མར་བཏབ་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ།

p. 186

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ་བཞུགས། ལོ་ཆེན་དྷརྨ་ཤྲཱི། ༀ་སིདྡྷི་རསྟུ། གདོད་ནས་འགྱུར་མེད་འོད་གསལ་ཀློང་། །ལྷུན་གྲུབ་འོད་གདངས་རྡོ་རྗེ་སེམས། །ཐུགས་རྗེའི་སྣང་བར་འཆར་བ་ཅན། །དཔལ་མགོན་བླ་མ་ལ་བཏུད་ནས། །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལ། །ཁྱད་པར་རྫོགས་རིམ་སྣང་བ་བཞིའི། །མན་ངག་གསལ་བྱེད་ཡི་གེའི་གནད། །མངོན་སུམ་འོད་གསལ་འཁོར་ལོ་སྤྲོ། །འདིར་ཇི་སྐད་དུ། གོང་གི་ཐུན་མོང་རྫོགས་རིམ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ གསང་བ་གནད་ཀྱི་མན་ངག་བསྟན༔ ཅེས་གསུངས་པས་ཐུན་མོང་གི་རྫོགས་རིམ་ལྟར་ལྟ་བ་ཀ་དག་གི་གནས་ལུགས་ངོ་སྤྲད་ནས། སྒོམ་པ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གོམས་པ་བརྟན་པོར་གྱུར་རྗེས། ཁྱད་པར་གྱི་རྫོགས་རིམ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ཟབ་མོ་འདི་ལ་འཇུག་པར་བྱ་སྟེ། འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། །ཞེས་པས། སྒོ་གསུམ་གྱི་བྱ་བ་གཏོང་བ་སྟེ། ལུས་ཀྱི་བྱ་བ། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད། ནང་ཕྱག་དང་སྐོར་བ་ལ་སོགས་དམན་པའི་དགེ་བ། གསང་བ་སྒུལ་སྐྱོད་ཙམ་ཡང་སྤངས་ཏེ་བསམ་གཏན་གྱི་འདུག་སྟངས་ལས་མི་གཡོ་བའོ། །ངག་གི་བྱ་བ༑ ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ། ནང་ཁ་ཏོན་བཟླས་བརྗོད་སོགས། གསང་བ་རླུང་

p. 187

འགྲོ་འོང་ཙམ་ཡང་སྤངས་ནས་སོ་མར་འཇོག་པའོ། །ཡིད་ཀྱི་བྱ་བ། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག ནང་ཐོས་བསམ་གྱི་ཚིག་རྟོག་དང་། སེམས་འཛིན་གྱི་དམིགས་པ་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་མི་རྟོག་པའི་ངང་ལ་གནས་པར་བྱའོ། །གཉིས་པ་དངོས་གཞི་ནི། ལུས་ངག་ཡིད་སྒོ་ཡུལ་དང་རླུང་གནད་དྲུག༔ ཅེས་གསུངས་པའང་རིགས་བསྡུ་ན་གཉིས་ཏེ། སྒོ་གསུམ་གྱི་གནད་གཟིར་བ་དང་། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པའོ། །དང་པོ་ལ་གསུམ་ལས། ལུས་ཀྱི་གནད་ནི། གནས་ཁམས་ཤེས་པའི་ཁྱད་པར་གྱིས༔ སེང་གེ་གླང་པོ་དྲང་སྲོང་ཚུལ༔ ཞེས་པས། ལྟ་སའི་གནས་ཀྱི་ཁྱད་པར་ས་དམའ་བས་ནམ་མཁའ་མཐོང་རྒྱ་ཆུང་བ་དང་། ཅུང་ཟད་མཐོ་བས་མཐོང་རྒྱ་འབྲིང་དང་། མཐོ་ཞིང་མཐོང་རྒྱ་ཆེ་བ་དང་གསུམ། ཁམས་ཀྱི་ཁྱད་པར་ལུས་ཀྱི་འབྱུང་བ་ཚ་ཤས་ཆེ་བ་དང་། ཚ་གྲང་སྙོམས་པ་དང་། གྲང་ཤས་ཆེ་བ་དང་གསུམ། ཤེས་པའི་ཁྱད་པར་བྱིང་བ་དང་། བྱིང་རྒོད་རེས་འཇོག་དང་། རྒོད་པ་ཤས་ཆེ་བ་དང་གསུམ་སྟེ། དེ་རྣམས་ལ་རིམ་པ་ཇི་ལྟ་བར་ཆོས་ལོངས་སྤྲུལ་པའི་བཞུགས་སྟངས་གསུམ་རང་རང་གི་གཟིགས་སྟངས་དང་བསྟུན་པ་གཅེས་སོ། །དེ་ལ་ཆོས་སྐུའི་འདུག་སྟངས་སེང་གེ་ལྟ་བུ་ནི། ལུས་འགྱིང་ཚུགས་སུ་འདུག་ལ་རྐང་མཐིལ་སྤྲད་པ་ས་ལ་ཕབ། པུས་མོ་ཕྱིར་སྒྱེད། ལག་སོར་བསྐུམས་ཏེ་ས་ལ་ཕབ་ནས་ལག་ངར་བསྲངས། རོ་སྟོད་སེང་ལ་བོར་ནས་རྩལ་མཇིང་པ་ལ་བསྐུར་བའོ། །དེས་ནི་ལས་རླུང་འགགས་ཏེ་ཡེ་ཤེས་ཀྱི་རླུང་འཕེལ་ཞིང་ཆོས་ཉིད་སྣང་བ་ལྷུག་པར་འཆར་རོ། །ལོངས་སྐུའི་འདུག་སྟངས་གླང་ཆེན་ལྟ་བུ་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། རྐང་སོར་ཕྱིར་འཕུལ། ལག་པའི་གྲུ་མོ་ས་ལ་བཙུགས་ནས་ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། མཇིང་པ་ཅུང་ཟད་གྱེན་ལ་བཏེག་པའོ། །དེས་གཡོ་བྱེད་ཀྱི་རྟོག་པ་ནུབ་ནས་དབྱིངས་རིག་གཉིས་མེད་ཀྱི་དགོངས་པ་ལ་གནས་པར་འགྱུར་རོ། །སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ནི། རྐང་མཐིལ་གཉིས་ས་ལ་ཕབ་ནས་ལོང་བུ་གཉིས་གཤིབས་པའི་ཙོག་པུར་འདུག རྒལ་ཚིགས་དྲང་པོ་དང་མཇིང་པ་ཐད་ཀར་བསྲངས། ལག་

p. 188

བསྣོལ་བས་མཁལ་ཁུང་ངམ་པུས་མོ་ལ་བསྐོར་རོ། །དེས་འབྱུང་བ་སྙོམས་ཤིང་དལ་བས་དབྱིངས་རིག་འདུ་འབྲལ་མེད་པའི་ངང་ལ་གནས་པར་འགྱུར་རོ། །ངག་གི་གནད་ནི། ངག་ནི་འཁྲུལ་གཏམ་སྨྲ་བ་བཅད༔ ཅེས་གསུངས་པས་ཉིན་རེ་བཞིན་སྨྲ་བ་ཇེ་ཉུང་ལ་བསླབས་ནས་གཞན་དང་འཁྲུལ་པའི་གཏམ་གླེང་བ་སྤངས་ཏེ། ཁ་ཏོན་སྔགས་བཟླ་ཙམ་མ་གཏོགས་མི་བརྗོད། མཐར་དེ་ཡང་བཀགས་ཏེ་ཅི་ཡང་མི་སྨྲ་བར་ལ་བཟླ་བར་བྱའོ། །ཡིད་ཀྱི་གནད་ནི༑ ཡིད་ནི་དུས་གསུམ་རྟོག་པ་ཕྲལ༔ མ་བཅོས་ངོས་བཟུང་བྲལ་བར་བཞག༔ ཅེས་པའི་ཕྱིའི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་དུ་དབང་པོ་མི་འགྱུར་བར་མདུང་ཚུགས་སུ་གཏད་ནས། སེམས་དུས་གསུམ་གྱི་དྲན་བསམ་འཕྲོ་འདུའི་རྟོག་པ་དང་ཕྲལ་ལ། མ་བཅོས་ངོས་བཟུང་དང་བྲལ་བའི་ངང་ལས་མི་གཡོ་བར་བསླབ་པར་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནས་རྣམས་ངེས་པར་བསྟུན། །དེ་ཡང་ལུས་ཀྱི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་བསླབ་དང་གནས་པ་དང་། །ལ་ཟླ་བརྟན་པར་བྱ་བའོ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་སོ། །གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་ལ་གཉིས་ཏེ། གནད་གསུམ་གྱིས་རང་ཐོག་ཏུ་དབབ་པ་དང་། མངོན་སུམ་གྱི་རང་ངོ་སྤྲད་པའོ། །དང་པོ་ལ་གསུམ་ལས། འཆར་བྱེད་སྒོའི་གནད་ནི། སྒོ་ནི་ཆོས་ལོངས་སྤྲུལ་པའི་མིག༔ གྱེན་ཐད་ཐུར་དུ་ཟིམ་བུར་བལྟ༔ ཞེས་པས་གཟིགས་སྟངས་གསུམ་གང་རུང་ལས་མི་འགུལ་བར་བྱ་བ་སྟེ། ཆོས་སྐུའི་གཟིགས་སྟངས་མིག་གཉིས་ཡིད་ཙམ་གྱེན་ལ་བཟློག་པས་སྨིན་ཕྲག་གི་ནམ་མཁའ་ལ་བལྟ། ལོངས་སྐུའི་གཟིགས་སྟངས་མིག་གཉིས་ཐད་ཀ་ལས་ཡིད་ཙམ་མནན་པས་གཡས་གཡོན་གྱི་མཁའ་ལ་ཟུར་གྱིས་བལྟའོ། །སྤྲུལ་སྐུའི་གཟིགས་སྟངས་མིག་ཡིད་ཙམ་ཐུར་ལ་ཕབ་ནས་ཕྱེད་བཙུམ་ཟིམ་བུས་མཁའ་ལ་བལྟའོ། །དེ་ཐམས་ཅད་ལ་མིག་ཧ་ཅང་མ་བསྒྲིམས་པར་ཁོང་དལ་ལ་ཀློད་པས་ནམ་མཁའི་མཐོངས་ལས་མི་འགྱུར་བར་གནད་དོ༑ ༑འཆར་གཞི་ཡུལ་གྱི་གནད་ནི། ཡུལ་ནི་སྤྲིན་བྲལ་ནམ་མཁའ་ལ༔ ཉི་ཟླ་མར་མེའི་

p. 189

སྣང་བའོ༔ ཞེས་པས་ཡུལ་སྤྲིན་དང་བསིལ་བུ་སོགས་སྒྲིབ་བྱེད་དང་བྲལ་བའི་ནམ་མཁའ་དྭངས་པ་ལ་ཉི་མར་རྒྱབ་ཕྱོགས་ནས་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་ཀྱི་དུས་སུ་ཉི་མའི་འོག་ཏུ་ཁྲུ་གང་ཙམ་གཞལ་བའི་ནམ་མཁའ་ལ་གཏད་པར་བྱ་ཞིང་། སྤྱིར་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ་རྣམས་གང་རུང་ལ་བལྟ་བའོ། །རླུང་རིག་གི་གནད་ནི། རླུང་ནི་ཤིན་ཏུ་དལ་བ་ལ༔ ཅུང་ཟད་འགྲོ་འོང་ཁ་ལས་སོ༔ ཞེས་པས་རླུང་གནད་འགྲོ་འོང་ཁ་ལས་དལ་བུས་རྒྱུ་བའམ་ཅུང་ཟད་ཕྱིར་འཕངས་ལ་འཇོག་ཅིང་རིག་པ་ནམ་མཁའི་དཀྱིལ་ལས་གཞན་དུ་མ་ཡེངས་པར་བལྟས་པས། ཐོག་མར་དཀར་ཟིང་ཟིང་དང་ཕྲ་ཕྲོ་ལས་དབྱིངས་སྣང་ལུ་གུ་རྒྱུད་དང་བཅས་པ་འཆར་ཏེ། དེ་དུས་དབྱིངས་ཀྱི་ར་བར་ལུ་གུ་རྒྱུད་བཅུག་ནས་འགུལ་འཕྲིག་མེད་པར་འཛིན་པ་ནི་གནད་དོ། །དེ་དག་ཀྱང་ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་དང་། སངས་རྒྱས་སྲས་གཅིག་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །ཞེས་གསུངས་སོ། །གཉིས་པ་མངོན་སུམ་གྱི་རང་ངོ་སྤྲོད་པ་ནི། དེ་ལྟར་གནད་ཀྱིས་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་སྣང་ཐིག་ལེས་བརྒྱན་པ་དེ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོའམ། དང་པོའི་སངས་རྒྱས་ཡེ་ནས་རང་ལ་ཡོད་པའི་རང་གདངས་དེ་རིང་མཐོང་བས་ཐོག་མའི་ཀུན་ཏུ་བཟང་པོ་དང་མཉམ་པ་ཞེས་བྱ་སྟེ། རང་བྱུང་བསྟན་པའི་རྒྱུད་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པས་རང་ངོ་རང་གིས་མཐོང་བ་ལ་དགའ་བ་སྐྱེད་ཅིག རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སོ་སོ་རང་རིག་གི་དོན་ཡེ་ནས་གནས་པའི་སྣང་བ་དེ་རིང་མཐོང་བ་ཡིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་

p. 190

པ་ཡི་སངས་རྒྱས་སོ། །ཞེས་དང་། མངོན་སུམ་རྙེད་པའི་སྐལ་ལྡན་ལས། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་གསུངས་སོ། །གསུམ་པ་རྗེས་ལ་གཉིས་ལས། དེ་ལྟར་ཉམས་སུ་བླངས་པས་སྣང་བཞི་འཆར་ཚུལ་ངོས་བཟུང་བ་དང་། མཐའ་རྟེན་བཞིའི་མན་ངག་གིས་གོམས་པར་བྱ་བའོ། །དང་པོ་ལ་བཞི་ལས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་གནད་དྲུག་དང་ལྡན་པས༔ རང་རིག་ཡེ་ཤེས་ཆེན་པོ་ཡི༔ གསལ་གདངས་སྙིང་ལས་མིག་གི་སྒོར༔ དཀར་འཇམ་རྩ་ལས་བརྒྱུད་དེ་ཐོན༔ ནམ་མཁར་རྣམ་དག་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་འདྲ་འཆར༔ དེ་ནང་ཐིག་ལེ་སྟོང་སྒྲོན་ནི༔ མུ་ཁྱུད་ཐིག་ལེ་དུ་མར་འཆར༔ དེ་ནང་རྡོ་རྗེ་ལུ་གུ་རྒྱུད༔ རྟ་རྔ་མུ་ཏིག་ཕྲེང་འདྲ་འཆར༔ ཅུང་ཟད་འཕར་གཡོ་བྱེད་པའི་ཚུལ༔ རང་གདངས་རིག་པའི་ངོ་བོ་ཉིད༔ ཐིག་ལེ་ཉག་གཅིག་མཐོང་བ་སྟེ༔ ཆོས་ཉིད་མངོན་སུམ་སྣང་བའོ༔ ཞེས་པ་སྟེ། སྔར་བཤད་པ་ལྟར་སྒོ་གསུམ་གྱི་གནད་གཟིར་ཞིང་། སྒོ་ཡུལ་རླུང་གི་གནད་གསུམ་བསྟུན་པ་སྟེ། དེ་ལྟར་གནད་དྲུག་ལྡན་དུ་ཉམས་སུ་བླངས་པས་སོ་སོ་རང་རིག་གི་ཡེ་ཤེས་བདེ་བར་གཤེགས་པའི་ཁམས་སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་བཞུགས་པའི་གདངས་དཀར་འཇམ་རྩའི་ལམ་ལས་བརྒྱུད་དེ་རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོར་ཐོན་ནས། ཕྱི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་དུ་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་འཆར་ཞིང་། དེའི་ནང་དུ་ཐིག་ལེ་སྟོང་སྒྲོན་མུ་ཁྱུད་ཀྱི་ཐིག་ལེ་དམར་ཟླུམ་མཐེ་བོང་ཙམ་ལས་གྲངས་གཅིག་གཉིས་སོགས་རིམ་པར་མཆེད་པའི་ནང་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྟ་རྔ་ལ་མདུད་པ་བཏབ་པའམ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་ཅུང་ཟད་འཕར་གཡོ་འཆར་བར། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་བློས་གང་དུའང་མི་འཛིན་ཞིང་། དེའི་ངང་ལས་མི་གཡོ་བར་ཆེ་རེ་བལྟས་པས། ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་བར་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་ཐོན་ནས། །སྤྲིན་མེད་པ་

p. 191

ཡི་མཁའ་ལ་གསལ། །ཞེས་གསུངས་ཏེ། ཐིག་ལེ་སུམ་འབྲེལ་གྱི་སྣང་བ་ཚུན་ཆད་མངོན་སུམ་གྱི་སྣང་བ་ཡིན་ལ། དེ་ཡང་གཤིས་དོན་དམ་རིག་པའི་ངོ་བོ་ཉིད་ཀྱི་རང་གདངས་ཐིག་ལེ་ཉག་གཅིག་དབང་པོའི་མངོན་སུམ་གྱིས་མཐོང་ཞིང་། དེ་ལྟར་མཐོང་བས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་འགྱུར་ཏེ། དེ་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དེ་ནས་བརྩོན་པས་བསྒོམས་པ་ལས༔ དབྱིངས་རིག་རེས་གསལ་རེས་མི་གསལ༔ ནམ་མཁའི་དབྱིངས་ཐོན་ཐིག་ལེ་ན༔ ལྔ་ཚོམས་གསལ་འཚེར་ལྷུན་སྡུག་འཆར༔ ཟ་འོག་གུར་ཁྱིམ་ལྟ་བུ་དང༔ གྱེན་སྒྲེང་རྩིབས་ཤར་ལ་སོགས་པ༔ ཡུལ་སྣང་ཀུན་ཏུ་ཁྱབ་པར་འཆར༔ ཐམས་ཅད་མི་འགུལ་རང་སར་གནས༔ དེ་ལས་ཕྱེད་སྐུ་སྐུ་རྐྱང་སོགས༔ གྲངས་མེད་ལམ་ལམ་ཝལ་གྱིས་གསལ༔ ཕྱི་ཡི་སྣང་རྐྱེན་གྲོགས་སུ་འཆར༔ ནང་གི་འཁྲུལ་པའི་ཡིད་དཔྱོད་བྲལ༔ གསང་བ་མི་རྟོག་རང་སར་གནས༔ ཉམས་སྣང་གོང་འཕེལ་སྣང་བ་སྟེ༔ འདི་དུས་ཤི་བ་ཆོས་ཉིད་ཀྱི༔ བར་དོར་མངོན་པར་འཚང་རྒྱའོ༔ ཞེས་པ་སྟེ། སྔར་ལྟར་བརྩོན་པས་ཉམས་སུ་བླངས་པས། དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས་རིམ་གྱིས་གོམས་པ་ན་དབྱིངས་རིག་སྨིན་མཚམས་ཀྱི་སོར་བཞི་ལས་བྲལ་ཏེ༑ ནམ་མཁར་ཐོན་ནས། དབྱིངས་སྣང་འཇའ་འོད། ཟླུམ་འཁྲིགས་ཀྱི་ནང་དུ་ཐིག་ལེ་ལྔ་ཚོམས་གསལ་འཚེར་འ བར་བ་དང་བཅས་པ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་། གྱེན་སྒྲེང་། རྩིབས་ཤར། དྲ་བ། པདྨ། མིག་མང་རིས་སོགས་ཡུལ་སྣང་ཐམས་ཅད་གང་བའི་བར་དུ་ཇེ་རྒྱས་དང་། ཐིག་ལེ་ཡང་མེ་ལོང་དང་། ཁམ་ཕོར་དང་། བསེ་ཕུབ་ཙམ་གྱི་བར་དུ་ཇེ་ཆེར་དང་། ལུག་རྒྱུད་ཀྱང་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་གཙུག་ཏོར་ནས་རིམ་པར་ཕྱེད་སྐུ་དང་། སྐུ་རྐྱང་གི་བར་དུ་གྲངས་མེད་པ་ཡབ་རྐྱང་གི་རྣམ་པར་ཤར་ནས། འགུལ་འཕྲིག་མེད་པར་གནས་ཤིང་། འདི་དག་གི་དུས་ན་ཕྱི་སྣང་བ། ནང་ཕུང་པོ། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས། ཕྱིའི་

p. 192

སྣང་རྐྱེན་གྲོགས་སུ་འཆར། ནང་འཁྲུལ་པའི་ཡིད་དཔྱོད་དང་བྲལ། གསང་བ་མི་རྟོག་པའི་ངང་ལ་གནས་པ་སྟེ། འདི་ནས་མ་དག་པའི་འཁྲུལ་སྣང་རིམ་གྱིས་ནུབ་ནས། དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་བས་གོང་འཕེལ་གྱི་སྣང་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་བའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་ཤིང་། འདི་དུས་ཤི་ན་ཆོས་ཉིད་ཀྱི་བར་དོར་གྲོལ་བར་འགྱུར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་བརྩོན་པས་རབ་བསྒོམས་ན༔ ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ༔ ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས༔ གྲངས་མེད་ཞིང་ཁམས་གང་བར་འཆར༔ འདི་དུས་ཤི་ན་ལོངས་སྐུའི་ཞིང༔ སྒྱུ་ལུས་འོད་ཕུང་ཆེན་པོར་གྲོལ༔ ཉོན་མོངས་རང་གྲོལ་སྒྲིབ་གཉིས་བྲལ༔ འཁྲུལ་བ་ཀུན་ཟད་ཡེ་ཤེས་རྒྱས༔ གདོས་བཅས་ཕུང་པོ་དབྱིངས་སུ་འཆར༔ སྐུ་དང་ཞིང་ཁམས་གཏན་ལ་ཕེབས༔ རིག་པ་ཚད་ཕེབས་སྣང་བའོ༔ ཞེས་པ་སྟེ། དེ་ལྟར་གོམས་པས་ས་རྡོ་རི་བྲག་སོགས་མ་དག་པའི་སྣང་བ་ཐམས་ཅད་ནུབ་ནས་ལྔ་ལྡན་འོད་ཀྱི་སྣང་བས་འཇིག་རྟེན་གྱི་ཁམས་གང་བལྟས་ཐམས་ཅད་ཁེངས་ཏེ། མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེ་རེ་རེའི་ནང་དུའང་། རིགས་ལྔ་ཡབ་ཡུམ་ཟུང་འབྲེལ་གྱི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པས་ཞི་ཁྲོ་རིགས་ལྔ་རིགས་བརྒྱ་ལ་སོགས་པའི་སྣང་བ་འཇིག་རྟེན་གྱི་ཁམས་གང་བལྟས་ཐམས་ཅད་ཁེངས་པར་འཆར་ཞིང་། དེ་དག་གི་ཐུགས་ཀ་ནས་ཤིན་ཏུ་ཕྲ་བའི་འོད་ཀྱི་ཟེར་ཐག་རང་གི་སྙིང་གར་འབྲེལ་བར་སྣང་ལ། དེའི་ཚེ་ཕྱི་ཡུལ་སྣང་ཡེ་ཤེས་སུ་སྣང་བས་ལོངས་སྐུའི་ཞིང་དུ་སྣང་། ནང་སྒྱུ་ལུས་འོད་ཕུང་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག དེ་ལྟར་ཕྱི་ནང་གི་རགས་པའི་དངོས་པོ་ཟད་དུས། གསང་བ་རླུང་སེམས་ཚད་ལ་ཕེབས་པས་རིག་པ་གང་ལའང་ཚུད་པའི་རྟགས་སུ་རིག་པ་གང་ལ་གཏད་ཀྱང་འགུལ་ཞིང་སྐད་འབྱིན་པ་དང་། ཉོན་མོངས་པ་རང་གྲོལ་བས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་དེ། འཁྲུལ་སྣང་ཐམས་ཅད་ནུབ་ནས་ཡེ་ཤེས་ཀྱི་སྣང་བ་རྒྱས་པས་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ལ་དབང་འབྱོར་བ་ཐོབ། མདོར་ན་གདོས་བཅས་ཀྱི་སྣང་བ་དབྱིངས་སུ་དག་ནས་སྐུ་

p. 193

དང་ཞིང་ཁམས་གཏན་ལ་ཕེབས་པ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཞེས་དང་། ཀློང་གསལ་ལས་ཀྱང་། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། སླར་ཡང་འབད་པས་ཉམས་བླངས་པས༔ སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང་༔ འགག་པ་མེད་ལས་ཐ་སྙད་ཀྱི༔ གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང་༔ ཉམས་ཀྱི་འཕེལ་བ་ཀུན་ཟད་པས༔ གདོས་བཅས་ལུས་ཟད་འོད་དུ་ཡལ༔ ངག་ཟད་གཞོམ་མེད་རང་སྒྲར་ཡལ༔ འཁྲུལ་པའི་བློ་ཟད་ཆོས་སྐུར་གྲོལ༔ ཐོག་མའི་དབྱིངས་སུ་ལ་བཟླའོ༔ འདི་ནི་ཆོས་ཉིད་ཟད་པ་སྟེ༔ བརྩོན་པས་བསྒོམས་ན་ལོ་གསུམ་དང་༔ ཟླ་བ་བདུན་ན་འཇའ་ལུས་ཀྱི༔ འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཅིང་༔ ཞེས་པ་སྟེ། སྔར་བཞིན་ཉམས་སུ་བླངས་པས། རིམ་གྱིས་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ནས། ཆོས་ཉིད་གང་དུའང་བསམ་བརྗོད་བྲལ་བ་ལ་ཆོས་ཉིད་ཟད་པ་ཞེས་བྱ་བ་སྟེ། སྔར་གྱི་རྟགས་རྣམས་ཟད་ནས་ཅང་མེད་དུ་སོང་བ་མ་ཡིན་ཡང་། གདོས་བཅས་དང་སེམས་ཀྱི་སྤྲོས་པ་ཟད་དེ། ལུས་སེམས་གཉིས་མེད་འོད་ཀྱི་རང་བཞིན་ཏུ་འདྲེས་པ་ཐུགས་རྗེའི་ཟེར་ཐག་ལ་འདུས་ཏེ། རིགས་ལྔའི་ཐུགས་ཀར་ཐིམ་པས་སློབ་ལམ་མཐར་ཕྱིན་ཏེ། ངོ་བོ་ཀ་དག་གི་སྣང་བ་མཐོང་དུ་ཉེ་བའོ། །ཟད་ལུགས་ནི། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཐམས་ཅད་ཀྱང་འགྱུར་མེད་རང་གསལ་འཆར་གཞི་མ་འགགས་པས་དོན་ལ་བྲི་གང་མེད་པ་ལས་གདངས་དབྱིངས་སུ་རང་ཐིམ་པའི་ཚེ་སྟོང་མི་སྟོང་དང་འདི་ཡིན་འདི་མིན་སོགས་ཐ་སྙད་ཀྱིས་བཏགས་པའི་གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང་། གདངས་ཕྱིར་གསལ་ཉིད་ནང་དབྱིངས་སུ་ཐིམ་པའི་ཚུལ་གྱིས་ཕྱི་ཉམས་སྣང་གི་འཕེལ་བ་ཀུན་ཟད་ཅིང་། ནང་སྒྱུ་ལུས་ཟད་དེ་འོད་སྐུར་ཡལ་བས། དེའི་ཚེ་འོད་ཀྱི་ནང་ན་ལག་པའི་སོར་མོ་ཙམ་སྣང་བ་ལས་གཞན་གདོས་བཅས་སུ་སྣང་བ་གང་ཡང་མེད་པ་དང་། ངག་རླུང་ཟད་པས་སྒྲ་ཐམས་ཅད་གཞོམ་མེད་ཀྱི་རང་སྒྲར་ཡལ་བར་འགྱུར་

p. 194

ཞིང་། གསང་བ་གཡོ་བྱེད་ཀྱི་རླུང་ཟད་པས་འཁྲུལ་པའི་བློ་རྟོག་ཚོགས་ཀྱི་ཉོན་མོངས་པ་ཐམས་ཅད་རང་དག་ནས་གཞོན་ནུ་བུམ་པ་སྐུའི་ཞིང་དུ་གྲོལ་ཏེ། ཐོག་མའི་གཞི་དབྱིངས་སུ་ལ་བཟླ་བའོ། །དེའི་ངང་ལས་རྟེན་དེ་ཉིད་ཀྱིས་འགྲོ་དོན་མཛད་ན། འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུར་བཞེངས་ནས། སྐྱེ་བ་དང་འཇུག་པ་ལ་དབང་བ་གཉིས་ཀྱིས་དོན་མཛད་དོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་གཅོད། །ཅེས་དང་། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི༑ ༑ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང་། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །ཚེ་འདི་ཉིད་ལ་འཚང་རྒྱའོ། །ཞེས་སོ། །འདི་ནི་ཆོས་ཉིད་ཟད་པའི་སྣང་བ་ཡིན་ཏེ། ལམ་འདི་ལ་ཞུགས་ནས་བརྩོན་པ་རབ་ཀྱིས་བསྒོམས་ན་ལོ་གསུམ་དང་ཟླ་བ་བདུན་གྱི་དུས་ལས་མི་འདའ་བར། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་རིག་པའི་གཤིས་ཐོག་ཏུ་དེངས་ནས་འཇའ་ལུས་འཕོ་མེད་རྡོ་རྗེའི་སྐུ་མངོན་དུ་མཛད་པ་ཡིན་ནོ། །གཉིས་པ་མཐའ་རྟེན་བཞིའི་མན་ངག་གིས་གོམས་པར་བྱ་བ་ལ་བཞི་སྟེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། མི་འགུལ་གསུམ་ལ་གཞི་བཅས་པས༔ ཞེས་པ་སྟེ། ལུས་མི་འགུལ་བ་བཞུགས་སྟངས་གསུམ། མིག་མི་འགུལ་བ་གཟིགས་སྟངས་གསུམ། རླུང་རིག་མི་འགུལ་དལ་ཞིང་སླད་མེད་པས་དབྱིངས་སྣང་ལས་མི་འདའ་བ་སྟེ། འདི་གསུམ་སྤྱིར་ཉམས་ལེན་དང་མ་བྲལ་བ་དང་། ཁྱད་པར་ཆོས་ཉིད་མངོན་སུམ་གྱི་དུས་སུ་གཅེས་སོ། །གཉིས་པ་ནི། སྡོད་པ་གསུམ་གྱིས་ཚད་བཟུང་སྟེ༔ ཞེས་པ་སྟེ། དེ་ལྟར་བསྒོམས་པས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་ཕུང་པོ་སྡོད་པས་འཁྲུལ་བའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་རང་འགགས་སུ་འགྲོ་

p. 195

སྟེ༑ འདི་དག་གཙོ་བོར་ཉམས་གོང་འཕེལ་གྱི་དུས་སུ་གཅེས་སོ། །འདི་དུས་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ལ་འཆར་བ་གཉིས་འབྱུང་སྟེ། དང་པོ་རྨི་ལམ་བཟང་པོ་རྨི། བར་དུ་རྨི་ལམ་ཟིན། མཐའ་མར་འོད་གསལ་གྱི་དབྱིངས་སུ་ནུབ་ནས་རྨི་ལམ་རྒྱུན་ཆད་དོ། །རྟགས་ནི། ཆོས་ཉིད་མངོན་སུམ་གྱི་དུས་ན། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ། ངག་ལྐུག་པ་ལྟ་བུ། སེམས་བྱ་རྙི་ལ་ཟིན་པ་ལྟ་བུའོ། །ཉམས་གོང་འཕེལ་གྱི་དུས་སུ༑ ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟ་བུ། ངག་སྨྱོན་པའི་ཚིག་ལྟ་བུ། སེམས་རྩི་དུག་གིས་ཐེབས་པ་ལྟ་བུའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟ་བུ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ། སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟ་བུ། ཆོས་ཉིད་ཟད་པའི་དུས་སུ། ལུས་བར་སྣང་གི་འཇའ་ཚོན་ལྟ་བུ། ངག་བྲག་ཆའི་སྒྲ་ལྟ་བུ། སེམས་ན་བུན་བར་སྣང་ལ་དངོས་སུ་ཉེ་བ་ལྟ་བུའོ། །གསུམ་པ་ནི། ཐོབ་པ་གསུམ་གྱིས་གཟེར་ཐེབས་ནས༔ ཞེས་པ་སྟེ། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་ཀྱི་ལུས་འོད་གསལ་དུ་གྲོལ། གསང་བ་རླུང་སེམས་ལ་དབང་ཐོབ་པས་ཉོན་མོངས་པ་ཡེ་ཤེས་སུ་གྲོལ་ལོ། །འདི་དག་གཙོ་བོར་རིག་པ་ཚད་ཕེབས་ཀྱི་དུས་ན་འབྱུང་ངོ་། །བཞི་པ་ནི། རེ་དོགས་མཚན་མ་ཀུན་དག་ནས༔ ཆོས་དབྱིངས་རང་ས་ཟིན་པར་འགྱུར༔ ཞེས་པ་སྟེ། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ་དང་། མར་འཁོར་བ་ལ་ལྷུངས་ཀྱིས་དོགས་པ་དང་། མི་ལྟུང་དུ་རེ་བ་བཞི་ལས་གྲོལ་བ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེངས་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་སོ། །དེ་ལྟར་ཉམས་ལེན་དངོས་གཞི་ལ་ཞུགས་པ་ནས་བརྩམས་ཏེ༑ བརྩོན་འགྲུས་རབ་ཀྱིས་ལོ་གསུམ་དང་ཟླ་བ་བདུན་ནམ་གཅིག འབྲིང་གིས་ལོ་ལྔ་དང་ཟླ་བ་ལྔ་ཞག་དྲུག ཐ་མས་ཀྱང་ལོ་བདུན་དང་ཟླ་བ་བཅུ་གཅིག་ན་ཆོས་ཉིད་གདོད་མའི་ས་ལ་ལྷག་མེད་གྲོལ་ནས་རང་ས་ཟིན་པར་གདོན་མི་ཟ་བ་ཡིན་ནོ། །དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་ཚུལ་བསྟན་པ་སྟེ། འབྲིང་བར་དོར་གྲོལ་ཚུལ་དང་། ཐ་མ་རང་བཞིན་སྤྲུལ་

p. 196

སྐུའི་ཞིང་དུ་གྲོལ་ཚུལ་རྣམས་ནི་རྫོགས་པ་ཆེན་པོའི་མན་ངག་སྤྱི་ལྟར་ཤེས་པར་བྱའོ། །དེ་ལྟར་མཆོག་གསང་མན་ངག་གནད་ཀྱི་དོན། །གསལ་བྱེད་མངོན་སུམ་འོད་གསལ་འཁོར་ལོ་ཡིས། །སྲིད་པའི་སྡུག་བསྔལ་དྲ་བ་རབ་བཅད་ནས། །འགྲོ་ཀུན་གདོད་མའི་ཞིང་ལ་གྲོལ་བར་ཤོག ། ཅེས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་དོན་གསལ་བར་བྱེད་པའི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ་ཞེས་བྱ་བ་འདི་ནི། ཇོ་བསྟན་དགེ་སློང་སྤོང་བ་པ་བསོད་ནམས་མཐའ་ཡས་ཀྱི་གསུང་ངོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྨི་ལམ་གྱི་ཁྲིད་ཡིག་ཟིན་བྲིས་སུ་སྤེལ་བ་ཉིང་འཁྲུལ་རང་གྲོལ།

p. 197

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྨི་ལམ་གྱི་ཁྲིད་ཡིག་ཟིན་བྲིས་སུ་སྤེལ་བ་ཉིང་འཁྲུལ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། ༀ་སྭ་སྟི། རང་རིག༵་ཀློང་དུ་གཟུང་འཛིན༵་ཡོངས་གྲོལ་བས། །འགྱུར༵་མེད༵་རླུང་སེམས་འོད་གསལ་སྒྱུ་མའི་ལྷར། །སྟོན་མཛད་བླ་མ་རྡོ༵་རྗེ༵་སེམས་དཔའ་ལ། །བཏུད་ནས་རྨི་ལམ་འཛིན་སྦྱོང་མན་ངག་འགྲོལ། །འདིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་གི་ཁྲིད་ཆུང་ལས། རྨི་ལམ་གྱི་མན་ངག་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་སྦྱོར་དངོས་གཉིས་ལས། དང་པོ་སྦྱོར་བ་ནི། དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ ཞེས་པས། ཐོག་མར་དལ་འབྱོར་གྱི་རྟེན་འདི་ཡང་ཡང་རྙེད་དཀའ་བར་བསམ་པ་དང་། ད་རེས་རྙེད་ཀྱང་ངེས་པར་འཆི་ཞིང་ནམ་འཆི་ཆ་མེད་པར་བསམ་པའི་མི་རྟག་པའི་དྲན་ཤེས་དང་། འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་ཐམས་ཅད་སྡུག་བསྔལ་གྱི་ཡོ་ལང་དུ་ཤེས་པས་ཅིས་ཀྱང་དགོས་མེད་ཀྱི་བློ་དྲག་ཏུ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་གྱི་ནམ་མཁར་གདན་ཁྲི་མཐོ་ཞིང་ཡངས་པ་ལ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན། ཅི་མཛད་བླ་མ་དམ་པ་མཁྱེན་སྙམ་པས་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ཤེས་པས་ཚུགས་ཐབས་མེད་པའི་སྙིང་རྗེས་ཡིད་དྲངས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་རྫོགས་པའི་སངས་རྒྱས་

p. 198

ཀྱི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས་སེམས་བསྐྱེད། རང་གི་སྤྱི་བོར་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསྒོམས་ལ། བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས་རྨི་ལམ་ཟིན་པའམ་འབྱོངས་པར་སྐབས་ཐོབ་ཀྱིས་བསྒྱུར་བས་གསོལ་བ་དྲག་ཏུ་བཏབ་ནས། མཐར་བླ་མ་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམ། རང་ལུས་རྡོ་རྗེ་སེམས་དཔའི་སྐུ་གསལ་སྟོང་དུ་ལྷག་གིས་ཤར་བར་བསམ་ལ། རྩ་བྲལ་གྱི་ཤེས་པ་ཡེངས་མེད་ཀྱི་ངང་ནས་འཆར་སྒོ་མ་འགགས་པའི་སྣང་བ་སྒྱུ་མ་ལྟ་བུའི་རང་ངོ་ལ་སལ་ལེ་རྗེན་ནེ་བཞག་གོ །གཉིས་པ་དངོས་གཞི་ལ། རྨི་ལམ་བཟུང་བ་དང་། སྦྱང་བ་དང་། གཅིག་ཏུ་བྱེད་པའི་བསམ་གཏན་དང་གསུམ། དང་པོ་རྨི་ལམ་བཟུང་བ་ལ། ཉིན་པར་དྲན་པ་ཡེངས་མེད་ཀྱིས་བཟུང་བ་དང་། མཚན་མོ་མན་ངག་བཙན་ཐབས་ཀྱི་གདམས་པའོ། །དང་པོ་ནི། བག་ཆགས་དབང་ལས་མེད་བཞིན་དུ༔ སྣང་བའི་ཕྱི་རོལ་སྣང་བ་ལ༔ དེར་འཛིན་དགག་སྒྲུབ་འཆར་སྒོ་ཀུན༔ རྨི་ལམ་ལྟ་བུར་ཡེངས་མེད་དུ༔ དྲན་འདུན་དྲག་པོས་རྟག་ཏུ་བཟུང་༔ ཞེས་པས་དབེན་པར་འཆི་བ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་ལ་སྐྱོ་ཤས་དྲག་པོ་བསྐྱེད། ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ཡིན་པ་ལ། དེ་ལྟར་མ་ཤེས་པས་འཁོར་བར་འཁྱམས་པའི་སེམས་ཅན་འདི་རྣམས་ཨ་ཙ་མ་སྙམ་དུ་བཟོད་མེད་ཀྱི་སྙིང་རྗེ་དྲག་པོ་བསྐྱེད། སྔར་བཞིན་བླ་མ་ལ་མོས་གུས་དྲག་པོས་རྨི་ལམ་ཟིན་པ་དང་། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་མོས་གུས་ཀྱི་གདུང་ཤུགས་ལས། ད་ལྟའི་སྣང་བ་ཨ་འཐས་ཅན་འདི་བདེན་མེད་དུ་བུན་ལོང་གིས་སོང་བའི་འཆར་སྒོ་མ་འགགས་པའི་རྩལ་ལ་རང་སོ་འཛུགས་ཏེ། འདི་ལྟར་སྣང་བའི་ཡུལ་བཟང་ངན་དང་། དེ་ལ་དགག་སྒྲུབ་ཏུ་འཛིན་པའི་འཆར་སྒོ་ཀུན་སེམས་ལ་བག་ཆགས་བཞག་པའི་འཁྲུལ་སྣང་གི་དབང་ལས་སྣང་ཞིང་མྱོང་བ་མ་གཏོགས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད། འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན་སྙམ་དུ་སྤྱིར་བདེན་མེད་དང་། སྒོས་སུ་རྨི་ལམ་དུ་ཤེས་པའི་རྩིས་

p. 199

བཟུང་སྟེ། ང་གཉིད་དུ་སོང་འདུག སྣང་བ་འདི་རྨི་ལམ་ཡིན། སྒྱུ་མ་ཡིན། ངེས་པ་རང་དུ་གཉིད་དུ་སོང་འདུག་སྙམ་པའི་དྲན་འདུན་ལ་རྩེ་གཅིག་ཏུ་མཉམ་པར་བཞག རྗེས་ཤེས་འགྲོ་འཆག ཉལ་བ། འདུག་པ། ཟས་ཟ་བ། གཏམ་སྨྲ་བ་སོགས་སྤྱོད་ལམ་ཐམས་ཅད་དུ་འཆི་བ་ཡིན། ཅིས་ཀྱང་དགོས་པ་མེད་སྙམ་པ་དང་། བླ་མའི་སྣང་བ་དང་མི་འབྲལ་བར་མོས་གུས་དུང་དུང་བ་དང་། ཁྱད་པར་ང་གཉིད་དུ་སོང་འདུག འགྲོ་འཆག་འདི་ཡང་རྨི་ལམ་དུ་འདུག་སྙམ་པའི་འདུན་པ་དྲག་ཏུ་བཏང་། དེ་ལྟར་མཉམ་རྗེས་ཀུན་ཏུ་དྲན་འདུན་རྒྱུན་ཆགས་སུ་བཏང་བས། སྣང་བ་བདེན་མེད་བཀྲག་མེད་དུ་ཆམ་གྱིས་སོང་བ་དང་། དེ་ཡང་གཏད་ཡལ་དུ་བསྐྱངས་ལ་མི་རྟོག་པའི་ངང་ལ་བཞག དེ་ནས་རང་གཞན་གྱི་སྣང་བ་ཐམས་ཅད་ལ་སེམས་གཏད་དེ། འདི་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན་སྙམ་པ་དང་། ཁྱད་པར་གཉིད་དུ་སོང་འདུག སྣང་བ་འདི་ཀུན་རྨི་ལམ་རང་ཡིན་པར་འདུག་སྙམ་དུ་དྲན་འདུན་དྲག་པོས་ཡེངས་མེད་དུ་བསྐྱང་ངོ་། །གཉིས་པ་ནི། ཉལ་དུས་རྨི་ལམ་བཟུང་སེམས་ཀྱིས༔ སྤྱོད་ལམ་དལ་བསྟེན་སེམས་ཀྱི་གནད༔ སྙིང་ནང་ཨ་དཀར་དྲི་མ་མེད༔ སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས༔ འཁོར་འདས་འོད་ཞུ་ཨ་ལ་བསྟིམ༔ དྲི་མེད་མཁའ་ལ་ཟླ་ཤར་འདྲའི༔ གསལ་སྣང་མ་བྲལ་ངང་ལ་ཉལ༔ རྨི་ལམ་མང་ཟིན་གསལ་ལ་ཟིན༔ ཞེས་པས། སྲོད་ལ་ཉལ་ཁར་བླ་མའི་རྣལ་འབྱོར་བསྒོམས་ལ་མོས་གུས་དྲག་པོས། དོ་ནུབ་རྨི་ལམ་མང་པོ་རྨི་བར། གསལ་པོ་རྨི་བར། བཟང་པོ་རྨི་བར། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། ཅེས་སམ། རྨི་ལམ་ཟིན་པར་མཛད་དུ་གསོལ། ཅེས་གསོལ་བ་དྲག་ཏུ་བཏབ། སྤྱོད་ལམ་དལ་བས་རྩ་རླུང་མ་འཁྲུགས་པར་བྱ་ཞིང་། ལུས་གནད་སྐྱིལ་ཀྲུང་ཙོག་པུ། མགོ་བྱང་དུ་བསྟན་སྔས་མཐོ་བར་བྱས་ལ་གཞོགས་གཡས་ཕབ་པའི་སེང་གེའི་ཉལ་སྟབས་གསུམ་གང་རུང་གི་ཉལ་ལ། དམིགས་པའི་གནད། རང་ལུས་ལྷ་སྐུ་གསལ་སྟོང་དུ་ཤར་བའི་སྙིང་ནང་དུ་ཨ་ཡིག་དཀར་པོ་དྲི་མ་མེད་པ་འོད་ཀྱི་རང་བཞིན་ཅན་ཞིག་ལ་སལ་ལེ་མཉམ་པར་བཞག བླ་མའི་མོས་གུས་དང་རྨི་ལམ་གྱི་དྲན་འདུན་བྱ། ཨ་ཡིག་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་

p. 200

ཟེར་ལྟ་བུ་འཕྲོས། སྣང་བ་ཐམས་ཅད་ལ་ཁྱབ། རྨི་ལམ་ཡིན་སྙམ་པའི་དྲན་འདུན་བྱ། དེས་འཁོར་འདས་ཀྱི་ཆོས་གང་ལྟར་སྣང་བའི་སྣང་བ་དེ་ཐམས་ཅད་མེར་ཁྱོམ་གྱིས་འོད་དུ་ཞུ་རྨི་ལམ་གྱི་དྲན་འདུན་བྱ། དེར་ཚུར་འུབ་ཀྱིས་འདུས་པ་སྙིང་གའི་ཨ་ལ་བསྟིམ། དྲན་འདུན་བྱ༑ ཨ་ཡིག་ནམ་མཁའ་དྭངས་པ་ལ་ཟླ་བ་ཤར་བ་ལྟར་སལ་ལེ་སྣང་བ་ལ་ཡིད་གཏད་དེ། དྲན་འདུན་བྱ། དེ་ཀའི་ངང་ནས་ཨ་ཡིག་གསལ་ལ་འཛིན་པ་མེད་པ་ལ་སེམས་གཏད་དེ་གཉིད་ལོག་པས་རྨི་ལམ་མང་ལ་གསལ་བར་རྨི་ཞིང་། འདི་རྨི་ལམ་ཡིན་འདུག་སྙམ་དུ་ཟིན་པར་འགྱུར། དེ་ལ་གཉིས་ལས། འཇམ་ཟིན་ནི། རྨི་ལམ་དུ་འདུག་སྙམ་པ་དང་གཉིད་ཐུམ་ཕྲས་མང་པོ་འབྱུང་། རྩུབ་ཟིན་ནི། གཡང་ལ་ཤོར་བའམ་ཁྱིས་དེད་པ་ལྟ་བུའི་འཇིགས་སྐྲག་ཡ་ང་བ་ཞིག་རྨིས་པ་ལ་བརྟེན་ནས་འདི་རྨི་ལམ་ཡིན་པར་འདུག་སྙམ་དུ་ཤེས་པར་འགྱུར། གལ་ཏེ་སྲོད་ལ་མ་ཟིན་ན། གཉིད་སད་པ་དང་། ངས་སྲོད་ལ་རྨི་ལམ་འདི་འདྲ་བྱུང་འདུག་སྟེ་མ་ཟིན་པར་འདུག་སྙམ་དུ་ཕྱི་བལྟ་བྱ་ཞིང་སྒྱུ་མར་བསྒོམ། ད་ཅིས་ཀྱང་ཟིན་པར་བྱ་སྙམ་དུ་དྲན་འདུན་བཏང་ལ་སྔར་གྱི་དམིགས་པ་བསྒོམས་ཏེ་གཉིད་པས། དེས་ཀྱང་མ་ཟིན་ན་དུས་ཀྱི་གནད། ཐོ་རངས། ནམ་ལངས། ཉི་ཤར་གྱི་དུས་གསུམ་ཡིན་པས། ནམ་སྨད་གཉིད་ཀྱི་ལྷག་མ་ཅུང་ཟད་ཡོད་པའི་སྐབས་དེར་གཉིད་སངས་ཏེ། ལུས་གནད་བཅས་སྔར་གྱི་དམིགས་པ་དེ་ཀ་ལ་འདུན་པ་དྲག་པོ་དང་བཅས་ཏེ་བསྒོམ། དུས་གནད་གསུམ་པོ་གང་རུང་གི་དུས་ལ་སླེབས་པ་དང་ལུས་གནད་གསུམ་པོ་གང་རུང་ཞིག་བཅས་ཏེ། དམིགས་པ་སྔར་གྱི་དེ་ཀ་བསྒོམས་མཐར་གསལ་ལ་འཛིན་མེད་ཀྱི་ངང་དེར་རྟོག་པ་གཞན་གྱིས་བར་མ་ཆོད་བར་གཉིད་ལོག མདོར་ན་ཉིན་དུས་མཉམ་རྗེས་ཐམས་ཅད་དུ་རྨི་ལམ་གྱི་དྲན་འདུན་རྒྱུན་མ་ཆད་པར་ཡེངས་མེད་དུ་བསྐྱངས་པའི་ནུས་པས། མཚན་མོ་གཉིད་དུ་འགྲོ་ཁར། སད་དུས་ཀྱི་སྣང་བ་རགས་པ་འདི་ནུབ། གཉིད་འཐུག་པོ་རང་དུ་མ་སོང་བའི་བར་དེར། གཉིད་དང་རྨི་ལམ་གྱི་སྣང་བའི་བར་གྱི་རྣམ་རྟོག་ཅེས་བྱ་བ། རྣ་བར་སྒྲ་རོང་པའམ། ལུས་སྦྲིད་པ་སྙམ་པ་དང་། ཐིབ་ཐིབ་ནོན་པའམ། དབུགས་ཐུམ་ཕྲས་དང་། སྨིན་མཚམས་སུ་སྦྲིད་སྦྲིད་

p. 201

པ་ལྟ་བུའི་ཉམས་ཀྱི་རྗེས་དེ་མ་ཐག་པར། མིའམ་ཁང་ཁྱིམ་ལ་སོགས་པའི་རྟོག་པ་གསལ་པོ་མིན་པའི་རིབ་རིབ་པ་ཙམ་དུ་འབྱུང་སྟེ། དེ་རྨི་ལམ་གྱི་རྒྱུ་ཡིན་པས་དེ་ཀ་ངོས་ཟིན་པར་བྱས་ན་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་རྨི་ལམ་མུ་འབྱོར་བར་འགྱུར་ཞིང་། དེའི་དུས་སུ་མིག་མི་འབྱེད་པར་འོག་རླུང་བསྐུམས་ནས་གང་ཟིན་དེ་ལ་གཏད་དེ་སྦྱོང་བའི་བདུན་པ་བྱས་པས་སད་འབྱམས་སུ་མི་འགྲོ་ཞིང་། གང་ཟག་རབ་ལ་དེ་ཁས་འབྱོངས་པའང་སྲིད་དོ། །དེ་ལྟར་ཡང་ཡང་བཟུང་ཡང་མ་ཟིན་ན་འབྱམས་པ་ཡིན་པས། དེ་ལ་བཞི་སྟེ། རྨི་ལམ་རྨི་རུ་མ་འདོད་ན་སྟོང་འབྱམས། མང་པོ་རྨི་ཡང་རྨི་ལམ་དུ་ངོ་མ་ཤེས་ན་རྡུགས་འབྱམས། རྨི་ལམ་ཟིན་མ་ཐག་གཉིད་སད་ན་སད་འབྱམས། རྨི་ལམ་ཟིན་མ་ཐག་ཐ་མལ་གྱི་རྨི་ལམ་དུ་ཤོར་ནས་འཁྲུལ་བདོ་ན་དྲེད་འབྱམས་ཞེས་བྱ་སྟེ། དེ་འདྲ་ལང་ཤོར་གྱིས་ཡང་ཡང་བྱུང་ན་འབྱམས་གཅོད་ཀྱི་མན་ངག་ཀྱང་དགོས་པ་ཞལ་ལས་ཤེས་པར་བྱའོ། །གཉིས་པ་སྦྱང་བ་ལ་གསུམ་སྟེ། སྤེལ་བསྒྱུར་བ་ལ་སྦྱང་བ། སྒྱུ་མར་སྦྱང་བ། སྒྱུ་མའི་རྣམ་ཐར་ལ་སྦྱོང་བའོ། །དང་པོ་ནི། དེ་ལྟར་ཟིན་པར་གྱུར་པ་ན༔ སྣང་བ་འདི་ཀུན་རྨི་ལམ་སྟེ༔ གར་ཡང་བསྒྱུར་རུང་བསམ་བྱས་ལ༔ གཅིག་ལས་མང་པོར་སྤེལ་བ་དང་༔ མང་པོ་གཅིག་ཏུ་བསྡུ་བ་དང་༔ ཞི་ཁྲོ་སོ་སོར་བསྒྱུར་བ་དང་༔ ཞེས་པས་རྨི་ལམ་ཟིན་པ་ལ་བརྟན་པ་ཐོབ་ནས་སྦྱང་དགོས་ཤིང་། དེ་ཡང་གཅིག་ཏུ་ཞེན་པའི་གཉེན་པོར་སྤེལ་བསྒྱུར་ལ་སྦྱང་དགོས་ཏེ། བླ་མའི་རྣལ་འབྱོར་བསྒོམས་ལ། རྨི་ལམ་འབྱོངས་པར་གསོལ་བ་བཏབ་རྗེས། ཉིན་སྣང་གང་སྣང་ཐམས་ཅད་ལ་རྨི་ལམ་གྱི་འདུན་པས་ཨ་འཐས་བཤིག་སྟེ་ང་གཉིད་དུ་སོང་འདུག སྣང་བ་འདི་ཀུན་རྨི་ལམ་གྱི་སྣང་བར་འདུག རྨི་ལམ་གྱི་སྣང་བ་བདེན་པར་མ་གྲུབ་པས་ཅིར་ཡང་བསྒྱུར་དུ་གཏུབ་སྙམ་དུ་བསམས་ན། སྣོད་བཅུད་ཀྱི་སྣང་བ་ཕྲ་རགས་ལ་ཕར་ཐལ་ཚུར་ཐལ་དུ་སྦྱང་བ་དང་། གཅིག་ལ་མང་པོ་སྤེལ་ཞིང་། མང་པོ་གཅིག་ཏུ་རིམ་གྱིས་བསྡུ་བ་དང་། ཀ་བུམ་སོགས་སྲོག་ཆགས་མི་དང་དུད་འགྲོར་བསྒྱུར་བ་དང་། སྣོད་བཅུད་དུ་སྲོག་ཆགས་ཀ་བུམ་སོགས་གང་འདོད་དུ་བསྒྱུར་བ། ཞི་བ་ཁྲོ་བོ་དང་། ཁྲོ་བོ་ཞི་

p. 202

བར་བསྒྱུར་བ་སོགས་བློས་གང་འདོད་དུ་སྤེལ་ཞིང་སྣ་ཚོགས་སུ་བསྒྱུར་བ་ལ་བསླབ་པར་བྱའོ། །མཚན་དུས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་དང་སྔར་གྱི་འདུན་པ་དང་དམིགས་པས་ཇི་ཙམ་འདོད་པ་སྤེལ་ཞིང་གང་ལྟར་འདོད་པར་བསྒྱུར་བར་བྱ་བ་ཡིན་ནོ། །གཉིས་པ་ནི། རྨི་ལམ་དུ་མེ་ཆུ་དང་གཡང་ས་སོགས་རྨིས་ནས་དེ་ལ་དངངས་སྐྲག་སྐྱེས་པས་སྦྱོང་བའི་གེགས་བྱེད་ན། གང་ཡོང་བ་ལ་ཐོག་བརྫིས་བྱ་སྟེ། ང་གཉིད་དུ་སོང་འདུག ངའི་རྣམ་སྨིན་གྱི་ལུས་ནི་མལ་ན་ཡོད། ལུས་འདི་ནི་རྨི་ལམ་བག་ཆགས་ཀྱི་ལུས་སུ་འདུག སྣང་བ་འདི་ཡང་རྨི་ལམ་གྱི་སྣང་བར་འདུག རྨི་ལམ་བདེན་མེད་སྒྱུ་མ་ལྟ་བུ་ཡིན་པས། རྨི་ལམ་གྱི་མེས་འཚིག་པ་དང་ཆུས་ཁྱེར་བ་མེད་སྙམ་དུ་མེ་ཆེན་པོ་དང་ཆུ་ཆེན་པོའི་ནང་དུ་ཐོག་བརྫིས་ཀྱིས་མཆོངས་ལ༑ རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་གཏོང་། དེ་ཡང་རྨི་ལམ་སེམས་ཀྱི་འཁྲུལ་སྣང་ཡིན། རང་གི་སེམས་ཀྱང་སྟོང་པ་ཉིད་ཡིན་སྙམ་དུ་ཤེས་པར་བྱས་ནས་འཇིགས་སྐྲག་གང་སྐྱེས་ཀྱི་སྣང་བ་དེ་དང་། རང་སེམས་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག་གོ །གསུམ་པ་ནི༑ དག་དང་མ་དག་ཞིང་རྣམས་སུ༔ འགྲོ་དང་ཆོས་ཞུ་གནས་ལུགས་བལྟ༔ དེ་ལྟར་ཡིད་བྱེད་མཚན་དུས་སྦྱར༔ གང་གཏད་འདུན་པ་མངོན་དུ་འགྱུར༔ ཞེས་པས། ཡོན་ཏན་བསྐྱེད་པའི་ཕྱིར་སྒྱུ་མའི་རྣམ་ཐར་ལ་སྦྱང་བ་ཞེས་ཡུལ་སྣང་གཏན་ལ་འབེབས་པ་སྟེ། དེ་ཡང་མ་དག་པའི་ཞིང་ཁམས་ལྷ་དང་མིའི་གནས་སོགས་བདེ་འགྲོ་དང་། དམྱལ་བའི་གནས་སོགས་གང་ལྟ་འདོད་པ་དང་། དག་པའི་ཞིང་ཁམས་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་སོགས་དང་། ཡང་རང་གི་བླ་མ་གང་བཞུགས་དེར་ཞལ་མཇལ་ནས་ཆོས་ཞུ་བ་དང་། དག་མ་དག་གི་ཞིང་དང་གང་ཟག་གི་གནས་ལུགས་ཇི་ལྟར་འདུག་བལྟ་འདོད་པས། བླ་མའི་རྣལ་འབྱོར་བསྒོམས་ནས། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་བཏབ་སྟེ། ཉིན་དུས་ཞིང་ཁམས་གང་དང་གང་བལྟ་ཞིང་ཆོས་ཉན་པ་སོགས་གང་འདོད་པ་དེ་དང་དེའི་འདུན་པ་གཏད་པས། མཚན་མོ་རྨི་ལམ་ཟིན་པ་དང་རྨི་ལམ་ལ་གང་ཡང་གཏུབ་སྙམ་དུ་ཤེས་པར་བྱས་པས། གང་བལྟ་འདོད་པ་དང་ཆོས་དང་ལུང་བསྟན་སོགས་ཉན་འདོད་པ་དེ་རྩོལ་མེད་རང་ཤར་དུ་

p. 203

མཐོང་ཞིང་ཐོས་ན་རབ། དེ་མིན་ཉིན་དུས་རང་ལུས་སམ་གཞན་དུ་སྤྲུལ་ཡང་རུང་སྟེ། ནམ་མཁའ་ལ་ཡེར་གྱིས་འཕུར་ཏེ་གང་འདོད་དུ་སླེབས་ནས་མཐོང་ཞིང་ཐོས་པར་བསམ་པས། མཚན་མོ་རྨི་ལམ་དུ་ཡང་དེ་ལྟར་འབྱུང་ཞིང་། དེ་རྣམས་ཀྱང་དང་པོ་འོལ་སྤྱི་ཙམ་དང་། དེ་ནས་ཇེ་གསལ་གྱིས་མཐར་ཇི་ལྟ་བ་ཤེས་པར་འགྱུར་བའོ། །གསུམ་པ་གཅིག་ཏུ་བྱེད་པའི་བསམ་གཏན་ལ་གསུམ་སྟེ། དག་པའི་སྒྱུ་ལུས་དང་གཅིག་ཏུ་བྱེད་པའི། འོད་གསལ་དང་གཅིག་ཏུ་བྱེད་པའི། བར་དོ་དང་གཅིག་ཏུ་བྱེད་པའི་བསམ་གཏན་ནོ། །དང་པོ་ནི། དེ་ནས་ལྷ་སྐུ་སྒྱུ་མ་རུ༔ བལྟ་ཞིང་འདུན་པ་དྲག་པོས་ཉལ༔ གཉིད་དུས་གཅན་གཟན་མེ་ཆུ་དང༔ འཇིགས་སྐྲག་སྣང་བ་ཤར་བ་ན༔ མེད་ཅིང་སྣང་བའི་འཁྲུལ་ངོ་ལ༔ སེམས་བསྲེས་ལྷ་སྐུ་སྒྱུ་མར་བསྒོམ༔ ཞེས་པས་རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བར་གསོལ་བ་བཏབ་ལ། ཉིན་པར་རྨི་ལམ་བཟུང་བའི་འདུན་པའི་སྟེང་དུ། དོ་ནུབ་རྨི་ལམ་རྨི་བ་རྨི་ལམ་དུ་ཤེས་པས་མི་ཕན། ཡི་དམ་གྱི་ལྷ་སྐུ་སྣང་སྟོང་ཞེན་བྲལ་སྒྱུ་མ་ལྟ་བུར་བསྒྱུར་དགོས་སྙམ་པའི་འདུན་པ་ཡང་ཡང་བྱས་ཏེ། ཉལ་བས་མཚན་དུས་འཇིགས་སྐྲག་གི་སྣང་བ་ལྟ་བུས་རྐྱེན་བྱས་ནས་ལྷ་སྐུར་རྩོལ་མེད་དུ་སྒྱུར་ནུས་ན་དེས་ཆོག གལ་ཏེ་མ་ནུས་ན། ཉིན་པར་ང་གཉིད་ལ་སོང་འདུག སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་རང་སེམས་ཀྱི་འཁྲུལ་སྣང་ཡིན་པས་གང་དུ་ཡང་བསྒྱུར་དུ་རུང་བའི་ཕྱིར། ད་རེས་ལྷར་བསྒྱུར་བར་བྱའོ་སྙམ་དུ་བསམ་ནས་ལྷའི་སྐུར་བསྒྱུར་ལ་བསྒོམ། དེ་ཀ་ལ་སྒྱུ་མ་རྨི་ལམ་ལྟ་བུའི་འདུན་པས་སྦྱངས་ཏེ། ལྷ་སྐུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་གསལ་སྟོང་ཞེན་བྲལ་དུ་བསྒོམས་པས། མཚན་མོ་འཇིགས་སྐྲག་ལ་ཡ་ང་བའི་མཚར་ཆེ་བའི་རྨི་ལམ་སྣང་བ་ལ་བརྟེན་ནས། དེ་སེམས་སུ། སེམས་ལྷ་སྐུ་གསལ་སྟོང་འཛིན་མེད་སྒྱུ་མ་ལྟ་བུ་རང་ཤར་དུ་འཆར་རོ། །དེ་ནས་ལྷ་སྐུ་སྣ་ཚོགས་སུ་བསྒྱུར་ཞིང་མང་པོར་སྤེལ་བ་ལ་སྦྱངས་པས་སྣང་བ་ཐམས་ཅད་ལྷ་སྐུ་གསལ་སྟོང་དུ་འཆར་ཞིང་འཕེལ་བར་འགྱུར་རོ། །གཉིས་པ་ནི། ཉིན་དུས་འདི་ནི་རྨི་ལམ་སྟེ༔ སྟོང་ཉིད་ནམ་མཁའ་ལྟ་བུ་ཞེས༔ སྒྱུ་མ་འོད་གསལ་ངང་དུ་

p. 204

བཞག༔ དེ་ཉིད་སྟོང་གསལ་ནམ་མཁའ་ལྟར༔ དྭངས་པའི་ངང་ལས་ལྷ་སྐུར་ལྡང༔ དེ་ཡང་སྤེལ་ཞིང་སྒྱུར་བ་སོགས༔ ཉིན་དུས་ཡེངས་མེད་དྲན་འཛིན་དང༔ མཚན་མོ་བཙན་ཐབས་མན་ངག་སྦྱར༔ ཞེས་པས། འོད་གསལ་ཟིན་པར་མཛད་དུ་གསོལ། འོད་གསལ་ལས་ཟུང་འཇུག་གི་ལྷ་སྐུར་འཆར་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། ཉིན་དུས་སྒྱུ་མ་རྨི་ལམ་གྱི་འདུན་པའི་སྟེང་དུ། དོ་ནུབ་གཉིད་འོད་གསལ་དུ་བཅུག་སྟེ་དེ་ལས་ལྷ་སྐུར་ལྡང་བར་བྱའོ་སྙམ་པ་བསྣན་ནས་དྲན་འདུན་དྲག་པོ་བྱ་ཞིང་། རང་སྣང་དང་སྣང་བ་ལྷར་སྣང་བའི་ཐ་མལ་དུ་སྣང་ཡང་རུང་། སྣང་བ་དེ་དང་སྣང་མཁན་གྱི་སེམས་ལ་ཆེ་རེ་བལྟས་སྒྱུ་མར་སྣང་བ་ཙམ་གྱིས་འཛིན་པའང་དག དེ་ཁའི་ངང་དེར་གཏད་མེད་དུ་ཆད་དེ་མཉམ་པར་བཞགསེམས་འོད་གསལ་དུ་ཐིམ་ནས་གསལ་སྟོང་རྣམ་པར་མི་རྟོག་པའི་མཁའ་ལྟར་དྭངས་པའི་ཡེ་ཤེས་རང་ཤུགས་སུ་འཆར། ཡང་དེ་ཁའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་གསལ་སྟོང་ཞེན་བྲལ་གྱི་ལྷ་སྐུར་ལྡང་བ་ལ་སྦྱང་ཞིང་། མཚན་མོ་ཉལ་དུས་སྙིང་གའི་ཨ་ཡིག་དཀར་པོ་ཕྲ་ཞིང་འབར་བ་ལ་སེམས་གཏད་དེ་གསལ་ལ་འཛིན་མེད་དུ་སལ་ལེ་མཉམ་པར་བཞག་ཅིང་། རིག་པ་འཇུར་དུ་མ་སོང་། ཡེངས་ཀྱང་མ་ཡེངས་པར་བྱས་ལ་བསྒོམས་པས། གཉིད་དུ་འགྲོ་དུས་གཉིད་དང་རྨི་ལམ་གྱི་བར་དེར་རྟོག་པ་མ་ཞུགས་པར་བྱས་ནས་མ་ཡེངས་བར་ཨ་ལ་སེམས་གཏད་པས། ཐ་མལ་པ་རྣམས་ལ་གཉིད་མུན་ལྟར་འཐིབས་ཀྱིས་འགྲོ་རྒྱུ་ཞིག་ཡོད་པ་དེ། འོད་གསལ་ཟིན་པ་རྣམས་ལ་ནམ་མཁའ་དྭངས་པ་ལ་ཉི་འོད་ཀྱི་མདངས་ཕོག་པ་ལྟར། སྣང་བ་ཐམས་ཅད་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་ཞིག་འཆར་རོ༑ ༑དེ་ཡང་སྲབ་མོའི་འོད་གསལ་ཟིན་པ་ན་གཉིད་དུ་འགྲོ་བ་དང་ལྷན་ཅིག་ཏུ་གསལ་སྟོང་ལ་བློའི་འཛིན་པ་ཅུང་ཟད་དང་བཅས་པའི་ཉམས་འཆར། གཉིད་འཐུག་གི་འོད་གསལ་ཟིན་པ་ན་གསལ་སྟོང་ནམ་མཁའ་ལྟ་བུ་ལ་འཛིན་མེད་དུ་གནས་པའི་ཉམས་བརྟན་པོ་འབྱུང་གསུང་། དེ་ལྟར་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་ལུགས་ལྡོག་གི་སྣང་བ་རླུང་དང་བཅས་པ་ལས་ཟུང་འཇུག་གི་ལྷ་སྐུར་ལྡང་བར་འགྱུར་རོ། །དེ་ལས་སྤེལ་བསྒྱུར་སོགས་སྔར་ལྟར་

p. 205

ཉིན་མོ་དྲན་འདུན་དྲག་པོ་དང་། མཚན་མོ་བཙན་ཐབས་མན་ངག་གིས་སྦྱངས་པས། འབྱོངས་པ་ན་ལྷ་སྐུ་ནམ་མཁའ་ཁེངས་པ་གཅིག་གིས་གཅིག་མི་བསྒྲིབ་ཅིང་། དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་སྟེ་མཚན་ཉིད་གསུམ་ལྡན་དུ་འཆར་རོ། །གསུམ་པ་ནི། སྒྱུ་ལུས་རྨི་ལམ་བར་དོ་གསུམ༔ མཚན་དུས་དབྱེར་མེད་གོམས་པ་ན༔ མཐར་ཐུག་འཆི་བའི་འོད་གསལ་གྱི༔ ཐིམ་རིམ་ཆོས་སྐུའི་རོལ་པ་དང ༔ རང་ཤར་འཁྲུལ་པའི་སྣང་བ་རྣམས༔ སྒྱུ་མ་ལོངས་སྐུའི་འཆར་སྒོ་དང༔ འཇུག་སྒོ་སྟོང་ཉིད་བདེན་མེད་དུ༔ དྲན་འདུན་སྤྲུལ་སྐུའི་རྩལ་གྱིས་སྦྱང༔ ཞེས་པས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའམ་མཚན་དུས་རྨི་ལམ་གྱི་སྣང་བ་ལ་བརྟེན་ནས་བར་དོ་ལ་བར་དོར་ངོ་ཤེས་པར་བྱའོ་སྙམ་དུ་འདུན་པ་མངོན་དུ་བཏང་སྟེ་རྨི་ལམ་ཟིན་པ་དང་། འདི་བར་དོའི་སྣང་བ་ཡིན་འདུག བདག་གིས་བར་དོའི་མན་ངག་རྣམས་མངོན་དུ་བྱའོ་སྙམ་དུ་དྲན་པར་བྱས་ལ། བར་དོའི་མན་ངག་རྣམས་ཡིད་ལ་གསལ་བཏབ་ཅིང་བསྒོམས་པས་རྨི་ལམ་དུ་མ་འཆོལ་བར་དྲན་ཅིང་ཟིན་ན་བར་དོ་ཟིན་པར་འགྱུར་རོ། །དེ་ཡང་དབང་པོ་རབ་ཚེ་འདིར་གྲོལ་བས་བར་དོའི་གདམས་པ་མི་དགོས། དབང་འབྲིང་རྣམས་འཆི་ལྟས་བྱུང་བ་དང་འཆི་བ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས། དེ་ལས་བར་དོ་ཟུང་འཇུག་སྒྱུ་མའི་སྐུར་ལངས་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་འཕེན་པ་སྔོན་དུ་གཏོང་ཞིང་། སད་དུས་ཀྱི་སྣང་བ་འདི་ཉིད་བར་དོ་ཡིན་སྙམ་དུ་ཡང་ཡང་དྲན་འདུན་གྱིས་བཟུང་། གཉིད་དང་རྨི་ལམ་དུའང་འོད་གསལ་དང་བར་དོར་འདུག་སྙམ་དུ་བཟུང་ཞིང་གདམས་ངག་རྣམས་བསྒོམས་པས། འཆི་བའི་ཚེ་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་འོད་གསལ་དུ་གནས་གྱུར་པ་ལས་བར་དོའི་དོད་དུ་ཟུང་འཇུག་གི་ལྷ་སྐུ་རང་ཤར་ནས་གྲོལ་བར་འགྱུར་རོ། །དབང་པོ་ཐ་མ་ལའང་གསུམ་ལས། རབ་ནི་སད་རྨིས་ཀྱི་དུས་ཐམས་ཅད་དུ་སྒྱུ་ལུས་རྨི་ལམ་བར་དོ་གསུམ་དབྱེར་མེད་དུ་བསྒོམས་པས། གོམས་པ་ན་མཐར་འཆི་བའི་དུས་སུ་གཟུགས་སོགས་ཚོགས་དྲུག་ཡུལ་གྱི་སྣང་བའི་ཐིམ་རིམ་དང་། ས་ཆུ་ལ་ཐིམ་པ་སོགས་རགས་པ་འབྱུང་བའི་ཐིམ་

p. 206

རིམ་དང་། ཕྲ་བ་དང་རྟོག་པའི་ཐིམ་རིམ་ཞེས་སྣང་མཆེད་ཐོབ་གསུམ་གྱིས་ཐིམ་ནས་འོད་གསལ་ཆོས་སྐུ་སྐྱེ་མེད་དུ་ཤར། དེ་ལས་རོལ་པ་འགག་མེད་ལོངས་སྐུ་རང་ཤར་ལྷུན་གྲུབ་ཏུ་ཤར་བས་སྤྲུལ་སྐུ་ཕྲིན་ལས་ཀྱི་རྩལ་གྱིས་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ། །འབྲིང་ནི། སྣང་བ་གསུམ་མ་དག་ཅིང་སྒྱུ་མ་ལྟ་བུའི་རང་བཞིན་མ་ཤེས་པས་འོད་གསལ་ལས་སྣང་གསུམ་འབྱུང་བཞི་དང་བཅས་པ་ལུགས་ལྡོག་ཏུ་ལངས་ནས། འབྱུང་བཞི་ཕྲ་བ་ལས་བྱུང་བའི་བར་དོའི་ལུས་ལེན་པར་འགྱུར་བས། ད་ལྟ་ནས་བར་དོའི་སྣང་བ་འཆར་བའི་དྲན་འདུན་དང་སྐྱོ་ཤས་དྲག་པོ་བསྐྱེད་དེ། བར་དོ་ལོངས་སྐུར་གྲོལ་བར་གསོལ་བ་བཏབ་ལ། རང་དང་སྣང་བ་གང་ཤར་ཐམས་ཅད་ལ་ཆེ་རེ་བལྟས་ཏེ་ང་ཤི་འདུག སྣང་བ་འདི་རྣམས་བར་དོའི་སྣང་བར་འདུག་པས། བར་དོ་ལ་བར་དོར་ངོ་ཤེས་པར་བྱས་ལ་སྦྱང་བར་བྱའོ་སྙམ་པས། བར་དོ་ཡིད་ཀྱི་ལུས་འདི་འོད་གསལ་དུ་བཅུག་སྟེ། དེ་ལས་ཟུང་འཇུག་སྒྱུ་མའི་ལྷ་སྐུ་ལོངས་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པས་ལོངས་སྐུ་རང་ཤར་དུ་འཆར་བའོ། །ཐ་མ་ནི། བར་དོའི་དངངས་སྐྲག་དང་སྐྱེ་གནས་ལ་སྲེད་པ་སྐྱེ་ཞིང་ཆགས་སྡང་ལྡང་བས། དེའི་ཚེ་ང་ཤི་འདུག་སྙམ་པའི་དུས་དེར་སྐྲག་པར་མི་བྱ་ཞིང་། ཀྱེ་མ་ཆགས་སྡང་གིས་སྐྱེ་བ་ལེན་པ་འདི་ཤིན་ཏུ་སྡུག་བསྔལ་བས། ད་ནི་དག་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པས། བར་དོར་སྤྲུལ་པའི་སྐུར་གྲོལ་བར་གསོལ་བ་བཏབ་ལ། སྐྱེ་གནས་ཀྱི་འཇུག་སྒོ་རྣམས་རབ་སྟོང་ཉིད་དུ་རྟོགས་པའི་ལྟ་བས་དགག འབྲིང་བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་རྩལ་སྣང་གིས། སྣང་གྲགས་འགྱུ་གསུམ་ལྷ་སྔགས་སྟོང་ཉིད་ཀྱི་ལམ་ཁྱེར་གྱིས་དགག ཐ་མ་ཚངས་སྤྱོད་དང་སྐྱབས་འགྲོ་ལ་སོགས་པས་སྐྱེ་གནས་ངན་པ་རྣམས་བཀག་ནས་དག་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པའི་དྲན་འདུན་དྲག་པོས་འཕོ་བའི་གདམས་པ་དང་སྨོན་ལམ་གྱི་འཕེན་པ་རྣམས་ཀྱིས་བར་དོ་ནས་འཕོས་ཏེ། བདེ་བ་ཅན་ལ་སོགས་པ་རང་བཞིན་སྤྲུལ་སྐུའི་ཞིང་རྣམས་སུ་སྐྱེས་ནས་གྲོལ་བར་བྱེད་པའོ། །དེ་ལྟར་ཉམས་སུ་བླངས་པས་མཐོང་བའི་ཆོས་ལ་ཟུང་འཇུག་སྒྱུ་མའི་

p. 207

སྐུ་འགྲུབ་པར་འགྱུར་ཞིང་། གལ་ཏེ་མ་གྲུབ་ན་བླ་མའི་མོས་གུས་དང་། སྣོད་བཅུད་ལྷ་སྐུར་བསྒྱུར་བའི་དག་སྣང་དང་། བདེན་མེད་ཀྱི་འདུན་པ་རྣམས་གསོན་དུས་ཉིན་མཚན་ཀུན་ཏུ་ཡང་ནས་ཡང་དུ་ཉམས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས། དབང་པོའི་ཁྱད་པར་གྱི་བར་དོ་གསུམ་གང་རུང་དུ་གྲོལ་བ་འཐོབ་པར་འགྱུར་ཏེ། དེ་ལྟར་ཡང་ཡང་དྲན་བྱ་ཞིང༔ སྣོད་བཅུད་གཞལ་ཡས་ལྷ་རུ་བལྟ༔ མཐར་ཐུག་སྒྱུ་མའི་སྐུར་ལྡང་ཞིང༔ འོན་ཏེ་བར་དོར་རང་བྱན་ཚུད༔ ཅེས་གསུངས་པ་ཡིན་ནོ། །ཟབ་དོན་གདམས་ངག༵་ཞལ་གྱི་ལུང་། །ཐོས་འཛིན་དབང༵་པོའི་འབབ་སྟེགས་ལས། །ཆོ༵ས་ཀྱི་འཁོར་ལོར་ཡོངས་འཁྱིལ་བ། །སྐལ་ལྡན་གདུལ་བྱའི་དཔལ༵་དུ་བྱིན། །འདིས་ཐོབ་དགེ་བས་འགྲོ་བ་ཀུན། །སྒྲིབ་གཉིས་བག་ཆགས་ཡོངས་དག་ནས། །འོད་གསལ་ཡེ་ཤེས་སྒྱུ་མའི་སྐུ། །དཀའ་བ་མེད་པར་མྱུར་འགྲུབ་ཤོག །ཅེས་པ་འདིའང་སྔ་འགྱུར་བསྟན་པའི་གསལ་བྱེད་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་གསུང་ངོར་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རྗེ་བླ་མ་དམ་པ་ལས་བཀའི་གནང་བ་འཁྲོལ་བར་བྱས་ཏེ་ཟིན་བྲིས་སུ་སྤེལ་བ་ཤུབྷཾ་མསྟུ།། །།

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་རྨི་ལམ་གྱི་ཁྲིད་ལས་འཕྲོས་པའི་སྙན་བརྒྱུད་ཡིག་ཆུང་།

p. 208

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་རྨི་ལམ་གྱི་ཁྲིད་ལས་འཕྲོས་པའི་སྙན་བརྒྱུད་ཡིག་ཆུང་བཞུགས༔ ལོ་ཆེན་དྷརྨ་ཤྲཱི། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྨི་ལམ་གྱི་འབྱམས་གཅོད་ལ་སད་འབྱམས་འབྱུང་ན། མགྲིན་པ་དང་སྙིང་གར་རྩ་འཁོར་འདབ་མ་བཞི་པ་རེ་བསྒོམས་པའི་མགྲིན་པར་ༀ་དམར་པོ། སྙིང་གར་ཧཱུྃ་དམར་པོ། ༀ་ལས་འོད་ཀྱི་སྐུད་པ་དམར་པོ་བྱུང་། སྙིང་གའི་ཧཱུྃ་ལ་ལན་གསུམ་དཀྲིས་ཏེ། ཐང་ངེ་སྦྲེང་ངེ་བསྐོར་ཏེ་ལྷག་མ་ཡར་ལོག་ནས་སྣེ་མགྲིན་པའི་ༀ་ལ་འབྱར་བར་བསམ་ཞིང་སྙིང་གའི་ཧཱུྃ་ལ་སེམས་གཏད་དེ་ཉལ་བས་སེལ། འཁྲུལ་འབྱམས་ལ་མགྲིན་པ་དང་སྤྱི་བོར་རྩ་འདབ་བཞི་པ་རེའི་ལྟེ་བར་མགྲིན་པར་ༀ་དམར་པོ། སྤྱི་བོར་ཧཾ་དཀར་མགོ་ཐུར་བསྟན་བསམ་ལ། ༀ་ལས་འོད་ཀྱི་སྐུད་པ་དམར་པོ་བྱུང་སྤྱི་བོའི་ཧཾ་ལ་ལན་གསུམ་དཀྲིས་ནས་སླར་ལོག་པའི་སྐུད་སྣེ་མགྲིན་པའི་ༀ་ལ་འབྱར་བར་བསམ་ཞིང་། སྤྱི་བོའི་ཧཾ་ལ་སེམས་གཏད་པས་འཁྲུལ་འབྱམས་སེལ་ཏེ་འདི་ཟིན་མ་ཐག་འཁྲུལ་འགྲོ་བ་ལ་བསྔགས། ལར་རང་ནས་མ་ཟིན་པའི་འཁྲུལ་འབྱམས་ལ་མགྲིན་པར་པད་འདབ་བཞིའི་ལྟེ་བར་ༀ་དམར་པོ། འདབ་མ་བཞི་ལ་ཨ་ནུ་ཏ་ར་ཞེས་པའི་ཡི་གེ་བཞི་པོ་འབྲུ་རེ་བསམ་ནས་རླུང་བུམ་ཅན་དང་སྦྱར་ཏེ་རྨི་ལམ་འཛིན་པའི་འདུན་པ་དྲག་ཏུ་སྦྱངས། གཉིད་དུ་འགྲོ་ཁར་རྨི་ལམ་གྱི་འདུན་པ་དྲག་པོའི་ངང་ནས། ཨ་ཡིག་ནུ་ལ་ཐིམ། དེ་ཏ་ལ། དེ་ར་ལ། དེ་ༀ་ལ་ཐིམ། ༀ་ལ་རིག་པ་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །གཉིད་མི་ཕེབས་པའི་སྟོང་འབྱམས་ལ། རང་གི་སྙིང་གར་མཱུྃ་

p. 209

སྨུག་ནག་བསྒོམས་པ་ལས་འོད་ཟེར་ན་བུན་འདྲ་བ་འཕྲོས་ཏེ། ལུས་ཀྱི་ནང་ཐམས་ཅད་ཁྱབ་པ་ཡང་ཡང་བསྒོམ་ཞིང་། ཁ་ཟས་བཅུད་ཅན་བསྟེན། དལ་བྲེལ་རན་པར་བཅག་པས་སེལ། ཡང་བདེ་འབྱམས་ཞེས་དེ་དུས་ཁམས་འཛག་པའི་གེགས་བྱུང་ན། རྒྱུ་གང་གིས་འཛག་པ་ཡིན་ཡང་འདྲ། རྡོར་སེམས་ཀྱི་ཁྲིད་ཡིག་ཏུ་བཤད་པའ་ིརྡོ་རྗེའི་བུ་གའི་ཕྱིའི་པད་འདབ་རྒྱས་པའི་རྩ་བ་ནང་གི་ཧཱུྃ་གིས་འཐེན་ཏེ་རྒྱུ་མ་ཕྱི་ནང་ལོག་པ་བཞིན་སོང་ནས་སྤྱི་བོར་ཧཱུྃ་རྒྱངས་ཀྱིས་དོན་པའི་དམིགས་པ་དེས་སེལ་ལོ། །ཞེས་པའང་དགེ་སློང་དགའ་སྡོང་པའི་བསྙེལ་ཐོར་དྷརྨས་སོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་གཅོད་ཁྲིད་ཀྱི་ཁྲིད་ཡིག་སྐྱུད་བྱང་དུ་སྤེལ་བ་འཁྲུལ་རྟོག་དབྱིངས་གྲོལ།

p. 210

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་གཅོད་ཁྲིད་ཀྱི་ཁྲིད་ཡིག་སྐྱུད་བྱང་དུ་སྤེལ་བ་འཁྲུལ་རྟོག་དབྱིངས་གྲོལ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། སིདྡྷི་རསྟུ། རང་རི༵ག་ཡེ་ཤེས་མཚོན་གྱིས་གཉིས་འཛི༵ན་དང་། །ཀུན་ཁྱབ་འགྱུར༵་མེད༵་བློ་བྲལ་དབྱིངས་བཅོམ་པ། །བླ་མ་རྡོ༵་རྗེ༵་སེམས་དཔའི་ངོ་བོ་ལ། །ཕྱག་བྱས་འཁྲུལ་གཅོད་ཟབ་དོན་གསལ་བདེར་སྤེལ། །འདིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་གི་ཁྲིད་ཆུང་ལས། གཉིས་འཛིན་འཁྲུལ་གཅོད་ཀྱི་མན་ངག་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། འཁོར་བའི་དངོས་ཞེན་གྱི་རྩ་བ་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་འཆི་བ་མི་རྟག་པ་དང་། འཁོར་བའི་བདེ་འབྱོར་ལ་ཆགས་པའི་གཉེན་པོར་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་བསྐུལ་ཏེ། ཐར་པའི་གོ་འཕང་སྒྲུབ་པ་ལ་བློ་ཕྱོགས་པས། སྐྱབས་སེམས་བསག་སྦྱོང་གི་རིམ་པ་རྩ་ཁྲིད་ལྟར་སྔོན་དུ་འགྲོ་བས་རྒྱུད་སྦྱོང་ཞིང་། ཁྱད་པར་བདག་འཛིན་བློས་ཐོངས་པ་དང་འགལ་རྐྱེན་ལམ་དུ་ལོངས་པར་གསོལ་བ་དྲག་ཏུ་འདེབས་པའོ། །དངོས་གཞི་ལ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་བླང་བ། སྤྱོད་པས་བོགས་དབྱུང་བའོ། །དང་པོ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་བཅའ། ངག་གནད་སོ་མར་བཞག སེམས་གནད་ཆེད་དུ་མ་བསྒྲིམས། མ་ཀློད། དུས་གསུམ་གྱི་རྟོག་པ་གར་ཡང་ཡིད་ལ་མི་བྱེད་པར་རང་བབས་སུ་འཇོག་ཅིང་། དེ་ཀའི་ངང་ནས་ཁ་ནང་ལོག་གི་ཤེས་པས་སེམས་ཁོ་རང་གི་བྱུང་གནས་འགྲོ་གསུམ་གྱི་མཐའ་དེད་ཅིང་། དབྱིབས་ཁ་དོག བལྟ་བྱ་

p. 211

ལྟ་བྱེད་སོགས་ཅི་འདྲ་ཞེས་གང་ཤར་གྱི་ངོ་བོ་ལ་ཆེ་རེ་བལྟས་པས་སྐྱེས་ཟིན། སྐྱེ་འགྱུར་སྐྱེ་བཞིན་པའི་རྣམ་རྟོག་ཐམས་ཅད་རྗེས་མེད་དུ་ཝལ་ཁྱུག་སོང་བས། གང་དུ་ཡང་མ་མཐོང་ཅིར་ཡང་མ་གྲུབ་པའི་སེམས་ཉིད་གཞི་མེད་རྩ་བྲལ་སྟོང་གསལ་ཡུལ་མེད་དུ་རྗེན་ཅེར་གྱིས་མཐོང་བའི་རིག་པ་གཅེར་བུ་དེ་ཀ་ངོས་བཟུང་ལ་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་མ་བཅོས་པར་མཉམ་པར་འཇོག་སྟེ། རྩ་ཁྲིད་ལས། སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ ཞེས་དང་། འདི་ཉིད་དུ། འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་ལ༔ རྟག་ཆད་སྒྱུ་མ་ཆུ་ཟླ་འདྲ༔ རང་སེམས་གཞི་མེད་རྩ་བྲལ་ལ༔ ཚུར་བཅད་ནམ་མཁའི་རང་བཞིན་ཉིད༔ ཡུལ་སེམས་གཟུང་འཛིན་མ་གྲུབ་པའི༔ རང་བྱུང་ཡེ་ཤེས་རང་གསལ་དང༔ སྤང་བླང་རེ་དོགས་འཁྲུལ་གཞི་བཅད༔ གཅེར་མཐོང་རང་གནས་ངོས་བཟུང་ལ༔ སྙེམས་མེད་ངང་དུ་སོ་མར་བཞག༔ ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། བདུད་བཞི་དབྱིངས་སུ་གཅོད་པ་སྟེ། གཙོ་བོར་རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ཚོགས་དྲུག་གི་ཡུལ་ལ་བརྟེན་ནས་རྣམ་རྟོག་ལྷོངས་པ་ཐོགས་བཅས་ཀྱི་བདུད། ཕྱིའི་ཡུལ་རྐྱེན་ལ་མ་ལྟོས་པར་སེམས་ལ་སྐྱོ་འཇིགས་ལ་སོགས་པའི་མྱོང་ཚོར་གྱི་རྣམ་རྟོག་ལྷོངས་པ་ཐོགས་མེད་བདུད། མཐུན་རྐྱེན་ཚོགས་པ་ལ་བརྟེན་ནས་གཟུང་འཛིན་གྱི་རྣམ་རྟོག་ལྷོངས་པ་དགའ་བྲོད་ཀྱི་བདུད། རྣམ་རྟོག་མི་འགྱུར་བ་ཆེ་ཕྲ་གང་སྐྱེས་ཀྱང་སྙེམས་བྱེད་ཀྱི་བདུད་དེ། མ་གཅིག་གི་བཀའ་ཚོམས་ལས། བདུད་ལ་རྣམ་པ་བཞི་པ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཀུན་སྙེམས་བྱེད་བདུད་དུ་འདུས། །ཞེས་པས་རྟོག་པ་དེ་བཞིན་གང་དང་གང་སྐྱེས་པ་ཙམ་ནི་བདུད་དེ་ལྷོངས་པ་ཡིན་ལ། དེ་ལ་འཛིན་ཞེན་སྐྱེས་ན་བདུད་ཀྱི་དབང་དུ་སོང་བ་ཡིན་པས་དེ་གཅོད་པ་ནི། རྣམ་རྟོག་སྐྱེས་མ་ཐག་ཕཊཿཅེས་གང་ཤར་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་གཅད་པར་བྱ་སྟེ། མ་གཅིག་གིས། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ཉིད་སྐྱེ་མེད་དབྱིངས་སུ་གྲོལ། །ཅེས་སོ། །

p. 212

གཉིས་པ་སྒོམ་པས་ཉམས་སུ་བླང་བ་ནི། རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ གྲངས་མེད་གསལ་བཏབ་རང་གི་ལུས༔ ཤ་ཁྲག་འདོད་ཡོན་ཞེན་མེད་བྱིན༔ བསམ་མེད་མཉམ་པ་ཉིད་དུ་ཉལ༔ ཞེས་གསུངས་པས། ཐོག་མར་སྐྱབས་སེམས་སོགས་ཀྱིས་རྒྱུད་སྦྱངས་ནས། སེམས་ཉིད་རྩ་བྲལ་གྱི་ལྟ་བས་རྒྱས་འདེབས་པ་སྔོན་དུ་འགྲོ་བས་སྟོང་ཉིད་དེའི་རྩལ་སྣང་རྗེས་ཐོབ་ཀྱི་ཉམས་ལེན་ལ་གཉིས་ལས། དཀར་འགྱེད་ནི། རང་ལུས་མཛེས་ཤིང་ཡིད་དུ་འོང་བར་མོས་ལ། ཕཊ། ཅེས་པས་དེའི་སྙིང་ག་ནས་རང་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་རྒྱངས་ཀྱིས་ཐོན་པ་མདུན་གྱི་བར་སྣང་ལ་འཁོད། ཕཊ་ཅེས་དེའི་ཕྱག་གི་གྲི་གུག་གིས་རང་ལུས་ཀྱི་ཐོད་པ་སྨིན་མཚམས་ནས་བྲེགས། མདུན་དུ་ཐོད་པའི་སྒྱེད་བུ་གསུམ་རང་བྱུང་དུ་གྲུབ་པའི་ཁར་བཞག་པ་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བར་བསམ། རང་ལུས་ཀྱི་ལྷག་མ་རྣམས་གྲི་གུག་གིས་དུམ་བུར་གཏུབས་ནས་ཐོད་པའི་ནང་དུ་བླུགས་པས། ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་བུ། ཀླད་ཞག་གི་འདམ་རྫབ་ཏུ་འཁྲིགས་པ། རྣལ་འབྱོར་མས། ༀ་ཨཱཿཧཱུྃ་ཞེས་བརྗོད་པས་མ་དག་པའི་དྲི་མ་སྦྱངས་ཏེ། ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ། ཟག་མེད་འདོད་ཡོན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བར་བསམ་ལ༑ ཕཊ་ཅེས་པས་འཁོར་འདས་ཀྱིས་བསྡུས་པའི་ཡར་མགྲོན་མར་མགྲོན་ཐམས་ཅད་སྤྲིན་འཐིབས་པ་བཞིན་བྱོན་ནས་ནམ་མཁའ་བར་སྣང་ཐམས་ཅད་ཁེངས་པར་གྱུར་པ་ལ། རྣལ་འབྱོར་མ་གྲངས་མེད་སྤྲོས་པའི་ཕྱག་གི་ཐོད་པས་བདུད་རྩི་བཅུས་ཏེ་དཀོན་མཆོག་སྲི་ཞུ་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་ཕུལ་བས་དགྱེས་ཤིང་ཚིམ། སྙིང་རྗེ་དང་བུ་ལོན་ལན་ཆགས་གྱི་མགྲོན་རྣམས་ལ་བྱིན་པས་ཚིམ་ཞིང་མགུ་བར་བསམ་ལ། ཕཊ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་ཞི་ཁྲོ་རབ་འབྱམས། མཁའ་འགྲོ་དམ་ཅན་ཆོས་སྐྱོང་སོགས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །དགྱེས་ཤིང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་མགོན་པོ་ཡོན་ཏན་གྱི་

p. 213

མགྲོན་དུ་གྱུར་པ་རྣམས་དང་། དུས་གསུམ་གྱི་ཕ་མ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་མགྲོན་དུ་གྱུར་པ་རྣམས་ལ་འབུལ་ལོ། །ཚེ་རབས་ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་མགྲོན་དུ་གྱུར་པ་རྣམས་ལ་འབུལ་ལོ། །ཞེས་ཕུལ་བའི་མཐར། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བདེན་སྟོབས་ཀྱང་བརྗོད་དོ། །མཐར་དམིགས་པའི་སྤྲོ་བསྡུ་ཐམས་ཅད་ཕཊ་ཅེས་རང་སེམས་རྩ་བྲལ་གྱི་དབྱིངས་སུ་བསྲེས་ལ་མཉམ་པར་བཞག་གོ །ནག་འགྱེད་ནི། རང་སེམས་རྣལ་འབྱོར་མ་སྔར་ལྟར་བཏོན་ནས། རང་ལུས་ཚོ་སྣུམ་ཆེ་བརྗིད་སྟོང་གསུམ་ཁྱབ་པ་ཙམ་དུ་གྱུར་པ་དེའི་པགས་པ་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་བཤུས་པ་དམར་ཆམ་གྱིས་བཏིང་ཞིང་སུག་བཞི་རྣམས་ཐང་གིས་བརྒྱངས། དེའི་སྟེང་དུ་མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབས། ནང་ཁྲོལ་རྣམས་བཏོན་ཏེ་སྤུངས། ཤ་ཁྲག་རུས་པའི་ཕུང་པོ་ཀླད་ཞག་གི་འདམ་རྫབ་འཁྲིགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་ཁེངས་པར་བསམ་ལ། ཕཊ། ཁམས་གསུམ་ན་གནས་ཤིང་རྒྱུ་བའི་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་འཁོར་གཡོག་སྡེ་དཔུང་དང་བཅས་པ་ཐམས་ཅད་དང་། ཁྱད་པར་ནད་བདག་མོ་གནོད་ཅིང་ལན་ཆགས་པའི་འབྱུང་པོ་གདུག་ཅིང་རྩུབ་པའི་བསམ་སྦྱོར་འཆང་བ་ཐམས་ཅད་འདིར་འདུས་ཤིག ཅེས་བོས་པས་ལྷ་འདྲེ་ཐམས་ཅད་ཁྲོམ་ཆེན་པོ་འདུས་པ་ལྟར་ལྷགས་ནས་འཁོད་པར་བསམ་ལ། ཕཊ། འཁོར་བ་ཐོག་མ་མེད་པ་ནས་བདག་གཅེས་འཛིན་གྱི་འགོང་པོས་རྒྱུད་དཀྲུགས། ནད་གདོན་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པའི་ལུས་འདི་ཁྱེད་སྣང་སྲིད་ལྷ་འདྲེའི་ཚོགས་ལ་ཅི་འདོད་དུ་སྟེར་བ་ཡིན་པས། ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། རིང་ན་རྗེན་པར་ཟོ། ཡོག་ཚད་ཟོ་ཞིག ཁྱག་ཚད་ཁུར་ཅིག ཅེས་བརྗོད་པས་མི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་དིར་གྱིས་ཟོས་འཐུངས་ཁྱེར་བས་གནས་སྐབས་ཚིམ་ཞིང་མགུ། མཐར་ཐུག་ཉོན་མོངས་པ་ཞི་བར་བསམ་ལ། ཕཊ། ཅེས་དབྱིངས་རིག་བསྲེས་ཏེ་འཛིན་མེད་དུ་ཁྲེས་སེ་བོར་ལ་བཞག འཇིགས་སྐྲག་གི་སྣང་བ་ཅི་བྱུང་ཡང་ཉམ་ང་དང་བག་ཚ་མི་བྱ་བར་ཅི་དགའ་བ་གྱིས་སྙམ་དུ་བློས་ལིང་གིས་བཏང་

p. 214

ལ་སེམས་ཉིད་རྩ་བྲལ་གྱི་ངང་ལ་ཀློད་དེ་བཞག་ཅིང་བསྔོ་བ་བྱའོ། །གསུམ་པ་སྤྱོད་པས་བོགས་དབྱུང་བ་ནི། རང་སྟོབས་ཀྱི་ཉམས་ལེན་ལ་རྐང་ཚུགས་པ་དང་གཉན་ཁྲོད་འགྲིམས་ཏེ། གཉིས་འཛིན་འཁྲུལ་གཞི་གཅོད་འདོད་ན༔ དུར་ཁྲོད་མཚོ་གླིང་ཤིང་གཅིག་སོགས༔ སེམས་གཡེང་ཉམ་ངའི་གནས་སོང་ལ༔ ཞེས་པས་དུར་ཁྲོད་སོགས་གནས་འཇིགས་ཤིང་སྐྱི་གཡའ་བ། བྲེད་ཅིང་ཉམ་ང་བས་རྣམ་རྟོག་འཁྲུལ་ནུས་པའི་གཉན་ས་ཞིག་ཏུ་འགྲོའོ། །ནམ་འགྲོ་བའི་དུས་ན་ནད་དང་སྡུག་བསྔལ་སོགས་ཀྱི་རྐྱེན་བྱུང་བའང་ཉམ་ང་དང་བག་ཚ་བའི་དུས་མཚན་མོ་ལྟ་བུ་ཟླ་གྲོགས་དང་ལག་ཆ་སོགས་སྙེམས་མེད་ཅིང་། ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པ་གཟུང་འཛིན་གྱི་འཁྲུལ་རྟོག་གཅོད་པའི་ཆེད་དུ། འགྲོ་ལུགས་ཉམས་ལེན་གྱི་སྟངས་མ་ཤོར་བས་ལམ་གྱི་ལྷ་འདྲེ་ཐམས་ཅད་ལྟ་སྟངས་ཀྱིས་གཟིར་ཞིང་ཐལ་གྱིས་འགྲོ་བར་བྱའོ། །དེར་སླེབས་ནས་ན་མཚོ་ཡིན་ན་སྟོད། ཕ་བོང་གི་སྟེང་། ཆུ་མིག་གི་མགོ་ལ་སོགས་པའི་གནད་ནོན་པར་སྟན་བཅས་ཏེ་འདུག་གོ །དེར་ཉམས་ལེན་ནི། ལུས་ཉྭ་བཞི་ཀློད་ནས་ཉལ་ཏེ། རང་ལུས་ཆེ་ཞིང་ལྗི་བས་ལུང་པ་ཁེབས་པས་དེར་གནས་ཀྱི་ལྷ་འདྲེ་ཐམས་ཅད་ནོན་པར་བསམ་ལ། འཁོར་བ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ལས་ནམ་དུའང་གཡོ་བར་མི་བྱའོ་སྙམ་དུ་བསམ། དེ་ནས་སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་མཉམ་བཞག་གི་རྣལ་འབྱོར་ནི། དབྱིངས་རིག་བསྲེས་ལ་སྟོང་ཉིད་ཀྱི་ངང་ལ་མཉམ་པར་བཞག རྗེས་ཐོབ་སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གནོད་བྱེད་ཀྱི་འདྲེ་གདོན་རྣམས་ཚེ་རབས་ཀྱི་ཕ་མར་ཤེས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། རྣམ་འགྱུར་དཀར་འགྱེད་དམར་འགྱེད་གང་རིགས་ཉམས་དང་བསྟུན་པས་ཕུང་པོ་གཟན་སྐྱུར་གྱི་དམིགས་པ་དང་། དེའི་གཤིས་ལུགས་སྟོང་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་རྣམས་དུས་གནད་དུ་གང་འགྲོ་སྤེལ་ནས་བསྒོམ་པར་བྱ་སྟེ། རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ ཞེས་པ་ནས། བསམ་མེད་མཉམ་པ་ཉིད་དུ་ཉལ༔ ཞེས་པའི་བར་གསུངས་པ་ལྟར་རོ། །དེ་ལྟར་ཉམས་སུ་བླངས་པ་ལས༔ དེ་ཚེ་རྣམ་རྟོག་འཁྲུལ་སྣང་ནི༔

p. 215

དངོས་ཉམས་རྨི་ལམ་སྣ་ཚོགས་འབྱུང༔ ཞེས་པས། ཕྱི་ལྷ་འདྲེ་ལྷོངས་པའི་རྟགས་འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་དངོས་ཉམས་རྨི་ལམ་གང་རུང་དུ་འབྱུང་བ་དང་། དེས་མཚོན་ཏེ་བར་ན་ཚ་ལྷོངས་པའི་རྟགས་ནད་གློ་བུར་དུ་བྱུང་བ་དང་། ནང་རྣམ་རྟོག་ལྷོངས་པའི་རྟགས་སེམས་ཐོག་ཏུ་རེ་དོགས་ཀྱི་འཆར་སྒོ་སྣ་ཚོགས་པ་འབྱུང་སྟེ། དེ་ལྟར་ལྷོངས་རྟགས་གང་བྱུང་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་སྦྱང་པ་གཏད་མེད། ཆོ་འཕྲུལ་གང་ཤར་དེ་ཀ་ལ་ཆེ་རེ་བལྟས་པས་རང་གྲོལ་དུ་འཆར་བ་གཏད་སྒོམ། ཆོ་འཕྲུལ་གང་ཤར་ལ་དཔྱད་པས་རང་སེམས་ཀྱི་འཁྲུལ་སྣང་ལས་གཞན་དུ་མ་གྲུབ་ཅིང་། སེམས་གཞི་མེད་རྩ་བྲལ་དུ་ཐག་བཅད་ནས་ཤ་ཁྱེར་བྱེད་པ་དཔྱད་སྒོམ་དང་གསུམ་གྱིས་བཅད་དེ། ཆོ་འཕྲུལ་དེས་མཚོན་འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་ལས༔ ཞེས་པ་ནས། སྙེམས་མེད་ངང་དུ་སོ་མར་བཞག༔ ཅེས་པའི་བར་གསུངས་པ་ལྟར་རོ། །རྗེས་ཚར་ཚད་ལ་གསུམ་ལས། ཐུན་མོང་གི་ཚར་ཚད་ནི། གཞན་གྱིས་རང་ལ་ཕྱག་མཆོད་འབུལ་བ་སོགས་དངོས་གྲུབ་ཀྱི་ལྟས། ལུས་ལས་གྲོག་སྦུར་སོགས་སྲོག་ཆགས་དོན་པ་གདོན་ཐོན་པའི་ལྟས། བཤལ་སྐྱུག་སྣ་ཁྲག་འཛག་པ་སོགས་ནད་ཐོན་པའི་ལྟས་སོ། །ཁྱད་པར་གྱི་ཚར་ཚད་ནི། རང་ཉིད་ཁྲུས་བྱེད་པ། གོས་དཀར་པོ་གྱོན་པ། གྱེན་ལ་འཛེག་པ། མཁའ་ལ་འཕྱོ་བ། ཉི་ཟླ་ཤར་བ། གཞན་གྱིས་ཕྱག་དང་སྲོག་སྙིང་འབུལ་བ་ལ་སོགས་པའོ། །མཆོག་གི་ཚར་ཚད་ནི། ཆོ་འཕྲུལ་གྱིས་མཚོན་པའི་ཆོས་ཐམས་ཅད་རང་སེམས་སུ་ཤེས། སེམས་ཉིད་སྐྱེ་མེད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པའོ། །དེ་ལྟར་ཚར་ཚད་གསུམ་གང་བྱུང་ཡང་རློམ་སེམས་དང་དགའ་བྲོད་མི་བྱ་བར་ཐམས་ཅད་མཉམ་ཉིད་ཀྱི་དབྱིངས་སུ་སྐྱེལ་བ་གནད་དོ། །དེ་ཡང་དང་པོར་ལྷོངས་ཚད། བར་དུ་ཉམས་ལེན། མཐའ་མར་ཚར་ཚད་རྣམས་ཡིད་ཆེས་པར་བྱུང་བ་དང་། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་རྒྱ་ཆེར་བཏབ་སྟེ། གཉན་ཁྲོད་དེ་ནས་གཞན་དུ་འགྲོ་བར་བྱའོ། །གཉིས་འཛིན་འཁྲུལ་གཅོད་མན་ངག༵་ཟབ་མོའི་གནད། །ཤེར་བརྩོན་དབང༵་པོས་ལེགས་

p. 216

པར་བཀྲལ་བ་ལས། །ཐོབ་པའི་དགེ་བས་འཁོར་འདས་གཉིས་འཛིན་ཆོ༵ས། །མཉམ་ཉིད་དབྱིངས་གྲོལ་རང་གཞན་དཔལ༵་དུ་ཤོག །ཅེས་པ་འདི་ཡང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཐོ་བའི་མཆོག་སྤྲུལ་ཀུན་བཟང་ལེགས་གྲུབ་ཀྱི་གསུང་ངོར་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རྗེ་བཙུན་བླ་མ་ད མ་པས་མཛད་པའི་འཁོར་འདས་རང་གྲོལ་ལྟར་རྩ་ཐོ་ཙམ་ཟིན་བྲིས་སུ་བཀོད་པ་སརྦ་དིཀྐ་མེ་ཥུ་ཤྲི་ཡསྟུ།། །།

