← Search

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།

ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཀྱི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ། ལོ་ཆེན་དྷརྨ་ཤྲཱི།

p. 1

ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཀྱི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

p. 2

ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཀྱི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། ༀ་སྭ་སྟི། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྫོགས་རིམ་ཡེ་ཤེས་སྙིང་པོའི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ་ཞེས་བྱ་བ། བླ་མ་དང་གར་དབང་ཐུགས་རྗེ་ཆེན་པོ་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་ལ་ཐོག་མ་དབུས་མཐའ་མེད་ཞི་གདོད་ནས་རྣམ་དག་རིག་པའི་གཤིས། །གཟུང་དང་འཛིན་སོགས་གཉིས་ཆོས་ལས་འདས་འཕོ་འགྱུར་མེད་གང་བདེ་བ་ཆེ། །རྣམ་པ་ཀུན་ལྡན་སྟོང་ཉིད་རྡོ་རྗེར་རྣམ་དབྱེར་མེད་པའི་ངོ་བོ་ཉིད། །འཁོར་འདས་རིས་མེད་ཀུན་ཁྱབ་ཡེ་ཤེས་བླ་མ་འཁོརལོའི་མགོན་ལ་འདུད། །སྣང་བ་མཐའ་ཡས་ཆོས་དབྱིངས་དགོངས་ཀློང་མཁར། །སྤྱན་རས་གཟིགས་དབང་ཐུགས་རྗེ་མཚན་མོའི་མགོན། །མ་འགགས་པད་འབྱུང་འཕྲིན་ལས་འོད་དཀར་གྱིས། །ཕན་བདེའི་ཀུན་དཱ་བཞད་དེས་དགེ་ལེགས་མཛོད། །མི་སློབ་ཟུང་འཇུག་མངོན་གྱུར་རྣམ་སྣང་མཛད། །ལྷན་སྐྱེས་ཌཱ་ཀིའི་གཙོ་མོ་མཁར་ཆེན་བཟའ། །འཇམ་དཔལ་རྡོ་རྗེའི་རྣམ་འཕྲུལ་ཁྲི་སྲོང་སྟེ། །བརྒྱུད་པའི་བླ་མ་རྣམས་ཀྱང་ཕྱག་གི་གནས། །མི་ཤིགས་བདེ་ཆེན་དཔའ་བོ་གར་གྱི་དབང་། །གསང་བ་ཡེ་ཤེས་སྟོང་ཉིད་དགའ་མ་དང་། །དགྱེས་རོལ་བདེ་གཤེགས་ཀུན་འདུས་ཞི་ཁྲོ་ཡི། །དཀྱིལ་འཁོར་འཁོར་ལོར་བཅས་པས་རྟག་ཏུ་སྐྱོངས། །བླ་མེད་རྒྱུད་སྡེ་ཀུན་གྱི་ངེས་གསང་གནད། །རྫོགས་རིམ་རྡོ་རྗེ་རྣམ་གསུམ་སྟོན་པའི་གཞུང་། །ཡེ་ཤེས་སྙིང་པོའི་རྣམ་བཤད་ཟབ་མོའི་དོན། །གསལ་བྱེད་སྣང་བའི་ཉི་མ་དེང་འདིར་ཤར། །ངེས་གསང་སྦྲང་རྩིའི་དོག་པ་ཅན། །ལེགས་བཤད་ཨུཏྤ་ལའི་ཆུན་པོ། །

p. 3

སྐལ་བཟང་རྣ་བའི་ཟུར་ཕུད་རྩེར། །མཛེས་བྱེད་རྒྱན་དུ་འདི་ལོངས་ཤིག །བདག་ལྟ་ཤིན་ཏུ་མ་བསྡམས་པས། །ཟབ་དོན་འགྲོལ་ནུས་བློ་མིག་ཕྲ། །འོན་ཀྱང་བླ་མའི་བཀའ་དྲིན་དང་། །གཞུང་འདིར་དད་པ་ཁོ་ནས་སོ། །འདིར་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ། ཟབ་མོའི་ལམ་ཐམས་ཅད་ཀྱི་གནད་འདུས། བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག གྲུབ་པའི་དབང་ཕྱུག་རྣམས་ཀྱི་གཤེགས་ཤུལ། ཐར་ལམ་འདོད་པ་རྣམས་ཀྱི་འཇུག་ངོགས། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ་ཁྱད་པར་ཅན། བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་རྩ་བའི་ཁྲིད་རིམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་མན་ངག་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ཟབ་ལམ་གཏན་ལ་འབེབས་པའི་གཞུང་འདི་ཉིད་ཅུང་ཟད་འཆད་པའི་དབང་དུ་བྱས་ན་དོན་གསུམ་སྟེ། བཤད་པ་ལ་འཇུག་པའི་ཡན་ལག བཤད་པ་རང་གི་ངོ་བོ། མཐར་ཕྱིན་པ་མཇུག་གི་བྱ་བའོ། །དང་པོ་ལ། མཆོད་པར་བརྗོད་པ། གང་ཟག་གང་ལ་གང་གིས་སྟོན་པ། བསྟན་བྱ་མན་ངག་གི་ཆེ་བ་བརྗོད་པ་དང་གསུམ། དང་པོ་ནི། ཨེ་མ་ཧོ༔ གར་གྱི་དབང་ཕྱུག་བདེ་བ་ཆེ༔ བདེ་ཆེན་ཡེ་ཤེས་མཆོག་ལས་བྱུང་༔ དེ་སྟོན་མཛད་པ་བླ་མ་ལ༔ དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ༔ ཞེས་པ་སྟེ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་གདོད་མའི་གནས་ལུགས་དེ་ནི་རང་གི་ངོ་བོ་འཆིང་གྲོལ་ལས་འདས་ཀྱང་། རྣམ་འགྱུར་འཆིང་གྲོལ་ལྟར་སྣང་བས། ཨེ་མ་ཧོ༔ ཞེས་ངོ་མཚར་བ་སྟེ། གྲོལ་གཞི་ལྷུན་གྲུབ་ཀྱི་ཆོས་ཉིད་དེ་གློ་བུར་གྱི་དྲི་མ་མཐར་ཐུག་པ་ཁུ་རྡུལ་རླུང་གི་བག་ཆགས་ཕྲ་མོ་ལམ་གྱི་ཡེ་ཤེས་མངོན་པར་བྱང་ཆུབ་པ་ཆེན་པོས་བཅོམ་ནས་འགྱུར་བདེའི་བག་ཆགས་ཀྱི་དྲི་མ་ཟད་པར་སྤངས་པ་ནས་མི་སློབ་པའི་ཟུང་འཇུག་ཆོས་ཉིད་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་བདེ་ཆེན་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་གཉིས་ངོ་བོ་དབྱེར་མི་ཕྱེད་

p. 4

པ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དུ་སོན་པས། དེ་ལས་རྣམ་པ་ཐམས་ཅད་པའི་སྐུ་རིས་མེད་དུ་སྟོན་པའི་མཛད་པ་སྣ་ཚོགས་པའི་གར་གྱི་རོལ་པས་འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་དབང་ཕྱུག་སྟེ། སོ་སོ་རང་རིག་གི་མཚན་ཉིད་ཅན་མཐའ་བྲལ་མངོན་དུ་གྱུར་པ་སྐུ་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེ་བདེ་བ་ཆེན་པོའི་སྐུ་རྫོགས་པའི་སངས་རྒྱས་ཀུན་གྱི་བདག་ཉིད་བཅོམ་ལྡན་འདས་འཕགས་པ་འཇིག་རྟེན་དབང་ཕྱུག་གོ །དེ་ལྟར་ཡང་། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངས། བྲལ་འབྲས་མི་སློབ་པའི་ཟུང་འཇུག་དེ་ཡང་འ ཐོབ་བྱེད་ཀྱི་ཐབས་ནི། རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླངས་པའི་ལག་རྗེས་བདེ་བ་ཆེན་པོ་ལམ་གྱི་ཡེ་ཤེས་མཐར་ཐུག་གི་མངོན་བྱང་མཆོག་ལས་བྱུང་ཞིང་། ཟབ་མོའི་ལམ་དེ་སྐལ་ལྡན་གྱི་སློབ་མ་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་མཛད་པ་པོ་ནི་བླ་མ་རྡོ་རྗེ་སློབ་དཔོན་ཏེ། དགྱེས་རྡོར་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་ལྔར། རི་དབང་རྩེ་ལས་འགའ་ཞིག་ལྷུངས་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ན་ཡང་གྲོལ་བར་འགྱུར། །ཞེས་གསུངས། རྒྱུ་མཚན་དེའི་ཕྱིར། ཕྱག་གང་ལ་འཚལ་བའི་ཡུལ་ནི། སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་ལམ་ཟབ་མོ་སྟོན་པའི་བླ་མ་དམ་པ་ལའོ། །གང་གིས་ན་སྔོན་འབྱུང་མན་ངག་མཛད་པ་པོ་དང་། རྗེས་འཇུག་མན་ངག་གི་གཞུང་འཆད་ཉན་དང་འདྲི་ཀློག་བྱེད་པ་པོ་རྣམས་ཀྱིས་སོ། །དགོས་པ་ཅིའི་ཕྱིར་ན། སྤང་བྱའི་ཉེས་སྐྱོན་ཐམས་ཅད་སེལ་ཞིང་རྟོགས་བྱའི་ཡོན་ཏན་མ་ལུས་པ་ཐོབ་པའི་ཆེད་དུའོ། །ཚུལ་ཇི་ལྟར་ན་ལུས་ངག་ཡིད་གསུམ་དེ་ཁོ་ན་ཉིད་དེ་དངོས་པོ་ཀུན་གྱི་སྒོ་ནས་ཕྱག་འཚལ་ལོ་ཞེས་པ་སྟེ། སྔོན་བྱུང་གི་དབང་དུ་ཡུལ་དང་དགོངས་པ་རོ་གཅིག་ཏུ་འདྲེས་པས་རང་གི་ཡེ་ཤེས་ལེགས་པར་མཐོང་ཞིང་རྟོགས་པའི་སྒོ་ནས་དོན་དམ་པའི་ཕྱག་མཛད་པ་སྟེ། རིམ་ལྔ་ལས། ཇི་ལྟར་བསྟོད་ཅིང་ཕྱག་འཚལ་

p. 5

བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །གང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པ་ལྟར་དང་། རྗེས་འཇུག་གི་དབང་དུ་ཡུལ་ལ་དང་བ་དང་འདོད་པ་དང་ཡིད་ཆེས་ཀྱི་དད་པ་གསུམ་གྱིས་ཀུན་ནས་བསླངས་ཏེ། ལུས་ཀྱིས་འདུད་པ། ངག་གིས་བསྟོད་པ། ཡིད་ཀྱིས་ཡོན་ཏན་དྲན་པའི་སྒོ་ནས་ཕྱག་བྱ་བའོ། །གཉིས་པ་ནི། སྐལ་ལྡན་རྩེ་གཅིག་བྱང་ཆུབ་ཀྱི༔ གོ་འཕང་མཆོག་ལ་གནས་འདོད་ན༔ ཐབས་འདི་དེ་ཉིད་རྟོགས་པས་སྟོན༔ ཅེས་པ་སྟེ། སྤྱིར་འཕགས་པ་ལྷས། ཇི་ལྟར་སྨན་པ་མཁས་གྱུར་པས། །ནད་པ་བསྒྲུབ་མེད་དཀོན་དེ་བཞིན། །བྱང་ཆུབ་སེམས་དཔའི་སྟོབས་རྙེད་ནས། །གདུལ་བྱ་མ་ཡིན་ཤིན་ཏུ་དཀོན། །ཅེས་སེམས་ཅན་གྱི་ཁམས་ཤས་ཆེ་བ་གདུལ་བྱའི་ཡུལ་དུ་གསུངས་པའང་སྣང་མོད། འོན་ཀྱང་། གང་ཞིག་གང་ལ་གང་དགའ་བ། །དེ་ཡིས་དེ་དེ་སྔར་བཤད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཟབ་ལམ་དངོས་སུ་སྟོན་རུང་གི་སྣོད་སྐལ་བ་དང་ལྡན་པའི་སློབ་མ་ནི་རྡོ་རྗེ་ཐེག་པའི་རིགས་སད་པ། དམ་ཚིག་ལ་གནས་པ། བླ་མ་ལ་གུས་པས་བསྙེན་བཀུར་བ། སྙིང་རྗེ་དང་ལྡན་པ་སྟེ་མཚན་ཉིད་བཞི་དང་ལྡན་ཞིང་། ཁྱད་པར་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་དཀའ་བ་མེད་པར་ཐོབ་ནས་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མཆོག་ལ་གནས་པར་འདོད་པའི་ཐར་པ་དོན་གཉེར་གྱི་བློ་དང་ལྡན་པ་སྟེ། མཚན་ཉིད་དེ་དག་ཚང་བར་གྱུར་པ་ན་དེ་ལ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐབས་ནི། བླ་མ་དམ་པ་མཁས་ཤིང་བྱང་ཆུབ་ཀྱི་སེམས་འབྱོངས་པ། དབང་གིས་ཐུགས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པ། ལམ་རྡོ་རྗེ་གསུམ་གྱི་ཉམས་མྱོང་ཚད་ལ་ཕེབས་པ་དེ་ཁོ་ན་ཉིད་རྟོགས་པའི་དགོངས་པ་མངའ་ཞིང་། གཞན་རྗེས་སུ་འཛིན་པའི་ཐུགས་རྗེ་དང་ནུས་པར་ལྡན་པའི་མཚན་ཉིད་ཅན་གྱིས་སྟོན་པར་བྱ་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕབ་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་

p. 6

སོ། །གསུམ་པ་ནི། རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན༔ བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ༔ ཇི་སྙེད་བསྟན་པ་ཐམས་ཅད་ཀྱང་༔ འདིར་འཇུག་ལམ་སྟེ་འདི་ཉིད་ཀྱིས༔ གྲུབ་པའི་མཐའ་ཀུན་གཏན་ལ་འབེབས༔ དེ་ཕྱིར་འདི་ནི་ཆོས་ཀུན་གྱི༔ བླ་མ་ཉིད་དུ་ངེས་པའོ༔ ཞེས་པ་སྟེ། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་བློའི་རིམ་པ་དང་འཚམས་པར་གང་ལ་གང་འདུལ་གྱི་ཐབས་ཀྱང་དེ་བཞིན་དུ་བསྟན་པས་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་གི་བློ་ལ་སྣང་བར་ཟད། །ཅེས་གསུངས་པ་ལྟར་ཐེག་པའི་སྒོ་ཡང་། འབྲས་བུ་ལ་དགོངས་ཏེ་གཅིག་དང་། ཆེ་ཆུང་ངམ་རྒྱུ་འབྲས་ཀྱི་དབྱེ་བས་གཉིས་དང་། ཉན་རང་བྱང་སེམས་གསུམ་མམ། ཀུན་འབྱུང་འདྲེན་པ། དཀའ་ཐུབ་རིག་བྱེད། དབང་སྒྱུར་ཐབས་ཀྱི་ཐེག་པ་སྟེ་གསུམ་དང་། རྒྱུའི་ཐེག་པ་གསུམ་འབྲས་བུའི་ཐེག་པ་དང་བཅས་པས་བཞི་དང་། དེའི་སྔོན་དུ་ལྷ་མིའི་ཐེག་པ་སྦྱར་བས་ལྔ་དང་། མཚན་ཉིད་སྡེ་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་སྟེ་ཐེག་པ་དགུ་སོགས་ནས་ཇི་སྲིད་བློའི་རིམ་པ་མ་ཟད་ཀྱི་བར་དེ་སྲིད་དུ་ཐེག་པའི་མཐའ་ཡང་ཐུག་པ་མེད་པའི་བར་དུ་གསུངས་ཏེ། ལངྐར་གཤེགས་པ་ལས། ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུའང་ངས་བསྟན་ཏོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ་མངོན་པ་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་ལྟར་གཉེན་པོ་ལ་དགོངས་ཏེ་ཆོས་ཀྱི་སྒོ་ཡང་བརྒྱད་ཁྲི་བཞི་སྟོང་དང་། དེ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་ཡང་སྡེ་སྣོད་གསུམ་མམ་བཞིར་བསྡུས་པ་སོགས་ཇི་སྙེད་ཅིག་བསྟན་པ་དེ་ཐམས་ཅད་ཀྱང་རྣལ་འབྱོར་བླ་མེད་ཀྱི་རྫོགས་པའི་རིམ་པ་མཐར་ཐུག་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་འདིར་འཇུག་པའི་ལམ་སྟེགས་ཙམ་དུ་གསུངས་པ་སྟེ།

p. 7

དེའི་རྒྱུ་མཚན་ཡང་། བྱང་ཆུབ་སེམས་དཔའ་ཐོག་མ་ནས་སྔགས་བླ་མེད་ཀྱི་ཟབ་ལམ་ལ་ཞུགས་པ་རྣམས་ལ་སྨོས་མ་དགོས། རེ་ཞིག་མདོ་ལམ་གྱི་ཉན་རང་བྱང་སེམས་དང་། སྔགས་ཀྱི་རྒྱུད་སྡེ་འོག་མ་གསུམ་གྱི་སྒོར་ཞུགས་ཏེ། རང་ལམ་མཐར་ཕྱིན་པར་ལོབས་པའི་རང་འབྲས་ཉན་རང་གི་དགྲ་བཅོམ་པ་དང་། བྱང་སེམས་དང་རྒྱུད་སྡེ་འོག་མ་གསུམ་གྱིས་ས་བཅུ་པའི་བྱང་སེམས་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་ཙམ་ཞིག་ཐོབ་ནུས་ཀྱང་། དེ་ཐམས་ཅད་མཐར་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་དགོས་ཤིང་། དེར་མ་ཟད་བླ་མེད་ལ་ཞུགས་པའི་བསྐྱེད་རིམ་གྱི་ལམ་མཐར་ཕྱིན་པ་ཞིག་ཀྱང་རྫོགས་རིམ་ལ་མ་ཞུགས་པར་འཚང་རྒྱ་བའི་ཐབས་མེད་པའི་ཕྱིར། རྫོགས་རིམ་མཐར་ཐུག་གི་ལམ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཏེ། དོན་དམ་བསྙེན་པ་ལས། ཉན་ཐོས་ཐེག་པ་ཉིད་ནི་ཐེག་པ་མ་ཡིན་ཏེ། །རང་རྒྱལ་འདི་ལྟར་རྒྱལ་བའི་ས་ནི་མིན་པར་གསུངས། །དཔལ་ལྡན་རྡོ་རྗེ་ཐེག་པ་རྒྱལ་བའི་ཐེག་པ་ཉིད། །དེ་ཡང་གཉིས་ལས་ཐེག་པ་བར་དང་ཐ་མར་བྱེད། །དེ་ཕྱིར་བླ་ན་མེད་པའི་ཐེག་པ་བོར་ནས་ནི། །འདོད་པའི་བླ་མེད་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །བླ་ན་མེད་པའི་ཐེག་པ་འདི་ཉིད་ཀྱིས་རྒྱུ་འབྲས་ཀྱི་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་གྲུབ་པའི་མཐའ་ཀུན་གཏན་ལ་འབེབས་པས་མདོ་རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ་ལྟ་བུ་དང་། ཐེག་པའི་རིམ་པ་སྔ་མ་སྔ་མ་རྣམས་ཀྱི་དོན་ཕྱི་མ་ཕྱི་མའི་ནང་དུ་འདུས་ཤིང་མཆོག་ཏུ་གྲུབ་པ་དེའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་ལམ་ཟབ་མོ་དེ་ནི་བསྟན་པ་དང་ཐེག་པའི་ཆོས་ཀྱི་སྒོ་ཇི་སྙེད་པ་ཀུན་གྱི་ཡང་རྩེའམ་ཆེས་མཆོག་ཏུ་གྱུར་པས་ན་བླ་མ་ཉིད་དུ་ངེས་པ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་སྙིང་པོ་ལས། རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་དང་། བཤད་རྒྱུད་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །

p. 8

ཞེས་གསུངས་པའི་ཕྱིར་དང་། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་གྱི་རྣལ་འབྱོར་བླ་མེད་ལ་འཇུག་དགོས་པའི་རྒྱུ་མཚན་ཡང་། ཀླུ་བྱང་གི་ལས་མཐའ་རྣམ་འབྱེད་ལས། མགོ་དང་རྐང་ལག་སོགས་བྱིན་ཡང་། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་བླ་ན་མེད་པའི་བྱང་ཆུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་འཁོར་བར་འཆིང་བྱེད་ཀྱི་ཀུན་རྟོག་ཕྲ་བ་སྤངས་པ་ཙམ་དུ་མ་ཟད། སྣང་གསུམ་མམ་འཕོ་བའི་སྒྲིབ་པའང་མ་ལུས་པར་སྤང་དགོས་ན། དེ་སྤོང་བྱེད་ཀྱི་གཉེན་པོ་ནི། དགྱེས་རྡོར་ལས། རང་རིག་བདག་ཉིད་དག་པ་སྟེ། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པའི་འགྲེལ་པར་གྲུབ་ཆེན་མཚོ་སྐྱེས་ཀྱིས། རང་གི་རིག་པ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་དག་པས་དག་པ་ཡིན་གྱིས། གཞན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དག་པས་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར། དབང་བཞི་པའི་ལམ་རང་རིག་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་ཡིན་པས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་མ་ཟད་སྔགས་ཕྱི་རྒྱུད་གསུམ་ལས་ཀྱང་མ་གསུངས་པའི་ཕྱིར། དེ་བས་ན་རྫོགས་རིམ་མཐར་ཐུག་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་འདི་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་ངེས་པས་གྲུབ་པའི་དབང་ཕྱུག་རྣམས་ཀྱི་གཤེགས་ཤུལ་དང་། མཐར་འདོད་རྣམས་ཀྱི་འཇུག་ངོགས་སུའང་གྲུབ་པའོ། ༈ །གཉིས་པ་བཤད་པ་རང་གི་ངོ་བོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་དངོས་སོ། །དང་པོ་ནི། ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་གནད་ཀྱིས་རྒྱུད་སྡེ་རྣམས་ཀྱི་བརྗོད་བྱ་ཡང་རྒྱུད་གསུམ་དུ་འདུ་སྟེ། གསང་སྙིང་གི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་དང་། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང་། །མི་འཕྲོག་པ་ཡི་རབ་དབྱེ་ལས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བའོ། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་

p. 9

ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལས། སྐབས་འདིར་གཏན་ལ་དབབ་བྱའི་གཙོ་བོ་ཐབས་སམ་ལམ་གྱི་མཆོག་རྫོགས་པའི་རིམ་པ་ཡིན་ཡང་། དེ་ཉིད་རྟོགས་པར་བྱ་བའི་ཡན་ལག་ཏུ་གཞི་འབྲས་ཀྱི་རྣམ་གཞག་ཀྱང་ངེས་དགོས་པས། དོན་གྱི་མདོ་འདི་ལྟར་ཤེས་པར་བྱ་སྟེ། གང་རྟོགས་པར་བྱ་བའི་ཡུལ་རྒྱུའམ་གཞིའི་གནས་ལུགས། གང་གིས་རྟོགས་པར་བྱེད་པ་ཐབས་སམ་ལམ་གྱི་རིམ་པ། གང་དུ་མཐར་ཕྱིན་པ་འབྲས་བུའི་རྣམ་གཞག་དང་གསུམ། དང་པོ་ལའང་། གཞིའི་གནས་ལུགས་སྤྱིར་བཤད་པ་དང་། ལུས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་འཁོར་འདས་ཐམས་ཅད་ལ་ཁྱབ་པས་ཐུན་མོང་བ་སྟེ། རང་བཞིན་གདོད་མའི་སྤྱི་གཞི་ནི། སེམས་ཅན་ཐམས་ཅད་ཀྱི་ཁམས་རྒྱུད། སེམས་དང་སེམས་ཉིད་ཀྱི་ཟླས་ཕྱེ་བའི་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྟེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ནི། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ཤིང་། དེ་ཡང་ཁྱད་ཆོས་བཞི་ལྡན་ཏེ། ཞིང་དང་སྐུ་དང་ཡེ་ཤེས་སོགས་འབྲས་བུའི་ཆོས་མཐུན་པའི་ཁྱད་པར་ཅན། རང་བཞིན་བདེ་བ་ཆེན་པོའི་རྒྱུན་ཆད་པ་མེད་པ། ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ཉིད་ཀྱང་རྡོ་རྗེ་ཐེག་པར་གཞི་རྒྱུད་སེམས་ཀྱི་ཆོས་ཉིད་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དབྱེར་མི་ཕྱེད་པའི་རང་བཞིན། ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་ཏུ་བཞུགས་པར་གསུངས་པ་གང་ཡིན་པ་སྟེ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་ནི། འཁོར་འདས་གང་དུའང་མ་ཆད་པའི་དབྱིངས་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཆོས་ཀྱི་སྐུ་དང་། རང་བཞིན་ནི་རྣམ་པ་སྟེ་སྟོང་ཉིད་དེའི་རང་གདངས་རྣམ་པ་ཐམས་ཅད་པར་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེ་ནི་རིག་པའི་ཡེ་ཤེས་ཀྱི་མཁྱེན་ཆ་རྟེན་འབྲེལ་གྱི་རང་རྩལ་མ་འགགས་པ་ལས་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་འཆར་གཞི་བྱེད་དེ་སྤྲུལ་པའི་སྐུ་ཉིད་དོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲྭ་བ་ལས། རང་བྱུང་ཡེ་ཤེས་

p. 10

བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ཀུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་དང་། རྩ་རྒྱུད་གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་ཤིང་། ཐུགས་ཐིག་ལས་ཀྱང་། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །ཞེས་གསུངས་སོ། །དེ་ཡང་ཆོས་སྤྱི་སྐད་དང་བསྟུན་ན། བདེ་བར་གཤེགས་པའི་སྙིང་པོའམ་ཀུན་གཞིའི་ཡེ་ཤེས་ཞེས་བརྗོད་དེ། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་འགྱུར་བ་མེད་པ་ཉིད། རྒྱལ་བ་རྣམས་ཀྱི་རང་བཞིན་ནམ་གཤིས་ཚུལ་ཡིན་པས་ན་རྒྱལ་བའི་སྙིང་པོའམ་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེ་ཉིད་གདོད་མ་ནས་དྲི་མ་དང་བྲལ་བ་ཡིན་ཡང་སྒྲིབ་གཉིས་མ་གྲོལ་བར་དུ་སངས་རྒྱས་སུ་མི་འགྱུར་བ་རང་བཞིན་གནས་རིགས་སམ་དྲི་བཅས་དེ་བཞིན་ཉིད་དེ་ཁམས་ཀྱི་དོན་དང་། དྲི་མ་དང་འབྲེལ་ཡང་དྲི་མ་དེ་མེད་སྣང་གློ་བུར་བ་ཡིན་པས་རང་གི་ངོ་བོ་ལ་གོས་མ་མྱོང་བ་ནི་རང་བཞིན་རྣམ་དག་སྟེ། བྱང་ཆུབ་ཀྱི་དོན་དང་། གདོད་མ་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་གཞི་ལ་ལྷུན་གྲུབ་ཏུ་བཞུགས་ཀྱང་དཀར་པོའི་ཆོས་ཀྱིས་སད་པར་མ་བྱས་ན་ནུས་པ་འབྱིན་མི་ནུས་པ་ཡོན་ཏན་གྱི་དོན་དང་། སེམས་ཅན་ཐམས་ཅད་ལ་རིས་མེད་ཀུན་ཁྱབ་ཀྱིས་མགོན་དང་བཅུད་དུ་བཞུགས་པས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་སེལ་ཞིང་བདེ་བ་བསྐྱེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་ཀྱང་བྱ་བྱེད་ཀྱི་རྟོག་པ་མེད་པ་འཕྲིན་ལས་ཀྱི་དོན་ཏེ། དེ་དག་ནི་རྟོག་གེ་བའི་བློའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པའི་གནས་གཞི་ཞེས་བྱ་སྟེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི། སྒེག་པ་རྡོ་རྗེའི་ཐུགས་ཐིག་ལས། རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་གཞག །ཅེས་པ་ལྟར།

p. 11

རྒྱུ་སེམས་ཅན་གྱི་གནས་ལུགས་དང་། ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་དང་། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ལ། སྣང་བ་ཤེས་བྱ་ཐུན་མོང་དུ་གྱུར་པ་ལ་སྣང་ཚུལ་སོ་སོར་འཆར་ཏེ། མ་དག་པའི་གནས་སྐབས་རྒྱུ་སེམས་ཅན་རྣམས་ལ་འཁྲུལ་པའི་སྣང་བར་འཆར་བ་དང་། མ་དག་པ་དག་པའི་གནས་སྐབས་ལམ་རྣལ་འབྱོར་པ་རྣམས་ལ་ཉམས་ཀྱི་སྣང་བར་འཆར་བ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་འབྲས་བུ་དེ་བཞིན་གཤེགས་པ་རྣམས་ལ་མི་ཟད་པ་རྒྱན་གྱི་འཁོརལོའི་སྣང་བར་འཆར་བས་ན། བརྟེན་པ་རྒྱལ་བའི་སྙིང་པོ་དེ་ཆོས་ཉིད་རིས་མེད་ཀུན་ཁྱབ་ཡིན་པས་རང་ངོས་ནས་དབྱེ་བ་བྱར་མེད་ཀྱང་། དེ་རྒྱུད་ལྡན་རྟེན་གྱི་གང་ཟག་ལ་ལྟོས་ནས་མིང་གི་ཐ་སྙད་གསུམ་བྱུང་སྟེ། རྒྱུད་བླར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཤིང་། དེ་ལྟར་ཁམས་ཀྱི་ངོ་བོ་ལ་བཟང་ངན་མེད་ཀྱང་། སད་ཚུལ་ལ་ལྟོས་ནས་ཐེག་པ་གསུམ་གྱི་རིགས་དང་། རྣམ་པར་དག་པའི་ཆ་ཤས་དང་མཐའ་དག་རྟོགས་པའི་རིམ་པ་ལ་ལྟོས་ནས་ཉན་རང་དགྲ་བཅོམ་བྱང་སེམས་སངས་རྒྱས་ཏེ་འཕགས་བཞིའི་གང་ཟག་གི་དབྱེ་བའང་འབྱུང་བ་མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་དང་། རྒྱུད་བླར། གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར་རོ། །གནས་ལུགས་རྒྱུ་རྒྱུད་དེའི་བྱེད་ལས་ནི། རྐྱེན་དང་རྗེས་སུ་མཐུན་པ་སྟེ། ལམ་རྐྱེན་གྱིས་ཟིན་པ་དང་མ་ཟིན་པ་ལས་རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་བའི་གནས་ལུས་ལོངས་སྤྱོད་སྣ་ཚོགས་པ་དང་། མྱང་འདས་ཀྱི་སྐུ་དང་ཞིང་ཁམས་མཛད་པ་སྣ་ཚོགས་སུ་སྣང་བའི་འཆར་གཞི་བྱེད་པའི་ཕྱིར་ཏེ། བི་མ་ལས་རིམ་པ་གསུམ་པར། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་གསུངས་ཤིང་། ཐོག་མ་མེད་པའི་དུས་ནས་འཁོར་བའི་རྒྱུད་འདི་ལས་བྱུང་ཡང་འཁོར་བའི་ཆོས་ཀྱིས་མ་གོས་ལ། ནམ་ཞིག་དྲི་མ་དག་

p. 12

པའི་ཚེ་མྱང་འདས་སུ་གྱུར་ཀྱང་གསར་ཐོབ་མ་ཡིན་ཏེ། གདོད་མ་ཉིད་ནས་རང་བཞིན་རྣམ་དག་ལས་མ་འདས་པའི་ཕྱིར། དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ན། །དྭངས་པ་དེ་ཉིད་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལའང་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་དེ་ཉིད་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སོ། །དེ་ལྟ་བུའི་རྒྱུ་རྒྱུད་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་ཀྱི་ངོ་བོ་ཆ་མེད་ཀུན་འགྲོ་ཡིན་མོད། ལྡོག་ཆས་ཕྱེ་ན། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་ངོ་བོར་གནས་ཤིང་། དེ་ལུས་ངག་ཡིད་ཡེ་ཤེས་ཀྱི་དྭངས་མ་དང་ཆོས་ཉིད་ཡིན་པས་ཐིག་ལེ་ཞེས་བྱ་ལ། དེ་ཡང་དོན་དམ་པའི་རྡོ་རྗེ་བཞིའི་སྣང་བ་མཐའ་ཡས་པ་ཅན་ཡིན་པར་སྣང་མེད་དུ་མི་འཇོག་སྟེ། དཔེ་ཆུང་རང་གནས་ལས། མི་ཤིགས་ཡེ་ཤེས་ཐིག་ལེ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམ་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་གསུངས་ཤིང་ཐིག་ལེ་བཞི་པོ་དེ་ནི་འབྲས་དུས་ཀྱི་སྐུ་བཞིའམ་རྡོ་རྗེ་བཞིའི་རྒྱུ་རྒྱུད་ཅེས་བྱ་ཞིང་། ཞིབ་ཏུ་ཕྱེ་ན་གཞི་འབྲས་གཉིས་སུ་མེད་པས། ཐིག་ལེ་བཞི་པོ་དོན་དམ་པར་སྐུ་བཞི་ཡིན་ཡང་སེམས་ཅན་རྣམས་ལ་ལུས་ངག་ཡིད་ལ་སོགས་པའི་སྣང་བ་འབྱུང་བའི་གཞིར་གྱུར་པས་རྒྱུ་རྒྱུད་དང་། སྦྱང་གཞིའི་ཐིག་ལེ་བཞི་པོ་ཉིད་སྦྱང་བྱའི་དྲི་མ་འཁོར་བའི་ཆོས་དང་འཛོམ་པ་ལས་སྦྱོང་བྱེད་ལམ་གྱི་རྣམ་པར་ཡང་འཆར་བ་ཡིན་ནོ། །དེ་ལས་འཁོར་བ་ཇི་ལྟར་འབྱུང་བའི་ཚུལ་ནི། གཞིའི་ཆོས་ཉིད་ཀྱི་ལྡོག་ཆ་ཐིག་ལེ་བཞི་པོ་དེ་ཉིད་ཀྱི་གཡའ་ལྟ་བུར་གྱུར་པ་གློ་བུར་གྱི་དྲི་མ་ནི། ཉོན་མོངས་ཤེས་བྱ་སྙོམས་འཇུག་སྟེ་ཐེག་པ་སྤྱི་ལ་གྲགས་པའི་སྒྲིབ་པ་གསུམ་དང་། གསང་སྔགས་སུ་བཤད་པའི་ཁུ་རྡུལ་རླུང་སེམས་བཞིའི་འཕོ་བའི་བག་ཆགས་སམ་གནས་སྐབས་བཞིའི་བག་ཆགས་ལས་འཁོར་བའི་

p. 13

ཆོས་ཐམས་ཅད་འབྱུང་བ་ཡིན་ཞིང་། དེ་ཡང་སེམས་ཀྱི་རང་བཞིན་ཆོས་ཉིད་དེ་ཐིག་ལེ་བཞིའི་དྭངས་མར་གནས་པའི་རྟེན་འབྲེལ་ལས། དེ་ཉིད་དང་འདྲེས་པ་ལྟར་སྣང་བའི་གློ་བུར་གྱི་དྲི་མ་བག་ཆགས་ཐམས་ཅད་ཀྱིས་བསྒོས་པའི་ཀུན་གཞིའི་རྩ་བའི་སེམས་ཞེས་བྱ་བ་དེ་བྱུང་སྟེ། དེ་སེམས་རང་གི་ངོ་བོ་གདོད་ནས་དག་པ་དེ་རང་ངོ་རང་གིས་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེ་ལས་ཀུན་བརྟགས་ཀྱི་མ་རིག་པ་གཟུང་འཛིན་དུ་སྣང་བའི་ཡིད་ཀྱི་ཤེས་པ་རྟོག་བཅས་བྱུང་ནས། དེ་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་རྣམས་སྐྱེད་པར་བྱེད་ཅིང་། དེ་ལ་བདག་ཏུ་སྣང་བའི་རྟོག་པ་ནི་ཉོན་མོངས་པའི་ཡིད་ཡིན་ལ། གཞན་དུ་རྟོག་པའི་སྣང་བ་ནི་ཡིད་ཀྱི་རྣམ་ཤེས་སོ། །དེ་ལས་འབྱུང་བ་བཞི། དེ་ལས་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་རྣམས་འབྱུང་བ་ཡིན་ལ། མདོར་ན་སེམས་ཉིད་འོད་གསལ་དེ་ཁུ་རྡུལ་རླུང་གསུམ་དང་འགྲོགས་པ་ལས་སྣང་བ་གསུམ་འཆར། དེ་ལས་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེ། དེ་ལས་མངོན་པར་འདུ་བྱས་ཤིང་། ལས་དེའང་གཉིས་ལས། སྣང་འགྱུར་ཐུན་མོང་པའི་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་། མྱོང་འགྱུར་ཐུན་མོང་པའི་ལས་ཀྱིས་བཅུད་ཀྱི་སེམས་ཅན་རྣམས་འགྲུབ་པར་བྱེད་པས། གཟུང་བ་དང་འཛིན་པའི་གཉིས་སྣང་ལས་ཐག་ཁྲ་ལ་སྦྲུལ་དུ་སྣང་བ་ལྟར། འཁོར་བར་འཁྱམས་པ་མེད་ཀྱང་འཁོར་བར་འཁྱམས་པའི་འཁྲུལ་སྣང་འཆར་བ་ཡིན་ཏེ། མདོ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། ཞེས་དང་། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །བྱིས་པ་རྣམས་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། གསང་སྙིང་ལས། ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །འཆིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡི། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་གསུངས་ཤིང་། དེ་ལྟར་འཁོར་བ་མེད་བཞིན་དུ་སྣང་བའི་འཁྲུལ་པ་དེ་ཡང་རྣམ་པར་རྟོག་པ་ཙམ་ཡིན་པས། དེའི་གཉེན་པོ་མི་རྟོག་པའི་ཡེ་ཤེས་ཀྱིས་ཕུང་སོགས་དངོས་པོ་དང་

p. 14

བྲལ་བ་སྒྱུ་མ་ལྟ་བུར་རིག་པས་བག་ཆགས་དང་རླུང་རྣམས་དག་ནས་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་གྱུར་པ་ན་གྲོལ་བ་འཐོབ་པར་འགྱུར་ཏེ། འཁོར་བ་ལྡོག་པའི་ཚུལ་ལོ། །གཉིས་པ་ལུས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ནི། ཁམས་གསུམ་པོ་གང་དུ་སྐྱེ་འགྱུར་གྱི་ལས་ཀྱི་བག་ཆགས་ཀྱིས་གོས་པའི་རྩ་བའི་སེམས་དེ་འདུ་བྱེད་ཡིད་ཀྱི་གཡོ་བ་སྲེད་པའི་མཚན་ཉིད་ཅན་གྱི་སྲོག་རླུང་གིས་ཁ་དྲངས་ནས་ཁམས་གསུམ་སོ་སོར་སྐྱེ་བའི་ཉིང་མཚམས་སྦྱོར་བར་གསུངས་པ་ལས། འདིར་འཛམ་བུ་གླིང་དུ་སྐྱེས་པའི་ཁམས་དྲུག་ལྡན་གྱི་མིའི་ལུས་འཆད་པར་བྱ་སྟེ། འདི་ལ་ལུས་འགྲུབ་པའི་རྒྱུ་རྐྱེན། ཇི་ལྟར་གྲུབ་ཚུལ། བཤད་པའི་དགོས་པ་དང་གསུམ་ལས། དང་པོ་ནི། དྲི་མ་དང་བཅས་པའི་སེམས་ཀྱིས་འདུ་བྱས་ཤིང་། ལས་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཏེ། དེ་གསུམ་ཚོགས་པ་ཉི་ཟླ་སྒྲ་གཅན་ཞེས་བརྟགས་པའི་ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་དང་བཅས་པ་ལས་ལུས་ངག་ཡིད་གསུམ་སྐྱེད་པར་བྱེད་དོ། །དུས་འཁོར་རྩ་རྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་གཅད་བྱ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །ཅེས་སོ། །འདི་ལས་ཡེ་ཤེས་ལྔའི་རང་བཞིན་མངོན་བྱང་ལྔར་ཡང་འགྲོ་སྟེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་ཉིད་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་སྦྱང་བྱ་སྦྱོང་བྱེད་སྦྱར་ནས་གསུངས་ཤིང་། བར་དོའི་ཤེས་པ་དེས་ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་སའི་ཁམས་གྲུབ་ཅིང་། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་བའི་རང་བཞིན་ཆུ། བསྐྱོད་པ་ལས་དྲོད་སྐྱེས་པ་མེ། རྩ་གནས་ཐམས་ཅད་ལས་བྱང་སེམས་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་རྣམ་པར་ཤེས་པ་འབྱུང་བ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་འགྲུབ་པར་བྱེད་དོ། །དེ་ལྟར་ཡང་དགྱེས་རྡོར་ལས། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་

p. 15

མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་འགྱུར། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བ་འདོད་ཆགས་ཉིད་དུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱི་རྣམ་པར་བསྐོར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལུས་ཇི་ལྟར་གྲུབ་ཚུལ་ལ། རྩ་རླུང་ཐིག་ལེ་གསུམ་ལས། དང་པོ་གནས་པ་རྩའི་རྣམ་གཞག་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ། །ཏར་ཏར་པོ་དང་གོར་གོར་པོ། །མཁྲང་འགྱུར་ཉ་ཡི་རྣམ་པ་དང་། །རུས་སྦལ་བཞིན་དང་སྦལ་པ་བཞིན། །དེ་ལྟར་ཞག་ནི་བདུན་ཕྲག་བརྒྱད། །ལྟེ་བ་ནས་ནི་ལུས་རྣམས་སྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ནས། །ལུས་རྫོགས་མ་ཡི་མངལ་ནས་འཐོན། །ཞེས་གསུངས་ཤིང་། དེ་ཡང་ཞག་བདུན་ཚན་རེ་རེ་ལ་འབྱུང་བའི་བྱེད་པས་ཆགས་པ་དང་བཤིག་པ་སོགས་ཀྱི་རྣམ་གཞག་ཞིབ་མོར་འབྱུང་ཡང་། འདིར་བླ་མེད་ཀྱི་རྒྱུད་སྤྱི་ལྟར་རགས་པ་ཙམ་ཞིག་བཤད་ན། མངལ་གྱི་ཞག་བདུན་ཕྲག་བཞི་ལ་རིམ་པར་མེར་ནུར་ཏར་གོར་གྱི་གནས་སྐབས་བཞིས་ཞག་ཉེར་བརྒྱད། དེ་ནས་བདུན་ཕྲག་ལྔ་པ་མཁྲང་འགྱུར་གྱི་ཞག་དང་པོ་ལ་མ་དང་འབྲེལ་བའི་ལྟེ་བ་ནས་དང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་དབུ་མ་ཆགས་ཏེ། ནང་དུ་སྲོག་རླུང་དང་སྟེང་འོག་གི་སྣ་གཉིས་སུ་དཀར་དམར་གྱི་ཐིག་ལེ་དང་བཅས་པ་གྲུབ། ཞག་གཉིས་པ་ལ་རླུང་བཅུའི་རྟེན་སྙིང་གའི་རྩ་འཁོར་ཆགས་ཤིང་། དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པས་མངལ་གྱི་ཟླ་བ་བརྒྱད་དང་ཕྱི་རོལ་གྱི་ཟླ་བ་བཞི་སྟེ་ཟླ་བ་བཅུ་གཉིས་ཀྱི་བར་དུ་རྩ་འཕེལ་བས་རོ་རྐྱང་དབུ་གསུམ་

p. 16

གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་རེ་སྟེ་བསྡོམས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ལྟར་ཡང་སྡོམ་འབྱུང་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད། །ཅེས་སོ། །དེ་རྣམས་ལས་གཙོ་བོར་གྱུར་པ་འཁོརལོའི་རྩ་ནི། སྙིང་གའི་རྩ་འཁོར་གྱི་རྗེས་སུ་རིམ་པར་ལྟེ་མགྲིན་སྤྱི་བོའི་རྩ་འཁོར་རྣམས་དང་། སྟེང་དུ་གཙུག་ཏོར་གྱི་རང་བཞིན་རྣམས་སྙིང་ག་ལས་འཕྲོས་ཏེ་ཆགས་ཤིང་། འོག་ཏུ་གསང་འཁོར་སོགས་ལྟེ་བ་ནས་ཐུར་དུ་ཆགས་སོ། །དེ་ལྟར་ན་གསང་གནས་ནས་གཙུག་ཏོར་གྱི་བར་ཨ་བ་དྷུ་ཏི་སྲོག་ཤིང་ལྟར་གནས་པའི་ཡས་སྣ་དངོས་གཙུག་ཏོར་དུ་ཟུག་ཅིང་དེ་ལས་གྱེས་པའི་ཡལ་ག་སྦོམ་པ་ཞིག་སྨིན་མཚམས་དང་། ཕྲ་མོ་ཞིག་ཚངས་བུག་ལ་ཟུག དེའི་གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་གཉིས་དྷཱུ་ཏི་ལས་འདབ་འགྱུར་གྱིས་ཕྲ་བ། སྤྱི་བོའི་འཁོར་ལོ་ནས་གསང་འཁོར་བར་སུམ་གཤིབས་སུ་གནས་པའི་ཡས་སྣ་གཉིས་ཐུར་དུ་སྣ་བུག་ལ་ཟུག་ཅིང་། རྩ་གསུམ་གྱི་མས་སྣ་གསང་འཁོར་གྱི་འོག་ནས་འདྲེས་ཤིང་། དབུ་མའི་སྣ་དུང་ཅན་མ་གཡས་དང་རོ་མ་གཡོན་ཕྱོགས་སུ་སོང་ནས་དེ་གཉིས་མདུན་དུ་འཁྱོགས་ཏེ་ཆུ་ལམ་ལ་ཟུག རྐྱང་མ་དབུས་ནས་རྒྱབ་ཏུ་འཁྱོགས་པ་བཤང་སྒོར་ཟུག་སྟེ་རིམ་པར་ཁུ་བ་བཤང་གཅི་གསུམ་འཕེན་སྡོམ་གྱི་བདག་པོར་འགྱུར། འཁོར་ལོ་སོ་སོའི་ཐད་དུ་རོ་རྐྱང་གཉིས་དྷཱུ་ཏི་ལ་ཐིམ་པའི་ཚུལ་དུ་སྦུབས་འབྲེལ་བ་སྟེ་རྩ་གསུམ་དང་། དེ་ལ་བརྟེན་པའི་འཁོར་ལོ་ནི། བདེ་བ་ཆེན་པོའི་རྟེན་བཞུགས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། རོ་དྲུག་མྱོང་བའི་སྒོ་ནས་ལོངས་སྤྱོད་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། རྣམ་ཤེས་ཡུལ་ལ་མ ཆེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆེད་ལ་ཆོས་སུ་བཏགས་ཏེ་སྙིང་ག་ཆོས་ཀྱི་འཁོར་ལོ། ལུས་ཐོག་མར་སྐྱེད་ཅིང་སྤྲུལ་པའི་གནས་ཡིན་པས་ལྟེ་བ་སྤྲུལ་པའི་འཁོར་ལོ། ཡབ་ཀྱི་ནོར་བུ་བདེ་བ་མྱོང་བར་བྱེད་པས་གསང་གནས་ནོར་བུའམ་བདེ་སྐྱོང་གི་འཁོར་ལོ་ཞེས་བྱ་ཞིང་འཁོར་ལོ་ལྔ་པོའི་ལྟེ་བ་དྷཱུ་ཏི་ནས་ཕྱོགས་བཞིར་འབྱུང་བཞིའི་ནུས་པ་འཛིན་པའི་རྩ་འདབ་རེ་གྱེས་པས། གསང་འཁོར་ལ་འདབ་མ་བཞི་པོ་དེ་ཀ་ཡིན་ལ། སྙིང་གར་དེ་ལས་གཉིས་གཉིས་གྱེས་པས་

p. 17

ཕྱི་སྐོར་ལ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ལ་བརྒྱད་དང་ཕྱི་སྐོར་ལ་བཅུ་དྲུག སྤྱི་བོར་དེ་ལས་ཀྱང་གཉིས་རེ་གྱེས་པས་བར་སྐོར་ཕྱི་མར་བཅུ་དྲུག་དང་ཕྱི་སྐོར་ལ་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་ཤིང་། དེ་ལྟར་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པས་བར་སྐོར་ལ་བཅུ་གཉིས་དང་། ཕྱི་སྐོར་ལ་དྲུག་ཅུ་རྩ་བཞི་སྟེ། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞིའི་བར་ཐག་ལ་རང་སོར་ཕྱེད་དང་བཅུ་གསུམ་རེ་དང་། ལྟེ་བ་ནས་སོར་བརྒྱད་ན་གསང་བའི་འཁོར་ལོ་ཡོད་ཅིང་། དེ་ཡང་སྤྱི་བོ་དང་དཔྲལ་བས་བད་ཀན། མགྲིན་པ་དང་སྙིང་གས་མཁྲིས་པ། ལྟེ་གསང་གིས་རླུང་། གསང་བའི་ནང་རིམ་གྱིས་འདུས་པའི་ནད་སྐྱེད་ཅེས་འབྱུང་སྟེ། འདིར་སྒྲུབ་ཐབས་སུ་ནོར་བུའི་འཁོར་ལོ་གསང་འཁོར་ལ་བསྡུས་པ་དང་། ལས་བཞིའི་བྱེད་ལས་ཀྱིས་གསང་འཁོར་ལའང་ནང་རིམ་བཞི་པོ་ལས་མ་སྨོས་ཀྱང་ཕྱི་སྐོར་དང་། དཔྲལ་བ་གཙུག་ཏོར་གྱི་འཁོར་ལོ་ཡང་དོན་ལ་འདོད་དགོས་ཤིང་། དེ་དག་ཀྱང་འཁོརལོའི་རྩ་རྣམས་འབྲིང་པོ། རོ་རྐྱང་དབུ་གསུམ་ནི་ཕྲ་བ། དབུ་མའི་ནང་གི་འཁོརལོའི་ལྟེ་བ་རྣམས་ནི་ཤིན་ཏུ་ཕྲ་བ་སྟེ། དེ་དག་ལས་གཞན་པའི་རྩ་རྣམས་ནི་རགས་པའོ། །དེ་ཡང་ལྟེ་འཁོར་ཆགས་ནས་ཉའི་རྣམ་པར་འགྱུར་ལ། དེ་ནས་རིམ་པར་ཡན་ལག་ལྔ་དོད་པ་དང་རྐང་ལག་རྫོགས་པའི་གནས་སྐབས་གཅིག་པོར་རུས་སྦལ་དང་སྦལ་པ་ལྟ་བུ་ཞེས་གཉིས་སུ་ཕྱེ་ལ། དེ་ནས་བརྩམས་ཏེ་ཇི་སྲིད་བཙའ་བའི་ཉིན་ཞག་ལ་ཐུག་གི་བར་དུ་ཕག་པའི་གནས་སྐབས་ཞེས་བྱ་ཞིང་། དེ་ཡང་རིམ་པར་ཚིགས་རྣམས་ཀྱི་སར་རྩའི་འཁོར་ལོ་དང་ཤ་ཁྲག་རུས་ཚིགས་དང་བཅས་པ་རྣམས་ཆགས་ཏེ། དེ་ཡན་ཆད་བརྒྱལ་བ་ལྟར་སྣང་མེད་དུ་གནས་ལ། ཟླ་བ་དྲུག་པ་ནས་ཡིད་ཀྱི་རྣམ་རིག་སྐྱེ་ཞིང་། སྔོན་གྱི་སྐྱེ་བ་དྲན་པ་སོགས་ཚོར་བ་མྱོང་། བདུན་པ་ནས་སྐྲ་དང་བ་སྤུ་སོགས་སྐྱེ་ཞིང་དབང་རྟེན་རྣམས་ཀྱང་གྲུབ། བརྒྱད་པ་ལ་དབང་པོ་རྫོགས་པས་བཀྲེས་སྐོམ་དང་བཤང་གཅི་འབྱུང་། དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱོ་བ་སྐྱེ་སྟེ་ལུས་རྫོགས་ནས་བཙའ་བའི་ཉིན་ཞག་ལ་མིའི་སེང་གེའི་གནས་སྐབས་ཞེས་བྱ་སྟེ། བཙས་ནས་

p. 18

འཆི་བའི་བར་ལ། མིའུ་ཐུང་དགྲ་སྟ་དགའ་བྱེད་དང་། ནག་པོ་སངས་རྒྱས་རིགས་ལྡན་ཏེ། ཞེས་གནས་སྐབས་དྲུག་ཏུ་བཤད་དོ། །དེ་ལྟར་རྡུལ་ཕྲ་རབ་ཀྱི་ཆོས་ཅན་གྱི་རགས་པ་ལུས་ལ་གནས་པ་ཕྲ་བ་རྩའི་རྣམ་གཞག་རྣལ་འབྱོར་པ་ལ་ཉེ་བར་མཁོ་བ་ཙམ་ཞིག་བརྗོད་པ་སྟེ། གཞན་རྩ་ཕྲན་གྱེས་པ་བ་སྤུའི་གྲངས་ཇི་སྙེད་པ་དེ་སྙེད་ཡོད་པར་གསུངས་སོ། །དེ་རྣམས་ཀྱི་ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་རྩ་ནི། རང་རིག་པའི་རྣམ་པར་ཤར་བའི་ཕྱིར་ཐ་མལ་གྱི་རྩ་ཐམས་ཅད་ལ་ཁྱབ་བྱེད་དུ་བཞུགས་པས་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་ཞེས་ཀྱང་གྲགས་ཏེ། དགྱེས་རྡོར་ལས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཞེས་གསུངས་ཤིང་། ཡེ་ཤེས་ཀྱི་རྩ་དེ་རྣམ་པ་ཐམས་ཅད་པ་ཡིན་པས་ཀུན་རྫོབ་ཀྱི་རྩ་ཡང་དེའི་རྗེས་སུ་འགྲོ་བའི་ཕྱིར། རྣལ་འབྱོར་པའི་སེམས་ཀྱིས་རྣམ་པ་གར་གཏད་དེ་དང་ཐ་མལ་པའི་རྩ་རྣམས་ཀྱིས་ཀྱང་བྱ་བ་བྱེད་པས་རྒྱུད་སྡེ་ཐ་དད་ལས་གསུངས་པའི་རྩའི་རྣམ་གཞག་མི་འདྲ་བ་རྣམས་ཀྱང་མི་འགལ་བའི་གནད་ཤེས་པར་བྱའོ། །གཉིས་པ་རྩ་དེ་དག་ཏུ་རྒྱུ་བའི་འདྲ་བར་གཡོ་བ་རླུང་གི་རྣམ་གཞག་ནི། སྤྱིར་ལུས་ཅན་རྣམས་ཀྱི་ངག་གི་ཆོས་དང་། ཕྱི་རོལ་ཏུ་དབུགས་སྲང་ཆུ་ཚོད་ཞག་སོགས་དུས་ཀྱི་ཆོས་རྣམས་ཀྱི་འཆར་གཞིར་གྱུར་པ་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་ཏེ། རླུང་མཐའ་དག་གི་གཤིས་ལ་རྒྱུན་མི་ཆད་པར་ཁྱབ་པས་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡིན་ལ། དེའི་གློ་བུར་གྱི་དྲི་མ་ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ཡུལ་ལ་གཡོ་བ་ནི་ལས་ཀྱི་རླུང་སྟེ། དེ་ལ་ཕུང་པོ་ལྔའི་རྟེན་བྱེད་པ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་ལྔ་སྟེ། སྲོག་འཛིན་ནི་ལྟེ་བ་ཡན་ཆད་དབུ་མའི་ནང་དུ་གནས་ཏེ། དེ་ལས་སྟེང་གི་སྣ་སྒོའི་ལམ་གཉིས་ནས་རྒྱུ་ཞིང་། ཆུ་ཁམས་གཙོ་ཆེ་བས་ཁ་དོག་དཀར་པོ། བྱེད་ལས་སྲོག་

p. 19

གནས་པ་དང་ངའམ་བདག་ཏུ་འཛིན་ཅིང་རྣམ་རྟོག་སྣ་ཚོགས་སྐྱེད་པར་བྱེད། གནས་གཞན་དུ་ལོག་ན་དྲན་པ་ཉམས་པ་ནས་བརྒྱལ་སྨྱོ་འཆི་བའི་བར་དུ་འགྱུར་ཞིང་། འདི་དུས་སྦྱོར་ཐམས་ཅད་ལ་ཆ་ཤས་ཀྱིས་འདྲེས་ནས་འབབ་ཀྱང་ཁོ་རང་འབའ་ཞིག་འབབ་པ་ནི། འཆི་བའི་ཉིན་ཞག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འབབ་སྟེ། རྡོ་རྗེ་འཕྲེང་བའི་རྒྱུད་ལས། ནམ་མཁའི་མགོན་པོའི་རྒྱུ་བ་ནི། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ཞེས་སོ། །ཐུར་སེལ་ནི་ལྟེ་བ་མན་ཆད་དུ་གནས་ཏེ་འོག་སྒོ་གཉིས་ནས་རྒྱུ་ཞིང་། སའི་ཁམས། ཁ་དོག་སེར་པོ། བཤང་གཅི་ཁུ་གསུམ་འཕེན་སྡོམ་གྱི་བྱ་བ་བྱེད། ལོག་ན་གྲང་བ་དང་སྨད་ཀྱི་ནད་སྐྱེད། མཉམ་གནས་ནི་ལྟེ་བའི་མེ་དང་མཉམ་དུ་གནས་ཏེ་རྩའི་སྒོ་ཕྱོགས་ཀུན་ཏུ་རྒྱུ་ཞིང་། རླུང་གི་ཁམས། ཁ་དོག་སྔོན་པོའམ་ནག་པོ། ཕོ་བར་བཟའ་བཏུང་དྭངས་སྙིགས་འབྱེད་ལ། དྭངས་མ་ལུས་ལ་འགྲེམ་ཞིང་སྙིགས་མ་འོག་ཏུ་འདོར་བར་བྱེད། ལོག་ན་ཕོ་བའི་ནད་སྐྱེད། གྱེན་རྒྱུ་ནི་མགྲིན་པར་གནས་ཤིང་མེའི་ཁམས། ཁ་དོག་དམར་པོ། སྨྲ་བརྗོད་དང་སྲོག་འཛིན་གྱི་རླུང་ཁ་སྣ་ནས་འདྲེན་ཞིང་། ཟས་མིད་པ་དང་སྐྱུག་པ་འདྲེན་པ་སྣ་ཁྲག་འཕེན་པ་སོགས་ཀྱི་ལས་བྱེད། ལོག་ན་ཚ་བ་དང་སྟོད་ཀྱི་ནད་སྐྱེད། ཁྱབ་བྱེད་རོ་མ་དང་འབྲེལ་བར་སྤྱིར་ལུས་ཐམས་ཅད་དང་ཁྱད་པར་ཚིགས་རྣམས་ལ་གནས་ཤིང་ནམ་མཁའི་ཁམས། ཁ་དོག་ལྗང་ཁུ། ཡན་ལག་བརྐྱང་བསྐུམ་དང་སྒུལ་སྐྱོད་འགྲོ་འོང་སོགས་ཀྱི་ལས་བྱེད། ལོག་ན་ཞ་འཁུམས་སོགས་ཡན་ལག་གི་ནད་རྣམས་སྐྱེད་པར་བྱེད་དོ། །དབང་པོ་ལྔའི་རྟེན་ཡན་ལག་གི་རླུང་ལྔ་ནི། རྒྱུ་བ། རབ་ཏུ་རྒྱུ་བ། ཤིན་ཏུ་རྒྱུ་བ། མངོན་པར་རྒྱུ་བ། ཡང་དག་པར་རྒྱུ་བ་ལྔ་སྟེ། མིང་གི་ཁྱད་པར་གཞན། རྡོར་ཕྲེང་ལས། ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་ཀྱང་འབྱུང་། འདི་ལྔ་ཡང་རིམ་པར་མིག་རྣ་བ་སྣ་ལྕེ་པགས་པ་སྟེ་དབང་རྟེན་ལྔ་ལ་གནས་ནས་རྣམ་ཤེས་ལྔའི་རྟེན་དུ་གྱུར་ཏེ། གཟུགས་སོགས་ཡུལ་ལྔ་འཛིན་པའི་བྱ་བ་བྱེད་ལ། ལོག་ན་དབང་པོ་དེ་དང་དེའི་ནད་རྣམས་སྐྱེད། ཡེ་ཤེས་ཀྱི་བཞོན་པའི་རླུང་ནི་སྙིང་ལ་གནས་ནས་ཡན་ལག་གི་རླུང་གཞན་ལྔ་ལ་འདྲེས་པ་ལས་རང་དབང་དུ་རྒྱུ་བ་མེད་པས་ལོགས་སུ་མ་བསྟན་

p. 20

ཏེ་བྱེད་ལས་ཡིད་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་སྣང་བ་འཆར་བ་ལ་དབང་བྱེད་པ་དང་། དེ་ལྔ་ལས་ཡང་དག་པར་རྒྱུ་བའི་རླུང་ནི་སྲོག་དང་བྲལ་ནས་ཀྱང་ལུས་ཆ་ཤས་སུ་མ་འཐོར་གྱི་བར་དུ་གནས་པར་བྱེད་ཅིང་། དེ་ཡང་རླུང་བཅུ་རླུང་ལྔར་བསྡུ་བའི་ཚེ། ཡན་ལག་གི་རླུང་ལྔ་པོ་སྲོག་འཛིན་ལས་གཙོ་བོར་བྱུང་བའི་ཕྱིར། དེའི་ཁོངས་སུ་བསྡུའོ། །བྱེ་བྲག་ཏུ་སྣ་བུག་གཉིས་ནས་རྒྱུ་བའི་རླུང་ནི། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་ལས་སྔར་དྲུག་ཏུ་གྱེས་པའི་ཡ་གྱལ་བཞི་པོ་དབུ་མའི་འཕོ་བ་ཡིན་པས་དཀྱིལ་འཁོར་མི་འབབ་པའི་ཕྱིར་སྟོང་པའི་རྩ་བཞི་ཞེས་ཟེར་ཞིང་། དེ་ལྷག་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི་བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རྩ་འཁོར་གྱི་རླུང་རྣམས་ལྟེ་བའི་རླུང་དང་འདྲེས་ཏེ། རོ་རྐྱང་གི་ལམ་ལས་སྣ་སྒོར་འབབ་སྟེ། གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་རིམ་པས་འབྱུང་བ་སྡུད་རིམ་གྱི་གླང་སོགས་མཉམ་པའི་དུས་སྦྱོར་གྱི་རླུང་དང་། གཡོན་ནས་མཁའ་རླུང་མེ་ཆུ་སའི་རིམ་པས་འབྱུང་བ་བསྐྱེད་རིམ་གྱིས་ལུག་སོགས་མི་མཉམ་པའི་དུས་སྦྱོར་དྲུག་གི་རླུང་སྟེ། དུས་སྦྱོར་རེ་རེ་ཡང་འབྱུང་བ་ལྔ་ལྔའི་བདག་ཉིད་ཡིན་པས་འཕོ་ཆུང་གི་འབྱུང་བ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ་ཆུ་ཚོད་གཅིག འཕོ་ཆེན་གཅིག་ཏུ་རྫོགས་པ་དུས་སྦྱོར་རེ་ལ་དབུགས་སྟོང་བརྒྱད་བརྒྱ་རེ་སྟེ་ཆུ་ཚོད་ལྔ། དེ་བཅུ་གཉིས་སུ་ལོངས་པས་ཞག་རེ་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་ཆུ་ཚོད་དྲུག་ཅུ་རེ་འབབ་བོ། །དེ་དག་གི་ཡེ་ཤེས་ཀྱི་ཐོབ་སྐལ་དབུ་མའི་དབུགས་ནི། དེ་རྣམས་ལས་ལོགས་སུ་མེད་ཀྱང་སོ་སོའི་སྟེང་ནས་བརྩི་སྟེ་དབུགས་གཅིག་གི་སྟེང་ན་དབུགས་དེ་ཉིད་ཕྱེད་བཅས་སོ་གཉིས་སུ་གསིལ་བའི་ཆ་གཅིག དེ་བསགས་པས་འཕོ་ཆུང་གཅིག་ཏུ་ལོངས་པ་ན་བཅུ་གཅིག་རྐང་བཅས་དང་། དེ་དུས་སྦྱོར་གཅིག་ཏུ་ལོངས་པ་ན་ང་དྲུག་རྐང་བཅས། དེ་ཞག་གཅིག་ལ་དྲུག་བརྒྱ་བདུན་ཅུ་རྩ་ལྔ། དེ་བསགས་པ་ལས་ལོ་གཅིག་ལ་ཞག་བཅུ་གཅིག་དང་ཞག་གི་བཅུ་གསུམ་ཆ་གཅིག་ལྷག་པས། འཇིག་རྟེན་པའི་སྣང་བ་ལ་ཟླ་བ་ཕྱེད་དང་བཅས་པའི་སོ་གཉིས་རེ་ལ་ཟླ་བར་ལོངས་པས་ཟླ་ལྷག་བྱུང་ཞེས་འདོགས་ཏེ། དེ་ཡང་རིམ་གྱིས་ལོ་བརྒྱར་ལོངས་པའི་ཆ་བསགས་པས་ལོ་གསུམ་དང་ཕྱོགས་གསུམ་འོང་བ་དེ་ཡིན་ཞིང་། འདི་ནི་ཕྱིར་

p. 21

འགྲོ་འཕེལ་བ་ལས་འཆི་ལྟས་དང་ནང་དུ་ཟིན་པའི་འཆི་མེད་འགྲུབ་པར་བཤད་དོ། །འཕོ་ཆུང་གི་རླུང་གཡས་གཡོན་གང་ཡིན་ཡང་རུང་སྟེ། སྣ་བུག་གཉིས་ཀྱི་དབུས་ནས་ནམ་མཁའ། སྟེང་ནས་རླུང་། གཤོག་པ་ནས་མེ། ཀ་བའི་ངོས་ནས་ཆུ། འོག་ནས་ས་རླུང་རྣམས་རྒྱུ་ཞིང་ཁ་དོག་ཀྱང་ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་གུ། ནམ་མཁའི་རླུང་སྔོན་པོ་སྟེ། ཚད་ཀྱང་ལྟེ་འོག་སོར་བཞི་ནས་བརྒྱུད་དེ། སྣ་རྩེ་ལས་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་འགྲོ་བ་ཡིན་ནོ། །རླུང་དེ་དག་ལས་སྣ་སྒོར་རྒྱུ་བ་དང་། སྒུལ་སྐྱོད་བྱེད་པའི་རླུང་སོགས་རགས་པ། ལུས་ནང་དུ་མི་གཡོ་ཞིང་འཁོར་བའི་རང་བཞིན་འབྱུང་ལྔའི་རླུང་དང་། རྣམ་འགྱུར་རླུང་བཅུ། རྣམ་རྟོག་སྣ་ཚོགས་གཡོ་བའི་བཞོན་པ་རྣམས་འབྲིང་པོ། སྣང་བཞིའི་བཞོན་པར་གྱུར་པའི་རླུང་རྣམས་ཕྲ་བ། ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་ནི་ཤིན་ཏུ་ཕྲ་བ་ཡིན་ལ། དེ་ཡང་མན་ངག་ཐ་དད་པ་ལས་རླུང་གི་རྣམ་གཞག་མི་འདྲ་བ་བྱུང་བ་རྣམས་ཀྱང་། ཡེ་ཤེས་ཀྱི་རླུང་རྣམ་པ་ཐམས་ཅད་པ་ཡིན་པས། དེའི་རྗེས་སུ་འགྲོ་བའི་ཕྱིར་གནད་གཅིག་ཏུ་འདུ་བས་འགལ་བར་མི་བསམ་མོ། །གསུམ་པ་བཀོད་པ་ཐིག་ལེའི་རྣམ་གཞག་ལ། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་དང་། ཀུན་རྫོབ་རྣམ་ཤེས་ཀྱི་ཐིག་ལེ་གཉིས་ལ། དང་པོ་ནི། ཐིག་ལེ་ཐམས་ཅད་ཀྱི་རྩ་བའམ་བདག་པོར་གྱུར་པ་རྒྱུ་རྒྱུད་ཀྱི་རྟེན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་སྟོང་གསལ་འགག་མེད་ཀྱི་མཚན་ཉིད་ཅན་མི་ཤིགས་པའི་ཐིག་ལེ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། མངོན་བརྗོད་བླ་མ་སོགས་རྒྱུད་གཞན་ལས་ཀྱང་། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། ཆོས་ཉིད་ཀྱི་ཐིག་ལེ་གདོད་ནས་སྤྲོས་བྲལ་མི་འགྱུར་བའི་བདེ་བ་ཆེན་པོ་རྣམ་པ་ཐམས་ཅད་པའི་རང་བཞིན་ཅན་ནོ། །གཉིས་པ་ནི། རྩ་བ་མི་

p. 22

ཤིགས་པའི་ཐིག་ལེ་དེའི་རང་གདངས་ལས་རྣམ་ཤེས་དང་རྗེས་སུ་འབྲེལ་བའི་རང་བཞིན་ཅན་གྱི་ཐིག་ལེ་ཇི་ལྟར་གནས་ཚུལ་ཡང་ལྟེ་འོག་རྩ་གསུམ་འདུས་མདོར་ཁྲག་གི་དྭངས་མ་ནང་གི་ཉི་མ་ཨ་ཤད་དང་གཏུམ་མོའམ་ཐིག་ལེ་ཞེས་བྱ་བ་ལུས་ཀྱི་མེ་དྲོད་དང་དམར་ཆ་ཐམས་ཅད་ཀྱི་བདག་པོར་གྱུར་པ་དང་། སྤྱི་བོའི་འཁོརལོའི་སྟེང་ན་ཁུ་བའི་དྭངས་མ་ནང་གི་ཟླ་བ་ཧཾ་ཡིག་དཔྱིད་ཅེས་བྱ་བ་དཀར་ཆ་ཐམས་ཅད་ཀྱི་བདག་པོ་ཞུ་བདེའི་རང་བཞིན་ཅན་ཏེ། དེ་གཉིས་སྒྱུ་འཕྲུལ་དྲྭ་བར་ཀུན་བཟང་ཡབ་ཡུམ་གྱི་ཐིག་ལེ་ཞེས་ཐབས་ཤེས་ཀྱི་བདག་ཉིད་དབུ་མའི་ཆ་ལ་གནས་ཤིང་། ལུས་ཅན་རྣམས་འཆི་བའི་ཚེ་གྱེན་ཐུར་དུ་འཕོ་བར་བྱེད་ཅིང་རྣམ་ཤེས་ཀྱི་རྟེན་བྱེད་པ་སྟེ། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་ཏེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་གསུངས་སོ། །དེ་གཉིས་ཐིག་ལེ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་པས། དེ་ལས་ཁམས་བཞི་དང་རྗེས་སུ་འབྲེལ་བ་སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞིའི་ལྟེ་བར་སྐུ་གསུང་ཐུགས་ཡེ་ཤེས་བཞིའི་ངོ་བོ། ཆུ་མེ་རླུང་སའི་ཁམས་ཀྱི་ཐིག་ལེ་བཞི་སྟེ། རིམ་པ་ཇི་ལྟར་བར་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་ཏེ་མ་དག་པའི་གནས་སྐབས་བཞི་བསྐྱེད་ཅིང་། ལམ་དུས་སུ་དགའ་བཞིའི་ཡེ་ཤེས་འཆར་བའི་རྒྱུ་བྱེད་ལ་སྦྱང་བྱ་གནས་སྐབས་བཞིའི་འཁྲུལ་པ་སྦྱངས་ཏེ་དག་པ་ལས། སྦྱངས་འབྲས་དོན་དམ་ཆོས་ཉིད་ཀྱི་ཐིག་ལེ་མངོན་དུ་གྱུར་ནས་སྐུ་བཞི་ཐོབ་པའི་བདག་པོར་འགྱུར་ཞིང་། དེ་བཞི་འ ཐོབ་བྱར་བྱས་ནས་ཁྱབ་བྱེད་གཙུག་ཏོར་དུ་ནམ་མཁའི་ཁམས་དང་། གསང་བར་ཡེ་ཤེས་ཀྱི་ཁམས་ཀྱི་ཐིག་ལེ་གཉིས་དང་བཅས་པས་ཐིག་ལེ་དྲུག་སྟེ། འདི་གཉིས་སྔར་གྱི་ཨ་ཧྃ་གཉིས་དང་གནད་གཅིག་ཅིང་། ཡང་ལྟེ་བ་ཡན་ཆད་འཁོར་ལོ་ལྔའི་ཐིག་ལེ་ཁྱབ་བྱ་དང་། གསང་འཁོར་གྱི་ཐིག་ལེ་ཁྱབ་བྱེད་དུ་བཞག་ནས། དེ་ཡང་ལྟེ་གསང་ནོར་བུའི་དབྱེ་བས་ལུས་ངག་ཡིད་གསུམ་གྱི་ཐིག་ལེ་གྲོལ་བ་གསུམ་གྱི་ངོ་བོར་གནས་པ་རྣམས་སོ། །དེ་དག་བདག་པོར་གྱུར་པ་ལས་ལུས་ལ་ཁམས་ཀྱི་དྭངས་མ་འགྲུབ་གནས་འཕོ་བའི་ཚུལ་གསུམ་ལས། དང་པོ་ཇི་ལྟར་འགྲུབ་ཚུལ་ནི། མངལ་དུ་མའི་

p. 23

རྩ་དང་འབྲེལ་བས་སྐྱེད་ཅིང་བཙས་ནས་བཟའ་བཏུང་རྣམས་ཕོ་བར་བད་ཀན་གྱིས་མྱགས་པར་བྱེད། མཁྲིས་པས་མདོག་འགྱུར། རླུང་མེ་མཉམ་སྟེ། ནང་གི་མེ་གསུམ་གྱིས་སྦར་བཞུ་སྦྱངས་པ་ལས། དྭངས་མ་མཆིན་པར་ཁྲག་ཏུ་གྱུར་ཏེ་རྩ་ལ་བརྒྱུད་ནས་རིམ་བཞིན་ཤ་དང་ཚིལ་དང་རུས་པ་དང་རྐང་དང་བྱང་སེམས་དང་མདངས་སྟོབས་རྣམས་སུ་འགྱུར་བ་དེ་རྣམས་ཀྱི་སྙིགས་མའང་རིམ་པར་བད་སྣབས་སམ་གཅི་བ་དང་། མཁྲིས་པ་དང་། པགས་པ་དང་། སྨིན་སྤུ་དང་། སོ་སེན་དང་། རྐང་སྦུབས་ཀྱི་དྲི་མ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་ཀྱི་དྭངས་མ་བདུན་ཞེས་ཀྱང་བཤད་ཅིང་། གཞན་ཡང་མཁྲིས་པའི་དྭངས་མ་ཆུ་སེར་དང་། སྙིགས་མ་ཆུའི་ཀུ་ཡ་སོགས་ཏེ་ཁམས་སྣ་ཚོགས་འགྲུབ་པར་འགྱུར་པས་མཚོན་ཏེ། ལུས་ཀྱི་གནས་རྣམས་སུ་དྭངས་མ་བཅུ་གཉིས། སྙིགས་མ་ཉེར་བཞི་དེ་ཐམས་ཅད་ཀྱི་ཁྱབ་བྱེད་མི་ཤིགས་པའི་ཐིག་ལེ་ཆེན་པོ་སྟེ་ཁམས་སུམ་ཅུ་རྩ་བདུན་དུ་འཇོག་ཅིང་། གཞན་ལས་ཁམས་ཉེར་བཞིའི་སྟེང་དུ་ཡན་ལག་གི་རླུང་ལྔའི་རྩ་དང་། རྩ་གསུམ་འདུས་པ་ནས་གྱེན་དུ་རླུང་དང་ཐུར་དུ་དྭངས་སྙིགས་རྒྱུ་བ་རྣམས་བསྣན་པས་སོ་གཉིས་ཏེ། ཧེ་རུ་ཀ་ཀལྤོ་ལས། ལུས་ལ་བྱང་ཆུབ་སེམས་རྒྱུ་བའི། །རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་གསུངས་ཤིང་། དེའི་སྟེང་རྩ་བའི་རླུང་ལྔ་རྒྱུ་བ་ལས་སྲོག་ཆེན་པོ་མ་གཏོགས་པའི་བཞི་བསྣན་པས་སུམ་ཅུ་རྩ་དྲུག་ཏུ་བཤད་པའང་སྣང་ངོ་། །གཉིས་པ་གནས་ཚུལ་ལ། དྭངས་མ་བཅུ་གཉིས་པོ་ལས་ཁྱབ་བྱ་བཅུ་ནི། སྙིང་གའི་རྩ་བཅུའི་ཕྱོགས་བཞི་དང་། སྟེང་གི་རྩ་གསུམ་གཅིག་ཏུ་བསྡོམས་པ་ལས་ཕུང་ལྔའི་དྭངས་མ་དང་། མཚམས་བཞི་དང་འོག་གི་དྲི་ཆུའི་རྩ་ལས་ཁམས་ལྔའི་དྭངས་མ་འབབ་ལ། ཁྱབ་བྱེད་གཉིས་ནི། དུང་ཅན་མ་དང་བཤང་བའི་རྩ་ལས་ཡེ་ཤེས་ཀྱི་ཁམས་གཉིས་འབབ་སྟེ་བཅུ་གཉིས་སོ། །སྙིགས་མ་ཉི་ཤུ་རྩ་བཞི་ནི། སམྦུ་ཊི་ལས། མི་ཕྱེད་པུལླི་ར་ཡིན་ཏེ། །སོ་དང་སེན་མོ་འབབ་པ་ནས། །ཞེས་སྤྱི་བོའི་མི་ཕྱེད་མ་ལས་སོ་སེན་འབབ་པ་སོགས་ཕྱི་རོལ་ཏུ་གནས་ཉི་ཤུ་རྩ་བཞི་དང་། ནང་དུ་རྩ་ཉེར་བཞི་ལས་ཁམས་ཉེར་བཞི་འབབ་པ་སོགས་ཁམས་ཀྱི་དྭངས་མའི་ངོ་བོ་ཉིད་གནས་པ་རྣམས་ཏེ། དྭངས་མ་བཅུ་གཉིས་

p. 24

ལ་ལྟོས་ནས་སྙིགས་མ་ཞེས་བརྗོད་པ་ལས་ལུས་ཀྱི་ཆོས་དངོས་ལ་ལྟོས་ནས་སོ་སེན་སོགས་ཀྱང་དྭངས་མ་ཉིད་དུ་གནས་སོ། །དེ་ལྟར་ཉི་ཤུ་རྩ་བཞི་པོ་དེ་ཉིད། ཐིམ་འོངས་བདག་པོ་གསུམ་གྱིས་ཕྱེ་བས་བདུན་ཅུ་རྩ་གཉིས། དེ་རེ་རེ་ལའང་རྩ་གནས་སོ་སོར་འབབ་ཚུལ་སྟོང་ཕྲག་རེ་རེ་སྟེ་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །གསུམ་པ་འཕོ་ཚུལ་ནི། ཡེ་ཤེས་དང་རྗེས་སུ་འབྲེལ་བ་འཁོར་ལོ་བཞིར་དགའ་བའི་འགྲོས་ཀྱིས་འཕོ་བ་དང་། རྣམ་ཤེས་དང་རྗེས་སུ་འབྲེལ་བར་ལུས་ལ་ཟུངས་སམ་གནད་ཀྱི་ངོ་བོ་ཉིད་དུ་འཕོ་བ་བླ་གནས་ཞེས་གྲགས་པ་སྟེ་སྤྲོས་པས་ཆོག་གོ །མདོར་ན་ཐིག་ལེ་མཐའ་དག་ཁུ་རྡུལ་རླུང་གསུམ་དུ་འདུ་ཞིང་། དེ་གསུམ་གྱིས་ཆགས་སྡང་རྨོངས་གསུམ་བསྐྱེད་པ་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་དང་། དེ་ལས་བསགས་ནས་འཁོར་བའི་འཁྲུལ་སྣང་གི་སྡུག་བསྔལ་སྣ་ཚོགས་འབྱུང་བ་ཡིན་ལ། དེ་གསུམ་འགྱུར་མེད་དུ་བཅིངས་པ་ལས་འཁོར་བ་ལྡོག་པར་འགྱུར་ཞིང་། ཐིག་ལེ་ཐམས་ཅ ད་ཀྱི་རྩ་བ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་རྣམ་པ་ཐམས་ཅད་པ་ཡིན་པས། བརྟགས་པ་དང་མ་བརྟགས་པའི་ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཀུན་ཀྱང་དངོས་བརྒྱུད་གང་རུང་གི་སྒོ་ནས་ཡང་དག་པའི་ལམ་དུ་འགྲོ་བའི་གནད་ཀྱང་ཤེས་པར་བྱའོ། །གསུམ་པ་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་ནི། ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་ལ། དེ་གསུམ་ཡང་དོན་དམ་རིགས་དྲུག་གི་ལྷ་ཡབ་ཡུམ་གྱི་བདག་ཉིད་འབྱུང་ལྔ་སེམས་ཀྱི་དྭངས་མ་དྲུག་པོ་ཡང་གཉིས་ཟུང་དུ་འཇུག་པ་ལས། ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེར་བཞུགས་ཤིང་། དེ་གསུམ་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་དམ་པར་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དེ་སྦྱང་གཞི། དེའི་རང་གདངས་ཀུན་རྫོབ་སྣང་ངོའི་ཆ་ནས་རྐྱང་མ་རོ་མ་དབུ་མ་གསུམ་ཁུ་རྡུལ་རླུང་གི་རྟེན་དང་། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཡང་ཡིན་པ་སོགས་དང་། དེ་ཉིད་རིགས་པ་གྲུབ་པ་ན་རྩ་ལས་ལུས། རླུང་ལས་ངག ཐིག་ལེ་ལས་སེམས་ཀྱི་ཆོས་འགྲུབ་པ་ནི་སྦྱང་བྱ་འཁྲུལ་པའི་སྒོ་གསུམ་ཡིན་ཞིང་།

p. 25

དེ་སྦྱོང་བྱེད་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་ཐབས་ཁྱད་པར་ཅན་གྱིས་རྟེན་རྩ་བཅིངས་པས་རླུང་འཆིང་། རླུང་བཅིངས་པས་ཐིག་ལེ་འཆིང་། ཐིག་ལེ་བཅིངས་པས་རྣམ་པར་རྟོག་པ་འཆིང་བར་བྱེད་པའི་བྱེད་བཅིངས་ལ་གནད་དུ་བསྣུན་པས། དོན་དམ་རྡོ་རྗེ་གསུམ་གྱི་རྟེན་ལ་གནད་དུ་རེག་པར་འགྱུར་བ་ལས། གློ་བུར་གྱི་སྒྲིབ་པ་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་གྱི་རྡོ་རྗེ་གསུམ་འགྲུབ་པར་འགྱུར་བའི་ཕྱིར། མཆོག་གི་དགོས་པ་དང་འབྲེལ་བས་ཁྱད་པར་དུ་འཕགས་སོ། །གཉིས་པ་གང་གིས་རྟོགས་པར་བྱེད་པ་ཐབས་སམ་ལམ་གྱི་རིམ་པ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ལམ་གཉིས་ལས། དང་པོ་ནི། ལམ་སྟེགས་ཀྱི་ཐེག་པ་ལ་རིམ་གྱིས་སློབ་པ་སྟེ། དེ་ལ་སློབ་དཔོན་སངས་རྒྱས་གསང་བས་སྒྱུ་འཕྲུལ་ལམ་རིམ་དུ། དེ་ཕྱིར་མ་ངེས་རིགས་མཆོག་ནི། །མུན་པའི་ཤེས་པ་ས་དེ་ཉིད། །རང་བཞིན་རྒྱུ་ཡི་སྨྱུང་བར་གནས། །ཕལ་པའི་སེམས་བརྒྱད་མཐར་གནས་ཚེ། །ཞེས་གསུངས་པ་ལྟར། ཐེག་པ་གང་བསྟན་ཀྱང་མི་གོ་བ་དང་གོ་བའི་དབྱེ་བས་རིགས་མ་ངེས་པ་ངན་པ་དང་བཟང་བ་གཉིས་ལས། འདིར་བཟང་བ་སྟེ། དེ་ཡང་སྔར་གྲུབ་མཐས་བློ་མ་བསྒྱུར་བའི་མུན་པའི་ཤེས་པ་དེ་ཉིད་རང་བཞིན་གྱི་རྒྱུ་སད་པས་དད་པ་ཅུང་ཟད་འགོ་གཡོ་བའི་རྟགས་སུ་དགེ་རྩ་ཕྲ་མོ་ལ་འཇུག་བློའི་ཕལ་པའི་སེམས་བརྒྱད་སྐྱེ་བར་བཤད་དེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། གསང་བའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་རྣམས་ལ་རྒྱ་ལམ་ན་རེས་འགའ་ཞིག་ལ་ལ་དག་ལ་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་འདི་ལྟ་སྟེ། སྨྱུང་བར་གནས་པ་ལ་གནས་པར་བྱའོ་ཞེས་དེ་ཙམ་ཞིག་སེམས་ལ་བྱས་ནས་མགུ་བ་བསྐྱེད་ཅིང་ཕྱི་ཕྱིར་དེ་ཉིད་ལ་གོམས་པར་བྱེད་དེ། གསང་བ་པའི་བདག་པོ་དེ་ནི་དགེ་བའི་ལས་སྐྱེ་བའི་ས་བོན་ལྟ་བུ་སྟེ་སེམས་དང་པོའོ། །ཞེས་པ་ནས། གསང་བ་པའི་བདག་པོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ན་ཀུན་ཏུ་འཁྱམས་པ་རྣམས་ཀྱི་དབུགས་ཕྱིན་པའི་མཆོག་ཡིན་ཏེ། འདི་ནི་སྟོབས་སུ་གྱུར་པ་སྟེ་སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ། །ཞེས་པའི་

p. 26

བར་གསུངས་ཏེ། དགེ་བའི་སེམས་ཕྲ་མོས་སྨྱུང་གནས་སོགས་དཀའ་སྤྱད་ཕྲ་མོ་ལ་འཇུག་པ་ས་བོན་ལྟ་བུ་དང་། ཉེ་དུ་ཙམ་ལ་སྦྱིན་པ་སྟེར་བར་བྱེད་པ་མྱུ་གུ་ལྟ་བུ་དང་། མཛའ་བཤེས་མིན་པ་ལའང་སྟེར་བ་སྡོང་བུ་ལྟ་བུ་དང་། སྦྱིན་པའི་སྣོད་ཡོངས་སུ་འཚོལ་ཞིང་སྟེར་བ་ལོ་མ་ལྟ་བུ་དང་། བླ་མ་ནས་རོལ་མོ་མཁན་གྱི་བར་ཡོན་ཏན་ཅན་ལ་སྟེར་བ་མེ་ཏོག་ལྟ་བུ་དང་། ཡིད་དགའ་བས་གཞན་ལ་སྟེར་བ་འབྲས་བུ་ལྟ་བུ་དང་། མཐོ་རིས་སུ་སྐྱེ་བའི་ཕྱིར་ཚུལ་ཁྲིམས་བསྲུངས་ཏེ་གསོས་སུ་གྱུར་པ་ལྟ་བུ་དང་། གཞན་ཡང་ལྷ་ཆེན་པོ་རྣམས་ལ་གུས་པས་མཆོད་ཅིང་བླ་མས་བསྟན་པ་ཁོང་དུ་ཆུད་པས་བདག་འཛིན་གྱིས་ཀུན་ནས་བསླངས་བཞིན་དུ་བདག་ཉིད་ཁོ་ན་སྡུག་བསྔལ་ལས་ཐར་འདོད་ཀྱི་བློ་སྐྱེ་བ་སྟེ་སྟོབས་སུ་གྱུར་པའི་སེམས་སོ། །དེ་ལྟར་སེམས་བརྒྱད་པོ་དེ་དག་ལས། གཅིག་དང་ལྔ་དང་རེ་རེའི་རིམ་པར་དཀའ་ཐུབ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། མ་ཆགས་པའི་དགེ་རྩས་བསྡུས་པ་ཕྲ་མོ་སྟེ་སྐྱེས་བུ་ཆུང་ངུའི་བློ་འབའ་ཞིག་གོ །དེའི་འོག་ཏུ་དབུགས་དབྱུང་པ་རྣམ་པ་དྲུག་འབྱུང་སྟེ། མི་དགེ་བའི་ལས་སྤངས་ནས་དགེ་བ་ཉིད་ལ་བློ་བྱང་བའི་ཚེ་དགེ་བས་དབུགས་ཕྱིན་པ་དང་། བདག་གི་དེ་ཁོ་ན་ཉིད་ལ་བརྟེན་ཏེ་སེམས་རྩེ་གཅིག་ཏུ་བྱས་པ་ན་བདག་ལ་བརྟེན་ནས་དབུགས་ཕྱིན་པ་དང་། ཕུང་པོ་ལ་རྣམ་པར་སྤྱད་པས་བདག་མེད་པ་ལ་གསལ་སྣང་ཐོབ་པ་ན་བདག་མེད་པས་དབུགས་ཕྱིན་པ་དང་། ཆོས་ཙམ་ལ་དམིགས་ནས་ཕུང་སོགས་རགས་པ་མི་དམིགས་པའི་ཚེ་ན་ཆོས་ཀྱིས་དབུགས་ཕྱིན་པ་དང་། ཆོས་རྣམས་སྤངས་ནས་སྐྱེ་བ་མེད་པའི་དོན་ལ་སེམས་གནས་པའི་ཚེ་ཆོས་བདག་མེད་པས་དབུགས་ཕྱིན་པ་དང་། སྟོང་པ་ཉིད་ལའང་མངོན་པར་ཞེན་པ་འགགས་པའི་ཚེ་མཉམ་པ་ཉིད་ཀྱིས་དབུགས་ཕྱིན་པ་ཞེས་བྱ་སྟེ། དེ་ལས་དང་པོ་གཉིས་ནི་ཕྱི་རོལ་པ་དང་ཐུན་མོང་བ་སྟེ་སྐྱེས་བུ་ཆུང་ངུའི་བསམ་པ་ལྷ་མིའི་ཐེག་པའོ། །བར་པ་གཉིས་ཉན་རང་དང་ཐུན་མོང་བ་དང་སྐྱེས་བུ་འབྲིང་གི་བསམ་པ་དང་། ཐ་མ་གཉིས་བྱང་ཆུབ་སེམས་དཔའི་ལམ་དང་ཐུན་མོང་བ་སྟེ་སྐྱེས་བུ་ཆེན་པོའི་བསམ་པའོ། །དེ་རྗེས་སྔགས་ཀྱི་ཐེག་པ་ལ་སློབ་སྟེ། དགྱེས་པ་རྡོ་རྗེ་ལས། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །

p. 27

དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་གསུངས་པ་ལྟར། རྒྱུད་སྡེ་རྣམས་ལ་རིམ་པར་སློབ་པར་བཤད་ཅིང་། དེ་ཡང་རྣམ་པར་གྲོལ་བའི་རྒྱུ་དང་འབྲས་བུའི་ཐེག་པ་ཀུན་ཀྱང་གཞིའི་གནས་ལུགས་ཉིད་མ་རིག་པས་བསྒྲིབས་པ་ཙམ་ཞིག་ལ་འདོད་པ་མཐུན་པར་གྱུར་ཀྱང་། མ་རིག་པའི་ངོས་འཛིན་མ་མཐུན་པས་གཉེན་པོའི་རིམ་པའང་ཐ་དད་པར་གྱུར་ཏེ། འདི་ལྟར་མ་རིག་པའི་ངོས་འཛིན་ལུགས་ཀྱང་། ཉན་ཐོས་པས་འཇིག་ཚོགས་ལ་ལྟ་བ་དང་འབྲེལ་བའི་སེམས་རྨོངས། སེམས་ཙམ་པ་གཟུང་འཛིན་རྫས་གཞན་དུ་འཛིན་པའི་སྣང་བ། དབུ་མ་པ་སྤྱིར་གྲགས་པ་ལ་མཚན་འཛིན་གྱི་སྤྲོས་པ། དབུ་མ་པ་ཆེན་པོ་མདོ་ལུགས་པས་བག་ཆགས་ཀྱིས། དབུ་མ་ཆེན་པོ་གསང་སྔགས་བླ་མེད་པས་འགྱུར་བདེའི་འཕོ་བའི་བག་ཆགས་རྣམས་ལ་མ་རིག་པ་ཕྲ་བར་བཞག་ནས། དེ་དང་དེའི་གཉེན་པོའང་རིམ་པ་བཞིན་དུ་གང་ཟག་གི་བདག་མེད་ཙམ་དང་གཟུང་བ་རང་བཞིན་མེད་པ་དང་། ཅི་ཡང་མ་ཡིན་པའི་སྟོང་པ་ཉིད་དང་། རང་རིག་རང་གསལ་དོན་དམ་གྱི་དབྱིངས་དང་། དབང་བཞི་པའི་ལམ་རང་རིག་ཟུང་འཇུག་གི་ཡེ་ཤེས་རྣམས་བསྒོམ་པར་འདོད་པ་ཡིན་ནོ། །དེ་ལྟར་སྐལ་དམན་གྱི་གང་ཟག་རིམ་འཇུག་ལ་དགོངས་ཏེ། རྒྱུ་དང་འབྲས་བུའི་ཐེག་པ་ཐུན་མོང་པ་རྣམས་ལ་རིམ་ཅན་དུ་སློབ་པ་སྔོན་དུ་བཏང་ནས་བླ་མེད་ཀྱི་ཟབ་ལམ་ལ་འཁྲིད་དགོས་པ་ལྟ་བུ་ཞིག་གསུངས་པའང་མཐའ་གཅིག་ཏུ་མ་ངེས་ཏེ། སྐལ་བ་མཆོག་གི་གང་ཟག་གསང་སྔགས་བླ་མེད་ཀྱི་ཟབ་ལམ་ཐུན་མོང་མ་ཡིན་པའི་སྣོད་རུང་དུ་རིགས་ངེས་པ་རྣམས་ཐོག་མ་ཉིད་ནས་མཆོག་གི་སྤྱོད་པ་ལ་འཇུག་ཏུ་རུང་བའི་ཕྱིར་རོ། །གང་ལྟར་ཡང་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་པའི་སྐོར་འདི་རྣམས་སྔགས་ལམ་དུ་མ་ཞུགས་པའི་གོང་ཉིད་ནས་བྱང་ན་སྨོས་མ་དགོས། དེ་ལྟར་མ་ཡིན་ན་ཡང་རིམ་གཉིས་ཀྱི་ཡེ་ཤེས་སྐྱེ་བའི་སྔོན་རོལ་ཏུ་དེ་རྣམས་ཀྱང་རྒྱུད་ལ་སྐྱེས་ཟིན་པ་ཞིག་ནི་ངེས་པར་དགོས་ཏེ་སྤྲོས་པས་ཆོག་གོ ། གཉིས་པ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་བཤད་པ་ལ་གསུམ་སྟེ། བླ་མ་དམ་པ་བསྟེན་པ་ལམ་གྱི་རྩ་བར་བཞག་པ། དད་པ་དང་ལྡན་པའི་སློབ་མ་སྣོད་དུ་བྱ་བ། སྣོད་དེར་

p. 28

བླུག་པ་བཅུད་ཀྱི་རང་བཞིན། ལམ་རིམ་པ་གཉིས་ཀྱི་རྣམ་གཞག་གོ །དང་པོ་ལ། གང་བསྟེན་བྱ་བླ་མའི་མཚན་ཉིད། གང་གིས་སྟེན་བྱེད་སློབ་མའི་མཚན་ཉིད། བསམ་པ་ཇི་ལྟ་བུས་བསྟེན་པ། བསྟེན་ཚུལ་གྱི་ངོ་བོ་གང་ཡིན་ཏེ་བཞི་ལས། དང་པོ་ནི། དབང་ཆོག་ཏུ། དབང་ཐོབ་ཕྱི་ནང་དེ་ཉིད་རྟོགས༔ མཚན་ཉིད་ཀུན་ལྡན་སློབ་དཔོན་ལ༔ ཞེས་གསུངས་ཏེ། དབང་གིས་ཐུགས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པ། ཕྱི་དང་ནང་གི་དེ་ཉིད་བཅུ་ཚང་བའམ་ཟབ་ལམ་གྱི་དེ་ཁོ་ན་ཉིད་རྟོགས་པའི་དགོངས་པ་མངའ་བས་སློབ་བུ་རྗེས་སུ་འཛིན་པའི་ཐབས་མཁས་ཐུགས་རྗེར་ལྡན་པ་སྟེ། དེ་ཡང་ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེ་ནུས་པ། བྱིན་རླབས་ཀྱིས་མ་དག་པའི་སྣང་བ་འགོག་ནུས་པ། ཉམས་མྱོང་གིས་གེགས་སེལ་ཞིང་ཉམས་རྟོགས་ཀྱིས་བོགས་འབྱིན་ནུས་པ་སྟེ་མཚན་ཉིད་བཞི་ལྡན་ནོ། །གཞན་ཡང་། སྤྱི་མདོ་ལས། སློབ་དཔོན་མཚན་ཉིད་བརྟག་པ་ནི། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཅིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་དང་། དེ་ཉིད་བཅུ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་ཡང་སྡུད་པའི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། དད་བརྩོན་ཤེས་རབ་གཏོང་ཕོད་ཆེ་ཞིང་སྒོམ་སྒྲུབ་དང་དམ་ཚིག་ལ་ཡིད་རྟོན་པ་སོགས་མཆོག་སྒྲུབ་པའི་སྣོད་དུ་རུང་བའི་སློབ་མ་སྟེ། དགོངས་འདུས་ལས། སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་

p. 29

ལྡན་སློབ་མ་ཡིན། །ཞེས་སོ། །གསུམ་པ་ནི། ཐར་པ་དོན་གཉེར་གྱི་བསམ་པ་གཏིང་ཚུགས་པས་གཡོ་བ་མེད་པར་བསྟེན་པའོ། །བཞི་པ་ནི། བླ་མ་དམ་པ་དེ་འཆི་གསོས་ཀྱི་སྨན་བཞིན་དུ་འབྲལ་བ་མེད་པར་བསྟེན། ཁོང་པའི་སྙིང་ལྟར་གཟུ་ལུམ་དང་རས་ཆོད་མི་བྱ་བར་བསྟེན། ཡིད་བཞིན་གྱི་ནོར་བུ་ལྟར་བསྙེན་བཀུར་ལ་ཚད་བཟུང་མི་བྱ་བར་བསྟེན་ཏེ། མདོ་སྡེ་རྒྱན་ལས། རྙེད་དང་བཀུར་སྟི་དག་དང་རིམ་འགྲོ་དང་། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་རོ། །མདོར་ན། སློབ་དཔོན་ནི་སངས་རྒྱས་ཀུན་འདུས་རིགས་དྲུག་པ་དཔལ་རྡོ་རྗེ་སེམས་དཔའ་དང་མཉམ་པར་བལྟས་ལ་བསྟེན་པར་བྱ་སྟེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་དང་། གསང་འདུས་ལས་ཀྱང་། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བྱའོ། །ཞེས་གསུངས་ལ། དེ་ཡང་བུམ་དབང་གི་ལམ་ལ་གནས་པའི་སློབ་མས། སློབ་དཔོན་གྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་རགས་པར་ཤེས་པའི་མོས་པ་དང་། གསང་དབང་གི་ལམ་ལ་གནས་པས་སློབ་དཔོན་གྱི་རྩ་ཁམས་ཕྲ་མོ་རྣམས་གསལ་སྟོང་གི་ལྷའི་རང་བཞིན་དུ་ཤེས་པའི་མོས་པ་དང་། ཤེར་དབང་གི་ལམ་ལ་གནས་པས་དེའི་སྟེང་དུའང་ཆོས་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་གཟིགས་པའི་བདག་ཉིད་དུ་མོས་པ་དང་། དབང་བཞི་པའི་ལམ་ལ་གནས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ཉིད་བླ་མ་དང་གཉིས་སུ་མེད་པར་རིག་པའི་ངེས་ཤེས་རྙེད་པའི་མོས་གུས་ཀྱིས་བསྟེན་པར་བྱ་དགོས་ཏེ། དེ་དག་ཀྱང་དབང་བཞིའི་ལམ་གྱི་ཡེ་ཤེས་གང་དང་གང་རྒྱུད་ལ་སྐྱེས་པའི་ཚེ་མོས་གུས་དེ་དང་དེ་དངོས་སུ་འབྱུང་བ་ཡིན་མོད། གཞན་དུ་ལམ་གྱི་ཡེ་ཤེས་རྒྱུད་ལ་མ་སྐྱེས་ཀྱང་། དབང་བཞི་པོ་ཐོབ་ནས་དེ་དང་འབྲེལ་པའི་མོས་གུས་ཀྱི་རྣམ་པ་རྗེས་མཐུན་པའང་འབད་པས་བསྒོམ་པར་བྱ་བ་ཡིན་ནོ། །དབང་མ་ཐོབ་པའི་སྔ་རོལ་དུ་ནི། བླ་མ་ལྔ་བཅུ་པ་ལས། དཔའ་བོས་ཐོག་མར་སློབ་དཔོན་དང་། །སློབ་མའི་

p. 30

འབྲེལ་བ་བརྟག་པར་བྱ། །ཞེས་གསུངས་པ་ལྟར་ལེགས་པར་བརྟགས་པས་ཕན་ཚུན་བསྟེན་རུང་དུ་མཐོང་བ་ན། དབང་ཆོག་ལས། ལེགས་བརྟགས་རུང་ན་གནང་བ་བྱིན༔ ཞེས་གསུངས་པ་ལྟར་བླ་མས་སློབ་མ་རྗེས་སུ་འཛིན་ཅིང་། སློབ་མས་ཀྱང་སྒོ་གསུམ་གྱི་དགྱེས་པ་བསྐྱེད་པའི་སྒོ་ནས་བསྟེན་པར་བྱ་སྟེ། རང་ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལས། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཞེས་སོ། །གཉིས་པ་དད་པ་དང་ལྡན་པའི་སློབ་མ་སྣོད་དུ་བྱ་བ་ལ། དབང་བསྐུར་བ་དང་། དམ་ཚིག་བསྐྱང་ཚུལ་གཉིས་ལས། དང་པོ་ནི། འཇམ་དཔལ་རྩ་རྒྱུད་ལས། དམ་ཚིག་ཆེན་པོ་བཞི་གསུངས་ཏེ། མཐོ་རིས་ཀྱི་ཡང་དག་པའི་ལྟ་བའི་དམ་ཚིག ཐར་པའི་སྒོ་སྐྱབས་འགྲོའི་དམ་ཚིག ཐེག་ཆེན་གྱི་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམ་ཚིག སྔགས་ཀྱི་ཐེག་པར་འཇུག་པ་དབང་བསྐུར་བའི་དམ་ཚིག་སྟེ། འདི་དག་ནི་དེ་དང་དེར་མེད་དུ་མི་རུང་ཞིང་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་ཅེས་བྱ་སྟེ། བཞི་པོ་རིམ་ཅན་དུ་སློབ་པའམ། དབང་བསྐུར་ཁོ་ནས་ཀྱང་ཀུན་གྱི་དོན་འགྲུབ་སྟེ། དེ་བས་ན་རྡོ་རྗེ་ཐེག་པར་འཇུག་པར་འདོད་པས་དབང་བསྐུར་བ་ངེས་པར་བླང་དགོས་སོ། །དེ་ལྟར་ཡང་དབང་ཆོག་ལས། གང་ཞིག་སྔགས་ཀྱི་ལམ་ཆེན་པོར༔ སྨིན་པར་བྱེད་པ་དབང་བསྐུར་ཏེ༔ ཞེས་དང་། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། རྡོ་རྗེ་འཕྲེང་བའི་རྒྱུད་ལས་ཀྱང་། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་སོགས་རྒྱུད་སྡེ་རྣམས་ལས་མང་དུ་གསུངས་པའི་ཕྱིར་རྒྱུད་བཤད་ཉན་དང་རིམ་གཉིས་ཀྱི་ཏིང་འཛིན་སྒོམ་པའི་ཐོག་མར་དབང་ངེས་པར་བསྐུར་བར་བྱའོ། །དེ་ལ་དབང་

p. 31

གི་ངོ་བོ། ངེས་ཚིག དབྱེ་བ། ཇི་ལྟར་བསྐུར་བའི་རྣམ་གཞག་གོ །དང་པོ་ནི། འཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས། མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། སྦྱང་བྱའི་དྲི་མ་འཁྲུད་པའམ་གཏོར་ཞིང་། ལམ་སྒོམ་རུང་དང་འབྲས་བུ་འཐོབ་རུང་གི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་ཏེ། དགྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །གསུམ་པ་རྒྱུ་ལམ་འབྲས་བུའི་དབང་གསུམ་ལས། རྒྱུ་དུས་ཀྱི་དབང་ནི། དང་པོར་བླ་མ་ལས་བླང་དགོས་ཏེ། དེ་སྨིན་བྱེད་གང་ཞིག དེ་ཡིན་ན་སྔགས་ཀྱི་ལམ་སོ་སོ་ཉན་སྒོམ་གྱི་སྔོན་དུ་འཐོབ་དགོས་པའི་ཕྱིར། ལམ་དུས་ཀྱི་དབང་ནི། ཕྱིས་བླ་མ་ལས་སམ་སྡོམ་ལྡན་རང་ཉིད་ཀྱིས་བླངས་ཀྱང་རུང་སྟེ། སྔར་རྒྱུད་སྨིན་ཟིན་གྱི་དབང་རྒྱུན་དེ་གོང་འཕེལ་དུ་བྱེད་པའི་དབང་ཡིན་པའི་ཕྱིར། འབྲས་དུས་ཀྱི་དབང་ནི། སློབ་ལམ་རྫོགས་པའི་རྒྱུན་མཐའི་དུས་སུ་བསྐུར་ཏེ། དེ་མཐར་ཐུག་གི་འབྲས་བུར་སྦྱོར་བྱེད་ཀྱི་དབང་ཡིན་པའི་ཕྱིར། དེ་ལས་འདིར་རྣལ་འབྱོར་བླ་ན་མེད་པའི་རྒྱུ་དུས་ཀྱི་དབང་ལ་ཡང་བཞིར་ངེས་པ་ཡིན་ཏེ། སྦྱང་བྱ་དྲི་མ་བཞི་དང་། སྦྱོང་བྱེད་བསྐྱེད་རྫོགས་ཀྱི་ལམ་བཞི་དང་། སྦྱངས་འབྲས་སྐུ་བཞིར་ངེས་པའི་ཕྱིར། དེ་ལྟར་ཡང་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །བཞི་པ་ཇི་ལྟར་བསྐུར་བའི་རྣམ་གཞག་ལ། གང་དུ་འཇུག་བྱའི་དཀྱིལ་འཁོར་དང་། ཞུགས་པ་ལ་དབང་བསྐུར་བའི་ཆོ་གའི་རིམ་པའོ། །དང་པོ་ནི། གྲུབ་པ་རྣམས་ཀྱི་སྤྱོད་ཡུལ་ལ་སྔོན་སློབ་དཔོན་ཆེན་པོ་པདྨས་སྟག་ཚང་དུ་ཕུར་པའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་བསྟན་ནས་མཁར་ཆེན་བཟའ་ལ་དབང་བསྐུར་བ་ལྟར། བླ་མ་སྤྲུལ་པའི་དཀྱིལ་འཁོར་དེ་སློབ་མས་མཐོང་ནུས་པ་ནི་སྤྲུལ་པའི་དཀྱིལ་འཁོར་དང་། རེག་མཐོང་གི་མཚན་མ་རྙེད་པ་ལྟ་བུའི་ཏིང་

p. 32

ངེ་འཛིན་ལ་གསལ་སྣང་ཐོབ་པའམ། མ་ཐོབ་ཀྱང་དཀྱིལ་འཁོར་གྱི་རྣམ་པ་དེ་དང་དེ་རིམ་པས་གསལ་སིང་ངེ་སྒོམ་ནུས་པ་ཡིད་ཀྱི་དཀྱིལ་འཁོར་ཏེ། དེ་ལྟ་བུའི་སྤྲུལ་པའི་དཀྱིལ་འཁོར་སྨོས་ཅི་དགོས། དཀྱིལ་འཁོར་གྱི་རྣམ་པ་གསལ་འདེབས་ནུས་པ་ཡིད་ཀྱི་དཀྱིལ་འཁོར་ཁོ་ནས་ཀྱང་སྨིན་བྱེད་ཀྱི་དཀྱིལ་འཁོར་ལེགས་པར་འགྲུབ་ལ། སྨིན་ཟིན་གོང་དུ་འཕེལ་བྱེད་ལམ་གྱི་དབང་ལ་ནི་ལྷག་པར་མོས་པའི་དབང་ལས་འགྲུབ་པའི་ཕྱིར། གསལ་སྣང་མ་གྲུབ་ཀྱང་རུང་བ་ཡིན་མོད། དེ་ལྟ་ནའང་དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ནི། དབང་བཞི་ལ་ལྟོས་ནས་གང་དུ་གཞུག་བྱའི་རྟེན་གྱི་དཀྱིལ་འཁོར་ཡང་བཞི་ལས། བུམ་དབང་ནི། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། དེ་ཡང་སྐལ་པའི་ཁྱད་པར་གྱིས་དམན་པ་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་ལ་བརྟེན་ནས་བསྐུར་རུང་བ་ཡོད་དེ། བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆོག་རྩ་བར། དཀྱིལ་འཁོར་གང་དུ་དབང་བསྐུར་ནི། །རབ་འབྲིང་ཐ་མར་གསུངས་པ་ཡི། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་གསུངས་པ་ལས། ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་ནམ་རས་བྲིས་གང་རུང་གི་དཀྱིལ་འཁོར་དུ་དབང་བསྐུར་བར་བཞེད་ཅིང་། དེ་བཞིན་དུ་མཆོག་དབང་གསུམ་ལ། སྤྱིར་བདག་གི་དེ་ཁོ་ན་ཉིད་ལུས་ཀྱི་དཀྱིལ་འཁོར་དང་། ཁྱད་པར་གསང་དབང་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ་གའི་དཀྱིལ་འཁོར། ཤེར་དབང་ལ་ལྷའི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། དབང་བཞི་པ་ལ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རམ། བྷ་ག་དང་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་རིམ་པ་ལྡོག་པའང་འབྱུང་སྟེ་མི་འགལ་ལོ། །གཉིས་པ་ནི། བྱ་བྱེད་ལས་གསུམ་གྱི་ངེས་པ་ལས་ཤེས་པར་བྱ་བ་ཡིན་ཏེ། བྱེད་པ་པོ་རྡོ་རྗེ་སློབ་དཔོན་གྱིས། ལས་ནི་ས་བོན་འདེབས་པ་ལ་ཞིང་ས་སྦྱོང་དགོས་པ་ལྟར་སྟ་གོན་དང་འཇུག་པས་རྒྱུད་སྦྱངས་པའི་སློབ་མའི་རྒྱུད་ལ་བྱེད་པ་རྫས་སྔགས་ཏིང་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས་

p. 33

དབང་བསྐུར་བས། བྱ་བ་སློབ་མའི་སྒོ་གསུམ་ཕྲ་རགས་གདོད་ནས་གདན་གསུམ་ཚང་བའི་ལྷར་དག་པ་ཉིད་ངོ་འཕྲོད་པར་བྱས་པ་ལས་རང་སྐལ་གྱི་སྦྱང་བྱའི་དྲི་མ་ཅི་རིགས་དག་པའམ་ཉམས་སྨད་པར་བྱས་ཤིང་། འཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབས་པའི་མཐུས་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། ཆུ་ལུད་དྲོད་གཤེར་འཛོམ་པ་ལ་ས་བོན་ཐེབས་པ་ལྟར་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུད་འགྱུར་བའི་ཁྱད་པར་ནི་དབང་ཐོབ་པ་སྟེ། དེ་ཡང་བསྐུར་བྱ་ཕྱིའི་དབང་ཕན་པའམ་རིག་པའི་དབང་ལྔ་དང་། ནུས་དབང་དམ་ཚིག་གསུམ་བྱིན་ཞིང་དེའི་བྱེད་ལས་འཆད་པའི་:སྣང་གནང་བ་སྟེར་བ་རྡོ་རྗེ་སློབ་དཔོན་གྱི་དབང་དང་། དེ་དང་རྗེས་འབྲེལ་དུ་ནང་དབང་སྣང་གྲག་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱོང་བ་སྐུ་གསུང་ཐུགས་དབང་རྣམས་ཏེ། སྤྲོས་བཅས་བུམ་དབང་བསྐུར་བས་དབང་དོན་གྱི་ཡེ་ཤེས་ཡུལ་སྣང་སྟོང་ཟུང་འཇུག་ཏུ་འཆར་བའི་ཉམས་སྐྱེ་བ་ཡིན་ནོ། །དབང་ཆོག་ལས། གང་ཞིག་རིམ་པ་གཉིས་པའི་ལམ༔ གུས་པས་དོན་དུ་གཉེར་བ་ལ༔ ཟབ་མོའི་དབང་གི་སྨིན་བྱེད་བཀའ༔ གཞན་དུ་འབྱུང་བ་བཞིན་དུ་བསྐུར༔ ཞེས་གསུངས་པ་ལྟར་རྫོགས་རིམ་དོན་དུ་གཉེར་བའི་གང་ཟག་ལ་སྤྲོས་མེད་མཆོག་དབང་གསུམ་བསྐུར་བས། དབང་དོན་གྱི་ཡེ་ཤེས་རིམ་པར་སེམས་གསལ་སྟོང་ཟུང་འཇུག་བརྗོད་བྲལ་དུ་རྟོགས་པ་གསང་དབང་གི་ཞུ་བདེའི་རྐྱེན་གྱིས་རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས་པ་ཤེར་དབང་གི བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་དབྱེར་མེད་བདེ་བ་ཆེན་པོ་མཆོག་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དབང་བཞི་པའི་ཡེ་ཤེས་ཏེ། དེ་ལྟར་དབང་བཞི་ཐོབ་པས་ཐིག་ལེ་བཞི་དང་གནས་སྐབས་བཞིའི་སྒྲིབ་པ་དག བསྐྱེད་རྫོགས་ཀྱི་ལམ་བཞི་ཉན་སྒོམ་བྱེད་པ་ལ་དབང་ཞིང་། འབྲས་བུ་སྐུ་བཞིའི་རྟེན་འབྲེལ་འགྲིག་པའོ། །སྙིང་པོ་དོན་གྱི་གཏོར་དབང་ནི། ཁྲིད་ཀྱི་ངོ་སྤྲོད་ཀྱི་སྔོན་དུ་བསྐུར་ཏེ་བྱིན་ཕེབས་པའི་མཚན་མ་གསུམ་ཤར་རིམ་དང་སྦྱར་ནས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་རང་བྱུང་གི་ཡེ་ཤེས་བཙན་ཐབས་སུ་ངོ་སྤྲད་ན་ལེགས་པར་འགྱུར་ཞིང་། གནས་སྐབས་

p. 34

གཞན་དུ་ཡང་བཀག་པ་མེད་དོ། །དེ་ཡང་དབང་གི་ཆོ་གའི་གོ་དོན་རགས་ཙམ་སྒྲུབ་ཐབས་རྣམ་ངེས་སུ་ཡང་བཤད་ཅིང་། རྒྱས་པ་ལ་མོས་ན་རྗེ་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་རྒྱལ་བའི་རྒྱལ་ཚབ་མཆོག་གིས་མཛད་པའི་དབང་གི་རྣམ་བཤད་ལས་ཤེས་པར་བྱའོ། །དབང་དེ་དག་ཀྱང་སྦྱང་གཞི་དང་བསྟུན་ན། བར་དོའི་རྣམ་ཤེས་སློབ་མ། མའི་མངལ་དཀྱིལ་འཁོར། ཕ་སློབ་དཔོན། མངལ་དུ་ལུས་གྲུབ་པའི་རིམ་པས་དཀྱིལ་འཁོར་དུ་འཇུག་པ་བྱས་ཏེ། བྱིས་པ་དང་མཐུན་པར་དབང་བསྐུར་བ་ནི། ལུས་འཁྲུད་པ་ཆུ་དབང་། གཙུག་ཕུད་འཇོག་ཅིང་རྣ་བ་འབིགས་པ་ཅོད་པན་དང་དར་དཔྱངས། སྨྲ་བ་སློབ་པ་སོགས་སྤྱོད་པ་དག་པར་བྱེད་པ་རྡོར་དྲིལ་མིང་འདོགས་པ་མིང་དབང་། རང་རིགས་སུ་སྟོན་ཅིང་བྱ་བ་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་དབང་། སྒོ་གསུམ་གྱི་བློ་གྲོས་ནར་སོན་པ་སྐུ་གསུང་ཐུགས་དབང་། ཆུང་མ་བྱིན་པ་གསང་དབང་། སྙོམས་འཇུག་གི་བདེ་བ་ཉམས་སུ་མྱོང་བ་ཤེར་དབང་། འཆི་བ་སོགས་སེམས་མེད་པའི་གནས་སྐབས་དབང་བཞི་པ་སྟེ། བརྟག་གཉིས་འགྲེལ་པར། བྱིས་པ་སྐྱེས་ལ་མ་རྣམས་ནི། །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །ཅེས་སོགས་གསུངས་པ་ལྟར་རོ། །གཉིས་པ་དམ་ཚིག་བསྐྱང་ཚུལ་ནི། དབང་བསྐུར་བ་ཉིད་ཀྱིས་དམ་ཚིག་དང་སྡོམ་པ་ཐོབ་པ་ཡིན་པས་དེ་ཉིད་ལེགས་པར་བསྐྱང་དགོས་ཏེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་འཐོབ་འགྱུར། །ཞེས་སོ། །དེ་ལ་དམ་ཚིག་གི་ངོ་བོ། ངེས་ཚིག དབྱེ་བའོ། །དང་པོ་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །གཉིས་པ་ནི། ས་མ་ཡའི་སྒྲ་ལས་ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་སྟེ། བསྲུངས་ན་སྔགས་ཀྱི་བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་ཞིང་། མ་བསྲུངས་

p. 35

ན་བསླབ་པ་ཐམས་ཅད་དོན་མེད་དུ་འགྱུར་བས་ཁེ་ཉེན་དང་བཅས་པའི་ཕྱིར། དེ་ལྟར་ཡང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །གསུམ་པ་ནི། བདེ་འདུས་ཞི་རྒྱུད་ལས། སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བ་གཟུང་བྱ་སྟེ། །ཞེས་པས་སྤྱིའི་དམ་ཚིག ཁྱད་པར་གྱི་དམ་ཚིག ལྷག་པའི་དམ་ཚིག་དང་གསུམ། དང་པོ་ནི། སོ་བྱང་གི་རྒྱུད་ཀྱི་སྡོམ་པའི་བསྲུང་མཚམས་སུ་གྲགས་པ་རྣམས་ཏེ། དེ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ནི། དབང་ཆོག་ཏུ། བདེ་གཤེགས་རིགས་ལྔའི་སྡོམ་པ་དང༔ ཤེས་དང་མི་སྤང་སྤྱད་བྱ་དང༔ དང་དུ་བླང་དང་བསྒྲུབ་བྱ་བ༔ ཉི་ཤུ་རྩ་བརྒྱད་ཁྱད་པར་དུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ སྡོམ་པ་མ་ལུས་ཡོངས་བཟུང་སྟེ༔ ཞེས་པས་བསྒྲུབ་བྱ་རིགས་ལྔའི་དམ་ཚིག་དང་། རྩ་བ་དང་ཡན་ལག་གིས་བསྡུས་པ་བསྒྲུབ་དང་བསྲུང་བའི་དམ་ཚིག་གོ ། དང་པོ་ལ་ཐུན་ཁྱད་གཉིས་ལས། ཐུན་མོང་བ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་སོགས་སྤྱིར་གྲགས་པ་རྣམས་ཏེ། དེ་ལའང་ཕྱི་ནང་གི་བཤད་ཚུལ་གཉིས་ལས། འདིར་གཙོ་བོར་ནང་ལྟར་སྦས་དོན་རྫོགས་རིམ་དང་སྦྱར་ཏེ་བཤད་པ་ལྟར་བཟུང་ངོ་། ཁྱད་པར་བ་ནི། སྲོག་གཅོད་པ་ལ་སོགས་པ་སྟེ། བསྐྱེད་རིམ་ལ་གནས་པས་གཞན་དོན་དུ་འགྱུར་ན་སྒྲ་ཇི་བཞིན་པར་ཡང་སྤྱོད་ལ། རྫོགས་རིམ་ལ་གནས་པས་རོ་རྐྱང་གི་རླུང་དྷཱུ་ཏིར་འགོག་པ་ནི་སྲོག་གཅོད་པ་སྟེ་མི་བསྐྱོད་པའི་དམ་ཚིག ཕྱག་རྒྱའི་སྟོབས་ལས་གཉིས་མེད་ཀྱི་ཡེ་ཤེས་ཐོབ་པ་མ་བྱིན་པར་ལེན་པ་སྟེ་རིན་འབྱུང་གི ཆོས་ཉིད་དེ་བཞིན་ཉིད་ལ་སྤྱོད་པ་ནི་བུད་མེད་བསྟེན་པ་སྟེ་སྣང་མཐའི། མེད་སྣང་འཁོར་བ་ལས་འགྲོ་བ་བསྒྲལ་བར་བྱའོ། །ཞེས་པ་རྫུན་སྨྲ་བ་སྟེ་དོན་གྲུབ་ཀྱི། ཤ་ལྔ་ནི་དབང་པོ་ལྔའི་དྭངས་མ་དང་བདུད་རྩི་ལྔ་ནི་འབྱུང་ལྔའི་དྭངས་མ་སྟེ། བཅུ་པོ་འཆིང་ཞིང་། ཆང་འཐུང་བ་ནི་ཡས་འབབ་ཀྱི་ཞུ་བདེ་འཛག་མེད་དུ་བྱེད་པ་དང་། ཡུལ་ཀུན་བརྟེན་པ་བཤང་གཅི་ཁུ་བའི་དྭངས་མ་ལྟེ་བར་ལུགས་ལྡོག་ཏུ་བརྟན་པ་སྟེ་

p. 36

རྣམ་སྣང་གི་དམ་ཚིག་གོ ། གཉིས་པ་ལ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལས། དང་པོ་ནི། སྤྱི་མདོར། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་། ཞེས་པས་བླ་མ་བཀུར་བ་དང་མཆེད་ལ་བྱམས་པ་སྐུའི་དམ་ཚིག སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་གསུང་གི་དམ་ཚིག གསང་བ་མི་སྨྲ་ཞིང་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྤང་བ་ཐུགས་ཀྱི་དམ་ཚིག་སྟེ། གསང་སྙིང་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་གསུངས་ཤིང་། ངེས་དོན་གདོད་ནས་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་རྡོ་རྗེའི་བདག་ཉིད་དུ་རྣམ་པར་དག་པ་མཉམ་པ་ཆེན་པོའི་དམ་ཚིག་སྟེ། དེ་ཉིད་ཤེས་འཇུག་གིས་རྟོགས་ཤིང་གོམས་པར་བྱེད་པའོ། །གཉིས་པ་ལ་ལྔ་ཚན་ལྔ་སྟེ་འདི་དག་ཀྱང་སྦས་དོན་རྫོགས་རིམ་ལྟར་བཤད་ན། སྤྱད་བྱ་ལྔ་ནི། གཟུང་འཛིན་རྟོག་པའི་སྲོག་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་པ་ནི་སྲོག་གཅོད་པ། བཙུན་མོའི་ཤུ་ཀྲ་མ་བྱིན་པར་ལེན་པ། ཞུ་བདེའི་ཡེ་ཤེས་སྒྲུབ་པ་འདོད་སྤྱོད། འཁོར་བ་ལས་འགྲོ་བ་སྒྲོལ་བའི་རྫུན་ཚིག བརྗོད་མེད་ཀྱི་དོན་རྟོགས་པས་གབ་སྦས་མེད་པར་སྨྲ་བའི་བརླང་ཚིག་རྣམས་སོ། །མི་སྤང་བ་ལྔ་ནི། གཉིས་མེད་ཀྱི་ལྟ་སྤྱོད་ལ་འབྱེད་པ་མེད་པའི་གཏི་མུག དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་ཀྱི་ལྟ་བ་རྟོགས་པའི་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་སོ། །དང་དུ་བླང་བ་ལྔ་ནི། བདུད་རྩི་ལྔ་སྟེ་ཕུང་ལྔའི་དྭངས་མ་འཛག་མེད་དུ་འཆིང་བའོ། །ཤེས་པར་བྱ་བ་ལྔ་ནི། ཕུང་ཁམས་རྣམ་ཤེས་དང་བཅས་པ་སྐུ་ལྔ་ཡེ་ཤེས་ལྔར་ཤེས་རབ་ཀྱིས་གཏན་ལ་འབེབས་པའོ། །བསྒྲུབ་པར་བྱ་བ་ལྔ་ནི། ཤེས་བྱའི་དམ་ཚིག་ལྔ་པོ་རྟོགས་གོམས་ཀྱིས་རང་རྒྱུད་ལ་སྒྲུབ་པར་བྱེད་པའོ། །

p. 37

གསུམ་པ་ལྷག་པའི་དམ་ཚིག་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བྱ་ལྷག་པར་བསྟན་པའི་དམ་ཚིག་རྣམས་ཏེ། རྒྱས་པར་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པར་བཤད་པ་བཞིན་ཤེས་པར་བྱའོ། །གསུམ་པ་སྣོད་དེར་བླུག་པ་བཅུད་ཀྱི་རང་བཞིན་ལམ་རིམ་པ་གཉིས་ཀྱི་རྣམ་བཞག་བཤད་པ་ལས། གོ་དོན་སྤྱིར་བསྟན་པ་དང་། རྫོགས་རིམ་རྡོ་རྗེ་གསུམ་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ། ངེས་ཚིག དབྱེ་བའོ། །དང་པོ་ནི། སྤྱིར་མདོ་སྔགས་ཀྱི་ལམ་ཀུན་གཞི་སྤོང་བ་དང་བསྒྱུར་བ་གཉིས་སུ་འདུས་པ་ལས་གསང་སྔགས་བླ་ན་མེད་པའི་སྐབས་འདིར་སྨིན་གྲོལ་གཉིས་ཀྱི་ཟླས་ཕྱེ་བའི་གྲོལ་བྱེད་ལམ་གྱི་ངོ་བོ་དེ་གང་ཞེ་ན། གཞི་བསྒྱུར་བའི་ལམ་ཁྱད་པར་ཅན་ལ་འཇོག་སྟེ། སྦྱང་གཞི་ཀུན་ཁྱབ་ཆོས་ཉིད་བདེ་བར་གཤེགས་པ་སྙིང་པོ་དེ་སྒྲིབ་བྱེད་དུ་གྱུར་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་འཁྲུལ་པའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་བསྒྱུར་ཏེ་བསྒོམས་པས་སྒྲིབ་པའི་བག་ཆགས་རང་ཟད་པའི་ཚེ་ཆོས་ཉིད་མི་འགྱུར་བའི་བདེ་བ་རྣམ་པ་ཐམས་ཅད་དེ་འཐོབ་པར་འགྱུར་བའི་ཕྱིར་ན། ཉོན་མོངས་ལམ་བྱེད་ཀྱི་གནད་མཐར་ཐུག་པས་གཞི་སྒྲིབ་བྲལ་དུ་བྱེད་པའི་ཐབས་མཆོག་ཁྱད་པར་ཅན་དུ་གྲུབ་པ་ཡིན་ནོ། །དེ་ལའང་རང་འབྲས་དངོས་གྲུབ་སྒྲུབ་ཚུལ་གྱི་དབྱེ་བས་ལམ་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་གྱི་ངོ་བོ་ནི། རྗེས་དཔག་གི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད། ཞུ་བདེ་དང་མཚུངས་ལྡན་དུ་གྱུར་ཏེ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་། དེ་ཡང་ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུལ་ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱལ་བས་སྔགས་རྒྱུད་ལས་གསུངས་པའི་སྐྱེད་ཆོག་གི་རིམ་པ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་དང་སྟོང་ཉིད་ཀྱིས་རྒྱས་བཏབ་པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ་ཁྱད་ཆོས་བཞི་ལྡན་ནོ། །རྫོགས་རིམ་གྱི་ངོ་བོ་ནི་མངོན་སུམ་པའི་ལྷའི་རྣལ་འབྱོར་ཏེ། མཚན་ཉིད། ཞུ་བདེ་དང་མཚུངས་ལྡན་དུ་

p. 38

གྱུར་པའི་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པ་རྒྱུའི་རྫོགས་རིམ་དང་། དེ་བརྟན་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་གཞི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཁྱད་ཆོས་རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད། རྣམ་པའི་ཁྱད་པར་བདེ་བ་ཆེན་པོ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ་ཁྱད་པར་གསུམ་ལྡན་ནོ། །གཉིས་པ་ནི། རིམ་གཉིས་ཀྱི་སྐད་དོད་དུ་བསྐྱེད་རིམ་ལ་ཨུཏྤཏྟི་ཀྲ་མ་དང་། རྫོགས་རིམ་ལ་ནིཥྤནྣ་ཀྲ་མ་ཞེས་འབྱུང་བས། ཨུཏྤཏྟི་ནི་བསྐྱེད་པ་སྟེ་གསར་དུ་བཅོས་པའི་དོན་དང་། ནིཥྤནྣ་ནི་རྫོགས་པ་སྟེ། རྩོལ་མེད་ཤུགས་འབྱུང་གི་དོན་ཡིན་ལ་དེ་གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ལམ་གྱི་གོ་རིམ་མམ་ཐབས་ཡིན་པའི་དོན་ནོ། །གསུམ་པ་ནི། ལམ་གྱི་ངོ་བོའི་སྒོ་ནས་དབྱེ་ན། རྣམ་པར་རྟོག་པས་བསྐྱེད་པའི་དོན་དང་། རང་བྱུང་དུ་ཤར་བའི་དོན་གྱིས་བསྐྱེད་རྫོགས་གཉིས་ཏེ། སྙིང་པོའི་རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་སོ། །སྦྱང་བྱ་སྦྱོང་བྱེད་ལ་ལྟོས་ནས་དབྱེ་ན། ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་སྦྱར་ཏེ་བསྐྱེད་རིམ་ཀུན་རྫོབ་བདེན་པའི་རྣལ་འབྱོར་དང་། དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་དོན་དམ་བདེན་པའི་རྣལ་འབྱོར་ཞེས་བྱ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་སོ། །སྔོན་འགྲོ་དངོས་གཞིའམ་རྟེན་དང་བརྟེན་པའི་སྒོ་ནས་དབྱེ་ན། གནས་ལུགས་ཀྱི་ལམ་ལ་འཇུག་པའི་སྔོན་དུ་རྒྱུད་སྦྱོང་བའི་ཕྱིར་བསྐྱེད་རིམ་ལམ་གྱི་སྔོན་འགྲོར་སྦྱར་ཞིང་། རྒྱུད་བྱང་ནས་གནས་ལུགས་དངོས་བསྒོམ་པའི་ཕྱིར་རྫོགས་རིམ་ལམ་གྱི་དངོས་གཞི་ཡིན་པའི་རིམ་པའམ། ཡེ་ཤེས་ཀྱི་ཚོགས་ཀྱིས་གཞི་འདིང་བ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སྐྱེ་བའི་གེགས་བསལ་

p. 39

བའི་རྒྱུར་ཡང་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རིམ་པ་གོམས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ལྟར་ཡང་རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོགས་བག་ཆགས་ཀྱིས་བཅིངས་པ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་གསུངས་ཤིང་། དེས་གོ་རིམ་གྱི་ངེས་པ་འགྲུབ་པའང་དཔེས་བསྟན་ཏེ། དེ་ལས། དང་པོར་རེ་ཞིག་ཞིང་དག་ཕྱིར། །ཁྲེ་ཚེ་རྣམས་ནི་བཏབ་པར་གྱུར། །ཕྱིས་ནས་དག་པའི་ཞིང་ལ་ནི། །ས་ལུའི་འབྲས་ནི་འདེབས་པའོ། །ཞེས་གསུངས་པའི་ཕྱིར་དང་། རིམ་ལྔ་ལས་ཀྱང་། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །རིམ་པ་གཉིས་དགོས་པའི་སྒོ་ནས་དབྱེ་ན། སྣོད་བཅུད་ཐ་མལ་དུ་འཛིན་པ་སྤོང་ཞིང་ལམ་མ་དག་པ་བདུན་དང་འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་འགྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་ནི་བསྐྱེད་རིམ་དང་། འཕོ་བའི་བག་ཆགས་ཀྱི་དྲི་མ་སྤོང་ཞིང་། ལམ་དག་པ་ས་གསུམ་དང་འབྲས་བུ་ལྷན་ཅིག་སྐྱེས་སྐུའི་རྟེན་འབྲེལ་སྒྲིག་པའི་ཕྱིར་དང་། ཁྱད་པར་རང་གི་དངོས་འབྲས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་རྫོགས་རིམ་གྱི་དགོས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་སོ། །ཇི་ལྟར་སྒོམ་ཚུལ་གྱི་སྒོ་ནས་དབྱེ་ན། སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ནས་བསྐྱེད་རིམ་བསྒོམ་ཚུལ་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་སོ། །རྫོགས་རིམ་ནི། རང་བྱིན་བརླབ་པའི་རིམ་པ་རྩ་རླུང་སེམས་གསུམ་ལ་བརྟེན་པ་དང་། དེ་དག་གི་རྒྱས་གདབ་ཏུ་གྱུར་པ་བརྗོད་མིན་ལྷན་ཅིག་སྐྱེས་པའི་རིམ་པ་ཕྱག་རྫོགས་ཀྱི་རྣལ་འབྱོར་རྣམས་ཏེ་སྤྲོས་པས་ཆོག་གོ །

p. 40

གཉིས་པ་རྫོགས་རིམ་རྡོ་རྗེ་གསུམ་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། ལམ་གྱི་ངོ་བོ། མཚན་གྱི་རྣམ་གྲངས། བླ་མེད་ཀྱི་རྫོགས་རིམ་ཟབ་མོའི་ལམ་གྱི་གནད་ཀུན་འདིར་འདུས་ཚུལ་ལོ། །དང་པོ་ནི། གཞིའི་ཆོས་ཉིད་དང་། འབྲས་བུའི་ཡེ་ཤེས་གཉིས་ཀ་ཟུང་འཇུག་གི་ངོ་བོ་ཡིན་པའི་ཕྱིར། དེ་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་བ་ཅན་དུ་གྱུར་པའི་ཐབས་སམ་ལམ་ཡང་ཟུང་འཇུག་གི་མཚན་ཉིད་ཅན་ཡིན་དགོས་པས་ན། ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ནི། ཟུང་འཇུག་གི་ལམ་སྟེ། གང་དང་གང་ཟུང་དུ་འཇུག་ན། ཐབས་མི་འགྱུར་བའི་བདེ་ཆེན་ནམ་འོད་གསལ་ལམ་སྙིང་རྗེ་ཆེན་པོ་དང་། ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྐུའམ་སྟོང་པ་ཉིད་དམ་སྒྱུ་ལུས་ཏེ། དེས་ན་སྙིང་རྗེ་དང་སྟོང་ཉིད་དམ། འོད་གསལ་དང་སྒྱུ་ལུས་སམ། མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་དང་རྣམ་ཀུན་མཆོག་ལྡན་གྱི་སྐུ་ཟུང་དུ་འཇུག་པའི་བདག་ཉིད་དོ། །དེ་ལྟར་ཡང་གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལྟར་རོ། །དེ་ལ་མི་འགྱུར་བའི་བདེ་ཆེན་ནི། ཆོས་དབྱིངས་རང་བཞིན་འགྱུར་མེད་དང་། རྟེན་ཐིག་ལེ་འཛག་མེད་གཉིས་ངོ་བོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བའི་དབྱིངས་རང་རིག་པའི་རྣམ་པ་ཅན་དེ་ཡིན་ལ། དེས་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་ཀྱང་སྤྲོས་བྲལ་གྱི་རྒྱ་ལས་འདས་པས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ཞེས་བྱ་ཞིང་། རྣམ་ཀུན་མཆོག་ལྡན་གྱི་སྐུ་ནི་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བའི་དབྱིངས་དེ་ཉིད་དཀྱིལ་འཁོར་གྱི་འཁོརལོའི་སྣང་བ་རབ་འབྱམས་སུ་འཆར་བས་རྣམ་པ་ཐམས་ཅད་པ་སྟེ། གདོད་མའི་གཤིས་ཡེ་ཤེས་སམ་ཆོས་ཉིད་ཀྱི་སྣང་བའོ། །དེ་ཡང་ཟུང་འཇུག་གི་ཡེ་ཤེས་ལ་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང་། རྣལ་འབྱོར་པས་རྟོགས་ཚུལ་གྱི་དབང་དུ་བྱས་ན། རྡོ་རྗེ་རྣལ་འབྱོར་དང་པོ་གཉིས་དང་། ཐུགས་རྡོ་རྗེའི་ཕྱེད་སྔ་མ་རྣམས་ཀྱིས་རྣམ་པ་ཐམས་ཅད་པའི་མཚན་ཉིད་རྟོགས་ནའང་མི་འགྱུར་བའི་བདེ་བའི་ཆ་ནས་མ་རྟོགས་ལ། ཕྱེད་ཕྱི་

p. 41

མ་ཕན་ཆད་དེ་ཡང་རྟོགས་པའི་ཕྱིར། སྟོང་ཉིད་རྟོགས་པའི་ལམ་ལས་བདེ་བ་ཆེན་པོ་རྟོགས་པའི་ལམ་འབྱུང་བ་ཡིན་ནོ། །གཉིས་པ་ནི། རྡོ་རྗེ་གསུམ་གྱི་རྣལ་འབྱོར་འདི་ལ་རྫོགས་པའི་རིམ་པ་ཞེས་བྱ་སྟེ། རྫོགས་པ་ནི་ཡེ་ཤེས་ཀྱི་སྐུའི་མིང་ཅན་ཟུང་འཇུག་གི་ལྷའི་སྐུ་ཡིན་ལ། དེ་སྒྲུབ་བྱེད་ཀྱི་ཐབས་ལམ་གྱི་རྣལ་འབྱོར་ལ་རིམ་པ་ཞེས་བྱ་སྟེ། རྣལ་འབྱོར་དེ་ཡང་ལྷན་ཅིག་སྐྱེས་པ། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ་སྟེ་ཁྱད་པར་གསུམ་ལྡན་ནོ། །དེ་ལ་རྣམ་པར་མི་རྟོག་པས་ནི་བསྐྱེད་རིམ་དང་དེའི་ཕྱོགས་སུ་གྱུར་པའི་རྟོག་པ་དེ་གོམས་པའི་མཚན་མ་སོགས་ཐམས་ཅད་གཅོད། ལྷན་ཅིག་སྐྱེས་པས་ནི་རྟོག་པ་མེད་དུ་ཟིན་ཀྱང་སྣང་བ་ཤིན་ཏུ་ནུབ་པར་གྱུར་པ་བརྒྱལ་བ་ལྟ་བུའི་གནས་སྐབས་ཀྱི་སེམས་སོགས་དང་ཉན་ཐོས་ཀྱི་འགོག་པའི་ཏིང་འཛིན་སོགས་གཅོད། རྣམ་པ་ཐམས་ཅད་པས་ནི་སྣང་བ་ཅི་ཡང་མེད་ཅིང་རིག་ཙམ་གྱི་ངོ་བོ་ལ་གནས་པའི་ཏིང་ངེ་འཛིན་རྫོགས་རིམ་ཡིན་པས་གཅོད་དོ། །དེ་ལྟ་བས་ན་གཟུང་འཛིན་གྱི་སྣང་བ་འགགས་པའི་ཚེ་སྣང་བ་ཅི་ཡང་མེད་པའི་སྟོང་ཉིད་དུ་འགྲོ་འགྲོ་འདྲ་ཡང་མི་འགྲོ་བར་ཡེ་ཤེས་སྣང་བ་མ་འགགས་པར་འཆར་བ་ནི་རྣམ་པ་ཐམས་ཅད་པའོ། །དེ་ལ་རྫོགས་རིམ་འདིར་རབ་དབྱེ་ནི་རིམ་པ་གསུམ་ཡིན་པ་ལས། རྩ་རླུང་ཐིག་གསུམ་དག་བྱེད་ཀྱི་ལམ་ཡིན་པས། གནས་པ་རྩ། གཡོ་བ་རླུང་། བཀོད་པ་ཐིག་ལེའི་རྣལ་འབྱོར་ཞེས་བྱ་སྟེ། སྐུ་རྡོ་རྗེའི་རྣལ་འབྱོར་ནི་རྩ་ལམ་སྦྱོང་པའི་མཆོག་ཡིན་པས་གནས་པ་རྩའི་རྣལ་འབྱོར་དང་། གསུང་རྡོ་རྗེ་ནི་ཉི་ཟླའི་རླུང་འགོག་བྱེད་ཡིན་པས་གཡོ་བ་རླུང་གི་རྣལ་འབྱོར་དང་། ཐུགས་རྡོ་རྗེ་ནི་ཞུ་བ་དང་མི་འགྱུར་བའི་ཐིག་ལེའི་ལམ་ཡིན་པས་བཀོད་པ་ཐིག་ལེའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །མི་ཤིགས་པ་གསུམ་ཞེས་ཀྱང་བྱ་སྟེ། རིམ་པ་གསུམ་པོ་དེས་དོན་དམ་པ་མི་ཤིགས་པའི་རྩ་རླུང་ཐིག་གསུམ་རྟོགས་པར་བྱེད་པའི་ཐབས་ཡིན་པའི་ཕྱིར་དང་། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། རིམ་པ་དང་པོས་སྐུ་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་སྟོང་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར། རིམ་པ་གཉིས་པས་གསུང་རྡོ་རྗེ་སྒྲུབ་པའི་ཐབས་

p. 42

ཀྱི་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ནི་གཞོམ་མེད་ནཱ་དའི་སྒྲ་ཉིད་སྒྲ་སྐད་ཐམས་ཅད་དུ་འཆར་བ་ཡིན་པའི་ཕྱིར། རིམ་པ་གསུམ་པས་ཐུགས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ནི་སྟོང་ཉིད་རྣམ་པ་ཐམས་ཅད་པ་དང་མི་འགྱུར་བའི་དོན་དམ་པའི་བདེ་ཆེན་གཉིས་ཟུང་དུ་འཇུག་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཕ་རྒྱུད་ཀྱི་གདམས་པ་རིམ་ལྔ་དང་སྦྱར་ན། སྐུ་རྡོ་རྗེ་རྣལ་འབྱོར་ནི་ལུས་དབེན་ཏེ། བདེ་སྟོང་ཕྲ་མོའི་མཐུ་ལས་མ་བརྟགས་པར་ཤར་བའི་ལྷ་སྐུ་ཡིན་པའི་ཕྱིར། གསུང་རྡོ་རྗེའི་ཕྱེད་སྔ་མ་ནི་ངག་དབེན་ཏེ། རྡོ་རྗེ་བཟླས་པས་རླུང་སྦྱོང་བར་བྱེད་པའི་ཕྱིར། ཕྱེད་ཕྱི་མ་ནི་སེམས་དབེན་ཏེ། ཁམས་ལྔའི་ཐིམ་རིམ་ཆེ་ཤོས་དང་མཉམ་བཞག་ཏུ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་ཐིམ་ཞིང་སྣང་གསུམ་གྱི་ཡེ་ཤེས་གསལ་བ་ཐོག་མར་ཐོབ་པའི་སྐབས་ཡིན་པའི་ཕྱིར་རོ། །ཐུགས་རྡོ་རྗེའི་ཕྱེད་སྔ་མ་ནི་སྒྱུ་ལུས་ཀུན་རྫོབ་བདེན་པའི་རིམ་པ་སྟེ། རླུང་སེམས་ཙམ་གྱིས་ཡེ་ཤེས་ལྷའི་འཁོར་ལོ་ལ་སྤྱོད་པའི་ཕྱིར། ཕྱེད་ཕྱི་མ་ནི་འོད་གསལ་དོན་དམ་བདེན་པའི་རིམ་པ་སྟེ། མངོན་པར་བྱང་ཆུབ་པ་རྒྱུ་དང་བཅས་པ་ཡིན་པའི་ཕྱིར། དེའི་འབྲས་བུ་ནི་ཟུང་འཇུག་གི་རིམ་པ་སྟེ། སློབ་པའི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །མ་རྒྱུད་ཀྱི་གདམས་པ་ཕྱག་རྒྱ་བཞི་དང་སྦྱར་ན། སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་གཉིས་རྩ་དང་རླུང་སྦྱོང་བྱེད་ཡིན་པས་ཕྱི་ལས་ཀྱི་ཕྱག་རྒྱ་དང་ནང་དམ་ཚིག་གི་ཕྱག་རྒྱ་གཏུམ་མོ་གཉིས་ཀྱི་དམིགས་པའི་རིམ་པ་དང་རྣམ་པ་མི་འདྲ་ནའང་ཡེ་ཤེས་སྐྱེ་བའི་གནས་འདྲ་ཞིང་། ཐུགས་རྡོ་རྗེའི་ཕྱེད་སྔ་མ་སྣང་བ་ཆོས་ཀྱི་ཕྱག་རྒྱ་སྒྱུ་ལུས་དང་། ཕྱེད་ཕྱི་མ་ཕྱག་རྒྱ་ཆེན་པོ་འོད་གསལ་འབྲས་བུ་དང་བཅས་པའོ། །རྫོགས་རིམ་ཆོས་དྲུག་གི་དབང་དུ་བྱས་ན། རྨི་ལམ་སྒྱུ་ལུས་ཀྱི་ཡན་ལག་སྟེ་ཐུགས་རྡོ་རྗེའི་མཚན་མོའི་རྣལ་འབྱོར་དང་སྦྱོར་ལ། འཕོ་བ་དང་བར་དོ་གཉིས་ཕྱི་མའི་མཚམས་སྦྱར་ཏེ། དེ་གཉིས་རིམ་བཞིན་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ལས་འཕྲོས་པའི་ཆ་ལག་ཏུ་འགྲོ་ཞིང་། གྲོང་འཇུག་ཀྱང་འཕོ་བའི་བྱེ་བྲག་གོ །ཡང་དྲིལ་བུ་རིམ་ལྔ་དང་སྦྱར་ན། ས་བོན་དང་བཅས་པའི་བདག་བྱིན་བརླབ་པའི་རིམ་པ་ནི་སྐུ་རྡོ་རྗེ། ས་བོན་མེད་པའི་བདག་

p. 43

བྱིན་བརླབ་པ་དང་སྣ་ཚོགས་རྡོ་རྗེའི་རིམ་པ་ནི་གསུང་རྡོ་རྗེ། ནོར་བུ་འགེངས་པ་དང་ཛཱ་ལནྡྷ་རའི་རིམ་པ་ནི་ཐུགས་རྡོ་རྗེ་ཕྱེད་སྔ་མ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པ་ནི་ཐུགས་རྡོ་རྗེའི་ཕྱེད་ཕྱི་མ་འབྲས་བུ་དང་བཅས་པའོ། །སཾ་བྷཱུ་ཊིའི་རྒྱུད་དོན་ནག་པོ་པས་བཀྲལ་བའི་རྫོགས་རིམ་དང་སྦྱར་ན། སྐུ་རྡོ་རྗེ་ནི་རྩ་དག་བྱེད་ཡིན་པས་རྒྱུད་ཀྱི་རིམ་པ་དང་། གསུང་རྡོ་རྗེ་ནི་རླུང་དག་བྱེད་དང་རྫས་ཀྱིས་གཏུམ་མོ་འབར་བའི་ལམ་ཡིན་པས་སྔགས་ཀྱི་རིམ་པ་དང་། ཐུགས་རྡོ་རྗེའི་ཕྱེད་སྔ་མ་ནི་ཞུ་བདེ་བརྟན་བྱེད་ཡིན་པས་ཡེ་ཤེས་ཀྱི་རིམ་པ་དང་། ཕྱེད་ཕྱི་མ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་སྒྲུབ་བྱེད་ཡིན་པས་གསང་བའི་རིམ་པའོ། །མཆོག་གི་དབྱིབས་སྔགས་ཆོས་གསུམ་དག་པ་དང་བཅས་པའི་རྣལ་འབྱོར་དང་སྦྱར་ན། སྐུ་རྡོ་རྗེ་ནི་གཟུགས་བརྙན་སྒྲུབ་པའི་ཐབས་ཡིན་པས་དབྱིབས་ཀྱི་རྣལ་འབྱོར། གསུང་རྡོ་རྗེ་ནི་རླུང་དག་བྱེད་ཡིན་པས་སྔགས་ཀྱི་རྣལ་འབྱོར། ཐུགས་རྡོ་རྗེ་ཕྱེད་སྔ་མ་རྣམ་པ་ཐམས་ཅད་པ་ལ་དམིགས་པའི་བདེ་བ་དང་དེ་ལས་མི་རྟོག་པ་མཐར་ཕྱིན་པའི་སྟོང་ཉིད་རྟོགས་པའི་ཐབས་ཡིན་པས་ཆོས་ཀྱི་རྣལ་འབྱོར། ཕྱེད་ཕྱི་མ་ནི་སྒྲིབ་པ་རྣམས་སྤོང་བའི་ལམ་ཡིན་པས་དག་པའི་རྣལ་འབྱོར་རོ། །སྦྱོར་བ་ཡན་ལག་དྲུག་དང་སྦྱར་ན། སྐུ་རྡོ་རྗེ་ནི་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་སྟེ། སྟོང་གཟུགས་མངོན་དུ་གྱུར་ཅིང་དེ་ལས་བསམ་གཏན་གྱི་ཡན་ལག་ལྔ་སྐྱེ་བའི་ཕྱིར་རོ། །གསུང་རྡོ་རྗེ་ནི་སྲོག་རྩོལ་དང་འཛིན་པའི་ཡན་ལག་སྟེ་གཡས་གཡོན་དང་སྟེང་འོག་གི་རླུང་རོ་གཅིག་ཏུ་བསྲེ་ཞིང་རླུང་སེམས་དབུ་མའི་ཐིག་ལེར་ཐིམ་བྱེད་ཡིན་པའི་ཕྱིར། ཐུགས་རྡོ་རྗེ་ནི་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། བྱང་སེམས་འདུལ་སྦྱོང་གིས་དབང་པོའི་སྒོར་མི་འཛག་ཅིང་འཕོ་མེད་གསུམ་གྱི་ལས་རླུང་འགགས་པའི་རིམ་པས་མི་འགྱུར་བའི་བདེ་བ་འཐོབ་བྱེད་ཡིན་པའི་ཕྱིར་རོ། །དེ་ལྟར་རྫོགས་རིམ་རྡོ་རྗེ་གསུམ་གྱི་རྣམ་གཞག་གི་སྤྱིའི་དོན་མདོ་ཙམ་བཤད་པ་སྟེ་རྒྱས་པར་ནི་འོག་ཏུ་གཞུང་དོན་དངོས་གཞིའི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྣམ་གཞག་ནི། འབྲས་རྒྱུད་ཅེས་རྒྱུ་རྒྱུད་

p. 44

ལས་ངོ་བོ་ཉིད་ཀྱིས་ཐ་དད་པ་མེད་མོད། དེ་ལྟ་ནའང་ལམ་ཚོགས་གཉིས་ཀྱི་སྒྲུབ་པ་མཐར་ཕྱིན་པས། རྒྱུ་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བ་མཐར་ཐུག་པ་ན་འབྲས་བུའི་རྒྱུད་དུ་བཞག་སྟེ། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་གཅིག་ཉིད། སེམས་ཅན་རྣམས་ལ་རྒྱུའི་སངས་རྒྱས་སུ་སོང་ཞིང་། གློ་བུར་གྱི་དྲི་མ་རང་བསངས་ཀྱིས་སེམས་ཅན་རྣམས་གདོད་མའི་ཡེ་ཤེས་སུ་ཐིམ་པས་འབྲས་བུའི་སངས་རྒྱས་དག་པ་གཉིས་ལྡན་དུ་སོང་བ་ན་སངས་རྒྱས་ཐོབ་བོ་ཞེས་པའི་ཐ་སྙད་བཏགས་ལ། འབྲས་རྒྱུད་དེའི་ཁྱད་ཆོས་སྐུ་གསུམ་དང་ཡེ་ཤེས་ལྔ་ལ་སོགས་པ་ནི་གཞུང་དོན་དངོས་ཀྱི་འབྲས་བུའི་སྐབས་སུ་འཆད་པར་འགྱུར་བས་འདིར་མ་སྤྲོས་སོ། །༈ གཉིས་པ་གཞུང་གི་དོན་དངོས་བཤད་པ་ནི། དེ་ལ་རྣམ་པ་གསུམ་ཡིན་ཏེ༔ ཞེས་པས་རྡོ་རྗེ་རྣལ་འབྱོར་གྱི་ཐབས་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་འཁྲིད་པའི་རིམ་པ་དེ་ལ་དོན་རྣམ་པ་གསུམ་ཡིན་ཏེ། སྔོན་འགྲོ་རྒྱུད་སྦྱོང་བའི་རིམ་པས་ཟབ་ལམ་སྒོམ་པའི་སྣོད་རུང་དུ་འཁྲིད་པ། དངོས་གཞི་སྒོམ་པའི་རིམ་པས་ཟབ་མོའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་འཁྲིད་པ། རྗེས་ཉམས་རྟོགས་སྐྱེས་པ་བསྐྱང་བའི་ཐབས་ཀྱིས་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་འཁྲིད་པའོ། །དང་པོ་ལ་གཉིས་ལས། ཐུན་ལ་འཇུག་པའི་སྔོན་འགྲོ་ནི། དབེན་པར་སྟན་བདེ་བ་ལ་ལུས་བསྲང་ཞིང་སེམས་རྣལ་དུ་ཕབ་ལ། ནད་གདོན་སྡིག་སྒྲིབ་དག་པར་བསམས་ནས་རླུང་རོ་བསལ་བ་དང་། སེམས་བསྐྱེད་གསལ་གདབ་ཅིང་། བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་འདེབས་པ་རྣམས་ཐུན་སྒོམ་རེས་བཞིན་འགོ་འཛིན་གྱི་ཚུལ་དུ་གཏོང་སྟེ། དེ་གསུམ་གྱིས་རིམ་པར་བཅུད་བཟང་པོ་བླུག་པའི་སྔ་ལོགས་སུ་སྣོད་འཁྲུད་པ་དང་། སྦྱོར་བ་དག་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་སྔོན་དུ་འགྲོ་བས་མོས་གུས་ཀྱིས་ལམ་སྣ་འཁྲིད་པར་བྱེད་པའི་དོན་ནོ། །གཉིས་པ་ལམ་གྱི་སྣོད་རུང་དུ་སྒྲུབ་པའི་སྔོན་འགྲོ་དངོས་ལ། སྤྱི་དང་ཁྱད་པར་གྱི་སྔོན་འགྲོ་གཉིས། དང་པོ་ལའང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་

p. 45

གི་སྔོན་འགྲོ་ལའང་གསུམ་སྟེ། ངེས་འབྱུང་གི་བློ་བཅོས་པ། ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའོ། །དང་པོ་ནི། དང་པོ་དལ་འབྱོར་རྙེད་དཀའ་དང་༔ མི་རྟག་འཆི་བ་ནན་ཏན་བསྒོམ༔ དཀར་ནག་ལས་ཀྱི་འབྲས་བུ་དང༔ འཁོར་བའི་ཉེས་དམིགས་དག་ལ་བསམ༔ ཞེས་པས་བློ་ཆོས་ལ་བསྐུལ་བའི་ཕྱིར་དང་པོ་ཉིད་དུ་འདི་ལྟར་བསམ་པར་བྱ་སྟེ། བདག་མི་ཁོམ་པ་བརྒྱད་དུ་མ་སྐྱེས་པས་དལ་བ་བརྒྱད་ལེགས་པར་ཐོབ་ཅིང་། དེའི་ཁྱད་པར་གྱི་ཆོས་འབྱོར་པ་བཅུ་དང་ལྡན་པའི་རྟེན་ཕུན་སུམ་ཚོགས་པ་འདི་ནི་ཤིན་ཏུ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་ལ་བསམས་ནས་སྤྲོ་དགའ་དང་བཅས་པས་དམ་པའི་ཆོས་ལ་འབད་དགོས་པར་འདུག དེ་ཡང་སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་ཁྱད་པར་སྐྱེས་བུའི་ཚེ་མི་རྟག་པས་ནམ་འཆི་ཆ་མེད་པའི་སྐྱོ་ཤས་དྲག་པོས་འཆི་བའི་ཚུལ་ནན་ཏན་ཏུ་བསྒོམ་པའི་སྒོ་ནས་ཚེ་འདིའི་སྤྱོད་ཡུལ་ལ་མི་ཆགས་པར་ད་ལྟ་ཉིད་དུ་ཆོས་བསྒྲུབ་པར་བྱའོ་སྙམ་དུ་བློ་ཐག་བཅད། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་དགྲ་གཉེན་གནས་ལུས་དབང་ཐང་སོགས་གང་ཡང་རྗེས་སུ་མི་འབྲང་བས་ཕན་གནོད་ཅི་ཡང་མེད། དེའི་ཚེ་ངེས་པར་རྗེས་སུ་འབྲང་བ་ནི་དཀར་ནག་གི་ལས་གཉིས་ཡིན་པས་རྒྱུ་དགེ་སྡིག་གི་འབྲས་བུ་བདེ་སྡུག་ཏུ་སྨིན་ཚུལ་ལ་ལེགས་པར་བསམས་ནས་བླང་དོར་མ་ནོར་བར་བྱ་བ་དང་། ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་གི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་བདེ་བ་མི་འདུག་པས་འཁོར་བའི་སྡུག་བསྔལ་སྤྱི་དང་བྱེ་བྲག་ཉེས་དམིགས་དག་དྲན་པར་བྱས་ལ་སྲིད་པའི་བདེ་འབྱོར་ལ་མ་ཆགས་པར་ད་རེས་ཐར་པ་བླ་ན་མེད་པའི་གོ་འཕང་འ ཐོབ་པར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམ་པར་བྱ་སྟེ། བཤེས་སྤྲིང་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་ལས་ཆོས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་ཏེ། རྒྱས་པར་རྗེ་བླ་མ་དམ་པས་མཛད་པའི་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་སོགས་ལ་བལྟས་ཏེ་བློ་སྦྱང་བར་བྱ་ཞིང་། འབྱོངས་པའི་ཚད་ནི། དམ་པའི་ཆོས་ལས་གཞན་པའི་

p. 46

བྱ་བྱེད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོར་ཤེས་ནས་ཚེ་འདི་དང་འཁོར་བ་ལ་སྐྱུག་ཤ་མར་ལོག་པ་ཞིག་བྱུང་ན་སྔོན་འགྲོ་གནད་དུ་ཐེབས་པས་ཆོས་ཀྱི་གཞི་འཐིངས་པ་ཡིན་ནོ། །གཉིས་པ་ནི། ལོག་པའི་ལམ་ལས་ལྡོག་བྱའི་ཕྱིར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ ཞེས་པ་སྟེ། སྐྱབས་འགྲོའི་རྒྱུ་ནི། འཇིགས་པས་ཉེན་ནས་དེ་ལས་སྐྱོབ་པའི་སྐྱབས་དོན་དུ་གཉེར་བ་ཡིན་ལ། དེ་ཡང་ཕྱི་རོལ་པ་རྣམས་འཇིག་རྟེན་པའི་ལྷ་ཁྱབ་འཇུག་དང་དྲག་པོ་སོགས་སྐྱབས་རྣམ་དག་མ་ཡིན་པ་ལ་མཐར་ཐུག་གི་སྐྱབས་སུ་བཟུང་སྟེ་རེ་ལྟོས་འཆའ་བ་ནི་ལོག་པའི་ལམ་ལ་ཞུགས་པའི་སྐྱབས་འགྲོ་ཡིན་པའི་ཕྱིར། འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་པས་དེ་ལས་ལྡོག་སྟེ། རང་གཞན་སེམས་ཅན་ཐམས་ཅད་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ནས་ཐར་པ་མཆོག་གི་བདེ་བ་ལ་དགོད་པར་བྱ་བའི་ཕྱིར། བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་རེ་ལྟོས་བཅས་ཏེ་སྐྱབས་གནས་སུ་ཁས་ལེན་པ་ནི་སྐྱབས་སུ་འགྲོ་བའི་དོན་ཡིན་ལ། དེ་ལྟ་ན་ནི་གནོད་པ་ཐམས་ཅད་ལས་སྐྱོབ་ཅིང་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱང་ཐོབ་པ་ཉིད་དོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་གསུངས་པའི་ཕྱིར། དེ་ལ་སྐྱབས་ཡུལ་ངོས་གཟུང་བ། ཇི་ལྟར་སྐྱབས་སུ་འགྲོ་ཚུལ། སྐྱབས་སུ་སོང་བའི་ཚད། ཕན་ཡོན་བསླབ་བྱ་དང་བཅས་པའོ། །དང་པོ་ལའང་རྒྱུ་འབྲས་ཀྱི་དབྱེ་བས་གཉིས་ལས་རྒྱུའི་ཡུལ་ནི། གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་གསུམ་སྟེ། དེ་ལ་འབྲས་བུ་གྲུབ་པའི་ཆེད་དུ་སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་སྐྱབས་ཞུ་བའོ། །འབྲས་བུའི་ཡུལ་ནི། རང་གི་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་བཞུགས་པ་སྟེ། དེ་མ་འོངས་པ་ན་མངོན་དུ་འགྱུར་བའི་ཕྱིར་སྨོན་པས་དགེ་ལ་སྤྱོད་ཅིང་རྒྱུ་ལ་འཇུག་པའོ། །དེ་ལས་རྒྱུའི་ཡུལ་གྱི་སྐྱབས་ཡུལ་བཤད་པ་ནི། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་སྟེ།

p. 47

དེས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་ཐར་པ་བླ་ན་མེད་པའི་འབྲས་བུ་ལ་འགོད་ནུས་པའི་ཕྱིར། དེ་ལ་དཀོན་མཆོག་གསུམ་ནི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་དོན་གཉིས་ཕུན་སུམ་ཚོགས་པ། ཆོས་འགོག་ལམ་གང་རུང་གིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་དང་། དེ་བརྗོད་བྱར་སྟོན་པའི་གསུང་རབ་མིང་ཚིག་ཡི་གེར་སྣང་ཞིང་གྲགས་པ་སྟེ་ལུང་རྟོགས་གཉིས་ཀྱིས་བསྡུས་པ། དགེ་འདུན་དངོས་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པའི་རྒྱལ་སྲས་འཕགས་པ་རྣམས་ཡིན་ལ་རྗེས་མཐུན་པ་ཐེག་ཆེན་ཚོགས་སྦྱོར་དང་ཉན་རང་འཕགས་པ་རྣམས་སོ། །མཐར་ཐུག་གི་སྐྱབས་གནས་ནི། སངས་རྒྱས་ཉག་གཅིག་ཡིན་ཏེ། དེ་མཐར་ཐུག་གི་ཆོས་དང་དགེ་འདུན་ཡང་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །དེ་ལྟར་སྤྱི་ཁྱབ་ཀྱི་དཀོན་མཆོག་གསུམ་གྱི་སྟེང་དུ་སྔགས་ལས་ཁྱད་པར་གྱི་ཡུལ་རྩ་བ་གསུམ་བསྣན་ཏེ་དྲུག་སྐོར་དུ་བྱེད་པ། བླ་མ་དཀོན་མཆོག་ཀུན་འདུས། ཡི་དམ་ནི་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་དགེ་འདུན་གྱི་ནང་ཚན་དུ་འདུ་ནའང་། རྩལ་དུ་བཏོན་ཏེ་སྒོས་སུ་སྐྱབས་འགྲོ་བྱེད་པ་ནི། གསང་སྔགས་ཀྱི་ལམ་འདིར་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཞུ་བའི་ཡུལ་ཡི་དམ། ལས་སྒྲུབ་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་ཡིན་པའི་རྒྱུ་མཚན་གྱིས་སོ། །དེ་རྣམས་ཀྱིས་ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ལ་སྟོན་པ་ཞུ། དེས་བསྟན་པའི་ཆོས་ཉམས་སུ་བླངས་པས་འཇིགས་པ་ཀུན་ལས་ཐར་བའི་ཕྱིར་ཆོས་ལ་སྐྱབས་དངོས། དགེ་འདུན་ལ་ལམ་སྣ་འདྲེན་པའི་ཟླ་གྲོགས་ཞུ་ཞིང་། གསང་སྔགས་སུ་ནི་དེ་ཐམས་ཅད་བླ་མ་ཉིད་ཀྱིས་མཛད་པས་སྐྱབས་གནས་ཀུན་འདུས་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར། མདོར་ན་ཐུན་མོང་པ་རྒྱུའི་སྐྱབས་འགྲོས་ཐུན་མོང་མ་ཡིན་པ་འབྲས་བུའི་སྐྱབས་འགྲོ་འགྲུབ་པའི་རྒྱུ་བྱེད་པས་དཀོན་མཆོག་གསུམ་མགོན་སྐྱབས་སུ་ཁས་ལེན་

p. 48

པ་ཡིན་ནོ། །གཉིས་པ་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ལ། གང་ལ་བརྟེན་ན་དགོས་འདོད་འབྱུང་བ་མཚོན་བྱེད་མདུན་གྱི་ནམ་མཁར་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་མར་རྩ་བའི་བླ་མ་མཚན་རྫོགས་རྡོ་རྗེ་འཆང་དམར་པོའི་རྣམ་པར་བཞུགས་པ་ལ་དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་སྤྲིན་ཕུང་འཁྲིགས་པ་ཙམ་གྱིས་བསྐོར་བར་མོས་ཏེ། སྔོན་འགྲོ་གནད་ཐེམས་ལས། མདུན་གྱི་ནམ་མཁར་དཔག་བསམ་ཤིང༔ རབ་ཏུ་རྒྱས་པའི་སྙིང་པོ་ལ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར༔ མདུན་དུ་ཡི་དམ་དཀྱིལ་འཁོར་ལྷ༔ གཡས་སུ་སངས་རྒྱས་དཀོན་མཆོག་སྟེ༔ རྒྱབ་ཏུ་དམ་ཆོས་དགེ་འདུན་གཡོན༔ མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་སོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས༔ ཞེས་པ་ལྟར་བསམས་ལ། བདག་དང་སེམས་ཅན་ས་གཞིའི་ངོས་བར་སྣང་གི་མཐའ་ཁྱབ་པ་རྣམས་ཀྱི་བྱང་རང་གིས་དྲངས་ཏེ། མོས་གུས་ཀྱི་གདུང་བ་དྲག་པོས་རེ་ལྟོས་ལིང་བསྐྱུར་གྱིས་སྐྱབས་འགྲོ་བྱེད་པར་བསམས་ལ་མགྲིན་གཅིག་ཏུ་གདངས་སྙན་པོས། ན་མོ། བདག་སོགས་འགྲོ་ཀུན་ཅེས་སོགས་སྐྱབས་སུ་འགྲོ་བའི་ཚིག་བརྗོད་པར་བྱ་ཞིང་། ཁྱད་པར་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་སྐྱོབ་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་ད་ལྟ་ཉིད་དུ་སྐྱོབ་པར་མཛད་དུ་གསོལ་སྙམ་པས་དུས་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དེ་སྲིད་དུ་སྐྱབས་སུ་འགྲོ་བའོ། །མཐར་སྐྱབས་ཡུལ་སྐྱབས་སུ་འགྲོ་མཁན་དང་བཅས་པ་ཐམས་ཅད་བསྡུས་ཏེ། རྣམ་པར་མི་རྟོག་པའི་ངང་ལ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོའི་ཉམས་ལེན་ནོ། །གསུམ་པ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་རང་གཞན་གྱི་དཀོན་མཆོག་གསུམ་སྐྱབས་གནས་ཡིན་མིན་དང་དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་རྣམས་ཤེས་པ། ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་བར་དམ་བཅས་པ། སྐྱབས་གནས་གཞན་མི་འཚོལ་བ་སྟེ་ཁྱད་ཆོས་བཞི་ཚང་བ་སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བའོ། །བཞི་པ་སྐྱབས་སུ་སོང་བའི་ཕན་ཡོན་བསླབ་བྱ་དང་བཅས་པ་ལས། ཕན་ཡོན་ནི། སྐྱབས་སུ་སོང་མ་ཐག་

p. 49

ནས་ནང་པ་སངས་རྒྱས་པའི་གྲལ་དུ་ཆུད། བསླབ་པའི་གཞི་འཛིན་པས་ཡོན་ཏན་གྱི་རྟེན་དུ་འགྱུར། ཕྱི་ནང་གི་བར་ཆད་དང་འཇིགས་པ་ཐམས་ཅད་སེལ། ཚེ་འདིར་འདོད་པའི་དོན་འགྲུབ་ཅིང་། ཕྱི་མར་མཐོ་རིས་དང་ཐར་པའི་བདེ་བ་འཐོབ་པར་འགྱུར་ཏེ། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཤད། །ཅེས་དང་། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་འཐོབ། །ཅེས་སོ། །བསླབ་བྱ་ནི། ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བ་དང་། བླ་མར་སྐྱབས་སུ་སོང་བས་དགེ་བའི་བཤེས་གཉེན་ལ་གུས་ཤིང་སྡིག་གྲོགས་མི་བསྟེན། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷར་ཕྱག་མི་བྱ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་བས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་མི་དང་མི་འགྲོགས་པ་དང་། ལས་ཅི་ལ་ཐུག་ཀྱང་དཀོན་མཆོག་མི་སྤོང་ཞིང་བློ་ཁེལ་བའི་སྒོ་ནས། དེ་དག་གི་སྐུ་གཟུགས་རྣམས་ལ་དད་པས་ཕྱག་མཆོད་བྱ་ཞིང་མ་གུས་པའི་ལས་མི་བྱའོ། །གསུམ་པ་ནི། མཁའ་མཉམ་འགྲོ་ལ་ཚད་མེད་པའི༔ སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་པ་སྟེ། ཕྱོགས་གང་ནས་གཞལ་ཡང་མཐའ་མི་མངོན་པ་ནམ་མཁའ་ཡངས་པའི་ཚད་དང་མཉམ་པའི་འགྲོ་བ་སེམས་ཅན་འདི་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་རང་ངོ་རང་གིས་མ་ཤེས་པར་འཁྲུལ་པས། འཁོར་བར་འཁྱམས་ཏེ་སྡུག་བསྔལ་གྱིས་ཉམ་ཐག་པ་ལ་བཅོས་མིན་གྱི་བྱམས་པ་དང་ཚད་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་ལྷག་བསམ་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་སྟེ། རིན་དྲ་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར། དེ་ལ་སེམས་བསྐྱེད་པའི་ངོ་བོ། དབྱེ་བ། ཇི་ལྟར་བསྐྱེད་ཚུལ། ཕན་ཡོན་བསླབ་བྱ་དང་བཅས་པའོ། །དང་པོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་

p. 50

འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །འདིར་གཞན་དོན་དུ་ཞེས་པ་ནི། སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་པའི་ཆེད་དོ་ཞེས་པ་སྟེ། དེ་ཡང་རྒྱུ་བྱམས་པ་དང་སྙིང་རྗེ་རླབས་པོ་ཆེ་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཀྱིས་ཁྱེར་བའི་སྙིང་སྟོབས་ཀྱི་ལྷག་བསམ་དང་ལྡན་པས། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་འ ཐོབ་པར་འདོད་པའོ། །གཉིས་པ་ནི། འགྲོ་བར་ཆས་པ་ལྟར་སངས་རྒྱས་འཐོབ་འདོད་ནི་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་སེམས་ཀྱི་སྤྱོད་པ་ལ་འཕྲལ་དུ་སྦྱོར་བ་ནི་འཇུག་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པ་ཤེས་པར་བྱ། །ཞེས་སོ། །བདག་གཞན་མཉམ་པ་དང་བརྗེ་བའི་དབྱེ་བ་ནི། བདག་གཞན་གཉིས་ཀ་གཅེས་པར་མཉམ་པས་བདག་སངས་རྒྱས་ཐོབ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་འདོད་པ་ནི་མཉམ་པ་ཡིན་ལ། བརྗེ་བ་ནི་དེའི་གེགས་སེལ་བོགས་འདོན་ཏེ། བདག་པས་གཞན་གཅེས་ཀྱིས་བདག་བདེ་གཞན་ལ་སྟེར་ཞིང་། གཞན་གྱི་སྡུག་བསྔལ་བདག་ཉིད་ལ་ལེན་པའོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ཚེ་རབས་ཀྱི་ཕ་མ་དྲིན་ཅན་དུ་ཤེས་པའི་བྱམས་པ་དང་། དེ་ཐམས་ཅ ད་སྡུག་བསྔལ་གྱི ས་མནར་བ་ལ་སྙིང་རྗེ་ཆེན་པོས། འདི་རྣམས་སྡུག་བསྔལ་ལས་དྲངས་ནས་ཐར་པ་བླ་ན་མེད་པའི་གོ་འཕང་ལ་དགོད་པར་བྱ། དེའི་མཐུ་ད་ལྟ་བདག་ལ་མི་འདུག་པས། འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་སྙམ་པ་སྨོན་པ་བྱང་སེམས་དང་། དེའི་ཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་པ་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངག་ཏུ། བརྒལ་དཀའ་སྲིད་པའི་སོགས་ཞེ་ཐག་པ་ནས་བརྗོད་ཅིང་། དབུགས་ལྡང་འཇུག་དང་སྦྱར་ཏེ་བདེ་སྡུག་གི་གཏོང་ལེན་ཡང་

p. 51

བྱའོ། །གནད་ཐེམས་སུ། ཞེས་པས་སེམས་བསྐྱེད་ཚད་མེད་བསྒོམ༔ ཞེས་པས་ཡུལ་སེམས་ཅན་ཚད་མེད་པའི་དོན་དུ་སྨོན་འཇུག་གི་སེམས་བསྐྱེད་ཚད་མེད་པ་བསྒོམ་པ་ལ་སྦྱར་ཡང་རུང་མོད། ཚད་མེད་བཞི་སྒོས་སུ་བསྒོམ་པར་འདོད་ན། སེམས་ཅན་རྣམས་སྔར་མེད་ཀྱི་བདེ་དགེ་གསར་པ་དང་འཕྲད་པར་འདོད་པ་བྱམས་པ། ད་ལྟར་ཡོད་པའི་སྡུག་བསྔལ་དང་བྲལ་ཞིང་ཕྱིས་སྡུག་བསྔལ་གྱི་རྒྱུ་འགོག་འདོད་ནི་སྙིང་རྗེ། ད་ལྟར་སེམས་ཅན་བདེ་བ་དང་ལྡན་པ་ལ་དགའ་ཞིང་ཡིད་རང་བས་དྲངས་པའི་ཡིད་བདེ་ནི་དགའ་བ། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་ལྡན་གྱིས་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི་བཏང་སྙོམས་སོ། །སྤྱིར་བྱམས་སོགས་ཉོན་མོངས་པའི་ས་བོན་སྤོང་བྱེད་མ་ཡིན་པར་བཤད་པ་སོགས་སྣང་ཡང་འདིར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་ཚད་མེད་བཞི་ནི་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་ཡིན་པས། ཉོན་མོངས་པའི་ས་བོན་དང་བག་ཆགས་འཇོམས་པའི་གཉེན་པོའང་བྱེད་དོ། །བཞི་པ་སེམས་བསྐྱེད་པའི་ཕན་ཡོན་བསླབ་བྱ་དང་བཅས་པ་ལས། ཕན་ཡོན་ནི། སེམས་བསྐྱེད་མ་ཐག་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་འགྲོ་བའི་མཆོད་སྡོང་དུ་འགྱུར། བསླབ་པ་གསུམ་སོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དང་དགེ་བ་ཐམས་ཅད་ཐར་པ་ཆ་མཐུན་དུ་འགྲོ། སྡིག་པ་མཐའ་ཡས་པ་སྐད་ཅིག་ལ་ཟད་པར་བྱེད། དགེ་རྩ་ཕྲ་མོ་རེ་བྱས་པའང་བསོད་ནམས་ཆེས་ལྷག་པར་འཕེལ། ཐར་པའི་ལམ་སྣ་ཟིན་པས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྲོ་བ་སོགས་ཕན་ཡོན་ཚད་མེད་པ་ཐོབ་སྟེ། དེ་བཞིན་གཤེགས་པ་གསང་བའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །བསླབ་བྱ་ནི། སྤྱིར་ཉམས་སུ་བླང་བྱའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་མོད། ཁྱད་པར་འཇུག་སྡོམ་ལ་རྩ་བའི་ལྟུང་བ་བཞིའམ་བཅུ་བཞི་ལ་སོགས་པ་སྤོང་ཞིང་། སྒྲུབ་པའི་བསླབ་བྱ་ཕྱིན་དྲུག་དང་བསྡུ་དངོས་བཞི་སོགས་ལ་བསླབ། སེམས་བསྐྱེད་ཕྱིན་ཆད་གལ་ཆེ་བའི་བསླབ་བྱ་ནི་སེམས་ཅན་བློས་སྤངས་པ་དང་མི་མཐུན་

p. 52

པའི་སེམས་སྐྱེས་པ་གཉིས་ཡིན་ཏེ། དེ་དང་དེས་སེམས་བསྐྱེད་རྩ་བ་ནས་གཏོང་བས་ཅི་ནས་ཀྱང་སྤང་བ་ལ་འབད། ཚེ་རབས་ཀུན་ཏུ་བྱང་ཆུབ་ཀྱི་སེམས་རྗེད་བྱེད་ཀྱི་རྒྱུ་ནག་པོའི་ཆོས་བཞི་སྤོང་ཞིང་། མི་བརྗེད་པའི་རྒྱུ་དཀར་པོའི་ཆོས་བཞི་ལ་བསླབ་པར་བྱ་བ་རྣམས་ཏེ་མདོ་ཙམ་མོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ་སྟེ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་ཁྲིད། མཐུན་རྐྱེན་ཚོགས་བསག་པ་མཎྜལ་གྱི་ཁྲིད། བསག་སྦྱང་གཉིས་མེད་བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། སྒྲིབ་སྦྱོང་རྡོར་སེམས་བསྙེན་པ་དང་༔ ཞེས་པ་སྟེ། སྤྱིར་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ་ཅིང་འདོད་པའི་དོན་མི་འགྲུབ་པའི་རྒྱུ་ནི་སྡིག་པ་མི་དགེ་བའི་ལས་ཡིན་ལ། ལས་དེ་ཡང་རྒྱུའི་དུས་སུ་ཆུང་ཡང་འབྲས་བུའི་དུས་སུ་འཕེལ་ཆེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་ནི་སྡུག་བསྔལ་ཉིད་དུ་སྨིན་ཅིང་། ལས་བྱེད་པ་པོ་ལས་གཞན་དུ་མི་འཕོ་བ་དང་། རང་གིས་བྱས་པའི་ལས་གཉེན་པོས་བཅོམ་ན་མ་གཏོགས་ནམ་ཡང་ཆུད་མི་འཛའ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་ཅིང་། ཁྱད་པར་རས་སྣམ་དྲི་མ་ཅན་ལ་ཚོས་མི་འགོ་ལ། དྲི་མ་དེ་སྦྱངས་ནས་དག་པ་ན་ཚོས་གང་ཡང་འགོ་བ་ལྟར། རང་རྒྱུད་ཀྱི་སྡིག་སྒྲིབ་མ་དག་ན་ཏིང་ངེ་འཛིན་རྣལ་མ་རྒྱུད་ལ་མི་སྐྱེ་ཞིང་། ཅུང་ཟད་སྐྱེས་ཀྱང་གེགས་སྡང་བ་དང་མཐར་མི་ཕྱིན་པ་སོགས་དངོས་གཞིའི་སྒོམ་རྒྱུད་ལ་སྐྱེ་བའི་བར་གཅོད་ཐུ་ཤོས་དེ་སྡིག་སྒྲིབ་ཡིན་པས། དེ་སྦྱོང་བའི་གཉེན་པོ་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའི་ཐབས་མཆོག་བླ་མ་དཔལ་རྡོ་རྗེ་སེམས་དཔའ་བསྙེན་པའི་སྒོམ་བཟླས་ལ་འབད་པར་བྱ་དགོས། དེ་ལ་སྦྱང་བྱ་ངོས་གཟུང་བ། དེ་སྦྱོང་བྱེད་ཀྱི་གཉེན་པོ་གང་ཡིན་པ། དེས་སྡིག་སྒྲིབ་དག་པའི་རྟགས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པ་ལྟར། ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཐམས་ཅད་སྡིག་པ་མི་དགེ་བའི་ལས་ཡིན་ཞིང་། དེ་ཡང་ལས་ཀྱི་ངོ་བོ་དངོས་ནི་སེམས་པ་ཡིན་ལ། དེ་དང་མཚུངས་ལྡན་གྱི་ཤེས་

p. 53

པ་འདུ་བྱེད་སེམས་པ་ཉིད་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་རྣམ་འགྱུར་དང་འབྲེལ་བ་ན་བསམ་པའི་ལས་སམ་ལུས་ངག་གི་ལས་ཞེས་བྱ་ཞིང་། ལུས་ངག་གི་ལས་གཉིས་ཀྱང་ཡིད་སྔོན་དུ་འགྲོ་བ་ཅན་ཡིན་པས། ཡིད་ཀྱི་ལས་རྐྱང་པ་དང་ལུས་ངག་གི་ལས་ཞེས་དབྱེའོ། །སྐབས་འདིར་སྐྱེ་བོ་ཕལ་ཆེ་བ་ལ་འབྱུང་ཉེའི་སྡིག་ལས་རགས་རིམ་ནི་མི་དགེ་བ་བཅུར་འདུས་ཏེ། དེ་དག་སྤྱད་པས་ངན་སོང་གསུམ་དུ་འཕེན་ཞིང་སྡུག་བསྔལ་དོས་དྲག་ལ་ཡུན་རིང་། གལ་ཏེ་བདེ་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་གྱི་ཆ་རྣམས་སྐྱེད་པར་བྱེད་དོ། །སྤྱོད་འཇུག་ལས། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། །ཞེས་གསུངས་པའི་ཉེས་དམིགས་རྣམས་དྲན་པས་བཤགས་པའི་ཐབས་ལ་ཕྱི་བཤོལ་དུ་མ་ལུས་པར་འཕྲལ་དུ་འབད་དགོས་ཏེ། དེ་ལས། བདག་ནི་སྡིག་པ་མ་སྦྱངས་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་སྐྱོབ་ཏུ་གསོལ། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་ཁྲིད་ཀྱི་སྔོན་འགྲོའི་སྐབས་འདིར་སྦྱང་བྱའི་སྡིག་སྒྲིབ་ནི། ཟབ་ལམ་རྡོ་རྗེ་གསུམ་གྱི་ཉམས་མྱོང་འཕྲལ་དུ་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་རགས་པ་འགའ་ཞིག་ཡིན་ལ། དེ་ཡང་ཉམས་མྱོང་སྐྱེ་བ་ལ་ཚེ་འདིར་བསགས་པའི་སྡིག་པ་རྣམས་དུས་ཉེ་བས་སྒྲིབ་ཚབས་ཆེ། དེའི་ནང་ནས་ཀྱང་སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་སྒྲིབ་ཚབས་ཆེ། ཁྱད་པར་དུ་དམ་ཚིག་འགལ་འཁྲུལ་དང་དཀོར་སྐུ་བསླུས་ཟོས་པ་སོགས་ལྷག་པར་ལམ་གྱི་ཡོན་ཏན་སྐྱེ་བ་ལ་གེགས་ཆེ་བ་ཡིན་པས་སྦྱོང་བ་ལ་འབད་དགོས་སོ། །གཉིས་པ་ནི། སྡིག་སྒྲིབ་དེ་རྣམས་སྦྱོང་བ་ལ་ཡི་གེ་བརྒྱ་པའི་སྒོམ་བཟླས་འདི་བསྔགས་ཤིང་། སྤྱིར་སྒྲིབ་སྦྱོང་གི་ཡིག་བརྒྱ་ལ། དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལས་གསུངས་པ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་དང་། ལྷ་སོ་སོའི་མཚན་སྔགས་སྤོས་ན་རྒྱུད་སྡེའི་ལྷ་མཐའ་ཡས་པའི་ཡིག་བརྒྱར་འགྱུར་བ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་སྟེ་གཉིས་ལས། འདིར་ཕྱི་མའོ། །དེ་ལ་ཡང་ལྷ་སོ་སོའི་མཚན་སྔགས་མ་སྤོས་པར་རྩ་བའི་དབྱེ་བ་ལ། རྡོ་རྗེ་སེམས་དཔའ་ཞི་བའི་

p. 54

ཡིག་བརྒྱ་དང་། ཁྲོ་བོ་ཧེ་རུ་ཀའི་ཡིག་བརྒྱ་གཉིས་སོ། །དང་པོ་ནི། དེང་སང་རྡོར་སེམས་ཡིག་བརྒྱར་གྲགས་པ་འདི་ཉིད་དེ། བཟླ་བྱའི་སྔགས་འདྲ་བ་ལས་ལྷའི་བསྐྱེད་ཚུལ་སྔགས་ཕྱི་མ་ལྟར་ཡབ་རྐྱང་དུ་བྱེད་པ་དང་། ནང་པའི་ལུགས་ཁ་སྦྱོར་ལྷན་སྐྱེས་སུ་བྱེད་པ་གཉིས་ཡོད་ཅིང་། དེ་ལའང་དམ་ཡེ་བསྐྱེད་བསྟིམ་དང་རིགས་བདག་རྒྱས་འདེབས་མཆོད་བསྟོད་སོགས་རྒྱས་པར་བཤད་པའང་སྣང་མོད། འདིར་ནི་བསྡུས་པའི་ལུགས་ཏེ། ཐོག་མ་ཉིད་ནས་བླ་མ་རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བསྒོམས་པས་དམ་ཡེ་དབྱེར་མེད་ཡིན་པའི་ཕྱིར་དང་། ངོ་བོ་ཉིད་ཀྱི་རིགས་ལ་རང་རིགས་མཚོན་བྱེད་ཀྱི་རྒྱས་གདབ་ཀྱང་མི་དགོས་པས་ཡེ་ཤེས་པ་དགུག་བསྟིམ་དང་དབང་བསྐུར་རྒྱས་གདབ་ཀྱང་མ་གསུངས་སོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། གནད་ཐེམས་ལས། རང་གི་སྤྱི་བོར་པད་ཟླའི་སྟེང༔ ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ཆེ༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུྃ་མཚན་ཡིག་བརྒྱའི་འཕྲེང་བས་བསྐོར༔ ཞེས་པས་རང་གི་སྤྱི་བོར་པད་ཟླའི་གདན་ལ་ཧཱུྃ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པའི་ཡབ་ཀྱི་ཐུགས་ཀར་ཟླ་དཀྱིལ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བཏབ་སྟེ། སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་ཡིག་བརྒྱ་སྔགས་དོན་དང་མཐུན་པར་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩིའི་ཆུ་རྒྱུན་བབས་པ་རང་གི་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་བཀྲུ་བའི་དམིགས་པ་བྱ་སྟེ། དམིགས་པའི་རྟེན་འབྲེལ་གྱི་སྒོ་ནས་ཀྱང་སྡིག་སྒྲིབ་སྦྱོང་བ་ལ་མཆོག་ཏུ་བསྔགས་སོ། །མཇུག་ཏུ་མགོན་པོ་ཞེས་མཚན་ནས་བོས་ཏེ། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཚིག་བཅད་ལྷུག་གི་བཤགས་པ་བྱས་མཐར་རྡོར་སེམས་འོད་དུ་ཞུ་བ་རང་ལ་བསྟིམ་སྟེ། འཁོར་གསུམ་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པ་ནི་

p. 55

སྡིག་སྒྲིབ་སྦྱོང་བའི་མཆོག་སྟེ། ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །དེ་ཡང་སྡིག་སྒྲིབ་སྦྱོང་བར་བྱེད་པའི་གཉེན་པོ་ནི་མཐོལ་བཤགས་ཏེ། ཉེས་པ་བྱས་པ་གསངས་ཤིང་སྦས་ན་སྡིག་པའི་ས་བོན་བཏབ་པ་ལ་གཡོ་སྒྱུའི་ཆུ་ལུད་འཛོམ་པ་དང་འདྲ་བས་ཇེ་འཕེལ་དུ་འགྱུར། མ་གསངས་ཤིང་སྐྱོན་དུ་ཤེས་པས་བསྒྲགས་ན་ཅུང་ཟད་སྟོབས་ཆུང་དུ་འགྲོ་ཞིང་ནམ་ཡང་འཕེལ་བར་མི་འགྱུར། དེའི་ཕྱིར་བཤགས་ཡུལ་རྣམས་ཀྱི་སྤྱན་སྔར་མ་སྦས་པར་སྨྲ་བ་ནི་མཐོལ་བ་ཡིན་ལ། འགྱོད་པ་དྲག་པོས་ལས་དེ་སྐྱོན་དུ་ཁས་ལེན་པ་ནི་བཤགས་པ་སྟེ། རང་ཉིད་ཉེས་སྐྱོན་དང་བཅས་པས་གནོང་ཞིང་ངོ་ཚའང་གསོང་པོར་སྨྲ་བའི་སྒོ་ནས་བཤགས་ཡུལ་རྣམས་བརྩེ་བས་རྗེས་སུ་བཟུང་སྟེ་ལས་འདི་དག་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་པ་ནི་བཤགས་པའི་དོན་གྱི་སྙིང་པོ་ཡིན་ལ། དེ་ཡང་ཁྱད་ཆོས་སྟོབས་བཞི་ཚང་བ་ཞིག་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར་ཡིག་བརྒྱའི་སྒོམ་བཟླས་འདི་ལའང་སྟོབས་བཞི་ཚང་སྟེ། རྟེན་གྱི་སྟོབས་ལ་གཉིས་ལས། བཤགས་ཡུལ་གྱི་རྟེན། སངས་རྒྱས་ཀུན་འདུས་བླ་མ་རྡོ་རྗེ་སེམས་དཔའ་རང་རྒྱུད་ཀྱི་རྟེན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཡིན་ནོ། །བདག་གཞན་གྱི་སྡིག་སྒྲིབ་དག་པར་གསོལ་བ་འདེབས་པ་དང་སྔགས་དོན་བསམ་པ་ལ་ཚང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། ལྷ་བསྒོམ་ཞིང་སྔགས་བཟླ་བ་དང་། སྡིག་སྒྲིབ་བཀྲུ་བའི་དམིགས་པ་རྣམས་ཡིན། སུན་འབྱིན་པའི་སྟོབས་ནི། ཉེས་བྱས་ལ་དུག་འཐུངས་པ་ལྟ་བུའི་འགྱོད་པ་དྲག་པོ་དང་། སོར་ཆུད་པའམ་སླར་ལྡོག་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་ཅེས་སྡོམ་པའི་

p. 56

སེམས་ཡིན་པས། གནོང་འགྱོད་མེད་ན་བཤགས་པའི་བློ་མི་སྐྱེ་ལ། འགྱོད་པ་གཤའ་མ་ཞིག་སྐྱེས་ཕྱིན་ཆད་སྡོམ་སེམས་ཤུགས་ལ་འབྱུང་བ་འདི་ཉིད་ཡིན་ཞིང་། མཇུག་ཏུ་ཚིག་བཅད་ལྷུག་གི་བཤགས་པ་བཏོན་ན་དེ་ལའང་ཚང་སྟེ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །ཞེས་པས་མཐོལ་བ་དང་། བླ་མ་མགོན་པོས་སྐྱབས་མཛོད་ཅིག །ཅེས་པ་བཤགས་པ་ཡིན་ཏེ། སུན་འབྱིན་པ་དངོས་དང་སླར་ལྡོག་པ་ཤུགས་ལ་ཚང་ཞིང་། སྐྱབས་མཛོད་ཅིག་ཅེས་པས་ཀྱང་། ད་ཕྱིན་ཆད་མི་བགྱིད་པས་རྗེས་སུ་བཟུང་དུ་གསོལ་ཞེས་པར་འགྲོ་བས་སོར་ཆུད་པའི་སྟོབས་སོ། །གསུམ་པ་སྡིག་སྒྲིབ་དག་པའི་རྟགས་ཕན་ཡོན་དང་བཅས་པ་ལས། རྟགས་ནི་ནམ་མཁའ་ལ་འཕུར་བ། ཁྲུས་བྱས་པ། ཆུ་བོ་ཆེན་པོ་བརྒལ་བ། ལུས་ལས་རྣག་ཁྲག་ཟགས་པ། འཁྲུ་སྐྱུགས་སོགས་ཉམས་སམ་རྨི་ལམ་དུ་ལན་མང་པོ་བྱུང་ན་ཡིན་ལ། དངོས་སུ་སྔར་ལས་རིག་པ་དྭངས་ཤིང་དམིགས་པ་གསལ་བ་དང་། ལུས་ཡང་བ། དད་པ་སྙིང་རྗེ་ངེས་འབྱུང་སོགས་ཆེར་སོང་ཞིང་། ཆགས་སྡང་གཉིད་རྨུགས་ལེ་ལོ་སོགས་ཆུང་དུ་སོང་ན་སྡིག་སྒྲིབ་དག་པའི་རྟགས་མཆོག་ཡིན་ནོ། །ཕན་ཡོན་ནི། མདོ་ལས། གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེབས་པར་བྱེད་པ་སྟེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ཏུ་གསལ། །ཞེས་ཕྱིན་ཆད་སྡིག་པ་སྤོང་བའི་སྒོ་ནས་སྔར་བྱས་ཀྱི་གཉེན་པོ་དགེ་བ་ལ་འབད་ན་སྡིག་སྒྲིབ་དག་པར་གྱུར་ཏེ། ཉི་ཟླའི་འོད་ཀྱིས་མུན་པ་བསལ་བ་བཞིན་ནོ། །ཁྱད་པར་ཡིག་བརྒྱའི་བཟླས་བརྗོད་ལ་འབད་པའི་ཕན་ཡོན་ཡང་། དྲི་མེད་བཤགས་རྒྱུད་ལས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཆག་ཉམས་ཐམས་ཅད་སྐོང་སྟེ། ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་སོ། །གཉིས་པ་ནི། ཚོགས་བསག་ཅེས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

p. 57

སངས་རྒྱས་སྒྲུབ་པའི་རྒྱུར་བསག་བྱའི་ཚོགས་དངོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་གསུངས་པ་ལྟར། བསོད་ནམས་ཀྱི་ཚོགས་ནི་སྦྱིན་དང་ཚུལ་ཁྲིམས། ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ། གཞན་གསུམ་ལ་བསོད་ནམས་དང་ཡེ་ཤེས་གཉིས་ཀའི་ཆ་ཤས་ཡོད་དེ། བཟོད་པ་ལ་གནོད་པར་ཇི་མི་སྙམ་པ་དང་སྡུག་བསྔལ་དང་དུ་ལེན་པ་ནི་བསོད་ནམས། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། ཡེ་ཤེས་ཀྱི་ཚོགས་གཙོ་ཆེ། བརྩོན་འགྲུས་ལ་ཚོགས་གཉིས་པོ་སོ་སོར་རྩོལ་བ་གཉིས། བསམ་གཏན་ལ་ཀུན་རྫོབ་དང་དོན་དམ་པར་དམིགས་པའི་དབྱེ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །གང་ཤེར་ཕྱིན་གྱིས་ཟིན་པ་ན་ཕར་ཕྱིན་གཞན་ལྔའང་ཡེ་ཤེས་ཀྱི་ཚོགས་ཡིན་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་དང་། སྦྱིན་སོགས་ལྔ་བསོད་ནམས་ཀྱི་ཚོགས་ཡིན་པ་བཞིན་དུ་ཤེར་ཕྱིན་ལས་ཀྱང་བསོད་ནམས་ཀྱི་འབྲས་བུ་འཕེལ་པས་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའི་སྐབས་ཡོད་པའི་ཕྱིར་ན་དྲུག་པོ་ཐམས་ཅད་བསོད་ནམས་ཀྱང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་སྤྱོད་པ་དངོས་སམ་ངོ་བོའི་སྒོ་ནས་ཚོགས་གཉིས་གཅིག་ཏུ་རྣམ་པར་བཞག་ལ། ཚོགས་གཉིས་ལས་བསོད་ནམས་ཀྱི་སྒོས་འབྲས་ནི། རྒྱལ་སྲས་རྣམས་འཁོར་བར་གནས་ནས་འགྲོ་བའི་དོན་བྱེད་པའི་ཚེ་གཞན་དོན་སྤྱོད་པ་ལ་མཐུ་དང་ལྡན་པའི་མངོན་མཐོའ་ཆོས་རྣམས་ཐོབ་ཅིང་། མཐར་ཐུག་གཟུགས་སྐུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། ཡེ་ཤེས་ཀྱི་སྒོས་འབྲས་ནི། གནས་སྐབས་སུ་འགྲོ་བའི་དོན་དུ་འཁོར་བར་སྤྱོད་པའི་ཚེ་ཉོན་མོངས་པ་མེད་ཅིང་ཐབས་ལ་མཁས་པའི་ཡེ་ཤེས་ལ་འཇུག་པ་དང་། མཐར་ཐུག་ཏུ་རང་དོན་ཆོས་ཀྱི་སྐུ་འགྲུབ་པར་བྱེད་དོ། །ཁྱད་པར་སྔོན་འགྲོའི་སྐབས་འདིར་མཎྜལ་གྱི་སྒོ་ནས་ཚོགས་གཉིས་བསག་པ་ལ་འབད་དགོས་

p. 58

ཏེ། ཚོགས་གསོག་ཐབས་དངོས་ནི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉིད་ཡིན་ཡང་། སྔ་མའི་བསགས་རྒྱབ་ཁྱད་པར་ཅན་ཡོད་ན་མ་གཏོགས། རང་རྒྱུད་ལ་དགེ་ཚོགས་བསགས་པའི་གཞི་རྟེན་ཞིག་མེད་ན། དགེ་བའི་བག་ཆགས་ཡོད་ཀྱང་འཕྲལ་དུ་སད་མི་ནུས་པས། ལམ་དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་དཀའ་ཞིང་། ཅུང་ཟད་སྐྱེ་ནའང་བུལ་ལ་རླབས་ཆུང་བ་དང་འཕེལ་སྐྱེད་མི་འབྱུང་། དགེ་བའི་ཚོགས་ཁྱད་པར་ཅན་གསར་དུ་བསྒྲུབས་ན། དེས་དགེ་བའི་བག་ཆགས་སད་པས་ཉམས་རྟོགས་རྒྱུད་ལ་མྱུར་དུ་སྐྱེ་ཞིང་སྟོབས་ཆེ་བ་ཡིན་ནོ། །དེའི་ཕྱིར་དཀའ་ཚེགས་ཆུང་ངུས་ཚོགས་ཆེན་པོ་གསོག་པའི་ཐབས་མཎྜལ་འབུལ་བའི་ཆོ་ག་ལ། ཚོགས་ཞིང་གི་མཎྜལ་བསྐྱེད་པ། མཆོད་པའི་མཎྜལ་འབུལ་བ། རྟགས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། གནད་ཐེམས་ལས། ཚོགས་ཞིང་སྐྱབས་ཡུལ་བཞིན་དུ་བསྒོམ༔ ཞེས་གསུངས་ཏེ། དེ་ཡང་སྔོན་འགྲོ་རེ་རེ་ནས་སྨིན་སློབ་ཀྱི་ཚེ་འདིར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསར་དུ་བསྒོམ་དགོས་ལ། མོས་སློབ་ཤར་སྒོམ་ཙམ་གྱི་དུས་སྔར་གྱི་སྐྱབས་ཡུལ་མ་བསྡུས་པར་བཞག་པས། དེ་ཉིད་སེམས་བསྐྱེད་ཀྱི་དུས་སུ་དཔང་པོ་དང་། སྡིག་སྦྱོང་གི་ཚེ་བཤགས་ཡུལ་གྱི་ནང་ཚན་དུ་འདུ་ཞིང་། སྐབས་འདིར་ཚོགས་ཞིང་གི་མཎྜལ་དུ་བྱས་པ་ལག་ལེན་ལ་བདེ་བ་ཡིན་ནོ། །གཉིས་པ་ནི། དེ་ལས། དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་རྣམས༔ གུས་པས་བློ་ཡིས་དབུལ་བར་བྱ༔ ཞེས་པས་མཆོད་པའི་མཎྜལ་ལ། དངོས་འབྱོར་དང་། ཡིད་སྤྲུལ་གཉིས་ལས། དངོས་འབྱོར་ནི། མཎྜལ་གྱི་རྒྱུ་གསེར་དངུལ་ལྟ་བུ་རིན་པོ་ཆེ་མཆོག་ལས་གྲུབ་པ་ཡིན་ན་སོར་བཞི་ལས་མི་ཆུང་བ་དང་། འཁར་བ་ལྟ་བུ་རིན་པོ་ཆེ་ཕལ་པ་ཡིན་ན་མཐོ་གང་ལས་མི་ཆུང་བ། རྫ་ཤིང་སོགས་རྒྱུ་ངན་པ་ལས་བྱས་ན་ཁྲུ་གང་ལས་མི་ཆུང་བ་དགོས་ཞེས་གསུངས་ཤིང་། དེ་ཡང་མ་འབྱོར་ན་གཡམ་ལེབ་སོགས་ཀྱིས་ཀྱང་རུང་གསུང་། ཚོམ་བུའི་འབྲུ་ནི། འབྱོར་ན་སྔ་མ་ལ་ཁ་གསོ་བ་ཙམ་མ་ཡིན་པར་རེ་རེ་བཞིན་ཚོམ་བུ་སྔ་མ་བསལ་ནས་གསར་དུ་འགོད་ཅིང་། ཚོམ་བུ་རྙིང་པ་རྣམས་རིམ་པར་བསགས་ནས་ཕྱིས་བླ་མ་དཀོན་མཆོག་ལ་འབུལ་བ་ལས། རང་གིས་ལོངས་

