རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ།
རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་ལྔ་པའི་དཀར་ཆག
༄༅། །རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་ལྔ་པའི་དཀར་ཆག་བཞུགས་སོ། །རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་ལྔ་པ་གསུང་མགུར་ཀློང་ཆེན་གན་མཛོད་དང་ཞལ་གདམས་ཆོས་དབྱིངས་གན་མཛོད་གཉིས་ཀྱི་དཀར་ཆག་ ༡-༢ རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད་ ༣-༣༠༨ ཀུན་མཁྱེན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཞལ་གདམས་ཀྱི་རིམ་པ་ཆོས་དབྱིངས་གན་མཛོད་ ༣༠༩-༦༠༨ ཡོད། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་ཆོས་སྐོར་པོད་ལྔ་པ་ལ་ཆོས་ཚན་ ༢༨༣ དང་ཤོག་གྲངས་ ༣༠༤ གསུང་འབུམ་ཡོངས་རྫོགས་པོད་ལྔ་ལ་ཁྱོན་ཆོས་ཚན་ ༨༣༨ བཅས་བཞུགས། །
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
༄༅། །སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད་བཞུགས་སོ། །
ༀ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ་དེས། །ཀུན་ཟླུམ་ཐིག་ལེའི་གླུ་བླངས་ནས། །མཐའ་བཞི་བྲལ་བའི་བྲོ་ཡང་བརྡུངས། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ཡིས། །སྐུ་ལྔ་རང་གསལ་གླུ་བླངས་ནས། །མི་འགྱུར་རང་རིག་བྲོ་ཡང་བརྡུངས། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཡིས། །མི་འགྱུར་འོད་གསལ་གླུ་བླངས་ནས། །མུ་བཞི་ལྡང་མེད་བྲོ་ཡང་བརྡུངས། །མཁས་པ་ཤྲཱི་སིངྷ་ཡིས། །རིག་པ་གདེང་ཐོབ་གླུ་བླངས་ནས། །ཚིག་བྲལ་ཡེ་ཤེས་བྲོ་ཡང་བརྡུངས། །པཎ་ཆེན་བི་མ་མི་ཏྲ་ཡིས། །སྐུ་གསུམ་རང་གྲོལ་གླུ་བླངས་ནས། །
དུས་གསུམ་དུས་མེད་བྲོ་ཡང་བརྡུངས། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །འཆི་མེད་གཉུག་མའི་གླུ་བླངས་ནས། །རང་རིག་གདོད་མའི་བྲོ་ཡང་བརྡུངས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །བདེ་སྟོང་ཟག་མེད་གླུ་ཡང་བླངས། །དཔེ་བརྗོད་བྲལ་བའི་བྲོ་ཡང་བརྡུངས། །མཁན་ཆེན་ཀླུ་ཡི་དབང་པོ་ཡིས། །ལྷ་སྔགས་ཏིང་འཛིན་གླུ་ཡང་བླངས། །མངོན་ཤེས་གྲུབ་རྟགས་བྲོ་ཞིག་བརྡུངས། །མཁས་པ་ཉི་མ་གྲགས་པ་ཡིས། །སྣང་བཞི་མཐར་ཕྱིན་གླུ་ཡང་བླངས། །སྐུ་བཞི་མངོན་གྱུར་བྲོ་ཡང་བརྡུངས། །རྒྱལ་སྲས་
འགྲོ་བ་ཀུན་འདུལ་གྱིས། །འབྲེལ་ཚད་དོན་ལྡན་གླུ་ཡང་བླངས། །སྣང་སྲིད་ཆོས་དབྱིངས་བྲོ་ཡང་བརྡུངས། །ང་ཡི་བླ་མ་སངས་རྒྱས་ཀྱིས། །ཀུན་རྫོབ་སྒྱུ་མར་གླུ་ཞིག་བླངས། །སྣང་སྲིད་གཞིར་བཞེངས་བྲོ་ཡང་བརྡུངས། །ངག་དབང་བློ་གྲོས་མཁས་པ་དེས། །འཁོར་འདས་ཡིན་ཚུལ་གླུ་ཡང་བླངས། །དོན་དམ་བསྐྱེད་རྫོགས་བྲོ་ཞིག་བརྡུངས། །རྨོངས་རྒན་དཔའ་བོ་ལས་རབ་ཀྱིས། །སྣང་སྲིད་ཚོགས་ཞིང་གླུ་ཞིག་ལེན། །དུས་གསུམ་རོ་གཅིག་བྲོ་ཞིག་བརྡུང་། །རྩ་གསུམ་དཀོན་མཆོག་རྒྱ་མཚོ་མཆོད། །རྒྱལ་ཁམས་བཀྲ་ཤིས་རྟེན་འབྲེལ་ཞུ།། །། ༈ ཨེ་མ་ཧོ་ལ་ཨེ་མ། །ངོ་མཚར་ཆེ་ལ་ངོ་མཚར། །སྣོད་ཀྱི་གཞལ་ཡས་ཁང་ལ། །བཅུད་རྣམས་ལྷ་དང་ལྷ་མོ། །མ་ཧཱ་ཡོ་གའི་ཞིང་དུ། །རྡོ་རྗེའི་གླུ་བྲོ་བརྡུང་ངོ་། །ཐམས་ཅད་སྤྲུལ་སྐུའི་རོལ་པ། །རྡོ་རྗེ་ལུས་ཀྱི་ཕོ་བྲང་། །རྩ་རླུང་ཐིག་ལེ་ལྷ་སྐུ། །ཨ་ནུ་ཡོ་གའི་ཞིང་དུ། །རྡོ་རྗེའི་གླུ་
བྲོ་བརྡུང་ངོ་། །ཐམས་ཅད་ལོངས་སྐུའི་ཞིང་ཡིན། །དབྱིངས་རིག་འཇའ་གུར་ཀློང་དུ། །སྐུ་དང་ལུག་རྒྱུད་ལྷ་སྐུ། །ཨ་ཏི་ཡོ་གའི་ཞིང་དུ། །རྡོ་རྗེའི་གླུ་བྲོ་བརྡུང་ངོ་། །ཐམས་ཅད་ཆོས་སྐུའི་རང་བཞིན།། །། ༈ ༀ་ཨཱཿཧཱུྃ། དགོངས་པའི་ངང་ནས་དགོངས་པ་འཕོས་པའི། །ཀུན་བཟང་རྡོ་རྗེ་འཆང་དབང་བླ་མས། །བྱིན་རླབས་དབང་བཞིའི་ཆུརྒྱུན་སྩོལ་ཅིག །རྣམ་གྲོལ་སྐུ་བཞིའི་བཀྲ་ཤིས་ཤོག་དང་། །འདི་འདྲ་གདོད་ནས་སངས་རྒྱས་རང་བཞིན། །བརྡ་དང་བརྡས་མཚོན་ཡེ་ཤེས་གཟིགས་པའི། །དགའ་རབ་ཤྲཱིི་སེང་པད་འབྱུང་བི་མས། །བྱིན་རླབས་དབང་བཞིའི་ཆུ་རྒྱུན་སྩོལ་ཅིག །རྣམ་གྲོལ་སྐུ་བཞིའི་བཀྲ་ཤིས་ཤོག་དང་། །འདི་འདྲའི་དཔེ་བརྗོད་བྲལ་བའི་རང་བཞིན། །སྙན་ནས་སྙན་བརྒྱུད་ཆོས་ཉིད་བདུད་རྩི། །རྗེ་འབངས་རིག་འཛིན་དག་པའི་འཁོར་ཚོགས། །བྱིན་རླབས་དབང་བཞིའི་ཆུ་རྒྱུན་སྩོལ་ཅིག །རྣམ་གྲོལ་སྐུ་བཞིའི་བཀྲ་ཤིས་ཤོག་དང་། །འདི་འདྲའི་ཤར་གྲོལ་འཛིན་མེད་རང་བཞིན། །མི་འཇིགས་རྒྱས་བཏབ་མི་ནུབ་འགྲོ་དོན། །ཟབ་གཏེར་མངའ་བདག་བརྒྱ་དང་རྩ་བརྒྱད། །བྱིན་རླབས་དབང་བཞིའི་ཆུ་རྒྱུན་སྩོལ་ཅིག །རྣམ་གྲོལ་སྐུ་བཞིའི་བཀྲ་ཤིས་ཤོག་དང་། །འདི་འདྲའི་སྐུ་
གསུམ་རང་ཆས་རང་བཞིན། །སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ན། །སྐྱབས་ཀུན་ངོ་བོ་རྡོ་རྗེ་སྟོབས་མཆོག །བྱིན་རླབས་དབང་བཞིའི་ཆུ་རྒྱུན་སྩོལ་ཅིག །རྣམ་གྲོལ་སྐུ་བཞིའི་བཀྲ་ཤིས་ཤོག་དང་། །འདི་འདྲའི་འཆིང་གྲོལ་བྲལ་བའི་རང་བཞིན། །ཉམས་དགའ་དག་པ་རོ་གཅིག་ངང་ནས། །གཏད་མེད་དཔའ་བོ་ལས་རབ་མྱོས་ནས། །རྡོ་རྗེའི་མཆེད་གྲོགས་འགྱུར་མེད་ཉིད་ལ། །གླུ་དབྱངས་བཀྲ་ཤིས་དཔལ་འབར་རང་བཞིན། །བླ་མའི་བྱིན་རླབས་སྤྲིན་ཕུང་འཐིབ་བྱུང་། །ཡི་དམ་དངོས་གྲུབ་ཆར་ལྟར་བབས་བྱུང་། །མཁའ་འགྲོས་ཕྲིན་ལས་རྣམ་བཞི་བསྒྲུབས་བྱུང་། །ཆོས་སྐྱོང་དམ་ཅན་བྲན་བཞིན་འཁོར་བྱུང་། །འགྲོ་ཀུན་ཆོས་ལ་དད་བཞིན་འདུས་བྱུང་། །གང་བྱས་མཐོང་ཐོས་མྱོང་གྲོལ་ཐོབ་བྱུང་། །བསམ་ངན་ཆགས་སྡང་དགྲ་དེ་བྲལ་ནས། །རང་བྱུང་རང་བབས་གདོད་མའི་ངང་ནས། །གྲོགས་མཆོག་འགྱུར་མེད་དགོངས་པ་ལྡན་དང་། །བྱ་བྲལ་རྣམ་གྲོལ་དཔའ་བོ་ལས་རབ། །ཡར་ངོའི་བཀྲ་ཤིས་དགེ་བའི་དུས་འདིར། །ཚེ་རབས་གཏན་དུ་བཀྲ་ཤིས་ཞུའོ།། །། ༈ སྔོན་
ཚེ་ཡབ་ཆེན་བདེ་གཤེགས་དེ། །འཛམ་བུ་ཏྲིཀྵའི་རྩེ་ལ་བྱོན། །ལོ་སྐོར་དེ་ནས་བཅུ་གཉིས་དང་། །ཟླ་ཞག་ཆུ་ཚོད་བཅུ་གཉིས་ལ། །ལོ་སྒྲུབ་ཟླ་སྒྲུབ་མཛད་པའི་ཚེ། །ནམ་མཁའི་མཐའ་མཉམ་སེམས་ཅན་ལ། །ཕ་དང་འདྲ་བའི་འདུན་པ་བཟུང་། །བྱམས་པ་ཚད་མེད་ཐུགས་ལ་འབྱོངས། །མ་དང་འདྲ་བའི་འདུ་ཤེས་བསྒོམས། །སྙིང་རྗེ་ཚད་མེད་ཐུགས་ལ་འབྱོངས། །བུ་དང་འདྲ་བའི་འདུ་ཤེས་བསྒོམས། །དགའ་བ་ཚད་མེད་ཐུགས་ལ་འབྱོངས། །གཉེན་དང་འདྲ་བའི་འདུ་ཤེས་བསྒོམས། །བཏང་སྙོམས་ཚད་མེད་ཐུགས་ལ་འཁྲུངས། །ནམ་མཁའ་ལྟ་བུའི་ཏིང་འཛིན་བསྒོམས། །མཐའ་དབུས་མེད་པ་ཐུགས་ལ་འཁྲུངས། །རི་བོ་ལྟ་བུའི་ཏིང་འཛིན་བསྒོམས། །གཡོ་འགུལ་མེད་པ་ཐུགས་ལ་འཁྲུངས། །ཉི་ཟླ་ལྟ་བུའི་ཏིང་འཛིན་བསྒོམས། །གསལ་སྒྲིབ་མེད་པ་ཐུགས་ལ་འཁྲུངས། །ཆུ་བོ་ལྟ་བུའི་ཏིང་འཛིན་བསྒོམས། །རྒྱུན་ཆད་མེད་པ་ཐུགས་ལ་འཁྲུངས། །སེམས་དང་རིག་པའི་རྟ་གཡག་གི། །བློ་དང་སྣང་བའི་འཆིང་ཐག་ཆད། །ཆགས་ཡུལ་གོ་བའི་ཉམས་
རྣམས་དག །བྱིང་རྒོད་ཐེ་ཚོམ་འཕྱང་དགུ་ཟད། །ལྟ་སྒོམ་སྤྱོད་གསུམ་མྱོང་བ་ཐོན། །རྟོགས་པའི་སངས་རྒྱས་མངོན་དུ་གྱུར། །འཁོར་འདས་སྒྱུ་མར་བློ་ཐག་ཆོད། །རང་རིག་ཀློང་གྱུར་ཆིག་རྒོད་ཤོར། །ཡབ་ཆེན་རྒྱལ་བ་སངས་རྒྱས་ཁོང་། །གསེར་གྱི་ཕྱེ་མར་འདྲེ་ལོག་བརྗེས། །ཙམ་པ་ཀ་ཡི་བསིལ་གྲིབ་ལ། །སྐུ་སྙེས་གསོས་ནས་ངལ་གསོ་མཛད། །དེ་དུས་སློབ་མ་ཚན་གསུམ་འདུས། །སྲིན་པོ་མི་ཟན་ཚོགས་རྣམས་དང་། །སྤྲེའུ་ཧ་ལུ་མནྡ་དང་། །དྲེད་མོ་ལྕགས་ཀྱི་རལ་པ་ཅན། །ཕྱག་དང་བསྐོར་བ་ཡང་ཡང་བྱས། །སྤོས་དང་མར་མེ་ཡང་ཡང་འབུལ། །ཞུ་བ་བཤགས་པ་ཡང་ཡང་བསྐྱར། །ཆོས་དང་གསུང་ལ་ནན་གྱིས་ཉན། །དེ་དུས་སྒོམ་ལ་མིང་འདོགས་མཛད། །དེ་ཡན་སྒོམ་ལ་མིང་འདོགས་མེད། །སེམས་ལ་བཏགས་ཡུལ་མཐའ་འདི་མེད། །ནམ་མཁའ་མདུང་སྐོར་མིང་དུ་བཏགས། །རང་ཤར་རང་གྲོལ་རང་བཞག་ངང་། །ཆུ་ལ་ཆུ་ཐིམ་མིང་དུ་བཏགས། །ཉམས་སུ་མྱོང་ཡང་སྨྲ་མི་ནུས། །ལྐུགས་པས་བུ་རམ་མིང་དུ་བཏགས། །དྲན་རྟོག་རྗེས་མེད་ངང་དུ་སོང་། །
དེ་ལ་བྱ་ལམ་རྗེས་མེད་བཏགས། །སངས་རྒྱས་སེམས་ཅན་ངོ་བོ་གཅིག །དེ་ལ་མཉམ་པར་རོ་གཅིག་བཏགས། །མཉམ་གཞག་ཐུན་མཚམས་ཁྱད་མེད་སོང་། །དེ་ལ་མཉམ་རྗེས་ཁོར་ཡུག་བཏགས། །རང་བབས་མ་བཅོས་ངང་དུ་བཞག །དེ་ལ་གླེན་སྣང་ལྷོད་པོ་བཏགས། །དེ་དུས་གཟའ་གཏད་མེད་པ་བྱུང་། །སྨྱོན་པ་ལྟ་བུ་མིང་དུ་བཏགས། །དེ་དུས་ངོས་བཟུང་མེད་པ་བྱུང་། །བུ་ཆུང་ལྷ་བུ་མིང་དུ་བཏགས། །དེ་དུས་སྤང་བླང་མེད་པ་བྱུང་། །ཁྱི་ཕག་ལྟ་བུའི་མིང་དུ་བཏགས། །སྒོ་ལྔར་གསལ་ཡང་འཛིན་མེད་ངང་། །ཆུ་ཟླ་ལྟ་བུའི་མིང་དུ་བཏགས། །རྟོག་བྲལ་རང་གསལ་སྤྲོས་འཛིན་བྲལ། །ནམ་མཁའ་རྐྱེན་བྲལ་མིང་དུབཏགས། །གཞན་ཡང་དཔེ་དང་མིང་རྣམས་མཛད།། །། ༈ དེ་ནས་ནམ་ཞིག་སྔ་དྲོའི་དུས། །སྔར་མ་ཚོར་བའི་དྲི་ཞིག་བྱུང་། །དེ་ནི་ཙནྡན་སྦྲུལ་སྙིང་དྲི། །མི་ལ་མེད་པའི་སྒྲ་རྣམས་བྱུང་། །དེ་ནི་ལྷ་ཡི་རོལ་མོར་གདའ། །ཨ་སལ་སིལ་སིལ་འཁྲོལ་བ་བྱུང་། །བར་སྣང་མཁའ་འགྲོའི་གར་གྱིས་གང་། །ནམ་མཁའ་རང་བྱུང་
དཀྱིལ་འཁོར་བཀོད། །སངས་རྒྱས་དགའ་རབ་རྡོ་རྗེ་གཅིག །བརྟུལ་ཞུགས་ཤྲཱི་སིངྷ་གཉིས། །མཁས་པ་བི་མ་མི་ཏྲ་གསུམ། །འཆི་མེད་པདྨ་འབྱུང་གནས་བཞི། །འཕགས་པ་ཀླུ་སྒྲུབ་སྙིང་པོ་ལྔ། །ཐད་ཀ་ཙམ་ལ་བྱོན་ནས་ཀྱང་། །སྣང་སྲིད་ལྷ་ཡི་བསྐྱེད་རིམ་བསྒོམས། །མ་ཧཱ་ཡོ་གའི་ལུགས་སུ་བྱས། །ཕུང་ཁམས་ལྷ་དང་ལྷ་མོར་བསྒོམས། །ཨ་ནུ་ཡོ་གའི་ལུགས་སུ་བྱས། །སེམས་ཉིད་སྐུ་གསུམ་ཡེ་རྫོགས་བསྒོམས། །ཨ་ཏི་ཡོ་གའི་ལུགས་སུ་བྱས། །ཡུངས་འབྲུ་ཙམ་གྱི་བུམ་པའི་ནང་། །སྟོང་གསུམ་ཙམ་གྱི་ལྷ་སྐུ་བསྒོམས། །སྐུར་ཐོབ་མེད་པའི་དབང་ཞིག་བསྐུར། །དཔེ་དང་བྲལ་བའི་དོན་ཞིག་བསྟན། །ཚིག་ལས་འདས་པའི་ཆོས་ཤིག་བཤད། །བཅིངས་གྲོལ་མེད་པའི་ངོ་སྤྲོད་མཛད། །དེ་ནས་གནང་སྦྱིན་ཁྱད་འཕགས་ལྔ། །དགའ་རབ་རྡོ་རྗེས་རྡོ་རྗེ་གནང་། །ཤྲཱི་སིཾ་ཧས་བྲམ་ཟེའི་བྲང་། །བི་མས་འོད་སྲུང་རིང་བསྲེལ་དང་། །ཨོ་རྒྱན་ཉིད་ཀྱིས་ཚེམས་དུང་དང་། །ཀླུ་སྒྲུབ་རྡོ་ལི་འོད་འབར་གནང་། །གཞན་ཡང་ཁྱད་འཕགས་མང་པོ་རྣམས། །ཨར་རྡིི་ཁ་ཁྲའི་ནང་དུ་
བཏུམས། །ཚེ་རིང་གལ་རྟའི་ནང་དུ་བཅུག །མཆན་འོག་གཡོན་པའི་འོག་ཏུ་བཅིངས། །ཕ་དེས་སྙིང་གི་བུ་ལ་བཟུང་། །བུ་བཟུང་ཤེས་རབ་རྭ་ཅོ་ཅན། །ན་བཟའ་གྱོན་པ་གཅུད་བུར་གྱོན། །འགྲོ་ན་གོམ་པ་འདུར་ཞིང་གྲོ། །ལྷ་འདྲེས་ཚོད་ཟིན་དཀའ་བས་ན། །འཇིག་རྟེན་མི་ཡིས་ལྟ་ཅི་སྨོས། །སྤྱོད་ལམ་བརྟུལ་ཞུགས་སྨྱོན་པའི་རིགས། །སྐྱེ་བ་མང་པོ་ངོ་ཡང་ཤེས། །རེས་འགའ་སྨྲ་མེད་ལྐུགས་པ་འདྲ། །རེས་འགའ་བབ་ཅོལ་གཏད་མེད་སྨྲ། །ཕ་ཆོས་རྫོགས་ཆེན་ཀློང་རྡོལ་བས། །ཐེག་པ་ཐམས་ཅད་ཟིལ་གྱིས་གནོན། །མི་དང་མི་བསྟུན་ཕྱུག་པོའི་དགྲ། །གླེན་དང་ཤེས་རབ་འདྲེས་མ་ཅན། །བུ་མཆོག་དེ་ལ་གཏད་པ་ཡིན།། །། ༈ རྗེ་མཚན་ཙམ་དྲན་པས་བྱིན་གྱིས་རློབས། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །འདྲེན་པ་མཉམ་མེད་ཆོས་ཀྱི་རྗེ། །པདྨའི་མཚན་ཅན་ཞབས་ལ་འདུད། །མགོན་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱིས། །གདུགས་ཐོགས་བླ་མས་མ་གཟིགས་པའི། །ལྷུན་གྲུབ་གལ་འགག་ང་ཡིས་རིག །བེར་གྱོན་བླ་མས་མ་གསན་
པའི། །ཀ་དག་ཆོས་སྐུ་ང་ཡིས་གོ། །ཁྲི་མཐོན་བླ་མས་མི་དགོངས་པའི། །རྟོགས་གྲོལ་དུས་མཉམ་ང་ཡིས་ཤེས། །ཁ་མཁས་བླ་མས་མི་གསུང་བའི། །བརྗོད་མེད་ངོ་སྤྲོད་ང་ཡིས་བཤད། །ཕྱི་བཙུན་བླ་མས་མ་རྟོགས་པའི། །བློ་བྲལ་ཆོས་སྐུ་ང་ཡིས་མྱོང་། །གྲུབ་སྨྱོན་བླ་མར་རྒྱུས་མེད་པའི། །ཤར་གྲོལ་ཀློང་ཐིམ་ང་ཡིས་བསྒོམས། །ཨ་ཏིའི་གདེང་བཤད་རྡོ་རྗེའི་གླུ། །རྗེ་བླ་མའི་སྐུ་ལ་མཆོད་པར་འབུལ། །དབྱངས་མཆོད་པར་བཞེས་ལ་དགྱེས་པར་མཛོད།། །། ༈ དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་གཙོ། །འབྲེལ་ཚད་དོན་ལྡན་རིན་པོ་ཆེ། །རྡོ་རྗེ་སྟོབས་མཆོག་ཞབས་ལ་འདུད། །སྔ་འགྱུར་བསྟན་དང་འགྲོ་དོན་ལ། །གཡོ་སྒྱུ་མེད་པའི་དྲང་པོ་ང་། །རྫུན་པོ་རྣམས་ལ་འདྲི་ཞིང་སྡང་། །བསམ་གྱིན་ཁོ་བོ་གད་མོ་བྲོ། །རྡོ་རྗེ་འཛིན་པ་ཉི་སྤྲུལ་གྱིས། །ཐུགས་ལ་བཏགས་ཤིང་བསྐྱངས་པའི་བུ། །སྙན་བརྒྱུད་ཟབ་དགུའི་གདམས་ངག་རྣམས། །དབང་བསྐུར་བཀའ་གཏད་གཟེངས་བསྟོད་པའི། །རིག་འཛིན་དཔའ་བོ་ལས་རབ་ང་། །རྫོགས་
ཆེན་མ་ནོར་ཁོང་དུ་ཆུད། །མཁས་བཙུན་བླ་མ་སྟོང་བྱོན་ཡང་། །ཞལ་མཇལ་གདམས་ངག་ཞུ་སྙམ་མེད། །གཞོན་ནུའི་དུས་ན་བག་ཆགས་སད། །དར་མའི་དུས་ན་སྒྲོ་འདོགས་བཅད། །ད་ལྟ་རྒས་དུས་ཉམས་ལེན་བདེ། །སུ་མ་མགུ་ཡང་ཞེ་བློ་བདེ། །ད་ལོ་ཞེ་དགུའི་ཀེག་ལ་སླེབས། །སྨད་ན་སྐེད་པ་མཛེས་ཆད་གྲགས། །བར་ན་ཡུལ་འབུད་འགྲོ་དགོས་སྐད། །སྟོད་ན་གྲུབ་ཀྱིས་གུམ་མོ་ཞེས། །བོན་གྱི་སྨོན་ལོག་གཏེར་མིང་གིས། །བདུད་དུ་ངོས་བཟུང་ལུང་བསྟན་བསྒྲགས། །ཆུ་བོ་ཆེན་པོ་རྟས་བརྡབ་གཡེངས། །བརྡབ་བརྡུང་ཟུག་རྔུ་བཟོད་བླགས་བྲལ། །དམ་ཉམས་གཡོག་པོས་རྡུང་རྡེག་མནན། །ལུས་ཀུན་ནད་དང་གཟེར་གྱིས་བཀང་། །དམ་སྲིའི་སྤྲུལ་པ་སྡོམ་ཤོར་དང་། །ལས་ངན་སྡིག་ཅན་སྐྱེ་བོ་ཡིས། །བུད་མེད་བློ་ཁ་མང་ཕྱིར་བསྒྱུར། །རྡོ་རྗེའི་རིག་མ་བགེགས་ཀྱིས་བརླམས། །དངོས་གྲུབ་ཟབ་མོ་བོ་ཟགས་སྟོར། །སྙན་བརྒྱུད་མན་ངག་ཆུ་རྒྱུན་ཆད། །འགྱུར་མེད་དམ་ཚིག་ཡོལ་གོ་རལ། །དབང་ནོས་སློབ་མའི་དམ་ཚིག་
ཉམས། །ཁྲིད་བཏབ་སྒོམ་ཆེན་ལྟ་བ་ནོར། །དད་ཅན་ཡོན་བདག་སྣང་བ་ལོག །བློ་གཏད་གྲོགས་པོའི་བསམ་པ་བསྒྱུར། །དོན་མེད་མི་ཡི་ངན་སྨྲས་ལྡིར། །འོན་ཀྱང་དཔའ་བོ་ལས་རབ་ང་། །ད་སྔ་ཀེག་འཕྲང་དྲུག་ལས་ཐར། །ད་དུང་བར་ཆད་འཕྲང་གསུམ་ཡོད། །དེ་ལས་གྲོལ་ན་བདུད་ལས་རྒྱལ། །རྐྱེན་ངན་ལམ་ཁྱེར་རྣལ་འབྱོར་ང་། །དངོས་གྲུབ་བྱུང་ཡང་དགའ་སྤྲོ་མེད། །ཞེན་པ་མེད་པའི་སྨྱོན་པ་འདྲ། །བར་ཆད་བྱུང་ཡང་ཉམ་ང་མེད། །དཔའ་བོ་གཡུལ་དུ་ཞུགས་པ་འདྲ། །འདམ་ཀ་མེད་པར་གང་བྱུང་བྱེད། །གཏད་མེད་རང་བབས་བུ་ཆུང་འདྲ། །འཁོར་བ་མི་སྤོང་ལམ་དུ་འཁྱེར། །གཙང་རྩོག་མེད་པའི་ཁྱི་ཕག་འདྲ། །འབྱོར་པ་ཅན་གྱི་སྦྱིན་བདག་དང་། །མཁས་བཙུན་བླ་ཆེན་མི་ཆེན་སོགས། །བཞེད་པའི་ཞབས་ཕྱི་མི་འགྲུབ་ལགས། །སྤྲང་པོ་རང་གར་སྡོད་དུ་ཆུག །འབྲེལ་འདྲིས་ཉུང་བ་ཡོན་ཏན་ཆེ། །བྱ་བྱེད་བྲལ་བ་འདུག་སོ་གསོད། །དབང་ཆོས་མ་འབྲེལ་དམ་ཉམས་དཀོན། །དེ་ཕྱིར་ཆོས་དང་འཇིག་རྟེན་གྱི། །བྱ་བྱེད་འབྲེལ་འདྲིས་ཐམས་ཅད་ལ། །དེང་ནས་
ཁོ་བོས་དགོངས་པ་ཞུ། །མཐོ་དམན་བར་གསུམ་མཐའ་དག་དང་། །ཉེ་རིང་དགྲ་གཉེན་ཐམས་ཅད་ཀྱིས། །ད་རེས་བཀའ་ཡི་གནང་བ་ཞུ། །རྟེན་འབྲེལ་ལན་དགུར་འཆུག་པ་ངས། །སངས་རྒྱས་བསྟན་པ་མི་ཟིན་དུ། །འགྲོ་བའི་སྡུག་བསྔལ་མི་སེལ་དུ། །ཡོན་བདག་རེ་བ་མི་སྐོང་དུ། །གདུལ་བྱའི་སེམས་ཅན་མི་ཐུལ་དུ། །ད་རེས་སྤྲང་པོ་སྡོད་ཆོག་ཞུ། །དངོས་གྲུབ་མཆོག་གི་རྫས་སྣ་རྣམས། །སྲུང་མ་སོ་སོར་གཉེར་དུ་གཏད། །མ་འོངས་དུས་ན་ཕྲིན་ལས་འབྱུང་། །ད་ལྟ་ཁོ་བོས་སྤྲོས་མེད་སྒོམ། །རྩ་གསུམ་དག་པའི་སྣང་བ་མཇལ། །དབང་བསྐུར་ལུང་བསྟན་བླ་མས་མཛད། །སྤྲང་བདག་སྙིང་ཐིག་ཉམས་སུ་ལེན། །གོལ་སྒྲིབ་མེད་པའི་ངོ་སྤྲོད་དང་། །མཐོང་གྲོལ་མྱོང་གྲོལ་ཐོས་གྲོལ་དང་། །རེག་གྲོལ་བཏགས་གྲོལ་ལ་སོགས་པ། །མ་བསྒོམས་གྲོལ་བའི་གདམས་ངག་དང་། །འབྲེལ་ཚད་དོན་ལྡན་གནད་མང་བས། །ཕོ་རྒོད་བླ་མའི་ཐུགས་སྲས་ང་། །སྣོད་དུ་རུང་བའི་སྐྱེ་འགྲོ་དཀོན། །སྐལ་མེད་སེམས་ཅན་སྙིང་རེ་རྗེ། །འདི་འདྲ་བདུད་རྒན་སྨྱོན་པའི་གླུ། །
འདི་འདྲ་སྔགས་རྒན་ལས་རབ་གླུ། །འདི་འདྲ་ཆོས་དབྱིངས་དྲི་མེད་གླུ། །འདི་འདྲ་དབང་ཆེན་བཞད་པའི་གླུ། །གླུ་འདི་སྔོན་ནས་ལས་ཀྱིས་བསྐོས། །གླུ་འདི་འཕྲལ་གྱི་རྐྱེན་གྱིས་བླངས། །གླུ་འདི་ཕྱི་རབས་གླེང་མོར་བཞག། །། དགེའོ། །༈རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །ང་ཡི་བླ་མ་རྗེ་བཙུན་གྱིས། །སྲིང་རྫོང་མི་ལྤགས་ཐང་དུ་ནི། །དཔའ་བོ་རྡོ་ཡི་ཐོད་པ་བཞེས། །ཁོ་བོ་རིག་རྩལ་ཐོགས་མེད་ཀྱིས། །ཟླ་ཡི་སྤོམ་ཆེན་སྦས་ཡུལ་ནས། །གནོན་བྱེད་ཨོ་རྒྱན་ཞབས་རྗེས་དང་། །གནོན་བྱ་འདྲེ་བདུད་བླ་རྡོ་བླངས། །ང་ཡི་བླ་མ་རྗེ་བཙུན་གྱིས། །བཀའ་བརྒྱད་དབང་ལུང་མཛད་པའི་དུས། །ནམ་མཁར་ཕྱག་ནས་མེ་ཏོག་ཆགས། །ཁོ་བོ་རིག་རྩལ་ཐོགས་མེད་ཀྱིས། །བཀའ་བརྒྱད་དབང་ལུང་བྱས་པའི་དུས། །ཞག་བདུན་ནམ་མཁའ་ཐུན་མཚམས་མེད། །འཇའ་སྤྲིན་ལྷ་དང་ལྷ་མོའི་གཟུགས། །ང་ཡི་བླ་མ་རྗེ་བཙུན་གྱིས། །ཕུར་པའི་དབང་ལུང་མཛད་པའི་དུས། །ཕུར་གཏོར་མེ་འབར་དུ་བ་འཕྱུར། །ཁོ་བོ་རིག་རྩལ་ཐོགས་མེད་ཀྱིས། །ཕུར་པའི་སྒྲུབ་ཆེན་བྱས་པའི་དུས། །
ཕུར་པ་འཕུར་འཁྲབ་ལྡིང་ཞིང་བཞད། །ང་ཡི་བླ་མ་རྗེ་བཙུན་གྱིས། །ཕག་མོ་ལྗང་མོའི་དབང་གི་དུས། །ཧ་རི་ནི་སའི་རང་སྒྲ་གྲགས། །སྒྲ་དང་ས་གཡོས་ལན་གསུམ་བྱུང་། །ཁོ་བོ་རིག་རྩལ་ཐོགས་མེད་ཀྱིས། །ཕག་མོའི་སྒྲུབ་པ་བྱས་པའི་དུས། །ཞལ་ཐང་མེ་ཏོག་བརྒྱ་རྩ་ཆགས། །ངེད་རང་ཡབ་སྲས་གྲུབ་རྟགས་ལགས།། །། ༈ ཉི་སྤྲུལ་རྡོ་རྗེ་འཆང་ལ་འདུད། །ཁོ་བོས་ཆོས་མི་སྤེལ་བ་ཡང་། །སྙིགས་མའི་འགྲོ་ལ་ཡི་ཡང་ཆད། །ཉམ་ཆུང་གྲོགས་སུ་བསྟེན་པ་དེ། །ཕན་པ་བས་ཀྱང་གནོད་པ་ཆེ། །སྣོད་ངན་སློབ་མར་བསྟེན་པ་དེ། །མགུ་བ་བས་ཀྱང་འཁང་ར་སྐྱེན། །མ་རབས་གཉེན་དུ་སྦྲེལ་བ་དེ། །མཐུན་པ་བས་ཀྱང་དགྲར་འགྱུར་མང་། །འདྲེ་ངན་ལྷ་རུ་བསྟེན་པ་དེ། །སྐྱོབ་པ་བས་ཀྱང་འཚེ་བ་རྒོད། །དེ་བསམ་ཕྲིན་ལས་བྱ་བྲལ་ངང་།། །།མངྒ་ལཾ། །༈ཀུན་བཟང་ཐེག་མཆོག་རྒྱ་མཚོ་དེ། །མི་ངའི་སྤྱི་བོའི་རྒྱན་དུ་བཞུགས། །སྒོམ་བྱུང་ཤེས་རབ་རྡོལ་ཙ་ན། །བསླབ་ཤེས་མེད་ཀྱང་ཐབས་མི་ཆག །རྩ་ཡི་རྒྱ་མདུད་གྲོལ་ཙ་ན། །པྲ་སྒྲུབ་མེད་ཀྱང་
ཐབས་མི་ཆག །རྣམ་རྟོག་རང་སར་གློད་ཤེས་ན། །སེམས་འཛིན་མེད་ཀྱང་ཐབས་མི་ཆག །བདེ་སྟོང་བཙན་ས་འཛིན་ཤེས་ན། །ཕྱག་རྒྱ་མེད་ཀྱང་ཐབས་མི་ཆག །དེང་སང་ལྟ་བ་མཐའ་བཞི་བྲལ། །བྱ་ཁྱུང་གནམ་འཕངས་བཅད་པ་འདྲ། །གེགས་དང་གོལ་ས་མེད་དོ་སྙམ། །དེང་སང་སྒོམ་པ་བཅས་བཅོས་བྲལ། །སེང་གེ་གངས་ལ་གནས་པ་འདྲ། །ཐོགས་ཆགས་ཞེན་འཁྲིས་མེད་དོ་སྙམ། །དེང་སང་འབྲས་བུ་མངོན་དུ་གྱུར། །འཁྲུལ་རྟོག་ཟིལ་གྱིས་གནོན་ནོ་སྙམ། །དེང་སང་སྤྱོད་པ་སྤང་བླང་མེད། །ཉ་མོ་ཆབ་ལ་རྩེ་བ་འདྲ། །ཚོང་དཔོན་བདེ་བར་ཁྱིམ་སླེབས་འདྲ། །བློ་བདེའི་མལ་དུ་འདུག་གོ་སྙམ། །དེང་སང་དམ་ཚིག་རང་སེམས་གཙང་། །ཤེལ་དཀར་མེ་ལོང་ཕྱིས་པ་འདྲ། །བག་ཆག་རྡུལ་གཡོགས་མེད་དོ་སྙམ། །ཨ་མའི་སྐུ་སྐྱེས་ཁ་ཕོ་ཡིན།། །།ཛ་ཡན་ཏུ། །༈ཨེ་མ་ཧོ། སྣང་བ་འདི་ནི་གཞལ་ཡས་ཁང་། །རང་གཞན་སྐྱེ་འགྲོ་ཐམས་ཅད་ཀུན། །ལྷ་དང་ལྷ་མོའི་རང་བཞིན་ཡིན། །མ་དག་དྲི་མ་ཀུན་དང་བྲལ། །མ་ཧཱ་ཡོ་གའི་དཀྱིལ་འཁོར་འདིར། །བསྐྱེད་རིམ་
རྡོ་རྗེའི་གླུ་བླངས་ཤིང་། །བསྐྱེད་རིམ་རྡོ་རྗེའི་བྲོ་བརྡུངས་ཏེ། །སྤྲུལ་སྐུ་མ་གྲུབ་ཡེ་གྲུབ་ངང་། །རང་ལུས་ཕུང་ཁམས་གཞལ་ཡས་ཁང་། །རྩ་རླུང་ཐིག་ལེ་ཡི་དམ་ལྷ། །དབང་བཞི་རང་བཞིན་བདེ་བ་ཆེ། །ཨ་ནུ་ཡོ་གའི་དཀྱིལ་འཁོར་འདིར། །རྫོགས་རིམ་རྡོ་རྗེའི་གླུ་ལེན་ཞིང་། །རྫོགས་རིམ་རྡོ་རྗེའི་བྲོ་བརྡུངས་ཏེ། །ལོངས་སྐུ་མ་གྲུབ་ཡེ་གྲུབ་ངང་། །དབྱིངས་རིག་ཞིང་ཁམས་དག་པ་རུ། །རིག་པ་རྡོ་རྗེ་ལུགུ་རྒྱུད། །གདོད་ནས་ཀུན་བཟང་རྩལ་གསུམ་རྫོགས། །ཨ་ཏི་ཡོ་གའི་དཀྱིལ་འཁོར་འདིར། །དབྱེར་མེད་རྡོ་རྗེའི་གླུ་ལེན་ཞིང་། །དབྱེར་མེད་རྡོ་རྗེའི་བྲོ་བརྡུངས་ཏེ། །ཆོས་སྐུ་མ་གྲུབ་ཡེ་གྲུབ་ངང་། །ད་ནི་ལྟ་བ་རྫོགས་ཆེན་བཤད། །ལྟ་བ་མཐའ་བཞི་བྲལ་བ་ལ། །བཏགས་བྱའི་ཚིག་གིས་མ་བསླད་ཅིག །སྒོམ་མེད་རང་གསལ་དག་པ་ལ། །མཚན་མའི་གོས་ཀྱིས་མ་ཀླུབས་ཤིག །སྤྱོད་པ་འཛིན་ཞེན་དག་པ་ལ། །བཅིངས་གྲོལ་དམིགས་པས་མ་འཆིངས་ཤིག །འབྲས་བུ་ཡེ་ཡིན་སངས་རྒྱས་ལ། །ཐོབ་འདོད་ཞེན་པས་མ་བཅིངས་ཤིག །འདི་ལྟར་
རྟོགས་ན་གླུ་ལེན་ཏེ། །རང་རིག་འགྱུར་མེད་རྡོ་རྗེའི་གླུ། །འཁོར་འདས་མཉམ་ཉིད་རིན་འབྱུང་གླུ། །སྐྱོན་བྲལ་བདེ་ཆེན་པདྨའི་གླུ། །ཕྲིན་ལས་རྩལ་རྫོགས་དོན་གྲུབ་གླུ། །ཆོས་དབྱིངས་མཐའ་བྲལ་རྣམ་སྣང་གླུ། །བརྗོད་བྲལ་རིག་སྟོང་ཀུན་བཟང་གླུ། །དབྱིངས་ནས་བླངས་ཤིང་དབྱིངས་སུ་ཐིམ། །འཁོར་འདས་གཉིས་ཀྱི་བདེ་སྡུག་ཟད། །ཡིན་མིན་གཉིས་ཀྱི་སྤྲོས་པ་ཞི། །དགག་སྒྲུབ་གཉིས་ཀྱི་མཚན་མ་དག །དུས་གསུམ་དུས་མེད་གཅིག་ཏུ་འདྲེས། །སངས་རྒྱས་རང་ལ་རྙེད་པའི་ངང་། །ཉམས་ཞེན་ཕྱོགས་འཛིན་དྲི་མ་དག །ཐེག་དགུའི་སྤང་བླང་མཚན་མ་བྲལ། །སྐུ་གསུམ་མ་བཙལ་ཡེ་ནས་རྫོགས། །ཐེག་ཆེན་སྤྲོས་བྲལ་རང་གསལ་ངང་། །རྫོགས་ཆེན་རྒན་པོ་དབྱིངས་སུ་ཐིམ། །འདི་ལྟར་མཛོད་དང་འགྲོ་བ་རྣམས། །གཞི་ལ་བདེ་གཤེགས་སྙིང་པོ་ཡོད། །ལམ་ལ་སྐུ་གསུམ་ངོ་སྤྲོད་ཡོད། །འབྲས་བུ་ཕྱིར་མི་ལྡོག་པ་ཡོད། །འདི་ལྟར་གྲག་སྟོང་རྡོ་རྗེའི་གླུ། །ཆོས་དབྱིངས་ཁྱབ་གདལ་བདེ་ཆེན་ཀློང་། །གཏད་མེད་གུ་ཡངས་རྣལ་འབྱོར་པ། །ལས་རབ་རྩལ་ཆེན་
འབོད་དེས་མོལ།། །། ༈ དེ་ནས་བན་རྒན་ཆང་གིས་བསྐྱོད་ནས། །ས་ཆ་མདོ་ཁམས་བོད་ཆེན་ལྗོངས་ནས། །ཕ་ཡིས་བོར་བའི་དྭ་ཕྲུག་རྨོངས་རྒན། །ར་ས་ཡ་ན་ཆང་གིས་མྱོས་ནས། །དངོས་དང་ཉམས་ཀྱི་འཁྲུལ་པའི་སྣང་ངོར། །གནས་མཆོག་ཟངས་མདོག་དཔལ་གྱི་རི་བོ། །བྲག་དམར་མཚོན་ཆ་གནམ་གཟེངས་འདྲ་བར། །ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས། །བཻཌཱུར་ཤེལ་གསེར་རཱ་ག་མར་གད། །རྣམ་མཛེས་ཕོ་བྲང་ལེགས་བཀོད་དབུས་ན། །སེང་ཁྲི་ཉི་ཟླ་པདྨའི་གདན་སྟེང་། །རྒྱལ་ཀུན་བདག་ཉིད་གུ་རུ་པདྨ། །མཚན་དཔེའི་ཡོན་ཏན་རང་བཞིན་དེ་དང་། །ང་ཡི་ཕ་གཅིག་རྡོ་རྗེ་སྟོབས་མཆོག །དགྱེས་འཛུམ་བཞད་ཅིང་སྒེག་པའི་ཉམས་བཅས། །ཡབ་སྲས་ཞལ་འཛུམ་བཞུགས་པ་མཇལ་བྱུང་། །སྤྲང་ང་བཅོས་མིན་དད་པས་གདུངས་ཤིང་། །མོས་གུས་སྙིང་ཁུང་མཆི་མ་འདྲིལ་བྱུང་། །འོ་དོད་སྨྲེ་སྔགས་ཡུས་ཀྱིས་བརྣངས་སོང་། །ང་དང་ང་ཡི་རྗེས་འཇུག་སེམས་ཅན། །དཀར་ནག་ལས་ཀྱིས་འབྲེལ་བ་ཡོད་ཚད། །སྒྱུ་མའི་གྲོང་ཁྱེར་སྒྱུ་ལུས་བོར་ཚེ། །
མཉམ་མེད་བླ་མ་མཆོག་གི་དྲུང་དུ། །སྐད་ཅིག་ཉིད་ལ་སྐྱེ་བར་སྨོན་ནོ། །རིག་འཛིན་མཁའ་འགྲོ་སྤྲིན་ལྟར་འཐིབས་ཤིང་། །ཙནྡན་ཤིང་ཚོགས་ལོ་འདབ་ངོམ་བཞིན། །འཇའ་ཟེར་འོད་ཕུང་གུར་དུ་བྲེས་ཏེ། །བཀྲ་ཤིས་བྱ་ཚོགས་སྐད་སྙན་སྒྲོག་པའི། །ཞིང་མཆོག་དེ་འདྲར་སྐྱེ་བར་སྨོན་ནོ། །སྐུ་གསུམ་སྟོན་པ་པདྨ་འབྱུང་གནས། །ཡབ་སྲས་རིག་འཛིན་བརྒྱུད་པ་རྣམས་ཀྱིས། །ཟབ་དོན་སྙིང་པོ་ཨ་ཏིའི་ཆོས་འཁོར། །ཚངས་པའི་དབྱངས་དང་སེང་གེའི་སྒྲ་ཡིས། །རྒྱུན་ཆད་མེད་པར་སྒྲོག་པའི་ཞིང་དེར། །བདག་དང་འགྲོ་ཀུན་སྐྱེ་བར་སྨོན་ནོ།། །། ༈ ཀྱེ་མ་ད་ནི་གླུ་རེ་ལེན། །བྱང་ཆུབ་སེམས་ཀྱི་དགོངས་པ་ལ། །འགྲོ་དྲུག་ཡོངས་ལ་ཕ་བས་བྱམས། །ཡི་དྭགས་རྣམས་ཀྱི་རྟོག་པ་ལ། །ལོངས་སྤྱོད་ཟས་ལ་དུག་བས་སྐྲག །ལྟ་ལོག་རྣམས་ཀྱི་རྣ་བ་ལ། །རྫོགས་པ་ཆེན་པོ་ཚེར་བས་རྩུབ། །ཉན་ཐོས་དམན་པའི་སྣང་བ་ལ། །ཐེག་པ་ཆེན་པོ་དགྲ་བས་འཚེར། །མ་མྱོང་བུ་རམ་རོ་མི་མངར། །མ་ཐོས་འགྱུར་ཁུག་གླུ་མི་སྙན། །མ་ཤེས་མ་མྱོང་དོན་མི་ཟབ། །མ་སོང་རྒྱལ་
ཁམས་རྒྱུས་མི་ལོན། །མ་གྱོན་གོས་ཀྱི་དྲོད་མི་ཚོར། །མ་འདྲིས་གྲོགས་ཀྱི་སྐྱོན་མི་མཐོང་། །བརྗོད་མེད་རྫོགས་པ་ཆེན་པོ་དེ། །བན་རྒན་མྱོས་ནས་བརྗོད་པའི་བྲོ། །ཆོས་སྐུ་ཀུན་ཏུ་བཟང་པོ་དེས། །སྣང་སྟོང་དབྱེར་མེད་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་ཀ་དག་གཉུག་མའི་བྲོ། །ལོངས་སྐུ་རྡོ་རྗེ་སེམས་དཔའ་དེས། །རང་གསལ་བརྗོད་མེད་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་འཁྲུལ་གྲོལ་ཞིག་པའི་བྲོ། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་དེས། །དགོངས་པ་བློ་འདས་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་ཐུགས་རྗེ་འགགས་མེད་བྲོ། །རིག་འཛིན་ཤྲཱི་སིངྷ་དེས། །མཐའ་བཞི་བྲལ་བའི་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་མུ་བཞི་དག་པའི་བྲོ། །གུ་རུ་པདྨ་འབྱུང་ནས་དེས། །སྐྱེ་འཆི་མེད་པའི་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་སྐུ་གསུམ་རང་རྫོགས་བྲོ། །པཎ་ཆེན་བི་མ་མི་ཏྲ་དེས། །སྤང་བླང་མེད་པའི་གླུ་ཞིག་བླངས། །གླུ་ཡང་
བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་རྩོལ་སྒྲུབ་ཞིག་པའི་བྲོ། །མ་ཅིག་ཡེ་ཤེས་མཚོ་རྒྱལ་དེས། །བདེ་སྟོང་ཟག་མེད་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་ཚད་མེད་ཏིང་འཛིན་བྲོ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། །རྟོག་ཚོགས་ཟིལ་གནོན་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་གཉིས་འཛིན་མཐར་གཅོད་བྲོ། །པ་གོར་བཻ་རོ་ཙ་ན་ཡིས། །སྣང་བ་བདེན་མེད་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་གཏད་མེད་ཟང་ཐལ་བྲོ། །ཀློང་ཆེན་རབ་འབྱམས་བཟང་པོ་དེས། །ཐེག་དགུ་དོན་གཅིག་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་དབྱེ་གསལ་འཛིན་མེད་བྲོ། །རྗེ་བཙུན་བླ་མ་སངས་རྒྱས་ཀྱིས། །ལྷག་མཐོང་གཅེར་བུད་གླུ་ཞིག་བླངས། །གླུ་ཡང་བླངས་ལ་བྲོ་ཡང་བརྡུངས། །བྲོ་ནི་ཕྱོགས་བྲལ་འཛིན་མེད་བྲོ། །དེ་རིང་བན་རྒན་སྨྱོན་པ་ཡིས། །ཚིག་དང་བྲལ་བའི་གླུ་ཞིག་ལེན། །དཔེ་དང་བྲལ་བའི་དོན་ཞིག་གླེང་། །འགྲོ་འོང་མེད་པའི་བྲོ་ཞིག་བརྡུང་། །གླུ་བྲོ་གར་གྱི་མཆོད་པ་དེས། །རྗེ་
བཙུན་སངས་རྒྱས་མཉེས་གྱུར་ཅིག། །། ༈ ལྷོ་ནུབ་པདྨ་འོད་ཀྱི་ཞིང་ན། །གུ་རུ་པདྨ་འབྱུང་གནས་དྲུང་དུ། །རིག་འཛིན་གྲུབ་པ་ཐོབ་པ་རྣམས་དང་། །མཁའ་སྤྱོད་དཔའ་བོ་མཁའ་འགྲོ་རྣམས་ཀྱིས། །མ་ཎིའི་ཆོས་བྲོ་རྡུང་ཞིང་འདུག་གོ། །དེ་རིང་འདི་རུ་ཆོས་བྲོ་ལོས་རྡུང་། །སྨོན་ལམ་ལས་འཕྲོའི་སྐལ་བ་བཟང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིུཿར་ས་དཔལ་གྱི་གཙུག་ལག་ཁང་ན། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་དྲུང་དུ། །ལྷ་གཅིག་བཙུན་མོ་ཆོས་བློན་རྣམས་དང་། །བདེ་སྐྱིད་ལྷ་དང་འདྲ་བའི་བོད་འབངས། །མ་ཎིའི་ཆོས་བྲོ་རྡུང་ཞིང་འདུག་གོ། །དེ་རིང་འདི་རུ་ཆོས་བྲོ་ལོས་རྡུང་། །སྨོན་ལམ་ལས་འཕྲོའི་སྐལ་བ་བཟང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིུཿབསམ་འགྲུབ་བདེ་བ་ཆེན་པོའི་ཞིང་ན། །འཇིག་རྟེན་དབང་ཕྱུག་ཆོས་དབང་དྲུང་དུ། །སྲས་མཆོག་པདྨ་དབང་ཆེན་དེ་དང་། །ལུང་ཟིན་མ་ཎི་རིན་ཆེན་རྣམས་ཀྱིས། །མ་ཎིའི་ཆོས་བྲོ་རྡུང་ཞིང་འདུག་གོ། །དེ་རིང་འདི་རུ་ཆོས་བྲོ་ལོས་རྡུང་། །སྨོན་ལམ་ལས་འཕྲོའི་སྐལ་བ་བཟང་ངོ་། །ཨོཾ་མ་ཎི་
པདྨེ་ཧཱུྃ་ཧྲཱིུཿབསམ་མི་ཁྱབ་པའི་རིགས་དྲུག་ཞིང་ན། །འདྲེན་པ་ཐུབ་ཆེན་དྲུག་གི་དྲུང་དུ། །ཁམས་གསུམ་འགྲོ་དྲུག་སེམས་ཅན་རྣམས་ཀྱིས། །རང་རང་གཟུགས་དང་རང་རང་སྐད་ཀྱིས། །མ་ཎིའི་ཆོས་བྲོ་རྡུང་ཞིང་འདུག་གོ། །དེ་རིང་འདི་རུ་ཆོས་བྲོ་ལོས་རྡུང་། །སྨོན་ལམ་ལས་འཕྲོའི་སྐལ་བ་བཟང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིུཿ༈དེ་ནས་དུས་ནམ་ཞིག་བན་རྒན་ཆང་གིས་མྱོས། །དུས་ད་ལྟ་བདག་ཉིད་ཉམས་རིག་འཕེལ། །ཡིད་རྩ་བསྐྱོད་ནས་གླུ་བླངས་པ། །གནས་འདི་ཟངས་མདོག་དཔལ་རི། །རྗེ་འདི་གུ་རུ་པདྨ། །འབངས་འདི་དཔའ་བོ་མཁའ་འགྲོ། །ཟས་འདི་དམ་རྫས་ཚོགས་འཁོར། །ཆོས་འདི་རྫོགས་པ་ཆེན་པོ། །དོན་འདི་མཐའ་བྲལ་ཉག་གཅིག །རྫས་འདི་མ་བསྒོམས་སངས་རྒྱས། །རྒྱུད་འདི་ཐེག་མཆོག་བཏགས་གྲོལ། །ཐབས་འདི་གསང་ཆེན་མྱུར་ལམ། །གླུ་འདི་རྡོ་རྗེའི་སྒྲ་དབྱངས། །བྲོ་འདི་མཉམ་ཉིད་གར་སྟབས། །ནམ་མཁའ་འཇའ་འོད་གུར་ཁང་། །བར་སྣང་ལྷ་ཡི་རོལ་མོ། །ས་གཞི་བཀྲ་ཤིས་མེ་ཏོག །བྱིན་ལྡན་རྡོ་རྗེ་སློབ་དཔོན། །དམ་ལྡན་རྡོ་
རྗེའི་སློབ་མ། །ལས་ལྡན་འབྲེལ་ཐོགས་ཕོ་མོ། །དཔལ་རི་པདྨ་འོད་དུ། །ཡང་ཡང་ཞལ་མཇལ་ཞུའོ། །ཡང་ཡང་བཀྲ་ཤིས་ཞུས་ཡོད། །ཅེས་པ་འདི་ཡང་ས་སྐྱོང་སྡེ་དགེ་རྒྱལ་པོའི་བསྟན་པའི་རིམ་གྲོ་ས་གནད་ཀྱི་མེ་བཙའ་གསོ་བ་དང་། ཁྱད་པར་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་ཚོམ་བུ་ཚོགས་སྒྲུབ་མཛད་སྐབས། རིལ་བུ་འཕུར་འཁྲབ་འཇའ་ཟུག་པ་དང་། དཀར་ཡོལ་ཉེར་ལྔ་སོ་ལྔར་འཕེལ་བའི་ངོ་མཚར་རྨད་བྱུང་བྲིར་མི་ལང་བ་ཀུན་གྱིས་མངོན་པའི་དུས་ལའོ།། །། ༈ རྗེ་གཅིག་སངས་རྒྱས་ཀུན་གྱི་ཡབ། །སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ། །རྡོ་རྗེ་འཛིན་པ་པདྨའི་མཚན། །འབངས་ངས་གསོལ་བ་སྙིང་ནས་འདེབས། །མགོན་དེའི་ཞལ་ལུང་དྲན་ནས་བྱུང་། །བསྟོད་པ་དང་ནི་སྨད་པ་གཉིས། །བྲག་ཆ་ལྟ་བུར་མ་ཤེས་ན། །བདེན་པར་འཆིང་ན་གོལ་ལོ་གསུངས། །འབྱོར་པ་དང་ནི་རྒུད་པ་གཉིས། །རྨི་ལམ་ལྟ་བུར་མ་ཤེས་ན། །བདེན་པར་འཆིང་ན་གོལ་ལོ་གསུངས། །ལྷར་འཛིན་དང་ནི་འདྲེར་གཟུང་གཉིས། །མིག་ཡོར་ལྟ་བུར་མ་ཤེས་ན། །བདེན་པར་འཆིང་ན་གོལ་ལོ་གསུངས། །དངོས་གྲུབ་དང་ནི་བར་ཆད་གཉིས། །སྒྱུ་མ་ལྟ་བུར་མ་ཤེས་ན། །བདེན་
པར་འཆིང་ན་གོལ་ལོ་གསུངས། །དགེ་བ་དང་ནི་སྡིག་པ་གཉིས། །འཇའ་ཚོན་ལྟ་བུར་མ་ཤེས་ན། །བདེན་པར་འཆིང་ན་གོལ་ལོ་གསུངས། །ཉམས་རྟོགས་དང་ནི་གོལ་སྒྲིབ་གཉིས། །བྱིས་པའི་རྩེད་མོར་མ་ཤེས་ན། །བདེན་པར་འཆིང་ན་གོལ་ལོ་གསུངས། །སྐྱེ་བ་དང་ནི་འཆི་བ་གཉིས། །འཆར་ནུབ་རང་བཞིན་མ་ཤེས་ན། །བདེན་པར་འཆིང་ན་གོལ་ལོ་གསུངས། །སེམས་ཀྱི་རྣམ་རྟོག་ཐམས་ཅད་ཀུན། །བྱ་ལམ་རྗེས་མེད་མ་ཤེས་ན། །བདེན་པར་འཆིང་ན་གོལ་ལོ་གསུངས། །རང་ལ་ཉམས་རྟོགས་མེད་ན་ཡང་། །ད་ནངས་ཙམ་གྱི་སྣང་བ་ལ། །མཉམ་མེད་ཆོས་རྗེའི་གསུང་དྲན་བྱུང་།། །།དགེའོ། །༈བཀའ་དྲིན་མཚུངས་མེད་ཀྱི་རྗེ་བཙུན་བླ་མ། །དྭ་ཕྲུག་རྐང་འཁྱར་ངས་གསོལ་བ་འདེབས་སོ། །ཕ་ཁྱོད་བརྩེ་བ་ཡི་ཐུགས་རྗེས་གཟིགས་ལ། །འབྲལ་མེད་བྱིན་རླབས་ཀྱི་དབང་ཆེན་སྐུར་ཅིག །ཐུབ་བསྟན་སྙིང་པོ་དེ་སྔ་འགྱུར་དུས་ན། །རྡོ་རྗེ་སློབ་དཔོན་དེ་པདྨ་འབྱུང་གནས། །མི་འགྱུར་གཙུག་ལག་དེ་དཔལ་གྱི་བསམ་ཡས། །ཆོས་སྐྱོང་རྒྱལ་པོ་དེ་ལྷ་སྲས་ཁྲི་སྲོང་། །དག་པའི་
འཁོར་ཚོགས་དེ་ལོ་པཎ་གྲུབ་ཐོབ། །དམ་ཆོས་ཁྱད་འཕགས་དེ་དོན་འགྱུར་ངེས་པ། །བསྒོམས་པས་སངས་རྒྱས་དེ་བསྐྱེད་རྫོགས་སྦྲེལ་མ། །མ་བསྒོམས་སངས་རྒྱས་དེ་དམ་རྫས་མྱོང་གྲོལ། །འབྲས་བུ་ཕྱི་དུས་དེ་ཐེག་རིམ་བརྒྱད་པོ། །འབྲས་བུ་ལམ་ཁྱེར་དེ་རྫོགས་པ་ཆེན་པོ། །སྡིག་ཆེན་མྱུར་ལམ་དེ་ཟབ་ལམ་འཕོ་བ། །ཉམས་ལེན་ཟབ་མོ་དེ་མཚན་ལྡན་རིག་མ། །ཚོགས་འཁོར་བཟང་པོ་དེ་ཨ་རག་ཚོགས་འཁོར། །རྟོགས་པ་མངོན་འགྱུར་དེ་ཚིག་བྲལ་རྗེན་པ། །ཨ་ཀྱང་རྩེད་མོ་ལགས་གླུ་རེ་ལེན་སྤྲོ། །མི་ཁྱུའི་བུད་པ་དེ་དཔའ་བོ་ལས་རབ། །གཏད་མེད་གུ་ཡངས་དེ་ལས་ཀྱིས་བསྐོས་པ། །ངན་གྲོགས་སྦྱོར་ངན་དེ་སྨོན་ལོག་དམ་སྲི། །འབྲེལ་འདྲིས་འཁོར་ཚོགས་དེ་ལན་ཆགས་འབྲེལ་བ། །མཐུན་རྐྱེན་སྦྱོར་བྱེད་དེ་དད་ལྡན་ཡོན་བདག །བར་ཆད་འཕྲང་དགུ་དེ་རྟེན་འབྲེལ་སྣང་ཚུལ། །བདེན་མེད་ཤེས་པ་དེ་བླ་མའི་བཀའ་དྲིན། །ཨ་ཀྱང་རྩེད་མོ་ལགས་གླུ་རེ་ལེན་སྤྲོ། །མཐའ་མེད་འཁོར་བ་དེ་འཁོར་བའི་འཁྲུལ་འཁོར། །དོན་མེད་ནོར་བ་དེ་ཚེ་
འདིའི་བྱ་བཞག །བྱས་པ་དོན་མེད་དེ་དགེ་སྡིག་འདྲེས་མ། །འདུས་བྱས་འདྲ་དཔེ་དེ་ཚོང་འདུས་མགྲོན་པོ། །རྒན་གཞོན་རིམ་བརྗེས་དེ་སྟོན་ཐོག་གསར་རྙིང་། །སྐྱེ་འཆིའི་མཚན་ཉིད་དེ་ཉི་ཟླ་འཆར་ནུབ། །ཐར་མེད་འཆིང་ཐག་དེ་མཐུན་གྲོགས་བུད་མེད། །ལས་ཀུན་འཆལ་བྱེད་དེ་ཆང་དང་ཨ་རག །དམྱལ་བའི་ཁ་ཟས་དེ་བསད་པའི་ཤ་ཁྲག །ཆོག་ཤེས་མེད་པ་དེ་ཟས་ནོར་གཉིས་པོ། །འཛད་མཐའ་མེད་པ་དེ་དལ་ཚོགས་ལོང་གཏམ། །ཨ་ཀྱང་རྩེད་མོ་ལགས་གླུ་རེ་ལེན་སྤྲོ། །སེམས་ཀྱི་མཚན་ཉིད་དེ་མོ་གཤམ་སྲས་པོ། །སེམས་ཀྱི་བཞག་ཐབས་དེ་ལས་ཟིན་ངལ་བསོ། །སྒོམ་པའི་ཡིན་ལུགས་དེ་ལྐུགས་པའི་བུ་རམ། །གང་ཤར་རང་གྲོལ་དེ་ཆུ་ནང་རི་མོ། །ཚིག་གིས་བཏགས་བྱ་དེ་ནམ་མཁའ་མདུང་བསྐོར། །དོན་གྱི་ཡིན་ལུགས་དེ་རང་གསལ་མངོན་སུམ། །འབྲས་བུ་ཐོབ་མེད་དེ་རང་དག་རང་ཟད། །དོན་གཉིས་ལྷུན་གྲུབ་དེ་ཡིད་བཞིན་ནོར་བུ། །ཨ་ཀྱང་རྩེད་མོ་ལགས་གླུ་རེ་ལེན་སྤྲོ། །དལ་འབྱོར་མི་ལུས་དེ་ཡར་མར་ལམ་ཁར། །དགེ་སྡིག་འདམ་ཁ་དེ་མཁས་བླུན་བྱེ་
བྲག །ཐེག་པའི་ཆེ་ཆུང་དེ་དབང་པོ་མཆོག་དམན། །ཚེ་འདིའི་སྐྱིད་སྡུག་དེ་སྔོན་བསགས་ལས་འཕྲོ། །སྐྱེ་མཐའ་ཅི་འགྱུར་དེ་ད་ལྟའིི་བྱེད་ལས། །གླུ་དང་རྩེད་མོ་དེ་མགོ་ཆུང་སྨྱོན་པ། །ནམ་མཁའ་ཡང་རྒྱ་ཆེ། །སེམས་ཅན་ཡང་རྒྱ་ཆེ། །རྒྱ་མཚོ་ཡང་གཏིང་ཟབ། །རྒྱུ་འབྲས་ཡང་གཏིང་ཟབ། །རྩི་ཤིང་ཡང་གྲངས་མང་། །སྐྱེ་བ་ཡང་གྲངས་མང་། །ཨ་ཀྱང་རྩེད་མོ་ལགས་གླུ་རེ་ལེན་སྤྲོ།། །། ༈ འདི་ནི་སྤྲོས་དང་བྲལ་བས་ན། །འདི་ལ་སྤྲོས་མཚན་མ་སྒོམས་ཤིག །འདི་ནི་རང་གསལ་རང་བབས་ཀྱི། །འདི་ལ་བཅོས་པར་མ་བྱེད་ཅིག །འདི་ནི་ཐོག་མའི་སངས་རྒྱས་ཏེ། །འདི་ལས་སངས་རྒྱས་མ་ཚོལ་ཅིག །ངང་ལ་རྫོགས་པའི་ཡོན་ཏན་ལ། །རེ་དོགས་འཆིང་བས་མ་བཅིངས་ཤིག །དུས་གསུམ་དུས་མེད་དུས་གཅིག་འདྲེས། །འདི་ལ་མཚན་མས་མ་སྐྱོད་ཅིག །དམིགས་སུ་མེད་དོ་ནམ་མཁའི་མཐའ། །བསྒྲིམས་ཏེ་ཕྱོགས་སུ་མ་སྐྱོོད་ཅིག །ཡེངས་པས་མ་བསླད་རང་གསལ་ལ། །ཧད་དང་ཕྱལ་བར་མ་ཤོར་ཅིག །འཆིང་གྲོལ་མེད་པའི་ཡེ་ཡིན་ལ། །
བློའི་རྒྱའི་གཟེབ་ཀྱིས་མ་སྒོམས་ཤིག །ཐད་ཀར་ཆོད་པའི་ཁྲེགས་ཆོད་ལ། །སྤྲོ་བསྡུ་དྲན་པས་མ་མཐུད་ཅིག །སྒྲིབ་མེད་སངས་རྒྱས་རང་སེམས་ལས། །སྒྲུབ་འདོད་ལྷ་སྐུ་མ་སྐྱེད་ཅིག །གཅིག་ཆོག་རྒྱལ་པོ་མཐའ་ཆོད་པས། །ངན་སོང་གནས་ལ་མ་དོགས་ཤིག །རང་གྲོལ་རང་བབས་ཀུན་བཟང་ཀློང་། །གཉེན་པོས་བསྐྱར་ནས་མ་སྒོམས་ཤིག །ཚིག་དང་བརྗོད་པ་བྲལ་བ་ན། །སྙན་ངག་དཔེར་བརྗོད་མ་མང་ཞིག །དཔེ་དང་བྲལ་བའི་ཡེ་ཤེས་ལ། །མཚན་མའི་དཔེ་ཡིས་མ་འགེབས་ཤིག །མོ་གཤམ་བུ་དང་རི་བོང་རྭ། །དེ་ལ་ལྟ་བའི་མཚན་ཉིད་མཛོད། །ལྐུགས་པའི་བུ་རམ་གཞོན་ནུའི་བདེ། །དེ་ལ་སྒོམ་པའི་མཚན་ཉིད་མཛོད། །སྨྱོན་པ་བུ་ཆུང་ཁྱི་ཕག་སྤྱོད། །དེ་ལ་སྤྱོད་པའི་མཚན་ཉིད་མཛོད། །འབྲུམ་ནད་བྱང་བའི་སྐྱེས་བུ་འདྲ། །དེ་ལ་འབྲས་བུའི་མཚན་ཉིད་མཛོད། །ངོ་བོ་སྐྱོན་ཡོན་གོས་མ་མྱོང་། །དེ་ལ་དམ་ཚིག་མཚན་ཉིད་མཛོད། །བཟང་འདོད་གཞན་ནས་མི་ཚོལ་ཏེ། །རང་གསལ་ངོ་བོའི་ངང་དུ་འཆི། །དེ་ལ་འདའ་ཁའི་གདམས་ངག་མཛོད། །འབྲུ་བཅུད་ཆང་གིས་
མྱོས་པ་ཡི། །སྤྲོས་མེད་རྣལ་འབྱོར་སྤྲོས་སྤྲོས་ནས། །སྤྲོས་པའི་གླུ་ཞིག་ལེན་འདོད་ཀྱི། །འདུས་པའི་ཚོགས་རྣམས་གླུ་ལོངས་ཤིག། །། ༈ མི་ངའི་སྤྱི་གཙུག་ཉི་ཟླའི་སྟེང་། །རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ། །པདྨའི་མཚན་ཅན་བླ་མ་བཞུགས། །སྤྲང་ངས་གསོལ་བ་སྙིང་ནས་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ང་ཡི་རྗེས་འཇུག་སློབ་མ་རྣམས། །ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཕྱི་རོལ་ཡུལ་གྱི་སྣང་བ་འདི། །ཞིང་ཁམས་དག་པ་འོག་མིན་གནས། །སྐྱེ་འགྲོ་ལྷ་དང་ལྷ་མོའི་ངང་། །དག་པ་རབ་འབྱམས་འཁོར་ལོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ང་ཡི་རྗེས་འཇུག་སློབ་མ་རྣམས། །སྣང་སྲིད་སྐུ་རུ་འཆར་བར་ཤོག །དག་པ་རྡོ་རྗེ་རང་གི་ལུས། །གསུང་མཆོག་དབང་ཆེན་ཧེ་རུ་ཀ །ཀུན་རྫོབ་རྩ་ཐིག་རླུང་གསུམ་རྣམས། །དཔའ་བོ་མཁའ་འགྲོའི་རང་བཞིན་ཅན། །རང་གསལ་རང་མདངས་རང་ལ་འདུད། །ཤིན་ཏུ་ཉེ་བའི་སློབ་མ་རྣམས། །རྡོ་རྗེའི་ལུས་སུ་བྱིན་གྱིས་རློབས། །ཨ་ཏི་ཡེངས་མེད་གཟེར་གྱིས་བཏབ། །
ལྷུན་གྲུབ་ཞིང་སྣང་ཤུགས་ལ་རྫོགས། །ཡེ་ཤེས་རླུང་ལྔའི་མཁའ་དབྱིངས་སུ། །སྒྲིབ་བཅས་རླུང་ལྔ་བག་ལ་ཞ། །རང་རྩལ་ཆོས་ཀྱི་སྐུ་ལ་འདུད། །ང་དང་ང་ཡི་རྗེས་འཇུག་རྣམས། །རིག་རྩལ་བཙན་ས་ཟིན་པར་ཤོག །ཕྱི་ནས་བདེན་མེད་སྒྱུ་མས་མྱོས། །འཛིན་པས་འཆིང་ཐག་མི་བཅའོ། །བར་ནས་འབྲུ་བཅུད་ཆང་གིས་མྱོས། །བློ་ལ་གསལ་དུ་མ་བཅོས་སོ། །ནང་གི་ཡེ་ཤེས་ཀློང་དུ་མྱོས། །སྤང་བླང་གདམས་ཀས་མི་བཅོས་སོ། །དོ་ནུབ་རྣལ་འབྱོར་སྣང་བ་བདེ། །ངེས་དོན་འཆད་པའི་སློབ་མ་རྣམས། །ཟབ་དོན་དགོངས་པ་ཐུགས་སུ་ཆུད། །ཉམས་དབྱངས་རྩེད་མོ་གླུ་རུ་བླངས། །རང་ཅག་སློབ་དཔོན་རབ་ཀྱི་རབ། །མ་བུ་རྩལ་མཉམ་དགོངས་པའི་ཀློང་། །སྐྱེ་འཆི་མེད་པའི་དཔའ་གདེང་ཐོབ། །མཚོན་བརྗོད་མེད་པའི་རང་ངོ་འཕྲོད། །ཡེངས་འཁྲུལ་མེད་པའི་མན་ངག་རྟོགས། །ཡིད་དཔྱོད་ཟད་པའི་ཆོས་སྐུ་རྙེད། །མཐའ་བཞི་བྲལ་བའི་དོན་ལ་གནས། །འཁོར་འདས་གཡང་ས་དུས་གཅིག་ཆོད། །དོ་ནུབ་འུ་ཅག་གླེང་མོལ་འདི། །ཐུབ་བསྟན་འབྲས་བུའི་དུས་སུ་ངེས། །