རྡོར་སེམས་འཕོ་བའི་སྟོང་ཐུན།

p. 217

རྡོར་སེམས་འཕོ་བའི་སྟོང་ཐུན་ནོ། །ལོ་ཆེན་དྷརྨ་ཤྲཱི། འོ། སྤྱིར་སྐྱེས་པའི་མཐའ་མ་འཆི། འདུས་པའི་མཐའ་མ་འབྲལ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་ཡིན་ལ་ཁྱད་པར་དུའང་རིགས་ཀྱི་བུ་ཁྱོད་སྔོན་གྱི་ལས་ཟད། ཚེའི་འཕེན་པ་རྫོགས་པས་དེ་རིང་འཆི་བ་ཞེས་བྱ་བ་དེ་བྱུང་བ་ཡིན། འདིའི་ཚེ་གལ་ཆེ་བ་འཕོ་བའི་གདམས་པ་ཡིན་ཏེ། སཾ་བྷུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལས་ཀྱིས་འགྲུབ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ༑ ༑ཞེས་པས་འཕོ་བའི་གདམས་པས་ཟིན་ན་སྡིག་ཅན་ཡང་འཆི་ཁར་གྲོལ་ནུས་པའི་ཆོས་ཟབ་མོ་ཡིན། དེ་ཡང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཀྱེ་མ། བདག་ལ་འཆི་ཁ་བར་དོ་འཆར་དུས་སུ། །ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇོག །རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕང་། །གདོས་བཅས་ཤ་ཁྲག་ལུས་དང་བྲལ་ལ་ཁད། །མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ཁྱེད་རང་གཉེན་བཤེས་རྣམས་དང་འགྲོགས་པའི་ལས་ཟད། སྨོན་ལམ་གྱི་འཕེན་པ་རྫོགས་ཏེ་འཆི་ཁར་སླེབ་པ་ཡིན་པས་ཕྱིར་ལུས་པའི་གཉེན་ཉེ་བ་རྣམས་ལ་ཆགས་ན་ནི་སྐད་ཅིག་ཀྱང་འགྲོགས་པའི་མཐུ་མེད་པས་དེ་དག་ལ་ཆགས་ཞེན་སྤོངས། གཞན་ཡང་རིགས་དྲུག་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་བདེ་བ་སྐད་ཅིག་ཙམ་ཡང་མེད་པས་འཁོར་བ་ལ་ཆགས་ཞེན་སྤངས་ཏེ། ད་རེས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་པའི་སྐམ་སར་ཐར་བ་ཞིག་བྱ་སྙམ་པས། གང་དུ་འཕོ་བའི་གནས་དག་པའི་ཞིང་ཁམས་ལ་ཡིད་གཏད་དེ། བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་

p. 218

སྤྲོ་སིང་བ་གྱིས་ལ་དམིགས་པ་འདི་ལྟར་གསལ་ཐོབ། ཁྱོད་རང་གི་སྤྱི་བོར་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། ངོ་བོ་བླ་མ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ། ཁྱེད་རང་གི་ལུས་སྟོང་ར་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ངན་འགྲོའི་སྒོ་དགུར་ཧཱུྃ་ཡིག་མཐིང་ནག་འབར་བ་རེས་བཀག་པ། ལུས་ཀྱི་དབུས་སུ་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་ཡར་སྣ་ཚངས་བུག་ལ་ཟུག་པའི་ནང་དུ་ཧཾ་དཀར་པོ་ཐུར་བལྟ། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རླུང་སེམས་མི་ཤིགས་པའི་ངོ་བོ་ཐིག་ལེ་དཀར་པོ་གསལ་འཚེར་གཡོ་བ་ཞིག་གསལ་ཐོབ། དེ་ནས་བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧིཀ་བརྗོད་པའི་ཚེ་ཁྱོད་རང་སྤྱི་བོའི་བླ་མ་རྡོ་རྗེའི་སེམས་དཔའ་ལ་མོས་གུས་གདུང་ཤུགས་དྲག་པོས་རེ་ལྟོས་ལིང་གིས་བསྐྱུར་བས་ལྟེ་བའི་ཐིག་ལེ་དེ་ཉིད་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་ཚངས་བུག་ནས་ཧཾ་དང་རོ་གཅིག་ཏུ་འདྲེས་པ་རྒྱངས་ཀྱིས་ཐོན་ཏེ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་པས་བླ་མའི་ཐུགས་དང་རང་གི་སེམས་ཉིད་དབྱེར་མེད་སྤྲོས་པའི་མཐའ་དང་བྲལ་བ་དེའི་ངང་ལ་མཉམ་པར་ཞོག་ཅིག བཙན་ཐབས་འཕོ་བའི་ལས་སྦྱོར་དག །འདེབས་ཚུལ་འདི་འདྲ་གཞན་སྟོབས་ལ། །རག་ཚེ་མཐའ་མའི་དུས་དེ་རུ། །གསལ་འདེབས་མ་བྱས་ཀྱང་ནི་ཆོག །འོན་ཀྱང་ཤུལ་མི་དད་པའི་ཆེད། །འདི་ཙམ་གླེང་བ་སུ་ཡིས་འགོག །དེ་ཕྱིར་ཡབ་པ་ཆོས་རྗེའི་ངོར། །དྷརྨས་གང་ཤར་རླུང་ལྟར་སྤེལ། །

འཕོ་བའི་དམིགས་སྐོར་ཟིན་བྲིས།

p. 219

འཕོ་བའི་དམིགས་སྐོར་ཟིན་བྲིས་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། སྐྱབས་སེམས་སྔོན་དུ་འགྲོ་བས། དམིགས་སྐོར་དང་པོ་སྟོང་ར་སྦྱང་བ་ནི། རང་ལུས་ཕྱི་པགས་པའི་སྐྱ་རིས་ལས་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བར་སྒོམ་པའོ། །གཉིས་པ་ངན་འགྲོའི་སྒོ་དགག་པ་ནི། སྙིང་གར་ཧཱུྃ་ཡིག་མཐིང་ག་འོད་ཟེར་འཕྲོ་བ་ཞིག་བསྒོམས་ནས། ངག་ཏུ་ཧཱུྃ་རེ་བརྗོད་པ་ལས་སྙིང་གའི་ཧཱུྃ་ལས་ཧཱུྃ་རེ་རེ་མཆེད་དེ་སྒོ་དགུ་པོ་བཀག་སྟེ་སྙིང་གའི་ཧཱུྃ་ཡིག་མི་དམིགས་པར་བསམ་པའོ། །གསུམ་པ་རླུང་སེམས་བསྡུ་བ་ནི། ལུས་ཀྱི་དབུས་སུ་རྩ་ཨ་ཝ་དྷཱུ་ཏི་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཡར་སྣ་ཚངས་བུག་ལ་ཟུག་པ། མར་སྣ་ཇེ་ཕྲར་སོང་བ་ལྟེ་བའི་འོག་སོར་བཞིའི་ཐད་ཙམ་དུ་སླེབས་པ། དེའི་འོག་ཏུ་རླུང་དཀྱིལ་ཡང་ཞིང་གཡོ་བའི་སྟེང་དུ་རྣམ་ཤེས་མི་འགྱུར་བའི་ཐིག་ལེ་འཕར་གཡོ་བྱེད་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་མཉམ་པར་བཞག་གོ །དེ་ལས་རྐྱེན་གྱིས་མི་འཕྲོག་པར་རྩེ་གཅིག་ཏུ་སེམས་ཟིན་པ་ནི་རླུང་སེམས་འདུས་པའོ། །བཞི་པ་སྦྱང་བ་ནི། སྔར་ལྟར་ལས་དབུ་མའི་ཡར་སྣ་ཚངས་བུག་ཧཾ་ཡིག་དཀར་པོ་བདུད་རྩིའི་རང་བཞིན་ཅན་མགོ་ཐུར་བསྟན་ཞིག་གིས་བཀག སྤྱི་བོའི་གཙུག་ཏུ་སེང་ཁྲི་པད་ཉི་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོར་སྐྱིལ་དང་། དར་དང་རིན་པོ་ཆེས་བརྒྱན་པ་ཞིག་བསམ་ལ་མོས་གུས་ཆིག་དྲིལ་གྱིས་གསོལ་བ་བཏབ་རྗེས། ངག་ཏུ་ཧི་ཧིཀ྄་ཅེས་བརྗོད་ཅིང་མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ་བས། རླུང་དཀྱིལ་གྱི་སྟེང་གི་ཐིག་

p. 220

ལེ་དེ་ཉིད་དབུ་མའི་ནང་ནས་ཡར་མདའ་འཕངས་པ་ལྟར་སོང་བ་ཧཾ་དང་རོ་གཅིག་ཏུ་སྤྱི་བོ་ཚངས་བུག་ནས་རྒྱངས་ཀྱིས་ཐོན་པ་བླ་མའི་ཐུགས་ཀར་བསྟིམས་ནས་མཉམ་པར་བཞག ཡང་ངག་ཏུ་ཀ་ཞེས་བརྗོད་ཅིང་མིག་ཐུར་དུ་ཕབ་ལྟོ་བ་ཆིར་གྱིས་ནོན་པ་དང་མཉམ་དུ། ཐིག་ལེ་དེ་ཉིད་བླ་མའི་ཐུགས་ཀ་ནས་མར་ཚངས་བུག་ཏུ་བརྒྱུད་ལྕི་འཐེན་གྱིས་བབས་པ་དེ་རླུང་དཀྱིལ་དེ་ཉིད་ཆིར་གྱིས་མནན་པར་བསམ། དེ་ལྟ་བུའི་བསུ་སྐྱེལ་ལ་ཡང་ཡང་བསླབ་པའོ། །དམིགས་པ་འདི་ཐུན་བཅུག་ནས་ཆིག་དྲིལ་དུ་སྦྱོང་བའི་ཚེ་གེགས་ཆུང་ཁྱད། ཡར་སྤར་བའི་ཚེ་ཐིག་ལེ་ཚངས་བུག་ནས་མི་འདོན་པར་ཧཾ་ལ་བསྲེས་ནས་བཞག དེ་ལ་བསུ་སྐྱེལ་གྱིས་སྦྱོང་བའོ། །མཇུག་ཏུ་གེགས་སེལ་རྡོར་བཟླས་ལ་འབད་དོ། །ལྔ་པ་ལས་ལ་སྦྱར་བ་ནི། འཆི་ལྟས་མཐོང་ན་བླུ་བའི་ཆོ་ག་བྱ་ཞིང་། མི་བླུ་བའི་མཚན་མ་མཐོང་ན། དམ་ཚིག་ཉམས་ཆག་རྣམས་བཤགས། ཡོ་བྱད་ཐམས་ཅད་སྤོང་དག་ལ་གཏོང་། གང་ལའང་མ་ཆགས་པར་བྱས་ལ༑ གང་དུ་འཕོ་བའི་གནས་སུ་བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་བ་བྱས་ལ། དུས་ལ་བབ་པ་ན་རྡོ་རྗེ་སེམས་དཔའི་ཐུགས་ཀར་བསྟིམ་པའི་བར་སྔར་ལྟར་ལས། མི་དམིགས་པ་སྤྲོས་པ་དང་བྲལ་བ་འོད་གསལ་རྣམ་པར་མི་རྟོག་པའི་ངང་ལ་བསྐྱལ་ལོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ།

p. 221

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ༀ་སྭསྟི། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་རྗེ་བཙུན་རྡོ་རྗེ་འཆང་། །བཀའ་དྲིན་སུམ་ལྡན་ཕྲིན་ལས་རྣམ་པར་རྒྱལ། །ཐུགས་རྗེ་ཉི་མའི་སྣང་བས་འགྲོ་ཀུན་གྱི། །ཚེ་རབས་སྐྱེ་དང་སྐྱེ་བར་ངན་འགྲོ་ཡི། །འཇིགས་མུན་ཚོགས་ཀྱིས་དམ་འཁྱུད་འཁོར་མཚོ་རུ། །གནས་པའི་འགྲོ་བློའི་གཞི་རྒྱུད་དྲི་མའི་ཚོགས། །བསལ་ནས་ཐར་ལམ་འདྲེན་འཛད་དེ་ལ་འདུད། །འདིར་འགྲོ་བ་རྣམས་འཆི་བདག་གི་ཞགས་པས་བཟུང་བ་དག་ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་དམིགས་ཁྲིད་ཀྱི་རིམ་པ་ཟིན་བྲིས་སུ་བཀོད་པ་ལ། སྔོན་འགྲོ། དངོས་གཞི། སྦྱོར་བ་དང་གསུམ། དང་པོ་སྔོན་འགྲོ་ལ་གཉིས་ལས། དང་པོ་ནི་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅའ་བར་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་གཅིག སྒལ་ཚིགས་དང་ལྟག་པ་དྲང་པོར་བསྲང་བས་གཉིས། མགྲིན་པ་ཅུང་ཟད་རྒུར་བས་ལྐོག་མས་ཨོལ་མདུད་ནོན་ཙམ་བྱས་པས་གསུམ། ལྕེ་རྩེ་ཡ་རྐན་ལ་སྦྱར་བས་བཞི། མཆུ་སོ་རང་སར་བཞག་པས་ལྔ། ལག་ངར་བསྲང་བའི་མཉམ་བཞག་གིས་དྲུག སྐེད་པ་ཉེད་ལྟོ་བ་ཕྱིར་ཕུལ་བས་བདུན་པོ་བྱས་ཏེ༑ ངག་གནད་རླུང་རོ་དགུ་འབུད་དུས་སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། གཡས་ནས་དེ་འདྲ་བ་གསུམ། གསུམ་འབུད་དུས་གཡས་གཡོན་དབུས་གསུམ་ནས་ལན་རེ་འབུད།

p. 222

དམིགས་པ་གཡོན་ནས་ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན་གྱི་རྣམ་པ། གཡས་ནས་ནད་གདོན་སྲོག་ཆགས་སྦལ་སྦྲུལ་སྡོམ་སྡིག་སྟག་གཟིག་དྲེད་ལ་སོགས་པའི་རྣམ་པ། དབུས་ནས་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་རླུང་དང་འགྲོགས་ཏེ་ཕྱིར་སངས་ཀྱིས་སོང་བར་བསམ། སེམས་གནད་རང་གི་སྤྱི་བོར་སྣ་ཚོགས་པདྨ་འདབ་བརྒྱད། དེའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་གསལ་བཏབ་སྟེ། དཔལ་ལྡན་རྩ་བ་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལན་དགུའམ་བདུན་ལྔ་གསུམ་གྱི་ཉུང་མཐའ་ངག་འདོན་མོས་པ་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་ངང་ནས་གསོལ་བ་བཏབ་སྟེ། བླ་མ་སྤྱི་བོ་ནས་སྙིང་དབུས་སུ་ཐིམ་སྟེ་རང་སེམས་དང་ཁྲུག་གིས་འདྲེས་པར་བསམས་ལ། བདག་གི་བླ་མའི་རྣལ་འབྱོར་གྱི་ལམ་ཟབ་མོ་ཉམས་སུ་བླངས་པ་ལ་བརྟེན་ནས་བདག་གཞན་སེམས་ཐམས་ཅད་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག་སྙམ་དུ་བསམ་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། གཉིས་པ་ལ་བདུན་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ་བསམ་པ་ལ། རང་ཅག་རྣམས་ཚེ་སྔོན་བསགས་རྒྱབ་ཀྱི་མཐུས་ད་རེས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་རྙེད་པར་དཀའ་བའི་དུས་འདིར། ནམ་ཞག་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་ཅི་ནས་ཀྱང་བྱའོ་བསམ། གཉིས་པ་འཆི་བ་མི་རྟག་པ་ནི། མཐར་འཆི་བ་ཡོང་སྙམ་པ་ཀུན་གྱི་བློ་ལ་ཡོད་ཀྱང་། རེ་ཞིག་མི་འཆི་བར་རེ་བའི་བློ་དེ་འཆི་ཁ་ཚུན་ཆད་དུ་འབྱུང་བློ་ངན་དེས་བ སྒྲིབས་ནས་ཚེ་འདིའི་རྣམ་གཡེང་ལ་འབྱམས་ཕྱི་མའི་དོན་སྒྲུབ་པ་ཕྱི་གཤོལ་ལེ་ལོའི་དབང་དུ་འགྲོ་བས་ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་བསམ། གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། འགྲོ་

p. 223

དྲུག་སོ་སོར་སྡུག་བསྔལ་ཟད་མཐའ་མེད་པ་མྱང་དགོས་པས་དེ་ལས་ཐར་པའི་ཕྱིར་དུ་དམ་པའི་ཆོས་ལ་འབད་པར་བྱའོ་བསམ། བཞི་པ་ལས་འབྲས་སྨིན་ཚུལ་ལ། ལས་མི་དགེ་བ་བཅུ་དང་དུ་བླངས་པས་མི་འདོད་པ་བཅུ་དང་། དགེ་བ་བཅུ་དང་དུ་བླངས་པས་འདོད་པ་བཅུ་སྟེ། དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་འབད་རྩོལ་ཆེན་པོས་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་བསམ་པར་བྱའོ། །ལྔ་པ་སྐྱབས་འགྲོ་ནི༑ སྐྱབས་ཡུལ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཅིག་ཆོག་ནོར་བུ་ལུགས་སུ་བསྒོམས་ཏེ། སྐྱབས་འགྲོའི་ཡུལ་ཡིན་ལགས། སྐྱབས་འགྲོའི་གང་ཟག་ནི། རང་གི་གཡས་སུ་ཕ། གཡོན་དུ་མ། མདུན་དུ་དགྲ། རྒྱབ་ཏུ་གཉེན། མཐའ་སྐོར་དུ་དགྲ་གཉེན་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་པར་བསམས་ལ། དེ་ཐམས་ཅད་འདུན་ཇུས་གཅིག་སྒྲིལ་གྱི་སྒོ་ནས་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་འུར་དིར་དིར་འདོན། ཡིད་གུས་པས་རང་གཞན་སེམས་ཅན་ཐམས་ཅད་འཇིགས་རུང་འཁོར་བའི་སྡུག་བསྔལ་དྲག་པོ་འདི་ལས་འདི་ཕྱི་བར་དོ་གསུམ་དུ་བསྐྱབ་ཏུ་གསོལ་སྙམ་པས། ན་མོཿ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་བརྗོད། དྲུག་པ་སེམས་བསྐྱེད་ནི། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་པས་སྨོན་པ་སེམས་བསྐྱེད། འདི་ཐམས་ཅད་སྙིང་རྗེ་བའི་སར་བཞག་པས་མི་ཕན་རྣམ་གྲོལ་གཏན་གྱི་བདེ་བ་ལ་དགོད་པར་བྱ་སྙམ་པས་འཇུག་པ་སེམས་བསྐྱེད་དང་བཅས། ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱིའོ༔ ཞེས་སེམས་བསྐྱེད་བརྗོད། དབུགས་ཕྱིར་འགྲོ་བའི་ཚེ། བདག་གིས་ཚེ་རབས་ནས་བསགས་པའི་དགེ་བ་དང་བདེ་བ་བྱས་པ་ཐམས་ཅད་སེམས་ཅན་རྣམས་ལ་སྦྱིན།

p. 224

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་བསམ། དབུགས་ནང་དུ་རྔུབ་པའི་དུས་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་རྣམས་བདག་ལ་སྨིན་པར་གྱུར་ཅིག་སྙམ་པས་བཏང་སྙོམས་སེམས་བསྐྱེད། སེམས་བསྐྱེད་བྱ་སྐྱེད་བྱེད་མི་དམིགས་པའི་ངང་དུ་དར་ཅིག་འཇོག་པ་དོན་དམ་སེམས་བསྐྱེད་དོ། །བདུན་པ་ཚོགས་བསགས་པ་ནི། ཡན་ལག་བདུན་པའི་དམིགས་པ་འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག ལོག་ལྟ། ཐེ་ཚོམ་རྣམས་ཀྱི་གཉེན་པོར། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་ལས་ལྡོག་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བ། གསོལ་བ་འདེབས་པ། དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའི་མོས་པས། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང་༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང་༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང་༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་གིས་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཅེས་ངག་འདོན་བརྗོད་དེ། སྐྱབས་ཡུལ་རང་གི་སྤྱི་བོ་ནས་སྙིང་དབུས་ལ་སིབ་ཀྱིས་ཐིམ་པར་བསམ་པ་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ། སྟོང་ར་སྦྱང་བ། སྒོ་དགུ་བཀག་པ། རླུང་སེམས་བསྡུ་བ། བསུ་སྐྱེལ་ལ་བསླབ་པ། ལས་ལ་སྦྱར་བ་དང་ལྔ་ལས། དང་པོ་སྟོང་ར་སྦྱང་བ་ནི། ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་སོ་མར་བཞག སེམས་གནད་རང་བཞིན་གྱིས་སྦྱང་བདེ་ན་དང་། མི་བདེ་ན་ངག་ཏུ། ༀ་སྭ་བྷཱ་ཝ་སོགས་བརྗོད་པའི་རྐྱེན་གྱིས་རང་ཐ་མལ་གྱི་ལུས་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བུན་ལོང་གིས་ཡལ་བར་བསམས་ལ་སེམས་སྣང་མེད་དུ་ཅུང་ཟད་བཞག དེའི་ངང་ལས་རང་ལུས་ཕྱི་པགས་པའི་སྐྱ་རིས་ཙམ་ལས་ནང་གློ་སྙིང་སོགས་གདོས་བཅས་ཀྱི་རྣམ་པ་མེད་པར་དྭངས་གསལ་འོད་ཀྱི་རང་བཞིན་དཔེར་ན་ཕྲུ་མ་ཕུས་བཏབ་པའི་དར་དཀར་གྱི་ལྡིང་གུར་ཕུབ་པའམ། ཤེལ་གྱི་བུམ་པ་ལྟར་ཕྱི་གསལ་ནང་གསལ་དྭངས་

p. 225

ཤིང་སྒྲིབ་པ་མེད་པར་བསམ། གཉིས་པ་སྒོ་དགུ་བཀག་པ་ནི། དེ་ལྟར་གསལ་བའི་སྙིང་གར་ཧཱུྃ་ཡིག་མཐིང་ག་ཆེ་ཆུང་མཐེབ་སོར་གང་ཙམ་ཞིག་གསལ་བཏབ། དེ་གསལ་བ་དང་། དེ་ལས་ཧཱུྃ་སྤྲོ་རིམ་དང་བསྟུན། ངག་ཏུ། ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྙིང་གའི་ཧཱུྃ་ཡིག་དེ་ལས་ཐུར་དུ་ཧཱུྃ་གཉིས་ཆད་པར་གཤང་ལམ་ཆུ་ལམ། གཅིག་ཆད་པས་ལྟེ་བ། གྱེན་ཏུ་གཅིག་ཆད་པས་ཁའི་ལྕེ་ཆུང་གི་ཐད། གཉིས་ཆད་པས་སྣ་གཉིས། གཉིས་ཆད་པས་མིག་གཉིས། གཉིས་ཆད་པས་རྣ་བ་གཉིས། གཅིག་ཆད་པས་དཔྲལ་བའི་སྒོ་རྣམས་དང་སྦྱོང་བའི་སྐབས་འདིར་གེགས་ཆུང་ཁྱད། སླར་ཡང་གཅིག་ཆད་པས་ཚངས་པའི་བུ་ག་ཡང་བཀག་སྟེ། དཔེར་ན་སྐར་ཁུང་འབེ་དོས་བཀག་པ་ལྟར། ནང་ནས་ཆུ་མི་འཛགས་པ་ལྟ་བུ་ཕྱི་ནས་རླུང་མི་ཐར་བ་ལྟ་བུ་བསྒོམས་རྗེས་སྙིང་གའི་ཧཱུྃ་ཡིག་མི་དམིགས་པར་བསམ་མོ། །དེ་ལྟར་མ་བཀག་ན་འཆི་བའི་ཚེ་སྒོ་གང་དང་གང་དུ་འཕོ་བའི་ཚུལ་ནི། གཤང་ལམ་ལས་དམྱལ་བ། ཆུ་ལམ་ལས་དུད་འགྲོ། ལྟེ་བ་ནས་འདོད་ལྷ་རིགས་དྲུག ཁ་ནས་ཡི་དྭགས། སྣ་ནས་གནོད་སྦྱིན། མིག་ལས་མི། རྣ་བ་ལས་གྲུབ་པའི་ལྷ་ཞེས་གྲུལ་བུམ། དཔྲལ་བ་ལས་གཟུགས་ཁམས་ཀྱི་ལྷ་རྣམས་སུ་འཕོ་ཞིང་། དེའང་ངན་འགྲོའི་སྒོ་དགུར་བཤད་ཚོད་ལས། འདིར་དངོས་བསྟན་བརྒྱད་ལས་མི་འབྱུང་བ་ཅིའི་ཕྱིར་སྙམ་ན། བླ་མ་ཁ་ཅིག་སྤྱི་བོའི་རྩ་བུག་ནས་གཟུགས་མེད་ཀྱི་ལྷ་དང་། ཚངས་བུག་ནས་ཐར་པའི་སྒོའི་ཐ་སྙད་མཛད་མོད། རང་ལུགས་ཀྱི་གསུང་རྒྱུན་ལ་ལམ་འདིའི་ཐབས་ཀྱིས་ཟིན་མ་ཟིན་ལས་སྒོ་སོ་སོའི་རྣམ་དབྱེ་མི་མཛད་དེ་སྡོམ་འབྱུང་ལས་ཀྱང་། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཧཱུྃ་ཡིག་རྣམས་ལས་འཕྲོས་པའི་འོད་ཀྱིས་ལུས་ནང་ཞལ་བས་བལྟམས་པ་ལྟར་གྱུར་པས་མདོར་ན་བ་སྤུའི་ཁུང་བུའི་མཐར་ཐུག་གི་བུ་ག་ཚུན་ཆད་ཀྱང་བརྟན་པར་བཀག་པས་ན་དབུགས་ཕྱི་ནང་དུ་རྒྱུ་བའང་མི་བདེ་བ་ལྟ་བུའི་འདུ་ཤེས་མ་སྐྱེས་ཀྱི་བར་དམིགས་པ་གསལ་བརྟན་དུ་སྒོམ། གསུམ་པ་རླུང་སེམས་བསྡུ་བ་ནི། དེ་ལྟར་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་

p. 226

བ་སྦོམ་ཕྲ་སྦ་ལྕག་གམ་མདའ་སྨྱུག་འབྲིང་པོ་ཙམ་པ་དེའང་རག་དུང་ཁ་བསླང་བ་ལྟར་ཡར་སྣ་གདེངས་ཁ་ཅུང་ཟད་རྒྱས་པ་སྤྱི་བོ་ཚངས་པའི་བུ་ག་ལ་ཟུག་ཅིང་། མར་སྣེ་ཇེ་ཕྲ་ཇེ་ཕྲར་སོང་བ་ལྟེ་འོག་སོར་བཞིའི་ཐད་ཙམ་དུ་སླེབས་པ་མཚན་ཉིད་བཞི་དང་ལྡན་པ་སྟེ། བཞི་གང་ཞེ་ན། དྲང་བ་ཆུ་ཤིང་ལྟ་བུ། གསལ་བ་མར་མེ་ལྟ་བུ། དྭངས་པ་ཤེལ་བུམ་ལྟ་བུ། སྲབ་པ་པདྨའི་ཤུན་པ་ལྟ་བུ། དཔེར་ན་དྭངས་ཤེལ་གྱི་ཀ་བ་བཙུགས་པ་ལྟར་དྲང་ཐལ་ལེར་ཡོད་པ་གསལ་བཏབ། དེ་གསལ་ཐེབས་པ་ན་སྤྱི་བོའི་དབུ་མའི་ཡར་སྣར་ཧཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་སྒོ་ཐུར་བསྟན་བྱང་སེམས་དཀར་པོའི་རྒྱུན་འཛགས་ལ་ཁད་ཁད་པ་ཞིག་དང་། དབུ་མའི་མར་སྣར་གདན་ཐབས་སུ་རླུང་གི་དཀྱིལ་འཁོར་རྒྱ་གྲམ་དུ་བཞག་པའི་དབྱིབས་ཅན་ཡང་ཞིང་གཡོ་བ་ཞིག་གསལ་བཏབ། དེའི་སྟེང་དབུ་མའི་མས་སྣེའི་ཁོངས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་ཆེ་ཆུང་བོད་སྲན་ཙམ་པ་དཀར་ཞིང་འཚེར་བ་སྣུམ་ཞིང་འདྲིལ་བ་ཡང་ཞིང་གཡོ་བ་ཞིག་གསལ་གདབ་པར་བྱ་སྟེ། དེ་ཡང་འདི་ལ་གོམས་འདྲིས་ལ་བརྟན་པ་ཅུང་ཟད་མ་ཐོབ་ན་སྤར་ཡང་དོན་མེད་པས་དེ་ཡང་ཐོག་མ་ནས་གསལ་ཐེབས་ཡོང་ངམ་མི་ཡོང་སྙམ་པའི་རྣམ་རྟོག་མེད་པར་ལམ་གྱིས་གསལ་བཏབ་སྟེ། གཞན་དུ་མ་ཡེངས་པར་དེ་ཁར་ཤེས་པ་རྩེ་གཅིག་ཏུ་གཏད་དེ་བསྒོམ། དེའི་ངང་ལས་ཐ་མལ་གྱི་རྣམ་རྟོག་ཐོལ་གྱིས་འཕྲོ་ན་དེ་ཉིད་སྐྱེས་མཚམས་ནས་ངོས་ཅེར་གྱིས་ཟིན་པར་བྱས་ནས་འཕྲོ་རྦད་ཀྱིས་བཅད་དེ་ཐིག་ལེའི་སྟེང་དུ་ཧྲིལ་གྱིས་སྒྲིལ་ལ་དེ་ཁའི་ཐོག་ཏུ་གཟོ་མེད་ཡེངས་མེད་དུ་འཇོག དེ་ལྟར་ནན་ཏན་དུ་བསྒོམས་པས་རྣམ་རྟོག་བཅོས་འགྱུར་རྣམས་འགགས་ཏེ་ཐིག་ལེའི་རྣམ་པ་ལམ་མེ་བ་དེ་ཁ་ལ་རྩེ་གཅིག་ཏུ་སེམས་ཟིན་པ་དང་། ཐུ ན་མཚམས་སུའང་རྟག་ཏུ་དྲན་པ་ཞིག་བྱུང་ན་རླུང་སེམས་འདུས་པ་ཡིན་ནོ། །བཞི་པ་བསུ་སྐྱེལ་ལ་བསླབ་པ་ནི། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་ངོ་བོ་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་དྲིན་ཆེན་རྩ་བའི་བླ་མ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པར་མོས་ལ། ན་མོ་གུ་རུ། རང་ལུས་སྟོང་གསལ་འོད་ཀྱི་གོང་བུའི་ཞིང་། །

p. 227

ངན་འགྲོའི་སྒོ་དགུར་ཧཱུྃ་ཡིག་མཐིང་ནག་འབར། །དྭངས་གསལ་དྷཱུ་ཏིའི་མར་སྣར་རླུང་དཀྱིལ་ལ༑ ༑རྣམ་ཤེས་མི་འགྱུར་ཐིག་ལེ་འཕར་ཞིང་གཡོ། །བདེ་ཆེན་འཁོར་ལོར་རྒྱལ་ཀུན་འདུས་པའི་དཔྱིད། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་མཚན་དཔེར་ལྡན། །མཐོང་ཐོས་དྲན་རེག་སྒྲོལ་བའི་མགོན་པོར་བཞུགས། །ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས། །མཆོག་གི་སྤྲུལ་པའི་གར་མཁན་དགའ་རབ་རྗེ། །སྙིང་པོའི་དོན་སྟོན་ཤྲཱི་སིང་ཧ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །མཆོག་གི་ཟབ་ལམ་འཕོ་བའི་བགྲོད་པ་ཡིས། །སྲིད་པའི་གྲོང་ཁྱེར་དྭངས་མའི་འོད་གུར་ཞིག །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །རབ་འབྱམས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །ཟུང་འཇུག་སྒྱུ་མའི་རྣམ་རོལ་ཧཱུྃ་ཀཱ་ར། །མཉམ་རྫོགས་ཐིག་ལེར་བྱང་ཆུབ་བི་མ་དང་། །ཟབ་ལམ་གསལ་མཛད་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །མཆོག་གི་ཟབ་ལམ་འཕོ་བའི་བགྲོད་པ་ཡིས། །སྲིད་པའི་གྲོང་ཁྱེར་དྭངས་མའི་འོད་གུར་ཞིག །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །བདེ་ཆེན་རྒྱལ་བ་ཀུན་ཡུམ་མཁར་ཆེན་བཟའ། །ཐེག་མཆོག་བསྟན་པའི་མངའ་བདག་གཏེར་བདག་གླིང་། །མཁས་གྲུབ་གཙུག་རྒྱན་ཆོས་དཔལ་རྒྱ་མཚོའི་ཞབས། །རྫོགས་ཆེན་རྣལ་འབྱོར་ཤེས་རབ་སྒྲོན་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །མཆོག་གི་ཟབ་ལམ་འཕོ་བའི་བགྲོད་པ་ཡིས། །སྲིད་པའི་གྲོང་ཁྱེར་དྭངས་མའི་འོད་གུར་ཞིག །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་དཔལ། །དུས་གསུམ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །མཚན་དཔེའི་གཟི་བྱིན་རབ་འབར་འཁོར་འདས་ཆོས། །མ་ལུས་ལེགས་སྟོན་ཕྲིན་ལས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །མཆོག་གི་ཟབ་ལམ་འཕོ་བའི་བགྲོད་པ་ཡིས། །སྲིད་པའི་གྲོང་ཁྱེར་དྭངས་མའི་འོད་གུར་ཞིག །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །མཁའ་ཁྱབ་ཆོས་སྐུ་སྲིད་ཞི་ཀུན་གྱི་བདག །མཆོག་གི་ལམ་མཁན་རྩ་བའི་བླ་མ་དང་། །ཞི་དང་ཁྲོ་བོའི་

p. 228

རོལ་གར་ཡི་དམ་ལྷ། །རྩ་ཁམས་དག་པའི་དཔའ་བོ་རྣལ་འབྱོར་མར། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །མཆོག་གི་ཟབ་ལམ་འཕོ་བའི་བགྲོད་པ་ཡིས། །སྲིད་པའི་གྲོང་ཁྱེར་དྭངས་མའི་འོད་གུར་ཞིག །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །རང་ལུས་འབྱུང་འདུས་སྒྱུ་མའི་གཡར་ཁང་ནས། །རྣམ་ཤེས་མགྲོན་པོ་དྭངས་མའི་ཐིག་ལེའི་དཔྱིད། །གནད་གསུམ་ཟབ་ལམ་བགྲོད་པས་ཚངས་པའི་སྒོར། །དཔག་ཆེན་མདའ་བཞིན་དབྱིངས་སུ་འཕོ་བར་ཤོག །ལས་ངན་སྒྲིབ་པའི་མུན་པ་དབྱིངས་སུ་སངས། །ཟུང་འཇུག་རིག་པ་བདེ་ཆེན་འོད་སྐུར་གྲོལ། །ས་ལམ་ཡོངས་རྫོགས་ཁྱབ་བདག་རྡོ་རྗེ་སེམས། །དབྱེར་མེད་ཐིག་ལེ་ཆེན་པོར་མངོན་རྫོགས་ཤོག །ཅེས་པའི་བར་གྱི་གསོལ་འདེབས་ཀྱི་རིམ་པ་དེ་ཁ་ཙམ་ཚིག་ཙམ་མ་ཡིན་པར་མཐའ་གསུམ་གྱི་ཉུང་མཐའ་བྱས་པ་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས་སླར་ཡང་རླུང་དཀྱིལ་སྟེང་གི་ཐིག་ལེ་སྤྱི་བོའི་ཧཾ་ཡིག་དང་བཅས་པ་རྣམས་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་རྗེས། ངག་ཏུ་ཧཱི་ཞེས་བརྗོད་པའི་ཚེ་རྣམ་ཤེས་ཐིག་ལེ་དེ་ཉིད་རླུང་གིས་ཆེར་བསྐྱོད་པ་འདར་ཁྲིལ་ལེ་གྱེན་དུ་ཇེ་ཆེར་འཕགས་པ། ཧིཀ྄་ཅེས་བརྗོད་པའི་ཚེ་དབུ་མའི་ནང་ནས་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་རྒྱངས་ཀྱིས་སོང་ནས་སྤྱི་བོའི་ཧཾ་དང་རོ་གཅིག་ཏུ་གྱུར་པ་ཚངས་བུག་ནས་མི་འདོན་པར་ཧཾ་དང་བསྲེས་ཏེ་བསུ་སྐྱེལ་ལ་བསླབ་པས་མིག་ཡིད་རླུང་གསུམ་སྤྱི་བོར་སྒྲིལ་ཤེས་པར་ཧཾ་ཡིག་ལ་བདེ་སིང་ངེར་འཕངས་ལ་ཅུང་ཟད་མཉམ་པར་བཞག ཡང་ངག་ཏུ་ཀ་ཞེས་བརྗོད་པ་དང་མཉམ་དུ་མིག་ཐུར་དུ་ཕབ། ལྟོ་བ་ཆིལ་གྱིས་ནོན་པ་དང་མཉམ་དུ་ཧཾ་ལས་བདག་དང་བཅས་ཏེ་ཐིག་ལེ་ཧྲིལ་བབ་པས་རླུང་དཀྱིལ་ལྕི་ཐེན་གྱིས་མནན་ཐབས་སུ་ཡོད་པར་བསམས་ལ་ཅུང་མཉམ་པར་བཞག ཡང་སྔར་ལྟར་སྤར་བ་སོགས་རྟགས་ཁྱད་པར་ཅན་མ་ཐོན་གྱི་བར་དུ་བསུ་སྐྱེལ་ལ་ནན་ཏན་དུ་བསྒོམས་པར་བྱས་ནས་སྤྱི་བོའི་བླ་མ་ཉིད་ཧཾ་ཡིག་ལ། ཧཾ་ཡིག་རྩ་དབུ་མ་ལ། དབུ་མ་ཐིག་ལེ་ལ། ཐིག་ལེ་རླུང་དཀྱིལ་ལ་ཐིམ་སྟེ་ཅི་ཡང་མི་དམིགས་པའི་ངང་ལ་མཉམ་བཞག་བྱས་རྗེས། དགེ་བ་འདི་ཡིས་༴ དཔལ་ལྡན་བླ་མ་སོགས་ཀྱིས་དགེ་བ་བསྔོ། དེ་རྗེས་འབྲུ་

p. 229

གསུམ་གྱི་རྡོར་བཟླས་ལ་འབད་དོ། །ལྔ་པ་ལས་ལ་སྦྱར་བ་ལ། རང་དོན་དང་གཞན་དོན་གཉིས་ལས། དང་པོ་རང་དོན་དུ་ཇི་ལྟར་བྱ་བའི་ཚུལ་ནི། དེའང་མེ་དང་དུ་བའི་ཚུལ་ལྟར་འཆི་བའི་སྔ་རོལ་དུ་འཆི་ལྟས་འབྱུང་སྟེ། དེའང་རྨི་ལམ་དུ་རྟ་དམར་དང་། བོང་དྲེལ། རྔ་མོང་། མ་ཧེ་ལ་སོགས་པ་ལ་གཅེར་བུས་ཞོན་ཏེ་ཁ་ལྷོར་ཕྱོགས་ནས་ལ་ཀླུང་བརྒལ་ཏེ་འགྲོ་བ་དང་རི་རོང་དོག་མོའི་རྩེ་ནས་ཐུར་དུ་འགྲོ་བ་དང་། གོས་རྒྱན་དམར་པོ་ཤ་སྟག་དང་། མེ་ཏོག་དམར་པོའི་ཚལ་དུ་འདུག་པས་གཤིན་པོ་དང་ལྷན་ཅིག་བཟའ་བཏུང་བྱེད་པ་དང་། དངོས་སུ་ཤེས་རྒྱུད་འཇམ་རྩུབ་གོ་ལྡོག་པ། ནོར་རྫས་ལ་འཛིན་ཞེན་ཆེ་ཆུང་སྔར་ལས་གོ་ལྡོག་པ། སྣའི་རླུང་ཕལ་ཆེར་གཡས་ནས་རྒྱུ་བ། ལུས་ཀྱི་བྱད་ཉམས་པ་སོགས་གང་རུང་འབྱུང་བས་ན༑ དེ་ལྟར་འཆི་ལྟས་མཐོང་ཚེ་ཚེ་སྒྲུབ་དང་། གཙོ་བོར་རྡོ་རྗེའི་བཟླས་པ་ཉིད་ལ་བརྩོན་པ་གལ་ཆེ་ཞིང་། གཞན་ཡང་སྲོག་བླུ་དང་། ཕྱི་ནང་གསང་བའི་འཆི་བླུ་སོགས་པར་ནན་ཏན་དུ་འབད་ཅིང་། དེ་དག་གིས་ཀྱང་བླུས་པའི་མཚན་མ་མཐོང་བ་ཉེ་བའི་འཆི་ལྟས་རྣམས་མཐོང་ན་དེའི་ཚེ་རང་ཉིད་གནས་པའི་ས་དེ་གྲོང་ཡུལ་སོགས་ཡིན་ན་དེ་ལས་དབེན་པའི་གནས་སུ་འགྲོ་ཞིང་ཚེ་འདིར་སྣང་གི་ལོངས་སྤྱོད་ཉེ་འཁོར་སོགས་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པས་ཞེན་ཆགས་ཀྱི་འཁྲི་བ་བཅད་དེ། ཡོ་བྱད་ཐམས་ཅད་མཆོད་སྦྱིན་དང་། སྤོང་དག་ལ་གཏོང་། ཚོར་བ་དང་། མ་ཚོར་བའི་དམ་ཚིག་ཉམས་ཆག་ཐམས་ཅད་ཚོགས་སྐོང་གི་ཆོ་ག་ལ་སོགས་པས་བཤགས་ཤིང་དམ་ཚིག་གསོ་བའི་ཕྱིར་དབང་ཡང་བླང་། སྲུང་མའི་རྟེན་གཏོར་ཡོད་ན་གཏོར་འབུལ་བྱ་ཞིང་། བྱང་ཆུབ་སྒྲུབ་པའི་ལམ་གྱི་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་གསོལ། བར་དོའི་གདམས་ངག་རྣམས་དང་། འཕོ་བའི་གདམས་པ་བློ་ལ་གསལ་འདེབས་ཤིང་། ཁྱད་པར་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་གནས་ལུགས་རང་ངོ་སྐྱོང་ཅི་ཐུབ་བྱ། དེ་ནས་ཤིན་ཏུ་ཉེ་བའི་འཆི་ལྟས་ས་ཆུ་ལ་ཐིམ་པ་ཙམ་དུ་གྱུར་པ་ན། བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་རམ། ཚོང་པ་རང་ཡུལ་དུ་འགྲོ་བ་ལྟར་རང་ཉིད་གང་ལ་མོས་པའི་དག་པའི་ཞིང་དུ་འགྲོ་སྙམ་པའི་ཤེས་པ་སྤྲོ་སིང་ངེ་བའི་ངང་ནས། ད་

p. 230

རེས་འཆི་བ་འོད་གསལ་འདི་ལ་བརྟེན་དེ་འཆི་སྲིད་ཆོས་སྐུའམ་འོན་ཏེ་བར་དོ་སྒྱུ་འཕྲུལ་དྲྭ་བའི་སྐུར་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བགྱིད་སྙམ་པའི་འཕེན་ཤུགས་དྲག་པོ་སྔོན་དུ་བཏང་། སྤྱི་བོའི་གཙུག་ཏུ་རྩ་བའི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བཟོད་མེད་ཀྱི་མོས་གུས་དྲག་པོས་ཚངས་པའི་བུ་ག་རྒྱ་མཐོང་ཁ་བྱེ་བ་ལྟར་བུག་པ་ཧ་རེ་ཡོད་པར་གསལ་བ་སོགས་འཕོ་བའི་དམིགས་སྐོར་རྣམས་མཐར་ཆགས་སུ་བསྒོམས་རྗེས་ཧིཀ྄་བརྗོད་པའི་ཚེ་མིག་ཡིད་རླུང་གསུམ་སྤྱི་བོར་སྒྲིལ་ནས་ཐིག་ལེ་བླ་མའི་ཐུགས་ཀར་ཡིད་ཚིམ་གྱི་བར་དུ་སྤ ར་རྗེས། དེ་ཇེ་མཐོར་གྱུར་པ་ཕཊ྄་ཅེས་མི་དམིགས་སྤྲོས་བྲལ་གྱི་ངང་ལ་བཞག་སྟེ་འཆི་བ་འོད་གསལ་ཆོས་སྐུ་ཉམས་སུ་མྱང་བར་བྱའོ། ༈ །གཉིས་པ་གཞན་དོན་དུ་འདེབས་པ་ནི། དེའང་ཕ་རོལ་པོ་འཆི་བའི་སྔ་རོལ་དུ་རང་ཉིད་སླེབས་པ་ཡིན་ན་དེའི་ལུས་གནད་ཙོག་པུར་འདུག་ཐུབ་ན་རབ། དེ་མིན་གློ་གཡས་ཕབ་པའི་སེང་གེའི་ཉལ་སྟབས་ལྟ་བུར་མགོ་ནུབ་ཏུ་ཕྱོགས་པར་བཞག མིག་གི་ལྟ་སྟངས་ཀྱང་སྤྱི་བོར་གཏོད་དུ་གཞུག ཕྱི་དབུགས་ཆད་ནས་ནང་དབུགས་གནས་པའི་བར་དེར། ལུས་གནད་རླུང་རོ་བསལ་བ་ནས་ལས་འབྲས་སྨིན་ཚུལ་བར་རང་དོན་ལྟར་རོ། །དེ་ཡང་གང་ཟག་དེ་ཉམས་ལེན་དང་ལྡན་པ་ཞིག་ཡིན་ན་བར་དོ་རྣམ་བཞིའི་གདམས་ངག་གསལ་འདེབས་པ་དང་། འཕོ་བའི་དམིགས་པའང་འབོག གལ་ཏེ་ཐ་མལ་པ་ཡིན་ནའང་ལོང་ཆེ་ན་ཐིམ་རིམ་གྱི་འབྱུང་ཚུལ་འཕོ་བའི་ཕན་ཡོན་སོགས་འཆད་ཅིང་། ཁྱད་པར་དུ་ཚེ་འདས་ཀྱི་མིང་ནས་བོས་ལ། འོ་རིགས་ཀྱི་བུ་ཚེ་འདིའི་སྣང་བ་ནུབ་ཕྱི་མའི་སྣང་བ་མ་ཤར་གྱི་བར་དེར་འཕོ་བ་མ་བསྒོམས་སངས་རྒྱས་ཀྱིས་ཁྱོད་བར་དོའི་འཇིགས་པ་ལས་ཐར་བར་བྱེད་པ་ཡིན་པས་ཁྱོད་རང་གི་མདུན་གྱི་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའ་བཞུགས་ཡོད་པས་དེའི་ཐུགས་ཀར་རིག་པ་རྩེ་གཅིག་ཏུ་གཏོད་ཅིག ལན་གསུམ། འོ་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཅན་ཡིན་ལ། ཁྱད་པར་དུའང་རིགས་ཀྱི་བུ་ཁྱོད་སྔོན་གྱི་ལས་ཟད། ཚེའི་འཕེན་པ་རྫོགས་པས་དེ་རིང་འཆི་བ་ཞེས་བྱ་བ་

p. 231

དེ་བྱུང་བ་ཡིན། འདིའི་ཚེ་གལ་ཆེ་བ་འཕོ་བའི་གདམས་པ་ཡིན་ཏེ། སཾ་བྷུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལས་ཀྱིས་འགྲུབ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པས་འཕོ་བའི་གདམས་པས་ཟིན་ན་སྡིག་ཅན་ཡང་འཆི་ཁར་གྲོལ་ནུས་པའི་ཆོས་ཟབ་མོ་ཡིན་ཞིང་། དེའང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཀྱེ་མ་བདག་ལ་འཆི་ཁ་བར་དོ་ཤར་དུས་སུ། །ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །གདམས་ངག་གསལ་བའི་ངང་ལ་མ་ཡེངས་ཞོག །རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕངས། །གདོས་བཅས་ཤ་ཁྲག་ལུས་དང་བྲལ་ལ་ཁད། །མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ཁྱོད་རང་གཉེན་བཤེས་རྣམས་དང་འགྲོགས་པའི་ལས་སྨོན་གྱི་འཕེན་པ་རྫོགས་ཏེ་འཆི་ཁར་སླེབས་པ་ཡིན་པས་འདུས་པའི་སྙིང་ཉེའི་གྲོགས་ལ་མ་ཆགས་ཤིག ད་ནི་སྐད་ཅིག་ཀྱང་འགྲོགས་པའི་མཐུ་མེད་པས་དེ་དག་ལ་ཆགས་ཞེན་སྤངས་ཤིང་གཞན་ཡང་རིགས་དྲུག་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་པའི་བདེ་བ་སྐད་ཅིག་ཙམ་མེད་པས་དེ་དག་ལ་ཆགས་ཞེན་སྤངས་ཏེ་ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བ་ཞིག་བྱ་སྙམ་དུ་གོང་དུ་འཕོ་བའི་གནས་དག་པའི་ཞིང་དུ་ཡིད་གཏད་དེ་བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་ངེ་བ་གྱིས་ལ་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། ཁྱེད་རང་གི་སྤྱི་བོའི་གཙུག་ཏུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ་ཡུམ་སྙེམ་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེས་བརྒྱན་པ་ཞིག་བསམ་ལ་མོས་གུས་ཆིག་སྒྲིལ་གྱིས་གསོལ་བ་ཐོབ་ཅིག ན་མོ། ཕྱོགས་དུས་སོགས་གསུམ། ཧོཿ དེང་ནས་སོགས་གསུམ། བླ་མ་དཔལ་ལྡན་སོགས་གསུམ། སྐྱབས་ཡུལ་རང་ལ་བསྡུ། གོམས་འདྲིས་ཅན་

p. 232

ལ་ཁྱེད་རང་གི་ལུས་སྟོང་ར་འོད་ཀྱི་རང་བཞིན་དུ་གསལ་བའི་ངན་འགྲོའི་སྒོ་དགུར་ཧཱུྃ་མཐིང་ནག་འབར་བ་རེས་བཀག་པ་ལུས་ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་ཙམ་པ་ཕྱི་དཀར་ལ་ནང་དམར་བའི་དྭངས་གསལ་སྦུབས་སྟོང་གི་ཡར་སྣ་རྒྱས་པ་ཚངས་བུག་ལ་ཟུག་པའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བལྟ་བ་མར་སྣ་ཇེ་ཕྲར་སོང་བའི་ལྟེ་འོག་སོར་བཞིའི་མཚམས་སུ་སླེབས་པའི་མར་སྣེར་རླུང་གི་དཀྱིལ་འཁོར་གྱི་སྟེང་གི་དབུ་མའི་ནང་ཁོངས་སུ་ཁྱོད་རང་གི་སེམས་མི་ཤིགས་པའི་ངོ་བོ་ཐིག་ལེ་དཀར་པོ་གསལ་འཚེར་འཕར་ཞིང་གཡོ་བ་ཞིག་གསལ་ཐོབ་མཛོད། དེ་ནས་བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧིཀ྄་བརྗོད་པའི་ཚེ་ཁྱོད་རང་གིས་སྤྱི་བོའི་བླ་མ་དཔལ་རྡོ་རྗེ་སེམས་དཔའ་ལ་མོས་གུས་གདུང་ཤུགས་དྲག་པོས་རེ་ལྟོས་ལིང་གིས་བསྐྱུར་བས་རླུང་དཀྱིལ་སྟེང་གི་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་སྤྱི་བོའི་ཧཾ་དང་རོ་གཅིག་ཏུ་གྱུར་པ་ཚངས་བུག་ནས་མདའ་འཕངས་པ་ལྟར་རྒྱངས་ཀྱིས་སོང་བ་བླ་མའི་ཐུགས་དཀར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་སྤྲོས་པའི་མཐའ་དང་བྲལ་བ་དེའི་ངང་ལ་མཉམ་པར་ཞོག་ཅིག ཕལ་པར། ༀ་སྭ་བྷཱ་ཝས་སྦྱངས། དེ་རྗེས་སྣ་བུག་གཡོན་ནས་འོད་དཀར་པོ་དང་འདོད་ཆགས་ལས་གྱུར་པའི་དུག་ཐམས་ཅད་སངས་ཀྱིས་སོང་བར་བསམ་ལ་རྔུབ། ཡང་སྣ་བུག་གཡོན་ནས་འོད་དམར་པོ་དང་། ཞེ་སྡང་ལས་གྱུར་པའི་དུག་ཐམས་ཅད་སོང་བར་བསམ་ལ་རྔུབ། དབུས་ནས་འོད་སྔོན་པོ་དང་། གཏི་མུག་ལས་གྱུར་པའི་དུག་ཐམས་ཅད་སོང་བར་བསམ་ལ་རྔུབ། སྟོང་ར་ནས་ངན་འགྲོའི་སྒོ་དགུའི་བར་རང་དོན་ལྟར་ལས། དེ་ནས་རང་རྡོར་སེམས་སུ་གསལ། ཕུང་པོ་སྟོང་ར་རྩ་དབུ་མ་རླུང་དཀྱིལ་ཐིག་ལེ་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་རྣམས་གསལ་བཏབ་ནས། ༈ ན་མོ་གུ་རུ། རང་ལུས་སྟོང་གསལ་སོགས་ཀྱིས་བླ་མའི་སྐུ་ལས་འོད་ཟེར་འབྱུང་བ་རང་གི་སྙིང་གར་ཐིམ། དེ་ལས་འོད་ཟེར་འཕྲོས་པས་ཕུང་པོའི་རྣམ་ཤེས་དང་བསྲེ། དེ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༑ ༑དམིགས་ཡུལ་ཚེ་ལས་འདས་པ་འདིའི་བདག་འཛིན་བློས་ཐོངས་པར་བྱིན་གྱིས་རློབས།

p. 233

དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། བར་དོ་རུ་སངས་རྒྱས་པར་བྱིན་གྱིས་རློབས། ཞེས་གསོལ་བ་འདེབས་པ་དང་། རང་གི་ལག་གཡོན་པའི་མཐེ་བོང་སྣང་མཛད་དང་། སྲིན་ལག་འོད་དཔག་མེད་དུ་བསྐྱེད་ལ། ཧིཀ྄་བརྗོད་པའི་ཚེ་སྤྱི་བོའི་སྐྲ་ལེའུ་གཅིག་བཟུང་སྟེ་ཧིཀ྄་བརྗོད་རེས་དང་བསྟུན་སོད་ཐུན་ཅུང་ཟད་རེ་བྱ་ཞིང་། དེ་ལྟར་ཧིཀ྄་བརྗོད་པའི་ཚེ་གནམ་མཐོང་ནས་ཕུག་རོན་འཕུར་བ་ལྟར་ཐིག་ལེ་སྤྱི་བོ་ནས་རྒྱངས་ཀྱིས་ཐོན་པ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ། ཡང་ཐིག་ལེ་མར་མི་འབེབས་པར་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་གསར་དུ་རམ་རམ་བསྐྱེད་ལ་སྔར་ལྟར་རྟགས་མ་བྱུང་གི་བར་དུ་ཧིཀ྄་གསུམ་གྱིས་སྤར་བར་བྱ་སྟེ། དེའི་ཚེ་ཕཊ་དྲག་པོ་བཏབ་པས་གཤིན་པོའི་རྣམ་ཤེས་དང་བླ་མའི་ཐུགས་ཁྲུག་གིས་འདྲེས་པས་ཚེ་འདས་ཉིད་འོག་མིན་གྱི་ཞིང་དུ་སོང་བར་བསམ། བླ་མ་ཇེ་མཐོ་ཇེ་ཆུང་དུ་གྱུར་པ་མཐར་ནམ་མཁའ་དང་ཁྲུག་གིས་འདྲེས་པས་འཕོ་བྱ་འཕོ་བྱེད་ཐམས་ཅད་དང་བྲལ་བ་མི་དམིགས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག རང་གི་རྣམ་ཤེས་ཡི་དམ་གང་ཡིན་གྱི་ས་བོན་ནམ། སྤྱི་ཙམ་དུ་ཧཱུྃ་དཀར་པོའི་རྣམ་པས་སྤྱི་བོ་ནས་ཐིམ་པས་ཡི་དམ་གང་ཡིན་ནམ། དཔལ་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་ལངས་ལ། རྡོར་སེམས་ཡིག་དྲུག་དང་། ཡིག་བརྒྱ། ངན་སོང་གནས་འདྲེན་ༀ་སརྦ་པ་བཾ་བི་ཤུདྷེ་ཧཱུྃ་ཕཊ྄་ཅེས་དང་། རྣམ་སྣང་དང་མི་འཁྲུགས་པའི་གཟུངས། རྫོགས་ཆེན་འབྲུ་དྲུག་འ་ཨ་ཧ་ཤ་ས་མ། འ་ཨ་ཤ་ས་མ་ཧ། སོགས་གཟུངས་སྔགས་བྱིན་ཅན་རྣམས་མང་དུ་བཟླ་ཞིང་། དགེ་བ་འདི་ཡིས་མྱུར་དུ་༴ དཔལ་ལྡན་བླ་མ་སོགས་བཏགས་གྲོལ་བཀླག་པ་བསྔོ་བ་སྨོན་ལམ་སོགས་ཅི་ཤེས་བྱའོ། །འདི་ལྟར་མཁའ་མཉམ་འགྲོ་རྣམས་ཤེས་སྒྲིབ་ཀུན། །འཕོ་བའི་བཙན་ཐབས་སྦྱོར་བས་རབ་བཅོམ་སྟེ། །དྷཱུ་ཏིའི་དབྱིངས་བརྒྱུད་མཁའ་སྤྱོད་གྲུབ་དབྱིངས་སུ། །འཕེལ་འགྲིབ་མེད་པར་རྣམ་གྲོལ་ཉིད་གྱུར་ཅིག །ཅེས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ཞེས་བྱ་བ་འདི་ནི་གྲ་ནང་དར་རྒྱས་ཆོས་སྡིངས་ཀྱི་བུ་སློབ་རྣམས་ལ་ཕན་པའི་ཕྱིར་སྨྱོས་རིགས་ཤཱཀྱའི་དགེ་བསྙེན་མ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་
གྱིས་རང་ལུགས་ཕྱག་བཞེས་ཇི་ལྟ་བ་བཞིན་གྲ་ནང་དར་རྒྱས་ཆོས་གླིང་གི་དབེན་གནས་སུ་ཐུན་མཚམས་ལ་བྲིས་པས་འགྲོ་ཀུན་བྱང་ཆེན་ལ་འགོད་པའི་རྒྱུར་གྱུར་ཅིག མངྒ་ལཾ། །

ཡིག་བརྒྱ་ཀློག་ཚུལ།

p. 234

ཡིག་བརྒྱ་ཀློག་ཚུལ་ནི། ཨོང་འབད་ཛར་སད་ཏཝོ་ས་མ་ཡ། མ་ནུ་པའ་ལ་ཡ། འབད་ཛར་སད་ཏཝོ་ཏེ་ནོ་པ། ཏིས་ཁྲ་འདིར་སྒྲོ་མེ་སྦཧ་ཝ། སུ་ཏོ་ཁ་ཡོ་མེ་སྦཧ་ཝ། སུ་པོ་ཁ་ཡོ་མེ་སྦཧ་ཝ། ཨ་ནུ་རག་ཏོ་མེ་སྦཧ་ཝ། སར་ཝ་སིད་དྷི་ཧི་མེ་པར་ཡད་ཚ། སར་ཝ་ཀར་མ་སུ་ཙ་མེ། ཙིད་ཏན་ཤེ་རེ་ཡཧ་ཀུ་རུ་ཧཱུང་། ཧ་ཧ་ཧ་ཧ་ཧོ། འབའ་འགའ་ཝན། སར་ཝ་ཏ་ཐའ་འགའ་ཏ་འབད་ཛར་མ་མེ་མུན་ཙ་འབད་ཛིར་སྦཧ་ཝ་མ་ཧའ་ས་མ་ཡ་སད་ཏཝོ་ཨཧ། ༈ རྃ་ཡྃ་ཁྃ། སྤྱིར་དེང་སང་གི་རྒྱ་གར་པ་རྣམས་རྗེས་སུ་ང་རོ་ཐམས་ཅད་ང་རུ་ཀློག་པ་མ་ཟད་ཤོང་སྤང་གསུང་རྒྱུན་ལས་ཀྱང་། ཡ་སོགས་བརྒྱད་ལ་ང་རུ་ཀློག །ཅེས་བྱུང་བས། རང་ཡང་ཁང་། ཞེས་ང་རང་དུ་ཀློག་པ་འཐད་དོ། །ཞེས་ལོ་དྷརྨ་ཤྲཱིའི་གསུང་རྒྱུན་འཁྲུལ་མེད་ལགས། །

འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་རྩ་བའི་གཞུང་དོན་གསལ་བྱེད་ཀྱི་མཆན་འགྲེལ་རྩ་ཐོ་ཟིན་བྲིས། ལོ་ཆེན་དྷརྨ་ཤྲཱི།

p. 235

འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་རྩ་བའི་གཞུང་དོན་གསལ་བྱེད་ཀྱི་མཆན་འགྲེལ་རྩ་ཐོ་ཟིན་བྲིས་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

p. 236

འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་རྩ་བའི་གཞུང་དོན་གསལ་བྱེད་ཀྱི་མཆན་འགྲེལ་རྩ་ཐོ་ཟིན་བྲིས་བཞུགས་སོ། །ན་མོ་གུ་ར་བེ། འདིར་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་རྩ་བའི་གཞུང་འདི་འཆད་པ་ལ་བསྡུས་པའི་དོན་གསུམ་སྟེ། དང་པོར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ། མན་ངག་གི་མཚན་བསྟན་པ། མཛད་པ་པོའི་ཕྱག་གཉིས། དང་པོ་ནི། ཞེས་མཚན་མཁའ་འགྲོ་བརྡའི་ཡི་གེར་བཀོད་པ་སྟེ། བོད་ཡིག་ཏུ་བསྒྱུར་ཏེ་བཀོད་ན། འཕགས་པ་འཇམ་དཔལ་ཉིད་ཁྲོ་བོའི་སྐུར་བཞེངས་པ་གཤིན་རྗེའི་གཤེད་ཀྱི་སྒྲུབ་ཐབས་ཀྱི་རྩ་བའི་གཞུང་ལགས་སོ་ཞེས་པ་སྟེ། འདི་ནི་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་ཏེ་ཀུན་འདུས་རྩ་བ་ལྟ་བུ་ཡིན་པའི་ཕྱིར། དཔེར་ན་ཤིང་སྡོང་གི་རྩ་བ་བཞིན་ནོ། །གཉིས་པ་མཛད་པ་པོའི་ཕྱག་ནི། སངས་རྒྱས་ཐམས་ཅད་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བ་ན་ཁྲོ་བོར་སྟོན་པར་མཛད་པའི་ཕྱིར་དེ་ལྟ་བུའི་ཁྲོ་རྒྱལ་ཀུན་གྱི་ཐུགས་མཁྱེན་པའི་ཡེ་ཤེས་དགོངས་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་བསྡུས་པའི་བདག་ཉིད་དམིགས་པ་མེད་པའི་ཐུགས་རྗེའི་ཕྲིན་ལས་རིས་མེད་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ནི་འཇམ་དཔལ་གཤིན་རྗེའི་གཤེད་ཡིན་ལ། དེའི་མཚན་ནི་དཔལ་ཆེན་པོ་ཞེས་བྱ་སྟེ་རང་དོན་དུ་ཆོས་སྐུ་བརྙེས་ནས་རྟོགས་པ་བདག་གི་དང་། གཞན་དོན་དུ་གཟུགས་སྐུ་གཉིས་ཀྱིས་དོན་མཛད་པས་ཐུགས་རྗེ་གཞན་གྱི་དཔལ་དང་ལྡན་པའི་འཇིག་རྟེན་གྱི་དཔལ་ལས་ཁྱད་པར་དུ་བྱས་པའི་ཕྱིར་ཧེ་རུ་ཀ་ཞེས་པ་ཧེ་ཧེ་ལ། མཆན། ནི་སྤྱོད་ཅིང་རྩེན་པ། རུ་རུ་དྷི་ར། མཆན། ནི་ཁྲག ཀ་ནི་བདག་པོའི་

p. 237

སྒྲ་སྟེ་ཁྲག་འཐུང་ངོ་། །ཡང་རྣམ་པ་གཅིག་ཏུ་ན། ཤྲཱི་ཡིག་གཉིས་མེད་མེ་ལོང་ལྟ་བུ། མཆན། ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་མཉམ་ཉིད། མཆན། ཉིད། རུ་ནི་རྣམ་རྟོག་གི །མཆན། ཚོགས་དང་བྲལ་བ་སོར་རྟོག མཆན། སྟེ། ཀ་ནི་གང་དུའང་མི་གནས་པའོ། །ཞེས་པ་ལྟར་སྦྱར་རོ། །ཁྱད་པར་གྱི་མཚན་ལས་ཀྱི་གཤིན་རྗེ་མ་རུངས་པ་རྣམས་འདུལ་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། གཤེད་ཅེས་ཀྱང་བྱའོ། །དེ་ལ་སུས་ཕྱག་འཚལ་བར་མཛད་ཅེ་ན་སློབ་དཔོན་ཆེན་པོས་སོ། །དུས་ནི་མན་ངག་རྩོམ་པའི་ཐོག་མར་རོ། །ཚུལ་ནི་ཡུལ་དང་དགོངས་པ་གཉིས་སུ་མེད་གཤིན་རྗེ་འདུས་རྒྱུད་ལས། འཇིག་རྟེན་ཀུན་གྱི་དབང་ཕྱུག་པོ། །མཐུ་སྟོབས་འཆང་བའི་དྲེགས་པ་ཅན། །ཡི་དྭགས་གཤིན་རྗེ་ཀུན་གྱི་གཤེད། །ཅེས་སོ། །པ་ལྟ་བ་མཇལ་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་ངང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །མཆན། བའི་སྒོ་ནས་སོ། །ལོ་ནི་སླར་བསྡུ་རྫོགས་ཚིག་གོ ། ༈ གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། ཁུངས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་མན་ངག་མཛད་པ་པོ་ཉིད་ཀྱི་ལོ་རྒྱུས་བཤད། ཆོས་ལ་དོན་གཉེར་གྱི་གུས་པས་འཇུག་པའི་ཕྱིར་མན་ངག་གི་ཕན་ཡོན་བསྟན། ཕན་ཡོན་དེ་ལྡན་གྱི་མན་ངག་དངོས་གཏན་ལ་དབབ་པའོ། །དང་པོ་ལ་འཕགས་ཡུལ་གྱི་མཛད་པ་དང་། བོད་ཀྱི་མཛད་པ་གཉིས། དང་པོ་ལའང་། སྤྱིར་བསྟན་པས་མཛད་པ་པོའི་ཆེ་བ་བརྗོད། ཁྱད་པར་གཤེད་སྐོར་གང་ལ་གསན་པའི་ཁུངས་སྨོས་པས་མན་ངག་ལ་རང་བཟོའི་ཉེས་པ་སྤང་བའོ། །དང་པོ་ནི། བདག་འདྲ་ཨོ་རྒྱན་གྱི་མཁན་པོ་མཚན་པདྨ་ཀ་ར་སྟེ་ཨ་ཏི་ཟབ་དོན་སྙི ང་པོ་ལས། རྒྱ་གར། ནུབ་ཕྱོགས་ཨོ་རྒྱན་དྷཱ་ཀིའི་གླིང་༔ དྷ་ན་ཀོ་ཤའི་ཆུ་བོ་སིནྡྷུ་རྒྱ་མཚོར་འབབ་པའི་མཚམས་འོ་མ་ཅན་གྱི། མཚོ་དབུས་སུ༔ མདངས་ལྡན་པདྨའི་སྡོང་པོ་ལ༔ རང་བྱུང་རིག་པའི་ཤུགས་ཀྱིས་བྱུང་༔ རྒྱ་གར་ཡུལ་གྱི་མཁས་པ་ནི༔ ཤཱཀྱ་པྲ་བྷ་ཤཱཀྱ་འོད་དེ་ཕུར་པ་བཀའ་མ་ལས། རིགས་ནི་ཟ་ཧོར་རྒྱལ་པོའི་རིགས། དགེ་སློང་མིང་ནི་ཤཱཀྱ་འོད། །སློབ་དཔོན་པྲ་ཆེན་ཧསྟི་རྩལ། །ཞེས་པྲ་ཧསྟིའོ། །ལས་རབ་བྱུང་༔ དགའ་རབ་འཇམ་དཔལ་བཤེས་གཉེན་དང་༔ ཤྲཱི་སིངྷ་རྒྱལ་པོ་ཛ༔ མཁས་གྲུབ་ཧཱུྃ་ཀ་ར། བི་མ་ལ། ཀླུ་སྒྲུབ། དྷ་ན་སཾ་སྐྲྀ་ཏ། རཾ་བུ་གུ་ཧྱ་སོགས། དུ་མའི་དྲུང་དུ་ཕྱིན༔ དུར་ཁྲོད་བརྒྱད་ཆེན་པོ་རྒྱ་གར་བསིལ་བ་ཚལ། སིངྷ་ལར་སྐུ་ལ་རྫོགས། ཁ་ཆེར་ཧེ་ཆེན་རོལ། ཐོ་གར་གསང་

p. 238

ཆེན་རོལ་པ། ཨོ་རྒྱན་དུ་པདྨ་བརྩེགས་པ། བལ་པོར་ཡ་མ་ཁ། ཟ་ཧོར་དུ་ཁུ་བྱུག་ཀློང་། མི་ཡུལ་དུ་འཇིག་རྟེན་མངོན་རྫོགས། དུ་བརྟུལ་ཞུགས་སྤྱད༔ ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་ཕག་མོས་ཐུན་མོང་གི དངོས་གྲུབ་ཆེན་པོ། བྱིན༔ ཟ་ཧོར་རྒྱ་གར་ཤར་ཕྱོགས། ཡུལ་དུ་རྫུ་འཕྲུལ་གྱི་བཀོད་པ། ངོ་མཚར་བསྟན༔ ཏེ་བྷངྒ་ལ་ཡི་ཡུལ་བཏུལ། མཁའ་འགྲོ་བདུད་འདུལ་མས་རྗེས་སུ་བཟུང་སྟེ། མུ་སྟེགས་རྣམས་ལུང་རིགས་ཀྱིས། ཚར་བཅད་མཐུ་སྟོབས་ཀྱི་སྦྱོར་བ། དྲག་པོས་བསྒྲལ༔ མ་ཚེ་ལམ་ཕྱག་རྒྱ་མ་མནྡྷ་ར་བ་ལ་བརྟེན་ཏེ། ར་ཏི་ཀར་སློབ་དཔོན་ཟུང་འཇུག་ནུས་ཐོབ་ཀྱི་མཐོང་ལམ་ཚེ་དབང་རིག་འཛིན་བརྙེས་ནས། འཆི་མེད་གྲུབ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་ཟླ་གམ་ཐིག་ལེའི་དཀྱིལ་འཁོར་ལ་བརྟེན་ཏེ། དག་ཐུགས་ཀྱི་སྒྲུབ་པ་བྱས༔ མཧཱ་མུ་དྲའི་སིདྡྷི་སིདྡྷི་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ། ཐོབ༔ དེའི་ཚེ། བར་གཅོད་བགེགས་གནོད་སྦྱིན་རྒོད་མ་ཁ་བྱིང་ཁུང་ཀླུ་རྒྱལ་འཁྱམས་པོ། རྣམས་ཕུར་པས་བསྒྲལ༔ ཞེས་སོ༑ ༑དེ་ནས་མཐར་ལམ་རིག་འཛིན་མི་སློབ་པའི་ཟུང་འཇུག་མངོན་དུ་མཛད་དེ། ཚེ་བདག་སྒྲོན་དྲུག་ལས། མཆོག་གི་དངོས་གྲུབ་བརྙེས་པ་སྐུ་ལྔ་ལྷུན་གྲུབ་ཏུ་སངས་རྒྱས་པ་དེ་མཛད་དོ། །ཞེས་སོ། །པདྨ་འབྱུང་གནས་ཀྱིས་ལོ་སུམ་སྟོང་དུ་ཉེ་བའི་བར་རྒྱ་གར་འཕགས་པའི་ཡུལ་དུ་བདེ་བར་གཤེགས་པའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུ་མཛད་དེ་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བ་རྒྱ་ཆེན་པོ་བྱས་ཤིང་། དགའ་རབ། ཤྲཱི་སིངྷ། རྒྱལ་པོ་ཛཿ རིག་འཛིན་བརྒྱད་སོགས་རིག་འཛིན་གྲུབ་ཐོབ་ཐམས་ཅད་ལ། ཕྱི་མཚན་ཉིད་ནང་ཕྱི་རྒྱུད་རྣམས་ཀྱང་གསན་ཅིང་། ཁྱད་པར་གསང་བ་བླ་ན་མེད་པའི་དབང་དང་གདམས་པ་དཔག་མེད་ཞུས། གཉིས་པ་ནི། ཁྱད་པར་དྲག་སྔགས་མཐུ་ཡི་བདག་པོ་མཚན་འཕུང་བྱེད་ཤཱནྟིཾ་གཪྦྷ་ཞེས་བྱ་བ་སྟེ། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། ཞི་བ་སྙིང་པོ་ཞེས་བྱ་བས༔ དྲག་སྔགས་སྤྱད་པ་སྒྲུབ་ཅིང་སྟོན༔ ཅེས་ལུང་བསྟན་པ་དེ་ཡིན་ལ། ཕྱག་རྡོར་གྱིས་གཤེད་སྐོར་བསེ་སྡིག་ཁྲོ་ཆུའི་སྒྲོམ་དུ་བཅུག་སྟེ་བསིལ་བའི་ཚལ་དུ་སྦས་པ་སློབ་དཔོན་འདིས་བཏོན་པ་བཀའ་འབྱེད་དུ་བཤད་པས་ཉེ་བརྒྱུད་དུ་དེའང་དྲང་དུ་རུང་ངམ་སྙམ་མོ། །འོན་ཀྱང་རིང་བརྒྱུད་ཀྱི་དབང་དུ་བྱས་ན། སྟོན་པ་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དུས་དགྲའི་དབང་པོ། བསྡུ་མཛད་གསང་བའི་བདག་པོ་ལག་ན་རྡོ་རྗེ། དེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་བཤད་ནས་མི་ཡུལ་དུ་དར་ཏེ། སློབ་དཔོན་འདི་ཉིད་ནི། རིག་འཛིན་འདུས་རྒྱུད་ལས། མ་ལ་ཡ་ཡི་ཡུལ་དག་ཏུ༔ སྐྱེས་པའི་མཉྫུ་མི་ཏྲ་ཡིས༔ སྐུ་ཡི་སྒྲུབ་ལུགས་

p. 239

གསལ་བར་བྱེད༔ ཅེས་པ་ལྟར་རི་མེ་རི་འབར་བའི་རྩེར་གྲུབ་པ་བརྙེས་ནས་རྒྱུད་དོན་རྣམས་མན་ངག་ཏུ་བསྡེབས་པར་མཛད་དེ། སློབ་དཔོན་གཙུག་ལག་དཔལ་དགེ་ལ་བཤད། དེས་རྒྱ་གར་ཁྲག་འཐུང་ནག་པོ་ལ། དེས་འཕུང་བྱེད་ཤཱནྟིཾ་གཪྦྷ་ལ་གསུངས། དེ་ལ་སློབ་དཔོན་ཆེན་པོས་འཇམ་དཔལ་གྱི་རྒྱུད་དང་སྒྲུབ་ཐབས་ཐམས་ཅད་ཀྱི་སྙིང་པོ་མ་ལུས་པ་གཅིག་ཏུ་བསྡུས་པ་འོ་མའི་ནང་གི་རྩི་མར་ལྟ་བུའི་མན་ངག་མཆོག་ཏུ་གྲུབ་པ་ཐུགས་རྒྱུད་དྭངས་མའི་ཁྲག་ཐིག་ལྟར་ཤིན་ཏུ་ཟབ་ཅིང་གཅེས་པའི་མན་ངག་འདི་ཞུས་ནས་རེ་ཞིག་སུ་ལའང་མ་སྤེལ་བར་ཐུགས་ཉམས་སུ་བླང་ཞིང་སློབ་དཔོན་རང་གི་སྙིང་ལ་གབ་སྟེ་བཞུགས་སོ། །གཉིས་པ་བོད་ཀྱི་མཛད་པ་ལ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་མན་ངག་འདི་ཉིད་ཇི་ལྟར་གསུངས་ཚུལ་ལོ། །དང་པོ་ནི། དེ་ལྟར་བཞུགས་པ་དེའི་ཚེ་ན་འཇམ་དཔལ་གྱི་སྤྲུལ་པ་གངས་ཅན་བོད་ཀྱི་རྗེའམ་རྒྱལ་པོ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས་རྦ་ཁྲི་བཞེར་སྣ་སྣམ་མཆིམས་ཤུད་བུ་བཞི་པོ་ཕོ་ཉར་མངགས་ཏེ་སྤྱན་དྲངས་པའི་ངོ་དང་། བོད་ཀྱི་གདུལ་བྱ་རྣམས་འདུལ་བ་ཡི་དུས་ལ་བབ་ཕྱིར། ལུང་བྱང་ལས། ཆོས་རྒྱལ་ངོ་དང་སྨོན་ལམ་ཡུལ་གཟིགས་ནས༔ སྟག་གི་ལོ་ལ་གངས་ཅན་ཡུལ་འདིར་སླེབས༔ ཞེས་པ་ལྟར་སྟག་ལོ་ལ་སློབ་དཔོན་བདག་གིས་བོད་དུ་འོངས་ནས་རྗེ་ཡི་དགོངས་པ་ལ་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་རྣམ་པར་དག་པ་ཞིག་ཚུགས་ན་ཅི་མ་རུང་སྙམ་པའི་བཞེད་དོན་རྣམས་མཐར་ཕྱིན་པར་བདག་གིས་གང་བར་བྱས་ཏེ། ཇི་ལྟར་ཞེ་ན་སྐུ་རྟེན་དུ་གཙུག་ལག་ཁང་གི་ས་འདུལ་རབ་གནས། གསུང་རྟེན་དུ་དམ་ཆོས་བསྒྱུར་ཅིང་བཤད། ཐུགས་རྟེན་དུ་སྒྲུབ་གྲྭ་བཙུགས་ནས་བསྟན་པ་དར་ཞིང་རྒྱས་པས་བོད་ཁམས་དཀར་པོས་བསྒྱུར་བའི་ཕྱིར་དང་། མ་འོངས་པའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་ཆོས་དང་གདམས་པ་གྲངས་མེད་པ་གཏེར་དུ་སྦས་པ་སོགས། དེ་ལྟར་བོད་འབངས་རྣམས་ཀྱི་བདེ་སྐྱིད་གོང་ནས་གོང་དུ་སྤེལ་བར་མཛད་པ་སྟེ། ལུང་བྱང་ལས། གཙུག་ལག་ས་བཏུལ་རབ་གནས་མངའ་གསོལ་བྱས༔ ཆོས་དང་གདམས་པ་བསྟན་སྲུང་དྲག་སྔགས་བཅས༔ སྨོན་ལམ་དབང་གིས་རྗེ་འབངས་རྣམས་ལ་བཤད༔ མ་

p. 240

འོངས་དོན་ཕྱིར་གཏེར་ཁ་དཔག་མེད་སྦས༔ ཞེས་སོ། །མདོར་ན་སྐྱེ་རྒུ་ཐམས་ཅད་ལ་ཕན་པ་དང་བདེ་བའི་འགྲོ་དོན་དཔག་ཏུ་མེད་པ་བྱས་པས་ཁོ་བོའི་བཀའ་དྲིན་བསམ་པར་གྱིས་ཤིག་ཅེས་གདམས་པ་སྟེ། ཨ་ཏི་ལས། དེ་ཕྱིར་འཛམ་གླིང་འགྲོ་བ་ལ༔ པད་འབྱུང་བདག་ལས་དྲིན་ཆེ་མེད༔ རྟག་ཏུ་གསོལ་བ་སྙིང་ནས་ཐོབ༔ ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་འཁོར་གྱིས་ཞུས་པ་དང་། སློབ་དཔོན་གྱིས་གསུངས་པའི་ཚུལ་གཉིས་ལས། དང་པོ་ལའང་གནས་གང་དུ། གང་ཟག་གང་གིས། ཚུལ་ཇི་ལྟར་ཞུས་པའོ། །དང་པོ་ནི། ཁྱད་པར་བོད་ཡུལ་གྱི་སའི་ནང་ཚན་བྲག་དམར་དཔལ་གྱི་བསམ་ཡས་ཀྱི་དབེན་གནས་མཆིམས་ཕུའི་གསང་ཕུག་ག་ལ་བ་རུ་ཞུས་པའོ། །གཉིས་པ་ནི། ལས་དང་སྐལ་བ་ཅན་གྱི་གང་ཟག་རྒྱུད་དག་པས་ཟབ་མོའི་ལམ་ཉན་པའི་སྣོད་དང་ལྡན་པའི་འཁོར་མཁར་ཆེན་བཟའ་དང་ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་ཞུས་སོ། །གསུམ་པ་ནི། ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བཤམས་ཤིང་རིན་ཆེན་གསེར་གྱི་མ་དྷལ་ལ་ལོ་ཆེན་གྱིས་གན་གཡུ་སྐར་ཆེན་འོད་འཕྲོ་ཚོམ་བུར་བཀོད་ནས་ཕུལ། གུས་པས་ཕྱག་དང་བསྐོར་བ་གྲངས་མེད་བྱས་ནས་འདི་སྐད་ཅེས་གསོལ་ཏེ། དུས་དང་སེམས་ཅན་དང་ཚེ་དང་ལས་དང་ཉོན་མོངས་པའི་སྙིགས་མ་སྟེ་ལྔ་བདོར་གྱུར་པའི་ཚེ། བདེ་བར་གཤེགས་པའི་བསྟན་པ་ལ་གནོད་པར་བྱེད་པའི་མ་རུངས་དགྲ་སྡེའི་དཔུང་རྣམས་མ་ལུས་པ་བསྒྲལ་བར་བྱ་བ་དང་། དམ་པའི་ཆོས་ཚུལ་བཞིན་དུ་བྱེད་པའི་སྐྱེས་བུ་རྣམས་སྲུང་ཞིང་སྐྱོང་བར་བྱ་བའི་དོན་ཆེད་དུ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་གདམས་པ་ཟབ་ཅིང་འདྲིལ་བ་སྙིང་པོའི་བཅུད་དུ་གྱུར་པའི་གནད་ཐིག་ཟབ་མོ་གསུང་དུ་གསོལ་ཅེས་ཞུས་པའོ། །གཉིས་པ་ལ། གདམས་པའི་ཆེ་བ་བརྗོད་དེ་སྔོན་ཆད་གཞན་ལ་མ་བསྒྲགས་པས་རྙེད་དཀའ་བར་བསྟན་པ། ཞུ་བ་པོ་སྣོད་ལྡན་དུ་གཟིགས་ཏེ་གསུང་བར་ཞལ་གྱིས་བཞེས་པ། གསང་སྤྱོད་ཀྱི་སྒོ་ནས་སྒྲུབ་ཅིང་མི་སྤེལ་བར་བཀའ་རྒྱས་གདབ་པ་དང་གསུམ། དང་པོ་ནི། དེ་ལྟར་གསོལ་བ་བཏབ་པ་དེའི་ཚེ་སློབ་དཔོན་གྱིས་བཀའ་སྩལ་པ། བདག་གི་ཐུགས་ཀྱི་

p. 241

ཏི་ཀ་སྟེ་དགོངས་པའི་ཞེ་ཕུག་མཐར་ཐུག་པའི་ལམ་མཆོག་ཤིན་ཏུ་ཟབ་ཅིང་འདྲིལ་བའི་གདམས་པ་དྲེགས་པ་འཇོམས་བྱེད་ཀྱི་ཆོས་སྐོར་འདི་ནི་སྔོན་ཆད་རྒྱ་དང་བོད་ཀྱི་ཡུལ་གཉིས་ཀར་སུ་ལའང་མ་བཤད་པས་རླུང་ཕྱོགས་ཙམ་དུའང་མ་གྲགས་ཏེ་ཤིན་ཏུ་གཅེས་པའི་གདམས་ངག་ཡིན་པའི་ཕྱིར། དེ་ཡིན་ཏེ། ལུང་བྱང་དུ་སློབ་དཔོན་གྱིས། འདི་ནི་ཐུགས་ཀྱི་བརྣག་པ་མིན་རེ་ཀན༔ ཞེས་དབུ་སྙུང་བཞེས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ཡིན་མོད། འོན་ཀྱང་ཁྱེད་གཉིས་སྔོན་གྱི་སྨོན་ལམ་དང་ལས་ཀྱི་འབྲེལ་བ་བཟང་པོས་མཚམས་སྦྱར་བའི་ཕྱིར་དང་། ཁྱད་པར་གསང་སྔགས་ཟབ་མོའི་ལམ་ཉན་རུང་གི་སྣོད་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བདག་གིས་བཤད་པར་བྱ་ཞེས་ཞལ་གྱིས་བཞེས་པའོ། །གསུམ་པ་ནི། ཁྱེད་ཅག་གཉིས་ཀྱིས་ཀྱང་གཞན་དུ་མ་སྤེལ་བར་རང་གིས་ཉམས་སུ་ལེན་པར་བྱ་བ་ཤིན་ཏུ་གཅེས་པ་ཉིད་དེ། གལ་ཏེ་གཞན་དུ་སྤེལ་བར་གྱུར་ན་དམ་ཚིག་ཉམས་པར་གདོན་མི་ཟའོ། །ཞེས་ཞུ་བ་པོ་གཉིས་དང་ཁྱད་པར་ལོ་ཙཱ་བ་ཆེན་པོ་ལ་གདམས་ཤིང་གཏད་པ་སྟེ། ལུང་བྱང་ལས། ཁྱད་པར་ལོ་ཙཱ་བཻ་རོ་ཙ་ན་ལ༔ སྙིང་པོའི་བཅུད་མཆོག་གཤིན་རྗེའི་གདམས་པ་བསྟན༔ སྤེལ་བར་མི་བྱ་སྙིང་ལ་གབ་བྱས་ནས༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦོས༔ ཞེས་གསུངས་པ་ལྟར་གཏེར་དུ་སྦས་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་གཏེར་བདག་གླིང་པས་ངོ་མཚར་བའི་རྫུ་འཕྲུལ་གྱི་བཀོད་པ་དང་བཅས་ཏེ་སྤྱན་དྲངས་ནས་བདག་སོགས་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བ་ཡིན་ནོ། །གཉིས་པ་ཆོས་ལ་དོན་གཉེར་གྱི་གུས་པས་འཇུག་པའི་ཕྱིར་མན་ངག་གི་ཕན་ཡོན་བསྟན་པ་ལ། སྲུང་བཟློག་བསད་གསུམ་སོ་སོའི་ཕན་ཡོན་བཤད་པ། སྤྱིའི་ཕན་ཡོན་དཔེས་བསྟན་པ༑ དེའི་དོན་ཉམས་སུ་ལེན་པ་ལ་ནན་ཏན་དུ་བྱེད་པར་གདམས་པའོ། །དང་པོ་ལའང་། སྲུང་བའི་དང་། བསད་པའི་དང་། བཟློག་པའི་ཕན་ཡོན་གསུམ་ལས། དང་པོ་ནི། དེས་ན་གདམས་པ་འདི་ཉིད་ནི་ཕས་རྒོལ་གྱི་གཡུལ་ངོ་བསྲུང་བ་ལ་ཤིན་ཏུ་སྲ་བ་མི་ཤིགས་པའི་རྫས་རྡོ་རྗེ་ཕ་ལམ་གྱི་གོ་ཆ་ལྟ་བུ་དང་། ཆོས་མཛད་ཀྱི་སྐྱེས་བུ་རྣམས་ཀྱི་སྲོག་བསྲུང་བ་ལ་མི་ཤིགས་

p. 242

པའི་མཁར་ལྟ་བུ་སྟེ་དེ་གཉིས་ནི་གཙོ་བོར་སྲུང་བའི་ལས་ཀྱི་ཐོབ་པའི་ཕན་ཡོན་ནོ། །དེ་ལྟར་ཡང་ཏིང་འཛིན་སྲུང་བའི་མན་ངག་ལས། དེས་ནི་བྱད་དང་རྦོད་གཏོང་དང་༔ མི་མཐུན་ཕྱོགས་རྣམས་བསྲུང་བར་འགྱུར༔ ཞེས་སོ། །གཉིས་པ་ནི། ལས་ཀྱི་སྦྱོར་བ་གང་གིས་བདེ་བར་གཤེགས་པའི་བསྟན་པའི་སྤྱི་དགྲ་མ་ལུས་པ་བརླག་ཅིང་འཇོམས་པར་ནུས་པ་སྟེ། དཔེ་རྣོ་བའི་མཚོན་གྱིས་བཏབ་པ་བཞིན་ནོ། །དེ་ནི་གཙོ་བོར་བསད་པའི་ལས་ཀྱིས་ཐོབ་པའི་ཕན་ཡོན་ཏེ། བསད་པའི་མན་ངག་ལས། དྲག་སྔགས་འདི་བཟླས་ལས་སྦྱར་ན༔ རྣོ་གསུམ་མཚོན་ལ་ངར་བཏགས་འདྲ༔ འདི་ཡིས་མི་ཐུལ་མི་འཇོམས་པའི༔ དགྲ་བགེགས་བྱད་མ་ཡོད་མ་ཡིན༔ ཞེས་སོ། །གསུམ་པ་ནི། ལས་ཀྱི་སྦྱོར་བ་གང་གིས་ཕས་ཀྱི་བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་སོགས་མི་མཐུན་པའི་ཕྱོགས་ཀུན་བྱད་མ་ཕ་རོལ་པོའི་སྟེང་དུ་བཟློག་པར་གདོན་མི་ཟ་བའི་ནུས་པ་ཅན་ཏེ། བྱད་མ་རྣམས་རང་གཤེད་རང་ལ་འབེབས་པའི་འཕྲུལ་འཁོར་ཡིན་པའི་ཕྱིར་རོ། །དེ་ནི་བཟློག་པའི་ལས་ཀྱིས་གཙོ་བོར་ཐོབ་པའི་ཕན་ཡོན་ཏེ། བཟློག་བྱང་ལས། བྱད་དང་རྦོད་གཏོང་མི་མཐུན་པའི༔ ཕྱོགས་ཀུན་བཟློག་པར་གདོན་མི་ཟ༔ ཞེས་སོ། །འདིར་ཁ་ཅིག་དེ་གསུམ་སྲུང་བཟློག་བསད་གསུམ་གྱི་ཕན་ཡོན་ཡིན་ན་ཧ་ཅང་རྩིང་སྟེ་ལས་སྦྱོར་ཡིན་མཉམ་ལ་མནན་སྲེག་འཕང་གསུམ་གྱི་ཕན་ཡོན་མ་བྱུང་བའི་ཕྱིར་ཆད་པའི་སྐྱོན་ཡོད་དོ་ཟེར་ན། དེ་གསུམ་ཕན་ཡོན་དམིགས་ཕྱེ་ནས་འདིར་མ་སྨོས་པ་ལ་སྐྱོན་མེད་དེ། མནན་སྲེག་འཕང་བའི་སྦྱོར་བ་གསུམ་ནི་སྲུང་བཟློག་བསད་གསུམ་གྱི་ལས་ཀྱི་མཐའ་སྡུད་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཆོས་འདི་ནི་བྱང་ཆུབ་སྒྲུབ་པ་ལ་བར་ཆད་སེལ་བྱེད་ཀྱི་ཐབས་ཡིན་གྱི། བྱང་ཆུབ་སྒྲུབ་པའི་ལམ་དངོས་ནི་མ་ཡིན་ཏེ། བཤད་མ་ཐག་པའི་ཕན་ཡོན་དེ་དག་གི་ཕྱིར་ཟེར་ན། ལན་ནི། ལས་སྦྱོར་སྒྲུབ་པའི་དམིགས་ཡུལ་དེ་འཆད་འགྱུར་ལྟར་ཤེས་རབ་ཀྱིས་བརྩམ་པར་བྱ་བའི་ཡུལ་དང་། སྙིང་རྗེས་བརྩམ་པར་བྱ་བའི་ཡུལ་གཉིས་ཡོད་ལ། དེའི་རྒྱུ་མཚན་གྱིས་ཕས་ཀྱི་སྦྱོར་བ་འདི་དག་གིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་བྱེད་ཀྱི་ཐབས་རྨད་དུ་བྱུང་བ་ཡིན་པའི་ཕྱིར་སྐྱོན་མེད་དོ། །གཞན་