p. 59

མི་སྤྱོད། འབྱོར་པ་མེད་ན་ཚོམ་བུ་སྔ་མ་དེ་ཁ་བལྡབས་ཏེ་འབུལ་བ་ལས་འོས་མེད་ཅིང་། འབྲུའི་ཕུད་རེ་བསགས་པ་ཆོས་ཐུན་རྟིང་མའི་མཎྜལ་དུས་འབུལ་བའང་ཕྱག་ལེན་དུ་སྣང་། དྲི་ཆབ་ཀྱང་སྐམ་རེས་ཀྱིས་བྱུག་སྟེ་རླན་དང་མ་བྲལ་བ་སོགས་སླ་ཆོས་མི་བྱའོ། །འབུལ་ཚུལ་ནི། ལག་གཡོན་པར་འབྲུ་ཅུང་ཟད་ཙམ་དང་བཅས་པས་མཎྜལ་བཟུང་བ། སེམས་ཀྱི་རང་བཞིན་དྲི་མ་མེད་པ་མཚོན་བྱེད་ལེགས་པར་ཕྱི་ཞིང་། སྙིང་རྗེ་བྱང་སེམས་ཀྱི་རླན་དང་མ་བྲལ་བ་མཚོན་བྱེད་དྲི་དང་བ་བྱུང་ལྔ་སྦྱར་བའི་ཆུས་བྱུག གཡས་པའི་སྲིན་ལག་གིས་མཐའ་བསྐོར་བས་ཕྱིའི་མུ་ཁྱུད་དང་། དེ་ལས་ལག་མ་བཏེགས་པར་དབུས་སུ་མེ་ཏོག་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ནས་རི་གླིང་ཉི་ཟླ་སོགས་རང་རང་གི་གནས་སུ་འབྲུའི་ཚོམ་བུ་སོ་བདུན་ནམ་བདུན་ལག་ལེན་ལྟར་འགོད་པའོ། །ཡིད་སྤྲུལ་ནི། ཆོས་དབྱིངས་རིས་མེད་ལས་མ་འགགས་པར་རང་བྱུང་བའི་རོལ་རྩལ་མཆོད་རྫས་ཀྱི་རྣམ་པར་ཤར་བ་སྟེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་ལ། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་གནས་པའི་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་སྣོད་བཅུད་ཀྱི་འཇིག་རྟེན་ལྷ་དང་མིའི་འབྱོར་ཚོགས་དགོས་འདོད་ཐམས་ཅད་ཀྱིས་ཕྱུར་བུར་བཀང་སྟེ་ནམ་མཁས་གར་ཁྱབ་ཏུ་སྤྲོས་ནས་འབུལ་བ་དང་། ནང་ལྟར་ན་རང་གིས་ཡོངས་སུ་བཟུང་བའི་ཡུལ་དུ་སྣང་བ་གསེར་གྱི་ས་གཞི་དེར་ཞེན་དྲིའི་བྱུག་པ་ཁང་པ་དང་ཁང་ཕྲན་སོགས་རི་རབ་གླིང་བཞི། སྐར་ཁུང་ཉི་ཟླ་ལ་སོགས་པའི་སྣོད་དུ་བུ་དང་ཆུང་མ་བྲན་གཡོག་ལོངས་སྤྱོད་སོགས་གཅེས་དགུའི་བཅུད་ཀྱིས་བཀང་སྟེ་འབུལ་བ་དང་། གསང་བ་ལྟར་ན་རང་གི་པགས་པ་གསེར་གྱི་ས་གཞི་ཁྲག་བྱུག་པ། སྒལ་ཚིགས་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་ཀྱི་སེམས་ལྷ་དང་མིའི་འབྱོར་ཚོགས་ཏེ། དེ་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་སྤྲོས་ཏེ་འབུལ་བ་དང་། དེ་ཁོ་ན་ཉིད་ལྟར་ན་མཁའ་ལྟར་འབྱམས་ཀླས་པའི་ཞིང་ཁམས་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་ཡོངས་སུ་གཏམས་པ་ཉིད་དམིགས་པ་མེད་པའི་ཤེས་རབ་ཀྱིས་འཁོར་གསུམ་ཡོངས་དག་གི་ངང་དུ་འབུལ་བ་སྟེ། འདི་ཡང་ཀུན་གཞི་གསེར་

p. 60

གྱི་ས་གཞི་དེ་ཉིད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དྲིའི་བྱུག་པ། རང་བྱུང་གི་ཡེ་ཤེས་རི་རབ། དེ་ལས་ཚད་མེད་བཞི་དང་དགའ་བ་བཞི་དང་ཡེ་ཤེས་བཞི་སོགས་འཆར་བ་གླིང་བཞི། ཐབས་ཤེས་ཟུང་དུ་འབྲེལ་བ་ཉི་ཟླ་ལ་སོགས་པའམ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་ཏེ་འབུལ་བའོ། །དེ་ཡང་ལུས་ཀྱི་ལས་སུ་གཞི་ཕྱི་ཞིང་དྲི་ཆབ་ཀྱིས་བྱུགས་ལ་ཚོམ་བུ་འགོད་པ། ངག་གི་ལས་སུ། ཆོས་དབྱིངས་རང་བྱུང་རོལ་པའི་རྩལ། ཞེས་སོགས་ཚིགས་བཅད་སྔགས་དང་བཅས་པ་དབྱངས་སྙན་པོས་བརྗོད་པ། ཡིད་ཀྱི་ལས་སུ་དོན་རེ་རེ་བཞིན་ནས་གསལ་བཏབ་སྟེ། དམིགས་པ་རྒྱ་ཆེ་ཞིང་གསལ་ན་ཞིང་ཁམས་མཐའ་ཡས་པ་སྤྲོས་ཏེ། ནམ་མཁས་གར་ཁྱབ་མཆོད་པའི་སྤྲིན་གྱིས་ཡོངས་སུ་གང་བའམ། དམིགས་པ་རྒྱ་ཆུང་ན་ཞིང་ཁམས་གཅིག་པོ་དེ་ག་དམིགས་ནས་མཁའ་ཁྱབ་ཏུ་འབུལ་སྙམ་པའི་མོས་པ་ཙམ་བྱེད་ཅིང་བརྒྱ་སྟོང་ལ་སོགས་པ་གུས་པའི་བློས་སྙིང་ཐག་པ་ནས་ཕུལ་ལ་གསོལ་བ་བཏབ་མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་རང་ལ་བསྡུ། ཐུན་མཚམས་སུའང་སེམས་རྣམ་གཡེང་གི་དབང་དུ་མི་གཏོང་བར་སྒོ་གསུམ་གཅིག་ཏུ་བསྒྲིལ་ཏེ་རྟེན་བཞེང་བ་ཕྱག་སྐོར་མཆོད་སྦྱིན་སོགས་སྒོ་དུ་མ་ནས་ཚོགས་བསག་པར་བྱའོ། །གསུམ་པ་རྟགས་ཕན་ཡོན་དང་བཅས་པ་ལས། དངོས་གཞིའི་ཉམས་རྟོགས་སྐྱེ་བའི་རྒྱུར་གསར་དུ་ཚོགས་བསག་ཐུབ་པའི་རྟགས་ནི། རང་ཉིད་སེང་ཁྲི་ལ་འདུག་པ་དང་། ཅོད་པན་བཅིངས་པ། ཆས་གོས་བཟང་པོ་བསྟར་བ། སྐྱེ་བོ་མང་པོས་ཕྱག་འབུལ་ཞིང་མཆོད་པས་བཀུར་བ་སོགས་ཉམས་སམ་རྨི་ལམ་དུ་འབྱུང་། དངོས་ཀྱི་རྟགས་ནི་སྡིག་སྒྲིབ་དག་པའི་རྟགས་དང་འདྲ་བ་ཡིན་ནོ། །ཕན་ཡོན་ནི། དེ་ལྟར་ལུས་ངག་ཡིད་གསུམ་གྱི་ལས་ཚང་བའི་སྒོ་ནས་མཎྜལ་ཕུལ་བས་སྒོ་གསུམ་གྱི་དགེ་བ་ཁྱད་པར་ཅན་མཐའ་ཡས་པ་འཐོབ་པར་འགྱུར་ཏེ། དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཀྱིས་རྒྱ་ཆེར་འཕེལ་བའི་ཕྱིར་དང་། ཚོགས་ཞིང་ཁྱད་པར་ཅན་གྱི་དྲུང་དུ་མཎྜལ་གྱི་ཆོ་ག་ཆ་ཚང་བ་ཚར་གཅིག་ཕུལ་བ་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་ཆ་ཤས་ཚང་བའི་ཕན་ཡོན་ཡོད་པའི་ཕྱིར་ཏེ། མཎྜལ་

p. 61

གྱི་མདོ་ལས། བ་གཅི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱིས། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་གསུངས་པ་ལྟར་གྱི་ཕན་ཡོན་རྣམས་འཐོབ་པར་འགྱུར་ཞིང་། མདོར་ན་ཕྱི་ནང་གསང་བའི་མཎྜལ་ཕུལ་བས་བསོད་ནམས་ཀྱི་ཚོགས་དང་། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱིས་ཚོགས་བསག བཞི་ཀའང་མཆོད་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བས་ཚོགས་གཉིས་ཀྱི་འབྲས་བུ་གནས་སྐབས་དང་མཐར་ཐུག་ཏུ་དོན་གཉིས་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་ནོ། །གསུམ་པ་ནི། བླ་མའི་རྣལ་འབྱོར་བསྒོམ༔ དབང་བླང་རྒྱུད་སྦྱངས་ཟབ་མོའི་གནད༔ ས་མ་ཡ༔ ཞེས་པ་སྟེ། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམ་བྱས་པས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོརལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་གསུངས་པ་ལྟར། གོང་དུ་བླ་མ་དམ་པ་བསྟེན་པ་ལམ་གྱི་རྩ་བར་བཞག་པ་ཞེས་པའང་། བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང་། དེ་ལ་དམིགས་ནས་མོས་གུས་རྒྱུན་མི་ཆད་པར་རྣལ་འབྱོར་དུ་བྱེད་པ་འདི་ལམ་དངོས་གཞིའི་ཉམས་ལེན་གྱི་རྩ་བ་གཅིག་ཏུ་འཇོག་པས་གསང་སྔགས་རྡོ་རྗེ་ཐེག་པ་བླ་མའི་བྱིན་རླབས་ལམ་དུ་བྱེད་ཅེས་འབྱུང་བའང་དེ་ཡིན་ལ། དེས་ན་གནད་ཐེམས་ལས། སྐྱབས་ཀུན་སྙིང་པོ་བླ་མ་

p. 62

ཡི༔ རྣལ་འབྱོར་ལམ་ལ་འཇུག་པར་བྱ༔ ཞེས་གསུངས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདིར་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་བླ་མ་དམ་པའི་བྱིན་རླབས་ཀྱི་སྒོ་ནས་ལམ་དུ་བྱེད་དགོས་པས་ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པ་ལ་འཇུག་པར་བྱ་སྟེ། བླ་མ་ནི་སྐྱབས་ཀུན་འདུས་པའི་སྙིང་པོ་ཡིན་པར་མ་ཟད། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ལས་གཞན་དུ་མ་གྱུར་པའི་ཕྱིར་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་དང་། རྩ་ལྟུང་གི་གཞུང་ལས་ཀྱང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །ཞེས་གསུངས་པའི་ཕྱིར། དེ་ལ་གང་ཟག་གི་བློའི་རིམ་པས། མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་བླ་མ་དཀོན་མཆོག་བཞི་པར་བལྟ་བ་སོགས་ཀྱང་འབྱུང་མོད། འོན་ཀྱང་མོས་གུས་ཀྱི་བློ་སྣ་འདྲེན་པའི་སྐབས་འདིར་རྩ་བའི་བླ་མ་དེ་ཉིད་སྐྱེ་འཕགས་གང་ཡིན་ཡང་རུང་སངས་རྒྱས་དངོས་སུ་བལྟ་དགོས་ཏེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པས། དོན་ལ་སངས་རྒྱས་གཅིག་ལ་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པར་འགྱུར་བའི་ཕྱིར་གཅིག་དང་མང་པོ་ལ་ཁྱད་པར་མེད་ཀྱང་། མོས་གུས་འཇུག་ཚུལ་ལ་ཁྱད་པར་ཡོད་པས། སངས་རྒྱས་གཅིག་གམ་གཉིས་ལྟ་བུ་མ་ཡིན་པར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བལྟ་ཞིང་། དེ་ལྟར་སངས་རྒྱས་ཀུན་འདུས་ཡིན་པ་བཞིན་དུ་ཆོས་དང་དགེ་འདུན་ཀུན་འདུས་ཀྱང་ཡིན་པས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན་ཏེ། གསང་འདུས་ལས་བྱང་ལས་ཀྱང་། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །ཞེས་གསུངས། ཁྱད་པར་རང་རེའི་སྣང་ངོར་དཀོན་མཆོག་གསུམ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཀྱང་། བླ་མ་བཀའ་དྲིན་ཆེ་སྟེ། སངས་རྒྱས་རྣམས་ཀྱིས་བདག་ལ་ཞལ་མི་སྟོན། གསུང་མི་འབྱོན། གལ་ཏེ་སངས་རྒྱས་བྱང་སེམས་རྣམས་

p. 63

ཀྱིས་དངོས་སུ་ཞལ་བསྟན་ཀྱང་། བདག་ལ་དཔལ་ལྡན་བླ་མ་ལས་ལྷག་པའི་མཛད་རྒྱུ་དང་སྟོན་རྒྱུ་མེད་པར་མ་ཟད། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་དངོས་ཀྱིས་ཞལ་མཐོང་བ་དང་གསུང་ཐོས་པའི་སྐལ་བས་ཕོངས་པའི་སྐབས་འདིར་རང་རྒྱུད་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་བདག་རྐྱེན་མཛད་ནས་སངས་རྒྱས་ཆོས་ཀྱི་སྐུའི་ཞལ་བལྟ་བ་ལ་སྦྱོར་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་སངས་རྒྱས་ཀུན་ལས་ལྷག་སྟེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག ཅེས་དང་། སངས་རྒྱས་རྣམས་ཐབས་མཁས་ལ་ཐུགས་རྗེ་མངའ་བ་ཡིན་ཡང་། བླ་མའི་བདག་རྐྱེན་མེད་ན་གདུལ་བྱའི་རྒྱུད་ལ་ཕྲིན་ལས་འཇུག་མི་ནུས་པ་དང་། སངས་རྒྱས་ཉིད་ཀྱང་བླ་མ་མེད་པར་མི་འབྱུང་བས་དང་པོར་བླ་མ་བསྟེན་དགོས་པས་ཀྱང་ལྷག་སྟེ། ལམ་ཟབ་ལས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་བའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་སོ། །ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས། དེ་ལ་བརྙས་པ་སོགས་སྡིག་བསགས་ན་ཡི་དམ་གྱི་ལྷ་ཐམས་ཅད་ལ་སྡིག་བསགས་པར་འགྲོ་བས་ཉེས་པ་ཆེ་སྟེ། འཇམ་དཔལ་ཞལ་ལུང་ལས། མ་འོང་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །དེས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། བླ་མ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱིར་སློབ་མའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་ཟད་པར་འགྱུར་ཏེ། དེ་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་

p. 64

མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས་ཤིང་། གཞན་ཡང་སྔར་བཤད་པ་ལྟར་དབང་བཞིའི་ལམ་དང་རྗེས་སུ་འབྲེལ་བའི་མོས་གུས་ལམ་དུ་བྱེད་ཚུལ་རྣམས་ཀྱང་ཤེས་པར་བྱའོ། །མདོར་ན་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་ཐག་ཆོད་པས་ཅི་མཛད་འགྲོ་བ་འདུལ་བའི་ཐབས་མཁས་ཀྱི་འཕྲིན་ལས་སུ་མཐོང་བ། བྱས་པ་གཟོ་བས་བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱིས་འཕྲོགས་པས་གདུང་ཤུགས་དྲག་པོས་རིག་པ་བསྒྱུར་ནུས་པ། ཡང་ཡང་མི་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་གཞན་འགོག་ནུས་པ་སྟེ། ཁྱད་པར་བཞི་ལྡན་གྱི་མོས་གུས་དྲག་པོས། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་བསྐྱུར་དུ་བྱས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་ནུས་ན་བྱིན་རླབས་འཕྲལ་དུ་འཇུག ཉོན་མོངས་པ་གློ་བུར་དུ་འགག ཡེ་ཤེས་སྐད་ཅིག་གིས་འབེབས་པ་སོགས་སྐྱོན་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་ནམ་ཟླའི་དྲོད་ཕབས་པ་ལྟར་ཐོག་བབས་སུ་འཆར་བ་ཆོས་ཉིད་དོ། །མོས་གུས་ཀྱི་ལམ་གྱི་ཁྲིད་ཚུལ་ལའང་། སྤྱོད་པས་འཁྲིད་པ་དང་། གསོལ་འདེབས་ཀྱིས་འཁྲིད་པ་གཉིས་ལས། དང་པོ་ནི། སྐལ་ལྡན་ཡང་རབ་ཁ་ཅིག་བླ་མ་དམ་པ་དང་མཇལ་བ་ཙམ་གྱིས་བཅོས་མིན་གྱི་མོས་གུས་སྐྱེ་ཞིང་། བླ་མའི་ཆེད་དུ་སྒོ་གསུམ་གྱི་དཀའ་བ་ཆེན་པོ་སྤྱོད་པས་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཉི་མ་ཤར་བའི་སྣང་བ་ལྟར་ཅིག་ཅར་དུ་འབྱུང་བ་ཞིག་ཡིན་ནོ། །གཉིས་པ་ནི། ད་ལྟའི་དུས་མོས་གུས་དེ་འདྲ་བ་དཀོན་ཞིང་དཀའ་སྤྱད་ཀྱང་ཕལ་ཆེར་གྱིས་མི་ནུས་པས་གསོལ་འདེབས་ཀྱི་སྒོ་ནས་མོས་གུས་ལ་རིམ་གྱིས་འཁྲིད་པ་ཡིན། དེ་ལྟར་བློ་སྦྱངས་པས་མཐར་བཅོས་མིན་གྱི་མོས་གུས་སྐྱེས་པ་ན་ལམ་གྱི་ཡོན་ཏན་རྣམས་རིམ་པས་འཆར་བར་འགྱུར་རོ། །དེས་ན་འདིར་གང་ལ་གསོལ་བ་གདབ་བྱའི་ཡུལ་སྒོམ་པ། ཚོགས་བསག་ཅིང་གསོལ་བ་འདེབས་པ། བླ་མའི་སྐུ་ལས་དབང་བཞི་བླང་བ། ཕན་ཡོན་བཤད་པའོ། །དང་པོ་ནི། གནས་ཁང་དག་པའི་ཞིང་དུ་གྱུར་པའི་མདུན་གྱི་ནམ་མཁར་དག་གསལ་སྒྲིབ་ཐོགས་མེད་པའི་ཡེ་ཤེས་ལྔའི་རང་གདངས་འོད་ལྔ་འཁྲུག་པའི་ཀློང་དུ་མི་འཇིགས་པ་སེང་གེས་བཏེག་པའི་དགོས་འདོད་འབྱུང་བ་རིན་པོ་ཆེའི་ཁྲིའི་སྟེང་དུ་མ་ཆགས་

p. 65

ལ་རང་བཞིན་གྱི་འོད་གསལ་བ་པད་ཉི་ཟླ་བའི་གདན་ལ། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ཉིད་རྣམ་པ་ཁྱབ་བྱ་པདྨའི་རིགས་སྣང་བ་མཐའ་ཡས་ལ་ཁྱབ་བྱེད་རིགས་དྲུག་པ་རྗེས་སུ་ཞུགས་པ་གསུང་རྡོ་རྗེ་འཆང་སྟེ། བླ་མའི་བཀའ་དྲིན་ཡང་གཙོ་བོར་གསུང་གི་སྒོ་ནས་ཐོབ་པའི་རྒྱུ་མཚན་གྱིས་ཀྱང་ཡིན་ལ། དེ་ཡང་ཐུགས་རྗེས་སེམས་ཅན་ལ་རྗེས་སུ་ཆགས་པས་སྐུ་མདོག་དམར་པོ། བདེ་སྟོང་ངོ་བོ་གཅིག་པའི་ཟུང་འཇུག་མཚོན་བྱེད་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་། སྲིད་ཞི་གཉིས་མེད་ཀྱི་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་མཚན་དཔེའི་གཟི་བརྗིད་ཅན་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐུ་ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པར་འཕྲོ་བ། མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད། ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམའ་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པར་ཤར་བས་བྱིན་གྱིས་རློབ་པའི་ཚུལ་དུ་མངོན་སུམ་པ་ལྟར་བཞུགས་པར་བསམ་པ་སྟེ། གནད་ཐེམས་ལས། དག་གསལ་ཡེ་ཤེས་འོད་ལྔའི་ཀློང༔ ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ནི་ལུས་ཀྱི་སྒོ་ནས་ཕྱག་བྱ་ཞིང་དངོས་འབྱོར་གྱི་མཆོད་པ་རྒྱས་པར་འབུལ། ངག་གི་དབྱངས་སྙན་པོས། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ ཞེས་སོགས་བརྗོད། ཡིད་ཤིན་ཏུ་དད་ཅིང་གུས་པས་རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ལ་ཕྱག་འཚལ་བར་མོས་པ་སོགས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསག་པར་བྱ་སྟེ། རིམ་པ་བཞིན་དུ་གཙོ་བོར་ང་རྒྱལ་དང་། ཆགས་ཞེན་དང་། ཞེ་སྡང་དང་། ཕྲག་དོག་དང་། ལོག་ལྟ་དང་། གཏི་མུག་དང་། ཐེ་ཚོམ་རྣམས་ཀྱི་གཉེན་པོར་འགྱུར་བ་སོགས་ཕན་ཡོན་ཚད་མེད་དོ། །དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆག་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡིས་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་

p. 66

ཏུ་འབྱུང་། །ཞེས་སོ། །དེ་ནས་བྱིན་རླབས་འཇུག་པའི་སླད་དུ་གསོལ་བ་གདབ་པར་བྱ་སྟེ། བླ་མའི་ཡོན་ཏན་དང་བཀའ་དྲིན་དྲན་པས་བློ་སྣ་མོས་གུས་ཀྱིས་འཕྲོགས་པའི་གདུང་ཤུགས་དྲག་པོ་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་བསྐྱུར་དུ་བྱས་ཏེ། རང་དང་ལྷན་ཅིག་སེམས་ཅན་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་དུ༔ ཞེས་སོགས་བརྗོད་ཅིང་། བླ་མ་སོ་སོའི་མཚན་བྱུང་བའི་ཚེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དགོས་འདོད་ཀུན་སྩོལ་ཡིན་པ་ལ་ཡིན་པར་བློ་ཐག་བཅད། གསོལ་བ་འདེབས་སོ་ཞེས་པའི་ཚེ་གདུང་ཤུགས་བཟོད་མེད་དུ་བསྐྱེད་དེ་གསོལ་བ་ཕུར་ཚུགས་སུ་འདེབས། བདག་རྒྱུད་བྱིན་གྱིས་རློབས༔ ཞེས་དང་། དེང་ནས་བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ ཅེས་སོགས་ཀྱི་སྐབས་སུ་ལམ་སྒོམ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འབྱོར་བས། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་སྟེ་འགྲོ་ཀུན་འདྲེན་པའི་དེད་དཔོན་བྱེད་ནུས་པར་བྱིན་གྱིས་རློབས་ཤིག་ཅེས་འདོད་དོན་གསོལ་བའོ། །གསུམ་པ་ནི། རྩ་བའི་བླ་མའི་སྐུའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བཞུགས་པ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་ཅིག་ཅར་དུ་འཕྲོས་པ་རང་གི་གནས་དེ་དང་དེར་ཐིམ་པས་བུམ་དབང་སོགས་དབང་བཞི་པོ་རིམ་པར་བླངས་ཏེ། བུམ་གསང་ཤེར་ཡེ་གསུམ་ཐོབ་པས་རགས་པའི་ལུས་ངག་ཡིད་གསུམ་སོ་སོ་དང་དབང་བཞི་པས་ཕྲ་བ་སྣང་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་རུང་གི་རྟེན་འབྲེལ་སྒྲིག་པའོ། །སླར་ཡང་མོས་གུས་ཀྱིས་གསོལ་བ་བཏབ་པས་འཁོར་རྣམས་རྩ་བའི་བླ་མར་བསྡུས། དེ་ཉིད་དགྱེས་ཉམས་ཀྱིས་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་བ་རང་ལ་བསྟིམ། བླ་མའི་ཐུགས་དང་རང་གི་སེམས་ཉིད་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ནི། རང་རིག་དོན་གྱི་བླ་མའི་རྣལ་འབྱོར་རོ། །བཞི་པ་ནི། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་

p. 67

ཕ་མཐའ་ཡས། །ཞེས་དང་། རིམ་ལྔ་ལས་ཀྱང་། རི་དབང་རྩེ་ནས་འགའ་ཞིག་ལྷུངས་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བ་མི་འདོད་ན་ཡང་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་ཕན་ཡོན་མཐའ་ཡས་སོ། །དེ་ལྟར་སྤྱིའི་སྔོན་འགྲོ་ལས། ངེས་འབྱུང་གིས་བློ་བཅོས་ཤིང་། སྐྱབས་སུ་འགྲོ་བ་གཉིས་ནང་པ་སངས་རྒྱས་པ་ཐམས་ཅད་དང་། སེམས་བསྐྱེད་ནི། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་པ་ཡིན་ལ། སྤྱིར་ཚོགས་བསག་དང་སྒྲིབ་སྦྱོང་དུ་མ་གྱུར་པའི་དགེ་བའི་ཆོས་མེད་མོད་ཀྱང་། འདིར་ཡིག་བརྒྱའི་སྒོམ་བཟླས་དང་མཎྜལ་གྱི་ཆོ་ག་གཉིས་བསག་སྦྱངས་ཀྱི་ཆོ་གའི་ཡན་ལག་སྣ་རེ་ཙམ་དུ་སྣང་ནའང་། ཚེགས་ཆུང་ལ་དོན་ཆེ་བའི་ཐབས་ཀྱི་ཁྱད་པར་རེར་འགྱུར་བས་སྔགས་ཀྱི་རྣལ་འབྱོར་པ་ལ་ཤིན་ཏུ་མཁོ་བའི་ཕྱིར་སྔོན་འགྲོར་སྦྱར་ཞིང་། བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཡིན་པས། དེ་གསུམ་ལ་བསག་སྦྱངས་གཉིས་མེད་ཀྱི་ཁྲིད་གསུམ་ཞེས་སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྟེ། དེ་རྣམས་ཀྱིས་རྒྱུད་ལེགས་པར་སྦྱངས་པ་ན་དངོས་གཞིའི་ཉམས་རྟོགས་སྐྱེད་པར་བྱེད་པའི་ཟབ་མོའི་ལམ་གྱི་གནད་ཁྱད་པར་ཅན་ཡིན་པས་ཤིན་ཏུ་གཅེས་པའི་ཕྱིར་ས་མ་ཡ་ཞེས་གསང་རྒྱས་འདེབས་པའོ། །གཉིས་པ་བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོོགས་ཁྱད་པར་ཅན་གྱི་སྔོན་འགྲོ་ལ་གསུམ་སྟེ། གང་དུ་སྒོམ་པའི་གནས། སྤང་བྱ་དང་བསྟེེན་བྱའི་ཆོས། ཁྱད་པར་ཉེས་པ་ལྔ་སྤོང་བའི་གཉེན་པོར་འདུ་བྱེད་བརྒྱད་བསྟེན་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །ཞེས་པས་ཡུལ་ཆུ་ཤིང་འཛོམ་ཞིང་ཟས་གོས་གནས་མལ་སོགས་ཆོས་མཐུན་གྱི་འཚོ་བའི་ཡོ་བྱད་མང་ཉུང་རན་པ་ཙམ་རྙེད་སླ་བས་ལེགས་པར་རྙེད་པའི་གནས་དང་། བླ་མ་དང་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས་སམ་ཉམས་དགའ་ཞིང་ཡིད་དུ་འོང་བས་སྡོད་སྙིང་འདོད་པ་སྟེ་གནས་བཟང་བ་དང་། ཆུ་

p. 68

ལུས་ལ་འཕྲོད་ཅིང་ས་བསིལ་དྲོད་སྙོམས་པས་ནད་མི་སྐྱེད་པ་སྟེ་ས་བཟང་བ་དང་། མཆེད་སྒོམ་ཉམས་ཅན་ནམ་མིན་ནའང་ཞི་དུལ་དང་ལྡན་ཞིང་དམ་ཚིག་གཙང་བས་གྲོགས་བཟང་བ་དང་། ས་བདག་གི་རྩོད་པ་དང་ཆོམ་རྐུན་གཅན་གཟན་སོགས་ཀྱི་འཚེ་བ་མེད་ཅིང་། སྐྱེ་བོའི་རྒྱུ་འགྲུལ་དང་སྒྲའི་ཀླག་ཅོར་སོགས་བསམ་གཏན་ལ་ཚེར་མ་མི་འབྱུང་བས་ཤིན་ཏུ་བདེ་བའི་ཡོན་ཏན་ཚང་བ་དང་། དེ་ཐམས་ཅད་ལ་སྤྱིར་གཅེས་པ་རྒྱལ་པོ་དམ་པའི་ཆོས་ལ་འདུན་ཅིང་རྒྱལ་ཁྲིམས་བཙན་པས་ཡུལ་ཕྱོགས་བདེ་ཞིང་འཐབ་རྩོད་མེད་པ་སོགས་ཀྱིས་ཏིང་ངེ་འཛིན་བསྒོམ་པ་ལ་ཉེར་འཚེ་མི་འབྱུང་བ་སྟེ། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་པ་མེད། །དེར་ནི་རྣལ་འབྱོར་བསྒོམ་པར་བྱ། །ཞེས་སོ། །གཉིས་པ་ལ་གཉིས་ལས། དང་པོ་སྤང་བྱའི་ཆོས་ནི། སྒོ་གསུམ་མི་དགེ་བའི་ལས་བཅུ་སྤང་དགོས་པར་མ་ཟད། བརྟན་པ་ཅུང་ཟད་མ་ཐོབ་བར་དེ་སྲིད་དུ་ཏིང་ངེ་འཛིན་ལ་གནོད་ན་དགེ་བའི་བྱ་བ་ཡིན་ཡང་། ལུས་ཀྱི་ཕྱག་དང་སྐོར་བ། ངག་གི་ཁ་ཏོན་དང་སྔགས་བཟླ་བ། ཡིད་ཀྱི་ཐོས་བསམ་གྱི་རྟོག་དཔྱོད་སོགས་ཀྱང་རེ་ཞིག་སྤང་དགོས་ན། ལུང་མ་བསྟན་གྱི་བྱ་བྱེད། ལུས་ཀྱི་འགྲོ་འདུག ངག་གི་སྨྲ་བརྗོད། ཡིད་ཀྱི་འཁྲུལ་རྟོག་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་གསུམ་གྱིས་དབེན་པས་སྒོ་གསུམ་གྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ཞིག་དང་། འཇིག་རྟེན་པའི་འཛག་བདེ་སྤངས་ཏེ་རྟག་ཏུ་ཚངས་སྤྱོད་ལ་གནས་དགོས་ཤིང་། ཐ་ནའང་ཁྲིད་མ་གྲོལ་བར་དུ་དེ་ལ་གནས་པ་ནི་འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ཞེས་བཤད་དོ། །དེ་དག་ཀུན་ལ་གཅེས་པ་སྤང་བར་བྱ་བའི་ཆོས་གསུམ་ལ། དང་པོ་ཡིད་ཀྱི་རེ་བ་སྤང་དགོས་ཏེ། བསམ་གཏན་ཆོས་དྲུག་ལས། རེ་བ་སྟོབས་ལྡན་སྡུག་བསྔལ་ཏེ། །རེ་བ་མེད་པ་བདེ་བའི་མཆོག །རེ་བ་རེ་བར་མི་བྱེད་པ། །བདེ་བར་གཉིད་ལོག་སེར་སྐྱ་མོ། །ཞེས་སེར་སྐྱ་མོས་མཛའ་བོ་དང་འདོད་པའི་དུས་བཏབ་པ་ལས། ནམ་སྟོད་ལ་ཁོ་ཡོང་དུ་རེ་བས་གཉིད་བཅག །ནམ་སྨད་ལ་རེ་ཐག་ཆོད་པས་གཉིད་དུ་བདེ་འབོལ་གྱིས་སོང་བ་ལྟར། ཆོས་དང་

p. 69

འཇིག་རྟེན་གྱི་ཕུན་ཚོགས་གང་ལ་རེ་བ་བྱས་ཀྱང་རེ་བ་བཞིན་མི་འགྲུབ་པས་སྡུག་བསྔལ་བསྐྱེད་པའི་ཕྱིར་རེ་བ་སྤང་བར་བྱའོ། །གཉིས་པ་ནོར་གྱི་གསོག་འཇོག་སྐྱེད་འཕེལ་སོགས་ཀྱང་སྤང་དགོས་ཏེ། ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཞིང་། །ཟང་ཟིང་མེད་ན་བདེ་བའི་མཆོག ། ཆུ་སྐྱར་གྱིས་ནི་ཉ་རོ་དག །སྤངས་པའི་བདེ་བ་འཐོབ་པར་འགྱུར། །ཞེས་ཆུ་སྐྱར་གྱིས་ཉ་རོ་རྙེད་པ་ལ་ཆུ་སྐྱར་གཞན་རྣམས་ཀྱིས་དེ་འཕྲོག་པའི་ཕྱིར་དེད་པས་སྡུག་བསྔལ་བ་ལ་ཉ་རོ་དེ་བོར་བས་བདེ་བ་ཐོབ་པ་ལྟ་བུའོ། །གསུམ་པ་ཁྱིམ་ཐབས་ཀྱང་སྤང་དགོས་ཏེ། མ་སྤངས་ན་བུད་མེད་ཀྱི་བྱ་བས་གཡེངས་ནས་དགེ་བ་ཉམས་པར་འགྱུར་ཏེ། ཁྱིམ་གྱི་རྩོལ་བ་སྡུག་བསྔལ་ཏེ། །ནམ་ཡང་བདེ་བར་འགྱུར་མ་ཡིན། །སྦྲུལ་གྱིས་གཞན་གྱི་གནས་མཐོང་ནས། །ཞུགས་པས་བདེ་བ་འཐོབ་པར་འགྱུར། །ཞེས་སྦྲུལ་གྱིས་རང་གི་ཚང་དུ་ཉལ་བས་ཕྲུག་གུ་རྣམས་ཀྱིས་གཙེས་པ་ན་ཚང་གཞན་ཞིག་ཏུ་ཕྱིན་པས་བདེ་བ་ཐོབ་པ་ལྟ་བུའོ། །གཉིས་པ་བསྟེན་པར་བྱ་བའི་ཆོས་ནི། སྤྱིར་ཡང་དག་པའི་བླ་མ་སྒོམ་ཉམས་ཅན་དང་། སྡིག་དང་མ་འདྲེས་པའི་འཚོ་བའི་ཡོ་བྱད། འདིར་བསྐྱེད་རིམ་དང་འབྲེལ་བར་བསྙེན་སྒྲུབ་ལས་གསུམ་བྱེད་པར་འདོད་ན་སྒྲུབ་ཐབས་བཞིན་དུ་སྒོས་ཀྱི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱ་དགོས་ཤིང་། ཁྱད་པར་ཏིང་ངེ་འཛིན་བརྟན་པའི་རྐྱེན་ལུས་ཀྱི་ངལ་དུབ་དང་དྲག་ཤུལ། ངག་གི་ལོང་གཏམ། ཡིད་ཀྱི་རྣམ་རྟོག་རྒྱུན་བཅད་དེ་དལ་བ་གསུམ་བསྟེན་ནས། རྣལ་འབྱོར་ལ་གཞོལ་བར་བྱ་སྙམ་དུ་ཞེ་དམ་དྲག་པོ་བཅའ། དེའང་བསྟེན་པར་བྱ་བའི་ཆོས་ག སུམ་ལས། དང་པོ་དབེན་པའི་གནས་བསྟེེན་དགོས་ཏེ། རྔོན་པས་ནགས་སུ་སོང་གྱུར་ནས། །རི་དྭགས་འཚོལ་བར་བརྩམ་པ་ན། །དབེན་པའི་ཡོན་ཏན་མཐོང་ནས་ནི། །དེ་ཉིད་དུ་ནི་གནས་བཅས་འགྱུར། །ཞེས་རྔོན་པས་ནགས་སུ་རི་དྭགས་གཤོར་དུ་ཕྱིན་པ་ན་དབེན་པའི་ཡོན་ཏན་མཐོང་ནས་བསྡད་པས་ཏིང་ངེ་འཛིན་རང་ཤུགས་སུ་སྐྱེས་པ་ལྟ་བུའོ། །གཉིས་པ་གནས་དབེན་ཡང་སེམས་འདུ་འཕྲོས་མ་དབེན་ན་ལུས་སྒོམ་ཆེན་པ་དང་སེམས་ཚོང་འདུས་པའི་དཔེ་ལྟར་འགྱུར་བས་སེམས་དབེན་པ་གལ་ཆེ་སྟེ། འདིར་ནི་རྒྱལ་པོའི་དཔུང་ཚོགས་བཞིའི། །དམག་དཔུང་

p. 70

གིས་ནི་བསྐོར་བ་དག །དམིགས་པ་རབ་ཏུ་བརྟན་པས་ན། །མདའ་མཁན་གྱིས་ནི་མ་མཐོང་བཞིན། །ཞེས་མདའ་མཁན་སྨྱུག་མ་སྲོང་བ་ལ་སེམས་འཇུར་བས་ཉེ་འཁོར་དུ་དམག་དཔུང་ལྷགས་པའི་ཁུ་སྒྲ་དང་གཏུག་ཆོམ་སོགས་མ་ཚོར་བ་བཞིན་ནོ། །གསུམ་པ་དམིགས་པ་བརྟན་པོ་ཐོབ་པ་ལ་རང་གཅིག་པུར་གནས་པ་ཞིག་དགོས་ཏེ། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་གཞོན་ནུ་མ་གཅིག་གིས་ལག་གདུབ་མང་པོ་དང་བཅས་ཙན་དན་བརྡར་བས་གདུ་བུ་རྣམས་འཁྲོགས་ནས་མ་བདེ། རིམ་པར་ཕུད་ནས་གཉིས་དང་བཅས་ཏེ་བརྡར་ཡང་འཁྲོག་པས་མཐར་གཅིག་བཅུག་སྟེ་བརྡར་བས་བྱ་བ་འགྲུབ་པ་ལྟ་བུའོ། །གསུམ་པ་ཁྱད་པར་ཉེས་པ་ལྔ་སྤོང་བའི་གཉེན་པོར་འདུ་བྱེད་བརྒྱད་བསྟེེན་དགོས་པ་ལས། སྤང་བྱའི་ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་མན་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྒྲིབ་པར་བྱེད་པ་ཉམས་ལེན་ལ་མི་སྤྲོ་བའི་ལེ་ལོ་དང་། སྤྲོའང་བསྒོམ་བྱའི་ཚིག་དོན་བརྗེད་པ་གཉིས་སོ། །དངོས་གཞི་ལ་སྒྲིབ་པར་བྱེད་པ་གདམས་ངག་མ་བརྗེད་པར་སྒོམ་ཡང་བྱིང་རྒོད་ཀྱི་དབང་དུ་གྱུར་པ་དང་། ཏིང་ངེ་འཛིན་ཁྱད་པར་དུ་འགྱུར་བའི་མི་མཐུན་ཕྱོགས་བྱིང་རྒོད་གཉིས་བྱུང་བའི་ཚེ་གཉེན་པོ་འདུ་མི་འབྱེད་པ་དང་། བྱིང་རྒོད་སྤོང་ཞིང་གནས་ཀྱང་ཧ་ཅང་གཉེན་པོའི་འདུ་བྱེད་སྟོབས་ཆེ་ན་ཉེས་པར་འགྱུར་བ་སྟེ་ལྔའོ། །ཉེས་པ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་ནི། དེ་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་པས་ལེ་ལོ་སྤོང་བྱེད། འདུན་རྩོལ་དད་པ་ཤིན་སྦྱངས་བཞི་སྟེ། གདམས་ངག་བསྒོམ་པ་ལ་རྩོལ་བའི་གནས་ནི་འདུན་པ་ཡིན་ལ། དེ་ལ་གནས་པ་ནི་འབད་རྩོལ་གྱི་བརྩོན་འགྲུས་སོ། །འདུན་པ་སྐྱེ་བའི་རྒྱུ་ནི་དད་པ་དང་། སྒོ་གསུམ་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བ་ནི་

p. 71

རྩོལ་བའི་འབྲས་བུའོ། །སྤོང་བའི་འདུ་བྱེད་ལྷག་མ་བཞི་ནི། གདམས་ངག་བརྗེད་པའི་གཉེན་པོར་ཚིག་དོན་མི་བརྗེད་པའི་དྲན་པ། བྱིང་རྒོད་གཉིས་ཀྱི་གཉེན་པོར་འབྱུང་མི་འབྱུང་རྟོག་པའི་ཤེས་བཞིན། བྱིང་རྒོད་བྱུང་ཚེ་དེ་དག་སྤོང་བའི་གཉེན་པོ་མངོན་པར་འདུ་བྱེད་པ། བྱིང་རྒོད་ཞི་བའི་ཚེ་ཧ་ཅང་གཉེན་པོ་སྟོབས་ཆེས་པའི་གཉེན་པོར་བཏང་སྙོམས་འདུ་མི་བྱེད་པས་སེམས་རྣལ་དུ་འཇུག་པར་བྱེད་པ་སྟེ། བརྒྱད་པོ་གདམས་ངག་བསྒོམ་པ་ལ་ཤིན་ཏུ་གལ་ཆེ་བས་ངེས་པར་བྱ་དགོས་སོ། ༈ །གཉིས་པ་དངོས་གཞི་སྒོམ་པའི་རིམ་པས་ཟབ་མོའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་ཁྲིད་པ་ནི། གནད་ཐེམས་ལས། དངོས་གཞི་ཉམས་དང་རྟོགས་པའི་རྩལ༔ སྐྱེད་བྱེད་མྱུར་བའི་ལམ་གྱི་སྒོ༔ ཞེས་གསུངས་པ་ལྟར། དངོས་གཞིའི་ལམ་གྱི་ཉམས་རྟོགས་སྐྱེད་པར་བྱེད་པའི་སྒོ་སྤྱི་དང་ཁྱད་པར་གྱི་སྔོན་འགྲོ་རྣམས་ཡིན་པས་དང་པོར་བཤད་གྲུབ་ནས། གཉིས་པར་བསྐྱེད་དང་རྫོགས་པ་སྟེ༔ ཞེས་པས་ད་ནི་འདིར་རྩ་བའི་ས་བཅད་གཉིས་པ་དངོས་གཞིའི་དོན་འཆད་པར་བྱེད་པ་སྟེ། དེ་ལ་ལམ་གྱི་དྲི་མ་སྦྱོང་བའི་གཞི་བདེ་གཤེགས་སྙིང་པོ་དང་། སྦྱང་བྱ་མ་དག་གློ་བུར་གྱི་དྲི་མ་ཡིན་པས། དེ་སྦྱོང་བར་བྱེད་པའི་ཐབས་ཀྱང་སྒྲིབ་པ་ཀུན་བརྟགས་གློ་བུར་བའི་ཆ་ནི་བསྐྱེད་པའི་རིམ་པ་དང་། སྒྲིབ་པ་ས་བོན་གྱི་ཆ་ནི་རྫོགས་པའི་རིམ་པས་སྦྱོང་དགོས་པའི་ཕྱིར་རིམ་པ་གཉིས་ལས། དང་པོར་བསྐྱེད་པའི་རིམ་པ་ལ་བསླབ་པར་བྱ་དགོས་ཏེ། བསྐྱེད་རིམ་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་ནུས་པ་སྨིན་ཅིང་རྒྱུད་སྦྱོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་དབང་རྟུལ་ཁ་ཅིག་རེ་ཞིག་རྫོགས་རིམ་སྒོམ་པའི་སྐལ་བ་དང་མི་ལྡན་པས། བསྐྱེད་རིམ་བསྒོམ་པ་ལས་འོས་མེད་ཅིང་། བསྐྱེད་རིམ་ལ་ལོབས་ནས་ཕྱིས་རྫོགས་རིམ་གྱི་སྐལ་ལྡན་དུ་འགྱུར་བས་ན་ངེས་པར་བསྐྱེད་རིམ་བསྒོམ་དགོས་ལ། དབང་པོ་འབྲིང་པོ་ཐོག་མ་ཉིད་ནས་རྫོགས་རིམ་ཅུང་ཟད་སྒོམ་དུ་རུང་བ་ཞིག་ཡིན་ཡང་། བསྐྱེད་རིམ་སྔོན་དུ་སོང་ན་རྫོགས་རིམ་གྱི་རྟོགས་པ་སྐྱེ་སླ་ཞིང་གེགས་དང་གོལ་ས་མི་འབྱུང་བས་ཀྱང་བསྐྱེད་རིམ་ངེས་པར་བསྒོམ་དགོས་སོ། །དབང་རྣོན་བསྐྱེད་རིམ་ལ་

p. 72

མ་བརྟེན་པར་རྫོགས་རིམ་ཁོ་ནས་ལམ་གོང་མ་རྣམས་གེགས་མེད་དུ་བགྲོད་ནུས་པ་ཞིག་ཡིན་ཡང་། བསྐྱེད་རིམ་སྒོམ་པ་སྔོན་དུ་སོང་ན་བཟང་སྟེ། དེ་ཉིད་ཕྱིས་བོགས་ཆེ་ཞིང་ལམ་བགྲོད་པ་མྱུར་བ་ཡིན་པའི་ཕྱིར། དེས་ན་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྲུབ་ཅིང་དེ་ལ་གནས་པས། རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པར་འདོད་པ་རྣམས་ལ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་སོགས་རིམ་པར་སྟོན་པའི་ཐབས་འདི་སྐས་ཀྱི་གདང་བུ་ལྟར་འོག་མ་མཐར་ཕྱིན་ནས་གོང་མ་ལ་རིམ་ཅན་དུ་བགྲོད་དགོས་པར་གསུངས་ཏེ། མཚན་མོའི་རྣལ་འབྱོར་ལས། སྔ་མ་སྔ་མ་ལ་བརྟེན་ནས༔ ཕྱི་མ་ཕྱི་མ་བསྒྲུབ་པར་བྱ༔ ཞེས་གསུངས་པའི་ཕྱིར་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ནི། སྔར་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་རྫོགས་སམ་བུམ་དབང་ཙམ་ཐོབ་ཟིན་ན་སྨོས་མ་དགོས། མ་ཐོབ་ན་སྐབས་འདིར་སྤྲོས་བཅས་བུམ་དབང་རྫོགས་པར་ཐོབ་པས་རྒྱུད་སྨིན་པར་བྱས་ནས་བསྐྱེད་རིམ་བསྒོམ་པ་ལ་འཇུག་པར་བྱ་སྟེ། དེ་ལ་གཉིས། བསྐྱེད་རིམ་གཙོ་བོར་བྱེད་པའི་དབང་དུ་བྱས་ཏེ་རྒྱས་པ་དང་། རྫོགས་རིམ་གཙོ་བོར་བྱེད་པའི་རྟེན་ཙམ་དུ་བསྐྱེད་རིམ་བསྡུས་པ་ལ་སློབ་ཚུལ་ལོ། །དང་པོ་ནི། དང་པོར་རྒྱས་པའི་རིམ་པ་ལ༔ མོས་ན་དེ་ཡི་མན་ངག་རྣམས༔ སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ༔ ཞེས་པ་སྟེ། བསྐྱེད་རིམ་ལ་སློབ་ཚུལ་རྒྱས་བསྡུས་གཉིས་ལས་དང་པོ་ཁོ་ནར་སྒྲུབ་ཐབས་རྒྱས་པའི་རིམ་པ་ལ་མོས་ཏེ་འཇུག་པར་འདོད་ན་དེ་ལ་ཇི་ལྟར་སློབ་པའི་མན་ངག་གི་རིམ་པ་རྣམས་ནི་རྩ་བའི་སྒྲུབ་ཐབས་མ་བུ་ལས་ཇི་སྐད་གསུངས་པ་བཞིན་དུ་བསྒོམ་པར་བྱ་བ་ཡིན་ཏེ། རྩ་བའི་སྒྲུབ་ཐབས་ལས། སྒྲུབ་པའི་རིམ་པ་གསུམ་ཡིན་ཏེ༔ བློ་ཡིས་རིམ་བཞིན་བསྐྱེད་པ་དང ༔ རྫོགས་པའི་རིམ་དང་རྫོགས་པ་ཆེ༔ རྣལ་འབྱོར་གསུམ་དུ་ཡང་དག་བཤད༔ ཅེས་དང་། ཕྱི་ལྟར་རྒྱལ་བ་རྒྱ་མཚོ་ཡི༔ དཀྱིལ་འཁོར་ཕྱི་རུ་འགོད་པ་དང༔ ནང་ལྟར་ལུས་ལ་འགོད་པ་དང༔ གསང་བ་རྩ་ལ་འགོད་པ་དང༔ ཡང་གསང་སེམས་ལ་འགོད་པའོ༔ ཞེས་གསུངས་པ་ལྟར། ཕྱི་སྒྲུབ་བསྙེན་པའི་ཡན་ལག་ནི་བསྐྱེད་པའི་རིམ་པ་སྟེ། ཕྱི་རོལ་ཏུ་ཐིག་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་དེ་མཚན་གཞིར་བྱས་

p. 73

ནས། དེ་རྣལ་འབྱོར་དུ་བྱེད་པའི་སྒྲུབ་པ་པོས། རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པར་བློས་བསླངས་བའི་ནང་དུ་བརྟེན་པ་ལྷ་རྣམས་གཙོ་འཁོར་གྱི་རྣམ་པར་ལས་བྱང་བཞིན་དུ་སྒོམ་པར་བྱེད་པ་ནི་ཡུལ་སྣང་སྟོང་ཟུང་འཇུག་གི་དཀྱིལ་འཁོར་དུ་རྒྱས་འདེབས་པས་ན་དཀྱིལ་འཁོར་ཕྱིར་འགོད་པ་ཞེས་བྱའོ། །ནང་སྒྲུབ་སྒྲུབ་པའི་ཡན་ལག་དང་གསང་སྒྲུབ་ལས་སྦྱོར་གྱི་ཡན་ལག་གཉིས་ནི་རྫོགས་པའི་རིམ་པ་སྟེ། ནང་སྒྲུབ་ནི་ལུས་ཉིད་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ཆོས་སུ་གནས་པ་མཚན་གཞིར་བྱས་ནས། ལུས་འདི་ལྷའི་སྐུར་བསྒོམས་པ་རྟེན་གཞལ་ཡས་ཁང་དུ་མོས་པ་ལ་གདོད་ནས་གྲུབ་པའི་ལྷ་རྣམས་ཞལ་ཕྱག་གི་རྣམ་པ་ཅན་དུ་བཅོས་ནས་བསྒོམ་པ་ནི་ལུས་དཀྱིལ་གཏུམ་མོ་དང་རྗེས་སུ་མཐུན་པས་ལུས་གསལ་སྟོང་གི་ལྷ་སྐུར་དཀྲི་བའི་ཐབས་དཀྱིལ་འཁོར་ནང་ལྟར་ལུས་ལ་འགོད་པ་དང་། གསང་སྒྲུབ་ནི་རྩ་འཁོར་ལོ་ལྔ་བྷ་གའི་དཀྱིལ་འཁོར་དུ་གདོད་ནས་གྲུབ་པ་མཚན་གཞིར་བྱས་ནས། རྩ་འཁོར་རྣམས་རྟེན་གྱི་ངོ་བོར་བྱས་པ་ལ་རྩ་ཁམས་ཀྱི་དྭངས་མ་རྣམས་ལྷའི་རྣམ་པར་བཅོས་ནས་བསྒོམ་པ་ནི་ལུས་དཀྱིལ་ཞུ་བདེ་དང་རྗེས་སུ་མཐུན་པས་ཡིད་བདེ་སྟོང་གི་ལྷ་སྐུར་དཀྲི་བའི་ཐབས་དཀྱིལ་འཁོར་གསང་བ་ལྟར་རྩ་ལ་འགོད་པ་དང་། དེ་རྣམས་གདོད་ནས་འབྲས་བུར་རྫོགས་པའི་དོན་ངོ་སྤྲོད་པར་བྱེད་པའི་ཐབས་ཡང་གསང་གི་སྒྲུབ་པའི་ཡན་ལག་ནི་རྫོགས་པ་ཆེན་པོ་སྟེ། སེམས་ཉིད་རྡོ་རྗེ་མི་ཤིགས་པའི་དཀྱིལ་འཁོར་ཆེན་པོར་གདོད་ནས་གྲུབ་པ་མཚན་གཞིར་བྱས་ནས། རྟོག་ཚོགས་ཐམས་ཅད་དཀྱིལ་འཁོར་གྱི་འཁོརལོའི་རང་བཞིན་དུ་ཤེས་རབ་ཀྱིས་ངེས་པར་བྱས་ཏེ་ངོ་སྤྲོད་པ་ནི་ཡང་གསང་སེམས་ལ་འགོད་པའོ། །དེ་ལྟར་ནང་གསང་གཉིས་གཏུམ་མོ་དང་ཐིག་ལེའི་རྣལ་འབྱོར་གྱི་རྗེས་མཐུན་ཤིན་ཏུ་ཟབ་པའི་ལུས་དཀྱིལ་དང་། ཡང་གསང་ནི་རྣམ་དག་དྲན་པ་ཡིན་པས་དོན་ལ་བསྐྱེད་རིམ་གྱི་རྣལ་འབྱོར་ལས་མི་འདའ་ཡང་། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་རྒྱུ་ཁྱད་པར་ཅན་དུ་གྱུར་པས་རྫོགས་པ་དང་རྫོགས་པ་ཆེན་པོ་ཞེས་རྗེས་སུ་མཐུན་པའི་སྒོ་ནས་བཞག་ལ། སྒྲུབ་རིམ་བཞི་པོ་དེ་རྫོགས་རིམ་སོ་སོའི་རྟེན་དུ་འགྲོ་ཚུལ་ཡང་། ཕྱི་སྒྲུབ་ནི་སྐུ་རྡོ་རྗེ། ནང་སྒྲུབ་གསུང་རྡོ་རྗེ་དང་

p. 74

གཏུམ་མོ། གསང་སྒྲུབ་ནི་ཐུགས་རྡོ་རྗེའི་ཕྱེད་སྔ་མ་དང་ཐབས་ལམ། ཡང་གསང་ནི་ཐུགས་རྡོ་རྗེའི་ཕྱེད་ཕྱི་མ་དང་ཨ་ཏིའི་རྟེན་དུ་འགྲོ་བ་ཡིན་ནོ། །དེ་ལྟར་བཤད་པ་ནི་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་བསྐྱེད་རིམ་རྒྱས་པར་སྒོམ་པའི་ལུགས་ཡིན་ཡང་། སྐབས་འདིར་བསྐྱེད་རིམ་གྱི་སྤྲོས་པ་ཆེས་ན་རྫོགས་རིམ་ལ་འཕྲལ་དུ་འཇུག་པ་ལས་ཕྱིར་ཕྱོགས་པར་འགྱུར་བས་རྒྱས་པར་མ་སྤྲོས་ཏེ། སྤྲོ་ན་རྩ་བའི་སྒྲུབ་ཐབས་ཀྱི་རྣམ་བཤད་ལས་ཤེས་པར་བྱ་ཞིང་། ད་རེས་འདིར་ནི་ལྷག་པའི་ལྷའི་བྱིན་རླབས་འཇུག་ཅིང་རིམ་གཉིས་ཆ་ཚང་བའི་དོན་དང་རྫོགས་རིམ་གྱི་རྒྱུད་སྦྱང་བའི་ཆེད་དུ་བསྐྱེད་རིམ་ཅུང་ཟད་སྒོམ་པ་མ་གཏོགས། གཙོ་བོར་རྫོགས་རིམ་ཉིད་ལ་སྒྲིལ་བའི་སྐབས་ཡིན་པས། འོག་ཏུ་འཆད་འགྱུར་གྱི་བསྐྱེད་རིམ་བསྡུས་པ་ལྷན་སྐྱེས་ཉིད་བསྔགས་ཤིང་། བླ་མའི་ཕྱག་བཞེས་སུ་བསྒོམ་པར་མཛད་པའི་བྱིན་རླབས་ཀྱི་རྒྱུན་དང་ལྡན་པའང་ཡིན་ནོ། །གཉིས་པ་ནི། སྤྱིར་རྣམ་སྣང་སྒྱུ་དྲ་ལས། དང་པོ་དམ་ཚིག་བྱིན་བརླབ་པ། །བརྟག་པ་རྣལ་འབྱོར་སྤྱོད་པའོ། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། །ཅེས་པས་གཞུང་ལུགས་དང་པོ་སྟེ་ཉན་ཐོས་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པ་གསུམ་དང་སྒོ་མཐུན་པར་བྱིན་གྱིས་བརླབ་པའི་རྣལ་འབྱོར་དང་། ཡོངས་སུ་བརྟག་པའི་རྣལ་འབྱོར་དང་། རྫོགས་པའི་རྣལ་འབྱོར་གསུམ་གསུངས་ཏེ། དང་པོ་ནི། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་བསྒོམས་པས་ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་ལྟར་ལྷར་འགྱུར་བའོ། །གཉིས་པ་ནི། གསེར་སོགས་བཞུ་བ་ལས་སྐུ་གཟུགས་བྱེད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་དག་པ་ལས་ལྷའི་སྐུར་སྐྱེད་པར་བྱེད་པའོ། །གསུམ་པ་ནི། ཆུ་དྭངས་པའི་ནང་དུ་གཟུགས་བརྙན་རྩོལ་མེད་དུ་འཆར་བ་བཞིན་དུ་རང་བཞིན་དག་པར་རྟོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་སྐད་ཅིག་མས་ལྷ་སྐུ་རྫོགས་པར་བསྒོམ་པ་སྟེ། འདི་གསུམ་གྱི་གཞིས་མཚན་ཉིད་སྡེ་གསུམ་བསྡུས་པར་མ་ཟད་གསང་སྔགས་མཐའ་དག་ཀྱང་བསྡུས་པར་བཞེད་དོ། །དེ་གསུམ་གྱི་ཕྱི་མ་ལ་རྫོགས་པའི་རྣལ་འབྱོར་ཞེས་པ་ནི།

p. 75

རྫོགས་པའི་རྣལ་འབྱོར་དངོས་དེ་ཡེ་ཤེས་ཀྱི་ལྷ་སྐུ་ལ་ཟེར་མོད། འོན་ཀྱང་བསྐྱེད་རིམ་གྱི་རྣལ་འབྱོར་པས་ཀྱང་དེ་དང་རྣམ་པ་མཚུངས་པར་བསྒོམས་པ་ལ་རྫོགས་པའི་རྣལ་འབྱོར་ཞེས་སློབ་དཔོན་ཨ་བྷ་ཡ་ཀ་ར་སོགས་པཎ་གྲུབ་རྣམས་བཞེད་ཅིང་། ཨིནྡྲ་བྷཱུ་ཏིའི་རིམ་གཉིས་ལས་ཀྱང་། དེ་ལྟར་ལྷ་རྣམས་བསྐྱེད་པ་ནི། །བསྐྱེད་པའི་རིམ་པར་གསུངས་པའོ། །ཏིང་འཛིན་དེ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་པ་ཡིས། །སྐད་ཅིག་ཉིད་ལ་ལྷ་རྣམས་གསལ། །རྫོགས་པའི་རིམ་པའི་བསྐྱེད་རིམ་སྟེ། །བསྐྱེད་པའི་རིམ་པའི་རྫོགས་པའོ། །ཞེས་བསྐྱེད་རིམ་པའི་རྫོགས་རིམ་དང་རྫོགས་རིམ་པའི་བསྐྱེད་རིམ་ཞེས་བཞེད། དེ་ཡང་བསྐྱེད་ཆོག་ལྷན་སྐྱེས་ལུགས་སུ་ཡོད་ན་བསྐྱེད་རིམ་རྫོགས་པའི་རྣལ་འབྱོར་དེར་འགྱུར་བ་ཡིན་ལ། གཞན་དུ་སྐད་ཅིག་གིས་བསྐྱེད་པ་ཙམ་ནི་དཀྲོང་བསྐྱེད་ཙམ་པའོ། །དེས་ན་འདིར་བསྐྱེད་རིམ་བསྡུས་པ་གཙོ་བོ་ཡབ་ཡུམ་ཙམ་གྱི་ལྷའི་རྣལ་འབྱོར་ལྷན་སྐྱེས་ཀྱི་ལུགས་སུ་སྒོམ་པ་ཡིན་ལ། དེ་ལ་ལྷན་སྐྱེས་ཀྱི་གོ་དོན་ནི་གཉིས་ཏེ། གོ་དོན་དང་པོ་ལ། གདོད་མའམ་ཐོག་མའམ་རྩ་བ་ལ་ལྷན་སྐྱེས་ཟེར་བས། ལྷ་ཞལ་ཕྱག་མང་པོ་ཡལ་འདབ་རྒྱས་པ་ལྟ་བུའི་རྩ་བའམ་ས་བོན་ལྟ་བུ་ཡིན་པས་ལྷན་སྐྱེས་ཀྱི་སྒྲ་ཞལ་གཅིག་ཕྱག་གཉིས་པ་ཞིག་ལ་འཇོག་ཅིང་། དེ་ཡང་གཅིག་པུ་ལ་ལྷན་ཅིག་པའི་སྒྲ་མི་འཇུག་པས། ལྷ་དཔའ་བོ་གཅིག་པའི་དཔའ་མོ་གཅིག་པ་མ་ཡིན་པར་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་ཅན་ཞིག་ལ་ལྷན་སྐྱེས་སུ་གྲགས་ཏེ། འབྲས་བུའམ་ཡན་ལག་སྟེ་གཟུགས་སྐུ་སྤྲོས་པའི་རྣམ་པ་མཚོན་བྱེད་ཞལ་མང་ཕྱག་མང་ཅན་ཡིན་པས། དེའི་རྒྱུའམ་རྩ་བ་ཆོས་སྐུ་སྤྲོས་བྲལ་མཚོན་པ་ཞལ་གཅིག་ཕྱག་གཉིས་པ་ཡིན་པའི་ཕྱིར་ཞེས་བསྐྱེད་བྱ་རྣམ་པའི་སྒོ་ནས་ལྷན་སྐྱེས་སུ་འཇོག་ཚུལ་ལོ། །གོ་དོན་གཉིས་པ་ནི། ཇི་སྐད་དུ་ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །ཡན་ལག་ཁ་དོག་རྣམ་པ་ནི། །སྐྱེས་པ་ཙམ་གྱི་རྣམ་པར་གནས། །འོན་

p. 76

ཀྱང་བག་ཆགས་ཕལ་པས་སོ། །ཞེས་གསུངས་པ་ལྟར། སེམས་ཅན་དུ་གྲུབ་ཕྱིན་སེམས་ཀྱི་གནས་ལུགས་བདེ་བ་དང་ལུས་ཀྱི་གནས་ལུགས་ལྷའི་སྐུར་གྲུབ་པས། སེམས་ཅན་གྱི་ལུས་ངག་ཡིད་གསུམ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་གདོད་མ་ནས་ལྷན་ཅིག་ཏུ་བཞུགས་ཀྱང་། གློ་བུར་གྱི་སྒྲིབ་པས་བསྒྲིབས་ནས་རང་ངོ་མ་ཤེས་པ་དེ། རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་དེ་བཞིན་ཉིད་ཀྱིས་སྦྱངས་པས་ཐ་མལ་པའི་ལུས་ངག་ཡིད་གསུམ་དག་ནས་གདོད་མའི་ཡེ་ཤེས་ལྷ་སྐུའི་སྐུ་གསུང་ཐུགས་ཉིད་མངོན་དུ་གྱུར་པར་མོས་པའི་ཚུལ་གྱིས་ལྷར་བསྒོམས་པ་ནི་ལྷན་སྐྱེས་བསྒོམ་པ་ཞེས་བྱ་སྟེ། མོས་ཚུལ་དང་བསྐྱེད་ཆོག་གི་སྒོ་ནས་ལྷན་སྐྱེས་སུ་འཇོག་ཚུལ་ལོ། །དེ་ལྟར་གོ་དོན་གཉིས་ལས་འདིར་ཕྱི་མ་ཉིད་གཙོ་ཆེའོ། །འདི་ཉམས་སུ་ལེན་པར་བྱེད་པ་ལ་གསུམ་སྟེ། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་དུ་བསྡུ་ཞིང་ལྡང་བའི་རྣལ་འབྱོར་རོ། །དང་པོ་ལའང་། དམ་ཚིག་སེམས་དཔའ། ཡེ་ཤེས་སེམས་དཔའ། ཏིང་འཛིན་སེམས་དཔའ་གསུམ་བསྒོམ་པ་སྟེ། དེ་གསུམ་གྱིས་འཁོར་བའི་དྲི་མ་ལུས་རགས་པ་དང་སྙིང་ག་གཙོ་བོར་གྱུར་པའི་རྩ་ནང་གི་ཐིག་ལེ། དེ་ལ་བརྟེན་པའི་རླུང་དང་སེམས་རྣམས་སྦྱོང་། འབྲས་བུ་ལམ་བྱེད་ཀྱི་དབང་དུ་བྱས་ན། རྩ་དང་བཅས་པའི་ལུས། རླུང་དང་བཅས་པའི་ཐིག་ལེ། འོད་གསལ་བདེ་བ་ཆེན་པོའི་སེམས་ཏེ། དེ་རྣམས་ཀྱིས་ཆོས་ཉིད་མངོན་དུ་གྱུར་པའི་རྣམ་པ་ལམ་དུ་བྱེད། རྫོགས་རིམ་གྱི་དུས་རྩ་ཁམས་རླུང་སེམས་ཀྱི་དྭངས་མ་ལྷ་སྐུར་འཆར་བའི་སྨིན་བྱེད་དུ་འགྱུར་བའོ། །དེ་ལ་དམ་ཙིག་སེམས་དཔའ་བསྒོམ་པ་ལའང་། ཕྱི་དབྱིབས་ལྷའི་སྐུར་བསྒོམ་པ་དང་། དེའི་སྐུ་ལ་རྩ་འཁོར་གསལ་འདེབས་པའོ། །དང་པོ་ནི། ཡང་ན་སྔོན་འགྲོ་མཐར་ཕྱིན་པས༔ སྟོང་ཉིད་ངང་ལས་སྐད་ཅིག་གིས༔ རང་ཉིད་ཇོ་བོ་སྤྱན་རས་གཟིགས༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པ༔ གསལ་ལ་མ་འདྲེས། ཞེས་པ་སྟེ། སྔར་བཤད་བསྐྱེད་རིམ་རྒྱས་པའམ་ཡང་ན། བསྡུས་པ་འདི་ལྟར་བསྒོམ་པར་བྱ་སྟེ། དེ་ལ་སྔོན་འགྲོའི་ཁྲིད་རྣམས་སྨིན་སློབ་ཀྱིས་མཐར་ཕྱིན་པ་སྔོན་དུ་སོང་གྲུབ་ན། འདིར་སྐྱབས་སེམས་བླ་མའི་རྣལ་འབྱོར་བསྒོམས་

p. 77

པ་ཙམ་གྱིས་ཆོག་མོད། མགྱོགས་ཁྲིད་ཀྱི་སྐབས་སྔོན་འགྲོ་རྣམ་གཞག་གཉིས་གསུམ་ཙམ་རེ་ལས་བསྒོམ་ལོང་མ་བྱུང་ན་ཁྲིད་ཡོངས་རྫོགས་མ་ཚར་གྱི་བར་དུ་སྔ་ཐུན་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་དྲག་ལ་འཇུར་བ་ཡུན་རིང་ཐུང་ཅི་རིགས་པ་རེ་བསྒོམ་ཞིང་། ཕྱི་ཐུན་རྣམས་ལ་ཐུན་གྱི་སྔོན་འགྲོ་ཙམ་བསྒོམས་པས་ཆོག དེ་ནས་ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་དང་མཐུན་པ་ཙམ་བཅས་ལ། རང་གཞན་སྣང་གྲག་གི་ཆོས་འདི་རྣམས་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུར་དར་ཅིག་བསྒོམས་རྗེས་སྣང་བ་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སེམས་སྣང་མེད་ལ་ཅུང་ཟད་བཞག དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོའོ་སྙམ་པའི་ང་རྒྱལ་ལ་མཉམ་པར་འཇོག་པ་སྟོང་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་བདེ་བ་ཆེན་པོའི་རང་གདངས། དམིགས་པ་མེད་པའི་སྙིང་རྗེའི་རྩལ་སྣང་དུ་འཆར་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏེ། དེ་གཉིས་ཟུང་དུ་འཇུག་པའི་ཡེ་ཤེས་རྒྱུའི་ཏིང་ངེ་འཛིན་གྱི་ངང་ལས་ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་བཞིན་དུ། སྐད་ཅིག་དྲན་རྫོགས་ཀྱིས་རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུར་བསྒོམ་པར་བྱ་སྟེ། དེ་ལྟར་ཏིང་འཛིན་གསུམ་པོ་དེས་རིམ་པར་གཞིའི་དུས་ན་འཁོར་བའི་ཆོས་འཆི་བར་སྐྱེ་གསུམ་གྱི་དྲི་མ་སྦྱོང་ཞིང་། འབྲས་བུའི་དུས་ན་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་མངོན་དུ་བྱེད་པའི་རྣམ་པ་ལམ་དུ་བྱེད། རྫོགས་རིམ་གྱི་དུས་ན་དོན་གྱི་འོད་གསལ་ལས་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་ཟུང་འཇུག་ཡེ་ཤེས་ཀྱི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །བསྐྱེད་པ་ལྷའི་མཚན་ཉིད་ནི། མ་ཆགས་པདྨ་དང་ཐབས་ཤེས་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་མི་འགྱུར་བའི་བདེ་བ་ཆེན་པའི་སྣང་བརྙན་གྱི་ངོ་བོ་ཉིད་དུ་བཞེངས་པའི་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་གདུལ་བྱ་ལ་རྗེས་སུ་ཆགས་པས་སྐུ་མདོག་དམར་པོ། ཆོས་དབྱིངས་ཡེ་ཤེས་མཚོན་པའི་ཞལ་གཅིག ཡེ་ཤེས་ལྷག་མ་བཞི་དང་ཚད་མེད་བཞི་མཚོན་པའི་ཕྱག་བཞི་པ། ཕྱག་དང་པོ་གཉིས་སྟོང་ཉིད་སྙིང་རྗེ་ཟུང་

p. 78

དུ་འཇུག་པས་ཐལ་མོ་ཐུགས་ཀར་སྦྱོར་བ། དེ་གཉིས་དང་ངོ་བོ་རོ་གཅིག་པའི་བདེ་བ་ཆེན་པོ་ལ་འཕོ་འགྱུར་གྱི་རྟོག་པ་མེད་ཅིང་། ཡེ་ཤེས་ལྔར་འཆར་བའི་དོན་ཐལ་མོ་སྦྱར་བའི་བར་རྡོ་རྗེ་རྩེ་ལྔ་པ་བསྡམས་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་འགྲོ་བ་རྣམས་འཁོར་བ་ལས་འདྲེན་པར་མཛད་པས་པདྨའི་འཕྲེང་བ་དང་། འཁོར་བའི་ཆགས་པ་དང་བྲལ་བས་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། སྲིད་ཞིའི་མཐའ་ལ་མི་གནས་པས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། འགྲོ་བ་རྣམས་ཉོན་མོངས་པའི་གདུང་བ་ལས་སྐྱོབ་པས་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུ་སྟེ་སྣ་ཚོགས་པའི་སྨད་དཀྲིས་དང་དར་དཔྱངས། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་རལ་པའི་ཐོར་ཅོག་ཅན། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་རོལ་ཞིང་བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་རིན་པོ་ཆེ་དང་མེ་ཏོག་དམར་པོའི་རྒྱན་དང་། ཕར་ཕྱིན་དྲུག་གི་རང་བཞིན་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། ཞི་བའི་ཚུལ་དགུས་མཛེས་ཤིང་ཡིད་དུ་འོང་བ། གང་འདུལ་གྱི་འཕྲིན་ལས་མི་འགག་པས་ཞལ་ཡིད་ཙམ་ཁྲོ་ལ་འཛུམ་པའི་མདངས་དང་ལྡན་ཞིང་བདེ་བ་ཆེན་པོས་རྗེས་སུ་ཆགས་པའི་ཉམས་རབ་ཏུ་རྒྱས་པ། དེའི་པང་ན་རྣམ་པ་ཀུན་ལྡན་སྟོང་པ་ཉིད་ཀྱི་སྣང་བརྙན་གྱི་ངོ་བོ་ཉིད་དུ་བཞེངས་པའི་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ། བདེ་བ་ཆེན་པོས་ཆགས་རྟོག་གཅོད་པའི་ཕྱིར་སྐུ་མདོག་དམར་པོ། མཚན་རྟོག་གི་སྒྲིབ་གཡོགས་དང་བྲལ་བས་གཅེར་བུ། ཆོས་ཐམས་ཅད་སྟོང་ཉིད་ཀྱི་དབྱིངས་སུ་རོ་གཅིག་པས་ཞལ་གཅིག ཚད་མེད་བཞིའི་རང་བཞིན་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱིས་ཀུན་རྟོག་གཅོད་པའི་གྲི་གུག་དང་། མི་རྟོག་པའི་ཡེ་ཤེས་བདེ་བ་སྐྱོང་བ་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། འོག་མ་གཉིས་ཀྱིས་སྐྱེ་ཤི་རྩད་ནས་གཅོད་པའི་རལ་གྲི་དང་། དུག་གསུམ་མམ་ལྔ་གཅོད་པའི་ཁ་ཾ་ག་འཛིན་པ། དབྱིངས་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་སྐྲ་གྲོལ་ཞིང་ཡེ་ཤེས་ལྔའི་རང་བཞིན་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། སྲིད་ཞི་མཉམ་ཉིད་ཀྱི་བརྡར་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་

p. 79

པས་ཡབ་ལ་འཁྱུད་པ། གཉིས་ཀའང་རྒྱན་དང་ཆ་ལུགས་ཇི་སྐད་བཤད་པ་བཞིན་ཡོངས་སུ་རྫོགས་པ་འཇའ་ཚོན་ལྟར་གསལ་ལ་མ་འདྲེས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་ཁ་དོག་ལྔ་ཕྱོགས་བཅུར་འཕྲོ་ཞིང་འབར་བའོ། །དེ་ཡང་རིམ་གྱིས་གསལ་བཏབ་ཅིང་མི་གསལ་ན་བྲིས་སྐུའམ་ཆུ་ནང་སོགས་སྐུ་ཤར་བའི་སྐུའི་གཟུགས་བརྙན་ལ་མིག་རེངས་རེངས་སུ་བལྟས་ལ། དེས་ཡིད་ལ་གསལ་སྣང་ཤར་བ་ན། དེ་ལ་རྩེ་གཅིག་ཏུ་ཡིད་བཞག་པས། ཏིང་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་འཆར། དེ་དམིགས་པར་བྱས་ནས་སླར་ཡང་། དེ་ལ་སེམས་བཞག་སྟེ་བསྒོམ། དེ་ལྟར་ཡང་དང་ཡང་དུ་བྱས་པས་གསལ་སྣང་འཐོབ་པར་འགྱུར་རོ། །གཉིས་པ་ནི། དམ་ཚིག་ལྷའི༔ ངོ་བོར་བསྒོམས་པའི་ལུས་ཀྱི་དབུས༔ དྷཱུ་ཏི་ཕྱི་དཀར་ནང་དམར་བ༔ དྭངས་གསལ་མི་གཡོའ་འགྲམ་གཉིས་ན༔ རོ་མ་དང་ནི་རྐྱང་མ་གཉིས༔ ཁྲག་དང་ཁུ་བས་གང་བ་ཉིད༔ འཁོར་ལོ་བཞི་ཡི་ལྟེ་བ་རུ༔ ཐིམ་པའི་ཚུལ་དུ་མི་མངོན་པ༔ ཞེས་པ་སྟེ། དེ་ལྟར་ཕྱི་དབྱིབས་ལྷའི་སྐུ་དམ་ཚིག་སེམས་དཔའི་ངོ་བོར་བསྒོམས་པའི་རྣམ་པ་ལེགས་པར་གསལ་ཐེབས་པ་དང་དེའི་སྐུ་ཕྱི་ནང་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟར་གསལ་བ འི་ལུས་ཀྱི་དབུས་སུ་རྩ་ཨ་བ་དྷཱུ་ཏི་སྟེ་ཀུན་སྤངས་མ་ཞེས་བྱ་བ་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྦ་ལྕག་ཙམ་པ་སྦུབས་སྟོང་དྭངས་ཤིང་སྒྲིབ་པ་མེད་པར་གསལ་བ་ཚངས་བུག་ནས་གསང་གནས་ཀྱི་བར་ཤེལ་གྱི་ཀ་བ་བཙུགས་པ་ལྟར་དྲང་ཐལ་ལེར་མི་གཡོ་བར་གནས་པ། དེའི་གཡས་གཡོན་གྱི་འགྲམ་གཉིས་ན་རོ་མ་དམར་པོ་དང་རྐྱང་མ་དཀར་པོ་གཉིས་དྷཱུ་ཏི་ལས་:འདབ་ལྡབ་འགྱུར་གྱིས་ཕྲ་བ། གཡས་རོ་མའི་ནང་ཁྲག་དང་གཡོན་རྐྱང་མའི་ནང་ཁུ་བས་གང་བ་དབུ་མ་དང་སུམ་གཤིབས་སུ་གནས་པ་ཉིད་ཡས་སྣ་ཐུར་དུ་གུག་པ་སྨིན་མཚམས་ནས་སྣ་བུག་གཉིས་སུ་ཟུག་ཅིང་། མས་སྣ་གཉིས་ལྟེ་འོག་སོར་བཞིའི་ཐད་ནས་གུག་པ་དྷཱུ་ཏིར་ཚུད་པ། འཁོར་ལོ་བཞི་སོ་སོའི་ལྟེ་བའི་ཐད་ཀ་རུ་རོ་རྐྱང་གཉིས་དབུ་མ་ལ་ཐིམ་པའི་ཚུལ་དུ་སྦུབས་འབྲེལ་བས་ཐ་དད་དུ་མི་མངོན་པ། དེ་ལྟར་རྩ་གསུམ་སྲོག་ཤིང་བསླང་བ་ལྟ་བུ་ལ་འཁོར་ལོ་བཞི་གདུགས་ཀྱི་རྩིབ་མ་བཀོན་པ་ལྟར། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་

p. 80

འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་སྟེ་དེ་རྣམས་སྔར་བཤད་པ་ལྟར་ཕྱི་སྐོར་གྱི་རྩ་འདབ་ཡིན་ལ། ནང་འཁོར་རྩ་འདབ་བཞི་བཞི་དྷཱུ་ཏི་ལ་ཟུག་པས་ནང་ཁོངས་འབྲེལ་བར་གནས་ཤིང་། རྩ་དེ་ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་བསྒོམ་པའོ། །འདིར་འཁོར་ལོ་བཞིའི་རྩ་འདབ་ཕྱི་སྐོར་དང་བར་སྐོར་རྣམས་གསལ་མ་ཐེབས་ན་ནང་སྐོར་ཙམ་མམ། རྩ་གསུམ་གསལ་བཏབ་པ་ལས་འཁོརལོའི་ཐད་ཀར་རོ་རྐྱང་གཉིས་དྷཱུ་ཏིར་ཐིམ་པ་ཙམ་གྱིས་ཀྱང་འཁོརལོའི་ལྟེ་བ་བསྒོམས་པར་འགྱུར་བས་དགོས་པ་འགྲུབ་པ་ཡིན་གསུང་ངོ་། །གཉིས་པ་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། རོ་མ་ལས་ནི་རཀྟ་དང་༔ རྐྱང་མ་ལས་ནི་ཤུ་ཀྲ་གཉིས༔ ལྷན་ཅིག་སྟེང་དང་འོག་དག་ནས༔ འཕྱུར་བ་ཆོས་ཀྱི་འཁོར་ལོར་སོན༔ དེ་གཉིས་ཟླ་བ་ཉི་མར་གྱུར༔ དེ་དབུས་རླུང་སེམས་དྭངས་མ་ཧྲཱི༔ གསུམ་ཀ་གཅིག་འདྲེས་དེ་ཉིད་ལས༔ འོད་འཕྲོས་ཚུར་འདུས་ཡོངས་གྱུར་པ༔ རང་ཉིད་ཅི་འདྲ་ཡེ་ཤེས་སེམས༔ དྭངས་གསལ་འབར་བའི་འོད་འཕྲོ་བ༔ རྒྱན་དང་ཆ་ལུགས་ཡོངས་རྫོགས་པའི༔ ཞེས་པ་སྟེ། གཡས་རོ་མའི་ལམ་ལས་ནི་རཀྟ་སྟེ་ཁྲག་དང་གཡོན་རྐྱང་མའི་ལམ་ནས་ནི་ཤུ་ཀྲ་སྟེ་ཁུ་བ་གཉིས་གྱེན་ཐུར་དུ་སོང་བ་ལས། རཀྟ་སྤྱི་བོའི་འཁོརལོའི་ལྟེ་བ་ནས་དྷཱུ་ཏིའི་ནང་དང་ཤུ་ཀྲ་རྐྱང་མའི་མས་སྣ་ནས་དྷཱུ་ཏིའི་ནང་དུ་ཞུགས་པ་ལྷན་ཅིག་ཏུ་ཉི་ཟླ་གཉིས་དྷཱུ་ཏིའི་སྟེང་དང་འོག་དག་ནས་ཐུར་དང་གྱེན་དུ་འཕྱུར་བ་སྙིང་ག་ཆོས་ཀྱི་འཁོརལོའི་ལྟེ་བར་སོན་པ་ན་དཀར་ཆ་དང་དམར་ཆ་དེ་གཉིས་རིམ་པ་ལྟར་ཟླ་བ་དང་ཉི་མར་གྱུར་པའི་དཀྱིལ་འཁོར་དེ་གཉིས་ཀྱི་དབུས་སུ་རླུང་སེམས་མི་ཤིགས་པའི་དྭངས་མ་ཧྲཱིཿཡིག་དམར་པོ་གསལ་ཞིང་འབར་བ། དེ་གསུམ་ཀ་ཞུ་བ་གཅིག་ཏུ་འདྲེས་པའི་འོད་ཕུང་གི་རྣམ་པར་འཁྱིལ་བ་དེ་ཉིད་ལས་དྲི་མ་མེད་པའི་འོད་ཟེར་ཁ་དོག་སྣ་ལྔ་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་ཅིང་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས་པ་ཚུར་འདུས་ནས་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱི་དབྱིབས་ཀྱི་ལྷའི་སྐུར་བསྒོམས་པ་

p. 81

ཅི་ཡིན་པ་དེ་དང་རྣམ་པ་འདྲ་བའི་ཡེ་ཤེས་སེམས་དཔའི་སྐུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་དྭངས་གསལ་རྙོག་པ་མེད་པ་ལས་བཀྲག་ཅིང་འཚེར་བ་འབར་བའི་འོད་ཟེར་འཕྲོ་བ་རིན་པོ་ཆེ་དང་རུས་པ་ལ་སོགས་པའི་རྒྱན་དང་དར་གྱི་ན་བཟའ་སོགས་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གསལ་བར་བསྒོམ་པའོ། །དེ་ཡང་ཉི་ཟླའི་དབུས་སུ་ས་བོན་གནས་པ་ཞུ་ཞིང་འདྲེས་པ་ལས་སྤྲོ་བསྡུས་ལྷར་བསྐྱེད་པ་ནི་མངོན་བྱང་ལྔའི་ཆོ་ག་སྟེ། སྦྱང་བྱ་ཕ་མའི་ཁུ་ཁྲག་གི་དབུས་སུ་དྲི་ཟའི་སེམས་ཞུགས་ཤིང་འདྲེས་པ་ལས་འབྱུང་ལྔས་ལུས་རིམ་གྱིས་གྲུབ་སྟེ་དབང་པོ་རྒྱས་ནས་བཙས་པ་རྣམས་སྦྱོང་བར་བྱེད། སྦྱངས་འབྲས་རྒྱུན་མཐའི་ལམ་གྱི་ཏིང་ངེ་འཛིན་མངོན་པར་བྱང་ཆུབ་པ་ལྔ་ལས་ཡེ་ཤེས་ལྔའི་རང་བཞིན་འབྲས་བུའི་ངོ་བོར་སངས་རྒྱས་པ་ཉིད་ལམ་དུ་བྱེད་དེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །ཞེས་སོགས་སྔར་དྲངས་པ་ལྟར་རོ། །རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་གྱེན་ཐུར་དུ་རིམ་གྱིས་བརྟན་པ་ལས་རླུང་སེམས་འགག་པའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་སྐྱེ་བའི་སྨིན་བྱེད་དུ་འགྱུར་བའོ། །གསུམ་པ་ཏིང་འཛིན་སེམས་དཔའ་བསྒོམ་པ་ནི། སྙིང་གར་ཨུཏྤལ་དམར་པོའི་དབུས༔ ཏིང་འཛིན་ཧྲཱིཿཡིག་ཡུངས་འབྲུ་ཙམ༔ ཞེས་པ་སྟེ། དེ་ལྟར་ཡེ་ཤེས་སེམས་དཔའི་སྐུ་ལ་གསལ་སྣང་ཐོབ་པ་ན་དེའི་སྙིང་གར་ཨུཏྤལ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བ་གེ་སར་ཟི་ཕོལ་དང་བཅས་པའི་དབུས་སུ་ཏིང་འཛིན་སེམས་དཔའ་ཧྲཱིཿ ཡིག་དམར་པོ་ཡུངས་འབྲུའི་ཚད་ཙམ་པ་མར་མེ་ལྟར་འབར་ཞིང་གསལ་བར་བསྒོམ་པ་ལ་མཉམ་པར་འཇོག་གོ །དེ་ལྟར་སེམས་དཔའ་གསུམ་རིམ་པར་གསལ་བཏབ་ཅིང་ཐེབས་པ་ན་ཐ་མལ་གྱི་སྣང་བ་ལྡོག་པའི་དོན་དུ། ལྷའི་རྣམ་པ་སྤྱི་དང་བྱེ་བྲག་སོ་སོར་སེམས་འཛིན་པ། ཐ་མལ་གྱི་ཞེན་པ་ལྡོག་པའི་དོན་དུ་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་ལ་སེམས་འཛིན་པ། ལྷའི་གསལ་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་འཆར་བའི་དོན་དུ་ལྷ་སྐུ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་པའི་དག་དྲན་དང་། སྙོམས་འཇུག་གིས་ཞུ་བདེ་དྲངས་ནས་བདེ་

p. 82

བའི་ངང་ལས་ལྷའི་གསལ་སྣང་དང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་ལྷ་སྐུ་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་མི་སྐྱོའི་བར་དུ་བསླབ་པར་བྱ་ཞིང་། དེ་ལྟར་བསླབས་པས་ལོབས་པའི་ཚད་ནི་ལྷ་སྐུ་གསལ་སྟོང་བདེ་བའི་ངང་ལ་རྩོལ་མེད་ལྷུན་གྲུབ་ཏུ་ཡུན་རིང་པོར་གནས་པ་དང་། རེག་མཐོང་གི་མཚན་མ་ཐོབ་པས་ཤིན་ཏུ་གསལ་བར་མཐོང་ཞིང་། ལྷ་དང་བླ་མ་ལ་ཡིད་ཆེས་པ་སོགས་རྟགས་དུ་མ་ཞིག་འཆར་བ་ཡིན་ནོ། །དེ་ཡང་ལྷན་སྐྱེས་ཀྱི་ཚུལ་གྱིས་བསྐྱེད་ཆོག་འདི་ཡེ་ནས་རང་བྱུང་གི་ལྷའི་རྣམ་པ་ལམ་བྱེད་ཡིན་པས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་སོགས་བྱ་མི་དགོས་ཏེ། རང་བྱུང་གི་ལྷ་དེ་གློ་བུར་དྲི་བྲལ་གྱི་སངས་རྒྱས་ཐམས་ཅད་དང་གདོད་མ་ཉིད་ནས་དབྱེར་མེད་དུ་བཞུགས་པས་དམ་ཡེ་དབྱེར་མེད་དུ་རང་གྲུབ་པའི་ཕྱིར་ཏེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་དང་། སེམས་ཉིད་ངལ་གསོ་ལས་ཀྱང་། ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་གསུངས་སོ། ༈ །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། ཁྲིད་ཀྱི་སྐབས་འདིར་ལྷ་སྐུའི་དམིགས་པ་ལ་རྩེ་གཅིག་ཏུ་སེམས་འཛིན་པས་གསལ་སྣང་ཐོབ་པའི་ཚེ་ཏིང་ངེ་འཛིན་གྱི་སྣང་ངོ་དེར་མ་དག་པའི་སྣང་བ་ནུབ་ནས་ལྷའི་འཁོར་ལོ་འཆར་བ་ལ་གཙོ་བོར་བསླབ་པར་བྱ་བ་ཡིན་པས་བཟླས་པ་གཙོ་མི་ཆེ་ནའང་། བསྒོམ་པས་སྐྱོ་ན་ངག་གི་ཞེན་པ་བཟློག་ཅིང་ལྷའི་ཐུགས་རྒྱུད་བསྐུལ་བའི་ཕྱིར་བཟླས་པ་ལ་འཇུག་པར་བྱ་བ་ཡིན་ཏེ། དེ་ལ་འདིར་འཁོར་བར་མིང་ཚིག་ཡི་གེའི་ངག་གི་བརྗོད་པ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་རྣམས་སྦྱོང་ཞིང་། འབྲས་བུའི་དུས་ན་སངས་རྒྱས་ནས་ཆོས་འཁོར་བསྐོར་བ་སོགས་གསུང་གི་འཕྲིན་ལས་ཀྱིས་གདུལ་བྱའི་དོན་མཛད་པའི་རྣམ་པ་ལམ་དུ་བྱེད། རྫོགས་རིམ་གྱི་དུས་ན་རླུང་སེམས་དབུ་

p. 83

མའི་ཐིག་ལེར་ཐིམ་པར་བྱེད་ཅིང་། ཁྱད་པར་སྤྲོ་བསྡུའི་བཟླས་པས་གསུང་རྡོ་རྗེའི་སྐབས་སྙིང་གའི་ཐིག་ལེས་སྣོད་བཅུད་སྦྱང་ཞིང་བསྡུ་བ་དང་། དོ་ལིའི་བཟླས་པ་དངོས་བསྟན་དང་དེའི་གེགས་སེལ་གྱིས་རིམ་པར་གསལ་བ་དང་མི་རྟོག་པའི་ཉམས་སྐྱེ་ཞིང་ཐུར་སེལ་དང་སྟེང་རླུང་དབུ་མར་དག་པའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཇི་ལྟར་བཟླ་བ་ལ། ཡིད་བཟླས་དང་། ངག་བཟླས་གཉིས་ལས། དང་པོ་ལའང་། རྩ་བའི་བཟླས་པ་དང་ལས་སྦྱོར་གྱི་བཟླས་པའོ། །དང་པོ་ནི། དེ་ལས་འོད་ཟེར་སོར་གཅིག་ཏུ༔ འཕྲོ་ཞིང་དེ་ནས་མི་མངོན་པར༔ བུན་བུན་ཡལ་བར་བསྒོམས་བྱས་ལ༔ སེམས་གཟུང་ཡིད་ཀྱི་བཟླས་པ་བྱ༔ ཞེས་པ་སྟེ། བདག་ཉིད་སེམས་དཔའ་སུམ་བརྩེགས་སུ་གསལ་བའི་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་འབར་བའི་རྣམ་པ་ཅན་དེ་ཉིད་ལས་དྭངས་ཤིང་དྲི་མ་མེད་པའི་འོད་ཟེར་དམར་པོ་རིང་ཐུང་སོར་གཅིག་གི་ཚད་ཙམ་དུ་འཕྲོ་ཞིང་དེ་ཕན་ཆད་ནས་འོད་ཟེར་གྱི་རྩེ་མོ་མི་མངོན་པར་བུན་བུན་ཡལ་འགྲོ་བར་བསྒོམས་པར་བྱས་པ་ལ་སེམས་ཀྱི་དམིགས་པ་རྩེ་གཅིག་ཏུ་བཟུང་ནས་ཡི་གེ་བཅུ་པ་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པར་ཡིད་ཀྱིས་བཟླ་བའི་བཟླས་པ་བྱ་བ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། བགེགས་སྦྱང་ཞིང་བསྲུང་བ། ནད་གདོན་སྦྱང་བ། སྡིག་སྒྲིབ་སྦྱང་བའོ། །དང་པོ་ནི། སླར་ཡང་ཧྲཱིཿལས་འོད་ཟེར་འཕྲོས༔ འོད་ཟེར་མཚོན་ཆ་འབར་བའི་མེ༔ སྤྲོས་པས་བགེགས་བསྐྲད་ཕྱོགས་མཚམས་ཀུན༔ སྲུང་བའི་འཁོར་ལོས་བརྟན་པར་བྱ༔ ཞེས་པ་སྟེ། རྩ་བའི་ཡིད་བཟླས་ལ་ནུས་པ་ཅུང་ཟད་ཐོབ་ནས་ལས་སྦྱོར་གྱི་བཟླས་པ་འདི་རྣམས་སྐབས་ཐོབ་ཀྱིས་བཟླ་བ་ཡིན་པས། གང་བཟླ་ཡང་འདྲ་སྟེ། ཐོག་མར་རྩ་བའི་ཡིད་བཟླས་སྔོན་དུ་བཏང་རྗེས། སླར་ཡང་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་འབར་བ་དེ་ལས་འོད་ཟེར་རྣོན་པོ་ཚ་ཞིང་རྩུབ་པ་ཉི་མའི་གདུང་བྱེད་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་འོད་ཟེར་དེ་ཐམས་ཅད་ཀྱང་མཚོན་ཆ་སྣ་ཚོགས་པ་དང་འབར་ཞིང་འཁྲུག་པའི་མེའི་རྣམ་པར་སྤྲོས་པས་ཏིང་ངེ་འཛིན་ལ་བར་དུ་གཅོད་པའི་བགེགས་ཚོགས་གདུག་པ་ཅན་ཐམས་ཅད་བསྲེགས་བཅད་གཏུབས་ཏེ་མཐར་བསྐྲད་ནས། འོད་ཟེར་རྣམས་ཚུར་འདུས་པ་ལས་སྟེང་

p. 84

འོག་ཕྱོགས་མཚམས་ཀུན་ཏུ་མི་ཤིགས་པའི་རྡོ་རྗེ་མཚོན་ཆའི་གུར་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོས་བརྟན་པར་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་རང་བཞིན་དུ་བསྒོམས་ལ་སྔར་བཞིན་ཡིད་བཟླས་བྱ་བ་ཡིན་ནོ། །གཉིས་པ་ནི། ཏིང་འཛིན་ཧྲཱིཿལས་མཚོན་ཆ་དང ༔ འབར་བའི་མེ་ཡིས་རྩ་སྦུབས་གང༔ ནད་གདོན་བ་སྤུའི་ཁུང་བུ་ནས༔ ཕྱིར་དེད་དྲག་པོའི་མེ་ལྕེ་ཡིས༔ རབ་ཏུ་བསྲེགས་ཤིང་བཅོམ་པར་བསམ༔ ཞེས་པ་སྟེ། ཏིང་འཛིན་སེམས་དཔའ་ཧྲཱིཿལས་མཚོན་ཆ་རྣོན་པོའི་ཚོགས་དང་འབར་བའི་མེ་ཚ་ཞིང་རྩུབ་པ་སྔར་ལྟར་སྤྲོས་པ་ཡིས་རྩ་སྦུབས་ཐམས་ཅད་གང་བས་ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན་དང་གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པར་བ་སྤུའི་ཁུང་བུ་ནས་ཕྱིར་དེད་པ་རྣམས་འབར་ཞིང་འཁྲུག་པའི་དྲག་པོའི་མེ་ལྕེས་གཞོབ་ཐུལ་གྱིས་རབ་ཏུ་བསྲེགས་ཤིང་གཏོར་བས་བཅོམ་སྟེ་ལྷག་མེད་དུ་སྦྱངས་པར་བསམ་ཞིང་ཡིད་བཟླས་བྱའོ། །གསུམ་པ་ནི། ཧྲཱིཿལས་མེ་འོད་ཀུན་དཱ་ལྟར༔ དཀར་བ་སྤྲོས་པས་རང་རྒྱུད་ཀྱི༔ སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས༔ ལུས་ནང་གང་བའི་མེ་ལྕེ་རྣམས༔ བ་སྤུའི་སྒོ་ནས་ཕྱིར་སོང་བས༔ སྐྱེ་འགྲོའི་ལུས་ཞུགས་སྡིག་སྒྲིབ་རྣམས༔ བསྲེགས་སྦྱངས་འོད་ཀྱི་རྣམ་པར་ནི༔ ཏིང་འཛིན་ཧྲཱིཿལ་བསྟིམ་པར་བྱ༔ ཞེས་པ་སྟེ། འདི་ལ་གཉིས་ལས། རང་རྒྱུད་ཀྱི་སྡིག་སྒྲིབ་སྦྱང་བ་ནི། ཏིང་འཛིན་སེམས་དཔའི་ཧྲཱིཿལས་མེའི་འོད་ཟེར་རྣོན་པོ་ཚ་ཞིང་རྩུབ་པ་མེ་ཏོག་ཀུན་དཱའི་ཁ་དོག་ལྟར་དཀར་པོ་གསལ་ཞིང་འབར་བ་སྤྲོས། ལུས་ཀྱི་ནང་ཐམས་ཅད་ཁེངས་པས་རང་རྒྱུད་ལ་གནས་པའི་སྡིག་སྒྲིབ་རྣམས་ཚང་མང་གི་དུ་བ་ལྟར་ནག་ངམ་མེ་སྣང་བ་ཐམས་ཅད་ལྷག་མེད་དུ་བསྲེགས་ཤིང་སྦྱངས་པས་ལུས་ཀྱི་ནང་ཀུན་ཤེལ་སྒོང་ཕྱིས་པ་བཞིན་དུ་དཀར་སང་གིས་དག་པར་བསམས་ལ་ཡིད་བཟླས་བྱ། དེ་ནས་གཞན་རྒྱུད་ཀྱི་སྡིག་སྒྲིབ་སྦྱང་བ་ནི། རང་གི་ལུས་ནང་ཡོངས་སུ་གང་བའི་མེ་ལྕེ་དཀར་གསལ་འབར་བའི་རྣམ་པ་ཅན་དེ་རྣམས་རང་གི་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཐོགས་པ་མེད་པར་ཕྱིར་འཐོན་ཏེ་སོང་བས་ནམ་མཁས་ཁྱབ་ཚད་ཀྱི་སྐྱེ་འགྲོ་སེམས་ཅན་མ་ལུས་པའི་ལུས་ཀྱི་ནང་དུ་ཐོགས་པ་མེད་པར་ཞུགས་ནས་སོ་སོའི་རྒྱུད་ལ་གནས་པའི་སྡིག་

p. 85

སྒྲིབ་རྣམས་སྔར་ལྟར་ལྷག་མེད་དུ་བསྲེགས་ཤིང་སྦྱངས། མཐར་སེམས་ཅན་ཐམས་ཅད་ཀྱང་འོད་ཀྱི་རྣམ་པར་ལྟེམ་གྱིས་ཞུ་ནས་ཚུར་འདུས་པ་ནི་རང་གི་སྙིང་གའི་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་རྣམ་པར་གནས་པ་དེ་ལ་བསྟིམས་པས་གཉིས་མེད་དུ་གྱུར་པར་བསམས་ལ་ཡིད་བཟླས་བྱའོ། །གཉིས་པ་ངག་གི་བཟླས་པ་ནི། སླར་ཡང་ཧྲཱིཿམཐར་སྔགས་འཕྲེང་རྣམས༔ ཤིན་ཏུ་ཕྲ་བར་བསྒོམས་པ་ལས༔ འོད་འཕྲོས་དོན་བྱས་བདག་ལ་བསྟིམ༔ བསྒྲུབ་དང་བདེ་ཆེན་བཟླས་པ་བྱ༔ ཞེས་པ་སྟེ། འདི་ལ་གཉིས་ལས། སྤྲོ་བསྡུའི་བཟླས་པ་ནི། རྩ་བ་དང་ལས་སྦྱོར་གྱི་བཟླས་པ་ཐམས་ཅད་དམ་རྩ་བའི་ཡིད་བཟླས་ཙམ་སོང་རྗེས་ཡིད་བཟླས་ཀྱིས་སྐྱོ་ན་སླར་ཡང་ཐུགས་ཀའི་ས་བོན་ཧྲཱིཿཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་གི་ཡིག་འབྲུ་རྣམས་སྤུས་བྲིས་པ་ལྟར་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་གཡས་སུ་ལྡེམ་མེ་བསྐོར་བར་བསྒོམ་པར་བྱ་ཞིང་། སྔགས་ཟློས་པའི་ཚེ་སྔགས་འཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་ནམ་ཡང་ན་འོད་ཀྱི་རྣམ་པར་བསྡུས་ནས་རང་གི་གནས་གསུམ་དུ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག ཚོགས་གཉིས་རྫོགས། དབང་བཞི་རྫོགས་སུ་ཐོབ་པར་བསམས་ལ་ཡིག་བཅུའི་ངག་བཟླས་བྱ་བ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་ཐུགས་ཀའི་འོད་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསམས་པས་དོན་བྱས་ཏེ་ཚུར་འདུས་པ་བདག་ལ་བསྟིམ་ཞིང་བཟླ་བ་ནི་གཞན་དོན་འཕྲིན་ལས་ཀྱི་བཟླས་པའོ། །ཡང་བདག་གཞན་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པར་བལྟས་ལ་ཡིག་བཅུའི་ངག་བཟླས་བྱ་བ་ནི་བདག་གཞན་གཉིས་མེད་ཀྱི་བཟླས་པ་ཞེས་བྱའོ། །དེ་ལྟར་དམིགས་སྐོར་གསུམ་ཕྲུགས་གཅིག་གམ་མི་ནུས་ན་རེ་མོས་ཀྱིས་བྱ་སྟེ། དེས་བདག་གཞན་གཉིས་མེད་ཀྱི་དོན་

p. 86

གསུམ་སྒྲུབ་པར་བྱེད་པས་ན་སྒྲུབ་པའི་བཟླས་པ་དང་། དེ་ལས་གཞན་ཡང་གཉ ིས་པ་བདེ་ཆེན་གྱི་བཟླས་པ་བྱ་བ་ནི། དོ་ལི་ཞེས་འཁྱོགས་ཀྱི་བཟླས་པ་སྟེ། ཐུགས་ཀའི་ཧྲཱིཿལས་བཟླ་བྱའི་སྔགས་འཕྲེང་ཡབ་ཀྱི་ཞལ་ནས་འཐོན་ཏེ་ཡུམ་གྱི་ཞལ་དུ་ཞུགས་པ་པདྨ་ནས་རྡོ་རྗེའི་ལམ་བརྒྱུད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་བྱུང་བ་ཐུགས་ཀའི་ཧྲཱིཿལ་ཐིམ་པའི་ཚུལ་དུ་སྔགས་འཕྲེང་མགལ་མེ་འཁོར་བ་ལྟ་བུ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ངག་བཟླས་བྱ་བ་ཡིན་ལ། དེས་སྟོད་གེགས་བྱུང་ན་སྔགས་འཕྲེང་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་པདྨར་ཕྱིན་པ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་འཇུག་པའི་ཚུལ་གྱིས་བསྐོར་བས་སེལ་ཞིང་འདི་ལ་འཛག་གེགས་བྱུང་ན་དམིགས་པ་སྔ་མས་སེལ་ལ། དམིགས་པ་འདི་གཉིས་ཐུན་སྤེལ་ནས་བསྒོམ་པར་འདོད་ན། སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་། ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བར་བསྒོམས་ན་ལེགས་ཞེས་གསུང་ངོ་། །གསུམ་པ་ཐུགས་འོད་གསལ་དུ་བསྡུ་ཞིང་ལྡང་བའི་རྣལ་འབྱོར་ནི། འདུ་བྱེད་ཀྱི་མཐའ་མ་འཇིག་ཅིང་། སླར་ལྡང་བས་ཕྱིས་ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་མཐའ་དག་སྦྱོང་ཞིང་། འབྲས་བུའི་དུས་ན་སངས་རྒྱས་སྤྲུལ་པའི་སྐུའི་སྣང་བའང་ཆོས་དབྱིངས་སུ་རོ་གཅིག་པས་དེར་ཐིམ་ཞིང་དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པས་འགྲོ་དོན་མཛད་པའི་རྣམ་པ་ལམ་དུ་བྱེད། རྫོགས་རིམ་གྱི་དུས་ན་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་འོད་གསལ་དུ་འཇུག་ཅིང་དེ་ལས་ཟུང་འཇུག་གི་སྐུར་ལྡང་བའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཇི་ལྟར་བསྡུ་ཞིང་ལྡང་བ་ནི། སྐུ་ཕྱག་རྒྱ་དང་གསུང་བཟླས་པའི་རྣལ་འབྱོར་གྱི་སྐབས་ཐམས་ཅད་དུ་ཐུན་བསྡུ་བའམ་ཉལ་བའི་ཚེ། རང་གི་ཐུགས་ཀའི་འོད་ཀྱིས་ཕོག་པས་དག་པའི་སྣོད་བཅུད་ཐམས་ཅད་རང་ལ་ཐིམ་པ་རིམ་བཞིན་ཐུགས་ཀའི་ཧྲཱིཿཡིག་གི་བར་དུ་བསྡུས་ཏེ། དེ་ཉིད་ཀྱང་གྱེན་རྫོགས་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་ཡུན་རིང་དུ་གཟུང་། དེ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ་པར་མོས་ཏེ་སེམས་སྤྲོས་མེད་ཀྱི་ངང་ལ་མཉམ་པར་གཞག ཡང་རྣམ་རྟོག་གི་སྤྲོས་པ་འཕྲོ་ན་སླར་ཡང་ལྷའི་སྐུའི་རྣམ་པ་སྔར་བཞིན་གསལ་བཏབ་པ་ལ་སེམས་རྩེ་གཅིག་ཏུ་

p. 87

འཛིན་ཅིང་། སྐྱོ་ན་བཟླས་པའང་ཅི་རིགས་བྱས་ལ་དམིགས་མེད་ཀྱི་དབྱིངས་སུ་བསྡུ་བར་བྱ་སྟེ། དེ་ལྟ་བུའི་བསྒོམ་ལུགས་ཡང་ནས་ཡང་དུ་བསྐྱར་བས་ཐ་མལ་གྱི་སྣང་ཞེན་འགོག་ཅིང་རྫོགས་རིམ་གྱི་ཏིང་ངེ་འཛིན་སྐྱེ་བའི་གྲོགས་སུ་འགྱུར་བ་ཡིན་ལ། གང་ལྟར་ཡང་འོད་གསལ་དུ་བསྡུས་པ་ལས། མཐར་ཉལ་བ་ལས་ལྡང་བའམ་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པ་ན། འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་སྐད་ཅིག་གིས་ལྷའི་སྐུར་ལངས་ཏེ། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་པ་སྔགས། དྲན་རིག་ཐུགས་སུ་རྒྱས་བཏབ་སྟེ་བསྔོ་བ་བྱའོ། །དེ་ལྟར་འབད་པས་རྣམ་རྟོག་གི་རྒྱུ་བ་ཇེ་ཉུང་དང་བརྟན་པ་ཇེ་ཐོབ་ཏུ་གྱུར་ཏེ། ལྷ་སྐུའི་གསལ་སྣང་ལ་ཉམས་ལྔ་རིམ་པར་སྐྱེས་པས་ཐ་མལ་པའི་སྣོད་བཅུད་ཀྱི་སྣང་ཞེན་འགོག ཚོགས་གཉིས་དང་ཁྱད་པར་བསོད་ནམས་ཀྱི་ཚོགས་གསོག ། ལྷག་པའི་ལྷས་བདག་རྒྱུད་བྱིན་གྱིས་རློབ་ཅིང་། རང་ཉིད་ཀྱིས་སེམས་ཅན་གཞན་ལ་བྱིན་གྱིས་རློབ་པར་ནུས། གཙོ་བོར་རྫོགས་རིམ་སྒོམ་པའི་སྐལ་བ་ཅན་དུ་འགྱུར་ཏེ། ལྷའི་སྐུ་བསྒོམས་པས་སྐུ་རྡོ་རྗེའི་སྔགས་བཟླས་པས་གསུང་རྡོ་རྗེའི་འོད་གསལ་དུ་འཇུག་ལྡང་བྱེད་པས་ཐུགས་རྡོ་རྗེའི་རྟེན་དུ་འགྲོ་བ་སོགས་ཕན་ཡོན་མཐའ་ཡས་པ་འཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་རྫོགས་པའི་རིམ་པ་ནི། རྫོགས་རིམ་སྨིན་བྱེད་སྤྲོས་མེད་མཆོག་དབང་གོང་མ་གསུམ་སྔར་མ་ཐོབ་ན་སྐབས་འདིར་བསྐུར་དགོས་པ་ལྟ་ཅི་སྨོས། སྔར་ལན་མང་པོ་ཐོབ་ཟིན་པ་ཞིག་ཡིན་ཡང་། དམ་ཚིག་གསོ་ཞིང་བྱིན་རླབས་སྒོ་འབྱེད་ཀྱི་དོན་དང་། ཏིང་ངེ་འཛིན་ཁྱད་པར་ཅན་འཕྲལ་དུ་བསྐྱེད་པའི་དོན་དུ་དབང་གོང་མ་སྐབས་འདིར་སླར་ཡང་བསྐུར་ན་ལེགས་ཏེ། མ་སྨིན་པ་སྨིན་པར་བྱེད་པའི་དབང་ཡིན་པར་མ་ཟད་ཡེ་ཤེས་མ་སྐྱེས་པ་སྐྱེད་པར་བྱེད་པའི་དབང་ཡང་ཡིན་པའི་ཕྱིར་རོ། །དེ་ལྟར་དབང་ཐོབ་ནས་རྫོགས་པའི་རིམ་པ་བསྒོམ་པ་ལ་འཇུག་པར་བྱ་བ་ཡིན་ཏེ། འདི་འཆད་པར་བྱེད་པ་ལ་བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་པ་ནི། གཉིས་པ་རྫོགས་པའི་རིམ་པ་ལ༔ མི་ཤིགས་གསུམ་འབྲས་

p. 88

ཡན་ལག་སྟེ༔ ཞེས་པས་རིམ་པ་དང་པོ་བསྐྱེད་རིམ་བཤད་གྲུབ་ནས། ད་ནི་བསྐྱེད་རིམ་ལ་རྣམ་པར་རྟོག་པས་བཅོས་ཤིང་བཏགས་པའི་ལམ་ཞེས་བརྗོད་པ་དེ་ཡང་། གང་ལས་བཅོས་ཤིང་བཏགས་ཤེ་ན་གདགས་གཞི་རྫོགས་རིམ་ལས་བཏགས་པའི་ཕྱིར་ན་འདིར་རིམ་པ་གཉིས་པ་བསྐྱེད་རིམ་གྱི་མཚོན་དོན་རྫོགས་པའི་རིམ་པར་བཤད་པར་བྱ་བ་ཡིན་ཏེ། དེ་ལ་རྫོགས་པ་ནི་ལེགས་པར་སྦྱར་བའི་སྐད་ལས། ནིཥྤནྣ་ཞེས་བརྗོད་པའི་ངེས་ཚིག་ལས་མ་བཅོས་པའི་དོན་ནམ། ས་རི་ནིཥྤནྣ་ཞེས་ཡི་གེ་བསྣན་པའི་ངེས་ཚིག་ལས་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྐུའི་མིང་ཅན་མི་འགྱུར་བའི་བདེ་ཆེན་དང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཟུང་དུ་འཇུག་པའི་ལྷའི་སྐུ་ནི་རྫོགས་པ་དང་། ཀྲ་མའི་སྒྲ་ལས་རིམ་པ་ཞེས་དེ་སྒྲུབ་བྱེད་ཀྱི་ལམ་ཐབས་ཀྱི་རྣལ་འབྱོར་ལ་བྱ་ཞིང་། ཡང་འདིར་བགྲོད་པར་བྱ་བ་ཡིན་པས་ན་བྱ་བ་འབྲས་བུའི་དབང་དུ་བྱས་ན། མཐར་ཐུག་གི་ཟུང་འཇུག་ལ་རྫོགས་པ་དང་། དེ་སྒྲུབ་བྱེད་ཀྱི་ལམ་ལ་རིམ་པ། འདིར་བགྲོད་བྱའི་ངོ་བོ་ཉིད་ཡིན་པའི་ལས་ཀྱི་དབང་དུ་བྱས་ན། རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་ནི་རྫོགས་པ་དང་། དེ་རྟོགས་པར་བྱེད་པའི་ལམ་ལ་རིམ་པ་ཞེས་བྱ་བ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་སྐུའམ་ལྷུན་གྱིས་གྲུབ། །ཅེས་གསུངས་ཤིང་། དེས་ན་རྗེས་དཔག་གི་ལྷའི་རྣལ་འབྱོར་བསྐྱེད་པའི་རིམ་པ་ལ་འཇིག་རྟེན་པ་དང་མངོན་སུམ་པའི་ལྷའི་རྣལ་འབྱོར་རྫོགས་པའི་རིམ་པ་ལ་འཇིག་རྟེན་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་ཞེས་བྱ་སྟེ། དུས་འཁོར་འགྲེལ་ཆེན་ལས། ལྷའི་སྒྲུབ་ཐབས་ལ་བསྐྱེད་པའི་རིམ་པ་ནི་སྔར་གསུངས་པ་འཇིག་རྟེན་པའོ། །འཇིག་རྟེན་ལས་འདས་པ་ནི་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་ལྟར་བསྒྲུབ་བྱའི་དེ་ཁོ་ན་ཉིད་རང་བྱུང་དོན་དམ་པའི་ལྷ་ནི། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །ཅེས་སྒྱུ་མ་བདེ་མཆོག་སོགས་རྒྱུད་མང་པོར་གསུངས་པ་དང་། ཧེ་རུ་ཀ་གལྤོའི་རྒྱུད་ལས་ཀྱང་། ཡང་དག་གྲུབ་པ་གཅིག་པོ་ཉིད། །སངས་རྒྱས་བདེ་

p. 89

ཆེན་ཀུན་འདུས་པ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཞེས་ཟུང་འཇུག་གི་སྐུ་ལ་དེ་ཁོ་ན་ཉིད་ཀྱི་ལྷ་ཞེས་བྱ་ཞིང་། དེ་སྒྲུབ་བྱེད་ཀྱི་སྒྲུབ་ཐབས་ཀྱང་དེ་ཁོ་ན་ཉིད་ཅེས་མངོན་སུམ་པའི་ལྷའི་རྣལ་འབྱོར་དགོས་པ་ལ་དགོངས་ཏེ། དགྱེས་རྡོར་གྱི་རྒྱུད་ལས། བསམ་གཏན་ཉོན་མོངས་འཇིག་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་བས་དངོས་གྲུབ་དོན་དུ་ཡང་། །ཟླ་བ་ཕྱེད་དུ་ཡོངས་སུ་རྟོགས། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ལྷ་ཡི་གཟུགས་སུ་སེམས་དཔའ་ཡིས། །རྒྱུན་མི་ཆད་པར་ཉིན་མཚན་གཅིག །བསྒོམ་པ་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ཞེས་དང་། དྲི་མེད་འོད་ལས། བསྐྱེད་པའི་རིམ་ལས་གྲོལ་བ་ཧཱུྃ་དང་ནི། །ཕཊ་ཡིག་སོགས་ཀྱི་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དོ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་གསུངས་པ་ལྟར་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་ནི་རྫོགས་རིམ་སྟེ། དེ་ལ་འདིར་ཕྲ་བའི་ལུས་ངག་ཡིད་རྩ་རླུང་གི་ཐིག་ལེའི་བྱེད་བཅིངས་ལ་བརྟེན་ནས་ཤིན་ཏུ་ཕྲ་བ་དོན་དམ་པ་མི་ཤིགས་པའི་རྩ་རླུང་ཐིག་ལེ་གསུམ་རྟོགས་པར་བྱེད་པའི་ཐབས་མཆོག་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་རིམ་པ་ཐོག་ཐ་བར་གསུམ་དུ་དགེ་བ་དང་། དེས་སློབ་པ་དང་མི་སློབ་པའི་འབྲས་བུ་མངོན་དུ་བྱེད་ཚུལ། ལམ་གྱི་ཆ་རྐྱེན་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་ཏེ་རྣམ་པ་གསུམ་དུ་བསྡུས་ནས་བཤད་པར་བྱ་བའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམས་པས་མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་ཚུལ། སྒྲུབ་བྱེད་གྲུབ་འབྲས་དང་བཅས་པ་དེ་གཉིས་རྩ་བའི་མན་ངག་རྡོ་རྗེའི་ཚིག་གིས་བཤད་ཚུལ། ལམ་གྱི་ཆ་རྐྱེན་རྫོགས་པར་བྱེད་པའི་མན་ངག་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་སྦྱོར་དགོས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གནས་པ་རྩ་དག་བྱེད་དང་པོར་དགེ་བ་སྐུ་རྡོ་རྗེའི་རྣལ་འབྱོར། གཡོ་བ་རླུང་དག་བྱེད་བར་དུ་དགེ་བ་གསུང་རྡོ་རྗེའི་རྣལ་འབྱོར།

p. 90

བཀོད་པ་ཐིག་ལེ་དག་བྱེད་ཐ་མར་དགེ་བ་ཐུགས་རྡོ་རྗེའི་རྣལ་འབྱོར་རོ། །དང་པོ་ལ་དྲུག །གང་གི་ཚེ་སྒོམ་པའི་དུས། ཇི་ལྟར་བསྒོམ་པའི་ཚུལ། མཐོང་བྱ་རྟགས་ཀྱི་འཆར་ཚུལ། མཐོང་བྱེད་མངོན་སུམ་རྟེན་དང་བཅས་པ། མ་གྲུབ་ན་སྤོགས་པའི་ཆོ་ག ཇི་ལྟར་ཤར་བའི་སྟོང་གཟུགས་ལ་བསམ་གཏན་གྱི་བསྐྱང་ཚུལ་ལོ། །དང་པོ་ནི། དུས་འཁོར་ལས་གཡས་རྒྱུ་སྡུད་རིམ་དང་། སྙན་བརྒྱུད་རྡོ་རྗེ་ཟམ་པ་སོགས་ལས་གཡོན་རྒྱུའི་དུས་སྒོམ་པར་བཤད་ཀྱང་། འདིར་རླུང་མཉམ་རྒྱུའི་དུས་བསྒོམ་པ་གེགས་ཉུང་བར་བཞེད་པས། རླུང་ཆ་མཉམ་དུ་རྒྱུ་བའི་དུས་སུ་འཇུག་པར་བྱ་ཞིང་། གལ་ཏེ་གཡས་ནས་རྒྱུ་ན། ལག་གཡོན་པའི་ཐལ་མོས་ནུ་མ་གཡས་མནན་ཏེ་མཆན་ཁུང་དུ་བཅུག་པ་བར་ལྷུ་གཡས་པས་མནན་ལ་རླུང་རོ་བསལ། གདོང་དང་མིག་གཡོན་དུ་བལྟས་ཏེ། གཡས་པའི་མཛུབ་མོས་སྣ་བུག་གཡོན་བཀག སྣ་བུག་གཡས་ནས་རླུང་བརྔུབས་ཏེ་ལྟེ་བར་མནན། ཅུང་ཟད་བསྡམས་ནས་མི་ཐུབ་པ་དང་། གདོང་དང་མིག་གཡས་སུ་བསྒྱུར་ཞིང་། ལག་གཡས་གཡོན་པའི་མཆན་ཁུང་དུ་བཅུག་ནས་གཡོན་པའི་མཛུབ་མོས་སྣ་གཡས་བཀག་སྟེ། གཡོན་ནས་རླུང་དྲག་ཏུ་འབུད། དེ་བཞིན་དུ་སྣ་བུག་གཡོན་ནས་རྒྱུན། གཡོན་ནས་བཀག་སྟེ་གཡས་ནས་གཏོང་བའི་ལག་ལེན་སྔ་མ་ལས་གོ་བསྒྱུར་ནས་འཛིན་གཏོང་ཤེས་པར་བྱ་སྟེ། ཡོན་པོ་སྲོང་བའི་རླུང་སྦྱོར་འདི་ལན་འགའ་རེ་བསྐྱར་བས་མཉམ་རྒྱུར་འབབ་པ་ཡིན་ནོ། །གཉིས་པ་ལའང་། ལུས་ཀྱི་བྱེད་བཅིངས་དང་། སེམས་ཀྱི་གཞག་ཐབས་གཉིས་ལས། དང་པོ་ནི། དང་པོ་ལུས་གནད་མི་གཡོར་བཅིང༔ ཞེས་པ་སྟེ། བསྒོམ་པ་ལ་འཇུག་པའི་དང་པོར་ཡིད་དང་མཐུན་པའི་གནས་དབེན་པར་བསམ་གཏན་གྱི་འབོལ་ཆུང་བཏིང་པ་ལ་ལུས་ཀྱི་བྱེད་ཆིངས་ཀྱི་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅས་ནས་མི་གཡོ་བར་བྱ་སྟེ། དེའི་རྒྱུ་མཚན། ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་དང་འདྲ། བྱེད་པ་མ་བཅིངས་ན་མིས་ཞོན་པའི་རྟ་དེ་སྲང་བར་ནས་ཕྱིར་ཤོར་བ་དང་འདྲ། བཅིངས་ན་སྲང་སྒོ་ཁེབས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་ཐུབ་པ་དང་འདྲ་བས།

p. 91

རྣམ་རྟོག་གི་བཞོན་པ་རླུང་འཆིང་བ་ལ་ལུས་ཀྱི་གནད་བཅིང་བ་གལ་ཆེའོ། །དེ་ཡང་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་རོ་རྐྱང་གི་རྩ་རྐང་མཐིལ་གྱི་བར་དུ་ཡོད་པ་གཅེར་ཞིང་འདུད་པས་རྩ་དེར་རྒྱུ་བའི་རླུང་འགགས་ཏེ་སྨད་ཀྱི་རྩ་རྣམས་བཅིངས་པས་ཐུར་སེལ་གྱི་རླུང་འཆིང་ཐུབ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་རྐང་མཐིལ་གཉིས་ཀྱི་སྟེང་དུ་གྱེན་བསྟན་གྱིས་བཞག་པའམ་བརླ་ནང་གི་རྩ་བར་ཁ་སྦུབ་པ་གང་བདེས་བཞག་ལ། ལག་ངར་བསྲངས་པས་རོ་རྐྱང་གི་རྩ་ལག་པའི་དབུས་བརྒྱུད་དེ་རྩེ་མོ་ལག་མཐིལ་དང་ལག་སོར་གྱི་བར་དུ་ཡོད་པ་བཅིངས་པས་ལག་པ་དང་སྟོད་ཀྱི་རླུང་རྣམས་འཆིང་ཞིང་སྲིན་ལག་འདྲེ་རྩ་ཡིན་པས་དེ་མཐེ་བོང་གིས་བཙིར་བས་བགེགས་མི་འཇུག རྐེད་པ་ཅུང་ཟད་ཉེག་བྱས་ཏེ་ལྟོ་བ་ཕྱིར་འཕུལ་བས་མཉམ་གནས་ཀྱི་རླུང་ལྟེ་བའི་མེ་དང་ལྷན་ཅིག་གནས་པ་དེ་འཆིང་། རོ་སྟོད་ཟེང་བྱས་དགྱེས་དགུ་མེད་པས་སྲོག་འཛིན་གྱི་རླུང་ལྟེ་བ་ཡན་ཆད་དབུ་མའི་ནང་དུ་གནས་པ་དེ་འཆིང་། མགྲིན་པ་དྲང་པོར་བསྲངས་ཏེ་ལྐོག་མས་ཨོལ་མདུད་ནོན་ཙམ་བྱས་པས་གྱེན་རྒྱུ་མགྲིན་པར་གནས་པ་དེ་འཆིང་། སྒལ་ཚིགས་དྲང་པོར་བསྲངས་པས་རྩ་དབུ་མ་འདྲོ ངས་ཏེ་རྩ་འཁོར་རྣམས་གཅིག་སྟེང་དུ་གཅིག་ཁེལ་བས་རླུང་རྣམས་རང་གནས་སུ་རྒྱུས་པས་ཐིག་ལེའང་རང་གནས་སུ་འཆིང་ཐུབ། ལྟག་པ་བསྲངས་ནས་མགོ་བོ་ཡ་ཡོ་མེད་པར་ཟེང་བྱས་ཏེ་ལུས་ཆ་ཆ་ནས་ཧྲཱིཾ་གྱིས་གྲིམས་པས་ཁྱབ་བྱེད་ཀྱི་རླུང་པགས་པའི་མཐར་ཐུག་གནས་པ་དེ་འཆིང་། མགྲིན་པ་བཀུག་ནས་སོ་མཆུ་རང་སོ་དང་ལྕེ་ཡ་རྐན་ལ་སྦྱར་པས་རྣ་བའི་རྩ་ཡང་ཁྱུར་ཏེ་འོང་བས་རྣ་བ་དང་ལྕེའི་རླུང་འཆིང་། སྦྱོར་བ་དེ་དང་རླུང་སྣ་ནས་དལ་བུས་བཏང་བས་སྣའི་རླུང་འཆིང་། ཁུ་ཚུར་གྱི་མཉམ་བཞག་དང་ལུས་གྲིམས་ལྷོད་རན་པས་ལུས་དབང་ལ་རྒྱུ་བའི་རླུང་འཆིང་། མིག་གི་ལྟ་སྟངས་མིག་འབྲས་མི་འགུལ་ཞིང་རྫི་མ་འཐབ་རྡེག་མེད་པར་གཡོ་མེད་དུ་བཞག་པས་མིག་ཏུ་རྒྱུ་བའི་རླུང་དང་ལྟ་སྟངས་གྱེན་དུ་ཅུང་ཟད་གཏོད་པས་རླུང་སེམས་ཐིག་ལེ་རྣམས་ཐུར་དུ་འབུད་པའི་སྐྱོན་སེལ་ཞིང་། ལྟ་སྟངས་དེས་དཔྲལ་བ་དང་གཙུག་ཏོར་གྱི་རླུང་འཆིང་བས་སྨོས་མ་དགོས། ཡན་ལག་དབང་པོ་ཐམས་

p. 92

ཅད་ལ་རོ་རྐྱང་གི་ཡལ་ག་རེ་ཡོད་པའི་གཞན་རྣམས་ཕལ་པ་ཡིན་ལ། གཙོ་བོ་རྒྱལ་པོ་ལྟ་བུ་གསང་བའི་དབང་པོ་ལ་ཡོད་པ་དེས་བག་ཆགས་དང་རྣམ་ཤེས་མཐའ་དག་སྐྱེད། ལས་བྱེད་བློན་པོ་ལྟ་བུ་མིག་ལ་གནས་པས་ཕྱི་ཡུལ་གྱི་རྣམ་རྟོག་ཕལ་ཆེར་སྐྱེས། དེས་ན་མིག་གི་རྩ་མེ་ཏོག་ལྟ་བུ་དང་གསང་བའི་རྩ་འབྲུ་ཆགས་པ་ལྟ་བུ་ཡིན་པའི་གནད་ཀྱིས། ལས་བྱེད་བཅིངས་པས་གཙོ་བོ་གསང་བར་གནས་པ་དེ་ཡང་གཡོ་མི་ཐུབ་པ་རང་ཤུགས་སུ་འཆིངས་ཏེ། དེའི་རྒྱུ་མཚན་ལྟ་སྟངས་ཀྱིས་རོ་རྐྱང་གི་མགོ་ནས་བཙིར་བའི་ཤུགས་ཀྱིས་མས་སྣའི་གསང་རླུང་དེ་ཡར་ལྡོག་ནས་རྩ་དབུ་མར་འཇུག མིག་འབྲས་མི་གཡོ་བས་རོ་རྐྱང་གི་རྩ་འགུལ་མ་ཐུབ་པ་དེས་རོ་རྐྱང་གི་རྒྱུ་བ་ཇེ་ཞན་དུ་སོང་ནས་དབུ་མའི་རྒྱུ་བ་སྟོབས་རྒྱས་པས་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་མིག་གི་ལྟ་སྟངས་ཤིན་ཏུ་གལ་ཆེའོ། །དེ་ཡང་སྙིང་གའི་དབུས་ཀྱི་ནཱ་ད་དེ་ལུས་གནད་མདུན་དུ་བུབ་ན་མདུན་རླུང་དང་འཕྲད་པས་ཤེས་པ་ཧོལ་ལེ་བ་འབྱུང་། གཡས་སུ་ཡོ་ན་མེ་དང་འཕྲད་པས་འཚུབ་ལོང་བ་དང་། གཡོན་དུ་ཡོ་ན་ཆུ་དང་འཕྲད་པས་ཉོག་གེ་བ་དང་། རྒྱབ་ཏུ་ཡོ་ན་ས་དང་འཕྲད་པས་བྱིངས་ཤིང་སྲ་འཐས་ཀྱི་ཉམས་འབྱུང་བས་ལུས་དྲང་པོར་བསྲང་བར་བྱ་ཞིང་། ལུས་གནད་ཁོ་ནས་རླུང་སེམས་འཆིང་ཐུབ་པ་དཀའ་ཡང་། དམ་པ་སངས་རྒྱས་ཀྱིས། ལྟ་སྟངས་ཀྱིས་རིག་པ་སྟོད་ལ་མནན་པས་ཕྲ་རགས་ཀྱི་རྟོག་པ་འགག ཅེས་དང་། ས་ར་ཧས། མཁའ་འདྲར་བྱས་ན་རླུང་སེམས་རྣམ་པར་འཆིང་། །ཞེས་གསུངས་པ་ལྟར། ལྟ་སྟངས་ཀྱི་ལམ་ལས་སེམས་སྤྲོས་མེད་ཀྱི་ངང་ལ་རྩེ་གཅིག་ཏུ་གནས་པས་རླུང་སེམས་དབུ་མར་འཇུག་པར་ཕྱོགས་པ་ན་ལུས་གནད་བྱེད་བཅིངས་དེ་རྣམས་རེ་རེས་གྲོགས་བྱས་ཏེ། ལུས་ཀྱི་བྱེད་བཅིངས་དང་དམིགས་གནད་འདུས་པ་ལས་རླུང་བཙན་ཐབས་སུ་ལྡོག་སྟེ་འཆིང་ཐུབ་པ་ཡིན་ནོ། །དེ་དག་གི་སྐབས་སུ་ལུས་གནད་དང་ལྟ་སྟངས་མ་འབྱོངས་པས་ནད་ཟུག་དང་ཡིད་སྡུག་བསྔལ་གྱིས་སྐྱོ་ན། སྤྱོད་འཇུག་ལས། གསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་ན་ཅིས་མ་ལེགས། །ཞེས་དང་། དོན་མེད་དགྲ་ཡིས་རྨ་སྲོལ་གཏོད་པ་ཡང་། །

p. 93

ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་སྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། །ཞེས་དང་། ཉ་པ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བ་བདེ་ཕྱིར་བདག་ལྟ་ཅིས་མི་བཟོད། །ཅེས་གསུངས་པའི་དོན་རྣམས་ལེགས་པར་བསམས་ནས་སྲན་བསྐྱེད་དེ་ལུས་གནད་དང་ལྟ་སྟངས་འདི་ལས་མ་གཡོས་པ་བྱ་སྙམ་དུ་ཞེ་དམ་གྱིས་བཅུན་ཏེ་བསྒོམས་པས་ཚེགས་མེད་པར་འབྱོངས་པར་འགྱུར་ཞིང་། གལ་ཏེ་ལུས་གནད་ཀྱིས་ན་བ་ལ་ནད་ཟུག་སེལ་ཐབས་ནི་བའི་ལྕི་བ་སྐམ་པོ་མེར་བསྲེགས་པ་རང་དགར་ཤིར་བཅུག་པའི་ཐལ་བ་དཀར་པོ་རྣམས་ཕྱེ་སྟེ་བུམ་པར་བསགས་པ་ལ་ཆུ་བླུགས་ནས་དཀྲུགས་ཏེ་ས་བུམ་པ་གཞན་དུ་བྱོ། དེ་ལྟར་བུམ་པ་མང་པོར་བྱོ་བསིངས་བྱས་པའི་བུམ་པ་ཕྱི་མ་དེར་དྭངས་སུ་བཅུག་ནས་ཆུ་ཕྱིར་ཕོ་ལ་ཐལ་བའི་ཚིགས་མ་བུམ་པར་འཇགས་པ་རྣམས་བླངས་ནས་དྷ་ཏུ་རའི་རྩ་བ་ལོ་མ་འབྲས་བུ་རྣམས་ཞིབ་མོར་བརྡུངས་པ་དང་བསྲེས་པ་དེ་རང་གི་དྲི་ཆུ་ལ་སྦྱར་བའམ། དྷ་ཏུ་ར་མ་རྙེད་ན་ཐལ་བ་དང་རང་གི་དྲི་ཆུ་སྦྱར་བའི་སྐྱོ་མ་ལུས་ལ་བྱུགས་ཏེ། རྐང་པའི་ལོ་མ་གཉིས་བསྣོལ་བ་ཙམ་གྱི་སྐྱིལ་ཀྲུང་བཅས་ནས། ལག་གཉིས་པུས་མོ་གཉིས་ལ་བཀབ་སྟེ་ལུས་གཡས་གཡོན་དུ་འཁོར་ལོ་ལྟར་བསྐོར་བའི་འཁྲུལ་འཁོར་བ་སྤུའི་བུ་ག་རྣམས་སུ་རྔུལ་ཐོན་ཐོན་གྱི་བར་དུ་བྱ་ཞིང་། འདི་ལ་རླུང་འཛིན་མི་དགོས་ཏེ། དེས་ངེས་པར་ཕན་ནོ། །ཡང་ལྟ་སྟངས་ཀྱི་མིག་ན་བའམ་མཆི་མ་འཛག་ན། རླུང་འཇམ་པོར་བཟུང་ལ་མིག་གཡས་གཡོན་དུ་བསྐོར་བའི་འཁྲུལ་འཁོར་ལན་མང་དུ་བསྐྱར་རྗེས། ལག་མཐིལ་གཉིས་ཕན་ཚུན་མཉེས་པས་མིག་གཉིས་ལེགས་པར་ཕྱི་ཞིང་། དེ་ནས་སྣ་སྦུབས་བྲུས་པ་མཆིལ་མ་དང་བསྲེས་ནས་ལག་མཐིལ་དུ་སྲིན་ལག་གིས་མཉེས་པ་མིག་ལྤགས་ནང་དུ་བྱུགས་པ་ཤིན་ཏུ་ཕན་པར་འགྱུར་རོ། །མདོར་ན་སྒྱུ་འཕྲུལ་ལམ་རིམ་ལས། དེ་ཕྱིར་ལྷག་མ་ཆ་མཉམ་པའི། །བདེ་ལྡན་དྲོད་པས་ཆོས་བདུན་ཚུལ། །ལྡན་བྱས་རྗེ་བཙུན་རྣམ་སྣང་ཚུལ། །འཛིན་རྩོལ་མེད་པའི་སེམས་ཀྱིས་འདུག །ཅེས་པ་ལྟར་ལུས་ཀྱི་བྱེད་བཅིངས་དང་ལྟ་སྟངས་ལ་གནས་

p. 94

པས། ངག་མི་སྨྲ་ཞིང་། སེམས་གང་དུའང་མི་བསམ་པར་ཟབ་མོ་དམིགས་པ་མེད་པའི་ངང་ལ་འཇོག་པ་སྟེ། མི་གཡོ་གསུམ་ལྡན་གྱི་གནད་འདི་ལ། མགྱོགས་ཁྲིད་མ་ཡིན་པར་སྨིན་སློབ་ཀྱིས་ཁྲིད་པའི་ཚེ་ལུས་གནད་དང་ལྟ་སྟངས་མ་འབྱོངས་ཀྱི་བར་དེ་སྲིད་དུ་ཡུན་ཅི་རིགས་སུ་འབད་དེ་བསླབ་པར་བྱ་དགོས་པ་ཡིན་ཞིང་། ལུས་གནད་བཅས་ཟིན་མཚམས་ནས། སྔར་ལུས་ཀྱི་བྱ་བྱེད་སྣ་ཚོགས་དང་གཏམ་སྣ་ཚོགས་ཀྱིས་རླུང་འཁྲུགས་པའི་རྒྱུན་ལ་བསྒོམས་ན་རྩ་ལོག་རླུང་ལོག་གི་གེགས་འབྱུང་བས། དེ་བསལ་ཕྱིར་རླུང་རོ་ལན་གསུམ་བསལ་ནས་སྐབས་གང་ཡིན་དེའི་དམིགས་པ་བསྒོམ་པ་ལ་འཇུག་པའང་ཐམས་ཅད་དུ་ཤེས་པར་བྱའོ། །གཉིས་པ་སེམས་ཀྱི་བཞག་ཐབས་ལ། གང་ལ་འཇོག་པའི་རྟེན་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང་། དེ་ལ་སེམས་ཇི་ལྟར་འཇོག་ཚུལ་ལོ། །དང་པོ་ནི། རྩ་གསུམ་གསལ་བཏབ་རོ་རྐྱང་ལས༔ ཤུ་ཀྲ་དང་ནི་ར་ཛ་ཏ༔ དྷཱུ་ཏིའི་ལམ་ནས་གཞའ་ཚོན་ལྟར༔ བཀྲ་བའི་རླུང་རྣམས་བྱུང་བ་གང༔ ལྟེ་བའི་འཁོར་ལོར་སོན་པ་ན༔ ཏི་ལ་དམར་སྐྱ་དྭངས་ཤིང་འཚེར༔ ཙ་ན་ཀ་ཡི་འབྲུ་ཡི་ཚད༔ དེ་དབུས་རང་སེམས་ཧྲཱིཿའི་རྣམ་པ༔ མི་ཤིགས་པ་ཡི་ངོ་བོ་ལ༔ ཞེས་པ་སྟེ། བསྐྱེད་རིམ་རྒྱས་པ་ལ་སྔོན་དུ་སྦྱངས་པས་གསང་སྒྲུབ་ཞུ་བདེ་དང་རྗེས་སུ་མཐུན་པར་ཡིད་བདེ་སྟོང་གི་ལྷ་སྐུའི་གསལ་སྣང་རང་ཤར་དུ་འདྲེན་ནུས་པའམ། བསྐྱེད་རིམ་བསྡུས་པ་ལྟར་ནའང་སྙོམས་འཇུག་གི་ཞུ་བདེ་དྲངས་ནས་བདེ་སྟོང་གི་ངང་ལས་ཡིད་ངོར་ལྷ་སྐུའི་སྣང་བ་རྩོལ་མེད་དུ་ཤར་ན་སྨོས་མ་དགོས། དེ་མིན་སྔར་གྱི་ཞུ་བདེའི་ཉམས་མྱོང་དྲན་པར་བྱས་ཏེ། བདེ་བའི་ངང་ལས་རྟོག་པ་གཞན་གྱིས་བར་མ་ཆོད་པར་ལྷའི་སྐུར་འཆར་བར་བྱའོ་སྙམ་པའི་འདུན་པ་སྦྱོང་ཞིང་། དེའི་མཐར་བདེ་བ་ལ་རྣམ་པར་མི་རྟོག་པའི་ཚུལ་གྱིས་སེམས་བཞག་སྟེ། དེའི་ངང་ལས་ལྡང་བའི་སྐབས་རྣམ་རྟོག་གི་རྩོལ་བ་ལ་མ་ལྟོས་པར་ལྷ་སྐུ་རང་ཤར་དུ་འབྱུང་ཞིང་། དེའི་ཚེ་མི་རྟོག་པ་དངོས་སད་ཀྱང་མི་རྟོག་པའི་ཞད་ཡོད་ཅིང་བདེ་བའི་རྩི་མ་ཡལ་བས་ལྷ་སྐུ་དང་བདེ་བ་ཟུང་འབྲེལ་དུ་འབྱུང་མོད། འོན་ཀྱང་སྔར་བསྐྱེད་རིམ་ལ་ལྷའི་གསལ་སྣང་ཐོབ་མ་ཟིན་ན། སྐབས་འདིར་ལྷའི་རྣམ་པ་བསྐྱེད་ཆོག་ལ་མ་ལྟོས་པར་སྐད་

p. 95

ཅིག་གིས་གསལ་འདེབས་པ་ཕྱག་ལེན་གྱི་རྒྱུན་ལ་ཡོད་པ་ལྟར་བསྒོམ་པར་བྱ་བ་ཡིན་ཏེ། ལུས་གནད་དང་ལྟ་སྟངས་བཤད་མ་ཐག་ལྟར་བཅས་ལ། སེམས་ཀྱི་གནད་ནི། རང་ལུས་ཐ་མལ་གྱི་སྣང་བ་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྦྱངས་ཏེ་རྣམ་པར་མི་རྟོག་པའི་ངང་ལས་རང་ལུས་ཕྱི་དབྱིབས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུ་འཇའ་ཚོན་ལྟར་དྭངས་གསལ་སྒྲིབ་ཐོགས་མེད་པའི་རྣམ་པར་ལམ་གྱིས་སྣང་བ་ལ་མཉམ་པར་བཞག་པས། ཇེ་ཞིག་ལྟར་ན་རང་ལུས་ལྷ་སྐུར་རང་ངོ་ཤེས་པའི་ཚུལ་གྱི་གསལ་སྣང་ཁྱད་པར་ཅན་རང་བབས་སུ་འབྱུང་ལ། དེ་ལྟར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པའམ། ཡང་ན་འཁོར་ལོ་སོ་སོའི་ཐད་ཀར་རོ་རྐྱང་གཉིས་དྷཱུ་ཏིར་ཐིམ་པའི་ཚུལ་དུ་རྩ་གསུམ་སྔར་ལྟར་གསལ་བཏབ་ལ་ཐེབས་པ་ན་རླུང་རོ་བསལ་ནས། སྟེང་རླུང་ཤིན་ཏུ་འཇམ་པ་རང་བབས་སུ་བརྔུབས་པས། དེའི་ཚེ་གཡས་རོ་མའི་ལམ་ལས་ར་ཛ་ཏ་སྟེ་རྡུལ་གྱི་དྭངས་མ་དང་། གཡོན་རྐྱང་མའི་ལམ་ལས་ཤུ་ཀྲ་སྟེ་ཁུ་བའི་དྭངས་མ་གཉིས་ཁྱུར་ཁྱུར་སོང་བ་ལྟེ་འོག་སོར་བཞིའི་ཐད་རོ་རྐྱང་གཉིས་ཀྱི་མས་སྣེར་སླེབས་པ་དང་། འོག་རླུང་འཇམ་པོར་དྲངས་པས་དྷཱུ་ཏིའི་མས་སྣ་དུང་ཅན་མའི་ལམ་ནས་འཇའ་ཚོན་ལྟར་ཁ་དོག་སྣ་ལྔ་མ་འདྲེས་པར་བཀྲ་བའི་ཁམས་ལྔའི་དྭངས་མའི་རླུང་རྣམས་བྱུང་བ་གང་སྟེ་ལྟེ་འོག་སོར་བཞིའི་ཐད་རོ་རྐྱང་གི་མས་སྣ་དང་འཛོམ་སར་སླེབས་པ་ན། ཁུ་རྡུལ་རླུང་ལྔ་དང་བཅས་པ་ལྷན་ཅིག་ཏུ་དྷཱུ་ཏིའི་ནང་བརྒྱུད་གྱེན་དུ་སོང་བ་ལྟེ་བ་སྤྲུལ་པའི་འཁོར་ལོར་སོན་པ་ན་རིམ་གྱིས་དྲིལ་བའི་ཏིལ་ཏེ་ཐིག་ལེ་དམར་སྐྱ་དྭངས་ཤིང་འོད་འཚེར་བ་ཙ་ན་ཀ་སྟེ་སྲན་ཆུང་གི་འབྲུའི་ཚད་ཙམ་པ། དེའི་དབུས་སུ་རང་སེམས་ཀྱི་དྭངས་མ་ཧྲཱིཿཡིག་དམར་པོའི་རྣམ་པ་ཕྲ་ཞིང་འབར་བ་སྟེ། དེ་ལྟར་ཤིན་ཏུ་ཕྲ་བའི་ཁུ་རྡུལ་རླུང་སེམས་ཀྱི་དྭངས་མ་གཞི་གདོད་མ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མི་ཤིགས་པའི་ངོ་བོར་བཞུགས་པ་ཉིད་རྣལ་འབྱོར་པས་ལམ་དུ་བྱས་པའི་ཚེ་ཀུན་རྫོབ་རགས་པའི་ཁུ་རྡུལ་རླུང་སེམས་ཀྱི་སྣང་བ་རྩ་བ་ནས་མ་འགགས་ཀྱང་ཅུང་ཟད་མི་གསལ་བར་གྱུར་པས་དྭངས་མ་རགས་པའི་ཁྲོད་དུ་བག་ལ་ཞ་བ་དེ་འདིར་གསལ་བར་གྱུར་པས་ལོགས་སུ་གོང་

p. 96

བུར་འདྲིལ་བ་ལྟ་བུ་དང་ཕྲ་བའི་བརྡ་ཉིད་ཀྱི་ཕྱིར། དབྱིབས་ཐིག་ལེའི་རྣམ་པར་ཟླུམ་པ་དང་ཙ་ན་ཀའི་འབྲུ་ལྟར་ཕྲ་བར་བསྟན་ཅིང་། རགས་པའི་ལུས་སྐྱེད་སྡུད་གནས་པའི་རྟེན་གཙོ་བོར་ལྟེ་བའི་འཁོར་ལོ་ཡིན་པ་དང་། ལྟེ་བའི་རྩ་མདུད་གྲོལ་ན་སྙིང་ག་ལ་སོགས་པའང་འབད་མེད་དུ་གྲོལ་འགྲོ་བའི་ཕྱིར། ལྟེ་བའི་འཁོར་ལོར་བསྒོམ་ཞིང་དེ་ལ་དམིགས་པས་གནད་དུ་བསྣུན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། རྩེ་གཅིག་མཉམ་བཞག་བརྟན་པར་བྱ༔ འཕྲོ་ན་ཐ་མལ་རྣམ་རྟོག་རྣམས༔ སྤངས་ནས་སྔར་བཞིན་ཡང་ཡང་བསྒོམ༔ ཞེས་པ་སྟེ། མདོ་སྡེ་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་པ་ལྟར། རླུང་དང་སེམས་དང་ལྟེ་བའི་ཐིག་ལེ་གསུམ་འདྲེས་པ་ལྟར་བྱས་ནས། ཐིག་ལེའི་རྣམ་པ་ལམ་མེ་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ལ། དེ་ལས་གཞན་དུ་གཡེངས་བ་མེད་པའི་མཉམ་བཞག་བརྟན་པོར་སེམས་གཞག་པར་བྱ་སྟེ། འདི་སེམས་གཞག་ཐབས་ཀྱི་རྣལ་འབྱོར་ཐམས་ཅད་ཀྱི་རྩ་བ་ཡིན་པས། དེ་ལ་ཇི་ལྟར་འཇོག་ཚུལ་བཞི་ལས། དང་པོ་བསམ་མེད་ཀྱི་རྣལ་འབྱོར་ནི། དཔེ་ལྷ་ཁང་གི་ལྡེར་བཟོ་ལྟ་བུ་སྟེ། ལྡེར་བཟོ་ལ་ལུས་ཀྱི་འགུལ་སྐྱོད། ངག་གི་སྨྲ་བརྗོད། ཡིད་ཀྱི་འདུ་འཕྲོ་ཐམས་ཅད་མེད་པ་བཞིན། བྱེད་བཅིངས་ལྟ་སྟངས་དང་བཅས་ཀྱང་ཡིད་བྱེད་དང་རྩོལ་བ་མེད་པའི་དོན་ཡིན་པས། སེམས་འདས་པའི་ཡུལ་གང་ལའང་མི་དཔྱོད། མ་འོངས་པའི་ཡུལ་གང་ལའང་མི་སེམས། ད་ལྟར་བའི་ཡུལ་གང་ལའང་མི་རྟོག་པར་ཐིག་ལེའི་རྣམ་པ་གསལ་ཙམ་པ་དེ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ། ཧ་ཅང་མ་བསྒྲིམས། ཧ་ཅང་མི་གློད། ཅི་ཡང་ཡིད་ལ་མི་བྱེད་པར། སེམས་མ་བཅོས་གཉུག་མའི་ངང་ལ་ཤིགས་སེ་མཉམ་པར་འཇོག་པ་སྟེ། ཀུན་བྱེད་ལས། མ་སྐྱེས་ནམ་མཁའ་ལྟ་བུའི་སེམས་ཉིད་འདི། །མི་སྐྱེ་འགག་པ་མེད་པའི་ངང་ལ་ཞོག །ཅེས་དང་། ཏིང་འཛིན་དམ་པའི་མདོ་ལས། བསམ་གྱིས་མི་ཁྱབ་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །ཕྱོགས་རིས་མེད་པའི་ཉམས་མྱོང་འབྱུང་། །དེས་ན་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། དཔལ་ས་ར་ཧས། བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་འདུག་པ་

p. 97

ཡིས། །བསྒྲིམས་ཏེ་བླ་མའི་ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། འདི་ལ་མ་བཅོས་པ་བུ་ཆུང་ལྟ་བུའི་གཞག་ཐབས་ཞེས་ཀྱང་ཟེར་རོ། །གཉིས་པ་རྩེ་གཅིག་གི་རྣལ་འབྱོར་ནི། དཔེ་སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུ་སྟེ། ཁང་པ་དཀར་ཁུང་མང་པོ་ཡོད་པར་སྤྲེའུ་གཅིག་བཞག་ན་དཀར་ཁུང་ཐམས་ཅད་དུ་ཉུག་ཉུག་བྱས་པས་ཕྱི་ནས་བལྟས་ན་སྤྲེའུ་མང་པོ་ཡོད་པ་ལྟར་སྣང་ཡང་དཀར་ཁུང་གཅིག་གི་ཐད་དུ་བཏགས་ན་གཞན་དུ་རྒྱུ་འགྲུ ལ་ཆོད་པས་སྤྲེའུ་གཅིག་ཏུ་གོ་བ་ལྟར་བསམ་མེད་ཀྱི་ངང་ལ་བཞག་པས་སེམས་མ་གཞུར་བའི་སྐྱོན་གྱིས་རྟོག་པ་འཕྲོ་བའམ་ཤེས་པ་ལྷོད་པོར་སོང་ནས་སྒོམ་མིན་གཉིད་མིན་དུ་འགྲོ་ན། ལྟ་སྟངས་དྲག་ཏུ་བཅུན། དམིགས་རྟེན་ཐིག་ལེར་ཤེས་པས་རྩེ་གཅིག་ཏུ་གཏད། རིག་པ་ཧུར་ཕྱུང་ལ་བསྒྲིམས་ནས་སྒོམ་པ་སྟེ། རྡོར་སེམས་ཐུགས་སྒྲུབ་ལས། ཡུད་དེ་སེམས་བཞག་ཧྲིལ་གྱིས་སྒྲིམས༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་ཞོག༔ ཅེས་དང་། ཐུགས་ཐིག་ལས། མ་བཅོས་ངོས་གཟུང་བྲལ་བའི་སེམས་ཉིད་དེ༔ རྩེ་གཅིག་དམིགས་གཏད་མ་ཡེངས་མཉམ་པར་བཞག༔ ཅེས་དང་། རྒྱུད་འགའ་ལས། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཞེས་ལྟེ་བའི་འཁོརལོའི་བྷ་གར་རླུང་སེམས་ཀྱི་ལིངྒ་བཞག་ནས་རྣམ་རྟོག་ཅུང་ཟད་ཀྱང་མི་འཕྲོ་བར་བསྒོམ་པར་བྱ་བ་ཡིན་ནོ། །གསུམ་པ་རང་གྲོལ་གྱི་རྣལ་འབྱོར་ནི། དཔེ་སྤུན་གསུམ་བར་མ་དང་འགྲོགས་པ་ལྟ་བུ་སྟེ། ཁྱིམ་མཚེས་བུ་སྤུན་གསུམ་རྒན་གཞོན་གཉིས་རང་དང་སྟོབས་ཤེད་མི་སྙོམས་པས་མི་རྩེ། བར་མ་རང་དང་ན་ཚོད་སྙོམས་ཤིང་ཤེད་མཐུན་པས་རྩེད་མོ་རྩེ་སྤྲོ་བ་བཞིན། སེམས་རྩེ་གཅིག་ཏུ་བཞག་སྟེ་བསྒོམས་པས་རླུང་སྟོད་དུ་འཚང་བ་དང་། མིག་རུས་ན་ཞིང་། ཡེ་ཤེས་ཕེབས་པ་མ་ཡིན་པར་བརྒྱལ་བ་དང་། ཟུག་གཟེར་སྐྱེ་བ་སོགས་བྱུང་ན། སེམས་འདས་མ་འོངས་ཀྱི་རྣམ་རྟོག་སྤངས་ཏེ། ད་ལྟར་གྱི་ཤེས་པ་ལ་བཟོ་བཅོས་མི་བྱ་བར་རང་བབས་ཀྱི་ངང་ལ་རང་ངོ་ཤེས་པའི་དྲན་པ་

p. 98

བསྟེན་ནས་འཇོག་པ་སྟེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་དཔྱད་འདས་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་གསུངས་ཏེ། འདིས་རྟོག་པའི་འཆར་སྒོ་ཐམས་ཅད་རང་དག་ཏུ་བྱེད་པས་རང་གྲོལ་གྱི་རྣལ་འབྱོར་རམ། འཆར་སྒོ་ཐམས་ཅད་དབྱིངས་སུ་རོ་སྙོམས་པར་བྱེད་པས་རོ་གཅིག་གམ་རོ་མཉམ་གྱི་རྣལ་འབྱོར་ཞེས་ཀྱང་ཟེར་རོ། །བཞི་པ་རྩོལ་བྲལ་གྱི་རྣལ་འབྱོར་ནི། དཔེ་རྔ་མོང་བཏགས་བཀྲོལ་ལྟ་བུ་སྟེ། རྔ་རྫིས་རྔ་མོང་ཕུར་བུ་ལ་བརྟོད་ནས་བཞག་པས་གུ་དོག་སྟེ་རྩྭ་མི་ཟ་ཞིང་རྩུབ་རྩུབ་འཐེན་འགྲོས་བྱེད་པ་ལ། ཕུར་བུ་ལས་བཀྲོལ་ཏེ་བཏང་བས་དར་ཅིག་བརྒྱུགས་རྗེས་བག་ཕབ་སྟེ་ཉལ་ཞིང་རྩྭ་ཟ་བ་ལྟར། སྒོམ་པའི་རྩོལ་བ་ཆེས་པས་ཤེས་པ་གཡེར་ཞིང་འཕྲོ་རྒོད་ཀྱིས་སེམས་མི་གནས་ན། མ་ཡེངས་དྲན་པའི་བྱ་ར་ཙམ་བཞག་ནས་ཅི་ཡང་མི་བསྒོམ་པར་ལྷོད་ཀྱིས་གློད་ལ་གུ་ཡངས་སུ་འཇོག་པ་སྟེ། ས་ར་ཧས། འཇུར་བུས་བཅིངས་པའི་སེམས་དེ་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །དངོས་པོ་གང་གིས་རྨོངས་པ་འཆིང་། །མཁས་པ་དེ་ཡིས་རྣམ་པར་གྲོལ། །བཅིངས་པ་དག་ནི་ཕྱོགས་བཅུར་རྒྱུག་པར་བརྩོན། །ཐོང་སར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལྡོག་རྔ་མོང་ལྟ་བུར་བདག་གིས་རྟོགས། །བུ་སྐྱེ་རྣམས་ཀྱང་རང་ལ་ཆེ་རེ་ལྟོས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཆད་པ་ངལ་གསོ་བཞིན་དུ་ལྷོད་ཀྱིས་གློད། །ཅི་ཡང་མི་བསམ་ཡིད་ལ་བྱེད་པ་བོར། །ཞེས་སོ། །མདོར་ན་སེམས་ཀྱི་བཞག་ཐབས་གཅིག་ལའང་དམིགས་པ་བཞི་ཆར་ཚང་བར་བྱས་ལ། ལྟེ་བའི་མི་ཤིགས་པའི་ཐིག་ལེ་དང་རིག་པ་གསལ་རིམ་གཉིས་སོ་སོར་མི་བལྟ་བར་དབྱེར་མེད་གསལ་ལ་མི་རྟོག་པའི་ངང་ལ་བཟོ་མེད་ཡེངས་མེད་དུ་གློད་ནས་འཇོག་པ་ནི་གནད་དམ་པ་སྟེ། དཔལ་རི་ཁྲོད་ཞབས་ཀྱིས། མཁའ་ལྡིང་རྒྱལ་པོ་སྤྲོ་བསྡུ་མེད་པར་གནས། །ཆུ་ནི་མ་རྙོགས་རང་དྭངས་ཉིད་དུ་ཞོག །ཇི་ལྟར་མཁས་པས་བ་ལང་སྐྱོང་བ་བཞིན། །བརྟན་གསལ་རྩེ་ལ་མར་མེའི་སྙིང་པོ་ལྟོས། །སྒྱུ་མའི་སྐྱེས་བུ་ཆགས་ཞེན་རྩིས་གདབ་བྲལ། །བྱ་ནི་རྟེན་མེད་ནམ་མཁར་གནས་པར་བྱེད། །ཅེས་དཔེ་དྲུག་དང་སྦྱར་བའི་མན་ངག་རྨད་དུ་

p. 99

བྱུང་བ་སྟེ། ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་སེམས་སྤྲོ་བསྡུ་མེད་པར་འཇོག །ཆུ་རང་སོར་བཞག་ན་དྭངས་པ་ལྟར་སེམས་རྟོག་སྤྱོད་ཀྱིས་མ་དཀྲུགས་པར་བྱར་མེད་དུ་འཇོག རྫི་བོས་བ་ལང་སྐྱོང་བ་ལྟར་རང་བབས་སུ་གློད་ལ་འཇོག ཞུན་མར་གྱིས་ཁེངས་པའི་ཀོང་བུར་སྡོང་བུའི་རྩ་བ་བརྟན་ཅིང་རྩེ་གཉིས་སུ་མ་སོང་བ་ལ་སྒྲོན་མེ་སྦར་བས་མུན་པ་བསལ་ནས་ཁང་པ་འོད་ཀྱི་སྣང་བས་འགེངས་པ་བཞིན། ཞི་གནས་ཀྱི་རྩ་བ་བརྟན་པ། རང་ངོ་ཤེས་པའི་གསལ་མདངས་ཐོན་པ། རྟོག་སྤྱོད་ཀྱི་རྩེ་གཉིས་སུ་མ་སོང་བ་གཉིས་འཛིན་གྱི་མུན་པ་བསལ་ནས་འོད་གསལ་གྱི་སྣང་བས་ཁྱབ་པར་བྱེད། སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ་མའི་ཡོ་ལང་ལ་ཆགས་ཞེན་མི་འབྱུང་བ་ལྟར་རང་སེམས་ཀྱི་སྣང་བ་སྣ་ཚོགས་ལ་དེར་འཛིན་གྱི་ཆགས་ཞེན་རྩིས་གདབ་མེད་པར་རང་གྲོལ་དུ་འཇོག བྱ་རྟེན་མེད་པར་ནམ་མཁར་འཕུར་ཏེ་གནས་པ་བཞིན་གང་ལའང་མི་དམིགས་པར་མཉམ་ཉིད་ཀྱི་དབྱིངས་སུ་རོལ་བ་ལས་མ་འདས་པར་འཇོག་པའོ། །དེ་ལྟར་བསྒོམས་པས་སེམས་མི་གནས་པར་འཕྲོ་ན་གཉེན་པོ་བསྟེེན་དགོས་ཏེ། དེ་ལ་འཕྲོ་ལུགས་གཉིས་ལས། སེམས་གནས་འཕྲོ་ལ་རྣམ་རྟོག་ཐོལ་ཐོལ་སྐྱེ་ཞིང་། ཡུལ་གྱི་རྣམ་པ་ཡིད་ལ་ཝལ་ཝལ་འཆར་ལ། ཤར་མ་ཐག་རང་གི་དྲན་ཤེས་ཀྱིས་སླེབ་ཀྱིན་འདུག་ན། དེ་ལ་དགག་སྒྲུབ་དང་རྟོག་དཔྱོད་གང་ཡང་མི་བྱ་བར་འཕྲོ་རྦད་ཀྱིས་བཅད་དེ་འཇོག་ཚུལ་སྔར་ལྟར་དུ་བསྐྱངས་པས་ཆོག ཡང་ཐ་མལ་གྱི་རྣམ་རྟོག་སྣ་ཚོགས་ལུ་གུ་རྒྱུད་དུ་འཕྲོ་ཞིང་འབྱམས་འགྲོ་ན་སྐྱོན་ཆེ་སྟེ། ནམ་འཕྲོ་བ་ན་ད་ཕྱིན་ཆད་དྲན་པས་སླེབ་པར་བྱ་སྙམ་པའི་འདུན་པ་དྲག་པོ་སྐབས་སྐབས་སུ་གཏོང་ཞིང་། ཅི་ཡང་བསམ་དུ་མེད་པའི་ངང་ནས་རིག་པ་ཁོང་གྲིིམ། སེམས་གནས་སམ་མི་གནས། འཕྲོའམ་མི་འཕྲོ་སྙམ་དུ་དྲན་ཤེས་ཀྱི་བྱ་ར་ཡང་ཡང་བཏང་བས་འོག་འགྱུ་རྒྱ་འབྱམས་ཀྱིས་སོང་བ་དེ་ཇེ་ཆུང་ཇེ་ཆུང་དུ་སོང་ནས་མི་རིང་བར་སངས་འགྲོ་ཞིང་། གཞན་ཡང་རིག་པ་གཡེར་ཞིང་སྐད་ཅིག་ཀྱང་མི་གནས་པ་ལ། ཟས་ཁམ་གཅིག་ཟ་ཡུན་ཙམ་ཞིག་བསྒོམ་པའི་རྩོལ་བ་དོར་རྗེས། རང་གི་ལུས་འདི་རྡོ་ནག་པོ་རབ་ཏུ་ལྕི་བ་སྣུམ་པའི་མདངས་ཅན་རོ་སྨད་ལྕི་ཐེན་བྱེད་པ་ཞིག་ཏུ་དར་ཅིག་བསྒོམས་

p. 100

ཏེ། དེ་ནས་སྔར་བཞིན་སྤྲོས་མེད་ཀྱི་ངང་དུ་བཞག་པས་གནས་པར་འགྱུར་རོ། །གང་ལྟར་ཡང་། འདས་མ་འོང་གི་སྐྱེལ་བསུ། ད་ལྟར་གྱི་རིག་པ་ལའང་རྣམ་པར་དཔྱད་པའི་དཔྱད་སྒོམ་དང་། སྐྱེ་མེད་ཡིན། སྟོང་ཉིད་ཡིན་སྙམ་པ་སོགས་བློས་བཅད་ཀྱི་རྟོག་དཔྱོད་རྣམས་སྤངས་ནས་ཟབ་མོ་དམིགས་པ་མེད་པའི་དབྱིངས་སུ་སྔར་བཞིན་མཉམ་པར་གཞག་ལ་ཡང་ཡང་རྩེ་གཅིག་ཏུ་བསྒོམ་པར་བྱ་བ་ཁོ་ན་སྟེ། དཔལ་ཤ་བ་རིས། གང་ལའང་སྐྱོན་དུ་མི་ལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་འདོད་མི་བྱ། །སྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་བཏང་། །རྒྱུན་ཏུ་དྲན་པས་བསྒྲུབ་པར་བྱ། །ཞེས་སོ། །འདིར་ཁ་ཅིག་དང་པོ་ཉིད་ནས་རྣམ་པར་མི་རྟོག་པ་ཉིད་གོམས་པས་ཞི་གནས་ཙམ་ཞིག་འགྲུབ་ཏུ་ཆུག་ནའང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱོད་པའི་ལྷག་མཐོང་སྒོམ་པ་མི་སྣང་བས་བདག་མེད་གཉིས་རྟོགས་པའི་ཐབས་མེད་ལ། དེ་མེད་ན་སྲིད་པའི་རྩ་བར་གྱུར་པའི་མ་རིག་པ་མི་ལྡོག་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་འདི་ལྟར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་གོམས་པར་བསླབས་པས་ཇི་ཞིག་ན་མི་རྟོག་པའི་ཡེ་ཤེས་ལྷག་མཐོང་རྟོགས་པར་འགྱུར་ལ། དེ་ཉིད་སོ་སོར་རྟོག་པའི་ཤེས་རབ་སྟེ། གཞན་དུ་རྟོག་པ་ཁོ་ན་ཡིན་ན་ནི། དེས་རྣམ་པར་དཔྱད་པའི་སྟོང་ཉིད་ལ་སྙིང་པོ་མེད་པར་གསུངས་པའི་ཕྱིར། དང་པོའི་དབང་དུ་བྱས་ཏེ། ལུས་ངག་སེམས་ནི་དབེན་པ་ལས། །མི་རྟོག་ཏིང་འཛིན་སྐྱེ་བར་ངེས། །མི་རྟོག་ཏིང་འཛིན་སྐྱེས་པ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས། གཉིས་པའི་དབང་དུ་བྱས་ཏེ། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་ཅིང་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་རྣམས་རྣམ་པར་དཔྱད་པ་མིན། །ཞེས་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས་གསུངས་པའི་ཕྱིར་རོ། །དེས་ན་ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། བར་རང་གི་ལུས་ངག་དང་བཅས་པ་ལ་འཛིན་པ་མེད་པར་མི་དམིགས་པའི་

p. 101

ངང་ལ་བཞག་པའི་ཚེ། གང་དུའང་མི་རྟོག་པས་ཞི་གནས་དང་གསལ་བས་ལྷག་མཐོང་སྟེ་ཟུང་དུ་འབྲེལ་བ་ཡིན་ནོ། །དེ་ལྟར་ཡང་། སྒྱུ་འཕྲུལ་ལམ་རིམ་ལས། མི་དམིགས་ཤིན་ཏུ་མི་དམིགས་དང་། །རྗེས་སུ་མི་དམིགས་རིམ་པ་ཡིས། །མི་གནས་མི་རྟོག་རློམ་སེམས་མེད། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཉིད་རང་གསལ་མི་གཡོ་བ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཞེས་སོ། །དེ་ཡང་མགྱོགས་ཁྲིད་ཀྱི་ཚེ་འཆད་འགྱུར་གྱི་སྤོགས་ཆོག་དང་བསམ་གཏན་གྱིས་བསྐྱང་ཚུལ་གྱི་དམིགས་ཐུན་གཉིས་པོ་བཞག་ལ། ཁྲིད་ཡིག་གི་དཀྱུས་ལྟར་སྐུ་རྡོ་རྗེའི་དམིགས་པ་ཉིད་བཤད་ནས་བསྒོམ་ལུགས་ཤེས་པ་དང་། གསུང་རྡོ་རྗེ་རྣལ་འབྱོར་གྱི་དམིགས་པ་ལ་སྤོས་པས་ཆོག་ཅིང་། མྱོང་ཁྲིད་སྨིན་སློབ་ཀྱི་ཚེ་སྐུ་རྡོ་རྗེའི་དམིགས་ཐུན་ཉིད་སོང་མཚམས་སུའང་། ཡང་ན་སྤོགས་ཆོག་གི་མུན་ཁྲིད་གང་རིགས་ལ་ཕྱག་ལེན་བཞིན་དང་པོ་འདེབས་པའི་མཚམས་ལ་འཇུག་པར་འདོད་ན། སྒོམ་ཁང་དུ་འཇུག་ཁར་སྤྲོ་ན་བྱིན་རླབས་སྒོ་འབྱེད་ཀྱི་ཆེད་དུ་སྙིང་པོ་དོན་གྱི་གཏོར་དབང་བསྐུར་ནའང་ལེགས་ལ། གཏོར་དབང་བསྐུར་མི་བསྐུར་གང་ལྟར་ཡང་། མེ་ཏོག་ལ་ༀ་ཨཱཿཧཱུྃ་ཧྲཱིཿ ཞེས་འབྲུ་བཞི་དང་རྩ་སྔགས་མང་དུ་བཟླས་ལ་བཞག དཔོན་སློབ་ཐམས་ཅད་ལུས་ཀྱི་བྱེད་བཅིངས་ལྟ་སྟངས་དང་བཅས་པས་མི་གཡོ་གསུམ་ལྡན་ལ་དར་ཅིག་གནས་རྗེས། སློབ་མ་རྣམས་སྔར་ལྟར་གནས་བཞིན་པས་བསམ་མེད་ཀྱི་ངང་དུ་མཉམ་པར་འཇོག་ཏུ་བཅུག་པ་ལས། སློབ་དཔོན་གྱིས། ཁྱེད་རྣམས་ལ་ངོས་ཀྱིས་བྱིན་རླབས་བྱེད་པ་ཡིན་པས་སེམས་མ་ཡེངས་པར་ཞོག་ཅིག་ཅེས་བརྡ་སྤྲད་དེ། སློབ་མའི་གནས་གསུམ་དུ་འབྲུ་གསུམ་བསྒོམས་ནས། འབྲུ་བཞི་དང་རྩ་སྔགས་ལ་ཨཱ་བེ་ཤའི་སྔགས་སྦྲེལ་བ་ཤུབ་བུར་བཟླ་ཞིང་སྔར་གྱི་མེ་ཏོག་སློབ་མའི་མགོར་བཀོད་མཐར། མེ་ཏོག་འཐོར་བཞིན་དུ། སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་ཡེ་ཤེས་ཁྱད་པར་ཅན་མྱུར་དུ་སྐྱེ་བར་གྱུར་ཅིག ཅེས་བརྗོད། ཇི་ལྟར་དྭངས་པའི་ཆུ་ཀློང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །ཞེས་ཟབ་མོ་དམིགས་པ་མེད་པའི་ངང་ལ་མཉམ་པར་

p. 102

བཞག་པས། ལུས་ངག་ཡིད་གསུམ་གྱི་ཉམས་དང་མཐོང་ཉམས་རྨི་ཉམས་སོགས་ཇི་སྙེད་ཅིག་རང་ཤུགས་ལ་འབྱུང་སྟེ། དེ་ཐམས་ཅད་བྱུང་རྒྱལ་དུ་བསྐྱངས་པས་རང་ཤར་རང་གྲོལ་དུ་འགྲོ་བ་ཡིན་ནོ། །ཞེས་གདམས་ལ་ལུས་གནད་འགྲོལ་དུ་གཞུག་སྟེ། སྒོ་ཁང་དུ་དམ་པོ་ལ་བཅུག་ནས། ཁྲིད་བལྟ་ཡང་ཡང་བྱ་ཞིང་། གནད་དུ་མ་འབྱོར་བ་རྣམས་བཅོས། གེགས་སེལ་དང་ངོ་སྤྲོད་སོགས་སྐབས་སུ་གང་བབས་བྱས་ཏེ། ཞག་བདུན་ནམ་བཅུ་བཞི་ལ་སོགས་སུ་འབད་པས་མཚན་མ་མཐོང་བར་འགྱུར་རོ། །གསུམ་པ་མཐོང་བྱ་རྟགས་ཀྱི་འཆར་ཚུལ་ལ། སེམས་ཉམས་གཙོ་ཆེ་བ་ཏིང་འཛིན་བསྐྱེད་རིམ་གྱི་ཉམས་དང་། རླུང་སེམས་འགགས་པའི་རྟགས་སྣང་འཆར་ཚུལ་དངོས་སོ། །དང་པོ་ནི། གནུབས་ཆེན་གྱིས་གཡོ་ཐོབ་གོམས་པའི་ཉམས་གསུམ་རི་གཟར་གྱི་འབབ་ཆུ་དང་། ཆུ་ཀླུང་དལ་འབབ། རྒྱ་མཚོའི་གཏིང་གི་དཔེ་གསུམ་གྱིས་མཚོན་ཏེ་གསུངས་ཀྱང་། འདིར་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར་ཉམས་གནས་སྐབས་ལྔར་གསུངས་པ་ལྟར་འཆད་པའི་དབང་དུ་བྱས་ནས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །རི་གཟར་ཆུ་དང་ཙི་ཏི་མོ། །རྒན་པོ་སྦུབ་ཀྱི་ཆུ་དང་ནི། །རི་བོ་ལྟ་བུའི་དཔེ་ལྔས་བསྟན། །ཅེས་པ་ལྟར་ལྔ་ལས། དང་པོ་ནི། དེ་ལྟར་བསྒོམས་པས་དཔེ་རི་གཟར་གྱི་འབབ་ཆུ་ལྟར་སེམས་སྐད་ཅིག་ཀྱང་མི་གནས་པར་རྣམ་རྟོག་སྔར་ལས་མང་ལ་འཕྲོ་རྒོད་ཆེ་བ་འབྱུང་སྟེ། སྔར་རྣམ་རྟོག་ལ་རྩིས་གདབ་མ་བྱས་པས་མ་ཚོར། ད་དེ་ངོས་ཟིན་པའི་འགྱུ་བ་ལ་འགྱུ་བར་རིག་ཤེས་བྱུང་བ་ཙམ་ཡིན་གྱི། སྔར་ལས་མང་དུ་སོང་བ་མ་ཡིན་ཞིང་། ཅུང་ཟད་སེམས་ཟིན་པའི་འབྲས་བུ་སྟེ། གཡོ་བའི་ཉམས་སམ་རྣམ་རྟོག་ངོ་ཤེས་ཀྱི་ཉམས་ཞེས་བྱའོ། །གཉིས་པ་ནི། དེ་ལ་སྐྱོན་ཡོན་གང་དུའང་མ་བལྟས་པར་རྒྱུན་མཐུད་དེ་བསྒོམས་པས། དཔེ་རོང་ཁུང་དོག་པོའི་འབབ་ཆུའམ། བྱ་ཙི་ཏི་མོ་ཞེས་པ་ཆུའི་སྟེང་དུ་ཕར་ཡུལ་ཚུར་ཡུལ་བྱེད་ཅིང་རེས་ལྷན་ཙམ་སྡོད་པ་བཞིན། སྔ་མ་ལྟར་རྣམ་རྟོག་མང་པོ་ཡོང་འཕྲོ་ལ་ཡུད་ཙམ་རེ་རྟོག་མེད་དུ་ཞི་མལ་ལེ་གནས་པ་ཞིག་འབྱུང་སྟེ། ཐོབ་པའི་ཉམས་

p. 103

སམ་རྣམ་རྟོག་ངལ་གསོས་པའི་ཉམས་ཞེས་བྱ། གསུམ་པ་ནི། དེ་གའི་ངང་ལ་རྒྱུན་མཐུད་དེ་བསྒོམས་པས། དཔེ་གཡོ་འགུལ་མང་པོ་བྱེད་མི་ནུས་པ་རྒན་པོའི་སྤྱོད་པའམ་སྦལ་པ་མཆོང་བ་ལྟར། ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རེས་འགའ་རྟོག་པ་བན་བུན་ཙམ་རེ་འབྱུང་ཞིང་། རེས་འཕྲོ་ཆད་པ་ལ་བཟློག་པ་འབྱུང་སྟེ། གོམས་པའི་ཉམས་སམ་རྣམ་རྟོག་གི་ཐང་ཆད་པའི་ཉམས་ཟེར། བཞི་པ་ནི། ད་དུང་ཡུན་བསྲིངས་ཏེ་བསྒོམས་པས། དཔེ་མཚོ་ཆུང་བསིར་བུས་བསྐྱོད་པའམ་ལྕགས་སྦུབས་སུ་ཆུ་བླུག་པ་ལྟར། ཕལ་ཆེར་རྟོག་མེད་རྒྱ་འབྱམས་སུ་འཇམ་ཉལ་ལེ་གསལ་སིང་ངེ་གནས་པ་ལ་རྐྱེན་དྲག་པོས་ཅུང་ཟད་གཡོ་བ་ཞིག་འབྱུང་སྟེ། བརྟན་པའི་ཉམས་སམ་རྣམ་རྟོག་གིས་བསྐྱོད་དུ་ཡོད་པའི་ཉམས་ཟེར། ལྔ་པ་ནི། ད་དུང་འབད་དེ་བསྒོམས་པས། དཔེ་མཚོ་ཆེན་རླབས་དང་བྲལ་བའམ་རི་བོ་ཆེན་པོ་ལྟར། ཡུལ་སྣང་ལ་དེར་འཛིན་མེད་པའི་ངང་དུ་སེམས་སྤྲོ་བསྡུ་མེད་པར་དྭངས་སང་ངེ་ཡེ་རེ་ཝལ་ལེ་གནས་པ་ལ་རྐྱེན་གང་གིས་ཀྱང་གནོད་མི་ནུས་པར་མ་ཟད་སླར་ལ་བོགས་འབྱིན་ཞིང་། བཏང་འགྲོ་བཞག་སྡོད་དགོས་དུས་སུ་སླེབས་པས་རང་དབང་འབྱོར་བ་དང་། ཕྱིའི་སྒྲ་སོགས་ཀྱི་རྐྱེན་ནམ་ནང་གི་རྩོལ་བས་སད་པར་བྱས་ན་མ་གཏོགས་ཐུན་རེ་འཁྱོངས་པར་གནས་པ་སྟེ། མཐར་ཕྱིན་པའི་ཉམས་སམ་རང་དབང་ཐོབ་པའི་ཉམས་ཞེས་བྱའོ། །དེ་དག་གི་ཚེ། རེས་འགའ་རྣམ་རྟོག་མི་འགྱུ་ཡང་སེམས་མི་གསལ་བར་ཧར་རེ་ཚོམ་མེ་དྭངས་ཆ་དང་ངར་ཆ་མེད་པར་ལུས་འགྲོ་བ་འབྱུང་སྟེ། ཞི་གནས་སྟོང་པོར་གྲགས་པ་བྱིང་བ་དང་འདྲེས་པའི་སྐྱོན་ཡིན། དེ་ལ་ཧུར་ཕྱུང་ངར་བཏོན་ཏེ་བསྒོམས་པས་ཤེས་པ་གསལ་དྭངས་ཅན་ལ་གནས་པ་འོང་། རེས་འགའ་འདོད་ཡོན་གྱིས་གཡེང་བ་སྔར་བྱས་དྲན་པ་ལ་རྒོད་པ་དང་། ཕྱིས་བྱེད་འདོད་པ་འདུན་པ་དང་། བྱ་ཉེས་ཕྲ་མོ་ལའང་འགྱོད་པ་སྐྱེ་ཞིང་གང་ལའང་ཡིད་གཉིས་ཐེ་ཚོམ་མང་པོ་འབྱུང་སྟེ། གཉེན་པོ་ཡུལ་རྣམས་བདེན་མེད་སྒྱུ་མ་ལྟར་ཤེས་པ་དང་། རྒོད་འདུན་ལ་ངེས་འབྱུང་དང་། ཐེ་ཚོམ་ལ་བློ་ཐག་བཅད་པ་རྣམས་ལན་འགའ་རེ་བསྒོམས་པས་སེལ་ཞིང་། གཞན་ཡང་སྒྱུ་འཕྲུལ་ལམ་རིམ་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་

p. 104

འབྱུང་སྟེ། །ཞེས་པ་ལྟར་བསྒོམས་པའི་སྟོབས་ཀྱིས་སྒོ་གསུམ་ཤིན་སྦྱངས་ཐོབ་པས། ལུས་ཡང་ཞིང་བདེ་བ་དང་ངག་རླུང་འཇམ་ཞིང་དལ་ལ་རྒྱུ་བ་མི་ཚོར་སྙམ་བྱེད། སེམས་མི་རྟོག་པའི་ངང་དུ་ཐིམ་པ་སོགས་འབྱུང་བ་ཡིན་ནོ། །གཉིས་པ་ནི། དེ་བརྟན་ཐ་མལ་རྣམ་རྟོག་དང ༔ དབང་ཤེས་ནང་དུ་ལྡོག་ཉེའི་ལྟས༔ སྨིག་རྒྱུ་ལ་སོགས་རྟགས་ལྔ་འཆར༔ དེ་ཚེ་ཐིག་ལེའི་རྣམ་པ་ལས༔ ཡུལ་སྣང་གཞན་རྣམས་འགགས་གྱུར་པ༔ འདི་ཉིད་གོམས་པར་གྱུར་པའོ༔ ཞེས་པ་སྟེ། མི་གཡོ་གསུམ་ལྡན་གྱིས་མི་ཤིགས་པའི་ཐིག་ལེ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་བརྟན་པར་གྱུར་པ་ལས། ངོ་བོ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ལ། དེའི་ཁྱད་པར་ནི་གཟུང་འཛིན་གྱི་རྩ་བར་གྱུར་པའི་ཡིད་ནི་རླུང་གི་བཞོན་པ་ལ་བརྟེན་ནས་གཡོ་བའི་ཕྱིར། ཉི་ཟླའི་རླུང་གཉིས་དབུ་མར་འདུས་པ་ལས། ཐ་མལ་གྱི་རྣམ་པར་རྟོག་པ་དང་མིག་སོགས་དབང་པོ་ལྔའི་རྣམ་ཤེས་ལས་སྣང་གི་གཟུགས་སོགས་ཡུལ་ལྔ་སོ་སོར་འཇུག་པའི་འབྲེལ་བ་བཅད་དེ་ནང་དུ་ལྡོག་པར་ཉེ་བའི་དོན་གྱིས་སོ་སོར་སྡུད་པ་དང་། དབང་ཤེས་ལྔའི་འཇུག་པ་བཀག་པའི་ཤུལ་དུ་རྣམ་པ་གཞན་གྱི་མིག་སོགས་ཡེ་ཤེས་ཀྱི་རང་བཞིན་གྱི་དབང་པོ་ལྔའི་ཡེ་ཤེས། ཡུལ་རྣམ་པ་གཞན་ཆོས་ཉིད་ཀྱི་གཟུགས་སོགས་ལྔ་ལ་སྤྱོད་ཅིང་བདེ་བ་ལེན་པར་བྱེད་པས་སོ་སོར་ཟ་བའམ་ལེན་པ་སྟེ་འཛིན་པའི་དོན་ཡིན་ལ། མདོར་ན་ཐ་མལ་པའི་སྣང་བ་ལ་སེམས་འཇུག་པ་བསྡུས་ནས་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དོན་ཏེ། སཾ་སྐྲྀ་ཏའི་སྐད་ལས། པྲ་ཏྱ་ཧ་ར་ཞེས་པའི་པྲ་ཏི་སོ་སོ། ཨཱ་ཧ་ར་སྐབས་ཐོབ་ཀྱི་སྡུད་པ། སྤོང་བ། ཟ་བ། གཅོད་པ། ལེན་པ་སོགས་ལ་འཇུག་པས། དུས་འཁོར་བསྡུས་རྒྱུད་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་དང་། འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་། དབང་པོ་བཅུ་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །ཞེས་གསུངས་ཤིང་། འགྲེལ་པ་སྒྲོན་གསལ་དུ་སོར་སྡུད་ཀྱི་སྒྲ་དོན་གཟུགས་སོགས་ཡང་དང་ཡང་དུ་ལེན་པ་ལའང་བཤད་པའི་ཕྱིར་རོ། །དེས་ན་གང་ལ་དམིགས་པའི་ཡུལ་སྤྲོས་བྲལ་གྱི་སྟོང་པ་ཉིད་

p. 105

ལ་དམིགས་ཤིང་། སྟོང་གཟུགས་ཀྱི་སྣང་བ་སྔར་མ་ཐོབ་པ་གསར་དུ་ཐོབ་པའི་མཚན་ཉིད་ཅན་ལ་རྒྱུད་གཞན་ལས་སོར་སྡུད་ཀྱི་ཡན་ལག་ཅེས་གསུངས་པ་དང་དགོངས་པ་མཐུན་པ་ཡིན་ནོ། །དེ་ཡང་རོ་རྐྱང་གི་རྒྱུ་བ་ཅུང་ཟད་འགགས་ཏེ་ཁམས་ལྔའི་རླུང་དབུ་མར་འདུས་པའི་ལྟས་སུ་སྨིག་རྒྱུ་ལ་སོགས་པས་དུ་བ་དང་། མེ་ཁྱེར་དང་། མར་མེ་དང་། སྤྲིན་མེད་པའི་ནམ་མཁའི་སྣང་བ་སྟེ་རྟགས་ལྔ་འཆར་ཞིང་། དེའི་དོན་འདུས་པར་བཤད་ཚུལ་ལྟར་ན། རགས་པའི་ས་ཆུ་མེ་རླུང་བཞི་ཐིམ་པའི་ཚེ་རྟགས་དང་པོ་བཞི་དང་། རེ་རེའང་ནང་: སྲེལ་དུ་གསེས་སུ་ཕུང་ཁམས་ལྔ་ལྔའི་ཐིམ་རིམ་ཡོད་པས། སྤྱོད་སྡུད་ལས། འོད་ཟེར་ལྔ་དང་ལྡན་པའི་ཚོགས་མཐོང་བར་བཤད་ཅིང་། མཁའ་ཁམས་ཐིམ་པ་ལོགས་སུ་མི་བྱེད་པར་རྣམ་ཤེས་ཐིམ་རིམ་གྱི་སྐབས་སུ་ནམ་མཁའ་སྤྲི ན་མེད་ཀྱི་སྣང་བ་འཆར་གཞིར་བཞག་པ་ལ་དཀར་དམར་ནག་གསུམ་གྱི་སྣང་བ་འཆར་བར་བཞེད་པ་ལྟར། འདིར་ཡང་ཐུགས་རྡོ་རྗེའི་སྐབས། སྣང་མུན་ལ་སོགས་སྒྲིབ་བྱེད་ཀུན༔ བྲལ་བ་ནམ་མཁའ་ལྟ་བུའི་ཉམས༔ ཞེས་སྣང་བ་དཀར་དམར་དང་མུན་པ་ནག་པོའི་སྣང་བ་འཆར་བར་གསུངས་པ་ལྟར་ན་མཐར་གྱིས་དེ་ལྟར་སྒོམ་པའི་ཚེ་ལྟེ་བའི་མི་ཤིགས་པའི་ཐིག་ལེའི་རྣམ་པ་ལ་འཛིན་མེད་དུ་གནས་པ་ལས་ཐ་མལ་གྱི་ཡུལ་སྣང་གཞན་རྣམས་འགགས་ཏེ་ཐམས་ཅད་སྟོང་པ་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བར་གྱུར་པ་ནི་སྐུ་རྡོ་རྗེའི་རྣལ་འབྱོར་འདི་ཉིད་གོམས་པར་གྱུར་པ་ཡིན་ཞེས་པའོ། །དུས་འཁོར་སོགས་ལས་སྐབས་འདིར་རྟགས་བཅུ་ཀ་དང་། འོད་གསལ་གྱི་སྐབས་སུ་རྣམ་པ་ཐམས་ཅད་པ་ཉིད་བཤད་ལ། སྤྱིར་རྟགས་བཅུ་དང་གསུམ་ནི་རྒྱས་བསྡུས་ཀྱི་འཆད་ཚུལ་མ་གཏོགས་དོན་གཅིག་ཅིང་། འདུས་པར་རྣམ་པ་ཐམས་ཅད་པ་ལ་ཞིབ་བཤད་མ་མཛད་ཀྱང་དོན་ལ་འདོད་དགོས་སོ་ཞེས་མན་ངག་གི་གནད་གཟིགས་པའི་དམ་པ་རྣམས་གསུངས་པས་ན་རྒྱས་པའི་ཕྱོགས་བཟུང་སྟེ་དུས་འཁོར་དང་འཇམ་དཔལ་སྒྱུ་དྲྭ་སོགས་ལས་བཤད་ཚུལ་ལྟར་ན། རི་ཁྲོད་ཞབས་ཀྱིས། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏིར་རླུང་བཅུ་ཆུད་གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་བཅུ་འབྱུང་། །སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་གསུངས་

p. 106

པ་ལྟར་བཅུ་ལས། གཡས་ཀྱི་དཀྱིལ་འཁོར་འབྱུང་བའི་ཁམས་སྡུད་རིམ་གྱིས་ཐིམ་པས་མཚན་རྟགས་བཞི་འཆར་ཏེ། ཧེ་རུ་ཀ་ཀལྤོོ་ལས། སྨིག་རྒྱུ་དུ་བ་སྲིན་མེ་མཁའ། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་དང་། འདུས་པའི་རྒྱུད་ཕྱི་མ་ལས། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །ཞེས་སོགས་གསུངས་པས། འདིར་བཤད་པ་ལྟར་སྨིག་རྒྱུ་ནས་བརྩམས་ཏེ་དུ་བ་ལ་སོགས་པའི་རྟགས་ལྔ་འཆར་བར་གསུངས་ལ། ཡང་འདི་ཉིད་ཀྱི་གཏུམ་མོ་ཟབ་རྒྱ་བཅུ་གཅིག་པའི་ཡེ་ཤེས་ཀྱི་གཏུམ་མོའི་སྐབས་སུ། དུ་བ་ལ་སོགས་རྟགས་ལྔ་འབྱུང༔ ཞེས་དང་། སྒྱུ་འཕྲུལ་རྒྱས་པའི་ཕྱི་མ་ཕྱི་མའི་རྒྱུད་ལས། རྣལ་འབྱོར་པ་དེ་དག་གི་རྟགས་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། དང་པོ་རྣམས་ནི་བརྒྱུད་པ་སྟེ། འབྲས་བུའི་རྟགས་ཀྱང་རིམ་པ་སྟེ་ལྔའོ། །ལྔ་གང་ཞེ་ན། དུ་བ་དང་། སྨིག་རྒྱུ་དང་། མགལ་མེ་དང་། མར་མེ་དང་། ནམ་མཁའ་གསལ་བ་ལྟ་བུ་སྟེ། རིམ་པའི་རྟགས་ཀྱི་བྱེ་བྲག་གོ །ཞེས་དང་། དུས་འཁོར་ལས་ཀྱང་། སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །ཞེས་ཐོག་མར་དུ་བ་ནས་བརྩམས་ཏེ་འཆར་བར་གསུངས་ཤིང་། དེ་གཉིས་ཀྱི་འགལ་སྤོང་ལ་ཁ་ཅིག སྟོད་འགྲེལ་ལས། འདིར་བླ་མའི་ཉེ་བར་བསྟན་པ་ལས། ནམ་མཁའ་ལ་རྣལ་འབྱོར་པས་དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ནོ། །ཞེས་རང་གི་ཉམས་སུ་མྱོང་བ་ལས་ཤེས་པར་བྱའོ། །ཞེས་པ་ལྟར་འདུས་པ་སོགས་སུ་སྨིག་རྒྱུ་དང་པོར་བཤད་པ་དེ་ཟབ་དོན་སྦས་ཏེ་གསུངས་པ་ཡིན་ལ། དུས་འཁོར་སོགས་ལས་དུ་བ་སྔོན་དུ་ཤར་བར་གསུངས་པ་དེ་ངེས་དོན་ཡིན་པས་མི་འགལ་ཞེས་བཞེད། གཞན་དག མན་ངག་ཉམས་སུ་ལེན་ཚུལ་མི་འདྲ་བའི་སྒོ་ནས་སྨིག་རྒྱུ་དང་དུ་བ་གཉིས་འཆར་ཚུལ་གོ་རིམ་མི་འདྲ་བ་བྱུང་བ་ཡིན་ཏེ། མན་ངག་སོ་སོ་ཉམས་སུ་བཞེད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །ཞེས་བཞེད་དེ། འདོད་པ་ཕྱི་མའི་དབང་དུ་བྱས་ན། འདིར་ཡང་སྐུ་རྡོ་རྗེའི་དམིགས་པ་དཀྱུས་མ་ལྟར་ཉམས་སུ་བླངས་པས་ན་སྨིག་རྒྱུ་དང་པོ་དང་། སྤོགས་ཆོག་མུན་པའི་རྣལ་

p. 107

འབྱོར་བསྟེེན་ན་དུ་བ་སྔོན་ལ་འཆར་བར་འགྱུར་ཏེ། འདི་ལྟར་མྱོང་བས་ཀྱང་གཏན་ལ་ཕེབས་པ་ཡིན་ནོ། །དེས་ན་དུ་བ་སྔོན་ལ་འཆར་བའི་དབང་དུ་བྱས་ཏེ་མཚན་རྟགས་བཞི་ནི། ས་ཆུ་མེ་རླུང་བཞི་དབུ་མར་འདུས་པ་ལས་རིམ་པར། དུ་བ་འཚུབ་པ་དང་འཕྱུར་ཞིང་དུ་གདང་ཆགས་པ་ལྟ་བུ་དང་། སྨིག་རྒྱུ་ལྟར་ཤིག་ཤིག་དང་ཆུ་རྒྱུག་ཅིང་ཆར་ཟིམ་འབབ་པ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟར་འོད་རྩག་རྩིག་དང་ཕྲ་ཕྲོ་ནམ་མཁའ་ལ་སྐྱེ་ཞིང་ཡལ་བ་དང་འདུ་འཕྲོ་བྱེད་པ་ལྟ་བུ་དང་། མར་མེ་འབར་བ་དང་སྒྲོན་མེའི་ཕྲེང་བ་བསྒྲིགས་པ་ལྟ་བུ་རྣམས་འཆར་ཞིང་། འདིའི་འཕྲོས་ལས་མཁའ་རླུང་འདུས་ན་མཆོག་གི་ཆའི་སྣང་བ་ཡང་སྐབས་འདིར་འབྱུང་ཞེས་གསུང་ངོ་། །ཉིན་རྟགས་དྲུག་ནི། དུས་འཁོར་ལས། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་དང་། མཚན་བརྗོད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ཐོག་མར་ཉིན་མཚན་ཐུན་མོང་དུ་ནམ་མཁའ་སྤྲིན་མེད་ཀྱི་རྟགས་ནི། བུ་ག་དང་ཚག་བསེ་དང་དྲྭ་མིག་དང་སྐར་ཁུང་ལྟ་བུ་སོགས་འབྲེལ་ཏེ་ཇེ་ཡངས་སུ་གྱུར་ནས་མཐའ་དབུས་མེད་པར་འགྲོ་ཞིང་གང་གིས་ཀྱང་མི་བསྒྲིབ་པར་དྭངས་པ་ཞིག་འབྱུང་བ་ནི་ཉིན་རྟགས་རྣམས་ཀྱི་འཆར་གཞི་ཡིན་པས་རྟགས་བཅུའི་ནང་དུ་ལོགས་སུ་མི་བགྲང་ཞིང་། དེ་ལས་ཤར་བའི་ཉིན་རྟགས་དྲུག་ནི། གཡོན་གྱི་དཀྱིལ་འཁོར་རླུང་མེ་ཆུ་ས་བཞི་དང་། གཡོན་པ་སྟེང་གི་ནམ་མཁའི་རླུང་སྟེ་ལྔ་དབུ་མར་འདུས་པ་ལས་རིམ་པར། སེར་པོ་འབར་བ་ཞེས་ལྷབ་ལྷབ་འབར་བའི་རྣམ་པ་ལྟ་བུ་དང་། དཀར་པོ་འབར་བ་ཞེས་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཟླ་བའི་རྣམ་པ་དང་། དམར་པོ་འབར་བ་ཞེས་ཉི་མ་འཆར་ཀ་དང་ཤར་བའི་རྣམ་པ་ལྟ་བུ་སྟེ། དེ་གསུམ་གྱི་དང་པོ་མུན་ཁང་དུ་དམར་ཤས་དང་སྤྲིན་མེད་ཀྱི་མཁའ་ལ་དཀར་ཤས་ཆེ་ཞིང་། ཕྱི་མ་གཉིས་ཉིན་མོའི་དུས་སུ་འོད་མེད་པའི་སྐྱ་སྒོར་བ་དང་ལྗང་གུར་སྣང་བ་འབྱུང་། རྡོ་རྗེ་ཞེས་སྒྲ་གཅན་གྱི་སྣང་བ་ནག་པོ་འབར་བ་སྟེ་རིན་པོ་ཆེ་ནག་པོ་ཟླུམ་པོ་དང་མིག་གི་རྣམ་པ་སོགས་འཆར་ལ། མཆོག་གི་ཆ་ཞེས་གློག་འོད་ཀྱི་རྣམ་པ་སོགས་མདའ་འཕངས་པ་ལྟ་བུ་དང་།

p. 108

དེ་ལྔའི་སྟེང་དུ་གཡས་ཏེ་འོག་གི་ནམ་མཁའ་དགོས་པའི་དབང་གིས་ཡེ་ཤེས་ཀྱི་ཁམས་སུ་འཇོག་པའི་རླུང་འདུས་པ་ལས་ཐིག་ལེ་སྣ་ཚོགས་པའི་རྣམ་པ་ཅན་རྣམས་འཆར་ཞིང་། དེ་བསམ་གཏན་གྱིས་ལེགས་པར་བསྐྱངས་པས་གོམས་པའི་ཚེ་སེམས་གར་གཏད་དུ་སྟོང་གཟུགས་ཀྱི་སྣང་བ་འཆར་ལ། དེ་དག་ཀྱང་འོད་ཟེར་འཕྲོ་བ། ཆ་ཕྲ་བ། འཚེར་བ། འདར་བ། གཞིག་དཀའ་བ་སྟེ་ཆོས་ལྔ་ལྡན་གྱི་ཐིག་ལེ་དུ་མས་མཚན་པ་དང་། ཁྱད་པར་རྟགས་བཅུའི་ཐ་མ་ཐིག་ལེའི་ནང་དུ་རྟགས་གཞན་དགུ་ཡང་རིམ་གྱིས་འཆར་ཞིང་རྟགས་བཅུ་ཚང་བ་ལ་ཐིག་ལེ་ཆེན་པོའི་སྣང་བ་ཞེས་བྱ་སྟེ། དེ་ཉིད་ལ་མཉམ་པར་བཞག་པས་དེའི་རྣམ་པ་དྭངས་ཤིང་གསལ་བའི་དབུས་སུ་སངས་རྒྱས་ཀྱི་སྐུ་ཅིག་ཅར་རམ་རིམ་གྱིས་འཆར་ཞིང་། བསམ་གཏན་ཤིན་ཏུ་བརྟན་པ་མཐར་ཕྱིན་པ་ན་སྐུ་གཟུགས་དེ་ཡང་། ཡུལ་ངེས་པ་ཐིག་ལེའི་དབུས། དུས་ངེས་པ་མཉམ་རྗེས་ཐམས་ཅད་དུ། རྣམ་པ་ངེས་པ་མཚན་དཔེ་རྫོགས་པ་སྟེ། ངེས་པ་གསུམ་ལྡན་དུ་མཐོང་ལ། རྟགས་ཐམས་ཅད་ཀྱི་མཐར་འོད་གསལ་གྱི་སྣང་བ་རབ་འབྱམས་ལས་ཐ་མལ་གྱི་ཡུལ་སྣང་གཞན་རྣམས་ཐམས་ཅད་འགགས་ཏེ་ནམ་མཁའ་ལྟ་བུ་དང་། ཐིག་ལེ་དང་འབྲེལ་བའི་རེ་ཁཱ་ནག་པོ་བརྟན་གཡོ་སྣང་བའི་ཚད་འཛིན་པ་ཆུ་ཟླ་ལྟར་མཐོང་བར་གྱུར་པ་ནི་སྐུ་རྡོ་རྗེའི་རྣལ་འབྱོར་འདི་ཉིད་ལ་གོམས་པ་མཐར་ཕྱིན་པར་གྱུར་པའི་རྟགས་སུ་ངེས་པའོ། །དེ་ལྟར་རྟགས་བཅུ་པོ་ངེས་པའི་རྟགས་དང་། རི་ནགས་ཚལ་ཁང་ཁྱིམ་བུམ་སྣམ་སོགས་སྣ་ཚོགས་པའི་རྣམ་པར་སྣང་བ་ལ་མ་ངེས་པའི་རྟགས་ཞེས་བཞེད་ཀྱང་། སྤྱིར་རྟགས་སྣང་ཐམས་ཅད་རྟགས་བཅུར་འདུས་པ་ཡིན་ཏེ། དཔེར་ན་སྟོང་གཟུགས་ལ་ཡུལ་ལྗོངས་ཀྱི་རྣམ་པ་ལྟ་བུ་མཐོང་བའི་ཚེ་རི་ནགས་གྲོང་ཁྱེར་རགས་པ་ནས་གཡོ་ཞིང་སྐྱེ་འཇིག་བྱེད་པ་ལྟར་སྣང་ན་དུ་བའི་རྟགས། ཆ་ཤས་ཕྲ་མོ་ནས་གཡོ་ན་སྨིག་རྒྱུ། འོད་དང་བཅས་གཡོ་ཞིང་སྐྱེ་འཇིག་ཡང་ཡང་བྱེད་ན་མེ་ཁྱེར། འོད་དང་བཅས་ཏེ་མི་གཡོ་ན་མར་མེའི་རྟགས་དང་། དེ་རྣམས་ཕན་ཚུན་གཅིག་གིས་གཅིག་མི་བསྒྲིབ་པར་དྭངས་གསལ་དུ་འདུག་ན་ནམ་མཁའི་རྟགས་སུ་བསྡུ་སྟེ། དེས་གཞན་ལའང་འགྲེ་བར་འགྱུར་བ་ཡིན་ནོ། །དེ་དག་གི་ཚེ་ལུས་ཉམས་