དགའ་འོ་སྐྱིད་དོ་བློ་ཡི་རབ། །སྙིགས་མའི་བླ་སློབ་འབྲེལ་བ་རྣམས། །ལོང་བས་ལོང་བ་ཁྲིད་པ་འདྲ། །མ་རིག་ཆེ་ལ་གཡང་ས་ཆེ། །བསམས་ཤིང་འགྱོད་ལ་སྙིང་རེ་རྗེ། །རང་ཅག་རྡོ་རྗེའི་གླུ་ལེན་པ། །སྐལ་བཟང་སྔོན་གྱི་གྲུབ་བརྙེས་རིག །ཉོན་དང་སེམས་དང་སྐལ་ལྡན་རྣམས།། །། ༈ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས། །གཞལ་ཡས་པདྨ་འོད་ཀྱི་བདེ་ཆེན། །ལྷུན་གྲུབ་རང་སྣང་བཀོད་པའི་ཞིང་ཁམས། །ཞིང་ཁམས་རང་སྣང་བཀོད་པ་ལྷུན་གྲུབ། །རིག་འཛིན་གཙོ་བོ་རྡོ་རྗེ་ཐོད་ཕྲེང་། །ཐོད་ཕྲེང་གཙོ་བོ་རྡོ་རྗེ་རིག་འཛིན། །དཔའ་བོ་མཁའ་འགྲོ་འོད་ཕུང་འཇའ་གུར། །འཇའ་གུར་འོད་ཕུང་དཔའ་བོ་མཁའ་འགྲོ། །སྣང་སྲིད་དག་པ་རབ་འབྱམས་ལྷ་སྐུ། །ལྷ་སྐུ་རབ་འབྱམས་དག་པ་སྣང་སྲིད། །འདོད་ཡོན་མཆོད་ཆེན་ཚོགས་ཀྱི་རོལ་པ། །རོལ་པ་ཚོགས་ཀྱི་མཆོད་ཆེན་འདོད་ཡོན། །རོ་བཅུད་ནུས་པ་ཚིམ་པར་བཞེས་ཤིག །བཞེས་ཤིག་ཚིམ་པར་རོ་བཅུད་ནུས་པ། །ཟག་མེད་ཏིང་འཛིན་མང་པོ་ངོམས་ཤིང་། །ངོམས་ཤིང་མང་པོ་ཟག་མེད་ཏིང་
འཛིན། །བཀྲ་ཤིས་དགའ་བདེའི་གླུ་བྲོའིམཛོད་ཀྱི། །མཛོད་ཀྱི་གླུ་བྲོའི་དགའ་བདེའི་བཀྲ་ཤིས།། །། ༈ ཀྱེ་མ་རང་རིག་མ་རིག་སེམས་ཅན་སྙིང་རེ་རྗེ། །འདོད་པའི་ཁམས་ཀྱི་སེམས་ཅན་འདི་ཚོ་འོ། །བྱ་བྱེད་ཙབ་ཙུབ་ཙིར་སྒྲ་དི་རི་རི། །འདོད་བཞིན་བསམས་ཀྱང་མི་འདོད་ཐོག་ཏུ་འབབ། །སྡུག་བསྔལ་ཉམ་ཐག་ཅན་རྣམས་སྙིང་རེ་རྗེ། །དགའ་བའི་གཏམ་དང་མཐུན་པའི་བྱ་བ་བསྟེན། །བརྩེ་བའི་གླུ་དང་གདུང་བའི་ཚིག་གི་དབྱངས། །སྡུག་བསྔལ་མྱ་ངན་སྨྲེ་སྔགས་འོ་དོད་འབོད། །འདོད་པ་སྤངས་པས་སླར་ཡང་འདོད་པས་འཆིང་། །གདོད་མའི་དགའ་བ་ཏིང་འཛིན་ཉམས་བསྒྱུར་བའི། །ཡེ་ཡིན་ཏིང་འཛིན་མ་བཅོས་ཚིག་བྲལ་བ། །དཔེ་དེས་དོན་མཚོན་བརྗོད་མེད་སངས་རྒྱས་རྙེད། །གསང་སྔགས་ལམ་གྱི་མཐར་ཐུག་རྨད་པོ་ཆེ། །སྐྱེ་འཆི་བར་དོའི་སྒྲིབ་པ་སྦྱང་བའི་གནད། །འདི་ནི་སྔ་འགྱུར་བན་རྒན་མྱོས་ནས་སྨྲས། །ས་སྐྱོང་རྒྱལ་པོའི་སྒར་ཆེན་ལྕགས་རར་བཞུགས་ཤིང་སྒྲུབ་ཆེན་མ་ཎིའི་ཐུན་ཁ་བཙུགས་ཚེ་ཕྱོགས་ཀྱི་དད་འདུས་ཕོ་མོས་མ་ཎི་སོགས་ཙིར་སྒྲ་དིར་དིར་འདུག་པའི་རང་གཞན་སེམས་ཅན་གྱི་ལས་ཀ་མཚར་ནས་རྨོངས་རྒན་ཕྲིན་ལས་ཀྱིས་སྨྲས་
སོ།། །། ༈ ཀྱེ་ཧོ་འབྱོར་ལྡན་ཕོ་མོ་ཡ་རབས་ཀྱིས་གོ་ན། །གཅེས་ཕྲུག་ཚར་སྐྱེན་ནར་སོན་རང་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །ཕ་རྒན་བླ་མའི་བཀའ་དྲིན་དྲན་བྱུང་། །ད་ནངས་སྣང་གསལ་ཉི་མ་ཤར་བ། །ནུབ་རིར་བསྙེགས་ཤིང་བརྒལ་བ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །མི་རྟག་འཆི་བ་སྙིང་ནས་དྲན་བྱུང་། །ཁེངས་སེམས་དྲེགས་པས་རྒྱགས་པའི་རྒྱལ་པོས། །ཕྱོགས་ཀྱི་དཔྱ་ཁྲལ་སྡུད་པ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །ཐོས་བསམ་ཕྱོགས་མེད་གསོག་དགོས་དྲན་བྱུང་། །ཡ་ཀི་ནམ་མཁའ་མཐའ་བྲལ་ངོས་ལ། །བྱ་རྒོད་གཤོག་རླབས་གཅོད་པ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །ལྟ་བའི་གོལ་ས་གཅོད་དགོས་དྲན་བྱུང་། །ཕ་གི་གངས་རི་རྩེ་མཐོའི་ངོས་ན། །སེང་ཆེན་ཞུམ་མེད་འགྱིང་བ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །སྒོམ་པའི་བཙན་ས་འཛིན་དགོས་དྲན་བྱུང་། །མ་གི་གཙང་ཆབ་གཞུང་རིང་དཀྱུས་ལ། །ཉ་མོ་འགྱུར་
རྩལ་སྦྱོང་བ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །སྤྱོད་པའི་རྩལ་སྦྱོང་བྱེད་དགོས་དྲན་བྱུང་། །ཚོང་དཔོན་རྒྱ་མཚོའི་ནོར་བུ་ལོན་ནས། །བློ་བདེའི་མལ་དུ་གཟིམས་པ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །འབྲས་བུ་དོན་མཆོག་སྒྲུབ་དགོས་དྲན་བྱུང་། །ཡང་ཅིག་མེ་ལོང་དྭངས་པའི་ངོས་ལ། །སྒེག་མོས་བྱད་ལ་བྱི་དོར་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །དམ་ཚིག་བྱ་ར་གཙང་དགོས་དྲན་བྱུང་། །རྫ་རི་གཡའ་སྤང་དབེན་པའི་ལྐོག་ཏུ། །རི་དྭགས་སྦས་ནས་གབ་པ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །རི་ཁྲོད་དབེན་པའི་དགོན་པ་དྲན་བྱུང་། །ལྗོན་ཤིང་རྒས་པ་རྩ་ལག་ཡལ་ག །རྩ་བ་རུལ་ནས་འགྱེལ་བ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །འཁོར་བའི་སྐྱེ་རྒྱུན་གཅོད་དགོས་དྲན་བྱུང་། །སྐྱེ་བོ་བག་མེད་ཆང་གིས་མྱོས་ནས། །གླུ་གར་རྩེད་འཇོའི་སྤྱོད་པ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །གཏད་མེད་གུ་ཡངས་གླུ་འདི་དྲན་བྱུང་། །ཞེས་ཤར་སྟག་མོ་སྒང་དུ་
སྐྱེ་བོ་ཆང་གིས་མྱོས་པའི་གླུ་བྲོ་མཐོང་བས་བསྐྱེད་དེ་ཕྲིན་ལས་ཀྱིས་གླུ་བླངས་པ་དགེའོ།། །། ༈ རྗེ་བཙུན་བླ་མ་སངས་རྒྱས། །འབངས་ངའི་སྤྱི་བོར་བཞུགས་ཤིག །ཉམ་ཆུང་སྣང་བ་སྤྲོ་བྱུང་། །ངག་འཆལ་གླུ་ཞིག་ལེན་མོས། །སྔོན་བྱོན་གྲུབ་པ་བརྙེས་རྣམས། །ཉམས་དང་རྟོགས་པ་རྒྱས་ནས། །ཉམས་མྱོང་གླུ་རུ་བླངས་སོ། །ན་ཕྲ་གཞོན་ནུ་ཕོ་མོ། །ཁམས་ཀྱི་དབང་པོ་རྒྱས་ནས། །རྩེད་འཇོའི་གླུ་རུ་བླངས་སོ། །རྒྱལ་ཁམས་འགྲིམ་པའི་སྤྲང་པོས། །སྐྱིད་སྡུག་སེམས་ལ་ཤར་དུས། །སྙིང་རླུང་གླུ་རུ་བླངས་སོ། །དེ་རིང་བན་རྒན་སྨྱོན་པ། །བག་མེད་ཆང་གིས་མྱོས་ནས། །ཁ་འཆལ་གླུ་ཞིག་ལེན་སྤྲོ། །སྔོན་ཆད་རང་ལུས་གཞོན་དུས། །དཔྱིད་ཀྱི་མྱུ་གུར་མཚུངས་དུ། །དར་བབས་གཞོན་ནུའི་དུས་དང་། །དབྱར་གྱི་འདབ་ལྗང་མཚུངས་དུ། །རྒས་ཤིང་འཕེལ་བ་ཟད་དུས། །སྟོན་གྱི་འབྲས་བུར་མཚུངས་དུ། །དགུན་དུས་སྐྱ་ཞིང་བྱེར་དུས། །ཤི་བའི་དུས་དང་མཚུངས་དུ། །ཨ་ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་། །ཚེ་སྟོད་ཕ་མ་འཛོམས་དུས། །གཅེས་སྤྲས་སྐྱིད་ཅིག་
ལོས་མྱོང་། །ཚེ་སྟོད་བླ་མ་འཛོམས་དུས། །གདམས་ངག་ཆོས་ཤིག་ལོས་ཐོབ། །ཚེ་སྐེད་དར་ལ་བབ་དུས། །བདེ་འགྱུར་རྩེད་མོ་ལོས་མྱོང་། །ཚེ་སྐེད་རྩ་རླུང་དར་དུས། །ཉམས་ལེན་ཐོས་བསམ་ལོས་བྱེད། །ཚེ་གཞུག་རྒས་ཀྱིས་ནོན་དུས། །ལག་འཁར་སྟེང་དུ་ལོས་འཆང་། །ཚེ་གཞུག་ཚེ་འདིར་འདོར་དུས། །ལམ་ཁྱེར་རྩལ་སྦྱོང་ལོས་བྱེད། །འཆི་བའི་ལམ་དུ་ཞུགས་དུས། །ལམ་སྐྱེལ་ཆོས་རྗེ་ལོས་དགོས། །འཆི་བའི་མལ་དུ་ཞུགས་དུས། །གདེང་ཐོབ་འཆི་བྲོད་ལོས་གཅེས། །ཨ་ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་། །ཆགས་སྡང་དོ་ཡ་ཞུས་ཞུས། །བདེན་རྫུན་སོ་ཁ་བསྲུངས་བསྲུངས། །ང་འདྲའི་བན་རྒན་སུན་བྱུང་། །སྐྱིད་སྡུག་ཉིན་སྲིབ་བགྲོད་བགྲོད། །ཡིན་མིན་འདོར་ལེན་བྱས་བྱས། །ང་འདྲའི་བན་རྒན་སུན་བྱུང་། །བཟང་ངན་འདོར་ལེན་བགྲང་བགྲང་། །དགྲ་གཉེན་གཅོང་རོང་འགྲིམ་འགྲིམ། །ང་འདྲའི་བན་རྒན་སུན་བྱུང་། །གསོན་གཤིན་བག་ཆགས་འགམས་འགམས། །དཀར་ནག་ས་བོན་བཏབ་བཏབ། །ང་འདྲའི་བན་རྒན་སུན་བྱུང་། །ཨ་
ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་། །བླ་དགོན་ལས་འཛིན་དེ་ཡང་། །མི་ཚེ་སྟོང་ཟད་འདྲའོ། །སྔོན་གྱི་རྒྱལ་བས་གསུངས་འདུག །དཔོན་གྱི་ཞབས་ཕྱི་དེ་ཡང་། །མི་དོན་རང་ཕུང་འདྲའོ། །སྔོན་གྱི་རྒྱལ་བས་གསུངས་འདུག །ཡུལ་སྡེའི་གོ་ཆོད་དེ་ཡང་། །མི་ཁ་བྱུར་སྡུད་འདྲའོ། །སྔོན་གྱི་རྒྱལ་བས་གསུངས་འདུག །ཁྱིམ་གྱི་བཟའ་དཔོན་དེ་ཡང་། །སྤྱི་སྡུག་སྒོས་ཁུར་འདྲའོ། །སྔོན་གྱི་རྒྱལ་བས་གསུངས་འདུག །ཨ་ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་། །ནམ་མཁའ་རྒྱ་ཆེ་ཇི་བཞིན། །མ་རིག་རྒྱ་ཡང་ཆེའོ། །རི་བོ་དཔངས་མཐོ་ཡིན་བཞིན། །གཟུང་འཛིན་དཔངས་ཡང་མཐོའོ། །འཁོར་བ་ཐོག་མཐའ་མེད་བཞིན། །སྐྱེ་ཤིའི་ཐོག་མཐའ་མི་མངོན། །བདེ་འབྱོར་སྒྱུ་མ་ཡིན་བཞིན། །གང་ཡང་རྟག་བརྟན་མེད་དོ། །ཨ་ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་། །ཕ་རྒན་བླ་མའི་སྙིང་ཁྲག །རྫོགས་ཆེན་ལྟ་བ་བཟང་པོ། །མཐའ་བཞི་བྲལ་དགོས་གནད་ཡིན། །རྫོགས་ཆེན་སྒོམ་ཐབས་བཟང་པོ། །ཕྱོགས་འཛིན་མེད་
པ་གནད་ཡིན། །རྫོགས་ཆེན་སྤྱོད་པ་བཟང་པོ། །བཅིངས་གྲོལ་མེད་པ་གནད་ཡིན། །རྫོགས་ཆེན་འབྲས་བུ་བཟང་པོ། །རྩོལ་སྒྲུབ་མེད་པ་གནད་ཡིན། །ཨ་ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་།། །། ༈ ལྷ་འདྲེའི་རིགས་འདུས་ནས་གཅེར་བུ་གསུམ་འཐབ་འཁྲུག་བྱེད་ཅིང་ཁྱོད་ཀྱི་མགུར་ཞིག་ལོངས་དང་ཟེར་བས་འདི་ལྟར་བླངས་པ་རྨིས། མ་བྱས་ཡེ་ནས་སྐུ་གསུམ་ལྷུན་གྱིས་གྲུབ། །དགེ་སྡིག་ལྷ་འདྲེའི་མཚན་མ་ཅིར་ཡང་སྣང་། །དམིགས་བསམ་འཕྲོ་འདུ་བྲལ་བའི་སྦུབས་སུ་ཐིམ། །རང་རིག་ཀུན་བཟང་ཆོས་ཀྱི་སྐུ་ལ་འདུད། །ཁོང་ཁྲོ་མེད་ན་བཟོད་པ་ཡིན། །ཞི་ཞིང་དལ་ན་བསམ་གཏན་ཡིན། །འབད་པ་ལྷུར་ལེན་བརྩོན་འགྲུས་ཡིན། །ཐོས་བསམ་ལྡན་པ་ཤེས་རབ་ཡིན། །བག་ཡོད་སྒྲིམ་པ་ཚུལ་ཁྲིམས་ཡིན། །ཀུན་ཁྱབ་སྙིང་རྗེ་སྦྱིན་པ་ཡིན། །སྡིག་སྤོང་དགེ་སྒྲུབ་སོ་ཐར་ཡིན། །ཚད་མེད་བཞིར་སྤྱོད་བྱང་སེམས་ཡིན། །རིམ་གཉིས་ཟུང་འཇུག་གསང་སྔགས་ཡིན། །གཅེར་བུ་ལག་འཛིན་སྒྱུ་མ་ཡིན། །ང་ནི་བྱིས་པ་རྨི་ལམ་ཡིན། །རྫུན་དང་རབ་རིབ་འཁྲུལ་པ་ཡིན། །གླུ་ལོངས་ཟེར་བ་མ་རིག་
པ། །གླུ་ལེན་པ་ནི་ཀུན་རྟོག་པ། །ཐོག་མའི་གཞི་ལ་འཁྲུལ་གྲོལ་མེད། །གསང་སྔགས་ལམ་ལ་སྤང་བླང་མེད། །འབྲས་བུ་སངས་རྒྱས་རེ་དོགས་མེད། །རིག་པའི་ཀློང་དུ་མ་རིག་ཆུབ། །ཡེ་ཤེས་མཐར་ཕྱིན་རྣམ་རྟོག་ཟད། །སྟོང་ཆེན་མངོན་གྱུར་མཚན་བཅས་དག །སྐུ་གསུམ་ཚད་རྫོགས་བདུད་བཞི་བཅོམ། །སྔོན་ཚེ་རྟ་གདོང་ཁྲོས་པའི་གླུ། །བར་དུ་རྡོ་རྗེ་ཐོད་ཕྲེང་གླུ། །ཐ་མ་ཁྲག་འཐུང་བརྒྱུད་པའི་གླུ། །ད་ལྟ་རྨི་ལམ་སྐྱེས་བུའི་གླུ། །འཁྲུལ་སྣང་གདོན་གྱི་ཚོགས་ལ་བཤད། །འདིའི་གཤམ་དུ་ཚིག་གཅིག་ཡོད་པ་ཐུགས་ལ་ཤར་མ་ཐུབ་པས་མ་ཚང་ངོ་།། །། ༈ མཚུངས་མེད་ཆོས་ཀྱི་རྗེ་ལ་སྐྱབས་སུ་མཆི། །དྲང་སྲོང་མཆོག་དེ་ཉི་གྲགས་སྤྲུལ་པའི་སྐུ། །རྣམ་ཐར་དྲན་ཞིང་སྙིང་ནས་ལྷག་པར་དད། །ཉེས་པའི་གཞིར་གྱུར་ཆང་འདི་འཐུང་མི་སྤྲོ། །སྤྲང་པོ་བདག་ལ་དགྱེས་བཞིན་བཀའ་ཡིས་གནང་། །ཆང་གི་ཡོན་ཏན་འདྲ་བའི་སྐྱོན་གསུམ་ནི། །ཆེ་དང་དྲེགས་པ་རྒྱལ་པོ་ལྟ་བུའི་སྐྱོན། །མཁས་ཆེ་སྤྱང་པོ་ཁྲ་དང་འདྲ་བའི་སྐྱོན། །བརྗོད་མཁས་སྨྲ་མང་ནེ་ཙོ་འདྲ་བའི་སྐྱོན། །འཐུང་རྗེས་
ངེས་པར་སྐྱོན་གསུམ་ལྡན་པ་ནི། །ནད་རྣམས་སློང་བས་གཅོང་ཅན་འདྲ་བའི་སྐྱོན། །ནད་ཀྱིས་ཟིན་པའི་ནད་པ་འདྲ་བའི་སྐྱོན། །གཡོ་འགུལ་མེད་པར་རོ་དང་འདྲ་བའི་སྐྱོན། །ཡང་དག་སྤྱོད་རྣམས་ཐུབ་པའི་བཀའ་བཞིན་དུ། །ལེགས་པར་སྤོང་འཚལ་རྨོངས་པ་ཕྲིན་ལས་གཏམ།། །། ༈ གྲོགས་པོ་ཆང་གི་ཡོན་ཏན་བསྔགས་པ་ནི། །ཁ་དོག་དྲི་རོ་ནུས་པ་མཐོང་བ་ཡིས། །འབྲལ་མི་ཕོད་ཅིང་དེ་ལ་རབ་ཏུ་དགའ། །མི་ཡི་བདུད་རྩི་མཆོག་ཏུ་གྱུར་པ་དེ། །འཐུང་བའི་མོད་ལ་ལུས་སེམས་བདེ་བ་རྒྱས། །སྡུག་བསྔལ་འགགས་ཤིང་གཉིད་འཕེལ་རབ་ཏུ་ཚིམ། །ཏིང་འཛིན་འབྱོངས་འདྲའི་རིག་རྩལ་བསམ་གཏན་འཕེལ། །དགའ་བའི་གཏམ་དང་སྙན་པའི་གླུ་ཡང་མོས། །ཆོས་དང་འཇིག་རྟེན་གཉེན་སྦྱོར་མགྲོན་རྣམས་ལ། །ཆང་དེ་ཡོད་དང་ཞིམ་ནས་ཚངས་པ་འདྲ། །སྐྱ་སེར་སྔགས་བཙུན་བུད་མེད་དང་བཅས་པས། །ཆང་གི་རིན་དུ་ཡན་ལག་བཙོང་ཡང་ནུས། །མཆོག་དམན་བར་མ་ཀུན་ཀྱང་ཆང་ལ་དད། །དཔའ་བོ་མཁའ་འགྲོའི་རྫས་ཡིན་ཚོགས་ཀྱི་རབ། །བགེགས་དང་ཡི་
དྭགས་ཀུན་ཀྱང་འདི་ལ་དགའ། །འབྱུང་བ་སྙོམས་ཤིང་རླུང་གི་སྨན་གྱི་མཆོག །མཛའ་མཐུན་ལྷག་པར་འགྲོགས་ཤིང་ཞིབ་པར་བྱེད། །དྲང་སྲོང་ཐུབ་པའི་དབང་དང་བླ་མ་རྗེ། །གྲོགས་པོ་ཆང་གི་སྐྱོན་དུ་གཟིགས་པ་ཡང་། །མྱོས་ཤིང་དབང་མེད་གདོན་གྱིས་བརླམས་དང་མཚུངས། །སོར་བྱང་སྔགས་ཀྱི་སྲུང་སྡོམ་ས་མཚམས་འཆལ། །བརྗེད་ངས་ཆེ་ཞིང་དོན་མེད་གཡེང་བས་ཁྱེར། །བག་མེད་སྨྲ་བ་མང་ཞིང་རྣ་བ་ཚ། །བྱ་བྱེད་འབྲེལ་འདྲིས་མང་ཞིང་ཁ་ལག་སུན། །འཁོན་དང་རྩོད་སྡང་འདྲེས་ཀྱང་གླགས་སྐབས་རྙེད། །ཆང་རིན་བསྐྱལ་ནས་ཐ་མ་སྤྲང་པོར་འགྲོ། །སྐྱུར་འགོང་བྱེད་ཅིང་མ་དང་ཆུང་མ་རྡུང་། །ཡར་སྐྱུག་མར་སྦྱོང་ནད་ཀྱིས་ཟིན་པ་འདྲ། །གོམ་སྟབས་འཁྱོལ་ཞིང་ལུས་ཀྱི་ཚུགས་མི་ཐུབ། །འཐུང་ཞིང་ཆོག་སེམས་མེད་ཅིང་ལྷག་པར་སྲེད། །ཆེ་བ་ཉམས་ཤིང་རིགས་ཀྱང་འཆལ་བར་བྱེད། །ཆོས་ལ་འགལ་ཞིང་འཇིག་རྟེན་ལུགས་ཀྱང་ཉམས། །དེ་ཕྱིར་སྐྱོན་ཡོན་བརྗོད་སྤྲོ་སྨྲ་བ་ལགས།། །། ༈ ཡང་དུས་ནམ་ཞིག་བན་རྒན་གྱི་སེམས་རྩ་ཨ་རག་གིས་བསྐྱོད་ནས་
གླུ་བླངས་པ། གླུ་ལ་ཉོན་དང་སོམས་དང་སྐྱེ་བོའི་ཚོགས། །ཨ་རག་སྙིང་གི་ཡུལ་དུ་སོང་བ་ཡིས། །བན་རྒན་ཁ་ནས་འཆལ་གཏམ་ཅ་ཅོ་སྒྲོག །བུད་མེད་དམ་པའི་ཡོན་ཏན་རབ་ཏུ་བརྗོད། །བཀའ་དགོངས་ཕུར་པ་བདེ་ཀྱེ་གསང་གསུམ་དང་། །མཁའ་འགྲོ་རྒྱ་མཚོ་དུས་ཀྱི་འཁོར་ལོ་སོགས། །སྔགས་རྒྱུད་རྣམས་ལས་རིག་ལྡན་བུད་མེད་དེ། །ཚེ་གཅིག་སངས་རྒྱས་ཕོ་ཉ་ལམ་དུ་བཤད། །འཇིག་རྟེན་མི་དབང་རྒྱལ་པོ་རྣམས་ཀྱི་ནི། །རྒྱལ་སྲིད་བདུན་གྱི་ནང་ནས་ཁྱད་པར་དུ། །བཙུན་མོ་རིན་ཆེན་ནོར་བུ་ཀུན་གྱི་མཆོག །ཁྱིམ་བདག་འབྱོར་དང་དྲེགས་པ་ལྡན་པ་ཡི། །དཔལ་ཅན་བུད་མེད་བུ་ནོར་ཀུན་གྱི་བདག །བསོད་ནམས་ལྡན་པ་གང་ཞིག་སྒྲུབ་པ་ན། །མི་ཡི་བདག་དང་དགེ་བའི་བཤེས་གཉེན་འབྱུང་། །བུད་མེད་མཆོག་གིས་གྱོས་སྒྱུག་ཁྱོ་ཕོ་དང་། །བུ་ཚ་མིང་སྲིང་གཉེན་སྲིང་འབངས་འཁོར་བཅས། །གཏམ་དང་ཟས་ཀྱིས་བཀུར་ཞིང་སྡུད་པར་བྱེད། །གང་ཞིག་སྐྱེ་བོ་འདུས་པའི་ཚོགས་ཁྲོད་དུ། །མཛེས་མ་རྒྱན་ལྡན་ལང་ཚོ་གསར་པ་ཅན། །རྒྱུ་སྐར་དབུས་ན་སྤྲིན་བྲལ་ཟླ་བ་
བཞིན། །ཀུན་ནས་མཛེས་ཤིང་ཀུན་ནས་དགའ་བ་མོས། །ཡིད་འོང་སྙན་པའི་གླུ་དང་ལག་པའི་གར། །དར་དང་རིན་ཆེན་རྒྱན་དང་འཛུམ་པའི་ཉམས། །ཟིམ་བུའི་མིག་གིས་ཟུར་གྱིས་བལྟ་བ་ཡིས། །ཆགས་ལྡན་སྐྱེ་བོའི་ཚོགས་རྣམས་འགུགས་པར་བྱེད། །པདྨའི་ཚལ་བཞིན་འདི་ལ་དགའ་བ་ལྟོས། །ཉེས་པའི་རང་བཞིན་བུད་མེད་སྐྱོན་བརྗོད་པ། །མདོ་སྡེ་དམ་པ་མཛངས་བླུན་དག་དང་ནི། །དྲན་པ་ཉེར་བཞག་དཀོན་མཆོག་བརྩེགས་སོགས་ལས། །སྐྱོན་བྲལ་ཐུབ་པའི་དབང་པོས་གསུངས་པ་བཞིན། །སྐྱོན་བརྒྱའི་རང་བཞིན་ཁ་ན་མ་ཐོ་བར། །བསླབ་གསུམ་འཕྲོག་ཅིང་ངན་སོང་གནས་སུ་ཁྲིད། །ཀུན་དང་རྩོད་བཀྱེ་མི་དགེ་ངང་གིས་འཕེལ། །འདུས་ཚོགས་རྣམས་སུ་ཡ་གའི་གཏམ་ཡང་འབྱུང་། །མཆུ་འདར་ཕྲ་མ་རྒོད་ཅིང་མཐུན་གཉིས་འབྱེད། །ལག་དམ་སེར་སྣས་བཅིངས་ཤིང་ཡི་དྭགས་འདྲ། །གཡོ་ཅན་རང་བཞིན་ཁ་ཞེ་གཉིས་པ་ཅན། །ཅི་ལྟར་མཐུན་ཡང་ཐ་མ་ངེས་པར་འཁོན། །སྨད་འཆལ་བྱེད་ཅིང་ཡ་རབས་རྒྱུད་པ་གཅོད། །ལུས་
ལས་སྐྱེས་པའི་བུ་ཚ་གསོད་པར་ཕོད། །བུད་མེད་བསྟེན་པ་ཀུན་གྱིས་ཁྲེལ་ཅིང་བཞད། །ཐར་པ་འདོད་ཀྱང་འཆིངས་ཤིང་འབྲེལ་དབང་མེད། །མིག་སེར་བྱེད་ཅིང་ཁྱོ་ཕོ་སྙིང་རླུང་སློང་། །སྤྲེའུ་བཞིན་དུ་སྐད་ཅིག་སྡོད་མི་ཚུགས། །གང་ཞིག་དལ་གྱིས་འཁྱིལ་བའི་རྒྱ་མཚོ་ལ། །རླུང་རྒོད་དྲག་པོས་བཏབ་པ་བཞིན་དུ་དཀྲུགས། །དུག་སྦྲུལ་ཁྲོད་བཞིན་འདི་ལ་འཇིགས་པར་ལྟོས།། །། ༈ ཡང་བན་རྒན་སེམས་རྩ་ཨ་རག་གིས་བསྐྱོད་ནས་ནོར་ལ་བསྔགས་པ། ཀྱེ་མ་འབྱོར་ལྡན་ནོར་རྫས་མཐོང་བ་ན། །བན་རྒན་སྤྲང་པོས་ཡིད་སྨོན་འཆོར་དུ་གཤའ། །ནོར་ལྡན་ལུས་བཀྲག་སྣུམ་ཞིང་གོས་ཀྱང་ལེགས། །གང་ཞིག་འབྱོར་ལྡན་མདུན་དུ་ལྷགས་པ་ན། །དགེ་བའི་བཤེས་གཉེན་ཞལ་གྱི་པདྨོ་འཛུམ། །མི་བདག་རྒྱལ་པོས་གསུང་གི་འབེལ་གཏམ་མཛད། །ནོར་ཅན་མཛའ་བཤེས་ཡུལ་མི་ཀུན་གྱིས་བརྩི། །ནོར་ཅན་རིགས་དམན་ཡིན་ཡང་མཐོ་གྲལ་ཚུད། །ནོར་དང་ལྡན་པ་བླུན་ཡང་མཁས་པའི་གྲངས། །ནོར་དང་ལྡན་པ་འཆལ་ཀྱང་དྲང་པོར་འགྲོ། །ནོར་གྱིས་ཆོས་དང་ཁྲིམས་ཀྱང་བསླུ་བར་ནུས། །ནོར་
ཅན་འགྲོ་བ་ཀུན་གྱིས་བསུ་ཞིང་བསྐྱེལ། །རྒྱགས་པའི་སྟེང་དུ་ཀུན་གྱིས་མགྲོན་བཞིན་སྟོན། །ཡ་རབས་དབུལ་པོས་མཆོད་སྦྱིན་བྱེད་པ་ལས། །ནོར་ལྡན་མཆོད་སྦྱིན་མེད་ཀྱང་ཡོངས་ཀྱིས་སྦྱིན། །འབྱོར་ལྡན་མཁོ་དགུའི་ཡོ་བྱད་ཀུན་རྫོགས་པའི། །མངོན་སུམ་མཐོ་རིས་ལྷ་ཡི་བདེ་བ་འདྲ། །ནོར་དང་བཅས་ལ་འཁོར་རྣམས་འདུ་བ་ཡི། །རྒྱལ་རིགས་ཆེན་པོ་རྣམས་དང་མཚུངས་པ་ཉིད།། །། ༈ ཀྱེ་མ་ནོར་འདི་ཤིན་ཏུ་ཉེས་མང་ཕྱིར། །ལུས་ལ་རྨ་མང་ཇི་བཞིན་ནོར་དེ་བཞིན། །ཡོད་ཀྱང་སྤྱོད་པར་མི་ནུས་ཡི་དྭགས་འདྲ། །ནོར་གྱི་ཆོག་སེམས་མེད་ཅིང་བཀྲེན་པ་དང་། །ནོར་གྱི་སླད་དུ་སྡིག་དང་ཉེས་པ་འགོ། །ནོར་རྫས་འབྲེལ་ན་ཁྲེལ་དང་ངོ་ཚ་ཤོར། །ནོར་འཚོལ་ཕྱིར་དུ་དཀའ་བས་ལུས་སེམས་ངལ། །ནོར་རྫས་བསྲུང་བར་བརྩོན་པ་རྟག་ཏུ་བྲེལ། །ནོར་གྱི་རྩ་བ་སྡིག་དང་འདྲེས་པའི་ཕྱིར། །བརྟགས་ན་དགེ་བ་བཏང་ཡང་སྡིག་པར་འགྲོ། །ནོར་གྱིས་རྒྱགས་པས་ང་རྒྱལ་འཕེལ་བར་བྱེད། །ནོར་ལྡན་གཞན་ལ་ཕྲག་དོག་སྐྱེ་བར་བྱེད། །ཡང་ཡང་ནོར་ལ་
དགའ་བའི་འདོད་ཆགས་སྐྱེ། །ནོར་གྱི་དོན་དུ་ཞེ་སྡང་རྩོད་པ་འབྱུང་། །ནོར་དང་འགྲོགས་ནས་མི་ཚེ་སེར་སྣར་ཟད། །ནོར་ཅན་དགྲ་དང་འདྲེས་པས་རྟག་ཏུ་རྒོལ། །ནོར་ཅན་ནོར་དང་བྲལ་བའི་མྱ་ངན་ལྡང་། །ནོར་གྱིས་སྲོག་ལ་རྒོལ་ཞིང་ཆོས་དང་ཕྲལ། །སྤྲང་རྣམས་ཕྱུག་ལ་དགའ་བས་མ་སྨོན་ཀྱེ།། །། ༈ ཨེ་མ་ཧོ་ལ་ཨེ་མ། །ངོ་མཚར་ཆེའོ་ངོ་མཚར། །གནས་ལ་ཕུན་སུམ་ཚོགས་པ། །མི་འགྱུར་དཔལ་གྱི་བསམ་ཡས། །དུས་ལ་ཕུན་སུམ་ཚོགས་པ། །ཐུབ་བསྟན་འབྲས་བུའི་དུས་ཚོད། །སྟོན་པ་ཕུན་སུམ་ཚོགས་པ། །པད་འབྱུང་བི་མ་བོ་དྷི། །ཆོས་ལ་ཕུན་སུམ་ཚོགས་པ། །མདོ་སྔགས་ཐེག་པ་རིམ་དགུ། །འཁོར་ལ་ཕུན་སུམ་ཚོགས་པ། །ཆོས་རྒྱལ་ཡབ་སྲས་རྗེ་འབངས། །༈ལྟད་མོ་ངོ་མཚར་ཆེ་བ། །རིག་འཛིན་ཡབ་སྲས་དེ་རྣམས། །མ་བུ་རྩལ་མཉམ་བཞིན་དུ། །འབྱུང་བཞིར་རང་དབང་བསྒྱུར་ནས། །འཇའ་སྐུ་འོད་སྐུ་མེར་མེར། །ལྟད་མོ་ངོ་མཚར་ཆེ་བ། །མི་ལོ་བཅུ་གཉིས་བར་དུ། །ལོངས་སྤྱོད་རྣམ་པ་སྣ་ཚོགས། །མི་ཟད་རྒྱན་གྱི་འཁོར་ལོ། །འདོད་ཡོན་གླུ་གར་
བྲོ་གསུམ། །སྔོན་གྱི་ཕུན་ཚོགས་ངོ་མཚར། །དེ་རིང་གནས་འདིར་འཛོམས་བྱུང་། །ཕུན་ཚོགས་གནས་དུས་སྟོན་པ། །ཆོས་དང་འཁོར་ཚོགས་དགེ་བ། །ལྟད་མོ་སྣང་སྲིད་དག་པ། །ལྷ་དང་ལྷ་མོའི་ཁོར་ཡུག །སྟོན་མེད་རིས་མེད་འགྲོ་ལ། །ཉམས་རྟོགས་ཛ་གད་དཔའ་བོ། །ལྷ་དང་མཁའ་འགྲོའི་དམ་ཚིག །ལུ་གུ་རྒྱུད་དུ་སྦྲེལ་ན། །བདེ་གསལ་མི་རྟོག་ཉམས་མྱོང་། །དགའ་བའི་གླུ་རུ་ལོངས་ལ། །ཐབས་ཤེས་གོམ་སྟབས་གར་སྟབས། །སྐྱིད་པའི་བྲོ་རུ་བརྡུང་དང་། །འདིར་ཚོགས་ཚོམ་བུའི་དཀྱིལ་འཁོར། །འདིར་ཚོགས་རྡོ་རྗེའི་སྤུན་སྲིང་། །བསམ་དོན་ཡིད་བཞིན་འགྲུབ་བོ། །དགོས་འདོད་ཆར་བཞིན་འབེབས་སོ། །ངོ་མཚར་ཆེ་འོ་ངོ་མཚར། །དགའ་འོ་སྐྱིད་དོ་སྤྲོའོ། །བཀྲ་ཤིས་ཤོག་དང་བཀྲ་ཤིས། །ཕུན་ཚོགས་ལྔ་ལྡན་ཞིང་འདིར། །ལྟད་མོ་སྟོན་མོར་ཡོད་ཀྱིས། །ཆོས་རྗེ་བླ་མ་ཕེབས་ཤོག །རིག་འཛིན་རྡོ་རྗེ་སློབ་དཔོན། །སྐུ་ཚེ་བར་ཆད་མེད་ཅིང་། །ཆོས་ཀྱི་ཕྲིན་ལས་རྒྱས་པའི། །རྟེན་འབྲེལ་སྨོན་ལམ་འཛོམས་བྱུང་། །ཕུན་ཚོགས་གནས་དུས་
སྟོན་པ། །ཆོས་དང་འཁོར་ཚོགས་དགེ་བ། །ལྟད་མོ་སྣང་སྲིད་དག་པ། །ལྷ་དང་ལྷ་མོའི་ཁོར་ཡུག །སྟོན་མེད་རིས་མེད་འགྲོ་ལ། །ཉམས་རྟོགས་ཛ་གད་དཔའ་བོ། །ལྷ་དང་མཁའ་འགྲོའི་དམ་ཚིག །ལུ་གུ་རྒྱུད་དུ་སྦྲེལ་ན། །བདེ་གསལ་མི་རྟོག་ཉམས་མྱོང་། །དགའ་བས་གླུ་རུ་ལོངས་ལ། །ཐབས་ཤེས་གོམས་སྟབས་གར་སྟབས། །སྐྱིད་པའི་བྲོ་རུ་བརྡུང་དང་། །འདིར་ཚོགས་ཚོམ་བུའི་དཀྱིལ་འཁོར། །འདིར་ཚོགས་རྡོ་རྗེའི་སྤུན་སྲིང་། །བསམ་དོན་ཡིད་བཞིན་འགྲུབ་བོ། །དགོས་འདོད་ཆར་བཞིན་འབེབས་སོ། །ངོ་མཚར་ཆེ་འོ་ངོ་མཚར། །དགའ་འོ་སྐྱིད་དོ་སྤྲོ་འོ། །བཀྲ་ཤིས་ཤོག་དང་བཀྲ་ཤིས། །ཕུན་ཚོགས་ལྔ་ལྡན་ཞིང་འདིར། །ལྟད་མོ་སྟོན་མོར་ཡོད་ཀྱིས། །ཆོས་མཐུན་མཛའ་མོ་ཕེབས་ཤོག །ཚེ་འཛིན་མཚན་ལྡན་རིག་མ། །གཡེམ་ཤོར་མིག་སེར་མེད་ཅིང་། །ཐབས་ལམ་དགའ་བཞིའི་བསྒྲོད་པས། །རྟེན་འབྲེལ་སྨོན་ལམ་འཛོམས་བྱུང་། །ཕུན་ཚོགས་གནས་དུས་སྟོན་པ། །ཆོས་དང་འཁོར་ཚོགས་དགེ་བ། །ལྟད་མོ་སྣང་སྲིད་དག་པ། །ལྷ་དང་ལྷ་མོའི་ཁོར་ཡུག །སྟོན་མེད་
རིས་མེད་འགྲོ་ལ། །ཉམས་རྟོགས་ཛ་གད་དཔའ་བོ། །ལྷ་དང་མཁའ་འགྲོའི་དམ་ཚིག །ལུ་གུ་རྒྱུད་དུ་སྦྲེལ་ན། །བདེ་གསལ་མི་རྟོག་ཉམས་མྱོང་། །དགའ་བའི་གླུ་རུ་ལོངས་ལ། །ཐབས་ཤེས་གོམ་སྟབས་གར་སྟབས། །སྐྱིད་པའི་བྲོ་རུ་བརྡུང་དང་། །དགའ་བས་གླུ་རུ་ལོངས་ལ། །སྐྱིད་པའི་བྲོ་རུ་བརྡུང་དང་། །འདིར་ཚོགས་ཚོམ་བུའི་དཀྱིལ་འཁོར། །འདིར་ཚོགས་རྡོ་རྗེ་སྤུན་སྲིང་། །བསམ་དོན་ཡིད་བཞིན་འགྲུབ་བོ། །དགོས་འདོད་ཆར་བཞིན་འབེབས་སོ། །ངོ་མཚར་ཆེ་འོ་ངོ་མཚར། །དགའ་འོ་སྐྱིད་དོ་སྤྲོ་འོ། །བཀྲ་ཤིས་ཤོག་དང་བཀྲ་ཤིས། །ཕུན་ཚོགས་ལྔ་ལྡན་ཞིང་འདིར། །ལྟད་མོ་སྟོན་མོར་ཡོད་ཀྱིས། །ཆོས་མཛད་གཙོ་བོ་ཕེབས་ཤོག །ཐུགས་སྲས་རྒྱལ་ཐོབ་དམ་པ། །སྒྲིབ་འཁྲུལ་ནོར་བ་མེད་ཀྱང་། །བསྐྱེད་རྫོགས་ཕྱག་བཞེས་གཙང་མའི། །རྟེན་འབྲེལ་སྨོན་ལམ་འཛོམས་བྱུང་། །ཕུན་ཚོགས་གནས་དུས་སྟོན་པ། །ཆོས་དང་འཁོར་ཚོགས་དགེ་བ། །ལྟད་མོ་སྣང་སྲིད་དག་པ། །ལྷ་དང་ལྷ་མོའི་ཁོར་ཡུག །སྟོན་མེད་རིས་མེད་འགྲོ་ལ། །ཉམས་
རྟོགས་ཛ་གད་དཔའ་བོ། །ལྷ་དང་མཁའ་འགྲོའི་དམ་ཚིག །ལུ་གུ་རྒྱུད་དུ་སྦྲེལ་ན། །བདེ་གསལ་མི་རྟོག་ཉམས་མྱོང་། །དགའ་བས་གླུ་རུ་ལོངས་ལ། །ཐབས་ཤེས་གོམ་སྟབས་གར་སྟབས། །སྐྱིད་པའི་བྲོ་རུ་བརྡུང་དང་། །འདིར་ཚོགས་ཚོམ་བུའི་དཀྱིལ་འཁོར། །འདིར་ཚོགས་རྡོ་རྗེའི་སྤུན་སྲིང་། །བསམ་དོན་ཡིད་བཞིན་འགྲུབ་བོ། །དགོས་འདོད་ཆར་བཞིན་འབེབས་སོ། །ངོ་མཚར་ཆེ་འོ་ངོ་མཚར། །དགའ་འོ་སྐྱིད་དོ་སྤྲོའོ། །བཀྲ་ཤིས་ཤོག་དང་བཀྲ་ཤིས། །ཕུན་ཚོགས་ལྔ་ལྡན་ཞིང་འདིར། །ལྟད་མོ་སྟོན་མོར་ཡོད་ཀྱིས། །ཆོས་གྲོགས་མཆེད་ལྕམ་ཕེབས་ཤོག། །རིག་འཛིན་འདུས་པ་རྒྱ་མཚོ། །དམ་སེལ་ཐུགས་འགལ་མེད་ཅིང་། །དཀྱིལ་འཁོར་གཅིག་ཏུ་ཚོགས་པའི། །རྟེན་འབྲེལ་སྨོན་ལམ་འཛོམས་བྱུང་། །ཕུན་ཚོགས་གནས་དུས་ལ་སོགས། །ཕུན་ཚོགས་ལྔ་ལྡན་ཞིང་འདིར། །ལྟད་མོ་སྟོན་མོར་ཡོད་ཀྱི། །ཆོས་དཀར་སྦྱིན་བདག་ཕེབས་ཤོག །ཡུལ་ཁམས་མི་སྡེ་ཀུན་ལ། །ནད་མཚོན་མུ་གེ་མེད་ཅིང་། །ཚེ་དཔལ་འབྱོར་པ་རྒྱས་པའི། །རྟེན་འབྲེལ་སྨོན་ལམ་འཛོམས་
བྱུང་། །ཕུན་ཚོགས་གནས་དུས་ལ་སོགས། །ཕུན་ཚོགས་ལྔ་ལྡན་ཞིང་འདིར། །ལྟད་མོ་སྟོན་མོར་ཡོད་ཀྱིས། །ཆོས་སྐྱོང་ཟོ་དོར་ཕེབས་ཤོག །ཡུལ་ལྷ་གཞི་བདག་རྣམས་ལ། །ཕོག་ཐུག་ཐབ་གཞོབ་མེད་ཅིང་། །གནས་མགྲོན་མཐུན་ཞིང་འགྲོགས་པའི། །རྟེན་འབྲེལ་སྨོན་ལམ་འཛོམས་བྱུང་། །ཕུན་ཚོགས་གནས་དུས་སྟོན་པ། །ཆོས་དང་འཁོར་ཚོགས་དགེ་བ། །ལྟད་མོ་སྣང་སྲིད་དག་པ། །ལྷ་དང་ལྷ་མོའི་ཁོར་ཡུག །སྟོན་མེད་རིས་མེད་འགྲོ་ལ། །ཉམས་རྟོགས་ཛ་གད་དཔའ་བོ། །ལྷ་དང་མཁའ་འགྲོའི་དམ་ཚིག །ལུ་གུ་རྒྱུད་དུ་སྦྲེལ་ན། །བདེ་གསལ་མི་རྟོག་ཉམས་མྱོང་། །དགའ་བས་གླུ་རུ་ལོངས་ལ། །ཐབས་ཤེས་གོམས་སྟབས་གར་སྟབས། །སྐྱིད་པའི་བྲོ་རུ་བརྡུང་དང་། །འདིར་ཚོགས་ཚོམ་བུའི་དཀྱིལ་འཁོར། །འདིར་ཚོགས་རྡོ་རྗེའི་སྤུན་སྲིང་། །བསམ་དོན་ཡིད་བཞིན་འགྲུབ་བོ། །དགོས་འདོད་ཆར་བཞིན་འབེབས་སོ། །ངོ་མཚར་ཆེའོ་ངོ་མཚར། །དགའ་འོ་སྐྱིད་དོ་སྤྲོའོ། །བཀྲ་ཤིས་ཤོག་དང་བཀྲ་ཤིས།། །། ༈ བདེ་གཤེགས་སྟོང་གི་ངོ་བོ་ཉིད། །
མཚུངས་མེད་བླ་མའི་ཞབས་ལ་འདུད། །བྱིན་རླབས་འབྱུང་བར་བྱིན་གྱིས་རློབས། །དད་པ་འབྱུང་བར་བྱིན་གྱིས་རློབས། །བྱིན་རླབས་མེད་པའི་བླ་མ་དང་། །དད་པ་མེད་པའི་སློབ་མ་གཉིས། །གསང་སྔགས་དབང་ཆེན་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །ངན་མཚན་སྟོན་པའི་བླ་མ་དང་། །སྐྱོན་རྟོག་དགོས་པའི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །གྲགས་འདོད་ཅན་གྱི་བླ་མ་དང་། །ལོ་འདོད་ཅན་གྱི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །ཐོས་བསམ་མེད་པའི་བླ་མ་དང་། །ཤེས་རབ་མེད་པའི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །ཉམས་མྱོང་མེད་པའི་སློབ་དཔོན་དང་། །ཉམས་སུ་མི་ལེན་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་
ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །རང་རྒྱུད་མ་གྲོལ་བླ་མ་དང་། །ཚོགས་གཉིས་མ་བསགས་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །གཡོ་སྒྱུ་ཅན་གྱི་བླ་མ་དང་། །ངོ་ལྐོག་ཅན་གྱི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །རྙེད་ཚོལ་མཛད་པའི་བླ་མ་དང་། །སེར་སྣ་ཅན་གྱི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །གསུང་མཛད་མང་བའི་བླ་མ་དང་། །བཀའ་བཞིན་མི་བྱེད་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །ཀོ་ལོང་རྣོ་བའི་བླ་མ་དང་། །ཁྲེལ་འཛེམ་མེད་པའི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །ཕྱག་
བཞེས་འཆོལ་བའི་བླ་མ་དང་། །ནོར་འཁྲུལ་མང་བའི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །ཆེ་འདོད་ཅན་གྱི་བླ་མ་དང་། །རང་མཐོང་བཟུང་བའི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད། །རྒྱུ་འབྲས་མེད་པའི་བླ་མ་དང་། །སྤང་བླང་མེད་པའི་སློབ་མ་གཉིས། །གསང་སྔགས་དབང་ཆོས་འབོག་པ་དེ། །རཱུ་ཏྲ་འཕེལ་བའི་ས་བོན་ཡིན། །དམྱལ་བ་དེ་ལས་ཟབ་པ་མེད།། །། ༈ ཀྱེ་ཧོ་ཡང་ཅིག་གསོན་དང་གླུ་ཞིག་ལེན། །ལ་དང་ཨ་ལ་ལེན་མོས་ལ་ད་ན། །ཕན་པ་ནན་གྱིས་བསླབ་ན་འཁོན་དུ་འཛིན། །སློབ་དང་ཁ་ཏ་འདི་ལ་དགོས་པ་མེད། །བརྩེ་བརྩེ་གདུང་བ་སྐྱེས་ཀྱང་ལྷག་པར་གྱོང་། །གཉེན་དང་ཚ་ཕྱི་འདི་ལ་ཡི་རེ་ཆད། །བསྐྱངས་ཤིང་བྱིན་ཀྱང་ངོ་མེད་ཅི་ཚད་མང་། །འཁོར་འབངས་གཡོག་པོ་འདི་རྣམས་ཉུག་རེ་བུད། །དྲང་པོར་བྱས་པ་ཐམས་ཅད་སྐྱོན་དུ་མཐོང་། །གཡོ་ཅན་གྲོགས་པོ་འདི་ལ་བག་རེ་
ཟ། །དད་དམ་མི་གཟིགས་ནོར་དང་འབྱོར་པར་གཟིགས། །དེང་དུས་བཤེས་གཉེན་འདི་ལ་མཆི་མ་འཆོར། །ཡོན་ཏན་མི་མཐོང་སྐྱོན་ལ་མིག་སྒོ་རྣོ། །སྙིགས་མའི་སློབ་མ་འདི་ལ་སྙིང་ནས་སྐྱོ། །སེམས་ཅན་བསད་ཅིང་ཟ་འདོད་གོས་དམར་ལུས། །ཆོས་སྤྱོད་དགེ་བ་འདི་ལ་སྐྱུག་རེ་ལོག །ལས་ཀྱིས་འབྲེལ་ཞིང་གཅིག་ལ་གཅིག་གིས་རྒོལ། །དཔོན་གཡོག་རྒྱུན་འཐབ་འདི་ལ་སྣང་བ་སུན། །ཡོད་ཀྱང་གསོག་སྲུང་མེད་རྣམས་ཚོལ་བས་ངལ། །ཕྱུག་དབུལ་གཉིས་པོ་འདི་ལ་ཐང་རེ་ཆད། །རང་ཉམས་མ་ལོན་གཞན་ལ་ཆོས་ལྟར་འཆད། །རང་སྐྱོན་རང་སྨྲ་འདི་ལ་དགོད་ཀྱང་བྲོ། །ཆོས་ལ་སྙད་བཏགས་ཆེ་དང་རྙེད་བཀུར་འདོད། །ཚུལ་འཆོས་ལོ་འདོད་འདི་ལ་སྙིང་ནས་ཁྲེལ། །ཁ་ལོན་མཆོད་སྦྱིན་མཇུག་ཏུ་བསྔོ་བ་སྒྲོགས། །དོན་འགལ་ནོར་བ་འདི་ཡང་སྐྱོན་དུ་ཆེ། །གནས་འགྱུ་གྲངས་སུ་འདེབས་ཤིང་སྒོམ་དུ་བརྩི། །བླུན་སྒོམ་མགོ་འཁོར་འདི་ལ་ཡི་རེ་མུག །ལ་ད་ཨ་ལ་ལེན་མོས་ལ་ད་ན། །ཕྲིན་ལས་གླུ་འདི་ཀུ་རེ་བྲེ་མོའི་གླུ། །གླུ་འདི་དལ་
གསང་ཁུག་ན་ཡང་རེ་སྙན། །ཚིག་འདི་དོན་དང་འཕྲད་ན་དེ་བས་དགའ།། །། ༈ སྲིད་ཞིའི་མཐའ་ལ་མི་གནས་མགོན་པོ། །པད་དཀར་འཆང་དངོས་པདྨའི་མཚན་ཅན། །བཟོད་མེད་སྙིང་ནས་གསོལ་བ་འདེབས་ཀྱིས། །འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས་ཤིག །ཟབ་གསང་རྫོགས་ཆེན་རང་སྐད་སྨྲ་བ། །ལྟ་ལོག་རྣ་བར་ཚེར་བས་རྩུབ་ཀྱང་། །བག་མེད་དུག་ཆུ་འཐུང་བས་མྱོས་པའི། །འགལ་འདུའི་ཚིག་ཕྲེང་བཤད་དུ་སྤྲོ་ན། །ནང་ཚང་གཅིག་པར་མི་གསང་ལོས་ཞུ། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ། །རང་རྒྱལ་གཙོར་བྱེད་དོན་དང་འགལ་ཡང་། །བག་མེད་དུག་ཆུ་འཐུང་བས་མྱོས་པའི། །འགལ་འདུའི་ཚིག་ཕྲེང་བཤད་དུ་སྤྲོ་ན། །ནང་ཚང་གཅིག་པར་མི་གསང་ལོས་ཞུ། །ཚེ་འདིའི་ཕུགས་སུ་བཅུག་པའི་ཆོས་གཟུགས། །རྣམ་མཁྱེན་ལམ་དང་འགལ་བ་ཡིན་ཞེས། །བག་མེད་དུག་ཆུ་འཐུང་བས་མྱོས་པའི། །འགལ་འདུའི་ཚིག་ཕྲེང་བཤད་དུ་སྤྲོ་ན། །ནང་ཚང་གཅིག་པར་མི་གསང་ལོས་ཞུ། །གང་བྱས་སྐྱོན་མི་ཡོན་ཏན་མེད་ཅེས། །མདོ་མེད་སྤྲང་པོ་ལས་ཀྱི་
བཀའ་བ། །བག་མེད་དུག་ཆུ་འཐུང་བས་མྱོས་པའི། །འགལ་འདུའི་ཚིག་ཕྲེང་བཤད་དུ་སྤྲོ་ན། །ནང་ཚང་གཅིག་པར་མི་གསང་ལོས་ཞུ། །རང་རྒྱུད་མ་གྲོལ་ཉམས་ལེན་འདི་དང་། །ནད་པས་སྨན་རྐྱལ་ཁུར་འདྲ་ཡོད་བསམ། །བག་མེད་དུག་ཆུ་འཐུང་བས་མྱོས་པའི། །འགལ་འདུའི་ཚིག་ཕྲེང་བཤད་དུ་སྤྲོ་ན། །ནང་ཚང་གཅིག་པར་མི་གསང་ལོས་ཞུ། །དཀོར་ནག་ཧ་ལའི་ཕྱེ་གཏོར་འགམས་འགམས། །ལྟར་སྣང་ཆོས་བརྒྱད་སྙིང་པོ་མེད་པས། །བག་མེད་དུག་ཆུ་འཐུང་བས་མྱོས་པའི། །འགལ་འདུའི་ཚིག་ཕྲེང་བཤད་དུ་སྤྲོ་ན། །ནང་ཚང་གཅིག་པར་མི་གསང་ལོས་ཞུ། །དགོས་དུས་རང་ཐོག་ཕན་པ་མེད་པའི། །ལྟར་སྣང་འགྲོ་དོན་བྱེད་པའི་གཡོ་ཟོབ། །བག་མེད་དུག་ཆུ་འཐུང་བས་མྱོས་པའི། །འགལ་འདུའི་ཚིག་ཕྲེང་བཤད་དུ་སྤྲོ་ན། །ནང་ཚང་གཅིག་པར་མི་གསང་ལོས་ཞུ། །རང་སྐྱོན་དྲང་པོར་བརྗོད་ལ་སྤྲོ་བཞིན། །གླེན་གཏམ་དྲང་པོར་འཆོས་པའི་ངག་འདིར། །བོད་ཡུལ་ཆོས་མཛད་ཡོངས་དང་འགལ་ཡང་། །ད་ལམ་ཀུ་རེ་ཙམ་དུ་ཞུའོ།། །། ༈
དུས་ནམ་ཞིག་ན་བན་རྒན་གྱི་ཡིད་རྩ་ཨ་རག་གིས་བསྐྱོད་ནས། ཀྱེ་མ་དཀའ་བ་ལས་ཀྱང་དཀོན་པ་ཨ་རེ་མང་། །གཏད་མེད་སྨྱོན་པའི་ཁ་ནས་གླུ་ཞིག་ལེན། །དུས་དང་བསྐལ་པ་སྙིགས་མ་འདི་ཙམ་ན། །ཁ་ཞེ་མཚུངས་པའི་མི་ནི་གསེར་བས་དཀའ། །རྫུན་མེད་དྲང་པོར་གནས་པ་དེ་བས་དཀོན། །རང་འདོད་མེད་པའི་མི་ནི་གསེར་བས་དཀའ། །གཞན་དོན་བྱེད་པ་དེ་ནི་དེ་བས་དཀོན། །ཕན་འདོགས་དྲིན་གྱིས་སྐྱོང་བ་གསེར་བས་དཀའ། །བཟང་ངན་སོ་སོར་ཤེས་པ་དེ་བས་དཀོན། །སྐྱོན་ཡོན་གནད་ལ་མཁས་པ་གསེར་བས་དཀའ། །རང་སྐྱོན་ངན་མཚང་རིག་པ་དེ་བས་དཀོན། །མཛའ་མཐུན་འགྲོགས་ཡུན་རིང་བ་གསེར་བས་དཀོན། །སྐུར་འདེབས་ལྐོག་འཕྱ་མེད་པ་དེ་བས་དཀོན། །གཏམ་དང་བྱ་བ་ཐོན་པ་གསེར་བས་དཀོན། །ཚིག་ཉུང་བྱ་བ་ཉུང་བ་དེ་བས་དཀོན། །དགོས་མེད་དབེན་པ་འཛིན་པ་གསེར་བས་དཀོན། །བཟང་འདོད་ང་རྒྱལ་མེད་པ་དེ་བས་དཀོན། །ཡང་དག་དགེ་ལ་སྤྱོད་པ་གསེར་བས་དཀའ། །སྡིག་སྤང་འགྱོད་སེམས་མེད་པ་དེ་བས་དཀོན། །སྙིང་རྗེས་
འགྲོ་དོན་བྱེད་པ་གསེར་བས་དཀའ། །ཟང་ཟིང་ནོར་ལ་མི་བརྣག་དེ་བས་དཀོན། །སངས་རྒྱས་བསྟན་ལ་གུས་པ་གསེར་བས་དཀའ། །ཚུལ་ཁྲིམས་རྣམ་དག་སྲུང་བ་དེ་བས་དཀོན། །ཟབ་མོའི་ཆོས་དང་མཇལ་བ་གསེར་བས་དཀའ། །ཉམས་ལེན་གོམས་འདྲིས་མཛད་པ་དེ་བས་དཀོན། །རང་སེམས་སྐྱོང་བའི་ཆོས་པ་གསེར་བས་དཀའ། །རྐྱེན་ངན་ལམ་ཁྱེར་ནུས་པ་དེ་བས་དཀོན། །མདོ་སྔགས་ལུང་དང་མཐུན་པ་གསེར་བས་དཀའ། །དེ་བས་ཕྱིར་བཅོས་བཤགས་སྡོམ་བྱེད་པ་དཀོན། །དཀའ་བ་དཀོན་པ་བཅུ་གསུམ་ཕྲེང་བ་འདི། །བཀོད་པའི་མཐུ་ཡིས་ཡོན་ཏན་མང་ཡོད་ཤོག། །། ༈ སྤྲོས་བཅས་ཐེག་བརྒྱད་མ་དགྱེས་རུང་། །སྤྲོས་མེད་རྫོགས་ཆེན་རྣལ་འབྱོར་ང་། །གཏད་མེད་གུ་ཡངས་ངང་དུ་བདེ། །ཀུན་བཟང་དགོངས་པ་རང་ལས་རྙེད། །ཚིགས་བཅད་དང་པོའོ། །ངང་ཡིན་ཡེ་ཡིན་སངས་རྒྱས་ངང་། །འདི་ལ་བསྒྲུབ་བྱའི་སངས་རྒྱས་མེད། །ད་ལྟའི་རང་རིག་རང་གསལ་ངང་། །འདི་ལ་སྤང་བླང་མཚན་མ་མེད། །ཕྱིན་ཆད་རེ་དོགས་ཟད་པ་
སྟེ། །དེ་ལ་འབྲས་བུའི་ཡིད་སྨོན་མེད། །ཚིགས་བཅད་གཉིས་པ། ང་ཡིས་རྗེ་བཙུན་བླ་མ་ལ། །མཉམ་འགྲོགས་བརྙས་ཆོས་མ་བྱས་ཤིང་། །སྐྱོན་རྟོག་ཐེ་ཚོམ་མ་སྐྱེས་པས། །ཟབ་དགུ་གནད་ཀྱི་གསང་ཚིག་གསུངས། །ཚིགས་བཅད་གསུམ་པ། ཕྱི་ནས་བཀྲུས་པས་མི་འདག་ཏུ། །བསྐུར་བས་ཀྱང་ནི་མི་ཐོབ་ཏུ། །ནང་ནས་བསམ་པས་མི་ཤེས་དུ། །ང་ནི་རང་བབས་ངང་དུ་འདུག །ཚིགས་བཅད་བཞི་པ། འོ་སྐོལ་ཁམས་གསུམ་སེམས་ཅན་ལ། །བདེ་སྡུག་འདི་ནི་སྔོན་བྱུང་མང་། །བདེ་སྡུག་འདི་ནི་ཕྱིས་འབྱུང་མང་། །ནམ་མཁའི་མཐའ་དང་རྒྱ་མཚོ་བཞིན། །ཚིགས་བཅད་ལྔ་པ། གྱེན་དུ་འགྲོ་བ་ངལ་ཞིང་དུབ། །ཐུར་དུ་འགྲོ་བ་ཤུགས་ཀྱིས་བདེ། །དྲང་དོན་འདི་ནི་བྲིད་རེ་མཁས། །ངེས་དོན་འདི་ནི་འཕྲང་རེ་དམ། །ཚིགས་བཅད་དྲུག་པ། ན་བཟའ་མཛེས་པས་མི་འདྲེན་དུ། །ཆོས་སྤྱོད་གྱེར་བས་མི་འདྲེན་དུ། །འདྲེན་པ་ཐུབ་པའི་བཀའ་གཞུང་བཞིན། །རང་སེམས་གནོང་ཕྲི་མེད་པར་མཛོད། །ཚིགས་བཅད་བདུན་པ། ཉོན་མོངས་སྤོང་བ་ཉན་ཐོས་ཏེ། །ཉོན་མོངས་སྦྱོང་བ་
བྱང་ཆུབ་སེམས། །ཉོན་མོངས་ལམ་ཁྱེར་སྔགས་ཀྱི་ཐབས། །ང་ཡི་བླ་མ་རྗེ་དེའི་བཀའ། །ཚིགས་བཅད་བརྒྱད་པ། ལྷ་ཡི་མཆོག་ཏུ་བཟུང་བཟུང་དང་། །འདྲེ་འདུལ་ཡིད་ལ་བཏགས་བཏགས་ནས། །སྔགས་པ་ང་ནི་ལམ་དུ་གོལ། །རཱུ་ཏྲ་མ་བསྒྲུབས་ངང་གིས་འགྲུབ། །ཚིགས་བཅད་དགུ་པ། ང་ཡི་བླ་མ་སངས་རྒྱས་དེས། །ཚུལ་ཁྲིམས་མཆོག་འཛིན་མ་བྱེད་གསུངས། །ལྟ་བ་མཆོག་འཛིན་མ་བྱེད་གསུངས། །ང་ནི་མཆོག་འཛིན་གདོན་གྱིས་བཏབ། །ཚིགས་བཅད་བཅུ་པ། ང་ཡི་བླ་མ་སངས་རྒྱས་དེས། །ཕྱོགས་འཛིན་ཡོད་ན་ལྟ་བ་མིན། །རང་དོན་སོང་ན་བྱང་སེམས་མིན། །ཐ་མལ་སྤྱོད་ན་སྔགས་མིན་གསུངས། །ཚིགས་བཅད་བཅུ་གཅིག་པ། ང་ཡི་བླ་མ་སངས་རྒྱས་ཀྱིས། །ཆོས་གཞུག་ཤི་དང་མཉམ་པ་དགོས། །རང་སེམས་གནོང་མེད་དམ་ཚིག་དགོས། །རྐྱེན་ངན་ལམ་འཁྱེར་གཟབ་དགོས་གསུངས། །ཚིགས་བཅད་བཅུ་གཉིས་པ། སངས་རྒྱས་ལམ་སྟོན་བླ་མ་དང་། །སྒྱུ་ལུས་རྟེན་སྦྱིན་ཕ་མ་དང་། །མཐུན་རྐྱེན་སྦྱོར་བའི་ཡོན་བདག་ལ། །
འཁོན་རྐྱེན་ངན་འགྲས་མ་ཞུ་གསུངས། །ཚིགས་བཅད་བཅུ་གསུམ་པ། རང་ལ་རང་གིས་སྐུལ་འདེབས་གྱིས། །དོན་དུ་ཡེང་མེད་ངོ་བོ་སྐྱོངས། །འཚོ་བཅང་རི་ཁྲོད་ལུགས་སུ་གྱིས། །ལྟོ་གོས་གཏམ་ལ་གྱོང་ཁུར་མཛོད། །ཚིགས་བཅད་བཅུ་བཞི་པ། སྔོན་ཆད་ཚིག་མཐའ་བཅད་བཅད་ནས། །དོན་གྱི་མཐའ་ལ་ཐུག་མ་ནུས། །ད་ནི་དོན་དང་ཚིག་ཟད་ནས། །ངང་ལས་མ་གཡོས་བློ་ཡང་བདེ། །ཚིགས་བཅད་བཅོ་ལྔ་པ། སྔོན་ཆད་ཡིན་མིན་སོ་ཁ་བསྲུངས། །སྔོན་ཆད་ཆགས་སྡང་དོ་ཡ་ཞུས། །སྔོན་ཆད་དགའ་སྡུག་ཉིན་སྲིབ་འགྲིམ། །ད་ནི་ག་ཆད་གུ་ཡངས་མོས། །ཚིགས་བཅད་བཅུ་དྲུག་པ། སྔོན་ཆད་བླ་གཟུགས་ཟོབ་ཆོས་བྱས། །སྔོན་ཆད་གསོན་གཤིན་བག་ཆགས་འགམས། །སྔོན་ཆད་གཙང་བཙུན་འདུག་ཚུགས་བཟུང་། །ད་ནི་རང་སྐྱོན་འདི་ལ་འཕྲིག །ཚིགས་བཅད་བཅུ་བདུན་པ། བསྒོམས་པས་རང་རྒྱུད་མི་ཐུལ་དུ། །བཤད་པས་གཞན་རྒྱུད་མི་ཁྲོལ་དུ། །བྱས་པས་བྱ་བ་མི་ཟིན་དུ། །ད་ནི་ཆོས་རྣམས་མི་སྤང་རེ། །ཚིགས་བཅད་བཅོ་བརྒྱད་པ། མ་རིག་འདི་
ནི་རྒྱ་རེ་ཆེ། །མི་ཤེས་འདི་ནི་གཏིང་རེ་ཟབས། །ཐར་འདོད་སྐྱེ་བོ་དཀའ་ཞིང་དཀོན། །རྣམ་མཁྱེན་འདི་ནི་ཤུལ་ཐག་རིང་། །ཚིགས་བཅད་བཅུ་དགུ་པ། གར་སྐྱེས་འདི་ནི་འཁོར་བའི་གནས། །གང་ལ་བརྟེན་ཀྱང་སྡིག་པའི་གྲོགས། །ཅི་བྱས་འདི་ནི་སྡིག་པའི་ལས། །འདི་ལ་སོམས་དང་སྙིང་ནས་སྐྱོ། །ཚིགས་བཅད་ཉི་ཤུ་ཐམ་པ། རང་གིས་གོ་བ་མ་བླངས་ན། །ཕྱི་ནས་བླ་མའི་བཀའ་དེ་སྡུག །ཉམས་མྱོང་གོམས་འདྲིས་མ་བྱས་ན། །དགོས་དུས་རང་གི་དོན་དེ་སྡུག །ཚིགས་བཅད་ཉེར་གཅིག །ལུས་ཅན་ཐམས་ཅད་སྡུག་བསྔལ་ཉིད། །གང་བྱས་ཐམས་ཅད་སྐྱོན་ཁོ་ན། །འདུས་བྱས་མཐའ་དག་འཇིག་པའི་ཆོས། །གང་ལ་བལྟས་ཀྱང་སྙིང་པོ་མེད། །ཚིགས་བཅད་ཉེར་གཉིས་སོ། །འབྲེལ་ཚད་དོན་ལྡན་དེ་ང་ཡི་བླ་མ། །བཀའ་དྲིན་འཁོར་མེད་དེ་སྙིང་ནས་དྲན་བྱུང་། །ཐེག་དགུའི་ཡང་རྩེ་དེ་རྫོགས་པ་ཆེན་པོ། །མངོན་སུམ་རང་ངོ་དེ་འཕྲོད་པ་དཀོན་ནོ། །བཏང་ཡང་མི་ཐོང་དེ་འཁོར་བའི་བྱ་བ། །འབད་ཀྱང་ཚར་མེད་དེ་ཚེ་འདིའི་བྱ་བྱེད། །བཤོལ་ཀྱང་
མི་ཁོགས་དེ་འཆི་བདག་བདུད་པོ། །བཙལ་བས་མི་རྙེད་དེ་རང་སེམས་དངོས་མེད། །བཞག་པས་མི་སྡོད་དེ་ཁང་སྟོང་སྤྲེའུ། །བཅོས་ཀྱིན་ཇེ་རྩུབ་དེ་སྒོམ་གསར་ལྟ་བ། །འགྲོ་འདུར་དལ་མེད་དེ་ལ་ཁའི་སྤྱང་ཀི། །ཁ་ལག་དལ་མེད་དེ་ཁྲལ་བཙུན་སྒྲིག་ཞུགས། །ཕྱི་ཚུལ་བག་མ་དེ་ཇོ་བཟང་སློབ་དཔོན། །ཟ་འདུའི་ཁྲམ་པ་དེ་དཀོར་སྡུག་དཔོན་གཡོག །ཚིག་ཆེ་དོན་ཆུང་དེ་སྒྲུང་དང་རྩོད་གྲྭ། །དགོས་དུས་མི་ཕན་དེ་གཡུལ་ངོར་མཚོན་སྟོར། །འཆི་ཁ་མི་ཕན་དེ་ཁ་ཆོས་སྐམ་པོ། །ཁུར་བས་མི་ཁྱོག་དེ་ནད་པའི་སྨན་རྐྱལ། །དད་མེད་ཐོས་པ་དེ་ཆོས་དྲེད་རྒྱུས་ཅན། །དྲིན་ལན་མི་བཟོ་དེ་དུས་ངན་བུ་ཚ། །སྐྱོང་གིན་མི་མགུ་དེ་གཡོག་པོ་ཁྲེལ་མེད། །ཕྱི་ལེགས་ནང་སྐྱོན་དེ་མི་གཙང་དར་བམ། །ཁ་མཛེས་ཁོང་རྩུབ་དེ་གཡོ་ཅན་ཟོལ་མ། །འདྲེ་རྒོད་བཅོས་མེད་དེ་བཟང་འདོད་གཏམ་སྙན། །ཨ་ཀྱང་རྩེད་མོ་ལགས་ཆང་རྒན་འཆལ་གཏམ། །འདི་ནི་དུས་ནམ་ཞིག་གུ་རུ་རིན་པོ་ཆེའི་ཐུགས་རྗེ་ལ་བརྟེན་ནས་བདུད་རྒན་ཕྲིན་ལས་ཀྱིས་རང་སྐྱོན་མཐོང་ནས་སྨྲས་སོ།། །། ༈ རང་