p. 243

ཡང་བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་བྱེད་ཡིན་པའི་གནད་ཀྱིས་བྱང་ཆུབ་སྒྲུབ་བྱེད་བླ་ན་མེད་པར་འགྱུར་ཏེ། རྣམ་བཅད་ཀྱི་ཆ་ནས་བར་ཆད་ལ་སོགས་པའི་སྐྱོན་རྣམས་སྤངས་པས། ཡོངས་གཅོད་ཀྱི་ཆ་ནས་རྟོགས་པའི་ཡོན་ཏན་རྣམས་ངང་ངམ་ཤུགས་ཀྱིས་འགྲུབ་པ་རྟེན་འབྲེལ་གྱི་ཆོས་ཉིད་དགག་ཏུ་མེད་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། རྟོགས་པ་ནི་སྤངས་པས་གོ་ཕྱེ་བ་ཙམ་དུ་ཟད་པའི་ཕྱིར། དཔེར་ན་སྣང་བས་མུན་པ་བཞིན་ནོ། །གཉིས་པ་ནི། མན་ངག་འདི་ཡི་གཞུང་ནས་ཇི་སྐད་གསུངས་པ་ལྟར་ལས་ཀྱི་སྦྱོར་བ་བརྩམས་ན་གང་དམིགས་པར་བྱ་བའི་འབྲས་བུ་ཉིད་གདོན་མི་ཟ་བར་འགྲུབ་པར་འགྱུར་ཏེ། བཟློག་པའི་མན་ངག་ལས། དེ་ལྟར་དྲག་སྔགས་བཟླས་ཙམ་ན༔ སྲེད་མེད་བུ་ཡི་སྟོབས་ཀྱང་འཇོམས༔ ཞེས་དང་། གདབ་ཁའི་བྱང་བུ་ལས་ཀྱང་། འདི་ནི་ཀུན་གྱི་ཡང་སྙིང་སྟེ༔ བདུད་སྡེ་བྱེ་བ་འབུམ་སྡེ་ཡང་༔ སྐད་ཅིག་ཉིད་ལ་བརླག་པར་བྱེད༔ དེ་ཕྱིར་འདི་ལ་ནན་ཏན་མཛོད༔ ཅེས་གསུངས་པ་དང་། གསར་འགྱུར་གཤིན་རྗེའི་རྒྱུད་རྟོགས་པ་གསུམ་པ་ལས། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི༑ ༑མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོ། །གལ་ཏེ་བསྒྲུབ་བྱ་རང་གི་ལས་ལ་སྦྱོར་བ་མ་ནུས་པ་ཞིག་ནའང་། གཞན་དག་གིས་སྔགས་དང་སྲུང་བའི་འཁོར་ལོ་ཙམ་བྱས་ཏེ་བྱིན་གྱིས་རློབ་པ་ལ་སོགས་པའི་ལས་བརྩམས་པ་དེ། བསྒྲུབ་བྱ་གང་གིས་མཐོང་ངམ་ལུས་ལ་རེག་ཀྱང་རུང་སྟེ་དེ་ཙམ་གྱིས་ཀྱང་བདུད་ཚོགས་བསྲུང་ཞིང་བཟློག་པ་ལ་སོགས་པའི་ཕན་ཡོན་ཐོབ་པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དཔེར་ན་བ་མོར་ཉི་མ་ཕོག་པ་ན་སྐད་ཅིག་ཀྱང་སྡོད་པའི་མཐུ་མེད་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ཡང་འཁོར་ལོའི་གཞུང་ལས། གང་གི་མགུལ་དུ་བཏགས་པ་ན༔ ནད་གདོན་བགེགས་དང་བྱད་སྟེམས་ཀྱི༔ གནོད་པ་ཀུན་ལས་བསྲུང་བར་འགྱུར༔ ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། དེ་བས་ན་མངོན་སྤྱོད་ཀྱི་སྦྱོར་བས་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པར་འདོད་པ་དག་ཚུལ་འདི་ཁོ་ན་ལ་ནན་

p. 244

ཏན་དུ་བརྟེན་པར་མཛོད་ཅེས་གདམས་པ་སྟེ། དཔེར་ན་ཆུ་སྲིན་ཤི་བའི་ཁ་ནི་སུས་ཀྱང་མི་ཕྱེད་པ་བཞིན་དུ། དངོས་གྲུབ་འདོད་པ་དེ་སྒྲུབ་པའི་ཐབས་ལས་ནམ་ཡང་མི་འདའ་བའི་སྒོ་ནས་དམ་དུ་བྱ་དགོས་ཏེ། དེ་ལྟར་བྱེད་པ་དངོས་གྲུབ་འགྲུབ་པའི་གནད་ཡང་དག་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཕན་ཡོན་དེ་ལྡན་གྱི་མན་ངག་དངོས་གཏན་ལ་དབབ་པ་ལ། གང་ལ་དམིགས་པར་བྱ་བའི་ཡུལ། གང་གིས་སྒྲུབ་པར་བྱེད་པའི་ཐབས། དེས་གྲུབ་པའི་འབྲས་བུ་དང་གསུམ། དང་པོ་ནི། གང་དུ་བསྒྲལ་བྱ་མཐར་ཐུག་གི་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། དེར་བསྒྲལ་བའི་ཆེད་དུ། སྒྲོལ་བྱེད་ཀྱི་ཐབས་གང་གིས། གང་བསྒྲལ་བྱའི་ཞིང་དེ་དམིགས་ཡུལ་དུ་བྱས་ནས་སྒྲོལ་བའོ། །དེ་ལ་དབྱེ་ན། སྒྱུ་འཕྲུལ་དྲྭ་བ་ལས། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་པས་གཉིས་ཏེ། རྟོགས་པས་བདག་བསྒྲལ་བར་བྱ་བའི་ཡུལ་དང་། སྙིང་རྗེས་གཞན་བསྒྲལ་བར་བྱ་བའི་ཡུལ་ལོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་མེད་ཀྱི་ཡེ་ཤེས་དེ་རྟོགས་པར་བྱེད་པའི་གེགས་བདག་ལྟའི་མཚན་ཉིད་ཅན་གྱི་གཉིས་འཛིན་གྱི་ཞེན་རྟོག་དེ་ཡིན་ཏེ། ལས་བྱང་ལས། གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུའི་དགྲ༔ ཞེས་དང་། གདབ་ཁའི་བྱང་བུ་ལས་ཀྱང་། སྣང་སྲིད་གདོད་ནས་ཆོས་སྐུར་རོ་གཅིག་ལ༔ མ་རྟོགས་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང་༔ ཞེས་གསུངས་པ་ལྟ་བུའོ། །འདིར་རྟོགས་བྱ་གཉིས་མེད་ཀྱི་ཡེ་ཤེས་དེ་གང་ཞེ་ན། རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པའི་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཀུན་རྫོབ་བདེན་པ་སྟེ། དེ་ཉིད་ཀྱང་ཕྱོགས་རེ་བ་མ་ཡིན་པར་ངོ་བོ་དབྱེར་མི་ཕྱེད་པ་མཉམ་པ་ཉིད་དུ་གནས་པ་ནི་ལྷག་པ་བདེན་པ་དབྱེར་མེད་ཅེས་བྱའོ། །དེ་ཡང་ཐ་སྙད་ཙམ་དུ་དབྱེར་མེད་ཅེས་བརྗོད་ཀྱང་དེར་འཛིན་གྱི་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་སྤྱོད་ཡུལ་དང་

p. 245

བྲལ་བ་ཞེས་གདགས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་གསེར་བཟང་པོའི་ཁམས་ལྟར་རང་བཞིན་འགྱུར་བ་མེད་པར་བཞུགས་སོ། །དེ་ལྟར་ཡང་འཇམ་དཔལ་ཞི་སྒྲུབ་ལས། ཐམས་ཅད་རང་གྲོལ་གཉུག་མའི་ངང་༔ འགྱུར་མེད་དོན་གྱི་ཆོས་སྐུའོ༔ ཞེས་དང་། བདེ་གཤེགས་ཀུན་འདུས་ཀྱི་རྩ་སྒྲུབ་ལས། གདོད་ནས་དག་ཚེ་བདག་གི་རྒྱུད་ལས། རྩ་བ་མི་འགྱུར་བྱང་ཆུབ་སེམས། །གཅིག་ནི་ཀུན་གྱི་རང་བཞིན་ཡིན། །ཞེས་དང་། དེའི་མན་ངག་སློབ་དཔོན་གྱིས་མཛད་པར་ཡང་། ཆོས་རྣམས་ཐམས་ཅད་རང་གི་སེམས། །སེམས་ནི་སྐྱེ་འགག་གཉིས་མེད་པར། །ཐམས་ཅད་ཀུན་གྱི་དངོས་གཞིར་གནས། །སྐུ་གསུམ་རྒྱལ་བའི་དགོངས་པར་གཅིག །རོལ་པ་ཆེན་པོ་གསུམ་དུ་ཤར། །ཡེ་ཤེས་རྒྱས་པ་སྒྲུབ་མི་དགོས། །ཞེས་སོ། །མཆན། པའི་རིག་པ་ནི༔ ཡེ་ནས་ཆོས་སྐུར་གནས་པ་ལ༔ དབུལ་པོའི་ཁྱིམ་གྱི་ས་འོག་ན༔ གནས་པའི་ནོར་བུ་རིན་ཆེན་བཞིན༔ ངོ་མ་ཤེས་པས་འཁོར་བར་འཁྱམས༔ ངོ་སྤྲོད་དེ་ངོ་ཤེས་པ་ནི༔ ཆོས་དབྱིངས་ཡེ་ཤེས་རྟོགས་པ་སྟེ༔ སངས་རྒྱས་ཞེས་སུ་གྲགས་པའོ༔ ཞེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་དེར་མཉམ་པར་ཤེས་པ་ན་ལྟ་བ་འཁོར་འདས་དབྱེར་མེད་རྙེད་པ་ཞེས་བྱ་སྟེ། ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་དང་། དགྱེས་རྡོར་ལས་ཀྱང་། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་པའི་དོན་ལ་ངེས་པ་རྙེད་པར་འགྱུར་རོ། །གལ་ཏེ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་འདི་མ་རྙེད་ན། སྔགས་ལམ་དུ་ཞུགས་པའི་ཚེ་རང་བཞིན་དག་པའི་ཆོས་ལ་ངེས་པར་ཐེ་ཚོམ་ཟ་བར་འགྱུར་བས་རྩ་ལྟུང་དགུ་པ་ཕོག་པར་གདོན་མི་ཟ་བའི་ཕྱིར། ཅི་ནས་ཀྱང་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྙེད་པའི་ཐབས་ལ་འབད་པར་བྱའོ། །འོ་ན་གཞི་བཅིངས་གྲོལ་མེད་པའི་གནས་ལུགས་དེ་ལས་ཇི་ལྟར་འཁྲུལ་ཞེ་ན། དེ་སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །

p. 246

དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་བྱུང་། །མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པས། གསེར་དང་གསེར་གྱི་གཡའ་ལྟར་ལྷན་སྐྱེས་ཀྱི་མ་རིག་པས་རང་ངོ་རང་གིས་མ་ཤེས། དུང་ལ་སེར་འཛིན་ལྟར་ཀུན་བརྟགས་ཀྱི་མ་རིག་པས་གཉིས་མེད་ལ་གཉིས་སུ་ཞེན་པའི་ཕྱིན་ཅི་ལོག་ཏུ་བཟུང་སྟེ། དེ་ལྟར་འཁྲུལ་པའི་དབང་གིས་ལས་ཉོན་ལ་རང་གར་སྤྱད་པས་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་ཞིང་དེ་དག་གི་བག་ཆགས་སེམས་རྒྱུད་ཀྱི་སྟེང་དུ་བཞག་པས། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་ཤེས་ཞེས་གང་གསུངས་པ་སྟེ་དྲི་མ་དང་བཅས་པའི་སེམས་ཀྱི་གནས་ལུགས་སོ། །གཞན་ཡང་གྲུབ་མཐའ་ལོག་པར་བརྟགས་པའི་འཁྲུལ་པ་དང་། སྦྱོང་བའི་ལམ་ལ་ཞུགས་པའི་འཁྲུལ་པ་རྣམས་ཀྱང་ཤེས་པར་བྱའོ། །དེ་ལྟར་ན་སྙིགས་མ་ལྔ་བདོར་གྱུར་པའི་ཚེ་བསྒྲལ་བའི་ཞིང་ཞེས་གསུངས་པ་ལ་བཤད་ཚུལ་གྱི་ཟུར་གཉིས་ལས་དེ་དག་ནི་རྟོགས་པས་བདག་བསྒྲལ་བའི་ཞིང་གཉིས་འཛིན་གྱི་ཞེན་རྟོག་ངོས་བཟུང་བ་སྟེ་ནང་གི་ཞིང་ལ་སྦྱར་ཚུལ་ལོ། །གཉིས་པ་ལ་བསྒྲལ་བྱའི་ཡུལ་ངོས་བཟུང་བ་དང་། དེ་མ་བསྒྲལ་བའི་ཉེས་དམིགས་སོ། །དང་པོ་ནི༑ འདིར་དངོས་བསྟན་ཕྱིའི་ཞིང་ལ་སྦྱར་བར་བྱ་སྟེ། དུས་དང་སེམས་ཅན་དང་ཚེ་དང་ལས་དང་ཉོན་མོངས་པ་སྟེ་སྙིགས་མ་ལྔ་པོ་བདོ་བར་གྱུར་པ་དེའི་ཚེ་ན་གདུལ་བྱ་གདུག་པ་ཅན་ཤིན་ཏུ་དར་བའི་ཕྱིར་མངོན་སྤྱོད་ཀྱི་ལས་ཀྱིས་གདུལ་བར་བྱ་དགོས་ལ། དེ་ཡང་ལྟ་བའི་གདེང་དང་སྒོམ་པའི་ཉམས་མྱོང་དང་སྒྲོལ་བའི་ཐབས་ཀྱི་སྤྱོད་པ་ལ་ཤིན་ཏུ་མཁས་པའི་སྔགས་པས་ཚད་མེད་པའི་སྙིང་རྗེ་ཆེན་པོས་བསྒྲལ་བར་བྱ་བའི་ཞིང་ནི་རྣམ་པ་བཅུ་སྟེ། གང་ཞེ་ན། དཀོན་མཆོག་གསུམ་སྨོད་ཅིང་སྤོང་བ་དང་ཁྱད་པར་དུ་བསྟན་པ་ལ་གནོད་པར་བྱེད་པའི་དཀོན་མཆོག་གི་སྐུ་དགྲ་དང་། རྡོ་རྗེ་སློབ་དཔོན་ལ་བརྙས་ཤིང་གནོད་པར་བྱེད་པའི་སྐུ་དགྲ་དང་། གསང་སྔགས་ཀྱི་དམ་ཚིག་ལས་ཉམས་པ་དང་། ལོག་པའི་ལྟ་བ་མ་རུངས་པ་འཛིན་པར་བྱེད་པ་དང་། བླ་མ་མཆེད་ལ་འཁུ་བ་དང་། འདུ་བར་འོས་པ་མིན་བཞིན་དུ་

p. 247

གསང་སྤྱོད་ཀྱི་གྲལ་དུ་རྐུ་ཐབས་སུ་འདུས་པ་དང་། སེམས་ཅན་ཡོངས་ལ་སྙིང་ནས་འཚེ་བས་གནོད་པར་བྱེད་པ་སྟེ། སྡུག་བསྔལ་གྱི་རྒྱུ་ལས་ངན་སྟོབས་པོ་ཆེ་ལ་སྤྱོད་པའི་མིའི་རྟེན་ཅན་བདུན་དང་། དེའི་སྟེང་དུ་སྡུག་བསྔལ་གྱི་འབྲས་བུ་བཟོད་དཀའ་བ་ལ་སྤྱོད་པ་ངན་སོང་གསུམ་སྟེ་གསུམ་སོ་སོར་བགྲངས་པས་ཞིང་བཅུའོ། །འོ་ན་སོགས་ཁོངས་སྨོས་པ་གང་ཞེ་ན༑ གདུག་པ་ཅན་ནི་མིའི་རྟེན་ཅན་དེ་རྣམས་སུ་མ་ཟད་བསྟན་པ་དང་སེམས་ཅན་ལ་འཚེ་བའི་འབྱུང་པོ་མ་རུངས་པ་ལ་སོགས་པ་རྣམས་ཀྱང་ཞིང་གུད་དུ་ཕྱུང་ནས་བསྡུ་བའོ། །དེ་ལྟར་བཅུ་པོ་དེ་རྣམས་ནི་མངོན་སྤྱོད་ཀྱི་ལས་ཀྱིས་ངེས་པར་བསྒྲལ་བའི་ཞིང་དུ་གྱུར་པ་ཡིན་པའི་ཕྱིར། རྣལ་འབྱོར་པ་རྣམས་ཀྱིས་གདུག་པ་ཅན་དེ་དག་ལ་ཐ་མལ་གྱི་བྱམས་པས་ལོག་སྲེད་མི་བྱ་བར་མ་ཟད་འཕྲལ་དུ་བཟོད་པ་བསྒོམ་པར་ཡང་མི་བྱ་སྟེ། གདོང་དྲུག་གི་རྒྱུད་ལས་ཀྱང་། གདུག་པ་རྣམས་ལ་བཟློག་སྟེ་བྱ། །དངོས་སམ་ཡང་ན་སྔགས་དང་གཞན། །འཁྲུ ལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མི་བྱེད་དེ་ཡི་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་གསུངས་སོ། །འདིར་ཁ་ཅིག་ན་རེ། མངོན་སྤྱོད་ལས་ནི་བཟོད་ཐོབ་པ་ཏིང་ངེ་འཛིན་གྱིས་བསད་གསོ་ནུས་པ་རྣམས་ཀྱིས་བྱེད་པར་གསུངས་ཀྱི་དེ་དག་ལས་གཞན་པ་ནི་ཁ་ན་མ་ཐོ་བར་འགྱུར་རོ་ཟེར། དེ་ལྟར་ན་དངོས་དང་སྨན་འཁྲུལ་འཁོར་གྱིས་ཀྱང་བྱ་བར་གསུངས་པ་དེ་དག་དོན་མེད་དུ་འགྱུར་ཏེ་ཏིང་འཛིན་ཁོ་ནས་བྱ་བར་གསུངས་རིགས་པའི་ཕྱིར་རོ། །དེ་བས་ན། གདིང་དང་ལྡན་པའི་སྔགས་པས་དོན་ཆེན་པོར་འགྱུར་ངེས་པ་ལ་དམིགས་ནས་མངོན་སྤྱོད་ཀྱི་ལས་བྱ་དགོས་ཏེ། རྟོགས་གོམས་ཀྱི་བློ་ལ་ལྟོས་ནས་དོན་ལ་རྡུལ་ཙམ་ཡང་བྱས་པ་མེད་པའི་ཕྱིར་རང་རྒྱུད་ལ་ཉེས་པས་མི་གོས་ཤིང་ལམ་གྲོགས་སུ་འགྱུར་བ་དང་། བསྒྲལ་བྱ་དེའི་ལས་ངན་བཟློག་པར་བྱས་ཏེ་གནས་གོང་ནས་གོང་དུ་སྤར་བས་ཕན་གདགས་པར་འགྱུར་བའི་ཕྱིར་རང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་ཞིང་། གདུག་པ་ཅན་རྣམས་མིང་མཐར་བྱས་པས་བསྟན་འགྲོའི་ཕན་བདེ་བསྲུང་བ་དང་སྤེལ་བའི་དོན་དུའང་འགྱུར་བ་ཡིན་ནོ། །གཉིས་པ་ནི། གང་ཚེ་དཀོན་མཆོག་དང་

p. 248

བླ་མའི་སྐུ་དགྲ་སོགས་མ་རུངས་པའི་ཞིང་འདི་དག་བསྒྲལ་བར་ནུས་བཞིན་དུ་མ་བསྒྲལ་ན་དེ་ལྟ་བུའི་ལས་ངན་ཐབས་གཞན་གྱིས་བཟློག་པར་མི་ནུས་པའི་ཕྱིར། ལོག་རྟོག་གི་མུན་པ་སྟུག་པོ་རྒྱ་ཆེར་འཕེལ་བར་འགྱུར་ཏེ་དེ་དག་ཡུན་རིང་པོར་ཡ་ང་བའི་གནས་སུ་ལྟུང་བར་འགྱུར་བ་དང་། བདེ་བར་གཤེགས་པའི་བསྟན་པའང་འཇིགས་བྱེད་ཀྱི་རྐྱེན་མ་རུངས་པ་དེ་དག་གིས་ཉམས་པར་འགྱུར་བའི་ཕྱིར་ན་འདི་ལ་བཏང་སྙོམས་མི་བྱའོ། །གཉིས་པ་གང་གིས་སྒྲུབ་པར་བྱེད་པའི་ཐབས་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བཤད་མ་ཐག་པ་དེའི་ཕྱིར་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐབས་ལ་མཁས་པའི་ཕྲིན་ལས་ཀྱི་སྦྱོར་བ་དྲག་པོ་ལ་འཇུག་པར་བྱེད་པ་དེ་ལའང་ཐོག་མར་ཤེས་འཇུག་གི་སྦྱོར་བས་བདག་མ་བསྒྲལ་བར་སྙིང་རྗེའི་ཡུལ་བསྒྲལ་བར་མི་ནུས་པའི་ཕྱིར། བདག་ཉིད་ལས་སྦྱོར་ལ་འཇུག་པའི་སྔོན་དུ་བསྐྱེད་རྫོགས་ཀྱི་སྒྲུབ་པ་ལ་བརྩོན་པས་རྟགས་ཐོན་པར་བྱ་བ་ཤིན་ཏུ་གཅེས་ཏེ། འདི་ཉིད་ལས། བསྐྱེད་རྫོགས་བཟླས་པའི་རྣལ་འབྱོར་ལ༔ དབང་ཕྱུག་དྲོད་ཚད་རྙེད་པའི་ཚེ༔ དྲག་པོའི་ལས་ལ་འཇུག་པར་བྱ༔ ཞེས་དང་། ཟླ་གསང་རྩ་བའི་རྒྱུད་ལས། ལྟ་བ་དབང་བགྲོད་དམ་ལྡན་པས། །སེམས་ཀྱི་འདུ་འཛི་མེད་པ་རུ། །དཔའ་བརྟུལ་སྔགས་ཀྱི་དམོད་པ་དབབ། །ཅེས་གསུངས་པའི་ཕྱིར། གལ་ཏེ་རྟོགས་གོམས་ཀྱི་གདེང་ཆེན་པོ་ཐོབ་པའི་ནུས་པ་མེད་ནའང་ཐ་ན་ལྟ་བའི་དོན་སྤྱི་ཙམ་ངེས་པར་བྱ་ཞིང་ཏིང་ངེ་འཛིན་ལ་ཉམས་མྱོང་ཅི་རིགས་པ་ཐོབ་པ་ནི་འདིར་མེད་དུ་མི་རུང་བ་ཡིན་པས་ཅི་ནས་ཀྱང་འབད་པར་བྱ་དགོས་ལ། གཞན་དུ་མོས་སྒོམ་གྱི་ཕྲིན་ལས་ཉམས་སུ་བླང་བ་ལ་ནི་མཚན་མ་མ་ཐོབ་ཀྱང་གྲངས་བསྙེན་ཙམ་ཐེམས་པས་ཆོག་པ་ཡིན་གསུངས་སོ། །གཉིས་པ་ནི། འདིར་རྩ་ཚིག་ཏུ་མ་བྱུང་ཡང་ཐོག་མར་དབང་བཤད་ནས་དེ་རྗེས་བསྙེན་སྒྲུབ་ལས་གསུམ་བཤད་ན་འབྲེལ་ཆགས་པར་འགྱུར་ཏེ་དབང་ནི་ལམ་གྱི་གཞི་སྨིན་བྱེད་ཀྱི་ཆོ་ག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཁ་ཐུན་རྩ་བར། ཐོག་མར་བླ་མ་མཉེས་བྱས་ཏེ། །མཉེས་པའི་ཡོན་གསུམ་ཕུལ་ནས་ནི། །ཕྱི་ནང་

p. 249

གསང་དབང་རིམ་པར་ནོད། །ཅེས་སོ། །དེས་ན་འདིར་སྒྲུབ་བྱེད་ཀྱི་ཐབས་རྒྱས་པར་བཤད་པ་ལ་གསུམ་སྟེ། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ། རྟོགས་པས་བདག་སྒྲོལ་བྱེད་ལམ་གྱི་དངོས་གཞི་བསྐྱེད་རྫོགས་ཀྱི་རིམ་པ། ལམ་གྱི་གྲོགས་ཐུགས་རྗེས་གཞན་སྒྲོལ་བྱེད་ལས་སྦྱོར་གྱི་རིམ་པ་བཤད་པའོ། །དང་པོ་ལའང་། ངོ་བོ། ངེས་ཚིག དབྱེ་བ། དེ་ལྟར་དབྱེ་བའི་རྒྱུ་མཚན། དབང་བསྐུར་བའི་ཆོ་ག་དང་ལྔ། དང་པོ་ནི། འཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པར་བྱེད་པའི་ལས་སོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དངོས་སུ་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་བ་འཇོག་པ་སྟེ། ཧེ་རུ་ཀ་འདུས་པ་ལས། རྒྱུད་དག་ནུས་པ་འཐོབ་ཕྱིར་དབང་། །ཞེས་སོ། །གསུམ་པ་ནི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས། ཚིག་དབང་དང་བཞི་སྟེ། ཁྲག་འཐུང་རྣམ་རོལ་ལས། དངོས་གཞིར་བུམ་གསང་ཤེར་ཚིག་བཞི། །ཞེས་སོ། །བཞི་པ་ནི། དབང་བཞིར་འཇོག་པ་ལ་རྒྱུ་མཚན་ཡོད་དེ་དབང་བཞི་བསྐུར་བའི་ནུས་པས་སྦྱང་བྱའི་དྲི་མ་བཞི་སྦྱོང་བྱེད་ལམ་བཞིས་སྦྱངས་པས་སྦྱངས་འབྲས་རྡོ་རྗེ་བཞི་མངོན་དུ་བྱེད་དགོས་པའི་ཕྱིར། དེ་ཡང་བུམ་དབང་བསྐུར་བའི་སྟོབས་ཀྱིས་སྦྱང་བྱ་ལུས་ཀྱི་དྲི་མ་དག །སྦྱོང་བྱེད་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྦྱངས་འབྲས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་ས་བོན་འཇོག་པ་སྟེ། རྩ་བར། བུམ་དབང་ལུས་ཀྱི་སྒྲིབ་པ་སྦྱང༔ སྐུ་ཡི་རྡོ་རྗེར་འགྲུབ་པའོ༔ ཞེས་སོ། །དེ་བཞིན་དུ་གསང་དབང་གིས་ངག་སྒྲིབ། ལམ་གཏུམ་མོ་ཙཎྜ་ལི། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་སྟེ། དེ་ལས། དེ་ཡིས་ངག་གི་སྒྲིབ་པ་སྦྱང༔ གསུང་གི་རྡོ་རྗེ་འགྲུབ་པའོ༔ ཞེས་སོ། །ཤེར་དབང་གིས་ཡིད་སྒྲིབ། ལམ་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་སྟེ། དེ་ལས། དེ་ཡིས་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཐུགས་ཀྱི་རྡོ་རྗེ་འགྲུབ་པའོ༔ ཞེས་སོ། །ཚིག་དབང་གིས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ། ལམ་གནས་ལུགས་དེ་ཁོ་ན་ཉིད། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་ལས། དེ་ཡིས་སྒོ་གསུམ་སྒྲིབ་པ་སྦྱངས༔ ཡེ་ཤེས་རྡོ་རྗེ་འགྲུབ་པའོ༔ ཞེས་སོ། །གཞན་ཡང་བུམ་གསང་ཤེར་གསུམ་གྱི་བསོད་ནམས་ཀྱི་ཚོགས་རྫོགས།

p. 250

ཉོན་སྒྲིབ་དག དབང་བཞི་པས་ཡེ་ཤེས་ཀྱི་ཚོགས་རྫོགས། ཤེས་སྒྲིབ་དག ས་ལམ་དང་སྦྱོར་ན་དབང་བཞིས་རིམ་པར་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་རྫོགས་པར་བྱེད་དོ། །ཡང་བུམ་དབང་གི་ནང་ཚན་བྱེ་བྲག་ཏུ་ཕྱེ་བའི་གྲངས་ངེས་ཀྱི་རྒྱུ་མཚན་ནི། བུམ་པའི་བྱེད་པ་སྔོན་དུ་འགྲོ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་དྲུག་སྟེ། བུམ་པ་ནི་ཕན་དབང་དང་། དེ་ནས་གསུམ་བདག་དོན་ནུས་པའི་དང་། ཕྱི་མ་གཉིས་གཞན་དོན་ནུས་པའི་དབང་དུ་དོན་གྱིས་འགྱུར་རོ། །དེ་ལྟ་ནའང་རྩ་བའི་དབང་བྱང་དུ་བུམ་པའི་མཐར་སྐུ་གསུང་ཐུགས་གསུམ་དང་དབང་བཞི་རྫོགས་མཐར་ཡོན་ཏན་ཕྲིན་ལས་ཀྱི་དབང་གཉིས་བྱུང་ལ། དཀྱིལ་ཆོག་ཏུ་ལྔ་ཀ་བུམ་དབང་གི་མཐར་སྦྱར་བས་རྩ་འགྲེལ་འགལ་ལོ་ཞེ་ན། སྐྱོན་མེད་དེ། དཀྱིལ་ཆོག་མཛད་པ་པོ་ཉིད་ལ་སློབ་དཔོན་ཆེན་པོས་གདམས་པའི་གནད་བཀྲོལ་ཏེ་བསྟན་པར་ངེས་པའི་ཕྱིར་མན་ངག་འཁྲུགས་བསྡེབས་ཀྱི་དགོངས་པའང་ཡིན་ལ༑ ཡང་རྣམ་པ་གཅིག་ཏུ་ན། རྩ་བར་སྨིན་སློབ་ཀྱི་དབང་དུ་མཛད་དེ། བུམ་དབང་གི་མཐར་སྐུ་གསུང་ཐུགས་དབང་སྦྱིན་པས་རང་དོན་དུ་ལྷ་སྒོམ་སྔགས་བཟླ་བ་ལ་དབང་བར་བྱས། དེ་ནས་གཞན་དོན་ཕྲིན་ལས་ཀྱི་སྦྱོར་བ་ལ་སྦྱར་བར་འདོད་ན། བསྐྱེད་རྫོགས་བཟླས་པའི་རྣལ་འབྱོར་ལ༔ དབང་ཕྱུག་དྲོད་ཚད་རྙེད་པའི་ཚེ༔ ཞེས་གསུངས་པས་ཐོག་མར་བསྐྱེད་རྫོགས་གཉིས་ཀ་ལ་གདིང་ཐོབ་དགོས་པར་བཞེད་པའི་ཕྱིར་དབང་བཞི་རྫོགས་པར་བསྐུར་དགོས་པར་གྲུབ་ཅིང་། དེ་བས་ན་ཡོན་ཏན་ཕྲིན་ལས་ཀྱི་དབང་གཉིས་ཚིག་དབང་གི་བྱེད་ལས་སུ་བསྡུས་པར་མངོན་ནོ། །དཀྱིལ་ཆོག་ཏུ་ལྔ་ཀ་བུམ་དབང་གི་སྐབས་སུ་སྦྱར་བ་ནི་ལམ་མོས་སློབ་ཀྱི་དབང་དུ་མཛད་པ་སྟེ། བསྐྱེད་རྫོགས་ལ་གདིང་མ་ཐོབ་ཀྱང་གྲངས་བསྙེན་ཙམ་ཐོབ་པས་མོས་བསྒོམ་གྱི་ལས་སྦྱོར་བྱེད་པ་མང་བའི་ཕྱིར། དེ་འདྲ་བའི་གང་ཟག་རྫོགས་རིམ་ཟབ་མོའི་སྣོད་དུ་མ་གྱུར་ཀྱང་བསྐྱེད་རིམ་ལ་བརྟེན་ནས་ལས་ཚོགས་སྒྲུབ་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་དེ་ལྟར་མཛད་པ་ཡིན་ནོ། །ལྔ་པ་ནི་དབང་བྱང་རྩ་བ་དང་། དེར་མ་ཚང་བའི་ཁ་སྐོང་འཁྲུགས་བསྡེབས་ཀྱི་ཁྲིགས་རིམ་དང་བཅས་པ་དཀྱིལ་ཆོག་ཁྲག་འཐུང་རྣམ་རོལ་

p. 251

ལྟར་ཕྱག་བཞེས་མཐོང་བ་བརྒྱུད་པ་དང་སྙན་བརྒྱུད་མན་ངག་གི་གནད་དང་ལྡན་པས་དབང་བསྐུར་ཚུལ་ཤེས་པར་བྱའོ། །གཉིས་པ་ལ། ལུས་དངོས་དང་། ཡན་ལག་བཤད་པའོ། །དང་པོ་ལའང་། གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལྟར་སྒྲུབ་པའི་བསྐྱེད་རྫོགས་ཀྱི་བབས་དངོས་སོ༑ ༑དང་པོ་ནི། ཞི་ཁྲོ་ཐུན་མོང་གི་གནས་ནི་བསམ་གཏན་ལ་གནོད་པའི་འཁོར་འདབ་དང་གཡེང་བ་སོགས་སྤངས་ཤིང་དགྲ་རྐུན་ལ་སོགས་པའི་འཚེ་བ་མེད་པའི་དབེན་པའི་གནས་དང་། རྒྱལ་བས་ཞབས་ཀྱིས་བཅགས་པས་བྱིན་ཆེ་བ་དང་། རིག་འཛིན་གོང་མའི་འགྲུབ་པ་བརྙེས་པས་བཀྲ་ཤིས་པའི་གནས་དང་། གཞན་ཡང་གཙུག་ལག་ཁང་དང་། གནམ་ས་བར་གསུམ་དང་། ལོ་རྒྱུས་ཀྱིས་ཤིས་པ་སོགས་མདོར་ན་ཉམས་དགའ་ཞིང་ཡིད་དུ་འོང་བའི་སར་བསྒྲུབ་ན་བར་ཆད་ཉུང་ཞིང་བཀྲ་ཤིས་པར་འགྱུར་བ་སྟེ། ཞི་སྒྲུབ་ལས། འཇིག་རྟེན་གཡེང་བ་སྤངས་པའི་སར༔ ཞེས་དང་། ལས་བྱང་ལས་ཀྱང་། ཡིད་དང་མཐུན་པའི་གནས་རྣམས་སུ༔ ཞེས་སོ༑ ༑དེ་ལྟར་ལས་དང་པོ་པས་དབེན་གནས་སུ་བསྒྲུབས་ཏེ། དེ་ནས་རྟོགས་པའི་གདིང་ཅུང་ཟད་རྙེད་ཅིང་ཁྱད་པར་ཁྲོ་བོ་སྒྲུབ་པ་ལ་ཤིས་པའི་གནས་ནི། དུར་ཁྲོད་ལ་སོགས་པ་གཉན་པའི་གནས་རྣམས་ཏེ་དེར་བསྒྲུབས་པས་རྟོགས་པ་འཕེལ་ཞིང་ལས་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡང་ཚེ་བདག་ལས། གནས་ནི་དུར་ཁྲོད་དུ་བྱེ་བྲག་རི་ནག་པོ་མོན་པ་ཁྲོས་འདྲའམ་ལྷོ་ཕྱོགས་སུ་ཁ་ལྟ་བ་ཤིན་ཏུ་གཉན་པའི་གནས་སུ་ཕྱིན་ལ། ཞེས་སོ། །གཉིས་པ་ནི། ཚེས་གྲངས་ནི་ཡར་ངོའི་གཅིག་དང་བརྒྱད་དང་བཅུ་དང་བཅུ་བཞི་དང་བཅོ་ལྔ་ལ་སོགས་པའོ། །ཟླ་བ་ནི་དཀར་ཆ་སྐྱེ་བའི་དུས་ཏེ་ཡར་ངོ་། དུས་ཚིགས་ནི་ཉི་མ་བྱང་དུ་བགྲོད་པའི་དུས་སུའོ། །ཡང་ན་གཤིན་རྗེ་གཤེད་དམར་པོ་ལས། བསྙེན་པའི་དུས་ནི་ར་བ་བཞི། །སྒྲུབ་པའི་དུས་ནི་འབྲིང་པོ་བཞི། །ཞེས་གསུངས། རེས་གཟའ་ཞི་གཟའ་གསུམ་དང་ཁྱད་པར་ཕུར་བུ་དར་བའི་དུས་ཏེ། སྐར་རྩིས་པ་ལྟར་ན། ཁྱིམ་ལུག་སོགས་ཕོ་ཁྱིམ་དང་མྱུར་འགྲོས་ལ་སྤྱོད་པ་ཟླ་བའི་དཀར་ཕྱོགས་དང་ཞག་གི་ཉིན་མོ་རྣམས་ལ་ཕུར་བུ་སྟོབས་

p. 252

ཆེ་བས་དར་བ་ཡིན་ལ། རྒྱ་རྩིས་པ་ལྟར་ན། སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །དེ་དང་དེ་ཡི་བུ་ཡང་དར། ཞེས་པས་ཕུར་བུ་རང་ཚེས་པས་དར་བའི་དུས་ཧོར་ཟླ་གཉིས་པ་དྲུག་པ་བཅུ་པ་རྣམས་དང་། མ་ཚེས་པ་ལ་བརྟེན་ནས་དར་བ་བཞི་པ། བརྒྱད་པ༑ བཅུ་གཉིས་པ་རྣམས་ཏེ་དེ་ལྟ་བུའི་རྩི་ཚུལ་ཤེས་པར་བྱའོ། །སྐར་མ་ནི་འཇམ་དཔལ་རྩ་རྒྱུད་ལས། ཐ་སྐར་སྣར་མ་རྒྱལ་ནམ་གྲུ་ཁྲུམས་སྟོད་ལྷ་མཚམས་རྣམས་བཟླས་པ་དཀྱིལ་འཁོར་བྲི་སྒྲུབ་ལ་བཟང་བར་གསུངས་ཤིང་ཁྱད་པར་རྒྱུ་སྐར་རྒྱལ་ལ་ཤིས་ཏེ། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་སོ། །དེར་མ་ཟད་དུས་སྦྱོར་དང་འཕྲོད་སོགས་ཀྱང་དགེ་བར་གྱུར་པ་དེའི་ཚེ་སྒྲུབ་པ་ལ་མཆོག་ཏུ་ཤིས་པས་བླང་དོར་མ་ནོར་བར་བྱའོ། །དེ་ལྟར་ཡང་རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །གཞན་ཡང་གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། མཆོད་རྫས་དང་སྒྲུབ་རྫས། ཕུང་པོའི་ཆ་རྐྱེན་དུ་འཚོ་བ་ཟས། རྐྱེན་བཟློག་སྨན། ཏིང་ངེ་འཛིན་གྱི་ཆ་རྐྱེན་དུ་བླ་མའམ་མཆེད་དགོངས་ཉམས་ཅན་སོགས་མཐུན་པའི་གྲོགས་དང་། དེ་མ་གྲུབ་ན་བསྒོམ་བྱའི་མན་ངག་ལ་ཐེ་ཚོམ་མི་དགོས་པར་ཐག་ཆོད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དད་པ་བརྟན་པོའི་སྒོ་ནས་སྒྲུབ་པ་མཐར་མ་ཕྱིན་བར་སྒྲུབ་ནུས་པའི་བརྩོན་འགྲུས་དང་། སེམས་རུས་ཀྱི་ཞེ་དམ་འཆའ་ནུས་པ་རྣམས་ནི་ལམ་སྒྲུབ་པ་ལ་མེད་ཐབས་མེད་པའི་མཐུན་རྐྱེན་ཡིན་པས་གཅེས་པར་བཟུང་ངོ་། །གསུམ་པ་ལ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་བསྐྱེད་རྫོགས་ཀྱི་ངོ་བོ། ངེས་ཚིག དབྱེ་བ། དེ་ལྟར་དབྱེ་བའི་རྒྱུ་མཚན་ནོ། །དང་པོ་ནི། རྟོགས་དོན་གོམས་བྱེད་ཀྱི་སྦྱོར་བས་ཉམས་སུ་ལེན་པར་བྱེད་པའི་ཐབས་སོ། །གཉིས་པ་ནི། ཨུཏྤརྟི་ནི་བསྐྱེད་པའི་ཆོ་གའི་སྒོ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རིམ་གྱིས་གསལ་འདེབས་པའི་དོན་དང་། ནིཥྤནྣ་ནི་རྫོགས་པ་སྟེ་མ་བཅོས་པའི་དོན་དང་། ཀྲ་མ་ཞེས་པ་ནི་རིམ་པ་སྟེ་བསྐྱེད་རྫོགས་

p. 253

ཉམས་སུ་ལེན་པའི་ལམ་འཁོར་བཅས་སོ། །གསུམ་པ་ལ། བསྐྱེད་རིམ་དང་རྫོགས་རིམ་གཉིས་ཏེ། ཨིནྡྲ་བྷུ་ཏིའི་རིམ་གཉིས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་དང་། བསྐྱེད་རིམ་ལའང་སྐྱེ་གནས་བཞི་དང་སྒོ་བསྟུན་ཏེ་སྒོམ་ཚུལ་བཞི། རྫོགས་རིམ་ལའང་མཚན་བཅས་རྩ་ཐིག་རླུང་གསུམ་ལ་བརྟེན་པ་དང་། མཚན་མེད་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་མོ། །བཞི་པ་ནི། བསྐྱེད་རྫོགས་གཉིས་སུ་ཕྱེ་བ་ལ་རྒྱུ་མཚན་ཡོད་དེ། སྣོད་བཅུད་རང་མཚན་པའི་བདེན་ཞེན་འགོག་པ་ལ་སྣང་བ་དག་པ་རབ་འབྱམས་སུ་བསྒྱུར་ཏེ། བསྐྱེད་རིམ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་དགོས་པ་གང་ཞིག བསྐྱེད་རིམ་སྒྱུ་མ་ལྟ་བུར་བསྒོམ་པ་ལ་སོགས་པའི་ཞེན་པ་ཕྲ་མོ་དེ་སྦྱོང་བར་བྱེད་པ་ལ་བདེ་སྟོང་ཟུང་འཇུག་གི་ཚུལ་དུ་ཉམས་སུ་ལེན་པའི་ཐབས་རྫོགས་པའི་རིམ་པ་བསྒོམ་དགོས་པའི་ཕྱིར་རོ། །བསྐྱེད་རིམ་ལ་ནང་ཚན་གྱི་བསྒོམ་ཚུལ་བཞིར་འབྱེད་པ་ལ་རྒྱུ་མཚན་ཡོད་དེ། སྣོད་བཅུད་རང་མཚན་པའི་བདེན་ཞེན་དེ་ཡང་སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་འཆར་དགོས་པས། འཁོར་བའི་གཙོ་བོ་ནི་སྐྱེ་གནས་བཞི་ཡིིན་ལ། དེ་བཞིའི་བག་ཆགས་སྦྱོང་བ་དང་སྒོ་བསྟུན་ནས་བསྒོམ་ཚུལ་བཞིར་ཕྱེ་བའི་ཕྱིར་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པ་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་སོ། །རྫོགས་རིམ་ལ་གཉིས་སུ་ཕྱེ་བ་ལ་རྒྱུ་མཚན་ཡོད་དེ། གང་ཟག་བརྩོན་འགྲུས་ཅན་རྗེས་སུ་གཟུང་བའི་ཕྱིར་རང་ལུས་དང་གཞན་ལུས་ལ་བརྟེན་པའི་མཚན་བཅས་ཀྱི་རྫོགས་རིམ་དང་། གང་ཟག་བརྟུལ་ཞུགས་ཅན་རྗེས་སུ་བཟུང་བའི་ཕྱིར་མཚན་མེད་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་བསྟན་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ། དེ་ལྟ་བུའི་ཟབ་ལམ་གསུམ་གྱི་རྣལ་འབྱོར་ལ་རང་དབང་ཕྱུག་པའི་དྲོད་ཚད་ཀྱི་གདིང་རྙེད་པར་བྱའོ། །ཇི་

p. 254

ལྟར་རྙེད་པའི་ཐབས་ནི། འཇམ་དཔལ་ཞི་སྒྲུབ་ལས། ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ༔ ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ༔ ཅེས་པས་གཉིས་ཏེ། ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའོ། །དང་པོ་ལའང་སྐུ་ཕྱག་རྒྱ། གསུང་བཟླས་པ། ཐུགས་རྫོགས་རིམ་གྱི་རྣལ་འབྱོར་གསུམ་ལས། དང་པོ་ནི། སྟན་བདེ་བ་ལ་འདུག་སྟེ་དྲང་དོན་གྱི་ཆོས་ཀྱིས་བློ་འདུལ་བ། སྐྱབས་འགྲོ། སེམས་བསྐྱེད། བདུན་རྣམ་དག་གི་ཚོགས་བསགས་རྣམས་བྱས་ལ། ཚོགས་ཞིང་རང་དང་གཉིས་མེད་བསྲེ་བ་རྣམས་ནི་སྔོན་འགྲོའོ། །དེ་ནས་ཏིང་འཛིན་བསྒོམ་པ་དངོས་ནི། འཆིང་གྲོལ་མེད་པའི་གནས་ལུགས་སྟོང་པ་ཉིད་ནམ་མཁའ་ལྟ་བུར་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེའི་ངང་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྒོམ་པ་ཀུན་སྣང་། དེ་གཉིས་ཟུང་དུ་འཇུག་པའི་རང་རིག་བྱང་ཆུབ་ཀྱི་སེམས་དྷཱིཿཡིག་གསེར་ཞུན་མ་ལྟ་བུར་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཏེ་འཇམ་དཔལ་གྱི་སྐུ་དམར་སེར་རལ་གྲི་དང་། གླེགས་བམ་གྱིས་མཚན་པའི་ཨུཏྤལ་འཛིན་པ་སེམས་དཔའ་སུམ་བརྩེགས་ཀྱི་ཚུལ་དུ་བསྒོམས་ལ། དེའི་གནས་གསུམ་དུ་འབྲུ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་རྒྱས་གདབ་པ་རྣམས་ཏེ་དམ་ཚིག་གི་འཁོར་ལོ་བསྒོམ་པའི་ཆོ་གའོ། །དེ་ནས་སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཞེངས་སུ་གསོལ་ཏེ་སྤྱན་དྲངས་ནས་དམ་ཡེ་དབྱེར་མེད་དུ་བྱ། སླར་ཡང་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས་ཏེ་དབང་རྟགས་རྡོ་རྗེ་སེམས་དཔས་རྒྱས་བཏབ། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་པ་མཆོད་པར་བྱས་ལ། དེའི་རྗེས་སུ་སེམས་འཛིན་དམིགས་གནད་ཀྱིས་ལྷའི་གསལ་སྣང་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒྲུབ་པར་བྱའོ། །གཉིས་པ་ནི། རང་གི་སྙིང་གར་པད་ཟླ་ལ་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཟླ་བ་ལ་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར། དེའི་མཐར་བཟླ་བྱའི་སྔགས་ཕྲེང་རང་སྒྲ་དང་བཅས་འཁོར་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་ཏེ་དོན་གཉིས་བྱས་ནས་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་རྒྱས་བཏབ་སྟེ་ཡི་གེ་བདུན་པའི་ཛཔ྄་བཟླ། དེ་ནས་

p. 255

ཐུན་བསྡུ་བ་ན་ཡོན་ཏན་དྲན་པའི་སྒོ་ནས་ཆོས་དབྱིངས་ཀྱི་རང་སྒྲས་བསྟོད་པར་བྱ་བའོ། །གསུམ་པ་ནི། དེ་ལྟར་བསྐྱེད་པའི་ལྷ་དེ་ཡང་ངོ་བོ་རང་གི་སེམས་ཀྱི་རང་བཞིན་ཅིའི་ངོ་བོར་ཡང་མ་གྲུབ་པ་ནི་གཤིས་སྐྱེ་བ་མེད་པ་ཐིག་ལེ་ཉག་གཅིག དེ་ཉིད་ཀྱི་རྩལ་འགག་པ་མེད་པའི་རང་གདངས་ལས་ལྷའི་རྣམ་པར་ཤར་བ་ནི་རང་བྱུང་གི་ཡེ་ཤེས། གང་ལྟར་ཤར་ཡང་ཆོས་ཉིད་ཀྱི་རོལ་པ་ཙམ་ལས་རང་རྒྱུད་དུ་འཛིན་པ་མེད་པར་གནས་པ་ནི་ངོ་བོ་གཉིས་མེད་རང་གྲོལ་ཆོས་སྐུའི་དགོངས་པའོ། །དེ་ལྟར་རྟོགས་པར་བྱས་ནས་རྟོགས་དོན་ལས་མ་གཡོས་པར་གཉུག་མའི་ངང་དུ་ཤིགས་སེ་འཇོག་པ་ནི་སྒོམ་པའོ། །དེའང་ཇི་སྐད་དུ། དེ་ལྟར་བསྐྱེད་པའི་ལྷ་དེ་ཀུན༔ ངོ་བོ་རང་གི་རིག་པ་སྟེ༔ དེ་ལས་འགག་མེད་གདངས་སུ་ཤར༔ གང་ཤར་ཆོས་ཉིད་རོལ་པ་ལ༔ སྤང་བླང་དགག་སྒྲུབ་རེ་དོགས་མེད༔ ཇི་ལྟར་མཚོ་ཡི་རླབས་བཞིན་དུ༔ རང་ལས་ཤར་ཞིང་རང་དུ་གྲོལ༔ སྐྱེ་མེད་བསམ་ཡུལ་ཀུན་ལས་འདས༔ འདི་ཡིན་གཟའ་གཏད་ཕྱོགས་རིས་བྲལ༔ ཐམས་ཅད་རང་གྲོལ་གཉུག་མའི་ངང་༔ འགྱུར་མེད་དོན་གྱི་ཆོས་སྐུའོ༔ ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ལའང་། སྨིན་སློབ་ངེས་རྫོགས་ཀྱི་ལམ་དང་། མོས་སློབ་ཕྲིན་ལས་ཙམ་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ནི། ཏིང་ངེ་འཛིན་སྔ་མ་སྔ་མ་ལ་ཉམས་སྐྱེས་ནས། ཕྱི་མ་ཕྱི་མར་ཁ་སྤོ་བས་མཐར་ཕྱིན་པར་སློབ་པའི་ཐབས་ཏེ་རྩ་བའི་སྒྲུབ་པས་སྟོན་ཏོ། །དེ་ལ་གསུམ་ལས། དང་པོ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར་ནི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཆེན་པོའི་ངང་ལ་འཇོག་པ་དེ་ཏིང་། གདངས་འགག་པ་མེད་པ་སྙིང་རྗེ་སྒྱུ་མ་ལྟ་བུའི་ངང་ནས་རང་རིག་ལ་རང་བྱུང་གི་ཡེ་ཤེས་གསལ་ལ་དེར་འཛིན་མེད་པར་བསྒོམ་པ་ཀུན་སྣང་། དེ་གཉིས་ཟུང་དུ་འཇུག་པ་རྒྱུ་གཉུག་མའི་ཧེ་རུ་ཀ་རང་རིག་པ་བྱང་ཆུབ་ཀྱི་སེམས་ལས། འབྲས་བུ་རིག་སྟོང་དབྱེར་མེད་ཀྱི་ཧེ་རུ་ཀ་སྒྱུ་མ་ལྟ་བུའི་གཟུགས་ཀྱི་སྐུར་རང་ཤར་བ་ནི་མ་བསྐྱེད་རྫོགས་པའི་ཁྲོ་རྒྱལ་ཏེ། དེ་ཡང་སྐུ་མདོག་ཕྱག་མཚན་འཁོར་ལ་སོགས་པ་རྣམས་ལས་བྱང་ལྟར་གསལ་བཏབ་ལ་འོད་ལྔའི་ཀློང་ན་སྐུ་གསུང་ཐུགས་ལྷམ་

p. 256

མེ་ལྷང་ངེ་ལྷན་ནེར་བཞུགས་པ། དེ་ཐམས་ཅད་ཀྱི་གནས་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་རྒྱས་གདབ། ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་སྐུ་ཡེ་ཤེས་སེམས་དཔའི་ངོ་བོར་བཞེངས་སུ་གསོལ་ཏེ་སྤྱན་དྲངས་ནས་དམ་ཡེ་གཉིས་མེད་དུ་བཅིང་པ་རྣམས་ཀྱང་ལས་བྱང་ལྟར་བྱ་བའོ། །དེ་ལྟར་བསྐྱེད་པའི་ལྷ་སྐུ་གསལ་སྣང་གི་རྣམ་པ་ལ་རྩེ་གཅིག་པའི་ཞི་གནས་བསྒྲུབས་ནས། དེ་རྗེས་སྣང་བ་སྐུའི་རྫོགས་རིམ་གྱིས་རྒྱས་གདབ་པར་བྱ་སྟེ། སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར། ལྷ་སྐུ་དེ་ཡང་གསལ་ལ་དེར་འཛིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པའོ། །དེ་སྐད་དུའང་རྩ་བར། དེ་ལྟར་གསལ་ཞིང་བསྐྱེད་པའི་ལྷ་དེ་ཀུན༔ སྣང་ཞིང་སྟོང་ལ་སྟོང་ཞིང་ཀུན་ཏུ་སྣང༔ སྣང་སྟོང་གཉིས་མེད་ངང་དུ་བསྐྱེད་རིམ་སྦྱང༔ ཞེས་སོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ཡང་ཨིནྡྲ་བྷུ་ཏིའི་ལམ་རྣམ་བཀོད་ལས། ལྷ་ཡི་སྐུ་ནི་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་འཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་འཐོབ་པར་འགྱུར། །ཞེས་སོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་གཉིས་ལས། དང་པོ་རླུང་ལ་བསླབ་པ་ནི། རྔུབ་པ་ༀ། གནས་པ་ཨཱཿ འབྱིན་པ་ཧཱུྃ་སྟེ་རྡོ་རྗེའི་བཟླས་པའམ་ཡང་ན་བུམ་པ་ཅན་དང་སྦྱར་བའི་རྡོར་བཟླས་ཇི་སྲིད་མི་སྐྱོའི་བར་བྱ་བའོ། །གཉིས་པ་ངག་གི་བཟླས་པ་ནི། རླུང་བཟླས་ལ་སྐྱོ་ན་བྱ་སྟེ་དེ་ཡང་དཀྱིལ་འཁོར་གསལ་བཏབ་པའི་རྩ་བའི་ལྷ་ཡན་ལག་དགུ་རྫོགས་ཀྱི་རྣམ་པར་བསྒོམ་པ་སྟེ། ཐུགས་ཀར་ཡེ་ཤེས་སེམས་དཔའ། མགོ་བོའི་གནས་ལྔར་དབུ་རྒྱན་གྱི་ལྷ་ལྔ། གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ལྷ་ཡི་གེའི་རྣམ་པ་ཅན་གསུམ་རྣམས་གསལ་བཏབ། དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་མཐིང་ག་ལས་ཡེ་ཤེས་ཀྱི་འོད་ཟེར་བདུད་རྩིའི་བཅུད་ཅན་བབས་པས་ཞིང་ཀུན་གང་བ་ལ་སེམས་བཟུང་སྟེ། སྒྲ་ཆེ་བ་དང་ཆུང་བ་དང་ཧ་ཅང་མྱུར་བ་དང་བུལ་བ་དང་ལྷག་ཆད་སོགས་སྐྱོན་བཅུ་སྤངས་ཏེ་ངག་གི་བཟླས་པ་བྱའོ། །དེ་སྐད་དུ་རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པ་མ་ཡིན་བུལ་བ་མིན། །དྲག་

p. 257

པ་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །གཡེང་བས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པ་མིན། །ཞེས་སོ། །དེ་ལྟར་གསང་སྔགས་ཀྱི་སྒྲ་གདངས་ལ་སེམས་རྩེ་གཅིག་པའི་ཞི་གནས་བསྒྲུབས་པའི་རྗེས་སུ་གྲགས་པ་སྒྲའི་རྫོགས་རིམ་གྱིས་རྒྱས་བཏབ་སྟེ། ཕྱི་ནང་གི་སྒྲ་ཐམས་ཅད་སྔགས་ཀྱི་རང་སྒྲར་གྲགས་ལ། གྲགས་ཙམ་ཉིད་ན་རང་བཞིན་མེད་པ་བྲག་ཆའི་སྒྲ་ལྟར་གྲགས་སྟོང་གཉིས་མེད་ཀྱི་ངང་དུ་སྦྱང་བར་བྱ་སྟེ། ཇི་སྐད་དུ། དེ་ལྟར་བཟླས་པས་ཕྱི་ནང་སྒྲ་ཀུན་ཀྱང༔ གྲགས་ཤིང་སྟོང་ལ་སྟོང་ཞིང་ཡོངས་སུ་གྲགས༔ གྲགས་སྟོང་གཉིས་མེད་ངང་དུ་སྦྱང་བར་བྱ༔ ཞེས་སོ། །གསུམ་པ་ཐུགས་རྫོགས་རིམ་གྱི་རྣལ་འབྱོར་ནི། མན་ངག་སྟོན་པའི་ཕྱག་བཞེས་སུ་ཀ་དག་ཏུ་བཀྲལ་ཏེ་གསུང་མོད། འོན་ཀྱང་རྩ་བ་རྡོ་རྗེའི་ཚིག་ཉིད་ཤིན་ཏུ་ཟབ་ཅིང་བརླིང་བའི་ཕྱིར་འདིར་རྫོགས་རིམ་ཟབ་མོའི་གནད་ཐམས་ཅད་འདུས་པར་སྣང་བས་དེ་ཕྱིར་གཞུང་འཆད་པའི་དབང་དུ་བྱས་ན། ཀ་དག་དང་ལྷུན་གྲུབ་གཉིས་ཀ་ལ་སྦྱར་དུ་རུང་སྟེ། དང་པོ་ཀ་དག་དང་སྦྱར་ཏེ་བཤད་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ་དེ་ལྟར་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བཞུགས་པའི་ཕྱིར། དེ་ལྟར་ཡང་ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུང་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་ཀྱི་སྐུ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན། །ཞེས་སོ། །དེ་ལྟར་ཡིན་ཡང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་གཞི་ཇི་ལྟ་བའི་གནས་ལུགས་ལ་ཡིད་ཆེས་པའི་སྒོ་ནས་སྒོམ་པས་ཉམས་སུ་བླང་བར་བྱ་སྟེ། ཕྱི་གཟུང་ཡུལ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པ་གསལ་སྟོང་འཛིན་མེད། ནང་འཛིན་པའི་སེམས་གང་དུའང་བརྗོད་དུ་མེད་པ་གཞི་མེད་རྩ་བྲལ། དེ་གཉིས་ཟུང་དུ་འཇུག་པ་གནས་ལུགས་གཉུག་མའི་དོན་དེ་རྟོགས་པར་བྱ་བ་ཙམ་ལས་ལམ་

p. 258

གྱིས་གསར་དུ་བཅོས་སུ་མེད་པ་དབྱེར་མེད་ཡེ་གྲོལ་ཆེན་པོ། གཉེན་པོ་གཞན་ལ་མ་བརྟེན་པར་རང་གིས་རང་གྲོལ་བས་རང་གྲོལ། གང་ཤར་ལ་དེར་འཛིན་མེད་པས་ཤར་གྲོལ། གང་སྣང་ལ་བལྟས་པས་བལྟ་མཁན་གྱི་ངོ་བོ་རྗེས་མེད་དུ་རྗེན་པར་གྲོལ་བ་ནི་ངོ་བོར་གྲོལ་བ་སྟེ༑ མདོར་ན་སྤང་བླང་ལ་སོགས་པ་རྟོག་པའི་དྲི་མ་ཐམས་ཅད་ལས་འདས་པ་གཉུག་མ་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་པར་བཞག་པས། གནས་པ་དང་མི་གཡོ་བ་དང་མཉམ་པ་ཉིད་དང་ལྷུན་གྱིས་གྲུབ་པའི་ཉམས་སྣང་རིམ་པར་འཆར་བར་གསུངས་སོ། །ཡང་ཐོད་རྒལ་གྱི་དབང་དུ་བྱས་ན། གནད་དྲུག་ལ་བརྟེན་ཏེ་མངོན་སུམ་རང་ཐོག་ཏུ་དབབ་པས་སྣང་བའི་འཆར་ཚུལ་རིམ་པར་འབྱུང་སྟེ། མཁའ་ལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་སྣང་བ་ཆོས་ཉིད་མངོན་སུམ། དབྱིངས་རིག་མཆེད་ནས་འཁྲུལ་སྣང་ཞིང་ཁམས་སུ་སྣང་བ་ཉམས་གོང་འཕེལ། དབྱིངས་རིག་གཞལ་ཡས་ཁང་དང་ལྷའི་ངོ་བོར་གཡོ་མེད་དུ་གནས་པ་རིག་པ་ཚད་ཕེབས། ཕྱི་གདོས་བཅས་དང་ནང་སེམས་ཀྱི་འཁྲུལ་རྟོག་ཐམས་ཅད་དག་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་མངོན་དུ་བྱས་པ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །དེ་དག་ཀྱང་རྩ་བར། འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ སྣང་ཞིང་སྟོང་ལ་གཞི་མེད་རྩ་བ་བྲལ༔ ཡེ་གྲོལ་རང་གྲོལ་ཤར་གྲོལ་ངོ་བོར་གྲོལ༔ སྤང་བླང་འཁྲུལ་པའི་དྲི་མ་ཀུན་ལས་འདས༔ ཞེས་པ་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གདངས༔ ཁྱབ་བརྡལ་ཆེན་པོ་ཆོས་དབྱིངས་ཕོ་བྲང་དུ༔ འཛིན་མེད་མིག་གི་ཡེ་ཤེས་ལྕགས་ཀྱུ་ཡི༔ རྒྱ་ཆེར་བཟུང་དཀའི་དབྱིངས་རིག་གཟེར་བཏབ་སྟེ༔ མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་སྐྱོལ༔ ཅེས་པའི་བར་གསུངས་སོ། །དེ་ལྟར་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་ངང་དུ་མཉམ་པར་བཞག་ནས། རྗེ་ཐོབ་ཏུ་ལངས་པའི་ཚེ་ནའང་། སྣོད་བཅུད་ལྷ་དང་དཀྱིལ་འཁོར། སྒྲར་གྲགས་པ་སྔགས། དྲན་རིག་ཐམས་ཅད་ཤར་གྲོལ་འཛིན་མེད་ཆེན་པོར་ཆམ་ཆམ་འཇོག་པ་སྟེ་ཉིན་མཚན་ཀུན་ཏུ་སྒོ་གསུམ་ཐ་མལ་གྱི་དབང་དུ་མ་སོང་བར་རྩེ་གཅིག་ཏུ་འབད་པ་གཅེས་སོ། །

p. 259

གཉིས་པ་མོས་སློབ་ཀྱི་ཕྲིན་ལས་ཙམ་ཉམས་སུ་བླང་བ་ནི། ཏིང་ངེ་འཛིན་སྐྱེས་སྐྱེས་སུ་བསྒོམ་པར་མ་ནུས་ནའང་དེ་ལྟ་བུའི་ངེས་རྫོགས་ཀྱི་ལམ་དེ་ཉིད་རྒྱུད་ནས་སྐྱེ་ཞིང་། གཞན་དོན་ཕྲིན་ལས་ཀྱི་ནུས་པ་མི་བསླུ་བར་འབྱུང་བའི་ཕྱིར་མོས་པ་ཡུལ་དུ་བྱས་ནས་ཕྲིན་ལས་ཤར་སྒོམ་དུ་བྱེད་པ་ལས་ཀྱི་བྱང་བུས་སྟོན་ཏེ། དེ་ལའང་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་དགུ་སྟེ། རྗེས་མཛད་པའི་སྡོམ་ལས། སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན། །ང་རྒྱལ་སྔོན་གཏོར་བཀའ་བསྒོ་ཞིང་། །སྲུང་འཁོར་བྱིན་རླབས་མཆོད་བྱིན་རློབ། །ཅེས་སོ། །གཉིས་པ་ལ་བཅུ་གཅིག་སྟེ། དངོས་གཞི་རྟེན་དང་བརྟེན་པ་བསྐྱེད། །སྤྱན་དྲངས་བཞུགས་གསོལ་དབང་བསྐུར་ཕྱག །མཆོད་བསྟོད་དམ་གསོལ་བཟླས་པ་བྱ། །དངོས་གྲུབ་བསྐུལ་ཞིང་རྫོགས་རིམ་བསྒོམ། །ཞེས་སོ། །གསུམ་པ་ལའང་བཅུ་གཅིག་སྟེ། རྗེས་ཚོགས་བསྐུལ་བྱ་ཆད་ཐོ་བསྒྲག །བརྟན་སྐྱོང་བྲོ་བརྡུང་དངོས་གྲུབ་བླང་། །སླར་མཆོད་བཤགས་བསྡུ་སྨོན་ལམ་གདབ། །ཤིས་བརྗོད་ཀྱིས་ནི་མཇུག་བསྡུའོ། །ཞེས་པ་སྟེ། དེ་དག་གི་དོན་རྒྱས་པར་ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ལས་ཤེས་པར་བྱའོ། །དེ་ལ་སྤྱིར་སྨིན་སློབ་དང་སྦྱར་ཏེ་མཚན་མའི་བསྙེན་པ་བྱ་བའམ། གལ་ཏེ་མོས་སློབ་ལ་བརྟེན་ནས་དུས་དང་གྲངས་ཀྱི་བསྙེན་པ་གང་བྱེད་ཀྱང་རུང་སྟེ་སྤྱི་ཁོག་ལས་ཀྱི་བྱང་བུ་འདི་ལ་བརྟེན་ཅིང་། མན་ངག་ཕྱག་བཞེས་ཀྱི་གནད་རྣམས་བསྙེན་ཡིག་འདོད་འཇོའི་བུམ་བཟང་དང་བླ་མའི་ཞལ་ལས་གུས་པས་བླང་བ་གཅེས་སོ། །གཉིས་པ་ཡན་ལག་ལ། ལམ་གྱི་གཞི་བཟུང་བ་དམ་ཚིག་དང་གྲོགས་སྤྱོད་པ་གཉིས་ལས། དང་པོ་ནི། ཀུན་འདུས་ལས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །ཞེས་པས་གསུམ་སྟེ། སྤྱིའི་དམ་ཚིག ཁྱད་པར་གྱི་དམ་ཚིག ལྷག་པའི་དམ་ཚིག་དང་གསུམ་མོ། །དང་པོ་ནི། བདེ་འདུས་ཞི་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས༔ བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས༔ བསྲུང་བར་བྱ་བ་གང་གསུངས་པ༔ ཐུན་མོང་སྤྱི་ཡི་དམ་ཚིག་ཡིན༔ ཞེས་སོ༑ ༑གཉིས་པ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས། དང་པོ་ནི། སྐུ་གསུང་

p. 260

ཐུགས་ཀྱི་དམ་ཚིག་གསུམ་སྟེ་བླ་མ་དང་མཆེད་བཀུར་བ་སྐུའི། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་གསུང་གི བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་གསང་བཅུ་མི་བསྟན་པ་སྟེ་ཐུགས་ཀྱི་དམ་ཚིག་གོ །དེ་ལྟར་ཡང་གཤེད་དམར་འཇིག་རྟེན་འདས་མདོ་ལས། སྐུ་ཡི་དམ་ཚིག་བླ་མ་མཆེད། །ངན་སེམས་དཔྱ་སེམས་མི་བྱའོ། །གསུང་གི་སྔགས་དང་ཕྱག་རྒྱ་དང་། །ནམ་ཡང་འབྲལ་བར་མི་བྱའོ། །ཐུགས་ཀྱི་མན་ངག་གསང་ཐུབ་དང་། །རྣམ་པར་མི་རྟོག་འབྲལ་མི་བྱ། །ཞེས་སོ། །དེ་དག་གི་ནང་ཚན་དབྱེ་ན། གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ༑ ༑ཞེས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ནི། ལྔ་ཚན་ལྔ་སྟེ། འདས་མདོ་ལས། སྤྱད་དང་མི་སྤང་དང་དུ་བླང་། །ཤེས་དང་བསྒྲུབ་བྱ་རྩ་ལྔ་བསྲུང་། །ཞེས་སོ། །གསུམ་པ་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པ་གཞིར་བཞག་ནས། དེའི་སྟེང་དུ་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བ་ལྷག་པར་སྟོན་པ་སྟེ། གཅན་གཟན་རྒྱལ་པོའི་ཁྲི་མི་བཤིག་པ་སོགས་ཉི་ཤུའོ། །ཞི་རྒྱུད་ལས། གཅན་གཟན་རྒྱལ་པོའི་ཁྲི་མི་བཤིག༔ ༡ ཟ་མ་ཏོག་ཏུ་དུག་མི་བླུག༔ ༢ རིན་ཆེན་ལྕུག་ཕྲན་མི་འབྲེག་ཅིང་༔ ༣ ཞུན་ཁོལ་ལྟ་བུ་མི་བཏུང་སྟེ༔ ༤ པདྨའི་ཟེའུ་འབྲུ་ཁ་མི་གསེང་༔ ༥ བུག་རྟོལ་སྣོད་དུ་བཅུད་མི་བླུག༔ ༦ དོན་དང་མི་ལྡན་རྫས་མི་བསྟེན༔ ༧ ཤེལ་སྒོང་འདམ་དུ་བསྲུབ་མི་བྱ༔ ༨ མ་དག་སྣོད་དུ་དག་པ་མིན༔ ༩ ཡིད་བཞིན་ནོར་བུ་མི་འབྲེག་སྟེ༔ ༡༠ ཁྱུང་ཆེན་གཤོག་པ་ཡ་མི་འབྲལ༔ ༡༡ གནམ་ལྕགས་ངུར་མོའི་མཚོན་མི་གདབ༔ ༡༢ གཅན་གཟན་རོལ་པའི་ལྷག་མི་སྤྱད༔ ༡༣ རྡོ་རྗེ་བྲག་ཆེན་མི་གཞིག་ཅིང་༔ ༡༤ ར་བ་དྲ་བའི་མཚམས་མི་འདྲལ༔ ༡༥ སྒྲོན་མེ་རླུང་གིས་བསད་པ་ནི༔༡༦ ཡེ་ཤེས་ཆུ་རྒྱུན་བཅད་པ་སྤང་༔ ༡༧ བཀའ་རྟགས་ཕྱག་རྒྱ་མི་འཕྱི་ཞིང་༔ ༡༨ རྡོ་རྗེ་ཕ་ལམ་མཁར་མི་ལྡོག༔ ༡༩ གཙུག་གི་ནོར་བུ་དམའ་མི་དབབ༔ ༢༠ ཅེས་སོ། །དེའང་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླའི། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པས་དམ་ཚིག་བསྲུང་མཚམས་ཤེས་པའི་སྒོ་ནས་ལེགས་པར་བསྲུང་ཞིང་གལ་ཏེ་ཉམས་ཆག་བྱུང་ན་གསོ་ཚུལ་ཤེས་པར་བྱས་ཏེ་འབད་པས་བསྐང་བར་བྱའོ། །

p. 261

གཉིས་པ་གྲོགས་སྤྱོད་པ་ནི། ལས་དང་པོ་པའི་ཚེ་མཉམ་བཞག་གི་རྟོག་པ་བག་དང་ལྡན་པས་བསྲིང་ཞིང་། ཐུན་མཚམས་ཀྱི་བྱ་བ་ཆོས་སྤྱོད་བཅུ་དང་། ཕྱག་མཆོད་ཆུ་སྦྱིན་སཱཙྪ་སོགས་ལ་གཙོ་བོར་བརྟེན་ཏེ་ཚོགས་བསག་གོ །དེ་ནས་ཉམས་མྱོང་ཅུང་ཟད་སྐྱེས་ཏེ་མཉམ་རྗེས་རོ་མཉམ་པར་གྱུར་པ་དང་། ཉམས་མྱོང་དེ་ཉིད་བོགས་དབྱུང་སྟེ་རྟོགས་པས་རྐྱེན་ཐུབ་པར་བྱ་བའི་ཕྱིར་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་དོ། །དེ་ནས་བརྟན་པ་ཆེར་ཐོབ་སྟེ་འགལ་རྐྱེན་དང་མཐུན་རྐྱེན་གྱི་རྟོག་པ་གང་བྲི་མེད་པར་གྱུར་པ་ན་བཅོས་བསླད་མེད་པར་གཞན་དོན་བྱེད་པའོ། །དེ་དག་ཀྱང་རྒྱུད་སྡེ་རྣམས་སུ་ལས་དང་པོ་པའི་སྤྱོད་པའི་རྗེས་སུ་ཉམས་མྱོང་ཅུང་ཟད་སྐྱེས་ནས་གསང་སྤྱོད་དང་། བརྟན་པ་ཅུང་ཟད་ཐོབ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་མཐར་ཕྱིན་པར་བྱ་བར་གསུངས་པ་ལྟར་བཤད་ཀྱང་རུང་སྟེ་དོན་འདྲའོ། །གསུམ་པ་ཐུགས་རྗེས་གཞན་སྒྲོལ་བྱེད་ལས་སྦྱོར་གྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལ་རྟགས་ཐོན་པ་དེའི་ཚེ་ན་གདུལ་བྱ་འདུལ་བའི་ཕྱིར་ཕན་གདགས་པ་དང་ཚར་བཅད་པའི་སྒོ་ནས་སྲུང་བཟློག་བསད་པ་སོགས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་སྦྱོར་བ་ལ་འཇུག་པར་བྱ་བའོ། །དེ་ལ་གཉིས། ལུས་དངོས་དང་། ཡན་ལག་གོ །དང་པོ་ལའང་གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས། ཇི་ལྟར་བྱ་བའི་ལས་རིམ་མོ། །དང་པོ་ནི། འདིར་དྲག་པོ་མངོན་སྤྱོད་ཀྱི་ལས་དང་རྗེས་སུ་མཐུན་པའི་གནས་ནི་འདི་ཡིན་ཏེ། གནག་ཅིང་རྩུབ་ལ་རང་བཞིན་གྱིས་སྐྱི་གཡའ་བའི་རྔམས་བརྗིད་ཅན་ཁ་ལྷོར་བལྟ་བ་དང་། གཡུལ་བཀྱེ་བའམ་མི་བསད་པ་དང་ཕུང་ཤུལ་གྱི་རི་རུལ་རྙིང་པ་སྟེ་རྐྱེན་གྱིས་མ་རུངས་པའི་སར་སོང་བ་དང་། སྲིན་པོ་ཁྲོས་པ་ལྟ་བུའི་བྲག་དང་སྡིག་པ་འདྲ་བའི་བྲག་རི་ནག་པོ་དང་ངམ་གྲོག་རྩུབ་མོའི་སའམ་རྩུབ་ཤིང་ཚེར་མ་ཅན་སྐྱེས་པའི་ས་དང་། གནམ་དང་ས་གཞི་ཆོས་འབྱུང་གྲུ་གསུམ་པའི་དབྱིབས་དང་ལྡན་པ་རྣམས་ཏེ་དབྱིབས་མདོག་མཚན་མ་སོགས་ཀྱིས་རྩུབ་པའི་གནས་སུ་མྱུར་བ་དང་། ཁྱད་པར་དུར་ཁྲོད་དང་ལྷ་སྲིན་དྲག་པོ་གནས་པའི་ས་སྟེ་ཤིན་ཏུ་གཉན་པའི་

p. 262

སར་བྱ་བ་ཤིས་པ་ཡིན་ཏེ། དེར་བར་གཅོད་བྱུང་དོགས་ནས་བརྩོན་འགྲུས་ཀྱི་ལྕག་ཏུ་འགྱུར་བ་དང་། ལྷ་སྲིན་རྣམས་ཀྱང་ཡུན་རིང་དུ་བསྡད་པ་ལ་མི་དགའ་བས་ལས་མྱུར་དུ་སྒྲུབ་པའི་གྲོགས་བྱེད་པར་འགྱུར་བའི་ཕྱིར་རོ། །དེའང་གཤིན་རྗེ་གཤེད་དམར་པོ་ལས། གནས་ནི་དུར་ཁྲོད་ཆེན་པོ་ཡི། །མི་རོ་གསར་རྙིང་ཡོད་པ་དང་། །ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། །མ་མོ་མཁའ་འགྲོ་འདུ་བའི་གནས། །ཞེས་སོ། །གཉིས་པ་ནི། ཚེས་གྲངས་ཉེར་གཉིས་དང་ཉི་ཤུ་དགུ་དང་གནམ་སྟོང་སོགས་ཟླ་བ་ནག་པོ་སྟེ་མར་ངོར་གྱུར་པའི་ཚེས་གྲངས་རྩུབ་པ་རྣམས་དང་། ཟླ་བ་ཡང་སྤྱིར་ཐ་ཆུང་བཞི་དང་ཁྱད་པར་དགུན་དང་དཔྱིད་ཀྱི་ཟླ་བ་ཐ་ཆུང་ལ་བབ་པའི་ཚེ། གཟའ་མིག་དམར་དང་། ལ་སོགས་པའི་ཁོངས་ནས་ཉི་ཕུར་སྤེན་གསུམ་སྟེ་དྲག་པོའི་གཟའ་རྣམས་རང་ཚེས་པ་དང་མ་ཚེས་པས་དར་བའི་དུས་དང་། ཐ་སྐར། མཆུ། དབོ། ལག སྣྲོན། སྣྲུབས་སོགས་དྲག་པོའི་རྒྱུ་སྐར་དང་། གཞན་ཡང་བདུད་ཉི་སོགས་འཕྲོད་དང་དུས་སྦྱོར་དྲག་པོ་ལ་བབས་པའི་ཚེ་ལས་སྦྱོར་བསྒྲུབ་པར་བྱ་བ་ཤིས་ཏེ། དམར་པོའི་རྒྱུད་ལས། ཟླ་བ་གཟའ་ཡིས་ཟིན་པ་དང་། །བདུད་ཀྱི་ཉི་མ་དག་ལ་གཏད། །མིག་དམར་དང་ནི་ཕུར་བུ་དང་། །དབྱུག་པ་རྟ་ཆེན་དག་ལ་གཏད། །ཅེས་དང་། དམར་པོ་བཀོལ་བའི་མན་ངག་ལས། བསད་པའི་དུས་ནི་ཐ་ཆུང་བཞི། །ཞེས་དང་། ཁ་ཐུན་རྩ་བར། གྲུབ་པའི་ཉི་མ་མར་ངོ་ཡིན། །ཞེས་དང་། ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། མི་འཕྲོད་བདུན་དང་འཇིགས་པ་བདུན། །བདུད་ཀྱི་ཉི་མར་གསོད་པ་ཤིས། །ཞེས་སོ། །ཁྱད་པར་ལས་སྦྱོར་གྱི་མཐའ་སྡུད་པའི་ཚེ། སྡེ་བརྒྱད་དང་སྒྲ་གཅན་བིཥྚི་རྣལ་འབྱོར་མ་དུས་མཚན་ལ་སོགས་ཐེབས་དང་བསྟུན་པའང་ཤིན་ཏུ་གཅེས་ཏེ༑ འཕང་བའི་མན་ངག་ལས། ཟླ་བ་ནག་པོར་བལྟ་བའི་ཚེ༔ ཐེབས་ལྡོག་མན་ངག་གནད་དང་བསྟུན༔ དྲག་པོའི་གདོང་ཐུག་མེད་པའི་སར༔ ཞེས་སོ། །གསུམ་པ་ལ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་ལས་རིམ་དངོས་བཤད་པའོ། །དང་པོ་ནི༑ ལས་ཀྱི་སྦྱོར་བ་ཐམས་ཅད་ཀྱང་རིགས་བསྡུ་ན་ཞི་རྒྱས་ཀྱི་སྒོ་ནས་ཕན་གདགས་པ་དང་།

p. 263

དབང་དྲག་གི་སྒོ་ནས་ཚར་བཅད་པ་གཉིས་སུ་འདུ་བ་ལས། བསྒྲུབ་བྱའི་ལས་གང་ཡིན་ཡང་རུང་སྟེ་གཙོ་སེམས་ཀྱིས་སྒྲུབ་དགོས་པས་དེ་ལ་གཉིས་ཏེ། ལས་ཐམས་ཅད་ལྷུན་གྲུབ་ཏུ་འགྲུབ་པའི་རྒྱུ་དོན་གྱི་སེམས་དང་། དེའི་མཐུན་གྲོགས་བྱེད་པ་སྟོངས་ཀྱི་སེམས་སོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པར་རྟོགས་པས་ཕྲིན་ལས་ཀྱི་སྦྱོར་བ་གང་དང་གང་ལ་སྤྱོད་པར་བྱེད་ཀྱང་། འཛིན་ཞེན་མེད་པ་སྒྱུ་མ་ལྟ་བུའི་རོལ་པར་ཤེས་པའི་གདིང་དང་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ནི་རྒྱུའི་སེམས་ཏེ་དོན་གྱི་སེམས་ཞེས་ཀྱང་གྲགས་སོ། །གཉིས་པ་ནི། ལས་གང་དང་གང་བྱེད་པའི་ཀུན་སློང་གི་བསམ་པ་སྟེ། ཟླ་གསང་མེ་ལྕེ་ཕྲེང་བར། གདུག་པ་སྦྲུལ་གྱི་སེམས་འདྲ་བ། །མ་ཞིག་བར་དུ་བཏང་མི་བྱ། །ཞེས་པས་དྲག་པོའི་ལས་ལ་ཞེ་སྡང་ཁྲོས་པའི་སེམས་ཀྱིས་བྱ་བ་ལྟ་བུའོ། །དེ་ལྟར་ཡང་སྲེག་པའི་མན་ངག་དུས་མཐའི་མེ་ཆེན་ལས། རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བསྐྱེད་ཅིང་དེ་དུས་ཀྱི་ཀུན་སློང་ཞིང་བཅུ་སྒྲོལ་བའི་ཞེ་སྡང་དང་ལྡན་པས། ཞེས་སོ། །དེའི་སྟེང་དུ་ལས་འགྲུབ་པར་བྱེད་པ་ལ་གསལ་བ་གསུམ་དང་ལྡན་པའང་གཅེས་ཏེ་གང་ལ་དམིགས་པའི་ཡུལ་དང་གང་གིས་བྱེད་པ་པོ་ལྷའི་ཕྱག་རྒྱ་ལས་མི་འདའ་ཞིང་། སྔགས་ཀྱི་མཚོན་ཆ་ལྡན་པ་རྣམས་སོ། །དེ་སྐད་དུའང་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། ཕྱག་རྒྱ་མཚོན་ཆ་དམིགས་པའི་ཡུལ། །གསལ་བ་གསུམ་གྱིས་ལས་ཀུན་འགྲུབ། །ཅེས་གསུངས་ཤིང་། དེའི་དོན་སྦས་ཏིག་ལས། ཕྱག་རྒྱ་ནི་ལྷ། མཚོན་ཆ་ནི་སྔགས། དམིགས་ཡུལ་ནི་དགྲ་བོ་ཞེས་དང་། ཡང་ན་དམིགས་ཡུལ་དང་ཕྱག་རྒྱ་གཉིས་ཏིང་ངེ་འཛིན་དུ་འདུ་བའི་ཕྱིར་རྫས་སྔགས་ཏིང་འཛིན་གསུམ་དང་ལྡན་པ་ཞེས་བཤད་ཀྱང་རུང་སྟེ། དམར་པོ་སྤུ་གྲི་རེག་གཅོད་གསང་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བསྲུང་ཆེད་དུ། །དགྲ་བོའི་སྲོག་ནི་གཅོད་པ་ལ། །ཕྱི་རབས་གང་ཟག་རྣམས་ཀྱིས་ནི། །རྫས་དང་སྔགས་དང་ཏིང་འཛིན་གསུམ། །འདི་དག་ལྡན་པའི་གང་ཟག་གིས། །སྲོག་ཟན་དམར་པོ་དགྲ་ལ་རྦད། །ཅེས་དྲག་པོའི་ལས་དང་སྦྱར་ཏེ་གསུངས་པ་ལྟར་གཞན་ལའང་ཤེས་པར་བྱའོ། །

p. 264

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། བསྙེན་པ་དང་། ལས་སྦྱོར་གཉིས་ལས། དང་པོ་ནི༑ འཇམ་དཔལ་ཞི་ཁྲོའི་གཞིའི་བསྙེན་སྒྲུབ་ཁ་སྐོང་དང་བཅས་པ་ཚད་ལྡན་སྔོན་དུ་སོང་བའི་སྔགས་པས་ལས་སྦྱོར་ལ་འཇུག་པའི་སྔ་ལོགས་སུ་ཡེ་ཤེས་ལྷའི་བསྙེན་པ་ཁ་གསོ་ཞིང་དེ་རྗེས་ལས་གཤིན་གྱི་བསྙེན་པ་བྱའོ། །གཉིས་པ་ལ། ལས་སྦྲགས་མར་སྒྲུབ་པ་དང་། ལས་སོ་སོ་རྐྱང་པར་སྒྲུབ་པ། ཀུན་ལ་གཅེས་པའི་མན་ངག་བཤད་པ་དང་གསུམ། དང་པོ་ལ་ཡོ་བྱད་བཤམ་པ་དང་། ཇི་ལྟར་སྒྲུབ་པའི་ཚུལ་གཉིས་ལས། དང་པོ་ནི། སྔར་བཤད་མ་ཐག་པའི་མཚན་ཉིད་དེ་འདྲ་བ་ཚང་བའི་གནས་དང་དུས་ལ་སོགས་པ་རྣམས་ཤིས་པ་ལ་བབ་པ་ན། ལས་སྦྱོར་སྒྲུབ་པའི་མ་དྷལ་ས་ཆོག་དང་ཐིག་ཚོན་གྱི་ཆོ་ག་ལ་སོགས་པས་ཚུལ་བཞིན་དུ་བཞེངས་ལ། གཏོར་མ། འཁོར་ལིང་། ཐུན་རྫས། ཟོར་རྫས་སོགས་ཚོགས་པར་བསགས་ཏེ། བཟློག་བྱང་ལས། ཕུང་ཤུལ་ས་ལ་སྟེགས་བུ་རྩིག༔ དུག་དང་ཁྲག་གིས་ཆག་ཆག་གདབ༔ མེ་རི་ཆོས་འབྱུང་འཁོར་ལོའི་དབུས༔ མཉྫིའི་ཁྲི་སྟེང་ལྕགས་སྣོད་དུ༔ འབྲུ་ནག་ཁྲག་གིས་སྦྲུས་པ་ཡི༔ གཏོར་མ་གྲུ་གསུམ་རྣོ་དབལ་ཅན༔ སྲོག་ཆགས་ཁྲག་གིས་དམར་པོར་བྱུགས༔ བཟློག་བསད་ལས་ཀྱི་འཁོར་ལོ་དང༔ མཚེ་ཡུངས་རྩངས་དང་མདའ་ཡིས་བརྒྱན༔ ཕྱི་ནང་མཆོད་པ་སྣ་ཚོགས་ཀྱང༔ བག་དྲོ་བརྗིད་དང་ལྡན་པར་བཤམ༔ ཞེས་དང་། འཕང་པའི་མན་ངག་ལས། ཐུན་དང་རྫས་ཀྱི་ཡོ་བྱད་རྣམས༔ མན་ངག་གནད་ཀྱིས་ཚོགས་པར་བཤམ༔ ཞེས་སོ། །གཞན་ཡང་བྲུབ་ཁུང་དུ་བསད་འཁོར་མནན་སྲེག་གི་ལིང་རྐྱང་སོགས་མནན་སྲེག་འཕང་གསུམ་ལ་དགོས་པའི་ཡོ་བྱད་ཚོགས་པར་བྱ་བའོ། །གཉིས་པ་ལ། ལས་སོ་སོའི་རྟགས་ཚད་དང་བསྟུན་ཏེ་རྒྱས་པ་ཞག་གི་རིམ་པས་སྒྲུབ་པ་དང་། བསྡུས་པ་ཐུན་བཞིའི་རིམ་པས་སྒྲུབ་པའོ། །དང་པོ་ནི། སྲུང་བ་ལ་རྟགས་ཐོན་ཐོན་གྱི་བར་བསྒྲུབས་ཏེ་རྟགས་བྱུང་བ་དང་གཏའ་གཏོར་དབུལ། དེ་ནས་ཡང་གཏའ་གཏོར་གསར་པ་ཞིག་བཅས་ཏེ་བཟློག་པའི་ལས་ལ་འཇུག དེ་དུས་ཕྱི་ཐུན་ལ་གདབ་ཁ་དང་བཟློག་

p. 265

བྱང་གི་ཤམ་བུ་སྦྲེལ་ནའང་ལེགས་གསུངས། རྟགས་བྱུང་ནས་གཏའ་གཏོར་འབུལ་ཞིང་བསད་པའི་གཏའ་གཏོར་བཅས་ལ་བསད་པའི་ལས་ལ་འཇུག་ཅིང་བསད་རྟགས་མཐོང་ནས་གཏའ་གཏོར་དབུལ། དེ་ཡང་ལས་སྔ་མ་གཉིས་ལ་རང་རང་གི་འཁོར་གྱི་དཀྱིལ་འཁོར་གུར་བཅས་དང་རོ་གཅིག་ཏུ་བསྒོམས་ལ། སོ་སོའི་དམིགས་བཟླས་ཀྱི་གནད་སྦྱར། ལས་ཕྱི་མར་འཁོར་ལིང་རྣམས་ལ་འགུགས་འདྲེན་དབྱེ་བ་སྔོན་དུ་འགྲོ་བས་བསད་པའི་དམིགས་བཟླས་ཀྱི་གནད་སྦྱར་ཞིང་། མཐར་གཏོར་མའི་སྨད་ཆའི་བསད་འཁོར་ལ་ཐུན་འཕང་མི་ཐུབ་ཀྱང་བྲུབ་ཁུང་ནང་གི་བསད་འཁོར་མནན་སྲེག་གི་ལིངྒ་དང་བཅས་པ་ལ་ཐུན་འཕང་། ནངས་རེའི་ཐུན་གཏོར་ཡང་མ་ཆག་པར་བསྔོ་ཞིང་། སྲུང་བ་ལ་ནང་དུ་དབུལ། བཟློག་བསད་གཉིས་ལ་ཟོར་དུ་བསྒྱུར་ཏེ་ཕྱིར་འཕང་། དེ་ལྟར་ལས་གསུམ་གང་བྱེད་ཀྱང་ལས་མཐའ་མནན་པ་དང་། སྲེག་པ་དང་། འཕང་བ་གསུམ་གྱིས་བསྡུ་དགོས་ཏེ། ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མའི་ཕྱི་མ་ལས། དྲག་པོའི་ལས་རྣམས་ཐམས་ཅད་ཀྱི། །ལས་མཇུག་བཅད་པའི་རིམ་པ་ནི། །སྲེག་དང་ཟོར་དང་མནན་པས་བཅད། །ཅེས་སོ། །དེ་ལྟ་བུའི་མཐའ་སྡུད་ཀྱི་ལས་སྦྱོར་བརྩམ་པའང་སྒྲུབ་པ་པོ་ཆས་སུ་འཇུག་པ་དང་། དེ་ལས་ཇི་ལྟར་རྩོམ་པ་གཉིས་ལས། དང་པོ་ནི། ཟླ་གསང་མེ་ལྕེ་ཕྲེང་བར། གོས་ནག་གྱོན་ཞིང་ཐོད་ནག་བཅིངས། །རཀྴའི་ཕྲེང་བ་སེ་རལ་བྱ། །དཔྲལ་བར་མེ་ལོང་ཞིང་སྟན་ལ། །རུས་སྦལ་འདུག་སྟངས་ལྷོ་ཕྱོགས་བལྟ། །ཞེས་སོ། །གཉིས་པ་ལ་གསུམ་ལས། དང་པོ་སྲེག་པ་ནི། བྲུབ་ཁུང་གི་ནང་གི་བསད་འཁོར་དང་སྲེག་ལིང་རྣམས་ལྕགས་སྣོད་དུ་བཏོན་ཏེ། སྔར་གདབ་ཁ་བྱས་པའི་ལིང་རོ་ལྷག་མ་རྣམས་དང་བཅས་པ་རྩ་བའི་རྫས་སུ་བྱས་ལ། སྲེག་པའི་མན་ངག་དུས་མཐའི་མེ་ཆེན་གྱི་སྒོ་ནས་དྲག་པོའི་སྲེག་བླུགས་བྱ་བའོ། །གཉིས་པ་མནན་པ་ནི། གཏའ་གཏོར་ཕུལ་བའི་རྗེས་དེ་མ་ཐག་ཏུ་མནན་པའི་གཏའ་གཏོར་བཅས་ལ། སླར་ཡང་བྲུབ་ཁུང་གི་མནན་ལིང་རྣམས་ལ་དགུག་བསྟིམ་དབྱེ་བ་བྱས་ཏེ། མནན་པའི་དམིགས་བཟླས་ཀྱི་གནད་སྦྱར་བས་བསྒྲུབས་ཏེ་རྟགས་བྱུང་ནས་གཏའ་གཏོར་ཕུལ་ལ་སྔར་གྱི་སྲེག་ཐལ་དང་ལྷན་ཅིག་ཏུ་མནན་པའི་ལས་

p. 266

ལ་སྦྱར་རོ། །གསུམ་པ་འཕང་བ་ནི། ཡང་གཏའ་གཏོར་བཅས་ཏེ་ཟོར་རྫས་རྣམས་ནུས་ལྡན་དུ་བསྒྲུབས་ནས་རྟགས་བྱུང་ནས་གཏའ་གཏོར་དམག་ལྟོའི་ཚུལ་དུ་ཕུལ་ལ་འཕང་བའི་ལས་ལ་སྦྱར་བའོ། །མཇུག་ཏུ་ཚེ་གསོ་ཞིང་དངོས་གྲུབ་བླང་བ་སོགས་དང་གནས་སྐབས་ཀྱི་སྤྱོད་ལམ་དྲག་སྔགས་སྤྱི་ལྟར་བྱ་བ་གཅེས་སོ། །གཉིས་པ་བསྡུས་པ་ཐུན་བཞིའི་རིམ་པས་སྒྲུབ་པ་ནི། ཐོར་ཐུན་ལ་བསྙེན་སྒྲུབ་ཀྱི་ལས་གཞུང་བསྲང་། དེ་ནས་ཞོགས་ཐུན་ལ་བསྲུང་བ། དགོང་ཐུན་ལ་བཟློག་པ། སྲོད་ཐུན་ལ་བསད་པའི་ལས་རྣམས་ཏེ་དགོང་ཐུན་གྱི་རྗེས་སུ་གདབ་ཁ་དང་བཟློག་བྱང་ཡང་སྦྲེལ། ཐུན་ཐམས་ཅད་ཀྱི་མཐར་ཐུན་གཏོར་བསྔོ་འབུལ་འཕང་བ་སོགས་སྔར་ལྟར་བྱས་ལ་མཐའ་སྡུད་ཀྱི་ལས་རྣམས་དུས་ཇི་ལྟར་རིགས་པས་ནུས་ལྡན་དུ་བསྒྲུབས་ནས་སྲོད་ཐུན་གྱི་རྗེས་སུ་སྲེག་པ༑ མཚན་མོའི་གུང་ཐུན་ལ་མནན་པ། ཞག་ཕྱི་མའི་དགོང་ཐུན་ལ་འཕང་བའི་ལས་སྦྱོར་སྟོན་ཏེ། ཞིབ་པར་མན་ངག་གསེར་གྱི་ཐུར་མ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ལས་རྐྱང་སྒྲུབ་ཏུ་བྱ་བའང་། སྲུང་བཟློག་བསད་གསུམ་གྱིས་ལས་ལ་སྦྱོར་བ་དང་། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཐའ་སྡུད་པའོ། །དང་པོ་ལ་གསུམ་ལས། དང་པོ་སྲུང་བ་ལའང་ཕྱི་རྫས་ཀྱི་འཁོར་ལོ་ལ་བརྟེན་ནས་དང་། ནང་ཏིང་ངེ་འཛིན་གྱི་འཁོར་ལོ་ལ་བརྟེན་ནས་བསྲུང་བ་གཉིས། དང་པོ་ནི། བྲི་མཁན་མཚན་ཉིད་དང་ལྡན་པས་དུས་དགེ་བ་ལ། འབྲི་གཞི་དང་བྲི་རྫས་གཞུང་ལྟར་ཚོགས་པས་གཞུང་དངོས་བསྟན་གྱི་འཁོར་ལོ་བསྡུས་པའམ། གཞུང་དུ་གབ་པའི་སྲུང་འཁོར་རྒྱས་པ་ཞལ་ཤེས་མ་གང་རིགས་བྲིས་ལ༑ དྲི་བཟང་དང་ཨ་མྲྀ་ཏས་བྱུགས་ནས་རབ་གནས་བྱས་ཏེ་ཏིང་ངེ་འཛིན་གྱི་རྟེན་དུ་དྲག་པོའི་བཅས་དང་བསྒྲུབ་བྱ་ལ་སོགས་པའི་སྟེང་ནས་དབུབ་པའམ་ཡང་ན་བསྲུང་བྱའི་མགུལ་དུ་གདགས་པར་བྱ་བ་སྟེ་འཁོར་ལོའི་གཞུང་ལས་སྟོན་ཏོ། །གཉིས་པ་ནི། ཏིང་འཛིན་སྲུང་བའི་མན་ངག་གིས་བསྟན་ཏེ་དེའང་སྟོང་པའི་ངང་ལས་ཐབས་ཤེས་ཉི་ཟླའི་གུར་ཁང་ནང་དུ་འདབ་སྟོང་པདྨའི་ལྟེ་བར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བའི་གཙོ་བོའི་ཐུགས་

p. 267

ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞི་བ། དེའི་ཐུགས་ཀར་ཉི་མ་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པའི་ཡར་གྱི་རྭ་ལྔ་ལ་རིགས་ཀྱི་ཡབ་ལྔ་དང་། མར་གྱི་རྭ་ལྔ་ལ་ཡུམ་ལྔ། རྡོ་རྗེའི་ལྟེ་བར་དྭངས་མའི་སྲོག་ཧཱུྃ་མཐིང་ག་ལ་བསྲུང་བྱ་རྣམས་མིང་ཡིག་ཐོག་མའི་རྣམ་པ་ཅན་དུ་སྦས་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ནས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཉི་ཟླའི་གུར་ཁང་གི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་པའི་སྟེང་འོག་གི་རྩིབས་སྦུབས་སྟོང་གི་ནང་དང་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་པོ་ལེབ་ཆགས་རྩེ་མོ་རྣོ་བའི་སྟེང་དུ་ཕྱོགས་སྐྱོང་དང་ཉི་མའི་གདན་ལ་ཁྲོ་བོ་བཅུ་ཀ་ནག་པོ་གཡས་ལྕགས་ཀྱུ་དང་གཡོན་ཐོ་བ་འཛིན་པ། དེའི་ཕྱི་རོལ་དུ་རྡོ་རྗེའི་ས་གཞི་གུར་བླ་བྲེ་ར་བ་དང་བཅས་པ༑ དེའི་ཕྱི་རོལ་ཏུ། རྡོ་རྗེ་རལ་གྲི་མདའ་མདུང་བིང༔ གྲི་གུག་དབྱུག་པ་ཕུར་བུ། ཞེས་པའི་མཚོན་ཆ་བརྒྱད་ཀྱི་གུར་ཁྲོ་བོ་འཆོལ་བའི་འཕྲོ་འདུ་དང་བཅས་པ། དེའི་ཕྱིར་མེའི་གུར་ཏེ་སྲུང་འཁོར་གུར་ལྔ་གསལ་བཏབ། དེ་ནས་ཁྲོ་བོ་བཅུ་པོ་ཕྱོགས་སོ་སོ་ལས་མི་གཡོ་བར་མཚམས་ཀྱི་ཕྲིན་ལས་མཛད་ཅིང་འཁོར་ལོ་མཚོན་ཆ་དང་བཅས་པ་དྲག་ཏུ་འཁོར་བས་གནོད་བྱེད་ཐམས་ཅད་རྡུལ་ཙམ་ཡང་མ་ལུས་པར་བསྲེགས་བཅད་གཏུབས་ཏེ་སྲ་བརྟན་མི་ཤིགས་པའི་གུར་དུ་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་དྲེགས་པ་ཅ ན་རྣམས་ཀྱི་ཚེ་དཔལ་ནུས་སྟོབས་སྣོད་བཅུད་ཀྱི་ཡོན་ཏན་དང་བཅས་པ་བསྡུས་ཏེ་རང་དང་བསྲུང་བྱའི་:མིག་༼མིང་༽ཡིག་ལ་བསྟིམས་པས་བཀྲག་མདངས་དང་མཐུ་སྟོབས་རྒྱས་པར་བསམས་ནས་རྩ་སྔགས་ལ་སྲུང་བའི་ཤམ་བུ་བཏགས་ཏེ་བཟླ་བ་ཡིན་ནོ། །འདི་ནི་ཐུན་མོང་མ་ཡིན་པའི་དམིགས་གནད་དེ་སྨིན་སློབ་ཀྱི་ལས་སྦྱོར་དུ་མཛད་ལ། གཞན་དུ་ཐུན་མོང་གི་དམིགས་གནད་ཙམ་ནི་གབ་སྦས་ཅུང་ཟད་དང་བཅས་ཏེ་བསྙེན་ཡིག་དང་གསེར་ཐུར་དུ་བཀོད་པར་མཛད་པ་སྟེ། ལས་བྱང་གི་སྲུང་འཁོར་དང་མོས་སློབ་ཙམ་གྱི་ལས་སྦྱོར་ལ་མཛད་དོ། །དེ་དག་ནི་མཚན་མ་དང་བཅས་པའི་སྲུང་འཁོར་ཏེ། མཚན་མེད་ནི། སློབ་དཔོན་པདྨས་མཛད་པའི་སྡིག་པ་སྙིང་འཛིངས་ཀྱི་མན་ངག་ལས། རང་ཉིད་ཕྱག་རྒྱ་ཆེན་པོའི་སྐུ། །ཡེ་ནས་ཡིན་