p. 109

སོགས་ཀྱི་འཆར་ཚུལ་ཡང་། ལུས་ཉམས་ནི། ས་ཆུ་མེ་རླུང་མཁའ་ལྔ་ཟིན་པས། ལུས་ལྕི་ལ་སྦོམ་པ། གྲང་ལ་འཇམ་པ། དྲོད་ཆེ་ལ་རྔུལ་བ། བདེ་སིང་བ། ཡང་ཞིང་འཕར་བ་སྙམ་བྱེད། སེམས་ཉམས་ཀྱང་རིམ་པར། བྱིང་ཞིང་འཐིབས་པ། གསལ་དྭངས་བདེ་བ། འཕྲོ་ཞིང་འཚིག་པ། གསལ་ཞིང་འཕྲོ་བ། གསལ་ལ་མི་རྟོག་པར་གནས་པ་རྣམས་འབྱུང་། རྨི་ཉམས་ཀྱང་རིམ་བཞིན་དུ་བ་འཚུབ་ཅིང་འཁུར་པོས་ནོན་པ། ཆུ་འབབ་པ། མེ་འབར་བ། ནམ་མཁའ་ལ་འཕྱོ་བ། ལུང་པ་ཡངས་པོ་མཐོང་བ་སོགས་རྨི་བར་འགྱུར་ལ། ཉིན་རྟགས་དྲུག་ལ། ཤས་ཆེར་མཐུན་པར་ལུས་ཉམས་འཇམ་ཞིང་བདེ་ལ་ལུས་ཡོད་དུ་མི་ཚོར་བ་དང་། ངག་ཉམས་རླུང་རྒྱུ་བ་མི་མངོན་པ་ཙམ་དང་། སེམས་གསལ་སྟོང་རྟོག་མེད་དུ་སེང་ངེ་གནས་པའི་ཉམས་འབྱུང་ཞིང་། སྐབས་འདིར་རང་གཞན་གྱི་སྣང་བ་ཐམས་ཅད་ཅི་ཡང་མེད་པ་ལྟ་བུ་དང་། གཡང་ཟ་བས་འཇིགས་སྐྲག་འཆར་བའང་ཡོད་དོ། །མི་རྟོག་པའི་ཏིང་ངེ་འཛིན་བསྐྱངས་པའི་ཉམས་ཡིན་ནོ་སྙམ་དུ་ངེས་པར་བྱས་ཏེ་སྐྲག་པར་མི་བྱ་ཞིང་། ཁྱད་པར་སེམས་མི་རྟོག་པ་ལ་ཅུང་ཟད་གནས་ཤིང་རྟགས་སྣང་ཅི་རིགས་མཐོང་བ་ནས་བཟུང་སྟེ། མི་རྟོག་པ་ལ་གནས་པའི་ངང་ནས། ལུས་ཉམས་དྲག་པོ་འདར་བ་དང་། འཕར་གཡོ་རྒྱུག་པ་སོགས་དང་། ངག་ཉམས་དྲག་པོ་སྨྲ་རྒོད་ཀུ་ཅོ་སྔགས་འདོན་པ་སོགས་འབྱུང་སྟེ་དང་པོར་གསལ་སྟོང་གི་ངང་ནས་འབྱུང་ཞིང་ཕྱིས་བདེ་ཉམས་ཆེན་པོ་དང་བཅས་ཏེ་མཉམ་བཞག་གི་ངང་ནས་བྱེད་འདོད་རྟོག་པ་མེད་པར་རང་ཤུགས་སུ་འབྱུང་ལ། རྗེས་ཐོབ་ཏུ་དགའ་སྐྱོ་རྒྱུག་པར་འདོད་པ་སོགས་སེམས་ཉམས་སྣ་ཚོགས་འབྱུང་སྟེ། ཉམས་དེ་དག་བྱུང་རྒྱལ་དུ་བསྐྱངས་པས་གེགས་དང་སྐྱོན་རྣམས་རང་སར་གྲོལ་ནས་ཡོན་ཏན་གོང་འཕེལ་དུ་འགྱུར་བ་ཡིན་ནོ། །གང་དག་རྟགས་བཅུའི་སྣང་བ་འདི་རྣམས་རྟགས་སུ་བཤད་པས་འཁྲུལ་སྣང་ཙམ་མོ་སྙམ་དུ་སེམས་པ་ནི་ཤིན་ཏུ་མི་རིགས་ཏེ། ཆོས་ཉིད་དོན་དམ་པའི་ཡེ་ཤེས་རང་ལ་བཞུགས་པ་ཉིད་ལམ་བསྒོམས་པས་མངོན་དུ་འགྱུར་བར་ཡིད་ཆེས་སྐྱེད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རྟགས་ཞེས་བཤད་པ་སྟེ། དཔེར་ན་དཔག་ཚད་མང་པོའི་ཕ་རོལ་ནས་མཐོང་བའི་གངས་རི་དེ་གངས་རི་དངོས་

p. 110

ཀྱང་ཡིན་ལ། དེར་ཕྱིན་ན་ཉིན་ཞག་འགས་གངས་རི་དང་འཕྲད་པར་འགྱུར་བ་ལ་བསྲུང་བ་མེད་པའི་རྟགས་ཀྱང་ཡིན་པ་ལྟར། སྣང་བ་འདི་དག་མཐོང་བ་ནི་ཆོས་ཉིད་དེ་མྱུར་དུ་ཐོབ་པའི་རྟགས་སུ་མཚོན་པ་ཡིན་ནོ། །བཞི་པ་མཐོང་བྱེད་མངོན་སུམ་རྟེན་དང་བཅས་པ་ལས་མངོན་སུམ་ནི་དབང་མངོན་སོགས་བཞི་སྟེ། སྐུ་རྡོ་རྗེའི་སྐབས་སུ་དབང་པོའི་མངོན་སུམ་དང་། དེ་བཞིན་དུ་གསུང་རྡོ་རྗེར་ཡིད་ཀྱི་མངོན་སུམ། ཐུགས་རྡོ་རྗེའི་ཕྱེད་སྔ་མར་རྣལ་འབྱོར་མངོན་སུམ་དང་། ཕྱི་མར་རང་རིག་མངོན་སུམ་གྱིས་མཐོང་བར་བཤད་དེ། གནས་སྐབས་དེ་དང་དེར་གཙོ་བོར་གཅོད་པ་དང་གསར་ཐོབ་ཀྱི་དབང་དུ་བྱས་ཀྱི། སྤྱིར་ན་རེ་རེ་ལའང་མངོན་སུམ་བཞི་ཀ་ཚང་བར་ཡོད་དེ། ཡིད་ཀྱི་རྣམ་རྟོག་འགགས་ཤིང་ཐིག་ལེའི་བདེ་བ་དང་འབྲེལ་བའི་ཡེ་ཤེས་ཡིན་པས་ཡིད་མངོན་དང་། དོན་དམ་པའི་དབང་ཤེས་ཀྱི་སྟོང་གཟུགས་འཛིན་པས་དབང་མངོན་དང་། ཆོས་ཉིད་ལ་མངོན་སུམ་པའི་ཏིང་ངེ་འཛིན་ཡིན་པས་རྣལ་འབྱོར་མངོན་སུམ་དང་། གནས་ལུགས་རིག་བྱ་རིག་བྱེད་གཉིས་མེད་ཀྱི་རིག་པ་ཡིན་པས་རང་རིག་མངོན་སུམ་མོ། །འོ་ན་སྐུ་རྡོ་རྗེ་ལའང་རྣལ་འབྱོར་མངོན་སུམ་ཡོད་ན། དེ་ལ་གནས་པའི་གང་ཟག་དེ་འཕགས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ངོ་སྐལ་གྱི་སྒྲིབ་པའི་ས་བོན་སྤངས་པའི་རྣལ་འབྱོར་མངོན་སུམ་འཕགས་པ་ཁོ་ན་ལ་ཡོད་ཀྱི། འདིར་དེ་མེད་པས་སྐྱེ་འཕགས་ཀྱི་མངོན་སུམ་གྱི་ཁྱད་པར་དེ་ཡིན་ཞེས་དམ་པ་རྣམས་གསུང་ངོ་། །མཐོང་བྱེད་མངོན་སུམ་གྱི་ཚད་མའི་རྟེན་དབང་པོའི་རིམ་པ་ནི། མཚན་བརྗོད་ལས། སྤྱན་ལྔ་ཆགས་པ་མེད་པ་འཆང་། །ཞེས་གསུངས་པས། སྐུ་རྡོ་རྗེའི་སྐབས་སུ་དང་པོར་སྟོང་གཟུགས་མཐོང་བའི་ཚེ་ཤའི་མིག་དང་། བསམ་གཏན་གྱིས་བསྐྱངས་མཐར་མངོན་ཤེས་ཐོབ་མཚམས་ནས་ལྷའི་སྤྱན་དང་། གསུང་རྡོ་རྗེའི་མཐར་འཛག་མེད་གྲུབ་པས་དགྲ་བཅོམ་པ་དང་སྐལ་བ་མཉམ་སྟེ་སངས་རྒྱས་ཆུང་ངུ་ཡིན་པས་སངས་རྒྱས་ཀྱི་སྤྱན་དང་། ཐུགས་རྡོ་རྗེ་ཕྱེད་སྔ་མར་འགྲོ་དོན་རྒྱ་ཆེར་སྤྱོད་ནུས་པས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་གནས་ལུགས་མཚོན་ནུས་པའི་ཡེ་ཤེས་དང་ལྡན་པས་

p. 111

ཤེས་རབ་ཀྱི་སྤྱན་དང་། ཕྱེད་ཕྱི་མའི་མཐར་རྫོགས་པའི་སངས་རྒྱས་ཆུང་ངུ་ཐོབ་ཅིང་འཇིག་རྟེན་ལས་འདས་པའི་དངོས་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པར་བཤད་དོ། །ལྔ་པ་མ་གྲུབ་ན་སྤོགས་པའི་ཆོ་ག་ནི། མུན་པའི་རྣལ་འབྱོར་བསྟེན་པར་གསུངས་པའི་ཟླ་སྟོབས་ཀྱིས་ཉིན་མོའི་རྣལ་འབྱོར་ཡང་མཚོན་པའི་ཕྱིར་གཉིས་ལས། མཚན་མོ་གསེང་མེད་མུན་པའི་རྣལ་འབྱོར་ནི། གང་དུ་བསྒོམ་པའི་གནས་སྟེང་ཁང་ངམ་བར་ཁང་གི་མུན་ཁང་སྒོ་འཁྱོག་རིམ་པ་གསུམ་པ། སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་འབོ་ལྡེ་སོགས་ཀྱིས་བཀག་ན་སྣང་བ་རྟ་རྔ་ཙམ་ཡང་མི་རྒྱུག་པ་ཞིག་དགོས་ལ་མ་འབྱོར་ན་ཕུག་པ་དང་ཁྱིམ་སོགས་ཇི་ལྟར་རིགས་པ་སྐམ་ཞིང་ས་རླངས་མེད་པ་ལ་སྣང་བ་མི་རྒྱུག་པའི་ཐབས་བྱས་པས་མུན་པ་ཤིན་ཏུ་གནག་པ་ཞིག་དགོས་དེར་ཇི་ལྟར་བསྒོམ་ཚུལ་ནི། སྙིང་པོ་གསལ་བ་ལས། མཚན་མོ་གསེང་མེད་ཁྱིམ་དུ་ནི། །ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །བྱེད་པ་ལྔ་ལ་བཅིང་བ་གཉིས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བྱེད་པ་ལྔ་ནི། ལུས་ཀྱི་བྱེད་བཅིངས་སྔར་བཤད་པ་ལྟ་བུས་དབང་པོ་ལྔའི་རླུང་འཆིང་བ་ཡིན། བཅིང་བ་གཉིས་ནི། སྟེང་འོག་བཅིང་བ་སྟེ། དེ་ལ་འོག་བཅིང་བ་ནི། མིག་གནད་ཧ་ཅང་མ་ཕྱེ་མ་བཙུམས་པར་ཕྱེད་བཙུམས་ཀྱིས་ལྟ་སྟངས་ཐད་ཀར་མིག་འབྲས་མི་འགུལ་ཞིང་རྫི་མ་མི་བརྡེག་པར་བཞག །རླུང་གནད་འོག་རླུང་ཡིད་ཙམ་བསྐུམ། སེམས་གནད་སྐུ་རྡོ་རྗེའི་དཀྱུས་ཀྱི་དམིགས་པ་བཞིན་གསལ་བཏབ་སྟེ། ལྟེ་བའི་ཐིག་ལེ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ་ཧ་ཅང་མ་བསྒྲིམས་མ་གློད་པར་རང་བབས་སུ་ཤིགས་སེ་འཇོག དེས་སྐྱོ་ན་སྟེང་བཅིང་བ་ནི། སྐུ་རྡོ་རྗེའི་དམིགས་པ་བཞག་སྟེ། མིག་ཕྱེད་བཙུམས་ཀྱི་ལྟ་སྟངས་ལས་མིག་འབྲས་གྱེན་ལ་བཟློག རླུང་རང་བབས་སུ་བཞག །སེམས་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་སྤངས་ཏེ། ལྟ་སྟངས་གང་དུ་གཏད་པའི་ཐད་ཀའི་བར་སྣང་གི་མུན་པ་ནག་ཐིང་ངེ་བ་ལ་སེམས་ཆེ་རེ་གཏད་ནས་བཟོད་མེད་དུ་ཤིགས་སེ་འཇོག དེ་ལྟར་བཅིང་བ་གཉིས་པོ་རེས་འཇོག་ཏུ་བསྒོམ་པའོ། །དེ་ནས་ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་ནི། ཆུ་འཛིན་དང་ནི་བྲལ་བ་ཡི། །ནམ་མཁའ་དྭངས་

p. 112

པར་གྱུར་པ་ལ། །སྔ་དྲོ་ཉི་མར་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཉི་ཕྱེད་མིག་ལ་གནོད་པས་སྤངས། །ཞེས་པས་འབྱོར་ལྡན་གྱི་གནས་ཕྱེད་གཡབ་ཁ་ཤར་ལྟ་དང་ནུབ་ཏུ་བསྟན་པའམ། མ་འབྱོར་ན། རང་གི་ལུས་ལ་གྲིབ་མ་འབྱུང་ཞིང་གཞན་གྱིས་མི་མཐོང་བའི་ཐབས་བྱས་ཏེ། གཉིས་ཀ་ལའང་ནམ་མཁའ་མཐོང་རྒྱ་ཆེ་སར་བསྒོམ་ཞིང་། ཇི་ལྟར་བསྒོམ་ཚུལ་ནི། སྤྲིན་དང་བསེར་བུ་མེད་པའི་ནམ་མཁའ་དྭངས་པའི་སྐབས་སྔ་དྲོ་ཁ་ནུབ་དང་། ཕྱི་དྲོ་ཁ་ཤར་དུ་ཕྱོགས་པས་ལུས་དང་མིག་ལ་ཉི་འོད་མི་ཕོག་པར་བྱས་ཏེ། ལུས་གནད་རླུང་གནད་སེམས་གནད་ཐམས་ཅད་སྔར་གྱི་སྟེང་བཅིང་བ་ལྟར་ལས། ཁྱད་པར་མིག་གནད་ཤིན་ཏུ་གདངས་པས་འབྲུ་ཚུགས་སུ་ནམ་མཁའ་སྔོ་སང་ངེ་བ་ལ་བལྟས་ཏེ། ནམ་མཁའ་དང་རང་སེམས་དབྱེར་མེད་ལྟ་བུར་བསྲེས་ལ་མཉམ་པར་འཇོག དེ་ཡང་སྲོད་ཐོ་རེངས་ཉིན་གུང་རྣམས་དང་སྤྲིན་དང་རླུང་པོ་ཡོད་དུས་མཚན་མོའི་རྣལ་འབྱོར་དང་། དེ་རྣམས་མེད་པའི་གནས་དུས་འཛོམ་པའི་ཚེ་ཉིན་མོའི་རྣལ་འབྱོར་ཏེ། དེ་གཉིས་གཅིག་ཏུ་བསྒྲིལ་ནས་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་བཅུ་མངོན་དུ་འགྱུར་ཞིང་། མཚན་མོ་ཉལ་དུས་ཙོག་པུའམ་གློ་གཡས་འོག་ཏུ་འཇུག་པ་སེང་གེའི་ཉལ་སྟབས་ལས་མིག་བཙུམས་ལ་མིག་འབྲས་གྱེན་ལྡོག་གིས་ལྟ་སྟངས་ཀྱི་ལམ་ལ་དྲངས་ཏེ་སེམས་གནད་ནམ་མཁའ་ལ་བལྟ་བའི་ངང་ནས་གཉིད་དུ་འགྲོ་བར་བྱས་པས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར་ཏེ། དང་པོར་གཉིད་འཐུག་གི་སྐབས་སུ་གསལ་སྟོང་གི་རིག་པ་རྣམ་རྟོག་གི་གཡའ་དང་བྲལ་ཞིང་། རང་ངོ་སྐྱོང་ཐུབ་པ་ལ་རྟགས་སྣང་སྣ་ཚོགས་འཆར་བ་ཞིག་བྱུང་ན་གཉིད་ཀྱི་འོད་གསལ་ཟིན་པའི་གྲངས་སུ་འགྲོ་བ་ཡིན་ནོ། །དྲུག་པ་ཇི་ལྟར་ཤར་བའི་སྟོང་གཟུགས་ལ་བསམ་གཏན་གྱིས་བསྐྱང་ཚུལ་ནི། མི་གཡོ་གསུམ་ལྡན་ལ་འཇོག་ཚུལ་སྔར་ལྟར་ལས། མི་འདྲ་བའི་ཁྱད་པར་སྔར་དམིགས་རྟེན་ལྟེ་བའི་ཐིག་ལེའམ་སྣང་མུན་གྱི་ནམ་མཁའ་ཉིད་ལ་སེམས་གཏད་ནས་འཇོག་པ་ཡིན་ལ། འདིར་ཇི་ལྟར་མཐོང་བའི་སྟོང་གཟུགས་ཀྱི་སྣང་བ་ལ་གོང་དུ་བཤད་པའི་ལྟ་སྟངས་ཀྱིས་བལྟ་བའོ། །

p. 113

དེའི་ཚེ་སྟོང་གཟུགས་མི་སྡོད་པར་གཡོ་ནའང་། དེའི་རྗེས་སུ་མིག་གནད་དང་སེམས་མ་འགྱུར་བར་བྱས་ཏེ་ཐོག་མའི་གཏོད་ས་དེ་ཁར་གཏད་ལ། ལྟ་སྟངས་ཀྱིས་གཡོ་མེད་དུ་བལྟ་ཞིང་། སེམས་ཀྱང་སྟོང་གཟུགས་དེ་ཁ་ལ་ཆེ་རེ་གཏད། འདི་ཡིན་འདི་མིན་སོགས་བློས་བྱས་ཀྱི་བཟོ་བཅོས་མི་བྱེད་པར། སྟོང་གཟུགས་དེ་ཁའི་རང་ཞལ་ལ་རིག་གེ་བལྟས་པས། སྣང་བ་མ་འགགས་ལ། ཡུལ་དུས་རང་བཞིན་འདི་ལྟ་བུ་ཞེས་བརྗོད་དུ་མེད་ཅིང་སྤྲོས་པ་དང་བྲལ་བ་དེ་ངོས་ཟིན་ཞིང་རིག་པར་བྱ། དེ་ཉིད་ཤེས་རབ་ཀྱི་ཡན་ལག་སྟེ། དེ་ལས་སྟོང་གཟུགས་ཀྱི་སྣང་བ་རང་སེམས་ཙམ་ཡིན་པར་ཉམས་སུ་མྱོང་བའི་རྟོག་པ་དང་། སེམས་ཉིད་སྟོང་གཟུགས་སུ་ཤར་བ་དེ་ལ་ཡུལ་ཡུལ་ཅན་གྱི་རྣམ་རྟོག་སོགས་སྤྲོས་པའི་མཚན་མ་གང་གིས་ཀྱང་མ་གོས་པར་མྱོང་ཞིང་ངེས་པའི་སྤྱོད་པ་དང་། དེ་ལ་བརྟེན་ནས་ལུས་སེམས་ཀྱི་ཐོག་ཏུ་དགའ་བ་ཁྱད་པར་ཅན་དང་། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པའི་བདེ་བ་ཤིན་ཏུ་སྦྱངས་པ་སྟེ། དང་པོར་ཤེས་རབ་རྐྱང་པ་དང་། དེ་ནས་རྟོག་པ་དང་གཉིས་ལྡན་སོགས་ཡན་ལག་ལྔ་པོ་རིམ་པར་སྐྱེ་བར་འགྱུར་ལ། གལ་ཏེ་སྟོང་གཟུགས་ལ་བརྟན་པ་མ་ཐོབ་ན། མཉམ་བཞག་ཏུ་སྔར་བཞིན་སྐུ་རྡོ་རྗེའི་དམིགས་པ་ཉིད་བསྒོམ་ཞིང་། ཐུན་མཚམས་སུ་ལུས་ཀྱི་བྱེད་བཅིངས་འདྲ་བ་ལས། ལྟ་སྟངས་ཀྱིས་ཐ་མལ་ལས་སྣང་གི་སྣང་བ་ལ་ཆེ་རེ་བལྟས་ནས། དེའི་རང་བཞིན་གསལ་ལ་ངོས་གཟུང་མེད་པ་དེ་རང་ངོ་ཤེས་པ་ཙམ་བྱས་ལ་བསྐྱངས་ཏེ། མཉམ་རྗེས་དེ་གཉིས་གོམས་པ་ལས་བསམ་གཏན་གྱི་ཡན་ལག་འཕྲལ་དུ་སྐྱེ་བར་འགྱུར་ཞིང་། སྣང་བ་དང་བཅས་པའི་ཕྱོགས་སུ་ཡང་སྟོང་གཟུགས་བརྟན་པོར་འཆར་ན། སྔར་ལས་ལྟ་སྟངས་རིམ་གྱིས་སྨད་ནས་ཐད་ཀ་དང་ཐུར་དུ་བལྟ་བ་སོགས་ལ་བསྒོམས་པས་རྟགས་སྣང་མི་གསལ་དུ་མི་འགྲོ་བར་སྟོང་གཟུགས་བརྟན་པོར་གནས་ན་བོགས་འདོན་སྒོམ་རན་པ་ཡིན་པས། མདུན་དུ་རྡོ་ནག་ལྟ་བུ་མིག་ལ་མི་གནོད་པའི་དངོས་པོ་ཧ་ཅང་ཆེ་བ་མ་ཡིན་པ་ཞིག་བཞག་པ་ལ། ལྟ་སྟངས་ཀྱིས་སྟོང་གཟུགས་དངོས་པོ་དེའི་སྟེང་དུ་རིམ་གྱིས་ཕབ་ལ་དངོས་པོ་དེ་ཡང་མཐོང་བཞིན་པའི་ངང་ནས་སྟོང་གཟུགས་ལ་སེམས་གཞུར་ཏེ་བསྒོམས་པས།

p. 114

སྟོང་གཟུགས་དང་ལས་སྣང་གཉིས་ཀ་མཐོང་བ་ནི་འཆར་ཚུལ་ཐ་མ། ལས་སྣང་འགགས་ཏེ་སྟོང་གཟུགས་དེ་ཁ་མཐོང་ན་འབྲིང་། རེ་ཞིག་རྟགས་སྣང་དང་ལས་སྣང་གཉིས་ཀ་དུས་གཅིག་ཏུ་ཡལ་ནས་སྣང་མེད་དུ་འགྲོ་ན་བོགས་ཆེ་ཞིང་འཆར་སྒོ་བཟང་སྟེ། མྱུར་དུ་ལས་སྣང་འགག་ཅིང་སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་འཆར་བར་འགྱུར། དེ་བཞིན་དུ་སྟོང་པའི་སྒྲ་དང་ལས་སྣང་གི་སྒྲ་ལ་སེམས་མཉམ་དུ་གཏད་དེ་བསྒོམ་པ་སོགས་ཡུལ་ལྷག་མ་བཞི་ལའང་འགྲེ་ཤེས་པར་བྱ་སྟེ། ཉིན་མོའི་རྣལ་འབྱོར་དང་འབྲེལ་བའི་བོགས་འདོན་ནོ། །གཉིད་ཀྱི་འོད་གསལ་དང་འབྲེལ་བ་ནི། ཉལ་བའི་ཚེ་སྟོང་གཟུགས་ཉིད་ལ་སེམས་གཏོད་པ་མ་གཏོགས་སྔར་དང་འདྲ། དེ་ལྟར་འབད་པས་མཉམ་རྗེས་རིམ་གྱིས་འདྲེ་བར་འགྱུར་ཞིང་། རྟགས་སྣང་རྣམས་ཀྱང་སྔར་ལས་ཆེས་ལྷག་པ་སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་པའི་སྣང་བརྙན་དེ་དག་ཀྱང་ཆོས་ལྔ་ལྡན་ཐིག་ལེ་དུ་མས་མཚན་པ་མཐོང་ཞིང་། ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་ངེས་པ་གསུམ་ལྡན་དུ་འཆར་ལ། དེ་ཡང་སེམས་ཉིད་དག་པའི་སྣང་བ་རྟོགས་པའི་ཀུན་རྫོབ་ལས་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་འཆར་ཞིང་ཚད་མ་ནི་སྔར་དང་མཚུངས་པས་དབང་མངོན་ཏེ། དེའི་རྟེན་དབང་པོ་ནི། ལྷའི་སྤྱན་ཐོབ་པའི་རྒྱུ་མཚན་གྱིས་མངོན་ཤེས་ལྔ་ཡང་འགྲུབ་པ་ཡིན་ནོ། །དེ་ལྟར་ཡང་། ཤེས་རབ་རྟོག་དང་དཔྱོད་པ་དང་། །དགའ་དང་བདེ་བ་མི་གཡོ་བར། །བསམ་གཏན་ཡན་ལག་ལྔ་བསྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་སྐྱེ། །ཞེས་གསུངས་པ་ལྟར་འདི་ནི་རྒྱུད་དང་མན་ངག་གཞན་དུ་བསམ་གཏན་གྱི་ཡན་ལག་ཅེས་གསུངས་པ་དང་དགོངས་པ་མཐུན་པས་སྒྲ་དོན་ཡང་། དྷྱཱ་ནའི་སྒྲ་ལས། དྷྱཻ་སེམས་པ་ལའོ་ཞེས་པའི་བྱིངས་དོན་གྱིས། སེམས་པ་ནི་བསམ་པ་སྟེ་དམིགས་པ་ལ་རྩེ་གཅིག་ཏུ་བསམ་པ་དང་། སྒོ་གཏན་བཅུག་པས་ཆོམ་རྐུན་སོགས་ཆོད་པ་ལྟར་སེམས་གཞན་དུ་ཡེངས་སུ་མི་སྟེར་བས་གཏན་པ་སྟེ། སྟོང་གཟུགས་འོད་གསལ་ལས་གཡོ་བ་མེད་པས་རང་དབང་ཐོབ་པའི་དོན་ནོ། །ཚུལ་དེས་བསམ་གཏན་གྱི་ཡན་ལག་ལྔས་ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་གྱུར་པའི་མངོན་སུམ་ནི་བསམ་གཏན་གྱི་

p. 115

ངོ་བོ་ཡིན་ལ། དེ་ཡང་སྐུ་རྡོ་རྗེའི་ཕྱེད་སྔ་མས་ནི། ཁ་ཕྱིར་བལྟས་ཀྱི་དབང་པོ་ལྔ་ཡུལ་ལ་འཇུག་པ་འགོག་པ་ཙམ་ཡིན་ལ། ཕྱི་མ་འདིས་ནི་ཤའི་མིག་སོགས་ནང་གི་དབང་པོ་ཕྲ་བ་ལྔ་དང་ཡུལ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་གཉིས་སུ་མེད་པར་བྱེད་པ་ཡིན་ནོ། །དེ་ལྟར་སྐུ་རྡོ་རྗེའི་རྣལ་འབྱོར་གྱིས་སྟོང་གཟུགས་སྔར་མ་མཐོང་བ་མཐོང་བར་བྱེད་པ་དང་། མཐོང་ཟིན་ལ་མཉམ་པར་འཇོག་པའི་ཡན་ལག་གཉིས་པོ་འདི་ནི་ཡུལ་སྟོང་པ་ཉིད་ཀྱི་གཟུགས་ལ་ནང་གི་དབང་པོའི་མངོན་སུམ་ཡིན་ཏེ། ཤའི་མིག་ལ་སོགས་པའི་དབང་པོས་བསྟན་པའི་ཡུལ་མངོན་སུམ་དུ་མཐོང་བའི་ཕྱིར་དང་། ཡན་ལག་འདི་གཉིས་ཀྱིས་མ་དག་པའི་ལུས་ཀྱི་བྱེད་པ་བཅིངས་པས་ཐོབ་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དེ་ནི་ངེས་པ་དོན་གྱི་ལྷ་ཡིན་ལ། དེ་མཐོང་བས་ལམ་དུས་ཀྱི་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་ཕྱིར་གནས་པ་རྩ་དག་བྱེད་དང་པོར་དགེ་བ་སྐུ་རྡོ་རྗེའི་རྣལ་འབྱོར་གྱི་ཆོས་སུ་གྱུར་པ་ཡིན་ནོ། །གཉིས་པ་གཡོ་བ་རླུང་དག་བྱེད་བར་དུ་དགེ་བ་གསུང་རྡོ་རྗེའི་རྣལ་འབྱོར་ལ་བཞི་སྟེ། གང་གི་ཚེ་སྒོམ་པའི་དུས། ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམས་པའི་རྟགས་ཚད། མ་གྲུབ་ན་སྦོགས་པའི་ཆོ་གའོ། །དང་པོ་ནི། གཉིས་པ་ཞེས་ཏེ། རྣལ་འབྱོར་དང་པོ་སྐུ་རྡོ་རྗེ་གོམས་པའི་རྟགས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་མཐོང་བར་གྱུར་པ་ནས་བར་མ་ཆད་པར་རྣལ་འབྱོར་གཉིས་པ་གསུང་རྡོ་རྗེ་བསྒོམ་པ་ལ་འཇུག་པར་བྱ་དགོས་པ་ཡིན་ཏེ། བདེ་སྟོང་ཟུང་འཇུག་གི་བདེ་བ་འགྲུབ་པ་ནི་ཐིག་ལེ་འཛིན་པ་ལ་ལྟོས་ཤིང་། དེ་འཛིན་པའང་ལས་རླུང་དྷཱུ་ཏིར་འགོག་ཅིང་རླུང་སེམས་དབུ་མའི་ཐིག་ལེར་ཐིམ་པ་ལ་ལྟོས་དགོས་པའི་ཕྱིར་ཏེ། དུས་འཁོར་རྩ་རྒྱུད་ལས། གཟུགས་བརྙན་མཐོང་ནས་དེ་ནས་ནི། བར་མ་ཆད་པར་སྲོག་རྩོལ་བྱ། །ཞེས་གསུངས་པ་བཞིན་ནོ། །དཔེར་ན་ཡུར་བ་བསལ་ནས་ཆུ་འདྲེན་དགོས་པ་ལྟར། སྐུ་རྡོ་རྗེས་རྩ་དག་པར་བྱས་པ་དེར་གསུང་རྡོ་རྗེའི་རྣལ་འབྱོར་གྱིས་རླུང་བཅུག་ན་གནད་དུ་འགྲོ་བ་ཡིན་མོད། རྗེས་མཐུན་པ་ནི་ལས་དང་པོ་པས་ཀྱང་བསྒོམ་དུ་རུང་ཞིང་། ཁྱད་པར་དུ་ཡང་སྐུ་རྡོ་རྗེའི་ཕྱེད་སྔ་ཕྱིའི་ཡན་ལག་གང་རིགས་ལ་ཉམས་མྱོང་གི་

p. 116

སྣེ་ཟིན་པ་ཙམ་ནས་འདིར་འཇུག་ཐུབ་ན་ལེགས་པ་ཡིན་ནོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ལ་གཉིས་ཏེ། དམིགས་པའི་གཞི་མི་ཤིགས་པའི་ཐིག་ལེ་སྙིང་གར་དྲང་བ། དེ་ལ་བརྟེན་ནས་རླུང་གི་རྣལ་འབྱོར་བསྒོམ་པའོ། །དང་པོ་ནི། སྙིང་གི་ཆུ་སྐྱེས་ལས། ལྟེ་བའི་ཐིག་ལེ་དྲངས་པ་གང༔ པདྨའི་ཟེའུ་འབྲུར་བུང་བ་བཞིན༔ འདར་ཞིང་སྒྲ་འབྱིན་གནས་པར་བསམ༔ ཞེས་པ་སྟེ། ལུས་གནད་དང་དབང་གནད་སྔར་ལྟར་བཅིངས་ལ། སྐུ་རྡོ་རྗེའི་རྣལ་འབྱོར་སྔོན་དུ་འགྲོ་བས་ལྟེ་བའི་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ན། འོག་རླུང་བསྐུལ་བའི་རྐྱེན་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་ཆུ་སྐྱེས་ཀྱི་དབུས་དྷཱུ་ཏིའི་ནང་སྙིང་གའི་སྣ་རྩེ་ལ། སྔར་ལྟེ་བ་སྤྲུལ་པའི་འཁོར་ལོར་གནས་པའི་མི་ཤིགས་པའི་ཐིག་ལེ་དེ་རི་ལི་ལི་དྲངས་པ་གང་སྟེ་དཔེར་ན་པདྨའི་ཟེའུ་འབྲུར་བུང་བ་ལྡིང་བ་བཞིན་དུ་སྙིང་གའི་འཁོརལོའི་ལྟེ་བར་འདར་ཕྲིལ་ལི་ལི་བྱེད་ཅིང་ཧྲཱིཿཡིག་གི་སྒྲ་སི་རི་རི་འབྱིན་བཞིན་དུ་གནས་པར་བསམ་ལ་མཉམ་པར་འཇོག་སྟེ། སྙིང་གའི་རྩ་འཁོར་གྱི་དབུས་ན་གནས་པའི་མི་ཤིགས་པའི་ཐིག་ལེ་ལ་རླུང་རྣམས་ཡང་ཡང་ཐིམ་པར་བྱས་པ་ན། གཡས་གཡོན་གྱི་རླུང་འགགས་ཤིང་སྲོག་ཐུར་འདྲེས་པས་གཏུམ་མོ་རང་འབར་བ་སོགས་དོན་དམ་མི་ཤིགས་པའི་ཐིག་ལེའི་ཆ་ཤས་ལ་རིག་པའི་ཡེ་ཤེས་ཀྱི་ཉམས་མྱོང་འདྲེན་པར་བྱེད་པའི་ཕྱིར་དེ་ལྟར་ཡང་། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེར་གཅིག་པུ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །གཉིས་པ་ལ་གསུམ། རླུང་རང་བབས་ཀྱི་ལྡང་འཇུག་ངོས་བཟུང་བ། དེ་ཟིན་ནས་སྤྲོ་བསྡུའི་དམིགས་པ་དང་སྦྱར་ཏེ་རྡོར་བཟླས་བྱ་བ། དེ་ལ་བྱང་ནས་རླུང་ནང་དུ་གནས་པ་ལ་ཇེ་རིང་དུ་བསླབ་པའོ། །དང་པོ་ནི། རླུང་བསལ་རང་བབས་རྒྱུ་བ་ལ༔ སེམས་གཏད་ཁུག་པ་ཉེར་གཅིག་བཟླ༔ མི་འཁྲུག་རང་སོར་གནས་པར་འགྱུར༔ ཞེས་པ་སྟེ། འདི་དག་རླུང་མཉམ་རྒྱུའི་དུས་སུ་བསྒོམ་དགོས་པས་གཡས་གཡོན་གང་རུང་ནས་རྒྱུ་ན་སྔར་བཤད་པའི་

p. 117

ཡོན་པོ་སྲོང་བའི་རླུང་སྦྱོར་གྱིས་མཉམ་རྒྱུར་འབབ་པར་བྱ་ཞིང་། དེ་ཡང་ཐོག་མར་རླུང་རོ་ལན་གསུམ་བསལ་ལ་རླུང་ཕྱིར་འགྲོ་ནང་འཇུག་གནས་པ་གསུམ་རང་བབས་ཀྱི་རྒྱུ་བ་ལ་སེམས་མ་འཁྲུལ་བར་གཏད་དེ་ཁུག་པ་གཅིག་ལ་གྲངས་གཅིག་ཏུ་བགྲངས་པའི་ཉེར་གཅིག་ཙམ་ཞིག་བཟླ་བར་བྱ་སྟེ། དེས་རླུང་མི་འཁྲུག་ཅིང་རང་སར་གནས་པའི་འབྱིན་འཇུག་གནས་གསུམ་པོ་ངོས་ཟིན་པར་གྱུར་ལ། གལ་ཏེ་རླུང་རྒྱུ་བ་མི་གསལ་ན་བལ་ཚི་མེད་པ་བཀྲུས་ལ་ལེགས་པར་གཡེངས་པའི་སོར་མོས་སྣ་བུག་ཅུང་ཟད་བཀག་ན་རྒྱུ་བ་གསལ་པོར་སྣང་བ་ཡིན་ནོ། །གཉིས་པ་ནི། དེ་ནས་རླུང་ཕྱིར་འགྲོ་བ་ན༔ ཧཱུྃ་གདངས་བཅས་པ་སྙིང་ག་ཡི༔ ཐིག་ལེ་ཉིད་ལས་འོད་ཟེར་ལྔ༔ དྷཱུ་ཏི་ལས་ཐོན་སྣོད་བཅུད་ཁྱབ༔ དེ་སྦྱངས་ནང་དུ་འོང་བ་ན༔ སྣོད་བཅུད་འོད་ཀྱི་རྣམ་པར་བསྡུས༔ ༀ་དང་བཅས་པས་དྷཱུ་ཏི་ལས༔ སྙིང་གའི་ཐིག་ལེ་ཉིད་ལ་བསྟིམ༔ རླུང་གདངས་ཨཱཿཡིས་གནས་པར་བསམ༔ ཞེས་པ་སྟེ། རླུང་རང་བབས་ཀྱི་རྒྱུ་བ་ངོས་ཟིན་པ་དེ་ནས་རྡོ་རྗེའི་བཟླས་པ་ལ་འཇུག་པར་བྱ་སྟེ། དེ་ལ་སྤྱིར་དོན་དམ་སྐུ་གསུང་ཐུགས་ཀྱི་སྔགས་ནི་སྔགས་གཞན་ཐམས་ཅད་ཀྱི་ཆོས་ཉིད་དང་གནས་ཚུལ་ཡིན་པས། ཐ་མལ་གྱི་ངག་དག་པར་འགྱུར་བའི་གཞི་དང་། དེ་ལམ་དུ་བྱེད་པའི་རྣལ་འབྱོར་ནི་ངག་དག་བྱེད་ཡིན་ལ། ངག་གི་གཞི་དང་རྩ་བ་ནི་རླུང་འགྲོ་འོང་གནས་གསུམ་སྟེ། དེ་གསུམ་ཡང་ཀུན་རྫོབ་ཏུ་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་གྱི་སྔགས་ༀ་ཨཱཿཧཱུྃ་གསུམ་གྱི་ཐ་སྙད་སྦྱོར་ཞིང་། རླུང་དེའི་རང་བཞིན་ནི་དོན་དམ་རྡོ་རྗེ་གསུམ་གྱི་རང་སྔགས་སུ་གནས་པ་ཡིན་ནོ། །དེ་ལ་རྡོ་རྗེའི་བཟླས་པ་བྱེད་པའི་གཞིའམ་ཡུལ་ཤེས་པའི་ཕྱིར་རླུང་གི་དེ་ཁོ་ན་ཉིད་དང་། གང་བཟླ་རྒྱུའི་སྔགས་ཀྱི་རང་བཞིན་བཟླས་པའི་དགོས་པ་དང་བཅས་པ་ཤེས་པའི་ཕྱིར་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་དགོས་ཏེ། སྔགས་བཏུ་བ་དང་། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་དོན་དམ་པ་ཞེས་བཤད་པའི་དོན་བཞི་པོ་གཏན་ལ་ཕབ་པས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཤེས་པར་བྱས་ནས། ཡུལ་རླུང་གི་དེ་ཁོ་ན་ཉིད་དེ་ཁྱད་ཆོས་སྔགས་ཀྱི་དེ་ཁོ་ན་ཉིད་དང་ལྡན་པ་དེ་ལ་དེ་དང་མཚུངས་པར་ཉམས་ལེན་བྱེད་པ་ནི་བཟླས་པའི་དེ་

p. 118

ཁོ་ན་ཉིད་ཡིན་པའི་ཕྱིར། རླུང་སྔགས་ཀྱི་དེ་ཉིད་གཉིས་གོ་ཡུལ་དུ་བྱས་ནས་ལག་ལེན་ནི་བཟླས་པའི་དེ་ཁོ་ན་ཉིད་ལ་སྦྱོར་དགོས་པས་རྡོར་བཟླས་ཀྱི་ཉམས་ལེན་འདི་ཉིད་ཡིན་ལ། དེ་ཡང་རྡོ་རྗེའི་བཟླས་པ་ཞེས་པའི་རྡོ་རྗེ་ནི་རླུང་སེམས་སྔགས་གསུམ་དབྱེར་མི་ཕྱེད་པ། བཟླས་པ་ནི་རླུང་འགྲོ་འོང་གནས་གསུམ་ཡི་གེ་གསུམ་གྱི་རང་བཞིན་དུ་བཟླ་བར་བྱེད་པ་སྟེ། གང་ལ་བཟླས་པ་བྱེད་པའི་གཞིའམ་ཡུལ་ནི་རླུང་བཅུ་ཡིན་ལ། དེ་ཡང་གྱེན་རྒྱུ་མགྲིན་པ་སོགས་རང་རང་གི་གཙོ་བོར་བྱ་བ་བྱེད་པའི་གནས་སོ་སོ་ནས་བཟླས་པ་བྱེད་པའང་བཤད་མོད། སྐབས་འདིར་ནི་རླུང་བཅུ་པོ་གང་ལ་རྡོར་བཟླས་བྱེད་ཀྱང་སྙིང་གའི་འཁོར་ལོ་ནས་བྱེད་དགོས་ཏེ། རླུང་བཅུའི་རྩ་བའི་རྟེན་སྙིང་གའི་རྩ་བཅུ་ཡིན་པའི་གནད་ཀྱིས་སོ། །དེ་ལ་རླུང་འཇུག་པའི་སྒོ་ནི་སྣ་བུག་གཉིས་དང་ཁ་སྟེ་སྟེང་གི་སྒོ་གསུམ་དང་། འོག་གི་ལམ་གསུམ་ལ་གཅིག་ཏུ་བྱས་ཏེ་བཞི་ཡིན་ཡང་། འདིར་སྣ་སྒོའི་རླུང་རྣམས་སྲོག་གི་གཙོ་བོའི་རྒྱུ་བྱས་པ་ཡིན་པས། དེ་ལས་རྡོར་བཟླས་བྱ་ཞིང་སྲོག་རླུང་དབང་དུ་བྱའོ། །འདི་ནི་ཧེ་རུ་ཀ་ཀལྤོའི་རྒྱུད་ལས། ལམ་དུ་ཁྱེར་བའི་བཟླས་པ་ནི། །འཇུག་དང་གནས་དང་ལྡང་པ་ལ། །ཡན་ལག་དྲུག་ཏུ་ཚང་བསྒོམས་པས། །རྡོ་རྗེའི་བཟླས་པ་ལམ་དུ་ཁྱེར། །ཞེས་གསུངས་པའི་ཡན་ལག་དྲུག་ནི་གཞན་ལས་རྣལ་འབྱོར་དྲུག་ཅེས་བཤད་པ་དང་དགོངས་པ་མཐུན་ཏེ། དེ་ཡང་ཐུན་མོང་པའི་གཞུང་ལས་བཤད་པ་རླུང་ཙམ་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནས། མངོན་པ་མཛོད་ཀྱི་རང་འགྲེལ་ལས། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་སྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་འབྱུང་བ་རྣམས་རྡོ་རྗེའི་བཟླས་པ་མ་ཡིན་ཡང་། རྡོར་བཟླས་ཀྱི་རྣལ་འབྱོར་དྲུག་པོ་དང་མིང་ཡང་འདྲ་ལ་མཚན་ཉིད་ཀྱང་ཕལ་ཆེར་འདྲ་བའི་ཕྱིར་རོ། །དེ་ལ་བགྲང་བ་ནི་གྲངས་མ་ནོར་བར་འདྲེན་པ་སྟེ་དབུགས་ཁུག་པ་གཅིག་ལ་གཅིག་ཏུ་བྱས་ཏེ་གཅིག་ནས་བཅུའི་བར་བགྲང་ཞིང་། དེའི་ཚེ་སེམས་ཡེངས་པས་བཞི་པ་ལ་ལྔ་པའམ་གསུམ་པར་བགྲང་བ་ལྟ་བུ་གྲངས་མང་བའམ་ཉུང་བ་སྟེ། དེ་དག་གང་བྱུང་ཡང་འཕྲོ་དོར་ནས་སླར་འགོ་བརྩམས་ཏེ། དེ་ལྟར་གཅིག་ནས་བཅུའི་བར་སྐྱོན་མེད་དུ་བགྲང་ནུས་པ་ན།

p. 119

སླར་ཡང་བཅུ་ནས་གཅིག་གི་བར་ལུགས་ལྡོག་གིས་བགྲང་ཞིང་། བཅུ་ཕྲག་གཅིག་ལ་ལུགས་འབྱུང་ལྡོག་ཏུ་སྐྱོན་མེད་པར་བགྲང་ནུས་པ་ན་བཅུ་ཕྲག་གཉིས་ལ་བསླབ་པ་སོགས་བྱ་སྟེ། སྟོང་གི་བར་དུ་བགྲང་བར་ནུས་ན་ཞི་གནས་འགྲུབ་པ་ཡིན་ནོ། །ཞེས་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་བཤད་དོ། །རྗེས་འགྲོ་ནི་དབུགས་འགྲོ་འོང་ལ་རླུང་འབའ་ཞིག་མ་ཡིན་གྱི་འབྱུང་བ་གཞན་གསུམ་ཡང་རྗེས་སུ་འགྲོ་བར་ཤེས་པའོ། །འཇོག་པ་ནི་རླུང་ནང་དུ་གནས་པ་ན་སྣ་སྒོ་ནས་རྐང་མཐིལ་གྱི་བར་དུ་ནོར་བུའི་ཕྲེང་བ་ལྟར་གོང་བུར་གནས་པ་ལ་སེམས་གཏོད་པའོ། །རྟོག་པ་ནི། རླུང་གི་ལས་ཕན་གནོད་ལ་སེམས་པའོ། །བསྒྱུར་བ་ནི། རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་རྣམ་པར་མི་རྟོག་པ་ལ་སེམས་འཇོག་པའོ། །ཡོངས་དག་ནི། དེ་བསྒོམས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་ཏེ་མཐོང་སྤང་རྣམས་སྤངས་པའོ། །འདིར་སྔགས་ཀྱི་རྣལ་འབྱོར་པས་དེ་དང་ཚུལ་འདྲ་བར་བསྒོམ་པ་རྡོར་བཟླས་ཀྱི་རྣལ་འབྱོར་དྲུག་སྟེ། རྡོ་རྗེ་འཕྲེང་བ་ལས། དབུགས་ཀྱི་ཚད་ནི་བགྲང་བ་དང་། །རླུང་གི་རྣམ་པར་དཔྱད་པ་དང་། །གནས་ཀྱི་དབྱེ་བ་རྩ་རྣམས་ཀྱི། །དུས་ཀྱི་དབྱེ་བ་རྟོག་པ་དང་། །རླུང་རྣམས་ཀྱི་ནི་ལྡོག་པ་དང་། །རྟོག་པ་དང་བཅས་སྤངས་པ་སྟེ། །དེ་ལྟར་མདོར་བསྡུས་རྣམ་དྲུག་གི །འབྱུང་དང་རྔུབ་པ་ཞེས་སུ་བརྗོད། །ཅེས་གསུངས་ཏེ། དང་པོ། རྒྱུ་བ་ངེས་པའི་ཚུལ་གྱིས་ཇི་སྲིད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་བགྲང་ནུས་ཀྱི་བར་བགྲང་བརྩི་བ་ལ་སེམས་འཛིན་པ་ནི། བགྲང་བའི་རྣལ་འབྱོར་དང་། གཉིས་པ་རྣམ་པར་དཔྱད་པ་སྟེ་རྗེས་སུ་འགྲོ་བ་ནི་ཐུན་ཚོད་བརྒྱད་ཀྱི་དུས་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུ་ཞིང་རླུང་རྒྱུ་བ་རེ་རེ་ལའང་འབྱུང་བ་གཞན་བཞི་རྗེས་སུ་འགྲོ་བར་ཤེས་པ་སྟེ་འདི་ནི་རྣམ་པ་གསལ་བའོ། །གསུམ་པ་གནས་པ་སྟེ་འཇོག་པའི་རྣལ་འབྱོར་ནི་རླུང་འབྱིན་འཇུག་གི་རྒྱུ་བ་རྣམས་ལ། འདི་ནི་རྩའི་འཁོར་ལོ་འདི་དང་འདི་ལས་རྒྱུ་བ་ཡིན་ནོ་ཞེས་སོ་སོར་ཤེས་པ་སྟེ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གོང་བུའི་ཚུལ་ལ་སེམས་འཛིན་པའོ། །བཞི་པ་རྟོག་པའི་རྣལ་འབྱོར་ནི། འཁོར་ལོ་བཞིའི་འབྱུང་ལྔའི་རླུང་ཉི་ཤུས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་བསྒྱུར་ཞིང་དེའང་གཡས་གཡོན་གྱི་

p. 120

དཀྱིལ་འཁོར་བསྡོམས་པ་བཅུས་བསྒྱུར་བའི་རླུང་གི་མཚན་ཉིད་ཤེས་པས། དེས་རྣམ་རྟོག་གང་སྐྱེས་ཀྱང་ཤེས་ལ། དེ་དག་རྒྱུས་མ་ཐག་ཏུ་རྟོག་མེད་དུ་འགྱུར་བས། རྟོག་མེད་ཀྱི་ཡེ་ཤེས་འཆར་ཚུལ་ཡང་ཤེས་ཏེ། རྟོག་པ་དང་མི་རྟོག་པའི་སྐྱོན་ཡོན་རིག་པར་བྱེད་པའོ། །ལྔ་པ་བཟློག་པ་སྟེ་སྒྱུར་བའི་རྣལ་འབྱོར་ནི། སྔར་གྱི་རྣམ་རྟོག་རྒྱུ་བ་ཤུགས་ཅན་དེ་ལོག་ནས་རྟོག་པའི་རླུང་བརྒྱ་རྩ་བརྒྱད་པོ་རྟོག་བྲལ་གྱི་རླུང་དུ་སོང་བས་མཉམ་བཞག་ཏུ་མི་རྟོག་པ་ཁོ་ནར་གནས་ཀྱང་རྩ་འཁོར་ལ་རྒྱུ་བ་ན་ཉོན་མོངས་པའི་ཞད་ཡོད་པས་ཉོན་མོངས་པའམ་ཀུན་རྫོབ་ཅེས་བྱ་ལ། དེ་འགགས་ནས་མི་ཤིགས་པ་ལ་ཐིམ་པ་ན་ཡེ་ཤེས་དང་དོན་དམ་ཞེས་བྱ་ཞིང་ཡང་དེ་ལས་ལངས་ནས་རྩའི་འཁོར་ལོར་རྒྱུ་བ་སོགས་སྔར་ལྟར་འཁོར་བར་བྱེད་པའོ། །དྲུག་པ་རྟོག་བཅས་སྤང་བ་སྟེ་ཡོངས་དག་གི་རྣལ་འབྱོར་ནི། རྩ་འཁོར་རྣམས་སུ་རླུང་རྒྱུ་མི་རྒྱུའི་དབྱེ་བའང་སྤངས་ཏེ་རྟག་ཏུ་མི་ཤིགས་པ་ལ་ཐིམ་པས་རླུང་གི་དེ་ཁོ་ན་ཉིད་མཉམ་བཞག་གསལ་སྟོང་བདེ་བའི་མཚན་ཉིད་ཅན་དེའི་ངང་དུ་རླུང་ཐམས་ཅད་ཐིམ་པའི་འོད་གསལ་ལ་མཉམ་པར་འཇོག་པའོ། །དེ་ལྟར་དྲུག་ལས། དང་པོ་གསུམ་ནི། གསུང་རྡོ་རྗེའི་ཕྱེད་སྔ་མ་དང་། བཞི་པ། དེའི་ཕྱེད་ཕྱི་མའི་སྐབས་སུ་འབྱུང་བ་དང་། ལྔ་པ་དང་དྲུག་པ། རིམ་པར་ཐུགས་རྡོ་རྗེའི་ཕྱེད་སྔ་ཕྱི་ལ་གནས་པའི་གང་ཟག་གིས་བསྒོམས་ན་འབྱུང་བའི་རྡོར་བཟླས་ཏེ། རྡོར་བཟླས་དངོས་ཡིན་ལ་རྗེས་མཐུན་པ་ཙམ་ནི་གསུང་རྡོ་རྗེའི་སྐབས་འདིར་ཡང་དྲུག་ཀ་འབྱུང་བ་ཡོད་དོ། །དེ་ལྟར་ཡན་ལག་དྲུག་པོ་དེ་ལ་རྡོ་རྗེའི་བཟླས་པ་ཇི་ལྟར་བྱ་བའི་ཚུལ་ནི། དགོངས་པ་ལུང་སྟོན་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་རྡོ་རྗེའི་བཟླས་པ་རྣམ་པ་བཞི་གསུངས་ཏེ། དེའི་དོན་འཆད་ཚུལ་ལ། འདུས་པའི་སློབ་དཔོན་རྣམས་ཀྱི་བཞེད་ལུགས་དང་། མན་ངག་འདི་ཀའི་བཀའ་སྲོལ་གྱི་ལུགས་གཉིས་ལས། དང་པོ་ལའང་བཞེད་ཚུལ་གཉིས་ཏེ། འགའ་ཞིག བརྗོད་པ་ནི་སྔགས་བཅུ་བ། དམིགས་པ་ནི་སྔགས་ཀྱི་དོན། བརྡར་གྱུར་པ་ནི་སྔགས་ཀྱི་བརྡ། དོན་དམ་ནི་སྔགས་ཀྱི་དོན་དམ་པའོ་ཞེས་བཞེད། གཞན་དག བརྗོད་པ་སོགས་བཞི་ལ་རྡོར་བཟླས་

p. 121

བཞིའི་ཐ་སྙད་མཛད། ཕྱིས་ཀྱི་མཁས་གྲུབ་མན་ངག་གི་གནད་གཟིགས་པ་དག སྔགས་བཅུ་སོགས་བཞི་པོ་བཟླས་པ་གང་ལ་བྱ་བའི་ཡུལ་དང་བརྗོད་པ་སོགས་བཞི་པོ་དེ་ལ་བཟླས་པ་བྱེད་པའི་ཁྱད་པར་མ་གཏོགས་གནད་གཅིག་པས་མི་འགལ་ལོ་གསུངས་པས་ལེགས་ཏེ། སྔགས་བཏུ་བ་ནི། སྔགས་ཐམས་ཅད་གང་ལས་འཐུ་བའི་གཞི་ཨཱ་ལི་ཀཱ་ལི་ཡིན་པ་ལས། སྐབས་འདིར་ནི། ཨ་ཨུ་མ་གསུམ་ལས་ༀ། ཨ་ཨ་ཧ་གསུམ་ལས་ཨཱཿ ཧ་ཨཱུ་མ་གསུམ་ལས་ཧཱུྃ་བཏུས་ལ། ཧ་ཚེག་དྲག་ཏུ་འགྲོ་བ་སྒྲའི་གཞུང་དུ་མ་གྲགས་ཀྱང་རིག་བྱེད་ལས་འབྱུང་ཞིང་རྒྱ་བལ་ཐམས་ཅད་རྣམ་བཅད་ཧ་སྒྲར་འདོན་པའི་ཕྱིར་ངག་གི་བརྗོད་པའི་སྒྲ་མཐུན་པ་ཡིན་ལ། དེ་ལྟར་བཏུས་པའི་སྔགས་དངོས་དེའི་ཉམས་ལེན་ནི་བརྗོད་བཅས་རྡོ་རྗེའི་བཟླས་པ་སྟེ། རླུང་ལ་སྔགས་ཀྱི་ཡིག་གཟུགས་སམ་སྒྲར་མོས་ནས་འཇུག་པའི་ཕྱིར། སྔགས་ཀྱི་དོན་ནི། བདེ་སྟོང་ངམ་རླུང་སེམས་ཀྱི་ལྷ་སྐུ་གཉིས་ཚོགས་སམ་ཡ་གྱལ་གང་རིགས་ཡིན་ལ། དམིགས་པ་རྡོ་རྗེའི་བཟླས་པའང་རླུང་རྣམས་ལྷའི་རྣམ་པའམ་རང་བཞིན་དུ་མོས་པར་བྱེད་པའི་ཕྱིར། སྔགས་ཀྱི་བརྡ་ནི་ༀ་ཨཱཿཧཱུྃ་གི་བརྡས་རླུང་འཇུག་གནས་ལྡང་གསུམ་བརྟན་པའམ་རླུང་གི་རྐྱེན་ལས་བདེ་གསལ་མི་རྟོག་པའི་ཉམས་མྱོང་གྲུབ་པ་ལ་འཇོག་ལ། བརྡར་གྱུར་རྡོར་བཟླས་ཀྱང་དེ་ལྟར་བཟླ་བའི་ཕྱིར་རཾ་རླུང་དབུ་མར་ཅི་རིགས་ཐིམ་པ་ལས་དབུ་མར་འབར་འཛག་དང་འབྲེལ་བའི་བདེ་གསལ་མི་རྟོག་པའི་ཉམས་མྱོང་གིས་རླུང་གི་སྣང་བ་རྒྱས་བཏབ་པས། དེ་ཡང་དེའི་ངོ་བོར་འཆར་བ་ཉིད་ཡིན་པའི་ཕྱིར། སྔགས་ཀྱི་དོན་དམ་པ་ནི། རྣམ་རྟོག་རླུང་དང་བཅས་པ་དབྱིངས་སུ་བསྲེས་ནས་བརྗོད་བྲལ་མཁའ་མཉམ་གྱི་དོན་བསྒོམ་པ་ཡིན་ལ། དོན་དམ་རྡོར་བཟླས་ཀྱང་དེ་ལྟར་བསྒོམས་པས་དེ་བཞིན་ཉིད་ཀྱི་བཟླས་པ་ཡིན་པའི་ཕྱིར་རོ། །གཉིས་པ་མན་ངག་འདི་ཀའི་བཀའ་སྲོལ་གྱི་ལུགས་ལྟར་ན། འབྲུ་གསུམ་ངག་ཏུ་བཟླ་བརྗོད་བཅས་རྡོར་བཟླས། ཡི་གེ་གསུམ་དབྱིབས་དང་ཁ་དོག་གི་རྣམ་པར་བསྒོམ་པ་དམིགས་པ་རྡོར་བཟླས། རླུང་ལྡང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས་རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་བ་བརྡར་གྱུར་རྡོར་བཟླས། རླུང་གི་འགྲོ་འོང་

p. 122

གནས་གསུམ་དང་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་ཤེས་པས་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དོན་དམ་རྡོ་རྗེའི་བཟླས་པའོ། །དེ་ལྟར་སྤྱིའི་དོན་ཅུང་ཟད་བཤད་ནས། ད་ནི་གཞུང་གི་དོན་ལ་འཇུག་སྟེ། རྡོར་བཟླས་ཀྱི་དབྱེ་བ་བཞི་ལས་སྐབས་འདིར་གསུམ་པ་བརྡར་གྱུར་རྡོ་རྗེའི་བཟླས་པ་དེ་བྱེད་པ་ཡིན་པས། རླུང་ཕྱིར་འགྲོ་བ་ན་ཧཱུྃ་ཞེས་པའི་རླུང་གི་སྒྲ་གདངས་དང་བཅས་པས་དེའི་ཚེ་དམིགས་པ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ཉིད་ལས་འབྱུང་བ་ལྔའི་རླུང་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་ཟེར་རེ་རེ་འཕྲོས་པ་དྷཱུ་ཏིའི་ལམ་བརྒྱུད་སྨིན་མཚམས་ཀྱི་ཐད་ལས་སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་འཐོན་བློས་འཁྱུད་ཚད་ཀྱི་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་བཅུད་ཀྱི་སྣང་བ་དེ་ཐམས་ཅད་འོད་ཀྱི་རང་བཞིན་ཅན་དུ་མེར་ཁྱིལ་གྱིས་སྦྱངས། རླུང་ནང་དུ་འོང་བ་ན་སྣོད་བཅུད་འོད་ཀྱི་རྣམ་པར་བཞུ་ལུགས་སུ་སྦྱངས་པ་དེ་ཉིད་ཚུར་འུབ་ཀྱིས་བསྡུས་ནས་ༀ་ཞེས་རླུང་གི་སྒྲ་གདངས་དང་བཅས་པ་དྷཱུ་ཏིའི་ལམ་ལས་བརྒྱུད་དེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ཉིད་ལ་སིབ་ཀྱིས་བསྟིམ་སྟེ། རླུང་གི་སྒྲ་གདངས་ཨཱཿའི་གདངས་སུ་མོས་པས་དེའི་ངང་ལ་གནས་པར་བསམས་ནས་སྐད་ཅིག་ཀྱང་མ་ཡེངས་པར་བཟླ་བ་ལ་བསླབ་པར་བྱ་ཞིང་། རེས་འགའ་དྷཱུ་ཏིའི་ལམ་ནས་རླུང་ཕྱི་ནང་དུ་འགྲོ་འོང་བྱེད་པ་དེ་སྣའི་རླུང་དང་བསྟུན་ཏེ་སྤྱི་བོའི་ཚངས་བུག་ལས་བྱས་ན་སྔ་མའི་བོགས་འདོན་དུ་འགྲོ་ཡང་། མང་ན་འཕོ་བ་དང་འདྲ་བས་སྦྱོང་ཚོད་ཟིན་པར་བྱ་གསུང་ངོ་། །དེ་ཡང་སྒོམ་པ་དབྱིབས་དང་བརྗོད་པ་སྒྲའི་ཡི་གེ་གསུམ་ནི་བསྐྱེད་རིམ་པའི་ཡིན་ལ། འདིར་རྫོགས་རིམ་པའི་ཡི་གེ་ནི་རླུང་སྔགས་དབྱེར་མེད་དུ་གདོད་ནས་གྲུབ་པ་དེ་ཡིན་པས། དེ་དང་མཚུངས་པར་ལམ་དུ་བྱེད་པའི་འབྲུ་གསུམ་བཟླ་བ་ནི། སྲོག་ཐུར་གཉིས་ཀྱིས་གཙོ་བྱས་པའི་རླུང་ལྔ་སྣ་སྒོ་ནས་འཇུག་གནས་ལྡང་གསུམ་བྱེད་པའི་རླུང་གི་རང་སྒྲ་ཡང་ཡི་གེ་གསུམ་གྱི་གདངས་སུ་རང་གྲུབ་ཏུ་ཡོད་པ་ལྟར། ཡི་གེ་འབྲུ་གསུམ་གྱི་བརྡས་རླུང་འཇུག་གནས་ལྡང་གསུམ་བདེ་གསལ་རྣམ་པར་མི་རྟོག་པ་དེ་ཁོ་ན་ཉིད་དུ་ངེས་པས། རླུང་སྔགས་སེམས་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་གཉུག་མའི་

p. 123

སྐུ་གསུང་ཐུགས་སུ་ཤེས་པའི་སྒོ་ནས་བཟླ་བར་བྱ་སྟེ། བྱང་བའི་ཚེ་རླུང་འཇུག་གནས་ལྡང་གསུམ་ལ་རིམ་པར་བདེ་བ་དང་མི་རྟོག་པ་དང་གསལ་ཆའི་ཉམས་གཙོ་བོར་འཆར་བར་འགྱུར་བ་ཡིན་ནོ། །གསུམ་པ་ནི། དེ་ལྟར་རྩེ་གཅིག་བསྒོམས་པ་ལས༔ མཉམ་རྒྱུར་རླུང་རྟག་འབབ་པ་དང༔ དེ་ནས་འབྱུང་འཇུག་གྲངས་ཚད་རྣམས༔ མ་བརྟགས་པར་གསལ་རྒྱུ་བ་དལ༔ ཕྲ་བར་གྱུར་ན་ཨ་ཡིག་གི༔ བཟླས་པ་ཉིད་ལ་རིང་དུ་སྦྱར༔ ཞེས་པ་སྟེ། ཐོག་མ་ནས་རླུང་ནང་དུ་འཛིན་པ་ཧ་ཅང་དྲག་ན། ནུ་མ་སྦོས་པ་འོང་། ཤུགས་དྲག་པོས་མནན་ན་མགོ་དང་རོ་སྟོད་ན་ཞིང་དཔྲལ་བ་འབུར་བ་དང་། སྤྱི་བོ་ཟ་བའམ་བུ་ག་དོད་འོང་བའང་སྲིད་པས་རླུང་མ་བྱང་བར་དུ་ལྡང་འཇུག་གནས་གསུམ་ཆ་མཉམ་པར་བྱས་ཏེ། དེ་ལྟར་རྡོར་བཟླས་ལ་རྩེ་གཅིག་ཏུ་དྲིལ་ནས་འབད་དེ་བསྒོམས་པ་ལས་རླུང་འཇམ་ཉལ་གྱིས་སོང་ནས་རྒྱུ་བ་མི་ཚོར་བ་ལྟ་བུ་འབྱུང་ཞིང་། འགག་པ་ལ་ཕྱོགས་པའམ་འགགས་ན་སྐྲག་པར་མི་བྱ་སྟེ། སྤོས་དྲི་ཞིམ་པོས་སློང་ཞིང་། མ་ལྷོངས་ན་ཏིང་ཤག་དང་དྲིལ་བུའི་སྒྲས་སློང་། དེས་ཀྱང་མ་ལྷོངས་ན་རྡོ་གྲང་སྙིང་གར་བསླན་པས་ལྷོངས་ངེས། རྨི་ལམ་ཡང་འཇམ་ཉལ་གྱིས་འགྲོ་ཞིང་ཤེས་པ་གསལ། སྣའི་རླུང་མི་འཕོ་བར་མཉམ་རྒྱུ་ཁོ་ནར་རླུང་རྟག་ཏུ་འབབ་པར་འགྱུར་བ་དང་། དེ་ཕྱིན་ཆད་ནས་རླུང་ཕྱི་ནང་དུ་འབྱུང་འཇུག་གི་གྲངས་ཚད་རྣམས་ཆེད་དུ་མ་བརྟགས་པར་ཡང་རྒྱུ་བ་གསལ་པོར་རྟོགས་པ་དང་། རྒྱུ་བ་རིང་དུ་སོང་བས་དལ་ལ། རླུང་ཕྲ་བར་གྱུར་མཚམས་ནས་ཨཱཿཡིག་གི་བཟླས་པས་ནང་དུ་གནས་པ་ཉིད་ལ་ཇེ་རིང་དུ་སྦྱར་ཏེ་བསླབས་པས་ནང་འཇུག་གཉིས་ཇེ་ཐུང་ལ་ངང་གིས་འགྲོ་ཞིང་བོགས་ཆེན་པོ་འབྱུང་བས་འབད་པར་བྱ་སྟེ། སྡོམ་འབྱུང་ལས། རྣལ་འབྱོར་པས་ནི་མཉམ་བཞག་པས། །འཇུག་པའི་རླུང་ནི་བགྲང་བར་བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བར་རྟག་ཏུ་བཟླས། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པ་ན། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཟླ་བ་གཅིག་ལ་དྲུག་འབུམ་དང་། །ཁྲི་ཕྲག་བཞི་དང་དེ་བཞིན་དུ། །སྟོང་ཕྲག་བརྒྱད་དུ་བཟླས་བྱས་པའི། །སྲོག་གི་བཟླས་པས་

p. 124

འགྲུབ་པར་འགྱུར། །ཞེས་གསུངས་ཏེ། ཉིན་ཞག་གཅིག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ལ་རྡོར་བཟླས་བྱས་པས། ཉིན་ཞག་ལྔ་ལ་ཆ ིག་འབུམ་བརྒྱད་བརྒྱ་དང་། ཟླ་བ་གཅིག་ལ་དྲུག་འབུམ་བཞི་ཁྲི་བརྒྱད་སྟོང་རྣམས་ནག་པོའི་ཚེས་གཅིག་ནས་ཉའི་བར་དུ་སྲོག་གི་བཟླས་པ་ལ་འབད་པས་འགྲུབ་པར་བཤད་དེ། སྐྱ་རེངས་ཤར་བའི་དུས་ཚོད་ནས། །ཟླ་བ་ཉ་ལ་འགྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་ལྟར་བསྒོམས་པའི་རྟགས་ཚད་ནི། དེ་ཚེ་རླུང་འགག་ཐིག་ལེ་ལས༔ སྣང་བ་གཞན་ནུབ་སྤྲིན་མེད་ཀྱི༔ ནམ་མཁའ་ལྟ་བུའི་གསལ་སྟོང་འཆར༔ དེ་གོམས་རྡོ་རྗེའི་བཟླས་པ་ཡིས༔ སྔ་མའི་རྟགས་དང་ཁྱད་པར་དུ༔ དབུ་མར་རླུང་གནས་སྨིག་རྒྱུ་སོགས༔ མཚན་མ་བརྟན་པོ་རིམ་བཞིན་འབྱུང ༔ སྤྲིན་མེད་མཁའ་ཡི་མཚན་མ་ནི༔ མཐོང་ན་འདི་ཉིད་གོམས་པའོ༔ ཞེས་པ་སྟེ། བཤད་མ་ཐག་པའི་རྡོར་བཟླས་ཉིད་ལ་ཡུན་བསྲིངས་ཏེ་བསྒོམས་པས་རྩ་ལམ་འབྱོངས་པ་དང་། དབུ་མའི་སྒོར་འདུས་ཤིང་། དྷཱུ་ཏིའི་འཆིང་ནུས་པའི་རྟགས་རྣམས་རིམ་པར་འབྱུང་ཞིང་། དེ་ལྟར་མ་གྲུབ་ན་འོག་ནས་འབྱུང་བ་ལྟར་སྤོགས་ཆོག་གི་སྦྱོར་བས་གཡས་གཡོན་རོ་རྐྱང་གི་རླུང་དབུ་མར་འགགས་ཤིང་འོག་ཏུ་བཤང་གཅིའི་རྩར་རྒྱུ་བའི་རླུང་ཡང་དུང་ཅན་མར་འགགས་ལ། དེ་བཞིན་དུ་དབུ་མར་རྒྱུ་བའི་སྲོག་དང་དུང་ཅན་མར་རྒྱུ་བའི་ཐུར་སེལ་ཡང་གོང་བུར་གཅིག་ཏུ་འདུས་པས་དྷཱུ་ཏིར་རླུང་ཞུགས་ཤིང་འཆིངས་པ་དེའི་ཚེ་ལས་རླུང་འཁོར་བཅས་འགགས་ནས་རླུང་ཐམས་ཅད་དབུ་མའི་རླུང་དུ་བྱེད་པའི་ཐབས་ལ་གཞན་དུ་སྲོག་རྩོལ་གྱི་ཡན་ལག་ཅེས་གསུངས་པ་དང་དགོངས་པ་མཐུན་ཏེ་སྲོག་རྩོལ་གྱི་རྒྱ་སྐད་དུ། པྲཱ་ཎཱ་ཨཱ་ཡ་མ་ཞེས་འབྱུང་བའི་པྲཱ་ཎཱ་སྲོག་ཏེ་རླུང་ཡིན་ལ། ཨཱ་ཡཱ་མ་འགོག་པའམ་རྩོལ་བ་ལ་འཇུག་པས། ལས་རླུང་དབུ་མར་འགོག་པའམ། རྩོལ་བ་སྟེ་འཇུག་པའི་དོན་ནོ། །འདུས་པའི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟན། །རིན་

p. 125

ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་བ་བཞག །ཅེས་སོ། །དེ་ཡང་རླུང་བྱང་བས་རྒྱུ་བ་གསལ་ཞིང་། རྣམ་པ་ངེས་པས་རླུང་ལྔའི་ཁ་དོག་སོ་སོར་མཐོང་བ་དང་། རྩ་དང་ཐིག་ལེའི་གནས་ཚུལ་མཐོང་ཞིང་། ལྐོག་གྱུར་གྱི་དོན་རྣམས་ཀྱི་གསལ་སྣང་འཆར་ལ། ཕྱིས་ཉམས་སྣང་དག་ནས་མངོན་པར་ཤེས་པའང་སྔར་མ་གྲུབ་ན་འདིར་ངེས་པར་འགྲུབ་ཅིང་། སྟོང་གཟུགས་ཀྱི་མཐོང་སྣང་ཡང་སྔར་ལས་ཆེས་བཟང་ཞིང་དེ་ཉིད་ཀྱང་སྲོག་གཟུགས་ཀྱི་ཆོས་ཅན་དུ་མཐོང་བར་འགྱུར་ལ། ཁྱད་པར་ཐིག་ལེ་ཆེན་པོའི་སྣང་བའི་ནང་དུ་སངས་རྒྱས་ཀྱི་སྐུ་ངེས་པ་གསུམ་ལྡན་དུ་སྐུ་རྡོ་རྗེའི་མཐར་མཉམ་བཞག་གི་དུས་སུ་མཐོང་བ་དེ་ཉིད། སྐབས་འདིར་མཉམ་རྗེས་ཐམས་ཅད་དུ་མཐོང་བ་སོགས་ལས་སྣང་བ་གཞན་ཐ་མལ་ལས་སྣང་གི་སྣང་བ་ཐམས་ཅད་ནུབ་ནས་སྤྲིན་མེད་ཀྱི་ནམ་མཁའ་དྭངས་པ་ལྟ་བུ་སྒྲིབ་ཐོགས་མེད་པའི་གསལ་སྟོང་རྣམ་པར་དག་པའི་གཞི་ལ་འོད་གསལ་གྱི་རྟགས་སྣང་རབ་འབྱམས་ཡིད་ཀྱི་མངོན་སུམ་གྱི་ཡུལ་དུ་འཆར་ཞིང་། དེ་ལྟར་གསུང་རྡོ་རྗེ་ཕྱེད་སྔ་མ་སྲོག་རྩོལ་གོམས་པས་སྲོག་ཐུར་འདྲེས་པའི་ཚད། ཕྱི་རྟགས་སུ་ཁ་སྣ་དང་འོག་སྒོའི་དྲི་མ་ལུགས་ལྡོག་ཏུ་འཐོན་ནས། ཕྱི་ལ་རྒྱུ་བའི་སྲོག་ཐུར་རགས་པ་ཁོག་ནང་དུ་འདྲེས་པ་ཙམ་ཡིན་པས་ཐ་མ། ནང་རྟགས་སུ་སྟེང་འོག་གི་རླུང་གཉིས་གཅིག་བཟུང་ན་ཅིག་ཤོས་ཟིན་པ་ནི་རྩ་ནང་དུ་ཅི་རིགས་འདྲེས་པའི་རྟགས་ཏེ་འབྲིང་། གསང་རྟགས་སུ་གཏུམ་མོའི་འབར་སྣང་དང་བདེ་དྲོད་དངོས་སུ་སྐྱེ་ན་དབུ་མར་འདྲེས་པའི་རྟགས་ཡིན་པས་མཆོག་སྟེ། གསུང་རྡོ་རྗེའི་ཕྱེད་ཕྱི་མ་སྒོམ་རན་པའི་དུས་ཡིན་ལ། རྗེས་མཐུན་ཙམ་སྒོམ་པ་ལ་ངེས་པ་མེད་དོ། །ཇི་ལྟར་སྒོམ་ན། མགྱོགས་ཁྲིད་ཀྱི་སྐབས་སུ་སྤྲོ་བསྡུའི་དམིགས་པ་བཞག་པའི་བརྡར་གྱུར་རྡོར་བཟླས་དང་། སྤྲོས་མེད་དོན་དམ་རྡོ་རྗེའི་བཟླས་དམིགས་ཙམ་རེ་སྦྱར་བས་ས་ཁོངས་འཛིན་པར་མཛད་ནའང་། སྨིན་ཁྲིད་ཀྱི་དུས་སུ། རྡོར་བཟླས་ཞེས་པ་སྤྱི་མིང་བྱེ་བྲག་ལ་ཐོགས་ནས། རླུང་འབྱུང་འཇུག་གནས་གསུམ་ཆ་མཉམ་པར་སྤྱོད་པའི་རྣལ་འབྱོར་ལ་གྲགས་ནའང་། རླུང་སྔགས་བཟླས་པའི་དེ་ཁོ་ན་ཉིད་

p. 126

དང་སྦྱོར་བ་མེད་ན་ནི། ལྡང་འཇུག་གནས་གསུམ་ཆ་མཉམ་དུ་བཟླས་པ་ཙམ་གྱིས་རྡོར་བཟླས་སུ་མི་འགྱུར་ལ། ནང་གི་དེ་ཁོ་ན་ཉིད་ལམ་དུ་བྱེད་པའི་ཚུལ་དུ་བསྒོམས་ན་ནི། བུམ་པ་ཅན་དང་། རྡུལ་མཐའ་ཅན་དང་། གང་བ་ཅན་དང་། རེངས་པ་ལ་སོགས་པ་རླུང་སྦྱོར་གང་བསྒོམས་ཀྱང་རྡོ་རྗེའི་བཟླས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཤེས་པས་ཐུན་མཚམས་ཀྱི་སྤྱོད་ལམ་ལ་གནས་པའི་རླུང་ཡང་རྡོ་རྗེའི་བཟླས་པར་འགྱུར་ན། དེ་དག་ཅིའི་ཕྱིར་མ་ཡིན་ཏེ། དེ་ལ་ནི་རླུང་སྦྱོར་ཐམས་ཅད་རྡོ་རྗེའི་བཟླས་པའོ། །དེས་ན་འདིར་ཡང་གང་ཟག་རབ་ཀྱིས། དོན་དམ་རྡོར་བཟླས་སྔར་མཐོང་བའི་འོད་གསལ་ནམ་མཁའ་ལྟ་བུ་དེ་ཉིད་ལ་གོམས་པར་བྱས་ཏེ། ཡིད་ཀྱི་དམིགས་པ་དང་། རླུང་གི་རྩོལ་བ། དུ་བ་ལ་སོགས་པའི་མཚན་མ་མཐའ་དག་འོད་གསལ་དུ་རོ་གཅིག་ཏུ་བསྲེས་ནས་ཡིད་བྱེད་གང་དང་ཡང་མ་འབྲེལ་བར་བསྒོམས་པས་གསུང་རྡོ་རྗེའི་ཕྱེད་སྔ་ཕྱི་གཉིས་ཀའི་ཡན་ལག་གི་དགོས་པ་འགྲུབ་པར་འགྱུར་ཏེ། ས་ར་ཧས། མཁའ་འདྲར་བྱས་ན་རླུང་སེམས་རྣམ་པར་འཆིང་། ཞེས་དང་། ནམ་མཁའི་རང་བཞིན་ཉིད་དུ་སེམས་ཉིད་བཟུང་། །ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །དེས་ནི་བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། གང་ཟག་འབྲིང་མན་ཆད་ཀྱིས་ནི། སྲོག་ཐུར་འདྲེས་ཟིན་པའི་རླུང་དེ་ཉིད་དབུ་མའི་ཐིག་ལེར་བཅིངས་ནས་འཛིན་པར་བྱེད་པའི་ཕྱིར། འོག་ནས་འབྱུང་བའི་སྤོགས་ཆོག་བུམ་པ་ཅན་གྱི་རྡོ་རྗེའི་བཟླས་པ་སོགས་ལ་འབད་པར་བྱས་པ་ཡིས་གཡས་གཡོན་སྟེང་འོག་གི་རླུང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་འཁོརལོའི་ལྟེ་བ་རྣམས་སུ་འགྲོ་བ་དང་འོང་བ་དག་པར་བྱེད་ཅིང་བརྟན་པར་འཛིན་པས་ན་གཞན་དུ་འཛིན་པའི་ཡན་ལག་ཅེས་གསུངས་པ་དང་དགོངས་པ་མཐུན་ཏེ། དྷཱ་ར་ཎ་ཞེས་པའི་སྒྲ་འཛིན་པ་དང་གཟུང་བྱ་གཉིས་ཀ་ལ་འཇུག་ཀྱང་། འདིར་ནི་རླུང་འགྲོ་འོང་དང་བྲལ་བར་འཛིན་པའི་དོན་ནོ། །གསང་འདུས་ལས། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མའི་ཉེར་འཛིན་འབྱུང་བར་འགྱུར། །མཚན་མོའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་

p. 127

པ་ཡིན། །ཞེས་སོ། །དེ་ཡང་གསུང་རྡོ་རྗེའི་ཕྱེད་སྔ་མ་སྲོག་རྩོལ་གྱི་དུས་སུ་སྲོག་ཐུར་འདྲེས་ཟིན་པ་དེ་ལ་འདིར་བརྟན་པ་ཐོབ་པའི་རྒྱུ་ལས་བྱུང་བའི་རྟགས་ནི། གཏུམ་མོ་འབར་བས་རྩ་ཁ་དྲོས་ཏེ། རྩ་ཐིག་ཐམས་ཅད་གླུམ་ལངས་པ་ལྟར་འཁོལ་ཞིང་སོར། རྩ་མདུད་ཐམས་ཅད་མེས་དྲལ། ཐིག་ལེ་རྣམས་གནས་སོ་སོར་འབར་ཞིང་གཡོ། ཁམས་རྣམས་ཡས་མར་དུ་འདུ་ཞིང་སྟེང་འོག་ཏུ་ཅུང་ཟད་གང་བར་གྱུར་པ་དང་། ཁྱད་པར་དུ་ཡང་དབུ་མར་རླུང་རྣམས་ཕྱིར་རྒྱུ་བ་མེད་པར་བཅིངས་ཏེ་གནས་པས་དྷཱུ་ཏིའི་ནང་དུ་ཕྲ་ཞིང་ཕྲ་བའི་རེ་ཁཱ་ནག་པོ་ནཱ་དའི་རྣམ་པ་ཅན་དང་ཐིག་ལེའི་རྣམ་པ་འོད་ཟེར་དཔག་ཏུ་མེད་པ་འབར་བ། རེ་ཁ་ཕྲ་མོའི་ནང་དུ་སྨིག་རྒྱུའམ་དུ་བ་ལ་སོགས་རྟགས་བཅུ་ཀར་རྫོགས་པ་དང་། གཏུམ་མོའི་འབར་སྣང་གི་དབུས་སུའང་སྲིད་པ་གསུམ་གྱི་སྣང་བརྙན་རབ་འབྱམས་འཆར་ཞིང་། སྐབས་འདིར་སྲོག་གཟུགས་ཁྱད་པར་ཅན་གྲུབ་པས་སྔར་གྱི་སངས་རྒྱས་ཀྱི་གཟུགས་བརྙན་གྱི་མཚན་མ་དེ་ཉིད་ཀྱང་ཤིན་ཏུ་བརྟན་པོར་གྱུར་པས་རིམ་པ་བཞིན་ཇེ་མང་ཇེ་འཕེལ་དུ་འགྱུར་བ་དང་། གཞོམ་མེད་ཀྱི་ནཱ་དའི་སྒྲ་དབྱངས་འབྱུང་བ་སོགས་མདོར་ན་རྟགས་སྣང་ཐམས་ཅད་འཆར་བའི་གཞི་སྤྲིན་མེད་ནམ་མཁའ་ལྟ་བུའི་མཚན་མ་ལ་འོད་གསལ་གྱི་རྟགས་སྣང་རྣམས་ནི་སྔར་ལས་ཀྱང་ཆེས་གསལ་ཞིང་བརྟན་པ་སངས་རྒྱས་ཀྱི་སྤྱན་ལ་བརྟེན་ནས་ཡིད་ཀྱིས་མངོན་སུམ་གྱིས་མཐོང་བར་གྱུར་པ་ན་གསུང་རྡོ་རྗེའི་རྣལ་འབྱོར་འདི་ཉིད་ལ་གོམས་པས་མཐར་ཕྱིན་པའི་རྟགས་སུ་ངེས་པའོ། །བཞི་པ་མ་གྲུབ་ན་སྤོགས་པའི་ཆོ་ག་ནི། སྤྱིར་ཤར་ཁྲིད་ཙམ་ལས་སྨིན་ཁྲིད་དུ་མི་བྱེད་ན། ཁྲིད་ཡིག་གི་དཀྱུས་ལྟར་གསུང་རྡོ་རྗེའི་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལས་སྤྲོ་བསྡུ་བསྟིམ་པའི་དམིགས་པ་དང་སྦྱར་བའི་བརྡར་གྱུར་རྡོར་བཟླས་ཉིད་གཙོ་བོར་བཤད་ནས་སྒོམ་ལུགས་ཤེས་པ་དང་སྤྲོ་བསྡུའི་དམིགས་པ་བཞག་པའི་བརྡར་གྱུར་དང་དོན་དམ་རྡོར་བཟླས་ཀྱི་དམིགས་པ་གཉིས་ས་ཁོངས་འཛིན་ཕྱིར་ཞར་བྱུང་དུ་བསྟན་རྗེས། ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་དམིགས་ཐུན་ལ་སྤོས་པས་ཆོག་ཅིང་། མྱོང་ཁྲིད་སྨིན་པར་ཁྲིད་པའི་སྐབས་

p. 128

སུ་ཡང་། སྐུ་རྡོ་རྗེ་ལ་ཉམས་མྱོང་ཁྱད་པར་ཅན་སྐྱེས་པས་རྩ་བཟང་བ་འགའ་ཞིག་ལ། གསུང་རྡོ་རྗེའི་ཕྱེད་སྔ་མ་སྲོག་རྩོལ་སྒོས་སུ་མ་བསྒོམས་པའམ། གང་ཟག་རབ་ཀྱིས་དོན་དམ་རྡོར་བཟླས་ཉིད་ལ་བསྒྲིལ་བས་སྲོག་འཛིན་གཉིས་ཀ་མ་བསྒོམས་ཀྱང་དེ་དང་དེའི་དགོས་པ་འགྲུབ་སྟེ། རླུང་དབུ་མར་ཆུད་ནས་གེགས་མེད་ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེས་པའང་ཡོང་མོད། རྩ་འབྲིང་མན་ཆད་ལ། སྐུ་རྡོ་རྗེར་ཉམས་མྱོང་སྐྱེས་པ་ཙམ་དང་དོན་དམ་རྡོར་བཟླས་ཁོ་ནས་དེ་ལྟར་མི་འབྱུང་བའི་ཕྱིར། གསུང་རྡོ་རྗེ་སྒོས་སུ་བསྒོམ་དགོས་ལ། དེ་ཡང་སྔར་བཤད་པའི་འཇམ་རླུང་རྡོར་བཟླས་ལ་ཡུན་བསྲིངས་ཏེ་འབད་ཀྱང་མ་གྲུབ་ན། སྤོགས་ཆོག་བྱ་དགོས་པས། དེ་ལ་གཉིས་ཏེ། གསུང་རྡོ་རྗེའི་ཕྱེད་སྔ་མ་སྲོག་རྩོལ་གྱི་སྤོགས་ཆོག་དང་། ཕྱེད་ཕྱི་མ་འཛིན་པའི་སྤོགས་ཆོག་གོ །དང་པོ་ནི། སྒོ་ང་སྨིན་པ་བྱར་འགྱུར་བ་བཞིན་རྡོར་བཟླས་བསྒོམས་པས་རླུང་ངང་གིས་འགགས་ཏེ་བུམ་ཅན་རང་ཤུགས་ཀྱིས་འགྲུབ་པ་ཡོད་ཀྱང་། འཕྲལ་དུ་གྲུབ་པའི་ཕྱིར་འདིར་ཆེད་དུ་བསྒོམ་པར་བྱ་སྟེ། ཡོན་པོ་སྲོང་བའི་རླུང་སྦྱོར་གྱིས་རླུང་མཉམ་རྒྱུར་གཏང་ལ། རླུང་རོ་བསལ་རྗེས། འོག་རླུང་ཅུང་ཟད་བསྡམས། སྟེང་རླུང་ༀ་གྱི་ཡིད་བཟླས་དང་སྦྱར་ཏེ་དལ་བུས་བ རྔུབས་ནས་ལྟེ་བར་བསྐྱུར་ཐབས་སུ་མནན་པ་དང་ལྷན་ཅིག་མཆིལ་མ་མིད། འོག་རླུང་དྲག་ཏུ་བསྐུམ་སྟེ། ཁ་སྦྱོར་དྲག་པོར་རྔུབ་ཆུང་དང་བཅས་པས་ལྟེ་བར་ཐུབ་ཚད་དུ་འཛིན་པ་ན་ཨཱཿའི་ཡིད་བཟླས་བྱ། མི་ཐུབ་པ་དང་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་མཐར་སང་གིས་འབུད་པ་ན་ཧཱུྃ་གི་ཡིད་བཟླས་བྱ་ཞིང་། སྔར་གྱི་སྣོད་བཅུད་བསྡུས་བཞུའི་དམིགས་པ་དང་ཡང་སྦྱར་བས། རླུང་སྦྱོར་གཅིག་ལ་རྩ་བའི་དམིགས་པ་རྡོར་བཟླས་བུམ་ཅན་གསུམ་ཀ་ཚང་བའི་ལུགས་ཏེ། དེ་ལྟར་ཡོན་པོ་བསྲོང་བའི་རླུང་སྦྱོར་གྱིས་ཡང་ནས་ཡང་དུ་དབུ་མའི་སྒོར་གཞུག་ཅིང་། བུམ་ཅན་དྲག་པོས་སྲོག་ཐུར་དབུ་མར་འཆིང་བར་བྱ་བ་དང་། རེས་རླུང་རོ་བསལ་རྗེས་རླུང་རང་སོར་བཞག་ལ་མཐེབ་མཛུབ་ཀྱིས་མགྲིན་པའི་འཕར་རྩ་ལྟེམ་པས་རྣམ་པར་མི་རྟོག་པའི་ཉམས་སྐྱེ་ཞིང་རྟགས་སྣང་འཆར་བར་བྱེད་དོ། །བུམ་པ་ཅན་གྱི་ཚད་ནི། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་

p. 129

བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟན་བཅས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ལས་ཉིས་འགྱུར་འབྲིང་ཡིན་ཏེ། །སུམ་འགྱུར་མཆོག་ཏུ་ཤེས་པར་བྱ། །བུམ་པ་ཅན་དེ་རྒྱལ་བར་འགྱུར། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བྱས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་གདབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་བྱས་ཏེ། །སུམ་འགྱུར་མཆོག་གིས་གཞོམ་པ་ནི། །བརྒྱད་ལྷག་པ་ཡིས་བརྒྱ་ཙམ་མོ། །ཞེས། པུས་མོ་ལ་ལག་པས་ལན་གསུམ་མཉེས་ནས་སེ་གོལ་ལན་དྲུག་གདབ་པར་གསུངས་ཀྱང་། དེ་ཙམ་རང་ཟིན་དཀའ་བས། དེང་སང་གི་ཕྱག་ལེན་ལ། ལག་པའི་ཐལ་མོས་པུས་མོ་ལན་རེ་བསྐོར་ཏེ་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་སུམ་ཅུ་རྩ་དྲུག་ནི་བུམ་པ་ཅན་ཆུང་ངུ་། བདུན་ཅུ་དོན་གཉིས་འབྲིང་། བརྒྱ་རྩ་བརྒྱད་ཁེགས་པ་ཆེན་པོའི་ཚད་ཡིན་ནོ། །འདི་དག་ལ་གཙོ་བོར་སྟོང་གཟུགས་དང་རླུང་གི་རེག་བྱ། ཉམས་སུ་མྱོང་བའི་ཤེས་པ་གཅིག་ཉིད་རང་གི་རིག་པའི་ཚུལ་གྱིས་མཉམ་པར་འཇོག་སྟེ། ཅུང་ཟད་གོམས་ནས་རླུང་ཕྱིར་ལྡང་དུས་སྟོང་གཟུགས་ཀྱི་སྣང་བ་སྒྲིམ་པའི་ཚུལ་གྱིས་སེམས་གཏོད། ནང་དུ་འཇུག་དུས་རྟགས་སྣང་དང་སེམས་ཉིད་བསྲེས་ཏེ་གཟུགས་སྣང་ཉིད་སེམས་ཀྱི་ངོ་བོར་མྱོང་བར་བྱས། གནས་པའི་དུས་སུ་རླུང་དང་སྟོང་གཟུགས་དང་སེམས་གསུམ་ཆ་མཉམ་པར་བཞག་པ་ལས་མྱོང་བ་པོའམ། ཚོར་བ་པོའམ། རིག་པ་པོའམ། མཐོང་བ་པོ་དབྱིངས་སུ་ཡལ་བའི་ངང་ལ་རྩོལ་མེད་དུ་བཞག་པར་བྱའོ། །དེ་ལྟར་བསྒོམས་ཀྱང་མ་གྲུབ་ན་ཡན་ལག་གི་ཁྲིད་གཏུམ་མོའི་རྣལ་འབྱོར་སྦྱར་བར་བྱ་སྟེ། སྲུང་འཁོར་དང་ཚོགས་བསག་གི་ཟབ་རྒྱ་སྔོན་འགྲོས། རྩ་སྦྱོང་བ་དང་རླུང་སྦྱོང་བའི་ཐུན་མཚམས་རྣམས་སུ་སེམས་རྣམ་པར་མི་རྟོག་པ་དང་། ངག་རླུང་བུམ་ཅན་གྱི་ངང་ནས་ལུས་སྦྱོང་གི་འཁྲུལ་འཁོར་རྣམས་ཡང་ཡང་བལྡབས་ཏེ་བྱ་བ་ལས། དང་པོར་དལ་བུ་དང་། ཕྱིས་དྲག་ཅིང་ཤུགས་ཆེ་བར་བྱའོ། །དེ་ལྟར་འབྱོངས་ནས་དངོས་གཞི་ནི། གཏུམ་མོའི་ལམ་རིམ་

p. 130

ལས། དྲོད་སྐྱེད་དམ་ཚིག་གཏུམ་མོ་དང་༔ བདེ་བ་ཆོས་ཀྱི་གཏུམ་མོ་དང་༔ བདེ་དྲོད་སྟོང་པར་རྒྱས་འདེབས་པ༔ ཡེ་ཤེས་གཏུམ་མོར་ཡང་དག་བཤད༔ ཅེས་པ་ལྟར་གསུམ་ལས། དང་པོ་ལུས་གནད་མེ་ཐབ་གྲུ་འཆིངས་བཅས་ལ། རང་ལྷར་གསལ་བའི་སྐུའི་ནང་སྐྲ་རྩེའི་བར་དུའང་ཁོང་སྟོང་དུ་གྱུར་པའི་ལུས་ཀྱི་དབུས་སུ་རྩ་གསུམ་གསལ་བཏབ་པའི་ལྟེ་འོག་རྩ་གསུམ་འདུས་མདོར་ཨཾ་ཡིག་དམར་པོ་འབར་བ་དང་། དབུ་མའི་ཡས་སྣ་སྤྱི་བོར་ཧཾ་དཀར་མགོ་བོ་ཐུར་བསྟན་སྤྱི་གཙུག་ཏུ། བླ་མ་རྡོ་རྗེ་འཆང་དཀར་དམར་མདངས་ཅན་ཡུམ་མཁའ་འགྲོ་དམར་གསལ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་རྣམས་གསལ་ཐེབས་ནས། རླུང་རོ་བསལ། བུམ་ཅན་སྟེ་བར་ཁ་སྦྱར་བའི་རླུང་གིས་ཨཾ་ཡིག་གཙུབས་པས་མེ་ལྕེ་ཕྲ་བ་རྣོ་བ་ཚ་བ་གསལ་བ་ཇེ་རིང་དུ་འབར་བས་ལུས་ནང་གང་བའི་དྲོད་ཚད་འུར་འུར་བ་ལ་སེམས་གཏད། རེས་མེ་ལྕེ་ཕྲ་མོ་བྲེང་གིས་འབར་བ་དང་། རེས་མི་དམིགས་པའི་ངང་བསྐྱང་བ་རྣམས་རླུང་གནད་རེ་དང་སྦྱར་ཏེ་སྤེལ་མར་བསྒོམ་ཞིང་། རླུང་བདེ་བར་ཟིན་གྱི་བར་དུ་མནན། མི་བདེ་ན་ཧ་ཅང་དྲག་པ་མ་ཡིན་པར་བུས་ལ་སླར་བཟུང་སྟེ། དྲོད་སྐྱེད་པ་དམ་ཚིག་གི་གཏུམ་མོའོ། །བདེ་བ་སྐྱེད་བྱེད་ཆོས་ཀྱི་གཏུམ་མོ་ནི། ལུས་གནད་ཆོས་བདུན། དམིགས་པ་སྔར་ལྟར་ལས་གཏུམ་མོ་འབར་བས་ཧཾ་ལ་རེག བླ་མ་ལ་བདེ་དྲོད་ཀྱི་མཆོད་པ་ཕུལ་བས་བདུད་རྩིར་ཞུ་ནས་ཧཾ་ལ་ཐིམ། ཧཾ་ལས་བྱང་སེམས་དྭངས་གསལ་བདེ་བའི་རང་བཞིན་བ་ཐག་ལྟར་རམ་མུ་ཏིག་གི་རྡོག་པ་ལྟར་བབས་པ་ཨཾ་ལ་ཐིམ། དེ་ལྟ་བུའི་འབར་འཛག་ལ་སེམས་རྩེ་གཅིག་ཏུ་གཟུང་། ཡེ་ཤེས་ཀྱི་གཏུམ་མོ་ནི། བདེ་དྲོད་ཀྱི་ཉམས་སྐྱེས་པའི་ཚེ་བུམ་པ་ཅ ན་དང་སྦྱར་ཏེ་སྐུ་རྡོ་རྗེའི་ཉིན་མོའི་རྣལ་འབྱོར་བཞིན་དུ་སྤྲིན་མེད་ཀྱི་ནམ་མཁའ་ལ་བསྒོམས་པས་བདེ་དྲོད་སྟོང་པར་རྒྱས་འདེབས་པར་འགྱུར་ཞིང་། དེ་ལྟར་རླུང་གི་རྣལ་འབྱོར་འདི་རྣམས་ཀྱང་ཇི་སྲིད་མགོ་བོ་ན་ཞིང་སྙིང་གར་འཚང་བ་དང་། འོད་ཀྱི་འཁོར་ལོ་ལྟ་བུའི་རྟགས་མཐོང་ནས་དེ་ཉིད་སྟེང་གི་ཕྱོགས་མཐོན་པོར་སོང་བའི་ཉམས་བྱུང་ན་རེ་ཞིག་སྒོམ་པའི་རྩོལ་བ་འཇོག་ཅིང་། གེགས་བསལ་བའི་མན་ངག་ཀྱང་ཇི་ལྟར་རིགས་པ་ཉམས་སུ་བླང་བར་བྱའོ། །གཉིས་པ་གསུང་རྡོ་

p. 131

རྗེའི་ཕྱེད་ཕྱི་མ་འཛིན་པའི་སྤོགས་ཆོག་ནི། གཏུམ་མོ་ཟབ་རྒྱ་བཅུ་གཅིག་པ་ལས་འབྱུང་བ་ལྟར། ལྟེ་བར་བུམ་ཅན་གྲུབ་ཟིན་ནས་སྙིང་ག་ལ་སོགས་པའི་འཁོར་ལོ་རྣམས་སུ་བུམ་ཅན་མ་གྲུབ་ན་འགྲུབ་པར་བྱ་བའི་ཕྱིར་དང་། རླུང་སེམས་དབུ་མའི་ཐིག་ལེར་འཆིང་ཞིང་བཅིངས་པ་སྟེ་བརྟན་པར་བྱ་བའི་ཕྱིར་བསྒོམ་པར་བྱ་སྟེ། ཐོག་མར་ལྟེ་བའི་བུམ་ཅན་ནི། འོག་རླུང་ཅུང་ཟད་བསྡམས། སྟེང་རླུང་རྫོགས་པར་བཅུག་སྟེ་ལྟེ་འོག་ཏུ་མནན་རྗེས། འོག་རླུང་དྲག་ཏུ་བསྡམས་པས་ལྟེ་བར་དྲིལ། སྟེང་རླུང་དྲག་ཏུ་མི་མནན་པར་ནན་ཙམ་བྱས་ཏེ། ལྟེ་ཁུང་གི་ཐད་དུ་སྲོག་ཐུར་ཁ་སྦྱར། ལྟེ་བའི་འཁོརལོའི་རྩ་འདབ་རྣམས་འཇའ་ཚོན་ལྟར་དྭངས་པའི་སྙིང་པོའི་ཐིག་ལེར་རླུང་རྣམས་ཐིམ་པར་བསམས་ལ་རྩེ་གཅིག་ཏུ་འཇོག་སྟེ། འོག་མ་ཀུན་ལའང་འགྲེའོ། །སྙིང་གའི་བུམ་ཅན་ནི། ལྟེ་བར་བུམ་ཅན་བཅས་ཟིན་མཚམས་ནས་སྙིང་གར་དྲངས། མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་བུམ་ཅན་རྣམས་ལ་ལྟོ་བ་ཚིགས་པ་ལ་བཅར་ཏེ་འོག་རླུང་རང་རང་གི་གནས་སུ་དྲངས། མཛུབ་མོས་སྣའི་ལྡེབས་གཉིས་སྐྱོར་ཏེ་སྟེང་རླུང་རིམ་པར་བཅུག་ཅིང་། ཆུད་པ་དང་སྣ་བུག་གཉིས་མཛུབ་མོས་བཀག་སྟེ་ཁ་སྦྱོར་དུ་བསྒོམས། མཐར་གསང་བུམ་ནི་བཤང་གཅིའི་ལམ་གཉིས་ཀ་ནས་ཐུར་སེལ་ལན་མང་དུ་དྲངས་པ་དང་། སྟེང་རླུང་རྒྱུ་ཞབས་སུ་མནན་ལ་ཁ་སྦྱར་ཏེ་འཆིང་། འདིར་དེ་ཐམས་ཅད་ལུས་གནད་ཆོས་བདུན་གྱི་སྟེང་ནས་བྱེད་པའི་དབང་དུ་བྱས་ལ། དེས་མ་གྲུབ་ན་སོ་སོར་ལུས་གནད་དང་རླུང་འཛིན་ཚུལ་གྱི་ཁྱད་པར་གེགས་སེལ་དང་བཅས་པ་གཏུམ་མོའི་ཁྲིད་ཡིག་ཏུ་བཤད་པ་ལྟར་ལག་ཏུ་བླང་ཞིང་རླུང་གཏོང་ཁར་སྙིང་ག་ཡན་ཆད་ཀྱི་བུམ་ཅན་རྣམས་ལྟེ་བར་ཕབ་ནས་གཏོང་དགོས་ལ། རྗེས་སྤྲོས་མེད་ཀྱི་ངང་བསྐྱངས་ཏེ་ངལ་བསོ། སྙིང་ག་ཡན་ཆད་ཁམས་ཚོད་གཟུང་གི་ནམ་བསྒོམས་ན་གེགས་ཆེན་པོ་ལྡང་བས་རན་ཙམ་བསྒོམ་པ་གནད་དོ། །ཡན་ལག་འདི་གཉིས་ཀྱིས་མ་དག་པའི་ངག་རླུང་གི་བྱེད་པ་བཅིངས་པ་ལས་གཡས་གཡོན་གྱི་དཀྱིལ་འཁོར་དང་སྲོག་ཐུར་རོ་གཅིག་ཏུ་བསྲེས་ནས་དེ་ཉིད་དབུ་མའི་ཐིག་ལེར་གཡོ་མེད་དུ་འཆིང་བར་བྱས་པས་མི་འགྱུར་བའི་བདེ་ཆེན་འདྲེན་བྱེད་གཏུམ་མོའི་འབར་

p. 132

སྣང་དང་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པ་སྒྲུབ་པར་བྱེད་པའི་ཕྱིར་གཡོ་བ་རླུང་དག་བྱེད་བར་དུ་དགེ་བ་གསུང་རྡོ་རྗེའི་རྣལ་འབྱོར་གྱི་ཆོས་སུ་གྱུར་པ་ཡིན་ནོ། །གསུམ་པ་བཀོད་པ་ཐིག་ལེ་དག་བྱེད་ཐ་མར་དགེ་བ་ཐུགས་རྡོ་རྗེའི་རྣལ་འབྱོར་ལ། གང་གི་ཚེ་སྒོམ་པའི་དུས་དང་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ནི། གསུམ་པ་ཞེས་པ་སྟེ། རྣལ་འབྱོར་གཉིས་པ་གསུང་རྡོ་རྗེ་མཐར་ཕྱིན་པས་རྩ་རླུང་ཐིག་ལེར་དབང་འབྱོར་ཞིང་། གཏུམ་མོའི་འབར་སྣང་ལས། རྣམ་པ་ཀུན་ལྡན་གྱི་ལྷ་སྐུ་རབ་འབྱམས་འཆར་ན་གསུམ་པ་ཐུགས་རྡོ་རྗེའི་རྣལ་འབྱོར་བསྒོམ་པ་ལ་འཇུག་རན་པའི་དུས་ཏེ། རླུང་སེམས་ཙམ་གྱི་ཡེ་ཤེས་ཀྱི་ལྷའི་འཁོར་ལོར་གྲུབ་པས་ཞུ་བདེ་འཛག་མེད་ལ་བསླབས་ཏེ་མི་འགྱུར་བའི་བདེ་བ་བསྒྲུབ་དགོས་པའི་ཕྱིར་ཡིན་མོད། རྗེས་མཐུན་ཙམ་ལ་ནི། སྐུ་རྡོ་རྗེའི་མྱོང་བ་ཅི་རིགས་འཐོན་ཞིང་། གསུང་རྡོ་རྗེས་བུམ་ཅན་ཕལ་པ་ཙམ་འབྱོངས་པས་སྲོག་ཐུར་བསྲེ་བ་ལ་མྱོང་བའི་སྣེ་ཟིན་པ་ཞིག་གིས་བསྒོམ་པ་ལ་འཇུག་རུང་བ་ཡིན་ནོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི། གསུང་རྡོ་རྗེའི་ཕྱེད་ཕྱི་མས་རྩ་འཁོར་རྣམས་སུ་རླུང་གཡོ་མེད་དུ་བཅིངས་པས་ཐིག་ལེ་བརྟན་པའི་ཡེ་ཤེས་སེམས་དཔའི་འོད་གསལ་གྱི་རླུང་སེམས་ཙམ་གྱིས་རྒྱུ་ལ་རྐྱེན་གཏུམ་མོའི་འབར་སྣང་གི་ཞུ་བདེས་བསྐྱེད་པའི་རྩ་བ་རང་ལུས་སྟོང་གཟུགས་ཀྱི་ལྷ་སྐུ་ཁ་སྦྱོར་ལས་འཕྲོས་པའི་ཡན་ལག་གི་ལྷའི་འཁོར་ལོ་རབ་འབྱམས་སྒྱུ་མ་ལྟར་ཤར་ཞིང་ཉམས་ཞུ་བདེས་རང་བཞིན་མཚོན་པར་ནུས་ལ། བྱེད་ལས་སྒྲུབ་པ་པོའི་ལུས་ཀྱི་བྱ་བ་བྱེད་ནུས་པ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དཀར་དམར་འབར་འཛག་གི་ཞུ་བདེ་ལ་བརྟེན་ནས། དགའ་བཞི་ལུགས་འབྱུང་ལྡོག་རྫོགས་པ་རེ་རེ་ཡང་ནས་ཡང་དུ་བསྒོམས་པས། དེ་འདྲ་རེ་རེར་བདེ་བའི་ཡེ་ཤེས་དང་། སྟོང་གཟུགས་ཀྱི་དཀྱིལ་འཁོར་ཡང་ཇེ་འཕེལ་དུ་བྱེད་པའི་ཚུལ་གྱི་ཉམས་སུ་ལེན་པ་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་ཕྱེད་སྔ་མའི་ཡན་ལག་དངོས་ཡིན་ལ། འདིར་དེ་དང་རྗེས་སུ་མཐུན་པའི་དབང་དུ་བྱས་ནས་ཁྲིད་པ་ལ་གསུམ་སྟེ། འཇུག་སྒོ་དཔེའི་འོད་གསལ་ལ་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ། དེ་ཉིད་ཉིན་མཚན་

p. 133

གྱི་རྣལ་འབྱོར་གྱི་ཇི་ལྟར་བསྐྱང་བ། ཕྱག་རྒྱའི་རྗེས་ཆགས་ཀྱིས་ཕྱེད་ཕྱི་མ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་ལ་མཚམས་སྦྱོར་ཚུལ་ལོ། །དང་པོ་ལ། འོད་གསལ་དུ་བསྡུ་བས་རང་བཞིན་ངོས་བཟུང་། དེ་ལས་སེམས་ཀྱི་གསལ་ཆ་ངོས་བཟུང་ནས་ལྷར་ལྡང་། དེ་གཉིས་ཀྱི་རྟགས་སྣང་འཆར་ཚུལ་མདོ་ཙམ་བཤད་པའོ། །དང་པོ་ལའང་། དམིགས་པའི་གཞི་གསལ་གདབ། དེ་ལ་བརྟེན་ནས་རྗེས་གཞིག་གི་རྣལ་འབྱོར་གྱིས་བསྡུ་བའོ། །དང་པོ་ནི། སྙིང་གར་ཐིག་ལེ་སོགས༔ སྔར་བཞིན་བསྒོམས་ལ་ལྟེ་བ་རུ༔ རྡུལ་གྱི་ཐིག་ལེ་དམར་པོ་ནི༔ རབ་ཏུ་ཚ་ཞིང་ཕྲ་བར་བསྒོམ༔ ཞེས་པ་སྟེ། ལུས་གནད་དང་དབང་གནད་སྔར་ལྟར་བཅིངས་ལ། རང་ཉིད་ལྷར་གསལ་བའི་སྙིང་ག་ཆོས་ཀྱི་འཁོརལོའི་ལྟེ་བར་མི་ཤིགས་པའི་ཐིག་ལེ་གནས་པ་ལ་སེམས་འཛིན་པ་སོགས་སྔར་གསུང་རྡོ་རྗེའི་སྐབས་ཇི་ལྟ་བ་བཞིན་བསྒོམས་ལ་གསལ་ཐེབས་པ་ན། ལྟེ་བའི་འཁོརལོའི་དབུས་སུ་ཡང་རྡུལ་ཏེ་ཁམས་དམར་ཆའི་དྭངས་མ་ཐིག་ལེ་ཁ་དོག་དམར་པོ་ལ། དེའི་རེག་བྱ་ནི་རབ་ཏུ་ཚ་ཞིང་ཆེ་ཆུང་གི་ཚད་ཡུངས་ཀར་གྱི་འབྲུ་ལྟར་ཕྲ་བ་དྭངས་གསལ་འབར་བའི་རྣམ་པར་བསྒོམ་པའོ། །གཉིས་པ་དེ་ལ་བརྟེན་ནས་རྗེས་གཞིག་གི་རྣལ་འབྱོར་གྱིས་བསྡུ་བ་ནི། རྡོ་རྗེའི་བཟླས་པས་ཐིག་ལེ་ལས༔ འོད་ཟེར་མེ་ལྕེ་ཕྲ་མོར་འབར༔ དྷཱུ་ཏི་ལས་བརྒྱུད་སྙིང་ག་ཡི༔ ཐིག་ལེར་རེག་པས་དེ་ཉིད་ལས༔ འོད་འཕྲོས་རང་ལུས་སྣོད་བཅུད་ཀུན༔ མུན་ནང་སྒྲོན་མེ་བཏེག་པ་བཞིན༔ གསལ་བར་བྱས་ནས་གཉིས་པ་སྤྲོས༔ སྣོད་བཅུད་ཐམས་ཅད་བསྲེགས་ཤིང་བཞུ༔ གསུམ་པ་སྤྲོས་པས་བཞུ་བའི་བཅུད༔ ཐམས་ཅད་རང་གི་ལུས་ལ་ཞུ༔ དེ་ཉིད་ལུས་ནང་དྷཱུ་ཏི་ལ༔ དེ་ཡང་སྙིང་གའི་ཐིག་ལེར་ཐིམ༔ ཐིག་ལེ་མི་དམིགས་སྟོང་པར་སྦྱངས༔ དེ་ཉིད་ངང་ལ་མཉམ་པར་བཞག༔ ཅེས་པ་སྟེ། དམིགས་པའི་གཞི་སྙིང་ག་དང་ལྟེ་བའི་ཐིག་ལེ་གསལ་ཐེབས་པ་དང་རླུང་རོ་བསལ། རླུང་སྔགས་དབྱེར་མེད་དུ་ཤེས་པའི་སྒོ་ནས་བརྡར་གྱུར་གྱི་རྡོ་རྗེའི་བཟླས་པ་ཅི་རིགས་བྱས་པས། དེའི་ཚེ་རླུང་ཕྱིར་ལྡང་དང་བསྟུན་ལྟེ་བའི་རྡུལ་གྱི་ཐིག་ལེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེའི་འོད་ཟེར་མེ་ལྕེ་འཚེར་བ། མཁྲང་བ། ཚ་བ། རྩུབ་པ། ཕྲ་ལ་རྩེ་མོ་རྣོ་བ་གློག་འཁྱུག་པའི་རྣམ་པར་

p. 134

རབ་ཏུ་འབར་བས་དྷཱུ་ཏིའི་ལམ་ལས་བརྒྱུད་དེ་སོང་བ་སྙིང་གའི་མི་ཤིགས་པའི་ཐིག་ལེར་རེག་པའི་རྐྱེན་གྱིས་ཐིག་ལེ་དེ་ཉིད་ལས་གསལ་ཞིང་འབར་བའི་འོད་ཟེར་མཐའ་ཡས་མུ་མེད་པ་ཟེར་རེ་རེ་འཕྲོས་པས་རང་ལུས་ཀྱི་ཕྱི་ནང་དང་སྣོད་བཅུད་ཀྱི་སྣང་བ་ཀུན་ཀྱང་དཔེར་ན་མུན་ནང་དུ་སྒྲོན་མེ་བཏེག་པ་བཞིན་བཀྲ་སལ་ལེར་གསལ་བར་བྱས་ནས། རླུང་ནང་འཇུག་དང་བསྟུན་ཏེ་འོད་ཟེར་འཕྲོ་གཞིའི་ཐིག་ལེ་ལ་འདུས། ཡང་རླུང་ལྡང་བ་དང་མཉམ་དུ་སྙིང་གའི་ཐིག་ལེ་ལས་སྔར་བཞིན་འོད་ཟེར་གཉིས་པ་སྤྲོས་པས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་མེར་འཁྱིལ་གྱིས་བསྲེགས་ཤིང་བཞུ། རླུང་ནང་འཇུག་དང་བསྟུན་ཏེ་འོད་ཟེར་སྔར་ལྟར་བསྡུས། ཡང་རླུང་ལྡང་བ་དང་མཉམ་དུ་འོད་ཟེར་གསུམ་པ་སྤྲོས་པས་སྣོད་བཅུད་འོད་ཀྱི་རྣམ་པར་བཞུ་བའི་བཅུད་ཀྱི་དྭངས་མ་དེ་ཐམས་ཅད་རླུང་འཇུག་པ་དང་སྦྱར་ཏེ་ཚུར་འུབ་ཀྱིས་འདུས་པ་རང་གི་ལུས་ལ་ཞུ་ལུགས་སུ་ཐིམ། རང་ལུས་ལྷ་སྐུའི་རྣམ་པ་དེ་ཉིད་ཀྱང་མེ་ལོང་གི་རླངས་ཡལ་བ་ལྟར་མཐའ་ནས་རིམ་བཞིན་ལུས་ནང་གི་དྷཱུ་ཏི་ལ་ཐིམ། དྷཱུ་ཏི་དེ་ཡང་སྙིང་གའི་མི་ཤིགས་པའི་ཐིག་ལེར་ཐིམ་ཐིག་ལེ་ཡང་རང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་ལ་བསྡུས་པ་དེ་ཉིད་ཤིན་ཏུ་ཕྲ་བར་གྱུར་པ་ལ་སེམས་ཡུན་རིང་དུ་བཟུང་། དེ་ཡང་མི་དམིགས་པའི་དབྱིངས་སུ་སྟོང་པར་སྦྱངས་པ་དེ་ཉིད་ཀྱི་ངང་དུ་རང་ངོ་ཤེས་པའི་ཚུལ་གྱིས་རང་བཞིན་ངོས་བཟུང་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པར་བྱའོ། །གཉིས་པ་དེ་ལས་སེམས་ཀྱི་གསལ་ཆ་ངོས་བཟུང་ནས་ལྷར་ལྡང་བ་ནི། དེ་ལས་སྐད་ཅིག་དཀྱིལ་འཁོར་ལྷར༔ གསལ་བཏབ། ཅེས་པ་སྟེ། དཔེའི་འོད་གསལ་དེ་ག་ཡུན་རིང་དུ་བསྐྱངས་པའི་མཐར་སེམས་ཀྱི་གསལ་ཆ་ངོས་བཟུང་ལ་དེ་ཉིད་ཆུ་ལས་ཉ་ལྡང་བ་ལྟར་སྐད་ཅིག་ཙམ་གྱི་དཀྱིལ་འཁོར་གྱི་ལྷར་གསལ་བཏབ་ནས་ལྷ་སྐུ་སྣང་ཙམ་ལ་ངོས་བཟུང་མེད་པ་ལ་རང་ངོ་ཤེས་པར་བྱས་ཏེ་བསྐྱང་བར་བྱའོ། །གསུམ་པ་དེ་གཉིས་ཀྱི་རྟགས་སྣང་འཆར་ཚུལ་བཤད་པ་ནི། སྡུད་ཚེ་དགའ་བཞི་དང༔ དབྱེར་མི་ཕྱེད་པའི་སྟོང་ཉམས་འཆར༔ སྟོང་ཉིད་ངང་དུ་མཉམ་བཞག་ཚེ༔ སྣང་མུན་ལ་སོགས་སྒྲིབ་བྱེད་ཀུན༔ བྲལ་བ་ནམ་མཁའ་ལྟ་བུའི་ཉམས༔ དེ་ནས་བདེ་

p. 135

བའི་ཉམས་སྣང་ལ༔ རྩོལ་མེད་ལྷ་སྐུ་གཞའ་ཚོན་ལྟར༔ འཆར་བ་ལྷ་སྐུ་ཡེ་ཤེས་ལ༔ མངོན་དུ་འགྱུར་བར་ཕྱོགས་པ་སྟེ༔ ཞེས་པ་སྟེ། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བ་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་དགའ་བ་བཞི་དང་སྣང་བ་བཞི་ངོ་བོ་གཅིག་པར་གསུངས་པ་ལྟར། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱི་སྡུད་རིམ་གྱི་ཚེ་དུ་བ་ལ་སོགས་པའི་རྟགས་སྣང་ཤར་ནས། སྟོང་གཟུགས་དང་སེམས་རོ་གཅིག་ཏུ་འདྲེས་པའི་ཉམས་བདེ་བའི་མཚན་ཉིད་ཅན་དུ་ཤར་བའི་གཏུམ་མོའི་འབར་སྣང་གིས་མི་ཤིགས་པའི་ཐིག་ལེ་བསྐུལ་བའི་དགའ་བ་བཞིའི་ཡེ་ཤེས་དང་ངོ་བོ་དབྱེར་མི་ཕྱེད་པའི་རྡོ་རྗེ་ཉི་ཟླ་སྒྲ་གཅན་གྱི་མཚན་མ་སྤྲིན་མེད་པའི་ནམ་མཁའ་ཟླ་འོད་དང་ཉི་འོད་དང་མུན་པས་ཁྱབ་པ་ལྟ་བུའི་སྣང་མཆེད་ཐོབ་གསུམ་གྱི་སྣང་བའི་རང་བཞིན་སྟོང་པ་ཉིད་དང་། ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་སྟེ་སྟོང་པ་གསུམ་གྱི་ཉམས་སྣང་འཆར་ཞིང་། དེས་དུག་གསུམ་གྱི་རྣམ་པར་རྟོག་པ་ཐམས་ཅད་འགགས་ཏེ་སྟོང་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་བཞག་པ་དེའི་ཚེ་དཀར་དམར་གྱི་ལམ་ཉི་ཟླའི་སྣང་བ་དང་ནག་ལམ་མུན་པའི་སྣང་བ་ལྟ་བུ་ལ་སོགས་ཏེ་སྒྲིབ་བྱེད་ཀྱི་མཚན་མ་ཀུན་དང་བྲལ་བ་ཐམས་ཅད་སྟོང་པའི་འོད་གསལ་ངོས་བཟུང་ཐམས་ཅད་དང་བྲལ་བ་ཐོ་རེངས་ཀྱི་ནམ་མཁའ་དྲི་མ་མེད་པའི་དཀྱིལ་ལྟ་བུར་དག་པའི་ཉམས་ཤར་བའི་ངང་ལ་མཉམ་པར་བཞག དེ་ནས་སྣང་གསུམ་ལུགས་ལྡོག་ཏུ་ལངས་པའི་སེམས་ཀྱི་གསལ་ཆ་ངོས་བཟུང་སྟེ། རླུང་མི་ཤིགས་པ་ལ་ཐིམ་པའི་ཞུ་བདེ་ལས་བྱུང་བའི་རྐྱེན་གྱིས་རྒྱུ་སེམས་གསུམ་རླུང་དང་བཅས་པ་སད་པའི་ཉམས་ཀྱི་སྣང་བ་ལ་རྣམ་རྟོག་གིས་བསྐྱེད་པའི་རྩོལ་བ་ལ་ལྟོས་པ་མེད་པར་རྡོས་བཅས་སུ་མི་སྣང་བའི་ཡིད་ཀྱི་རང་བཞིན་གྱི་ལྷ་སྐུ་རྣམ་པ་མ་འདྲེས་པ་བར་སྣང་གི་གཞའ་ཚོན་ལྟ་བུ་དང་། མཚན་དཔེས་བརྒྱན་པའི་སྐུའི་ཆ་ཤས་ཡོངས་སུ་རྫོགས་པ་སྒྱུ་མའི་སྐྱེས་བུའམ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དང་། དྭངས་ཤིང་ཐོགས་པ་མེད་པར་རྣམ་འཕྲུལ་དུ་མའི་སྤྲོ་བསྡུས་སྤྱོད་ཡུལ་ཐམས་ཅད་དུ་ཁྱབ་པ་ཆུ་ནང་གི་ཟླ་བ་

p. 136

ལྟ་བུའི་དཔེས་མཚོན་པར་ཤིན་ཏུ་གསལ་བའི་ཏིང་ངེ་འཛིན་གྱི་གཟུགས་བརྙན་ངང་གིས་འཆར་བར་འགྱུར་ཞིང་། དེ་ནི་གོམས་སྟོབས་ཀྱིས་སྒྱུ་ལུས་ཀྱི་ལྷ་སྐུ་ཉིད་ཡེ་ཤེས་ཀྱི་ལྷ་སྐུ་ལ་མངོན་དུ་ལྡང་བར་འགྱུར་བར་ཕྱོགས་པ་སྟེ། རིམ་པར་ཕྱི་མ་མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་དུ་བཅུག་སྟེ། དེ་ལས་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྐུ་ཟུང་འཇུག་གི་ལྷ་སྐུར་ལྡང་བས་རྒྱུ་འབྲས་སུ་འབྲེལ་བའི་ཕྱིར་རོ། །མདོར་ན་རྒྱུའི་རྫོགས་རིམ་གསུམ་པ་གསུང་རྡོ་རྗེའི་རྣལ་འབྱོར་གྱི་ཕྱེད་ཕྱི་མ་རྫོགས་པ་ན། སྒྲུབ་པ་པོ་དེའི་སྣང་བ་གསུམ་པོའི་སྣང་བས་སྐུ་དང་མཆེད་པས་གསུང་དང་ཐོབ་པས་ཐུགས་བྱས་ཏེ། དུས་གསུམ་གྱི་ཁམས་གསུམ་བརྟན་གཡོ་ཐམས་ཅད་ཅིག་ཅར་ལྷའི་སྐུ་དང་དཀྱིལ་འཁོར་གྱི་འཁོརལོའི་རྣམ་པ་མཁའ་ཁྱབ་ཏུ་འཆར་བ་ལ་སྒྱུ་ལུས་ཞེས་བྱ་སྟེ། རིམ་ལྔ་ལས། དེ་ཉིད་རླུང་དང་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་དང་། བདག་བྱིན་གྱིས་བརླབ་པ་ཞེས་ཀྱང་བྱ་སྟེ། ཧེ་རུ་ཀ་ཀལྤོ་ལས། འབྲས་བུའི་བདག་བྱིན་བརླབ་པ་ནི། །སྒྱུ་མ་དང་ནི་ཆུ་ཟླ་དང་། །འཇའ་ཚོན་བཞིན་དུ་དངོས་མེད་དང་། །དེ་ལྟར་འབྲས་བུའི་སྐུར་སྣང་བ། །མཚན་དང་དཔེ་བྱད་རྒྱན་གྱིས་བརྒྱན། །ཅེས་གསུངས་ཏེ། འོད་གསལ་ལ་བདག་གམ་རང་ཞེས་བརྗོད་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་རྣམ་པར་བྱིན་གྱིས་བརླབས་པའི་ཕྱིར་འབྲས་བུའི་རྫོགས་རིམ་གསུམ་གྱི་དང་པོ་བདག་བྱིན་བརླབས་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་དེ་ཉིད་ཉིན་མཚན་གྱི་རྣལ་འབྱོར་གྱིས་ཇི་ལྟར་བསྐྱང་པ་ལ་གཉིས་ལས། དང་པོ་ཉིན་མོའི་རྣལ་འབྱོར་ནི། དེ་ནས་རྡོ་རྗེའི་བཟླས་པ་བྱ༔ ཧཱུྃ་གིས་ཁམས་གསུམ་འོད་དུ་ཞུ༔ ༀ་གྱིས་བརྟན་གཡོ་དྷཱུ་ཏི་ལས༔ བརྒྱུད་ནས་སྙིང་གི་ཐིག་ལེར་ཐིམ༔ ཨཱཿཡིས་དེ་ཉིད་སྟོང་པར་སྦྱངས༔ སྟོང་ཉིད་ངང་ལ་མཉམ་གཞག་བྱ༔ བདེ་དང་སྟོང་པའི་ཡེ་ཤེས་གང་༔ ངོས་བཟུང་དཀྱིལ་འཁོར་འཁོར་ལོ་བསྐྱེད༔ ཅེས་པ་སྟེ། སྔར་བཤད་པ་ལྟར་དཔེའི་འོད་གསལ་དུ་བསྡུ་ཞིང་དེ་ལས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བའི་རྣལ་འབྱོར་ལ་ཆིག་སྒྲིལ་གྱིས་བསྒོམས་པས་

p. 137

མཉམ་བཞག་ལ་གཏན་པ་ཐོབ་ཅིང་རང་ས་ཟིན་པ་དང་། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་ལ་མཉམ་བཞག་གི་ཉམས་བཟང་པོའི་རྩིས་བཟུང་ནས་སྒྱུ་མར་བསྲེས་ལ་བླང་དོར་མེད་པར་མཉམ་པ་ཉིད་དུ་བསྒོམ་པར་བྱ་ཞིང་། དེ་ལྟར་མཉམ་རྗེས་གཉིས་ལ་བསླབས་པས་གོམས་པ་དེ་ནས་དམིགས་པའི་གཞི་སྔར་བཤད་པ་བཞིན་དུ་གསལ་བཏབ་ལ་རྡོ་རྗེའི་བཟླས་པ་བྱ་སྟེ། ཧཱུྃ་གདངས་ཀྱིས་རླུང་ཕྱིར་ལྡང་བའི་ཚེ་ཁམས་གསུམ་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འདར་ཞིང་གཡོ་བ་དང་བཅས་པས་མེར་འཁྱིམས་ཀྱིས་འོད་དུ་ཞུ། ༀ་གདངས་ཀྱིས་རླུང་ནང་དུ་འཇུག་པའི་ཚེ་བརྟན་གཡོ་ཐམས་ཅད་དྷཱུ་ཏིའི་ལམ་ལས་བརྒྱུད་ནས་འོད་ཀྱི་རྣམ་པར་སྙིང་གའི་འཁོརལོའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེར་ཐིམ། ཨཱཿཡིག་གདངས་ཀྱིས་རླུང་གནས་པའི་ཚེ་དེ་ཐམས་ཅད་དམིགས་མེད་ཆོས་ཉིད་ཀྱི་དབྱིངས་སུ་སྟོང་པར་སྦྱངས་པས་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་འོད་གསལ་དུ་དྭངས་པའི་སྟོང་པ་ཉིད་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུའི་ངང་ལ་རྩོལ་སྒྲུབ་དང་བྲལ་བར་མཉམ་པར་གཞག་པར་བྱ་ཞིང་། དེའི་ངང་ལས་རླུང་མི་ཤིགས་པ་ལ་ཐིམ་པའི་འབར་སྣང་གིས་བསྐྱེད་པའི་ཞུ་བདེ་དང་། སེམས་སྟོང་པ་གསུམ་རླུང་གི་བཞོན་པ་དང་བཅས་པས་ལངས་པའི་ཡེ་ཤེས་གང་ཤར་དེ་ཉིད་ངོས་གཟུང་ལ། འོད་གསལ་གྱི་རླུང་སེམས་ཙམ་གྱི་རྒྱུ་དེ་ཞུ་བདེའི་རྐྱེན་གྱིས་བསྐྱེད་པ་ལས་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་ཡབ་ཡུམ་གྱི་རྣམ་པར་ཆུ་དྭངས་པ་ལས་ཉ་འཕར་བ་བཞིན་དུ་སྐད་ཅིག་གིས་ལངས་པ་ལ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་མཉམ་པར་བཞག་པས་ཞུ་བདེ་འཛག་མེད་ཡང་ཡང་བསྐྱེད་པ་ལ་བསླབ་པར་བྱའོ། །གཉིས་པ་མཚན་མོའི་རྣལ་འབྱོར་ནི། ཉིན་བར་སྔར་གྱི་སྣོད་བཅུད་འོད་གསལ་དུ་བསྡུ་ཞིང་སྒྱུ་མ་ལྟ་བུའི་ལྷར་ལྡང་བ་ལ་རྩེ་གཅིག་ཏུ་འབད་པའི་དགེ་སྦྱོར་གྱིས་ཤུགས་ཀྱིས་གཉིད་ལོག་ཁར་འདུན་པ་བསྒྱུར་བ་ཙམ་གྱིས་གཉིད་ཀྱི་འོད་གསལ་ཟིན་པའམ། རྨི་ལམ་རང་ཤུགས་ཀྱིས་ཟིན་ནས་རང་ཉིད་འོད་གསལ་དུ་འཇུག་ཅིང་། དེ་གཉིས་གང་ལྟར་ཡང་འོད་གསལ་ལས་ལྷ་སྐུར་ལྡང་བ་སོགས་འབྱུང་སྟེ། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་འདི་ནི། །དེ་ཉིད་གོམས་པས་འཐོབ་

p. 138

པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། རྨི་ལམ་ན་ཡང་སྒྱུ་མར་མཐོང་། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་ནའང་ཉམས་མྱོང་སྐྱེ་སླ་ཞིང་། སྐྱེས་པ་བོགས་དབྱུང་བའི་ཕྱིར། ཐུགས་རྡོ་རྗེའི་མཚན་མོའི་རྣལ་འབྱོར་གུད་དུ་ཕྱུང་བའི་མན་ངག་ལས་གསུངས་པ་ལྟར་འཆད་པའི་དབང་དུ་བྱས་ན་གཉིས་ཏེ། གཉིད་ཀྱི་འོད་གསལ་དང་། རྨི་ལམ་སྒྱུ་མའི་ཉམས་ལེན་ནོ། །དང་པོ་ནི། མཚན་མོའི་རྣལ་འབྱོར་ལས། གསུམ་པའི་འཇུག་སྒོ་མངོན་གྱུར་ནས༔ སྔར་བཤད་རྡོ་རྗེའི་བཟླས་པ་དང༔ སྣོད་བཅུད་བསྡུ་བའི་རིམ་པ་ལ༔ ཉིན་པར་རྩེ་གཅིག་དག་ཏུ་འབད༔ ཉལ་དུས་སྙིང་གའི་ཐིག་ལེ་ལ༔ རྩེ་གཅིག་མཉམ་བཞག་ངང་དུ་ཉལ༔ སྟོང་པའི་ཡེ་ཤེས་གཉིད་འཐུག་གི༔ སྐབས་སུ་མངོན་འགྱུར་བདེ་བ་དང༔ རླུང་ལས་ལྷ་སྐུར་མངོན་བྱང་ཆུབ༔ ཅེས་གསུངས་པ་ལྟར། ཚེ་མི་རྟག་པའི་སྐྱོ་ཤས། བདེན་མེད་ཀྱི་འདུ་ཤེས། བླ་མའི་མོས་གུས་རྣམས་ལམ་གྱི་སྲོག་རྩར་བཟུང་སྟེ། ཉིན་པར་སྔར་བཤད་མ་ཐག་པའི་རྡོ་རྗེའི་བཟླས་པ་སྣོད་བཅུད་བསྡུ་ཞིང་ལྷར་ལྡང་བ་ལ་རྩེ་གཅིག་ཏུ་འབད་ནས་མཚན་མོ་ཉལ་དུས་མི་ཚེའི་ཕྱེད་གཉིད་ལོག་པ་ལྟ་བུ་ཡིན་པས་འདི་ཉིད་ལམ་དུ་བླང་བར་བྱ་སྙམ་དུ་བསམས་ཏེ། སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་གཏད་པའི་ངང་དེ་ཀ་ལ་གཉིད་དུ་འགྲོ་བར་བྱ། དེ་ལྟར་ཉལ་བས་གཉིད་མི་བདེ་བ་དང་། འདྲེས་མནོན་པ་འདྲ་བ་དང་། ལུས་སྦྲིད་པ་སྙམ་བྱེད་ན། མྱུར་དུ་ཟིན་པའི་རྟགས་ཏེ། དང་པོར་གཉིད་འཐུག་གི་སྐབས་སུ་གསལ་སྟོང་གི་ཉམས་སྐྱོང་ཐུབ་པ་ཙམ་དང་། རེས་གཉིད་དུ་འགྲོ་བ་དང་མཉམ་དུ་ནམ་ལངས་པ་ལ་ཉི་འོད་ཀྱིས་ཁྱབ་པ་སྙམ་བྱེད། རིག་པ་གསལ་ལ་ཁམས་དྭངས། གཉིད་དུ་མ་སོང་བ་འདྲ་ལ་སད་རྒྱུ་ཡོད་པ་ཞིག་འོང་། དེ་ལ་བློའི་འཛིན་པ་ཅུང་ཟད་དང་བཅས་པའི་གསལ་སྟོང་གི་ཉམས་འཆར་ཏེ་སྲབ་མོའི་འོད་གསལ་ཟིན་པ་ཡིན། ཐོག་མར་གསལ་སྟོང་ལ་འཛིན་མེད་དུ་གནས་པ་ཙམ་དང་མཐར་བདེ་སྟོང་གི་འོད་གསལ་ནམ་མཁའ་ལྟ་བུ་ལ་འཛིན་མེད་དུ་གནས་པ་འབྱུང་སྟེ་གཉིད་འཐུག་གི་འོད་གསལ་ཟིན་པ་ཡིན། དེ་ཡང་སྙིང་གའི་ཐིག་ལེ་ལ་འཛིན་པ་ནི། གཉིད་འཐུག་གི་འཁྲུལ་པ་འབྱུང་བའི་གནས་ཀྱི་གཙོ་བོ་སྙིང་གའི་འཁོར་ལོ་

p. 139

ཡིན་པས་དེ་ལ་གནད་དུ་བསྣུན་ཏེ་བསྒོམས་པ་ན་སྙིང་གར་རླུང་སེམས་འདུས་པའི་འོད་གསལ་འཆར་བར་འགྱུར་ཞིང་། འོད་གསལ་ལན་གཅིག་ཟིན་མཚམས་ནས་དབེན་པར་འདུན་པ་དྲག་པོས་གཞུར་ཏེ་བསྒོམས་པས་སྟར་ཆགས་སུ་ཟིན་འོང་ལ། ཟིན་ནས་བསྐྱངས་པས་གཉིད་འཐུག་གི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པའི་བདེ་སྟོང་གི་འོད་གསལ་ལ་གནས་པ་དང་། དེའི་བདེ་རླུང་གི་ངང་ལས་རྩོལ་མེད་དུ་སྒྱུ་མ་ལྟ་བུའི་ལྷའི་འཁོར་ལོར་ལྡང་བར་འགྱུར་རོ། །གཉིས་པ་རྨི་ལམ་སྒྱུ་མའི་ཉམས་ལེན་ལ། རྨི་ལམ་འཛིན་པ། ཟིན་ནས་འོད་གསལ་དང་གཅིག་ཏུ་བྱེད་པའི་བསམ་གཏན། དེ་མ་འགྲུབ་ན་ཉིན་སྣང་གཉིད་ཀྱི་རྣལ་འབྱོར་ལ་སྦྱར་ཏེ་བསླབ་པའོ། །དང་པོ་ལ། ཉིན་པར་དྲན་པ་རྒྱུན་ཆགས་དང་། མཚན་མོ་མན་ངག་བཙན་ཐབས་ཀྱིས་འཛིན་པའོ། །དང་པོ་ནི། འདི་ཉིད་དབང་པོ་རྟུལ་པོ་ཡིས༔ འགྲུབ་མ་གྱུར་ན་ཉིན་དུས་སུ༔ རྨི་ལམ་འདུན་པ་རྩེ་གཅིག་སྦྱངས༔ ཞེས་པས་འོད་གསལ་མ་ཟིན་ན། དབེན་པར་སྐྱོ་ཤས་བདེན་མེད་མོས་གུས་གསུམ་དང་ལྡན་པས། ཉིན་མོའི་དུས་འགྲོ་འཆག་ཉལ་འདུག་གི་གནས་སྐབས་ཀུན་ཏུ་རང་བཞིན་གྱི་སྣང་བ་གང་སྣང་ལ་སེམས་གཏད་དེ། ག་རེ་འདི་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན་སྙམ་པ་དང་། ཁྱད་པར་དུའང་ང་གཉིད་དུ་སོང་འདུག སྣང་བ་འདི་ཐམས་ཅད་རྨི་ལམ་གྱི་སྣང་བ་རང་ཡིན་པ་འདུག་སྙམ་དུ་དྲན་འདུན་དྲག་པོས་རྒྱུན་ཆགས་སུ་སྦྱར་བར་བྱའོ། །གཉིས་པ་ནི། ཉལ་དུས་རྨི་ལམ་འཛིན་པ་ཡི༔ འཕེན་པ་དྲག་པོས་མགྲིན་པ་རུ༔ ཏི་ལ་དམར་པོ་ཆེས་ཕྲ་བར༔ སེམས་བཟུང་རྩེ་གཅིག་མཉམ་གཞག་བྱ༔ ཞེས་པས་མཚན་མོ་ཉལ་དུས་དོ་ནུབ་རྨི་ལམ་ཟིན་པར་བྱ་སྙམ་པའི་དྲན་འདུན་དྲག་པོ་གཏང་ལ། རྨི་ལམ་གྱི་འཁྲུལ་སྣང་སྐྱེས་པའི་ལས་མགྲིན་པའི་འཁོར་ལོས་བྱེད་པའི་ཕྱིར། དེ་ལ་གནད་དུ་བསྣུན་ནས་བསྒོམ་དགོས་པས། རང་ལྷར་གསལ་བའི་མགྲིན་པའི་འཁོརལོའི་ལྟེ་བར་ཐིག་ལེ་དམར་པོ་ཕྲ་ཞིང་འབར་བ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཙོག་བུའམ་སེང་གེའི་ཉལ་སྟབས་ཀྱིས་ཉལ་བས་གཉིད་དང་སྣང་བའི་བར་གྱི་རྣམ་རྟོག་ཅེས་བྱ་བ་རྣ་བར་སྒྲ་ཅི་རོང་ངེ་བའམ། ལུས་སྦྲིད་སྙམ་

p. 140

དང་། ཐིབས་ཐིབས་ནོན་པའམ། སྨིན་མཚམས་སུ་སྦྲིང་སྦྲེང་བ་དང་། དབུགས་ཐུམ་ཐུམ་པ་ལྟ་བུའི་ཉམས་ཀྱི་རྗེས་སུ། སྲོག་ཆགས་དང་ཁང་ཁྱིམ་སོགས་ཀྱི་རྣམ་པ་གསལ་པོ་མིན་པའི་རབ་རིབ་ཅིག་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ངོ་ཤེས་པར་བྱ་དགོས་སྙམ་པའི་འདུན་པ་ཅུང་ཟད་བཏང་སྟེ་གཉིད་དུ་འགྲོ་བར་བྱ། དེ་དུས་གཉིད་དང་སྣང་བའི་བར་གྱི་རྟོག་པ་རབ་རིབ་དེ་ལ་བརྟེན་ནས་འདི་རྨི་ལམ་ཡིན་པར་འདུག་སྙམ་དུ་ཤེས་པ་བྱུང་ན་རྨི་ལམ་ཟིན་པ་ཡིན་པས། དེའི་ཚེ་མིག་མི་འབྱེད་པར་གང་ཟིན་དེ་ལས་མང་པོ་སྤྲུལ་བསྒྱུར་བྱས་པས་སྦྱོང་སྤེལ་ལ་རིམ་གྱིས་དབང་འབྱོར་བར་འགྱུར་རོ། །གཉིས་པ་གཅིག་ཏུ་བྱེད་པའི་བསམ་གཏན་ལའང་གཉིས་ལས། ཉིན་མོའི་ཉམས་ལེན་ནི། དེ་ལ་ཟིན་ཅིང་བརྟན་པ་ནི༔ ཉིན་པར་དྲན་འདུན་དྲག་པོ་ཡིས༔ རྨི་ལམ་རྟེན་ལ་དེ་ཁོ་ན༔ མངོན་དུ་བྱའོ་སྙམ་པའི་བློས༔ སྙིང་གའི་ཐིག་ལེར་སྣོད་བཅུད་ཀུན༔ བསྡུ་བའི་རྣལ་འབྱོར་ཉིད་ཀྱི་མཐར༔ སྟོང་པ་ནམ་མཁའ་ལྟ་བུ་ལ༔ མཉམ་བཞག་དེ་ལས་ལྷ་སྐུར་ལྡང་༔ དེ་ནས་ཐ་མལ་རྣམ་རྟོག་གིས༔ བར་མ་ཆད་པར་ཡང་ཡང་བསླབ༔ ཅེས་གསུངས་ཏེ། དེ་ལྟར་རྨི་ལམ་ཟིན་ཅིང་བརྟན་པ་ན། ཉིན་པར་དྲན་འདུན་དྲག་པོས་དོ་ནུབ་རྨི་ལམ་གྱི་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་དག་པར་བྱས་ཏེ། རྨི་ལམ་གྱི་ལུས་རྟེན་འདི་ལ་དེ་ཁོ་ན་ཉིད་མངོན་དུ་བྱའོ་སྙམ་པས་སྔར་བཞིན་སྣོད་བཅུད་འོད་གསལ་དུ་བསྡུས་ཏེ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་འཇོག་ཅིང་། དེ་ལས་ལྷའི་སྐུར་ལྡང་བའི་རྣལ་འབྱོར་ཁོ་ན་ལ་ཐ་མལ་གྱི་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཡང་ཡང་བསྒོམ་པར་བྱའོ། །གཉིས་པ་མཚན་མོའི་ཉམས་ལེན་ནི། དེ་བསྒོམས་སྔར་བཞིན་སྙིང་ག་ཡི༔ ཐིག་ལེར་སེམས་བཅུག་ཉལ་བ་ལས༔ གཉིད་དང་རྨི་ལམ་རྒྱུན་འགགས་ཏེ༔ འོད་གསལ་བ་དང་ལྷ་སྐུར་འཆར༔ ཞེས་པས་ཉིན་པར་རྨི་ལམ་གྱི་དྲན་འདུན་དང་སྦྱར་ཏེ་འོད་གསལ་དུ་བསྡུ་ཞིང་ལྡང་བའི་དམིགས་པ་སྟེ་གོམས་ནས། ཉལ་དུས་དོ་ནུབ་གཉིད་འོད་གསལ་དང་རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བར་བྱའོ་སྙམ་དུ་དྲན་འདུན་དྲག་པོས་སྔར་བཞིན་སྙིང་གའི་ཐིག་ལེར་སེམས་བཅུག་སྟེ་ཉལ་བས། གཉིད་དང་རྨི་ལམ་

p. 141

གྱི་རྒྱུན་འགགས་ནས་གཉིད་འཐུག་འོད་གསལ་དང་རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བར་འགྱུར་ཞིང་། འདི་ལས་འཕྲོས་པའི་མན་ངག་བར་དོ་དང་གཅིག་ཏུ་བྱ་བའི་བསམ་གཏན་ཡང་ཤེས་དགོས་ཏེ། དོ་ནུབ་རྨི་ལམ་ལ་བརྟེན་ནས་བར་དོ་ལ་བར་དོར་ངོ་ཤེས་པ་ཞིག་བྱ་སྙམ་པའི་འདུན་པ་སྔོན་དུ་བཏང་སྟེ། ཕྱི་ནང་གི་སྣང་བ་གང་ཤར་ལ་ཆེ་རེ་བལྟས་ལ། འདི་བར་དོའི་སྣང་བ་ཡིན་པར་འདུག་པས། བར་དོའི་གདམས་པ་འདི་དང་འདི་དག་སྔོན་དུ་བྱའོ་སྙམ་དུ་ཡིད་ལ་གཤར་ཞིང་བསྒོམ་པའི་འདུན་པ་དྲག་ཏུ་སྦྱངས་པས། རྨི་ལམ་དུ་བར་དོའི་གདམས་པ་རྣམས་མ་ཆོལ་མ་ནོར་བར་དྲན་ཞིང་བསྒོམ་པ་བྱུང་ན་བར་དོ་ཟིན་པར་འགྱུར་རོ། །གསུམ་པ་འོད་གསལ་དང་གཅིག་ཏུ་བྱེད་པའི་བསམ་གཏན་དེ་མ་འགྲུབ་ན་ཉིན་སྣང་གཉིད་ཀྱི་རྣལ་འབྱོར་དང་སྦྱར་ནས་བསླབ་པར་བྱ་སྟེ། དབང་པོ་རྟུལ་པོ་དག་གིས་ཀྱང་༔ ཉིན་སྣང་གཉིད་ཀྱི་རྣལ་འབྱོར་ལ༔ སྦྱར་ཏེ་རྩེ་གཅིག་བསྒོམས་པ་ལས༔ གཉིད་ཀྱི་འོད་གསལ་མངོན་འགྱུར་ཞིང་༔ རྨི་ལམ་ཡེ་ཤེས་སྐུར་འགྲུབ་བོ༔ ཞེས་པས། ཉིན་པར་སྣང་བ་གང་ཤར་ལ་ཆེ་རེ་བལྟས་ཏེ། ང་གཉིད་དུ་སོང་འདུག སྣང་བ་འདི་དང་འདི་ཐམས་ཅད་རྨི་ལམ་གྱི་སྣང་བ་ཡིན་པར་འདུག རྨི་ལམ་གྱི་སྣང་བ་ལ་འདི་ཉིད་འོད་གསལ་དུ་བཅུག་སྟེ་དེ་ལས་ལྷ་སྐུར་ལྡང་བར་བྱའོ་སྙམ་པའི་འདུན་པ་དང་། སྔར་གྱི་སྣོད་བཅུད་འོད་གསལ་དུ་བསྡུ་ཞིང་ལྡང་བའི་དམིགས་པ་གཉིས་སྤེལ་ནས་ཡང་ཡང་བསྒོམ་ཞིང་། ཉལ་ཁར་ཡང་དྲག་ཏུ་བསྒོམས་ཏེ་ཉལ་བས་སྔར་གྱི་དམིགས་པ་དྲན་ནས་གཉིད་ཀྱི་འོད་གསལ་ཟིན་ལ། དེའི་ངང་ལས་རྨི་ལམ་ལྷ་སྐུར་ལྡང་ནུས་པར་འགྱུར་བ་ཡིན་ནོ། །རྨི་ལམ་འཛིན་པའི་སྐབས་འདི་དག་ཏུ། རྨི་ལམ་རྨི་རུ་མ་འདོད་ན་སྟོང་འབྱམས། རྨི་ལམ་རྨི་ཡང་རྨི་ལམ་དུ་ངོ་མ་ཤེས་ན་སྡུག་འབྱམས་སམ་འཁྲུལ་འབྱམས། ཟིན་མ་ཐག་གཉིད་སད་ན་སད་འབྱམས། ལན་གཅིག་རྨི་ལམ་ཟིན་ཡང་དེ་མ་ཐག་ཐ་མལ་གྱི་རྨི་ལམ་དུ་འཁྲུལ་འགྲོ་ན་དྲེད་འབྱམས་ཏེ། དེ་ལྟར་འབྱམས་བཞི་གང་བྱུང་ཡང་གཉེན་པོ་འབྱམས་གཅོད་ཀྱི་མན་ངག་གལ་ཆེ་བས་དམ་པའི་ཞལ་ལས་བླང་བར་བྱ་དགོས་པ་ཡིན་ནོ། །གསུམ་པ་ཕྱག་རྒྱའི་རྗེས་ཆགས་ཀྱིས་ཟུང་འཇུག་

p. 142

ཡེ་ཤེས་ཀྱི་སྐུ་ལ་མཚམས་སྦྱོར་ཚུལ་ནི། དེ་ལྟར་འབད་པས་གོམས་གྱུར་ན༔ བདེ་རླུང་སེམས་ལས་ལྷ་ཡི་སྐུ༔ ཐ་མལ་རྟེན་ལ་འགྲུབ་འགྱུར་ཏེ༔ དེ་ནས་ཕྱག་རྒྱའི་སྦྱོར་བ་ཡིས༔ ལྷན་སྐྱེས་ཡེ་ཤེས་གོམས་བྱས་པས༔ མཆོག་གི་དངོས་གྲུབ་ཉིད་ལ་སྦྱོར༔ ཞེས་པ་སྟེ། དེ་ཡང་མགྱོགས་ཁྲིད་ཀྱི་ཚེ། དཔེའི་འོད་གསལ་དུ་སྡུད་ཅིང་དེ་ལས་སྒྱུ་ལུས་ཀྱི་ལྷར་ལྡང་བ་དང་། དེ་ཉིད་ཉིན་མཚན་གྱི་རྣལ་འབྱོར་གྱིས་བསྐྱང་ཚུལ་རྣམས་བསྟན་ལ་བསྒོམས་ལུགས་ཤེས་རྗེས་ཁྲིད་ཡིག་གི་དཀྱུས་ལྟར་རླུང་སེམས་ཙམ་གྱིས་ལྷ་སྐུ་གྲུབ་ནས་ཕྱག་རྒྱའི་སྦྱོར་བས་མཆོག་འགྲུབ་ཚུལ་གཉིས་པོ་གོ་དོན་ཙམ་ཞིག་བཤད་པས་ཆོག་ལ་སྨིན་ཁྲིད་ཀྱི་དུས་སུ་དེ་ལྟར་དཔེའི་འོད་གསལ་དུ་འཇུག་པ་སྔོན་འགྲོར་བཏང་ནས། དེ་ལས་ལངས་ཏེ་སྒྱུ་ལུས་ཀྱི་དཀྱིལ་འཁོར་རྩ་བ་དང་ཡན་ལག་དཔག་ཏུ་མེད་པར་སྤྲོ་བ་དངོས་གཞིའི་ཚུལ་དུ་བསྒོམས་པའི་རིམ་པ་ལ་ཡང་ཡང་སྦྱངས་ཏེ་ཉིན་མཚན་བར་མེད་དུ་འབད་པས་ལྷར་སྣང་གོང་འཕེལ་དུ་ལོབས་ཤིང་གོམས་པར་འགྱུར་བ་ན། ཕྲ་རགས་ཐིམ་རིམ་གྱི་ཞུ་བདེ་བརྟན་པོའི་རྐྱེན་གྱིས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་ཡི་སྐུ་མཉམ་བཞག་ཏུ་ཐ་མལ་གྱི་ལུས་སྣང་འགགས་ནས་རྣལ་འབྱོར་པའི་ལུས་རྟེན་དེ་ག་ལ་གསལ་སྣང་བརྟན་པོ་ཤར་བས་སྒྱུ་ལུས་འགྲུབ་པར་འགྱུར་བ་ཡིན་ཏེ། རྫོགས་རིམ་གྱི་ལྷ་མཐོང་བ་ཙམ་སྐུ་རྡོ་རྗེ་དང་གསུང་རྡོ་རྗེའི་སྐབས་ནས་ཀྱང་ཡོད་མོད་ཀྱི། ལྷ་ཐོབ་པ་ནི་ཐུགས་རྡོ་རྗེའི་ཕྱེད་སྔ་མའི་མཚམས་འདི་ནས་ཡིན་པའི་ཕྱིར་རོ། །དེ་ཡང་སྐུ་རྡོ་རྗེའི་རྣལ་འབྱོར་གྱིས་རྩ་བཅིངས་པ་ལས་རོ་རྐྱང་གི་རླུང་གཉིས་དབུ་མའི་ཆོས་ཅན་དུ་བྱས་ཤིང་། གསུང་རྡོ་རྗེའི་ཕྱེད་སྔ་མའི་རླུང་གཉིས་དབུ་མར་བཀག ཕྱེད་ཕྱི་མས་སྲོག་ཐུར་གོང་བུར་བྱས་པའི་སྟོབས་ཀྱིས་ལས་ཀྱི་གཏུམ་མོ་འབར། དེ་ལས་ཡེ་ཤེས་ཀྱི་གཏུམ་མོ་རང་དབང་དུ་གྱུར་ཏེ་ཁམས་གསུམ་པའི་གཟུགས་བརྙན་གྱི་སྟོང་གཟུགས་རབ་འབྱམས་རང་གི་སྒྱུ་མའི་ལུས་སུ་སྤྲོ་བར་གནས་པའི་མངོན་སུམ་སྟེ། ཨ་ནུ་མྲྀ་ཏིའི་སྒྲ་ལས་རྗེས་སུ་དྲན་པའམ་སེམས་པ་ཞེས་སྔར་བསྒོམས་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་སླར་ཡང་དྲན་ཞིང་སེམས་པས་ཡང་ཡང་བསྒོམ་ཞིང་དྲག་ཏུ་རྩོལ་བའི་སྒོ་ནས་ཞུ་བདེ་འཛག་མེད་སྒྲུབ་པར་བྱེད་པའི་ཕྱིར་

p. 143

རྒྱུད་གཞན་ལས་རྗེས་དྲན་ཞེས་གསུངས་པ་དང་དགོངས་པ་མཐུན་ཏེ། འདིར་སྟོང་གཟུགས་ཀྱིས་སྒྲུབ་པ་པོའི་ལུས་བྱེད་ནུས་པས། ཤེས་རབ་ཀྱི་སྤྱན་ལ་བརྟེན་ནས་རྣལ་འབྱོར་མངོན་སུམ་གྱིས་འདོད་པའི་ལྷ་མཐོང་བའམ། ལྷའི་སྐུ་སྒྱུ་ལུས་ཀྱི་མཚན་ཉིད་ཅན་དུ་ཐོབ་པ་ཡིན་ནོ། །དེ་ལྟར་སྒྱུ་ལུས་གྲུབ་པ་དེ་ནས་རྗེས་དྲན་ཇི་ལྟར་བསྒོམ་པའི་ཚུལ་ནི། གཞི་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་དང་། དེ་འཆིང་བྱེད་ཕྱག་རྒྱ་ཆེན་མོ། ཀུན་བརྟགས་ཡེ་ཤེས་དང་ལས་ཀྱི་ཕྱག་རྒྱ་སྟེ། དབང་རྟུལ་ཐིག་ལེ་སླ་བའི་སྐབས་སུ་ལས་ཀྱི་ཕྱག་རྒྱ་མ་བསྟེན་པར་དགའ་བཞི་རྫོགས་པར་འདྲེན་མི་ཐུབ་པས། ལས་དང་ཡེ་ཤེས་དང་ཕྱག་ཆེན་གསུམ་ཀ་གཅིག་ཏུ་དྲིལ་བའི་གསུམ་སྦྱོར་དང་། དེ་ནས་ན་འཕར་བས་དབང་འབྲིང་དུ་གྱུར་ནས་ཐིག་ལེ་ཅུང་ཟད་དཀའ་བའི་སྐབས་ཕྱག་ཆེན་ཁོ་ནས་བདེ་བ་རྫོགས་པར་འདྲེན་མི་ཐུབ་ཅིང་ལས་རྒྱ་མེད་ཀྱང་ཆོག་པའི་སྐབས་སུ། ཡེ་རྒྱ་དང་ཕྱག་ཆེན་དྲིལ་བའི་གཉིས་སྦྱོར་དང་། ཡང་དབང་པོ་ན་འཕར་ཏེ་རྣོན་པོར་སོང་ནས་ཐིག་ལེ་ཤིན་ཏུ་དཀའ་བར་གྱུར་པ་ན་ཕྱག་ཆེན་ཁོ་ནས་ཞུ་བདེ་རྫོགས་པར་འདྲེན་ཐུབ་ཅིང་མི་འགྱུར་བའི་བདེ་བ་མ་ཐོབ་ཀྱི་བར་དེར་ཕྱག་ཆེན་ཉིད་ལ་བརྟེན་ནས་བསྒོམས་པས་གཅིག་སྦྱོར་ཏེ། དེ་གསུམ་ལ་དམ་རྒྱ་གཏུམ་མོ་སྦྱར་ན། ཕྱག་རྒྱ་བཞི་སྦྱོར། སུམ་སྦྱོར། ཉིས་སྦྱོར་ཞེས་བཞེད་པའང་ཡོད་དོ། །དེ་ཡང་རྗེས་དྲན་དངོས་ནི། འཁོར་ལོ་རྣམས་ཀྱི་རྩ་མདུད་གྲོལ། བདེ་བའི་རླུང་ལ་དབང་ཐོབ། གཏུམ་མོའི་འབར་སྣང་ལ་ཅི་དགར་སྤྱོད་པའི་སྐབས་ཡིན་པས། ལུས་སྦྱོང་དང་རླུང་གི་རྩོལ་བ་སོགས་ལ་མ་ལྟོས་མོད། འདིར་རྗེས་མཐུན་པའི་དབང་དུ་བྱས་ན། ཐབས་ལམ་བདེ་ཆེན་སྙིང་པོ་ལས་གསུངས་པ་བཞིན་དུ་སྔོན་འགྲོ་རླུང་སྦྱང་བའི་རིམ་པ་རྣམས་འབད་པས་ཉམས་འོག་ཏུ་ཆུབ་པར་བྱས་ནས། དངོས་གཞི་ཇི་ལྟར་བསྒོམ་ཚུལ་ནི། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཡང་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་བསྲེ་བ་ཡོད་ན་རྗེས་དྲན་རྗེས་མཐུན་པར་འགྱུར་ལ། མེད་ན་མི་འགྱུར་བས། འདིར་དབང་མདོར་བསྟན་ལས། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །མི་འགྱུར་བདེ་བ་

p. 144

འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་ཕྱག་རྒྱ་གསུམ་ལས། ཕྱག་ཆེན་གཅིག་སྦྱོར་མོས་པའི་ཡུལ་དུ་བཞག་ནས། གཞན་གཉིས་ལས་ཕྱེ་བའི་གསུམ་དུ་འགྱུར་ཏེ། བསྒོམ་པ་ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་རང་ལུས་ཨརྫ་པཱ་ཎིའི་ཕྱག་རྒྱ། གཞན་ལུས་ལས་ཀྱི་ཕྱག་རྒྱ་ལ་བསླབ་པའོ། །དང་པོ་ནི། ལུས་གནད་སྐྱིལ་ཀྲུང་བཅས་ལ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ལྟ་སྟངས་ཐད་ཀར་གཡོ་མེད་དུ་བལྟ། ངག་རླུང་གི་སྦྱོར་བ་ནི། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་པ་ལྟར་ཉམས་སུ་ལེན་པ་ལ། རང་ཉིད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྐུར་གསལ་བཏབ། དེ་ལའང་སྟོང་གཟུགས་ཀྱི་སྣང་བ་དྭངས་ཏེ་ལྷ་སྐུར་སྣང་བ་སྟོང་གཟུགས་དང་རོ་གཅིག་ཏུ་འཆར་བར་བྱས་ལ་ཅུང་ཟད་མཉམ་པར་བཞག སྟོང་གཟུགས་ཀྱི་སྣང་བ་དེ་ལྟར་འདྲེན་མི་ཐུབ་ན་ལྷ་སྐུ་གསལ་སྟོང་ལ་དམིགས་ཏེ་འཇོག་པ་ལས་འོས་མེད། ཡབ་ཡུམ་གཉིས་ཀའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་བསྒོམ་ཞིང་། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་གར་ༀ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་འོད་ཟེར་འབར་བའི་ཟེའུ་འབྲུར་ཧྲཱིཿས་མཚན་པར་བྱིན་གྱིས་བརླབས་ཏེ། སྙོམས་པར་འཇུག་པར་བསམས་ནས། སྟེང་འོག་གི་རླུང་ཁ་སྦྱར། རྩ་དབུ་མར་ཡེ་ཤེས་ཀྱི་རླུང་གཡོ་མེད་དུ་བཟུང་། ལྟེ་བའི་གཏུམ་མོ་རྗེས་ཆགས་ཀྱིས་འབར་བས། གཡོན་ཕུང་ལྔའི་རླུང་དང་། གཡས་ཁམས་ལྔའི་རླུང་། མིག་སོགས་དབང་ཤེས་ལྔ་ཡུལ་ལ་འཇུག་པའང་བསྲེགས་ཏེ་འགགས་པས། ལས་ཀྱི་དབང་པོ་ཕྱི་ཡུལ་ལ་འཇུག་པ་བཅད་པའི་རྟགས་སུ་དུ་བ་སོགས་ཀྱི་སྣང་བ་ཤར་ནས། སྟོང་པའི་གཟུགས་སེམས་རོ་གཅིག་ཏུ་འདྲེས་པའི་མེ་དབུ་མའི་ལམ་བརྒྱུད་དེ་སོང་བས་སྤྱི་བོའི་ཧཾ་ཡིག་ཟླ་བ་ཞུ་བའི་རྒྱུན་མགྲིན་པ་ལ་སོགས་པའི་འཁོར་ལོ་བཞིའི་གནས་སུ་རིམ་པར་བབས་པས་གང་བར་མོས་ནས། སྟོང་གཟུགས་དང་བསྲེ་ཞིང་འཁོར་ལོ་སོ་སོའི་བུམ་ཅན་གྱིས་གཟུང་བར་བྱ་སྟེ། དེའི་ཚེ་མགྲིན་པར་བབས་པས་སྣང་བ་ཟླ་བ་ཤར་བ་ལྟ་བུའི་དཀར་ལམ་དགའ་བའི་ཡེ་ཤེས་དང་། སྙིང་གར་མཆེད་པ་ཉི་མ་ཤར་བ་ལྟར་དམར་

p. 145

ལམ་མཆོག་དགའི་ཡེ་ཤེས་དང་། ལྟེ་བར་ཐོབ་པ་མུན་པ་ལྟར་ནག་ལམ་ཁྱད་དགའི་ཡེ་ཤེས་ཀྱི་སྐད་ཅིག་མ་སྟེ་རེ་རེ་བཞིན་ཡང་བཟུང་ལྡོག་ཁྱབ་པའི་གནད་ཚང་བར་བྱས་ནས། བྱང་སེམས་གསང་བར་བབས་པའི་ཚེ། ལུས་སྒུར་བ་དང་ཕྲག་ཕྲིག་འདར་བ་སོགས་ཡེ་མེད་པའི་ངང་ནས་རླུང་ཐིག་སེམས་གསུམ་རོ་གཅིག་ཏུ་དམིགས་ལ་གསང་བའི་བུམ་ཅན་དང་། དེ་ནས་ཕྱི་ནང་གསང་བ་གསང་ཆེན་གྱི་ཐེམ་པོ་བཞི་དང་། སེམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་འཇོག་པའི་གནད་རྣམས་ཀྱིས་བཟུང་བས་ཕྱིར་འཕོ་བ་འགགས་ནས། རྡོ་རྗེ་ནོར་བུར་བྱང་སེམས་འཁྱིལ་ལི་ལི་འཁྱིལ་བར་བསམས་ཏེ། ལྷན་སྐྱེས་དགའ་བའི་སྐད་ཅིག་མ་ལ་སེམས་བསྲེ་ཞིང་། ཡུམ་གྱི་པདྨའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བ་ལ་མཆོད་པས་མཉེས་པར་བྱས། དེ་ནས་ཧཱུྃ་ཕཊ་མདའ་གཞུའི་སྦྱོར་བ་དང་། ཡི་གེ་རབ་མཆོག་སྟེ་ཁྱད་པར་གྱི་འདྲེན་གཉིས་དང་། ཐུན་མོང་བ་འགྱུར་བ་བཞིས་བྱང་སེམས་འཁོར་ལོ་བཞིར་ཡར་ལྡོག་སྟེ་སྤྱི་བོའི་ཧཾ་ཡིག་གི་གནས་སུ་བསྐྱལ་བས་མས་བརྟན་གྱི་དགའ་བ་བཞི་ཡང་རིམ་པར་སྐྱེས་པར་བསམ་ལ། སེང་གེ་རྣམ་རོལ་དང་། གླིང་བཞི་གནད་བོར་དང་བཅུད་བོར། ཁྱི་ཚུགས་ལྡང་བ་བཞིས་ལུས་ཐམས་ཅད་ལ་ཁྱབ་པར་བསམ་ལ་དགྲམ་པའི་མཐར། ལུས་གནད་ལྟ་སྟངས་དང་བཅས་ཏེ་བུམ་ཅན་ལན་བདུན་ཙམ་བསྒོམས་པས་རླུང་དང་བསྲེ་ཞིང་། ཞུ་བདེའི་ཉམས་ད ང་འོད་གསལ་སྟོང་གཟུགས་བསྲེས་པའི་བདེ་སྟོང་ལ་མཉམ་པར་བཞག་པས་ཡེ་ཤེས་ཆེན་པོར་བསྐྱལ་བ་རྣམས་བྱ་སྟེ། བདེ་ཆེན་སྙིང་པོ་ལས། མ་ཡེངས་རྩེ་གཅིག་དམིགས་པ་ཡིས༔ ཡེ་ཤེས་ཕྱག་རྒྱའི་སྦྱོར་བ་ལས༔ བྱང་སེམས་དབབ་བཟུང་ལྡོག་དང་དགྲམ༔ རླུང་བསྲེ་ཡེ་ཤེས་ཆེན་པོར་སྐྱེལ༔ ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི་གནད་རྣམས་ཡེ་རྒྱ་དང་འདྲ་བ་ལས། བཱ་མ་ཧསྟའི་མཐེ་བོང་དང་མིང་མེད་གདུ་དུ་བུར་བཅིངས་པས། སྭ་བཛྲ་སྲོལློའི་བྱ་བས་བདེ་བ་བསྐུལ་བ་སྟེ། འདི་ནི་ཡེ་རྒྱ་དང་ལས་རྒྱའི་མཚམས་སྦྱོར་བྱེད་ཡིན་ཡང་། ཕྱག་རྒྱ་གསུམ་གྱི་ནང་ནས་ཡེ་ཤེས་ཀྱི་ཕྱག་རྒྱར་གཏོགས་སོ། །གསུམ་པ་ནི། དེ་ལས། རིག་མ་བརྟག་པ་འགུགས་པ་དང༔ ཁམས་གསོ་རྩ་རླུང་སྒྱུ་མར་སྦྱང༔ ཞེས་

p. 146

ཐུན་མོང་མ་ཡིན་པའི་སྦྱོར་བ་ལྔ་དང་། དངོས་གཞི་ནི། སྦྱོར་བ་དྲུག་ལྡན་དུ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་དབབ་དང་བཟུང་དང་ལྡོག༔ འགྲེམས་དང་རླུང་དང་བསྲེ་བ་དང༔ དབྱིངས་སུ་སྐྱེལ་བ་རྣམ་པ་དྲུག༔ ཅེས་གསུངས་པ་ལྟར་ཏེ། སྔར་ཡེ་རྒྱའི་སྐབས་སུ་བཤད་པ་ཡིད་ངོར་བསྒོམས་པ་དང་། འདིར་དངོས་སུ་སྒྲུབ་པའི་ཁྱད་པར་ཙམ་ལས་གཞན་ཕལ་ཆེར་འདྲ་བ་ཡིན་ནོ། །ཇི་སྐད་དུ། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། གང་ཞིག་བསྒོམ་བྱ་རྗེས་དྲན་པས། །དེ་ཡི་རྣམ་པ་ཡང་དག་སྤྲོ། །རྗེས་སུ་དྲན་པ་ཞེས་ཤེས་བྱ། །རབ་གསལ་དེ་ལ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། སྔར་གྱི་སྟོང་གཟུགས་རྗེས་སུ་དྲན་པའི་སྒོ་ནས་ཕྱག་རྒྱ་གསུམ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པ་ཡིས་དགའ་བ་ཡང་ཡང་དྲངས་ཏེ་ཞུ་བདེ་འཛག་མེད་ལ་བསླབས་པས། དགའ་བཞི་རྫོགས་པར་འདྲེན་ཐེངས་རེ་ལས་གཏུམ་མོའི་འབར་སྣང་གོང་ནས་གོང་དུ་འཕེལ་བ་དང་། ཀུན་ད་བྱང་ཆུབ་ཀྱི་སེམས་ནོར་བུ་ལས་བཏུང་བར་རྩོལ་ཡང་ཕྱིར་མི་འཕོ་བར་གྱེན་དུ་རང་ལྡོག་ལ་འགྲོ་བས་བདེ་བ་ཁྱད་པར་ཅན་ཉམས་སུ་མྱོང་ཞིང་། རང་ལུས་སྟོང་གཟུགས་ཀྱི་ལྷ་ཡབ་ཡུམ་དུ་ཤར་བ་ལས་སངས་རྒྱས་ཀྱི་སྤྲིན་དང་འོད་ཀྱི་དཀྱིལ་འཁོར་ཕྱི་ནང་ཐམས་ཅད་དུ་འཕྲོ་ཞིང་། དེས་ཁྱབ་ཚད་དུ་ཁམས་གསུམ་པའི་གཟུགས་བརྙན་མཐའ་ཡས་པ་འཆར་བ་སོགས་ཞུ་བདེ་གོང་འཕེལ་དུ་འགྱུར་བར་མ་ཟད། སྟོང་གཟུགས་ཀྱི་དཀྱིལ་འཁོར་ཡང་གོང་འཕེལ་དུ་འགྲོ་བའི་རིམ་པས་མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོར་མ་སྐྱེས་བར་ཚུན་ཆོད་ཐུགས་རྡོ་རྗེའི་ཕྱེད་སྔ་མ་སྒྱུ་ལུས་སམ་རྗེས་དྲན་གྱི་ཡན་ལག་གོ །དེ་ལྟར་འགྱུར་མེད་ཀྱི་བདེ་བ་བསྒྲུབ་པ་ལ་ཞུགས་པས་ལེགས་པར་གྲུབ་ནས་མི་འགྱུར་བའི་བདེ་བ་སྐད་ཅིག་དང་པོར་སྐྱེས་པ་ནས་ཐུགས་རྡོ་རྗེའི་ཕྱེད་ཕྱི་མ་སྟེ། རྒྱུད་གཞན་ལས་རིམ་པ་བཞི་པའི་འོད་གསལ་ལམ། ས་མ་དྷཱིའི་སྒྲ་ལས་ཏིང་ངེ་འཛིན་གྱི་ཡན་ལག་ཅེས་གསུངས་པ་དང་དགོངས་པ་མཐུན་པས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་མི་འགྱུར་བའི་བདེ་བ་རོ་གཅིག་ཏུ་འདྲེས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་དོན་ནོ། །དེ་ཡང་མི་འགྱུར་བའི་བདེ་བ་སྐྱེས་ཟིན་པའི་རྗེས་སུ་ཡང་རྗེས་དྲན་གྱི་རྒྱུན་

p. 147

བོར་ནས་དམིགས་རྣམ་མི་འདྲ་བའི་ལམ་གསར་པ་སྒོམ་དུ་མེད་པས་རྗེས་དྲན་གྱི་བསྒོམ་པའི་རྒྱུན་དེ་ཀ་ཏིང་ངེ་འཛིན་དུ་གནས་གྱུར་པ་ཡིན་ལ། དེ་ནི་ཡེ་ཤེས་གཅིག་ཉིད་ལ་ལྡོག་ཆའི་དབྱེ་བས་ལྷན་སྐྱེས་མི་འགྱུར་བའི་བདེ་ཆེན་དང་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་སྐུ་གཉིས་སོ་སོར་མཐོང་བའི་གཉིས་སྣང་ཟད་པས་ཟུང་འཇུག་ཏུ་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ཏེ། བྱེད་ལས་ཉོན་མོངས་པ་རླུང་དང་བཅས་པའི་ས་བོན་འཇོམས་པར་བྱེད་ཅིང་། ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་ཆེན་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སྒྲུབ་པར་བྱེད་པའི་ལམ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ། དེ་ལས། ཤེས་རབ་ཐབས་ནི་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །བྱས་ཏེ་གོང་བུའི་སྦྱོར་བ་ཡིས། །དབུས་སུ་གཟུགས་བརྙན་རྣམ་བསྒོམ་བྱ། །སྐད་ཅིག་ཡེ་ཤེས་རྫོགས་པ་ནི། །ཏིང་འཛིན་ཞེས་བྱའི་མིང་ཅན་ནོ། །ཞེས་ཕྱག་རྒྱ་དང་སྦྱོར་བའི་ཞུ་བདེའི་ལྷན་སྐྱེས་ཤར་བ་ལ་མཉམ་པར་བཞག་པ་ན། ཐབས་སྒྱུ་ལུས་ཀྱི་སྣང་བ་ཉིད་ཤེས་རབ་འོད་གསལ་བདེ་སྟོང་དུ་འཇུག་པས་སྣོད་བཅུད་ཐམས་ཅད་བདེ་ཆེན་གཅིག་ཏུ་བསྡུས་ཏེ་འོད་གསལ་སྒོམ་པ་དངོས་གཞིའི་ཚུལ་དུ་ཡུན་རིང་བར་མཉམ་པར་བཞག་ནས། དེ་ལས་ཟུང་འཇུག་དང་འདྲ་བའི་ལྷ་སྐུར་སྐད་ཅིག་གིས་ལྡང་བ་རྗེས་ཀྱི་ཚུལ་དུ་ཡུན་ཐུང་ངུར་བསྒོམ་པ་ལ་ཡང་ཡང་བསླབས་པས་དོན་གྱི་འོད་གསལ་རྟོགས་ནས་ཟུང་འཇུག་ལ་སྦྱོར་བ་ཡིན་ལ། དེ་ཡང་བཤད་རྒྱུད་རྡོར་འཕྲེང་ལས། རང་བཞིན་སྣང་བའི་དབྱེ་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེའི་སྐུ་ཉིད་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་སྔར་བཤད་པའི་ཕྱག་རྒྱའི་སྙོམས་འཇུག་གི་ཞུ་བདེས་དགའ་བཞི་དང་དབྱེར་མི་ཕྱེད་པའི་འོད་གསལ་སྐད་ཅིག་མ་བཞིའི་ཡེ་ཤེས་ཀྱི་ངོ་བོ་བདེ་བའི་ལྡོག་ཆ་ནས་ནང་གི་མངོན་བྱང་དང་། ཡེ་ཤེས་དེའི་སྣང་ཆའི་སྒོ་ནས་ཕྱིའི་མངོན་བྱང་དུ་དུས་བཞིའི་ནམ་མཁའ་མཐོང་བའི་ཤེས་པ་ཉིད་ཀྱི་དཔེས་བསྟན་པ་ལྟར་འོད་གསལ་གྱི་སྣང་བའི་ཡེ་ཤེས་ཐོབ་ནས་སྤྱོད་པ་སྤྱད་པས་ལས་ཀྱི་རྣམ་སྨིན་དུ་གྱུར་པའི་ལུས་ཡོངས་སུ་སྤངས་ཏེ་རྡོ་རྗེའི་སྐུ་ཐོབ་པར་བཤད་ལ། ལུས་ཇི་ལྟར་སྤོང་ཚུལ་ཡང་། རྒྱུད་དེ་ལས། སྐད་

p. 148

ཅིག་གཅིག་ལ་མངོན་བྱང་ཆུབ། །མཚན་ཉིད་འདི་ནི་སྐད་ཅིག་མཆོག །རྡོ་རྗེ་རྩེ་མོར་བྱང་སེམས་ནི། །འཛིན་པས་ལུས་ཀྱི་བསྟན་པ་ཉིད། །དེ་ཡིས་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིག་པས་སྟེང་དུ་བྱེད་པ་ནི། །རྒས་པ་མེད་པར་ཐེ་ཚོམ་མེད། །ཧཱུྃ་ཧོཿརིམ་བཞིན་ཤེས་པས་ནི། །འཛིན་པ་སྟེང་དུ་རྣམ་པར་སྤེལ། །སྔར་བཤད་པ་ཡི་བདུད་རྩི་ལྔ། །འདི་ནི་བཅུད་ཀྱི་ལེན་དུ་བརྗོད། །འདི་ཉིད་ཀྱིས་ནི་གྲུབ་པར་བྱེད། །ལྕགས་ལ་གསེར་འགྱུར་བྱས་ནས་ནི། །རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པ་འཐོབ་པར་འགྱུར། །ཞེས་པས་མངོན་པར་བྱང་ཆུབ་པའི་རིམ་པ་ནི། བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེ་ནོར་བུར་བཅིངས་ཏེ་འཛག་མེད་ལ་གོམས་པ་མཐར་ཕྱིན་པར་བྱས་པས་ལུས་ཀྱི་རྩ་འཁོར་ཐམས་ཅད་དུ་བརྟན་པར་འགྱུར་ཞིང་། དེ་ཡང་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་གཅིག་འགགས། རྩ་སུམ་ཅུ་རྩ་གཅིག་དབུ་མར་ཐིམ། ཁམས་དཀར་དམར་གྱི་བགྲོད་པ་རེ་རེ་ཡང་ནོར་བུ་དང་གཙུག་ཏོར་གྱི་ཕྱོགས་ནས་འགགས་པས་དབུ་མའི་ནང་དུ་གཡོ་མེད་དུ་བརྟན་ཏེ། དེ་ལྟར་རྩ་རླུང་ཁམས་རྣམས་དེང་ཕྱིན་ཆད་འཇིག་པ་མེད་ཅིང་རྒྱུན་མི་ཆད་པའི་སྟོང་གཟུགས་སུ་གྱུར་པ་ན། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་ནི་མི་འགྱུར་བདེ་བ་ཞེས་བྱ་ཞིང་། ཚུལ་དེས་ནོར་བུ་ནས་བརྩམས་ཏེ་རྩའི་འཁོར་ལོ་སྟེང་ནས་སྟེང་དུ་རླུང་དང་བྱང་ཆུབ་ཀྱི་སེམས་བདེ་སྟོང་གི་ངོ་བོར་གནས་གྱུར་པས། ཐ་མལ་རགས་ལུས་ཀྱི་ཆ་ཤས་རེ་རེ་ནས་འགགས་པའི་ཕྱིར་དེའི་ངོ་སྐལ་གྱི་རྒས་པས་མཚོན་ཏེ་ན་འཆི་ལ་སོགས་པའི་སྡུག་བསྔལ་མེད་པར་བྱེད་ཅིང་། དེ་ཡང་ཧཱུྃ་ཐུགས་རྡོ་རྗེ་སྟོང་པ་ཉིད་དང་། ཧོཿཡེ་ཤེས་རྡོ་རྗེ་བདེ་བ་ཆེན་པོ་འཕེལ་ཞིང་རླུང་དང་ཐིག་ལེ་འཛག་མེད་དུ་འཛིན་པས་ན་སྟེང་དུ་རྣམ་པར་སྤེལ་བ་སྟེ། ལས་རླུང་འགགས་པའི་དབྱེ་བས་སྐད་ཅིག་གི་མཚན་ཉིད་ཅེས་པ་མི་འགྱུར་བའི་སྐད་ཅིག་མ་ཡང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུར་ཞིང་། འཁོར་ལོ་དྲུག་ཏུ་རླུང་འཕོ་བ་བཅུ་གཉིས་འགགས་པས་རྩ་འཁོར་གོང་ནས་གོང་དུ་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་རིམ་གྱིས་ཐོབ་པ་སྟེ། དེས་ན་ཧཱུྃ་ཧོཿའི་སྦྱོར་བའི་དོན་ཡང་ཞུ་བདེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ལ་བསྲེས་པས། དེ་དེའི་ངོ་བོར་

p. 149

སོང་བ་ན་མི་འགྱུར་བའི་བདེ་བ་ཐོབ་པའི་དོན་ཡིན་ཞིང་། རླུང་དང་ཐིག་ལེའི་རབ་སྦྱོར་ནི་སྔར་བཤད་པ་ལྟར་ལས་རླུང་འགགས་པ་དང་ཐིག་ལེའི་བགྲོད་པ་བརྟན་པའི་དོན་དང་། བདུད་རྩི་ལྔ་པོ་བཅུད་ལེན་དུ་གྱུར་པ་ནི་དཔེས་མཚོན་པ་སྟེ། ཁམས་རགས་པ་གཞན་རྣམས་ཀྱང་དྭངས་མར་གྱུར་པའི་དོན་ནོ། །དེའི་ཚེ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའམ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདེ་ཆེན་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ངོ་བོ་དབྱེར་མེད་དུ་གྱུར་པའི་ཡེ་ཤེས་ཡིན་པས་ཟུང་འཇུག་གི་སྐུ་ཞེས་བྱ་སྟེ། བསྒྲུབ་བྱ་འབྲས་བུའི་སྐུ་ཉིད་ལ་རྡོ་རྗེའི་ཕྱག་རྒྱ་འོད་གསལ་མངོན་པར་བྱང་ཆུབ་པས་སྦྱོར་བར་བྱེད་པ་སྟེ། གསེར་འགྱུར་གྱི་རྩིས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བྱས་པ་བཞིན་ནོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ལས། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་བྱ་བ། །གནས་ལ་སོགས་པ་དོན་དམ་པའོ། །ཞེས་དང་། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་ཡོངས་རྫོགས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་རྡོ་རྗེ་འཆང་ཆེན་པོས་རྗེས་མཐུན་པའམ་ཆུང་ངུའི་གནས་ཐོབ་པས་རྡོ་རྗེ་སེམས་དཔའ་ཞེས་གདགས་ཀྱང་། སློབ་པའི་ཟུང་འཇུག་ཡིན་གྱི། མི་སློབ་པ་ནི་མ་ཡིན་ཏེ། རྒྱས་པར་འོག་ཏུ་འཆད་དོ། །ཡན་ལག་འདི་གཉིས་ཀྱིས་མ་དག་པའི་སེམས་དང་ཡེ་ཤེས་ཀྱི་བྱེད་པ་བཅིངས་པ་ལས་ཐུགས་རྡོ་རྗེ་དང་ཡེ་ཤེས་རྡོ་རྗེ་མངོན་དུ་སྒྲུབ་པར་བྱེད་པའི་ཕྱིར་བཀོད་པ་ཐིག་ལེ་དག་བྱེད་ཐ་མར་དགེ་བ་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་ཆོས་སུ་འགྱུར་པ་ཡིན་ནོ། །གཉིས་པ་དེ་ལྟར་བསྒོམས་པས་མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་ཚུལ་ལ་བཞི་སྟེ། དབང་རྣོན་བརྩོན་འགྲུས་རབ་ཚེ་འདི་ལ། འབྲིང་བར་དོ། ཐ་མ་སྐྱེ་སྲིད་ཕྱི་མར་མཆོག་གི་དངོས་གྲུབ་ཐོབ་པ་དང་། ལེ་ལོ་ཅན་བཙན་ཐབས་འཕོ་བའི་གདམས་པས་མཚམས་སྦྱོར་ཚུལ་ལོ། །དང་པོ་ནི། དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས༔ ཞག་ནི་སུམ་ཅུ་ཕྲག་དྲུག་ཏུ༔ རྩེ་གཅིག་འབད་པས་བསྒོམས་གྱུར་ན༔ ལུས་འདི་ཉིད་ལ་རིག་འཛིན་གྱི༔ གཙོ་བོར་

p. 150

བྱང་ཆུབ་བརྙེས་འགྱུར་ཞིང ༔ ཞེས་པ་སྟེ། དེའི་དོན་ཐུགས་རྡོ་རྗེའི་མཚན་མོའི་རྣལ་འབྱོར་གུད་དུ་གདམས་པ་ལས། བཞི་པ་མི་འགྱུར་རྟག་པ་ཡི༔ འབྲས་བུ་མངོན་དུ་བྱེད་པ་ནི༔ ཟབ་མོའི་གནས་ལུགས་དེ་ཁོ་ནར༔ རྩེ་གཅིག་མཉམ་པར་འཇོག་པ་དང༔ མི་ཤིགས་ལྷ་ཡི་སྐུར་བསྒོམ་པར༔ ཉིན་དུས་རྣམ་གཡེང་སྤངས་ཏེ་བསྒོམ༔ མཚན་མོ་གཉིད་དང་རྨི་ལམ་དག༔ འོད་གསལ་བ་དང་ལྷ་ཡི་སྐུར༔ བསྒྱུར་ནས་རང་འོད་རིག་མ་ལ༔ བརྟེན་ནས་ཉིན་མཚན་སྐད་ཅིག་ཀྱང་༔ གཡེལ་བ་མེད་པར་ཐ་མལ་གྱི༔ རྣམ་པར་རྟོག་པ་ཀུན་སྤངས་ཏེ༔ ཟླ་དྲུག་བསྒོམས་པས་ཕྲ་རགས་རླུང་༔ ཕལ་ཆེར་མཉམ་རྗེས་ཀུན་ཏུ་ཐིམ༔ ཁྱད་པར་འཕོ་བའི་རླུང་ཕྲ་མོ༔ རྩ་ཡི་འཁོར་ལོ་བདུན་ཙམ་དུ༔ སྤྱོད་པའང་མཉམ་བཞག་དུས་ན་བཀག༔ དེ་ཡིས་ཉི་མ་ཟླ་བའི་འགྲོས༔ བཅིངས་པའི་སྟོབས་ཀྱིས་རགས་པའི་ལུས༔ ཕྲ་ཡང་ཉིད་དུ་གནས་འགྱུར་ལ༔ དེ་ལས་རྣམ་གཡེང་ཀུན་སྤངས་ནས༔ ལས་སམ་ཡེ་ཤེས་ཕྱག་རྒྱ་ལ༔ བརྟེན་པས་ལུས་འདི་རིག་འཛིན་གྱི༔ གཙོ་བོ་ཉིད་དུ་མངོན་བྱང་ཆུབ༔ ཅེས་པས་རྒྱས་པར་བཀྲལ་ཏེ། དེ་ལྟར་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་ཕྱེད་སྔ་མ་སྒྱུ་ལུས་ཀྱི་སྐུ་སྒྲུབ་པ་ལ་ཞུགས་པའི་གང་ཟག་བསྒོམ་བྱའི་མན་ངག་ཅན་རྣམས་ཀྱིས་ཇི་ལྟར་སྒྲུབ་པའི་རིམ་པ་ནི། སྒྱུ་ལུས་ཡེ་ཤེས་ཀྱི་སྐུ་ཆུང་ངུ་མ་གྲུབ་ཀྱི་བར་དེ་སྲིད་དུ། ཉིན་པར་སྣོད་བཅུད་དཔེའི་འོད་གསལ་དུ་བཅུག་ལ་ཟབ་མོའི་གནས་ལུགས་སྟོང་ཉིད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པ་སྔོན་དུ་བཏང་ནས། དེ་ལས་རླུང་སེམས་མི་ཤིགས་པའི་སྒྱུ་ལུས་ཀྱིས་ལྷ་སྐུའི་རྣམ་པར་ལྡང་བ་དངོས་གཞིའི་ཚུལ་དུ་བྱས་ཏེ། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་སྤྱོད་པས་དུས་འདའ་བར་བྱ་ཞིང་། མཚན་མོ་གཉིད་འཐུག་འོད་གསལ་དང་། རྨི་ལམ་ལྷ་སྐུར་བསྒྱུར་ནས་རང་འོད་ཀྱི་རིག་མ་ལ་འཁྱུད་པས་བདེ་སྟོང་གི་ཡེ་ཤེས་འདྲེན་པའི་སྦྱོར་བ་ལ་སྤྱོད་པ་ཇི་སྲིད་དུ་སྤྱོད་པའི་ཞག་གི་དུས་གྲངས་ནི་སུམ་ཅུ་ཕྲག་དྲུག་སྟེ། ཟླ་བ་དྲུག་གི་བར་དུ་ཉིན་མཚན་གཉིས་ཀ་སྐད་ཅིག་ཀྱང་མི་གཡེལ་བར་ཐ་མལ་གྱི་རྣམ་རྟོག་ཀུན་སྤངས་ཏེ་སེམས་རྩེ་གཅིག་པའི་འབད་པ་ཆེན་པོས་བསྒོམས་པར་གྱུར་པ་ན་ཀུན་ནས་ཉོན་མོངས་པ་

p. 151

ཕྲ་རགས་ཀྱི་རྟེན་ལས་ཀྱི་རླུང་རགས་པ་དང་ཕྲ་བ་རྣམས་ཕལ་ཆེ་བ་མཉམ་རྗེས་ཀུན་ཏུ་ཐིམ་པར་འགྱུར་ཞིང་། ཁྱད་པར་དུའང་སྣང་གསུམ་གྱི་སྒྲིབ་པའི་རྟེན་འཕོ་བའི་རླུང་ཕྲ་མོ་རྩའི་འཁོར་ལོ་བདུན་ཙམ་དུ་སྤྱོད་པ་སྟེ། སྤྱིར་རྩ་འཁོར་ཐམས་ཅད་ལས་སྣང་བ་བཞི་ཀ་འཆར་ཡང་། འདིར་རྩ་འཁོར་བདུན་ནི་གཙོ་ཆེ་བའི་དབང་དུ་བྱས་ཏེ། སྤྱི་མགྲིན་སྙིང་ག་གསུམ་གྱི་རླུང་རང་ལུས་ཐབས་ལྡན་གྱིས་ཐིམ་པར་འགྱུར་བའི་གནས་དང་། ལྟེ་གསང་ནོར་བུའི་འཁོར་ལོ་གསུམ་ལས་རྒྱ་ལ་བརྟེན་ནས་ཐིམ་དགོས་པས། སྟེང་འོག་གི་འཁོར་ལོ་གསུམ་ཚན་གཉིས་ལ་གནས་པའི་སྣང་མཆེད་ཐོབ་གསུམ་གྱི་རྣམ་རྟོག་གི་བཞོན་པར་གྱུར་པའི་རླུང་ཆེས་ཕྲ་བ་དང་། ཤིན་ཏུ་ཕྲ་བ་ཉེར་ཐོབ་སྐད་ཅིག་བཞི་པའི་བཞོན་པ་ནི་སྣང་གསུམ་རོ་མཉམ་པའི་གནས་ཏེ་ཐམས་ཅད་བསྡོམས་པའམ། གཙོ་བོར་འོག་གི་འཁོར་ལོ་གསུམ་ཆ་མཉམ་པ་ལས་སྐྱེ་ཡང་། འདིར་ཁྱད་པར་གྱི་གནས་ནི་རྡོ་རྗེའི་རྩེ་མོ་དང་པདྨའི་སྣ་རྩེའི་འཁོར་ལོ་སྟེ། དེ་ལྟར་སྒྱུ་ལུས་ཀྱི་འགོ་ཐོབ་མ་ཐག་ནས་བརྩམས་ཏེ་སྤྱོད་པ་རྟག་ཏུ་སྤྱད་པས་སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པ་དང་ལྷན་ཅིག་ཏུ་འཕོ་བའི་རླུང་ཕྲ་མོ་རྩ་འཁོར་བདུན་ཙམ་དུ་རྒྱུ་བའམ་མཉམ་བཞག་གི་དུས་སུ་འགོག་ནུས་པ་དེས་ཉི་ཟླའི་འགྲོས་བཅིངས་པའི་སྟབས་ཀྱིས་རྣམ་སྨིན་གྱི་ལུས་རགས་པ་ཉིད་ཡོན་ཏན་བརྒྱད་ལྡན་དུ་གནས་འགྱུར་བ་སྟེ། ཇི་སྐད་དུ། གཟུགས་ཕྲ་རེག་པ་ཡང་བ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །ཤིན་ཏུ་གསལ་བ་ཉིད་བསྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །ཞེས་གསུངས་པ་ལྟར། གང་ལ་ཡང་ཐོགས་མེད་དུ་འཇུག་པར་ནུས་པའི་ལུས་ནི་ཕྲ་བ་དང་། འབྱུང་བཞིའི་གནོད་པས་བཅད་པ་ད ང་གཞིག་ཏུ་མེད་ཅིང་ནམ་མཁའ་སོགས་ལ་མཉམ་པར་འགྲོ་བས། རེག་པ་ཡང་བ་དང་། གཟུགས་ཆེན་པོའམ་མང་པོས་ཡུལ་ཕྱོགས་མང་པོར་ཅིག་ཅར་དུ་དོན་བྱེད་ནུས་པས་ཁྱབ་པ་དང་། སྣང་བ་རགས་པ་རྣམས་སྒྱུ་མ་ལྟར་འཆར་བའི་ཏིང་ངེ་འཛིན་རང་ཤུགས་ལ་འབྱུང་བས་ཡང་དག་པར་ཐོབ་པ་དང་། རྫུ་འཕྲུལ་གྱི་སྣང་བ་གཞན་ལ་སྟོན་ནུས་པས་རབ་ཏུ་སྣང་བའམ་ཤིན་ཏུ་གསལ་བ་དང་། འཇིགས་པ་དང་བག་ཚ་བ་མེད་པས་བརྟན་པ་དང་། རང་

p. 152

གི་འདོད་དོན་སྒྲུབ་པ་གཞན་ལ་རག་མ་ལུས་པར་དབང་དུ་གྱུར་པས་དབང་ཕྱུག་ཉིད་དང་། ལས་དང་དངོས་གྲུབ་མང་པོ་བསམ་པ་ཙམ་གྱིས་འགྲུབ་པས་འདོད་དགུར་བསྒྱུར་བའོ། །དེས་ནི་ཟླ་བ་དྲུག་ཏུ་སྤྱོད་པ་སྤྱད་པས་མཆོག་གི་དངོས་གྲུབ་འཕགས་ལམ་ཐོབ་པར་ཉེ་བའི་མཚན་མའམ་ཉིན་རྟགས་ཏེ། གཙོ་བོར་ལུས་ཀྱི་རྟགས་ཡིན་ཞིང་། དེ་ལྟར་འབྱུང་ནུས་པ་ནི་སེམས་ཀྱི་རྟགས་ཀྱང་ཡིན་ལ། འདི་ནི་རྫོགས་རིམ་ལ་བརྟེན་ནས་ཆེད་དུ་བྱ་བ་མཆོག་བསྒྲུབས་པས་ཐུན་མོང་གི་དངོས་གྲུབ་ཞོར་ལ་ཐོབ་པ་ཞེས་བྱ་ཞིང་། དེའི་ཚེ་མཚན་རྟགས་ནི། རྨི་ལམ་དུ་རང་ཉིད་བདེ་གསལ་མི་རྟོག་པའི་བྱང་ཆུབ་ལ་ཞུགས་ནས། དེ་ལས་ཡེ་ཤེས་ཀྱི་སྐུར་ལྡང་བ་སོགས་མཐོང་བའོ། །སྒྱུ་ལུས་ཀྱི་ལྷ་སྐུ་དེ་ཡང་ཕྱག་རྒྱ་བཞི་ལས་མི་འདའ་བའི་ལྷར་དངོས་སུ་གྱུར་པ་སྟེ། རླུང་སེམས་ཙམ་ལས་ཞལ་ཕྱག་དཀྱིལ་འཁོར་རྫོགས་པ་ནི་ཕྱག་རྒྱ་ཆེན་པོ། དག་པའི་རྩ་དང་རླུང་གི་སྒྲ་དབྱངས་སྔགས་དང་ཆོས་ཀྱི་སྒྲར་ཤར་བ་ནི་ཆོས་ཀྱི་ཕྱག་རྒྱ། སེམས་སྣང་གི་རིག་མས་འཁྱུད་པའི་རྐྱེན་ལས་ཐུགས་བདེ་སྟོང་དུ་ཤར་བ་དམ་ཚིག་གི་ཕྱག་རྒྱ། སེམས་ཅན་གྱི་དོན་དངོས་སུ་སྤྱོད་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་ཡང་སྒྱུ་ལུས་ཐོབ་མ་ཐག་ནས་སྤྱོད་པ་མ་སྤྱད་ན། ནམ་མཐོང་ལམ་ཐོབ་པའི་ཚེ་རྣམ་སྨིན་གྱི་ལུས་ཡེ་ཤེས་ཀྱི་སྐུར་གནས་འགྱུར་བ་མ་གཏོགས་དེ་གོང་དུ་རིག་འཛིན་གྱི་ལུས་སུ་མི་འགྱུར་ཡང་སྒྱུ་ལུས་ཀྱི་ལམ་མཐར་མི་ཕྱིན་པ་མ་ཡིན་མོད། དེ་ལྟ་ནའང་འདིར་སྤྱོད་པ་སྤྱད་པས་ཡོན་ཏན་བརྒྱད་ལྡན་གྱི་ལུས་སུ་གྱུར་པའི་སྒྱུ་ལུས་ཀྱི་རྟེན་ཁྱད་པར་ཅན་འདི་ཉིད་ལས་འོད་གསལ་གྱིས་རིམ་པར་འཕོ་བ་ལ་ནི་སྤྱོད་པ་ངེས་པར་སྤྱོད་དགོས་པས། སྤྱོད་པའི་རྣམ་དབྱེ་རྒྱས་པར་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། དེ་ཡང་སྤྱོད་པ་ལ། དང་པོར་གསང་བའི་སྤྱོད་པ་ནི། དགྱེས་རྡོར་ལས། ཟླ་བ་གཅིག་ཏུ་གསང་ལ་སྤྱོད། །ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །ཞེས་གསུངས་པ་ལྟར། དུར་ཁྲོད་སོགས་དབེན་པ་ཉིད་དུའམ། མི་དབེན་ན་མཚན་མོ་སྤྱོད་པ་བྱ་ཞིང་། ཉིན་པར་རང་གི་ཁྱིམ་དུ་བསྒོམ་པའོ། །བར་དུ་ཨ་བ་དྷཱུ་ཏིའི་སྤྱོད་པ་ནི། གསང་བའི་སྤྱོད་པས་མངོན་ཤེས་ཐོབ་ཅིང་བརྡ་དང་བརྡའི་ལན་ཐོགས་མེད་དུ་ཤེས་པ་ན་ཉེ་བའི་གནས་སོགས་སུ་རྒྱུ་ཞིང་རྣལ་འབྱོར་

p. 153

མ་རྣམས་དང་ལྷན་ཅིག་སྤྱོད་པ་བྱེད་པའོ། །མཐར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ནི། སྐབས་འདིར་སྤྱད་བྱ་སྟེ། དེ་ལའང་དབྱེ་ན། གསུམ་ལས། སྤྲོས་བཅས་དང་། སྤྲོས་མེད་ཀྱི་སྤྱོད་པ་གཉིས་ནི་ལས་ཀྱི་ཕྱག་རྒྱ་བསྟེན་ནས་ཟླ་བ་གཅིག་གམ་དྲུག་ལ་སོགས་པར་སྤྱོད་པ་སྟེ། སྤྲོས་བཅས་ནི། ཚོགས་ཀྱི་ཁང་པར་རྣལ་འབྱོར་པ་ཕོ་མོ་ཚོགས་པ་རྣམས་ཀྱང་ལྷའི་ཆས་སུ་ཞུགས་ཏེ་གླུ་གར་རོལ་མོ་སོགས་སྤྲོས་བཅས་ཀྱི་བྱ་བ་མང་པོས་ཚོགས་ཀྱི་འཁོར་ལོར་རྟག་ཏུ་སྤྱོད་པ་ཡིན་ལ། སྤྲོས་མེད་ནི། རྣལ་འབྱོར་པ་ཕོ་མོ་རྣམས་ཚོགས་ཁང་དང་ཆས་འཇུག་ཅི་བདེ་བས་གླུ་གར་སོགས་ཀྱི་བྱ་བ་རྒྱ་ཆེན་མིན་པར་འདོད་པ་ལ་ཅི་དགར་རྟག་ཏུ་རོལ་བའོ། །ཤིན་ཏུ་སྤྲོས་མེད་ནི། ཡེ་ཤེས་ཀྱི་ཕྱག་རྒྱའམ་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་གཅིག་པུ་བྷུ་སུ་ཀུའི་སྤྱོད་པས་ཉིན་མཚན་འདའ་བར་བྱེད་པ་ཡིན་པས། འདིར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའམ་ཕྱག་རྒྱ་ཆེན་པོ་གང་ལ་བརྟེན་ཡང་རུང་སྟེ། རྣམ་གཡེང་ཐམས་ཅད་སྤངས་ཏེ་བརྩོན་འགྲུས་བར་མ་ཆད་པས་འོད་གསལ་བདེ་སྟོང་གི་ངང་ལས་རང་ཤར་བའི་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུས་རྩ་རླུང་ཐིག་ལེའི་ཁམས་ཐིམ་འགྲོས་ལ་བརྟེན་ནས་ས་ལམ་གྱི་ཡོན་ཏན་རྣམས་འཐོབ་པར་འགྱུར་བའི་ཕྱིར། སྔར་ཁྲིད་ཡིག་དང་སྒྲུབ་ཐབས་ཀྱི་རྣམ་བཤད་གཉིས་སུ། སྒྱུ་འཕྲུལ་རྡོ་རྗེ་ལས། ས་དང་ས་ཡི་ཡོན་ཏན་རྣམས། །རྩ་རྣམས་ཀྱི་ནི་སྐྱེ་འབྲི་ལས། །རླུང་དང་བདེ་ཆེན་ལས་འདོད་དེ། །སྦྱང་གཞི་སྦྱོང་བྱེད་འཕེལ་དང་འགྲིབ། །སྲིད་དང་མྱ་ངན་འདས་འཕེལ་འགྲིབ། །རྣམ་བཞིའམ་གསུམ་མམ་ལྔ་འཁོར་ལོ། །གཉིས་གཉིས་ཀྱི་ནི་གཅིག་མ་རྫོགས། །ས་བཅུ་ཐ་མས་ཡེ་ཤེས་པ། །བཞོ་བས་སྟེང་དང་འོག་ཏུ་གྲགས། །ཞེས་པའི་དོན་ཀུན་མཁྱེན་ཆོས་རྗེས་ཡིད་བཞིན་མཛོད་དུ། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་བཀྲལ་བའི་རྗེས་སུ་འབྲངས་ཏེ། ལྟེ་སྙིང་མགྲིན་པ་སྤྱི་བོའི་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་བས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞིའི་ཡོན་ཏན་འཆར་ཞིང་། དབུ་མའི་མདུད་པ་ཉི་ཤུ་རྩ་གཅིག་གི་གཉིས་གཉིས་