འདོད་ཕུགས་སུ་བཅུག་པའི་བདུད་རྒན་ང་། །དཔེ་སྲེད་འདོད་པ་ཆེ་བས་ཆོག་མེད་ང་། །དགོས་དུས་གོམ་པས་མ་སླེབས་དོན་ཆུང་ང་། །བླ་མར་དད་པ་མེད་པའི་དྲེད་པོ་ང་། །རྒྱུ་འབྲས་འདོར་ལེན་མི་ཤེས་གླང་རྒན་ང་། །ཉམས་མྱོང་གོ་ཡུལ་ལུས་པའི་གྱོང་པོ་ང་། །ཤ་ཁྲག་ཟས་ལ་དད་པའི་སྲིན་པོ་ང་། །ང་རྒྱལ་གཞན་གནོད་འཆང་བའི་ལྷ་མིན་ང་། །ཆོས་མེད་གོས་སེར་གྱོན་པའི་ཕྱི་པ་ང་། །རང་སྐྱོན་ཁྲོམ་དུ་གླེང་བའི་ཁྲེལ་མེད་ང་། །གླུ་བྲོ་རྩེད་མོར་དགའ་བའི་མགོ་ཆུང་ང་།། །། ༈ ཨེ་མ་ཧོ། དགོངས་པའི་ནང་ནས་དགོངས་པ་འཕོས་པ་ཡི། །ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །ཡེ་ནས་དོན་ལ་སངས་རྒྱས་གནས་པ་ཉིད། །རྒྱལ་བ་དགོངས་པ་བརྒྱུད་པའི་བཀྲ་ཤིས་ཤོག །བརྡ་དང་བརྡས་མཚོན་རང་རིག་ཅི་བཞིན་རྟོགས། །དགའ་རབ་ཤྲཱི་སེང་པད་འབྱུང་བཱི་མ་ལ། །མཐའ་བྲལ་ཀུན་ཟླུམ་ཐིག་ལེ་ཆེན་པོར་གཟིགས། །རིག་འཛིན་བརྡ་ཡི་བརྒྱུད་པའི་བཀྲ་ཤིས་ཤོག །སྙན་ནས་སྙན་བརྒྱུད་ཟག་མེད་བདུད་རྩི་བརྙེས། །རྗེ་འབངས་རིག་འཛིན་
ས་ལམ་མངོན་དུ་གྱུར། །རྗེ་འབངས་ཉེར་ལྔ་གྲུབ་པའི་རིག་པ་འཛིན། །ཡིན་ལུགས་ངང་ནས་མ་འཁྲུལ་གདོད་མའི་ངང་། །གང་ཟག་སྙན་ཁུང་བརྒྱུད་པའི་བཀྲ་ཤིས་ཤོག །མི་འཇིགས་རྒྱས་བཏབ་མི་ནུབ་གཏད་རྒྱ་གྲོལ། །གཏེར་སྟོན་བརྒྱ་རྩ་འགྲོ་འདུལ་སྤྲུལ་པའི་སྐུ། །འཁོར་འདས་རོ་གཅིག་བརྗོད་མེད་ཡེ་ཤེས་ཀློང་། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་བཀྲ་ཤིས་ཤོག །མཐོང་གྲོལ་མྱོང་གྲོལ་རེག་གྲོལ་མ་བསྒོམས་གྲོལ། །སྔ་འགྱུར་རང་ལུགས་འབྲེལ་ཚད་དོན་ལྡན་གནད། །བཏགས་གྲོལ་ཆེས་ཟབ་རླབས་ཆེན་རྨད་དུ་འབྱུང་། །མྱུར་ལམ་ཡང་ཟབ་གདམས་པའི་བཀྲ་ཤིས་ཤོག །ཉན་རང་དམན་དང་ལྟ་མིན་ལམ་བོར་ནས། །མཆོད་ཡོན་འབངས་བཅས་མ་ལུས་ཐམས་ཅད་ཀྱང་། །ཐུབ་བསྟན་སྙིང་པོའི་བསྟན་པ་འཛིན་མཛད་པའི། །མཛད་ཕྲིན་ཕྱོགས་བརྒྱར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དཔོན་ཆེན་དམ་པ་མགོན་པོ་ནོར་བུ་ཡོན་མཆོད་ཀྱིས་གླུ་ལོངས་ཞེས་ཛ་གད་དང་བཅས་ཏེ་བསྐུལ་བ་ལ་བརྟེན་ནས་བློ་བྲལ་ཨ་ཏིའི་རྣལ་འབྱོར་པ་དཔའ་བོ་ལས་རབ་རྩལ་གྱིས་ཕུལ་བ་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །། ༈ བདེ་གཤེགས་རྒྱལ་བ་ཀུན་
གྱི་ངོ་བོ་ཉིད། །དོན་གྱི་རྡོ་རྗེ་འཛིན་མཛད་པདྨའི་མཚན། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ །གུས་པས་འདུད་དོ་བརྩེ་བའི་སྤྱན་གྱིས་གཟིགས། །པད་འབྱུང་བི་མ་ཀློང་རབ་ཉི་སྤྲུལ་གྱི། །བཞེད་པ་ཆང་རྒན་སྨྱོན་པས་གླུ་རུ་ལེན། །ཡེ་ནས་ཀ་དག་རང་དང་འདུ་འབྲལ་མེད། །རང་གིས་རང་ཉིད་མ་མཐོང་རྨུན་པ་དག །མདུན་དུ་བཞག་ནས་རྒྱབ་ཏུ་མ་ཚོལ་གྱི། །ཟབ་ཅིང་ཕྲ་བའི་རིག་པའི་ཡེ་ཤེས་ནི། །ཀུན་རྟོག་འཕྲོ་འདུས་ཐབས་ཀྱིས་མི་ཟིན་གྱི། །སྒོམ་མཁན་དམིགས་བློ་ཇི་བཞིན་མི་རྟོགས་ཀྱི། །གཅོད་མཁན་དམིགས་བློ་ཇི་བཞིན་མི་རྟོགས་ཀྱི། །གཅོད་མཁན་ཐོ་ཅོའི་ལམ་དཔེ་མི་མཐོང་ལ། །སྔགས་མཁན་སྤྲོ་བསྡུས་གཟེབ་དེས་མི་མཇལ་ཞིང་། །གྲུབ་ཐོབ་གཡོ་སྒྱུ་མཁན་དེས་མི་མཁྱེན་ལ། །སྡུག་སྒུར་ཆོས་གཟུགས་རྨུན་པས་མ་ཤེས་ཤིང་། །ཐོས་མང་མགོ་འཁོར་བླུན་པོའི་སྤྱོད་ཡུལ་མིན། །ལས་ཅན་རིགས་སད་སྐྱེས་བུ་དམ་པ་ལ། །རང་རྒྱུད་སྨིན་པའི་རྡོ་རྗེ་སློབ་དཔོན་གྱིས། །སྐད་ཅིག་བྱ་རྫོགས་ཡེ་ཤེས་ངོ་སྤྲོད་པའི། །ཕྱི་ནང་
གཟེར་བུ་ཐེབས་ནས་དེ་ཕྱིན་ཆད། །ཐེ་ཚོམ་བློ་ཟད་རིམ་བགྲོད་ཐེམ་སྐས་མེད། །མི་གཡོ་མི་འགྱུར་རང་རིག་བདེ་བ་ཆེ། །གསལ་བཞག་འགྲོ་འོང་དམིགས་པའི་མཐའ་དང་བྲལ། །ཡིན་ལུགས་ངང་འབྱམས་ཉིན་མཚན་རོལ་པ་གཅིག །འཆི་གསོན་བར་མེད་དགོངས་པ་རོ་གཅིག་འདྲེས། །བར་དོ་མེད་པར་ཆོས་སྐུའི་ཀློང་དུ་ཐིམ། །འདི་ལྟར་གསང་སྔགས་ཉམས་རྟོགས་ཕུལ་བའི་ལན། །བདུད་རྒན་ཕྲིན་ལས་སྨྱོན་པའི་གུ་ཡངས་གཏམ། །ཀུན་བཟང་དགོངས་པའི་སྙིང་ཁྲག་བཤད་པ་ཉིད།། །། ༈ འོག་མིན་ཆོས་དབྱིངས་ཞིང་ཁམས་དེ་ནས། །ལྷ་དང་མཁའ་འགྲོ་སྤྲིན་བཞིན་འཐིབས་ཤིང་། །ངོ་མཚར་བཀྲ་ཤིས་རྫས་རྟགས་མང་པོས། །མཆོག་སྤྲུལ་རྡོ་རྗེ་འཆང་ཁྱེད་མངའ་གསོལ། །གུ་རུ་པད་འབྱུང་རྒྱ་གར་རིག་འཛིན། །ཚེ་དབང་རིག་འཛིན་བརྙེས་པའི་བླ་མས། །སངས་རྒྱས་སྟོང་གི་བཀྲ་ཤིས་རྫས་ཀྱིས། །མཆོག་སྤྲུལ་རྡོ་རྗེ་འཆང་ཁྱེད་མངའ་གསོལ། །མཁན་སློབ་ཆོས་གསུམ་བོད་ཀྱི་ཉི་མའི། །མདོ་སྔགས་ཐབས་ཤེས་ཉི་ཟླ་ཟུང་འབྲེལ། །སྲིད་པའི་མུན་སེལ་
ཡེ་ཤེས་སྒྲོན་མེ། །རྒྱལ་སྲིད་སྣ་བདུན་དཔལ་གྱི་ནོར་བུས། །མཆོག་སྤྲུལ་རྡོ་རྗེ་འཆང་ཁྱེད་མངའ་གསོལ། །ཉེས་པའི་སྐྱོན་བྲལ་སོ་ཐར་ལམ་བཟང་། །འགྲོ་ལ་བརྩེ་མཛད་བྱང་ཆུབ་ལམ་བཟང་། །ཐབས་ལམ་མངོན་གྱུར་གསང་སྔགས་ལམ་བཟང་། །གཞི་ལམ་འབྲས་བུའི་བཀྲ་ཤིས་དེ་འདྲ། །མཆོག་སྤྲུལ་རྡོ་རྗེ་འཆང་ལ་ཞུའོ།། །། ༈ ངེད་རང་བླ་མ་པདྨ་འབྱུང་གནས། །ངེད་རང་ཡི་དམ་ཞི་ཁྲོ་རབ་འབྱམས། །ངེད་རང་མཁའ་འགྲོ་དམ་ཅན་རྒྱ་མཚོ། །ངེད་རང་མཆོག་སྤྲུལ་ཕྲིན་ལས་རྒྱས་མཛོད། །དབོན་སྤྲུལ་རིན་པོ་ཆེས་བཀྲ་ཤིས་གྱི་གླུ་ལོངས་གསུངས་པར་དཔའ་བོ་ལས་རབ་རྩལ་གྱིས་ཕུལ་བ་དགེའོ།། །། ༈ རྗེ་བཙུན་བླ་མ་རྡོ་རྗེ་འཆང་དབང་། །གུས་པས་འདུད་དོ་ཐུགས་རྗེས་གཟིགས་ཤིག །གྲུབ་པའི་དབང་པོ་མཆོག་གི་ཡང་སྲིད། །གང་གིས་སྤྲང་ལ་ལྟ་བའི་མགུར་ལོངས། །གསུངས་ལ་གུས་པས་བབ་ཅོལ་ཞུའོ། །ཡེ་ནས་སངས་རྒྱས་རང་རིག །གདོད་ནས་དག་པ་ཆེན་པོ། །སྟོང་ཆེན་སྤྲོས་དང་བྲལ་བ། །དཔེ་དང་ཚིག་ལས་འདས་པའི། །ཐོག་མེད་ཡིན་ལུགས་ངང་འདི། །རྗེ་
བཙུན་བླ་མའི་དྲིན་གྱིས། །རང་ངོ་འཕྲོད་པར་སྤྲོའོ། །དབང་བསྐུར་ཡེ་རྫོགས་ཡིན་གྱི། །བཀྲུས་པའི་ཁྲུས་ཆུ་འདི་དང་། །སྤྲོ་བསྡུས་དམིགས་པ་འདི་དང་། །མཆོད་རྫས་འདི་ཀུན་རྣམས་དང་། །མིན་ཀྱང་ཡེ་བབས་དབང་རྫོགས། །གནས་དགའ་འགྱུ་སྡུག་ཉིན་སྲིབ། །བདེ་གཟར་སྒོམ་གྱི་གྲངས་ཀྱང་། །ཡེ་ཡིན་སངས་རྒྱས་དགོངས་པ། །བློས་བྱས་ཆོས་འདི་སྡུག་གོ། །བླ་མ་སངས་རྒྱས་གདམས་པ། །གང་བྱུང་ལྷུག་པར་འཇོག་པ། །མཉམ་ཉིད་ཡངས་པ་ཆེན་པོ། །བློ་བྲལ་བརྡལ་བ་ཆེན་པོ། །བརྗོད་མེད་བརྗོད་པ་ཆེན་པོ། །སྟོང་མིན་རང་གསལ་ཆེན་པོ། །ཡིན་མིན་མཐའ་བྲལ་ཆེན་པོ། །ཡོད་མེད་བྲལ་བར་མི་རློམ། །ལྐུགས་པའི་བུ་རམ་རོ་དང་། །གཞོན་ནུའི་བདེ་བ་ཅི་བཞིན། །རང་གསལ་སྨྲ་མེད་ཡེ་ཤེས། །དོན་དམ་ལྟ་བའི་མཆོད་ཕྲེང་། །རྣམ་འདྲེན་མཆོག་གི་སྤྲུལ་སྐུར། །སྙིང་ནས་དད་པས་འབུལ་གྱིས། །རྫོགས་ཆེན་བསྟན་པའི་རྒྱལ་མཚན། །འཛིན་པའི་རྟེན་འབྲེལ་ཞུའོ། །ཡང་ཅིག་རྩེད་མོ་ཞུ་ན། །སངས་རྒྱས་ཆོས་སྐུའི་དགོངས་པ། །སྐུ་གསུམ་ཀུན་ལ་ཡོངས་
ཁྱབ། །ལོངས་སྤྱོད་རྫོགས་པའི་བཀོད་པ། །ས་བཅུའི་བྱང་སེམས་ངོར་སྣང་། །སྤྲུལ་སྐུ་འགག་མེད་མཛད་པ། །འགྲོ་དྲུག་འདུལ་ཕྱིར་འགག་མེད། །མཆོག་སྤྲུལ་ལྟ་བ་དགྱེས་མཛད། །ཁྱོད་འདྲ་སྐུ་གསུམ་དབྱེར་མེད། །རང་ལུགས་ཨ་ཏིའི་ལྟ་བ། །ནམ་མཁའ་སྤྲིན་བྲལ་ལྟ་བུ། །རང་ལུགས་ཨ་ཏིའི་སྒོམ་པ། །སྒྲིབ་བྲལ་ཉི་མའི་སྙིང་པོ། །རང་ལུགས་ཨ་ཏིའི་སྤྱོད་པ། །གཏད་མེད་གུ་ཡངས་ཆེན་པོ། །རང་ལུགས་ཨ་ཏིའི་དམ་ཚིག །མི་བསྲུང་སྲུང་བ་ཆེན་པོ། །རང་ལུགས་ཨ་ཏིའི་འབྲས་བུ། །གདོད་མའི་ཡེ་བབས་མཐར་ཕྱིན། །རང་ལུགས་ཨ་ཏིའི་དོན་གཉིས། །མ་འབད་ལྷུན་གྲུབ་ཆེན་པོ། །ཆང་སྨྱོན་གཏད་མེད་གླུ་འདི། །མཆོག་སྤྲུལ་དགྱེས་ཕྱིར་ཞུའོ། །ཞེས་པ་འདི་ནི་དབོན་སྤྲུལ་རིན་པོ་ཆེ་ལྔ་པས་གླུ་ལོངས་གསུངས་ནས་དཔའ་བོ་ལས་རབ་རྩལ་གྱིས་ཕུལ་བའོ།། །། ༈ ཚེ་དཔག་མེད་པའི་ཚེ་ཡི་རིག་འཛིན། །མཆོག་གི་སྤྲུལ་སྐུའི་བརྙེས་པར་སྨོན་ནོ། །སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཕྲིན་ལས། །མཆོག་གི་
སྤྲུལ་སྐུས་སྐྱོང་བར་སྨོན་ནོ། །གུ་རུ་པདྨའི་ཕྲིན་ལས་རྣམ་བཞི། །མཆོག་གི་སྤྲུལ་སྐུས་མཛད་པར་སྨོན་ནོ། །རྗེ་བཙུན་བླ་མའི་ཆོས་ཀྱི་ཕྲིན་ལས། །བདག་སོགས་གདུལ་བྱས་སྐྱོང་བར་སྨོན་ནོ། །བདག་སོགས་དགེ་བའི་ལྷག་བསམ་འདི་ཡིས། །འགྲོ་ཀུན་སངས་རྒྱས་ཐོབ་པར་སྨོན་ནོ། །ཞེས་པ་འདི་ནི་དབོན་སྤྲུལ་གྱིས་སྨོན་ལམ་ཞིག་གླུ་ལོངས་གསུངས་ནས་ཕུལ་བའོ།། །། ༈ དལ་འབྱོར་རྙེད་དཀའ་མ་ཤེས་སྐྱོན་དེ་ཡིས། །མི་ལུས་ཆུད་ཟོས་དོན་མེད་སྟོང་ལོག་སོང་། །འཆི་བ་མི་རྟག་མ་ཤེས་སྐྱོན་དེ་ཡིས། །ཆོས་ལ་ཕྱི་བཤོལ་ཚེ་འདིའི་བདེ་འབྱོར་འདོད། །རྒྱུ་འབྲས་བསླུ་མེད་མ་ཤེས་སྐྱོན་དེ་ཡིས། །དགེ་ལ་མི་བརྩོན་སྡིག་པ་སྤོང་མི་ཤེས། །བླ་མར་སངས་རྒྱས་མ་ཤེས་སྐྱོན་དེ་ཡིས། །བཀའ་འགལ་ཐུགས་དཀྲུགས་ཉེས་པ་སྣ་ཚོགས་བསྒྲུབས། །ཐེག་ཆེན་སྐྱབས་འགྲོ་མ་ཤེས་སྐྱོན་དེ་ཡིས། །སྐྱེས་བུ་དམན་པའི་གནས་སུ་གོལ་བར་འགྱུར། །བྱང་ཆུབ་སེམས་བསྐྱེད་མ་ཤེས་སྐྱོན་དེ་ཡིས། །རྒྱལ་སྲས་གྲལ་དུ་མི་ཚུད་འཁོར་བར་གནས། །རྡོར་སེམས་སྒོམ་བཟླས་མ་ཤེས་སྐྱོན་དེ་ཡིས། །དུས་གསུམ་ཉེས་སྒྲིབ་མི་འདག་ཆོས་ཉིད་བསྒྲིབས། །ཚོགས་བསགས་མཎྜལ་མ་ཤེས་སྐྱོན་དེ་
ཡིས། །བསོད་ནམས་ཡེ་ཤེས་ལམ་གྱི་འབྲས་བུ་དམན། །གསང་སྔགས་ལམ་རིམ་མ་ཤེས་སྐྱོན་དེ་ཡིས། །ལམ་གོལ་ལམ་ལོག་ལམ་ལ་སྦྱང་ཐག་རིང་། །རྣམ་དག་བསྔོ་སྨོན་མ་ཤེས་སྐྱོན་དེ་ཡིས། །དགེ་བ་འཛད་སླ་གདུལ་བྱའི་ཕྲིན་ལས་ཆུང་། །ཞི་གནས་གོམས་ཆ་མ་ཤེས་སྐྱོན་དེ་ཡིས། །རྟོག་ཚོགས་རྦ་རླབས་དལ་བར་སྡོད་མི་ནུས། །ལྷག་མཐོང་རང་རིག་མ་ཤེས་སྐྱོན་དེ་ཡིས། །གོ་འཕང་མཆོག་གི་ལམ་བཟང་རྙེད་མི་འགྱུར། །སློབ་དཔོན་ཉམས་མྱོང་མེད་པའི་སྐྱོན་དེ་ཡིས། །སློབ་མར་བསླབ་པ་མ་སོང་ལོ་རྒྱུས་བཞིན། །སློབ་མ་སྣོད་ངན་འགྱུར་དོགས་སྐྱོན་དེ་ཡིས། །ཞིང་ངན་ས་བོན་བཏབ་ཀྱང་ཆུད་ཟོས་བཏང་། །ཆང་རག་བག་མེད་ཉེས་པའི་སྐྱོན་དེ་ཡིས། །ལྷ་ཆོས་མི་ཆོས་སྐྱོན་གྱི་རྡུལ་བག་འགོ། །ཁ་མང་བརྗོད་པ་མང་བའི་སྐྱོན་དེ་ཡིས། །གྲོགས་ཀྱིས་ཁྲེལ་ཞིང་མཐུན་འབྲེལ་སྣང་བ་སུན། །ཚུགས་མེད་བྱ་བྱེད་མང་བའི་སྐྱོན་དེ་ཡིས། །རང་སྡུག་རོགས་སྡུག་ཀུན་གྱི་ཉེས་ཁ་ཆེ། །ཁ་མཆུ་བུ་ལོན་མང་བའི་སྐྱོན་དེ་ཡིས། །སོ་མི་གསོོད་ཅིང་མི་ཚེ་
སྡུག་ལ་སྦྱར། །རང་སེམས་ཐོག་ཏུ་མ་ཤེས་སྐྱོན་དེ་ཡིས། །བླ་མས་གྲྭ་པ་ཁྱོ་ཕོས་ཆུང་མ་རྡུང་། །འདི་འདྲ་མང་ཡང་སྣག་ཤོག་དཀོན་པ་དང་། །ནད་དང་ལོ་ཡིས་མནར་བས་དེ་ཙམ་མོ།། །། ༈ རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །དཔལ་པདྨའི་མཚན་ཅན་ཞབས་ལ་འདུད། །གནས་འཁོར་བ་བསམ་གྱིན་ཡི་རེ་མུག །གྲོགས་སྐྱོན་མཚང་མཐོང་བ་དེ་བས་འགྱོད། །ལས་ངན་མཚང་བརྗོད་ན་འདི་འདྲ་གདའ། །གཞི་རང་ངོ་མ་མཐོང་མུན་པ་ནག །ཡུལ་འདོད་པའི་དངོས་པོ་ཞེན་པས་འཆིང་། །ནོར་བསགས་ཤིང་ཕོངས་པས་སེར་སྣ་དམ། །ཞེ་འདྲིས་པའི་མི་ལ་འབྲོང་ལྟར་ངན། །དོན་མེད་ཀྱང་ཞོར་ལ་ཁ་འཆལ་འཕྱམས། །རང་འཁྲུལ་བ་སོམས་དང་འགྲོ་བ་མི།། །། ༈ རང་རིག་ཆོས་སྐུ་དེ་སངས་རྒྱས་འགྱུར་མེད། །རྗེ་བཙུན་བླ་མ་དེ་ཐར་པའི་ལམ་མཁན། །ལུང་རིགས་སྦྲེལ་མ་དེ་མུན་སེལ་སྒྲོན་མེ། །དགེ་སྦྱོར་ཟབ་མོ་དེ་བྱས་པ་དོན་ཡོད། །ལས་འཕྲོ་བཟང་པོ་དེ་སྔོན་ཆོས་བག་ཆགས། །ཚེ་གཅིག་སངས་རྒྱས་དེ་རྫོགས་ཆེན་གདམས་པ། །ཡར་མར་ས་མཚམས་དེ་མི་
ལུས་རིན་ཆེན། །ཕན་གནོད་འདྲེས་མ་དེ་འདུས་བྱས་ཆོས་པ། །མི་ཚེ་སྟོང་ཟད་དེ་བླ་དགོན་ལས་འཛིན། །མི་དོན་རང་ཕུང་དེ་མི་དཔོན་ཞབས་ཕྱི། །མི་ཁ་བྱུར་སྡུད་དེ་ཡུལ་སྡེའི་གོ་ཆོད། །སྤྱི་སྡུག་དགོས་ཁུར་དེ་ཁྱིམ་གྱི་བཟའ་དཔོན། །ལས་ལ་གླ་མེད་དེ་བན་རྒན་རྫི་བོ། །ཕན་ལན་གནོད་སྐྱེལ་དེ་ཉེ་འཁོར་ཁྲེལ་མེད། །འཆི་ཁ་ཆོས་མེད་དེ་གྲྭ་སའི་བན་དེ། །རྣམ་སྨིན་ཁུར་ཅན་དེ་གྲོང་ཆོག་མཁན་པོ། །འདྲེ་རྒོད་མངོན་རྒྱུག་དེ་བན་ཧོར་ཚོང་པ། །སྡིག་སྡུག་གཏམ་ངན་དེ་སེར་སྣའི་ནོར་རྫས། །མགོ་འཁོར་གཏི་ཐུག་དེ་མི་ནག་གླེན་པ། །ལམ་ནོར་ལམ་ལོག་དེ་ལྟ་ལོག་ཁྲིད་མཁན། །ཨ་ཀྱང་རྩེད་མོ་ལགས་ཕྲིན་ལས་སྨྱོ་གཏམ། །ཨ་ལ་རྩེད་མོ་ལགས་བདུན་རྒན་གསང་ཚིག། །། ༈ སྐྱབས་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །མགོན་ཉི་སྤྲུལ་གཉིས་པ་རྡོ་རྗེ་འཆང་། །མི་བདག་གི་སྤྱི་གཙུག་རྒྱན་དུ་བཞུགས། །ཐུགས་བརྩེ་བ་ཆེན་པོའི་བྱིན་གྱིས་རློབས། །ང་སྙིགས་མའི་ཚུལ་ལ་དགོད་རེ་བྲོ། །ཚིག་ཁོག་པར་མ་ཤོང་ཁ་ནས་ཤོར། །བན་ཁྱིམ་ཐབ་བཟུང་
ལ་སྔགས་པ་ཟེར། །ཕྱི་ཚུལ་ཆོས་གཟབ་ལ་ཆོས་རྗེ་ཟེར། །ནང་གནས་འགྱུར་བགྲང་ལ་སྒོམ་ཆེན་ཟེར། །མི་སྨྱོན་རྫུན་མཁན་ལ་གྲུབ་ཐོབ་ཟེར། །ཕོ་མི་ཁྱུར་མ་ཚུད་བྱ་བཏང་ཟེར། །ཁོང་གཏི་ཐུག་གླེན་པ་ཆོས་པ་ཟེར། །ཁ་ཐོད་ཕོར་ཅན་ལ་རྟོགས་ལྡན་ཟེར། །སྤྲང་རོ་ཁུར་མཁན་ལ་གཅོད་པ་ཟེར། །དམངས་གཙང་བཙོག་འཆོལ་བོར་འཁྲུལ་ཞིག་ཟེར། །འདི་བསམ་གྱིན་ཁོ་བོ་གད་མོ་ཤོར། །དུས་དེ་རིང་མཁའ་འགྲོའི་དུས་ཆེན་ལ། །འབངས་བདག་གི་ཉམས་དང་རྟོགས་པ་འདི། །རྗེ་ཉི་སྤྲུལ་གཉིས་པ་རྡོ་རྗེ་འཆང་། །བུས་ཟོལ་མེད་ལྟ་བའི་གླུ་འདི་ལགས། །ཆོས་རྣམ་བདེན་རྣམ་རྫུན་གཉིས་ཀ་རྫུན། །སྒོམ་བདག་སྟོང་གཞན་སྟོང་གཉིས་ཀ་སྟོང་། །སེམས་དང་ནི་སེམས་ཉིད་དབྱེ་བ་བྱེད། །བློ་མ་རིག་མུན་པ་མཐའ་ནས་སངས། །དོན་རང་ལ་རིག་པའི་ཁྲི་གདུགས་བརྡལ། །ཉམས་བདེ་གསལ་མི་རྟོག་སྤྲིན་ཚོགས་དེངས། །རྐྱེན་བྱིང་རྒོད་འཐིབ་པོའི་མུན་རླུང་ཞི། །གནད་མཐའ་བྲལ་ནམ་མཁའ་ཀུན་ནས་ཟླུམ། །ཚིག་སྨྲ་བ་ལྐུགས་པས་རོ་མྱོང་འདྲ། །རྗེ་དངོས་སུ་མཇལ་བའི་
སྐབས་མེད་ཀྱང་། །དགོང་དོ་ནུབ་གཉིད་སྣང་ཐམ་ཐོམ་ལ། །ཁྱོད་ཡད་ཡུད་ཙམ་དུ་ཞལ་མཐོང་ནས། །ཆོས་རྫོགས་ཆེན་ངོ་སྤྲོད་ཚིག་གསུམ་ཞུ། །ཕ་ཁྱོད་ཀྱི་སྐུ་དྲིན་འཁོར་ཐབས་མེད། །རྗེ་གུ་རུ་རཏྣའི་ཐུགས་རྗེས་ཟུང་། །འབངས་ཆང་རྒན་སྨྱོན་པར་བྱིན་གྱིས་རློབས།། །། ༈ བཀའ་དྲིན་ཅན་གྱི་བླ་མ་ལ། །ཐེག་པ་རིམ་དགུའི་ཡང་རྩེ་བཞུགས། །ཁོ་བོ་གཏུགས་ས་མ་ནོར་བའི། །ཉི་སྤྲུལ་རྡོ་རྗེ་འཆང་ལ་འདུད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །དད་པ་འགྱུར་མེད་ལས་ཅན་ངེས། །དེ་དང་འཕྲད་པ་སྐལ་བཟང་ངེས། །འགྲོགས་ཡུན་རིང་བའི་གོམས་རྒན་ངས། །མན་ངག་འཕྲང་ཞིག་མ་བསལ་ན། །སྟོད་ཀྱི་དབུས་གཙང་རུ་བཞི་ན། །ཁ་ལག་གོས་གསུམ་སྒྲིག་ལ་གཟབ། །རྫོགས་པ་ཆེན་པོ་གལ་རེ་ཆུང་། །སྨད་ཀྱི་མདོ་ཁམས་སྒང་དྲུག་ན། །འཕྱོར་འཕྱོར་བ་ཚོ་འཕྱོར་ལ་འཕྱམས། །མཁས་མཁས་བ་ཚོ་རླུང་གིས་ཁྱེར། །རྨོངས་རྨོངས་བ་ཚོ་མུན་པར་འཁྱམས། །རྫོགས་པ་ཆེན་པོ་གལ་རེ་ཆུང་། །བཟང་པོའི་ལྷ་ཡིས་མ་གོ་བའི། །སྙིང་ཐིག་ཟབ་
མོའི་ཉམས་མྱོང་ཞིག །བདུད་རྒན་ང་ཡིས་དེ་རིང་བཤད། །བདེ་དང་གསལ་དང་མི་རྟོག་གསུམ། །ལྟ་བས་ཟིན་ན་གྲོལ་བའི་ལམ། །འཛིན་པས་བཅིངས་ན་གོལ་བའི་ལམ། །བྱིང་རྒོད་དང་ནི་ཐེ་ཚོམ་གསུམ། །ལམ་དུ་ཁྱེར་ན་སྒོམ་པའི་ངང་། །སྐྱོན་མཐོང་བཅས་བཅོས་ནོར་བའི་འཕྲང་། །སྤང་བླང་རེ་དོགས་རྩོལ་སྒྲུབ་ནི། །རྣམ་རྟོག་འགྱུ་དྲན་ཡིན་པའི་ཕྱིར། །གཅེར་གྱིས་དེ་ཉིད་ངོས་བཟུང་ནས། །བབས་ཀྱིས་མ་བཅོས་བཞག་པ་ཡིི། །ཆམ་གྱིས་རང་ཤར་རང་གྲོལ་གྱུར། །སེམས་ཉིད་གནས་སོ་སྙམ་པ་ནི། །དེ་ནི་སྒོམ་པ་དུག་ཅན་ཡིན། །སྒོམ་མོ་སྙམ་པའི་བློ་བྱུང་ན། །དེ་ནི་སྒོམ་བློ་རྟོད་ཕུར་ཡིན། །དེ་ཚེ་ཏིང་འཛིན་སྐྱོན་ཅན་ཡིན། །ཡིད་ཆེས་དང་ནི་མཆོག་འཛིན་ལ། །སྒོམ་ཆེན་མི་འཕྲིག་སྒོམ་སྐྱོན་ཡོད། །མ་བཅོས་རང་བཞག་རང་གསལ་གཅེས། །བདུད་ཀྱི་གསང་ཚིག་མ་བརྗེད་ཅིག །དགེའོ།། །། ༈ དཔལ་སངས་རྒྱས་པདྨའི་མཚན་ལ་འདུད། །ད་བདུད་ཀྱི་གསང་ཚིག་སྒྲུབ་གནས་བཤད། །རྗེ་གོང་མས་བསྒྲུབས་པའི་གནས་མཆོག་ཏུ། །དོན་མཆོག་ཐུན་དངོས་གྲུབ་མྱུར་
བས་བཟང་། །རི་ན་བུན་ཅན་གྱི་དབེན་གནས་སུ། །རྐྱེན་དམ་སེལ་མེད་པའི་དམ་ཅན་འདུ། །བྲག་རྒོད་ཚང་ཅན་གྱི་ཕུག་པ་རུ། །བློ་ངེས་འབྱུང་སྐྱོ་ཤས་འཕྲལ་དུ་སྐྱེ། །གངས་ཤེལ་འོད་འཚེར་བའི་བྱ་སྐྱིབས་ལ། །སེམས་བྱིང་འཐིབ་མེད་པའི་ལྷག་མཐོང་གསལ། །ཡུལ་མེ་ཏོག་བཀྲ་བའི་གླིང་ཆེན་ན། །ཉམས་བདེ་གསལ་མི་རྟོག་ལྷན་གྱིས་འབྱུང་། །མཚོ་རྦ་རླབས་ཅན་གྱི་ཆུ་ངོགས་ལ། །སེམས་དྭངས་སྙིགས་འབྱེད་པའི་ཡོན་ཏན་ཡོད། །ནགས་སྨན་ལྗོངས་ལྗོན་པའི་ནགས་འདབས་སུ། །སེམས་འཐོར་རྒོད་མེད་པའི་ཞི་གནས་བརྟན། །གནམ་ཁ་ཞེང་ཅན་གྱི་ཉི་ཟླ་ལ། །ལམ་ཐོད་རྒལ་གནད་ཀྱི་འཆར་སྒོ་བདེ། །གནས་དུར་ཁྲོད་ལྷ་འདྲེའི་འགྱུ་སྲང་དུ། །ཉམས་བརྟུལ་ཞུགས་ངར་འདོགས་བོགས་འདོན་ཡོད། །དེ་བདུད་རྒན་ལས་རབ་ཞལ་གདམས་ཡིན།། །། ༈ མེ་ལུག་དཔྱིད་ཟླ་ཐ་མའི་བཅོ་ལྔ་ལ། །རྒྱལ་ཁམས་འགྲིམ་པའི་སྤྲང་རྒན་ཕྲིན་ལས་ཀྱིས། །སྙིགས་དུས་ལས་ལ་ཡི་ཆད་སྤྲིངས་ཡིག་གཏམ། །བྱིན་ན་མི་ལེན་བཞག་ན་རྐུ་དུས་འདིར། །
མཆོད་སྦྱིན་བྱ་དགའ་བྱས་པ་ཆུད་རེ་ཟོས། །བསྟན་ན་བྲོས་ཤིང་སྦས་ན་ཚོལ་དུས་འདིར། །ཟབ་དོན་གདམས་ངག་བསྟན་པ་ཆུད་རེ་ཟོས། །བཤད་ན་མི་ཉན་གསང་ན་ཉན་རྣ་བྱེད། །སྙིང་གཏམ་ཁ་ཏ་བྱས་པ་ཆུད་རེ་གསན། །བཅོལ་ན་མི་བྱེད་མ་བྱས་ནན་གྱིས་འཇུག །འདི་དགོས་བྱ་བ་བསླབས་པ་ཆུད་རེ་གསན། །སྙིང་གཏམ་གྲོགས་པོའི་བློ་རྐུན་བྱེད་དུས་འདིར། །མཐུན་གྲོགས་ཡིད་གཏད་བྱས་པ་ཆུད་རེ་ཟོས། །མནའ་ཆད་ཁྲེལ་མེད་ངོ་སོ་མཐོ་དུས་འདིར། །དྲང་པོར་བྱས་པའི་བྱ་བ་ཆུད་རེ་གསན། །དམ་ཚིག་མི་བརྩི་ཆོས་འགལ་དར་དུས་འདིར། །དབང་བསྐུར་དམ་ཚིག་ཕོག་པ་ཆུད་རེ་ཟོས། །སྡང་མིག་ཚིག་ངན་ཁྲོ་ཉམས་རྒོད་དུས་འདིར། །བསམ་ཡོད་རྒན་བྱིས་ཤ་ཚ་ཆུད་རེ་གསན། །མཐོང་བས་གྲོལ་བའི་རྟེན་མཆོག་ནོར་བུ་རྣམས། །མཇལ་བའི་སྐབས་མེད་ལོང་བ་སྙིང་རེ་རྗེ། །ཐོས་པས་གྲོལ་བའི་གསང་སྔགས་ཟབ་མོ་ལ། །ཉན་པའི་སྐབས་མེད་འོན་པ་སྙིང་རེ་རྗེ། །མྱོང་བས་གྲོལ་བའི་བདུད་རྩི་འཐུང་ཆོག་ལ། །སྤྱོད་པའི་སྐལ་མེད་ཡི་དྭགས་སྙིང་རེ་རྗེ། །མ་
བསྒོམས་བཙན་ཐབས་སྟེང་སྒོ་རྣམ་གྲོལ་ལ། །འཕྲད་པའི་སྐབས་མེད་སྐལ་ཆད་སྙིང་རེ་རྗེ། །རྟོགས་གྲོལ་དུས་མཉམ་རྫོགས་ཆེན་སྙིང་ཐིག་ལ། །ལྟ་ངན་མུན་འབྱམས་གོ་ལོག་སྙིང་རེ་རྗེ། །ཟོག་པོ་ཆོས་བརྒྱད་ཕོ་ཚུགས་གང་མཐོ་ལ། །ཕྱི་མའི་སྐྱབས་གནས་ཚོལ་བ་སྙིང་རེ་རྗེ། །ཡི་མུག་ག་ཆད་འཕྲེང་བ་གླེང་བའི་གཏམ། །ལེགས་པར་བཤད་འདིར་ཀུན་གྱིས་ལྟ་བར་གྱིས།། །། ༈ ལྟ་བ་མོ་གཤམ་བུ་དང་འདྲ། །བཤད་རྒྱུ་མེད་དེ་ཨ་འུ་ཙི། །སྒོམ་པ་ལྐུགས་པས་རོ་མྱོང་འདྲ། །སྨྲ་རྒྱུ་མེད་དེ་ཨ་འུ་ཙི། །སྤྱོད་པ་ནམ་མཁའི་བྱ་ལམ་འདྲ། །རྗེས་ཤུལ་མེད་དོ་ཨ་འུ་ཙི། །འབྲས་བུ་ཡིད་བཞིན་ནོར་བུ་ལ། །རང་ཆས་འབྱུང་ངོ་ཨ་འུ་ཙི། །དམ་ཚིག་མ་བསྲུང་མི་སྨིན་གྱི། །བསྲུང་མཚམས་མེད་དེ་་ཨ་འུ་ཙི།། །། ༈ བཤེས་གཉེན་ངན་པས་ཕྱི་མར་བསླུས་པ་ཡོད། །གྲོགས་པོ་ངན་པས་ཚེ་འདིར་བསླུས་པ་ཡོད། །ཞིང་ངན་ཕར་བཏབ་ཚུར་མེད་བསླུས་པ་ཡོད། །གདམས་ངག་ངན་པས་བསྒྲུབས་ཟིན་བསླུས་པ་ཡོད། །བསླུ་བ་རྣམ་བཞི་ཕྲིན་ལས་ཁ་འབྱམས་ཡིན། །
དལ་ལྷོད་ཕྱི་འགྲོས་བྱས་འདྲའི་ཆོ་ག་འདིས། །རྩ་གསུམ་སྲུང་མའི་ཐུགས་རྒྱུད་མི་བསྐུལ་དུ། །ངག་ཁུག་དབྱངས་འདྲ་ཚིག་དོན་བསྒྲིབས་པ་དེས། །གསུང་ཆོས་ཟབ་མོའི་བྱིན་རླབས་མི་ཆགས་དུ། །རིགས་བཟང་མིང་བཏགས་བུ་ཆུང་རྙང་རྐྱལ་དེས། །རྡོ་རྗེ་ཐེག་པའི་རྣམ་བཞག་མི་གོ་དུ། །དཀོར་རྒན་མགོ་སེ་བླ་རྒན་རྩིད་བཞག་གིས། །བསྐྱེད་རྫོགས་ཉམས་ཀྱི་ལོ་རྒྱུས་མི་ཤེས་དུ། །དད་མེད་ཕོ་རུས་བྱས་པའི་ཞེན་པ་འདིས། །སངས་རྒྱས་བསྟན་པའི་ལུང་དང་མི་མཐུན་དུ། །སེར་གཟུགས་དུག་གིས་གཡོས་པའི་ཟོབ་ཅན་གྱིས། །རང་གཞན་གཉིས་ཀར་ཕན་པ་མི་འགྲུབ་དུ། །ཚེ་འདས་བས་ཀྱང་བླ་མའི་སྡུག་པ་ཡོད། །བླུན་པོ་བས་ཀྱང་མཁས་པས་ནོར་བ་ཡོད། །སྡིག་པ་བས་ཀྱང་དགེ་བའི་ལྕི་བ་ཡོད། །རྫུན་པོ་བས་ཀྱང་དྲང་པོའི་འཁྱོག་པ་ཡོད། །དག་བྱ་བས་ཀྱང་དག་བྱེད་རྩོག་པ་ཡོད། །འདྲེ་ངན་བས་ཀྱང་ལྷ་ངན་རྩུབ་པ་ཡོད། །ནད་གཞི་བས་ཀྱང་སྨན་ལོག་མྱུར་བ་ཡོད། །སྤྲང་པོ་བས་ཀྱང་ཕྱུག་པོའི་ལྟོགས་པ་ཡོད། །ཁྲམ་པ་བས་ཀྱང་གཟུ་བོས་ཐུ་བ་ཡོད། །ཡོད་དགུ་
ཕྲིན་ལས་གླེན་གཏམ་གསང་ཚིག་ཡིན། །འཇམ་མགོན་བླ་མའི་དྲིན་ལས་བདག་གིས་རྟོགས།། །། ༈ ཆང་གི་བརྟུལ་ཞུགས་གླུ་ལ་བྱེད། །གླུ་ཡི་སྙིང་པོ་ཆོས་ལ་བྱེད། །ཆོས་ཀྱི་སྙིང་པོ་ངོ་སྤྲོད་ཡིན། །ངོ་སྤྲོད་སྙིང་པོ་རྫོགས་པ་ཆེ། །གསུམ་ལྡན་བླ་མ་བསྟེན་དུས་སུ། །ཕྱི་ལྟར་མི་ཆོས་གཟབ་པ་དང་། །ནང་དུ་ཐེ་ཚོམ་ཆེ་བ་ཡིས། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །སྐྱོན་རྟོག་འདི་ནི་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །ལྷ་ཆོས་གྲལ་དུ་བཞུགས་དུས་སུ། །ཕྱི་ལྟར་དགྲ་མགོ་གནོན་པ་དང་། །ནང་དུ་གཉེན་འདུན་སྐྱོང་བ་ཡིས། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །ཆགས་སྡང་འདི་ནི་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །ཆོས་ལ་ཉམས་ལེན་བྱེད་དུས་སུ། །ཕྱི་ལྟར་སྣང་བའི་ལྟད་མོར་གཡེང་། །ནང་དུ་སྐྱིད་འདོད་སོ་གསོད་འདོད། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །བག་ཡངས་བདེ་འདོད་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །ཚོགས་བསོགས་མཆོད་སྦྱིན་བྱེད་དུས་སུ། །ཕྱི་ལྟར་སྦྱིན་པའི་ཁ་ལན་བརྩི། །ནང་དུ་
འཛད་དོགས་སེར་སྣས་བྲེལ། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །ལན་དང་སེར་སྣ་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །ཕྱོགས་མེད་བྱ་བཏང་བྱེད་དུས་སུ། །ཕྱི་ལྟར་སྙན་གྲགས་བྱུང་ན་བསམ། །ནང་དུ་ཉེར་ལེན་རྣོ་བ་ཡི། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །གྲགས་འདོད་སྒྲུབ་བློ་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །ཚོགས་མཆོག་ཕ་མ་བསྟེན་དུས་སུ། །ཕྱི་ལྟར་རྒས་ཉམས་མ་ཉེས་དང་། །ནང་དུ་ཆུང་མའི་དབང་དུ་ཤོར། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །ཁ་ངན་ཡིད་བཅད་དགྲ་རུ་ཆེ། བསླུས་ན་དམྱལ་བར་འཆིང་སྟེ་འཆི། །ཐུགས་དམ་ཁ་ཏོན་གཟབ་པའི་དུས། །ཕྱི་རུ་མི་ཁོམ་སྣ་ཚོགས་ལ། །ནང་དུ་ལེ་ལོའི་དབང་དུ་ཤོར། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །སྙོམ་ལས་དལ་ཁོམ་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །འགྲོ་དོན་གཞན་ཕན་མཛད་དུས་སུ། །ཕྱི་ལྟར་རྙེད་འདོད་ཐབས་མཁས་དང་། །ནང་དུ་རང་དོན་གཙོར་ཆེ་བས། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །རང་དོན་འདི་ནི་དགྲ་རུ་ཆེ། །བསླུས་ན་དམྱལ་བར་
འཆིང་སྟེ་འཆི། །ཕྱོགས་བྲལ་རྫོགས་ཆེན་སྒོམ་དུས་སུ། །ཕྱི་ལྟར་ཞི་གནས་མོས་པ་དང་། །ནང་དུ་འགྱུ་བ་བགག་པ་དང་། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །རེ་དོགས་འདི་ནི་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །འཆི་བྲོད་གདེང་ཚད་དགོས་དུས་སུ། །ཕྱི་ལྟར་ཁ་ཆེམས་མང་པོ་དང་། །ནང་དུ་གདམས་ངག་ཞན་པ་དང་། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །རང་བྱུང་རང་མཚང་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །སོ་ཐར་འདུལ་ཁྲིམས་སྲུང་དུས་སུ། །ཕྱི་ལྟར་ཤ་ཆང་ཞེན་པ་དང་། །ནང་དུ་མོ་སྲེད་འདོད་པ་ཆེ། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །ཚེ་འདིའི་དབང་སོང་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །བྱང་སེམས་སྨོན་འཇུག་སྒོམ་དུས་སུ། །ཕྱི་རུ་དྲན་ཤེས་ཞན་པ་དང་། །ནང་དུ་བག་ཡོད་མ་ཐུབ་པས། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །ཆོས་མིན་འདི་ནི་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །གསང་སྔགས་ཉམས་སུ་ལེན་དུས་སུ། །ཕྱི་ལྟར་ཐོས་བསམ་མཐའ་མ་ཆོད། །ནང་དུ་
ལམ་ཁྱེར་ནུས་པ་ཞན། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །མ་རིག་རྨོངས་པ་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །བསྟན་བཅོས་རྩོམ་པ་བྱེད་དུས་སུ། །ཕྱི་ལྟར་སློབ་གཉེར་ཞན་པ་དང་། །ནང་དུ་རང་ཉམས་མེད་པ་ཡིས། །བར་དུ་རིག་པའི་ཁྱེའུ་ཆུང་བསླུ། །གྲོང་ཚིག་དུམ་ཆོད་དགྲ་རུ་ཆེ། །བསླུས་ན་དམྱལ་བར་འཆིང་སྟེ་འཆི། །རང་གཞན་སྐྱོན་མཚོ་དམར་ནག་འདི། །ཆང་སྨྱོན་གླེན་པའི་སྐྱ་བས་དཀྲུགས། །དགེ་བས་ཕྲིན་ལས་བདག་ཀྱང་ནི། །སྐྱོན་བྲལ་རང་བཞིན་རྙེད་པར་ཤོག །དགེའོ།། །། ༈ དལ་འབྱོར་ཉི་མ་ནུབ་རིའི་རྩེར་ལྷུང་བའི། །ཚེ་འདིའི་བྱ་བས་བདག་ལ་དགོས་པ་མེད། །དོན་མེད་གཡེང་བས་འཁྱེར་ཅིང་དགེ་སྦྱོར་ཆག །མཇལ་འཕྲད་སྦྱིན་ལེན་བདག་ལ་དགོས་པ་མེད། །ཕན་པར་སྨྲས་ཀྱང་དེ་ལ་ཉན་མཁན་མེད། །གཏམ་དང་ཁ་ཏས་བདག་ལ་དགོས་པ་མེད། །ཕྱོགས་རིས་ཁ་འཛིན་ཆགས་སྡང་སྐྱེ་བའི་རྒྱུ། །གོ་ཆོད་བར་པས་བདག་ལ་དགོས་པ་མེད། །ཚིག་ཚོགས་ཆེ་ཡང་དགོས་དུས་མི་ཕན་པའི། །ཡིག་ནག་དཔེ་ཆས་བདག་ལ་དགོས་
པ་མེད། །ཆོས་མེད་རང་དོན་འཆོར་བའི་གྲབས་བྱེད་དུས། །གཞན་ལ་ཆོས་བཤད་བདག་ལ་དགོས་པ་མེད། །རང་རྒྱུད་མ་སྨིན་ཐོ་ཅོ་སྨྱོ་ཐབས་སོགས། །གཞན་ལ་དབང་བསྐུར་བདག་ལ་དགོས་པ་མེད། །དགེ་སེམས་ཆུང་ཞིང་ནོར་རྫས་དོན་གཉེར་མཁན། །དགོན་ཆུང་བན་དེས་བདག་ལ་དགོས་པ་མེད། །གཅིག་ལ་ཕན་བཏགས་གཅིག་ལ་གནོད་སྐྱེལ་བའི། །ཁ་མཆུའི་རྒྱབ་རྩིས་བདག་ལ་དགོས་པ་མེད། །ཉོ་ཚོང་བྱས་པའི་དཔེ་དང་ཁྱད་མེད་པའི། །ཁ་ལན་སྦྱིན་པས་བདག་ལ་དགོས་པ་མེད། །བུ་ལོན་བཏང་བའི་དཔེ་དང་ཁྱད་མེད་པའི། །རྣམ་སྨིན་རེ་བས་བདག་ལ་དགོས་པ་མེད། །ཡུན་དུ་མི་གནས་འགྱུར་བའི་ཆོས་ཅན་ཏེ། །སོས་དལ་སྐྱིད་འདོད་བདག་ལ་དགོས་པ་མེད། །བསྟོད་བཀུར་སྙན་གྲགས་རྨི་ལམ་ཐུན་གཅིག་འདྲ། །ནམ་སད་མི་ཤེས་བདག་ལ་དགོས་པ་མེད། །འཆི་བདག་གནས་དེར་གཅིག་པུར་འགྲོ་དགོས་པས། །འཁོར་གཡོག་མང་པོས་བདག་ལ་དགོས་པ་མེད། །ནོར་དང་ལོངས་སྤྱོད་བསྐྱུར་ནས་འགྲོ་དགོས་པས། །ཕུན་
ཚོགས་འབྱོར་པས་བདག་ལ་དགོས་པ་མེད། །གཉེན་བཤེས་བརྩེ་གདུང་འབྲལ་བ་ཆོས་ཉིད་ཡིན། །ངོ་འཛིན་ཐབས་མཁས་བདག་ལ་དགོས་པ་མེད། །ཕན་པ་བས་ཀྱང་གནོད་པའི་སྣོན་པ་སྟེ། །ཀུན་རྫོབ་དགེ་བས་བདག་ལ་དགོས་པ་མེད། །བན་ཁྲམ་ཆོས་གཟུགས་བླ་ཟོལ་བཟུང་བ་ཡིས། །དབང་བསྐུར་བྱས་པས་བདག་ལ་དགོས་པ་མེད། །དགེ་བ་ལས་ཀྱང་སྡིག་པའི་ཟབ་པ་ཡི། །དམར་མཆོད་ཡོ་ལང་ཆོས་ཀྱིས་དགོས་པ་མེད། །གང་བྱས་སྐྱོན་དུ་མ་གྱུར་གཅིག་ཀྱང་མེད། །ཡོན་ཏན་རང་བཞིན་དགེ་བའི་ལྷ་ཆོས་ཡིན། །དགོས་མེད་བྱ་བྲལ་ཆོས་དབྱིངས་དྲི་མེད་ཀྱིས། །རང་གཞན་དོན་དུ་བཀོད་པའི་གསལ་འདེབས་འདི། །ཕྱི་རབས་རྣམས་ཀྱིས་རབ་ཏུ་ངེས་པར་མཛོད།། །། ༈ ལྟ་བ་གདེང་མེད་ཁ་ལ་འབྱམས། །སྒོམ་པ་ལོང་མེད་དུག་ལྔར་གཡེང་། །སྤྱོད་པ་དོན་མེད་བབ་ཆོལ་སྤྱོད། །འབྲས་བུ་རྒྱུ་ལྡོག་འཁོར་བར་འབྱམས། །ཆོས་མིན་ཆོས་ལྟར་བཅོས་པའི་གཟུགས།། །། ༈ རྗེ་བཙུན་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ང་ཆོས་
རྫོགས་པ་ཆེན་པོ་ནི། །འབྲས་བུ་ཕྱི་དུས་མི་རེ་བ། །རྟོགས་གྲོལ་དུས་མཉམ་ཁྱད་ཆོས་ཡིན། །ང་ཆོས་རྫོགས་པ་ཆེན་པོ་ནི། །མཚམས་མེད་སྤྱད་པ་ཞུགས་ཀྱང་ཆོག །ཚུལ་བཞིན་བསྒོམས་ན་ཚེ་འདིར་གྲོལ། །ང་ཆོས་རྫོགས་པ་ཆེན་པོ་ནི། །སྐྲ་བྲེག་མིང་བརྗེ་ལུས་མ་བསྒྱུར། །ཐ་མལ་གཟུགས་ཀྱིས་རྟོགས་ཀྱང་གྲོལ། །ང་ཆོས་རྫོགས་པ་ཆེན་པོ་ནི། །རྩོལ་སྒྲུབ་ཐེག་པ་ལས་འདས་ནས། །བྱ་རྩོལ་བྲལ་བའི་མན་ངག་ཡིན། །རྫོགས་པ་ཆེན་པོའི་ཚིག་བརྒྱད་བཤད། །ཚིག་བརྒྱད་རྫོགས་ཆེན་རང་སྐད་ཡིན། །ངོ་བོ་ངོས་བཟུང་མེད་དང་གཅིག །གཟའ་གཏད་མེད་པ་འདི་དང་གཉིས། །དམིགས་འཛིན་མེད་པ་འདི་དང་གསུམ། །བྲལ་ཐོབ་མེད་པ་འདི་དང་བཞི། །ངང་ལས་མ་གཡོས་དེ་དང་ལྔ། །ཐབས་ཀྱི་གཉེན་པོ་མེད་དང་དྲུག །བཅོས་བསྒྱུར་ཚོད་འཛིན་མེད་དང་བདུན། །རང་གསལ་རང་ངོ་ཤེས་དང་བརྒྱད། །དོ་གལ་ཆེ་བའི་ཚིག་བརྒྱད་ཡིན། །ཉམས་ལེན་མཁན་ལ་སྙིང་དང་འདྲ། །ད་རུང་ཡང་ཐིག་ཚིག་གསུམ་ཡོད། །རང་ཡིན་གཞན་དུ་མ་བཙལ་
གཅིག །ངང་ཡིན་དུས་གསུམ་འཁོར་ཡུག་གཉིས། །རྟོགས་ཚོལ་སེམས་རྩལ་འགལ་མེད་གསུམ། །ཡིན་ལུགས་ཤེས་ན་གོ་བ་ཡིན། །ཚུལ་བཞིན་མྱོང་ན་གྲོལ་བ་ཡིན། །འབྲས་བུ་ལམ་བྱེད་རྫོགས་ཆེན་འདི། །རྨོངས་པས་གསང་སྔགས་དཔེ་ལྟར་བརྗོད། །རྒྱུ་འབྲས་ནོར་བའི་སྐྱོན་གཅིག་ཡོད། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་འདི། །དབུ་མའི་ལྟ་བར་མཚུངས་པར་འདོད། །གོང་འོག་འཆོལ་བའི་སྐྱོན་ཅིག་ཡོད། །སྐྱོན་མེད་རང་ལུགས་འཛིན་བསམ་ན། །སྤྲེལ་ཚ་དྲན་སྒོ་མ་རྣོ་བར། །བླ་དྭགས་ཚིག་བརྒྱད་ལག་ཏུ་ལོངས། །ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་ཡིན། །ལས་རབ་སྐྱུགས་པའི་འདུད་རྩི་ཡིན། །སྐལ་བ་ཅན་གྱི་སྙིང་ནོར་ཡིན། །ལས་འཕྲོ་ཅན་གྱི་བགྲོད་ལམ་ཡིན། །མངྒ་ལཾ།། །། ༈ ཡེངས་རྐྱེན་མང་ན་བརྗེད་ངས་ཆེ། །ཞལ་གདམས་མ་བརྗེད་སེམས་ལ་ཞོག །སྟོན་ཆེན་ཁ་ཆོས་དོན་ལ་རྒྱུགས། །སྡུག་སྒུར་སྒོམ་གེགས་ཀླད་ཡུའཁོར། །དཔེ་བུམ་ཡིག་སྣ་ལག་ལེན་ཆད། །སྟོང་གོག་ནགས་སྐམ་འབྲས་བུ་མེད། །མ་རིག་རྒན་མོར་འགྲོགས་ཡུན་རིང་། །བོད་མི་
སྤྲེལ་ཚ་བློ་སྣ་མང་། །བྱིང་རྒོད་ཐེ་ཚོམ་གློ་བུར་མང་། །བདེ་གསལ་མི་རྟོག་གཡང་ས་ཆེ། །འོག་འགྱུ་རྒྱ་འབྱམས་བསླུ་བར་མཁས། །ཞི་གནས་གླེན་འཐུག་འགོག་པའི་ལམ། །ཐ་སྙད་ཆོས་ལ་སྙིང་པོ་ཆུང་། །གོ་ཡུལ་ཡིད་དཔྱོད་རྣམ་རྟོག་མཆེད། །ཆོས་དང་གང་ཟག་ཡ་བྲལ་བདོག །ངས་བཤད་ཆོས་རྣམས་མདོ་རུ་བསྡུ། །ཆོས་ཀྱི་ཆེ་བ་ཕྱི་ཡི་ཁྲིད། །བརྒྱུད་པའི་ཆེ་བ་ནང་གི་ཁྲིད། །ལམ་འཁྱེར་དད་པ་གསང་བའི་ཁྲིད། །དལ་འབྱོར་རྙེད་དཀའ་ཕྱི་ཡི་ཁྲིད། །མི་རྟག་འཆི་བ་ནང་གི་ཁྲིད། །རྒྱུ་འབྲས་སྤང་བླང་གསང་བའི་ཁྲིད། །སྐྱབས་འགྲོ་སེམས་བསྐྱེད་ཕྱི་ཡི་ཁྲིད། །ཚོགས་བསགས་སྒྲིབ་སྦྱོང་ནང་གི་ཁྲིད། །བླ་མའི་རྣལ་འབྱོར་གསང་བའི་ཁྲིད། །སེམས་ཚོལ་གཏད་འབེབས་ཕྱི་ཡི་ཁྲིད། །སྒོ་གསུམ་གཞག་ཐབས་ནང་གི་ཁྲིད། །གཅེར་མཐོང་ངོ་སྤྲོད་གསང་བའི་ཁྲིད། །ལྟ་སྒོམ་དབྱེ་བ་ཕྱི་ཡི་ཁྲིད། །ཉམས་རྟོགས་དབྱེ་བ་ནང་གི་ཁྲིད། །སེམས་རིག་དབྱེ་བ་གསང་བའི་ཁྲིད། །ཕྱག་རྫོགས་དབྱེ་བ་ཕྱི་ཡི་ཁྲིད། །གཟུང་འཛིན་ཤན་འབྱེད་ནང་གི་ཁྲིད། །
བུམ་དབང་ལྷ་དབང་ཕྱི་ཡི་ཁྲིད། །གསང་དབང་ཤེར་དབང་ནང་གི་ཁྲིད། །ཚིག་དབང་རྩལ་དབང་གསང་བའི་ཁྲིད། །ལུས་སྲོག་འདོར་ལེན་བྱུང་གི་བར། །དུས་དང་རྣམ་པ་ཐམས་ཅད་དུ། །ཕྱི་ནང་གསང་གསུམ་རྟེན་འབྲེལ་བསྒོམ། །ད་ནི་གནད་ཀྱི་འགག་གཅིག་སྡོམ། །དུག་ལྔ་འཁྲུལ་ཉོན་ཅི་ཤར་ཡང་། །ཐ་མལ་རང་ཡན་མ་བྱེད་ཅིག །སྤང་བླང་ཚོད་འཛིན་མེད་པར་གློད། །རྫོགས་པ་ཆེན་པོའི་མན་ངག་ཡིན། །དུག་ལྔ་འཁྲུལ་ཉོན་ཅི་ཤར་ཡང་། །ཉན་རང་བཞིན་དུ་སྤོང་མ་བྱེད། །སྤང་བླང་ཚོད་འཛིན་མེད་པར་གློད། །རྫོགས་པ་ཆེན་པོའི་མན་ངག་ཡིན། །དུག་ལྔ་འཁྲུལ་ཉོན་ཅི་ཤར་ཡང་། །བྱང་སེམས་བཞིན་དུ་སྦྱོང་མ་བྱེད། །སྤང་བླང་ཚོད་འཛིན་མེད་པར་གློད། །རྫོགས་པ་ཆེན་པོའི་མན་ངག་ཡིན། །དུག་ལྔ་འཁྲུལ་ཉོན་ཅི་ཤར་ཡང་། །གསང་སྔགས་བཞིན་དུ་སྒྱུར་མ་བྱེད། །སྤང་བླང་ཚོད་འཛིན་མེད་པར་གློད། །རྫོགས་པ་ཆེན་པོའི་མན་ངག་ཡིན། །དུག་ལྔ་འཁྲུལ་ཉོན་ཅི་ཤར་ཡང་། །ཐབས་དང་གཉེན་པོ་མ་རྟེན་ཅིག །སྤང་བླང་ཚོད་འཛིན་མེད་པར་གློད། །
རྫོགས་པ་ཆེན་པོའི་མན་ངག་ཡིན། །ཡེ་བབས་ཅོག་གཞག་གསང་ཚིག་འདི། །རྫོགས་ཆེན་རྒན་པོ་ལས་རབ་ཀྱིས། །ཕྱི་རབས་རྣལ་འབྱོར་བཙས་སུ་བཞག །དགེའོ།། །། ༈ རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བཀའ་དྲིན་ཅན་གྱི་ཐུགས་རྗེས་ཟུང་། །ང་དང་པོ་གཏུག་ས་མ་ནོར་བར། །རྗེ་བཙུན་ཉི་གྲགས་རྗེས་སུ་བཟུང་། །ནོར་འཕྲང་གོལ་ས་བྲལ་བ་ཡི། །ཟབ་དོན་རྫོགས་པ་ཆེན་པོར་ཐུག །ཉམས་ལེན་ཤི་རྒས་གཉིས་ལ་གཏུག །ང་ཆོས་རྫོགས་པ་ཆེན་པོ་ལ། །ངོས་བཟུང་མེད་པ་འདི་དང་གཅིག །གཟའ་གཏད་མེད་པ་འདི་དང་གཉིས། །དམིགས་འཛིན་མེད་པ་འདི་དང་གསུམ། །བྲལ་ཐོབ་མེད་པ་འདི་དང་བཞི། །འདི་ལ་གནད་ཀྱི་མན་ངག་མཛོད། །ངང་ལས་མ་གཡོས་དེ་དང་གཅིག །ཐབས་ཀྱི་གཉེན་པོ་མེད་དང་གཉིས། །བཅོས་བསྒྱུར་ཚོད་མཚན་བྲལ་འཛིན་གསུམ། །རང་གསལ་རང་ངོ་ཤེས་དང་བཞི། །འདི་ལ་དོན་གྱི་སྒོམ་ལུགས་མཛོད། །ཁྱད་ཆོས་རྫོགས་པ་ཆེན་པོ་འདི། །རྨོངས་པའི་བློ་ཡིས་ཁྱད་མེད་དུ། །མཚན་ཉིད་ཆོས་དང་མ་
སྦྱར་ཅིག །གསང་སྔགས་ཆོས་དང་མ་སྦྱར་ཅིག །འབྲས་བུ་མངོན་གྱུར་སངས་རྒྱས་འདི། །ལམ་གྱི་ཆོས་དང་མ་སྦྱར་ཅིག །སྦྱར་ཞིང་བློས་བྱས་མ་མང་ཞིག །ཐེག་དགུ་ཡོངས་ཀྱི་རྩེ་མོ་འདི། །བཟང་འདོད་མཁས་འདོད་བློས་བཅོས་སོགས། །ལྷམ་དཔེ་ཞྭ་ལ་མ་འགེབས་ཤིག །ཚིག་ལ་འཕྱོར་ཆ་གཟབ་པ་ཡི། །མཁས་པ་མགུ་རུང་མ་མགུ་རུང་། །དོན་ལ་ཕྱོགས་ཞེན་ཨ་འཐས་པའི། །བླུན་པོ་མགུ་རུང་མ་མགུ་རུང་། །མིང་དང་ཕོ་བཟོ་མཐོ་བ་ཡི། །སངས་རྒྱས་མགུ་རུང་མ་མགུ་རུང་། །བདུད་རྒན་ལས་རབ་གསང་ཚིག་གི །དོན་འདི་མངོན་དུ་གྱུར་བ་ན། །ལྷ་བདུད་ཆོས་ཀྱི་དབྱིངས་སུ་གཅིག །སངས་རྒྱས་སེམས་ཅན་ཡེ་ཤེས་གཅིག །སྐྱོན་དང་ཡོན་ཏན་སྤང་བླང་མེད། །རྟོགས་གྲོལ་དུས་ཉམས་ཡེ་སངས་རྒྱས། །ཐུབ་པའི་ངེས་དོན་མདོ་སྡེ་ལས། །སེམས་ནི་སངས་རྒྱས་ཡིན་ཞེས་གསུངས། །དཔལ་འཕྲེང་གིས་ཞུས་མདོ་ལས་ཀྱང་། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ལ། །ཁྱབ་ཞེས་གསུངས་པའི་ལུགས་དེ་ཡང་། །ཀ་ནས་དག་པའི་ལུགས་ཡིན་ཏེ། །འགྲོ་ལ་ཁྱབ་
པར་བཞུགས་པ་ནི། །ཐོག་མའི་ཀ་དག་ལྷན་སྐྱེས་དོན། །བདེ་གཤེགས་ཞེས་སུ་བཏགས་པ་དང་། །སེམས་ལ་སངས་རྒྱས་གསུངས་པ་ནི། །དག་པའི་དོན་ཡིན་ཤེས་དགོས་སོ། །ཐོག་མའི་ཀ་དག་མ་རིག་བསྒྲིབས། །དེ་བསལ་ཀ་དག་རྗེན་ལ་བུད། །དཔེར་ན་ཉི་མ་སྤྲིན་བྲལ་བཞིན། །རྒྱུ་ལ་མེད་པ་དེ་ཉིད་ནི། །འབྲས་བུ་དག་ལ་མི་འབྱུང་སྟེ། །འོ་མ་མིན་པའི་རླན་གཞན་དང་། །ཏིལ་ཡུངས་མིན་པར་མར་མི་འབྱུང་། །དངུལ་ཟངས་ལྕགས་སོགས་རྡོ་མིན་པས། །རྡོ་བ་གཞན་ལ་དེ་དག་མིན། །དེ་བཞིན་ཤེས་དགོས་ཕྱི་རབས་རྣམས། །ང་ཆོས་རྫོགས་ཆེན་རྟོགས་གྱུར་ན། །སྐྲ་བྲེག་མིང་བརྗེ་མི་དགོས་ལ། །དེ་བཞིན་ལུས་བསྒྱུར་མི་དགོས་སོ། །ང་ཡི་གཏན་ཚིགས་འདི་དག་རྣམས། །གཞན་ཕྱོགས་རྣམས་ཀྱིས་མ་རྟོགས་ཀྱང་། །རང་ལུགས་འཛིན་རྣམས་ཤེས་པར་མཛོད།། །། ༈ ད་ཡང་ཆང་རྒན་གླུ་ཞིག་ལེན། །རེས་འཇོག་ཅན་གྱི་ཆོས་པ་དེས། །ཐུགས་དམ་མཐའ་རུ་མ་ཕྱིན་དུ། །ངོ་ལྐོག་ཅན་གྱི་དམ་ཚིག་དེས། །རང་སེམས་གཙང་མ་མི་འོང་དུ། །ཁ་ཞེ་
ཅན་གྱི་དད་པ་དེས། །དྲིན་ཅན་བླ་མ་མི་མཉེས་དུ། །ཉེ་རིང་ཅན་གྱི་སྙིང་རྗེ་དེས། །ཕྱོགས་མེད་སེམས་བསྐྱེད་མི་འབྱོངས་དུ། །ལན་ལ་རེ་བའི་སྦྱིན་པ་དེས། །བསོད་ནམས་ཚོགས་གཉིས་མི་རྫོགས་དུ། །རྙེད་འདོད་གྲགས་འདོད་ཆོས་པ་དེས། །ཐར་པ་དོན་དུ་མི་གཉེར་དུ། །མཁས་འདོད་སྒྲུབ་པའི་ཡིག་སྣ་དེས། །འཆི་བའི་དུས་ལ་མི་ཕན་དུ། །ཐེ་ཚོམ་ཅན་གྱི་སྒོམ་ཆེན་དེས། །ངེས་དོན་སྙིང་པོ་མི་མཐོང་དུ། །རེ་དོགས་ཅན་གྱི་སྤྱོད་པ་དེས། །གཏད་མེད་གུ་ཡངས་མི་ཡོང་དུ། །ཆང་རྒན་སྨྱོན་པའི་ཁ་ཁྲམ་དེས། །དྲེད་པོའི་ཚོགས་རྣམས་མི་འདུལ་དུ།། །། ༈ རྗེ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །སྡོམ་གསུམ་མཐར་ཕྱིན་སྤྲུལ་པའི་སྐུ། །མཚན་བརྗོད་པར་དཀའ་བའི་རིན་པོ་ཆེ། །མགོན་རྡོ་རྗེ་སྟོབས་མཆོག་སྤྱི་བོར་མཆོད། །རྗེ་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །སྤྲང་བདག་གི་སྒོ་གསུམ་བྱིན་བརླབས་པས། །ཐེག་པ་ཡོངས་ཀྱི་རྩེ་མོ་རྒྱལ། །རྫོགས་ཆེན་གླུ་རུ་ལེན་སྙིང་འདོད། །ངས་ལྟ་བའི་རྒྱལ་པོ་རྫོགས་ཆེན་ཤེས། །ཕྱོགས་འཛིན་གོལ་ས་བདག་ལ་མེད། །ངས་