p. 268

པར་ཤེས་པར་བྱ། །ཉོན་མོངས་རྣམ་རྟོག་ཅི་བྱུང་ཡང་། །སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་བ། །ནམ་མཁའ་ལྟ་བུར་ཤེས་པར་བྱ། །སྲུང་བ་ཀུན་གྱི་རྒྱལ་པོའོ། །ཞེས་གསུངས་སོ། །གཉིས་པ་ཟློག་པ་ལའང་ཕྱིའི་ཟློག་པ་དང་། ནང་གི་ཟློག་པ་གཉིས། དང་པོ་ནི། འཁོར་ལོའི་གཞུང་ནས་འབྱུང་བ་ལྟར་ཟློག་པའི་འཁོར་ལོ་བྲིས་ལ་གདུག་པའི་རྫས་ཀྱིས་བྱུག དེ་ཏིང་ངེ་འཛིན་གྱི་རྟེན་དུ་བྱས་ཏེ་བཟློག་པའི་ལས་ལ་སྦྱོར་བའམ། ཡང་ན་གཏོར་མ་འཁོར་དང་བཅས་པ་ལ་བརྟེན་ཏེ་བཟློག་བྱང་དང་སྦྲེལ་ནས་ལས་བྱ་བའོ། །གཉིས་པ་ནི། ཏིང་ངེ་འཛིན་ཁོ་ནས་བཟློག་པ་སྟེ། སྟོང་པའི་ངང་ལས་སྲུང་འཁོར་གུར་ལྔའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་པའི་ལྷ་ཚོགས་ཐམས་ཅད་ཞལ་ཕྱིར་གཟིགས་པ་ལས། སྤྲུལ་པའི་ཁྲོ་ཚོགས་མཚོན་ཆ་ཐོགས་པ་དཔག་མེད་སྤྲོས་ཏེ་གནོད་བྱེད་ཐམས་ཅད་རྩ་སྦུར་མེས་སྲེག་པ་ལྟར་ཐལ་བར་བརླག་པར་བསམ་ལ། རྩ་སྔགས་ལ་བཟློག་སྔགས་བཏགས་ཏེ་བཟླ། རྩ་བའི་ཚིག་ཟིན་ལ་དངོས་སུ་མི་འབྱུང་ཡང་གསེར་ཐུར་ལས། ཕྱི་རོལ་གྱི་མཚོན་ཆ་འཁོར་ལོ་དང་བཅས་པ་དྲག་ཏུ་འཁོར་བའི་དམིགས་པ་དང་སྦྱར་བ་ནི་གནད་དམ་པ་སྟེ། སྲུང་བའི་དམིགས་གནད་ཀྱི་བཟླ་སྟོབས་ཀྱིས་དེ་ལྟར་མཚོན་ནུས་པའི་ཕྱིར་རོ། །མཇུག་ཏུ་བདེན་བརྡར་དམོད་མོ་དང་བཅས་ཐལ་མོ་བརྡབ་པར་བྱ་སྟེ། འཇམ་དཔལ་དྲི་མེད་གསང་རྒྱུད་ལས། ཕྲིན་ལས་དྲག་པོའི་དུས་སུ་ནི། །ཕྱག་བརྡར་བྱུང་བ་ཐལ་མོའི་སྒྲ། །ཐབས་དང་ཤེས་རབ་འཁོར་ལོ་དེ། །དྲག་ཏུ་བསྡར་ཞིང་ལན་བདུན་གདབ། །ཅེས་སོ། །དེ་ནས་མཐར་མཚན་མེད་དེ་ཁོ་ན་ཉིད་ཀྱི་ཟློག་པས་རྒྱས་གདབ་པ་ནི། བཟློག་བྱ་ཟློག་བྱེད་སོགས་ལོག་རྟོག་སྒྱུ་མ་ཙམ་དུ་ཤེས་པའི་སྒོ་ནས་འཁོར་གསུམ་མི་དམིགས་པའི་ངང་ལ་འཇོག་པ་སྟེ། ཕྱག་རྒྱ་གསལ་སྒྲོན་ལས། ལས་དང་སྦྱོར་བ་སྣ་ཚོགས་ཀུན། །སྒྱུ་མ་སྒྱུ་མའི་སྤྲུལ་པར་འདུས། །ཞེས་པ་ལྟ་བུའོ། །གསུམ་པ་བསད་པ་ལའང་། ཕྱི་རྫས་ལ་བརྟེན་པ་དང་། ནང་ཏིང་ངེ་འཛིན་གྱིས་བསད་པའོ། །དང་པོ་ནི། འཁོར་ལོའི་གཞུང་ལས་འབྱུང་བ་ལས། བསད་འཁོར་བྲིས་པ་གདུག་

p. 269

པའི་རྫས་ཀྱིས་བྱུགས་ཤིང་དྲག་སྐུལ་གསེར་སྐྱེམས་གཟུ་དཔང་བསྐྱེད་འགུགས་ལྷ་དང་ཕྲལ་བ་རྣམས་བྱས་ལ། དེ་ཉིད་དམིགས་རྟེན་དུ་བྱས་ནས་བསད་པའི་དམིགས་བཟླས་ཀྱི་ལས་ལ་སྦྱོར་བ་སྟེ། འདིར་ཕྱག་བཞེས་ལྟར་ཐུན་ཐག་གཏོད་ན་དེ་ལ་བརྒྱུད་དེ་རང་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཕར་སོང་ནས་ལིངྒ་ལ་བསྟིམས་པ་དང་། ཁོའི་མཐུ་དཔལ་ཚེ་སྲོག་ཚུར་བརྒྱུད་དེ་རང་ལ་བསྟིམས་པས། ཕ་རོལ་པོ་ཉམ་ཐག་ཅིང་རང་བཀྲག་མདངས་རྒྱས་པར་བསམ་པ་ཡིན་ནོ། །ཡང་ན་གདབ་ཁའི་བྱང་བུ་ལས། ནག་པོ་ས་ཡི་བྲུབ་ཁུང་དུ༔ མིང་རུས་ལྡན་པའི་ལིངྒ་ནི༔ དགྲ་བོའི་དྲི་མས་སྦགས་པ་བཅུག༔ ཅེས་པ་ལྟར་དགྲ་བོ་ཡིན་ན་དྲི་མ་ལྔ་དང་། བགེགས་ལ་གནས་རྟེན་གྱི་ས་སོགས་ལ་ལིངྒ་མིང་རུས་དང་བཅས་པའི་ཕྱིའི་རྫས་ལ་གཙོ་བོར་བརྟེན་ཏེ་གདབ་ཁའི་བྱང་བུ་དང་སྦྲེལ་ནས་བསད་ལས་བྱ་བ་རྣམས་སོ། །གཉིས་པ་ནི། ཏིང་ངེ་འཛིན་ཁོ་ནས་བསད་པ་སྟེ། རང་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་འོད་ལས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་གནོད་བྱེད་བཀུག་བསྟིམ་ལྷ་དང་ཕྲལ་ཏེ་ཁོའི་མཐུ་དཔལ་ཚེ་སྲོག་རང་ལ་བསྟིམས་པས་ཁོ་ཉམ་ཐག་པར་བསམ་པ་ནི་ཏིང་ངེ་འཛིན་གྱི་དམིགས་ཡུལ་སྒྲུབ་པའོ། །དེ་ནས་ཏིང་ངེ་འཛིན་དང་དྲག་སྔགས་ཀྱིས་བསད་པ་ནི། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་བྷྲུྃ་འཕྲོས་དམིགས་བྱའི་སྙིང་གི་སྒོར་ཞུགས་ཏེ་ཁོག་པར་སླེབ་པ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ་རྣོ་ངར་ཅན་དུ་གྱུར་པ། ཤུགས་དྲག་གིས་འཁོར་བས་ཤ་རུས་ནང་རོལ་སོགས་དམར་ཐོར་ཐོར་མྱོག་མྱོག་བཏང་བ་ཕོ་ཉ་རྣམས་ཀྱིས་ལྷག་མེད་དུ་ཧབ་དིར་གྱིས་ཟོས་པར་བསམ་སྟེ། རྩ་སྔགས་ལ་བསད་སྔགས་བཏགས་པ་བཟླ་བ་ནི་ལས་ལ་སྦྱོར་བའོ། །མཇུག་ཏུ་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་སྟེ། གདབ་ཁའི་བྱང་བུ་ལས་ཀྱང་། དེ་ལྟར་བསྒྲལ་རྦད་བྱས་པའི་མཐར༔ ཐམས་ཅད་ནམ་མཁའ་ལྟ་བུར་དག༔ ནམ་མཁའ་ཉིད་ཀྱང་མཐའ་ལས་འདས༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ རྣམ་པར་མི་རྟོག་ངང་ལ་བཞག༔ ཅེས་སོ། །གཉིས་པ་མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཐའ་སྡུད་ཚུལ་ལ། ལས་གང་དང་

p. 270

གང་གི་མཐར་དེ་དང་དེ་སྦྱོར་ལུགས་དང་། གང་སྦྱོར་རྒྱུའི་ལས་རིམ་དངོས་བཤད་པ་གཉིས། དང་པོ་ནི། སྲུང་དང་ཟློག་བསད་གང་བྱེད་མཐའ༔ མནན་སྲེག་འཕང་བས་བསྡུ༔ ཞེས་པས་ལས་གསུམ་པོ་གང་དང་གང་བྱེད་ཀྱང་མཇུག་ཏུ་མཐའ་སྡུད་ཀྱི་ལས་ལ་སྦྱོར་དགོས་པ་སྟེ། དཔེར་ན་ཟློག་བསད་གཉིས་བཞག་སྟེ་སྲུང་བའི་ལས་གཙོ་བོར་བྱེད་ནའང་དེ་ལ་རྟགས་ཐོན་རྗེས་མནན་སྲེག་འཕང་གསུམ་གྱིས་མཇུག་སྡུད་པར་བྱའོ་ཞེས་བཤད་ཀྱང་རུང་མོད་ཀྱི། དེ་ལྟ་ནའང་འདིར་མཐའ་སྡུད་ཀྱི་ལས་གསུམ་ཡང་རྐྱང་པར་སྒྲུབ་པའི་དབང་དུ་བཏང་ན། སྲུང་བའི་ལས་མཐའ་མནན་པ་དང་། ཟློག་པའི་ལས་མཐའ་འཕང་བས་དང་། བསད་པའི་ལས་མཐའ་སྲེག་པས་བསྡུ་བ་སྟེ། རྒྱུ་མཚན་བར་ཆད་ཀྱིས་མི་ཤིགས་པའི་ཕྱིར་སྲུང་འཁོར་གྱིས་མཚམས་བཅིང་བ་དང་། བར་དུ་གཅོད་བྱེད་གནོད་གདུག་གི་སྟོབས་ནུས་མནན་པའི་ལས་ཀྱི་འཆིང་བ་གཉིས་གནད་གཅིག་པའི་ཕྱིར་ཏེ། དཔེར་ན་སྒྲུབ་པ་ཆེན་པོའི་ནང་མཚམས་ཀྱི་དུས་དམ་སྲི་མནན་པ་བཞིན་ནོ། །དེ་བཞིན་དུ་བསད་ཟློག་གི་མཐའ་སྲེག་འཕང་གཉིས་ཀྱིས་བསྡུ་བའང་མཐའ་སྡུད་ཀྱི་ལས་དེ་དང་དེའི་ལས་གང་དང་གནད་གཅིག་པའི་འབྲེལ་གཙོ་བོར་བྱས་ནས་བསྡུ་བ་སྟེ་གོ་སླ་བར་ཟད་དོ། །དེ་ལྟར་མཐའ་སྡུད་ཀྱི་ལས་ལ་གསུམ་ལས། དང་པོ་མནན་པ་ལ། གནོད་བྱེད་སྤྱིར་མནན་པ་དང་། བྱེ་བྲག་དམ་སྲི་མནན་པའོ། །དང་པོ་ལའང་ཡོ་བྱད་བཤམ་པ། སྒྲུབ་པ། ལས་ལ་སྦྱོར་བའོ། །དང་པོ་ནི། གདུག་པའི་ས་ལས་བྱས་པའི་བྲུབ་ཁུང་དུ་ལིངྒ་གནད་ཡིག་དང་ལྡན་པ་བྲིས་པ་བཅུག་ལ་མཐའ་རྩངས་ཀྱིས་བསྐོར། སྟེང་དུ་གཏོར་ཆེན་དང་མཆོད་རྫས་ཐུན་རྫས་སོགས་ཀྱང་ཚོགས་པར་བྱ་བའོ། །གཉིས་པ་ནི༑ རྩ་བར། དེ་ནས་བདག་ཉིད་ལྷར་གསལ་བའི༔ ཐུགས་ཀའི་འོད་ཀྱིས་གནོད་བྱེད་བཀུག༔ བསྟིམ་ཞིང་སྐྱོབ་བྱེད་ལྷ་དང་ཕྲལ༔ ཞེས་པས་དྲག་བསྐུལ། གསེར་སྐྱེམས། གཟུ་དཔང་། བསྐྱེད་འགུགས་དབྱེ་བ་རྣམས་སྔོན་དུ་བཏང་རྗེས། རྩ་བར། དྲག་པོ་གནད་ཀྱི་མན་ངག་སྦྱོར༔ ཞེས་པས་བསད་པ་གོང་དུ་སོང་ན་མནན་པའི་དམིགས་གནད་སྦྱར་བས་ཆོག་ཅིང་། མ་སོང་ན་ཐོག་མར་བསད་པའི་ལས་ལ་སྦྱར་བས་རྟགས་བྱུང་བ་དང་ལྷ་ཚོགས་ཐམས་ཅད་

p. 271

མནན་པའི་ལས་མཛད་པར་བསམ་ལ་མནན་དམིགས་སྦྱོར་ཏེ། དེའང་དམིགས་བྱའི་གནས་གསུམ་དུ་འཁོར་ལོ་སྣ་ཚོགས་རྡོ་རྗེས་མཚན་པ་རེས་མནན་ཅིང་ཡན་ལག་དང་ཚིགས་བཞི་ཐམས་ཅད་རྡོ་རྗེས་གཟིར་བར་བསམས་ཏེ་རྩ་སྔགས་ལ་མནན་སྔགས་བཏགས་ནས་བཟླ་ཞིང་ཐུན་བརྡེག་དང་ཐུན་གཏོར་བསྔོ་འབུལ་སོགས་བྱ། དེ་ལྟ་བུས་ཐུན་དྲུག་ཏུ་བཅད་ནས་ནན་ཏན་དུ་བསྒྲུབས་ཏེ་ཐུན་དྲུག་ནི། བདུད་དམག་ལ་ཆས་པའི་དུས་ཏེ་དགོང་ཀའི་གྲིབ་སོ་འབབ་པ། སྲིན་པོ་ལྟོ་ལ་རུབ་པའི་དུས་ཏེ་སྲོད། གཤིན་རྗེ་ཁྲམ་འདེབས་ཀྱི་དུས་ཏེ་ནམ་གུང་། གིང་ཟན་ལ་འཇུངས་པའི་དུས་ཏེ་ཐོ་རེངས། སེང་སྟག་ཁ་གདངས་ཀྱི་དུས་ཏེ་ཉི་ཤར། ཆུ་སྲིན་རྔ་མ་གཡབ་པའི་དུས་ཏེ་ཉིན་གུང་རྣམས་སོ། །གསུམ་པ་ནི། རྟགས་བྱུང་ནས་གཏའ་གཏོར་བསྔོས་ལ། རཱུ་པ་བལྟབ་ལུགས་གསུམ་གང་རུང་གིས་བལྟབ་ནས་ཤི་སྐྲ་དང་སྔོ་དམར་གྱི་སྐུད་པས་འཆིང་བ་སོགས་མནན་ཆས་ལེགས་པར་བྱ་བ་སྟེ། རྩ་བར། ཕུང་ཤུལ་རེ་བ་ནག་པོས་དྲིལ༔ བདུད་དང་གནོད་སྦྱིན་ཞགས་པས་བཅིངས༔ མནན་སྣོད་དམིགས་བྱ་གང་ཡིན་ལ༔ མན་ངག་གནད་དང་ལྡན་པར་བྱ༔ ཞེས་སོ། །གང་དུ་མནན་པའི་ས་ནི། ཡང་རྩ་བར། མཆོད་རྟེན་རྒྱ་གྲམ་ལམ་ཐེམ་འོག༔ སྡེ་བརྒྱད་གཏོད་ན་གང་གནས་སར༔ ཞེས་གསུངས་པས་མཆོད་རྟེན་དང་ཐེམ་འོག་མ་གཏོགས་གང་དུ་གནོན་ཡང་ལྟོ་འཕྱེ་བརྟག་དགོས་པས་དེའི་གནས་ལུགས་ནི། བམ་བརྒྱད་ཀྱི་འགྲེལ་པ་ལས། ལྟོ་འཕྱེ་གནས་པའི་མཚན་ཉིད་ནི། །སྟོན་ཟླ་གསུམ་གྱི་ཟླ་བ་ལ། །ཉི་མ་འགྲོ་བའི་རིམ་པ་ཡིས། །མགོ་ཤར་ཁ་ལྷོ་གཡོན་གྱིས་ཉལ། །དགུན་ཟླ་གསུམ་གྱི་ཟླ་བ་ལ། །ནུབ་ཏུ་ཁ་བལྟས་མགོ་བོ་ལྷོ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །བྱང་དུ་ཁ་བལྟས་ནུབ་ཏུ་མགོ །དབྱར་ཟླ་གསུམ་གྱི་ཟླ་བ་ལ། །ཤར་དུ་ཁ་བལྟས་བྱང་དུ་མགོ །ས་བདག་ལྟོ་འཕྱེ་དེ་ལྟར་གནས། །སྐྱེས་བུ་ཆེན་པོས་ལྟོ་འཕྱེ་བརྐོ། །ཞེས་སོ། །དེར་རང་ལྷའི་ང་རྒྱལ་གྱིས་གཤིན་རྗེ་གཤེད་གསང་བ་དྲུག་ཅུ་པའི་རྒྱུད་ལས། ཕྱག་རྒྱ་འདི་དང་སྔགས་འདི་ཡིས། །རི་རབ་གཤག་པར་བྱ་བ་སྟེ། །ཞེས་པ་ལྟར་སྔགས་རྒྱས་ས་གཞི་གཤག་ལ་འཆི་བདག་བཀུག་སྟེ་མཆོད་ནས། སླར་ཡང་དགུག་དབྱེ་དྲག་པོ་བྱས་པའི་དམིགས་

p. 272

བྱ་རྣམས་འཆི་བདག་གི་གྲེ་བར་གཏད་རྗེས། རྩ་བར། དུར་གཡམ་རྡོ་རྗེ་རྒྱ་གྲམ་དང༔ སྟོང་ཁམས་བྲིས་པས་ཁ་བཅད་ལ༔ འབྱུང་བ་གོ་བཟློག་དམིགས་པ་དང༔ ལས་གཞུང་བཞིན་དུ་རྟ་བྲོ་བརྡུང༔ ཞེས་པ་ལྟར་མནན་ཅིང་བྲོས་གཟིར་བར་བྱ་སྟེ། ཞིབ་པར་མནན་པའི་མན་ངག་བསྟན་དགྲ་ཚར་གཅོད་ལས་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་དམ་སྲི་མནན་པ་ནི། དམ་སྲིའི་ལིངྒ་གནས་ཡིག་ལྡན་པ་བྲིས་ལ་སྔར་གྱི་སྤྱིའི་ཆོ་གས་ཁོག་དབུབ་སྟེ་དགུག་དབྱེ་བྱས་ནས་དྲག་སྔགས་ལྡན་པའི་སྔགས་ཀྱིས་བྲབ་ཅིང་། རྩ་བར། ཞེས་བཟླས་ལིངྒ་ཤི་བལྟབ་བྱས༔ སྔོ་དམར་སྐུད་པས་དམ་དུ་བཅིངས༔ དུག་ཁྲག་རྡོ་ཕྱེ་འབྲུ་སྣར་བཅས༔ ཁྱི་དཀར་སྣ་དམར་ཐོད་པར་བཅུག༔ རྒྱ་གྲམ་ལམ་དུ་མནན་པ་བྱ༔ ཞེས་པ་ལྟར་ལས་ལ་སྦྱོར་ཏེ། ཕན་ཡོན་ནི། སྔ་མའི་འཕྲོས་ལས། རྒྱལ་འགོང་དམ་སྲིའི་དཔུང་ཚོགས་ཀུན༔ ལས་འདིས་འཇོམས་འགྱུར་ཐེ་ཚོམ་མེད༔ ཅེས་གསུངས། དེ་བས་ན་མ་མནན་པའི་ཉེས་པ་ཤེས་པའི་སྒོ་ནས་ལས་ལ་སྦྱོར་བར་གདམས་པ་སྟེ། དེ་ལས། སྙིགས་མ་ལྔ་བདོར་གྱུར་པའི་ཚེ༔ འཕུང་བྱེད་དམ་སྲི་སྤུན་དགུ་ཡིས༔ འགྲོ་བ་མི་ཡི་སྲོག་ལ་འཚེ༔ ནོར་དང་ཕྱུགས་ལ་གོད་ཁ་བྱེ༔ ཁྱད་པར་ཆོས་མཛད་ཡོངས་ལ་གནོད༔ དེ་ཕྱིར་འདི་ལ་ནན་ཏན་མཛོད༔ ཅེས་སོ། །གཉིས་པ་སྲེག་པ་ལ། རྫས་དང་ཡོ་བྱད་བཤམ་པ་དང་། ལས་རིམ་བཤད་པ་གཉིས། དང་པོ་ནི། གདུག་པའི་སའི་སྟེགས་བུའི་ཁར་དྲག་པོའི་ཐབ་བརྩིག་པའམ་བྲིས་པའི་སྟེང་དུ་སྲེག་ཤིང་གི་ཧོམ་བརྩིག སྔར་བསད་པའི་ལས་ཀྱིས་བསྒྲུབས་པའི་སྲེག་ལིང་བསད་འཁོར་དང་བཅས་པའམ། ཡང་སྦྱིན་སྲེག་གི་ལས་གློ་བུར་དུ་བྱ་བའི་རིགས་ལ་རཱུ་པ་མིང་རུས་ཅན་གྲངས་ལྡན་གསར་དུ་འདུ་བྱས་པ་ནི་རྩ་བའི་རྫས་ཏེ། དེ་སོགས་སྲེག་རྫས་བདུན་དང་མཆོད་གཏོར་སོགས་ཚང་བར་བསག་གོ །དེ་ལྟར་ཡང་རྩ་བར། ལྷོ་རུ་ཕྱོགས་པ་དྲག་པོའི་སར༔ མི་བསད་གཡུལ་བཀྱེ་ཕུང་ས་ལ༔ སྟེགས་བུ་དཔང་ཁྲུ་རྒྱར་མདའ་གང༔ རོ་སོལ་གྱིས་བྱུགས་དྲག་པོའི་སར༔ དམིགས་བྱ་རཾ་ཡིག་བཀོད་པ་བྲིས༔ དུག་ཤིང་ཚེར་མའི་ཧོམ་བརྩིག་ལ༔

p. 273

དྲག་པོའི་ཐུན་མཆོད་ལིངྒ་སོགས༔ ཉེར་མཁོའི་རྫས་རྣམས་ཚོགས་པར་བཤམ༔ ཞེས་སོ། །གཉིས་པ་ལ། སྦྱོར་དངོས་གཉིས་ལས། སྦྱོར་བ་ནི། ལས་གཞུང་བསྲང་བ། ལས་བུམ་སྒྲུབ་པ། མཆོད་སྲེག་གི་རྫས་བྱིན་གྱིས་བརླབ་པ་རྣམས་སོ། །དངོས་གཞི་ལ་མེ་ལྷ་འཇིག་རྟེན་པ་དང་། འདས་པ་མཆོད་པ་གཉིས་ལས། དང་པོ་ནི། མེ་སྦར་ཏེ་དྲག་པོའི་ཐབ་ནང་དུ་རང་གི་ཐུགས་ཀ་ནས་རཾ་སྤྲོས་ཏེ་དྲག་པོའི་མེ་ལྷ་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་ཅིང་བསྟིམས་ནས་མཆོད་བསྟོད་དང་དགང་བླུག་སྲེག་རྫས་འབུལ་བ་ལ་སོགས་པའོ། །དེ་ཡང་རྩ་བར། རང་ཉིད་ལྷར་གསལ་ཐུགས་སྲོག་ལས༔ རཾ་འཕྲོས་མདུན་དུ་མེ་ཡི་ལྷ༔ དྲང་སྲོང་རྔམས་བརྗིད་ཁྲོ་ཆས་ཅན༔ ར་སྐྱེས་ཞོན་བསྐྱེད་དགུག་བསྟིམ་མཆོད༔ འདོད་གསོལ་ཞེས་སོ། །གཉིས་པ་ནི། གཞུང་སོ་སོའི་དགོངས་པས་མེ་ལྷ་འབར་བའི་རྣམ་པར་བྱས་པའི་དབུས་སུ་དང་། མེ་ལྷའི་ལྟོ་བར་བསྐྱེད་པའི་ལུགས་གཉིས་ལས། འདིར་ལུགས་ཕྱི་མ་སྟེ། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོའི་ཚུལ་དུ་བཞག་ལ་དམ་ཚིག་སེམས་དཔའི་ལྟོ་བར་འདས་པའ་ིམེ་ལྷ་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ཅིང་སྤྱན་དྲང་བ་ནས་བཟུང་བསྟོད་པའི་བར་བྱས་ལ་དགང་བླུགས་དབུལ། སྲེག་ལིང་རྣམས་གདབ་ཁའི་མཚོན་ཆས་བསྒྲལ་བ་ཡན་གྱི་བསད་ལས་སྦྱར་ཏེ་བསྒྲལ། དེ་ནས་དྲག་སྐུལ་རྣམས་ཀྱི་མཐར་རྩ་སྔགས་ལ་སྲེག་སྔགས་བཏགས་པས་སྲེག་རྫས་དང་དགང་བླུགས་སོགས་ཕུལ་ནས་འདོད་དོན་གསོལ་ལ་གཤེགས་བསྡུ་བྱ་བའོ། །དེ་ལྟར་ཡང་སྔ་མའི་འཕྲོས་ལས། དམ་ཚིག་མེ་ལྷའི་ལྟོ་བ་རུ༔ ཡེ་ཤེས་མེ་ལྷ་གཤིན་རྗེ་གཤེད༔ འཁོར་བཅས་གསལ་གདབ་སྤྱན་དྲངས་མཆོད༔ དམིགས་བྱའི་ལིངྒ་དགུག་དབྱེ་བྱས༔ བསད་པའི་ལས་ཀྱི་མན་ངག་སྦྱར༔ རཱུ་པ་གཤིན་རྗེའི་ཞལ་ནང་དུ༔ ཏིང་འཛིན་སྔགས་རྒྱ་ལྡན་པས་དབུལ༔ ཞེས་སོ། །:ལྷར་༼སླར་༽ཡང་འཇིག་རྟེན་པའི་མེ་ལྷ་དམ་ཡེ་གཉིས་མེད་དུ་བྱས་པ་ལ་མཆོད་བསྟོད་སྲེག་རྫས་དགང་བླུགས་འབུལ་བ་སོགས་བྱས་ཏེ་གཤེགས་གསོལ་བསྔོ་ཤིས་ཀྱིས་རྗེས་བསྡུ། དེ་ནས་བསྲེགས་ཐལ་རྣམས་མནན་ལ་ལས་བྱས་པ་རྣམས་གསོར་མི་རུང་བར་འགྱུར་བའི་ཕྱིར་བྲོས་གཟིར་བར་བྱ་སྟེ་ཞིབ་

p. 274

པར་མན་ངག་དུས་མཐའི་མེ་ཆེན་ལས་ཤེས་པར་བྱའོ། །གསུམ་པ་འཕང་བ་ལ། རྫས་བཤམ་པ། སྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ནི། འཕང་བའི་མན་ངག་ལས། དུར་ཁྲོད་དྲག་པོའི་གནས་རྣམས་སུ༔ ལྕགས་སམ་བྷནྡྷའི་སྣོད་ནང་དུ༔ འབྲུ་ནག་དུག་ཁྲག་གིས་སྦྲུས་པའི༔ དྲག་པོའི་གཏོར་མ་ཟུར་གསུམ་པ༔ ཁྲག་བྱུག་སྲུང་ཟློག་འཁོར་ལོ་བཀོད༔ མཚེ་ཡུངས་རྩངས་ཀྱིས་བཙུགས་པ་བརྒྱད༔ སྐྱེར་མདའ་ལྟས་ངན་སྒྲོས་བརྒྱན་པ༔ དུག་དང་ཁྲག་གིས་བྱུགས་པ་དང ༔ ཐུན་དང་ཟོར་གྱི་ཡོ་བྱད་ཀུན༔ མན་ངག་གནད་ཀྱིས་ཚོགས་པར་བཤམ༔ ཞེས་པས་གཏོར་མ་འཁོར་ལོ་ཟོར་རྫས་དང་བཅས་པ་ཚང་བར་བསགས་ཤིང་། ཁྱད་པར་ཟོར་རྫས་གཞུང་དངོས་བསྟན་ལ་ཀོང་ཟོར་དང་མདའ་ཟོར་གཉིས་སུ་ཟོར་རྣམས་བསྡུས་པ་ལྟར་སྣང་ཡང་། མན་ངག་གནད་ཀྱིས་ཚོགས་པར་བཤམ༔ ཞེས་པས་མན་ངག་གི་གནད་ཀྱིས་ཚོགས་པར་བྱ་རྒྱུའི་དོན་ནི། ཕྱག་བཞེས་ལྟར་མདོས་ཟོར་གྱི་རྣ་ཆ་འཆར་ཀ་ནས་ཁ་བསྐངས་ཏེ། ཀོང་ཟོར། རྡོ་ཟོར། ཁྲག་ཟོར། དུག་ཟོར། མདའ་ཟོར། ཡུངས་ཟོར་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། ཟློག་པའི་ལས་ལ་རྟགས་ཐོན་ནས་འཕང་བའི་གཏའ་གཏོར་བཅས་ཏེ། ལས་གཞུང་བསྲངས་རྗེས་ཟོར་རྫས་རྣམས་མི་དམིགས་པ་ལས་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་དགྲ་བགེགས་སྒྲོལ་བའི་མཐུ་ལྡན་དུ་བསམ་ལ་རྩ་སྔགས་ལ་ཟོར་སྔགས་ཀྱི་ཤམ་བུ་སྤྲེལ་བས་ནུས་ལྡན་དུ་བསྒྲུབས་ལ། རྟགས་མཐོང་ནས་གཏའ་གཏོར་དམག་ལྟོའི་ཚུལ་དུ་གཏོར་ཆེན་ལ་སྟོབས། ཡང་འཕང་བའི་ལས་གློ་བུར་བ་ཤར་སྒོམ་ཙམ་ལ་བཟློག་བྱང་རྫོགས་རྗེས་མཆོད་བསྟོད་བཟོད་པར་གསོལ་ལ་ཡེ་ཤེས་པ་བཏེགས། དམ་ཚིག་པ་བསྡུ། གཏོར་ཆེན་ཟོར་རྫས་དང་བཅས་པ་དམིགས་བཟླས་སྔར་ལྟ་བུས་བསྒྲུབས་ལ་ཟོར་རྫས་གྲལ་སྐོར་དང་ཐལ་རྡེབ་དམག་ལྟོ་དབུལ་བའོ། །དེ་དག་ཀྱང་རྩ་བར། དེ་ནས་ལས་གཞུང་ཚུལ་བཞིན་བྱས༔ མདུན་གྱི་ཟོར་རྫས་མི་དམིགས་ལས༔ ཀུན་ཀྱང་ལས་བྱེད་དྲེགས་པ་བརྒྱད༔ སྣ་ཚོགས་ཐུན་དང་ཟོར་ཐོགས་པ༔ དགྲ་བགེགས་སྒྲོལ་བའི་མཐུ་ལྡན་བྷེཾ༔ རྟགས་དང་ལྡན་པར་བསྒྲུབས་བྱས་ལ༔ ཞེས་སོ། །གསུམ་པ་ནི།

p. 275

ཟོར་ལམ་འཐེན་ཏེ་སྒྲུབ་པ་པོ་རྣམས་དྲག་པོའི་ཆས་སུ་ཞུགས་ནས་གདོང་ཕྱིར་ཕྱོགས་པས་གསེར་སྐྱེམས་ཕུལ་ལ་ཟོར་སྒོ་དབྱེ། གཏོར་ཆེན་བསྒུལ་ཞིང་བསྐུལ་དང་ཆད་ཐོ་བསྒྲག དགྲ་ཕྱོགས་སམ་ཐེབས་ཕྱོགས་བརྩིས་པའི་སར་བཏེགས་ཏེ་གསེར་སྐྱེམས་དང་དཀར་གཏོར་བསྔོས་ལ་ཟོར་བསྐུལ་སྔོན་དུ་འགྲོ་བས། སྡེ་བརྒྱད་ཀྱི་དམག་ཚོགས་དཔའ་བའི་ངར་སྒྲ་དང་བཅས་ཏེ་དགྲ་ཡུལ་དུ་ཆས་ནས་རྡུལ་དུ་བརླག་པར་བསམ་ཞིང་ཟོར་དང་གཏོར་མ་དགྲ་ཕྱོགས་སུ་འཕང་། དྲག་སྔགས་དམོད་མོ་དང་བཅས་པས་ཐལ་མོ་བརྡེབ། དུལ་མོ་རྡུལ། བཟློག་བསད་འཁོར་ལིང་རྣམས་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབ་པར་བསམ་ལ་སྲེག་སྔགས་དང་བཅས་ཏེ་ཧོམ་དུ་བསྲེག སྲུང་འཁོར་བསྒོམ་ཞིང་སྲུང་སྔགས་བཟླ། སྒོ་དྲུང་དུ་བཤལ་ཆུས་བརྟན་མ་བསྐྱང་། གཏོར་གཞོང་རི་རབ་ཏུ་བསམ་པའི་འོག་ཏུ་དམིགས་བྱ་བཀུག་ནས་མནན་པར་བསམ་ལ་མནན་སྔགས་བཟླ་ཞིང་བྲོས་གཟིར། ནང་དུ་ལོག་ནས་དངོས་གྲུབ་བླང་ཞིང་ཚེ་གསོལ་ལ་དཀྱིལ་འཁོར་བསྡུ་བ་སོགས་བྱའོ། །དེ་ལྟར་ཡང་། དྲག་པོའི་གདོང་ཐུག་མེད་པའི་སར༔ རྦད་བསྐུལ་ཟོར་གྱི་སྒོ་དབྱེའོ༔ ཞེས་དང་། གཏོར་མ་དགྲ་ཡི་ཕྱོགས་སུ་འཕང༔ དམོད་མོ་བརྗོད་ཅིང་དུལ་མོ་རྡུལ༔ ཕྲིན་ལས་བཞི་ཡི་རྟ་བྲོ་བརྡུང༔ རྟག་ཆད་མཐའ་བསལ་དལ་བསྡུའོ༔ ཞེས་སོ། །གསུམ་པ་ཀུན་ལ་གཅེས་པའི་མན་ངག་བཤད་པ་ནི། ལས་གསུམ་གྱི་མཐའ་ཉིད་མཐའ་སྡུད་ཀྱི་ལས་གསུམ་གྱིས་བསྡུ་དགོས་པ་དེའི་ཕྱིར། ལས་དེ་རྣམས་ཀུན་ལ་གཅེས་པའི་མན་ངག་ནི་འདི་ཡིན་ཏེ། ལས་བྱེད་ཕོ་ཉ་དྲག་ཏུ་བསྐུལ༔ ཞེས་པས་སྲུང་བ་མཚམས་ཀྱི་ཕྲིན་ལས་མཛད་པ་པོ་རྣམས་བསྐུལ་བ་སྟེ། ལས་བྱང་གི་མཚམས་གཅོད་དུ། བགེགས་དང་འབྱུང་པོ་རྡུལ་དུ་རློག༔ ཅེས་པ་ལྟ་བུའོ། །ཟློག་པ་ལ་དེའི་ལས་མཛད་པའི་ཕོ་ཉ་ལ་སོགས་པ་རྣམས་བསྐུལ་ཏེ་དཔེར་ན། ཟློག་བྱང་ལས། དོ་ནུབ་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཅེས་པ་ལྟ་བུ་ལྷ་སོ་སོ་ལ་བཟློག་པའི་ཕྲིན་ལས་བསྐུལ་བ་དང་། གོང་དུ་མངོན་སྤྱོད་ཀྱི་ལས་ལ་སྤྱིར་བསྐུལ་བ་ལ་སོགས་པའོ། །བསད་མནན་སྲེག་གསུམ་ལ་སྤྱིར་དྲག་སྐུལ་ཆེ་ཆུང་སྟེ།

p. 276

ཆེ་བ་ནི་མངོན་སྤྱོད་ཀྱི་ལས་ལ་བསྐུལ་བ་རང་བཞིན་རྣམ་དག་མ་དང་། ཆུང་བ་ནི་ལྷའི་རྐང་ཐོན་གྱི་སྒོ་ནས་བསྐུལ་བ་སྟེ་ལས་བྱང་གི་ཆོས་དབྱིངས་མའོ། །བྱེ་བྲག་ཏུ་འཆི་བདག་ལས་ཀྱི་གཤིན་རྗེའི་སྒོས་བསྐུལ་དང་། གསེར་སྐྱེམས་སྔོན་དུ་འགྲོ་བས་ཞལ་ལྕེ་གཅོད་པའི་གཟུ་དང་དཔང་པོར་གསོལ་ཏེ་བསྐུལ་བ། གཤིན་རྗེ་གཤེད་པོའི་བཀའ་ཉན་འཁོར་ཚོགས་ཀྱིས༔ སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག༔ ཅེས་པ་ལྟ་བུའོ། །འཕང་བ་ནི་བཟློག་པ་དང་འབྲེལ་བའི་ཕྱིར་དེའི་ཚེ་བསྐུལ་བ་རྣམས་ཀྱང་ཡིན་མོད་ཀྱི་བྱེ་བྲག་གི་བསྐུལ་ནི། ཐམས་ཅད་དྲག་པོའི་ལས་ལ་ཆོས༔ ཞེས་ཟོར་བསྐུལ་རྣམས་སོ། །དགུག་ཅེས་པ་ནི། བསྲུང་བའི་དུས་སུ་དྲེགས་བྱེད་ཀྱི་མཐུ་དཔལ་སོགས་དང་སྣོད་བཅུད་ཀྱི་ཡོན་ཏན་རྣམས་བཀུག་སྟེ་བསྲུང་བྱ་ལ་བསྟིམ་པ། སྲུང་བཟློག་གཉིས་ཀ་ལ་ཁྲོ་བཅུའི་སྟན་དུ་ཕྱོགས་སྐྱོང་བཅུ་བཀུག་སྟེ་གཟིར་བ་དང་། སྤྲུལ་པའི་ཕོ་ཉས་གནོད་བྱེད་མཚམས་ཀྱི་ཕྱི་རོལ་དུ་བཀུག་སྟེ་བཅད་སྲེག་གི་ལས་བྱེད་པ་ལྟ་བུའོ། །བསད་མནན་སྲེག་གསུམ་ལ་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀ་ནས་ཕོ་ཉ་གྲངས་མེད་པ་སྤྲོས་ཏེ་ལྕགས་ཀྱུས་དམིགས་བྱའི་སྙིང་ནས་བཟུང་། ཞབས་པས་ཡན་ལག་བཅིངས། ལྕགས་སྒྲོག་གིས་དབང་པོ་སྡོམ། དྲིལ་བུས་ཡིད་མྱོས་པར་བྱས། རྒྱབ་ནས་འཕུལ་བྱེད་ལས་རླུང་གི་རྟ་ལ་སྐྱོན། མདུན་ནས་འཇིགས་པའི་མུན་ནག་གིས་བསུས་ཏེ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་བསྟིམ་པ་དང་། འཕང་བ་ལ་ཟོར་བརྡེག་པའི་འབེན་དུ་དམིགས་བྱ་དགུག་པའོ། །དབྱེ་ཞེས་པས་དབྱེ་བ་ནི། སྲུང་བའི་སྐབས་སུ་ནང་གི་དངོས་གྲུབ་ཕྱི་དང་ཕྱིའི་བར་གཅོད་ནང་དུ་མི་གཏོང་བའི་ཕྱིར་བར་མཚམས་ཀྱི་དབྱེ་བས་གཅོད་པའམ། ཡང་ན་སྲུང་བཟློག་གཉིས་ཀ་ལ་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་མཚམས་ཀྱི་ཕྱི་རོལ་དུ་བཀུག་པའི་དམིགས་བྱ་རྣམས་སྐྱོབ་བྱེད་ཀྱི་ལྷ་དང་དབྱེ་བའོ། །བསད་མནན་སྲེག་གསུམ་ལ། རང་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ནས་སྤྲུལ་པའི་ཁྲོ་ཚོགས་ཉིན་མཚན་གྱི་ལས་བྱེད་བྱ་འུག་གི་གདོང་དང་གཤོག་པ་དཔག་མེད་སྤྲོས་ཏེ་འཕུར་ལྡིང་བྱས་པས་ཁོའི་ལྷ་སྲུང་རྣམས་བྱ་སྤུ་རླུང་གིས་གཏོར་བ་ལྟར་བསྐྲད་པར་བསམ་པ་སྟེ། མ་མོའི་རྒྱུད་ཡུམ་

p. 277

དངོས་གྲུབ་ཆེན་མོ་གཟུངས་མའི་རྒྱུད་ཅེས་བྱ་བ་ལས། ཉིན་གྱི་ལས་མཛད་བྱ་རོག་མ། །བྷནྡྷ་གྲི་ཐོགས་རོ་རྔམ་མ། །ཞེས་དང་། མཚན་གྱི་ལས་མཛད་འུག་པ་མ། །སྙིང་འབྱིན་གྲི་ཐོགས་བསོད་ལ་རྔམས། །ཞེས་སོ། །དེའི་ཚེ་རྫས་གུ་གུལ་སྦྱར་བའི་དུད་པས་བདུག་ཅིང་། སྒྲོ་གཉིས་ཕན་ཚུན་འཐབ་པའི་རྒྱས་འབྱེད་པ་སྟེ། ཁ་ཐུན་རྩ་བ་ལས། འགོ་བའི་ལྷ་དང་འབྲལ་བའི་ཕྱིར། །གུ་གུལ་སྦྱར་བའི་དུད་པས་བདུག །ཅེས་དང་། མ་མོའི་རྒྱུད་དེ་ལས། བྱ་རོག་གུང་རུ་གཡས་པ་དང་། །འུག་པའི་དང་རུ་གཡོན་པ་ལ། །གཅིག་ལ་དགྲ་བོའི་མིང་རུས་བྲི། །གཅིག་ལ་དགྲ་བོའི་ཕོ་ལྷ་བྲི། །ཞེས་སོ། །སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་ལས་ཀྱང་། ཉི་མས་འཇིགས་པའི་དང་རུ་དང་། །མུན་པས་འཇིགས་པའི་གུང་རུ་ལ། །གང་ཡིན་དེ་གཉིས་བྲིས་ལ་བསླན། །ལྷ་དང་ལྷ་མིན་གཉིས་ལ་གཏད། །ཅེས་སོ། །འཕང་བ་ལའང་དམིགས་བྱ་བཀུག་པ་ཕོ་ཉ་རྣམས་ཀྱིས་ལྷ་དང་ཕྲལ་ཏེ་ཟོར་འབེན་དུ་བྱ་བའོ། །གཟིར་ཞིང་བསྡིག་པར་བྱ་ཞེས་པ་ནི། སྲུང་བཟློག་ལ་ཕོ་ཉ་མེ་མཚོན་དང་བཅས་པས་དང་། བསད་སྲེག་གཉིས་ལ་ཉེས་བསྒྲག་ཅིང་། དེ་གཉིས་དང་མནན་པར་ཐུན་རྫས་དྲེགས་པའི་དམག་ཚོགས་ནད་མཚོན་དུག་ཆར་དམིགས་བྱའི་སྟེང་དུ་ཐོག་སེར་ལྟར་འབེབས་པར་བསམ་ནས་ཐུན་བརྡེག་པ་དང་། འཕང་བར་ཟོར་བསྐུལ་འཕེན་གྱི་སྒོ་ནས་གཟིར་ཞིང་བསྡིག་པར་བྱ་བའོ། །རྣམ་ཤེས་རྡོ་རྗེ་གསུམ་དུ་སྒྲུབ༔ ཅེས་པས་ནི་མངོན་སྤྱོད་ཀྱི་ཕྲིན་ལས་ཕུལ་དུ་བྱུང་བའི་སྒོ་ནས་ཐུགས་རྗེས་སྒྲོལ་བ་དངོས་སྟོན་ཏེ། སྲུང་བཟློག་མནན་འཕང་བཞི་ལ་ཐུགས་བརྩེ་རྗེས་འཛིན་གྱི་ཕུར་གདབ་ལྟ་བུ་གནས་སྤོར་བའི་ཆོ་ག་དམིགས་སུ་གསལ་བ་མ་བྱུང་ནའང་། ལྟ་སྒོམ་གྱི་གདིང་དང་ལྡན་པའི་སྔགས་པས་ལས་དེ་དང་དེ་བསྒྲུབས་པས་དམིགས་ཡུལ་ཉིད་གཉིས་འཛིན་གྱི་རྟོག་པ་ལས་བསྒྲལ་ནས་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པ་ལ་སྦྱོར་ནུས་པའི་ཐབས་ཀྱི་ལམ་མཆོག་རྨད་དུ་བྱུང་བ་ཡིན་པའི་ཕྱིར། དམིགས་བྱའི་རྣམ་ཤེས་རྡོ་རྗེ་གསུམ་དུ་སྒྲུབ་པའི་ཐབས་མེད་པ་མ་ཡིན་ནོ། །དེ་ལྟར་ཡང་འཕང་བའི་སྐབས་ཟོར་བསྐུལ་ལས། བདག་འཛིན་བདུད་ལ་གཏོར་ཟོར་ཡཱ༔ གཉིས་མེད་སྒྲོལ་ཅིག་མཱ་ར་ཡ༔ ཞེས་གསུངས་པ་ལྟ་བུའོ། །ཇི་སྐད་དུ། སྒྱུ་འཕྲུལ་ལམ་རིམ་ལས་ཀྱང་། བདག་ཉིད་ཆེན་པོ་

p. 278

རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་བསྒྲལ་བར་བྱ། །ཞེས་སོ། །བསད་པ་དང་སྲེག་པ་གཉིས་ལ་ནི་ཐུགས་བརྩེ་རྗེས་འཛིན་གྱི་ཕུར་བུ་གདབ་པའི་སྒོ་ནས་དམིགས་བསལ་གྱི་ཆོ་ག་གསུངས་ཏེ། ཇི་ལྟར་གདབ་ན། གསལ་བ་གསུམ་ལྡན་གྱི་སྒོ་ནས་གདབ་དགོས་ཏེ། རང་ལྷའི་ཕྱག་རྒྱར་མ་གསལ་ན་རང་ལ་བཟློག་པའི་སྐྱོན་ཡོད། ཕུར་བུ་སྲས་མཆོག་ཏུ་མ་གསལ་ན་དམིགས་བྱ་ལ་མི་ཚུགས་པས་རྡུགས་པའི་སྐྱོན་ཡོད། ལིངྒ་དེ་དགྲ་བགེགས་དངོས་སུ་མ་གསལ་ན་དམིགས་ཡུལ་གཞན་ལ་འབྱམས་པའི་སྐྱོན་ཡོད་དོ། །དེའི་ཕྱིར་བདག་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཕྱག་སོར་བཅུ་རིགས་ལྔ་ཡབ་ཡུམ། དེ་རྣམས་སྙོམས་པར་སྦྱོར་བའི་སྦྱོར་མཚམས་ནས་བྱུང་བའི་སྲས་མཆོག་ཀཱི་ལ་ཡའི་རྣམ་པར་ཕུར་བུ་དེ་ཉིད་བསྐྱེད་ཅིང་། རྒྱལ་བའི་བྱིན་བསྡུས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་མཐུ་ལྡན་དུ་བསམ་པའོ། །དེ་ནས་དམིགས་བྱ་གསལ་བཏབ་ལ། ཕུར་བུ་བསྒྲིལ་ཞིང་བཏབ་པ་ན་ཕུར་བུའི་འོད་ཀྱིས་ཁོ་ལ་རེག་པས་བདུད་བཞི་རང་གཤེད་དུ་ཕབ་སྤྱི་བོར་ལྷ་བདུད་སྦྲང་བུ་མེ་ཏོག་འཇིབ་པ་ལྟ་བུ། ཡ་མ་རཱ་ཛ། མགྲིན་པར་འཆི་བདག་སྡིག་པ་དམར་པོ་བྲག་ལ་འཛེག་པ། མྱོས་བྱེད། སྙིང་གར་ཉོན་མོངས་བདུད་སྡིག་ནག །ཨཪྱ་མ་རུ། ལྟེ་བར་ཕུང་བདུད་སྦལ་བ་གྱེན་བལྟ། རལ་ཚར། སྟེ་འཁོར་ལོའི་རྩ་རྣམས་ཉལ་གྱིས་བཅད་དེ་ཀླད་ཁྲག་ཁྲུག་གིས་འདྲེས། གཟུགས་ཕུང་གི་འབྱུང་ལྔའི་དྭངས་མ་རིམ་བཞིན་དུ་འདུས་ཏེ་ཡལ། ཚེ་རྟེན་ཨ་དཀར་གྱི་རྣམ་པར་གནས་པ་དེ་ཕུར་རྩེའི་ཧཱུྃ་གིས་བླངས་ནས་རང་ལ་བསྟིམས་པས་ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་རང་ལ་ཐིམ་པར་བསམ་པ་སྟེ་ཚེ་ལུང་ངོ་། །སླར་ཡང་ཕུར་བུ་བཏབ་པས་རྣམ་ཤེས་ནྲྀའི་རྣམ་པར་འདུས། ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཕཊ་ཀྱིས་འཕངས་པས་ཕུར་པའི་ཁོང་སེང་ནས་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་སོང་བས་ལས་ངན་གྱི་རྣམ་སྨིན་རྣམས་བཀྲུས་ལ། རྒྱ་མདུད་ཀྱི་མགོར་རྣམ་ཤེས་རྡུལ་བྲལ་དྭངས་མའི་ཐིག་ལེ་ཧཱུྃ་ཡིག་གི་རྣམ་པར་རྒྱངས་ཀྱིས་ཐོན་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་པ་ནི་ཁྲུས་ལུང་སྟེ། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བ་ཞེས་བྱའོ། །དེ་ལྟར་ཡང་གདབ་ཁའི་བྱང་བུ་ལས། ཨེ་མ་ཁམས་གསུམ་སེམས་

p. 279

ཅན་རྣམས༔ མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིས༔ ཕུང་པོ་བསྒྲལ་བའི་ཞིང་དུ་བྱས༔ རྣམ་ཤེས་ཡུམ་གྱི་མཁའ་ལ་སྦ༔ ཡེ་ཤེས་དཔའ་བོར་བྱིན་རློབ་སྟ ེ༔ རིག་པ་ཆོས་ཀྱི་དབྱིངས་སུ་འཕང ༔ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད༔ ཅེས་དང་། ཐབས་ཞགས་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །གཙོ་བོ་དང་ནི་གཙོ་མོ་དང་། །སེམས་དཔའ་དང་ནི་སེམས་མ་རྣམས། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །ཞེས་སོ། །དེ་རྗེས་རྣམ་སྣང་སྒྱུ་དྲྭ་ལས། མཁས་པས་རྐང་པ་ནས་བརྩམས་ཏེ། །མཚོན་ཆ་རྣོན་པོས་བཅད་ནས་ནི། །ཞེས་དང་། རྔམ་གློག་ལས། ཕོ་ནི་རྐང་པ་གཡས་ནས་གཏུབ། །མོ་ནི་རྐང་པ་གཡོན་ནས་གཏུབ། །ཅེས་པའི་རིམ་པ་ལྟར་མཚོན་ཆས་གཏུབ་ཅིང་ཐོ་བས་བརྡུང་སྟེ་ཕུང་པོ་དུར་ཁྲོད་དུ་བསྒྲལ་བ་ཞེས་བྱའོ། །དེ་རྗེས་ཤ་ཁྲག་རུས་པའི་ཚོགས་རྣམས་བདུད་རྩིར་སྦར་ནས་སྟོབ་པ་དང་མཆོད་སྦྱིན་བྱ་བ་རྣམས་སོ། །དེ་དག་གིས་བསྒྲལ་བྱའི་ཚོགས་གཉིས་རྫོགས་ནས་རྣམ་ཤེས་རྡོ་རྗེ་གསུམ་དུ་འ གྲུབ་པར་འགྱུར་ཏེ། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་གང་ཞིག ཕུང་པོ་དུར་ཁྲོད་དུ་བསྒྲལ་ནས་སྟོབ་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཕྱིར། དེ་ལྟར་ཡང་སློབ་དཔོན་སྒེག་པའི་རྡོ་རྗེས་དམ་ཚིག་གསལ་བཀྲ་ལས། ཏིང་འཛིན་སྔགས་རྒྱས་བག་ཆགས་སྦྱང་། །རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་རློབ་མཆོད་པར་བསྔོ། །བསོད་ནམས་མཆོག་ཏུ་འདི་འགྱུར་རོ། །ཞེས་སོ། །འོ་ན་རྒྱུ་མེད་པའི་འབྲས་བུ་སྲིད་པར་འགྱུར་ཏེ། རང་གི་རྟོགས་གོམས་ཀྱི་རྒྱུ་ལ་མ་ལྟོས་པར་འབྲས་བུ་རྒྱལ་བའི་སྲས་སུ་བསྐྱེད་པ་འདུག་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། གཞན་སྟོབས་ཀྱིས་གྲོལ་བར་ནུས་པའང་དགག་ཏུ་མེད་པའི་ཕྱིར་རོ། །གཉིས་པ་ཡན་ལག་ནི། སྔར་གྱི་ཁྱད་པར་གྱི་དམ་ཚིག་སོགས་དང་སྤྱོད་པ་ལ་གནས་པ་གཞིར་བཞག་ནས། སྤྱད་བྱའི་དམ་ཚིག་དང་བརྟུལ་ཞུགས་གྱི་སྤྱོད་པ་དང་འབྲེལ་བར་

p. 280

སྐབས་འདིར་ཤེས་པར་བྱ་བ་ནི་འདི་ཡིན་ཏེ། དེ་ལ་དམ་ཚིག་ནི། གཤིན་རྗེ་གཤེད་དམར་པོ་ལས། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་སྨོད་དང་ཆོར་འཁོར་འཇོམས། །རྡོ་རྗེ་སློབ་དཔོན་དམོད་པ་དང་། །དམ་ཆོས་སྤྱོད་ལ་དམོད་བྱེད་རྣམས། །མངོན་སུམ་བསྒྲལ་ན་དམ་ཚིག་ཡིན། །སྡིག་པར་བལྟས་ན་རང་སྲོག་འབྱིན། །ཞེས་དང་། ཚེ་བདག་ལས། འཁོར་ལོ་སྲེག་མཐར་མནན་པ་ཟོར། །གཟིར་བ་ལ་སོགས་ཡན་ལག་ཡིན། །ཞེས་གསུངས་པ་ལ་སོགས་པ་རྣམས་སོ། །སྤྱོད་པ་ཡང་། དམར་པོ་ལས། ཞི་རྒྱས་དབང་དང་དྲག་པོ་དང་། །གསོ་གསད་དབབ་གཅད་སྲུང་དང་བཟློག །ལས་རྣམས་ཐམས་ཅད་ཁྱོད་ཀྱིས་སྤྱོད། །ཅེས་སོ༑ ༑དེ་ལྟར་སྤྱད་ཀྱང་ཉེས་པས་གོས་པར་མི་འགྱུར་ཏེ། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཐའ་དང་བྲལ་ཞིང་། ཀུན་རྫོབ་ཏུ་སྣང་ཡང་རང་རྒྱུད་པས་སྟོངས་པའི་ཕྱིར་སྒྱུ་མའི་སྐྱེས་བུས་མིག་ཡོར་གྱི་གང་ཟག་ལ་སྒྲོལ་བའི་ལས་བརྩམས་པ་བཞིན་ནོ། །དེ་ལྟར་ཡང་དམར་པོ་ལས། རྟོག་མེད་རང་གསལ་ཐག་ཆོད་ན། །དགེ་དང་སྡིག་པ་གཉིས་མེད་དེ། །གང་ལ་འཆིང་བས་མ་གོས་པས། །ནམ་མཁའི་སྤྲིན་བཞིན་ངང་དུ་ཞི། །ཇི་ལྟར་བཤད་ཀྱང་ཆོས་ཉིད་ཀྱི། །སྙིང་པོའི་དོན་ལ་མི་གོས་ཏེ། །ཅི་ལྟར་སྤྱད་ཀྱང་བདེ་ཆེན་གྲོགས། །ཞེས་དང་། སྙིང་པོ་ལས། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པ་ལས་ཀྱང་། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གི་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེའི་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པ་རྣམ་པར་སྤྱོད། །ཅེས་གསུངས་སོ། །གསུམ་པ་དེས་གྲུབ་པའི་འབྲས་བུ་ནི། དེ་ལྟར་གཞུང་བཞིན་དུ་སྟོད་ལས་བསྙེན་སྒྲུབ་དང་སྨད་ལས་མངོན་སྤྱོད་ཀྱི་སྒོ་ནས་ལས་བརྩམས་པ་ན་ནང་གི་དགྲ་བགེགས་གཉིས་འཛིན་གྱི་ཞེན་རྟོག་དང་། ཕྱིའི་དགྲ་བགེགས་ཞིང་བཅུ་ལ་སོགས་པ་རྣམས་བརླག་པར་འགྱུར་བར་གདོན་མི་ཟ་བ་ཉིད་དེ། སྟོད་ལས་དང་འབྲེལ་བར་བསྐྱེད་རྫོགས་ཀྱི་རིམ་པ་ཉམས་སུ་བླང་

p. 281

བའི་སྒོ་ནས་བྱང་ཆུབ་སྒྲུབ་པ་ལམ་གྱི་གཞིར་བཟུང་། སྨད་ལས་དང་འབྲེལ་བར་མངོན་སྤྱོད་ཀྱི་སྒོ་ནས་བར་ཆད་བསལ་བས་ལམ་གྱི་གྲོགས་བྱས་ཏེ་འབྲས་བུ་ལ་མཚམས་སྦྱོར་བར་ངེས་པའི་ཕྱིར་རོ། །དེ་ལྟ་བུའི་འབྲས་བུ་སྐྱེ་བའི་རིམ་པ་ལ་གསུམ་སྟེ། བསྐྱེད་རིམ་གྱི་འབྲས་བུ་དང་། རྫོགས་རིམ་གྱི་འབྲས་བུ་དང་། གཉིས་ཀའི་མཐར་ཐུག་གི་འབྲས་བུའོ། །དང་པོ་ནི༑ རང་དོན་དུ་ལུས་ཐ་མལ་དུ་འཛིན་པའི་ཞེན་རྟོག་བཅད་ནས། གཞན་དོན་དུ་ཞི་རྒྱས་ལ་སོགས་པའི་ལས་ཕྲན་ཚེགས་ཀྱི་སྒོ་ནས་དོན་བྱེད་པའོ། །གཉིས་པ་ལ། རྟགས་དང་ཡོན་ཏན་གཉིས་ལས། དང་པོ་ནི། བདེ་གསལ་མི་རྟོག་པའི་ཉམས་གསུམ་དང་། དུ་བ་ལ་སོགས་པའི་རྟགས་རྣམས་དང་། སྐུའི་སྒོ་འགགས་པས་ཡན་ལག་གི་དབང་ཐོབ། གསུང་གི་སྒོ་འགགས་པས་རྩ་བའི་རླུང་ལྔ་ལས་སུ་རུང་། ཐུགས་ཀྱི་སྒོ་དབྱེ་བས་མངོན་ཤེས་ལྔ་འཆར་ཞིང་། དབུ་མར་ཡེ་ཤེས་ཀྱི་རླུང་ཟིན་པའོ། །གཉིས་པ་ལ༑ ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་གྲུབ་པ་བརྒྱད་དང་། གཞན་ཡང་ལྟ་སྟངས་ལ་སོགས་པའོ། །གཉིས་པ་ནི། སྐལ་ལྡན་གྱི་སྐྱེས་བུ་ཤེར་བརྩོན་དང་ལྡན་པས་རྡོ་རྗེ་ཐེག་པ་ཐོབ་ནས་རིམ་པར་ཚོགས་སྦྱོར་དང་། ཁྱད་པར་དུས་སྦྱོར་དང་པོའི་རླུང་བརྒྱད་བརྒྱ་པའི་རྟོག་པ་འགགས་པ་ན་ཟག་བཅས་ཀྱི་ལམ་གྱི་མཐར་ཐུག་ཆོས་མཆོག་ཏུ་གྱུར་པ་ཡིན་ལ། དེ་ནས་གསང་བའི་འཁོར་ལོ་ནས་རིམ་པར་དཔྲལ་བའི་འཁོར་ལོའི་བར་དུ་ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་པོ་རེ་རེ་འགག་ཅིང་། རྩ་མདུད་རེ་གྲོལ་ནས་ཐིག་ལེ་བརྟན་པར་གྱུར་པས། ས་བཅུ་བསྡུས་པས་ཟག་མེད་ཀྱི་ལམ་རིག་འཛིན་བཞི་འཐོབ་པར་འགྱུར་ཏེ། གང་ཞེ་ན། རྣམ་པར་སྨིན་པའི། ཚེ་ལ་དབང་བའི། ཕྱག་རྒྱ་ཆེན་པོའི། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །དང་པོ་གཉིས་ནི་མཐོང་ལམ་སྟེ། སྒྱུ་འཕྲུལ་ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་རྣམ་པ་གཉིས་སུ་འགྱུར། །ཞེས་སོ། །དེ་ལ་ནུས་པ་མ་ཐོབ་པ་ན་དུས་སྦྱོར་གཉིས་

p. 282

པའི་ལས་རླུང་སྟོང་བརྒྱད་བརྒྱ་པའི་ཡ་གྱལ་གཅིག་འགགས་པས་ཆོས་ཉིད་ཀྱི་བདེན་པའི་ཆ་ཤས་མཐོང་བ་རྣམ་སྨིན་ཏེ། ཡིད་ལྷར་སྨིན་པ། སྙིགས་མའི་འབྱུང་ལུས་མ་སྤངས་པ། རྣམ་སྨིན་གྱི་ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་ལ་སྦྱོར་ནུས་པའི་ཆོས་གསུམ་ལྡན་ནོ། །དེ་ལྷག་ལ་རླུང་བདུན་བརྒྱ་གོ་དགུ་པོའི་རྟོག་པ་འགགས་ཏེ་གསང་བའི་རྩ་མདུད་གཅིག་གྲོལ་ནས་ཐིག་ལེས་འཁོར་ལོའི་ཕྱེད་མན་ཆད་གང་བ་ནས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ནུས་ཐོབ་ཀྱི་མཐོང་ལམ་ཚེ་དབང་སྟེ། སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་པ་རྟེན་དེས་རབ་ཐོད་རྒལ་གྱི་སྒོ་ནས་ལམ་གོང་མ་གསུམ་གང་རུང་ལ་སྦྱོར་ནུས་པའོ། །དེ་ནས་རླུང་བརྒྱད་བརྒྱ་པ་ཕྲག་གསུམ་པ་ནས་བཅུ་པའི་བར་དག་ཅིང་། གསང་བའི་ཕྱེད་གོང་མ་ནས་དཔྲལ་བའི་འཁོར་ལོའི་ཕྱེད་མན་ཆད་ཐིག་ལེས་གང་བའི་བར་ནི་མཐོང་དོན་གོམས་བྱེད་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཏེ། སྔོན་གང་བསྒོམས་པའི་ལྷའི་ཆ་ལུགས་སུ་སྣང་བའོ། །དེ་ནས་དུས་སྦྱོར་བཅུ་གཅིག་པའི་རླུང་འགགས་ཤིང་དཔྲལ་བའི་ཐིག་ལེས་གང་བ་ན། ས་བཅུ་པའམ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཏེ། རིགས་ལྔ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་གི་ཆ་ལུགས་སུ་བཞུགས་པའོ། །གསུམ་པ་བསྐྱེད་རྫོགས་གཉིས་ཀྱི་མཐར་ཐུག་གི་འབྲས་བུ་ནི། བདེ་ཆེན་གྱི་དུས་སྦྱོར་བཅུ་གཉིས་པའི་རླུང་དང་རྟོག་པ་འགགས་ཤིང་ཐིག་ལེ་བརྟན་པར་གྱུར་པ་ན། གཞི་ཇི་ལྟ་བ་ཉིད་མངོན་དུ་གྱུར་ཏེ་སངས་རྒྱས་སོ། །དེ་ལ་གསུམ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་སོ། །དང་པོ་ནི། སྒྲིབ་བྲལ་གྱི་དགོངས་པ་གདོད་ནས་སྤྲོས་པ་ཞི་བའི་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་མི་དམིགས་པར་གྲོལ་བ་ནི་ཆོས་སྐུ། དེ་ལས་མ་གཡོས་བཞིན་དུ་འགགས་པ་མེད་པའི་རང་རྩལ་དག་པའི་གདུལ་བྱ་ལ་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ། མ་དག་པའི་གདུལ་བྱ་འགྲོ་དྲུག་ལ་མོས་པ་དང་མཐུན་པར་སྣང་བ་སྤྲུལ་སྐུ་སྟེ། ལས་བྱང་ལས། གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ༔ རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ གང་འདུལ་དེར་སྟོན་ཅེས་སོ། །དེ་ལྟར་གཟུགས་སྐུ་གཉིས་སུ་སྣང་

p. 283

ཡང་ངོ་བོ་ཆོས་སྐུ་ལས་མ་གཡོས་པའི་ཕྱིར་དབྱེར་མེད་རྡོ་རྗེའི་སྐུ་དང་། དེའི་ངང་ལས་སྐུ་གསུམ་སྣང་ཆ་མ་འདྲེས་པའི་ངོས་ནས་མངོན་བྱང་གི་སྐུ་ཞེས་བཏགས་སོ། །གཉིས་པ་ནི། འབྲས་བུ་བརྙེས་པའི་ཚེ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་པ་ཡེ་ཤེས་ལྔ་སྟེ། གཞི་ནི་ཀུན་གཞི་ཉིད་མངོན་དུ་གྱུར་པ་ནི་ཆོས་དབྱིངས་ཡེ་ཤེས། ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུ། ཉོན་ཡིད་གནས་གྱུར་མཉམ་ཉིད། ཡིད་གནས་གྱུར་སོར་རྟོག སྒོ་ལྔ་གནས་གྱུར་བྱ་གྲུབ་སྟེ། སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཀུན་རྟོག་ཡེ་ཤེས་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་སོ། །གསུམ་པ་ལ། ལྷུན་གྱིས་གྲུབ་པ་དང་། སྣ་ཚོགས་པ་དང་། རྒྱུན་མི་ཆད་པའི་ཕྲིན་ལས་སོ། །དང་པོ་ནི། རྩོལ་རྟོག་མེད་པར་ངོ་བོ་ཉིད་ཀྱིས་དོན་མཛད་པ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །གཉིས་པ་ནི། གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པའོ། །གསུམ་པ་ནི། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་དུ་དོན་མཛད་པ་སྟེ། མགོན་པོ་བྱམས་པས། ཇི་སྲིད་འཁོར་བ་དེ་སྲིད་བར། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་གསུངས་སོ༑ ༑དེ་ལྟ་བུའི་འབྲས་བུའི་གོ་འཕང་ཐོབ་པ་ལའང་། རྒྱུའི་ཐེག་པ་ལྟར་བསྐལ་པ་གྲངས་མེད་གསུམ་སོགས་ཡུན་རིང་ཐོགས་པ་མ་ཡིན་ཏེ། ཚེ་འདིའམ་བར་དོར་གྲོལ་བར་ངེས་པའི་ཕྱིར། དེ་ལྟར་ཡང་རྩ་བའི་སྒྲུབ་པ་ལས། ཚེ་འདི་ཉིད་དམ་བར་དོར་གྲོལ་བར་ངེས༔ ཞེས་སོ། །གལ་ཏེ་ཚེ་འདིར་ལམ་རིམ་པ་གཉིས་བསྒོམ་པ་ལ་མ་འབད་ཀྱང་དམ་ཚིག་མ་ཉམས་ན། རབ་སྐྱེ་བ་ཕྱི་མའམ། འབྲིང་བདུན་ནམ། ཐ་ནའང་སྐྱེ་བ་བཅུ་དྲུག་ལས་མི་འགྱང་བར་འབྲས་བུ་ཐོབ་ངེས་པར་གསུངས་སོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། གདམས་པའི་ཆེ་བ་བརྗོད་པ། དེ་གཏེར་དུ་སྦ་བར་གདམས་པ། དེས་མ་འོངས་པའི་དུས་སུ་བསྟན་དགྲ་སྒྲོལ་བར་སྨོན་ལམ་གདབ་པ༑ གཏེར་སྟོན་ལ་མན་ངག་འཚོ་ཐབས་ཀྱི་ཞལ་གདམས་གསུངས་པ། གཏེར་ནས་ཇི་ལྟར་

p. 284

སྤྱན་དྲངས་པའི་ཚུལ་དང་ལྔ། དང་པོ་ནི། དེ་ལྟ་བུའི་གདམས་པ་འདི་ནི་ཤིན་ཏུ་གསང་བའི་མན་ངག་སྟེ། དེ་བས་ན་ཁོ་བོ་པདྨ་བདག་གིས་ཀྱང་སྙིང་གི་ཁྲག་བཅུད་ལྟར་གཅེས་པར་བྱས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་འདི་ཡིས་མི་འཐུལ་བའི་གདུལ་བྱ་དང་མི་འཇོམས་པའི་ནུས་མཐུར་ལྡན་པའི་དྲེགས་པ་ཅན་གཞན་དག་ཡོད་པ་མིན་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་མཚན་དེའི་ཕྱིར་མ་འོངས་སྙིགས་མའི་འགྲོ་བ་རྣམས་ཀྱི་དོན་ཆེད་དུ་ལོ་ཙཱ་བས་ཡི་གེར་ཐོབ་ལ་ཡོན་ཏན་གྱི་སྒྲུབ་གནས་སུ་མི་འགྱུར་བའི་རྟགས་དང་བཅས་ཏེ་གཏེར་དུ་སྦོས་ཤིག་པའོ། །གསུམ་པ་ནི། དུས་ངན་སྙིགས་མ་ལྔ་བདོ་བ་སྟེ་སུམ་ཅུ་ཁ་རལ་དུ་གྱུར་པ་དེའི་དུས་ན་བསྟན་གཤེད་དུ་གྱུར་པ་འགོང་པོ་སྤུན་དགུས་རྒྱུད་བརླམས་པའི་བོད་འཕུང་བྱེད་ཀྱི་མི་དགུ་ལ་སོགས་ཏེ། བདེ་གཤེགས་ཀྱི་བསྟན་པ་དང་སྐྱེ་འགྲོའི་ཕན་བདེ་འཕྲོག་པར་བྱེད་པའི་སྤྱི་དགྲ་མ་རུངས་པ་ཀུན་རྣོ་ཞིང་ཚན་ཆེ་བའི་མན་ངག་སྤུ་གྲི་ལྟ་བུ་འདི་ཡིས་སྒྲོལ་བར་ཤོག་ཅིག་ཅེས་པདྨ་བདག་གིས་སྨོན་ལམ་བཏབ་པ་མཐའ་བཙན་པར་གྱུར་ཅིག་པའོ། །བཞི་པ་ནི། དེ་བས་ན་ཟབ་མོའི་གཏེར་ལས་འབྱིན་པར་བྱེད་པ་པོ་དེས་ཀྱང་གདམས་པ་ཟབ་མོ་འདི་དད་བརྩོན་ཤེས་རབ་གསུམ་དང་ལྡན་པའི་སྣོད་ལྡན་གྱི་གང་ཟག་ལ་བསྟན་པར་བྱ་བ་ལས། གཞན་དུ་སྣོད་མིན་གང་ཟག་རྨོངས་པ་ཅན་རྣམས་ལ་ཟུར་ཙམ་ཡང་བསྟན་པར་མི་བྱའོ། །གལ་ཏེ་མི་ཆོས་ཀྱི་ངོར་བསྟན་པར་གྱུར་ན་ནི་གཞན་གྱི་རྒྱུད་ཀྱང་ཆུད་གཟན་ཅིང་རང་ལའང་མཁའ་འགྲོ་རྣམས་ཀྱི་བཀའ་ཡི་ཆད་པ་འབྱུང་བར་འགྱུར་བས་དེའི་ཕྱིར་གདམས་པ་འཚོ་ཤེས་པར་བྱ་སྟེ། དཔེར་ན་དུག་སྦྲུལ་གྱི་གཙུག་གི་ནོར་བུ་དེ་ཐབས་དང་ལྡན་ན་ལོན་ནས་འཚེངས་ལ། ཐབས་དང་མི་ལྡན་ན་མི་ལོན་པར་མ་ཟད་རང་སྲོག་ལ་རྒོལ་བའི་ཉེན་ཡོད་པ་ལྟར་ཐབས་དང་ལྡན་པའི་སྒོ་ནས་བག་ཡོད་པར་སྤྱད་པར་བྱ་བའི་ཡུལ་ལོ་ཞེས་གདམས་སོ། །དེའི་ཕྱིར། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་མནའ་རྒྱ་དང་། ༼བརྡ་ཡིག་ཡོད།༽ ཞེས་མཁའ་འགྲོའི་བརྡ་སྐད་དང་ཡི་གེའི་རྩི་རྒྱར་བཏབ་པའོ། །ལྔ་པ་ནི། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡང་སྲིད་སྤྲུལ་པའི་གཏེར་སྟོན་

p. 285

ཆེན་པོ་མཚན་བརྗོད་པར་དཀའ་བ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ལམ་འགྲོ་འདུལ་གཏེར་བདག་གླིང་པ་རྩལ་གྱིས་སློབ་དཔོན་ཆེན་པོ་སྲིན་པོའི་ཁ་གནོན་དུ་ཐེགས་ནས་ལོ་བརྒྱད་བརྒྱ་དང་གསུམ་འདས་པ་རབ་བྱུང་བཅུ་གཅིག་པའི་མེ་མོ་ལུག་གི་ལོ་ལ་ཡར་ཀླུངས་ཤེལ་རི་དཔལ་ཆེན་སྒྲུབ་ཕུག་གི་བྱང་འདབ་རྒྱལ་མཚན་འདྲ་བའི་བྲག་གི་ངོས་ནས་ངོ་མཚར་བའི་རྫུ་འཕྲུལ་གྱི་སྐུའི་བཀོད་པ་དང་བཅས་པས་སྤྱན་དྲངས་ཏེ་རྩ་བའི་ཆོས་བདག་དང་། ཕྱི་ནང་གསང་བའི་ཆོས་བདག་སོགས་སྐལ་ལྡན་རྣམས་ལ་རིམ་གྱིས་སྩལ་ཏེ་སྨིན་ཅིང་གྲོལ་བར་མཛད་པའོ། །དེ་ལྟར་གཤིན་རྗེའི་རྩ་བའི་གཞུང་། །བླ་མའི་གསུང་དང་ཕྱག་བཞེས་ཀྱི། །མཐོང་བརྒྱུད་ལ་བརྟེན་རང་བློ་ཡིས། །གང་སྤོབས་བཀྲལ་མོད་འགལ་ན་བཤགས། །ལེགས་ཆའི་དགེ་བས་ཚེ་རབས་སུ། །སྐལ་ལྡན་དོན་གཉེར་ཚོགས་པའི་དབུས། །གསང་ཆེན་ཆོས་སྒྲ་རབ་སྒྲོག་པས། །འགྲོ་བའི་འདྲེན་པ་བྱེད་པར་ཤོག །ཅེས་པའང་སྨིན་གྲོལ་གླིང་གི་ཆ ོས་གྲྭར་སྐྱེས་བདག་ལྕགས་ལུག་གི་དབྱར་གནས་ཀྱི་ཐོག་རྡོ་རྗེའི་མཆེད་གྲོགས་བཞི་བཅུ་སྐོར་ལ་སྒེར་ཆོས་སུ་བཤད་པའི་ཚེ། དོན་གཉེར་ཅན་འགས་བཤད་པའི་ས་བོན་ཟིན་བྲིས་སུ་འཁོད་པར་གྱིས་ཞེས་བསྐུལ་བ་ལས་སྙོམས་ལས་པ་དྷརྨ་ཤྲཱིས་འཕྲལ་འཕྲལ་ཟིན་ཐུན་མཆན་བུར་བཏབ་པའོ།། །།

འཇམ་དཔལ་གཤིན་རྗེའི་གཤེད་པོའི་བསྙེན་ཡིག་འདོད་འཇོའི་བུམ་བཟང་།

p. 286

འཇམ་དཔལ་གཤིན་རྗེའི་གཤེད་པོའི་བསྙེན་ཡིག་འདོད་འཇོའི་བུམ་བཟང་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། བླ་མ་དང་འཇམ་དཔལ་རྡོ་རྗེ་ཁྲག་འཐུང་གི་རྒྱལ་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ༑ ༑འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་བསྙེན་པར་འདོད་ན། ཐོག་མར་དགྲ་རྐུན་ལ་སོགས་པའི་འཚེ་བ་མེད་ཅིང་སྣོད་དང་མི་ལྡན་པའི་སྐྱེ་བོ་འདུ་འཛི་རྣམ་གཡེང་སོགས་དང་བྲལ་བའི་གནས་དབེན་ཞིང་ཡིད་དང་མཐུན་པ་རང་དབང་དུ་གྱུར་པའི་སར། ཟླ་བ་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་ལྡན་པའི་དུས་དགེ་བར། མཆོད་གཏོར་གྱི་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་ལྡ བ་འཕར་འད ང་བ་སོགས་མཐུན་རྐྱེན་དུ་འབྱོར་བའི་ཡོ་བྱད་ཀྱི་དངོས་པོ་ཅི་དགོས་པ་ཐམས་ཅད་ཚང་བར་བསགས། གྲོགས་བློ་མཐུན་ཞི་དུལ་ཀུན་སྤྱོད་དང་དམ་ཚིག་དག་པ་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་བསྟེན། བསམ་པ་བསྙེན་པ་མཐར་མ་ཕྱིན་གྱི་བར་སྟན་ཐོག་འདི་ཉིད་ལས་མི་འདའ་བའི་དམ་འཆའ་ཞིང་ཟླ་གྲངས་འདི་ཙམ་ལ་འགྲོ་བ་བྱེད་ཅེས་ངང་ཐུང་བློས་བཅད་ཀྱི་ཁྲིགས་མེད་པར་བྱ། དགོས་དབང་གིས་མི་དང་ཡོ་བྱད་སོགས་ཕྱིས་གཏོང་ལེན་དགོས་པ་རྣམས་ཐོག་མ་ནས་མཚམས་ཁོག་ཏུ་འཇུག་ཅིང་དེ་ལྟ་མིན་པ་རྣམས་ནང་དུ་བཏང་ན་མཚམས་རལ་པའི་རྒྱུར་འགྲོ་བས་སྤང་བླང་དེ་དག་དང་ལྡན་པའི་སྒོ་ནས་མཚམས་ལ་འཇུག་པ་ནི་སྦྱོར་བའི་ཆོས་སོ། །དངོས་གཞི་ལ་ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པ་གཉིས་ལས། དང་པོ་ནི། རང་

p. 287

གི་མདུན་དུ་འཇམ་དཔལ་གྱི་སྐུ་བྲིས་པའམ་འབུར་དུ་དོད་པ་དག་བཞུགས་སུ་གསོལ། དེའི་མདུན་དུ་གཙང་མའི་སྟེགས་ལ་སཱ་ལུའི་ཕྱེ་སོགས་དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་གཏོར་ཟླུམ་རྒྱན་ཅན་དང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པའི་རྫས་གཙང་ཞིང་དག་པར་བཤམ། རང་ཉིད་སྐུ་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་ཁ་ལྷོར་ཕྱོགས་པའི་གདན་ནང་ཚངས་ཅན་འཇམ་ཞིང་བདེ་བའི་འོག་ཏུ་ས་དཀར་རམ་འབྲས་ཀྱིས་གཡུང་དྲུང་ཆོས་འཁོར་དུ་བྲི། གཡས་སམ་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་ཐོད་པ་མེ་ཏོག་གི་སྣོད་དང་བཅས་པ་བཞག གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་སྐབས་འདིར་དགོས་པའི་ཆས་ཐམས་ཅད་ཚང་ཞིང་བདེ་བར་བཤམ། དེ་ནས་ཉམས་ལེན་གྱི་ངོ་བོ་ནི་ཐུན་བཞིའི་རྣལ་འབྱོར་གྱི་རིམ་པར་སྒྲུབ་པ་ལ། ཉིན་དང་པོའི་དགོང་ཐུན་ནས་འགོ་འཛིན་པ་ལས་ཐོག་མར་བདེ་བའི་སྟན་ལ་འདུག་ནས། ཨྱཻ༔ ཨེ་ཉིད་སྟོང་པ་ཞེས་པ་ཙམ་གྱིས་སྐད་ཅིག་གི་གཤིན་རྗེ་གཤེད་པོའི་ང་རྒྱལ་བརྟན་པོར་བཟུང་། གཞི་བདག་དང་བགེགས་ལ་གཏོར་མ་སྦྱིན་པ་ལས་བྱང་ལྟར་བྱས་པའི་མཐར་སྔགས་བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་པ་སོགས་ནན་ཆེར་བྱས་ནས། སྒོ་དྲུང་དུ་ཐོ་བརྩིག་རྒྱལ་པོ་ཆེན་པོ་བཞིར་མོས་མཆོད་གཏོར་ཕུལ་ནས་བར་ཆད་བསྲུང་བའི་ཕྲིན་ལས་བཅོལ་ལ་བརྟན་བཞུགས་བྱ། དེ་ནས་རང་ཉིད་གཤིན་རྗེའི་གཤེད་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་འབར་བའི་འཁོར་ལོ་རྩིབས་བཅུ་པའི་རྩེ་མོ་སྟེང་འོག་ཕྱོགས་མཚམས་སོ་སོར་བསྟན་པའི་སྦུབས་ནང་རྩིབས་རྩེ་སོ་སོར་ཕྱོགས་སྐྱོང་བཅུ་དང་ཉི་མའི་གདན་རེ་རེའི་ཁར་ཧཱུྃ་ཡིག་ནག་པོ་བཅུ་ལས་ཁྲོ་བོ་བཅུ་ཀ་ནག་པོ་ཐོ་བ་དང་ལྕགས་ཀྱུ་འཛིན་པ་ཁྲོ་བོ་རྔམ་བརྗིད་འབར་བ། དེའི་ནང་དུ་རྒྱུ་ཨ་ལི་ཀ་ལི་ལས་གྲུབ་པའི་ཐབས་ཤེས་ཉི་ཟླ་འོད་ཀྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་དང་བྲལ་བ། འཁོར་ལོའི་ཕྱི་རོལ་གྱི་འོག་རྡོ་རྗེའི་ས་གཞིར་གདལ་བ་ལོགས་རྡོ་རྗེ་གྱེན་ལངས་ཀྱི་རྭ་བས་ཟླུམ་པོར་བསྐོར་བའི་ཕྱི་རོལ་གྱི་སྐེད་པར་རྡོ་རྗེའི་ཕྲེང་བའི་དྲྭ་བས་བཅིངས་པ། སྟེང་ནས་རྡོ་རྗེའི་

p. 288

གུར་ཟླུམ་པོར་ཕུབ་པའི་ཕྱིའི་དམས་ལས་རྡོ་རྗེའི་ལུ་གུ་རྒྱུད་ཟ་ར་ཚགས་སུ་འཕྱང་བ། རྩེ་མོར་རྡོ་རྗེའི་ཏོག་གིས་སྤྲས་ཤིང་བར་མཚམས་ཐམས་ཅད་རྡོ་རྗེ་ཕྲ་མོས་བར་མཚམས་མེད་པར་གཏམས་པ་དེའི་ནང་དུ་རྡོ་རྗེའི་བླ་བྲེ་གདུགས་ལྟར་ཕུབ་པ། དེའི་ཕྱི་རོལ་དུ་རལ་གྲི་མདའ་མདུང་ཕུར་བུ་སོགས་རྣོ་ངར་གཅོད་པའི་དབལ་དང་ལྡན་པའི་མཚོན་ཆ་ཐམས་ཅད་རྩེ་མོ་ཕྱིར་གཟིངས་པའི་མཐར་ཡེ་ཤེས་ཀྱི་མེ་ཁ་དོག་རྣམ་ལྔ་དུས་མཐའི་མེའི་ཕུང་པོ་ལྟར་འུར་འུར་ཆེམ་ཆེམ་དྲག་ཏུ་འབར་བའི་རྩེ་མོ་ནས་ཁྲོ་བོ་འཆོལ་བ་དང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཕྲོ་བས་བར་ཆད་བདུད་དཔུང་ཐམས་ཅད་བསྲེགས་ཤིང་ཐལ་བར་བྱེད་པས་ཕྱོགས་ཀུན་ཁྱབ་པར་རྩེ་གཅིག་ཏུ་བསམ་ལ། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས༔ ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར༔ རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ༔ སྲུང་ཟློག་ཕྲིན་ལས་མཛད་པའི་ཕྱིར༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ དེའི་ཕྱིར་རྣོ་དབལ་མཚོན་ཆའི་གུར༔ སྲ་བརྟན་མི་ཤིགས་ར་བས་བསྐོར༔ ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར༔ བགེགས་དང་འབྱུང་པོ་རྡུལ་དུ་རློག༔ ༀ་མ་ཧཱ་ཀྲོ་ཏ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་བརྗོད། སྲུང་འཁོར་འདི་ནི་མཚམས་འགྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་ཐམས་ཅད་ཀྱི་མགོར་ཡང་གསལ་འདེབས་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཆེན་པོ་ཡོད་དོ། །དེ་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཚིག་བཤར་ཙམ་མིན་པའི་སེམས་རྒྱུད་དང་འདྲེ་ངེས་པ་ཞི་སྒྲུབ་བཞིན་བྱེད། དངོས་གཞི་ནི། སྭཱ་བྷཱ་ཝའི་སྔགས་ཀྱིས་སྟོང་པ་ཉིད་དང་དེའི་རང་གདངས་སྙིང་རྗེ་ཆེན་པོ། གཉིས་ཀ་ཟུང་འཇུག་ཏུ་བསྒོམས་པ་ལས་རྒྱུའི་འཇམ་དཔལ་དྷཱིཿཡིག་གསེར་ཞུན་མ་ལྟ་བུ་ལས་དམ་ཚིག་གི་འཁོར་ལོ་སྒོམ་པ་གཞུང་བཞིན་ལས། དེའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་བསམ་ལ། ༀ། ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། །བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཆེ། །མ་ལུས་འཁོར་དང་བཅས་

p. 289

པ་རྣམས། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ༀ་མཉྫུ་ཤྲཱི་ཨེ་ཧྱ་ཧི་ཞེས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཞེས་པ་ནས། ཨ་བྷི་ཥིཉྩ་མི་ཞེས་པའི་བར་ལས་བྱང་བཞིན་བརྗོད་པས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བྱའོ། །ཕྱི་ནང་གི་མཆོད་པས་མཆོད་ནས། རང་གི་སྙིང་ཀར་པད་ཟླའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་སྤུས་བྲིས་པ་ལྟ་བུ། དེའི་མཐར་ༀ་ཨ་ར་པ་ཙ་ན་དྷཱིཿཞེས་པའི་ཡིག་འབྲུ་བདུན་པོ་ཕྲ་ཞིང་གསལ་བ་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལས་འོད་ཉི་ཟེར་ལྟ་བུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་མཆོད་ཕུལ་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས་སངས་རྒྱས་ཀྱི་ས་ལ་བཀོད། འོད་ཟེར་དེས་རེག་པའི་ཞིང་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ཏེ་བཟླས་པ་བྱ་བ་ལས། ཐོག་མར་བགྲང་ཕྲེང་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿཡིག་ལས་བྱུང་བའི་འཇམ་དཔལ་གཞོན་ནུའི་སྐུར་གྱུར། དེ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་མོས་ཏེ། ༀ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་ཧཱུྃ་ཕཊ་ཅེས་བཟླས་ནས་ཕུས་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། དེ་ཡང་བཟླས་པ་བྱ་བའི་ཚེ་རང་ཉིད་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བའི་འདུན་པ་རྩེ་གཅིག་པས་བཟླ་ཞིང་། དེ་ལ་ནན་ཏན་བྱས་པས་རིམ་བཞིན་གོམས་པ་ན་ཡེངས་མེད་ཤིན་ཏུ་བརྟན་པའི་ཏིང་འཛིན་གྱི་ངང་ནས་བཟླས་པ་ཚེགས་མེད་པར་འགྲོ་ཞིང་། ཐོག་མར་བག་ཡངས་པོས་གནད་དུ་མ་བཅུར་པར་བཟླས་ན་རྣམ་རྟོག་ཆུ་གཉེར་ལྟར་ཟད་མཐའ་མེད་པའི་ངང་ལ་བཟླས་པ་ཇི་ཙམ་སོང་མི་ཚོར་བར་དོན་མེད་ངལ་བའི་རྒྱུར་འགྲོ་བས་དྲན་འདུན་རྩེ་གཅིག་པའི་ངང་ནས་ཚིག་གཞན་གྱིས་བར་མ་ཆོད་པར་ༀ་ཨ་ར་པ་ཙ་ན་དྷཱི་ཞེས་སྐྱོན་དང་བྲལ་བར་བཟླ་ཞིང་ཐུན་མཚམས་སུ་སླེབ་པ་ན་དབྱངས་གསལ་སྤེལ་ཚིག་ཅན་ལན་བདུན་བསྲེས་ནས་ཆོས་དབྱིངས་ཡེ་ཤེས་མས་བསྟོད།

p. 290

ལས་བྱང་བཞིན་འོད་གསལ་དུ་བཅུག་ནས་དགེ་བ་བསྔོ། མཚམས་འདིར་དགེ་སྦྱོར་གཞན་བྱེད་དགོས་དང་བཟའ་བཏུང་སོགས་བྱེད། དེ་ནས་སྲོད་ཐུན་ལ་སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས། དངོས་གཞིར་ཕྲེང་བ་བྱིན་རླབས་ཙམ་མ་གཏོགས་སྒོམ་བཟླས་བསྟོད་པ་དང་བཅས་པ་སྔར་བཞིན་སོང་ནས་སྲོད་ཐུན་འདིར་ཚོགས་མཆོད་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་སོགས་རྒྱས་པར་བྱས་ལ་འོད་གསལ་དུ་འཇུག་ཅིང་། དེའི་རྗེས་སུ་བསྐྱེད་པའི་ལྷ་དེ་ཡང་ངོ་བོ་རང་གི་སེམས་སྣང་མ་འགགས་པའི་འཆར་སྒོ་སྒྱུ་མའི་རོལ་པ་ལྟར་ཤར་བ་ལས་དོན་དམ་པར་སྐྱེ་འགག་གནས་བྲལ་སྤང་བླང་མཚན་མའི་རེ་དོགས་ཐམས་ཅད་ལས་འདས་པས་རང་རིག་འགྱུར་མེད་བདེ་ཆེན་ཀ་དག་གི་ངང་ལ་མཉམ་པར་ཅི་གནས་སུ་གཞག་ལ་དྲན་འདུན་ཤེས་བཞིན་པའི་ངང་ནས་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་བབ་པ་ན་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་སྣང་བ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལམ་གྱིས་ལངས་ནས་ཐུན་མོང་གི་རྒྱུད་སྦྱོང་བ་དང་ཚོགས་བསགས་རྣམས་ཡིད་དང་འདྲེ་བར་བྱས་ནས། ང་རྒྱལ་སྲུང་འཁོར་བྱིན་འབེབས་མཆོད་རྫས་བྱིན་རླབས་རྣམས་སྔོན་དུ་འགྲོ་བས་སྒོམ་བཟླས་ཐུན་མཚམས་ལ་ཐུག་གི་བར་སྔར་གྱི་དགོང་ཐུན་ཇི་ལྟ་བ་བཞིན་ནོ། །གསུམ་པ་དགོང་ཐུན་དང་བཞི་པ་སྲོད་ཐུན་གྱི་བར་སྔར་བཤད་པ་ལྟར་ལས་དམིགས་བསལ་བསྒྱུར་ཁ་མེད། དེ་ལྟར་ཐུན་བཞིའི་རིམ་པས་སྙིང་པོ་འབུམ་ཕྲག་བདུན་རྫོགས་པའི་ཉིན་རྗེས་མའི་ཐོར་ཐུན་དང་སྔ་ཐུན་གཉིས་ཀའི་རྗེས་སུ་ཡིག་བརྒྱ་གང་མང་བཟླ་ཞིང་ཁྱད་པར་སྔ་ཐུན་གྱི་རྗེས་སུ་ཚོགས་མཆོད་དང་ཆོས་སྐྱོང་གི་གཏོར་འབུལ་སོགས་རྒྱས་པར་བྱ་ཞིང་། མདུན་གྱི་གཏོར་མ་ལྷར་གསལ་བ་ལས་དངོས་གྲུབ་ལེན་པ་དང་རྗེས་ཆོག་ཤིས་བརྗོད་སྨོན་ལམ་དང་བཅས་པ་མཐའ་རྒྱས་སུ་བྱའོ། །དེ་དག་ནི་ཞི་སྒྲུབ་ཀྱི་ཚུལ་ལོ། །གཉིས་པ་ཁྲོ་བོར་སྒྲུབ་པའི་ཚུལ་ལ། ཞི་བསྙེན་གྲོལ་བའི་ཉིན་གྱི་དགོང་ཐུན་ནམ། དེ་ཉིན་ངལ་བསོས་ཏེ་སང་གི་དགོང་ཐུན་གང་ཡང་རུང་བར་དབུ་འཛུགས་ཏེ། ཡོ་བྱད་བཅའ་ཚུལ་སྤྱི་ཙམ་གོང་དུ་བཤད་པ་ལྟར་ཡིན་ཞིང་ཁྱད་པར་ནི་མདུན་དུ་གཤིན་རྗེའི་གཤེད་ཀྱི་

p. 291

སྐུ་རབ་གནས་ཅན་བཀྲམ་པའི་མདུན་དུ་སྟེགས་བུ་འདིར་ནི་བསྙེན་སྒྲུབ་སྦྲགས་མའི་དབང་དུ་བྱས་ཀྱི་སྒྲུབ་པ་དང་སྒྲུབ་ཆེན་གྱི་དབང་དུ་ན་རྟེན་གྱི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ལས་བྱང་དུ་འབྱུང་བ་བཞིན་བཤམ་དགོས་སོ། །མཆན། དར་རམ་རས་བཟང་པོས་བཀབ་པའི་ཁར་མེ་ཏོག་གི་སིལ་མ་བཀྲམ། རིན་པོ་ཆེའི་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་ལྡན་སྐུ་རྟེན་དར་ནག་གི་གདུགས་ཕུབ་པ་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་ཕྱི་ནང་གི་མཆོད་པ་སོགས་བཟང་ཞིང་རྒྱ་ཆེ་བར་བཤམས་ནས། བདེ་བའི་སྟན་ལ་འདུག་སྟེ་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱང་བ་དང་སྐྱབས་སེམས་ཚོགས་བསགས་རྣམས་ལེགས་པར་བྱས་ནས་གཞི་བགེགས་ཀྱི་གཏོར་མ་བསྔོ་ཞིང་མཚམས་གཅོད་སྲུང་འཁོར་སོགས་སྔར་བཞིན་ནན་ཏན་དུ་བྱེད། བྱིན་དབབ་དང་མཆོད་རྫས་བྱིན་རླབས་ནས་བཟུང་དམ་གསོལ་གྱི་བར་ཚིག་རྗེས་སུ་དོན་རྣམས་ཤིན་ཏུ་གསལ་བ་ཐ་མལ་གྱི་རྣམ་པར་རྟོག་པས་བར་མ་ཆོད་པ་རྫོགས་པར་སྒོམ་ཞིང་བར་ཆོད་ན་དེ་ཉིད་ནས་སླར་ཡང་དྲན་འདུན་གྱིས་བཟུང་། བཟླས་པ་ལ་འཇུག་ཁར་རང་ཉིད་གཙོ་བོའི་སྐུ་མདོག་ཞལ་ཕྱག་ལ་སོགས་པ་རྣམ་པ་གསལ་བ་དང་། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་དངོས་ཡིན་སྙམ་པའི་ང་རྒྱལ་ཤུགས་དྲག་པོ་རྒྱུན་ཅི་རིང་དུ་བསྒོམས་ནས་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་གོ །དེ་ནས་རུ་རཀྵའི་བགྲང་ཕྲེང་སྙེམ་པར་བཟུང་སྟེ་བསང་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་ཧཱུྃ་ཡིག་ལས་སྐྱེས་པའི་གཤིན་རྗེའི་གཤེད་པོའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿགཉིས་མེད་དུ་གྱུར། ཡབ་ཡུམ་སྙོམས་པར་འཇུག་པས་འོད་དུ་ཞུ་བ་ལས་ཁྲག་འཛག་པའི་མགོ་བོའི་ཕྲེང་བར་གྱུར་པར་བསམ་ལ། ༀ་རུ་ཙི་ར་བདུན་བརྗོད་ནས་ཕུས་འདེབས་ཤིང་དབྱངས་གསལ་བརྗོད། དེ་ནས་བཟླས་པ་བྱ་བ་ནི། སྔར་གྱི་གསལ་སྣང་དང་ང་རྒྱལ་དྲན་བཞིན་པ་ལས་ཁྱད་པར་བདག་གཙོ་བོའི་ཐུགས་ཀར་དཀར་དམར་འོད་ཀྱི་འཁོར་ལོ་གུར་ཁྱིམ་ཕུབ་པ་ལྟ་བུའི་དབུས་སུ་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ་ཞི་འཛུམ་ལོངས་སྐུའི་ཆས་ཅན་རལ་གྲི་དང་པུསྟི་འཛིན་པ། དེའི་ཐུགས་ཀར་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་