p. 154

གྲོལ་བས་ས་བཅུ་དང་། ཐ་མར་ཉེར་གཅིག་པ་གྲོལ་བས་སངས་རྒྱས་ཀྱི་སའི་ཡོན་ཏན་འཆར་བར་བཤད་ཅིང་། འདིར་སྔར་རིམ་པ་བཞི་པའི་འོད་གསལ་ལམ་ཏིང་འཛིན་གྱི་ས་བཅུ་འཆད་པའི་ཚེ། འཁོར་ལོ་དྲུག་གི་ཕྱེད་ཕྱེད་དུ་ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་རེ་འགགས་པ་ལས་མི་འགྱུར་བའི་བདེ་བ་དེ་སྙེད་མངོན་དུ་བྱས་པ་ལས་བཅུ་གཉིས་སུ་འཇོག་པའི་ཚུལ་སེམས་འགྲེལ་སྐོར་གསུམ་དུ་རྒྱས་པར་གསུངས་པ་ལྟར་བཤད་པ་གཉིས་འགལ་ལམ་སྙམ་ན་མི་འགལ་ཏེ། སྤྱིར་སམྦུ་ཊ་དང་མངོན་བརྗོད་སོགས་རྒྱུད་མང་པོར། མི་ཕྱེད་མ་སོགས་རྩ་བཞི་སྤྱི་བོ་ལ་སོགས་པའི་གནས་བཞིར་གནས་ཤིང་། དེ་རྣམས་ས་དང་པོར་གསུངས་ལ། དེས་མཚོན་ཏེ་རྩ་ཉི་ཤུ་རྩ་བཞི་ས་བཅུར་གསུངས་པ་དང་སེམས་འགྲེལ་ལས་གསུངས་པ་དེ་འཆད་ཚུལ་ཐ་དད་པ་ལྟར་གྱུར་ཀྱང་། ལས་བྱེད་པའི་རྩ་ཉི་ཤུ་རྩ་བཞི་དང་། ལས་བྱ་བའི་རྩ་འཁོར་ལོ་དྲུག་ཡིན་པས། དེ་དང་དེར་རྩ་རླུང་ཁམས་རྣམས་ཐིམ་ཚུལ་གྱིས་བྱུང་བས་གནད་གཅིག་པ་བཞིན་དུ། དབུ་མའི་མདུད་པ་ཉེར་གཅིག་ཏུ་བཤད་པའང་འཁོར་ལོ་དྲུག་གི་གསང་འཁོར་སོགས་མས་རིམ་ནས་བགྲངས་པའི་འཁོར་ལོ་ལྔ་རེ་རེ་ཡང་ཕྱེད་ཕྱེད་དུ་བཅད་ཅིང་། འཁོར་ལོ་སོ་སོའི་བར་དང་དེ་རེ་ཕྱེད་བཅད་ཀྱི་བར་སྟོང་རེ་རེ་སྟེ་ཉི་ཤུ་པོ་ལས། གསང་འཁོར་གྱི་ཕྱེད་མན་ཆད་དང་། དེའི་སྟེང་གི་བར་སྟོང་བཅས་རྩ་མདུད་གཉིས་གྲོལ་བས་ས་དང་པོ་ཡིན་པ་ནས། ཐ་མ་གཙུག་ཏོར་གྱི་འཁོར་ལོ་རིལ་པོའི་མདུད་པ་གྲོལ་བས་སངས་རྒྱས་ཀྱི་སར་བཞག་པ་ཉིད་རགས་བཤད་ཙམ་དང་། འདིར་བར་སྟོང་གི་མདུད་པ་ལོགས་སུ་མ་བཤད་པར་འཁོར་ལོ་དྲུག་པོའི་ཕྱེད་ཕྱེད་བྱང་སེམས་ཀྱིས་བརྟན་པར་བཤད་པ་འདི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པས་དུས་སྦྱོར་དང་རྟེན་འབྲེལ་བཅུ་གཉིས་འགགས་ཤིང་མི་འགྱུར་བའི་བདེ་བ་སྐད་ཅིག་མ་རེ་གྲུབ་ཚུལ་སོགས་ཞིབ་བཤད་ཡིན་པས་མི་འགལ་བར་མ་ཟད། དོན་གཅིག་ཏུ་གསལ་བར་འབབ་པ་ཡིན་ལ། དེ་ནི་ངེས་པར་ཡང་འཐད་དགོས་ཏེ། ལས་དང་པོ་པའི་གནས་སྐབས་འགར་ཕན་ཚུན་དོད་ཐུབ་སྒྲིག་པ་མང་མོད། ལམ་མཐོན་པོར་སོང་ནས་ངོ་བོ་རིགས་མཐུན་པའི་སྒོ་ནས་ཁྱད་མེད་པ་ཞིག་མ་བྱུང་ན། དོད་འགྲིག་པ་ཙམ་གྱིས་

p. 155

སངས་རྒྱས་འཐོབ་པའི་རྒྱུ་ཚོགས་ཚང་བར་མི་ཕན་ཞིང་། ཞི་བའི་སྒོ་ཡང་ཐ་དད་པ་མང་པོར་ཐལ་བའི་ཕྱིར་རོ། །གཞན་ཡང་ཏིང་ངེ་འཛིན་གྱི་སའི་སྐབས་སུ་བསྐྱེད་རིམ་རྣམ་བཤད་དུ་མཁས་པ་སྔ་མ་མང་པོའི་བཞེད་པ་ལྟར། དུས་སྦྱོར་བཅུ་གཉིས་འགགས་པའི་དང་པོ་སྦྱོར་ལམ་ཆོས་མཆོག གཉིས་པ་ནས་རིམ་པར་འཕགས་པའི་སློབ་ལམ་ས་བཅུ་དང་མི་སློབ་ལམ་སངས་རྒྱས་ཀྱི་ས་རྣམས་དང་སྦྱར་ཏེ་བཤད་ནའང་། ཡེ་ཤེས་ཀྱི་སྐུ་ཐོབ་པའི་སྔ་རོལ་དུ་དུས་སྦྱོར་བཅུ་གཉིས་མ་འགགས་ན་ཡེ་ཤེས་ཀྱི་སྐུ་འགྲུབ་པར་མི་འགྱུར་ཏེ། ཚེ་དེའི་ཕུང་པོ་མ་འགགས་པར་བར་དོའི་སྲིད་པ་གྲུབ་མི་ཐུབ་པ་བཞིན་ནོ། །དེར་མ་ཟད་ཡོན་ཏན་གྱི་ཁྱད་པར་ཡང་། ཏིང་ངེ་འཛིན་གྱི་ས་དང་པོ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་ཁམས་གཅིག་ཏུ་མ་མཐོང་བའི་དོན་མཐོང་བར་བཤད་པ་དང་། ས་གཉིས་པས་གཉིས་སོགས་ཕྱི་མ་ཕྱི་མ་ཉིས་འགྱུར་གྱི་གྲངས་ཚད་བཟུང་ནས་དུས་འཁོར་དུ་གསུངས་པ་ལྟར་དེའི་ལུགས་ཀྱི་ས་བཅུ་པ་ཐོབ་པ་ན་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་དང་བཅུ་གཉིས་ཀྱི་དོན་མཐོང་བ་ལས་མ་བྱུང་བས། འཕགས་པའི་ས་བཅུ་པའི་ཡོན་ཏན་ནི། འཇུག་པ་ལས། རེ་ཞིག་བཅུ་པ་འདི་ཡི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་གྱུར་ཅིང་། །ངག་གི་སྤྱོད་ཡུལ་མ་ཡིན་བསྡོམས་རྣམས་ནི། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །ཞེས་མདོ་སྡེ་ས་བཅུ་པའི་དོན་བསྡུས་ནས་གསུངས་པ་སོགས་མདོ་བསྟན་མང་པོ་དང་འགལ་བར་སྣང་བས་འཆད་མི་བདེ་བར་མཐོང་ལ། ཡང་འགའ་ཞིག་མིའི་རྟེན་ལ་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་མེད་པར་འགྱུར་ཏེ། རྣམ་སྨིན་གྱི་ལུས་མཐོང་ལམ་དུ་སྤངས་པས་བར་དུ་བྱང་འཕགས་ཀྱི་ཡེ་ཤེས་ཀྱི་སྐུ་བརྒྱུད་དགོས་པར་སོང་བའི་ཕྱིར་སྙམ་ན་སྐྱོན་མེད་དེ། རྣམ་སྨིན་གྱི་ལུས་མཐོང་ལམ་དུ་སྤངས་པ་དེ་ཡང་རྡོས་བཅས་ཀྱི་ཕུང་པོ་བཞག་པ་མ་ཡིན་པས་ཚེ་གཅིག་གི་རྒྱུན་ཁོ་ན་ཡིན་ལ། རྣམ་སྨིན་འཁོར་བའི་ལུས་གཉིས་པ་མ་བླངས་པས་ཚེ་གཅིག་ལུས་གཅིག་གི་ཐ་སྙད་ཀྱང་རུང་བའི་ཕྱིར་རོ། །དེས་ན་འདིར་འཁོར་ལོ་དྲུག་གི་ཕྱེད་ཕྱེད་དུ་དབུགས་སྟོང་བརྒྱད་བརྒྱ་པ་རེ་འགགས་པའི་དབྱེ་བས་གསང་འཁོར་གྱི་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བ་ཏིང་

p. 156

ངེ་འཛིན་གྱི་ས་དང་པོ་ཕྱེད་ཕྱི་མ་གང་བ་ས་གཉིས་པ་ཡིན་པ་སོགས་འགྲེ་བས། གཙུག་ཏོར་གྱི་ཕྱེད་ཕྱི་མ་གང་སྟེ་གཙུག་ཏོར་ཡང་ཧྲཱིལ་གྱིས་བརྟན་པས་ས་བཅུ་གཉིས་པའི་དབང་ཕྱུག་ཏུ་འགྱུར་བ་ཡིན་ནོ། །དེ་ལ་འདིར་གསང་སྔགས་རང་ལམ་གྱི་ས་ལམ་སྦྱོར་ཚུལ་ནི། བསྐྱེད་རིམ་རགས་པ་དང་ཕྲ་བ་ལ་བརྟན་པ་ཐོབ་པ་ན་རིམ་པས་ཡེ་ཤེས་ཕེབས་པ་དང་ཡེ་ཤེས་ལ་ཆེས་དབང་བ་ཞེས་དྲན་པ་ཉེར་བཞག་དང་ཡང་དག་སྤོང་བས་བསྡུས་པ་ཚོགས་ལམ་ཆུང་འབྲིང་གཉིས་རྫོགས། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་གང་ཟག་གི་རྫོགས་རིམ་སྐུ་རྡོ་རྗེའི་ཕྱེད་སྔ་ཕྱི་མཐར་ཕྱིན་ན་སྦྱོར་ལམ་དྲོད་ཀྱི་ཐོག་མར་སླེབ་སྟེ་ཕྱེད་སྔ་མས་རྫུ་འཕྲུལ་གྱི་རྐང་པ་ཅན་ཚོགས་ལམ་ཆེན་པོ་དང་། ཕྱི་མས་སྦྱོར་ལམ་དྲོད་ལ་སྦྱོར་ནུས་པའི་ཕྱིར་རོ། །ཅི་སྟེ་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྔོན་དུ་མ་སོང་བར་སྐུ་རྡོ་རྗེ་མཐར་ཕྱིན་པ་ཡིན་ན་ཚོགས་ལམ་ཆེན་པོར་རེག་པ་ཙམ་དུ་འགྱུར། སྔར་བསྐྱེད་རིམ་བརྟན་རུང་མ་བརྟན་རུང་གསུང་རྡོ་རྗེའི་ཕྱེད་སྔ་ཕྱི་མཐར་ཕྱིན་པས་རིམ་པར་དྲོད་ཆུང་འབྲིང་དང་ཆེན་པོ་སྐྱེས་ནས་རྩེ་མོ་ལ་སྦྱོར་ནུས། ཐུགས་རྡོ་རྗེ་ཕྱེད་སྔ་མས་ཡེ་ཤེས་ཀྱི་སྐུ་ཆུང་ངུ་སྒྱུ་ལུས་རླུང་སེམས་ཙམ་གྱི་སྐུ་ཐོབ་ཅིང་སྟོང་གཟུགས་ཀྱི་བདེ་བ་རྫོགས་པར་འདྲེན་ནུས་པས་རྩེ་མོ་མཐར་ཕྱིན་ཏེ། ཡས་བབས་ཀྱི་དགའ་བཞིའི་སས་བསྡུས་པའི་ཞུ་བདེ་དབང་པོ་ལྔའི་རང་བཞིན་དྲོད་དང་རྩེ་མོ་གཉིས་ཡིན་པའི་ཕྱིར་རོ། །ཐུགས་རྡོ་རྗེའི་ཕྱེད་ཕྱི་མ་ལས་ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པ་མན་ཆད་ནི་སྦྱོར་ལམ་བཟོད་པ་དང་། ས་བཅུ་གཉིས་པའི་སྐད་ཅིག་མ་སྟོང་བདུན་བརྒྱ་གོ་དགུ་ནི་སྦྱོར་ལམ་ཆོས་མཆོག་སྟེ། དེ་གཉིས་ནི་མས་བརྟན་གྱི་དགའ་བཞིའི་སས་བསྡུས་པ་སྟོབས་ལྔའི་རང་བཞིན་ཡེ་ཤེས་ཀྱི་སྐུ་ནམ་མཁའ་མཛོད་ཐོབ་པའོ། །ས་བཅུ་གཉིས་པའི་སྐད་ཅིག་མ་ཐ་མ་དེར་ཐམས་ཅད་སྟོང་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་དོན་གྱི་འོད་གསལ་འ ཐོབ་པའི་བྱང་ཆུབ་ཡན་ལག་མཐོང་བའི་ལམ་སྟེ། རྣམ་པ་དགའ་བའི་རང་བཞིན་བདེན་པ་བཅུ་དྲུག་གོ །དེའི་ཚེ་སྔར་ཕྲ་ཡང་གི་ལུས་ཐོབ་མ་ཐོབ་གང་ཡིན་ཡང་རུང་སྟེ། རང་གི་སྣང་ངོར་སྒྱུ་ལུས་རླུང་སེམས་ཙམ་གྱི་ལྷ་སྐུའི་སྣང་བའང་ནུབ་ཅིང་ཟུང་འཇུག་གི་སྐུ་ཡང་མ་ཐོབ་པས།

p. 157

ཡེ་ཤེས་འོད་གསལ་རྐྱང་པའི་སྐུ་ཞེས་འདོགས་ཏེ། འཕགས་པའི་མཐོང་ལམ་བདེ་སྟོང་ཁོ་ན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་འོད་གསལ་སྒོས་ཀྱི་ཏིང་ངེ་འཛིན་ཡིན་ལ། དེའི་དུས་སུ་འཁོར་བའི་ལུས་ངག་ཡིད་དང་ཆགས་རྟོག་རྣམས་སྤངས་ཟིན་ཏེ། དེའི་རྗེས་ཀྱི་སྐད་ཅིག་ལ་འོད་གསལ་དེ་ལས་ལངས་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདེ་ཆེན་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་གཉིས་ངོ་བོ་དབྱེར་མེད་དུ་གྲུབ་ཅིང་རྒྱུན་མི་ཆད་པར་མཉམ་རྗེས་ཐམས་ཅད་དུ་འབྱུང་བ་ཟུང་འཇུག་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཕྱིར། དེ་ནི་འདོད་གཟུགས་ཀྱི་རིག་འཛིན་དང་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་སོགས་ལས་ཁྱད་པར་དུ་འཕགས་པས་སམ། སློབ་ལམ་གྱི་མཆོག་ཏུ་གྱུར་པས་གཙོ་བོ་སྟེ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གྲལ་དུ་ཚུད་པས་རྡོ་རྗེ་བཞི་དབྱེར་མི་ཕྱེད་པའི་བདག་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་ཐ་སྙད་བཏགས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པར་འགྱུར་བ་ཡིན་ཞིང་། འདི་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་སྒོམ་པའི་ལམ་གྱི་ས་དགུ་ཡིན་ཏེ། སྔགས་ལམ་ནི་རབ་ཏུ་མྱུར་བས་རྫོགས་པའི་སངས་རྒྱས་ཉིད་ལ་ཤིན་ཏུ་ཉེ་བའི་ཕྱིར་རམ། འདི་ཕྱིན་ཆད་ནས་ལམ་རིགས་འདྲ་ཁོ་ནས་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་ཆོག་པའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཉིད་དང་རྣམ་པ་མཚུངས་པའི་ཕྱིར་རམ་འགྱུར་མེད་བདེ་བའི་སྐད་ཅིག་མ་རྣམས་རྫོགས་པའི་ཕྱིར། སངས་རྒྱས་ཉིད་དང་། རྫོགས་པའི་སངས་རྒྱས་སམ། རྫོགས་པའི་བྱང་ཆུབ་དང་། རྡོ་རྗེ་སེམས་སོགས་ཀྱི་མཚན་ཡང་གསོལ་ལོ། །དེ་ལྟར་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུར་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་རྣམས་ནི་སྐྱེ་བ་གཅིག་གིས་ཐོགས་པའང་མ་ཡིན་པས་དུས་མྱུར་བ་ཁོ་ནས་ཁྱད་པར་དུ་བྱས་པ་ཙམ་མ་གཏོགས་ངོ་བོ་མདོ་སྡེ་ནས་བཤད་པ་བཞིན་ཏེ་སྤྲོས་པས་ཆོག་ལ། ཐུན་མོང་མ་ཡིན་པའི་དོན་ནི་འདི་ཡིན་ཏེ། ཞུ་བདེ་ཡོངས་རྫོགས་གནས་གྱུར་པའི་རང་བཞིན་ལྷན་སྐྱེས་ཀྱི་དགའ་བ་ལ་གཙོ་བོར་སྤྱོད་པས་རབ་ཏུ་དགའ་བ། དེའི་སྟེང་རླུང་དང་རྣམ་རྟོག་གི་དྲི་མ་

p. 158

སྤངས་པ་ལ་གཙོ་བོར་སྤྱོད་པས་དྲི་མ་མེད་པ། ཐབས་ཀྱི་ཕྱོགས་ལས་རླུང་རྣམས་གནས་གྱུར་པའི་ཡེ་ཤེས་ལ་གཙོ་བོར་སྤྱོད་པས་འོད་བྱེད་པ། ཤེས་རབ་ཕྱོགས་ལས་རླུང་རྣམས་གནས་གྱུར་པའི་ཡེ་ཤེས་ལ་གཙོ་བོར་སྤྱོད་པས་འོད་འཕྲོ་བ། དབང་པོ་ཡུལ་བཅས་ཀྱི་རླུང་གནས་གྱུར་པའི་ཡེ་ཤེས་ཕྱི་རོལ་གྱི་རྐྱེན་གང་གིས་ཀྱང་ཐུབ་དཀའ་བ་ལ་གཙོ་བོར་སྤྱོད་པས་སྦྱང་དཀའ་བ། རྩ་རྣམས་རྣམ་པར་དག་དཀྱིལ་འཁོར་གྱི་འཁོར་ལ་མངོན་དུ་གྱུར་པ་ལ་གཙོ་བོར་སྤྱོད་པས་མངོན་དུ་གྱུར་པ། ཉོན་མོངས་པ་མེད་པའི་སྣང་གསུམ་གྱི་དྲི་མ་ཕྲ་མོ་ཙམ་ཞིག་མ་གཏོགས་སྤངས་ཏེ་སྲིད་པ་ལས་ཐག་རིང་དུ་འཕགས་པས་རིང་དུ་འཕགས་པ། སྐུ་མི་གཡོ་བ་འཕོ་འགྱུར་མེད་པ་ལ་གཙོ་བོར་སྤྱོད་པས་མི་གཡོ་བ། གསུང་གདུལ་བྱའི་བསམ་པ་དང་འཚམས་པར་རྣམ་དག་ལེགས་པའི་ཆོས་སྟོན་པའི་བློ་མངའ་བས་ལེགས་པའི་བློ་གྲོས། ཐུགས་མཁའ་ལྟར་ཡངས་པར་བདེ་ཆེན་གྱི་སྤྲིན་གྱིས་ཁྱབ་པ་ལས་ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་ཀྱི་ཆར་འབེབས་པས་ཆོས་ཀྱི་སྤྲིན་ཏེ། དག་པ་ས་གསུམ་དུ་སྣང་གསུམ་ཕྲ་མོ་དེ་ཡང་ཤིན་ཏུ་དག་ཚབས་ཆེ་བའི་རིམ་པས་སྐུ་གསུང་ཐུགས་ཀྱི་སར་བཞག་གོ །དེ་ལས་ས་བཅུ་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུའང་ལུས་ངག་ཡིད་གསུམ་དང་འཛག་བདེའི་གཉིས་སྣང་བསྐྱེད་པའི་ཆོས་རྟེན་ཁུ་རྡུལ་རླུང་གསུམ་དང་། དེ་གསུམ་ལ་རོ་གཅིག་ཏུ་འདྲེས་པའི་བརྟེན་པ་སེམས་རྣམ་རགས་པ་བེམ་ཆོས་སུ་སྣང་བ་མེད་ཀྱང་། ཕྲ་བ་རྣམ་པར་ཤེས་པ་ཙམ་དུ་རིག་པ་ཡོད་པའི་ཕྱིར། གཉིས་སྣང་ཕྲ་མོའང་མ་འགགས་པས། དེ་སྦྱོང་བྱེད་ས་བཅུ་རྒྱུན་གྱི་མཐའ་མར་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་ཏེ། མངོན་པར་བྱང་ཆུབ་པ་ཆེན་པོས་ཁུ་རྡུལ་རླུང་གསུམ་གྱི་བག་ཆགས་ཕྲ་མོ་ལྷག་མེད་དུ་འགགས་པས་འཛག་བདེའི་བག་ཆགས་ཀྱང་གཏན་ནས་སྤངས་ཏེ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པ་སྐུ་བཞིའི་བདག་ཉིད་ཅན་དུ་སངས་རྒྱས་ཏེ། དེ་ཡང་སྙིང་སྟོབས་ཁུ་བ་དག་པས་མཚན་དཔེ་རྫོགས་ཤིང་ཁ་སྦྱོར་གྱི་སྐུ་ཞིང་དང་མཆོད་པར་བཅས་པ་འབྱུང་བ་སྐུ་རྡོ་རྗེ། རྡུལ་ཏེ་དམར་ཆ་དག་པས་བདེ་ཆེན་ཉིད་གཞོམ་མེད་ཀྱི་གསུང་རྣམ་པ་ཐམས་ཅད་པར་འཆར་

p. 159

བ་གསུང་རྡོ་རྗེ། མུན་པ་སྟེ་རླུང་དག་པས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཁོ་ནས་རྣམ་པར་མི་རྟོག་བཞིན་དུ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མཁྱེན་པ་ཐུགས་རྡོ་རྗེ། འགྱུར་བདེ་མྱོང་བའི་ཤེས་པའི་རིགས་རྒྱུན་དག་པས་སེམས་ཉིད་མི་འགྱུར་བའི་བདེ་ཆེན་དུ་གྱུར་པ་ནི་བདེ་བ་ཆེན་པོའི་སྐུ་ཡེ་ཤེས་རྡོ་རྗེ། དེའི་ཚེ་མཚན་མ་མེད་པའི་ཆོས་ཐུགས་སུ་ཆུད་པས་སྤྲོས་བྲལ་གྱི་ཡེ་ཤེས་རང་བཞིན་རྣམ་དག་མངོན་དུ་འགྱུར་བའི་ཆ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་དང་། དེ་གློ་བུར་རྣམ་དག་མཐར་ཐུག་པས་ཁྱད་པར་དུ་བྱས་པ་ན་ཤིན་ཏུ་རྣམ་དག་གི་ཡེ་ཤེས་ཆོས་ཐམས་ཅད་དག་པ་རབ་འབྱམས་སུ་གཟིགས་པའི་ཆ་ཁ་སྦྱོར་ལ་སོགས་པའི་ཡོན་ཏན་དང་རླུང་དབུ་མར་ཐིམ་པའི་སྒྲ་གསུང་ཆོས་སྒོ་སྣ་ཚོགས་པར་འཆར་བ་ལོངས་སྐུ་དང་། བདེ་ཆེན་ཐིག་ལེ་འགྱུར་མེད་ནི་ངོ་བོ་ཉིད་སྐུ་སྟེ། དེ་སེམས་ཅན་ཀུན་ལ་ཁྱབ་ཅིང་སྤྲོ་བའི་ཚུལ་གྱིས་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་ཐུགས་རྡོ་རྗེ་ནི་སྤྲུལ་སྐུའི་རྩ་བའམ་འབྱུང་གནས་ཡིན་པས་གང་འདུལ་གྱི་སྤྲུལ་སྐུ་མཐའ་མེད་པར་སྟོན་པར་མཛད་ཅིང་། རྡུལ་གྱི་དྭངས་མ་གཙུག་ཏོར་ནས་ནོར་བུའི་བར་ཆ་བཅུ་གཉིས་སུ་བརྟན་པས་བདེན་དོན་རྣམ་པ་བཅུ་གཉིས་དང་། དཀར་ཆའི་དྭངས་མ་ནོར་བུ་ནས་སྤྱི་བོའི་བར་དགའ་བ་བཅུ་དྲུག་གི་རིམ་པས་བརྟན་པའི་ཕྱིར་དེ་ཉིད་རྣམ་པ་བཅུ་དྲུག་ཟུང་དུ་འཇུག་པའི་ངོ་བོ། ཟག་མེད་ཀྱི་ཡོན་ཏན་སྡེ་ཚན་ཉེར་གཅིག་ལ་སོགས་པ་མདོ་སྡེ་ལས་འབྱུང་བ་ཐུན་མོང་པ་རྣམས་དང་། སྐུའི་དབང་ཕྱུག་ལ་སོགས་ཏེ་དབང་ཕྱུག་བརྒྱད་དང་། རོ་མྱང་བརྒྱད་དང་། ཁ་སྦྱོར་ཡན་ལག་བདུན་ལ་སོགས་པའི་མཚན་ཉིད་སྔགས་ཀྱི་ཐེག་པ་ལས་གསུངས་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་མངའ་ཞིང་། ཡེ་ཤེས་རྒྱ་མཚོ་ཟད་མི་ཤེས་པ། འཕྲིན་ལས་ནམ་མཁའ་དང་མཉམ་པར་རྒྱ་ཆེ་རྒྱུན་མི་ཆད་པར་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་གྱུར་པ་མཐར་ཐུག་པ་ན་མི་སློབ་པའི་ཟུང་འཇུག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འགྱུར་ཏེ། སྐལ་ལྡན་བརྩོན་འགྲུས་རབ་ཀྱིས་རྣམ་དག་ལེགས་པའི་ལམ་འདི་ལ་འབད་པར་བྱས་ན། ཚེ་འདི་ཉིད་ཀྱིས་ཁྱབ་བདག་གར་དབང་བདེ་གཤེགས་ཀུན་འདུས་ཀྱི་གོ་འཕང་མངོན་

p. 160

དུ་བྱེད་པར་འགྱུར་བ་ཡིན་ཏེ། རྡོ་རྗེ་གསང་བའི་རྒྱུད་ལས། བླ་མེད་སྔགས་ཀྱི་དངོས་གྲུབ་གང་། །ཤིན་ཏུ་བརྩོན་པས་གང་བསྒྲུབས་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དབང་པོ་དང་བརྩོན་འགྲུས་འབྲིང་བར་དོར་མཆོག་གྲུབ་ཚུལ་ནི། འོན་ཏེ་ཚེ་འདིར་མ་གྲུབ་ཀྱང༔ བར་དོར་མཆོག་གི་དངོས་གྲུབ་འགྲུབ༔ ཅེས་པ་སྟེ། དེའི་དོན་མཚན་མོའི་རྣལ་འབྱོར་ལས། གསུམ་པའི་རྣལ་འབྱོར་གྲུབ་པ་ཡི༔ གཡེང་བ་ཅན་ནི་ཚེ་འདི་ལ༔ གྲུབ་མ་གྱུར་ན་གཞན་དུ་ནི༔ བར་དོའི་ལུས་ཉིད་འགྲུབ་རྒྱུ་ཡི༔ རླུང་དང་བདེ་བའི་རྟེན་ལས་ནི༔ དངོས་གྲུབ་མཆོག་ལ་སྤྱོད་པར་འགྱུར༔ ཞེས་པས་བཀྲལ་བ་ལྟར། འོན་ཏེ་རྣལ་འབྱོར་གསུམ་པ་ཐུགས་རྡོ་རྗེའི་ཕྱེད་སྔ་མས་རླུང་སེམས་ཙམ་གྱི་ལྷ་སྐུ་འགྲུབ་ནའང་། གཡེང་བས་ཉེ་རྒྱུའི་སྤྱོད་པ་མ་སྤྱད་པས་ཚེ་འདིར་མཆོག་གི་འབྲས་བུ་ཟུང་འཇུག་གི་སྐུ་གྲུབ་པར་མ་གྱུར་ཀྱང་། སྔར་བར་དོ་དང་གཅིག་ཏུ་བྱ་བའི་བསམ་གཏན་ལ་གོམས་པར་བསླབས་པས། སད་དུས་སུ་བདེ་སྟོང་དང་ལྷ་སྐུའི་སྣང་བ་རྒྱུན་མི་ཆད། གཉིད་འཐུག་འོད་གསལ་དུ་ཆུབ། རྨི་ལམ་གྱི་རྩལ་སྦྱོང་ཟད་པ་མེད་པར་དག་སྣང་གི་ལྷ་སྐུར་རང་ཤར་བའི་གང་ཟག་དེ་འཆི་བའི་ཚེ་བར་དོར་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་འོད་གསལ་དུ་གནས་གྱུར་པས་དོན་གྱི་འོད་གསལ་མངོན་དུ་བྱས་ཏེ། དེ་ལས་ལྡང་བ་ན་བར་དོའི་ལུས་འགྲུབ་པའི་རྒྱུ་བ་དེ་རླུང་གི་རྟེན་པས་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལངས་པས་མཆོག་གི་དངོས་གྲུབ་སློབ་པ་འཕགས་ལམ་མམ། ཤིན་ཏུ་དབང་པོ་རྣོན་པོར་གྱུར་པས་ནི་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ་མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའང་སྲིད་ལ། གལ་ཏེ་ཚེ་འདིར་སྒྱུ་ལུས་མ་གྲུབ་ན་བར་དོར་དཔེའི་འོད་གསལ་ལས་རླུང་སེམས་ཙམ་གྱི་ལྷ་སྐུར་ལངས་ནས་ལམ་གྱི་འཕྲོ་སྦྱོང་བ་ཡིན་ནོ། །དེ་ཡང་། སེམས་ཉིད་སྟོང་ཆ་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་དང་། སྣང་ཆ་ལས་ལྷུན་གྲུབ་གཟུགས་སྐུའི་འོད་

p. 161

གསལ་རྣམ་པ་ལྔ་སྟེ། དང་པོ་ནི། ལུས་ཅན་རྣམས་འཆི་བའི་སྔ་རོལ་དུ། གཟུགས་ཕུང་སོགས་རགས་པ་ཉེར་ལྔ་རིམ་པར་ཐིམ་པ་ཡིན་ཡང་། རྟེན་ཐིམ་ན་བརྟེན་པ་ངེས་པར་ཐིམ་པ་ཡིན་པས། གཙོ་ཆེ་བའི་དབང་གིས་ཁམས་ཐིམ་ཚུལ་གསུངས་ཏེ། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ནི་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར་ས་ཆུ་མེ་རླུང་བཞི་ཐིམ་པའི་རྟགས་སྨིག་རྒྱུ་ལ་སོགས་པ་བཞི་དང་། རེ་རེ་ཡང་ནང་གསེས་སུ་ཕུང་ཁམས་ལྔ་ལྔའི་ཐིམ་རིམ་ཡོད་པས་འོད་ཟེར་ལྔ་དང་ལྡན་པའི་ཚོགས་མཐོང་ཞིང་། དེ་ནས་ནམ་མཁའ་དང་རྣམ་ཤེས་སོ་སོར་མ་ཕྱེ་བར། ནམ་མཁའ་སྤྲིན་མེད་ཀྱི་སྣང་བ་འཆར་གཞིར་བྱས་པ་ལ་རླུང་སྣང་བ་ཐིམ་པས་ནང་གི་ཁམས་དཀར་པོ་དང་འབྲེལ་བའི་ཕྱིར་དཀར་ལམ་པ་སྣང་བའི་ཡེ་ཤེས་དང་། དེ་མཆེད་པ་ལ་ཐིམ་པས་ཁམས་དམར་པོ་དང་འབྲེལ་པའི་ཕྱིར་དམར་ལམ་པ་མཆེད་པའི་ཡེ་ཤེས་དང་། དེ་ཐོབ་པ་ལ་ཐིམ་པ་དཀར་དམར་གྱི་ནུས་པའང་དབྱིངས་སུ་དེངས་ཏེ་སྲོག་རླུང་གི་ཆ་ཤས་འབའ་ཞིག་པ་དེས་དབང་བྱས་པས་ནག་ལམ་པ་ཐོབ་པའི་ཡེ་ཤེས་ཏེ། དེ་གསུམ་གྱི་དུས་སུ་རང་བཞིན་བརྒྱད་ཅུའི་རྟོག་པ་ཕྲ་མོ་རྣམས་ཀྱང་རིམ་པར་འགགས་ཤིང་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལ་ལ་ཐིམ་པ་ན། གཟུང་འཛིན་གྱི་སྣང་བ་མངོན་གྱུར་པ་འགགས་ཏེ་མི་རྟོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐད་ཅིག་མ་གཅིག་འཆར་བས་གདམས་ངག་གི་གནད་དང་ལྡན་པ་རྣམས་འདིར་འོད་གསལ་མངོན་དུ་བྱེད་དོ། །གཉིས་པ་ནི། སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁ མས་རང་ཆས་སུ་བཞུགས་པའི་གནད་ཀྱིས། ནམ་མཁའ་སྤྲིན་མེད་ཀྱི་གཞི་ལ་མཐིང་ག་ལ་སོགས་པའི་འོད་ལྔ་ལས་རྣམ་སྣང་སོགས་རིགས་ལྔའི་གཙོ་འཁོར་རྣམས་ཚོམ་བུའི་དཀྱིལ་འཁོར་དུ་འཆར་ཏེ་ངོ་འཕྲོད་ན་དུས་དེར་གྲོལ་ལ། དེར་མ་གྲོལ་ན་ཡང་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་གྲོལ་བར་འགྱུར་རོ། །དེ་ཡང་ངོ་མ་ཤེས་ན་འབྱུང་བཞི་ཕྲ་བ་ལས་འབྱུང་བའི་སྲིད་པ་བར་དོའི་

p. 162

ལུས་དབང་པོ་ཐམས་ཅད་ཚང་བ། སྐྱེ་གནས་མ་གཏོགས་གང་ཡང་ཐོགས་པ་མེད་པ། གང་དུ་སྐྱེ་འགྱུར་གྱི་ལུས་ཀྱི་རྣམ་པ་ཅན། ལས་ཀྱི་རྫུ་འཕྲུལ་དང་ལྡན་པར་གྱུར་ནས། སྐྱེ་གནས་ལ་སྲེད་པ་སྐྱེ་སྟེ། རྫུས་ཏེ་སྐྱེ་ན་གནས་ལ། དྲོད་གཤེར་ལས་སྐྱེ་ན་དྲི་རོ་ལ། སྒོ་ང་དང་མངལ་ལས་སྐྱེ་ན་ཕ་མ་ཚོགས་པ་ལ་ཆགས་སྡང་གི་སྲེད་པས་མཚམས་སྦྱར་ཏེ། བར་དོ་ནས་འཆི་བ་དང་སྐྱེ་བ་ཕྱི་མ་ལེན་པ་འགོ་མཉམ་པར་འགྱུར་རོ། །དེའི་ཚེ་བར་དོ་ལ་བར་དོར་ངོ་ཤེས་པར་བྱས་ལ་བར་དོའི་ལུས་དེ་འོད་གསལ་དུ་འཇུག་ཅིང་དེ་ལས་ལྷ་སྐུར་ལྡང་བར་བྱའོ། །དེས་སྦྱོང་བར་མ་ནུས་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། ཡི་དམ་ལྷའི་བསྐྱེད་རིམ་དང་། འཕོ་བའི་གདམས་ངག་དང་གཅིག་ཏུ་བྱ་བའི་བསམ་གཏན་གྱིས་སྦྱངས་པས་བར་དོའི་འཇིགས་པ་ལས་གྲོལ་བར་འགྱུར་རོ། །གསུམ་པ་དབང་པོ་དང་བརྩོན་འགྲུས་ཐ་མ་སྐྱེ་སྲིད་ཕྱི་མར་མཆོག་གི་དངོས་གྲུབ་ཐོབ་ཚུལ་ནི། མཚན་མོའི་རྣལ་འབྱོར་ལས། རྣལ་འབྱོར་གསུམ་པ་ཉེར་བསྡོགས་ཙམ༔ མངོན་དུ་གྱུར་པས་རིག་འཛིན་གྱི༔ ལུས་ལས་སླར་ཡང་མི་འགྱུར་བའི༔ གོ་འཕང་མཆོག་ནི་མངོན་བྱེད་དོ༔ ཞེས་གསུངས་པ་ལྟར་ཚེ་འདིར་རྣལ་འབྱོར་གསུམ་པ་ཐུགས་རྡོ་རྗེའི་རྣལ་འབྱོར་དངོས་གཞི་མངོན་དུ་མ་གྱུར་པས། འདིའམ་བར་དོར་གྲོལ་བར་མ་ནུས་ཀྱང་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་ཉེར་བསྡོགས་ཙམ་མངོན་དུ་གྱུར་པ་ཡིན་ན། འདོད་པའི་རིག་པ་འཛིན་པའམ་གཟུགས་ཅན་གྱི་རིག་པ་འཛིན་པ་གང་རུང་ཐོབ་ནས། རྟེན་དེ་ལ་མཆོག་གི་དངོས་གྲུབ་འཐོབ་པར་བྱེད་ཅིང་། གལ་ཏེ་དེ་ཙམ་བསྒོམ་ལོང་མེད་པར་འདས་ནའང་། སྐྱེ་ཞིང་སྐྱེ་བའི་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་ཞིང་། བསོད་ནམས་མཆོག་གི་མཐུས་ཆོས་ལྡན་གྱི་རྒྱལ་པོའམ། ལྷ་དང་མིའི་རྟེན་ཕུན་སུམ་ཚོགས་པ་ཐོབ་སྟེ། རྟེན་དེ་ལ་ལམ་གྱི་འཕྲོ་མཐུད་ནས་མཆོག་གི་དངོས་གྲུབ་ལ་སྦྱོར་བར་བྱེད་པ་ཡིན་ཏེ། བདེ་མཆོག་རྩ་རྒྱུད་ལས། བསམ་གཏན་སེམས་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བགྱིས་པ་ཡིས། །མཐོ་རིས་ལོངས་སྤྱོད་འཐོབ་འགྱུར་རམ། །ཡང་ན་འཁོར་ལོས་སྒྱུར་བ་འཐོབ། །ཅེས་དང་། རྒྱུད་

p. 163

གསང་བའི་མཛོད་ལས་ཀྱང་། གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །ཅེས་སོ། །བཞི་པ་ལེ་ལོ་ཅན་བཙན་ཐབས་འཕོ་བའི་གདམས་པས་མཚམས་སྦྱོར་ཚུལ་ནི། གང་ཞིག་རྟོགས་པའི་ཡེ་ཤེས་ཆེ༔ ཚེ་འདིར་ཉམས་སུ་མ་ཆུབ་ན༔ བཙན་ཐབས་འཕོ་བས་མཚམས་སྦྱོར་བྱ༔ དེས་ནི་འགྲུབ་འགྱུར་གདོན་མི་ཟ༔ ཞེས་པ་སྟེ། རྣལ་འབྱོར་པ་གང་ཞིག་འཆི་བ་འོད་གསལ་མ་བུ་འཕྲོད་ནུས་པའི་རྟོགས་པའི་ཡེ་ཤེས་ཆེན་པོ་ལ་གནས་པ་ཡིན་ན། གཞན་རྣམས་ལ་འཆི་སྲིད་འབྱུང་རྒྱུ་དེ། རྣལ་འབྱོར་པ་ལ་འོད་གསལ་བདེ་སྟོང་དུ་རང་ཤར་བས་གོང་དུ་འཕོ་བ་འདའ་ཁའི་གདམས་ངག་ལ་སོགས་པ་ལ་ལྟོས་མི་དགོས་ཏེ། དེ་ཀ་ཆ ོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་ཡིན་པས་དུས་དེ་ཉིད་དུ་རང་གྲོལ་བའི་ཕྱིར་རོ། །དེ་ལྟ་བུའི་རྣལ་འབྱོར་གྱི་རིམ་པ་ཚེ་འདིར་ལེལོའི་དབང་གིས་ཉམས་འོག་ཏུ་མ་ཆུབ་པས་དུས་དེར་གྲོལ་བར་མི་ནུས་ན་འཆི་ཁར་འཚང་རྒྱ་བའི་མན་ངག་བཙན་ཐབས་འཕོ་བའི་གདམས་པས་འདི་ཕྱིའི་མཚམས་སྦྱོར་བར་བྱ་སྟེ། མན་ངག་གི་གནད་དེས་ནི་དཔག་ཆེན་གྱིས་མདའ་འཕངས་པ་བཞིན་འཆུག་པ་མེད་པར་གོང་དུ་འཕོ་ནུས་པའི་ཕྱིར། མཆོག་གི་འབྲས་བུ་འགྲུབ་པར་འགྱུར་བ་གདོན་མི་ཟ་བ་ཡིན་ནོ། །དེ་ཡང་གསུང་རྡོ་རྗེའི་རྣལ་འབྱོར་འབྱོངས་པ་ཡིན་ན། རླུང་སེམས་ལ་རང་དབང་འབྱོར་བའི་ཕྱིར། ནམ་དགོས་དུས་ལས་ལ་སྦྱར་བས་ཆོག་གི ཟུར་དུ་སྦྱང་མི་དགོས་ལ། དེ་ལྟར་མ་ཡིན་ན་རླུང་བུམ་ཅན་གྱི་སྦྱོར་བ་ལ་བརྟེན་ནས་སྦྱང་བ་དང་ལས་ལ་སྦྱོར་བར་གསུངས་ཏེ། ཇི་སྐད་དུ། བཙན་ཐབས་གནད་ཀྱི་མན་ངག་ནི༔ གསུང་གི་རྣལ་འབྱོར་འབྱོངས་པའམ༔ མིན་ན་བུམ་པའི་རླུང་སྦྱོར་གྱིས༔ ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདིར་འཕོ་བའི་མན་ངག་ཉམས་སུ་ལེན་པ་ལ་བདུན་ཏེ། གང་གི་སྒོ་ནས་གང་དུ་འཕོ་བ། གནས་ངན་དུ་འཕོ་བའི་སྒོ་དགུ་དགག་པ། མཆོག་གི་འཕོ་སྒོ་ངོས་བཟུང་བ། འཕོ་བྱ་རླུང་སེམས་བསྡུ་བ། འཕོ་བྱེད་ཀྱི་ཐབས་སྦྱང་ཞིང་ལས་ལ་སྦྱར་བ། དུས་མིན་དུ་འཕོས་པའི་ཉེས་པ། འཕོ་བའི་དུས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། ལྟེ་བ་ནས་འཕོས་ན་འདོད་

p. 164

ལྷ་རིགས་དྲུག དཔྲལ་བའི་ཐིག་ལེའི་གནས་ནས་གཟུགས་ཁམས་ཀྱི་ལྷ། སྤྱི་བོའི་ཚངས་བུག་ནས་གཟུགས་མེད། སྣ་ནས་གནོད་སྦྱིན། རྣ་བ་ནས་གྲུབ་པའི་ལྷ་ཞེས་སུམ་ཅུ་རྩ་གསུམ་པ་དང་སྐལ་མཉམ་གྱི་རིག་འཛིན་ནམ་མིའམ་ཅི། མིག་ནས་མི། ཁའམ་ཁུ་བའི་ལམ་ནས་ཡི་དྭགས། དྲི་ཆུའི་ལམ་ནས་དུད་འགྲོ། བཤང་ལམ་ནས་དམྱལ་བ་རྣམས་སུ་འགྲོ་སྟེ། སྡོམ་འབྱུང་ལས། མཆོག་དང་ཐ་མའི་དབྱེ་བ་ནི། །བཤད་ཀྱིས་གསང་བའི་བདག་པོ་ཉོན། །ལྟེ་བས་འདོད་ཁམས་བདེ་འགྲོ་སྟེ། །ཐིག་ལེ་ལས་ནི་གཟུགས་ཅན་ལུས། །སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ། །སྣ་ནས་གནོད་སྦྱིན་རྣམས་སུ་འགྱུར། །རྣ་བ་ལས་ནི་མིའམ་ཅི། །ལྷ་མོ་གལ་ཏེ་མིག་ལས་ནི། །མི་ཡི་རྒྱལ་པོར་འགྱུར་བ་ཡིན། །ཁ་ཡི་སྒོ་ནས་ཡི་དྭགས་རྣམས། །གཅི་ལས་དེ་བཞིན་དུད་འགྲོའོ། །བཤང་ལམ་ལས་ནི་དམྱལ་བར་འགྲོ། །གྲོལ་བ་ལས་ནི་གཞན་དུ་འགྲོ། །ཞེས་དང་། ཧེ་རུ་ཀ་ཀལྤོར། རྣ་བ་གཉིས་ནས་གྲུབ་པའི་ལྷ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྒོ་དགུ་དགག་པའི་སྦྱོར་བ་བརྩམ། །ཞེས་སོགས་གསུངས་པ་ལྟར། ལུས་གནད་ཆོས་བདུན་བཅས་ལ། རང་ཐུགས་རྗེ་ཆེན་པོར་གསལ་བའི་སྒོ་དགུ་པོ་ཧྲཱིཿཡིག་དམར་པོ་འབར་བའི་རྣམ་པ་ཅན་རེ་རེས་བཀག དེ་རྣམས་གསལ་ཐེབས་པ་དང་ཧྲཱིཿཡིག་རྣམས་ལས་འོད་ཟེར་དམར་པོ་ཉི་ཟེར་ལྟར་སྤྲོས་པས་བ་སྤུའི་མཐར་ཐུག་པའི་བར་གྱི་བུ་ག་ཐམས་ཅད་བཀག་ནས་བར་མཚམས་མེད་པར་བསམ་པའོ། །གསུམ་པ་ནི། ཚངས་བུག་ལས་ར་བདག་ར་འཕོས་ན་གཟུགས་མེད་ཀྱི་ཁམས་སུ་འགྲོ་མོད། གདམས་པའི་གནད་ཀྱིས་ཟིན་ན་བདེ་བ་ཆེན་པོའི་དབྱིངས་སུ་འགྲོ་བའི་སྒོ་ཡང་ཚངས་བུག་ཡིན་པར་གསུངས་པས། དེ་ནས་འཕོ་བར་བྱ་སྟེ། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། དེ་ནི་བདེ་བར་འགྲོ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། རང་གི་སྙིང་གའི་རྩ་འདབ་པདྨ་དཀར་པོ་འདབ་བརྒྱད་ཁ་གྱེན་དུ་བྱེ་བའི་རྣམ་པ་ཅན་གྱི་ལྟེ་བར་རླུང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་དམར་པོ་མར་མེ་བཙུགས་པ་ལྟར་གསལ་ཞིང་འབར་བ་ལ་སེམས་གཏད་དེ་རྩེ་གཅིག་ཏུ་བསྒོམས་པས་ཡུལ་སྣང་གཞན་འགགས་ནས་ཧྲཱིཿའི་རྣམ་པ་ཁོ་ན་ལ་

p. 165

སེམས་ཟིན་པ་ནི་རླུང་སེམས་འདུས་པའི་རྟགས་ཏེ། དེ་ལྟར་རྩེ་གཅིག་བསྒོམས་པ་ལས༔ ཕྱི་རོལ་གཟུགས་ཀྱི་སྣང་བ་ཀུན༔ འགགས་ནས་སྙིང་གའི་ཐིག་ལེ་ལ༔ གཅིག་ཏུ་གནས་པ་ལྟ་བུའི་ཉམས༔ ཤར་བ་རླུང་སེམས་འདུས་པའོ༔ ཞེས་སོ། །ལྔ་པ་ལ་གཉིས་ཏེ། བསུ་སྐྱེལ་ལ་སྦྱང་པ་དང་། དུས་ལ་བབ་ཚེ་ལས་ལ་སྦྱར་བའོ། །དང་པོ་ལའང་། སྦྱང་བ་དང་འབྱོངས་པའི་ཚད་དོ། །དང་པོ་སྦྱང་བ་ནི། རང་ལྷར་གསལ་བའི་ལུས་ཁོང་སྟོང་གི་དབུས་སུ་དྷཱུ་ཏི་དྭངས་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་ཡས་སྣ་ཚངས་བུགས་ལ་ཧར་རེ་ཟུག་ཅིང་མས་སྣ་ལྟེ་བར་སླེབས་པ། དེའི་མས་སྣར་རླུང་གི་ཐིག་ལེ་ལྗང་གུ་ཡང་ཞིང་གཡོ་བ་དང་། སྙིང་གར་པད་དཀར་འདབ་བརྒྱད་ཁ་བྱེ་བའི་ཟེའུ་འབྲུར་རྣམ་ཤེས་མི་འགྱུར་བའི་ཐིག་ལེ་ཧྲཱིཿདམར་ཡུངས་འབྲུ་ལྟར་ཕྲ་ཞིང་འབར་བ། དྷཱུ་ཏིའི་ཡས་སྣར་ཧཾ་ཡིག་ཟླ་བ་ལྟར་དཀར་བ་ཐུར་དུ་བལྟ་བ་རྣམས་བསྒོམ། དེ་ལྟར་གསལ་ཐེབས་པ་དང་རླུང་བུམ་ཅན་གྱི་སྦྱོར་བས་དྲག་ཏུ་བཅུན་པས་ལྟེ་བའི་རླུང་ཐིག་ཆེར་གཡོས་ཏེ་དབུ་མའི་ལམ་བརྒྱུད་སྙིང་གའི་པདྨ་ལ་སིབ་ཀྱིས་ཞུགས། དེའི་རྐྱེན་གྱིས་པདྨ་ཡང་ཧྲཱིཿཡིག་ལ་ཐིམ་པས་བསྐུལ་ཏེ། སྙིང་གའི་ཧྲཱིཿཡིག་ཉིད་ཀྱང་སྐར་མདའ་འཕངས་པ་ལྟར་ཡེར་གྱིས་སོང་བ་སྤྱི་བོའི་ཧཾ་ལ་རོ་གཅིག་ཏུ་ཐིམ་པར་བསམས་ལ། འོག་རླུང་དྲག་ཏུ་འཐེན། སྟེང་རླུང་སེང་གིས་བུས་ནས་ལྟོ་བ་ཚིགས་པ་ལ་ཡང་ཡང་རྡེག་ཅིང་། མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ་ལ་བརྒྱལ་ཐབས་སུ་མཉམ་པར་འཇོག་སྟེ། སྦྱང་དུས་ཐིག་ལེ་སྤྱི་བོ་ནས་ཕྱིར་མི་འཕང་བ་ནི་གེགས་མི་འབྱུང་བའི་ཐབས་ཡིན་གསུང་། ཡང་སྟེང་རླུང་ཐུར་དུ་འཆིང་ཞིང་ལྟོ་བ་ཕྱིར་འཕུལ་བ་དང་མཉམ་དུ་ཧཾ་ལས་རྣམ་ཤེས་ཀྱི་ཐིག་ལེ་དེ་ཉིད་བ་ཐག་དང་བཅས་ཏེ་ནར་གྱིས་བབས་ནས་སྙིང་གའི་པདྨའི་ཟེའུ་འབྲུར་ལྕི་འཐེན་གྱིར་གནས་པར་བསམས་ལ། ལྟ་སྟངས་ཕབ་ཡིད་ཀྱང་ཐུར་དུ་གཏད་དེ་མཉམ་པར་བཞག་གོ ། དེ་ལྟར་བསུ་སྐྱེལ་ལ་ཡང་ནས་ཡང་དུ་བསླབས་པས་གོམས་འདྲིས་བརྟན་པར་བྱ། ཐུན་བསྡུ་བ་ན། སྙིང་གའི་ཐིག་ལེའི་འོད་ཀྱིས་ཧཾ་ཡིག་བསྐུལ་བ་ལས་བྱང་སེམས་ཀྱི་བདུད་རྩིའི་རྒྱུན་བབས་པ་སྙིང་གའི་ཐིག་ལེར་ཐིམ་པས་བརྟན་ཅིང་བདེ་ཆིལ་གྱི་གནས་པར་བསམས་ལ། རྡོ་

p. 166

རྗེའི་བཟླས་པ་ཅུང་ཟད་བྱའོ། །གཉིས་པ་འབྱོངས་བའི་ཚད་ནི། དངོས་སུ་ལུས་འདར་བ་དང་། འཐོམས་པ་དང་། དྲན་མེད་དུ་བརྒྱལ་བ་དང་། མགོ་འཁོར་བ་དང་། སྐྱུག་མེར་བ་དང་། ཁྱད་པར་སྤྱི་བོ་ཟ་ཞིང་གཡའ་བ་དང་། སྐྲངས་པ་དང་བུ་ག་དོད་པ། ཆུ་སེར་འཐོན་པ་རྣམས་བྱུང་ན་གྲུབ་པའི་རྟགས་སོ། །རང་བཞིན་སྐྱོན་ཅུང་ཟད་ཙམ་ལའང་འཕོ་བ་དྲན་པ་དང་རྨི་ལམ་དུ་འཕོ་བ་སྦྱོང་བ་སོགས་འབྱུང་བའོ། །གཉིས་པ་དུས་ལ་བབས་ཚེ་ལས་ལ་སྦྱར་བ་ནི། ལྡོག་ཏུ་མེད་པའི་འཆི་ལྟས་ཤར་བ་ན། ཚོར་བ་དང་མ་ཚོར་བའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས། ཚེ་འདིའི་འཁོར་འདབ་ལོངས་སྤྱོད་ཐམས་ཅད་སྒྱུ་མ་ལྟར་ཤེས་པས་འབྲེལ་ཐག་བཅད། གང་དུ་འཕོ་བའི་གནས་ལ་ཚོང་པ་རང་ཁྱིམ་དུ་འཇུག་པ་ལྟར་སྤྲོ་སིང་ངེ་བྱས་ཏེ། དམིགས་པ་དང་རླུང་གནད་གཞན་ཐམས་ཅད་སྔར་ལྟར་ལས། གོང་དུ་གཟུགས་མེད་ཀྱི་སྐྱེ་སྒོ་དགག་ཕྱིར་ཚང་བུག་ཧྲཱིཿས་བཀག་པ་དེ་འདིར་བསལ་ལ། དབུ་མའི་ཡས་སྣེའི་སྒོ་ཚངས་པའི་བུ་ག་རྒྱ་མཐོངས་ཁ་ཕྱེ་བ་ལྟར་སྐྱ་ཐལ་ལེར་བསམས་ཏེ། དུས་ལ་བབ་པ་ན་སྙིང་གའི་པདྨ་ཧྲཱིཿལ་ཐིམ་པའི་བར་སྔར་བཞིན་ལས། དེ་ནས་སྙིང་གའི་ཐིག་ལེ་ཡང་ཧཾ་དང་རོ་གཅིག་ཏུ་གནམ་མཐོངས་ནས་ཕུག་རོན་འཕུར་བའམ་སྐར་མདའ་འཕངས་པ་ལྟར་ཚངས་བུག་ནས་རྒྱངས་ཀྱིས་འཐོན། མཁའ་དབྱིངས་མཐོན་པོར་གཏད་ཡལ་དུ་ཡལ་ཏེ། སྤྲོས་བྲལ་དམིགས་པ་མེད་པའི་ངང་ལ་མཉམ་པར་བཞག་གོ །དེ་ལྟར་ཡང་སྡོམ་འབྱུང་དུ། རྣམ་ཤེས་བཞོན་པ་རླུང་ཡིན་ཏེ། །གང་དང་གང་དུ་བགྲོད་པ་ཡི། །རླུང་གི་སྒོ་ནི་བསམ་བྱས་ན། །གྲོལ་བའི་དངོས་གྲུབ་སྟེར་བྱེད་པའོ། །ཞེས་སོ། །དྲུག་པ་ནི། དེ་ལས། དུས་ལ་བབས་ན་འཕོ་བྱ་ཡི། །དུས་མིན་ལྷ་རྣམས་གསོད་པར་བྱེད། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །མི་ནི་དམྱལ་བར་འཚེད་པར་བྱེད། །དེས་ན་མཁས་པས་འཆི་བ་ཡི། །མཚན་མ་ཡང་དག་ཤེས་པར་བྱ། །ཞེས་སོ། །བདུན་པ་ལ། འཕོ་བའི་དུས་དང་། དུས་སུ་འཕོ་བའི་ཕན་ཡོན་ནོ། །དང་པོ་ནི། དུས་ནི་འཆི་བའི་འོད་གསལ་ལས། །ལྡང་བའི་དུས་ན་ཉེས་མེད་དེ། །ཞེས་གསུངས་སོ། །གཉིས་པ་ནི། ཀུན་སྤྱོད་ལས། རྣལ་འབྱོར་བ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ལ་

p. 167

སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། རྡོར་སེམས་ཐུགས་སྒྲུབ་ལས། དེ་ཡིས་མ་བསྒོམས་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེན་པོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར་རོ། །གསུམ་པ་སྒྲུབ་བྱེད་གྲུབ་འབྲས་དང་བཅས་པ་དེ་གཉིས་རྩ་བའི་མན་ངག་རྡོ་རྗེའི་ཚིག་གིས་བཤད་ཚུལ་ནི། རྒྱལ་བ་རྣམས་ཀྱི་དགོངས་ཉམས་བཅུད༔ རྣལ་འབྱོར་མཐར་ཐུག་ཟབ་མོའི་དོན༔ བསྐྱེད་རྫོགས་ཀུན་གྱི་བཅུད་དུ་དྲིལ༔ འདི་ནི་རྩ་བའི་མན་ངག་སྟེ༔ རྡོ་རྗེའི་ཚིག་གིས་ཡང་དག་བཤད༔ ཅེས་པ་སྟེ། དུས་གསུམ་གྱི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་དགོངས་ཉམས་མ་ལུས་པ་འདུས་པའི་བཅུད་སྨན་མཆོག་བདུད་རྩིའི་ཞུན་མ་ལྟ་བུའི་རྣམ་དག་ལེགས་པའི་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་རིམ་པ་ངེས་དོན་མཐར་ཐུག་པ་ཆོས་ཉིད་ཟབ་མོའི་དོན་གཏན་ལ་འབེབས་པར་བྱེད་པའི་བསྐྱེད་རྫོགས་ཀྱི་གདམས་པ་བཟང་དགུ་ཀུན་གྱི་སྙིང་པོའི་བཅུད་དུ་དྲིལ་ནས་བསྟན་པ་འདི་ནི་གཏུམ་མོ་སོགས་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་རྣམས་གང་ལས་འཕྲོ་བའི་གཞི་ལྗོན་ཤིང་གི་རྩ་བ་ལྟ་བུར་གྱུར་ཅིང་། ཚིག་ཉུང་ངུས་ཟབ་རྒྱས་ཀྱི་དོན་བདེ་བླག་ཏུ་རྟོགས་པར་ནུས་པའི་ཕྱིར་མན་ངག་སྟེ། ཤིན་ཏུ་ཕྱེད་པར་དཀའ་བའི་དགོངས་དོན་ཟབ་མོ་གསལ་བར་འགྲོལ་བ་ལ་ཐོགས་པ་མེད་པ་རྡོ་རྗེ་ལྟ་བུའི་ཚིག་གིས་མ་ནོར་མ་འཁྲུགས་པར་ཡང་དག་པར་བཤད་ཟིན་ཏོ། །བཞི་པ་ལམ་གྱི་ཆ་རྐྱེན་རྫོགས་པར་བྱེད་པའི་མན་ངག་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་སྦྱོར་དགོས་ཚུལ་ནི། ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར༔ གཅིག་ཏུ་དྲིལ་ནས་ཉམས་བླངས་ན༔ ལམ་འདིའི་ཆ་རྐྱེན་རྫོགས་པ་ཡིན༔ ཞེས་པ་སྟེ། རྩ་བ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལས་འཕྲོས་པའི་ཡན་ལག་བསྐྱེད་རྫོགས་ཀྱི་གདམས་ངག་དུམ་དུམ་ཁྲིགས་ཀྱི་ཚུལ་དུ་བཀོད་པའི་སྐོར་འདི་རྣམས་གང་ལས་འཕྲོ་གཞིའི་རྩ་ཁྲིད་ཀྱི་རིམ་པ་སོ་སོའི་ཐད་ཀར་ཆ་རྐྱེན་གྱི་

p. 168

ཚུལ་གྱིས་གཅིག་ཏུ་དྲིལ་བར་བྱ་བ་སྟེ། དེ་ཡང་འདི་ལྟར་བསྐྱེད་རིམ་གྱི་སྐབས་སུ་རྒྱས་པར་རྩ་བའི་སྒྲུབ་ཐབས་མ་བུ་དང་། གསུང་རྡོ་རྗེར་གཏུམ་མོ་དང་འདའ་ཁ་འཕོ་བའི་མན་ངག །ཐུགས་རྡོ་རྗེ་ལ་ཐབས་ལམ་དང་མཚན་མོའི་རྣལ་འབྱོར་རྣམས་སྦྱོར་ཚུལ་སྔར་མདོ་ཙམ་བཤད་པ་ལྟར་དང་། ཟབ་དོན་ཐུགས་ཀྱི་རྫོགས་རིམ་ཨ་ཏི་ནི་ཐམས་ཅད་ལ་རྒྱས་གདབ་ཀྱི་ཚུལ་དུ་བསྒོམ་པར་བྱ། ཞེས་གསུངས་ཏེ། དེའི་དོན་ནི། རྫོགས་ཆེན་གྱི་འོད་གསལ་སྣང་བ་བཞིས་རིམ་པར། སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་ཕྱེད་སྔ་མ་དང་། ཕྱི་མ་སྟེ་བཞི་ལ་བོགས་ཕྱིན་པར་བྱེད་པ་ཡིན་ལ། དེར་མ་ཟད་ཆ་རྐྱེན་རྣམས་རྩ་བའི་མན་ངག་ཉིད་ཀྱི་ཞར་བྱུང་དུ་བསྒོམས་ན་སོ་སོའི་བོགས་འདོན་དང་རྩ་བ་དང་ཡན་ལག་ཆ་མཉམ་དུ་བསྒོམས་ན་རྩལ་འགྲན་པའི་ཚུལ་གྱིས་འཇུག་པ་གཅིག་ཏུ་འབབ་པར་བྱེད་ཅེས་ཡེ་ཤེས་ཀྱི་སྐུ་ཅན་སྤྲུལ་པའི་གཏེར་སྟོན་ཆེན་པོའི་གསུང་ལས་ཐོས་ཏེ། གང་ལྟར་ཡང་ཡན་ལག་གི་མན་ངག་རྣམས་རྩ་བའི་མན་ངག་གི་གཞུང་ཤིང་ལ་སྦྱར་ནས་ཉམས་སུ་བླངས་བར་གྱུར་ན་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་འདི་ལ་བརྟེན་ནས་སྒྲུབ་པ་པོ་རྣམས་ཚེ་གཅིག་འཚང་རྒྱ་བའི་ཆ་རྐྱེན་རྫོགས་པ་ཡིན་ཏེ། འདི་ལས་མང་མི་དགོས་ཤིང་ཉུང་ན་མི་ཚང་བའི་ཕྱིར་རོ། །གསུམ་པ་རྗེས་ཉམས་རྟོགས་སྐྱེས་པ་བསྐྱང་བའི་ཐབས་ཀྱི་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་ཁྲིད་པ་ནི། གནས་ལུགས་ཇི་བཞིན་ངོ་སྤྲོད་པས་ངེས་ཤེས་སྐྱེད་པར་བྱེད་པ་སྟེ། རྒྱས་པར་གཞན་ལས་ཤེས་པར་བྱ་ཞིང་། འདིར་ཕྱག་བཞེས་ཀྱི་རྩ་ཐོ་ཙམ་བཀོད་པ་ནི། ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་སྟོན་པར་བྱེད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། རྗེས་ཀྱི་བྱ་བ་ངོ་སྤྲོད་ཀྱི་སྐབས་ཡིན། དེ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ངོ་སྤྲོད་གཉིས་ལས། ཐུན་མོང་ལའང་གསུམ་སྟེ། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ། ཉམས་མྱོང་གི་སྣེ་ནས་ཁྲིད་དེ་ངོ་སྤྲད་པ། ལྟ་སྒོམ་སྤྱོད་འབྲས་ཀྱི་སྒོ་ནས་ངོ་སྤྲད་པའོ། །དང་པོ་ནི། སྐབས་འདིར་སྙིང་པོ་དོན་གྱི་གཏོར་དབང་བསྐུར་རམ་མི་བསྐུར་ནའང་རུང་སྟེ། ཚོགས་གཏོར་གཤམས་ལ་མཆོད་ཅིང་གསོལ་བ་བཏབ། སློབ་མས་མཎྜལ་ཕུལ་ལ་ལུས་

p. 169

གནད་བཅའ་བཅུག་སྟེ། སྤྱི་བོར་རྩ་རྒྱུད་ཀྱི་བླ་མ་རྣམས་བསྒོམས་པའི་དམིགས་པ་ཕོག་ནས། མོས་གུས་བསྐྱེད་དུ་གཞུག བླ་མས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕོབ་ལ། བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མར་བསྡུད། དེ་ཉིད་སློབ་མ་ལ་བསྟིམ་ནས། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་བསལ་གཞག་མེད་པར་བསྐྱང་དུ་གཞུག་གོ །གཉིས་པ་ནི། མི་གཡོ་གསུམ་ལྡན་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག་ནས། རང་བྱུང་གི་ཡེ་ཤེས་བཙན་ཐབས་སུ་ངོས་བཟུང་སྟེ། དྲན་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་སྲོལ་དུ་འཇུག་པར་གདམས་པའོ། །གསུམ་པ་ལ་བཞི་ལས། དང་པོ་ལྟ་བའི་སྒོ་ནས་ངོ་སྤྲད་པ་ནི། མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་ནམ་མཁའ་ལྟ་བུར་ངོ་སྤྲད། རྗེས་ཐོབ་རིས་མེད་ཀྱི་ཡེ་ཤེས་སྒྱུ་མ་ལྟར་ངོ་སྤྲད། རིག་པ་སྤྲོས་བྲལ་ངོས་བཟུང་མེད་པ་དེ་ཀ་རྩལ་སྣང་མ་འགགས་པའི་རོལ་པ་སྒྱུ་མ་ལྟར་འཆར་བས་མཉམ་རྗེས་དབྱེར་མེད་ཟུང་འཇུག་མཆོག་ཏུ་མི་འགྱུར་བར་ངོ་སྤྲད་པའོ། །གཉིས་པ་སྒོམ་པའི་སྒོ་ནས་ངོ་སྤྲད་པ་ནི། ལམ་གྱི་སྣོད་རུང་དུ་སྒྲུབ་བྱེད་སྔོན་འགྲོ། དངོས་གཞིའི་བྱེད་བཅིངས་དང་དམིགས་པའི་ཁྱད་པར་སོགས་ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ངོ་སྤྲད། གཡོ་:ཐབས་ཐོབ་སོགས་ཏིང་ངེ་འཛིན་སྐྱེ་ཚུལ་གྱི་ཉམས་རྣམས་ངོ་སྤྲད། ལུས་ཉམས། ངག་ཉམས། སེམས་ཉམས། རྨི་ཉམས། མཐོང་ཉམས་སོགས་ཏིང་ངེ་འཛིན་གྱི་རྟགས་རྣམས་ངོ་སྤྲད། ཞི་ལྷག་གི་རྣམ་གཞག་བློ་དང་འཚམས་པར་བཤད་པས་ཏིང་ངེ་འཛིན་གྱི་ངོ་བོ་ངོ་སྤྲད་པ་རྣམས་སོ། །གསུམ་པ་སྤྱོད་པའི་སྒོ་ནས་ངོ་སྤྲད་པ་ནི། ཐེག་པ་གསུམ་གྱི་སྤྱོད་པ་ཐམས་ཅད་རྒྱལ་བའི་བཀའ་བཞིན་མ་འཁྲུལ་བར་སྤྱོད་ཅིང་། སྡོམ་གསུམ་འགལ་མེད་དུ་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་དགོས་པར་ངོ་སྤྲད་པའོ། །བཞི་པ་འབྲས་བུའི་སྒོ་ནས་ངོ་སྤྲད་པ་ནི། གནས་སྐབས་དང་མཐར་ཐུག་གི་འབྲས་བུའི་རྣམ་གཞག་ཇི་ལྟར་འགྲུབ་ཚུལ་གྲོལ་བའི་དུས་དང་བཅས་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ངོ་སྤྲད་ནི། ལུས་ཉམས་ཐམས་ཅད་ཀྱི་སྙིང་པོ་བདེ་བའི་ཉམས། ངག་ཉམས་ཐམས་ཅད་ཀྱི་སྙིང་པོ་རླུང་འགགས་ཚུལ། སེམས་ཉམས་ཐམས་ཅད་ཀྱི་སྙིང་པོ་རྣམ་པར་མི་རྟོག་པའི་སྟོང་

p. 170

ཉམས་འཆར་ཚུལ་རྣམས་དང་། རྩ་རླུང་ཐིག་ལེ་སེམས་རྣམས་ཀྱི་དྭངས་མའི་རང་གཟུགས་འོད་གསལ་རྟགས་བཅུའི་མཐོང་ཉམས་རྣམས་བདེ་གཤེགས་སྙིང་པོའི་རང་འོད་སྤྲོས་བྲལ་རྣམ་པ་ཐམས་ཅད་པར་འཆར་བའི་ཀུན་ཁྱབ་རིས་མེད་ཡིན་པའི་ངོ་སྤྲད། དེ་ཡང་སྐུ་རྡོ་རྗེའི་ཕྱེད་སྔ་མར་རྟགས་སྣང་གི་གཟུགས་བརྙན་མཐོང་བ་ཙམ་དང་། ཕྱི་མར་དེ་ཉིད་སེམས་སྤྲོས་ལ་དུ་ཤེས་པ། གསུང་རྡོ་རྗེའི་ཕྱེད་སྔ་མར་སྲོག་གཟུགས་དང་། ཕྱི་མར་ཐིག་ལེའི་དྭངས་མར་ཤར་བ། ཐུགས་རྡོ་རྗེའི་ཕྱེད་སྔ་མར་འབར་འཛག་གི་གཏུམ་མོའི་ངོ་བོ་དང་། ཕྱི་མར་མི་འགྱུར་བའི་ཐིག་ལེར་ཤར་བར་ངོ་སྤྲད། དེ་བཞིན་དུ་བདེ་བར་ཤར་ཚུལ་ཡང་། རྣལ་འབྱོར་གསུམ་གྱི་ཕྱེད་སྔ་ཕྱིའི་རིམ་པས། ཡིད་བདེ་ཕྲ་མོ་ཙམ་དང་ཤིན་ཏུ་སྦྱངས་བའི་དགའ་བདེ། སྲོག་ཐུར་འདྲེས་པའི་བདེ་བ་དང་ལས་ཀྱི་གཏུམ་མོའི་འབར་འཛག་གི་བདེ་བ། ཕྱག་ཆེན་གྱི་འབར་འཛག་གི་བདེ་བ་དང་མི་འགྱུར་བའི་བདེ་བར་ཤར་བར་ངོ་སྤྲད། དེ་དག་གི་གཉིས་སྣང་སྤོང་ཚུལ་ཡང་། སྐུ་རྡོ་རྗེར་སྟོང་གཟུགས་ཉིད་ཀྱི་སྟེང་དུ་ཕྱེད་སྔ་ཕྱིས་མི་རྟོག་པའི་ཚུལ་གྱིས་རང་སེམས་ཀྱི་ངོ་བོར་རྟོགས་པས་སྤོང་། གསུང་རྡོ་རྗེར་གཟུང་འཛིན་མཐའ་དག་ཅུང་ཟད་མགོ་ནོན་པའི་ཚུལ་གྱིས་ཕྱེད་སྔ་ཕྱིས་གཡས་གཡོན་གྱི་ལས་རླུང་བཀག་པའི་ངང་དེ་གཉིས་རང་སར་ཡལ་བའི་སྒོ་ནས་སྤོང་། ཐུགས་རྡོ་རྗེར་མཉམ་བཞག་ཏུ་གཟུང་འཛིན་གྱི་སྣང་བ་མངོན་གྱུར་བ་མི་སྐྱེ་བར་བྱེད་པའི་ཚུལ་གྱི་ཕྱེད་སྔ་ཕྱིས་བདེ་སྟོང་རྒྱས་འདེབས་ཀྱི་ཚུལ་གྱིས་དང་། རང་རྒྱུད་བསྡུས་པ་རྣམས་གནས་གྱུར་པའི་ཚུལ་གྱིས་སྤོང་བ་ཡིན་ནོ། །ཞེས་ངོ་སྤྲད་དོ། །དེ་དག་ཀྱང་ལམ་སོ་སོའི་ཉམས་རྟོགས་སྐྱེ་རིམ་དང་བསྟུན་ཏེ། ལུང་རིགས་ཉམས་མྱོང་དང་སྦྱར་བའི་ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ངོ་སྤྲད་ལ་ངེས་ཤེས་བསྐྱེད་པར་བྱ་ཞིང་། གཞན་ཡང་ལམ་གྱི་རྟགས་ཚད་དང་གེགས་སེལ་བོགས་འདོན་ལ་སོགས་པ་རྣམས་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ་བསྐྱང་བར་བྱའོ། །གསུམ་པ་མཐར་ཕྱིན་པ་མཇུག་གི་བྱ་བ་ལ་གསུམ་སྟེ། མན་ངག་གི་མཛད་བྱང་རྫོགས་ཚིག་དང་བཅས་པ། སྨོན་ལམ་གདབ་ཅིང་དམ་ཚིག་གི་མནའ་རྒྱས་འདེབས་པ། ཟབ་གཏེར་

p. 171

སྤྱན་དྲངས་པའི་བཏོན་བྱང་སྨོས་པའོ། །དང་པོ་ནི། ཟབ་ལམ་བདེ་གཤེགས་ཀུན་འདུས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱི་ཁྲིད་རིམ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། སྩོགས༔ ཞེས་པ་སྟེ། གནས་ལུགས་ཟབ་མོ་གཏན་ལ་འབེབས་བྱེད་རྣམ་དག་ལེགས་པའི་ལམ་ཐེག་པ་མཆོག་གི་མཐར་ཐུག་བདེ་གཤེགས་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོའི་རྩ་བའི་རྫོགས་རིམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་ཁྲིད་རིམ་ཚིག་ཉུང་དོན་རྒྱས་ཀྱིས་སྟོན་པའི་མན་ངག་ཁྱད་འཕགས་རྒྱལ་ཀུན་སྤྱི་གཟུགས་དཔལ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ་ཞེས་དོན་ཐམས་ཅད་ཚང་བ་ཉིད་ཀྱིས་གཏན་ལ་ཕབ་ཟིན་པའི་དོན་ནོ། །གཉིས་པ་ནི། སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཞེས་པ་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བར་གཟིགས་པའི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ཐེག་མཆོག་ཟབ་མོའི་ལམ་ལ་སྔོན་སྦྱངས་ཀྱི་ལས་འཕྲོ་ཅན་མཚུངས་ཟླ་གཞན་མ་མཆིས་པས་གཅིག་སྟེ་སྤྲུལ་པའི་གཏེར་སྟོན་ཆེན་པོ་དང་འཕྲད་པར་ཤོག ཅེས་སྨོན་ལམ་དུ་མཛད་པ་སྟེ། ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་བསྒྱུར་བས་མི་བསླུ་བའི་ཕྱིར་ཕྱག་ཏུ་སོན་པ་ཡིན་ནོ། །འདི་ནི་ཟབ་ཅིང་གཉན་པས་ས་མ་ཡ། ཞེས་དམ་ཚིག་གི་མནའ་རྒྱ་དང་། མི་ཤིགས་པ་སྐུའི་རྒྱ། གཞོམ་མེད་གསུང་གི་རྒྱ། འགྱུར་མེད་ཐུགས་ཀྱི་རྒྱ་སྟེ་རྡོ་རྗེ་གསུམ་གྱི་གཅེས་རྒྱས་གདབ་ཅིང་། ཁྱད་པར་ལས་འཕྲོ་གཏེར་གྱི་རྒྱ་དང་། ཚིག་བརྒྱུད་སྦས་པའི་རྒྱ་དང་། བཀའ་བརྒྱུད་སྨོན་ལམ་གྱི་གཏད་རྒྱ་དང་བཅས་པས་གཏེར་དུ་སྦ་བར་མཛད་དེ། འཕགས་པ་ཆོས་འཕགས་ཀྱིས་ཤེར་ཕྱིན་ལ་རྒྱ་བདུན་གྱིས་བཏབ་པ་བཞིན་ནོ། །གསུམ་པ་ནི། རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ། །ཞེས་པ་སྟེ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡང་སྲིད་མཆོག་གི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་འགྲོ་འདུལ་གཏེར་

p. 172

བདག་གླིང་པས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་སྤྲེའུའི་ལོ་གྲོ་བཞིན་ཟླ་བའི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་དགེ་བ་ལ་མཐའ་འཁོབ་མོན་གྱི་ཆུ་འགོ་རོང་གསུམ་ལས་ཤར་ཕྱོགས་དོམ་ཚང་ཐུགས་ཀྱི་རོང་རང་འབྱུང་རྡོ་རྗེ་ཕག་མོའི་སྐུའི་རྣམ་པར་གནས་པའི་འཁོར་ལོ་ལྔའི་ས་ཚིགས་ལས་ཤ་འུག་སྟག་སྒོ་སྟེ་སྤྱི་བོ་བདེ་ཆེན་ཡེ་ཤེས་ཀྱི་འཁོརལོའི་གནས་ནས་ཟབ་གཏེར་གྱི་སྒྲོམ་བུ་མོན་བོད་ཀྱི་སྐལ་ལྡན་འདུས་པའི་ཁྲོམ་དབུས་སུ་སྤྱན་དྲངས་ནས་རིམ་གྱིས་བུ་དཔེར་བཤུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་སྟེ། གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པའོ། །འདིར་སྨྲས་པ། རབ་འབྱམས་ཕྱོགས་དུས་བདེ་གཤེགས་བགྲོད་གཅིག་ལམ། །རྣལ་འབྱོར་དབང་ཕྱུག་ཚོགས་ཀྱི་གཤེགས་ཤུལ་ཏེ། །རྒྱུད་ལུང་མན་ངག་གསང་བའི་གནད་ཀུན་འདུས། །རྫོགས་རིམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གཞུང་། །རྣམ་པར་འགྲེལ་བྱེད་ལེགས་བཤད་ཟབ་མོའི་དོན། །གསལ་བར་སྟོན་པའི་ཉི་མ་འོད་པོ་ཆེ། །གང་འདི་རི་ཁྲོད་དབེན་པར་ཟབ་ལམ་ལ། །ཚུལ་བཞིན་སྤྱོད་པ་རྣམས་ཀྱི་རི་ཆོས་ཡིན། །སྙིགས་ལས་ཆེར་སྙིགས་རྩོད་པའི་དུས་མཐའ་འདིར། །རྣམ་དག་ལེགས་ལམ་དོན་གཉེར་སྐྱེ་བོ་དཀོན། །དེ་ལྟ་ན་ཡང་རྒྱ་ལ་ཕན་སྲིད་སྙམ། །སྣོད་དང་སྣོད་མིན་མ་བརྟགས་ཅི་དགར་སྨྲས། །དེ་ཕྱིར་འདིར་བསྟན་བདག་གི་ནོངས་པ་རྣམས། །འཕགས་དང་མཁས་པ་རྣམས་ཀྱིས་བཟོད་འོས་ཏེ། །གསང་བ་སྨྲས་ལ་ཆོས་བདག་མཁའ་འགྲོ་ཡི། །ཚོགས་ཀྱང་ཁྲོ་ན་ཅི་ཞིག་བསྲུང་བར་མཛོད། །འདིར་འབད་དགེ་ཚོགས་ཉི་འོད་ལྟར་འབར་བས། །མ་ལུས་འགྲོ་བའི་སྒྲིབ་གཉིས་མུན་བཅོམ་ནས། །ཚོགས་གཉིས་སྣང་བས་ཡོངས་ཁྱབ་རང་རྒྱུད་ཀྱི། །སྙིང་པོའི་རང་ཞལ་མཛེས་པ་མཐོང་གྱུར་ཅིག །ཁྱད་པར་གཏེར་ཆེན་བླ་མ་ཆོས་ཀྱི་རྗེའི། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཏེ། །སྐུ་ཡི་སྲས་མཆོག་མཆེད་དང་གསུང་སྲས་ཀུན། །ཞབས་བརྟན་བཤད་སྒྲུབ་འཕྲིན་ལས་མཁའ་ཁྱབ་ཤོག །བདག་ཀྱང་སྐྱེ་བར་རྗེ་བཙུན་གསུང་ངག་བཞིན། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་དབང་བཞི་ཡིས། །སྨིན་ནས་རིམ་གཉིས་ཆོས་སྤྱོད་མཐར་ཕྱིན་ཏེ། །

p. 173

དཔལ་ལྡན་གར་དབང་མགོན་པོའི་གནས་འཐོབ་ཤོག །བླ་མ་ལྷག་པའི་ལྷར་བཅས་བྱིན་རླབས་དང་། །འགྱུར་མེད་བདེ་དང་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་རྡོ་རྗེར་མི་ཕྱེད་བདེན་པ་དེས། །བདག་གི་འདོད་པའི་དོན་ཀུན་ལྷུན་གྲུབ་ཤོག །ཟབ་ལམ་རྡོ་རྗེའི་ཏིང་འཛིན་གྱིས། །ཉེས་བརྒྱའི་རི་བོ་མཐར་བྱས་ཏེ། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རྩེར། །གྲུབ་གཉིས་རིན་ཆེན་འབར་གྱུར་ཅིག །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་ཡེ་ཤེས་སྙིང་པོའི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ་ཞེས་བྱ་བ་འདི་ནི་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་རིག་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་མངོན་པར་མཐོ་བས་ཡང་དག་པའི་ལམ་གྱི་ས་མཁན་དུ་གྱུར་པ་དཱ་ལའི་ཧོ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས་ཀྱི་བཀའ་ལུང་ལྕི་བས་ལེགས་པར་བསྐུལ་ཞིང་། བླ་མ་དང་ཟབ་མོའི་གདམས་པ་ལ་སྨོན་ལམ་གྱི་མཐུ་གྲུབ་པའི་དད་འདུན་བློ་གྲོས་ཀྱི་ནོར་ཅན་ཕོ་ལྷ་བ་སྡེ་པ་འགྱུར་མེད་མཆོག་གྲུབ་ཀྱིས་ཀྱང་དབེན་པར་ཉམས་ལེན་བྱེད་པར་འདོད་པ་རྣམས་ལ་མཁོ་བའི་རི་ཆོས་ཤིག་བརྩམ་དགོས་ཞེས་རིང་མོ་ནས་གསུང་གིས་ཡང་ཡང་བསྐུལ་བ་ལྟར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རིགས་ཀུན་ཁྱབ་བདག་མཚན་བརྗོད་པར་དཀའ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཚད་མེད་པའི་བཀའ་དྲིན་ཆེན་པོས་ཉེ་བར་བསྐྱངས་པའི་སྐལ་བ་ཅན་སྨྱོས་ཀྱི་དགེ་སློང་དྷརྨ་ཤྲཱིས་སྔ་དགོང་དགེ་སྦྱོར་གྱི་ཐུན་མཚམས་ཉིན་གུང་གི་ཆུ་ཚོད་གཅིག་ཙམ་རེ་རེའི་ཡུན་ལ་རིམ་པར་སྤེལ་བ་ལས། མེ་ཕོ་སྤྲེའུའི་ལོ་དབོ་ཟླའི་དཀར་ཕྱོགས་ཀྱི་ཚེས་གཉིས་རྗེ་བླ་མ་དམ་པའི་དུས་དྲན་གྱི་མཆོད་པའི་ཉིན་གང་གི་ཞབས་རྡུལ་གྱིས་རེག་པའི་ངོ་མཚར་གསང་བ་མཆོག་གི་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོའི་ཡང་ཐོག་འཆི་མེད་འོད་སྣང་གི་སྒོམ་ཁང་དུ་གྲུབ་པར་སུག་ལས་སུ་སྦྱར་བའོ། །འདིས་ཀྱང་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་སྒྲུབ་པ་པོས་ས་སྟེང་ཀུན་ཏུ་ཁྱབ་ཅིང་སྐྱེ་འགྲོ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ཟུང་འཇུག་གི་ཡེ་ཤེས་རྟོགས་པའི་རྒྱུར་གྱུར་ཅིག། །།དགེའོ།། །།

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད། ལོ་ཆེན་དྷརྨ་ཤྲཱི།

p. 174
p. 175

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད་ཅེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

p. 176

ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད་ཅེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། བདེ་གཤེགས་ཀུན་འདུས་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་དེ་ཁོ་ན་ཉིད་སྣང་བའི་འོད་ཅེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་ན་སྒྲིབ་མུན་གཏན་བཅོམ་ནས། །རྣམ་གྲོལ་ཕན་བདེའི་སྣང་བ་རྒྱས་མཛད་པ། །ཟུང་འཇུག་བདེ་ཆེན་ཉི་མ་འོད་པོ་ཆེ། །གཏེར་ཆེན་ཆོས་རྗེ་རྩ་བའི་བླ་མར་འདུད། །རྒྱལ་གསུང་གསང་བ་གཞོམ་མེད་རྡོ་རྗེ་ཉིད། །ཐབས་མཁས་ཚུལ་གྱིས་སློབ་དཔོན་ཚུལ་བཟུང་ནས། །དམ་ཆོས་འོད་བརྒྱས་ཕྱོགས་ཀྱི་ཆ་འགེངས་པ། །པད་འབྱུང་ཉིན་མོར་བྱེད་ཞབས་སྤྱི་བོས་མཆོད། །མཐའ་དག་བདེ་གཤེགས་རྒྱལ་བའི་འཁོར་ལོ་ཀུན། །གང་གི་སྒྱུ་འཕྲུལ་རོལ་པར་ཡོངས་འདུས་པ། །པདྨ་གར་དབང་རབ་འབྱམས་འཁོརལོའི་མགོན། །རིགས་ལྔའི་མཁའ་འགྲོ་ཕྲ་མེན་བཅས་ལ་འདུད། །དེ་ཡི་གསང་བའི་སྒྲུབ་ཐབས་རྨད་བྱུང་བ། །མཁའ་འགྲོའི་སྲོག་སྙིང་པདྨའི་ཐུགས་ཀྱི་བཅུད། །དེ་ཁོ་ན་ཉིད་ཇི་བཞིན་གསལ་ནུས་པའི། །རྣམ་བཤད་སྣང་བའི་འོད་དཀར་འདིར་བཀྱེ་ཡི། །རྩ་རྒྱུད་བླ་མ་གར་དབང་ལྷག་པའི་ལྷ། །མཁའ་འགྲོར་བཅས་པས་བདག་རྒྱུད་བྱིན་བརླབས་ཏེ། །རྩོམ་པའི་བྱ་བ་གེགས་མེད་མཐར་ཕྱིན་ནས། །མཐའ་ཡས་འགྲོ་ལ་ཕན་པའི་བཀའ་དྲིན་སྩོལ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འགྲོ་བ་མཐའ་དག་རྣམ་གྲོལ་གྱི་ལམ་ལ་འགོད་པར་བཞེད་པས་ཆགས་བྲལ་དང་འཁོར་ལོས་སྒྱུར་བའི་ཆ་བྱད་ལ་སོགས་པ་རྣམ་

p. 177

པར་འཕྲུལ་པ་མཐའ་ཡས་པར་སྣང་བར་མཛད་ནས་བསྟན་པ་དང་། ཐེག་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་ལེགས་པར་བཟུང་སྟེ་གནས་པ་ལས། འདིར་ཟབ་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་བླ་ན་མེད་པ་གཉིས་སུ་མེད་པའི་རྒྱུད་ཀྱི་སྙིང་པོའི་ངེས་གསང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ་སྟེ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བས་དོན་མངོན་དུ་གྱུར་ནས་ལེགས་པར་བཀྲལ་བ་བདེ་གཤེགས་གཅིག་དྲིལ་གྱི་མན་ངག་འཇིག་རྟེན་དབང་ཕྱུག་རྩ་བའི་སྒྲུབ་ཐབས་ཞེས་ཡོངས་སུ་གྲགས་པ་ཐུགས་རྗེ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་འདི་འཆད་པའི་དབང་དུ་བྱས་ན་དོན་གསུམ་སྟེ། སྒྲུབ་ཐབས་ཀྱི་མཚན་བསྟན་པ། མཚན་དེ་ལྡན་གྱི་སྒྲུབ་ཐབས་དངོས་བཤད་པ། རྗེ་གཏེར་ཆེན་བླ་མས་ཇི་ལྟར་སྤྱན་དྲངས་པའི་བཏོན་བྱང་སྨོས་པའོ། །དང་པོ་ལ། བསྒྱུར་བཤད་གཉིས་ལས། བསྒྱུར་བ་ནི། རྒྱ་གར་སྐད་དུ། ལོ་ཀ་ཞེས་པའི་བོད་སྐད་དུ་འཇིག་རྟེན། ཨཱི་ཤྭ་ར་ནི་དབང་ཕྱུག གུ་ཧྱ་ནི་གསང་བ། སཱ་དྷ་ནི་སྒྲུབ་ཐབས། ན་མ་ནི་ཞེས་བྱའོ། །དོན་བཤད་པ་ནི། ཤེས་རབ་ཆེན་པོས་སྲིད་པའི་མཐའ་ལས་རྣམ་པར་གྲོལ་ཡང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་མཁའ་ལྟར་ཁྱབ་པའི་འཕྲིན་ལས་རིས་མེད་དུ་སྟོན་པས་ཞི་བའི་མཐའ་ལ་མི་གནས་པའི་ཕྱིར་འཇིག་རྟེན་ཐམས་ཅད་ལ་རྗེས་སུ་ཆགས་པས་དབང་སྒྱུར་བར་མཛད་པས་ན་འཇིག་རྟེན་དབང་ཕྱུག་སྟེ་བསྒྲུབ་བྱ་བཅོམ་ལྡན་འདས་ཀྱི་མཚན་ནོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བདག་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་སྟེ་གསང་བ་བསམ་གྱིས་མིཁྱབ་པའི་ངོ་བོ་ཡིན་པས་དེ་ཉིད་སྒྲུབ་པའི་ཐབས་ཀྱི་གཞུང་འདི་ཡང་ཟབ་ཅིང་དཔག་པར་དཀའ་བས་སམ། ཆོས་བཟང་ཞིང་རྙེད་དཀའ་བས་བསྟན་དུ་མི་ཕོད་པ་དང་། སྣོད་མིན་ལ་བསྟན་དུ་ཡང་མི་རུང་བས་གསང་བའོ། །སྒྲུབ་ཐབས་ནི་སཱ་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པའི་དོན་ཏེ། འདོད་པའི་འབྲས་བུ་ལེན་པའམ་འཐོབ་པར་བྱེད་པའི་ཐབས་ཡིན་པས་

p. 178

སྒྲུབ་ཐབས་སོ། །ཅིའི་ཕྱིར་མཚན་ཀླད་དུ་སྨོས་ཤེ་ན། སྨན་སྣོད་ཀྱི་ཁ་བྱང་ལྟར་རྨོངས་པ་སེལ་བའི་ཆེད་དང་། བྱེ་བྲག་སྐད་གཉིས་སྨོས་པས་ནི་ཆོས་ཁུངས་བཙུན་ཞིང་སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་འཇོག་པའི་དགོས་པ་ཡོད་དོ། །གཉིས་པ་ལ་གསུམ་སྟེ། གཞུང་ལ་འཇུག་པའི་ཡན་ལག འཇུག་བྱ་གཞུང་གི་དོན། མཐར་ཕྱིན་པ་རྗེས་ཀྱི་བྱ་བའོ། །དང་པོ་ལ། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་ནི། པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། སློབ་དཔོན་གྱིས་སྒྲུབ་ཐབས་མཛད་པའི་ཐོག་མར་མཛད་པ་པོ་རང་ཉིད་དམ་པར་རྟོགས་པས་གཞན་གུས་པས་འཇུག་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱག་མཛད་པས་ཚོགས་རྫོགས་ཤིང་རྩོམ་པའི་བར་ཆད་ཞི་བ་དང་། མ་འོངས་པའི་གདུལ་བྱ་རྣམས་ཀྱང་ཚུལ་དེ་ལྟ་བུ་ལ་སློབ་པར་འགྱུར་བའི་དོན་དུ་མཆོད་པར་བརྗོད་པ་སྨོས་སོ། །དེ་ལ་པདྨ་ནི། རྡོ་རྗེ་བཀོད་པ་ལས། གསུང་ནི་མ་ཆགས་པདྨའི་རིགས། །ཞེས་པ་འདོད་ཆགས་དག་པས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་གསལ་ལ་མ་ཆགས་པར་གཟིགས་ནས་འཇིག་རྟེན་དུ་ཆོས་ཀྱི་སྣང་བ་ཆེན་པོ་རྒྱས་པར་མཛད་པས་བརྡ་སྤྲོད་པ་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་རིགས་སུ་སྟོན་པ་ཡིན་ལ། གར་ནི་མཛད་པ་སྣ་ཚོགས་པའི་བདག་ཉིད་ཅན་ཏེ། སྙིང་རྗེ་རྣམ་པ་གསུམ་གྱི་རང་བཞིན་བདེ་བ་ཆེན་པོའི་སྙིང་རྗེའི་རོལ་པ་གདུལ་བྱའི་འགྲོ་བ་རྣམས་ཀྱི་བག་ལ་ཉལ་དང་བསམ་པའི་ཁམས་ཀྱི་བྱེ་བྲག་གི་རྣམ་པར་འཕྲུལ་པའི་གཟུགས་སྣ་ཚོགས་པ་ཅིར་ཡང་མ་ངེས་པར་བསྟན་ནས་འདུལ་བར་མཛད་པས་རྟག་ཏུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་ན་གར་གྱི་དབང་ཕྱུག་སྟེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་ཤེས་རབ་སྟོང་པ་ཉིད་གསང་བའི་པདྨ་དང་། ཐབས་བདེ་བ་ཆེན་པོའི་སྒྱུ་འཕྲུལ་གྱི་གར་གྱིས་རྣམ་པར་རོལ་པ་གཉིས་ཟུང་དུ་འཇུག་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་འཁོར་འདས་ཐམས་ཅད་དང་དབྱེར་མི་ཕྱེད་པར་བཞུགས་པས་དབང་

p. 179

ཕྱུག་སྟེ། གཞི་ལམ་འབྲས་གསུམ་རོ་གཅིག་པའི་བདག་ཉིད་བཅོམ་ལྡན་འདས་སོ། །དེ་ལ་ཕྱག་འཚལ་ལོ་ཞེས་སློབ་དཔོན་གྱིས་དང་བ་ཆེན་པོའི་སྒོ་ནས་འདུད་པར་མཛད་པ་ནི་ཀུན་རྫོབ་ཀྱི་ཕྱག་དང་། ཡུལ་དང་དགོངས་པ་རོ་གཅིག་ཏུ་མཉམ་པར་འཇོག་པ་ནི་དོན་དམ་ལྟ་བ་མཇལ་བའི་ཕྱག་གོ །གཉིས་པ་ནི། མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ སྐད་ཅིག་ཉིད་ལ་འ ཐོབ་བྱེད་པའི༔ བདེ་གཤེགས་ཀུན་འདུས་སྒྲུབ་པའི་ཐབས༔ སྐལ་ལྡན་དོན་དུ་བསྟན་པར་བྱ༔ ས་མ་ཡ༔ ཞེས་པ་སྟེ། རྩོམ་པར་དམ་བཅའ་བ་སྨོས་པས་ནི། དམ་པ་རྣམས་ནི་སྲོག་ལ་བབས་ཀྱང་དམ་བཅའི་འཁུར་མི་འདོར་བས་རྩོམ་པ་མཐར་ཕྱིན་པར་འགྱུར་བའི་དོན་ནོ། །དེ་ལ་སྐལ་ལྡན་ནི་ཟབ་ལམ་སྟོན་པའི་སྣོད་དུ་རུང་བ་འོག་ནས། བློ་ལྡན་བཟོད་བརྩོན་སོགས་གསུངས་པའི་ཡོན་ཏན་དང་ལྡན་པ་སྟེ། དེ་དག་ལ་ཕན་གདགས་པའི་དོན་དུ་པདྨ་བདག་གིས་བདེ་གཤེགས་ཀུན་འདུས་སྒྲུབ་པའི་ཐབས་འདི་ཉིད་བསྟན་པར་བྱ་ཞེས་དམ་བཅའ་བར་མཛད་དེ། དགོས་པ་ཅི་ཞིག་གཟིགས་ནས་རྩོམ་ཞེ་ན། འདི་ཉིད་ལས། དེ་ལྟར་ཞག་བདུན་ཉེར་གཅིག་དང༔ ཟླ་གསུམ་ཟླ་དྲུག་ལ་སོགས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་འགྱུར༔ ཞེས་གསུངས་པ་ལྟར་ཐབས་འདིས་ཟག་མེད་ཀྱི་སློབ་ལམ་དང་མི་སློབ་པའི་ལམ་གྱིས་བསྡུས་པའི་བྱང་ཆུབ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པས་ལས་ཆེན་བརྒྱད་དང་གྲུབ་ཆེན་བརྒྱད་སོགས་ཐུན་མོང་གི་དངོས་གྲུབ་ཀུན་ཀྱང་དེའི་ཞར་ལ་གདོན་མི་ཟ་བར་འགྲུབ་ཅིང་། དེ་ཡང་རིང་པོར་མི་ཐོགས་པར་དུས་གྲངས་ངེས་པ་དེ་དང་དེའི་བྱ་རྫོགས་ཀྱི་སྐད་ཅིག་མ་ཉིད་ལ་དཀའ་བ་མེད་པར་འཐོབ་པར་བྱེད་པ་ལ་མི་བསླུ་བར་གཟིགས་ནས་ཏེ། གསང་བ་འདུས་པ་ལས། ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེའི་དམ་ཚིག་བསྒྲུབས་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་འགྱུར་རོ། །ཞེས་དང་། རྡོ་རྗེ་གསང་བའི་རྒྱུད་ལས། ཤིན་ཏུ་བརྩོན་པས་གང་བསྒྲུབ་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །

p. 180

ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་སོ། །ས་མ་ཡའི་སྒྲ་ནི་དོན་དུ་མ་ལ་འཇུག་ཀྱང་སྐབས་འདི་དག་ཏུ་ས་མ་ཡ་ར་ཧ་སྱ་ཞེས་པའི་སྒྲ་ལས་གསང་བའི་དོན་ཉིད་བཟུང་ངོ་། །གཉིས་པ་གཞུང་གི་དོན་ལ་དྲུག་སྟེ། གང་གིས་སྒྲུབ་པའི་གང་ཟག གང་ལྟར་སྒྲུབ་པའི་གོ་རིམ། གང་དུ་སྒྲུབ་པའི་གནས། གང་ལ་བརྟེན་ནས་སྒྲུབ་པའི་རྫས། ཇི་ལྟར་སྒྲུབ་པའི་ཐབས། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། བློ་ལྡན་བཟོད་བརྩོན་དད་པར་ལྡན༔ གསལ་ཞིང་ཤེས་རབ་སྙིང་རྗེ་ཆེ༔ དབང་ཐོབ་དམ་ཚིག་ལྡན་པ་ཡིས༔ ཞེས་པ་སྟེ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་མཆོག་ཏུ་འདུན་པའི་སྐྱེས་བུ་བློ་གྲོས་དང་ལྡན་པ་ཁོང་ཡངས་ཤིང་ངང་ཚུལ་བཟང་བ། སྒྲུབ་པ་ལ་ཕྱི་བཤོལ་མེད་པར་འཇུག་ཅིང་མཐར་སྐྱེལ་བ་སྐྱོ་དུབ་མེད་པའི་བཟོད་པ་དང་། ཐལ་ལྷོད་མེད་པའི་བརྩོན་འགྲུས་ཀྱིས་སེམས་རུས་ཀྱི་ཞེ་དམ་འཆའ་ནུས་པ། དེའི་རྒྱུ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང་། བསྒྲུབ་བྱའི་འབྲས་བུ་ལ་ཆེས་དུངས་པ་འདོད་པའི་དད་པ་དང་། བླ་མ་དང་དཀོན་མཆོག་ལ་སེམས་རབ་ཏུ་དང་བའི་དད་པས་སྐྱབས་སུ་བསྟེན་པ་སྟེ་དད་པ་གསུམ་དང་ལྡན་པ། མན་ངག་གི་ཕྱག་བཞེས་མཐོང་ཞིང་མ་བརྗེད་པ་དང་། ཚིག་དོན་ལ་སྒྲོ་འདོགས་ཆོད་པས་ཐེ་ཚོམ་གྱི་འཕྲང་ལས་ཐར་ཏེ་བསྒོམ་བྱའི་དོན་ལ་མ་རྨོངས་པས་བློ་གསལ་ཞིང་གཞི་འབྲས་ཀྱི་བཞུགས་ཚུལ་དང་དག་བྱ་དག་བྱེད་ཀྱི་གནད་རྣམས་གོ་བའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ངེས་པ་གཏིང་ཚུགས་པས་བཅོས་མིན་གྱི་བྱམས་པ། སྙིང་རྗེ་ཆེན་པོ་བསྐལ་ཆེན་གྱི་མེ་ལྟར་འབར་བས་ཅི་བྱེད་གཞན་དོན་ལས་མི་འདའ་བའི་ཁུར་ཁྱེར་བ་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་སྤྱིར་གཅེས་པ་སྟེ། བྱེ་བྲག་ཏུ་དཀྱིལ་འཁོར་འདིར་དབང་བསྐུར་པ་ཐོབ་པས་རྒྱུད་སྨིན་ཅིང་། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཡང་དག་པར་གནས་པས་སྔགས་སྡོམ་དང་ལྡན་པའི་རྟེན་གྱི་གང་ཟག་དེ་ལྟ་བུ་ཡིས་བསྒྲུབ་པར་བྱ་དགོས་ཏེ། ཅིའི་ཕྱིར་ན། དབང་ནི་ལམ་མངོན་དུ་བྱེད་པའི་རྒྱུའམ་གཞི་དང་། དམ་ཚིག་ནི་ལམ་གྱི་གྲོགས་ཡིན་པའི་ཕྱིར་རོ། །དེ་ལ་དབང་གི་ངོ་བོ་གང་ཞེ་ན། འཐོབ་བྱའི་འབྲས་བུ་མངོན་དུ་སྐྱེད་ནུས་

p. 181

པའམ། དེ་ལྟར་མ་ནུས་ནའང་མ་འོངས་པ་ན་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་སྟེ། ཇི་ལྟར་སྨིན་པ་དང་རྗེས་སུ་མཐུན་པའི་ལམ་སྒོམ་པ་ན་འབྲས་བུའང་དེ་དང་མཐུན་པ་མངོན་དུ་བྱེད་པ་ཡིན་ནོ། །དེ་ཡང་དབང་ཆོག་ལས། གང་ཞིག་སྔགས་ཀྱི་ལམ་ཆེན་པོར༔ སྨིན་པར་བྱེད་པ་དབང་བསྐུར་ཏེ༔ ཞེས་སོ། །དེས་ན་དབང་གི་སྐད་དོད་ཨ་བྷི་ཥིཉྩ་ཞེས་པའི་ཨ་བྷི་ནི་མངོན་དུའམ་མངོན་པ། ཥིཉྩ་ནི་གཏོར་བའམ་བླུགས་པ་སྟེ། སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་སྐལ་བ་འཇོག་པས་ན་དབང་ངོ་། །ཇི་ལྟར་བསྐུར་བའི་ཆོ་ག་ལ། ཐོག་མར་དཔོན་སློབ་ཀྱི་འབྲེལ་བ་བརྟག་པ་སྔོན་དུ་འགྲོ་བས་སློབ་མས་གསོལ་བ་གདབ་ཅིང་རུང་ན་བླ་མས་གནང་བ་བྱིན་ཏེ་རང་ཉིད་བསྙེན་པ་ཁ་གསོ་བ་ལ་འཇུག་གོ །གཟུང་བྱའི་སློབ་མའི་གྲངས་ལ་དེང་སང་གསང་བ་སྤྱི་རྒྱུད་ལྟར་གཅིག་ནས་ཉི་ཤུ་རྩ་ལྔའི་བར་དུ་གཟུང་བ་མ་ཡིན་པ་ལ་བཞེད་པ་མང་ནའང་། དེ་ནི་གསང་བ་སྤྱིའི་རྒྱུད་ཉིད་ལས། དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། །ཆོ་ག་འདི་ནི་ངས་བཤད་དོ། །ཞེས་པ་ལྟར་བྱ་རྒྱུད་ཀྱི་དཀྱིལ་འཁོར་དེ་སྙེད་ཁོ་ནའི་སྤྱི་རྒྱུད་དུ་གསུངས་པས་དེའི་ལུགས་རྒྱུད་སྡེ་གཞན་ཐམས་ཅད་ལ་སྦྱར་དགོས་པའི་ངེས་པ་མི་སྣང་ངོ་། །དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཏེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་སོ། །དེ་ལ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་ནི་རིམ་པ་ཇི་ལྟ་བར་སློབ་དཔོན་རྫོགས་པའི་སངས་རྒྱས་དང་། མཐར་ལམ་པ་དང་། མཐོང་སྒོམ་ལ་གནས་པ་སྟེ་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱའི་དབྱེ་བས་སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ་ལྟ་བུར་དམིགས་རྟེན་ཅུང་ཟད་ཙམ་དང་། དེ་ལས་ཀྱང་བློ་ཆེ་བ་སྐལ་ལྡན་ཡང་རབ་ལ་བླ་མའི་ལུས་དཀྱིལ་ལ་བརྟེན་ནས་བསྐུར་པའི་ཚུལ་འབྱུང་སྟེ། དང་པོ་གསུམ་གྱི་དབང་དུ་བཀའ་བརྒྱད་བདེ་

p. 182

འདུས་ཀྱི་དབང་རྩར། དཀྱིལ་འཁོར་གང་དུ་དབང་བསྐུར་ན༔ རབ་འབྲིང་ཐ་མར་གསུངས་པ་ཡི༔ མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ༔ དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ༔ ཞེས་དང་། ཕྱི་མའི་དབང་དུ་བྱས་ཏེ། དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས་ནས། གང་ལུས་དཀྱིལ་ལ་དཀྱིལ་འཁོར་དུ་འདུ་ཤེས་པའི་མཁས་པ་དེས་བསྒྲུབ་བྱའི་ཡུལ་ནི། དེ་ལས། འགྲོ་བ་འདི་ཀུན་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དང་། མཁའ་འགྲོ་སྙིང་ཏིག་ལས། ཡེ་ནས་རང་ལུས་དཀྱིལ་འཁོར་དུ༔ གནས་པ་ངོ་ཡང་སྤྲད་པར་བྱ༔ ཞེས་པ་ལྟར་རོ། །དེ་ལས་རེ་ཞིག་རྡུལ་ཚོན་གྱི་དབང་དུ་བྱས་ཏེ་དཀྱིལ་འཁོར་བཞེངས་པ། སྒྲུབ་པ། དེར་འཇུག་པའི་ཚུལ་དང་གསུམ་ལས། དང་པོ་ནི། དབང་ཆོག་ལས། ས་ཆོག་སྟ་གོན་བྱ་བ་དང༔ དཀྱིལ་འཁོར་བཞེངས་པའི་རིམ་པ་སྟེ༔ ཞེས་པས། ནུབ་དང་པོ་སའི་ཆོ་ག་ནི། གནས་ཁང་གསར་པ་ཡིན་ན་ཕྱོགས་དེར་དཀྱིལ་འཁོར་རུང་མི་རུང་བརྟག་པའི་ཕྱིར་གནམ་ས་བར་སྣང་གི་དཔྱད་དེ་སའི་གཞི་དང་། བརྐོས་ལ་ཟུག་རྔུ་གསལ་བ་སོགས་ཀྱི་སྒོ་ནས་རང་གི་མཚན་ཉིད་ལའང་བརྟགས་ཏེ། རུང་ན་ས་དང་གཞིའི་བདག་པོ་ལ་རིན་འཇལ་ཞིང་བདེན་པ་བརྗོད་པས་བསླངས་ལ། རྫས་དང་དག་པའི་སྔགས་རྒྱས་སའི་ཉེས་སྐྱོན་རྣམས་སྦྱང་བ་དང་། བགེགས་བསྐྲད་དེ་བདག་གིར་བཟུང་བ་ལ། ཕྱི་ནང་གི་མཚམས་ཀྱི་རིམ་པས་བསྲུང་བ་བྱས་ཏེ་ས་དང་སར་འཛིན་གྱི་རྟོག་པ་བསལ་ལོ། །ནུབ་གཉིས་པར་སྟ་གོན་རྣམ་པ་གསུམ་ལས། ལྷ་སྟ་གོན་ནི། སོ་སོའི་གནས་སུ་དྲིའི་ཐིག་ལེ་ལྷ་གྲངས་དང་མཉམ་པ་བྱས་ལ་ཚོམ་བུ་བཀོད་ནས། ལྷ་རྣམས་སྤྱན་དྲངས་པ་དཀྱིལ་འཁོར་གྱི་གཞིའི་སྟེང་གི་ནམ་མཁར་བཞུགས་པ་ལ་མཆོད་ཅིང་བསྟོད་ནས་ནངས་པར་འབྱོན་པར་སྙན་གསན་འབེབས་པའོ། །བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ཆས་སུ་བཅུག་པ་རྫས་ཉེར་ལྔ་དང་ཆུ་གཙང་མས་བཀང་སྟེ་རྣམ་རྒྱལ་དུ་དཀྱིལ་འཁོར་ཡོངས་རྫོགས་དང་ལས་བུམ་དུ་རྟ་མགྲིན་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པའི་མཐར་འོད་ཞུ་བྱས་ཏེ་བུམ་ཆུ་ནུས་ལྡན་

p. 183

དུ་སྒྲུབ་པའོ། །སློབ་མ་སྟ་གོན་ནི། ཡོལ་བའི་ཕྱི་རོལ་དུ་སློབ་མས་མཎྜལ་དབུལ་ཞིང་གསོལ་བ་གདབ། གསང་སྔགས་ལ་སྤྲོ་བ་བསྐྱེད་ཅིང་གནང་བ་སྦྱིན་ནས་སྐྱབས་སེམས་སྡོམ་པ་བཟུང་བ་རྣམས་བྱས་ཏེ། ལྷར་བསྐྱེད་ལ་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་ཅིང་མཆོད་ནས། དངོས་གྲུབ་ཀྱི་སྐལ་པ་བརྟག་པའི་ཆེད་དུ་སོ་ཤིང་དོར་བ་དང་། རྨི་ལམ་བརྟག་པ་གཉིས་ཀྱི། ཕྱི་མའི་སྔོན་འགྲོར་རྨི་ལམ་གསལ་བའི་ཕྱིར་ཁྱོར་ཆུ་བླུད་པ། བར་ཆད་ཀྱིས་མི་བསྒྲིབ་པའི་ཕྱིར་སྲུང་སྐུད་གདགས་པ། མི་འཁྲུག་པར་བྱ་བའི་ཕྱིར་ཀུ་ཤའི་སྔས་སྟན་བྱིན་པ་སྟེ། ཁ་ཅིག་སོ་ཤིང་ལ་སོགས་པ་བཞི་པོ་དབང་བཞི་སོ་སོའི་སྟ་གོན་དུ་འདོད་པ་ནི་རྒྱུད་སྡེ་འོག་མའི་ཆོ་ག་ལས་འབྱུང་བ་སོགས་ཀྱིས་མ་ངེས་སོ། །སྔོན་དུ་བློ་ལེགས་པར་སྦྱངས་ཟིན་པ་མ་ཡིན་ན་མི་ལྡོག་པའི་ཆེད་དུ་ཆོས་ཀྱང་བཤད་ནས། དངོས་གཞིའི་རྨི་ལམ་བརྟག་ཏུ་བཅུག་སྟེ་ངན་ན་ནངས་པར་ལྡོག་པའི་ཆོ་ག་བྱའོ། །དེ་ལྟར་བརྟགས་པས་རུང་བར་མཐོང་ན་དཀྱིལ་འཁོར་བཞེངས་ཏེ། ཁམས་ལྔ་རིགས་ལྔར་དག་བྱེད་བདུད་རྩི་ལྔའི་གོ་མ་ཡེས་དཀྱིལ་འཁོར་གྱི་གཞིར་ཁྱབ་པར་བྱུགས་ལ་གཞན་གྱིས་ལོངས་མ་སྤྱད་པའི་ཐིག་སྐུད་རིང་ཐུང་གི་ཚད་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམ་ཕྲ་སྒོའི་ཉི་ཤུ་ཆའི་སྲད་བུ་ཁ་དོག་ལྔ་པ་དང་། རིན་པོ་ཆེའི་ཕྱེ་ལ་སོགས་པའམ་དྲི་མ་མེད་པའི་རྡུལ་ཚོན་ཁ་དོག་ལྔ་པ་རྣམས་དཔའ་བོ་འབྲུ་ལྔ་ལས་རིགས་ལྔར་མོས་པ་བདག་ཉིད་ལྷར་གསལ་བའི་སྐུ་ལ་བསྡུས་ཏེ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཐིག་ཚོན་དང་རོ་གཅིག་ཏུ་བསམ་པ་རྣམས་འདྲ་བ་ལས། ཁྱད་པར་ཐིག་སྐུད་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་པ་དེ་ཉིད་ཡུམ་གྱི་མཁའ་ལ་སྤྲོས་པར་བསམ་སྟེ་ཐིག་གཡོག་ཡུམ་དུ་གསལ་བ་ལ་གཏད་ནས་ཚངས་ཐིག་གཉིས། ཟུར་ཐིག་གཉིས་རྩ་ཐིག་བཞི་སྟེ་ཐིག་ཆེན་བརྒྱད་བསྐོར་འདུག་གི་ཕྱོགས་མ་འཁྲུལ་བས་སྟེང་གི་མཁར་ཡེ་ཐིག་བཏབ་ནས། ས་ལ་ལས་ཀྱི་ཐིག་རྣམས་རིམ་པར་གདབ་བོ། །དེ་ལ་དཀྱིལ་འཁོར་གྱི་ཚད་ནི་འདིར་མ་བཤད་པས་ཁྲུ་གང་དང་ཁྲུ་བཞི་སོགས་གཞན་ལས་གསུངས་པ་བཞིན་ཇི་ལྟར་རིགས་པ་སྦྱར་བས་ཆོག་ཅིང་། དབང་ཆོག་ཏུ། ཁྱམས་སོགས་གཞན་བཞིན་ཤེས་པར་བྱ༔ ཞེས་

p. 184

ཁྱམས་བཤད་པ་དང་། འདི་ཉིད་དུ། མུ་ཁྱུད་གྲུ་ཆད་སྒོ་བཞིར་ལྡན༔ ཞེས་ཁྱམས་མེད་པའི་ཕྱོགས་གཉིས་འདམ་ཁ་ལྟ་བུར་ཡང་འགྱུར་མོད་ཀྱི། འོན་ཀྱང་ལྷ་སྣམ་སྒེར་ལ་མི་དགོས་པའི་རིགས་ལ་ཕྱི་མ་ལྟར་བྱས་པ་མང་ཞིང་། ཁྱམས་ཀྱི་དོན་ཡང་དཀྱིལ་ཆོག་ལ་ལར། སྒོའི་ཕྱི་ཁྱམས་ཀྱི་ཁོར་ཡུག་ཟླུམ་པོ་ཞེས་འབྱུང་བ་བཞིན་སྦྱར་དུ་རུང་བས་འདིར་གྲུ་ཆད་ལ་སྒོ་གཏོད་པའི་ཕྱོགས་བྱས་ན་བདེ་བར་འགྱུར་གསུང་བ་ལྟར་ལེགས་སོ། །རང་གནས་ཡེ་ཤེས་ཀྱི་དོན་མཚོན་བྱེད་ཁ་དོག་སོ་སོར་ཕྱེ་བའི་ཚོན་རྩིས་ཐོག་མར་དབུས་ཀྱི་ཕུར་ཁུང་དགང་ཞིང་ཚོན་པྲ་བརྟགས་ཏེ་ཐིག་ཇི་ལྟར་བཏབ་པའི་གཞི་ལ་རིམ་པར་བཀྱེ་ནས་སྐུ་ལ་སོགས་པའི་མཚན་མ་འགོད། དེ་ནས་བུམ་པ་ལ་སོགས་པ་སྒྲུབ་དབང་གི་རྫས་དང་། མཆོད་པའི་ཡོ་བྱད། དཀྱིལ་འཁོར་གྱི་རྒྱན་རྣམས་ལེགས་པར་དགྲམ་མོ། །དེ་ལྟར་དཀྱིལ་འཁོར་བཞེངས་པའི་བསོད་ནམས་ནི། ཡེ་ཤེས་རྒྱས་པ་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག ། ཐིག་དང་ཚོན་གྱིས་འདྲི་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་ཀུན། །རིན་ཆེན་བདུན་བྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ལས་རྣམས་འགྲུབ་ཅིང་རྒྱལ་བས་དགོངས། །དཀྱིལ་འཁོར་བསམ་:ལས་ཡས་འཐོབ་པར་འགྱུར། །ཞེས་སོ། །གཉིས་པ་སྒྲུབ་མཆོད་ནི། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྣང་ངོ་དེར་མ་དག་པའི་སྣོད་བཅུད་ཀྱི་སྣང་བ་ནུབ་སྟེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོར་འཆར་ཞིང་ཞེན་པས་མ་བསླད་པར་སློབ་པའི་གནད་ཀྱིས་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་ཅིང་། མཆོད་བསྟོད་བཟླས་པ་ལ་སོགས་པའི་ཚེ་དམ་ཡེའི་ཐ་སྙད་ཀྱིས་བདག་མདུན་སོ་སོར་དབྱེ་བའམ། མི་འབྱེད་པར་སྤྲུལ་པའི་ལྷས་དེ་དག་གི་རིམ་པ་མཛད་པ་གང་ལྟར་ཡང་མི་འགལ་བ་དང་། བུམ་འཛབ་ཀྱི་ཚེ་དེ་ཉིད་དུ་དམིགས་པ་གསལ་བཏབ་ནས་བཟླ་བ་སོགས་མདོ་འགག་རྣམས་རྗེ་བླ་མས་དཀྱིལ་ཆོག་ལྷན་ཐབས་སུ་ཇི་སྐད་གསུངས་པ་ལྟར་ངེས་པར་བྱས་ཏེ། དེ་དག་གི་རིམ་པ་ཡང་། དབང་ཆོག་ལས། ཁྲུས་བྱས་དྲིས་བྱུག་སྟན་ལ་འཁོད༔ མཚོན་བྱེད་རྫས་ཀྱི་དཀྱིལ་འཁོར་ཉིད༔ མཚོན་བྱ་ཡེ་ཤེས་འཁོར་ལོ་ཆེར༔ འདོད་ཆགས་ཆེན་པོས་

p. 185

གཟུགས་བརྙན་བཞིན༔ བསམ་ཡས་ཏིང་འཛིན་ལྡན་པར་བསྒོམ༔ བསྙེན་དང་སྒྲུབ་པ་སྒྲུབ་ཆེན་གྱི༔ རིམ་པས་ཉི་ཤུ་རྩ་གཅིག་གམ༔ བཅུ་བཞིའམ་ནི་བདུན་དུ་སྒྲུབ༔ ཅེས་དང་། དེ་དག་གི་ཚེ་འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་གྱི་དཔུང་བསྐྱེད་པ་དང་། དེ་ལས། བར་ཆད་ཉམས་ལེན་འདུལ་བ་དང༔ གཏོར་མ་ཚོགས་ཀྱི་འཁོར་ལོ་དང༔ དེ་བཞིན་སྦྱིན་སྲེག་མེ་ཡི་ལས༔ ཞེས་སོ། །དེ་ལྟར་བསྒྲུབས་པས་རྟགས་མཐོང་བ་ན་རང་དོན་དུ་དངོས་གྲུབ་བླང་ཞིང་། གཞན་དོན་སློབ་མ་ལ་དབང་བསྐུར་བའི་ལས་ལ་སྦྱོར་ཏེ། དེ་ལས། འཕྲིན་ལས་སྒྲུབ་པའི་ཆོ་ག་ཡིས༔ དགེ་བའི་རྟགས་རྣམས་མཐོང་བ་ན༔ ལྷ་དང་བདག་ཉིད་མཉམ་སྦྱོར་བས༔ དངོས་གྲུབ་བླང་ཞིང་སློབ་མ་བཟུང༔ ཞེས་མཚམས་སྦྱར་རོ། །གསུམ་པ་འཇུག་པ་ལ། ཐོག་མར་སློབ་དཔོན་བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་ལྟ་བ་ནི་རིག་པའི་མེ་ཏོག་དོར་བའམ་རང་སྣང་གི་དཀྱིལ་འཁོར་དུ་རིག་པས་འཇུག་པའི་ཚུལ་ཞེས་ཀྱང་བྱ་སྟེ། དེ་བས་ན་འདིར་རང་ཉིད་ལྷ་དང་གཉིས་སུ་མེད་པར་མོས་པ་ཙམ་གྱིས་ཀྱང་སློབ་དཔོན་གྱི་འཇུག་པའི་གོ་ཆོད་པར་གསུངས་མོད་ཀྱི། རྒྱས་པར་ན་སློབ་མ་འཇུག་པ་ལྟར་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་ཆོ་ག་རྒྱས་བསྡུས་ཅི་རིགས་པས་དབང་ལེན་པ་ཡིན་ནོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ། །དང་པོ་ནི། སློབ་བུ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས། བགེགས་བསྐྲད། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་གདོང་བཅིངས་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ། འདོད་དོན་དྲི་ཞིང་ལན་གསོལ་ནས། སྐྱབས་སེམས་དང་བདུན་རྣམ་དག་གིས་ཚོགས་བསགས་ལ་ཁྱད་པར་གྱི་སྡོམ་པ་བཟུང་། ཟླ་བ་རྡོ་རྗེ་གསལ་བཏབ་ནས། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པར་བགྱིའོ། །ཞེས་པའི་སྔགས་དོན་གྱིས་བདེན་གཉིས་ཟུང་འཇུག་གི་སེམས་བསྐྱེད་པ། སློབ་དཔོན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་དམ་ཚིག་ཁྱོད་ཅེས་པའི་སྔགས་དོན་གྱིས་བརྟན་པར་བརླབ་པ་རྣམས་ཀྱིས་རྒྱུད་བསྡམས་ནས་དངོས་སུ་དཀྱིལ་འཁོར་གྱི་ཁང་པའམ་ཡོལ་བའི་ནང་དུ་འདུག་པ་ཡིན་

p. 186

ཡང་སྒོམ་དོན་ལ་སྔགས་རྒྱས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ནས་ལས་རྡོར་གྱི་ལག་གི་རྡོ་རྗེས་ཁྲིད་དེ་ཤར་སྒོ་ནས་ཞུགས་པ་ཕྱིར་ཐོན་ནས་སྐོར་ཕྱོགས་སུ་སྙིང་རྗེ་ལ་སོགས་པ་ཚད་མེད་བཞིའི་འཇུག་པས་སྒོ་བཞི་ཀ་དང་མཐར་ཤར་སྒོ་ནས་ཡང་ཞུགས་ཏེ་ཕྱོགས་བཞི་ནས་སྐུ་གསུང་ཐུགས་ཀྱི་ཕྱག་བྱ་བ་རྣམས་སོ། །གཉིས་པ་ནི། ཕན་ཡོན་དང་། ཉེས་དམིགས་དང་། ཁེ་ཉེན་གཉིས་ག་དང་། རྡོ་རྗེ་སློབ་དཔོན་བཀའ་གཉན་པ་སྟེ་དོན་བཞིའི་སྒོ་ནས་དམ་ལ་བཞག་པས་རྒྱུད་བརྟན་པར་བྱས་ནས། དངོས་གཞི་ཡེ་ཤེས་ཕབ་པས་རྒྱུད་ལྷས་བྱིན་གྱིས་བརླབས་ཏེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དངོས་སུའམ་ཐ་མས་ཀྱང་ཡེ་ཤེས་ཀྱི་སྣ་ཅུང་ཟད་རྙེད་པ་དེ་ཉིད་བརྟན་པར་བྱས་ལ་མེ་ཏོག་དོར་བས་ལྷག་པའི་ལྷ་ངོས་བཟུང་སྟེ། མེ་ཏོག་དེ་ཉིད་སེམས་དཔའ་སྟོབས་པོ་ཆེས། འདི་བརྟན་པ་རབ་ཏུ་ཟུངས་ཤིག་ཅེས་པའི་སྔགས་དོན་གྱིས་མགོ་བོར་བཅིངས་པས་ལྷ་གཏད་ནས་མིག་ཕྱེ་ཞིང་གདོང་གཡོགས་བསལ་ལ་སློབ་དཔོན་གྱི་སྐུ་གསུང་ཐུགས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་གསལ་བ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་བརྡ་དང་རྟགས་ཀྱི་སོ་སོར་མཚོན་ཏེ་བསྟན་པས་ལྷ་དང་སྐལ་བ་མཉམ་པར་བྱས་པའོ། །དེ་ལྟར་ཡང་མཉམ་སྦྱོར་ལས། འཁོར་ལོ་མངོན་དུ་མཐོང་བ་ཡིན། །བསོད་ནམས་རྟགས་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་སོ། །དེ་ལྟར་ཞུགས་པའི་དཀྱིལ་འཁོར་དེར་དབང་བསྐུར་བར་མཎྜལ་སྔོན་དུ་འགྲོ་བ་ཅན་གྱིས་གསོལ་བ་བཏབ་སྟེ། སློབ་དཔོན་གྱིས་གདུལ་བྱའི་བློའི་ཐེག་ཚད་དང་སྦྱར་ནས་དབང་བསྐུར་བར་བྱ་བ་ལས། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྤྲོས་བཅས་བུམ་དབང་བསྐུར་ཏེ། དེ་ལ་ཕན་ནུས་གཉིས་ལས། ཐོག་མར་དད་པ་ཅན་རྗེས་སུ་འཛིན་པ་ཕན་པའི་དབང་ནི། གང་གིས་བསྐུར་ན། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ལྷ་དང་། དེ་ལས་སྤྲོས་པ་སྤྲུལ་པའི་ལྷ་དང་། རང་བཞིན་གྱི་གནས་ནས་སྤྱན་དྲངས་པའི་ལྷ་རྣམས་ཀྱིས་ཏེ། ཇི་ལྟར་ན་སྐུར་བ་པོ་རྣམས་ཀྱིས་སྤྲུལ་པའི་མི་བསྐྱོད་པ་ལ་སོགས་པ་དམ་ཡེ་དབྱེར་མེད་པའི་དེ་བཞིན་གཤེགས་པ་ལྔའི་

p. 187

ངོ་བོ་བུམ་པ་ལ་སོགས་པའི་དབང་རྫས་རྣམས་ཐོགས་ནས། བསྐུར་བྱའི་སྤྱི་བོར་གཏོར་ཞིང་བླུགས་པ་དང་བཅིང་བ་དང་། ལག་གཡས་གཡོན་དུ་རིམ་པར་གཏད་དེ་གསོར་ཞིང་དཀྲོལ་ནས་སྙིང་ག་དང་དཀུར་འཛིན་དུ་བཅུག་པ་དང་། མེ་ཏོག་ཕོག་པའི་ལྷའི་རིགས་ཀྱི་མིང་གཏགས་པའི་སྒོ་ནས་བསྐུར་ཞིང་། སྐུར་བ་པོ་རྣམས་ཀྱང་རང་རིགས་ཀྱི་ངོ་བོར་བུ་ལ་བསྟིམ་པས་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ལ་སོགས་པ་དེ་དག་གི་བྱིན་རླབས་ཀྱི་ནུས་པའི་བྱེད་པས་སྦྱང་བྱ་གློ་བུར་བའི་དྲི་མ་ཕྲ་རགས་ཀྱི་དུག་ལྔ་དང་ཕུང་ལྔ་རང་བཞིན་མེད་པར་རྟོགས་ནས་སྦྱང་གཞིའམ་འ ཐོབ་བྱ་རང་ལ་གནས་པའི་ཤིན་ཏུ་ཕྲ་བ་མི་ཤིགས་པའི་བདག་ཉིད་ཅན་རིགས་ལྔ་སོ་སོའི་སྐུ་དང་ཡེ་ཤེས་སུ་ངོ་སྤྲད་པས་དེ་དག་མངོན་དུ་འགྱུར་རུང་གི་ས་བོན་ཐེབས་པ་ནི་དབང་ཐོབ་པ་སྟེ། རིགས་ལྔ་སོ་སོ་དང་འབྲེལ་བའི་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་མཉན་དུ་རུང་བ་ཙམ་ལས། ད་ལྟ་ཉིད་ནས་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་པ་མེད་པས་ཕན་དབང་དང་། མ་རིག་པ་ལྔའི་སྙིང་པོར་གྱུར་པས་རིག་པའི་དབང་ཞེས་བྱའོ། །དེ་ནས། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ནུས་པའི་དབང་ངམ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། སྐུར་བ་པོ་སོགས་འདྲ་བ་ལས། ཁྱད་པར་རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུའི་དམ་ཚིག་གསུམ་སྦྱིན་པས་ཕྱི་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་ལ་མཉམ་པར་འཇོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ལ། དེ་ལྟར་གྱུར་ནས་དེའི་བྱེད་ལས་གཞན་དོན་འཆད་པའི་གནང་བ་སྟེར་བ་དང་། སངས་རྒྱས་ཀུན་གྱི་རྡོ་རྗེ་མི་ཤིགས་པའི་བདག་ཉིད་ཅན་གྱི་ཆུས་ཀྱང་དབང་བསྐུར་ནས་ཤིས་པ་བརྗོད་ཅིང་མཆོད་པས་མངའ་གསོལ་བར་བྱེད་པ་སྟེ། དེ་དག་གིས་རིགས་དྲུག་དང་འབྲེལ་བའི་ཕྱི་དཀྱིལ་ཉན་སྒོམ་འཆད་པ་ལ་དབང་བར་བྱས་ནས། དེའི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་ཕྱིར་ཆོས་ཐམས་ཅད་རྡོ་རྗེ་གསུམ་དུ་རྒྱས་འདེབས་པ་སྐུ་གསུང་ཐུགས་དབང་ཡང་སྦྱིན་ནོ། །གལ་ཏེ་གཞན་དོན་མི་ནུས་པས་འཆད་དབང་བསྐུར་དུ་མི་རུང་བའི་རིགས་ཀྱང་བདག་དོན་ནུས་པའི་བརྩོན་འགྲུས་ཅན་ཡིན་ན་འདི་

p. 188

གོང་དུ་བླངས་ཏེ་བསྐུར་རུང་ངོ་། །དེ་ལྟར་བུམ་དབང་ཐོབ་པའི་རྟོགས་པ་ནི། སྦྱང་བྱ་ལུས་ཀྱི་དྲི་མ་སྔར་བསགས་སྦྱོང་ཞིང་ཕྱི་མ་སྡོམ་ལ་ཁྱད་པར་ཕུང་པོ་ལྔར་འཛིན་གྱི་ལྟ་བ་བྲལ་བས་ལུས་ཐ་མལ་གྱི་སྣང་ཞེན་སྦྱོང་། སྦྱོང་བྱེད་ཕྱི་ནང་གི་བསྐྱེད་རིམ་སྒོམ་སྒྲུབ་འཆད་ཉན་བྱེད་པ་ལ་དབང་ཞིང་། ཡུལ་སྣང་སྟོང་ཟུང་འཇུག་ཏུ་རྟོགས་པས་ཡུམ་གྱི་ལུས་དཀྱིལ་ལྟ་བ་དང་གསང་རྫས་ལེན་པ་སོགས་ལ་མཚན་རྟོག་ཆུང་ངུར་བྱས་པའི་སྟོབས་ཀྱིས་རང་འབྲས་གསང་དབང་བསྐུར་རུང་དུ་སྨིན། སྦྱང་འབྲས་གནས་སྐབས་སུ་རྒྱུའི་ས་བརྒྱད་པ་དང་སྐལ་བ་མཉམ་ཞིང་མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །དབང་ཆོག་ལས། གང་ཞིག་རིམ་པ་གཉིས་པའི་ལམ༔ གུས་པས་དོན་དུ་གཉེར་བ་ལ༔ ཟབ་མོའི་དབང་གི་སྨིན་བྱེད་བཀའ༔ གཞན་དུ་འབྱུང་བ་བཞིན་དུ་བསྐུར༔ ཞེས་པས་རྫོགས་རིམ་དོན་དུ་གཉེར་བའི་གང་ཟག་བརྟུལ་ཞུགས་ཅན་ལ་སྤྲོས་མེད་མཆོག་དབང་གསུམ་བསྐུར་ཏེ། སྦྱོར་བ་བླ་མ་ལྷ་དང་མཁའ་འགྲོ་རྣམས་ཚོགས་མཆོད་ཀྱིས་མཉེས་པར་བྱས་ནས་ཁྱད་པར་གྱི་དཀྱིལ་འཁོར་དབང་རྫས་དང་བཅས་པ་བསག་ཅིང་། གཟུང་བྱའི་སློབ་བུའི་གྲངས་ནི་སྐལ་ལྡན་བདུན་ལས་མི་མང་བ་འདི་ཉིད་ཀྱི་དམིགས་བསལ་ཏེ། དེ་ལ་དྲུག་ལྟ་བུའང་རུང་བས་ཟུང་མིན་དགོས་པ་སོགས་དེང་སང་བའི་རིགས་གྲས་ནི་སྦྱར་བར་མི་བྱའོ། །དངོས་གཞི་ལ། བསྐུར་བྱ་དྲི་མ་དང་བཅས་པའི་ངག་རླུང་། ཡིད་ཐིག ཡེ་ཤེས་ཀྱི་ཁམས་ཏེ། དེ་གསུམ་རྣམ་པར་དག་པ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ལ་སོགས་པར་སྒྲུབ་པའི་ཕྱིར་མཆོག་གི་དབང་གསུམ་ལས། དང་པོ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་གསང་དབང་བསྐུར་ཏེ། མཎྜལ་དང་རིག་མ་མཚན་ལྡན་ཕུལ་ལ་གསང་དབང་འདོད་པས་གསོལ་བ་གདབ་པ་སྔོན་དུ་བཏང་ནས། མིག་བཅིངས་ལ་བྱིན་ཕབ་སྟེ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་ལ་བརྟེན་ཀྱང་རུང་། སྐུར་བ་པོ་ནི། གསུང་རྡོ་རྗེའི་ངོ་བོ་བླ་མ་དང་ལྷ་ཁ་སྦྱོར་དུ་བཞུགས་པ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ལུས་ཀྱི་དཀྱིལ་འཁོར་ལ་ཞི་ཁྲོའི་ལྷ་ཚོགས་ཁ་སྦྱོར་ཏིལ་གྱི་གང་བུ་ལྟར་གང་ནས་བཞུགས་པ་རྣམས་ཀྱིས་ཏེ། ཇི་ལྟར་ན་རྡོ་རྗེ་

p. 189

དང་པདྨ་བྱིན་གྱིས་བརླབས་ནས་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པས་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་རོ་གཅིག་པའི་ལུས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་སྟོང་གསུམ་འགེངས་པ་ཙམ་གྱི་འདོད་ཆགས་ཆེན་པོ་མཛད་པས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་འདུས་ཏེ་རྡོ་རྗེའི་རྩེ་མོར་བླ་ན་མེད་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ཉམས་སུ་མྱོང་བར་མཛད་ནས་ཡུམ་གྱི་པདྨར་ལྷུངས་པའི་བདུད་རྩི་བྱང་སེམས་དཀར་དམར་ནི་སྐལ་མེད་ལ་བསྟན་དུ་མི་རུང་བས་གསང་བ་ཞེས་བྱ་ལ། དེ་ཉིད་མཁའ་གསང་ལས་དངོས་སུ་ལེན་པར་བྱ་ཞིང་། གལ་ཏེ་མི་ནུས་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་ཏེའམ་ཐོད་པའི་བདུད་རྩི་དང་སྦྱོར་བ་སློབ་བུའི་ལྕེ་ཐོག་ཏུ་བྱིན་པ་འདི་དབང་བསྐུར་བ་སྟེ། དེ་མགྲིན་པ་ནས་འཕེལ་ཏེ་ལུས་ཐམས་ཅད་གང་བས་ཆང་ལ་ཕབས་ཀྱིས་ཐེབས་པ་ལྟར་ཕྲ་བའི་སྒོ་གསུམ་བྱིན་གྱིས་བརླབ། རླུང་ཁ་སྦྱོར་དུ་བཅིངས་པས་དྭངས་མ་དཀར་དམར་གཉིས་ཀྱིས་བདེ་དྲོད་ཀྱི་རྐྱེན་བྱས་ནས་འབར་འཛག་གི་ཞུ་བདེས་ཁྱད་པར་དུ་བྱས་པའི་གསལ་སྟོང་གི་ཡེ་ཤེས་སྐྱེ། རྡོ་རྗེ་སྙིང་འགྲེལ་ལས། ལྟ་བས་དགའ་བ་ཐོབ་པ་ནི། །ལྟ་བ་གསང་བ་དེ་བཞིན་ནོ། །ཞེས་པ་ལྟར་དམིགས་བསལ་ཏེ་བྷ་གའི་དཀྱིལ་འཁོར་མཐོང་བས་ཀྱང་བྱང་སེམས་ཆེར་གཡོས་ནས་ཉམས་མྱོང་གི་ཡེ་ཤེས་ནམ་མཁའ་དང་མཉམ་པ་རྒྱུད་ལ་ཆེས་ཆེར་འཕར་ཏེ། དབྱིབས་ལ་ལྷར་ཞེན་གྱི་རྟོག་པ་དང་བྲལ་བ་ནི་གསང་དབང་ཐོབ་པའོ། །དེས་སྦྱང་བྱ་གཙོ་བོར་གསུང་རྡོ་རྗེའི་དྲི་མ་རགས་པ་སྦྱོང་། སྦྱོང་བྱེད་རང་བྱིན་བརླབས་གཏུམ་མོའི་རྣལ་འབྱོར་སྒོམ་པ་དང་དམ་རྫས་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ལ་དབང་ཞིང་། སེམས་གསལ་སྟོང་བརྗོད་བྲལ་དུ་རྟོགས་པས་ཆགས་རྟོག་གིས་འཆིང་བར་མི་ནུས་པ་དང་ཆགས་ལམ་ལ་ཐར་པའི་ལམ་མ་ཡིན་པར་ལྟ་བའི་མཚན་རྟོག་ཆུང་ངུར་བྱས་པའི་སྟོབས་ཀྱིས་རང་འབྲས་དབང་གསུམ་པ་བསྐུར་རུང་དུ་སྨིན། སྦྱང་འབྲས་གནས་སྐབས་སུ་རྒྱུའི་ས་དགུ་པ་དང་སྐལ་བ་མཉམ་ཞིང་མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །གཉིས་པ་ནམ་གྱི་གུང་ལ་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་མཎྜལ་ཕུལ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་འདོད་

p. 190

པས་གསོལ་བ་བཏབ་སྟེ་མིག་བཅིངས་ལ་བྱིན་དབབ། སྐུར་བ་པོ་ནི་བླ་མ་དང་ལྷ་གཉིས་སུ་མེད་པར་ཐུགས་རྡོ་རྗེ་ཁ་སྦྱོར་གྱི་ངོ་བོར་བཞུགས་པས་ཏེ། ཇི་ལྟར་ན་བླ་མས་རིག་མ་དངོས་སམ་སིནྡྷུ་རའི་དཀྱིལ་འཁོར་ཡུམ་དུ་བྱིན་གྱིས་བརླབས་པའི་ལག་གཡས་ནས་བཟུང་ལ་སློབ་མའི་ལག་གཡོན་དུ་སྟེར་བ་ནི་ཤེས་རབ་གཏད་པ་སྟེ། དེ་ལས་ཡེ་ཤེས་བསྐྱེད་པའི་ཕྱིར་ཕྱག་རྒྱས་དྲིས་པ་ལ་ཕྱག་དང་མེ་ཏོག་འཐོར་བའི་སྒོ་ནས་ལན་བཏབ་པས་སློབ་བུ་ལ་རྣམ་རྟོག་མེད་པར་མཐོང་བས་དགྱེས་ནས་བྷཉྫ་མོ་ཀྵ་ཧཾ་སྟེ་ཐར་པ་བསྟེན་པར་གྱིས་ཞེས་པའི་དོན་གྱིས་པང་དུ་བྱོན་ནས་འཁྱུད་ལ་སློབ་མ་དང་ཕྱག་རྒྱ་མ་གཉིས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་གནས་ལྔའི་འཁོར་ལོར་རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་བསྐྱེད་དེ། མཁའ་གསང་བྱིན་གྱིས་བརླབས་ནས་ཡུམ་གྱི་གསང་རྩ་བདེ་བ་ཀུན་རྒྱུ་བ་ཁ་ག་མུ་ཁ་དང་སྤྲད་དེ་སྙོམས་པར་ཞུགས་པ་ན། རྗེས་ཆགས་གཏུམ་མོའི་མེས་ཧཾ་ཡིག་བཞུ་བའི་བྱང་ཆུབ་ཀྱི་སེམས་རྒྱུན་མགྲིན་པ་ལ་སོགས་པའི་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཕྱིན་པས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་། སླར་ཡང་ཧཱུྃ་འདྲེན་དང་སྦྱར་བའི་རླུང་སྦྱོར་གྱིས་ལྡོག་པས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བ་སྟེ། དེ་ཡང་རང་བཞིན་བརྒྱད་ཅུའི་རྟོག་པ་ནུབ་སྟེ་སྣང་གསུམ་མམ་དགའ་བ་དང་པོ་གསུམ་རིམ་གྱིས་མྱོང་ནས་རང་བཞིན་ལྷན་སྐྱེས་ཀྱི་འོད་གསལ་བདེ་བ་ཆེན་པོ་རང་རིག་པའི་ངོ་བོར་ཆོས་ཐམས་ཅད་རོ་གཅིག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་སྟེ། དེའི་ངང་ལ་མཉམ་པར་འཇོག་ཏུ་བཅུག་ཅིང་ངོ་སྤྲད། ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་མིག་བསལ་ནས་རྟོག་པ་བརྗོད་པས་དབུགས་དབྱུང་ངོ་། །དེས་སྦྱང་བྱ་གཙོ་བོར་ཐུགས་རྡོ་རྗེའི་དྲི་མ་རགས་པ་སྦྱོང་། སྦྱོང་བྱེད་ལས་ཀྱི་ཕྱག་རྒྱ་བསྟེེན་པ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་དབང་ཞིང་། རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས་པས་ཆོས་ཐམས་ཅད་ཡེ་ནས་རྣམ་དག་ཏུ་བསྟན་པའི་དོན་ལ་མི་སྐྲག་ཅིང་ཁོང་དུ་ཆུད་པར་འགྱུར་བས་རང་འབྲས་དབང་བཞི་

p. 191

པ་བསྐུར་རུང་དུ་སྨིན། སྦྱང་འབྲས་གནས་སྐབས་སུ་རྒྱུའི་ས་བཅུ་པ་དང་སྐལ་བ་མཉམ་ཞིང་མཐར་ཐུག་ཐུགས་རྡོ་རྗེ་ཆོས་སྐུའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །གསུམ་པ་ཤེར་དབང་ཐོབ་པ་དེས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་གསེར་གྱི་མཎྜལ་ཕུལ་ནས་དབང་བཞི་པ་འདོད་པས་གསོལ་བ་བཏབ་སྟེ་མིག་བཅིངས་ལ་བྱིན་དབབ། སྐུལ་བ་པོ་ནི་བླ་མ་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ཡེ་ཤེས་རྡོ་རྗེའི་ངོ་བོར་བཞུགས་པས་ཏེ། ཇི་ལྟར་ན་གཉུག་མ་རང་རིག་གི་ངོ་བོར་འཇོག་ཏུ་བཅུག་ལ། དེའི་དོན་ངོ་སྤྲད་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་འོད་གསལ་མཆོག་ཏུ་མི་འགྱུར་བའི་ངོ་བོ་དེ་ཉིད་གཞོན་ནུ་མའི་པྲ་ལྟར་མཐོང་ནས་ཐེ་ཚོམ་གྱི་མདུད་པ་གྲོལ་བ་ནི་དབང་བཞི་པ་ཐོབ་པ་སྟེ། དེ་ཡང་སྔར་བུམ་གསང་གཉིས་ཀྱི་དུས་སུ་རྟོག་པའི་ཡུལ་རིག་གསལ་སྟོང་དང་། ཤེར་དབང་གི་དུས་ཀྱི་རིག་པ་བདེ་སྟོང་སྟེ། དེ་ལྟར་བདེ་གསལ་གྱི་ངང་དེར་རང་རིིག་གི་ངོ་བོ་ལ་ཆེར་གྱིས་བལྟས་པས། དེ་དག་གང་དུའང་གནས་མི་གནས་དང་། གང་གི་ངོ་བོར་ཡང་ཡོད་མེད་ཡིན་མིན་སོགས་དཔེ་དང་བསམ་བརྗོད་ཐམས་ཅད་ལས་འདས་པའི་དོན་རང་སངས་རང་རིག སེམས་སེམས་བྱུང་གི་སྤྲོས་པ་དང་བྲལ་ཞིང་དྭངས་གསལ་མི་གཡོ་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་དེ་ཉིད་དབང་བཞི་པའི་ཡེ་ཤེས་སུ་བཞེད་པས་ཇི་ལྟར་རྟོག་པ་དེ་ལྟར་སྒོམ་དུ་བཅུག་ཅིང་། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་མཐོང་བ་མཚོན་བྱེད་མིག་བསལ་ནས་རྟོག་པ་བརྗོད་དོ། །དེས་སྦྱང་བྱ་གཙོ་བོར་ཡེ་ཤེས་རྡོ་རྗེའི་དྲི་མ་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱོང་། སྦྱོང་བྱེད་ཟབ་པ་དོན་གྱི་དབང་ཐོབ་པས་རྒྱ་ཆེ་བ་རྟགས་ཀྱི་དབང་ལ་སོགས་ཏེ་བླང་དོར་དང་བཅས་པའི་ཆོ་ག་ཐམས་ཅད་ལ་ལྟོས་པ་དང་བྲལ་བ་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་ཀྱི་ལམ་འཁོར་བཅས་སྒོམ་པ་ལ་དབང་། སྦྱང་འབྲས་གནས་སྐབས་སུ་ས་བཅུ་གཅིག་པ་ཕར་ཕྱིན་ཐེག་པའི་སངས་རྒྱས་ཏེ་སྔགས་རང་ལུགས་ཀྱི་ལྷུན་གྲུབ་རིག་འཛིན་དང་སྐལ་བ་མཉམ་ཞིང་། མཐར་ཐུག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །དེ་ནས་གཏད་རྒྱ་དང་།

p. 192

དམ་ཚིག་བསྒྲག་བཟུང་། ཡོན་སྟོབ་པ། སྦྱིན་སྲེག་དང་ཚོགས་གཏོར་བཏང་བ། དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་ཤིང་བསྡུ་བ། མཚམས་དགྲོལ་བ། ཤིས་བརྗོད་བསྔོ་སྨོན་དགའ་སྟོན་གྱིས་མཐའ་བརྒྱན་པ་རྣམས་བྱ་སྟེ། དེ་དག་ནི་རྗེས་ཀྱི་ཆོ་གའོ། །དེ་ལྟར་དབང་ཐོབ་ནས་དེ་དང་འབྲེལ་བའི་དམ་ཚིག་དང་སྡོམ་པ་བསྐྱེད་པར་བྱ་སྟེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་འཐོབ་འགྱུར། །ཞེས་སོ། །དེ་ལ་དམ་ཚིག་གི་སྐད་དོད་ས་མ་ཡ་ཞེས་པ་ཡལ་གམ་བཅས་པའི་ཐ་ཚིག་དང་། མནའ་དང་། སྡོམ་པ་ལ་སོགས་ལ་འཇུག་པས་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་དོན་ཏེ། ངོ་བོ་སྔགས་ཀྱི་སྒོར་ཞུགས་ནས་དེ་ཉིད་ཀྱི་བརྟུལ་ཞུགས་བསྲུང་ཞིང་བསྒྲུབ་པར་བྱ་བའི་དོན་ལས་མི་འདའ་བའི་ལྷག་བསམ་ཁྱད་པར་ཅན་ཡིན་ལ། དེ་ཡང་རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པ་དང་། སངས་རྒྱས་ཀུན་གྱི་གསང་བའི་རྡོ་རྗེ་གསུམ་འཛིན་ཅིང་མི་ཉམས་པར་བསྲུང་བའི་ཆ་ནས་དམ་ཚིག་ཀྱང་ཡིན་པས་ངོ་བོ་ཅིག་ལ་ལྡོག་པས་ཕྱེ་བ་ཙམ་དུ་ཟད་དོ། །དེ་ལྟར་ཡང་གསང་སྙིང་གི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་དང་། ཕྲ་རྒྱས་ལས། དེ་ལྟར་སུམ་བརྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་གཏོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུངས་པ་ཡིན། །ཞེས་སོ། །དེ་ལ་རེ་ཞིག སྡོམ་པའི་ངོས་ནས་གཞལ་ན་སོ་ཐར། བྱང་སེམས། རིག་པ་འཛིན་པའི་སྡོམ་པ་དང་གསུམ་སྟེ། ཐུགས་ཐིག་གི་དབང་བྱང་ལས། སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ ཞེས་སོ། །དེ་གསུམ་ཡང་རྣམ་པ་འགལ་བ་ལྟར་སྣང་ཡང་། ངོ་བོ་ཚང་བ་དང་གནས་འགྱུར་བའི་སྒོ་ནས་སོ་བྱང་གཉིས་སྔགས་སྡོམ་གྱི་ནང་དུ་འདུས་ཤིང་རྣམ་པར་དག་པ་སྟེ། ཇི་ལྟར་ན། སྡོམ་པ་འོག་མ་གཉིས་ལ་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ཆ་རེ་ཡོད་པ་རྩ་སྟོང་གི་སྒོ་ནས་སོ་ཐར་གྱི་གཞན་གནོད་གཞི་བཅས་ལས་ལྡོག་པ་དང་། བྱང་སྡོམ་གྱི་

p. 193

གཞན་ཕན་ལ་ཞུགས་པའི་ལྡོག་ཆ་གཉིས་པོ་དེ་སྔགས་སྡོམ་གྱི་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་མཁས་ཀྱི་ནང་དུ་ཚང་ཞིང་རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་ཀྱི་སྡོམ་རྫས་སུ་གནས་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྩ་རྒྱུད་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ནས། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །ཡང་དམ་ཚིག་གི་ངོས་ནས་གཞལ་ན། བདེ་འདུས་ཞི་བ་རྩ་བའི་རྒྱུད་ལས། སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྣམ་པར་དབྱེ་བས་གཟུང་བྱ་སྟེ༔ ཞེས་པས་དམ་ཚིག་གསུམ་སྟེ། དེ་ལ་སྤྱིའི་དམ་ཚིག་ནི། སོ་ཐར། བྱང་སེམས། ཕྱི་རྒྱུད་གསུམ་གྱི་བསྲུང་མཚམས་སུ་གྲགས་པ་རྣམས་སོ། །ཁྱད་པར་གྱི་དམ་ཚིག་ནི། རིགས་ལྔའི་དམ་ཚིག་དང་རྩ་བ་དང་ཡན་ལག་གིས་བསྡུས་པའི་བླ་མེད་ཀྱི་དམ་ཚིག་ཁྱད་པར་བ་རྣམས་ཏེ་འཆད་པར་འགྱུར་རོ། །ལྷག་པའི་དམ་ཚིག་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་གང་ཟག་གིས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བར་བྱ་བ་ལྷག་པར་བསྟན་པའི་དམ་ཚིག གཅན་གཟན་རྒྱལ་པོའི་ཁྲི་མི་གཞིག་པ་ལ་སོགས་ཏེ་ཉི་ཤུའོ། །དེ་ལས་འདིར་ཁྱད་པར་གྱི་དམ་ཚིག་རྣམས་ཅུང་ཟད་ཕྱེ་སྟེ་བཤད་ན། དབང་ཆོག་ཏུ། བདེ་གཤེགས་རིགས་ལྔའི་སྡོམ་པ་དང༔ ཤེས་དང་མི་སྤང་སྤྱད་བྱ་དང༔ དང་དུ་བླང་དང་བསྒྲུབ་བྱ་བ༔ ཉི་ཤུ་བརྒྱད་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ སྡོམ་པ་མ་ལུས་ཡོངས་བཟུང་སྟེ༔ ཞེས་གསུངས་པའི་དོན་ལ་གསུམ་སྟེ། རིགས་ལྔའི་དམ་ཚིག ཡན་ལག་གི་དམ་ཚིག རྩ་བའི་དམ་ཚིག་གོ ། དང་པོ་ནི། རིགས་བྱེ་བྲག་པའི་རྣལ་འབྱོར་པས་ཀྱང་རིགས་ལྔ་ཀའི་སྡོམ་པ་བསྲུང་དགོས་ནའང་། རིགས་གང་ཡིན་དེའི་རང་གི་དམ་ཚིག་ལ་ལྷག་པར་སློབ་དགོས་པས་རིགས་ལྔ་སོ་སོའི་དམ་ཚིག་ཏུ་གྲགས་པ་སྟེ། དེ་ལ་ཕྱི་སྨོན་སེམས་དང་འཇུག་སེམས་སྡོམ་སྡུད་དོན་བྱེད་

p. 194

ཀྱི་ཚུལ་ཁྲིམས་གསུམ་དང་། དཀོན་མཆོག་གསུམ་འཛིན་ཅིང་། སྦས་དོན་བདེ་སྟོང་དབྱེར་མེད་ཀྱི་བྱང་སེམས་དང་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཅན་དུ་བཟུང་བ་སྟེ་དེ་བཞིན་རིགས་ཀྱི་དམ་ཚིག ཕྱི་རྫས་ཀྱི་རྡོར་དྲིལ་དང་ལྷ་སྐུ་ཕྱག་ཆེན། ནང་ཡབ་ཡུམ་གཉིས་ཀྱི་མཁའ་གསང་ཕན་ཚུན་རྒྱས་བཏབ་སྟེ་སྦྱོར་བ། གསང་བ་ཁམས་དཀར་དམར་གཉིས་འབར་འཛག་གིས་རྒྱས་ཟུང་དུ་འབྲེལ་བ། དེ་ཁོ་ན་ཉིད་བདེ་སྟོང་གཉིས་ཟུང་འཇུག་གི་རྒྱས་འཆིང་བ་སྟེ། དེ་ལྟར་ཕྱི་ནང་ལ་སོགས་པའི་རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་གསུམ་འཛིན་ཅིང་། དེ་དག་སྟོན་པའི་བླ་མ་ལ་གུས་པས་བསྟེན་པ་སྟེ་རྡོ་རྗེའི་རིགས་ཀྱི་དམ་ཚིག །ཕྱི་ཆོས་སྐྱོབ་ཟང་ཟིང་དང་དེའི་རྩ་བ་བྱམས་པའི་སྦྱིན་པ་སྟེ་བཞི་བསྟན་ཅིང་། སྦས་དོན་རྗེས་ཆགས་ཀྱི་མེས་བྱང་སེམས་དབབ་ལྡོག་གི་དགའ་བཞིའི་ཡེ་ཤེས་སྦྱིན་པ་ནི་རིན་ཆེན་རིགས་ཀྱི་དམ་ཚིག ཕྱི་ཉན་རང་བྱང་སེམས་ཀྱི་ཐེག་པ་དང་གསང་བ་བྱ་བ་སྤྱོད་པ། རྣལ་འབྱོར་ཕྱི་ནང་སྟེ་ཐེག་པ་གསུམ་འཛིན་ཅིང་། སྦས་དོན་རླུང་དབུ་མར་བཅིངས་པས་གཞོམ་མེད་ཀྱི་གསུང་སྒྲུབ་པ་ནི་པདྨ་རིགས་ཀྱི་དམ་ཚིག སྔར་གྱི་སྡོམ་པ་དེ་ཐམས་ཅད་དང་མཆོད་པའི་ལས་ཀྱང་ཅི་ནུས་སུ་སྒྲུབ་ཅིང་། འཇུག་པར་གཏོགས་པའི་སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཟློ་བ་ལ་འགོད་ཅིང་། སྦས་དོན་དུ་ཐམས་ཅད་ཟུང་འཇུག་ཨེ་ཝཾ་སྡོམ་པས་རྒྱས་འདེབས་པ་དང་། ཞུ་བདེས་ཕུང་ཁམས་དབང་ཡུལ་གྱི་ལྷ་རྣམས་ཚིམ་པར་མཆོད་ཅིང་ཕྲ་རགས་ཀྱི་སྒོ་གསུམ་ཤིན་ཏུ་ཕྲ་བ་རྡོ་རྗེ་གསུམ་གྱི་རང་བཞིན་གཞི་རྫོགས་ཡེ་གྲོལ་ཆེན་པོར་སྒྲོལ་དགྲོལ་དབྱུང་ཞིང་ཟློ་བར་བྱེད་པ་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ །གཉིས་པ་ལ་ལྔ་ཚན་ལྔ་ལས། ཤེས་པར་བྱ་བ་ལྔ་ནི། ཕུང་ཁམས་སོགས་ལྔ་ཚན་གྱི་རྟོག་ཚོགས་རྣམས་ཡེ་ནས་རིགས་ལྔ་ཡབ་ཡུམ་སོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱེད་པ་སྟེ་ལྟ་བའི་དམ་ཚིག་གོ །མི་སྤང་བ་ལྔ་ནི། དུག་ལྔ་ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར་བས་མི་སྤོང་ཞིང་། སྦས་དོན་ཆོས་ཐམས་ཅད་མཉམ་པ་

p. 195

ཉིད་དུ་རྫོགས་པས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱི་འབྱེད་པ་མེད་པའི་གཏི་མུག མི་དམིགས་པའི་སྙིང་རྗེ་ཆེན་པོའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱིས་རྟོག་པ་འཇོམས་པའི་ཞེ་སྡང་། ཟུང་འཇུག་ལྟ་བའི་རྒྱལ་པོ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ་རྟོགས་གོམས་ཀྱི་སྦྱོར་བས་མི་སྤོང་བའོ། །སྤྱད་པར་བྱ་བ་ལྔ་ནི། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་དང་། བརླང་ཚིག་སྨྲ་བ་རྣམས་ཞིང་བཅུ་སྒྲོལ་བ་ལ་སོགས་ཏེ་གཞན་དོན་དུ་འགྱུར་ན་སྤྱད་པར་བྱ་ཞིང་། སྦས་དོན་དུ་སྲོག་ནི་རླུང་སྟེ་བུམ་ཅན་ལ་སོགས་པའི་ཐབས་ཀྱིས་དགག་པའམ་གཟུང་འཛིན་རྟོག་པའི་སྲོག་རང་རིག་པའི་ཡེ་ཤེས་ཀྱིས་གཅོད་པ་དང་། བཙུན་མོའི་ཤུ་ཀྲའམ་བདེ་ཆེན་གྱི་ཡེ་ཤེས་སུས་ཀྱང་སྦྱིན་པ་མེད་པར་དེ་བླང་བ་དང་། རང་རིག་ཉིད་ཡུལ་ཕྱག་རྒྱ་ཆེན་པོ་དང་ཁ་སྦྱོར་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་སྒྲུབ་པ་ནི་འདོད་པ་སྤྱོད་པ་དང་། འཁོར་བ་མེད་སྣང་ལས་འགྲོ་བ་སྒྲོལ་བའི་རྫུན་དང་། སྒྲ་ཐམས་ཅད་བརྗོད་མེད་རྟོགས་པས་གབ་སྦས་མེད་པར་བརྡའ་སྤྲོད་པ་ལ་སོགས་པའི་བརླང་ཚིག་རྣམས་སོ། །དང་དུ་བླང་བ་ནི། བྱང་སེམས་དཀར་དམར། དྲི་ཆེན། དྲི་ཆུ། ཤ་ཆེན་གྱི་དྭངས་མ་རྣམས་གཙང་དམེའི་རྟོག་པ་སྦྱོང་བ་ལ་སོགས་པའི་དགོས་པས་བསྟེན་ཅིང་། སྦས་དོན་དུ་ཕུང་ལྔའི་དྭངས་མ་འཛག་མེད་དུ་འཆིང་བས་དང་དུ་བླང་བའོ། །བསྒྲུབ་པར་བྱ་བ་ལྔ་ནི། ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་དེ་ཉིད་རྟོགས་གོམས་ཀྱི་སྦྱོར་བས་རང་རྒྱུད་ལ་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་སྟེ་སྒོམ་པའི་དམ་ཚིག་དང་། བར་མ་གསུམ་པོ་ཕྱི་ལྟར་ན་སྤྱོད་པའི་དམ་ཚིག་གཙོ་ཆེའོ། །དེ་ལྟར་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔའི་སྟེང་དུ་མ་ཧཱ་སྤྱི་སྐད་ལྟར་ན་རྩ་བའི་དམ་ཚིག་གསུམ་བསྣན་ནས་ཉི་ཤུ་རྩ་བརྒྱད་དུ་བཞེད་ནའང་། འདིར་ནི་འདུས་པའི་འགྲེལ་པ་སྒྲོན་གསལ་ལས། དམ་ཚིག་དང་སྡོམ་པ་ལ་སོགས་པ་རིགས་གསུམ་དུ་ཡོངས་སུ་གྱུར་པ་སྟེ། ཞེས་པ་ལྟར་ལས་རིགས་པདྨའི་ནང་དུ་དང་། རིན་ཆེན་རིགས་དེ་བཞིན་རིགས་ཀྱི་དམ་ཚིག་གི་ནང་དུ་འདུས་པས་རིགས་ལྔའི་སྡོམ་པ་ཐམས་ཅད་རིགས་གསུམ་དུ་བསྡུས་ཏེ་བསྣན་པས་

p. 196

ཉི་ཤུ་རྩ་བརྒྱད་དོ། །གསུམ་པ་ནི། སྤྱིར་སྒོ་གསུམ་མི་དགེ་བ་ལས་ལྡོག་ཅིང་ལྷ་སྔགས་ཏིང་ངེ་འཛིན་ལས་མི་འདའ་བ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡིན་ལ། ཁྱད་པར་དུ་སྒོ་གསུམ་གཡོ་ཟོལ་མེད་པས་ཅི་མཉེས་ཀྱིས་བླ་མ་བཀུར་བ་དང་། མཆེད་ལྕམ་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་བསམ་པས་བརྩེ་གདུང་རྒྱུན་མི་ཆད་པའི་བྱམས་པ་བྱ་བ་གཉིས་ནི་རྡོ་རྗེ་སྐུའི་དམ་ཚིག སྔགས་དང་ཕྱག་རྒྱ་བརྩོན་པ་རབ་འབྲིང་གི་དབང་ལས་ཉིན་མཚན་དུས་དྲུག་གམ་ཟླ་ཞག་ལོ་དུས་རྣམས་ལས་མི་འདའ་བར་བྱེད་པ་ནི་རྡོ་རྗེ་གསུང་གི་དམ་ཚིག །གསང་བའི་དོན་གཞན་དུ་མི་སྨྲ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་ཕྱག་རྒྱ་ལས་མི་འདའ་བ་གཉིས་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །དེ་ལྟར་ཡང་རྡོ་རྗེ་གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་སོ། །མདོར་ན་འགྲོ་བ་མཐའ་དག་ཡེ་ནས་རང་བཞིན་རྣམ་དག་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བ་ནི་མཉམ་པ་ཆེན་པོའི་དམ་ཚིག་སྟེ། དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་བྱས་པ་ལས་དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར་བརྩོན་པར་བྱའོ། །དེ་ཡང་སྔགས་སྡོམ་ཐོབ་མཚམས་ལ་བཞེད་པ་མི་མཐུན་པ་མང་ནའང་། རང་ལུགས་སྟ་གོན་ནམ་འཇུག་པའི་དུས་སུ་སྐྱབས་སེམས་ཀྱི་ཆོ་གས་སྤྱིའི་དམ་ཚིག་སོ་བྱང་དང་སྡོམ་པ་བཟུང་ཞིང་ཁྱད་པར་གྱི་སེམས་བསྐྱེད་པ་ལ་སོགས་པས་དངོས་གཞི་ལ་ལྟོས་ནས་བསྲུང་བར་དབང་བའི་དངོས་བསྟན་བསྐྱེད་རྫོགས་ཐུན་མོང་བའི་ཁྱད་པར་གྱི་དམ་ཚིག་རྣམས་རིགས་ངེས་པ་ཁས་བླངས་ཀྱིས་ཐོབ་པ་དང་། བྱེ་བྲག་བསྐྱེད་རྫོགས་སོ་སོའི་སྔགས་སྡོམ་དབང་རང་རང་གི་མཐར་དབང་གི་ས་བོན་རྒྱུད་ལ་ཐེབས་པ་དང་ལྷན་ཅིག་ཡེ་ཤེས་ཁོང་ཆུད་ཀྱིས་ཐོབ་ཅིང་། དེས་ན་བླ་མེད་ཀྱི་སྔགས་སྡོམ་རྫོགས་པར་ཐོབ་པ་ནི་དབང་བཞི་པ་ཁོ་ན་ལ་ལྟོས་དགོས་པ་སྟེ། འཐོབ་བྱའི་ངོ་བོ་ནི། ཐ་མལ་སྣང་ཞེན་གྱི་མཚན་རྟོག་སྡོམ་པར་བྱེད་པ་བསྐྱེད་རིམ་གྱི་སྔགས་སྡོམ་དང་། ལྷར་སྣང་ཞེན་གྱི་མཚན་རྟོག་སྡོམ་པར་བྱེད་པ་རྫོགས་རིམ་གྱི་སྔགས་

p. 197

སྡོམ་མོ། །ལྷག་པའི་དམ་ཚིག་རྣམས་ནི། སྒྲུབ་པ་སོགས་དུས་དེ་དང་དེའི་ཚེ་བསྲུང་བར་བྱ་བ་ལས་གུད་དུ་བླང་བའི་ཆོ་ག་མ་བཤད་དོ། །དེ་ལྟར་ནོས་པའི་དམ་ཚིག་དེ་དག་ཇི་ལྟར་བསྲུང་བའི་ཐབས་ནི། གནང་བཀག་གི་གནས་རྣམས་མ་བརྗེད་པའི་དྲན་པ་དང་། དམ་ཚིག་ལས་འདས་མ་འདས་རྟོག་དཔྱོད་བྱེད་པའི་ཤེས་བཞིན་དང་། གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་། ཉམས་ན་བདག་ཉིད་ངན་སྙམ་དུ་རང་ལ་བརྟེན་ནས་འཛེམ་པའི་ངོ་ཚ་ཤེས་པ་དང་། ཡུལ་གཞན་ལ་བརྟེན་ནས་འཛེམ་པའི་ཁྲེལ་ཡོད་དང་། ཉམས་པའི་ཉེས་དམིགས་མཐོང་ནས་འཇིགས་པ་དང་། ཕན་ཡོན་ལ་བྲོད་པས་གུས་པ་སྟེ་དེ་དག་གི་སྒོ་ནས་འབད་པས་བསྲུང་བའོ། །དེ་ཡང་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབས་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། །ཉམས་ན་ཕྱིར་བཅོས་པ་ནི། ཡུལ་གང་ཟག་ལས་ཉམས་པ་རྣམས་དེ་དག་གི་དྲུང་དུ་བཤག་ཅིང་། གཞན་རྣམས་འགྱོད་སྡོམ་གྱི་སྒོ་ནས་ཇི་ལྟར་རིགས་པས་བཤག་པར་བྱ་ལ། ཉམས་པ་ཆེན་པོ་ནི། ཡུལ་གང་ལ་བརྟེན་ནས་ཉམས་ཀྱང་རུང་སྟེ། ཐོག་མར་སོ་སོའི་ལུགས་བཞིན་བཤགས་ནས་སླར་དབང་དང་དམ་ཚིག་ནོད་པར་བྱ་བ་ཡིན་ནོ། །དབང་དང་དམ་ཚིག་གི་གོ་དོན་དེ་དག་ཀྱང་སྒྲུབ་པ་པོའི་མཚན་ཉིད་བསྟན་པའི་ནང་ཚན། དབང་ཐོབ་དམ་ཚིག་ལྡན་པ་ཡིས༔ ཞེས་པའི་འཕྲོས་དོན་དུ་ཅུང་ཟད་ཕྱེ་ནས་བཤད་པའོ། །གཉིས་པ་གང་ལྟར་སྒྲུབ་པའི་གོ་རིམ་ནི། སྒྲུབ་པའི་རིམ་པ་གསུམ་ཡིན་ཏེ༔ བློ་ཡི་རིམ་བཞིན་བསྐྱེད་པ་དང༔ རྫོགས་པའི་རིམ་དང་རྫོགས་པ་ཆེ༔ རྣལ་འབྱོར་གསུམ་དུ་ཡང་དག་བཤད༔ ཅེས་པ་སྟེ། དེ་ལ་སྒྲུབ་ཐབས་འདི་ཉིད་ཀྱི་དབང་དུ་བྱས་པའི་རྣལ་འབྱོར་གསུམ་དང་། བསྐྱེད་རྫོགས་ཐུན་མོང་པའི་དབང་དུ་བྱས་པའི་རྣལ་འབྱོར་གསུམ་སྟེ་སྒྲུབ་པའི་རིམ་པ་གསུམ་ཚན་གཉིས་སུ་དབྱེ་བ་བྱར་རིགས་པ་ཡིན་པས་འདི་ཉིད་ཀྱི་དབང་དུ་བྱས་ཏེ་བཤད་ན། སྒྲུབ་པ་པོའི་བློ་ཡི་རིམ་པ་ཇི་ལྟ་བའི་གོ་རིམ་བཞིན་དུ་བུམ་དབང་གི་ལམ་ཕྱི་སྒྲུབ། བསྙེན་པའི་མན་ངག་ནིི་བསྐྱེད་པའི་རིམ་པ་དང་། གསང་དབང་གི་ལམ་དང་རྗེས་མཐུན་ནང་སྒྲུབ་

p. 198

དང་། ཤེར་དབང་གི་ལམ་དང་རྗེས་མཐུན་གསང་སྒྲུབ་གཉིས་ནི་རྫོགས་པའི་རིམ་པ་དང་། དབང་བཞི་པའི་ལམ་དང་རྗེས་མཐུན་ཡང་གསང་སེམས་ལ་འགོད་པ་ནི་རྫོགས་པ་ཆེན་པོ་སྟེ། ནང་གསང་གཉིས་ཤིན་ཏུ་ཟབ་པའི་ལུས་དཀྱིལ་དང་། ཡང་གསང་ནི་རྣམ་དག་དྲན་པ་ཡིན་པས་དངོས་ནི་བསྐྱེད་རིམ་གྱི་ཕྲ་བའི་རྣལ་འབྱོར་རང་ཡིན་མོད་ཀྱི། འོན་ཀྱང་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་རྒྱུ་ཁྱད་པར་ཅན་བྱེད་པས་ན་རྫོགས་པ་རྫོགས་པ་ཆེན་པོར་བཞག་སྟེ། རྗེས་སུ་མཐུན་པའི་སྒོ་ནས་སོ། །བསྐྱེད་རྫོགས་ཐུན་མོང་བའི་དབང་དུ་བྱས་ན། སྔར་བསྟན་བཞི་ཀ་བུམ་དབང་དང་འབྲེལ་བའི་བསྐྱེད་རིམ་དུ་བསྡུས་ནས་རྫོགས་རིམ་སོ་སོའི་རྟེན་དུ་འགྲོ་ཚུལ་ཤེས་པར་བྱ་སྟེ། ཕྱི་སྒྲུབ་སྐུ་རྡོ་རྗེའི་རྟེན་དང་། དེ་བཞིན་དུ་ནང་སྒྲུབ་གསུང་རྡོ་རྗེ་དང་གཏུམ་མོ། །གསང་བ་དང་ཡང་གསང་གཉིས་སྤྱིར་ཐུགས་རྡོ་རྗེ་དང་། བྱེ་བྲག་ཏུ་སྔ་མ་ཐབས་ལམ་དང་ཕྱི་མ་ཨ་ཏིའི་རྟེན་དུ་འགྲོ་སྟེ། དེ་དག་ཀྱང་བློ་ཡི་རིམ་པ་བཞིན་དུ་དང་པོ་བདག་རྟེན་རྟོག་པའི་ཡུལ་གསུམ་སྣང་སྟོང་ཟུང་འཇུག་གི་དཀྱིལ་འཁོར་དུ་སྒོམ་པ་ཕྱི་སྒྲུབ་དང་། དེ་ནས་ལུས་དཀྱིལ་གཏུམ་མོ་དང་འབྲེལ་བས་ལུས་གསལ་སྟོང་གི་ལྷ་སྐུར་བཀྲི་བའི་ཐབས་ནང་སྒྲུབ་དང་། ལུས་དཀྱིལ་ཞུ་བདེ་དང་འབྲེལ་བས་ཡིད་བདེ་སྟོང་གི་ལྷ་སྐུར་བཀྲི་བའི་ཐབས་གསང་སྒྲུབ་དང་། སྒོ་གསུམ་གཉུག་མ་མི་ཤིགས་པའི་ལྷ་སྐུར་བཀྲི་བའི་ཐབས་ཡང་གསང་གི་སྒྲུབ་པ་རྣམས་ནི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དངོས་ནི། རྩ་ཁྲིད་ཀྱི་རྡོ་རྗེ་གསུམ་དང་། དེའི་ཡན་ལག་གཏུམ་མོ། ཐབས་ལམ། རྨི་ལམ། འོད་གསལ། འཕོ་བ་སོགས་རྫོགས་པའི་རིམ་པ་དང་། ཨ་ཏི་ནི་རྫོགས་པ་ཆེན་པོ་སྟེ། དེ་ལྟར་བསྐྱེད་རྫོགས་དངོས་དང་། རྫོགས་རིམ་རྗེས་མཐུན་པའི་དབྱེ་བས་རྣལ་འབྱོར་གསུམ་ཚན་གཉིས་པོ་ཡང་རྟེན་དང་བརྟེན་པའི་ཚུལ་དུ་གོ་རིམ་མ་ནོར་བར་ཡང་དག་པར་བཤད་ཅེས་པའོ། །དེས་ན་མཚན་མའི་རྣལ་འབྱོར་ལས། སྔ་མ་སྔ་མ་ལ་བརྟེན་ནས༔ ཕྱི་མ་ཕྱི་མ་བསྒྲུབ་པར་བྱ༔ ཞེས་གསུངས་པ་ལྟར་ཕྱི་སྒྲུབ་ལ་སོགས་པའི་བསྐྱེད་རིམ་རྣམས་རིམ་ཅན་དུ་མཐར་ཕྱིན་པར་བསླབས་ནས་རྫོགས་རིམ་ལ་འཇུག་པ་

p. 199

རྟེན་དང་བརྟེན་པའི་ཚུལ་དུ་སྨིན་སློབ་ཀྱིས་སྒྲུབ་པ་ཡིན་ལ། དེ་ཡང་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། ཐོག་མར་ཕྱི་དཀྱིལ་ལྟ་བུའི་བསྐྱེད་རིམ་རྒྱས་བསྡུས་གང་རུང་ཅུང་ཟད་གོམས་པར་བྱས་ནས། ཕྱིས་བསྐྱེད་རྫོགས་སྦྲགས་མར་སྦྱོར་དངོས་ཀྱི་ཚུལ་དུ་སྒོམ་པ་སོགས་ཀྱང་རུང་བའི་ཕྱིར་དང་། བསྐྱེད་རིམ་ལ་མ་ལྟོས་པར་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་རིགས་ཅན་ཡང་སྲིད་པས་དེ་འདྲ་བའི་སྐལ་ལྡན་གྱི་རྫོགས་རིམ་ལ་དང་པོ་ཉིད་ནས་བསླབ་པའང་དགག་ཏུ་མེད་ཅིང་། དེས་བསྐྱེད་རིམ་ལ་མི་སློབ་པ་ལམ་ཡིན་ཏེ། རྫོགས་རིམ་ཉིད་ཀྱིས་དྲངས་པའི་བསྐྱེད་རིམ་ལ་བསླབ་པར་འགྱུར་ཞིང་། རྫོགས་རིམ་མཐར་ཕྱིན་ནས་ནི་བསྐྱེད་རིམ་ལ་སློབ་མི་དགོས་པའི་ཕྱིར་རོ། །དེས་ན་བསྐྱེད་རིམ་གྱི་སྐད་དོད་ཨུཏྤཏྟི་ཀྲ་མ་ཞེས་པའི་ཨུཏྤཏི་ནི་བཅོས་པའམ་བཏགས་པ་སོགས་ལ་འཇུག་པས་རྣམ་པར་རྟོག་པས་གསར་དུ་བཅོས་པའམ་བཏགས་པའི་དོན་ཏེ་བསྐྱེད་པ་ཡིན་ལ་གང་ལས་བཅོས་ཤིང་གདགས་པའི་གཞི་ནི་རྫོགས་པའི་རིམ་པ་སྟེ། དེ་ཉིད་ཀྱི་སྐད་དོད་ནིཥྤནྣ་ཀྲ་མ་ཞེས་པའི་ནིཥྤནྣ་ནི་མ་བཅོས་པ། གྲུབ་པ། རྫོགས་པ་སོགས་ལ་འཇུག་པས་བཅོས་མེད་ཤུགས་འབྱུང་གི་དོན་ནོ། །དེ་གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ཐབས་སམ་ལམ་གྱི་གོ་རིམ་གྱི་དོན་དུ་འགྱུར་བས། བཅོས་ཤིང་བཏགས་པ་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་བསྐྱེད་རིམ་དང་བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་རྫོགས་རིམ་ཞེས་བྱའོ། །ལྷ་ཞེས་བྱ་བའང་གང་གིས་གདགས་པ་མིང་གི་སྒོ་ནས་དབྱེ་ན། ཨ་བྷི་དྷ་ན་ཞེས་བྱ་བའི་གཙུག་ལག་ལས། མི་འཆི་དཔའ་དང་ལྷག་པར་བརྟན། །འདོད་སྟོན་སྟེར་དང་བཞི་པ་དང་། །ལུས་གནས་ཕན་པ་སྒྲུབ་པ་དང་། །བཀུར་བར་འོས་ཕྱིར་ལྷ་ཞེས་བྱ། །ཞེས་འབྱུང་བ་ལས་ཅི་རིགས་པར་སྦྱར་ཞིང་ངོ་བོའི་སྒོ་ནས་ནི། ཆོས་ཀྱི་དབྱིངས་རྣམ་པར་དགེ་བའི་ལྷ་དང་། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང་། དེ་དག་གི་བྱིན་རླབས་མཚན་མའི་ལྷ་ཞེས་གྲགས་པ་རྣམས་ཡི ན་ནོ། །དེ་ལ་ཐོག་མ་ཉིད་དུ་སྒྲུབ་པ་པོས་བསྒྲུབ་བྱའི་གཞིའི་ལྷ་དེ་གང་ཡིན་པ་ལ་ངེས་པ་གཏིང་ནས་རྙེད་དགོས་ཏེ། གཞན་དུ་ན་བསྒྲུབ་གཞི་མེད་པའི་སྒྲུབ་

p. 200

བྱེད་ཙམ་དུ་ཟད་པའི་ཕྱིར་རོ། །སྒྲུབ་གཞི་དེ་ཡང་གང་ཞེ་ན། འདི་ལྟར་འགྲོ་བ་ཐམས་ཅད་རང་བཞིན་རྣམ་དག་གི་ལྷའི་བདག་ཉིད་ཅན་དུ་ཁྱད་པར་མེད་པར་གནས་པ་ནི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་མ་ནས་དབྱེར་མི་ཕྱེད་པའི་རང་བཞིན་ཅན་དུ་བཞུགས་པ་ནི་དམ་ཡེ་གཉིས་མེད་ཀྱི་དོན་ཏེ། དྲི་མ་སྦྱོང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལྟར་ཡིན་ཡང་རང་ངོ་མ་ཤེས་པས་ཐ་དད་དུ་བཟུང་བས་འཁྲུལ་ཏེ་དེ་མ་རྟོགས་པ་ནི་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་སྟེ། འདི་ཉིད་ལས། གདོད་ནས་དག་པའི་རིག་པ་ནི༔ ཡེ་ནས་ཆོས་སྐུར་གནས་པ་ལ༔ དབུལ་པོའི་ཁྱིམ་གྱི་ས་འོག་ན༔ གནས་པའི་ནོར་བུ་རིན་ཆེན་བཞིན༔ ངོ་མ་ཤེས་པས་འཁོར་བར་འཁྲུལ༔ ཞེས་པས་དཔེར་ན་ནོར་བུ་ཉིད་འདམ་གྱི་དྲི་མ་ལས་མ་གྲོལ་བར་རང་གི་བྱ་བ་བྱེད་མི་ནུས་པ་ལྟར་གཉིས་མེད་ཀྱི་དོན་དེ་ཡང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་དྲི་མ་སྦྱོང་དགོས་ལ། དེ་སྦྱོང་བྱེད་ཀྱི་ཐབས་ནི་འཁྲུལ་པ་གློ་བུར་བ་ཀུན་བཏགས་ཀྱི་ཆ་རྣམས་བསྐྱེད་རིམ་གྱིས་དང་། ས་བོན་གྱི་ཆ་ནི་རྫོགས་རིམ་གྱིས་སྦྱོང་བ་ཡིན་ཞིང་། ཇི་ལྟར་སྦྱོང་ན། འཁྲུལ་པའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བར་བྱེད་པ་ཡིན་ལ། སྒྱུར་ཚུལ་དེའི་རང་ངོ་ལ་བསལ་བཞག་མེད་པར་བཞག་པས་གང་ཤར་གྱི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ། རྒྱུ་མཚན་དེས་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་བྱེད་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་ན་མཚན་ཉིད་ཐེག་པས་གཞི་སྤོང་འགེབས་སྦྱོང་བའི་ལམ་ལས་ཁྱད་པར་དུ་འཕགས་སོ། །རང་བཞིན་རྣམ་དག་གི་ལྷ་ཞེས་བྱ་བ་དེ་ཡང་ཇི་ལྟ་བུ་སྙམ་ན། འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་པ་མེད་པའི་གནས་ལུགས་ཡེ་ཤེས་གསུམ་ལྡན་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཡེ་ནས་བཞུགས་པའོ། །དེ་ལྟར་ཡང་ཨ་ཏི་ལས། འཁོར་འདས་མ་ལུས་ཐམས་ཅད་ཀྱི༔ གནས་ལུགས་ཡེ་ཤེས་གསུམ་འདྲིལ་བའི༔

p. 201

ཞེས་དང་། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལས༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ ཞེས་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས། འདི་ལྟར་སེམས་ཉིད་སྣ་ཚོགས་སུ༔ སྣང་ཞིང་སྲིད་པའི་དངོས་པོ་ཀུན༔ རང་བཞིན་རྣམ་དག་ལྷ་ཡི་དབྱིངས༔ ལྷ་ཡི་རོལ་པ་ལྷ་ཡི་སྐུ༔ དེ་བཞིན་དངོས་གཞན་མ་ལུས་པ༔ ཡེ་ནས་ལྷ་ཡི་རང་བཞིན་པས༔ ལྷ་ཡི་གཞི་ཞེས་རབ་ཏུ་བརྗོད༔ ཅེས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་གཞན༔ ཡེ་ནས་མ་བཅོས་ལྷའི་བདག་ཉིད༔ ཅེས་སོ། །དེ་ལ་གཞན་ནས་བཅིང་གྲོལ་མེད་པའི་དོན་གྱིས་གནས་ལུགས་དང་། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་བདེ་གཤེགས་སྙིང་པོ་དང་། སེམས་ཉིད་སྟོང་ཆ་ནས་ཆོས་སྐུ་དང་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་དྲི་མ་མ་དག་པར་སངས་རྒྱས་སུ་མི་འགྱུར་བས་རང་བཞིན་གནས་རིགས་སམ། ཁམས་དང་དྲི་བཅས་དེ་བཞིན་ཉིད་སོགས་དང་། དྲི་མ་དེས་རང་བཞིན་ལ་གོས་མ་མྱོང་བས་རང་བཞིན་རྣམ་དག་གམ་བྱང་ཆུབ་ཅེས་སོགས་: སྙེད་བསྙད་ཅིང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར། ཀྲི་ཡས་བདག་གི་དེ་ཁོ་ན་ཉིད་དང་། ཨུ་བྷ་ཡས་བྱང་ཆུབ་ཀྱི་སེམས། ཡོ་གས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སམ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། མ་ཧཱ་ཡོ་ག་བས་རང་རིག་པ་བྱང་ཆུབ་ཀྱི་སེམས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུས་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བཏགས་ཤིང་། བི་མ་ལས་གསང་ཐིགས་སུ། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་སོགས་གསུངས་པ་ལྟར་ལུས་ཅན་རྣམས་ཀྱི་སྙིང་དབུས་ན་དྭངས་མ་ལྔ་འདུས་ལ་བརྟེན་པའི་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པར་གསུངས་པ་དང་། གཞན་དུ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་འདི་དག་གི་སྣང་གཞི་གཉུག་མའི་ཕུང་སོགས་སམ་ཕུང་ཁམས་སྐྱེ་མཆེད་གཞན་ཞེས་གྲགས་པ་ཡེ་ནས་གདན་གསུམ་ཚང་བའི་ལྷའི་དཀྱིལ་འཁོར་དུ་རྣམ་པར་དག་

p. 202

པ་དང་། ཤིན་ཏུ་ཕྲ་བའི་སྒོ་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷའི་བདག་ཉིད་དུ་གནས་པར་བཤད་པ་རྣམས་ཀྱང་དོན་གཅིག་ཏུ་འབབ་ལ། དེ་ཡང་དྭངས་མ་ལྔ་ལ་བརྟེན་པའི་སེམས་ཀྱི་དྭངས་མའང་གཉིས་གཉིས་རོ་གཅིག་ཏུ་འཇུག་པའི་དོན་གྱིས་རྡོ་རྗེ་མི་ཤིགས་པ་གསུམ་དུ་འདུས་ཏེ། ས་ཆུའི་དྭངས་མ་གཉིས་སྐུ་རྡོ་རྗེ། མེ་རླུང་གཉིས་གསུང་། ནམ་མཁའ་དང་སེམས་ཀྱི་དྭངས་མ་གཉིས་ཐུགས་རྡོ་རྗེར་འདུ་ཞིང་། དེ་གསུམ་ཡང་རིམ་པ་ཇི་ལྟ་བར་རྩ་དབུ་མ་དང་། དེ་ཉིད་ཀྱི་ཐིག་ལེ་དང་། དབུ་མའི་དྭངས་མ་རྣམས་ལ་གཙོ་བོར་བསྟེན་ཅིང་ལུས་ཐམས་ཅད་ལ་སྔ་མ་གཉིས་སྲོག་གམ་བདག་པོ་དང་། ཕྱི་མ་སྙིང་པོའམ་ཆགས་རྩིའི་ཚུལ་དུ་གནས་པར་བཞེད་དོ། །དེ་དག་ཀྱང་སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དུར་ཁྲོད་བདེ་བའི་དཔེ་ཆུང་ལས། མི་ཤིགས་ཡེ་ཤེས་ཐིག་ལེ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །གཅིག་དང་དུ་མ་རྣམས་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་གསུངས་ཤིང་། གཞན་ཡང་། རང་ཤར་ལས། ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང་། མགོན་པོ་བྱམས་པས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཇི་ལྟར་རང་ལུས་བུམ་པ་ཉིད། །དེ་ཉིད་མར་མེ་ལྟ་བུ་སྟེ། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་སོ། །སྙིང་པོ་དེ་ཉིད་ཀྱང་བརྟེན་པའི་བྱེ་བྲག་གིས་དྲི་མ་མ་དག་པའི་སྐབས་སུ་སེམས་ཅན་དང་། དག་མ་དག་གཉིས་ལྡན་གྱི་སྐབས་སུ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཤིན་ཏུ་རྣམ་དག་གི་སྐབས་སུ་དེ་བཞིན་གཤེགས་པ་ཞེས་གནས་སྐབས་གསུམ་དུ་རྣམ་པར་བཞག་སྟེ། རྒྱུད་བླར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་

p. 203

དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་ཤིང་། དེ་ལ་གཞི་ལམ་འབྲས་གསུམ་དང་རྒྱུད་གསུམ་ལ་སོགས་པའི་ཐ་སྙད་ཀྱང་གདགས་སོ། །མདོར་ན་འཁོར་བའི་ཆོས་རྣམས་ཐག་ཁྲའི་སྦྲུལ་ལྟར་མེད་པ་གསལ་སྣང་ཙམ་ལས་རང་བཞིན་དེར་མཉམ་པར་ཤེས་པ་ན་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་དོན་ལ་ངེས་པ་རྙེད་པ་ཞེས་བྱ་སྟེ། ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་སོ། །གལ་ཏེ་འདི་ལ་ངེས་པ་མ་རྙེད་ན་སྔགས་ལམ་དུ་ཞུགས་པའི་ཚེ་རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟོས་པས་རྩ་ལྟུང་དགུ་པ་འདྲེན་པར་གདོན་མི་འཚལ་བས་ཚུལ་འདི་རྙེད་པའི་ཐབས་ལ་ཅི་ནས་ཀྱང་འབད་པ་གཅེས་སོ། །གསུམ་པ་གང་དུ་སྒྲུབ་པའི་གནས་ནི། དུར་ཁྲོད་གཡའ་རི་གངས་བྲག་སོགས༔ ཉམས་དགའ་དབེན་པའི་ས་ཕྱོགས་སུ༔ ཞེས་པ་སྟེ། དུར་ཁྲོད་ལ་སོགས་པ་མ་མོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་སུ་བསྒྲུབས་ན་དངོས་གྲུབ་ཉེ་བར་འགྱུར་ཞིང་། དེ་ལ་མཁའ་འགྲོ་འདུ་བའི་གནས་ནི། སློབ་དཔོན་དགའ་རབ་རྡོ་རྗེས་ཕག་མོ་གསེར་སྒྲུབ་ཏུ། དུར་ཁྲོད་མཁའ་འགྲོ་འདུ་བ་དང༔ ནགས་ཚལ་ཚང་ཚིང་ཤིང་གཅིག་དྲུང༔ ཞེས་གསུངས་པའི་དུར་ཁྲོད་ནི། ཧེ་རུ་ཀ་ཀལྤོར། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །ཞེས་སོགས་གསུངས་པ་ལྟར་མ་གྷ་དྷའི་ཡུལ་ན་བསིལ་བ་ཚལ། སིངྒ་ལར་སྐུ་ལ་རྫོགས། ཀསྨྲི་རར་ཧེ་ཆེན་རོལ་པ། ཐོག་གར་དུ་གསང་ཆེན་རོལ་པ། ཨོ་རྒྱན་དུ་པདྨ་བརྩེགས་པ། ནེ་པཱལ་ལར་ཡ་མ་ཁ། ས་ཧོ་རར་ཁུ་བྱུག་ཀློང་། ལི་ཡུལ་དུ་འཇིག་རྟེན་མངོན་རྫོགས་ཏེ་དུར་ཁྲོད་ཆེན་པོ་བརྒྱད་དང་། དེ་ལ་སོགས་པ་རྟག་པའི་དུར་ཁྲོད་དམ་རོ་བཞི་ཚོགས་པ་ཡན་ཆད་རེས་འགའ་བའི་དུར་ཁྲོད་དུ་གྲགས་པ་རྣམས་ཏེ། འཇིག་རྟེན་གྱི་མཁའ་འགྲོ་རྣམས་འདུ་བས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གནས་སོ། །ཞི་རྒྱས་ཀྱི་གནས་ཤིང་རིགས་མི་གཅིག་པ་སོ་གཉིས་ཡོད་པའི་ནགས་ཁྲོད་དང་། འདོད་པ་ངེས་པར་སྟེར་བའི་གནས་སྡོང་པོ་རེ་རེའི་བར་དུ་འདོམ་ལྔ་ལྔ་ཙམ་རེ་ཡོད་པའི་ཤིང་སོ་སོ་བ་ཅན་ཏེ་ཚང་ཚིང་དང་། ཉམས་

p. 204

རྟོགས་འཕེལ་བའི་གནས་རྒྱང་གྲགས་ཙམ་ན་ཤིང་གཞན་མེད་པའི་ལྗོན་ཤིང་རྐང་པ་གཅིག་པ་སྟེ་ཞིང་སྐྱོང་རྣམས་འདུ་བའི་གནས་སོ། །གཡའ་རི་དང་། གངས་རི་དང་། བྲག་རི་སོགས་རི་བོ་ཆེན་པོའི་རྩེ་ནི་རིག་འཛིན་དང་མཁའ་འགྲོའི་གཙོ་མོ་རྣམས་འདུ་བའི་གནས་ཡིན་ལ། རི་སོགས་གྲོང་ཁྱེར་ལས་དཔག་ཚད་ཀྱི་འཕགས་པའི་དགོན་པ་ནི་སྣ་ཚོགས་མཁའ་འགྲོའི་འདུ་བ་སྟེ། གཞན་ཡང་མཚོ་གླིང་སོགས་མཁའ་འགྲོ་འདུ་བའི་གནས་རྣམས་སུ་བསྒྲུབས་ན་དངོས་གྲུབ་མྱུར་ཞིང་། དེ་ལྟ་བུ་མ་འགྲུབ་ན་སྤྱིར་མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་གྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །ཞེས་པས་ཡུལ་ཆུ་ཤིང་འཛོམ་ཞིང་ཆོས་དང་ཐུན་པའི་ཟས་གོས་གནས་མལ་སོགས་མང་ཉུང་རན་པ་ཙམ་རྙེད་སླ་བས་ལེགས་པར་རྙེད་པའི་གནས་དང་། རྒྱལ་བས་ཞབས་ཀྱིས་བཅགས་པ་དང་རིག་འཛིན་གོང་མས་གྲུབ་པ་བརྙེས་པས་བྱིན་ཆེ་ཞིང་བཀྲ་ཤིས་པའི་གནས་སམ། གནམ་ས་བར་སྣང་གི་དཔྱད་ལེགས་པ་སོགས་ཉམས་དགའ་ཞིང་ཡིད་དུ་འོང་བས་སྡོད་སྙིང་འདོད་པ་སྟེ་གནས་བཟང་བ་དང་། ཆུ་འཕྲོད་ཅིང་ས་བསིལ་དྲོད་རན་པས་ལུས་ལ་ནད་སོགས་མི་སྐྱེད་པས་བཟང་བ་དང་། སྐྱེ་བོའི་འགྲུལ་ལམ་མི་ཕོག་ཅིང་། བསམ་གཏན་གྱི་ཚེར་མར་འགྱུར་བའི་གཏམ་སྣ་ཚོགས་དང་སྒྲའི་ཀླག་ཅོར། ས་བདག་དང་དགྲ་ཀུན་གྱི་འཇིགས་པ་སོགས་མེད་པ། གཉེན་འཁོར་ཡོན་བདག་གི་མཐུན་འཇུག་དང་། རང་བཞིན་གྱིས་མ་སྨིན་པ་ལོག་སྲེད་ཅན་དང་དབང་པོ་མ་སྨིན་པ་ཐེག་པ་ཆུང་ངུའི་གང་ཟག་སོགས་ཀྱིས་ཤིན་ཏུ་དབེན་པར་མཐུན་པའི་གྲོགས་མཆེད་དགོངས་ཉམས་ཅན་ནམ། མིན་ནའང་ཞི་དུལ་དང་ལྡན་ཞིང་དམ་ཚིག་གཙང་བའི་སྒྲུབ་གཡོག་སྟེ་གྲོགས་བཟང་བ་དང་། དེ་ཐམས་ཅད་ལ་སྤྱིར་གཅེས་པ་རྒྱལ་པོ་དམ་པའི་ཆོས་ལ་མོས་ཤིང་རྒྱལ་ཁྲིམས་བཙན་པས་སྒྲུབ་པ་བྱེད་པ་ལ་གནོད་པ་མི་འབྱུང་བས་ན་བདེ་བའི་ཡོན་ཏན་ཚང་བ་སྟེ། དུས་འཁོར་རྩ་རྒྱུད་ལས་ཀྱང་། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་རྒུ་རྣམས། །བདེར་གནས་ས་འཛིན་རྩོད་པ་མེད། །དེར་ནི་རྣལ་འབྱོར་ཡང་དག་བརྩམ། །ཞེས་པས་མཚན་

p. 205

ཉིད་དེ་དག་ཚང་བའི་ས་ཕྱོགས་སུ་བསྒྲུབས་ན་བར་ཆད་ཉུང་ཞིང་བཀྲ་ཤིས་པར་འགྱུར་བ་ཡིན་ནོ། །བཞི་པ་གང་ལ་བརྟེན་ནས་སྒྲུབ་པའི་རྫས་ལ་གཉིས་ཏེ། ཁྱད་པར་གྱི་སྒྲུབ་རྫས་དང་ཐུན་མོང་ཉེར་མཁོའ་སྒྲུབ་རྫས་སོ། །དང་པོ་ནི། ཕྱི་རྒྱུད་པ་ལ་གཏོར་མ་བཏང༔ རྟེན་གྱི་དཀྱིལ་འཁོར་མངོན་པར་བཤམ༔ ཞེས་པ་སྟེ། དཀྱིལ་འཁོར་བཞེངས་པའི་ཐོག་མར་ཧེ་རུ་ཀ་ཀལྤོ་ལས། འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཐུབ་པའི་བཀའ་རྣམས་སྒྲོག་པ་དང་། །བདེ་གཤེགས་སྐུ་གདུང་གདབ་པ་དང་། །སྲོག་ཆགས་ཚེ་ཡང་སྐྱོབ་པར་བྱ། །ལམ་འཕྲང་དག་ཀྱང་ལེགས་པར་གསོ། །སངས་རྒྱས་སྐུ་གསུང་རྣམ་པར་དག །དོན་དམ་སྒྲུབ་དང་བསྟན་པའི་ཆོས། །ཉན་རང་བྱང་ཆུབ་སེམས་དཔའ་རྣམས། །མཆོད་པས་མཉེས་པར་བྱ་བ་དང་། །ཞེས་གསུངས་པ་ལྟར་དཀོན་མཆོག་མཆོད་པ། གསུང་རབ་བཀླག་པ། དགེ་འདུན་ལ་བསྙེན་བཀུར་བ། སཱཙྪ་གདབ་པ། སྲོག་བླུ་ཉེའུ་འདོན། ལམ་འཕྲང་གསོ་བ། གཏོར་མ་བཏང་བ་སོགས་རྒྱབ་རིམ་གྱི་དཔུང་ཇི་ཙམ་འགྲུབ་པ་སྔོན་དུ་འགྲོ་བས། སྤྲོས་པ་ལ་དགའ་ན། ས་བསླང་བ། སྦྱང་བ། བཟུང་བ། བསྲུང་བ་རྣམས་དབང་ཆོག་ལྟར་བྱ་ཞིང་། གལ་ཏེ་སྤྲོས་པ་ལ་མི་དགའ་ཞིང་བསྡུས་པས་ཡིད་ཚིམ་པའི་གང་ཟག་གིས་ནི། ལྷའི་ང་རྒྱལ་ལ་གནས་པས་ཕྱི་རྒྱུད་པ་དང་གཞི་བགེགས་སོ་སོ་ལ་རང་རང་གི་དབང་པོ་ཚིམ་པ་གཏོར་མ་བཏང་ནས། བཀའ་བསྒོ་ཚམ་རྔམ་དང་བཅས་པས་དཀར་ཕྱོགས་རྣམས་ལ་འཕྲིན་ལས་བཅོལ་ཞིང་ནག་ཕྱོགས་པ་རྣམས་བསྐྲད་དེ། ཕྱི་ནང་གི་མཚམས་རིམ་བསྲུང་ལྟར་བྱ་བའམ། བསྡུ་ན་ཀལྤོ་ལས། མཐུ་ཆེན་རྒྱལ་པོ་སྡེ་བཞི་ལ། །ཕྱི་མཚམས་བསྲུང་བའི་འཕྲིན་ལས་བཅོལ། །ཞེས་པ་ལྟར་སྒྲུབ་ཁང་གི་ཕྱི་རོལ་དུ་ཐོ་བརྩིགས་ལ་རྒྱལ་པོ་ཆེན་པོ་བཞིར་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་བརྟན་བཞུགས་རྣམས་བྱས་ཏེ་མཚམས་དམ་དུ་བཅད་ཅིང་སྲུང་འཁོར་སྒོམ། དེ་ནས་ཕྱི་ནང་གསང་བའི་རྟེན་གྱི་དཀྱིལ་འཁོར་རྣམས་རྫོགས་པའམ་སྒྲུབ་པ་གང་བྱེད་དང་བསྟུན་ནས་ཇི་ལྟར་རིགས་པ་མངོན་པར་བཤམ་མོ། །

p. 206

དེ་ལ་གསུམ་སྟེ། སྟེགས་བུ་བཅའ་བ། ཆག་ཆག་གདབ་པ། རྟེན་གྱི་དཀྱིལ་འཁོར་བཤམ་པ་དངོས་སོ། །དང་པོ་ནི། ཕོ་མོ་ཉལ་པོ་བྱས་པའི་སར༔ མ་དྷལ་སྟེགས་བུ་གྲུ་བཞིར་བྱ༔ ཞེས་པ་སྟེ། ཁྱད་པར་གྱི་སྒྲུབ་པའི་ཐབས་ཤེས་ཀྱི་རྫས་འདི་དག་ཆགས་ཅན་གྱི་ལམ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱེད་པ་དང་། འདོད་ཆགས་ཆེན་པོས་འགྲོ་ཀུན་དབང་དུ་བྱེད་པའི་རྟེན་འབྲེལ་གྱི་གནད་བསྒྲིག་པ་སྟེ། དེ་ཡང་སྟེགས་བུའི་རྒྱུ་ཕོ་མོ་དར་མ་ཁམས་རྒྱས་པ་ཉལ་པོ་བྱས་མ་ཐག་གི་ས་དྲོད་མ་ཡལ་བ་རྙེད་ན་རབ། མ་རྙེད་ན་ཉལ་པོ་བྱས་ནས་ཞག་གཅིག་ལས་མ་ལོན་པའི་ས་བླངས་ཏེ་རོ་རྣམས་བསལ་བ་ལ། མ་དྷལ་ཞེས་པ་མཎྜ་ལའི་སྐད་ཟུར་ཆག་པ་སྟེ་དཀྱིལ་འཁོར་གྱི་དོན་ཡིན་པས་སྒྲུབ་ཁང་གི་ནུབ་ནས་ཤར་དུ་ཁ་བལྟ་བའི་དཀྱིལ་འཁོར་གྱི་སྟེགས་བུ་དབྱིབས་གྲུ་བཞི་པ་མདའ་གང་གི་ཚད་ལས་མི་ཆུང་བ་མེ་ལོང་གི་ངོས་ལྟར་འཇམ་ཞིང་འཐས་པར་རྩིག་ཅིང་། རྡོ་རྗེ་མཁའ་འགྲོ་ལས། དབུས་སུ་མཐོ་བར་བྲི་བར་བྱ། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །ཞེས་པས་དབུས་ཅུང་ཟད་མཐོ་ཞིང་ཤར་དང་བྱང་ཡིད་ཙམ་གཞོལ་བར་དམའ་བ་དང་། གསར་འགྱུར་ཐུགས་རྗེ་ཆེན་པོའི་གསང་སྒྲུབ་ལས། མཎྜལ་མདའ་གང་དམར་པོར་བྱ། ཞེས་སིནྡྷུ་ར། མཚལ། ལི་ཁྲི་རྣམས་ཆང་དང་སྦྱར་བས་ཁ་དོག་དམར་པོར་བྱའོ། །གཉིས་པ་ནི། སྦྱོར་བ་བྱས་པའི་དཀར་དམར་ཁམས༔ མངལ་ནས་ལྷུངས་པའི་ཆག་ཆག་གདབ༔ ཅེས་པ་སྟེ། སྐྱེས་བུ་དང་ན་ཆུང་མཉམ་པར་སྦྱོར་བ་བྱས་པ་ལས་བྱུང་བའི་དཀར་དམར་གྱི་ཁམས་ཏེ་ཁུ་ཁྲག་འདྲེས་པ་ཤེས་རབ་མའི་མངལ་ནས་ཕྱིར་ལྷུངས་པ་ཉིད་རྙེད་ན་རབ་མ་རྙེད་ན་རྒྱལ་བ་རྒྱ་མཚོའི་གསང་སྒྲུབ་ཉང་གཏེར་ལེའུ་བཅུ་གཉིས་པར་གསུངས་པ་ལྟར་སྐྱེས་པ་དང་བུད་མེད་གཙང་མའི་ས་བོན་བླངས་ནས་གཅིག་ཏུ་བསྲེས་པས་ཀྱང་རུང་སྟེ། དེ་ལྟ་བུའི་བདེ་ཆེན་ནམ་དབུགས་འབྱིན་གྱིས་རྫས་སྣ་གཉིས་ལ་བོངས་བསྐྱེད་དགོས་ན། ཕྱག་བཞེས་སུ་ཅུ་གང་དང་སིནྡྷུ་ར་བསྲེ་བར་མཛད་པས་སྟེགས་བུ་ལ་ཁྱེམ་མེད་པར་ཆག་ཆག་གདབ་ཅིང་བརྐྱང་ནུལ་བྱ་བའོ། །གསུམ་པ་ལ་ཕྱི་ནང་གསང་བའི་རྟེན་གསུམ་གྱི་དང་པོ་ཕྱི་རྟེན་ལའང་།