སྒོམ་པའི་རྒྱལ་པོ་རྫོགས་ཆེན་ཤེས། །སྒོམ་བློའི་རྟོད་ཕུར་བདག་ལ་མེད། །ངས་སྤྱོད་པའི་རྒྱལ་པོ་རྫོགས་ཆེན་ཤེས། །དམིགས་འཛིན་རྒྱས་འདེབས་བདག་ལ་མེད། །ངས་འབྲས་བུའི་རྒྱལ་པོ་རྫོགས་ཆེན་ཤེས། །ཐོབ་འདོད་ཡིད་སྨོན་བདག་ལ་མེད། །ངས་ལྟ་བའི་རྒྱལ་པོ་རྫོགས་ཆེན་ཤེས། །འདི་ཞེས་ཁས་ལེན་བདག་ལ་མེད། །ངས་སྒོམ་པའི་རྒྱལ་པོ་རྫོགས་ཆེན་ཤེས། །བསྒོམ་བྱ་སྒོམ་བྱེད་བདག་ལ་མེད། །ངས་སྤྱོད་པའི་རྒྱལ་པོ་རྫོགས་ཆེན་ཤེས། །ཞེན་འཛིན་མདུད་པ་བདག་ལ་མེད། །ངས་ལྟ་སྒོམ་རྒྱལ་པོ་རྫོགས་ཆེན་ཤེས། །རང་རིག་རང་གསལ་རང་བབས་ངང་། །ངས་སྤྱོད་པའི་རྒྱལ་པོ་རྫོགས་ཆེན་ཤེས། །སྐྱོན་ཡོན་ཤར་གྲོལ་རྗེས་མེད་ངང་། །ངས་འབྲས་བུའི་རྒྱལ་པོ་རྫོགས་ཆེན་ཤེས། །ཐོག་མའི་ཀ་དག་བཙན་ས་ཟིན། །ད་ཕྱི་རབས་རྣལ་འབྱོར་སྒོམ་ཆེན་རྣམས། །གནས་དགའ་འགྱུ་སྡུག་མ་བགྲངས་གཅིག །སེམས་བཅོས་བསྒྱུར་རྟོག་པས་མ་བསླད་གཉིས། །རྩོལ་སྒྲུབ་དུག་གིས་མ་ཟིན་གསུམ། །རེ་དོགས་ཞགས་པས་མ་བཅིངས་
བཞི། །འདི་བཞིི་ཕྲིན་ལས་ཞལ་གདམས་ཡིན། །མ་བསྒོམས་ཉམས་རྟོགས་མ་འདོད་གཅིག །མ་བཟླས་ནུས་མཐུ་མ་རེ་གཉིས། །མ་བསྲུངས་དངོས་གྲུབ་མི་ཐོབ་གསུམ། །མ་འབད་མངོན་དུ་མི་འགྱུར་བཞི། །འདི་བཞི་ཕྲིན་ལས་ཞལ་གདམས་ཡིན། །ངེས་ཤེས་བཅུ་གཉིས་རྡོ་རྗེའི་མགུར། །དེ་རིང་ཁ་ཆེམས་གླུ་རུ་བླངས། །ཟབ་ཟབ་འདྲ་ན་མགུར་འདི་ཐོབ། །རྫུན་རྫུན་འདྲ་ན་བོར་ལ་ཐོངས།། །། ༈ ལས་རབ་རྩལ་གྱི་ཀློང་ཆེན་བཅུ་གསུམ་གྱི་མགུར་ཞེས་ཀྱང་བྱ་ཡིན་མིན་འབྲས་བུའི་གླུ་ཞེས་བྱ་བ་བཞུགས། ཀློང་ཆེན་རབ་འབྱམས་ཀུན་ཏུ་བཟང་པོའི་ཀློང་། །ལྷུན་གྲུབ་སྐུ་གསུམ་ཀློང་ལ་ཕྱག་འཚལ་ལོ། །ཀློང་ཆེན་རབ་འབྱམས་ཀུན་ལ་ཁྱབ་པའི་ཀློང་། །འགྲོ་ལ་བདེ་གཤེགས་སྙིང་པོ་བཞུགས་པའི་ཀློང་། །ཀློང་ཆེན་རབ་འབྱམས་ཡེ་ནས་སངས་རྒྱས་ཀློང་། །གདོད་མའི་ཡེ་ཤེས་རང་ལ་གནས་པའི་ཀློང་། །ཀློང་ཆེན་རབ་འབྱམས་གློ་བུར་སྒྲིབ་བྲལ་ཀློང་། །སྐྱོན་གྱིས་མ་གོས་དག་པ་ཆེན་པོའི་ཀློང་། །ཀློང་ཆེན་རབ་འབྱམས་དཔེ་དང་བྲལ་བའི་ཀློང་། །དཔེ་མེད་ཕྱོགས་ལྷུང་མཚན་མ་མེད་པའི་ཀློང་། །
ཀློང་ཆེན་རབ་འབྱམས་ཚིག་ལས་འདས་པའི་ཀློང་། །བརྗོད་དུ་མེད་པའི་རང་གསལ་དགོངས་པའི་ཀློང་། །ཀློང་ཆེན་རབ་འབྱམས་དམིགས་གཏད་བྲལ་བའི་ཀློང་། །འཇུར་བུས་མ་བཏབ་གཉེན་པོ་ཞིག་པའི་ཀློང་། །ཀློང་ཆེན་རབ་འབྱམས་རང་མདངས་རིག་པའི་ཀློང་། །སྐྱོན་ཡོན་མཚན་མས་གོས་པ་མེད་པའི་ཀློང་། །ཀློང་ཆེན་རབ་འབྱམས་རྒྱ་ཆེན་ནམ་མཁའི་ཀློང་། །ཀོར་ཙེར་མ་བཅིངས་རྒྱ་ཡན་ཡངས་པའི་ཀློང་། །ཀློང་ཆེན་རབ་འབྱམས་ཤར་གྲོལ་དུས་མཉམ་ཀློང་། །འཛིན་མེད་མ་བཅོས་རང་ཤར་རང་བབས་ཀློང་། །ཀློང་ཆེན་རབ་འབྱམས་སོ་མ་གཉུག་མའི་ཀློང་། །ཅོག་བཞག་བློ་བདེ་རྩོལ་སྒྲུབ་ཟད་པའི་ཀློང་། །ཀློང་ཆེན་རབ་འབྱམས་བཙན་ས་ཟིན་པའི་ཀློང་། །མཆོག་གྱུར་རྒྱལ་བའི་གོ་འཕང་བརྙེས་པའི་ཀློང་། །ཀློང་ཆེན་རབ་འབྱམས་ལྷུན་གྲུབ་རང་ཆས་ཀློང་། །ཆོས་ལོངས་སྤྲུལ་གསུམ་མ་བཙལ་རྫོགས་པའི་ཀློང་། །ཀློང་ཆེན་རབ་འབྱམས་དོན་གཉིས་མཐར་ཕྱིན་ཀློང་། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུའི་ཀློང་། །
ཀློང་ཆེན་བཅུ་གསུམ་ཟབ་དོན་རྡོ་རྗེའི་ཚིག །ངེས་དོན་ལས་རབ་ངག་ལས་བྱུང་བའི་ཀློང་། །ཀློང་ཆེན་མཐར་ཐུག་འབྲས་བུ་གང་ཞེ་ན། །བསྐྱེད་རིམ་འཕྲོ་འདུ་ཀུན་རྟོག་འབྲས་བུ་མིན། །རྟོག་བྲལ་བསྒོམ་མེད་རང་གསལ་འབྲས་བུ་ཡིན། །ངག་གི་བཟླས་བརྗོད་སྙིང་པོའི་འབྲས་བུ་མིན། །ཚིག་ལས་འདས་པའི་བརྗོད་མེད་འབྲས་བུ་ཡིན། །ལས་རླུང་འབྱུང་འཇུག་སྲོག་རྩོལ་འབྲས་བུ་མིན། །འབད་རྩོལ་བྲལ་བའི་ངང་གནས་འབྲས་བུ་ཡིན། །དབབ་ལྡོག་ཀུན་རྫོབ་ཐིག་ལེ་འབྲས་བུ་མིན། །མི་འཇིགས་དོན་དམ་ཡེ་ཤེས་འབྲས་བུ་ཡིན། །སྟོང་པ་ཡིད་སྨོན་བློས་བྱས་འབྲས་བུ་མིན། །བྲལ་ཐོབ་དམིགས་མཐའ་མེད་པ་འབྲས་བུ་ཡིན། །ཐོས་ཕྱིར་གོ་ཡུལ་སེམས་གཞོལ་འབྲས་བུ་མིན། །མངོན་སུམ་བཅར་ཕོག་རྟོགས་གྲོལ་འབྲས་བུ་ཡིན། །འདི་ལྟར་རྟོགས་ན་ད་ནི་གླུ་ལེན་ཏེ། །གླུ་འདི་འགྱུར་བ་མེད་པ་རྡོ་རྗེའི་གླུ། །ཚིག་འདི་མཐར་ཐུག་མྱ་ངན་ལས་འདས་ཚིག །དོན་འདི་གཞན་མིན་རང་ལས་རྙེད་པའི་དོན། །གཞི་ལ་འབྲས་བུ་ཡེ་ནས་གནས་པའི་དོན། །ལམ་དུ་
འབྲས་བུ་རང་ངོ་སྐྱོང་བའི་དོན། །མཐའ་ཐུག་འབྲས་བུ་ཆོས་ཟད་ངང་གནས་དོན། །འདི་ལྟར་རྟོགས་ན་ད་ནི་གླུ་ལོངས་ཤིག །ཅེས་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་ཀློང་ཆེན་རབ་འབྱམས་བཟང་པོའི་གདུང་རུས་ཡིན་གསུངས་ནས་བྱིན་རྟེན་ཆེ་བ་ཞིག་གནང་བས། དེའི་ཚེ་རང་ཉིད་ཉམས་སྤྲོ་ནས་ལས་རབ་རྩལ་གྱིས་སྦྱར་བའོ།། །། ༈ དེ་ནས་ཁོ་བོ་དཔའ་བོ་ལས་རབ་ཀྱི། །རྟེན་འབྲེལ་མང་འཕྱུག་བར་ཆད་དབང་གྱུར་དུས། །ཡང་གཏེར་སྦ་བའི་དུས་ལ་བབ་པའི་ཚེ། །སྲོད་དེར་རོལ་མོ་སྣ་ཚོགས་འུར་སྒྲ་བྱུང་། །དེ་རྗེས་འུར་སྒྲ་ཐུག་ཆོམ་འབིར་བ་བྱུང་། །ནམ་གྱི་སྲོད་འཁོར་རླུང་ནག་དྲག་པོ་འཚུབས། །འབྲུག་སྒྲོག་གློག་དམར་འཁྱུག་ཅིང་ཐོག་སེར་འཁྲུགས། །སྤྲིན་ནག་མུན་པ་འཐིབས་ཤིང་སྐྲག་དངངས་སྟོན། །རྡོར་ལེགས་མི་རེང་དམར་པོ་སྤྱང་ཀི་ཞོན། །བ་སྤུའི་གསེབ་ནས་མེ་སྟག་ཁྱུག་ཁྱུག་བྱེད། །རྒྱལ་པོ་བན་གཟུགས་སྦྲུལ་གྱི་སྐད་ཆིངས་ཅན། །བཙན་དམར་རྟ་པ་ཟེར་འཕྲོ་ཨམ་གཙིགས་བསྡམས། །བཤན་དམར་ཁྲག་རུལ་མདོག་འདྲ་གློག་ཞགས་རྡེབ། །ཁྲོ་བོ་འདྲ་ལ་རྔམ་པའི་ཉམས་བག་
བཅས། །ཡིད་མི་འོང་བའི་དྲི་ངན་དག་ཀྱང་འཐུལ། །ཀུན་ཀྱང་ལག་པ་བརྐྱངས་ཤིང་སྤར་མོ་འཛེད། །འདྲེ་ཞད་ཆེ་བའི་འཇིགས་ཟིལ་མ་བཟོད་ནས། །ཁོ་བོ་ལུས་འདར་ཁ་སྐོམ་གློ་སྙིང་སྡེབ། །བ་སྤུ་ལྡང་ཞིང་རྩེ་ཡམ་སྐད་མ་ཐོན། །ཁོང་རྣམས་མགྲིན་གཅིག་ངག་ཏུ་འདི་སྐད་ཟེར། །ཀྱེ་ཧོ་ཉོན་ཅིག་དཔའ་བོ་ལས་རབ་རྩལ། །དུས་གསུམ་སངས་རྒྱས་པདྨ་འབྱུང་གནས་དང་། །འཆི་མེད་རྡོ་རྗེའི་སྐུ་བརྙེས་བི་མ་ལ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོ། །འཇམ་དཔལ་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་རྗེ། །ས་ལམ་མངོན་གྱུར་ལོ་པཎ་མང་པོའི་ཚོགས། །བོད་དུ་ཞལ་འཛོམས་ཐུབ་བསྟན་སྒྲོན་མེ་སྦར། །ཁྱད་པར་རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི། །ངེད་ཅག་དྲེགས་པའི་སྲོག་འཕྲོག་གཙིགས་ལ་ཕབ། །བཀའ་དང་བསྟན་པ་གཏེར་གྱི་སྲུང་མར་བསྐོས། །ཕྱི་རབས་དོན་དུ་ཟབ་གཏེར་དཔག་མེད་སྦས། །ལས་ཅན་རྣམས་ཀྱིས་རིམ་པར་འགྲོ་དོན་མཛད། །དུས་ངན་དེང་སང་བསྐལ་པའི་ཡང་མཐར་ཐུག །ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ། །ཁྱོད་ཉིད་བར་ཆད་དབང་
སོང་དངོས་གྲུབ་ཡལ། །འཛམ་གླིང་རྒྱལ་པོ་ཡོན་མཆོད་ལས་ཟོག་འདི། །ས་ཡིས་མི་ཐེག་བཞག་ཀྱང་ག་ལ་སྡོད། །མི་རྣམས་བསོད་ནམས་དམན་ཞིང་ལས་འཕྲོ་ངན། །སྣོད་དུ་རུང་བའི་གང་ཟག་ཉིན་སྐར་འདྲ། །རྩོག་མནོལ་དམ་ཉམས་རྐྱེན་གྱིས་དག་སྣང་བསྒྲིབས། །རྟེན་འབྲེལ་གནས་དུས་འདས་པས་དངོས་གྲུབ་ཡལ། །ནགས་ཕྱོགས་བདུད་སྡེ་ཁ་ལྷག་བར་ཆད་ཞུགས། །སེམས་ཅན་བསོད་ནམས་དམན་པས་བོ་ཟག་རལ། །ཁྱོད་རང་ཡི་ཆད་གྱུར་པ་བདེན་ཡང་བདེན། །དངོས་གྲུབ་རྫས་ལ་འཛིན་ཆགས་མ་བྱེད་པར། །རྒྱལ་བའི་བཀའ་དང་ཕྱི་རབས་འགྲོ་དོན་སོམས། །ངེད་ཅག་སོ་སོར་གཏོད་དང་གདན་འདྲེན་ནོ། །དེ་ནས་ཁོ་བོས་གཏོར་མ་གསེར་སྐྱེམས་བཅས། །བདེན་པ་བདར་ཞིང་བཀའ་བསྒོས་དམ་ཚིག་བསྒྲགས། །གུ་རུ་རྡོ་རྗེ་དྲག་པོའི་གསལ་སྣང་ངང་། །ཧཱུྃ། གསོན་ཅིག་ཉོན་ཅིག་འཇིག་རྟེན་དྲེགས་པའི་སྡེ། །ང་ནི་རྗེ་བཙུན་བླ་མའི་ཐུགས་ཀྱི་སྲས། །ཨོ་རྒྱན་རྡོ་རྗེ་འཆང་གིས་རྗེས་སུ་བཟུང་། །ཟབ་དོན་སྙིང་ཐིག་ཆོས་ལ་ཐུགས་
དམ་བྱས། །ཡེ་ཡིན་སངས་རྒྱས་དགོངས་པ་རང་ལས་རྙེད། །ཀུན་རྫོབ་མཚན་མའི་རྫས་ལ་རག་མ་ལས། །འོན་ཀྱང་གུ་རུའི་བྱིན་རླབས་ཡ་མཚན་རྫས། །རང་དོན་གསོལ་བ་འདེབས་པའི་རྟེན་ཙམ་དང་། །གཞན་དོན་སེམས་ཅན་དད་པའི་ཡུལ་ཙམ་ཞིག །དབང་ན་སེམས་ལ་དགའ་སྣང་ལོས་སུ་ཚོར། །ད་ལོའི་སྔོན་མ་མེ་མོ་བྱ་ཡི་ལོ། །ཟླ་བ་དགུ་པའི་ཚེས་པ་དྲུག་གི་ནུབ། །རྟེན་འབྲེལ་ལན་དགུ་བར་ཆད་དབང་དུ་སོང་། །དངོས་གྲུབ་རྫས་མང་འདམ་སོགས་ཁྲམ་པས་བརླགས། །དོ་ནུབ་ས་བྱ་ཧོར་ཟླ་དགུ་པ་ཡི། །ཚེ་བཅུའི་ནུབ་མོ་གཅིག་པུར་དབེན་པའི་སར། །ཆོས་སྐྱོང་རྣམས་ཚོས་འཇིགས་པའི་སྐུར་བསྟན་ནས། །གཏེར་རྫས་ཡང་གཏེར་བསྐུལ་ཚིག་ཚིག་ཕྲེང་བསྡེབས། །བསྟན་པ་སྲུངས་ཤིག་དམ་ཅན་ཆོས་སྐྱོང་རྣམས། །དེ་ནས་ཁོ་བོའི་ལུང་བཞིན་སོ་སོར་བཙས། །འཇའ་འོད་མེར་མེར་སྤོས་དྲི་ཆིལ་ཆིལ་བྱུང་། །ལྷོ་ནུབ་ཕྱོགས་སུ་མཁའ་ལ་གདན་དྲངས་ཐལ། །དེ་ཚེ་བདག་འདྲ་བདུད་རྒན་ཕྲིན་ལས་ངས། །སྣང་བ་སྟོང་སངས་རིག་པ་ཧད་དེ་ཐལ།། །། ༈ ཨོ་
རྒྱན་ཆེན་པོ་སྤྲུལ་པའི་སྐུ། །བོད་སྐྱིད་ན་གྲུབ་མཐའ་རང་མགོ་ཁུར། །སྡུག་ན་འོ་དོད་ཁྱོད་ལ་འབོད། །བོད་སྤྲེའུའི་ཚ་བོ་སྙིང་རེ་རྗེ། །ཕན་བཏགས་པའི་ལན་དུ་གནོད་སྐྱེལ་ཚོ། །ཁམས་སྲིན་མོའི་རྒྱུད་པར་སྙིང་ནས་སུན། །ནུབ་ཟླ་བ་ཚེས་ཀྱི་འོག་རོལ་ཕྱོགས། །སྟོད་ཡ་ན་གྷོ་ཥ་མེ་ལྟར་འབར། །ཤར་ཉི་མ་འཆར་བའི་འོག་རོལ་སྨད། །སྨད་མ་ན་རྒྱ་ནག་ཆུ་ལྟར་ཁོལ། །བོད་དབུས་གཙང་མི་འདི་ཀླད་པ་བརྡབས། །ཀླད་པའི་རྒྱ་ཐག་ཆད་ལ་ཁད། །སྨད་འདི་ན་རོང་བ་གླེན་གྱིས་བཀབ། །གླང་ཡུང་ཁུས་འགྲངས་ན་ཡང་དང་འགྱིང་། །བར་བྱང་འབྲོག་སྨྱོན་པ་རི་དྭགས་འགྲོགས། །གཏམ་འབྱམས་ཡིག་མང་ན་དེ་བས་འགྲོགས། །ཕན་འདོགས་པའི་དྲིན་ཅན་ས་མཐར་འཁྱམས། །གནོད་འཆང་བའི་དགྲ་བོར་ངོ་སོ་བསྟོད། །ལས་བྱས་པ་གོ་ལོག་སོང་བ་ལ། །འོ་བརྒྱལ་གྱི་ཚོར་བ་ཡོང་ལ་ཉེ། །སྤྲང་མི་ཡུལ་འགྲིམ་པའི་སྨྱོན་པ་ལ། །ས་བཟང་པོ་ཁྲི་འདུ་ལུང་པ་ནས། །ཁྱོད་བཤེས་གཉེན་ག་དྲུག་ཤཱཀྱ་ཡིས། །མགུར་དགོས་ཞེས་གསུང་ངོར་མེ་ལུག་གི། །ཟླ་བ་
བཅུ་པའི་ཚེས་ལ་བླངས་པ་ཡིན། །ཁོ་རྡོར་བྲག་གི་སྔགས་རྒན་རལ་པ་ཅན། །སོ་པའི་རྒྱང་ལྟས་བྱས་བྱས་ནས། །དགྲ་རང་རྩ་འཁོར་བ་མི་རིག་དུ།། །། ༈ རྗེ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །ད་ཉོན་དང་མགོ་ནག་རྣ་བ་ཅན། །སེམས་དང་དྲན་ཤེས་ལྡན་པའི་མི། །ཡ་ཀི་བལ་པོའི་ཡུལ་ཤེད་ན། །བཟའ་རོགས་ཤི་བའི་རོ་མེ་ལ། །བཟའ་རོགས་གསོན་པོར་ལྕེབས་ནས་འཆི། །ལས་དེ་ལ་བསམས་ཤིང་དེ་ལ་འགྱོད། །ཕ་ཀི་ཀློ་ཡི་ཡུལ་ཤེད་ན། །མནའ་མ་བླངས་ནས་སྒྱུག་མོ་བཤའ། །དྲིན་ཨ་མའི་ཤ་ལ་སྟོན་མོ་བྱེད། །ལས་དེ་ལ་བསམས་ཤིང་དེ་ལ་འགྱོད། །དབུས་ཀྱི་ལྷ་ས་ཁྲ་མོ་ན། །ཡུལ་གཉན་པོ་ཇོ་བོའི་སྐུ་དྲུང་དུ། །དགེ་སློང་གཟུགས་ཀྱིས་དགེ་སློང་གསོད། །ལས་དེ་ལ་བསམས་ཤིང་དེ་ལ་འགྱོད། །རྫ་འབྲིའི་རྒྱུད་ཀྱི་བན་ཁྲམ་གྱིས། །ཆོས་གོས་ཆོས་གྲོགས་ཆོས་སྤྱོད་སྤངས། །སྡིག་སྤྱོད་མཚོན་ཐོགས་ཚོང་འདུས་འགྲིམ། །ལས་དེ་ལ་བསམས་ཤིང་དེ་ལ་འགྱོད། །ཧབ་རྫིས་ཐེབས་པའི་ཚོང་པ་ཡིས། །བཤའ་ལུག་དམར་
གཡོས་ཁྲག་ལ་ཕབ། །རང་དམྱལ་བའི་གནས་སུ་ཞེ་རེ་འཇིགས། །ལས་དེ་ལ་བསམས་ཤིང་དེ་ལ་འགྱོད། །ཆུ་ཆེན་རྒྱ་མཚོའི་འགྲམ་ཤེད་ན། །ཉ་པས་ཉ་ཁྲི་ཉ་འབུམ་གསོད། །སྡིག་པའི་ལས་ཀྱིས་མ་སྨད་གསོ། །ལས་དེ་ལ་བསམས་ཤིང་དེ་ལ་འགྱོད། །མ་ཀི་རྒྱ་ནག་ཡུལ་ཤེད་ན། །མི་བཤན་པས་ཡ་རབས་དྲང་པོ་གསོད། །གསོད་ལ་དཔའ་ཞིང་སྡིག་ལ་དགའ། །ལས་དེ་ལ་བསམས་ཤིང་དེ་ལ་འགྱོད། །འགྱོད་པ་རྣམ་བདུན་དྲང་པོོའི་གླུ། །འབྲི་རྒྱུད་ཁྲི་འདུ་ལུང་པ་རུ། །ཀ་དྲུག་ཤཱཀྱས་གསུང་ངོ་རུ། །དཔའ་བོ་ལས་རབ་རྩལ་གྱིས་བླངས།། །། ༈ རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །སྤྲང་རང་སྐྱོན་མཐོང་བར་བྱིན་གྱིས་རློབས། །དུས་སྙིགས་མའི་མཐའ་ལ་ཐུག་པ་ཡི། །ཆོས་ཐེག་རིམ་ལ་ཞུགས་བནྡེ་ཚོས། །སྒོས་ང་དང་ན་མཉམ་སྐལ་མཉམ་ཚོས། །རྗེ་གོང་མའི་ཡོན་ཏན་མཐོང་གྱུར་ཀྱང་། །སེམས་དད་པ་མི་ཤེས་དུད་འགྲོའི་ཁྱུ། །མར་རིགས་དྲུག་སྡུག་བསྔལ་མཐོང་གྱུར་ཀྱང་། །ཡིད་སྐྲག་དངངས་མེད་པའི་དྲེད་པོ་རྣམས། །རང་
དགྲ་གཉེན་ན་ཟླ་ཤི་གྱུར་ཀྱང་། །བདག་རྟག་པར་འཛིན་པའི་མགོ་འཁོར་ཚོ། །ལུས་ཕྱི་ཚུལ་གཟབ་པས་མཛེས་ནའང་། །ནང་ཉེ་བར་མ་ཞི་སྦྲུལ་དང་འདྲ། །རི་ས་ཁུང་བྲག་ཕུག་བསྟེན་གྱུར་ཀྱང་། །སེམས་ཉམས་མྱོང་མེད་པའི་སྡུག་རྒན་འགའ། །ལས་རྒྱུ་འབྲས་སྤང་བླང་མི་བྱེད་པར། །རང་ཆོས་པར་རློམ་པའི་གཏི་མུག་འདི། །བློ་ཉིན་སྲིབ་ཆེ་བའི་སེམས་བསྐྱེད་ཀྱིས། །མགོན་རྒྱལ་སྲས་ལམ་བཟང་མི་བགྲོད་དུ། །ལས་རོ་བཤའ་རྔ་རྡུང་གྱེར་མི་ལ། །གསང་སྔགས་ཀྱི་བྱིན་རླབས་མི་ཆགས་དུ། །དོན་བསྐྱེད་རྫོགས་ཡ་བྲལ་ཆོ་ག་ལ། །དངོས་གྲུབ་དྲོད་ཚད་མི་སྨིན་དུ། །རྩིང་སྤྱོད་སྨྱོན་སྤྱོད་བརྟུལ་ཞུགས་ཀྱིས། །དཔལ་གྲུབ་ཐོབ་གྲལ་མཇུག་མི་ཟིན་དུ། །ཉམས་གང་སྟོང་དགའ་སྡུག་སྒོམ་ཆེན་གྱིས། །སེམས་བློ་བྲལ་གྱི་གཏན་སྲིད་མི་ཟིན་དུ། །སྤྱིར་བྱ་བྱེད་འདུ་འཛིའི་གཡབ་མོ་འདིས། །ཚེ་ཟད་པ་རང་གིས་མི་ཚོར་དུ། །ལས་མི་ལྡང་མི་འཕྱིད་ཚོལ་སྒྲུབ་ཀྱིས། །ཚེ་ཕྱི་མའི་དམ་ཆོས་མི་ཁོལ་དུ། །ཆེ་སྣང་དང་ཕོ་ཚུགས་ཞིག་དོགས་ནས། །ཕྱོགས་མེད་བྱ་བྲལ་མི་ཕོད་དུ། །
སྤྲང་རང་སྐྱོན་གཞན་སྐྱོན་བགྲང་བའི་གླུ། །ལམ་ཟབ་མོ་གུ་རུའི་སྒྲུབ་ཆེན་གྱི། །རྫས་ཟབ་མོ་མྱོང་གྲོལ་སྒྲུབ་པའི་དུས། །ས་བྱང་ཡུལ་མཐའ་སྐད་དུ་རུ་ཇིར། །བདག་ལས་རབ་རྩལ་གྱིས་གླེང་བའོ།། །། ༈ དེ་ནས་ཡང་ཨ་བོ་ཕྲིན་ལས་ཀྱི་མགུར་བཞེངས་པ། ཀྱེ་ཧོ་ཕྱི་མའི་རྣམ་སྨིན་མ་དྲན་བན་རྒོད་ཀྱི། །རྣམ་ཤེས་དམ་པའི་ཆོས་ལ་མི་ཁུག་དུ། །ཚེ་འདིའི་ཉན་ཐབས་བསམ་པའི་སློབ་དཔོན་གྱིས། །རང་སེམས་གཙང་མའི་འགྲོ་དོན་མི་འགྲུབ་དུ། །སྟན་ཐོག་ཚེར་མ་ཟུག་པའི་ལང་འདུག་འདིས། །བསྐྱེད་རིམ་སྣང་སྟོང་ལྷ་སྐུ་མི་བརྟན་དུ། །ངག་སྒྲིབ་ལོང་གཏམ་འབྱམས་པའི་ངན་ལང་འདིས། །བཟླས་བརྗོད་སྔགས་ལ་ནུས་པ་མི་འབྱིན་དུ། །རྣམ་རྟོག་ཞེ་སྡང་འཁྲུགས་པའི་རླུང་དམར་འདིས། །ཏིང་འཛིན་ཟབ་མོའི་སྒྲོན་མེ་མི་གསལ་དུ། །རོལ་འཆོལ་འུར་ཚགས་ཙ་ཙི་ཉོག་པ་འདིས། །ཡེ་ཤེས་སྤྱན་འདྲེན་བྱིན་རླབས་མི་ཕེབས་དུ། །ར་སྐད་ལུག་སྐད་འདྲེས་པའི་གསུང་ཆོག་འདིས། །ཉན་འདོད་ཡོད་ཀྱང་རྣ་བར་མི་མཛེས་དུ། །བདེན་མེད་བདེན་པ་བདར་བའི་རྦད་
བསྐུལ་འདིས། །དམ་ཅན་ཆོས་སྐྱོང་ལས་ལ་མི་ཚུད་དུ། །ཨ་བོ་ཕྲིན་ལས་གྲོང་ཚིག་དུམ་ཆོད་ལ། །སྒྲ་དང་སྡེབ་སྦྱོར་མངོན་བརྗོད་མི་ཚང་དུ།། །། ༈ རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །རྗེ་བླ་མའི་གསུང་ལ་གསོལ་བ་འདེབས། །རྗེ་བླ་མའི་ཐུགས་ལ་གསོལ་བ་འདེབས། །རྗེ་མཚུངས་མེད་ཁྱེད་ཀྱི་བྱིན་རླབས་ཀྱིས། །རང་གཞན་སེམས་ཅན་ཐམས་ཅད་ཀྱི། །ལས་ངན་བག་ཆགས་ཞི་བར་ཤོག །རྒྱུ་འབྲས་ཆོས་ཀྱི་རྨིང་རྡོ་ཡིན། །སྤང་བླང་མ་འཆོལ་སྙིང་མེད་རྣམས། །སྙིང་རྗེ་ཆོས་ཀྱི་ལམ་ཆེན་ཡིན། །དེ་དང་མ་འབྲལ་བྱིས་པ་རྣམས། །བསྐྱེད་རྫོགས་ཆོས་ཀྱི་སྙིང་པོ་ཡིན། །སྙིང་པོ་མ་སྟོར་གླེན་པ་རྣམས། །སྡུག་བསྔལ་དགེ་བའི་བསྐུལ་མ་ཡིན། །ལམ་འཁྱེར་མ་ཞན་ཆོས་གཟུགས་རྣམས། །མི་ང་ནི་རྗེ་བཙུན་བླ་མའི་སྲས། །ཆོས་དཔེ་ལ་མ་བཞག་དོན་ལ་བསླབས། །དོན་ཡལ་བར་མ་བཏང་ལག་ཏུ་བླངས། །ཉམས་ལེན་གནད་ལ་གོམས་འདྲིས་བྱས། །རང་ཆེ་མིན་ཏེ་དྲང་བཤད་ཡིན། །སྤྱིར་ཁམས་གསུམ་སེམས་ཅན་སྒྲིབ་པ་འཐུག །དགོས་དེང་སང་མི་ངན་ཆོས་འགལ་
མང་། །ཆོས་འགལ་ངོ་སོར་འཁྱེར་ཞིང་ངོམ། །གླེན་པ་རང་མཚང་ངོམ་ལ་དཔའ། །བླ་མའི་ཐུགས་གཅེས་ལས་རབ་ང་། །འདམ་སོགས་ཁྲམ་པས་རྐུ་བརླགས་གཏོར། །གཅེས་ཕངས་དངོས་པོ་གང་བཟང་ཤོར། །ཨོ་རྒྱན་ཆེན་པོས་ངོ་སྤྲོད་གནང་། །ང་འཛིན་ཞེན་དག་པ་སྒྱུ་མའི་རྫོང་། །རྫོང་འདི་དང་ལྡན་པའི་མི་ཡོད་དམ། །རྫོང་འདི་ཆོས་མཛད་ཡོངས་ལ་དགོས། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །ལྟ་སྒོམ་ཅན་གྱི་ལས་རབ་ང་། །རྩེ་གཅིག་ཏིང་འཛིན་བསྒོམས་པའི་དུས། །ཕྲ་རགས་རྟོག་ཚོགས་མང་པོ་དང་། །དུག་ལྔ་བག་ཆགས་ངན་གོམས་སོགས། །སྤང་བླང་རེ་དོགས་བདེ་གཟར་ཀུན། །ངས་མ་བཅོས་ལྷུག་པ་སྒོམ་པའི་རྫོང་། །རྫོང་འདི་དང་ལྡན་པའི་མི་ཡོད་དམ། །རྫོང་འདི་ཆོས་མཛད་ཡོངས་ལ་དགོས། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །བརྟུལ་ཞུགས་རྩལ་སྦྱོང་ལས་རབ་ང་། །དྲག་རྩུབ་རི་གཉན་བསྐོར་ཞིང་འགྲིམས། །འདྲེ་རྒོད་མང་པོའི་ཆོ་འཕྲུལ་དང་། །སྐྱ་ལི་རྒྱས་ཀྱིས་ཐོག་ཆར་ཕབ། །ང་ཡ་ང་མེད་པ་ལྟ་བའི་རྫོང་། །
རྫོང་འདི་དང་ལྡན་པའི་མི་ཡོད་དམ། །རྫོང་འདི་ཆོས་མཛད་ཡོངས་ལ་དགོས། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །གནད་ལ་གནད་ཤེས་ལས་རབ་ང་། །སྔོན་ལས་རྡོལ་དང་འཕྲལ་རྐྱེན་གྱི། །ནད་དང་གནོད་པ་ཟུག་རྔུ་དང་། །སྐྱེ་འཆི་འདུ་འབྲལ་བཟོད་མེད་ཀུན། །ཉམས་ལེན་གཟེར་འདེབས་ལམ་འཁྱེར་རྫོང་། །རྫོང་འདི་དང་ལྡན་པའི་མི་ཡོད་དམ། །རྫོང་འདི་ཆོས་མཛད་ཡོངས་ལ་དགོས། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །གཏད་མེད་གུ་ཡངས་ལས་རབ་ང་། །རྣམ་འདྲེན་རྫོགས་ཆེན་གསུམ་པ་ཡི། །ཆོས་མཐོང་དད་པས་དབང་ཁྲིད་གསན། །དཔོན་སློབ་རང་མཚང་ངོམ་ཞིང་གཤེ། །ངས་ཆུ་སྒྲར་ཤེས་པའི་ཟོལ་མེད་རྫོང་། །རྫོང་འདི་དང་ལྡན་པའི་མི་ཡོད་དམ། །རྫོང་འདི་ཆོས་མཛད་ཡོངས་ལ་དགོས། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །ཡ་རབས་ཀྱིས་བཀུར་ལས་རབ་ང་། །ཆོས་ཉན་འདུས་དང་བསྟོད་པ་ཡིས། །ལེད་པའི་བླ་སྨྱོན་ཁོང་ཁྲོ་འཁྲུགས། །སྤྱོད་པ་རྩུབ་ལྷོང་ཁ་འཆལ་བསྒྲགས། །ངས་བྲག་ཆར་ཤེས་པ་སྟོང་པའི་རྫོང་། །རྫོང་འདི་དང་ལྡན་
པའི་མི་ཡོད་དམ། །རྫོང་འདི་ཆོས་མཛད་ཡོངས་ལ་དགོས། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །དགེའོ།། །། ༈ མཚུངས་པ་མེད་པའི་རིན་པོ་ཆེ། །ངེས་པ་དོན་གྱི་རྡོ་རྗེ་འཛིན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐུགས་རྗེས་གཟིགས་ཤིང་བྱིན་གྱིས་རློབས། །དེང་སང་རང་གཞན་མཚང་འགའ་མཐོང་། །དེ་ཡང་རྗེ་བཙུན་ཁྱེད་ཀྱི་དྲིན། །བཀའ་དྲིན་འཁོར་མེད་རིན་པོ་ཆེ། །བདག་རྒྱུད་གྱོང་པོ་བྱིན་གྱིས་རློབས། །གང་གི་ཐུགས་རྗེས་དོར་བ་ན། །སྔོན་གྱི་རྒྱལ་བས་བདག་དོར་བས། །བྱང་ཆུབ་ཐོབ་པར་བདག་མི་རེ། །ཀྱེ་མ་ཀྱེ་ཧུད་རྡོ་རྗེ་འཆང་། །ངེད་ཅག་ཆོས་མིན་བྱ་བ་མང་། །ཁ་ཆོས་ནེ་ཙོས་འདོན་པ་འདྲ། །ལག་ལེན་སྤྲེའུའི་རྩེད་མོ་འདྲ། །བྲག་ཕུག་གླ་བའི་མདུང་ཚུགས་འདྲ། །སྒོམ་པ་ཁང་སྟོང་ཁྱི་རྐུན་འདྲ། །གནས་སྐོར་སྤྲང་པོས་ཡུལ་འགྲིམས་འདྲ། །གདམས་ངག་ནད་པའི་སྨན་རྐྱལ་འདྲ། །འགྲོ་དོན་རང་འདོད་ནོར་ཚོལ་འདྲ། །འདྲ་བའི་དཔེ་བདུན་རང་གཞན་མཚང་། །ངེས་པའི་དོན་
ལ་ཉེ་བ་ན། །འཁོར་བར་ཞེན་པ་ལོག་པ་དང་། །དགོས་མེད་རྒྱུད་ལ་སྐྱེ་བ་དང་། །བཟང་འདོད་ཕོ་ཚུགས་ཞིག་པ་གསུམ། །དགོས་པར་འཆིས་ཀྱང་རྒྱུད་ལ་དབེན། །ཁ་ཞེ་མེད་པའི་དད་པ་དང་། །ངོ་ལྐོག་མེད་པའི་དམ་ཚིག་དང་། །ཐེ་ཚོམ་མེད་པའི་ཉམས་ལེན་གསུམ། །དགོས་པར་མཆིས་ཀྱང་རྒྱུད་ལ་དབེན། །དུལ་བའི་ངང་དུ་གནས་པ་དང་། །དགེ་སྦྱོར་དུས་ལས་མི་འདའ་དང་། །ཉེས་བྱས་འགྱོད་པས་བཤགས་སྡོམ་གསུམ། །དགོས་པར་མཆིས་ཀྱང་རྒྱུད་ལ་དབེན། །རང་གི་འདོད་ཚུལ་འདིར་སྨོས་ན། །རྒྱུ་འབྲས་ཞིབ་པའི་ཕ་རོལ་ན། །འདུལ་བ་བྱ་བ་གཞན་ན་མེད། །ངུར་སྨྲིག་མེད་ཀྱང་ཨ་འུ་ཙི། །གཞན་ཕན་འབྱོངས་པའི་ཕ་རོལ་ན། །ཐེག་ཆེན་བྱ་བ་གཞན་ན་མེད། །མཐུན་འཇུག་མེད་ཀྱང་ཨ་འུ་ཙི། །རིམ་གཉིས་སྦྱངས་པའི་ཕ་རོལ་ན། །གསང་སྔགས་བྱ་བ་གཞན་ན་མེད། །གྱེར་དབྱངས་མེད་ཀྱང་ཨ་འུ་ཙི། །སངས་རྒྱས་རང་ལ་རྙེད་པ་ན། །རྫོགས་ཆེན་བྱ་བ་ལོགས་ན་མེད། །ཟོབ་འདུག་མེད་ཀྱང་ཨ་འུ་ཙི། །གལ་མེད་འབྲེལ་མེད་ཚིག་སྦྱངས་འདི། །གནམ་ལོ་
ལྕགས་ཁྱིའི་ཟླ་བ་བརྒྱད། །ཁྲོམ་ཁོག་སྐུ་མདུན་གྱིས་གཉེར་དུས། །དཔའ་བོ་ལས་རབ་རྩལ་གྱིས་བྲིས། །དགེའོ།། །། ༈ རྗེ་བཀའ་དྲིན་འཁོར་མེད་རིན་པོ་ཆེ། །རྡོ་རྗེ་སྟོབས་མཆོག་ཞབས་ལ་འདུད། །ཚེ་རབས་ལས་འཕྲོ་འབྲེལ་བའི་སྐྱབས། །མགོན་པདྨ་འབྱུང་གནས་ཞབས་ལ་འདུད། །ངས་མཆོག་གི་དངོས་གྲུབ་སྣ་ཚོགས་ཐོབ། །ཐུན་མོང་མེད་ཀྱང་འགྱོད་པ་མེད། །སེམས་ཉིད་རིག་པའི་རང་ཞལ་མཇལ། །ཐོས་བསམ་ཞན་ཡང་འགྱོད་པ་མེད། །རྫས་མྱོང་གྲོལ་འགྲོ་དོན་སྒོ་ཡང་ཕྱེས། །འགྲོ་དོན་ཆུང་ཡང་འགྱོད་པ་མེད། །སྒོ་གསུམ་མདོ་སྔགས་གཞུང་དང་མཐུན། །ད་བདུད་རྒན་ཟེར་ཡང་འགྱོད་པ་མེད། །ཆོས་མ་བསྒོམས་གྲོལ་ཐབས་མང་པོ་ཤེས། །བླུན་པོར་གྲགས་ཀྱང་འགྱོད་པ་མེད། །དད་དང་སྙིང་རྗེ་ཤུགས་ལ་འབྱོངས། །སྤྲང་སྦྱངས་སྟོབས་ཞན་ཡང་འགྱོད་པ་མེད། །བདུད་དགྲ་བགེགས་སྒྲོལ་བའི་ནུས་པར་སྨོན། །བན་ཆོས་དྲེད་འཕྱས་ཀྱང་འགྱོད་པ་མེད། །སངས་རྒྱས་བསྟན་པའི་སྒྲིབ་རྒུད་བསལ། །བསྟན་འཛིན་བརྙས་ཀྱང་འགྱོད་པ་
མེད། །དུས་ངན་པའི་མཚོན་འཁྲུག་ཞི་བར་བྱས། །ང་ཀུན་གྱིས་སྡང་ཡང་འགྱོད་པ་མེད། །ངས་དབང་དུས་ཡེ་ཤེས་མངོན་གསུམ་དབབ། །གྲུབ་རྟགས་མེད་ཀྱང་འགྱོད་པ་མེད། །ཡང་ཕུར་པ་ལྡིང་འཁྲབ་བཞད་ཅིང་འགྱིང་། །ནུས་མཐུ་དམན་ཀྱང་འགྱོད་པ་མེད། །བཀའ་བསྒོས་ཙམ་གྱིས་འདྲེ་རྒོད་ཐུལ། །ང་བྱིན་རླབས་ཆུང་ཡང་འགྱོད་སེམས་མེད། །རྗེ་བླ་མའི་ཐུགས་ཀྱི་སྲས་གཅིག་ཡིན། །ཉེ་དུས་ལོད་ཀྱང་འགྱོད་སེམས་མེད། །སྤྲང་རྒན་བྱས་ཤིང་མི་ཡུལ་འཁྱམས། །མིས་བརྩི་སྒོ་ཆུང་ཡང་འགྱོད་པ་མེད། །ངོ་མཚར་བ་བཤད་རྒྱུ་འདི་འདྲ་ཡོད། །སྐྱེ་བ་ལོ་ལྔའི་སྟེང་ནས་བསྒྲགས། །རང་ནོམ་ང་བཞིའི་སྟེང་ནས་རྙེད། །ངུ་ཡང་འཆོར་ལ་དགོད་ཀྱང་བྲོ། །མི་ང་རཏྣའི་སྤྲུལ་པ་ཡིན། །རྟེན་འདི་པདྨ་གུ་རུ་ཡིན། །ཨོ་རྒྱན་སྐུ་ཚབ་མཐོང་གྲོལ་ལགས། །ཞལ་མཐོང་ཙམ་གྱིས་འཁོར་རྒྱུན་གཅོད། །མགོན་སངས་རྒྱས་སྟོང་དང་རྩ་གཉིས་པོ། །དུས་གཅིག་མཇལ་དང་བསོད་ནམས་མཉམ། །མཆོད་བསྟོད་ཕུལ་བས་ཚོགས་གཉིས་རྫོགས། །ཕྱག་བསྐོར་བྱས་པས་སྒྲིབ་གཉིས་བྱང་། །
གསོལ་བ་བཏབ་པས་དགོས་འདོད་འབྱུང་། །གར་བཞུགས་ཡུལ་ཁམས་དགེ་ལེགས་འཕེལ། །དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ། །མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུར། །རྟེན་འདི་ལ་མཇལ་བ་ལས་འཕྲོ་བཟང་། །དད་པ་ཅན་རྣམས་བསོད་ནམས་བཟང་། །འབྲེལ་བ་ཐོབ་ཚད་སྐལ་བ་བཟང་། །གསོལ་བ་འདེབས་རྣམས་སྨོན་ལམ་བཟང་། །སེམས་དགའ་སྤྲོ་སྒོམས་ཤིག་འདིར་ཚོགས་རྣམས། །བྱིན་རླབས་ཞུས་པས་དབང་བཞི་ཐོབ། །ཁྲུས་ཆུ་ཕོག་པས་རྐྱེན་ངན་སེལ། །ཡང་ཡང་མཇལ་ན་མཆོག་དངོས་ཐོབ། །ཅེས་དཔའ་བོ་ལས་རབ་རྩལ་གྱི་རྟེན་མཐར་སྐོར་ལས་པདྨ་གུ་རུའི་མགུར་གྱི་ཚན་གཅིག་གོ། མངྒ་ལཾ།། །། ༈ ཨེ་མ་ངོ་མཚར་རྨད་དུ་བྱུང་། །བདག་ཉིད་ཆེན་པོ་པད་འབྱུང་གིས། །བོད་ཡུལ་མུན་པའི་སྨག་རུམ་དུ། །མ་རུངས་ལྷ་སྲིན་དམ་ལ་བཏགས། །སངས་རྒྱས་བསྟན་པའི་སྒྲོན་མེ་སྦར། །ཆོས་ཀྱི་རྒྱལ་པོའི་དགོངས་པ་བསྒྲུབས། །གངས་ཅན་མཐའ་དབུས་རི་བྲག་ཀུན། །སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས། །བརྒྱ་དང་བཅུ་གཅིག་བོད་ཡུལ་བཞུགས། །
ལས་ཅན་སྨིན་གྲོལ་ལམ་ལ་བཀོད། །དངོས་ཀྱི་གདུལ་བྱ་རྫོགས་པ་ཡིན། །སྲིན་པོ་འདུལ་བའི་དུས་ལ་བབ། །ད་ནི་རྔ་ཡབ་གླིང་དུ་འགྲོ། །མ་འོངས་བོད་ཀྱི་སེམས་ཅན་རྣམས། །པདྨ་འབྱུང་ནས་བདག་ཉིད་ཀྱི། །ཞལ་མི་མཇལ་ཞིང་གསུང་མི་ཐོས། །ཀྱེ་ཧུད་བོད་ཁམས་སྙིང་རེ་རྗེ། །ཕྱི་མའི་གདུལ་བྱའི་དོན་བསམ་ནས། །རི་བྲག་མཚོ་གསུམ་གཏེར་གྱིས་བཀང་། །ལས་ཅན་རྣམས་ཀྱིས་རིམ་པར་འབྱིན། །དགོས་འདོད་ཀུན་འབྱུང་ནོར་བུ་འདྲ། །ཁྱད་པར་སྐུ་ཚབ་དཔག་མེད་སྦས། །ཨོ་རྒྱན་དངོས་དང་ཁྱད་པར་མེད། །འགྲོ་བའི་བསོད་ནམས་ཞིང་གི་མཆོག །ཁྱད་པར་ལི་དཀར་ལས་གྲུབ་པའི། །གུ་རུ་སྣང་སྲིད་ཟིལ་གནོན་འདི། །ཞལ་མཐོང་ཙམ་གྱིས་འཁོར་རྒྱུན་གཅོད། །མཆོད་པ་ཕུལ་བས་ཚོགས་གཉིས་རྫོགས། །ཕྱག་དང་བསྐོར་བ་བྱས་པ་ཡིས། །ནད་གདོན་སྡིག་སྒྲིབ་བག་ཆགས་བྱང་། །གསོལ་འདེབས་སྨོན་ལམ་གང་བཏབ་འགྲུབ། །གང་དུ་བཞུགས་པའི་ས་ཕྱོགས་སུ། །བཀྲ་ཤིས་ཡོན་ཏན་བསམ་མི་ཁྱབ། །ནད་མཚོན་མུ་གེའི་བསྐལ་པ་ཞི། །
དཔའ་བོ་མཁའ་འགྲོ་དམ་ཅན་ཀུན། །སྤྲིན་ཕུང་འཐིབས་པ་བཞིན་དུ་འདུ། །མཆོག་ཐུན་དངོས་གྲུབ་གང་བསམ་འགྲུབ། །བྱིན་རླབས་ཞུས་པས་དབང་བཞི་ཐོབ། །འབྲེལ་ཐོགས་འཁོར་བ་མཐའ་ཅན་ཡིན། །དུས་བཟང་ཡར་ངོའི་ཚེས་བཅུ་ལ། །བཀུར་སྟི་རིམ་གྲོ་སུས་བྱས་པ། །སྐལ་ལྡན་ལས་ཅན་ཕོ་མོ་རྣམས། །བར་ཆད་ཀུན་ཞི་བསམ་དོན་འགྲུབ། །ཕྱི་མ་རིག་འཛིན་གནས་སུ་སྐྱེ། །ཡིད་བཞིན་ནོར་བུ་མངོན་སུམ་འདྲ། །ལས་འཕྲོ་ཅན་གྱི་སྤྱོད་ཡུལ་ཡིན། །འགྲོ་དོན་དཔག་མེད་འབྱུང་བར་ཤོག། ཨྠྉ༔མངྒ་ལཾ།། །། ༈ འཇམ་པའི་དབྱངས་དང་གཉིས་སུ་མེད། །སྦས་པའི་སངས་རྒྱས་མི་གཟུགས་ཅན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །འདྲེན་པ་ཁོང་གི་བཀའ་དྲིན་གྱིས། །ཁོ་བོ་ཕྲིན་ལས་བསྟན་དར་ང་། །རྗེས་སུ་བཟུང་ནས་བརྩེ་བས་བསྐྱངས། །རྗེ་བླ་མའི་བཀའ་དྲིན་འཁོར་ཐབས་མེད། །འབངས་འདྲེ་རུ་ཡོད་པ་ལྷ་གྲལ་བཙུད། །བདུད་ལ་སངས་རྒྱས་དགོངས་པ་བསྟན། །མཐའ་རུ་བུད་པ་དབུས་སུ་བཞག །
དུག་སྦྱོར་ཡེ་ཤེས་བདུད་རྩིར་བསྒྱུར། །སྐྱག་པ་རིན་ཆེན་གསེར་ལ་བསྒྱུར། །བཀའ་དྲིན་དེ་ལྟར་ཆེ་བའི་ཕྱིར། །བདག་ཀྱང་གསོལ་བ་སྙིང་ནས་བཏབ། །བཏབ་པ་བཞིན་དུ་གསོལ་བ་ཐོབ། །ཐེབས་པ་བཞིན་དུ་དངོས་གྲུབ་འབྱུང་། །ཡི་དམ་དབང་ཆེན་རྟ་མགྲིན་དང་། །རྡོ་རྗེ་གཞོན་ནུ་གཉིས་ལ་བྱས། །གཞན་ཡང་ཡི་དམ་སྦས་པ་ཡོད། །ཆོས་སྐྱོང་མཐར་ཐུག་རྣམ་པ་གཉིས། །རྡོར་ལེགས་དང་ནི་སྐུ་ལྔ་བྱས། །གཞན་ཡང་སྦས་པའི་ཆོས་སྐྱོང་མང་། །མཆོག་ཐུན་མངོན་བྱེད་གསང་སྔགས་ཆོས། །སངས་རྒྱས་ལག་བཅང་རྫོགས་པ་ཆེ། །དེ་རྣམས་རྟགས་མཐོང་ཙམ་རེ་བྱས། །ལ་ལ་ལ་ལས་ལྷ་རུ་བཏགས། །ལྷ་རུ་བཏགས་ཤིང་བསྙེན་བཀུར་བྱས། །ལ་ལ་ལ་ལས་བདུད་དུ་བཏགས། །བདུད་དུ་བཏགས་ཤིང་སྐུར་འདེབས་དམོད། །འདི་དག་སྒྱུ་མའི་མཚང་རིག་པ། །ཨ་བོ་ང་ལ་ཕན་གནོད་མེད། །ཚོགས་གཉིས་བསགས་དང་མ་བསགས་རུང་། །སངས་རྒྱས་བྱང་སེམས་སྐུ་བཅུ་དང་། །ངོ་མཚར་མཆོད་རྟེན་གསུམ་གྱི་ནང་། །བདེ་གཤེགས་རིང་བསྲེལ་སྙིང་པོ་བྱས། །ཁྱད་
པར་ཇོ་བོ་འཇམ་དབྱངས་འདི། །འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་། །སྡིག་ཅན་གནོང་འགྱོད་བཤགས་པའི་ཡུལ། །རྒྱལ་བ་རྒྱ་མཚོ་སྒྲུབ་པའི་རྟེན། །གསོལ་བཏབ་དངོས་གྲུབ་ནོར་བུ་འདྲ། །བཞུགས་པའི་ཡུལ་ནི་ཅུང་ཟད་དམན། །མི་རྣམས་དམུ་རྒོད་གཏི་མུག་ཆེ། །དགེ་སྡིག་སྤང་བླང་གནད་ལ་འཆོལ། །དད་པ་ཆུང་བས་ལོག་ལྟ་ཆེ། །འོན་ཀྱང་ངོ་མཚར་རྟེན་མཆོག་འདི། །ནག་ཕྱོགས་དམ་སྲིའི་ཁ་གནོན་ཞིང་། །ལས་འཕྲོ་ལྡན་པ་འགའ་རེ་ཡིས། །བྱིན་རླབས་དངོས་གྲུབ་ཐོབ་ཀྱང་སྲིད། །རྟེན་འདི་རྒྱལ་པོ་སྐུ་ལྔས་འཚོས། །བཀྲ་ཤིས་བསྟན་པ་མཐའ་བཙན་མཛོད། །ཅེས་ལས་རབ་རྩལ་གྱིས་སྨྲས་སོ། །མངྒ་ལཾ།། །། ༈ རིག་འཛིན་ཆེན་པོ་བཀའ་དྲིན་ཅན། །རྗེ་བཙུན་བླ་མའི་ཞབས་ལ་འདུད། །དུས་ངན་རྒྱལ་འགོང་བཟློག་ཏུ་གསོལ། །སྒོམ་ཆེན་སྙིང་རླུང་བསལ་དུ་གསོལ། །མ་ཡེངས་ཉོན་དང་སྒོམ་ཆེན་ཚོ། །དེང་སང་ཁྲིད་འཆད་མང་ཡོད་ཀྱང་། །ཉམས་མྱོང་ལྡན་པ་གསེར་བས་དཀོན། །ཞལ་གདམས་འབོགས་པ་དེ་བས་དཀོན། །བཟང་ངན་
གཉིས་ལ་འཛིན་པ་ཆེ། །སྒོམ་ཆེན་སྨྱོ་བའི་འཕྲང་གཅིག་ཡིན། །སྐྱེས་བུ་ང་ལ་བློ་འདྲི་ན། །གདམ་ཁ་མེད་པར་གློད་ན་དགའ། །རྣམ་རྟོག་བཀག་ནས་སྡུག་བཙིར་སྒོམ། སྒོམ་ཆེན་སྨྱོ་བའི་འཕྲང་གཅིག་ཡིན། །སྐྱེས་བུ་ང་ལ་བློ་འདྲི་ན། །རྣམ་རྟོག་རྒྱ་ཡན་ཞོག་དང་དགའ། །སྣང་བ་སྟོང་པ་དགྲ་རུ་ལངས། །སྒོམ་ཆེན་སྨྱོ་བའི་འཕྲང་གཅིག་ཡིན། །སྐྱེས་བུ་ང་ལ་བློ་འདྲི་ན། །གང་ཤར་ཆོས་སྐུ་ཁྱེར་དང་དགའ། །ཡིད་གཉིས་རེ་དོགས་བཅོས་བསྒྱུར་མང་། །སྒོམ་ཆེན་སྨྱོ་བའི་འཕྲང་གཅིག་ཡིན། །སྐྱེས་བུ་ང་ལ་བློ་འདྲི་ན། །གལ་མ་མཆིས་སུ་བོར་དང་དགའ། །སྒོམ་མ་ཁོམ་པར་དྲོད་རྟགས་འདོད། །སྒོམ་ཆེན་སྨྱོ་བའི་འཕྲང་གཅིག་ཡིན། །སྐྱེས་བུ་ང་ལ་བློ་འདྲི་ན། །ཡེངས་མེད་སྒོམ་མེད་རྒྱུན་ཆགས་དགའ། །ཕྱལ་བར་མ་སོང་རང་གསལ་གཅེས། །ཞལ་གདམས་ཡིན་ནོ་སྙིང་ལ་ཆོངས། །གནས་འབྱམས་འཕྲོ་འབྱམས་མ་སོང་གཅེས། །ཁ་ཏ་ཡིན་ནོ་སྙིང་ལ་ཆོངས། །གང་ཡང་རང་བབས་རང་བཞག་གཅེས། །མན་ངག་ཡིན་ནོ་སྙིང་ལ་ཆོངས། །འཕྲང་བཅོས་ལྔ་དང་གཅེས་པ་
གསུམ། །ལས་རབ་རྩལ་གྱིས་ཚིག་ཏུ་སྨྲ། །ཕྱི་རབས་ལས་ཅན་བཙས་སུ་བཞག །མངྒ་ལཾ།། །།བྂ༔རྟེན་གྱི་དཀར་ཆག་རིག་འཛིན་མཁའ་འགྲོའི་ལུང་བྱང་བཞུགས༔ཨེ་མ་ཧོ༔ང་ནི་རིག་འཛིན་མཁའ་འགྲོ་ཡིན༔གནས་འདི་མཆིམས་ཕུ་དཔལ་གྱི་ཞིང་༔ཚིག་འདི་འགྱུར་མེད་གསང་བའི་ལུང་༔དོན་འདི་མ་བརྗེད་ཡིད་ལ་ཟུངས༔དཔའ་བོ་ལས་རབ་ཁྱོད་ལ་ནི༔སྔོན་གྱི་སྨོན་ལམ་ལས་འཕྲོ་ཡི༔རྟེན་མཆོག་དངོས་གྲུབ་བཀའ་བབས་འདུད༔གུ་རུ་ཞི་དྲག་ཟུང་གྱུར་རྣམས༔ཐུབ་པའི་རིང་བསྲེལ་རྒྱ་སྲན་ཚད༔ཇོ་ཤཱཀ་སྐུ་ཚབ་རྣམ་པ་གསུམ༔འབྲལ་མེད་འཆང་ཞིང་གསོལ་བ་ཐོབ༔གནས་དགོན་གྲོང་ཁྱེར་ས་མདོ་རུ༔རྟེན་ཞལ་ཕྱེ་ཞིང་འགྲོ་དོན་སྤྱོད༔མཐོང་ཐོས་དྲན་རེག་འབྲེལ་ཐོགས་གྲོལ༔ཕྱག་དང་བསྐོར་བ་བྱས་པ་ཡིས༔ནད་གདོན་སྡིག་སྒྲིབ་ལས་ངན་འདག༔མཆོད་བསྟོད་ཕུལ་བས་ཚོགས་གཉིས་རྫོགས༔རླུང་གི་རྫི་ཕོག་གྲིབ་མས་ནོན༔ཐ་ན་འབུ་སྲིན་ཡན་ཆད་གྲོལ༔དད་གུས་ལྡན་པ་སྨོས་ཅི་དགོས༔བསྟན་དང་འགྲོ་བའི་རིམ་གྲོ་ལ༔ཞལ་ཕྱེ་དགེ་བསྐུལ་
ཡང་ཡང་འབུངས༔བཀྲ་ཤིས་དགེ་ལེགས་ཡོན་ཏན་མང་༔རས་ཆོད་བབ་ཅོལ་བྱ་མི་རུང་༔བཀའ་སྲུང་མཁའ་འགྲོས་འཁུ་བར་འགྱུར༔དེ་ཕྱིར་རབ་ཏུ་བཙའ་བར་བྱ༔རྗེས་སུ་གསང་ལུང་བཞིན་དུ་བྱེད༔སྤྱིར་ཡང་རྟེན་མཆོག་འདིའི་དྲུང་དུ༔དོན་གཉིས་སྨོན་ལམ་རྒྱ་མ་ཆུང་༔སེམས་བསྐྱེད་བྱང་སེམས་གྲལ་དུ་གྱུར༔ས་མ་ཡཱ༔རྒྱ་རྒྱ་རྒྱ༔ཨྠྉ༔བཀའ་རྒྱ༔གུ་རུ་ཞི་དྲག་འདི་དག་ནི༔ཨོ་རྒྱན་དངོས་དང་ཁྱད་པར་མེད༔ཞལ་མཐོང་ཙམ་གྱིས་འཁོར་རྒྱུན་གཅོད༔ཐུབ་པའི་རྟེན་མཆོག་ཁྱད་པར་ཅན༔སངས་རྒྱས་དངོས་དང་ཁྱད་པར་མེད༔དད་པ་ཅན་རྣམས་ཨ་རེ་འཚེངས༔ཞེས་སོགས་མང་ངོ་༔༈གནས་མཆོག་གུ་རུའི་ལྷ་ཁང་གི་དཀར་ཆག༔རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ༔མཉམ་མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ༔ནོར་བུ་གླིང་གི་སེང་གེ་བསྣོལ་མཚམས་སུ༔གུ་རུའི་བཀའ་བཞིན་སྐུ་བརྙན་ལེགས་འགྲུབ་ནས༔མེ་ལུག་སྤྲེལ་ཟླའི་ཚེས་བཅུར་རབ་ཏུ་གནས༔བདག་གིས་སྤྱི་སྒོས་བསྟན་པའི་རིམ་གྲོར་བྱས༔ས་གནད་འདི་རུ་རྟེན་འབྲེལ་གནད་ཆེ་སྟེ༔ནད་མཚོན་མུ་གེའི་བསྐལ་པ་ཞི་བ་
དང་༔ཐུབ་བསྟན་མཐའ་དག་ཡུན་དུ་གནས་པ་དང་༔ནག་ཕྱོགས་མི་དང་མི་མིན་གནོན་པར་བྱེད༔སངས་རྒྱས་གདུང་དང་བྱིན་རྟེན་ཁྱད་འཕགས་དང་༔རིག་འཛིན་རྒྱལ་བ་རྣམས་ཀྱི་གདུང་ཚྭ་བཞུགས༔འབྲེལ་བ་ཐོགས་ཚད་བྱས་པ་དོན་ཅན་ཡིན༔མཆོད་བསྟོད་ཕུལ་བས་བསོད་ནམས་ཚོགས་གཉིས་རྫོགས༔ཕྱག་བསྐོར་བྱས་པས་ནད་གདོན་སྡིག་སྒྲིབ་འདག༔གསོལ་བ་བཏབ་པས་སྨོན་ལམ་ཡིད་བཞིན་འགྲུབ༔ཚུལ་བཞིན་སྲི་ཞུ་མཛོད་དང་ལས་ཅན་རྣམས༔ཁྱད་པར་གནས་མཆོག་གུ་རུའི་ལྷ་ཁང་འདི༔ཟངས་མདོག་དཔལ་གྱི་རི་དང་ཁྱད་མེད་པར༔བདག་གིས་ངེས་པར་བསྒྲུབ་ཏུ་ཡོད་ན་ཡང་༔སེམས་ཅན་རྣམས་ནི་བསོད་ནམས་དམན་པ་དང་༔འདྲེ་བདུད་རྣམས་ནི་ཚ་རག་རྒོད་པ་དང་༔དངོས་གྲུབ་ཟབ་མོར་རྐྱེན་ངན་མང་བ་དང་༔རྟེན་ཅིང་འབྲེལ་འབྱུང་གནད་འགའ་ཉམས་པ་དང་༔དེ་ལྟར་བར་གཅོད་དབང་སོང་བདག་བློ་འགྱོད༔ལུང་བཞིན་བྱུང་ན་ཡོན་ཏན་འདི་ལྟར་ཡོད༔མཆོག་གྲུབ་གདུང་མཆོག་རྡོ་རྗེར་གྲུབ་པའི་
རིགས༔མ་བྱས་རང་བྱོན་ཟངས་མདོག་དཔལ་གྱི་རི༔རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནས༔གུ་རུ་རྩ་གསུམ་རྒྱལ་བ་བཞུགས་པའི་ཞིང་༔གནས་འདི་དྲན་པ་ཙམ་གྱིས་བྱང་ཆུབ་འཐོབ༔གནས་འབྲེལ་ཙམ་ཡང་རིག་འཛིན་གྲལ་དུ་སྐྱེ༔སྒྲུབ་པ་བྱས་ན་མཆོག་ཐུན་གང་བསྒྲུབས་འགྲུབ༔གཞན་དུ་ལོ་བསྒྲུབས་འདི་རུ་ཞག་གིས་འགྲུབ༔ཚོགས་གཏོར་ཕུལ་ན་བསོད་ནམས་ཚོགས་ཆེན་རྫོགས༔བསྐོར་བ་བྱས་པས་མཚམས་མེད་ལས་སྒྲིབ་འདག༔སྡིག་ལྟུང་ཕལ་རྣམས་བྱང་བར་ལྟ་ཅི་སྨོས༔མཆོད་དང་ཕྱག་བྱས་ཕན་ཡོན་དཔག་ཏུ་མེད༔མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་གནས༔འཛམ་གླིང་གནས་ཆེན་གང་ལའང་འདིའི་ལྷག་མེད༔བསྐལ་ངན་སེམས་ཅན་སྣོད་དུ་མ་རུང་བས༔སླར་ཡང་བཀའ་རྒྱས་བཏབ་ནས་ཡང་གཏེར་སྦས༔ཕྱི་མའི་དུས་ན་འགྲོ་དོན་ངེས་པར་འབྱུང་༔རྡོ་རྗེ་ལེགས་པས་སྲུངས་ཤིག་གཉེར་དུ་བསྐོས༔ལྷོ་ནུབ་མཚམས་སུ་མི་སྣང་འཇའ་ལྟར་ཡལ༔དེ་ལྟར་དཀར་ཆག་བརྗེད་ཐོ་ཟིན་བྲིས་འདི༔དཔའ་བོ་ལས་རབ་བདག་གིས་ཡི་
གེར་བཀོད༔ད་ལྟ་བཞུགས་དང་ཕྱི་རབས་གླེང་མོར་བཞག༔ས་མ་ཡཱ༔རྒྱ་རྒྱ་རྒྱ༔མངྒ་ལཾ༔༈ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་ལི་དཀར་ལས་གྲུབ་པ་མཐོང་བ་ཡིད་བཞིན་ནོར་བུའི་དཀར་ཆག་བཞུགས༔ཨེ་མ་ངོ་མཚར་རྨད་དུ་བྱུང་༔རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔རྒྱ་གར་ཤར་ནུབ་འོག་མིན་སོགས༔ཁྱི་ལྟར་ཉུལ་ཅིང་གསང་མཛོད་རྡོལ༔འཕགས་ཡུལ་བསྟན་པའི་སྲོག་ཤིང་བཙུགས༔ཆོས་རྒྱལ་ཐུགས་དགོངས་བསྒྲུབ་པའི་ཕྱིར༔བོད་ཡུལ་མི་བསླུའི་གདུལ་བྱར་བཀོད༔ལྷ་སྲིན་དྲེགས་པ་དམ་ལ་བཏགས༔རྗེ་འབངས་རིག་འཛིན་གྲུབ་པ་ཐོབ༔གཞན་ཡང་དཔལ་གྱི་བསམ་ཡས་སོགས༔གཙུག་ལག་བརྒྱ་དང་རྩ་བརྒྱད་བཞེངས༔བཀྲ་ཤིས་མངའ་གསོལ་རབ་ཏུ་གནས༔བོད་ཁམས་ལུང་སུལ་ཐག་འདོམ་གང་༔ཞབས་ཀྱིས་མ་བཅགས་གནས་མེད་ཅིང་༔རི་བྲག་སྒྲུབ་གནས་བྱིན་གྱིས་བརླབས༔བརྒྱ་དང་བཅུ་གཅིག་བོད་ཡུལ་བསྐྱངས༔ད་ནི་དངོས་ཀྱི་གདུལ་བྱ་རྫོགས༔ལྷོ་ནུབ་སྲིན་པོ་འདུལ་དུ་འགྲོ༔མ་འོངས་ཕྱི་མའི་བོད་རྣམས་ཀྱིས༔ང་མི་མཇལ་ཞིང་གསུང་མི་
ཐོས༔མ་འོངས་གདུལ་བྱར་སྙིང་བརྩེའི་ཕྱིར༔སྐུ་ཚབ་དཔག་མེད་གཏེར་དུ་སྦས༔ཨོ་རྒྱན་དངོས་དང་ཁྱད་པར་མེད༔ཁྱད་པར་ལི་དཀར་སྐུ་ཚབ་འདི༔ཨོ་རྒྱན་དངོས་དང་ཁྱད་པར་མེད༔ཞལ་མཐོང་ཙམ་གྱིས་འཁོར་རྒྱུན་གཅོད༔མཆོད་པ་ཕུལ་བས་ཚོགས་གཉིས་རྫོགས༔ཕྱག་དང་བསྐོར་བ་སུས་བྱས་པ༔ནད་གདོན་སྡིག་སྒྲིབ་འཕྲལ་དུ་འདག༔གར་བཞུགས་ཡུལ་དེར་བཀྲ་ཤིས་ཤིང་༔དཔའ་བོ་མཁའ་འགྲོ་ཆོས་སྐྱོང་འདུ༔དུས་བཟང་ཡར་ངོའི་ཚེས་བཅུ་ལ༔བཀུར་སྟི་རིམ་གྲོ་སུས་བྱས་པ༔མཆོག་ཐུན་དངོས་གྲུབ་དེར་ཐོབ་བྱེད༔སྐྱེ་བ་པདྨའི་དྲུང་དུ་འོང་༔སྨོན་ལམ་གང་བཏབ་དེར་འགྲུབ་འགྱུར༔སྐུ་འདི་ནོར་བུ་རི་མ་གཏོགས༔གཞན་དུ་གནས་དུས་རྟེན་འབྲེལ་འཕྱུགས༔རྟེན་མཆོག་འདི་ཡི་སྲུང་མ་ནི༔པེ་ཧར་ཆོས་རྒྱལ་སྐུ་ལྔ་ཡིས༔ཐུབ་པར་སྲུངས་ཤིག་ས་མ་ཡཱ༔དམ་མེད་ལོག་སྤྱོད་མྱུར་དུ་སྒྲོལ༔གཏད་དོ་གཉེར་རོ་ས་མ་ཡཱ༔འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ས་མ་ཡཱ༔གུ་ཧྱ༔ཁ་ཐཾ༔ཨྠྉ༔ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་མཐོང་གྲོལ་ཡིད་བཞིན་ནོར་བུའི་དཀར་ཆག་རྫོགས་སོ༔མངྒ་ལཾ༔༈རྒྱལ་
བ་ཀུན་གྱི་ངོ་བོ་བླ་མར་འདུད། །སྲོག་བཅད་ཤ་ཟོས་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །ཆང་འཐུང་དྲན་ཉམས་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །གཡོ་སྒྱུས་གཞན་བསླུ་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོོག་གིས་སྤང་ཡང་འཚལ། །ཕྱུག་འདོད་ནོར་གསོག་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །ཆེ་འདོད་གཏམ་སྙན་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །མཁས་འདོད་ཐ་སྙད་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །ཐོས་མང་བློ་དྲེད་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །སྐྱིད་མོས་བསམ་ངན་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །གཉེན་སྐྱོང་མགོ་འདོན་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །དགྲ་འདུལ་དཔུང་
རྒོད་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །བློ་རྣོ་ཐབས་མཁས་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །གཞི་འདེང་རྒྱ་བསྐྱེད་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །གླུ་གར་རྩེད་མོ་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །རྣམ་གཡེང་ངན་ལང་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །ཚོང་བྱེད་ཁེ་སྤོག་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །གཏམ་ངན་གྱོད་ཁ་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོོག་གིས་སྤང་ཡང་འཚལ། །ཟོབ་ཆོས་གྲུབ་རྫུན་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །ཟ་འདོད་མངོན་ཤེས་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །འདྲེ་སྒྲུབ་མཐུ་བྱེད་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །ངན་ལན་