p. 292

སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ག་སྤུས་བྲིས་པ་ཙམ་གྱིས་མཚན་པ༑ དེའི་མཐར་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་བ་མཐིང་ཞུན་མས་བྲིས་པ་ལྟ་བུ་ཁ་དོག་ལྔའི་འོད་ཟེར་འབར་བས་གཡས་སུ་འཁོར་བ། དེ་ལས་སྔགས་ཀྱི་རང་སྒྲ་དང་བཅས་པའི་འོད་ཟེར་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ་མཐུ་དབང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས། སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས་ནས་བདེ་ཆེན་གྱི་ཞིང་དུ་དྲངས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་དཔག་ཏུ་མེད་པ་བསྒྲུབས་ནས། བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས་མཚོ་ལ་ཆར་བབས་པ་བཞིན་སྔགས་ཕྲེང་ལ་ཐིམ་པས་འཁོར་བ་དང་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར། དེ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་སྣང་བརྙན་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས་གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་བུ ང་བ་ཚང་ཞིག་པ་ལྟར་དིར་དིར་སྒྲོག་པར་མོས་པ་བརྟན་པོ་ནན་ཏན་དུ་བྱས་ལ་བཟླས་པ་སྟེ། སྔགས་ཚིག་ནི། ༀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་རྩ་བའི་སྙིང་པོ་འདི་འབུམ་ཕྲག་གཅིག་མ་སོང་གི་བར་ཐུན་བཞི་ཀ་ལ་དེ་ཁོ་ན་ཆིག་སྒྲིལ་གྱིས་བཟླ་ཞིང་ཐུན་བསྡུ་བ་ན་དབྱངས་གསལ་དང་ཡིག་བརྒྱའི་མཐར་ༀ་ཡ་མཱནྟ་ཀ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་གསུམ་མམ་བདུན་བཟླ། དེ་ནས་རྫོགས་རིམ་སྒོམ་སྟེ་དེའི་དོན་ནི་ལྷའི་རྣམ་པ་དེ་ཐམས་ཅད་ཀྱང་རྣམ་པ་གསལ་བ་གཞན་དབང་རང་བཞིན་ཀུན་བརྟགས་ཀྱིས་སྟོང་པ། ངོ་བོ་ཟུང་འཇུག་ཡོངས་གྲུབ་ཀྱི་ལྷར་གདོད་ནས་གནས་པའི་ངེས་ཤེས་བརྟན་པོ་ཤུགས་དྲག་ཏུ་བསྐྱེད་པ་སྟེ་རྩ་སྒྲུབ་ཀྱི་དེ་ལྟར་གསལ་ཞིང་བསྐྱེད་པའི་ལྷ་དེ་ཀུན༔ སྣང་ཞིང་སྟོང་ལ་སྟོང་བཞིན་ཀུན་ནས་སྣང༔ སྣང་སྟོང་གཉིས་མེད་ངང་དུ་བསྐྱེད་རིམ་སྦྱང༔ ཞེས་དང་སྣང་ཞིང་སྟོང་ལ་གཞི་མེད་རྩ་བ་བྲལ༔ ཡེ་གྲོལ་རང་གྲོལ་ཤར་གྲོལ་ངོ་བོར་གྲོལ༔ ཞེས་པའོ། །མཆན། དོན་བཞིན་བསྒོམས་པ་ལས་ཁམས་གསུམ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རང་གདངས་སུ་ཤེས་ནས་ལྷའི་ང་རྒྱལ་ལ་བརྟན་པ་ཐོབ་སྟེ་ཐ་མལ་

p. 293

གྱི་རྣམ་རྟོག་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་རང་ཞི་ལ་སོང་ནས་སྣང་བ་ལྷའི་རོལ་པར་འཆར་བར་བྱེད་པའི་གནད་དམ་པའོ། །རྫོགས་རིམ་དེ་ལས་ཐུན་མཚམས་ཀྱི་ལྷར་ལངས་ཏེ་བསྔོ་སྨོན་ཤིས་བརྗོད་དང་སྤྱོད་ལམ་ལ་འཇུག །སྲོད་ཐུན་ལ་སྔར་བཞིན་སྐྱབས་སེམས་ཚོགས་བསགས་ཚོགས་ཞིང་བསྡུ་བའི་བར་སོང་ནས་སྲུང་འཁོར་གྱི་མཇུག་ཏུ་ཐུན་མཚམས་ཀྱི་ལྷ་འོད་གསལ་དུ་བཅུག་ནས་ཏིང་འཛིན་གསུམ་ནས་རྫོགས་རིམ་གྱི་བར་སྔར་བཞིན་བྱས་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། འདི་ནུབ་ཁྲོ་བོ་བསྙེན་པའི་ཞག་དང་པོ་ཡིན་པས་ཚོགས་མཆོད་བསྐུལ་ཆད་ཐོ་བརྟན་སྐྱོང་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་ནས་སྙིང་གར་ཧཱུྃ་ཡིག་མཐིང་ག་གསལ་ལ་དྭངས་པ་ཞིག་ལ་འདུན་པ་རྩེ་གཅིག་ཏུ་གཏད་ནས་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་བབ་པ་ན་རང་ཉིད་གཤིན་རྗེའི་གཤེད་པོར་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ་སྔོན་གཏོར་བཞག་པའི་སྐྱབས་སེམས་ཚོགས་བསགས་སྲུང་འཁོར་བྱིན་དབབ་མཆོད་རྫས་བརླབ་པ་རྣམས་སྔོན་དུ་འགྲོ་བས་ཏིང་འཛིན་གསུམ་ནས་བཟུང་འོད་གསལ་དུ་འཇུག་པའི་རྗེས་སུ་བསྔོ་སྨོན་བྱ་བ་སོགས་སྔར་གྱི་དགོང་ཐུན་དང་འདྲ། དེ་ནས་སྔ་ཐུན། དགོང་ཐུན། སྲོད་ཐུན་ལ་སྔོན་འགྲོ་སྐྱབས་སེམས་ཚོགས་བསགས་ཙམ་གྱིས་ཆོག །ཏིང་འཛིན་གསུམ་ནས་སྤྱན་འདྲེན་གྱི་བར་དཀྱུས་བཞིན་དང་། མཆོད་བསྟོད་སོགས་བཟླས་པ་འགྲོ་ཁྱད་ནས་བསྡུས་པ་བྱེད། དམ་གསོལ་དང་ཕྲེང་བ་བྱིན་རླབས་སོགས་མི་དགོས། བསྐྱེད་རིམ་གྱི་གསལ་སྣང་ང་རྒྱལ་ལ་ནན་ཏན་བྱ། བཟླས་མཐར་དབྱངས་གསལ་དང་ཡིག་བརྒྱ་སྤེལ་ཚིག་ཅན་གསུམ་རེ་བཟླ། ཐུན་བར་མ་གཉིས་ལ་རྫོགས་རིམ་གྱི་རྗེས་སུ་བསྔོ་སྨོན་ཤིས་བརྗོད་དང་ཐུན་མཚམས་ཀྱི་ལྷར་ལྡང་། ཐུན་ཐ་མའི་རྫོགས་རིམ་གྱི་རྗེས་སུ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། ཚོགས་མཆོད་གྲུབ་ན་ལེགས། མ་གྲུབ་ཀྱང་ཆོག གང་ལྟར་ཡང་ཉེར་བསྡུ་བསྔོ་སྨོན་ནས་ཉལ་བའི་རྣལ་འབྱོར་གྱི་བར་སྔར་ཁོ་ན་བཞིན་ནོ། །དེ་ལྟར་ཐུན་བཞིའི་ངེས་པ་དེ་ཁོ་ནས་སྟན་གྱི་དྲོད་མ་ཡལ་བ་དང་ཐུན་སྒང་དུ་མི་ཚིག་གིས་བར་མ་ཆོད་པར་སྙིང་པོ་ཆིག་འབུམ། ཉེ་སྙིང་སུམ་འབུམ། རྩ་སྔགས་བདུན་འབུམ། ཡ་མ་རཱ་ཛ་ཉི་ཁྲི་

p. 294

རྣམས་འབུམ་རྗེས་སུ་ཁྲི་དང་ཁྲི་རྗེས་སུ་སྟོང་གིས་ཁ་བསྐང་བ་རྣམས་གྲངས་བསྙེན་གྱི་དབང་དུ་བྱས་པ་ཡིན་ཞིང་། དུས་བསྙེན་ནི་ཟླ་བ་དྲུག མཚན་མའི་བསྙེན་པ་ལ་གྲངས་ངེས་མེད་དོ༑ ༑རྩ་བའི་གྲངས་ཚད་རྫོགས་པའི་སྐབས་འདི་ཉིད་དུ་ལས་གཤིན་གྱི་བསྙེན་པ་བྱ་བར་སྤྲོ་ན། སྒྲུབ་གཏོར་གྱི་མདུན་ངོས་སྟེགས་དམའ་བར་མཎྜལ་དུག་ཁྲག་གིས་བྱུགས་པར་རྡུལ་ཚོན་ནམ་ཆུ་ཚོན་གང་རུང་གིས་ཆོས་འབྱུང་མཐིང་ནག་མུ་རན་མེ་རི་དང་བཅས་པའི་དབུས་གླིང་དགུར་བཅད་པའི་ལྟེ་བར་ཉི་གདན་ལ་ཐོད་དབྱུག་གིས་མཚན་པ་བྲི། གཞན་བརྒྱད་ལ་སོ་སོའི་སྲོག་ཡིག་གམ་ཕྱག་མཚན་བྲི། དབུས་སུ་མཉྫིའི་ཁར་དམར་གཏོར་སྐུ་རྟེན་དར་ནག་པོའི་གུར་གྱིས་བརྒྱན་པ་བཞག མཐར་སྒོར་མཆོད་གཏོར་མ་དང་བཅས་པ་བཤམ། དེ་ནས་བདག་བསྐྱེད་ཐུན་བཞིའི་རྣལ་འབྱོར་བྱིངས་སྔར་བཞིན་ལས་བཟླས་པ་ཕྲེང་སྐོར་རེ་ཙམ་བཟླས་རྗེས་རྫོགས་རིམ་སྒོམ། དེ་ནས་སྒོས་ཀྱི་མཆོད་གཏོར་བྱིན་རླབས་སྔོན་དུ་འགྲོ་བས་ཤཱུ་ནྱ་ཏ་ཞེས་པ་ནས་བསྟོད་པའི་བར་ཕོ་ཉ་མྱུར་མགྱོགས་བཞིན་སོང་རྗེས་བདག་གི་སྙེམས་པ་མཆོག་ཏུ་བརྟན་པོས་ལས་གཤིན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་སོགས་དམིགས་པའི་འཕྲོ་འདུ་ཤིན་ཏུ་གསལ་བ་དང་བཅས་པས་བཟླས་པ་ཅི་ནུས་སུ་བྱས་པའི་རྗེས་སུ། མཆོད་བསྟོད་བསྡུས་པ་དང་ཡིག་བརྒྱ། འདོད་པའི་དོན་ལ་གསོལ་བ་གདབ། ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། གཞན་ཡང་ཐུན་བཞིའི་རིམ་པ་སོ་སོའི་རྗེས་ཆོག་ཉལ་བའི་རྣལ་འབྱོར་གྱི་བར་སྔར་བཞིན་བྱ་བ་ཡིན་ནོ། །གྲངས་ཚད་ནི་འབུམ་ཕྲག་གཅིག་ལ་བྱའོ། །ཐུན་མཚམས་སུ་བཟླས་པ་བགྱིས་པ་རྣམས་ནི་རྩ་བའི་གྲངས་ཚད་ལ་མི་བརྩི་ཞིང་འོན་ཀྱང་ངག་ནུས་བསྐྱེད་པ་སོགས་ཀྱི་དགོས་པ་ཡོད་པས་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་སྐབས་དེ་དག་ཏུ་ཡང་བཟླས་པ་བྱའོ། །དེ་ལྟར་གྲངས་དུས་མཚན་མའི་བསྙེན་པ་གསུམ་པོ་གང་བྱེད་ཀྱང་རུང་སྟེ་ནངས་པར་འགྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་བཟུང་སླར་ཡང་མཆོད་གཏོར་གསར་པ་མང་དུ་བཤམ་ཞིང་རྙིང་པ་རྣམས་ཀྱང་ཁ་གསོ། ཐུན་བཞིའི་བབས་སྤྱི་སྔར་དང་འདྲ་བ་ལས་ཁྱད་པར་མདུན་གྱི་སྒྲུབ་རྫས་རྣམས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་

p. 295

འཁོར་དུ་ལྷག་པར་གསལ་བས། མཆན། གཏོར་མ་ཡང་བདག་བསྐྱེད་སྒོམ་པ་དང་མཉམ་དུ་འཇུག་པ་གཅིག་གིས་སྒྲུབ་ཅིང་དམིགས་པའི་འཕྲོ་འདུ་ཟབ་མོ་དང་སྦྱར་ཏེ་བཟླས་པའི་སྐབས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་དངོས་གྲུབ་སྔགས་འབྲུ་དང་འོད་ཟེར་གྱི་རྣམ་པས་སྤྱན་དྲངས་ནས་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམ་ཞིང་། མཆན། རྩ་སྔགས་རྣམས་ཀྱི་མཇུག་ཏུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ་ཞིང་། ཧཱུྃ། དགོངས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྷ། །ཞེས་སོགས་དངོས་གྲུབ་བསྐུལ་བ་ཡང་བྱེད། རྫོགས་རིམ་མན་སྔར་གྱི་ཐུན་བཞི་ལྟ་བུ་ལས་སྲོད་ཐུན་ལ་ཚོགས་མཆོད་ངེས་པར་བྱ། དེ་ནས་གྲོལ་རྒྱུའི་སྔ་ཐུན་གྱི་དུས་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། ལས་བྱང་རྒྱས་པར་བཏང་ཞིང་ཆོས་སྐྱོང་སྒོས་ཀྱི་གཏོར་འབུལ་བསྐང་བཤགས་ཚོགས་མཆོད་ཆད་ཐོ་བརྟན་སྐྱོང་རྣམས་སོང་རྗེས། སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་རཀ་གཏོར་མས་མཆོད་ཅིང་བསྟོད། འཁོན་བཅུག་སྦྱང་ཞིང་ཡིག་བརྒྱ་མང་དུ་བཟླ། དེ་ནས། ཧཱུྃ། དགོངས་ཤིག་སོགས་ཀྱིས་དངོས་གྲུབ་བསྐུལ་རྗེས། མདུན་བསྐྱེད་ཀྱི་ལྷའི་སྒྲུབ་གཏོར་གྱི་ལྷའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་གཏོར་མའི་ལྷ་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་མོས་པ་བྱ་ཞིང་གཏོར་མ་སྒྲུབ་རྫས་རྣམས། མཆན། གནས་གསུམ་དུ་འཇོག །ལྷ་འོད་དུ་ཞུ་རྗེས་གཏོར་མ་བུམ་ཆུ་དང་ཐོད་རྫས་སོགས། མཆན། དམ་རྫས་བདུད་རྩིར་མོས་ནས་ལྕེ་ཐོག་ཏུ་མྱང་། དེ་ལས་ཟག་མེད་ཀྱི་བདུད་རྩི་ཆེར་འཕེལ་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་གང་བའི་བདེ་བ་ཆེན་པོ་ལ་མཉམ་པར་གཞག མཇུག་ཆོག་ཤིས་བརྗོད་དང་བཅས་པ་ནི་གཞུང་བཞིན་ནོ། །སྐབས་འདིར་སྲུང་ཟློག་བསད་པའི་ལས་སྦྱོར་གྱིས་བསྡུ་བར་སྤྲོ་ན་སྔ་ཐུན་འདི་ཉིད་ཀྱི་མུ་ནས་ལས་དཀྱིལ་གཏོར་མ་ཟོར་རྫས་ལིངྒ་ཐུན་དང་བཅས་པ་ལག་ལེན་བཞིན་བཤམ། ཆོ་ག་དངོས་གཞི་ནི་ཐུན་བཞིའི་རིམ་པ་ཁོ་ན་སྟེ། ལས་གསུམ་རྐྱང་པར་བསྒྲུབ་ན་སྲུང་བ་ཟློག་པ་བསད་པ་གསུམ་ཀ་སོ་སོའི་རྟགས་མཐོང་གི་བར་དུ་རིམ་པ་བཞིན་སོ་སོར་བསྒྲུབ་པའམ། འོན་ཏེ་ཞག་གི་རིམ་པ་ཙམ་གྱིས་བསྒྲུབ་ཀྱང་རུང་། བསྙེན་སྒྲུབ་ཀྱི་རྗེས་འདིར་

p. 296

ཟོར་འཕང་བའི་དབང་དུ་བྱེད་ན། ཐོ་རངས་བསྙེན་སྒྲུབ། སྔ་དྲོ་སྲུང་བ། ཕྱི་དྲོ་ཟློག་པ། སྲོད་ལ་བསད་པ་རྣམས་ཐུན་བཞིའི་རིམ་པས་ཞག་བདུན་ནམ་ལྔ་གསུམ་གང་རུང་བསྒྲུབས་རྗེས་ནུབ་ཐ་མའི་ཚེ་ཟོར་འཕང་བ་རྣམས་བྱ་ཞིང་། འདི་དག་གི་མན་ངག་དང་ཆོ་གའི་ལས་རིམ་རྣམས་ཟོར་ལས་རྒྱས་པའི་སྐབས་སྤྲོ་བསྡུ་སྨོས་པ་རྣམས་འདོར་ལེན་ཙམ་མ་གཏོགས་གཞན་མ་ལག་ལེན་གནད་ཀྱི་གསེར་ཐུར་དུ་ཞིབ་མོར་བྲིས་པ་ཉིད་ལ་དཔྱད་པས་བདེ་བླག་ཏུ་རྟོགས་པ་ཡོད་དོ། །ལས་གསུམ་གྱི་མཇུག་བསྡུ་བྱེད་མི་བྱེད་གང་ཡིན་ཡང་ཁ་སྐོང་ནི་ངེས་པར་དགོས་ཏེ། ཇི་སྐད་དུ། སྦྱིན་སྲེག་ལྷ་རྣམས་ཚིམ་པར་བྱེད། །ཚིམ་པ་ལས་ནི་དངོས་གྲུབ་སྩོལ། །སྔགས་ནི་ལྷག་གམ་མ་ཚང་ན། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །ཞེས་དང་། གསང་སྔགས་མ་བཟླས་མི་འགྲུབ་ཅིང་། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །ཞེས་པས་སྔགས་བཟླས་པའི་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་བྱ་སྟེ། སྙིང་པོ་ཉེ་སྙིང་ཐམས་ཅད་ལ་མ་འགྲུབ་ཀྱང་རྩ་སྔགས་ཉིད་འབུམ་ཚོ་བདུན་གྱི་དབང་དུ་བྱས་པའི་ཁ་སྐོང་གི་སྦྱིན་སྲེག་བདུན་ཁྲི་བྱ་དགོས་ཏེ་ཆོ་གའི་རིམ་པ་ནི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལྟ་བུས་ཁོག་ཕུབ་པའམ་གཞན་གྱིས་ཀྱང་རུང་། འདས་པའི་ལྷ་གོ་བརྗེ་བ་དང་། རྫས་གཞན་རྣམས་གྲངས་ཅི་འབྱོར་དང་ཏིལ་གྱི་རྫས་སྔགས་རྣམས་བདུན་ཁྲིར་ལོངས་པ་འབུལ་དགོས་ལ། སྤེལ་ཚིག་ནི། ཏིང་ངེ་འཛིན་མ་གསལ་བ་དང་སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། རྗེས་སུ་ལས་གཤིན་ཡང་བརྒྱ་རྩ་ཙམ་འབུལ། ཆོ་གའི་ལྷག་མ་ནི་སྤྱི་ལྟར་རོ། །གལ་ཏེ་དེ་ལྟར་སྦྱིན་སྲེག་མ་འགྲུབ་ན་སྔགས་ཀྱི་ཁ་སྐོང་ཙམ་གྱིས་ཀྱང་རུང་སྟེ་ཁུངས་ཡོད་དོ། །དེ་ལྟར་ལས་རྣམས་མཐར་ཕྱིན་ནས་མཚམས་འགྲོལ་བའི་ཚེ། ཆོས་སྐྱོང་གཞི་བདག་སོགས་ལ་ཡང་གཏང་རག་གི་མཆོད་གཏོར་དང་། ཁྱད་པར་མཚམས་ཐོའི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ་བར་བྱའོ། །སྤྱིར་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བ་ནི༑ ཤེས་པ་བྱིང་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་དེ་སྔགས་སྒྲ་དང་བཅས་པས་བཟླ། ཤེས་པ་རྒོད་ནས་དམིགས་པ་མི་གསལ་ན་ཏིང་འཛིན་སེམས་དཔའ་ཁོ་ན་ལ་

p. 297

རྩེ་གཅིག་ཏུ་སེམས་བཟུང་ནས་ཤུབ་བུར་བཟླ། སུན་ཉམས་བྱུང་ན་བླ་མ་གོང་མ་རྣམས་ཀྱི་བཟོད་སྲན་དཀའ་སྤྱད་ཀྱི་ཚུལ་ལ་གཞིག་སྟེ་ཧུར་བསྐྱེད། རྩ་ཁམས་དྭངས་པ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན་མྱུར་དུ་འགྲོ་བ་འདུག་སྙམ་པའི་བྲོད་ཁ་མི་བྱ། དེ་ལས་ལྡོག་ནས་གུ་དོག་ཉམས་བྱུང་ན་སྙིང་རུས་ཆེར་བསྐྱེད་ཅིང་ངལ་བ་མི་བྱ། སྐབས་རེ་ཤེས་པ་ཉོག་ཅིང་ལྕེ་མི་བདེ་ན་ཇ་དཀར་གྱི་བཏུང་བ་སོགས་བསྟེན། གཡེང་ཞིང་འཕྱོ་ན་རུས་ཐང་དང་བུ་རམ་མུར་བས་ཕན། ཐུན་སྒང་དུ་ཁའི་ཕྱེད་ལག་གིས་བཀབ་པའི་གཏམ་བྱ་བ་སྐད་དང་གཞན་ལ་བྱིན་རླབས་དང་སྲུང་མདུད་སྟེར་བ་སོགས་མི་བྱ། ཐུན་མཚམས་མ་གཏོགས་པར་བཟའ་བཏུང་དང་འགྲོ་འཆག་མང་པོ་མི་བྱེད། ནང་གི་ཡོ་བྱད་ཀྱི་རིགས་ཀྱང་ཕྱིར་མི་གཏོང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ། མཚམས་ཁོངས་སུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་མོད། བཅུག་པ་ཡང་སང་ཙམ་ཡོང་རྒྱུའི་དེ་རིང་ལྟ་བུར་ཤེས་པ་གཡེང་ཞིང་ཉོག་པ་སེམས་མི་བདེ་ཞིང་གཉིད་ཡེར་བ་སོགས་ནས་སང་ཉིན་མི་དང་ཡོ་བྱད་སོ་མ་བྱུང་ན་དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་ཞག་མ་འདས་པར་ལོངས་མི་སྤྱད། སྤྱིར་ཡང་མཚམས་ཀྱི་མགོ་ལ་ལྷོད་པ། བར་དུ་དམ་པ། རྗེས་སུ་ལྷོད་པར་བྱེད། གང་གི་ཚེ་ཡང་དུས་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུ་གཉེར་ལྟར་ཤར་ན་ཐོལ་སྐྱེས་དེ་ཀ་དྲན་པས་ཚིར་བཟུང་ཡེངས་མེད་ཀྱི་ངང་ནས་ལྷ་དང་སྔགས་ཀྱི་སྒྲ་ལ་སེམས་གཏད། བདེ་སྡུག་དང་མཐོ་དམན་སྣ་ཚོགས་བྱུང་ན་འཛིན་ཆགས་མེད་པར་ལྷོད་ཀྱིས་ཀློད། མཚམས་གྲོལ་ནས་ཀྱང་ཐོག་མར་དམ་ཚིག་གཙང་བའི་མི་རེ་གཉིས་དང་འཕྲད། དེ་ནས་རིམ་བཞིན་ཡངས་པར་བྱས་ཏེ་གྲིབ་དང་འགས་ཀྱིས་འདྲིས་སུ་འཇུག་པ་གལ་ཆེའོ། །དེ་ལྟར་ཚུལ་བཞིན་དུ་ལེགས་པར་བསྙེན་པ་ལས་རྡོ་རྗེ་ཐེག་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་སྙེམས་པ་མི་མངའ་བའི་དབང་ཕྱུག་ཆེན་པོར་འགྱུར་བ་གདོན་མི་ཟའོ། །འཇམ་པའི་རྡོ་རྗེ་ཡེ་ཤེས་སྒྱུ་དྲྭའི་གར། །མི་བཟད་བདུད་སྡེའི་གཤེད་དུ་ཆེར་ཁྲོས་པའི། །

p. 298

ཁྲག་འཐུང་འཁོར་འདས་བརྟན་གཡོའི་ཕྱག་རྒྱ་ཀུན། །ཟིལ་གནོན་དཔལ་ཆེན་དུས་དགྲའི་དབང་པོ་ཀྱེ། །གང་གི་དངོས་གྲུབ་འདོད་འཇོའི་ཡིད་བཞིན་ནོར། །དཀའ་བ་མེད་པར་སྒྲུབ་བྱེད་མྱུར་བདེའི་སྐྱེས། །དུས་མཐའི་སྔགས་འཆང་བརྩོན་པ་ཆེ་ཐང་གིས། །དུབ་པ་དེ་དག་ངལ་གསོའི་སྐྱེས་སུ་བྱིན། །གང་གི་གཏེར་གཞུང་རྩ་བའི་སྒྲུབ་ཐབས་དང་། །འཁྲུལ་མེད་མན་ངག་དུ་མའི་གནད་འདོམས་པར། །བརྗོད་པ་འདིས་ཐོབ་བསོད་ནམས་ཡེ་ཤེས་ཀྱི། །རྒྱ་མཚོ་ཆེན་པོར་རོ་གཅིག་འདྲེས་གྱུར་ཅིག །འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་བསྙེན་ཡིག་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། གཅུང་ལོ་ཙཱ་བ་ངག་དབང་ཆོས་དཔལ་གྱིས་རིང་མོ་ནས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་ཡུལ་དབུས་ཀྱི་རི་བོ་པོ་ཏ་ལའི་རྒྱལ་པོའི་ཁབ་ཆེན་པོར་སྦྱར་བའོ།། །།

འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་གོ་དོན་གྱི་ཆིངས་རྩ་ཐོ་ཙམ་སྐྱུད་བྱང་དུ་སྤེལ་བ།

p. 299

འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་གོ་དོན་གྱི་ཆིངས་རྩ་ཐོ་ཙམ་སྐྱུད་བྱང་དུ་སྤེལ་བ་བཞུགས། རིག་འཛིན་འགྱུར་མེད་རྡོ་རྗེ། ༀ་སིདྡྷི་རསྟུ། བླ་མ་དང་བཅོམ་ལྡན་འདས་དཔལ་དུས་དགྲའི་དབང་པོ་ལ་ཕྱག་འཚལ་ལོ༑ ༑འདིར་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་གོ་དོན་གྱི་ཆིངས་ཅུང་ཟད་བཤད་ན། གཞུང་དོན་གསལ་བྱེད་ལས། བསྐྱེད་རྫོགས་བཟླས་པའི་རྣལ་འབྱོར་ལ༔ དབང་ཕྱུག་དྲོད་ཚད་བརྙེས་པའི་ཚེ༔ དྲག་པོའི་ལས་ལ་འཇུག་པར་བྱ༔ ཞེས་གསུངས་པ་ལྟར། དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་ཡིད་རྟོན་པའི་སྔགས་པས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་བ་ལ་གཉིས་ཏེ། བསྙེན་སྒྲུབ་ཀྱི་སྒོ་ནས་རྟོགས་པས་བདག་སྒྲོལ་བའི་ཐབས་དང་། ལས་སྦྱོར་གྱི་སྒོ་ནས་ཐུགས་རྗེས་གཞན་སྒྲོལ་བ་གཉིས་སུ་འདུས་པའི་ཕྱིར། དེ་ལྟར་ཡང་སྒྱུ་འཕྲུལ་དྲྭ་བ་ལས། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ༑ ༑གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་གསུངས། དེ་ལས་དང་པོ་རྟོགས་པས་བདག་སྒྲོལ་བའི་ཚུལ་ནི། འཇམ་དཔལ་ཞི་སྒྲུབ་ལས། ཐམས་ཅད་རང་གྲོལ་གཉུག་མའི་ངང༔ འགྱུར་མེད་དོན་གྱི་ཆོས་སྐུའོ༔ ཞེས་དང་། ཚེ་བདག་གི་རྒྱུད་ལས། རྩ་བ་མི་འགྱུར་བྱང་ཆུབ་སེམས༔ གཅིག་ནི་ཀུན་གྱི་རང་བཞིན་ཡིན༔ ཞེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུ་ཞིང་། སེམས་ཉིད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་ཀུན་ཁྱབ་འགྱུར་མེད་ཀྱི་ཁམས་ཏེ། དེ་ནི་སངས་རྒྱས་

p. 300

ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཡང་། བདག་ལྟའི་མཚན་ཉིད་ཅན་གྱི་བློས་གཉིས་མེད་ལ་གཉིས་སུ་འཛིན་པའི་ལོག་པའི་ཞེན་རྟོག་གིས་ཕྱིན་ཅི་ལོག་ཏུ་བཟུང་བས་རང་གི་ཡེ་ཤེས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མ་རྟོགས་པའི་ཕྱིར། ཡེ་ཤེས་དེ་རྟོགས་པ་ལ་བར་དུ་གཅོད་པའི་གེགས་བདག་ལྟའི་ཞེན་རྟོག་ཡུལ་དང་བཅས་པ་ནི་གང་བསྒྲལ་བར་བྱ་བ་སྟེ། ལས་བྱང་ལས། གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུའི་དགྲ༔ ཞེས་གསུངས་པའི་ཕྱིར། དེ་ཉིད་སྒྲོལ་བྱེད་ཀྱི་ཐབས་ནི། འཇམ་དཔལ་ཞི་སྒྲུབ་ལས། ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ༔ ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ༔ ཞེས་པ་ལྟར། དངོས་གྲུབ་ལ་ཉེ་བར་བྱེད་པའི་ཐབས་ཞི་བར་བསྙེན་པ་དང་། དངོས་གྲུབ་ཉིད་མངོན་དུ་བསྒྲུབ་པའི་ཐབས་ཁྲོ་བོར་སྒྲུབ་པ་གཉིས་ལས། དང་པོ་ནི། གནས་དབེན་ཅིང་ཡིད་དུ་འོང་བར་སྐུ་རྟེན་བཀྲམ་པའི་མདུན་དུ་སྒྲུབ་གཏོར་མཆོད་པ་དང་བཅས་པ་གཙང་ཞིང་བཀོད་ལེགས་པར་བཤམས་ནས། བགེགས་བསྐྲད་ཐོ་སྡོམ་སྲུང་འཁོར་བསྒོམ་པ་རྣམས་ཀྱིས་མཚམས་ལེགས་པར་བཅད་དེ་ཐུན་བཞིའི་རིམ་པས་བསྒྲུབ་པར་བྱའོ། །དེ་ཡང་སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད་ནས། ཨེ་མ༔ བདག་གི་དལ་འབྱོར་རིན་ཆེན་འདི༔ ཞེས་སོགས་རྙེད་དཀའི་རྟེན་ཐོབ་ཀྱང་མི་རྟག་པའི་སྐྱོ་ཤས་དང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པས་ཡིད་ངེས་པར་འབྱུང་ནས། སྐྱབས་སེམས་བདུན་རྣམ་དག་གིས་ཚོགས་གསོག་པ་རྣམས་ཀྱིས་བློ་སྦྱོང་བར་བྱེད་པ་ནི་སྔོན་འགྲོའོ། །དངོས་གཞི་ནི། སྭཱ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྦྱངས་ཏེ་མི་དམིགས་པ་ལས། འཆིང་གྲོལ་མེད་པའི་གནས་ལུགས་སྟོང་ཉིད་ནམ་མཁའ་ལྟ་བུར་བསྒོམ་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ཀུན་སྣང་། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་བྱང་ཆུབ་ཀྱི་སེམས་དྷཱིཿཡིག་གསེར་ཞུན་མ་ལྟར་བསྒོམ་པ་རྒྱུ་ཏིང་། དེ་ལས་འོད་ཟེར་འཕྲོས་འདུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ནས། ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་ཞི་སྒྲུབ་གུར་

p. 301

གུམ་གྱི་མདངས་ཅན་སེམས་དཔའ་སུམ་བརྩེགས་ཀྱི་རྣམ་པར་བསྒོམས་པའི་གནས་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་རྣམས་ཀྱིས་དམ་ཚིག་གི་འཁོར་ལོ་བསྒོམས་ནས། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་རང་འདྲ་བར་སད་པ་སྤྱན་དྲངས་ཏེ་དམ་ཚིག་གི་འཁོར་ལོ་ལ་བསྟིམ་ནས་དབང་བསྐུར་ཞིང་རྡོ་རྗེ་སེམས་དཔས་རྒྱས་གདབ་པ་རྣམས་ལྟ་བ་འཁོར་འདས་དབྱེར་མེད་དང་རྗེས་སུ་མཐུན་པའི་ཉམས་ལེན་དམ་ཡེ་གཉིས་མེད་དུ་སྒོམ་པའི་ཆོ་གའོ། །དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་པ་རྣམས་ཀྱིས་ལྷ་ལ་ལྷ་མཆོད་ཅིང་ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་དུ་རང་ལ་མཆོད་རྗེས། དམིགས་པའི་གཙོ་བོ་ལྷའི་གསལ་སྣང་དང་ང་རྒྱལ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་སྒྲུབ་ཅིང་གསལ་སྣང་ཐོབ་ནས་རྫོགས་རིམ་ལ་འཇུག་པ་ནི། དེ་ལྟར་བསྐྱེད་པའི་ལྷ་དེ་ཡང་ངོ་བོ་རང་གི་སེམས་སུ་འདུ་སྟེ། སེམས་ལས་མ་གཏོགས་པའི་ཆོས་གཞན་མ་གྲུབ་པའི་ཕྱིར། སེམས་དེ་ཡང་བརྟགས་ཤིང་དཔྱད་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་ནི་གཤིས་སྐྱེ་བ་མེད་པ་ཐིག་ལེ་ཉག་གཅིག དེ་ཉིད་ཀྱི་རྩལ་འགག་པ་མེད་པའི་རང་གདངས་ལྷའི་རྣམ་པར་ཤར་བ་ནི་རང་བྱུང་གི་ཡེ་ཤེས། གང་ལྟར་ཤར་ཡང་ཆོས་ཉིད་ཀྱི་རོལ་པ་ཙམ་ལས་རང་རྒྱུད་དུ་མ་གྲུབ་པ་ནི་ངོ་བོ་གཉིས་མེད་ཀྱི་ཡེ་ཤེས་རང་ཤར་རང་གྲོལ་ཆོས་སྐུའི་དགོངས་པ་སྟེ། དེའི་ངང་ལས་མ་གཡོས་པར་རང་རིག་རང་གསལ་འཛིན་མེད་དུ་བསྐྱང་བར་བྱའོ། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་གཙོ་བོར་སྒྲིལ་ཞིང་། དེས་སུན་ན་ལྷའི་ཐུགས་དམ་བསྐུལ་བའི་ཕྱིར་བཟླས་པའི་རྣལ་འབྱོར་ལ་འཇུག་པ་སྟེ༑ རང་སེམས་དཔའ་སུམ་བརྩེགས་ཀྱི་ཏིང་ངེ་འཛིན་སེམས་དཔའ་དྷཱིཿཡིག་གི་མཐར་སྔགས་ཕྲེང་ཕྲ་ཞིང་འབར་བ་གསལ་བཏབ་ནས་འོད་ཟེར་སྤྲོ་བསྡུ་དང་བཅས་པས་བཟླས་པ་ལ་བརྩོན་པར་བྱ་ཞིང་། ཐུན་བསྡུ་བ་ན། ཆོས་ཉིད་ཀྱི་རང་སྒྲས་བསྟོད་ནས། འོད་གསལ་དུ་བསྡུ་ཞིང་ལྡང་བར་བྱས་ལ། འོག་ནས་འཆད་པ་ལྟར་ཐུན་མཚམས་ཀྱི་རྣལ་འབྱོར་གྱིས་སྣང་སྤྱོད་ཐམས་ཅད་དོན་ཡོད་པར་སྤྱད་པར་བྱའོ། །ཚུལ་དེས་དུས་གྲངས་མཚན་མའི་བསྙེན་

p. 302

པ་གང་ཡིན་ཁ་སྐོང་དང་བཅས་པ་སོང་རྗེས། མདུན་གྱི་སྒྲུབ་གཏོར་ལྷར་གསལ་བའི་གནས་གསུམ་ནས་དངོས་གྲུབ་གྱི་སྐལ་བ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱུང་བ་རང་གི་གནས་གསུམ་དུ་བསྟིམ་པའི་དམིགས་གནད་ཀྱིས་དངོས་གྲུབ་བླང་བ་སོགས་མཇུག་གི་ཆོ་ག་རྣམས་མཐའ་རྒྱས་སུ་བྱའོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། སྒྲུབ་རྟེན་གྱི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ལས་བྱང་ལྟར་བཤམ་ཞིང་། བསྡུ་ན་བསྙེན་སྒྲུབ་སྦྲག་མའི་དབང་དུ་བྱས་ཏེ་སྒྲུབ་གཏོར་སྐུ་རྟེན་བཙུགས་པ་ཙམ་གྱིས་ཀྱང་རུང་བར་གསུངས། གང་ལྟར་ཡང་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ཞི་བསྙེན་གྲོལ་བའི་དགོང་ཐུན་ནམ་སང་གི་དགོང་ཐུན་ནས་ཀྱང་རུང་སྟེ། ཐུན་བཞིའི་རིམ་པས་བསྒྲུབ་པར་བྱའོ། །དེ་ཡང་སྦྱང་བྱ་གང་དུ་སྐྱེ་འགྱུར་གྱི་སྐྱེ་གནས་ཀྱི་སྐྱོན་བསལ་ཞིང་བསྲུང་བ་དང་སྐྱེ་བར་འཕེན་སྒྲུབ་ཀྱི་ལས་གསོག་པ་སྦྱོང་ཞིང་། སྦྱངས་འབྲས་སྒྲིབ་གཉིས་སྤང་ཞིང་ཚོགས་གཉིས་སྒྲུབ་པའི་བསགས་སྦྱང་ལམ་དུ་ཁྱེར་བ་དང་། རྫོགས་རིམ་གྱི་ཡེ་ཤེས་འཆར་བའི་གེགས་དང་གོལ་ས་བསལ་ནས། མཐུན་རྐྱེན་གྱི་རྒྱུ་སྒྲུབ་པ་མཚོན་པའི་ཕྱིར། ལས་བྱང་ལྟར་སྔོན་འགྲོ་རྣམས་སྔོན་དུ་བཏང་ནས། དངོས་གཞི་ནི། འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་བྱེད་དང་རྫོགས་རིམ་གྱི་འོད་གསལ་ཀ་དག་གི་ཡེ་ཤེས་འཆར་བའི་རྒྱུར། འདི་ལྟར་སྣང་བའི་ཆོས་ཀུན་མི་དམིགས་པར་སྦྱངས་ཏེ་སེམས་སྣང་མེད་ཀྱི་ངང་ན་སྟོང་ཉིད་སྤྲོས་པ་དང་བྲལ་བའི་རང་གཤིས་ལ་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན། བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་བྱེད་དང་རྫོགས་རིམ་སྟོང་ཉིད་ལས་ཟུང་འཇུག་གི་དཀྱིལ་འཁོར་དུ་སད་བྱེད་སྙིང་རྗེ་ཆེན་པོ་རང་བྱུང་དུ་འཆར་བའི་ཆེད་དུ། དེ་བཞིན་ཉིད་ཀྱི་ངང་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེའི་རང་གདངས་འགག་མེད་ཀུན་ཁྱབ་ཏུ་ཤར་བ་ནི་ཀུན་སྣང་གི་ཏིང་འཛིན། སྐྱེ་བ་སྦྱོང་ཞིང་སྤྲུལ་སྐུ་ལམ་བྱེད་དང་རྫོགས་རིམ་འོད་གསལ་ལས་སྙིང་རྗེ་ཆེན་པོའི་འཕེན་པས་ཟུང་འཇུག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བའི་ཕྱིར། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་རིག་ཧཱུྃ་

p. 303

མཐིང་ནག་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཏེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དེ་ཉིད་ཀྱི་ཆོ་འཕྲུལ་ལས་རང་སྣང་བའི་ཕྱིར་རོ། །ཇི་ལྟར་བསྒོམ་པར་བྱ་བ་ནི། སྣོད་ཀྱི་འབྱུང་ལྔ་རི་རབ་དང་བཅས་པས་ཞིང་དང་ཁང་པའི་བག་ཆགས་སྦྱོང་ཞིང་། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་དང་། ཡེ་ཤེས་ཀྱི་གཞལ་ཡས་ཁང་ལམ་དུ་བྱེད་པ་དང་། རྫོགས་རིམ་རྩ་འཁོར་དང་འབྱུང་བའི་ཁམས་རྣམས་དུལ་ནས་དྭངས་མར་སྒྲུབ་པའི་ཕྱིར། རྒྱུ་ཏིང་ལས་བུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་འབྱུང་ལྔ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསྒོམ་པའོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི། སྐྱེ་གནས་སུ་བར་དོའི་རྣམ་ཤེས་ཞུགས་ནས་ལུས་རྫོགས་པའི་བག་ཆགས་སྦྱངས་ནས་འབྲས་བུ་སྤྲུལ་པའི་སྐུ་ལྷུམས་སུ་ཞུགས་ནས་བལྟམས་པ་ལམ་དུ་འཁྱེར་ཞིང་། རྫོགས་རིམ་བདེ་བ་ཆེན་པོ་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ། དཀྱིལ་འཁོར་ལྟེ་བ་གྲུ་གསུམ་མཐིང་ནག་གི་དབུས་སུ་གདན་སྟེང་རྒྱུའི་ཧཱུྃ་ཡིག་བབས་པ་ལས་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་གཙོ་བོ་བསྒོམ་མོ། །བྱིས་པ་དེ་ཉིད་ལང་ཚོ་དར་ནས་འཁོར་གཡོག་བསྟེན་པའི་བག་ཆགས་སྦྱང་ཞིང་། འབྲས་བུ་སྤྲུལ་པའི་སྐུས་འཁོར་སྡུད་པ་དང་། རྫོགས་རིམ་ཟུང་འཇུག་གི་ལྷ་སྐུ་རྒྱ་ཆེན་སྤྲོ་བའི་ཕྱིར། ཟླ་གམ་གསུམ་ལ་སྤྲུལ་པ་གསུམ་དང་། དེའི་ཕྱིའི་རྩིབས་ལ་གཤེད་བཞི། སྒོར་གདོང་ཅན་བཞི་རྣམས་བསྐྱེད། དེ་ནས་སྦྱང་བྱ་བྱིས་པ་དེ་སྒོ་གསུམ་གྱི་ནུས་སྟོབས་འཕེལ་བ་དང་། འབྲས་བུའི་རྡོ་རྗེ་གསུམ་ལམ་དུ་འ ཁྱེར་ཞིང་། རྫོགས་རིམ་ཁུ་རྡུལ་རླུང་གསུམ་གྱི་དྭངས་མ་འཕེལ་ཕྱིར་གནས་གསུམ་བྱིན་གྱིས་བརླབ། སྦྱང་བྱ་ཚོར་འདུ་རྫོགས་པས་རྒན་པོ་རྣམས་དང་བློ་གྲོས་མཉམ་པ་དང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་ཉིད་དུ་གྱུར་ཅིང་། རྫོགས་རིམ་འཁོར་འདས་དབྱེར་མེད་ཀྱི་ཡེ་ཤེས་བསྐྱེད་ཕྱིར། ཐུགས་ཀའི་ཧཱུྃ་འོད་ཀྱིས་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་ཡེ་ཤེས་སེམས་དཔའི་རྣམ་པར་བཞེངས་པ་སྤྱན་དྲངས་ཏེ་བསྟིམས་ནས་དམ་ཡེ་དབྱེར་མེད་བྱས་པ་ལ། སྦྱང་བྱ་

p. 304

རིགས་མཐུན་གྱི་ལས་ལ་དབང་བསྒྱུར་བ་དང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱིས་དབང་སྐུར་ཞིང་རྫོགས་རིམ་ལ་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་ཕྱིར། གདན་གསུམ་ཚང་བའི་ལྷས་དབང་བསྐུར་ནས་ཧེ་རུ་ཀ་རིགས་ལྔས་དབུ་བརྒྱན། སྦྱང་བྱ་འདོད་ཡོན་ལ་སྤྱོད་ཅིང་ཡུལ་ནོར་གྱི་བཅད་རིས་ཁེ་གྲགས་སྒྲུབ་པ་དང་། སྦྱངས་འབྲས་ཡེ་ཤེས་ཀྱི་མཆོད་པ་རྒྱུན་མི་ཆད་ཅིང་ཕྱག་མཆོད་ཀྱི་བཀུར་གནས་སུ་གྱུར་པ་དང་། རྫོགས་རིམ་ལ་རིག་པ་བརྟུལ་ཞུགས་ཀྱི་འདོད་ཡོན་ལ་ཅི་དགར་སྤྱོད་པའི་ཕྱིར། གཙོ་བོའི་ཐུགས་ཀ་ནས་རང་ཉིད་གཤིན་རྗེའི་གཤེད་ཕྱག་གཉིས་པའི་རྣམ་པས་ཐོན་ནས་ཕྱག་མཆོད་བསྟོད་པ་རྣམས་བྱ་བའོ། །དེ་རྗེས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་སྟེ། ཐ་མལ་གྱི་སྣང་བ་བཟློག་པའི་དོན་དུ་ལྷའི་གསལ་སྣང་དང་། ཐ་མལ་གྱི་ཞེན་པ་བཟློག་པའི་དོན་དུ་ལྷའི་ང་རྒྱལ་ལ་བསླབ་ཅིང་རྩེ་གཅིག་ཏུ་མཉམ་པར་འཇོག དེས་གསལ་སྣང་ཐོབ་ནས་ང་རྒྱལ་དེ་ཡང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གསལ་ལ་དེར་འཛིན་མེད་པར་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་སྟོང་ཞེན་བྲལ་དུ་འཆར་བ་ལ་བསླབ་པར་བྱ་སྟེ། རྩ་སྒྲུབ་ལས། དེ་ལྟར་གསལ་ཞིང་བསྐྱེད་པའི་ལྷ་དེ་ཀུན༔ སྣང་ཞིང་སྟོང་ལ་སྟོང་ཞིང་ཀུན་ནས་སྣང༔ སྣང་སྟོང་དབྱེར་མེད་ངང་དུ་བསྐྱེད་རིམ་སྦྱང༔ ཞེས་གསུངས་པ་ལྟར། དེས་སྐྱོ་ན་ཐུགས་དམ་བསྐུལ་ཕྱིར་བཟླས་པ་བྱ་སྟེ། སྦྱང་བྱ་ངག་གི་ཞེན་སྣང་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་། སྦྱངས་འབྲས་སངས་རྒྱས་ནས་ཆོས་འཁོར་བསྐོར་ཞིང་རྫོགས་རིམ་འཕོ་ཆེན་དབུ་མར་ཐིམ་པའི་ཕྱིར། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས་བརྡར་གྱུར་རྡོ་རྗེའི་བཟླས་པ་ལ་རྩེ་གཅིག་ཏུ་བསླབ་ཅིང་། དེས་སུན་ན་རང་སེམས་དཔའ་སུམ་བརྩེགས་ཀྱི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་མཐར་སྔགས་ཕྲེང་ཕྲ་ཞིང་འབར་བས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་བསམ་ལ། བསྙེན་སྔགས། ཉེ་བསྙེན། སྒྲུབ་སྔགས་རྣམས་སྒྲ་ཧ་ཅང་ཆེ་བ་དང་ཆུང་བ་མྱུར་བུལ་ལྷག་ཆད་སོགས་སྐྱོན་བཅུ་སྤངས་ཏེ་ངག་བཟླས་གྲངས་དུས་མཚན་མ་གསུམ་གང་རུང་གི་བར་

p. 305

དུ་བཟླ་ཞིང་། དེ་ཡང་སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲར་གྲགས་ལ་གྲགས་ཙམ་ཉིད་ནས་རང་བཞིན་མ་གྲུབ་པ་གྲགས་སྟོང་གཞོམ་མེད་དུ་ཝང་ངེ་བ་ལ་སེམས་བཞག་ནས་བཟླ་བ་མན་ངག་སྟེ། རྩ་སྒྲུབ་ལས། དེ་ལྟར་བཟླས་པས་ཕྱི་ནང་སྒྲ་ཀུན་ཀྱང༔ གྲགས་ཤིང་སྟོང་ལ་སྟོང་ཞིང་ཡོངས་སུ་གྲགས༔ གྲགས་སྟོང་གཉིས་མེད་ངང་དུ་སྦྱང་བར་བྱ༔ ཞེས་སོ༑ ༑ཐུན་མཐར་དཀྱིལ་འཁོར་བསྡུ་བ་ནི། སྦྱང་བྱ་འདུ་བྱེད་ཀྱི་མཐའ་འཇིག་པ་དང་། སྦྱངས་འབྲས་སྤྲུལ་པ་སྣ་ཚོགས་ཀྱང་ཆོས་དབྱིངས་སུ་རོ་གཅིག་ཅིང་། རྫོགས་རིམ་འོད་གསལ་གྱི་ཡེ་ཤེས་འཆར་བའི་ཕྱིར། བདག་གི་ཐུགས་ཀའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་དང་། དེ་འཁོར་ནས་གཙོ་བོའི་དྭངས་མའི་ཐུགས་སྲོག་ཧཱུྃ་གི་བར་བསྡུ། དེ་ཡང་མི་དམིགས་པའི་དབྱིངས་སུ་བསྡུས་པས་གཟུང་ཡུལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པའི་གསལ་སྟོང་འཛིན་མེད། ནང་འཛིན་པའི་སེམས་ཅིར་ཡང་མ་གྲུབ་པས་གཞི་མེད་རྩ་བྲལ། ཡུལ་དང་ཡུལ་ཅན་གཉིས་མེད་རིག་སྟོང་གཉུག་མའི་ཡེ་ཤེས་སུ་རང་གྲོལ་བའི་ཆོས་སྐུའི་དགོངས་པའི་ངང་ལས་མ་གཡོས་པར་བསྐྱང་བར་བྱ་སྟེ། རྩ་བར། འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ སྣང་ཞིང་སྟོང་ལ་གཞི་མེད་རྩ་བ་བྲལ༔ ཡེ་གྲོལ་རང་གྲོལ་ཤར་གྲོལ་ངོ་བོར་གྲོལ༔ སྤང་བླང་འཁྲུལ་བའི་དྲི་མ་ཀུན་ལས་འདས༔ རིག་སྟོང་སྐྱེ་མེད་ཆོས་སྐུའི་དགོངས་པའི་ངང༔ དག་པའི་མཁའ་ལ་དབྱིངས་རིག་གཟེར་ཆེན་གདབ༔ ཅེས་སོ། །དེ་ནས་སྦྱང་བྱ་འཆི་བ་ལས་བར་དོར་ལྡང་བ་དང་། སྦྱངས་འབྲས་ཆོས་སྐུ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པར་འཆར་ཞིང་། རྫོགས་རིམ་དུས་འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་ཕྱིར། སྟོང་ཉིད་ཀྱི་ངང་ལས་ཐུན་མཚམས་ཀྱི་ལྷར་ལངས་ནས་སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་ཆོས་ཉིད་ཀྱི་རྒྱས་བཏབ་སྟེ་ཐུན་མཚམས་ཀྱི་བྱ་སྤྱོད་ཐམས་ཅད་དོན་ལྡན་དུ་སྤྱད་པར་བྱ་ཞིང་། གཞན་ཡང་བཟའ་བཏུང་དང་ཉལ་ལྡང་ལ་སོགས་པའི་རྣལ་འབྱོར་རྣམས་ཀྱང་གསང་བ་སྤྱིའི་འགྲོས་བཞིན་དང་། བསྙེན་པ་རྫོགས་པའི་ནུབ་ཐ་མ་ལ་མདུན་རྟེན་ལྷར་གསལ་བའི་གནས་གསུམ་

p. 306

ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་བ་རང་གི་གནས་གསུམ་དུ་བསྟིམ་པའི་དམིགས་གནད་དང་བཅས་དངོས་གྲུབ་བླང་བར་བྱའོ། །གཉིས་པ་ལས་སྦྱོར་གྱི་སྒོ་ནས་ཐུགས་རྗེས་གཞན་སྒྲོལ་བའི་ཐབས་ནི། དེ་ལྟར་ཡེ་ཤེས་ལྷའི་བསྙེན་སྒྲུབ་མཐར་ཕྱིན་པས། ལས་སྒྲུབ་ཀྱི་ཕྱིར་ལས་གཤིན་གྱི་བསྙེན་པའང་བྱས་ལ༑ དེ་ནས་སྲུང་ཟློག་བསད་གསུམ་གྱིས་ལས་ལ་སྦྱོར་བ་དང་། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཐའ་སྡུད་པ་སྟེ། གཞུང་དོན་གསལ་བྱེད་ལས། སྲུང་དང་ཟློག་བསད་གང་བྱེད་མཐའ༔ མནན་སྲེག་འཕང་བས་བསྡུ་ཀུན་ལ༔ ཞེས་གསུངས། དེ་ཡང་ལས་སྦྱོར་ཇི་ལྟར་བྱ་བའི་རིམ་པ་ལ་རྐྱང་སྒྲུབ་དང་། སྦྲགས་སྒྲུབ་གཉིས་ལས། འདིར་སྦྲགས་སྒྲུབ་ཀྱི་དབང་དུ་བྱས་ཏེ། ཐུན་བཞིའི་ཐོར་ཐུན་ལ་བསྙེན་སྒྲུབ། སྔ་ཐུན་ལ་བསྲུང་བ། དགོང་ཐུན་ལ་བཟློག་པ། སྲོད་ཐུན་ལ་བསད་པ་རྣམས་རྟགས་མཐོང་གི་བར་བསྒྲུབས་རྗེས་མནན་སྲེག་འཕང་གསུམ་གྱིས་མཐའ་བསྡུ་བར་བྱ་བ་ཡིན་ཏེ། ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མའི་ཕྱི་མ་ལས། དྲག་པོའི་ལས་རྣམས་ཐམས་ཅད་ཀྱི། །ལས་མཇུག་བཅད་པའི་རིམ་པ་ནི། །སྲེག་དང་ཟོར་དང་མནན་པས་བཅད། །ཅེས་གསུངས་པ་ལྟར་རོ། །འདི་སྡོམ་བརྩོན་པདྨ་དབང་ཕྱུག་གི་དོན་དུ་གཏེར་ཆེན་བླ་མའི་གསུང་ཡིན།། །།

བསྙེན་སྒྲུབ་ཀྱི་བསླབ་བྱ་ཞལ་ལུང་བདུད་རྩིའི་ཐིགས་པ།

p. 307

བསྙེན་སྒྲུབ་ཀྱི་བསླབ་བྱ་ཞལ་ལུང་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། འགྱུར་མེད་གདུང་བའི་སེམས་ཀྱི་ལྕགས་ཀྱུ་ཡིས། །མཆོག་གི་གོ་འཕང་རབ་ཏུ་སྒྲུབ་པའི་ཕྱིར། །གྲུབ་རིགས་རྒྱལ་མཚན་དབེན་པར་འཛུགས་འདོད་ན། །ཞལ་ལུང་བདུད་རྩིའི་ཐིགས་པ་འདི་ཐུངས་ཤིག །དེ་ཡང་ཐར་པ་བླ་ན་མེད་པའི་ལམ་གྱི་རིམ་པ་གང་ལ་འཇུག་ཀྱང་འདྲ་སྟེ། སྔོན་འགྲོ་འཁོར་བའི་ལས་སྣང་བཟང་ངན་ཀུན་ལ་ཞེན་པ་ལོག་པས་ངེས་འབྱུང་གི་བློ་དང་ལྡན་པ། དངོས་གཞི་དག་སྣང་མོས་གུས་ཀྱི་གཞི་བཟུང་སྟོང་ཉིད་སྙིང་རྗེའི་རྩལ་སྦྱངས་ཏེ་ཡིད་ཆེས་གསུམ་གྱིས་སྒོམ་སྒྲུབ་ལ་བརྩོན་པ། སྒྲུབ་པ་དེའི་རིང་ལ་རྐྱེན་བཟང་ངན་ཇི་ལྟར་བྱུང་ཡང་བར་གཅོད་དུ་ངོ་ཤེས་པས་འཆི་བ་སྲོག་ལ་ཐུག་ཀྱང་རྐྱེན་དབང་དུ་མི་གཏོང་སྙམ་པའི་ཞེ་གདེང་གི་གཏིང་ཚུགས་པ། རྗེས་བདེན་གཉིས་ཟུང་འཇུག་གི་བསྔོ་སྨོན་གྱི་རྒྱས་འདེབས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་འཇུག་པ་ལ་མེད་དུ་མི་རུང་བའི་༼མ་ཡིག་ཏུ་མི་གསལ༽ལ༑ སྤྱིར་མཚམས་ལ་འཇུག་པའི་རིམ་པ་སོགས་སྒོས་ཆོས་རྣམས་བསྙེན་ཡིག་མ་བུ་དང་མན་ངག་སོགས་ལས་ཤེས་པར་བྱ་ཞིང་། བྱེ་བྲག་གི་བསླབ་བྱ་ནི་ནང་མཚམས་བཅད་ནས་དབུ་བཟུང་ཇི་སྲིད་མ་རྫོགས་བར་དུ་དམིགས་འོག་ཏུ་ཡོད་པའི་མཚམས་གཡོག་དགོས་ངེས་ལས་ངོ་གསར་དང་མི་འཕྲད། དམིགས་འོག་ཏུ་མ་ཆུད་པའི་དངོས་པོའི་རིགས་གཏོང་ལེན་མི་བྱ། སྒྲུབ་པ་པོའི་ལུས་ངག་ཕྱི་རོལ་པས་མཐོང་ཚོར་མི་བྱ། རང་ཉིད་ཀྱིས་ཀྱང་ཕྱི་རོལ་གྱི་ཡུལ་སྣང་ལའང་བལྟ་རུ་མི་རུང་ཞིང་། ཕྱི་རོལ་པས་རང་ཉིད་མཐོང་ན་གསང་སྒོ་བརྡོལ་

p. 308

བ་དང་། རང་གིས་ཕྱི་རོལ་དུ་བལྟ་བའི་གཡེང་ཤོར་ན་གསང་སྒོ་ཤོར་བ་ཞེས་ཟེར་ཏེ་དོན་ལ་དམ་ཚིག་ལས་འགལ་བས་འབྲས་བུ་མི་འབྱིན། ཕྱི་རོལ་དུ་བལྟ་བ་སྤང་བའི་དགག་བྱ་འདི་ནི་བསྙེན་མཚམས་དུས་མ་ཟད་ཁྲིད་སྐྱོང་བདེ་མཚམས་ཀྱི་སྐབས་སུའང་སྤང་བ་ཤིན་ཏུ་གཅེས་ཏེ། དཔེར་ན་དགེ་སྦྱོར་སྐྱོང་དུས་སྐྱེས་པ་བུད་མེད་སོགས་ཡུལ་གང་རུང་ཞིག་མཐོང་དུས་མིག་ཡིད་དེའི་རྗེས་སུ་ཤོར་བས་དུག་ལྔ་སོགས་ཉོན་མོངས་པའི་རྟོག་པ་རང་ཤུགས་སུ་སྐྱེས་ནས་བསམ་གཏན་སྐད་ཅིག་མ་ལ་ངེས་པར་འཕྲོག་པས། དེ་དག་ལ་དྲན་འདུན་དྲག་པོས་རྟོག་ཞིབ་འཇུག་དགོས། གཞན་ཡང་རྒྱུན་དུ་ཁ་ཕོར་དང་གོས་སྟན་སོགས་གཅིག་པ་བྱེད་མུས་ཡིན་ཡང་བསྙེན་པའི་རིང་མི་བསྲེ་བར་གཙང་སྦྲ་བྱ། གདན་མི་སྤྲུག་ཅིང་དྲོད་མ་ཡལ་བ་བྱེད། སྔས་བླ་མར་མོས་ལ་མི་འགོམ། སྐྲ་སེན་དང་ཁ་སྤུ་མི་བྲེག མཚོན་རྩེ་ཁ་ལ་མི་འཇུག་ཅིང་ལུས་ཀྱི་ཆ་ཤས་གང་དུ་ཡང་མཚོན་ཁ་མི་བཏབ། ཁ་བཤལ་བ་སོགས་ཁྲུས་མི་བྱ། སྔགས་ནུས་འཇོམས་པའི་ཟས་ཀྱི་སྤང་བྱ་ནི། དུག་རིགས་འདྲེས་པའི་བཟའ་བཏུང་ཉམས་གྲིབ་དང་འདྲེ་ཅན་གྱི་ཁ་ཟས། སྒོག་བཙོང་དང་ལ་ཕུག་ལྒ་གཡེར། དམར་ཚྭ༑ ཟ་ཐུག ཁུར་བ། ལྕེའི་དབང་པོ། ཤ་ཆང་སོགས་ཀྱིས་ནུས་པ་འགྱངས་པར་བཤད། འོན་ཀྱང་བག་མེད་མ་ཡིན་པར་བྱིན་གྱིས་བརླབས་ནས་ཤ་ཆང་སོགས་ཁ་ཟས་བཅུད་ཅན་བསྟེན་དགོས་ཏེ། དེའི་དགོས་པ་གང་ཞེ་ན། ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་ལ་འཇུག་སྐབས་འདིར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ལ་རྗེས་ཆགས་བདེ་བ་ཆེན་པོས་རྒྱས་ཐེབས་དགོས་ཤིང་། མཉམ་རྗེས་ཐམས་ཅད་དུ་བདེ་སྟོང་གི་ངར་མདངས་མ་ཞིག་པ་མེད་ཐབས་མེད་པས། དེ་སྐྱེ་བའི་རྒྱུ་ཀུན་རྫོབ་རྒྱུའི་ཐིག་ལེའི་འཕེལ་འགྲིབ་ལ་ལྟོས་ནས་རྗེས་སུ་འགྲོ་དགོས་པས་རྒྱུད་ནས་ཀྱང་། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་པ་སོགས་ཤ་ཆང་ལ་ལོངས་སྤྱད་པ་ལ་ཉེས་པ་མེད་པ་མ་ཡིན་ཡང་གསང་སྔགས་ཀྱི་ཉམས་ལེན་གྱི་གཙོ་བོ་མཐར་ཐུག་པ་བདེ་སྟོང་གི་ཡེ་ཤེས་ལ་རང་བྱན་ཆུད་དགོས་པས་དེ་ལ་རེ་ནས་ཤ་ཆང་བླང་

p. 309

བྱ་དང་། ཐིག་ལེ་ཉམས་པའི་རྐྱེན་ཐམས་ཅད་སྤང་བྱར་གསུངས་པ་དེ་བས་ན་ཐིག་ལེ་ཉམས་པ་ཁྱད་དུ་མི་གསོད་པའི་ཁར་རྨི་ལམ་བག་ཆགས་སོགས་སུ་འཕོ་བའི་རིགས་བྱུང་ནའང་། རྫས་བསྲུང་མན་ངག་སོགས་ལས་འབྱུང་བ་བཞིན་སྲུང་ཐབས་བྱས་ལ་འཕོ་མེད་དུ་འཆིང་བ་གལ་ཆེ། ལར་ནས་གསང་སྔགས་པར་ཁས་ལེན་ནས་ཤ་ཆང་སོགས་ལ་བག་མེད་དུ་ལོངས་སྤྱོད་ཅིང་། མིག་འབྲས་ལྟར་བསྲུང་རྒྱུའི་ཐིག་ལེ་སྤངས་ན། སྤང་བླང་གོ་འཛོལ་དུ་གྱུར་ནས་རྩ་བའི་དམ་ཚིག་ཉམས་པས་སྔགས་ལ་ནུས་པ་ནམ་ཡང་མི་བསྐྱེད་དོ། །ཐོ་རེངས་ཀྱི་དུས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། ཐུན་འགོར་ངག་དང་ཕྲེང་བ་བྱིན་བརླབས་དང་བསྐྱེད་བྱ་སོགས་འཁོལ་དུ་བཀོད་པའི་ནང་ལྟར་བྱེད་ཅིང་། བྱིན་བརླབས་བགྱིས་པའི་ཕྲེང་བ་དེ་མི་ལག་མི་འགྲིམས། མོ་དང་གྲངས་རྩིས་དང་ས་རྗེན་དང་ནམ་མཁར་འཕང་བ་སོགས་སྤངས། གྲིབ་མ་ལའང་འགོམ་ཡུགས་མི་བྱ་ཞིང་། ལུས་ཀྱི་དྲོད་དང་མ་བྲལ་བར་བཅང་། ཐུན་ཚུགས་པའི་བདག་བསྐྱེད་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་བསྟིམས་བགྱིས་པ་ནས་ཐུན་མཇུག་གི་བསྡུད་རིམ་མ་གྲུབ་བར་དུ་ཁམས་གསེང་ལ་འགྲོ་བ་སོགས་ཀྱིས་མཚོན་ལྡང་བའི་རིགས་གཏན་ནས་མི་བྱེད། འཛབ་ལ་ཐུག་པ་ནས་བཟླ་ལུགས་ཀྱང་ལྷ་ཞི་བའི་དུས་སུ་ཤུབ་བུར་གོང་བས་ཐོས་ཙམ་དུ་བཟླ། རྒྱས་པ་ལ་རྐང་པས་ཐོས་ཙམ་དུ་བཟླ། དབང་ལ་གྲོགས་ལ་སྙིང་གཏམ་འཆད་པ་ལྟར་གཞན་གྱིས་ཐོས་ཙམ་དུ་བཟླ། དྲག་པོར་གནམ་ལྕགས་ཀྱི་ཐོག་བབས་ལྟར་ཁོང་ཤུགས་བསྐྱེད་དེ་བཟླ། བཟླ་ཚུལ་དེ་དག་གང་ཡིན་ཡང་དལ་བུལ་རན་པས་ལྷག་ཆད་མེད་པར་མི་ཚིག་སོགས་ཀྱིས་བར་མི་གཅོད་པར་ཆུ་བོའི་རྒྱུན་བཞིན་གཉིད་རྨུགས་དང་མ་འདྲེས་པར་རིག་པའི་ངར་ཆ་དང་བཅས་ཏེ་བཟླ། སྣབ་དང་མཆིལ་མ་ཡང་མགྲིན་པར་མི་བསྐྱིལ། འོག་སྒོ་ནས་དྲི་ངན་ཤོར་ན་ཐུན་དེའི་སྔ་རོལ་དུ་བཟླས་པ་ཇི་ཙམ་སོང་ཡང་གྲངས་ལ་མི་གཏོང་། ཧ་དྲི་དང་སྒྲེག་པ་ཤོར་ན་ཕྲེང་བའི་འཁོར་མཚམས་གང་སླེབས་སུ་གྲངས་སུ་མི་གཏོང་བར་མདོ་འཛིན་ནས་བསུས་ཏེ་འདྲེན། བཟླས་དམིགས་དང་བསྐྱེད་རིམ་རེ་མོས་ཀྱིས་གསལ་འདེབས་ཤིང་། དེ་

p. 310

ཡང་ལྷའི་སྣང་ཆ་གསལ་མ་ཐེབས་ན་བསྐྱེད་རིམ་གྱི་གོ་མི་ཆོད། ང་རྒྱལ་མེད་ན་ཐ་མལ་གྱི་སྣང་ཞེན་མི་ལྡོག དག་པ་དྲན་པ་མེད་ན་ལྷ་ཞི་བ་བསྒོམས་ཀྱང་རྒྱལ་འགོངས་དང་དྲག་པོ་བསྒོམས་ན་རུ་ཏྲར་གོལ་འགྲོ། བཟླས་དུས་མིད་པ་རྒྱུན་གཅོད་ངེས་པར་དགོས་ནའང་གང་ཟག་འགའ་ཁྲག་རླུང་ཤས་ཆེ་བའི་རིགས་ལ་དམིགས་པ་འཇུར་བའི་རླུང་སྟོད་དུ་འཚངས་ཤིང་གྲེ་བ་སྐམ་ནས་བསྐྱེད་བཟླས་བྱེད་དུ་མི་སྟེར་བའི་ཚེ་བཏུང་བ་སོགས་ལོངས་སྤྱོད་དགོས་པ་བྱུང་ཚེ། སྤྱད་བྱའི་བཟའ་བཏུང་གང་ཡིན་དེ་བདུད་རྩིར་བྱིན་གྱིས་བརླབས། སྤྱོད་ཡུལ་གྱི་དཀྱིལ་འཁོར་ལེགས་པར་གསལ་བཏབ། སྔགས་བཟླ་འཕྲོས་སྣ་བུག་ཏུ་ཕུས་བཏབ་པ་ལ་སྣ་སྒོའི་རླུང་ལས་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་མོས་ལ་ཕྲེང་བའི་འཁོར་མཚམས་ནས་བཟའ་བཏུང་བདུད་རྩིའི་ཚོགས་མཆོད་དུ་ཕུལ་ཏེ། དེ་འཕྲལ་བཟླས་པར་འཇུག་པ་ལས་བག་མེད་བཟའ་བཏུང་གང་དགར་མི་སྤྱོད། སྔགས་བཟླ་འཕྲོ་བཞག་ནས་དཔེ་ཆ་བལྟ་བ་ཡི་གེ་འབྲི་བས་མཚོན་ལུས་ངག་ཡིད་གསུམ་གྱིས་གཡེང་ཤོར་བའི་རིགས་མི་བྱེད། ཐུན་གྲོལ་ཁར་སླེབས་པ་ན་སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལྡང་བ་སོགས་བསྙེན་ཡིག་མན་ངག་སོགས་སུ་བཤད་པ་ལྟར་བགྱིས་ཏེ་སྤྱོད་ལམ་ལ་འཇུག་ཅིང་མཉམ་བཞག་དུས་ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་། རྗེས་ཐོབ་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་འབའ་ཞིག་ཏུ་འཆར་བ་ལ་བསླབ་ཅིང་། ལེ་ལོ་དང་སྙོམ་ལས་ཀྱི་དབང་དུ་མི་གཏོང་བར་བརྩོན་འགྲུས་དང་འདུན་པ་དྲག་པོས་རིག་པའི་དྭངས་སྙིགས་ཕྱེད་པར་བྱས་ཏེ་དྲན་པའི་བྱ་ར་དང་མ་བྲལ་བའི་སྒོ་ནས་བསགས་སྦྱངས་སོགས་སྒྲིགས་ཆགས་ཀྱི་དགེ་སྦྱོར་གཞན་བྱེད་སྤྲོ་ནའང་ཐུན་མཚམས་ངལ་གསོའི་སྐབས་འདིར་བྱ་ཞིང་། ཁམས་སེང་དུ་འགྲོ་བ་སོགས་སྟན་ལས་འཕགས་དུས་སྟན་ཁར་ཕྲེང་བ་ལ་རྡོ་རྗེའི་མདུད་པ་བྱས་པའམ་རྡོ་རྗེ་གང་རུང་རེ་འཇོག སྲོད་ཐུན་གྲོལ་རྗེས་མཆོད་པ་ཞལ་གསོ་ཞིང་སྲུང་འཁོར་བསྐྱར་ནས་བསྒོམས། སྒྱུ་ལུས་མཆོད་སྦྱིན་དང་ཕྱིར་བཟློག་སོགས་སྦྱོར་ཐུབ་ན་ལེགས་ཤིང་། ཉལ་ཁར་ཉིན་དེའི་བསྙེན་པའི་བསྲུང་མཚམས་

p. 311

ལས་ཕྲ་མོ་ཞིག་འགལ་བ་བྱུང་ཡང་ཞག་ཏུ་མི་འགྲོགས་པར་རྩ་གསུམ་ལ་བཤགས་པ་བྱས་ཏེ་ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བའི་གསོལ་བ་དྲག་ཏུ་གདབ། རྣམ་དཀར་གྱི་ཕྱོགས་རྣམས་རློམ་སེམས་དང་བྲལ་བས་རྫོགས་བྱང་དུ་བསྔོས་ཏེ་གནས་ལུགས་འཛིན་མེད་ཀྱི་རང་ངོ་བསྐྱངས། ཉལ་དུས་ཉལ་བའི་རྣལ་འབྱོར་དང་མི་བྲལ་བར་བྱ། དེ་ལྟར་ཡང་འོ་སྐོལ་གྱི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞལ་སྔ་ནས། འགྲོ་འདུག་ཉལ་དང་སྤྱོད་ལམ་ཐམས་ཅད་ཀུན༔ དེ་ལྟར་ལྟ་བའི་བྱ་ར་མ་ཡེངས་ན༔ ང་ཉིད་པདྨ་འབྱུང་གནས་ཐུགས་ཀྱི་སྲས༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ༔ ཕྱི་ནང་ཟས་ནོར་མི་དང་ལྷ་འདྲེ་འདུ༔ བླ་མེད་བྱང་ཆུབ་གོ་འཕང་མྱུར་དུ་ཐོབ༔ ལྟ་བས་མ་ཟིན་སྒྲུབ་ཀྱང་དོན་མེད་པས༔ ལྟ་བའི་བྱ་ར་གཅེས་སོ་རིགས་ཀྱི་བུ༔ ཞེས་འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་དུ་ལྟ་བའི་བྱ་ར་དང་མ་བྲལ་བ་དང་། རྣམ་རྟོག་གི་འཛིན་པ་ནང་ནས་རང་གྲོལ་དུ་མ་གྱུར་བར་དུ་ཕྲ་ཞིབ་ཀྱི་སྤང་བླང་བསྲུང་སྡོམ་རྣམས་མ་ནོར་ཁོང་དུ་ཆུད་པའི་སྒོ་ནས་ནམ་ཡང་མི་འདའ་བར་ཉམས་སུ་བླངས་པས་གནས་སྐབས་སུ་མི་ནོར་དབང་དུ་འདུ་ཞིང་། ལྷ་འདྲེས་ལས་ཀུན་སྒྲུབ་པ་དང་ཡི་དམ་གྱི་ཞལ་མཐོང་གསུང་སྒྲོག་ཅིང་། ཉམས་རྟོགས་ཀྱི་རྩ་བ་ཁོང་ནས་རྒྱས་ཤིང་རྩ་བ་གསུམ་དང་རྟག་ཏུ་མི་འབྲལ་བར་མཐར་ཐུག་མཆོག་གི་གོ་འཕང་འགྲུབ་པ་ལ་དཀའ་ཚེགས་མེད་ཅིང་། ལྟ་བས་མ་ཟིན་པ་དང་བསྙེན་པའི་བསྲུང་མཚམས་ལས་འགལ་ན་བསྐལ་པ་བརྒྱར་འབད་ཀྱང་ངལ་བ་དོན་མེད་དུ་འགྱུར་བར་མ་ཟད། མི་ཤིས་པ་འབྱུང་སྟེ་ཡེ་ཤེས་ཀྱི་ལྷ་ལ་འཛིན་རྟོག་གི་སྤྲོས་པ་མི་མངའ་ཡང་བཀའ་སྲུང་འཁོར་གཏོགས་ཀྱི་དྲེགས་པ་རྣམས་མི་གཡེལ་རྐྱེན་ཅུང་ཟད་མཐོང་བ་ཙམ་ལ་འཁོན་འཛིན་གྱིས་འཕྲལ་འཕྲལ་བཀའི་ཆད་པ་བྱུང་ནས་སྒྲུབ་པ་མཐར་མི་འཁྱོལ་བ་དང་རིག་པ་ལ་སྨྱོ་འབོག་གི་སྟངས་བབས་ངེས་ཅན་དུ་འབྱུང་བས་ན། ལས་དང་པོ་པའི་རིང་ལ་ཕྲ་ཞིབ་ཀྱི་སྤང་བླང་ལ་སྙིང་པོ་དྲག་པོས་ཟབ་པ་གཅེས་སོ། །དེ་ལྟར་བགྱིས་པས་ནམ་ཞིག་ནས་ཕྲ་རགས་ཀྱི་བླང་དོར་གང་ལའང་དགག་སྒྲུབ་བྱ་རྩོལ་ལས་འདས་པ་མི་རྟོག་པའི་ཡེ་ཤེས་གསལ་བརྟན་ཁྱད་པར་ཅན་

p. 312

ཞིག་མ་བཙལ་རང་ཀློང་དུ་གྱུར་པ་ཡོང་ཞིང་། དེ་ཡང་ཕྲ་རགས་ཀྱི་འདོར་ལེན་བསྲུང་མཚམས་ཀྱི་གནད་འགག་ཅི་ཡང་ཧ་མ་གོ་བའི་རྣམ་རྟོག་མ་སྐྱེས་པའི་རྟོག་མེད་དེ་ནི་མ་ཡིན་ནོ། །གཞན་ཡང་རྟགས་དང་ཆོ་འཕྲུལ་འཚུབ་ལྷོངས་སོགས་བཟང་ངན་ཇི་ལྟར་ཤར་ཡང་དགག་སྒྲུབ་རེ་དྭོགས་ཀྱི་མཚན་མའི་འཛིན་པ་མི་བྱ་ཞིང་། བདུད་ཀྱིས་ལྷར་བརྫུས་ནས་བར་གཅོད་འབྱུང་བའང་སྲིད། གལ་ཏེ་རང་བློས་མི་ཆོད་པའི་མཚན་མའི་རིགས་བྱུང་ཡང་བླ་མ་དམ་པ་དང་། ཉམས་མྱོང་ཅན་གྱི་དགེ་རྒན་ལ་དོགས་དྲི་བྱ་ཞིང་སུ་བྱུང་ལ་མི་སྒྲོག་པར་གསང་བ་གཅེས། ཟབ་ལམ་རྩ་སྒྲུབ་ལས་ཀྱང་། རྟགས་དང་ཆོ་འཕྲུལ་མཚན་མ་སོགས༔ བཟང་ངན་བྱེ་བྲག་ཅིར་ཤར་ཡང༔ གང་ལའང་དགའ་དང་མི་དགའ་བའི༔ མཚན་མའི་འཛིན་པ་མི་བྱའོ༔ ཞེས་པ་ལྟར་རོ། །སྒྲུབ་པ་ཐོན་ཁར་སླེབས་པ་ན་ཕྱི་ནང་གི་ཐོ་རིམ་པར་གྲོལ་ནས་སྒྲུབ་ཁང་དུ་ཉེ་འཁོར་མཆེད་གྲོགས་སོགས་དང་འཕྲད་ཅིང་རིམ་གྱིས་ཕྱི་རོལ་དུ་བག་སེང་བ་ལས། ཞག་ཁ་ཡར་ཐག་རིང་དུ་མི་འགྲོ་བར་སྤྱོད་ལམ་ལ་གཟབ། ལར་ནས་ལམ་ཟབ་མོ་ཉམས་སུ་ལེན་སྐབས་འདིར། འཚེ་བའི་རྐྱེན་མང་བས་ལུས་ལ་འབྱུང་བཞིའི་ནད་དྲག་པོས་བཏབ་ནས་གློ་བུར་དུ་སྨན་པ་དང་གྲོགས་སོགས་མཚམས་ནང་དུ་འབོད་དགོས་པ་ཡང་སྲིད་པས། དེས་ན་བྱ་བྱེད་སྤྲོ་བསྡུ་གང་ཡང་རྣམ་རྟོག་གི་རྗེས་སུ་འབྲངས་བས་དང་པོར་མཚམས་ལ་འཇུག་སྐབས་ནས་བཞེད་མཐུན་གྱི་སྨན་པ་དང་གྲོགས། དངོས་ཆས་ཀྱང་དགོས་པ་བྱུང་ན་ཇི་སྙེད་ཅིག་གཏོང་ལེན་བྱེད་སྙམ་པའི་དམིགས་འོག་ཏུ་ཆུག་པ་དགོས་ཤིང་། ཕྱིས་དེ་དག་གཏོང་དགོས་བྱུང་ཚེ་མཚམས་ལ་ཧར་གྲོལ་གྱི་བར་ཆད་མི་འཇུག་པའི་དགོས་པ་ཡོད་པས་སོ༑ ། སྨྲས་པ། དབེན་པར་ཡི་དམ་ལྷ་དང་མཉམ་སྦྱར་ནས། །མཆོག་ཐུན་དངོས་གྲུབ་རེ་བའི་རྟོག་གེ་འགའ། །བླ་མའི་ལུང་དང་དགེ་རྒན་ཆེར་མ་བསྟེན། །ཕྲ་ཞིབ་སྤངས་བླངས་མ་ཤེས་ཅི་དགར་སྤྱད། །རགས་པའི་ཡིག་ནག་གཙོ་ལ་སློབ་དཔོན་བཅོལ། །ཅི་ཤར་བསྒོམས་ཤིང་གང་དྲན་ལག་ཏུ་ལེན། །དམ་ཚིག་བསྲུང་སྡོམ་གནད་འགག་མི་ལྡན་པས། །རྩ་གསུམ་བསྐལ་

p. 313

པར་སྒྲུབ་ཀྱང་ཞལ་མ་མཐོང་། །དེ་བས་ཡི་མུག་སྐྱེས་ཏེ་སོམ་ཉི་ཞུགས། །འདི་བྱ་འདི་བྱེད་ཡི་དམ་སྤོང་ལེན་དྲན། །ཡིད་མ་ཆེས་པས་དངོས་གྲུབ་སྤྲིན་བཞིན་དེངས། །བཀའ་བསྲུང་འཁྲེལ་བས་མི་དགེའི་ཆད་པ་བྱུང་། །ཕྱིན་ཆད་གང་བརྩམ་ལམ་དུ་ཅི་ཕྱིར་འགྲོ། །དེ་འདྲའི་སྒྲུབ་པ་བྱེད་དེ་དོན་རེ་ཆུང་། །བློ་གྲོས་ནོར་ལྡན་འགྱུར་མེད་མཆོག་གྲུབ་པ། །ཞལ་ལུང་བཅའ་སྲང་ཐིགས་འདི་མ་འདས་ན། །གང་སྒྲུབ་ལྷ་དེ་མི་འགྱངས་འགྲུབ་ངེས་པས། །དབེན་པར་རང་ཚུགས་བཟུང་བའི་གཅེས་ནོར་མཛོད། །ཅེས་བསྙེན་སྒྲུབ་ལ་ཉེ་བར་མཁོ་བའི་སྤངས་བླངས་ཐོར་བུ་གསལ་བར་བཀོད་པ་འདི་ནི་དད་འདུན་གྱི་མཐུ་གྲུབ་པ་ཕོ་ལྷ་བ་སྡེ་པ་འགྱུར་མེད་མཆོག་གྲུབ་ཀྱིས་རཏྣ་གཉིས་པའི་དོང་རྩེ་བཅུ་ཕྲག་གསུམ་དང་། གོས་ཡུག་ལེ་གན་གྱི་མཎྜལ་དང་བཅས་མོས་གདུང་ཆེན་པོས་བསྐུལ་མ་མཛད་པར་བརྟེན་ཞི་བའི་བདེ་འབྲས་སྒྲུབ་པའི་བཞེད་ལྡན་བློ་དམན་དུ་མར་ཕན་པར་སེམས་ཏེ་སྙོམ་ལས་སྤྱོད་པ་འགྱུར་མེད་རྡོ་རྗེས་དབོ་ཟླའི་དམར་ཕྱོགས་སུ་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ།། །།

འཇམ་དཔལ་བསྙེན་ཐབས་ནག་འགྲོས་བཀླག་ཆོག་མར་བཀོད་པ།

p. 314

འཇམ་དཔལ་བསྙེན་ཐབས་ནག་འགྲོས་བཀླག་ཆོག་མར་བཀོད་པ་བཞུགས་སོ། །མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྒྱལ་ཀུན་ཡེ་ཤེས་ཕུང་པོའི་དཔྱིད། །འཇམ་དཔལ་དཔའ་བོ་ལ་བཏུད་དེ། །ཉུང་ངུའི་ཚིག་གིས་ཆེན་པོའི་དོན། །སྟེར་བྱེད་ཞི་བསྙེན་ཆོ་ག་བཤད། །དེ་ཡང་གཏེར་གཞུང་རྩ་བ་ལས། ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ༔ དང་པོ་ཞི་བར་བསྙེན་པ་ནི༔ འཇིག་རྟེན་གཡེང་བ་སྤངས་པའི་སར། །བརྩོན་འགྲུས་ལྡན་པའི་རྣལ་འབྱོར་གྱིས༔ བགེགས་དང་ཡུལ་བདག་ཚིམ་པར་བྱས༔ མཚམས་བཅད་བདེ་བའི་སྟན་ལ་འདུག༔ ལས་ཀྱི་རིམ་པ་འདི་ལ་འཇུག༔ ཅེས་གསུངས་པ་ལྟར་ལས། དང་པོ་ཞི་བར་བསྙེན་པའི་ཚུལ་ལ་སྔོན་འགྲོ་ནི། བསམ་གཏན་ལ་འཚེར་མ་མི་འབྱུང་བའི་གནས་དབེན་པར་སྐྱེ་བོའི་འདུ་འཛི་རྣམ་གཡེང་དང་བྲལ་ཞིང་དགྲ་རྐུན་ལ་སོགས་པའི་འཚེ་བ་མེད་པས་རང་དབང་དུ་གྱུར་པ་གཙང་ཞིང་ཡིད་དུ་འོང་བ་ཞིག་ཏུ་ཟླ་བ་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་དགེ་བར་རང་གི་མདུན་དུ་འཇམ་དཔལ་གྱི་སྐུ་བྲིས་པའམ། འབུར་དུ་དོད་པ་གང་རུང་བཞུགས་སུ་གསོལ། དེའི་མདུན་དུ་གཙང་མའི་སྟེགས་ལ། སཱ་ལུའི་ཕྱེ་སོགས་དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་གཏོར་ཟླུམ་རྒྱན་ཅན་དང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པའི་རྫས་གཙང་ཞིང་དག་པར་བཤམས། རང་ཉིད་སྐུ་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་ཁ་ལྷོར་ཕྱོགས་པའི་གདན་ནང་ཚངས་ཅན་འཇམ་ཞིང་བདེ་བའི་འོག་ཏུ་ས་དཀར་རམ་འབྲས་ཀྱི་གཡུང་དྲུང་ཆོས་འཁོར་དུ་འབྲི། གཡས་སམ་མདུན་དུ་ནང་མཆོད་ཐོད་པ་རྡོར་དྲིལ་ཌཱ་མ་རུ་མེ་ཏོག་གི་སྣོད་དང་བཅས་པ་

p. 315

བཞག གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་སྐབས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་བཤམས། དེ་ནས་ཉམས་ལེན་གྱི་ངོ་བོ་ནི་ཐུན་བཞིའི་རིམ་པས་སྒྲུབ་པ་ལ་དང་པོའི་དགོང་ཐུན་ནས་འགོ་འཛིན་པས་ཐོག་མར་བདེ་བའི་སྟན་ལ་འདུག་ནས། ཨྱཻ། ཨེ་ཉིད་སྟོང་པ་ཆོས་སོགས་ཀྱིས་སྐད་ཅིག་གིས་གཤིན་རྗེ་གཤེད་པོའི་ང་རྒྱལ་བཟུང་། གཞི་བདག་དང་བགེགས་ལ་གཏོར་མ་སྦྱིན་པ་ལས་བྱང་བདུད་ལས་རྣམ་རྒྱལ་ལྟར་བྱས་པའི་མཐར་སྔགས་བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་པ་སོགས་ནན་ཆེར་བྱས་ལ། སྒོ་དྲུང་དུ་ཐོ་བརྩིགས་པ་རྒྱལ་ཆེན་བཞིར་མོས་ཏེ་མཆོད་གཏོར་ཕུལ་ལ་བར་ཆད་བསྲུང་བའི་འཕྲིན་ལས་བཅོལ་བརྟན་བཞུགས་བྱ། དེ་ནས་རང་ཉིད་གཤིན་རྗེ་གཤེད་པོར་གསལ་བའི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱི་འཕྲོ་འདུ་ལས་ཕྱོགས་བཅུར་རྩིབས་རྩེ་བསྟན་པའི་འཁོར་ལོ་སྦུབས་སྟོང་། རྩིབས་ནང་སོ་སོར་ཉི་གདན་ལ་ཁྲོ་བོ་བཅུ། དེའི་ནང་དུ་ཐབས་ཤེས་ཨ་ལི་ཀ་ལི་ལས་གྲུབ་པའི་ཉི་ཟླའི་གུར་ཁང་། འཁོར་ལོའི་ཕྱི་རོལ་དུ་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དྲ་བ་ཏོག་བཅས། དེའི་ཕྱིར་འཁོར་ལོ་རལ་གྲི་མདའ་མདུང་བེང་གྲི་གུག་དབྱུག་ཐོ་ཕུར་བུ་སྟེ་མཚོན་ཆ་བརྒྱད་ཀྱི་གུར་ཁང་། ཡེ་ཤེས་ལྔའི་མདངས་འོད་མེ་ལྕེ་ལྔ་ལྡན་དུས་མཐའི་ཞུགས་ཀྱི་ཕུང་པོ་ལྟར་འབར་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་ཤིང་བར་ཆོད་འབྱུང་པོ་གདོན་བགེགས་ཐམས་ཅད་ཚར་གཅོད་པར་བསམས་ལ། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སོགས་ནས། ༀ་མཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ྄། ཅེས་པའི་བར་བརྗོད། མཐར་བསྲུང་བྱ་སྲུང་བྱེད་མི་དམིགས་པར་བཞག་ནས། ཐུན་འགོ་ཐམས་ཅད་དུ་གསལ་འདེབས་བ སྐྱར་མ་རེའང་བྱ་ཞིང་། གྲོལ་རྒྱུའི་ཐུན་ཐ་མ་ལ་མ་གཏོགས་མི་བསྡུ་བ་ཡིན་ཞིང་བར་ཆད་མི་འཇུག་པའི་དགོས་པ་ཆེན་པོ་ཡོད་དོ། །གཉིས་པ་དངོས་གཞི་ལ། དང་པོ་ངེས་འབྱུང་གིས་བློ་བཅོས་པ་ནི། ཨེ་མ། བདག་གི་དལ་འབྱོར་རིན་ཆེན་འདི༔ ཨུ་དུམ་ཝཱ་རའི་མེ་ཏོག་ལྟར༔ ཕྱིས་ནས་ཡང་ཡང་རྙེད་དཀའ་བས༔ ད་རེས་བླ་མེད་དོན་ཡོད་བྱ༔ ཕུན་ཚོགས་རིན་ཆེན་ལུས་འདི་ཡང༔ མི་རྟག་རྩྭ་ཁའི་ཟིལ་བ་ལྟར༔ ནམ་འཆི་ངེས་པའི་གདེངས་མེད་

p. 316

པས༔ བརྩོན་འགྲུས་དྲག་པོས་བྱང་ཆུབ་སྒྲུབ༔ མཐར་མེད་འཁོར་བའི་རྒྱ་མཚོ་ཆེ༔ སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག༔ ཐར་དཀའ་གཏིང་མཐའ་མེད་འདི་ལས༔ ཐར་ཕྱིར་དམ་པའི་སྤྱད་པ་སྤྱོད༔ ཅེས་སོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། རང་གི་སྤྱི་བོར་པད་ཉིའི་སྟེང༔ སངས་རྒྱས་ཀུན་འདུས་བླ་མ་དང༔ དཀོན་མཆོག་སྐྱབས་གནས་མ་ལུས་པ༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ༔ ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ ཞེས་ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། རང་རིག་རང་ངོ་མ་ཤེས་པས༔ མ་རིག་འཁྲུལ་པའི་སེམས་ཅན་རྣམས༔ བདེ་ཆེན་ས་ལ་འགོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ལན་གསུམ། བཞི་པ་ཚོགས་བསགས་པ་ནི། སྤྲོས་པ་ཀུན་ཞི་ཆོས་ཉིད་ཀྱི༔ རང་གདངས་ཟུང་འཇུག་བདེ་བའི་སྐུ༔ འཕགས་མཆོག་འཇམ་དཔལ་དབྱངས་ཉིད་ལ༔ བདག་གིས་དད་པས་ཕྱག་འཚལ་ཞིང༔ དཔག་ཡས་མཆོད་པ་རྒྱ་མཚོས་མཆོད༔ ཉེས་བཤགས་དགེ་ལ་རྗེས་ཡི་རང༔ བླ་མེད་ཆོས་འཁོར་བསྐོར་བ་དང༔ མྱ་ངན་མི་འདར་གསོལ་བ་འདེབས༔ བདག་ལ་བྱིན་གྱིས་རློབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་ལན་གསུམ། བཛྲ་མུཾ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། ལྔ་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ༀ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻཝི་དྱ། ཤཔྟ། རཱུ་པ། ཤཔྟ། གནྡྷ་རཱ་ས་ས་པཪྴ། དྷརྨ་དྷཱ་ཏུ༔ ག་ཎ་ཨ་མྲྀ་ཏ༔ རཀྟ༔ བ་ལིཾ་ཏ༔ མཧཱ་པཱུ་ཛ་ཨཱཿཧཱུྃ་ཧྲཱིཿཋ༔ ཞེས་མཁའ་ཁྱབ་ཏུ་སྤེལ་ལོ། །དྲུག་པ་ལྷ་བསྐྱེད་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷེ྅ཧཾ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ སྣང་ཙམ་ཉིད་ནས་ངོ་བོས་སྟོང༔ རང་བཞིན་ཆུ་ཟླ་ལྟ་བུ་ལ༔ ངོ་བོ་སྟོང་པ་ཉིད་དུ་གནས༔ སུས་ཀྱང་མ་བཅིངས་བཅིངས་མེད་དེ༔ བཅིང་པར་བྱ་བའང་ཡོད་མ་ཡིན༔ སྟོང་གསལ་ནམ་མཁའ་ཉིད་དུ་གནས༔ དེ་ཡི་ངང་ལས་ཀུན་སྣང་བའི༔

p. 317

སྙིང་རྗེ་ཆེན་པོ་ཁྱབ་པར་བརྡལ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ལས༔ རང་བྱུང་རིག་པ་ཡི་གེ་དྷཱིཿ དྷཱིཿལས་འོད་འཕྲོས་དོན་གཉིས་བྱས༔ དེ་ལས་མི་འཇིགས་སེངྒེའི་ཁྲི༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་ཉིད་འཕགས་མཆོག་འཇམ་དཔལ་དབྱངས༔ གུརྒུཾ་མདངས་ལྡན་གཞོན་ནུའི་ཚུལ༔ ཕྱག་གཉིས་རལ་གྲི་ཨུཏྤལ་སྟེང༔ སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས༔ ཟུར་ཕུད་ལྔ་པ་མཚན་དཔེ་དང༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་མཛེས༔ རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འོད་ཟེར་ཀློང་ན་གསལ་བ་ཡི༔ གནས་གསུམ་ༀ་དང་ཨཱཿཧཱུྃ་གི༔ འབྲུ་གསུམ་འོད་ཟེར་འབར་བ་ལས༔ འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས༔ རང་བཞིན་གནས་ནས་ས་མཱ་ཛཿ བདུན་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། ༀ། ཚུར་བྱོན་ཚུར་བྱོན་འཇམ་དཔལ་དབྱངས༔ བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཆེ། །མ་ལུས་འཁོར་དང་བཅས་པ་རྣམས། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ༀ་མཉྫུ་ཤྲཱི་ཨེ་ཧྱ་ཧེ། ཞེས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཅེས་དམ་ཚིག་པ་དང་དབྱེར་མེད་དུ་ཐིམ་པར་བསམ་མོ། །བརྒྱད་པ་དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་བཛྲ་ས་མཱ་ཛཿ ཧཱུྃ༔ རང་རིག་གདོད་ནས་འཇམ་དཔལ་ལྷར༔ དམིགས་བཅས་དབང་བསྐུར་དང་བྲལ་ཀྱང༔ ལོག་རྟོག་སྙིང་རྗེས་བསྒྲལ་བའི་ཕྱིར༔ ཁྲོ་རྒྱལ་ནུས་མཐུས་རང་དབང་བསྐུར༔ ༀ་ཧཱུྃ་སྭ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་མི༔ ཞེས་གསུངས་ཤིང་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར་པར་བསམ་མོ། །དགུ་པ་མཆོད་པ་ནི། ཧཱུྃ༔ དངོས་བཤམས་ཡིད་ལས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ བདེ་སྟོང་སྨན་རག་གཏོར་མ་སོགས༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར༔ དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔ འཇམ་དཔལ་དཔའ་བོའི་ཚོགས་ལ་འབུལ༔ ༀ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་བཛྲ་པུཥྤེ༔ དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻཝི་དྱ། ཤཔྟ། རཱུ་པ།

p. 318

ཤཔྟ། གནྡྷ་རཱ་ས་ས་པཪྴ། དྷརྨ་དྷཱ་ཏུ༔ ག་ཎ་ཨ་མྲྀ་ཏ༔ རཀྟ༔ བ་ལིཾ་ཏ༔ མཧཱ་པཱུ་ཛ་ཧོ༔ ཞེས་ཕྱི་ནང་གསང་བའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས་མཆོད་ཅིང་། དེ་ནས་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཕྱིར་དུ་ལྷའི་རྣམ་པ་སྤྱི་བྱེ་བྲག་ང་རྒྱལ་ལ་སེམས་འཛིན་ཅི་ནུས་སུ་བྱའོ། །བཅུ་པ་ཛཔ྄་བཟླ་བ་ནི། ཐོག་མར་བོ་དྷི་ཙིའི་བགྲང་ཕྲེང་བསངས་སྦྱངས། སྟོང་པའི་ངང་ལས་དྷཱི་ཡིག་ལས་བྱུང་བའི་འཇམ་དཔལ་སྐུར་གྱུར་ཏེ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་མོས་ཏེ༑ ༀ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་ཕུས་གདབ་དབྱངས་གསལ་ལན་གསུམ་བརྗོད། དེ་ནས། བདག་གི་ཐུགས་ཀར་པད་ཟླ་ལ། །རང་འདྲའི་ཡེ་ཤེས་ཚོན་གང་གི ༑ནང་དུ་ཟླ་སྟེང་དྷཱིཿཡིག་ལ། །གསང་སྔགས་འཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས། །སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བསྒྲལ། །སྣོད་བཅུད་ཡོན་ཏན་དྭངས་མ་ཀུན། །འོད་ཟེར་རྣམ་པར་བདག་ལ་ཐིམ། །ཡེངས་མེད་བཟླས་པ་འདི་ལ་འབད། །ༀ་ཨ་ར་པ་ཙ་ན་དྷཱིཿ ཞེས་སྐྱོན་དང་བྲལ་བར་བཟླའོ། །བཅུ་གཅིག་པ་བསྟོད་པ་ནི། ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ ལོངས་སྤྱོད་རྫོགས་སྐུའི་སྐུར་བཞེངས་ནས༔ འགྲོ་བའི་ཉོན་མོངས་འཇོམས་མཛད་པའི༔ འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༔ ཁྱོད་མཚན་ཐོས་དང་དྲན་པས་ཀྱང༔ ཉོན་མོངས་རྟོག་པ་ཀུན་ཞི་ནས༔ ཡེ་ཤེས་སྣང་བ་རྒྱས་པ་དང༔ ཆོས་དབྱིངས་ཆེན་པོར་བྱང་ཆུབ་ཤོག༔ ཅེས་བསྟོད་ཅིང་གསོལ་བ་གདབ་བོ། །བཅུ་གཉིས་པ་རྫོགས་རིམ་སྒོམ་པ་ནི། དེ་ལྟར་བསྐྱེད་པའི་ལྷ་དེ་ཀུན༔ ངོ་བོ་རང་གི་རིག་པ་སྟེ༔ དེ་ལས་འགགས་མེད་མདངས་སུ་ཤར༔ གང་ཤར་ཆོས་ཉིད་རོལ་པ་ལས། །སྤང་བླང་དགག་སྒྲུབ་རེ་དོགས་མེད༔ ཇི་ལྟར་མཚོ་ཡི་རླབས་བཞིན་དུ༔ རང་ལས་ཤར་ཞིང་རང་དུ་གྲོལ༔ སྐྱེ་མེད་བསམ་ཡུལ་ཀུན་ལས་འདས༔ འདི་ཡིན་གཟའ་གཏད་ཕྱོགས་རིས་བྲལ༔ ཐམས་ཅད་རང་གྲོལ་གཉུག་མའི་ངང༔ འགྱུར་མེད་དོན་གྱི་ཆོས་སྐུའོ༔ ཞེས་པའི་དོན་ནན་ཏན་དུ་བསྒོམ་མོ། །བཅུ་གསུམ་པ་འོད་གསལ་དུ་འཇུག་པ་ནི། རང་གི་གནས་གསུམ་དུ་ༀ་ཨཱཿཧཱུྃ་དཀར་དམར་མཐིང་གར་རྩ་བའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་

p. 319

སྣོད་བཅུད་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་གསལ་སྟོང་པ་ཉིད་དུ་དག་པའི་དབྱིངས་སུ་རང་སེམས་གདོད་མའི་འཇམ་མགོན་ཞལ་ཕྱག་མཚན་འཛིན་སྤྲོས་པའི་མཐའ་ལས་འདས་པར་གྱུར། ཅེས་ལྷ་སྐུ་འོད་གསལ་དུ་བསྡུ་ཞིང་། འོད་གསལ་སྟོང་ཉིད་དེའི་ངང་ལས་སྐད་ཅིག་གིས་རྟེན་དང་བརྟེན་པ་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་བར་གྱུར་པར་བསམས་ལ་ཐུན་མཚམས་ཀྱི་ལྷར་ལྡང་། ༀ་ཨཱཿཧཱུྃ་ཧོཿབརྟན་པར་བྱའོ། །བཅུ་བཞི་པ་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་བདུད་བཞི་དཔུང་བཅོམ་སྟ ེ། །ཀུན་བཟང་འཇམ་དཔལ་དཔའ་བོའི་ས་བརྙེས་ནས། །རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས། །ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །ཅེས་པ་ཙམ་མོ། །སྤྲོ་ན་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་ལྟར། སོགས་ཤླཽ་ཀ་གཉིས་པོའང་འདོན་ནོ། །མཚམས་འདིར་དགེ་སྦྱོར་གཞན་དག་བྱེད་དགོས་དང་བཟའ་བཏུང་སོགས་བྱེད། དེ་ནས་སྲོད་ཐུན་ལ་སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བའི་འཕྲེང་བ་བྱིན་རློབས་མི་དགོས་ཙམ་མ་གཏོགས་བསྒོམ་བཟླས་བསྟོད་པའི་བར་དང་བཅས་པ་སྔར་བཞིན་སོང་ནས་ཐུན་མཚམས་འདིར་ཚོགས་མཆོད་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་སོགས་རྒྱས་པར་བྱས་ལ་འོད་གསལ་དུ་འཇུག་ཅིང་། དེའི་རྗེས་སུ་བསྐྱེད་པའི་ལྷ་དེ་ཡང་ངོ་བོ་རང་གི་སེམས་སྣང་མ་འགགས་པའི་འཆར་སྒོ་སྒྱུ་མའི་རོལ་པ་ལྟར་ཤར་བ་ལས་དོན་དམ་པར་སྐྱེ་འགག་གནས་བྲལ་སྤང་བླང་མཚན་མའི་རེ་དོགས་ཐམས་ཅད་ལས་འདས་པས་རང་རིག་འགྱུར་མེད་བདེ་ཆེན་ཀ་དག་གི་ངང་ལ་མཉམ་པར་ཅི་གནས་སུ་བཞག་ལ་དྲན་འདུན་ཤེས་བཞིན་པའི་ངང་ནས་ཉལ་ལོ། །དེ་ནས་ཐོ་རེངས་ཀྱི་ཐུན་ལ་བབས་པ་ན་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་སྣང་བ་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལམ་གྱིས་ལངས་ནས་ཐུན་མོང་གིས་རྒྱུད་སྦྱང་བ་དང་། ཚོགས་བསགས་རྣམས་ཡིད་དང་འདྲེས་པར་བྱས་ནས། ང་རྒྱལ་འཛིན་པ། བསྲུང་འཁོར་གསལ་འདེབས། སྤྲོ་ན་རྗེ་བླ་མའི་བསྙེན་ཡིག་འདོད་བུམ་དུ་ཐོར་ཐུན་ལ་བྱིན་འབེབས་པར་གསུངས་པ་ལྟར། ཧཱུྃ། ཆོས་དབྱིངས་མཐའ་བྲལ་དྲག་པོའི་ཞིང་ཁམས་ནས། །སྙིང་རྗེས་ཞི་བའི་སྐུར་

p. 320

བཞེངས་འཇམ་དཔལ་དབྱངས། །འཁོར་བཅས་སྒྱུ་འཕྲུལ་ཕྱག་རྒྱར་རོལ་པའི་ཚོགས། །མ་ལུས་འདིར་གཤེགས་དབང་བསྐུར་བྱིན་ཕོབ་ལ། །མཐུ་རྩལ་ནུས་བསྐྱེད་རྟགས་དང་མཚན་མ་སྟོན། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །ༀ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བྱིན་དབབ། མཆོད་རྫས་བྱིན་གྱིས་བརླབས་པ་རྣམས་སྔོན་དུ་འགྲོ་བས། བསྒོམ་བཟླས་ཐུན་མཚམས་ལ་ཐུག་གི་བར་སྔར་གྱི་དགོང་ཐུན་བཞིན་དང་། ཐུན་མཚམས་འདིར་སྔ་དྲོའི་དགེ་སྦྱོར་ཆག་མེད་རྣམས་བྱེད་ཅིང་བཟའ་བཏུང་སོགས་ལ་རོལ། གཉིས་པ་སྔ་ཐུན་ནི་འོད་གསལ་དུ་འཇུག་པའི་བར་སྔར་གྱི་སྲོད་ཐུན་བཞིན་དང་། གསུམ་པ་དགོང་ཐུན་ཡང་སྔ་ཐུན་ཇི་ལྟ་བ་བཞིན་ནོ། །བཞི་པ་སྲོད་ཐུན་ནི་ཉིན་སྔ་མ་སོར་བཞག་ལས་དམིགས་བསལ་བསྒྱུར་ཁ་མེད། དེ་ལྟར་ཐུན་བཞིའི་རིམ་པས་སྙིང་པོ་འབུམ་ཕྲག་བདུན་རྫོགས་པའི་ཉིན་རྗེས་མའི་ཐོར་ཐུན་དང་སྔ་ཐུན་གཉིས་ཀའི་རྗེས་སུ་ཡིག་བརྒྱ་གང་མང་བཟླ་ཞིང་། ཁྱད་པར་སྔ་ཐུན་གྱི་རྗེས་སུ་ཚོགས་མཆོད་དང་ཆོས་སྐྱོང་གི་གཏོར་འབུལ་སོགས་རྒྱས་པར་བྱ་ཞིང་མདུན་གྱི་གཏོར་མ་ལྷར་གསལ་བའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་དངོས་གྲུབ་ཀྱི་སྐལ་བ་འོད་ཟེར་དཀར་དམར་མཐིང་གའི་རྣམ་པ་ཅན་དུ་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། རྩ་སྔགས་འབྲུ་བདུན་གྱི་མཐར། ཀཱ་ཡ་ཝཱ་ཀཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བཏགས་པ་མང་དུབཟླ་ཞིང་དམིགས་གནད་དེ་དང་སྦྱར་ནས། ཧཱུྃ༔ དགོངས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྷ༔ བདག་ཅག་རྡོ་རྗེ་མཆེད་ལྕམ་གྱིས༔ བསྐྱེད་རིམ་གསལ་ཞིང་བསྙེན་སྒྲུབ་ཐེམས༔ འཕྲིན་ལས་སྦྱོར་བ་མཐའ་རུ་ཕྱིན༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀཱ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་དངོས་གྲུབ་བསྐུལ་ཞིང་སྒྲུབ་གཏོར་གནས་གསུམ་དུ་བཏུག མཐར་གཏོར་མའི་ལྷ་འོད་དུ་ཞུ་བ་རང་ལ་བསྟིམ། གཏོར་མ་དམ་རྫས་བདུད་རྩིར་མོས་ནས་ལྕེ་ཐོག་ཏུ་མྱང་ཞིང་རྩ་ཁམས་ཐམས་ཅད་ཟག་མེད་ཀྱི་བདུད་རྩིས་གང་བའི་བདེ་བ་ཆེན་པོ་ལ་མཉམ་པར་བཞག དེ་ནས་

p. 321

གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱིས་ནོངས་པ་བཤགས། ཉེར་བསྡུས་འོད་གསལ་དུ་བཅུག ཐུན་མཚམས་ཀྱི་ལྷར་ལྡང་ཞིང་ཐོ་འགྲོལ། བསྔོ་སྨོན་དང་། ཤིས་བརྗོད་རྒྱ་ཆེར་བྱའོ། །དེ་ནས་ཁ་སྐོང་ཞི་བའི་སྦྱིན་བསྲེག་བཅུ་ཆའི་གྲངས་ལོངས་རྡོར་སེམས་ལྟ་བུས་ཁོག་ཕུབ་སྟེ་བྱས་ན་ལེགས་སོ༑ ༑དེ་ལྟར་ཉུང་ངུའི་ངག་ཚིག་གིས། །ཆེན་པོའི་དོན་སྟེར་འཇམ་དཔལ་ལྷའི། །བསྙེན་ཐབས་ནག་འགྲོས་བཀླག་ཆོག་མར། །བཀོད་འདིས་འགྲོ་ཕན་རྒྱ་ཆེར་ཤོག །ཅེས་གཏེར་གསར་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཞི་སྒྲུབ་ཀྱི་བསྙེན་པ་སོང་ན་ཁྲོ་བོའི་སྒྲུབ་པ་མ་སོང་ཡང་ཞི་བསྙེན་སོང་བས་གོ་ཆོད་པར་མཛད་པས་ཕྱི་རབས་ཀྱི་བློ་རྟུལ་བདག་དང་བདག་འདྲའི་ཚོགས་ལ་ཕན་པའི་ཆེད་དུ་ཚུལ་འདི་ལྟ་བུ་ཞིག་རང་ཉིད་ནས་འབྲི་འདོད་ཡོད་ཁར་དགེ་མཁན་ལགས་མངྒའི་མཚན་ཅན་ནས་ཀྱང་དེ་ལྟར་བྲིས་ན་རྨོངས་རྟུལ་རྣམས་ལ་ཕན་པ་ཆེ་བར་ཡོང་འདུག་ཅེས་ནན་ཏན་ཆེན་པོས་བསྐུལ་མ་གནང་བ་ལྟར་འཇམ་དཔལ་ཞི་བསྙེན་ཁོལ་བུར་བྱ་ཐབས་འདི་ཉིད་རྨོངས་པའི་མཐར་ཐུག་ཨོ་ཌཱི་ཡཱ་ཎས་དབྱར་ཆོས་དུས་ཉིན་ཕུལ་དུ་བྲིས་པ་དགེ་ལེགས་འཕེལ།། །།