p. 207

རྡུལ་ཚོན་དང་། བུམ་པའི་དཀྱིལ་འཁོར་གཉིས་ལས། དང་པོ་ནི། ཆོས་འབྱུང་བསྣོལ་མ་པད་འདབ་བཞི༔ མུ་ཁྱུད་གྲུ་ཆད་སྒོ་བཞིར་ལྡན༔ རྡོ་རྗེ་རྭ་བ་མེ་འོབས་སོགས༔ མཚན་ཉིད་ཀུན་དང་ལྡན་པར་བྱ༔ ཞེས་པ་སྟེ་ཐིག་སྐུད་དང་ཚོན་རྩི་བྱིན་གྱིས་བརླབས་ནས་གནམ་སའི་ཐིག་གདབ་པ་དང་ཚོན་བཀྱེ་བའི་བྱ་བ་རྣམས་དབང་ཆོག་ལྟར་ངེས་པར་བྱས་ཏེ། ཁྱམས་སྤངས་པའི་དཀྱིལ་འཁོར་གྲུ་ཆད་ལ་སྒོ་གཏོད་པའི་རྣམ་པ་ཅན་གྱི་དབུས་སུ་སྙིང་པོའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མར་གཉིས་གའི་ནང་དམར་ཞིང་རེ་ཁཱ་དཀར་བ་ཟུར་དྲུག་ཏུ་དགའ་བ་འཁྱིལ་བས་མཚན་པའི་ནང་དུ་རིགས་ཀྱི་ཁ་དོག་ཅན་གྱི་པདྨ་འདབ་མ་བཞི་པ་དེའི་ནང་དུ་ལྟེ་བ། ཆོས་འབྱུང་གི་ཕྱིའི་མུ་ཁྱུད་པད་ཕྲེང་གྲུ་ཆད་རྣམས་དམར་པོ་དང་། སྒོ་བཞིའི་ཕྱོགས་ཀྱི་མདོག་ཅན་སྒོ་རྒྱན་རྟ་བབས་ལ་སོགས་པ་དང་ལྡན་པས་མཛེས་པ། ཕྱི་རོལ་དུ་པདྨ་དུར་ཁྲོད་རྡོ་རྗེ་རྭ་བ་མེའི་འོབས་ཆེན་པོའི་འཁོར་ཡུག་གི་རིམ་པས་ཡོངས་སུ་བསྐོར་བ་ལ་སོགས་པ་སྟེ། རྟེན་གྱི་དཀྱིལ་འཁོར་བརྟེན་པའི་མཚན་མ་དང་བཅས་པ་མཚན་ཉིད་ཀུན་དང་ཡང་དག་པར་ལྡན་པ་བྲི་བའམ། ཡང་ན་སྔར་གྱི་སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ལྡན་དབྲི་བར་བྱའོ། །གཉིས་པ་ནི། དེ་དབུས་བུམ་པ་རྒྱན་ལྡན་དུ༔ དྲི་བཟང་བདུད་རྩིས་བཀང་བ་བཞག༔ ཅེས་པ་སྟེ། དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་རིན་པོ་ཆེའི་བུམ་པ་དམར་པོ་ཞབས་ཞུམ་པ་ལྟོ་བ་ལྡིར་བ་མགྲིན་པ་ཕྲ་ཞིང་ཁ་ཡངས་པ་ལས་མཆུ་ཕྱི་རོལ་དུ་འཕྱང་བ་གཙང་ཞིང་དག་པར་བྱས་ཏེ། ཡུངས་ཐུན་གྱིས་བགེགས་བསྐྲད་ཅིང་གུ་གུལ་གྱིས་བདུག དབང་ཆོག་ལས། ཁ་རྒྱན་མགུལ་ཆ ིངས་ཆས་ཀྱིས་བརྒྱན༔ ཅེས་པའི་དོན་ཟླ་གསང་ཐིག་ལེར། སྣ་ཚོགས་གོས་ཀྱི་ཡང་དག་དཀྲི། །མེ་ཏོག་འབྲས་བུ་རྣམས་ཀྱིས་བརྒྱན། །ཅེས་པ་ལྟར་དར་སྣ་ལྔའམ་དམར་པོས་མགུལ་བཅིངས་པའི་ཕྱོགས་བཞིར་རིགས་ཀྱི་ཕྱག་མཚན་དང་ཤར་གྱི་སྟེང་དུ་ཨུཏྤལ་དམར་པོ་རྣམས་བྲི་བའམ་གདགས་ལ། འབྲས་བུ་དང་བཅས་པའི་ཤིང་གི་འདབ་མ་ཁ་དོག་དམར་པོས་ཁ་བརྒྱན་པ་སོགས་བུམ་པ་ཆས་ཀྱིས་མཛེས་པར་བརྒྱན་པ་དང་ལྡན་པའི་ནང་དུ་དྲི་བཟང་གི་ཆུ་བདུད་རྩི་ལྔའི་བུམ་རྫས་དང་བཅས་པས་བུམ་

p. 208

པའི་སུམ་གཉིས་ཁེངས་པར་བཀང་། འབྱོར་ན་བུམ་རྫས་རྒྱས་པ་དབང་ཆོག་ལས། རིན་ཆེན་འབྲུ་སྨན་སྙིང་པོ་ལྔ༔ བདུད་རྩིར་བཅས་པའི་ཆུ་ཡིས་བཀང༔ ཞེས་པ་ལྟར་ལྔ་ཚན་བཞིའི་སྟེང་དུ་བདུད་རྩི་ལྔ་དང་བཅས་པས་རྫས་ཉེར་ལྔའམ། དེའི་སྟེང་དུ་དྲི་ལྔ་བསྣན་ནས་སུམ་ཅུ་དང་། ཤ་ལྔ་བསྣན་ཏེ་བླ་མེད་ཀྱི་བུམ་རྫས་སོ་ལྔ་ཞེས་གྲགས་པ་ལས། ཕྱག་ལེན་ལ་ཕྱི་མ་ཉིད་མཛད་ཅིང་། གང་ལྟར་ཡང་རྫས་རྣམས་ཧྲོམ་བརྡུངས་སམ་རིལ་བུར་བྱས་ཏེ་བུམ་པར་བླུག་པ་དབུས་ཀྱི་མཉྫིའི་ཁྲིའུ་ལ་བཞག་པར་བྱའོ། །དེ་ཡང་བུམ་རྫས་སོ་ལྔ་ལས་ཤ་ལྔ་དང་བདུད་རྩི་ལྔ་ནི་འོག་དུ་འཆད་ཅིང་། གཞན་རྣམས་ཀྱི་ངོས་འཛིན་གང་ཞེ་ན། རིན་ཆེན་ལྔ་ནི། མུ་ཏིག གསེར། དངུལ། བྱུ་རུ། མུ་མེན་ནོ། །འབྲུ་ལྔ་ནི། ཏིལ་དཀར་པོ། ནས། གྲོ། མོན་སྲན་ནམ་མ་ཤ་ཀ འབྲས་མ་དྲུས་པའོ། །སྨན་ལྔ་ནི། བྲི་ཧ་སྟི་སྟག་ཚེར་ཏེ་སེ་འབྲུའི་མེ་ཏོག་གམ་སླེ་ཏྲེས། ཀཎྜ་ཀ་རི་ནི་གོ་སླ་སྟེ་བོད་སྐད་ཚིར་མ་བྱེད་པ། དཎྜོཏྤཱ་ལ་ནི་དབྱུག་པའི་ཨུཏྤལ་ཏེ་ཨུཏྤལ་སྔོན་པོ། ཤྭེ་ཏཱ་པ་དཱ་ཛི་ཏ་ནི་གཞན་གྱིས་མི་ཐུབ་པ་དཀར་པོ་སྟེ་ཤུ་དག་དཀར་པོ། ཧ་ས་དེ་བ་ལྷ་རྒོད་དེ་ཅོ་ག་མགོ་སྨན་དབང་ལག་རྣམས་སོ། །སྙིང་པོ་ལྔ་ནི། ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྦྲང་། ཤིང་གི་བུ་རམ། རྩི་ཐོག་གི་མར་རམ་འོ་མ། སྨན་གྱི་ཨ་རུ་རའི་འབྲས་བུའམ་བླ་མེད་ཀྱི་སྐབས་འདིར་འབྲུ་བཅུད་ཀྱི་སྙིང་པོ་ཆང་བྱས་ཀྱང་རུང་ངོ་། །དྲི་ལྔ་ནི། ག་བུར། གུར་གུམ། ཙན་དན། ཛ་ཏིའམ་གླ་རྩི། ལི་ཤི་རྣམས་སོ། །གཉིས་པ་ནང་རྟེན་ལའང་། ཐོད་པ་དང་། སིནྡྷུ་རའི་དཀྱིལ་འཁོར་གཉིས་ལས། དང་པོ་ནི། ནང་རྟེན་བྷནྡྷ་དུམ་གཅིག་ལ༔ ག་བུར་གུར་གུམ་གི་ཧཾ་དང༔ ཙན་དན་བྱང་སེམས་དཀར་དམར་གྱིས༔ ཆོས་འབྱུང་ཆུ་སྐྱེས་མུ་ཁྱུད་ཅན༔ ལྟེ་བར་གཙོ་བོ་འདབ་མ་བཞིར༔ རིགས་བཞི་ཐབས་དང་ཤེས་རབ་སྔགས༔ ཟུར་དྲུག་ལ་ནི་གཡུང་དྲུང་བྲི༔ ཞེས་པ་སྟེ། ནང་སྒྲུབ་ཀྱི་རྟེན་མཚན་ཉིད་དང་ལྡན་པའི་བྷནྡྷ་དུམ་བུ་གཅིག་པའི་ནང་ལ། ག་བུར། གུར་གུམ། གི་ཧཾ། ཙན་དན་དཀར་དམར། སྐྱེས་པ་དང་བུད་མེད་གཙང་མའི་བྱང་སེམས་དཀར་དམར་ཏེ་རྫས་སྣ་དྲུག་གིས་སྙིང་པོའི་དཀྱིལ་འཁོར་ཇི་ལྟ་བའི་ཆོས་འབྱུང་བསྣོལ་མའི་མཐར་ཆུ་

p. 209

སྐྱེས་དམར་པོའི་མུ་ཁྱུད་ཅན་གྱིས་བསྐོར་བའི་དབུས་སུ་འདབ་བཞི་ལྟེ་བ་དང་བཅས་པ་བྲིས་ནས་ལྟེ་བར་ཡི་གེ་བཅུ་པ། བཅུ་དྲུག་པ། དགུ་པ་སྟེ་གཙོ་བོ་ཡབ་ཡུམ་གྱི་སྔགས་དང་། ཐོད་པའི་དཔྲལ་བའི་ཕྱོགས་ཤར་དུ་རྩིས་པའི་འདབ་མ་བཞིར་རིམ་བཞིན་ཤར་དུ་ༀ་བཛྲ་དྷཱ་ཀ་དྷཱ་ཀི་ཧ་ར་ས་མ་ཡ་ཧཱུྃ་ཞེས་སོགས་རིགས་བཞི་ཐབས་ཡབ་དང་ཤེས་རབ་ཡུམ་གྱི་སྔགས་རྣམས་དང་། ཆོས་འབྱུང་གི་ཟུར་དྲུག་ལ་ནི་གཡུང་དྲུང་གཡོན་དུ་འཁོར་བ་རེ་བྲིའོ། །དེའི་ནང་བཅུད་དམ་རྫས་ནི། དེ་ནང་ཤ་ལྔ་བདུད་རྩི་ལྔ༔ བཟང་དྲུག་འབྲས་གསུམ་དཀར་མངར་བཅུད༔ རིན་ཆེན་འབྲུ་སྨན་དྲི་བཟང་དང༔ གི་ཧཾ་སིནྡྷུར་མྱོས་བྱེད་ཆང༔ མཚལ་ཆེན་ཤུ་ཀྲར་སྦྱར་བ་ཡི༔ རིལ་བུ་དམར་པོ་དག་གིས་བཀང༔ ཞེས་པ་སྟེ། ཀ་པཱ་ལ་དེ་ཉིད་ཀྱི་ནང་དུ་རྫས་ཀྱི་གཙོ་བོ་ཡུལ་དག་པ་ལས་བྱུང་བའི་དམ་ཚིག་གི་རྫས་བཅུ་ལས། ཤ་ལྔ་ནི་གླང་ཆེན། བ་ལང་། ཁྱི་དང་རྟ་ཁ་དོག་དཀར་པོ་རྣམས་ནད་ངན་པས་ཤི་བ་མ་ཡིན་པ་དང་། སྐྱེ་བ་བདུན་པའམ་སྐྱེས་པ་དར་མ་གཡུལ་དུ་བསད་པའི་མི་ཤ་རྣམས་སོ། །བདུད་རྩི་ལྔ་ནི། དམ་ཚིག་ཅན་གྱི་དྲི་ཆེན་དང་དྲི་ཆུ། ཁྱེའུ་གཙང་མའི་ཁུ་བ། ན་ཆུང་རྡོ་རྗེའི་མདའ་མ་ཕོག་པའི་པདྨ་རཀྟ། ཤ་ཆེན་གྱི་དྭངས་མ་ཀླད་པ་རྣམས་སོ། །ཅུ་གང་། གུར་གུམ། ལི་ཤི ཛ་ཏི། སུགྨེལ། ཀ་ཀོ་ལ་སྟེ་བཟང་པོ་དྲུག ཨ་རུ་ར། བ་རུ་ར། སྐྱུ་རུ་ར་སྟེ་འབྲས་བུ་གསུམ། བ་དམར་མོའི་འོ་མ། ཞོ་མར་སོགས་དཀར་གྱི་བཅུད་དང་། ཀ་ར། བུ་རམ། སྦྲང་རྩི་སོགས་མངར་གྱི་བཅུད། གསེར་དངུལ་མུ་ཏིག་པད་རགས་སོགས་རིན་ཆེན། གྲོ་ནས་འབྲས་སོགས་འབྲུ། བཤལ་སྨན་དང་དུག་རིགས་མ་ཡིན་པའི་སྨན་ཚོགས་ཚད། ཙན་དན་ན་གི་ལི་ག་དུར། ཨ་ག་རུ་ནག་པོ་སོགས་དྲི་བཟང་སྣ་ཚོགས་དང་། གི་ཧཾ་སིདྷུ་ར་རྣམས་བཏགས་གཙགས་ཀྱིས་དུལ་ཞིང་འཇམ་པར་བྱས་པ་ལ། མྱོས་བྱེད་ཀྱི་ཆང་བཟང་པོ། བཙུན་མོའི་མཚལ་ཆེན་དང་། ཁྱེའུའི་ཤུ་ཀྲ་གཙང་མ་གསུམ་པོར་སྦྱར་བའི་ལྡེ་གུ་བླ་མ་གོང་མའི་སྒྲུབ་རྫས་རིལ་བུའི་ཕབས་རྒྱུན་དང་ལྡན་པ་ལ་རིལ་བུ་རྒྱ་ཤུག་གི་འབྲུ་ཙམ་པ་མཚལ་གྱིས་ཁ་དོག་དམར་པོར་བསྒྱུར་བ་བརྒྱ་ཕྲག་ལས་མི་ཉུང་བ་དག་གིས་ཐོད་པ་ཁེངས་པར་བཀང་བའོ། །གཉིས་པ་ནི། དར་དམར་

p. 210

བཀབ་སྟེ་མེ་ལོང་ལ༔ སིནྡྷུར་མ་དྷལ་ཆོས་འབྱུང་དང༔ ས་བོན་གསང་སྔགས་བཅས་པ་བཀོད༔ དར་དམར་ལྡིང་གུར་གདུགས་སུ་ཕུབ༔ ཅེས་པ་སྟེ། ཐོད་པ་དཔྲལ་བ་རང་ལ་བསྟན་ནས་བཀོད་པའི་ནང་རིལ་བུས་བཀང་བ་ལ། དར་དམར་གྱི་ཞལ་ཁེབས་བཀབ། དེ་ཉིད་ཀྱི་སྟེང་དུ་ཁམས་དཀར་དམར་གཉིས་དག་པའི་བརྡར་ཞ་ཉེ་དཀར་པོ་དང་ཟངས་བསྲེས་པ་དག་པར་སྦྱངས་པའི་མཁར་བའི་མེ་ལོང་གི་ངོས་ལ། བདུད་རྩིས་སྙོམས་པར་བརླན་པའི་ཁར་གཞོན་ནུ་མའི་རྡུལ་གྱིས་སྦགས་པའི་དར་རམ་རས་ཀྱི་ཚག་སྣོད་དུ་བླུག་པའི་སིནྡྷུར་གཡོན་པའི་སྲིན་ལག་གིས་མཉེས་པ་ལས་འཛགས་པའི་རྡུལ་ཁོད་མཉམ་པར་བཀྲམ་པ་ལ། གཡོན་པའི་མཐེབ་སྲིན་གྱིས་བཟུང་བའི་གསེར་ཐུར་གྱིས་མ་དྷལ་ཆོས་འབྱུང་མུ་ཁྱུད་འདབ་བཞི་ལྟེ་བ་དང་བཅས་པ་ཐོད་པའི་ནང་ཇི་ལྟ་བ་བཞིན་བྲིས་པ་ལ། དབུས་ཀྱི་ལྟེ་བར་གཙོ་བོ་ཡབ་ཡུམ་གྱི་ས་བོན་གསང་སྔགས་དང་བཅས་པ་དང་། པད་འདབ་བཞི་ལ་རིགས་བཞི་མཁའ་འགྲོ་ཡབ་ཡུམ་གྱི་སྔགས་རྣམས་བྲིས་པ་ཐོད་ཁེབས་ཀྱི་དར་དམར་གྱི་ཁར་བཀོད་དོ། །འདིར་སིནྡྷུར་ནི་ཨོ་རྒྱན་གྱི་ཡུལ་ཆུ་བོ་སིནྡྷུའི་འགྲམ་ན་རང་བྱུང་གི་ཕག་མོའི་སྐུ་ཡོད་པའི་མཁའ་གསང་ལས་འབབ་པའི་རང་བྱུང་གི་ལི་ཁྲི་རྙེད་ན་རབ། མ་རྙེད་ན་ཞ་ཉེ་ལས་བཟོས་པ་བཅོས་མའི་ལི་ཁྲིའམ་ཙཱ་རི་ཏྲའི་རང་བྱུང་གི་ཕག་མོའི་མཁའ་ལས་འབབ་པ་གཉིས་གང་རྙེད་ལ་བྱའོ། །དཀྱིལ་འཁོར་དེ་ཐམས་ཅད་ཀྱི་སྟེང་ནས་དར་དམར་གྱི་ལྡིང་གུར་གདུགས་སུ་ཕུབ་སྟེ་མདུན་ཕྱོགས་སུ་སྒོ་བསལ་ཏེ་བཞག་གོ །གསུམ་པ་གསང་རྟེན་ལ། འཁོར་ལོ་བྲི་བ། རབ་གནས། ཇི་ལྟར་བཅང་ཚུལ་དང་གསུམ་ལས། དང་པོ་ནི། གསང་རྟེན་མོ་གསར་ཕྲུ་མའམ༔ གྲོ་གའམ་ནི་ཤོག་ཤོག་ལ༔ ཐབས་ཤེས་བཅུད་དང་མཚལ་སྦྱར་བས༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན༔ གཉིས་ཀྱི་ལྟེ་བར་ཧྲཱིཿཡིག་མཐར༔ ཡབ་ཡུམ་སྔགས་རྣམས་སོ་སོར་བྲི༔ རྩིབས་ལ་རིགས་བཞི་ཡབ་ཡུམ་སྔགས༔ མུ་ཁྱུད་དཔའ་བོ་དཔའ་མོ་ཡི༔ དབང་དུ་བསྡུ་བའི་སྤེལ་ཚིག་བྲི༔ གོང་གི་རྫས་ཀྱིས་ཁྱབ་པར་བྱུག༔ ཅེས་པ་སྟེ། གསང་སྒྲུབ་ཀྱི་རྟེན་འཁོརལོའི་བྲི་གཞི་ནི། མོ་གསར་ཏེ་གཞོན་ནུ་མ་སྔར་བྱིས་པ་གཞན་སྐྱེ་མ་མྱོང་བའི་ཐོག་མའི་ཕྲུ་

p. 211

མ་ཤ་རོ་རྣམས་ཕྲལ་ནས་བརྒྱངས་པའམ། མ་རྙེད་ན་གྲོ་གའི་ཤུན་པའམ་རྒྱ་ཤོག་ལ་སོགས་ཏེ་ཤོག་བུ་གཙང་མའོ། །དེ་ལ་ཐབས་ཤེས་ཀྱི་བཅུད་ཁུ་ཁྲག་དང་མཚལ་བསྲེས་ནས་སྦྱར་བས་བྲི་སྟེ། ཇི་ལྟར་ན་འཁོར་ལོ་རྩིབས་བཞི་པ་ཕྱིར་མུ་ཁྱུད་ཅན་གྱི་འཁོར་ལོ་ཕོ་མོའི་ཁྱད་པར་གྱིས་གཉིས་བྲིས་ལ། དེ་གཉིས་ཀྱི་ལྟེ་བར་གཙོ་བོ་ཡབ་ཡུམ་གྱི་ས་བོན་ཧྲཱིཿཡིག་རེ་བྲིས་པའི་མཐར། ཕོ་འཁོར་ལ་གཙོ་བོ་ཡབ་ཀྱི་སྔགས་ཡི་གེ་བཅུ་པ་དང་བཅུ་དྲུག་པ། མོ་འཁོར་ལ་ཡུམ་གྱི་སྔགས་ཡི་གེ་དགུ་པ་རྣམས་མ་འདྲེས་པར་སོ་སོར་བྲི། རྩིབས་བཞི་སོ་སོར་ཕོ་འཁོར་ལ་རིགས་བཞིའི་མཁའ་འགྲོ་ཡབ་དང་། མོ་འཁོར་ལ་ཡུམ་སྔགས་རྣམས་དང་། གཉིས་ཀའི་མུ་ཁྱུད་ལ་སྤྱི་དང་ཁྱད་པར་གྱི་དངོས་གྲུབ་བྱིན་བསྡུའི་སྔགས་རྣམས་ཀྱི་མཇུག་ཏུ་སྤེལ་ཚིག་འདོགས་པ་ཕྱག་ལེན་གྱི་དཔེའུ་རིས་སུ་ཡོད་ཅིང་། ཉང་གཏེར་ལས། མུ་ཁྱུད་ལ་དཔའ་བོ་དང་དཔའ་མོས་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག༔ ཅེས་བྲི་བར་གསུངས་པ་ལྟར་ཡབ་འཁོར་ལ་དཔའ་བོས་ཞེས་དང་། མོ་འཁོར་ལ་དཔའ་མོས་ཞེས་པའི་མཇུག་ཏུ་གང་དབང་དུ་བསྡུ་བར་བྱ་བའི་དངོས་པོ་དེ་དང་དེ་དབང་དུ་སྡུས་ཤིག་ཅེས་ཇི་ལྟར་རིགས་པའི་སྤེལ་ཚིག་སྦྱོར་ཏེ། སྤྱི་འགྲོས་ཙམ་དུ་དཔེར་མཚོན་ན་དཔའ་བོ་དང་དཔའ་མོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་པ་ཤཾ་ཀུ་རུ་ཧཱུྃ་ཛཿ ཞེས་པ་ལྟ་བུ་བྲིས་ཀྱང་རུང་ལ། སྔ་མ་ཕྱག་ལེན་དཔེའུ་རིས་སུ་གསུངས་པ་ནི་ཉང་གཏེར་གསང་སྒྲུབ་ཀྱི་ཐེམ་ཡིག་ལས། འཁོར་ལོ་ཕྱི་ཡི་མུ་ཁྱུད་ལ༔ ཕོ་མོ་དབང་སྡུད་མིང་སྤེལ་དང༔ ལྷ་འདྲེ་མི་གསུམ་སྲོག་སྙིང་ནི༔ དབང་བསྡུད་སྙིང་པོའི་བར་དུ་བསྡམ༔ ཞེས་པ་དང་གནད་གཅིག་པར་མངོན་ནོ། །དེ་ལྟར་བྲིས་པའི་འཁོར་ལོ་ལ་གོང་དུ་བཤད་པའི་ཐོད་འཁོར་གྱི་རྫས་སྣ་དྲུག་གིས་ཁྱབ་པར་བྱུག་གོ །གཉིས་པ་ནི། དེ་ཉིད་ཐུགས་རྗེ་ཆེན་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པར་བསྒོམ༔ ཡེ་ཤེས་བཀུག་བསྟིམ་མཆོད་ཅིང་བསྟོོད༔ འོད་ཟེར་སྤྲོ་བསྡུས་ཁམས་གསུམ་ཀུན༔ དབང་བསྡུས་འཁོར་ལོ་སྔགས་ཀྱིས་བཏབ༔ ཅེེས་པ་སྟེ། བདག་གི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་དེ་ཉིད་བསངས་སྦྱངས། སྟོང་པའི་ངང་ལས་ཕོ་འཁོར་ཐུགས་རྗེ་

p. 212

ཆེན་པོ་ཡབ་ལ་རིགས་བཞིའི་མཁའ་འགྲོ་དང་། མོ་འཁོར་ཡུམ་ལ་རིགས་བཞིའི་མཁའ་འགྲོ་མའི་འཁོར་དང་བཅས་པ་དམ་ཚིག་པར་བསྒོམས་ནས། ཡེ་ཤེས་པ་བཀུག་སྟེ་གཉིས་མེད་དུ་བསྟིམ་པ་ལ། ཕྱི་ནང་གི་མཆོད་པས་མཆོད་ཅིང་བསྟོད་དེ། བདག་དང་འཁོརལོའི་ལྷ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཁམས་གསུམ་གྱི་དངོས་པོ་ཀུན་རྡོ་ཁབ་ལེན་གྱི་ལྕགས་ལྟར་དབང་དུ་བསྡུས་ནས་འཁོར་ལོ་ལ་བསྟིམ་པའི་དམིགས་གནད་དང་སྦྱར་ཏེ་བཟླས་པའི་སྔགས་ཀྱིས་འཁོར་ལོ་ལ་བཏབ་ཅིང་མེ་ཏོག་འཐོར་བའོ། །གསུམ་པ་ནི། མཉམ་པར་སྦྱར་ནས་དར་དམར་དྲིལ༔ ཟངས་སམ་ཙན་དན་ག་འུར་བཅུག༔ རང་གི་ལུས་ལ་བཅང་བར་བྱ༔ ཞེས་པ་སྟེ། རབ་གནས་ཟིན་ནས་འཁོར་ལོ་གཉིས་མཉམ་པར་ཁ་སྦྱར་ནས་དར་དམར་པོའི་འཐུམས་ཀྱིས་དྲིལ་ཏེ་ཟངས་དམར་རམ་ཙན་དན་དམར་པོའི་གའུར་མགོ་མཇུག་མ་ནོར་བར་བཅུག་ནས་རང་གི་ལུས་ལ་བཅང་བར་བྱ་སྟེ། འདི་ཉིད་དུ་ལུས་ཀྱི་ཆ་གང་དུ་བཅང་གི་གསལ་ཁ་མ་བྱུང་ཡང་། ཉང་གཏེར་ལས། སྐེ་ལ་གདགས་སོ། །ཞེས་པ་ལྟར་མགུལ་དུ་བཏགས་ན། ལག་ལེན་ལའང་བདེའོ། །དེ་ལྟར་ཕྱི་རྡུལ་ཚོན་དང་བུམ་པ་ནི་བཅོམ་ལྡན་འདས་ཀྱི་སྤྲུལ་པ་སྐུའི་དཀྱིལ་འཁོར་དང་། ནང་རྟེན་གྱི་ཐོད་པ་བཅུད་དང་བཅས་པ་ནི་བདེ་བ་ཆེན་པོའི་སྐུའི་ངོ་བོ། མེ་ལོང་གི་དྭངས་ཆ་ལ་སྣ་ཚོགས་པའི་གཟུགས་བརྙན་འཆར་བ་ཆོས་ཀྱི་སྐུ། སིནྡྷ་རའི་དཀྱིལ་འཁོར་ནི་ལོངས་སྤྱོད་རྫོགས་པའི་སྐུ། གསང་རྟེན་ལས་སྦྱོར་གྱི་འཁོར་ལོ་ནི་སྐུ་བཞིར་དབྱེར་མི་ཕྱེད་པ་ལས་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་བདག་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་མཚོན་པའོ། །དེ་ཡང་ཕྱི་སྒྲུབ་རྐྱང་པ་ཙམ་ལས་གཞན་མི་བྱེད་ན་ནང་གསང་གི་རྟེན་རྣམས་མི་དགོས་ཤིང་། གཞན་དུ་གཅེས་གནད་ལས་སོ་སོ་དང་། གཅིག་དྲིལ་གྱི་སྒྲུབ་པ་གཉིས་བཤད་པའི་དྲིལ་སྒྲུབ་ཀྱི་དབང་དུ་བྱས་ན། གཅེས་གནད་ལས། ཕྱི་ནང་གསང་བའི་རིམ་པ་ཡིས༔ རྣམ་པ་ཐ་དད་དུ་མར་ནི༔ བསམ་པའི་འཇུག་ཚུལ་བསྟན་པ་སྟེ༔ དོན་ལ་གཉིས་མེད་ཆོས་ཀྱི་སྐུར༔ གདོད་ནས་རོ་མཉམ་འགྱུར་མེད་ཡིན༔ དེ་ཕྱིར་སྒྲུབ་པའི་དམ་རྫས་རྣམས༔ དཀྱིལ་འཁོར་གཅིག་

p. 213

ཏུ་ཚོགས་པར་བཤམ༔ ཞེས་གསུངས་ཤིང་། སོ་སོར་སྒྲུབ་པའི་དབང་དུ་བྱས་ཀྱང་ཕྱི་ནང་གསང་གསུམ་པོ་རིམ་པར་བསྙེན་སྒྲུབ་ལས་སྦྱོར་གྱི་ཡན་ལག་ཡིན་པས་སྟན་ཐོག་གཅིག་ཏུ་སྒྲུབ་པ་དངོས་གྲུབ་ཉེ་བས་ན་ཐོག་མ་ཉིད་ནས་ཕྱི་རྟེན་བུམ་པའི་སྟེང་དུ་ནང་རྟེན་གྱི་བྷནྡ་བཀོད་པ་སོགས་བཤམས་བཀོད་ཆབས་ཅིག་ཏུ་བྱས་པ་ལག་ལེན་ལ་བདེ་ཞིང་། སྒྲུབ་ཐབས་འདིར་རྟེན་གསུམ་བཤམ་པ་དང་མཐའ་རྟེན་བུམ་ཆུ་བཏུང་ཞིང་ནང་གསང་གི་རྟེན་ཇི་ལྟར་བཅང་ཚུལ་སོགས་ཐོག་མཐར་གསུངས་པའི་གནད་དང་ཡང་འབྱོར་པ་ཡིན་ནོ། །གཉིས་པ་ཐུན་མོང་ཉེར་མཁོའ་སྒྲུབ་རྫས་ནི། གཏོར་མ་མཆོད་པ་ཚོགས་ཀྱི་རྫས༔ ཅི་ཙམ་འབྱོར་བའི་ཡོ་བྱད་དང༔ ཞེས་པས་དཀྱིལ་འཁོར་གྱི་མདུན་དུ་ཀ་པཱ་ལ་མཚན་ལྡན་གསུམ་གྱི་དབུས་མར་དཀྱིལ་འཁོར་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔས་བརྒྱན་པ་གཡས་གཡོན་གྱི་ཐོད་པར་བདུད་རྩི་རིལ་བུ་དང་རཀྟ་སོ་ལྔའི་ཕབས་སྦྱར་བའི་སྨན་རཀ མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཚོགས་ཀྱི་དམ་རྫས། ཟངས་གཞོང་དུ་བཀའ་སྲུང་དང་གཏེར་སྲུང་གི་མཆོད་གཏོར་སོ་སོའི་མཐུན་རྫས་ཀྱིས་བརྒྱན་པ་སོགས་མཉེས་པ་མཆོད་པའི་ཡོ་བྱད་ཅི་ཙམ་འབྱོར་བ་བསག་ཅིང་། དེར་མ་ཟད་འཚོ་བའི་ཡོ་བྱད་ཟས་གོས་མལ་སྟན། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་ཟབ་མོ། དགྲ་ཟློག་གི་ཡོ་བྱད་གོ་མཚོན། བགེགས་སྲུང་གི་ཡོ་བྱད་གུ་གུལ། ཐུན་རྫས་ཏིང་ངེ་འཛིན་གྱི་ཆ་རྐྱེན་མཆོག་གི་ཡོ་བྱད་ཐེ་ཚོམ་གཅོད་པའི་མན་ངག་གི་ཡི་གེ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་དང་། ཁྱད་པར་བརྟེན་པའི་ཡོ་བྱད་ནི། རྐང་གླིང་ཐོད་རྔ་ཚིལ་ཆེན་སྤོས༔ ཞུན་གྱི་མར་མེ་དག་ཀྱང་བཤམ༔ ཞེས་པས་མཁའ་འགྲོའི་རྟེན་རྫས་གཡུལ་དུ་བསད་པའི་མི་རྐང་གི་གླིང་བུ་དང་། རྣམ་སྣང་སྒྱུ་དྲ་ལས། མི་ཐོད་ལས་བྱས་ཅང་ཏེའུ་ལ། །སྤྲེའུའི་པགས་པས་གཡོགས་ནས་ནི། །ངོས་གཉིས་ལ་ནི་པདྨ་བྲི། །བུད་མེད་ཁྲག་གིས་མཛེས་པར་བྱ། །སྙིང་པོ་ལ་ནི་ཁྲེམ་བྲིས་ཏེ། །མི་ཡི་སྐྲ་ཡིས་བཏགས་ནས་ནི། །ཐིང་རིལ་གྱི་ནི་རྐང་རུས་ཀྱིས། །ཁྲེམ་ཧཱུྃ་མིང་ནས་བརྗོད་ཅིང་བརྡུང་། །ཞེས་པའི་མཚན་ཉིད་ཅན་གྱི་ཐོད་པ་ལྟག་སྤྲོད་ཀྱི་རྔ་དང་། ཚིལ་ཆེན་གྱི་བདུག་སྤོས། ཞུན་

p. 214

ཆེན་གྱི་མར་མེ་རྣམས་དང་། གཞན་ཡང་ནང་མཆོད་རྡོར་དྲིལ་ལ་སོགས་པ་དག་ཀྱང་ཇི་ལྟར་རིགས་པའི་གནས་སུ་བཤམ་ཞིང་ཚོགས་པར་བྱ་སྟེ། རྫོགས་ཆེན་གྱི་རྒྱུད་ཀློང་གསལ་ལས། གསང་སྔགས་ཐབས་ཀྱིས་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསག །ཅེས་གསུངས་པ་ལྟར་རོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཐབས་ལ་གསུམ་སྟེ། སྔོན་འགྲོ་འཇུག་ལྡོག་གི་སྦྱོར་བ། དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ། ཞར་བྱུང་ཡན་ལག་གི་ཆོ་ག་གཞན་བཤད་པའོ། །དང་པོ་ལ། འགལ་རྐྱེན་སྤོང་བ་དང་། མཐུན་རྐྱེན་སྒྲུབ་པ་གཉིས་ལས། དང་པོ་ནི། བགེགས་བསྐྲད་སྲུང་འཁོར་བརྟན་པར་སྒོམ༔ ཞེས་པས་བསྟན། གཉིས་པ་ནི། ཚོགས་ཞིང་སྤྱན་དྲངས་སྐྱབས་འགྲོ་དང ༔ སེམས་བསྐྱེད་ཡན་ལག་བདུན་པ་བྱ༔ ཞེས་པས་བསྟན། དེ་དག་སྔོན་འགྲོའི་ཆོ་ག་སྟེ༔ ཞེས་པས་དེ་ཙམ་གྱིས་སྔོན་འགྲོའི་དོན་ཚང་བར་བསྟན་མོད་ཀྱི། འོན་ཀྱང་སྤྲོས་པ་ལ་དགའ་ཞིང་འགྲུབ་ཏུ་རུང་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་བསག་སྦྱང་རྣམས་གནས་ཁང་དེ་ཉིད་དམ་གཞན་དུའང་རུང་སྟེ། རེ་རེ་ནས་རྟགས་ཐོན་ཐོན་སྦྱོང་བ་སྔོན་དུ་འགྲོ་བས། གང་དུ་སྒྲུབ་པའི་གནས་སུ་ཚེས་བཅུ་ལ་སོགས་ཏེ་མཁའ་འགྲོ་འདུ་བའི་དུས་དགེ་བར་ཕྱི་མཚམས་ཙམ་བཅད་ནས། སྔོན་འགྲོ་སྤྱི་དང་ཁྱད་པར་རྡོར་སེམས་སྒོམ་བཟླས་ལ་གཙོར་བཏོན་གྱི་ལོང་སྐབས་དང་སྦྱར་ནས་ཞག་བདུན་ལ་སོགས་པར་བསག་སྦྱངས་ཇི་ལྟར་རིགས་པ་བྱ། དེ་ནས་ཐོ་བསྡམས་ལ་དཀྱིལ་འཁོར་བྲི་ཞིང་རྫས་བཤམ་པ་རྣམས་བྱས་ནས་ཕྱིའི་ཁྲུས་བདུད་རྩི་ལྔས་ཁ་ལག་དག་པར་བཀྲུས་ཏེ་དྲི་ཞིམ་པོས་ལུས་བཀུས་ལ། རྣམ་པར་རྟོག་པ་ནུབ་པའི་བརྡར་ཁ་ནུབ་ཏུ་ཕྱོགས་པས་སྟན་བདེ་བ་ལ་བསམ་གཏན་གྱི་ཆོས་དང་ལྡན་པའི་ལུས་གནད་ཀྱིས་འདུག་སྟེ་ཐུན་བཞིའམ་གཉིས་ཀྱི་རིམ་པས་སྒྲུབ་པ་དངོས་ལ་འཇུག་ཅིང་དེ་ཡང་ཐོག་མའི་དགོང་ཐུན་དང་། ཉིན་གཉིས་པ་མན་ཆད་ཀྱི་ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ་དང་། ཕྱི་ཐུན་རྣམས་ལ་སྲུང་འཁོར་དང་སྐྱབས་སེམས་ཡན་ལག་བདུན་པ་ཙམ་མཛད་པ་ཕྱག་ལེན་ཏེ་འདི་ལྟར་སྔོན་འགྲོའི་རིམ་པ་རྒྱས་པར་མཛད་པ་ནི་དོན་

p. 215

དུ་ཐུན་མཚམས་ཀྱི་བསག་སྦྱང་ལ་འབད་པར་སྣང་བས་ལེགས་པའི་ཡན་ལག་ཏུ་འགྱུར་ལ། གཞན་དུ་རྒྱས་པ་མ་འབྱོར་ན་འབྲིང་པོ་འདིར་བསྟན་དང་བསྡུས་པ་ལས་བྱང་དུ་གསུངས་པ་ལྟར་སྐྱབས་སེམས་ཙམ་བསྒྲུབས་པས་ཀྱང་སྒྲུབ་ཐབས་ཀྱི་ཆ་ཤས་ཆད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟར་སྔོན་འགྲོ་ཇི་ལྟར་བྱ་བའི་ཆིངས་བཤད་ནས། འདིར་བསྟན་འགལ་སྤོང་མཐུན་སྒྲུབ་ཀྱི་སྔོན་འགྲོ་གཉིས་གསེང་ཆགས་སུ་བཏང་སྟེ་རྒྱས་པའི་ཕྱོགས་ནས་འཆད་པར་བྱེད་པ་ལ་གཉིས་ཏེ། སྤྱི་དང་ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི་སྔོན་འགྲོ་གནད་ཐེམས་ཀྱིས་བསྟན་ཏེ། དེ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི། དང་པོ་ལའང་གསུམ་སྟེ། ངེས་འབྱུང་གི་བློ་བཅོས་པ། ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་ཞེ་ཐག་པ་ནས་དྲན་ཞིང་ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་པའི་སྒོ་ནས། འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས་ཤིང་། འཕྲལ་བདེ་བདེ་ལྟར་སྣང་བ་ཅུང་ཟད་ཡོད་པ་རྣམས་ཀྱང་སྤྲིན་བར་གྱི་ཉི་མ་དང་འདྲ་སྟེ་འགྱུར་ནས་འགྲོ། སྐྱིད་སྡུག་རྒྱལ་ཕམ་ལ་སོགས་པ་ཐམས་ཅད་ཀྱང་རེ་མོས་ལས་རྟག་ཐུབ་པ་གཅིག་ཀྱང་མེད་སྙམ་དུ་འཁོར་བའི་བདེ་འབྱོར་ལ་མི་སྨོན་པས། དམ་པའི་ཆོས་མ་གཏོགས་ཅིས་ཀྱང་དགོས་པ་མེད་པར་བསམ་པ་རྣམས་བློ་འགྱུར་ཐོན་ངེས་སུ་བསླབ་པར་བྱ་སྟེ། གནད་ཐེམས་ལས། དང་པོ་དལ་འབྱོར་རྙེད་དཀའི་ཚུལ༔ ལེགས་པར་བསམས་ནས་ངེས་ཤེས་བསྐྱེད༔ ཚེ་འདི་དོན་གཉེར་ལྡོག་བྱའི་ཕྱིར༔ མི་རྟག་འཆི་བ་ཡང་དག་བསམ༔ ལས་འབྲས་བསླུ་མེད་ངེས་བྱས་ནས༔ འཁོར་བའི་སྡུག་བསྔལ་རང་རྒྱུད་འགེལ༔ ཞེས་སོ། །གཉིས་པ་ནི། སྡུག་བསྔལ་དེ་ལས་མཁའ་མཉམ་འགྲོ༔ ཐར་ཕྱིན་ལོག་པའི་ལམ་སྤངས་ནས༔ དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན༔ ཞེས་པས་འཇིགས་རུང་འཁོར་བའི་སྡུག་བསྔལ་མེ་འོབས་ལྟ་བུ་ལས་སེམས་ཅན་ཐམས་ཅད་བསྒྲལ་འདོད་ཀྱི་བློོ་ནི་ཐེག་པ་ཆེན་པོའི་

p. 216

ལུགས་ཀྱི་སྐྱབས་འགྲོའི་རྒྱུའོ། །དེ་ཡང་ཚངས་པ་སོགས་ཕྱི་རོལ་གྱི་སྟོན་པ་དང་། དེས་བསྟན་པའི་རྟག་ཆད་ཀྱི་ལོག་ལམ་དང་དེ་འཛིན་གྱི་གང་ཟག་རྣམས་ལ་སྐྱབས་སུ་འཛིན་པ་སྤངས་ནས། འདིར་གང་ལ་སྐྱབས་སུ་འགྲོ་ན། བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ། ཞེས་པ་སྟེ། རེ་ཞིག་མདོ་སྔགས་ཐུན་མོང་པ་ལྟར་ན་སངས་རྒྱས་དཀོན་མཆོག་ནི་ཟུང་འཇུག་གི་ཡེ་ཤེས་ཆོས་ཀྱི་སྐུ་དང་། དེ་ཉིད་ས་བཅུའི་སེམས་དཔའ་ལ་སྣང་བའི་གཟུགས་བརྙན་ལོངས་སྐུ། སོ་སྐྱེ་ལ་སྣང་བ་སྤྲུལ་སྐུ་སྟེ་སྐུ་གསུམ་གྱིས་བསྡུས་པ། ཆོས་དཀོན་མཆོག་ལ་ལུང་རྟོགས་གཉིས་ལས། ལུང་གི་ཆོས་ནི་གསུང་རབ་སྒྲར་སྣང་ཞིང་སྒྲར་གྲགས་པ་རྣམས་སོ། །རྟོགས་པའི་ཆོས་ནི་ཞི་བ་མྱ་ངན་ལས་འདས་པ་སྟེ། ཆོས་དབྱིངས་དེ་བཞིན་ཉིད་རང་བཞིན་གྱི་རྣམ་པར་དག་པ་དང་། དེ་གློ་བུར་སྒྲིབ་བྲལ་གྱི་ཆ་ནས་འགོག་བདེན་འབྲས་བུའི་ཆོས་དང་། ལམ་གྱི་ཡེ་ཤེས་ནི་གཞི་དེ་ཉིད་རྟོགས་པའང་ཡིན་ལ་འབྲས་བུ་དེ་མངོན་དུ་བྱེད་པའི་སྐབས་ཀྱང་ཡིན་པས་ལམ་བདེན་གྱི་ཆོས་ཏེ། ངོ་བོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དགེ་འདུན་དཀོན་མཆོག་ནི་དངོས་ས་ཆེན་པོ་ལ་བཞུགས་པའི་བྱང་སེམས་འཕགས་པ་དང་། རྗེས་མཐུན་ཐེག་ཆེན་ཚོགས་སྦྱོར་དང་ཉན་རང་འཕགས་པ་རྣམས་སོ། །གསང་སྔགས་ཁྱད་པར་བའི་སྐྱབས་ཡུལ་གྱི་བླ་མ་ནི་དཀོན་མཆོག་གསུམ་ཀའི་ངོ་བོ་དང་། ཡི་དམ་ནི་སངས་རྒྱས་དཀོན་མཆོག མཁའ་འགྲོ་ཆོས་སྐྱོང་ནི་དགེ་འདུན་དཀོན་མཆོག་གི་ནང་དུ་འདུ་ནའང་། འདིར་རྩལ་བཏོན་གྱིས་སྒོས་སུ་སྨོས་པ་ནི། གསང་སྔགས་ཀྱི་ལམ་འདིར་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཞུ་བའི་ཡུལ་བླ་མ་ཡི་དམ་དང་། བར་ཆད་སེལ་བ་སོགས་ལས་སྒྲུབ་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་ཡིན་པའི་རྒྱུ་མཚན་གྱིས་ཏེ། དེ་བས་ན། གསང་སྔགས་སུ་དཀྱིལ་འཁོར་གྱི་གཙོ་བོ་སངས་རྒྱས། བརྗོད་བྱ་རྗོད་བྱེད་ཀྱི་སྔགས་རྣམས་ཆོས། རིགས་བཞིའི་མཁའ་འགྲོ་སོགས་དགེ་འདུན་དུ་བྱས་པ་ལྟ་བུ་སྟེ་དཀོན་མཆོག་གསུམ་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་བསྡུས་ནས་གསུངས་པ་དང་། ཡང་རྩ་བའི་བླ་མ་གཅིག་པོར་བསྡུས་པའང་འབྱུང་

p. 217

སྟེ། དེའི་སྐུ་གང་འདུལ་གྱི་སྣང་བ་དང་འཚམས་པར་བསྟན་ནས་ལམ་སྣ་མཛད་པས་དགེ་འདུན་དཀོན་མཆོག་གམ་སྐུ་གསུམ་ལས་སྤྲུལ་པའི་སྐུའང་ཡིན་ལ། གསུང་བླང་དོར་གྱི་གནས་སྟོན་པའི་སྒྲ་སྐད་ཐམས་ཅད་པ་སྟེ་ཆོས་དཀོན་མཆོག་གམ་ལོངས་སྐུ། ཐུགས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ནི་སངས་རྒྱས་དཀོན་མཆོག་གམ་ཆོས་ཀྱི་སྐུ་སྟེ། མཐར་ཐུག་སྐུ་གསུམ་མམ་སྐྱབས་གསུམ་ངོ་བོ་གཅིག་པའི་གནད་ཀྱིས་སོ། །དེ་ལྟར་ཡང་རྒྱུད་བླ་མར། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་དམིགས་པ་ཇི་ལྟར་སྒོམ་ཚུལ་ནི། མདུན་གྱི་ནམ་མཁར་དཔག་བསམ་ཤིང༔ ཞེས་སོགས་ཀྱིས་བསྟན་པས། གང་ལ་བརྟེན་ན་དགོས་འདོད་ཟད་མི་ཤེས་པར་འབྱུང་བ་མཚོན་བྱེད་མདུན་མཁར་དཔག་བསམ་གྱི་སྡོང་པོ་རབ་ཏུ་རྒྱས་པའི་སྙིང་པོ་ལ་རྩ་བའི་བླ་མ་གསུང་རྡོ་རྗེ་འཆང་དམར་པོའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ། ཕྱོགས་བཞིར་གྱེས་པའི་ཡལ་ག་ལས་མདུན་མར་ཁྱད་པར་ཅན་གྱི་སངས་རྒྱས། གཡས་སུ་ཐུན་མོང་གི་སངས་རྒྱས། རྒྱབ་ཏུ་དམ་ཆོས་གླེགས་བམ་གྱི་རྣམ་པ་ཅན། གཡོན་དུ་ཐུན་མོང་གི་དགེ་འདུན། མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་དཀོན་མཆོག་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བསམ་པའོ། །ཡུལ་དེ་ལ་གང་གིས་འགྲོ་ན། བདག་སོགས་འགྲོ་ཀུན། ཞེས་པ་སྟེ། མ་གྱུར་སེམས་ཅན་འདི་ཀུན་ཚེ་གཅིག་གིས་འཕགས་པའི་གོ་འཕང་ལ་འགོད་པའི་འདྲེན་པའི་དེད་དཔོན་དུ་དེང་ཁོ་ནར་རང་ཉིད་ཐུགས་རྗེ་ཆེན་པོའི་གོ་འཕང་སྒྲུབ་འདོད་ཀྱི་ལྷག་བསམ་དང་ལྡན་པས་དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་ཐམས་ཅད་གཅིག་ཏུ་འདུས་པའི་བྱང་རང་གིས་དྲངས་ནས་སོ། །དུས་ཇི་ཙམ་གྱི་བར་འགྲོ་ན། འདིར་བྱང་ཆུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་འགྲོ་བར་བཤད་པ་ནི་སྐྱབས་གནས་དཀོན་མཆོག་གསུམ་ཀའི་དབང་དུ་བྱས་པ་སྟེ། སངས་རྒྱས་མ་གཏོགས་པའི་སྐྱབས་གནས་གཞན་གཉིས་གཏན་གྱི་སྐྱབས་གནས་མ་ཡིན་པའི་གནད་ཀྱིས་སོ། །དེ་ལྟར་ཡང་། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་སོ། །སངས་རྒྱས་དཀོན་མཆོག་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་སྐྱབས་

p. 218

འོག་ཏུ་ཆུད་པས་སྐྱོང་བ་ཡིན་ལ། ནམ་ཐོབ་པ་ནས་ཡུལ་ཉིད་ལ་འདུན་པ་ལས་ཆེས་ལྷག་པ་རོ་གཅིག་པ་ཉིད་དུ་གྱུར་པས་ནམ་དུའང་ཕན་ཚུན་མི་གཏོང་བ་གཏན་གྱི་སྐྱབས་གནས་ཡིན་པའི་ཕྱིར་བྱང་ཆུབ་མ་ཐོབ་བར་གྱི་ངེས་བཟུང་དགོས་པ་མ་ཡིན་ནོ། །ཇི་ལྟར་སྐྱོབ་ན་སངས་རྒྱས་ནི་བླང་དོར་གྱི་གནས་རྣམས་སྟོན་པར་མཛད་པ་པོ་ཡིན་པས་དེ་ལ་སྟོན་པ་ཞུ། དེས་བསྟན་པ་དེ་ཀ་དམ་ཆོས་ཡིན་ལ། དེ་ཉིད་ཉམས་སུ་བླངས་པས་འཇིགས་པ་ལས་ཐར་ནུས་པའི་ཕྱིར་ཆོས་ལ་སྐྱབས་དངོས། ཇི་ལྟར་ཉམས་སུ་ལེན་ཚུལ་ཡང་རྒྱུས་མེད་ཀྱི་ལམ་དུ་ལམ་སྣ་བ་བཙལ་ནས་དེའི་རྗེས་སུ་མ་ནོར་བར་འགྲོ་དགོས་པ་ལྟར་དགེ་འདུན་རྣམས་ཀྱི་རྣམ་ཐར་ལ་སློབ་དགོས་པས་ན་དགེ་འདུན་ལ་ལམ་སྣའི་ཟླ་གྲོགས་ཞུ་བ་སྟེ། དེ་ལྟར་ན་དེ་ཐམས་ཅད་བླ་མས་མཛད་པས་ཀྱང་དཀོན་མཆོག་ཀུན་འདུས་སོ། །སྐྱབས་སུ་འགྲོ་ཚུལ་ནི། སྐྱབས་སུ་མཆི་ཞེས་པས་རེ་ལྟོས་འཆའ་བ་སྟེ། ཡིད་ཁྱེད་ཤེས་ཀྱི་བརྟུལ་ཞུགས་བརྟན་པོ་དང་ལྡན་པས་ངག་ཏུ། ན་མོ། བདག་སོགས་འགྲོ་ཀུན་ཅེས་སོགས་སྐྱབས་གསོལ་བའི་ཚིག་སེམས་ཚིམ་པར་མ་གྱུར་གྱི་བར་དུ་བརྗོད་པའོ། །སྐྱབས་སུ་སོང་བའི་ཚད་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། རང་གཞན་གྱི་དཀོན་མཆོག་གསུམ་སྐྱབས་གནས་ཡིན་མིན་དང་དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་ཤེས་པ། ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་བར་ཁས་ལེན་པ། སྐྱབས་གནས་གཞན་ནས་མི་འཚོལ་བ་སྟེ་ཁྱད་ཆོས་བཞི་ཚང་བའོ། །དེ་དག་ནི་རྒྱུའི་སྐྱབས་འགྲོ་སྟེ། གཞན་རྒྱུད་ལ་བྱོན་ཟིན་གྱི་དཀོན་མཆོག་གསུམ་སྐྱབས་གནས་སུ་བསྟན་པའི་ཕྱིར་རོ། །མཐར་སྐྱབས་ཡུལ་དང་སྐྱབས་སུ་འགྲོ་མཁན་རྣམས་བསྡུས་ཏེ་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་འཇོག་པ་ནི་རང་གི་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་པ་འབྲས་བུའི་སྐྱབས་འགྲོ་བྱེད་པ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །

p. 219

གསུམ་པ་ནི། སྐྱབས་སོང་དམན་པའི་ལམ་ཉིད་ལས༔ ལྡོག་ཕྱིར་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་པས་སྐྱབས་སུ་སོང་བའི་རྗེས་སུ་ལམ་དམན་པ་དང་ཞི་བདེ་དོན་གཉེར་ལས་ལྡོག་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་རང་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་འདི་དག་ཐོག་མ་མེད་པ་ནས་ཕན་ཚུན་མ་བུ་ཁྱོ་ཤུག་སོགས་ལན་གྲངས་དཔག་ཏུ་མེད་པ་བྱས་ནས་ཕན་བཏགས་པ་ལ་ཚད་མེད་པས་དྲིན་ཅན་ཤ་སྟག་ཏུ་ངེས་པ་གཏིང་ཚུགས་པའི་བཅོས་མིན་གྱི་བྱམས་པ་དང་། དེ་ཐམས་ཅད་སྡུག་བསྔལ་གྱི་ཁུར་ཆེན་པོས་ནོན། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ་པ་ལ་བརྩོན་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་སྨྱོན་པ་ལྟ་བུར་མཐོང་ནས་སྙིང་རྗེ་ཚད་མེད་པས་ཀུན་ནས་བསླངས་ཏེ། བརྒལ་དཀའ་བ་རྦ་ཀློང་འཁྲུག་པའི་རྒྱ་མཚོ་དང་ཆོས་མཚུངས་པ། དབང་མེད་དུ་སྐྱེ་ཞིང་འཆི་ལ་གར་འགྲོ་ཆ་མེད་པར་ལས་རླུང་དྲག་པོས་ཁྱེར་ཏེ་འགྲོ་བའི་སྲིད་པའི་སྡུག་བསྔལ་ལས་མཁའ་མཉམ་གྱི་འགྲོ་བ་འདི་རྣམས་བསྒྲལ་བར་བྱ་བའི་ཕྱིར། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་འདོད་ཙམ་ནི་སྨོན་སེམས་དང་། རྫོགས་བྱང་འཐོབ་པའི་ཆེད་དུ་ཐབས་ཁྱད་པར་ཅན་བསྐྱེད་རྫོགས་ཀྱི་ལམ་སྒོམ་པ་ལ་ད་ལྟ་ཉིད་དུ་སྦྱོར་བར་འདོད་པ་ནི་འཇུག་སེམས་ཏེ། དེ་ལྟ་བུའི་བསམ་པས་སྨོན་ཅིང་འཇུག་པས་སྦྱོར་བའི་སྒོ་ནས་རྙོག་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དམ་པ་དེང་འདིར་བདག་གིས་བསྐྱེད་པར་བགྱིའོ་སྙམ་དུ་བསམས་ལ་ངག་ཏུ། བརྒལ་དཀའ་སྲིད་པའི་སོགས་བརྗོད་དེ་ཕྱི་སེམས་ཅན་ལ་དམིགས་པས་ཀུན་རྫོབ་བྱང་སེམས་དང་། དེ་ཐམས་ཅད་སྐྱེ་འགག་གནས་དམིགས་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པ་སྟོང་ཆེན་འོད་གསལ་གྱི་ངང་ལ་མཉམ་པར་འཇོག་པ་ནི་ནང་སེམས་ཉིད་ལ་དམིགས་པས་དོན་དམ་བྱང་སེམས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །དེ་དག་ལ་སྔོན་འགྲོ་ཐུན་མོང་བ་ཟེར་བ་ནི། ངེས་འབྱུང་གི་བློ་བཅོས་པ་དང་སྐྱབས་འགྲོ་ནི་ཉན་རང་སོགས་དང་།

p. 220

སེམས་བསྐྱེད་ནི་ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གསུམ་སྟེ། འགལ་རྐྱེན་སྡིག་སྒྲིབ་སྦྱང་བ། མཐུན་རྐྱེན་ཚོགས་བསག་པ། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ནི། སྡིག་སྦྱོང་ཕྱིར་དུ་ལྷག་པའི་ལྷ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ༔ ཞེས་པས་དངོས་གཞིའི་ཉམས་མྱོང་རྒྱུད་ལ་སྐྱེ་བའི་བར་གཅོད་ཐུ་ཤོས་ནི་སྡིག་སྒྲིབ་ཡིན་པས། དེ་ཉིད་སྦྱོང་བའི་ཕྱིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་སྟེ། རང་གི་སྤྱི་བོར་པད་ཟླའི་སྟེང༔ ཞེས་སོགས་ཀྱིས་རང་ཉིད་ཐ་མལ་བར་གསལ་བའི་སྤྱི་བོར་པད་ཟླ་ལ་ཧཱུྃ་ལས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཁ་སྦྱོར་དུ་བསྐྱེད་པའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་ལྟེ་བར་ཧཱུྃ་ཡིག་གིས་མཚན་པའི་མཐར་ཡིག་བརྒྱའི་སྔགས་ཕྲེང་གིས་གཡས་སུ་བསྐོར་བར་དམིགས་ཏེ། ཡིག་བརྒྱ་བཟླས་པས་སྔགས་ཕྲེང་དེ་ཉིད་ལས་བྱང་ཆུབ་ཀྱི་སེམས་བདུད་རྩི་དཀར་པོའི་རྒྱུན་བབས་པ་ཚངས་བུག་ནས་ཞུགས། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུའི་རྣམ་པར་དབང་པོའི་སྒོ་ཐམས་ཅད་དང་། ཁྱད་པར་འོག་སྒོའི་གནས་ནས་ཐོན། ལུས་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་རང་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་དག་པར་བསམ། མཐར་རྡོར་སེམས་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམ་སྟེ་རང་དང་གཉིས་མེད་དུ་གྱུར་པའི་མོས་པ་བརྟན་པོ་བྱས་ལ། འཁོར་གསུམ་མི་དམིགས་པའི་ངང་དུ་འཇོག་པ་ནི་སྡིག་སྦྱོང་གི་མཆོག་སྟེ། ཇི་སྐད་དུ། དྲང་པོར་འདུག་ལ་དྲང་པོར་ལྟོས། །འགྱོད་ཚངས་རྣམས་ཀྱི་ནང་ན་མཆོག ། ཅེས་སོ། །འདིར་སྟོབས་བཞི་རྩི་ན། རྟེན་གྱི་སྟོབས་ལ་གཉིས་ལས། བཤགས་ཡུལ་གྱི་རྟེན་བླ་མ་རྡོ་རྗེ་སེམས་དཔའ། རང་རྒྱུད་ཀྱི་རྟེན་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ན་བདག་གཞན་གྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ་སྙམ་པ་དང་། སྔགས་དོན་བསམ་པ་ལ་ཚང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། མི་དགེ་བའི་གཉེན་པོར་དགེ་བ་ལ་སྤྱོད་པ་སྟེ་འདིར་ལྷ་སྒོམ་སྔགས་བཟླ་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་སོགས་ཡིན། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་པ་དང་། སོར་ཆུད་པའམ་སླར་ལྡོག་པའི་སྟོབས་

p. 221

ཕྱིན་ཆད་སྡོམ་པའི་སེམས་ཡིན་པས། སྟོབས་གཉིས་པོ་བཟླས་པའི་མཇུག་ཏུ། བདག་ནི་མི་ཤེས་སོགས་ཚིག་བཅད་ལྷུག་གི་བཤགས་པ་བཏོན་ན་དེ་ལ་ཚང་ཞིང་། གལ་ཏེ་མི་འདོན་ནའང་གནོང་འགྱོད་མེད་ན་བཤགས་པའི་བློ་མི་སྐྱེ་ཞིང་། འགྱོད་པ་གཤའ་མ་ཞིག་སྐྱེས་ཕྱིན་ཆད་ཉེས་དམིགས་ཤེས་པས་སྡོམ་སེམས་ཤུགས་ལ་འབྱུང་བ་ཆོས་ཉིད་དོ། །དེ་ལྟར་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་སོ། །དེ་ལ་ཡིག་བརྒྱའི་སྔགས་དོན་ནི། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོངས་ཞེས་སོགས་སྤྱི་དང་མཐུན་ཞིང་། བཟླས་བརྗོད་བྱས་པའི་ཕན་ཡོན་ཡང་། ཀལྤ་དུམ་བུའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཆག་ཉམས་ཐམས་ཅད་སྐོང་སྟེ། ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཞེས་པ་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་པའི་བར་གསུངས་ཤིང་འདི་ཉིད་གསང་སྔགས་བླ་མེད་ཀྱི་ནང་གི་ཁྲུས་ཡིན་པས་ཐོག་མར་སྦྱོར་བའང་ཤིན་ཏུ་འབྲེལ་ཆགས་པ་ཡིན་ནོ། །གཉིས་པ་ནི། དེ་ཡིས་སྒྲིབ་སྦྱངས་ཚོགས་བསག་ཕྱིར༔ ཚོགས་ཞིང་སྐྱབས་ཡུལ་བཞིན་དུ་སྒོམ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་རྣམས༔ གུས་པའི་བློ་ཡིས་དབུལ་བར་བྱ༔ ཞེས་པས། དེ་ལྟར་འགལ་རྐྱེན་སྦྱངས་པའི་རྗེས་སུ་མཐུན་རྐྱེན་ཚོགས་བསག་པའི་ཕྱིར་མཎྜལ་འབུལ་ཏེ། དེ་ཡང་སྔོན་འགྲོ་རེ་རེ་ནས་སྨིན་པར་སློབ་པའི་དུས་སུ་འདིར་ཚོགས་ཞིང་གསར་དུ་སྒོམ་དགོས་མོད། མོས་སློབ་ཤར་སྒོམ་ཙམ་ལ་སྔར་གྱི་སྐྱབས་ཡུལ་མ་བསྡུས་པར་དེ་ཉིད་སེམས་བསྐྱེད་ཀྱི་དུས་སུ་དཔང་པོ་དང་། སྡིག་སྦྱོང་གི་དུས་སུ་བཤགས་ཡུལ་གྱི་ནང་དུ་འདུ་ཞིང་། འདིར་ནི་ཚོགས་རྟེན་གྱི་མཎྜལ་དུ་འགྱུར་ཏེ་ལག་

p. 222

ལེན་ལ་བདེ་བ་ཡིན་ནོ། །གང་ལྟར་ཡང་ཚོགས་ཞིང་གི་མཎྜལ་སྐྱབས་ཡུལ་བཞིན་དུ་བསྒོམ་པ་ལས་འབུལ་རྒྱུ་མཆོད་པའི་མཎྜལ་ལ། དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པ་གཉིས་ལས། དངོས་འབྱོར་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་ཚད་དང་ལྡན་པ་འདུ་བྱས་ལ། སེམས་ཀྱི་རང་བཞིན་དྲི་མ་མེད་པ་མཚོན་བྱེད་ལེགས་པར་ཕྱི་ཞིང་། དེ་ལ་སྙིང་རྗེ་བྱང་སེམས་ཀྱི་རླན་གྱིས་ཁྱབ་པ་མཚོན་བྱེད་དྲི་དང་བ་བྱུང་གི་ཆུས་བྱུག གཡས་པའི་སྲིན་ལག་གིས་མཐའ་བསྐོར་བས་ཕྱིའི་མུ་ཁྱུད་དང་། དེ་ལས་ལག་མ་བཏེག་པར་དབུས་སུ་མེ་ཏོག་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ནས། རི་རབ་ལ་སོགས་པ་རང་རང་གི་གནས་སུ་འབྲུའི་ཚོམ་བུ་སོ་བདུན་ནམ་བདུན་ལག་ལེན་ལྟར་འགོད་པའོ། །ཡིད་སྤྲུལ་ནི། ཡུལ་ཆོས་ཀྱི་དབྱིངས་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་མེ་ལོང་ཤིན་ཏུ་དྭངས་པ་ལྟ་བུའི་ངོས་ལ། རང་རིག་པ་རང་བྱུང་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་རོལ་པ་ཅིར་ཡང་མ་འགགས་པའི་རྩལ་སྣང་གཟུགས་བརྙན་ལྟ་བུར་ཤར་བའི་མཆོད་རྫས་ཏེ། ཕྱི་ལྟར་ན། དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་མིའི་འབྱོར་ཚོགས་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱིས་ཡོངས་སུ་གཏམས་པ་དང་། ནང་ལྟར་ན། རང་གིས་ཡོངས་སུ་བཟུང་བའི་ཡུལ་དུ་སྣང་བ་གསེར་གྱི་ས་གཞི། དེར་ཞེན་དྲིའི་བྱུག་པ། ཁང་པ་དང་ཁང་ཕྲན་སོགས་རི་རབ་གླིང་བཞི། སྐར་ཁུང་ཉི་ཟླ་ལ་སོགས་པའི་སྣོད་ཉིད་བུ་དང་ཆུང་མ་བྲན་དང་ལོངས་སྤྱོད་སོགས་གཅེས་དགུ་མ་ལུས་པའི་བཅུད་ཀྱིས་གཏམས་པ་དང་། གསང་བ་ལྟར་ན། རང་གི་པགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། སྒལ་ཚིགས་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་ནས་ཏེ། དེ་ལྟར་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་མཁའ་ལྟར་ཀུན་ཏུ་ཁྱབ་ཅིང་འབྱམས་ཀླས་པར་བརྡལ་བའི་ཞིང་ཁམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོའི་རྒྱན་ཡོངས་སུ་བཀོད་པ་དང་བཅས་ཏེ་འཁོར་གསུམ་ཡོངས་དག་དམིགས་པ་མེད་པའི་ཤེས་རབ་ཉིད་ཀྱིས་དགོངས་ཀློང་རྣམ་

p. 223

པར་དག་པའི་ངང་དུ་འབུལ་བ་སྟེ། འདི་ཉིད་དེ་ཁོ་ན་ཉིད་ཀྱི་མཎྜལ་དུའང་འགྱུར་བས་སྔར་ལྟར་སྦྱར་ན། འཁོར་འདས་ཀྱི་རྒྱུར་གྱུར་པའི་ཀུན་གཞི་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དྲིའི་བྱུག་པ། རང་རིག་པ་རང་བྱུང་གི་ཡེ་ཤེས་རི་རབ། དེ་ལས་ཚད་མེད་བཞི་དང་དགའ་བ་བཞི་དང་ཡེ་ཤེས་བཞི་སོགས་འབྱུང་བ་གླིང་བཞི། ཐབས་ཤེས་ཟུང་དུ་འབྲེལ་བ་ཉི་ཟླ་ལ་སོགས་པའམ། ཡང་ན་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་པའི་མཎྜལ་ལོ། །དེ་ཡང་ཕྱི་ནང་གསང་བའི་མཎྜལ་གྱིས་བསོད་ནམས་དང་། དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་ཀྱི་ཚོགས་སམ། ཡང་ན་ཕྱི་ནང་གསང་བ་ཐམས་ཅད་མཆོད་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །མདོར་ན་ལུས་ཀྱི་ལས་སུ་གཞི་ཕྱི་ཞིང་དྲིས་བྱུགས་ལ་ཚོམ་བུ་འགོད་པ། ངག་གི་ལས་སུ་ཆོས་དབྱིངས་རང་བྱུང་ཞེས་སོགས་བརྗོད་པ། ཡིད་ཀྱི་ལས་སུ་དོན་དེ་དག་རེ་རེ་བཞིན་ནས་གསལ་བཏབ་སྟེ་གུས་པའི་བློས་ཕུལ་ན། དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཁྱད་པར་ཅན་གྱིས་སྤེལ་བས་བསོད་ནམས་མཐའ་ཡས་པ་འཐོབ་པར་འགྱུར་ཞིང་། མཎྜལ་བཤམས་པ་ལའང་ཕར་ཕྱིན་དྲུག་ཀའི་ཆ་ཤས་ཚང་བར་བཤད་དེ། མཎྜལ་གྱི་མདོ་ལས། བ་གཅི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱིས། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །ཞེས་སོ། །གསུམ་པ་ནི། སྐྱབས་ཀུན་སྙིང་པོ་བླ་མ་ཡི༔ རྣལ་འབྱོར་ལམ་ལ་འཇུག་པར་བྱ༔ ཞེས་པས་བླ་མ་ནི་སྐྱབས་གནས་ཀུན་འདུས་ཀྱི་སྙིང་པོ་ཡིན་པར་མ་ཟད། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །ཞེས་པས་རྡོ་རྗེ་ཐེག་པའི་དངོས་གྲུབ་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ལས་གཞན་ཅི་ཡང་མ་ཡིན་པས་བླ་མའི་

p. 224

རྣལ་འབྱོར་གྱི་ལམ་ལ་འཇུག་དགོས། དེ་ལ་གང་ཟག་གི་བློའི་རིམ་པས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་མཉམ་སྦྱོར་ལས་གསུངས་པ་ལྟར་དཀོན་མཆོག་བཞི་པར་ལྟ་བ་སོགས་ཀྱང་འབྱུང་མོད་ཀྱི། འོན་ཀྱང་མོས་གུས་ཀྱི་བློ་སྣ་འདྲེན་པའི་སྐབས་འདིར། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པས་རྩ་བའི་བླ་མ་དེ་ཉིད་སོ་སྐྱེའམ་འཕགས་པ་གང་ཡིན་ཡང་རུང་སངས་རྒྱས་དངོས་སུ་ལྟ་དགོས་ཤིང་། དོན་ལ་དེ་བཞིན་གཤེགས་པ་གཅིག་ལ་གསོལ་བ་བཏབ་པས་ཐམས་ཅད་ལ་བཏབ་པར་འགྱུར་ནའང་། རང་ཉིད་ཀྱི་བསམ་པའི་ཁྱེར་སོས་མོས་པ་འཇུག་ཚུལ་གྱི་ཁྱད་པར་ལས་ཕན་ཡོན་རྒྱ་ཆེ་ཆུང་འབྱུང་བས་ན་ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་སུ་ལྟ་ལ། དེ་ལྟར་སངས་རྒྱས་ཀུན་འདུས་ཡིན་པ་བཞིན་དུ་ཆོས་དང་དགེ་འདུན་ཀུན་འདུས་ཀྱང་ཡིན་ཏེ། སྐྱབས་གསུམ་ངོ་བོ་གཅིག་པའི་བདག་ཉིད་ཅན་དུ་ཤེས་པར་བྱའོ། །དེར་མ་ཟད་རང་ཅག་གི་སྣང་ངོར་སངས་རྒྱས་ཐམས་ཅད་ལས་ཀྱང་བཀའ་དྲིན་ཆེ་ཞིང་ཆེས་ལྷག་སྟེ། ཅིའི་ཕྱིར་ཞེ་ན། བདག་ཅག་ལ་སངས་རྒྱས་གཟུགས་ཀྱི་སྐུ་དངོས་ཀྱི་ཞལ་ལྟ་བ་དང་གསུང་ཐོས་པའི་སྐལ་བས་ཕོངས་པའི་སྐབས་འདིར་རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་བདག་རྐྱེན་མཛད་པས་སངས་རྒྱས་ཆོས་ཀྱི་སྐུའི་ཞལ་ལྟ་བ་ལ་སྦྱོར་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་། སངས་རྒྱས་ཀུན་ལས་ལྷག་པར་ངེས་པས་སོ། །དེ་ལྟར་ཡང་ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག ཅེས་དང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས། རྡོ་རྗེ་སློབ་དཔོན་ལ་བརྙས་པའམ་མཆོད་ན་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་དེ་ལྟར་བྱས་པར་འགྱུར་

p. 225

བས་ཁེ་ཉེན་གཉིས་ཀ་གཞན་ལས་ཆེས་ཆེ་བ་སྟེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡིས་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་སོ། །དེ་བས་ན་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་ཐག་ཆོད་པས་ཅི་མཛད་འགྲོ་བ་འདུལ་བའི་འཕྲིན་ལས་སུ་མཐོང་བ། བྱས་པ་གཟོ་བས་བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱིས་ཕྲོགས་པས་གདུང་ཤུགས་ཀྱི་རིག་པ་བསྒྱུར་ནུས་པ། ཡང་ཡང་མ་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་འགོག་ནུས་པ་སྟེ། ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཀྱིས་གསོལ་བ་བཏབ་ན་བྱིན་རླབས་འཕྲལ་དུ་འཇུག་པ་ཆོས་ཉིད་དོ། །དམིགས་པས་ཡུལ་གསལ་གདབ་པ་ལ། ཡེ་ཤེས་པ་ལྟར་གཞན་ནས་སྤྱན་འདྲེན་པ་དང་། སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་སྒོམ་པ་གཉིས་ལས། འདིར་སྐྱབས་ཡུལ་ནས་བཟུང་རྟེན་རྣམས་ཕྱི་མ་དང་མཚུངས་ལ། དེ་ལྟར་བསམས་པས་ཀྱང་ཕྱོགས་བཅུའི་རྒྱལ་བ་འཁོར་བཅས་འབྱོན་པར་ངེས་པས་དོན་ལ་ཁྱད་པར་མེད་པར་ཤེས་པར་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཅེས་སོ། །ཇི་ལྟར་སྒོམ་ཚུལ་ནི། དག་གསལ་ཡེ་ཤེས་འོད་ལྔའི་ཀློང༔ ཞེས་སོགས་ཀྱིས་བསྟན་པས། རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁའི་གནས་སུ་ཡེ་ཤེས་ལྔའི་རང་གདངས་དག་གསལ་སྒྲིབ་པ་མེད་པའི་འོད་ཟེར་ཁ་དོག་སྣ་ལྔ་འཁྲུག་པའི་ཀློང་ན་མི་འཇིགས་པ་སེངྒེ་ཁྲི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་སྟེང་དུ་པདྨ་ཉི་ཟླའི་གདན་ལ། བླ་མའི་བཀའ་དྲིན་ཡང་གཙོ་བོར་གསུང་གི་སྒོ་ནས་ཐོབ་པའི་རྒྱུ་མཚན་གྱིས་རྩ་བའི་བླ་མ་གསུང་རྡོ་རྗེ་འཆང་གི་རྣམ་པ་ཅན་ཏེ། ཐུགས་རྗེས་སེམས་ཅན་ལ་རྗེས་སུ་ཆགས་པས་སྐུ་མདོག་དམར་པོ། བདེ་སྟོང་ངོ་བོ་གཅིག་པའི་ཟུང་འཇུག་མཚོན་བྱེད་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་སྲིད་ཞི་གཉིས་མེད་མཚོན་བྱེད་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། དར་དང་རིན་

p. 226

པོ་ཆེའི་རྒྱན་ཅན་སྐུ་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་ཞིང་མཚན་དཔེའི་གཟི་བརྗིད་མཆོག་ཏུ་འབར་བའི་མཐར་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་ཡི་དམ་ཆོས་སྲུང་རྣམས་ཀྱིས་བསྐོར་ཞིང་མཁའ་འགྲོའི་ཚོགས་ཀྱི་སྤྲིན་ཕུང་འཐིབས་པ། དེ་ཐམས་ཅད་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམའ་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པར་ཤར་བས་བདག་ལ་བྱིན་གྱིས་རློབ་པའི་ཚུལ་དུ་མངོན་སུམ་པ་ལྟར་སད་པར་བསམས་ལ། ཤིན་ཏུ་དད་ཅིང་གུས་པས་ཚོགས་བསགས་པའི་ཕྱིར་བདུན་རྣམ་དག་བྱ་སྟེ། རང་གི་ལུས་ཕྱོགས་བཅུའི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དེ་སྙེད་དུ་སྤྲུལ་ནས་མཁའ་ཁྱབ་ཀྱི་སེམས་ཅན་དང་ལྷན་ཅིག་ཏུ་ཤིན་ཏུ་གུས་པས་བཏུད་དེ་ཕྱག་འཚལ་བ་ནི་ཡན་ལག་དང་པོ་དང་། སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་མེད་སྤྲོས་ཏེ་བླ་ན་ཡོད་པ་ཕྱི་ནང་གསང་གསུམ་དང་། བླ་ན་མེད་པ་དེ་ཁོ་ན་ཉིད་རྨད་དུ་བྱུང་བའི་མཆོད་པ་ཀུན་གྱིས་ཡང་དག་པར་མཆོད་པ་ནི་གཉིས་པ་དང་། ཚེ་རབས་ཐོག་མ་མེད་པ་ནས་ཉོན་མོངས་པའི་དབང་གིས་སྒོ་གསུམ་གྱིས་བྱས་པའི་སྡིག་པ་མི་དགེ་བའི་ལས་རྣམས་སྟོབས་བཞི་ཚང་བའི་སྒོ་ནས་མཐོལ་ཞིང་བཤགས་པ་ནི་གསུམ་པ་དང་། སེམས་ཅན་ཀུན་ལ་ཕན་པར་མཛད་པའི་འཕྲིན་ལས་རྨད་དུ་བྱུང་བ་སོགས་རང་གཞན་གྱི་དགེ་བ་ཀུན་ལ་ཞེ་ཐག་པ་ནས་ཡི་རང་བ་ནི་བཞི་པ་དང་། གང་དག་སངས་རྒྱས་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་རྣམས་བསྐལ་པ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་རྒྱ་མཚོ་ཇི་སྙེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་བར་བཞུགས་པར་གསོལ་བ་འདེབས་པ་ནི་ལྔ་པ་དང་། གདུལ་བྱ་རྣམས་སྒྲོལ་བའི་སླད་དུ་རང་རང་གི་བསམ་པའི་ཁྱད་པར་ཇི་ལྟ་བ་དེ་བཞིན་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི་དྲུག་པ་དང་། འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་དང་རྗེས་སུ་འབྲེལ་བའི་ལེགས་སྤྱད་ཀྱི་བསོད་ནམས་གང་ཞིག་བགྱིས་པ་དེ་རྣམས་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ལྟ་བ་བདག་མེད་པས་ཟིན་པ་དང་ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པའི་སྒོ་ནས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཆེན་པོར་

p. 227

ཡོངས་སུ་བསྔོ་བ་ནི་བདུན་པ་སྟེ། རིམ་པ་བཞིན་དུ་གཙོ་བོར་ང་རྒྱལ་དང་། ཆགས་ཞེན་དང་། ཞེ་སྡང་དང་། ཕྲག་དོག་དང་། ལོག་ལྟ་དང་། གཏི་མུག་དང་། ཐེ་ཚོམ་རྣམས་ཀྱི་གཉེན་པོར་གྱུར་པའོ། །དོན་དེ་དག་ལ་སེམས་རྩེ་གཅིག་པས་ངག་ཏུ། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ ཞེས་སོགས་བརྗོད་ཅིང་། དེ་ལྟར་བགྱིས་པའི་ཕན་ཡོན་ནི་ཚད་མེད་དེ། དཔལ་སྦས་ཀྱི་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་སོ། །དེ་ནས་བྱིན་རླབས་འཇུག་པའི་སླད་དུ་གསོལ་བ་གདབ་པ་ནི། གང་ལ། གང་གིས། ཇི་ལྟར། ཅིའི་ཕྱིར་འདེབས་པ་སྟེ། གང་ལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྩ་བརྒྱུད་ཀྱི་བླ་མའི་ངོ་བོར་བསྡུས་ནས་སོ། །དེ་ཡང་ཆོས་དབྱིངས་ཤིན་ཏུ་སྐྱེ་མེད་མཐའ་དབུས་ཕྱོགས་ཆ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་བདེ་སྟོང་རོ་གཅིག་པ་ཉིད་ཀྱི་སྟོང་པའི་གཟུགས་བརྙན་གྱི་ཆ་དེ་ནི་དེ་བཞིན་གཤེགས་པ་རྣམས་གང་དུ་འཚང་རྒྱ་བའི་ཞིང་ངམ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཆོས་སྐུའི་ཕོ་བྲང་སྟེ་ཡང་དག་དོན་གྱི་འོག་མིན་ཡིན་ལ། ངོ་བོ་ཀ་དག་གི་ཀློང་དུ་རིག་པའི་ཡེ་ཤེས་གྲོལ་བ་ན་འགྱུར་བ་མེད་པའི་རིགས་རང་བཞིན་རྣམ་དག་ཆོས་ཉིད་གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་པ་སྟེ། སངས་རྒྱས་རང་སྣང་གི་སྐུ་དེ་ཉིད་འཁོར་འདས་གདོད་མར་གྲོལ་བའི་ལམ་སྟོན་པ་པོ་ཡིན་པས་མགོན་པོ་མཆོག་དང་། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པས་སྤྱོད་ཡུལ་ཀུན་ཏུ་བཟང་པོ། འོད་གསལ་ཡེ་ཤེས་ཀྱི་སྣང་བ་མཐའ་ཡས་པའི་དགོངས་པ་ལ་རྟག་ཏུ་རོལ་པས་ན་སྟོན་པ་ཆོས་ཀྱི་སྐུའི་ངོ་བོར་བཞུགས་པ་སྟེ། ཀུན་བྱེད་ལས། རྒྱལ་བ་ཀུན་ལས་ང་སྔའི་ཕྱིར། །སྐུ་གསུམ་སྟོན་པའི་ཕ་མར་ཤར། །ཞེས་སོ། །དེ་ལྟར་ནང་གསལ་ཆོས་སྐུའི་གདངས་འགག་པ་མེད་པའི་སྣང་ཆ་ལས་རང་བྱུང་བ་ངོ་བོ་འདུས་མ་བྱས་པ་རྡོ་རྗེ་དབྱིངས་ཀྱི་ཞིང་

p. 228

ཁམས་འོག་མིན་ཆེན་པོའི་གནས་སུ་རང་སྣང་ལྷུན་གྲུབ་འོད་གསལ་སྟོང་པ་ཉིད་དང་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་རོལ་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུ་ཅན་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ལ་རྫོགས་པར་མངའ་དབང་བསྒྱུར་བས་ལོངས་སྤྱོད་རྫོགས་སྐུ་ཆེན་པོ་དང་། རང་བཞིན་སྤྲུལ་སྐུའི་ཞིང་ནུབ་བདེ་བ་ཅན་དུ་ཉིད་ལས་གཞན་དུ་གྱུར་པའི་འཁོར་ལ་གསུང་རྡོ་རྗེའི་ཆོས་ཀྱི་འོད་སྣང་དཔག་མེད་དུ་སྤྲོ་བའི་སྟོན་པ་ཐུགས་རྗེ་ཆེན་པོ་སྟེ་ལོངས་སྐུ་ཆུང་ངུར་གྲགས་ཤིང་། དེ་དག་ནི་རྒྱལ་བ་དགོངས་བརྒྱུད་དོ། །དེ་ཉིད་ཀྱི་ངང་ལས་དོན་བྱ་བའི་ཡུལ་གང་འདུལ་གྱི་སྣང་བ་དང་མཐུན་པའི་ཞིང་ཁམས་དེ་དང་དེར་སྣང་བ་ཐུགས་རྗེའི་རྩལ་ལས་རང་བྱུང་བ་བཀོད་པ་མཐའ་ཡས་པའི་ཕོ་བྲང་དུ་མཁའ་ཟླ་ཉིད་ཆུ་སྣོད་ཇི་སྙེད་པར་འཆར་བ་ལྟར་གདུལ་བྱའི་ངོ་ལ་མ་འགགས་པར་རང་ཤར་ནས་འདུལ་བ་བཞིས་འགྲོ་བ་འདུལ་བའི་སྤྲུལ་སྐུ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཏེ། རིག་འཛིན་བརྡ་བརྒྱུད་དོ། །ཐུགས་རྗེས་འགྲོ་བ་གང་ལ་གང་འདུལ་གྱི་སྒྲོན་མ་རྣམ་པར་བཀོད་པའི་ཕོ་བྲང་དུ་ཇི་སྙེད་པའི་མཁྱེན་པས་ཤེས་བྱའི་ཆ ོས་ཀུན་མ་འདྲེས་པར་མཁྱེན་ཅིང་། དེ་དག་ཀྱང་ཇི་ལྟ་བའི་མཁྱེན་པས་མཚན་ཉིད་སྒྲིབ་བྲལ་དུ་གཟིགས་ནས་ཆོས་སྟོན་པ་བཻ་རོ་ཙ་ན་དང་། ཟག་མེད་ཀྱི་ལམ་གྱི་ཁྱད་པར་དུ་བྱས་པའི་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ཆེན་པོ་དང་སྟོང་ཉིད་མི་ཕྱེད་པའི་རྡོ་རྗེ་རོ་གཅིག་པའི་ཕོ་བྲང་དུ་མཆོག་གིས་ཟུང་འཇུག་གི་སྐུ་བརྙེས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚོ་རྒྱལ་དང་། འཇམ་དཔལ་རྡོ་རྗེ་མངའ་བདག་རྒྱལ་པོ་སྟེ། སློབ་དཔོན་ཆེན་པོས་རྗེ་འབངས་བདུན་དང་ཡེ་ཤེས་ཀྱི་མཁའ་འགྲོ་འབུམ་ཕྲག་གཅིག་ལ་བསྟན་པ་ལས་ཐུགས་ཀྱི་སྲས་རྗེ་འབངས་གྲོགས་གསུམ་སྟེ་གང་ཟག་སྙན་བརྒྱུད་དོ། །གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཆོས་ཀྱི་ཁང་བཟང་རྨད་དུ་བྱུང་བའི་ཕོ་བྲང་དུ་ཟབ་མོའི་ལམ་ལ་བརྟེན་ནས་སྐལ་ལྡན་རྣམས་བདེ་མྱུར་གྱི་སྒོ་ནས་འདྲེན་པར་མཛད་པ་པོ་རྗེ་བླ་མ་རིག་འཛིན་གཏེར་སྟོན་ཆེན་པོ་སྟེ། འདི་ལ་སྔར་གྱི་བརྒྱུད་པ་གསུམ་གྱི་སྟེང་དུ་ཐུགས་རྗེ་བྱིན་རླབས། མཁའ་འ གྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་སྟེ་བརྒྱུད་པ་དྲུག་ལྡན་གྱི་བཀའ་བབས་

p. 229

ཀྱི་ཆུ་བོ་ཚང་ངོ་། །ཡུལ་དེ་དག་ལ་གང་གིས་ན། སེམས་ཅན་ཐམས་ཅད་ཀྱི་བྱང་རང་ཉིད་ཀྱིས་དྲངས་ནས་སོ། །ཇི་ལྟར་ན། བླ་མ་སོ་སོའི་མཚན་བྱུང་བའི་ཚེ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། དགོས་འདོད་ཀུན་འབྱུང་། སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་ཀུན་གོ་གཅིག་གིས་ཆོད་པ་ཡིན་པ་ལ་ཡིན་པ་བློ་ཐག་བཅད། གསོལ་བ་འདེབས་སོ་ཞེས་པའི་ཚེ་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བ སྐྱུར་ལ་གདུང་ཤུགས་བཟོད་མེད་དུ་བསྐྱེད་དེ་ངག་ཏུ། སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་དུ༔ ཞེས་སོགས་བརྗོད་པའོ། །ཅིའི་ཕྱིར་ན། བསྐྱེད་རྫོགས་ཀྱི་ལམ་སྒོམ་པའི་བར་ཆད་ཞི་ཞིང་མཐུན་རྐྱེན་འབད་མེད་དུ་འགྲུབ་ནས། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་འ ཐོབ་པར་ད་ལྟ་ཉིད་དུ་བདག་རྒྱུད་བྱིན་གྱིས་རློབས་ཤིག་པར་འདེབས་པ་སྟེ། དེ་དང་རྗེས་སུ་འབྲེལ་བར་འདོད་དོན་གསོལ་བའི་སྨོན་ལམ་ཡང་དེང་ནས་ཞེས་སོགས་ཏེ། དུས་དེང་ནས་བཟུང་སྟེ་བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་པ་ཀུན། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པར་ཅན་རྟོག་ཡིན། །ཞེས་པ་ལྟར་ཁམས་གསུམ་པའི་ས་པ་སེམས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་སེམས་ཉིད་འོད་གསལ་བདེ་བ་ཆེན་པོ་ཆོས་སྐུའི་ཀློང་དུ་ཞི་ཞིང་ཐིམ་སྟེ། གཞི་གདོད་མའི་དབྱིངས་དང་ཐིམ་བྱའི་རིག་པ་རོ་གཅིག་ཏུ་འདྲེས་པས་དག་པ་གཉིས་ལྡན་ཆོས་ཀྱི་སྐུའི་ངོ་བོར་མངོན་པར་བྱང་ཆུབ་པ་བརྙེས་ནས་མཐའ་ཡས་པའི་འགྲོ་བ་ཀུན་འདྲེན་ནུས་པར་བྱིན་གྱིས་རློབས་ཤིག་པའོ། །ཞེས་གསོལ་བ་བཏབ་པས་བླ་མའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གནས་པར་བསམ། དེ་ལས་དཀར་དམར་སྔོ་བའི་འོད་ཟེར་གསུམ་རིམ་དང་ཅིག་ཅར་དུ་འཕྲོས་ཏེ་བདག་གི་གནས་དེ་དང་དེར་ཐིམ་པས་བུམ་དབང་ལ་སོགས་པའི་དབང་བཞི་ཐོབ་ནས་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་བཞི་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་སྐུ་བཞིའི་གོ་འཕང་མངོན་དུ་གྱུར་པར་བསམ་པས་དབང་ལེན། སླར་ཡང་མོས་གུས་ཀྱིས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་དང་སངས་རྒྱས་སོགས་འཁོར་རྣམས་རྩ་བའི་བླ་མ་ལ་བསྡུས། དེ་ཉིད་དགྱེས་ཉམས་དང་བཅས་རང་

p. 230

གི་གཙུག་ཏུ་བྱོན་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་མོས་ཏེ་སེམས་དུས་གསུམ་གྱི་སྤྲོས་པ་བཅད་པའི་ངང་ལ་མཉམ་པར་བཞག དེ་རང་རིག་དོན་གྱི་བླ་མའི་རྣལ་འབྱོར་ཏེ། རྗེས་སུ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་དོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ཡང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་སོ། །ཐུན་མོང་གི་སྔོན་འགྲོའི་སྐབས་འདིར་ཚོགས་བསོག་པ་རྣམས་ཡུལ་མཆོག་ལ་བརྟེེན་པ་ཉིད་གཙོ་བོར་འབྱུང་མོད་ཀྱི། འོན་ཀྱང་སེམས་བསྐྱེད་ཀྱི་ཡུལ་དང་། གཞན་དུ་ཡང་སེམས་ཅན་ཐམས་ཅད་རང་དང་བྱ་བྱེད་མཐུན་པར་བྱས་པ་འདིས་ཡུལ་དམན་པ་ལ་བརྟེན་ནས་ཚོགས་གསོག་པའང་དོན་ལ་ཚང་བ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གཉིས་ཏེ། འགལ་རྐྱེན་བར་ཆད་སྤང་བ་དང་། མཐུན་རྐྱེན་བདག་གནས་ཡོ་བྱད་བྱིན་གྱིས་བརླབ་པའོ། །དང་པོ་ལ་གསུམ་སྟེ། བགེགས་བསྐྲད་པ། མཚམས་བཅད་པ། བཤགས་པ་བྱ་བའོ། །དང་པོ་ལའང་གཉིས་ཏེ། གཉུག་མའི་ལྷར་ལྡང་བ་དང་། སྔོན་གཏོར་བཏང་ཞིང་བཀའ་བསྒོ་བའོ། །དང་པོ་ནི། སྤྱིའི་སྔོན་འགྲོ་རྒྱས་འབྲིང་ལྟར་ན་ཚོགས་ཞིང་བསྡུ་བའི་རྗེས་དང་། བསྡུས་པ་ལྟར་ན་དོན་དམ་སེམས་བསྐྱེད་དང་སྦྲེལ་ཏེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམས་པས་ཐ་མལ་གྱི་བདེན་འཛིན་བསལ་ལ། དེའི་ངང་ལས་ཆུ་ལས་ཆུ་ལྦུར་བརྡོལ་བ་ལྟར་སྐད་ཅིག་གིས་བདག་ཉིད་རྟ་མཆོག་ཧེ་རུ་ཀ་དཔལ་རྡོ་རྗེ་སྲིན་པོ་ཆེར་གཏུམ་ཞིང་ཁྲོས་པའི་སྐུར་བསྒོམས་ལ། བསྙེན་པ་ལྟ་བུ་སྨིན་སློབ་ཀྱི་ཚེ་རྟ་མགྲིན་གྱི་སྔགས་ཅུང་ཟད་བཟླ་ཞིང་། མོས་སློབ་ཙམ་ལ་མ་བཟླས་ཀྱང་ཆོག་གོ །གཉིས་པ་ནི། བགེགས་གཏོར་རྟའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་འདོད་ཡོན་ལྔ་ལྡན་གྱི་བཅུད་ཀྱིས་ཁེངས་པར་བསམས་ལ། ནང་གི་རྩ་ཁམས་ཀྱི་གནས་ཚུལ་དང་མཁའ་ལྡིང་གིས་ཀླུའི་དུག་བདུད་རྩིར་བྱེད་པའི་རྟེན་འབྲེལ་གྱིས་ལག་གཡོན་གཡས་སྙིམ་པ་མཁའ་ལྡིང་གི་རྒྱ་

p. 231

རྣམས་སྟོན་བཞིན་དུ་ༀ་ཨཱཿཧཱུྃ་ཧོཿཞེས་བརྗོད་པས་ཇི་ལྟར་བཅས་པའི་ཕྱག་རྒྱར་ཡི་གེ་སོ་སོས་མཚན་པ་ལས་འོད་ཟེར་འཕྲོས་པས་རིམ་བཞིན་ༀ་གྱིས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས་སྐྱོན་མེད་པར་བྱ། ཨཱཿས་རྫས་རྣམས་མང་པོར་སྦར་བས་མཐའ་མེད་དུ་འཕེལ་ཞིང་རྒྱས། ཧཱུྃ་གིས་གང་མོས་ཀྱི་ངོ་བོར་དེ་ལྟར་འཆར་བའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་རྟོགས་པར་བྱས། དེ་ཉིད་ཀྱང་ཧོཿས་ཟག་བཅས་ཀྱི་དྲི་མ་བསལ་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བའོ། །དེ་ནས་ཐུགས་ཀའི་འོད་དང་ཧེ་རུ་ཀའི་དམ་རྒྱ་མིག་གྱེན་དུ་ཕྱོགས་པའི་སྨིན་མཚམས་གཡོན་པར་བཅིངས་ལ་ཕེཾ་ཞེས་མགྲོན་བཀུག ༀ་སརྦ་བིགྷྣཾ་ཞེས་མིང་མཐར་ནམ་མཁའ་མཛོད་ཀྱི་སྔགས་ཤམ་ལ་གྲི་ཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ་བཏགས་པས་ལན་ཆགས་གཉེར་བའི་བགེགས་ཚོགས་ལ་སོ་སོའི་དབང་པོ་ཚིམ་པའི་གཏོར་མ་བསྔོས་ནས། བདག་ཉིད་ལྷའི་ང་རྒྱལ་གྱིས་བགེགས་ཐམས་ཅད་ཟིལ་གྱིས་མནན་པས་བག་འཁུམས་ཏེ་གནས་པ་ལ་བདེན་པའི་ཚིག་གིས་འདི་སྐད་ཅེས་བཀའ་བསྒོ་བར་བྱ་སྟེ། ཧཱུྃ༔ གསང་བ་མཆ ོག་གི་ཞེས་སོགས་སོ། །དེ་ལ་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་དང་། །སྲིད་པའི་འཇིགས་པ་འཇོམས་པར་བྱེད། །གདུག་པ་སྔངས་ཤིང་གསོད་བྱེད་དཔལ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པ་ལྟར་འདིར་ཧཱུྃ་ནི་གདུག་པ་ཅན་སྔངས་པར་བྱེད་པའི་ཡི་གེས་འགོ་དྲང་བའོ། །དེ་ཡང་ཉན་རང་སོགས་ཀྱི་མིང་ཙམ་ཡང་མི་གྲགས་པའི་གསང་བ་མཆོག་གི་དཀྱིལ་འཁོར་ཆེས་རྨད་དུ་བྱུང་བ་འདིར་རིག་པ་འཛིན་པ་བདག་བླ་ན་མེད་པའི་གསང་སྤྱོད་ལ་འཇུག་པར་བྱ་ཡི། གང་སུ་དག་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་བགེགས་དང་། གསང་སྤྱོད་ལྟ་བར་མི་དབང་བའི་འབྱུང་པོའི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་སྦྱངས་རྟོགས་སྦར་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཟང་པོར་བསྒྱུར་བ་འདིས་རང་རང་གི་དབང་པོ་ཚིམ་པར་བྱོས་ལ། དཔལ་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་བ་ཉིད་དུ་འདིར་མ་གནས་པར་ཕྱིར་དེངས་ཤིག གལ་ཏེ་བཀའ་འདི་ལས་སུ་ཞིག་འདའ་བར་བྱེད་པ་ན་བདག་ཉིད་རྟ་མཆོག་ཧེ་རུ་ཀའི་ཐུགས་ལས་ཡེ་ཤེས་ཀྱི་སྣང་

p. 232

བའི་ཁྲོ་བོའི་ཚོགས་དང་། རྡོ་རྗེ་འབར་བ་ཅན་གྱི་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། གང་དག་མི་འགྲོ་བ་ཁྱོད་རྣམས་ཀྱི་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་ལྟར་བྱས་པ་རླུང་དྲག་པོས་གཏོར་བ་བཞིན་དུ་ལྷག་མ་མེད་པར་འཇིག་པར་འགྱུར་བ་ཁོ་ནར་གདོན་མི་ཟའོ། །ཞེས་བཀའ་བསྒོས་སུམྦྷ་ནིའི་དྲག་སྔགས་བཟླ། གུ་གུལ་གྱིས་བདུག་ཅིང་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོར་བཅས་པས་ཤིན་ཏུ་འཇིགས་པའི་མེ་མཚོན་ཁྲོ་བོའི་སྤྲིན་ཆེན་པོས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བསམ་པ་སྟེ། དེ་ལྟར་སྐྲོད་པའི་བྱ་བྱེད་ལས་གསུམ་ག་དོན་དམ་པར་བདེན་མེད་སྒྱུ་མ་ལྟ་བུའི་ཡོ་ལང་གིས་ཁོང་བཀྲལ་བས་བགེགས་རྣམས་རང་དེངས་སུ་འགྲོ་བ་ཆོས་ཉིད་དེ། སྒྱུ་འཕྲུལ་མེ་ལོང་ལྟ་བུ་ལས། རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོངས་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་པར། །ཡང་དག་རིག་པ་ཉིད་ཀྱིས་གསུངས། །ཞེས་དང་། སློབ་དཔོན་ཆེན་པོས། རྟོག་སེམས་བློ་ཡི་དྲི་མ་དག༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཅེས་གསུངས་པ་ཡིན་ནོ། །གཉིས་པ་རྐུན་པོ་ཕྱིར་ཕྱུང་ནས་སྒོ་གཅོད་པའི་རིག་པས་མཚམས་བཅད་པ་ལ། སྤྲོ་བ་དང་། ཕྱོགས་བཅིང་བ་གཉིས་ལས། སྤྲོ་བ་ནི། ཧཱུྃ༔ ང་ནི་བདེ་གཤེགས་ཐམས་ཅད་ཀྱི༔ ཞེས་སོགས་སོ། །དེ་ལ་ང་ནི་ཞེས་པ་སྤྲོ་བའི་གཞི་འགོད་པའི་ཆེད་དུ་ང་རྒྱལ་འཛིན་པ་སྟེ། རང་གི་སེམས་ཉིད་གདོད་མ་ནས་བདེ་གཤེགས་ཐམས་ཅད་ཀྱི་གསུང་རྡོ་རྗེ་པདྨ་གར་དབང་གི་བདག་ཉིད་དུ་དག་པའི་སྣང་ཆ་གདུག་པ་ཅན་གྱི་དོན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་མི་བཟད་པའི་སྐུ་ཆེར་རྔམས་ཤིང་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་བས་ཁམས་གསུམ་མ་ལུས་པ་སྲེག་པར་བྱེད་པའི་རྣམ་པར་སྣང་བའོ། །དེ་ཡང་ཀལྤོ་ལས། ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱི་ཐུགས་སྙིང་རྗེ་ཆེན་པོ་ཞེ་སྡང་གི་གཟུགས་བརྙན་དུ་འགག་པ་མེད་པའི་རོལ་པ་ཆེན་པོ་ཉིད་འོད་ཟེར་གྱི་རྣམ་པར་ཤར་བ་ལས་སྤྲོ་བ་སྟེ། ཇི་ལྟར་ན། རྒྱས་པ་ལས། རྡོ་རྗེའི་རང་བཞིན་སྒྲིབ་པ་ཀུན། །

p. 233

འཇོམས་ཤིང་ཅིས་ཀྱང་མི་ཚུགས་ལ། །ཞེས་པ་ལྟར་དངོས་པོ་ཐམས་ཅད་ཕར་འཇོམས་ཤིང་ཚུར་ཅིས་ཀྱང་མི་ཚུགས་པའི་རང་བཞིན་ཅན་གྱི་རྡོ་རྗེ་དང་རྡོ་རྗེའི་མཚོན་ཆ་རབ་ཏུ་འབར་བའི་མེ་དང་བཅས་པ་སྟེང་འོག་གཉིས་དང་ཕྱོགས་བཞི་མཚམས་བཞི་སྟེ་ཕྱོགས་བཅུ་རྣམས་སུ་ཉི་ཟེར་གྱི་རྡུལ་གྱི་གྲངས་དང་མཉམ་པ་སྐར་མདའ་འཕངས་པ་ལྟར་ཀུན་ཏུ་འཕྲོ་བར་བསམ་པའོ། །དེས་ཕྱོགས་བཅིང་བ་ནི། སྟེང་ཡང་རྡོ་རྗེའི་ཞེས་སོགས་ཏེ། དེ་ལྟར་སྤྲོས་པའི་རྡོ་རྗེ་རྣམས་ཕན་ཚུན་འདུས་ཤིང་བཞུ་ལུགས་སུ་འབྲེལ་བའི་རྣམ་པ་ཅན་གྱི་འོག་གཞི་ཐམས་ཅད་ཀྱང་རྡོ་རྗེ་ས་གཞིར་བརྡལ་ཞིང་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྱེན་ལངས་ཀྱི་བརྩིགས་པའི་རྭ་བ་ཟླུམ་པོ་མཐོ་ཞིང་ཡངས་པ་ལྕགས་རི་ལྟ་བུས་གཏམས་པ། དེའི་སྟེང་དུ་ཡང་དབུས་མཐོ་ཞིང་མཐའ་བགས་ཀྱིས་གཞོལ་བ་ཕྱིར་འཕྱར་པའི་རྣམ་པ་ཅན་གྱི་རྡོ་རྗེའི་གུར་རྒྱ་གུར་གྱི་ཐོད་འདྲ་བས་རྭ་བ་ལ་ཁ་གཅོད་བཏབ་པ་ལྟ་བུར་ཕུབ་ཅིང་། རྭ་གུར་སྦྲེལ་མཚམས་ནས་ནང་དུ་རྡོ་རྗེའི་དྲ་བས་སྟེང་ཁེབས་པར་བྲེས་པ་རྡོ་རྗེའི་བླ་རེ་དང་། རྭ་གུར་གྱི་ཕྱི་རོལ་ཏུ་རྡོ་རྗེའི་ཕྲེང་བ་ཁོ་ན་བསྣོལ་ཞིང་སྦྲེལ་བ་རྡོ་རྗེའི་དྲྭ་བའོ། །དེ་ཡང་གུར་གྱི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་དང་རྭ་བའི་ཕྱི་རོལ་གྱི་སྐེད་པར་རྡོ་རྗེའི་ཕྲེང་བས་བཅིང་བའང་བླ་མའི་མན་ངག་སྟེ། རྡོ་རྗེ་ཐམས་ཅད་ཁ་དོག་ནི་སྔོན་པོ་ཤ་སྟག་གོ །དེ་དག་ལས་སྤྲུལ་པའི་ཕོ་ཉ་ཁྲོ་བོ་འཆོལ་བའི་ཚོགས་དང་མཚོན་ཆ་སྣ་ཚོགས་པའི་སྤྲིན་འཕྲོ་བས་བགེགས་རྣམས་བསྡིགས་བསྐྲད་བརླག་པར་བྱེད་པ་དང་། རྡོ་རྗེའི་ས་གཞི་རྭ་གུར་ཁྲོ་མཚོན་རྣམས་ལས་ཁ་དོག་སྣ་ཚོགས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བ་ལས་མེ་ལྕེའི་འོད་ཟེར་ཚ་ཞིང་རྣོ་བ་ལྕགས་ཞུན་གྱི་ཚྭ་ཚྭ་ལྟར་མཐའ་མེད་དུ་འཕྲོ་བས་བགེགས་ཐམས་ཅད་བསྲེག་པ་སྟེ། དབང་པོའི་ལག་གི་རྡོ་རྗེས་ཀྱང་གཞོམ་དུ་མེད་པའི་བསྲུང་བའི་གུར་ཁང་གིས་ཀུན་ཏུ་འཁྲིགས་པ་ནི་ཇི་ལྟར་བཅད་པ་ལས་སུས་ཀྱང་འདའ་བར་མི་ནུས་པའི་ཕྱིར་མཚམས་ཀྱི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའོ་སྙམ་དུ་མོས་པ་བརྟན་པོར་བྱ་ཞིང་། ༀ་བཛྲ་ཀྲོ་དྷ་ཛྭ་ལ་ནི་རབ་སྔགས་རྡོ་རྗེ་ཁྲོ་བོ་འབར་བ། རཀྵ་བསྲུང་བ། ཏིཥྛ་བརྟན་པ་ཧཱུྃ་ནི་དངོས་སུ་བསྒྱུར་དུ་མེད་ཀྱང་ཐུགས་བསྐུལ་

p. 234

བའི་སྙིང་པོ་ཡིན་པས་མཛོད་ཅེས་པའི་དོན་ནོ། །དེ་ལ་སྤྱིར་གསང་སྔགས་ལུང་གི་སྒོ་བཞི་སྟེ། ཇི་སྐད་དུ། དོན་དམ་གསལ་འདེབས་བརྗོད་པའི་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་པ་ལས་འདིར་སྔགས་ཚིག་ཏིང་ངེ་འཛིན་གསུམ་སྟེ་གཞན་དུའང་དྲན་པར་བྱའོ། །དེ་ལྟར་བསྲུང་བའི་བྱ་བྱེད་ལས་གསུམ་ག་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ན་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་དུ་འགྱུར་ཏེ་སྲུང་བ་རྣམས་ཀྱི་མཆོག་གོ །དེ་ཡང་གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་དང་། བཀའ་བརྒྱད་བདེ་འདུས་ལས། ཐམས་ཅད་སྐུ་དང་ཡེ་ཤེས་དང༔ བགེགས་སུ་རྟོག་པ་གང་ཡང་མེད༔ བསྲུང་བར་བྱ་དང་སྲུང་བྱེད་མེད༔ ཅེས་སོ། །གསུམ་པ་བཤགས་པ་ལ། གང་ལ། གང་གི་ཕྱིར། ཇི་ལྟར་བཤགས་པ་དང་གསུམ་ལས། གང་ལ་ན། མདུན་གྱི་ནམ་མཁའ་ལ༔ བདེ་གཤེགས་ལྷ་ཚོགས་སྤྱན་དྲངས་ཏེ༔ ཞེས་པས་འདིར་ཡེ་ཤེས་པ་ལྟར་གཞན་ནས་སྤྱན་འདྲེན་པའི་ལུགས་ཡིན་ལ། དེ་ཡང་ཏིང་ངེ་འཛིན་གྱི་བྱ་བ་གཙོ་བོར་གྱུར་པའི་དབང་དུ་བྱས་ན་འདིར་དམིགས་བསལ་མེད་པས་སྔགས་རྒྱའི་སྤྲོས་པ་མ་བྱས་ཀྱང་ཆོག་མོད། འོན་ཀྱང་སྤྲོས་པ་ལ་དགའ་ན་རྡོ་རྗེ་བསྡུ་བའི་སྔགས་རྒྱས་བསྐུལ་བ་ཕྱག་ལེན་ཏེ། གང་ལྟར་ཡང་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་སྤྱན་དྲངས་ནས་བཞུགས་པར་བསམ་པ་སྟེ། སྟོབས་བཞིའི་དབང་དུ་བྱས་ན་རྟེན་གྱི་ནང་ཚན་བཤགས་ཡུལ་གྱི་རྟེན་ནོ། །གང་གི་ཕྱིར་བཤགས་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་གི་བྱང་ཆུབ་ཚེ་འདི་ཉིད་ལ་མངོན་དུ་བྱ་བར་འདོད་པས་དེའི་འགལ་རྐྱེན་བཤགས་པ་སྟེ། འདི་བླ་ན་མེད་པའི་སེམས་བསྐྱེད་ཡིན་པས་སེམས་བསྐྱེད་ཡོད་ཕྱིན་སྐྱབས་འགྲོ་མེད་པའང་མི་སྲིད་པས་ན་རང་རྒྱུད་ཀྱི་རྟེན་དུ་འགྱུར་རོ། །ཇི་ལྟར་བཤགས་པ་ལ་སྡིག་པ་སྦྱོང་བའི་སྒོ་བཞིར་བཞེད་པ་ལས། དང་པོ་གནོང་འགྱོད་དྲག་པོའི་སྒོ་ནས་བཤག་པ་ནི། ཚེ་འདིའི་རྐྱེན་དང་

p. 235

ཡུན་གྱི་སྒྲིབ་གྱུར་རྣམས། །ཞེས་པ་ལྟར་འདི་ཕྱིའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་སྡིག་སྒྲིབ་ཉེས་ལྟུང་ཁོ་ནར་ཡིད་ཆེས་བརྟན་པོས་སྔར་བྱས་ལ་གནོང་འགྱོད་དྲག་པོ་སྐྱེས་པའི་སྒོ་ནས་ཏེ་སུན་འབྱིན་པའི་སྟོབས་སོ། །གཉིས་པ་ཉམས་པའི་བརྡ་སྦྱར་བའི་སྒོ་ནས་བཤགས་པ་ནི། ཀལྤོ་ལས། མི་དགེ་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་ཏེ་བཤགས། །ཞེས་པས། ཧཱུྃ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཞེས་སོགས་ཀྱི་བཤགས་ཚིག་གདུང་དབྱངས་ཀྱི་རྟར་བཅུག་ནས་འདོན་པ་སྟེ། དེ་ཡང་ཧཱུྃ་ཞེས་སྡུག་བསྔལ་འཆོས་ཤིང་འཇོམས་པའི་ཡི་གེས་འགོ་དྲངས་ཏེ། བདེ་གཤེགས་ཀུན་འདུས་སོགས་ཀྱིས་ཡུལ་ལ་བོས་ནས། ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཞེས་པའི་དགོངས་གསོལ་སྔོོན་དུ་འགྲོ་བས་བཤགས་ཡུལ་རྣམས་ཀྱི་སྤྱན་སྔར་ཉེས་པ་གང་བྱུང་མཐོལ་བ་སྟེ། སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེར་སྦྱོར་བ་མཉམ་པ་ཆེན་པོའི་དམ་ཚིག་ནི་དངོས་གྲུབ་ཐམས་ཅད་ཀྱི་གཞིར་གྱུར་པས་ཤིན་ཏུ་གཉན་པོར་ངེས་པའི་ཕྱིར་ན་འདའ་བར་དཀའ་བ་སྟེ། སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་ཀ་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམས་པར་མ་བྱས་པས་གཉིས་འཛིན་གྱི་དབང་དུ་ཐལ་བའི་ཉེས་པ་དང་། གསང་སྔགས་ཀྱི་སྒོར་ཞུགས་ནས་ཐུན་མོང་དང་ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་ཉིང་ལག་གི་ཉེས་བྱས་ཕྲ་མོ་ཡན་ཆད་ནོས་པ་ལས། དེ་རྣམས་མི་ཤེས་ཤིང་རྨོངས་པའི་དབང་གིས་རྒྱལ་བའི་དགོངས་པ་མ་རྟོགས་པས་བཀའ་ལས་ཇི་སྐད་འབྱུང་བ་ལྟར་མ་བགྱིས་པ་དང་། བསྲུང་མཚམས་རྣམས་རང་རང་གི་གཞུང་བཞིན་དུ་མ་བསྲུངས་པས་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་སྒྲིབ་སྤྱི་དང་ཁྱད་པར་གྱི་དམ་ཚིག་གིས་བསྡུས་པའི་སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་སྟེ། སྤྱི་མདོ་ལས། ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པ་ལྟ་བུ་ལས་ཅི་དང་ཅི་བགྱིས་པ་ཞེས་བརྡ་སྦྱར་ནས་ཏེ། ཇི་ལྟར་ན། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམས་པར་འགྱུར་དུ་མཆི། །ཇི་ལྟར་

p. 236

འདི་ལས་ངེས་ཐར་པར། །མྱུར་བའི་ཚུལ་གྱིས་སྐྱོབ་ཏུ་གསོལ། །ཞེས་པ་ལྟར་སྔར་བྱས་ཀྱི་ཉེས་པ་ཐམས་ཅད་དུས་སྐད་ཅིག་ཙམ་ཡང་མི་འཆབ་པར་འགྱོད་པའི་སེམས་ཀྱིས་ངག་ཏུ་མཐོལ་ཞིང་ཡིད་ཀྱིས་བཤགས་པར་བྱ་བ་ཡིན་ལ། དེ་ལྟར་འབད་པ་ན་དོན་ལ་སྡིག་སྒྲིབ་དངོས་པོར་མ་གྲུབ་པས་དམིགས་པ་མེད་པས་ཕྱིར་དག་པར་ངེས་པས་ན་ཀུན་རྫོབ་ཀྱི་ངོར་བདག་ལ་ཚངས་པ་མཆོག་གི་དངོས་གྲུབ་ཀྱི་མཚན་མའམ་སྣང་བ་ད་ལྟ་ཉིད་དུ་སྩོལ་ཅིག་པ་སྟེ། ཚངས་པ་ནི་པྲ་ཎའི་སྒྲ་ལས་གཙང་བའམ་དག་པའི་དོན་ནོ། །གསུམ་པ་ཡེ་ཤེས་ཆེན་པོའི་མེས་བསྲེགས་ཏེ་བཤག་པ་ནི། བཤགས་ཡུལ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་འཕྲོས་པ་བདག་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས་ཏེ་དག་པར་བསམ་པའོ། །འདི་དག་གཙོ་བོར་སྔར་བསགས་ཀྱི་སྡིག་ལྟུང་སྦྱོང་བའི་གཉེན་པོ་ཡིན་པས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སུ་འགྱུར་ཞིང་། གཞན་ལས་དེ་བཞིན་གཤེགས་པའི་མཚན་བཟུང་བ་སོགས་གཉེན་པོའི་གྲངས་དྲུག་ཏུ་བཤད་པ་ནི་ཕན་ཡོན་ཆེ་ཞིང་འགྲུབ་སླ་བ་འགའ་ཞིག་ཉེར་མཁོ་བསྡུས་པ་ཙམ་ལས་མཐའ་གཅིག་ཏུ་ངེས་པ་འཆའ་བ་མ་ཡིན་ཞིང་། སོར་ཆུད་པའི་སྟོབས་ཀྱང་དོན་ལ་ཕྱིན་ཆད་སྡོམ་པའི་སེམས་ཡིན་པས་དེ་དག་གི་ཁོངས་སུ་འདུས་སོ། །བཞི་པ་ཤེས་རབ་ཆེན་པོས་བག་ཆགས་རང་བཞིན་མེད་པར་བཤགས་པ་ནི། ཛཿཧཱུྃ་བྃ་ཧོཿ ས་བཤགས་ཡུལ་རྣམས་རང་ལ་གཉིས་སུ་མེད་པར་བསྡུས་ཏེ། ཀུན་གཞི་མ་བཅོས་པའི་ཀློང་དུ་ཆོས་ཐམས་ཅད་རོ་མཉམ་པར་བལྟས་པས། དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཞེས་པ་ལྟར་བཤགས་པའི་བྱ་བྱེད་ལས་གསུམ་ག་མི་དམིགས་པའི་ངང་དུ་བློོ་གནས་པ་ནི་སྡིག་སྦྱོང་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བའོ། །དེ་ཡང་སྒོ་ཕྱི་མ་འདི་གཉིས་ཀྱི་ཁུངས་ནི་ཀུན་འདུས་ལས། ཤེས་རབ་ཆེན་པོས་རྒྱུད་ཀྱི་བག་ཆགས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དང་། ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེགས་ཏེ་མེད་པར་བྱ་བ་དང་། ཞེས་པས་བསྟན་པ་ཡིན་ནོ། །

p. 237

གཉིས་པ་མཐུན་རྐྱེན་ལ་གཉིས་ཏེ། སྤྱིར་བྱིན་དབབ་པ་དང་། མཆོད་རྫས་རྣམས་བྱེ་བྲག་ཏུ་བརླབ་པའོ། །དང་པོ་ལ། གང་ལ། གང་གི་ཕྱིར། ཇི་ལྟར་དབབ་པ་དང་གསུམ་ལས། གང་ལ་ན། བདག་སྒྲུབ་པ་པོ་དང་གནས་ཁང་སྒྲུབ་པའི་ཡོ་བྱད་དང་བཅས་པ་རྣམས་ལ་དབབ། གང་གི་ཆ ེད་དུ་ན། ཡེ་ཤེས་ལྷའི་རྡོ་རྗེ་གསུམ་གྱི་བྱིན་རླབས་འབེབས་པའི་སྦྱོར་བས་འཐོབ་བྱ་རང་གནས་གཉིས་མེད་ཀྱི་ཡེ་ཤེས་གཙོ་བོར་གྱུར་པའི་དངོས་གྲུབ་ཐམས་ཅད་འགྲུབ་རུང་གི་ནུས་མཐུས་གཟི་བྱིན་བསྐྱེད་པ་སྟེ། ཇི་ལྟར་དབབ་ན། ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་མཁའ་ཁྱབ་ཏུ་སད་པའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམས་ལ། ཁྱད་པར་གྱི་སྤོས་ཡི་དྭགས་ཀྱི་མེ་ལ་བསྲེགས་ཤིང་། ཅང་ཏེའུ་ལ་སོགས་པའི་རོལ་མོ་སྣ་ཚོགས་དང་བཅས་པའི་གདུང་དབྱངས་དང་སྦྱར་ནས། ཧཱུྃ། འགྱུར་མེད་བདེ་ཆེན་ཞེས་སོགས་ཀྱིས་བསྐུལ་བ་སྟེ། དེ་ཡང་རྡོ་རྗེ་རྩེ་མོ་ལས། ཧཱུྃ་ནི་སྐུ་གསུང་ཐུགས་ཡིན་ཏེ། །རྡོ་རྗེ་ཐུགས་ནི་འཐོབ་བྱེད་པའོ། །ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་གྱི་ཡི་གེས་འགོ་དྲངས་ཏེ། མཆོག་ཏུ་འགྱུར་བ་མེད་པའི་བདེ་ཆེན་ཡེ་ཤེས་རྡོ་རྗེ་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་དང་རོ་གཅིག་པའི་རང་རྩལ་རང་བཞིན་ལྷུན་གྲུབ་ཀྱི་ཕོ་བྲང་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་དུས་ལས་གཡེལ་བ་མི་མངའ་བའི་ཐུགས་རྗེ་ཆེན་པོས་བརྩེ་བར་དགོངས་ལ་ཆོས་ཀྱི་སྐུའི་ངང་ལས་གཟུགས་སྐུ་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འཁོརལོའི་རྣམ་པར་ནམ་མཁའ་གང་བར་བཞེངས་ཏེ། དེང་འདིར་ཡེ་ཤེས་ལྔས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱིས་བྱིན་ཕོབ་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་བའི་དུས་ལ་བབ་སྟེ། འདི་ལྟར་དམིགས་པར་བྱ་བའི་འབྲས་བུ་མངོན་དུ་འབྱིན་པ་ལ་ཐོགས་པ་མེད་པའི་མཐུ་དང་རྩལ་གྱི་ནུས་པའི་ཆོ་འཕྲུལ་ནམ་མཁའ་འགེངས་པ་ལྟ་བུའི་དཔུང་བསྐྱེད་ལ། གནས་ཡོ་བྱད་རྣམས་བྱིན་ཆེ་ཞིང་བག་དྲོ་བ་དང་། སྒྲུབ་པ་པོའི་ལུས་འཕར་ཞིང་གཡོ་བ། ངག་མ་བསླབས་པའི་སྐད་སྨྲ་བ། ཡིད་བདེ་གསལ་མི་རྟོག་པའི་ངང་ལ་གནས་

p. 238

པ་སོགས་ཕྱི་ནང་གསང་བའི་རྟགས་དང་། ལྷའི་སྐུ་མཐོང་བ། གསུང་ཐོས་པ། སེམས་ལ་མངོན་ཤེས་འཆར་བ་སོགས་སྐུ་གསུང་ཐུགས་གྲུབ་པའི་མཚན་མ་རྣམས་དུས་གཞན་དུ་མ་ལུས་པར་མྱུར་བ་འདི་ཉིད་དུ་སྟོན་པར་མཛོད་ཅེས་ཚིག་གིས་བསྐུལ་ཞིང་། རྡོ་རྗེ་གསུམ་གྱི་ས་བོན་ༀ་ཨཱཿཧཱུྃ་དང་གཉིས་སྣང་གི་ཆོས་ཐམས་ཅད་དབབ་བྱའི་ཡེ་ཤེས་སྐྱེ་མེད་དེ་བཞིན་ཉིད་དུ་ལ་ཟློ་བ་མཚོན་དོན་ཨ་ཡིག་ཟུང་གི་བར་དུ་སྟེམ་པའི་ཀཱ་ཡ་ཝ་ཀ་ཙིཏྟ་སྐུ་གསུང་ཐུགས་ཛྙཱ་ན་ཨཱ་བེ་ཤ་ཡ་ཡེ་ཤེས་ཕོབ་ཅིག་ཅེས་པའི་སྔགས་དོན་གྱིས་གནད་ནས་བསྐུལ་བའོ། །གཉིས་པ་ནི། ཞེས་པས་བྱིན་འབེབ་མཆོད་རྫས་རྣམས༔ ཕྱི་ནང་གསང་བའི་ལོངས་སྤྱོད་སྤྲིན༔ ཡིད་འོང་ནམ་མཁའ་གང་བར་སྤེལ༔ ཞེས་པས་སྤྱིར་བྱིན་ཕོབ་པའི་རྗེས་སུ་བྱེ་བྲག་ཏུ་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཆོས་ཉིད་ཀྱི་རྩལ་ཅིར་ཡང་སྣང་བའི་ཡེ་ཤེས་སྒྱུ་མའི་སྟོབས་ཀྱིས་ཡིད་དུ་འོང་བའི་འདོད་ཡོན་ལོངས་སྤྱོད་ཀྱི་སྤྲིན་ཆེན་པོ་ནམ་མཁའ་གང་བར་སྤེལ་བ་སྟེ་ཀལྤོ་ལས། མི་དམིགས་ཆོས་ལ་བློ་བཏགས་ཤིང་། །ཡེ་ཤེས་ཅན་གྱི་སྦྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་རློབ། །ཅེས་སོ། །དེ་ལ་གཉིས་ཏེ། སྤྱིར་བསངས་སྦྱངས་བྱ་བ་དང་། སོ་སོར་བྱིན་གྱིས་བརླབ་པའོ། །དང་པོ་ནི། རང་ཉིད་ལས་ཀྱི་ལྷར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གི་ཡི་གེ་གསུམ་འཕྲོས། རཾ་ལས་མེ་བྱུང་བས་མཆོད་རྫས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས། ཡཾ་ལས་རླུང་བྱུང་བས་དངོས་འཛིན་གྱི་འཆིང་བ་ཐམས་ཅད་གཏོར། ཁཾ་ལས་ཆུ་བྱུང་བས་བག་ཆགས་ངན་པའི་དྲི་མ་ཐམས་ཅད་བཀྲུས་པར་བསམས་ལ། རྃ་ཡྃ་ཁྃ་བརྗོད་ཅིང་། ༀ་སྭ་བྷཱ་ཝ་སོགས་ཀྱང་བརྗོད་པས་རང་བཞིན་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ངའོ། །ཞེས་དེ་ལྟར་སྦྱངས་པས་དག་པ་ལ་ང་རྒྱལ་འཛིན་པ་སྟེ། དེའི་དོན་ནི་སེམས་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཐམས་ཅད་ཀྱང་དེ་ལས་གཞན་དུ་མ་གྲུབ་པའི་ཕྱིར་རང་བཞིན་གྱིས་དག་ཅིང་། དེ་ཡང་རང་སེམས་ཀྱི་ངོ་བོ་ཉིད་དོ་ཞེས་རྫས་ཐམས་ཅད་ཕྱི་རོལ་གྱི་དོན་དུ་འཛིན་པའི་སྣང་ཆ་མི་དམིགས་པར་སྦྱངས་ནས་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག གཉིས་པ་ལ། ཐུན་

p. 239

ཁྱད་གཉིས་ལས། ཐུན་མོང་བ་ཕྱི་ནང་གི་ཉེར་སྤྱོད་རྣམས་བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་བྱུང་བའི་ལྷ་རྫས་ཀྱི་མེ་ཏོག་སོགས་ཕྱི་དང་། རང་བྱུང་གི་རྫས་དབང་པོ་ལྔའི་མེ་ཏོག་སོགས་ནང་གི་ཉེར་སྤྱོད་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་མཆོད་པའི་ཚོགས་རེ་རེ་ལས་ཀྱང་མཆོད་རྫས་སོ་སོ་ཐོགས་པའི་ལྷ་མོའི་རོལ་པ་དཔག་ཏུ་མེད་པ་དང་བཅས་པའི་མཆོད་སྤྲིན་རབ་འབྱམས་འཕྲོ་བས་ནམ་མཁའ་གང་བར་བསམ་ཞིང་། ༀ་བཛྲ་པུཥྤེ་སོགས་བརྗོད། དེ་ལ་བྷྲུྃ་ནི་བྷ་ག་སྟེ་ཆོས་ཀྱི་དབྱིངས་དང་། ༀ་ནི་ཡེ་ཤེས་ལྔའི་ངོ་བོ་མཚོན་པས་ན་སྣོད་དབྱིངས་དང་བཅུད་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱར་འབྲེལ་ཞིང་། མགོ་མཇུག་གི་ༀ་སྐུ་དང་ཧཱུྃ་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་བསྐུལ་བའི་ས་བོན་དང་། པུཥྤེ་ནས་ནཻ་ཝི་དྱའི་བར་ལྔ་ནི་མོ་རྟགས་ཨཱ་རིང་མཐའ་ཅན་ལ་བོད་པའི་དོན་དུ་དྷི་སྦྱར་བའི་རྗེས་དང་། བཛྲ་ནི་རྟོག་པས་མི་ཕྱེད་པས་སྟོང་ཉིད་རྡོ་རྗེ་སྟེ་ལྷ་མོ་རྣམས་ཤེས་རབ་ཀྱི་ཕྱག་རྒྱར་མཚོན་པའི་ཕྱིར་ཀུན་གྱི་འགོར་སྦྱར་བས། རྡོ་རྗེ་མེ་ཏོག་མ་ཞེས་སོགས་ལྷ་མོ་ལྔ་ལ་བོད་པའི་ཚིག་དང་། ཤཔྟ་ལ་མོ་རྟགས་དང་དྷི་གཉིས་ཀ་མ་སྦྱར་བས་རོལ་ཆ་ཙམ་གྱི་དོན་དུ་འགྱུར་ཞིང་། པཱུ་ཛ་མཆོད་པ་ས་མ་ཡ་དམ་ཚིག་སྟེ། མཆོད་པའི་དོན་སྤྱོད་པར་དམ་བཅའ་མ་ཞེས་པའོ། །ཁྱད་པར་བ་ལ་སྨན་གཏོར་རཀྟ་གསུམ་ལས། སྨན་ཕུད་ནི། ཕྱིའི་བཟོ་བོའི་ལས་ཀྱིས་མ་བསྒྲུབས་པས་རང་བྱུང་གི་ཞལ་བུ་སྟེ་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་བཅུད་ནི་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་གི་རྫས་བཅུ་སྟེ། དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་ལང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་རྟ་ཤ་དང་རྡུལ། བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ་རྣམས་རིམ་བཞིན་ཧྲཱིཿཔཱཾ། ཧཱུྃ་ལཱཾ། ཏྲཱཾ་མཱཾ། ༀ་མཱུཾ། ཨ་ཏཱཾ་སྟེ་རིགས་ལྔའི་རང་བཞིན་དུ་བསྐྱེད་པ་བདེ་སྟོང་གི་ངོ་བོར་ཞུ་བས་གཉིས་འཛིན་གྱི་རྟོག་པ་སྦྱངས་ཏེ། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པའི་བདུད་རྩིར་རྟོགས་པར་བྱས། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ནས་རོ་གཅིག་ཏུ་ཐིམ་སྟེ་བདུད་རྩིའི་རྒྱ་མཚོ་ཆེས་ཆེར་འཕེལ་ཞིང་རྒྱས་པར་འབར་བས་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བལྟས་ལ། སྔགས་བརྒྱ་

p. 240

རྩ་བརྒྱད་བཟླས་པས་བྱིན་གྱིས་རློབ་ཅིང་། དེ་ལ་ༀ་ཨཱཿཧཱུྃ་ནི་རྡོ་རྗེ་གསུམ་གྱི་བྱིན་བརླབས་བསྐུལ་བའམ། ཡང་ན་སྦྱངས་སྦར་རྟོགས་གསུམ་གྱི་ས་བོན་ཏེ་འོག་མ་གཉིས་ལའང་འགྲེའོ། །སརྦ་པཉྩ་ཨ་མྲྀ་ཏ་ཐམས་ཅད་བདུད་རྩི་ལྔ། ཧཱུྃ་དམ་ཚིག་གི་ངོ་བོར་ཞུ་བ་དང་། ཧྲཱི༔ ཡེ་ཤེས་ཀྱི་བདུད་རྩི་དགུག་པའི་ས་བོན། དེ་གཉིས་ཋ་ཡིག་གི་གཉིས་སུ་མི་གནས་པར་གྲོལ་བར་བྱེད་པ་སྟེ། ཀུན་འདུས་ལས། ཋ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པས་ཐམས་ཅད་གྲོལ། །ཞེས་གསུངས། དེས་ན་སྦྱངས་རྟོགས་སྦར་གསུམ་གྱིས་འཁོར་འདས་ཐམས་ཅད་ཡེ་ཤེས་ལྔའི་བདུད་རྩིར་དག་པས་གཙང་དམེའི་རྟོག་པ་ལས་གྲོལ་བར་བྱིན་གྱིས་བརླབས་པའི་སྔགས་སོ། །འདིར་མི་ཤ་དང་དྲི་ཆེན་པདྨའི་རིགས་སུ་བྱས་པ་ལ་གདན་:གཞི་བཞི་སོགས་ལས་དེ་གཉིས་སངས་རྒྱས་རིགས་སུ་སྦྱར་བ་དང་འགལ་ལམ་སྙམ་ན། མི་འགལ་ཏེ། གདན་:གཞིར་བཞིར་གཙོ་མོ་ཡེ་ཤེས་དབང་ཕྱུག་མ་དང་ཡབ་རྣལ་འབྱོར་ནམ་མཁའ་རྣམ་སྣང་གི་རིགས་ཡིན་པའི་དབང་དུ་བྱས་ཀྱི། གཞན་དུ་རྡོར་སེམས་སྒྱུ་དྲ། ཡང་དག བདེ་མཆོག་ལ་སོགས་པར་གཙོ་བོ་རྡོ་རྗེའི་རིགས་ཡིན་པའི་དབང་གིས་མི་བསྐྱོད་པར་སྦྱར་བ་བཞིན་འདིར་གཙོ་བོ་པདྨའི་རིགས་ཡིན་པའི་ཕྱིར་རྣམ་སྣང་དང་གོ་བརྗེས་པ་སྟེ། རིགས་བདག་རྒྱས་འདེབས་ཀྱི་རིགས་པས་ཀྱང་མཚོན་པ་ཡིན་ནོ། །གཏོར་མ་ནི་གཏོར་གཞོང་རཏྣའི་གཞལ་ཡས་ཁང་ས་གཞི་དང་མཉམ་པའི་ནང་དུ་གཏོར་མ་ཉིད་རྫས་རང་ག་མའི་རྟོག་པ་སྦྱངས་ནས་འདོད་ཡོན་བདུད་རྩིའི་ཕུང་པོར་རྟོགས་པར་བྱས་ཏེ། ཆེར་འབར་བས་ནམ་མཁའ་གང་བར་བལྟས་ལ་སྔགས་ཉེར་གཅིག་བརྗོད་པས་བྱིན་གྱིས་རློབ། དེ་ལ་མ་ཧཱ་ནི་ཆེན་པོ་བ་ལིཾ་ཏ་གཏོར་མ་སྟེ་སྒྲ་དོན་སྟོབས་དང་ལྡན་པ་ཞེས་བཟའ་བཏུང་གིས་ལུས་སྟོབས་རྒྱས་པར་བྱེད་པས་ན་འབྲས་མིང་རྒྱུ་ལ་བཏགས་པའོ། །ཨ་ནི་སྟོང་པ་ཉིད་དང་། ཧཱུྃ་ནི་བདེ་བའི་ཡེ་ཤེས་ཀྱི་ས་བོན་ཏེ། སྦྱངས་རྟོགས་སྦར་གསུམ་གྱིས་གཏོར་མ་ཆེན་པོ་སྟེ་ཟག་མེད་བདེ་སྟོང་དུ་བྱིན་གྱིས་རློབ་པའི་སྔགས་སོ། །འདིར་རྟོག་གེ་བ་དག་སྔ་འགྱུར་གྱི་གླེགས་བམ་མང་པོར་གཏོར་མའི་མིང་ཡིག་དག་པོ་པ་སྡེའི་བཞི་པ་བྷར་བྲིས་པ་ལ་འཕྱ་བ་ནི་ཡེ་ཤེས་ཐིག་ལེར།

p. 241

སེམས་ཅན་ཐམས་ཅད་བསྲུང་དོན་དུ། །འབད་པ་ཡིས་ནི་གཏོར་མ་བྱིན། །བྷ་ཡི་ཡིག་འབྲུ་བྷ་གར་བརྗོད། །ལིང་གིས་ཡིག་འབྲུ་ལིང་གར་བསྟན། །ཅེས་པ་མ་མཐོང་བར་སྣང་ལ། དེ་བཞིན་དུ་ༀ་ཡིག་ཡན་ལག་སོ་སོར་ཕྲལ་ནས་ཡེ་ཤེས་ལྔ་དང་སྦྱོར་བ་ན་རྒྱ་ཡིག་ལ་ཁོག་པ་དང་རྒྱབ་ལག་སོ་སོར་སྦྱར་བཤད་བྱས་པ་ལྟར་བོད་ཡིག་ལ་ཡང་མཚུངས་པར་སྦྱར་ཏེ། རྒྱབ་ལག་གི་དོད་འ་འདོགས་བྱས་པ་ལ་མཁས་པ་ཁ་ཅིག ༀ་དང་ཧཱུྃ་ཡན་ལག་སོ་སོར་ཕྲལ་ནས་ཡེ་ཤེས་ལྔ་དང་སྦྱར་བ་རྒྱུད་རྒྱ་གཞུང་གང་ནས་ཀྱང་མི་འབྱུང་བས་རིགས་པ་མ་ཡིན་གསུང་བའང་ཐུགས་མཉམ་པར་མ་བཞག་པ་སྟེ་རྒྱུ་མཚན་སྨན་ཞབས་ཀྱིས་ཞལ་ལུང་འགྲེལ་པར། ཟླ་ཕྱེད་ཐིག་ལེ་རྣམས་སྒེག་པ། །མགོ་བོ་ཨེ་དབྱིབས་ཐུར་དུ་ལྟས། །མི་བསྐྱོད་པ་ཡི་ངོ་བོའོ། །དྲིལ་བུ་ལྟ་བུའི་ལུས་ཉིད་ནི། །རིན་ཆེན་ཏོག་གི་ངོ་བོའོ། །དེ་ཡི་ཕྱི་རོལ་དབྱུག་པ་ནི། །ཚེ་དཔག་མེད་པའི་ངོ་བོའོ། །རིང་པོ་ཨུ་ནི་ཕྱི་ཕྱོགས་གྱུར། །དོན་ཡོད་གྲུབ་པའི་ངོ་བོའོ། །ཞེས་རྒྱ་ཡིག་གི་ཧཱུྃ་གི་ཡན་ལག་སོ་སོ་རིགས་ལྔ་དང་སྦྱར་ནས་བཤད་པའི་ཕྱིར་རོ། །རཀྟ་ནི། ཡུམ་གྱི་མཁའ་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཉིད་རྣམ་པ་བྷཉྫ་ཟུར་ཆག་པས་བྷནྡྷ་ཞེས་པ་ལོངས་སྤྱོད་པ་སྟེ། གང་དུ་སྤྱོད་པའི་སྣོད་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁམས་གསུམ་དུ་ཞེན་པའི་ཆགས་རྟོག་ཐམས་ཅད་བསྡུས་ཤིང་སྦྱངས་པ་ལས་ཆགས་མེད་བདེ་བ་ཆེན་པོ་རཀྟའི་རྒྱ་མཚོ་ཇི་ལྟར་འདོད་པའི་སྤྲིན་འཕྲོ་བའི་རང་བཞིན་དུ་རྟོགས་ཤིང་། མང་པོར་སྦར་བས་མཁའ་ཁྱབ་ཏུ་བསྐྱིལ་བར་བལྟས་ལ་སྔགས་ཉེར་གཅིག་བརྗོད་པས་བྱིན་གྱིས་རློབ། དེ་ལ་མ་ཧཱ་རཀྟ་ནི་ཁྲག་ཆེན་ནམ་ཆགས་པ་ཆེན་པོ། ཛྭ་ལ་འབར་བ་སྟེ། སྦྱངས་རྟོགས་སྦར་གསུམ་གྱིས་ཆགས་མེད་བདེ་སྟོང་དུ་རློབ་པའི་སྔགས་སོ། །དེ་དག་ཀྱང་བརྗོད་པའི་ཚིག་རྐྱེན་གྱིས་ཏིང་ངེ་འཛིན་གསལ་གདབ་ཅིང་སྔགས་བཟླ་བ་དང་མཚན་མའི་ཕྱག་རྒྱས་འདེབས་པར་བྱེད་པ་སྟེ་ལུང་གི་སྒོ་བཞི་ཀ་ཚང་བས་དེ་བཞིན་གཤེགས་པ་རྣམས་དགྱེས་པ་སྐྱེད་བྱེད་འདོད་ཡོན་གྱི་སྤྲིན་སྤྲོ་བ་ལས་མི་འདའ་བའི་དམ་ཚིག་ཆེན་པོར་སྤེལ་བར་བྱ་བ་སྟེ། འདིར་གསུང་ཆོས་རྒྱ་སོགས་དོན་གྱིས་ཚང་བ་ལས་ལུས་ཀྱི་དམ་རྒྱ་བཅའ་

p. 242

བ་ཕྱག་ལེན་དུ་མི་མཛད་ཅིང་། གཞན་དུ་ན་ཐུན་མོང་གི་མཆོད་རྒྱ་ནི་གོ་སླ་བར་ཟད་ལ། ཁྱད་པར་གྱི་མཆོད་རྒྱ་ནི། ཀལྤོ་ལས། ཀ་པཱ་ལ་དང་རྟ་གདོང་རྒྱས། །བདུད་རྩི་བྱིན་གྱིས་བརླབ་པར་བྱ། །རལ་གྲི་ཐོད་རྒྱས་རཀྟ་རློབ། །དཔལ་བཤོས་ཐོད་རྒྱས་གཏོར་མ་རློབ། །ཅེས་འབྱུང་མོད་ཀྱི། ཕྱག་ལེན་དུ་འདིར་མ་ཟད་གཞན་དུ་མཛད་པའང་མཐོང་ཞིང་། །གཡོན་པའི་མཐེབ་སྲིན་སྦྱར་བ་མཁའ་དབྱིངས་ཀྱི་རྒྱས་བདུད་རྩི་ལ་རེག་པའི་ཕྱག་བཞེས་ནི་མན་ངག་གི་ལུགས་སྲོལ་གཞན་ལས་འབྱུང་བ་ལྟར་དེ་དང་དེར་མཛད་པ་མཐོང་བས་ན་སྦྱར་ཡང་མི་འགལ་ལམ་སྙམ་མོ། །དེ་ལྟར་སྔོན་འགྲོ་འཇུག་ལྡོག་གི་སྦྱོར་བ་རྣམས་ལ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་གསུམ་རྟེན་འབྲེལ་གྱི་འགྲོས་མཚུངས་པའི་སྒོ་ནས་དག་རྫོགས་སྨིན་གསུམ་རྩི་ན། སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱང་ཞིང་བསྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་གསོག་པ་རྣམས་དག་པར་བྱེད། སྦྱངས་འ བྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་། འོད་ཟེར་ཆེན་པོས་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུ་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་པས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །༈ གཉིས་པ་དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་འགོད་པ་ལ་གཉིས་ཏེ། ལུས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། དངོས་གཞི་ལ་ཡང་རྣམ་པ་གསུམ༔ ཕྱི་ནང་གསང་བའི་རིམ་པའོ༔ ཕྱི་ལྟར་རྒྱལ་བ་རྒྱ་མཚོ་ཡི༔ དཀྱིལ་འཁོར་ཕྱི་རུ་འགོད་པ་དང༔ ནང་ལྟར་ལུས་ལ་འགོད་པ་དང༔ གསང་བ་རྩ་ལ་འགོད་པ་དང༔ ཡང་གསང་སེམས་ལ་འགོད་པའོ༔ དེ་ཡང་བསྙེན་སྒྲུབ་ལས་གསུམ་སྟེ༔ ཡང་གསང་འབྲས་བུའི་ངོ་སྤྲོད་བྱ༔ ཞེས་པ་སྟེ། དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་དེ་ལ་ཡང་དབྱེ་ན་རྣམ་པ་

p. 243

གསུམ་སྟེ། ཕྱི་དང་ནང་དང་གསང་བ་ལྟར་སྒྲུབ་པའི་རིམ་པའོ། །གང་ཞེ་ན། ཕྱི་ལྟར་ན་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཐིག་ཚོན་གྱི་བྲིས་པ་དེ་ཉིད་མཚན་གཞིར་བྱས་ནས་དེ་རྣལ་འབྱོར་དུ་བྱེད་པའི་སྒྲུབ་པ་པོས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པའི་རྣམ་པར་བློས་བསླང་བའི་ནང་དུ་བརྟེན་པ་རྣམས་གཙོ་འཁོར་གྱི་རིམ་པར་བསྒོམས་པས་ཡུལ་གསུམ་ལ་རྒྱས་འདེབས་པ་ནི་དཀྱིལ་འཁོར་ཕྱི་རུ་འགོད་པ་དང་། ནང་ལྟར་ན་ལུས་ཉིད་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ཆོས་སུ་གནས་པ་མཚན་གཞིར་བྱས་ནས། དེ་ཉིད་དག་པའི་ཆོས་ལྷའི་རྣམ་པར་བསྒྱུར་བ་རྟེན་གྱི་ངོ་བོར་བྱས་པ་ལ་གདོད་ནས་གྲུབ་པའི་ལྷ་རྣམས་ཞལ་ཕྱག་གི་རྣམ་པར་བཅོས་ནས་འགོད་པ་དང་། གསང་བ་ལྟར་ན་རྩ་འཁོར་ལོ་ལྔ་བྷ་གའི་དཀྱིལ་འཁོར་དུ་གདོད་ནས་གྲུབ་པ་མཚན་གཞིར་བྱས་ནས། རྩ་འཁོར་རྣམས་རྟེན་གྱི་རང་བཞིན་དུ་གསལ་བ་ལ་ལྷའི་རང་བཞིན་རྩ་ཁམས་ཀྱི་དྭངས་མ་རྣམས་ལྷའི་རྣམ་པར་བཅོས་ནས་འགོད་པ་དང་། ཡང་གསང་ལྟར་ན་སེམས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་མི་ཤིགས་པའི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་པ་མཚན་གཞིར་བྱས་ནས། རྟོག་ཚོགས་ཐམས་ཅད་ལ་རང་རིག་གི་རྩལ་ལས་མི་འདའ་བའི་ཤེས་རབ་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་འགོད་པའོ། །དེ་ཡང་དང་པོ་ཕྱི་སྒྲུབ་བསྙེན་པའི་ཡན་ལག གཉིས་པ་ནང་སྒྲུབ་སྒྲུབ་པའི་ཡན་ལག གསུམ་པ་གསང་སྒྲུབ་ལས་སྦྱོར་གྱི་ཡན་ལག་དང་རྣམ་པ་གསུམ་དུ་འགྱུར་ཏེ། བཞི་པ་ཡང་གསང་སེམས་ལ་འགོད་པ་ནི་དེ་དག་འབྲས་བུར་རྫོགས་པའི་དོན་ཤེས་རབ་ཀྱིས་ངེས་པར་བྱས་ཏེ་ངོ་སྤྲོད་པའི་སྒོ་ནས་སྒྲོ་འདོགས་གཅོད་པར་བྱ་བ་ཉིད་ཡིན་པས་ཕྱི་ནང་གསང་གསུམ་ག་ལ་གཅེས་པའི་ཕྱིར་ལོགས་སུ་མ་བགྲངས་པའོ། །གཉིས་པ་ཡན་ལག་རྒྱས་བཤད་ལ། ཕྱི་ནང་གསང་བ་ཡང་གསང་བཞིའི་དང་པོ་ཕྱི་སྒྲུབ་ལའང་། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ་ལས། མདོར་བསྟན་པ་ནི། དང་པོ་ཕྱི་ལྟར་བསྙེན་པ་ནི༔ ཞེས་སོ། །དེ་རྒྱས་པར་བཤད་པ་ལའང་གཉིས་ཏེ། མཉམ་བཞག་གི་རྣལ་འབྱོར་དང་། མཉམ་

p. 244

ལངས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དང་པོ་ལ་བཞི་སྟེ། རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ། གཉིས་མེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ་བ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། རྒྱུ་ནི་ཏིང་འཛིན་རྣམ་གསུམ་ལས༔ འབྲས་བུ་བདེ་གཤེགས་ཀུན་འདུས་ལྷ༔ རྟེན་དང་བརྟེན་པར་བཅས་པ་ཀུན༔ ལས་གཞུང་བཞིན་དུ་གསལ་བར་བསྐྱེད༔ སྐུ་གསུང་ཐུགས་སུ་བྱིན་རློབ་ཅིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ༔ ཞེས་པས་གསུམ་སྟེ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། བྱིན་གྱིས་བརླབ་ཅིང་དབང་བསྐུར་བའོ། །དང་པོ་ནི། ༀ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ ཞེས་སོགས་ཀྱིས་བསྟན་ཏེ། འདིར་འགོ་འདྲེན་ལ་རིམ་པར་ༀ་ཨཱཿཧཱུྃ་གསུམ་འབྱུང་བ་ནི། ལམ་ཏིང་ངེ་འཛིན་གསུམ་དང་། འཐོབ་བྱ་སྐུ་གསུམ་མཚོན་པའི་ཡི་གེས་འགོ་དྲང་བའོ། །དེ་ལྟར་ཡང་བདེ་འདུས་ཞི་བ་གསང་ཆེན་རིགས་གཅིག་ལས། ཏིང་འཛིན་ཐམས་ཅད་ཀྱི་གནད་ཡི་གེ་འབྲུ་གསུམ་ལ་འདུས་ཏེ། ༀ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན༔ ཨཱཿཀུན་ཏུ་སྣང་གི་ཏིང་ངེ་འཛིན༔ ཧཱུྃ་རྒྱུའི་ཏིང་ངེ་འཛིན་ནོ༔ ཞེས་དང་། སྐུ་ཐམས་ཅད་ཀྱི་གནད་འབྲུ་གསུམ་ལ་འདུས་ཏེ༔ ༀ་གྱིས་ཆོས་སྐུ་འཐོབ་པར་བྱེད༔ ཨཱཿས་ལོངས་སྐུ་འཐོབ་པར་བྱེད༔ ཧཱུྃ་གིས་སྤྲུལ་སྐུ་འཐོབ་པར་བྱེད༔ ཅེས་སོ། །གཞན་དུ་ན་བཤད་རྒྱུད་རྡོར་ཕྲེང་ལས། ཡི་གེ་ཨ་དང་ཡི་གེ་ཨུ། ཡི་གེ་མ་ཞེས་བྱ་བ་གསུམ། ཞེས་སོགས་གསུམ་ཀ་ལ་ཡི་གེ་གསུམ་གསུམ་འདུས་ཏེ་མཚམས་སྦྱོར་བས་འབྲུ་གསུམ་རེ་རེའང་རྡོ་རྗེ་གསུམ་གྱི་ངོ་བོར་སྟོན་པ་སྟེ། རབ་གནས་ཡེ་ཤེས་བྱིན་འབེབས་ལས། དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ༔ ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཡང་སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་སྦྱོང་བར་བྱེད་པའི་ལམ་རྫོགས་པར་བསྟན་པས་སྦྱངས་འབྲས་སྐུ་གསུམ་མངོན་དུ་འགྲུབ་རུང་གི་རྟེན་འབྲེལ་སྒྲིག་ནུས་པ་ཞིག་སྟེ། སློབ་དཔོན་སངས་རྒྱས་

p. 245

གསང་བས་ལམ་རིམ་དུ། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་སོ། །དེ་ལ་ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ། སྦྱང་བྱ་ནི། སྒྱུ་འཕྲུལ་བཤད་རྒྱུད་ཐལ་བ་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡིས། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བ་ལ། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་པས་ལུས་ཅན་རྣམས་འཆི་བ་ན། ནང་དུ་ས་ཆུ་མེ་རླུང་བཞི་རིམ་པས་རྣམ་ཤེས་ལ་ཐིམ་པའི་ཚེ་ཕྱི་རོལ་དུ་གཟུགས་སྒྲ་དྲི་རོ་རེག་གི་བར་ཐིམ་པས་དབུགས་ཀྱི་འགྱུ་བ་ཆད་ཅིང་རོ་རྐྱང་གི་དྭངས་མ་རྣམས་ཡས་མར་གྱི་སྣ་རྩེར་འདུས་ནས་རེག་ཆོས་ལ་ཐིམ་དུས་རྣམ་ཤེས་འོད་གསལ་ལ་འཇུག་སྟེ། འདུས་པའི་དྭངས་མ་གཉིས་ཨ་ཧཾ་ལ་ཞུགས་པ་སྙིང་གའི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེར་ཐིམ་པ་ལས་ཕྲ་རགས་ཀྱི་རྟོག་པ་འགགས་ནས་སྟོང་པའི་འོད་གསལ་སྔ་མ་ལས་ཕྱི་མ་ཕྱི་མ་བོགས་ཕྱིན་པའི་ཚུལ་གྱིས་སྣང་མཆེད་ཐོབ་གསུམ་གྱིས་སྒྲིབ་པ་རགས་པ་དང་། ཉེར་ཐོབ་ཀྱི་ཕྲ་བ་ཐིམ་པས་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་སྒྲིབ་བྲལ་གསལ་སྟོང་མི་རྟོག་པའི་རྣམ་པ་ཅ ན་དུ་གནས་པ་དར་ཅིག་འོང་བ་དེ་ཡིན་ལ། སྦྱངས་འབྲས་ནི་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ཞིང་། སྦྱོང་བྱེད་ནི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་སྒོམ་པ་སྟེ། འདི་ལྟར་མ་དག་པ་འཁོར་བ་དང་། དག་པ་མྱང་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་མ་ལུས་པ་ཀུན་སེམས་ལས་གཞན་དུ་མེད་ཅིང་། སེམས་ཀྱང་རང་གི་ངོ་བོས་མ་གྲུབ་པས་གདོད་མ་ནས་སུས་ཀྱང་མ་བཅོས་པའི་སྟོང་པ་ཉིད། མཐའ་དབུས་དང་གཅིག་དུ་མ་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཙམ་དུ་རྫོགས་པའི་དེ་བཞིན་ཉིད་དེ་ཀུན་རྫོབ་རང་གི་ངོ་བོས་སྟོང་པ་ཡིན་ལ། དེ་ལྟར་ན་སེམས་དང་སེམས་ལས་གཞན་པ་མ་དམིགས་པས་ཅི་ཡང་མེད་པ་ཞིག་གམ་སྙམ་ན། མ་ཡིན་ཏེ། སོ་སོ་རང་གིས་རིག་པ་རང་བྱུང་གི་ཡེ་ཤེས་མཁའ་ལྟར་ཀུན་ལ་ཁྱབ་ཅིང་བརྡལ་བས་རྣམ་པ་ཐམས་

p. 246

ཅད་པར་འཆར་བའི་དབྱིངས། ངོ་བོ་དོན་དམ་སྤྲོས་བྲལ་གྱི་ཡེ་ཤེས་རྟག་ཏུ་འགྱུར་བ་མེད་པར་བཞུགས་པ་ནི་བདེ་གཤེགས་སྙིང་པོའམ་གཞིའི་ཆོས་སྐུའོ། །ཇི་སྐད་དུ་རིན་དྲྭ་ལས། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །ཞེས་སོ། །དེ་ཇི་ལྟར་ལམ་དུ་འགྲོ་ཚུལ་ནི། དངོས་གཞིའི་དུས་སུ་རྣམ་པར་མི་རྟོག་པའི་སྟོང་ཉིད་ཀྱི་ངང་དུ་མ་བཅོས་པར་བཞག་པ་དེ་ཉིད་འཆི་བའི་འོད་གསལ་དང་། འབྲས་བུ་ཆོས་སྐུ་གཉིས་ཀ་དང་རྣམ་པ་མཐུན་པར་མ་ཟད། རྗེས་དེ་མ་ཐག་ཏུ་འདི་ནི་འཆི་བ་དག་པ་ཆོས་སྐུའོ་ཞེས་དག་རྫོགས་ཀྱི་མོས་པས་གཞི་འབྲས་གཉིས་དང་སྦྲེལ་བར་བྱ་ཞིང་། དེ་ལྟར་བསྒོམས་པའི་ཁྱད་པར་གྱི་དགོས་པ་ཡང་། མར་འཁོར་བའི་དྲི་མ་འཆི་སྲིད་སྦྱོང་ཞིང་མཚན་འཛིན་གྱི་རྟོག་པ་དག་པར་བྱེད། ཡར་ཆོས་སྐུ་མངོན་དུ་བྱེད་པའི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ན་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ། སྦྱང་བྱ་ནི། ཐལ་རྒྱུད་ལས། བར་མར་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཅེས་པས་འཆི་སྲིད་ཀྱི་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་སྟོན་གནམ་སྤྲིན་དང་བྲལ་བ་ལྟ་བུ་ལ་ཡེ་ཤེས་ལྔའི་ཞིང་སྣང་རིགས་ལྔའི་ཚོམ་བུའི་རྣམ་པ་སྒྱུ་མ་ལྟ་བུར་ཤར་ཡང་ངོ་མ་འཕྲོད་པས་རྣམ་རྟོག་གི་བཞོན་པ་རླུང་གི་རྐྱེན་ལས་སེམས་སྣང་གསུམ་ལུགས་ལྡོག་གི་རིམ་པས་ཤིན་ཏུ་ཕྲ་ཞིང་དྲངས་པའི་བར་དོའི་ལུས་དབང་པོ་ཀུན་ཚང་བ་གྲུབ་སྟེ་རྨི་ལམ་ལྟར་ཡད་ཡུད་དུ་སྣང་བ་ཉིད་ཡིན་ལ། སྦྱངས་འབྲས་ནི་སངས་རྒྱས་རྣམས་ཀྱི་ལོངས་སྐུ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཅན་མཚན་དཔེས་སྤྲས་པ་དེ་ཡིན་ཞིང་། སྦྱོང་བྱེད་ནི། དེ་བཞིན་ཉིད་མ་རྟོགས་པའི་འགྲོ་བ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པ་སྟེ། དེ་ཡང་ནམ་མཁའི་དབྱིངས་དག་པ་ལས་ནི་གློ་བུར་དུ་འཇའ་ཚོན་གྱི་རྣམ་པ་ཤར་བ་ཡང་ནམ་མཁའི་ཆོ་འཕྲུལ་ཙམ་ལས་བདེན་པར་མ་གྲུབ་པ་བཞིན་དུ་སྟོང་ཉིད་དེ་བཞིན་ཉིད་

p. 247

ཀྱི་གནས་ལུགས་འཁོར་འདས་ངོ་བོ་ཐ་མི་དད་པས་གཉིས་སུ་མེད་པ་དེའི་ངང་ལས་མ་གཡོས་བཞིན་དུ་སྒྱུ་མའི་མཚང་མ་ཤེས་པ་ལྟར་རྩལ་སྣང་ལ་བདེན་པར་བཟུང་བས་འཁྲུལ་ཏེ་འཁོར་བའི་གནས་སུ་རང་དབང་མེད་པར་འཁྱམས་པའི་འགྲོ་བ་འདི་དག་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་ཏུ་ཁྱབ་པའི་སྙིང་རྗེ་འཛིན་མེད་སྒྱུ་མ་ལྟ་བུར་ཤར་བ་སྟེ། ཇི་ལྟར་ན་དབྱིངས་ཀྱི་ངང་ལས་རང་བཞིན་འགག་པ་མེད་པའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པ་སྐུའི་རྟོགས་པ་རྒྱུ་མཐུན་དུ་སྒྲུབ་པའི་ཀུན་སྣང་གི་ཏིང་ངེ་འཛིན་མཁའ་ལས་སྤྲིན་ལྡང་བ་ལྟར་སྣང་བའོ། །ཇི་སྐད་དུ་རྔམ་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའི་ངང་། །སྙིང་རྗེ་གསུམ་གྱིས་ཁྱབ་པའི་ཕྱིར། །ཁྱབ་བརྡལ་ཆེན་པོའི་ཏིང་འཛིན་སྒོམ། །ཞེས་སོ། །དེ་ཇི་ལྟར་ལམ་དུ་ཁྱེར་ན། ཀུན་སྣང་གི་ཏིང་ངེ་འཛིན་དེ་ཉིད་སྤྱོད་ཡུལ་སྒྱུ་མ་ལྟར་སྣང་བའི་ཆ་ནས་བར་དོ་དང་འབྲས་བུ་ལོངས་སྐུ་གཉིས་ཀ་དང་མཐུན་པས་རྣམ་པ་འདྲ་བའི་ལམ་དེ་ཉིད་བསྒོམས་ཏེ། བར་དོ་དག་པ་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་དག་རྫོགས་ཀྱི་ང་རྒྱལ་བྱེད་པ་སྟེ། དེ་ལྟར་བསྒོམས་པའི་དགོས་པ་ཡང་། འདིས་འཁོར་བའི་དྲི་མ་བར་དོའི་བག་ཆགས་དང་སྟོང་པ་མཐའ་གཅིག་ཏུ་ཞེན་པའི་རྟོག་པ་སྦྱོང་། ལོངས་སྐུ་མངོན་དུ་འགྱུར་རུང་གི་རིགས་ཀྱི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། འོད་གསལ་ལས་ཡེ་ཤེས་ལྷ་སྐུར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་རོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ལ། སྦྱང་བྱ་ནི། ཧེ་རུ་ཀ་ཀལྤོ་ལས། བར་དོ་རང་རིག་བདེ་བའི་ཆ། །ཡི་གེ་ཧཱུྃ་དུ་གནས་པ་ཡིན། །ཞེས་པ་ལྟར་བར་དོའི་སེམས་ཅན་དེ་ཕྱི་མའི་སྐྱེ་བ་ལེན་པ་ལ་ཕྱོགས་པ་ན་སྐྱེ་གནས་ལ་སྲེད་པ་སྐྱེ་སྟེ། རྫུས་ཏེ་སྐྱེ་ན་གནས་ལ། དྲོད་གཤེར་ལས་སྐྱེ་ན་དྲི་རོ་ལ། སྒོ་ང་དང་མངལ་ལས་སྐྱེ་ན་ཕ་མའི་འདུ་འཕྲོད་ལ་སྟེ། གང་དུ་སྐྱེ་འགྱུར་གྱི་སྐྱེ་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་དེར་འཇུག་མ་རག་གི་སྐད་ཅིག་མའི་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱངས་འབྲས་ནི་ལོངས་སྤྱོད་རྫོགས་པའི་སྐུས་གང་འདུལ་གྱི་སྤྲུལ་པ་རགས་པའི་སྐུ་འཛིན་

p. 248

པའི་ཚུལ་སྟོན་པར་བཞེད་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཧྲཱིཿདམར་པོ་སྣང་ལ་རང་བཞིན་མེད་པར་བསྒོམ་པ་སྟེ། དེ་ཡང་སྟོང་པ་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོ་ཀུན་སྣང་གི་ཏིང་ངེ་འཛིན་གཉིས་ལ་རིམ་པར་བསླབས་ཏེ་གོམས་པ་ལས། འདིར་དེ་གཉིས་ཟུང་དུ་འཇུག་པ་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ཆེན་པོ་འཁོར་འདས་རྡོ་རྗེ་ལྟར་མི་ཕྱེད་པར་སྡོམ་པའི་རང་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་དུ་གྱུར་པ་དྭངས་མའི་སྲོག་ཆེན་པོ་ཉིད་རྣམ་པ་ཤིན་ཏུ་དྭངས་ཤིང་གསལ་ལ་གང་དུ་ཡང་འགྱུར་བ་མེད་ཅིང་ཅིར་ཡང་འཆར་དུ་རུང་བས་གསལ་བརྟན་གྱིས་ཁྱད་པར་དུ་བྱས་པའི་རང་བྱུང་གི་ཡི་གེ་ཧྲཱིཿཡིག་དམར་པོར་སྣང་བ་ནི་སྤྲུལ་སྐུའི་རྟོགས་པ་རྒྱུ་མཐུན་དུ་སྒྲུབ་པ་རྒྱུའི་ཏིང་ངེ་འཛིན་ཏེ། མི་ཤིགས་པའི་ཐིག་ལེ་ཆེན་པོའི་ངོ་བོ་ཉིད་དུ་ཤར་བའི་ཧྲཱིཿའདིས་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱེད་ཅིང་། འདི་ཉིད་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་བསྒོམས་པས་དཀྱིལ་འཁོར་ཐམས་ཅད་ཀྱང་བདེ་གསལ་གྱི་རྣམ་འཕྲུལ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དུ་འཆར་བར་བྱེད་པའི་རྒྱུ་བྱེད་པའི་ཕྱིར་ཏེ། ཀུན་འདུས་ལས། ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཞེས་སོ། །དེ་ཇི་ལྟར་ལམ་དུ་ཁྱེར་ན་རྒྱུའི་ཏིང་ངེ་འཛིན་ནི་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ས་བོན་དུ་འགྱུར་བ་ལྟར་སྐྱེ་གནས་སུ་འཇུག་ཀའི་བར་དོའི་རླུང་སེམས་དེ་ཉིད་ཀྱི་སྲིད་པ་ཕྱི་མའི་ས་བོན་བྱེད་ཅིང་། སངས་རྒྱས་སྤྲུལ་པའི་སྐུས་ཀྱང་གདུལ་བྱའི་ངོ་བོར་རྣམ་འཕྲུལ་སྣ་ཚོགས་པ་སྟོན་པའི་ཆ་ནས་དེ་གསུམ་རྣམ་པ་མཐུན་པས་ན་འདི་ནི་སྐྱེ་བ་དག་པ་སྤྲུལ་པའི་སྐུའོ་ཞེས་དག་རྫོགས་ཀྱི་མོས་པས་ང་རྒྱལ་བྱེད་པའོ། །དགོས་པ་ཡང་སྐྱེ་གནས་སུ་འཇུག་པའི་བག་ཆགས་དང་སྣང་སྟོང་ཐ་དད་དུ་ཞེན་པའི་རྟོག་པ་སྦྱོང་། སྤྲུལ་སྐུ་མངོན་དུ་འགྱུར་རུང་གི་ཐར་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད། བདེ་རླུང་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་ལྷ་སྐུར་མངོན་དུ་ལྡང་ནུས་པའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོའོ། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ཏེ། གང་

p. 249

ལས་སྤྲོ་བའི་གཞི་ངོས་བཟུང་བ་དང་། དེ་ལས་ཇི་ལྟར་སྤྲོས་ཏེ་སྒོམ་པའོ། །དང་པོ་ནི། རྒྱུའི་ཧྲཱིཿཡིག་རང་རིག་སྣང་སྟོང་དབྱེར་མེད་དེ་ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཀུན་བསྐྱེད་པའི་ས་བོན་གྱི་ཡི་གེ་རིམ་པར་སྤྲོས་ཏེ་བསྒོམ་པར་བྱ་བ་སྟེ། སྦྱང་བྱ་སྣོད་བཅུད་ཀྱི་འཇིག་རྟེན། སྦྱོ ང་བྱེད་ཏིང་ངེ་འཛིན་གྱི་རིམ་པ། སྦྱངས་འབྲས་སངས་རྒྱས་རང་སྣང་གི་དཀྱིལ་འཁོར་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་བ་ཙམ་དུ་ཟད་པའི་ཕྱིར། དེ་ལྟར་ཡང་སྒྱུ་འཕྲུལ་ལམ་རིམ་ལས། གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །འཕྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །དེ་བས་རྣམ་བདུན་རིག་པའི་ངང་། །ཞེས་སོ། །ཇི་ལྟར་བསྒོམས་པའི་གོ་རིམ་ཡང་། སྣོད་ཀྱི་འཇིག་རྟེན་ཆགས་རྗེས་བཅུད་ཀྱི་སེམས་ཅན་རྣམས་རིམ་པར་ཆགས་པའི་ཞེན་པ་སྦྱོང་བ་དང་། སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་སངས་རྒྱས་ཀྱི་སར་གྲགས་པ་དེར་འཚང་རྒྱ་བ་དང་། ལམ་གོང་མའི་དུས་སུ་ཡང་སྐུ་རྡོ་རྗེས་རྩ་དག་པར་བྱས་རྗེས་རྡོ་རྗེ་ཕྱི་མ་གཉིས་ཀྱིས་བརྟེན་པ་རླུང་སེམས་དག་པར་བྱེད་པའི་ཕྱིར་ན། རྟེན་དང་བརྟེན་པའི་གོ་རིམ་ངེས་པ་ཅན་དུ་བསྒོམས་པའོ། །གཉིས་པ་ལ་གཉིས་ཏེ། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལའང་གསུམ་སྟེ། འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པ། བཞུགས་གནས་གཞལ་ཡས་ཁང་བསྐྱེད་པ། ལྷ་སོ་སོའི་གདན་བསྐྱེད་པའོ། །དང་པོ་ནི། སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་ནམ་མཁའི་ཁམས་དང་། ཆགས་པར་འགྱུར་བའི་རྒྱུའི་གཙོ་བོར་དབུ་མ་འཇུག་པར། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤང་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་པས་སྤྱིར་སེམས་དང་། བྱེ་བྲག་ཏུ་ལས་མཐུན་པར་བསགས་པའི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་བག་ཆགས་སེམས་ལ་བགོས་པ་ཡུལ་སྣང་འགྱུར་ཐུན་མོང་དུ་སྨིན་པས་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་གྲུབ་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི། སངས་རྒྱས་རྣམས་གང་དུ་འཚང་

p. 250

རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་ཡིན་ལ། དེ་ཉིད་ཀྱི་ཕྱག་རྒྱ་ཡུམ་ལྔར་རྣམ་པར་དག་པ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རོལ་པ་ཆེན་པོ་ལས། ཕྱི་རོལ་འབྱུང་སོགས་ཡུལ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བ་ལྷ་མོ་མཱ་མ་ཀཱི། །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་སོ། །སྦྱོང་བྱེད་ནི། སྲུང་བའི་འཁོར་ལོ་རབ་ཏུ་ཡངས་པའི་ནང་དུ་ནམ་མཁར་གནས་པའི་རྒྱུའི་ཧྲཱིཿཡིག་ལས་འབྱུང་ལྔ་རི་རབ་དང་བཅས་པའི་ས་བོན་རྣམས་འོག་ཏུ་རིམ་པར་ཆད་པ་ལས་འོད་ཟེར་སྤྲོས་པས་འབྱུང་བ་ལྔ་དང་དེར་འཛིན་གྱི་ཞེན་རྟོག་སྦྱངས། འབྱུང་ལྔའི་དྭངས་མ་ཡེ་ཤེས་ལྔའི་ཡོན་ཏན་བསྡུས་ཏེ་ཞུ་བ་ལས་རིམ་པ་ཇི་ལྟ་བར་བསྐྱེད་པར་བྱ་སྟེ། ཨེ་ལས་ནམ་མཁའ་ཆོས་འབྱུང་མཐིང་ག་གདེངས་ཀ་གྱེན་དུ་རྒྱས་ཤིང་རྩ་བ་ཕྲ་བ་ཐུར་དུ་ཐུག་པ་འབྱམས་ཀླས་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་དབྱིབས་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་དུ་བ་ལྟ་བུའི་འོད་ཟེར་ལྗང་ནག་གི་མུ་ཁྱུད་ཀྱིས་བསྐོར་བ། དེའི་སྟེང་དུ་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་པ་མེ་ལྕེ་འབར་བའི་ཕྲེང་བས་བསྐོར་བ། དེའི་སྟེང་དུ་བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོར་འཁྱིལ་བའི་མཐའ་ལ་འོད་ཟེར་དཀར་པོས་བསྐོར་བ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གསེར་གྱི་རང་བཞིན་གྲུ་བཞི་པ་མཐའ་ལ་འོད་ཟེར་སེར་པོས་བསྐོར་བ། དེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་བཞིའི་རི་རབ་སྟེ། འདི་ཆུ་མཚམས་ཡན་ཆད་བསྒོམས་པས་ཆོག་པའི་ཕྱིར་ཕྱེད་མར་བཅད་པའི་ཕྱེད་འོག་མ་བང་རིམ་བཞིའི་རྣམ་པ་དང་། ཕྱེད་གོང་མ་ཀུན་ཏུ་གྲུ་བཞི་པ། རྩ་བའི་མཐའ་ལྕགས་རིའི་ཁོར་ཡུག་གིས་ཡོངས་སུ་བསྐོར་བ་དང་བཅས་པའི་རི་རབ་ཀྱི་རྩེ་ནི་གཞལ་ཡས་ཁང་གི་འོག་གཞིར་འགྱུར་ཞིང་། འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་གཞི་འབྲས་སྦྲེལ་པའི་ང་རྒྱལ་གྱིས་ལམ་དུ་ཁྱེར་ཚུལ་ཡང་ཤེས་པར་བྱའོ། །གཉིས་པ་ནི། སྦྱང་བྱ་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་ལོངས་སྤྱོད་པའི་གནས་སུ་གྱུར་པ་ཡུལ་དང་ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག་སྦྱོང་བར་བྱེད། སྦྱངས་འབྲས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྤྲོས་

p. 251

པ་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བརྟེན་པའི་གནས་སུ་བཤད་པས་ན། དེ་ཉིད་ཀྱི་རང་བཞིན་གཞལ་ཡས་ཁང་ནི་རྡོ་རྗེ་བཙུན་མོ་བྷ་གའི་མཁའ་ཀློང་མཚོན་པ་སྟེ། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་བཏིང་ནས། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །ཞེས་དང་། བླ་མེད་ཀྱི་རྒྱུད་མང་པོར་ཡང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་དང་། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་ཤིང་། བཅོམ་ལྡན་འདས་ཞེས་པའི་མཚན་ལས་ཀྱང་གྲུབ་སྟེ་བྷ་ག་ནི་ཡུམ་ལྔའི་མཁའ་དབྱིངས་དང་། ཝཱན་ནི་དེ་དང་གཉིས་སུ་མེད་པར་བཞུགས་པས་ལྡན་པའི་དོན་ནོ། །གཞན་ཡང་ཆོས་དབྱིངས་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ལྔ་ལས་རྣམ་སྣང་ལ་སྦྱོར་ཞིང་རྣམ་སྣང་ནི་གཟུགས་ཕུང་རྣམ་པར་དག་པ་ཡིན་པས་རང་ཡུམ་དབྱིངས་ཕྱུག་མར་མ་ཟད་འབྱུང་བཞི་དག་པའི་ཡུམ་གཞན་བཞི་ཡང་རྣམ་སྣང་དུ་འདུ་སྟེ། གཟུགས་ཕུང་སྤྱི་རྣམ་སྣང་དུ་དག་པའི་ཚེ་རྒྱུའི་གཟུགས་འབྱུང་བ་བཞི་ཡང་དེའི་བྱེ་བྲག་ཡིན་པས་རྣམ་སྣང་དུ་དག་དགོས་པའི་ཕྱིར་རོ། །དེས་ན་ཆོས་དབྱིངས་ཡེ་ཤེས་ནི་ཡེ་ཤེས་གཞན་བཞི་པོའི་ཡང་གནས་སམ་གཞིར་གྱུར་པ་དང་། རྣམ་སྣང་ནི་ལུས་དག་པ་ཡིན་པས་ངག་ཡིད་གཉིས་ཀྱི་རྟེན་དུ་གྱུར་པ་དང་། དེ་བཞིན་དུ་གཞལ་ཡས་ཁང་ལ་ལྷ་རྣམས་ཀྱི་གནས་སམ་རྟེན་ཡིན་པར་མཚུངས་པས་ན་རྟེན་གྱི་དཀྱིལ་འཁོར་ནི་རྣམ་སྣང་གི་ངོ་བོར་རྣམ་པར་དག་པའོ། །སྦྱོང་བྱེད་ནི་རྒྱུའི་ཧྲཱིཿཡིག་ལས་འབྱུང་བཞི་རི་རབ་དང་བཅས་པའི་དྭངས་མ་གཅིག་ཏུ་འདུས་པའི་རང་བཞིན་བྷྲུྃ་ཡིག་ཁ་དོག་ལྔ་ལྡན་ཆད། དེ་ལས་འཕྲོས་པའི་འོད་ཟེར་གྱིས། སེམས་ཅན་གྱི་ཡུལ་དང་། ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག་སྦྱངས། སངས་རྒྱས་རང་སྣང་གི་ཞིང་དང་གཞལ་ཡས་ཁང་རྣམས་ཀྱི་ཡོན་ཏན་དང་བྱིན་རླབས་བསྡུས་ནས་ཞུ་བ་ལས་བསྐྱེད་པར་བྱ་སྟེ། དེ་ཡང་དང་པོའི་སངས་རྒྱས་ཉིད་ཀྱི་རྒྱུ་ཚོགས་གཉིས་ལས་རང་བྱུང་དུ་གྲུབ་པ་ཚད་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་གཞལ་ཡས་ཁང་ཡེ་ཤེས་ལྔའི་རང་བཞིན། རྒྱུ་དབྱིབས་ཁ་དོག་ལ་སོགས་པའི་ཁྱད་པར་སྣ་

p. 252

ཚོགས་པར་སྣང་བའི་རིན་པོ་ཆེའི་ཁམས་འདུས་པ་ལས་གྲུབ་པ་ལྟར་སྣང་ཡང་འཇིག་པ་མེད་པ་རྡོ་རྗེའི་རང་བཞིན་ཅན་ཏེ། ཉང་གཏེར་འགྲོ་འདུལ་རང་བྱུང་ཡེ་ཤེས་ཀྱི་རྒྱུད་ལས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་རིན་པོ་ཆ ེའི་ས་གཞི་མིག་མངས་རིས་སུ་བྲེས་པ། དང་པོ་ཆགས་པ་ཡོད་ལ་ཐ་མ་འཇིག་པ་མེད་པ། ཞེས་དང་། གསར་འགྱུར་ཛཱ་ལནྡྷ་རའི་པདྨ་རྒྱས་པའི་སྒྲུབ་ཐབས་ལས། དང་པོའི་སངས་རྒྱས་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་གྲུབ་པ་བདེ་བ་ཅན་གྱི་ཞིང་ཁམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཆགས་པ་ལྟར་སྣང་ཡང་འཇིག་པ་མེད་པ་ཞེས་སོགས་གསུངས་པ་ལྟར་རོ། །དེ་ཡང་སངས་རྒྱས་རང་སྣང་གི་ཕོ་བྲང་ཉིད་ལམ་དུ་བྱེད་པའི་ཕྱིར་རྟེན་གྱི་དཀྱིལ་འཁོར་སྒོམ་པ་སྟེ། དེ་ལམ་དུ་བྱས་པས་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་རྣམས་ཀྱང་ལམ་དུ་བྱས་པར་འགྱུར་ཞིང་། ལམ་དུ་ཁྱེར་ཚུལ་ནི་གཞི་འབྲས་སྦྲེལ་བའི་དག་རྫོགས་ཀྱི་ང་རྒྱལ་བྱེད་པའོ། །དེ་དག་གིས་ལམ་གོང་མའི་སྨིན་བྱེད་དུ་ཇི་ལྟར་འགྲོ་ན། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ནི་རྩ་འཁོར་ལོ་ལྔ་དང་དབུ་མ། དཀྱིལ་འཁོར་གྱི་གཞི་པད་ཉི་རྒྱ་གྲམ་ནི་རྩ་འཁོར་གྱི་ལྟེ་བའི་རླུང་ཐིག དེ་རྣམས་དང་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་གཞལ་ཡས་ཁང་སྟེ། དེ་ཉིད་ལེགས་པར་བསྒོམས་པས་རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་བས་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བར་བྱེད་པའི་ཕྱིར་སྨིན་བྱེད་དུ་འགྲོའོ། །༈ དེ་ལ་འདིར་དཀྱིལ་འཁོར་སྒོམ་དོན་བློས་བསླང་གི་རྣམ་གཞག་ཅུང་ཟད་བྲི་ན་དོན་བཅུ་བཞི་ལས། ཐོག་མར་སྤྱིའི་འོག་གཞི་ནི། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེ་སྔོན་པོ་ཆེ་བ་ཁྲོལ་ལུགས་ཀྱི་བར་རྣམས་རྡུལ་ཕྲན་ལྟ་བུའི་རྡོ་རྗེ་ཕྲ་མོས་གཏམས་པ་བཞུ་ལུགས་སུ་འབྲེལ་བའི་གཞི་སྲ་ཞིང་བརྟན་ལ་ཁོད་མཉམ་པའོ། །གཉིས་པ་ཁོར་ཡུག་ནི། སྔར་གྱི་སྲུང་འཁོར་མ་བསྡུས་པར་ཡོད་པས་རྡོ་རྗེའི་རྭ་གུར་སོགས་གསལ་འདེབས་མི་དགོས་ཀྱང་། ས་མཚམས་གཅོད་བྱེད་འོག་གཞི་དེའི་ཕྱི་མཐར་རྡོ་རྗེའི་རྭ་བ་ལྕགས་རི་ལྟ་བུས་བསྐོར་བ་ལས་མེ་དཔུང་ཁ་དོག་སྣ་ལྔ་མཐའ་མེད་དུ་འཕྲོ་བ། རྡོ་རྗེ་རྭ་བའི་ནང་

p. 253

ཁོངས་སུ་རྡོ་རྗེའི་ས་གཞི་ལས་རྡུལ་ལྟ་བུ་ཆགས་པས་རྡོ་རྗེའི་དབྱིབས་མི་མངོན་པར་བྱས་པའི་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། དེ་དག་ཏུ་དུར་ཁྲོད་ཀྱི་ཆོས་ཤིང་ཆེན་པོ་བརྒྱད། སོ་སོའི་རྩ་བ་ལ་ཕྱོགས་སྐྱོང་བརྒྱད་རང་རང་གི་བཞོན་པ་ལ་གནས་ཤིང་ཆུང་མས་གཡོན་ནས་བརྟེན་པ། དེ་དག་གི་བཞོན་པའི་གདོང་ཅན་ལག་ན་ཐོད་པ་ཤ་ཁྲག་གིས་བཀང་བ་ཐོགས་པའི་ཞིང་སྐྱོང་བརྒྱད་ཡལ་ག་ལ་ཤིང་ལོའི་ཁྲོད་ནས་ལུས་ཕྱེད་འཐོན་པ། དེ་བཞིན་དུ་ཆུ་ཆེན་པོ་བརྒྱད། དེ་དག་གི་དབུས་ན་ཀླུ་ཆེན་པོ་བརྒྱད་ལུས་ཕྱེད་སྟེང་དུ་འཐོན་ཅིང་། སྟེང་གི་ནམ་མཁའ་ལ་སྤྲིན་ཆེན་པོ་བརྒྱད་གནས་པ་ལས་ཆར་འབེབས་པ། རི་ཆེན་པོ་བརྒྱད་ལ་བརྟེན་པའི་མཆོད་རྟེན་བརྒྱད། མེ་བརྒྱད་གྲུབ་པ་དང་། རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་། ཤ་ཟ་འབྱུང་པོ་དང་བྱ་གཅན་གཏུམ་པོ་མང་པོས་གང་བ། རོ་རེང་པོ་དང་དུམ་བུ་ཀེང་རུས་ལ་སོགས་པ་བཀྲམ་པས་འཇིགས་པར་བྱས་པའོ། །གསུམ་པ་གཞལ་ཡས་ཁང་དངོས་ཀྱི་འོག་གཞི་ནི། དུར་ཁྲོད་ཀྱི་ཁོར་ཡུག་དེའི་ནང་དུ་རྒྱུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་སྟེ། འདབ་མ་རྣམས་རང་རང་གི་སྐྱེ་སའི་རྩ་བ་ནས་སུམ་ཆ་ཙམ་འཕྲེད་དང་། དེ་ཕན་ཆད་གྱེན་དུ་ལངས་པའི་རྩེ་རྣམས་ནང་དུ་ཅུང་ཟད་ཙམ་གུག་པ་ཁ་དོག་སྣ་ཚོགས་པས་བསྐོར་བའི་དབུས་སུ་འདབ་མ་རྣམས་སྐྱེ་བའི་གཞི་པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཅན་ཁ་དོག་ལྗང་གུ་གེ་སར་དམར་སེར་ཟི་ཕོལ་དང་བཅས་པས་བསྐོར་བ་སྟེ། མེའི་རྭ་བ་ནས་འདིའི་བར་སྒོམ་དོན་ལ་ཤིན་ཏུ་རྒྱ་ཆེ་བར་སྒོམ་པ་ལས་ཚད་མ་ངེས་ཀྱང་། གཟུགས་བརྙན་བཞེང་བ་ལ་བཟོ་ཉེས་དགག་པའི་ཆེད་དུ་ཚད་བཞག་ནས། འདིར་རྟ་བབས་བརྒྱད་མ་དང་བཞི་མ་འདམ་ཁར་མཛད་པའི་དབང་གིས་ཚད་ཀྱང་གཅིག་ཏུ་མ་ངེས་པས། བརྒྱད་མའི་ཚེ་ན་པདྨའི་ལྟེ་བ་ཟླུམ་པོའི་ཐད་ཀ་ལ་རྒྱར་ཆ་ཆེན་བཅོ་བརྒྱད་དང་། བཞི་མའི་ཚེ་ན་ཆ་ཆེན་བཅུ་དྲུག་ཡིན་ལ། གང་ལྟར་ཡང་པདྨའི་ལྟེ་བའི་ཁར་ཉི་མའི་དཀྱིལ་འཁོར་དྭངས་ཤིང་གསལ་བ་གེ་སར་གྱི་རྒྱ་དང་ཁད་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་མཐིང་ག་གྲུ་བཞི་པ་ཐད་ཀའི་རྒྱར་ཆ་ཆེན་བཅུ་གཉིས་དང་དཔངས་སུ་ཆ་ཆེན་གཅིག་པ། དེ་ལས་ཐོན་པའི་

p. 254

རྭ་རྣམས་ཤར་གྱི་རྭ་གསུམ་དཀར་བ་སོགས་ཕྱོགས་ཀྱི་མདོག་ཅན། ཚང་དབུས་རྭ་དཀྱིལ་སྦོམ་སར་ཆ་ཆེན་གཅིག་དང་རྩ་རྩེ་དེའི་ཕྱེད་ཆ་ལས་རྩེ་མོ་ཅུང་ཟད་ཇེ་ཕྲ་དང་། མཐའ་རྭ་གཉིས་དབུས་སྦོམ་སར་ཆ་ཕྲན་གསུམ་དང་རྩ་བ་ཆ་ཕྲན་གཉིས་རྩེ་མོ་རིམ་གྱིས་ཕྲ་བ། རིང་ཐུང་ནི་སྒོམ་དོན་དང་བཞེང་པ་གང་གི་ཚེ་ཡང་པདྨ་གེ་སར་གྱི་མཐའ་དང་དབུས་རྭའི་རྩེ་ཁད་མཉམ་ཞིང་། མཐའ་རྭ་གཉིས་དབུས་རྭ་དང་རིང་ཐུང་འདྲའང་གུག་པའི་ཆས་རྩེར་མ་སླེབས་པའོ། །བཞི་པ་གྲུ་བཞི་པ་ལ་ཞེས་པའི་དོན་རྩིག་པ་ནི། དཀྱིལ་འཁོར་གྱི་དབུས་ནས་ཆ་ཆེན་བཞི་བཞི་ཕྱིར་གཞལ་བའི་མཚམས་སུ་རྩིག་པ་སྲབ་འཐུག་ཆ་ཕྲན་གཅིག་དང་ལྡན་པ་ཁོར་མོར་གྲུ་བཞིར་བསླང་ཞིང་། རེ་ཁ་ལྔ་ཡང་སྒོམ་དོན་ལ་བརྩེགས་མ་དང་སྦྲགས་མའི་ལུགས་གཉིས་འབྱུང་བ། སྤྱི་ཙམ་དུ་གཉིས་ཀར་མི་འགལ་ཡང་། འདིར་སངས་རྒྱས་གསང་བས། ཕྱི་ནི་རིན་ཆེན་ལྔ་རུ་སྦྲགས། །ཞེས་པ་ལྟར་སྦྲགས་མར་མཛད་ཅིང་། རིམ་པའང་གཙོ་བོའི་དབང་གིས་ནང་ནས་དམར་དཀར་སེར་སྔོ་ལྗང་བའམ། དམར་ལྗང་སྔོ་སེར་དཀར་བ་གཉིས་གང་ལྟར་བྱས་ཀྱང་མི་འགལ་ཏེ། ཕན་ཚུན་རེག་ལ་མ་འབྱར་བའི་ཚུལ་དང་། དཔངས་ནི་རྟ་བབས་ཀྱི་དབང་ལས་མཐའ་གཅིག་ཏུ་མ་ངེས་པས་འདིར་བརྒྱད་མའི་ཚེ་ཆ་ཕྲན་གཅིག་གི་ལྷག་པའི་ཆ་ཆེན་གསུམ་དང་། བཞི་མ་ལ་ཆ་ཆེན་གཉིས་དང་ཆ་ཕྲན་གསུམ་མོ། །ལྔ་པ་འདོད་སྣམ་དང་ཞེས་པའི་དོན་ནི། རྩིག་པའི་ཕྱི་ངོས་སུ་འགྲམ་སྟེགས་ཀྱི་ཚུལ་རཏྣ་དམར་པོའི་སྣམ་བུ་དཔངས་དང་ཞེང་གཉིས་ཀ་ལ་ཆ་ཕྲན་གཉིས་རེར་མཉམ་པས་སྒོ་ཁྱུད་ཀྱི་རྩིག་པ་ལ་ཐུག་པར་བསྐོར་བ་ལ་མཆོད་པའི་ལྷ་མོ་རྣམས་གནས་ཏེ། དེ་ལ་ཆོས་དོན་ལས། ལོངས་སྤྱོད་འདོད་ཡོན་སྣམ་བུ་ལ། །གཟུགས་མཛེས་སྒྲ་སྙན་དྲི་མཆོག་དང་། །རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་དགྱེས་པར་རོལ། །ཞེས་པ་ལྟར་འདོད་ཡོན་གྱི་ལྷ་མོ་དྲུག་གམ། ཡང་ན་སྤྱི་དང་འདྲ་བར་རིག་མ་བཅུ་དྲུག་སྟེ། ཤར་སྟོད་ཀྱི་སྣམ་བུར་པི་ཝཾ་མ་སྔོན་མོ་དང་གླིང་བུ་མ་སེར་མོ། ཤར་སྨད་དུ་རྔ་ཟླུམ་མ་དམར་མོ་དང་རྫ་རྔ་མ་ལྗང་གུ། དེ་བཞིན་དུ་ལྷོར་སྒེག་མོ་སྔོན་མོ་དང་བཞད་མ་དམར་མོ་གཉིས་རང་རྒྱ་དང་། གླུ་མ་སེར་མོ་

p. 255

ཏིང་ཏིང་ཤག གར་མ་ལྗང་གུ་གར་རྒྱ། ནུབ་ཀྱི་སྣམ་བུར་མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་མ་དམར་མོ། དྲི་མ་ལྗང་གུ། བྱང་གི་སྣམ་བུར་གཟུགས་མ་དཀར་མོ་མེ་ལོང་། རོ་མ་དམར་མོ་ཟས་གཞོང་། རེག་མ་ལྗང་གུ་ན་བཟའ། ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་འཛིན་པ་སྟེ། དེ་ཐམས་ཅད་ཞི་ཚུལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ། སྒོ་ཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེའོ། །དྲུག་པ་ཕ་གུ་ཞེས་པའི་དོན་ནི། རྩིག་པའི་སྟེང་དང་འདོད་སྣམ་གྱི་ཕྱིར་བསྐོར་བའི་ལུགས་གཉིས་ལས་འདིར་སངས་རྒྱས་གསང་བས། ཕྱི་ཡི་རྩེ་ལ་ཕ་གུ་གཏོད། ཅེས་པ་ལྟར་རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་གཞི་སེར་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་མཛེས་པ་དཔངས་ཆ་ཕྲན་གཅིག་དང་། ཞེང་ཆ་ཕྲན་ཕྱེད་གཉིས་ཀྱི་ཕྱེད་པོ་རྩིག་པ་ལས་བད་ཀྱི་ཚུལ་དུ་ཕྱིར་འཕྱང་བ་སྟེ། འདེགས་བྱེད་ཀྱི་སེང་མགོ་དང་དེ་ལས་མུ་ཏིག་གི་དྲྭ་བ་འཕྱང་བར་འདོད་པ་ནི་སྒྱུ་དྲྭའི་དགོས་ཆོས་ཡིན་པས་འདིར་མི་དགོས་སོ། །བདུན་པ་དྲྭ་ཕྱེད་ཅེས་པའི་དོན་ནི། ཕ་གུའི་སྟེང་དུ་བྲེ་སྤུངས་སམ་ཀ་ཐུང་གཞུ་དང་བཅས་པ་ལ་དཔངས་ཆ་ཕྲན་ཕྱེད་གཉིས་ཙམ་རེ་ཡོད་པས་བཏེག་པའི་གསེར་གདུང་དཔངས་ཆ་ཕྲན་ཕྱེད་དང་ཞེང་ཆ་ཕྲན་གཅིག་པ་ཞིག་རྩིག་པའི་ཕྱི་མཐའ་དང་ཁད་མཉམ་དུ་གཏོང་བ་སྟེ། འདི་འདེགས་བྱེད་ཀྱི་ཀ་བ་ལ་སྒྱུ་འཕྲུལ་མཁན་པོ་རྣམས་བཅུ་དྲུག་གི་གྲངས་ངེས་མཛད་ཀྱང་འདིར་དེ་འདྲའི་ངེས་པ་མི་དགོས་ཤིང་གདུང་དང་འདེགས་ཀྱི་ཕྱི་ངོས་སུ་ཆ་ཕྲན་ཕྱེད་ཙམ་ཕྱིར་འབུར་བའི་གཟེར་ཡས་མས་རིམ་པ་བཞི་བཞི་བཏབ་པ་ལ་གསེར་སྐུད་དཀྲིས་ཏེ་འཕྲེད་ལ་འཐེན་ནས་བཅིངས་པ་ནི་གསེར་གྱི་སྐ་རགས་བཞི་ཞེས་གྲགས་ཏེ། གཞན་དུ་སྐ་རགས་དང་པོ་གཉིས་ལ་སྦྲགས་པའི་མ་ཀ་རའི་ཁ་ནས་དྲྭ་བ་འཕྱང་བར་འདོད་ཀྱང་འདིར་སྐ་རགས་བཞི་ནི་དྲྭ་བ་ནང་དུ་མི་འགྲོས་པའི་ཐབས་ཙམ་སྟེ། འདོགས་པའི་གནས་ནི་སངས་རྒྱས་གསང་བས། ལོགས་རྒྱན་ཕྱམ་མགོ་ཙི་པ་ཏྲའི། །ཁ་ནས་རིན་ཆེན་ཕྲེང་བ་ནི། །དྲྭ་བ་དྲྭ་བ་ཕྱེད་གྱུར་པ། །ཞེས་པས་གསེར་གདུང་གི་རྟེན་དུ་ནང་གི་ཐོག་འབུབས་ཀྱི་ཕྱམ་རྣམས་དཔངས་དང་ཕྱིར་འདོན་གྱི་ཆ་གཉིས་ཀ་ཆ་ཕྲན་ཕྱེད་ཙམ་པ་བྱས་

p. 256

ནས་བཀལ་བའི་ཕྱམ་སྣེ་ལ་ཙི་པ་ཏྲའི་གདོང་གི་རྣམ་པ་བརྐོས་པའི་ཁ་ནས་ནོར་བུ་དང་མུ་ཏིག་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་རྣམས་གསེར་སྐེད་ཀྱི་ཕྱི་ངོས་སུ་རིང་བ་རྣམས་ཕ་གུ་ལ་རེག་ལ་ཁད་པ་ཙམ་དུ་དཔྱངས་བ་སྟེ། དེའང་ཙི་པ་ཏྲའི་ཁའི་འགུག་གཅིག་ནས་གཅིག་གི་བར་སྦྲེལ་ཏེ་དཔྱངས་པ་ནི་དྲྭ་བ་དང་། ཁའི་དབུས་ནས་ཐུར་དུ་དཔྱངས་པའི་སྣེ་ལ་ནོར་བུ་སྦོམ་པོ་བཏགས་པ་ནི་དྲྭ་ཕྱེད་དེ། གཞན་ཡང་མེ་ཏོག་གི་ཕྲེང་བ་དང་། དར་དཔྱངས་མེ་ལོང་དང་ཟླ་ཕྱེད་རྔ་ཡབ་ཀྱི་རླུང་བསྐྱོད་དང་བཅས་པ་ཇི་ལྟར་རིགས་པས་བརྒྱན་པའོ། །བརྒྱད་པ་ཤར་བུར་བཅས་ཞེས་པའི་དོན་ནི། ཕྱམ་གྱི་སྟེང་དུ་ཆ་ཕྲན་གཅིག་ཙམ་གྱི་དཔངས་ལ་བབས་སམ་བྱི་རྩེའི་རྣམ་པ་ཇི་ལྟར་རིགས་པ་བཏང་བའི་སྟེང་དུ་འདོད་སྣམ་གྱི་ཕྱི་མཐའ་ནོན་པའི་བྱ་འདབ་ཕུབ་པའི་ནང་ཙམ་གྱི་འོག་ནས་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཤར་བུ་ཕྲེང་བ་དཀར་པོ་བསྒྲིགས་པའི་རྩེ་རྣམས་ཕྱམ་གྱི་མ་མཐའི་ཐད་ཀར་སླེབ་པ་ཙམ་བྱའོ། །དགུ་པ་མདའ་ཡབ་ཅེས་པའི་དོན་ནི། བྱ་འདབ་ཀྱི་རྩ་བ་གནོན་བྱེད་རྩིག་པའི་ཐད་དྲང་གི་ཐོག་མཐིལ་དུ་རིན་པོ་ཆེའི་སྤང་ལེབ་དཀར་པོ་གཡས་གཡོན་དུ་སྟག་སོ་རིས་ཀྱི་རིམ་པ་གསུམ་མམ་བཞི་ཡོད་པ་བསླངས་ནས་བསྒྲིགས་པ་ནི་པུ་ཤུ་མཆོད་རྟེན་བརྩེགས་སུ་གྲགས་པ་སྟེ། པད་འདབ་ཕྱེད་པར་བཤད་པ་དང་ཡང་གནད་གཅིག་གོ །བཅུ་པ་ཐོག་འབུབས་ནི། སངས་རྒྱས་གསང་བས། ཕུགས་ན་ཀ་བ་བརྒྱད་པོ་ཡིས། །གདུང་ཆེན་བ ཞི་ཡི་རྩེ་ནས་བཏེག །གདུང་ཆེན་བཞི་ཡི་རེའུ་མིག་ཀྱང་། །ཕྱམ་རྩ་ཉི་ཤུ་བརྒྱད་ཀྱིས་བཀབ། །དེ་བཞིན་དྲལ་ཐོག་ཅི་རིགས་པའོ། །ཞེས་གསུངས། དེ་ལ་ཐོག་མར་ཀ་བ་འཛུགས་ས་ངེས་པའི་ཆེད་དུ་ནང་གི་གཞི་བཤད་པར་བྱ་སྟེ། སྒོ་གཡབ་ཀྱི་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བ་དང་ཁོད་མཉམ་པ་ལས་སྒོ་ཕུགས་ཆ་ཕྲན་གཅིག་དང་། དེ་ལས་ཀྱང་གཞལ་ཡས་ཁང་གི་ནང་ཆ་ཕྲན་གཅིག་གིས་འཕགས་པས་ནང་གི་གཞི་འདོད་སྣམ་དང་མཐོ་དམའ་མཉམ་པར་སོང་ཞིང་དེའི་ཕྱིར་ཀ་བའི་ཚད་ཀྱང་རྟ་བབས་སྣམ་བུ་བརྒྱད་མའི་ཚེ་ན། ཀ་བ་རྣམས་ཀ་གདན་གཞུར་བཅས་ཀྱི་དཔངས་ལ་ཆ་ཆེན་གསུམ་དང་ཆ་ཕྲན་གཅིག ཡང་རྟ་བབས་བཞི་མའི་ཚེ་ན་ཆ་ཆེན་གཉིས་དང་ཆ་ཕྲན་གསུམ་སྟེ། གང་