ཞེ་བཞག་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །ཆོས་ཕག་ནོར་འཚོལ་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །འཁོར་དང་བུད་མེད་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །རང་ཡུལ་འཛིན་ཆགས་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །བུ་ཚ་འཚོ་སྐྱོང་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །མི་ཆོས་ཁྲེལ་འཛེམ་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །གྲོང་སྔགས་ཐོ་ཅོ་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ། །གཤིན་རྫས་དད་ཟས་ཆོས་འགལ་ཉེས་པའི་རྒྱུ། །བསྟན་ལ་ཞུགས་སོ་ཅོག་གིས་སྤང་ཡང་འཚལ།། །། ༈ སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་ཆོས་ཀྱི་རྗེ། །བསྟན་པའི་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །ཆོས་དོན་མ་རྟོགས་ཆོས་གཟུགས་རྨོངས་པ་བདག །ཁྱེད་ཀྱི་ཐུགས་
རྗེས་བྱིན་གྱིས་བརླབ་ཏུ་གསོལ། །དེང་སང་དུས་ཀྱི་རང་གཞན་སྐྱེ་བོ་རྣམས། །དད་པ་ཞེན་པར་སོང་བ་འཆིང་བའི་རྒྱུ། །ཐོས་བསམ་ཚིག་ཏུ་ཤོར་བ་འཆིང་བའི་རྒྱུ། །གཞན་ཕན་རང་དོན་སོང་བ་འཆིང་བའི་རྒྱུ། །ཆོས་ཚུལ་ཕོ་རུས་བྱས་པ་འཆིང་བའི་རྒྱུ། །རྒྱུ་འབྲས་རྩིང་པོ་སྤྱོད་པ་འཆིང་བའི་རྒྱུ། །ལྟ་སྒོམ་གོ་ཡུལ་ལུས་པ་འཆིང་བའི་རྒྱུ། །རི་བཟུང་སྙན་གྲགས་འདོད་པ་འཆིང་བའི་རྒྱུ། །གྲོང་འགྲིམ་རྙེད་ཚོལ་རེམ་པ་འཆིང་བའི་རྒྱུ། །གྲུབ་རྟགས་ཐོ་ཅོར་འབོད་པ་འཆིང་བའི་རྒྱུ། །མཆོད་སྦྱིན་ཁ་ལན་རེ་བ་འཆིང་བའི་རྒྱུ། །འདྲེ་རྡུང་བརྟུལ་ཞུགས་ཡིན་སྙམ་འཆིང་བའི་རྒྱུ། །མཐུན་འཇུག་ངོ་སྲུང་དབང་སོང་འཆིང་བའི་རྒྱུ། །འདིར་སྣང་བདེན་བཟུང་རྟག་འཛིན་འཆིང་བའི་རྒྱུ། །འཆིང་བས་བཅིངས་པ་སྲིད་པའི་དྲྭ་བར་ཆུད། །སྲིད་པའི་མཚན་ཉིད་སྡུག་བསྔལ་རང་བཞིན་ཅན། །ཡང་ནས་ཡང་འཁོར་ནམ་ཡང་ཐར་དུས་མེད། །དེས་ན་ཚེ་འདིའི་ལས་ལ་མ་འབད་པར། །དགོས་མེད་རྒྱུད་ལ་བརྟེན་དགོས་སྙིང་གཏམ་ཡིན། །ཚུལ་འདི་བདུད་རྒན་ལས་རབ་ཀྱིས་
བརྗོད་དོ།། །། ༈ སྙོམ་ལས་པ་དཔའ་བོ་ལས་རབ་རྩལ་ལ་རིག་འཛིན་མའི་བསྐུལ་བྱང་བཞུགས་སོ༔ཨེ་མ་སྨིན་གྲོལ་འབྱུང་བའི་གནས༔རིག་འཛིན་རྡོ་རྗེ་སློབ་དཔོན་ལགས༔བརྩེ་ལྡན་ལྷ་མོའི་གླུ་ལ་གསོན༔སྙོམ་ལས་འདི་ལས་བཞེངས་འཚལ་ལོ༔ཨེ་མ་འདམ་ཁ་མེད་པ་ཡི༔སྨྱོན་པ་ལྟ་བུའི་རྣལ་འབྱོར་པ༔བརྩེ་ལྡན་ལྷ་མོའི་གླུ་ལ་གསོན༔སྙོམ་ལས་འདི་ལས་བཞེངས་འཚལ་ལོ༔ཨེ་མ་ངེས་པ་མེད་པ་ཡི༔བྱིས་པ་ལྟ་བུའི་རྣལ་འབྱོར་པ༔བརྩེ་ལྡན་ལྷ་མོའི་གླུ་ལ་གསོན༔སྙོམ་ལས་འདི་ལས་བཞེངས་འཚལ་ལོ༔ཨེ་མ་གཙང་བར་སྤྱོད་པ་ཡི༔བྲམ་ཟེ་ལྟ་བུའི་རྣལ་འབྱོར་པ༔བརྩེ་ལྡན་ལྷ་མོའི་གླུ་ལ་གསོན༔སྙོམ་ལས་འདི་ལས་བཞེངས་འཚལ་ལོ༔ཨེ་མ་བཙོག་པར་སྤྱོད་པ་ཡི༔ཁྱི་ཕག་ལྟ་བུའི་རྣལ་འབྱོར་པ༔བརྩེ་ལྡན་ལྷ་མོའི་གླུ་ལ་གསོན༔སྙོམ་ལས་འདི་ལས་བཞེངས་འཚལ་ལོ༔ཨེ་མ་ཐེ་ཚོམ་མེད་པ་ཡི༔ཐེག་ཆོད་བརྟུལ་ཞུགས་རྣལ་འབྱོར་པ༔བརྩེ་ལྡན་ལྷ་མོའི་གླུ་ལ་གསོན༔སྙོམ་ལས་འདི་ལས་བཞེངས་འཚལ་ལོ༔རྟེན་འབྲེལ་གནད་དགུ་
མ་འགྲིགས་དང་༔བར་ཆད་འཕྲང་དགུ་དམ་པ་དང་༔མ་དག་འཁོར་གྱི་ལོག་སྤྱོད་དང་༔སྙིགས་དུས་འགྲོ་བའི་ངན་སྤྱོད་ཡང་༔གཞན་དོན་འདོར་བ་ཅི་ལྟར་རུང་༔སྤྲུལ་སྐུའི་དགོངས་པ་སློད་དམ་ཅི༔དང་པོའི་སེམས་བསྐྱེད་མི་ཉམས་སམ༔སྙན་བརྒྱུད་སྲོག་བརྒྱུད་རྡོ་རྗེའི་ཕྲེང་༔བཀའ་ལུང་ཁྱོད་ལ་མངའ་ལགས་ན༔མོས་ལྡན་ལས་ཟད་འགྲོ་བ་ལ༔ཟབ་མོའི་བདུད་རྩི་སྦྱིན་པར་ཞུ༔བན་སྔགས་ཕོ་མོ་འཁོར་དུ་བསྐོར༔ངས་བསྐུལ་དོན་མེད་མ་མཛད་ཨང་༔ཀ་དག་གདོད་མའི་ཆོས་སྐུ་དེ༔འཁྲུལ་མེད་ཁྱོད་ཀྱིས་ཇི་བཞིན་གཟིགས༔མ་རིག་སེམས་ཅན་རྨོངས་པ་ལ༔ངོ་སྤྲོད་སྒྲོན་མེ་སྦར་བར་ཞུ༔ལས་ཅན་གདུལ་བྱ་འཁོར་དུ་བསྐོར༔ངས་བསྐུལ་དོན་མེད་མ་མཛད་ཨང་༔མྱོང་དང་བཏགས་མཐོང་ཐོས་གྲོལ་གྱི༔མྱུར་ལམ་ཁྱོད་ལ་གསང་མཛོད་མཆིས༔ཉམ་ཐག་སྡིག་སྤྱོད་ལས་ངན་ལ༔ཐར་པའི་ས་བོན་འཇོག་པར་ཞུ༔མ་དག་འགྲོ་བ་འཁོར་དུ་བསྐོར༔ངས་བསྐུལ་དོན་མེད་མ་མཛད་ཨང་༔ཐོག་མའི་རྟེན་འབྲེལ་སྨོན་ལམ་མཐུས༔འབྲེལ་ཚད་ཁྱོད་དང་ལས་
འཕྲོ་ལྡན༔ལས་ངན་ལུས་ངན་སྐྱེ་དམན་ལ༔ལུས་ཀྱིས་འབྲེལ་བ་མཛད་པར་ཞུ༔མོ་ཆགས་བུད་མེད་འཁོར་དུ་བསྐོར༔ངས་བསྐུལ་དོན་མེད་མ་མཛད་ཨང་༔ཉོན་མོངས་ལམ་ཁྱེར་མན་ངག་མཆོག༔ཕོ་ཉ་ཁྱོད་ནི་མྱུར་བགྲོད་མངའ༔ང་སྤྲུལ་རིགས་ལྡན་བུ་མོ་ལྔ༔རྗེས་བཟུང་ཡོན་ཏན་སྤེལ་བར་ཞུ༔མཚན་ལྡན་རིག་མ་འཁོར་དུ་བསྐོར༔ངས་བསྐུལ་དོན་མེད་མ་མཛད་ཨང་༔དག་སྣང་བྱིན་རླབས་ཟབ་མོའི་གཏེར༔མཁའ་འགྲོས་ཁྱོད་ལ་ལུང་བསྟན་དུས༔རྟེན་འབྲེལ་ཆོས་བདག་རྣམས་དང་བསྟུན། །ལས་འཕྲོ་ཅན་ལ་སྤེལ་བར་ཞུ༔ཆོས་བདག་ལས་ཅན་འཁོར་དུ་བསྐོར༔ངས་བསྐུལ་དོན་མེད་མ་མཛད་ཨང་༔ཞེས་རིག་འཛིན་ལྷ་མོའི་བསྐུལ་བྱང་དཔའ་བོ་ལས་རབ་རྩལ་གྱིས་ས་སྐྱོང་སྡེ་དགེའི་ཕོ་བྲང་ལྷུན་གྲུབ་སྟེང་དུ་བཀོད་པ་དགེ་བར་གྱུར་ཅིག༔མངྒ་ལཾ༔༈བསམ་ཤེས་མི་ལྡན་དུད་འགྲོ་འདུས་པའི་ཁྲོད། །ལེགས་ཉེས་མི་དཔྱོད་སྨྱོན་པ་མང་པོ་འདྲ། །བྱ་བྱེད་འདུག་ཚུགས་མེད་པ་སྤྲེའུའི་རིགས། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །དཀོན་མཆོག་གསུམ་ལ་དད་པ་མི་ཤེས་ཤིང་། །
དགེ་སྡིག་སྤང་བླང་མེད་པ་ཀློ་དང་འདྲ། །ལྷ་ཆོས་མི་ཆོས་ཀུན་ལ་འགལ་བར་སྤྱོད། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །གཡོ་སྒྱུའི་ཕྱི་ཚུལ་གཟོབ་པས་བསླུ་བར་སླ། །དྲང་པོར་གནས་ལ་ཀུན་སྤྱོད་ངན་པར་གླེང་། །ཤ་ཁྲག་སྡིག་པར་མི་འཛེམ་ཆོས་སུ་རློམ། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །ཨོ་རྒྱན་བསྟན་དང་བསྟན་འཛིན་སྐྱོན་དུ་བརྩི། །འཕྲལ་ཕུགས་སྐྱོན་གྱི་གོང་བུར་སྐྱབས་གནས་འཆའ། །ཟན་སྐྱག་དབྱེ་མི་ཤེས་པའི་གཏི་མུག་ཅན། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །ཐུབ་པའི་ན་བཟའ་གྱོན་ནས་བཤའ་ལུག་འདེད། །ཁེ་ཞིག་ཡོད་ན་དམར་ཁྲལ་དོར་མ་སྤྲད། །ཁྱིམ་པའི་གཡོག་བྱེད་གླ་ཟས་མི་རག་པས། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །བན་རྒོད་དཔུང་པ་ངོམ་ཞིང་གཡག་འཛིང་བྱེད། །ཁ་མི་བཙུན་ཞིང་ངག་འཆལ་ཆོ་དགུ་བཤད། །ཚོགས་པའི་གྲལ་དུ་ལོང་གཏམ་སྣ་ཚོགས་ཅན། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །ལྷ་ཁང་ནང་དུ་མི་ཚུགས་མཚམས་ལ་སྡོད། །མཚམས་ལ་བསྡད་
ནས་སྒྲུབ་པ་ཧར་ལངས་བྱེད། །རི་ཁྲོད་བཟུང་ན་དགོན་གྲོང་ནང་དུ་ལྕེབས། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །དངོས་སུ་ཐུག་ན་འགའ་ཞིག་གཏམ་བཟང་ཞིང་། །ནང་དུ་སེམས་ལ་གཡོ་སྒྱུ་ངན་ཐབས་ཅན། །ལྐོག་ཏུ་གཞན་ལ་ཉེས་ཁ་མང་པོ་འཆད། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །འཁྱག་ལྟོགས་བསྲན་ཏེ་ཟས་གོས་སྤྱོད་མི་ཐུབ། །ཡང་ཡང་ཚོལ་ལ་བརྩོན་ཞིང་གསོག་ལ་དགའ། །ལས་མ་དག་པ་ཡི་དྭགས་དང་འདྲ་བའི། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །ཆོས་སྤྱོད་སྣ་གཅིག་མེད་པས་ཁྲམ་འདུ་འདྲ། །བདེན་གྱི་བྱ་བ་ནུབ་པས་ཟེར་རེ་མང་། །བན་གཟུགས་ཆོས་འགལ་སངས་རྒྱས་བསྟན་པའི་དགྲ། །ལྟས་ངན་ཡུལ་འདིར་རྫོགས་ཆེན་སྒྲོག་མི་རུང་། །པད་འབྱུང་བི་མས་འཕགས་ཡུལ་མ་བསྒྲགས་ན། །སོ་སོའི་སྐྱེ་བོའི་མི་ནག་ཁྲོམ་ཆོས་སུ། །བྱས་པས་མཁའ་འགྲོ་དམ་ཅན་རབ་འཁྲུག་ནས། །གློ་བུར་འཆི་སོགས་མི་རུང་འབྱུང་བར་འགྱུར།། །། ༈ མཚུངས་མེད་ཆོས་རྗེ་བླ་མས་བྱིན་གྱིས་རློབས། །
དེང་སང་ཐུབ་བསྟན་གཟུགས་བརྙན་ཙམ་དུ་བཞུགས། །རང་བཟོས་གྲུབ་མཐའི་བཤད་པ་དགོས་དོན་མེད། །ཞལ་གདམས་མིང་བཏགས་མི་འབྲི་དམ་བཅའ་ཡིན། །རང་ཐོག་བབ་ན་མི་བྱེད་ཀ་མེད་ལས། །གཅིག་ཕམ་གཅིག་རྒྱལ་ཉེས་པ་ཁུར་དོན་མེད། །ཞལ་ལྕེའི་གྱོད་མཁན་མི་བྱེད་དམ་བཅའ་ཡིན། །གསང་སྔགས་ཟབ་མོའི་ཆོས་ཀྱིས་འབྲེལ་བྱས་ནས། །དམ་སེལ་འཆོལ་ཉོག་དམྱལ་བ་ཉོ་དོན་མེད། །དབང་བསྐུར་ཆོས་བཤད་མི་བྱེད་དམ་བཅའ་ཡིན། །གཤིན་ཆོས་གཉེར་ཡང་ཉེ་གནས་སྒྲུབ་མཁན་མེད། །གཤིན་དཀོར་རོ་དོམ་ཁུར་པོ་ལེན་དོན་མེད། །ཁྲུས་ཆོག་ཡོན་འབུལ་མི་ལེན་དམ་བཅའ་ཡིན། །རང་གི་ཁ་ཟས་ལྟོ་ཚོད་མི་ཟིན་པར། །གཞན་ལ་ཚོད་གཏམ་རྫུན་ལུང་འབོགས་དོན་མེད། །མངོན་ཤེས་འདི་དགོས་མི་ཟེར་དམ་བཅའ་ཡིན། །དམ་ཉམས་ཁྲེལ་མེད་ངོ་སོ་མཐོ་དུས་འདིར། །ཁ་ཏ་ཉེས་གཏམ་ཟག་པ་སྤེལ་དོན་མེད། །དགོན་ཆུང་བྱ་བ་མི་བྱེད་དམ་བཅའ་ཡིན། །དམ་བཅའ་དྲུག་པོ་ཕྲིན་ལས་རང་དམ་ཡིན།། །། ༈ ཧཱུྃ། འོག་མིན་ཆོས་དབྱིངས་
ཕོ་བྲང་ནས། །གླུ་ནི་ཀུན་ཏུ་བཟང་པོའི་གླུ། །འཁྲུལ་བ་ཀ་ནས་དག་པའི་གླུ། །བྲོ་ནི་ཀུན་ཏུ་བཟང་པོའི་བྲོ། །རིག་པ་རང་ས་ཟིན་པའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །གསང་ཆེན་རོལ་པའི་ཞིང་ཁམས་ནས། །གླུ་ནི་རྡོ་རྗེ་སེམས་དཔའི་གླུ། །དགོངས་པས་བྱིན་གྱིས་བརླབས་པའི་གླུ། །བྲོ་ནི་རྡོ་རྗེ་སེམས་དཔའི་བྲོ། །འགྱུར་མེད་རྡོ་རྗེ་ལྟ་བུའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །མི་མངོན་དག་པའི་ཞིང་ཁམས་ནས། །གླུ་ནི་དགའ་རབ་རྡོ་རྗེའི་གླུ། །ལྷ་དང་མངོན་སུམ་མཇལ་བའི་གླུ། །བྲོ་ནི་དགའ་རབ་རྡོ་རྗེའི་བྲོ། །དགོངས་པ་སྤྲོས་བྲལ་དབྱིངས་དག་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་
མགུར་ཀྱུ་རུ་རུ། །སོ་ས་གླིང་གི་དུར་ཁྲོད་ནས། །གླུ་ནི་ཤྲཱི་སེང་ཧའི་གླུ། །ཆོས་ཉིད་བརྡ་ཡིས་སྟོན་པའི་གླུ། །བྲོ་ནི་ཤྲཱི་སེང་ཧའི་བྲོ། །རིག་པ་བརྟུལ་ཞུགས་ཆེན་པོའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །རྒྱ་གར་དུར་ཁྲོད་གནས་བརྒྱད་ནས། །གླུ་ནི་རིག་འཛིན་བརྒྱད་ཀྱི་གླུ། །མཆོག་བརྙེས་མཁས་གྲུབ་ཉམས་ཀྱི་གླུ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །རྒྱ་བོད་གནས་དང་སྲིན་ཡུལ་དུ། །གླུ་ནི་གུ་རུ་པདྨའི་གླུ། །ཁམས་གསུམ་དབང་དུ་སྡུད་པའི་གླུ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །བོད་ཡུལ་སྒྲུབ་གནས་དབེན་རྩ་རུ། །གླུ་ནི་རྗེ་འབངས་ཉེར་ལྔའི་གླུ། །ཏིང་འཛིན་ཉམས་མྱོང་ནུས་པའི་གླུ། །བྲོ་ནི་རྗེ་
འབངས་ཉེར་ལྔའི་བྲོ། །གྲུབ་རྟགས་བྱུང་རྒྱལ་རོལ་རྩེད་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །མཆོག་གི་དངོས་གྲུབ་ཕོ་བྲང་ནས། །གླུ་ནི་གཏེར་སྟོན་བརྒྱ་རྩའི་གླུ། །སྔོན་གནས་རྗེས་སུ་དྲན་པའི་གླུ། །བྲོ་ནི་གཏེར་སྟོན་བརྒྱ་རྩའི་བྲོ། །འགྲོ་དོན་ཆོས་སྒོ་འབྱེད་པའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །བཀའ་བབ་ཐུགས་རྗེའི་ཕོ་བྲང་ནས། །གླུ་ནི་སྔ་འགྱུར་རིག་འཛིན་གླུ། །བཀའ་བརྒྱུད་དམ་ཚིག་གཙང་བའི་གླུ། །བྲོ་ནི་སྔ་འགྱུར་རིག་འཛིན་བྲོ། །འཁོར་བའི་སྐྱེ་རྒྱུན་གཅོད་པའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །སྲིན་རྫོང་རྒྱལ་བའི་ཕོ་བྲང་ནས། །གླུ་ནི་ཉི་གྲགས་
རྩལ་གྱི་གླུ། །སྨོན་ལམ་ལས་འཕྲོ་སད་པའི་གླུ། །བྲོ་ནི་ཉི་གྲགས་རྩལ་གྱི་བྲོ། །ནམ་མཁར་བྱ་བཞིན་འཕུར་བའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །བདེ་ཆེན་དབྱིངས་ཀྱི་ཞིང་ཁམས་ནས། །གླུ་ནི་རྒྱལ་སྲས་དམ་པའི་གླུ། །དག་སྣང་ཁོར་ཡུག་ཆེན་པོའི་གླུ། །བྲོ་ནི་རྒྱལ་སྲས་དམ་པའི་བྲོ། །དུས་སུ་ལུང་བསྟན་མཁྱེན་སྟོབས་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །མཁའ་སྤྱོད་འོག་མིན་གཞལ་ཡས་ནས། །གླུ་ནི་རྡོ་རྗེ་སྟོབས་མཆོག་གླུ། །ལྟ་བ་མཐའ་བཞི་བྲལ་བའི་གླུ། །བྲོ་ནི་རྡོ་རྗེ་སྟོབས་མཆོག་བྲོ། །སྒོམ་པ་བྱིང་རྒོད་བྲལ་བའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །སྣང་སྲིད་ལྷ་དང་ཞིང་ཁམས་
ནས། །གླུ་ནི་རིག་འཛིན་མཆེད་ལྕམ་གླུ། །གཞི་གྲོལ་འཁོར་འདས་རོོ་མཉམ་གླུ། །བྲོ་ནི་རིག་འཛིན་མཆེད་ལྕམ་བྲོ། །བདེན་རྫུན་སྒྱུ་མར་ཞིག་པའི་བྲོ། །བྲོ་ལ་གཤེགས་ཤིག་རིག་འཛིན་རྣམས། །བྱིན་རླབས་ཉམས་བྲོ་ཁྲིགས་སེ་ཁྲིག །གླུ་ལ་གཤེགས་ཤིག་མཁའ་འགྲོ་རྣམས། །རྡོ་རྗེའི་ཉམས་མགུར་ཀྱུ་རུ་རུ། །ལྟ་བ་མཚན་འཛིན་འཇིག་པའི་གླུ། །བླ་མ་དགྱེས་པའི་མཆོད་པར་འབུལ། །སྒོམ་པ་ཡེངས་འཁྲུལ་བྲལ་བའི་གླུ། །ཡི་དམ་དགྱེས་པའི་མཆོད་པར་འབུལ། །སྤྱོད་པ་གཟའ་གཏད་བྲལ་བའི་གླུ། །མཁའ་འགྲོ་དགྱེས་པའི་མཆོད་པར་འབུལ། །འབྲས་བུ་སངས་རྒྱས་རང་རྙེད་གླུ། །ཐམས་ཅད་དགྱེས་པའི་མཆོད་པར་འབུལ། །རྟག་མེད་ཆད་མེད་གཉིས་བྲལ་བྲོ། །ལམ་ལོག་གོལ་ས་གཅོད་ཕྱིར་བརྡུང་། །ལྷ་མེད་འདྲེ་མེད་བརྟུལ་ཞུགས་བྲོ། །རེ་དོགས་འཆིང་བ་གཅོད་ཕྱིར་བརྡུང་། །རྩོལ་མེད་སྒྲིབ་མེད་ཆོས་སྐུའི་བྲོ། །སྤང་བླང་བཅོས་བསྒྱུར་གཅོད་ཕྱིར་བརྡུང་། །འཁོར་འདས་རོ་མཉམ་སྒྱུ་མའི་བྲོ། །བདེན་ཞེན་གཉིས་སྣང་གཅོད་
ཕྱིར་བརྡུང་། །ཟག་མེད་རྡོ་རྗེའི་གླུ་ལེན་ནོ། །ཉམས་མྱོང་ཁོང་ནས་རྡོལ་ཞིང་ལེན། །རྟོགས་པ་བརྟུལ་ཞུགས་རྩེད་བྲོ་བརྡུང་། །རྟོགས་པའི་དཔའ་རྩལ་ཕྱུངས་ཤིང་བརྡུང་། །རྫོགས་པ་ཆེན་པོའི་ཆོས་གླུ་འདི། །ཐེག་དགུའི་མཆོག་འཛིན་འཇིག་ཕྱིར་བླངས། །རྫོགས་པ་ཆེན་པོའི་ཆོས་བྲོ་འདི། །ཐེག་དགུའི་གོལ་ས་འཇོམས་ཕྱིར་བརྡུང་། །གླུ་བྲོ་གར་གྱི་རྩེད་འཇོ་འདི། །རྣལ་འབྱོར་ཉམས་རྟོགས་རྒྱས་པའི་གདེང་། །བར་ཆད་བདུད་བཞི་ཀུན་བསྒྲལ་ནས། །རང་རིག་གདོད་མར་དག་གྱུར་ཅིག །ཛ་ཡནྟུ།། །། ༈ འཇམ་དཔལ་དབྱངས་དེ་ཉི་གྲགས་སྤྲུལ་པའི་སྐུ། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །ཐོས་བསམ་སྙིང་པོ་མ་ལོན་རྨོངས་པ་བདག །མགོན་པོ་ཁྱེད་ཀྱི་ཞབས་རྡུལ་ཡུན་རིང་བསྟེན། །སྲི་ཞུ་དད་པ་ཤི་རྒས་གཉིས་ལ་གཏུགས། །དེང་སང་དུས་འདི་བསམ་ཞིང་ཆིག་དགོད་ཤོར། །རྨོངས་པའི་རང་བཞིན་ནོར་བའི་མི་རྣམས་ཀྱི། །ཐུབ་བསྟན་ལྟ་བའི་སྙིགས་མ་འབྱུང་དུས་འདིར། །ལྟ་ལོག་གོལ་ཤོར་ནོར་འཁྲུལ་ལོས་འབྱུང་ཡང་། །ང་མཁས་
དྲེགས་པའི་རྒྱགས་པ་མང་ན་ཡང་། །ཀུན་རྫོབ་ཆོས་ཀྱང་བསམ་བྱ་ལོག་པར་འཆད། །འཇིག་དང་མྱ་ངན་རང་བཞིན་མི་ཤེས་པར། །མཐོ་རིས་ཐོབ་པར་སྨོན་པའི་བློ་དེ་ནོར། །ཟོབ་ཚུགས་ཆོས་བརྒྱད་གཡབ་མོས་མགོ་འཁོར་བའི། །གཏི་མུག་ཅན་རྣམས་སྲིད་པའི་འཁོར་བར་འབྱམས། །ཐེག་ཆེན་མདོ་དང་གསང་སྔགས་ཟབ་མོ་ལས། །རྫོགས་པའི་སངས་རྒྱས་དོན་དུ་གཉེར་བར་གསུངས། །བློ་དམན་ཉན་ཐོས་འདི་ལ་ལོས་སྐྲག་ཀྱང་། །སངས་རྒྱས་ཞིང་ལ་ཉིན་རྒྱུག་བྱེད་པའི་ཆོས། །གང་དང་མི་འདྲ་ཀུན་ལས་ཁྱད་འཕགས་པ། །པད་འབྱུང་བི་མའི་སྙན་བརྒྱུད་རྫོགས་པ་ཆེ། །ཐུན་མོང་དམན་པའི་ཆོས་དང་གོ་སྡུར་བྱེད། །ཡིད་བཞིན་ནོར་དང་འཆིང་བུ་འགྲན་པ་ཡི། །དམན་པ་དེ་དག་བ་ལང་དུད་འགྲོའི་རིགས། །ད་དུང་རང་སྐྱོན་མ་མཐོང་རང་མཁས་ངོམ། །རྫོགས་ཆེན་ཆོས་འདི་བབ་ཆེ་ཁྱད་ཆོས་ཕྱིར། །ལོ་ཟླ་རེ་ཟུང་ཙམ་གྱིས་མཐའ་མི་རྟོགས། །མཁས་བཙུན་ཉམས་མྱོང་དྲོད་ལྡན་བླ་མ་དེས། །སྣོད་ལྡན་སློབ་མ་དད་བརྩོན་བློ་རབ་ཅན། །
ལོ་བདུན་བར་དུ་བརྡར་ཤ་བཅད་པ་ན། །དེས་ཀྱང་ཉམས་ལེན་རྡོ་རུས་ཐུག་པ་དགོས། །མཁའ་སྤྱོད་གཤེགས་པ་སྔོན་རབས་མང་ལ་ལྟོས། །འདས་དུས་ངོ་མཚར་བཀོད་པ་བསྟན་ལ་ལྟོས། །སྡུག་བསྔལ་མངོན་ཤེས་རྣམ་པར་ཐར་ལ་སོམས། །དེང་སང་བླ་སློབ་ཚུལ་ལྡན་དཀོན་པ་དང་། །ཡུན་ཐུང་གཡེང་བས་ནོར་བ་ལོས་འབྱུང་ཡང་། །ཡིག་ནག་ཀློག་པའི་གོ་ཡུལ་ཡིད་དཔྱོད་དང་། །གཞན་གྱི་སྨྲ་བའི་རྗེས་འབྲང་གོ་ལོག་ཅན། །སློབ་དཔོན་ངན་པའི་ཤན་གྱིས་བསླད་པ་རྣམས། །རང་མཐོང་ཆེ་ཞིང་ཡིན་ཡིན་ལྟར་འདྲ་ཡང་། །པད་འབྱུང་བི་མའི་གསང་བ་སྙིང་ཐིག་གི། །ངེས་པའི་དོན་དང་གནམ་ས་བཞིན་དུ་འགྱངས། །ཀྱེ་མ་རྨོངས་པས་རྨོངས་པ་ལོང་བས་ལོང་བ་ཁྲིད། །འཁོར་བའི་འཁོར་འཁོར་ཡང་ནས་ཡང་དུ་འཁོར། །འདི་དོན་མཐོང་ན་བདུད་རྒན་ལས་རབ་ངས། །བགྲང་བྱས་མནན་ཡང་ཡི་གེ་འདི་བྲིས་སོ། །སརྦ་མངྒ་ལཾ།། །། ༈ སྒོམ་བྱུང་ཤེས་རབ་ཀྱི་དཔའ་བོ་མཁའ་འགྲོ་དགྱེས་པའི་གླུ་ཞེས་བྱ་བ་བཞུགས་སོ། །རྗེ་བླ་མ་མཁྱེན་ནོ་ཐུགས་རྗེས་གཟིགས། །སེམས་ཆོས་སྐུ་ཁྱོད་དེ་རང་ཡེ་
མ་འཁྲུལ། །འཁྲུལ་བ་ཁྱོད་དེ་རང་རྫུན་དུ་འདུག །ཁྱོད་འཁྲུལ་གྲོལ་གཉིས་དབྱིངས་སུ་རང་བཞིན་གཅིག །བློ་དྲན་རིག་གི་ངན་མཚང་ང་ལ་ཡོད། །དེ་ཚུལ་བཞིན་དུ་ཤེས་ན་དོན་ཆེན་འདུག །སངས་རྒྱས་རིག་རྩལ་རྒྱལ་པོ་དེ། །སེམས་རྟ་རྒན་ལོང་བས་དབང་མེད་ཁྱེར། །འཇམ་རྩུབ་ཀྱི་ལམ་དུ་སོང་སོང་ནས། །འོ་བརྒྱལ་འགའ་ཁོང་ལ་རེད་ནས་གདའ། །ཁོང་ཆད་ཡུས་མེད་པ་ཨ་རེ་མཚར། །སྐྱོན་གྱིས་མ་གོས་དེ་བས་མཚར། །དུས་དེ་ཚེ་རྗེ་བཙུན་བླ་མ་དེས། །ཐབས་ཟབ་མོའི་སྲབ་ཀྱིས་རྟ་རྒན་བཟུང་། །རིག་རྩལ་རྒྱལ་པོའི་ལག་ཏུ་གཏད། །འགྲོ་འོང་མེད་པའི་ཞ་བོ་ཁྱོད། །སྤྱན་སྒྲིམ་ལ་རྟ་ཁ་འཚོས་ཤིག་གསུངས། །ད་སེམས་བྱུང་ཁོ་རིག་པས་མནན་ནས་ཡོད། །ཡང་སེམས་ཉིད་རིག་པའི་རྒྱལ་པོ་དེ། །བྱིང་བའི་འདམ་ལ་ཟུག་པའི་ཚེ། །དྭངས་གསལ་གྱི་ཐང་ལ་འཕྲད་མ་འདོད། །རྒོད་པའི་རླུང་གིས་ཁྱེར་ཙ་ན། །འཛིན་མེད་ཀྱི་རྒྱལ་ས་ཐོབ་མ་འདོད། །རང་བབས་སུ་གློད་ན་འཕྲད་ཐོབ་སྲིད། །དེ་རིང་ཚེས་བརྒྱད་ཀྱི་སྔ་དྲོ་ལ། །བྱིས་པ་འཁྲུལ་
བའི་ངག་གླུ་བསྐྱོད། །ང་རྣལ་འབྱོར་གྱི་སྒོམ་བྱུང་ཤེས་རབ་གླུ། །དོན་བརྗོད་མེད་བརྗོད་པར་འཇལ་བའི་ཚིག །ངག་རྡོ་རྗེའི་རྟ་ལ་བརྒྱུས་ནས་ལེན། །གླུ་འདི་ལ་བྱིན་རླབས་ཡོད་དུ་གཤའ། །ང་དག་རྗེ་བཙུན་བླ་མ་ལ། །མཉམ་འགྲོགས་བརྙས་བཅོས་མ་བྱས་ཤིང་། །སྐྱོན་རྟོག་ཐེ་ཚོམ་མ་སྐྱེས་པར། །ཁོང་བཀའ་དྲིན་ཅན་གྱིས་བྱིན་བརླབས་པས། །ང་ཚོགས་བསགས་སྦྱང་བགྲོད་མི་ཆེ་རུང་། །སྙིང་རུས་སྡུག་སྲན་མི་ཆེ་རུང་། །སེམས་བརྗོད་མེད་དོན་ཅིག་རྟོགས་ནས་བྱུང་། །ཆོས་རྫོགས་ཆེན་ལ་རྟེན་འབྲེལ་དེ་ནས་འགྲིགས། །རྟེན་འབྲེལ་དེ་ཀུན་ལ་འགྲིག་པར་ཤོག །གླུ་བྱིན་རླབས་ཡོད་པ་དེ་ཙུག་ལགས། །ངས་སེམས་ཨེ་རྙེད་བལྟས་ཚེ་མ་རྙེད་སྟོང་། །སྟོང་པར་གནས་ཚེ་རྣམ་རྟོག་མཐོང་། །མཐོང་མཁན་བརྟགས་པས་ངོས་བཟུང་ཡལ། །བློ་ལེགས་པར་བཅོས་པས་ལྷག་ཏུ་རྩུབ། །གར་བབ་ཏུ་བཞག་པས་རང་ས་ཟིན། །དེང་བཟོ་མེད་ལ་ངེས་ཤེས་འདྲོངས་ནས་བྱུང་། །ངས་ཡོད་སྙམ་བརྟགས་པས་ཅང་མེད་སྟོང་། །མེད་སྙམ་བསམ་ཡང་དྲན་མཁན་གདའ། །ཐ་མལ་དུ་
བསྡད་ཚེ་གནས་འགྱུར་ཤོར། །ལྷག་མཐོང་གིས་ཟིན་ཚེ་ལྟ་བ་དངོས། །ཉམས་སྣ་ཚོགས་ཞི་གནས་ཁོ་ལ་གདའ། །གསལ་ཧྲིག་ཧྲིག་པ་དེ་འགྱུ་བར་སྣང་། །སེམས་མེད་པ་མིན་པའི་ཡོད་ཡོད་པོ། །ཡོད་པར་སྙམ་ན་སྟོང་ཆེན་པོ། །སེམས་ཁྲམ་པ་ཁྱོད་རང་ཁྲིམས་རང་ལ་ཆོས། །གསང་སྔགས་ཁོང་ལམ་ལ་ཞེན་ནས་གོལ། །ཉན་ཐོས་ཀུན་འགོག་པའི་རྒྱ་ཡིས་བཅིངས། །ཆོས་པ་རྣམས་དགེ་བའི་ལྟད་མོས་བསླུས། །སྡིག་ཅན་རིགས་སྡུག་བསྔལ་བཙོན་དུ་ཟིན། །བར་མ་ཚོ་དོན་མེད་ངང་དུ་འཁྲུལ། །སྲིད་པ་ཀུན་རྨི་ལམ་བདེན་པར་བཟུང་། །ང་མེད་ངས་ཐམས་ཅད་རྫུན་དུ་གོ། །བློ་བྲལ་ངས་ཐེ་ཚོམ་ནང་ནས་ཆོད། །ཆོས་ཟད་དང་ཆོས་ཉིད་རྒྱལ་ས་ཟིན། །རང་བྱུང་རྫོགས་ཆེན་གྱི་ངང་ནས་བདེ་ཡལ་ལེ། །སྤྲོས་བྲལ་ཆོས་ཉིད་ཤུགས་འབྱུང་གི་གླུ་གཞས་འཁྱུགས། །སྒྲ་གྲག་སྟོང་དུ་འདུག་གམ་མཁའ་འགྲོའི་ཚོགས། །དོན་བརྗོད་མེད་དུ་གོ་འམ་དཔའ་བོ་རྣམས། །དབྱངས་མཆོད་པ་རུ་འབུལ་ལོ་བླ་མ་རྗེ། །དགེའོ།། །། ༈ འདྲ་དང་འདྲ་སྟེ་དོན་ལ་མ་ནོར་ཅིག་ཅེས་པའི་
བརྗེད་གསོས་བཞུགས་སོ། །རང་དོན་རྫོགས་པའི་སངས་རྒྱས་ཆེ། །གཞན་དོན་མཛད་ཕྱིར་སྤྲུལ་པའི་སྐུ། །རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང་། །དྲིན་ཅན་བླ་མའི་ཞབས་ལ་འདུད། །སྙན་དང་གྲགས་པ་འདོད་པའི་ཆོས་པ་དང་། །རྙེད་དང་བཀུར་སྟི་འདོད་པའི་ཆོས་པ་དང་། །འཆི་ཆོས་ཁོ་ན་བསམ་པའི་ཆོས་པ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ལས་ཀྱིས་མ་བསྐོས་ཟས་ནོར་མེད་པ་དང་། །གཉེན་ལ་འཁོན་འཛིན་སེམས་ཐག་རིང་བ་དང་། །ཟས་ནོར་ཉེ་འབྲེལ་འཁྲི་བ་ཆོད་པ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ཡོན་བདག་ངོ་སྲུང་མཐུན་འཇུག་སྙིང་རྗེ་དང་། །ཉེ་དུ་བྱམས་པས་སྐྱོང་བའི་སྙིང་རྗེ་དང་། །སྡུག་བསྔལ་ཅན་ལ་བརྩེ་བའི་སྙིང་རྗེ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ཡི་དམ་མངོན་དུ་གྱུར་སྙམ་ང་རྒྱལ་དང་། །ཚིག་རྗེས་དོན་གྱི་འབྲེལ་བའི་གོ་བ་དང་། །ཚིག་འདི་གཉིས་ཅུང་ཟད་བསྐྱེད་རིམ་གྱི་ཡན་ལག་ཡིན། འཇའ་ཚོན་བལྟས་པ་ལྟ་བུའི་བསྐྱེད་རིམ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །དྲན་མེད་བརྒྱལ་ཐབས་སྟོང་ལྟ་ཧད་པོ་
དང་། །རྟོག་པས་རྟོག་པ་དེད་ཅིང་དཔྱད་པ་དང་། །བརྗོད་མེད་ཀློང་ཡངས་རབ་འབྱམས་རྫོགས་རིམ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །མཉམ་ལ་འགྲན་སེམས་སྐྱེས་པའི་སྒྲུབ་པ་དང་། །དམན་པ་ཁྱད་གསོད་བྱེད་པའི་སྒྲུབ་པ་དང་། །ཚེ་གཅིག་སངས་རྒྱས་བགྲོད་པའི་སྒྲུབ་པ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ཆོས་དང་གང་ཟག་སྨོད་པའི་ཟུག་རྔུ་དང་། །བདག་གཞན་བྱང་ཆུབ་སྲེག་པའི་ཁ་འཆལ་དང་། །ལྟ་ལོག་ཆོས་མིན་སུན་འབྱིན་རྩོད་པ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །མཐོང་ཆོས་ཟབ་ཟབ་མིག་ལ་མཛེས་པ་དང་། །ཁ་ཆོས་སྒམ་སྒམ་ཚིག་ལ་ཞིབ་པ་དང་། །དོན་ཆོས་ལག་བླངས་ཉམས་མྱོང་ཐག་ཆོད་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །མ་བསྒྲུབས་རྫུན་གྱིས་མགོ་བསྐོར་གྲུབ་རྟགས་དང་། །རྫས་སྦྱོར་འདྲེ་སྒྲུབ་མངོན་ཤེས་རྫུ་འཕྲུལ་དང་། །ཚེ་གཅིག་སྒྲུབ་འབྲས་མངོན་ཤེས་རྫུ་འཕྲུལ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །བག་མེད་ཐོ་ཅོའི་སྤྱོད་པ་ཤུགས་དྲག་
དང་། །བསླུ་བྲིད་སྨྱོ་སྤྱོད་རྩིང་པོར་སོང་བ་དང་། །དྲོད་ཚད་གདེང་ཚུད་སྦྱོར་སྒྲོལ་སྤྱོད་པ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ཕུང་སེམས་བྲལ་བའི་གཙང་རྩོག་སྐབས་མེད་དང་། །ཟས་ནོར་གདུང་བའི་རོ་གཤིན་འཛེམ་མེད་དང་། །ལྟ་བ་མངོན་གྱུར་རོ་མཉམ་རྟོགས་ལྡན་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །བར་གཅོད་བདུད་ཀྱིས་ལོག་པའི་ལུང་བསྟན་དང་། །ཤ་ཟ་དམན་མོས་ཉམས་སད་ལུང་བསྟན་དང་། །དག་སྣང་མཁའ་འགྲོས་ལུང་བསྟན་གཟེངས་བསྟོད་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ལུས་སེམས་རང་དབང་མ་ཐོབ་འཚུབ་ཆ་དང་། །འདྲེས་བརླམས་བྱ་བ་མི་འདྲ་ཆོ་དགུ་དང་། །བག་དྲོ་བྱིན་འཐིབས་སེང་གེའི་སྤྱོད་འགྲོས་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ལྟོ་གོས་གཉེར་ཕྱིར་བསྟན་ལ་ཞུགས་པ་དང་། །བལྟས་ཆོས་ལེགས་ཕྱིར་ཚུལ་གཟོབ་བཙུན་གཟུགས་དང་། །གཡོ་མེད་དྲང་པོས་ཆོས་སྒོར་ཞུགས་པ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །དགེ་སྡིག་ཤེས་ཀྱང་བག་མེད་དྲེད་པོ་
དང་། །སྤང་བླང་མི་ཤེས་དུད་འགྲོ་ལྟ་བུ་དང་། །རྫོགས་ཆེན་ཆོས་ཟད་རེ་དོགས་བྲལ་བ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །སོ་ཐར་མ་ནུས་སྔགས་པར་ཁས་བླངས་དང་། །སྔགས་ལྟར་བྱས་ཀྱང་མན་ངག་མ་གོ་དང་། །ཡེ་བཀག་ཡེ་གནང་གནད་ཤེས་རྣལ་འབྱོར་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །སྡིག་སྡུག་གཏམ་ངན་ལས་ཀྱི་དཀའ་བ་དང་། །ཟིན་མེད་བྱ་ལས་མང་པོའི་དཀའ་བ་དང་། །སྡུག་སྲན་སྙིང་རུས་ཆོས་ཕྱིར་དཀའ་བ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །མི་ཆེན་བསྟེན་དྲིན་སྐྱིད་འདོད་སྡིག་སོགས་དང་། །གཉེན་བཤེས་བསྟེན་དྲིན་སྐྱོབ་འདོད་ཆགས་སྡང་དང་། །དམ་པ་བསྟེན་པའི་ཆོས་དྲིན་ཐོབ་པ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ཕོ་རུས་ཞེན་པ་འཕེལ་བའི་ཆོས་བཤད་དང་། །ཆོས་ཕག་རྙེད་འཚོལ་སྡུད་པའི་ཆོས་བཤད་དང་། །རང་དོན་མ་ཆགས་ཉོན་མོངས་ཞི་བྱེད་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །དགྲ་འདུལ་གཉེན་སྐྱོང་མ་ནུས་ཉམ་ཆུང་དང་། །
ཚོད་ཟིན་ཆགས་སྡང་མ་བྱས་ཐབས་མཁས་དང་། །ཚེ་འདི་ཤོར་གོད་ལེགས་ཉེས་བློས་བཏང་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །ལན་དང་ཉེ་ཕྱོགས་གཏོང་བའི་སྦྱིན་པ་དང་། །དགའ་འདུས་ཕྱོར་མགྲོན་ཚོགས་པའི་གཏོང་ཕོད་དང་། །ཚོགས་ཞིང་དག་པའི་ཡུལ་ལ་ཕུལ་བ་གསུམ། །འདྲ་དང་འདྲ་སྟེ་དོན་ལ་མ་ནོར་མཛོད། །མ་བརྟགས་ཕྱོགས་ཙམ་ཆ་ལ་འདྲ་ནའང་། །གནད་དོན་མི་མཐུན་གསེར་དང་ར་གན་བཞིན། །དེ་ཕྱིར་མ་ནོར་དྲན་པའི་བརྗེད་བསྐུལ་འདི། །ཕྲིན་ལས་ཞེས་བཏགས་ཡེངས་སྟབས་ཅན་དེས་བསྒྲགས། །མངྒ་ལཾ།། །། ༈ ཀྱེ་ཧོ་རྨོངས་པ་ཅེ་རེ་ལོང་། །ངན་མཚང་མི་ཤེས་ཨ་རེ་བླུན། །རི་དྭགས་རྔ་མ་བསྟན་ནས་སུ། །བོང་ཤ་བཙོང་བའི་གཏམ་རྒྱུད་ལྟོས། །བན་ཁྲམ་ཆོས་པའི་གཟུགས་སུ་བཅོས། །ཆོས་གོས་གྱོན་ནས་ངན་མཚང་སྟོན། །མི་ཆེན་པོའི་མདུན་དུ་རང་ཆེ་ངོམ། །སྐུ་བཙུན་པོ་རྣམས་ལ་དུག་སྦྱོར་བྱེད། །ཡུལ་གཉན་པོ་རྣམས་ལ་ལོག་ལྟ་སྐྱེ། །ཚེ་འདི་སྣང་སྤངས་ལ་ངན་མཐུ་གཤོམ། །ཁོང་ཡོན་ཏན་ཅན་ལ་སྐྱོན་དུ་བརྗོད། །རྗེ་འགྲོ་དོན་
ཅན་ལ་ཕྲག་དོག་སྐྱེ། །ལས་བསོད་ནམས་ཅན་ལ་བསམ་པ་ངན། །རང་རྙེད་འཚོལ་ངང་ལ་མི་ཚེ་ཟད། །ལས་འདི་ནི་དམྱལ་བའི་ས་བོན་ཡིན། །ལས་འདི་ནི་མར་འགྲོའི་སྣ་འདྲེན་ཡིན། །ལས་འདི་ནི་ངན་སོང་གཏིང་རྡོ་ཡིན། །ལས་འདི་ནི་བདུད་ཀྱི་དམག་དཔུང་ཡིན། །མི་རྨོངས་པ་དུད་འགྲོ་འདི་སྙིང་རེ་རྗེ། །མི་བསོད་ནམས་མེད་པ་འདིའི་རྗེས་འགྲོ། །མི་ཀླ་ཀློ་དུད་འགྲོ་འདིའི་རྗེས་འགྲོ། །མི་བསམ་མེད་གླད་ཆུང་འདིའི་རྗེས་འགྲོ། །ཁ་ཐུར་དུ་ཐུར་དུ་བལྟས་ཤིང་འགྲོ། །ལས་བྱ་བ་ངན་ནོ་སྙིང་རེ་རྗེ། །དགེའོ།། །། ༈ སངས་རྒྱས་ཕྲིན་ལས་གཅིག་བསྡུས་ངོ་བོ་ཉིད། །ཐེག་མཆོག་བསྟན་པའི་རྒྱལ་མཚན་སྤྱི་བོར་མཆོད། །རང་གཞན་ཚུར་མཐོང་བདག་གི་ཡིད་འདི་སྐྱོ། །སྡིག་པ་སྣ་གཅིག་སྤོང་བའི་ཞེ་བཅད་དང་། །དགེ་བ་སྣ་གཅིག་སྒྲུབ་པའི་བློ་མེད་པར། །བསྟན་ཞུགས་ཚུལ་བཟུང་རྨོངས་པས་བསྙེན་བཀུར་ལེན། །མཆོད་བྱ་མཆོད་བྱེད་གཉིས་ཀ་ཡི་རེ་མུག །ཁ་ལན་ཟ་རེས་བསྐོར་བའི་མཆོད་སྦྱིན་དང་། །གཉེན་ཕྱོགས་མཐུན་
ཕྱོགས་བན་དེར་བྱིན་པ་ཡི། །དགེ་ཆོས་དག་པའི་གནས་དང་འགལ་བ་ཅན། །གཏི་ཐུག་ཆོས་ལོག་དེང་སང་ངོ་སོར་འཁྱེར། །སྡིག་ལ་འགྱོད་བཤགས་མི་ཤེས་དྲན་པ་སྟོར། །དགེ་ལ་འབད་པ་མི་ཤེས་དྲན་པ་སྟོར། །སེར་ཆས་གྱོན་ཞིང་ཉོན་མོངས་སུ་བས་ཆེ། །ཟོབ་ཀྱི་ཁ་ཆོས་རང་འགལ་སྨྲ་ཞིང་གླེན། །ཐུན་མོང་མ་ཡིན་གོང་ན་མེད་པའི་ཆོས། །སྐལ་བཟང་དུས་བྱོན་སྔ་འགྱུར་རྫོགས་ཆེན་ཡིན། །དེང་ཕྱིན་ཐེག་པའི་རྣམ་བཞག་རིམ་པ་དགུ། །ཐུབ་པའི་བསྟན་པ་ཀ་དཔེ་གཅིག་རྒྱུག་ཡིན། །རང་ཆོས་སྒྲུབ་དང་གཞན་ཆོས་ལ་ཡང་མཐུན། །ང་ཆོས་བཟང་ཞེས་གཞན་ལ་སྨད་མི་དགོས། །ཆོས་ཀུན་ཤེས་ན་རྫོགས་པའི་སངས་རྒྱས་ཡིན། །མ་ཤེས་པ་ལ་ངོ་ཚ་བྱེད་མི་དགོས། །ཐམས་ཅད་མཁྱེན་ཞེས་རྫུན་ཡང་སྨྲ་མ་བྱེད། །ད་རེས་མི་ལུས་བླངས་པའི་དོན་གོ་དང་། །ཐུབ་པའི་བསྟན་དང་མཇལ་བའི་དོན་གོ་ལ། །སྡིག་པ་ཅི་ཡང་མི་བྱ་གསུངས་པ་དང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད་གསུངས་པ། །ཅུང་ཟད་ཙམ་རེ་ལག་ཏུ་བླང་བྱར་རིག །མི་ལུས་མདོ་དོན་ཆེ་ཆུང་ད་རེས་
ཤེས། །མ་ཡེངས་མ་འཁྲུལ་མ་ནོར་ད་རེས་རེམས། །ཆོས་མེད་གླེན་པས་གཞན་ལ་ཆོས་བཤད་འདོམས། །རིགས་པས་དཔྱད་ན་རང་མཚང་ངོམ་པ་འདྲ། །དུད་འགྲོ་སྤྲེལ་ཚ་རྣམས་ལ་ཞད་རེ་ཡོད། །དེང་སང་དུས་ཀྱི་ཆོས་འདི་ཡ་མ་བརླ། །ངེས་པའི་ཆོས་ཀྱི་ཉམས་ལེན་མེད་ནའང་། །བཙན་ཕྱུག་གཉིས་ལ་བླ་མ་འཆོས་པ་མང་། །བསྙེན་སྒྲུབ་ཟབ་མོའི་གདེང་ཚད་མི་ལྡན་ཡང་། །མི་བརྒྱུད་བླ་མ་ཡིན་ཞེས་མགོ་འཁོར་མང་། །ཚུལ་བཞིན་སྒོམ་པའི་ཉམས་ལེན་མི་ཤེས་ཤིང་། །སྡུག་སྒུར་ནུས་ལ་བླ་མར་འཛིན་པ་མང་། །ཁ་འཁྱལ་ཐེག་རིམ་འཆོས་པའི་བཤད་པ་ལ། །ཆོས་ལ་མཁས་པར་བཟུང་བའི་བླ་མ་མང་། །རང་ལ་ངེས་ཆ་གྲོལ་ཆ་མི་ལྡན་ཡང་། །མི་རྒོད་ཁྲོམ་དུ་བསྡུ་བའི་བླ་རྒོད་མང་། །འདི་དག་རྣམས་ནི་ཚེ་འདིར་ཤོར་ནའང་། །སྙིང་པོའི་བསྟན་ལ་དམོད་ཅིང་སྤངས་པ་ཡི། །རང་གཞན་སྐྱོན་འདི་ལས་རབ་རྩལ་གྱིས་བརྗོད།། །། ༈ ཐུབ་བསྟན་ལ་ཞུགས་རྐུན་རྫུན་ཁྲམ་གསུམ་བྱེད། །མ་དང་འདྲ་བའི་བཞོན་འབྲི་བཤས་རར་ཕབ། །
དབྱེན་དང་ཕྲ་མས་མཐུན་གཉིས་འབྲལ་ཐབས་བྱེད། །སེར་ཆས་སྤངས་ནས་སྐྱ་ཆས་ཧོར་ཆས་བྱེད། །དཀར་པོ་དགེ་བའི་ལས་ལ་རྒྱབ་ཀྱིས་ཕྱོགས། །མི་དགེ་སྡིག་པའི་ལས་ཀྱི་ཁ་འཛིན་བྱེད། །ཚེ་འདི་ཉི་ཚེ་ཡུད་ཙམ་མ་ཤེས་ནས། །ཕྱི་མ་མི་བསམ་མི་ཚེ་སྡིག་ལ་ཟད། །ངོ་ཚ་མི་ཤེས་ཁྲེལ་མེད་ལས་ལ་འབྱམས། །ཉེས་བྱས་མི་འགྱོད་ད་རུང་སྡིག་འཕྲོ་མཐུད། །ཁ་ཏོན་མི་བྱེད་ལོང་གཏམ་ངག་འཆལ་བགྲངས། །ཚེ་འདི་བོར་ནས་ཤི་མ་ཐག་ཏུ་ནི། །ངན་སོང་གཡང་ས་རྡོག་པའི་སྣེ་ན་ཡོད། །དམ་ཉམས་དེ་ལ་ཉེས་པ་འདི་ལྟ་སྟེ། །དམ་ཚིག་ཉམས་པས་དམྱལ་བའི་གནས་སུ་སྐྱེ། །མི་ཆོས་ཉམས་པས་ཀུན་གྱིས་དེ་ལ་འཕྱ། །དགེ་བ་ཉམས་པས་གང་བྱས་སྡིག་ཏུ་འགྱུར། །གྲགས་པ་ཉམས་པས་གཏམ་ངན་མི་ཁ་འདུ། །རིགས་ཉམས་དཀོན་མཆོག་གསུམ་གྱི་གྲལ་མི་ཚུད། །དཔལ་ཉམས་རྒྱལ་ཁམས་འགྲིམ་པའི་སྤྲང་བོར་འགྲོ། །ཚེ་ཉམས་ཆོས་སྐྱོང་སྲུང་མས་བཀའ་ཆད་འབེབས། །གྲོགས་ཉམས་སུ་ལ་འགྲོགས་པ་གྲིབ་ཀྱིས་གནོན། །ཆེ་བ་ཉམས་པས་རང་ལས་དམན་པས་
བརྙས། །བསོད་ནམས་ཉམས་པས་ཟ་ཐང་རྙེད་པ་ཆུང་། །བདེན་པ་ཉམས་པས་རྫུན་དང་གཡོ་སྒྱུ་སྤྱོད། །འདི་དག་ཆོས་འགལ་བསྟན་བཤིག་ཉེས་པའོ།། །། ༈ ཡུད་ཙམ་ཏིང་འཛིན་སྒོམ་པར་མི་ནུས་པས། །རྫོགས་ཆེན་ཆོས་ལ་ཞུགས་པ་ངོ་རེ་ཚ། །བླ་སློབ་ཐམས་ཅད་བྲེལ་བའི་དབང་དུ་ཁྱེར། །རྫོགས་ཆེན་འཆད་ཉན་བྱས་པ་ངོ་རེ་ཚ། །བ་མོས་ཚྭ་ཆུ་བཞིན་དུ་ཁྱིམ་ལ་སྙོགས། །རྫོགས་ཆེན་ཉན་ཁོམ་མེད་པའི་ངོ་རེ་ཚ། །སྦྱང་པ་མི་བྱེད་དལ་བར་སྡོད་པ་ཡི། །རྫོགས་ཆེན་རྟོགས་སུ་རེ་བ་ངོ་རེ་ཚ། །ཆོས་ལ་ཉན་འཕྲོ་བྱས་ནས་བྱ་བར་ཞུགས། །རྫོགས་ཆེན་གལ་ཆུང་བྱས་པ་ངོ་རེ་ཚ། །སྡིག་ཏོ་བཙུན་གཟུགས་ངག་ལ་ཉན་ནས་སུ། །རྫོགས་ཆེན་སྐལ་བ་ཆད་པ་ངོ་རེ་ཚ། །གསེར་དང་རྫོགས་ཆེན་ཡང་བཞུས་ཡང་བཙུན་ལ། །རྫོགས་ཆེན་ཐོས་བློར་ལུས་པ་ངོ་རེ་ཚ། །ཉམས་མེད་བླ་མས་ལྟ་བ་རྣ་འདྲེས་བཤད། །རྫོགས་ཆེན་དགོངས་པ་བསླད་པ་ངོ་རེ་ཚ། །གླེན་དད་སློབ་མས་སྒོམ་ཐབས་ཀུན་འདྲ་སྙམ། །རྫོགས་ཆེན་ཁྱད་ཆོས་མ་ཤེས་ངོ་རེ་ཚ། །
ཆོས་དང་བླ་མ་སྔོན་འགྲོ་རིམ་གྱིས་སྤངས། །རྫོགས་ཆེན་ཆོས་སྤངས་དམ་ཉམས་ངོ་རེ་ཚ། །གོམས་འདྲིས་ཉམས་མྱོང་རྒྱུད་ལ་མ་བརྟེན་པས། །རྫོགས་ཆེན་ཡིག་ནག་ཀློག་པ་ངོ་རེ་ཚ། སྒྲུབ་པ་ཤི་རྒས་གཉིས་ལ་མི་གཏུག་པར། །རྫོགས་ཆེན་རེས་འཇོག་ཐང་ལྷོད་ངོ་རེ་ཚ། །མིང་ཆེ་ཇོ་བཟང་མདུན་ནས་ཐོབ་ཚར་ཟེར། །རྫོགས་ཆེན་མཐོ་འདོད་བཟང་འདོད་ངོ་རེ་ཚ། །ངོ་ཚ་བཅུ་གསུམ་ལྷ་དང་མཁའ་འགྲོས་ཁྲེལ། །ཁྲོམ་དུ་གཅེར་རྒྱུག་བྱས་པ་ལས་ཀྱང་ངན། །འཁོར་བར་འཁོར་ཅིང་སྲིད་པར་རབ་ཏུ་གནས། །རང་དོན་ཆུད་ཟོས་ཁབ་དང་སྟ་རེ་བརྗེས། །ཆོས་དང་འཇིག་རྟེན་གདམ་ཁ་ནོར་ཞིང་རྨོངས། །འཇིགས་ཆེན་འཆི་བདག་འབྱུང་བའི་དུས་དེ་ན། །ཁྱིམ་གྱི་བྱ་བ་ཐབས་ཆག་གྱུར་ཀྱང་རུང་། །རང་གི་གལ་ཆེན་འཕྲོ་བཞག་དགོས་ཀྱང་རུང་། །ཡུད་ཙམ་སྡོད་པའི་དབང་མེད་འགྲོ་བར་ངེས། །གོ་ཆོད་པོ་དེ་ཆོས་མེད་གོ་མ་ཆོད། །གང་དུ་སོང་ནས་སླར་ལ་མི་ལྡོག་པར། །ཕྱིར་འཁོར་མེད་པའི་ཡུལ་སོང་ཨ་རེ་འགྱོད། །དེ་ཕྱིར་རྫོགས་པ་ཆེན་པོ་མ་བོར་ཞེས། །ཆོས་
དབྱིངས་དྲི་མེད་རྩལ་གྱིས་གདམས་པ་ཡིན། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ལ། །མིང་བརྗེ་ལུས་བསྒྱུར་སྐྲ་བྲེག་མི་དགོས་ཏེ། །ཚུལ་བཞིན་སུས་སྒོམ་འཁོར་བའི་སྐྱེ་རྒྱུན་ཆད། །ཚེ་འདིར་རྫོགས་པའི་སངས་རྒྱས་མངོན་དུ་འགྱུར། །ཕྱི་གཤོལ་མ་བྱེད་མི་ངན་སྤྲེལ་ཚ་རྣམས། །ས་མ་ཡཱ།། །། ༈ རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། །ཀུན་བཟང་ཐེག་མཆོག་རྒྱ་མཚོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །གྲུབ་ཐོབ་དངོས་གྲུབ་བརྙེས་པར་ཤོག །ང་བདག་རིག་རྩལ་ཐོགས་མེད་གླིང་། །རྡོ་རྗེ་སློབ་དཔོན་བགྱིས་ནས་སུ། །འཁོར་དུ་ཚོགས་པའི་དད་ཅན་རྣམས། །སྟོན་འཁོར་དངོས་གྲུབ་མཉམ་མོ་ཞེས། །སྐྱེས་བུ་ང་ཡི་ཞལ་གྱིས་བཞེས། །ང་ཡི་སྒྲུབ་པའི་གྲལ་བཞུགས་པ། །དེ་ཡི་སྒྲུབ་པར་གྲུབ་རྟགས་འབྱུང་། །ང་ཡི་ལས་བཞིའི་སྒྲུབ་གཡོག་བྱས། །དེས་ནི་ཕྱིན་ཆད་དེ་བསྒྲུབ་ན། །བར་ཆད་མེད་ཅིང་ལས་དེ་འགྲུབ། །ང་ཡི་སྒྲུབ་རྫས་ཕབས་རྟ་བྱས། །དེ་ཡི་སྒྲུབ་པར་རྟགས་
མཚན་འབྱུང་། །ང་ཡི་ཆོས་ནི་འདི་དག་གི། །གཏེར་རྙིང་བྱིན་རླབས་ཡལ་བ་གསོས། །ང་ཡི་ཁ་ལག་འགྲིམ་པ་ཡི། །རྟེན་དང་ཆོས་ལ་བྱིན་རླབས་འབེབས། །ང་ཡི་ཆོས་ནི་སུས་བསྒྲུབ་པ། །དབང་པོར་འཚམས་པའི་རྟགས་ནུས་ཡོད། །ང་ཡི་ཞལ་གདམས་སྒོམ་ཡིག་ལ། །ལས་འཕྲོ་ཅན་གྱིས་མཐོང་བ་ཡིས། །དབང་མེད་བཙན་ཐབས་དད་པ་སྐྱེ། །ཆོས་ཉིད་མངོན་སུམ་རང་ངོ་འཕྲོད། །ཉམས་ལེན་ཅན་གྱིས་མཐོང་བ་ན། །འཆུག་མེད་ཀ་དག་བཙན་ས་ཟིན། །ལྟ་བ་ལོག་པས་མཐོང་གྱུར་ན། །ལམ་ནོར་གོལ་སའི་ནོར་འཕྲང་སེལ། །ཡི་གེ་དབུ་ཅན་བྲིས་ནས་སུ། །རབ་ཏུ་གནས་ནས་རོ་ལ་བཏགས། །ཚེ་འདས་ཀུན་བཟང་དགོངས་པར་གྲོལ། །བསྲེགས་པས་བཏགས་གྲོལ་རྟགས་ཀྱང་འབྱུང་། །སྙིགས་མའི་དུས་འདིར་ལས་རབ་ངས། །གྲུབ་ཐོབ་ཆུ་མགོ་བཟུང་བ་ཡི། །ཉི་སྤྲུལ་ཐུགས་ཀྱིས་རེ་བཅས་བཞིན། །བསྟན་དང་འགྲོ་དོན་བྱས་པ་ཡིན། །མི་ཆོས་ཐབས་དང་ཕྲལ་བ་འདི། །ལྷ་ཆོས་ཀུན་གྱི་ཡང་རྩེ་ཡིན། །ལས་ངན་འགྲོ་བས་དོན་མེད་ཡང་། །སྡང་ཞིང་
ངན་སེམས་གནོད་པ་བྱེད། །ལས་ཅན་འགྲོ་བ་རྒྱང་རིང་ཡང་། །དད་ཅིང་དངོས་དང་ཕྲད་ན་བསམ། །ཕལ་ཆེར་མི་རྣམས་སྣོད་མེད་ཅིང་། །ལས་འཕྲོ་བསགས་སྦྱང་ཞན་པ་ཡིས། །ང་ཡི་ཆོས་བཞིན་སྤྱོད་པའི་བསོད་ནམས་མེད། །ཕལ་ཆེར་སློབ་མར་གྱུར་པ་ཡང་། །ཞལ་རྒྱུན་བཟང་པོ་བཤད་བྱས་ཀྱང་། །རང་ཐོག་ཉམས་ལེན་མེད་པའང་ཡོད། །ཕལ་ཆེར་མི་རྣམས་ལུང་མ་བསྟན། །དད་དང་སྐྱོན་མཐོང་གཉིས་ཀ་མེད། །ང་ནི་རྗེ་བཙུན་བླ་མའི་སྲས། །ང་ནི་སེམས་ཅན་ཡོངས་ཀྱི་མ། །ང་ནི་འབྲེལ་ཚད་དོན་དང་ལྡན། །ང་ནི་སྐྱེས་བུ་ལས་རབ་རྩལ། །དྲང་པོར་བཤད་ན་རྡོ་རྗེའི་ཚིག །རྡོ་རྗེའི་ཚིག་ལ་འགྱུར་བ་མེད།། །། ༈ ཞི་བའི་སྙིང་པོའི་དོན་རྟོགས་ལས་རབ་ཀྱི། །ལས་ཅན་རྨོངས་པ་རྣམས་ལ་སྤྲིངས་ཡིག་འདི། །སྐྱེ་འཆིའི་འཁོར་ལོར་འདིར་བརྒྱུད་གྲངས་མང་བས། །ད་རེས་གཏན་བདེའི་ཐར་པ་སྒྲུབ་པར་རིགས། །ལུས་ཅན་རྣམས་ཀྱི་ལུས་འདི་ཐོ་ཡོར་འདྲ། །སེམས་ནི་ཐོ་ཡོར་སྟེང་གི་བྱེའུ་ཆུང་འདྲ། །ནམ་འཕུར་མི་ཤེས་གར་འགྲོ་ཆ་མེད་པས། །ཚེ་
འདིའི་རྟག་འཛིན་ཅུང་ཟད་ནོར་བ་འདྲ། །འབྱོར་པ་ལྷ་ཡི་ཁང་ཁྱིམ་འདྲ་བའི་ནང་། །ལུས་སྲོག་དང་བཅས་འདོར་ནས་འཆི་བ་ན། །མི་བཟོད་ཡི་དྭགས་གནས་སུ་སྐྱེས་པ་ན། །རྨི་ལམ་བདེ་སྐྱིད་སད་ནས་མེད་དང་མཚུངས། །སྐྱེས་པའི་རང་བཞིན་ཐམས་ཅད་འཆི་བ་སྟེ། །རི་གླིང་ཉི་ཟླ་ས་འོག་ས་སྟེང་ན། །ཀུན་རྫོབ་འདུས་བྱས་རྟག་པ་གཅིག་ཀྱང་མེད། །འཆི་དུས་དགོས་པ་དམ་པའི་ལྷ་ཆོས་ཡིན། །མི་གཙང་ནད་དང་སྲིན་བུའི་གྲོང་ཁྱེར་ཏེ། །ལུས་ལ་རྒྱན་དང་གོས་ཀྱིས་འཕྱོར་བྱས་ཤིང་། །མི་གཙང་ཕུང་པོ་དར་གྱིས་བཏུམས་པ་འདྲ། །གཏི་མུག་རང་བཞིན་ཅན་ཚོས་གོ་བར་དཀའ། །རོ་ཞེས་མིང་ངན་དེ་ཡང་ལུས་འདི་ཡིན། །གཙང་སྦྲ་མཆོག་འཛིན་བྱས་ཀྱང་སྙིང་པོ་མེད། །ཤ་ཁྲག་རུས་པ་སྐྲ་སོགས་ཕྱོགས་སུ་འཐོར། །དེ་ལ་གསོན་པོ་རྣམས་ཀྱིས་སྐྱུག་བྲོ་བལྟ། །མི་རྣམས་རང་གིས་རང་ལ་ངན་བྱེད་འདྲ། །ཚུལ་ཁྲིམས་སྲུང་མི་ནུས་པ་དགེ་སློང་ཞུ། །དམ་ཚིག་མི་བསྲུང་གསང་སྔགས་དབང་ལ་རྒྱུག །འདི་དག་དམྱལ་བ་རིན་གྱིས་ཉོས་པ་ཡིན། །ཆོས་སྒོར་ཞུགས་སམ་མ་