ཁྲག་འཐུང་པདྨ་དྲག་པོའི་སྒྲུབ་ཐབས་རྣམ་པར་བཤད་པ་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།

p. 322
p. 323

ཁྲག་འཐུང་པདྨ་དྲག་པོའི་སྒྲུབ་ཐབས་རྣམ་པར་བཤད་པ་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།

p. 324

ཁྲག་འཐུང་པདྨ་དྲག་པོའི་སྒྲུབ་ཐབས་རྣམ་པར་བཤད་པ་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཁྲག་འཐུང་པདྨ་དྲག་པོའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༑ ༑རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །རིགས་བརྒྱའི་ཁྱབ་བདག་པདྨ་འབྱུང་། །ཁྲག་འཐུང་དབང་དྲག་འཁོར་ལོའི་ཚུལ། །ཡོངས་ཤར་དྲིན་ཅན་བླ་མར་འདུད། །གང་གི་སྒྱུ་འཕྲུལ་རོལ་རྩལ་ལས། །ཤར་བ་རིགས་ལྔའི་མཁའ་འགྲོ་དང་། །གསང་བདག་གཤིན་རྗེ་པདྨ་དབང་། །འཕྲིན་ལས་ཡཀྴ་མེ་དབལ་གྱི། །སྒྲུབ་ཐབས་དངོས་གྲུབ་གཏེར་གྱི་མཛོད། །མཐའ་ཡས་འགྲོ་ལ་ཕན་དོན་དུ། །རྣམ་བཤད་འོད་དཀར་འདིར་བཀྱེ་ཡིས། །བླ་མ་མཁའ་འགྲོས་གནང་བ་སྩོལ། །དེ་ལ་འདིར་ཟབ་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ་སྟེ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝས་དོན་མངོན་དུ་གྱུར་ནས་ལེགས་པར་བཀྲལ་བ་ཁྲག་འཐུང་པདྨ་དྲག་པོའི་ལས་བྱང་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་འདི་འཆད་པར་བྱེད་པ་ནི། དེ་ཡང་གཏེར་གཞུང་རྩ་བ་ལས། སྙིང་པོའི་དོན་ལ་རྟག་སྤྱོད་ཅིང༔ དམ་ཚིག་གནས་ལ་ཉེར་གནས་པའི༔ སྔགས་པས་དངོས་གྲུབ་དོན་གྱི་ཕྱིར༔ སྒྲུབ་པའི་འཕྲིན་ལས་ཡང་དག་བརྩམས༔ ཞེས་པས། དེ་ཡང་འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ནི། བྱང་ཆུབ་སྙིང་པོའི་དོན་ཆེན་སྒྲུབ་པ་ལ་སྒོ་གསུམ་རྟག་པར་སྤྱོད་ནུས་ཤིང་

p. 325

འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཡང་དག་པར་གནས་པ་སྔགས་སྡོམ་དང་ལྡན་པའི་རྟེན་གྱི་གང་ཟག་དེས་འཕྲིན་ལས་ཀྱི་གཞུང་སྒྲུབ་པར་གདམས་པ་སྟེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རྟག་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་གསུངས་པའོ། །དེ་ལྟར་ཉམས་སུ་ལེན་པ་ལ་བཞི་སྟེ། སྦྱོར་བ་སྔོན་འགྲོའི་ཆོས། དངོས་གཞི་སྒྲུབ་པའི་ཐབས། མཐའ་རྟེན་རྗེས་ཀྱི་རིམ་པ། ཞར་བྱུང་ཆོ་གའི་ཡན་ལག་གཞན་བཤད་པའོ། །དང་པོ་ལ། ཡོ་བྱད་འདུ་བྱ་བ་དང་། ལས་རིམ་བདུན་ནོ། །དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བགྲམ། རྒྱན་དང་སྤྱན་གཟིགས་དུ་མས་མཛེས་པར་བྱས། སྟེགས་བུ་གཙང་མར་གཏོར་མ་སྨན་རཀ་ཉེར་སྤྱོད་དང་། ཇི་ལྟར་བདེ་བར་ཚོགས་མཆོད་རྔ་སིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་ཚང་བར་བཤམ་མོ། །གཉིས་པ་ནི། སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན༔ བགེགས་བསྐྲད་མཚམས་བཅད་བྱིན་དབབ་བརླབ༔ ཅེས་བདུན་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། རང་ཉིད་ཁྲག་འཐུང་པདྨ་དྲག་པོར་ཞེས་སོགས་ཏེ་རང་ཉིད་གཉུག་མ་དོན་གྱི་དབང་དྲག་པདྨའི་ལྷ་སྐུར་གསལ་བཏབ་པའི་སྙིང་ཁར་ཟླ་དཀྱིལ་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོ་རྟག་ཏུ་འཆར་བཞིན་པ་གསལ་བཏབ་པ་དེ་ལས་འོད་ཟེར་དམར་པོ་འཕྲོས། མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་སྤྲིན་ཕུང་བཏིབས་པ་ལྟ་བུར་བཞུགས་པ་ཐམས་ཅད་ཀྱང་བླ་མ་གུ་རུ་དྲག་པོ་རྩལ་གྱི་ཐུགས་རྗེ་ཡེ་ཤེས་ཀྱི་རོལ་བ་མ་འགག་རང་ཤར་བ་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་མཆོག་གསུམ་འདུས་པའི་བདག་ཉིད་དུ་མོས་ལ་ལུས་ངག་ཡིད་གསུམ་གུས་པས་ཡིད་ཁྱེད་ཤེས་༼ཀྱི་༽ ངེས་པ་བརྟན་པོས། མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ ཅེས་སོགས་ཀྱིས་སྐྱབས་སུ་འགྲོ་བར་བྱའོ། །དོན་དམ་ལྟར་ན་སེམས་ཉིད་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པ་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གྲུབ་པ་ལ་དེ་ལྟར་ཤེས་པས་སྐྱབས་སུ་འགྲོ་བྱ་འགྲོ་བྱེད་བྲལ་བའི་ཚུལ་གྱིས་

p. 326

ཏེ༑ བདེ་འདུས་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབས་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོ་བཅས་པ་ལ། །ཞེས་གསུངས་པའི་ཕྱིར། གཉིས་པ་སེམས་བསྐྱེད་པ་ནི། དེ་ལྟར་དཀོན་མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང་ནས་མ་གྱུར་ནམ་མཁའི་མཐས་གཏུ གས་ཀྱི་སེམས་ཅན་མེད་བཞིན་སྣང་བའི་འཁོར་བའི་གནས་ནས། མེད་སྣང་གི་སྡུག་བསྔལ་དུ་མས་རྒྱུད་བསླད་པ་རྣམས་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་འདོད་ཀྱི་སྙིང་སྟོབས་བརྟན་པོས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པར་བགྱིའོ་སྙམ་པས། མཁའ་མཉམ་འགྲོ་བ་མ་ལུས་པ༔ ཞེས་སོགས་སོ། །ཕན་ཡོན་ཡང་སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་འགྱུར་བས་ན། །བྱང་ཆུབ་སེམས་བསྐྱེད་བྱ་བ་རབ་བརྟན་བཟུང་། །ཞེས་སོ། །གསུམ་པ་ཡན་ལག་བདུན་པས་ཚོགས་བསག་པ་ནི། མདུན་མཁར་སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ། བདག་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བ། འདོད་ཆགས་ཀྱི་གཉེན་པོ་མཆོད་པ། ཞེ་སྡང་གི་གཉེན་པོ་བཤགས་པ། ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བ། གཏི་མུག་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། ལོག་ལྟའི་གཉེན་པོ་གསོལ་བ་གདབ་པ། ཐེ་ཚོམ་གྱི་གཉེན་པོ་བསྔོ་བ་སྟེ། ཡན་ལག་བདུན་གྱི་ཚོགས་བསགས་པ་ནི། བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཞེས་སོགས་ཀྱི་མཐར་ཚོགས་ཞིང་དགྱེས་པ་ཆེན་པོས་རང་ལ་བསྟིམ་མོ། །བཞི་པ་བགེགས་སྐྲོད་པ་ནི། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་འདོད་ཡོན་ལྔ་ལྡན་གྱི་བཅུད་ཀྱིས་ཁེངས་པར་བསམ་ལ༑ ནང་གི་རྩ་ཁམས་ཀྱི་གནས་ཚུལ་དང་མཁའ་ལྡིང་གིས་ཀླུའི་དུག་བདུད་རྩིར་བྱེད་པའི་རྟེན་འབྲེལ་གྱིས་ལག་གཡོན་གཡས་སྙིམ་པ་མཁའ་ལྡིང་གི་རྒྱ་རྣམས་སྟོན་བཞིན་དུ་ༀ་ཨཱཿཧཱུྃ་ཧོཿ ཞེས་བརྗོད་པས་ཇི་ལྟར་བཅས་པའི་ཕྱག་རྒྱར་ཡི་གེ་སོ་སོས་མཚན་པ་ལས་འོད་ཟེར་

p. 327

འཕྲོས་པས་རིམ་བཞིན་ༀ་གྱིས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས་སྐྱོན་མེད་པར་བྱས། ཨཱཿས་རྫས་རྣམས་མང་པོར་སྦར་བས་མཐའ་མེད་དུ་འཕེལ་ཞིང་རྒྱས། ཧཱུྃ་གིས་གང་མོས་ཀྱི་ངོ་བོར་དེ་ལྟར་འཆར་བའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་རྟོགས་པར་བྱས། དེ་ཉིད་ཀྱང་ཧོཿས་ཟག་བཅས་ཀྱི་དྲི་མ་བསལ་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བའོ། །ༀ་སརྦ་བི་གྷཱ་ནཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿ ཞེས་ལན་གསུམ་མམ་བདུན་གྱིས་ལན་ཆགས་གཉེར་བའི་བགེགས་ཚོགས་སོ་སོའི་དབང་པོ་ཚིམ་པའི་གཏོར་མ་བསྔོས་ནས་བཀའ་བསྒོ་བ་ནི། ཧཱུྃ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཞེས་སོགས་ཏེ། དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་བགེགས་དང་། གསང་སྤྱོད་ལྟ་བར་མི་དབང་བའི་འབྱུང་པོའི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་སྦྱངས་རྟོགས་སྦར་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཟང་པོར་བསྒྱུར་བ་འདིས་རང་རང་གི་དབང་པོ་ཚིམ་པར་བྱོས་ལ༑ དཔལ་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག་གལ་ཏེ་བཀའ་འདི་ལས་སུ་ཞིག་འདའ་བར་བྱེད་པ་ན་ཡེ་ཤེས་ཀྱི་སྣང་བའི་ཁྲོ་མཚོན་གྱིས། གང་དག་མི་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་བ་གདོན་མི་ཟའོ། །ཞེས་བཀའ་བསྒོས་ལ་སུམྦྷ་ནའི་དྲག་སྔགས་བཟླ་གུ་གུལ་གྱིས་བདུག་ཅིང་ཐུན་གྱིས་བྲབ་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བསམ་པ་སྟེ། དེ་ལྟར་སྐྲོད་པའི་བྱ་བྱེད་ལས་གསུམ་ཀ་དོན་དམ་པར་བདེན་མེད་སྒྱུ་མ་ལྟ་བུའི་ཡོ་ལང་གིས་ཁོང་དཀྲོལ་བས་བགེགས་རྣམས་རང་དེངས་སུ་འགྲོ་བ་ཆོས་ཉིད་དེ༑ སྒྱུ་འཕྲུལ་མེ་ལོང་ལས། རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོངས་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་པར། །ཡང་དག་རིག་པ་ཉིད་ཀྱིས་གསུངས། །ཞེས་དང་། སློབ་དཔོན་ཆེན་པོས། རྟོག་སེམས་བློ་ཡི་དྲི་མ་དག །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པ་ཡིན་ནོ། །ལྔ་པ་མཚམས་བཅད་པ་ནི། ཡེ་ནས་གཉུག་མ་དོན་གྱི་རང་བྱུང་གི་ཡེ་ཤེས་དེས་སངས་རྒྱས་ཀུན་གྱི་འཕྲིན་ལས་ཀྱི་ཁ་ལོ་

p. 328

བསྒྱུར་བའི་ཕྱིར་རྣམ་པ་ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ་གྱི་ཐུགས་ཡེ་ཤེས་ཀྱི་རོལ་པ་ལས་རྡོ་རྗེའི་གུང་ཁང་གི་ཕྱི་ནས་སྤྲུལ་པའི་ཕོ་ཉ་ཁྲོ་ཆུང་དང་མཚོན་ཆ་སྣ་ཚོགས་པའི་སྤྲིན་འཕྲོ་ཞིང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བ་ལས་མེ་ལྕེའི་འོད་ཟེར་ཚ་ཞིང་རྣོ་བ་ལྕགས་ཞུན་གྱི་ཚྭ་ཚྭ་ལྟར་མཐའ་མེད་དུ་འཕྲོ་བས་ཕྱོགས་མཚམས་ཐམས་ཅད་དུ་ུརབ་ཏུ་གཏམས་པས་ཅིས་ཀྱང་མི་ཤིགས་པར་བསམས་ལ། ཧཱུྃ་ང་ནི་ཡེ་ནས་རང་བྱུང་བའི༔ ཞེས་སོགས་སོ། །དེ་ལྟར་བསྲུང་བའི་བྱ་བྱེད་ལས་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་དུ་འགྱུར་ཏེ་བསྲུང་བ་རྣམས་ཀྱི་ནང་ནས་མཆོག་གོ །དེ་ཡང་གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་སོ། །དྲུག་པ་བྱིན་འབེབས་པ་ནི། ཆོས་སྐུ་ཞི་བ་ཆེན་པོའི་ངང་ལས་མ་གཡོས་ཀྱང་གཟུགས་སྐུ་འཇིགས་ཤིང་སྐྱི་གཡའ་བའི་ཁྲོ་བོ་ཆེན་པོའི་སྐུར་སྟོན་པ་དབང་དྲག་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བ་རྣམས་ཀྱིས་གློག་ལྟར་མྱུར་བའི་བརྩེ་བ་ཆེན་པོས་དགོངས་ལ། དེང་འདིར་ཡེ་ཤེས་ལྔས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ། མཆོག་ཐུན་གྱི་དངོས་གྲུབ་སྩོལ་བའི་དུས་ལ་བབ་སྟེ། ངོ་མཚར་བའི་རྟགས་ལྷའི་སྐུ་མཐོང་བ། གསུང་ཐོས་པ། སེམས་ལ་མངོན་ཤེས་འཆར་བ་སོགས་སྐུ་གསུང་ཐུགས་གྲུབ་པའི་མཚན་མ་རྣམས་དུས་གཞན་དུ་མ་གྱུར་པ་མྱུར་བ་ཉིད་དུ་སྟོན་པར་མཛོད་ཅིག་པ་སྟེ། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཞེས་སོགས་སོ། །བདུན་པ་མཆོད་རྫས་བརླབ་པ་ལ་ཐུན་ཁྱད་གཉིས་ལས། ཐུན་མོང་པ་ཕྱི་ནང་གི་ཉེར་སྤྱོད་རྣམས་རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གི་ཡི་གེ་གསུམ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུས་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ནི་བྷ་ག་སྟེ་ཆོས་ཀྱི་དབྱིངས་དང་། ༀ་ནི་ཡེ་ཤེས་ལྔའི་ངོ་བོ་མཚོན་པས་ན་སྣོད་དབྱིངས་དང་བཅུད་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱར་འབྲེལ་ཞིང་ༀ་ལས་བྱུང་བའི་ལྷ་རྫས་ཀྱི་མེ་ཏོག་སོགས་སྤྱི་དང་། རང་བྱུང་གི་རྫས་དབང་པོ་ལྔའི་མེ་ཏོག་སོགས་ནང་གི་ཉེར་སྤྱོད་འདོད་ཡོན་གྱི་མཆོད་པའི་ཚོགས་རེ་རེ་ལས་ཀྱང་

p. 329

མཆོད་རྫས་ཐོགས་པའི་ལྷ་མོའི་མཆོད་སྤྲིན་ནམ་མཁའ་གང་བར་བསམ་ཞིང་། བདག་གི་ཐུགས་ཀ་ནས་སོགས་ཁྱད་པར་སྨན་རཀ་གཏོར་གསུམ་ལས། སྨན་ཕུད་ནི། རཾ་ཡཾ་ཁཾ་གིས་སྦྱོང་བ་སྔར་ལྟར་ལས། སྟོང་པའི་ངང་ལས་ཨ་ཡིག་འོད་དུ་ཞུ་བ་ལས་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་བཅུད་ནི་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་གི་རྫས་བཅུ་སྟེ། དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་གླང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་རྟ་ཤ་དང་རྡུལ། བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ་རྣམས་རིམ་བཞིན་ༀ་མཾ། ཧཱུྃ་ལཾ། ཏྲཱཾ་མཱཾ། ཧྲཱི་པཱཾ། ཨཱཿཏཱཾ་སྟེ་རིགས་ལྔའི་རང་བཞིན་དུ་བསྐྱེད་པ་བདེ་སྟོང་གི་ངོ་བོར་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ཞིང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་སོགས། གཉིས་པ་རཀྟ་ནི། གཞན་རྣམས་འདྲ་བ་ལས། སྟོང་པའི་ངང་ལས་ཨ་ཡིག་ཞུ་བ་ལས་བྱུང་བའི་ཐོད་པའི་སྣོད་དུ་རཾ་ཡིག་ནི་དམར་ཆ་རྡུལ་མཚོན་པ་སྟེ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཀྟའི་ས་བོན་ར་ཡིག་ཁྲག་ཆེན་ནམ་ཆགས་པ་ཆེན་པོ་སྟེ་ཁམས་གསུམ་དུ་ཞེན་པའི་ཆགས་རྟོག་ཐམས་ཅད་བསྡུས་ཤིང་སྦྱངས་པ་ལས་ཆགས་མེད་བདེ་བ་ཆེན་པོ་རཀྟའི་རྒྱ་མཚོ་ཇི་ལྟར་འདོད་པའི་མཆོད་སྤྲིན་དུ་གྱུར་པར་བསམ་ཞིང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ནང་དུ་སོགས། གསུམ་པ་གཏོར་མ་ནི། གཏོར་གཞོང་བྷྲུཾ་ལས་རཏྣའི་མཆོད་སྡོང་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་རྫས་ཉིད་ༀ་ཡིག་འོད་དུ་ཞུ་བ་ལས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། སྟོང་པའི་ངང་ལས་གཏོར་གཞོང་བྷྲུཾ་ལས་སོགས། དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པ། སྤྱན་འདྲེན་ཞིང་བཞུགས་སུ་གསོལ་བ། ཕྱག་འཚལ་བ་མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཛཔ྄་བཟླ་བ་དང་བདུན་ལས། དང་པོ་ལ། རྒྱུ་ཏིང་འཛིན་རྣམ་གསུམ། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་བསྐྱེད་པ་དང་གསུམ། དང་པོ་ནི།

p. 330

མར་འཁོར་བའི་བག་ཆགས་སྦྱོང་བ་དང་བསྟུན་ཏེ་འཆི་བ་བར་དོ་སྐྱེ་བའི་གནས་སྐབས་གསུམ་སྦྱོང་ཚུལ་དང་བསྟུན་ཏེ། རིམ་བཞིན་དེ་ཏིང་ཀུན་སྣང་རྒྱུའི་ཏིང་ངེ་འཛིན་གསུམ། ཡར་རིགས་ཀྱི་ནུས་པ་སོས་ཐེབས་ཚུལ་དང་སྦྱར་ཏེ་ཆོས་ལོངས་སྤྲུལ་གསུམ། བར་དུ་རྫོགས་རིམ་འོད་གསལ་ལས་སྙིང་རྗེ་ཆེན་པོའི་འཕེན་པས་ཟུང་འཇུག་གི་སྐུར་བཞེངས་པའི་སྨིན་བྱེད་དུ་འགྱུར་བའི་ཕྱིར་ཏིང་འཛིན་རྣམ་གསུམ་དུ་བཞག་ལ། ཇི་ལྟར་སྒོམ་ཚུལ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་ཟུང་འཇུག་གི་ཡེ་ཤེས་གཟུང་འཛིན་མཚན་མའི་མཐའ་ལས་འདས་པ་ནམ་མཁའ་ལྟར་དབྱིངས་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ཡེ་ཤེས་སྙིང་པོར་ལ་བཟླ་བ་སྟེ། ཧཱུྃ་སྣང་སྲིད་སོགས་རྐང་པ་གཉིས། སྟོང་ཉིད་དེའི་རང་རྩལ་འགག་པ་མེད་པ་ཀུན་ཁྱབ་ཐུགས་རྗེ་ཆེན་པོ་ནམ་མཁའི་འཇའ་ཚོན་ལྟར་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མའི་སྙིང་རྗེ་ཀུན་སྣང་མཁའ་ཁྱབ་ཏུ་གསལ་བ་ནི༑ དེ་ལས་འགག་མེད་སོགས་རྐང་པ་གཉིས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་མཐུ་ལས་རྒྱུ་མ་འགགས་པ་སྲུང་འཁོར་གྱི་ནང་ངོས་ནམ་མཁའི་དབྱིངས་སུ་རང་རིག་འགྱུར་བ་མེད་པའི་ངོ་བོ་ཧཱུྃ་ཡིག་དམར་པོ་གསལ་འཚེར་དུ་བསྒོམ་པ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་སོགས་རྐང་པ་གཉིས། གཉིས་པ་ནི། ཐོག་མར་སྟོང་པའི་བསྐལ་བ་ལས་སྣོད་ཀྱི་འཇིག་རྟེན་ཆགས་གཞི་ནམ་མཁའི་ཁམས་སུ་རླུང་གི་དཀྱིལ་འཁོར་སོགས་ལས་མཐར་གྱིས་རི་རྭ་བ་ཁང་ཁྱིམ་རྩི་ཤིང་ནགས་ཚལ་ལ་སོགས་སུ་གྲུབ་པ་སྦྱོང་། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་དབྱིངས་སྤྲོས་བྲལ་གྱི་ཡེ་ཤེས་གཞལ་ཡས་ཁང་སོགས་སྒྱུ་འཕྲུལ་གྱི་རོལ་མོ་མཐའ་ཡས་མངོན་སུམ་དུ་སྣང་བའི་གསོས་འདེབས། རྩ་རླུང་ཐིག་ལེ་གསུམ་དུལ་ཞིང་ལས་རུང་དུ་སྨིན་པས་རྫོགས་རིམ་གྱི་ཡེ་ཤེས་འཆར་བའི་གཞི་འདིང་བའོ། །ཇི་ལྟར་ན་རང་རིག་པའི་ངོ་བོ་ཧཱུྃ་ཡིག་དམར་པོ་གསལ་ཞིང་འཚེར་བ་ཡེ་ཤེས་ལྔའི་རང་གདངས་ཀྱིས་མ་དག་པའི་སྣང་བ་བློའི་མཚན་འཛིན་ཐམས་ཅད་སྦྱངས། སླར་ཡང་རྒྱུའི་ཧཱུྃ་དེ་ལས་ཨེ་ཡཾ་རཾ་ར་སུཾ་ཀེཾ་བྷྲུཾ་རྣམས་རིམ་པར་ཆད་པ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་གྲུ་

p. 331

གསུམ་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དལ་ལྗང་ནག་རྒྱ་གྲམ་གཞུ་བདུངས་པའི་རྣམ་པ་ཅན། རཾ་ལས་མེའི་དལ་གྲུ་གསུམ་དམར་ནག་འབར་བ། ར་ལས་རཀྟའི་རྒྱ་མཚོ་དམར་པོ་ཟླུམ་པོ་རྦ་ཀློང་འཁྲུག་པ། སུཾ་ལས་ཞིང་ཆེན་གྱི་ས་གཞི་སེར་པོ་གྲུ་བཞི་པ། ཀེཾ་ལས་ཀེང་རུས་འཛིངས་ཐབས་སུ་བརྩེགས་པའི་རི་རབ་སྟེ། དམ་པ་རྒྱན་ལས། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ། །ཀེཾ་རུས་ཆེན་པོའི་རི་རབ་ཀྱི༑ ༑སྟེང་གི་འབར་བའི་ཀློང་དཀྱིལ་ན། །ཞེས་སོ། །དེའི་སྟེང་དུ་བྷྲུཾ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དེ་ཡང་སྲུང་འཁོར་གྱི་ནང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ནང་དུ་སྣ་ཚོགས་པད་འདབ་སུམ་ཅུ་རྩ་གཉིས་གེ་སར་ཟི་བོལ་དང་བཅས་པའི་ལྟེ་བར་ཉི་དཀྱིལ་ལ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་ཕྱོགས་ཀྱི་མདོག་ཅན་གྱི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་དེ་ཡང་ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་དབྱིབས་གྲུ་བཞི་པ། རྣམ་ཐར་བཞི་མཚོན་པའི་སྒོ་བཞི། ཕྱི་ནང་གི་ཐེག་བརྒྱད་མཚོན་པའི་རྒྱུ་རྟ་བབས་བརྒྱད་དང་། དེའི་ཡོན་ཏན་རྫོགས་པའི་འབྲས་བུའི་རྟ་བབས་བརྒྱད་སྒོ་བཞི་ཀ་ལ་ལྡན་པ། རྩིག་པའི་འགྲམ་དུ་འདོད་པའི་སྣམ་བུ་དང་། ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིག་པ་རིམ་པ་ལྔའམ་ཡང་ན་གསུམ་པ་ཅན་ཐོད་པ་དེ་དག་ཀྱང་ཁ་ནས་མེ་འབར་བ། མིག་ནས་ཁྲག་འཛག་པ༑ སྣ་ནས་དུད་པ་འཐུལ་བ། ཐམས་ཅད་ཀྱང་རཀྟས་སྤྱིན་ཐབས་སུ་སྦྱར་ཞིང་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ། རྩིག་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་འཕྱང་བ། བྲེ་ཕུལ་གྱི་སྣམ་བུར་སྦྲུལ་སྦྲམ་དང་ཐོད་ཕྲེང་གི་དྲ་བ་དང་དྲ་བ་ཕྱེད་པ་ཅན། དེ་དག་གི་བར་བར་དུ་ཉི་མའི་འོད་ཟེར་འཕྲོས་པས་བརྗིད་པ་སྟེ། གསང་བ་སྙིང་པོ་ལས། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །ཅེས་སོ། །གཞན་ཡང་རྐང་ལག་གི་ཤར་བུ། རྒལ་ཚིགས་ཀྱི་མདའ་ཡབ། ཚངས་པའི་གདུང་། ལྷ་ཆེན་བརྒྱད་ཀྱི་ཀ་བ། རུས་སྦལ་གྱི་ཀ་གདན། ཀླུ་བརྒྱད་ཀྱི་ཕྱམ། རྒྱུ་སྐར་ཉེར་བརྒྱད་ཀྱི་དྲལ་མ། ཞིང་ལྤགས་ཀྱི་ཐོག ཉི་ཟླའི་མཐོང་ཁུང་། གཟའ་བརྒྱད་ཀྱི་ཁ་བད་དེ། སྒྱུ་འཕྲུལ་རྡོ་རྗེ་ལས། ཚངས་དང་

p. 332

ལྷ་དབང་ལ་བརྟེན་པ། །མཆོག་ཆེན་བརྒྱད་ཀ་ཡིན་པར་འདོད། །ལྷག་མ་རྣམས་ནི་ཐོག་ཕུབ་སྟེ། །གཟའ་བརྒྱད་ཉི་ཟླའི་གློ་སྐ ར་ལྡན། །ཞེས་སོ། །གཞན་ཡང་ཕྱོགས་ཐམས་ཅད་ནས་ཞིང་ཆེན་གྱི་གདུགས་དང་རྒྱལ་མཚན། ལག་པའི་འཕན། ལྕང་ལོའི་རྔ་ཡབ། དབང་པོའི་མེ་ཏོག་སོགས་རྒྱན་བཀོད་པ་དུ་མས་སྤྲས་པ། དབུས་ཕྱུར་བུ་ལྷ་ཆེན་གྱི་ཐོད་པས་ཕུབ་པའི་རྩེ་མོར་ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ་བ་སྟེ། རྡོ་རྗེ་ལས། ཞིང་འཕན་ཕྱོགས་མཚམས་བརྒྱད་དང་ལྡན། །ལྷ་ཆེན་ཐོད་པ་སྦུབ་སྟེང་ན། །ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ། །ཞེས་སོ༑ ༑དེ་ལྟར་རྔམ་བརྗིད་དྲག་པོའི་རྒྱན་དེ་ལྟ་བུས་སྤྲས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་མཐའི་ཁོར་ཡུག་ཏུ་རྡོ་རྗེའི་གུར་ཁང་དང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཕྲེང་བས་བསྐོར་བ། དེའི་དབུས་སུ་སྙིང་པོའི་དཀྱིལ་འཁོར་ཐོད་པའི་ར་བས་ཟླུམ་པོར་བསྐོར་བའི་ནང་ན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཐོད་ར་ཟླུམ་པོས་བསྐོར་བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་དམར་ནག་འབར་བ་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཁ་ཆེ་བ་གྱེན་བསྟན་ཏེ་ཟུར་མདུན་ངོས་སུ་ཕྱོགས་པའི་ནང་གི་པད་འདབ་བཞིའི་ལྟེ་བར་གཙོ་བོའི་གདན་དྲེག་པ་སྡེ་བརྒྱད་པདྨ་ཉི་མ་བརྩེགས་པའི་ཁར་རཀྴ་སྲིན་པོ་ཕོ་ཁ་སྦུབ་དང་མོ་གན་རྐྱལ་དུ་བསྣོན་བའོ། །དེ་ལས་ཨེ་ཡཾ་སོགས་ཚིགས་སུ་བཅད་པ་བཞི། གཉིས་པ་ལྷ་བསྐྱེད་པ་ནི། གཙོ་བོ་བསྐྱེད་པ་དང་འཁོར་བསྐྱེད་པ་གཉིས་ལས། དང་པོ་ནི། རྒྱུའི་ཧཱུྃ་ཡིག་དབུས་ཀྱི་གདན་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་ག དེ་ཞུ་བ་ལས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་ཡིག་དམར་པོས་མཚན་པ་ཐུགས་ཕྱག་མཚན་གྱི་ཆོ་ག དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གི་འཇིགས་བྱེད་དྲག་པོ་ཐོད་ཕྲེང་རྩལ་གྱི་སྐུར་བསྐྱེད་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ་ཆོ་ག་གསུམ་ལས་རྫོགས་པའི་ཕྱག་རྒྱའི་སྐུར་བསྐྱེད་པ་དེ་ཡང་ཆོས་ཉིད་དེ་བཞིན་ཉིད་མཚོན་པའི་ཞལ་གཅིག ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ཀྱིས་འགྲོ་དོན་མཛད་པའི་ཕྱག་གཉིས། སྲིད་གསུམ་ཟིལ་གྱིས་ནོན་པའི་སྐུའི་ཆ་ལུགས་གཏུམ་ལ་རྔམ་པའི་གཟི་བྱིན་དང་

p. 333

ལྡན་པ། གདུལ་བྱ་ལ་རྗེས་སུ་ཆགས་པའི་སྐུ་མདོག་དམར་ནག་འཇིགས་གཟུགས་རྔམས་པའི་གཟི་མདངས་བསྐལ་པའི་མེ་ལྟར་འབར་བ་དམ་སྲི་རྒྱལ་འགོང་རྣམས་ཟས་སུ་ཟ་ཕྱིར་ཞལ་གདངས་ཤིང་མཆེ་བ་གཙིགས་ནས་དྲག་པོའི་སྐན་སྒྲ་རྡེབ་པ། རྣམ་ཐར་གསུམ་མཚོན་པའི་སྤྱན་གསུམ་གདངས་མིག་ཏུ་གཡོ་བས་བར་སྣང་ཁམས་ཀྱི་གདོན་ཚོགས་བརླག་པར་བྱེད་པ། ཆོས་ཉིད་འགྱུར་བ་མེད་པའི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའི་དབྱིངས་སུ་འཕྱར་བས་མཐའི་དམག་དཔུང་བཟློག་པ་ཕྱག་གཡོན་གནམ་ལྕགས་ཀྱི་ཕུར་བུ་རྣོ་ངར་འབར་བས་གདོན་བགེགས་རྣམས་ཀྱི་སྙིང་ལ་གཟིར་བ། སྡིགས་མཛུབ་ཀྱི་རྩེ་ལས་ཕོ་ཉ་གནམ་ལྕགས་ཀྱི་སྡིག་པ་གྲངས་མེད་དུ་འགྱེད་པས་གནོད་བྱེད་རྒྱལ་འགོང་རྣམས་ཀྱི་སྲོག་དབུགས་རྔམས་ཟས་བྱེད་པ། ཐབས་ཤེས་གཉིས་མངའ་བའི་ཞབས་གཉིས་གཡས་བརྐུམ་ཞིང་གཡོན་རྐྱང་བའི་འཕྲིན་ལས་དྲག་ཤུལ་ཆེན་པོའི་སྟབས་ཀྱིས་རོལ་བ། གཏི་མུག་འཇོམས་ཕྱིར་གླང་ཆེན་གྱི་སྟོད་གཡོགས། འདོད་ཆགས་འཇོམས་ཕྱིར་ཞིང་ལྤགས་སྐེད་ལ་དཀྲིས་པ། ཕྲག་དོག་འཇོམས་ཕྱིར་གནས་གསུམ་དུ་འབྱུག་པའི་རྩི་གསུམ་གྱིས་མཚན་པ། ང་རྒྱལ་དབང་དུ་སྡུད་ཕྱིར་སྟག་ཤམ་འཕྱང་བ། ཞེ་སྡང་འཇོམས་ཕྱིར་ཡན་ལག་སྦྲུལ་གྱིས་དཀྲིས་པ། དྲེགས་པ་འདུལ་ཕྱིར་ཐོད་རློན་གྱི་དོ་ཤལ་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་དང་། འདོད་ཡོན་མ་སྤངས་པའི་བརྡར་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཕར་ཕྱིན་དྲུག་རྫོགས་པའི་རུས་པའི་རྒྱན་དྲུག་སོགས་མཛེས་ཤིང་དཔའ་བའི་ཆ་བྱད་ཡོངས་སུ་རྫོགས་པའི་བདག་ཉིད་ཅན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་སྣང་བརྙན་ཡུམ་རྡོ་རྗེ་རྣལ་མ་ཆོས་ཉིད་སྟོང་པ་ཉིད་མཚོན་པའི་སྐུ་གཅེར་བུ་བདེ་བ་རྒྱས་པའི་བརྡར་ནུ་མ་དང་བྷ་ག་རབ་ཏུ་རྒྱས་པ་སྐུ་མདོག་མཐིང་ནག་ཅན། ཀུན་རྟོག་གཅོད་པའི་ཕྱག་གཡས་གྲི་གུག་དང་། ཟག་མེད་ཀྱི་བདེ་བ་སྐྱོང་བའི་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡབ་གྱི་མགུལ་ནས་འཁྱུད་པ་བདེ་སྟོང་གཉིས་སུ་མེད་པས་ཡབ་དང་མཉམ་པར་སྦྱར་བའི་ཚུལ་དུ་བཞུགས་པ། ཡབ་ཀྱི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་

p. 334

འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཅན། ཆོས་ཉིད་མི་འགྱུར་བའི་བརྡར་ཕྱག་གཡས་གསེར་གྱི་རྡོ་རྗེ་ཡེ་ཤེས་ལྔ་མཚོན་པའི་ར་ལྔ་པ། ཟག་མེད་ཀྱི་བདེ་བ་རྒྱས་པའི་བརྡར་ཕྱག་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པའི་གྲུ་མོ་གཡོན་ན་ཡུམ་སྦས་པའི་ཚུལ་དུ་དུག་གསུམ་རྩད་གཅོད་ཀྱི་ཁ་ཊཱཾ ཀ་བསྣམས་པ། སྙན་ཞུ་གསང་ཕོད་སྣམ་སྦྱར་གསོལ་ཞིང་དགྱེས་འཛུམ་འོད་ཟེར་འཕྲོ་བའི་བདག་ཉིད་ཅན། དེའི་ཐུགས་ཀར་པདྨ་དང་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་དམར་པོས་མཚན་པའི་མཐར་རྩ་སྔགས་ཀྱི་ཕྲེང་བས་བསྐོར་བ། འོག་གདོན་ས་བདག་འདུལ་ཕྱིར་སྤྱི་བོར་སྤྲུལ་བའི་བྱ་ཁྱུང་མཐིང་ནག་མེའི་གཤོག་པ་གཡོབ་ཅིང་རྡེབ་པ་ལས་མཚོན་ཆའི་ཚྭ་ཚྭ་འཕྲོ་བ་དེའི་སྟེང་དུ་རིགས་ཀྱི་བདག་པོ་ཆོས་སྐུ་འོད་དཔག་མེད་སྐུ་མདོག་དམར་གསལ་སྤྲུལ་སྐུའི་ཆ་བྱད་ཅན་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བའི་ཚེ་བུམ་འཛིན་པའི་བདག་ཉིད་ཅན་ཏེ། རིག་པ་ཧཱུྃ་ལས་རྡོ་རྗེ་ནི༔ སོགས་ཚིགས་བཅད་བརྒྱད་དང་རྐང་པ་གསུམ། གཉིས་པ་འཁོར་བསྐྱེད་པ་ལ་གཉིས་ལས། དང་པོ་རིགས་བཞིའི་མཁའ་འགྲོ་བཞི་བསྐྱེད་པ་ནི། ཕྱོགས་བཞིའི་པད་འདབ་བཞི་ལ་ཉི་གདན་རེའི་སྟེང་དུ་མདུན་ནས་བརྩམས་ཏེ་ཧ་རི་ནི་སའི་ཡི་གེ་བཞི་ལས་རིམ་བཞིན་ཡོན་ཏན་གྱི་སྤྲུལ་པ་ལས་མཁའ་འགྲོ་སྡེ་བཞི་སྟེ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་པོ། རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་པོ། པདྨ་མཁའ་འགྲོ་སྐུ་མདོག་དམར་པོ། ཀརྨ་མཁའ་འགྲོ་སྐུ་མདོག་ལྗང་ཁུ། དེ་ཐམས་ཅད་ཀྱང་གཞོན་ཚུལ་ལང་ཚོ་རྒྱས་པ་ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཁ་ཊཱཾ་ཀ་འཛིན་པ། ཆོས་ཉིད་སྟོང་པ་ཉིད་མཚོན་པའི་སྐུ་གཅེར་བུ་བདེ་བའི་གར་སྟབས་ཀྱིས་རོལ་བ་སྟེ། ཕྱོགས་བཞི་པདྨ་འདབ་བཞིའི་སྟེང༔ སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས། གཉིས་པ་ཁྲོ་བོ་བཞི་བསྐྱེད་པ་ནི། དེའི་ཕྱི་རོལ་གྱི་རྩིབས་བཞི་ལ་པད་ཉི་རོའི་གདན་རེ་རེའི་སྟེང་དུ་ཤར་དུ་ཧཱུྃ། ལྷོར་ཡ། ནུབ་ཏུ་ཧྲཱིཿ བྱང་དུ་ཀྵ་སྟེ་ཡི་གེ་བཞི་ལས་རིམ་བཞིན་ཐུགས་ཀྱི་སྤྲུལ་པ་གསང་བདག་ཕྱག་ན་རྡོ་

p. 335

རྗེ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐུའི་སྤྲུལ་པ་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་སེར་ནག་ཐོད་དབྱུག་དང་འཁོར་ལོ་འཛིན་པ། གསུང་གི་སྤྲུལ་པ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་ནག་བེ་ཅོན་དང་ཞགས་པ་འཛིན་པ། འཕྲིན་ལས་ཀྱི་སྤྲུལ་བ་ཡཀྴ་མེ་དབལ་སྐུ་མདོག་སྨུག་ནག་ཐོ་བ་དང་ལྕགས་ཀྱུ་འཛིན་པ། དེ་ཐམས་ཅད་ཀྱང་ཁྲོ་གཏུམ་རྔམ་བརྗིད་འབར་བའི་སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་རྣམ་པ་ཐ་དད་ཀྱང་ངོ་བོ་ཁྲག་འཐུང་དབང་དྲག་པདྨ་དྲག་པོར་འདུས་པའི་བདག་ཉིད་ཅན་གཙོ་འཁོར་དེ་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་བདག་ཉིད་ༀ་ཡིག་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་བདག་ཉིད་ཨཱཿཡིག་དམར་པོ། སྙིང་གར་ཐུགས་རྡོ་རྗེའི་བདག་ཉིད་ཧཱུྃ་ཡིག་མཐིང་གས་མཚན་པ་སྟེ་རྡོ་རྗེ་གསུམ་གྱི་ལྷའི་ངོ་བོ་རྫོགས་པའོ། །དེ་ཡི་ཕྱི་རོལ་རྩིབས་བཞི་ལ༔ སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ། དེའི་དགོས་པ་ནི། བྱིས་པ་མའི་མངལ་དུ་སྐྱེ་བ་གྲུབ་ནས་རིམ་གྱིས་ནར་སོན་ཏེ་འཇིག་རྟེན་གྱི་ལས་ཐབས་རྣམས་དོན་དུ་གཉེར་ཞིང་སྒྲུབ་པ་དང་བུ་ཚ་འཁོར་འདབ་རྒྱས་པ་སོགས་ཀྱི་བག་ཆགས་སྦྱོང་། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་འདུ་འབྲལ་མེད་པའི་ཡེ་ཤེས་ཆེན་པོས་གདུལ་བྱའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་རིགས་ཀྱི་ནུས་པ་གསོས་འདེབས། ལུས་ངག་ཡིད་གསུམ་ལྷའི་རྡོ་རྗེ་གསུམ་དུ་གྲུབ་པའི་རང་རྟགས་རྟོགས་པའི་ཉམས་མྱོང་གོང་འཕེལ་གྱི་གཞི་འདིང་བ་ཡིན་ནོ། །ལྷ་དེ་དག་ཀྱང་ལྡེར་སྐུ་ལྟ་བུ་གདོས་བཅས་ཀྱི་རྣམ་པ་ཅན་དང་བྲིས་སྐུ་ལྟ་བུ་ལེབ་ཆགས་ཀྱི་རྣམ་པ་ཅན་མ་ཡིན་པ། མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྣང་ལ་རང་བཞིན་མ་གྲུབ་པའི་བདག་ཉིད་ཅན་དུ་བསྒོམ་སྟེ། ལམ་རིམ་ལས། ལྷ་ཡི་སྐུ་ནི་གསལ་བསྒོམ་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །ཞེས་སོ། །ལྷ་དེ་དག་ཀྱང་གཞན་ནས་བཙལ་དུ་མེད་དེ་རང་གི་ཕུང་ཁམས་སྐྱེ་མཆེད་ཡེ་ནས་ལྷའི་ངོ་བོར་གྲུབ་པ་སྟེ། གསང་སྙིང་ལས། རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་

p. 336

རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་སོ། །གཉིས་པ་དབང་བསྐུར་བ་ནི། དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་རང་བཞིན་གྱིས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་སྤྱི་བོའི་གནས་ལྔར་འཁྱིལ་བ་ལས་རང་རིགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་པ་སྟེ། སྤྱི་བོར་དཔའ་བོ་སོགས་རྐང་པ་གཉིས། གསུམ་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་ཡེ་ཤེས་ཀྱི་རྣམ་རོལ་མདུན་མཁར་སྤྲིན་ཕུང་གཏིབས་པ་བཞིན་སྤྱན་དྲང་བ་ཡིན་མོད། གནས་སྐབས་དམིགས་པ་རྣམ་པ་གསལ་བའི་དབང་དུ་ན། ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འཁོར་ཚོགས་རྒྱ་མཚོའི་དབུས་ན་བཞུགས་པའི་ཐུགས་དམ་བསྐུལ་ནས་ཡེ་ཤེས་ཀྱི་རོལ་པ་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་པར་བསམ་པ་སྟེ། རང་གི་ཐུགས་ཀའི་སོགས་དང་སྔོན་གྱི་བསྐལ་པའི་སོགས། བཞུགས་སུ་གསོལ་བ་ནི། མཁའ་རླུང་གི་ཆུ་ས་ལ་བརྟེན་པའི་ཁྲག་ཞག་གི་རྒྱ་མཚོའི་དབུས་ཀེཾ་རུས་བརྩེགས་པའི་རི་རབ་ཀྱི་སྟེང་དུ་དུར་ཁྲོད་རྔམ་བརྗིད་རོལ་པའི་གཞལ་ཡས་ཁང་ཆེན་པོ་འདིར་དྲེགས་པ་པདྨ་ཉི་ཟླའི་སྟེང་དུ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ་བ་སྟེ། དུར་ཁྲོད་གནས་མཆོག་སོགས། བཞི་པ་ཕྱག་འཚལ་བ་ནི། གཙོ་བོའི་ཐུགས་ཀ་ནས་རང་ཉིད་གཙོ་བོ་གཉིས་པའི་རྣམ་པས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ་ཕྱག་དང་མཆོད་པའི་ལས་རིམ་ལ་འཇུག་པར་མོས་ཤིང་། ཆོས་སྐུ་སྐྱེ་བ་སོགས། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་ཀུན་རྫོབ་མཚན་མ་བརྡའི་ཕྱག་དང་། ལྷ་དང་བདག་བཟང་ངན་མེད་པར་རྟོགས་པས་འཕྲུལ་དགའི་ཚུལ་དུ་ཕྱག་བྱ་བ་དོན་དམ་ལྟ་བ་མཇལ་བའི་ཕྱག་སྟེ། ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །ལྔ་པ་མཆོད་པ་ནི། ཆེ་མཆོག་པདྨ་

p. 337

ཐོད་ཕྲེང་རྩལ༔ སོགས་མེ་ཏོག་དབུ། བདུག་སྤོས་ཤངས། མར་མེ་སྤྱན། དྲི་ཆབ་ཐུགས་ཀ ཞལ་ཟས་ལྗགས། རོལ་མོ་སྙན་ལ་འབུལ་བས་མཚོན་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤྲོ་བ། ནང་མཆོད་དབང་པོའི་མེ་ཏོག་སོགས་ནང་གི་འདོད་ཡོན་ལྔ་དཀྱིལ་འཁོར་གྱི་ལྷའི་དབང་པོའི་ཡུལ་དུ་དགྱེས་དགུའི་དམ་ཚིག་ཆེན་པོར་སྤྲོ་བ། ལྷ་ཐམས་ཅད་རང་འོད་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བས་ཤེས་རབ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐབས་མཆོག་བདེ་ཆེན་ཟུང་དུ་འཇུག་པས་དགའ་བཞི་བདེ་བ་ཆེན་པོའི་རོས་ཚིམ་པར་སྤྲོ་བ། དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང་དུ་སྦྱར་བའི་བདུད་རྩིའི་ཟེགས་མས་ལྷ་ཚོགས་རྣམས་དགྱེས་པའི་སྤྲིན་དུ་སྤྲོ་བ། སྣོད་པདྨ་འབར་བའི་དབྱིངས་སུ་ཉོན་མོངས་པ་འདོད་ཆགས་རྣམ་དག་པདྨ་རཀྟའི་རྒྱ་མཚོ་འདོད་ཡོན་གྱི་རླབས་འཕྲེང་འཁྲུག་པར་སྤྲོ་བ། གཏོར་སྣོད་བདེ་བ་ཆེན་པོའི་ཞིང་ཁམས་སུ་གཏོར་མ་ཡེ་ཤེས་ཀྱི་རྣམ་རོལ་འདོད་ཡོན་ཅིར་ཡང་འཆར་བའི་ཟག་མེད་ལོངས་སྤྱོད་བདུད་རྩིའི་དབྱིངས་སུ་སྤྲོ་བ། མཆོད་པ་དེ་ཐམས་ཅད་ཀྱང་སྤྲོས་བྲལ་ཀ་དག་འཁོར་གསུམ་མི་དམིགས་བརྗོད་བྲལ་བདེ་བ་ཆེན་པོ་མཉམ་ཡངས་ཁྱབ་བརྡལ་ཆེན་པོར་ལ་བཟླ་བར་སྤྲོ་བའོ། །དྲུག་པ་བསྟོད་པ་བྱ་བ་ནི། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར༔ སོགས་སྔར་ལྷ་བསྐྱེད་ཀྱི་སྐབས་སུ་བཤད་པའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་པའི་ཕན་ཡོན་ཡང་། ཇི་སྐད་དུ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །བདུན་པ་འཛབ་ལ། རིག་འཛིན་བསྐུལ་བ་དང་། འཛབ་དངོས། ཡང་གསང་དྲིལ་སྒྲུབ་དང་གསུམ། དང་པོ་ནི། རྩ་རྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་བདག་ཅག་སྒྲུབ་པ་པོ་ལ་དབང་དང་བྱིན་རླབས་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་སྩོལ་ཅིག་པ་སྟེ། བདེ་ཆེན་ཆོས་དབྱིངས་ཕོ་བྲང་ནས༔ སོགས། གཉིས་པ་ནི། བདག་ཉིད་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཐུགས་ཀའི་ས་བོན་ཧཱུྃ་ཡིག་དམར་པོ་སྤུས་བྲིས་པ་ཙམ་གྱི་མཐར་སྔགས་ཕྲེང་དམར་པོ་ཤིན་ཏུ་ཕྲ་བ་འོད་ཟེར་ཁ་དོག་ལྔར་འབར་ཞིང་འཕྲོ་

p. 338

བ་དེ་ལས་སྔགས་སྒྲ་སྒྲོག་བཞིན་པའི་འོད་ཟེར་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་མཆོད། མཐུ་དབང་བྱིན་རླབས་དངོས་གྲུབ་ཀྱི་རྣམ་པས་བསྡུས། སེམས་ཅན་གྱི་ལས་སྒྲིབ་སྦྱངས། བདེ་ཆེན་གྱི་ཞིང་དུ་བསྒྲལ་བ་སོགས་འཕྲིན་ལས་དཔག་མེད་བསྒྲུབས་ནས་བརྟན་གཡོའི་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ལ་ཁ་བ་བབས་པ་བཞིན་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། དེ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་སྣང་བརྙན་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས་གྲག་སྟོང་གཞོམ་མེད་ཀྱི་སྔགས་སྒྲ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་དིར་དིར་སྒྲོག་པའི་དམིགས་པ་དང་མ་བྲལ་བའི་ངང་ནས་ཨརྩིག་ནིརྩི་ཁོ་ན་བཟླས་པས་མཚན་མ་ཐོབ་པའོ། །མ་མཐའ་ཡང་འབུམ་ཕྲག་གསུམ་གྱི་གྲངས་རྫོགས་རྗེས་དམིགས་པ་གཞན་སྔར་བཞིན་ལས། སྔགས་ཀྱི་འོད་ཟེར་སྤྲོ་བསྡུའི་སྐབས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས་པའི་རྗེས་སུ་སླར་ཡང་སྔགས་ཀྱི་འོད་ཟེར་མེའི་ཕྲེང་བ་ཚ་ཞིང་རྩུབ་པ་དྲག་ཅིང་མྱུར་བ་གནམ་ལྕགས་ཀྱི་ཚྭ་ཚྭ་ལྟ་བུ་འུར་སྒྲ་དྲག་པོ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་དྲེག་པ་ཅན་ཐམས་ཅད་རྩྭ་སྦུར་མེས་བསྲེག་པ་བཞིན་སྦྱངས་པའི་དྭངས་མ། ཨ། ཡ། མ། དུ༑ རུ། ཙ། ཤ ན། ཞེས་པའི་ཡིག་འབྲུ་བརྒྱད་པོའི་རྣམ་པར་དབང་མེད་དུ་བཀུག་ནས་ཧཱུྃ་གི་ཨཱུ་ལ་བསྟིམ་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཏུ་གྱུར་པར་བསམ་ལ་སྔགས་འབྲུ་བཅུ་གསུམ་པ་རྟགས་མཐོང་གི་བར་དུ་སྔར་གྱི་རྩ་སྔགས་ལ་སྦྲེལ་ནས་བཟླ་ཞིང་གྲངས་ནི་ཉུང་མཐའ་ཁྲི་ཚོ་གཉིས་མེད་ཐབས་མེད། དེའི་རྗེས་སུ་བསྡུ་བའི་སྐབས་ཡིག་འབྲུའི་རྣམ་པར་བསྡུ་བ་ཙམ་མ་གཏོགས་གཞན་སྔར་གྱི་དམིགས་པ་དེ་ལྟ་བུས་སྤུ་གྲི་ཆིག་ཤུར་རྟགས་མཐོང་གི་བར་བཟླ་བའམ་མ་མཐའ་ཡང་ཁྲི་ཚོ་གཅིག་བཟླའོ། །འཁོར་སྔགས་ཀྱི་ཚེ་ནི། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པ་ལྷ་གང་ཡིན་དེ་ལ་ཕོག་པས་དེ་ཉིད་ཀྱི་ཐུགས་རྒྱུད་བསྐུལ་བས། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་

p. 339

ནས་སྔར་གཙོ་བོའི་སྐབས་བཞིན་དོན་གཉིས་བྱས། དྭངས་མའི་འོད་ཟེར་བདག་ལ་ཐིམ་པར་བསམ་ཞིང་། ཆ་བགོས་ནས་བཟླ་སྟེ། དེ་ཡང་ཐུན་གཅིག་ལ་གཙོ་བོ་ལ་སྟོང་ཕྲག་གཅིག་སོང་ན། འཁོར་རྣམས་ལ་སོ་སོའི་སྔགས་རྣམས་བརྒྱ་རྩ་རེ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་འཁོར་རྣམས་ལ་ཁྲི་ཚོ་གཅིག་གི་གྲངས་ཚང་བར་བྱའོ། །ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ སོགས། གསུམ་པ་ཡང་གསང་དྲིལ་སྒྲུབ་ནི། བདག་སྔར་བཞིན་གཙོ་བོའི་གསལ་སྣང་དང་ང་རྒྱལ་མ་བྲལ་བ་ཉིད་ལས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཧཱུྃ་ཡིག་དམར་པོ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པར་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་ལྟར་ཞལ་གྱི་སྒོ་ནས་ཐོགས་པ་མེད་པར་ཐལ་གྱིས་ཐོན་པའི་འོད་ཟེར་གྱིས་མ་དག་པའི་དངོས་སྣང་བདེན་འཛིན་ཐམས་ཅད་སྦྱངས་ནས་འོད་གསལ་བར་བྱས་སྣང་སྲིད་ཐམས་ཅད་ཧཱུྃ་ཡིག་དམར་པོ་རང་སྒྲ་སྒྲོག་པས་མེར་མེར་གང་བར་བསམ་ལ་ཧཱུྃ་སུམ་སྦྲེལ་ཆ་གཅིག་གསུམ་དུ་བྱས་པའི་ཆ་གཅིག་བཟླའོ། །དེ་ནས་ཕྱི་རོལ་གྱི་ཧཱུྃ་རྣམས་རང་སྒྲ་སྒྲོག་བཞིན་པར་རང་གི་མགྲིན་པ་ནས་ཞུགས། ཐུགས་ཀའི་ཧཱུྃ་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ལས་གཞན་དུ་མ་གྱུར་པའི་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བསམ་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་སུམ་ཆ་གཅིག་ཏུ་བཟླའོ། །དེ་ནས་སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པར་ཕྱིར་ཐོན་པའི་འོད་ཟེར་གྱིས་ནད་གདོན་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་ཏེ་དག་པར་བསམ་ལ་ཧཱུྃ་སུམ་སྦྲེལ་བཟླ། རྒྱས་པའི་ཚེ། ཧཱུྃ་འོད་གསེར་གྱི་ཁ་དོག་ལྟ་བུའི་སྤྲོ་བསྡུས་ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ་ཞིང་ཧཱུྃ་བཟླ། དབང་གི་ཚེ། ཧཱུྃ་འོད་དམར་པོ་ལྕགས་ཀྱུ་ལྟ་བུའི་སྤྲོ་བསྡུས་ཁམས་གསུམ་ཐམས་ཅད་དབང་དུ་བྱས་པར་བསམ་ཞིང་ཧཱུྃ་བཟླ། དྲག་པོའི་ཚེ། ཧཱུྃ་འོད་ནག་པོ་ཚ་ཞིང་རྩུབ་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ་ནས་ཧཱུྃ་བཟླ། འདི་འཕྲིན་ལས་བཞི་པོ་གང་འདོད་ཁོལ་བུར་ཤེས་པའི་ཕྱིར་བྱས་ཀྱི། བཞི་ཀ་ཕྲུགས་གཅིག་ཏུ་བྱེད་ན་ནི་ཧཱུྃ་ཁ་དོག་བཞི་ཀ་སྤྲོས་

p. 340

འཕྲིན་ལས་བཞི་སྒྲུབ་པར་བསམ་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་སུམ་ཆ་གཅིག་ཏུ་བཟླའོ། །ཐུན་རེ་ལ་ཡང་ཧཱུྃ་དམིགས་སུམ་སྐོར་ཚང་བར་བྱའོ། །བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ སོགས། བཟླས་པའི་སྐྱོན་སྤངས་ལུགས་ཀྱང་། རྔམ་ལོག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པ་མ་ཡིན་བུལ་བ་མིན། །དྲག་པོར་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླ ལ་སོགས་བར་དུ་ཆོད་པས་མིན། །ཞེས་སོ། །གང་ལྟར་ཡང་དམིགས་པའི་འཕྲོ་འདུ་གསལ་བ་གལ་ཆེ་སྟེ། འདི་གའི་གཏེར་གཞུང་ལས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན་གྱི་དང་པོ་ཚོགས་མཆོད་ནི། དམ་རྫས་སུ་འོས་པའི་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ་བདུད་རྩིས་བསང་གཏོར་བྱས་ནས། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ཚོགས་རྫས་ཀྱི་མ་དག་པའི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་རྫས་ཤ་ལྔ་དང་བདུད་རྩི་ལྔ་རིག་ལྔ་ཡེ་ཤེས་ལྔའི་དམ་ཚིག་གི་རྫས་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་མོས་ཏེ་བྱིན་གྱིས་བརླབས་པ་སྟེ། ཐུགས་ལས་རཾ་ཡཾ་ཁཾ་སོགས། མདུན་མཁར་ཚོགས་ཞིང་སྤྲིན་ཕུང་གཏིབས་པ་ལྟ་བུར་སྤྱན་དྲངས་ཏེ། དཀྱིལ་འཁོར་དང་གཉིས་མེད་དུ་བསྲེ་བ་སྟེ། ཨོ་རྒྱན་ཡུལ་དང་སོགས། དེ་ལྟར་སྤྱན་དྲངས་ནས་ཚོགས་ཕུད་ཆ་གསུམ་གྱི་དང་པོ་མཆོད་པ་ནི། ཚོགས་ཕུད་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་རྣམ་པ་ལྔར་འཆར་བས་དཀྱིལ་འཁོར་གྱི་ལྷ་ཚོགས་དགྱེས་ཤིང་ཚིམ་པས་ཐུགས་དམ་གྱི་རྒྱུད་ཡོངས་སུ་བསྐངས་ཏེ་དབང་དང་དངོས་གྲུབ་ཐོབ་པར་མོས་ལ། གཟུགས་སྒྲ་དྲི་རོ་སོགས། བར་པ་བཤགས་པ་ནི། ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་གི་ཉེས་པ་ཐམས་ཅད་བྱང་ཞིང་དག་པར་མོས་ཏེ་གནོང་འགྱོད་སྡོམ་སེམས་ཀྱི་བསམ་པ་དྲག་པོས། ཐོག་མེད་དུས་ནས་སོགས། ཐ་མ་བསྒྲལ་སྟོབ་ནི། དགྲ་

p. 341

བགེགས་ཀྱི་ལིངྒ་སྐྱེ་མཆེད་དོད་པར་བཅས་པའམ་མེད་ན་ཚོགས་ཟན་ཟུར་དུ་བཅད་པའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ནས། ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ཉི་ཟེར་གྱི་རྡུལ་ཕྲན་བཞིན་འཕྲོས་པས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་རང་དབང་མེད་པར་འགུགས་པའི་བདེན་སྟོབས་ཀྱིས་བཀུག་སྟེ་མདུན་གྱི་གཟུགས་ཀྱི་ལིངྒ་དང་དབྱེར་མེད་དུ་བྱས་པ་ལ། ལག་སོར་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་མཚམས་ནས་སྐྱེས་པའི་སྲས་མཆོག་གི་ཕུར་བུས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས། ཆེ་མཆོག་པདྨ་སོགས། མཚོན་ཆས་དུམ་བུར་གཏུབས་ནས་རྡུལ་ཕྲན་བཞིན་དུ་བཅོམ་པའི་ཤ་ཁྲག་རུས་པ་ཟག་མེད་བདུད་རྩིར་སྦར་ཏེ་མཆོད་པར་སྟོབ་པས་དགྱེས་པའི་རྐན་སྒྲ་དང་བཅས་གསོལ་བར་དམིགས་ལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་སོགས། ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོར་འདུས་པའི་གཙོ་བོ་ལ་ཕྱག་སྔོན་དུ་འགྲོ་བས་བརྡའ་དང་བརྡའི་འབུལ་ལེན་གྱིས་སྟོབ་རྗེས་ཚོགས་པ་ཐམས་ཅད་ལ་ཁྱབ་པར་བྲིམས་ཤིང་། བཟའ་བཏུང་རྣམས་རྡོ་རྗེའི་དམ་ཚིག་ཆེན་པོར་རོལ་བའི་ཚེ་ལུས་ཀྱི་རྩ་ཁམས་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་སུ་དག་པ་རྣམས་ནང་གི་བསྲེགས་བླུགས་ཀྱིས་མཉེས་པར་བསམ་སྟེ། མཐར་དགེ་བའི་རྩ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བླ་ན་མེད་པའི་རྒྱུར་བསྔོ་བ་ཚིག་རིགས་མཐུན་གྱི་ཆོ་ག་གཞན་ནས་ཁ་འགང་ངོ་༑ ༑ལྷག་མཆོད་ནི། ལྷག་མ་བསྡུས་པའི་དམེ་གཏོར་ཆ་གསུམ་པའི་གཙང་ལྷག་དང་བཅས་པར་ༀ་ཨཱཿཧཱུྃ་སོགས་ཀྱི་ཁ་ཕྲུས་བཏབ་སྟེ། དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་དང་དེའི་བཀའ་འཁོར་ན་གནས་པའི་ལྷག་སྡུད་ཀྱི་མ་མོ་དང་མཁའ་འགྲོ་གིང་ལང་ཕོ་ཉ་སྤྲུལ་པར་བཅས་པ་ཐམས་ཅད་ལ་བསྔོ་བས་ཚིམ་སྟེ་རྣམ་བཞིའི་ལས་ཐོགས་མེད་དུ་བྱེད་པར་མོས་ཤིང་། སྔོན་ཚེ་ཞལ་བཞེས་སོགས་སྒྲུབ་ཁང་གི་ཕྱིར་གོམ་པ་བདུན་ཅུའི་སར་སྐྱེལ་ལོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། དབང་དྲག་པདྨ་དྲག་པོའི་ལྷ་ཚོགས་རྣམས་སྔོན་གྱི་ཐུགས་དམ་ཆེན་པོ་ལས་བཞེངས་ཏེ་དྲག་པོ་མངོན་སྤྱོད་ཀྱི་འཕྲིན་ལས་མཛད་པའི་དུས་ལ་

p. 342

བབས་ཏེ། དེ་ཅིའི་ཕྱིར་ཞེ་ན། སྙིགས་མ་ལྔ་བདོ་དུས་ཀྱི་ཐ་མ་འདིར། དགྲ་བགེགས་གདུག་པ་ཅན་འབྱུང་པོ་མ་རུངས་པས་རྒྱུད་བརླན་པ་སྤྱི་དང་། བྱེ་བྲག་བོད་ཁམས་ཕུང་བྱེད་ཀྱི་དམ་སྲི་སྤུན་དགུ་སྡེ་དང་བཅས་པ་རྣམས་རྫུ་འཕྲུལ་མཐུ་དང་ནུས་པའི་གཟི་བྱིན་གྱིས་ཚར་ཆོད་ལ་ཚེ་གཅིག་ལ་འཚང་རྒྱ་བའི་ཉེ་ལམ་ཡང་དག་པའི་བདེ་ཆེན་གྱི་ཡེ་ཤེས་རྒྱས་པའི་འཕྲིན་ལས་མཛོད་ཅིག་པ་སྟེ། བཞེངས་ཤིག་བཞེངས་ཤིག་སོགས། གསུམ་པ་ཆད་ཐོ་བསྒྲག་པ་ནི། གཏེར་བསྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱི་ཕྱིར་སྣུར་དུ་བཞག སྨན་དང་རཀྟ་བྲན། འབྲུ་གསུམ་གྱི་བྱིན་རླབས་བྱས་ལ། སྤྱི་དང་བྱེ་བྲག་གི་བསྲུང་མ་དམ་ཚིག་ལ་གནས་པ་ཐམས་ཅད་མཆོད་གཏོར་གྱིས་མཉེས་པར་བྱས་ཏེ༑ སྔོན་གྱི་ཐུགས་དམ་རྗེས་སུ་བསྐུལ་བས་ཐ་ཚིག་གཉན་པོ་ལས་ནམ་ཡང་མི་འདའ་བར་གདོང་གྲོགས་དང་དཔུང་གཉེན་བྱེད་པར་བསམ་ཞིང་། སྔོན་ཚེ་བསྐལ་པའི་སོགས། བཞི་པ་ཟོར་དུ་འཕང་བ་ནི། ལས་རིམ་རྒྱས་པའི་ཕྱོགས་ལ་ཟོར་ལས་གཞན་དུ་བཤད་པ་ལྟར་བྱ་ཞིང་། དཀྱུས་ཀྱི་ཆོ་ག་ལ་ཆད་ཐོའི་གཏོར་མ་དེ་ཉིད་མཐར་ཟོར་དུ་བསྐུལ་བ་ནི། སྤྲུལ་པའི་དམག་དཔུང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པས་གདུག་པ་ཅན་ཐམས་ཅད་རྗེས་མེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བཅོམ་པར་བསམ་ཞིང་། ང་ནི་ཆེ་མཆོག་སོགས། ལྔ་པ་བསྟན་མ་བསྐྱང་བ་ནི། གཏོར་གཞོང་བཤལ་བའི་ཆུས་གཏོར་མར་བྲན་པ་བྱིན་གྱིས་བརླབས་ལ་མ་རྟོགས་རྟེན་འབྲེལ་བཅུ་གཉིས་བདེན་དོན་བཅུ་གཉིས་སུ་དག་པའི་རང་གདངས་བདུད་མོ་བཞི། གནོད་སྦྱིན་བཞི། སྨན་བཙུན་མ་བཞི་སྟེ་བསྟན་མ་བཅུ་གཉིས་བྲན་གཡོག་འབུམ་ཕྲག་དུ་མའི་ཚོགས་དང་བཅས་པ་ཐམས་ཅད་སྨན་རཀ་གཏོར་མ་འདོད་ཡོན་བདུད་རྩིའི་སྤྲིན་གྱིས་མཉེས་ཤིང་ཚིམ་པར་བསམ་སྟེ། སློབ་དཔོན་པདྨ་སོགས། དྲུག་པ་བྲོ་བརྡུང་བ་ནི༑ གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་ལོག་འདྲེན་ཐམས་ཅད་དབང་མེད་དུ་བཀུག་སྟེ་གཟིར་ཞིང་ལུས་ངག་ཡིད་གསུམ་གྱི་སྟོབས་ནུས་མ་ལུས་པ་བཅོམ་ཞིང་འཕྲིན་ལས་བཞིའི་རོལ་བ་མ་འགགས་པར་ཅིར་ཡང་བསྒྱུར་བར་མོས་ཏེ། ང་ནི་འཇིགས་

p. 343

བྱེད་སོགས། ས་བཅད་བདུན་པའི་ཁོངས་ནས་བསྟན་པའི་ལས་རིམ་ལ་ལྔ་ལས། དང་པོ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་ལྷར་གསལ་བའི་གནས་གསུམ་ལས་མཆོག་ཐུན་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པས་རང་གི་ལུས་ངག་ཡིད་གསུམ་ལ་ཞུགས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་གུ་རུ་དྲག་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་པ་སྟེ། བདེ་གཤེགས་ཀུན་འདུས་སོགས། གཉིས་པ་བཟོད་པར་གསོལ་བ་ནི། མ་རྙེད་ཡོངས་སུ་མ་ཚང་དང༔ སོགས། གསུམ་པ་གཤེགས་སུ་གསོལ་བ་ནི། དབང་དོན་གྱི་དཀྱིལ་འཁོར་སོགས་དང་འབྲེལ་ན་དེའི་ཡེ་ཤེས་པ་རྣམས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ སོགས་ཀྱིས་གཤེགས་གསོལ་བྱ་ཞིང་། སྤྲུལ་པ་བསྡུས་པ་ནི། ཆོས་ཉིད་སྐྱེ་བ་མེད་པ་ལས༔ སོགས། རྟག་ཆད་ཀྱི་མཐའ་བསལ་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རང་གི་སྙིང་གར་བསྡུས་ཏེ་སྤྲོས་བྲལ་སྟོང་ཉིད་དམིགས་པ་མེད་པའི་ངང་ལ་མཉམ་པར་བཞག སླར་ཡང་དྲན་རིག་མ་ཧཱ་གུ་རུའི་སྐུར་ལངས་ཏེ་སྤྱོད་ལམ་བསྐྱང་ངོ་། །བཞི་པ་སྨོན་ལམ་གདབ་པ་ནི། དེ་ལྟར་སྒྲུབ་པའི་དགེ་ཚོགས་ཀྱི་ཆུ་ཀླུང་མ་འགགས་སྒྱུ་མའི་རོལ་རྩལ་དུ་སྣང་བ་དེ་དག་ཐམས་ཅད་བྱང་ཆེན་གྱི་རྒྱ་མཚོ་ཆེན་པོར་གཅིག་ཏུ་གཞོལ་བས་བདག་གཞན་སེམས་ཅན་ཐམས་ཅད་ཁྲག་འཐུང་པདྨ་དྲག་པོའི་གོ་འཕང་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པས། དགེ་འདིའི་མཐའ་ཡས་སོགས། ལྔ་པ་ཤིས་བརྗོད་ནི། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྟེ། ༀ་བྱིན་རླབས་མཆོག་སྩོལ་སོགས་སོ། །བཞི་པ་ཞར་བྱུང་ཆོ་གའི་རིམ་པ་གཞན་བཤད་པ་ནི། དྲག་པོའི་ལས་སྦྱོར་མནན་བསྲེག་འཕང་གསུམ་བྱ་ཚུལ་ལ། བསྲུང་བའི་མཐའ་སྡུད་མནན་པ། བསད་པའི་མཐའ་སྡུད་སྲེག་པ༑ བཟློག་པའི་མཐའ་སྡུད་ཟོར་གྱི་མན་ངག་དང་གསུམ། དང་པོ་ནི། མན་ངག་གི་ངེས་པ་བཞིན་ཆས་རྣམས་འཛོམས་པར་བསགས་ལ། འཕྲིན་ལས་ཀྱི་གཞུང་བསྲང་བ་དང་བསྟུན།

p. 344

མདུན་གྱི་ཟོར་གཏོར་ཡང་ལྷར་བསྐྱེད་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་དྲག་པོའི་ལས་ལ་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས་གསེར་སྐྱེམས་འབུལ་ཞིང་གཟུ་དཔང་གསོལ། མདུན་གྱི་བྲུབ་ཁུང་དྲག་པོའི་ཨེ་གསང་འཇིགས་རུང་བཟོད་པར་དཀའ་བའི་གཏིང་དུ་ཏྲི་ལས་དམིགས་པའི་དམ་སྲི་རིད་ཅིང་ཉམ་ཐག་པའི་གཟུགས་ཅན་དུ་བསམ་པས་མཚོན་དམིགས་བྱ་གང་ཡིན་དེར་གསལ་བཏབ་ལ། བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་མེད་སྤྲོས་ཏེ། དམ་སྲི་འབྱུང་པོ་སྡེ་དང་བཅས་པ་ཐམས་ཅད་རླུང་དམར་གྱི་དཀྱིལ་འཁོར་ལ་བསྐྱོན་ཏེ་རང་དབང་མེད་པར་འགུག་ཅིང་སྡོམ་མྱོས་ཀྱི་ལས་ཀྱིས་ལིངྒ་ལ་ཐིམ་པར་དམིགས་ཏེ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས་དགུག་གཞུག་ནན་ཏན་དང་མཐར་སྲོག་ཡིད་གཟུགས་གསུམ་འགུག་པའི་སྔགས་རྣམས་ཅི་ནུས་བཟླས་པས་ཡིད་ཆེས་པར་དགུག དེ་ལ་སྲོག་ནི། འཁོར་འདས་ཐམས་ཅད་ཀྱི་སྲོག་གམ་སྙིང་དང་སྙིང་པོ་ལྟ་བུར་ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ནི་དོན་དམ་པའི་སྲོག་སྟེ། རྒྱལ་བ་ཞི་ཁྲོ་ནས་འཇག་མའི་སྲིན་བུའི་བར་རང་བཞིན་བཟང་ངན་མེད་པར་ཀུན་ཁྱབ་ཏུ་བཞུགས་པའོ། །དཔེར་ན་འབྱུང་བ་ནམ་མཁས་ས་ཆུ་མེ་རླུང་གིས་བསྡུས་པའི་ཁམས་ཐམས་ཅད་ལ་ཁྱབ་པ་བཞིན་ནོ། །དེ་ལས་སྐབས་འདིའི་འགུག་བྱའི་སྲོག་ནི། དབྱིག་གཉེན་གྱིས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པས་སྲོག་གི་དབང་པོའམ་ཚེ་ཞེས་སམ་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་དང་རྒྱུར་གྱུར་པའི་རླུང་གི་ཁམས་དྭངས་པ་སྟེ། དེ་ཡང་ཁམས་འོག་མ་གཉིས་ན་དྲོད་དང་རྣམ་ཤེས་གཉིས་ཀའི་རྟེན་བྱེད་ལ་གཟུགས་མེད་ན་རྣམ་ཤེས་ཀྱི་རྟེན་ཙམ་བྱེད་དོ། །དེ་ལྟར་ཡང་། འཇམ་དཔལ་འཁོར་ལོ་གསང་རྒྱུད་ལས། ཚེ་ཞེས་བྱ་བའི་དོན་འདི་ཡང་། །ཆོས་ཉིད་སྤྲོས་པ་མེད་པ་ལས། །ཀུན་ཏུ་མི་འགྱུར་ནམ་མཁའ་འདྲ། །སྐྱོན་མེད་དུས་ཀྱིས་བཤིག་ཏུ་མེད། །འགྲོ་ཀུན་འཁྲུལ་པའི་ངོ་གང་ལ། །བག་ཆགས་ངན་པས་བསླུས་པ་ཡིས། །ཚེ་ལ་བར་གཅོད་འོང་བར་གསུངས། །དེ་ཕྱིར་ཚེ་ཡི་སྒྲུབ་པ་གསུངས། །ཞེས་སོ། །སྲོག་

p. 345

དང་ཚེ་གཉིས་ལྡོག་ཆས་ཕྱེ་ན། འབྱུང་བ་ལྔའི་རླུང་ནི་སྲོག་དང་དེས་ལུས་ཆགས་གནས་འཇིག་གསུམ་བྱེད་པའི་དུས་ཀྱི་ཆ་ནི་ཚེ་ཡིན་ནོ། །དེ་ཇི་ལྟར་འགུག་ན། འོ་མ་བསྙལ་བའི་བྱ་བས་མངར་པོའི་ནུས་པ་སྐྱུར་གྱི་རང་བཞིན་དུ་སྨིན་པར་བྱེད་པ་ལྟར་རིག་སྔགས་ཀྱིས་དེའི་སྲོག་དམིགས་རྟེན་ལ་བཅིང་བའོ། །ཡིད་ནི། སྔ་མ་ལས། དྲུག་པོ་འགགས་མ་ཐག་པ་ཡི༑ ༑རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་པས་ཀུན་གཞིའི་རྣམ་ཤེས་སྒོ་ལྔའི་ལམ་ལས་གཟུགས་སོགས་དུ་མར་འཕྲོས་ཏེ་རིག་པའི་ཡུལ་ལ་བདག་གིར་བྱེད་པའི་ཤེས་པ་སྟེ། དེ་ཡང་དང་པོར་གྱུ་གྱུ་ཧྲིག་ཧྲིག་འཕྲོས་པ་ལས་བྱུང་བའི་རྟོག་དཔྱོད་ཀྱི་ཤེས་པ་རྒྱུན་ཆགས་སུ་འཇུག་པའོ། །དེ་ཇི་ལྟར་འགུག་ན་སྐྱེས་བུ་འདོད་ལྡན་གྱི་སེམས་ཡིད་དུ་འོང་བའི་ཆགས་ཡུལ་ལ་ཞེན་པས་བསྐྱོད་པ་ལྟར་རིག་སྔགས་ཀྱིས་དམིགས་པའི་རྟེན་ལ་བསྟིམ་པའོ། །གཟུགས་ནི་སྤྱིར་གཟུགས་ལ་དབྱེ་བ་མང་ཡང་སྐབས་འདིར་བཤད་བྱའི་གཟུགས་བླ་སྲོག་སྟེ༑ དེ་ཡང་གོང་གི་ཚེའི་དྭངས་མ་ལུས་ཀྱི་གནས་སོ་སོར་འདུས་པ་ལས་དེའི་ནུས་པའི་འཕྲུལ་གྱི་མི་དང་ཤ་བ་ལ་སོགས་པའི་བག་ཆགས་ཀྱི་ཡིད་གཟུགས་སྒྱུ་མའི་རོལ་མོར་ཤར་བའོ། །དེ་ཇི་ལྟར་འགུགས་ན་བླ་འཁྱམས་ཀྱི་དུས་སོ་སོར་གཟུགས་ཀྱི་རོལ་པ་དེ་དག་གི་གཉེན་པོའི་ཕོ་ཉ་བསྐུལ་ཏེ་རང་དབང་མེད་པར་འགུགས་པའོ། །དེ་ལ་དགོངས་ནས་གཏེར་ཁྱིམ་དུ། མཐུ་བྱེད་པ་ལ་བླ་འཁྱམས་ཕོ་ཉ་བསད་པའི་མན་ངག་ཤེས་དགོས༔ བླ་འཁྱམས་མི་རུ་རྫུ་བ་ལ་ཕོ་ཉ་གནོད་སྦྱིན་སྲིན་པོ་དགུག་རྦད་ལ་བསད༔ ཅེས་སོགས་དང་། བླ་འཁྱམས་པ་ལུག་རྫི་མེད་པའི་ལུག་བཞིན་འཁྱམས་པ་ལ་ཕོ་ཉ་ལྷ་མ་སྲིན་ལྕགས་ཀྱི་ལྕགས་མོ་འདྲ་བ་ལ་རྦད་ནས༔ བྲུབ་ཁུང་སྲིད་གསུམ་འཁོར་བའི་བཙོན་ཁང་དུ་བཅུག་ནས༔ ལིངྒ་རྣམ་ཤེས་ཚོགས་པའི་རྟེན་ལ་བཀུག་ནས་བླ་ཕུར་སྙིང་ཕུར་སྲོག་ཕུར་གསུམ་གྱིས་བཏབ་ནས་གཟུགས་ལ་ཡིད་ཆགས༔ ཡིད་ལ་བླ་འཁོར་བ་ཡིན་པས་བླ་ཡིད་གནས་ནས་མི་ཁུག་མི་སྲིད༔ ཅེས་གསུངས་པས་མཚོན་ནོ། །ཁུག་རྟགས་བྱུང་བ་དང་མི་འགྱུར་བའི་རྟགས་ཀྱིས་བཅིང་བ་ནི། ཕུར་པ་ཡང་གསང་སྲོག་གི་སྤུ་གྲི་ལས། གཟུགས་ཀྱང་མཐའ་ཅན་དང་མཐའ་

p. 346

མེད་གཉིས་སོ༔ མཐའ་ཅན་ནི་འགྱུར་ལ་མཐའ་མེད་ནི་མི་འགྱུར་རོ༔ ར་དང་རི་དྭགས་གཡག་མི་འགྱུར༔ དངོས་སུ་བྱུང་ན་གདབ་པར་བྱ༔ སེམས་ཅན་གཞན་ནི་འགྱུར་བའོ༔ མི་འགྱུར་བླ་གཟུགས་རྒྱུ་བ་ལ༔ ལྕགས་ཕུར་སྔགས་དང་མཐུན་པར་གདབ༔ ཅེས་བྱ་སྟེ། དེ་ཡང་གདབ་པའི་གནས་ལྔ་ཡོད་དོ༔ མགོ་དང་ཡན་ལག་ལྔ་རུ་བསྟན་ཀྱང༔ ལུས་དང་སེམས་སུ་འབྲེལ་བའི་སྙིང་ཁོ་ན་ལ་གདབ་སྟེ༔ ཞེས་སོགས་གསུངས་པས་མཚོན་ནོ། །སྐབས་འདིར་ལྷ་དང་དབྱེ་བ་ནི། བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་སྤྲོས། ཁོའི་ལྷ་སྲུང་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་བསྐྲད་པར་བསམ་ལ་མན་ངག་གི་ངེས་པ་དང་ལྡན་པས་དབྱེ། སྤྱི་ཙམ་དུ་བགེགས་ལ་ལྷ་དབྱེ་མི་དགོས་པར་བཞེད་ཀྱང་སྐབས་ཐོབ་ཤེས་པ་གལ་ཆེ། གང་ལྟར་ཡང་བདག་མདུན་གྱིས་ཐུགས་ཀའི་ཧཱུྃ་ལས་བྷྲུཾ་ཡིག་མཐིང་ནག་འཕྲོས་དམིགས་བྱའི་སྙིང་གི་སྒོར་ཞུགས། ཁོག་པར་སླེབས་པ་གནམ་ལྕགས་ཀྱི་འཁོར་ལོ་གཅོད་པའི་ངར་ལྡན་དུ་གྱུར་པ་དྲག་ཏུ་འཁོར་བས་ཤ་རུས་ནང་ཁྲོལ་ཐམས་ཅད་དམར་ཐོར་ཐོར་བཏང་ལས་བྱེད་ཀྱི་ཕོ་ཉ་རྣམས་དུར་ཁྲོད་ཀྱི་རོ་ལ་བྱ་རྒོད་ཀྱིས་རུབ་པ་ལྟར་ཧབ་དིར་དིར་ཟ་བར་བསམ་པས་མཚོན་གནད་ཀྱི་མན་ངག་བཞིན་བསད་སྔགས་ཤི་ས་ཨར་གཏད་སོགས་ཆིག་དྲིལ་དུ་བཟླས་མཐར། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་ཁར་གཟིར་བས་གཟུགས་བྱེ་མའི་མཁར་ཆུས་ཞིག་པ་བཞིན་བཅོམ་པར་བསམ་ལ་སྐམ་རློན་གྱི་ཐུན་གྱིས་བརྡེག དེ་རྗེས་ཐུན་གཏོར་འབུལ་བ་རྣམས་བྱ༑ བསད་རྟགས་མཐོང་བ་དང་། དམིགས་བྱའི་སྤྱི་མགྲིན་སྙིང་ཁར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་ལྕི་ཞིང་འཐས་པ་རེས་མནན་ཅིང་ཡན་ལག་དང་ཚིགས་བཞི་ཐམས་ཅད་མཚོན་ཆས་གཟིར་བས་ཉམ་ཐག་གཡོ་འགུལ་མི་ཤེས་པར་བསམས་ལ་མནན་སྔགས་དྲག་ཏུ་བཟླ་ཞིང་། ཐུན་གྱིས་འདེབས་པ་དང་ཐུན་གཏོར་འབུལ་བ་གོང་བཞིན་བྱ། རྟགས་མཐོང་བ་དང་མནན་ཆས་ཀྱི་མན་ངག་ལག་ལེན་

p. 347

བཞིན་བྱས་ལ་སྒོ་དབྱེ་སོགས་ལས་ཀྱི་སྦྱོར་བ་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་བྱའོ། །དེ་ལྟར་སྒྱུ་འཕྲུལ་རྩ་རྒྱུད་ལས། ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཞེས་སོ། །མནན་པ་བསྲུང་བའི་མཐའ་སྡུད་དུ་འཇོག་པའི་འཐད་པ་ཡང་། བསྲུང་བའི་ལས་ཀྱིས་བར་གཅོད་མི་མཐུན་པའི་ཕྱོགས་ཀུན་ལས་སྐྱོབ་པར་བྱེད་ལ། མནན་པས་ཕ་རོལ་གྱི་སྟོབས་ནུས་ཐམས་ཅད་འཆིང་བར་བྱེད་པའི་ཁྱད་པར་གྱིས་ཡིན་ཏེ། དཔེར་ན་རྫོང་ར་བས་བསྐོར་བ་དང་ཕ་རོལ་གྱི་ཆོམ་རྐུན་བཙོན་དུ་བཅུག་པ་གཉིས་ཀ་ཡང་རང་ཕྱོགས་བསྲུང་བའི་ཉེར་ལེན་དུ་མཚུངས་པ་བཞིན་ནོ། །གཉིས་པ་ནི། གདུག་པའི་གནས་སུ་སའི་ཆོ་ག་སྔོན་དུ་འགྲོ་བས་ཐབ་ཁུང་བཅའ་བ་སོགས་གཞུང་ལྟར་བྱ། འོན་ཀྱང་ཐབ་ལ་བསླང་ཐབ་དྲུས་ཐབ་བྲིས་ཐབ་གསུམ་བཤད་པའི་དཀྱུས་སུ་གསུངས་པ་ཕྱི་མའི་དབང་དུ་བྱས་པ་ཡིན། གཞན་དུ་དང་པོ་ལྟར་ན། སྟེགས་བུའི་སྟེང་མ་ཏྲཾ་གྱི་ལྟོ་བར་ཐབ་ཁུང་གྲུ་གསུམ་ནག་པོ་རྒྱར་སོར་མོ་ཉི་ཤུ་དཔངས་སུ་སོར་བཅུ་བཅིག་གིས་དམན་པ། ཁ་ཁྱེར་གསུམ་རིམ་ཁྲོ་བོའི་རྡོ་རྗེས་མཚན་མ་ཅན་གྱི་ནང་དུ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་ཆོས་འབྱུང་དང་བཅས་པ་རྣམས་གདན་ཐབས་སུ་བྱས་པའི་ལྷ་གནས་སོ་སོར་རྡོ་རྗེ་སོགས་མཚན་མ་འགོད། དེ་སྟེང་ཧོཾ་ཐབ་དང་མཐུན་པར་ཇི་ལྟར་རིགས་པ་བརྩིག གཉིས་པ་ལྟར་ན་སྟེགས་བུ་ཉིད་ལ་རྒྱ་དཔངས་གོང་བཞིན་དྲུས་པའི་ནང་དུ་འཁོར་ལོ་རྩིབས་བརྒྱད་སོགས་སྔར་ལྟར་བྱེད་པ་ཡིན། གང་ལྟར་རྫས་རྣམས་འཛོམས་པ་དང་བདག་བསྐྱེད་སྔོན་དུ་འགྲོ་བས་ལས་བུམ་སྒྲུབ་པའི་སྦྱིན་སྲེག་རྐྱང་པའི་སྐབས་བདུད་རྩི་ཙམ་ལ་བརྟེན་ཀྱང་འགལ་བ་མེད། མཆོད་སྲེག་གི་རྫས་བྱིན་གྱིས་བརླབ། ལས་མཐུན་གྱི་མེ་སྦར་ཞིང་གསོ། ལས་མཐར་ཕྱིན་ཅིང་བཀྲ་ཤིས་པའི་ཕྱིར་ཀུ་ཤ་དགྲམ། དེ་རྗེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲེག་ཆོག་དཀྱུས་བཞིན་བསྒྲུབ་པ་ལས། བྱེ་བྲག་བྱོན་ཟན་སོགས་ཀྱི་སྐབས་ལག་པ་གཡས་གཡོན་གོ་ཟློག་གིས་དགང་བླུགས་བཟུང་པ་པུས་མོ་ལས་ཕྱིར་མི་འདའ་བས། ཁྲོ་བོའི་ཁུ་ཚུར་ཞེས་མཐེ་བོང་ནང་བཅུག་གི་ཁུ་ཚུར་ལས་མཐེའུ་ཆུང་གཉིས་བསྒྲེང་བས་འབུལ། རྫས་གཞན་རྣམས་ལག་