p. 257

ལྟར་ཡང་ཞེང་ལ་ཆ་ཕྲན་རེ་ཡོད་པའི་རྡོ་རྗེས་མཚན་པའི་ནོར་བུ་རིན་པོ་ཆེའི་ཀ་བ་ཕྱོགས་ཀྱི་མདོག་ཅན་བརྒྱད་པོ་རྩ་ཐིག་དང་ཚངས་ཐིག་འཛོམས་ནས་གཡས་གཡོན་དུ་ཆ་མཉམ་གསུམ་རེ་གཞལ་བའི་སུམ་ཆ་ནང་མའི་ཕྱི་མཚམས་ཀྱི་རྩིག་པའི་ནང་ཙམ་དུ་ཀ་བ་རེ་རེ་སྟེ། ཕྱོགས་རེར་ཀ་བ་གཉིས་གཉིས་བཙུགས་ཏེ། དེ་ཉིད་སྣང་ཆེན་བརྒྱད་ལས་ཀྱང་། ཕྱོགས་ཀྱི་ཆ་རེ་རེ་ཞིང་རྩིག་པ་ལ་བརྟེན་པའི་རྡོ་རྗེའི་ཀ་བ་གཉིས་གཉིས་ཡོད་པས། ཞེས་པ་ལྟར་རོ། །དེ་དག་གི་སྟེང་དུ་དཔངས་ཆ་ཕྲན་གཅིག་པའི་ཏ་ལ་གདུང་བཞི་བསྣོལ་མཚམས་སུ་ཕེལ་ཀ་བསྒྲིགས་ནས་བཏང་བའི་སྣེ་བརྒྱད་པོ་ཀ་བ་བརྒྱད་ཀྱི་སྟེང་དུ་ཁེལ་བར་བྱས་པས་གསེར་གདུང་དང་གདུང་ཆེན་བཞིའི་སྣེ་ཐུག་པའི་སྟེང་ཁད་མཉམ་པར་འགྱུར་ཞིང་། དཔངས་ཆ་ཕྲན་ཕྱེད་ཙམ་པའི་ཕྱམ་ཉི་ཤུ་རྩ་བརྒྱད་ཀྱི་དབུས་ཀྱི་རེའུ་མིག་མ་གཏོགས་གཞན་བརྒྱད་པོ་ཕུབ། དེའི་སྟེང་དུ་ཆ་ཕྲན་གཅིག་ཙམ་གྱི་དཔངས་ལ་རིན་པོ་ཆེའི་སྤང་ལེབ་བསྒྲིགས་པའི་དྲལ་མ་དང་། ཐོག་སའི་ཚུལ་དུ་རིན་པོ་ཆེ་གཅལ་དུ་བཀྲམ་པ་བྱ་འདབ་དང་ཐོག་རྒྱུན་གཅིག་ཏུ་ཁོད་མཉམ་པར་འགྱུར་ལ། དེ་ནས་ཕྱུར་བུར་ཏོག་གིས་མཛེས་ཞེས་པས་རིའུ་མིག་དབུས་མ་མཐོངས་ཀར་བཞག་པ་དེའི་ཟུར་བཞིར་བཙུགས་པའི་ཀ་བ་སོགས་ཤིང་བརྩེགས་ཀྱི་བཀོད་པ་ཇི་ལྟར་མཛེས་པས་བཏེག་པའི་སྟེང་དུ་རྒྱ་ཕུགས་བཀལ་བའི་རྩེ་མོར་ནོར་བུ་རིན་པོ་ཆེའི་ཏོག་ལ་པདྨ་དམར་པོས་མཚན་པ་བྱ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལས། རྩེ་མོ་ནོར་བུ་འབར་བ་ལ། །རིགས་ཀྱི་མཚན་མས་རྒྱན་དུ་བྱས། །ཞེས་དང་། གསར་འགྱུར་ཐུགས་རྗེ་ཆེན་པོ་པདྨ་རྒྱས་པའི་སྒྲུབ་ཐབས་ལས་ཀྱང་། སྟེང་ཕྱུར་བུ་པདྨའི་ཏོག་དང་བཅས་པ། ཞེས་སོ། །བཅུ་གཅིག་པ་སྒོ་བཞི་པ་ཞེས་པའི་དོན་ནི། ཕྱོགས་བཞིའི་རྩིག་པའི་དབུས་སུ་ཚངས་ཐིག་ནས་གཡས་གཡོན་དུ་ཆ་ཕྲན་གཉིས་གཉིས་ཏེ་བསྡོམས་པས་ཞེང་ཆ་ཆེན་གཅིག་གི་ཧར་བཏོན་པ་ནི་སྒོ་དངོས་ཏེ། ཧར་གྱི་དཔངས་ནི་ཆ་ཕྲན་གཉིས་མར་དོར་བའི་མཚམས་ནས་རྟ་བབས་བརྒྱད་མར་ཆ་ཆེན་གཉིས་དང་ཆ་ཕྲན་གཅིག་གིས་གསུམ་གཉིས། རྟ་བབས་བཞི་མར་ཆ་ཆེན་གཉིས་ཡིན་ལ། དེ་ཉིད་ཀྱི་མདུན་དུ་སྒོ་ཁང་ནི་བྲིས་ཆ་ལ་ཇི་ལྟར་ཡོད་པ་

p. 258

བཞིན་དུ་སྒོའི་ཧར་གྱི་རྩིག་མཚམས་གཡས་གཡོན་ནས་མདུན་དུ་ཆ་ཆེན་གཅིག་རེ་འཐེན་པ་སྒོ་ཁྱུད། དེའི་རྩིག་སྣེ་གཉིས་ནས་ཆ་ཕྲན་གཉིས་རེ་དངོས་སུ་བཀྱེད་པ་སྒོ་འགྲམ། དེའི་ངོས་ནས་མདུན་དུའང་ཆ་ཕྲན་གཉིས་རེ་འཐེན་པ་སྒོ་ལོགས་སོ། །ཁྱུད་འགྲམ་ལོགས་གསུམ་ཀའི་རྩིག་དཔངས་ནི་འདྲ་སྟེ། སྒོའི་ཧར་ཚད་ལས་མས་སུ་ཆ་ཕྲན་གཉིས་པོ་བསྣན་པས་ཧར་གྱི་ཡ་མཐའ་དང་ཁད་མཉམ་ཞིང་། སྒོ་ལོགས་ཀྱི་རྩིག་མཚམས་ནས་དྲང་ཐད་ནང་དུ་ཆ་ཕྲན་ཕྱེད་གཉིས་རེ་གཞལ་མཚམས་སུ་ཞེང་ཆ་ཕྲན་ཕྱེད་དང་དཔངས་ཆ་ཕྲན་ཕྱེད་བརྒྱད་ཡོད་པའི་ཀ་བ་རེ་བཙུགས་པའི་སྟེང་དུ་ཆ་ཕྲན་ཕྱེད་དཔངས་ཀྱི་གདུང་དང་། དེའི་སྟེང་ཀ་ཐོག་ཀ་བཞག་གི་ཀ་ཐུང་ཆ་ཕྲན་གཅིག་གིས་བཏེག་པའི་གདུང་སྔར་དང་འདྲ་བ་ཞིག་བཀལ་བའི་སྟེང་དུ་སྒོ་ལོགས་ནས་ཡ་ཕུབས་ཀྱི་རྩིག་པ་འཁོར་ཞིང་། ཀ་ཐུང་གི་བར་དེ་ལ་དབུས་སུ་ལྔ་དང་གཡས་གཡོན་དུ་གསུམ་གསུམ་སྟེ་རྡོ་རྗེ་བཅུ་གཅིག་འགྲེང་བུར་བསྒྲིགས་པའི་དྲྭ་མིག་བྱ་སྟེ། སངས་རྒྱས་གསང་བས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་ནི་མ་རིག་མུན་པ་ལ། །ཡེ་ཤེས་མཐོངས་ཁུང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་དྲྭ་མིག་བྱ། །ཞེས་དང་། གསང་རྫོགས་ལས། བཅུ་གཅིག་རྡོ་རྗེ་ཆ་ཕྲན་གཅིག །ཅེས་པའི་དོན་ཏེ། ཡ་ཕུབས་འདེགས་བྱེད་ཀྱི་སྐོར་འདི་རྟ་བབས་བརྒྱད་མ་དང་བཞི་མ་ལ་ཁྱད་པར་མེད་ཅིང་། སྒོ་གླེགས་འཛུགས་ས་ལ་བཞེད་པ་མི་མཐུན་པ་མང་དུ་སྣང་ནའང་འདིར་སྒོ་ཁྱུད་ཀྱི་ནང་རྩ་ཐིག་གི་གནས་སུ་ཉིས་རལ་བུས་འབྱེད་ཀྱི་རྣམ་པ་ཅན་འཛུགས་ཏེ། རུ་གཞི་དང་ཡ་ཐེམ་མ་ཐེམ་སོགས་ནི་ཇི་ལྟར་རིགས་པས་མཛེས་པར་བྱའོ། །བཅུ་གཉིས་པ་རྟ་བབས་ནི། རྟ་བབས་བཞིས་བརྒྱན་ཞེས་གསུངས་པ་ཕྱོགས་ཀྱི་དབྱིབས་བསྟན་པ་སྟེ། འདིར་སྣམ་བུ་ལ་དམིགས་བསལ་མ་གསུངས་པས་ཇི་ལྟར་རིགས་པ་སྦྱར་བས་ཆོག་ཅིང་། འོན་ཀྱང་སྣམ་བུ་བཅུ་གཅིག་པ་སྔ་འགྱུར་གྱི་ཕྱོགས་འདིར་མཛད་པ་ཉུང་བས་བརྒྱད་མ་དང་བཞི་མ་གང་རིགས་ཏེ། སྙིང་པོ་མཛེས་རྒྱན་ལས། འདིར་རྟ་བབས་སྣམ་བུ་བཞི་མའི་དབང་དུ་བྱས་ལ། གཞན་དུ་བརྒྱད་མའང་བཀག་པ་མེད་དོ། །ཞེས་སོ། །དེ་ལ་སྒྱུ་འཕྲུལ་བཤད་རྒྱུད་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་

p. 259

ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཅེས་པས་རྒྱུ་འབྲས་ཀྱི་རྟ་བབས་གཉིས་གསུངས་པ་ལས། རྒྱུའི་རྟ་བབས་ནི། རྒྱས་པ་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་པས་སྒོར་འཇུག་པའི་ཐེམ་སྐས་ཏེ། སྒོ་གཡབས་དང་སྒོ་ཕུགས་ཀྱི་མཚམས་དང་། དེ་དང་སྒོ་དངོས་ཀྱི་ཕྱི་མཚམས་སུ་ཐེམ་སྐས་བཞི་བཞི་སྟེ་བརྒྱད་དོ། །འབྲས་བུའི་རྟ་བབས་ནི། སངས་རྒྱས་གསང་བས། སྒོ་ཁང་ཕྱི་ཟུར་བཞི་པོ་ན། །ཀ་བ་བཞི་བཞིས་གདུང་རྩ་ནི། །བརྒྱད་བརྒྱད་བཏེག་པ་རྟ་བབས་རྨང་། །ཞེས་པས་བྲིས་ཆའི་ཀ་བའི་སྣེ་མོ་བཞིས་སླེབ་སར་འདེགས་བྱེད་ཀྱི་ཀ་བ་བཞི་འཛུགས་ཏེ། ཆ་ཕྲན་གཅིག་པའི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་ཆ་ཕྲན་གཅིག་དང་། དེའི་སྟེང་ཀ་བ་གཞུ་དང་བཅས་པའི་དཔངས་ཆ་ཕྲན་ལྔ་སྟེ་བསྡོམས་པས་ཀ་དཔངས་ཆ་ཕྲན་བདུན་དང་ཞེང་ཆ་ཕྲན་གཅིག་ཡིན་ལ། དེའི་སྟེང་དུ་བི་མ་ལས། གདུང་དང་རྟ་བབས་བརྒྱད་ཆ་མཉམ། ཞེས་པ་ལྟར་དཔངས་ཞེང་ཆ་ཕྲན་གཅིག་རེ་ཡོད་པའི་གདུང་བཞི་བསྣོལ་མར་བཀལ་ཅིང་། འདིའི་རྒྱབ་གདུང་གི་སྣ་ནང་མ་གཉིས་འགྲམ་རྩིག་གི་ཕྱི་མཐའ་གདུང་ཁུང་བྲུས་ནས་བཏང་བས་དོན་ལ་གདུང་དུམ་བུ་གཉིས་ཡིན་ཡང་རིགས་བསྡུས་ནས་རྒྱབ་གདུང་ཞེས་གཅིག་ཏུ་བགྲངས་ལ། ཀ་རྒྱན་ནི་གླང་པོ་ཆེའི་སྟེང་དུ་སེང་གེའི་ལག་གཅིག་གིས་གླང་པོའི་སྤྱི་བོ་མནན་ཅིང་ལག་གཅིག་གྱེན་དུ་བརྐྱངས་པས་རྒྱབ་མདུན་གྱི་གདུང་སྣ་ཀ་བ་ལས་ཆ་ཕྲན་རེ་འཕྱར་བ་དེ་བཏེག་ཅིང་ཁ་ནས་རིན་པོ་ཆེའི་རྒྱན་འཕྱང་བའོ། །གདུང་གི་སྟེང་དུ་རྟ་བབས་འགེལ་ཏེ། སྣམ་བུ་བརྒྱད་མ་བྱ་དཀའ་ཞིང་དེས་བཞི་མ་ཡང་མཚོན་པར་ནུས་པའི་ཕྱིར་ཐོག་མར་བརྒྱད་མ་བཤད་པར་བྱ་སྟེ། སྒོ་ཚད་གཉིས་ལ་སྣམ་བུ་ཆ་མཉམ་པ་བརྒྱད་དུ་བྱ་བའི་རྒྱ་ཕུབས་ཉིད་མདུན་ངོས་སུའང་ཆ་ཕྲན་ཕྱེད་ཙམ་འཕྱར་དགོས་ལ། དེ་ལྷག་སྣམ་བུ་བདུན་པོ་མདུན་ངོས་སུ་མཚམས་གཅོད་བྱེད་ཀྱི་རེ་ཁ་འཐེན་པ་མ་གཏོགས་ཁད་མཉམ་ཞིང་། གཡས་གཡོན་གྱི་ཆ་བརྐྱང་བསྐུམ་གྱི་སྡོམས་ནི། རྟ་རྐང་གདུང་དང་ཁད་མཉམ་ལས། །ཆུ་སྐྱེས་སྒྲོམ་གཉིས་གཅིག་འཕྱར་ཞིང་། །ཟར་ཚགས་

p. 260

གཉིས་བསྐུམ་སྣ་མཆོང་ནི། །གཅིག་འཕྱར་ཆུན་འཕྱང་གཉིས་བསྐུམ་ཞིང་། །ཤར་བུ་རྒྱ་ཕུབས་གཉིས་རེ་རེ། །རིམ་འཕྱར་ཐམས་ཅད་ཆ་ཕྲན་ཚང་། །ཞེས་པ་ལྟར་ཏེ། གཡས་གཡོན་གྱི་འདོན་གྱི་ཆའི་ཡས་མས་རྣམས་རིན་པོ་ཆེའི་སྤང་ལེབ་ཀྱིས་དགག་དགོས་ཤིང་། དེ་ལ་རྟ་རྐང་ནི་གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུ་བསྒྲིགས་པ། ཆུ་སྐྱེས་ནི་རིན་པོ་ཆེ་དམར་པོའི་པད་འདབ་བསྒྲིགས་པ། སྒྲོམ་ཡས་མས་ཀྱི་རྟེན་གཞི་ཀ་ཐུང་གིས་སྦྲེལ་བ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ་བཙུགས་པ་སྟེ། དེ་གསུམ་མདུན་དུ་ཕྱི་ནང་གཉིས་ཀ་དང་གཡས་གཡོན་གྱི་ནང་རྣམས་གདུང་དང་ཁད་མཉམ་པས་སྒོ་ཁང་གི་རྩིག་པ་ལ་འཁོར་མོར་ཆ་ཕྲན་གཅིག་གིས་མ་རེག་པའི་བར་སྟོང་ནི་བྲིས་ཆའི་དུས་ཀྱི་མུན་སྣམ་དེ་ཡིན་ཞིང་། སྣམ་བུ་དེ་གསུམ་ནང་ཁོང་སྟོང་འབྲེལ་བའི་ཁོག་ཏུ་འོག་གི་ཀ་ཐོག་ཀ་བཞག་གི་ཀ་བ་བཞི་དང་། སྒོ་ལོགས་ཀྱི་རྩིག་པའི་ཐད་དྲང་གི་མདུན་གདུང་སྟེང་དུའང་ཀ་བ་གཉིས་ཏེ། དྲུག་གིས་བཏེག་པའི་གདུང་བཀལ་ལ་སྒོ་ཁང་དང་ཆ་མཉམ་དུ་ཐོག་ཕུབ་པས་སྒྲོམ་དང་སྒོ་ཁང་ཐོག་རྒྱུན་གཅིག་ཏུ་གྱུར་པའི་སྟེང་དུ་དཔངས་ཆ་ཕྲན་ཕྱེད་བཞི་རེ་ཡོད་པའི་ཀ་བ་བརྒྱད་ལས། སྒོ་ལོགས་ཀྱི་རྩིག་མཐའ་དང་ཐད་དྲང་གི་ཟུར་བཞི་དང་། སྒོ་ཁྱུད་ཀྱི་རྩིག་པའི་ནང་མཐའ་དང་ཐད་དྲང་གི་རྒྱབ་མདུན་བཞིན་ཀ་བ་རེ་བཙུགས་པས་ཆ་ཕྲན་ཕྱེད་པའི་གདུང་གྲུ་བཞི་པ་འདེགས་ཤིང་། རྒྱབ་ཕྱོགས་སྤངས་པའི་ཀ་གདུང་གི་ཕྱི་ངོས་ལ་སྒྲིལ་འཕྱང་མ་གཏོགས་པའི་སྣམ་བུ་གསུམ་པོ་སྤང་ལེབ་ཟུར་བསླང་ལྟར་སྦྲགས་པའི་རྟེན་དུ་ཁྱུང་མགོའ་སྣམ་བུ་ཕུབ་པས་ཟར་ཚགས་ཡན་ཆད་སྒོའི་སྟེང་གི་བསིལ་ཁང་དུ་འགྱུར་རོ། །དེ་ལ་ཟར་ཚགས་ནི་སྣ་མཆོང་ལས་དཔྱངས་པའི་རིན་པོ་ཆེ་དཀར་པོའི་དྲྭ་མིག སྣ་མཆོང་ནི་གཞི་སེར་པོ་ལ་ཕ་གུ་ལྟ་བུའི་རིན་པོ་ཆེའི་ཕྲས་མཛེས་པ། ཆུན་འཕྱང་ནི་གཞི་བར་སྟོང་ལ་སེང་མགོའ་ཁ་ནས་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་འཕྱང་བ། ཤར་བུ་ཁ་དོག་དཀར་པོ་གཞི་སྔོན་པོའི་སྟེང་དུ་བསྒྲིགས་པ། རྒྱ་ཕུབས་ཁྱུང་མགོ་ནི་བྱ་འདབ་དང་རྣམ་པ་འདྲ་བ་ལས་ཟུར་བཞིར་ཁྱུང་མགོའ་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་དང་བཅས་པ་དཔྱངས་པ་ཡིན་ལ། མདུན་དུ་སྣམ་བུ་རྣམས་གླང་རྒྱབ་ཀྱི་ཐད་དུ་ཆད་ཅིང་།

p. 261

དེ་ཉིད་ཀྱི་མིག་དབུས་མ་སྣམ་བུ་གསུམ་པའི་ཕྱི་ཐིག་དང་ཚངས་ཐིག་འཛོམས་ནས་སྟེང་དང་གཡས་གཡོན་དུ་ཆ་ཕྲན་གཉིས་རེ་ཟླུམ་པོར་ཕྱིན་ཅིང་སྒྲོམ་གྱི་མ་ཐ་ནས་མིག་གཡས་གཡོན་གཉིས་ཆ་ཕྲན་གཉིས་རེ་བཀྱེད་པ་སྟེ། མུ་རན་གྱིས་མཛེས་པར་བསྐོར་བ་སོགས་བྲིས་ཆ་ལ་ཇི་ལྟར་ཡོད་པ་ལྟར་བྱ་ཞིང་། མིག་དབུས་མར་ཆུ་སྲིན་གྱི་ཁ་ལས་དཔྱངས་པའི་དྲྭ་བ་དྲྭ་ཕྱེད་དང་། སྒོའི་ཡ་ཕུབས་ཀྱི་རྩིག་པའི་མདུན་དུ་བླ་རེས་འབུབས། སྒོ་ཁང་གི་ས་གཞི་དང་བསིལ་ཁང་གི་ནང་རྟ་བབས་འདེགས་བྱེད་ཀྱི་ཀ་གདུང་དང་བཅས་པ་རྣམས་ཕྱོགས་མདོག་ཡིན་ལ། བསིལ་ཁང་གི་སྟེང་གི་དབུས་སུ་པདྨ་དཔངས་ཆ་ཕྲན་གཅིག་དང་ཞེང་ཆ་ཕྲན་གཉིས་པའི་སྟེང་དུ་གདུགས་ཀྱི་ཡུ་བ་ཆ་ཕྲན་གཉིས་པ་གཙུགས་ཤིང་གདུགས་དངོས་ཏོག་བཅས་ལ་ཆ་ཕྲན་གཅིག་དང་། ཡུ་བའི་དབུས་ནས་མདུན་དུ་ཕྲེད་ལ་གཟེར་བུ་ཏོག་ཅན་བཏབ་པ་ལ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་བཀོན་པ། གཡས་གཡོན་དུ་གསེར་ལས་བྱས་པའི་རི་དྭགས་ཕོ་མོའི་གཟུགས་ཏེ་ཕོ་ནི་རྭ་དང་བཅས་པ་དང་མོ་རྭ་མེད་པ། འཁོརལོའི་ཐང་ཀའི་བསིལ་ཁང་གི་ནང་དུ་ཅོང་འདོགས་ཤིང་། གཎྜི་དང་རྡོར་དྲིལ་ཡང་བཞག་པར་བྱ་སྟེ། ཆོས་དོན་ལས། ཆོས་ཀྱི་འཁོར་ལོ་གཙོ་བོའི་བརྡའ། །རི་དྭགས་འཁོར་གྱི་བརྡའ་ཡིན་ལ། །ཅོང་ནི་ངེས་དོན་བརྡ་སྒྲ་ཡིན། །གཎྜི་དྲང་དོན་བརྡ་ཡིན་ཏེ། །རྡོར་དྲིལ་ཐབས་དང་ཤེས་རབ་བརྡ། །ཞེས་སོ། །དེས་མཚོན་ཏེ་རྟ་བབས་བཞི་མ་ནི་སྒོ་ཚད་གཅིག་ལ་སྣམ་བུ་བཞིར་ཕྱེ་སྟེ། སྣམ་བུ་འོག་མ་གཉིས་སྒོ་ཁང་དང་ཐོག་ཆ་མཉམ་དུ་འབུབས་ཤིང་། གོང་མ་གཉིས་བསིལ་ཁང་དུ་འགྱུར་ལ། གཡས་གཡོན་དུ་སྣམ་བུ་རྣམས་ཆ་ཕྲན་རེ་རེ་རིམ་པས་བསྐུམ་པ་མ་གཏོགས་འཁོར་མོར་འདོན་གྱི་ཆ་མེད་པས་བྱ་སླ་བར་ཟད་དོ། །བཅུ་གསུམ་པ་སྔར་མ་སྨོས་པའི་རྒྱན་གྱི་ཁྱད་པར་ནི། མདའ་ཡབ་ཀྱི་ཟུར་བཞི་དང་སྒོའི་བསིལ་ཁང་གི་མདུན་ཀ་ནང་མའི་ཕྱི་མཚམས་ཀྱི་ཐད་ཀའི་སྟེང་གཉིས་སུ་དར་ལྕེའི་ཤམ་བུ་དང་བཅས་པའི་གདུགས་དཀར་པོ་རྡོ་རྗེ་རིན་པོ་ཆེའི་ཏོག་ཅན་དང་། མདའ་ཡབ་ཀྱི་ཁོ་ར་ཁོར་ཡུག་དང་། རྟ་བབས་ཀྱི་སྟེང་གི་ཟུར་བཞི། རྟ་བབས་བཞི་མའི་སྣམ་བུ་གཉིས་པ་དང་བརྒྱད་མའི་སྒྲོམ་གྱི་སྣམ་བུའི་མཐའ་

p. 262

གཉིས་སུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་སྒྲེང་བ་སྟེ། རྒྱལ་མཚན་ནི་དབྱུག་པའི་རྩེར་ཏོག་གི་གདན་ཟླུམ་པོ་སྟེང་འོག་ཏུ་རེ་ཁཱའི་བང་རིམ་ཅི་རིགས་པ་དང་བཅས་པའི་སྟེང་དུ་དབུས་སུ་རྡོ་རྗེ་རིན་པོ་ཆ ེའི་ཏོག་བཀྱོན་པའི་ཏོག་གི་གདན་དང་དབྱུག་པའི་མཚམས་ནས་དྲིལ་བུ་དང་བཅས་པའི་དར་དཔྱངས་བཏགས་པ་བྲིས་ཆ་ལ་དེ་ཉིད་རླུང་གིས་བསྐྱོད་པས་སུམ་འཁྱོག་ཏུ་ལྡིང་བ་ཡིན་ལ། བ་དན་ནི་དེ་དང་འདྲ་བ་ལས་ཏོག་གི་གདན་མི་དགོས་པ་ཁྱད་པར་རོ། །གཞན་ཡང་རྔམ་གློག་ལས། རྟ་བབས་རྣམས་ཀྱི་རྩེ་མོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོག །ཅེས་པས་དབུས་འཕྱུར་བུའི་རྩེ་མོའི་ཏོག་ནས་གསེར་གྱི་ཐི་གུ་མདའ་ཡབ་སྟེང་གི་བ་དན་ལ་དཀྲིས་པ་རྟ་བབས་ཀྱི་རྩེ་མོའི་གདུགས་ཀྱི་བར་དུ་འཐེན་པ་ལ། གསེར་གྱི་དྲིལ་བུ་རླུང་བསྐྱོད་ཅན་གྱི་འཕྲེང་བས་བརྒྱན་པ་དང་། ཕྱི་རོལ་གྱི་རྒྱན་དཔག་བསམ་གྱི་ཤིང་ལ་གནས་པའི་རིན་པོ་ཆེ་བདུན་དང་རྟགས་བརྒྱད་སོགས་ཀྱང་སྤྱི་དང་མཐུན་པར་འགོད་པ་སོགས་དཀྱིལ་འཁོར་གྱི་ཆོས་རྣམས་མ་ཚང་བ་མེད་པས་མཚན་ཉིད་ཀུན་དང་ཡང་དག་པར་ལྡན་པའོ། །བཅུ་བཞི་པ་སྙིང་པོའི་ཕོ་བྲང་ནི། གཞལ་ཡས་ཁང་གི་ནང་གི་གཞི་ཐམས་ཅད་པདྨ་རཱ་གའི་རང་བཞིན་ཅན་དམར་པོ་རྐང་པ་བཏེག་ན་འཕར་ཞིང་མནན་ན་ནེམ་པ་སྙམ་བྱེད་པ་ལ་ཨུཏྤལ་དམར་པོ་བཅལ་དུ་བཀྲམ་པའི་གྲྭ་བཞིར་བུམ་པ་བཟང་པོ་ཐོད་པ་བདུད་རྩིས་གང་བས་མཚན་པ། ལྟེ་བར་པདྨ་དམར་པོ་འདབ་མ་གྱེན་དུ་འཕགས་པའི་ཕྲེང་བ་ཡིས་ཟླུམ་པོའི་རྣམ་པར་བསྐོར་བའི་དབུས་ཀྱི་གེ་སར་གྱི་རྒྱ་དང་མཉམ་པའི་པདྨ་རཱ་ག་ལས་གྲུབ་པའི་གཞི་ཁོད་སྙོམས་པར་གནས་པའི་དབུས་སུ་རྒྱུའི་ཧྲཱིཿལས་ཨེ་ཡིག་ཟུང་ཆད་པ་ཡོངས་སུ་གྱུར་པ་ལ། འོག་མ་ཤེས་རབ་དང་གོང་མ་ཐབས་མཚོན་པའི་ཆོས་འབྱུང་སྟེ། གཉིས་ཀ་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་ཅན། ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་རྒྱས་པ་གྱེན་དུ་བསྟན་པ་ཉིས་བརྩེགས་ཟུར་བསྣོལ་ཞིང་འབྲེལ་བས་ཟུར་དྲུག་ཏུ་སོང་བའི་ནང་གི་བར་སྣང་ལ་དགའ་བ་འཁྱིལ་བ་རེ་རེ་འཁོར་བ་སྟེ། འདི་སྒོམ་པའི་ཚེ་གསལ་ལ་སྒྲིབ་པ་མེད་པས་ཇི་ལྟར་བྱས་ཀྱང་

p. 263

བདེ་མོད་ཀྱི། དེ་ལྟ་ནའང་བློས་བསླང་གི་བཀོད་པ་བཟོ་བ་སོགས་ཀྱི་དུས་བཟོ་ཉེས་འགོག་ཕྱིར་ཆོས་འབྱུང་གི་སུམ་ཆ་གཉིས་ཙམ་གཞལ་ཡས་ཁང་གི་འོག་བཞིར་བྲུས་ཐབས་དང་སུམ་གཅིག་ནང་དུ་འཕགས་པའམ། ཡང་ན་གདན་ཐབས་ལྟ་བུ་བྱས་ཀྱང་རྣམ་པ་གསལ་བར་འགྱུར་ཞིང་ཆོས་འབྱུང་གོང་མའི་དབུས་སུ་ཆགས་པའི་སྐྱོན་དང་བྲལ་བའི་པདྨའི་སྡོང་པོ་སྐྱེས་པ་ལས་འདབ་མ་ཕྱོགས་ཀྱི་མདོག་ཅན་བཞི་རྩེ་མོའི་ཆ་ཅུང་ཟད་ནང་དུ་ལངས་པ་གེ་སར་གྱི་ཟི་ཕོལ་དང་མཉམ་པར་གྱུར་པའི་དབུས་ཀྱི་གཞིའང་དམར་པོའོ། །དེ་ལ་དག་རྫོགས་སྨིན་གསུམ་གྱི་རྣམ་བཞག་སྤྱི་ཙམ་སྔར་ཡང་བཤད་མོད་ཀྱི། འོན་ཀྱང་མཚོན་བྱེད་ཀྱི་རྣམ་པ་དེ་དང་དེའི་དག་པ་ནི་གང་དང་གང་སྒོམ་པའི་ཚེ་དྲན་པར་བྱ་དགོས་པས་ན་སོ་སོའི་དག་པ་མདོ་ཙམ་འདིར་ཡང་བརྗོད་དེ། གཞི་དུས་སུ་སྙིང་པོའི་ཕོ་བྲང་གི་ཆོས་འབྱུང་འོག་མ་ནི་མངལ་སྐྱེས་དང་སྒོང་སྐྱེས་གཉིས་ཀྱི་མའི་ལུས་དང་། སྐྱེ་གནས་གཞན་གཉིས་པོའི་གནས། ཆོས་འབྱུང་གོང་མས་རིམ་པར་མངལ་དང་སྒོ་ངའི་ཁྱིམ་གྱི་མདོག་དབྱིབས། ཕྱི་དཀར་བ་དང་ནང་དམར་བས་སྐྱེ་གནས་གཞན་གཉིས་པོའི་གཤེར་དྲོད་དམ་གསལ་བདེའི་ཆ་སྟེ་སྐྱེ་བ་རྣམ་པ་བཞིའི་གནས་ཀྱི་བག་ཆགས་སྦྱོང་བར་བྱེད་དོ། །འབྲས་དུས་སུ་འོག་མས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དང་། གོང་མས་དེའི་རང་གདངས་སྙིང་རྗེ། གཉིས་ཀའི་ཕྱི་དཀར་ཞིང་ནང་ད མར་བ་ཟག་མེད་ཀྱི་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོ། དེ་གཉིས་བརྩེགས་ཏེ་བསྣོལ་བ་ནི་བདེ་སྟོང་སྙིང་རྗེ་གསུམ་ལྡོག་པས་ཕྱེ་བ་ལས་ངོ་བོ་སེམས་དང་ཡེ་ཤེས་རང་སྣང་བ་ཙམ་དུ་རོ་མཉམ་པ། འོག་མའི་ཟུར་གསུམ་རྣམ་ཐར་སྒོ་གསུམ་དང་། དེའི་འོག་གི་ཟུར་ནི་སྒོ་བཞི་པ་འདུས་མ་བྱས་ཀྱི་རྣམ་ཐར། གོང་མའི་ཟུར་གསུམ་སྙིང་རྗེ་རྣམ་པ་གསུམ་དང་། དེའི་འོག་གི་ཟུར་ནི་བདེ་ཆེན་གྱི་སྙིང་རྗེ་སྟེ། གཞི་དུས་ཀྱི་འགྱུར་བདེ། ལམ་དང་འབྲས་དུས་ཀྱི་མི་འགྱུར་བའི་བདེ་ཆེན་ནོ། །དེ་ལ་རྣམ་ཐར་སྒོ་གསུམ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་དང་། དེའི་རྩལ་མ་འགགས་པར་སྣང་ཡང་རྒྱུ་རྐྱེན་མི་དམིགས་པའི་མཚན་མེད་དང་། འབྲས་བུ་རང་བཞིན་མ་གྲུབ་པས་དེར་

p. 264

སྨོན་མེད་པའི་རྣམ་ཐར་གྱི་སྒོའོ། །སྙིང་རྗེ་གསུམ་ནི། སེམས་ཅན་སྡུག་བསྔལ་ལས་འདོན་འདོད་སེམས་ཅན་ལ་དམིགས་པ། སེམས་ཅན་རྣམས་ཕྲ་བའི་མི་རྟག་པ་སྐད་ཅིག་གིས་སྐྱེ་འཇིག་ཅན་ལས་སྐྱོབ་འདོད་ཆོས་ལ་དམིགས་པ། མེད་སྣང་འཁོར་བར་འཁྱམས་པ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་ཤར་བ་ནི་དམིགས་མེད་ཀྱི་སྙིང་རྗེའོ། །གཞན་ཡང་ཆོས་འབྱུང་གཉིས་པོ་སྤྱིར་ཟུར་བཞི་ཡིན་ཡང་ཕྱོགས་གང་ནས་བལྟས་ཀྱང་ཟུར་གསུམ་དུ་སྣང་བས་གཞི་དུས་ཀྱི་སྒོ་གསུམ། ལམ་དུས་ཀྱི་རྡོ་རྗེའི་རྣལ་འབྱོར་གསུམ། འབྲས་དུས་སུ་སྐུ་གསུམ་དང་། བསྣོལ་བའི་ཟུར་དྲུག་ནི་ཁམས་དྲུག་རྣམ་པར་དག་པ་དགའ་འཁྱིལ་དྲུག་ནི་ཕར་ཕྱིན་དྲུག་རྫོགས་པ་སྟེ། གཞན་དུ་གོ་ཆའི་ལྷ་མོ་དྲུག་གི་རང་བཞིན་དུའང་འཆད་དོ། །རེ་རེའང་ཡན་ལག་བཞི་བཞི་སྟེ་ཉི་ཤུ་རྩ་བཞི་ཁམས་ཉི་ཤུ་རྩ་བཞི་རྣམ་པར་དག་པའོ། །དེའི་དབུས་ཀྱི་པདྨ་ནི་འཁོར་བར་གནས་ཀྱང་འཁོར་བའི་ཆགས་པས་མ་གོས་པ་དང་། དེའི་སྙིང་པོ་དམར་པོ་ནི་འདོད་ཆགས་ཆེན་པོའི་དམ་ཚིག་ལས་བྱུང་བ་མཚོན་པའོ། །ཡང་སྙིང་པོའི་ཕོ་བྲང་རྣམས་བསྡོམས་ཏེ་དག་པ་རྩི་ན། གཞི་དུས་སུ་ཆོས་འབྱུང་འོག་མ་ཡིད། གོང་མ་ངག པདྨ་ལུས་ཏེ་སྒོ་གསུམ། ལམ་དུས་སུ་ཐུགས་གསུང་སྐུ་སྟེ་རྡོ་རྗེ་གསུམ་གྱི་རྣལ་འབྱོར། འབྲས་དུས་སུ་སངས་རྒྱས་སྐུ་གསུམ་མམ་དཀོན་མཆོག་གསུམ་སྟེ། འོག་མ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའམ་སངས་རྒྱས་དཀོན་མཆོག གོང་མ་མཉམ་ཉིད་ཡེ་ཤེས་བདེ་བ་ཆེན་པོ་ལོངས་སྐུའམ་ཆོས་དཀོན་མཆོག པདྨ་ནི་འཁོར་བར་མ་ཆགས་པར་འགྲོ་དོན་མཛད་པ་བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུའམ་དགེ་འདུན་དཀོན་མཆོག སྐུ་གསུམ་གྱི་དབང་དུ་དཀྱིལ་འཁོར་སོ་སོར་བརྩེགས་པ་ནི་མེ་ལོང་ཡེ་ཤེས་མངོན་བྱང་གི་སྐུར་སྣང་ཆ་མ་འདྲེས་པར་འཆར་བ་དང་། ཐམས་ཅད་པདྨའི་ཕྲེང་བས་གཅིག་ཏུ་བསྐོར་བ་ནི་སྐུ་གསུམ་ཡང་སོ་སོར་རྟོག་པའི་ཡེ་ཤེས་རྡོ་རྗེའི་སྐུར་དབྱེར་མི་ཕྱེད་པ་མཚོན་ཅིང་། དཀོན་མཆོག་གསུམ་གྱི་དབང་དུ་དཀྱིལ་འཁོར་གསུམ་བརྩེགས་ཤིང་པདྨས་བསྐོར་བ་ནི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ལ་དཀོན་མཆོག་གསུམ་ཚང་བའི་དོན་ཏེ། རྒྱུད་བླ་མར། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །

p. 265

ཞེས་སོ། །གྲྭ་བཞིའི་བུམ་ཐོད་ནི་སེམས་ཅན་གྱི་ཁམས་སུ་དགོས་དགུ་ལྷུན་གྱིས་གྲུབ་པའོ། །གཞལ་ཡས་ཁང་གི་རྒྱུ་རིན་པོ་ཆེ་ལས་གྲུབ་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་བྱའི་རེ་བ་སྐོང་བའོ། །དབྱིབས་གྲུ་བཞི་པ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་མི་ཉམས་པ་མེད་པའོ། །ནང་གི་གཞི་དམར་པོར་སྣང་བ་ནི་ཆོས་དབྱིངས་ཡེ་ཤེས་ཉིད་ཀྱང་གདུལ་བྱའི་དབང་གིས་པདྨའི་རིགས་སུ་སྣང་བའོ། །སྒོ་ཁང་གི་གཞི་སོགས་ཕྱོགས་མདོག་ཅན་རྣམས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞིའོ། །སྒོ་བཞི་ནི་ཕྲིན་ལས་རྣམ་པ་བཞིའི་ས་ནས་ཚད་མེད་པ་བཞིས་བདེ་བ་ཆེན་པོའི་ཕོ་བྲང་དུ་འདྲེན་པའམ། རྒྱུ་འབྲས་བྱེད་པ་ངོ་བོ་བཞིས་སྟོང་པའི་རྣམ་ཐར་བཞིའི་ས་ནས་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་འཇུག་པའོ། །ལམ་སྟེགས་ཀྱི་རྟ་བབས་བརྒྱད་ནི་ཐེག་པ་བརྒྱད་བགྲོད་ནས་གཉིས་སུ་མེད་པའི་ཐེག་པ་འདིར་བགྲོད་པའོ། །འབྲས་བུའི་རྟ་བབས་བཞི་ནི་བསྡུ་བའི་དངོས་པོ་བཞིའོ། །དེ་རེ་རེ་ལ་སྣམ་བུ་བརྒྱད་དམ་བཞི་ནི་ཐེག་པ་བརྒྱད་དམ་བཞིའི་གྲུབ་མཐའི་ཡོན་ཏན་རྫོགས་པའོ། །ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བས་ན་འཁོར་ལོ་ལ་སོགས་པའི་བརྡ་དྲུག་གོ །འདོད་སྣམ་དུམ་བུ་བཞི་ནི་དྲན་པ་ཉེར་བཞག་བཞི། རྟ་བབས་འདེགས་བྱེད་ཀྱི་ཀ་བ་ཕྱོགས་རེར་བཞི་བཞི་གནས་པ་ནི་ཡང་དག་སྤོང་བ་བཞི། སྒོ་ཁང་བཞི་ནི་རྫུ་འཕྲུལ་རྐང་པ་བཞི། རྩིག་པ་རིམ་པ་ལྔ་ནི་དབང་པོ་ལྔ། ཕ་གུ། བྲེ་ཕུལ་གྱི་སྣམ་བུ། ཤར་བུ། མདའ་ཡབ། ཕྱུར་བུ་ལྔ་ནི་སྟོབས་ལྔ། རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད། མེ་ཏོག་གི་ཕྲེང་བ། དར་དཔྱངས། མེ་ལོང་། ཟླ་གཟུགས། རྔ་ཡབ་སྟེ་རྒྱན་རྣམས་ནི་བྱང་ཆུབ་ཡན་ལག་བདུན། ནང་གི་ཀ་བ་བརྒྱད་དང་སྒོ་གདོང་གི་དོམ་ཀ་བརྒྱད་སོགས་ཀ་བ་བརྒྱད་ཚན་རྣམས་ནི་འཕགས་ལམ་ཡན་ལག་བརྒྱད་ཀ་གཞུ་རྣམས་ནི་རྣམ་པར་ཐར་པ་བརྒྱད། གདུང་བཞི་ནི་མི་འཇིགས་པ་བཞི། ནང་གི་ཕྱམ་ཉེར་བརྒྱད་ནི་སྟོང་ཉིད་བཅོ་བརྒྱད་དང་ཕར་ཕྱིན་བཅུའམ། ཡང་ན་སྟོབས་བཅུ་དང་མ་འདྲེས་པའི་ཆོས་བཅོ་བརྒྱད། དྲལ་ཐོག་ནི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་འཕྱུར་བུ། འདེགས་བྱེད་བཞི་ནི་སོ་སོ་ཡང་དག་པར་རིག་པ་བཞི། རྩེ་མོའི་ཏོག་ནི་

p. 266

སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བ། དེ་བཞིན་དུ་བླ་རེ་ནི་ཆོས་ཉིད་རྣམ་པར་དག་པ། གདུགས་ནི་ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོབ་པ། བ་དན་ནི་སྙིང་རྗེ་ཆེན་པོ། རྒྱལ་མཚན་ནི་བདུད་ལས་རྣམ་པར་རྒྱལ་ཞིང་ཆོས་མི་ནུབ་པ། དྲིལ་བུ་ནི་སྟོང་ཉིད་ཀྱི་ཆོས་སྒྲ་སྒྲོག་པ། འོད་ཟེར་ཀུན་ཏུ་འཕྲོ་བ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། ཕྱི་དང་ནང་མེད་པ་ཀུན་ཏུ་དྭངས་གསལ་མི་སྒྲིབ་པར་སྣང་བ་ནི་ཐམས་ཅད་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་གྱུར་པ། འོག་གཞི་སྣ་ཚོགས་རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དབྱེར་མི་ཕྱེད་པའི་ཡེ་ཤེས། རྭ་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པ། ཉི་གདན་ནི་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད། པད་ཕྲེང་ནི་ཉེས་སྐྱོན་གྱིས་མ་གོས་པའི་ཆོས་ཉིད། དུར་ཁྲོད་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་རང་སར་དག་པ་དང་སྒྱུ་མ་ལྟ་བུའི་དཔེ་བརྒྱད་ཀྱི་མཚོན་བྱེད། རྡོ་རྗེའི་རྭ་བ་ནི་ཅིས་ཀྱང་མི་ཤིགས་པའི་རང་བཞིན་མི་རྟོག་པའི་ཡེ་ཤེས། མེ་དཔུང་ནི་ཡེ་ཤེས་ཀྱི་མེས་ཕྱིན་ཅི་ལོག་གི་བདུད་དང་ཉོན་མོངས་པ་བསྲེག་པ་སྟེ། མདོར་ན་ཟག་པ་མེད་པའི་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དོག་པ་མེད་པར་ཀུན་ཏུ་ཡངས་པས་ཆོས་ཀྱི་དབྱིངས་མཐའ་ཀླས་པར་ཁྱབ་ཅིང་། ཐམས་ཅད་དབྱིངས་རིག་གམ་བདེ་གསལ་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ཙམ་དུ་མཚོན་པའོ། །དེར་མ་ཟད་གཞི་ལམ་འབྲས་གསུམ་སོ་སོ་དང་སྦྱར་བའི་དག་པ་དང་དེ་དག་ལས་འཕྲོས་པ་ཇི་སྙེད་པ་ཞིག་འབྱུང་ཡང་སྒོམ་ཐེངས་གཅིག་ལ་མཐའ་དག་དྲན་པར་མི་ནུས་ཤིང་ཐམས་ཅད་བཤད་པས་ཀྱང་མི་ལང་པའི་ཕྱིར་དེ་ཙམ་མོ། །གསུམ་པ་ལྷ་སོ་སོའི་གདན་བསྐྱེད་པ་ནི་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བ་ལེན་པར་འགྱུར་བའི་གནས་མའི་པདྨ་དང་ཕ་མའི་ཁུ་ཁྲག་དྲོད་གཤེར་ལ་སོགས་པའི་ཞེན་རྟོག་སྦྱོང་བར་བྱེད། སྦྱངས་འབྲས་སངས་རྒྱས་སྤྲུལ་པའི་སྐུས་འཁོར་བའི་གནས་སུ་གང་འདུལ་གྱི་རྣམ་པར་འཕྲུལ་པས་སྤྱོད་ཀྱང་ཉེས་སྐྱོན་གྱིས་མི་གོས་པ་དང་། ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་མཐར་ཕྱིན་པ་ཉིད་ཡིན་ལ། སྦྱོང་བྱེད་ནི། སྙིང་པོའི་ཕོ་བྲང་གི་པདྨོའི་

p. 267

དབུས་སུ་དེ་ཉིད་ཀྱི་འདབ་མ་ལས་ཅུང་ཟད་མཐོ་བའི་གཙོ་བོའི་གདན་གྱི་པདྨ་རང་གི་འདབ་མའི་རྩེ་མོ་ལངས་པ་གེ་སར་གྱི་ཟི་ཕོལ་དང་མཉམ་པ། ལྟེ་བའི་ཟེའུ་འབྲུ་གེ་སར་ལས་ཀྱང་ཅུང་ཟད་མཐོ་ཞིང་། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ་ར་རི་མེད་པ་གཉིས་བརྩེགས་པ་པདྨའི་ལྟེ་བ་དང་མཉམ་པར་བསྒོམས་ལ། འཁོར་རྣམས་ཀྱི་གདན་ནི་སྐབས་འདིར་གསལ་ཁ་མི་འབྱུང་ནའང་སྦྱིན་སྲེག་ཏུ་མཁའ་འགྲོ་བཞི་ལ་གདན་ཉིས་བརྩེགས་བཤད་པའི་རིགས་པས་འདིར་ཡང་རིགས་བཞིའི་མཁའ་འགྲོའི་གནས་པད་འདབ་བཞི་དང་། ཕྲ་མེན་བཞིའི་གནས་སྒོ་ཕུགས་ཀྱི་ཁྱམས་རྣམས་སུ་པདྨ་དང་ཉི་མའི་གདན་རེ་རེ་སྟེ་གཞི་འབྲས་སྦྲེལ་བའི་དག་པ་དང་སྦྱར་ནས་སྒོམ་ཞིང་། ལམ་གོང་མའི་ཚེ་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་སྟེ། འབར་འཛག་གི་ཞུ་བདེ་དང་། ཡང་ན་ཤེས་རབ་མའི་པདྨའི་ལྟེ་བར་ཉི་མ་བྱང་ཆུབ་ཀྱི་སེམས་གནས་པ་ལ་ཡབ་ཀྱི་ཀུནྡཱ་བརྟེན་པའི་རིམ་པས་པད་ཉི་ཟླ་བ་སྟེ། དེ་བསྒོམས་པས་རྫོགས་རིམ་གྱི་དུས་སུ་གཏུམ་མོ་དང་ཕྱག་རྒྱའི་ལམ་ལ་བརྟེན་ནས་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་འདིང་བས་ན་སྨིན་བྱེད་དུ་འགྲོའོ། །གཉིས་པ་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ཏེ། གཙོ་བོ་བསྐྱེད་པ་དང་། འཁོར་བསྐྱེད་པའོ། །དང་པོ་ལ། ཇི་ལྟར་བསྐྱེད་པའི་ཆོ་ག་དང་། བསྐྱེད་པ་ལྷའི་མཚན་ཉིད། ཡན་ལག་གི་ལྷ་བསྐྱེད་པའོ། །དང་པོ་ནི། སྤྱིར་མངལ་སྐྱེས་ཀྱི་དབང་དུ་ཕ་མའི་ཁུ་ཁྲག་དང་། དྲི་ཟའི་སེམས་:ཉིང་ཉེར་ལེན་དང་ཉེར་ལེན་ཅན་དུ་གྱུར་པ་ལས་གཞི་དུས་ཀྱི་ལྷར་རྫོགས་ཚུལ་ལ་རྒྱས་འབྲིང་བསྡུས་གསུམ་དུ་སྣང་བ་ལས། རྒྱས་པ་ལྟར་ན་མངོན་བྱང་ལྔའི་ཆོ་ག་སྟེ། དེ་ནི་འདིའི་རྩ་ཁྲིད་ཀྱི་བསྐྱེད་རིམ་དུས་ཡེ་ཤེས་སེམས་དཔའི་བསྐྱེད་ཆོག་ཏུ་གསུངས་པ་ལྟ་བུ་ཡིན་ལ། དེ་ཡང་ཟླ་བ་ནི་ཕའི་ཁུ་བ་མཚོན་པ་སྟེ་ཁམས་དཀར་པོ་རྣམ་པར་དག་པའི་དགའ་བ་བཅུ་དྲུག་ཡས་བབས་ཀྱི་ཚུལ་དུ་ཤར་བའི་ཡེ་ཤེས་ནི་དང་པོ་སེམས་སོ་སོར་རྟོག་པ་ལས་མངོན་པར་བྱང་ཆུབ་པ་ཟླ་བ་ལྟ་བུའོ། །ཉི་མ་ནི་མའི་རྡུལ་ཏེ་ཁུ་རྡུལ་གཉིས་ཀ་

p. 268

རྣམ་པར་དག་པའི་ཡེ་ཤེས་ལྷན་སྐྱེས་མཐར་ཕྱིན་པ་མས་བརྟན་གྱི་རང་བཞིན་ཅན་ཕུང་ལྔ་འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཡེ་ཤེས་ལྔ་ཚད་མེད་བཞིས་ཕྱེ་བའི་ལམ་མཐར་ཐུག་གི་ཡེ་ཤེས་སྟོང་ཉིད་ཉི་ཤུར་དག་པ་ནི་གཉིས་པ་བྱང་ཆུབ་ཀྱི་སེམས་ལས་མངོན་པར་བྱང་ཆུབ་པ་ཉི་མ་ལྟ་བུ་དང་། ཉི་ཟླའི་བར་གྱི་ས་བོན་ནི་བར་སྲིད་དེ་ཁུ་རྡུལ་གཉིས་དག་པའི་རྗེས་སུ་རླུང་ཐམས་ཅད་ཐིམ་པའི་ཡེ་ཤེས་སྟོང་ཉིད་མཐར་ཐུག་གསུམ་པ་བརྟན་པའི་རྡོ་རྗེ་ལས་བྱང་ཆུབ་པ་དང་། ཉི་ཟླ་ས་བོན་གསུམ་འདྲེས་པ་ནི་ཁུ་རྡུལ་སེམས་གསུམ་འདྲེས་པ་མཚོན་ཞིང་། སྤྲོ་བསྡུ་ནི་རླུང་སོགས་ཀྱི་རིམ་པས་ལུས་བསྐྱེད་པ་སྟེ་ཁུ་རྡུལ་རླུང་གསུམ་དག་པའི་ཡེ་ཤེས་ཉིད་ཤེས་བྱ་ཀུན་ལ་ཁྱབ་པ་ནི་བཞི་པ་རྡོ་རྗེའི་བདག་ཉིད་ལས་མངོན་པར་བྱང་ཆུབ་པ་དང་། ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པ་ནི་ལུས་གྲུབ་པ་སྟེ་རྫོགས་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་རྒྱུད་ལ་སྐྱེས་པ་ན་འབྲས་ཆོས་ལྔ་མཁའ་ཁྱབ་ཏུ་གྱུར་པ་ནི་ལྔ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་ལས་མངོན་པར་བྱང་ཆུབ་པ་ཡིན་ལ། དེ་ལྟར་སངས་རྒྱས་ཀྱི་ཉེ་རྒྱུའི་ལམ་གྱི་ཏིང་ངེ་འཛིན་མངོན་པར་བྱང་ཆུབ་པ་ལྔ་ཐུགས་སུ་ཆུད་པས་ཡེ་ཤེས་ལྔའི་རང་བཞིན་འབྲས་བུའི་ངོ་བོར་སངས་རྒྱས་པ་སྟེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །འབྲིང་པོ་ལྟར་ན་མངོན་བྱང་བཞི་སྟེ། འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ་ས་བོན་བསྡུ་བ། དེ་ལས་རིམ་གྱིས་ལུས་གྲུབ་པ་གཟུགས་རྫོགས་པ། བཙས་ནས་ཕྱི་རོལ་དུ་དབང་པོ་ཡུལ་ལ་སད་པ་ནི་ཡི་གེ་འགོད་པ་སྟེ། ཧེ་རུ་ཀ་ཀལྤོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་ལ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་འབྱུང་བ་བཞིན་ནོ། །བསྡུས་པ་ལྟར་ན་ཆོ་ག་གསུམ་བསྐྱེད་དོ། །དེ་ལྟར་གསུམ་ལས་འདིར་ཕྱི་མ་སྟེ། དེ་ལ་སྦྱང་བྱ་ནི། སྒེག་པའི་རྡོ་རྗེས། རྣམ་ཤེས་

p. 269

ལྷུམས་སུ་ཞུགས་དང་སྦྱར། ཞེས་པས་བར་དོའི་རྣམ་ཤེས་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་རིམ་གྱིས་ལུས་རྫོགས་པ་ལྟར། གདན་གྱི་ཉི་མ་མའི་རྡུལ། ཟླ་བ་ཕའི་ཁུ་བ། ས་བོན་ཧྲཱིཿཡིག་གདན་གྱི་རྟེན་དུ་བབས་པ་ནི་བར་དོའི་རྣམ་ཤེས་ཏེ་མངལ་དུ་དཀར་དམར་ཚོགས་ཟིན་པ་ལ་འཇུག་པར་ཕྱོགས་པ་ཉིད་ཡིན་ལ་དེ་ཕྱག་མཚན་དུ་བསྒྱུར་བ་ནི་ཕ་མའི་འདུ་འཕྲོད་ཀྱི་འགྱུར་བའི་གནས་སྐབས་ལྔ་རིམ་པར་རེག་པ་སྲ་བ་ས། གཤེར་བ་ཆུ། དྲོ་བ་མེ། ཐིག་ལེ་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་ལྔ་ཉམས་སུ་མྱོང་བའི་རིམ་པས་དཀར་དམར་གྱི་དབུས་སུ་འཇུག་ཅིང་། ཞུགས་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ་མཚོན་ཏེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། རྡོ་རྗེ་ཁུ་ཁྲག་ཞུ་ཐིག་ལེ། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞི་ལས་ནི་རྣམ་ཤེས་སྐྱེ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་སོ། །འོད་ཟེར་སྤྲོ་བསྡུ་ནི་མངལ་དུ་ལུས་ཆགས་པའི་ཚེ་ལུས་དེ་ཉིད་རླུང་གིས་འཕེལ་བར་བྱེད། མེས་སྨིན། ཆུས་སྡུད། བསྡུས་པ་དེ་ཡང་སས་སྲ་བར་བྱེད། ནམ་མཁས་དེ་ཐམས་ཅད་ཀྱི་གོ་སྐབས་སྦྱིན་པར་བྱེད་པས་ཕུང་ཁམས་སྐྱེ་མཆེད་རིམ་པ་བཞིན་དུ་གྲུབ་པའོ། །སྐུ་ཡོངས་སུ་རྫོགས་པས་ནི་དབང་པོ་རྣམས་རྫོགས་ནས་བཙས་པ་རྣམས་སྦྱོང་བར་བྱེད་དོ། །གང་དག་བར་སྲིད་ཁུ་ཁྲག་གི་དབུས་སུ་ཞུགས་པ་ས་བོན། མེར་ནུར་ལྟར་མཁྲང་གི་གནས་སྐབས་ཕྱག་མཚན། གོར་ཉ་རུས་སྦལ་ནས་ལུས་རྫོགས་ཏེ་བཙས་པ་སྐུ་ཡོངས་སུ་རྫོགས་པ་དང་སྦྱར་བ་ལའང་འགལ་བ་མེད་མོད་ཀྱི། འོན་ཀྱང་འདིར་སྔ་མ་ལྟར་བཤད་པ་བདེའོ། །དེ་དག་ཀྱང་ཧེ་རུ་ཀ་ཀལྤོ་ལས། བར་དོ་རང་རིག་བདེ་བའི་ཆ། །ཡི་གེ་ཧཱུྃ་དུ་གནས་པ་ཡིན། །ཕ་མའི་ཆ་ཤས་དུམ་བུ་ནི། །ཕྱག་མཚན་རྡོ་རྗེ་ཉིད་དུ་གྲུབ། །ཆེན་པོ་ལྔ་ལས་སྐུ་གྲུབ་པ། །ཡོངས་སུ་རྫོགས་པ་ཞེས་བྱའོ། །ཞེས་དང་། ཐལ་རྒྱུད་ལས། ཉི་ཟླ་འདྲེས་ཤིང་ཟུང་འཇུག་པས། །སྤྲུལ་པ་གཟུགས་ཀྱི་སྐུར་འགྱུར་རོ། །ཞེས་སོ། །དེ་ཡང་འདི་གཙོ་བོར་མངལ་སྐྱེས་དང་སྦྱར་བ་སྟེ། གཞན་དུ་སྒོང་སྐྱེས་ལ་སོགས་པའི་བག་ཆགས་ཀྱང་འདིས་ཞར་ལ་སྦྱོང་བར་ནུས་ཏེ། སྒོང་སྐྱེས་ལ་ས་བོན་ནི་དྲི་ཟའི་སེམས། ཕྱག་མཚན་ནི་མངལ་དུ་ཁུ་ཁྲག་གི་དབུས་སུ་ཞུགས་པ། སྤྲོ་

p. 270

བསྡུས་ཡོངས་སུ་གྱུར་པའི་གོང་བུ་ནི་སྒོ་ངར་གྱུར་པ་སྦྱོང་བར་བྱེད། དེ་བཞིན་དུ་དྲོད་གཤེར་ལ་གདན་གྱི་ཉི་མ་དྲོད། ཟླ་བ་གཤེར། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་དང་སྐུ་རྫོགས་པ་ནི་དེ་གསུམ་འདུས་པ་ལས་དྲོད་གཤེར་གྱི་དབུས་ནས་འབྱུང་བཞིའི་ལུས་འགྲུབ་པ་དེ་སྦྱོང་། རྫུས་སྐྱེས་ལ་གདན་ནི་སྐྱེ་གནས། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་ནི་གནས་ལུས་ལ་སྲེད་པ་དང་ལེན་པའི་མཐུ་གསོས་བཏབ་པ། སྐུ་རྫོགས་པ་ནི་ལུས་སྐད་ཅིག་གིས་འགྲུབ་པ་མཚོན་ཞིང་སྦྱོང་བར་བྱེད་དོ། །སྦྱངས་འབྲས་ནི་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་པ་ནི་ལྷུམས་སུ་ཞུགས་ནས་བལྟམས་པའི་ཚུལ་སྟོན་པའི་བར་གྱི་མཛད་པ་སྟེ། དེ་ཡང་བྷ་ག་ནི་ཆོས་ཀྱི་དབྱིངས། མངལ་དུ་ཟླ་བ་བཅུ་ནི་ས་བཅུའི་རང་བཞིན་གྱི་རྟོགས་པ་རྫོགས་པའི་ཡེ་ཤེས་སོ། །གཞན་ཡང་སྐྱེད་ཆོག་རྒྱས་པའི་སྐབས་སུ་བཤད་པ་ལྟར་འདིར་ཡང་རྫོགས་པའི་སངས་རྒྱས་དངོས་སུ་འཐོབ་བྱེད་ཀྱི་ལམ་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞིར་ཕྱེ་བ་མངོན་བྱང་ལྔ་དང་སྦྱར་ཚུལ་ཡང་ཤེས་པར་བྱ་ཞིང་། དེ་ཐུགས་སུ་ཆུད་པས་འབྲས་བུའི་ངོ་བོར་སངས་རྒྱས་པའི་རང་བཞིན་མཐར་ཐུག་གི་ཡེ་ཤེས་ལྔ་དང་ཆོས་མཐུན་རྩི་བའང་། ཁུ་བའི་མཚོན་བྱེད་ཟླ་གཟུགས་ནི་མེ་ལོང་ཡེ་ཤེས་ཏེ། ཇི་ལྟར་ཟླ་འོད་གསལ་ཞིང་དྲི་མ་མེད་ལ་ཡུལ་ཀུན་ཁྱབ་ཀྱང་གཟུགས་ཆེས་ཕྲ་བ་རྣམས་ཧ་ཅང་མི་གསལ་བ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཤེས་བྱ་ཀུན་ལ་ཁྱབ་ཅིང་། མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་སྣང་མོད་ཀྱི་རྣམ་པར་མི་རྟོག་པས་ཀུན་རྫོབ་ཀྱི་ཆོས་རྣམས་མཁྱེན་ཡང་སྤུ་རིས་འབྱེད་པར་མི་མཛད་པས་ན་ཆོས་མཐུན་ཞིང་། དེ་བཞིན་དུ་རྡུལ་མཚོན་བྱེད་ཉི་མ་ནི་མཉམ་ཉིད་ཡེ་ཤེས་ཏེ། ཇི་ལྟར་ཉི་འོད་ནི་རབ་ཏུ་གསལ་ཞིང་ཡུལ་ཀུན་ཁྱབ་ལ་དྲོད་ཀྱིས་སྨིན་པའི་ལས་བྱེད་པ་ལྟར་མཉམ་ཉིད་ཡེ་ཤེས་ཀྱང་ངོ་བོ་འཁོར་འདས་མཉམ་པ་ཉིད་དུ་ཐུགས་སུ་ཆུད་ནའང་ཐུགས་རྗེ་ཆེན་པོ་འབྱུང་བའི་ནུས་མཐུ་ཅན་ཡིན་པས་སྤྲུལ་སྐུའི་འབྱུང་གནས་ཉིད་ཀྱི་ཕྱིར་སེམས་ཅན་སྨིན་པའི་ངང་ཚུལ་ཅན་ནོ། །བར་སྲིད་དཀར་དམར་གྱི་དབུས་སུ་ཞུགས་པ་མཚོན་བྱེད་ས་བོན་ཕྱག་མཚན་

p. 271

ནི་སོར་རྟོག་ཡེ་ཤེས་ཏེ། ཇི་ལྟར་ས་བོན་ཕྱག་མཚན་གྱིས་ལྷ་སོ་སོའི་རིགས་སོགས་མ་འདྲེས་པར་སྟོན་པ་ལྟར་སོར་རྟོག་ཡེ་ཤེས་ཀྱང་དུས་གསུམ་གྱིས་བསྡུས་པའི་ཤེས་བྱའི་ཡུལ་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་ཅིག་ཅར་དུ་མཁྱེན་པས་ཆོས་སྟོན་པ་ལ་མངའ་བརྙེས་པའོ། །ཁུ་རྡུལ་སེམས་གསུམ་འདྲེས་པ་མཚོན་བྱེད་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ནི་བྱ་གྲུབ་ཡེ་ཤེས་ཏེ། ཇི་ལྟར་སྤྲོ་བསྡུས་ས་བོན་ཕྱག་མཚན་གཅིག་ཏུ་འདྲེས་པ་ལྟར་བྱ་བ་ནན་ཏན་ཡང་ཡེ་ཤེས་སྔ་མ་གསུམ་གཅིག་ཏུ་འདྲེས་པའི་ཕྲིན་ལས་ཀྱི་ངོ་བོ་སྤྲུལ་པ་མཐའ་ཡས་པར་བསྟན་ནས་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའོ། །མངལ་དུ་ལུས་གྲུབ་པ་མཚོན་བྱེད་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ། ཇི་ལྟར་ས་བོན་ཕྱག་མཚན། སྤྲོ་བསྡུ། ཡོངས་སུ་གྱུར་པ་སྟེ་བཞི་ཆར་ལས་ལྷའི་སྐུར་རྫོགས་པ་ལྟར་ཆོས་དབྱིངས་ཡེ་ཤེས་གཞན་བཞི་པོའང་འདུ་ཞིང་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཤེས་བྱ་ཐམས་ཅད་ཀྱི་ཆོས་ཉིད་ཅིར་ཡང་མི་དམིགས་པར་མཁྱེན་པས་ན་གནས་ལུགས་ཀྱི་ལུས་ཡོངས་སུ་རྫོགས་པའི་ཡེ་ཤེས་སོ། །དེ་དག་ཀྱང་རྒྱལ་པོ་ཛཿས་ལམ་རྣམ་བཀོད་དུ། སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཀུན་རྟོག་ཡེ་ཤེས་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་དང་། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོགས་ཀྱང་དྲང་ངོ་། །དེ་དག་གིས་སྐུ་ལྔར་སྦྱར་ཚུལ་ཡང་མཚོན་ཏེ། མེ་ལོང་ཡེ་ཤེས་ནི་སྐུ་གསུམ་སྣང་ཆ་མ་འདྲེས་པའི་བདག་ཉིད་མངོན་བྱང་གི་སྐུ་དང་ཐུགས་རྡོ་རྗེ། མཉམ་ཉིད་ཡེ་ཤེས་ནི་ལོངས་སྐུ་དང་ཡོན་ཏན་རྡོ་རྗེ། སོར་རྟོག་ནི་སྐུ་གསུམ་དབྱེར་མེད་རྡོ་རྗེའི་སྐུ་དང་གསུང་རྡོ་རྗེ། བྱ་གྲུབ་ནི་སྤྲུལ་པའི་སྐུ་དང་ལས་ཀྱི་རྡོ་རྗེ། ཆོས་དབྱིངས་ཡེ་ཤེས་ནི་ཆོས་ཀྱི་སྐུ་དང་སྐུ་རྡོ་རྗེ་སྟེ་སངས་རྒྱས་ཀྱི་ཆོས་ཀུན་ཡོངས་སུ་རྫོགས་པའོ། །སྦྱོང་བྱེད་ནི། ནམ་མཁའ་གནས་པའི་རྒྱུའི་ཧྲཱིཿཡིག་དེ་དབུས་ཀྱི་གདན་ཉི་ཟླ་བརྩེགས་པའི་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་ག དེ་རིགས་

p. 272

ཀྱི་ཕྱག་མཚན་ཨུཏྤལ་དམར་པོ་གེ་སར་གྱི་དབུས་སུ་ཧྲཱིཿཡིག་གིས་མཚན་པར་གྱུར་པ་ལས་ཡེ་ཤེས་ལྔའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀུན་ནམ་མཁའ་འགེངས་པ་ཙམ་དུ་སྤྱན་དྲངས་ཏེ་འོད་ཟེར་གྱི་རྣམ་པར་གྱུར་པ་གཞིའི་ཧྲཱིཿལ་གཉིས་སུ་མེད་པར་ཐིམ་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །ཨུཏྤལ་ཧྲཱིཿཡིག་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་གནས་ལུགས་བདེ་བ་ཆེན་པོའི་དབྱིངས་སུ་གཤེགས་པས་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་མ་ལུས་པ་བཅོམ་ཞིང་སྐུ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་སྐལ་བ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་ལ་མི་གནས་པའི་མྱ་ངན་ལས་འདས་པ་རྒྱལ་བ་རྒྱ་མཚོ་འདུས་པའི་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུ་རུ་བཞེངས་པར་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་ཡིན་ཞིང་། འདི་ནི་སྐྱེ་སྲིད་དག་པ་སྤྲུལ་པའི་སྐུར་ལམ་དུ་ཁྱེར་ཏེ། དེས་ལམ་གོང་མའི་ཚེ་གདན་གྱི་པདྨ་ལ་གནས་པའི་ཉི་ཟླ་ཁ་སྦྱོར་ནི་དབུ་མའི་རྩ་འཁོར་གྱི་མདུད་པའི་གནས་རྣམས་སུ་བདེ་དྲོད་འབར་འཛག་གི་ཁ་སྦྱོར་བ། ས་བོན་དང་ཕྱག་མཚན་ནི་རླུང་སེམས་དྷཱུ་ཏིར་ཐིམ་པ། སྤྲོ་བསྡུས་ཡོངས་སུ་གྱུར་པ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་རང་བཞིན་ལྷན་སྐྱེས་ཀྱི་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་འགྲུབ་རུང་དུ་མཚོན་པས་ན་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོའོ། །གཉིས་པ་བསྐྱེད་པ་ལྷའི་མཚན་ཉིད་ནི། གཏི་མུག་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོའི་སྣང་བརྙན་གྱི་ངོ་བོ་ཉིད་དུ་བཞེངས་པའི་བཅོམ་ལྡན་འདས་དེ་ཉིད་ཅི་འདྲ་ན། ཆོས་དབྱིངས་ཡེ་ཤེས་ཉིད་ཀྱང་གསུང་རྡོ་རྗེའི་རིགས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བྱེ་བྲག་ཏུ་སྣང་ཞིང་སྙིང་རྗེ་ཆེན་པོས་གདུལ་བྱ་ལ་རྗེས་སུ་ཆགས་པས་ན་སྐུ་མདོག་དམར་བ་སྟེ། དཔེར་ན་རིན་པོ་ཆེ་པདྨ་རཱ་གའི་རི་བོ་ལ་ཐུན་མཚམས་ཀྱི་དམར་བ་ཕོག་པ་ལྟ་བུའི་མདོག་ཅན་ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་གྱི་ཚོགས་མཐའ་ཡས་པ་ཀུན་ཏུ་འབར་ཞིང་གསལ་བས་ཕྱོགས་ཐམས་ཅད་འགེངས་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་

p. 273

བཞིའམ་ཚད་མེད་པ་བཞི་མཚོན་པའི་ཕྱག་བཞི། ཞི་བའི་ཚུལ་རྣམ་པ་དགུའི་ཉམས་ཀྱིས་མཛེས་པས་མཐོང་ན་མི་མཐུན་པ་མེད་པའི་ཕྱིར་ཡིད་དུ་འོང་བ་སྟེ། དེ་ལ་ཚུལ་དགུ་ནི། སྐྱེ་བ་གནས་སུ་དག་པས་སྐུ་མཉེན་ཤ་ཆགས་པ། ན་བ་གནས་སུ་དག་པས་སྐུ་སྐབས་ཕྱེད་ཅིང་རིམ་པར་འཚམས་པས་ལྕུགས་པ། འཆི་བ་གནས་སུ་དག་པས་སྐུ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་ཤིང་ལྡེམ་པ་སྟེ་དྲང་བ། རྒས་པ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ་ངོ་བོའི་ཡོན་ཏན་ལྔ་དང་། མཚན་བཟང་གི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་སྐུ་གཙང་ཞིང་ཁ་དོག་གསལ་བ། ཟད་པར་རྫོགས་པས་སྐུ་བཀྲག་ཅིང་འཚེར་བ། བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྡུག་པ། གདུལ་བྱ་རྣམས་ཟིལ་གྱིས་གནོན་པས་གཟི་བྱིན་དང་ལྡན་པ་སྟེ་རྣམ་པའི་ཡོན་ཏན་བཞིའོ། །དེ་སྐད་དུའང་སྙིང་པོ་ལས། མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །ཞེས་སོ། །གང་འདུལ་གྱི་འཕྲིན་ལས་མི་འགག་པས་ཞལ་ཡིད་ཙམ་ཁྲོ་ལ་ཞི་ཞིང་འཛུམ་མིག་དང་བཅས་པས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་རྗེས་སུ་ཆགས་པའི་ཉམས་རབ་ཏུ་རྒྱས་པའི་ཚུལ་ཅན། རྣམ་པར་ཐར་པའི་སྤྱན་གསུམ་གྱིས་དུས་གསུམ་སྒྲིབ་མེད་དུ་སལ་ལེར་གཟིགས་པ། ཕྱག་བཞིའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་ནི་ཐབས་སྙིང་རྗེ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་དོན་ཡིན་ལ། དེ་གཉིས་དང་ངོ་བོ་རོ་གཅིག་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་ལ་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མེད་ཅིང་ཡེ་ཤེས་ལྔའི་རང་བཞིན་དུ་འཆར་བས་ན་ཐལ་མོའི་བར་དུ་རྡོ་རྗེ་རྩེ་ལྔ་པ་འཛིན་པས་ཡུམ་ལ་འཁྱུད་པ། དམིགས་མེད་ཀྱི་ཐུགས་རྗེ་རྣམ་པ་ཐམས་ཅད་པའི་ཕྲིན་ལས་ཀྱིས་འགྲོ་བ་རྣམས་རིགས་དྲུག་གི་གནས་ནས་འདྲེན་པར་མཛད་པའི་བརྡར་གཡས་གཉིས་པས་པདྨ་དམར་པོའི་འཕྲེང་བ་འདྲེན་པ་དང་། དོན་དམ་སྣང་བ་རབ་འབྱམས་གཟིགས་པའི་ཤུགས་ལས་གདུལ་བྱའི་ཡུལ་སེམས་ཅན་གྱི་ཁམས་དང་དབང་པོ་སོགས་མ་འདྲེས་པར་སོ་སོར་མཁྱེན་ཀྱང་། ཡེ་ཤེས་ཀྱི་ངོ་བོ་སྟོང་པ་ཉིད་ཡིན་པས་དངོས་པོར་མི་དམིགས་པའི་ཕྱིར་རང་མཚན་གྱི་ཆགས་པས་མ་གོས་

p. 274

པའི་བརྡར་གཡོན་གཉིས་པས་ཨུཏྤལ་དམར་པོ་འདབ་མ་ཡོངས་སུ་རྒྱས་པའི་སྡོང་བུ་འཛིན་ཅིང་། སྟོང་པ་ཉིད་ཀྱི་རྩལ་མ་འགགས་པར་འཆར་བས་ཞི་བའི་མཐའ་དང་། བདེ་ཆེན་ཡེ་ཤེས་ཀྱིས་སྲིད་པའི་ཉོན་མོངས་པ་རང་བཞིན་མེད་པར་རྟོགས་པས་སྲིད་པའི་མཐའ་སྟེ་མཐའ་གཉིས་ལ་མི་གནས་པའི་བརྡར་ཞབས་གཉིས་བརྐྱང་བསྐུམ་ལ་སོགས་པའི་གཡོ་བ་མེད་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅིངས་ནས་བཞུགས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་གྲོལ་བའི་བརྡར་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིགས་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་དར་དཔྱངས་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་བརྡར་རལ་པའི་ཐོར་ཅོག་ཅན། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་རོལ་པའི་བརྡར་རིན་ཆེན་དང་མེ་ཏོག་དམར་པོའི་རྒྱན་དང་། ཞེ་སྡང་རྣམ་པར་དག་པའི་བརྡར་རུས་པའི་རྒྱན་རྣམས་ཀྱིས་མཛེས་པར་བརྒྱན་པ་སྟེ། དེ་ལ་རིན་པོ་ཆ ེའི་དོ་ཤལ་ནི་དྲན་པ། དབུ་རྒྱན་ནི་ཆོས་རྣམ་པར་འབྱེད་པ། གདུ་བུ་ནི་བརྩོན་འགྲུས། སྙན་ཆ་ནི་ཤིན་ཏུ་སྦྱངས་པ། དཔུང་རྒྱན་ནི་ཏིང་ངེ་འཛིན། སེ་མོ་དོ་ནི་བཏང་སྙོམས། མེ་ཏོག་གི་ཕྲེང་བ་ནི་དགའ་བ་སྟེ་བྱང་ཆུབ་ཡན་ལག་བདུན་ནོ། །དེ་ལྟར་ཡང་ཀལྤོར། དབུ་རྒྱན་དང་ནི་ཕྱག་གདུབ་དང་། །དཔུང་རྒྱན་སྙན་ཆ་དོ་ཤལ་དང་། །སེ་མོ་དོ་དང་མེ་ཏོག་རྒྱན། །བྱང་ཆུབ་ཡན་ལག་བདུན་དུ་བཤད། །ཅེས་སོ། །རུས་པའི་རྒྱན་ནི། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་འཁོར་ལོ་བརྩོན་འགྲུས། སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །དེའི་པང་དུ་ཧྲཱིཿཡིག་གནས་པ་ཡོངས་སུ་གྱུར་པ་ལས་འདོད་ཆགས་རྣམ་པར་དག་པ་བདེ་བ་ཆེན་པོ་འགག་པ་མེད་པའི་ཆོ་འཕྲུལ་ལས་རང་བྱུང་བའི་ཤེས་རབ་མ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་སྣང་བརྙན་གྱི་ངོ་བོ་ཉིད་དུ་བཞེངས་པ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟེ། སྟོང་ཉིད་ལས་བདེ་བའི་ཡེ་ཤེས་བསྐྱེད་པས་འདོད་ཆགས་ཀྱི་རྟོག་པ་གཅོད་པའི་ཕྱིར་སྐུ་མདོག་དམར་པོ་གསལ་འཚེར་འབར་བའི་མདངས་ཅན། མཚན་རྟོག་གི་སྒྲིབ་གཡོགས་དང་བྲལ་

p. 275

བས་གཅེར་བུ། དགའ་བ་བཅུ་དྲུག་མཐར་ཕྱིན་པས་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན་ལང་ཚོ་རབ་ཏུ་རྒྱས་པ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་མ། རྣམ་ཐར་གྱི་སྤྱན་གསུམ་པ། ཚད་མེད་པ་བཞིའི་རང་བཞིན་ཕྱག་བཞི་པ། དེས་འགྲོ་དོན་མཛད་པའི་རྟགས་ཕྱག་མཚན་གྱི་རྣམ་པར་བསྟན་པ་སྟེ། དང་པོའི་ཕྱག་གཉིས་ཀྱིས་ཀུན་ཏུ་རྟོག་པ་གཅོད་པའི་གྲི་གུག་དང་། མི་རྟོག་པའི་ཡེ་ཤེས་བདེ་བ་སྐྱོང་བ་ཐོད་པའི་ནང་དུ་ཡེ་ཤེས་དེས་བདུད་བཅོམ་པས་འཁོར་བ་དབང་དུ་སྡུད་པའི་བརྡར་བདུད་བཞིའི་ཁྲག་གིས་བཀང་བ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡས་གཉིས་པས་སྐྱེ་ཤི་རྩད་ནས་གཅོད་པའི་རལ་གྲི་དང་། གཡོན་གཉིས་པས་དུག་ལྔའམ་དུག་གསུམ་རྩད་ནས་གཅོད་པའི་ཁ་ཾ་ག་སྟེ་ནམ་མཁའི་དབྱུག་པ་འཛིན་པའོ། །དེ་ལ་ཁ་ཾ་ག་ནི། གཞི་རང་བཞིན་གྱིས་རྣམ་པར་དག་པ་རྡོ་རྗེའི་ཁམས་ཀྱི་ངོ་བོ་རྩ་བ་རྡོ་རྗེ་རྩེ་གཅིག་པའམ་རྩེ་ལྔ་ཕྱེད་པ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡུ་བ་དཀར་པོ་ལ་:བཀྱོན་བསྐོན་པའི་ཕྲིན་ལས་བཞིའི་བདག་ཉིད་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་རེ་བ་ཡིད་བཞིན་དུ་སྐོང་བའི་བུམ་པ་བཟང་པོ། དེའི་སྟེང་དུ་སྐུ་གསུང་ཐུགས་ཀྱི་རང་བཞིན་མི་མགོ་རློན་རྙིད་སྐམ་གསུམ་བརྩེགས་པའི་རྩེར་སྐུ་དང་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་རྩེ་ལྔ་པའམ། བ་དན་གསུམ་དབྱེར་མེད་པས་རྩེ་གསུམ་པ། དེ་ལས་ཐབས་ཤེས་ཀྱི་ཆོས་སྒྲ་སྒྲོག་པའི་ཌཱ་དྲིལ་དང་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བ་དན་དཔྱངས་པའོ། །དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་སྐྲ་གྲོལ་ཞིང་། འཁོར་ལོ་ཆོས་དབྱིངས། རྣ་ཆ་སོར་རྟོག མགུལ་རྒྱན་མཉམ་ཉིད། གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རུས་པའི་ཕྱག་རྒྱ་ལྔ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྲིད་ཞི་མཉམ་ཉིད་ཀྱི་བརྡར་ཞབས་གཉིས་ལོང་བུ་མདུད་པའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་ཅིང་། དེ་ཡང་སྟོང་པ་ཉིད་དང་སྙིང་རྗེ་མི་འབྲལ་བའི་བརྡར་ཡབ་ཡུམ་གཉིས་སྐུ་ལུས་ཕན་ཚུན་འཁྲིལ་བ། ཟག་མེད་ཀྱི་དགའ་བ་ཆེན་པོ་སྤྲོས་བྲལ་དང་རོ་གཅིག་པའི་བརྡར་ཞལ་སྦྱོར་ཞིང་ཕན་ཚུན་མཆུ་སྒྲོས་འཇིབ་པ། ཞི་ལྷག་ཟུང་དུ་འཇུག་པའི་བརྡར་རྡོ་རྗེ་དང་པདྨ་

p. 276

མཉམ་པར་སྦྱོར་བས་གཉིས་སུ་མེད་པར་བཞུགས་པའོ། །གསུམ་པ་ཡན་ལག་གི་ལྷ་བསྐྱེད་པ་ནི། བདག་ཐབས་ཀྱི་ལྷ་དམ་ཚིག་སེམས་དཔར་གསལ་བའི་ཡབ་ཀྱི་ཐུགས་ཀའི་དབུས་སྙིང་པདྨ་དམར་པོ་འདབ་མ་བརྒྱད་ཀྱི་རྣམ་པར་གྱེས་པའི་ནང་སྲོག་པ་རྩའི་སྒོར། ཞེ་སྡང་རྣམ་པར་དག་པའི་སྣང་བརྙན་ཤེས་རབ་ཀྱི་ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི་རྣམ་པར་ཤར་བ་སྟེ། ཐུགས་རྗེའི་ཆགས་པས་ཁམས་གསུམ་དབང་དུ་སྡུད་པའི་བརྡར་སྐུ་མདོག་དམར་པོ། ཆོས་དབྱིངས་ཀུན་འགྲོའི་རང་བཞིན་བདེ་བ་ཆེན་པོའི་སྐུ་མཚོན་པའི་ཞལ་གཅིག སྐུ་གསུམ་མཚོན་པའི་སྤྱན་གསུམ། ཚོགས་གཉིས་མཐར་ཕྱིན་པའི་ཕྱག་གཉིས། ཐུགས་རྗེས་གདུལ་བྱ་རྣམས་འདྲེན་ཅིང་དམིགས་པ་དང་བྲལ་བས་ཆགས་པའི་ཕྱིར་ཕྱག་གཡས་ཀྱིས་པད་ཕྲེང་ཐུགས་ཀར་འདྲེན་པ་དང་། གཡོན་བརྐྱང་བའི་མཆོག་སྦྱིན་གྱི་རྒྱས་པདྨའི་སྡོང་བུ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བ། ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཉིས་གཡོན་བརྐྱང་གིས་བཞེངས་པ། སྤྱི་གཙུག་ན་སྲིད་གསུམ་ཟིལ་གྱིས་གནོན་པའི་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག་པ། ཐུགས་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་བཞིན་དུ་གདུག་པ་ཅན་འདུལ་བའི་ཐུགས་རྗེ་ཆེན་པོ་ཁྲོ་གཏུམ་འཇིགས་པའི་གཟུགས་ཀྱི་རྣམ་པར་སྣང་བ། དེའི་ཐུགས་ཀར་ཨུཏྤལ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བ་གེ་སར་ཟི་ཕོལ་དང་བཅས་པའི་སྟེང་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བརྩེགས་པ་སྲན་མ་བཀས་པ་ཙམ་གྱི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་མར་མེ་ལྟར་གསལ་ཞིང་འོད་འབར་བར་སྒོམ་སྟེ། རང་དམ་ཚིག་པ་དང་བཅས་པས་སེམས་དཔའ་སུམ་བརྩེགས་སོ། །དེ་ནས་ཡབ་ཀྱི་སྤྱི་བོར་སེམས་ཉིད་སྐྱེ་འགག་མེད་པའི་ཟུང་འཇུག་གི་སྣང་ཆ་རང་རིག་མཚོན་བྱེད་ཀྱི་རིགས་བདག་རྩ་བའི་བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ། གསུང་རྡོ་རྗེའི་རིགས་མཚོན་པས་སྐུ་མདོག་དམར་པོ། འཁོར་བའི་ཆགས་པས་མ་གོས་པའི་བརྡར་གཙུག་ཏོར་དང་ལྡན་ཞིང་ཚངས་པར་སྤྱོད་པ་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། འཁོར་འདས་མཉམ་པ་ཉིད་དུ་གཟིགས་པ་ལས་མི་གཡོ་བཞིན་དུ་འཆི་

p. 277

བ་མེད་པ་མཆོག་གི་དངོས་གྲུབ་སྟེར་བའི་བརྡར་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ་འཛིན་པས་རྒྱས་འདེབས་པའོ། །དེ་ལྟར་གཙོ་བོའི་སྐུ་རྫོགས་པར་བསྒོམ་པ། ཡུམ་གྱི་ས་བོན་བསྐྱེད་པ། དེ་ལས་ཡུམ་བསྒོམ་པ། སེམས་དཔའ་སུམ་བརྩེགས་བསྒོམ་པ། རིགས་བདག་གི་རྒྱས་འདེབས་པ་དང་ལྔ་རིམ་པ་ཇི་ལྟ་བར་གཞི་དུས་སུ། བྱིས་པ་བཙས་པ། ནར་སོན་ནས་འདོད་པའི་ཚོར་བས་གདུངས་ཏེ་དེ་དོན་དུ་གཉེར་བ། ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེན་པ། རང་རིགས་ཀྱི་བྱ་བ་ལ་དབང་སྒྱུར་བ་རྣམས་སྦྱོང་ཞིང་། འབྲས་དུས་སུ་སངས་རྒྱས་སྤྲུལ་པའི་སྐུ་བལྟམས་པ་དང་། བྱང་ཆུབ་དོན་དུ་གཉེར་བས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ་དང་། དེ་ལས་བཞེངས་ཏེ་བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་ཏེ་བསམ་གཏན་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་རྣམས་ཡིན་ལ། ལམ་གོང་མའི་ཚེ་ན་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་འགྲུབ་པར་བྱ་བའི་ཕྱིར། བདེ་རླུང་སེམས་ལས་ལྷ་སྐུར་ལྡང་བ་དང་། དེ་ནས་མཆོག་གི་དངོས་གྲུབ་དོན་དུ་གཉེར་བའི་འདོད་པས་ཕྱག་རྒྱ་གཉིས་གང་རུང་བསྟེེན་པ་དང་། དེས་ལྷན་སྐྱེས་ཀྱི་ཡེ་ཤེས་རིམ་གྱིས་གོམས་པར་བྱེད་པ་དང་། དེས་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་བས་ན་སྨིན་བྱེད་དུ་འགྲོའོ། །གཉིས་པ་འཁོར་བསྐྱེད་པ་ལ། སྦྱང་བྱ་ནི། བྱིས་པ་དེས་བུ་དང་བུ་མོ་སྐྱེད་པ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོས་དགྱེས་པའི་རོལ་མོའི་སྤྲིན་ལས་སྤྲུལ་པ་མཐའ་ཡས་པ་སྤྲོས་པ་དང་། འཁོར་རྣམས་བྱང་ཆུབ་ཀྱི་གོ་འཕང་ལ་བཀོད་པས་རང་རིགས་སུ་བསྐྱེད་པ་: མཚོར་བ་ནི་མཚོན་པ་ཡིན། སྦྱོང་བྱེད་ནི། འཁོར་གྱི་ས་བོན་སྤྲོས་ནས་ལྷར་སྒོམ་པ་ཡིན་ལ། དེས་སྨིན་ཚུལ་ནི། རོ་རྐྱང་གི་རླུང་དབུ་མར་བཀག་ཅིང་བཅིངས་པ་ལས་གཏུམ་མོ་འབར་བས་ཕུང་ཁམས་ཀྱི་དྭངས་མ་རྣམས་ཞུ་སྟེ་ཡས་བབས་ཀྱི་དགའ་བཞི་ལ་རོལ་པའི་མཐར་ཁམས་གསུམ་པའི་གཟུགས་བརྙན་གྱི་སྟོང་པ་ཉིད་ཀྱི་གཟུགས་མཐའ་ཡས་པ་རང་གི་སྒྱུ་མ་ལྟ་བུའི་ལུས་ལྷའི་འཁོར་ལོར་སྤྲོ་བའི་ནུས་པ་འཐོབ་པའི་གཞི་འདིང་བའོ། །སྦྱོང་བྱེད་ཀྱི་རིམ་པ་དེ་ལ་བཞི་སྟེ། རྒྱུ་གཙོ་བོ་ཡབ་

p. 278

ཡུམ་སྙོམས་པར་འཇུག་པ། འབྲས་བུ་ས་བོན་སྤྲོ་བ། དེ་ལས་ལྷར་ཇི་ལྟར་བསྐྱེད་པ། བསྐྱེད་པ་ལྷའི་མཚན་ཉིད་དོ། །དང་པོ་ནི། བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨར་གྱུར་ནས་རྗེས་ཆགས་ཀྱི་བརྡས་བསྐུལ་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་མཉམ་པར་སྦྱར་བའི་རྐྱེན་གྱིས་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་པ་ཐིག་ལེའི་ངོ་བོར་ཞུ་ཞིང་འབར་བས་གཉིས་ཀའི་སྐུ་བདེ་བ་ཆེན་པོའི་རོས་གང་བར་བསམ་པའོ། །གཉིས་པ་ས་བོན་སྤྲོ་བ་ནི། དེ་ལྟར་གཉིས་སུ་མེད་པར་རོལ་པའི་སྦྱོར་མཚམས་ནས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་དཔེར་ན་རིན་པོ་ཆེའི་ཆར་འབེབས་པ་ལ་རིན་པོ་ཆེའི་སྤྲིན་དགོས་པ་ལྟར་ལྷའི་དཀྱིལ་འཁོར་སྤྲོ་བའི་གཞིར་ཧ་ལ་སོགས་པའི་ཡི་གེ་འཁོརལོའི་སྤྲིན་གྱི་རྣམ་པར་འཁོར་གྱི་ལྷ་སོ་སོའི་གནས་རྣམས་སུ་སྐར་མདའ་འཕངས་པ་ལྟར་འཕྲོས་ནས་རང་རང་གི་གདན་གྱི་སྟེང་དུ་འཁོད་པ་ནི། ཤར་གྱི་འདབ་མའི་གདན་ལ་ར་དང་ཧ་དཀར་པོ། ལྷོའི་འདབ་མར་ཙ་དང་རི་སེར་པོ། ནུབ་ཀྱི་འདབ་མར་ཧྲཱིཿདང་ནི་དམར་པོ། བྱང་གི་འདབ་མར་ཡ་དང་ས་ལྗང་གུ། ཤར་སྒོའི་གདན་ལ་ཛཿདཀར་པོ། ལྷོ་སྒོར་ཧཱུྃ་སེར་པོ། ནུབ་སྒོར་བཾ་དམར་པོ། བྱང་སྒོར་ཧོཿལྗང་གུ་རྣམས་གནས་པར་གྱུར། གསུམ་པ་དེ་ལས་ལྷར་བསྐྱེད་པ་ནི། དེ་ལྟར་ས་བོན་གྱི་ཡི་གེ་དེ་རྣམས་ཞུ་བའི་འོད་ཕུང་སོ་སོ་ལས་ངོ་མཚར་སྲས་ཀྱི་དཀྱིལ་འཁོར་རམ་འཁོར་གྱི་ལྷ་ཚོགས་ང་རྒྱལ་དང་། ཕྲག་དོག་དང་། དགེ་མི་དགེའི་རྟོག་ཚོགས་རྣམས་རྣམ་པར་དག་པའི་སྣང་ཆ་རིམ་པ་ཇི་ལྟ་བར་མཁའ་འགྲོ་དང་། མཁའ་འགྲོ་མ་དང་། ཕྲ་མེན་མའི་རྣམ་པར་ཤར་བ་རྣམས་གསལ་བར་སྒོམ་པའོ། །བཞི་པ་བསྐྱེད་པ་ལྷའི་མཚན་ཉིད་ནི། སྙིང་པོའི་དཀྱིལ་འཁོར་པདྨ་འདབ་བཞིའི་ཤར་དུ་ར་ལས་རྣམ་ཤེས་དག་པ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་མཁའ་འགྲོ་ནི། ཉེས་སྐྱོན་ཟད་པའི་རང་བཞིན་སྐུ་མདོག་དཀར་པོ་དང་། འཕོ་འགྱུར་གྱི་རྟོག་པ་མི་མངའ་བས་ཕྱག་གཡས་ན་རྡོ་རྗེ། ལྷོ་རུ་ཙ་ལས་ཚོར་བ་རྣམ་དག་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་རིན་ཆེན་མཁའ་འགྲོ་ནི་ཆེ་བའི་ཡོན་ཏན་རྒྱས་པས་སེར་པོ་དང་རེ་བ་ཡིད་བཞིན་དུ་སྐོང་བས་རིན་ཆེན། ནུབ་

p. 279

ཏུ་ཧྲི་ལས་འདུ་ཤེས་རྣམ་དག་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་པདྨ་མཁའ་འགྲོ་ནི་བརྩེ་བས་འགྲོ་ལ་ཆགས་པས་དམར་པོ་དང་། ཆོས་ཐམས་ཅད་གསལ་ལ་མ་ཆགས་པར་གཟིགས་པས་པདྨ། བྱང་དུ་ཡ་ལས་འདུ་བྱེད་རྣམ་དག་བྱ་གྲུབ་ཡེ་ཤེས་ཀྱི་བདག་ཉིད་ཀརྨ་མཁའ་འགྲོ་ནི་འགྲོ་དོན་སྣ་ཚོགས་སྤྱོད་པས་ལྗང་གུ་དང་འཕྲིན་ལས་མཐར་ཕྱིན་པས་རལ་གྲི་སྟེ། ཡབ་བཞི་ཀའི་ཕྱག་གཡོན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བདུད་བཞི་བཅོམ་པའི་བརྡར་ཐོད་ཁྲག་འཛིན་པ། ཆུ་ས་མེ་རླུང་བཞི་རྣམ་པར་དག་པ་ཁམས་བཞིའི་དྭངས་མའི་ངོ་བོ་ཧ་རི་ནི་ས་བཞི་ལས་བསྐྱེད་པའི་རྡོ་རྗེ་མཁའ་འགྲོ་མ་སོགས་རང་རིགས་ཀྱི་ཡུམ་བཞི་དང་མཉམ་པར་སྦྱོར་ཞིང་། ཡབ་རྣམས་དུས་གསུམ་གཟིགས་པའི་སྤྱན་གསུམ་པ། སྐྱེ་བཞི་གཅོད་པའི་མཆེ་བའི་མྱུ་གུ་བཞི་གཙིགས་ཤིང་། གདུག་པ་ཅན་རྣམས་འདུལ་བའི་ཕྱིར་ཁྲོ་ཚུལ་གྱི་ཉམས་རྒྱས་པ། རིགས་ལྔ་ཡུམ་བཞིའི་བདག་ཉིད་ཅན་གྱི་གར་དགུ་དང་ལྡན་པ་སྟེ། གློག་གི་ཕྲེང་བ་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་པས་སྒེག་པ་ནི་སྐུ་ལུས་མཛེས་ལ་རྒྱན་གྱིས་བརྒྱན་ཅིང་ཡུམ་དང་འཁྲིལ་བ་ལ་སོགས་པའི་འཆོར་སྒེག་སྟེ་རྣམ་སྣང་། དཔའ་བ་ནི་སྟོབས་དང་ལྡན་པས་ཐུབ་པར་དཀའ་བ་སྟེ་རིན་འབྱུང་། མི་སྡུག་པ་ནི་མཐོང་བ་ཙམ་གྱིས་འཇིགས་པའི་ཁྲོ་ཉམས་ཏེ་མི་བསྐྱོད་པ། དེ་གསུམ་ནི་སྐུའི་ཉམས་སོ། །རྒོད་པ་ནི་ཆགས་དགྱེས་དྲེགས་པའི་རྒྱུ་ལས་བྱུང་བའི་བཞད་སྒྲ་སྟེ་འོད་དཔག་མེད། དྲག་ཤུལ་ནི་ཚིག་རྩུབ་མོས་གཤེ་བ་སྟེ་དོན་གྲུབ། འཇིགས་རུང་ནི་འབྲུག་ལྟར་ཆེམས་པའི་ང་རོ་དྲག་པོ་སྒྲོག་པ་སྟེ་མཱ་མ་ཀཱི། དེ་གསུམ་ནི་གསུང་གི་ཉམས་སོ། །སྙིང་རྗེ་ནི་དམིགས་པ་མེད་པའི་ཐུགས་རྗེས་སེམས་ཅན་རྣམས་རྗེས་སུ་འཛིན་པ་སྟེ་སྒྲོལ་མ། རྔམ་པ་ནི་ཨུཏ་བྷཱུ་ཏའི་སྒྲ་ལས་ངོ་མཚར་བའམ་ཡ་མ་ཟུང་གི་དོན་ཡིན་པས་ཁྲོ་ཆགས་ཀྱི་ཐུགས་ཚོགས་པ་ལྟ་བུའི་ཅི་ཡང་ནུས་པ་སྟེ་གོས་དཀར་མོ། ཞི་བ་ནི་རྣམ་པར་མི་རྟོག་པའི་ཐུགས་ཏེ་སྤྱན་མའི་རང་བཞིན། དེ་གསུམ་ནི་ཐུགས་ཀྱི་ཉམས་སོ། །མཁྱེན་པའི་སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་གླང་པོ་ཆེའི་

p. 280

པགས་པའི་སྟོད་གཡོགས་དང་། དཔའ་བརྟུལ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། བྱང་ཆུབ་ཀྱི་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་དར་དཔྱངས་ཀྱིས་བརྒྱན་པ་དང་། ང་རྒྱལ་བཅོམ་པའི་བརྡར་ཐོད་སྐམ་ལྔ་སངས་རྒྱས་ལྔའི་བདག་ཉིད་ཅན་གྱིས་དབུ་བརྒྱན་པ། ཕྲག་དོག་བཅོམ་པས་སེམས་བྱུང་ལྔ་བཅུ་རྣམ་པར་དག་པའི་བརྡར་རློན་པ་ལྔ་བཅུ་ཕྲེང་བར་བརྒྱུས་པའི་དོ་ཤལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ཕྱག་རྒྱ་དྲུག་རྣམས་ཀྱིས་སྐུ་ལ་བརྒྱན་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ཡུམ་རྣམས་ཀྱང་རང་རང་གི་ཡབ་ཀྱི་སྐུ་མདོག་དང་མཚུངས་ཤིང་། ཆགས་ཁྲོའི་ཐུགས་རྗེས་འདུལ་བའི་ཕྲིན་ལས་ཅིར་ཡང་བསྒྱུར་བའི་ཕྱིར་ཞལ་ཅུང་ཟད་ཁྲོ་ལ་འཛུམ་བག་ཆགས་པ། དགའ་བ་བཅུ་དྲུག་མཐར་ཕྱིན་པས་གཞོན་ཚུལ་ལང་ཚོ་རྒྱས་པ། ཀུན་རྟོག་སྤངས་པས་སྐུ་གཅེར་བུ། སྒྲིབ་གཉིས་དག་པས་སྐྲ་གྲོལ་བ། ཡེ་ཤེས་ལྔ་རྣམ་པར་དག་པའི་ཕྱག་རྒྱ་ལྔས་བརྒྱན་པ། སྐུ་འཚམས་ཤིང་ཡིད་དུ་འོང་བས་རབ་ཏུ་མཛེས་པ། ཤེས་རབ་ཉིད་ལས་ཐབས་ཀྱི་མཚན་ཉིད་མི་འདོར་བའི་ཟུང་འཇུག་གི་བརྡར་ཞབས་གཡོན་བསྐུམ་པས་ཡབ་ཀྱི་སྐུ་ལ་འཁྲིལ་ཞིང་གཡས་ཡབ་དང་ལྷན་ཅིག་བརྐྱང་བའི་ཚུལ་ཅན། ཕྱག་གཡས་ཞེ་སྡང་ལ་སོགས་པ་གཅོད་པའི་གྲི་གུག་དང་། གཡོན་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའོ། །སྒོ་ཕུགས་ཀྱི་ཁྱམས་བཞིའི་གདན་ལ་རིམ་བཞིན་ཤར་སྒོར་ཛཿལས་རྡོ་རྗེ་རིགས་ཀྱི་མངགས་གཞུག་སྟེ། གདོང་བརྙན་གྱི་ཚུལ་དུ་བསྟན་པས་ཕྲ་མེན་མ་ཉེས་སྐྱོན་ཐམས་ཅད་ཞི་བས་སྐུ་མདོག་དཀར་མོ་ཁྭ་ཏའི་གདོང་པ་ཅན་སྦྱིན་པ་དང་སྙིང་རྗེ་ཚད་མེད་པས་སེམས་ཅན་འདྲེན་ཅིང་སྡུད་པའི་ཕྱག་གཡས་ལྕགས་ཀྱུ་འཛིན་པ་དང་། ལྷོ་སྒོར་ཧཱུྃ་ལས་རིན་ཆེན་རིགས་ཀྱི་ཕྲ་མེན་མ་ཡོན་ཏན་རྒྱས་པས་སྐུ་མདོག་སེར་མོ་ཕག་གི་གདོང་པ་ཅན་དོན་སྤྱོད་པ་དང་བྱམས་པ་ཚད་མེད་པས་སེམས་ཅན་རྣམས་ཀྱི་སེམས་འཆིང་ཞིང་སྡུད་པར་མཛད་པའི་ཕྱིར་གཡས་ཞགས་པ་འཛིན་པ་དང་། ནུབ་སྒོར་བཾ་ལས་པདྨ་རིགས་ཀྱི་ཕྲ་མེན་མ་གདུལ་བྱ་རྣམས་ཆགས་པས་དབང་དུ་སྡུད་པས་སྐུ་མདོག་དམར་མོའི་ཁྱིའི་

p. 281

གདོང་པ་ཅན་དོན་མཐུན་པ་དང་དགའ་བ་ཚད་མེད་པས་སེམས་ཅན་རྣམས་བརྟན་པར་སྡོམ་ཞིང་སྡུད་པར་མཛད་པའི་ཕྱིར་གཡས་ལྕགས་སྒྲོག་འཛིན་པ་དང་། བྱང་སྒོར་ཧོཿལས་ལས་ཀྱི་རིགས་ཀྱི་ཕྲ་མེན་མ་ལས་སྣ་ཚོགས་ལ་སྤྱོད་ཅིང་། དེ་ཡང་དྲག་པོའི་ལས་ཁོ་ནས་མཐར་ཕྱིན་པར་མཛད་པས་སྐུ་མདོག་ལྗང་ནག་འུག་པའི་གདོང་པ་ཅན་སྙན་པར་སྨྲ་བ་དང་བཏང་སྙོམས་ཀྱིས་སེམས་ཅན་རྣམས་ཀྱི་སེམས་མྱོས་ཤིང་འབེབས་པས་སྡུད་པར་མཛད་པའི་ཕྱིར་གཡས་དྲིལ་བུ་འཛིན་པ་སྟེ། བཞི་པོ་ཀུན་ཀྱང་ཕྱག་གཡོན་པས་ཁ་ཾ་ག་འཛིན་པ་ནི་ཆོས་ཀྱི་སྐུ་ལས་མ་གཡོས་པར་གཟུགས་ཀྱི་སྐུར་སྟོན་པའི་བརྡའམ། རྣམ་པ་གཅིག་ཏུ་ན་རྣམ་རྒྱལ་ལ་སོགས་པའི་ཡབ་བཞི་སྦས་པའི་ཚུལ་ཏེ། གདོང་བརྙན་ཉིད་ཀྱང་ཡབ་སྦས་པའི་ཚུལ་ཡིན་ཟེར་རོ། །སྐུ་གཅེར་བུ་ཤེས་རབ་ཀྱི་རང་བཞིན་ལ་ཐབས་ཡེ་ཤེས་ཀྱི་ཕྱག་རྒྱ་ལྔས་བརྒྱན་ཅིང་། བདེ་བའི་ཡེ་ཤེས་ཀྱི་སྲིད་པ་འཇོམས་ཤིང་སྡུག་བསྔལ་ཟད་པར་བྱེད་པའི་ཕྱིར་ཞབས་གཡོན་བརྐྱང་བའི་གར་སྟབས་སྒྱུར་བའོ། །དེ་ལ་གར་སྟབས་ནི་ཏཎྜ་པ་ཞེས་པ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་དང་། ནརྟ་པ་ཞེས་གར་སྤྱིའི་མིང་གི་གར་སྟབས་ལ་འཇུག་པ་ལས། འདིར་ནི་ཕྱི་མའི་དོན་གྱི་གར་སྟབས་ཏེ། དོན་ལ་གཡོན་བརྐྱང་ཉིད་ཀྱང་གར་གྱི་ཚུལ་ཡིན་པ་ལ་དགོངས་པའོ། །འཁོར་གྱི་ལྷ་ཚོགས་དེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པའི་བརྡར་ཞལ་གཅིག་པ། ཐབས་ཤེས་མཚོན་པའི་ཕྱིར་ཕྱག་གཉིས་པ། བདེན་གཉིས་མཚོན་པའི་ཕྱིར་ཞབས་གཉིས་དང་ལྡན་པ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པ་གསུམ་བསྲེགས་པས་ན་ཡེ་ཤེས་ཀྱི་མེ་འོད་ཁ་དོག་སྣ་ལྔའི་ཕྲེང་བ་རྣམ་པར་འཁྲིགས་པའི་དབུས་ན་བཞུགས་པ་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ཉིད་རིས་མེད་པའི་གདུལ་བྱའི་ཁམས་ལ་མི་འགག་པའི་སྒྱུ་འཕྲུལ་གྱི་རོལ་པ་ལས་ཡང་སྤྲུལ་དང་མངགས་གཞུག་གི་འཁོར་ཚོགས་གྲངས་མེད་པ་རྣམ་འགྱུར་སྣ་ཚོགས་པ་དུ་མར་སྣང་བའི་རྟེན་དང་བརྟེན་པར་བཅས་པའི་དམ་ཚིག་གི་འཁོར་ལོ་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་རྣམ་པ་ཐམས་ཅད་པར་འཆར་ཞིང་སྟོན་པའི་ཚུལ་དུ་ནམ་མཁའི་དབྱིངས་ཁྱབ་པར་བཞུགས་

p. 282

པ་སྟེ། སྙིང་པོ་ལས། མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་སོ། །གསུམ་པ་བྱིན་གྱིས་རློབ་ཅིང་དབང་བསྐུར་བ་ལ་གཉིས་ལས། དང་པོ་བྱིན་གྱིས་རློབ་པ་ལ། སྦྱང་བྱ་ནི། བྱིས་པ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་པའི་རྩལ་ནར་སོན་པ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་པའི་འཁོར་ལོ་བསྐྱེད་ཟིན་པ་དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་འཁོར་གྱི་ལྷ་ཚོགས་རྣམས་དྭངས་པའི་མཚོ་ནང་གཟའ་སྐར་ཤར་བ་ལྟར་གསལ་ལ་མ་འདྲེས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བར་གྱུར་པ་དེ་ཐམས་ཅད་ཀྱི་སྤྱི་བོ་དུང་ཁང་གི་འཁོར་ལོར་ༀ་ཡིག་དཀར་པོ་གསལ་ཞིང་འབར་བ་སྐུ་རྡོ་རྗེ་དང་། མགྲིན་པའི་འཁོར་ལོར་ཨཱཿཡིག་དམར་པོ་གསལ་ཞིང་འབར་བ་གསུང་རྡོ་རྗེ་དང་། སྙིང་གར་གཙོ་བོ་ཡབ་ཀྱི་ཡེ་ཤེས་སེམས་དཔའི་མདུན་དང་གཞན་རྣམས་ཀྱི་པད་ཉི་ཟླ་བ་ལ་རང་རང་གི་ས་བོན་གནས་པའི་མདུན་ཕྱོགས་སུ་ཧཱུྃ་ཡིག་མཐིང་ག་གསལ་ཞིང་འབར་བ་ཐུགས་རྡོ་རྗེ་སྟེ། འདི་དག་ལྷའི་གཟུགས་སུ་མི་བྱེད་པ་ནི། ཡི་གེ་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ལ། རྡོ་རྗེ་གསུམ་ཡང་ཡེ་ཤེས་དྲུག་གི་བདག་ཉིད་ཡིན་པས་ན་ཞལ་ཕྱག་སོགས་ཀྱི་ལྷའི་གཟུགས་སུ་མ་བྱས་ཀྱང་དེ་དང་དེའི་ཕྱག་རྒྱར་འགྱུར་བ་ཡིན་ཞིང་། རྡོ་རྗེ་གསུམ་ཞེས་པའང་རིགས་ལྔའི་ནང་ཚན་གྱི་རྣམ་སྣང་སོགས་གསུམ་ཁོ་ན་ནི་མ་ཡིན་ཏེ། འདིར་སྐུ་རྡོ་རྗེ་ནི་ཡབ་རྣམས་ལ་སྣང་མཛད་དང་རིན་འབྱུང་འདྲེས་པ་དང་། ཡུམ་རྣམས་ལ་སྤྱན་མ་དང་བདག་མ་འདྲེས་པའི་བདག་ཉིད་ཡིན་ཞིང་། དེ་བཞིན་དུ་དཔག་མེད་དོན་གྲུབ་གཉིས་དང་། གོས་དཀར་སྒྲོལ་མ་གཉིས་འདྲེས་པ་ནི་གསུང་རྡོ་རྗེ། མི་བསྐྱོད་རྡོར་སེམས་གཉིས་དང་དབྱིངས་ཕྱུག་བཟང་མོ་གཉིས་འདྲེས་རོ་གཅིག་པའི་བདག་ཉིད་ཅན་ནི་ཐུགས་རྡོ་རྗེའོ། །དེ་ཡང་ལྷའི་སྐུ་གསུང་ཐུགས་ཉིད་རྡོ་རྗེ་གསུམ་གྱི་རང་བཞིན་ཅན་དུ་རྒྱས་འདེབས་པས་བྱིན་གྱིས་རློབ་པ་ཡིན་ཏེ། ལུས་ངག་ཡིད་གསུམ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་

p. 283

ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མོས་པ་བརྟན་པོས་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཞིང་ལམ་གོང་མའི་དུས་ན། ཁུ་རྡུལ་རླུང་གི་ཁམས་གསུམ་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་སྙིགས་མ་ཟད་ནས་དྭངས་མ་འཕེལ་བ་ལས་བྱུང་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་དབང་བསྐུར་བ་ལ། སྦྱང་བྱ་ནི། བྱིས་པ་དེ་རྩ་ཁམས་འཕེལ་བས་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་དེ་ཡིན་ཞིང་། སྦྱོང་བྱེད་ནི། རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་རྗེས་དེ་ནས་ཡེ་ཤེས་ལྔ་ཡིས་དབང་བསྐུར་བར་བྱ་སྟེ། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་མགོ་བོའི་གནས་རྣམ་པ་ལྔར་རང་རིགས་ཀྱི་བདག་པོ་དབུས་སུ་སོང་བའི་ཤུལ་དུ་སྣང་མཐའ་སྤོ་བའི་ངེས་པས་བདེ་གཤེགས་ལྔ་རང་རང་གི་ཡུམ་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་གྱི་བདུད་རྩི་ལྔར་ཞུ་བའི་ཆུ་བོའི་རྒྱུན་བབས་པས་དབང་བསྐུར་བར་བསམ་པ་སྟེ། དེ་ལ་དཀྱིལ་འཁོར་འདི་ཉིད་སྤྱིར་གསུང་པདྨའི་རིགས་ཡིན་མོད་ཀྱི། འོན་ཀྱང་རིགས་ཆུང་གི་རྣམ་པ་བྱེ་བྲག་ཏུ་ཕྱེ་ན། དབུས་ཀྱི་གཙོ་བོ་པདྨའི་རིགས་ཀྱི་བྱེ་བྲག་དེ་བཞིན་གཤེགས་པའི་རིགས་དང་། ནུབ་བདེ་གཤེགས་ཀྱི་རིགས་ཆུང་པདྨའི་རིགས་ཡིན་པས་འདིར་སྤྱི་གཞིའི་རིགས་གཙོ་ཆེ་བའི་དབང་དུ་བྱས་ཏེ་དབུས་ཀྱི་རིགས་བདག་འོད་དཔག་མེད་དང་ནུབ་ཏུ་རྣམ་སྣང་སྦྱར་ཞིང་། རིགས་བདག་ཏུ་གང་སོང་གི་ཤུལ་དུ་སྣང་མཐའ་སྤོ་བའང་རྡོར་སེམས་སྒྱུ་དྲ་སོགས་ལ་རང་རིགས་མི་བསྐྱོད་པ་སྤོ་བ་བཞིན་ནོ། །དེ་ཡང་ཕྱག་རྡོར་སྟོད་འགྲེལ་དུ། གང་ཞིག་གཙོ་བོ་འཕོ་བྱེད་ཅིང་། །གཙོ་མོ་དག་ནི་མི་འཕོ་ན། །བྱིས་པ་རྣམས་ཀྱིས་རྟོགས་བྱའི་ཕྱིར། །རྣལ་འབྱོར་པ་ཡི་རྒྱུད་དུ་བཤད། །གང་ཞིག་གཙོ་མོ་འཕོ་བྱེད་ཅིང་། །གཙོ་བོ་དག་ནི་མི་འཕོ་ན། །བྱིས་པ་རྣམས་ཀྱིས་རྟོགས་བྱའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་དུ་བཤད། །ཅེས་གཙོ་བོ་ཡབ་ཡུམ་གོ་འཕོའི་དབྱེ་བས་ཕ་མའི་

p. 284

རྒྱུད་དུ་བཞག་པ་ལྟར་ན་འདིར་ཐབས་ཤེས་གཉིས་ཀ་འཕོས་པ་འདིས་གཉིས་མེད་ཀྱི་རྒྱུད་དུ་འགྲོའམ་སྙམ་མོ། །དབང་ཇི་ལྟར་བསྐུར་བའི་ཚུལ་ནི། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས་པ་དེས་ལུས་གང་། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཆུ་ལྷག་མ་ཡར་ལུད་པ་ལྷ་སོ་སོའི་སྤྱི་བོར་རང་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པས་འཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན་པ་སྟེ། འདི་ལྟར་ཧཱུྃ་ཞེས་ཡེ་ཤེས་ལྔའི་ཡི་གེས་མགོ་དྲངས་ཏེ། བདག་གི་སེམས་ཉིད་ཡེ་གདོད་མ་ནས་སངས་རྒྱས་རིགས་ལྔའི་རང་བཞིན་དུ་རྣམ་པར་དག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུའང་བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར་ན། མེད་སྣང་སྒྱུ་མའི་འཁྲུལ་འཁོར་ཙམ་དུ་གསལ་བའི་གཏི་མུག་ལ་སོགས་ཏེ་དུག་ལྔ་རང་བཞིན་གྱིས་རྣམ་པར་དག་པ་ཡེ་ཤེས་ལྔར་འཕྲོད་པས་རྒྱལ་བུ་དམངས་འཁྱ མས་ཉིད་བློན་པོ་རྒྱུས་མ་དང་འཕྲད་པས་རང་རིགས་སུ་དབང་བསྐུར་བ་ལྟར་འཁོར་འདས་གཉིས་སུ་མེད་པའི་རྒྱལ་སྲིད་ཆེན་པོར་མངའ་དབང་བསྐུར་བ་སྟེ། དེའི་སྔགས་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་མཐེ་བོང་བརྐྱང་བ་སྤྱི་བོར་བཞག་སྟེ་ཧྲཱིཿ མཛུབ་མོ་བརྐྱང་བ་དཔྲལ་བར་བཞག་སྟེ་ཧཱུྃ། སྲིན་ལག་བརྐྱང་བ་རྣ་ལྟག་གཡས་པར་བཞག་སྟེ་ཏྲཱཾ། གུང་མོ་བརྐྱང་བ་ལྟག་པར་བཞག་སྟེ་ༀ། མཐེའུ་ཆུང་བརྐྱང་བ་རྣ་ལྟག་གཡོན་པར་བཞག་སྟེ་ཨཱཿ ཞེས་པའི་མཇུག་ཏུ་ཨ་བྷི་ཥིཉྩ་ནི་མངོན་པར་དབང་བསྐུར་བ། ཧཱུྃ་ནི་ཐུགས་བསྐུལ་བའི་ས་བོན་ཡིན་པས་མཛོད་ཅེས་པ་སྟེ། དེ་ལྟར་སྔགས་དོན་བསམས་ལ་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱེད་པའོ། །དེས་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པས་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །༈ གཉིས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ༔ ཞེས་པ་སྟེ་འདིའི་སྦྱང་བྱ་ནི། བྱིས་པ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་

p. 285

ནི་སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་གྱུར་པས་དགོངས་པ་གཉིས་སུ་མེད་པར་རོ་མཉམ་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི་ཡེ་ཤེས་པ་སྤྱན་དྲངས་སྟིམ་པར་བྱེད་པ་སྟེ། དེས་དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤོང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་ཉིད་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ཉིད་ལ་འཇུག་པ་སོགས་ཀྱི་དགོས་པ་ཡོད་ཅིང་ལམ་གོང་མའི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །སྦྱོང་བྱེད་ཀྱི་རིམ་པ་ལ་གཉིས་ཏེ། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་དང་། བཞུགས་སུ་གསོལ་བའོ། །དང་པོ་ནི། དབང་བསྐུར་བྱིན་བརླབས་བྱས་པའི་རྗེས་དེ་ནས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དགུག་པའི་སྦྱོར་བ་བྱ་སྟེ། བདག་ཉིད་དམ་ཚིག་སེམས་དཔའི་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པ་ཡིས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་མ་གཡོས་པར་གཟུགས་སྐུ་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཇི་ལྟར་བསྐྱེད་པ་ལྟ་བུའི་རྣམ་པར་བཞེངས་པ་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཀུག་པར་བསམ་ལ། བདུད་རྩི་ལྔ་བསྲེགས་པའི་སྤོས་བཏུལ་ཞིང་། རོལ་མོ་སྣ་ཚོགས་སྒྲར་བཅས་ཏེ། ཡིད་རྩེ་གཅིག་པའི་དད་པས་སྤྱན་འདྲེན་པར་བྱ་བའི་ཚིག་གིས་འདི་སྐད་ཅེས་བསྐུལ་ལོ། །དེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་སྤྱན་དྲངས་པ་ནི། ཧཱུྃ་ཞེས་པ་ཐུགས་བསྐུལ་བའི་ཡི་གེས་འགོ་དྲང་བའོ། །བཞེངས་ཤིག་བཞེངས་ཤིག་ཅེས་ཟློས་པས་བཞེང་བར་བསྐུལ་ཞིང་ཤིན་ཏུ་བསྐུལ་བ་སྟེ། གང་བསྐུལ་ན། རྒྱུད་བླར། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང་། ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་པ་ལྟར་སྤང་

p. 286

བྱ་ཐམས་ཅད་གཞིག་ཅིང་འཇོམས་པར་བྱེད་པའི་སྟོབས་བཅུ་གང་ལ་མངའ་བའི་ཡེ་ཤེས་ཀྱི་སྐུ་བདེ་བར་གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་འགག་པ་མེད་པའི་ཆོ་འཕྲུལ་གྱི་རྣམ་པར་རོལ་པ་སྟོན་ཅིག་པའོ། །ཇི་ལྟར་ན། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་པ་ལྟར་འདུལ་བའི་དུས་ལས་ནམ་ཡང་མི་འདའ་བའི་ཐུགས་རྗེ་ཆེན་པོའི་གཞན་དབང་གིས་གང་ལ་གང་གིས་འདུལ་བའི་སེམས་ཅན་སོ་སོའི་མོས་པ་དང་འཚམས་པར་བཞེངས་ནས་དོན་མཛད་པར་དགོངས་པའི་ཕྱིར་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདི་ལ་དགོངས་ཏེ་འཕགས་པ་སྤྱན་རས་གཟིགས་པདྨ་གར་དབང་གི་རྣམ་པར་བཞེངས་ལ་མ་ལུས་ཤིང་ལུས་པ་མེད་པའི་འཁོར་དང་བཅས་ཏེ་དེང་འདིར་གཤེགས་སུ་གསོལ་ཅིག་པའོ། །བྱེ་བྲག་སོ་སོར་སྤྱན་དྲངས་པ་ནི། གཤེགས་སུ་གསོལ་ཅེས་པ་སྟེ། གང་དུ་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདིར། གང་ནས་གང་ཞིག་སྤྱན་འདྲེན་ན། ཆོས་ཀྱི་དབྱིངས་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོའི་སྣང་ཆ་བདེ་ལྡན་གྱི་ཞིང་ཁམས་ནས་གསུང་རྡོ་རྗེའི་རིགས་བདག་འོད་དཔག་མེད་མགོན་དང་། སྒྱུ་མ་ལྟར་ཅིར་ཡང་མ་འགགས་པར་འཕྲུལ་པ་ཡེ་ཤེས་ཀྱི་རྩལ་ལས་རང་སྣང་བ་དག་པའི་ཞིང་རབ་འབྱམས་དང་། འཛམ་གླིང་གི་ལྷོ་ཕྱོགས་འགྲོ་འདུལ་སྤྲུལ་པའི་ཞིང་རི་བོ་པོ་ཏ་ལ་སྟེ་གྲུ་འཛིན་གྱི་ཕོ་བྲང་ནས་བདེ་གཤེགས་ཐུགས་རྗེ་ཆེན་པོ་པདྨ་གར་དབང་དང་། ཟླ་གམ་ཨེའི་རྣམ་པ་ཅན་ཏེ་དབང་དྲག་གི་ཕྲིན་ལས་མཐར་ཕྱིན་པས་དྲེགས་པ་ཅན་དང་གདུག་པ་ཅན་རྣམས་འདུལ་བའི་ཆོ་འཕྲུལ་གྱི་རོལ་པ་མ་འགགས་པའི་སྣང་བརྙན་འབར་བ་ཆེན་པོའི་དཀྱིལ་འཁོར་ནས་དཔལ་ཆེན་པོ་ཁྲོ་རྒྱལ་རྟ་མགྲིན་དང་། རིང་འགྲོའམ་སྟེང་ཕུར་གྱི་དོན་ཨོ་ཌཱི་ཡ་ནའི་སྒྲ་བསྡུས་པ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་བཞུགས་གནས་སྤྲུལ་པའི་ཕོ་བྲང་ནས་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་། ཕོ་ཉའི་འདུ་བ་ཐོབ་པའི་གནས་ཆེན་ཉི་ཤུ་རྩ་བཞི་སྟེ། པུལླིར། ཛ་ལནྡྷར། ཨོ་རྒྱན། ཨཏྤུ་ཏ་བཞི་ནི་དཔའ་བོ་དང་རྣལ་འབྱོར་

p. 287

མ་རྣམས་རྟག་ཏུ་བཞུགས་ས་ཡིན་པས་གནས་དང་། གོ་ད་བ་རི། སཱ་མ་ཤྭ་རི། དེ་བི་ཀོ་ཊི། མཱ་ལ་ཝ་བཞི་ནི་དུས་རེས་འགའ་ཙམ་བཞུགས་ས་ཉེ་བའི་གནས་ཏེ། འདི་དག་སྔོན་ནམ་མཁའ་ལས་བྱུང་བའི་ལྷ་དང་དྲི་ཟ་བཞི་བཞིས་བཟུང་བས་མཁའ་སྤྱོད་ཀྱི་གནས་ཞེས་གྲགས་སོ། །ཀཱ་མ་རུ་པ་དང་། ཨོ་ཏྲེ་གཉིས་ནི་རྟག་ཏུ་ལོངས་སྤྱོད་པའི་ས་ཡིན་པས་ཞིང་དང་། ཏྲི་ཤ་ཀུ་དང་། ཀོ་ས་ལ་གཉིས་རེས་འགའ་ཙམ་ལོངས་སྤྱོད་པས་ཉེ་ཞིང་ངོ་། །ཀ་ལིངྐ་དང་། ལམྤ་ཀ་གཉིས་རྟག་ཏུ་ཁྲུས་བྱེད་པའི་ས་ཡིན་པས་ཚནྡོ་དང་། ཀཱཉྩི་དང་། ཧི་མ་ལ་ཡ་གཉིས་རེས་འགའ་ཙམ་ཁྲུས་བྱེད་པས་ཉེ་བའི་ཚནྡོ་སྟེ། འདི་དག་ས་སྟེང་ནས་བྱུང་བའི་གནོད་སྦྱིན་དང་སྲིན་པོས་བཟུང་བས་ས་ལ་སྤྱོད་པའི་གནས་སོ། །པྲེ་ཏ་པཱུ་ར་དང་། གྲྀ་ཧ་དེ་བ་གཉིས་རྟག་ཏུ་བཀའ་བགྲོ་བའི་ས་འདུ་བ་དང་། སཽ་རཥྚ་དང་། སུ་ཝརྞ་དྭཱི་པ་གཉིས་རེས་འགའ་ཙམ་བཀའ་བགྲོ་བའི་ས་ཉེ་འདུའོ། །ན་ག་ར་དང་། སིནྡྷུ་གཉིས་རྟག་ཏུ་ཚོགས་འཁོར་སོགས་བྱེད་པས་རྣམ་རྟོག་སྤོང་བའི་ས་དུར་ཁྲོད་དང་། མ་རུ་དང་ཀུ་ལུ་ཏ་གཉིས་རེས་འགའ་ཙམ་ཚོགས་འཁོར་སོགས་བྱེད་པས་ཉེ་བའི་དུར་ཁྲོད་དེ། འདི་དག་ས་འོག་ན་གནས་པའི་ཀླུ་དང་ལྷ་མིན་གྱིས་བཟུང་བས་ས་འོག་ན་སྤྱོད་པའི་གནས་ཆེན་ནོ། །དེ་དག་ཀྱང་བསྐྱེད་རིམ་བརྟན་པས་བརྟུལ་བཞུགས་ཀྱི་སྤྱོད་པས་རྒྱུ་བའི་གནས་ཆེ་བ་འཛམ་གླིང་གི་ཆར་གདོད་ནས་གྲུབ་པའི་གནས་ཆེན་ཡོད་པ་ལ་བཞག་པ་དང་། ཆུང་བ་རྒྱ་ནག་ལྟ་བུའི་གྲོང་ཁྱེར་ཆེན་པོ་གཅིག་ནའང་ཚང་བ་ལྟ་བུ་དང་། དེ་ནས་བསྐྱེད་རིམ་གྱི་དངོས་གྲུབ་གྲུབ་ཟིན་དང་རྫོགས་རིམ་གྱི་ཕྲ་ཡང་གི་ལུས་ཐོབ་པ་ནས་སྤྱོད་ཅིང་རྒྱུ་བའི་གནས་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་གཅིག་ལ་བཞག་པ་དང་། ཟུང་འཇུག་གི་སྐུ་གྲུབ་ནས་རིག་པ་བརྟུལ་ཞུགས་དངོས་སུ་སྤྱོད་པའི་གནས་དག་པའི་ཞིང་རབ་འབྱམས་ལ་བཞག་པ་སོགས་ཕྱིའི་ཡུལ་ཆེན་དེ་དག་གང་ལ་བརྟེན་པའི་རྣམ་གཞག་ཀྱང་མཐའ་ཡས་ཤིང་། དེ་ལྟར་ཕྱི་རོལ་དུ་ཡུལ་ཉི་ཤུ་རྩ་བཞི་ནང་དུ་སྤྱི་བོ་པུལླི་ར་དང་། དེ་ལས་སོ་སེན་འབབ་པ་སོགས་རྩ་ཉི་ཤུ་རྩ་བཞི་ལས་ཁམས་ཉེར་བཞི་འབབ་པ་དང་། འདི་རྣམས་སུ་རླུང་འགག་པ་ལས། གནས་ནི་རབ་ཏུ་དགའ་བའི་ས། ཞེས་

p. 288

པ་ནས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་པའི་བར་སྡོམ་པ་རྩ་རྒྱུད་དུ་གསུངས་པ་ལྟར་ས་བཅུ་བརྙེས་པར་བཤད་ཅིང་། གནས་སོགས་བཅུ་པོ་དེ་ལ་ཧེ་རུ་ཀའི་གནས་བཅུར་ཡང་གྲགས་ཏེ། ཀལྤོ་ལས། ཧེ་རུ་ཀ་ཡི་གནས་བཅུ་ནི། །གནས་དང་ཉེ་བའི་གནས་གཉིས་དང་། །ཡུལ་ནི་རོལ་པ་ཉ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་ས་ཉེ་བའི་འདུས་དང་། །ཚནྡོ་ཉེ་བའི་ཚནྡོ་ཡིན། །ཞེས་གསུངས་ཏེ། འདིའི་ཡུལ་རོལ་པ་དང་ཉེ་རོལ་ནི་ཚོགས་འཁོར་སོགས་ལ་རྟག་ཏུ་དང་རེས་འགའ་ཙམ་རོལ་པའི་ཡུལ་ཏེ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དོ། །དེ་བས་ན་ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །ཞེས་པ་ལྟར་གནས་བཅུ་དང་དེའི་བྱེ་བྲག་ཡུལ་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད་དེ། དེ་དག་ནས་རྡོ་རྗེའི་རིགས་ལ་སོགས་པ་རིགས་བཞིས་བསྡུས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། ཇི་ལྟར་རྒྱལ་པོ་བསྐྱོད་པའི་སར་འབངས་རྣམས་རང་དབང་མེད་པར་འདུ་བ་ལྟར་པདྨ་གར་དབང་གིས་བཀའ་སྡོད་ཕོ་ཉར་བསྐོས་པ་དང་། དམ་ཚིག་གཉན་པོ་བྱིན་ཏེ་ལས་ཀྱི་གཉེར་གཏད་པ་ལས་ནམ་ཡང་འགོངས་པར་མི་ནུས་པའི་སོ་སོའི་ཕོ་བྲང་ནས་སྒོ་སྐྱོང་ཕྲ་མེན་བཞི་སོགས་བཀའ་ཉན་འཁོར་དང་བཅས་པ་རྣམས་སོ། །སྔགས་དོན་ནི། ༀ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་ས་བོན། སརྦ་ཐམས་ཅད། ས་མ་ཡ་དམ་ཚིག ཨེ་ནི་འདིར། ཨ་ར་ལི་ནི་རོལ་པ། ཧྲིང་ཧྲིང་ནི་འདུས་ཤིག་པའི་བརྡ་སྐད་དེ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དམ་ཚིག་གི་རོལ་པས་འདིར་འདུས་ཤིག་ཅེས་བསྐུལ་བ་དང་། ས་མ་ཡ་དམ་ཚིག ཛཿཛཿནི་དགུག་པའི་ས་བོན་ཏེ། དམ་བཅས་པ་ལྟར་སྤྱོན་ཅིག་ཅེས་པའི་སྔགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་བྱོན་པ་དམ་ཚིག་གི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པར་བསྒོམ་པའོ། །གཉིས་པ་བཞུགས་སུ་གསོལ་བ་ནི། དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ལྷ་རྣམས་དམ་ཚིག་གི་འཁོར་ལོར་བཞུགས་སུ་གསོལ་བ་སྟེ། ཧཱུྃ་གིས་འགོ་དྲངས་ལ། གདོད་མ་ནས་རང་བཞིན་རྣམ་དག་རང་བྱུང་རིག་པའི་དཀྱིལ་འཁོར་ཆེན་པོ་འདིར་རང་སེམས་རྩེ་

p. 289

གཅིག་པའི་ཏིང་ངེ་འཛིན་གོམས་པའི་རྣམ་པར་འཕྲུལ་པ་བསམ་ཡས་པར་སྤྲུལ་པའི་ལྷ་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དང་། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པོ་དེ་རང་སྣང་གི་ངོ་བོར་དབྱེར་མེད་པས་ན་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་པ་དེ་ཉིད་དམ་ཚིག་པར་དཔེ་ཆུ་ལ་ཆུ་བཞག་པ་ཇི་ལྟ་བ་བཞིན་དུ་གཉིས་སུ་མེད་པར་བསྟིམས་ཏེ་བཞུགས་སུ་གསོལ་བའོ། །ཛཿཧཱུྃ་བྃ་ཧོཿནི་ཚད་མེད་པ་བཞིས་སེམས་ཅན་གྱི་དོན་ལ་བསྐུལ་བ་སྟེ། མཉམ་སྦྱོར་ལས། དྲངས་ཏེ་བཅུག་ནས་བཅིངས་པ་དང་། །ཞུགས་ནས་དབང་དུ་གྱུར་པ་ནི། །ཛཿཧཱུྃ་བྃ་ཧོཿབཤད་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་དགུག་པ་དང་། གཉིས་སུ་མེད་པར་གཞུག་པ་དང་། བྱ་བ་མ་ཟིན་གྱི་བར་མི་གཤེགས་པར་བཅིང་པ་དང་། དགྱེས་བཞིན་དུ་བཞུགས་ཤིག་ཅེས་བསྐུལ་བའི་དོན་ཡིན་ལ། ས་མ་ཡ་དམ་ཚིག ཏིཥྛ་བརྟན་པ། ལྷན་ནི་བཞུགས་ཤིག་པའི་བརྡ་སྐད་དེ། འགྲོ་བའི་དོན་མཛད་པར་དམ་བཅས་པ་བཞིན་དུ་བརྟན་པར་བཞུགས་ཞེས་པའོ། །གསུམ་པ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ་བ་ནི། ཕྱག་འཚལ་མཆོད་ཅིང་བསྟོད་པ་བྱ། །ཞེས་པ་སྟེ། འདི་: ངག་དག་གི་སྦྱང་བྱ་ནི། བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་ནོར་གྱི་བཅད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ན་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་གྱུར་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི་ཕྱག་མཆོད་བསྟོད་པའི་ལས་རིམ་རྣམས་ཏེ། དེས་ལམ་གོང་མའི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །སྦྱོང་བྱེད་ཀྱི་རིམ་པ་ལ་གསུམ་སྟེ། ཕྱག་འཚལ་བ། མཆོད་པ་དབུལ་བ། བསྟོད་པ་བྱ་བའོ། །དང་པོ་ནི། དེ་ལྟར་ཏིང་ངེ་འཛིན་དམ་ཚིག་པའི་དཀྱིལ་འཁོར་དང་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་ཆུ་ལ་ཆུ་འདྲེས་པ་ལྟར་གྱུར་ཏེ། དབྱིངས་དང་ཡེ་ཤེས་གཉིས་

p. 290

སུ་མེད་པའི་ངང་དུ་དབྱེར་མེད་པའི་ལྷར་རྟོགས་པ་ཉིད་འདྲེས་པ་ནན་ཏན་གྱི་ཕྱག་ཅེས་བྱ་བ་རྣལ་འབྱོར་མཆོག་གི་ཕྱག་ཡིན་པས་འདིར་ཕྱག་མཆོད་ཟུར་དུ་མ་སྨོས་ཀྱང་ཆོག་མོད་ཀྱི། དེ་ལྟ་ནའང་འཇིག་རྟེན་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཏེ་ཕྱག་མཆོད་ཕུལ་ནའང་སེམས་ཉིད་ཀྱི་རོལ་པ་ཙམ་དུ་ཐག་བཅད་དེ་གཉིས་སུ་མེད་པའི་ངོ་བོར་ཤེས་པར་བྱས་ན་རྣལ་འབྱོར་བླ་མེད་ཀྱི་དགོངས་པར་འགྱུར་རོ། །དེ་བས་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་བརྩེ་བའི་ཚུལ་གྱིས་བདག་ཉིད་གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྤྱན་རས་གཟིགས་ཕྱག་གཉིས་པའི་རྣམ་པར་ཐོན་ནས་ཕྱག་བགྱི་བར་བསམ་པ་སྟེ། ཧྲཱིཿཞེས་པ་པདྨའི་རིགས་ཀྱི་ས་བོན་གྱིས་འགོ་དྲང་བའོ། །ཆོས་སྐུ་སྐྱེ་བ་མེད་པ་ལས༔ འགག་མེད་གཟུགས་སྐུའི་རོལ་པར་ཤར༔ ཞེས་པས་ཆོས་ཀྱི་སྐུའི་ངང་ལས་གཟུགས་སྐུ་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷའི་རོལ་པ་མ་འགགས་པར་ཤར་བ་ནི་ཡུལ་སྟེ། དེ་དང་རང་རིག་དབྱེར་མེད་དུ་མཇལ་བ་ནི་ཕྱག་གི་དོན་ཡིན་ལ། བརྡ་ཙམ་དུ་ལྷ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་ལ་ཤིན་ཏུ་གུས་པའི་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བ་སྟེ། གནུབས་ནམ་མཁའི་སྙིང་པོས། ལྷ་དང་བདག་ཏུ་མི་གཉིས་པའི། །དོན་ཉིད་རྟོགས་པར་བྱ་བའི་ཕྱིར། །ཇི་ལྟར་མར་ལ་མར་བཞིན་དུ། །གཉིས་མེད་རིག་པས་ཕྱག་འཚལ་ལོ། །ཞེས་སོ། །དེ་ཡང་ཨ་ཏི་པུ་ཧོཿ ཞེས་པ་ནི་ཕྱག་འཚལ་བའི་བརྡ་དང་། པྲ་ཏི་ཙ་ཧོཿ ཞེས་པ་ནི་མཉེས་པས་ལན་བྱིན་པའི་བརྡའོ། །གཉིས་པ་མཆོད་པ་ལ། ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་དང་བཞི་ལས། དང་པོ་ཕྱི་མཆོད་དང་། ནང་མཆོད་ཐུན་མོང་བ་ནི། ལྷ་རྣམས་ཀྱི་ཐུགས་ཀ་ནས་འདོད་པའི་ཡོན་ཏན་གྱི་ལྷ་མོའི་སྤྲིན་སྤྲོས་ཏེ་ལྷ་ལ་ལྷ་ཉིད་མཆོད་པའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པས་ཕྱི་ནང་གི་མཆོད་སྤྲིན་བསམ་ཡས་པར་ཕུལ་བ་ཉིད་ཀྱིས་ཆོས་དབྱིངས་རྣམ་པར་ད ག་པའི་གཞལ་ཡས་ཁང་ཐམས་ཅད་ཁྱབ་པར་དམིགས་ནས་འབུལ་བར་བྱ་སྟེ། ༀ་ནི་མཆོད་པ་སྐྱེད་པའི་ས་བོན་གྱིས་འགོ་དྲང་བའོ། །དེ་ཡང་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་

p. 291

འཕྲུལ་པ་ལས་བྱུང་བའི་ལོངས་སྤྱོད་ཆེན་པོ་རྒྱན་གྱི་རོལ་པ་ལ་མཆོད་པའི་སྤྲིན་གྱི་ཚོགས་རྒྱུན་མི་ཆད་པ་ལྷུན་གྱིས་གྲུབ་པ་སྟེ། དེ་ལ་ཕྱི་མཆོད་རྣམས་ནི། མཆོད་རྫས་ཐོགས་པའི་ལྷ་མོ་རྣམས་ཀྱིས་དབང་པོའི་གནས་རྣམས་ལ་ཕྱག་མཚན་གྱིས་མཆོད་ཅིང་མཐར་ལྷ་མོ་ཉིད་ཀྱང་གནས་དེ་དང་དེར་ཐིམ་པར་མོས་པ་སྟེ། དྭངས་བསིལ་མངར་བའི་ཞལ་སྐྱེམས་མཆོད་ཡོན། ཕྱག་ཞབས་བསིལ་བྱེད་རྙོག་བྲལ་གྱི་ཞབས་བསིལ། ཐང་དང་ཆུ་ལས་སྐྱེས་པ་རྣམ་པར་བཀྲ་བའི་མེ་ཏོག་སྤྱན། ལྷན་སྐྱེས་དང་སྦྱར་བ་ལས་བྱུང་བའི་དྲི་ཞིམ་བདུག་སྤོས་ཤངས། ནོར་བུ་དང་རྩི་མར་གྱི་མེ་སྒྲོན་སོགས་གསལ་བྱེད་མར་མེ་སྤྱན། ཙན་དན་གུར་གུམ་སོགས་དྲི་ལྡན་བསིལ་ཆབ་ཐུགས་ཀ རོ་མཆོག་བཅུད་ལྡན་གྱི་ཞལ་ཟས་ལྗགས། སིལ་སྙན་ཏེ་རོལ་མོའི་བྱེ་བྲག་འབུད་དཀྲོལ་བརྡུང་བྱ་རྒྱུད་ཅན་སོགས་སྒྲ་དབྱངས་སྣ་ཚོགས་པས་སྙན་གྱི་དབང་པོ་རྣམས་ལ་མཆོད་ཅིང་། དེ་དག་མཚོན་དོན་གྱི་དག་པ་ནི། རང་རིག་པའི་ཡེ་ཤེས་ནི་རྣམ་པར་བཀྲ་བས་མེ་ཏོག་དང་། དམིགས་མེད་ཀྱི་སྙིང་རྗེས་རྟོག་པ་སྲེག་པས་སྤོས་དང་། ལྷན་སྐྱེས་འོད་གསལ་གྱིས་མ་རིག་པའི་མུན་པ་སེལ་བས་མར་མེ་དང་། ཤིན་ཏུ་ཟབ་པའི་དོན་དབྱིངས་རིག་སྤྲོས་བྲལ་གྱི་ཡེ་ཤེས་སུ་ཤར་བས་ཆོས་ཐམས་ཅད་ལ་ཁྱབ་པ་ནི་བྱུག་པ་དང་། དེས་ཀུན་རྟོག་གི་དྲི་མ་འཁྲུད་པས་ཞབས་བསིལ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ཟག་མེད་ཀྱི་རོ་མྱོང་བ་ཞལ་ཟས་མཆོད་ཡོན་གཉིས་དང་། གྲག་སྟོང་གཞོམ་མེད་ཀྱི་སྔགས་སྒྲ་ནི་རོལ་མོའོ། །དེ་དག་ཀྱང་ཐུགས་ཐིག་ལས། རྣམ་བཀྲ་རིག་པའི་མེ་ཏོག་སྙིང་རྗེའི་གསུར༔ ཞེས་སོགས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཡིད་དུ་འོང་བའི་གཟུགས་སྤྱན་དང་། སྙན་པའི་སྒྲ་དབྱངས་སྙན་དང་། དྲི་ཞིམ་ཤངས་དང་། རོ་མཆོག་ཞལ་དང་། འཇམ་པའི་རེག་བྱ་ལུས་ཏེ་དབང་པོ་ལྔའི་སྤྱོད་ཡུལ་དུ་འདོད་པའི་ཡོན་ཏན་ལྔ་དབུལ་ཞིང་། དེ་དག་གི་མཚོན་དོན་ཡང་ཡབ་ཡུམ་སྙོམས་པར་འཇུག་པ་ན་ཕན་ཚུན་དགྱེས་པས་ལྟ་བ་གཟུགས་དང་། སྦྱོར་བ་ཧ་སིའི་སྒྲ་དང་། བདེ་བས་ཚིམ་པའི་དྲི་དང་། ཞུ་བདེ་མྱོང་བའི་རོ་དང་། མཁའ་གསང་དང་ཁམས་དཀར་དམར་རྣམས་ཕན་ཚུན་རེག་པའི་རེག་བྱ་དང་། དེའི་ཕྱི་ནང་གི་ཆོས་ཐམས་

p. 292

ཅད་བདེ་སྟོང་དུ་འཆར་བའི་ཆོས་ཏེ། དེ་བས་ན་སོགས་ཁོངས་ནས་ཡིད་ཡུལ་ཆོས་དང་། དགའ་བ་བཅུ་དྲུག་གི་ཉམས་ཀྱི་འགྱུར་བ་ལྷ་མོའི་ཕྱག་རྒྱར་སྣང་བ་དག་གི་མཆོད་པའང་བསྡུའོ། །འདི་ནི་སྒྱུ་འཕྲུལ་ལམ་རིམ་དུ། གསང་བ་ནང་གི་འདོད་ཡོན་དང་། །ཞེས་འབྱུང་ངོ་། །ནང་མཆོད་ཐུན་མོང་བ་ནི། མཚོན་བྱེད་བཾ་གཙང་མ་ལ་རང་བྱུང་དུ་གནས་པའི་དམ་རྫས་སྤྲོས་པ་ལས་བྱུང་བའི་མིག་ལྕེ་རྣ་བ་སྣ་སྙིང་སྟེ་སྔ་མ་བཞི་ནི་དོན་ལྔའི་མེ་ཏོག་གི་ནང་ཚན་དང་ཕྱི་མ་གཅིག་པོ་ནི་ལུས་དབང་ཉིད་རེག་བྱ་གང་བྱུང་དུ་གློག་ལྟར་འཁྱུག་ཅིང་ཕྲ་བའི་ཆ་ཀུན་ཏུ་ཁྱབ་ཀྱང་ཤས་ཆེར་ལུས་ཀྱི་དབུས་ན་གནས་པར་བཤད་པ་ལྟར་དེའི་རྟེན་མཚོན་བྱེད་དུ་བཞག་པས་ན་དབང་པོའི་མེ་ཏོག་ཅེས་བཤད་ཀྱི། སྨན་གྱི་བསྟན་བཅོས་སུ་དོན་ལྔ་ལས་མཆོར་པའི་མེ་ཏོག་མཆུ་ཟེར་ཡང་འདིར་མི་བགྲང་ངོ་། །དེ་བཞིན་དུ་ཚིལ་ཆེན་བསྲེགས་གསུར་གྱི་སྤོས་དང་། ཞུན་ཆེན་རོ་སྐྲ་ལ་སྦར་བའི་མར་མེ་དང་། མཁྲིས་པའི་དྲི་ཆབ་དང་། ཤ་ཆེན་གྱི་ཞལ་ཟས་རྣམས་ཡིན་ལ། དེ་དག་གི་མཚོན་དོན་ལུས་ཅན་རྣམས་ལ་རང་བྱུང་དུ་གྲུབ་པའི་རྫས་སྒོ་ལྔའི་རྣམ་ཤེས་ཀྱི་རྟེན་གཟུགས་ཅན་དྭངས་བའི་དབང་པོ་ལྔ་ནི་རང་ཡུལ་ལ་མ་འདྲེས་པར་དབང་བྱེད་པས་རྣམ་པར་བཀྲ་བའི་ཕྱིར་མེ་ཏོག་དང་། ཚིལ་ཆེན་གྱི་རྒྱུ་ཤ་སྟེ་དེ་ཉིད་ཀྱི་སྙིགས་མ་དྲིར་འགྱུར་བས་ཚིལ་གསུར་གྱི་སྤོས་དང་། རྐང་ཞུན་གྱི་འབྲས་བུ་ཁུ་བ་ལས་ལུས་ཀྱི་བཀྲག་མདངས་སུ་འགྱུར་བས་ཞུན་ཆེན་གྱི་མར་མེ་དང་། མཁྲིས་པ་ནི་དྲིའི་མཛོད་ཡིན་པས་བྱུག་པ་དང་། བཟའ་བཏུང་སོགས་རླུང་མཁྲིས་བད་ཀན་གསུམ་གྱིས་སྦར་འགྱུར་མྱགས་པར་བྱས་པས་ཁྲག་དང་ཤར་སྨིན་ཏེ་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་གསོ་བར་བྱེད་པའི་ཕྱིར་ཤ་ཁྲག་ཆེན་པོ་དག་ནི་ཞལ་ཟས་སོ། །དེ་ལ་སོགས་ཏེ་ཕྱི་ནང་གི་འདོད་ཡོན་གྱི་མཆོད་རྫས་དངོས་སུ་བཤམས་ཤིང་ཡིད་ཀྱིས་སྤྲུལ་པ་དང་། བདག་པོས་མ་བཟུང་བ་དང་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་བློས་བླངས་ཏེ་བདག་ཅག་དད་པས་འབུལ་ལགས་ན་སྤང་བླང་རང་གྲོལ་བདེ་བ་ཆེན་པོའི་ངང་ལས་མི་འདའ་བར་བཞེས་སུ་གསོལ་ཞེས་པའོ། །ༀ་ནི་མཆོད་པའི་ས་བོན།

p. 293

བཛྲ་དང་པུཥྤེ་ནས་ཤཔྟའི་བར་དྲུག་ནི་སྔར་བཤད་གྲུབ་ཅིང་། ཨརྒྷཾ་པདྱཾ་སྟེ་ཆུ་གཉིས་ནི་མ་ནིང་གི་རྟགས་ཡིན་པས་སི་མུའི་རྗེས་སོ། །སརྦ་ནི་ཐམས་ཅད། པཱུ་ཛ་མཆོད་པ། ཧོཿནི་མཉེས་པའི་ས་བོན་ཏེ་དངོས་པོ་ཐམས་ཅད་མཆོད་པར་འབུལ་བས་མཉེས་པར་མཛོད་ཅེས་པའོ། །གཉིས་པ་ནང་མཆོད་ཁྱད་པར་བ་ལ། སྨན་གཏོར་རཀྟ་གསུམ་ལས། སྨན་མཆོད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བཅོས་རང་བྱུང་གི་བདུད་རྩིའི་ངོ་བོར་ཡེ་གདོད་མ་ནས་རྣམ་པར་དག་པ་སྟེ། བཾ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །ཞེས་སོ། །དམ་རྫས་བདུད་རྩི་དེ་ཉིད་ལ་རྩ་བ་བརྒྱད་དང་ཡན་ལག་སྟོང་ཚང་བ་སྟེ། རྩ་བ་ལ་གསུམ་ལས། ཕྱི་ནི་བཾ་བརྒྱད་དུ། རྩ་བ་སྡོང་པོ་ཡལ་ག་དང་། །ལོ་མ་འདབ་མ་མེ་ཏོག་དང་། །ཤུན་ལྤགས་འབྲས་བུ་སྙིང་པོར་བཅས། །ཞེས་པས་རྩ་བ་མཱུ་ལ་པ་ཏི་ལ་སོགས་ཏེ་སྨན་སྣ་བརྒྱད་དོ། །ནང་ནི། ལུས་ཅན་རྣམས་ཀྱི་སྲིད་པ་ཆགས་པའི་རྩ་བ་ལྟེ་བ། ཤ་རུས་སྡོང་པོ། རྐང་ལག་ཡལ་ག སྐྲ་སེན་ལོ་མ། དབང་ལྔ་མེ་ཏོག དོན་ལྔ་འབྲས་བུ། ཀླད་རྒྱུངས་རྐང་དང་ལྷ་བ་རྣམས་སྙིང་པོ། པགས་པ་ཤུན་པའོ། །གསང་བ་ནི། བྱང་སེམས་ཀྱི་ཕོ་བྲང་ཀླད་པ། རྒྱུན་ལམ་རྒྱུངས་པ། བསྟི་བའི་སྒོ་གསང་བའི་འབྲས་བུ། གཤེགས་ཤུལ་རྡོ་རྗེའི་རྩ་བོ་ཆེ་སྟེ་ཡབ་ཀྱི་རྒྱུ་བཞི་དང་། ཕོ་བྲང་མཆིན་པ། གསོག་པའི་གནས་བུ་སྣོད། ལེན་པའི་གནས་པདྨའི་སྒོ། རྒྱུན་ལམ་པདྨའི་གེ་སར་ཏེ་ཡུམ་གྱི་རྐྱེན་བཞི་དང་བརྒྱད་དོ། །ཡང་ན་བདུད་རྩི་ཡོན་ཏན་གྱི་རྒྱུད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །ཞེས་དང་། ཉང་གཏེར་འགྲོ་འདུལ་ལས། བདུད་རྩི་ལྔ་ལ་རྩ་བ་བརྒྱད༔ སྦས་པ་ནང་གི་རྩ་བ་བཞི༔ མངོན་པ་ཕྱིའི་རྩ་བ་བཞི༔ ཞེས་པ་ལྟར་དམ་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་རེ་རེ་ལ་ཕྱི་ནང་གི་རྩ་བ་བཞི་བཞི་སྦྱར་བས་བརྒྱད་དེ། བརྒྱད་ཚན་དེ་དག་རེ་རེ་ལའང་སོ་སོའི་སྐྱོབ་དང་ཕྲད་དུ་གྱུར་པའི་རྩི་བཅུད་ཀྱི་སྨན་བརྒྱ་ཉེར་ལྔ་པ་རེ་སྦྱར་དུ་ཡོད་པས་ཡན་ལག་སྟོང་དུ་འགྱུར་རོ། །དེ་ལྟར་སྦྱར་བའི་དམ་རྫས་དེ་ནི་ཆོས་མཉམ་པ་ཉིད་དུ་རྟོགས་པ་ལས་འབྱུང་ཞིང་། དེ་གཉིས་འཛིན་གྱི་རྟོག་པ་སེལ་བའི་ཕྱིར་བདུད་རྩི་སྨན་གྱི་བཅུད་ལེན་ཏེ། རིགས་ལྔ་དང་ཡེ་ཤེས་

p. 294

ལྔའི་ངོ་བོར་གྲུབ་པའི་དམ་ཚིག་གི་རྫས་ཆེན་པོ་འདི་ཉིད་ཇི་ལྟར་རཏྣའི་དབྱིག་ལས་དགོས་འདོད་འབྱུང་བ་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཀུན་འབྱུང་བའི་སྒོར་འབུལ་གྱིས་བཞེས་སུ་གསོལ་ཅིག་པ་སྟེ། སྦས་དོན་དུ་བདུད་རྩི་ལྔ་ནི་ཕུང་ལྔའི་དྭངས་མ། ཤ་ལྔ་ནི་དབང་པོ་ལྔའི་དྭངས་མ་སྟེ། དེ་དག་འཛག་མེད་དུ་བཅིངས་པ་ལས་འཆི་མེད་གྲུབ་པས་ན་བདུད་རྩིའོ། །ༀ་ཨཱཿཧཱུྃ་ནི་ལྷའི་སྐུ་གསུང་ཐུགས་ཏེ། དེ་ཚིམ་པར་བྱ་བའི་ཕྱིར་སརྦ་པཉྩ་ཨ་མྲྀ་ཏ་ཐམས་ཅད་བདུད་རྩི་ལྔར། ཁ་རཾ་སྟོབ་པ། ཁཱ་ཧི་གསོལ་ཅིག་པའོ། །དེ་ཡང་དྲི་མེད་བདུད་རྩིའི་རྒྱ་མཚོ་ལས། མཐེབ་སྲིན་ཉི་ཟླ་གའུས་བཅུས་ཏེ་གཏོར་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མ་ཞལ་དུ་ཐིམ་པས་ལྷ་ཚོགས་ཐམས་ཅད་བདེ་བ་ཆེན་པོའི་རོས་མཉེས་པར་བསམ་ཞིང་སྤྱིར་དབུལ་བ་དང་། ཁྱབ་བདག་སྟོན་པ་ཀུན་བཟང་སྣང་མཐའ་ཡས་ཞེས་སོགས་ཀྱིས་སྒོས་སུ་འབུལ་ཚུལ་ཡང་ཤེས་པར་བྱའོ། །དེ་དག་ཀྱང་ཧེ་རུ་ཀ་འདུས་པའི་རྒྱུད་ལས། རྡོ་རྗེ་ཕྱག་རྒྱ་གར་དཀྲོལ་ཏེ། །མཐེབ་སྲིན་རྩེ་མོས་བླངས་གཏོར་བས། །རྡུལ་སྙེད་བཞུགས་པའི་སངས་རྒྱས་རྣམས། །དགྱེས་ཤིང་གཟི་བརྗིད་ལྡན་པར་གྱུར། །ཞེས་སོ། །གཏོར་མཆོད་ནི། ཆོས་ཀྱི་དབྱིངས་རང་བཞིན་རྣམ་དག་སྐྱེ་མཆེད་ཀྱི་གཏོར་གཞོང་དུ་བཅུད་དམ་རྫས་རྨད་དུ་བྱུང་བའི་གཏོར་མ་བཟའ་བཏུང་གི་དངོས་པོ་རྣམས་འདོད་ཡོན་ལྔའི་ལོངས་སྤྱོད་མཁོ་རྒུའི་ཕུང་པོར་སྤུངས་པ་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་སྣང་བ་བདེ་བ་ཆེན་པོའི་རོལ་པར་འཆར་བའི་མཆོད་སྤྲིན་བླ་ན་མེད་པའི་མཆོག་ཏུ་འབུལ་ན་དམ་ཚིག་གི་བདུད་རྩིར་བཞེས་ནས་བདེ་བ་ཆེན་པོ་མྱོང་བར་མཛད་དུ་གསོལ་ཅིག་པ་སྟེ། ངེས་དོན་དུ་ཡུལ་ལྔའི་བཟའ་བ་དང་རྣམ་ཤེས་ཀྱི་བཏུང་བ་རྣམས་འོད་གསལ་གྱི་ཀློང་དུ་གསོལ་ཞིང་ཐིམ་པར་མཛོད་ཅིག་པའོ། །ༀ་བདུད་རྩིའི་ས་བོན། མ་ཧཱ་བ་ལིཾ་ཏ་གཏོར་མ་ཆེན་པོའམ་སྟོབས་ཆེན་པོ་སྟེ། གཏོར་མ་གསོལ་བས་སྟོབས་དང་བདེ་བ་བསྐྱེད་པས་སོ། །པཱུ་ཛ་མཆོད་པ་ཁཱ་ཧི་གསོལ་ཅིག་པ་སྟེ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅ ན་ལས་བྱུང་བའི་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་བས་ཐུགས་དམ་སྐོང་བར་བསམ་པའོ། །རཀྟའི་མཆོད་པ་ནི། ཉོན་མོངས་པའི་རྩ་བ་ནི་ཁམས་གསུམ་

p. 295

དུ་ཆགས་ཤིང་ཞེན་པའི་ཀུན་རྟོག་སྟེ། དེས་འཁོར་བ་འགྲུབ་པར་བྱེད་པས་ན་འཁོར་བ་རྩད་ནས་གཅོད་པའི་ཕྱིར་ཆགས་རྟོག་ཐམས་ཅད་ཁྲག་གི་རྣམ་པར་བསྡུས་ནས་ཆགས་མེད་བདེ་ཆེན་གྱི་ངང་དུ་བཅོམ་སྟེ་དྭངས་མའི་རྒྱ་མཚོར་བསྐྱིལ་བ་ནི་གསང་བ་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་དུ་གྲུབ་པས་ན་འཁོར་བ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བའི་དམ་རྫས་ཆེན་པོ་འདི་ཉིད་འཁོར་འདས་མཉམ་ཉིད་ཀྱི་དབྱིངས་སུ་བཞེས་ཤིང་ཐིམ་པར་མཛད་དུ་གསོལ་ཅིག་པ་སྟེ། ངེས་དོན་དུ་མཁའ་གསང་གི་རྩེར་ཉི་མའི་འགྲོས་བཅིངས་པས་འཁོར་བའི་རྒྱུན་གཅོད་པའོ། །ༀ་ས་བོན། མཧཱ་རཀྟ་པཱུ་ཛ་ཁཱ་ཧི་ནི། ཁྲག་ཆེན་གྱི་མཆོད་པ་གསོལ་ཅིག་པ་སྟེ། འཁོར་བ་ཁྲག་གི་རྒྱ་མཚོ་ཕུལ་བ་ལྷག་མ་མེད་པར་ཆམ་ཆོམ་དུ་གསོལ་བར་བསམ་མོ། །གསུམ་པ་གསང་མཆོད་ལ་གཉིས་ལས། སྦྱོར་མཆོད་ནི། སྣང་བ་ཡུལ་ཅན་ནི་ཐབས་ཡབ་ཀྱི་རང་བཞིན་ཡིན་ལ། ཡུལ་སྟོང་པ་ཉིད་ནི་ཡུམ་སྟེ། དེ་གཉིས་ངོ་བོ་དབྱེར་མི་ཕྱེད་པ་ནི་ལྷ་ཚོགས་ཐམས་ཅད་གཉིས་སུ་མེད་པར་སྦྱོར་བ་ཉིད་ཡིན་ལ། དེ་ལྟར་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་འདུས་པ་ལས་སྐྱེས་པའི་བདེ་བ་ཆེན་པོའི་རོ་གནས་བཞིར་དགའ་བ་བཞིའི་རོལ་པར་སྤེལ་བའི་མཆོད་པས་ཐམས་ཅད་དགྱེས་པ་ཆེན་པོ་བདེ་ཆེན་གྱི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་ངོ་བོར་བཞེས་སུ་གསོལ་ཅིག་པ་སྟེ། དེ་ཡང་གཙོ་བོ་དང་རིགས་བཞི་ཁ་སྦྱོར་གྱི་ལྷ་རྣམས་ནི་རང་རང་སྙོམས་པར་འཇུག་པ་ཉིད་ཡིན་ལ། གཙོ་བོའི་རྗེས་ཆགས་ཀྱིས་ནི་ཡན་ལག་གི་ལྷ་རྣམས་ཀྱང་ཚིམ་པར་བྱེད་ཅིང་། ཕྲ་མེན་རྣམས་ལ་ནི་གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་ཡབ་བཞིའམ་རང་རང་གི་ཁ་ཾ་ག་སྒྱུར་བ་གང་རུང་དང་སྙོམས་པར་ཞུགས་པས་མཆོད་དེ་བསྡུ་བའམ་སླར་སྒྱུར་བར་བྱེད་པའོ། །ༀ་ཡེ་ཤེས་ལྔ་ལྡན། བོ་དྷི་ཙིཏྟ་བྱང་ཆུབ་ཀྱི་སེམས་མ་ཧཱ་སུ་ཁ་བདེ་བ་ཆེན་པོའ། པཱུ་ཛ་ནི་མཆོད་པས། ཧོཿནི་མཉེས་པར་མཛོད་ཅིག་པ་སྟེ། ཞུ་བདེ་ཁྱད་པར་ཅན་ཡས་བརྟན་མས་བརྟན་གྱི་རིམ་པ་རྫོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བ་ལ་བློ་བཞག་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རྗེས་ཆགས་དང་དབྱེར་མེད་པའི་ང་རྒྱལ་

p. 296

བྱེད་པའོ། །སྒྲོལ་བའི་མཆོད་པ་ནི། བསྒྲལ་བྱ་བདག་ལྟའི་མཚན་ཉིད་ཅན་གྱི་ཉོན་མོངས་པ་གཟུང་འཛིན་སོ་སོར་ཞེན་པའི་རྟོག་པ་སྟེ། དེས་འཁོར་བར་འཆིང་ཞིང་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པ་ལ་བར་དུ་གཅོད་པས་ན་དགྲའོ། །གང་གིས་ན། འཁོར་འདས་གཉིས་སུ་འཛིན་པའི་རྟོག་པ་དང་བྲལ་བའི་ཡེ་ཤེས་ཀྱི་མཚོན་ཆ་རྣོན་པོ་དེ་ཡིས་སོ། །གང་དུ་ན་ཐོག་མར་རང་གི་གཉིས་འཛིན་གྱི་རྟོག་པ་གདོད་ནས་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་སུ་བསྒྲལ་ཏེ། དེའི་ངང་ལས་ཞིང་བཅུས་བསྡུས་པའི་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེས་བདག་དང་ཡུལ་གཉིས་སྒྱུ་མ་དང་མིག་ཡོར་གྱི་ཚུལ་ཙམ་དུ་ཤེས་པའི་སྒོ་ནས་བསྒྲལ་ཞིང་རྟོག་ཚོགས་དབྱིངས་སུ་དག་པས་འཁོར་འདས་རོ་མཉམ་པའི་ཀློང་ཉིད་དུ་བཞེས་ཤིང་ཐིམ་པར་མཛོད་ཅིག་པའོ། །སརྦ་ཤ་ཏྲུཾ་དགྲ་ཐམས་ཅད། མཱ་ར་ཡ་རྦད་ནི་སོད་ཅིག་པའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའི་ཕྱིར། གང་ལ་མ ཆོད་པར་བྱ་བའི་ཡུལ་དང་། གང་གིས་མཆོད་པར་བྱེད་པའི་གང་ཟག་དང་། ཇི་ལྟར་མཆོད་པའི་ཚུལ་གསུམ་ག་གཉིས་སུ་མེད་པས་ན་ཇི་སྙེད་པའི་མཆོད་པ་ཐམས་ཅད་ཅིར་སྣང་ཡེ་ཤེས་ཀྱི་རོལ་པར་བསྡུས་ཏེ་འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོའི་ཀློང་དུ་བཞེས་ཤིག་པའོ། །དྷརྨ་དྷཱ་ཏུ་ཆོས་ཀྱི་དབྱིངས། མཧཱ་པཱུ་ཛ་མཆོད་པ་ཆེན་པོ། ཨཱཏྨ་ཀོ྅ཧཾ་བདག་ཉིད་ངའོ། །ཞེས་མངོན་དུ་བྱས་པར་ང་རྒྱལ་འཛིན་པའོ། །དེ་ལྟར་ན་ཕྱི་ནང་གསང་བའི་མཆོད་པ་དང་། ཐམས་ཅད་ལ་ཁྱབ་པ་དེ་ཁོ་ན་ཉིད་དེ་མཆོད་པ་ཀུན་གྱིས་དཀྱིལ་འཁོར་པ་རྣམས་ལེགས་པར་མཆོད་དོ། །གསུམ་པ་བསྟོད་པ་ནི། མཆོད་པའི་རྗེས་དེ་ནས་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་རབ་ཏུ་དང་བའི་ཡིད་ཀྱིས་ཀུན་ནས་བསླངས་ཏེ། ཀརྨ་མཱ་ལེར། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱའི་དྲིལ་སྟབས་བྱ། །ཞེས་པ་ལྟར་སོ་སོའི་ཕྱག་ཆེན་གྱི་མཐར་ཐལ་མོ་སྦྱར་བས་བཏུད་ནས་བསྟོད་པ་བྱའོ། །དེ་ལ་གཉིས་ཏེ། གཙོ་འཁོར་སོ་སོ་དང་སྤྱིར་བསྟོད་པའོ། །

p. 297

དང་པོ་ལ་བཞི་སྟེ། གཙོ་བོ་ཡབ་ལ་བསྟོད་པ། ཡན་ལག་གི་ལྷ་ལ་བསྟོད་པ། ཡུམ་ལ་བསྟོད་པ། འཁོར་ལ་བསྟོད་པའོ། །དང་པོ་ལའང་། སྐུ་གསུམ་གྱི་བདག་ཉིད་དུ་བསྟོད་པ་དང་། སྐུ་གསུང་ཐུགས་སོ་སོ་ལ་བསྟོད་པའོ། །དང་པོ་ནི། ཧྲཱིཿནི་རིགས་ཀྱི་ས་བོན་གྱིས་འགོ་དྲང་བའོ། །དུས་གསུམ་ཤེས་བྱ་ཀུན་ལ་ཁྱབ་ཅིང་བརྡལ་བས་མཁའ་ལྟར་ཀུན་འགྲོའི་བདག་ཉིད་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོའི་འཁོར་འདས་ཐམས་ཅད་པར་འཆར་བས་ཆོས་ཀྱི་དབྱིངས་སྤྲོས་བྲལ་གྱི་ཡེ་ཤེས་རྣམ་ཤེས་ཀྱི་ཆོས་ལས་གདོད་མ་ནས་གྲོལ་བ་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་པར་གདུལ་བྱ་ལ་འགག་མེད་ཀྱི་སྣང་བརྙན་གཟུགས་སྐུ་གཉིས་ཀྱི་རོལ་པར་ཤར་བས་དོན་མཛད་པ་སྟེ། བདེ་བར་གཤེགས་པ་ཀུན་འདུས་པའི་བདག་ཉིད་རིས་མེད་པའི་སེམས་ཅན་ལ་སྤྱན་རས་ཀྱི་དུས་ཡོལ་བ་མེད་པར་རྟག་ཏུ་གཟིགས་པས་ཐུགས་རྗེའི་དབང་ཕྱུག་ཁྱོད་ལ་ཞེས་པས་བསྟོད་ཡུལ་ལ་སྒྲོ་འདོགས་སྤངས་ཏེ་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་ཅིང་ཕྱག་འཚལ་བ་ཡིན་ལ། དམིགས་པ་ནི་ཆོས་ཉིད་ཀྱི་རང་སྒྲར་གྲགས་པར་མོས་པས་བསྟོད་པའོ། །གཉིས་པ་ལ་གསུམ་ལས། དང་པོ་སྐུ་ལ་བསྟོད་པ་ནི། དེ་ཉིད་ཀྱི་སྐུའི་རྣམ་པ་ཅི་འདྲ་ཞེ་ན་ཆོས་དབྱིངས་ཡེ་ཤེས་ནི་རང་བཞིན་རྣམ་དག་སྤྲོས་བྲལ་གྱི་ཡེ་ཤེས་གཅིག་པུ་ཉིད་དུ་གྱུར་པ་མཚོན་པས་གཞི་ལུས་ཀྱི་རྣམ་པ་གཅིག་དང་། དེ་ཡང་གསལ་ལ་ཆགས་པ་མེད་པ་སོར་རྟོག་ཡེ་ཤེས་ཀྱི་བརྡར་སྐུ་པདྨ་རཱ་གའི་མདོག་ལྟར་དམར་བ། མེ་ལོང་ཡེ་ཤེས་ནི་ཡེ་ཤེས་གཞན་བཞིའི་འཆར་གཞིར་གྱུར་ཀྱང་གསལ་ལ་མི་གཡོ་བའི་ངོ་བོར་རོ་གཅིག་པས་ཞལ་གཅིག་བྱ་བ་ནན་ཏན་ནི་ཚད་མེད་བཞིའི་རྒྱུ་ལས་འབྲས་བུ་འཕྲིན་ལས་བཞིར་སྣང་ནས་འགྲོ་བ་འདུལ་བས་ཕྱག་བཞི། མཉམ་ཉིད་ཡེ་ཤེས་ཀྱིས་སྲིད་ཞིའི་མཐའ་ལ་མི་གནས་པས་ཞབས་གཉིས་དང་ལྡན་པ། དེ་དག་ཀྱང་ཀུན་རྟོག་གིས་མི་གཡོ་བས་མཛེས་ཤིང་ཀུན་ཁྱབ་འཕྲིན་ལས་ཀྱི་འོད་ཟེར་གསལ་བས་འཛུམ་པ། དོན་དམ་པའི་བདེ་ཆེན་ལ་རྟག་ཏུ་རོལ་པས་རྗེས་ཆགས་ཀྱི་ཉམས་རབ་ཏུ་རྒྱས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་གསལ་ཞིང་མ་འདྲེས་པས་བརྒྱན་པ་སྟེ། དེ་ཡང་རྒྱན་ལས། ཕྱག་ཞབས་འཁོར་

p. 298

ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ཎྱ་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྐུ་ནི་རེ་རེ་ནས་ཀྱང་གཡས་ལེགས་འཁྲུངས། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པས་མཚན་སོ་གཉིས་དང་། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་དྲི་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་པ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །རྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །

p. 299

དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པས་དཔེ་བྱད་བརྒྱད་ཅུའོ། །ཕྱག་བཞི་ལས་ཐལ་མོ་སྦྱར་བ་དང་པོའི་ཕྱག་གཉིས་ཀྱིས་གང་མཚོན་ན་ཐབས་ཤེས་ཟུང་འཇུག་དང་། བར་དུ་རྡོ་རྗེ་བསྡམས་པ་ནི་དེ་གཉིས་དང་བདེ་ཆེན་མི་ཕྱེད་པའི་རྡོ་རྗེར་རོ་གཅིག་ཏུ་སྡོམ་པའོ། །འགྲོ་དྲུག་འཁོར་བ་ལས་འདྲེན་པར་མཛད་པས་པད་ཕྲེང་དང་། དེ་ལྟ་ནའང་འཁོར་བའི་ཆགས་པ་དང་བྲལ་བས་ཨུཏྤལ་ཏེ་གཉིས་པོ་ཕྱག་འོག་མ་གཉིས་ཀྱིས་འཛིན་ཅིང་། འགྲོ་བ་རྣམས་ཀྱིས་ཉོན་མོངས་པའི་གདུང་བ་སེལ་ཕྱིར་ལྷ་རྫས་ཀྱི་གོས་བཟང་པོས་བཀླུབས་པ། འདོད་ཡོན་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་ཙམ་དུ་མ་སྤངས་པས་རིན་ཆེན་ལ་སོགས་པ་སྣ་ཚོགས་པའི་རྒྱན་འཚམས་ཤིང་ཡིད་དུ་འོང་བས་སྤྲས་པ་ཉིད་ཀྱིས་ཡང་དག་པར་མཛེས་པ་སྟེ། དེ་ལྟར་ཤོ་ལོ་ཀ་གསུམ་པོ་དེས་འགྲོ་འདུལ་གྱི་སྐུའི་སྣང་བརྙན་གྱི་རྣམ་པ་སྤྱི་དང་། དེའི་བྱེ་བྲག་ཕྱག་དང་ཕྱག་མཚན་གྱི་རྣམ་འགྱུར། རྒྱན་གྱི་ཁྱད་པར་རྣམས་ལ་བསྟོད་པ་སྟེ། སྐུའི་ངོ་བོ་དང་ཕྲིན་ལས་དང་། ཡོན་ཏན་ལ་བསྟོད་པའོ་ཞེས་བཤད་ཀྱང་རུང་ངོ་། །གཉིས་པ་གསུང་ལ་བསྟོད་པ་ནི། རླུང་རྣམ་པར་དག་ཅིང་རྡུལ་འགགས་པའི་གཞོམ་མེད་ཀྱི་སྒྲ་དེ་ཉིད་གདུལ་བྱའི་རྣ་བར་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲར་ཐོས་པར་འགྱུར་ཏེ། རྩ་བ་དྲུག་ལ་ཡན་ལག་བཅུ་བཅུ་འཇུག་པས་ཕྱེ་བའོ། །དེ་ལྟར་ཡང་སྤྱི་མདོ་ལས། འདི་ལྟ་སྟེ། ཚངས་པ་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་གར་

p. 300

ལྟ་བུ་དང་། ཀ་ལ་པིངྐ་ལྟ་བུ་དང་། འབྲུག་གི་དབྱངས་ལྟ་བུ་དང་། སྒྲ་བརྙན་ལྟ་བུའོ། །ལངྐའི་བདག་པོ། ཡན་ལག་ནི་འདི་ལྟ་སྟེ། འདུ་ཤེས་སྐྱེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་གསལ་བ་སྟེ། རྣམ་གྲངས་ཀྱི་སྒོ་རེ་རེ་གང་བྱུང་བ་དེ་དང་དེར་ཡན་ལག་ཀུན་རྫོགས་པར་འབྱུང་ངོ་། །ཞེས་སོ། །དྲུག་ཅུ་པོ་དེ་རྣམས་ཀྱི་རང་བཞིན་ཡང་ཇི་སྐད་དུ། ལངྐའི་བདག་པོ། དེ་ལ་རང་བཞིན་གང་ཞེ་ན་འདི་ལྟ་སྟེ། གདངས་སུ་ཆ ེ་བ་དང་། ཡོངས་སུ་ཁྱབ་པ་དང་། གོ་བར་མྱུར་བ་དང་། ཐེ་ཚོམ་གཅོད་པ་དང་། གཅིག་ལ་གཟིགས་པ་མཉམ་པ་དང་། ཉི་ཚེར་སྟོན་པ་དང་། ཀུན་ནས་འཇུག་པ་དང་། འདུན་པ་བསྐྱེད་པ་དང་། ཁྱད་པར་དུ་ཞུགས་པ་དང་། ཐམས་ཅད་འདུལ་བའོ། །ཞེས་སོ། །དེ་ལྟ་བུའི་གསུང་ལ་སྒྲ་ཚིག་རང་མཚན་པ་མེད་ཀྱང་གདུལ་བྱའི་མོས་པ་དང་སངས་རྒྱས་ཀྱི་བྱིན་རླབས་ལས་རང་སྣང་བར་འགྱུར་ལ། ཇི་ལྟར་ན། གསུང་གཅིག་ལས་དུས་གཅིག་ཏུ་འགྲོ་དྲུག་རང་རང་གི་སྐད་མཐའ་ཡས་པ་དེ་བཞིན་དུ་སྣང་བས་ཐེག་པ་མ་ལུས་པ་གདུལ་བྱའི་བསམ་པ་དང་མཐུན་པར་སྟོན་པ་ལ་ཐོགས་པ་མེད་པའི་སྒྲ་འབྱུང་སྟེ། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་དུ་གསུང་གི་སྒྲས་ཀྱང་ཁྱབ་པར་འཇུག་ཅིང་། དེ་ཡང་རང་བྱུང་མ་བཅོས་པའི་སྙིང་པོ་ཡི་གེ་འབྲུ་དྲུག་པའི་བདག་ཉིད་ཆོས་ཀྱི་སྒྲ་སྐད་ཆེན་པོ་རྣམ་པ་ཐམས་ཅད་པར་འཆར་བས་འགག་མེད་རྡོ་རྗེའི་གསུང་དུ་སྣང་བ་ལ་བསྟོད་པ་སྟེ། ཉང་གཏེར་འགྲོ་འདུལ་ལས། ཁྱབ་བརྡལ་འགག་མེད་འདུ་འབྲལ་མེད་པ་ལ༔ མ་བཅོས་སྙིང་པོ་ཡི་གེ་འབྲུ་དྲུག་ཤར༔ ཞེས་སོ། །གསུམ་པ་ཐུགས་ལ་བསྟོད་པ་ནི། ཤིན་ཏུ་ཕྲ་བས་ཟབ་ཅིང་ནང་གསལ་མི་འགག་པའི་ཡེ་ཤེས་ནམ་མཁའ་ལྟར་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་ཡོངས་སུ་ཁྱབ་པའི་ཐུགས་ཏེ། དེ་ནི་རྣམ་པར་ཤེས་པ་དབྱིངས་སྤྲོས་མེད་ཀྱི་ངང་དུ་ཞི་བས་རྟོག་པའི་ཟུག་རྔུ་མ་ལུས་པ་ལས་འདས་པའི་ཕྱིར་མི་འགྱུར་བའི་བདེ་བ་ཆེན་པོ་ཉམས་དང་དག་པར་རྟོག་པ་ཆོས་སྐུའི་ཡེ་ཤེས་ཡིན་ལ། དེ་ཉིད་ཀྱི་ཀློང་དུ་འགྲོ་ཀུན་

p. 301

འདྲེན་པའི་ཐབས་མཁས་ཀྱི་མཛད་པ་གཟུགས་སྐུའི་ཕྲིན་ལས་མི་འགག་པའི་ཐུགས་རྗེ་ལྷུན་གྱིས་གྲུབ་པ་ཅན་དུས་ནམ་ཡང་འགྱུར་བ་མེད་པས་རྟག་པའི་བདག་ཉིད་དེ། སྤངས་རྟོགས་ཀྱི་བསྡུས་པའི་ཡོན་ཏན་ཉན་རང་གི་སྤྱོད་ཡུལ་ལས་འདས་པ་ཐུགས་ཀྱི་གསང་བ་ལ་བསྟོད་པའོ། །གཉིས་པ་ལ་གཉིས་ལས། དང་པོ་རིགས་བདག་ལ་བསྟོད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འདུས་པའི་བདག་ཉིད་ཡིན་པས་སྤྱི་གཟུགས་སམ། ཐམས་ཅད་ཀྱི་རང་བཞིན་དང་གཙོ་བོ་གཅིག་པུ་བར་གྱུར་པས་ན་དབང་ཕྱུག་སྟེ། རང་རིགས་ལ་རྒྱས་འདེབས་པའི་ཁྱབ་བདག་ཡིན་པའི་ཕྱིར་རིགས་ཀྱི་བདག་པོའོ། །སྤངས་རྟོགས་མཐར་ཕྱིན་པས་བཅོམ་ལྡན། འགྲོ་བ་ཐམས་ཅད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་མགོན་པོ། ཆོས་ཀྱི་སྣང་བ་དཔག་མེད་སྤྲོ་བ་ལ་མངའ་བརྙེས་པས་འོད་དཔག་ཏུ་མེད་པ་སྟེ། རྣམ་པར་འཕྲུལ་པས་འདུལ་བའི་དབང་དུ་ཀུན་རྟོག་གི་ཆགས་པ་ཐམས་ཅད་དང་བྲལ་བ་མཚོན་བྱེད་འགྲོ་འདུལ་སྤྲུལ་སྐུ་ཚངས་སྤྱོད་ཀྱི་རྣམ་པར་སྟོན་ཅིང་། སྐྱེ་ཤི་མེད་པའི་ཆོས་ཉིད་འགྱུར་མེད་ཡོངས་གྲུབ་ནི་འ ཐོབ་བྱ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལ་གདུལ་བྱ་རྣམས་འགོད་པར་མཛད་པས་ན་འཆི་མེད་མཆོག་སྦྱིན་ཁྱོད་ལ་བསྟོད་ཅེས་པའོ། །གཉིས་པ་ཡེ་ཤེས་སེམས་དཔའ་ལ་བསྟོད་པ་ནི། ཐུགས་ཆོས་ཉིད་སྤྲོས་བྲལ་ཞི་བའི་ངང་ལས་གཞན་དུ་བསྐྱོད་པ་མེད་པས་མ་གཡོས་ཀྱང་། འབད་རྩོལ་མེད་པའི་ཐུགས་རྗེ་དང་ངམ་ཤུགས་ཀྱིས་ཁྲོས་པས་མི་མཐུན་པའི་ཕྱོགས་འཇོམས་པ་ལས་མི་འདའ་བའི་རྒྱུས་གདུག་པ་ཅན་རྣམས་འདུལ་བའི་ཆེད་དུ་འཇིགས་བྱེད་ཆེན་པོའི་གཟུགས་དང་ཆ་ལུགས་གཏུམ་རྔམ་བསྐལ་ཆེན་གྱི་མེ་ལྟར་ཆེར་འབར་བའི་རྣམ་པར་སྣང་བ་སྟེ། སྤྱི་མདོ་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །དེ་ཡང་མངགས་གཞུག་གི་ཕོ་ཉ་ཁྲོས་པ་ལྟ་བུ་ལས་ཁྱད་པར་དུ་གྱུར་པས་ཁྲོ་རྒྱལ། ཧེ་རུ་ཀའི་སྒྲ་ལས་ཧེ་ལ་སྤྱོད་ཅིང་རྩེན་པ་རུ་དྷི་ར་ཁྲག ཀ་བདག་པོའི་སྒྲ་སྟེ་ཁྲག་འཐུང་། གདུག་པ་ཅན་འདུལ་བའི་ཕྱིར་སྤྱི་གཙུག་ན་

p. 302

རྟ་མགོ་ལྗང་ཞུར་ཕྱུང་བས་རྟ་མཆོག་སྟེ། དོན་གཉིས་ཕུན་ཚོགས་མངའ་བས་སྲིད་ཞིའི་དཔལ་དུ་གྱུར་ཅིང་། རྟ་ཞལ་ལས་སྒྲ་སྐད་ཐམས་ཅད་པར་འཆར་བའི་ཆོས་དབྱངས་རྔམ་པའི་བཞད་སྒྲས་འཁོར་འདས་ཟིལ་གྱིས་གནོན་མཛད་ཁྱོད་ལ་བསྟོད་ཅེས་པའོ། །གསུམ་པ་ཡུམ་ལ་བསྟོད་པ་ནི། རྣམ་པར་རྟོག་པའི་ཆགས་རྟོག་གི་ཟུག་རྔུ་མ་ལུས་པ་དག་པས་ཆགས་མེད་བདེ་བ་ཆེན་པོ་མཆོག་ཏུ་ཞི་བའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཡིན་ལ། བདེ་བ་ཆེན་པོ་གདོད་མའི་ཡེ་ཤེས་དེ་ཉིད་ཤིན་ཏུ་རྟོགས་དཀའ་ཞིང་འཁོར་འདས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པས་ན་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་མ་སྟེ། ཕྲིན་ལས་ཀྱི་ཁྱད་པར་ནི་ཐུགས་རྗེ་ཆེན་པོའི་རྗེས་ཆགས་ཀྱི་རོལ་པས་ཁམས་གསུམ་པ་ཐམས་ཅད་འགུགས་པའི་ཐབས་མཁས་ཀྱིས་བདེ་ཆེན་ཞི་བའི་དབྱིངས་སུ་འདྲེན་མཛད་ཁྱོད་ལ་བསྟོད་ཅེས་པའོ། །བཞི་པ་ལ་གཉིས་ལས། མཁའ་འགྲོ་ལྔ་ལ་བསྟོད་པ་ནི། ཡེ་ཤེས་ལྔ་ནི་དངོས་པོའི་གནས་ལུགས་གདོད་ནས་དག་པ་ཡིན་ལ། དེ་ཉིད་རྟོགས་པ་ན་དུག་ལྔའི་རྟོག་ཚོགས་འཁྱག་རོམ་ཆུར་ཞུ་བ་ལྟར་སྦྱོང་ཞིང་། དེ་བཞིན་དུ་ཕུང་པོ་ལྔ་ཡང་རང་བཞིན་གྱིས་དག་པ་སངས་རྒྱས་རིགས་ལྔར་སྣང་བ་ཉིད་དེ། ཅིའི་ཕྱིར་ན་མ་དག་པའི་ཆོས་རྣམས་རྨི་ལམ་གྱི་འཁྲུལ་སྣང་ལྟར་དོན་ལ་ཅུང་ཟད་ཀྱང་མེད་པ་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས་སོ། །དེས་ན་རྣམ་པར་དག་པས་ཕྱེ་བའི་རིགས་དང་ཡེ་ཤེས་ཀྱང་བདེ་ཆེན་དང་སྟོང་པ་ཉིད་ངོ་བོ་དབྱེར་མེད་པའི་ཟུང་འཇུག་གི་སྐུར་ངེས་པས་སངས་རྒྱས་མཁའ་འགྲོ་ལ་སོགས་པར་རིགས་ལྔས་བསྡུས་པའི་མཁའ་འགྲོ་ཡབ་ཡུམ་དུ་བསྟན་ཏེ། མཁའ་འགྲོའི་དོན་ནི་མཉམ་སྦྱོར་ལས། ཌ་ནི་ནམ་མཁར་འགྲོ་མ་ཞེས། །ཁམས་ལས་མངོན་དུ་བརྟགས་པ་སྟེ། །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་པས་དོན་དམ་སྤྲོས་བྲལ་གྱི་མཁའ་ལ་རིག་པའི་ཡེ་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་འགྲོ་བ་སྟེ། ཤེས་རབ་དོན་དམ་པའི་རང་བཞིན་ཡིན་པས་མ་ཞེས་མོ་རྟགས་སྦྱར་ཡང་ལྷ་མོ་ཁོ་ནར་མ་ངེས་སོ། །ཚོགས་ལ་བསྟོད་ཅེས་པའི་ཚོགས་ནི་མང་ཚིག་སྟེ། ཞིང་སྐྱེས་

p. 303

དང་། སྔགས་སྐྱེས་དང་། ལྷན་ཅིག་སྐྱེས་མའི་རིགས་ཀྱི་གྲངས་མེད་པའོ། །ཕྲ་མེན་མ་བཞི་ལ་བསྟོད་པ་ནི། སེམས་ཅན་རྣམས་བདེ་བ་དང་ཕྲད་ཅིང་སྡུག་བསྔལ་དང་འབྲལ་འདོད་སོགས་ཐུགས་རྗེའི་ངང་ལས་རང་བྱུང་བ་ཚད་མེད་པ་བཞིའི་དངོས་བཞི་ནི་ཁ་གདོང་མ་ལ་སོགས་པ་སྒོར་བཞུགས་པའི་ཕྲ་མེན་མ་བཞི་སྟེ། སྙིང་རྗེས་འགུགས། བྱམས་པས་འཆིང་། དགའ་བས་སྡོམ། བཏང་སྙོམས་ཀྱིས་སེམས་མྱོས་པར་བྱེད་པའི་ལས་སྒྲུབ་ཅིང་། དེ་ཡང་ཞི་སོགས་འཕྲིན་ལས་བཞིའི་བདག་ཉིད་ཐོགས་པ་མེད་པའི་རྫུ་འཕྲུལ་གྱི་རོལ་པས་འདུལ་བ་ཅན་ཏེ། དཔལ་ཆེན་པོ་པདྨ་གར་དབང་གི་བཀའ་སྡོད་མངགས་གཞུག་གི་ཚོགས་རྣམས་ལ་བསྟོད་ཅེས་པའོ། །གཉིས་པ་གཙོ་འཁོར་ཐམས་ཅད་ལ་སྤྱིར་བསྟོད་པ་ནི། མཚན་བརྗོད་ལས། སངས་རྒྱས་ཐོག་མ་མཐའ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཞེས་པ་ལྟར་ཐོག་མཐའ་མེད་པའི་དུས་ནས་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་རྡོ་རྗེ་ལྟར་ཐམས་ཅད་དུ་མི་འགྱུར་མི་ཕྱེད་ཅིང་རང་བྱུང་བས་རྡོ་རྗེ་སེམས་དཔའོ། །དེ་ཉིད་འདུལ་བའི་དབང་གིས་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་གཙོ་བོ་དང་འཁོར་སོགས་དུ་མའི་རྣམ་པར་ཤར་བ་ཉིད་ཀྱང་དོན་དམ་པར་རང་རིག་པའི་ཡེ་ཤེས་ཀྱི་རོལ་པ་མ་འགགས་པའི་རྩལ་ལས་དེ་ལྟར་སྣང་བ་ཙམ་དུ་ཟད་པས་རང་བྱུང་གི་ཡེ་ཤེས་ཡིན་པའི་ཕྱིར། རང་གི་སེམས་ཉིད་དང་བསྟོད་ཡུལ་གྱི་རང་བཞིན་གདོད་ནས་འདུ་འབྲལ་མེད་པར་གྲུབ་པ་ཡེ་ཤེས་ཀྱི་མངོན་སུམ་དུ་རྟོགས་པའི་ངང་དུ་བསྟོད་ཕྱག་བྱེད་པ་སྟེ། ཀླུ་སྒྲུབ་ཀྱིས། རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པ་ལྟར་རོ། །བཞི་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ནི། གསལ་བརྟན་མི་གཡོ་བསྐྱེད་པའི་རིམ༔ ཇི་སྲིད་མི་སྐྱོའི་བར་དུ་བསྒོམ༔ ཞེས་པ་སྟེ། ཇི་ལྟར་ན། ལས་བྱང་དུ། ཏིང་འཛིན་ལྷ༔ མི་འཕྲོ་གསལ་དང་ང་རྒྱལ་བྱ༔ ཡང་དག་རྟོག་ཅིང་དེ་ཉིད་བསྒོམ༔ ཞེས་པས་བཞི་སྟེ། རྣམ་པ་དང་། ང་རྒྱལ་དང་། དག་དྲན་དང་། བདེ་གསལ་སྟོང་པ་ཉིད་དུ་འཆར་

p. 304

བ་ལ་བསླབ་པའོ། །དང་པོ་ནི། མི་འཕྲོ་གསལ་དང་ཞེས་པས་སྐུ་ཡོངས་སུ་རྫོགས་པ་ཅིག་ཅར་གསལ་བཏབ་སྟེ་སེམས་འཛིན་པའམ། ཡང་ན་སྤྱི་བོའི་ནོར་བུ་ནས་གདན་གྱི་བར་སྐུ་དང་རྒྱན་གྱི་ཆ་ཤས་རེ་རེའི་རྣམ་པ་ལ་རིམ་པར་ཟིན་པས་སོ་སོའི་གསལ་སྣང་སྐྱེས་པ་དང་ཅིག་ཅར་གསལ་གདབ་སྟེ། གསལ་དྭངས་རྙོག་པ་མེད་པ་རྫིང་བུ་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག དེ་ཡང་གང་སེམས་བཟུང་སླ་ས་ནས་བརྩམས་ཏེ་རིམ་པ་དང་ཐུན་གྲངས་སོགས་མཐའ་གཅིག་ཏུ་མ་ངེས་པར་རང་གི་ཁམས་ཚོད་དང་སྦྱར་ལ་ཅི་རིགས་སུ་བསླབ་པར་བྱའོ། །གཉིས་པ་ནི། ང་རྒྱལ་བྱ་ཞེས་པས་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་། དེའང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་ཞིང་། སྦྱང་བྱ་ལ་ཐ་མལ་མ་དག་པའི་སྣང་བ་དང་། མ་དག་པར་ཞེན་པའི་ང་རྒྱལ་ཞིག་ཡོད་པ་དེ། སྦྱོང་བྱེད་སྔ་མ་རྣམ་པ་དག་དྲན་གཉིས་དང་། ཕྱི་མ་ང་རྒྱལ་ལ་བསླབ་པའི་ཐབས་ཀྱིས་རིམ་པར་དག་པའི་གསལ་སྣང་དང་། དག་པའི་ང་རྒྱལ་དུ་སྒྱུར་བ་ཡིན་ནོ། །གསུམ་པ་ནི། ཡང་དག་རྟོག་ཅིང་ཞེས་པས་སྔར་མངོན་རྟོགས་ཀྱི་དུས་སུ་བཤད་པའི་རྟེན་དང་བརྟེན་པར་བཅས་པའི་དག་པ་རྣམས་ཀྱིས་མཚོན་ཏེ། དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་པར་བྱེད་པའི་དག་དྲན་རྣམས་ཞིབ་པར་བླ་མའི་ཞལ་ལས་བླང་ཞིང་། མདོ་འགག་ནི། གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས། ཡོན་ཏན་གང་དང་གང་ཞིག་ལྷ་དེ་དང་དེའི་ངོ་བོར་གདོད་ནས་དག་པ་དེར་ཏིང་ངེ་འཛིན་གྱིས་བསྒོམས་པའི་ལྷ་དེ་ཡང་རྣམ་པར་དག་པར་མོས་དགོས་པ་ཉིད་ཡིན་ལ། དག་པ་དེ་དག་ཀྱང་མངོན་རྟོགས་ནམ་སྒོམ་པའི་ཚེ་ཡང་དྲན་པར་བྱ་དགོས་མོད། ཁྱད་པར་འདིར་དག་པ་རྣམས་ལ་དེར་མོས་པ་ཤུགས་དྲག་པོས་བསླབ་པ་ཡིན་ཞིང་། དག་པ་དེ་དག་རེ་རེ་བཞིན་མོས་པ་བརྟན་པོ་རེ་བཞག་པའི་མཐར་སྔར་བཤད་ཀྱི་ལྷའི་རྣམ་

p. 305

པའི་གསལ་སྣང་དང་ང་རྒྱལ་སྦྲེལ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཡིན་ནོ། །བཞི་པ་ནི། དེ་ཉིད་སྒོམ་ཞེས་པས་ལྷའི་དེ་ཁོ་ན་ཉིད་ནི་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། ལྷ་ཡབ་ཡུམ་རྣམས་རྗེས་ཆགས་ཀྱིས་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་བསྒོམས་པས་ཞུ་བདེ་དྲངས་ཏེ། ལུས་སེམས་བདེ་བར་ཤར་བའི་ངང་ལས་ལྷ་སྐུའི་རྣམ་པ་གསལ་ཞིང་། ང་རྒྱལ་ལྷང་ངེ་བ་ལ་དེར་འཛིན་གྱིས་མ་བསླད་པར་སློབ་པའི་གནད་ཀྱི་རྒྱས་ཐེབས་པ་ན་དཀྱིལ་འཁོར་ཐམས་ཅད་ཆོས་སྐུར་འཆར་བར་བྱེད་པའི་ཐབས་རྨད་དུ་བྱུང་བར་འགྱུར་རོ། །སེམས་འཛིན་འདི་བཞི་ལ་ཡང་མཐའ་གཅིག་ཏུ་གོ་རིམ་མ་ངེས་པས་ཐོག་མར་གང་ཉམས་སུ་བླངས་ཀྱང་འདྲ་ཞེས་རྟོག་གེས་ཐུགས་མ་བསླད་པའི་མན་ངག་ཉམས་མྱོང་ཅན་གྱི་དམ་པ་རྣམས་གསུང་ཞིང་། གཞན་ཡང་ཉམས་ལྔའི་རིམ་པ་རྣམས་ཤེས་པར་བྱ་བ་དང་། བྱིང་རྒོད་ལ་སོགས་པའི་རྐྱེན་རྣམས་ཀྱང་ངོས་བཟུང་སྟེ་བཅོས་པའི་སྒོ་ནས་གསལ་ཞིང་བརྟན་ལ་རྟོག་པས་མི་གཡོ་བའི་བསྐྱེད་པའི་རིམ་པ་ཇི་སྲིད་མི་སྐྱོའི་བར་དེ་སྲིད་དུ་སྒོམ་ཞིང་། གལ་ཏེ་བསྒོམས་པས་སྐྱོ་བར་གྱུར་ན་བཟླས་བརྗོད་ཀྱི་བྱ་བ་ལ་འཇུག་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ནི། བཟླས་པ་སྔགས་ཀྱི་འཁོར་ལོ་ནི༔ ལྷ་རྣམས་ཐུགས་ཀར་པདྨ་དང༔ ཉི་ཟླར་རང་རང་ས་བོན་ལ༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་མཆོད༔ བྱིན་རླབས་དངོས་གྲུབ་བདག་ལ་བསྟིམ༔ ཚོགས་རྫོགས་སྒྲིབ་དག་དབང་བཞི་ཐོབ༔ ཁམས་གསུམ་རིགས་དྲུག་སེམས་ཅན་ལ༔ འཕོག་པས་ལས་ཉོན་སྡིག་སྒྲིབ་སྦྱངས༔ ཕྱི་ནང་སྣོད་བཅུད་འཁོར་ལོ་ཀུན༔ ལྷ་སྔགས་ཡེ་ཤེས་རོལ་པར་བསམ༔ སྙིང་པོའི་སྔགས་རྣམས་བཟླས་པ་བྱ༔ ཞེས་པ་སྟེ། འདིའི་སྦྱང་བྱ་ནི། འཁོར་བར་མིང་ཚིག་ཡི་གེའི་ངག་གི་བརྗོད་པ་དུ་མ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་རྣམས་སྦྱོང་ཞིང་། སྦྱངས་འབྲས་ནི་སངས་རྒྱས་ནས་གདུལ་བྱ་ལ་ཆོས་འཁོར་བསྐོར་བ་སོགས་གསུང་རྡོ་རྗེའི་འཕྲིན་ལས་ཀྱིས་དོན་མཛད་པའི་རྟེན་འབྲེལ་སྒྲིག ལམ་གོང་མ་གསུང་རྡོ་རྗེའི་རྣལ་འབྱོར་གྱི་དུས་སུ་སྙིང་གའི་འོད་ཀྱིས་སྣོད་བཅུད་སྦྱང་ཞིང་བསྡུ་བ་དང་། ཁྱད་

p. 306

པར་བདེ་ཆེན་གྱི་བཟླས་པ་དངོས་བསྟན་གྱིས་ཐིག་ལེ་བརྟན་པ་དང་གསལ་བའི་ཉམས་བསྐྱེད་ཅིང་ཐུར་སེལ་དབུ་མར་ཐིམ་པ་དང་། དེའི་གེགས་སེལ་ཞལ་བཞེས་ལས་མི་རྟོག་པའི་ཉམས་སྐྱེ་ཞིང་སྲོག་དབུ་མར་ཐིམ་པར་བྱེད་པས་སྨིན་བྱེད་དུ་འགྲོ་བའོ། །སྦྱོང་བྱེད་ནི། འདིར་ངག་གི་བཟླས་པ་གཙོ་བོའི་དབང་དུ་བྱས་ན་སྔགས་ཀྱི་སྒྲ་གདངས་རྣམས་བསྐྱར་བཞིན་བཟླ་བས་འཁོར་ལོའོ། །དེ་ལ་བཞི་སྟེ། འཛབ་ཀྱི་དགོངས་པ། འཛབ་བསྐུལ། བཟླས་པ་དངོས། མཇུག་གི་བྱ་བའོ། །དང་པོ་ནི། འདིར་སྤྲོ་བསྡུའི་བཟླས་པ་ལས་མ་གསུངས་ཀྱང་། རྩ་ཁྲིད་དུ། སྒྲུབ་དང་བདེ་ཆེན་བཟླས་པ་བྱ། །ཞེས་གསུངས་ཤིང་། ལས་བྱང་དུའང་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་སྒྲུབ་པའི་བཟླས་པ་དང་། འཁྱོགས་སམ་བདེ་ཆེན་གྱི་བཟླས་པར་གྲགས་པ་གཉིས་ཀ་གསུངས་པ་ལྟར། རྗེ་བླ་མས་བསྙེན་ཡིག་ཏུའང་བཟླས་པ་ཕྱི་མ་ཉིད་གཙོ་བོར་བཟླ་བར་གསུངས་པས་ན་འདིར་བཟླ་ཚུལ་གཉིས་ཀ་འཆད་པ་ལས། དང་པོ་སྤྲོ་བསྡུའི་བཟླས་པ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པདྨ་ཁ་ཡོངས་སུ་བྱེ་བ་དང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་བརྩེགས་པའི་གདན་ལ་གནས་པའི་ས་བོན་ཏེ། དེ་ཡང་ལས་བྱང་དུ་ལྷ་ཐམས་ཅད་ལ་ཧྲཱིཿདམར་གྱི་མཐར་ཤིན་ཏུ་ཕྲ་བའི་སྔགས་ཀྱིས་བསྐོར་བར་གསུངས་ཀྱང་། འདིར་ཁྱད་པར་གྱི་དམིགས་གནད་ནི་ཐུགས་ཀའི་གདན་སོ་སོར་རང་རང་གི་ས་བོན་ཏེ། གཙོ་བོ་ཡབ་ཡུམ་ལ་ཧྲཱིཿདམར་དང་། འཁོར་རྣམས་ལ་ར་ཧ་སོགས་སོ་སོའི་ས་བོན་རིགས་ཀྱི་ཁ་དོག་ཅན་གྱི་མཐར། གཙོ་བོ་ཡབ་ཡུམ་ལ་རང་རང་གི་བཟླ་བྱའི་སྔགས་དང་། འཁོར་གྱི་མཁའ་འགྲོ་ཡབ་ཡུམ་ལ་གསང་རྟེན་གྱི་རྩིབས་སྔགས་དང་། ཕྲ་མེན་རྣམས་ལ་ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་རཏྣ་པཱ་ཤ་ཧཱུྃ༔ ཞེས་སོགས་ཤིན་ཏུ་ཕྲ་ཞིང་གསལ་ལ་མར་མེ་ལྟར་འབར་བའི་སྔགས་ཀྱི་ཕྲེང་བ་སོ་སོས་ལྡེམ་མེ་གཡས་སུ་བསྐོར་བར་བསམས་ལ། སྔགས་ཟློས་པའི་ཚེ་སོ་སོའི་ཐུགས་ཀར་བློོ་གནས་པར་བྱས་ནས་སྔགས་ཕྲེང་ལས་རང་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོག་ཅིང་གཙོ་འཁོར་ཐམས་ཅད་ཀྱིས་ཀྱང་ཟློས་པར་བསམ་པ་སྟེ། སྔགས་ཕྲེང་དེ་དག་ལས་འོད་ཟེར་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་པར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་