ཞུགས་པ་ཡང་རུང་། །སྡིག་པ་མེད་ན་སྐྱེས་བུ་མཆོག་རབ་ཡིན། །གལ་ཏེ་ཡོད་ན་འགྱོད་སེམས་བཤགས་སྦྱོང་གྱིས། །ཐུབ་པའི་བསྟན་དང་མཇལ་བའི་དོན་གོ་ཡིན། །ཡོད་ཀྱང་ཆོག་ཤེས་མེད་པའི་ནོར་རྫས་འདི། །སྤྱད་ཀྱང་ངོམས་པ་མེད་པའི་འདོད་ཡོན་འདི། །བྱས་ཀྱང་ཟིན་དུས་མེད་པའི་བྱ་བྱེད་འདི། །སྙིང་ནས་སྙིང་པོ་མེད་པའི་འཁོར་བའི་ཆོས། །ཚུལ་འདི་སྤྲིངས་ཡིག་དམར་ནག་སྤེལ་བ་སྟེ། །སྙིང་ཐིག་སྙིང་པོའི་རྣལ་འབྱོར་ལས་རབ་ཀྱིས། །རང་གཞན་འགྲོ་བའི་སྐྱོན་མཐོང་བརྗོད་པ་ཡིན། །ཡ་རབས་རྣམས་ཀྱི་བློ་ཡིས་ངེས་པར་མཛོད། །མངྒ་ལཾ།། །། ༈ རྗེ་བཙུན་བླ་མའི་ཞབས་ལ་འདུད། །བུ་ཉོན་ཅིག་མ་ཡེངས་རིག་པ་ཅན། །བླ་མའི་གསོལ་འདེབས་མ་བརྗེད་དང་། །གེགས་སེལ་བོགས་འདོན་དེ་ལ་ཚང་། །གཏུམ་མོའི་དྲོད་རྟགས་མ་ཆག་དང་། །ས་ལམ་ཡོན་ཏན་དེ་ལ་འབྱུང་། །རང་གི་དྲོད་ཐོབ་རེམས་གྱིས་དང་། །གཞན་ཕན་ཐུགས་རྗེ་ཤུགས་ལ་འབྱུང་། །རང་གི་ཉམས་སུ་གང་འཚམས་པ། །དེ་བཞིན་གོ་རིམ་གཞན་ཕན་འོང་། །
རྟག་ཏུ་དགེ་སྦྱོར་མ་ཆག་དང་། །འབྲས་བུ་རྒྱུན་དུ་འབྱུང་བར་འགྱུར། །སྲོད་དང་ཐོ་རངས་བསྐྱེད་བཟླས་རེམས། །བར་ཆད་བཟློག་པའི་དགོས་པ་ཡོད། །ཚེ་ཡི་རིང་ཐབས་འབོད་དང་ནི། །ཆོས་དང་འཇིག་རྟེན་ཡུན་གྱིས་འོང་། །ཆོས་ཉིད་ལ་བརྩོན་འབད་མཛོད་དང་། །ཟག་བཅས་བསོད་ནམས་ཤུགས་ཀྱིས་འོང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །བྱམས་སེམས་དང་ནི་མ་འབྲལ་ཞིག །བྱ་བ་ཐབས་དང་སྣ་ཚོགས་ཀྱིས། །གཞན་ཕན་ཁོ་ན་གཙོ་བོར་གྱིས། །ང་རྒྱལ་ཞེ་སྡང་ཕྲག་དོག་སྤོངས། །དད་མེད་སློབ་མའི་མགོ་མ་འདོན། །སྡིག་པ་ཅན་གྱི་གྲོགས་པོ་སྤོངས། །ཁེ་གྲགས་དང་ནི་གནོད་སེམས་སྐྱུར། །མ་རུངས་མཐོ་གནོན་གདུག་པའི་མཐུ། །དྲག་སྔགས་དབལ་གྱིས་གཞོམ་པར་གྱིས། །བུ་ཕ་ཡི་ཞལ་ཏ་ཡིད་ལ་ཟུངས། །རྣམ་པ་ཀུན་ཏུ་ཆོས་ལ་བློ་གཏོད་ཅིག །སེར་སྣ་ཁྲོལ་ལ་མཆོད་སྦྱིན་རེམ་དུ་གྱིས། །མ་བརྗེད་ཞེ་ལ་ཟུངས་ཤིག་གལ་ཆེའོ། །ཞེས་གསུངས་སོ།། །། ༈ འཆི་བདག་བདུད་འཇོམས་རྡོ་རྗེའི་སྐུ། །དཔལ་ཨོ་རྒྱན་ཆེན་པོའི་ཞབས་ལ་འདུད། །དུས་ཡུན་རིང་བླ་མའི་
ཞབས་པད་བསྟེན། །ཆོས་ཐུབ་བསྟན་ཡང་ཕུད་རྫོགས་ཆེན་ཞུས། །ཉམས་ལེན་ཡུན་བསྲིང་རྒས་ལ་གཏུག །ཡུལ་ས་མདོ་སྡེ་སྣ་བཞི་འདུས་འདིར། །སྤྱིར་དགེ་བཅུའི་བསྟན་པ་ནུབ་པ་འདྲ། །མི་ང་ལ་ཆོས་མཐོང་དད་པ་ཆུང་། །དེ་འདྲེན་སྟོན་མེད་ལ་དངོས་གྲུབ་ཡིན། །ཡུལ་ལས་འཕྲོ་མེད་པའི་ཡི་དྭགས་ཀྱིས། །ཆོས་ཐུབ་བསྟན་འབྲས་བུ་དགྲ་རུ་བལྟ། །བན་དེ་བས་ཀྱང་མ་སྲུའི་བཙན། །དེ་ཆོས་རྒྱལ་བཀའ་ཁྲིམས་ཞིག་པ་འདྲ། །དགོན་ཆུང་ནང་མི་རྐུན་རྒོད་པ་འདི། །སེར་ཆག་ཡོངས་ཀྱི་ལས་མཐུ་སྨིན། །རི་ཁྲོད་མི་ཚོགས་མང་པོ་འདི། །བན་ཆོས་མེད་སེམས་རྩ་སྡར་བ་ཡིན། །ཆོས་དྲུག་ལག་ལེན་བཏབ་ན་དགའ། །ཁ་ཏོན་བགྲང་ལ་ལྟུང་བཤགས་བཟང་། །ཐོས་ཐོས་མང་པོའི་ཁ་བཤད་འདི། །དགོས་པའི་དུས་སུ་བསླུ་བསླུ་འདྲ། །སྟོང་པ་ཉིད་དུ་སུས་བཟུང་བ། །གནད་རྫོགས་པ་ཆེན་པོའི་ལུང་དང་འགལ། །ལུང་འདི་དང་འགལ་ན་རྒྱང་འཕེན་ཡིན། །ལས་དམྱལ་བ་བསགས་པ་ཨ་རེ་འགྱོད། །ང་ཆོས་རྡོ་རྗེ་སྙིང་པོ་འདི། །པད་འབྱུང་བི་མ་མ་
གཏོགས་པའི། །འཕགས་པའི་ཡུལ་ན་ཤེས་པ་དཀོན། །བཻ་རོ་ཙ་ན་མ་གཏོགས་པའི། །བོད་སྐད་གཉིས་ལོ་ཙཱས་སྒྱུར་མི་བཏུབ། །སྔོན་འཇའ་ལུས་གྲུབ་པ་བྱོན་བྱོན་ནས། །ཆོས་འདི་ཡི་མཚན་ལ་སྐྱབས་སུ་མཆི། །ལས་འཕྲོ་ལྡན་པའི་གང་ཟག་གི། །སྙན་ནས་སྙན་དུ་བརྒྱུད་པའི་ཆོས། །སྐལ་མེད་ཚོགས་པའི་ཁྲོམ་ནང་དུ། །འཆལ་བོར་བཤད་ན་ཕུང་འཚེང་བྱེད། །མཁའ་འགྲོ་ཆོས་སྐྱོང་ཀོ་ལོང་དམ། །འཚེང་བ་ལྟ་ཞོག་ཕུང་བར་འགྱུར། །ཕུང་དུ་མི་འཇུག་མི་གསང་རེ།། །། ༈ མཛད་པ་མང་པ་དག་ལེགས་ཀྱང་ཚུལ་དང་མི་ལྡན་བདག་གིས་དེ་ལྟ་བུའི་བློ་མི་འདོད་དོ་ཞེས་པའི་ཚིག་གསུམ་པ་བཞུགས་སོ། །རྗེ་བཙུན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །རང་སྐྱོན་ངན་མཚང་རིག་པའི་ཕྲིན་ལས་ང་། །བློ་ཆེན་མཛད་པ་ཁྱོན་ཡངས་མ་ནུབ་པའི། །མི་འདོད་བསམས་ཤིང་བགྲངས་པ་འདི་ཙམ་འདུག །བཤེས་གཉེན་བླ་མ་སྐུ་སྐྱེ་མང་ལགས་ཀྱང་། །སློབ་མའི་མཚན་ཉིད་ཙམ་མེད་སྣོད་ངན་བདག །བླ་མ་སློབ་དཔོན་བྱེད་སྙམ་མི་འདོད་དོ། །སྨིན་གྲོལ་དབང་བསྐུར་མཛད་པ་མང་ལགས་ཀྱང་། །སྦྱངས་སྟོབས་
དྲོད་རྟགས་ཞན་པའི་བཅུད་མེད་བདག །གཞན་ལ་དབང་བསྐུར་བྱིན་རླབས་མི་འདོད་དོ། །རྒྱུ་འབྲས་ཡིད་ཆེས་སྟོན་པ་མང་ལགས་ཀྱང་། །རང་རྒྱུད་ཆོས་ལ་མ་ཚུད་ཁྲམ་པ་བདག །ཆོས་བཤད་དགེ་བསྐུལ་ཟབ་ཟབ་མི་འདོད་དོ། །བར་དོ་ངོ་སྤྲོད་མཛད་པ་མང་ལགས་ཀྱང་། །རང་ཐོག་བབ་དུས་གཏད་སོ་མེད་པ་བདག །གཤིན་པོར་འཁྲུལ་གྲོལ་འཆད་སྙམ་མི་འདོད་དོ། །མངོན་ཤེས་ལེགས་ཉེས་སྟོན་པ་མང་ལགས་ཀྱང་། །རང་གི་ལྟོ་ཚོད་མི་ཟིན་རྨོངས་པ་བདག །ལྐོག་གྱུར་ལུང་དུ་སྟོན་སྙམ་མི་འདོད་དོ། །གྲུབ་རྟགས་ལྟད་མོ་སྟོན་མཁན་མང་ལགས་ཀྱང་། །ལོ་སྒྲུབ་ཙམ་ཡང་མ་ནུས་སྙོམ་ལས་བདག །སྒྲུབ་ནུས་གྲུབ་རྟགས་སྟོན་པ་མི་འདོད་དོ། །ཆོས་དང་ཆོས་མིན་འབྱེད་པ་མང་ལགས་ཀྱང་། །ཀུན་མཁྱེན་སངས་རྒྱས་མ་ཐོབ་སྐྱོན་ཅན་བདག །ཆོས་དང་གང་ཟག་ཚོད་བཟུང་མི་འདོད་དོ། །གཏེར་འདོན་སྦས་ཡུལ་འབྱེད་པ་མང་ལགས་ཀྱང་། །ཟོལ་མེད་ལུང་བསྟན་མ་ཐོབ་སྒྲིབ་ཅན་བདག །སྦས་ཡུལ་གསལ་ཁ་གཏོད་སྙམ་མི་འདོད་དོ། །བསྟན་
པ་བཙུགས་ནས་འགྲོ་དོན་མང་ལགས་ཀྱང་། །ཚེ་འདིིའི་ཆགས་སྡང་འབྱུང་སྲིད་དགོས་མེད་བདག །དགེ་ལས་ཚབ་ཚུབ་བྱེད་སྙམ་མི་འདོད་དོ། །རང་གཞན་མགོ་འདོན་བྱེད་པ་མང་ལགས་ཀྱང་། །རང་དོན་འཆོར་གྲབས་བྱེད་པའི་མདོ་མེད་བདག །བསམ་ཡོད་གོ་ཆོད་བྱེད་སྙམ་མི་འདོད་དོ། །བློ་རྒོད་རྒྱ་བསྐྱེད་ཤོམ་ར་མང་ལགས་ཀྱང་། །ཕན་གནོད་གང་འགྱུར་ཆ་མེད་བློ་ཆུང་བདག །བློ་སྣ་མང་པོའི་བྱ་བ་མི་འདོད་དོ། །སྨྲ་མཁས་བཤད་ཡམ་བཟང་བ་མང་ལགས་ཀྱང་། །ལེགས་ཉེས་ཕོག་ཐུག་འབྱུང་དོགས་སྙོམ་ཆུང་བདག །གཏམ་དང་ཁ་སྦྱོང་བྱེད་སྙམ་མི་འདོད་དོ། །རྗེ་བཙུན་གོང་མའི་རྗེས་སུ་སྙེག་དཀའ་ཡང་། །ཕ་ཆོས་རྫོགས་པ་ཆེན་པོར་ཐོས་བསམ་ལ། །ཁ་མིག་ཡར་ལྟོས་བྱེད་པ་འདོད་བློར་མོས། །བློ་དེ་དོན་དུ་ཆོད་པའི་རྟེན་འབྲེལ་ཤོག །ཕྲིན་ལས་བསྟན་དར་གྱིས་སྨྲས་པ་དགེའོ།། །། ༈ སྐུ་སྐྱེ་ཕྲིན་ལས་མིང་ཅན་གང་། །ཆོས་ཀྱི་སློབ་གཉེར་བྱ་བར་བརྩོན། །ཚེ་རྟའི་ཚོགས་བརྒྱ་ལོ་ལྟར་གྱིས། །རྡོར་ལེགས་རྒྱལ་ཆེན་གསོལ་ཁར་འབུངས། །ཟས་གོས་གྲིབ་ལ་བག་
ཡོད་འབུངས། །ད་ཡང་ན་ཚོད་ཆུང་དུ་མིན། །མནོ་བསམ་ཆོས་ཕྱོགས་གཏོང་རེ་རན། །སློབ་གཉེར་སེམས་རྒྱ་བསྐྱེད་རེ་རན། །ལྷག་བསམ་གྲོས་འདེབས་ཉན་རེ་རན། །རང་འཚོ་རང་གིས་འདོན་རེ་རན། །རན་བཞི་ཁྱོད་ཀྱིས་སེམས་བཅག་འཚལ། །མཚམས་སྒྲུབ་ལ་སོགས་གང་བྱས་པ། །ལེ་ལོ་རྣམ་གཡེང་བར་ཆད་ཀྱི། །བདུད་དབང་མ་གཏོང་རེམས་འབུངས་དང་། །མྱུར་དུ་ཡར་ལྡོག་སེམས་ལ་ཞོག །སྟོན་པའི་སྣང་བརྙན་ཆུང་ངུ་འདི། །ལོ་རྒྱུས་སུར་འཕྲད་དུས་སུ་གསལ། །ལམ་བར་བདེ་བར་བཀྲ་ཤིས་བྱོན། །བླ་མ་ཡི་དམ་སྲུང་བ་ཡི། །རྟག་ཏུ་ཐུགས་རྗེས་བྱིན་གྱིས་རློབས། །མངྒ་ལཾ།། །། ༈ འཇིག་རྟེན་མུན་སེལ་ཐར་པའི་སྒྲོན་མེ་མཆོག །ཐུབ་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ། །འདི་ཕྱི་ཀུན་ཏུ་མི་བརྗེད་གསོལ་འདེབས་ཡུལ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས། །འགྲོ་དྲུག་ཀུན་ལ་བརྩེ་བའི་ཕ་མ་བཞིན། །སྤྱན་རས་གཟིགས་དང་འབྲལ་མེད་འགྲོགས་པར་ཤོག །སངས་རྒྱས་སྟོང་ལས་ལྷག་པའི་བཀའ་དྲིན་ཅན། །རྗེ་བཙུན་བླ་
མས་དུས་འདིར་བྱིན་གྱིས་རློབས། །བདག་འདྲ་རིག་རྩལ་དཔའ་པོ་ལས་རབ་ནི། །ཁྱིམ་བདག་ཡ་རབས་ཕ་མའི་གཅེས་ཕྲུག་བྱས། །དེ་དུས་སྡེ་པ་ཆེན་པོའི་བུ་དང་འདྲ། །བཀའ་དྲིན་མཚུངས་མེད་བླ་མའི་ཐུགས་ལ་བཏགས། །ཟབ་དགུ་གནད་ཀྱི་ཆོས་ཟབ་མང་པོ་ཐོབ། །ཐུབ་བསྟན་མདོ་སྔགས་ཐེག་པའི་རྣམ་བཞག་དང་། །རྫོགས་པ་ཆེན་པོའི་དམར་ཁྲིད་ལག་ཏུ་བླངས། །ལུས་འདིའི་སྟེང་དུ་སྡུག་བསྔལ་ཆེར་མ་བྱུང་། །གཤར་རྫབ་འབྲི་ཀློག་བསླབ་མ་དགོས་པར་ཤེས། །གསེར་ཕྱེའི་མེ་ཏོག་ཕངས་མེད་བླ་མར་མཆོད། །རང་ཡུལ་མདོ་སྨད་ཁམས་ཀྱི་ས་འདི་ན། །སྐུ་སྐྱེས་ཟེར་ཞེས་མི་རྒོད་རྣམ་གྲངས་བཟང་། །ཁོ་བོ་དེང་སང་སྲིད་པར་མི་འཇུག་པའི། །ཞེན་ལོག་དྲག་པོ་སྙིང་ནས་སྒོམ་ཞིང་ཡོད། །སྤྱིར་ཡང་འཁོར་བ་སྡུག་བསྔལ་རང་བཞིན་དང་། །སྒོས་སུ་མི་ལུས་སྡིག་སྡུག་གཏམ་ངན་བརྟེན། །སྤྲུལ་སྐུ་སྤྲུལ་སྐུར་བཏགས་པའི་སྐྱོན་འདི་ལྟོས། །སྔ་ལུས་འཆི་ནད་ཐེབས་པའི་སྡུག་བསྔལ་གཅིག །འབྱུང་བ་ཐིམ་སྡུད་གནད་གཅོད་སྡུག་བསྔལ་གཉིས། །འཁྲུལ་སྣང་
འཇིགས་སྐྲག་བར་དོའི་སྡུག་བསྔལ་གསུམ། །མ་ཡི་མངལ་ནས་སྡུག་བསྔལ་མང་ལྡན་བཞི། །སྐྱེ་བའི་སྡུག་བསྔལ་ལྕགས་ཀྱི་འཇུར་མིག་ནས། །དྲང་འདྲ་རེག་པས་པགས་པ་བཤུས་པ་འདྲ། །ལྟེ་བ་བཅད་དུས་སྲོག་རྩ་བཅད་དང་མཚུངས། །སྐྱེ་བའི་སྡུག་བསྔལ་རྣམ་མང་དེ་དང་ལྔ། །མལ་དུ་ཚང་ཞུགས་ལྟོགས་སྐོམ་ཚ་གྲང་མྱོང་། །སྲོག་ཆགས་བུ་གར་ཞུགས་དང་ཟོས་པ་དང་། །ནད་གདོན་གྱིས་གཙེས་འདི་བྱུང་འཆད་མི་ཤེས། །ཡན་ལག་རང་འཁུམ་ལ་སོགས་སྡུག་བསྔལ་དྲུག །དེ་ནས་ནར་སོན་འགྲོོ་འདུག་སྨྲ་བརྗོད་ཤེས། །དུས་ངན་ཨ་མ་ཁྲམ་མའི་ལྕེེ་རླབས་ཀྱིས། །སྐུ་སྐྱེར་མིང་བཏགས་རང་ཡང་ཟོབ་ཚུགས་འཛིན། །ཕ་ཁུ་མིང་སྲིང་སྤུན་ཟླ་ལ་སོགས་པ། །བརྩེ་ཞིང་གདུང་བ་ཀུན་དང་གསོན་བྲལ་བྱས། །སྡུག་བསྔལ་བཅོས་མེད་མིག་མཐའ་མཆི་མས་བསྐོར། །འདི་ནི་སྐུ་སྐྱེས་སྡུག་བསྔལ་བདུན་པ་ཡིན། །དེ་ནས་འགྲོགས་མ་མྱོང་བའི་ཡུལ་དུ་ཕྱིན། །བན་རྒོད་མི་འཁྲེབ་ངོ་མ་འདྲེས་པའི་སྡུག །བཟང་སློབ་ཟེར་ཞིང་ཟ་དབང་འགྲོ་
དབང་མེད། །སློབ་དཔོན་གཤིན་རྗེས་རྡུང་བཅག་ཁྲིམས་ལ་གཏད། །འདི་དག་སྐུ་སྐྱེས་སྡུག་བསྔལ་བརྒྱད་པ་ཡིན། །དེ་ནས་ཆེར་སོང་ཆོས་དོན་མི་གོ་ཡང་། །རང་ལུགས་བསྟན་པ་གང་ཡིན་འདོན་ཆོག་ཤེས། །འདི་དུས་ཡར་འགྲོ་མར་འགྲོའི་ས་མཚམས་ཏེ། །བརྒྱ་ལམ་རེ་འགའ་བསྟན་འཛིན་འབྱུང་བའང་སྲིད། །ཕལ་ཆེར་གཤིན་དཀོར་གསོན་དཀོར་རྙེད་པ་ན། །སྤྲུལ་སྐུའི་གོ་ཆོད་གྲྭ་ཚང་བསམ་པ་བདེ། །བསོད་ནམས་མེད་རྣམས་འདི་ནས་སྐུ་རྒོད་དེ། །སྔོན་གྱི་སྐྱེ་བ་གོང་མའི་བླ་བཙོང་བོ། །རྟེན་གསུམ་གཏོར་ཞིང་ཉེས་དགུ་མི་དགེ་སྤྱོད། །ཀྱེ་མ་ཀྱེ་ཧུད་བསྟན་བཤིག་རཱུ་ཏྲ་དར། །ཁོ་བོ་གང་ཞིག་འདི་ནས་འཕོས་པ་ན། །འདི་ནས་ཞིང་ཁམས་མང་འདས་ཤར་གྱི་ཕྱོགས། །ཡོན་ཏན་མང་ལྡན་བཻཌཱུ་ཡི་ཞིང་། །སྨན་གྱི་བླ་མའི་ཞིང་དེར་ཐོགས་མེད་དུ། །རྒྱལ་བ་སྲས་བཅས་མཆོད་ཅིང་རབ་བསྐུལ་ཏེ། །པད་འབྱུང་བྷོ་དྷི་ཁྲི་སྲོང་ལྡེའུ་བཙན་སོགས། །ཚེ་རབས་དུ་མར་འབྲེལ་བའི་རྒྱལ་སྲས་རྣམས། །ཞིང་འདིར་རྟག་ཏུ་བཞུགས་པའང་མཇལ་བར་ཤོག །བདག་ནི་བྱང་ཆུབ་
སྤྱོད་པ་རླབས་ཆེན་ལྡན། །སྐད་ཅིག་དེ་ལ་ས་བཅུ་མཐར་ཕྱིན་ནས། །སྤྲུལ་པ་མང་པོ་བསམ་གྱིས་མི་ཁྱབ་པས། །རྒྱལ་ཀུན་བརྙེས་ཤིང་འགྲོ་ཀུན་འདྲེན་པར་ཤོག །ཅེས་ཕྲིན་ལས་ཀྱིས་བརྗོད་པའོ།། །། ༈ ངོ་མཚར་གཏམ་རྒྱུད་བཞུགས་སོ། །ཉི་སྤྲུལ་རྡོར་འཆང་དགོངས་པ་དབྱིངས་ཐིམ་ཚེ། །མི་འགྲུལ་ཞིག་དེ་ཉི་ཤར་སླེབས་བྱུང་བས། །ད་ནངས་སྔ་བར་གདུང་ལ་ཞུགས་མཆོད་ཟེར། །ནམ་མཁར་ཆར་སྤྲིན་རླངས་པ་འཐུལ་གྱིན་ཡོད། །དེ་ཚེ་བླ་མ་མཆོད་པ་ལ་དམིགས་ནས། །སངས་རྒྱས་སྲས་གཅིག་རྒྱུད་བཀླག་གསོལ་བ་བཏབ། །བདག་སོགས་འགྲོ་བའི་སྒྲིབ་གཉིས་འདག་པའི་ཕྱིར། །གྲྭ་པ་གཅིག་ལ་བཤགས་རྒྱུད་འདོན་དུ་བཅུག །དེ་མ་ཐག་ཏུ་སྤྲིན་དེངས་ནམ་མཁའ་དག །རྒྱང་མཐར་སྤྲིན་དཀར་མུ་ཁྱུད་ཟླུམ་སྐོར་གྱི། །ནང་དུ་ལྔ་ལྡན་འཇའ་རིས་མཉྫི་བཞིན། །ཉི་ཤར་ནམ་མཁའ་གཡའ་དག་དབུས་དེ་ནས། །ཆར་ཟིམ་སིམ་སིམ་འབབ་པའི་ངོ་མཚར་བྱུང་། །བདག་ལ་དངོས་གྲུབ་བྱིན་རླབས་མཚན་མར་མཐོང་། །གསོལ་འདེབས་མོས་གུས་དབང་བླངས་མི་རྟོག་
བསྒོམ། །མཉམ་མེད་ཆོས་རྗེའི་བྱིན་རླབས་དེ་འདྲ་འདུག །ཕྲིན་ལས་བདག་ལ་སྐལ་བཟང་དེ་འདྲ་མཐོང་། །རྗེས་འཇུག་རྣམས་ལ་གཏམ་རྒྱུད་དེ་འདྲ་ཞུ།། །། ༈ གནམ་ལོ་ཤིང་སྦྲུལ་ཟླ་བ་བཅུ་གཅིག་པར། །ས་སྐྱོང་སྡེ་དགེའི་ཕོ་བྲང་འཛོམས་ཐོག་ཏུ། །ཨ་མཁར་སྐུ་སྐྱེ་མི་ཕམ་ཕྲིན་ལས་ཀྱིས། །རང་ལ་མེད་པ་བཅུ་ཡི་མགུར་འདི་བཞེངས། །ཆོས་ཚུལ་གཞུང་བཞིན་བསྲངས་པའི་ཕྲིན་ལས་ལ། །ལུགས་གཉིས་བྱ་བ་ཤེས་པའི་དབོན་རྒྱུད་མེད། །དད་བརྩོན་སྙིང་རུས་ཅན་གྱི་སློབ་མ་མེད། །དམ་གཙང་ལུང་དང་མཐུན་པའི་རིག་མ་མེད། །ངོ་ལྐོག་ཕྱི་ནང་ཐུབ་པའི་གྲོགས་པོ་མེད། །སྒྲུབ་བརྒྱུད་བསྟན་པ་འཛིན་པའི་ཆོས་བདག་མེད། །བཅའ་འདོན་སྒྲིག་ལ་ཞུགས་པའི་གྲྭ་པ་མེད། །མཐུན་རྐྱེན་ཡོ་བྱད་སྦྱོར་བའི་སྦྱིན་བདག་མེད། །བསམ་བཟང་ཡིད་ལ་བཅངས་པའི་གཉེན་འདུན་མེད། །ངག་ཉན་བཀོལ་དུ་བཏུབ་པའི་གཡོག་འཁོར་མེད། །སོ་གསོད་གུ་ཡངས་བྱེད་པའི་ཁང་ཁྱིམ་མེད། །མེད་བཅུ་ང་ནི་བྱ་བཏང་རྒྱལ་པོ་ཡིན། །ཀུན་ཀྱང་འདི་ལྟར་མཛོད་དང་བྱ་བྲལ་
ཡིན།། །། ༈ ཐུགས་རྗེ་བསླུ་མེད་དེ་གུ་རུ་པདྨ། །སྨོན་ལམ་མཐའ་བཙན་དེ་རིག་འཛིན་རྗེ་འབངས། །མཁའ་འགྲོའི་ཞལ་རླངས་དེ་ཟབ་གཏེར་ཆོས་བཀའ། །འགྲོ་དོན་དུས་བབ་དེ་མཐོངས་སྐར་ཉི་ཞུར། །བསྒོམས་པས་གྲོལ་བ་དེ་གསང་སྔགས་དབང་བཞི། །མ་བསྒོམས་གྲོལ་བ་དེ་འཕོ་བའི་གདམས་ངག །མྱོང་གྲོལ་བདུད་རྩི་དེ་སྐྱེ་བདུན་སྐུ་གདུང་། །བཏགས་གྲོལ་ཐེག་མཆོག་དེ་སངས་རྒྱས་སྲས་གཅིག །མཐོང་གྲོལ་ནོར་བུ་དེ་ཨོ་རྒྱན་སྐུ་ཚབ། །ཐོས་གྲོལ་ཟབ་མོ་དེ་གསང་སྔགས་བཟླས་པ། །མྱུར་ལམ་ཕོ་ཉ་དེ་སྔགས་ཀྱི་ཐབས་ལམ། །རྟོགས་གྲོལ་དུས་མཉམ་དེ་རྫོགས་ཆེན་ཁྱད་ཆོས། །འབྲེལ་ཐོགས་ཕོ་མོ་དེ་སྐལ་བཟང་ལས་ཅན། །ལོག་པར་ལྟ་བ་དེ་ལས་ངན་རིགས་ཆད། །ཟབ་དོན་གནད་གྲོལ་དེ་ཆང་རྒན་གླུ་ཆུང་། །གཏན་ཚིགས་འགྱུར་མེད་དེ་བདུད་རྒན་ཟིན་བྲིས། །སྔ་འགྱུར་སྙིང་མའི་ཁྱད་ཆོས་ཀྱི་གླུ་འདི་ཆང་རྒན་ཕྲིན་ལས་ཀྱི་སྙིང་ཨ་རག་གིས་བསྐྱོད་ནས་སྨྲས་སོ།། །། ༈ དེ་ནས་དུས་ནམ་ཞིག་ན་རྫོགས་ཆེན་གྱི་རྣལ་འབྱོར་པ་རྒན་པོ་ཨ་རག་གིས་ནད་མ་ཐེགས་ནས་པད་འབྱུང་དང་བི་མའི་སྙན་
བརྒྱུད་བསྐྱུགས་པ། །དབུ་མའི་ཕྱོགས་འཛིན་རང་སར་དག །ཕྱག་རྒྱ་ཆེན་པོ་དམིགས་མཐའ་བྲལ། །གསང་སྔགས་ལམ་གྱི་བློས་བྱས་ཞིག །ཀ་དག་རྫོགས་ཆེན་རྒྱལ་སྲིད་ཟིན། །ཡེ་སངས་རྒྱས་པའི་སངས་རྒྱས་ལ། །ཡང་སངས་རྒྱས་པའི་གསལ་འདེབས་མེད། །ཆོས་སྐུ་རང་ལ་རྙེད་པ་ལ། །གཞན་ནས་བཙལ་རྒྱུའི་ཡེ་ཤེས་མེད། །བྲལ་ཐོབ་མེད་ཀྱིི་འབྲས་བུ་ལ། །རེ་དོགས་གཉིས་ཀྱི་རེས་འཇོག་བྲལ། །རྣམ་རྟོག་འཁྲུགས་པའི་རླུང་རྒོད་ཞི། །བྱིང་རྨུགས་འཐིབས་པའི་མུན་པ་སངས། །བདེ་གསལ་ཉམས་གྱི་སྤྲིན་ཚོགས་དེངས། །འཛིན་ཞེན་རློམ་པའི་འཇའ་ཚོན་ཡལ། །ཐེ་ཚོམ་དམིགས་གཏད་ཐོ་ཡོར་ཞིག །བློས་བྱས་མཆོག་འཛིན་གོལ་ས་ཆོད། །ད་ལྟ་རང་བབས་གྱིན་འདའི་ངང་། །རང་གསལ་འགྱུར་མེད་ཁྲི་གདུགས་བརྡལ། །སྤྲོས་བྲལ་དག་པ་ནམ་མཁའི་ཀློང་། །ཀློང་ཆེན་རབ་འབྱམས་རྡོ་རྗེའི་གླུ། །རྟོག་རྫུན་རོ་ཁུར་མ་མགུ་རུང་། །ཐོ་ཅོའི་གྲུབ་སྨྱོན་མ་མགུ་རུང་། །སྡུག་བཙིར་སྒོམ་རྒན་མ་མགུ་རུང་། །ཚུལ་ཆོས་བཤེས་གཉེན་མ་མགུ་རུང་། །རྫོགས་པ་ཆེན་པོ་རྡོ་རྗེའི་
གླུ། །བླ་མ་དགྱེས་པའི་མཆོད་པར་འབུལ། །ཟག་མེད་འུབས་ཆུབ་ཡངས་པ་རུ། །འགྲོ་ཀུན་གྲོལ་བ་ཐོབ་པར་ཤོག །ཞེས་པའང་བདུད་རྒན་ཕྲིན་ལས་ཀྱིས་སྨྲས་སོ།། །། ༈ འཕགས་པ་ནམ་མཁའ་མཛོད་ཀྱི་ལོ་རྒྱུས་བཞུགས། ལྕགས་སྦྲུལ་ཧོར་ཟླ་འབྲིང་པོའི་ཉེར་ལྔའི་ཐོ་རངས་ལ་བུད་མེད་བཀྲག་མེར་རྒྱན་སིལ་འཁྲོལ་བ་འཇའ་འཐིབས་པ་ཞིག་བྱུང་། སྐུ་རྟེན་ཛཾ་བྷ་ལ། གསུང་རཏྣ་རྩལ་ཆེན་འདུས་པའི་རྒྱུད་ལེ་ལག་མན་ངག་ལས་ཕྲན་བཅས། ཐུགས་ནོར་བུ་ཀེ་ཀེ་རུ་ཡོད་པ་ཁྱོད་དང་སྟབས་མ་འགྲིགས་པས་གཞན་གཉིས་གཏེར་ནས་འཕོ་ཞིང་མཁའ་འགྲོས་གདན་དྲངས་ཤིང་ཡོད་ཟེར་ནས་འདི་སྐད་དོ། །ཀྱཻ་མ་རིག་རྩལ་ཐོགས་མེད་གླིང་། །ང་བན་གྱི་རྡོ་རྗེ་གཡུ་སྒྲོན་ཡིན། །བོན་གྱི་ཉི་འོད་འབར་མ་ཞེས། །གསང་མཚན་རྡོ་རྗེ་ཟུ་ལེར་གྲགས། །མིང་པོ་ཁྱེད་དང་ལས་ཀྱིས་འབྲེལ། །བཀའ་སྲུང་ང་ཡིས་ཕུད་འདི་ཕུལ། །དམ་ཚིག་སྨོན་ལམ་མིི་འདོར་བའི། །རྟེན་འབྲེལ་ཙམ་དུ་ཞུ་བ་ལགས། །འཕགས་པ་ནམ་མཁའ་མཛོད་ཀྱི་སྐུ། །མ་ཧཱ་ཀཱ་ལའི་གསང་བའི་རྟེན། །རྒྱུ་དང་
བཀོད་པ་ཁྱད་འཕགས་པའི། །མཆོད་བསྟོད་བསྐུལ་ཞིང་དུས་འཆང་བ། །སྣོད་བཅུད་ཡོན་ཏན་འཕེལ་བ་དང་། །དཔལ་དང་སྟོབས་རྣམས་རྒྱས་པར་བྱེད། །དངོས་གྲུབ་དམ་པ་མཆོག་གི་རྫས། །རབ་ཏུ་གསང་བ་དམ་ཚིག་ཡིན། །ཞེས་ཟེར་བ་ལག་ཏུ་གཏད་ནས་ཐལ་བ། མངོན་སུམ་འདུག །གྲོགས་རྣམས་ལ་ཅི་མཐོང་ངམ་དྲིས་པས་མ་མཐོང་ད་ནངས་དྲི་ཞིམ་པོས་ཁྱབ་འགྲོ་བ་ཞིག་བྱུང་ཟེར་བ་གླེང་བར་འདུག །བྱུང་ཚུལ་བཅས་དབོན་རིན་པོ་ཆེ་བསྟན་འགྲོར་ཕན་ཞིང་ཞབས་པད་བརྟན་པའི་རྟེན་འབྲེལ་དུཕྲན་དཔའ་བོ་ལས་རབ་རྩལ་དུ་གྲགས་པས་ཕུལ་བ་ཛ་ཡནྟུ།། །། ༈ རྗེ་བཙུན་བླ་མ་སངས་རྒྱས་ཞབས་ལ་འདུད། །བྱིས་པ་འདྲ་བའི་ནོར་བུ་རི་པ་རྣམས། །ཕ་མ་གཉིས་ལ་ཚིག་སྤོགས་བྱས་བྱས་ནས། །གཤིས་ངན་སྡུག་འཐབ་བྱས་པ་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །ཕུ་བོ་ནུ་བོའི་ལས་ཁུར་བླངས་བླངས་ནས། །མནའ་མའི་ལག་གཡོག་བྱས་པ་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །རྟ་ནོར་ར་ལུག་དུད་འགྲོའི་ཁོལ་པོ་ལ། །དལ་འབྱོར་མི་ཚེ་ཟད་པ་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །གཏོ་ཆོག་ཆོས་ཚར་རྗེས་ལ་བརྒྱུགས་བརྒྱུགས་ནས། །
ལྟོགས་འགོང་ཕུང་འདྲེའི་བཏབ་པ་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །དགོན་ཆུང་འདུ་འགོད་བྲོས་ཐར་བྱས་བྱས་ནས། །བྱ་བ་ངན་ཞེས་གཡོ་ཐབས་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །ཚོང་དང་གྱོད་དང་ཁེ་ལ་འབད་འབད་ནས། །བཟའ་ཚང་གོ་ཆོད་བྱས་པ་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །གོས་དམར་གྱོན་ཡང་ཆོས་སེམས་གཏན་ནས་བྲལ། །བྱས་པ་ཆུད་ཟོས་དོན་མེད་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །ཁ་ཆོས་བཤད་ཡམ་རྫུན་ལ་ཉན་ཉན་ནས། །ལྷ་ཆོས་སྐལ་པ་ཆད་བ་དེ་ཙམ་ཡིན། །ད་ནི་རྫོགས་ཆེན་ཆོས་ལ་འཇུག་རེ་རན། །མང་པོའི་ནང་ནས་གཅིག་པུར་འགྲོ་བའི་དུས། །རང་དོན་རང་གིས་མ་ནོར་ལྷ་ཆོས་དགོས། །མི་ཚེ་ཉི་མ་འདི་ནི་ཡུན་རེ་ཐུང་། །འཆི་བདག་བདུད་པོ་འདི་ནི་བང་རེ་མགྱོགས། །འཆི་རྐྱེན་སྣ་ཚོགས་འདི་ནི་གྲངས་རེ་མང་། །ཕྱིན་ཆད་དམ་པའི་ཆོས་དང་འཕྲད་དཀའ་བས། །ཆོས་ལ་ཕྱི་བཤོལ་མ་བྱེད་རྨོངས་པ་ཚོ། །དེ་སྐད་རིག་
རྩལ་ཐོགས་མེད་གླིང་པ་ཡིས། །ནོར་བུ་རི་པ་རྣམས་ལ་སྤྲིངས་པའོ། །མངྒ་ལཾ།། །། ༈ རི་འགྲིམ་མཐོང་སྣང་ཟིན་ཐོ་མདོར་བསྡུས་བསྟན་པ་བཞུགས་སོ། །མེ་རྟ་ལོ་ཡི་དགུན་ཟླ་དང་པོ་ནས། །ཁོ་བོ་དཔའ་པོ་ལས་རབ་རྩལ་གྱིས་ནི། །བསྟན་འགྲོའི་དོན་དུ་རི་འགྲིམ་བྱས་དུས་ཀྱི། །ཟིན་ཐོའི་རིམ་པ་མདོ་ཙམ་བསྟན་པ་ནི། །སྔོན་ནས་འབྲེལ་བཟང་ལྷ་གཉན་ཟིལ་ཁྲོམ་ལ། །རི་འགྲིམ་བྱས་ཤིང་དྲག་སྒྲུབ་ཚེ་སྒྲུབ་ནི། །ཟབ་པའི་སྙིང་པོ་ཧཱུྃ་ཧྲཱིཿཉམས་སུ་བླངས། །ཟས་གོས་ནོར་གྱི་མཐུན་རྐྱེན་དངོས་གྲུབ་བྱུང་། །ནོར་བུ་རི་ཡི་སེང་གེ་འགྱིང་མཚམས་སུ། །ཟླ་བ་གཅིག་ཏུ་མེ་མཆོད་སྒྲུབ་པ་བྱས། །གཞི་བདག་ཉིན་མཚན་རྔ་དང་ཆ་ལང་སྒྲོགས། །མཆོག་གི་དངོས་གྲུབ་ཁྱད་པར་འཕགས་པ་བྱུང་། །དེ་ནས་རང་ཡུལ་འབོམ་གྱི་གཞི་བདག་རྣམས། །ཁོ་བོ་འགྲོ་བར་བཤོལ་ཅིང་མྱ་ངན་བྱེད། །སྙིང་རྗེས་རྒྱུད་བརླན་དམ་ཆོས་བཤད་པ་བྱས། །ལམ་དུ་ཞུགས་པས་ལྷ་འདྲེས་མ་བཟོད་ནས། །འཚུབས་མ་ལང་ལིང་ལྷགས་པ་དྲག་ཏུ་བསྡམས། །ཟླ་ཡི་མ་མོར་སླེབ་ཏུ་ཆ་བ་ན། །གཟུགས་མེད་ལྷ་འདྲེས་
མི་ཡི་རྒྱུད་བསྐུལ་ནས། །བར་ཆད་དབང་སོང་ཕྱིར་དུ་ལྡོག་དགོས་བྱུང་། །མཚན་མོ་རྨི་ལམ་རྒྱ་འདྲེ་འགོང་པོ་ནི། །བྲོས་ཤོར་ཚུར་ལ་བསྡིགས་པའི་མཚན་མ་བྱུང་། །དེ་ནས་སྡེ་དགེའི་ལྷ་སྲས་སྐུ་རིམ་བསྒྲུབས། །སྙུན་ལས་གྲོལ་བའི་གཏམ་སྙན་འབྲས་དཀར་འཁྲུངས། །དེ་ནས་ཤག་གི་མཚལ་དིལ་ཐེལ་བཙན་གྱིས། །རླུང་ནག་འཚུབས་ཤིང་རི་རླུང་འུར་བ་བྱུང་། །རྫོགས་ཆེན་ཀློང་དུ་མནལ་བས་རང་ཞིར་གྱུར། །འོམ་ཆུང་མདོ་ཡི་བྲག་དམར་བཙན་གྱིས་ནི། །ནམ་གུང་ཐོག་སེར་འབྲུག་སྒྲ་དྲག་པོ་བྱུང་། །ཡི་དམ་ཏིང་ངེ་འཛིན་གྱིས་ཟིལ་གནོན་པས། །ཕྱི་ནངས་ན་བུན་ཆར་ཟིལ་དལ་བུའི་ནང་། །འཇའ་དཀར་ཁྲོད་ནས་གཟུགས་བསྟན་འདུད་པར་བྱུང་། །དེ་ནས་ཟླ་ཡི་རྡོ་རྗེ་འཕན་ཕྱུག་གིས། །ཉིན་ཞག་གསུམ་དུ་ཁ་བ་སྡུད་ཅིང་གནོན། །ལམ་མི་མཐོང་བ་སྨུག་པས་ཕྱོགས་ཀུན་བཟུང་། །རྟ་མགྲིན་བསྐྱེད་ཅིང་གནོད་སྦྱིན་དབང་དུ་བསྡུས། །ཕུད་བྱིན་དམ་བསྒྲགས་ཕྲིན་ལས་བཅོལ་དམ་བྱས། །དེ་ནས་ཉི་ཟླ་སུམ་མདོར་ཉེ་བ་དང་། །
ཡུལ་འདྲེ་གཤིན་འདྲེ་རྒྱ་འདྲེས་ཉམས་སད་བྱུང་། །ཞོན་པ་འགྲོགས་དང་ཁྲ་དང་ཕོ་རོག་འཐབ། །བྱི་བས་རོ་འདོར་འཇིགས་འཁྲུགས་རྟགས་བྱུང་ཚེ། །ཁོ་བོས་གུ་རུ་དྲག་པོའི་ང་རྒྱལ་བསྟན། །ཞག་འགའི་རྗེས་ནས་བབ་པའི་ཚར་ཚད་བྱུང་། །ཚེ་སྒྲུབ་ཚེ་ལ་ཕན་པའི་ལུང་བསྟན་བྱུང་། །དེ་ནས་རྒྱལ་འགོང་ཆོ་འཕྲུལ་དཔག་མེད་བྱུང། །ཡག་ཉེས་ཕ་ཝང་དྲེལ་དཀར་ཆོ་འཕྲུལ་ནི། །ཉིན་རེ་ལའང་མི་འདྲ་མང་པོ་བསྟན། །ཕྱིས་སུ་རང་ཞིར་གྱུར་ཅིང་དུལ་བར་མངོན། །དེ་ནས་སེར་བའི་དབུ་མ་སྟག་རྩེ་ཡི། །སྐད་ཅིག་སྤྲིན་ནག་འཁྲུགས་ཤིང་སེར་བ་གཡོས། །ནཱ་ག་རཀྴའི་ཏིང་འཛིན་གྱིས་གཟིར་བས། །དེ་འཕྲལ་ཆར་ཆད་སྤྲིན་དེངས་འཇའ་འོད་བཏང་། །དེ་ནས་སྒ་ཡི་ཁྲི་འདུར་ཕྱིན་ཙ་ན། །གུ་གུ་གོ་བོ་གཡུ་རྩེས་མ་གཟོད་ཅིང་། །ཁོ་རང་ཟིལ་གྱིས་མནན་པས་འཁུ་མ་ནུས། །རྒྱུད་བསྐུལ་རྒྱབ་རྟེན་རྫ་ཁྲའི་གཞི་བདག་བསྐུལ། །རླུང་གི་དར་སྒྲ་བསྐྱོད་ཅིང་འཚུབ་མ་ལངས། །གློག་འཁྱུགས་འབྲུག་ལྡིར་སེར་བ་དྲག་པོ་འོང་། །དེ་ནས་ཁོ་བོ་ཁྲག་འཐུང་ལས་རབ་ཀྱིས། །རྡོ་རྗེ་ཕུར་
པའི་སྤུ་གྲི་གཅིག་ཤུར་བརྡེག །ནམ་གུང་བོན་གཟུགས་གཤགས་དང་རྔ་བཟུང་བས། །ཕྱག་འཚལ་བབ་པའི་རྟགས་བྱུང་དམ་ལ་བཏགས། །ནམ་དེའི་ཐོ་རངས་ཁོ་བོའི་རྨི་ལམ་དུ། །ལམ་ཉེས་པ་ཡི་བདུད་ཀྱི་བྱད་མ་ཡི། །བདག་ལ་མཐུ་གཏད་བྱས་པའི་མཚན་མ་དང་། །དེ་ཡི་བདུན་རྒྱུད་ཚུན་ཆད་བརླག་བྱེད་པའི། །མན་ངག་ལུང་བྱང་མཁའ་འགྲོའི་བརྡ་མང་གསལ། །དེ་ནས་རྫ་ཡི་ཁྲ་ཡག་གནས་བདག་ནི། །ཁ་ལའི་གཞི་བདག་ཆོ་འཕྲུལ་ཐོག་སེར་དང་། །སྨུག་པ་འཐིབས་དང་ཆར་ཆེན་ཞོད་པ་དང་། །རི་ཉིལ་བྲག་ཆད་རྦབ་རྒོད་འཁྲུགས་པ་བྱུང་། །དེ་ཚེ་རིག་རྩལ་ཐོགས་མེད་བདག་ཉིད་ཀྱིས། །ཏིང་འཛིན་རྩལ་དང་དྲག་སྔགས་དམོད་པས་གཟིར། །མི་མ་ཡིན་གྱི་སྟོབས་ཀྱིས་བརྫི་མ་ནུས། །དེ་ནས་ཡར་ཕྱིན་ཨོ་ཡོ་ལུང་པར་ཕེབས། །ཐད་ཀའི་འབྲི་རྒྱུད་གཞི་བདག་ཆེ་གསུམ་གྱིས། །འཁུ་བའི་སེམས་ཀྱིས་སྤྲིན་ནག་རྔམས་ཚུལ་བསྟན། །ཁོ་བོས་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་དང་། །ཡིག་དྲུག་བཟླས་ཤིང་སྙིང་རྗེ་བསྒོམས་པ་ཡིས། །རང་ཞི་རང་
ཡལ་དུལ་བའི་ངང་དུ་གྱུར། །ཕྱི་ནངས་མུ་ཚུགས་ནང་དུ་ཕྱིན་ཙ་ན། །དཀར་ཕྱོགས་ཡུལ་ལྷ་དགའ་བའི་ཉམས་བསྟན་ནས། །སྦུབ་ཆོལ་མངོན་སུམ་སྒྲོག་པ་ཡང་ཡང་བྱུང། །དེ་ནས་ལྷ་རིང་སྟོད་དུ་ཚུགས་ཞག་པས། །ཇོ་བོའི་འཁོར་ཕྲན་རྨུ་སྨན་བྲག་བཙན་གྱིས། །ཆུ་འབྲུག་འུར་ཟིང་འཇིགས་པའི་ཆོ་འཕྲུལ་བྱུང་། །བདག་གིས་སྒྲོལ་མའི་ལྷ་སྔགས་གྱིས་མནན་ནོ། །དེ་ནས་ཇོ་བོ་ཞལ་དཀར་མདུན་དུ་བསྡད། །དུས་ཚོད་མོལ་བས་རྟེན་འབྲེལ་འཛོལ་བར་རིག །ཁོ་བོས་འགྲོ་དོན་མི་འབྱུང་རྣམ་མཐོང་ནས། །དངོས་གྲུབ་རྫས་མཆོག་ཡང་གཏེར་དག་ཏུ་གབ། །སྲུང་མ་འབྲོག་ཆེན་བགེགས་འདུལ་མ་ལ་གཏད། །བསང་བྱས་བོད་ཁམས་བདེ་བའི་ཕྲིན་ལས་བཅོལ། །སྡེ་བརྒྱད་ཆད་ཐོ་ལྷ་སྲིན་དམ་འདོགས་བསྒྲགས། །སྤྲིན་དཀར་ཉི་འོད་ཟིམ་ཆར་དལ་བྱས་ནས། །གནས་བདག་དགའ་ཞིང་འདུད་པའི་རྟགས་ཀྱང་བྱུང་། །དེ་ནས་གུ་རུའི་ལྷ་ཁང་རབ་གནས་དོན། །ཕྱིར་ལ་རང་ཡུལ་བསྙེགས་ནས་འོང་བ་ཡི། །འོམ་རྒན་ལྕགས་རྡོ་ཐང་ལ་ཚུགས་ཞག་པས། །འབྲོག་མོ་འདི་ཕོ་
རོག་རྒྱལ་མོ་ཡིན་མཆན་སྨན་གྱི་རྗེས་བསྙེགས་ཡུལ་ལྷ་བསྐུལ། །འབྲུག་སྒྲ་གློག་འོད་ཐོག་སེར་འབེབས་པ་སྙམ། །སྤྲིན་ནག་དཔུང་གཡོས་ནམ་མཁར་ཁྲག་མདོག་བསྟན། །གུ་རུ་དྲག་པོའི་དྲག་སྔགས་ཀྱིས་གཟིར་བས། །ཡུན་ཞིག་སོང་བས་ལྟས་རྣམས་ཞི་བར་སོང་། །དེ་ནས་རང་ཡུལ་འབོམ་སྟོད་བླ་མ་ཡི། །དབེན་གནས་བྲག་དམར་ཁྲ་ཚང་ཅན་དུ་བསྡད། །དེ་དུས་བདག་འདྲ་སྤྲང་རྒན་འཁྱམས་པོ་ཡིས། །རྩེད་མོའི་ཚུལ་དུ་གླུ་མིན་མགུར་མིན་འདི། །གནས་བཟང་བྲག་དམར་ཁྲ་ཚང་ཅན། །སྲུང་མ་དགེ་བསྙེན་སྨྱོ་ཁ་ནི། །དམ་གཙང་སྦས་པའི་མཚོ་ལ་གནས། །རི་འདིའི་ངོ་མཚར་ཟུར་ཙམ་ནི། །ལྗོན་ཤིང་རྣམས་ཀྱི་ཡལ་ག་ངོམ། །མེ་ཏོག་རྣམས་ཀྱི་འདབ་མ་བཞད། །རྩྭ་ལྗང་རྣམས་ཀྱང་རལ་པ་འཕྱངས། །སྨན་མཆོག་རྣམས་ཀྱི་དྲི་བཟང་འཐུལ། །བུང་བ་རྣམས་ཀྱིས་གླུ་དབྱངས་ལེན། །ཆུ་འབབ་དར་ཕྱར་ལྷུང་སྒྲ་སྒྲོག །བྱ་བྱེའུ་རྣམས་ཀྱིས་སྐད་སྙན་སྒྲོག །མི་མ་ཡིན་རྣམས་ཅ་ཅོ་འབྱིན། །རི་དྭགས་བག་ཕེབས་དལ་གྱིས་རྒྱུ། །ཡ་མཚན་ཅན་གྱི་ས་འདི་
རུ། །བློ་བྲལ་རྣལ་འབྱོར་སྤྱོད་པ་ནི། །སྣང་ལ་སྟོང་པ་སྒྱུ་མའི་སྐུ། །གྲག་སྟོང་བཟླས་པ་སྔགས་ཀྱི་གསུང་། །གསལ་ལ་འཛིན་མེད་དགོངས་པའི་ངང་། །རིས་སུ་མེད་པའི་སྙིང་རྗེའི་ཀློང་། །ཉམས་སྣང་འདི་ལྟར་སྐྱོང་ཙ་ན། །ཉམས་གྲིབ་མེད་པའི་མཁའ་འགྲོ་འདུ། །རྩོག་གྲིབ་མེད་པས་སྣང་བ་དང་། །དཀོར་གྲིབ་མེད་པས་བག་ཆགས་སྲབ། །འདུ་འཛི་མེད་པས་རྣམ་གཡེང་དབེན། །རྫུན་དང་ཟོལ་ཟོབ་མ་ཡིན་པར། །རྨི་ལམ་སྒྱུ་མ་ལྟ་བུའི་ངང་། །ལས་ངན་སེམས་ཅན་འབུམ་ཕྲག་ལ། །རྣམ་སྨིན་དཀར་པོའི་ས་བོན་བཞག །གདུལ་བྱར་གྱུར་པའི་སྨོན་ལམ་བཏབ། །ཞེ་སྡང་འཕྲོག་གསོད་ལས་ངན་གྱིས། །ཉིང་འཁྲུལ་ཡུན་སྤྱོད་བར་དོ་ཡི། །འགྲོ་བ་ལྔ་ཙམ་ཐར་ལམ་བཀོད། །བྱ་བྱེད་ལས་དོན་མི་ཆུང་ཆེ། །དེ་ལ་རི་འགྲིམ་ཁོལ་གཅིག་གིས། །མགུར་མ་དབྱངས་སུ་བླངས་པ་ཟེར། །ཨེ་མ་དེ་ལྟར་མདོར་བསྡུས་རིམ་པ་འདི། །སྐྱབས་མགོན་དབོན་སྤྲུལ་མཆོག་གི་སྤྲུལ་སྐུ་ཡིས། །དངོས་མེད་ལྷ་འདྲེར་འགྲོ་དོན་སྤྱོད་པ་ཡི། །རི་མགྲིམ་མཐོང་སྣང་དགོས་ཞེས་ཕེབས་པའི་
ངོར། །སྤྲང་རྒན་འཁྱམས་པོ་ལས་རབ་རྩལ་གྱིས་བཀོད། །དྲེགས་ཚོགས་ཟིལ་གནོན་མགུར་མ་གཞན་དུ་གསལ། །སརྦ་མངྒ་ལཾ།། །། ༈ ན་མོ་གུ་རུ། བསྟན་པའི་སྤྱི་རིམ་འདི་སྔོན་ནས་འཚུབས་ལྷོང་ཆེ་བས། བདག་གི་ལུང་བཞིན་བར་ཆད་ཀྱི་དབང་གིས་ལན་གྲངས་མང་པོར་མ་གྲུབ། ཡང་མེ་ལུག་དཔྱིད་ཐ་ནས་རི་འགྲིམ་མགོ་བརྩམས་ཤིང་། མི་མ་ཡིན་དཀར་ཕྱོགས་བསྟོད། ནག་ཕྱོགས་ལ་དབང་སྡུད་ཟིལ་གནོན། རྒྱ་འདྲེ་སྐྲོད་པ་འགོང་པོ་གཟིར་བ་ལྷ་སྲིན་དམ་འདོགས། དུས་འཁྲུགས་བཟློག་ཐབས་དམ་སྲི་མནན་པ་སོགས་ལ་ཆས་པའི་ཚེ་མི་མིན་བགེགས་ཀྱི་ཆོ་འཕྲུལ། ས་གཡོས་རི་ངུར་ཆུ་འཁྲུགས་རླུང་ནག་དྲག་པོ་འཚུབས། སྤྲིན་ནག་འཐིབས་འབྲུག་འུར། གློག་འཁྱུག་ཐོག་སྒྲ་ཆེམ་ཆེམ་བྱུང་བའི་ཚེ། བདག་ཁྲག་འཐུང་ལས་རབ་རྩལ་གྱིས་འདྲེ་བདུད་ཟིལ་གནོན་ཁྲག་འཐུང་རྡོ་རྗེའི་འགྱིང་གླུ་འདི་བསྒྲགས་སོ། །ཧཱུྃ་ཧཱུྃ་ཧཱུྃ། དབྱིངས་བདེ་ཆེན་རྒྱལ་ཀུན་ངོ་བོ་ཉིད། །བླ་མ་ཡི་དམ་ཌཱཀྐིའི་ཚོགས། །དམ་ཅན་ཆོས་སྐྱོང་བཅས་ལ་འདུད། །ཐུགས་དམ་
བསྐུལ་ལོ་ཐུགས་རྗེ་བསྐྱེད། །མི་ང་ནི་ལྷ་དང་བླ་མའི་སྲས། །རྒྱུ་འབྲས་ཞིབ་པའི་འདུལ་འཛིན་ཡིན། །གཞན་ཕན་བརྩོན་པའི་བྱང་སེམས་ཡིན། །དབང་བཞི་སྦྱངས་པའི་སྔགས་པ་ཡིན། །ང་བརྟུལ་ཞུགས་ཁྲག་འཐུང་རོལ་པ་ཟེར། །འདྲེ་བདུད་བགེགས་གྱིས་མ་བཟོད་ནས། །ཁར་དུས་ལྷག་པ་དུས་གཅིག་བརྒྱབས། །དེ་རིང་གནམ་ས་ཡོ་ལང་འཁྲུགས། །ལར་འཇིགས་པའི་ཆོ་འཕྲུལ་ཅི་བསྟན་ཡང། །སྐྲག་ན་ཨོ་རྒྱན་རྗེས་འཇུག་མིན། །སྙེམས་ན་རྫོགས་ཆེན་རྣལ་འབྱོར་མིན། །བསྐྱུར་ན་དམ་བཅའ་བརྟན་པོ་མིན། །དཔེ་རྩལ་གསུམ་རྫོགས་པའི་སེང་གེ་དང་། །གཤོག་རྩལ་རྫོགས་པའི་ཁྱུང་དང་ནི། །རིམ་གཉིས་རྩལ་འབྱོང་སྔགས་པ་གསུམ། །རང་དབང་ཐོབ་པ་རྣམ་གསུམ་ཡིན། །ད་ཉོན་དང་འདྲེ་བདུད་བགེགས་ཀྱི་ཚོགས། །མི་རྣམས་ཚེ་རིང་ནད་མེད་དང་། །མཚོན་ཁ་ཞི་ཞིང་ཆོས་སྤྱོད་རྒྱས། །དེ་རྣམས་བདག་གི་བསམ་བྱ་ཡིན། །ལུས་སྣང་སྟོང་སྒྱུ་མའི་ལྷ་སྐུ་དང་། །གྲག་སྟོང་རྡོ་རྗེའི་སྔགས་སྒྲ་དང་། །ལྟ་བ་གྱད་ཀྱི་ཏིང་འཛིན་གསུམ། །དཔའ་བོ་ང་ཡི་
རྫོང་གསུམ་ཡིན། །ཐབས་ག་ན་སྦྱོར་བས་ཚོགས་ཆེན་རྫོགས། །ཏ་ན་བསྒྲལ་བས་ཐར་ལམ་སྟོན། །སྙིང་པོ་རིག་རྩལ་ཡེ་ཤེས་ཉིད། །ཁྲག་འཐུང་ང་ཡི་སྤྱོད་པ་ཡིན། །ང་ངེས་མེད་ཀུན་ཏུ་རྒྱུ་བ་འདི། །དཀར་ཕྱོགས་གཟི་བྱིན་སྐྱེད་པ་དང་། །ནག་ཕྱོགས་དབང་སྡུད་ཟིལ་གནོན་དང་། །རྒྱ་འདྲེ་ཡུལ་གདོན་སྐྲོད་པ་དང་། །ཡང་འགོང་པོ་ཨར་གཏད་གཟིར་བ་དང་། །ལྷ་སྲིན་དམ་ལོག་དམ་འདོགས་དང་། །དམ་སྲི་བཅིངས་ཤིང་མནན་པ་དང་། །དུས་འཁྲུགས་མཚོན་ཁ་བཟློག་ཕྱིར་ཡིན། །བདག་དཔལ་ཆེན་ཧྱ་གྷྲཱྀ་ཝའི་སྐུ། །སྤྱི་གཙུག་རྟ་སྐད་རྔམ་སྒྲ་ཡིས། །ས་གསུམ་དྲེགས་པའི་གློ་སྙིང་འདར། །དབང་ཆེན་སྒྲུབ་པའི་གྲུབ་ཐོབ་ཡིན། །བདག་ལྷ་མཆོག་རྡོ་རྗེ་གཞོན་ནུའི་སྐུ། །ཕུར་མཚོན་སྤུ་གྲིས་དམོད་པ་ཡི། །མངོན་སྤྱོད་ཤུགས་ཀྱིས་ལྷ་འདྲེ་སྒྲོལ། །ཕུར་པ་སྒྲུབ་པའི་གྲུབ་ཐོབ་ཡིན། །བདག་པད་འབྱུང་རྡོ་རྗེ་གྲོ་ལོད་རྩལ། །སྐུ་ལ་སྤྱན་སྟོང་མེ་འོད་འཁྱུགས། །ཧཱུྃ་སྒྲས་ཁམས་གསུམ་སྲིད་གསུམ་འདུལ། །དྲག་པོ་སྒྲུབ་པའི་གྲུབ་ཐོབ་ཡིན། །ཁྱོད་མི་
མིན་བགེགས་ཀྱི་གདོན་ཚོགས་ཀྱིས། །གུས་པའི་ལུས་ཀྱིས་འདུད་པར་གྱིས། །དད་པའི་སེམས་ཀྱིས་དམ་ཚིག་ལོངས། །བསྒོ་བ་བཞིན་དུ་ཉན་པར་གྱིས། །ཁྱོད་འགའ་ཞིག་དངོས་སུ་ཞི་བར་བསྟན། །རིགས་མཐུན་དཔུང་གཉེན་ང་ལ་འགྲན། །འགའ་ཞིག་ཕྱི་དུལ་ནང་མ་དུལ། །ཕྱི་ནོན་རྗེས་སྙེགས་ཐོག་རྫིས་བྱེད། །ལས་བྱ་བྱེད་ངན་པའི་འབྱུང་པོ་ཆེ། །སྙིང་རྗེ་བྱམས་པའི་ཆུ་རྒྱུན་གྱིས། །སྒྲིབ་གཉིས་བཀྲུ་འོ་དགའ་བར་གྱིས། །ཏིང་འཛིན་ཟབ་མོའི་ཐུགས་རྗེ་ཡིས། །ཀུན་རྗེས་སུ་འཛིན་ནོ་དད་པར་གྱིས། །དོན་གཉིས་སྒྲུབ་པའི་ཕྲིན་ལས་ཀྱིས། །དགེ་བར་སྦྱོར་རོ་སྐལ་བ་བཟང། །སྤྱིར་འགྲོ་ཀུན་ཕ་མར་མ་གྱུར་མེད། །ཡིད་མཐུན་པར་འགྲོགས་དང་ཐར་པའི་ལམ། །སེམས་ཉིད་རྟོགས་ན་སངས་རྒྱས་ཡིན། །སྤང་བླང་བྲལ་ན་ཆོས་སྐུ་ཡིན། །ཆགས་འཛིན་མེད་ན་བྱ་བྲལ་ཡིན། །མཐོ་མན་མེད་ན་ཀུན་བཟང་ཡིན། །ཆོས་རྒྱུད་ལ་འབྱོར་ན་སྐྱེས་བུ་ཡིན། །གནད་ཡིད་ལ་ཞོག་དང་ཞལ་གདམས་ཡིན། །ཞེས་བསྒྲགས་སོ།། །། ༈ དོན་གྱི་རྡོ་རྗེ་འཛིན་པ་ཉི་སྤྲུལ་ལ། །སྤྲང་བདག་
གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྔར་གྱི་གང་བྱས་ལས་ལ་གད་མོ་ཤོར། །དཀར་ནག་ལས་ཀྱི་ས་བོན་མང་པོ་བཏབ། །བདེ་སྡུག་གཉིས་ཀྱི་ཉིན་སྲིབ་མང་པོ་འགྲིམས། །ཡིན་མིན་གཉིས་ཀྱི་བྱ་བ་མང་པོ་བྱས། །བདེན་རྫུན་གཉིས་ཀྱི་སོ་ཁ་མང་པོ་འགྲིམས། །དགྲ་གཉེན་གཉིས་ལ་འདོར་ལེན་མང་པོ་ཤོར། །བདེ་གཟར་གཉིས་ཀྱི་ས་འཕྲང་མང་པོ་འགྲིམས། །ད་ཙམ་ལོ་ལོན་རང་ལ་གད་མོ་ཤོར། །སྔོན་གྱི་དྲང་སྲོང་བཀའ་འདི་གཞན་ལ་གདམས། །བླ་དགོན་ལས་འཛིན་མི་ཚེ་སྟོང་ཟད་ཡིན། །དཔོན་གྱི་ཞབས་ཕྱི་མི་དོན་རང་ཕུང་ཡིན། །ཁྱིམ་གྱི་བཟའ་དཔོན་སྤྱི་སྡུག་སྒོས་ཁུར་ཡིན། །ཡུལ་སྡེའི་བསམ་ཡོད་མི་ཁ་བྱུར་སྡུད་ཡིན། །གང་བྱས་ཐམས་ཅད་སྐྱོན་གྱི་ཐུམ་པོ་ཡིན། །དགོས་མེད་ཞེན་ལོག་བརྟེན་དང་སྙིང་ཅན་རྣམས།། །། ༈ བཀྲ་ཤིས་མི་འགྱུར་ཡང་རྫོང་དབེན་པའི་རི། །པད་འབྱུང་རིག་འཛིན་བླ་མས་བྱིན་བརླབས་གནས། །མ་བསྒོམས་ཤུགས་ཀྱིས་ཏིང་འཛིན་འཆར་བས་སྤྲོ། །ཡི་དམ་དཔལ་ཆེན་མངོན་སུམ་བཞུགས་
པའི་གནས། །བསྙེན་སྒྲུབ་གང་བྱས་དངོས་གྲུབ་ཁྱད་པར་ཉེ། །མ་དང་མཁའ་འགྲོ་རྡུལ་ལྟར་འཚུབ་པའི་གནས། །རྟེན་འབྲེལ་རང་བཞིན་བབས་ཀྱིས་འཆར་བས་བདེ། །དཀར་ཕྱོགས་ལྷ་ཀླུས་ཞིང་སྐྱོང་བྱེད་པའི་གནས། །ཆོས་མཛད་མཐུན་རྐྱེན་ངང་གིས་འགྲུབ་པས་ལེགས། །དགེ་བའི་བཤེས་གཉེན་དམ་པའི་ཕྲིན་ལས་ཀྱིས། །རི་ཀླུང་སེམས་ཅན་འཚེ་བྲལ་བག་ཕེབས་བདེ། །ངན་སྒྲིབ་ཉེས་སྐྱོན་དམ་སེལ་མེད་པ་ཡིས། །བློ་བདེ་ཡིད་འོང་དགེ་སྦྱོར་ངང་གིས་འཕེལ། །མཐའ་བཞིས་མ་གོས་ཟབ་གསང་ཐེག་དགུའི་དོན། །ཡེངས་འཛིན་མེད་པའི་ཏིང་འཛིན་སྐྱོང་རྣམས་བཞུགས། །ངོ་མཚར་གནས་འདིར་དབང་ཆེན་མཆོད་སྤྲིན་གྱིས། །རྒྱལ་དང་རྒྱལ་སྲས་བརྒྱུད་པའི་རིག་འཛིན་བཅས། །ཆོས་སྲིད་དགེ་མཚན་གོང་འཕེལ་བཀྲ་ཤིས་ཤོག །རྒྱལ་རོང་དབེན་གནས་སུ་དབོན་རིན་པོ་ཆེའི་མཆོག་སྤྲུལ་དམ་པ་དང་ཆོས་ཀྱི་སྤྱན་ལྡན་བླ་མ་ནམ་མཁའ་ལྷན་རྒྱས་ཀྱི་ཞབས་བརྟན་དུ་དབང་ཆེན་རྟ་མགྲིན་གྱི་ཚོགས་འཁོར་བརྒྱ་རྩ་ཕུལ་བའི་ཚེ་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེའོ།། །། ༈ བྱ་བཏང་ཆོས་རྗེ་བླ་མའི་མཚན་གསང་ནས། །ཇོ་བཟང་བླ་མ་ཡིན་
ཟེར་མཐོ་འགྲོགས་བྱེད། །ནང་དུ་ཉེ་བར་མ་ཞི་ཚེར་བས་རྩུབ། །ཕྱི་ཚུལ་དལ་བའི་ཟོལ་གྱིས་གཞན་ཡིད་བསླུ། །གཡོ་སྒྱུའི་ལས་ཀྱིས་ཉིན་མཚན་བྲེལ་བས་ཁྱེར། །མི་ཚེ་ཟད་པར་མ་ཚོར་འཆི་ཁར་འགྱོད་། །ནང་པར་ཁས་ལེན་མུ་སྟེགས་སྐྱོན་དུ་བལྟ། །གར་འཁྱོགས་མ་ཤེས་རང་རྒྱུད་མུ་བཞིར་འཁྱམས། །ཆོས་གཟུགས་འཆིང་ཞིང་འཁོར་བ་སྐྱོན་ཡིན་འཆད། །རྙེད་དང་གྲགས་འདོད་འགོང་པོ་ཕུགས་སུ་ཞུགས། །རང་ལ་ངེས་པའི་གདེང་ཚད་མི་ལྡན་ཡང་། །གཞན་གྲོལ་འགོད་སྙམ་ཡིག་ནག་སྣ་མང་ཀློག །སྙིགས་མའི་རང་མཚང་བསམ་དུ་མི་ཕོད་པར། །མ་གསང་དྲང་པོར་ལས་རབ་རྩལ་གྱིས་བརྗོད།། །། ༈ རིགས་བརྒྱའི་ཁྱབ་བདག་བླ་མའི་ཞབས་ལ་འདུད། །དེང་སང་སྐྱེ་བོ་བསམ་ཞིང་སྐྱོ་བ་སྐྱེ། །སངས་རྒྱས་དཔེ་སྲེད་ལ་རེ་ཡིག་ནག་ཀློག །གདམས་པ་ཐོབ་ཆོག་བྱེད་ཅིང་ཉམས་ལེན་མེད། །བླ་མར་མཉམ་འགྲོགས་བྱེད་ཅིང་ང་ཁྱོད་བསྲེ། །རྟག་བསམ་ཆེ་བས་ནོར་རྫས་མཁར་ཁང་རེམ། །གཡེང་བ་ཆེ་བས་ཚེ་ཕྱེད་
འཁྲུལ་བས་བསླུས། །ཅུང་ཟད་སྒྲུབ་ལ་སྙན་གྲགས་འབྱུང་དུ་རེ། །སངས་རྒྱས་བསྟན་པ་གོས་ལ་རེ་ཞིང་གཟབ། །ཆགས་སྡང་འབྱུང་ཁུངས་དགོན་ལས་ཁྲལ་དུ་སྡུད། །རྙེད་པ་འདོད་ཕྱིར་ཟོབ་ཀྱིས་ཆོས་གཟུགས་འཛིན། །ཁ་འཁྱར་བག་མེད་གཏམ་ལ་ཁ་ཏོན་བྱེད། །མཚན་མོ་གཉིད་སྤངས་གཡོ་སྒྱུ་ཁྲམ་གསུམ་བརྩི། །འཇིག་རྟེན་ལྷ་འདྲེ་མཆོད་ཅིང་སྐྱབས་གནས་འཚོལ། །བླ་མ་མི་འདོད་ཆོས་ཕྲན་ཡིག་སྣ་བཀོལ། །བུད་མེད་ལ་སོགས་སྡོམ་པའི་དགྲ་རྣམས་བསྟེེན། །ཤ་ཆང་ལ་སོགས་ལོག་པའི་རྫས་ལ་དགའ། །བསམ་ངན་ངན་སྔགས་འཆང་ཞིང་དེ་ལ་བརྩོན། །འདྲེས་བརླམས་ཕྱུགས་ལུག་ཚོང་དུས་བཤས་སུ་འགྲིམ། །མི་ཚེ་ཡུན་རིང་མི་སྡོད་མ་ཤེས་པར། །ཤི་ནས་དམྱལ་བར་འགྲོ་ལ་མི་འཚེར་བའི། །དུད་འགྲོ་ལས་ཀྱང་བླུན་པའི་མི་འདི་རྣམས། །སྙིང་འདི་ལྕགས་ཀྱི་གར་བུ་བཞིན་དུ་སྲ། །གང་བྱས་སྙིང་པོ་མེད་པའི་ཚུལ་དང་ནི། །ཅི་བྱས་སྐྱོན་དུ་མཐོང་བ་ཡོད་སྲིད་ན། །མདོ་སྔགས་ལམ་ལ་ཐོས་བསམ་སྒོམ་གསུམ་དྲིལ། །རྨོངས་རྒན་ཕྲིན་ལས་རང་སྐྱོན་
སྨྲས་པའོ།། །། ༈ རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ། །དཔལ་པདྨའི་མཚན་ཅན་ཞབས་ལ་འདུད། །རྒྱ་ཆེ་གྲངས་མང་རྒྱལ་བའི་ཆོས། །ཚིག་སྙིང་པོ་དྲིལ་བ་དེ་ལ་འདུས། །དགེ་སྒྲུབ་སྡིག་སྤང་རྒྱུ་འབྲས་ཞིབ། །མགོན་ཐུབ་པའི་མདོ་སྡེ་འདི་ལ་འདུས། །གཞན་ཕན་བྱམས་དང་སྙིང་རྗེ་སྒོམས། །ཆོས་ཐེག་ཆེན་དགོངས་པ་དེ་ལ་འདུས། །དབང་དོན་དམ་ཚིག་གི་རིམ་གཉིས་འབུངས། །ལམ་མྱུར་མགྱོགས་གསང་སྔགས་དེ་ལ་འདུས། །བརྗོད་མེད་བྱ་རྩོལ་བྲལ་བར་ཞོག །གནད་མཐར་ཐུག་རྫོགས་ཆེན་དེ་ལ་འདུས། །སྙིང་པོ་མ་ཎི་སིདྡྷི་སྒྲོངས། །ངག་བཟླས་བརྗོད་སྙིང་པོ་དེ་ལ་འདུས། །ལེའུ་བདུན་དང་ལྟུང་བཤགས་སྒྲོངས། །དོན་ཡང་ཟབ་ཁ་ཏོན་དེ་ལ་འདུས། །གཞན་སྐྱོན་བས་ཀྱང་རང་སྐྱོན་རྟོགས། །སྙིང་ཐག་པའི་ཁ་ཏ་དེ་ལ་འདུས། །མི་རྟག་བསམས་ཤིང་བློ་སྣ་སྟུངས། །རང་ཆོས་ལ་བསྐུལ་ཐབས་དེ་ལ་འདུས། །རྐྱེན་ངན་སྒོམ་གྱིས་ལམ་དུ་ཁྱེར། །གནད་གེགས་སེལ་བོགས་འདོན་དེ་ལ་འདུས། །རྟག་ཏུ་བླ་མའི་རྣལ་འབྱོར་བརྩོན། །མཆོག་བྱིན་