p. 348

གཡོན་གྱིས་འབུལ་བ་འཐད་པར་མངོན། དཀྱིལ་འཁོར་དང་སྦྲེལ་བའི་སྒྲུབ་མཆོད་སོགས་ཀྱི་སྐབས་སྦྱིན་སྲེག་བྱེད་ན། གཞལ་ཡས་ཁང་གདན་བཅས་བསྐྱེད་ཟིན་པའི་ཚེ། སྤྱན་འདྲེན་དང་འབྲེལ་བར་ལས་རྡོར་གྱིས་ཚོམ་བུས་མཚོན་པར་སྤྱན་དྲངས། ལྷ་སོ་སོའི་སྔགས་ཀྱིས་ཚོམ་བུ་ལས་བསླངས་ཏེ་ཧོཾ་ནང་དུ་བསྐྱུར་བ་མཚོན་བྱེད་དུ་བྱས་ནས་སྒྲུབ་དཀྱིལ་གྱི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བྱོན་ཏེ། ལྷ་གནས་སོ་སོར་བཞུགས་པར་བསམ་ཞིང་གསལ་འདེབས་ཀྱི་ཚུལ་དུ་ལྷ་བསྐྱེད་གཏོང་། དེ་ལ་ཕྱག་མཆོད་སོགས་བྱ། མཐར་གཤེགས་གསོལ་གྱི་སྐབས་ཀྱང་ཚོམ་བུས་མཚོན་པར་སྒྲུབ་དཀྱིལ་སོགས་ལ་གཤེགས་སུ་གསོལ། གང་ལྟར་ཡང་སྲེག་བླུགས་ཀྱི་ཆོ་ག་གྲུབ་པ་དང་ལས་མཐར་ཕྱིན་ཅིང་གསོར་མི་རུང་བའི་ཕྱིར་སྒྲུབ་པ་པོ་རྣམས་ཐབ་ལ་བསྐོར་ནས། བྲོ་ར་གྲུ་གསུམ་དུ་བྱས་པའི་ལག་གཡས་སྟེང་དུ་བྱས་ཏེ་བསྣོལ། མཐེའུ་ཆུང་སྦྲེལ་བས་ལས་བྱང་ལྟར་བྲོ་བརྡུང་ཞིང་། མཐར་སུམ་བྷའི་སྔགས་དང་བཅས་ཕྱག་རྒྱ་སྤྲུགས་ཏེ་འགྲོལ་བ་སོགས་བྱའོ། །སྐབས་འདིར་འཕྲོས་དོན་ཅུང་ཟད་བཤད་ན། སྦྱིན་སྲེག་གི་དུས་ལྷ་སྒོམ་ཚུལ་ལ་ཐབ་བཅའ་བའི་ཚེ་སོར་མོ་ཉི་ཤུ་སོགས་ཚད་ངེས་པ་ཅན་གསུངས་ཀྱང་། དམིགས་གནད་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གྲུ་གསུམ་མཐིང་ནག་འབར་བའི་ཨེ་དཀྱིལ་དུ་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་རྣམས་རྣལ་འབྱོར་པ་རང་གི་རྒྱུད་ཚོད་ཀྱིས་ཇི་ལྟར་ནུས་པ་ལྟར་བསྒོམ། རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ཟག་མེད་འདོད་ཡོན་བདུད་རྩིའི་རང་བཞིན་དུ་སྦར་བ་ལྷ་ཚོགས་རྣམས་ཀྱི་ཞལ་གནམ་ས་གདངས་པ་ལྟ་བུར་དམར་ཆོམ་ཆོམ་གསོལ་བས་ཐལ་བའི་རྡུལ་ཕྲན་བཞིན་བརླག་པར་བསམ་སྟེ་སྲེག་པ་ཡིན། ཚུལ་དེས་ནི་བཟློག་བསད་ཀྱི་དཀྱིལ་འཁོར་ལྷ་སྔགས་ཀྱི་མཚན་མ་ཅན་ལྷ་དེ་དང་དེར་བསྐྱེད་པ་དག་ཧོཾ་ནང་དུ་བསྲེག་པ་དང་དོང་ནང་དུ་མནན་པ་སོགས་ཀྱི་གནད་ཀྱང་མཚོན་ནུས་སོ། །ཟག་རྫས་ནི་དགྲ་ལ་ཟག་པ་སོགས་གང་འབྱོར་དང་བགེགས་ལ་གནས་རྟེན་གྱི་ས་སོགས་ཀྱིས་བྱེད། འདིར་དམོད་མོ་སོགས་ཀྱི་སྐབས་ཕ་རོལ་པོའི་མིང་དངོས་སུ་བརྗོད་པར་གསུངས་

p. 349

པ་ནི། གནོད་བྱེད་གང་ཡིན་འཁྲུལ་མེད་ངེས་པ་རྙེད་ཅིང་ཏིང་ངེ་འཛིན་ལས་རུང་དུ་སྨིན་པས་ཚར་གཅོད་རྗེས་འཛིན་ཐོགས་མེད་དུ་བྱས་ནས་གསུངས་པ་ཡིན། གཞན་དུ་དོགས་པ་དང་ཡིད་གཉིས་ཟ་བ་ལས་གནོད་པའི་ཁུངས་ངེས་བཟུང་རང་མེད་པ་དང་། ངེས་པ་རྙེད་ཀྱང་ཐུལ་ངེས་ཀྱི་གདེངས་མ་ཐོབ་ན། སླར་ཉེས་མེད་ཀྱི་སྐྱེས་བུར་སྙད་འདོགས་ལ་བརྟེན་ནས་དེ་ཉིད་དགྲར་ལྡང་བའི་དཔེ་ལྟར་རང་ལ་གནོད་པའི་སྦྱོར་བ་ཆེར་རྩོམ་པ་དམིགས་བྱའི་ཡུལ་ལ་དགྲ་བགེགས་གནོད་བྱེད་རྒྱལ་འགོང་འབྱུང་པོ་གདུག་པ་ཅན་ཞེས་པ་ལྟ་བུ་ལས་མིང་དངོས་སུ་མི་བརྗོད་ཅེས་མཁས་པ་ཆེན་པོ་རྣམས་གསུང་བའི་གནད་ཀྱང་རིག་པར་བྱའོ། །གསུམ་པ་ནི། ཡོ་བྱད་བཤམས་པ་དང་བདག་མདུན་མཉམ་སྒྲུབ་ཀྱི་ཚུལ་དུ་སྒྲུབ་ཅིང་མཆོད་པ་སྔོན་དུ་འགྲོ་བས་ཚོགས་ཐ་མ་དང་འབྲེལ་བར་ཐུགས་དམ་བསྐུལ་བའི་ཚེ། ཕྱི་སྣོད་གྲུ་གསུམ་འབར་བའི་གཞལ་ཡས་ཁང་དུ་བཅུད་ཀྱི་སེམས་ཅན་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་པ་ཐམས་ཅད་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པས་དམག་དཔུང་གོ་སར་ཆས་པ་བཞིན་རྔམ་པའི་བཞད་སྒྲ་དང་བཅས་དྲག་པོའི་ལས་མཛད་པ་ལ་རིངས་པའི་ཚུལ་དུ་བཞུགས་པར་བསམ་ཞིང་དེ་རྗེས་གསེར་སྐྱེམས་འབུལ་བ་དང་བྲུབ་ཁུང་བསྐྱེད་ཆོག་འགུག་བསྟིམ་ལྷ་དབྱེ་ཐུན་གྱི་གདབ་པ་རྣམས་བྱས་ལ་ཕུར་བུ་འདེབས་པ་ནི། ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པར་གདབ་སྟེ། དེ་ལ་བྱིན་གྱིས་བརླབ་པ་ནི། རང་གི་ལག་པའི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་བསྐྱེད་པ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་སྲས་མཆོག་ཡཀྴ་མེ་དབལ་སྐུ་སྟོད་ཁྲོ་བོའི་གཟུགས་ཅན་སྨུག་ནག་ཕུར་བུ་འདྲིལ་བ་ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་ཀྱི་དབལ་ཟུར་གསུམ་དུ་རྣོ་བའི་ཁོང་སེང་དུ་ལྷའི་ཕོ་བྲང་དང་བཅས་པ། རྩེ་མོར་དྲེགས་པའི་དམག་ཚོགས་ལས་ལ་རྔམས་ཤིང་དུས་མཐའི་མེའི་ཚྭ་ཚྭ་འཕྲོ་བར་བསམ། ཕུར་བུ་ལས་བྱུང་བའི་འོད་ཀྱིས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཕུར་བུ་ལ་ཐིམ་པས་སྐུ་འགྱིང་པ། གསུང་བསྒྲགས་པ། ཐུགས་གཡོས་པ་ཙམ་གྱིས་སྲིད་གསུམ་དུས་གཅིག་ལ་

p. 350

སྒྲོལ་བའི་དབང་ཐོབ་པར་མོས་ལ་གསལ་བ་གསུམ་དང་ལྡན་པ་གལ་ཆེ་སྟེ། དེ་ལ་གསལ་བ་གསུམ་ནི། མི་བཟློག་པའི་ཕྱིར་རང་ལྷར་བསྐྱེད་པ། མི་རྡུག་པའི་ཕྱིར་ཕུར་བུ་སྲས་མཆོག་ཏུ་བསྐྱེད་པ། མི་འབྱམས་པའི་ཕྱིར་ལིངྒ་གཟས་པོ་དངོས་བསམ་པའོ། །དེའི་དགོས་པ་ཡང་། དཔེར་ན་ཕ་རོལ་ཐུབ་ངེས་པའི་གཡུལ་བཤམ་པ། མཚོན་ཆ་ལ་རྣོ་བའི་ངར་འདོགས་པ༑ ཕ་རོལ་གྱི་དགྲ་ངོས་ཟིན་དགོས་པ་བཞིན་ནོ། །གཞན་དུ་རང་ལྷར་མ་བསྐྱེད་ན་ཉམ་ཆུང་གི་སྐྱེས་བུས་གཞན་བཀོལ་ཏུ་མི་ཐུབ་པ་དང་འདྲ། ཕུར་བུ་སྲས་མཆོག་ཏུ་མ་གསལ་ན་ཤིང་གི་རལ་གྲི་ཁུར་ནས་དགྲའི་སྟེང་དུ་མཆོངས་པ་དང་འདྲ། ལིངྒ་གཟས་པོར་མ་གསལ་ན་ནམ་མཁའ་སྟོང་པ་ལ་མཚོན་ཆའི་འཁོར་ལོ་བསྐོར་བའམ། གང་དྲན་གྱི་ཕྱོགས་སུ་མདའ་འཕངས་པ་དང་འདྲའོ། །གནད་འདི་ཕུར་གདབ་ཀྱི་དུས་སུ་མ་ཟད་གཞན་དུའང་ཤེས་པ་གལ་ཆེ། ཇི་ལྟར་གདབ་ཚུལ་དངོས་ནི། ཕུར་བུའི་རྩེ་མོ་ནས་འོད་ཟེར་འཕྲོས་པ་ཁོ་ལ་རེག་པས་སྤྱི་བོར་ལྷ་བདུད་ཡ་མ་རཱ་ཛ་བུང་བ་མེ་ཏོག་འཇིབ་པ་ལྟ་བུ། མགྲིན་པར་འཆི་བདག་གི་བདུད་མྱོས་བྱེད་འབར་བ་སྡིག་པ་དམར་པོ་བྲག་ལ་འཛེག་པ་ལྟ་བུ། སྙིང་གར་ཉོན་མོང་བདུད་ཨཱཪྻ་མ་རུ་སྡིག་ནག་གི་རྣམ་པ། ལྟེ་བར་ཕུང་བདུད་རལ་པ་ཚར་དགུ་སྦལ་པ་མགོ་གྱེན་བསྟན་དུ་གནས་པ་རྣམས་ལ་ཕོག་པས་བདུད་བཞི་རང་གཤེད་དུ་ཕོབ་སྟེ་འཁོར་ལོ་བཞིའི་རྩ་རྣམས་ཉལ་གྱིས་བཅད་ཀླད་ཁྲག་ཁྲུག་གིས་འདྲེས། གཟུགས་ཕུང་འབྱུང་ལྔའི་དྭངས་མ་ཐམས་ཅད་རིམ་བཞིན་སྙིང་གར་འདུས་ཏེ་ཡལ་བའི་སྙིང་པོ་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་དུ་གནས་པ་ཕུར་རྩེའི་ཧཱུྃ་གིས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བླངས་ཏེ་རང་གི་སྙིང་གར་ཐིམ་པས་ཁོའི་ཚེ་ལྷག་མ་རང་གི་ཚེའི་བསྣོན་མར་ཐོབ་པས་རང་ཉིད་བཀྲག་མདངས་གཟིབྱིན་འབར་བ་བསམ་པ་ནི་ཚེ་ལུང་དང་། སླར་ཡང་ཕུར་བུ་སྙིང་དཀར་ནག་གི་མཚམས་བཏབ་པས་ཁོའི་རྣམ་ཤེས་ནྲྀ་ཡིག་དུད་ཀ་མར་མེ་འཆི་ཀའི་འོད་ལྟ་བུར་གནས་པ་རླུང་དྲག་པོས་མར་མེ་བསད་པ་ལྟར་ནག་ཐུམ་གྱིས་སོང་། དྭངས་མ་ཐིག་ལེ་དཀར་པོའི་རྣམ་པར་ཕུར་རྩེ་ནས་བརྒྱུད་ཕུར་པའི་ནང་དུ་ཞུགས་པ་ལས་ཉོན་གྱི་སྡིག་སྒྲིབ་

p. 351

ཐམས་ཅད་དག་པར་བྱས། ཕཊ་ཅེས་རྒྱ་མདུད་ཀྱི་མགོར་ཧཱུྃ་གི་རྣམ་པ་ཅན་དུ་སྐར་མདའ་འཕངས་པ་བཞིན་རྒྱང་གིས་ཐོན་པ་ཡེ་ཤེས་ལྷའི་ཐུགས་ཀར་ཐིམ་པས། ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཕ་རོལ་པོའི་ཆོས་ཅན་མཚན་མའི་རྟོག་པར་རང་གྲོལ་ཏེ། བདེ་ཆེན་འགྱུར་བ་མེད་པ་སྐུ་བཞིའི་གོ་འཕང་ཐོབ་པར་མོས་པ་ནི་ཁྲུས་ལུང་སྟེ། དགོངས་པ་རྣམ་པ་གཉིས་དང་ལྡན་པར་བསྒྲལ་ན་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་པ་ཡིན་ཏེ། སྔགས་པ་ཧོཾ་ཁུང་ནས་འཚང་རྒྱ་བ་ཞེས་པའི་གནད་ཀྱང་ཡིན་ནོ། །རྡོ་རྗེ་གཙུག་ལག་འཕྲིན་ལས་དྲག་པོའི་རྒྱུད་ལས། ལོག་ལྟ་ཅན་བཅུ་བསྒྲལ་བར་བྱ། །མ་བསྒྲལ་འཁོར་བར་འཁྱམས་པ་ལ། །བསྒྲལ་ཏེ་གནས་སྤར་བདེ་བ་ཐོབ། །བདག་གཞན་གཉིས་ཀ་མངོན་འཚང་རྒྱ། །འཁོར་བའི་ཆུ་ལས་བསྒྲལ་བའོ། །ཞེས་སོ། །གཞན་དུ་ཞེ་སྡང་རང་རྒྱུད་པའི་ངན་སྔགས་ཀྱི་སྦྱོར་བ་དུ་མ་བསྒྲུབས་ཏེ་ཕ་རོལ་འཕུང་བར་བྱེད་པ་ནི་བཤན་པའི་རྣམ་ཐར་དང་མཚུངས་སོ། །དེ་ལྟར་ཡང་ཕུར་རྒྱུད་མྱང་འདས་ལས། དྲག་པོའི་ལས་ཀྱི་མཐར་ཐུག་པ། །གདབ་ལས་རྨད་དུ་བྱུང་བ་བཤད། །གསལ་བ་གསུམ་གྱི་དགོངས་པ་ཡིན། །མན་ངག་ལྡན་པས་གདེང་དུ་བཞག །ཅེས་དང་། ཕུར་པ་དགོངས་རྒྱུད་ལས། རྡོ་རྗེ་ཕུར་པས་སྐྱེ་ཤི་རྩད་ནས་གཅོད། །དཔེར་ན་དྲི་མ་ཆུ་ཡིས་བཀྲུ་བ་བཞིན། །ཁམས་གསུམ་ཡེ་ཤེས་བྱང་ཆུབ་ཆུ་ཡིས་བཀྲུ། །ཚེ་ལུང་ཁྲུས་ལུང་སྒྲོལ་མཆོག་དམ་པ་ཡིན། །ཞེས་སོ། །སླར་ཡང་འཁོར་བའི་སྐྱེ་སྒོ་རྩད་ནས་གཅོད་ཕྱིར་སྤྱི་མགྲིན་སྙིང་ལྟེ་གསང་གནས་མགོ་དང་ཡན་ལག་བཞི་སྟེ་གནས་བཅུར་གདབ་དགོས་པ་ཡང་། གཏེར་གསར་འཇམ་དཔལ་དྲེགས་འཇོམས་ལས། གནས་བཅུར་མན་ངག་འཕྲུལ་གྱིས་གདབ༔ ཅེས་པ་དང་མཐུན་ནོ། །དེ་ནས་མཚོན་ཆས་དུམ་བུར་གཏུབ་ཅིང་ཞལ་སྟོབ་བྱས་པས་ལྷ་ཚོགས་ཐམས་ཅད་ཞལ་གྱི་ཧོཾ་ཁུང་གནམ་ས་གད ངས་པ་ལྟ་བུའི་ནང་དུ་ཡ་རྐན་ཁྲོ་བོ་དང་མ་རྐན་ཁྲོ་མོ་འབར་བའི་སྦྱོར་མཚམས་སུ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་དུག་གསུམ་དག་པ་སྐུ་གསུང་ཐུགས་ཀྱི་ངོ་བོར་གསོལ་བར་བསམ་ཞིང་སྦྱོར་སྒྲོལ་ཟུང་འཇུག་གི་དགོངས་པ་བསྐྱངས། བཟློག་བསྒྱུར་གྱི་ཚེ་ལྷ་ཚོགས་ཐམས་ཅད་ཞལ་ཕྱིར་གཟིགས་

p. 352

པའི་སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་བྱད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་བསམ་ཞིང་ཁྱེར། ནུབ་ཐ་མ་འཕང་བའི་ལས་ཀྱི་སྦྱོར་བ་སྒྲུབ་པའི་ཚེ་ལྷ་ཚོགས་ཀུན་ཀྱང་རྔམ་པའི་ང་རོ་དྲག་པོ་དང་བཅས་དགྲ་ཕྱོགས་སུ་མཚོན་ཆའི་ཆར་འབེབས་ཤིང་དགྲ་བོའི་གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བཅོམ་པར་མོས་པ་ཡིན་ལ། ཡང་ཟོར་སྒྲུབ་སྤྱི་ལྟར་བཟློག་བྱང་གི་མཇུག་ཏུ་གཏང་རག་མཆོད་བསྟོད་ནོངས་བཤགས་རྣམས་བྱས་རྗེས་གཏོར་མའི་ཡེ་ཤེས་པ་ནམ་མཁར་གཏེག དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དྲེག་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་དང་བཅས་པ་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་དུ་བསྐྱེད་ལ། ཟོར་སྔགས་ཀྱིས་བསྒྲུབ་ཅིང་དམག་ལྟོའི་ཚུལ་དུ་ཐུན་གཏོར་འབུལ་བ་སོགས་བྱས་ཀྱང་མི་འགལ་ལོ༑ ༑ནང་དུ་ལོག་ནས་ཚེ་འགུགས་སོགས་མཇུག་གི་ཆོ་ག་རྣམས་དང་སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་དགེ་ལེགས་སུ་བྱའོ། །དེ་དག་ཀྱང་དྲག་པོའི་གནས་དང་ཁྱད་པར་དུས་གནད་བསྟུན་པ་གལ་ཆེ་སྟེ། འཇམ་དཔལ་དྲེགས་འཇོམས་ལས། བསྐྱེད་རྫོགས་བཟླས་པའི་རྣལ་འབྱོར་པ༔ དབང་ཕྱུག་དྲོད་ཚད་རྙེད་པའི་ཚེ༔ དྲག་པོའི་ལས་ལ་འཇུག་པར་བྱ༔ གནས་ནི་རྔམས་བརྗིད་ལྷོར་ལྟ་བ༔ གཡུལ་བཀྱེ་བསད་ཕུང་མ་རུངས་པ༔ སྲིན་པོ་ཁྲོས་དང་སྡིག་འདྲའི་བྲག༔ ངམ་འབྲོག་རྩུབ་ཤིང་སྐྱེས་པའི་ས༔ གནམ་ས་ཆོས་འབྱུང་དབྱིབས་ལྡན་པ༔ ལྷ་སྲིན་དྲག་པོ་གནས་པའི་སར༔ ཉེར་གཉིས་དགུ་དང་གནམ་སྟོང་སོགས༔ ཟླ་བ་ནག་པོར་གྱུར་པའི་ཚེ༔ མིག་དམར་ལ་སོགས་དྲག་པོའི་གཟའ༔ དར་ཚེ་ལས་སྦྱོར་བ སྒྲུབ་པར་བྱ༔ ཞེས་སོ། །ཁྱད་པར་ཟོར་ལ་སོགས་པས་མཚོན་པར་ཐུན་ཕྱེད་དང་སྒྲ་གཅན་གྱི་ཐེབས་བཟློག་འགྱུ་དུས་སོགས་མ་ལོག་པར་བརྩི་བའང་གནད་ཡིན་ཏེ། རྡོ་རྗེ་གཙུག་ལག་ལས། གདུག་པ་རྒྱུ་དང་གདོང་ཐུག་སྲོག་འབེབ་གཟུགས༔ མཆོད་རྫས་གཏོར་མ་ལ་སོགས་རྒྱས་པར་བཤམས༔ ཏིང་འཛིན་བསྟོད་བསྐུལ་ནང་ནས་རྒྱས་པར་བྱ༔ སྔགས་ནི་

p. 353

ཡི་དམ་ཞབས་ལ་ཟོར་སྔགས་བཟླས༔ ཞེས་སོ། །དེ་ལྟར་ཟབ་མོའི་ལམ་ལ་གཅིག་ཏུ་བརྩོན་པའི་སྐལ་ལྡན་གྱིས་ཚད་ལྡན་གྱི་བླ་མ་ལས་དབང་བཞིའི་ཆུ་བོས་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ། དམ་ཚིག་ཟོལ་ཟོག་མེད་པར་བསྲུང་བའི་སྒོ་ནས་རབ་མཚན་མ། འབྲིང་དུས་བསྙེན། ཐ་མ་གྲངས་ཀྱི་བསྙེན་པ་ཚད་དུ་འཁྱོལ་བས་དང་པོར་བསྙེན་ཅིང་སྒྲུབ། དེས་རྗེས་བསྲུང་བ་རྡོ་རྗེའི་མཁར་དུ་རང་གཞན་བསྲུང་བྱ་མི་ཤིགས་པར་བཅིངས། བཟློག་པ་རྡོ་རྗེའི་དཔུང་གིས་ཕ་རོལ་གྱི་བྱད་སྟེམས་ནུས་པ་རང་གཤེད་དུ་ཕབ། བསད་པ་དྲག་པོའི་ལས་ཀྱིས་ཞིང་བཅུའི་གདུག་ཅན་མིང་གིས་ཐ་མར་བྱས་པས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པ་ཡིན་ཏེ། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་ལས། སྙིང་ནས་སློབ་དཔོན་དམོད་པ་དང་། །སངས་རྒྱས་བསྟན་ལ་གནོད་པ་དང་། །ཐེག་པ་ཆེན་པོར་དམོད་པ་དང་། །སེམས་ཅན་ཡོངས་ལ་གནོད་བྱེད་དང་། །རྣལ་འབྱོར་སྤྱི་ཡི་དགྲར་གྱུར་ནི། །མྱུར་དུ་:བསྒྲིབས་༼ བསྒྲིམས་༽ ཏེ་མ་བསྒྲལ་ན། །རྡོ་རྗེའི་དམ་ཚིག་ཉམས་པས་ན། །: བསྒྲིབས་༼བསྒྲིམས་༽ཏེ་ཤུགས་ཀྱིས་བསྒྲལ་བར་བྱའོ། །དམ་ཚིག་འདི་ནི་རྨད་པོ་ཆེ། །སངས་རྒྱས་འགྲུབ་པའི་རྒྱུ་དང་གཞི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དམ་ཚིག་གནས་རྣམས་མི་གཏོང་བར། །ལེགས་པའི་ཡོན་ཏན་བརྗོད་མི་ལང་། །སངས་རྒྱས་ཉིད་དང་འདྲ་བས་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་བས་ནན་ཏན་བསྐྱེད་དེ་བསྲུང་། །ཞེས་དང་། སྒེག་རྡོར་གྱི་དམ་ཚིག་གསལ་བཀྲར་ཡང་། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། །དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །གྲངས་ནི་རྩ་བ་བཅུ་བཞི་པོ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །ཤིན་ཏུ་གོམས་པས་དབང་བསྐུར་ཏེ། །བྱང་ཆུབ་ཞིང་དུ་བགྲོད་པར་བྱ། །སྔགས་དང་ཕྱག་རྒྱས་བག་ཆགས་སྦྱངས། །རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་རླབས་མཆོད་པར་བསྔོ། །བསོད་ནམས་

p. 354

ཚོགས་སུ་འདི་འགྱུར་རོ། །འདི་ལྟར་བསྒྲལ་བའི་དགོས་ཆེད་ཀྱང་། །བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་ལ་དམ་སྐོངས་ཤིང་། །ལས་ངན་བག་ཆགས་ཤུགས་ཡུན་བསྟུང་། །རང་གིས་བསགས་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ༑ ༑ཞེས་སོགས་ཕྱིན་ཅི་མ་ལོག་པའི་རྒྱུད་དང་བསྟན་བཅོས་དུ་མ་ནས་ཕན་ཡོན་གྱི་སྒོ་ནས་བསྔགས་ཤིང་རྒྱས་པར་གསུངས་པ་ཡིན་ནོ། །རྒྱལ་ཀུན་མཐུ་སྟོབས་ནུས་པའི་རྩལ། །གཅིག་ཏུ་འཁྱིལ་བ་ཕྱག་རྒྱའི་སྐུར། །ཡོངས་ཤར་དབང་དྲག་ཐོད་ཕྲེང་རྩལ། །ཁྱོད་མཚན་ཐོས་པའི་ཟིལ་ངར་གྱིས། །བདུད་སྡེའི་དཔུ ང་ཚོགས་ཕ་མཐར་བསྐྲད། །གང་གི་སྒྲུབ་ཐབས་ཟབ་མོའི་དོན། །དངོས་གྲུབ་རིན་ཆེན་གཏེར་གྱི་མཛོད། །གཏེར་ཆེན་བླ་མ་ཡབ་སྲས་ཀྱི། །གསུང་གསང་བདུད་རྩིའི་རོ་མྱོང་བས། །ལེགས་བྱས་བསོད་ནམས་ཉི་མའི་གཟིས། །ནག་ཕྱོགས་མུན་ཀུན་གཏན་བཅོམ་ནས། །ཕན་བདེའི་སྣང་བ་འབར་གྱུར་ཅིག །ཅེས་པ་འདི་ནི་ཟབ་མོའི་ལམ་འདི་ལ་སྙིང་པོར་མཛད་པའི་ཀུན་སྤངས་རྣལ་འབྱོར་གྱི་དབང་ཕྱུག་ཀུན་བཟང་ཀློང་གྲོལ་བཟང་པོའི་གསུང་གིས་བསྐུལ་བ་ལས་སྨིན་གླིང་གྲྭ་པའི་ཐ་ཤལ་བ་ཆོས་སྨྲ་བའི་དགེ་སློང་དྷརྨ་ཀིརྟིས་རང་ལོ་རེ་གཅིག་པ་མེ་འབྲུག་ཧོར་ཟླ་གསུམ་པའི་གྲལ་ཚེས་བཅོ་ལྔ་པ་རྒྱལ་བས་དཔལ་ལྡན་འབྲས་སྤུངས་སུ་རྒྱལ་པོ་ཟླ་བ་བཟང་པོ་ལ་གཉིས་མེད་དུས་ཀྱི་འཁོར་ལོའི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་གནས་ཆེན་ཆུ་བོ་རི་ཚེས་བཅུ་བཀོད་པའི་སྒྲུབ་སྡེའི་བླ་བྲང་དུ་རྫོགས་པར་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་རྒྱས་ཀྱི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

གཏེར་གསར་གུ་རུ་དྲག་པོའི་བསྙེན་ཡིག་ཉུང་གསལ།

p. 355

གཏེར་གསར་གུ་རུ་དྲག་པོའི་བསྙེན་ཡིག་ཉུང་གསལ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ཞི་ཁྲོ་རིགས་བརྒྱའི་ཁྱབ་བདག་པདྨ་འབྱུང་། །མཁའ་ཁྱབ་འགྲོ་ལ་ཐུགས་རྗེས་ཁྲོས་པའི་གར། །ཁྲག་འཐུང་ཐོད་ཕྲེང་རྩལ་དུ་ཡོངས་ཤར་བར། །གུས་པས་འདུད་དོ་བརྩེ་བས་མཆོག་སྦྱིན་མཛོད། །དེ་ཡང་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་གནད་མཐའ་དག་བསྡུ་ན་བསྙེན་སྒྲུབ་ལས་གསུམ་དུ་འདུས་པ་ལས་འདིར་བསྙེན་པའི་རིམ་པ་སྟོན་པ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པ་རང་དབང་དུ་གྱུར་པའི་སར་ཕྱགས་བདར་བྱས། རང་དང་ཁ་སྤྲོད་དུ་ཡོང་བའི་ཕུག་གི་ཞལ་ཤར་དུ་ཕྱོགས་པར་སྐུ་རྟེན་རབ་གནས་ཅན་དགྲམ། དེའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་མཉྫི་སོགས་ཀྱི་སྟེགས་ལ་གུར་དྲག་རྩ་བའི་གཏོར་མ་རྒྱན་ལྡན་དང་། གཡས་གཡོན་དུ་དམའ་བའི་སར་ཆོས་སྐྱོང་སྤྱི་སྒོས་གཏེར་སྲུང་གི་གཏོར་མ་དང་བཅས་པའི་གཡས་གཡོན་དུ་སྨན་རཀ མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་བྲེང་ཚར་དུ་བཤམ། དེ་དང་ཞལ་སྤྲོད་ཀྱི་སར་ས་དཀར་རམ་འབྲས་སོགས་ཀྱི་གཡུང་དྲུང་ཆོས་སྐོར་དུ་བྲིས་པའི་ཁ་ལ་འབོལ་ལྟ་བུའི་སྟན་ནང་ཚངས་ཅན་འདིང་། མཚམས་གཡོག་ཀྱང་གཉིས་གསུམ་ཙམ་ཁྲོལ་ཅན་དུ་བྱེད། ལྷ་རྗེ་སོགས་ཀྱང་དམིགས་འོག་ཏུ་བཅུག འཚོ་ཆས་ཀྱང་གནས་དེར་ཤོང་ན་དང་། དེ་མིན་འདི་ནས་ལེན་དམིགས་ཁོངས་སུ་ཆུད་པར་བྱེད། ཡི་གེ་དང་ཆས་ཀ་གཏོང་ལེན་བྱེད་པ་སོགས་རྣམ་གཡེངས་རྣམས་རྒྱང་བསྲིང་། བསྙེན་པ་མ་གྲོལ་བར་ཐེམ་པ་མི་འདའ་བའི་དམ་བཅའ་གལ་ཆེའོ། །དེ་ཡང་ཡར་ངོ་མར་ངོ་གང་རུང་གི་ཚེས་བཅུར་དབུ་འཛུགས་པ་ལས།

p. 356

ཉིན་དང་པོའི་དགོང་ཐུན་ལ་བབས་པ་ན་ཐོག་མར་དབང་དྲག་གི་བསྐྱེད་རིམ་སྐད་ཅིག་གིས་གསལ་བཏབ་ནས་བཟླས་པ་བརྒྱ་རྩ་ཙམ་བྱས་རྗེས་ང་རྒྱལ་གསལ་བཞིན་པས། གཞི་བདག་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ། བགེགས་གཏོར་བཏང་ནས་ཕྱིར་བསྐྲད་རྗེས་དྲག་སྔགས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ་གུ་གུལ་གྱི་བདུག་པ་སོགས་བགེགས་དང་བྲལ་བའི་ཆོ་ག་དཔུང་བསྐྱེད་ནས། སྒོ་དྲུང་དུ་ཐོ་དཀ ར་པོ་ཞིག་བརྩིགས་རྒྱལ་ཆེན་བཞིར་མོས་གཏོར་མ་ཕུལ་ནས་བར་ཆད་བསྲུང་བའི་ཕྲིན་ལས་བཅོལ་ལ་ཤིས་པ་བརྗོད་པ་རྣམས་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྔར་བཤམ་པའི་སྟན་ལ་འཁོད། ལས་བྱང་བཞིན་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ཚིག་ཤར་ཙམ་མིན་པར་སེམས་རྒྱུད་དང་འདྲེས་པར་བྱས་ནས་ཕྲེང་བ་བྱིན་གྱིས་བ རླབས། དེ་ནས་གཞུང་གི་འཛབ་དམིགས་གསལ་བཏབ། ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱས་ལ། ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལངས། སྤྱོད་ལམ་ལ་འཇུག དེ་ནས་སྲོད་ཐུན་ལ་སྔོན་འགྲོ་མདོར་བསྡུས་ཙམ་དང་། དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ནས། གཏོར་བསྔོ་དང་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷག་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དང་པོ་ཐོར་ཐུན་ལ་བབས་པ་ན་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། བསམ་གཏན་གྱི་འདུག་སྟངས་ཀྱིས་ལེགས་པར་འདུག་ནས་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཤིང་། སྐྱབས་སེམས་ནས་བཟུང་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་སྔ་དྲོའི་དགེ་སྦྱོར་གཞན་དགོས་པ་སོགས་བྱེད། གཉིས་པ་སྔ་ཐུན་ནི། སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས། དངོས་གཞིའི་ཏིང་འཛིན་གསུམ་ནས་བཟླས་པའི་བར་སྔར་དང་ཁྱད་མེད། མཆོད་པ་རྣམས་སྔགས་མཆོད་ཙམ་གྱིས་ཀྱང་རུང་། ཐུན་མཚམས་འདིར་གུང་ཚིགས་སོགས་བྱེད། གསུམ་པ་དགོང་ཐུན་ནི་སྔར་གྱི་སྔ་ཐུན་དང་ཁྱད་པར་མེད། བཞི་པ་སྲོད་ཐུན་ནི། གཞན་སྔར་བཞིན་ལས་བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་སོགས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་མགོར་རྒྱས་པ་དང་། རྗེས་རྣམས་སྲོད་ཐུན་གྱི་

p. 357

མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག དེ་ཡང་སྔགས་ཀྱི་དམིགས་པ་ནི། རང་ཉིད་དབང་དྲག་པདྨའི་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་བཞིན་པ་ལས་ཁྱད་པར་གཙོ་བོའི་ཐུགས་གར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་གུ་རུ་ཞི་བ་དཀར་དམར་རྡོ་རྗེ་དང་ཐོད་པ་འཛིན་པ། གསང་ཕོད་སྣམ་སྦྱར་སྙན་ཞུ་སོགས་ཟ་ཧོར་མའི་ཆ་བྱད་ཅན་གྱི་ཐུགས་གར་པདྨ་དང་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་ཡིག་དམར་པོ་སྤུས་བྲིས་པ་ཙམ་གྱིས་མཚན་པ། དེའི་མཐར་སྔགས་ཕྲེང་དམར་པོ་ཤིན་ཏུ་ཕྲ་བ། འོད་ཟེར་ཁ་དོག་ལྔ་འབར་ཞིང་འཕྲོ་བར་བསམ། དེ་ལས་སྔགས་སྒྲ་སྒྲོག་བཞིན་པས་འོད་ཟེར་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་མཆོད་མཐུ་དབང་བྱིན་རླབས་དངོས་གྲུབ་ཀྱི་རྣམ་པས་བསྡུས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། བདེ་ཆེན་གྱི་ཞིང་དུ་བསྒྲལ་བ་སོགས་ཕྲིན་ལས་དཔག་མེད་བསྒྲུབས་ནས་བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པས་མཚོ་ལ་ཁ་བ་བབས་པ་བཞིན་སྙིང་གའི་སྔགས་འཕྲེང་ལ་ཐིམ་པས། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། དེ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་གསལ་སྣང་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས། གྲགས་སྟོང་གཞོམ་མེད་ཀྱི་སྔགས་སྒྲ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་དིར་དིར་སྒྲོག་པའི་དམིགས་པ་དང་མ་བྲལ་བའི་ངང་ནས་ཐུན་བཞིའི་རིམ་པ་བཞིན་བཟླས་པ་བྱ་བ་ཤིན་ཏུ་གཅེས་སོ། །དེ་ལྟ་བུའི་རིམ་པས་ཨར་ཙིག་ནིར་ཙིག་ཁོ་ན་བཟླས་པས་མཚན་མ་ཐོབ་པའམ། མ་མཐའ་ཡང་འབུམ་ཕྲག་གསུམ་གྱི་གྲངས་རྫོགས་རྗེས། དམིགས་པ་གཞན་སྔར་བཞིན་ལས་རྩ་སྔགས་ཀྱི་འོད་ཟེར་སྤྲོ་བསྡུའི་སྐབས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས་པའི་རྗེས་སུ། སླར་ཡང་སྔགས་ཀྱི་འོད་ཟེར་མེའི་འཕྲེང་བ་ཚ་ཞིང་རྩུབ་པ་དྲག་ཅིང་མྱུར་བ་གནམ་ལྕགས་ཀྱི་ཚ་ཚ་ལྟ་བུ་འུར་སྒྲ་དྲག་པོ་དང་བཅས་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་རྩ་སྦུར་

p. 358

མེས་བསྲེགས་པ་བཞིན་སྦྱངས་པའི་དྭངས་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་ཡིག་འབྲུ་བརྒྱད་པོའི་རྣམ་པར་དབང་མེད་དུ་བཀུག་ནས་ཧཱུྃ་གི་ཨུ་ལ་བསྟིམས་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཏུ་གྱུར་པར་བསམ་ལ། སྔགས་འབྲུ་བཅུ་ག སུམ་པ་རྟགས་མཐོང་གི་བར་དུ་སྔར་གྱི་རྩ་སྔགས་ལ་སྦྲེལ་ནས་བཟླ་ཞིང་གྲངས་ནི་ཉུང་མཐའ་ཡང་ཁྲི་ཚོ་གཉིས་མེད་ཐབས་མེད། དེའི་རྗེས་སུ་བསྡུ་སྐབས་ཡིག་འབྲུའི་རྣམ་པར་བསྡུ་བ་ཙམ་མ་གཏོགས་གཞན་སྔར་གྱི་དམིགས་པ་དེ་ལྟ་བུའི་སྤུ་གྲི་ཆིག་ཤུར་རྟགས་མཐོང་གི་བར་རམ་མ་མཐའ་ཡང་ཁྲི་ཚོ་གཅིག་བཟླའོ། །འཁོར་སྔགས་ཀྱི་ཚད་ནི། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་ལྷ་གང་ཡིན་པ་དེ་ལ་ཕོག་པས། དེ་ཉིད་ཀྱི་ཐུགས་རྒྱུད་བསྐུལ་བས་དེའི་ཐུགས་ཁའི་ས་བོན་ལས་འོད་ཟེར་འཕྲོས་ནས་སྔར་གཙོ་བོའི་སྐབས་བཞིན་དོན་གཉིས་བྱས། དྭངས་མའི་འོད་ཟེར་བདག་ལ་ཐིམ་པར་བསམ་ཞིང་། ཆ་བགོས་ནས་བཟླ་སྟེ། དེ་ཡང་ཐུན་གཅིག་ལ། གཙོ་བོ་ལ་སྟོང་ཕྲག་གཅིག་སོང་ནས། འཁོར་རྣམས་ལ་སོ་སོའི་སྔགས་རྣམས་བརྒྱ་རྩ་རེ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་འཁོར་རྣམས་ལ་ཁྲི་ཚོ་གཅིག་གི་གྲངས་ཚང་བར་བྱའོ། །དེ་ནས་ཡང་གསང་དྲིལ་སྒྲུབ་ནི། བདག་སྔར་བཞིན་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བ་ཉིད་ལས་རང་གི་ཐུགས་ཁའི་ཧཱུྃ་ལས་འོད་ཟེར་ཧཱུྃ་ཡིིག་དམར་པོ་བསམ་གྱིས་མི་ཁྱབ་པར་རང་སྒྲ་སྒྲོག་བཞིན་པར་མེ་སྟག་གི་ཚ་ཚ་འཕྲོ་བ་ལྟར་ཞལ་གྱི་སྒོ་ནས་ཐོགས་པ་མེད་པར་ཐལ་གྱི་ཐོན་པའི་འོད་ཟེར་གྱིས། མ་དག་པའི་དངོས་སྣང་བདེན་འཛིན་ཐམས་ཅད་སྦྱངས་ནས་འོད་གསལ་བར་བྱས་སྣང་སྲིད་ཐམས་ཅད་ཧཱུྃ་ཡིག་དམར་པོ་རང་སྒྲ་སྒྲོག་པས་མེར་མེར་གང་བར་བསམ་ལ་ཧཱུྃ་སུམ་སྦྲེལ་ཆ་གསུམ་དུ་བྱས་པའི་ཆ་གཅིག་ཏུ་བཟླའོ། །དེ་ནས་ཕྱི་རོལ་གྱི་ཧཱུྃ་རྣམས་རང་སྒྲ་སྒྲོག་བཞིན་པར་རང་གི་མགྲིན་པ་ནས་ཞུགས། ཐུགས་ཁའི་ཧཱུྃ་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ལས་གཞན་དུ་མ་གྱུར་བའི་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བསམ་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་ཆ་སུམ་གཅིག་ཏུ་བཟླའོ། །དེ་ནས་སླར་ཡང་ཐུགས་ཁའི་ཧཱུྃ་ལས་ཧཱུྃ་ཡིག་དཀར་པོ་

p. 359

འོད་ཟེར་དཀར་པོ་འཕྲོ་བ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པར་ཕྱིར་ཐོན་པའི་འོད་ཟེར་གྱིས་ནད་གདོན་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་ཏེ་དག་པར་བསམ་ནས་ཧཱུྃ་སུམ་སྦྲེལ་བཟླ། རྒྱས་པའི་ཚེ་ཧཱུྃ་འོད་གསེར་གྱི་ཁ་དོག་ལྟ་བུའི་སྤྲོ་བསྡུས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ་ཞིང་ཧཱུྃ་བཟླ། དབང་གི་ཚེ་ཧཱུྃ་འོད་དམར་པོ་ལྕགས་ཀྱུ་ལྟ་བུའི་སྤྲོ་བསྡུས་ཁམས་གསུམ་ཐམས་ཅད་དབང་དུ་བྱས་པར་བསམ་ཞིང་ཧཱུྃ་བཟླ། དྲག་པོའི་ཚེ་ཧཱུྃ་འོད་ནག་པོ་ཚ་ཞིང་རྩུབ་པས་དགྲ་གེགས་ཐ མས་ཅད་ཚར་བཅད་པར་བསམ་ནས་ཧཱུྃ་བཟླ། འདིར་ཕྲིན་ལས་བཞི་པོ་གང་འདོད་ཁོལ་བུར་ཤེས་པའི་ཕྱིར་བྱས་ཀྱིས། བཞི་ཀ་ཕྲུགས་གཅིག་ཏུ་བྱེད་ན་ནི། ཧཱུྃ་ཁ་དོག་བཞི་ཀ་སྤྲོས་འཕྲིན་ལས་བཞི་སྒྲུབ་པར་བསམ་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་སུམ་ཆ་གཅིག་དུ་བཟླའོ། །དེ་ཐམས་ཅད་ལ་གཏེར་གཞུང་གི་འཛབ་བསྐུལ་ཉིད་དམིགས་པ་གསལ་འདེབས་ཀྱི་ཕྱིར་བྱ་ཞིང་། ཐུན་རེ་ལ་ཡང་ཧཱུྃ་དམིགས་སུམ་སྐོར་ཚང་བར་བྱའོ། །སྤྱིར་ཐུན་ཐམས་ཅད་ཀྱི་རྗེས་ལ་ཡིག་བརྒྱ་དང་དབྱངས་གསལ་སྤེལ་ཚིག་ཅན་བཟླ་བ་ཡང་གལ་ཆེའོ། །གསུམ་པ་རྗེས་ནི། དེ་ལྟར་བསྙེན་པ་རྫོགས་ནས་ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་གཏོར་མ་ཡང་བདག་དང་ཞལ་སྤྲོད་ཀྱི་ཚུལ་གྱི་ལྷར་བསྒོམ། དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྔགས་རྣམས་ཀྱི་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་ཡང་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམས། ལས་བྱང་རྒྱས་པར་བཏང་ནས་བཟླས་པ་བྱ། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བསྐང་བ་དང་ཚོགས་མཆོད་ནས་བརྟན་སྐྱོང་གི་བར་བྱས་རྗེས་སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་རག་གཏོར་མས་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླ། དེ་ནས་ཧཱུྃ་བདེ་གཤེགས་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ་ཞེས་པས་དངོས་གྲུབ་བསྐུལ་རྗེས་སྒྲུབ་གཏོར་གྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ། མཐར་གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་

p. 360

ཞིང་། གཏོར་མ་གནས་གསུམ་དུ་འཇོག་ཅིང་ལྷ་འོད་དུ་ཞུ་བའི་དམ་རྫས་བདུད་རྩིར་མོས་ནས་ལྕེར་མྱོང་ཞིང་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་བསམ་ཞིང་མཉམ་བཞག་བྱ། མཇུག་ཆོག་ཤིས་བརྗོད་དང་བཅས་པ་ནི་གཞུང་བཞིན་ནོ། །བསྲུང་བཟློག་བསད་པ་སོགས་ཀྱི་མཇུག་བསྡུ་སྤྲོ་ན་ནི་སྐབས་དེ་དང་དེར་ཤེས་ཤིང་མ་བྱས་ཀྱང་མི་འགལ། ཁ་སྐོང་ནི་ཞི་བའི་སྦྱིན་སྲེག་གང་འོས་ལ་ལྷ་སྔགས་འབྱིན་འཇུག་བྱས་ནས་བསྙེན་པའི་བཅུ་ཆའི་གྲངས་ཚང་བར་བྱའོ། །དེ་ནས་ཐོ་འགྲོལ་བ་སོགས་ནི་སྤྱི་ལྟར་ཤེས་སོ། །གཞན་ཡང་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བའི་གནད་མང་དུ་ཡོད་མོད། བསྙེན་ཡིག་སྤྱི་ལ་གོ་བ་ཆགས་པ་ཞིག་གི་དབང་དུ་བྱས་ནས་འདིར་ཁྱད་ཆོས་བྱེ་བྲག་པ་རྣམས་ཉུང་ངུར་བྲིས་པ་ཡིན་ནོ། །དེ་སྐད་སྨྲ་བ་འགྱུར་མེད་རྡོ་རྗེ་སྟེ། །ཆེ་འདོད་གྲགས་རྗེས་འབྲངས་རྣམས་མི་མགུ་ཡང་། །དོན་སྤྱོད་སྙིང་ལ་འབབས་པའི་བདུད་རྩི་འདི། །ཟུར་སྟོན་གུ་རུ་རྡོ་རྗེའི་གསུང་ངོར་སྤེལ། །ཞེས་པའང་སྨྲས་སོ། །ཤུ་བྷཾ།།

གཏེར་གསར་བླ་མ་དྲག་པོའི་བསྙེན་པའི་གསལ་བྱེད་བཀླགས་ཆོག་ནག་འགྲོས་སུ་བཀོད་པ།

p. 361

གཏེར་གསར་བླ་མ་དྲག་པོའི་བསྙེན་པའི་གསལ་བྱེད་བཀླགས་ཆོག་ནག་འགྲོས་སུ་བཀོད་པ་བཞུགས་སོ། །རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ༀ་སིདྷི་རསྟུ། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཟླ་ཟེར་གྱིས། །གངས་ལྗོངས་སྐྱེ་རྒུའི་ལེགས་བྱས་ཆུ་གཏེར་ཆེ། །རྒྱས་མཛད་སངས་རྒྱས་གཉིས་པ་པདྨ་འབྱུང་། །རྣ མ་དག་དགེ་བའི་ཤིས་པས་སྐྱོང་བར་མཛོད། །བདེ་གཤེགས་ཀུན་གྱི་མཐུ་སྟོབས་ནུས་པའི་རྩལ། །གཏུམ་དྲག་ཉམས་བརྒྱར་འབར་བའི་གཟི་བྱིན་གྱིས། །མི་བསྲུན་བདུད་སྡེའི་ཚོགས་ཀུན་འཇོམས་མཛད་པ། །དབང་དྲག་ཐོད་ཕྲེང་རྩལ་དེ་ཕྱག་གི་གནས། །མགོན་ཁྱོད་སྒྲུབ་ཐབས་ཀུན་གྱི་ཕུལ། །ཟབ་གཏེར་སྙིང་པོའི་བཅུད་མཆོག་གང་། །ཇི་ལྟར་ཉམས་སུ་ལེན་པའི་ཚུལ། །ཅུང་ཟད་སྤྲོས་ཏེ་འདིར་བཤད་བྱ། །དེ་ལ་འདིར་ཟབ་རྒྱས་ཀྱི་གདམས་པ་ཐམས་ཅད་ཀྱི་མཐར་ཐུག རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ་གཏེར་གསར་བླ་མ་དྲག་པོའི་བསྙེན་ཡིག་རྗེ་གཏེར་ཆེན་བླ་མས་མཛད་པ་ཉིད་ཅུང་ཟད་སྤྲོས་ཏེ་བཤད་ན། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། བསྙེན་པ་ལ་འཇུག་པའི་གོང་དུ། དཀོན་མཆོག་གི་རྟེན་མཆོད་པ། གསུང་སྒྲོག དགེ་འདུན་ལ་བསྙེན་བཀུར། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན་པ། ལམ་འཕྲང་གསོ་བ། ཆུ་གཏོར་སྦྱིན་གཏོང་སོགས་རང་ཉིད་ཀྱིས་སམ། མ་ལྕོགས་ན་གྲོགས་གཞན་ལ་བཅོལ་ཀྱང་རུང་སྟེ། རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་། དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས། རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་གཏོང་ཞིང་། གལ་ཏེ་ལོང་ཆུང་

p. 362

ནས་མ་འགྲུབ་ནའང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གང་དུ་སྒྲུབ་པའི་གནས་དབེན་ཞིང་ཡིད་དང་མཐུན་པ་རང་དབང་དུ་གྱུར་པ་ཕྱག་བདར་བྱས། རང་དང་ཁ་སྤྲོད་དུ་ཡོང་བའི་ལུགས་ཀྱི་ཞལ་ཤར་དུ་ཕྱོགས་པར་སྐུ་རྟེན་རབ་གནས་ཅན་བཀྲམ། དེའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་མཉྫི་སོགས་ཀྱི་སྟེགས་ལ་གུར་དྲག་རྩ་བའི་གཏོར་མ་རྒྱན་ཅན། གཡས་གཡོན་དམའ་བའི་སར་ཆོས་སྐྱོང་སྤྱི་སྒོས་གཏེར་སྲུང་གི་གཏོར་མ་དང་བཅས་པའི་གཡས་གཡོན་དུ་སྨན་རཀ མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས་བྲེང་ཚར་དུ་བཤམས། དེ་དང་ཁ་སྤྲོད་ཀྱི་སར། ས་དཀར་རམ། འབྲས་སོགས་ཀྱི་གཡུ་དྲུང་ཆོས་འཁོར་དུ་བྲིས་པའི་ཁ་ལ་འབོལ་ལྟ་བུའི་སྟན་ནང་ཚངས་ཅན་འདིང་། གཡས་སམ་མདུན་གང་དེར་ནང་མཆོད་རྡོར་དྲིལ་ཌཱ་མ་རུ་མེ་ཏོག་གི་སྣོད་དང་བཅས་པ་བཞག མཚམས་གཡོག་ཀྱང་བློ་མཐུན་ཞི་དུལ་ཀུན་སྤྱོད་དང་དམ་ཚིག་དག་པ་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་གཉིས་གསུམ་ཙམ་འཁྲོལ་ཅན་དུ་བྱེད། ལྷ་རྗེ་སོགས་ཀྱང་དམིགས་འོག་ཏུ་བཅུག མཆོད་གཏོར་གྱི་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་འདབ་འཕར་དུ་ལྡངས་པ་གནས་དེར་ཤོམ་ན་དང་། དེ་མིན་འདི་ནས་ལེན་དམིགས་ཁོངས་སུ་ཆུད་པར་བྱེད། ཡི་གེ་དང་ཆས་ཀ་གཏོང་ལེན་བྱེད་པ་སོགས་རྣམ་གཡེང་རྣམས་བརྒྱང་བསྲིང་། བསྙེན་པ་མ་གྲོལ་བར་ཐེམ་པ་མི་འདའ་བའི་དམ་བཅའ་བ་གལ་ཆེའོ། །དེ་ཡང་ཡར་ངོ་མར་ངོ་གང་རུང་གི་ཚེས་བཅུ་ལྟ་བུ་གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་ལྡན་པའི་དུས་དགེ་བ་ནས་དབུ་འཛུགས་པ་ལས། ཉིན་དང་པོའི་དགོང་ཐུན་ལ་བབས་པ་ན་ཐོག་མར་དབང་དྲག་གི་བསྐྱེད་རིམ་སྐད་ཅིག་མ་གསལ་བཏབ་ནས་བཟླས་པ་བརྒྱ་རྩ་ཙམ་བྱས་རྗེས་ང་རྒྱལ་གསལ་བཞིན་པས་གཞི་བདག་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ། ཞེས་པས། གཏོར་མ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་སྟོང་པའི་ངང་ལས་བྷྲུཾ་མ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། བྷཱུ་མི་ས་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎི་

p. 363

ཨ་དྱཱ་ནུཏྤནྣཏྭ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་བསྔོས་ལ། གང་དག་འདི་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། བགེགས་གཏོར་བཏང་ནས་ཕྱིར་བསྐྲད་རྗེས་དྲག་སྔགས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག་པ་སོགས་བགེགས་དང་བྲལ་བའི་ཆོ་ག་དཔུངས་བསྐྱེད་ནས་སྒོ་དྲུང་དུ་ཐོ་དཀར་པོ་ཞིག་བརྩིགས་ལ་རྒྱལ་ཆེན་བཞིར་མོས། གཏོར་མ་ཕུལ། བར་གཅོད་བསྲུང་བའི་ཕྲིན་ལས་བཅོལ་ལ་ཤིས་པ་བརྗོད་པ་རྣམས་བྱའོ། །ཞེས་པ་སྟེ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསངས། སྟོང་པའི་ངང་ལས་གཏོར་རྫས་འདོད་ཡོན་ལྔ་ལྡན་གྱི་བཅུད་ཀྱིས་ཁེངས་པར་བསམ་ལ། ནང་གི་རྩ་ཁམས་ཀྱི་གནས་ཚུལ་དང་མཁའ་ལྡིང་གིས་ཀླུའི་དུག་བདུད་རྩིར་བྱེད་པའི་རྟེན་འབྲེལ་གྱིས་ལག་གཡོན་གཡས་རྣམས་མཁའ་ལྡིང་གི་རྒྱ་རྣམས་སྟོན་བཞིན་དུ་ༀ་ཨཱཿཧཱུྃ་ཧོཿ ཞེས་བརྗོད་པའི་ཕྱག་རྒྱར་ཡི་གེ་སོ་སོས་མཚན་པ་ལས་འོད་ཟེར་འཕྲོས་པས་རིམ་བཞིན་ༀ་གྱིས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས་སྐྱོན་མེད་པར་བྱས། ཨཱཿས་རྫས་རྣམས་མང་པོར་སྦར་བས་མཐའ་མེད་དུ་འཕེལ་ཞིང་རྒྱས། ཧཱུཾ་གིས་གང་མོས་ཀྱི་ངོ་བོ་དེ་ལྟར་འཆར་བའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བསྒྱུར་བའོ། །ༀ་སརྦ་བིགྷཱ་ཎཾ་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི། ཞེས་ལན་གསུམ་གྱིས་ལན་ཆགས་གཉེར་བའི་བགེགས་ཚོགས་ལ་སོ་སོའི་དབང་པོ་ཚིམ་པའི་གཏོར་མ་བསྔོས་ནས་བ ཀའ་བསྒོ་བར་བྱ་སྟེ། ཧཱུཾ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཞེས་སོགས་ཏེ། དངོས་གྲུབ་སྒྲུབ་པ་ལ་ལོག་པར་འདྲེན་པའི་བགེགས་དང་གསང་སྤྱོད་ལྟ་བར་མི་དབང་བའི་འབྱུང་པོའི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་སྦྱངས་རྟོགས་སྦར་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཟང་པོར་བསྒྱུར་བ་འདིས་རང་རང་གི་དབང་པོ་ཚིམ་པར་བྱོས་ལ། དཔལ་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག གལ་ཏེ་བཀའ་འདི་ལས་སུ་ཞིག་འདའ་བར་བྱེད་པ་ན་ཡེ་ཤེས་ཀྱི་སྣང་བའི་ཁྲོ་ཚོགས་ཀྱིས་གང་དག་མི་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་བཞིན་

p. 364

དུ་བརླག་པར་འགྱུར་བ་གདོན་མི་ཟའོ། །ཞེས་བཀའ་བསྒོས་ལ་སུམ་བྷའི་དྲག་སྔགས་བཟླས། གུ་གུལ་གྱིས་བདུག་ཅིང་། ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བསམ་པ་སྟེ། དེ་ལྟར་སྤྲོད་པའི་བྱ་བྱེད་ལས་གསུམ་དོན་དམ་པར་བདེན་མེད་སྒྱུ་མ་ལྟ་བུའི་ཡོ་ལང་གི་ཁོང་བཀྲོལ་བས་བགེགས་རྣམས་རང་དེངས་སུ་འགྲོ་བ་ཆོས་ཉིད་དོ། །དེ་ནས་སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་པ། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲུཾ་ལས་རིན་ཆེན་སྣོད་ནང་དུ༔ ༀ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ༀ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡེ་ནཻ་དྱ་ཤཔྟ་པཱུ་ཛ་ས་མ་ཡ་ཧཱུཾ། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་འབར༔ ༀ་ཨཱཿཧཱུྃ་ཧོ་ཞེས་བྱིན་གྱིས་བརླབས། ཐོ་བསངས་སྦྱངས ། སྟོང་པའི་ངང་ལས་ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ་རྣམས་སུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ༀ་དྷི་ཏ་རཥྚ་ཡེ་སྭཱ་ཧཱ། ༀ་བི་རུ་དྷ་ཀ་ཡེ་སྭཱ་ཧཱ། ༀ་བིརུ་པཀྵ་ཡེ་སྭཱ་ཧཱ། ༀ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་གཏོར་མ་དབུལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱོགས་བཞི་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་དང་སྔར་གྱི་སྔགས་བཟླ་ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱས་སྒྲུབ་ཁང་གི་ཕྱོགས་སོ་སོར་རང་རང་གིས་རྒྱལ་ཐབས་ཀྱི་དཔུང་དང་བཅས་ཏེ་བསྲུང་བར་བསམ་མོ། །

p. 365

གཉིས་པ་དངོས་གཞི་ནི། དེ་ནས་སྔར་བཤམས་པའི་སྟན་ལ་འཁོད། ལས་བྱང་བཞིན་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ཚིག་ཤར་ཙམ་མིན་པའི་སེམས་རྒྱུད་དང་འདྲེ་བར་བྱས་ནས་ཕྲེང་བ་བྱིན་གྱིས་བརླབས། དེ་ནས་གཞུང་གི་འཛབ་དམིགས་གསལ་བཏབ་ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱས་ལ་ཉེར་བསྡུ་དང་། ཐུན་མཚམས་ཀྱི་ལྷར་ལངས་སྤྱོད་ལམ་ལ་འཇུག ཅེས་པ་སྟེ། བདེ་བའི་སྟན་ལ་བསམ་གཏན་གྱི་གནས་པས་འདུག་སྟེ། རང་ཉིད་ཡེ་ནས་གཉུག་མ་རང་བྱུང་གི་ཡེ་ཤེས་དེས་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་ཁ་ལོ་བསྒྱུར་བའི་ཕྱིར་རྣམ་པ་ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ་གྱི་ཐུགས་ཡེ་ཤེས་ཀྱི་རོལ་པ་ལས་རྡོ་རྗེ་དང་རྡོ་རྗེའི་མཚོན་ཆ་ཕྲ་མོ་འབར་བའི་མེ་དང་བཅས་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། རྡོ་རྗེ་རྣམས་ཞུ་ལུགས་སུ་འབྲེལ་བས་རྡོ་རྗེ་སྔོན་པོ་འབའ་ཞིག འོག་རྡོ་རྗེའི་ས་གཞིར་བརྡལ་བ། ལོགས་རྡོ་རྗེ་གྱེན་ལངས་ཀྱི་རྭ་བ་ཟླུམ་པོ་མཐོ་ཞིང་ཡངས་པ༑ དེ་སྟེང་རྡོ་རྗེའི་གུར་ཟླུམ་པོ་མཐའ་བགས་ཀྱིས་བཞོལ་བས་བཀབ་པའི་རྭ་གུར་སྦྲེལ་མཚམས་ནས་ནང་དུ་རྡོ་རྗེའི་བླ་རེ་དང་། གུར་གྱི་མཐའ་ཕྱིར་ཕྱར་བའི་སྣེ་ལས་རྡོ་རྗེའི་དྲ་བ༑ རྭ་བའི་སྐེད་པར་རྡོར་ཕྲེང་གིས་བཅིངས་ཤིང་། གུར་གྱི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་གིས་བརྒྱན་པ། དེ་ལས་ཁྲོ་ཆུང་དང་མཚོན་ཆའི་སྤྲིན་འཕྲོ་བ། དེ་ཐམས་ཅད་ལས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བས་ཅིས་ཀྱང་མི་ཤིགས་པར་བསམ་ལ། ཧཱུཾ། ང་ནི་ཡེ་ནས་རང་བྱུང་བའི༔ ཞེས་སོགས་ཏེ། དེ་ལྟར་བསྲུང་བའི་བྱ་བྱེད་ལས་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ན་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་དུ་འགྱུར་ཏེ་བསྲུང་བ་རྣམས་ཀྱི་ནང་ནས་མཆོག་གོ །འདི་ནི་མཚམས་འགྲོལ་རྒྱུའི་ནུབ་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་རེ་བྱ་སྟེ། བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུང་། དེ་ནས་བྱིན་རླབས་མྱུར་འཇུག་གི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། བླ་མའི་ཡོན་ཏན་དང་བཀའ་དྲིན་དྲན་པས་བློ་སྣ་མོས་གུས་ཀྱིས་ཕྲོགས་པའི་གདུང་ཤུགས་དྲག་པོ་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིངས་སྐྱུར་བྱས་ཏེ། རང་དང་ལྷན་ཅིག་སེམས་ཅན་ཐམས་

p. 366

ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམ་ལ། ཁྱབ་བདག་གདོད་མའི་མགོན་པོ་འོད་མི་འགྱུར་ཞེས་སོགས་བརྗོད་ཅིང་། བླ་མ་སོ་སོའི་མཚན་བྱུང་བའི་ཚེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དགོས་འདོད་ཀུན་སྩོལ་ཡིན་པ་ལ་ཡིན་པར་བློ་ཐག་བཅད། གསོལ་བ་འདེབས་སོ། །ཞེས་པའི་ཚེ་གདུང་ཤུགས་བཟོད་མེད་དུ་བསྐྱེད་དེ་གསོལ་བ་ཕུར་ཚུགས་སུ་འདེབས། དངོས་གྲུབ་རྣམ་གཉིས་སྩོལ། ཞེས་དང་། སྲིད་ལས་ངེས་འབྱུང་ཐར་པ་དོན་དུ་གཉེར། ཞེས་སོགས་ཀྱི་སྐབས་སུ་ལམ་སྒོམ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འབྱོར་པས་ཚེ་འདི་ཉིད་ལ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ནས་དབང་དྲག་འབར་བའི་གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་རློབས་ཤིག་ཅེས་འདོད་དོན་ལ་གསོལ་བའོ། །ཆོ་ག་དངོས་ལ་སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ལའང་བདུན་ལས། དང་པོ་སྐྱབས་འགྲོ་ནི། རང་ཉིད་ཁྲག་འཐུང་པདྨ་དྲག་པོར། ཞེས་སོགས་ཏེ་རང་ཉིད་གཉུག་མ་དོན་གྱི་དབང་དྲག་པདྨའི་ལྷ་སྐུར་གསལ་བཏབ་པའི་སྙིང་ཁར་ཟླ་དཀྱིལ་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོ་རྟག་ཏུ་འཆར་བཞིན་པ་གསལ་བཏབ། དེ་ལས་འོད་ཟེར་དམར་པོ་འཕྲོས། མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པ་ཐམས་ཅད་ཀྱང་བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་ཐུགས་རྗེ་ཡེ་ཤེས་ཀྱི་རོལ་པ་མ་འགགས་རང་ཤར་བ་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ། དཀོན་མཆོག་གསུམ་འདུས་པའི་བདག་ཉིད་དུ་མོས་ལ། ལུས་ངག་ཡིད་གསུམ་གུས་པས་ཡིད་ཁྱེད་ཤེས་ཀྱི་ངེས་པ་བརྟན་པོས། མཆོག་གསུམ་འདུས་པའི་ངོ་བོ་ཉིད། ཅེས་སོགས་ཀྱི་སྐྱབས་སུ་འགྲོ། དོན་དམ་ལྟར་ན། སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གྲུབ་པ་ལ་དེ་ལྟར་ཤེས་པས་སྐྱབས་སུ་འགྲོ་བྱ་འགྲོ་བྱེད་དང་བྲལ་བའི་ཚུལ་གྱིས་སོ། །གཉིས་པ་སེམས་བསྐྱེད་པ་ནི། དེ་ལྟར་དཀོན་མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང་ནས་མར་གྱུར་ནམ་མཁའ་མཐའ་བཏུགས་པའི་སེམས་ཅན་མེད་བཞིན་སྣང་བ་འཁོར་བའི་གནས་ན་མེད་སྣང་གི་སྡུག་བསྔལ་དུ་མས་རྒྱུད་བསླད་

p. 367

པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་ལ་འགོད་འདོད་ཀྱི་སྙིང་སྟོབས་བརྟན་པོས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པར་བགྱིའོ་སྙམ་པས། མཁའ་མཉམ་འགྲོ་བ་མ་ལུས་པ། ཞེས་སོགས་སོ། །གསུམ་པ་ཡན་ལག་བདུན་པས་ཚོགས་བསག་པ་ནི། མདུན་མཁར་སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ། བདག་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་པ་སོགས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསག་པར་བྱ་སྟེ། རིམ་པ་བཞིན་དུ་གཙོ་བོར་ང་རྒྱལ་དང་། ཆགས་ཞེན་དང་། ཞེ་སྡང་དང་། ཕྲག་དོག་དང་། ལོག་ལྟ་དང་། གཏི་མུག་དང་། ཐེ་ཚོམ་རྣམས་ཀྱི་གཉེན་པོར་བསམ་སྟེ། བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ལ། ཞེས་སོགས་ཀྱིས་རྒྱུད་དག་པར་བྱས་ཏེ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་ད གྱེས་པ་ཆེན་པོས་རང་ལ་བསྟིམ་པའོ། །བཞི་པ་བགེགས་བསྐྲད་པ་དང་། ལྔ་པ་མཚམས་བཅད་པ་གཉིས་གོང་དུ་སོང་། དྲུག་པ་བྱིན་དབབ་པ་ནི། ཆོས་སྐུ་ཞི་བ་ཆེན་པོའི་ངང་ལས་མ་གཡོས་ཀྱང་གཟུགས་སྐུ་འཇིགས་བྱེད་ཁྲག་འཐུང་ཁྲོ་བོའི་སྐུར་སྟོན་པ་དབང་དྲག་པདྨ་དྲག་པོའི་ལྷ་ཚོགས་ནམ་མཁའ་གང་བ་རྣམས་ཀྱི་གློག་ལྟར་མྱུར་བའི་ཐུགས་བརྩེ་བས་དགོངས་ལ། དེང་འདིར་ཡེ་ཤེས་ལྔས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་བའི་དུས་ལ་བབ་སྟེ་ངོ་མཚར་བའི་རྟགས་ལྷའི་སྐུ་མཐོང་བ། གསུང་ཐོས་པ། སེམས་ལ་མངོན་ཤེས་འཆར་བ་སོགས་དངོས་གྲུབ་ཀྱི་མཚན་མ་རྣམས་མྱུར་བ་ཉིད་དུ་སྟོན་པར་མཛོད་ཅིག་པ་སྟེ། ཧཱུྃ༑ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཞེས་སོགས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་པའོ། །བདུན་པ་མཆོད་རྫས་བརླབ་པ་ལ་ཐུན་ཁྱད་གཉིས་ལས། ཐུན་མོང་པ་ཕྱི་ནང་ཉེར་སྤྱོད་རྣམས་བདག་གི་ཐུགས་ཀ་ནས་རཾཡཾ་ཁཾ་གི་ཡི་གེ་གསུམ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་བས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷཱུཾ་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ལས་ལྷ་རྫས་ཀྱི་མེ་ཏོག་སོགས་ཕྱི་དང་། རང་བྱུང་གི་རྫས་

p. 368

དབང་པོ་ལྔའི་མེ་ཏོག་སོགས་ནང་གི་ཉེར་སྤྱོད་འདོད་པའི་ཡོན་ཏན་རྣམས་མ་ཚང་བ་མེད་པ་མཆོད་པའི་ཚོགས་རེ་རེ་ལས་ཀྱང་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ཞིང་།ༀ་བཛྲ་དྷུ་པེ་སོགས་བརྗོད། ཁྱད་པར་བ་ལ་སྨན་རཀ་གཏོར་གསུམ་ལས། སྨན་ཕུད་ནི། རཾ་ཡཾ་ཁཾ་གིས་སྔར་ལྟར་སྦྱངས། སྟོང་པའི་ངང་ལས་ཨ་ཡིག་འོད་དུ་ཞུ་བ་ལས་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་བཅུད་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་གི་རྫས་བཅུ་སྟེ། དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་གླང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན། ནུབ་ཏུ་རྟ་ཤ་དང་རཀྟ། བྱང་དུ་གླང་པོ་ཆེའི་ཤ་དང་དྲི་ཆུ་རྣམས་རིམ་པ་བཞིན།ༀ་མུཾ། ཧཱུཾ་ལཱཾ། ཏྲཾ་མཱཾ། ཧྲཱི་པཾ། ཨཱ་ཏཱཾ་ལས་རིགས་ལྔའི་རང་བཞིན་དུ་བསྐྱེད་པ་བདེ་སྟོང་གི་ངོ་བོར་ཞུ་བས་གཉིས་འཛིན་གྱི་རྟོག་པ་སྦྱངས་ཏེ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིར་རྟོགས་པར་བྱས། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ནས་རོ་གཅིག་ཏུ་ཐིམ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ཞིང་། སྟོང་པའི་ངང་ལས་ཨ་ལས་སོགས་དང་སྔགས་ལན་བདུན། གཉིས་པ་རཀྟ་ནི་གཞན་སྔར་དང་འདྲ་བ་ལས། སྟོང་པའི་ངང་ལས་ཨ་ཡིག་ཞུ་བ་ལས་བྱུང་བའི་ཐོད་པའི་ནང་དུ་རཾ་ཡིག་དམར་ཆ་རྡུལ་མཚོན་པ་སྟེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཀྟ་ནི་ཁྲག་ཆེན་ནམ་ཆགས་པ་ཆེན་པོ་སྟེ་ཁམས་གསུམ་དུ་ཞེན་པའི་ཆགས་རྟོག་ཐམས་ཅད་བསྡུས་ཤིང་སྦྱངས་པ་ལས་ཆགས་མེད་བདེ་བ་ཆེན་པོ་རཀྟའི་རྒྱ་མཚོ་ཇི་ལྟར་འདོད་པའི་མཆོད་སྤྲིན་དུ་གྱུར་པར་བསམ་ཞིང་། སྟོང་པའི་ངང་ལས་ཐོད་པའི་སོགས་དང་། སྔགས་ལན་བདུན། གསུམ་པ་གཏོར་མ་ནི། སྦྱང་བ་སྔར་བཞིན་ལས། གཏོར་གཞོང་བྷཱུཾ་ལས་རཏྣའི་མཆོད་སྡོང་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་རྫས་ཉིད་ༀ་ཡིག་འོད་དུ་ཞུ་བ་ལས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། སྟོང་པའི་ངང་ལས་གཏོར་གཞོང་བྷྲུཾ་ལས་སོགས་དང་། སྔགས་ལན་བདུན་བརྗོད། དེ་ལྟར་སྔོན་འགྲོའི་ཆོས་རྣམས་

p. 369

ལ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་གསུམ་རྟེན་འབྲེལ་གྱི་འགྲོས་མཚུངས་པའི་སྒོ་ནས་དག་རྫོགས་སྨིན་གསུམ་རྩི་ན། སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེད་གནས་ཀྱི་སྐྱོན་དང་། ཕྱི་མའི་གནས་སུ་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱང་ཞིང་བསྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་བསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་ཚོགས་གཉིས་བསོག་ཅིང་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་སྔོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུར་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་བགེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ལ་བདུན་ལས་དང་པོ་ལ་གསུམ་སྟེ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། བྱིན་གྱིས་བརླབ་ཅིང་དབང་བསྐུར་བའོ། །དང་པོ་ལ་གསུམ་ལས། དེ་ཏིང་ནི། འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཟུང་འཛིན་མཚན་མའི་མཐའ་ལས་འདས་པ་ནམ་མཁའི་དབྱིངས་ལྟ་བུ་དེའི་ང་རྒྱལ་སྒོམ། དེ་ཡང་བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་དག་རྫོགས་སྨིན་གསུམ་ཚང་དགོས་ལ་འདིས་འཆི་སྲིད་སྦྱོང་བའི་དག་པ་བྱེད། ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་བསོས་ཐེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག ལམ་གོང་མ་རྫོགས་རིམ་གྱི་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ། འདི་ཡང་འཆི་སྲིད་དག་པ་ཆོས་སྐུའོ། །ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བྱ་སྟེ། འོག་མ་རྣམས་ལའང་འདྲེ་ཤེས་པར་བྱའོ། །གཉིས་པ་ཀུན་སྣང་ནི། སྟོང་ཉིད་དེའི་རང་རྩལ་འགགས་པ་མེད་པ་ཀུན་ཁྱབ་ཐུགས་རྗེ་ཆེན་པོ་ནམ་མཁའི་འཇའ་ཚོན་ལྟར་སྒྱུ་མ་ལྟ་བུའི་ཡུལ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་

p. 370

ཆེན་པོ་མཁའ་ཁྱབ་ཏུ་སྒོམ། འདིས་བར་དོ་སྦྱོང་། འབྲས་བུ་ལོངས་སྐུར་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་། གསུམ་པ་རྒྱུ་ཏིང་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རྒྱུ་ལས་སྲུང་འཁོར་གྱི་ནང་ངོས་ནམ་མཁའི་དབྱིངས་ལྟ་བུ་རང་རིག་ཧཱུྃ་ཡིག་དམར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྒོམ། འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེང་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་ཡེ་ཤེས་ཀྱི་ལྷ་སྐུར་བཞེང་བའི་གཞི་འདིང་། དེ་དག་ཀྱང་། ཧཱུྃ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་སོ། །གཉིས་པ་ལ་གཉིས་ཏེ། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི་སྲུང་འཁོར་གྱི་ནང་དུ་རྒྱུའི་ཧཱུྃ་ཡིག་དེ་ལས། ཨེ་ཡཾ། རཾ་ར། སུཾ། ཀེཾ་རྣམས་འོག་ཏུ་ཆད་པ་ལས། ཨེ་ལས་ནམ་མཁའ་ཆོས་འབྱུང་མཐིང་ག་གདེང་ཀ་གྱེན་དུ་རྒྱས་ཤིང་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་འབྱམས་ཀླས་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་ཁུ་དབྱིབས་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་བ་ཐག་ལྟ་བུའི་འོད་ཟེར་ལྗང་ནག་གི་མུ་ཁྱུད་ཀྱིས་བསྐོར་བ། དེའི་དཀྱིལ་དུ་རམ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་པ། མེ་ལྕེ་འབར་བའི་ཕྲེང་བས་བསྐོར་བ། དེའི་སྟེང་དུ་ར་ལས་རཀྟའི་རྒྱ་མཚོ་དམར་ནག་རྦ་ཀློང་འཁྲུག་པ་ཟླུམ་པོར་འཁྱིལ་ཞིང་མཐའ་ལ་འོད་ཟེར་དམར་པོས་བསྐོར་བ། དེའི་སྟེང་དུ་སུཾ་ལས་ས་དཀྱིལ་སེར་པོ་ཤ་ཆེན་གྱི་རང་བཞིན་གྲུ་བཞི་པ་མཐའ་ལ་འོད་ཟེར་སེར་པོས་བསྐོར་བ། དེའི་སྟེང་དུ་ཀེཾ་ལས་ཀེཾ་རུས་འཛིངས་སྟབས་སུ་བརྩིགས་པའི་རི་རབ་སྟེ། འདི་ཆུ་མཚམས་ཡན་ཆད་བསྒོམས་པས་ཆོག་པའི་ཕྱིར་ཕྱེད་པར་བཅད་པའི་ཕྱེད་འོག་མ་བང་རིམ་བཞིའི་རྣམ་པ་དང་། ཕྱེད་གོང་མ་ཀུན་ཏུ་གྲུ་བཞི་པ་མཐའ་ལྕགས་རིས་ཡོངས་སུ་བསྐོར་བ་དང་བཅས་པའི་རི་རབ་ཀྱི་རྩེ་གཞལ་ཡས་ཁང་གི་འོག་གཞིར་འགྱུར་ཞིང་། འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་གྱི་ལམ་དུ་ཁྱེར་རོ། །དེ་ཡང་སྔར་གྱི་སྲུང་

p. 371

འཁོར་གྱི་རྡོ་རྗེ་རྭ་བའི་ནང་ཁོངས་སུ་རྡོ་རྗེའི་ས་གཞི་ལ་ས་རྡུལ་ལྟ་བུ་ཆགས་པས་རྡོ་རྗེའི་དབྱིབས་མི་མངོན་པར་བྱས་པའི་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་སྤྲས་པ། དེའི་ནང་དུ་རྒྱུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་འདབ་མ་རྣམས་རང་རང་གི་སྐྱེ་བའི་རྩ་བ་ཆ་གསུམ་ཆ་ཙམ་འཕྲེད་དང་། དེ་ནས་རྩ་བ་གྱེན་དུ་ལངས་པའི་རྩེ་རྣམས་ནང་དུ་ཅུང་ཟད་ཙམ་གུག་པ་ཁ་དོག་སྣ་ཚོགས་པས་བསྐོར་བའི་དབུས་སུ་འདབ་མ་རྣམས་སྐྱེ་བའི་གཞི་པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཅན་ཁ་དོག་ལྗང་ཁུ་གེ་སར་དམར་སེར་ཟི་ཕོལ་དང་བཅས་པས་བསྐོར་བ། པདྨའི་ལྟེ་བའི་ཁར་ཉི་མའི་དཀྱིལ་འཁོར་དངས་ཤིང་གསལ་བ་གེ་སར་གྱི་རྒྱ་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་མཐིང་ཁ་གྲུ་བཞི་པ། དེ་ལས་ཐོན་པའི་རྭ་རྣམས་ཤར་གྱི་རྭ་གསུམ་དཀར་བ་སོགས་ཕྱོགས་ཀྱི་ཁ་དོག་ཅན་རྣམས་རེ་རེ་ནས་རིམ་བཞིན་བསྒོམ། འདི་རྣམས་ཀྱིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་བཅས་པ་གྲུབ་པ་དེ་སྦྱོང་། འབྲས་དུས་སུ་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཁམས་ཡུམ་ལྔའི་མཁའ་མཚོན་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་ལ་པད་ཉི་དང་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ། དེ་རྣམས་གཉེན་ཅིང་དུལ་བའི་གཞི་གདིང་སྣ་ཚོགས་རྡོ་རྗེའི་སྟེང་དུ་རྒྱུའི་ཧཱུྃ་ལས་བྷྲཱུཾ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེའི་རང་བཞིན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དེ་ཡང་ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་དབྱིབས་གྲུ་བཞི་པ། ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩི ག་པ་ཡེ་ཤེས་ལྔ་མཚོན་བྱེད་གཙོ་བོའི་དབང་གིས་ནང་ནས་དམར་དཀར་སེར་སྔོ་ལྗང་བ། ཐམས་ཅད་ཀྱང་རཀྟས་སྤྱིན་ཐབས་སུ་སྦྱར་ཞིང་གནམ་ལྕགས་ཀྱི་གཟེར་བུས་བཏབ་པ། རྣམ་ཐར་བཞི་མཚོན་པའི་སྒོ་བཞི་སྒོ་འཁྱུད་ཅན། ཕྱི་ནང་གི་ཐེག་པ་བརྒྱད་མཚོན་པའི་སྒོ་ཕུགས་ཀྱི་ཕྱི་ནང་གཉིས་ནས་ཐེམ་སྐས་བཞི་བཞི་སྟེ་རྒྱུའི་རྟ་བབས་བརྒྱད་དང་། སྒོའི་ཕྱི་ཟུར་བཞི་ནས་ཀ་བ་བཞི་བཞི་གདུང་བཅས་ཀྱིས་བཏེགས་པའི་རྟ་རྐང་

p. 372

ཆུ་སྐྱེས་རིན་ཆེན་སྒྲོམ། ཟར་ཚགས། སྣ་འཕྱོང་། ཆུན་འཕྱང་། ཤར་བུ། ཁྱུང་མགོ་རྣམས་ཀྱིས་མཛེས་པར་བྱས་པ་སྟེ་འབྲས་བུའི་རྟ་བབས་བརྒྱད། དེའི་སྟེང་དུ་པདྨ་ལ་གནས་པའི་འཁོར་ལོ་གདུགས་ཀྱི་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྩིག་པའི་ཕྱི་ངོས་སུ་འགྲམ་སྟེགས་ཀྱི་ཚུལ་འདོད་སྣམ་དམར་པོ་སྒོ་འཁྱུད་ཀྱི་རྩིག་པ་ལ་ཐུག་པར་བསྐོར་བ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་ཐམས་ཅད་ཀྱང་དུར་ཁྲོད་རོལ་པའི་མཆོད་སྤྲིན་སྤྲོ་བ། སྒོ་འཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེ། རྩིག་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར། བྲེ་ཕུལ་གྱི་སྣམ་བུར་སྦྲུལ་སྒྲམ་དང་ཐོད་ཕྲེང་གི་དྲ་བ་དང་དྲ་བ་ཕྱེད་པ། ཕྱམ་གྱི་སྟེང་དུ་བྱ་འདབ་ཕུབ་པའི་ནང་ཙམ་གྱི་འོག་ནས་རྐང་ལག་གི་ཤར་བུ། བྱ་འདབ་ཀྱི་རྩ་བ་ནོན་བྱེད་སྒལ་རྩིབས་ཀྱི་འདའ་ཡབ་ཀྱིས་བསྐོར་བའི་བར་དུ་བུམ་པ་ལ་གནས་པའི་ཞིང་གི་གདུགས་དང་རྒྱལ་མཚན། ལག་པའི་འཕན་ལ་སོགས་པ་རྒྱན་སྣ་ཚོགས་ཀྱིས་བཀྲ་བ། སྟེང་ཞིང་ལྤགས་ཀྱི་ཐོག་ཕུབས་ཉི་མ་དང་ཟླ་བའི་མཐོངས་དཀར་དང་བཅས་པའི་དབུས་ཕྱུར་བུ་ལྷ་ཆེན་གྱི་ཐོད་པས་ཕུབ་པའི་རྩེ་མོར་ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ་བ། དེ་ལྟར་རྔམ་བརྗིད་དྲག་པོའི་རྒྱན་དུ་མས་སྤྲས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་མཐའི་ཁོར་ཡུག་ཏུ་རྡོ་རྗེའི་གུར་ཁང་དང་། རབ་ཏུ་འབར་ཞིང་འཁྲུག་པའི་ཡེ་ཤེས་ཀྱི་མེའི་ཕྲེང་བས་བསྐོར་བའི་ནང་དུ་རྣམ་ཐར་བཞིས་འགྲོ་དོན་ལྷུན་གྱིས་གྲུབ་པའི་བརྡར་འཁོར་ལོ་སྔོན་པོ་རྩིབས་བཞི་རྭ་བ་དང་བཅས་པ། དེའི་ནང་དུ་ཡེ་ཤེས་ལྔ་མཚོན་པའི་པདྨ་འདབ་མ་བཞི་ཕྱོགས་ཀྱི་མདོག་ཅན་ལྟེ་བ་དང་བཅས་པའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་ཐར་སྒོ་གསུམ་མཚོན་པའི་ཨེ་ཆོས་ཀྱི་འབྱུང་གནས་དམར་ནག་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་གདེང་ཀ་ཆེ་བ་གྱེན་བསྟན་ཟུར་མདུན་དུ་ཕྱོགས་པའི་ལྟེ་བར་དྲེགས་པ་སྡེ་བརྒྱད་བསྣོལ་བའི་ཁར་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཐབས་ཤེས་མཚོན་པའི་ཟླ་ཉིའི་དཀྱིལ་འཁོར་རྣམས་བརྩེགས་པའི་སྟེང་དུ་རཀྴ་སྲིན་པོ་ཕོ་ཁ་སྦུབ་དང་མོ་གན་རྒྱལ་དུ་བསྣོལ་བ་སྟེ། དེ་

p. 373

ལྟར་ཡང་། དེ་ལས་ཨེ་ཡཾ་རཾ་ར་སུཾ༔ ཞེས་སོགས་ཚིགས་བཅད་བཞིའོ། །གཞལ་ཡས་ཁང་གི་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་དང་། གདན་པད་ཟླ་ཉི་མས་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་མའི་མངལ་ཁུ་ཁྲག་དང་བཅས་པ་དང་། གཞན་གཉིས་ཀྱིས་དྲོད་གཤེར་དང་གནས་ལུས་ལ་སྲེད་ལེན་གྱི་བག་ཆགས་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་སྒྲུབ་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གི་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་། གདན་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་སྟེ། འབར་འཛག་གི་ཞུ་བདེས་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་འདིང་པའོ། །གཉིས་པ་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ། གཙོ་བོ་བསྐྱེད་པ་དང་། འཁོར་བསྐྱེད་པ་གཉིས་ལས། དང་པོ་ནི། ཆོ་ག་གསུམ་བསྐྱེད་དེ། རྒྱུའི་ཧཱུྃ་ཡིག་གདན་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་ག །དེ་བཞུ་བ་ལས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་ཡིག་དམར་པོས་མཚན་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་ག དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་དྲག་པོ་ཐོད་ཕྲེང་རྩལ་གྱི་སྐུར་བསྐྱེད་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ༑ འདིས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་ཤེས་པ་ཞུགས་པ། ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ༑ རླུང་བཅུས་ལུས་རིམ་གྱིས་གྲུབ་པས་དབང་པོ་རྣམས་རྫོགས་ནས་བཙས་པ་སྦྱོང་། འབྲས་བུ་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་ནས་ལྷུམས་ཞུགས་དང་བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་ས་བོན་ཕྱག་མཚན་ནི་རླུང་སེམས་དྷུ་ཏིར་ཐིམ་པ་སྤྲོ་བསྡུ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་མི་འགྱུར་བའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་གཞི་འདིང་བའོ། །དེ་ཡང་ཆོས་ཉིད་དེ་བཞིན་ཉིད་མཚོན་པའི་ཞལ་གཅིག ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་འགྲོ་དོན་མཛད་པའི་ཕྱག་གཉིས། སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུའི་ཆ་ལུགས་

p. 374

གཏུམ་ལ་རྔམ་པའི་བརྗིད་དང་ལྡན་པ། མདུལ་བྱ་ལ་རྗེས་སུ་ཆགས་པའི་སྐུ་མདོག་དམར་ནག་བསྐལ་པའི་མེའི་ཕུང་པོ་ལྟར་རབ་ཏུ་འབར་བ། གདུག་པ་ཅན་རྣམས་ཚར་གཅོད་པའི་ཕྱིར་ཞལ་གདངས་ཤིང་ལྗགས་འདྲི ལ་བ་མཆེ་བ་རྣོན་པོ་གཙིགས་ནས་དྲག་པོའི་སྐན་སྒྲ་བསྡེབ་པ། རྣམ་ཐར་གསུམ་མཚོན་པའི་དམར་ལ་ཟླུམ་པའི་སྤྱན་གསུམ་གདངས་མིག་ཏུ་གཡོ་བ། དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་གཡོ་ཞིང་སྨ་ར་སྨིན་མ་ལས་མེ་འོད་འཕྲོ་བ་ཆོས་ཉིད་འགྱུར་བ་མེད་ཅིང་འགྲོ་རྣམས་ཐེག་པ་དགུའི་ལམ་ལ་འདྲེན་པའི་ཕྱིར་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའི་དབྱིངས་སུ་འཕྱར་བ་ལོག་པར་བལྟ་བའི་སེམས་ཅན་རྣམས་ཐུགས་རྗེས་སྒྲོལ་བའི་བརྡར་ཕྱག་གཡོན་གནམ་ལྕགས་ཀྱི་ཕུར་བུ་རྣོ་དབལ་འབར་བ་དགྲ་བགེགས་ཀྱི་སྙིང་གར་གཟིར་བ། སྡིགས་མཛུབ་ཀྱི་རྩེ་ལས་ཕྲིན་ལས་ཀྱི་ཕོ་ཉ་ལྕགས་ཀྱི་སྡིགས་པ་རང་འདྲའི་ཕོ་ཉ་གྲངས་མེད་འགྱེད་པ་ལ་རྒྱལ་གདོན་རྣམས་ཟ་བ། ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་ཕྲིན་ལས་ཀྱི་དྲག་ཤུལ་ཆེན་པོའི་སྟངས་སྟ བས་ཀྱིས་དྲེགས་པའི་གདན་ལ་རོལ་བ། མཁྱེན་པའི་སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་གླང་ཆེན་གྱི་ཀོ་རློན། བྱང་ཆུབ་སེམས་ཀྱི་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཀྱི་བསྟོད་གཡོགས་ཤིང་། ང་རྒྱལ་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། དྲེགས་པ་འདུལ་ཞིང་སྐུ་ལྔ་ཡེ་ཤེས་ལྔ་མཚོན་པའི་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། ཕྲག་དོག་བཅོམ་པའི་སེམས་འབྱུང་ལྔ་བཅུ་རྣམ་པར་དག་པའི་བརྡར་མགོ་རློན་ལྔ་བཅུ་ཕྲེང་བར་རྒྱུས་པའི་དོ་ཤལ། དཔའ་བརྟུལ་དྲག་པོས་ལས་ཀྱི་ཞེ་སྡང་བཅོམ་པའི་བརྡར་ཀླུ་རྒྱལ་རིགས་དཀར་པོས་སྐྲ་བཅིངས། རྗེ་རིགས་སེར་པོས་སྙན་ཆ། བྲམ་ཟེའི་རིགས་དམར་པོས་སེ་མོ་དོ་དང་མགུར་མཆུ་དམངས་རིགས་ལྗང་ཁུས་སྐེ་རགས་དང་དོ་ཤལ། གདོལ་པ་ནག་པོས་གདུ་བུ་སྟེ། ཐམས་ཅད་ཀྱང་གདུག་པ་སྦྲུལ་གྱི་རྣམ་པ་ཅན་གྱི་འཆུན་པོས་སྤྲས་པ་སོགས་ཁོངས་ནས་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་རྣམས་ཀྱིས་

p. 375

མཚན་པ། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་རོལ་བའི་བརྡར་རིན་པོ་ཆེའི་རྒྱན་ནི། དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་ཅན་གྱི་རྩེ་ཕྲན། དོ་ཤལ། གདུ་བུ ། སྙན་ཆ། དཔུང་རྒྱན། སེ་མོ་དོ་རྣམས་སོ། །ཕར་ཕྱིན་དྲུག་རྫོགས་པའི་བརྡར་རུས་པའི་རྒྱན་དྲུག་ནི། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། སྣ་ཆ་བཟོད་པ། སྤྱི་བོའི་འཁོར་ལོ་བརྩོན་འགྲུས། སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཤེས་རབ་སྟེ་དུར་ཁྲོད་འབར་བའི་ཆས་ཐམས་ཅད་ཀྱིས་རྣམ་པར་སྤྲས་པ། དེའི་པང་ན་རྣམ་ཀུ ན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ངོ་བོར་བཞེངས་པ་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ་ཆོས་ཉིད་འགྱུར་བ་མེད་པའི་དོན་དང་ལྡན་པའི་བརྡར་སྐུ་མདོག་མཐིང་ནག་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིགརྣམ་ཐར་གྱི་སྤྱན་གསུམ། མཁྱེན་པའི་ཡེ་ཤེས་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱག་གཉིས་མ། ཕྱག་གཡས་ཀུན་ཏུ་རྟོག་པ་གཅོད་པའི་གྲི་གུག་དང་། མི་རྟོག་པའི་ཡེ་ཤེས་ཀྱི་བདེ་བ་སྐྱོང་བའི་ཐོད་པའི་ནང་དུ་ཡེ་ཤེས་དེས་བདུད་བཅོམ་པས་འཁོར་བ་དབང་དུ་སྡུད་པའི་བརྡར་བདུད་བཞིའི་ཁྲག་གིས་བཀང་བ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ༑ དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་སྐྲ་གྲོལ་ཞིང་། དབུ་རྒྱན་དང་འཁོར་ལོ་ཆོས་དབྱིངས་། རྣ་ཆ་སོར་རྟོག །མགུལ་རྒྱན་མཉམ་ཉིད། གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རུས་པའི་ཕྱག་རྒྱ་ལྔ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཆོས་ཉིད་སྟོང་པ་ཉིད་མཚོན་པའི་སྐུ་གཅེར་བུ་གཞོན་ཚུལ་ཅན་ནུ་མ་དང་བྷ་ག་རབ་ཏུ་རྒྱས་པ། ཤེས་རབ་ཉིད་ལ་ཐབས་ཀྱི་མཚན་ཉིད་མི་འདོར་བའི་ཟུང་འཇུག་གི་བརྡར་ཞབས་གཡོན་བསྐུམ་པས་ཡབ་ལ་འཁྲིལ་ཞིང་གཡས་བརྐྱང་བའི་ཚུལ་ཅན་བདེ་སྟོང་གཉིས་སུ་མེད་པར་ཡབ་དང་མཉམ་པར་སྦྱོར་བར་བཞུགས་པ། བདག་ཐབས་ཀྱི་ལྷ་ཡེ་ཤེས་སེམས་དཔར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་འཁོར་འདས་ཐམས་ཅད་ཡེ་ཤེས་སྙིང་པོ་གཅིག་ཏུ་གྲུབ་པའི་བརྡར་ཤེས་རབ་ཀྱི་ལྷ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཆོས་ཉིད་མི་འགྱུར་བ་མཚོན་

p. 376

ཅིང་ཡེ་ཤེས་ལྔ་དང་ལྡན་པས་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀ་དང་། ཟག་མེད་ཀྱི་བདེ་བ་རྒྱས་པའི་བརྡར་ཕྱག་གཡོན་མཚན་ལྡན་གྱི་ཐོད་པ་བདུད་རྩིས་གང་བ་འཛིན་པའི་གྲུ་མོ་གཡོན་ན་དུག་གསུམ་རྩད་ནས་གཅོད་པའི་ཁ་ཊཾ་ཀ་འཛིན་པ། གཉེན་ཞུ་གསང་ཕོད་ཟབ་བེར་སྣམ་སྦྱར་རྣམས་གསོལ་ཞིང་། ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་དགྱེས་འཛུམ་འོད་ཟེར་འཕྲོ་བའི་བདག་ཉིད་ཅན་དེ་ཉིད་ཀྱི་ཐུགས་ཀར་པད་ཉི་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་ཡིག་དམར་པོས་མཚན་པའི་མཐར་སྔགས་ཕྲེང་གིས་བསྐོར་བ་ཏིང་ངེ་འཛིན་སེམས་པའི་ངོ་བོར་བཞུགས་པ་འོག་གདོན་ས་བདག་འདུལ་བའི་ཕྱིར་སྤྱི་བོར་སྤྲུལ་པའི་བྱ་ཁྱུང་མཐིང་ནག་དུག་སྦྲུལ་ནག་པོ་ཟ་ཞིང་བསྐལ་མེ་ལྟར་འབར་བའི་གཤོག་པ་གཡབ་ཅིང་བསྡེབས་པས། མེའི་ཚྭ་ཚྭ་འཕྲོ་བ། དེའི་སྟེང་དུ་སེམས་ཉིད་སྐྱེ་འགག་མེད་པའི་ཟུང་འཇུག་གི་སྣང་ཆ་རིགས་བདག་འོད་དཔག་མེད་གསུང་རྡོ་རྗེའི་རིགས་མཚོན་པས་སྐུ་མདོག་དམར་པོ་འཆི་བ་མེད་པའི་དངོས་གྲུབ་སྟེར་བའི་བརྡར་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་འཛིན་པ་སྤྲུལ་སྐུའི་ཆ་བྱ་ཅན་གྱི་རྒྱས་འདེབས་པ་སྟེ། དེ་ལྟར་ཡང་། རིག་པ་ཧཱུྃ་ལས་རྡོ་རྗེ་ནི། སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཉིས་སོ། །གཉིས་པ་འཁོར་བསྐྱེད་པ་ལ་གཉིས་ལས་དང་པོ་རིག་པ་བཞིའི་མཁའ་འགྲོ་བཞི་བསྐྱེད་པ་ནི། སྙིང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་པདྨ་འདབ་བཞི་ལ་པད་ཉིའི་གདན་རེའི་སྟེང་དུ་མདུན་ནས་བརྩམས་ཏེ་ཧ་རི་ནི་ས་བཞི་ལས་ཡོན་ཏན་གྱི་སྤྲུལ་པ་རིགས་བཞིའི་མཁའ་འགྲོ་བཞི་ནི། ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ཀརྨ་མཁའ་འགྲོ་ལྗང་མོ། དེ་ཐམས་ཅད་ཀྱང་ཆགས་ཁྲོའི་ཐུགས་རྗེས་འདུལ་བའི་ཕྲིན་ལས་ཅིར་ཡང་བསྒྱུར་བའི་ཕྱིར་ཞལ་ཁྲོ་འཛུམ་ཆགས་པ། དགའ་བ་བཅུ་དྲུག་མཐར་ཕྱིན་པས་གཞོན་ཚུལ་ལང་འཚོ་རྒྱས་པ། སྒྲིབ་གཉིས་སྤངས་པས་སྐྲ་གྲོལ་བ༑ ཡེ་ཤེས་ལྔ་རྣམ་པར་དག་པས་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་ཞེ་སྡང་ལ་སོགས་པ་གཅོད་པའི་གྲི་གུག་དང་། གཡོན་བདུད་བཞི་བཅོམ་པའི་ཐོད་ཁྲག་གཟུང་བའི་མཆན་