p. 307

སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམས་སུ་གྱུར་ཏེ་ཆར་བབས་པའི་ཚུལ་དུ་བདག་གི་སྒོ་གསུམ་ལ་བསྟིམ་པའམ། ཡང་ན་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་ལ་ཐ ིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག ཚོགས་གཉིས་རྫོགས། དབང་བཞི་རྫོགས་སུ་ཐོབ་པར་བསམས་ཏེ་བཟླ་བ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །འདིར་སྤྲོས་པ་ལ་དགའ་བའི་རིགས་ཅན་གྱིས་ནི། སྤྲོ་བའི་དུས་ཐུགས་དམ་བསྐུལ་བ་སོགས་ཀྱི་དམིགས་གནད་ཀྱང་སྦྱར་དུ་རུང་སྟེ། ཉང་གཏེར་ལས། འོད་ཟེར་དམར་པོ་འཕྲོས༔ བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་སེམས་ཅན་གྱི་དོན་ལ་བསྐུལ༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་སྦྱངས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས༔ ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཕོག་པས་ཞི་བ་ཕྱོགས་གཅིག་པ་ལས་བསླངས་སེམས་ཅན་གྱི་དོན་དུ་ཐེག་པ་ཆེན་པོར་སེམས་བསྐྱེད་པར་བསྐུལ༔ ཞེས་སོ། །ཡང་སྔགས་ཕྲེང་ལས་འཕྲོས་པའི་འོད་ཟེར་ཁམས་གསུམ་གྱིས་བསྡུས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་བསོད་ནམས་དང་བསོད་ནམས་མ་ཡི ན་པ་དང་མི་གཡོ་བ་སྟེ་ལས་གསུམ་དང་། དེ་དག་ཀུན་ནས་སློང་བ་པོ་ཉོན་མོངས་པ་དུག་ལྔ་སྟེ། དེ་ལྟར་ལས་ཉོན་གྱི་སྡིག་སྒྲིབ་འབྲས་བུ་བརྟན་གཡོའ་ཆོས་སྡུག་བསྔལ་གྱི་རྣམ་པར་སྨིན་པ་སོགས་གློ་བུར་གྱི་དྲི་མ་ཐམས་ཅད་སྦྱངས་པས་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསམ་ནས་བཟླ་བ་ནི་གཞན་དོན་འཕྲིན་ལས་ཀྱི་བཟླས་པའོ། །དེ་ནས་བདག་གཞན་སྣོད་བཅུད་ཐམས་ཅད་སེམས་ཉིད་ཀྱི་རོལ་པ་ཙམ་དུ་ཐག་བཅད་དེ། ཕྱི་གཟུང་བྱར་སྣང་བ་སྣོད་ཀྱི་འཇིག་རྟེན་དང་། ནང་འཛིན་ཆར་སྣང་ཞིང་ཞེན་པ་བཅུད་ཀྱི་སེམས་ཅན་ཕྱི་ནང་གི་རྟེན་འབྲེལ་གཉིས་ཀྱི་ཚུལ་དུ་འཁོར་ལོ་ལྟར་འཁོར་བ་ཀུན་རིམ་པ་ཇི་ལྟ་བ་བཞིན་དུ་དག་པའི་སྣོད་བཅུད་གཞལ་ཡས་ཁང་དང་ལྷའི་འཁོར་ལོར་རྫོགས་ཤིང་། སྒྲར་གྲགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྔགས་ཆོས་ཉིད་ཀྱི་རང་སྒྲར་སྒྲོག་པ་དང་། སེམས་

p. 308

ཀྱི་དྲན་རྟོག་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆོས་སྐུའི་རོལ་པར་འཆར་བར་བསམས་ལ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི་བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །གཉིས་པ་བདེ་ཆེན་གྱི་བཟླས་པ་ནི། ཁྱད་པར་ཞེས་པས་སྔ་མ་སྤྲོ་བསྡུའི་བཟླས་པ་ཉིད་ཐུན་མོང་པའི་བཟླ་ལུགས་སུ་བསྟན་པ་སྟེ། རང་གི་སྙིང་གའི་འཁོར་ལོ་ལས་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ལྷ་དབང་དུ་བྱ་བའི་ཕྱིར་ཁ་དོག་དམར་པོ་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་ཞལ་ནས་རིམ་པར་འཐོན་པ་ཡུམ་གྱི་ཞལ་དུ་ཞུགས་ཏེ་སྐུའི་དབྱིབས་རྒྱུད་པདྨ་ནས་ཕྱུང་བ་ཡབ་སེམས་དཔའ་གཉིས་ཀྱི་རྡོ་རྗེའི་ལམ་ནས་སྟེང་དུ་ཡར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་བདེ་ཕྲིལ་ཕྲིལ་བྱུང་བ་གང་དེ་རང་གི་སྙིང་གའི་ས་བོན་ཧྲཱིཿཡིག་ཉིད་ལ་བསྟིམ་པའམ། འདིས་རླུང་སྟོད་དུ་འཚངས་པའི་གེགས་བྱུང་ན། སྔགས་ཕྲེང་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་པདྨར་ཕྱིན་པ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་ལ་ནང་དུ་འཇུག་པའི་ཚུལ་དུ་བསྐོར་བས་སེལ་ཞིང་། འདིས་འཕྲོ་རྒོད་དང་། པདྨ་ནས་ཚུར་འཁོར་བས་བྱིང་པའི་སྐྱོན་སེལ་བར་བསྙེན་ཡིག་ཏུ་གསུངས་ལ། དམིགས་པ་ཕྱི་མ་ལ་འཛག་གེགས་བྱུང་ནའང་འདིས་སེལ་ལོ། །དམིགས་པ་གཉིས་པོ་འདི་ཐུན་སྤེལ་ནས་བསྒོམ་ན། སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་། ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བ་བསྒོམས་ན་ལེགས་གསུང་ཞིང་། གང་ལྟར་ཡང་སྔགས་ཀྱི་ཡིག་འབྲུ་རྣམས་གཅིག་རྗེས་གཅིག་ནོན་རེག་ལ་མ་འབྱར་བའི་ཚུལ་དུ་བར་མ་ཆད་པའི་ཕྲེང་བ་མགལ་མེ་བསྐོར་བ་བཞིན་དུ་འཁོར་ཏེ་སྙིང་གའི་ས་བོན་ལ་ཐིམ་པས་སྣང་སྤྱོད་ཀུན་ཏུ་བདེ་བ་ཆེན་པོ་རང་རིག་པའི་ངོ་བོ་ཉིད་དུ་མི་འགྱུར་པའི་ངང་དེར་ཆོས་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དུ་རོ་གཅིག་པ་འོད་གསལ་བསམ་མེད་མཐའ་བྲལ་དང་སང་ངེ་བའི་ངང་ནས་བཟླས་པས་བདེ་སྟོང་གི་ཡེ་ཤེས་འཆར་རོ། །དེ་ཡང་སྨིན་སློབ་བསྙེན་པ་ལྟ་བུའི་ཚེ་ཕྱི་སྒྲུབ་ཀྱི་ནུབ་ཐ་མའི་སྔ་ཐུན་མ་གཏོགས་ཐུན་གཞན་ལ་འཛབ་བསྐུལ་མི་མཛད་པས་འཛབ་དགོངས་ཀྱི་རྗེས་ཉིད་ནས་བཟླས་པ་ལ་འཇུག་ཅིང་། མོས་སློབ་ཤར་སྒོམ་ཙམ་གྱི་ཚེ་དཀྱུས་ལྟར་རོ། །གཉིས་པ་འཛབ་བསྐུལ་ནི། འཛབ་དགོངས་གསལ་བཏབ་ནས་དངོས་གྲུབ་སྐུལ་བའི་

p. 309

གསོལ་འདེབས་བྱ་བ་ཡིན་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་གདོད་ནས་སྤངས་རྟོགས་མཐར་ཕྱིན་པའི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཐམས་ཅད་ཀྱང་། ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པའི་སྐུ་ནི་སྣང་བ་རང་བཞིན་མ་གྲུབ་པའི་གསལ་སྟོང་བདེ་བ་ཆེན་པོ་འོད་ཀྱི་སྐུ་ཅན་ཏེ། དེ་ཉིད་ཡུལ་ཞིང་ཁམས་ཐམས་ཅད་དང་ཡང་རོ་གཅིག་པས་གཟུགས་ཀྱི་སྣང་བརྙན་ཐམས་ཅད་པར་འཆར་ལ་ཐམས་ཅད་གཅིག་ཏུའང་སྟོན་པའི་སྒྱུ་འཕྲུལ་གྱི་རོལ་པ་མཐའ་ཡས་པའི་སྣང་བ་དང་། གདུལ་བྱའི་བསམ་པ་ལྟར་ཆོས་ཀྱི་བརྡ་སྤྲོད་པའི་གསུང་ནི་གྲག་སྟོང་གཞོམ་དུ་མེད་པའི་འཛབ་དབྱངས་ཡི་གེ་དྲུག་པའི་རིག་སྔགས་ཆོས་ཉིད་ཀྱི་རང་སྒྲར་སྒྲོག་པའི་ཚུལ་ཅན་དང་། ཤེས་བྱ་ཐམས་ཅད་མཁྱེན་པའི་ཐུགས་ནི་གློ་བུར་གྱི་དྲིས་རང་བཞིན་ལ་གོས་མ་མྱོང་བས་ཀ་དག་དེ་བཞིན་ཉིད་དེ་འཁོར་བའི་གནས་སྐབས་སུའང་ཡེ་ནས་རིགས་མི་འགྱུར་བར་གནས་པས་ན་འགྱུར་བ་མེད་པའི་ཆོས་དབྱིངས་དམིགས་བྲལ་ནམ་མཁའི་དཀྱིལ་ལྟར་དག་པའི་ཡེ་ཤེས་དང་པོར་ཇི་ལྟར་བརྙེས་པ་དེ་ལས་བྲི་གང་མེད་པར་ཡེ་ཇི་བཞིན་པའི་ངོ་བོ་ཉིད་ཀྱིས་མི་གཡོ་བར་བཞུགས་པའི་ངང་ནས་འབྲས་བུའི་ཡོན་ཏན་ཐམས་ཅད་འཆར་བའི་རོལ་མོ་སྟོན་པར་མཛད་པ་སྟེ། དེ་ལྟ་བུའི་རྡོ་རྗེ་གསུམ་གྱི་བདག་ཉིད་དཀྱིལ་འཁོར་འཁོརལོའི་རྣམ་པར་ཤར་བ་དེ་ནི་བདག་ཅག་སྒྲུབ་པོ་རྣམས་ཀྱིས་ཡུན་རིང་དུས་ནས་ཉེ་བར་བསྙེན་ཅིང་བསྒྲུབས་པའི་ཡི་དམ་གྱི་ལྷ་ལགས་པས། དེང་འདིར་སེམས་རྩེ་གཅིག་པའི་མོས་པས་ཁྱོད་སྐུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གསལ་བཏབ་སྟེ། དེའི་ངང་ལས་གསུང་དབྱངས་འཛབ་ཀྱི་སྒྲ་གྲགས་སྟོང་འཛིན་མེད་དུ་བཟླས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ན་དུས་ལས་ཡོལ་བ་མེད་པའི་ཐུགས་རྗེ་ཆེན་པོས་དགོངས་ཏེ། རང་གནས་རང་བྱུང་གི་ཡེ་ཤེས་ལྔས་དབང་བསྐུར་བ་དང་འདོད་པའི་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྩལ་དུ་གསོལ་ཅིག་པའོ། །གསུམ་པ་བཟླས་པ་དངོས་ལ་གསུམ་སྟེ། བཟླས་པ་བྱ་ཚུལ། བཟླ་བྱའི་སྔགས། ཅི་

p. 310

ཙམ་བཟླས་པའི་ཚད་དོ། །དང་པོ་ལའང་ལུས་ངག་ཡིད་གསུམ་གྱི་དབྱེ་བས་བཟླས་པ་གསུམ་ལས། དང་པོ་ལུས་ཀྱི་བཟླས་པ་ལའང་། གང་གང་གིས། ཇི་ལྟར་བཟླ་བའོ། །གང་བཟླ་ན་ཕྲེང་བ་སྟེ། ལས་སོ་སོ་ལ་བསྔགས་པའི་ཕྲེང་བའི་རྒྱུ་དང་། གྲངས་དང་། བགྲང་ཚུལ་གྱི་རིམ་པ་མི་འདྲ་བ་རྣམས་གཞན་དུ་ཤེས་པར་འགྱུར་ལ། འདིར་ནི། བོ་དྷི་ཙེ་ཡིས་གྲངས་མེད་འགྱུར། ཞེས་པ་ལྟར་འགྱུར་གྱི་དབང་དུ་བྱས་ཏེ་བོ་དྷི་ཙེ་དང་། ཁྱད་པར་རིགས་པདྨའི་དབང་དུ་བྱས་པ་དང་། བདེ་ཆེན་མཆོག་གི་དངོས་གྲུབ་དབང་དུ་བསྡུ་བ་ཉིད་འདིའི་བྱེད་ལས་ཀྱི་གཙོ་བོ་ཡིན་པས་ན་ལས་ཀྱི་དབང་དུ་བྱས་ཏེ་པདྨ་དམར་པོ་དང་། བྱུ་རུ་དང་། ཙན་དན་དམར་པོ་ལ་སོགས་པ་རྣམས་དང་། མཁའ་འགྲོ་དབང་དུ་བསྡུ་བའི་བྱེད་ལས་ཀྱིས་མི་ཐོད་ལས་བྱས་པའི་ཕྲེང་བ་རྣམས་མཆོག་ཏུ་ཤིས་སོ། །དེ་དག་ཀྱང་མདུད་འཛིན་གཙོ་བོ་དང་ཕྲེང་རྡོག་རྣམས་རིགས་བཞིའི་མཁའ་འགྲོ་སོགས་འཁོར་དུ་བསམ་པའམ། ཡང་ན་ཐམས་ཅད་ཧྲཱིཿལས་སྤྱན་རས་གཟིགས་སུ་བསྐྱེད་བསྟིམ་ཕྲེང་བའི་རྣམ་པར་བསྒྱུར་བས་བྱིན་གྱིས་བརླབ་པའོ། །གང་གིས་བཟླ་ན། ལག་པའི་སོར་མོས་སོ། །ཇི་ལྟར་བཟླ་ན། ཐུན་མོང་བ་ལས་བཞི་སོ་སོར་མ་ཕྱེ་བའི་ངང་དུ་བྱས་ཏེ་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་བཞག་ནས། མཐེ་བོང་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་བཟླ་བའམ། ཐུན་མོང་མ་ཡིན་པ་སྲིན་ལག་རླུང་དང་། མཐེ་བོང་ས་སྟེ། རླུང་ལ་མེ་དང་ས་ལ་ཆུའང་འདུ་བས་ནང་དུ་ལས་རླུང་གིས་གཏུམ་མོ་སྦར་བས་ཁམས་སྙི་བ་ཆུ་དང་སྲ་བ་སའི་ཐིག་ལེ་ཞུ་བའི་ཞུ་བདེ་ལས་བདེ་ཆེན་ཉིད་ཐོད་ཕྲེང་གིས་མཚོན་པ་དེ་འབྱུང་ཞིང་། བདེ་ཆེན་དེས་གཞོམ་མེད་ཀྱི་སྒྲ་སྔགས་ལ་ཚད་འཇོག་པའི་མཚོན་དོན་གྱིས་ཐོད་ཕྲེང་ཉིད་གཡོན་པའི་སྲིན་ལག་དང་མཐེ་བོང་སྦྱར་བའི་ཆོས་འབྱུང་གི་རྒྱས་སོ། །གཉིས་པ་ངག་བཟླས་ལའང་གསུམ་ལས། གང་བཟླ་ན། གཙོ་འཁོར་བྱིན་བསྡུ་དང་བཅས་པའི་སྙིང་པོའི་སྔགས་རྣམས་སོ། །གང་གིས་ན། ལྕེ་རྐན་རྣམས་འཕྲད་པ་ལས་ཏེ། འཕྲད་པར་བྱེད་པ་པོ་ནི་བྱསྟ་ཞེས་པ འི་རླུང་ཉིད་ཡིན་པར་སྨྲ་སྒོར་བཤད་ཅིང་། དེས་བསྐྱེད་པའི་མགྲིན་པ་ཕྱེ་བཙུམས་ལ་སོགས་པའི་རྩོལ་བ་རྣམས་ཀྱིས་སོ། །ཇི་ལྟར་བཟླ་ན།

p. 311

ཡི་གེ་རེ་རེ་ནས་ཤིན་ཏུ་མྱུར་བ་མ་ཡིན་པ་དང་། བུལ་བ་མ་ཡིན་པ་དང་། ཡི་གེ་རིང་པོ་རྣམས་ཐུང་བ་དང་། ཐུང་ངུ་རྣམས་རིང་བ་མ་ཡིན་པ་དང་། ཡི་གེ་གཞན་ལྷག་པའམ། ཡི་གེ་དེ་ཉིད་ཆད་པ་མ་ཡིན་པ་དང་། གཞན་ཡང་སྒྲ་ཧ་ཅང་ཆེ་བ་དང་ཆུང་བ་མ་ཡིན་པ་ལ་སོགས་པའི་སྐྱོན་རྣམས་སྤངས་ལ། ཐུན་སྒང་དུ་མི་གཞན་དང་གཏམ་སྨྲ་བའམ། སྔགས་གཞན་འདོན་པ་སོགས་ཚིག་གཞན་གྱིས་བར་མ་ཆད་པར་བཟླས་པར་བྱ་བ་ཉིད་དེ། རྔམ་གློག་ལས་ཀྱང་། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་སྐྱོན་བཅུ་སྤང་བར་བཤད་ཅིང་། དགེ་སློང་སཽ་ཁྱ་དེ་བའི་ཞལ་ནས། སྨྲ་བ་ཐམས་ཅད་སྤངས་ནས་སུ། །གསང་སྔགས་སྨྲ་བ་བརྩམ་པར་བྱ། །བདེ་བའི་ལྷ་ཡང་སྒྲུབ་པས་ན། །སྔགས་ཀྱི་མཐུ་ནི་ཤིན་ཏུ་ཆེ། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྔགས་ཀྱི་སྒྲ་དོན་ཤན་སྦྱོར་བ་ཤེས་ན་དོན་གྱི་གཟུངས་འགྲུབ་པ་སོགས་ཀྱི་དགོས་པ་ཡོད་ཅིང་། གཞན་དུ་སྦྱོར་མ་ཤེས་ནའང་དད་མོས་རྩེ་གཅིག་པས་བཟླས་ན་དངོས་གྲུབ་ཆེན་པོ་ཇི་ལྟ་བ་བཞིན་འབྱུང་ངོ་། །གལ་ཏེ་སྔགས་རྒྱ་སྐད་དུ་ཡོད་པ་བོད་སྐད་དུ་བསྒྱུར་བ་དང་། རྒྱ་བོད་འདྲེས་མར་ཡོད་པའི་བོད་སྐད་རྣམས་རྒྱ་སྐད་དུ་བསྒྱུར་ནས་བཟླས་ན་ནི་དངོས་གྲུབ་མེད་དེ། ཅིའི་ཕྱིར་ན་སྔོན་གྱི་གསང་སྔགས་གསུང་བ་པོ་ཉིད་ཀྱིས་བསྒྱུར་བའི་སྐད་དེ་དང་དེར་བྱིན་གྱིས་མ་བརླབས་པས་གང་གསུང་བ་པོ་དེའི་བདེན་ཚིག་ཉིད་འགྲུབ་པར་མི་འགྱུར་བས་སོ། །སྒྲ་མ་དག་སྔགས་མ་དག་ན་བསྐལ་པར་བཟླས་ཀྱང་ཕན་ཡོན་མེད་ཅེས་གསུང་ནའང་། ཁྱེད་ཅག་གིས་དག་མ་དག་ཅེས་སྒྲོག་པ་ནི་སཾསྐྲྀ་ཏའི་སྐད་འབའ་ཞིག་ལ་བསམས་ནས་སྨྲས་མོད་ཀྱི། སྔགས་ཕལ་ཆེ་བ་ནི་སཾ་སྐྲྀ་ཏའི་སྐད་ཁོ་ནར་མ་ངེས་ཏེ། རྣལ་འབྱོར་མའི་ཀླ་ཀློའི་སྐད་དང་། ཟུར་ཆག་དང་། འགྲོ་ལྡིང་བའི་སྐད་དང་། ཨ་ལི་ཨཱུ་ལིའི་གླུ་ལྟ་བུ་ཨ་བ་བྷྲཾ་ཤའི་སྐད་དང་། ཁྱད་པར་སངས་རྒྱས་ཀྱི་ཚིག་ཐུན་མོང་མ་ཡིན་པ་ཀོ་ཏཱ་ཁྱཿལ་སོགས་པའི་སྒྲར་ཡོད་པས་ན། དེ་དག་ཀ་ཙན་སོགས་ཤེས་པའི་སྒྲ་པས་དག་མ་དག་དཔྱོད་པར་མི་ནུས་

p. 312

ཤིང་། དཔྱད་པས་སྐྱོན་དུ་སོང་བའང་མང་ངོ་། །དེ་བས་ན་གཙོ་བོར་ནི་འདུན་པ་རྩེ་གཅིག་པས་བསྒྲུབ་པར་བྱ་བ་ཁོ་ན་སྟེ། ཀུ་རུ་ཀུལླི་ཞེས་པའི་སྔགས་བཟླས་དག་ཀྱང་རྡེའུ་ཞུ་བའི་བཅུད་ལེན་གྲུབ་པ་བཞིན་ནོ། །གསུམ་པ་ཡིད་ཀྱི་བཟླས་པ་ལའང་གསུམ་ལས། གང་བཟླ་ན་ཏིང་ངེ་འཛིན་ནོ། །གང་གིས་ན་སེམས་རྩེ་གཅིག་ཏུ་བསྡུ་བའི་དྲན་པས་སམ། བློ་ཆེན་སོ་སོ་རང་རིག་གི་དྲན་པས་སོ། །ཇི་ལྟར་བཟླ་ན། དྲན་པ་ངེས་ཤེས་པ་ཏིང་ངེ་འཛིན་ལས་གཞན་དུ་མི་གཏོང་བར་རྩེ་གཅིག་ཏུ་འཛིན་པར་བྱེད་པ་སྟེ། དེ་ཉིད་ཡང་ཡང་སྐྱོར་ཞིང་བཟླ་བས་སྒོམ་པའི་རྒྱུན་མི་ཆད་པ་ལ་བསླབ་པ་ཡིན་ལ། འདི་དང་བྲལ་ན་ངག་བཟླས་ལ་ཇི་ཙམ་འབད་ཀྱང་ངག་སྒྲིབ་ཅུང་ཟད་སྲབ་པར་བྱེད་ཅིང་ངག་ནུས་བསྐྱེད་པ་ཙམ་ལས་འདོད་དོན་གྱི་དངོས་གྲུབ་འགྲུབ་པ་ནི་ཆེས་དཀའ་བ་སྟེ། སློབ་དཔོན་སངས་རྒྱས་གཉིས་པས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་ཡེངས་བར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་སོ། །གཉིས་པ་བཟླ་བྱའི་སྔགས་ནི། ༀ་ཨཱཿཧཱུྃ་ཧྲཱིཿༀ་མ་ཎི་པདྨེ་ཧཱུྃཿ ཞེས་ཡིག་དྲུག་གི་འགོར་རྡོ་རྗེ་གསུམ་དང་རིགས་ཀྱི་ས་བོན་བསྣན་པའི་གསང་སྔགས་འབྲུ་བཅུ་པ་ནི་གཙོ་བོ་ཡབ་ཀྱི་སྙིང་པོ་སྟེ། ཐོག་མའི་ༀ་རབ་བསྔགས་དང་མཐའི་ཧཱུྃ་ཐུགས་བསྐུལ་བ། མ་ཎི་པདྨེ་ཕྱག་མཚན་ལས་དེ་འཆང་བའི་ལྷ་གོ་ནུས་པ་གཞན་དོན་གྱི་བསྡུ་བ་གནས་པས་ན་ཀྱེ་ནོར་བུ་པདྨ་ཞེས་ཡེ་ཤེས་ཀྱི་ལྷ་ལ་བོད་པའམ་ལྷའི་ཐུགས་དམ་བསྐུལ་བ་ཡིན་ཞིང་། དོན་ལ་ཡེ་ཤེས་ཀྱི་ལྷ་ལ་བོས་མ་བོས་ལས་གསན་མི་གསན་དང་ཉེ་རིང་གི་ཁྱད་པར་མ་དམིགས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་གསུང་ཆོས་སྐུའི་རང་བཞིན་ཡེ་ཤེས་ཀྱི་རིག་སྔགས་དེའི་རྒྱུ་མཐུན་སྔགས་ཀྱི་བཟླས་པས་སྒྲིབ་པ་རིམ་གྱིས་ཟད་པ་ན་འབྲས་བུའི་ལྷ་དང་ཇེ་ཉེར་འགྱུར་བ་ཆོས་ཉིད་པས། དེ་ལ་ལྟོས་ནས་བོས་པའི་ཐ་སྙད་མཛད་དོ། །ༀ་ཧྲཱིཿཝ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཅེས་འབྲུ་བཅུ་དྲུག་པ་ནི་རྟ་མགྲིན་གྱི་སྙིང་པོ་སྟེ། ༀ་རབ་སྔགས་ཧྲཱིཿརིགས་ཀྱི་ས་བོན། བཛྲ་ཀྲོ་ཏ་རྡོ་རྗེ་ཁྲོ་བོ། ཧ་ཡ་གྲཱི་བ་རྟ་མགྲིན། ཧུ་ལུ་ཧུ་ལུ་ནི་འབད་པ་འབད་པ།

p. 313

ཧཱུྃ་ནི་ཐུགས་བསྐུལ་བ་དང་། ཕཊ་ནི་བཀས་པའི་ས་བོན་ཏེ། སྐབས་དོན་བཀས་པར་གྱིས་ཞེས་ལས་ལ་སྦྱར་བའི་སྔགས་སོ། །ༀ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཞེས་འབྲུ་དགུ་པ་ནི་ཡུམ་གྱི་སྙིང་པོ་སྟེ། དྷུ་མ་ནུབ་ཕྱོགས་པའི་སྐད་ཀྱི་བྱེ་བྲག་འགར་གསང་བ་ཡིན་ཞེས་གྲགས་པས་དེ་ལས་དཔག་ན་གྷ་ཡེ་ཤེས་ལ་འཇུག་གམ་སྙམ་སྟེ། ད་དུང་བརྟག་པར་བྱ་ཞིང་། ན་མ་སྭཱ་ཧཱ་ནི་ཕྱག་འཚལ་ཞིང་གཞི་འཛུགས་པའི་དོན་ནོ། །དྷཱ་ཀི་ནཱི་མཁའ་འགྲོ་མ། ཧ་རི་ནི་ས་རིགས་བཞིའི་མཁའ་འགྲོ་མ་དང་། ར་ཙ་ཧྲི་ཡ་རིགས་བཞིའི་དཔའ་བོ། ཛཿཧཱུྃ་བྃ་ཧོཿཕྲ་མེན་བཞིའི་ས་བོན་ཏེ། དེ་ལྟར་འབྲུ་བཅོ་ལྔ་ནི་འཁོར་རྣམས་ཀྱི་སྙིང་པོའོ། །དེ་དག་ནི་ལྷ་སོ་སོའི་ཐུགས་དམ་སྐུལ་བྱེད་སྙིང་པོའམ་བསྙེན་སྔགས་ཏེ། སྦྲེལ་ནས་བཟླས་ན་ནི་སྒྲུབ་སྔགས་ལ་སོགས་པར་འགྱུར་རོ། །བ་སུ་སིདྡྷི་ན་མ་ཥེ་དྷ་སིདྡྷི་སརྦ་སིདྡྷི ཕ་ལ་ཧཱུྃཿསིདྡྷི་སིདྡྷི་མ་ས་མ་ཡ་སྡུས་སྡུསཿཧཱུྃ་ཧཱུྃ་པུཥྚིཾ་པ་ཤཾ་ཀུ་རུ་ཧཱུྃཿ རཏྣ་སིདྡྷི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཞེས་འབྲུ་བཞི་བཅུ་རྩ་དྲུག་ནི་དངོས་གྲུབ་ཀྱི་བྱིན་དབང་དུ་སྡུད་པའི་སྙིང་པོ་སྟེ། བ་སུ་ནོར། ན་མ་ཥེ་དྷ་བཟའ་བཏུང་། སརྦ་ཐམས་ཅད། ཕ་ལ་བཟང་པོ། སིདྡྷི་རྣམས་ནི་དངོས་གྲུབ། ས་མ་ཡ་རྣམས་ནི་དམ་ཚིག པུཥྚིཾ་པ་ཤཾ་ཀུ་རུ་ནི་རྒྱས་པ་དང་དབང་དུ་མཛོད། རཏྣ་རིན་པོ་ཆེ། ཧྲཱིཾ་ཧྲཱིཾ་ནི་དབང་དུ་བསྡུ་བ་དང་། ཛཿཛཿདགུག་པའི་སྔགས་སོ། །གསུམ་པ་ཇི་ཙམ་བཟླ་བའི་ཚད་ནི། གྲངས་བསྙེན་ཙམ་གྱི་དབང་དུ་བྱས་ན། འཁོརལོའི་བདག་པོའི་སྔགས་ཡི་གེ་བཅུ་པ་ནི་འབུམ་ཕྲག་བཅུ་སྟེ་འབྲུ་འབུམ་མོ། །དེ་བཞིན་དུ་ཐབས་ཏེ་རྟ་མགྲིན་གྱི་སྔགས་དང་། ཤེས་རབ་སྟེ་ཡུམ་སྔགས་གཉིས་ནི་འབུམ་ཕྲག་གཅིག་རེ་སྟེ་གཙོ་བོའི་བཅུ་ཆ་རེ་བཟླའོ། །འཁོར་རྣམས་ཀྱི་སྔགས་སུམ་ཁྲིའོ། །དབང་སྡུད་ཀྱི་སྔགས་ནི་ཁྲི་ཕྲག་གཅིག་ཏུ་སྟེ། ཐམས་ཅད་ཀྱང་འབུམ་རྗེས་སུ་ཁྲི་དང་། ཁྲི་རྗེས་སུ་སྟོང་སྟེ་རང་རང་གི་བཅུ་ཆ་རེའི་ཁ་སྐོང་དང་བཅས་པ་རྫོགས་པར་བཟླ་ཞིང་། དེ་ཡང་ཐུན་རེའི་ནང་དུ་གཙོ་སྔགས་ཇི་ཙམ་བཟླས་པའི་རྗེས་སུ། རྟ་མགྲིན་དང་ཡུམ་གྱི་སྔགས་དེའི་བཅུ་ཆ་རེ་བཟླ་བ་ལ་སོགས་པ་སྟེ། དཔེར་ན། གཙོ་སྔགས་སྟོང་ཕྲག་གཅིག་གི་ཚེ། རྟ་ཡུམ་གཉིས་ཀྱི་སྔགས་

p. 314

བརྒྱ་རེ། འཁོར་སྔགས་སུམ་ཅུ། བྱིན་བསྡུ་བཅུ་རེ་སྟེ་འགྲོས་རྩི་ཚུལ་ཤེས་པར་བྱའོ། །དེ་ནི་ཕྱིའི་བཟླས་པའམ་གྲངས་བསྙེན་གྱི་ཚད་དེ། འདིས་དབང་བསྐུར་རབ་གནས་ལ་སོགས་པའི་དོན་གྱི་རྩ་བསྙེན་དུ་འགྱུར་ཞིང་། དབང་བསྐུར་སོགས་ཀྱི་གནང་བ་ཞུ་བའི་བསྙེན་པ་དེང་སང་ཁ་གསོར་གྲགས་པ་ལ་ནི་གཙོ་བོ་ལ་འབུམ་ཕྲག་གཅིག་སོགས་ཇི་ལྟར་རིགས་པ་བཟླས་པས་ཆོག་གོ །ནང་གི་བཟླས་པ་དུས་བསྙེན་ནི་ཟླ་དྲུག་ལ་སོགས་པའོ། །གསང་བའི་བཟླས་པ་ཐུན་མོང་གི་དངོས་གྲུབ་ལ་དམིགས་པའི་མཚན་བསྙེན་དང་། དེ་བཞིན་ཉིད་ཀྱི་བཟླས་པ་མཆོག་དངོས་ཀྱི་མཚན་བསྙེན་ཏེ། དེ་གཉིས་ཀ་རང་རང་གི་མཚན་མ་ཉིད་ཇི་ལྟར་མཐོང་བའི་མཐར་ཕྱིན་པར་མ་གྱུར་གྱི་བར་དེ་སྲིད་དུ་བཟླ་བར་བྱ་བ་སྟེ། འདི་ལ་ཆོས་ཐམས་ཅད་མ་སྐྱེས་པར་རྟོགས་པའི་ཐུགས་དང་སྐུ་ཕྱག་རྒྱར་གསལ་བའི་ཏིང་ངེ་འཛིན་ཤིན་ཏུ་གོམས་པས་གསང་སྔགས་དག་པར་བཟླས་ན་ངག་བཟླས་ཉུང་ངུ་ཙམ་གྱིས་ཀྱང་མཚན་བསྙེན་མཐར་ཕྱིན་པ་ཡོད་པས་གྲངས་བསྙེན་རྫོགས་དགོས་པའི་ངེས་པ་མེད་དོ། །དེ་ལྟར་ལེགས་པར་བསྒྲུབས་ཀྱང་རྟགས་མ་མཐོང་ན་གཅེས་གནད་དུ་གསུངས་པའི་སྔགས་ཀྱི་མདེའུ་གདགས་པར་བྱ་སྟེ། ཇི་ལྟར་ན་ཡབ་སྔགས་ཡིག་དྲུག་ལ་ཕོ་སྲོག་འབྲུ་བཞི་དང་། ཡུམ་སྔགས་འབྲུ་དགུ་པར་མོ་སྲོག་འབྲུ་བཞི་སྦྲེལ་ཞིང་། དེ་གཉིས་ཀའི་ཤམ་བུར་ལས་སྔགས་འབྲུ་དྲུག་པ་བཏགས་ཏེ་བཟླས་པས་གདོན་མི་ཟ་བར་འགྲུབ་པར་གསུངས་ཏེ། བསྙེན་ཡིག་དང་ཟབ་གནད་ཀྱི་ཁྱད་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །བཞི་པ་མཇུག་གི་བྱ་བ་ལ་གསུམ་སྟེ། སྐྱོ་ན་མཚམས་སུ་མཆོད་བསྟོད་བྱ་བ། གྲུབ་ནས་དངོས་གྲུབ་བླང་བ། བཟོད་པར་གསོལ་བའོ། །དང་པོ་ནི། བཟླས་པས་སྐྱོ་ན་མཚམས་མཚམས་སུ་དངོས་དང་ཡིད་བྱུང་གི་མཆོད་པ་ཐམས་ཅད་ཀྱིས་ལེགས་པར་མཆོད་ཅིང་ཆེ་བའི་ཡོན་ཏན་ལ་བསྟོད་པ་བྱའོ། །དེའང་སྙིང་པོའི་མཛེས་རྒྱན་དུ་རབ་གནས་སུ་གསུངས་པའི་མཆོད་བསྟོད་ཉིད་སྦྱོར་བར་མཛད་དེ། འདི་ལྟར། ༀ༔ ཡོན་ཆབ་དང་ནི་མེ་ཏོག་དང༔ ཞེས་སོགས་ཀྱིས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་མཆོད་རོལ་མོར་བཅས་པ་དང་། མཛེས་པའི་

p. 315

གཟུགས་དང་སྙན་པའི་སྒྲ༔ ཞེས་སོགས་ཀྱི་འདོད་ཡོན་ལྔ་དབུལ་བ་སྟེ། ཚིག་དོན་གཞན་ནི་གོ་སླ་ཞིང་། ཕྱི་མའི་སྔགས་དོན། རཱུ་པ་གཟུགས། ཤཔྟ་སྒྲ། གནྡྷེ་དྲི། རཱ་ས་རོ། སྤ་རེག་བྱའོ། །བསྟོད་པ་ནི། ༀ་གླུའི་འགོ་འདྲེན་ནོ། །གསུང་རྡོ་རྗེའི་སྟོན་པ་ཉིད་ཀྱི་མཛད་པ་ལ་ཤིན་ཏུ་ངོ་མཚར་བས་ལེགས་སོ་ལེགས་སོ་ཞེས་པ་སྟེ། ངན་སོང་སྦྱོང་བ་ལས། ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ཀྱེ་མ་སངས་རྒྱས་མཛད་པ་ལེགས། །ཞེས་པ་ལྟ་བུའོ། །ཇི་ལྟར་ལེགས་སྙམ་ན། རྒྱལ་བ་ཀུན་གྱི་ཐུགས་རྗེ་འདུས་པའི་བདག་ཉིད་ཁྱོད་ཀྱི་མཛད་པ་ནི་འགྲོ་བའི་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་རྒྱུན་དེ་ཉིད་རྣམ་དག་ལེགས་པའི་ལམ་བདེ་ཆེན་དུ་བསྒྱུར་ཏེ་འགག་པར་བྱེད་པའི་ཐབས་སྟོན་པ་ལ་མཁས་ཤིང་། དེས་སྡུག་བསྔལ་གྱི་རྣམ་པ་གློ་བུར་འཁོར་བའི་ཆོས་རྣམས་འགོག་བདེན་གྱི་རང་བཞིན་རྟག་ཏུ་སྡུག་བསྔལ་མེད་པའི་བདེ་བ་ཆེན་པོར་འདྲེན་པ་སྟེ། གདུལ་བྱའི་རྒྱུད་ཀྱི་ཆོས་ཁམས་དགེ་བ་རིགས་ཀྱི་ས་བོན་རྣམས་སྐལ་བ་དང་འཚམས་པར་སད་པར་མཛད་པའི་སྒོ་ནས་སོ། །དེ་ཡང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་རྟེན་ལས་རླུང་གི་རྒྱུན་རྣམས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་ངང་གིས་བཀག་སྟེ་ཐམས་ཅད་འགགས་པ་ན་བདེ་བ་ཆེན་པོའི་སྒྲ་དབྱངས་གཞོམ་མེད་ཀྱི་གསུང་རྡོ་རྗེ་ཉིད་མངོན་དུ་འགྱུར་ཞིང་། དེ་ལྟར་ལས་རླུང་འགགས་པས་རྩ་ཐམས་ཅད་གྲོལ་ནས་ཐིག་ལེ་རྣམ་ཀུན་མཆོག་ལྡན་ནམ་མཁའ་དང་མཉམ་པ་ན་རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་མི་རྟོག་པའི་ཡེ་ཤེས་སུ་དག་པར་བྱེད་པས་སྐུ་དང་ཐུགས་ཏེ་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པ་ཡིན་ལ། དེ་བས་ན་ཀུན་ཁྱབ་བདེ་བའི་རང་བཞིན་རང་གནས་རང་འབྱུང་གི་ཡེ་ཤེས་ནི་གཞི་དང་། དེ་ལ་བརྟེན་ནས་རང་དང་རྗེས་མཐུན་གྱི་བདེ་བ་ཆེན་པོའི་ལམ་གོམས་པ་མཐར་ཕྱིན་པས་བདེ་བའི་འབྲས་བུ་བླ་ན་མེད་པ་བརྙེས་པའོ། །དེའི་ཕྱིར་ཨེ་མ་ཧོ༔ ཞེས་ཐམས་ཅད་ཀྱི་འགོར་སྨོས་པ་ནི་ཆེ་བའི་ཡོན་ཏན་རེ་རེ་ནས་ངོ་མཚར་བས་:དམ་ངམ་པ་སྟེ། ས་ཆུའི་ཁམས་རྣམ་པར་དག་པས་འཁོར་བའི་ལུས་ཀྱི་སྡུག་བསྔལ་ལས་གྲོལ་བའི་བདེ་བ་སྐྱེ་འཆི་ཐམས་ཅད་དང་བྲལ་བའི་སྐུ་ཆེན་པོ་སྟེ་སྐུ་རྡོ་རྗེ་དང་། རླུང་མེའི་ཁམས་དག་པས་ངག་གི་

p. 316

སྡུག་བསྔལ་ལས་གྲོལ་བའི་བདེ་བ་འགྲོ་འོང་རྩོལ་བ་ཐམས་ཅད་དང་བྲལ་བའི་གཞོམ་མེད་གསང་སྔགས་ཀྱི་སྒྲ་ཆེན་པོ་སྟེ་གསུང་རྡོ་རྗེ་དང་། སེམས་དང་མཁའ་ཁམས་དག་པས་ཡིད་ཀྱི་སྡུག་བསྔལ་ལས་གྲོལ་བའི་བདེ་བ་གཟུང་འཛིན་ཐམས་ཅད་དང་བྲལ་བའི་གཉུག་མ་རང་རིག་གི་ཁམས་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་ལས་འབྲས་བུའི་ཡོན་ཏན་རྣམས་གཉིད་སད་པའི་སྣང་བ་ལྟར་དག་པ་རབ་འབྱམས་སུ་འཆར་བ་ནི་ཐུགས་རྡོ་རྗེ་སྟེ། དེ་གསུམ་གྱི་ཕྲིན་ལས་ཀྱང་དུས་གསུམ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོའི་གནས་ན་རྣམ་པ་ཀུན་ལྡན་གྱི་ཡེ་ཤེས་ཁྱབ་པར་གནས་པས་དོན་མཛད་ཅིང་། ཡོན་ཏན་གྱི་ཁྱད་པར་ཡང་ཀུན་ཁྱབ་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་དེ་ཉིད་ལ་ཟག་པའི་དྲིས་གོས་པ་མེད་པས་ཞིང་ཁམས་སོགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་རིན་པོ་ཆེའི་གཏེར་ལྟ་བུར་གྱུར་པ་སྟེ། སྤྱིར་ཁྱོད་ནི་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་ཐམས་ཅད་བདེ་བའི་རང་བཞིན་ཏེ། དེ་ལ་ཡུལ་ཡུལ་ཅན་རོ་གཅིག་ཏུ་རྟོགས་པས་སམ། དེ་ལྟར་མི་ནུས་ན་ཡིད་དང་བས་རྟག་ཏུ་ཕྱག་འཚལ་ལོ་ཞེས་པའོ། །གཉིས་པ་དངོས་གྲུབ་བླང་བ་ནི། སྨིན་སློབ་ཀྱི་ཚེ་དངོས་གྲུབ་ཀྱི་མཚན་མ་ཇི་ལྟར་རིགས་པ་མཐོང་བའམ། གཞན་དུ་དུས་གྲངས་ཙམ་གྱི་བསྙེན་པ་གང་ཡིན་ཡང་རུང་སྟེ་མཐར་འདོད་པའི་འབྲས་བུ་འཐོབ་པར་བྱ་བའི་ཕྱིར་དངོས་གྲུབ་བླང་ངོ་། །དེ་ཡང་ནུབ་མཐའ་མའི་སྔ་ཐུན་དེ་ལ་མཆོད་པ་ཁ་གསོ་བ་སོགས་དང་། བཟླས་པའི་གོང་དུ་འཛབ་སྐུལ་ཡང་བྱ་ཞིང་། བཟླས་པའི་མཐར་བདག་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་བ་དངོས་གྲུབ་ལེན་པ་པོར་བྱས་ཏེ། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་བྱས་ནས་གནས་གསུམ་གྱི་འོད་ཟེར་རང་གི་གནས་གསུམ་ལ་བསྟིམ་པའི་དམིགས་གནད་དང་ལྡན་པས་ལྷ་སོ་སོའི་སྔགས་གཤམ་དུ་ༀ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཞེས་བཏགས་པ་མང་དུ་བཟླས་པས་དངོས་གྲུབ་བསྐུལ་ཞིང་བཤགས་པ་བྱས་ནས་གསོལ་བ་གདབ་སྟེ། འདོད་པའི་འབྲས་བུ་ནི་སྐུ་ལྔ་དང་ཡེ་ཤེས་ལྔ་ཡིན་པས་ༀ་གྱིས་འགོ་དྲངས་ནས། ཆོས་ཀྱི་དབྱིངས་རང་བཞིན་ལྷུན་གྲུབ་ཀྱི་ཕོ་བྲང་ནི་ཞིང་དང་གཞལ་ཡས་ཁང་ཕུན་སུམ་ཚོགས་པས་མཆོག་སྟེ། དེ་ཉིད་

p. 317

འདིར་འགྲོ་བ་རྣམས་ཀྱི་ཁམས་དང་འཚམས་པར་འདུལ་བྱེད་སྤྲུལ་པའི་དཀྱིལ་འཁོར་གྱི་རོལ་པར་རང་སྣང་བ་ནས་བདེ་གཤེགས་ཐམས་ཅད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་རྣམ་པར་བཞེངས་པ་འཁོར་དང་བཅས་པ་ཐམས་ཅད་སྒྲུབ་པ་པོ་བདག་ལ་ཐུགས་རྗེས་དགོངས་པར་མཛད་དུ་གསོལ་ཅིག་པ་སྟེ། ཅིའི་ཕྱིར་ཞེ་ན། བདག་ཅག་དཀྱིལ་འཁོར་འདིར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་ཏིང་ངེ་འཛིན་དང་བཟླས་བརྗོད་ལ་སོགས་པའི་བརྟུལ་ཞུགས་བརྟན་པོས་ཞུགས་ནས་ལྷག་པའི་ལྷ་ཁྱོད་ལ་གཏན་གྱི་སྐྱབས་གསོལ་ཏེ་རེ་ལྟོས་ཀྱི་མགོན་བཅས་ཤིང་རྩེ་གཅིག་ཏུ་གུས་པས་གསོལ་བ་འདེབས་ལགས་ན་ཀུན་ཏུ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་མགོན་པོ་ཁྱོད་ཀྱིས་དུས་ལས་མི་གཡེལ་བའི་ཐུགས་རྗེ་ཆེན་པོས་བདག་ལ་དགོངས་ཏེ། གང་གི་སྐུ་གསུང་ཐུགས་རྡོ་རྗེས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཀུན་རང་བཞིན་མེད་པའི་དབྱིངས་སུ་བཅོམ་ནས་གཉུག་མའི་སྒོ་གསུམ་གང་གིས་ཀྱང་མི་ཤིགས་ཤིང་གཞོམ་མེད་རྡོ་རྗེ་གསུམ་གྱི་ངོ་བོར་སྒྲུབ་པའི་བྱིན་རླབས་དང་། ལྷག་བཅས་ལྷག་མེད་ཀྱིས་བསྡུས་པའི་བྱང་ཆུབ་མཆོག་གི་དངོས་གྲུབ་དང་། རྫུ་འཕྲུལ་དང་མི་སྣང་བ་སོགས་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཀུན་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་དགོས་འདོད་ལྷུན་གྱིས་གྲུབ་པ་བུམ་པ་བཟང་པོ་ལྟ་བུ་ནས་འདོད་པའི་དངོས་གྲུབ་ཐམས་ཅད་ཕྱིར་མ་ལུས་པར་ད་ལྟ་ཉིད་དུ་བདག་ལ་སྩོལ་བ་དང་། གཞན་ཡང་མི་མཐུན་པའི་ཕྱོགས་ཞི་བ་དང་། མཐུན་ཕྱོགས་རྒྱས་པར་སྤེལ་བ་དང་། ལོག་ལྟ་ཅན་དབང་དུ་བྱ་བ་དང་། མ་རུངས་པ་དྲག་པོས་ཚར་གཅོད་པ་སོགས་ཕྲིན་ལས་རྣམ་པ་བཞིས་བསྡུས་པ་ལས་སྣ་ཚོགས་པའི་དངོས་གྲུབ་རྣམས་ཀྱང་འགྲོ་བ་གནོད་སྡིག་ཅན་དང་དབུལ་ཕོངས་ཅན་སོགས་གདུལ་བྱའི་ཡུལ་ཐ་དད་ཅིང་གྲངས་མང་པོ་དེ་རྣམས་བདེ་བ་དང་ལོངས་སྤྱོད་སོགས་གནས་སྐབས་དང་མཐར་ཐུག་གི་རེ་འབྲས་ཀྱི་སར་བསྒྲལ་བའི་ཕྱིར་བདག་ལ་སྩལ་ཏེ། ཐབས་མཁས་ཀྱི་ཕྲིན་ལས་དེ་དག་ཐོགས་མེད་དུ་གྲུབ་པའི་མཐུ་དང་ལྡན་པར་མཛད་དུ་གསོལ་ཅིག་པའོ། །ༀ་ཨཱཿཧཱུྃ་ནི་རྡོ་རྗེ་གསུམ་བསྐུལ་བའི་ས་བོན། སརྦ་སིདྡྷི་

p. 318

ཕ་ལ་ནི་དངོས་གྲུབ་བཟང་པོ་ཐམས་ཅད། ཧཱུྃ་ནི་ཐུགས་བསྐུལ་བ་སྟེ་སྩོལ་ཅིག་པའི་དོན་ནོ། །ཞེས་པས་གསོལ་བ་བཏབ་སྟེ་འདོད་པའི་དངོས་གྲུབ་བླང་བའོ། །དེ་ཡང་སཱ་དྷ་ནའི་སྒྲ་ཀུན་ཏུ་ལེན་པ་ཞེས་པའི་དོན་གྱིས་འདི་ཉིད་ཕྱི་དཀྱིལ་བསྙེན་པ་ལ་ལྟོས་པའི་འདོད་པའི་འབྲས་བུ་ལེན་པ་ཡིན་པས་སྒྲུབ་པ་ཆེན་པོར་འགྱུར་ཞིང་། དེས་མཚོན་ཏེ་སྔར་གྱི་ཏིང་ངེ་འཛིན་དང་བཟླས་བརྗོད་སོགས་ནི་དངོས་གྲུབ་ལ་ཉེ་བའི་ཐབས་བསྙེན་པ་དང་། ལས་ཀྱི་མདེའུ་གདགས་ཤིང་དེས་ཀྱང་མ་གྲུབ་ན་སྤོགས་པའི་ཆོ་ག་སོགས་ནི་འདོད་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཏེ་སྒྲུབ་པར་འགྱུར་རོ། །གསུམ་པ་བཟོད་པར་གསོལ་བ་ནི། གཏང་རག་གི་མཆོད་བསྟོད་བྱས་ཏེ། ཨ་བྷི་དྷ་ན་ལས། ཡི་གེ་བརྒྱ་པས་ཐམས་ཅད་དུ། །གསང་སྔགས་བརྟན་པར་བསྒོམས་ནས་སུ། །རང་གི་མིང་དང་ལྡན་པར་ནི། །གཅིག་ཏུ་སྤེལ་ནས་བཟླས་པ་བྱ། །ཞེས་པས་རིགས་གང་ཡིན་གྱི་ལྷའི་མིང་བཅུག་ནས་བཟླ་བར་གསུངས་པ་ལྟར་པདྨའི་རིགས་ཀྱི་ཡི་གེ་བརྒྱ་པའམ། ཡང་ན་རྣལ་འབྱོར་རྒྱུད་ལས། རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཅེས་པ་ལྟར་རྡོ་རྗེ་སེམས་དཔའ་ནི་རིགས་ཐམས་ཅད་པའི་སྤྱི་སྒྲར་གྲགས་པས་མི་བསྐྱོད་པ་ཁོ་ནར་མ་ངེས་པའི་ཕྱིར་རྡོར་སེམས་ཡིག་བརྒྱ་ཉིད་བཟླས་ནས་ཉེས་པར་གྱུར་པའི་ནོངས་པ་རྣམས་བཤག་པར་བྱ་སྟེ། ཧོཿནི་ཧ་དང་ཨཱུ་མཚམས་སྦྱར་བས་སྡུག་བསྔལ་གྱི་རྒྱུ་ནོངས་པ་ཚངས་པར་བྱེད་པའི་དོན་ཏེ། ཡི་གེ་གཅིག་པའི་ཨ་བྷི་དྷ་ན་ལས། ཧ་ནི་སྡུག་བསྔལ་ལ་རབ་སྨྲ། །ཞེས་དང་། ཨཱུ་ཡང་ཚངས་དང་བསྲུང་བ་ལ། ཞེས་སོ། །གང་ལ་ན་བདེ་གཤེགས་ཀུན་འདུས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་རོ། །གང་ན་དཀྱིལ་འཁོར་འདིར་ཞུགས་པའི་བདག་ཅག་གིས་ཉེས་པར་བགྱིས་པ་རྣམས་སོ། །དེ་ཉེ་བའི་རྒྱུ་ནི་མི་ཤེས་པ་དང་བག་མེད་པ་སྟེ། དེ་དག་གི་དབང་དུ་གྱུར་པས་སྤྱིར་ལྟ་སྒོམ་སྤྱོད་གསུམ་མ་རྟོགས་མ་གོམས་ཚུལ་བཞིན་དུ་མ་སྤྱད་པས་འཁྲུལ་ཞིང་གོལ་བ་དང་། ཁྱད་པར་བསྐྱེད་རིམ་ལྷའི་ཏིང་ངེ་འཛིན་མི་གསལ་ཞིང་། ཐུགས་རྒྱུད་བསྐུལ་བའི་བཟླས་བརྗོད་གྲངས་ཉུང་བ་དང་། ཆོ་གའི་བྱ་བ་རྣམས་མ་དག་སྟེ། འདིར་མི་དགོས་པ་ལྷག་ཅིང་

p. 319

དགོས་པ་ཆད་པ་དང་། རིམ་པ་འཁྲུགས་པ་སོགས་ཚུལ་བཞིན་དུ་བསྒྲུབ་པར་མ་ནུས་པ་དང་། མཆོད་རྫས་སོགས་ཡོ་བྱད་རྣམས་ཀྱང་ནུས་པས་མ་འབྱོར་པ་དང་། འབྱོར་དུ་རུང་ཡང་ལེ་ལོས་གཡེལ་བས་མ་ཚང་ཞིང་དམན་པར་གྱུར་པས་མཚོན་ཏེ་དེ་ལ་སོགས་པ་རྣམས་བཟོད་པར་གསོལ་བའོ། །ཇི་ལྟར་ན། ནོངས་པར་གྱུར་པ་ཅི་མཆིས་པ་སྟེ་གང་ཡོད་པ་དེ་ཐམས་ཅད་གསོང་པོར་སྨྲ་བས་མཐོལ་ཞིང་གནོང་འགྱོད་དྲག་པོས་བཤགས་པར་བགྱི་ན་བཟོད་པར་མཛད་དེ་ཚངས་པ་དམ་པ་སྩལ་དུ་གསོལ་ཅེས་པས་བཟོད་པར་གསོལ་ལོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ལ། སྦྱང་བྱ་ནི། བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པ་སྟེ། སྣོད་བཅུད་སྲུང་འཁོར་ལ་བསྡུ་བ་ནི་གཟུགས་སོགས་སྣང་བ་ཐིམ་པ་དང་། སྲུང་འཁོར་ནས་སྙིང་པོའི་ཕོ་བྲང་གི་ལྟེ་བའི་བར་བསྡུ་བ་ནི་ས་ཆུ་ལ་ཐིམ་པ་སོགས་རགས་པ་ཐིམ་པ། འཁོར་རྣམས་རིམ་པར་གཙོ་བོ་ལ་ཐིམ་པ་སྣང་བ། ཡུམ་ཡབ་དང་དེ་ཡེ་ཤེས་སེམས་དཔའ་ལ་ཐིམ་པ་མཆེད་པ། ཡེ་ཤེས་སེམས་དཔའ་ཧྲཱིཿལ་ཐིམ་པ་ཐོབ་པ། དེ་གྱེན་རྫོགས་ཀྱི་ནཱ་དའང་བསྡུས་པ་ཉེར་ཐོབ་སྟེ་འཆི་བའི་འོད་གསལ་དང་། དེ་ལས་སླར་ལྡང་བ་བར་དོ་སྦྱོང་ཞིང་། སྦྱངས་འབྲས་ནི། སངས་རྒྱས་གཟུགས་ཀྱི་སྐུའི་སྣང་བ་ནི་ཆོས་སྐུའི་ཕྲིན་ལས་ཡིན་ཞིང་། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེར་ཐིམ་པ་དང་། དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པས་ན་དེ་ལས་ལྡང་བ་མཚོན་ནོ། །ལམ་གོང་མའི་དུས་སུ་ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་སྣོད་བཅུད་འོད་གསལ་དུ་བཅུག་ནས་སླར་ཡང་ཟུང་འཇུག་གི་སྐུར་ལྡང་ནུས་སུ་སྒྲུབ་པའི་རྒྱུར་འགྲོ་བས་སྨིན་བྱེད་དོ། །སྦྱོང་བྱེད་ལ་གཉིས་ཏེ། འོད་གསལ་དུ་བསྡུ་ཞིང་ལྡང་བས་མཐའ་གསལ་བ་དང་། དེ་ལ་ལྟ་སྒོམ་སྤྱོད་འབྲས་བཞི་ཚང་ཚུལ་རྩི་བའོ། །དང་པོ་ནི། རྗེས་སུ་ཕྱི་ནང་སྣོད་བཅུད་ཀུན༔ རིམ་གྱིས་འོད་ཞུ་བདག་ལ་ཐིམ༔ དེ་ཡང་གྱེན་རྫོགས་སྟོང་པ་ཉིད༔ མི་དམིགས་སྤྲོས་བྲལ་ངང་ལ་བཞག༔ ཅེས་པ་སྟེ། ལས་བྱང་དུ། རང་བཞིན་ལྷ༔ ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ༔ ཏིང་འཛིན་འཁོར་ལོ་སྤྲུལ་པའི་ལྷ༔ རིམ་བཞིན་རང་གི་སྙིང་གར་བསྡུ༔

p. 320

འོད་གསལ་ངང་དུ་མཉམ་པར་བཞག༔ ཅེས་ཡེ་ཤེས་པ་གཤེགས་སུ་གསོལ་ནས་དམ་ཚིག་པ་བསྡུ་བར་གསུངས་པ་ནི་མདུན་བསྐྱེད་ཚོགས་རྟེན་དང་འབྲེལ་བའམ། མིན་ནའང་ཐུན་མོང་བ་དང་སྒོ་བསྟུན་པ་ཙམ་དུ་སྣང་ཞིང་། འདིར་ཡེ་ཤེས་ཀྱི་ལྷ་མ་གཤེགས་པར་དམ་ཡེ་དབྱེར་མེད་དུ་བསྡུ་བ་ནི་སྔགས་བླ་ན་མེད་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་སྟེ། དེ་ཡང་ལྷ་སྔགས་ཀྱི་རྣལ་འབྱོར་ལ་ཅི་ནུས་བསླབས་པའི་རྗེས་སུ་བསྡུ་བ་ནི། རང་གི་སྙིང་གའི་འོད་ཀྱིས་ཕྱི་རོལ་དག་པའི་སྣོད་བཅུད་དུ་སྣང་བ་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་འཁོར་ལ་ཐིམ། དེ་ནས་ནང་གི་སྣོད་རིམ་བཞིན་སྲུང་འཁོར་དུར་ཁྲོད་སོགས་གཞལ་ཡས་ཁང་དང་། དེའང་སྙིང་པོའི་ཕོ་བྲང་གི་ལྟེ་བའི་བར་དུ་བསྡུས་པ་འཁོར་རྣམས་ལ་ཐིམ། བཅུད་ལྷའི་འཁོར་ལོ་ཀུན་ཀྱང་གཡོན་སྐོར་དུ་རིམ་གྱིས་འོད་དུ་ཞུ་ནས་འཁོར་རྣམས་བདག་ཉིད་གཙོ་བོ་ཡབ་ཡུམ་དང་། ཡུམ་ཡབ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའ་ཐུགས་སྲོག་ཧྲཱིཿལ་ཐིམ་ཞིང་། ཧྲཱིཿདེ་ཡང་གྱེན་རྫོགས་སུ་ཡལ་བས་བདག་དང་གཞན་དུ་མ་གྲུབ་པས་སྟོང་པ་ཉིད་དེ། གང་དུའང་མི་དམིགས་ཤིང་ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་མཐོང་བས་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པས་རྟག་མཐའ་བསལ་ལོ། །དེའི་ངང་ལས་ཡིག་བཅུ་བརྗོད་པའི་རྐྱེན་གྱིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྐུར་ལངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་སྦྱངས་པས་ཆད་མཐའ་བསལ་ནས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །གཉིས་པ་ནི། དེ་ཉིད་རྟག་ཆད་མཐའ་ལས་འདས༔ རང་བྱུང་ཡེ་ཤེས་ལྟ་བའོ༔ མ་བཅོས་རང་ལུགས་རང་གསལ་དུ༔ གནས་པ་གང་དེ་སྒོམ་པའོ༔ དེ་ཡི་ངང་ལས་མི་འདའ་བར༔ ཡུན་དུ་བསྟེེན་པ་སྤྱོད་པའོ༔ དེ་ལ་བརྟན་པ་ཐོབ་པ་ནི༔ ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན༔ ཞེས་པ་སྟེ། སེམས་ཀྱི་རང་བཞིན་དག་པ་གཉུག་མའི་དོན་དེ་ཉིད་ཇི་ལྟར་བརྟགས་ཀྱང་དངོས་པོ་དང་མཚན་མར་མ་གྲུབ་པས་རྟག་པ་རང་རྒྱུད་པ་དང་། རིག་ཙམ་དུ་མ་འགགས་པས་ཆད་པ་ཅང་མེད། དེ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པ་སྟེ་མཐའ་ཐམས་ཅད་ལས་འདས་པས་འདི་ཞེས་བརྗོད་མེད།

p. 321

བསམ་མེད། དམིགས་མེད་ཕྱལ་བ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལྟར་སེམས་ལ་སྣང་བའི་གཟུང་ཡུལ་རྨི་ལམ་ལྟར་མ་བརྟགས་ན་ཉམས་དགའ་ཞིང་བརྟགས་ན་གང་དུའང་མ་གྲུབ་པ་ནམ་མཁའ་ལྟ་བུ་དང་། དེ་ཉིད་ཀྱི་རྟོགས་བྱེད་ཤེས་པའང་རིག་ཙམ་ཉིད་ལས་བརྟགས་ན་གང་དུའང་དམིགས་སུ་མེད་པ་སྟེ། སྣང་རིག་ངོས་བཟུང་དང་བྲལ་བའི་རྗེན་པ་དེ་ཀ་སོ་སོ་རང་གིས་རིག་པ་ལས་གཞན་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ་ལྟ་བའོ། །དེ་ལྟར་ཡང་ཉང་གཏེར་འགྲོ་འདུལ་གྱི་རྒྱུད་ལས། ཐུགས་རྗེ་ཆེན་པོའི་དགོངས་པའི་ལྟ་བ་ལ༔ ཞེ་འདོད་མེད་པ་ལྟ་བའི་རྒྱལ་པོ་ཡིན༔ ཚིག་ལས་འདས་པ་ལྟ་བའི་རྒྱལ་པོ་ཡིན༔ ཡིན་པ་མེད་པ་ལྟ་བའི་རྒྱལ་པོ་ཡིན༔ ཕྱོགས་དང་བྲལ་བ་ལྟ་བའི་རྒྱལ་པོ་ཡིན༔ འགྱུར་བ་མེད་པ་ལྟ་བའི་རྒྱལ་པོ་ཡིན༔ ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི༔ བཙལ་བས་མ་རྙེད་ངོས་བཟུང་མེད༔ ཇི་བཞིན་ཡེ་བཞིན་སྟོང་པའི་ངང༔ བརྗོད་བྲལ་རང་འབྱུང་ཡེ་ཤེས་སོ༔ ཞེས་སོ། །དེ་ལྟར་སྒྲོ་འདོགས་ཆོད་པའི་ལྟ་བ་དེའི་ངང་ལ་གྲིམ་གློད་ལ་སོགས་པའི་རྩོལ་བས་མ་བཅོས་ཤིང་བསལ་བཞག་མེད་པར་རང་ལུགས་སུ་བཞག་པས་རིག་པ་ཡུལ་མེད་རང་གསལ་དུ་ལྷག་གེ་གནས་པ་ལས་མི་གཡོ་བ་གང་དེ་ཞི་ལྷག་ཟུང་དུ་འབྲེལ་བའི་སྒོམ་པའོ། །དེ་ལྟར་ཡང་སྒེག་རྡོར་གྱིས་རིམ་པ་དྲུག་པར། བསམ་བྱ་དམིགས་སུ་མེད་པས་ན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བ། །སྒོམ་པའི་མཆོག་ཏུ་འདི་གསུངས་སོ། །ཞེས་སོ། །ལྟ་སྒོམ་དེ་ཡི་ངང་ལས་ནམ་ཡང་མི་འདའ་བར་བག་དང་ལྡན་པས་ཡུན་དུ་སྲིང་ཞིང་བསྟེན་པས་སྣང་སྤྱོད་ཐམས་ཅད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གྲོགས་སུ་ཁྱེར་ཞིང་སྤྱོད་པ་ནི་སྤྱོད་པའོ། །དེ་ལྟར་ཡང་ཆོས་དབང་གི་ཡང་སྙིང་འདུས་རྒྱུད་ལས། ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི༔ སྟོང་དང་སྙིང་རྗེ་དབྱེར་མེད་ཀྱི༔ ངང་ལ་རྩོལ་མེད་བླང་དོར་བྲལ༔ ཞེས་སོ། །རྟོགས་གོམས་ཀྱི་སྦྱོར་བས་གཞི་དེ་ཉིད་ཇི་ལྟ་བ་བཞིན་རྟོགས་པ་ལ་བརྟན་པ་ཐོབ་པ་ནི་སྤངས་

p. 322

ཐོབ་མེད་པ་ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན་ཏེ། ཉང་གཏེར་ལས། གཞན་ནས་འ ཐོབ་ཏུ་མེད་དེ་འབྲས་བུའི་རྒྱལ་པོ་ཡིན༔ ཞེས་སོ། །གཉིས་པ་མཉམ་ལངས་ཀྱི་རྣལ་འབྱོར་ནི། སྔར་ཐུན་མཚམས་ཀྱི་ལྷར་ལངས་པའི་རྒྱུན་དེ་ལས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཡང་ཡང་ཤེས་པར་བྱས་ནས། དེའི་ངང་ལས་འདོད་ཡོན་གྱི་རོལ་པ་མཐའ་དག་འཁོར་གསུམ་རྣམ་པར་མི་རྟོག་པའི་སྒོ་ནས་ལམ་གྱི་གྲོགས་སུ་ཁྱེར་ཏེ། ཚོགས་གཏོ ར་གྱི་རྣལ་འབྱོར་ལ་འབད་པར་བྱ་ཞིང་། གཞན་ཡང་ནང་གི་སྲེག་བླུགས་ཀྱིས་སྤྱོད་པ་ཟས་ཀྱི་རྣལ་འབྱོར་དང་། སྔར་གྱི་འོད་གསལ་དུ་བསྡུ་ཞིང་ལྡང་བ་གཉིད་འཐུག་དང་རྨི་ལམ་ལ་སྦྱར་ཏེ་ཉལ་བ་དང་ལྡང་བའི་རྣལ་འབྱོར་ལ་སོགས་པ་སྟེ། སྦྱོར་བ་བྱང་ཆུབ་ཀྱི་སེམས། དངོས་གཞི་སྐྱེ་བ་མེད་པ། རྗེས་བསྔོ་བས་ཟིན་པའི་སྒོ་ནས་སྤྱད་པར་བྱའོ། །གཞན་དུ་ན་ལྷའི་སྣང་ཞེན་ལ་བསླབ་པ་ཡན་ཆད་མཉམ་བཞག་གི་རྣལ་འབྱོར་དུ་བྱས་ནས། དེ་ལས་ལངས་པ་ངག་སྤྱོད་དང་འབྲེལ་བས་བཟླས་པའང་མཉམ་ལངས་ཀྱི་རྣལ་འབྱོར་དུ་བསྡུས་པ་ཡོད་མོད་ཀྱི། འདིར་ནི་ལྷ་སྔགས་འོད་གསལ་གསུམ་ཀ་མཉམ་བཞག་དང་། དེ་ལས་ལངས་པའི་ཐུན་མཚམས་ཀྱི་བྱ་བ་ལ་མཉམ་ལངས་སུ་བྱས་པ་སྟེ་ཞེ་འདོད་ཐ་དད་པས་གཉིས་ཀ་མི་འགལ་ལོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ལས་ཀྱི་རིམ་པ་རྣམས༔ ཕྱི་སྒྲུབ་བསྙེན་པའི་མན་ངག་གོ༔ ས་མ་ཡ༔ ཞེས་པ་སྟེ། དེ་ལྟར་བཤད་པའི་ལས་ཀྱི་རིམ་པ་དེ་རྣམས་ཀྱིས་ཕྱི་མཎྜལ་ལ་བརྟེན་ནས་སྒྲུབ་ཅིང་། དངོས་གྲུབ་ལ་ཉེ་བར་བྱེད་པའི་ཐབས་བསྙེན་པའི་དོན་རྒྱ་ཆེན་པོ་རྣམས་ཚིག་ཉུང་ངུས་གསལ་བར་སྟོན་པའི་མན་ངག་གོ །ས་མ་ཡ་ནི་གསང་རྒྱས་འདེབས་པའོ། །༈ གཉིས་པ་ནང་སྒྲུབ་ལའང་བསྟན་བཤད་བསྡུ་གསུམ་ལས། དང་པོ་མདོར་བསྟན་ནི། ནང་ལྟར་ལུས་ལ་འགོད་པ་ནི༔ ཞེས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། སྔོན་

p. 323

འགྲོའི་སྦྱོར་བ་ལེགས་སོང་ནས༔ ཞེས་པ་སྟེ། ཕྱི་སྒྲུབ་སྔ་ཐུན་ལ་གྲོལ་བའི་ཉིན་དེ་ཀའི་དགོང་ཐུན་ནམ། ཡང་ན་དེ་ཉིན་ངལ་གསོས་ལ་སང་གི་དགོང་ཐུན་ནས་བརྩམས་ཀྱང་རུང་སྟེ། ཁྱད་པར་གྱི་སྒྲུབ་རྫས་བཤམ་པ་ནི། ཕྱི་སྒྲུབ་ཀྱི་རྗེས་སུ་ནང་སྒྲུབ་བྱེད་ཕྱིན་སྟན་ཐོག་གཅིག་ཏུ་གཏོང་བའི་ཕྱག་བཞེས་ལྟར་བཤམ་བཀོད་རྣམས་ཀྱང་སྔར་ཆབས་ཅིག་ཏུ་གྲུབ་མོད། སྐབས་འདི་ཉིད་དུའང་མཆོད་གཏོར་གསོ་བ་དང་། ཚོགས་ཀྱི་དམ་རྫས་སོགས་རྒྱ་ཆེར་འདུ་བྱ་ཞིང་། གཞན་དུ་ཕྱི་ནང་གི་སྒྲུབ་པ་གཉིས་སྟན་ཐོག་གཅིག་ཏུ་མ་ཁོམ་པས་ནང་སྒྲུབ་ཕྱིས་སྒྲུབ་པ་ཡིན་ན་ནི། དེའི་ཚེ་ཐུན་མོང་མ་ཡིན་པའི་བཅའ་གཞི་རྣམས་ཚང་བར་བསགས་ནས་ཚུལ་བཞིན་དུ་བཤམ་དགོས་པ་ཡིན་ནོ། །དེ་ནས་མཚམས་གཅོད་སྲུང་འཁོར་སྔོན་འགྲོའི་བྱ་བ་འཇུག་ལྡོག་གི་སྦྱོར་བ་རྣམས་ཐུན་འགོ་སོ་སོར་རྒྱས་བསྡུས་ཀྱི་རིམ་པ་སྔར་ཕྱི་སྒྲུབ་ཏུ་བཤད་པ་ལྟར་ལེགས་པར་སོང་ནས་དངོས་གཞིའི་རིམ་པ་ལ་འཇུག་པའོ། །གཉིས་པ་ལ་གཉིས་ཏེ། མཉམ་བཞག་གི་རྣལ་འབྱོར་དང་། མཉམ་ལངས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། སྐུ་ཕྱག་རྒྱ། གསུང་བཟླས་པ། ཐུགས་རྫོགས་རིམ་གྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བསྐྱེད་པ། བསྐུར་རློབ་ཡེ་ཤེས་པ་བསྟིམ་པ། ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ལའང་གསུམ་སྟེ། གང་ལ་འགོད་པའི་གཞི། དེ་ལ་འགོད་པའི་ལྷ། ཇི་ལྟར་འགོད་པའི་ཚུལ་ལོ། །དང་པོ་ནི། བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུ༔ ཕྱི་སྒྲུབ་ལྟ་བུར་གསལ་བ་ཡི༔ ཞེས་པ་སྟེ། ཆོས་ཐམས་ཅད་མི་དམིགས་སྤྲོས་བྲལ་སྟོང་པ་ཆེན་པོའི་ངང་ལ་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན། རང་རིག་སྣང་སྟོང་དབྱེར་མེད་པའི་རང་བཞིན་ཧྲཱིཿཡིག་དམར་པོར་སྒོམ་པ་རྒྱུའི་ཏིང་ངེ་འཛིན། དེའི་ངང་ལས་ས་ཕྱོགས་འདི་དག་བདེ་བ་ཅན་ལྟ་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་ཞིང་ཁམས་ཡོན་ཏན་གྱི་རྒྱན་བཀོད་པ་ཕུལ་དུ་བྱུང་བའི་དབུས་སུ་པད་ཉི་ཟླ་བའི་གདན་ལ་རྒྱུའི་ཧྲཱིཿཡིག་བབས་ཏེ་བཞུགས་པ་ལས་མཆོག་

p. 324

གསུམ་གྱི་བདག་ཉིད་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་སྐུ་རིགས་བདག་རང་ཆས་ཅན་བསྐྱེད་པར་བྱ་ཞིང་། ཇི་ལྟར་བསྐྱེད་པའི་མངོན་པར་རྟོགས་པ་ནི་ཕྱི་སྒྲུབ་ཀྱི་སྐབས་སུ་བརྗོད་པ་ཇི་ལྟ་བུར་རྒྱན་ཆ་ཕྲ་མོའི་བར་དུ་གསལ་བར་བསྒོམས་ཏེ། སྤྲོས་པ་ལ་དགའ་ན་གསལ་འདེབས་ཀྱི་ཚིག་ལས་བྱང་བཞིན་ལས་དགོས་ཆོས་ཀྱི་ཚིག་ཟུར་རྣམས་ཁ་བསྒྱུར་བ་འདི་ལྟ་སྟེ། ༀ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ ཞེས་པ་ནས། སྤྲུལ་སྐུ་རྒྱུ་ཡི་ཐིག་ལེ་ཆེ༔ ཞེས་པའི་བར་གྱིས་ཏིང་འཛིན་གསུམ་དང་། དེ་ལས་པད་ཉི་ཟླ་བ་ཡི། །གདན་སྟེང་ནམ་མཁའི་ཧྲཱིཿཡིག་བབས། །ཞེས་པའི་མཇུག་ཏུ། ཨུཏྤལ་དམར་པོ་ཧྲཱིཿས་མཚན་གྱུར༔ ཞེས་པ་ནས། ཞབས་གཉིས་ཡབ་འཁྱུད་མཉམ་པར་སྦྱོར༔ ཞེས་པའི་བར་དང་། སྤྱི་བོར་རིགས་བདག་འོད་དཔག་མེད༔ སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན༔ ཞེས་པས་གཞི་ལུས་ཀྱི་ལྷ་གསལ་གདབ་བོ། །དེ་ཡང་བསྙེན་ཡིག་ལས། གཙོ་བོ་ཡབ་ཡུམ་སྐུར་ལས་བྱང་བཞིན་བསྒོམས་ཏེ། རང་ལུས་གདོད་ནས་གྲུབ་པའི་གཞལ་ཡས་ཁང་གི་ངོ་བོ་ཅན་ནོ། །ཞེས་གསུངས་སོ། །དེ་ལ་གཞི་ལུས་ཀྱི་དཀྱིལ་འཁོར་ལྷ་སྐུའི་རྣམ་པ་ཅན་དུ་སྒོམ་པ་དེ་འདྲ་ཅིའི་ཕྱིར་གཞལ་ཡས་ཁང་དུ་འགྲོ་སྙམ་དུ་ཕྱིས་ཀྱི་སྔགས་པ་ཕལ་མོ་ཆེ་རྟོག་པར་བྱེད་དེ། དེ་དག་གི་བསམ་དོན་རྟེན་གྱི་དཀྱིལ་འཁོར་ཡིན་ན་ཁང་བཟང་གི་རྣམ་པ་ཅན་ཁོ་ནའོ་སྙམ་དུ་ངེས་པར་བཟུང་ནས་ཇི་སྙེད་ཅིག་སྨྲས་པ་སྟེ། ཇི་ལྟར་ཞེ་ན། མཁས་པ་ཁ་ཅིག ལུས་འདི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་སོགས་དག་པའི་ཆོས་སུ་བསྒྱུར་ཏེ་སྒོམ་ཟེར་བ་དང་། ཁ་ཅིག ལུས་ཀྱི་ཆ་ཤས་རེ་རེ་དང་གཞལ་ཡས་ཁང་གི་ཆ་ཤས་རེ་རེ་ཆོས་མཐུན་སྦྱར་ནས་དེ་དང་དེར་མོས་པ་བྱས་པ་ཙམ་ལས། དོན་ལ་ཕྱིའི་དཀྱིལ་འཁོར་ཁང་བཟང་གི་རྣམ་པ་ཅན་དེ་ག་ལུས་དཀྱིལ་ལོ་ཞེས་འདོད་པ་དང་། ཁ་ཅིག་མིག་གི་ནང་དུ་རྩིག་པ་ལྔ་སྒོམ་པ་སོགས་ཁང་བཟང་ཞིག་རོ་ཁྲོལ་ལུགས་སུ་སྤུངས་པ་ལྟ་བུར་འདོད་པ་སོགས་བྱུང་སྟེ། དེ་ལས་ལུགས་དང་པོ་མཐའ་གཅིག་ཏུ་དགག་པར་མི་ནུས་ཀྱང་འདིར་མི་འདོད་ལ། གཉིས་པའང་ལུས་དཀྱིལ་དུ་འགྱུར་བ་དཀའ་ཞིང་གསུམ་པ་ནི་ཤིན་ཏུ་ཐ་ཆད་པར་

p. 325

རྟོགས་སླའོ། །སྤྱིར་དེ་ཐམས་ཅད་ཀྱི་བསམ་དོན་དེ་ཕྱི་དཀྱིལ་ལའང་རྣམ་པ་ཐམས་ཅད་དུ་གྲུ་བཞི་པ་ལ་སོགས་པའི་ཁང་བཟང་གི་རྣམ་པ་ཅན་དུ་མ་ངེས་པས་གནོད་དོ། །དེས་ན་ཡི་གེའི་ལྷ་སོགས་ཀྱང་བཤད་པས་ལྷ་ཡིན་ན་ཞལ་ཕྱག་གི་རྣམ་པ་ཅན་ཁོ་ན་ཡིན་མི་དགོས་པ་བཞིན་དུ་ལུས་དཀྱིལ་ཡང་ཁང་བཟང་ཁོ་ནར་བསྒྱུར་ནས་སྒོམ་མི་དགོས་ཏེ། ཅིའི་ཕྱིར་ན། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དེ་ཉིད་དོན་དམ་པའི་ཆོས་ཉིད་ཀུན་ཁྱབ་ཡིན་ཡང་། དེ་ཀ་རྟེན་ལུས་དང་འབྲེལ་བའི་ཆོས་ཀྱི་ཆ་ཤས་སོ་སོ་ལ་ཆོས་ཉིད་དུ་སོང་ཚུལ་གྱི་ལྡོག་པ་ནས་ལུས་ཀྱི་དཀྱིལ་འཁོར་དུ་བཞག་པ་ཡིན་པས་དཀྱིལ་འཁོར་གྱི་དོན་ཡང་རྟེན་གཞི་ལུས་ཀྱི་ལྷའི་རྣམ་པ་ཅན་དེའི་སྐུ་ལ་བརྟེན་པ་ལྷ་བཀོད་པས་དཀྱིལ་འཁོར་ཏེ། ཤངས་ལུགས་ཀྱི་རྒྱུད་སྡེ་ལྔའི་ལུས་དཀྱིལ་བཞིན་ནོ། །གཞན་དག་འདི་ལུས་ལ་བཀོད་པའི་ལྷ་ཡིན་གྱི་ལུས་དཀྱིལ་མ་ཡིན་སྙམ་པ་དང་། ལུས་དཀྱིལ་གྱི་ལྷ་ཡིན་ན་སྒྲུབ་གཞི་ལུས་ཡིན་པར་མཐའ་གཅིག་ཏུ་སྨྲ་བ་དང་། ལུས་དཀྱིལ་གྱི་ལྷ་རྫོགས་ཚུལ་གྱིས་བསྐྱེད་པའི་ལུགས་འདི་དག་ཀྱང་མི་རིགས་སོ་སྙམ་དུ་རྟོག་མོད། ལུས་ལ་བཀོད་པའི་ལྷ་ཡིན་པ་ཙམ་གྱིས་ལུས་དཀྱིལ་གྱི་ལྷར་འདིར་ཡང་མི་སྨྲ་སྟེ། འདི་ཉིད་ཀྱི་རྒྱན་ལྷ་ལྟར་དཀྱིལ་འཁོར་དུ་བྱས་མ་བྱས་ཀྱི་ཁྱད་པར་སྣང་བའི་ཕྱིར་དང་ལུས་དཀྱིལ་ལ་ཕུང་ཁམས་ལྷར་བསྐྱེད་པ་དང་། རྩ་ཁམས་ལྷར་བསྐྱེད་པ་སོགས་སྣང་བ་ལས་སྔ་མའི་དབང་དུ་བྱས་ན་མིང་བཞིའི་ཕུང་པོ་ལས་བྱས་པའི་རིན་འབྱུང་ལ་སོགས་པ་དེ་དག་ལུས་དཀྱིལ་གྱི་ལྷ་མ་ཡིན་པར་ཐལ་ཏེ། མིང་བཞིའི་ཕུང་པོ་ལ་ལུས་སུ་གང་ནས་ཀྱང་མ་བཤད་པའི་ཕྱིར་དང་། སྐྱེ་བ་བཞི་སྦྱོང་བྱེད་ཀྱི་བསྐྱེད་རིམ་སོ་སོ་བ་རྒྱུད་སྡེ་མང་པོར་གསུངས་པ་ལས་རྫུས་སྐྱེས་སྦྱོང་བྱེད་རྫོགས་ཚུལ་དུ་བསྐྱེད་པ་གཞི་མ་གྲུབ་པར་ཐལ་བའི་ཕྱིར་རོ། །སྦྱང་བྱའི་དབང་དུ་བྱས་ནའང་ཕྱི་དཀྱིལ་ནི་གཙོ་བོ་སྣོད་ཀྱི་འཇིག་རྟེན་སྦྱོང་བྱེད་དང་། ལུས་དཀྱིལ་ནི་ཕ་མའི་འདུ་འཕྲོད་ཀྱི་འགྱུར་བས་འབྱུང་བ་ལྔ་ལུགས་ལྡོག་གི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་མངལ་དུ་ལུགས་འབྱུང་གི་འབྱུང་ལྔས་འཕེལ་བ་ལ་སོགས་པའི་བྱ་བ་བྱས་ཏེ་འབྱུང་ལྔའི་བདག་ཉིད་ཀྱི་ལུས་གྲུབ་པ་ཉིད་གཙོ་བོར་སྦྱོང་བར་བྱེད་

p. 326

པ་ཡིན་ནོ། །གཉིས་པ་དེ་ལ་འགོད་པའི་ལྷ་ནི། འོད་དཔག་མེད། རྟ་མགྲིན། གསང་བ་ཡེ་ཤེས་མ། རིགས་བཞིའི་མཁའ་འགྲོ་ཡབ་ཡུམ། ཕྲ་མེན་བཞི་སྟེ་ལྷ་བཅོ་ལྔའོ། །གསུམ་པ་ཇི་ལྟར་འགོད་པའི་ཚུལ་ནི། སྤྱི་བོར་རིགས་བདག་འོད་དཔག་མེད༔ ཀུན་འདུས་བླ་མའི་ངོ་བོར་བསམ༔ སྙིང་གར་པདྨ་འདབ་བརྒྱད་སྟེང༔ པད་ཉི་རོ་སྟེང་རྟ་མཆོག་དཔལ༔ ལྟེ་བར་བདེ་ཆེན་ཌཱ་ཀི་མ༔ གསང་བ་ཡེ་ཤེས་བསྒོམ་པར་བྱ༔ གསང་གནས་པདྨ་འདབ་བཞི་ལ༔ རིགས་བཞིའི་མཁའ་འགྲོ་རྣམ་པ་བཞི༔ ཡུམ་དང་བཅས་ཏེ་གསལ་བར་བསྒོམ༔ ཡན་ལག་བཞི་ལ་ཕྲ་མེན་བཞི༔ རྒྱན་དང་ཆ་ལུགས་རྫོོགས་པར་བསྒོམ༔ ཞེས་པ་སྟེ། སྤྱིར་ཡབ་ཡུམ་གཉིས་ཀའི་སྐུ་ལ་ལུས་དཀྱིལ་གྱི་ལྷ་འགོད་པའི་ལུགས་ཀྱང་གཞན་ལས་འབྱུང་མོད་འདིར་ནི་ཡབ་ཀྱི་སྐུ་ཁོ་ན་ལ་འགོད་པ་ཡིན་ཞིང་། དེ་ཡང་གཞི་ལུས་ཀྱི་ལྷའི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་ལྷ་རྣམས་འགོད་དེ། སྤྱི་བོའི་གཙུག་གི་ནང་དུ་པད་ཟླར་ཧཾ་ཡིག་བདེ་བ་ཆེན་པོ་ཉིད་རིགས་ཀྱི་བདག་པོ་འོད་དཔག་མེད་རྩ་བརྒྱུད་ཀུན་འདུས་ཀྱི་བླ་མའི་ངོ་བོར་བསམ་ཞིང་། སྙིང་གར་ཐབས་སྙིང་རྗེ་རྣམ་པ་གསུམ་དང་བདེ་ཆེན་གྱི་སྙིང་རྗེ་སྟེ་གཙོ་བོ་བཞི་དང་། དེའི་ཡན་ལག་དམིགས་མེད་བདེ་ཆེན་གྱི་ཐུགས་རྗེ་ཆེན་པོའི་ངང་ལས་རྩོལ་མེད་དུ་རང་བྱུང་བ་ཚད་མེད་པ་བཞི་སྟེ་བརྒྱད་མཚོན་པའི་པདྨ་འདབ་མ་བརྒྱད་ཁ་ཡོངས་སུ་བྱེ་བའི་ལྟེ་བ་ཟེའུ་འབྲུའི་སྟེང་ན་གནས་པ་པད་ཉི་རོའི་སྟེང་དུ་ཐབས་སྙིང་གའི་དཔྱིད་ཡེ་ཤེས་སྙིང་པོའི་ཐིག་ལེ་ཉིད་རྟ་མཆོག་ཧེ་རུ་ཀ་དཔལ་གྱི་རྣམ་པར་སྒོམ་པ་ཡི་དམ་ཀུན་འདུས་ཀྱི་ངོ་བོ་དང་། ལྟེ་བར་ཤེས་རབ་རྣམ་པར་ཐར་པའི་སྒོ་བཞི་མཚོན་པའི་ཆོས་འབྱུང་རྐྱང་པ་ཁ་དོག་དམར་པོ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་རྒྱས་པ་གྱེན་དུ་བསྟན་པའི་ཟུར་གསུམ་མདུན་དང་གཡས་གཡོན་ལ་ཟུག་པ། དེའི་ནང་གི་བར་སྣང་ལ་པད་ཉིའི་སྟེང་དུ་ཤེས་རབ་དམར་ཆ་ཉིད་བདེ་ཆེན་ཌཱ་ཀི་མ་ཡུམ་གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་མ་མཁའ་འགྲོ་ཀུན་འདུས་ཀྱི་ངོ་བོར་བསྒོམ་པར་བྱ་སྟེ། དེ་ཡང་གསར་འགྱུར་རྡོ་རྗེ་སྙིང་པོས་མཛད་པའི་གཞུང་དུ། འདིར་ཆོས་འབྱུང་བསྣོལ་མ་བཤད་ཅིང་། སྒྲུབ་ཐབས་

p. 327

འདི་ཉིད་དུ་ཆོས་འབྱུང་སྒོམ་པའི་གསལ་ཁ་མ་བྱུང་མོད་ཀྱི། དེ་ལྟ་ནའང་བླ་མའི་མན་ངག་གིས་ཚེ་དཔག་མེད་ཀྱི་ནང་སྒྲུབ་ལྟར་ཆོས་འབྱུང་སྒོམ་པར་མཛད་ཅིང་། བསྣོལ་མ་ནི་ཐབས་ཤེས་མཚོན་པ་ཡིན་ལ་འདིར་ཐབས་ཀྱི་ཆོས་འབྱུང་གི་དོད་ཐུགས་ཀའི་པདྨ་ཡིན་པའི་ཕྱིར་ལྟེ་བའི་ཤེས་རབ་ཀྱི་ཆོས་འབྱུང་ནི་རྐྱང་པར་འཐད་ཅེས་གསུངས་པས་ན། སྤྱིར་གསར་འགྱུར་གྱི་གཞུང་དེ་འདི་དང་མཐུན་ཤས་ཆེ་བར་སྣང་ཡང་། ཁྱད་པར་གྱི་དགོས་ཆོས་ཀྱང་ཐ་དད་པ་མང་དུ་སྣང་བ་ལྟར་སྐབས་འདིར་ཡང་དེ་དག་དང་བསྲེ་བར་མི་བྱ་ཞིང་། མངོན་རྟོགས་ཀྱང་ལུས་དཀྱིལ་གྱི་ལྷ་གཞན་རྣམས་ཕྱི་སྒྲུབ་དང་འདྲ་བས་འདིར་ཡང་དེ་དང་མཐུན་པར་ཕྱག་བཞི་མར་བྱས་ན་འགལ་བ་མ་མཐོང་རུང་ཕྱག་བཞེས་སུ་གསང་སྒྲུབ་ཀྱི་ཡུམ་དང་འདྲ་བར་ཕྱག་གཉིས་མ་སྟེ། ཞབས་གཡས་བརྐྱང་གི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱི་རྣམ་པ་ཅན་དུ་མཛད་དོ། །གསང་གནས་སུ་འབྱུང་བཞིའི་རྩ་རྣམ་པར་དག་པ་མེ་ལོང་ལྟ་བུ་ལ་སོགས་ཏེ་ཡེ་ཤེས་བཞི་མཚོན་པའི་པདྨ་འདབ་མ་བཞི་ཕྱོགས་བཞིར་གྱེས་པའི་གེ་སར་གྱི་དབུས་སུ་མཁའ་ཁམས་དག་པ་ཆོས་དབྱིངས་ཡེ་ཤེས་མཚོན་པའི་ལྟེ་བའི་ཆོས་འབྱུང་གི་རྩ་བ་ཕྲ་བ་ཐུར་དུ་བསྟན་པ་དེ་ཟུག་ཅིང་། ཕྱོགས་ཀྱི་འདབ་མར་པད་ཉིའི་གདན་རེ་རེ་ལ་འབྱུང་བཞིའི་རླུང་ཐིག་གི་རང་བཞིན་རྡོ་རྗེ་མཁའ་འགྲོ་སོགས་རིགས་བཞིའི་མཁའ་འགྲོ་རྣམ་པ་བཞི་པོ་རང་རང་གི་ཡུམ་དང་བཅས་ཏེ་ཐབས་ཤེས་ཁ་སྦྱོར་གྱི་རྣམ་པ་ཅན་དུ་གསལ་བར་སྒོམ་ཞིང་། དེ་དག་ཀྱང་ཡབ་བཞི་རྟ་མགྲིན་གྱི་རིགས་དང་། ཡུམ་བཞི་གསང་ཡེའི་རིགས་ཡིན་ཡང་། སྤྱི་ལྡོག་ནས་མཁའ་འགྲོ་ཀུན་འདུས་ཀྱི་ནང་དུ་འདུའོ། །རྐང་ལག་བཞི་ནི་ལག་བཟོ་དང་འགྲོ་འདུག་སོགས་སྒུལ་བསྐྱོད་ཀྱི་བྱ་བས་ཐམས་ཅད་བྱེད་པ་ལྟར་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་པ་ལ་ཐོགས་པ་མེད་པ་མཚོན་བྱེད་དཔུང་པ་གཉིས་དང་པུས་མོ་གཉིས་ཏེ་ཡན་ལག་ཚིགས་ཆེན་བཞིའི་ནང་དུ་པད་ཉིའི་གདན་རེ་རེ་ལ་ཁྭ་གདོང་མ་ལ་སོགས་པ་ཕྲ་མེན་མ་བཞི་སྟེ་བཀའ་སྡོད་དམ་ཅན་ཀུན་འདུས་ཀྱི་ངོ་བོའོ། །དེ་ལྟར་ལྷ་ཚོགས་ཐམས་ཅད་བགོ་ཞིང་གདགས་པའི་རྒྱན་དང་ཞི་ཁྲོ་ལ་སོགས་པའི་ཆ་ལུགས་རྣམས་སྔར་བཤད་པ་

p. 328

ལྟར་སོ་སོར་གསལ་ཞིང་མ་འདྲེས་པ་རྫོགས་པར་སྒོམ་པའོ། །དེ་དག་གསལ་འདེབས་ཀྱི་ཚིག་ཀྱང་འདི་སྐད་ཅེས་འདོན་ཏེ། ཡབ་ཀྱི་སྐུ་ཡི་ཆ་ཤས་ཀྱི༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན༔ ཀུན་འདུས་བླ་མའི་ངོ་བོར་བཞུགས༔ སྙིང་གར་པདྨ་འདབ་བརྒྱད་སྟེང༔ པད་ཉི་རོ་སྟེང་རྟ་མཆོག་དཔལ༔ སྐུ་མདོག་དམར་པོ་པད་ཕྲེང་དང༔ པདྨ་འཛིན་པ་ཁྲོ་གཏུམ་གཟུགས༔ ཀུན་འདུས་ཡི་དམ་ངོ་བོར་བཞུགས༔ ལྟེ་བར་ཆོས་འབྱུང་དམར་པོའི་དབུས༔ པད་ཉིར་བདེ་ཆེན་དྷཱ་ཀི་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ གཅེར་བུ་ཅང་ཏེའུ་ཐོད་པ་འཛིན༔ ཞབས་གཉིས་ཕྱེད་ཀྲུང་གར་སྟབས་ཚུལ༔ ཀུན་འདུས་མཁའ་འགྲོའི་ངོ་བོར་བཞུགས༔ གསང་གནས་པདྨ་འདབ་བཞི་ལ༔ མདུན་ནས་གཡས་བསྐོར་པད་ཉིའི་སྟེང༔ ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ༔ ཅེས་པ་ནས། གྲི་གུག་ཐོད་པ་འཛིན་པའོ༔ ཞེས་པའི་བར་དང་། དཔུང་གཡས་རྡོ་རྗེ་ཕྲ་མེན་མ༔ དཀར་མོ་ཁྭ་གདོང་ལྕགས་ཀྱུ་འཛིན༔ དཔུང་གཡོན་རིན་ཆེན། སེར་མོ་ཕག་གདོང་ཞགས་པ། རྐང་གཡོན་པདྨ། དམར་མོ་ཁྱི་གདོང་། རྐང་གཡས་ལས་ཀྱི། ལྗང་ནག་འུག་གདོང་ནས་གཅེར་བུ་བདེ་བའི་གར་སྟབས་སྒྱུར༔ ཞེས་པའི་བར་གྱིས་གསལ་གདབ་བོ། །ལུས་དཀྱིལ་གྱི་སྐབས་འདི་དག་ཏུ་དག་རྫོགས་སྨིན་གསུམ་གྱི་རྣམ་གཞག་རྣམས་ཕྱི་དཀྱིལ་དུ་བཤད་པས་མཚོན་ཞིང་། འོན་ཀྱང་ཕྱི་དཀྱིལ་ལས་ལུས་དཀྱིལ་དག་རྫོགས་ཀྱི་ནུས་པ་ཆེ་ཞིང་སྨིན་ཚབས་ཀྱང་ཆེ་ལ། ཁྱད་པར་སྤྱི་བོའི་རིགས་བདག་ཧཾ་ཡིག་བདེ་བ་ཆེན་པོའི་ངོ་བོ། སྙིང་གའི་པདྨ་ནི་རྩ་འདབ་བརྒྱད་དང་རྟ་མགྲིན་དྭངས་མ་ལྔ་ལ་བརྟེན་པའི་མི་ཤིགས་པའི་ཐིག་ལེ་ལྟེ་བའི་རྩ་མདུད་གྲུ་གསུམ་དུ་གནས་པ་ནི་ཆོས་འབྱུང་དང་། ཡུམ་ནི་ལྟེ་བའི་དམར་ཆ། གསང་གནས་ཀྱི་པདྨ་ནི་རྩ་བཞི་དང་འབྱུང་བཞིའི་རླུང་། ཡན་ལག་གི་ཚིགས་ལ་གནས་པའི་རླུང་རྣམས་ཕྲ་མེན་བཞི་སྟེ། བཟླ་དུས་སུ་བདེ་བ་བསྐུལ་ནུས་པའི་ལས་རླུང་གིས་དབུ་མའི་མར་སྣའི་མེ་སྤར་ཞིང་བསྡུས་བཞུ་བསྟིམ་པའི་ལས་ཀྱིས་བདེ་བ་ཆེན་པོ་འདྲེན་པའི་ཕྱིར་ན་རྩ་ཁམས་རྣམས་མཉེན་ཞིང་དུལ་བས་ལས་སུ་རུང་བ་དང་། འབྱུང་བཞིའི་རླུང་འདུ་ཞིང་སྦྱོང་བ་ལ་སོགས་པའི་རྒྱུས་རྫོགས་

p. 329

རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་ཁྱད་པར་ཅན་འདིང་བ་ཡིན་ནོ། །གཉིས་པ་བསྐུར་རློབ་ཡེ་ཤེས་པ་བསྟིམ་པ་ནི། བྱིན་བརླབས་དབང་བསྐུར་ཡེ་ཤེས་བསྟིམ༔ ཞེས་པ་སྟེ། གཞི་ལུས་ཀྱི་ལྷ་དང་ལུས་དཀྱིལ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་འབྲུ་གསུམ་བཀོད་དེ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ། རང་རང་གི་སྤྱི་བོར་རིགས་བདག་རང་ཆས་ཅན་དུ་བཞུགས་པ་ལ་དབང་བསྐུར་བའི་ཆུ་ལྷག་མ་གྱེན་དུ་ལུད་པ་ལ་ཐིམ་པས་དབང་བསྐུར། ཐུགས་ཀའི་ཧཱུྃ་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམ་པ་རྣམས་སྔར་ཕྱི་སྒྲུབ་ཏུ་བཤད་པ་བཞིན་ཏེ། དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི༔ སྤྱི་བོར་ༀ་དཀར་སྐུ་རྡོ་རྗེ༔ ཞེས་པ་ནས། ས་མ་ཡ་ཏིཥྛ་ལྷན༔ ཞེས་པའི་བར་ལས་བྱང་ལྟར་བརྗོད་པས་གསལ་གདབ་བོ། །དེ་ལྟར་དམ་ཡེ་དབྱེར་མེད་དུ་བྱས་པ་ཉིད་སྔར་རྒྱས་པར་བཤད་པ་ལྟར་འདྲེས་པ་ནན་ཏན་གྱི་ཕྱག་ཡིན་པས་ཕྱག་མཆོད་བསྟོད་པ་རྣམས་ཟུར་དུ་མ་བྱས་ཀྱང་ཆོག་པར་མ་ཟད། ཁྱད་པར་གཞུང་གི་ཚིག་ཟིན་ལས་ཀྱང་མི་འབྱུང་ཞིང་། ཏིང་ངེ་འཛིན་གཙོ་བོར་བྱེད་པའི་སྐབས་འདི་དག་ཏུ་ཧ་ཅང་སྤྲོས་པ་མང་བའང་མི་ལེགས་པའི་ཕྱིར་ཕྱག་མཆོད་བསྟོད་པ་རྣམས་མ་བྱས་ཀྱང་རུང་ལ། གཞན་དུ་ལས་དང་པོ་པ་འགའ་ཞིག་དེ་ཙམ་གྱིས་ཡིད་མི་ཚིམ་ཞིང་ཏིང་ངེ་འཛིན་གྱི་གྲོགས་སུའང་འགྱུར་ན་ལས་བྱང་ལྟར་བླངས་ཀྱང་མི་འགལ་ཞིང་ལེགས་པའི་ཡན་ལག་སྟེ། རྗེ་བླ་མས་བསྙེན་ཡིག་ཏུ་དེ་ལྟ་བུའི་གང་ཟག་ལ་དགོངས་ནས་མཆོད་བསྟོད་སོགས་སྦྱར་བར་གསུངས་པའི་མན་ངག་དང་འབྲེལ་བའི་ཕྱིར་རོ། །གསུམ་པ་ལྷའི་སྣང་ཞེན་ལ་བསླབ་པ་ནི། སྔར་ཕྱི་སྒྲུབ་ཏུ་བཤད་པ་ལྟར་ལུས་དཀྱིལ་གྱི་ལྷ་ལ་དམིགས་པའི་གསལ་སྣང་དང་། ང་རྒྱལ་བརྟན་པོས་བདེ་གསལ་སྟོང་པ་ཉིད་ཀྱི་ལྷ་སྐུར་འཆར་བའི་རིམ་པ་རྣམས་ཇི་སྲིད་མི་སྐྱོའི་བར་དུ་འབད་པར་བྱའོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་གཉིས་ཏེ། སྐུ་བཞི་རྡོ་རྗེའི་བཟླས་པ་དང་། སྤྱི་ཁྱབ་དབང་གི་བཟླས་པའོ། །དང་པོ་ལའང་བཞི་ལས། བདེ་ཆེན་རྡོ་རྗེའི་བཟླས་པ་ནི༔

p. 330

ལྟེ་བའི་འོག་ཏུ་ཙཎྜ་ལཱི༔ འབར་བ་ལ་དམིགས་རླུང་བཟུང་བས༔ གང་བྱེད་དབང་བསྡུས་བྱང་སེམས་སུ༔ ཞུ་བ་བརྔུབས་ནས་མེ་ལ་བསྟིམ༔ ཡེ་ཤེས་ཆེན་པོ་བདེ་བར་འབར༔ འཁོར་འདས་གཉིས་མེད་དགོངས་པ་བསྐྱང༔ ཞེས་པ་སྟེ། ལྟེ་བའི་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྐུའི་འོག་རྩ་གསུམ་འདུས་མདོའི་ཐད་ཙམ་གྱི་ཆོས་འབྱུང་གི་ནང་དུ་ཙཎྜ་ལི་མེའི་རང་བཞིན་ཅན་ཨ་ཤད་ཀྱི་རྣམ་པའམ། ཨཾ་ཡིག་དམར་པོ་གང་བདེར་སྒོམ་ཞིང་། དེ་ལས་མེ་ལྕེ་ཕྲ་ཞིང་ཚ་ལ་རྣོ་བ་སོར་གཉིས་པའི་སྐྲ་ཚད་ཙམ་པ་གསལ་དྭངས་འབར་བ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་རླུང་བཟུང་ལ་དེ་དང་སྤྲོ་བསྡུའི་དམིགས་པ་སྦྱོར་ཏེ། རླུང་ཕྱིར་དབྱུང་བ་ན་གཏུམ་མོའི་མེས་ཡུམ་གྱི་སྐུ་ལ་རེག་པ་ཙམ་དུ་འབར་བས་བསྐུལ་ཏེ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་དམར་བྲེང་གིས་སོང་བ་ཐུགས་ཀའི་རྟ་མགྲིན་ལ་ཕོག་པས་དེའི་ཐུགས་ཀའི་ས་བོན་ཧྲཱིཿཡིག་ལས་འོད་ཟེར་རླུང་དང་འདྲེས་ནས་ཕྱིར་འཕྲོས་པ་བརྟན་གཡོ་སྣོད་བཅུད་ཀྱི་ཆོས་གང་བསྡུ་བར་བྱེད་རྒྱུ་དེ་དང་དེ་ལ་འཕོག་པས་རང་དབང་མེད་པར་དབང་དུ་བསྡུས་པ་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྣམ་པ་ཅན་དུ་ལྟེམས་ཀྱིས་ཞུ་བ་འོ་མའི་རྒྱུན་ལྟ་བུར་གྱུར་པར་བསམ། དེ་ཉིད་རླུང་ནང་དུ་འོང་བ་དང་མཉམ་དུ་བརྔུབས་པ་ཆོས་འབྱུང་གི་ནང་དུ་སླེབས་ནས་གཏུམ་མོའི་མེ་ལ་བསྟིམ་པས་འོད་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེན་པོ་དང་རོ་གཅིག་པའི་བདེ་བ་ཆེན་པོར་འབར་བས་ཆོས་ཐམས་ཅད་ལ་རྒྱས་བཏབ་སྟེ་འཁོར་འདས་གཉིས་མེད་དུ་ཤེས་པའི་དགོངས་པའི་ངང་བསྐྱངས་ཏེ་བུམ་པ་ཅན་གཡོ་མེད་དུ་འཆིང་བའོ། །འདི་དག་གི་ཚེ་བུམ་པ་ཅན་གྱི་སྔོན་འགྲོར་ཞག་འགའ་ཡང་རང་རླུང་རང་བབས་དང་བསྲེ་བའི་རྡོར་བཟླས་ལ་བསླབས་རྗེས་བུམ་པ་ཅན་སྦྱོར་བ་བཞི་ལྡན་ལ་འཇུག་སྟེ། དེ་ལ་སྦྱོར་བ་བཞི་ནི། རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །ཞེས་པ་ལྟར་ལུས་གནད་སྤྱི་དང་མཐུན་པར་བྱས་ལ། མགོ་ཅུང་ཟད་དུད་པས་རླུང་དལ་བུས་བུས་ཏེ། ལུས་བསྲང་བ་དང་མཉམ་དུ་འོག་རླུང་འཐེན་ཅིང་། སྟེང་རླུང་མཆིལ་མའི་རྟ་ལ་བཀྱོན་ནས་ལྟེང་འོག་ཏུ་མནན་ཏེ་མེར་གྱིས་དགང་། དེ་ལྟར་ཁ་སྦྱོར་དུ་བཟུང་ནས་གཡོ་མེད་

p. 331

དུ་བཅིང་བ་ནི་གཞིལ་བ་ཡིན་ལ། མི་ཐུབ་པ་དང་སྣ་བུག་ནས་སྤུ་མི་འགུལ་བའི་ཚོད་ཙམ་དུ་དལ་བུས་སང་གིས་གཏོང་བ་ནི་མདའ་ལྟར་འཕང་བའོ། །གཉིས་པ་ལོངས་སྐུ་རྡོ་རྗེའི་བཟླས་པ་ནི། ཚད་མེད་སངས་རྒྱས་སྤྱན་དྲངས་ཏེ༔ རླུང་དང་བསྲེས་ནས་མེ་ལ་བསྟིམ༔ དབང་བསྐུར་བདེ་ཆེན་ཡེ་ཤེས་བསྐྱེད༔ ཅེས་པ་སྟེ། གཞན་སྔར་ལྟར་ལས་རླུང་ཕྱིར་དབྱུང་བ་ན་ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཐམས་ཅད་ལ་ཕོག་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་རྒྱུད་བསྐུལ་ཞིང་སྣོད་བཅུད་ཀྱི་དྲི་མ་སྦྱངས་ཏེ་ཐམས་ཅད་ལྷའི་འཁོར་ལོར་གྱུར་པར་བལྟས་ལ། རླུང་ནང་དུ་འོང་བ་ན་འཁོར་འདས་རོ་མཉམ་ཚད་མེད་པའི་སངས་རྒྱས་ཀྱི་རྣམ་པར་བཞེངས་པ་དེ་ཐམས་ཅད་སྤྱན་དྲངས་ཏེ་འོད་དུ་ཞུ་བ་རླུང་དང་བསྲེས་ནས་ཆོས་འབྱུང་གི་ནང་གི་མེ་ལ་བསྟིམས་པས་ཡེ་ཤེས་ལྔའི་དབང་བཞི་རྫོགས་སུ་བསྐུར་བ་ཐོབ་ཅིང་། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བདག་ཉིད་ལོངས་སྐུ་བདེ་བ་ཆེན་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་བསྐྱེད་ནས་དེའི་ངང་བསྐྱངས་ཏེ་བུམ་པ་ཅན་འཆིང་བའོ། །གསུམ་པ་སྤྲུལ་སྐུ་རྡོ་རྗེའི་བཟླས་པ་ནི། སྙིང་རྗེས་སེམས་ཅན་དབང་དུ་བསྡུས༔ རླུང་འདྲེས་མེར་བསྟིམ་བྱང་ཆུབ་སེམས༔ འགྲོ་འདུལ་ཕྲིན་ལས་ཅིར་ཡང་འཆར༔ ཞེས་པ་སྟེ། གཞན་སྔར་ལྟར་ལས་རླུང་དབྱུང་བ་དང་ལྷན་ཅིག་ཐུགས་ཀའི་འོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕོག་པས་འགྲོ་དྲུག་གི་སྡུག་བསྔལ་བསལ། དེ་ཐམས་ཅད་ཕ་མར་ཤེས་པའི་བྱམས་པས་ཡིད་དྲངས་ཏེ་རྨི་ལམ་གྱི་འཁྲུལ་སྣང་ལ་སྤྱོད་པ་ལྟར་མེད་སྣང་འཁོར་བའི་གནས་ན་སྡུག་བསྔལ་བར་གྱུར་པ་ལ་བཟོད་མེད་ཀྱི་སྙིང་རྗེ་ཆེན་པོས་སེམས་ཅན་དེ་རྣམས་མ་ལུས་པ་དབང་དུ་བསྡུས་ནས་འོད་དུ་ཞུ་བར་བསམ། དེ་ཉིད་རླུང་དང་འདྲེས་པར་གྱུར་པ་བརྔུབས་ཏེ་ཆོས་འབྱུང་ནང་གི་མེར་བསྟིམ་པ་བླ་ན་མེད་པའི་བདེ་བ་ཆེན་པོར་དགོད་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སྤྲུལ་སྐུ་འགྲོ་འདུལ་གྱི་ཕྲིན་ལས་གང་ལ་གང་འཚམས་སུ་ཅིར་ཡང་འཆར་བར་བསམས་ནས་བུམ་པ་ཅན་འཆིང་བའོ། །བཞི་པ་ཆོས་སྐུ་རྡོ་རྗེའི་བཟླས་པ་ནི། དམིགས་མེད་ངང་ནས་རླུང་བཟུང་ལ༔ མཁའ་ལྟར་དག་པའི་ངང་དུ་བཞག༔ ཅེས་པ་སྟེ།

p. 332

རེས་འགའ་གང་ལའང་དམིགས་པ་མེད་པའི་ངང་ནས་རླུང་བུམ་པ་ཅན་བཟུང་ལ། དེའི་ངང་བསྐྱངས་པས་ཡུལ་ཡུལ་ཅན་རྣམ་པ་ཅན་དང་བཅས་པ་ཐམས་ཅད་ཉེ་བར་ཞི་བ་ནམ་མཁའ་དག་པའི་དཀྱིལ་ལྟར་གཟོད་མ་ཉིད་ནས་དག་པར་ཤེས་པས་བཅོས་སླད་བྱར་མེད་པའི་ངང་དུ་ཆམ་གྱིས་སྐྱུར་ལ་བཞག་གོ །སྐུ་བཞིའི་བཟླས་པ་འདི་རྣམས་ལ་སྙིང་པོའི་སྔགས་རྣམས་བཟླ་དགོས་པའི་གསལ་ཁ་མ་བྱུང་ཞིང་། རླུང་ཉིད་སྐབས་འདིའི་གསུང་གི་བཟླས་པ་ཡིན་པས་སྙིང་པོའི་སྔགས་རྣམས་མ་བཟླས་ཀྱང་ཆོག་མོད། འོན་ཀྱང་རླུང་དང་དམིགས་པ་གཉིས་བརྟན་པས་བཟླས་བརྗོད་ཀྱིས་གནོད་པར་མི་འགྱུར་ན་རླུང་འབྱུང་རྔུབ་གཉིས་ལ་སྔར་ལྟར་ལས་དགང་བ་ནས་གཡོ་མེད་དུ་གཞིལ་བའི་ཚེ་དེའི་ངང་ནས་གཙོ་འཁོར་གྱི་སྙིང་པོ་ལ་དབང་སྡུད་སྦྲེལ་བའི་ཡིད་བཟླས་བྱས་ཀྱང་ཤིན་ཏུ་ལེགས་ཏེ། འདི་ཉིད་ཀྱི་བསྙེན་ཡིག་ཏུ་དམིགས་པ་གོང་འོག་གི་གནད་རྣམས་གཅིག་ཏུ་བསྡུས་ནས་རླུང་དང་སྦྱར་བའི་ཡིད་བཟླས་བྱེད་ཚུལ་གསུངས་ཤིང་། འདི་ཉིད་ཀྱི་ཚེའི་ནང་སྒྲུབ་ལས་ཀྱང་ཡིད་བཟླས་བཤད་པའི་ཕྱིར་རོ། །གཉིས་པ་སྤྱི་ཁྱབ་དབང་གི་བཟླས་པ་ནི། བཟླས་དུས་སྔགས་འོད་ལྕགས་ཀྱུའི་དབྱིབས༔ མེ་ལྟར་ཚ་ཞིང་རྣོ་བ་ཡིས༔ གང་འདོད་སྐྱེ་འགྲོའི་སྙིང་ནས་བཟུང༔ ཚུར་འདུས་འོད་ཞུ་སྙིང་གའི་ཧྲཱིར༔ བསྟིམ་ལ་རྩ་བའི་སྔགས་ཀྱི་མཐར༔ དབང་སྡུད་སྔགས་སྦྲེལ་བཟླས་པ་བྱ༔ ཞེས་པ་སྟེ། སྐུ་བཞི་རྡོར་བཟླས་ཀྱིས་སྐྱོ་ན་ངག་གི་བཟླས་པ་ལ་འཇུག་སྟེ། དེའི་དུས་ཀྱི་དམིགས་གནད་ནི། སྙིང་གའི་རྟ་མགྲིན་གྱི་ཐུགས་ཀར་པད་ཉི་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དམར་པོ་སྔགས་ཕྲེང་གིས་བསྐོར་བ་དང་བཅས་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ལྟ་བུ་མེ་ལྟར་ཚ་ཞིང་རྩུབ་ལ་ཤིན་ཏུ་རྣོ་བའི་ཚོགས་དཔག་ཏུ་མེད་པ་ཉི་ཟེར་ལྟར་འཕྲོས་པ་ཡིས། གང་དབང་དུ་བསྡུ་བར་འདོད་པ་དམིགས་ཀྱིས་བསལ་བའམ། སྤྱི་ཙམ་དུ་སྐྱེ་འགྲོ་སེམས་ཅན་མ་ལུས་པ་སོ་སོའི་སྙིང་ག་ནས་བཟུང་སྟེ་ཚུར་འུབ་ཀྱིས་འདུས་པ་ཉིད་འོད་ཀྱི་རྣམ་པར་ལྟེམ་གྱིས་ཞུ་བ་རྟ་མགྲིན་གྱི་སྙིང་གའི་ས་བོན་ཧྲཱིཿའི་ཡི་གེར་བསྟིམ་པས་རོ་གཅིག་

p. 333

ཏུ་གྱུར་པར་མོས་ལ་རྩ་བའི་སྔགས་གཙོ་བོ་ཡབ་ཀྱི་འབྲུ་བཅུ། རྟ་མགྲིན་གྱི་འབྲུ་བཅུ་དྲུག །ཡུམ་སྔགས་འབྲུ་དགུ། འཁོར་སྔགས་འབྲུ་བཅོ་ལྔ་པ་རྣམས་ཀྱི་སྔགས་སྦྲེལ་མཐར་དབང་སྡུད་ཀྱི་སྔགས་བཞི་བཅུ་རྩ་དྲུག་པ་སྦྲེལ་ནས་བཟླས་པ་བྱ་སྟེ། ཇི་ཙམ་བཟླ་བའི་ཚད་ནི། བསྙེན་ཡིག་ཏུ་གྲངས་བསྙེན་ལ་འབུམ་ཕྲག་གཅིག དུས་བསྙེན་ལ་ཟླ་གཅིག་གསུངས་ཤིང་། མཚན་མའི་བསྙེན་པ་ལ་ནི་ཚད་མཐའ་གཅིག་ཏུ་མ་ངེས་སོ། །གལ་ཏེ་ལེགས་པར་བསྒྲུབས་ཀྱང་རྟགས་མ་མཐོང་ན། བཤད་མ་ཐག་པའི་དམིགས་པ་དེ་ཉིད་ལས་ཚུར་བསྡུ་བ་ན་རང་གི་སྙིང་གའི་ས་བོན་དང་སྒྲུབ་རྫས་ཀྱི་རིལ་བུ་གཉིས་ཀ་ལ་ཐིམ་པར་བསམ་ཞིང་། ཡབ་སྔགས་ཡིག་དྲུག་དང་། ཡུམ་སྔགས་འབྲུ་དགུ་པ་སོ་སོར་སྔར་ལྟར་ཕོ་སྲོག་མོ་སྲོག་སྦྲེལ་པའི་ཤམ་བུར་ལས་སྔགས་ཞེ་བརྒྱད་པ་བཏགས་ནས་བཟླས་ཏེ། ཐུན་སོ་སོའི་མཐར་རིལ་བུ་ལ་ཧས་འདེབས་དགོས་ལ། འོན་ཀྱང་དེ་ཐོད་ཁེབས་ཡང་ཡང་བསལ་དགོས་པ་སོགས་ལག་ལེན་ལ་ཅུང་ཟད་མི་བདེ་བས་མ་ལྕོགས་ན་རིལ་བུར་གཟུངས་ཐག་འདོགས་པ་ཕྱག་ལེན་ལ་ཡོད་དོ། །དེས་ནི་རིལ་བུ་འཕེལ་ཞིང་སྒྲ་འོད་འབྱུང་བ་སོགས་གྲུབ་པའི་མཚན་མ་སྟོན་པར་ངེས་སོ། །དེ་ལྟར་མཚན་དུས་གྲངས་བསྙེན་གསུམ་གང་ཡིན་ཡང་རུང་སྟེ་ནུབ་ཐ་མའི་སྔ་ཐུན་དེ་ལ་མཆོད་པ་ཁ་གསོ་ཞིང་། བཟླས་པའི་མཐར་དངོས་གྲུབ་ལེན་པ་སོགས་ཕྱི་སྒྲུབ་ལྟར་རོ། །གསུམ་པ་ཐུགས་རྫོགས་རིམ་གྱི་རྣལ་འབྱོར་ནི། རྗེས་སུ་རྫོགས་རིམ་ལྷ་རྣམས་ཀུན༔ རང་རང་གནས་སུ་འོད་དུ་ཞུ༔ མཁའ་ལ་སྤྲིན་དེངས་ཇི་བཞིན་དུ༔ གསལ་སྟོང་དམིགས་གཏད་བྲལ་བའི་ངང༔ མ་ཡེངས་མི་དཔྱད་མི་བསྒོམ་པར༔ གཟུང་འཛིན་བླང་དོར་ཀུན་བྲལ་བའི༔ དངོས་པོའི་རང་གཤིས་བདེ་སྟོང་ཉམས༔ ཆགས་འཛིན་མི་བྱ་རང་སོར་གློད༔ ཅེས་པ་སྟེ། ལྷ་སྔགས་ཀྱི་རྣལ་འབྱོར་ལ་ཅི་ནས་བསླབས་པའི་རྗེས་སུ་ཐུན་བསྡུ་བ་ན་རྫོགས་རིམ་བསྒོམ་སྟེ། ལུས་ལ་བཀོད་པའི་ལྷ་རྣམས་ཀུན་ཀྱང་རང་རང་གང་དུ་བཀོད་པའི་གནས་དེ་ཉིད་དུ་འོད་དུ་ཞུ་ཞིང་། གཞི་ལུས་ཀྱི་ལྷ་དང་བཅས་ཏེ་ནམ་མཁའ་ལ་སྤྲིན་དེངས་པ་ཇི་ལྟ་

p. 334

བ་བཞིན་དུ་ཡལ་ཏེ་རིག་པའི་ངོ་བོ་རང་གསལ་འཛིན་པ་མེད་པའི་གསལ་སྟོང་། གང་དུའང་དམིགས་པའི་གཏད་སོ་དང་བྲལ་བའི་ངང་དེ་ཉིད་ལས་གཞན་དུ་སྐད་ཅིག་ཀྱང་མི་ཡེངས་ལ། འདི་དང་འདི་ཞེས་མི་དཔྱོད་ཅིང་། བསྒོམ་བྱ་སྒོམ་བྱེད་སོགས་བཅོས་མའི་རྟོག་པ་ཐམས་ཅད་ལས་གྲོལ་བས་ཅི་ཡང་མི་བསྒོམ་པར་རང་བབས་སུ་བ སྒྱུར་ཏེ་བཞག བྱ་བའི་ཆོས་གཟུང་བ་དང་། བྱེད་པའི་ཆོས་འཛིན་པ་མེད་པས་རྩོལ་སྒྲུབ་རེ་དོགས་སྐྱོན་ཡོན་སོགས་བླང་དོར་གྱི་ཡིད་བྱེད་ཀུན་དང་བྲལ་བའི་རིག་པའི་ངོ་བོ་ཟང་ཐལ་རྗེན་པར་མྱོང་བ་ན་སེམས་ཅན་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་ནའང་། དེ་ལྟར་མ་རྟོགས་པ་ལ་འཛིན་མེད་ཀྱི་སྙིང་རྗེ་བདེ་བ་ཆེན་པོ་དང་རང་བཞིན་སྤྲོས་བྲལ་གང་དུ་ཡང་ངོས་བཟུང་མེད་པས་ཆོས་ཐམས་ཅད་ཀྱི་དངོས་པོའི་རང་གཤིས་སམ་གནས་ཚུལ་ནི་བདེ་སྟོང་དབྱེར་མི་བྱེད་པ་སྟེ། དེ་ལྟར་ཉམས་སུ་མྱོང་བའི་ཚེ་དེ་ཉིད་ལ་ཆགས་འཛིན་གྱི་ཞེན་པའི་འཆིང་བས་བཅིང་བར་མི་བྱ་སྟེ། གང་ཤར་དེའི་སྟེང་དུ་མ་བཅོས་པར་རང་སོར་གློད་ལ་ཟབ་མོ་དམིགས་པ་མེད་པའི་དབྱིངས་སུ་མཉམ་པར་འཇོག་པ་ཡིན་ནོ། །ཇི་སྐད་དུ་ཀུན་བྱེད་ལས། རྟོག་པས་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་རྩོལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། །ཞེས་སོ། །དེའི་ངང་ལས་གཙོ་བོ་ཡབ་ཡུམ་གྱི་སྐུར་ལངས་ཏེ། དངོས་པོ་ཐམས་ཅད་གར་དབང་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་རོལ་ལྷའི་འཁོར་ལོར་ལྟའོ། །གཉིས་པ་མཉམ་ལངས་ཀྱི་རྣལ་འབྱོར་ནི། དེ་ལྟར་ལྷ་ལ་ང་རྒྱལ་གྱིས་སྐྲག་པ་དང་དོགས་པ་སྤངས་ཏེ། བྱ་སྤྱོད་ཐམས་ཅད་ལམ་གྱི་གྲོགས་སུ་ཁྱེར་ཤེས་པའི་སྒོ་ནས་ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ཕྱི་སྒྲུབ་ལྟར་བྱའོ། །གསུམ་པ་དོན་བསྡུ་བ་ནི། ནང་ལྟར་ལུས་ལ་ལྷ་བཀོད་པ༔ སྒྲུབ་པའི་མན་ངག་ཡང་དག་གོ༔ ས་མ་ཡ༔ ཞེས་པ་སྟེ། ནང་ལྟར་གཞི་ལུས་ཀྱི་ལྷའི་སྐུ་ལ་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་བཀོད་ཅིང་། སྒྲུབ་རྫས་ཐོད་པའི་རིལ་བུ་ལ་བརྟེན་ནས་བརྗོད་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་སྒྲུབ་པའི་ཡན་ལག་གསལ་བར་སྟོན་པའི་མན་ངག་སྟེ་བསྒྲུབ་བྱའི་

p. 335

འདོད་དོན་སྟེར་བ་ལ་མི་བསླུ་བས་ཡང་དག་གོ །ས་མ་ཡ་ནི་སྔར་ལྟར་གསང་བའི་དོན་ནོ། །༈ གསུམ་པ་གསང་སྒྲུབ་ལའང་བསྟན་བཤད་བསྡུ་གསུམ་ལས། དང་པོ་མདོར་བསྟན་པ་ནི། གསུམ་པ་རྩ་ལ་འགོད་པ་ནི༔ ཞེས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བའོ། །དང་པོ་ནི། སྔོན་འགྲོའི་ཆོ་ག་ལེགས་སོང་ནས༔ ཞེས་པ་སྟེ། ནང་སྒྲུབ་གྲོལ་བའི་ཉིན་གྱི་དགོང་ཐུན་ནམ། སང་གི་དགོང་ཐུན་ནས་འགོ་བཙུགས་ཀྱང་རུང་སྟེ། རྐྱེན་དབང་གིས་ནང་གསང་གཉིས་སྟན་ཐོག་གཅིག་ཏུ་མ་ཁོམ་པར་སྒྲུབ་པ་དུམ་བུར་གཅོད་དགོས་པ་བྱུང་ན་མ་གཏོགས། གཞན་དུ་སྒྲུབ་རྫས་བཤམས་བཀོད་གོང་དུ་གྲུབ་པས་འདིར་མཆོད་གཏོར་གསོ་ཞིང་། ཚོགས་རྫས་སོགས་འདུ་བྱས་ཏེ། སྟན་ལ་འཁོད་ནས་སྲུང་འཁོར་ནས་བརྩམས་ཏེ་སྔོན་འགྲོའི་ཆོ་ག་རྣམས་སྔར་ལྟར་ལེགས་པར་སོང་ནས་དངོས་གཞི་ལ་འཇུག་གོ ། གཉིས་པ་ལ་གསུམ་སྟེ། མཉམ་བཞག་གི་རྣལ་འབྱོར། མཉམ་ལངས་ཀྱི་རྣལ་འབྱོར། གྲུབ་པའི་དུས་བཤད་པའོ། །དང་པོ་ལ་གསུམ་སྟེ། སྐུ་ཕྱག་རྒྱ། གསུང་བཟླས་པ། ཐུགས་རྫོགས་རིམ་གྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ཏིང་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། བསྐུར་རློབ་གཉིས་སུ་མེད་པར་བྱ་བ། ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ལ་གཉིས་ཏེ། གང་ལ་འགོད་པའི་གཞི་དང་། དེ་ལ་འགོད་པའི་ལྷའི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས་ཏེ། གཞི་ལུས་ཀྱི་ལྷ་དང་། དེ་ལ་བརྟེན་པའི་རྟེན་གྱི་དཀྱིལ་འཁོར་རྩ་འཁོར་རོ། །དང་པོ་ལའང་། ཇི་ལྟར་བསྐྱེད་པའི་ཆོ་ག་དང་། བསྐྱེད་པ་ལྷའི་མཚན་ཉིད་གཉིས་ལས། དང་པོ་ནི། སྟོང་ཉིད་ངང་ལས་པད་ཟླ་དང༔ ཉི་སྟེང་པདྨ་ཧྲཱིཿས་མཚན་ལས༔ བདག་ཉིད་བདེ་གཤེགས་སྤྱན་རས་གཟིགས༔ ཞེས་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་དེ་བཞིན་ཉིད་དང་། དེའི་རང་གདངས་སྙིང་རྗེ་ཆེན་པོ་ཀུན་སྣང་གི་ཏིང་ངེ་འཛིན་གྱི་ངང་ལས་རྒྱུའི་ཧྲཱིཿཡིག་གདན་སྟེང་དུ་བབས་ཏེ། དེ་ལ་ཆ ོ་ག་གསུམ་གྱི་ལྷར་བསྐྱེད་པའམ། ཡང་ན་མངོན་བྱང་ལྔ་བསྐྱེད་ཀྱི་བསྐྱེད་ཚུལ་ཕྱོགས་གཅིག་དང་སྦྱར་ཡང་རུང་སྟེ། འདི་ལྟར་

p. 336

ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྒོམ་པ་ནི་ཆོས་ཉིད་སྟོང་པ་ཉིད་ལས་མངོན་པར་བྱང་ཆུབ་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་རིགས་སོ། །དེའི་ངང་ལས་གདན་པདྨའི་སྟེང་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བརྩེགས་མར་སྒོམ་པ་ནི་གདན་ཉི་ཟླ་ལས་བྱང་ཆུབ་པ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྡོ་རྗེའི་རིགས་སོ། །གདན་དེའི་སྟེང་དུ་ས་བོན་ཧྲིཿཡིག་སྒོམ་པ་ནི་གསུང་ཡིག་འབྲུ་ལས་བྱང་ཆུབ་པ་སྟེ་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སོ། །ཧྲཱིཿཡིག་ཉིད་པདྨ་དམར་པོ་ཧྲཱིཿས་མཚན་པར་གྱུར་པ་ནི་ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་སྟེ་སོར་རྟོག་ཡེ་ཤེས་དང་པདྨའི་རིགས་སོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བདེ་གཤེགས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གསང་སྒྲུབ་རྟ་མགྲིན་གྱི་སྐུར་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་སྟེ་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་སོ། །དེ་དག་གིས་ནི་སངས་རྒྱས་ཀྱི་ཆོས་ཀུན་ཡོངས་སུ་རྫོགས་པ་སྒོམ་པར་འགྱུར་རོ། །དེ་ལྟར་ཡང་རྡོ་རྗེ་སྙིང་པོས་མཛད་པའི་གསར་འགྱུར་གྱི་སྐབས་འདི་ཉིད་དུ། ཤཱུ་ནྱ་ཏཱ་ཡིས་སྟོང་པར་སྒོམ། །ཆོས་ཉིད་སྟོང་པ་བྱང་ཆུབ་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྟོང་པའི་ངང་ལས་པད་ཉི་དང་། །ཟླ་བ་རྒྱས་པའི་གདན་བསྒོམས་ཏེ། །ཉི་ཟླའི་གདན་ལས་མངོན་བྱང་ཆུབ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གདན་སྟེང་རང་རིག་ཡི་གེ་ཧྲཱིཿ །གསུང་ཡིག་འབྲུ་ལས་མངོན་བྱང་ཆུབ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། ཐུགས་ཀྱི་ཕྱག་མཚན་མངོན་བྱང་ཆུབ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །པདྨ་ཧྲཱིཿས་མཚན་འོད་ཟེར་གྱིས། །འགྲོ་བའི་རྒྱུད་སྦྱངས་ལྷར་གྱུར་ནས། །སངས་རྒྱས་རྣམས་ཀྱིི་བྱིན་རླབས་བསྡུས། །སྔར་གྱི་ཧྲཱིཿས་མཚན་པདྨར་ཐིམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །བདག་ཉིད་ལྷ་ཡི་སྐུར་རྫོགས་པ། །སྐུ་ཡོངས་རྫོགས་པ་མངོན་བྱང་ཆུབ། །བྱ་གྲུབ་ནན་ཏན་ཡེ་ཤེས་སོ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ བརྐྱང་བསྐུམ་གར་སྟབས་ཚུལ་དུ་བཞུགས༔ དབུ་སྐྲ་གྱེན་བརྫེས་རྟ་སྐད་བཞད༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཡས་པད་ཕྲེང་གཡོན་པདྨ༔ གསང་བ་ཡེ་ཤེས་ཡུམ་དང་

p. 337

སྦྱོར༔ གཅེར་བུ་ཉམས་རྒྱས་ཅང་ཏེའུ་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ ཡབ་ཡུམ་ཟུང་འཇུག་བདེ་བའི་སྐུ༔ ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ ཞེས་པ་སྟེ། དེ་ལྟར་བསྐྱེད་པ་དེའི་སྐུའི་རྣམ་པ་ཅི་འདྲ་སྙམ་ན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་མཆེ་བའི་མྱུ་གུ་བཞི་གཙིགས་པ། སྐུ་མདོག་དམར་པོ་འབར་བ་ཆེན་པོའི་འོད་ཟེར་འཕྲོ་བ། ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཚུལ་དུ་བཞུགས་པ་སྟེ། སྔར་བཤད་པ་ལྟར་གཡས་བརྐྱང་དང་། གཡོན་བརྐྱང་སོགས་ཀྱང་གར་གྱི་ཚུལ་ཡིན་པས་འདིར་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་འཁྲུལ་པར་མི་བྱ་ཞིང་། འདི་ཉིད་དུ་གཡས་བརྐྱང་གཡོན་བརྐྱང་གང་ཡིན་གྱི་གསལ་ཁ་མ་བྱུང་ལ། རྡོ་རྗེ་སྙིང་པོས། གཡས་བརྐྱང་གཡོན་བསྐུམ་གར་གྱིས་འགྱིང༔ ཞེས་བཤད་ན འང་། གཡའ་རི་གོང་དུ་མཁའ་འགྲོ་ལྔས་རཏྣ་དམར་པོའི་སྙིང་པོ་ལས་བཞེངས་པའི་གསང་སྒྲུབ་རྟ་ཕག་གི་སྐུ་ཟབ་ཆོས་འདི་ཉིད་དང་ལྷན་ཅིག་ཏུ་གཏེར་ནས་བྱོན་པར་ཡབ་ཀྱི་ཞབས་གཡོན་བརྐྱང་དུ་སྣང་བས་ན་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་སུ་བྱ་བར་རིགས་ཞེས་གསུང་ངོ་། །སྨིན་མ་དང་སྨ་ར་དམར་སེར་འབར་ཞིང་རྡོ་རྗེའི་བ་སྤུ་ཅན། དབུ་སྐྲ་གྱེན་དུ་བརྫེས་པའི་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་བཞད་པ། སྒེག་པ་ལ་སོགས་པའི་གར་གྱི་ཉམས་དགུ་དང་ལྡན་ཞིང་། ཐོད་སྐམ་ལྔ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ། རིན་ཆེན་གྱི་རྒྱན་དང་དར་དཔྱངས། རུས་པའི་ཕྱག་རྒྱ་དྲུག་གི་རྒྱན་གྱིས་སྤྲས་པ་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཕྱག་གཡས་ཀྱི་པདྨ་དམར་པོའི་ཕྲེང་བ་ཐུགས་ཀར་འདྲེན་ཞིང་། གཡོན་བརྐྱང་བའི་མཆོག་སྦྱིན་གྱི་རྒྱས་པདྨ་དམར་པོའི་སྡོང་བུ་འཛིན་པ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་སྦྱོར་བ་སྟེ། དེ་ཡང་སྐུ་མདོག་དམར་གསལ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཁྲོ་འཛུམ་ལང་ཚོའི་ཉམས་རབ་ཏུ་རྒྱས་པ། ཕྱག་གཡས་ཅང་ཏེའུ་དང་། གཡོན་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་དང་། ཞབས་གཡོན་སྐུམ་པས་དཀུ་ནས་འཁྱུད་ཅིང་གཡས་ཡབ་དང་ལྷན་ཅིག་བརྐྱང་པ་ཡབ་ཡུམ་གཉིས་ཀ་ཟུང་འཇུག་བདེ་བ་ཆེན་

p. 338

པོ་སྤྲོས་བྲལ་དང་རོ་གཅིག་པའི་སྐུ་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །གཉིས་པ་དེ་ལ་བརྟེན་པའི་རྟེན་གྱི་དཀྱིལ་འཁོར་ནི། དེ་ཡི་སྐུ་ལ་རྩ་གསུམ་དང༔ འཁོར་ལོ་ལྔ་པོ་གསལ་བཏབ་ལ༔ ཞེས་པ་སྟེ། བདག་ཉིད་རྟ་མགྲིན་དུ་གསལ་བ་དེ་ཡི་སྐུ་ཕྱི་ནང་སྒྲིབ་པ་མེད་པ་འཇའ་ཚོན་ལྟ་བུ་ཁོང་སྟོང་དུ་བསྒོམ་ལ། དེའི་དབུས་སུ་རྩ་ཨ་བ་དྷུ་ཏི་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྦ་ལྕག་ཙམ་པ་སྦུབས་སྟོང་། དྭངས་ཤིང་སྒྲིབ་པ་མེད་པར་གསལ་བ། ཚངས་བུག་ནས་གསང་གནས་ཀྱི་བར་ཡ་ཡོ་མེད་པར་དྲང་ཐལ་ལེར་གནས་པ། དེའི་གཡས་སུ་རོ་མ་དམར་པོ་དང་། གཡོན་དུ་རྐྱང་མ་དཀར་པོ་གཉིས་དྷུ་ཏི་ལས་ལྡབ་འགྱུར་གྱིས་ཕྲ་བ། སྤྱི་བོའི་འཁོར་ལོ་ནས་གསང་བའི་འཁོརལོའི་བར་སུམ་གཤིབས་ཀྱི་རྣམ་པ་ཅན། ཡས་སྣ་གཉིས་ཐུར་དུ་སྣ་བུག་ལ་ཟུག་ཅིང་། མས་སྣ་གསང་གནས་ཀྱི་འཁོརལོའི་ལྟེ་བའི་འོག་ནས་རྩ་གསུམ་འདྲེས་ཏེ། དབུ་མའམ་དུང་ཅན་མ་གཡས་ཕྱོགས་དང་། རོ་མ་གཡོན་ཕྱོགས་སུ་སོང་བ་གཉིས་མདུན་དུ་འཁྱོགས་ཏེ་གསང་བར་ཟུག་པ། རྐྱང་མ་རྒྱབ་ཕྱོགས་སུ་འཁྱོགས་ཏེ་བཤང་སྒོར་ཟུག་པ། འཁོར་ལོ་སོ་སོའི་ཐད་དུ་རོ་རྐྱང་གཉིས་དྷུ་ཏི་ལ་ཐིམ་པའི་ཚུལ་དུ་མི་མངོན་པ་སྟེ་རྩ་གསུམ་དང་། དེ་ལ་བརྟེན་པའི་འཁོར་ལོ་ལྔ་པོ་ནི་སྔར་གྱི་རྩ་གསུམ་སྲོག་ཤིང་བསླངས་བ་ལྟ་བུ་ལ་གདུགས་ཀྱི་རྩིབས་མ་བཀོན་པ་ལྟར་གསལ་གདབ་པར་བྱ་སྟེ། དེ་ཡང་དབུ་མའི་ཡས་སྣ་སོར་གང་གཞལ་བ་ན་བདེ་ཆེན་འཁོར་ལོ། ཕྲག་པ་གཡས་གཡོན་སྐྱེ་བའི་མཚམས་ཀྱི་ཐད་དུ་ལོངས་སྤྱོད་འཁོར་ལོ། ནུ་ཕྲག་གི་དབུས་ཀྱི་ཐད་དུ་ཆོས་ཀྱི་འཁོར་ལོ། ལྟེ་ཁུང་གི་ཐད་དུ་སྤྲུལ་པའི་འཁོར་ལོ། དེ་ནས་སོར་བརྒྱད་ཙམ་གཞལ་བ་རྒྱུ་ཞབས་ཀྱི་ཐད་དུ་གསང་གནས་ནོར་བུའི་འཁོར་ལོ་སྟེ། འཁོར་ལོ་ལྔ་པོའི་ལྟེ་བ་དྷུ་ཏི་ནས་ཕྱོགས་བཞིར་རྩ་འདབ་རེ་རེ་གྱེས་པས་བཞི་ཡིན་ལ། གསང་བའི་འཁོར་ལོ་ལ་ཕྱི་སྐོར་ནང་སྐོར་གྱི་དབྱེ་བ་མེད་པས་འདབ་མ་བཞི་པོ་དེ་ཀའོ། །སྙིང་གར་དེ་ལས་གཉིས་གཉིས་གྱེས་པས་ནང་སྐོར་ལ་བཞི་དང་ཕྱི་སྐོར་ལ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་གཉིས་གྱེས་པས་ནང་སྐོར་ལ་བཞི། བར་སྐོར་ལ་བརྒྱད། ཕྱི་སྐོར་ལ་བཅུ་དྲུག སྤྱི་བོར་དེ་

p. 339

ལས་ཀྱང་གཉིས་གཉིས་གྱེས་པས་ནང་སྐོར་ལ་བཞི། བར་སྐོར་ནང་མར་བརྒྱད་དང་ཕྱི་མར་བཅུ་དྲུག ཕྱི་སྐོར་ལ་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པའི་རྩ་འདབ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་ཤིང་དེ་ལྟར་གཉིས་རེ་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པས་ནང་སྐོར་ལ་བཞི། བར་སྐོར་ལ་བཅུ་གཉིས། ཕྱི་སྐོར་ལ་དྲུག་ཅུ་རྩ་བཞི་སྟེ། རྩ་འདབ་ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་གནས་པའི་སྦུ་གུ་རྣམས་དབུ་མ་ལ་གཏད་དེ་འབྲེལ་བར་བསྒོམ་མོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་འགོད་ཚུལ་གཉིས་ཏེ། འཁོརལོའི་ལྷ་དང་། རྒྱན་གྱི་ལྷའོ། །དང་པོ་ལ་ལྔ་ལས། དང་པོ་སྤྱི་བོའི་འཁོར་ལོ་ལ་འགོད་པ་ནི། སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ རྩ་འདབ་སུམ་ཅུ་རྩ་གཉིས་ཀྱིས༔ དབུས་སུ་སངས་རྒྱས་མཁའ་འགྲོ་ནི༔ དཀར་པོ་འཁོར་ལོ་དུང་ཁྲག་ཅན༔ ཡབ་ཡུམ་སངས་རྒྱས་རིགས་ཀྱི་འཁོར༔ སུམ་ཅུ་གཉིས་དང་བཅས་པའོ༔ ཞེས་པ་སྟེ། སྤྱི་བོ་དུང་ཁང་སྐུའི་འཁོར་ལོ་བདེ་བ་ཆེན་པོའི་རྟེན་དཀར་ཆ་ལྷག་པར་གནས་པས་བདེ་ཆེན་འཁོར་ལོར་གྲགས་ཏེ། དེ་ན་རྩ་འདབ་ཕྱི་སྐོར་གྱི་དབང་དུ་བྱས་པས་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བ་དབུ་མའི་ནང་དུ་གདན་པད་ཉིའི་དབུས་སུ་གཟུགས་ཕུང་དང་ནམ་མཁའི་ཁམས་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་སངས་རྒྱས་རིགས་ཀྱི་མཁའ་འགྲོ་ནི་སྐུ་མདོག་དཀར་པོ་ཕྱག་གཡས་འཁོར་ལོ་དང་གཡོན་དུང་ཁྲག་འཛིན་པ། ཡུམ་སངས་རྒྱས་མཁའ་འགྲོ་མ་དཀར་མོ་གྲི་ཐོད་ཅན་ཏེ། ཡབ་ཡུམ་གཉིས་ཕན་ཚུན་འཁྲིལ་བའི་ཚུལ་གྱིས་ཁ་སྦྱོར་དུ་བཞུགས་པ། རྩ་འདབ་རེ་རེ་ལ་སྤྱི་བོའི་རླུང་ཐིག་དག་པ་སངས་རྒྱས་རིགས་ཀྱི་འཁོར་མཁའ་འགྲོ་མ་སྐུ་མདོག་དང་ཆ་བྱད་གཙོ་བོའི་ཡུམ་ལྟ་བུ་ལ་ཕྱག་མཚན་འཁོར་ལོ་དང་ཐོད་ཁྲག་འཛིན་པ་སུམ་ཅུ་རྩ་གཉིས་ཏེ། གཙོ་བོ་ཡབ་ཡུམ་དང་བཅས་པས་སུམ་ཅུ་རྩ་བཞིའོ། །གཉིས་པ་མགྲིན་པའི་འཁོར་ལོ་འགོད་པ་ནི། མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི༔ རྩ་འདབ་བཅུ་དྲུག་དབུས་སུ་ནི༔ པདྨ་རིགས་ཀྱི་མཁའ་འགྲོ་ནི༔ དམར་པོ་པདྨ་དུང་ཁྲག་ཅན༔ ཡབ་ཡུམ་པདྨ་རིགས་ཀྱི་འཁོར༔ བཅུ་དྲུག་དག་གིས་བསྐོར་བའོ༔ ཞེས་པ་སྟེ།

p. 340

མགྲིན་པ་གསུང་གི་འཁོར་ལོ་རོ་དྲུག་མྱོང་བར་བྱེད་པས་ལོངས་སྤྱོད་འཁོར་ལོར་གྲགས་ཏེ། དེ་ན་ཕྱི་སྐོར་ལ་བརྩིས་པས་རྩ་འདབ་བཅུ་དྲུག་ཡོད་པའི་དབུ་མའི་ནང་གི་དབུས་སུ་པད་ཉིར་འདུ་ཤེས་དང་། མེ་ཁམས་དག་པ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་རིགས་ཀྱི་མཁའ་འགྲོ་དམར་པོ་པདྨ་དང་དུང་ཁྲག་འཛིན་པ་ཡུམ་དམར་མོ་གྲི་ཐོད་ཅན་ཏེ་ཡབ་ཡུམ་གཉིས་ཕན་ཚུན་འཁྲིལ་སྦྱོར་དུ་བཞུགས་པ། རྩ་འདབ་ལ་མགྲིན་པའི་རླུང་ཐིག་དག་པ་པདྨ་རིགས་ཀྱི་འཁོར་ཡུམ་ལྟ་བུ་ལ་གཡས་པདྨ་འཛིན་པ་བཅུ་དྲུག་དག་གིས་བསྐོར་བ་གཙོ་བོ་ཡབ་ཡུམ་དང་བཅས་ཏེ་བཅོ་བརྒྱད་དོ། །གསུམ་པ་སྙི ང་གའི་འཁོར་ལོར་འགོད་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་ན༔ རྩ་འདབ་བརྒྱད་ཀྱི་དབུས་དག་ཏུ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ནི༔ མཐིང་ག་རྡོ་རྗེ་དུང་ཁྲག་ཅན༔ ཡབ་ཡུམ་རྡོ་རྗེ་རིགས་ཀྱི་འཁོར༔ བཞི་གཉིས་དག་གིས་བསྐོར་བའོ༔ ཞེས་པ་སྟེ། སྙིང་ག་ཐུགས་ཀྱི་འཁོར་ལོ་སྐྱེ་མཆེད་ལ་ཆོས་སུ་བྱས་ཏེ། དེའི་སྒོ་ལས་རྣམ་ཤེས་ཡུལ་ལ་མཆེད་པར་བྱེད་པས་ཆོས་ཀྱི་འཁོར་ལོར་གྲགས་ཏེ། དེ་ན་ཕྱི་སྐོར་རྩ་འདབ་བརྒྱད་ཀྱི་དབུས་དག་ཏུ་པད་ཉིར་རྣམ་ཤེས་དང་ཆུ་ཁམས་དག་པ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མཐིང་ག་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཡུམ་མཐིང་ག་གྲི་ཐོད་ཅན་ཏེ་ཡབ་ཡུམ་གཉིས་ཕན་ཚུན་འཁྲིལ་སྦྱོར་དུ་བཞུགས་པ་རྩ་འདབ་ལ་སྙིང་གའི་རླུང་ཐིག་དག་པ་རྡོ་རྗེ་རིགས་ཀྱི་འཁོར་ཡུམ་ལྟ་བུ་ལ་གཡས་རྡོ་རྗེ་འཛིན་པ་བཞི་ཚན་གཉིས་དག་སྟེ་བརྒྱད་ཀྱིས་བསྐོར་བ་གཙོ་བོ་ཡབ་ཡུམ་དང་བཅས་ཏེ་བཅུའོ། །བཞི་པ་ལྟེ་བའི་འཁོར་ལོར་འགོད་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ན༔ རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ནི༔ སེར་པོ་རིན་ཆེན་དུང་ཁྲག་ཅན༔ ཡབ་ཡུམ་རིན་ཆེན་རིགས་ཀྱི་འཁོར༔ དྲུག་ཅུ་རྩ་བཞིར་བཅས་པའོ༔ ཞེས་པ་སྟེ། ལྟེ་བའི་འཁོར་ལོ་ནི་ལུས་ཐོག་མར་བསྐྱེད་ཅིང་སྤྲུལ་པའི་གནས་ཡིན་པས་སྤྲུལ་པའི་འཁོར་ལོར་གྲགས་ཏེ། དེ་ན་ཕྱི་སྐོར་རྩ་འདབ་དྲུག་ཅུ་རྩ་བཞི་ཡོད་པའི་དབུས་སུ་པད་ཉིར་ཚོར་བ་དང་ས་ཁམས་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་སེར་པོ་རིན་ཆེན་དང་དུང་ཁྲག་འཛིན་པ་ཡུམ་སེར་མོ་

p. 341

གྲི་ཐོད་ཅན་ཏེ་ཡབ་ཡུམ་གཉིས་ཕན་ཚུན་འཁྲིལ་སྦྱོར་དུ་བཞུགས་པ། རྩ་འདབ་ལ་ལྟེ་བའི་རླུང་ཐིག་དག་པ་རིན་ཆེན་རིགས་ཀྱི་འཁོར་ཡུམ་ལྟ་བུ་ལ་གཡས་རིན་ཆེན་འཛིན་པ་དྲུག་ཅུ་རྩ་བཞིར་བཅས་པ་སྟེ་གཙོ་བོ་ཡབ་ཡུམ་གཉིས་བརྩིས་པས་དྲུག་ཅུ་རྩ་དྲུག་གོ །ལྔ་པ་གསང་བའི་འཁོར་ལོར་འགོད་པ་ནི། གསང་གནས་ནོར་བུའི་འཁོར་ལོ་རུ༔ རྩ་འདབ་བཞི་ཡི་དབུས་སུ་ནི༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ནི༔ ལྗང་གུ་རལ་གྲི་དུང་ཁྲག་ཅན༔ ཡབ་ཡུམ་ལས་ཀྱི་རིགས་ཀྱི་འཁོར༔ བཞི་ཡིས་ཡོངས་སུ་བསྐོར་བའོ༔ ཞེས་པ་སྟེ། གསང་གནས་ཡབ་ཀྱི་ནོར་བུ་བདེ་བ་མྱོང་བར་བྱེད་པའི་འཁོར་ལོ་རུ་རྩའི་འདབ་མ་བཞི་སྟེ། དེ་ཡི་དབུས་སུ་པད་ཉིར་འདུ་བྱེད་དང་རླུང་ཁམས་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ནི་ལྗང་གུ་རལ་གྲི་དང་དུང་ཁྲག་འཛིན་པ་ཡུམ་ལྗང་མདོག་གྲི་ཐོད་ཅན་ཏེ་ཡབ་ཡུམ་གཉིས་ཕན་ཚུན་འཁྲིལ་སྦྱོར་དུ་བཞུགས་པ། རྩ་འདབ་ལ་གསང་བའི་རླུང་ཐིག་དག་པ་ལས་ཀྱི་རིགས་ཀྱི་འཁོར་ཡུམ་ལྟ་བུ་ལ་གཡས་རལ་གྲི་འཛིན་པ་བཞི་ཡིས་ཡོངས་སུ་བསྐོར་བ་སྟེ་གཙོ་བོ་ཡབ་ཡུམ་དང་བཅས་པས་ལྷ་དྲུག་གོ །དེ་ལྟར་རྩ་འཁོར་གྱི་ལྟེ་བ་ལ་བཞུགས་པའི་རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་རྣམས་རྒྱན་ཆ་བཞུགས་ཚུལ་སོགས་ཕྱི་སྒྲུབ་ཀྱི་རིགས་བཞི་ཇི་ལྟ་བ་ཡིན་ལ། རྩ་འདབ་ཀྱི་རྣལ་འབྱོར་མ་རྣམས་ནི། རང་རང་གི་གཙོ་བོའི་ཡུམ་གྱི་མདོག་ཅན་གཡས་རང་རྟགས་དང་གཡོན་ཐོད་ཁྲག་འཛིན་པ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ་ཉི་གདན་ལ་ཞབས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་ཞལ་ནང་དུ་གཟིགས་པ་ཤ་སྟག་གོ །གཉིས་པ་རྒྱན་གྱི་ལྷ་ནི། ཡབ་རྣམས་ཐུགས་ཀར་རྟ་མགྲིན་དང ༔ ཡུམ་རྣམས་ཐུགས་ཀར་ཕག་མོ་སྒོམ༔ རང་གི་སྤྱི་བོར་རིགས་བདག་རྣམས༔ ཤིན་ཏུ་གསལ་བར་བསྒོམ་པར་བྱ༔ ཞེས་པ་སྟེ། དེ་ལྟར་བསྐྱེད་པའི་ལྷ་ཡབ་རྣམས་ཐམས་ཅད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན་ཕྱི་སྒྲུབ་ཀྱི་ཡེ་ཤེས་སེམས་དཔའ་ལྟ་བུ་རེ་རེ་དང་། ཡུམ་རྣམས་ཐམས་ཅད་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕག་མོ་དམར་གསལ་ཅང་ཏེའུ་དང་ཐོད་པ་འཛིན་པ་ཞབས་གཡས་བརྐྱང་གི་ཕྱེད་ཀྲུང་ཅན་རེ་རེ། དེ་གཉིས་

p. 342

ཀའི་ཐུགས་ཀར་དྭངས་མའི་ཧྲཱིཿཡིག་དམར་པོ་རེ་རེ་སྟེ་སེམས་དཔའ་སུམ་བརྩེགས་སུ་སྒོམ་ཞིང་། རང་གཞི་ལུས་ཀྱི་ལྷའི་སྤྱི་བོར་རིགས་བདག་འོད་དཔག་མེད་ཕྱི་སྒྲུབ་ལྟ་བུ་སྟེ། ལྷ་དེ་རྣམས་ཐམས་ཅད་ཀྱང་རྒྱན་ཆ་ཕྲ་མོའི་བར་ཤིན་ཏུ་གསལ་བ་རེག་མཐོང་ཡོད་པ་ལྟ་བུར་བསྒོམ་པར་བྱའོ། །འདི་དག་གི་ཚེ་ནའང་དག་རྫོགས་སྨིན་གསུམ་གྱི་རྣམ་གཞག་ཕྱི་སྒྲུབ་ཏུ་བཤད་པས་མཚོན་ནས་སྦྱོར་ཤེས་པར་བྱ་ཞིང་། ཁྱད་པར་འདི་ཉིད་རྩ་ཁམས་ཕྲ་བའི་ལུས་དཀྱིལ་ཞུ་བདེ་དང་འབྲེལ་བས་ཕྱི་སྒྲུབ་ནང་སྒྲུབ་གཉིས་ཀ་ལས་དག་རྫོགས་ཀྱི་ནུས་པ་དང་། ལམ་གོང་མའི་ཡེ་ཤེས་རྒྱུད་ལ་སྐྱེ་རུང་དུ་སྨིན་ཚབས་ཆེ་བར་འགྱུར་ཏེ་སྤྲོས་པས་ཆོག་གོ ། གཉིས་པ་བསྐུར་རློབ་གཉིས་སུ་མེད་པར་བྱ་བ་ནི། སྐུ་གསུང་ཐུགས་གསུམ་བྱིན་བརླབས་ཏེ༔ དབང་བསྐུར་ཡེ་ཤེས་སྤྱན་དྲངས་ནས༔ གཉིས་སུ་མེད་པར་རོ་གཅིག་སྒོམ༔ ཞེས་པ་སྟེ། ལྷ་ཐམས་ཅད་ཀྱི་གནས་གསུམ་དུ་འབྲུ་གསུམ་བཀོད་དེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ཏེ། དམིགས་པའི་གནད་ནང་སྒྲུབ་ལྟར་གསལ་བཏབ་ལ་ཡེ་ཤེས་ལྔས་དབང་བསྐུར། ཐུགས་ཀའི་ཧཱུྃ་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་ལ་གཉིས་སུ་མེད་པར་རོ་གཅིག་ཏུ་ཐིམ་པར་བསྒོམས་ཏེ། སྤྲོས་པ་ལ་དགའ་ན་བསྐྱེད་པ་ནས་བསྟིམ་པའི་བར་གྱི་གསལ་འདེབས་ངག་འདོན་ནི། སྟོང་པའི་ངང་ལས་པད་ཟླ་དང༔ ཞེས་པ་ནས། ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ ཞེས་པའི་བར་བརྗོད་པའི་རྗེས་སུ། དེ་ཡི་སྐུ་ལ་རྩ་གསུམ་དང༔ འཁོར་ལོ་ལྔ་པོ་གསལ་བར་གྱུར༔ སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ ཞེས་པ་ནས། ཡུམ་རྣམས་ཐུགས་ཀར་ཕག་མོ་གསལ༔ ཞེས་པའི་བར་དང་། རང་གི་སྤྱི་བོར་འོད་དཔག་མེད༔ སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན༔ ཞེས་པའི་རྗེས་སུ། དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི༔ སྤྱི་བོར་ༀ་དཀར་སྐུ་རྡོ་རྗེ༔ ཞེས་པ་ནས། ས་མ་ཡ་ཏིཥྛ༔ ཞེས་པའི་བར་ལས་བྱང་ལྟར་བརྗོད་པས་གསལ་བཏབ་བོ། །གསུམ་པ་ལྷའི་སྣང་ཞེན་ལ་བརླབ་པ་ནི། འཁོར་ལོ་དང་རྒྱན་ལྷ་ལ་མཆེད་དུ་དམིགས་པའི་ཁྱད་པར་ཙམ་ལས་གཞན་ཕྱི་སྒྲུབ་ལྟར་རོ། །

p. 343

གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་གཉིས་ཏེ། བདག་བསྐྱེད་དང་འབྲེལ་བའི་བཟླས་པ་དང་། བདག་མདུན་གཉིས་ཀ་དང་འབྲེལ་བའི་བཟླས་པའོ། །དང་པོ་ལའང་གཉིས་ཏེ། བདེ་བ་ལམ་དུ་སློང་བ་ཉི་ཟླ་ཁ་སྦྱོར་འཁོར་ལོ་ལྔའི་བཟླས་པ་དང་། འཁོར་འདས་འོད་གསལ་དུ་སྦྱོང་བ་བསྡུས་བཞུའི་བཟླས་པའོ། །དང་པོ་ནི། དེ་ནས་རང་གི་འདོམས་བར་ནས༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས༔ གསང་གནས་ལྷ་ཚོགས་མེར་འབར་བས༔ ལྟེ་བའི་ཨཾ་ལ་གཏུགས་ནས་ནི༔ འཁོར་ལོ་བཞི་ཡི་ལྷ་ཚོགས་རྣམས༔ རིམ་བཞིན་བསྐུལ་ཏེ་འབར་བའི་མེས༔ སྤྱི་བོའི་ཧཾ་ལ་རེག་པ་ཡིས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུན༔ འཛགས་པས་འཁོར་ལོ་རྣམ་བཞི་གང༔ ལྷ་རྣམས་བདེ་བ་ཆེན་པོར་འབར༔ ཞེས་པ་སྟེ། ལྷའི་སྣང་ཞེན་ལ་ཇི་སྲིད་མི་སྐྱོའི་བར་དུ་བསླབས་ལ་སྐྱོ་ན་དེ་ནས་བཟླས་པ་ལ་འཇུག་སྟེ། རང་གི་སྤྱི་བོའི་འཁོརལོའི་སྟེང་གི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་ཐུར་ལྟ། ལྟེ་འོག་སོར་བཞིའི་ཐད་དུ་ཨཾ་ཡིག་དམར་པོ། གསང་བའི་འཁོརལོའི་འོག་འདོམས་བར་དུ་བཤང་ཁ་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན་ཡཾ་གིས་བརྒྱན་པ་རྣམས་གསལ་བཏབ་ནས་རླུང་བུམ་པ་ཅན་དང་སྦྱར་ཏེ། འོག་རླུང་འཐེན་པའི་རྐྱེན་གྱིས་བཤང་སྒོའི་ཡཾ་བསྐུལ་བ་ལས་རླུང་གི་དཀྱིལ་འཁོར་གཡོས་ཏེ་གསང་གནས་ནོར་བུའི་འཁོརལོའི་ལྷ་ཚོགས་རྣམས་གཙུབས་པས་མེར་འབར་ནས་མེ་རླུང་འདྲེས་པ་གྱེན་དུ་སོང་བས་ལྟེ་བ་འདུས་མདོའི་ཨཾ་ལ་གཏུགས་ཏེ་བསྐུལ་བས། དེ་ལས་གཏུམ་མོའི་མེ་ལྕེ་ཕྲ་ཞིང་ཚ་ལ་རྣོ་བ་བྲེང་གིས་འབར་ནས། དེས་ནི་ལྟེ་བའི་འཁོརལོའི་ལྷ་ཚོགས་རྣམས་བསྐུལ་བ་སོགས་ལྟེ་བ། སྙིང་ག མགྲིན་པ། སྤྱི་བོའི་བར་གྱི་འཁོར་ལོ་བཞི་ཡི་ལྷ་ཚོགས་རྣམས་རིམ་པ་བཞིན་དུ་བསྐུལ་ཏེ་མེར་འབར་བའི་འོད་ཀྱིས་ལུས་ནང་ཐམས་ཅད་དམར་ལྷག་གིས་གསལ་ཞིང་དྲོད་ཚ་འུར་གྱིས་བྱུང་བར་བསམ། དེ་ལྟར་འབར་བའི་མེ་ལྕེས་སྤྱི་བོའི་ཧཾ་ལ་རེག་པའི་རྐྱེན་གྱིས་བདེ་བ་ཆེན་པའི་ངོ་བོ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བ་ཐག་གམ་མུ་ཏིག་གི་རྡོག་པོ་ལྟ་བུ་འཛགས་པ་དབུ་མར་བབས་པས་ལུས་ནང་ཐམས་ཅད་དཀར་ལྷག་གེ བདེ་ཆིལ་ཆིལ་བྱུང་བར་མོས་ཤིང་། དེས་སྤྱི་མགྲིན་སྙིང་ལྟེའི་འཁོར་

p. 344

ལོ་སྟེ་འཁོར་ལོ་རྣམ་པ་བཞི་རིམ་པར་གང་བས་ལྷ་རྣམས་ཉི་ཟླ་ཁ་སྦྱོར་གྱི་རྣམ་པར་འདྲེས་ནས་བདེ་བ་ཆེན་པོའི་རོལ་མོས་གཉིས་མེད་ཡེ་ཤེས་ཆེན་པོའི་ངོ་བོར་རབ་ཏུ་འབར་བར་མོས་ལ། དེ་ཡང་སྤྱི་བོ་ལ་སོགས་པ་འཁོར་ལོ་བཞིའི་གནས་སུ་རིམ་པར་དགའ་བ་དང་། མཆོག་དགའ་དང་། ཁྱད་དགའ་དང་། ལྷན་སྐྱེས་ཀྱི་དགའ་བ་རྣམས་ལ་སེམས་བསྲེས་ནས་རེ་རེ་ལའང་རླུང་བུམ་པ་ཅན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་སྦྱར་ཞིང་། དམིགས་པས་འཆུན་ན་དགའ་བཞི་སོ་སོའི་ངང་བསྐྱང་བ་དང་སྦྱར་ནས་གཙོ་འཁོར་གྱི་སྙིང་པོར་བྱིན་བསྡུ་སྦྲེལ་བའི་ཡིད་བཟླས་བྱ་བའོ། །གཉིས་པ་བསྡུས་བཞུའི་བཟླས་པ་ནི། དུས་གསུམ་རྒྱལ་བ་མ་ལུས་དང༔ སྐྱེ་འགྲོ་སེམས་ཅན་བྱམས་སྡང་སོགས༔ དུས་དང་གནད་དུ་གང་འགྲོ་བ༔ རླུང་དང་དབྱེར་མེད་བསྡུས་ལ་བསྟིམ༔ མེ་འབར་ཉོན་མོངས་རབ་བསྲེགས་ནས༔ སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང༔ མ་བཅོས་སོ་མ་ལྷུག་པར་བཞག༔ ཅེས་པ་སྟེ། ཡང་འཁོརལོའི་རླུང་ཐིག་རྣམས་ལྷ་སྐུར་བསྒྱུར་ཏེ་སྔར་བས་ཀྱང་གསལ་ཞིང་གཟི་བྱིན་འབར་བར་བལྟས་ལ་རླུང་ཕྱིར་བསལ་བའི་ཚེ་ཐུགས་ཀའི་ཧྲཱིཿཡིག་ལས་བྱུང་བའི་འོད་ཟེར་སྣ་སྒོ་ནས་འཐོན། བློས་འཁྱུད་ཚད་ཀྱི་ནམ་མཁའི་ཁམས་ཁེངས། རླུང་རྔུབ་པའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་ཐམས་ཅད་དང་། སྐྱེ་འགྲོ་སེམས་ཅན་ཉེ་རིང་བྱམས་སྡང་སོགས་རིས་སུ་མ་ཆད་པ་འདུལ་བའི་དུས་དང་འདུལ་ཐབས་ཀྱི་གནད་དུ་གང་དང་གང་འགྲོ་བ་ཐམས་ཅད་འོད་ཟེར་དེ་དང་འདྲེས་ནས་རླུང་དང་དབྱེར་མེད་པར་སྣ་སྒོའི་ལམ་ནས་བསྡུས་པ་ལྟེ་བའི་ཨཾ་ཡིག་ལ་བསྟིམ། བུམ་པ་ཅན་བཀང་སྟེ་གཞིལ་བའི་ཚེ་གཏུམ་མོའི་མེ་ཆེར་འབར་བས་འཁོར་བའི་ལས་དང་ཉོན་མོངས་གཉིས་འཛིན་གྱི་ཞེན་རྟོག་ཐམས་ཅད་རབ་ཏུ་བསྲེགས་ནས་འོད་གསལ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་རོ་གཅིག་པའི་ཀློང་དུ་ཐིམ་སྟེ། དེ་ཀའི་ངང་དེར་སྒྲིམ་གློད་སོགས་གང་གིས་ཀྱང་མ་བཅོས། གང་ཡང་ཡིད་ལ་མི་བྱེད་པར་ཤེས་པ་ཁོང་གློད་དེ་སོ་མ་ལྷུག་པར་བཞག་ལ། རླུང་དང་སྦྱར་ནས་རིག་རྩལ་ཕྱོགས་མེད་དུ་སྦྱོང་ཞིང་། ཡིད་བཟླས་ཀྱང་བྱའོ། །

p. 345

གཉིས་པ་བདག་མདུན་གཉིས་ཀ་དང་འབྲེལ་བའི་བཟླས་པ་ལ་གཉིས་ཏེ། ཐོག་མར་མདུན་བསྐྱེད་སྒྲུབ་པ་དང་། བཟླས་པ་དངོས་སོ། །དང་པོ་ནི། མདུན་གྱི་སྒྲུབ་རྫས་རྣམས་ལ་ཡང༔ རང་ཉིད་ཇི་བཞིན་བསྐྱེད་བསྟིམ་བྱ༔ ཞེས་པ་སྟེ། མདུན་གྱི་ཕྱི་ནང་གསང་བའི་སྒྲུབ་པའི་དམ་རྫས་དེ་རྣམས་བསངས་སྦྱངས་ལ། དེའང་མི་དམིགས་པའི་ངང་ལས་སྐད་ཅིག་གིས་རང་ཉིད་ལ་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་པའི་སྐུ་ལ་འཁོར་ལོ་ལྔའི་ལྷ་ཚོགས་རྒྱན་ལྷ་དང་བཅས་པ་གསལ་བཏབ། དེ་རྣམས་ཀྱི་གནས་གསུམ་དུ་འབྲུ་གསུམ་བཀོད་དེ་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམ་པར་བྱ་བའོ། །གཉིས་པ་ནི། བདག་མདུན་ལྷ་ཡི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས༔ མེ་ལྟར་ཚ་ཞིང་རྣོ་བ་ཡིས༔ གང་དམིགས་འགྲོ་བ་སོ་སོ་ཡི༔ ཕོ་ཡི་སྙིང་ག་མོ་རྣམས་ཀྱི༔ གསང་བ་ནས་བཟུང་མདུན་དུ་བཀུག༔ ཐུགས་ཀའི་འོད་ཀྱིས་གདུངས་པ་ཡིས༔ བྱང་སེམས་དཀར་དམར་ངོ་བོར་ཞུ༔ སྒྲུབ་རྫས་རྣམས་དང་རང་ཉིད་ཀྱི༔ གསང་བའི་གནས་སུ་བསྡུས་ལ་བསྟིམ༔ ཐུགས་ཀའི་ཧྲཱིཿལ་འདུས་པར་བསམ༔ བྱམས་དང་སྙིང་རྗེ་དྲག་ཏུ་སྒོམ༔ སྟོང་ཉིད་ངང་དུ་མཉམ་པར་བསྲེ༔ རླུང་བཟུང་སྔགས་བཟླ་གོམས་པར་བྱ༔ ཞེས་པ་སྟེ། འདི་ལ་རླུང་དང་སྦྱར་བའི་ཡིད་བཟླས་དང་། མ་སྦྱར་བའི་ངག་བཟླས་རྐྱང་པ་གཉིས་ཀ་ཡོད་པས་སྤྲོ་བསྡུའི་དམིགས་པ་ལ་ཁྱད་པར་མེད་ཀྱང་། དེ་རླུང་འབྱིན་འཇུག་དང་སྦྱོར་མི་སྦྱོར་གྱི་ཁྱད་པར་ཏེ། དེ་ལ་རླུང་བཟླས་ཀྱི་དབང་དུ་བྱས་ན། རླུང་ཕྱིར་འགྲོ་བའི་ཚེ་བདག་དང་མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་གློག་གི་མེ་དང་ཉི་མའི་གདུང་བྱེད་ལྟར་ཚ་ཞིང་རྩུབ་པ། མཚེར་བ་མཁྲང་བ་རྣོ་བའི་རྣམ་པར་འཁྱུག་གིས་སོང་བ་དེ་ཡིས། གང་དམིགས་པར་བྱ་བའི་ཡུལ་གྱི་འགྲོ་བ་གང་ཡོད་སོ་སོ་ལ་ཕོག་པའི་འོད་དེས་ཕོ་རྣམས་ཀྱི་སྙིང་ག་དང་། མོ་རྣམས་ཀྱི་གསང་བའི་གནས་ནས་བཟུང་སྟེ་རང་དབང་མེད་པར་མདུན་དུ་འདར་ཁྲིལ་ལི་ལི་བཀུག་པ། ཐུགས་ཀའི་འོད་ཀྱིས་གདུངས་པས་མྱོས་ཏེ་བྱང་སེམས་དཀར་དམར་གྱི་ངོ་བོར་ལྟེམས་

p. 346

ཀྱིས་ཞུ་བ་དེ་ཉིད། རླུང་ནང་དུ་འཇུག་པའི་ཚེ་སྒྲུབ་རྫས་མདུན་བསྐྱེད་ཀྱི་ལྷ་རྣམས་དང་རང་ཉིད་ཀྱི་གསང་བའི་གནས་སུ་ཧྲཱིལ་གྱིས་བསྡུས་ལ་བསྟིམ་པའི་དྭངས་མ་ཐུགས་ཀའི་ཧྲཱིཿཡིག་ལ་འདུས་པར་བསམ་སྟེ། རླུང་དགང་གཞིལ་གྱི་ཚེ་བྱམས་པ་དང་སྙིང་རྗེ་ཆེན་པོ་དྲག་ཏུ་སྒོམ་ཞིང་། དེ་ཉིད་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བསྲེས་ནས་རླུང་བུམ་པ་ཅན་བཟུང་ལ་དེ་ཉིད་དང་སྦྱར་ཏེ་གཙོ་འཁོར་གྱི་སྔགས་གཤམ་ལ་དབང་སྡུད་ཀྱི་སྔགས་སྦྲེལ་ནས་ཡིད་བཟླས་བྱའོ། །དེས་སྐྱོ་ན་རླུང་དང་མ་སྦྱར་བར་སྤྲོ་བསྡུའི་དམིགས་པ་དང་སྔགས་རྣམས་སྔར་ལྟར་སྦྲེལ་ནས་ངག་བཟླས་བྱེད་པ་སྟེ། དེ་ཡང་བཟླ་ཚུལ་གཉིས་པོ་དེ་རེས་འཇོག་གི་སྒོ་ནས་གོམས་པར་བྱ་ཞིང་། འདི་ནི་ལས་སྦྱོར་གྱི་མན་ངག་ཐུན་མོང་མ་ཡིན་པའོ། །དེ་ལྟར་ལེགས་པར་བསྒྲུབས་ཀྱང་རྟགས་མ་མཐོང་ན། བདག་མདུན་གཉིས་ཀ་དང་འབྲེལ་བའི་ལས་སྦྱོར་ཐུན་མོང་མ་ཡིན་པའི་དམིགས་པ་བཤད་མ་ཐག་པ་དང་སྦྱར་ཏེ། ཡབ་སྔགས་ཡིག་དྲུག་དང་ཡུམ་སྔགས་འབྲུ་དགུ་པ་སོ་སོར་ཕོ་སྲོག་མོ་སྲོག་སྦྲེལ་བའི་གཤམ་དུ་ལས་སྔགས་སུམ་ཅུ་རྩ་ལྔ་པ་བཏགས་པ་ཁོ་ན་ལ་ཆིག་དྲིལ་གྱིས་བཟླས་པས་འགྲུབ་པར་གསུངས་ཤིང་། གྲངས་བསྙེན་ཕྱི་སྒྲུབ་གཙོ་བོར་བྱེད་པའི་མོས་སློབ་ཙམ་ལ་ནི་འདི་ཉིད་གསང་སྒྲུབ་ཀྱི་ཐུན་སོ་སོའི་མཇུག་ཏུ་ཅུང་ཟད་རེ་སྦྲེལ་ནས་བཟླ་བ་ལས་ལོགས་སུ་མི་མཛད་དོ། །སྤྱིར་ན་སྨིན་སློབ་ཀྱི་ཚེ་ཕྱི་ནང་གསང་གསུམ་སོ་སོ་ལ་མཚན་མ་ཇི་ལྟར་རིགས་པ་མ་མཐོང་ན་ཤེས་པར་བྱ་བའི་གནད་འདི་ཡིན་ཏེ། གཅེས་གནད་ལས། འདི་ཉིད་མེད་པའི་སྒྲུབ་ཐབས་ནི༔ མདེའུ་མེད་པའི་མདའ་དང་འདྲ༔ དེ་ཕྱིར་གོང་གི་སྒྲུབ་རིམ་རྣམས༔ བསྒྲུབས་ཀྱང་རྟགས་མེད་གྱུར་པ་ན༔ འདི་ཉིད་གཅེས་པའི་སྲོག་བཞིན་བཟུང༔ ཞེས་སོ། །དེ་ཇི་ལྟར་སྒྲུབ་པའི་ཚུལ་ཡང་། དེ་ཉིད་ལས། འདི་ལ་གནད་ཀྱི་གདམས་པ་གསུམ༔ རིམ་བཞིན་སོ་སོར་སྒྲུབ་པ་དང༔ གཅིག་ཏུ་དྲིལ་ནས་སྒྲུབ་པ་དང༔ མ་གྲུབ་གནད་ལ་དབབ་པའོ༔ ཞེས་རིམ་པ་གསུམ་ལས། དང་པོ་སོ་སོར་སྒྲུབ་པ་ནི། ཕྱི་སྒྲུབ་བསྙེན་པའི་ལས་ཀྱི་མདེའུ། ནང་སྒྲུབ་སྒྲུབ་པའི་ལས་ཀྱི་མདེའུ། གསང་སྒྲུབ་ལས་སྦྱོར་གྱི་ལས་ཀྱི་མདེའུ་གསུམ་རང་རང་ལ་

p. 347

ལྟོས་པའི་མཚན་མ་རབ་འབྲིང་ཐ་གསུམ་གང་རུང་རེ་མ་མཐོང་ན་གདགས་པར་བྱ་བ་ཉིད་དེ། མཎྜལ་དང་། ཐོད་པའི་རིལ་བུ་དང་། འཁོར་ལོ་གསུམ་སོ་སོ་ལ་བརྟེན་ནས་རྐྱང་སྒྲུབ་རིམ་པ་བཅད་ནས་སྒྲུབ་པ་ལ་ཤིན་ཏུ་གཅེས་ཤིང་། སྒྲུབ་རྫས་རྣམས་གཅིག་ཏུ་ཚོགས་པར་བྱས་ནས་ཕྱི་ནང་གསང་གསུམ་རིམ་པར་བསྒྲུབ་པའང་། སྔར་སྒྲུབ་རིམ་སོ་སོའི་མཐར་བཤད་པ་ལྟར་བཟླ་དགོས་པ་ཡིན། གཉིས་པ་དྲིལ་སྒྲུབ་ཀྱི་མདེའུ་ནི། འོག་ཏུ། ཐུན་བཞི་ཐུན་དྲུག་ལ་སོགས་བཅད༔ ཅེས་པ་ཐུན་བཞི་དང་དྲུག་དང་སོགས་ཁོངས་ནས་གཉིས་མ་སོགས་ཏེ་འདམ་ཁ་ལྟ་བུར་སྣང་ཡང་། བསྙེན་ཡིག་ཏུ་སྒྲུབ་རིམ་གསུམ་ཀ་ལ་གཉིས་མ་དང་བཞི་མ་གང་རིགས་བྱ་བར་གསུངས་ཤིང་། ད་ལྟ་ཕྱག་བཞེས་སུ་ཐུན་བཞི་མར་མཛད་པ་ཤས་ཆེ་སྟེ། གང་ལྟར་ཡང་ཚུལ་དེས། དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་དམ་རྫས་ཐམས་ཅད་ཚོགས་པར་བཤམས་ནས་ཕྱི་ནང་གསང་གསུམ་སྟན་ཐོག་གཅིག་ཏུ་རིམ་པར་སྒྲུབ་པ་ནི་དྲིལ་སྒྲུབ་སྟེ། སྒྲུབ་རིམ་སོ་སོའི་སྔགས་ཀྱི་མདེའུ་བཏགས་ནས་བཟླ་བའི་བར་མཐར་ཕྱིན་པར་བསྒྲུབས་ཀྱང་རྟགས་མ་མཐོང་ན། སྐབས་འདི་ཉིད་དུ། ཉིན་ཚན་གཉིས་ཀ་ལ་སྔ་ཐུན་རེ་དང་། ཕྱི་ཐུན་གཉིས་གཉིས་ཏེ་ཐུན་དྲུག་ཏུ་བཅད་ནས་ཉིན་མཚན་གཉིས་ཀ་འདྲ་བར་སྔ་ཐུན་ལ་ཕྱི་སྒྲུབ། ཕྱི་ཐུན་དང་པོར་ནང་སྒྲུབ། གཉིས་པར་གསང་སྒྲུབ་སྟེ། རང་རང་གི་གཞུང་བཞིན་དཀྱིལ་འཁོར་བསྐྱེད་བསྟིམ་ལ་སོགས་པའི་ལས་གཞུང་བསྲངས་ཏེ། བཟླས་པའི་ཚེ་གསུམ་ཀ་འདྲ་བར་ཡབ་སྔགས་ཡིག་དྲུག་དང་ཡུམ་སྔགས་འབྲུ་དགུ་པར་འཁོར་སྔགས་དཔའ་བོ་དཔའ་མོའི་སྲོག་ཡིག་འབྲུ་བརྒྱད་སྦྲེལ་བའི་གཤམ་དུ་ལས་སྔགས་འབྲུ་བཅོ་བརྒྱད་པ་བཏགས་པ་ཁོ་ན་བཟླ་ཞིང་། ལྷ་སྔགས་འོད་གསལ་གྱི་འཁོར་ལོས་མཉམ་རྗེས་ཀུན་ཏུ་རྒྱས་བཏབ་སྟེ་བསྒྲུབ་པར་བྱའོ། །དེ་ལྟར་ཡང་། བསྐྱེད་རིམ་ལྷ་ཡི་འཁོར་ལོ་དང ༔ བཟླས་པ་སྔགས་ཀྱི་འཁོར་ལོ་དང ༔ སེམས་ཉིད་འོད་གསལ་འཁོར་ལོ་གསུམ༔ ཀུན་གྱི་སྤྱི་གཞུང་རྩ་བ་སྟེ༔ འདུ་འབྲལ་མེད་པར་བསྒོམས་བྱས་ལ༔ ཞེས་སོ། །གསུམ་པ་གནད་དབབ་ནི། དེ་ལྟ་བུ་ཡི་རིམ་པས་ཡང་ཡང་བསྒྲུབས་ཀྱང་རྟགས་མ་མཐོང་ན། བདག་དང་། སྣང་བ་དང་། ལྷ་

p. 348

གསུམ་གནད་ལ་དབབ་པར་བཤད་དེ། ཟླ་དྲུག་ཚུན་ལ་བྱར་མི་རུང་ཞིང་། ལོ་དྲུག་སོགས་ལ་རྟགས་མ་མཐོང་ན་བྱ་བར་གསུངས་མོད་ཀྱི། དེ་ལྟ་ནའང་སྒྲུབ་པ་པོའི་ཤེས་རབ་དང་བརྩོན་པའི་ཁྱད་པར་གྱི་མཐའ་གཅིག་ཏུ་མ་ངེས་པས་ནམ་བྱ་བའི་དུས་དང་། ཇི་ལྟར་བྱ་བའི་ཚུལ་སོགས་གནད་ཐམས་ཅད་གཞུང་དང་། བླ་མ་དམ་པའི་ཞལ་ལས་ཤེས་པར་བྱེད་དགོས་པ་ཡིན་ནོ། །དེ་ལྟར་གསང་སྒྲུབ་ཀྱི་བསྙེན་པ་ལ་གྲངས་ཚད་མ་བཤད་ཅིང་། དུས་བསྙེན་ནི་ཞག་བདུན་དང་ཉེར་གཅིག་སོགས་འོག་ནས་འབྱུང་བ་ལྟར་ཡིན་པས་མཐའ་གཅིག་ཏུ་མ་ངེས་ཀྱང་མོས་སློབ་སྤྱི་ཙམ་ལ་ཞག་ཉེར་གཅིག་ལ་ཉུང་མཐའ་བྱས་པ་དང་། སྨིན་སློབ་ཀྱི་ཚེ་མཚན་མ་ཇི་ལྟར་རིགས་པ་མཐོང་ནས། ནུབ་ཐ་མའི་སྔ་ཐུན་ལ་མཆོད་གཏོར་སོགས་རྒྱ་ཆེར་གསོས་ཏེ་བཟླས་པའི་མཐར་དངོས་གྲུབ་ལེན་པ་ཕྱི་སྒྲུབ་ལྟར་བྱས་རྗེས་ཚོགས་མཆོད་གཏོར་འབུལ་དང་གཏང་རག་མཆོད་བསྟོད་བཟོད་པར་གསོལ་བ་རྣམས་ཀྱང་རྒྱས་པར་བྱའོ། །གསུམ་པ་ཐུགས་རྫོགས་རིམ་གྱི་རྣལ་འབྱོར་ནི། ཐུན་རྗེས་རྫོགས་རིམ་སྔར་བཞིན་དང༔ ཞེས་པ་སྟེ། ཐུན་སོ་སོའི་རྗེས་སུ་རྫོགས་རིམ་ནི། སྔར་ནང་སྒྲུབ་ཏུ་བཤད་པ་བཞིན་ཏེ། འཁོརལོའི་ལྷ་དང་རྒྱན་ལྷ་རྣམས་རང་རང་གི་གནས་སུ་ཐིམ་ཞིང་། གཞི་ལུས་ཀྱི་ལྷ་ཡང་འོད་གསལ་སྟོང་པ་ཉིད་དུ་ཐིམ་སྟེ། དབྱིངས་རིག་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག དེའི་ངང་ལས་ལྷར་ལངས་ཏེ། ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུ། སྒྲར་གྲགས་པ་གསུང་། དྲན་རིག་ཐུགས་ཀྱི་འཁོར་ལོར་ལྟའོ། །གཉིས་པ་མཉམ་ལངས་ཀྱི་རྣལ་འབྱོར་ནི། བསྔོ་སྨོན་གདབ་ཅིང་སྤྱོད་ལམ་བསྐྱང༔ ཐུན་བཞི་ཐུན་དྲུག་ལ་སོགས་བཅད༔ ཚོགས་དང་གཏོར་མས་མཚམས་སུ་མཆོོད༔ རྟགས་དང་ཆོ་འཕྲུལ་མཚན་མ་སོགས༔ བཟང་ངན་བྱེ་བྲག་ཅི་ཤར་ཡང༔ གང་ལའང་དགའ་དང་མི་དགའ་བའི༔ མཚན་མའི་འཛིན་པ་མི་བྱའོ༔ ཞེས་པ་སྟེ། དེ་ལྟར་ཐུན་མཚམས་ཀྱི་ལྷར་ལངས་མ་ཐག་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་འདུན་ཅིང་བསྒྱུར་བའི་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་གདབ་པར་བྱ་ཞིང་། སྣོད་བཅུད་ལྷའི་འཁོར་ལོར་སྦྱངས་ཏེ། དངོས་པོ་ཐམས་ཅད་ཡེ་

p. 349

ཤེས་ཀྱི་རང་སྣང་ཙམ་དུ་ཐག་བཅད་དེ། སྤྱོད་པ་ཐམས་ཅད་ལམ་དུ་ཁྱེར་ཤེས་པས་ཆུ་བོ་ལྟ་བུའི་རྒྱུན་གྱི་རྣལ་འབྱོར་བསྐྱང་བར་བྱ་བ་ཡིན་ལ། དེ་ཡང་ཐུན་བཞི་དང་ཐུན་དྲུག་ལ་སོགས་པར་བཅད་ནས་ཉམས་སུ་བླང་ཞིང་། ཐུན་རེ་རེ་རྫོགས་པའི་མཐའ་རྣམས་སུ་ཚོགས་ཀྱི་འཁོར་ལོ་དང་མཁའ་འགྲོའི་གཏོར་མ་ལ་སོགས་པས་ཐུན་མཚམས་དེ་རྣམས་སུ་མཆོད་པར་བྱ་སྟེ། དུས་ཀྱི་གནད་ནི། གཅེས་གནད་དུ། སྲོད་ལ་མཁའ་འགྲོའི་བ་ལིཾ་བཏང༔ ནམ་གུང་ཚོགས་ཀྱི་འཁོར་ལོ་བསྐོར༔ ཞེས་གསུངས་པ་ལྟ་བུའམ། སྲོད་ཐུན་ལྟ་བུའི་རྗེས་སུ་ཚོགས་གཏོར་སྦྲེལ་ཡང་རུང་ཞིང་རྟག་ཏུ་མི་འབྱོར་ན། ཁ་ཟས་བདུད་རྩིར་སྦར་ནས་ནང་གི་སྲེག་བླུགས་ཀྱིས་རོལ་བའི་ཚུལ་གྱིས་ཚོགས་འཁོར་དུ་སྤྱོད་ཅིང་། ལྷག་མའི་གཏོར་མ་བཏང་བ་ཙམ་བྱ་བའོ། །ཉལ་བའི་ཚེ་ཉེར་བསྡུའི་སྐབས་བཞིན་རིམ་གྱིས་བསྡུས་ཏེ་མི་དམིགས་པའི་ངང་ནས་གཉིད་དུ་འགྲོ་བར་བྱ་ཞིང་། དེར་གཉིད་མ་བྱུང་ན་ཡང་ཡང་བསྐྱར་བས་རུང་ལ། ལྡང་བ་ན་ནམ་མཁར་བཞུགས་པའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཌཱ་མ་རུ་དང་སྔགས་ཀྱི་སྒྲས་བསྐུལ་བས་གཉིད་སད་དེ་སྣང་བ་ཐམས་ཅད་ལྷར་སྒོམ། གཉིད་སད་ལ་ཁད་དུ་དེ་ལྟར་གསལ་འདེབས་མི་ནུས་པས་ནི་སད་མ་ཐག་ད་དུང་འོད་གསལ་ལས་མ་ལངས་པར་མོས་ཏེ། བསྐུལ་བས་སད་པར་བསམས་ལ་སྣང་བ་ལྷར་སྒོམ་པའོ། །འདི་དག་གི་ཚེ་རྟགས་བཟང་ངན་དང་། ཆོ་འཕྲུལ་སྣ་ཚོགས་པ་དང་གྲུབ་པའི་མཚན་མ་སོགས་མདོར་ན་རེ་དོགས་ཀྱི་གནས་བཟང་ངན་གྱི་བྱེ་བྲག་ཅི་དང་ཅི་ལྟ་བུར་ཤར་ན་ཡང་། གང་ཤར་དེ་ལ་དགའ་བས་བླང་འདོད་དང་མི་དགའ་བས་སྤོང་འདོད་ལ་སོགས་པའི་བློ་སྐྱེས་མ་ཐག་ངོས་ཟིན་པར་བྱས་ཏེ། མཚན་མའི་ཆ ོས་སུ་འཛིན་པ་རྡུལ་ཙམ་ཡང་མི་བྱ་བར་སྣང་བ་ཐམས་ཅད་རྟེན་འབྲེལ་སྒྱུ་མའི་ཡོ་ལང་ཙམ་དུ་ཤེས་པས་ཞེན་པའི་འཁྲི་བ་བཙན་ཐབས་སུ་གཅོད་ཅིང་། མི་ཕོད་པའི་རྟོག་པ་ལ་ཐོག་བརྫིས་བྱ་བའོ། །གསུམ་པ་གྲུབ་པའི་དུས་བཤད་པ་ནི། དེ་ལྟར་ཞག་བདུན་ཉེར་གཅིག་དང༔ ཟླ་གསུམ་ཟླ་དྲུག་ལ་སོགས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་འགྱུར༔ ཞེས་པ་སྟེ། དེ་ལྟར་ཚུལ་

p. 350

བཞིན་དུ་བསྒྲུབས་ན། དབང་པོ་ཡང་རབ་ཞག་བདུན། རབ་ཞག་ཉེར་གཅིག་དང་། འབྲིང་གིས་ཟླ་བ་གསུམ། ཐ་མས་ཀྱང་ཟླ་བ་དྲུག་ལ་སོགས་པས་མཆོག་དང་ཐུན་མོང་གི་འདོད་པའི་དངོས་གྲུབ་རྣམས་ལ་ཉེ་བའམ་འཐོབ་པར་འགྱུར་བའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ་སྟེ། དཀྱིལ་འཁོར་དང་བཅའ་གཞི་བསྡུ་བ། སྒྲུབ་རྫས་ལ་བརྟེན་ནས་ལས་ཀྱི་ཁ་བསྒྱུར་བ། ལས་ཀྱི་མཐའ་སྡུད་སྦྱིན་སྲེག་བྱ་བའོ། །དང་པོ་ནི། དེ་ནས་སྒྲུབ་པ་ཚར་རྗེས་སུ༔ འཁོར་ལོ་རིལ་བུ་ལུས་ལ་བཅང༔ སིནྡྷུར་དཔྲལ་མགྲིན་སྙིང་ག་དང༔ ལྟེ་གསང་རྣམས་སུ་ཐིག་ལེ་བྱ༔ བུམ་ཆུ་བཏུང་ཞིང་ཉེ་རེག་བྱ༔ གཏོར་མ་ཟས་དང་སྦྱིན་སྲེག་བྱ༔ ཞེས་པ་སྟེ། མཉམ་བཞག་དང་རྗེས་ཐོབ་ཀྱི་རྣལ་འབྱོར་བཤད་པ་དེ་ནས་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་མཐར་ཕྱིན་པར་ཚར་བའི་རྗེས་སུ་ཇི་ལྟར་བྱ་བའི་རིམ་པ་རྣམས་བསྟན་པར་བྱའོ། །དེ་ཡང་སྒྲུབ་པ་རྫོགས་པའི་སྔ་ཐུན་དེའི་རྫོགས་རིམ་གྱི་གོང་དུ་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་བའམ། རས་བྲིས་སོགས་རྟེན་ཡོད་ན་དེ་ལ་བསྟིམས་ཏེ་བརྟན་བཞུགས་བྱ། དམ་ཚིག་པ་བདག་ཉིད་དང་གཉིས་སུ་མེད་པར་བལྟས་ནས་ཉེར་བསྡུའི་རྫོགས་རིམ་ལ་འཇུག་ཅིང་། གསང་རྟེན་འཁོརལོའི་གའུ་སྐེ་དང་རིལ་བུ་ཚོ་གཅིག་ཟུར་དུ་ཕྱུང་ལ་ལྷག་རྣམས་དར་དམར་གྱིས་དྲིལ་ཏེ་ལུས་ལ་བཅང་། མེ་ལོང་གི་སིནྡྷུ་ར་མཐའ་ནས་དབུས་སུ་ཕྱགས་ལ་རང་གི་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་གནས་རྣམས་སུ་ཐིག་ལེ་བྱ་ཞིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་རང་ཉིད་ལ་ཐིམ་པར་བསམ། བུམ་ཆུ་དངོས་གྲུབ་ཀྱི་དོན་དུ་བཏུང་ཞིང་ཉེ་རེག་སྟེ་ཁྲུས་བྱ། གཏོར་མ་ཡང་ཆ་གཅིག་དངོས་གྲུབ་ཀྱི་ཕྱིར་ཟས་སུ་སྤྱོད་པ་དང་། ཆ་གཅིག་མཐའ་སྡུད་དབང་གི་སྦྱིན་སྲེག་གི་རྫས་ལ་དབུལ་བར་བྱ་ཞིང་། རིལ་བུ་ཚོ་གཅིག་པོ་ལས་ཤས་ཆེར་དབང་གི་སྲེག་རྫས་ལ་འབུལ། འགའ་ཞིག་གིས་དཔྲལ་བར་བྱུག་ཅིང་། སིནྡྷུ་ར་ཅུང་ཟད་ཅིག་དང་ལྷན་ཅིག་བདུད་རྩི་དང་སྦྱར་ནས་བཏུང་བར་ཡང་བྱའོ། །གཉིས་པ་ནི། རྫས་རྣམས་དམིགས་པའི་ཁ་བསྒྱུར་དང༔ སྔགས་ཀྱིས་བཏབ་ནས་

p. 351

གཞན་བྱིན་ན༔ དེ་ཉིད་དབང་དུ་ངེས་པར་འགྱུར༔ ཞེས་པ་སྟེ། སྒྲུབ་པ་བྱས་པའི་དམ་རྫས་དེ་རྣམས་གང་གདུལ་བར་བྱ་བའི་ཡུལ་དེ་ཉིད་དབང་དུ་བྱ་བའི་དམིགས་པའི་ཁ་བསྒྱུར་དང་སྦྱར་ཏེ་ལས་སྔགས་ཀྱིས་བཏབ་ནས་ཡུལ་གཞན་ཏེ་དམིགས་བྱ་ལ་སྦྱིན་ན་དེ་ཉིད་རང་གི་དབང་དུ་ངེས་པར་འགྱུར་བ་ཡིན་ནོ། །གསུམ་པ་ལས་ཀྱི་མཐའ་སྡུད་སྦྱིན་སྲེག་ནི། ལས་མཐར་སྦྱིན་སྲེག་ཆོ་ག་བྱ༔ ཟླ་གམ་ཐབ་ཏུ་ཤིང་དམར་རྩིག༔ ལྷར་བསྐྱེད་རིལ་བུའི་སྲེག་རྫས་འབུལ༔ གསོལ་བ་བཏབ་ཅིང་གཤེགས་གསོལ་བྱ༔ ཐལ་བ་ཆུ་བོའི་གཞུང་དུ་བསྐྱལ༔ གང་འཐུངས་སྣང་བ་དབང་དུ་འགྱུར༔ ཞེས་པ་སྟེ། ལས་མཐར་སྒྲུབ་པའི་ལས་ཀྱི་འབྲས་བུ་སྐད་ཅིག་ལ་སྟེར་བར་བྱེད་པ་སྦྱིན་སྲེག་གི་ཆོ་ག་བྱ་སྟེ། གསང་སྒྲུབ་སྔ་ཐུན་ལ་གྲོལ་བའི་ད གོང་ཁའི་ཆ་ལ་ཟླ་གམ་གྱི་དབྱིབས་ཅན་ཁ་དོག་དམར་པོའི་ཐབ་ཏུ་མཛོ་མོ་ཤིང་ལ་སོགས་པའི་བུད་ཤིང་དམར་པོ་བརྩིགས་ལ། རང་འདོད་མའི་མེས་སྦར་ཏེ། འཇིག་རྟེན་པ་དང་འདས་པའི་མེ་ལྷར་བསྐྱེད་བསྟིམ་མཆོད་བསྟོད་བྱས་ལ། དབང་གི་སྲེག་རྫས་སྤྱི་དང་། ཁྱད་པར་སྒྲུབ་རྫས་ཀྱི་རིལ་བུ་དང་གཏོར་མའི་སྲེག་རྫས་རྣམས་དབུལ་ནས། འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་། འདས་པའི་མེ་ལྷ་དབུགས་རྔུབ་པ་དང་ལྷན་ཅིག་སྙིང་གའི་མི་ཤིགས་པའི་ཐིག་ལེར་བསྡུས་ལ། འཇིག་རྟེན་པར་སླར་མ ཆོད་ནས་གཤེགས་གསོལ་བྱ་བ་སོགས་ཏེ་ཞིབ་པར་རྗེ་བླ་མས་མཛད་པའི་ཆོ་ག་འདོད་དོན་མྱུར་འགྲུབ་ཀྱི་ནང་གི་དབང་གི་སྦྱིན་སྲེག་ལྟར་ཤེས་པར་བྱ་ཞིང་། མེ་ཆང་གིས་གཞིལ་ནས་ཐལ་བ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ཏེ། དེས་གང་ཆུ་དེ་འཐུངས་པའི་འགྲོ་བ་ཐམས་ཅད་ཀྱི་སྣང་བ་དབང་དུ་འདུས་པར་འགྱུར་རོ། །དེ་ནས་ཁ་སྐོང་གི་སྦྱིན་སྲེག་དང་། མཁའ་འགྲོ་ཆོས་སྐྱོང་ལ་གཏང་རག་གི་མཆོད་གཏོར་འབུལ་བའང་དུས་གཞན་གྱིས་བར་མ་ཆོད་པར་བྱས་ན་དངོས་གྲུབ་མྱུར་བས་སྲོད་ལ་མཁའ་འགྲོའི་ཁྱད་པར་གྱི་གཏོར་མ་དང་། ནངས་པར་སྔ་དྲོ་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་རྒྱ་ཆེར་གཏོང་ཞིང་དེའི་སྲོད་ཀྱི་དུས་ལྟ་བུ་ནས་འགོ་བརྩམས་ཏེ་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསག་པར་བྱའོ། །དེ་ལྟར་ཡང་རྣམ་

p. 352

སྣང་སྒྱུ་དྲྭ་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ནས་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །ཞེས་སོ། །དེར་མ་ཟད་སྔར་བཤད་དབང་གི་སྦྱིན་སྲེག་ཀྱང་ལས་སྦྱོར་སྨིན་སློབ་ཀྱི་ཚེ་མཚན་མ་མཐོང་བར་མ་གྱུར་གྱི་བར་དུ་བྱ་དགོས་པར་མངོན་ལ། འགྲུབ་ཏུ་རུང་ན་བླ་ན་མེད་པའི་དངོས་གྲུབ་ཀྱི་ཕྱིར་མཆོག་གི་སྦྱིན་སྲེག་ཀྱང་ཅི་ནུས་བྱ་ཞིང་། མཐར་ཐོ་དགྲོལ་བ་དང་། བག་གསང་བ་དང་། གནས་བསྲུང་བ་རྣམས་ནི་གསང་བ་སྤྱིའི་འགྲོས་ཀྱིས་གོ་ནུས་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། རྩ་ལ་འགོད་པའི་གསང་སྒྲུབ་འདི༔ ལས་ཀྱི་སྦྱོར་བ་ཀུན་གྱི་གནད༔ ས་མ་ཡ༔ ཞེས་པ་སྟེ། རྩ་འཁོར་ལོ་ལྔ་ལ་ལྷའི་དཀྱིལ་འཁོར་འགོད་ཅིང་སྒྲུབ་རྫས་འཁོར་ལོ་ཁ་སྦྱོར་ལ་བརྟེན་པའི་ལས་ཀྱི་གསང་བ་ལྟར་སྒྲུབ་པའི་ཐབས་འདི་ནི། འདོད་དོན་ལ་མྱུར་དུ་སྦྱོར་བར་བྱེད་པས་འཕྲིན་ལས་ཀྱི་སྦྱོར་བའང་ཡིན་ལ། འདོད་པའི་འབྲས་བུ་ཀུན་ལེན་པའི་ཐབས་ཀྱི་གནད་མཐར་ཐུག་པ་ཡིན་པས་ན་སྒྲུབ་པ་ཆེན་པོ་ཞེས་ཀྱང་བྱའོ། །ས་མ་ཡ་ནི་གསང་བར་གདམས་པའོ། ༈ །བཞི་པ་ཡང་གསང་གི་སྒྲུབ་པ་ལ་བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། བཞི་པ་ཡང་གསང་སེམས་ལ་འགོད༔ ཅེས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། རྟོག་ཚོགས་ཀྱི་སྣང་བ་སྐུའི་དཀྱིལ་འཁོར་དང་། ངག་རླུང་གསུང་གཞོམ་མེད་ཀྱི་སྔགས་དང་། དྲན་རིག་ཐུགས་རང་བྱུང་གི་ཡེ་ཤེས་སུ་རྣམ་པར་བཞག་པའོ། །དང་པོ་ལ་གཉིས་ཏེ། ལུས་རྟེན་གཞལ་ཡས་ཁང་དུ་དང་། ཕུང་ཁམས་སྐྱེ་མཆེད་བརྟེན་པ་ལྷར་བཞག་པའོ། །དང་པོ་ནི། དབེན་གནས་ཕྱི་ནས་མི་བཙལ་ཏེ༔ རང་ལུས་གཞལ་ཡས་ཁང་དུ་གནས༔ ཞེས་པ་སྟེ། འདུ་འཛིས་དབེན་པའི་གནས་ལོགས་པ་ཞིག་ཕྱི་རོལ་ནས་རྙེད་དུ་མེད་པས་མི་བཙལ་ཏེ། ཕྱི་རོལ་གྱི་འབྱུང་བ་ལྔར་སྣང་བ་འདི་དག་ནི་འབྱུང་གཟུགས་ཞེས་བྱ་སྟེ། མེ་ལོང་གི་ནང་གི་གཟུགས་བརྙན་ལྟར་ནང་གི་རྣམ་པ་ཕྱིར་སྣང་བ་ཙམ་ལས། དོན་ལ་མེད་བཞིན་དུ་སྣང་བའི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ། །