རླབས་དངོས་གྲུབ་དེ་ལ་འདུས།། །། ༈ བླ་མ་མཁའ་འགྲོའི་ཚོགས་ལ་འདུད། །ལུས་ཀྱི་སྟོང་ར་ཅི་འདྲ་ན། །དཔེར་ན་འཇའ་ཚོན་ལྟ་བུ་སྟེ། །སྣང་སྟོང་ཟུང་དུ་འཇུག་པའི་དོན། །རྩ་ཡི་སྟོང་ར་ཅི་འདྲ་ན། །ཕྲུ་མ་ཕུས་བཏབ་ལྟ་བུ་སྟེ། །གསལ་སྟོང་སྦུབས་ཅན་སྒོམ་པའི་དོན། །རླུང་ནི་ནང་རྔུབ་ཅི་འདྲ་ན། །གྱད་ཀྱིས་གཞུ་འགེངས་ལྟ་བུ་སྟེ། །ཐང་ལྷོད་མེད་པར་དལ་གྱིས་འགུགས། །རླུང་ནི་མནན་ལུགས་ཅི་འདྲ་ན། །གའུ་ཁ་སྦྱོར་ལྟ་བུ་སྟེ། །སྟེང་རླུང་འོག་རླུང་བསྡུས་པའི་དོན། །རླུང་གི་བསྐྱིལ་ཚུལ་ཅི་འདྲ་ན། །དཔེར་ན་རྫིང་བསྐྱིལ་ལྟ་བུ་སྟེ། །བོ་རལ་ཡོ་འཁྱོག་མ་ཤོར་དོན། །རླུང་གི་འཕེན་ལུགས་ཅི་འདྲ་ན། །སྐྱེན་པོས་མདའ་འཕངས་ལྟ་བུ་སྟེ། །ཐད་སོར་དྲང་དུ་ཤུགས་བསྒྲོད་དོན། །ཨ་ཐུང་སྦར་ལུགས་ཅི་འདྲ་ན། །ཤིང་གཤག་སྐམ་པོར་མེ་ལྟ་བུ། །ལྷབ་ལྷབ་འུར་འུར་འཚིག་པའི་དོན། །ཧཾ་ཡིག་བཞུ་ལུགས་ཅི་འདྲ་ན། །ཞོ་རྐྱལ་མདའ་ཡིས་ཕུག་ལྟ་བུར། །དཀར་ཆལ་ནུར་གྱིས་འཕོ་བའི་དོན། །ཐིག་ལེ་ཕབ་ཚུལ་ཅི་འདྲ་ན། །སྟོན་གྱི་ཁ་བ་བབས་ལྟར་ཏེ། །རིམ་
གྱིས་མར་མར་འབེབས་པའི་དོན། །ཐིག་ལེ་གྱེན་འདྲེན་ཅི་འདྲ་ན། །རྔུབ་ཞིང་བསྒྲིམས་ནས་དྲང་བའི་དོན། །ཐིག་ལེ་ཡར་ལྡོག་ཅི་འདྲ་ན། །ར་སྣར་འུར་རྡོ་བརྡེག་ལྟ་བུར། །ཡར་ལ་གྱེན་དུ་དེད་པའི་དོན། །ཐིག་ལེ་འཛིན་པ་ཅི་འདྲ་ན། །ཆང་གི་ཐེམ་བུ་བགག་པ་ལྟར། །ཕྱི་རུ་ཟག་པ་མེད་པའི་དོན། །ཐིག་ལེ་འགྲིལ་པ་ཅི་འདྲ་ན། །སྦྱིན་ཤུགས་ཅན་གྱི་ཡོ་ལང་འདྲ། །ཀུན་ལ་ཐིམ་པར་བཀྲམ་པའི་དོན། །མཐར་ནི་ལ་བཟླ་ཅི་འདྲ་ན། །གཡའ་ཐག་ཆད་པའི་ནམ་མཁའ་འདྲ། །དུས་གསུམ་འཕྲོ་རྟོག་ཆད་པའི་དོན། །ཐབས་ལམ་རྩ་རླུང་སྟོང་ཐུན་འདི། །ཨ་བོ་ཕྲིན་ལས་གསང་ཚིག་ཡིན། །མངྒ་ལཾ།། །། ༈ རྗེ་བླ་མ་དབོན་རིན་པོ་ཆེའི་གདན་ས་རྒྱ་རོང་གི་ཡང་དབེན་དུ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཆེན་གྱི་སྐབས་སུ་སྤྲང་རྒན་ཨ་བོ་ཕྲིན་ལས་ཆང་གིས་བློ་བསྐྱོད་ནས་འཆལ་གཏམ་གལ་མ་མཆིས་དང་འབྲེལ་མ་མཆིས་ཀྱི་གླུ་བླངས་པ། ནོར་བ་མེད་པ་ཆོས་ཀྱི་རྗེ། །དྲིན་ཅན་བླ་མའི་ཞབས་ལ་འདུད། །རང་གཞན་སྒོམ་སྐྱོན་ཞི་བར་ཤོག །ཡོད་མེད་གཉིས་དང་གཉིས་མེད་གསུམ། །ཕུང་པོ་གསུམ་གྱི་
མཐའ་ལ་ཤོར། །སློབ་དཔོན་ཕལ་གྱིས་རྟོགས་པར་དཀའ། །བདེ་གསལ་མི་རྟོག་ཉམས་མྱོང་གསུམ། །ཞེན་ན་གོལ་བའི་ལམ་གསུམ་ཡིན། །བྱ་བྲལ་ཟེར་ཡང་འབྲལ་མི་ཕོད། །མིང་འདོགས་ཚོད་འཛིན་རིམ་བསྒྲོད་གསུམ། །ཀ་དག་ཁྲེགས་ཆོད་ལུགས་ལ་མེད། །ཨ་ཏི་མཁན་པོ་འདི་ལ་མོས། །ཡིད་ཆོད་བློ་བདེ་དཔའ་གདེང་གསུམ། །འཛིན་འཕྲང་དམ་པའི་ལྕགས་ཐག་ཡིན། །བློ་འདས་སྒོམ་ཆེན་འཕྲིག་པ་དཀའ། །ཐེ་ཚོམ་བྱིང་རྒོད་རྣམ་པ་གསུམ། །སེམས་ཉིད་སྒོམ་གྱི་རྐྱེན་ངན་ཡིན། །སྒོམ་ཡུན་རིང་ཡང་འབྲལ་བ་དཀའ། །ལྷ་མཐོང་འདྲེ་མཐོང་འཆར་སྒོ་གསུམ། །རེ་དོགས་རྫུན་གྱི་རི་མོ་ཡིན། །གྲུབ་ཐོབ་བཟང་ཡང་དགའ་སྡུག་འཆོར། །སྟོང་ཉིད་ཤར་གྲོལ་སྨྱོ་སྤྱོད་གསུམ། །ཉམས་རྟོགས་མེད་ཀྱང་ཀུན་གྱིས་བཤད། །ཁྲིམས་ལྡན་བཙུན་ཡང་རྫུན་གྱིས་འཆད། །གནས་འགྱུ་རིག་གསུམ་ཟེར་བ་དེ། །སློབ་དཔོན་ཀུན་གྱིས་ཁ་ཏོན་མཛད། །གཏི་མུག་ཅན་གྱི་བློ་གཏད་ཆེ། །བྲལ་འདོད་ཐོབ་འདོད་ཡིད་སྨོན་གསུམ། །མི་ཚེ་སྟོང་ཟད་སྒོམ་ཆེན་ཡིན། །འདོད་པའི་སྟེང་
དུ་ཕྱིན་དུས་མེད། །རྩ་རླུང་བཅུད་ལེན་འགོག་སྒོམ་གསུམ། །བསམ་གཏན་གྲོགས་གྱུར་རེས་འགའ་ཙམ། །ཉ་དང་དོམ་དང་བྱི་བའི་ཆོས། །གཞན་ཡང་ཞོར་བྱུང་འདི་ལྟར་རོ། །ལོག་ལྟ་ཅན་གྱི་གྲོགས་པོ་ཡིས། །དད་པ་བཟང་པོའི་ལམ་སྣ་འཆོར། །རྟོག་གེ་མཁན་གྱིས་སྒྲོ་བཏགས་ཀྱིས། །གསང་སྔགས་ཟབ་མོའི་དངོས་གྲུབ་རིང་། །ཟ་ཆོག་བྲིམ་པའི་ཁ་སྐྱིད་ཀྱིས། །ཆོ་ག་ཟབ་མོའི་ཕྲིིན་ལས་ཆག །འཛད་མཐའ་མེད་པའི་ལོང་གཏམ་གྱིས། །བཟླས་བརྗོད་བསྙེན་པའི་ཛབ་གྲངས་ཆད། །རྣམ་གཡེང་ལྟད་མོའི་བསླུ་བྲིད་ཀྱིས། །སེམས་དོན་ཉམས་ལེན་ཆུ་རྒྱུན་འགགས། །འདྲེ་རྡུང་ཐོ་ཅོའི་བརྟུལ་ཞུགས་ཀྱིས། །ཡི་དམ་ལྷ་ཡི་ནུས་པ་ཡལ། །དམ་ཉམས་ཅན་དང་འབྲེལ་འདྲིས་ཀྱིས། །ཏིང་འཛིན་མེ་ལོང་གྲིབ་ཀྱིས་གཡའ། །བཤད་འདོད་ངོམ་རྐྱེན་ཆེ་བ་ཡིས། །ལྷ་དང་མཁའ་འགྲོའི་ཀོ་ལོང་དམ། །དལ་མེད་གནས་ལ་འབད་པ་ཡིས། །དོན་མེད་ཁ་ལག་སུན་པའི་རྒྱུ། །སྒྲིག་སའི་གྲྭ་པའི་རྣམ་བཞག་གིས། །འཆི་ཁ་ཆོས་མེད་རྒྱ་རྒན་འདྲ། །ཆང་རྒན་
སྨྱོན་པའི་ཁ་ཁྲམ་འདི། །སྐྱེ་བོས་ཐོས་ན་བརྟག་དཔྱད་མེད། །ཁྱི་ལ་སྐར་མ་བསྟན་པ་འདྲ། །ལུགས་གཉིས་མཁས་པས་མཐོང་གྱུར་ན། །དོན་མེད་ཁྱི་སྒྲ་བཏོན་པ་འདྲ། །འོན་ཀྱང་གར་བྱུང་གར་བབ་ལགས། །བཀྲ་ཤིས།། །། ༈ སྐུ་སྐྱེ་ཕྲིན་ལས་ཀྱིས་རང་ལ་བསྐུལ་འདེབས། །ཨ་སོམས་དང་གླང་རྒན་རྭ་མེད་པོ། །ཨ་སོམས་དང་ཆོས་མེད་སྲན་རྡོག་མགོ །ཨ་སོམས་དང་བན་ཁྲམ་སྨྱོ་ཐབས་མཁན། །ཨ་སོམས་དང་འཕྱོར་འདོད་བག་འདྲ་མ། །དགྲ་འཆི་བདག་ནམ་ཡོང་ཆ་ཡང་མེད། །ཕོ་མདོ་མེད་ཆོས་མེད་ལག་སྟོང་པོ། །ལུས་དལ་འབྱོར་རིན་ཆེན་ཆུད་རེ་ཟོས། །ཆོས་མདོ་སྔགས་ཐོབ་ཀྱང་དོན་མ་ལོན། །བློ་རང་མཚང་རིག་གམ་འགྱོད་པ་ཅན། །གདོན་ཁེངས་སེམས་ཐུལ་དང་ང་རྒྱལ་ཅན། །གཉེན་ཕ་མ་ཤི་ཡང་ཆོས་མ་དྲན། །གྲོགས་ན་ཟླ་ཤི་ཡང་ཆོས་མ་དྲན། །སྡང་དགྲ་བོ་ཤི་ཡང་ཆོས་མ་དྲན། །ཕྱི་ནམ་ཟླ་འགྱུར་ཡང་ཆོས་མ་དྲན། །ནང་ལང་ཚོ་ཡོལ་ཡང་ཆོས་མ་དྲན། །ལོ་ཟད་རྒས་ལ་ཐུག་ཀྱང་ཆོས་མ་དྲན། །ཚེ་ཟད་འཆི་ལ་ཐུག་ཀྱང་ཆོས་མ་དྲན། །སྐྲ་དཀར་བལ་སྟན་འདྲ་
ཡང་ཆོས་མ་དྲན། །ཤ་ཟད་གཉེར་མས་གང་ཡང་ཆོས་མ་དྲན། །སོ་ཟད་རྙིལ་ལ་ཐུག་ཀྱང་ཆོས་མ་དྲན། །གླེན་ཕྱུགས་ཀྱི་མ་རྒན་སྙིང་རེ་རྗེ། །ཁྱད་པར་དེང་སང་མི་རྣམས་སྙིང་རེ་རྗེ། །བསམ་ཤེས་ལྡན་པ་མི་འདྲ་དུད་འགྲོ་འདྲ། །ཞག་རེ་ཡུད་རེ་སྐད་ཅིག་ཙམ་རེས་ཀྱང་། །འཆི་བདག་དྲུང་དུ་ཇེ་ཉེར་འགྲོ་བས་ན། །ཚེ་ཕྱེད་ཡོལ་ཀྱང་ད་རུང་འདུག་སྙམ་ཅན། །རྒན་རབས་གཞོན་རབས་ན་ཟླ་མང་ཤི་ཡང་། །བདག་ཀྱང་དེ་ཡི་རང་བཞིན་མི་ཤེས་བླུན། །སྤྱད་ཀྱང་ངོམས་དུས་མེད་པའི་འདོད་ཡོན་འདི། །འབྱོར་ཀྱང་ཆོག་ཤེས་མེད་པའི་ནོར་རྫས་འདི། །ལས་ཀྱང་ཟིན་དུས་མེད་པའི་བྱ་བྱེད་འདི། །ཉིན་མཚན་གཡེངས་པས་འཛད་པའི་དོན་མེད་འདི། །སོམས་དང་ལྷ་ཆོས་གྱིས་དང་རང་གཞན་རྣམས། །ཅེས་འདི་ལས་རབ་རྩལ་གྱིས་སྦྱར་བའོ།། །། ༈ ཆང་རྒན་ཆང་གིས་བསྐྱོད་ནས་གླུ་ལ་མོས། །སྙིང་རླུང་གདོན་གྱིས་བསྐྱོད་ན་ཡང་དུ་སྨྱོ། །མ་རིག་ཚན་ཆེ་དམུས་ལོང་གཡང་མཆོང་འདྲ། །སྣང་བ་བྲིད་མཁས་སྨད་འཚོང་བུ་མོ་འདྲ། །སྐྱེ་འཆི་གཉིས་ནི་
ཉི་ཟླ་འཆར་ནུབ་འདྲ། །དགྲ་གཉེན་ཚོང་དུས་མགྲོན་ཁང་འདུས་པ་འདྲ། །བདེ་སྡུག་སོས་ཀའི་ནམ་ཟླའི་འགྱུར་བ་འདྲ། །གང་བྱས་མདང་སུམ་རྨི་ལམ་རྨིས་པ་འདྲ། །འཁྲུལ་སྣང་བྱིས་པ་ཚོགས་པའི་རྩེད་མོ་འདྲ། །འདྲ་བའི་དཔེ་བདུན་ཨ་མའི་བུ་དེས་བླངས།། །། ༈ རྗེ་འགྲན་གྱི་ཟླ་བྲལ་རིན་པོ་ཆེ། །མགོན་པདྨའི་མཚན་ཅན་སྤྱི་བོར་མཆོད། །སྤྲང་རང་ཐག་ཆོད་པར་བྱིན་གྱིས་རློབས། །ཆོས་ཐེག་པ་རིམ་དགུ་ཚིག་རེ་ཆེ། །བོད་སྤྲེའུ་ཚ་བོ་བསམ་གཞིག་མང་། །ཡིད་རྣམ་རྟོག་སྤེལ་གྱིན་སངས་རྒྱས་རེ། །བོད་མཁས་པའི་ཤེས་རབ་བླུན་གྱིས་བསྐོར། །ཚིག་ན་ཡམ་རེ་ལ་དོགས་གཅོད་ཆེ། །དོན་སྙིང་པོ་སྒོམ་ལ་གཡམ་རྒྱུག་བྱེད། །ཆོས་ཁ་ནས་གླེང་ན་འགྲིག་འགྲིག་འདྲ། །དོན་ལག་ཏུ་བཞག་ན་འཆི་ཁ་རྨོངས། །བོད་དུད་འགྲོ་རྨོངས་པ་སྙིང་རེ་རྗེ། །ལས་རྒྱུ་འབྲས་བདེན་པ་ཁྱད་དུ་གསོད། །མིང་ཆོས་རྗེ་འདོགས་ཤིང་ཟོབ་འདུག་བྱེད། །ལམ་ཐེག་ཆེན་སྙིང་རྗེའི་དོན་དང་འགལ། །ཁ་འཇམ་པོར་སྨྲ་ཞིང་སེམས་རྩ་ངན། །ཐབས་གསང་སྔགས་ཟེར་ཞིང་གྱེར་
དབྱངས་སྒྲིག །གནད་ལམ་འཁྱེར་མི་ཤེས་འཁོར་བ་པ། །དུས་འདི་ལ་བསམ་ན་སྙིང་ནས་སྐྱོ། །ཆོས་ཐེག་པ་དགུ་ལ་ལྟ་བ་རེ། །ཆོས་ཐེག་པ་དགུ་ལ་སྒོམ་པ་རེ། །ཡང་ཐེག་པ་དགུ་ལ་སྤྱོད་འབྲས་རེ། །ཁོང་ཚིག་རེ་དང་ནི་འགྲེལ་པ་རེ། །རང་རྫོགས་ཆེན་བརྗོད་པ་བྲལ་ན་ཟབ། །སེམས་ཙམ་གྱིས་སྣང་སྲིད་སེམས་སུ་བཟུང་། །དབུ་མ་ཡིས་ཐམས་ཅད་སྟོང་པ་ཞེས། །ཐབས་གསང་སྔགས་གསལ་སྟོང་ཟུང་འཇུག་འདོད། །རང་རྫོགས་ཆེན་ཡིད་དཔྱོད་བྲལ་ན་ཟབ། །ཁོང་ཕྱག་ཆེན་གྱི་གནས་དགའ་འགྱུ་སྡུག་བསྒྲངས། །སེམས་རིག་གཉིས་མི་འབྱེད་རྨོངས་གིས་ནོན། །རིམ་བགྲོད་དང་ས་མཚམས་བརྟག་བྱ་མང་། །རང་རྫོགས་ཆེན་མ་བཅོས་རང་བབས་ངང་། །ལར་དེང་སང་སྒོམ་པ་ཐེ་ཚོམ་ངང་། །ལམ་སྤྱོད་པ་རེས་འཇོག་དགའ་སྡུག་ངང་། །དོན་རང་རིག་མ་ཤེས་གཞན་ལ་སྨོན། །རང་རྫོགས་ཆེན་སངས་རྒྱས་རང་རྙེད་ངང་། །ཚིག་ཁ་ཕོ་མཐོན་པོའི་སྨྱོན་གཏམ་འདི། །རྗེ་ཉི་སྤྲུལ་ཐུགས་ཀྱིས་བསྐྱངས་པའི་བུ། །གནད་རང་མཚང་རིག་པའི་གཏད་
མེད་མཁན། །བདག་ཆོས་དབྱིངས་དྲི་མེད་རྩལ་གྱིས་གླེང་། །དབོན་རིན་པོ་ཆེའི་སྤྲུལ་སྐུས་ཁ་བཏགས་ཨ་རག་བཅས་གླུ་ལོངས་ཞེས་བསྐུལ་བ་ལས་རབ་རྩལ་གྱིས་ཕུལ་བ་བཀྲ་ཤིས།། །། ༈ ཡོན་ཏན་ཕུན་སུམ་ཚོགས་པས་རབ་བརྒྱན་ཞིང་། །ཐུབ་བསྟན་མདོ་སྔགས་འཛིན་པའི་སྐྱེས་བུ་མཆོག །དྲང་སྲོང་ཆེན་པོ་ངུར་སྨྲིག་རྒྱལ་མཚན་འཛིན། །བསྟན་པའི་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །འདྲེན་པ་ཁྱོད་ཀྱི་ཞབས་པད་ཡུན་བསྟེན་ཀྱང་། །ཆོས་འགལ་ཉེས་པ་སྤོང་མ་ནུས་པ་ཡི། །རྨོངས་པ་བདག་དང་བདག་འདྲའི་སེམས་ཅན་ལ། །བརྩེ་ཆེན་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །ཡང་འདིར་ཐུབ་བསྟན་མཐའ་ལ་ཐུག་དུས་འདིར། །འགའ་ཞིག་བསྟན་ལ་ཞུགས་པའི་མིང་བཏགས་ནས། །སྐྱེ་བོ་བག་མེད་སྨྱོན་འདྲེས་བཏབ་པ་ཡི། །ཆང་དང་བུད་མེད་དུ་བ་དག་ལ་སྲེད། །དེ་ཡི་ཉེས་པ་དེ་ལ་འབྱུང་ཚུལ་ནི། །རིགས་ཉམས་ཐུབ་བསྟན་འཛིན་པའི་གྲལ་མི་ཚུད། །ཆེ་བ་ཉམས་པས་རང་ལས་དམན་པས་བརྙས། །བསོད་ནམས་ཉམས་པས་མདོག་ཉམས་ཟ་ཁ་འགགས། །སྐྱོབ་པའི་ལྷས་འདོར་བར་ཆད་སྟབས་ཉེས་
མང་། །དཀར་ཕྱོགས་རང་འབྲོས་ནག་པོའི་སྡིག་ལྟུང་འདུ། །དམ་པས་ཁྲེལ་ཞིང་མཁས་པ་རྣམས་ཀྱིས་དམོད། །རླུང་ཁྱེར་བྱ་བ་མང་ཞིང་སྤྲང་ཁྱུ་སྙོགས། །སྡིག་ལྟུང་འགྱོད་བཅས་ངན་སོང་གནས་སུ་འཁོར། །དེ་ཕྱིར་ཉེས་པའི་སྤྱོད་ཡུལ་འདི་བཤོལ་ནས། །གཏན་གྱི་འདུན་མ་ལྷ་ཆོས་བསྒྲུབ་པར་མཛོད། །སྲིད་མཚོ་མུ་མཐའ་མེད་པའི་རྒྱ་མཚོའི་ནང་། །དལ་འབྱོར་གྲུ་བོ་རྙེད་པའི་སྐྱེས་བུ་ཁྱོད། །བླ་མ་མཉན་པ་གདམས་ངག་སྐྱ་བ་དང་། །ཕུན་སུམ་ཚོགས་པའི་དུས་འདིར་མ་བསྒྲལ་ན། །འཁོར་བའི་རྒྱ་མཚོར་རང་བརླག་བྱེད་དམ་ཅི། །ཚུལ་འདི་ལས་རབ་རྩལ་གྱིས་བཀོད་པའོ།། །། ༈ ཐུབ་པའི་དབང་པོའི་བུམ་པའི་རབ་གནས་སུ། །མི་དགེའི་འབྱུང་ཁུངས་ཆང་གི་ཉེས་པ་གསུངས། །སྙིགས་མའི་ལོག་སྤྱོད་སྐྱོན་གྱིས་བཏབ་པ་ཡི། །ཁྲེལ་ཤོར་སྐྲ་བྲེག་བཙུན་པས་མི་འཛེམ་ན། །སྐྱེ་བོ་ཕོ་མོས་འདི་ལ་ཅིས་མི་སྤྱོད། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་
ནི། །མགོ་འཁོར་མིག་གིས་མི་མཐོང་ལོང་བ་འདྲ། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ལུས་ཚུགས་མི་ཐུབ་གོམ་པ་འཁྱོལ་ཞིང་འགྱེལ། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཞེ་སྡང་ཨམ་གཙིགས་སྡོམ་ཞིང་གྲི་ལ་འཛིན། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཁ་འཆལ་སྨྱོ་གཏམ་མང་ཞིང་ཚིག་ཚོགས་མང་། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཕ་མ་རྡུང་ཞིང་ཆུང་མ་སྡུག་ལ་གཏད། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །རོ་སྟོད་ཤེད་དང་ཤེས་པ་གཉིས་ཀྱིས་བརྒྱངས། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ང་རྒྱལ་ཆེ་ཞིང་ཧམ་པ་སུ་བས་མཐོ། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །བྱ་བྱེད་ལེ་ལོའི་དབང་སོང་ཕར་ཕར་འགོར། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཡར་སྐྱུག་མར་སྦྱངས་མལ་དུ་རོ་ལྟར་ནུབ། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །དེས་ནི་དྲན་ཉམས་གདོན་སྣ་མང་པོས་ཉན། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །གཡང་མཆོངས་རྟས་བརྡབས་ཡན་ལག་ཉིང་ལག་ཆག །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །གསང་ཚིག་སྒྲོག་ཅིང་དགྲ་ལ་སྙིང་གཏམ་བྱེད། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཟས་ནོར་མངོན་
ལྐོག་ཀུན་ཏུ་ཆང་ལ་འཇལ། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །དེས་སྟོབས་ཤི་སྤུ་ཟུག་ཅིང་སྤྲང་ཁྱུ་སྙོག །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཉེས་པ་འདི་ཡིས་མི་ཆོས་ནོར་ཞིང་འཁྲུལ། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཉེས་པ་འདི་ཡིས་ཚུལ་ཁྲིམས་བསླབ་པ་འཆལ། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཉེས་པ་འདི་ཡིས་སེམས་བསྐྱེད་གཞན་དོན་ཉམས། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཉེས་པ་འདི་ཡིས་སྔགས་ཀྱི་ལྟ་སྤྱོད་སྟོར། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཉེས་པ་འདི་ཡིས་ཁ་ཏོན་བཟླས་བརྗོད་ཆག །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཉེས་པ་འདི་ཡིས་ཀུན་གྱིས་འཕྱ་ཞིང་བརྙས། །བག་མེད་སྨྱོ་ཆུ་ཆང་གི་སྐྱོན་གྱིས་ནི། །ཉེས་པ་འདི་ཡིས་སྲེད་པ་ཆོག་ཤེས་མེད། །དེ་ཕྱིར་མཁས་རྣམས་སྐྱོན་འདི་སྤོངས་ཤིག་ཅེས། །ལས་རབ་རྩལ་ངས་ཡང་ཡང་གདམས་པ་ཡིན།། །། ༈ ཀྱེ་མ་ཉོན་དང་མགོ་ནག་མི། །ཁོ་བོ་ཕྲིན་ལས་བྱ་བ་ངས། །ཚེ་སུམ་ཆ་ཙམ་ལ་བླ་མ་བསྟེན། །གནད་ཟབ་དགུ་འདུས་པའི་
གདམས་ངག་ཞུས། །བཀའ་དྲིན་ཅན་གྱི་བླ་མ་ལ། །དར་གོས་ཆེན་མང་པོ་ཐང་མར་བརྡལ། །རྟ་དྲེལ་གཉིས་ཀ་ཁྱུ་དེད་བྱས། །གུ་ལང་གསེར་གྱི་མཎྜལ་ཕུལ། །དུས་དེང་སང་ལྟ་སྒོམ་རང་དབང་ཆོད། །ཕྱི་དར་ཟབ་བླ་མར་ཞུ་སྙམ་མེད། །ད་འོན་ཀྱང་སེམས་འཚེར་བག་ཙམ་ཡོད། །ང་ལུས་འབྱུང་བ་རྒས་པ་མི་སྡུག་སྟེ། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ང་ནད་གཞི་ཆེན་ཐེབས་པས་མི་སྡུག་སྟེ། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ང་ནོར་མེད་སྤྲང་བས་མི་སྡུག་སྟེ། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ངས་ལྟ་བའི་རྒྱལ་པོ་རྫོགས་ཆེན་ཤེས། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ངས་སྣང་སྲིད་བདེན་མེད་སྒྱུ་མར་ཤེས། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ངས་ལྷ་འདྲེ་རོ་སྙོམས་གཅོད་ཡུལ་ཤེས། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ངས་སྔ་འགྱུར་མན་ངག་སྣ་དགུ་ཤེས། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ངས་ཕྲིན་ལས་རྣམ་བཞིའི་འཕྲུལ་འཁོར་ཤེས། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ངས་གང་ལ་གང་འདུལ་མང་པོ་
ཤེས། །ཆོས་འཛིན་པའི་སློབ་མ་མེད་པས་སྡུག །ལར་འཇིག་རྟེན་མི་ལ་རབས་ཆད་སྡུག །བླ་མ་སློབ་བརྒྱུད་ཆད་པ་སྡུག །ངན་དགུ་རྔ་མོང་གྲྭ་འཁོར་འདི། །དེ་ཡོད་པ་བས་ཀྱང་མེད་པས་དགའ། །འདོད་ལྡན་བོང་བུའི་གྲྭ་འཁོར་དེ། །དེ་ཡོད་པ་བས་ཀྱང་མེད་པས་དགའ། །གླེན་པ་གཡག་གི་གྲྭ་འཁོར་འདི། །དེ་ཡོད་པ་བས་ཀྱང་མེད་པས་དགའ། །བྱེད་མང་སྤྲེལ་གྱི་གྲྭ་འཁོར་དེ། །དེ་ཡོད་པ་བས་ཀྱང་མེད་པས་དགའ། །བླ་བཙོང་བསྟན་བཤིག་གྲྭ་འཁོར་དེ། །དེ་ཡོད་པ་བས་ཀྱང་མེད་པས་དགའ།། །། ༈ དེ་ནས་ཡང་ཨ་བོ་ཕྲིན་ལས་ཀྱིས་མགུར་བཞེངས་པ། ང་ཉམས་རྟོགས་རླུང་གིས་མི་བསྐྱོད་པའི། །མ་བཅོས་རང་བཞག་རི་བོ་ཡོད། །ང་ཉོན་མོངས་ལམ་དུ་མི་གོལ་བའི། །ལམ་ཁྱེར་ཟབ་མོའི་སྒྲོན་མེ་ཡོད། །ང་རྣམ་གཡེང་ལྟད་མོས་མི་བསླུ་བའི། །ཡེངས་མེད་སྒོམ་པའི་འཛིན་ཕུར་ཡོད། །ང་གཏམ་ངན་མཚོན་གྱིས་མི་ཚུགས་པའི། །བྲག་ཆར་ཤེས་པའི་རྫོགས་ཆེན་ཡོད། །ང་ལོག་ལྟའི་འཕྲང་གིས་མི་འགག་པའི། །དག་པ་རབ་འབྱམས་བགྲོོད་ཐབས་ཡོད། །ང་
གསལ་འདེབས་བསྐྱེད་རིམ་མི་དགོས་པའི། །ལྷུན་གྲུབ་དབྱིངས་སྣང་འཇའ་སྐུ་ཡོད། །ང་སངས་རྒྱས་གཞན་ནས་མི་ཚོལ་བའི། །རང་ལས་རྙེད་པའི་སངས་རྒྱས་ཡོད། །ང་འདྲེ་བགེགས་གདོན་གྱིས་མི་འཇིགས་པའི། །རྐྱེན་ངན་ཐོག་རྫིས་བརྟུལ་ཞུགས་ཡོད། །ང་ཁྱི་སོང་རྗེས་མེད་མ་ཡིན་པའི། །གང་སྒྲུབ་ལས་ལ་འབྲས་བུ་ཡོད། །ང་ཆོས་བརྒྱུད་འཛིན་པ་མི་ཆད་པའི། །སློབ་མ་བླ་མ་གདུགས་ཐོགས་མང་། །ང་ཟས་ནོར་གཉིས་ཀྱིས་མི་ཕོངས་པའི། །འབྱོར་པ་ལྡན་པའི་ཡོན་བདག་ཡོད།། །། ༈ ཆེ་ཡོལ་ཀླད་དཀར་གྱི་རྩེད་མོ། འདི་ཕྱི་བར་དོ་གསུམ་དུ་སྤྱན་རས་གཟིགས་དང་མི་འབྲལ་བའི་སྨོན་ལམ། ལྷ་མཆོག་སྤྱན་རས་གཟིགས་དབང་དང་། །གསང་སྔགས་ཡི་གེ་དྲུག་མ་ལ། །ཚེ་རབས་འདི་ལ་འགྲོགས་པར་ཤོག །འགྲོགས་ཤིང་ཉམས་སུ་ལེན་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྷ་མཆོག་སྤྱན་རས་གཟིགས་དབང་དང་། །གསང་སྔགས་ཡི་གེ་དྲུག་མ་དེ། །བར་དོའི་གནས་སུ་དྲན་པར་ཤོག །དྲན་ཞིང་ཐུགས་རྗེས་སྐྱོབ་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྷ་མཆོག་སྤྱན་རས་གཟིགས་དབང་དང་། །
གསང་སྔགས་ཡི་གེ་དྲུག་མ་དེ། །སྐྱེ་བ་ཀུན་ཏུ་འཕྲད་པར་ཤོག །འཕྲད་ཅིང་རྗེས་སུ་འཛིན་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྷ་མཆོག་སྤྱན་རས་གཟིགས་དབང་དང་། །གསང་སྔགས་ཡི་གེ་དྲུག་མ་ལ། །འདི་ཕྱི་བར་དོ་ཐམས་ཅད་དུ། །འབྲལ་མེད་ཀྱི་སྨོན་ལམ་ལྷ་ཆོས་ཡིན། །ལྷ་ཆོས་ཀྱི་སྙིང་པོ་མ་ཎི་ཡིན། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་སེམས་སྤྲོ་སྤྲོ་དང་འདྲ་ན་མ་ཎིའི་ཆོས་བྲོ་ནི། སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །ཡི་གེ་དྲུག་མའི་བྱིན་རླབས་ཀྱིས། །ང་ནི་བདེ་བ་ཅན་དུ་འགྲོ། །ཁྱེད་རྣམས་བདེ་བ་ཅན་དུ་ཤོག །དེ་ན་སྣང་བ་མཐའ་ཡས་བཞུགས། །ཉམས་ནི་དགའ་འོ་ཆོས་ཉིད་ཉམས། །གླུ་ནི་སྙན་མོ་ཆོས་ཀྱི་གླུ། །བྲོ་ནི་འགྲིག་མོ་ཆོས་ཀྱི་བྲོ། །མཐོ་རིས་ཐར་ལམ་ཟིན་པའི་བྲོ། །ངན་སོང་རྡོག་པས་ནོན་པའི་བྲོ། །ཁམས་གསུམ་དོང་ནས་སྤྲུག་པའི་བྲོ། །སྲིད་གསུམ་གནས་ནས་འདྲེན་པའི་བྲོ། །རིགས་དྲུག་གཡང་ས་ཆོད་པའི་བྲོ། །བདེ་ཆེན་བཙན་ས་ཟིན་པའི་བྲོ། །བདུད་བཞིའི་དགྲ་ལས་རྒྱལ་བའི་བྲོ། །ཐབས་དང་སྦྲེལ་ཏེ་གཡས་སུ་
བརྡུང་། །བསྐྱེད་པ་མ་ཧཱ་ཡོ་གའི་བྲོ། །ཤེས་རབ་སྦྲེལ་ཏེ་གཡོན་དུ་བརྡུང་། །རྫོགས་པ་ཨ་ནུ་ཡོ་གའི་བྲོ། །ཟུང་དུ་སྦྲེལ་ཏེ་དབུས་སུ་བརྡུང་། །ཟུང་འཇུག་ཨ་ཏི་ཡོ་གའི་བྲོ། །སྐུ་བཞིའི་གོ་འཕང་ཐོབ་ཏུ་གཤའ། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །ཡི་གེ་དྲུག་མའི་བྱིན་རླབས་ཀྱིས། །ང་ནི་རི་བོ་ཏ་ལར་འགྲོ། །ཁྱེད་རྣམས་རི་བོ་ཏ་ལར་ཤོག །དེ་ན་སྤྱན་རས་གཟིགས་དབང་བཞུགས། །ཉམས་ནི་དགའ་འོ་ཆོས་ཉིད་ཉམས། །གླུ་ནི་སྙན་མོ་ཆོས་ཀྱི་གླུ། །བྲོ་ནི་འགྲིག་མོ་ཆོས་ཀྱི་བྲོ། །མཐོ་རིས་ཐར་ལམ་ཟིན་པའི་བྲོ། །ངན་སོང་རྡོག་པས་ནོན་པའི་བྲོ། །ཁམས་གསུམ་དོང་ནས་སྤྲུག་པའི་བྲོ། །སྲིད་གསུམ་གནས་ནས་འདྲེན་པའི་བྲོ། །རིགས་དྲུག་གཡང་ས་ཆོད་པའི་བྲོ། །བདེ་ཆེན་བཙན་ས་ཟིན་པའི་བྲོ། །བདུད་བཞིའི་དགྲ་ལས་རྒྱལ་བའི་བྲོ། །ཐབས་དང་སྦྲེལ་ཏེ་གཡས་སུ་བརྡུང་། །བསྐྱེད་པ་མ་ཧཱ་ཡོ་གའི་བྲོ། །ཤེས་རབ་སྦྲེལ་ཏེ་གཡོན་དུ་བརྡུང་། །རྫོགས་པ་ཨ་ནུ་ཡོ་གའི་བྲོ། །ཟུང་དུ་སྦྲེལ་ཏེ་དབུས་སུ་བརྡུང་། །ཟུང་འཇུག་ཨ་ཏི་ཡོ་གའི་བྲོ། །
སྐུ་བཞིའི་གོ་འཕང་ཐོབ་ཏུ་གཤའ། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །ཡི་གེ་དྲུག་མའི་བྱིན་རླབས་ཀྱིས། །ང་ནི་མཁའ་སྤྱོད་ཞིང་དུ་འགྲོ། །ཁྱེད་རྣམས་མཁའ་སྤྱོད་ཞིང་དུ་ཤོག །དེ་ན་རིག་པ་འཛིན་པ་ཞུགས། །ཉམས་ནི་དགའ་འོ་ཆོས་ཉིད་ཉམས། །གླུ་ནི་སྙན་མོ་ཆོས་ཀྱི་གླུ། །བྲོ་ནི་འགྲིག་མོ་ཆོས་ཀྱི་བྲོ། །མཐོ་རིས་ཐར་ལམ་ཟིན་པའི་བྲོ། །ངན་སོང་རྡོག་པས་ནོན་པའི་བྲོ། །ཁམས་གསུམ་དོང་ནས་སྤྲུག་པའི་བྲོ། །སྲིད་གསུམ་གནས་ནས་འདྲེན་པའི་བྲོ། །རིགས་དྲུག་གཡང་ས་ཆོད་པའི་བྲོ། །བདེ་ཆེན་བཙན་ས་ཟིན་པའི་བྲོ། །བདུད་བཞིའི་དགྲ་ལས་རྒྱལ་བའི་བྲོ། །ཐབས་དང་སྦྲེལ་ཏེ་གཡས་སུ་བརྡུང་། །བསྐྱེད་པ་མ་ཧཱ་ཡོ་གའི་བྲོ། །ཤེས་རབ་སྦྲེལ་ཏེ་གཡོན་དུ་བསྡུང་། །རྫོགས་པ་ཨ་ནུ་ཡོ་གའི་བྲོ། །ཟུང་དུ་སྦྲེལ་ཏེ་དབུས་སུ་བརྡུང་། །ཟུང་འཇུག་ཨ་ཏི་ཡོ་གའི་བྲོ། །སྐུ་བཞིའི་གོ་འཕང་ཐོབ་ཏུ་གཤའ། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞིང་ཁམས་བགྲོོད་པ་སྐལ་བ་བཟང་། །གླུ་བྲོ་བྱེད་པ་ངོ་མཚར་ཆེ། །ངོ་མཚར་གྱི་རྟེན་འབྲེལ་ལྷ་
ཆོས་ཡིན། །ལྷ་ཆོས་ཀྱི་སྙིང་པོ་མ་ཎི་ཡིན། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་བཀྲ་ཤིས་བརྗོད་ན། གསུང་ཡི་གེ་དྲུག་མའི་དགའ་སྟོན་དུ། །ཕྱོགས་ཅུའི་སངས་རྒྱས་བྱང་སེམས་ཀྱིས། །ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། །ཆོས་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་དེ། །སྤྱིར་སེམས་ཅན་ཡོངས་ལ་བཀྲ་ཤིས་ཤོག །སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགསུང་ཡི་གེ་དྲུག་མའི་དགའ་སྟོན་དུ། །དབྱིངས་ན་བཞུགས་པའི་རྩ་གསུམ་གྱིས། །ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། །ཆོས་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་དེ། །སྤྱིར་སེམས་ཅན་ཡོངས་ལ་བཀྲ་ཤིས་ཤོག །སྒོོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགསུང་ཡི་གེ་དྲུག་མའི་དགའ་སྟོན་དུ། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས། །ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། །ཆོས་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་དེ། །སྤྱིར་སེམས་ཅན་ཡོངས་ལ་བཀྲ་ཤིས་ཤོག །སྒོས་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿབདེ་སྐྱིད་བཀྲ་ཤིས་ཀུན་གྱི་གཞི། །དགེ་ལེགས་
ཀྱི་འབྱུང་ནས་ལྷ་ཆོས་ཡིན། །ཆོས་ཀྱི་སྙིང་པོ་མ་ཎི་ཡིན། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ༈ཤ་ཁྲག་རྟེན་ལ་སྐྱབས་གནས་མི་འཆའ་ཞིང་། །རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་ནས་ལ། །གསོལ་བ་བཏབ་པས་སྐལ་བཟང་རྙེད་པ་ཡིན། །ཕྲིན་ལས་གྲོང་ཚིག་དུམ་ཆོད་བཤད་ཀྱིས་ཉོན། །སྤྱིར་ནི་མི་ལུས་དུག་ལྔ་རགས་པ་དང་། །ཁྱད་པར་བོད་འདི་སྤྲེའུ་ཚ་བོ་སྟེ། །བློ་མང་བྱ་བྱེད་མང་ཞིང་འདུག་མི་ཚུགས། །ཕུགས་སུ་གླེན་པ་དུད་འགྲོའི་ཞད་ཀྱང་ཡོད། །བསགས་ཀྱང་འཛད་པའི་རང་བཞིན་མི་ཤེས་པར། །སྡིག་སྡུག་གཏམ་ངན་ཁྱད་དུ་བསད་ཀྱང་གསོག །གང་དུ་སོང་ནས་སླར་ལ་མི་ལྡོག་པའི། །འཆི་བ་མི་དྲན་ཚེ་འདི་བདེན་པར་བཟུང་། །གང་བྱས་ལས་ལ་སྙིང་པོ་འགའ་མེད་ཅིང་། །ཀུན་རྫོབ་རང་བཞིན་འཇིག་པའི་མཚན་ཉིད་ཅན། །རང་མི་སྔོན་ཆད་ཕ་མ་གཉེན་ཚན་སོགས། །ལྷན་ཅིག་འདུས་པ་འབྲལ་བའི་ཆོས་ལ་ལྟོས། །ཤ་ཁྲག་རུས་པ་སྐྲ་སེན་འཐོར་བ་ཡི། །བསམ་མི་ཕོད་པ་ནམ་ཡོང་ཆ་མེད་ཅིང་། །ཉིན་གཅིག་ཚ་གྲང་བཀྲེས་སྐོམ་མི་བཟོད་ན། །ངན་
སོང་སྡུག་བསྔལ་བཟོད་པར་འདུག་གམ་སོམས། །ད་རེས་བེའུ་ལུག་ཤི་བའི་སྡུག་བསྔལ་ལ། །བསམ་ཞིང་མཐའ་ངན་འཁོར་བའི་སྡུག་བསྔལ་སོམས། །ནུ་བོ་མནའ་མའི་ཞབས་ཕྱི་བསྒྲུབས་བསྒྲུབས་ནས། །ཡན་ལག་ཆད་པ་མ་ཚོར་སྙིང་རུས་ཆེ། །སྙིང་རུས་ཆོས་ལ་ཡོད་ན་ཅི་མ་རུང་། །རྟ་རྒན་གཡག་རྒན་ཤི་བའི་སྡུག་བསྔལ་འདི། །སྤངས་ཀྱང་མི་འབྲལ་སེམས་ལ་དབྱེར་མེད་འདྲེས། །འབྲལ་ཐབས་མེད་པའི་འཆིང་བ་ཨ་རེ་དམ། །ཀྱེ་ཧོ་གྲོགས་དག་ཐར་པ་འདོད་པ་ན། །དལ་འབྱོར་མི་ལུས་འདི་ལ་སྙིང་པོ་ལོངས། །འཁོར་བ་སྡུག་བསྔལ་འདི་ལ་ཞེན་ལོག་བསྐྱེད། །འཆི་བ་མི་རྟག་དྲན་བཞིན་བློ་སྣ་སྟུངས། །དཀར་ནག་དགེ་སྡིག་ལས་ལ་སྤང་བླང་གྱིས། །སྙིང་རྗེའི་སེམས་བསྐྱེད་ཚོགས་བསགས་སྒྲིབ་སྦྱོང་འབུངས། །ནང་དུ་ཡང་དག་འཇོག་ལ་གོམས་པར་གྱིས། །ཆོས་ཀུན་རྨི་ལམ་སྒྱུ་མ་ཉིད་དུ་སྦྱོངས། །འདི་ཙམ་བསྒྲུབས་ན་ཐུབ་བསྟན་དྲི་མེད་ཡིན། །ཆོས་ཞེས་གཞན་ཞིག་ཁ་མིག་རྭ་ཅན་མེད། །རྨོངས་པས་ཐུབ་བསྟན་མཐའ་དག་ཤེས་སྙམ་ཡང་། །ད་དུང་ཀུན་མཁྱེན་
ས་དེ་མ་ཐོབ་པར། །གཙུག་ཏོར་ལ་སོགས་ཆ་ཤས་མི་ལྡན་པའི། །འཁོས་ཆུང་བདག་གི་ལམ་རིམ་འདི་ལ་ཚང་། །དགེ་འདུན་འདུས་པའི་ཐུགས་ལ་འདི་ལྟར་ཞོག །ནོར་བུ་གླིང་གི་གཙུག་ལག་ཁང་དུ་བྲིས་པའོ། །དགེའོ།། །། ༈ ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྐུ། །བདག་སོགས་མགོན་དུ་ཡོངས་བཞེངས་པ། །མཚན་དྲན་པས་གདུང་སེལ་པདྨའི་མཚན། །འབངས་བདག་ལ་ཐུགས་རྗེས་གཟུང་དུ་གསོལ། །ངས་ནི་ཚེ་སྟོད་བླ་མ་བསྟེན། །མོས་གུས་ངང་ནས་གསོལ་བ་བཏབ། །ད་ནི་ཚེ་སྨད་སྒྲུབ་པ་བྱེད། །སྙིང་རུས་ངང་ནས་སྒོམ་ལ་འཇུག །བར་སྐབས་རྗེ་ཡི་རྣམ་ཐར་སྐྱོང་། །ཆོས་ཀྱི་ཁ་ཕྲུ་འགྲོ་ལ་འདེབས། །ལོ་ས་སྐྱོང་དགུན་འབྲིང་ཚེས་དགུ་ཡི། །ཐོ་རངས་ནམ་གྱི་ཆ་སྨད་ལ། །ལྷ་དང་བླ་མའི་ཐུགས་རྗེ་དང་། །མ་མོ་མཁའ་འགྲོའི་རྟེན་འབྲེལ་གྱིས། །ངོ་མཚར་ལུང་བསྟན་རྨི་ལམ་རྨིས། །གཞན་ལ་སྨྲས་ན་བར་ཆད་རྒྱུ། །རང་སྙིང་ལ་བཅང་ན་ཡིད་ཀྱི་གསོས། །བསེར་བུ་བོད་ཡུལ་ཁྱབ་པ་དང་། །ཀུན་དགའ་འགྱེད་པའི་ཕྲིན་ལས་ཅན། །གསལ་ཆ་
འབྱུང་དང་དུས་བབ་པར། །བརྡ་རྟགས་གསེར་རྔ་དབྱུ་གུས་བསྒྲག །ནམ་མཁའ་དབྱུག་པའི་མཆོད་རྫས་ལ། །ཁྱད་པར་དམ་རྫས་སྨན་སྦྱར་ནས། །ཆོ་གས་དབྱངས་ཤིང་མཆོད་པའི་མཐར། །དངོས་གྲུབ་བདུད་རྩིའི་རོ་ལ་རེག །གཏོར་རྫས་མཁའ་འགྲོའི་ཞུགས་ལ་སྦྱར། །ཡིད་ལ་གནས་བཞིན་སྟ་གོན་བསྩལ། །སླར་ཡང་མ་རུངས་དབང་བྱེད་ཕྱིར། །གོང་བཞིན་གཞོན་ནུས་མཆོད་རྫས་བཤམས། །ཡིད་ལ་གཅུགས་པའི་བྱ་བ་དེ། །འགོག་པའི་ཆ་ལ་ཡ་ག་མཁན། །མངོན་རིགས་དབོན་རྒྱུད་ཀྱིས་བོད་པ། །མ་ཡི་སྐྱབས་བྱེད་རང་ནོངས་ཚུལ། །དཀར་གྱི་ཕྲུམ་དང་སྔོན་གྱི་དུས། །བཅས་བཞིན་ལག་ཏུ་མ་བསྟར་བར། །དེ་སོགས་བརྡ་ལས་བྱུང་བ་ཡི། །ལུང་བསྟན་བརྗེད་དོགས་བྲིས་པའོ།། །། ༈ རིགས་ཀུན་ཁྱབ་བདག་དོན་གྱི་རྡོ་རྗེ་འཛིན། །རྡོ་རྗེ་སྟོབས་མཆོག་སྤྱིི་གཙུག་འཁོར་ལོར་མཆོད། །ཆོས་མེད་སྤྲང་རྒན་འཆི་ལ་ཕྱོགས་པ་ངས། །ཞལ་གདམས་དགོས་ཞེས་བསྐུལ་ངོར་བཤད་ཀྱིས་ཉོན། །འཁོར་བའི་བདེ་འབྱོར་འདིས་ནི་བསླུ་སྲིད་པས། །ཞེན་ལོག་དྲག་པོ་རྒྱུད་
ལ་བརྟེན་པར་མཛོད། །དགྲ་གཉེན་ཆགས་སྡང་འདིས་ཀྱང་བསླུ་སྲིད་པས། །ཐམས་ཅད་རྨི་ལམ་བཞིན་དུ་ཤེས་པར་མཛོད། །ང་རྒྱལ་གྲགས་འདོད་འདིས་ཀྱང་བསླུ་སྲིད་པས། །དམན་ས་བཟུང་ནས་དགོས་མེད་ཤེས་པར་མཛོད། །སོས་བསོད་སྐྱིད་འདོད་འདིས་ཀྱང་བསླུ་སྲིད་པས། །སྒོ་གསུམ་དགེ་བའི་ཁོལ་པོར་བསྐོལ་བར་མཛོད། །གཏམ་སྙན་གྲགས་འདོད་འདིས་ཀྱང་བསླུ་སྲིད་པས། །བྲག་ཆ་བཞིན་དུ་སྤང་བླང་མེད་པར་མཛོད། །གསོག་འདོད་སེར་སྣ་འདིས་ཀྱང་བསླུ་སྲིད་པས། །ཅི་ཡོད་ཕྱི་མའི་རྒྱུ་ཕྱིར་མཆོད་སྦྱིན་མཛོད། །མཛེས་འདོད་གོས་རྒྱན་འདིས་ཀྱང་བསླུ་སྲིད་པས། །གྱི་ན་ལྷགས་སྐྱོབ་མགོ་ཐོན་ཙམ་ཞིག་མཛོད། །ངས་བྱས་ཁོང་ཡུས་འདིས་ཀྱང་བསླུ་སྲིད་པས། །བྱ་བ་བཏང་བའི་ལས་ལ་ལག་ལེན་མཛོད། །ཁ་མཁས་བཤད་ཡམ་འདིས་ཀྱང་བསླུ་སྲིད་པས། །སྨྲ་བ་བཅད་ལ་ཡིག་དྲུག་ནན་ཏན་མཛོད། །རྙེད་དང་བཀུར་སྟི་འདིས་ཀྱང་བསླུ་སྲིད་པས། །མི་རྟག་འགྱུར་བའི་ཆོས་ལ་བློ་སྦྱོང་མཛོད། །ཁ་ཟས་ཞིམ་དགུ་
འདིས་ཀྱང་བསླུ་སྲིད་པས། །མི་གཙང་རྫས་ངན་བསྒྱུར་སོགས་བག་ཡོད་མཛོད། །མང་ཚོགས་རྣམ་གཡེང་འདིས་ཀྱང་བསླུ་སྲིད་པས། །དམན་པར་མགོ་བོ་ཁུག་ལ་འཆི་ཆོས་མཛོད། །ཀུན་རྫོབ་བློས་བྱས་ཆོས་ཀྱིས་བསླུ་སྲིད་པས། །དོན་དམ་སྙིང་པོ་བསྐྱེད་རྫོགས་ལེན་པར་མཛོད། །ཁ་ལན་ཚོགས་གསོག་དཀོར་གྱིས་བསླུ་སྲིད་པས། །ཕྱོགས་མེད་ཡུལ་ལ་མཆོད་སྦྱིན་བཏོང་བར་མཛོད། །སེམས་བསྐྱེད་སྨོན་ལམ་ཆུང་བས་བསླུ་སྲིད་པས། །སེམས་བསྐྱེད་རྒྱ་ཆེ་སྨོན་ལམ་རྒྱ་ཆེར་མཛོད། །འདྲིས་ཤིང་འགྲོགས་པའི་གྲོགས་ཀྱིས་བསླུ་སྲིད་པས། །བྱ་བྱེད་སྤྱོད་པ་སུ་དང་མ་བསྟུན་མཛོད། །ལྷ་ཆོས་ནེ་ཙོའི་འདོན་པས་བསླུ་སྲིད་པས། །དོན་ཆོས་སྙིང་པོ་མཉམ་གཞག་འདོམས་པར་གྱིས། །རོ་ཞེས་མིང་ངན་དེ་ནི་ལུས་འདི་ཡིན། །བཟང་འདོད་ཕྱི་བརྡར་བྱས་ཀྱང་བཞད་གད་གནས། །མི་གཙང་ནད་སྲིན་ཤ་ཁྲག་ཕུང་པོ་ལ། །གོས་རེམ་རྒྱན་དུ་བཏགས་པ་ཞེ་རེ་སུན། །སྒྲུབ་བརྒྱུད་དོན་གྱི་བླ་མ་མི་བསྟེན་པར། །ཇོ་བཟང་བླ་མར་སྐྱབས་འཚོལ་བློ་རེ་ནོར། །རྒྱུ་འབྲས་སྤང་
བླང་ལག་ཏུ་མི་ལེན་པས། །ཆོས་པར་བཏགས་པའི་བན་གཟུགས་དོན་རེ་ཆུང་། །རྨོངས་པས་རང་མགོ་འཁོར་ཞིང་གཞན་མགོ་བསྐོར། །བསྟན་དོན་འགྲོ་དོན་ཡིན་ཞེས་ཡི་རེ་མུག །སྔར་བྱས་སྡིག་པའི་ལས་རྣམས་མི་བཤགས་པར། །དུག་འཐུང་བདེ་བར་ཉལ་བ་སྙིང་རེ་རྗེ། །དབང་ཐོབ་དམ་ཚིག་ཚུལ་བཞིན་སྲུང་དགོས་ལ། །དམ་ཉམས་འཆོལ་སྤྱོད་བྱེད་པ་ཕུང་རེ་ཆེ། །མི་ལུས་ཡང་ཡང་རྙེད་དཀའ་མ་གོ་བས། །ཆོས་ལ་བློ་ཁ་མ་ཕྱོགས་ནོར་བ་ཆེ། །མི་རྟག་འཆི་བ་ནམ་ཡོང་མི་ཤེས་པར། །ལོངས་སྤྱོད་ཆོག་ཤེས་མེད་པར་ཨ་རེ་བླུན། །དོན་གྱི་སྙིང་པོ་རྫོགས་ཆེན་མ་རྟོགས་ན། །ཀུན་རྫོབ་འཇིག་པའི་ཆོས་ཀུན་བག་རེ་ཚ། །ཞལ་གདམས་དགོས་ཞེས་ནམ་མཁའ་ཆོས་དབང་གིས། །བསྐུལ་ངོར་ཕྲིན་ལས་བསྟན་དར་བདག་གིས་བརྗོད། །སེམས་ཅན་ངག་འཁྲུལ་ཆོས་ལས་མི་ཟབ་སྟེ། །ཟབ་དོན་ངེས་པ་པད་འབྱུང་ཐུབ་པའི་བཀའ། །བློ་ལ་བྱང་ཞིང་ལག་ལེན་ཐེབས་པར་མཛོད། །ཆེ་ཡོལ་ཕྲིན་ལས་ཀྱིས་ཇི་ལྟར་སྨྲས་པ་བཞིན་བསོད་ནམས་ཆོས་བཟང་བདག་གིས་ལེགས་པར་བྲིས་པའོ། །མངྒ་
ལཾ།། །། ༈ སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ། །བསླབ་གསུམ་རྣམ་དག་རྒྱན་གྱིས་སྤྲས། །ཟབ་དོན་དགོངས་པ་ཐུགས་སུ་ཆུད། །རྗེ་ཀུན་བཟང་ཐེག་མཆོག་རྒྱ་མཚོར་འདུད། །མཚུངས་མེད་དེ་ཡི་བཀའ་དྲིན་གྱིས། །སྨིན་གྲོལ་གདམས་པའི་མཛོད་སྒོ་ཕྱེས། །སྐལ་དམན་བདག་འདྲ་སྐལ་བཟང་གྱུར། །བདུད་ངས་ཀྱང་རྫོགས་ཆེན་གནད་དོན་མཐོང་། །ས་བྱི་ལོ་ཡི་ཆོ་འཕྲུལ་ལ། །དཀོན་མཆོག་སྤྱི་འདུས་སྒྲུབ་ཆེན་བཙུགས། །སྔོན་རབས་དུས་ལྟར་གྲུབ་རྟགས་མང་། །རྫས་དམ་རྫས་མྱོང་གྲོལ་འགྲོ་དོན་སྤེལ། །སྒྲུབ་ཆེན་ལྔ་བཅུའི་ཐོག་མཐའ་བསྐྱངས། །དེ་ཕྱིར་མདོ་ཁམས་ཁོལ་བུར་འདིར། །གཅིག་ལ་གཅིག་བལྟས་སྒྲུབ་ཆེན་དར། །དགེ་བའི་མིག་ལྟོས་བྱས་པ་འདྲ། །དེ་བསམས་ཤིང་བདུད་རྒན་རང་སེམས་བདེ། །ཁྱད་པར་གནམ་བསྐོས་སྡེ་དགེ་ལ། །ཚེ་སྒྲུབ་མ་ཎིའི་སྒྲུབ་ཆེན་གྱིས། །བསྟན་འགྲོའི་རིམ་གྲོར་གཏན་འཇགས་དང། །རྟེན་མྱོང་གྲོལ་མངའ་འོག་འགྲོ་ལ་སྤེལ། །སྔོན་དུས་ཆུ་རྟ་ལོ་ཡི་དུས། །སྦས་པའི་སངས་རྒྱས་ཉི་སྤྲུལ་ལ། །རང་སེམས་རིག་པའི་
རྟོགས་ཚུལ་ཞུས། །ཁྱོད་རྫོགས་ཆེན་ཁྲིད་ཀ་གྱིས་ཤིག་གསུངས། །ང་ཡི་ཁྲིད་ཀ་འགའ་རེ་བཙུགས། །སྔོན་ཆད་ཀཿདཔེ་རྫོགས་ཆེན་ལས། །ཁྲིད་ཀྱི་འཆད་ཉན་སྲོལ་མེད་ཀྱང་། །དེ་ཕྱིན་ཆད་ཀུན་གྱིས་ཁྲིད་སྲོལ་བྱས། །ས་སྐྱོང་རྒྱལ་པོའི་སྐུ་རིམ་དུ། །བཙོན་པ་མང་པོ་འདོན་དུ་བཅུག །འཁོར་ཆེན་མང་པོ་བཙུགས་སུ་བཅུག །ཆོས་སྔ་འགྱུར་རྙིང་མའི་སྲོལ་མང་བཙུགས། །གནམ་བསྐོས་ཚངས་པ་སྡེ་དགེ་དང་། །འགྲོ་བའི་བླ་མ་རྫོགས་ཆེན་པ། །དད་སྟོབས་ལྡན་པ་ལྷ་རུ་ལ། །འཆི་ངེས་པའི་ཚོང་དུས་སྲོག་བླུ་བཅུག །སྔོན་ཆད་རི་དྭགས་གོ་བྱས་པར། །རིམ་གྲོར་རི་རྒྱ་རྔོན་རྒྱ་བསྡམས། །རིམ་གྲོར་གསར་རྙིང་སྒྲུབ་བཅུག་ནས། །དེ་ཀུན་ལ་མཐུན་རྐྱེན་སྦྱར་བར་བསྐུལ། །ཕལ་ཆེར་ཀུན་གྱིས་དགྲ་ལྟར་སྡང་། །སྒྱུ་མར་རིག་པས་དོགས་མི་འཚེར། །བདུད་དང་མུ་སྟེགས་བརྒྱར་བསྒྲགས་ཀྱང་། །ངས་བྲག་ཆར་ཤེས་པས་དོགས་མི་འཚེར། །ངོས་བཟུང་ལྟ་བ་བརྒྱ་བཤད་ཀྱང་། །ངོས་བཟུང་འཛིན་པ་བྲལ་བར་རིག །སྤང་བླང་ཕྱོགས་འཛིན་མེད་པ་ཡི། །དོན་
མ་བཅོས་རང་བཞག་གདམས་ངག་ཤེས། །ཁྲམ་ཟས་བསླུ་བྲིད་ཆོས་ཟོག་གི། །ངོ་མཚར་ལྟད་མོ་སྟོང་བསྟན་ཡང་། །བློ་སེམས་དེ་ཕྱོགས་མི་འཆོར་བའི། །གནད་རང་ལུགས་གྲུབ་མཐའི་ཆོས་ལུགས་ཤེས། །ཕན་མེད་གནོད་མེད་གྱི་འདའ་ལས། །འདུ་བྱ་འདུ་བྱེད་བྱ་བ་ཟད། །སངས་རྒྱས་མཇལ་ཀྱང་དོགས་སེལ་མེད། །གནད་བླ་མའི་གདམས་ངག་རང་བྱན་ཆུད། །ཚིག་མདོ་མེད་འདི་དག་གལ་ཆུང་མོད། །ཁྱེད་ཀྱིས་འཁོར་བར་སྐྱོན་མཐོང་ནས། །བག་ཡོད་ཆོག་ཤེས་དབེན་པར་སྡོད། །དོན་སྙིང་པོའི་ཉམས་ལེན་མཛད་པ་ལགས། །སྔོན་བྱོན་རྙིང་མའི་སྔ་འགྱུར་གྱི། །དམ་རྫས་སེལ་མེད་ཁུངས་བཙུན་རྣམས། །དྲིལ་བའི་དམ་རྫས་མྱོང་གྲོལ་འདི། །རྟེན་མ་བསྒོམས་སངས་རྒྱས་ངོ་མཚར་ཅན། །རྫས་འདིས་ཀྱང་དམན་ལ་འགྲོ་དོན་མཛོད། །ཁྱེད་རྣམས་ཀུན་ཉམས་ལེན་སྔར་བཞིན་མཛོད། །ཁྱེད་ཀྱིས་བསྐུར་བའི་ཁ་བཏགས་དང་། །སྤོས་ཆག་བསྐུར་བ་འཕྲོད་པས་སྤྲོ། །གནས་ཚུལ་འཕྲོས་གཏམ་ངོས་འཕྲོད་ཅི་བཞིན་དུ། །ཁྱེད་ཀྱིས་རྣམ་ཀུན་དད་འདུན་ཡོད་
འདུག་པས། །ནང་གཙང་འབེལ་གཏམ་ལས་རབ་རྩལ་གྱིས་གླེང་། །ཞེས་པ་འདི་སྒྲུབ་པ་པོ་ཨོ་རྒྱན་རྒྱ་མཚོ་ལ་ནང་ལུགས་ཀྱིས་འཕྲོ་གླེང་ཕུལ་བའོ།། །། ༈ བཀའ་དྲིན་འཁོར་མེད་རིན་པོ་ཆེ། །གསུམ་ལྡན་རྡོ་རྗེ་འཛིན་པ་མཆོག །དོན་གྱི་སླད་དུ་མཚན་སྨོས་ན། །གསང་མཚན་རྡོ་རྗེ་སྙིང་པོར་གྲགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་མེད་བདག་གི་ཆོས་སྐད་འདི། །ཆོས་མཛད་ཡོངས་ཀྱི་སྙན་ལ་གནོད། །ཆོས་མིན་བཤད་པའི་གྲོང་ཚིག་ལ། །ཆོས་སྤྱན་ཡངས་རྣམས་ཁྲེལ་འདེབས་མཛོད། །ངེས་དོན་བླ་མ་བསྟེན་པའི་དུས། །སྡིག་གྲོགས་ནོར་ཚོལ་མ་བསྟེན་ཅིག །བསྟེན་ན་རང་ཡང་དེ་ལྟར་འཆོར། །ཞལ་གདམས་དམར་ཁྲིད་ཉན་པའི་དུས། །ཡིག་ནག་གཏམ་རྒྱུད་མ་ལྟ་ཞིག །བལྟས་ན་རྟོག་གེའི་ཉེས་སྒྲིབ་འགོ། །ཕུར་ཚུགས་ཉམས་ལེན་དྲིལ་དུས་སུ། །མཁས་འདོད་རིག་གནས་མ་སློབ་ཅིག །བསླབས་ན་འདམ་ཀ་ནོར་ལས་ཆེ། །རྣམ་དག་ཚུལ་ཁྲིམས་སྲུང་དུས་སུ། །མཆོག་འཛིན་རང་མཐོང་མ་ཆེ་ཞིག །ཆེ་ན་དགེ་བ་དུག་ཅན་འོང་། །ཉམས་སྣང་བན་བུན་
སྐྱེས་པའི་དུས། །འཛིན་ཞེན་གོལ་ལམ་མ་སྙོགས་ཤིག །བསྙེགས་ན་ཁམས་གསུམ་གནས་སུ་འཆིང་། །རིག་གནས་ཐོས་བསམ་ཕྱུག་པའི་དུས། །རྒྱུས་ཅན་དྲེད་པོར་མ་ཤོར་ཅིག །ཤོར་ན་རང་རྒྱུད་གྱོང་པོར་འགྲོ། །ལམ་རྟགས་མངོན་ཤེས་ཤར་བའི་དུས། །སྨྲ་འདོད་ང་རྒྱལ་མ་ཆེ་ཞིག །ཆེ་ན་བདུད་ཀྱིས་བསུན་མ་སླེབས། །སྔགས་ནུས་བྱིན་རླབས་འབྱུང་བའི་དུས། །འདྲེ་འདུལ་ཕྲིན་ལས་མ་འབྱམས་ཤིག །འབྱམས་ན་གྲོང་ཆོག་ངང་དུ་འཆི། །གཞན་གྱིས་བསྟོད་བཀུར་སྒྲོག་པའི་དུས། །དགའ་རློམ་ཡི་རང་མ་བྱེད་ཅིག །བྱས་ན་ཆགས་སྡང་གཅོང་རོ་སྡང་། །རྙེད་པ་ལོངས་སྤྱོད་བྱུང་བའི་དུས། །གོས་རྒྱན་ཞིམ་ལྟོ་མ་དྲན་ཅིག །དྲན་ན་མི་ཆོས་ཁོལ་པོར་འགྲོ། །ཚེ་སྟོད་མཚམས་སྒྲུབ་དགེ་སྦྱོར་དེ། །ཚེ་སྨད་ཟོང་དུ་མ་འཚོང་ཞིག །བཙོངས་ན་ཚོང་ཕམ་བློ་ཉེས་ཡོང་། །ཐེག་ཆེན་རྟ་ཕོ་ཞོན་པའི་དུས། །ཐེག་དམན་བོང་བུ་མ་ཞོན་ཅིག །ཞོན་ན་ས་ལམ་བགྲོོད་ཐག་རིང་། །རྫོགས་ཆེན་སྙིང་ཐིག་ཁྱད་ཆོས་ལ། །མཁས་འདོད་དབུ་ཕྱག་མ་འགེབས་ཤིག །བཀབ་ན་ལྷམ་
དཔེ་ཞྭར་བཀབ་འདྲ། །ངེས་པར་ལྷ་ཆོས་བསམ་པ་རྣམས། །ཅི་ནས་བཟང་འདོད་འདྲེ་མ་ཞུགས། །ཞུགས་ན་ཅིས་ཀྱང་སྲིད་མཚོར་འཁོར།། །། ༈ ཐུབ་བསྟན་ཚུལ་བཞིན་འཛིན་པའི་རྣམ་ཐར་ནི། །རྣམ་གྲངས་མང་ཡང་འདི་རུ་ཆ་ཤས་བཀོད། །རྒྱུ་འབྲས་ཞིབ་པས་ངན་སོང་གཡང་ས་ཆོད། །འཆི་བ་དྲན་པས་དགེ་སྦྱོར་ཐང་ལྷོད་མེད། །རང་སྣང་དག་པས་དད་པ་ཕྱོགས་རིས་བྲལ། །སེམས་རྒྱུད་དུལ་བས་གཞན་གནོད་ཚེར་མ་མེད། །གཡོ་སྒྱུ་མེད་པས་ཀུན་གྱིས་དམ་པར་འཛིན། །ཟོལ་ཟོག་བྲལ་བས་རང་འདོད་འཛིན་པ་ཟད། །ནོར་རྫས་མེད་པས་གནོད་བྱེད་དགྲ་དང་བྲལ། །ཐོས་བསམ་ཆེ་བས་ཉམས་ལེན་གོལ་ས་ཆོད། །ཚུལ་ཁྲིམས་གཙང་བས་ཀུན་གྱི་དང་བ་འདྲེན། །བླ་མ་མཉེས་པས་བྱིན་རླབས་བརྒྱུད་པ་ཟིན། །ཡི་དམ་བསྒྲུབས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཚོགས་གཏོར་མཆོད་པས་མཁའ་འགྲོ་དམ་ཅན་ཁོལ། །ངག་ལ་ལྷ་འགོས་བཟླས་བརྗོད་གྲངས་ཚད་འཁྱོལ། །སེམས་བསྐྱེད་ལྡན་པས་ཀུན་ལ་མ་ལྟར་བརྩེ། །ཆོས་