p. 377

ཁུང་གཡོན་དུ་ཁ་ཌཱཾ་ཀ་འཛིན་པ། ཀུན་རྟོག་སྤངས་པས་གཅེ ར་བུ་བདེ་བའི་ཡེ་ཤེས་ཀྱིས་སྲིད་པ་འཇོམས་ཤིང་སྡུག་བསྔལ་ཟད་པར་བྱེད་པའི་ཞབས་གཡས་རྟིང་པ་བྷ་གར་གཏད་ཅིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་རོལ་བའོ། །ཕྱོགས་ཀྱི་པདྨ་འདབ་བཞིའི་དབུས༔ སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་སོ། །གཉིས་པ་ཁྲོ་བོ་བཞི་བསྐྱེད་པ་ནི། དེའི་ཕྱི་རོལ་གྱི་རྩིབས་བཞི་ལ་པད་ཉི་རོའི་གདན་རེ་རེའི་སྟེང་དུ། ཤར་དུ་ཧཱུྃ་ལས་ཐུགས་ཀྱི་སྤྲུལ་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཆོས་ཉིད་འགྱུར་བ་མེད་པའི་བརྡར་སྐུ་མདོག་མཐིང་ནག ཐབས་ཤེས་ཟུང་འཇུག་གི་འགྲོ་དོན་མཛད་པའི་བརྡར་རྡོ་རྗེ་དང་དྲིལ་བུ་འཛིན་པ༑ ལྷོར་ཡ་ལས་སྐུའི་སྤྲུལ་པ་འཇམ་དཔལ་གཤིན་རྗེའི་གཤེད་ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་སྐུ་མདོག་སེར་ནག གདུག་པ་ཅན་རྣམས་ཚར་གཅོད་ཅིང་ཕ་རོལ་གྱི་རྒོལ་བ་འཇོམས་པའི་ཐོད་དབྱུག་དང་འཁོར་ལོ་འཛིན་པ། ནུབ་ཏུ་ཧྲཱིཿལས་གསུང་གི་སྤྲུལ་པ་དབང་ཆེན་རྟ་མཆོག་དཔལ་གདུལ་བྱའི་དོན་ལ་རྗེས་སུ་ཆགས་པའི་བརྡར་སྐུ་མདོག་དམར་ནག ལོག་ལྟའི་དགྲ་བགེགས་འཇོམས་པ་དང་རྣམ་ཤེས་འཆིངས་ཤིང་སྡུད་པར་བྱེད་པའི་བེ་ཅོན་དང་ཞགས་པ་འཛིན་པ། བྱང་དུ་ཀྵ་ལས་འཕྲིན་ལས་ཀྱི་སྤྲུལ་པ་ཡཀྵ་མེ་དབལ་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བརྡར་སྐུ་མདོག་སྨུག་ནག བདུད་སྡེའི་ཚོགས་ཐལ་བར་རློག་ཅིང་འགུགས་པར་བྱེད་པའི་ཐོ་བ་དང་ལྕགས་ཀྱུ་འཛིན་པ། དེ་དག་ཀུན་ཀྱང་གཏུམ་རྔམ་བརྗིད་པའི་ཉམས་ཅན། ཁྲོ་བོ་འཇིགས་པའི་ཚུལ་དུ་སྣང་བ། བདེ་ཆེན་གྱི་ཡེ་ཤེས་མཚོན་པའི་ཞལ་གཅིག ཚོགས་གཉིས་མཐར་ཕྱིན་པའི་ཕྱག་གཉིས་པ༑ གཏི་མུག་སོགས་ཉོན་མོངས་པའི་ཚོགས་འཇོམས་པའི་བརྡར་དུར་ཁྲོད་རོལ་པའི་ཆས་ཀྱིས་སྐུ་ལ་བརྒྱན་པ། ཐབས་ཤེས་གཉིས་ཀྱི་འཁོར་འདས་མཉམ་པར་རྟོགས་པའི་བརྡར་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཁྲག་འཐུང་དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོར་འདུས་པའི་ངོ་བོར་བཞུགས་པ་སྟེ། རྩིབས་བཞི་པད་ཉི་རོ་ཡི་སྟེང༔ སོགས་

p. 378

ཚིགས་བཅད་གསུམ་དང་རྐང་པ་གཅིག་གོ །དེ་རྣམས་ཀྱིས་བྱིས་པ་དེ་མའི་མངལ་དུ་སྐྱེ་བ་གྲུབ་ནས་རིམ་གྱིས་སྒོ་གསུམ་གྱི་ནུས་རྩལ་ནར་སོན་པ་སྦྱོང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་བརྙེས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་ཁུ་རྡུལ་རླུང་གསུམ་འགག་པའི་དྭངས་མ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་། གཉིས་པ་བྱིན་གྱིས་རློབ་ཅིང་དབང་བསྐུར་བ་ནི། དེ་ལྟར་དམ་ཚིག་གི་འཁོར་ལོ་གསལ་ལ་མ་འདྲེས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བར་གྱུར་པ་དེ་དག་གི་གནས་གསུམ་སྟེ་སྤྱི་བོ་དུང་ཁང་གི་འཁོར་ལོ་ༀ་ཡིག་དཀར་པོ། མགྲིན་པའི་འཁོར་ལོ་ཨཱཿཡིག་དམར་པོ། སྙིང་གར་གཙོ་བོ་ཡབ་ཀྱི་ཡེ་ཤེས་སེམས་དཔའི་མདུན་དང་གཞན་རྣམས་ཀྱི་པད་ཉི་ཟླ་བ་ལ། རང་རང་གི་ས་བོན་གནས་པའི་མདུན་ཕྱོགས་སུ་ཧཱུྃ་ཡིག་མཐིང་ག་རྣམས་ཀྱིས་མཚན་པ། དེ་ཡང་ལུས་ངག་ཡིད་གསུམ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་རྫོགས་པའི་ང་རྒྱལ་བརྟན་པོ་བྱའོ། །དེ་ནས་དབང་བསྐུར་བ་ནི། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོ། དཔྲལ་བ༑ རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་མགོ་བོའི་གནས་རྣམས་སུ་དཔའ་བོ་འབྲུ་ལྔ་ༀ་ཧཱུྃ་ཏྲཾ་ཧྲིཿཨཿརྣམས་ལས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ཅན་གྱི་ཆུ་རྒྱུན་གྱིས་ལུས་གང་། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཆུ་ལྷག་མ་ཡར་ལུད་པས་ལྷ་སོ་སོའི་སྤྱི་བོར་རང་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པས་འ ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན་པ་སྟེ། གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། སོགས་ཚིགས་བཅད་གཅིག་སྔགས་དང་བཅས་པའོ། །འདིས་བྱིས་པ་དེ་རྩ་ཁམས་འཕེལ་བས་ཉོན་མོངས་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་དེ་སྦྱོངས། འབྲས་བུ་སངས་རྒྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་རྟེན་འབྲེལ་སྒྲིག དེས་དགའ་བཞིའི་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ།

p. 379

གཉིས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ནི། དབང་བསྐུར་བྱིན་རློབ་བྱས་པའི་རྗེས་དེ་ནས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་བྱ་སྟེ། རང་ཉིད་དམ་ཚིག་སེམས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་རང་བཞིན་ལྷུན་གྲུབ་ཀྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་ཐམས་ཅད་ཆོས་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཇི་ལྟར་བསྐྱེད་པ་ལྟ་བུའི་རྣམ་པར་བཞེངས་པ་མངོན་སུམ་བཞིན་དུ་སྤྱན་དྲངས་པར་བསམ་ཞིང་། རང་གི་ཐུགས་ཀའི་སོགས་སོ། །དེ་ཡང་སྔོན་གྱི་བསྐལ་པ་དང་པོ་འདིའི་དུས་ཆགས་པའི་འཛམ་བུ་གླིང་ལ་ཡུལ་གྲུ་ཆེན་པོ་བཅོ་བརྒྱད། མཐའ་འཁོབ་སུམ་ཅུ་སོ་གཉིས། ཡང་འཁོབ་ཉིས་བརྒྱ་སོ་དྲུག གླིང་ཕྲན་གཉིས་དང་བཅས་ཡོད་པ་ལས་དེ་རྣམས་ཀྱི་དབུས་ཀྱི་ལྟེ་བ་ཡུལ་གྱི་སྙིང་པོ་མ་ག་དྷ་རྡོ་རྗེའི་གདན། དེའི་ནུབ་ཕྱོགས་ཀྱི་ས་ན་ཨོ་རྒྱན་གྱི་ཡུལ་ཁམས་ཆེན་པོ་ཡོད་ལ༑ དེ་ཉིད་ཀྱི་ནུབ་བྱང་མཚམས་ན་དྷ་ན་ཀོ་ཤའི་མཚོ་ཆེན་པོ་གཅིག་ཡོད་པ་དེར་ཀླུ་རྒྱལ་འཇོག་པོ་གནས་པའི་ཁང་བཟང་གི་རྩེར་པདྨ་གེ་སར་རབ་ཏུ་རྒྱས་པའི་སྙིང་པོ་ལ་རང་བྱུང་སྤྲུལ་པའི་སྐུ་ཡ་མཚན་ཅན་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་བརྙེས་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་སུ་གྲགས་པ་དེ་ཉིད་ཐུགས་ཞི་བ་ཆོས་དབྱིངས་ཆེན་པོའི་ངང་ཉིད་ལས་རོལ་པ་ཐུགས་རྗེ་ཆེན་པོས་གདུག་པ་ཅན་རྣམས་བསྒྲལ་བའི་ཕྱིར་ཁྲག་འཐུང་ཁྲོ་བོ་ཆེན་པོའི་ཚུལ་དུ་རྣམ་པར་རོལ་པ་ལས་ཆེ་མཆོག་པདྨ་དྲག་པོ་རྩལ་དུ་གྲགས་པ་དེ་ཉིད་ཀྱི་འཁོར་དུ་རིགས་བཞིའི་མཁའ་འགྲོ་སོགས་དཔའ་བོ་དཔའ་མོའི་ཚོགས་མང་པོས་བསྐོར་བ་ཁྱེད་རྣམས་ཀྱི་རྗེས་སུ་བདག་ཅག་སྒྲུབ་པ་པོ་རྣམས་གཞུག་པར་བྱེད་པའི་ཕྱིར་ན་ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་པའི་ཕྱིར་མྱུར་བ་ཉིད་དུ་གཤེགས་སུ་གསོལ་ཏེ། གནས་མཆོག་འདི་ཉིད་དུ་སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ་ལ་རྣལ་འབྱོར་སྒྲུབ་མཆོག་བདག་ལ་དབང་བཞི་རྫོགས་པར་བསྐུར་ཏེ། བགེགས་དང་ལོག་པར་འདྲེན་

p. 380

པའི་བར་ཆད་མ་ལུས་སེལ་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་སྩོལ་གཅིག་པ་སྟེ། ཧཱུྃ། སྔོན་གྱི་བསྐལ་བ་དང་པོ་ལ༔ སོགས་ཀྱིས་བསྟན། འདིས་བྱིས་པ་དེ་རང་དང་རིགས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པའི་ཞེན་པ་སྦྱོང་། འབྲས་བུར་སངས་རྒྱས་པའི་ཚེ་སངས་རྒྱས་ཐམས་ཅད་ཡེ་ཤེས་མཉམ་པ་ཉིད་དུ་འགྱུར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གསུམ་པ་བཞུགས་སུ་གསོལ་བ་ནི། དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་གནས་མཆོག་ཉམས་དགའ་བར། སྡེ་བརྒྱད་དྲེགས་པ་ཕོ་མོ་དང་པདྨ་ཉི་ཟླའི་གདན་སྟེང་དུ་ཁྲག་འཐུང་དབང་དྲག་པདྨ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་བཞིན་གྱི་གནས་ནས་སྤྱན་དྲངས་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་ལ་དགྱེས་བཞིན་དུ་གཉིས་སུ་མེད་པར་བརྟན་པར་བཞུགས་སུ་གསོལ་བ་སྟེ། དུར་ཁྲོད་གནས་མཆོག་སོགས་སོ། །བཞི་པ་ཕྱག་འཚལ་བ་ནི། དེ་ལྟར་ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་དང་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་ཆུ་ལ་ཆུ་འདྲེས་པ་ལྟར་གྱུར་ཏེ། དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ངང་དུ་དབྱེར་མེད་པའི་ལྷར་རྟོགས་པ་ཉིད་འདྲེས་པ་ནན་ཏན་གྱི་ཕྱག་ཅེས་རྣལ་འབྱོར་པ་མཆོག་གི་ཕྱག་ཡིན་པས་ཕྱག་མཆོད་ཟུར་དུ་མ་སྨོས་ཀྱང་ཆོག་མོད་ཀྱི། དེ་ལྟ་ནའང་འཇིག་རྟེན་ན་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ནས་ཕྱག་མཆོད་འབུལ་བ་སྟེ། དེས་ན་བདག་ཉིད་གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་གཙོ་བོ་གཉིས་པའི་རྣམ་པར་ཐོན་ནས་ཕྱག་བགྱི་བར་བསམ་ཞིང་། དེ་ཡང་ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ལས་གཟུགས་སྐུ་འགག་མེད་ཁྲོ་གཏུམ་འབར་བའི་གར་གྱི་རྣམ་པར་རོལ་པ་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ནི་ཡུལ་ཏེ། དེ་དང་གཉིས་མེད་དུ་མཇལ་བ་ནི་ཕྱག་གི་དོན་ཡིན་ལ། བརྡའ་ཙམ་དུ་ལྷ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་ལ་ཤིན་ཏུ་གུས་པས་ཕྱག་

p. 381

འཚལ་བ་སྟེ། ཆོས་སྐུ་སྐྱེ་བ་སོགས་སོ། །ལྔ་པ་མཆོད་པ་འབུལ་བ་ནི། ལྷ་རྣམས་ཀྱི་ཐུགས་ཀ་ནས་འདོད་པའི་ཡོན་ཏན་གྱི་ལྷ་མོའི་སྤྲིན་སྤྲོས་ཏེ་ལྷ་ལ་ལྷ་ཉིད་མཆོད་པའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལས་ཕྱི་ནང་གི་མཆོད་སྤྲིན་བསམ་ཡས་པར་འབུལ་བ་ཉིད་ཀྱིས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་ཁང་ཐམས་ཅད་ཁྱབ་པར་དམིགས་ནས་ཚེ་མཆོག་པདྨ་ཐོད་ཕྲེང་རྩལ་ཏེ་ཆོས་ཀུན་ཟིལ་གྱིས་གནོན་པའི་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཐུགས་དགྱེས་པའི་མཆོད་པའི་ཚོགས་འབུལ་བ་ནི། མཆོད་རྫས་ཐོགས་པའི་ལྷ་མོ་རྣམས་ཀྱིས་དབང་པོའི་གནས་རྣམས་ལ་ཕྱག་མཚན་གྱིས་མཆོད་ཅིང་། མཐར་ལྷ་མོ་ཉིད་ཀྱང་གནས་དེ་དང་དེར་ཐིམ་པར་མོས་ཏེ། ཐང་དང་ཆུ་ལས་སྐྱེས་པ་རྣམ་པར་བཀྲ་བའི་མེ་ཏོག་དབུ། ལྷན་སྐྱེས་དང་སྦྱར་བའི་དྲི་ཞིམ་བདུག་སྤོས་ཤངས། ནོར་བུ་དང་རྩི་མར་གྱི་སྒྲོན་མེ་སོགས་གསལ་བྱེད་མར་མེ་སྤྱན། ཙནྡན་གུར་ཀུམ་སོགས་དྲི་ལྡན་བསིལ་ཆབ་ཐུགས་ཀ རོ་མཆོག་བཅུད་ཀྱི་ཞལ་ཟས་ལྗགས། སིལ་སྙན་ཏེ་རོལ་མོའི་བྱེ་བྲག་འབུད་དཀྲོལ་རྡུང་བྱ་རྒྱུད་ཅན་སོགས་སྒྲ་དབྱངས་སྣ་ཚོགས་སྙན་གྱི་དབང་པོ་རྣམས་ལ་མཆོད་ཅིང་། དེ་བཞིན་དུ་ཡིད་དུ་འོང་བའི་གཟུགས་སྤྱན་དང་། སྙན་པའི་སྒྲ་དབྱངས་སྙན་དང་། དྲི་ཞིམ་ཤངས་དང་། རོ་མཆོག་ཞལ་དང་འཇམ་པའི་རེག་བྱ་ལུས་ཏེ་དབང་པོ་ལྔའི་སྤྱོད་ཡུལ་དུ་འདོད་པའི་ཡོན་ཏན་ལྔ་དབུལ་ཞིང་། གཞན་ཡང་ཡིད་ཡུལ་ཆོས་དང་དགའ་བ་བཅུ་དྲུག་གི་ཉམས་ཀྱི་འགྱུར་བ་ལྷ་མོའི་ཕྱག་རྒྱར་སྣང་བ་བདག་གི་མཆོད་པ་ནི་ཕྱིའི་མཆོད་པའོ། །མཚོན་བྱེད་བཾ་གཙང་མ་ལ་རང་བྱུང་དུ་གནས་པའི་དམ་རྫས་སྤྲོས་པ་ལས་བྱུང་བའི་མིག་ལྕེ་རྣ་བ་སྣ་སྙིང་སྟེ་སྔ་མ་བཞི་ནི། དོན་ལྔའི་མེ་ཏོག་གི་ནང་ཚན་དང་། ཕྱི་མ་གཅིག་པུ་ནི་ལུས་དབང་ཉིད་རེག་བྱ་གང་བྱུང་དུ་གློག་ལྟར་འཁྱུག་ཅིང་ཕྲ་བའི་ཆ་ཀུན་ཏུ་ཁྱབ་ཀྱང་ཤས་ཆེར་ལུས་ཀྱི་དབུས་ན་གནས་པར་བཤད་པ་ལྟར་དེའི་རྟེན་མཚོན་བྱེད་དུ་བཞག་པས་ན་དབང་པོའི་མེ་ཏོག དེ་བཞིན་དུ་ཚིལ་ཆེན་བསྲེགས་བསུར་གྱི་སྤོས་དང་། ཞུན་ཆེན་རོ་སྐྲ་ལ་སྦར་བའི་མར་མེ་དང་། མཁྲིས་པའི་དྲི་ཆབ་དང་། ཤ་ཆེན་གྱི་ཞལ་ཟས་ཏེ་འདོད་པའི་ཡོན་ཏན་

p. 382

རྣམ་པ་ལྔ་པོ་ནི། ནང་གི་རྫས་ཏེ་ནང་མཆོད་ཐུན་མོང་བའོ། །ཡུལ་ཅན་ཐབས་རིག་པའི་ཡེ་ཤེས་ཡབ་དང་། ཡུལ་ཤེས་རབ་སྟོང་པ་ཉིད་ཡུམ་སྟེ། དེ་གཉིས་ཀྱི་ངོ་བོ་དབྱེར་མི་ཕྱེད་པ་ནི་ལྷ་ཚོགས་ཐམས་ཅད་གཉིས་སུ་མེད་པར་འཁྲིལ་ཞིང་སྦྱོར་བ་ཉིད་ཡིན་ལ། དེ་ལྟར་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་འདུས་པ་ལས་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་མཆོད་པས་དགྱེས་པ་བསྐྱེད་པ་ནི། གསང་བའི་མཆོད་པའོ། །དེ་ཡང་དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང་ནི། རྩ་བ་གསུམ་ལས། རྩ་བ་མུ་ལ་པ་ཏི། སྡོང་པོ་ཙནྡན་སྨུག་པོ། ཡལ་ག་ལི་ཤི ལོ་མ་གནྡྷ་པ་ཏྲ། མེ་ཏོག་གུར་ཀུམ། འབྲས་བུ་ཛཱ་ཏི། ཐང་ཆུ་ག་བུར། ཤུན་པ་ཤིང་ཚར་སྣང་བ་སྟེ་ཕྱིའི་རྩ་བ་བརྒྱད། ལུས་ཅན་རྣམས་ཀྱི་སྲིད་པ་ཆགས་པའི་རྩ་བ་ལྟེ་བ། ཤ་རུས་སྡོང་པོ། རྐང་ལག་ཡལ་ག སྐྲ་སེན་ལོ་མ། དབང་ལྔ་མེ་ཏོག དོན་ལྔ་འབྲས་བུ། ཀླད་རྒྱུངས་རྐང་དང་ལྷ་བ་རྣམས་སྙིང་པོ༑ པགས་པ་ཤུན་པ་སྟེ། ནང་གི་རྩ་བ་བརྒྱད་བྱང་སེམས་ཀྱི་ཕོ་བྲང་ཀླད་པ། རྒྱུན་ལམ་རྒྱུངས་པ། བསྟི་བའི་སྒོ་གསང་བའི་འབྲས་བུ། གཤེགས་ཤུལ་རྡོ་རྗེའི་རྩ་བོ་ཆེ་སྟེ་ཡབ་ཀྱི་རྒྱུ་བཞི་དང་། པདྨ་རཀྟའི་ཕོ་བྲང་མཆིན་པ། བསོག་པའི་གནས་བུ་སྣོད། ལེན་པའི་གནས་པདྨའི་སྒོ། རྒྱུན་ལམ་པདྨའི་གེ་སར་ཏེ་ཡུམ་གྱི་རྐྱེན་བཞི་དང་བརྒྱད་ནི་གསང་བའི་རྩ་བ་བརྒྱད། དེ་ལྟར་གཙོ་བོ་བདུད་རྩི་ལྔ་རེ་རེ་ལ་ཕྱི་ནང་གི་རྩ་བ་བཞི་བཞི་སྦྱར་བས་བརྒྱད་དེ། བརྒྱད་ཚན་དེ་དག་རེ་རེ་ལ་ཡང་སོ་སོའི་སྐྱབས་དང་ཕྲད་དུ་གྱུར་པའི་རྩི་བཅུད་ཀྱི་སྨན་བརྒྱ་ཉེར་ལྔ་པ་རེ་སྦྱར་དུ་ཡོད་པས་ན་ཡན་ལག་སྟོ ང་དུ་འགྱུར་རོ། །དེ་ལྟར་སྦྱར་བའི་དམ་རྫས་དེ་ནི་ཆོས་མཉམ་ཉིད་དུ་རྟོགས་པ་ལས་བྱུང་ཞིང་། དེས་གཉིས་འཛིན་གྱི་རྟོག་པ་སེལ་བའི་ཕྱིར་བདུད་རྩི་སྨན་གྱི་བཅུད་ལེན་ཏེ། རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་གྲུབ་པའི་དམ་ཚིག་གི་རྫས་འདི་ཉིད་འབུལ་བ་ནི་བདུད་རྩིའི་མཆོད་པ་ཉོན་མོངས་པའི་རྩ་བ་ནི་ཁམས་གསུམ་དུ་ཆགས་ཤིང་ཞེན་པའི་ཀུན་རྟོག་སྟེ། དེས་འཁོར་བ་འགྲུབ་པར་བྱེད་པས་ན་འཁོར་བ་རྩད་ནས་གཅོད་པར་བྱ་བའི་ཕྱིར་ཆགས་རྟོག་ཐམས་ཅད་ཁྲག་གི་རྣམ་པར་བསྡུས་ནས་ཆགས་

p. 383

མེད་ཡེ་ཤེས་ཀྱི་ངང་དུ་བཅོམ་སྟེ་དྭངས་མའི་རྒྱ་མཚོར་འཁྱིལ་བ་ནི་གསང་བ་མཁའ་ཀློང་རྣམ་དག་གི་རང་བཞིན་དུ་གྲུབ་པ་ན་འཁོར་བ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བའི་རྫས་ཆེན་པོ་སྟེ་རཀྟའི་མཆོད་པ་རང་བཞིན་རྣམ་དག་སྐྱེ་མེད་ཀྱི་གཏོར་གཞོང་དུ་བཅུད་དམ་རྫས་རྨད་དུ་བྱུང་བའི་དཔལ་གྱི་གཏོར་མ་བཟའ་བཏུང་གི་དངོས་པོ་རྣམས་འདོད་ཡོན་ལྔའི་ལོངས་སྤྱོད་མཁོ་དགུའི་ཕུང་པོ་ཟག་མེད་ཀྱི་སྣང་བ་བདེ་ཆེན་གྱི་རོལ་པར་འཆར་བའི་མཆོད་སྤྲིན་བླ་མེད་དུ་སྤེལ་བ་ནི་གཏོ ར་མའི་མཆོད་པའོ། །དེ་ལྟར་སྨན་རག་གཏོར་གསུམ་ནི་ནང་མཆོད་ཁྱད་པར་བའོ། །དེ་ལྟ་བུའི་མཆོད་པའི་ཚོགས་དེ་དག་ཀྱང་། གང་ལ་མཆོད་པར་བྱ་བའི་ཡུལ་དང་། གང་གིས་མཆོད་པར་བྱེད་པའི་གང་ཟག་དང་། ཇི་ལྟར་མཆོད་པའི་ཚུལ་གསུམ་ག་སྤྲོས་པ་ཐམས་ཅད་དང་བྲལ་བ་ཀ་དག་དོན་དམ་དེ་ཁོ་ན་ཉིད་ཀྱི་ཀློང་དུ་འབུལ་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། དེ་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཕྱི་ནང་གསང་བའི་མཆོད་པའི་ཚོགས་སུ་གྱུར་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་ལ་འབུལ་ན་དགྱེས་པ་ཆེན་པོས་བཞེས་སུ་གསོལ་གཅིག་པ་སྟེ། ཧཱུྃ། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སོགས་སོ། །དྲུག་པ་བསྟོད་པར་བྱ་བ་ནི། མཆོད་པའི་རྗེས་དེ་ནས་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་རབ་ཏུ་དང་བའི་ཡིད་ཀྱི་ཀུན་ནས་བླངས་ཏེ་བསྟོད་པར་བྱའོ། །དེ་ཡང་ཆོས་ཀྱི་དབྱིངས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གདོད་མ་ནས་རྣམ་པར་གྲོལ་བ་ཆོས་སྐུའི་ངང་ལས་མ་གཡོས་པར་གཟུགས་སྐུ་ལོངས་སྤྱོད་རྫོགས་པའི་སྐུར་ཤར་ཞིང་། དེ་ལས་གདུལ་བར་བྱ་བའི་འགྲོ་བ་སྤྱི་དང་བདུད་ཀྱི་རིགས་སུ་གྱུར་པ་རྣམས་འདུལ་བའི་ཕྱིར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐུར་བཞེངས་པ་ནི་སྤྲུལ་པའི་སྐུ་སྟེ། དེ་ལྟར་སྐུ་གསུང་འདུས་པའི་བདག་ཉིད་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་གཙོ་བོའམ་ཁྱབ་བདག་ནམ་མཁའ་ལྟར་ཤེས་བྱའི་ཆོས་ཐམས་ཅད་ལ་ཐུགས་རྗེས་ཁྱབ་པར་གཟིགས་པ་ཁྱོད་ལ་གུས་པས་ཕྱག་འཚལ་ཞིང་བསྟོད་དོ། །གང་ཁྱོད་ཐུགས་ཆོས་ཉིད་བདེ་ཆེན་ཞི་བའི་ངང་ལས་གཞན་དུ་བསྐྱོད་པ་མེད་པས་མ་གཡོས་ཀྱང་། སྙིགས་མ་ལྔ་ཆེས་བདོ་བའི་དགྲ་བགེགས་

p. 384

ལོག་པར་འདྲེན་པ་གདུག་པ་ཅན་རྣམས་འདུལ་བའི་ཕྱིར། རབ་འབྱམས་རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུར་སྟོན་པར་མཛད་པའི་ཁྲོ་བོའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ཞིང་བསྟོད་དོ༑ ༑གང་སྐུ་མི་བཟད་པ་འཇིགས་བྱེད་ཆེན་པོའི་གཟུགས་དང་གཏུམ་རྔམ་བསྐལ་ཆེན་གྱི་མེ་ལྟར་འབར་ཞིང་། ཧཱུྃ་དང་ཕཊ་སོགས་རྔམ་པའི་སྒྲ་སྐད་རྡོ་རྗེའི་གད་བརྒྱངས་ཆེན་པོ་བསྒྲགས་པས་བདུད་ཀྱི་དཔུང་ཚོགས་མཐའ་དག་གི་སྙིང་རྩ་བསྲེགས་པ་དང་། ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་དང་རྩལ་གྱིས་འགྲོ་བ་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་བདེ་ཆེན་གྱི་དབྱིངས་སུ་འདྲེན་པར་མཛད་པའི་ཆེ་མཆོག་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ཞིང་བསྟོད་དོ། །ཆོས་ཉིད་སྐྱེ་བ་མེད་པའི་ཞལ་གཅིགཡེ་ཤེས་གཉིས་ཀྱིས་འགྲོ་དོན་མཛད་པའི་ཕྱག་གཉིས། དེ་ཡང་དྲེགས་པ་ཅན་འདུལ་བའི་ཐུགས་རྗེ་ཆེན་པོས་ཁྲོ་གཏུམ་དྲག་པོའི་གར་གྱི་ཉམས་བརྒྱར་འབར་བའི་སྐུ་ཅན། ཐོད་སྐམ་ལྔའི་དབུ་རྒྱན། མགོ་རློན་ལྔ་བཅུའི་དོ་ཤལ། ཀླུ་རིགས་ལྔ་སྦྲུལ་གྱི་རྣམ་པའི་ཆུན་པོ། གླང་ཆེན་ལྤགས་པའི་ཀོ་རློན། ཞིང་ལྤགས་ཀྱི་བསྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས་སོགས་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་རྒྱན་དུ་མཛད་ཅིང་། ཆེ་བའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཁྱོད་ལ་ཕྱག་འཚལ་ཞིང་བསྟོད་དོ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ཧཱུྃ་ཕཊ་རཾ་སོགས་མཚོན་ཆའི་ཚྭ་ཚྭ་འཕྲོ་བས་མཐའ་དམག་གདུག་པའི་ཚོགས་བཟློག་ཅིང་། ཕྱག་གཡོན་གནམ་ལྕགས་ཀྱི་ཕུར་བུ་དགྲ་བགེགས་ལོག་པར་འདྲེན་པ་རྣམས་ཀྱི་སྙིང་ལ་གཟིར་བ། སྡིགས་མཛུབ་ཀྱི་རྩེ་ལས་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པའི་ཕོ་ཉ་སྤྲོ་བས་རྒྱལ་འགོང་འབྱུང་པོའི་ཚོགས་ཟས་སུ་ལེན་པ་སྟེ། མ་རུངས་པའི་བདུད་ཀྱི་དཔུང་ཚོགས་འདུལ་བར་མཛད་པ་པོ་ཁྱོད་ལ་ཕྱག་འཚལ་ཞིང་བསྟོད་དོ། །ཐབས་རིག་པའི་ཡེ་ཤེས་དང་ཤེས་རབ་སྟོང་པ་ཉིད་གཉིས་སུ་མེད་ཅིང་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔར་མ་འགགས་པར་འཆར་བའི་ཕྱིར་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ་དང་རིགས་བཞིའི་མཁའ་འགྲོ་སྐུ་གསུང་ཐུགས་ཕྲིན་ལས་བཞིས་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར་གསང་བདག

p. 385

གཤིན་རྗེ། རྟ་མགྲིན། མེ་དབལ་ལ་སོགས་གྲངས་མེད་པའི་འཁོར་ཆུ་སྣོད་དུ་མར་ཟླ་བའི་གཟུགས་བརྙན་འཆར་བ་ལྟར་སྐུའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་དེ་ལ་ཕྱག་འཚལ་ཞིང་བསྟོད་པ་སྟེ། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར༔ སོགས་སོ། །འདི་དག་གིས་བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་ཡུལ་དོན་གྱི་སྤྱད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་འགྱུར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །སྐབས་འདིར་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ནི། ཐ་མལ་མ་དག་པའི་སྣང་བ་རགས་པ་ལྡོག་པའི་ཕྱིར་སྐུ་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བཏབ། ཡང་ཐ་མལ་གྱི་སྣང་བ་ཕྲ་བ་ལྡོག་པའི་ཕྱིར། སྤྱན་སོགས་ནས་ཞབས་ཀྱི་བར་སྐུའི་ཆ་ཤས་དང་། རྒྱན་རྣམས་ཀྱང་རེ་རེའི་རྣམ་པ་ལ་རིམ་པར་ཟིན་པས་སོ་སོའི་གསལ་སྣང་སྐྱེས་པ་དང་ཅིག་ཅར་གསལ་གདབ་སྟེ། རྫིང་བུ་གསལ་དྭངས་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་རྩེ་གཅིག་ཏུ་མཉམ་པར་འཇོག དེ་ནས་ཐ་མལ་གྱི་ཞེེན་པ་བཟློག་པའི་ཕྱིར། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་ཞིང་། ལྷ་སྐུ་རང་གི་རིག་རྩལ་ལས་གཞན་དུ་མ་གྲུབ་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་སྒོམ་སྟེ། དེའང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་བ་ཡིན་ནོ། །བདུན་པ་འཛབ་ལ། རིག་འཛིན་བསྐུལ་བ་དང་། འཛབ་དངོས་ལས། དང་པོ་ནི། བདེ་ཆེན་ཡེ་ཤེས་ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པ་རང་བྱུང་ལྷུན་གྲུབ་ཀྱི་ཕོ་བྲང་སོགས་གནས་མཆོག་སོ་སོ་ནས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་འགྲོ་བ་སེམས་ཅན་གྱི་དོན་དུ་སྐུར་བཞེངས་ལ་དབང་བཞི་བསྐུར་ལ་རྒྱུད་བྱིན་གྱིས་

p. 386

བརླབས་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ་གཅིག་པའོ། །གདོད་ནས་སྤངས་རྟོགས་མཐར་ཕྱིན་པའི་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ཡི་དམ་གྱི་ལྷ་ལགས་པས། སྐུ་ནི་མི་བཟད་པ་གཏུམ་དྲག་འཇིགས་པའི་ཚུལ་དང་ལྡན་ཞིང་གསུང་གྲགས་སྟོང་གཞོམ་དུ་མེད་པའི་འཛབ་དབྱངས་བཟླས་བརྗོད་སྔགས་ཀྱིས་ཐུགས་དམ་གྱི་བརྒྱུད་བསྐུལ་ན་ཤེས་བྱ་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་བརྩེ་བས་བདག་ལ་རྗེས་སུ་དགོངས་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་འདུས་པའི་དངོས་གྲུབ་ཐམས་ཅད་དུས་ད་ལྟ་ཉིད་དུ་སྩལ་དུ་གསོལ་གཅིག་པ་སྟེ། བདེ་ཆེན་ཆོས་དབྱིངས་ཕོ་བྲང་ནས༔ སོགས་སོ། །གཉིས་པ་ཛཔ྄་བཟླས་དངོས་ནི། ཐོག་མར་ཕྲེང་བ་བྱིན་བརླབ་བྱ་སྟེ། ཕྲེང་བ་ནི། ལས་སྤྱི་ལ་ཞི་བར་བོ་དྷི་ཙི་དང་། ཁྲོ་བོར་རུ་རཀྵ འམ། ཁྱད་པར་རིགས་པདྨའི་དབང་དུ་བྱས་པ་དང་། བདེ་ཆེན་མཆོག་གི་དངོས་གྲུབ་དབང་དུ་བསྡུ་བ་ཉིད་འདིའི་བྱེད་ལས་ཀྱི་གཙོ་བོ་ཡིན་པའི་ཕྱིར་བྱུ་རུ་དང་། ཙནྡན་དམར་པོ་ལ་སོགས་པ་དང་། མཁའ་འགྲོ་དབང་དུ་བསྡུ་བའི་བྱེད་ལས་ཀྱི་མི་ཐོད་ལས་བྱས་པའི་ཕྲེང་བ་མཆོག་ཏུ་ཤིས་སོ། །དེ་དག་ཀྱང་ལག་གཡོན་པའི་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་བཞག་ནས་མཐེ་བོང་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་བཟླ་བ་སྟེ། ཕྲེང་བ་བསངས་སྦྱངས་སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་ཧཱུྃ་ཡིག་ལས་སྐྱེས་པའི་ཁྲག་འཐུང་པདྨ་དྲག་པོའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་གྱུར། ཡབ་ཡུམ་སྙོམ་པར་ཞུགས་པས་འོད་དུ་ཞུ་བ་ལས་ཕྲེང་བའི་རྣམ་པར་གྱུར་པར་བསམ་ལ། ༀ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་ཧཱུྃ་ཕཊ། ཅེས་བཟླས་ནས་ཕུས་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། དེ་ནས་སྔར་གྱི་གསལ་སྣང་དང་ང་རྒྱལ་དྲན་བཞིན་པ་ལས། ཁྱད་པར་བདག་གཙོ་བོའི་ཐུགས་ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་གུ་རུ་ཞི་བ་དཀར་དམར་རྡོ་རྗེ་དང་ཐོད་པ་འཛིན་པ། གསང་ཕོད་སྣམ་སྦྱར་གཉེན་ཞུ་སོགས་ཟ་ཧོར་མའི་ཆ་བྱད་ཅན་གྱི་ཐུགས་ཀར་པད་ཉིའི་གདན་ལ་ཏིང་

p. 387

འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་ཡིག་དམར་པོ་སྤུས་བྲིས་པ་ཙམ་གྱིས་མཚན་པ། དེའི་མཐར་སྔགས་ཕྲེང་དམར་པོ་ཤིན་ཏུ་ཕྲ་བ་འོད་ཟེར་ཁ་དོག་ལྔར་འབར་ཞིང་འཕྲོ་བར་བསམ། དེ་ལས་སྔགས་སྒྲ་སྒྲོག་བཞིན་པའི་འོད་ཟེར་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་རྒྱལ་བ་རྣམས་མཆོད། མཐུ་དབང་བྱིན་རླབས་དངོས་གྲུབ་ཀྱི་རྣམ་པར་བསྡུས། སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས་ནས། བདེ་ཆེན་གྱི་ཞིང་དུ་བསྒྲལ། ཞི་རྒྱས་དབང་དྲག་སོགས་ཕྲིན་ལས་དཔག་ཏུ་མེད་པ་བསྒྲུབས་ནས། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས་མཚོ་ལ་ཁ་བ་བབས་པ་བཞིན་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་འཁོར་འདས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། དེ་ལས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་གསལ་སྣང་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས། གྲག་སྟོང་གཞོམ་མེད་ཀྱི་སྔགས་སྒྲ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་། བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་བུང་བ་ཚང་ཞིག་པ་ལྟར་དིར་དིར་སྒྲོག་པར་མོས་ཏེ། ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ སོགས་དང་། སྔགས་ཚིག་འདི། ༀ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ༔ ཞེས་པ་ཁོ་ན་ཆིག་སྒྲིལ་གྱིས་བཟླ་ཞིང་། ཐུན་བསྡུ་བ་ན༑ ཡིག་བརྒྱ་དང་། དབྱངས་གསལ་གྱི་མཐར་སྔགས་ཀྱི་ལྷག་ཆད་དང་ཉེས་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་བཏགས་པ་བདུན་ནམ་གསུམ་བཟླ་ཞིང་། ཆོས་ཉིད་སྐྱེ་བ་མེད་པ་ལས༔ སོགས་ཀྱི་ཉེར་བསྡུ་དང་། ཐུན་མཚམས་ཀྱི་ལྷར་ལངས་ཏེ་སྤྱོད་ལམ་ལ་འཇུགདེ་ནས་སྲོད་ཐུན་ལ་སྐྱབས་སེམས་ཡན་ལག་བདུན་པ་སྔོན་འགྲོས་ཏིང་འཛིན་གསུམ་ནས་བཟླས་པའི་བར་སྔར་བཞིན་བྱས་ནས། གཏོར་བསྔོ་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷག་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། ནངས་པར་ཐོར་ཐུན་ལ་བབས་པ་ན་ནམ་མཁར་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་གཞོམ་མེད་སྔགས་ཀྱི་སྒྲ་གདངས་འུར་དིང་གིས་གྲགས་པས་གཉིད་སད་པར་བསམ་སྟེ། སྣང་བ་

p. 388

ཐམས་ཅད་ལྷར་ལམ་གྱིས་སྒོམ་གཉིད་སད་ལ་ཁད་དུ་དེ་ལྟར་གསལ་འདེབས་མི་ནུས་པས་ནི་གཉིད་སད་མ་ཐག་ད་དུང་འོད་གསལ་ལས་མ་ལངས་པར་མོས་ཏེ་བསྐུལ་བས་སད་པར་བསམ་ལ། སྣང་བ་ལྷར་གསལ་བཏབ་ནས་ལངས། བསམ་གཏན་གྱི་འདུག་སྟངས་ཀྱིས་ལེགས་པར་འདུག་ནས་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་ཞིང་ཞེས་གསུངས་པས་རྙེད་དཀའ་འཇིག་སླའི་རྟེན་ལ་བསམ་ནས་ཚེ་འདིའི་བྱ་བ་བློས་ལིང་གིས་དོར་ཏེ་ཆོས་མིན་པ་བྱ་རྒྱུ་མེད་པར་བློ་ཐག་རྦད་ཀྱིས་བཅད། རྐྱེན་ཅི་བྱུང་ཡང་བསྒྲུབ་པ་འདི་རྐྱེན་དབང་དུ་མི་གཏོང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་མི་ལུས་ཐོབ་པ་ཕལ་ཆེར་དོན་མེད་དུ་སོང་བ་ལ་ད་རེས་སྒྲུབ་པ་ཟབ་མོ་ཉམས་སུ་ལེན་དུ་ཡོད་པ་འདི་སྐལ་པ་བཟང་སྙམ་དུ་ཞེ་བཅད་དྲག་པོས་མཐར་སྐྱེལ་བ་ལ་བློ་རྩེ་གཏོད་དགོས། བློ་དེ་ལྟར་བཅུན་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་གསུང་། དེ་ནས་བརྒྱུད་འདེབས་དང་སྐྱབས་སེམས་ཚོགས་བསག་སྲུང་འཁོར་བྱིན་དབབ་མཆོད་རྫས་རློབ་པ་རྣམས་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་གསུམ་ནས་བཟུང་ཉེར་བསྡུ་དང་བསྔོ་སྨོན་བྱ་བ་སོགས་སྔར་གྱི་དགོང་ཐུན་དང་འདྲ། ཐུན་མཚམས་འདིར་སྔ་དྲོའི་དགེ་སྦྱོར་གཞན་དགོས་པ་སོགས་བྱེད། གཉིས་པ་སྔ་ཐུན་ནི། སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས་དངོས་གཞི་ཏིང་འཛིན་གསུམ་ནས་བསྔོ་སྨོན་གྱི་བར་སྔར་དང་ཁྱད་མེད་ཐུན་མཚམས་སུ་བཟའ་བཏུང་ལ་སྤྱོད་པ་ན་བསོད་ནམས་ཀྱི་ཚོགས་སུ་སྒྱུར་བའི་ཕྱིར་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་པར་བྱེད། གསུམ་པ་དགོང་ཐུན་ནི། སྔར་གྱི་སྔ་ཐུན་དང་ཁྱད་མེད། བཞི་པ་སྲོད་ཐུན་ནི། གཞན་སྔར་བཞིན་ལས། བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་སོགས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་འགོར་རྒྱས་པ་དང་། རྗེས་རྣམས་སྲོད་མཐུན་གྱི་མཐར་རྒྱས་པར་བྱེད། སྔ་དགོང་སྲོད་གསུམ་གྱི་ཐུན་ལ་ཛཔ྄་བསྐུལ་དང་ཕྲེང་བ་བྱིན་རློབ་མི་དགོས། གང་ལྟར་ཡང་རིམ་པ་དེ་ལྟ་བུས་ཨར་ཙིག་ནིར་ཙིག་ཁོ་ན་འབུམ་ཕྲག་གསུམ་ཞེས་གསུངས་ཀྱང་། དྲུག་ཙམ་བཟླ་བ་ཕྱག་བཞེས་ཡིན་པས། དེ་ཉིད་ཀྱི་གྲངས་རྫོགས་རྗེས་

p. 389

དམིགས་པ་གཞན་སྔར་བཞིན་ལས་སྔར་གྱི་འོད་ཟེར་སྤྲོ་བསྡུའི་སྐབས་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས་པའི་རྗེས་སུ་སླར་ཡང་སྔགས་ཀྱི་འོད་ཟེར་མེའི་ཕྲེང་བ་ཚྭ་ཞིང་རྩུབ་པ་དྲག་ཅིང་མྱུར་བ་གནམ་ལྕགས་ཀྱི་ཚྭ་ཚྭ་ལྟར་འུར་སྒྲ་དྲག་པོ་དང་བཅས་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་དྲེགས་པ་ཐམས་ཅད་འདུས་པ་ལྷ། གཤིན་རྗེ། མ་མོ། བདུད། གཟའ། བཙན། རྒྱལ་པོ། ཀླུ་རྣམས་རྩ་བུར་མེས་བསྲེགས་པ་བཞིན་སྦྱངས་པའི་དྭངས་མ། ཨ༑ ཡ། མ། དུ། རུ། ཙ། ཤ ན། ཞེས་པ་ཡིག་འབྲུ་བརྒྱད་པོའི་རྣམ་པར་དབང་མེད་དུ་བཀུག་ནས་ཧཱུྃ་གི་ཨུ་ལ་བསྟིམ་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཏུ་གྱུར་པར་བསམ་ལ། སྔར་གྱི་རྩ་སྔགས་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ་ཅེས་ལས་སྔགས་འབྲུ་བཅུ་གསུམ་པ་རྟགས་མཐོང་གི་བར་རམ་མ་མཐའ་ཡང་ཁྲི་ཚོ་གཉིས་ཙམ་མེད་ཐབས་མེད། དེའི་རྗེས་སུ་དམིགས་པ་གཞན་སྔར་ལྟར་ལས་འཇིག་རྟེན་ཁམས་ཀྱི་དྲེགས་པ་ཐམས་ཅད་དབང་མེད་དུ་བཀུག་ནས་ཧཱུྃ་གི་ཨུ་ལ་བསྟིམ་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཏུ་གྱུར་པར་མོས་ཤིང་། རྩ་སྔགས་ལ་ལས་སྔགས་སྦྲེལ་བའི་གཤམ་དུ་ༀ་བཛྲ་ཡཀྴ་ཧཱུྃ། ༀ་བཛྲ་རཀྴ་ཧཱུྃ། རཱ་ཛའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་སྤུ་གྲི་ཆིག་ཤུར་རྟགས་མཐོང་གི་བར་རམ་ཉུང་མཐའ་ཡང་ཁྲི་ཚོ་གཅིག་བཟླའོ། །འཁོར་རྣམས་ཀྱི་བཟླས་པ་ནི་སོ་སོའི་ཐུགས་ཀར་ས་བོན་སྔགས་བཅས་ལྷ་བསྐྱེད་དུས་ནས་བཀོད་པ་ཡིན་མོད་ཀྱང་། སླར་ཡང་གསལ་འདེབས་སྐྱོར་བྱ་སྟེ། སོ་སོའི་ཐུགས་ཀར་ཉི་གདན་ལ་མཁའ་འགྲོ་བཞི་ལ་ཧ་རི་ནི་ས་དང་ཁྲོ་བོ་བཞི་ལ་ཧཱུྃ་ཡ་ཧྲཱིཿཀྵཿརྣམས་ལ་སོ་སོའི་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ལ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ལྷ་གང་ཡིན་དེ་ལ་ཕོག དེ་ཉིད་ཀྱི་ཐུགས་རྒྱུད་བསྐུལ་བས། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་མཆོད་མཐུ་དབང་བྱིན་རླབས་དངོས་གྲུབ་ཀྱི་རྣམ་པར་བསྡུས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། བདེ་ཆེན་གྱི་ཞིང་དུ་བསྒྲལ་བ་སོགས་ཕྲིན་ལས་དཔག་མེད་བསྒྲུབ་ནས་བརྟན་གཡོའི་

p. 390

བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་གི་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ་ཞིང་སྔགས་རྣམས་ཆ་བགོས་ནས་བཟླ་སྟེ། ཐུན་གཅིག་ལ་གཙོ་བོ་ལ་སྟོང་ཕྲག་གཅིག་སོང་ན། འཁོར་རྣམས་ལ་སོ་སོའི་སྔགས་རྣམས་བརྒྱ་རྩ་རེ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་འཁོར་རྣམས་ལ་ཁྲི་ཚོ་གཅིག་གིས་གྲངས་ཚང་བ་ཡིན་ནོ། །ཞེས་པ་དེའི་དབང་དུ་བྱས་ན་ཐུན་གཅིག་ལ་ཐོག་མར་གཙོ་སྔགས་བརྒྱ་རྩ་གཅིག་བཟླས་རྗེས་གཙོ་སྔགས་ལ་པཾ་ཧ་རི་ནི་ས་ཧཱུྃ་ཕཊ་ཅེས་མཁའ་འགྲོ་བཞིའི་སྔགས་སྦྲེལ་ནས་བརྒྱ་རྩ་གཅིག་བཟླ། དེའི་རིགས་འགྲེ་བས་གསང་བདག གཤིན་རྗེ། རྟ་མགྲིན། མེ་དབལ་བཞི་ལའང་གཙོ་སྔགས་བརྒྱ་རྩ་རེ་སྔོན་འགྲོས་གཙོ་སྔགས་ལ་སོ་སོའི་སྔགས་སྦྲེལ་བ་བརྒྱ་རྩ་རེ་བཟླས་པས་གཙོ་སྔགས་སྟོང་དང་འཁོར་སྔགས་བརྒྱ་རྩ་རེ་འགྲོ་ཞིང་། ཁྱོན་གཙོ་བོ་ལ་འབུམ་ཕྲག་གཅིག་དང་། འཁོར་རྣམས་ལ་ཁྲི་ཚོ་གཅིག་རེའི་གྲངས་ཚད་ཚང་བར་འགྱུར་བ་ཡིན་ནོ། །དེ་ནས་ཡང་གསང་དྲིལ་སྒྲུབ་ནི། བདག་སྔར་བཞིན་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བ་ཉིད་ལས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཧཱུྃ་ཡིག་དམར་པོ་བསམ་གྱིས་མི་ཁྱབ་པ་རང་འདྲ་སྒྲོག་བཞིན་པར་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་ལྟར་ཞལ་གྱི་སྒོ་ནས་ཐོགས་པ་མེད་པར་ཐལ་གྱི་ཐོན་པའི་འོད་ཟེར་གྱིས་མ་དག་པའི་དངོས་སྣང་བདེན་འཛིན་ཐམས་ཅད་སྦྱངས་ནས་འོད་གསལ་བར་བྱས། སྣང་སྲིད་ཐམས་ཅད་ཧཱུྃ་ཡིག་དམར་པོ་རང་སྒྲ་སྒྲོག་པས་མེར་མེར་གང་བར་བསམ་ལ་ཧཱུྃ་སུམ་སྦྲེལ་ཆ་གསུམ་དུ་བྱས་པའི་ཆ་གཅིག་ཏུ་བཟླའོ། །བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ སོགས། དེ་ནས་ཕྱི་རོལ་གྱི་ཧཱུྃ་རྣམས་རང་སྒྲ་སྒྲོག་བཞིན་པར་རང་གི་མགྲིན་པ་ནས་ཞུགས། ཐུགས་ཀའི་ཧཱུྃ་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ལས་གཞན་དུ་མ་གྱུར་པའི་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བསམས་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་ཆ་གསུམ་གཅིག་ཏུ་བཟླའོ། །ཕྱི་རོལ་ཧཱུྃ་རྣམས་རང་སྒྲར་བཅས༔ དེ་ནས་སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བ་བསམ་གྱིས་མི་ཁྱབ་པ་རང་སྒྲ་སྒྲོག་བཞིན་པ་ཕྱིར་ཐོན་པའི་འོད་ཟེར་གྱིས་ནད་གདོན་ཐམས་ཅད་

p. 391

ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་ཏེ་དག་པར་བསམ་ནས་ཧཱུྃ་སུམ་སྦྲེལ་བཟླ། རྒྱས་པའི་ཚེ་ཧཱུྃ་འོད་གསེར་གྱི་ཁ་དོག་ལྟ་བུའི་སྤྲོ་བསྡུས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ་ཞིང་ཧཱུྃ་བཟླ། དབང་གི་ཚེ་འོད་དམར་པོ་ལྕགས་ཀྱུ་ལྟ་བུའི་སྤྲོ་བསྡུས་ཁམས་གསུམ་ཐམས་ཅད་དབང་དུ་བྱས་པར་བསམ་ཞིང་ཧཱུྃ་བཟླ། དྲག་པོའི་ཚེ་ཧཱུྃ་འོད་ནག་པོ་ཚ་ཞིང་རྩུབ་པས་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ་ནས་ཧཱུྃ་བཟླ། འདིར་ཕྲིན་ལས་བཞི་པོ་གང་འདོད་འཁོལ་བུར་ཤེས་པའི་ཕྱིར་བྱས་ཀྱི། བཞི་ཀ་ཕྲུགས་གཅིག་ཏུ་བྱེད་ན་ནི། ཧཱུྃ་ཁ་དོག་བཞི་ཀ་སྤྲོས་ཕྲིན་ལས་བཞི་བསྒྲུབ་པར་བསམ་ལ་ཧཱུྃ་སུམ་སྦྲེལ་ཐུན་གྱི་སུམ་གཅིག་ཏུ་བཟླ་སྟེ། སླར་ཡང་ཧཱུྃ་ཡིག་ལས་མཐུན་མདོག༔ སོགས་སོ། དེ་ལྟར་ཐུན་རེ་ལ་ཡང་ཧཱུྃ་དམིགས་སུམ་སྐོར་ཚང་བར་བྱའོ། །ཐུན་མཚམས་སུ་ངག་བཅད་མ་གྲུབ་ཀྱང་དགག་བྱ་ཆུང་ཞིང་ཐུན་སྒང་ལ་ནི་བཟླ་བྱའི་སྔགས་ཉིད་ལས་སྨྲ་བརྗོད་གཞན་གྱིས་བར་མ་ཆོད་པ་གལ་ཆེ་ཞིང་། ཐུན་མཚམས་སུ་དགོས་མེད་ཀྱི་གཏམ་མི་སྨྲ་ཞིང་ལྷ་སྐུར་ལམ་གྱིས་ལངས་ནས་སྔགས་ཡང་ཡང་བཟླ། ངག་ནུས་བསྐྱེད་པ་དང་། བྱིན་རླབས་རྒྱུན་ཆགས་སུ་འབྱུང་བའི་དགོས་པ་ཡོད་ཅིང་བསྙེན་པའི་གྲངས་ལ་ནི་མི་རྩིའོ། །སྔགས་བརྒྱ་སྟོང་ཙམ་གྱི་མཐོལ་བ་ལ་སྒྲིག་ངེས་བཟུང་རང་མེད་པའི་ངོས་ནས་གང་འགྲོ་བྱ། ཐུན་གྲངས་ནི་བཤད་ཚོད་ཐུན་བཞི་མ་ཡིན་པ་བཞིན་ཕྱག་ལེན་ཡང་དེ་ལྟར་མཛད་ལ། དེའི་ཚེ་ཐོ་རེངས་ནས་ནམ་སེང་ཡན། དེ་ནས་དགུང་ཡན་ལ་སྔ་ཐུན། དགུང་ཚིག་གྲོལ་ནས་ས་སྲོད་ཡན་དགོང་ཐུན། ས་སྲོད་ནས་སྲོད་ཡན་སྲོད་ཐུན་ནོ། །ཐུན་གཉིས་མའི་ཚེ་ཐོ་རེངས་ནས་ཉི་ཕྱེད་ཡན་སྔ་ཐུན། ཕྱི་དྲོ་ནས་སྲོད་ཡན་ཕྱི་ཐུན་དུ་བྱ་སྟེ། གཉིས་བྱེད་པ་སྔགས་འགྲོ་ཆེ་བ་ཡིན་གསུངས་ཏེ༑ དེ་ལྟར་ཡང་རུང་ངོ་། །དེ་ལྟ་བུས་གཙོ་སྔགས་དྲུག་འབུམ་ལས་སྔགས་ཁྲི་ཚོ་གཉིས། སྤུ་གྲི་དང་འཁོར་སྔགས་ཁྲི་ཚོ་གཅིག་སྟེ། འབུམ་རྗེས་སུ་ཁྲི་དང་ཁྲི་རྗེས་སུ་སྟོང་སྟེ་རང་གི་བཅུ་ཆ་རེས་ཁ་བསྐང་བ་རྣམས་གྲངས་བསྙེན་གྱི་དབང་དུ་བྱས་པ་ཡིན་ཅིང་དུས་བསྙེན་ཟླ་བ་གཅིག་ནས་གསུམ་གྱི་བར་མཚན་མའི་བསྙེན་པ་ནི་རྟགས་དང་ནུས་པ་མ་ཐོན་གྱི་བར་

p. 392

དེ་སྲིད་དུ་བཟླ་བ་ལས་ཞག་གྲངས་ཀྱི་རྩིས་གདབ་མེད་དོ། །འདི་དག་གི་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱངས་སུ་རྫོགས་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་བའོ། །གསུམ་པ་རྗེས་ནི། དེ་ལྟར་གྲངས་དུས་མཚན་མའི་བསྙེན་པ་གསུམ་གང་རུང་སྟེ་ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་སླར་ཡང་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ་ཞིང་རྙིང་པ་རྣམས་ཀྱང་ཁ་གསོ། ཐུན་བཞིའི་ངེས་པ་སྤྱི་སྔར་དང་འདྲ་བ་ལས་ཁྱད་པར་མདུན་གྱི་གཏོར་མ་ཡང་བདག་བསྐྱེད་སྒོམ་པ་དང་མཉམ་དུ་འཇུག་པ་གཅིག་གིས་བསྒྲུབ་ཅིང་དམིགས་པའི་འཕྲོ་འདུ་དང་བཅས་གཙོ་བོ་དང་། འཁོར་རྣམས་ཀྱི་སྔགས་མཐར་ཀཱ་ཡ་ཝཱཀཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ་ཞིང་དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་མཆོད་གཏོར་མང་དུ་བཤམས། ལས་བྱང་རྒྱས་པར་བཏང་ནས་བཟླས་པ་བྱ། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བསྐང་བཤགས་སོགས་བྱས་ནས། ཆོ་གའི་ས་བཅད་གསུམ་པ་རྗེས་ཀྱི་རིམ་པ་ལ་འཇུག་ཅིང་དེ་ལ་བདུན་ལས། དང་པོ་ཚོགས་མཆོད་ནི། དམ་རྫས་སུ་འོས་པའི་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ་ལིངྒ་ཟུར་དུ་བཅས་པ་མེད་ན་ཚོགས་ཐ་མའི་ཟན་བཅད་པ་གུད་དུ་བཞག་ལ་ཚོགས་རྫས་རྣམས་ལ་ནང་མཆོད་གཏོར་ཞིང་རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་ཡཾ་ཁཾ་གིས་རྫས་ཀྱི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྣོད་ཀ་པཱ་ལར་བཅུད་དམ་རྫས་བཅུར་མོས་པ་སྦྱངས་རྟོགས་སྦར་བའི་དམིགས་གནད་བདུད་རྩིར་བྱིན་བརླབས་ལྟར་གསལ་བཏབ་ལ་ཐུགས་ལས་རཾ་ལཾ་ཁཾ་སོགས་ཀྱིས་བྱིན་གྱིས་རློབ་བོ། །ཚོགས་ཞིང་སྤྱན་འདྲེན་ནི། སྙིང་གའི་འོད་ཟེར་གྱིས་རང་བཞིན་དག་པའི་ཞིང་ནས་ཆེ་མཆོག་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ཁེངས་པ་ཙམ་དུ་སྒྱུ་འཕྲུལ་གྱི་རོལ་མོར་སད་པར་བསམ་ལ། ཧཱུྃ། ཨོ་རྒྱན་ཡུལ་དང་ཞེས་སོགས་ཀྱིས་སྤྱན་དྲངས། དེ་ནས་ཚོགས་ཕུད་ཆ་གསུམ་དུ་བྱས་ལ། དང་པོ་མཆོད་པ་ནི།

p. 393

དམ་ཚིག་གི་རྫས་ལས་འདོད་ཡོན་གྱིས་སྤྲིན་ནམ་མཁའ་གང་བར་སྤེལ་ཏེ་ཕུལ་བས་དགྱེས་པར་བསམས་ཏེ། གཟུགས་སྒྲ་དྲི་རོ་ཞེས་སོགས་ཀྱིས་དབུལ་ལོ། །བར་པ་བཤགས་པ་ནི། ཆ་གཉིས་པ་བདུད་རྩི་ལྔར་དམིགས་ཏེ་ཕུལ་བས་ཐུགས་དམ་བསྐ ངས་ཏེ་འཁོན་བཅུག་སོགས་ཉེས་བྱས་ཐམས་ཅད་དག་པར་བསམ་ལ་ཐོག་མེད་དུས་ནས་སོགས་ཀྱི་མཐར་ཡིག་བརྒྱ་བཟླས་པས་བཤགས། ཐ་མ་བསྒྲལ་བཏབ་ནི། ལིངྒ་འམ་སྔར་གུད་དུ་བཞག་པའི་ཚོགས་ཟན་བཅའ་ལ། བདག་གི་ཐུགས་ཀ་ནས་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་བསྒྲལ་བྱ་ཉིད་དབང་མེད་དུ་བཀུག་ནས་མཚན་མའི་རྟེན་ལ་བསྟིམ་ཞིང་། སྐྱོབ་བྱེད་ཀྱི་ལྷ་དང་བྲལ་བས་ཉམ་ཐག་པའི་ཚུལ་དུ་གནས་པར་བསམ་སྟེ། ན་མོ་རིག་འཛིན་རྩ་བརྒྱུད་སོགས་ཀྱིས་དགུག་བསྟིམ་བྱ། དེ་ནས་རང་གི་ལག་སོར་རིགས་ལྔ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་ཕུར་བུ་སྲས་མཆོག་ཡཀྴ་མེ་དབ ལ་དུ་བསྐྱེད། གསལ་བ་གསུམ་གྱི་ང་རྒྱལ་བརྟན་པོས་ལིངྒའི་སྙིང་གར་བཏབ་ལ་ཁོའི་ཚེ་དཔལ་བཀྲག་དང་གཟི་མདངས་ཐམས་ཅད་ཨའི་རྣམ་པར་བསྡུས་ནས་རང་ལ་བསྟིམ་པས་བདག་གི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་པར་བསམ་པ་ཚེ་ལུང་དང་། ཀུན་གཞིའི་ནྲྀའི་རྣམ་པ་ཕུར་རྩེའི་ཧཱུྃ་གིས་བླངས་ཏ ེ་ཁོང་སོང་བརྒྱུད་ཕཊ་ཀྱིས་འཕངས་པས་གློ་བུར་གྱི་དྲི་མ་རྣམས་སྦྱངས་ནས་རྣམ་ཤེས་དྭངས་མའི་ཐིག་ལེ་ཧཱུྃ་གི་གཟུགས་ཀྱིས་འོག་མིན་དུ་འཕང་ལ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་པ་ནི་ཁྲུས་ལུང་སྟེ། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་ལ། ཧཱུྃ། ཆེ་མཆོག་པདྨ་ཞེས་སོགས་ཀྱིས་ཕུར་བུ་གདབ་ཅིང་། རྣམ་སྣང་སྒྱུ་དྲ་ལས། མཁས་པས་རྐང་པ་ནས་བརྩམས་ཏེ། མཚོན་ཆ་རྣོན་པོས་བཅད་ནས་ནི། ཞེས་དང་། རྔམ་གློག་ལས། ཕོ་ནི་རྐང་པ་གཡས་ནས་གཏུབ། མོ་ནི་རྐང་པ་གཡོན་ནས་གཏུབ། ཅེས་པ་ལྟར་གཟས་པོའི་སྙིགས་མའི་ལུས་དུམ་བུར་གཏུབས་ནས་སྟོབ་པས་ལྷ་ཚོགས་ཐམས་ཅད་ཀྱིས་ལྷག་མེད་དུ་གསོལ་བར་བསམ་སྟེ། དགྲ་བགེགས་བསྒྲལ་བའི་སོགས་ཀྱིས་འབུལ་ཞིང་། བསྒྲལ་བྱའི་ཞིང་ནི་རྟོགས་པས་བསྒྲལ་བྱ་གཉིས་འཛིན་གྱི་ཞེན་རྟོག་དང་། སྙིང་རྗེས་བསྒྲལ་བྱ་ནི་ཞིང་

p. 394

བཅུའོ། །དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ནས་ཐོད་པ་དུམ་བུ་གཅིག་པའི་གསུམ་པ་མ་ད་ནས་བཀང་བ་དང་། མཾ་ས་སོགས་དམ་རྫས་རྣམས་ལག་གཉིས་ཕན་ཚུན་བསྣོལ་བཞིན་པར་སྟོན་ཅིང་། ཧོ། ཆོས་དབྱིངས་བྷཉྫར་སྣང་སྲིད་བདུད་རྩིར་བསྐྱིལ༔ རྡོ་རྗེའི་བཅུད་ལྡན་མི་ཟད་ལོངས་སྤྱོད་དང ༔ ཛ་གད་གར་མཆོད་སྒེག་མཛེས་རྫས་མཆོག་འབུལ༔ ལྷུན་གྲུབ་བདེ་ཆེན་ཀློང་རོལ་དཔའ་བོ་ཆེ༔ ཞེས་དབུལ། སློབ་དཔོན་གྱིས་པད་སྐོར་སྔོན་འགྲོས་རྩེ་གསུམ་གྱི་ཕྱག་རྒྱ་དང་བཅས་པས། འདོད་ཡོན་མ་སྤངས་ཟག་བྲལ་ཐབས་ཤེས་རྫས༔ ཡིད་བཞིན་གཏེར་མཛོད་གུ་ཧྱ་ལོངས་སྤྱོད་རྣམས༔ བདག་ལུས་འཛིན་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར༔ བདེ་ཆེན་རོ་གཅིག་དང་དུ་བླངས་ཏེ་རོལ༔ ཞེས་བླངས་ཤིང་། འདུས་པ་གཞན་རྣམས་ལའང་བྲིམ་ཞིང་དེ་ཉིད་འཛིན་ཞེན་མེད་པའི་སྒོ་ནས་བདུད་རྩིའི་མཆོད་རྫས་ལྟེ་བའི་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་ནང་གི་ལྷ་ཚོགས་ཐམས་ཅད་མཆོད་པར་བསམ་པ་རང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར༔ མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས༔ ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང༔ འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག༔ ཅེས་སྨོན་ལམ་གདབ། དེ་ནས་ལྷག་མ་བསྡུས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ་ལས་ཀྱི་རྡོ་རྗེས་ཕྱག་བྱས་ནས་བྱིན་གྱིས་རློབ་པར་བསྐུལ། དམ་ཚིག་ཁ་ཕྲུ་བཏབ་ལ་ༀ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བརྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿཞེས་དང་། མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ་སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ ཞེས་སོགས་ཏེ༑ བསྙེན་པ་ཚུགས་ནས་ཉིན་སྔ་མ་ཚུན་ལ་ལྷག་མ་རྣམས་སྣོད་གཅིག་ཏུ་བསགས་ཏེ་བཙོན་འཛིན་བྱ་ཞིང་། འདི་སྐབས་སྔར་བཙོན་འཛིན་བྱས་པ་རྣམས་དང་མཆོད་པའི་རས་མ་སོགས་དང་བཅས་སྒྲུབ་ཁང་ནས་གོམ་པ་བདུན་ཅུ་བོར་བ་ནི་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ལོ༑ ༑གཉིས་པ་ཐུགས་དམ་བསྐུལ་བ་ནི། དབང་དྲག་པདྨ་དྲག་པོའི་ལྷ་ཚོགས་རྣམས་སྔོན་

p. 395

གྱི་ཐུགས་དམ་ཆེན་པོ་ལས་བཞེངས་ཏེ་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པའི་དུས་ལ་བབ་སྟེ། ཅིའི་ཕྱིར་ན་སྙིགས་མ་ལྔ་བདོ་དུས་ཀྱི་ཐ་མ་འདིར། དགྲ་བགེགས་གདུག་པ་ཅན་འབྱུང་པོ་མ་རུངས་པས་རྒྱུད་བསླད་པ་སྤྱི་དང་ཁྱད་པར་བོད་ཁམས་འཕུང་བྱེད་དམ་སྲི་རྒྱལ་འགོང་སྡེ་དང་བཅས་པ་རྣམས་མཐུ་སྟོབས་ནུས་པའི་རྩལ་གྱིས་ཚར་ཆོད་ལ་ཚེ་གཅིག་ལ་འཚང་རྒྱ་བའི་ཉེ་ལམ་ཡང་དག་པའི་བདེ་ཆེན་གྱི་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད་ཅིག་པ་སྟེ། ཧཱུྃ། བཞེངས་ཤིག་སོགས་སོ། །གསུམ་པ་ཆད་ཐོ་བསྒྲགས་པ་ནི། བསྲུང་མའི་གཏོར་མ་རྣམས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱི་ཕྱི་ནང་དུ་བཞག་སྟེ། སྨན་རག་སྦྲན་ཞིང་། འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། རྡོ་རྗེའི་བསྲུང་མ་དམ་ཚིག་ལ་གནས་པ་ཐམས་ཅད་གཏོར་མས་མཉེས་པར་བྱས་ལ། སྔོན་གྱི་ཐུགས་དམ་རྗེས་སུ་བསྐུལ་བས་ཐ་ཚིག་གཉན་པོ་ལས་ནམ་ཡང་མི་འདའ་ཞིང་གདོང་གྲོགས་དང་དཔུང་གཉེན་བགྱི་བར་མོས་ཏེ།ཧཱུྃ༑ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སོགས་སོ། བཞི་པ་ཟོར་འཕང་པ་ནི། ཆད་ཐོའི་གཏོར་མ་དེ་ཉིད་རང་ཉིད་ཆེ་མཆོག་ཐོད་ཕྲེང་རྩལ་གྱི་ང་རྒྱལ་དང་ལྡན་པས་སྤྲུལ་པའི་དམག་དཔུང་མཚོན་ཆའི་ཆར་འབེབ་པ་དཔག་ཏུ་མེད་པ་སྤྲོས་པས་གདུག་ཅན་ཐམས་ཅད་རྗེས་མེད་ཐལ་བའི་རྡུལ་བཞིན་དུ་བཤིག་པ་རྣམ་ཤེས་ཚངས་པའི་ལམ་ནས་དྲངས་ཏེ་རིག་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར་ཅིག་པ་སྟེ། ཧཱུྃ། ང་ནི་ཆེ་མཆོག་ཐོད་ཕྲེང་རྩལ༔ སོགས་སོ། ལྔ་པ་བསྟན་མ་བསྐྱང་བ་ནི། གཏོར་གཞོང་དེ་ཉིད་བཤལ་བའི་སྨན་ཕུད་ཀྱིས་བསྟན་གཏོར་བྲན་ཞིང་། འབྲུ་གསུམ་གྱིས་མི་ཟད་པའི་ལོངས་སྤྱོད་ཀྱི་གཏེར་དུ་སྤེལ་ལ། བདུད་དང་གནོད་སྦྱིན་དང་སྨན་གྱི་རིགས་ཀྱི་མ་མོ་བཞི་བཞི་བརྟན་ཅིང་ཆགས་པས་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་འཁོར་སྨན་བྲན་འབུམ་དང་བཅས་པ་ཚིམ་པར་མོས་ལ། བྷྱོ། སློབ་དཔོན་པདྨ་སོགས་སོ༑ ༑དྲུག་པ་བྲོ་བརྡུང་ནི། གཏོར་གཞོང་ཁ་སྤུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་གནན་ཅིང་རྡོ་རྗེའི་རྒྱས་གདབ་པའི་མཐར་བྲོའི་ལས་བྱ་སྟེ། སྣོད་བཅུད་ཐམས་ཅད་དབང་དྲག་ཧེ་རུ་ཀའི་སྐུར་བལྟས་ལ་བྲོ་བརྡུངས་པས་ལས་གང་ཡིན་འགྲུབ་ཅིང་རྟོག་ཚོགས་ཐམས་

p. 396

ཅད་སྐུ་དང་ཡེ་ཤེས་བདེ་བ་ཆེན་པོའི་རོལ་མོར་འཆར་བའི་མོས་པ་བརྟན་པོས། ཧཱུྃ། ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ སོགས་སོ། ས་བཅད་བདུན་པའི་ཁོངས་ནས་བསྟན་པའི་ལས་རིམ་ལ་ལྔ་ལས། དང་པོ་དངོས་གྲུབ་བླང་བ་ནི། སྒྲུབ་གཏོར་ལྷར་གསལ་བ་ལ། སརྦ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཧོཿ མ་ཧཱ་རཀྟ་པཱུ་ཛ་ཧོ༔ མ་ཧཱ་བ་ལིངྟ་པཱུ་ཛ་ཧོ༔ ཞེས་སྨན་རག་གཏོར་གསུམ་གྱིས་མཆོད། ཆོས་ཀྱི་དབྱིངས་ལས་སོགས་ཀྱིས་བསྟོད། འཁོན་བཅུགས་སྦྱང་ཕྱིར་ཡིག་བརྒྱ་མང་དུ་བཟླ། དེ་ཡང་བདེ་བར་གཤེགས་པ་ཀུན་འདུས་པའི་བདག་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱི་གཟུགས་རྡོ་རྗེ་དྲག་པོ་རྩལ་ཞེས་ཡུལ་ལ་བོས་ནས་ནམ་མཁའི་གློག་ལྟ་བུར་མྱུར་བའི་ཐུགས་རྗེ་ཆེན་པོས་བརྩེ་བར་དགོངས་ལ། སྐུ་གསུང་ཐུགས་ཀྱི་དབང་བཞི་བསྐུར་ཞིང་ལུས་ངག་ཡིད་གསུམ་གྱི་སྒྲིབ་ཀུན་དམིགས་མེད་ཀྱི་དབྱིངས་སུ་བཅོམ་སྟེ་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས་ལ་ལྷག་བཅས་ལྷག་མེད་ཀྱིས་བསྡུས་པའི་བྱང་ཆུབ་མཆོག་གི་དངོས་གྲུབ་དང་། རྫུ་འཕྲུལ་དང་མི་སྣང་བ་སོགས་ཐུན་མོང་གི་དངོས་གྲུབ་མ་ལུས་པ་དཀའ་བ་མེད་པར་སྩལ་དུ་གསོལ་གཅིག་པ་སྟེ། ཧཱུྃ། བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ ཞེས་སོགས་ཀྱི་དངོས་གྲུབ་བསྐུལ་རྗེས་སྒྲུབ་གཏོར་ལྷའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་གནས་གསུམ་དུ་ཐིམ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་མཐར་གཏོར་མའི་ལྷ་འོད་དུ་སྟེམས་ཀྱིས་ཞུ་ནས་རང་ལ་ཐིམ་པར་མོས་པ་བྱ་ཞིང་ཀཱ་ཡ་སིདྡྷི་ༀ། ཝཀ྄་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་གཏོར་མ་གནས་གསུམ་དུ་འཇོག ལྷ་དེ་འོད་དུ་ཞུ་རྗེས་གཏོར་མ་རྣམས་དམ་རྫས་བདུད་རྩིར་མོས་ནས་སརྦ་སིདྡྷི་ཕ་ལ་ཧོ། ཞེས་ལྕེ་ཐོག་ཏུ་མྱང་སྟེ། དེ་ལས་ཟག་མེད་ཀྱི་བདུད་རྩི་ཆེར་འཕེལ་བར་ལུས་ཀྱི་རྩ་ཁམས་ཐམས་ཅད་དག་པའི་བདེ་བ་ཆེན་པོ་ལ་མཉམ་པར་བཞག གཉིས་པ་བཟོད་པར་གསོལ་བ་ནི། ཡིག་བརྒྱ་བཟླས་ནས་ཉེས་པར་གྱུར་པའི་ནོངས་པ་རྣམས་བཤགས་པར་བྱ་སྟེ༑ མ་རྙེད་ཡོངས་སུ་མ་ཚང་དང་། སོགས་སོ། །གསུམ་པ་གཤེགས་སུ་གསོལ་བ་ནི། མདུན་བསྐྱེད་ཚོགས་རྟེན་སོགས་དང་འགྲེལ་བའམ་མིན་ནའང་ཐུན་མོང་པ་དང་སྒོ་མཐུན་པ་ཙམ་

p. 397

དུ༑ ༀ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད་སོགས་ཀྱིས་རང་བཞིན་ཡེ་ཤེས་ཀྱི་ལྷ་ཆོས་དབྱིངས་སུ་གཤེགས་སུ་གསོལ། ཡང་ན་བྲིས་སྐུ་ལ་བསྟིམ་ནས་རས་བྲིས་དཀྱིལ་འཁོར་ཡིན་ནའང་རུང་སྟེ་བརྟན་བཞུགས་དང་ད མ་ཚིག་པ་བདག་ཉིད་ལ་གཉིས་མེད་དུ་བལྟས་ལ༑ སྤྲུལ་པ་བསྡུ་བ་ནི། དེ་ཡང་ལྷ་སྔགས་ཀྱི་རྣལ་འབྱོར་ལ་ཅི་ནུས་སུ་བཟླས་པའི་རྗེས་སུ་བསྡུ་བ་ན། རང་གི་སྙིང་ཁའི་འོད་ཀྱིས་ཕྱིར་རོལ་དག་པའི་སྣོད་བཅུད་དུ་སྣང་བ་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་ཡང་ནང་གི་སྣོད་རིམ་བཞིན་སྲུང་འཁོར་དུར་ཁྲོད་སོགས་གཞལ་ཡས་ཁང་དང་། དེའང་ལྟེ་བའི་བར་དུ་བསྡུས་པ་འཁོར་རྣམས་ལ་ཐིམ། བཅུད་ལྷའི་འཁོར་ལོ་ཀུན་ཀྱང་གཡོན་བསྐོར་དུ་རིམ་གྱིས་འོད་དུ་ཞུ་ནས། འཁོར་རྣམས་བདག་ཉིད་གཙོ་བོ་ཡབ་ཡུམ་དང་། ཡུམ་ཡབ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ། དེ་ཏིང་འཛིན་སེམས་དཔའ་ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་། ཧཱུྃ་དེ་ཡང་གྱེན་རྫོགས་སུ་ཡལ་བས་བདག་དང་གཞན་དུ་མ་གྲུབ་པའི་སྟོང་པ་ཉིད་དེ། གང་དུའང་མི་དམིགས་ཤིང་ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་མཐོང་བས་སྤྲོས་པ་དང་བྲལ་བ་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་རྟག་མཐའ་བསལ་ཏེ༑ ཆོས་ཉིད་སྐྱེ་བ་མེད་པ་ལས༔ སོགས་སོ། །སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དྲན་རིག་མ་ཧཱ་གུ་རུའི་སྐུར་ལངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་སྦྱངས་པས་ཆད་མཐའ་བསལ་བས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱོར། འདིས་འདུ་བྱེད་ཀྱི་ཐ་མ་ལ་འཇིག་ཅིང་ལྡང་བ་སྦྱོང་སྟེ་སྣོད་བཅུད་བསྲུང་འཁོར་གཞལ་ཡས་ཁང་རྣམས་ལྷ་དམ་ཚིག་སེམས་དཔའ་ལ་བསྡུ་བ་རགས་པ་ཐིམ་པ། སེམས་དཔའ་སུམ་བརྩེགས་ཧཱུྃ་ལ་བསྡུ་བའི་བར་སྣང་གསུམ། དེ་ཡང་བསྡུ་བ་འོད་གསལ་ཏེ་འཁོར་བར་སྐྱེ་བ་ལ་སླར་ཡང་འཆི་བ་དང་དེ་ལས་བར་སྲིད་དུ་ལྡང་བ་སྦྱོང་འབྲས་དུས་སུ་གཟུགས་སྐུ་ཆོས་ཀྱི་སྐུའི་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་ཆད་པར་འཆར་བའི་རྟེན་འབྲེལ་བསྒྲིག རྫོགས་རིམ་གྱི་དུས་དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་གདིང་བའོ། །བཞི་པ་སྨོན་ལམ་གདབ་པ་ནི། དགེ་འདི་མཐའ་ཡས་སོགས་སོ། །ལྔ་པ་བཀྲ་ཤིས་བརྗོད་པ་ནི། ༀ་བྱིན་

p. 398

རླབས་མཆོག་སྩོལ་རིགས་བརྒྱའི་བདག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད་པར་བྱའོ། །སྐབས་འདིར་བསྲུང་བཟློག་བ སད་པ་སོགས་ཀྱི་མཇུག་བསྡུ་སྤྲོ་ན་སྔ་ཐུན་འདི་ཉིད་ཀྱི་མུ་ནས་ལས་དཀྱིལ་གཏོར་མ་ཟོར་རྫས་ལིངྒ་སོགས་བཤམས་ལ། ཆོ་ག་དངོས་གཞི་ནི་ཐུན་བཞིའི་རིམ་པ་ཁོ་ན་སྟེ། ལས་གསུམ་རྐྱང་པར་སྒྲུབ་ན་བསྲུང་བཟློག་བསད་གསུམ་སོ་སོའི་རྟགས་མཐོང་གི་བར་དུ་རིམ་བཞིན་སོ་སོར་སྒྲུབ་པའམ། འོན་ཏེ་ཞག་གི་རིམ་པ་ཙམ་གྱིས་བསྒྲུབ་ཀྱང་རུང་། བསྙེན་པའི་རྗེས་འདིར་ཟོར་ཡང་བའི་དབང་དུ་བྱེད་ན་ཐོ་རེངས་བདག་གི་རྣལ་འབྱོར་བཟླས་པའི་བར་དང་། སྔ་དྲོ་བསྲུང་བ། ཕྱི་དྲོ་བཟློག་པ། སྲོད་ལ་བསད་པ་རྣམས་ཐུན་བཞིའི་རིམ་པས་ཞག་བདུན་སོགས་བསྒྲུབས་རྗེས་ནུབ་ཐ་མའི་ཚེ་ཟོར་འཕང་རྣམས་བྱ་ཞིང་འདི་དག་གི་མན་ངག་དང་ཆོ་གའི་ལས་རིམ་རྣམས་ནི། གཏོར་བཟློག་ལས་རིམ་དགྲ་བགེགས་ཀུན་འཇོམས་སོགས་ལ་ཞིབ་མོར་དཔྱད་པས་བདེ་བླག་ཏུ་རྟོགས་ཤིང་། འདིར་ནང་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཅུང་ཟད་བརྗོད་ན། དེ་ལ་གསུམ་ལས། བསྲུང་བ་ནི། དེ་ཡང་རང་ཉིད་ཆེ་མཆོག་པདྨ་དྲག་པོའི་སྐུར་གསལ་བའི་ཕྱི་རོལ་དུ་སྲུང་བའི་འཁོར་ལོ་མེ་རི་མེ་ཕུང་འབར་བའི་ནང་དུ་རྡོ་རྗེའི་ས་གཞི་རྭ་གུར་བླ་རེ་རྭ་བ་དང་བཅས་པ། དེའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བ་ལས་གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་དམར་པོ་ལ་བསྲུང་བྱ་རྣམས་མིང་ཡིག་ཐོག་མ་ཐིག་ལེས་མཚན་པའི་རྣམ་པ་ཅན་དུ་སྦས་པ་འོད་དཀར་དམར་གྱི་ར་བས་སྐོར་བ་དེ་ལས་འོད་ཟེར་འཕྲོས་རྒྱལ་བ་རྣམས་མཆོད་ཅིང་བྱིན་རླབས་བསྡུས་བདག་ལ་ཐིམ་ལུས་རྡོ་རྗེའི་གོ་ཁྲབ་ལྟ་བུར་གྱུར་པས་བར་ཆད་གང་གིས་ཀྱང་མི་ཚུགས་པར་བསམ་ལ། རང་ཉིད་དབང་དྲག་ལྷར་གསལ་བའི༔ ཕྱི་རོལ་བསྲུང་བའི་འཁོར་ལོས་བཅིངས༔ སྙིང་ནང་རྡོ་རྗེའི་ལྟེ་བར་ཧཱུྃ༔ དེ་དབུས་བསྲུང་བྱའི་སྲོག་མིང་རྣམས༔ དཀར་དམར་འོད་ཀྱི་རྭ་བས་སྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ བདག་ཐིམ་རྡོ་རྗེའི་གོ་ཁྲབ་ཏུ༔ གྱུར་པས་བདག་ལུས་མི་ཕྱེད་བགོ༔ དེ་ལྟར་གསལ་བཏབ་ལ་སྙིང་པོ་

p. 399

ཀུན་གྱི་མཐར་མ་མ་ཀཱ་ཝཱ་ཙཱི་རཀྴ་ཀུ་རུ་བྷྲུཾ་ཞེས་བཏགས་པ་ཅི་ནུས་བཟླ། བཟློག་པ་ནི། རང་ཉིད་དབང་དྲག་ལྷར་གསལ་བའི༔ ཕྱི་རོལ་བསྲུང་བའི་ར་བ་དང༔ སྐུ་ཡི་ཆ་རྣམས་ཐམས་ཅད་ནས༔ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་དང༔ ཁྱུང་སྡིག་མཚོན་ཆ་དཔག་མེད་འཕྲོས༔ ཕ་རོལ་ལྷ་སྲུང་བྱད་མ་རྣམས༔ རྩ་བུར་མེ་ཡིས་བསྲེག་པ་བཞིན༔ རྗེས་མེད་རྡུལ་དུ་བརླག་པར་གྱུར༔ ཅེས་དང་། རྩ་སྔགས་ཀྱི་མཐར་ༀ་བཛྲ་ཡཀྴ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བཟློག༔ ཨ་ལ་ལ་པྲ་མོ་ཧ་བྷྱོ་བཟློག༔ ཤཱནྟིཾ་ཀ་ཤག་བྱེར་བྱེར་བཟློག༔ བྷ་ཡ་ན་ན་ཀ་ཡ་ག་ཊ་ཧཱུྃ་བྷྱོ་བཟློག༔ ཅེས་ཅི་ནུས་དང་། ༀ་ཧཱུྃ་ཏྲིག་ཁྲོཾ་བྷྱོ། མ་ནི་མ་ར་ནི་བྷྱོ། མཱ་ར་དུ་ན་བྷྱོ། རཀྨོ། རཀྴན། ཏིང་ཡ། རཀྴ་མཱ་ར་ཡ་རྦད་བྷྱོ་བཟློག༔ ཅེས་པའང་ཅུང་ཟད་བཟླས་ལ། ན་མོ་རིག་འཛིན་རྩ་བརྒྱུད་སོགས་ནས་བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་ཞེས་པའི་བར་བརྗོད་དོ། །རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ཐམས་ཅད་དང་ཁྱད་པར་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་རྦད་བཟློག༔ ཅེས་ཐལ་མོ་རྡེབ། བསད་པ་ནི། རང་ཉིད་དབང་དྲག་ལྷར་གསལ་བ འི༔ ཐུགས་ཀའི་ཕོ་ཉས་གནོད་བྱེད་བཀུག༔ མདུན་གྱི་ཏིང་འཛིན་བྲུབ་ཁུང་དུ༔ འཆོར་མེད་དམ་ཅིང་ཉམ་ཐག་པ༔ ཕྱག་མཚན་མཚོན་ཆ་སྣ་ཚོགས་ཀྱིས༔ གཟིར་བཅོམ་ཞལ་དུ་གསོལ་བར་གྱུར༔ ཅེས་དང་། རྩ་སྔགས་ཀྱི་མཐར། ༀ་བཛྲ་ཡཀྴ་ཏྲིག་ནན། ཨེ་ཧུར་ཐུམ་ཛ༔ གཟིར་ནན་ཀཱ་ཝ་ཅི་རྦད་རྦད༔ ཅེས་དྲག་ཏུ་བཟླའོ། །དེ་ལྟར་མདོར་བསྡུས་ཙམ་སྨོས་ཤིང་ཁ་སྐོང་སྦྱིན་སྲེག་ནི་བསྙེན་པའི་བཅུ་བྱའི་གྲངས་ལོངས་སུ་བྱ་སྟེ་གཙོ་སྔགས་འབུམ་ཚོ་བདུན་གྱི་དབང་དུ་བྱས་པའི་ཁ་སྐོང་གི་སྦྱིན་བསྲེག་བདུན་ཁྲི་བྱ་དགོས་ལ། ཆོ་གའི་རིམ་པ་ནི་རྡོར་སེམས་ལྟ་བུའི་ཁོག་འབུབས་པའམ་གཞན་གྱིས་ཀྱང་རུང་། འདས་པའི་མེ་ལྷ་གོ་བརྗེ་བ་དང་རྫས་གཞན་རྣམས་གྲངས་ཅི་འབྱོར་དང་ཏིལ་ཁོ་ནའམ་རྫས་རྣམས་བསྲེས་པའི་ཕུར་མ་སྟེ་གཙོ་སྔགས་ཀྱི་སྦྱིན་བསྲེག་ནི་ཕུལ་བས་གྲངས་འཛིན་པ་འབུལ་དགོས་ལ། སྤེལ་ཚིག་ནི། ཏིང་ངེ་འཛིན་མི་གསལ་བ་

p. 400

དང་སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་སྦྱར། གལ་ཏེ་སྦྱིན་བསྲེག་མ་འགྲུབ་ན་ཡིག་བརྒྱ་བཟླས་པའི་ཁ་སྐོང་ཙམ་གྱིས་ཀྱང་རུང་ངོ་། །དེ་ལྟར་ལས་ཐམས་ཅད་མཐར་ཕྱིན་ནས་མཚམས་གྲོལ་བའི་ཚེ་ཆོས་སྐྱོང་སྤྱིར་སྒོས་དང་གཞི་བདག་སོགས་ལ་གཏང་རག་གི་མཆོད་གཏོར་དང་། ཁྱད་པར་མཚམས་ཐོའི་ཡེ་ཤེས་པ་ལ་མཆོད་ཅིང་བསྟོད་པ་སྔར་ལྟར་ལས་བསྟོད་པའི་མཇུག་གི་ཕྱོགས་ཞི་བགེགས་ཀྱི་མཚམས་ཆོད་ཅིག་ཅེས་པ་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། ཅེས་པས་བསྒྱུར། བཛྲ་མུཾ་གྱིས་གཤེགས་སུ་གསོལ་ལ་ཐོ་འགྲོལ་བ་རྣམས་བྱའོ། །ཡང་བསྐྱེད་བཟླས་རྫོགས་གསུམ་ཀུན་ལ་གཅེས་པའི་དམིགས་པའི་མདོ་འགག་ནི། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་སེམས་ཀྱི་རྩལ་སྣང་ཙམ་སྟེ། སེམས་ཉིད་གདོད་མ་ནས་ལྷ་སྐུར་དག་པས་རང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད་ལྷ་སྤངས་པའི་ཕ་རོལ་ན་སེམས་ཉིད་མེད། སེམས་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་ཞེན་བྲལ་དུ་ལྷག་གི་ཤེས་པའི་མོས་པ་བརྟན་པོ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཡིན་ལ༑ དེ་ཡང་སྔར་ལྷའི་རྣམ་པ་ལ་གསལ་སྣང་ཐོབ་ཟིན་པ་ཡིན་ན་སྐབས་འདིར་ཞལ་ཕྱག་སོགས་ཀྱི་རྣམ་པ་ཆེད་དུ་མ་བསྐྱེད་ཀྱང་། གང་སྣང་རྟོག་ཚོགས་ཀྱི་ལྡོག་ཆ་སོ་སོ་ལྷ་དེ་དང་དེའི་རང་བཞིན་དུ་ཤེས་པའི་མོས་པས་ལྷའི་གསལ་སྣང་རང་ཤར་དུ་འདྲེན་ནུས་ཤིང་། གཞན་དུ་སྔར་བསྐྱེད་རིམ་ལ་གསལ་སྣང་མ་ཐོབ་ན་མཉམ་གཞག་གི་དུས་སུ་མ་ཟད་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུའང་གང་ཤར་གྱི་སྣང་བ་དེ་ཁ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པར་སྒོམ་པ་དག་ལམ་དུ་ཁྱེར་བས། སྣང་བ་ཐམས་ཅད་རང་སྣང་རང་ཤར། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མའི་ཡོ་ལང་། སྣང་སྟོང་ཞེན་བྲལ་གྱི་ལྷ་སྐུ་དག་པ་རབ་འབྱམས་ཀྱི་འཁོར་ལོར་འཆར་ཞིང་མོས་པ་བརྟན་པོ་བྱུང་ན་གོམས་པའོ། །དེ་བཞིན་དུ་ཟིན་པ་དང་། མ་ཟིན་པའི་སྒྲ་གང་ལྟར་སྣང་ཡང་། ཐམས་ཅད་གྲགས་སྟོང་ཞེན་བྲལ། དེ་ག་རླུང་སྔགས་གཞོམ་མེད་ཡི་དམ་གྱི་གསུང་། གསུང་སྔགས་ཀྱི་འཁོར་ལོ་བརྗོད་མེད་ཀྱི་རང་སྒྲ་རྣམ་པ་ཐམས་ཅད་པའི་སྒྲ་སྐད་དུ་ཤེས་པའི་མོས་པ་ལམ་དུ་ཁྱེར་

p. 401

ཞིང་། ཡིད་ལ་དྲན་རྟོག་ཅི་བྱུང་ཡང་དེ་ཁའི་རང་ཞལ་ལ་ཆེ་རེ་བལྟས་པས་གསལ་རིག་ངོས་བཟུང་དང་བྲལ་བའི་ཟུང་འཇུག དེ་ཀ་ཡི་དམ་གྱི་ཐུགས་གཉིས་མེད་རང་བྱུང་གི་ཡེ་ཤེས་ཏེ༑ ཡེ་ཤེས་དེའང་མཁྱེན་པ་གཉིས་ལྡན་དུ་ཤེས་པའི་མོས་པ་བརྟན་པོས་རང་གསལ་འཛིན་མེད་ཀྱི་ངང་དེར་ཆམ་ཆམ་བསྐྱུར་ནས་བསྲེ་ཞིང་། མདོར་ན་མཉམ་རྗེས་ཀུན་ཏུ་ཅིར་སྣང་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ཤེས་པས་རང་སེམས་ལས་ལོགས་སུ་མི་བཙལ་ཞིང་། སེམས་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་བདེ་ཆེན་རང་ཤར་ལ་བསླབ་པར་བྱ་བ་ཡིན་ནོ། །སྤྱིར་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བ་ནི། ཤེས་པ་བྱིང་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་ཅིང་བློ་དཔངས་གཏོད་དེ་སྔགས་སྒྲ་དང་བཅས་པས་བཟླ། ཤེས་པ་ཐམས་ཅད་རྒོད་ནས་དམིགས་པ་མི་གསལ་ན་ཏིང་ངེ་འཛིན་སེམས་དཔའ་ཁོ་ན་ལ་སེམས་བཟུང་སྟེ་ཤུབ་བུར་བཟླ། འཇིག་རྟེན་གྱི་རྣམ་རྟོག་ལ་གཡེངས་ནས་སུན་ཉམས་བྱུང་ན་བླ་མ་གོང་མ་རྣམས་ཀྱིས་བཟོད་སྲན་དཀའ་སྤྱད་ཀྱི་ཚུལ་ལ་གཞིགས་ཏེ་ཧུར་བསྐྱེད། རྩ་ཁམས་དྭ ངས་པ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན། མྱུར་དུ་འགྲོ་བ་འདུག་སྙམ་པའི་བྲོད་ཁ་མི་བྱ། དེ་ལས་ལྡོག་ནས་གུ་དོག་ཉམས་བྱུང་ན་སྙིང་རུས་ཆེར་བསྐྱེད་ནས་ངལ་བ་མི་བྱ། སྐབས་རེ་ཤེས་པ་ཉོག་ཅིང་ལྕེ་མི་བདེ་ན་ཇ་དཀར་གྱི་བཏུང་བ་སོགས་བསྟེན། གཡེང་ཞིང་འཕྱོ་ན་རུས་ཐང་དང་བུ་རམ་མུར་བས་ཕན། ཐུན་སྒང་དུ་ཁའི་ཕྱེད་ལག་གིས་བཀག་པའི་གཏམ་བྱ་བ་སྐད་དང་། གཞན་ལ་བྱིན་རློབ་དང་བསྲུང་མདུད་སྟེར་བ་སོགས་མི་བྱ། ཐུན་མཚམས་མ་གཏོགས་བཟའ་བཏུང་དང་འགྲོ་འཆག་མང་པོ་མི་བྱེད། ནང་གི་ཡོ་བྱད་ཀྱི་རིགས་ཀྱང་ཕྱིར་མི་གཏོང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ། མཚམས་ཁོངས་སུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་མོད། བཅུག་པ་ཡང་སང་ཙམ་ཡོང་རྒྱུའི་དེ་རིང་ལྟ་བུར་ཤེས་པ་གཡེང་ཞིང་ཉོག་པ་སེམས་མི་བདེ་བ་དང་གཉིད་ཡར་བ་སོགས་བྱུང་ནས་སང་ཉིན་མི་དང་ཡོ་བྱད་སོ་མ་བྱུང་ན་དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་

p. 402

ཞག་མ་འདས་པར་ལོངས་མི་སྤྱད། སྤྱིར་ཡང་མཚམས་ཀྱི་འགོ་ལ་ལྷོད་པ། བར་དུ་དམ་པ། རྗེས་སུ་ལྷོད་པར་བྱེད། གང་གི་ཚེ་ཡང་དུས་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུ་གཉེར་ལྟར་གྱིས་ན་ཐོལ་སྐྱེས་དེ་ཁ་དྲན་པས་ཚིར་བཟུང་ཡེངས་མེད་ཀྱི་ངང་ནས་ལྷ་དང་སྔགས་ཀྱི་སྒྲ་ལ་སེམས་གཏད། བདེ་སྡུག་མཐོ་དམན་སྣ་ཚོགས་བྱུང་ན་འཛིན་ཆགས་མེད་པར་ལྷོད་ཀྱིས་གློད། མཚམས་ལ་ཐོག་མར་ཞུགས་ནས་མ་གྲོལ་གྱི་བར་སྐྲ་སེན་མི་འབྲེག སྟན་མི་ཕྲུག ཁ་ལག་མི་བཀྲུ། ཁམས་སེང་བ་སོགས་ཀྱི་དུས་ཕྲེང་བ་ལ་མདུད་པ་བརྒྱབ་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་བསྲུང་ཞིང་སྟན་གྱི་དྲོད་མ་ཡལ་བ་བྱེད། བསྙེན་པ་མ་གྲོལ་གྱི་བར་ལྷ་གང་གི་བསྙེན་པ་ཡིན་གཞན་སུས་ཀྱང་མ་ཤེས་པར་བྱ་སྟེ། བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད། མཚམས་གྲོལ་ནས་ཀྱང་དམ་ཚིག་གཙང་བའི་མི་རེ་གཉིས་དང་འཕྲད། དེ་ནས་རིམ་བཞིན་ཡངས་པ་བྱས་ཏེ་གྲིབ་དང་བགས་ཀྱི་འདྲིས་སུ་འཇུག་པས་གལ་ཆེའོ། །དེ་ལྟར་ཚུལ་བཞིན་དུ་ལེགས་པར་བསྙེན་པ་ལས་རྡོ་རྗེ་ཐེག་པའི་ཕྲིན་ལས་རབ་འབྱམས་ལ་སྙེམས་པ་མི་མངའ་བའི་དབང་ཕྱུག་ཆེན་པོར་འགྱུར་བར་གདོན་མི་ཟའོ། །ལྷ་སྔགས་ཡེ་ཤེས་རྣལ་འབྱོར་ཆུ་འཛིན་ལས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་འབེབ་པའི་ཐབས། །རྣམ་དག་ཡི་གེར་བརྩོན་པས་དབྱར་རྔའི་སྒྲས། །དོན་གཉེར་སྐྱེ་བོའི་རྨ་བྱ་གར་གྱིས་བྲེལ། ཚུལ་བཞིན་ཉམས་སུ་བསྟར་བས་བདག་འཛིན་དགྲ། །སྟོང་ཉིད་ཡེ་ཤེས་གནམ་ལྕགས་ཐོག་ཆེན་མེས། །མཐར་བྱས་པདྨ་ཐོད་ཕྲེང་རང་རིག་ཏུ། །རང་ངོ་འཕྲོད་མིན་དེ་སྲིད་རྗེས་སྐྱོང་ཤོག །དུས་གསུམ་རྒྱལ་བས་དབང་བསྐུར་པད་མ་འབྱུང་། །མཆོག་གསུམ་ཀུན་འདུས་ངོ་བོར་ངེས་བརྙེད་ནས། །སྒོ་གསུམ་འདིར་འབད་དགེ་བས་བདག་གཞན་འགྲོ། །སྐུ་གསུམ་རྒྱལ་སྲིད་མཆོག་ལ་འགོད་གྱུར་ཅིག །ཅེས་གཏེར་གསར་བླ་མ་དྲག་པོའི་བསྙེན་པའི་གསལ་བྱེད་བཀླགས་ཆོག་ནག་འགྲོས་སུ་བྱས་པ་འདི་ཡང་མི་རྗེ་དཱ་ལས་སྐུ་ཞབས་ཀྱི་ཐུགས་ཀྱི་དགྱེས་པ་སྐོང་ཕྱིར་དང་། དགའ་བཞི་གུང་པཎྜི་ཏས་ཀྱང་འདི་ལྟར་དགོས་ཞེས་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བ་ལྟར་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བས་ཆུ་

p. 403

ཕག་སྣྲོན་ཟླའི་ཚེས་བཅོ་བརྒྱད་ཀྱི་ཉིན་གྲུབ་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།

Pecha page