p. 353

དེ་ལྟར་ཡང་དབུ་མ་ལས། གཟུགས་ཀྱི་རང་བཞིན་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བརྗོད། །ཅེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོ། །དེ་ཡང་འབྱུང་བ་ལ་དངོས་ནི། ནང་གི་ཕུང་པོས་བསྡུས་ལ་རང་གི་ལུས་གྲུབ་ཙམ་ཉིད་ནས་འབྱུང་ལྔའི་རང་བཞིན་སྲ་བ་ས། གཤེར་བ་ཆུ། དྲོ་བ་མེ། ཡང་ཞིང་གཡོ་བ་རླུང་། གོ་འབྱེད་པ་ནམ་མཁའ་སྟེ། དེ་དག་ཀྱང་སྣང་ཙམ་ཉིད་ལས་རང་བཞིན་མ་གྲུབ་པའི་སྟོང་ཉིད་ཤིན་ཏུ་ཕྲ་བའི་འབྱུང་ལྔའི་དྭངས་མ་ནི། སངས་རྒྱས་ཐམས་ཅད་ཀྱི་རྟེན་ཡིན་པས་ན་རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དུ་གདོད་ནས་གནས་པའི་ཕྱིར་རོ། །དེ་ལྟར་ཡང་ཀུན་བྱེད་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་ཉིད་ངང་ལ་བཀོད། །ཅེས་སོ། །དེ་ཡང་ལུས་གཞི་དུས་ཀྱི་གཞལ་ཡས་ཁང་དུ་གྲུབ་ཚུལ་ཅུང་ཟད་སྨོས་ན། ཕ་མའི་དབང་པོ་གཉིས་འདུས་པ་ལས་ལུགས་ལྡོག་གི་འབྱུང་ལྔའི་གནས་སྐབས་ལྔ་ཉམས་སུ་མྱོང་བ་ནི་ས་ཆུ་མེ་རླུང་གི་དཀྱིལ་འཁོར་བཞི་རི་རབ་དང་བཅས་པ། མའི་མངལ་ནི་ནམ་མཁའི་དཀྱིལ་འཁོར་གྱི་ཆོས་འབྱུང་ཡིན་ཞིང་། དེ་རྗེས་མངལ་དུ་ལུགས་འབྱུང་གི་འབྱུང་ལྔའི་བྱེད་པས་རིམ་པར་ཆགས་ཏེ་ལུས་རྫོགས་པ་ནི་གཞལ་ཡས་ཁང་ཡིན་ལ། དེ་ལྟར་རྫོགས་པའི་ལུས་ཀྱི་རྣམ་པའི་སྒོ་ནས་ཀྱང་དེར་འགྱུར་ཏེ། ཧེ་རུ་ཀ་ཀལྤོ་ལས། རྐང་མདོ་ལྟེ་བ་སྙིང་རྒལ་ཚིགས། །རླུང་མེ་ཆུ་ས་རི་རབ་ཅན། །ལུས་སྙིང་རྐང་མིག་རྣ་སོ་ལྕེ། །དབྱིབས་སྒོ་ཀ་བན་ཕག་དྲར་གནས། །ཞེས་པས་རྐང་མཐིལ་རླུང་སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ་སྟེ་འབྱུང་ལྔའི་དཀྱིལ་འཁོར་དང་། ལུས་ཀྱི་དབྱིབས་འདོམ་གང་གྲུ་བཞི་པ་ནི་གཞལ་ཡས་ཁང་མི་མཉམ་པ་མེད་པའི་གྲུ་བཞི་པ། སྙིང་གི་རྩ་ཆེན་བཞི་ལས་འབྱུང་བཞིའི་རླུང་སྐྱེས་ཏེ་བུ་ག་རྣམས་སུ་རྒྱུ་བས་སྒོ། ལག་པའི་བར་ལྷུ་དང་ལག་ངར། རྐང་པའི་བརླ་དང་ངར་གདོང་སྟེ་བཞི་གཡས་གཡོན་གྱིས་ཕྱེ་བའི་རྐང་བརྒྱད་ནི་ཀ་བ་བརྒྱད། མིག་པཉྩ་རེ་ཁ། རྣ་བ་ཕ་གུ། སོ་དྲྭ་ཕྱེད། ལྕེ་འདོད་སྣམ། བུ་ག་བརྒྱད་དུར་ཁྲོད་བརྒྱད། པགས་པ་

p. 354

རྡོ་རྗེའི་རྭ་བ། བ་སྤུ་མེ་རི་སོགས་དང་། གསང་གནས་དང་ལྟེ་བའི་འཁོར་ལོ་གཉིས་ཀྱི་རྩ་མདུད་གྲུ་གསུམ་དུ་གནས་པ་ཐབས་ཤེས་ཀྱི་ཆོས་འབྱུང་། སྙིང་གའི་རྩ་ཆེན་བཞི་པདྨ་འདབ་བཞི། དེའི་ལྟེ་བའི་དྷུ་ཏི་གཙོ་བོའི་པདྨ་རྣམས་སུ་གནས་ཏེ། ཉང་གཏེར་ཁྲོས་ནག་ཐུགས་སྒྲུབ་ལས། རང་ལུས་འདོམ་གང་གྲུ་བཞི་པ༔ འབྱུང་བ་ལྔ་ཡི་བདག་ཉིད་ཅན༔ མེ་རི་དུར་ཁྲོད་དཔག་བསམ་ཤིང༔ རང་འབྱུང་ཡེ་ཤེས་གཞལ་ཡས་ཁང༔ ཞེས་དང་། རྡོ་རྗེའི་ཕྲེང་བའི་རྒྱུད་ལས། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱི་ཡང་དག་བརྟེན། །ཟུར་བཞི་པ་ནི་མདུན་རྒྱབ་དང་། །གཡས་དང་གཡོན་གྱི་དབྱེ་བས་སོ། །ཞེས་སོ། །གཞན་ཡང་འཁོར་ལོ་ལྔའི་རྩ་རྣམས་རླུང་སེམས་ཀྱི་དྭངས་མ་གདོད་ནས་ལྷར་གྲུབ་པའི་བརྟེན་དང་། ཡུམ་གྱི་བྷ་ག་ནི་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་རྟེན་ཏེ་བཀོད་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། རྩ་ཐམས་ཅད་ཀྱི་ཁྱབ་བྱེད་དབུ་མ་ཆེན་པོ་ལ་བརྟེན་པའི་སྙིང་གའི་དྭངས་མ་ལྔ་ནི་སེམས་ཉིད་འོད་གསལ་བའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་བཞུགས་པའི་གནས་ཡིན་པས་ལུས་གཞལ་ཡས་ཁང་དུ་འགྱུར་ཚུལ་མང་སྟེ་སྤྲོས་པས་ཆོག་གོ ། གཉིས་པ་ཕུང་ཁམས་སྐྱེ་མཆེད་ལྷར་བཞག་པ་ལ་གསུམ་སྟེ། ལྷ་སྐུ་གཞན་ནས་བཙལ་དུ་མེད་པས་མདོར་བསྟན། ལྷ་རྟོག་སོ་སོར་སྦྱར་བས་རྒྱས་པར་བཤད། ལྷ་སྐུ་སེམས་ཀྱི་རིག་རྩལ་དུ་ཐག་བཅད་པས་དོན་བསྡུ་བའོ། །དང་པོ་ནི། ལྷ་སྐུ་གཞན་ནས་མི་བཙལ་ཏེ༔ ཞེས་པ་སྟེ། རྟོག་ཚོགས་ལས་གཞན་དུ་གྱུར་པའི་ལྷ་སྐུ་ཞིག་སངས་རྒྱས་ཀྱི་ཞིང་གུད་དུ་ཕྱེ་བ་ག་གེ་མོ་གཞན་ཞིག་ནས་སངས་རྒྱས་འདི་ལྟ་བུ་ཞིག་ཅེའམ། རྟོག་ཚོགས་ད་ལྟ་སངས་རྒྱས་མ་ཡིན་པས་བསྒྲུབས་ན་ནམ་ཞིག་སངས་རྒྱས་སུ་འགྱུར་སྙམ་དུ་ཡུལ་དུས་གཞན་དུ་ཕྱེ་ནས་བཙལ་དུ་མེད་པས་མི་བཙལ་ཏེ། ཆོས་ཐམས་ཅད་ཡེ་ཇི་བཞིན་པའི་ལྷར་རྣམ་པར་དག་པས་ན། དེ་ལས་གཞན་མ་དག་པའི་ཆོས་མཚན་མར་གྲུབ་པ་ནི་རྡུལ་ཙམ་ཡང་མེད་པའི་ཕྱིར་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །

p. 355

ཞེས་དང་། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་དང་། བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་མདུན་དུ་སངས་རྒྱས་ཀྱི་སྐུ་ཞིག་བཞུགས་པ་དེས་ལུང་བསྟན་ནས་མི་སྣང་བར་གྱུར་པ་དེའི་ཚེ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དེ་ནི་གང་ནས་བྱོན། གང་དུ་བཞུད་སྙམ་མོ་ཞེས་པ་ནས། ཆོས་འཕགས་ཀྱིས་སྨྲས་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་དེ་ནི་གང་ནས་བྱོན་པ་མེད་ཅིང་། གང་དུའང་བཞུད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་བྱོན་ནས་མི་སྣང་བར་གྱུར་ན། དེ་གང་ནས་བྱོན་པའམ་བཞུད་པ་ཡོད་དམ། རྟག་ཏུ་ངུས་སྨྲས་པ། དེ་ནི་མ་མཆིས་ཏེ། གཉིས་ཀྱིས་ལོག་པ་ལས་གཞན་མེད་དོ། །ཆོས་འཕགས་ཀྱིས་སྨྲས་པ། དེ་བཞིན་དུ་སེམས་ལས་གུད་ན་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཞེས་དང་། སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་:དཔའ་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། སེམས་ཉིད་རིགས་ཀྱི་བདག་པོར་དག་པ། དུག་ལྔ་ཡིད་བྱེད་དང་བཅས་པ་གཙོ་འཁོར་དུ་དག་པ། ཕུང་ཁམས་རིགས་ལྔར་དག་པ། སྐྱེ་མཆེད་མཆོད་ལྷར་དག་པ། ལས་རྟོག་བཀའ་སྡོད་དུ་དག་པའོ། །དང་པོ་ནི། སེམས་ཉིད་སྐྱེ་འགག་མེད་པ་འདི༔ རིགས་ཀྱི་བདག་པོ་བླ་མ་ཡིན༔ ཞེས་པ་སྟེ། སེམས་ཀྱི་ཆོས་ཉིད་གདོད་མ་ནས་སྐྱེ་བ་མེད་ཅིང་གདངས་འགག་པ་མེད་པས་སྣ་ཚོགས་སུ་འཆར་ཡང་། སྣང་དུས་ཉིད་ན་རང་གི་ངོ་བོ་སྐྱེ་བ་མེད་པའི་ཟུང་འཇུག་རང་བྱུང་གི་ཡེ་ཤེས་འདི་ནི་བགྲང་བ་ལས་འདས་པའི་ཡེ་ཤེས་ཀུན་གྱི་འབྱུང་གནས་སམ། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པས་

p. 356

ན་རིགས་ཀྱི་བདག་པོ་བླ་མ་འོད་དཔག་མེད་པའི་ངོ་བོ་ཡིན་ནོ། །དེ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཐམས་ཅད་ཀྱི་ཁྱབ་བདག་ཏུ་འགྲོ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་སེམས་དང་ཡེ་ཤེས་ཉིད་དེ་དང་དེར་སྣང་བ་ཙམ་དུ་ཟད་པའི་ཕྱིར་རོ། །ཇི་སྐད་དུ་ཀུན་བྱེད་ལས། སེམས་ལས་མ་གཏོགས་པ་ཡི་སངས་རྒྱས་ནི། །ཀུན་བྱེད་རྒྱལ་པོས་སྔར་ཡང་ལུང་མ་བསྟན། །ཕྱིས་ནས་མི་སྟོན་ད་ལྟ་སྟོན་མི་མཛད། །དེས་ན་སངས་རྒྱས་སེམས་སུ་ཤེས་པར་བྱ། །ཞེས་དང་། གསང་འདུས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། དབུ་མ་ལས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་སོ། །གཉིས་པ་ནི། མ་རྟོགས་ཉོན་མོངས་གཏི་མུག་དེ༔ རྟོགས་གྲོལ་ཐུགས་རྗེ་ཆེན་པོ་ཡིན༔ ཡིད་བྱེད་རྟོག་ཚོགས་འཕྲོ་བ་དེ༔ རྟོགས་ན་སངས་རྒྱས་སྟོང་རྩ་ཡིན༔ ཞེ་སྡང་གདུག་སེམས་ལྡན་པ་དེ༔ གཞི་མེད་རྩ་བྲལ་རྟ་མགྲིན་ཡིན༔ འདོད་ཆགས་གདུང་སེམས་ཏུར་པོ་འདི༔ ཆགས་བྲལ་གསང་བ་ཡེ་ཤེས་ཡིན༔ ཉོན་མོངས་ང་རྒྱལ་རྟོག་ཚོགས་རྣམས༔ ངར་འཛིན་བྲལ་བ་དཔའ་བོ་ཡིན༔ ཕྲག་དོག་རླུང་ལྟར་འཚུབ་པ་དེ༔ རེ་དོགས་ཟད་པ་དཔའ་མོ་ཡིན༔ ཞེས་པ་སྟེ། མ་རྟོགས་པའི་དུས་ན་གློ་བུར་གྱི་ཆོས་ཉོན་མོངས་པ་ལྔའི་ནང་ཚན་སེམས་ཀུན་ནས་བླུན་ཞིང་རྨུགས་པ་གཏི་མུག་གི་རྟོག་པ་དེ་ཉིད་རང་བཞིན་མེད་པའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་དུས་ན། རྟོག་པ་ཉིད་མ་སྤངས་མ་བསྒྱུར་བར་ཆབ་རོམ་ཆུར་ཞུ་བ་ལྟར་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཐམས་ཅད་ཀྱི་ངོ་བོར་གནས་པ་ཉིད་མངོན་སུམ་དུ་མཁྱེན་པ་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་བ་ནི་ལྷའི་དུས་ན་དཀྱིལ་འཁོར་གྱི་གཙོ་བོ་བདེ་གཤེགས་ཐུགས་རྗེ་ཆེན་པོ་པདྨ་གར་དབང་དུ་སྣང་བ་ཡིན་ཏེ། གཏི་མུག་ནི་བླང་དོར་སོགས་ཀྱིས་འབྱེད་པ་མེད་པས་མི་རྟོག་པའི་ཁོངས་སུ་འདུ་ཞིང་ཆོས་དབྱིངས་ཡེ་ཤེས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་དེ་ཉིད་མི་རྟོག་པ་ཙམ་དུ་མཚན་ཉིད་མཐུན་པའི་ཕྱིར་དང་། ཡེ་ཤེས་གཞན་བཞི་ཡང་འདིར་འདུས་

p. 357

པས་ཆོས་དབྱིངས་ཡེ་ཤེས་ནི་ཡེ་ཤེས་ཀུན་གྱི་སྤྱི་གཟུགས་ཡིན་པས་ན་ལྷའི་དུས་ནའང་གཙོ་བོ་དང་སྦྱོར་ཏེ། ཡུམ་བར་མ་ལས། ཆོས་གཅིག་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། ཆོས་ཉིད་ཞི་བའི་རྣམ་པའོ། །ཞེས་སོ། །མ་རྟོགས་པའི་དུས་ན་གཙོ་བོར་ཡིད་ཀྱི་རྣམ་ཤེས་ལ་བརྟེན་ནས་འབྱུང་བ་འདུ་བྱེད་པའི་སེམས་བྱུང་གི་རྟོག་ཚོགས་ཀུན་ཏུ་འཕྲོ་བའི་འཁོར་འདས་སྐྱེད་པའི་ལས་བྱེད་པ་དེ་ཉིད་རྟོགས་པའི་དུས་ན་མི་མཇེད་ཀྱི་འཇིག་རྟེན་དུ་སངས་རྒྱས་སྟོང་རྩ་གཉིས་སུ་སྟོན་པ་སོགས་གང་འདུལ་གྱི་སྐུས་འགྲོ་བ་འདུལ་བའི་ཕྲིན་ལས་ཡིན་ཏེ། ལྷ་རྟོག་གཉིས་ཀ་ལས་ཀྱི་བདག་ཉིད་དུ་མཚུངས་པའི་ཕྱིར་རོ། །ཇི་སྐད་དུ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་བཟང་ལོངས་སྤྱོད་རྫོགས་པ་ལས། །འདུལ་བའི་སྤྲུལ་པ་གྲངས་མེད་ཅིང་། །ཁྱད་པར་མི་མཇེད་འཇིག་རྟེན་དུ། །སྟོང་རྩ་གཉིས་ཀྱི་སྐུར་སྣང་ངོ་། །ཞེས་སོ། །མ་རྟོགས་པའི་དུས་ན་ཞེ་སྡང་ཀུན་ནས་མནར་སེམས་པས་གདུག་སེམས་དང་ལྡན་པ་ཡིན་ལ། དེ་ཉིད་གང་ལ་གནོད་པར་བྱ་བའི་ཡུལ་དང་། གནོད་པར་བྱེད་པའི་སེམས་དང་། གནོད་པའི་སྦྱོར་བ་སོགས་ཐམས་ཅད་རྟེན་པའི་གཞི་མེད་ཅིང་བསྐྱེད་པའི་རྩ་བ་དང་བྲལ་བར་རྟོགས་པ་ན་གཡོ་བྱེད་གཟུང་འཛིན་གྱི་མཚན་མ་ཞི་ཞིང་། ཡེ་ཤེས་གཞན་གསུམ་གྱི་འཆར་གཞི་བྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་བ་ནི་ལྷའི་དུས་ན་རྟ་མགྲིན་ཡིན་ནོ། །དེའང་མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །ཞེས་སོ། །འདོད་ཆགས་ཀུན་ནས་ཞེན་ཅིང་སྲེད་པའི་གདུང་སེམས་ཀྱི་རྒྱུན་ཏུར་པོ་འདི་ནི་རྟོགས་པའི་དུས་ན་ཤེས་བྱ་ཐམས་ཅད་མ་འདྲེས་པར་མཁྱེན་ཞིང་། མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་སྟོང་པ་ཉིད་ཡིན་པས་ཆགས་བྲལ་ཏེ་སོར་རྟོག་ཡེ་ཤེས་སུ་གྲོལ་བ་ནི་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་ནོ། །ཉོན་མོངས་པ་ཀུན་ནས་ཁེངས་པའི་རྣམ་པ་ཅན་གྱི་སེམས་གཟེངས་མཐོ་བ་ང་རྒྱལ་གྱི་རྟོག་ཚོགས་རྣམས་ནི་རྟོགས་པའི་དུས་ན་ངར་འཛིན་དང་བྲལ་བས་ཆོས་ཐམས་ཅད་མཉམ་པར་རྟོགས་པ་མཉམ་ཉིད་ཡེ་ཤེས་སུ་གྲོལ་བ་ནི་དཔའ་བོ་ཡིན་ནོ། །ཕྲག་དོག་སྟེ་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའི་སེམས་

p. 358

དཔའ་པ་རླུང་ལྟར་འཚུབས་པ་དེ་ཉིད་རྟོགས་པའི་དུས་ན་གཞན་དག་གི་ཕུན་ཚོགས་ཉམས་པར་རེ་ཞིང་འཕེལ་གྱི་དོགས་པ་ལ་སོགས་པའི་བློ་ཟད་པས་དམིགས་མེད་ཀྱི་སྙིང་རྗེས་སེམས་ཅན་གྱི་དོན་སྒྲུབ་པའི་ཕྲིན་ལས་རང་ཤུགས་ཀྱིས་འཇུག་པ་བྱ་གྲུབ་ཡེ་ཤེས་སུ་གྲོལ་བ་ནི་དཔའ་མོར་སྣང་བ་ཡིན་ནོ། །གསུམ་པ་ནི། ཆུ་ཁམས་ཁྲག་དང་རྣམ་ཤེས་དེ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན༔ ས་ཁམས་ཤ་དང་ཚོར་བ་དེ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡིན༔ མེ་ཁམས་དྲོད་དང་འདུ་ཤེས་དེ༔ པདྨ་རིགས་ཀྱི་མཁའ་འགྲོ་ཡིན༔ རླུང་ཁམས་དབུགས་དང་འདུ་བྱེད་དེ༔ ལས་ཀྱི་མཁའ་འགྲོ་ཉིད་དུ་བཤད༔ མཁའ་ཁམས་སེམས་དང་གཟུགས་ཕུང་དེ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོའོ༔ ཞེས་པ་སྟེ། ཕྱི་རོལ་གྱི་འབྱུང་བ་ཆུའི་ཁམས་དང་། ནང་གི་ཁྲག་སྟེ་རླན་ཞིང་སྡུད་པའི་མཚན་ཉིད་ཅན་ཆུ་དག་པ་ནི་ཡུམ་དང་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་རྣམ་པར་ཤེས་པའི་ཕུང་པོ་དེ་ཉིད་གནས་སུ་དག་པ་ཡབ་སྟེ། རྣམ་ཤེས་ནི་ཐུགས་ཀྱི་བདག་ཉིད་ཡིན་ཞིང་། དེ་དག་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་ནི་ཕྱི་ནང་གི་རྐྱེན་གང་གིས་ཀྱང་བསྐྱོད་པར་མི་ནུས་པས་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་རྡོ་རྗེ་མཁའ་འགྲོ་དང་། ཆུ་ཁྲག་གཉིས་ནི་སེམས་རྒྱུད་བརླན་པར་བྱེད་ཅིང་འགྲོ་བ་རྣམས་ཀྱི་སེམས་ཀྱི་རང་བཞིན་དབྱེར་མི་ཕྱེད་པར་སྡུད་པས་ཆུའི་བདག་ཉིད་དེ་རྡོ་རྗེ་རིགས་ཀྱི་ཡུམ་རྡོ་རྗེ་མཁའ་འགྲོ་མ་ཡིན་ནོ། །དེ་བཞིན་དུ་ས་ཁམས་དང་ཤ་སྟེ་སྲ་ཞིང་བརྟན་པའི་མཚན་ཉིད་ཅན་ས་དག་པ་ནི་ཡུམ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ཚོར་བའི་ཕུང་པོ་དེ་ཉིད་དག་པ་ནི་ཡབ་སྟེ། ཚོར་བ་ནི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་དུ་ལྟ་བའི་གཞི་ཡིན་ཞིང་། དེ་ཡོངས་སུ་དག་པ་གཟུངས་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གྱིས་དོན་གཉིས་རེ་བ་ཡིད་བཞིན་དུ་སྒྲུབ་པའི་གནས་སུ་གྱུར་པས་ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ་རིན་ཆེན་མཁའ་འགྲོ་དང་། ཕྱི་ནང་གི་ས་ནི་ཡོན་ཏན་གྱི་རྟེན་བྱེད་པས་རིན་ཆེན་རིགས་ཀྱི་ཡུམ་རིན་ཆེན་མཁའ་འགྲོ་མ་ཡིན་ནོ། །མེའི་ཁམས་དང་ལུས་ཀྱི་དྲོད་དེ་ཚ་ཞིང་སྲེག་པའི་མཚན་ཉིད་ཅན་མེ་དག་པ་ནི་ཡུམ་དང་། ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་ཅན་འདུ་ཤེས་ཀྱི་

p. 359

ཕུང་པོ་དེ་ཉིད་དག་པ་ནི་ཡབ་སྟེ། འདུ་ཤེས་ནི། ཕྱི་ནང་གི་ཆོས་ལ་སྤུ་རིས་སམ་མཚན་མ་མ་འདྲེས་པར་ཐ་སྙད་འདོགས་པའི་ལས་ཀྱིས་བརྡའ་སྤྲོད་པ་ཡིན་ཞིང་། དེ་དག་པ་ནི་འཇིག་རྟེན་དུ་ཆོས་ཀྱི་ཆར་ཆེན་པོ་འབེབས་པའི་གཞིར་གྱུར་པས་གསུང་པདྨ་རིགས་ཀྱི་ལྷ་པདྨ་མཁའ་འགྲོ་དང་། ཕྱི་ནང་གི་མེས་མཚན་འཛིན་གྱི་སྤུ་རིས་གསལ་ཞིང་ལྷག་མཐོང་གི་མེས་དག་པར་བྱེད་པས་པདྨ་རིགས་ཀྱི་ཡུམ་པདྨ་མཁའ་འགྲོ་མ་ཡིན་ནོ། །རླུང་གི་ཁམས་དང་དབུགས་ཏེ་ཡང་ཞིང་གཡོ་བའི་མཚན་ཉིད་ཅན་རླུང་དག་པ་ནི་ཡུམ་དང་། ཡུལ་ལ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་འདུ་བྱེད་ཀྱི་ཕུང་པོ་དེ་ཉིད་དག་པ་ནི་ཡབ་སྟེ། འདུ་བྱེད་ནི་བྱ་བ་བྱེད་པ་ལས་ཀྱི་བདག་ཉིད་ཡིན་པས་གདུལ་བྱའི་དོན་སྒྲུབ་པར་མཛད་པའི་ཕྲིན་ལས་ལས་ཀྱི་རིགས་ཀྱི་ལྷ་ཀརྨ་མཁའ་འགྲོ་དང་། ཕྱི་ནང་གི་རླུང་ནི་བསྐྱོད་འདེགས་ཀྱི་བྱ་བ་བྱེད་པ་ལ་ཐོགས་པ་མེད་པས་འགྲོ་བ་སྒྲོལ་བའི་ལས་ཅན་ལས་ཀྱི་རིགས་ཀྱི་ཡུམ་ཀརྨ་མཁའ་འགྲོ་མ་ཉིད་དུ་བཤད་དོ། །ནམ་མཁའི་ཁམས་གོ་འབྱེད་པའི་མཚན་ཉིད་ཅན་དང་། དེ་དང་རོ་གཅིག་ཏུ་འཇུག་པའི་སེམས་ཀྱི་དྭངས་མ་སྟེ་ཡུམ་དང་། གཟུགས་སུ་རུང་བའི་མཚན་ཉིད་ཅན་གཟུགས་ཀྱི་ཕུང་པོ་དེ་ཉིད་དག་པ་ཡབ་སྟེ། གཟུགས་ནི་སྐུ་དང་དངོས་སུ་མཐུན་ཞིང་དེ་བཞིན་ཉིད་ལས་གཡོ་བ་མེད་བཞིན་དུ་ཆགས་ཐོགས་མེད་པར་སྐུའི་སྣང་བརྙན་སྣ་ཚོགས་སྣང་བར་མཛད་པས་སྐུ་སངས་རྒྱས་རིགས་ཀྱི་ལྷ་སངས་རྒྱས་མཁའ་འགྲོ་དང་། ནམ་མཁས་གཟུགས་ཀྱི་དངོས་པོ་ཐམས་ཅད་ཀྱི་གོ་འབྱེད་ཅིང་སེམས་ཀྱི་དྭངས་མ་ནི་མི་འགྱུར་བས་བརྟན་ལ་རྟེན་དུ་གྱུར་པས་ན་སངས་རྒྱས་རིགས་ཀྱི་ཡུམ་སངས་རྒྱས་མཁའ་འགྲོ་མའོ། །དེ་ལྟར་ཕུང་པོ་ལྔ་རིགས་ལྔར་བཤད་པ་འདིས་ཕུང་ལྔ་དང་ཆོས་མཐུན་པའི་ཉོན་མོངས་པ་ལྔ་ཡང་རིགས་ལྔར་དག་ཚུལ་སྔར་སྨོས་པས་རྗེས་སུ་དཔག་སྟེེ་ཤེས་པར་བྱའོ། །དེ་ལྟར་ཡང་གསང་འདུས་ལས། གཟུགས་ནི་གཏི་མུག་ཏུ་བསྟན་པ། །བླུན་པས་བཅིངས་པའི་ངོ་བོའོ། །ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །འདུ་ཤེས་འདོད་ཆགས་བདག་ཉིད་ནི། །དངོས་པོ་ལ་ནི་ཆགས་པའི་མཚན། །འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་

p. 360

ཡིད་ནི་གཏོད་པའོ། །རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏེ། །རྒྱུ་དང་འབྲས་བུར་རབ་ཏུ་གྲགས། །ཞེས་སོ། །དེ་བས་ན་རྟོག་ཚོགས་དེ་དག་གདོད་མ་ནས་ལྷར་དག་པས་ལམ་རྐྱེན་དང་འཕྲད་ན་དེར་སྣང་ལ། མ་འཕྲད་ན་མི་སྣང་བ་ནི། དཔེར་ན་དངུལ་ཆུས་བསྡུས་པའི་གསེར་ཕྱེ་ཉིད་མར་གསར་གྱི་གོང་བུ་ལྟ་བུ་དང་། མིག་སྐྱོན་ཅན་ལ་དུང་སེར་པོར་སྣང་བ་གཉིས་རྐྱེན་མེ་དང་། མིག་ནད་སྦྱོང་བའི་སྨན་དང་འཕྲད་ན་གསེར་དང་དུང་གི་རང་མདོག་སེར་པོ་དང་དཀར་པོར་སྣང་དུ་རུང་ལ། མ་འཕྲད་ན་དེ་དང་དེར་མི་སྣང་བ་བཞིན་དང་། སྣང་བ་གཉིས་པོ་དེ་ཡང་གང་བདེན་པར་འཇོག་ཅེ་ན། མར་གསར་གྱི་གོང་བུ་དང་དུང་མདོག་སེར་པོར་སྣང་བ་འཁྲུལ་པ་ཡིན་པའི་མེད་སྣང་ཙམ་སྟེ་མི་བདེན་ལ། གསེར་གྱི་ཁ་དོག་སེར་པོ་དང་དུང་གི་ཁ་དོག་དཀར་པོར་སྣང་བ་ནི་མ་འཁྲུལ་བས་བདེན་པར་འཇོག་པ་ལྟར་རྟོག་ཚོགས་མ་དག་པའི་ཆ ོས་སུ་སྣང་བ་འདི་དག་མེད་པ་གསལ་སྣང་ཙམ་སྟེ་བདེན་པར་མ་གྲུབ་ཅིང་། རྟོག་ཚོགས་ཀྱི་རང་བཞིན་ལྷར་ཡེ་ནས་དག་པ་ནི་མ་འཁྲུལ་ཞིང་མི་སླུ་བས་གནས་ལུགས་སོ། །དེ་ལྟར་ཡང་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་ཡིན་ནོ། །བཞི་པ་ནི། སྐྱེ་མཆེད་ཚོགས་དྲུག་དེ་ཡི་ཡུལ༔ འདོད་ཡོན་མཆོད་པའི་ལྷ་མོ་ཡིན༔ ཞེས་པ་སྟེ། མིག་གི་རྣམ་ཤེས་སོགས་སྐྱེ་བའི་སྒོ་ལས་ཡུལ་གཞན་ལ་མཆེད་པར་བྱེད་པ་སྟེ། ཡུལ་དྲུག་དང་དངོས་དབང་པོ་དྲུག་འཕྲད་དེ་ཚོགས་པ་ལས་ཤེས་པ་དྲུག་སྐྱེ་ཞིང་མཆེད་པས་དེ་ཡི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་འདོད་པའི་ཡོན་ཏན་དྲུག་ལ་ལོངས་སྤྱོད་པས་ན་མཆོད་པའི་ལྷ་མོའོ། །ལྷ་མོ་ཞེས་པ་ནི་ལྷ་རྣམས་ཡེ་ཤེས་ཀྱི་ཕྱག་རྒྱར་བསྟན་ཅིང་། དེ་དག་གིས་སྤྱད་བྱའི་ཡུལ་ཡིན་པའི་དབང་གིས་བཞག་སྟེ། ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕྱག་རྒྱར་སྣང་བ་ཡིན་ནོ། །ལྔ་པ་ནི། དགེ་དང་མི་དགེའི་རྟོག་ཚོགས་རྣམས༔ དམ་ཅན་བཀའ་སྡོད་བསྲུང་བར་གནས༔ ཞེས་པ་སྟེ། བདེ་བའི་རྒྱུ་བསོད་ནམས་ཀྱི་ལས་དགེ་བ་དང་། སྡུག་

p. 361

བསྔལ་གྱི་རྒྱུ་སྡིག་ཚོའི་ལས་མི་དགེ་བའི་རྟོག་ཚོགས་ཇི་སྙེད་པ་རྣམས་ནི་ཡེ་ནས་དམ་ཅན་བཀའ་སྡོད་སྲུང་མའི་རང་བཞིན་དུ་གནས་པ་སྟེ། བཀའ་སྡོད་ནི་གཙོ་བོའི་བཀའ་ཁྲིམས་ཀྱི་འོག་ཏུ་གནས་ནས་བཅོལ་བའི་ལས་སྒྲུབ་ཅིང་། དེ་དང་དེའི་སྡེ་རིགས་སུ་གཏོགས་པ་ལྟར། དགེ་མི་དགེའི་ལས་ཀྱང་དུག་ལྔ་ལ་སོགས་པའི་རྟོག་ཚོགས་ཀྱིས་བསྐྱེད་ཅིང་རྟོག་ཚོགས་ཀྱིས་ཀུན་ནས་བསླངས་པའི་ལས་བྱེད་པ་དང་། དེ་དག་གི་རིགས་སུའང་གཏོགས་པ་སྟེ། དཔེར་ན་ཞེ་སྡང་གིས་བསྐྱེད་པའི་མི་དགེ་བ་ནི་གཞན་མནར་བར་བྱེད་པའི་ལས་ཡིན་ལ། དེ་ཡང་ཞེ་སྡང་གི་རིགས་སུ་གཏོགས་པའི་ལས་ཡིན་པ་བཞིན་ནོ། །གསུམ་པ་ལྷ་སྐུ་སེམས་ཀྱི་རིག་རྩལ་དུ་ཐག་བཅད་པས་དོན་བསྡུ་བ་ནི། དེ་ལྟར་སེམས་ཀྱི་ངོ་བོ་དེ༔ མ་རྟོགས་འཁྲུལ་པ་འཁོར་བ་ཡིན༔ དེ་ཤེས་རྟོགས་པ་མྱ་ངན་འདས༔ ལྷ་སྐུ་སེམས་ཀྱི་རིག་རྩལ་ཏེ༔ དངོས་པོར་བཟུང་ན་འཁྲུལ་པའི་ཕྱིར༔ ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ༔ ཞེས་པ་སྟེ། དེ་ལྟར་སྔར་སྨོས་པའི་རྟོག་ཚོགས་ཐམས་ཅད་སེམས་ཀྱི་རང་སྣང་ཙམ་ཡིན་ལ། སེམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཉིད་འཆིང་གྲོལ་མེད་པའི་གནས་ལུགས་ཀྱི་ངོ་བོར་གདོད་ནས་རྣམ་པར་དག་ཀྱང་དེ་ཉིད་མ་རྟོགས་ཏེ་ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟར་འཁྲུལ་པས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པ་ཡིན་མོད། དེ་ལྟ་ནའང་ཤེས་རབ་ཀྱིས་དཔྱད་ན་འཁོར་བ་ནི་མེད་སྣང་གློ་བུར་བའི་ཆོས་ཡིན་པས་འཁོར་བར་སྣང་ཙམ་ཉིད་ནས་དེ་ལྟར་མ་གྲུབ་པའི་ཕྱིར་བཅིངས་གྲོལ་ལས་འདས་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པ་ན་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། འཁོར་འདས་ཀྱི་རང་བཞིན་དབྱེར་མི་ཕྱེད་པར་གནས་པས་སོ། །དེ་ལྟར་ཡང་རྩ་བ་ཤེས་རབ་ལས། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འདི་གཉིས་ཀྱི་ནི་ཁྱད་པར་དག །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །དེ་བས་ན་ལྷ་སྐུའི་རང་བཞིན་གཞན་ཞིག་ནས་བྱོན་ཏེ་དངོས་གྲུབ་སྟེར་བ་མ་ཡིན་ཞིང་། རང་གི་སེམས་ཀྱི་རིག་རྩལ་མ་འགགས་པའི་ངོར་རང་སྣང་བ་ཙམ་སྟེ། དེ་ལས་ལོགས་སུ་གྱུར་པའི་ལྷའི་དངོས་པོ་རང་མཚན་པར་བཟུང་ན་ནི་

p. 362

སྨན་མ་ཞུ་བ་དུག་ཏུ་སོང་བ་ལྟར་ལྷ་སྔགས་ཀྱི་རྣལ་འབྱོར་རྣམས་དངོས་འཛིན་གཞིག་པའི་ཕྱིར་གསུངས་ན། ད་དུང་གཉེན་པོ་ལ་མངོན་པར་ཞེན་པས་བཅིངས་པ་ནི་གསོར་མེད་པར་འགྱུར་བས་ཤིན་ཏུ་འཁྲུལ་པའོ། །དེའང་ཇི་སྐད་དུ། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་ཕྱིར་གསུངས། །གང་ཞིག་སྟོང་པ་ཉིད་ལྟ་བ། །དེ་ནི་གསོ་རུ་མེད་པར་གསུངས། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་རྟོག་ཚོགས་ལྷར་དག་ལ། ལྷ་ཡེ་ཤེས་སུ་དག་ཅིང་། ཡེ་ཤེས་ནི་གཟུང་འཛིན་དང་བྲལ་བ་ཡིན་པས་ན་སྒོམ་ཞིང་སྒྲུབ་པའི་ལྷ་དེ་ཡང་རང་གི་སེམས་ཀྱི་ཆོས་ཉིད་བདེ་གསལ་སྟོང་པ་ཉིད་ཆོས་ཀྱི་སྐུའི་ངོ་བོར་རང་གསལ་བར་ཐག་བཅད་དོ། །གཉིས་པ་ངག་རླུང་གསུང་གཞོམ་མེད་ཀྱི་སྔགས་སུ་རྣམ་པར་བཞག་པ་ནི། སྔགས་ནི་སྨྲ་བརྗོད་བྲལ་བའི་ཕྱིར༔ ཕྱི་ནང་རླུང་གི་རྒྱུ་བ་ཡང༔ སྨྲས་ཚད་གྲག་སྟོང་བརྗོད་མེད་ཡིན༔ ཞེས་པ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་ནི་སྨྲ་བརྗོད་ཐམས་ཅད་དང་བྲལ་བ་སྐྱེ་མེད་སྟོང་པ་ཉིད་ཀྱི་རང་བཞིན་ལས་བྱུང་བའི་ཕྱིར་སྒྲ་རྟོག་གི་སྣང་བ་ཕྱི་རོལ་གྱི་ངག་སྒྲ་དང་ནང་རླུང་འགྲོ་འོང་གི་རྒྱུ་བ་ཡང་དོན་དམ་པར་ཇི་ལྟར་སྨྲས་ཤིང་གྲགས་ཚད་རང་བཞིན་གཞོམ་མེད་ཀྱི་དབྱངས་གྲགས་སྟོང་བརྗོད་མེད་ལས་རྣམ་པ་ཐམས་ཅད་པའི་སྒྲ་སྐད་དུ་འབྱུང་བ་ཡིན་པས་བཟླས་པ་སྟེ། ཀུན་བྱེད་ལས། ཇི་ལྟར་གྲག་ཅིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལ་ཚིག་གིས་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེའང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཞེས་དང་། ནམ་མཁའ་ཆེ་ལས། མི་གསུང་མཉམ་བཞག་སྔགས་ཚིག་གོ །ཞེས་སོ། །གསུམ་པ་དྲན་རིག་ཐུགས་རང་བྱུང་གི་ཡེ་ཤེས་སུ་རྣམ་པར་བཞག་པ་ནི། གདོད་ནས་དག་པའི་རིག་པ་འདི༔ ཡེ་ཤེས་ཆོས་སྐུར་གནས་པ་ལ༔ དབུལ་པོའི་ཁྱིམ་གྱི་ས་འོག་ན༔ གནས་པའི་ནོར་བུ་རིན་ཆེན་བཞིན༔ ངོ་མ་ཤེས་པས་འཁོར་བར་འཁྲུལ༔ ངོ་སྤྲད་དེ་ངོ་ཤེས་པ་ནི༔ ཆོས་དབྱིངས་ཡེ་ཤེས་རྟོགས་པ་སྟེ༔ སངས་རྒྱས་ཞེས་སུ་གྲགས་པའོ༔ ཞེས་པ་སྟེ།

p. 363

གདོད་མ་ནས་དོར་བྱའི་དྲི་མ་དང་བྲལ་བས་རང་བཞིན་གྱིས་རྣམ་པར་དག་པའི་ནང་རིག་འགྱུར་བ་མེད་པ་འདི་ཉིད་ནི་ཡེ་ནས་སྟོང་གསལ་འགག་མེད་ཀྱི་གནས་ལུགས་འོད་གསལ་ཆོས་ཀྱི་སྐུའི་ངོ་བོར་གནས་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུག་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལྟར་ཡིན་ཡང་དེ་ཉིད་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མས་བཏུམས་ཏེ་མ་རྟོགས་པ་ནི། དཔེར་ན་མི་དབུལ་པོ་ཞིག་གི་ཁྱིམ་ནང་གི་ས་འོག་ན་གཏེར་གྱི་ཚུལ་དུ་གནས་པའི་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ཉིད་ཡོད་ཀྱང་། ངོ་མ་ཤེས་པས་ཁྱིམ་བདག་གི་དབུལ་བའི་སྡུག་བསྔལ་མི་སེལ་བ་བཞིན་དུ། རང་གནས་ཀྱི་ཡེ་ཤེས་ངོ་མ་ཤེས་པས་འཁོར་བའི་གྲོང་ཁྱེར་དུ་རྨི་ལམ་གྱི་སྣང་བ་ལྟར་འཁྲུལ་ནས་སྡུག་བསྔལ་བར་འགྱུར་བ་སྟེ། རྒྱུད་བླར། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཀྱང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་ཀུན་ཏུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་སོ། །དེ་ཕྱི་ཞིག་ན་ལྷ་མིག་དང་ལྡན་པས་མཐོང་ནས་ཁྱིམ་བདག་ལ་སྨྲས་པས། དེས་བརྩོན་པ་ཆེན་པོས་ས་དེ་བསལ་བ་ལས། གདོད་གཏེར་དེ་རང་དབང་དུ་གྱུར་ནས་ཁྱིམ་བདག་གི་དབུལ་བ་སངས་ཏེ་ལོངས་སྤྱོད་རྒྱས་པར་གྱུར་པ་ལྟར་བླ་མ་དམ་པས་ལུང་རིགས་མན་ངག་གི་སྒོ་ནས་སེམས་ཉིད་རང་འབྱུང་གི་ཡེ་ཤེས་སུ་ངོ་སྤྲད་པས་དེ་ལྟར་རང་ངོ་རང་གིས་འཕྲོད་དེ་ཤེས་པ་ན། སེམས་ཀྱི་ངོ་བོ་དེ་ལ་ནི་དྲི་མ་སྔར་ཡོད་བསལ་རྒྱུ་མེད་པས་རང་བཞིན་རྣམ་དག་དང་། ཡོན་ཏན་སྔར་མེད་སྒྲུབ་ཏུ་མེད་པས་གློ་བུར་རྣམ་དག་སྟེ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ཉིད་རྟོགས་པའི་བློ་ནི་ཡེ་ཤེས་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་ལྟར་དག་པ་གཉིས་ལྡན་རང་བྱུང་གདོད་མའི་སངས་རྒྱས་འགྲུབ་པ་ན་བརྙེས་པ་ཞེས་སུ་ཐ་སྙད་འདོགས་མོད་ཀྱང་། གཞན་ནས་

p. 364

རྙེད་དུ་མེད་དེ། རྣམ་པར་གྲོལ་བའི་བྲལ་འབྲས་ཙམ་ལ་དེ་ལྟར་གྲགས་པའོ། །དེ་ལྟར་ཡང་ཇི་སྐད་དུ། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ན། །དྭངས་པ་དེ་ནི་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །ཅེས་སོ། །དེ་ཡང་བསྙེན་ཡིག་ཏུ། ཡང་གསང་སེམས་ལ་བཀོད་ནས་སྒྲུབ་པ་ནི། ཕྱི་ནང་གསང་གསུམ་ཀའི་སྒྲུབ་ཐབས་ལ་སྤྱིར་གཅེས་པའི་གསང་གནད་ཡིན་པས་ཐུན་ཐམས་ཅད་ཀྱི་མཇུག་ཏུ་ནན་ཏན་སྒོམ། ཞེས་གསུངས་པ་ལྟར་སྒྲུབ་ཚུལ་གསུམ་ཀའི་ལྷའི་སྣང་ཞེན་ལ་བསླབ་པའི་ནང་གི་དག་དྲན་དང་། ཐུན་མཇུག་གི་རྫོགས་རིམ་དང་ཡང་སྦྱར་ཏེ་བསྒོམ་པར་བྱ་བ་ཡིན་ནོ། །དེ་དག་གིས་དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་འགོད་པ་བཤད་ཟིན་ཏོ། །༈ གསུམ་པ་ཞར་བྱུང་ཡན་ལག་གི་ཆོ་ག་གཞན་བཤད་པ་ལ་ལྔ་སྟེ། གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་འབྲེལ་བ་ཚོགས་ཀྱི་འཁོར་ལོ། ཐུན་མཚམས་ཀྱི་བྱ་བ་གཏོར་མའི་ཆོ་ག །གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པ། གཤིན་པོའི་དོན་དུ་གནས་ལུང་དཔྱང་ཐག་གི་མན་ངག གཉིས་ཀའི་དོན་དུ་སྦྱིན་སྲེག་གི་ཆོ་གའོ། །དང་པོ་ལ་ལྔ་སྟེ། གང་གི་ཕྱིར། གང་དུ། གང་གི་ཚེ། གང་འཚོག་པའི་དབྱེ་བ། ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་གང་གི་ཆེད་དུ་ན། བདག་གཞན་ཚོགས་རྫོགས་སྒྲིབ་སྦྱང་ཞིང༔ བདེ་ཆེན་མཆོག་གི་གནས་འཐོབ་ཕྱིར༔ གསང་བ་ཚོགས་ཀྱི་འཁོར་ལོ་བྱ༔ ཞེས་སོ། །གཉིས་པ་གང་དུ་ན། དུར་ཁྲོད་ལ་སོགས་དབེན་པའི་སར༔ དག་བྱས་མཛེས་པའི་རྒྱན་རྣམས་བཀྲམ༔ ཞེས་པ་སྟེ། ཡེ་རྒྱ་ལ་བརྟེན་པའི་ཚོགས་འཁོར་རྗེས་མཐུན་པ་ལ་དུར་ཁྲོད་སོགས་དབེན་པའི་གནས་སུ་ཕྱག་བདར་དང་རྒྱན་གྱིས་བཀོད་ལེགས་པར་བྱ་ཞིང་། ལས་རྒྱ་ལ་བརྟེན་པའི་ཚོགས་འཁོར་མཚན་ཉིད་པ་ལ་ནི། སྒྱུ་འཕྲུལ་ལམ་རིམ་དུ། བསྐོར་ཁང་ཕྱི་ནང་བར་ལྡན་པ། །ཞེས་པ་ལྟར་གནས་དེར་ཚོགས་ཁང་རིམ་པ་གསུམ་པ་རྩིག་པ་སོགས་བྱའོ། །གསུམ་པ་གང་གི་ཚེ་འཚོག་ན་དགྱེས་རྡོར་ལས། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །ཅེས་པས་མར་ངོའི་བཅུ་བཞི་སྟེ་ཉི་ཤུ་དགུ་དང་། བརྒྱད་དེ་ཉི་ཤུ་གསུམ་ཡིན་ལ། གཞན་དུ་རྒྱས་པ་

p. 365

ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཞེས་པས་ཡར་ངོའི་བརྒྱད་ཀྱང་རུང་ཞིང་། ཁྱད་པར་ངོ་གཉིས་ཀྱི་ཚེས་ཀྱི་ཚེས་བཅུ་དང་། མཚན་མོའི་དུས་ཁོ་ནར་བྱ་བ་ཤིས་མོད། འོན་ཀྱང་སྤྲོས་བཅས་ཟླ་ཞག་སྦྲེལ་ནས་བྱེད་པ་ལ་ནི་མ་ངེས་སོ། །བཞི་པ་གང་འཚོག་པའི་དབྱེ་བ་ནི། སྐལ་ལྡན་འདུས་པ་མིའི་ཚོགས་དང་། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་དང་། དགྱེས་ལྡན་ལྷའི་ཚོགས་དང་། དེ་གསུམ་འདུས་ཏེ་སྤྱད་པས་ཐོབ་པ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཏེ། སྒྱུ་དྲྭའི་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། ༈ །ལྔ་པ་ཇི་ལྟར་བྱ་བའི་རིམ་པ་ལ་དྲུག་སྟེ། རྟེན་དང་ཡོ་བྱད་བཤམ་པ། རྣལ་འབྱོར་པ་རྣམས་ཚོགས་ནས་འཁོད་པ། རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ། ལྷའི་རྣལ་འབྱོར་སྒོམ་པ། ཚོགས་ཀྱི་ཆོ་ག་དངོས། རྗེས་ཀྱི་ཆོ་གའོ། །དང་པོ་ནི། གཙང་མའི་སྟེགས་བུར་ཞེས་སོགས་རྐང་པ་དྲུག་གསུངས་ཏེ། གནས་དུས་དགེ་བར་གཙང་མའི་སྟེགས་བུའི་སྟེང་དུ་རྡུལ་ཚོན་ནམ་རས་བྲིས་ཀྱི་ལྷའི་དཀྱིལ་འཁོར་བཤམ་པའམ། མ་འབྱོར་ན་བ་བྱུང་གི་མཎྜལ་ཚོམ་བུ་བཀོད་པའི་དྲུང་དུ་འདས་མ་འདས་གཏོར་མ་ཕྱི་ནང་གི་མཆོད་པ་དང་། བཟའ་བཏུང་གི་དམ་རྫས་སྐྱེ་བ་བདུན་པའི་ཤའམ། གཡུལ་དུ་མཚོན་གྱིས་བསད་པའི་ཤ་སོགས་ཤ་ལྔ་དང་བདུད་རྩི་ལྔ། འབྲས་བུ། འབྲུ་ཤིང་། མེ་ཏོག་རྣམས་ལས་བྱུང་བའི་ཆང་སྟེ་ཆང་སྣ་བཞི་སོགས་སྐྱོན་མེད་པའི་བཟའ་བཏུང་ཅི་འབྱོར་པ་བསགས་ལ། སྟག་ལྤགས་ཀྱི་སྟེང་དུ་བཤམ་ཞིང་ནང་མཆོད་ལ་སོགས་པའི་ཡོ་བྱད་རྣམས་ཀྱང་འཚོག་པར་བྱའོ། །གཉིས་པ་ནི། དམ་ཚིག་དང་ལྡན་པ་འདུ་བར་འོས་པའི་རྣལ་འབྱོར་པ་ཐབས་ཤེས་ཟུང་དུ་འབྲེལ་བ་སྟེ། འདུས་པ་ཆུང་ངུ་ལ་གཙོ་བོ་ཡབ་ཡུམ་ཙམ་དང་། འབྲིང་ལ་ལྷ་གྲངས། ཆེན་པོ་ལ་དེ་ཡན་ཆད་མང་དུ་ཚོགས་པ་ཡིན་ལ། གཞན་དུ་རྣལ་འབྱོར་ཕོ་མོ་གང་རུང་མང་དུ་

p. 366

འདུས་ཀྱང་ཐབས་ཤེས་མ་འབྲེལ་ན་དཔའ་བོ་དང་དཔའ་མོའི་སྟོན་མོར་གྲགས་ཤིང་། དེང་སང་གི་སྔགས་པ་རྣམས་ཀྱི་ལག་ལེན་ལྟར་མོས་སློབ་ཀྱི་ཚོགས་འཁོར་རྗེས་མཐུན་པ་ལ་ནི་ཡེ་རྒྱ་ལ་བརྟེན་པའི་ཐབས་ཤེས་གྲངས་མཉམ་པ་ཙམ་ལ་བསག་གོ །གང་ལྟར་ཡང་དེ་དག་ཚོགས་ཁང་དུ་འཇུག་པའི་ཚེ་སྒོ་དྲུང་དུ་ལས་རྡོར་གྱིས། དམ་ཚིག་གཅིག་པ་ཉིད་ལས་འོངས་སམ། ཞེས་པའི་བརྡར་སོར་མོ་གཅིག་སྒྲེང་བའི་ལན་དུ། ཐབས་ཤེས་རྟོགས་པས་འོངས་ཞེས་གཉིས་བསྒྲེངས་ཏེ། བརྡ་ཤེས་ན་ནང་དུ་བཅུག་པ་ལ། ལས་རྡོར་གྱིས། རིགས་གང་ཡིན་འདྲི་བའི་བརྡ། རྡོ་རྗེ་རྩེ་གསུམ་པའི་རྒྱ་གདེངས་པའི་ལན་དུ། མེ་ཏོག་གང་ལ་འཕོག་པའི་རིགས་ཀྱི་རྒྱ་བསྟན་ནས་སློབ་དཔོན་ལ་ཕྱག་བྱས་ཏེ། དབང་ཕྱུག་དབུས་སུ་ཁྲི་ལ་བཀོད༔ ཕོ་རྣམས་གཡས་དང་མོ་རྣམས་གཡོན༔ རྣལ་འབྱོར་རིམ་པས་འདུག་པར་བྱ༔ ཞེས་པ་ལྟར་རྣལ་འབྱོར་ཕོ་མོ་རྣམས་སློབ་དཔོན་གྱི་ཁྲིའི་གཡས་གཡོན་དུ་སོ་སོར་བསླབ་པ་རྒན་རིམ་གྱིས་སྟག་ལྤགས་ཀྱི་གདན་སོགས་ལ་འདུག་པར་བྱའོ། །གསུམ་པ་ནི་སློབ་མས་ཕྱག་བྱས་ཞེས་སོགས་ཏེ་ལས་རྡོར་གྱིས་ཚོགས་པ་རྣམས་མེ་ཏོག་བཀྲམ་བསྡུ་བྱས་ཏེ། ཕྱག་བཙལ་ནས་མཎྜལ་ཕུལ་ལ། ཟུང་འཇུག་ལས་མི་འདའ་བའི་དམ་ཚིག་ཏིང་འཛིན་ལ་གནས་པར་གསོལ་བ་གདབ་པའོ། །བཞི་པ་ནི། དེ་ནས་རྣལ་འབྱོར་ཐམས་ཅད་ཀྱིས་ཞེས་སོགས་ཏེ་ཚོགས་པ་ཐམས་ཅད་ཀྱིས་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ལས་ཀྱི་གཞུང་བསྲང་ཞིང་། ཁྱད་པར་ལྷ་བསྐྱེད་པའི་ཚེ། བླ་མ་ཡབ་ཡུམ་གྱིས་གཙོ་བོ་ཡབ་ཡུམ་དུ་བསྒོམས་ཏེ། སློབ་མ་རྣམས་སྐུ་ལ་བཅུག་པར་ཧ་ལ་སོགས་པའི་ས་བོན་གྱི་རྣམ་པར་མངལ་འབྱིན་བྱས་པར་མོས་པའི་སྒོ་ནས་རྣལ་འབྱོར་ཕོ་མོ་དང་ལྷ་ཡབ་ཡུམ་བྲང་སྤྲད་དེ་སོ་སོར་སྒོམ་པའམ། ཡང་ན་རྣལ་འབྱོར་པ་སྤྱིས་དཀྱུས་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་སྒོམ་པ་གང་མོས་སུ་བྱ་ཞིང་། དེ་ཡང་བྲང་སྤྲད་དེ་སྒོམ་པའི་ཚེ་རྣལ་འབྱོར་པ་ལྷ་གྲངས་ལས་མང་ན། འཁོར་རྣམས་ཚོ་སོ་སོར་བཅད་དེ་ཚན་པ་རེ་རེས་རྡོ་རྗེ་མཁའ་འགྲོར་སྒོམ་པ་སོགས་བྱའོ། །དེ་ནས་བསྟོད་པ་སོང་བའི་རྗེས་སུ། ཐབས་ཤེས་རིགས་ཀྱི་ང་རྒྱལ་གྱིས༔ རྗེས་སུ་

p. 367

ཆགས་པའི་བཟླས་པ་བྱ༔ བདེ་ཆེན་བསྐྱེད་ཅིང་སྟོང་པར་བསྲེ༔ ཞེས་པས་ལྷ་དང་རྣལ་འབྱོར་པ་སོ་སོར་བྲང་སྤྲད་དེ་སྒོམ་པ་ཡིན་ན་འདིར་ལྷ་སོ་སོར་ང་རྒྱལ་འཕོ་བའམ། སྤྱིར་སྒོམ་པ་ཡིན་ན་ནི་ལྷ་ཚོགས་ཐམས་ཅད་རང་རང་གི་ཐབས་ཤེས་ཀྱི་ང་རྒྱལ་ལ་གནས་པས་རྗེས་སུ་ཆགས་པའི་དབང་གིས་བདེ་བ་ཆེན་པོ་བསྐྱེད་དེ། བདེ་བ་དེ་ཉིད་སྟོང་པར་བསྲེ་ཞིང་བཟླས་པ་བྱ་བ་ཡིན་ལ། མོས་སློབ་ཀྱི་ཚེ་ན་ལས་བྱང་ལྟར་བདེ་ཆེན་གྱི་བཟླས་པ་བྱ་བའོ། །ལྔ་པ་ཚོགས་མཆོད་དངོས་ལ་གསུམ་ལས། དང་པོ་བྱིན་གྱིས་བརླབ་པ་ནི། ལིངྒ་ཟུར་དུ་བཅས་པ་མེད་ན་ཚོགས་ཐ་མའི་ཟན་བཅད་པ་གུད་དུ་བཞག་ལ། ལས་ཀྱི་རྡོ་རྗེས་གཡོན་པའི་མཐེབ་སྲིན་གྱིས་ཚོགས་རྫས་རྣམས་ལ་ནང་མཆོད་གཏོར་ཏེ། ཕྱག་བྱས་ནས་བྱིན་གྱིས་རློབ་པར་བསྐུལ་ཞིང་། ཚོགས་པ་ཐམས་ཅད་ཀྱིས་ཐུན་མོང་དུ། རང་གི་ཐུགས་ཀ་ནས་སྤྲོས་པའི་རྃ་ཡྃ་ཁྃ་གིས་རྫས་ཀྱི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ། སྣོད་ཀ་པཱ་ལར་བཅུད་དམ་རྫས་བཅུར་མོས་པ་སྦྱངས་རྟོག་སྦར་བའི་དམིགས་གནད་བདུད་རྩི་བྱིན་རླབས་ལྟར་གསལ་བཏབ་ལ། ཧཱུྃ༔ བདག་ཉིད་ཐུགས་ལས་ཞེས་སོགས་ཀྱིས་བྱིན་གྱིས་བརླབ་བོ། །གཉིས་པ་ཚོགས་ཞིང་སྤྱན་དྲངས་པ་ནི། སྙིང་གའི་འོད་ཀྱིས་རང་བཞིན་དག་པའི་ཞིང་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོའི་སྤྲིན་ཕུང་ཐིབས་པ་ནམ་མཁའ་འགེངས་པ་ཙམ་དུ་སྒྱུ་འཕྲུལ་གྱི་རོལ་མོར་སད་པར་བསམས་ལ། བདུད་རྩི་ལྔའི་སྤོས་སྲེག་ཅིང་། ཅང་ཏེའུ་ལ་སོགས་པ་རོལ་མོའི་སྒྲ་དང་སྦྱར་ཏེ། ཧཱུྃ༔ རང་བཞིན་རྣམ་དག་ཅེས་སོགས་ཀྱི་མཐར། བླ་མ་ལྷ་དང་མཁའ་འགྲོ་ཐམས་ཅད་དམ་བཅས་པ་ལྟར་སྤྱོན་ཅིག འདིར་རོལ་པས་འདུས་ཤིག་པའི་སྔགས་དོན་གྱིས་སྤྱན་དྲངས་པའོ། །གསུམ་པ་མཆོད་སྦྱིན་བྱ་བ་ལ་གཉིས་ཏེ། ཚོགས་ཀྱི་མཆོད་པ་དང་། ལྷག་མ་སྦྱིན་པའོ། །དང་པོ་ལ། ཕྱི། ནང་། གསང་བ། མཆོག་གི་མཆོད་པ་དང་བཞི་ལས། དང་པོ་ཕྱི་ལྟར་ཚོགས་ཞིང་རྣམས་ལ་དབུལ་བ་ནི། ཧེ་རུ་ཀ་ཀལྤོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། །ཅེས་པས་མཆོད་བཤགས་སྟོབ་པ་གསུམ་སྟེ། ཕུད་

p. 368

ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། དམ་ཚིག་གི་རྫས་རྣམས་ལས་འདོད་ཡོན་གྱི་སྤྲིན་ནམ་མཁའ་གང་བར་སྤེལ་ཏེ་ཕུལ་བས་དགྱེས་པར་བསམས་ལ། ཧོ༔ སངས་རྒྱས་དམ་ཚིག་ཅེས་སོགས་ཀྱི་མཐར་ཚོགས་ཀྱི་འཁོརལོའི་མཆོད་པ་བཞེས་ཤིག་པའི་སྔགས་དོན་གྱིས་དབུལ་ལོ། །བར་པ་བཤགས་པ་ནི། ཆ་གཉིས་པ་བདུད་རྩི་ལྔར་དམིགས་ཏེ་ཕུལ་བས་ཐུགས་དམ་བསྐངས་ནས་འཁོན་བཅུགས་སོགས་ཉེས་བྱས་ཐམས་ཅད་དག་པར་བསམས་ལ། ཐོག་མེད་དུས་ནས་སོགས་ཀྱི་མཐར་ཡིག་བརྒྱ་བཟླས་པས་བཤགས་སོ། །ཐ་མ་བསྒྲལ་སྟོབ་ནི། ལིངྒའམ་སྔར་གུད་དུ་བཞག་པའི་ཚོགས་ཟན་བཅས་ལ། བདག་ཉིད་རྟ་མགྲིན་དུ་ང་རྒྱལ་འཕོས་པའི་ཐུགས་ཀ་ནས་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་བསྒྲལ་བྱ་རྣམས་དབང་མེད་དུ་བཀུག་ནས་མཚན་མའི་རྟེན་ལ་བསྟིམ་ཞིང་། སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ་བས་ཉམ་ཐག་པའི་ཚུལ་དུ་གནས་པར་བསམ་སྟེ། ཧཱུྃ༔ རྟ་མཆོག་ཐུགས་ལས་སོགས་ཀྱིས་གསལ་གདབ། དེ་ནས་རང་གི་ལག་སོར་རིགས་ལྔ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་ཕུར་བུ་སྲས་མཆོག་པདྨ་ཀཱི་ལ་ཡར་བསྐྱེད་དེ། གསལ་བ་གསུམ་གྱི་ང་རྒྱལ་བརྟན་པོས་ལིངྒའི་སྙིང་གར་བཏབ་ལ། ཁོའ་ཚེ་དཔལ་བཀྲག་དང་གཟི་མདངས་ཐམས་ཅད་ཨའི་རྣམ་པར་བསྡུས་ནས་རང་ལ་བསྟིམས་པས་བདག་གི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་པར་བསམ་པ་ཚེ་ལུང་དང་། ཀུན་གཞི་ནྲྀའི་རྣམ་པར་གནས་པ་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཁོང་བསེང་བརྒྱུད་ཕཊ་ཀྱིས་འཕངས་པས་གློ་བུར་གྱི་དྲི་མ་རྣམས་སྦྱངས་ནས་རྣམ་ཤེས་དྭངས་མའི་ཐིག་ལེ་ཧྲཱིཿའི་གཟུགས་ཀྱིས་འོག་མིན་དུ་འཕངས་ལ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་པ་ནི་ཁྲུས་ལུང་སྟེ། དེས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམས་ལ། ཧཱུྃ། ཁྲག་འཐུང་ཁྲོས་པ་ཞེས་སོགས་ཀྱི་མཐར། རབ་སྔགས་པདྨ་ཁྲོ་བོས་གདུག་པ་ཅན་ཐམས་ཅད་ལ་རྡོ་རྗེ་ཕུར་བུས་ཐོབ་ཅིག དགྲ་ཐམས་ཅད་བསད་པར་གྱིས་ཤིག ཅེས་པའི་སྔགས་དོན་གྱི་ཕུར་བུ་གདབ་ཅིང་། རྣམ་སྣང་སྒྱུ་དྲ་ལས། མཁས་པས་རྐང་པ་ནས་བརྩམས་ཏེ། །མཚོན་ཆ་རྣོན་པོས་བཅད་ནས་ནི། །ཞེས་དང་། རྔམ་གློག་ལས།

p. 369

ཕོ་ནི་རྐང་པ་གཡས་ནས་གཏུབ། །མོ་ནི་རྐང་པ་གཡོན་ནས་གཏུབ། །ཅེས་པ་ལྟར་གཟས་པོའི་སྙིགས་མའི་ལུས་དུམ་བུར་གཏུབས་ཤིང་གཙབས་ནས་སྟོབ་པས་ལྷ་ཚོགས་ཐམས་ཅད་ཀྱིས་ལྷག་མེད་དུ་གསོལ་བར་བསམ་སྟེ། ཧཱུྃ། ཉོན་མོངས་བདག་ལྟའི་སོགས་ཀྱི་མཐར། ཤ་ཁྲག་རུས་ཆེན་རྣམས་གསང་བའི་དམ་ཚིག་ཏུ་སྟོབ་པས་གསོལ་ཅིག ཅེས་པའི་སྔགས་དོན་གྱིས་དབུལ་ཞིང་། རྟ་མགྲིན་ཉིད་སླར་རང་རང་གི་ལྷའམ། སྤྱིར་ན་དཀྱིལ་འཁོར་གྱི་གཙོ་བོར་ང་རྒྱལ་འཕོ་བའོ། །འདིར་སྨིན་སློབ་ཀྱི་ཚོགས་འཁོར་སྤྲོས་བཅས་དང་འབྲེལ་ན་ནི། ནུབ་ཐ་མའི་ནམ་གུང་གི་དུས་སུ་ཏ་ནའི་མཛད་སྤྱོད་རྨད་དུ་བྱུང་བ་ལ་སྦྱོར་ཏེ། དེ་ལ་སྒྲོལ་བྱེད་ཀྱི་སློབ་དཔོན་ཡང་རང་བཞིན་གྱིས་སྒྲོལ་བའི་ལྟ་བ། ཏིང་ངེ་འཛིན་སྒྲོལ་བའི་ཉམས། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ། ཐབས་ཆེན་པོས་སྒྲོལ་བའི་སྔོན་བྱུང་གི་རྗེས་སུ་འཇུག་པའི་གདམས་ངག མངོན་དུ་བྱུང་བས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པ་དང་། བསྒྲལ་བྱ་འཛིན་པ། སྒྲོལ་བ། སྟོབ་པ་ལ་མཁས་པའི་ཀིངྐ་ར་གསུམ་མོ། །གང་ལྟར་ཡང་བསྒྲལ་བྱའི་ཞིང་ནི། རྟོགས་པས་བསྒྲལ་བྱ་གཉིས་འཛིན་གྱི་ཞེན་རྟོག་དང་། སྙིང་རྗེས་བསྒྲལ་བྱ་ཞིང་བཅུའོ། །གཉིས་པ་ནང་ལྟར་རྣལ་འབྱོར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་མཆོད་པ་ནི། ལས་ཀྱི་རྡོ་རྗེ་སློབ་དཔོན་ལ་ཕྱག་བྱས་ནས། ཐོད་པ་དུམ་བུ་གཅིག་པའམ། གསུམ་པ་མ་ད་ནས་བཀང་བ་དང་། དེའི་རྗེས་སུ་གྲོགས་གཞན་དག་གིས་མཾ་ས་ལ་སོགས་པའི་རྫས་རྣམས་ཐོགས་ཏེ། པདྨའི་ཕྱག་རྒྱ་སྔོན་དུ་འགྲོ་བས་གཡས་པའི་རྩེ་གསུམ་གྱི་རྒྱ་སྟོན་ཅིང་། ཧོ༔ དྲིས་ཤིང་བརྟགས་ན་སོགས་ཀྱི་མཐར། ཨེ་མའོ། བདེ་བ་ཆེན་པོ་ཞེས་པའི་སྔགས་དོན་གྱིས་དབུལ། བརྡའ་ལེན་པ་པོས་ཀྱང་པད་སྐོར་དང་རྩེ་གསུམ་གྱི་རྒྱས། རིན་ཐང་མེད་ཆོས་སོགས་ཀྱིས་བླང་ཞིང་། ཚུལ་དེ་ལྟ་བུས་འདུས་པ་གཞན་རྣམས་ལའང་། ལས་ཀྱི་རྡོ་རྗེས། རྡོ་རྗེའི་སྤུན་རྒན་གཞོན་གྱི་ཁྱད་པར་གྱིས་ཕྱག་འཚལ་ལེན་བྱས་ཏེ་བྲིམ་ཞིང་བླང་ངོ་། །དེ་ནས་ཚོགས་གྲལ་དུ་རྩོད་པ་དང་། ཀུ་ཅོ་དང་། ཐ་མལ་གྱི་སྣང་བའི་བདེན་ཞེན་སོགས་སྤངས་ཏེ། ཚིམ་པ་དང་། དགའ་བ་དང་། འཛིན་ཞེན་མེད་པའི་སྒོ་ནས་བདུད་རྩིའི་མཆོད་རྫས་

p. 370

ལྟེ་བའི་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་ནང་གི་ལྷ་ཚོགས་ཐམས་ཅད་མཆོད་པར་བསམ་པ་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད་དོ། །གསུམ་པ་གསང་བ་ལྟར་རྩ་ཁམས་ཀྱི་ལྷ་མཆོད་པ་ནི། དེ་ནས་རྣལ་འབྱོར་པ་རྣམས་ལས་རྒྱ་དང་ཡེ་རྒྱ་གང་རུང་ལ་བརྟེན་ཏེ་འཁྲིག་པའི་ཀུན་སྤྱོད་ཀྱིས་སྙོམས་པར་ཞུགས་པས་སྔར་གྱི་ཚོགས་ཞིང་གི་ལྷ་རྣམས་ཀྱང་འདོད་ཆགས་ཆེན་པོས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཞུ་ནས་རང་ལ་རོ་གཅིག་ཏུ་ཐིམ་ཞིང་། རེག་པའི་བདེ་བ་སྲ་བ་ས་དང་། གཤེར་བ་ཆུ་སོགས་ལུགས་ལྡོག་གི་འབྱུང་ལྔའི་རིམ་པས་རིན་ཆེན་མཁའ་འགྲོ་ལ་སོགས་པ་རིགས་ལྔའི་བདེ་བ་བསྐྱེད་ཅིང་། ལུགས་འབྱུང་གི་དགའ་བཞི་མྱོང་བའི་མཐར་རླུང་སྦྱར་གྱིས་ཁམས་འཛག་མེད་དུ་བཟུང་བ་ལྡོག་ཁྱབ་བསྲ་བའི་སྦྱོར་བས་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའི་མཚོན་རིམ་གྱི་དཔེས། དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོ་མཉམ་པ་ལ་ཡང་དག་པར་སྦྱར་བས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་གསང་བའི་སྲེག་བླུགས་ཀྱིས་མཉེས་པར་བསམ་མོ། །བཞི་པ་ཡང་གསང་མཆོག་གི་མཆོད་པ་ནི། དེ་ནས་ཡུལ་སྟོང་པ་ཉིད་དང་། ཡུལ་ཅན་རང་རིག་ཟུང་དུ་འཇུག་པས་འཁོར་འདས་གདོད་ནས་དཀྱིལ་འཁོར་དུ་གྲུབ་པ་ཉིད་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བསམ་ཞིང་། རྡོ་རྗེ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེའི་གནང་བ་ཐོབ་ན་རྡོ་རྗེའི་གླུ་དང་གར་ལ་སོགས་པའང་བྱའོ། །དེ་ལྟར་བྱས་པས་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་འདུ་བར་འགྱུར་ཞིང་དེའི་རྟགས་ནི་དྲི་དང་སྒྲའི་རྣམ་པར་འབྱུང་བར་འགྱུར་ཏེ། སྒོག་པའི་དྲི་དང་ཅེ་སྤྱང་གི་སྒྲ་ནི་ཤ་ཟ་མཁའ་འགྲོ། བྱ་རྒོད་ཀྱི་དྲི་དང་ངང་པའི་སྒྲ་ནི་ལས་དང་རིགས་པ་ལྔའི་མཁའ་འགྲོ་ཕལ་པ། ཙན་དན་ནམ་ག་བུར་གྱི་དྲི་དང་བུང་བའི་སྒྲ་ལྟར་སྙན་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མཆོག་འདུས་པའི་རྟགས་ཏེ། དགྱེས་རྡོར་ལས། དེ་ལ་དྲི་ཡིས་མཚོན་པར་བྱ། །སྒོག་པའི་དྲི་ནི་དང་པོ་ཉིད། །ཅེས་སོགས་གསུངས་སོ། །གཉིས་པ་ལྷག་མ་སྦྱིན་པ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ། ལས་

p. 371

ཀྱི་རྡོ་རྗེས་ཕྱག་བྱས་ནས་བྱིན་གྱིས་རློབ་པར་བསྐུལ། སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་ཀྱི་བདུད་རྩི་བབ་པར་བསམས་ལ། མཁའ་དབྱིངས་ཀྱི་རྒྱས་ཁ་བཀབ་ནས། ༀ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ཛ་གད་ཀྱི་ཁ་ཕྲུ་བཏབ་པས་བདུད་རྩིར་སྤེལ་བ་དཀྱིལ་འཁོར་གྱི་བྱང་ཤར་རམ་ཤར་ལྷོར་ཡང་རུང་སྟེ། ཞིང་ལྤགས་ལ་དྲི་དང་རཀྟས་ཆོས་འབྱུང་ཟླ་གམ་གསུམ་དང་བཅས་པ་བྲིས་པའི་སྟེང་དུ་བཀོད་ཅིང་མར་མེ་བཙུགས་ལ་འབར་བའི་རྒྱ་དང་ཕེཾ་གྱི་སྒྲས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྲིན་གཏིབས་པ་བཞིན་དུ་བྱོན་པར་བསམས་ལ། ཧཱུྃ༔ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ནས༔ ཞེས་སོགས་ཀྱི་མཐར། རབ་སྔགས་ལྷག་མའི་གཏོར་མ་ཟོ་ཞིག་པའི་སྔགས་དོན་གྱིས་མཆོད་དེ། སྒྲུབ་ཁང་ནས་གོམ་པ་བདུན་ཅུ་བོར་བ་ནི་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ལོ། །དེ་ཡང་ལྷག་གཏོར་གྱི་མགྲོན་ནི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས། གིང་ཆེན་བཅོ་བརྒྱད། ལངྐ་ཚར་གསུམ་དང་། གཞན་ཡང་མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད། ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས་ཕྲ་མེན་དང་། ཤུགས་འགྲོ་དང་། གནོད་སྦྱིན་གྱི་རིགས་ཅན་ལྷག་གཏོར་གྱི་དམ་ཚིག་ལ་གཏོགས་པ་མཐའ་ཡས་པ་རྣམས་ཏེ། ཇི་སྐད་དུ། ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་སྒྲོན་ལ་གསོལ། །ཞེས་པ་ལྟར་རོ། ༈ །དྲུག་པ་རྗེས་ཀྱི་བྱ་བ་ལ་བདུན་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། རྐང་གླིང་དང་ཅང་ཏེའུ་ཀུ་ཤའི་གླུ་དང་སྦྱར་ཏེ། ཧཱུྃ། བདེ་ཆེན་དབྱིངས་ཀྱི་ཞེས་སོགས་ཤོ་ལོ་ཀ་ལྔ་ལས། དང་པོས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་འགྲོ་བའི་དོན་ལ་བཞེངས་པར་བསྐུལ་བ་དང་། དེ་ནས་གསུམ་གྱིས་རིམ་པར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གནད་ནས་བསྐུལ་བ་སྟེ། གང་གི་ཕྱིར་བསྐུལ་ཞེ་ན། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་རིམ་པ་ཇི་ལྟ་བར་བདེ་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་སྒྲོལ་བར་མཛད་དེ། སེམས་ཅན་རྣམས་ཀྱི་ཆགས་སྡང་རྨོངས་གསུམ་འཇོམས་པར་མཛོད་ཅིག་པ་དང་། བཞི་པས་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རང་གནས་ཀྱི་གཞི་དང་རྗེས་སུ་མཐུན་པའི་ལམ་མངོན་

p. 372

སུམ་དུ་ཤར་བས་འབྲས་བུ་གཞི་ཐོག་ཏུ་རྫོགས་པར་མཛོད་ཅིག་པའོ། ༈ །གཉིས་པ་ཆད་ཐོ་བསྒྲག་པ་ནི། སྲུང་མའི་གཏོར་མ་རྣམས་ཕབ་པ་རྡོ་རྗེའི་འགྲོས་ཀྱིས་ཕྱི་ནུར་དུ་བཞག་སྟེ། སྨན་རཀ་སྦྲན་ཞིང་། འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ། སྒྲུབ་པའི་རིག་འཛིན་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་གཏོར་མ་བསྔོས་ཏེ་ལས་བཅོལ་བ། སློབ་དཔོན་པདྨ་སོགས་ཀྱིས་ཐ་ཚིག་གཉན་པོ་བསྒྲགས་ཏེ་ལས་བཅོལ་བ། ཨོ་རྒྱན་རྗེས་འཇུག་སོགས་ཀྱིས་ལས་བྱེ་བྲག་པ་བཅོལ་བ་སྟེ། མཐར་སྡེ་བརྒྱད་ཀྱི་སྲོག་ཡིག་བྱེ་བྲག་པ་བརྒྱད་དང་། སྤྱིའི་སྲོག་ཏྲི་ལ་གཏོར་མ་ཆེན་པོ་ཟོ་ཞིག་ཅེས་བཏགས་པའི་སྔགས་ཀྱིས་བསྔོ་བའོ། །གསུམ་པ་བཟློག་པའི་འཕྱོང་སྦྲེལ་ཏེ་ཟོར་འཕང་བ་ནི། སྲུང་མའི་གཏོར་མ་དེ་དག་ཡེ་ཤེས་རོལ་པའི་གཏོར་ཟོར་དུ་བསྒྱུར་ཏེ། འཁོར་འདས་གཉིས་མེད་དུ་རྟོགས་པའི་བརྟུལ་ཞུགས་ཀྱིས། བདག་ལྟའི་མཚན་ཉིད་ཅན་གྱི་གཉིས་འཛིན་གྱི་སྟེང་དུ་འཕང་བ་སྟེ། དེས་ཅི་ཞིག་བྱ་ཞེ་ན། མ་དག་པའི་སྣོད་བཅུད་འདི་དག་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་དང་། སྡུག་བསྔལ་བདེ་ཆེན། འཁོར་བ་མྱང་འདས། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ཟློག་པར་བྱེད་ཅིང་། འཁོར་འདས་ཀྱི་ཆོས་དེ་ཐམས་ཅད་ཀྱང་དམིགས་མེད་ཀ་དག་གི་ཀློང་དུ་བཟློག་པར་བལྟས་ཏེ། ཧཱུྃ། སྣང་ཞིང་སྲིད་པས་ཞེས་སོགས་ཀྱིས་གཏོར་མ་ཟོར་དུ་འཕང་བའོ། །བཞི་པ་བཤལ་ཆུས་བསྟན་མ་བསྐྱང་བ་ནི། གཏོར་གཞོང་དེ་ཉིད་བཤལ་བའི་སྨན་ཕུད་ཀྱིས་བརྟན་གཏོར་ལ་བྲན་ཞིང་། འབྲུ་གསུམ་གྱིས་མི་ཟད་པའི་ལོངས་སྤྱོད་ཀྱི་གཏེར་དུ་སྤེལ་ཏེ། བྷྱོཿ པདྨ་དབང་གི་ཞེས་སོགས་ཀྱིས་བསྔོ་ཞིང་འཕྲིན་ལས་བཅོལ་ལ་གོམ་པ་བདུན་ཅུའི་ཕྱིར་འབུལ་བའོ། །འདིའི་མགྲོན་ཡང་། བདུད་དང་གནོད་སྦྱིན་དང་སྨན་གྱི་རིགས་ཀྱི་མ་མོ་བཞི་བཞི་སྟེ། བརྟན་ཞིང་ཆགས་པས་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་འཁོར་སྨན་ཕྲན་འབུམ་དང་བཅས་པའོ། །ལྔ་པ་རོལ་པའི་རྟ་བྲོས་གཟིར་མནན་བྱ་བ་ནི། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམིགས་བྱ་མནན་ཞིང་། རྡོ་རྗེའི་རྒྱས་གདབ་པའི་ཁར་བྲོའི་ལས་བྱ་སྟེ། མཆེད་ཐམས་ཅད་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་ལས་དང་མཐུན་པའི་བྲོ་ར་བཅའ་བའམ།

p. 373

དེར་མོས་པས་སྣོད་བཅུད་ཐམས་ཅད་རྟ་མཆོག་ཧེ་རུ་ཀའི་སྐུར་བལྟས་ཏེ། བྲོ་བརྡུངས་པས་ལས་གང་ཡིན་གྲུབ་ཅིང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བདེ་བ་ཆེན་པོའི་རོལ་མོར་འཆར་བའི་དམ་ཚིག་གིས་དམིགས་པ་མེད་པའི་དབྱིངས་སུ་ཐིམ་པར་བསམ་སྟེ། ཧཱུྃ། རྟ་ཡི་བརྟུལ་ཞུགས་སོགས་ཀྱི་མཐར། སྐུ་གསུང་ཐུགས་ཀྱི་ས་བོན་དང་། གཞི་དབང་ཆེན་གྱི་ས་བོན་ལཾ་ཡིག་གི་བར་དུ་གནོན་ཅིག་པའི་སྔགས་སྟེམས་ཏེ་གཟིར་ཞིང་མནན་ནོ། །དེའང་སྦྱིན་སྲེག་མནན་ཟོར་སོགས་ལས་གང་ཡིན་ཡང་རུང་སྟེ། ལས་ཟིན་རྗེས་བྲོས་མཐའ་བསྡུས་ན་ལས་བྱས་པ་གསོར་མི་རུང་བར་འགྱུར་རོ། །དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། ནང་དུ་ཞུགས་ལ་ཚེ་འགུགས་པ་ནས་བརྩམས་ཏེ་གཤེགས་བསྡུ་བྱ་བའི་བར་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །དེ་ལྟར་ཡང་། ཅེས་པས་བྲོ་བརྡུངས་ནང་དུ་འཇུག༔ ཚེ་དགུག་ནོངས་བཤགས་མཆོད་ཅིང་བསྟོད༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བསྡུ༔ ཞེས་སོ། །བདུན་པ་བསྔོ་སྨོན་བྱ་བ་ནི། སྦྱིན་བདག་གིས་ཡོན་དབུལ་ཞིང་། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ ཞེས་སོགས་ཀྱིས་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ན་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་སོ། །དེང་སང་སྤྱིར་གྲགས་པ་འཕྲིན་ལས་ཀྱི་ཁ་སྐོང་བའི་ཚོགས་མཆོད་ཙམ་གྱི་ལག་ལེན་ནི། ཚོགས་པའི་གྲངས་དུས་གནས་སོགས་མཐའ་གཅིག་ཏུ་མ་ངེས་ཤིང་། འདུ་བའི་ཚེ་ནའང་བརྡ་ལན་དང་། འདུས་ནས་མཎྜལ་འབུལ་ཞིང་། ཏིང་ངེ་འཛིན་ལ་བསྐུལ་བ་རྣམས་མི་དགོས་ལ། ལས་བྱང་གི་བཟླས་པའི་བར་དཀྱུས་ལྟར་གཞུང་བསྲངས་རྗེས། ཚོགས་ཀྱི་ཆོ་ག་ལ་འཇུག་པ་སྟེ། དངོས་སུ་སྒྲུབ་པར་མི་ནུས་པའམ། ཡུལ་དུས་ཀྱིས་སྒྲུབ་པར་མི་རུང་བ་ཐམས་ཅད་མོས་པ་ཙམ་ལ་བརྟེན་པ་ཡིན་ནོ། །གཉིས་པ་ཐུན་མཚམས་ཀྱི་བྱ་བ་གཏོར་མའི་ཆོ་ག་ནི། སྤྱིར་གཏོར་མ་ལ། ཕྱི་གཏོར་དང་། ནང་གཏོར་གཉིས། ཕྱི་གཏོར་ལའང་། གཞུང་དུ་སྒྲུབ་གཏོར་དང་འཕྲལ་གཏོར་

p. 374

གཉིས་གསུངས་པའི་སྒྲུབ་གཏོར་ནི། སྔར་སྒྲུབ་རྫས་བཤམ་པའི་སྐབས་དང་འབྲེལ་བ་སྟེ། སྣོད་ཀ་པཱ་ལ་དུམ་བུ་བཞི་པར་བཅུད་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་ཁ་ཟས་བཟང་རྒུས་བཀང་བའི་ནང་དུ་འདོད་དོན་ཞུ་བའི་གསོལ་བྱང་བཅུག་སྟེ། འབྲུ་གསུམ་གྱིས་འདོད་ཡོན་མི་ཟད་པའི་ལོངས་སྤྱོད་ཀྱི་སྤྲིན་འཕྲོ་བའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ་གཏའ་མར་འཛིན་པའོ། །འདིར་ཐུན་མཚམས་ཀྱི་བྱ་བ་དང་འབྲེལ་བ་ནི་ཕྲལ་གཏོར་ཏེ། དུས་ནི་ཐུན་བཞི་ཀའི་མཐའམ། མ་འབྱོར་ཞིང་མ་ནུས་ན་སྲོད་ཐུན་གྱི་མཐར་ངེས་པར་བྱའོ། །རྫས་ནི་ཐོད་པ་མཚན་ལྡན་དུ་ཁ་ཟས་བཟང་རྒུ་ལས་ཏེ། དབྱིབས་ཀྱི་ངེས་པ་མ་བཤད་ཀྱང་ཡུལ་ལུགས་ཀྱི་སྤྱོད་པ་དང་མཐུན་པའི་འདས་མ་འདས་ཀྱི་གཏོར་མ་རྒྱན་ལྡན་བཤམས་ལ་ནང་དུ་ཆང་སོགས་བཏུང་བའང་བླུག་གོ །ཇི་ལྟར་འབུལ་བའི་ཆོ་ག་ནི། བདག་བསྐྱེད་མ་བསྡུས་ན་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་རྣམ་པར་ཐོན་ནས་ཕྱི་རོལ་གྱི་དུར་ཁྲོད་དུ་སོང་བར་བསམ་ཞིང་། ཐུན་བར་ལ་འབུལ་ན། ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་དུར་ཁྲོད་དུ་འགྲོ་བའམ་སོང་བར་མོས་ཏེ། ནང་མཆོད་ཀྱིས་བསངས་ནས། རླུང་མེའི་དཀྱིལ་འཁོར་དང་ཐོད་པའི་སྒྱེད་བུ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལར་བཅུད་བཟའ་བཏུང་སྣ་ཚོགས་ཀྱིས་ཁེངས་པའི་སྟེང་དུ་མས་རིམ་གྱིས་ༀ་ཨཱཿཧཱུྃ་གསུམ་མགོ་ཐུར་ལྟ་བརྩེགས་མར་གནས་པར་བསམ་སྟེ། རླུང་གཡོས་པས་མེ་སྦར། དེས་ཐོད་པ་དྲོས་པས་རྫས་རྣམས་དྭངས་མ་དཀར་དམར་གྱི་རྣམ་པར་ཞུ་ཞིང་ཁོལ་བའི་རླངས་པས་ཡི་གེ་གསུམ་བསྐུལ། དེ་ལས་འཕྲོས་པའི་འོད་ཀྱིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཐིམ་པ་རིམ་པར་ཞུ་ཞིང་དམ་ཚིག་གི་བདུད་རྩི་ལ་འདྲེས་པས་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམས་ལ་འབྲུ་གསུམ་བཟླས་པས་བྱིན་གྱིས་རློབ། དེ་ནས་ཕཻཾ་ཞེས་འབར་བའི་རྒྱས་དཀྱིལ་འཁོར་གྱི་འཁོར་ལོ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་དང་། སྲིད་གསུམ་འབྱུང་པོའི་ཚོགས་ཐམས་ཅད་ཀྱང་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་ལས་རྣམ་པ་ཐམས་ཅད་པའི་རིགས་ལྔའི་མཁའ་འགྲོར་མདུན་གྱི་ནམ་མཁར་

p. 375

སྤྲིན་གཏིབས་པ་བཞིན་སད་པར་བལྟ་ཞིང་། དེ་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་བུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཐུགས་རྗེ་ཆེན་པོ་གཙོ་འཁོར་གྱི་སྔགས་རྣམས་སྦྲེལ་བ་དང་། རིགས་དྲུག་གི་མཁའ་འགྲོའི་གཏོར་སྔགས་སོ་སོའི་ཤམ་བུར་གཏོར་མའི་འཕྱོང་སྔགས་བཏགས་པ་ལན་གསུམ་སོགས་ཇི་ལྟར་རིགས་པ་བརྗོད་ཅིང་རྡོར་ཐལ་ཕྱེ་བའི་རྒྱས་ཕུལ་ལ། རྐང་གླིང་དང་སྤྱུགས་གླུའི་སྒྲ་དང་བཅས་པས། ཧྲཱིཿབདེ་ཆེན་དབང་གི་ཞེས་པ་ལ་སོགས་པས་ཕྲིན་ལས་བཅོལ་ཞིང་གཏོར་རྫོངས་བྱ། བཟོད་པར་གསོལ་ནས་མགྲོན་རྣམས་གཤེགས་སུ་གསོལ་ཞིང་བཀྲ་ཤིས་དང་སྨོན་ལམ་བྱའོ། །ནང་གི་གཏོར་མ་ནི། སྣང་སྲིད་སྣོད་བཅུད་ཀྱི་རྫས་ཐམས་ཅད་རང་བཞིན་ལྷུན་གྲུབ་ཀྱི་གཏོར་རྫས་སུ་བྱིན་གྱིས་བརླབས་ཏེ། རིག་རྩལ་མ་འགགས་པའི་རོལ་མོ་འཁོར་འདས་ཐམས་ཅད་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་དག་པ་ལ་འཁོར་གསུམ་འཛིན་མེད་སྤྲོས་བྲལ་གྱིས་ཀློང་དུ་འབུལ་བའམ། ཡང་ན་ས་ཆུ་ལ་སོགས་པའི་དངོས་པོ་རྣམས་ཤ་ཁྲག་ལ་སོགས་པའི་དམ་རྫས་ཆེན་པོར་གཉིས་མེད་དུ་དག་པའི་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཕུལ་བས་དགྱེས་ནས་ལས་སྒྲུབ་པར་བསམ་པའོ། །གསུམ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་ནི། དམ་ཚིག་དང་ལྡན་པའི་སྔགས་པས། བཀྲ་ཤིས་པའི་གནས་སུ། དཀར་པོའི་ཕྱོགས་ཀྱི་ཚེས་དང་གཟའ་སྐར་སོགས་དུས་དགེ་བར་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་དགྲམ་ཞིང་། ལྷ་བུམ་དང་མཆོད་གཏོར་སོགས་བཤམ། བཀོད་ལེགས་པའི་སྟེགས་ལ་གནས་བྱའི་རྟེན་གསུམ་རྣམས་གོས་དམར་སེར་གྱི་ཞལ་ཁེབས་དང་ལྡན་པར་བཞུགས་སུ་གསོལ། དེའི་མདུན་དུ་སྟེགས་བུ་གྲུ་བཞི་པ་ངོས་རེ་ལ་ཁྲུ་རེ་སྟེ་མཐའ་སྐོར་ལ་ཁྲུ་བཞི་པ་ཀུན་ཏུ་མཉམ་པ་བ་བྱུང་ལྔས་ཆག་ཆག་བཏབ་པར་དཀྱིལ་འཁོར་པདྨ་འདབ་བཞི་མུ་ཁྱུད་དང་བཅས་པ་བྲིས། དེའི་སྟེང་དུ་རིན་པོ་ཆེའི་བུམ་པ་ཆས་སུ་བཅུག་པ་རྫས་སུམ་ཅུ་དང་ཆུ་གཙང་གིས་བཀང་བ་ལྔ་དབུས་དང་ཕྱོགས་བཞིར་བཤམ། སྦྱང་བཀྲུ་སྤྱན་དབྱེ་མངའ་དབུལ་སོགས་ཀྱི་ཡོ་བྱད་རྣམས་

p. 376

ཚོགས་པར་བྱས་ཏེ། དཀྱིལ་འཁོར་སྒྲུབ་མཆོད་བྱ་ཞིང་། སྤྲོ་ན་བདག་འཇུག་ཀྱང་བླང་། དེ་ནས་ཁྲུས་བུམ་ལྔར་རིགས་ལྔ་སོ་སོ་བསྐྱེད་བསྟིམ་མཆོད་ནས། གཟུངས་ཐག་གཏད་དེ་རིགས་ལྔའི་སྔགས་སོ་སོ་ལ་རྟེན་འབྲེལ་སྙིང་པོ་བཏགས་པ་བཟླས་ལ་བཞུ་བརྟུལ་བྱ་བ་སྟེ། ཀལྤོ་ལས། རིགས་ལྔ་སྤྱིའམ་སོ་སོ་རུ། །བསྐྱེད་ཅིང་སྤྱན་དྲངས་མཆོད་པ་དང་། །རིགས་ལྔའི་སྔགས་ལ་རྟེན་འབྲེལ་གདགས། །ཞག་གསུམ་རབ་ཏུ་བཟླས་པ་བྱ། །ཡང་ན་མ་འབྱོར་གཅིག་གིས་བསྒྲུབ། །ཅེས་པ་ལྟར་རོ། །དེ་ནས་སྦྱང་བ་ནི། རྟེན་གྱི་ཁེབས་བསལ་ཏེ། འབྲས་ཆན་དང་གཏོར་མ་མར་མེ་ཤ་ཆང་དྲི་རྣམས་ཀྱིས་རྟེན་ལ་བསྐོར་ཞིང་སྔོན་གཏོར་གྱི་སྔགས་ཀྱིས་ཚིམ་པར་བསྔོ། རྟའི་ང་རྒྱལ་གྱིས་བཀའ་བསྒོས་ལ། དྲགས་སྔགས་སྤོས་རོལ་ཐུན་བྲབ་ཀྱི་ཚམ་རྔམ་དང་བཅས་ཏེ། འཇིགས་པའི་མེ་མཚོན་གྱི་སྦྱོར་བས་རིང་དུ་བསྐྲད་ནས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བས་མི་ཕྱེད་པར་བཅིངས། ཧཱུྃ་ༀ་བཟླས་པས་ཡུངས་ཆུ་གཡོན་གཡས་སུ་བསྐོར་ཞིང་མེར་དོར་ནས་ཤིས་པ་བརྗོད་པས་བྱུར་སྦྱང་ངོ་། །དེ་ནས་ཁྲུས་ནི། རྟེན་རྣམས་ཁྲུས་སྟེགས་ལ་སྤྱན་དྲངས་ཏེ་དངོས་སམ་མེ་ལོང་གི་གཟུགས་བརྙན་ལའང་རུང་སྟེ། དེ་ལ་དག་བྱེད་ལ་སོགས་པའི་རྫས་ཀྱིས་བྱུག་པར་གསུངས་པ་ནི། གུར་གྱི་རྒྱུད་ལས། བ་ཡི་ལྔ་དང་འདག་འཆལ་ལྔ། །དྲི་ལྔ་རྣམ་པའི་ཁྱད་པར་གྱིས། །སྐུ་གཟུགས་ལ་ནི་བྱུག་པར་བྱ། །ཞེས་དང་། སྣུམ་གྱིས་ཀྱང་བསྐུ་ཞིང་། རྡོ་རྗེ་ལས་རིམ་ལས། ཙན་དན་དཀར་དམར་ཨུ་དུམ་འབར། །ནྱཱ་གྲོ་ཏ་དང་པརྦ་ཏ། །ཞེས་པའི་ཤིང་ཤུན་ལྔས་ཀྱང་ཕྱིས་ཏེ། བཀྲ་ཤིས་པའི་གླུ་དང་རོལ་མོར་བཅས་པས་བུམ་པ་དབུས་མས་ཐོག་མཐའ་དང་། ཕྱོགས་ཀྱི་བུམ་པས་བར་གྱི་བཞི་སྟེ། ཡེ་ཤེས་དྲུག་གིས་བཀྲུ་ཞིང་རས་ཀྱིས་འཕྱི་བ་རྣམས་བྱ་སྟེ། དེ་དག་ནི་སྦྱོར་བའོ། །དངོས་གཞི་ནི། རྟེན་རྣམས་ལ་དྲིས་བྱུགས་ནས་སྤྱི་ལྟར་སྙན་བསྣན་ཏེ། སྟོང་པའི་ངང་ལས་རྟེན་ངོ་ཤེས་པ་རྣམས་རང་རང་གི་གདན་ལ་ས་བོན་ནམ་རིགས་ཀྱི་རྟགས་ཕྱག་མཚན་ལས་ཆོ་ག་གསུམ་བསྐྱེད་དང་། ཕྱག་མཚན་མེད་པ་རྣམས་ས་བོན་ལས་བསྐྱེད། ལྷ་ངོ་མི་ཤེས་པ་རྣམས་དང་མཆོད་རྟེན་ལྷ་ཁང་ལ་སོགས་སྐུ་རྟེན་རྣམས་ༀ་ལས་རྣམ་སྣང་། གསུང་

p. 377

རྟེན་པོ་ཏི་རྣམས་ཨཾ་ལས་འོད་དཔག་མེད། རྡོར་དྲིལ་སོགས་ཕྱག་མཚན་རྣམས་ཧཱུྃ་ལས་མི་བསྐྱོད་པར་སྒོམ་མོ། །དེ་ནས་བདག་གི་ཐུགས་ཀའི་འོད་ཟེར་དང་། སྙོམས་འཇུག་གི་བདེ་བའི་སྒྲས་རབ་ཏུ་གནས་བྱའི་ལྷ་རྣམས་སྤྱན་དྲངས་ཏེ་ཞལ་ནས་བཅུག བྱང་ཆུབ་སེམས་ཀྱི་རྣམ་པར་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ལས་ལྷ་སོ་སོའི་རྣམ་པར་གྱུར་པ་ཡུམ་གྱི་པདྨ་ནས་སྤྲོས་ཏེ། ཕྱི་རོལ་གྱི་ལྷ་སོ་སོའི་གཟུགས་དང་གཉིས་སུ་མེད་པར་བསམ། དེ་ནས་གནས་གསུམ་བྱིན་གྱིས་བརླབས་ཏེ། སྙིང་གའི་འོད་དང་རྡོ་རྗེ་བསྡུ་བའི་སྔགས་རྒྱས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་གཞུག་པ་དང་། སྤྱན་དབྱེ་ཞིང་མཆོད་ནས། ནམ་མཁའ་གང་བའི་དབང་ལྷས་དཀྱིལ་འཁོར་གྱི་ལྷའི་བུམ་པ་སོགས་ཐོགས་ནས་རིག་པའི་དབང་ལྔ་ཙམ་བསྐུར་བའམ། ཡང་ན་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཏེ་སོ་སོའི་རིགས་བདག་གིས་རྒྱས་གདབ། མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ཅིང་། སྤྱི་བསྟོད་དང་རང་རང་གི་བསྟོད་པའང་ཅི་ནུས་བྱས་ཏེ། དེའི་འོག་ཏུ་རྟེན་དེ་རྣམས་ལས་སྐུ་གཟུགས་སྔར་རང་རང་དུ་བསྐྱེད་པ་རྣམས་ནི་དེ་ཁོ་ན་དང་། གཞན་རྣམས་ནི་སོ་སོའི་སྔགས་བཟླས་པས་སྐུ་གཟུགས་མཆོད་རྟེན། གླེགས་བམ། ལྷ་ཁང་། ཕྱག་མཚན་སོགས་རང་གཟུགས་སུ་བསྒྱུར་ཏེ་བརྟན་པར་བཞུགས་སུ་གསོལ་བ་དང་། བྱིན་གྱིས་རློབ་པ་རྣམས་བྱའོ། །དེ་ནས་མཆོད་རྫས་དང་ཉེར་མཁོའ་ཡོ་བྱད་འོས་སུ་གྱུར་པ་ཐམས་ཅད་དང་། རྒྱས་པའི་སྲེག་བླུགས་དང་། དེ་ཉིད་དུ་ཙཱ་རུ་བསྒྲུབས་ཏེ་དབུལ་བ་དང་ཚོགས་ཀྱི་འཁོར་ལོ་ལ་སོགས་པས་ཀྱང་མངའ་དབུལ་ཞིང་ཞལ་བསྲོ་བར་བྱའོ། །རྗེས་ཆོག་ནི། མཁའ་འགྲོ་ཆོས་སྐྱོང་དང་། ཕྱོགས་སྐྱོང་རྣམས་ལ་རང་རང་གི་ཆོ་གས་གཏོར་མ་ཕུལ་ནས་རྟག་ཏུ་རྟེན་བསྲུང་བར་གཉེར་གཏད། དཀྱིལ་འཁོར་ལ་མཆོད་བསྟོད་བྱས་ཏེ། དངོས་གྲུབ་བླང་ཞིང་བཟོད་པར་གསོལ་ནས་བསྡུ་ཞིང་ལྡང་། རྟེན་བདེན་སྟོབས་ཀྱིས་བྱིན་གྱིས་རློབ། ཡོན་བདག་རྟེན་ལ་ཕྱག་དང་སྐོར་བ་བྱེད་དུ་བཅུག་སྟེ་རྒྱུན་དུ་མཆོད་པ་གྱིས་ཤིག་པར་བསྒོས་ནས་ཡོན་བླང་ཞིང་བསྔོ་བ་དང་དགའ་སྟོན་བྱས་ལ་བཀྲ་ཤིས་ཀྱིས་རྗེས་བསྐྱང་བར་བྱའོ། །དེ་ཡང་རྟེན་ལ་རབ་གནས་མ་བྱས་པའི་སྐྱོན་ནི།

p. 378

གང་ཞིག་རིགས་བྲལ་སྐྱེས་བུ་ལ༔ བཀུར་སྟི་མེད་བཞིན་རབ་གནས་དང༔ མི་ལྡན་ལྷ་ལ་མཆོད་བྱེད་པ༔ འབྲས་བུ་མེད་ཅིང་བཀྲ་མི་ཤིས༔ ཞེས་དང་། རྔམ་གློག་ལས་ཀྱང་། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་འབྲིད་པའི་ནུས་པ་མེད། །ཅེས་སོ། །བགྱིས་པའི་ཕན་ཡོན་ནི། དེ་ཕྱིར་རིང་དུ་མ་འདས་པར། །རབ་གནས་ཆོ་ག་ཡང་དག་བྱ། །བཀྲ་ཤིས་དཔལ་དང་བདེ་ལེགས་བྱེད། །ཅེས་དང་། སྙིང་པོ་ལས་ཀྱང་། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་འཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོ། །བཞི་པ་གཤིན་པོའི་དོན་དུ་གནས་ལུང་གི་ཆོ་ག་ནི། དམ་ཚིག་དང་ལྡན་པའི་སྔགས་པས་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་སྒོ་ནས་བརྩམ་པར་བྱ་སྟེ། ཐོག་མར་གང་དུ་བྱ་བའི་གནས་དེར་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་དགྲམ་ཞིང་། མཆོད་གཏོར་དང་དབང་རྫས་སོགས་བཤམས། དཀྱིལ་འཁོར་གྱི་མདུན་དུ་པདྨའི་སྟན་ལ་མིང་བྱང་སོགས་རྟེན་བཞག ཁྲུས་བུམ་སྦྱང་རྫས་བྲབ་རྫས་ཟས་གཏད་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ཏེ། དཀྱིལ་འཁོར་སྒྲུབ་མཆོད་དང་བདག་འཇུག་བླང་། ཁྲུས་བུམ་གྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ཞིང་། རྩ་སྔགས་དང་སྒྲིབ་སྦྱོང་གི་སྔགས་ཅི་ནུས་བཟླ། དེ་ནས་དམིགས་རྟེན་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨའི་སྟན་ལ་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་བསྐྱེད། ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ་སྙིང་གའི་འོད་ཟེར་གྱིས་བཀུག་པར་བསམ་ཞིང་། བདེན་སྟོབས་བརྗོད་པའི་མཐར། ༀ་བཛྲ་སོགས་ཀྱིས་རྣམ་ཤེས་དང་། སརྦ་སོགས་ཀྱིས་སྡིག་པ་བཀུག་ནས། ཕྱག་རྒྱ་བཞིས་ཨ་ཐུང་གི་རྣམ་པར་རྟེན་ལ་བསྟིམ་མོ། །དེ་ནས་གཏོར་མ་རྟེན་ལ་བསྐོར་ཞིང་སྔོན་གཏོར་གྱི་སྔགས་ཀྱིས་བགེགས་ལ་བསྔོ། སྤྲོ་ན་ཏིང་ལོ་དང་མར་མེ་ཡང་བསྐོར་ཞིང་ཧཱུྃ་བཞི་པའི་སྔགས་བརྗོད་པས་བྱིན་ནས། རྟའི་ང་རྒྱལ་ལ་གནས་པས་གཏུམ་པའི་ཚིག་གི་བཀའ་བསྒོས་ཏེ། དྲག་སྔགས་སྤོས་རོལ་ཐུན་བྲབ་དང་བཅས་གཏོར་མ་རྒྱང་རིང་དུ་དོར་ལ་བསྐྲད་

p. 379

པས་བགེགས་དང་བྲལ་བར་བསམ་པ་ནི་བགེགས་སྦྱང་བའོ། །དེ་ནས་རང་གི་ལག་སོར་བཅུ་རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་དུ་བསྐྱེད་དེ། ཕྱག་རྒྱ་བཀྲོལ་བའི་ཚེ་ལྷ་རྣམས་མཉམ་པར་སྦྱོར་བའི་སྐུ་ལས་འོད་ཟེར་འཕྲོས། དམིགས་ཡུལ་ལ་རེག་པས་སྡིག་སྒྲིབ་སྦྱངས་བར་བསམ་སྟེ། ཐལ་མོ་སྦྱར་བསྣོལ་བཅིངས་པའི་མཐར་བཀྲོལ་བས་བྱབ་ཅིང་སྔགས་བཟླ་བ་ནི་སྔགས་རྒྱས་སྡིག་པ་འབྲལ་བའོ། །ཡུངས་ཀར་ལ་རྩ་སྔགས་དང་བྲབ་སྔགས་སོགས་སྔགས་བྱིན་ཅན་མང་དུ་བཟླས་པའི་ནུས་པ་བསྟིམ་སྟེ། ༀ་ད་ཧ་ད་ཧ་ལ་སོགས་པའི་སྔགས་ཀྱིས་རྟེན་ལ་བྲབ་པས་སྡིག་སྒྲིབ་ཐམས་ཅད་དག་ནས་ངན་སོང་ལས་ཐར་བར་བསམ་པ་ནི་ཕྱིར་བཟློག་གིས་སྡིག་པ་འབྲལ་བའོ། །ཁྲུས་བུམ་གྱི་ཆུས་མིང་བྱང་སོགས་རྟེན་བཀྲུས་པས་དམིགས་བྱའི་སྡིག་སྒྲིབ་ཀྱི་དྲི་མ་ཐམས་ཅད་དག་ནས་སྐུ་གསུམ་ཡེ་ཤེས་ལྔ་དང་ཕར་ཕྱིན་དྲུག་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པར་བསམ་པ་ནི་ཁྲུས་ཀྱིས་སྡིག་པ་སྦྱོང་བའོ། །དེའི་འོག་ཏུ་འཁོར་བའི་ས་བོན་བག་ཆགས་དང་བཅས་པ་སྦྱང་བ་ནི། དམིགས་བྱའི་ལུས་ཀྱི་གནས་དྲུག་ཏུ་སྦྱང་བྱ་རིགས་དྲུག་གི་ས་བོན་གནས་པའི་སྟེང་དུ་སྦྱོང་བྱེད་གཙོ་སྔགས་འབྲུ་དྲུག་པའི་ཡིག་འབྲུ་རེ་རེ་བཀོད་དེ། བདག་གི་ཐུགས་ཀའི་འོད་ཀྱིས་སྦྱོང་བྱེད་སོ་སོ་ལ་འཕོག་པའི་རྐྱེན་གྱིས། དེ་ཉིད་མེར་འབར་བས་སྦྱང་བྱའི་ས་བོན་བག་ཆགས་དང་བཅས་པ་བསྲེགས་ནས་དྭངས་མ་མི་ཤིགས་པའི་རང་བཞིན་སྦྱོང་བྱེད་ཀྱི་ཡི་གེ་སོ་སོར་གྱུར་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསམ་ཞིང་། སྦྱོང་བྱེད་ཀྱི་ཡིག་འབྲུ་སོ་སོ་བརྒྱ་རྩ་རེ་བཟླས་པས་རིགས་དྲུག་ཏུ་སྐྱེ་འགྱུར་གྱི་ས་བོན་བག་ཆགས་དང་བཅས་པ་དག་ནས། མཐར་དྭངས་མ་ཧྲཱིཿའི་རྣམ་པར་གྱུར་པ་ལས་ཚེ་འདས་ཉིད་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་བསྐྱེད་ལ། རབ་གནས་ལྟར་སྐུ་གསུང་ཐུགས་དབང་ཙམ་བསྐུར་བའམ། སྤྲོ་ན་དཀྱིལ་འཁོར་དུ་བཅུག་སྟེ་དབང་རྒྱས་པར་བསྐུར་རོ། །དེ་ནས་མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་པ་བསངས་སྦྱངས། སྟོང་པའི་ངང་ལས་འདོད་ཡོན་ལྔའི་ངོ་བོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས་དམིགས་ཡུལ་ལ་བསྔོ། དེས་ཀྱང་ལུས་

p. 380

ལོངས་སྤྱོད་དགེ་ཚོགས་དང་བཅས་པ་འཁོར་གསུམ་ཡོངས་དག་གི་མཆོད་པར་སྤྲུལ་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས། གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་དམིགས་ཡུལ་གྱི་རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་ཧྲཱིཿའི་རྣམ་པར་གྱུར་པ་ཚངས་བུག་གི་ལམ་ནས་བཏོན་ཏེ་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་བསྟིམ། སྙིགས་མ་ལས་ཉོན་བག་ཆགས་དང་བཅས་པ་བསྲེགས་པར་བསམས་ནས་སྨོན་ལམ་རྒྱ་ཆེར་གདབ་བོ། །ཁྱད་པར་ནུབ་ཐ་མར། གནས་སྤར་བའི་རྗེས་དེ་མ་ཐག་ཏུ་རོ་དངོས་ཡིན་ན་ཞི་བའི་སྲེག་བླུགས་ཀྱིས་སྦྱང་ཞིང་། བྱང་བུ་ཡིན་ན་ཐུགས་ཀའི་འོད་ཀྱིས་སྙིགས་མ་བསྲེག་པའི་དམིགས་པ་དེ་དང་སྦྱར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །ཞེས་པ་ལྟ་བུའི་ཚིག་གིས་བྱང་བུ་མེར་བསྲེགས་ནས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱང་བའོ། །དེ་དག་གི་ཚེ་མེ་པྲ་ལས་དམིགས་ཡུལ་གྱི་སྡིག་པ་འདག་པའི་མཚན་མ་སྟོན་ཏེ། སྦྱོང་རྒྱུད་ལས། སྡིག་པ་བཅོམ་པའི་མཚན་མར་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བ། །བརྟན་པ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱི་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་ལ། །བཞིན་མདོག་བཟང་ཞིང་ལྷམ་མེར་འབར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་སོ། །དེ་ནས་རུས་བུའམ་བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་དཀར་ལས་བབས་པའི་བདུད་རྩིས་སྡིག་སྒྲིབ་སྦྱངས་པར་བསམ་ཞིང་། ངན་སོང་སྦྱོང་བའི་སྔགས་བཟླས་ནས་དྲི་བཟང་གི་ཆུས་བཀྲུས་ཏེ། རྩ་སྔགས་ལ་མིང་སྤེལ་གྱི་སྡིག་སྒྲིབ་སྦྱོང་བའི་ཤམ་བུ་གདགས་པ་བཟླ་བཞིན་དུ་སཱཙྪ་གདབ་བོ། །དེ་ཡང་སྤྱིར་རྟེན་སྦྱང་བ་ལ། ལྷར་བསྒོམས་ཏེ་མཆོད་རྟེན་དུ་གཞུག་པ་དང་། གཟུངས་སྔགས་བྱིན་ཅན་བྲིས་པ་སྙིང་གར་བཏགས་ཏེ་ཁྱིམ་མམ་དུར་འཚང་དུ་བཞག་པ་དང་། བདག་ལྷ་རྫས་གསུམ་དང་མེ་ལས་འཕྲོས་པའི་འོད་ཟེར་དཀར་པོས་རེག་པས་སྡིག་སྒྲིབ་དག་པར་བསམས་ནས། ཤ་ཁྲག་བདུད་རྩིའི་རང་བཞིན་མཆོད་

p. 381

རྫས་སུ་དམིགས་ལ་ཞི་བའི་སྲེག་བླུགས་ཀྱི་མེས་སྦྱང་བ་དང་། རུས་བུ་ལ་སཱཙྪ་བཏབ་སྟེ་རབ་གནས་བྱས་ལ་བཞི་མདོའི་མཆོད་རྟེན་ནམ་ཆུ་བོ་ཆེན་པོར་སྐྱེལ་བ་དང་། ཕྱིར་བཟློག་གི་སྡིག་སྦྱོང་བྱས་པའི་ཡུངས་ཀར་གྱིས་གཏོར་ནས་ཆུ་བོར་དོར་བ་དང་། རུས་བུ་ཞིབ་མོར་བཏགས་པའི་ཕྱེ་དང་བྱང་རོ་སོགས་ཕྱིར་བཟློག་གི་རྫས་དང་མཉམ་དུ་རླུང་གིས་སྦྱང་བ་རྣམས་སོ། །དེ་དག་ཀྱང་གང་ཟག་ཕལ་པའི་དབང་དུ་བྱས་པ་སྟེ། གང་ཟག་མཆོག་ལ་ནི། དེ་ཉིད་དཀྱིལ་འཁོར་གྱི་ལྷའི་ངོ་བོར་བལྟས་ལ་སྒྲུབ་མཆོད་དང་དབང་བླང་བ་སོགས་བྱ་ཞིང་། སྲེག་པའི་ཚེ་ན་ཡང་ཡེ་ཤེས་ཀྱི་མེ་ལྷར་བྱས་ཏེ་སྲེག་བླུགས་འབུལ་བ་ཡིན་ནོ། །ལྔ་པ་གཉིས་ཀའི་དོན་དུ་སྦྱིན་སྲེག་གི་ཆོ་ག་ནི། གང་ཞིག་སྔགས་ཀྱི་དངོས་གྲུབ་ཀུན༔ སྐད་ཅིག་ཙམ་ལ་འགྲུབ་བྱེད་པའི༔ མྱུར་ལམ་སྦྱིན་སྲེག་མེ་ཡི་ལས༔ ཞེས་པས་འདོད་པའི་དངོས་གྲུབ་མྱུར་དུ་སྟེར་བའི་ཐབས་མཁས་ཀྱི་འཕྲིན་ལས་ནི་སྦྱིན་སྲེག་སྟེ། དེ་ལའང་དོན་བྱ་བའི་ཡུལ་ནི། སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གུད་དུ་ཕྱེ་ན། གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་དང་། སྒྲིབ་གཉིས་བག་ཆགས་ཅན་རྣམས་སོ། །བྱེད་པའི་འཕྲིན་ལས་ནི། ཐུན་མོང་ལ་ཞི་སོགས་ལས་བཞི་དང་། ཐུན་མོང་མ་ཡིན་པ་མཆོག་སྒྲུབ་ལྷུན་གྲུབ་ཀྱི་ལས་སོ། །བྱ་བའི་ཐབས་ལ། ཕྱི། ནང་། གསང་བ། ཡང་གསང་བཞི་ལས། ཕྱི་ལའང་རྫས་ལ་བརྟེན་པ་དང་། མ་བརྟེན་པ་ཏིང་ངེ་འཛིན་གྱི་སྦྱིན་སྲེག་གཉིས། དང་པོ་ལའང་སྦྱོར། དངོས། རྗེས་གསུམ་གྱི། སྦྱོར་བ་ནི། དང་པོ་དུས་ཕྱོགས་ཐབ་དང་རྫས༔ རིགས་ཀྱི་དབྱེ་བས་བཞི་རུ་འགྱུར༔ ཞེས་པ་ལྟར་ལས། དུས་ནི། ཞི་བ་ལ་དཀར་ཕྱོགས་ཀྱི་ཚེས་གཅིག བཞི་སོགས་དང་། སྲོད་ཀྱི་ཆ། རྒྱས་པ་ལ་དཀར་ཕྱོགས་ཀྱི་ཚེས་གསུམ། བདུན། ཉ་རྣམས་དང་། སྔ་དྲོ། དབང་ལ་མར་ངོའི་ཚེས་དགུ་དང་། དགོང་ཁ། དྲག་པོ་ལ་མར་ངོའི་ཚེས་བརྒྱད་དང་ཉི་ཤུ་དགུའི་གུང་གཉིས་ཀྱི་དུས་སོ། །ཁ་བལྟ་བའི་ཕྱོགས་ནི། ཞི་བ་ལ་ཤར། རྒྱས་པ་ལ་བྱང་། དབང་ལ་ནུབ། དྲག་པོ་ལ་ལྷོར་ལྟ་བའོ། །ཐབ་ནི། སའི་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་སྦྱངས་པའི་གཞིར། ཞི་བ་ལ་དཀར་ཟླུམ་

p. 382

རྒྱར་ཁྲུ་གང་བ་རྡོ་རྗེས་མཚན་པ། རྒྱས་པ་ལ་སེར་པོ་གྲུ་བཞི་ཁྲུ་དོ་པ་རིན་ཆེན། དབང་ལ་དམར་པོ་ཟླ་གམ་མཛུབ་གང་པ་ལྕགས་ཀྱུ། དྲག་པོ་ལ་གྲུ་གསུམ་ནག་པོ་སོར་ཉི་ཤུ་པ་རལ་གྲི། ལྷུན་གྲུབ་ལ་ཞི་བ་དང་འདྲ་བ་ལས་འཁོར་ལོས་མཚན་པ་སྟེ། ཐམས་ཅད་ཀྱང་དཔངས་སུ་རང་གི་ཕྱེད་ཚད་དང་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པས་བསྐོར་བའོ། །རྫས་ལ་གསུམ་ལས། བསྲེག་ཤིང་ནི། ཞི་བ་ལ་བ་ལང་གི་གཅི་བའམ་བལ་བུ་སོགས་མཆོད་སྦྱིན་གྱི་ཤིང་། རྒྱས་པ་ལ་འབྲས་བུ་ཅན་གྱི་ཤིང་། དབང་ལ་མཛོ་མོ་ཤིང་ངམ་སྐྱུར་བ་རི་ཤིང་། དྲག་པོ་ལ་ནིམ་པ་དང་ཚེར་མ་ཅན་གྱི་ཤིང་རྣམས་ཀྱིས་དབྱིབས་རང་རང་གི་ཐབ་དང་འདྲ་བར་རྩིག མེ་སྲོག་འཛིན་པའི་རྫས་ཀྱི་ཡམ་ཤིང་ནི། བཤད་མ་ཐག་པའ་ིརྒྱུ་ལས་ཞི་བར་མཐོ་གང་། རྒྱས་པར་ཁྲུ་གང་། དབང་ལ་སོར་ལྔ་པ། དྲག་པོ་ལ་རྩངས་གཟུགས་མཐོ་གང་པ་དང་། མར་ཁུ་ནི། ཞི་རྒྱས་གཉིས་ལ་རྩི་མར་དང་། དབང་ལ་ཏིལ་མར། དྲག་པོ་ལ་ཚིལ་ཞུན་ནོ། །སྲེག་རྫས་ནི། ཏིལ་སྤོས་ཐང་ཆུ་མེ་ཏོག་དང༔ མངར་གསུམ་དུརྦ་འབྲས་དང་ཞོ༔ མེ་ཏོག་དམར་པོ་ཟླ་མཚན་དང༔ དུག་དང་ལན་ཚྭ་རྩུབ་པ་རྣམས༔ ཞེས་པའི་རྐང་པ་རེ་རེས་ཞི་རྒྱས་དབང་དྲག་སོ་སོའི་རྫས་རིམ་པར་བསྟན་ཅིང་། དེ་དག་རང་གི་གཡས་ཕྱོགས་དང་། གཡོན་དུ་གཏོར་མ་དང་མཆོད་པ། མདུན་དུ་རྡོར་དྲིལ་གྱི་བར་དུ་ལས་དང་མཐུན་པའི་དགང་བླུགས་རྣམས་བཤམ་ཞིང་། མཆོག་གི་སྦྱིན་སྲེག་ལ་ནི། ཞི་རྒྱས་ཀྱི་རྫས་ཀུན་དང་། གནས་དུས་ཆ་བྱད་སྤྱོད་ལམ་རྣམས་ཞི་རྒྱས་གང་རུང་དང་འདྲའོ། །གཉིས་པ་དངོས་གཞི་ལ། འདུག་སྟངས། གཙོ་སེམས། ཆོ་གའི་རིམ་པའོ། །དང་པོ་ནི། ལས་དང་རྗེས་སུ་མཐུན་པའི་ཆས་གོས་བསྟན་ནས། མཐུན་པའི་སྟན་ལ་ཞི་བ་ལ་པདྨའི་སྟབས། རྒྱས་པ་ལ་བཟང་པོའི་སྟབས། དབང་ལ་སྐྱིལ་ཀྲུང་། དྲག་པོ་ལ་ཙོག་བུའི་སྟབས་ཀྱིས་ཤིས་པའི་ཕྱོགས་སུ་ཁ་བལྟས་ཏེ་འདུག་པར་བྱའོ། །གཉིས་པ་གཙོ་སེམས་ལ་གཉིས་ཀྱི་དོན་གྱི་སེམས་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ནི་ལས་ཐམས་ཅད་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་སོ། །སྟོངས་ཀྱི་སེམས་ནི། ལས་བཞི་ཀུན་ནས་སློང་བའི་བསམ་པ་སྟེ། ཞི་

p. 383

བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཞེ་སྡང་ཁྲོས་པའི་སེམས་ཀྱིས་ཏེ། ལས་སོ་སོའི་མཐུན་པའི་གྲོགས་བྱེད་པས་ན་རྐྱེན་གྱི་སེམས་ཞེས་ཀྱང་ཟེར་རོ། །གསུམ་པ་ཆོ་གའི་རིམ་པ་ནི། བདག་ཉིད་ཀྱི་རྣལ་འབྱོར་བཟླས་པའི་བར་གཞུང་བསྲངས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་བསྡུས་ཏེ་གཙོ་བོའི་ང་རྒྱལ་ལ་གནས་པས་ལས་ལ་འཇུག་གོ །དེ་ནས་སྒྲུབ་མཆོད་ལྟ་བུ་དང་འབྲེལ་ན་ལས་བུམ་དང་། མ་འབྲེལ་ན་ནང་མཆོད་ཀྱིས་བསངས་ནས་ལས་བྱང་ལྟར་མཆོད་གཏོར་དང་། སྲེག་རྫས་རྣམས་འབྲུ་གསུམ་གྱིས་ཟག་མེད་ཀྱི་བདུད་རྩིར་སྤེལ། ཐབ་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་མདུན་དུ་ལས་སོ་སོའི་ཐབ་རང་རང་གི་མདོག་དབྱིབས་ཅན་ཁ་ཁྱེར་དང་བཅས་པ། དཀར་སེར་དམར་ནག་སྣ་ཚོགས་ཏེ་ལས་ཀྱི་ཁ་དོག་དང་མཐུན་པའི་འོད་ཟེར་འཕྲོ་བར་བསམས་ལ། ཞི་བ་ལ་གཙུག་ཤིང་གི་མེ། རྒྱས་པ་ལ་རཏྣ་ལས་བྱུང་བ། དབང་ལ་སྨད་ཚོང་མའི། དྲག་པོ་ལ་གདོལ་ཤན་ནམ་རོ་བསྲེགས་པའི་མེ་དུ་བ་མེད་པས་ༀ་ཨགྣི་ཛྭ་ལ་རཾ་ཞེས་སྦར་ཏེ། དེའི་དབུས་སུ་པད་ཟླའི་གདན་ལ་ལྷུན་གྲུབ་ནི་ཞི་བ་དང་འདྲ་བས་ལས་བཞིའི་ཁ་དོག་དང་མཐུན་པའི་མེ་ལྷ་དབྱུག་གུ་དང་བགྲང་ཕྲེང་འཛིན་པ། དྲང་སྲོང་གི་ཆ་བྱད་ཅན་ར་སྐྱེས་ཀྱི་སྟེང་ན་གནས་པར་བསྐྱེད། རང་གི་སྙིང་གའི་འོད་དང་། ཧཱུྃ། ཚུར་གཤེགས་སོགས་ཀྱིས་ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས་ཏེ། ཕྱག་རྒྱ་བཞིས་དམ་ཚིག་པ་ལ་བསྟིམ། ཕྱག་མཆོད་བྱས་ནས། མེ་ལྷའི་ལྗགས་རྡོ་རྗེ་རྩེ་གཅིག་པར་རཾ་དང་། གཟར་བུ་གཉིས་ལ་ཧཱུྃ་གིས་མཚན་པར་མོས་ཏེ། མར་དགང་བླུགས་གསུམ་དང་། ཡམ་ཤིང་དང་སྲེག་རྫས་རྣམས་ཕུལ་ནས། སླར་ཡང་མར་བླུགས་གཟར་གང་ཕུལ་བའི་རྐྱེན་གྱིས་མེ་ལྷ་འབར་བའི་རྣམ་པར་བསམ་པ་ནི། འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་ག་སྟེ། མེའི་ལས་ཀྱིས་མེ་ལྷ་ཚིམ་པས་དེས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པའི་དགོས་པ་ཡོད་དོ། །དེ་ནས་འདས་པའི་མེ་ལྷ་ནི། གཞུང་སོ་སོའི་དགོངས་པས་མེ་ལྷའི་ལྟོ་བར་བསྐྱེད་པ་དང་། སྙིང་གར་བསྐྱེད་པ་དང་། རང་བཞིན་གྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་བཞག་སྟེ། དམ་ཚིག་པ་མེར་བསྒྱུར་བའམ། དམ་ཡེ་དབྱེར་མེད་

p. 384

དུ་འབར་བའི་རྣམ་པར་བསྒྱུར་བའི་དབུས་སུ་བསྐྱེད་པ་བཞི་ལས། འདིར་ཕྱི་མའི་ལུགས་ཏེ། དེ་ཡང་མེའི་དབུས་སུ་ཞི་རྒྱས་ལྷུན་གྲུབ་གསུམ་ལ་པད་ཟླ་དང་། དབང་དྲག་ལ་པད་ཉིའི་གདན་གྱི་སྟེང་དུ། ཞི་བ་ལ་ར་ཧ་ལས་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལ་ཞི་བྱེད་ཀྱི་མཁའ་འགྲོ་དང་གཙང་མའི་ལྷ་སོགས་ཀྱིས་བསྐོར་བ། རྒྱས་པ་ལ་ཙ་རི་ལས་རཏྣ་མཁའ་འགྲོ་ཡབ་ཡུམ་ལ་འཁོར་རྒྱས་བྱེད་ཀྱི་མཁའ་འགྲོ་དང་ནོར་ལྷ། དབང་ལ་ཧྲི་ནི་ལས་པདྨ་མཁའ་འགྲོ་ཡབ་ཡུམ་ལ་འཁོར་དབང་མཛད་ཀྱི་མཁའ་འགྲོ་དང་དབང་ཕྱུག དྲག་པོ་ལ་ཡ་ས་ལས་ཀརྨ་མཁའ་འགྲོ་ཡབ་ཡུམ་ལ་དྲག་མཛད་ཀྱི་མཁའ་འགྲོ་དང་ཁྱབ་འཇུག ལྷུན་གྲུབ་ལ་ཧྲི་མ་ལས་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ལ་རིགས་བཞིའི་མཁའ་འགྲོ་དང་དཔའ་བོ་དཔའ་མོས་བསྐོར་བ་བསྐྱེད་ནས། གཙོ་བོ་ཡབ་ལྔའི་ཐུགས་ཀར་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་འཁོར་ལོ་ཡོངས་སུ་རྫོགས་པ་ལས་ཀྱི་ཁ་དོག་ཅན་གྱི་འོད་ཟེར་སྤྲོ་བ་བསྒོམས་ནས་གནས་གསུམ་བྱིན་གྱིས་བརླབས་ཏེ། ཡེ་ཤེས་པ་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར་པ་ལ་མཆོད་ཅིང་བསྟོད་དེ། དཀྱིལ་འཁོར་པའི་ལྗགས་རྡོ་རྗེ་རྩེ་གཅིག་པར་རཾ་དང་གཟར་བུ་གཉིས་ལ་ཧྲཱིཿས་མཚན་པར་མོས་ཏེ། བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས་གསུམ་དང་། ཡམ་ཤིང་མར་ཁུ་སྲེག་རྫས་རྣམས་རྩ་སྔགས་ཀྱི་ཤམ་བུར་ༀ་བཛྲ་དྷཱ་ཀ་དྷཱ་ཀི་ཧ་ར་ལྟ་བུ་མཁའ་འགྲོ་ལྔའི་སྔགས་སོ་སོར་ལས་གང་ཡིན་གྱི་སྤེལ་ཚིག་སྦྱར་བའི་མཐར་ལས་སོ་སོ་བསྐུལ་བའི་ས་བོན་ཞི་བ་དང་ལྷུན་གྲུབ་ལ་སྭཱ་ཧཱ། རྒྱས་པར་ༀ། དབང་ལ་ཧོཿ དྲག་པོར་ཕཊ་སྦྱར་བའི་སྔགས་ཀྱིས་ཕུལ་བས་ཡེ་ཤེས་ཀྱི་བདུད་རྩི་ལས་བཞི་གང་ཡིན་གྱི་ཁ་དོག་ཅན་གྱི་ངོ་བོར་དྭངས་པ་གསོལ་བར་བསམ་ཞིང་། ཕྲིན་ལས་གསོལ་ནས་གཏོར་མ་བདུད་རྩི་ཉེར་མཆོད་ལྔ་རྣམས་ཀྱིས་མཆོད་ཅིང་ལས་ལྔ་པོ་སོ་སོའི་བསྟོད་པ་དང་འདོད་དོན་གསོལ་བས། ལྷ་རྣམས་ཀྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་ལས་གང་ཡིན་སྒྲུབ་པ་སྟེ། ཞི་བ་ལ་ཟླ་ཟེར་ལྟ་བུ་འཕྲོས་པས་ནད་གདོན་སྡིག་སྒྲིབ་རྣམས་སྦྱངས། རྒྱས་པ་ལ་འོད་ཟེར་གསེར་མདོག་ཉི་ཟེར་ལྟ་བུའི་རྩེ་ལས་རིན་པོ་ཆེའི་ཆར་བབས་པས་དབུལ་བ་བསལ། དབང་ལ་

p. 385

འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུས་བསྒྲུབ་བྱའི་སྙིང་ནས་དྲངས་ཏེ་བདག་ལ་འདུད་ཅིང་དབང་དུ་གྱུར། དྲག་པོ་ལ་མེ་ལྕེའི་འོད་ཟེར་མཚོན་ཆ་ལྟ་བུའི་རྩེ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་རྣམས་རླག་པར་བྱེད། ལྷུན་གྲུབ་ལ་འོད་ཟེར་སྣ་ལྔའི་རྩེ་ལས་བདུད་རྩིའི་བུམ་པ་ཐོགས་པའི་སངས་རྒྱས་ཚད་མེད་པས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་ནོངས་པ་བཤགས་ཏེ། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་ལྷ་ཚོགས་རྣམས་རང་ལ་ཐིམ་ནས་སྙིང་གི་ཐིག་ལེར་འདྲེས་པར་བསམ་ཞིང་སྔགས་ཀྱིས་བསྡུ་བ་སྟེ་འདས་པའི་མེ་ལྷ་མཆོད་པའོ། །སླར་ཡང་བླུགས་གཟར་གྱིས་མར་ཕུལ་བའི་རྐྱེན་གྱིས་འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བཏབ་སྟེ། མཆོད་ཅིང་སྲེག་རྫས་ཕུལ་ནས་བསྟོད་པ་བྱ། གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ། མེ་ལྷ་རང་བཞིན་པ་གཤེགས་ཤིང་དམ་ཚིག་པ་འབར་བའི་རྣམ་པར་བྱས་ཏེ་སྨོན་ལམ་དང་བཀྲ་ཤིས་བྱའོ། །གསུམ་པ་རྗེས་ནི། མེ་རྣམས་རང་ཞིའམ། ཡང་ན་ཞི་བ་འོ་མ། རྒྱས་པ་དྲི་སེར་པོའི་ཆུ། དབང་ཆང་། དྲག་པོ་དུག་ཆུ། མཆོག་དྲི་དང་འོ་མ་རྣམས་ཀྱིས་གཞིལ་ཏེ། ཐལ་སོལ་རྣམས་རིམ་བཞིན་འབབ་ཆུར་སྐྱེལ་བ་དང་། བང་མཛོད་དུ་སྦ་བ་དང་། རི་རྩེའམ་ཆུར་སྦྱང་བ་དང་། བཞི་མདོར་གནོན་པ་དང་། མཆོག་ནི་ཆ་གཅིག་འབབ་ཆུར་གཤེགས་ཤིང་ཆ་གཅིག་གཏེར་དུ་སྦའོ། །གཉིས་པ་ཏིང་ངེ་འཛིན་གྱི་སྦྱིན་སྲེག་ནི། ཡང་ན་ལས་ཀྱི་རིམ་པ་ཀུན༔ བསམ་གཏན་ལྡན་པའི་ཡིད་ཀྱིས་འགྲུབ༔ དེ་ཡང་དེ་དང་མཚུངས་པའོ༔ ཞེས་པས་སྦྱིན་སྲེག་གི་རྫས་དང་ཡོ་བྱད་རྣམས་མ་འབྱོར་བའམ། འབྱོར་དུ་རུང་ཡང་སྒྲུབ་པའི་སྐབས་མེད་ཅིང་། ཏིང་ངེ་འཛིན་ལ་བརྟན་པ་ཅི་རིགས་ཐོབ་པས་ནི་ཕྱིའི་རྫས་ལ་མ་བརྟེན་པར་ཏིང་ངེ་འཛིན་ཁོ་ནས་བསྒྲུབས་ཀྱང་འདོད་དོན་སྟེར་བ་ལ་སྔ་མ་དང་མཚུངས་པར་འགྱུར། གཉིས་པ་ནང་གི་སྦྱིན་སྲེག་ནི། རང་ལུས་ལྷར་གསལ་བའི་སྐུའི་ནང་དུ་དཔའ་བོ་དང་མཁའ་འགྲོ་ཏིལ་གྱི་གང་བུ་ལྟར་བཞུགས་པ་ལ་ཁ་ཟས་བདུད་རྩིར་སྦར་བ་ལྟེ་བའི་ཐབ་ཁུང་དུ་ལག་པའི་དགང་བླུགས་ཀྱིས་ཕུལ་བ་ཉིད་གཏུམ་མོའི་མེས་ཞུ་བའི་དྭངས་མས་ལྷ་རྣམས་ཚིམ་ཞིང་སྙིགས་མ་ཐལ་བར་སྦྱངས་པར་བསམ་སྟེ་རླུང་ཁ་སྦྱོར་

p. 386

དུ་འཆིང་བའོ། །གསུམ་པ་གསང་བའི་སྦྱིན་སྲེག་ནི། རང་ལྷར་གསལ་བའི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་འཁོར་ལོ་དང་རྩ་ཁམས་ཐམས་ཅད་ལ་རྒྱལ་བ་ཏིལ་གྱི་གང་བུ་ལྟར་བཞུགས་པར་མོས་ཏེ། བདེ་བ་བསྐུལ་ནུས་པའི་རླུང་གིས་གཏུམ་མོ་སྦར་བས་སྤྱི་བོའི་ཧཾ་བཞུ་བའི་བདུད་རྩིའི་དྭངས་མས་ལྷ་ཐམས་ཅད་ཚིམ་པར་བསམ་ཞིང་། ཞུ་བདེས་དྲངས་པའི་བདེ་སྟོང་གི་ངང་གདངས་བསྐྱང་བའོ། །བཞི་པ་ཡང་གསང་མཆོག་གི་སྦྱིན་སྲེག་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་མ་རིག་བག་ཆགས་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་བསྲེགས་པའི་ཟུང་འཇུག་བདེ་ཆེན་གྱི་བདུད་རྩིས་འཁོར་འདས་རོ་མཉམ་དཀྱིལ་འཁོར་གྱི་འཁོར་ལོར་དག་པ་ཉིད་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་མཆོད་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཞེས་སོ། །ཞར་འཕྲོས་ཡན་ལག་གི་ཆོ་ག་འདི་རྣམས་ལའང་གོ་དོན་ཅུང་ཟད་རེ་བཤད་ན་བློ་གསར་རྣམས་ལ་ཉེ་བར་མཁོ་བར་འགྱུར་མོད་ཀྱི། དེ་ལྟ་ནའང་ཡི་གེས་འཇིགས་ཏེ་འདིར་རེ་ཞིག་ཐོ་བྱང་ཙམ་རེ་སྨོས་པ་ཡི ན་ནོ། །དྲུག་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། གོམས་འདྲིས་བརྟན་ན་དྲོད་རྟགས་འཆར༔ དེ་ལྟར་ཆོས་སྐུའི་ངོ་བོ་ལ༔ གཟུང་བར་བྱ་བའི་ཡུལ་ཡང་མེད༔ ཁམས་དྲོད་རྟགས་དང་ཉམས་མྱོང་ལ༔ མ་ཆགས་རང་བྱུང་རྩེ་ནས་དག༔ ཅེས་པ་སྟེ། དཀྱིལ་འཁོར་རྣམ་པ་བཞི་ལ་བརྟེན་པའི་སྒྲུབ་རིམ་དེ་དག་ལ་ཡང་ཡང་བསྐྱར་ཏེ་གོམས་ཤིང་བློས་འདྲིས་པར་བསླབས་པས་རང་བཞིན་བདེ་བ་ཆེན་པོ་དང་། རྣམ་འགྱུར་ལྷ་སྐུ་གསལ་སྟོང་སྟེ། བདེ་གསལ་སྟོང་པ་ཉིད་ཀྱི་ལྷ་སྐུར་རང་ཤར་བ་ལ་བརྟན་པ་རིམ་གྱིས་ཐོབ་པ་ན་ཕྱི་ནང་གསང་བའི་དྲོད་གསུམ་དང་རྟགས་མཚན་གྱི་རིམ་པ་ཇེ་རྒྱས་སུ་འཆར་བ་ཡིན་ཞིང་། དེ་ལྟར་སྦྱངས་པས་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོ་དེ་ལ་རང་གི་ཉམས་སུ་མྱོང་བས་ཀྱང་ངོས་གཟུང་བར་བྱ་བའི་ཡུལ་ནི་གང་དུ་ཡང་མེད་པར་གཏན་ལ་ཕེབས་པས་ལུས་ཁམས་ཀྱི་བདེ་དོག་དང་། ལམ་

p. 387

གྱི་དྲོད་རྟགས་ཀྱི་དབྱེ་འབྱེད་དང་ཉམས་སུ་མྱོང་བ་གང་དུའང་འཛིན་པ་མེད་པ་སྟེ། དེ་ཐམས་ཅད་ལ་རེ་དོགས་སོགས་འདུ་ཤེས་ཀྱི་མཚན་མས་མ་ཆགས་པར་བློས་ངོས་བཟུང་མེད་པའི་གཤིས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་དང་། དེ་ཉིད་ཀྱི་གདངས་གང་སྣང་ཐམས་ཅད་ཡེ་ནས་མ་གྲུབ་པ་སྒྱུ་མ་ལྟ་བུ་སྟེ་རྩ་བ་ནས་འཁྲུལ་སྣང་གི་མཚང་དག་པས་འབྲས་བུ་འགྲུབ་ཚུལ་ཡང་། ཞུ་ལན་གྱི་ལུང་གནུབས་ཆེན་གྱིས་མིག་སྒྲོན་རང་འགྲེལ་དུ་དྲངས་པར། ཇི་ལྟར་ཆུ་ལ་རྙོག་མ་དྭངས་གྱུར་ན། །ཉི་ཟླའི་གཟུགས་བརྙན་འབྱུང་བ་བཙལ་མི་དགོས། །རང་སེམས་རྣལ་འབྱོར་དག་པར་གྱུར་པ་ན། །རྒྱལ་བའི་བྱིན་རླབས་འབྱུང་བ་བཙལ་མི་དགོས། །ཞེས་པ་ལྟར་རོ། །འདིར་ཅུང་ཟད་བཤད་ན། གནས་སྐབས་ཀྱི་འབྲས་བུ་དེ་ལའང་། ཉམས་དང་དྲོད་རྟགས་ཡོན་ཏན་བཞིར་འདུ་བ་ལས། དང་པོ་ཉམས་ནི། གནུབས་ཆེན་གྱིས་རི་གཟར་གྱི་འབབ་ཆུ་དང་། ཆུ་ཀླུང་དལ་འབབ་དང་། རྒྱ་མཚོའི་གཏིང་གི་དཔེ་གསུམ་གྱིས་གཡོ་ཐོབ་བརྟན་པའི་ཉམས་གསུམ་དུ་བསྡུས་ཤིང་། བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པར་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔར་གསུངས་ཏེ། འདི་ལྟར་རྣམ་རྟོག་ངོ་ཤེས་པ་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་དང་། རྣམ་རྟོག་ཅུང་ཟད་ངལ་གསོས་པ་ཐོབ་པའི་ཉམས་རོང་ཁུང་གི་འབབ་ཆུ་ལྟ་བུ་དང་། རྣམ་རྟོག་གིས་ཐང་ཆད་པ་གོམས་པའི་ཉམས་མི་རྒན་པོའི་སྤྱོད་པ་ལྟ་བུ་དང་། རྣམ་རྟོག་གིས་ཅུང་ཟད་བསྐྱོད་དུ་ཡོད་པ་བརྟན་པའི་ཉམས་མཚོ་ཆུང་སེར་བུས་བསྐྱོད་པ་ལྟ་བུ་དང་། བསྐྱོད་དུ་མེད་པས་རང་དབང་ཐོབ་པ་མཐར་ཕྱིན་པའི་ཉམས་མཚོ་ཆེན་རླབས་དང་བྲལ་བ་ལྟ་བུའོ། །གཉིས་པ་དྲོད་ནི། ཕྱིའི་དྲོད་ལུས་ཡང་བ་སྙམ་བྱེད་པ་དང་། ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་དོན་ཐོག་ཏུ་ཤིན་ཏུ་ཕེབས་པ་སྟེ། ལུས་བདེ་ངག་གསལ་སེམས་མི་རྟོག་པའི་དྲོད་གསུམ་དུ་བཤད་ཀྱང་རུང་ངོ་། །སྒྱུ་འཕྲུལ་ལམ་རིམ་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །ཞེས་སོ། །གསུམ་པ་རྟགས་ནི། མིག་སྒྲོན་འགྲེལ་པར། ངེས་པར་དྲོད་གསུམ་མྱོང་ནས་ནི། །རྟགས་ཀྱི་རྣམ་པ་ཅིར་ཡང་སྣང་། །ཞེས་པ་ལྟར་

p. 388

དྲོད་བརྙེས་པའི་རྟགས་ཀྱང་ཕྱི་རྟགས་སུ་དངོས་པོ་ཐམས་ཅ ད་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མ་ཕྲ་མོས་སྤྱོད་ཡུལ་གང་བར་མཐོང་བ་དང་། གཞན་ཡང་དུ་བ་ལྟ་བུ་ལ་སོགས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁ་དོག་ལྔའི་ཟད་པར་གྱི་སྐྱེ་མཆེད་དང་། ནམ་མཁའ་ལས་པདྨ་ཆེན་པོའི་འོད་དང་། རྡུལ་ཕྲན་དང་། སྐར་མ་དང་། ཟླ་ཚེས་སོགས་མཐོང་བ་དང་། ནང་རྟགས་སུ་ལུས་ངག་ལ་བཟོད་པ་ཐོབ་པ་དང་། ཉོན་མོངས་པ་ལྔའི་སེམས་རྒྱུན་བགས་ཀྱིས་ཆུང་དུ་འགྲོ་བས་ཆོས་བརྒྱད་འགོ་སྙོམས་པ་སོགས་འབྱུང་སྟེ། ལམ་རིམ་ལས། ཕྱི་རོལ་ཟད་པར་སྐྱེ་མཆེད་དངོས། །མཐོང་དང་པདྨོའི་འོད་སོགས་མཐོང་། །ནང་དུ་བཟོད་ཐོབ་བྱེ་བྲག་དང་། །ཆུ་ལྔ་རྒྱུན་ལམ་བགས་ཀྱིས་བཅད། །ཅེས་སོ། །ཁྱད་པར་ཡན་ལག་གི་རླུང་ལ་དབང་ཐོབ་པ་དང་། རྩ་བའི་རླུང་ལས་སུ་རུང་བ་དང་། མངོན་ཤེས་ལྔ་འཆར་ཞིང་། དབུ་མར་ཡེ་ཤེས་ཀྱི་རླུང་ཟིན་པ་རྣམས་ཀྱང་རྫོགས་རིམ་ལ་དངོས་དང་། བསྐྱེད་རིམ་གྱི་ཚེ་རྗེས་སུ་མཐུན་པ་ཙམ་འབྱུང་ཞིང་། དེར་མ་ཟད་རྨི་ལམ་གྱི་རྟགས་དགེ་བ་མང་པོ་ཡང་འབྱུང་སྟེ། ལུས་གཅེར་བུར་ཕྱུང་བ། ཆུ་བརྒལ་ཞིང་ཁྲུས་བྱེད་པ། མེས་བསྲེགས་པ། རླུང་གིས་གཡེངས་པ། གཤེད་མ་ལས་ཐར་བ་ནང་ཁྲོལ་དང་རྣག་ཁྲག་འཛག་པ་སོགས་རྨི་བ་ནི་སྒྲིབ་པ་འབྱང་བའི་ལྟས་སོ། །མཆོད་རྟེན་དང་སྐས་དང་ལྗོན་ཤིང་ཆེན་པོ་ལ་འཛེག་པ་སོགས་རྨི་བ་ནི་ས་ཐོབ་པའི་རྟགས་སོ། །ཉི་ཟླ་དང་སེང་གེ གླང་ཆེན་སོགས་ཞོན་པ་དང་། ཁྲི་དང་འཁོར་ལོ་ལ་འདུག་པ་སོགས་རྨི་བ་ནི་ས་ནོན་པའི་ལྟས་སོ། །གཟུགས་བརྙན་ཞལ་འཛུམ་པ། རོལ་མོའི་སྒྲ་དང་སེང་གེའི་ང་རོ་ཐོས་པ་སོགས་ནི་ལུང་སྟོན་པའི་ལྟས་སོ། །གཞན་རྒྱལ་པོ་དང་བུད་མེད་བཟང་མོ་མང་པོས་རང་ལ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་། མི་མང་པོ་ལ་ཆོས་སྟོན་པ་དང་། གཏེར་གྱི་བང་མཛོད་རྙེད་པ་དང་། ཟས་ནོར་སྟེར་བ་སོགས་རྨི་བ་ནི་ཐུན་མོང་གི་ལས་སྦྱོར་གྲུབ་པའི་རྟགས་སོ། །སྒྲུབ་པའི་རྟགས་ཁྱད་པར་བ་དངོས་སུ་འོད་དམར་པོ་དང་། དྲི་ཞིམ་པོ་དང་། སྒྲ་བརྙན་དང་། ལྷ་དང་མཁའ་འགྲོས་གཟུགས་སྟོན་པ་དང་། དམ་ཅན་འདུ་བ་སོགས་འོང་ཞིང་། དེའི་ཚེ་སྒྲུབ་རྫས་ཀྱི་ལྷ་སྐུ་བཞད་པ་དང་། མར་མེ་རང་འབར་བ་དང་།

p. 389

གཏོར་མ་དང་བུམ་ཆུ་སོགས་ཁོལ་བ་དང་། ཐོད་པའི་རིལ་བུ་མང་དུ་འཕེལ་ཞིང་། དུད་པ་དང་། དྲི་འབྱུང་བ། རོ་མཆོག་བཟང་པོར་གྱུར་པ་སོགས་མཐོང་ན་དངོས་གྲུབ་བླང་ཞིང་ལས་ལ་སྦྱོར་རོ། །དེ་ལྟར་ཡང་ལམ་རིམ་ལས། འོད་དང་དྲི་དང་སྒྲ་གཟུགས་དང་། །འཁོར་དང་འབར་དང་ཁོལ་འབྱུང་ན། །བར་ཆད་ཆ་རྣམས་བརྟག་བྱ་སྟེ། །བར་ཆད་བསྐྲད་དེ་བདག་བསྲུངས་ལ། །ཞག་གྲངས་ཚང་ཞིང་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་པ་ཉིད་དུ་སྦྱར། །གནས་སུ་བསྟིམ་ཞིང་བརྟན་པར་བྱ། །ཞེས་སོ། །དེ་དག་མཐོང་བའི་ཚེ། སྐྱོན་ཡོན་དང་། དགའ་སྡུག་གང་དུའང་མ་བལྟས་པར་བསླབ་པ་གནད་དེ། ཇི་སྐད་དུ། དེ་ལྟའི་དོན་ལ་རིང་གནས་ཚེ། །རང་གི་རིག་པ་དེ་བཞིན་ཉིད། །ཡ་མཚན་རྟགས་ཀྱི་འབྱུང་གནས་པས། །ཅི་ཡང་སེམས་ལ་ཅིར་མི་རྟོག །ཅེས་མིག་སྒྲོན་གྱི་འགྲེལ་པར་དྲངས་སོ། །བཞི་པ་ཡོན་ཏན་ལ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ཐུན་མོང་གི་དངོས་གྲུབ་ལ། ལས་ཆེན་བརྒྱད་དང་། གྲུབ་ཆེན་བརྒྱད་དུ་བཤད་དེ། ལས་བརྒྱད་ནི། དགྱེར་རྡོར་ལས། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པ་ཡང་དག་པར་འགྲུབ་པར་འགྱུར་རོ། །ཞེས་སོ། །གྲུབ་པ་བརྒྱད་ནི། གུར་ལས། གང་ཕྱིར་དེས་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་ལུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་ཐོབ། །ཅེས་སོ། །གཞན་དུ་སྒྱུ་འཕྲུལ་རྩ་རྒྱུད་དུ་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་དང་དེར་མ་ཟད་བཤད་རྒྱུད་རྣམས་སུ་མང་དུ་གསུངས་པ་སོགས་མཐའ་ཡས་ཏེ། དཀོན་མཆོག་བརྩེགས་པ་ལས། ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱིས་སྤྱོད་ཡུལ་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ། རྫས་དང་སྨན་དང་སྔགས་དང་ནོར་བུ་རྣམས་ཀྱི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། ཅེས་པ་ལྟར་རོ། །དེ་ཡང་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་གཙུག་རྒྱན་དང་བྲལ་བས་ནམ་མཁར་འགྲོ་མ་ནུས་པ་

p. 390

ལྟར། རལ་གྲི་གྲུབ་པས་ནམ་མཁར་འགྲོ་བ་ལ་སོགས་པའང་རྫས་དེ་དག་དང་བྲལ་ན་གྲུབ་པའི་མཚན་མ་སྟོན་པར་ནུས་པ་མ་ཡིན་ནོ། །དེ་ལྟ་བུའི་ཐུན་མོང་གི་གྲུབ་པས་མཁའ་སྤྱོད་མཉེས་པ་དེ་དག་གིས་ནི་དངོས་དང་སྤྲུལ་པའི་སྒོ་ནས་ཕན་འདོགས་པ་དང་། ཚར་གཅོད་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་ཅིང་། རྟེན་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ་རྣམས་མཉེས་པར་བྱས་པའི་མཐུས་རྫོགས་རིམ་གྱི་ཏིང་ངེ་འཛིན་ལ་འཇུག་ཅིང་གོམས་པའི་སྦྱོར་བས་ཟུང་འཇུག་གི་སྐུ་གྲུབ་པར་བྱེད་དོ། །དེ་ཡང་དངོས་གྲུབ་འདི་དག་ནི་ཕྱི་རོལ་པ་ལའང་འོང་བས་ན་ཐུན་མོང་བར་གྲགས་ཏེ། འདུས་པ་ལས། མིག་སྨན་ལ་སོགས་དངོས་གྲུབ་རྣམས། །ཐ་མལ་པ་ཞེས་བཤད་པ་ཡིན། །ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི། རྩ་རླུང་བྱང་ཆུབ་ཀྱི་སེམས་རིམ་གྱིས་བརྟན་པས་དག་པ་ན་ས་དང་ལམ་གྱི་ཡོན་ཏན་རྣམས་འ ཐོབ་པར་འགྱུར་ཏེ། འཁོར་ལོ་བཞི་ལས་སུ་རུང་བས་ཚོགས་སྦྱོར་མཐོང་སྒོམ་བཞིས་བསྡུས་པའི་སློབ་པའི་ལམ་བཞིའི་ཡོན་ཏན་རྣམས་འཆར་ཞིང་དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པ་ལས། མདུད་པ་གཉིས་གཉིས་གྲོལ་བ་ན། དེར་དྭངས་མ་ཡེ་ཤེས་ཀྱི་རླུང་སེམས་རེ་ཆུད་པས་ཉི་ཤུ་པའི་བར་གྱིས་མཐོང་སྒོམ་གྱིས་བསྡུས་པའི་སློབ་པའི་ཟུང་འཇུག་ས་བཅུ་པོ་རེ་རེ་དང་ཉེར་གཅིག་པ་གྲོལ་བས་མི་སློབ་པའི་ཟུང་འཇུག་བརྙེས་པ་ཡིན་ལ། དེ་དག་ཅུང་ཟད་ཕྱེ་སྟེ་བཤད་ན། སྐྱེས་བུ་ཤེས་རབ་དང་བརྩོན་འགྲུས་ལྡན་པ་རྡོ་རྗེ་ཐེག་པར་ཞུགས་ནས་ལུས་ལྷར་བསྐྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ནས་ཚོགས་ལམ་པ་ཡིན་ཏེ། སྒྱུ་འཕྲུལ་དམ་པ་ལས། སྔགས་པ་གང་ཞིག་རྣལ་འབྱོར་ལ་བརྩོན་པས་བདག་བྱིན་གྱིས་རློབ་པ་ནི་ལུས་དྲན་པ་ཉེ་བར་བཞག་པ་སྟེ་ལྷའི་ངོ་བོའི་སྣང་བརྙན་དུའོ། །ཞེས་སོ། །དེ་ཡང་ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་སེམས་རིམ་གྱིས་ཚུད་དེ་ལས་སུ་རུང་བ་ལས་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་ཡོན་ཏན་རྣམས་འཆར་བ་དང་། རྟོག་ཚོགས་སྣང་སྟོང་གཉིས་མེད་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བ་ལ་བློ་གནས་པའི་ཏིང་ངེ་འཛིན་མངའ་ཞིང་། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་སངས་རྒྱས་སྤྲུལ་པའི་སྐུ་ལས་

p. 391

གདམས་ངག་ཉན་པ་སྟེ། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་འཐོབ་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་སོ། །དེ་ནས་ཆོས་ཀྱི་འཁོརལོའི་རླུང་སེམས་ལས་སུ་རུང་བས་དྲོད་རྩེ་གཉིས་དང་། བཟོད་པ་ཆོས་མཆོག་གཉིས་ཏེ། སྦྱོར་ལམ་གྱི་ཡོན་ཏན་རྣམས་རིམ་པར་འཆར་ཞིང་། སྣང་བ་ཟུང་འཇུག་གི་ལྷའི་དཀྱིལ་འཁོར་དུ་གསལ་བའང་སྔར་ལས་ཤིན་ཏུ་གསལ་བརྟན་དུ་གྱུར་པ་སྟེ། འདིར་བརྩོན་འགྲུས་བར་མ་ཆད་པའི་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཐོང་ལམ་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པས་ན་ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་ཡིན་ཞིང་། སྔ་མ་ཚོགས་ལམ་ལ་ནི་ཟག་ལྡོག་གཉིས་ཀ་ཡོད་པར་བཤད་དོ། །དེ་ནས་ལོངས་སྤྱོད་འཁོརལོའི་རླུང་སེམས་ལས་སུ་རུང་ཞིང་དབུ་མའི་མདུད་པ་དང་པོ་གཉིས་གྲོལ་བས་ཆོས་ཉིད་རང་མཚན་བསྐྱེད་དུ་བྱར་མེད་པ་མཐོང་སྟེ་འཕགས་པའི་ས་དང་པོ་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཆར་ཞིང་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཆོས་ཉན་པ་རྙེད་ལ། སློབ་དཔོན་སངས་རྒྱས་གསང་བས་སྐབས་འདིར་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་དང་ཉེ་རྒྱུའི་སྤྱོད་པ་སྟོབས་ཆེ་ཆུང་གི་བྱེད་པས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་ནམ། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་རིག་འཛིན་ལ་སྦྱོར་བས་ལྷག་མེད་མྱ་ངན་འདས་དང་། སྦྱོང་བར་ནུས་པས་སྐྱེ་འཇིགས་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ནམ། རྟེན་ངེས་རིམ་ཐོད་རྒལ་གྱི་སྒོ་ནས་ལམ་གོང་མ་རྣམས་ལ་སྦྱོར་བས་ན་ལྷག་བཅས་མྱང་འདས་ཞེས་གསུངས་ཏེ། ལམ་རིམ་ལས། དུས་ཚོགས་བར་ཆད་མེད་པ་ནས། །ལྷག་མ་མེད་དང་ཡོད་པ་ཡི། །མྱ་ངན་འདས་པས་མཐར་སྦྱོར་བ། །ཐུན་མོང་ལྟ་བུར་ཟུང་དུ་འགྱུར། །ཞེས་དང་། ལམ་ཆུང་དུ། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །དེ་ནས་སྤྱི་བོ་བདེ་ཆེན་འཁོརལོའི་རླུང་སེམས་ལས་སུ་རུང་ཞིང་དབུ་མའི་མདུད་པ་གསུམ་པ་ནས་ཉི་ཤུ་པའི་བར་གཉིས་གཉིས་གྲོལ་བས་སྒོམ་ལམ་

p. 392

ས་དགུའི་ཡོན་ཏན་རྣམས་རིམ་གྱིས་འཆར་ཏེ། དེ་ཡང་དྲི་མ་མེད་པ་ནས་ལེགས་པའི་བློ་གྲོས་ཀྱིས་བར་གྱིས་བསྡུས་པའི་ས་བརྒྱད་ནི་ཡེ་ཤེས་སྒྱུ་མའི་སྐུ་ཅན་སྒོམ་ལམ་ཕྱག་ཆེན་རིག་འཛིན་དང་། བཅུ་པ་ཆོས་ཀྱི་སྤྲིན་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་བྱད་འཛིན་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཞེས་བྱའོ། །དེ་ལྟར་ན་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པ་ས་བཅུའི་ངེས་ཚིག་དང་ཡོན་ཏན་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ཡང་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་དང་། །འདི་ལྟར་བྱང་ཆུབ་མི་མཐུན་ཕྱོགས། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པ་ན། །མངོན་དུ་གྱུར་པའི་ས་ཞེས་བྱ། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་གྱུར་པའི་ས་ཞེས་བྱ། །འདུ་ཤེས་གཉིས་ཀྱིས་མི་གཡོའ་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །ཡོན་ཏན་ནི། ལས་རླུང་སྟོང་བརྒྱད་བརྒྱ་པ་བཅུ་གཉིས་ཀྱི་དང་པོ་སྦྱོར་ལམ་ཆོས་མཆོག་མན་ལ་འགག་པར་འགྱུར་ལ་དུས་སྦྱོར་གཉིས་པ་ནས་བཅུ་གཅིག་པའི་བར་གྱི་སྟོང་བརྒྱད་བརྒྱ་པ་རེ་རེས་དང་པོ་ནས་བཅུ་པའི་བར་འགག་ཅིང་། འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་རྣམས་ཀྱང་གྲོལ་བར་ཡེ་ཤེས་ཀྱི་རླུང་རིམ་པར་ཚུད་ནས་བྱང་ཆུབ་ཀྱི་སེམས་བརྟན་པས་མཐོང་ལམ་དུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། དེ་ཉིད་སྒོམ་ལམ་ས་དགུར་གོང་དུ་འཕེལ་ཏེ། ས་གཉིས་པར་སྟོང་ཕྲག་བཅུ་གཉིས་པ་ནས་བཅུ་པར་བརྗོད་དུ་མེད་པའི་གྲངས་དང་མཉམ་པའི་བར་གྱི་སངས་རྒྱས་ཀྱི་ཞལ་ལྟ་བ་དང་། ཆོས་ཉན་པ་དང་། ཞིང་གཡོ་བར་བྱེད་པ་སོགས་

p. 393

དུས་སྐད་ཅིག་རེ་ལ་བྱེད་པའོ། །དེ་ཡང་ས་བདུན་པ་མན་ཆད་ལ་རྗེས་ཐོབ་ཏུ་སེམས་སུ་འཛིན་པ་ཅུང་ཟད་དང་། ས་བརྒྱད་པར་དེ་ཉིད་དབྱིངས་སུ་དག་ཀྱང་སྣང་མེད་ཀྱི་དབུ་མ་ལ་ཞེན་པའི་ཆ་ཅུང་ཟད་ཡོད་ཅིང་། དགུ་པ་དང་བཅུ་པར་དེ་ཡང་དག་པར་འགྱུར་ཏེ། ལང་གཤེགས་ལས། ས་བདུན་པ་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་མཆོག་དང་ནི་སངས་རྒྱས་ས། །དེ་དག་ང་ཡི་རང་བཞིན་ནོ། །ཞེས་སོ། །དེ་དག་ཀྱང་མདོ་ནས་བཤད་པའི་ས་བཅུ་དང་སྔགས་ཀྱི་རིག་འཛིན་བཞིས་བསྡུས་པའི་ས་བཅུ་སྦྱར་ནས་སྤྱིར་བཤད་པ་སྟེ། སྔགས་ལུགས་ཐུན་མོང་མ་ཡིན་པ་ལྟར་ན། མདོའི་མཐོང་ལམ་རབ་དགའ་ལ་གནས་པའི་བྱང་སེམས་འཕགས་པ་དང་རྣམ་སྨིན་རིག་འཛིན་དགོངས་པ་མཉམ་ཞིང་། ཚེ་དབང་། རྒྱ་ཆེན། ལྷུན་གྲུབ་རིག་འཛིན་གསུམ་ནི་རྒྱུའི་ཐེག་པའི་ས་དང་མཐོང་སྒོམ་མཐར་གསུམ་གྱི་ལམ་དུ་སྐལ་བ་མཉམ་པར་གྱུར་ཀྱང་དགོངས་སྤྱོད་ཀྱིས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང་རིག་འཛིན་བཅུ་པ་ཆོས་སྤྲིན་དང་ཕྱག་ཆེན་རིག་འཛིན། མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་དགོངས་པ་མཉམ་པར་བཞེད་པའི་ཕྱིར་ཏེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དང་། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་དང་། དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། །ཞེས་དང་། མིག་སྒྲོན་གྱི་རང་འགྲེལ་ལས། ཀུན་ཏུ་འོད་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་དང་། ཨཱ་དེ་བས་ཀྱང་། རྒྱུ་ཡིས་བགྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཞེས་སོ། །དེ་ལྟར་ན་ཕར་ཕྱིན་ཐེག་པའི་ལམ་གྱིས་སྦྱོང་བར་མི་ནུས་པའི་སྒྲིབ་པ་སྔགས་ལམ་ཁོ་ནས་སྦྱོང་དགོས་པ་ཞིག་ཡོད་པར་འགྱུར་རམ་ཞེ་ན། ཡོད་དེ། ཀུན་འབྱུང་ཕྲ་བའི་མཐར་ཐུག་འཕོ་བའི་བག་ཆགས་སྣང་གསུམ་གྱི་སྒྲིབ་པ་ནི་ལམ་བདེན་མཐར་ཐུག་སྔགས་ལམ་ཁོ་ནས་སྦྱོང་དགོས་པ་ཡིན་གྱི། ཕར་ཕྱིན་

p. 394

ཐེག་པར་ནི་སྒྲིབ་པ་དེའི་ཐ་སྙད་ཀྱང་མ་གྲགས་ཤིང་། གཉེན་པོ་ཡང་མ་བཤད་པའི་ཕྱིར་རོ། །ལ་ལ་དག སྔགས་ལམ་བདེ་མྱུར་གྱི་ཐབས་ཀྱིས་ཁྱད་པར་དུ་བྱས་པ་ལས་དམིགས་ཡུལ་གྱི་འབྲས་བུ་ལ་ཁྱད་པར་མེད་ཅེས་གསུངས་མོད། དེ་ལྟར་ན། སྔགས་ཀྱི་ཐབས་ཁྱད་པར་ཅན་དབང་སོགས་ཀྱི་རྒྱུ་ལ་མ་ལྟོས་པའི་སྔགས་ཀྱི་མཐར་ཐུག་གི་འབྲས་བུ་སྲིད་པར་འགྱུར་ལ། དེ་འགྱུར་ན་ནི། རྒྱུ་འབྲས་འཆོལ་བར་འགྱུར་བས་ཉན་རང་གི་ལམ་གྱིས་ཀྱང་ཕར་ཕྱིན་ཐེག་པའི་མཐར་ཐུག་གི་འབྲས་བུ་ཅིའི་ཕྱིར་མི་འགྲུབ། དེས་ན་འདོད་པས་བསྒྲུབས་པའི་རང་རང་གི་འབྲས་བུ་རེ་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་མི་བསླུ་བར་འགྲུབ་ནའང་མཐར་ཐུག་བླ་ན་མེད་པའི་འབྲས་བུ་ནི་སྔགས་ལམ་ཁོ་ནས་བགྲོད་དགོས་པ་ཡིན་ནོ། །འོ་ན་ཐེག་པ་འོག་མ་ནས་སྔགས་ལམ་དུ་ངེས་པར་འཇུག་པའི་དུས་གང་ཞེ་ན། འགའ་ཞིག ཕར་ཕྱིན་ཐེག་པའི་ལམ་གྱི་ཚོགས་ལམ་ཆེན་པོའི་བར་བསྒྲུབས་ཏེ། དེ་ནས་ངེས་པར་སྔགས་ལམ་དུ་འཇུག་པར་བཞེད་པ་སོགས་བཞེད་པ་ཐ་དད་པ་མང་ནའང་། རང་ལུགས་ལ་མཐའ་གཅིག་ཏུ་མ་ངེས་ཏེ། འོག་མའི་འབྲས་བུ་མཐར་ཕྱིན་ནས་འཇུག་པའང་ཡོད་པའི་ཕྱིར་རོ། །དེ་ལྟར་ཡང་ལམ་ཆུང་ལས། ཐུན་མོང་ས་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔ། །བྱིན་རླབས་འཚམས་པར་མོས་སྣང་བས། །འཁོརལོའི་ས་ལ་འགྱུར་བར་ངེས། །ཞེས་སོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། རང་དོན་ཆོས་སྐུ་མངོན་གྱུར་ཏེ༔ གཞན་དོན་གཟུགས་སྐུ་ལྷུན་གྲུབ་འབྱུང༔ འཁོར་བ་མྱ་ངན་འདས་པར་འགྱུར༔ ཞེས་པ་སྟེ། དབུ་མའི་མདུད་པ་ཉི་ཤུ་རྩ་གཅིག་པ་གྲོལ་བས་དུས་སྦྱོར་བཅུ་གཉིས་པའི་རླུང་སྟོང་བརྒྱད་བརྒྱ་བའང་འགགས་ཤིང་། རྩ་འཁོར་ཐམས་ཅད་རྣམ་པར་གྲོལ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནམ་མཁའ་དང་མཉམ་པ་ན་བརྒྱད་ཁྲི་བཞི་སྟོང་གི་རྟོག་པ་ཡེ་ཤེས་འབའ་ཞིག་ཏུ་གྱུར་པ་ནི་མཐར་ཐུག་གི་འབྲས་བུའོ། །དེ་ཡང་ལམ་མཉམ་བཞག་ཡེ་ཤེས་ཀྱི་བྲལ་འབྲས་སྤངས་པ་ཕུན་སུམ་ཚོགས་པ་རྣམ་པར་གྲོལ་བའི་སྐུ་དང་། རྗེས་ཐོབ་ཡེ་ཤེས་

p. 395

ཀྱི་བྲལ་འབྲས་རྟོགས་པ་ཕུན་སུམ་ཚོགས་པ་ཡང་དག་པའི་སྐུ་སྟེ། རྒྱུད་བླར། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཅེས་སོ། །དབྱེ་ན་རྟེན་སྐུ་དང་། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་གསུམ་ལས། རྟེན་སྐུ་ནི། བདག་ཉིད་ཀྱིས་ཆོས་ཐམས་ཅད་མཚན་མ་མེད་པར་ཐུགས་སུ་ཆུད་པས་སྤྲོས་པ་ཐམས་ཅ ད་དང་བྲལ་བའི་ཡེ་ཤེས་ནི་རང་དོན་ཆོས་ཀྱི་སྐུ་ཕན་པ་ཐམས་ཅད་ཀྱི་གཞིར་མངོན་དུ་གྱུར་པ་སྟེ། དེ་ལས་གཞན་དོན་གཟུགས་སྐུ་གཉིས་ནི། ཆོས་སྐུ་དང་ངོ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ལ་མངའ་བའི་ཡོན་ཏན་དག་མ་དག་གི་གདུལ་བྱ་གཞན་སྣང་དུ་སྐུ་དང་མཛད་པའི་རྣམ་པར་རོལ་པ་སྟོན་པར་ནུས་པའི་ཐུགས་རྗེ་ཆེན་པོ་དང་ནུས་མཐུའི་ཡེ་ཤེས་ནི་སྤྲུལ་པའི་སྐུ་སྟེ་རང་རྒྱུད་ཀྱིས་བསྡུས་པའི་སྐུ་གསུམ་ཡིན་ཞིང་། འདི་ལ་སྒྱུ་འཕྲུལ་མཁན་པོ་རྣམས་སྐུ་གསུམ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་དང་། མ་འདྲེས་པའི་ཆ་ནས་མངོན་བྱང་གི་སྐུ་ཞེས་བཏགས་པའི་སྐུ་གཉིས་ཀྱི་རྣམ་གཞག་མཛད་དོ། །དེ་ལྟར་རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་གཉིས་དང་། བརྩེ་བ་དང་ནུས་མཐུའི་ཡེ་ཤེས་གཉིས་པོ་འཛོམ་པའི་མཐུ་ལས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་མཚན་དཔེར་སྣང་བའི་གཟུགས་བརྙན་གྱིས་མཐའ་ཡས་པའི་ཆོས་གསུང་པ་ནི་ལོངས་སྐུ་དང་། མ་དག་པའི་འགྲོ་བ་རྣམས་ལ་བཟོ་དང་སྐྱེ་བ་དང་མཆོག་གི་སྤྲུལ་སྐུ་སོགས་བརྟན་གཡོ་སྣ་ཚོགས་པའི་སྣང་བརྙན་དུ་འཆར་བ་ནི་སྤྲུལ་པའི་སྐུ་སྟེ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཞིང་། འདི་གཉིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དངོས་ཡིན་མོད་ཀྱང་། གདུལ་བྱ་གཞན་སྣང་ཡིན་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དངོས་ནི་མ་ཡིན་ལ། དེ་ལྟ་ནའང་རང་སྣང་གི་གཟུགས་སྐུ་གཉིས་ཀྱི་མཐུ་ལས་བྱུང་བས་ན་སྐུ་དེ་གཉིས་ཀྱིས་བསྡུས་པར་འཇོག་སྟེ། དཔེར་ན་ཉི་མའི་འོད་ཉི་མའི་ཆོས་སུ་བསྡུ་བ་བཞིན་ནོ། །བརྟེན་པ་ཡེ་ཤེས་

p. 396

ནི། སྒྲིབ་པ་མཐའ་དག་ལས་རྣམ་པར་གྲོལ་བ་ཆོས་ཀྱི་དབྱིངས་དང་མི་ཕྱེད་པས་ཤིན་ཏུ་རྣམ་པར་དག་པ་སྤྲོས་བྲལ་གྱི་ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་ཏེ། ལེ་ལག་ལས། རྣམ་རྟོག་ཀུན་གཞི་མ་ཡིན་ལ། །རང་བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་སོ། །ཡེ་ཤེས་དེ་ཉིད་ཀྱིས་རང་དང་སེམས་ཅན་གྱི་ཤེས་པ་མཐའ་དག་ཡུལ་མེད་རང་གསལ་དུ་གཟིགས་པ་མེ་ལོང་ངོས་གཉིས་པའི་གཟུགས་བརྙན་ལྟར་སྣང་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །དེས་གཟིགས་པའི་ཆོས་ཐམས་ཅད་ཀྱང་འདི་གསལ་བའི་སྤུ་རིས་ལ་ཁྱད་པར་མེད་པས་འཁོར་འདས་མཉམ་པར་རྟག་པ་ནི་མཉམ་ཉིད་ཡེ་ཤེས་ཏེ། དེ་ལས། མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་བརྗོད། །ཅེས་སོ། །ངོ་བོ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་ཀུན་རྫོབ་ཀྱི་ཆོས་སྤྱི་དང་རང་གི་མཚན་ཉིད་མཐའ་དག་མ་འདྲེས་པར་མཁྱེན་པ་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པའི་དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོ་ནི་སེམས་ཅན་གྱི་དོན་མཛད་པ་ལ་ཐོགས་པ་མེད་པས་སམ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་གང་ཡིན་པ་དེ་སངས་རྒྱས་གཅིག་གིས་ཀྱང་སྒྲུབ་པའི་ཕྱིར་བྱ་གྲུབ་ཡེ་ཤེས་ཏེ། དེ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་གྲུབ་པ་པོ། །ཞེས་སོ། །དེ་དག་ཀྱང་སྤྱི་མདོ་ལས། སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སྣང་ངོ་། །རྩ་བའི་རྣམ་པར་ཤེས་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྣང་ངོ་། །དམིགས་པའི་རྣམ་པར་ཤེས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སྣང་ངོ་། །ཀུན་ཏུ་སྣང་བའི་རྣམ་པར་ཤེས་པ་ལས་སོ་སོར་རྟོག་པའ་ིཡེ་ཤེས་སུ་སྣང་ངོ་། །འཇུག་པའི་རྣམ་པར་ཤེས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ་སྣང་ངོ་། །ཞེས་སོ། །དེ་དག་ཀྱང་བསྡུ་ན།

p. 397

ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་མངོན་སུམ་དུ་གཟིགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། སྒྱུ་མ་ལྟ་བུར་མངོན་སུམ་དུ་མ་འདྲེས་པར་མཁྱེན་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སུ་འདུ་ཞིང་། མཁྱེན་ཚུལ་ཡང་རང་སྣང་ལ་ལྟོས་ནས་འཁྲུལ་པའི་སྣང་བ་རྡུལ་ཙམ་ཡང་མི་གཟིགས་མོད། འོན་ཀྱང་གཞན་སྣང་གི་ངོ་ལ་ལྟོས་ནས་འགྲོ་བ་སོ་སོ་ལ་འཆར་ཚུལ་རྒྱུ་འབྲས་དང་བཅས་པ་གཟིགས་ཤིང་། དེ་དག་སྡུག་བསྔལ་ལས་གྲོལ་བའི་ཐབས་ཀྱང་མཁྱེན་ནས་སྟོན་པར་མཛད་པ་ཡིན་ཏེ། དཔེར་ན་འགའ་ཞིག་གི་རྨི་ལམ་ལ་སྡུག་བསྔལ་ཉམས་སུ་མྱོང་བ་དེ་སྐྱེས་བུ་མངོན་ཤེས་ཅན་གྱིས་གཟིགས་ནའང་བདེན་ཞེན་མི་འབྱུང་ཞིང་གཉིད་སད་ན་སྡུག་བསྔལ་དེ་ལས་གྲོལ་བའང་མཁྱེན་པ་བཞིན་ནོ། །དེ་ལྟར་ཡང་ཀུན་འདུས་ལས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །དུས་གསུམ་དུས་བཞིས་མི་དམིགས་ཀྱང་། །ཡེ་ཤེས་རིག་པའི་ཁྱད་པར་ལས། །སྐད་ཅིག་བསྐལ་པ་དེ་སྐད་ཅིག །ཅེས་དང་། རྒྱས་པ་ལས། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། །ཞེས་སོ། །མཛད་པ་འཕྲིན་ལས་ནི། དེ་ལྟར་སྤངས་རྟོགས་མཐར་ཕྱིན་པའི་མཐུ་ལས་སེམས་ཅན་གྱི་རིས་གང་ལའང་ཉེ་རིང་གི་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པར་ཁྱབ་པར་བཞུགས་པས་རྒྱ་ཆེ་བ་ནམ་མཁའ་ལྟ་བུ་དང་། སེམས་ཅན་གྱི་ཁམས་ཟད་པ་མེད་པ་དེ་སྲིད་དུ་འཕེལ་འགྲིབ་མེད་པར་བཞུགས་པས་ན་རྒྱུན་མ་ཆད་པས་རྟག་པ། རང་རང་གི་མོས་པ་དང་བསམ་པ་དང་དབང་པོའི་ཁྱད་པར་ཇི་ལྟ་བ་བཞིན་དུ་འདོད་པའི་དོན་མ་ཚང་བ་མེད་པར་དུས་ཡོལ་བ་མེད་པར་འབྱུང་བས་འཕྲིན་ལས་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་ལྟར་ཡང་རྒྱུད་བླ་ལས། སྐུ་ནི་ནམ་མཁའ་ལྟ་བུ་སྟེ། །ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ཅེས་དང་། མངོན་རྟོགས་རྒྱན་ལས། ཇི་སྲིད་འཁོར་བ་དེ་སྲིད་དུ། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་དང་། བཞི་བརྒྱ་པ་ལས། སངས་རྒྱས་རྣམས་ཀྱི་མཛད་པ་ནི། །རྒྱུ་མེད་འགའ་ཡང་ཡོད་མ་ཡིན། །དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང་། །ཞེས་པ་དང་། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་

p. 398

ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་འཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་ཟོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཅེས་སོ། །མདོར་ན་འབྲས་བུའི་རྣམ་གཞག་དེ་དག་ཀྱང་སྤངས་ཐོབ་མེད་པར་རང་སྣང་བ་ཙམ་སྟེ། སེམས་ཅན་ཐམས་ཅད་ཡེ་ནས་བཅིངས་གྲོལ་མེད་པའི་རང་བཞིན་དུ་རྣམ་པར་དག་པས་གློོ་བུར་འཁྲུལ་སྣང་གི་ཆོས་ཐམས་ཅད་ཀྱང་མེད་པ་གསལ་སྣང་ཙམ་ལས་གཞན་སྤང་དུ་མེད་པས་མ་སྤངས་ཤིང་། འཐོབ་བྱའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱང་གཞན་ནས་བཙལ་དུ་མེད་པའི་ཕྱིར་འཁོར་བ་ཉིད་མ་སྤངས་མ་བསྒྱུར་བར་མྱ་ངན་ལས་འདས་པར་འགྱུར་ཞེས་པའོ། །དེ་ལྟར་སྒྱུ་འཕྲུལ་རྩ་རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་གསུངས་པ་ཡིན་ནོ། །༈ གསུམ་པ་མཐར་ཕྱིན་པ་རྗེས་ཀྱི་བྱ་བ་ལ་ལྔ་སྟེ། སྒྲུབ་ཐབས་ཀྱི་ཆེ་བ་སྨོས་པའི་སྒོ་ནས་སྣོད་བསྟན་པ། དངོས་ཀྱི་གདུལ་བྱ་ལ་བརྩེ་བས་བསྟན་ཅིང་ཉམས་སུ་ལེན་པར་གདམས་པ། མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་གཏེར་དུ་སྦ་བར་གདམས་པ། སློབ་དཔོན་གྱིས་མཛད་བྱང་སྨོས་པ། སྨོན་ལམ་གདབ་ཅིང་དམ་ཚིག་གི་མནའ་རྒྱས་འདེབས་པའོ། །དང་པོ་ནི། རྒྱལ་བ་ཀུན་གྱི་གསང་བའི་ལམ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལྷའི༔ སྒྲུབ་ཐབས་ཀུན་གྱི་སྙིང་པོ་འདི༔ སྐལ་ལྡན་ཀུན་གྱི་སྤྱོད་ཡུལ་ཡིན༔ ཞེས་པ་སྟེ། དུས་གསུམ་གྱི་རྒྱལ་བ་མ་ལུས་པ་ཀུན་ལམ་འདི་ཁོ་ན་ནས་གཤེགས་པའི་ཕྱིར་བགྲོད་པ་གཅིག་པུ་འདི་ལས་གཞན་མེད་ནའང་། རེ་ཞིག་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ཏེ། ཐེག་པ་སོ་སོའི་ལམ་བསྟན་ནས་བདེ་མྱུར་གྱི་ལམ་འདི་ཉིད་སྦ་བར་མཛད་པས་ན་གསང་བའི་ལམ་ཡིན་ལ། དེའི་ཕྱིར་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་

p. 399

ལྷ་ཚོགས་རྣམས་ཕྱི་ནང་གསང་བ་ཡང་གསང་བཞིའི་སྒོ་ནས་སྒྲུབ་པའི་ཐབས་རྨད་དུ་བྱུང་བ་འདི་ནི། བསྟན་པ་དང་ཐེག་པ་གང་ནས་བསྒྲུབས་ཀྱང་མཐར་ཐུག་འདོད་པའི་འབྲས་བུ་འདི་ཁོ་ན་ལས་སྟེར་བའི་ཕྱིར་ཐར་འདོད་ཀུན་གྱིས་བསྟེན་བྱར་གྱུར་པས་སྙིང་པོ་སྟེ། ཧྲྀ་ད་ཡ་ཞེས་པའི་སྒྲ་ལས་སྲོག་གམ་སྙིང་ལྟར་གཅེས་སྤྲས་སུ་བྱེད་པའི་དོན་ནོ། །དེ་བས་ན་སྒྲུབ་ཐབས་འདི་ནི་ནོར་བཟང་དང་རྟག་ཏུ་ངུ་ལྟར་ཟབ་མོའི་དོན་རླབས་པོ་ཆེ་ལ་མི་སྐྲག་ཅིང་། དད་བརྩོན་དང་ལྡན་པ་ལུས་དང་ལོངས་སྤྱོད་ཐམས་ཅ ད་ཆོས་ཕྱིར་གཏོང་ཕོད་པའི་སྐལ་ལྡན་དེ་འདྲ་བ་ཀུན་གྱི་སྤྱོད་པར་བྱ་བའི་ཡུལ་ཡིན་པས། དེ་རྣམས་ལ་ཆོས་ལ་དཀོན་པ་མ་སྟོན་པར་གདམས་ངག་དོན་སྙིང་དང་ཡན་ལག་ཚང་བར་བྱིན་ཅིག་པའོ། །དེ་ཡང་ལུང་བྱང་ལས། དེ་ལས་གཞན་ཡང་པད་འབྱུང་བཀའ་ལ་མོས༔ ལམ་འདིར་མོས་དུངས་ཉམས་སུ་ལེན་པར་སྤྲོ༔ གཞན་ཕན་བློ་ལྡན་གཏོང་ཕོད་དམ་ཚིག་གཙང ༔ ང་རྒྱལ་ཆུང་ཞིང་ཟོལ་མེད་སྒྲུབ་ལ་བརྩོན༔ དེ་འདྲའི་ལས་ཅན་གཞན་ཡང་ཉམས་ལེན་དབང༔ ཞེས་ཆོས་བདག་ལུང་བསྟན་པའི་རྗེས་འབྲེལ་དུ་གསུངས་སོ། །གཉིས་པ་ནི། དེ་ཕྱིར་ལས་ལྡན་རྗེ་འབངས་རྣམས༔ སྙིང་ལ་བཅགས་པས་རྗེས་སུ་གདམས༔ རང་ཉམས་ལོང་ལ། ཞེས་པ་སྟེ། བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་ན་ལས་དང་སྐལ་བར་ལྡན་པའི་གང་ཟག་རྗེ་མངའ་བདག་ཡབ་སྲས་དང་། འབངས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན། མ་གཅིག་ཡེ་ཤེས་མཚོ་རྒྱལ། གནུབས་ནམ་མཁའི་སྙིང་པོ། ལྷ་ལྕམ་ནུས་འབྱིན་ས་ལེ་རྣམས་སྙིང་སྟེ་ཐུགས་ལ་ཤིན་ཏུ་བཅགས་པའི་དབང་གིས་རྗེས་སུ་གདམས་པར་མཛད་པ་སྟེ། ལུང་བྱང་ལས། སྔར་མེད་སྲོང་བཙན་སྒམ་པོའི་དུས་སུ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་མང་དུ་སྤེལ་ཡང་འདི་ལྟ་བུའི་ཟབ་གནད་འདྲིལ་བ་མེད༔ པདྨ་བདག་གིས་ཀྱང་བོད་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་གཟིགས་ནས་ཐུགས་རྗེ་ཆེན་པོའི་རྒྱུད་མི་འདྲ་བ་སོ་སོ་ལ་བརྟེན་པའི་སྒྲུབ་ཐབས་མི་འདྲ་བ་བརྒྱ་རྩ་ཙམ་སྤེལ་ཡང་འདི་འདྲ་བའི་སྙིང་པོའི་དོན་ཅིག་ཅར་དུ་དྲིལ་ན ས་བསྟན་པ་མེད༔ འོན་ཀྱང་མངའ་བདག་སོགས་རྗེ་འབངས་རྣམས་སྔོན་སྦྱངས་ཀྱི་སྐལ་བ་ཅན་ཡིན་པས་བསྟན་པར་བྱའོ༔ ཞེས་གསུངས་

p. 400

ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་གཅིག་དང་མཉམ་དུ་བསྟན་ནས་ད་ལྟ་སྤེལ་བའི་དུས་ལ་མ་བབས་པས་རང་གི་ཉམས་སུ་ལོངས་ཤིག་པར་གདམས་པ་ལྟར་རྗེ་འབངས་བདུན་གྱིས་ཟླ་བ་གཅིག་ཏུ་ཉམས་སུ་བླངས་པས་དངོས་གྲུབ་བརྙེས་པ་ཡིན་ནོ། །གསུམ་པ་ནི། སྙིགས་མའི་འགྲོ༔ སྐྱོབ་ཕྱིར་ཟབ་མོའི་གཏེར་དུ་སྦོས༔ ས་མ་ཡ༔ ཞེས་པ་སྟེ། དུས་དེར་རྒྱུད་དང་རྒྱ་ཆེ་བའི་སྐོར་རྣམས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། ཐུན་མོང་གི་ཡི་གེ་ལྔ་སྲིན་སྦར་ཅན་གྱི་བྲག་ལ་སྦ་བར་གདམས་པ་ལས། ཕྱི་མ་ནི་ཉང་གིས་སྤྱན་དྲངས་པའི་རྒྱལ་བ་རྒྱ་མཚོ་ཡི་དམ་ང་ལྔ་ཡིན་པར་མངོན་ཞིང་། ཐུན་མོང་མ་ཡིན་པ་སློབ་དཔོན་གྱི་དགོངས་ཉམས་ཟབ་དོན་སྙིང་པོར་དྲིལ་བ་འདི་ཉིད་ནི། དུས་ཀྱི་སྙིགས་མ་རྩོད་ལྡན། སེམས་ཅན་གྱི་སྙིགས་མ་དུས་དེར་སྐྱེས་པ། ཚེའི་སྙིགས་མ་ཚེ་ཐུང་ཞིང་དུས་མིན་དུ་འཆི་བ་མང་བ། ལས་ཀྱི་སྙིགས་མ་མི་དགེ་བ་བཅུ་ལ་སྤྱོད་པ། ཉོན་མོངས་པའི་སྙིགས་མ་གཉེན་པོས་མི་ནོན་པའམ་རྟག་ཆད་ཁ་འཛིན་གྱི་ལྟ་བ་ལ་སྤྱོད་པ་ལྟ་བའི་སྙིགས་མ་སྟེ། དེ་ལྟ་བུའི་སྙིགས་མ་ལྔ་ཤིན་ཏུ་བདོ་བར་གྱུར་བས་ཉམ་ཐག་པའི་འགྲོ་བ་རྣམས་སྐྱོབ་པར་བྱ་བའི་ཕྱིར་ཟབ་མོའི་གཏེར་དུ་སྦོས་ཤིག་ཅེས་ས་མ་ཡ་སྟེ་དམ་ཚིག་གི་གཉེར་དང་བཅས་སྦ་བར་གདམས་པའོ། །དེ་ལྟར་ཡང་ལུང་བྱང་ལས། འདི་ནི་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་ཀྱི་དགོངས་ཉམས་དྲིལ་བ་སྟེ༔ ཟབ་མོའི་ནང་ནས་ཡང་ཟབ་ཡིན༔ རྟ་རྨིག་ལྕགས་ཀྱིས་གཏུམས་བྱས་ནས༔ སྟོང་གསུམ་བཙལ་ཀྱང་ག་ལ་རྙེད༔ དེ་ཕྱིར་འདི་ལ་གཅེས་པར་བཟུང༔ འོན་ཀྱང་ད་ལྟ་སྤེལ་མི་བྱ༔ མ་འོངས་དོན་ཕྱིར་གཏེར་དུ་སྦ༔ སྙིགས་མ་ལྔ་བདོ་དུས་ཀྱི་མཐར༔ དམ་པ་ཆོས་ཀྱི་མངའ་ཐང་བྲི༔ བོད་ཀྱི་བདེ་སྐྱིད་དབུས་ནས་ཉམས༔ སྡེ་འཁྲུག་ནང་དམེས་ཆོས་འཁོར་འཇིག༔ བན་སྔགས་ཁྲིམས་འཆལ་དམ་ཚིག་ཉམས༔ སྐྱེ་བོ་མནའ་ཟ་ཨར་ཇག་བྱེད༔ ཅེས་པ་ནས། ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ ཕྱི་མར་མངའ་བདག་ཉང་ལ་སོགས༔ ལས་ཅན་མང་པོའི་དོན་བྱེད་འགྱུར༔ ཞེས་པའི་བར་གསུངས་པ་ལྟར་རོ། །བཞི་པ་ནི། འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་བདེ་གཤེགས་གཅིག་དྲིལ་གྱི་མན་ངག་ཨོ་རྒྱན་གྱི་མཁན་

p. 401

པོ་པདྨ་འབྱུང་གནས་ཀྱི་བཀའ་བཞིན་ཡི་གེར་བཀོད་པ་སྩོགས་ཞེས་པ་སྟེ། བསྒྲུབ་བྱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་བདག་ཉིད་འཕགས་པ་འཇིག་རྟེན་དབང་ཕྱུག་ཡིན་ལ། དེ་སྒྲུབ་པའི་ཐབས་ཀྱི་གཞུང་འདི་ཉིད་རྟོགས་དཀའ་ཞིང་རྙེད་དཀའ་བས་གསང་བའི་སྒྲུབ་ཐབས་དུས་གསུམ་གྱི་བདེ་གཤེགས་ཐམས་ཅད་གཅིག་ཏུ་དྲིལ་ནས་སྒྲུབ་པ་སྟེ། ཐབས་འདིས་རྒྱུད་ལུང་མན་ངག་གི་དོན་རྒྱ་ཆེན་པོ་རྣམས་ཚིག་ཉུང་ངུས་སྟོན་ཅིང་སྦས་དོན་ཟབ་མོ་རྣམ་པར་འབྱེད་པའི་ཕྱིར་མན་ངག་གོ །དེ་སུ་ཞིག་གིས་མཛད་ཅེ་ན། ལུང་བྱང་ལས། ཕྱི་ལྟར་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ ནང་ལྟར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གསང་བར་རྟ་མ ཆོག་རྒྱལ་པོ་ཧེ་རུ་ཀ༔ གདུལ་བྱའི་མོས་ངོར་རྣམ་པ་ཐ་དད་ཀྱང ༔ དོན་ལ་དབྱེར་མེད་ངོ་བོ་གཅིག་ཉིད་དེ༔ དཔེར་ན་མཁའ་ལ་ཤར་བའི་ཟླ་བ་ཉིད༔ དྭངས་པའི་ཆུ་སྣོད་དུ་མར་སྣང་བ་བཞིན༔ གྲངས་མེད་གདུལ་བྱའི་བསམ་པ་མཐའ་ཡས་ངོར༔ འདུལ་བྱེད་ཐུགས་རྗེའི་རྩལ་ཡང་དེ་སྙེད་དོ༔ མདོར་ན་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད༔ ཟབ་རྒྱས་ཐེག་པ་ཀུན་གྱི་སྟོན་པ་ཆེ༔ པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞེས་པ་ལྟར་འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་སློབ་དཔོན་གྱི་ཚུལ་བཟུང་བ་ཨོ་རྒྱན་གྱི་མཁན་པོ་ཆེན་པོ་པདྨ་འབྱུང་གནས་ཀྱིས་སོ། །སུའི་དོན་དུ་མཛད་ན། མངའ་བདག་རྒྱལ་པོས་གསེར་གྱི་མཎྜལ་ལ་མགུལ་གཡུ་མེ་སྟག་འོད་འཕྲོ་ཚོམ་བུར་བཀོད་ནས་ཞུས་པའི་ངོ་དང་། གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་གསུངས་ཤིང་། དེ་ལྟར་གསུངས་པའི་བཀའ་བཞིན་དབྲི་བསྣན་མེད་པར་བཀའི་བསྡུ་བ་པོ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་ཡི་གེ་རིས་སུ་ལེགས་པར་བཀོད་པ་འདི་ཡོངས་སུ་རྫོགས་སོ་ཞེས་གཏན་ལ་ཕབ་ཟིན་པའི་དོན་ནོ། །ལྔ་པ་ནི། སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྟེ། སྐལ་ལྡན་ལས་ཅན་གཅིག་ནི་སྤྲུལ་པའི་གཏེར་སྟོན་ཆེན་པོ་སྟེ། ལུང་བྱང་ལས། བདེ་གཤེགས་ཀུན་འདུས་གདམས་སྐོར་རྣམས༔ ཚིག་བརྒྱུད་ཡི་གེའི་རིས་སུ་བྲིས༔ བཀའ་བརྒྱུད་སྨོན་ལམ་གཏད་རྒྱར་གདམས༔ སེང་སྒྲོམ་སྨུག་པོའི་ནང་དུ་ཆུག༔ བཀའ་རྒྱས་ཐོབ་

p. 402

ལ་གཏེར་དུ་སྦོས༔ གཏེར་བསྲུང་རྣམས་ལ་གཉེར་དུ་འཆོལ༔ དུས་མཐར་འགྲོ་ཕན་འབྱུང་བར་འགྱུར༔ ཞེས་པ་ལྟར་ལས་ཅན་གྱི་དོན་དུ་དེ་དང་འཕྲད་པར་ཤོག་ཅེས་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་སྦ་བར་མཛད་པ་ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་བསྒྱུར་བས་མི་བསླུ་བའི་ཕྱིར་ཕྱག་ཏུ་སོན་པ་ཡིན་ནོ། །ས་མ་ཡ་ནི་དམ་ཚིག་གམ་མནའ་ལ་འཇུག་པས་ཤིན་ཏུ་གསང་བར་མནའ་རྒྱས་འདེབས་པ་ཡིན་ལ། རྒྱ་རྒྱ་རྒྱ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེའི་གཅེས་རྒྱས་འདེབས་པ་སྟེ། དཔེར་ན་འཕགས་པ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྒྱ་བདུན་གྱིས་བཏབ་པ་བཞིན་ནོ། །༈ གསུམ་པ་རྗེ་གཏེར་ཆེན་བླ་མས་ཇི་ལྟར་སྤྱན་དྲངས་པའི་བཏོན་བྱང་སྨོས་པ་ནི། རིག་འཛིན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའོ། །ཞེས་པས་རིག་འཛིན་གཏེར་བདག་གླིང་པ་ནི། བཀའ་ཐང་ལས། ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང ༔ ཞེས་དང་། ལུང་བྱང་ལས། འདི་ཉིད་འདོན་པའི་གང་ཟག་ནི༔ ལོ་ཙ་བཻ་རོ་ཙ་ན་འདི༔ སྔོན་འདས་བསྐལ་པ་དཔག་མེད་དུ༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ སྐུ་གསུམ་ངོ་བོར་སངས་རྒྱས་ཀྱང༔ ཐབས་ལ་མཁས་པའི་སྙིང་རྗེ་ཡིས༔ སྤྲུལ་པ་དུ་མར་སྣང་བ་སྟེ༔ ཞེས་སོགས་ལུང་བསྟན་པ་ལྟར། ལོ་ཙ་བ་ཆེན་པོ་བཻ་རོ་ཙ་ནའི་ཡང་སྲིད་མཚན་བརྗོད་པར་དཀའ་བ་སྤྲུལ་པའི་གཏེར་སྟོན་ཆེན་པོ་སྟེ། དེས་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་ཐེགས་ནས་ལོ་བརྒྱད་བརྒྱ་དང་བཅུ་དྲུག་འདས་པ་རབ་བྱུང་བཅུ་གཅིག་པའི་ནང་གི་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་གྲོ་ཞུན་ཟླ་བའི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་དགེ་བར། ཁ་བྱང་ལས། མཐའ་འཁོབ་མོན་གྱི་ཆུ་འགོ་ན༔ རོང་བཞི་འདུས་པ་དབུས་ཀྱི་སྒོ༔ ཤ་འུག་སྟ ག་སྒོ་ཞེས་བྱ་བ༔ ངོ་མཚར་སྤྲུལ་པའི་ཞིང་ཁམས་ཡོད༔ ཤར་ཕྱོགས་དོམ་ཚང་ཐུགས་ཀྱི་རོང༔ རང་བྱུང་རྡོ་རྗེ་ཕག་མོ་ཡི༔ ལུས་ཀྱི་བཀོད་པ་ཚང་བ་ཡོད༔ འཁོར་ལོ་ལྔ་དང་ཡན་ལག་ལྔར༔ གཉིས་མེད་

p. 403

མ་ནིང་གཏེར་བཅུ་སྦས༔ དུས་དང་སྨོན་ལམ་འཛོམ་པ་ན༔ ང་སྤྲུལ་ལས་ཅན་གང་ཟག་རེས༔ རིམ་བཞིན་བཏོན་ནས་འགྲོ་དོན་བྱེད༔ ཁྱད་པར་བདེ་ཆེན་འཁོར་ལོ་ནི༔ དཀར་པོ་ཟངས་ཞེས་བྱ་བའི་གནས༔ ཨོ་རྒྱན་ཞིང་དང་མཉམ་པ་ཡོད༔ ཅེས་གསུངས་པ་ལྟར་འཁོར་ལོ་ལྔའི་ས་ཚིགས་ལས། ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་མོན་བོད་ཀྱི་སྐལ་ལྡན་བརྒྱ་ཕྲག་ཙམ་ཚོགས་པའི་ཁྲོམ་གྱི་དབུས་སུ་སྤྱན་དྲངས་ཏེ་རིམ་པར་ཤོག་སེར་ལས་ཕབ་ཅིང་འཆད་ཉན་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་སྟེ་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་པའོ། །རྒྱུད་ལུང་མན་ངག་ཀུན་གྱི་སྙིང་པོའི་བཅུད། །དུས་གསུམ་རྒྱལ་བའི་བགྲོད་ལམ་གཅིག་པུ་པ། །བདེ་གཤེགས་ཀུན་འདུས་གསང་བའི་སྒྲུབ་ཐབས་ཀྱི། །རྣམ་བཤད་མ་ནོར་ཇི་བཞིན་གསལ་བར་བཀྲལ། །འོན་ཀྱང་བློ་གྲོས་དམན་པས་འཁྲུལ་པ་དང་། །སྣོད་དང་སྣོད་མིན་མ་བལྟས་གསང་བའི་ཚུལ། །ཅི་དགར་སྨྲས་ལས་ཉེས་པར་གྱུར་པ་ཀུན། །མཁས་དང་ཆོས་བདག་མཁའ་འགྲོར་བཟོད་པར་གསོལ། །ཤིན་ཏུ་རྙེད་དཀའི་ལམ་བཟང་རྨད་བྱུང་འདི། །སྣོད་ལས་གཞན་དུ་གྱུར་ལ་རྟག་སྦ་ཞིང་། །སྐལ་ལྡན་རྣམས་ལ་ཕྱོགས་དང་དུས་ཀུན་ཏུ། །སྤེལ་བའི་ཕྲིན་ལས་མ་དང་མཁའ་འགྲོས་མཛོད། །འདི་ལྟར་བཤད་པ་ལས་བྱུང་རྣམ་དཀར་དགེས། །མཐའ་ཡས་འགྲོ་ཀུན་མྱུར་བདེའི་ལམ་འདི་ལས། །རྣམ་ཀུན་མཆོག་ལྡན་པདྨ་གར་དབང་དུ། །གྱུར་ནས་ལྷན་སྐྱེས་བདེ་ཆེན་གཞིར་གྱུར་ཅིག །བདག་ཀྱང་དེང་ནས་བླ་མེད་བྱང་ཆུབ་བར། །བླ་མ་གར་དབང་བདེ་གཤེགས་ཀུན་འདུས་དང་། །གསང་ཆེན་ལམ་མཆོག་འདི་དང་མི་འབྲལ་བས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །ཅེས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་སྒྲུབ་རྣམ་བཤད་ལེ་ལག་གི་ཆོ་ག་རྣམས་དང་བཤད་སྦྱར་གྱི་ཚུལ་དུ་བྱས་པ་འདི་ནི། སྐྱེ་རྒུའི་གཙུག་རྒྱན་དཔལ་ས་སྐྱ་པ་བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་སྔ་ནས་རྩ་སྒྲུབ་ཀྱི་ལག་ལེན་དང་དམིགས་པའི་གནད་རྣམས་ཟིན་ཐོ་ཞིག་དགོས་ཞེས་རིང་མོ་ནས་བཀའ་སྩལ་བ་དང་། ཁྱད་པར་རྣལ་

p. 404

འབྱོར་གྱི་དབང་ཕྱུག་ཀུན་སྤངས་ལྷ་བཙུན་གང་ཤར་རང་གྲོལ་གྱི་གསུང་གིས་ལས་བྱང་ལ་འབྲུ་འགྲེལ་ཞིབ་མོ་བྱས་པའི་རྣམ་བཤད་ཅིག་རྩོམ་དགོས་ཞེས་མེ་ཏོག་བཟང་པོ་དང་བཅས་ཏེ་ཆེད་དུ་བསྐུལ་བར་མཛད་ཅིང་། རྗེ་བླ་མ་བཀའ་དྲིན་མཚུངས་པ་མེད་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཐུགས་རྗེ་བསྐུལ་བ་ལ་བརྟེན་ནས་སྐུལ་བ་པོའི་དགོངས་པ་འཕྲལ་དུ་སྒྲུབ་པར་གྱིས་ཤིག་ཅེས་ལྡོག་ཏུ་མེད་པའི་བཀའ་སྩལ་སྤྱི་བོར་ལྷུངས་པ་དང་། གཅུང་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོས་ཀྱང་རྩོམ་གདན་གྱི་བྲི་གཞི་དང་རྩོམ་རིམ་ནས་བཤུ་བའི་བརྩོན་པ་ཆེན་པོས་མཐུན་པའི་རྐྱེན་སྦྱར་ཞིང་། དེ་དག་གི་རྗེས་འབྲེལ་དུ་དགེ་སློང་ཨོ་རྒྱན་དཔལ་འབྱོར། ཨོ་རྒྱན་རྣམ་གྲོལ། དགེ་སློང་ཀུན་དགའ་བློ་གྲོས་རྣམས་ཀྱིས་ཀྱང་ཡིག་ཚོགས་ལ་མ་བརྩེགས་པར་མཐའ་ཆོད་པ་ཞིག་རྩོམས་ཞེས་འཕྲལ་འཕྲལ་དུ་མོལ་བ་དང་། རྡོ་རྗེའི་མཆེད་པོ་མང་དག་གིས་རྣམ་བཤད་འདི་ལྟ་བུ་ཤིན་ཏུ་མཁོ་བར་སྣང་བས་མཐར་ཕྱིན་པར་བྱེད་དགོས་ཞེས་ཡང་ཡང་གསུངས་པས་བློ་སྤྲོ་བར་གྱུར་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཏེར་ཆེན་བླ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱིས་རང་ལོ་བཞི་བཅུ་གཉིས་པ་ན་ཚོད་ལྡན་གྱི་ལོ་ཁྲུམས་ཟླའི་ཡར་ཚེས་བཅོ་ལྔ་ལ་གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

Pecha page