ཚུགས་ཟིན་པས་ཀུན་གྱིས་བསྟོད་ཅིང་བསྔགས། །སོ་ཐར་དང་ལྡན་ཀུན་སྤྱོད་རྣམ་པར་མཛེས། །བྱང་ཆུབ་སེམས་སྦྱོར་ཀུན་སློང་གཞན་དོན་ཉིད། །སྔགས་ཀྱི་དབང་དང་རིམ་གཉིས་མངོན་དུ་གྱུར། །འགྲོ་དོན་དུས་བབ་གང་འབྲེལ་དགེ་ལ་སྦྱོར། །སྐྱེས་བུ་འདི་འདྲ་འཆི་བས་མི་འཇིགས་ཏེ། །སྐྱེ་དང་སྐྱེ་བར་བདེ་ནས་བདེ་བར་འགྲོ། །དེ་ལྟར་བནྡེ་བཟང་པོའི་མཚན་ཉིད་ཀྱིས། །རྒྱ་མཚོ་ཆེ་ལས་སྐྲ་རྩེའི་ཐིགས་པ་ཙམ། །ཕྲིན་ལས་བདག་གིས་བརྗོད་པ་དགེ་གྱུར་ཅིག། །། ༈ པད་འབྱུང་དངོས་དེ་ཉི་གྲགས་སྤྲུལ་པའི་སྐུ། །ཐར་པའི་ལམ་སྟོན་མཉམ་མེད་ཆོས་ཀྱི་རྗེ། །ཁྱེད་ཞབས་སྐུ་དྲིན་འཁོར་བའི་དུས་མ་མཆིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁོ་བོ་ལས་ཉན་ཆོས་ཁྲིད་ལྡན་པ་རྣམས། །ཇོ་བཟང་བླ་མའི་མདུན་ནས་གནད་མེད་ཀྱི། །མིང་སྙན་ཆོས་སྒོག་ཐོབ་གྲངས་མ་བསྒྲངས་བར། །ལག་ལེན་དམར་ཁྲིད་ཆོས་ལ་ཆིག་དྲིལ་མཛོད། །རྒྱུ་འབྲས་ལ་སོགས་སྤང་བླང་ཞིབ་མོ་དགོས། །དེ་མིན་བན་སྤྲང་མི་རྒོད་རབ་བྱུང་གཟུགས། །
གཤིན་གསོན་དཀོར་ལ་གནག་པ་འདི་མཐོང་ན། །མི་ལུས་བས་ཀྱང་སྡིག་མེད་དུད་འགྲོའི་དགའ། །སྐད་ཅིག་སྐད་ཅིག་རྟག་པའི་གོ་སྐབས་མེད། །ཐམས་ཅད་འཇིག་པའི་ཆོས་སུ་ཤེས་གྱིས་ལ། །ཐར་ལམ་མཐར་ཐུག་བགྲོད་པ་སྙིང་པོའི་ཆོས། །རང་གི་རྒྱུད་ལ་ཡོངས་སུ་འབྱོར་བར་མཛོད། །སྔོན་འགྲོའི་རིམ་པ་སྤྱི་དང་ཁྱད་པར་དུ། །བླ་མའི་རྣལ་འབྱོར་རྒྱུན་དུ་ཆག་མེད་དགོས། །བྱིན་རླབས་འཇུག་པའི་ལམ་བཟང་དེ་བོར་ནས། །ཐུགས་དམ་གཉིད་ལ་བྱེད་པའི་ཁྲེལ་མེད་མང་། །ཟབ་ཁྲིད་དང་པོ་ནོས་པའི་ཉིན་པར་དང་། །དུས་མཐར་འཆི་ལ་གཏུག་པ་དེ་སྲིད་དུ། །ཐང་ལྷོད་ལྟེམ་རྐྱང་མེད་པར་འགྲོག་དགོས་ཤིང་། །གསར་ངེས་ཐང་ལྷོད་བྱེད་པའི་ཆོས་པ་སྡུག །སྔོན་ཆད་བླ་མའི་བཀའ་བཞིན་བསྒྲུབས་ནས་ཀྱང་། །གང་བྱུང་འཁོར་ལ་རྫོགས་ཆེན་སྙན་བརྒྱུད་བསླབས། །དམ་ཉམས་ཆོས་དྲེད་རཱུ་ཏྲ་དམྱལ་བ་འཕེལ། །དེ་དག་བསམ་གྱིན་འགྱོད་དང་སྙིང་རྗེའི་གནས། །ཐུབ་བསྟན་མ་ཉམས་མ་སད་མ་རུལ་དུས། །སྐྱེས་མཆོག་ས་ཆེན་
བརྙེས་པ་སྔ་འགྱུར་གྱི། །ལོ་པཎ་གྱིས་བསྒྱུར་མདོ་སྔགས་མཆོག་མཐོང་ན། །ཆོས་འགའ་བྱིས་པའི་རྩེད་མོར་འདྲ་ལ་ལྟོས། །ཁ་ཅིག་བླ་མ་འབྲལ་སྔས་དྭ་ཕྲུག་འདྲ། །ཁ་ཅིག་ཆོས་དང་བླ་མར་མཉམ་འགྲོགས་བརྙས། །ཁ་ཅིག་ཁྱི་སྔུན་རྩྭ་བཞིན་བརྟག་དཔྱད་མེད། །འགྲོ་བའི་རང་བཞིན་རྨོངས་པའི་ཚུལ་ལ་སོམས། །ཆེ་འདོད་གྲགས་འདོད་རྙེད་འདོད་བཟང་འདོད་ནི། །སུ་ལ་ཞུགས་པའི་དེ་སྙིང་བདུད་ཀྱིས་བརླམས། །ཆོས་མིན་དབང་གྱུར་མི་དགེ་སྡིག་པའི་སྣོད། །འཕགས་རྣམས་ཁྲེལ་ཞིང་རང་དོན་ལས་ངན་གསོག །དེ་ཕྱིར་དམན་ས་ཟུངས་ལ་རང་རྒྱུད་ཐུལ། །དད་པ་ཡུན་བསྲིང་ཉམས་ལེན་འཆི་ཁར་གཏུག །ཆོག་ཤེས་བག་ཡོད་དགོས་མེད་རྒྱུད་ལ་བསྟེེན། །དེ་དག་བློ་རབ་ཡང་དག་ཆོས་མཛད་སྲོལ། །ཆོས་ཀུན་སྙིང་རྗེ་སྒོམ་ལ་འཇུག་དགོས་ཤིང་། །རྒྱུན་ཆགས་མཉམ་རྗེས་བསྲེ་དང་ཉིན་མཚན་བསྲེ། །སྦྱངས་སྟོབས་མཐར་ཕྱིན་མཆོག་གི་གོ་འཕང་བརྙེས། །མི་ལུས་ཆོས་ལྡན་དགེ་བ་ཡང་དག་ལྡན། །དེ་ལྟར་ཉམས་ལེན་དེ་ཡང་དགོས་པའི་དུས། །བར་དོའི་གནད་
ལ་སྦྲེལ་ཞིང་གོམས་པ་གཙོ། །ཆོས་གཟུགས་ཁྲེལ་མེད་ཚེ་འདིའི་དབང་སོང་བས། །རྗེས་སུ་འབྲངས་ན་རང་ཕུང་སྡིག་པའི་ལས། །ཡང་ན་དཀོན་མཆོག་མཆོད་དང་དམན་པར་སྦྱིན། །ཚོགས་གཉིས་ཅི་བསགས་མཁའ་ཁྱབ་འགྲོ་ལ་བསྔོ། །སྡིག་སྒྲིབ་ཉམས་ཆག་བཤགས་སྦྱངས་འབད་པ་སོགས། །རྟག་ཏུ་དགེ་ཆོས་འཇུག་པ་ལྷུར་ལེན་མཛོད། །བདག་ཀྱང་བགྲང་བྱས་སླེབས་དང་འབྱུང་འཁྲུགས་ཉེན། །ཡང་ཡང་ངེས་དོན་བརྗོད་པར་མི་ནུས་ཀྱི། །སྙིང་ལ་ཕན་པ་མི་བརྗེད་བརྗེད་བསྐུལ་ཚིག །ཕུན་ཚོགས་དང་ནི་པདྨ་བཀྲ་ཤིས་ལ། །དཔའ་བོ་ལས་རབ་བདག་གིས་གདམས་པ་ཡིན། །དུས་ངན་སློབ་མའི་ཆོས་སྤོང་ཚུལ་མཐོང་ནས། །བདག་ཀྱང་སྨྲ་བ་བཅད་ལ་རབ་ཏུ་ཕྱོགས། །ཁྱེད་ཅག་ཡང་དག་ཆོས་ལ་འགྲོགས་པར་མཛོད། །མངྒ་ལཾ།། །། ༈ སློབ་མ་ཚོགས་གཉིས་རང་གྲོལ་གྱིས་གླུ་འབུལ་བ་ནི། རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །འབངས་ངའི་སྤྱི་བོའི་གཙུག་གི་རྒྱན། །འཁོར་འདས་ཆོས་ཀུན་གདོད་ནས་སྟོང་། །སྟོང་ཆེན་སྒྱུ་མའི་རྣལ་འབྱོར་པ། །ལྟ་སྒོམ་སྤྱོད་
འབྲས་གླུ་ཞིག་འབུལ། །ལྟ་བ་ཞེས་བྱ་རྡུལ་ཙམ་མེད། །རང་རིག་མ་བཅོས་བརྗོད་བྲལ་འདི། །གཟུང་འཛིན་སྒྲོག་གིས་མ་འཆིང་བའི། །སྒོམ་པ་དེ་ཡི་རྒྱུན་སྐྱོང་ནས། །སྤྱོད་པ་ཁྱི་ཕག་ལྟ་བུ་ཡི། །འཁོར་འདས་ཆོས་རྣམས་རོ་སྙོམས་ངས། །གཟའ་གཏད་སྤང་བླང་མཚན་མ་བྲལ། །འབྲས་བུ་ཐེག་དགུའི་གཞི་ལམ་འབྲས། །དུས་གཅིག་རྫོགས་པའི་རྫོགས་པ་ཆེ། །འབྲས་བུ་གཞན་ནས་མི་འཚོལ་ལགས། །ཞེས་གསོལ་ལོ། །ཕྲན་རང་བློ་གྲོས་དམན་པ་དང་། སྒོམ་ཤེས་ཕྲ་ཞིང་ཅུང་ཟད་ཙམ་ཉམས་ལེན་བྱས་པའང་སྨྲ་མི་ཤེས་པར་འདུག་ཀྱང་། འབྲེལ་མེད་ཞུམ་རུང་རྟེན་འབྲེལ་དུ་བསམ་ནས་ཕུལ་བ། མ་སྨིན་གོ་བས་ཤེས་རློམ་ཆོས་ཀྱིས་ཐ་མ་ཕུང་། །སྒོམ་སྟོབས་གཞན་དྲིན་མེད་པར་རང་འཚེངས་བླ་མའི་དྲིན། །འབྲས་བུ་འཆི་དུས་སླེབས་པ་ཕོ་རྒོད་བསམ་ནས་བརྩོན། །མངོན་རློམ་ལས་ཀུན་བྱིས་རྩེད་མཐོང་ནས་བློ་གཏད་སྐྱོ། །ཚོགས་དྲུག་ཡུལ་སྣང་རིག་ཀྱང་ཞེན་མེད་ངང་དེར་གནས། །ཞིང་ཁམས་ངན་སོང་འདྲེ་བདུད་རེ་དོགས་འཆར་གཞི་ཀུན། །གཞི་མེད་རྩ་བྲལ་རྟོགས་པས་འཇིགས་བཅས་མཚན་ཡུལ་བྲལ། །རང་རིག་ཡེ་དག་རྟོགས་
པས་སྐྱེ་འཆིའི་མཚན་འཛིན་རྡིབ། །དུ་མ་རོ་གཅིག་རྟོགས་པས་ངོ་བོའི་བཙན་ས་ཟིན། །རང་རིག་སངས་རྒྱས་ལས་གཞན་སྒྲུབ་བློས་སངས་རྒྱས་འཁྲུལ། །ཡིན་མིན་སེམས་ཀྱི་ཡོ་ལང་ངོ་མཉམ་རྟོགས་གྲོལ་མཉམ། །འཁོར་འདས་ཡིད་དཔྱོད་འཁྲུལ་མཐོང་ཕན་གནོད་ཞེན་འཛིན་བྲལ། །རྩོལ་སྒྲུབ་གཏད་སྒོམ་ཞིག་པས་ཡེངས་མེད་རང་བབས་གནས། །རིག་པ་མཚོན་བརྗོད་བྲལ་བས་གཟུང་འཛིན་རང་སར་གྲོལ། །མངོན་སུམ་རྗེན་པར་རྟོགས་པས་མཚན་མའི་དཔྱངས་ཐག་ཆད། །ཡེ་ནས་ཟང་ཐལ་རྟོགས་པས་རྟོགས་འབུལ་ངོ་སྤྲོད་ཟད། །ངེས་གདེང་རང་ཐག་ཆོད་པས་སླད་ནས་གྲོལ་བློ་བྲལ། །འཁོར་འདས་མཐའ་བྲལ་གཏིང་རྫོགས་ཀློང་གཅིག་ངོ་བོ་ཉིད། །རང་གསལ་བརྗོད་མེད་རྒྱུན་གྱི་རྣལ་འབྱོར་ངང་དུ་བདེ། །ཆོས་དབྱིངས་མཎྜལ་དམིགས་མེད་བླ་མ་ཆོས་སྐུར་འབུལ། །བདག་ལ་ཆོས་ཟད་མཆོག་གི་དངོས་གྲུབ་སྩོལ། །རྟོག་བྲལ་ཞི་བའི་ཀློང་དུ་གུ་ཡངས་ཤིང་། །ཇི་བཞིན་ཉིད་ཀྱི་དོན་རྟོགས་བྱ་རྩོལ་འདས། །ཆོས་ཀུན་རྩ་བྲལ་
མཐོང་བས་རེ་དོགས་ཟད། །ཡེངས་མེད་བློ་འདས་སྤང་བླང་གཏད་སོ་མེད། །ངེས་ཤེས་རང་རྙེད་བློ་བདེ་གཉུག་མའི་ངང་། །སེམས་བྲལ་རིག་པའི་མེ་ཏོག་མཎྜལ་མཆོག །དྲིན་ཅན་བླ་མ་མཆོག་ལ་མཆོད་པ་འབུལ། །ཀ་དག་ཆོས་ཟད་མཆོག་གི་དངོས་གྲུབ་སྩོལ། །ཚིག་རང་མི་མཛེས་ཀྱང་། སེམས་ལ་བབ་ལུགས་ལྟར་བྲིས་ནས་ཕུལ་ལོ། །འདི་གཉིས་བྲི་གལ་ཆུང་ཡང་ཐོག་མར་མཉམ་དུ་བྲིས་གསུངས་ནས་ཡོད་པས་འདིར་ཡང་རྟེན་འབྲེལ་དུ་བཞག་པ་དང་། རྗེ་དངོས་ཀྱིས་ཀྱང་ཐོག་མཐའི་མགུར་དུ་གནང་བ་ལན་གཉིས་ཀའི་ཁྱབ་པས་སོ།། །། ༈ ཀ་ཡེ་གསོན་དང་རང་གཞན་འགྲོ་བའི་མི། །ཁ་དོག་མདངས་ལྡན་མི་ལུས་ཐོབ་དུས་འདིར། །ག་རེ་ཡང་དག་ཆོས་ཞིག་མ་བྱས་ན། །ང་ཡིས་བྱས་པ་དོན་མེད་ཆུད་ཟོས་སོམས། །ཅ་ཅོའི་གཏམ་དང་གཡེང་བས་མི་ཚེ་ཟད། །ཆ་མེད་ཞིག་ལ་གཤིན་རྗེའི་ཕོ་ཉས་ཟིན། །ཇ་ཆང་འདོད་ཡོན་ཡི་གས་མི་ལེན་ཅིང་། །ཉ་མོ་བྱེ་ཚན་བསྒྲེ་འདྲའི་སྡུག་བསྔལ་མྱོང་། །ཏ་ལའི་མེ་བཞིན་ཚ་བའི་ནད་ཀྱིས་ཟིན། །ཐ་ཆད་གཏིང་རིང་སྡུག་བསྔལ་གྲང་བས་གཙེས། །ད་ལྟ་སྐད་ཅིག་འདུག་པའི་རང་དབང་མེད། །ན་དང་འཁུན་དང་གཟེར་ནད་དམ་པོ་
བཏབ། །པ་ཏྲ་རཏྣ་ནོར་གྱིས་བསླུ་མི་བཏུབ། །ཕ་ཚན་དཔུང་དང་སྡེ་ཡི་ཤུགས་མི་ནུས། །བ་ལང་རྟ་མཆོག་ནོར་ཕྱུགས་ཤུལ་དུ་བསྐྱུར། །མ་སོགས་བརྩེ་བའི་གཉེན་དང་འགྲོགས་དབང་མེད། །རྩ་ཆད་དབུགས་ལྡོག་མིག་གིས་མཐོངས་སྐར་བལྟ། །ཚ་ཤུམ་གྲང་ཤུམ་ངར་ངར་ཁག་ཁག་བརྗོད། །ཛ་བྷྱོ་རུ་ལུའི་སྔགས་སྒྲོག་གཤེད་མས་ཉེན། །ཝ་བཞིན་བྲོས་ཀྱང་མི་ཐར་ཁོར་ཡུག་ཁྱབ། །ཞྭ་གོས་ཟས་ནོར་གཞན་གྱིས་ཧབ་ཐོབ་བྱེད། །ཟ་འདོད་དཔོན་སློབ་གྱེར་དང་ཆོ་ག་བྱེད། །འ་འུར་འཇིགས་པའི་དགྲ་བཞིས་ཕྱོགས་མཚམས་ཁྱབ། །ཡ་ངའི་གཡང་ས་གསུམ་པོས་མདུན་ནས་སྒུག །རཱ་ཛ་ཆོས་ཀྱི་རྒྱལ་པོས་དགེ་སྡིག་འབྱེད། །ལ་ལུང་ཀུན་ཏུ་ཡིད་ལུས་དབང་མེད་འཁྱམས། །ཤ་ཚ་སྙིང་ཉེ་རྣམས་ཀྱིས་ངུད་མོ་འབྱིན། །ས་འབོལ་རྗེས་མེད་གྲིབ་མ་ཉི་ཟླ་མེད། །ཧ་ཧ་འཇིགས་པའི་འཕྲང་ཆེན་འདི་འབྱུང་གི། །ཨ་རེ་བསམ་པ་ཡོད་ན་ལྷ་ཆོས་གྱིས། །གཤེད་མའི་འཕྲང་ལས་སྒྲོལ་ན་བླ་མ་བསྟེན། །བྱ་བྱེད་ཆོས་ལ་གྱིས་དང་མཁས་པ་ཡིན། །བསགས་པ་ཆོས་
ལ་ཐོང་དང་གོ་ཆོད་ཡིན། །ཆང་རྒན་སྨྱོན་པའི་གླུ་ལེན་དོན་མེད་གཏམ། །ཆོས་མཛད་ཡོངས་ཀྱི་རྣ་ལ་ཚེར་བས་རྩུབ། །ཕོ་མོ་གཞོན་འཕྲད་རྣ་ལ་དེ་བས་རྩུབ། །བན་རྒན་ཕོ་རྒན་མོ་རྒན་རྣ་བར་འགྲོ། །འགྲོ་འགྲོ་འདྲ་ཡང་ཅུད་ཟད་ཕྱིས་པ་འདྲ། །ཨ་མའི་སྐུ་སྐྱེ་ཨ་བོ་ཕྲིན་ལས་བསྟན་དར་གྱིས་སྦྱར་བའོ།། །། ༈ སྐྱབས་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །མཚན་དྲན་པ་ཙམ་གྱིས་སྡུག་བསྔལ་ཞི། །དྲིན་གསུམ་ལྡན་བླ་མ་བཀའ་དྲིན་ཅན། །རྗེ་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །གྲོགས་འགྲོགས་ཀྱིན་ངན་པ་འཁོར་བ་པ། །ལས་བྱས་པ་འགྱོད་ཅན་སྡིག་པའི་ལས། །དོན་ནོར་འཁྲུལ་ཆེ་བ་ཚེ་འདིའི་དོན། །སྐྱོན་རིག་དུས་ཕྱིས་སོ་འཆི་ལ་ཉེ། །ལར་དགྲ་གཉེན་ནོར་རྫས་སྣང་བ་ལ། །ཀུན་རྨི་ལམ་སྒྱུ་མ་འདྲའོ་ཞེས། །བཀའ་ནོར་བ་མེད་པའི་ལུང་ལས་གསུངས། །ད་འཛིན་འཆིང་བཤིགས་ན་བློ་ཡི་རབ། །ཚིག་ངག་འཁྱལ་ཉེས་པ་འཕེལ་བའི་རྒྱུ། །སྒྲ་བྲག་ཆ་འདྲའོ་རྒྱལ་བའི་གསུང་། །གྲོགས་གྱོང་ཞིང་ཚིག་ངན་འཁྱོགས་པའི་དུས། །ངག་སྨྲ་བརྗོད་ཉུང་ན་ཚོད་ཟིན་པོ། །ཡུལ་བྱ་བ་མཐོང་ཚེ་
མུན་པའི་ཁྲོད། །མི་ཡ་རབས་ཟབ་པས་མ་རབས་ཁྱུར། །ཆོས་འཇིག་རྟེན་བྱ་བྱེད་བསྟན་པ་དེ། །གཅན་ཐ་མ་ཁྱི་ལ་རྩྭ་སྦྱིན་འདྲ། །འཁོར་བསགས་རྒྱབ་མེད་པའི་ལས་ངན་ལ། །ཆོས་དབང་ཁྲིད་གདམས་པ་འཆད་པ་དེ། །ལས་ཞེ་འཁོན་དམ་ཉམས་མང་བའི་དུས། །རང་སློབ་དཔོན་རཱུ་ཏྲ་མཚང་རེ་ཆེ། །རྟེན་མཐོང་གྲོལ་ཡིད་བཞིན་ནོར་བུ་དང་། །རྫས་འབྲེལ་ཐོགས་དམ་རྫས་མྱོང་གྲོལ་སོགས། །མི་ང་ལ་ཡོད་དེ་དད་མཁན་མེད། །ཁོང་ལོག་ལམ་མཁན་ལ་འགྲོ་བ་དང་། །ད་མཐོང་གྲོལ་མྱོང་གྲོལ་ངོ་མཚར་ཅན། །ཚེ་འདི་ལ་འགྲོ་དོན་མི་འབྱུང་རིག །ཁོང་དམ་ཅན་སོ་སོར་ཡང་གཏེར་བཅོལ། །གནས་སོ་སོར་དྲངས་ནས་ཕྱི་རབས་འབུལ། །སྤྱིར་ཐུབ་བསྟན་ཡོངས་ཀྱི་བར་ཆད་བཟློག །སྒོས་རང་ཡུལ་ས་སྐྱོང་རིམ་གྲོས་ཕན། །བདུད་མ་རུངས་གནོན་པའི་བྱ་བ་གྲུབ། །ང་རྟེན་འབྲེལ་ཉམས་ཀྱང་སྨོན་ལམ་བཙན། །མི་ལས་ངན་གསོན་པོར་འཕོ་བས་འཕངས། །ལམ་དབང་བཞི་མང་པོར་ཡེ་ཤེས་ཕེབས། །རྫས་མྱོང་གྲོལ་འཇའ་འཐིབས་འཕེལ་
ཞིང་འཕུར། །ངག་དེ་སྐད་རྫུན་མིན་དྲང་གཏམ་ལགས། །ལུས་ཤི་བཅས་ཚར་བ་དབང་གིས་གསོན། །ལྷ་རྡོར་ལེགས་སྐུ་ལྔ་ཁོག་རློམ་བཅུག །དགྲ་འདྲེ་འགའི་བླ་རྟགས་མངོན་སུམ་ཁུག །ངག་དེ་སྐད་རྫུན་མིན་དྲང་གཏམ་ལགས། །ཕར་བསམ་ངན་མེད་ཀྱང་ཚུར་ལ་སྡང་། །ཕར་ཚིག་ངན་མེད་ཀྱང་ཚུར་ལ་གཤེ། །ང་མ་མཐོང་མིས་ཀྱང་རྒྱང་ནས་དམོད། །རང་ལས་ངན་བསགས་འཕྲོ་སྙིང་རེ་རྗེ། །བདག་རང་ལོ་ང་གསུམ་མེ་རྟ་ལོ། །དུས་ཧོར་ཟླ་བདུན་པའི་ཉེར་གཅིག་ཉིན། །ཚིག་དོན་མེད་བབ་ཅོལ་སྨྱོན་པའི་གཏམ། །མི་ནད་ཅན་ཕྲིན་ལས་ཀྱིས་བྲིས་སོ།། །། ༈ གནས་རུ་དམ་དཔལ་གྱི་དབེན་གནས་སུ། །ལོ་ས་བྱ་ཟླ་བ་བཅུ་གཉིས་པའི། །ཚེས་བརྒྱད་པ་སངས་རྒྱས་དུས་ཆེན་ལ། །ལྷ་སྐུ་གསུམ་རྒྱལ་བའི་ཞབས་དྲུང་དུ། །དངུལ་གྱི་མཎྜལ་བཀོད་ནས་ཀྱང་། །རིན་ཆེན་གསེར་གྱི་ཚོམ་བུ་དང་། །འབྲུ་དང་བཅས་ཏེ་སྲིད་ཞི་ཡི། །ལོངས་སྤྱོད་ཡིད་ཀྱིས་སྤྲུལ་བྱས་ནས། །ཀུན་བཟང་མཆོད་སྤྲིན་ཡིད་ཀྱིས་སྤྲུལ། །རང་གི་ལུས་དང་ལོངས་སྤྱོད་དང་། །གཅེས་ཤིང་ཕངས་
པའི་དངོས་པོར་བཅས། །ཚོགས་ཞིང་དམ་པ་དེ་ལ་ཕུལ། །སྤྱིར་ནི་སངས་རྒྱས་བསྟན་པ་དང་། །ཁྱད་པར་སྔ་འགྱུར་རྙིང་མ་པ། །བྱེ་བྲག་ཉི་མ་གྲགས་པའི་ཆོས། །སྔ་འགྱུར་བསྟན་འཛིན་བི་མ་ལའི། །རྣམ་འཕྲུལ་བསྟན་འཛིན་བཟང་པོ་ཡི། །ཕྲིན་ལས་དར་ཞིང་རྒྱས་པ་དང་། །སྐུ་ཚེ་བརྟན་པའི་སྨོན་ལམ་བཏབ། །ཆང་རྒན་ཉེས་གྱུར་བུད་མེད་ཅན། །ང་ལ་བཟང་ངན་འབྲེལ་ཐོགས་པ། །དེང་ནས་ཚེ་རབས་ཐམས་ཅད་དུ། །ངན་སོང་གསུམ་དང་འཇིགས་བརྒྱད་བྲལ། །བདེ་ནས་བདེ་བར་རབ་བགྲོད་ནས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་སྟེ། །ཁམས་གསུམ་འདྲེན་པ་ཉིད་དུ་ཤོག །ཅེས་པ་སྐྱབས་མགོན་རྫོགས་ཆེན་གསུམ་པའི་ཞབས་དྲུང་དུ་སྨྲས་པ་དེ་བཞིན་འགྲུབ་པར་གྱུར་ཅིག། །། ༈ སངས་རྒྱས་ཀུན་ལས་ལྷག་པ་ཡི། །རྗེ་བཙུན་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གང་དུ་སྐྱེས་པའི་ཚེ་རབས་སུ། །རིགས་བདག་སྐྱབས་གནས་ཁྱེད་ལ་ཞུ། །མཚུངས་མེད་ཁྱེད་ཀྱི་བཀའ་དྲིན་གྱིས། །ཟབ་དགུའི་གནད་ཀྱི་གདམས་པའི་གནད། །ཐེ་ཚོམ་གོལ་ས་སྒྲོ་
འདོགས་སོགས། །བཤེས་གཉེན་གཞན་ལ་དྲི་མ་དགོས། །རྫོགས་པའི་སངས་རྒྱས་མ་ཐོབ་པར། །ཐམས་ཅད་མཁྱེན་པ་ག་ལ་སྲིད། །རང་གིས་ཉམས་སུ་ལོན་པ་ན། །རང་མགོ་ཐོན་པའི་གནད་དམ་ཤེས། །རྣམ་གཡེང་འཁྲུལ་བའི་དབང་སོང་ནས། །ཉམས་ལེན་མཐར་ཆགས་མ་གྱུར་ཀྱང་། །སྔོན་གྱི་ལས་འཕྲོའི་ལྷག་མ་ཡིས། །ཆོས་སྐོམ་སྟོང་ལྐོག་མ་ཡིན་པའི། །རྫོགས་ཆེན་སྙིང་ཐིག་ཆོས་དང་འཕྲད། །ངོ་སྤྲོད་ཅར་ཕོག་རྟོགས་གྲོལ་མཐོང་། །འཁོར་འདས་གཉིས་ཀའི་ཆོས་རྣམས་ཀུན། །སྒྱུ་མའི་མཚང་མཐོང་རྩེད་མོར་ཞིག །ཡུལ་ངན་ཀླ་ཀློ་འདྲ་བར་སྐྱེས། །ཆོས་ལ་བཟང་ངན་འདོམས་མི་ཤེས། །འོན་ཀྱང་བླ་མའི་བཀའ་བཞིན་དུ། །གཞན་དོན་འགྱུར་སྙམ་ཆོས་ཁྲིད་བཤད། །རྒྱུ་འབྲས་སྣ་རེ་སྤང་བླང་དང་། །སྔོན་འགྲོ་ཚར་གཅིག་འདོན་སྒོམ་དང་། །རང་ངོ་བག་ཙམ་སྐྱོང་བ་ཡི། །ཆོས་མཐུན་སློབ་མ་མེད་པས་སྡུག །ཟབ་དོན་ཁ་འཆལ་ཤོར་སྙམ་འགྱོད། །ཚད་ཐུབ་ངེས་པའི་རྡོ་རྗེ་འཛིན། །ཞབས་པད་ཡུན་རིང་ཁོ་བོས་བསྟེན། །དད་པ་སྐད་ཅིག་འབྲལ་མ་མྱོང་། །
ཁ་ངོམས་ངོ་སྐྱེད་དད་པ་མིན། །བཀའ་དྲིན་ཅན་གྱི་སློབ་དཔོན་དེས། །རང་སེམས་གཙང་མའི་སློབ་མ་ང་། །རྡོ་རྗེ་འཛིན་པར་དབང་ཡང་བསྐུར། །གཞན་དོན་བྱེད་པར་མངའ་ཡང་གསོལ། །སྨིན་གྲོལ་ཟབ་མོའི་གཉེར་བྱང་གཏད། །འཁོར་དང་ལོངས་སྤྱོད་མི་ཐབས་དང་། །ཐུན་མོང་སློབ་གཉེར་ཙབ་ཙུབ་ཀྱིས། །བླ་ཟོལ་བཟུང་བའི་ཕོ་ཚུགས་མིན། །དེང་སང་ལོ་སོང་འབྱུང་བ་འཁྲུགས། །སྒོ་གསུམ་བྱ་བྱེད་ཡེ་མི་འདོད། །འདི་དགོས་འདི་བྱེད་ཞིག་པ་ཡི། །མི་ངོ་དཀར་ནག་མཐུན་འཇུག་དང་། །ཆེ་འདོད་གཏམ་སྙན་ལག་རྫས་སོགས། །སེམས་ལ་འཆར་གྱིན་མི་འདུག་པས། །དེ་ལ་ཀོ་ལོང་སྡོམ་པ་ཡི། །བྱིས་པ་དེ་དག་ཤིན་ཏུ་རྨོངས། །ལྷ་ཆོས་མི་ཆོས་བྱ་བཞག་དང་། །ཤེས་བྱ་རིག་པའི་གནས་རྣམས་ལ། །རྩོལ་སྒྲུབ་རེ་དོགས་ཟད་པ་དང་། །འཇིག་རྟེན་མི་དང་ཆོས་མ་མཐུན། །ལྷག་པར་ཆོས་མཛད་རྣམས་དང་འགལ། །ང་ཡི་འཇམ་རྩུབ་སྤྱོད་པ་དང་། །མ་དྲིས་ན་ཡང་བཤད་པ་དང་། །དྲིས་པ་རྣམས་ལ་མ་སྨྲས་དང་། །སྨྱོ་སྤྱོད་བྱིས་སྤྱོད་འཁྲུལ་
སྤྱོད་སོགས། །གང་དང་གང་བྱས་དེ་དག་ལ། །ངེས་པའི་གནད་མེད་གཅིག་ཀྱང་མེད། །ཁོ་བོ་གཞོན་ཞིང་ལས་བྱེད་དུས། །ཀུན་གྱིས་སྐྱོན་མཐོང་ཐན་དུ་བལྟས། །ད་ནི་འཆི་ལ་ཉེ་བའི་དུས། །བྱ་བྱེད་འདུ་བྱེད་བྲལ་བ་ལ། །ཀུན་རྟོག་རླུང་གིས་དཀྲུགས་པ་རྣམས། །ཕན་བྱེད་སྙམ་ཡང་གནོད་པ་ཡིན། །ལུས་རྒུད་བདེ་སྡུག་མི་ཐེག་རུང་། །བཟང་འདོད་བློ་དང་གཏམ་སྙན་གཉིས། །ཐབས་ཆག་མེད་པས་བཞག་ཐབས་ཤེས། །གང་དག་ང་ལ་སྐྱོན་བརྗོད་པ། །དེ་དག་རྫུན་མིན་ངེས་པར་བདེན། །སེམས་ཅན་སྐྱོན་གྱི་རང་བཞིན་ཡིན། །ཐོག་མེད་དུས་ནས་སྐྱོན་དང་འགྲོགས། །སྐྱོན་བྲལ་ཡོན་ཏན་རྫོགས་པ་ཡི། །སངས་རྒྱས་གོ་འཕང་ངས་མ་བརྙེས། །དེ་ཕྱིར་རང་གཞན་འགྲོ་བའི་ལས། །གཅིག་གིས་གཅིག་ལ་དྲིན་མི་བཟོ། །གཞོན་ངན་ཚིག་རྩུབ་འཁོར་བའི་ལས། །ཡོན་ཏན་མེད་ཅིང་སྐྱོན་བརྒྱའི་གོང་། །ཐོག་མེད་དུས་ནས་འདི་དང་འགྲོགས། །ད་ལྟ་ཡང་ནི་འདི་ལ་སྤྱོད། །ཕ་མཐའ་མི་མངོན་མཐར་ཡང་ཡོད། །འདི་ལ་གད་མོ་མི་འཆོར་རམ། །འདི་ལ་སྐྱོན་
མཐོང་མི་སྐྱེ་འམ། །འདི་དང་ཉི་མའི་གྲིབ་སོ་གཉིས། །སྤང་བློ་བྱས་ཀྱང་ཚུར་ཚུར་ཉེ། །སྐྱོན་བྲལ་ཡོན་ཏན་རྫོགས་འདོད་ན། །ཐུབ་པའི་དབང་པོའི་རྗེས་སུ་སྙོགས། །རང་གི་ལུས་ངག་ཡིད་གསུམ་ལ། །ཆོས་འགལ་ཉེས་པ་ཡོད་དམ་རྟོགས། །ཡོད་ན་ད་རུང་རང་རྒྱུད་སྦྱོངས། །ཐན་རྒན་བྱ་རོག་དཀར་པོ་ངས། །ཚིག་སྨྲ་བརྗོད་པའི་ཐ་མ་འདི། །གཞན་ཡང་ད་རུང་རྗེས་འཇུག་རྣམས། །ལས་ཀྱིས་འབྲེལ་བའི་ཉེ་དུ་རྣམས། །དམ་ཚིག་གཅིག་པའི་མཆེད་གྲོགས་རྣམས། །དབང་ཆོས་བཏབ་པའི་སློབ་མ་རྣམས། །དམ་རྫས་འབྲེལ་ཐོགས་ལས་ཅན་རྣམས། །བླ་མ་བསྟེན་རྣམས་སྙིང་གཏམ་ལ། །བཀའ་འགལ་ཐུགས་དཀྲུགས་མ་བྱེད་ཅིག །ཆོས་སྒྲུབ་རྣམས་ལ་སྙིང་གཏམ་ལ། །ཚེ་འདིའི་ཆེ་ཐབས་མ་སྒྲུབས་ཤིག །བྱ་བ་བཏང་ལ་སྙིང་གཏམ་ལ། །སྨྱོ་སྤྱོད་གྲུབ་རྫུ་མ་བྱེད་ཅིག །གྲུབ་པ་ཐོབ་ལ་སྙིང་གཏམ་ལ། །ནོར་ཕྱིར་དབང་ཆོས་མ་བཙོང་ཞིག །གཞན་དོན་མཛད་ལ་སྙིང་གཏམ་ལ། །ཐབས་མཁས་རང་དོན་མ་སྒྲུབས་ཤིག །གཅོད་ཡུལ་
སྤྱོད་ལ་སྙིང་གཏམ་ལ། །སྣང་བ་འདྲེ་རུ་མ་ལྡང་ཞིག །དད་པ་བྱེད་ལ་སྙིང་གཏམ་ལ། །དད་པ་ལྟེམ་རྐྱང་མ་བྱེད་ཅིག །ཚུལ་ཁྲིམས་ཅན་ལ་སྙིང་གཏམ་ལ། །དམ་ཚིག་ངོ་ལྐོག་མ་བྱེད་ཅིག །ཤེས་རིག་ཅན་ལ་སྙིང་གཏམ་ལ། །འདི་ཕྱིའི་གདམ་ཁ་མ་ནོར་ཞིག །མཁས་མཁས་པོ་ལ་སྙིང་གཏམ་ལ། །མདོ་སྔགས་དགོས་དོན་མ་ནོར་ཞིག །མཆོད་སྦྱིན་མཁན་ལ་སྙིང་གཏམ་ལ། །ལན་དང་སེར་སྣས་མ་ཟག་ཅིག །ཁྲིད་མཁན་རྣམས་ལ་སྙིང་གཏམ་ལ། །ཕྱོགས་འཛིན་ལམ་ལོག་མ་སྟོན་ཅིག །རི་ཁྲོད་འཛིན་ལ་སྙིང་གཏམ་ལ། །ཐུན་མོང་རིག་གནས་མ་སྦྱོངས་ཤིག །དབང་བསྐུར་བྱེད་ལ་སྙིང་གཏམ་ལ། །བུམ་སྟོང་བྱོས་བླུགས་མ་བྱེད་ཅིག །དགེ་སྦྱོར་བྱེད་ལ་སྙིང་གཏམ་ལ། །ཆོས་སྤྱོད་རེས་འཇོག་མ་བྱེད་ཅིག །དཀའ་སྤྱད་བྱེད་ལ་སྙིང་གཏམ་ལ། །གནད་མེད་སྡུག་སྒུར་མ་བྱེད་ཅིག །ཐོས་པ་ཅན་ལ་སྙིང་གཏམ་ལ། །བསམ་སྒོམ་གལ་ཆུང་མ་བྱེད་ཅིག །བསམ་ཤེས་ཅན་ལ་སྙིང་གཏམ་ལ། །ཚིག་སྐམ་མཐའ་རྗེས་མ་གཅོད་ཅིག །སྒོམ་པ་ཅན་ལ་སྙིང་གཏམ་ལ། །གནས་དགའ་
འགྱུ་སྡུག་མ་བགྲང་ཞིག །རྒྱུ་འབྲས་ཁྱད་དུ་བསད་ནས་ཀྱང་། །འདུལ་བ་ལས་འཛིན་མ་ཟེར་ཅིག །ཉེ་རིང་ཕྱོགས་ཆ་ཡོད་བཞིན་དུ། །སེམས་བསྐྱེད་ང་ཆེ་མ་ཟེར་ཅིག །རིམ་གཉིས་བསྐྱེད་རྫོགས་མ་འབྱོངས་པར། །གྲུབ་ནུས་ངར་ཡོད་མ་ཟེར་ཅིག །རང་མགོ་ཙམ་ཡང་མི་ཐོན་པར། །སེམས་ཅན་ངས་འདྲེན་མ་ཟེར་ཅིག །ངན་མཚང་ཕྱི་ལ་སྟོན་བཞིན་དུ། །ཆོས་ཕག་གཡོ་སྒྱུ་མ་བྱེད་ཅིག །ཐམས་ཅད་མཁྱེན་པ་མ་ཐོབ་པར། །ཆོས་ཀྱི་ཡིན་མིན་མ་བཤད་ཅིག །རྨོངས་རྒན་ངག་འཁྱལ་དོན་མེད་ཕྲེང་། །ལས་རབ་རྩལ་གྱིས་མོལ་བ་ཡིན། །ཁ་ཆེམས་ཚིག་གི་ཐ་མ་ཞེས་བྱ་བ་ལས་རབ་རྩལ་གྱིས་ཇི་ལྟར་བཀོད་པ་བཞིན་བསོད་ནམས་ཆོས་བཟང་གིས་སྐྱེེན་པར་བྲིས་པའོ།། །། ༈ དེ་ནས་རིག་རྩལ་སྤྲུལ་སྐུ་ལས་རབ་ཀྱིས། །གཡེང་པའི་ཁོལ་པོར་མི་ཚེ་ཟད་པ་ཡི། །རྨོངས་པ་རྣམས་ལ་ཆོས་བསྐུལ་འཕྲིན་གདབ་པ། །གང་ཁྱོད་བག་ཡངས་ཚེ་འདིར་རབ་བརྩོན་ཀྱང་། །གྲོགས་དག་འཆི་བའི་སྡུག་བསྔལ་འབྱུང་ལ་སོམས། །འཇིག་རྟེན་མཆོད་འོས་ཐུབ་དབང་འདའ་ཚུལ་སྟོན། །ཚངས་དབང་ལྷ་སོགས་
སེམས་ཅན་ཆེན་པོ་ཡང་། །འཆི་བའི་དགྲ་ལས་ཐར་བའི་གོ་སྐབས་མེད། །སྐྱེ་བའི་འགྲོ་ཀུན་འཆི་ལས་མི་འདའ་ཞིང་། །ནམ་འཆི་འདིར་འཆི་ཅིས་འཆིའི་ངེས་པ་མེད། །གསོད་སར་ཁྲིད་པའི་སེམས་ཅན་གོམ་རེ་ཡི། །འཆི་ལ་ཇེ་ཉེར་འགྲོ་བ་དེ་བཞིན་དུ། །ཡུད་རེ་སོང་བཞིན་འཆི་ལ་ཇེ་ཉེར་འགྲོ། །འཆི་བདག་ཉི་མའི་གྲིབ་བཞིན་ཚུར་ཚུར་ཉེ། །བྲོས་པས་མི་ཐར་ཕྱོགས་ཀུན་བསྐོར་བ་བཞིན། །ཉིན་མཚན་གཉིས་ཀྱིས་ཚེ་འདི་བརྐུས་པ་བཞིན། །གང་ཞིག་དགའ་བས་འགྲོགས་པའི་གཉེན་གྱུར་པ། །དེ་དེ་འབྲལ་བའི་རང་བཞིན་སྡུག་བསྔལ་ལྷག །གང་དུ་ཕྱིན་ནས་སླར་ལ་མི་ལྡོག་པའི། །འཇིགས་ཆེན་འཆི་བདག་ཁྱིམ་དེར་ནམ་འགྲོ་བར། །འཆི་བ་ལྟ་ཅི་བསམ་པར་མི་ཕོད་པའི། །གནམ་ས་འདྲེ་ལྡོག་འཆི་བ་ནམ་ཡོང་ན། །དེ་དུས་ཕན་པ་དམ་པའི་ཆོས་ལས་མེད། །དེ་རིང་ཉིད་ནས་རྣམ་གཡེང་ཡོངས་སྤངས་ནས། །དགེ་བའི་ལས་ལ་ཉིན་མཚན་འབད་པར་མཛོད། །འཆི་ཁ་མི་འགྱོད་ཕྱི་མའི་ཕན་བདེ་འགྲུབ། །དེ་ཚུལ་ལེགས་པར་གདམས་ལ་ཉན་པར་
མཛོད།། །། ༈ དྲང་སྲོང་ཆེན་པོ་སྐྱོན་ཀུན་བྲལ་བ། །རྗེ་བཙུན་བླ་མ་ཐུགས་རྗེ་ཅན་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་སོ། །སྐྱོན་ཅན་ང་ལ་བྱིན་གྱིས་རློབས་ཤིག །དེ་རིང་རྗེ་བཙུན་བླ་མའི་དྲིན་གྱིས། །མུན་རུབ་ནང་དུ་གློག་འགྱུ་ཙམ་ལ། །རང་སྐྱོན་མཚང་ལ་བག་ཙམ་འཕྲིག་ནས། །འཁོར་ལ་ཡི་ཆད་མེད་པའི་བློ་བྱུང་། །དད་དང་མོས་གུས་དམ་ཚིག་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །ངེས་འབྱུང་སྐྱོ་ཤས་ཞེན་ལོག་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །ཐར་འདོད་དགེ་སྒྲུབ་སྡིག་སྤོང་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །བླ་མ་མཆོག་གསུམ་བསྟོད་བསྐུལ་སྲི་ཞུ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་
ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །བྱམས་དང་སྙིང་རྗེ་ཕན་འདོགས་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །དུལ་ཞིང་གཡོ་མེད་རང་རྒྱུད་དྲང་བ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །དགོས་མེད་ཆོག་ཤེས་བག་ཡོད་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །བརྩོན་འགྲུས་སྙིང་རུས་རྔོ་ཐོགས་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །གཉུག་བསྲིང་སྡུག་བསྲན་ཐང་ལྷོད་མེད་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །ཁ་ཏོན་དགེ་སྦྱོར་ཆོས་སྤྱོད་ཆག་མེད། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །
བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །མཆོད་སྦྱིན་བསྔོ་སྨོན་ཕྱག་སྐོར་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །རང་སྒྲུབ་གཞན་བསྐུལ་ཟོལ་མེད་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །བྱ་བྱེད་སྨྲ་བརྗོད་བསམ་བློ་ཉུང་བ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །སྒོམ་མེད་ཡེངས་མེད་འཛིན་མེད་རྣམ་གསུམ། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །འཆི་བྲོད་གདེང་ཚད་གདམས་ངག་དང་བཅས། །མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །མཐར་འཁྱོལ་བློ་བདེ་རྟགས་མཚན་མཐོང་བ། །
མེད་དུ་མི་རུང་ཆོས་གསུམ་ཡིན་ཀྱང་། །བཤད་མཁན་སློབ་དཔོན་ང་ལ་མི་འདུག །ཉན་མཁན་སློབ་མ་ཁྱེད་ལ་མི་རེ། །སློབ་དཔོན་རང་སྐྱོན་མཐོང་བའི་གླུ་འདི། །སློབ་མར་ཡི་ཆད་གྱོད་བཟླ་མེད་པར། །ངེས་པར་བློ་ཐག་ཆོད་པ་བྱུང་ནས། །ལས་རབ་སྨྱོན་པས་རང་མཚང་བཤད་དོ།། །། ༈ འོ་སྐོལ་འགྲོ་བ་འཇིག་རྟེན་པ། །སངས་རྒྱས་ཐོབ་རེའི་རྨོངས་པ་མང་། །ཅུང་ཟད་སྒོམ་བློ་སྒྲུབ་བློ་ཡིས། །འཇའ་ལུས་གྲུབ་པ་དཀའ་བར་མཆིས། །མངོན་ཤེས་གྲུབ་རྟགས་མ་རེ་མཛོད། །དེ་ཡི་རྒྱུ་མཚན་ཅི་ལྟར་ན། །རང་ཅག་དུག་ལྔ་ལྡན་པའི་མི། །མངལ་གྱི་སྒྲིབ་པའི་རྒྱ་ལ་འཐུམ། །ནང་ནས་ཉོན་མོངས་སྒྲིབ་པས་བསྒྲིབས། །ཕྱི་ནས་ལས་ཀྱི་སྒྲིབ་པས་གཡོགས། །བར་ནས་བག་ཆགས་སྒྲིབ་པས་ཁྱབ། །མ་རིག་སྒྲིབ་པས་མུན་པར་འཁྱམས། །ཤེས་བྱའི་སྒྲིབ་པས་ཁ་ལ་གཡེངས། །དཀོར་གྱི་སྒྲིབ་པས་ནང་ནས་གང་། །སྔར་བྱས་སྒྲིབ་པས་སྔོན་ནས་སྒུག །ཕྱིས་འབྱུང་སྒྲིབ་པས་རྗེས་ནས་སྙེགས། །ད་ལྟའི་སྒྲིབ་པ་རྒྱབ་ན་ཁུར། །སྒྲིབ་པ་ལས་ཀྱི་རླུང་གིས་བདས། །ཞག་རེ་
སོང་གིན་འཕེལ་སྐྱེད་བྱེད། །ལས་ངན་གྱང་རིམ་དགུ་བས་འཐུག །ད་རུང་རང་དོན་འགྲུབ་པ་མེད། །འགྲུབ་ཅིང་ཐར་པ་ཐོབ་པ་མེད། །ད་རུང་གཞན་དོན་ནུས་པ་མེད། །མེད་ཅིང་སེམས་ཅན་འདྲེན་ནུས་མེད། །མ་བྱས་ལས་ལ་མེད་པར་མཛོད།། །། ༈ དེ་ནས་རིག་རྩལ་སྤྲུལ་སྐུ་ལས་རབ་ཀྱིས། །མགོ་ནག་མི་ལ་གསང་རྟགས་བྲིས་པ་ནི། །བཤའ་ལུག་ཚོང་ཁྲིམས་དམྱལ་བ་སྒྲུབ་པ་རྣམས། །སྒྲིབ་སྦྱོང་ལས་ངན་ཟད་པའི་ཕྱག་སྐོར་དགོས། །གཤིན་གསོན་དཀོར་ཟོས་ལྕགས་ཕྱེ་འགམ་པ་རྣམས། །སྒྲིབ་སྦྱོང་ཡི་གེ་དྲུག་མར་ནན་ཏན་དགོས། །དགོན་ཁང་ས་རྡོས་འབུ་སྲིན་བསད་པ་རྣམས། །སྒྲིབ་སྦྱོང་སྐུ་གདུང་སཱཙྪ་མང་དུ་དགོས། །སྡོམ་གསུམ་བཅས་འགལ་ཉམས་ཆག་ཤོར་བ་རྣམས། །སྒྲིབ་སྦྱོང་ཞི་ཁྲོ་རིགས་བརྒྱའི་མཚན་འབུམ་དགོས། །སྡིག་ལ་སྤྱོད་ཅིང་དམྱལ་བར་འཇིགས་པ་རྣམས། །སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་རྟགས་མཐོང་དགོས། །དེ་ལྟར་མ་བྱས་རྡོག་སྣའི་གཡང་ས་ནི། །ངན་སོང་གསུམ་གྱི་གནས་སུ་ལྟུང་ཏ་རེ། །
ངས་བཤད་བཞིན་དུ་རིམ་གྲོ་རྔོ་ཐོགས་ན། །སྒྲིབ་གཉིས་སྤྲིན་ནག་འཐུག་པོ་ལས་འཐོན་ནས། །སྐྱོན་བྲལ་ཟླ་བའི་དཀྱིལ་འཁོར་རབ་ཏུ་དཀར།། །། ༈ དལ་ཚོགས་ལོང་གཏམ་ཁ་འཆལ་སྒྲོག་ཅིང་། །ཁ་ཏོན་ཆོས་སྤྱོད་སྤངས་པའི་ནོར་བུ་རི་པ། །དགོན་དང་དབེན་པ་ཆོས་གྲྭ་བསྐྱུར་ནས། །གྲོང་དང་ཁྱིམ་ལ་དད་པའི་ནོར་བུ་རི་པ། །ཕར་བཏབ་ཚུར་ལ་མེད་པའི་ལྟས་ངན། །ཟ་ཐང་ཉམས་པའི་ནོར་བུ་རི་པ། །ད་ནངས་བཅས་པ་དོ་ནུབ་ཞིག་པའི། །བསམ་མེད་ཚོགས་པའི་ནོར་བུ་རི་པ། །ཚུར་ལ་བསྡུས་ན་ཕར་ལ་འཐོར་བའི། །ངན་པ་ལང་ཤོར་ནོར་བུ་རི་པ། །སངས་རྒྱས་ན་བཟའ་དམར་སེར་བོར་ནས། །བན་ཁྲམ་འཕྱོར་པོ་ནོར་བུ་རི་པ། །མཐའ་ཟས་ཐ་མ་ཁ་ལ་སྲེད་ཅིང་། །ཐར་ལམ་འགགས་པའི་ནོར་བུ་རི་པ། །དཀོན་མཆོག་གསུམ་པོར་རྒྱབ་ཀྱིས་ཕྱོགས་ནས། །ཧོར་འདྲར་རྒྱུག་པའི་ནོར་བུ་རི་པ། །བསྟན་པའི་སྤྱི་ཁྲིམས་དབུ་རྣ་དམན་པའི། །ཚོང་དང་རྐུན་བྱེད་ནོར་བུ་རི་པ། །ཁྲེལ་མེད་སྐྱེ་བོས་མི་བརྙས་ཀ་མེད། །ངན་སྤྱོད་མཛད་པའི་ནོར་བུ་རི་པ། །སྦྱིན་
བདག་རྒྱལ་པོར་མི་ཞུ་ཀ་མེད། །མཆོད་གནས་གཅིག་སྡུག་གཉིས་སྡུག་ཀུན་སྡུག །བདེན་དང་དྲང་པོའི་བསྟན་པ་ནུབ་པའི། །ལྟས་ངན་གཡོ་སྒྱུ་བག་མེད་ཚོད་མེད།། །། ༈ ཀྱེ་མ་ཉོན་དང་མ་རིག་རྨོངས་པ་ཚོ། །ཚེ་འདིའི་ཚ་གྲང་ཅུང་ཟད་མི་ཐེག་པར། །ལྟོ་ཚོད་མ་ཟིན་ཕོ་ལོག་བྱུང་བ་ལ། །ལུང་དང་གསུང་རྟགས་མོ་ལ་ནན་གྱིས་འདྲི། །ཕྱི་མ་ངན་སོང་སྡུག་བསྔལ་དྲག་པོ་ལ། །ཅི་མི་སྙམ་པའི་བ་ལང་ཡ་སོ་ཅན། །ཁོང་དུ་དུག་འཐུང་བདེ་བར་འཛིན་རྣམས་ལ། །ངན་སོང་ནད་ལ་ཕན་པའི་བྲིས་པ་ཞིག །རིག་རྩལ་ཐོགས་མེད་ལས་རབ་བདག་གིས་བཤད། །བཤའ་ལུག་དམར་ཚོང་དམྱལ་བ་སྒྲུབ་པ་རྣམས། །སྒྲིབ་སྦྱོང་རང་ལུས་ཟད་པའི་ཕྱག་སྐོར་དགོས། །གཤིན་གསོན་དཀོར་ནག་ལྕགས་སྦྲམ་འགམ་པ་རྣམས། །སྡིག་སྦྱོང་ཡི་གེ་དྲུག་མར་འབད་པ་དགོས། །འབུ་སྲིན་སྲོག་གཅོད་ཁང་ལས་བྱས་པ་རྣམས། །སྒྲིབ་སྦྱོང་སྐུ་གདུང་སཱཙྪ་མང་པོ་དགོས། །སྡོམ་གསུམ་བཅས་འགལ་ཉམས་ཆག་བྱུང་བ་རྣམས། །སྡིག་སྦྱོང་ཞི་ཁྲོ་རིགས་
བརྒྱའི་མཚན་འབུམ་དགོས། །གཞན་གནོད་བསམ་ངན་ཁོང་སྐྲན་ཞུགས་པ་རྣམས། །སྡིག་སྦྱོང་སྙིང་རྗེ་སེམས་བསྐྱེད་སྨན་མཆོག་དགོས། །སྡིག་ལ་འགྱོད་ཅིང་དམྱལ་བར་སྐྲག་པ་རྣམས། །སྡིག་སྦྱོང་རྡོར་སེམས་སྒོམ་བཟླས་རྟགས་མཐོང་དགོས། །གཞན་ཡང་ལས་ནག་རྩད་ལག་འདི་ལྟ་སྟེ། །མཐའ་ཟས་དུ་བ་འཐེན་པའི་མི་དེ་ནི། །དབུ་མའི་ལམ་འགགས་རྣམ་ཤེས་འོག་སྒོར་འཕོ། །མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གྲིབ་ཀྱིས་མནོལ། །བནྡེ་བཙུན་གཟུགས་རྐུན་བུ་བྱེད་པ་དེ། །ས་ལྷ་བསྟན་མ་བསྟན་མ་བཅུ་གཉིས་བཅས། །དེ་ལ་ཁྲེལ་གྱིས་འདེབས་ཤིང་ཐལ་མོ་རྡེབ། །རི་དྭགས་རྔོན་བྱེད་ཉ་རྒྱ་བཙུགས་པ་རྣམས། །ཚེ་འདིར་བོར་ནས་བར་དོ་མ་ཤར་བའི། །བར་དེར་ཨ་ཝ་གླང་མགོས་དམྱལ་བར་འཐེན། །དམ་ཉམས་ཆབ་འདྲེ་ཆོབ་འདྲེའི་འདུས་པ་རྣམས། །ལུང་པ་གཅིག་གི་ཆུ་ལ་འཐུང་ཚད་ཀུན། །ཀུན་ལ་ཉེས་ལྟུང་རིམས་ངན་འགོ་བར་འགྱུར། །སྡིག་བྱེད་མནའ་ཟ་ཁྲེལ་མེད་བྱེད་པ་རྣམས། །ཁ་ལག་འབྲེལ་ཐོགས་གནས་མལ་གཅིག་པ་རྣམས། །ངན་སོང་གནས་
སུ་ཚོམ་ཚོམ་བྱེད་ཀྱིན་འགྲོ། །ཁུངས་བཙུན་སེལ་མེད་དམ་རྫས་མྱངས་པ་རྣམས། །སངས་རྒྱས་ཞིང་དུ་ཁྱུ་དེད་བྱེད་ཀྱིན་འགྲོ།། །། ༈ ལས་ཀ་སོ་ནམ་དཔྱིད་དུས་གྱིས། །འགྲོ་འདུག་དབྱར་གྱི་དུས་སུ་གྱིས། །རྩོལ་སྒྲུབ་སྟོན་གྱི་དུས་སུ་གྱིས། །ཉལ་མལ་དགུན་གྱི་དུས་སུ་ཟུངས། །མེ་དང་རྒྱལ་པོར་གཅར་མ་ཆེ། །རྦབ་དང་ཁང་ཧྲུལ་ཞབས་ནས་འབྲོས། །ཕོངས་བ་གྱོང་ཟན་རྩར་མ་བཞག །འགོ་བའི་ནད་རྣམས་ཀུན་ལ་འཛེམས། །མི་ཐུབ་པ་ལ་དོ་མ་བསྡོ། །མི་འོས་པ་ཡི་ལས་མ་བྱེད། །མི་མཐུན་པ་དང་གནས་མ་གཅིག །མི་རུང་འདྲེ་ཅན་བྱད་རྫས་སྤང་། །མཐའ་མ་བརྟགས་པར་ཚིག་མ་སྨྲ། །རྒྱུས་མ་ལོན་པར་བློ་མ་གཏད། །ཁ་མང་པོ་ལ་གསང་ཚིག་སྦོས། །ཁ་ངན་ཁྲོ་རྟགས་སྟོན་མ་སྔ། །ཁ་བཟང་མགོ་ནག་མི་ལ་གྱིས། །བསམ་བཟང་འགྲོགས་པའི་མི་ལ་གྱིས། །མི་ཆེན་དག་གིས་རྩེད་མོ་སྤང་། །དེ་བཞིན་འཕྱ་དང་ཁྱད་གསོད་སྤང་། །ལེ་ལོ་ཅན་གྱིས་དོན་མི་འགྲུབ། །རང་དོན་འབད་ལ་གཞན་དོན་མེད། །ངང་རྒྱུད་རིང་ལ་འགྲོགས་ན་
བདེ། །གཡོ་མེད་དྲང་པོ་ཀུན་གྱིས་བརྩི། །ཞེ་ས་བརྩི་བཀུར་དཔོན་ལ་གྱིས། །གཅེས་ཀ་དྲིན་ལན་རྒན་ལ་གྱིས། །བྱ་བ་ཡིག་ཚང་བུ་ཚར་སློབ། །ཕན་བཏགས་དམན་པ་རྣམས་ལ་གྱིས། །ཡོ་བྱད་ལྡང་ཚོད་དག་དང་བསྟུན། །མོད་དུས་ཉོས་ལ་དཀོན་དུས་ཚོངས། །ཡར་ལ་མཆོད་ལ་མར་ལ་བྱིན། །བཟང་བྱས་མི་ལ་དྲིན་ལན་ལྡོན། །རྐུན་པོ་ལ་ནི་ནོར་མ་སྟོན། །བསམ་ངན་ཅན་ལ་བློ་མ་དྲི། །ངན་སྔགས་ཅན་ལ་འགྲས་མ་ཚོལ། །མཐར་མ་ཕྱིན་པར་ངོམ་མ་སྔ། །ཁ་ཏ་སུམ་ཅུ་སོ་དྲུག་འདི། །རང་ལོ་ང་བཞི་ས་སྤྲེལ་ལོ། །བྱང་ཐང་སྐྱ་མོ་འདམ་ཁོག་ཏུ། །བྲིས་པ་ཕྲིན་ལས་རྒན་པོས་གདམས།། །། ༈ རུ་དམ་དགོན་དུ་གཏེར་སྟོན་བདེ་ཆེན་གླིང་པ་བྱོན་པའི་སྐབས་སུ། རང་གི་སློབ་མ་ཤ་ས་ན་ཝརྣའི་འབྲོག་རུ་ཡུལ་དགོན་ཕལ་ཆེར་གྱིས་ཁྱེད་བདུད་ཡིན་ཟེར་བའི་གླེང་མོ་ཆེ་བར་འདུག་པས་ཅི་ལྟར་ཡིན་ཟེར་བ་ལ་ཆང་རྒན་ཨ་རག་གིས་སེམས་བསྐྱོད་ནས་གླུ་བླངས་པ། ཨ་ཧོ་གླུ་ཨ་ཡང་ནི་ལེ་མོའི་ལ་ལ་རེད་ན། །ཨ་ཡང་ནི་ལེ་མོའི་ལ་ལ་ན། །ཁྱོད་ཀྱིས་དྲི་རྟོག་ནི་བྱེད་ཀྱིན་གླུ་འདི་ཉོན་དང་། །ཡང་ཤར་ཉི་མ་ནི་ཤར་བྱུང་ཤར་གྱི་རྒྱན་ཡ། །ནུབ་ནས་ཟླ་བ་ནི་ཚེས་བྱུང་ནུབ་ཀྱི་རྒྱན་
ཡ། །དགུང་ནས་སྨིན་དྲུག་ནི་བཀྲ་བྱུང་གནམ་གྱི་རྒྱན་ཡ། །ས་ལ་འབྲས་དྲུག་ནི་འཁྲུངས་བྱུང་ས་ཡི་རྒྱན་ཡ། །བདུད་རྒན་རང་མིང་ནི་ཐོག་བྱུང་བདུད་ངའི་རྒྱན་ཡ། །ཚིག་དང་དོན་དུ་ནི་མཐུན་པ་བདུད་ངས་གོ་བྱུང་། །དེ་ལ་བླ་མ་ནི་དགྱེས་པའི་མཎྜལ་མཛོད། །དེ་ལ་ཡི་དམ་ནི་དགྱེས་པའི་དམ་རྫས་མཛོད། །དེ་ལ་མཁའ་འགྲོ་ནི་དགྱེས་པའི་ཚོགས་འཁོར་མཛོད། །དེ་ལ་དམ་ཅན་ནི་དགྱེས་པའི་ཕུད་གཏོར་མཛོད། །དེ་ལ་བདུད་རྒན་ང་དགའ་བའི་ནོར་བུ་ལོས་བྱེད། །འདི་ལ་ཁྱོད་ཅག་ནི་སྤྲོ་བའི་དགའ་སྟོན་མཛོད། །དུས་ནི་དེ་རིང་གི་དྲིས་ལན་གསེར་ཕྲེང་འདི། །སང་ཟླ་འབྲི་གཉིས་ཇི་སྲིད་གནས་ཀྱི་བར་དུ། །ནུབ་མེད་དུ་སྐྱོངས་ཤིག་དམ་ཅན་གནོད་སྦྱིན་བཤན་པ་དམར་པོ། །ཞེས་བླངས་པས། །ཁྱོད་ཀྱིས་རྩེད་མོ་མ་བྱེད་པའི་དྲང་པོར་གསུངས་དང་ཟེར་བའི་ལན་དུ་ཆང་གིས་མྱོས་བཞིན་འདི་ལྟར། ཨེ་མ་གནས་ཆེན་གངས་བྲག་ངོ་མཚར་ཅན། །གྲུབ་ཐོབ་རིམ་བྱོན་གདན་ས་སྟེ། །རུ་དམ་ཨོ་རྒྱན་ཆོས་གླིང་གི། །བླ་གྲྭ་སྐྱེས་ཆེན་ཕལ་ཆེ་བ། །རྫོགས་ཆེན་ཉམས་སུ་བཞེས་བཞེས་ནས། །གནས་
འགྱུ་གཉིས་ལ་ཞལ་འདོན་མཛད། །འདི་སྣང་སྐྱིད་ཐབས་མཁས་མཁས་ནས། །ཚོང་ཁེ་བུན་སྐྱེད་ཕྱག་ལེན་གཟབ། །བག་མ་བཞིན་དུ་བརྒྱན་བརྒྱན་ནས། །འཇའ་ཚོན་བས་ཀྱང་བཀྲག་བཀྲག་འདྲ། །ཞོལ་གཡག་བཞིན་དུ་འགྱིངས་འགྱིངས་ནས། །འབྲོང་ཆེན་ལྟར་དུ་ངར་ལ་ཁད། །སློབ་གཉེར་སྙན་ངག་བར་ལེའུ་ལ། །རྒྱན་འཆོལ་ཐག་ཆ་འཛིང་འདྲ་ངོམ། །སོ་ཐར་རྒྱུ་འབྲས་གཞིག་པས་ཞིབ། །ཐེག་ཆེན་སྙིང་རྗེ་སྦྱངས་པས་འབྱོངས། །སྔགས་ཀྱི་རིམ་གཉིས་བསྒོམས་པས་གོམས། །སེང་ཁྱུ་ལྟ་བུའི་ཚོགས་རྣམས་ཀྱི། །ཁོང་བདེ་ཆེན་གླིང་པ་བྱོན་པ་ཡི། །ཐུགས་རྒྱུད་དགྱེས་པའི་ཁ་ཚོ་ལ། །ཐམས་ཅད་བློ་ཞལ་འཆམས་ནས་སུ། །མི་ང་བདུད་ཅེས་མཚན་སྙན་གསོལ། །ཁོང་ཨོ་རྒྱན་བདེ་ཆེན་གླིང་པ་དེ། །པཎ་ཆེན་བཻ་རོའི་སྤྲུལ་སྐུར་གྲགས། །སྔོན་བྱོན་མངའ་བདག་ཉང་རལ་པ། །ལས་ཅན་གདུལ་བྱའི་སྣང་ངོ་རུ། །ད་རེས་གསར་དུ་བྱོན་པ་བཞིན། །ཤོག་སེར་ཇོ་ཕོན་ལྟར་དུ་དཀྲིས། །གུ་རུའི་སྐུ་ཚབ་མཐོང་གྲོལ་ནི། །འཛད་པ་མེད་པའི་གཏེར་སྒོ་ཕྱེས། །ཨ་དམ་སྲང་གི་
ལུད་བཞིན་སྤུངས། །ལས་འཕྲོ་ཅན་ལ་སྐྱེ་རྒྱུད་གསུངས། །སྐལ་བ་ཅན་ལ་སྐུ་ཚབ་གནང་། །འགྲོ་དོན་ཅན་ལ་དམ་རྫས་གཏད། །དད་པ་ཅན་ལ་སྙན་བརྒྱུད་གདམས། །གསང་སྔགས་བསྟན་པའི་སྲོག་ཤིང་བཙུགས། །ཁོང་གནས་དུས་གདུལ་བྱ་རྟེན་འབྲེལ་གསུམ། །དུས་གཅིག་འཛོམས་ལ་རྗེས་ཡི་རང་། །བདེ་ཆེན་དཀར་པོར་བཏང་བ་ཡི། །གཏམ་སྙན་མཛད་སྤྱོད་ཡ་མཚན་རྨད། །ངོ་མཚར་འདི་ལས་ཆེ་ཅིི་བདོག །གཞན་འཕྲུལ་ལུས་མེད་བདག་པོ་ཡི། །མདའ་ལྔས་བཅོམ་པའི་གང་ཟག་བདག །བགྲང་བྱའི་ཁུར་གྱིས་ནོན་པ་ཡི། །དབང་པོ་ལྔ་ཡི་ནུས་སྟོབས་ཉམས། །འབྱུང་འཁྲུགས་ནད་སྣ་མང་པོ་ཡིས། །ཡར་ལ་ལྡང་ན་མར་ལ་བུབ། །ཁྱིམ་ཐབ་འཁོར་བའི་ར་བར་ཚུད། །ཉོན་མོངས་ལས་ངན་རྒྱ་མཚོ་རྡོལ། །དུག་ཆུ་ཆང་གིས་མྱོས་པ་ཡིས། །ཉིན་མཚན་གཉིས་ཀྱང་གོ་མི་འབྱེད། །ཚེ་སྟོད་ཕ་མའི་གཅེས་ཕྲུག་བྱས། །སྡེ་བ་ཆེན་པོའི་བུ་དང་འདྲ། །དེ་ནས་བླ་མའི་ཐུགས་གཅེས་མཛད། །རྒྱལ་སྲས་བཟང་པོའི་སྤྱོད་པར་མཚུངས། །ཚེ་
སྨད་བདུད་རྒན་ཆང་གིས་མྱོས། །ཀུན་གྱིས་བྱ་རོག་དཀར་པོར་མཐོང་། །སྐྱོན་ཆེན་ང་ཡིས་སྐྱོན་བརྗོད་པ། །ཐམས་ཅད་ཐུགས་དམ་གསུང་དགོས་ཞེས་གདམས་སོ། །མངྒ་ལཾ།། །། ༈ འདུ་བ་ཆེན་པོ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཕོ་བྲང་ཆོས་ཉིད་ཡང་སྟེང་ལ་ཡོད་སྐབས་རྒྱལ་ཐབས་ཆེན་པོའི་ལུགས་གཉིས་ཀྱི་མཛད་པ་དང་མི་མང་འདུས་འུར་ཆེ་བའི་སྟབས་སེམས་འཁྲུགས་པས་གླུ་བླངས་པ། ཀུན་བཟང་ཡེ་ནས་དག་པ་ཆོས་ཀྱི་དབྱིངས། །བློ་བྲལ་མཚན་མ་མེད་དོ་ཐོག་མའི་ངང་། །བཅོས་བསྒྱུར་མཚན་འཛིན་ཀུན་རྫོབ་འཛིན་པའི་བློ། །བློ་དང་མཆོག་འཛིན་འཆིང་དང་ངན་འགྲོ་དངོས། །འདི་དང་འདི་བྱས་བྱིས་པས་རྩོད་པ་འདྲ། །ཐེག་བརྒྱད་ཚིག་ཏུ་ཆེ་ལ་དོན་དུ་ཆུང་། །འཁོར་བའི་གནད་དང་སེམས་ཀྱི་ཕན་གནོད་དུ། །གཏང་བའི་བློ་འདི་ཀུན་རྫོབ་ངོར་རུང་གི། །མཐར་ཐུག་དོན་དུ་སྣང་ན་ཡི་རེ་མུག །ཡི་ཆད་འཁོར་བའི་བདེ་སྡུག་ཚན་པོ་ཆེ། །སྔོན་ཆད་མྱོང་བའི་ཚན་ཆེ་འདིའི་མི་ཆེ། །ཕྱིན་ཆད་མྱོང་བའི་ཚན་ཆེ་འདིའི་མི་ཆེ། །ད་ནི་གདོད་མའི་དག་པ་ཆེན་པོའི་ངང་། །ཕན་གནོད་ཆེད་འཛིན་བློ་ཡིས་མི་བཅོས་ཀྱི། །བྱིང་འཐིབ་རྐྱེན་ངན་དེ་ཡིས་མ་གཙེར་ཏེ། །
ཉམས་དང་ཕྱོགས་འཛིན་སེམས་ཀྱིས་མི་འཛིན་ལ། །གང་ཤར་གང་བབས་ཚིག་བྲལ་བློ་འདས་པ། །འཁོར་བ་སྤང་མེད་མྱང་འདས་བསྒྲུབ་ཏུ་མེད། །འདི་འདྲ་རྟོགས་པའི་བློ་དེ་བདེ་ཡང་ཆལ། །གླུ་འདི་ལེན་སྤྲོ་སེམས་ཀྱི་ན་ཆུང་མ། །ཀྱེ་ཧོ་ཡེ་དག་ཡེ་ནས་ཀུན་བྲལ་བདེ་བའི་ངང་། །མ་བཅོས་རང་བབས་གྱི་ནར་གློད་པའི་གཤིས། །རྟག་ཆད་ཡོད་མེད་འདི་ཞེས་ཚིག་བྲལ་ཟླུམ། །བགྲོད་པའི་ལམ་མེད་ཐོབ་བྱ་ཐོབ་བྱེད་བྲལ། །འཁོར་བ་མྱང་འདས་དུས་མཉམ་རྫུན་པོར་སོམས། །སྐུ་གསུམ་རྣམ་ཀུན་རང་ཆས་རྫོགས་པ་ཆེ། །ཐབས་གསུམ་གང་ཟག་དབང་པོར་བསྟན་པ་ནི། །གདུལ་བྱར་བསྟན་པའི་ཕྲིན་ལས་འགོག་པ་མེད། །ཚིག་མེད་སྒོམ་མེད་ཉམས་མེད་བདེ་ཀློང་འཁྱིལ། །ཀུན་བཟང་དེ་མིན་རང་གསལ་རང་དག་བབས། །འདི་རྟོགས་འཁོར་བའི་འཁྲུལ་འཛིན་རྩ་བ་རུལ། །འབྲས་བུ་མྱང་འདས་མཆོག་འཛིན་རྩ་བ་རུལ། །ཀུན་བཟང་ཕྱོགས་འཛིན་བྲལ་བའི་དབྱིངས་བདེའོ། །ཞེས་ཕྲིན་ལས་ཀྱིས་སོ།། །། ༈ སེམས་ཀྱི་འབྱུང་ཁུངས་འདི་ཡིན་བརྗོད་མེད་པ། །
འདི་ནས་མ་བྱུང་ཞེས་ཀྱང་མེད་པ་ལ། །བྱུང་དང་མ་བྱུང་མེད་ཅེས་མི་དམིགས་པ། །བར་དེར་རྟོག་པ་འགགས་ནས་བརྗོད་མེད་ལ། །མངོན་དུ་གྱུར་སོང་རྒྱལ་ཐབས་སྤྱི་བླུགས་ཞེས། །པད་འབྱུང་བཱི་མའི་སངས་རྒྱས་ངོ་སྤྲད་དེ། །ཐེག་རིམ་གཞན་ཚོ་ད་རུང་རྣམ་རྟོག་སྤེལ། །ཕན་གནོད་ཆགས་སྡང་འཛད་མེད་འཁོར་བའི་གཤིས། །ཨ་ཀྱང་རྩེད་མོ་ཡིན་ཡང་མཐར་ཞེན་མཛོད། །སེམས་རྟགས་མཐའ་ཀུན་དེ་ཡི་འགྲེས་ཤེས་སོ།། །། ༈ ལྟ་བའི་མཚན་ཉིད་མོ་གཤམ་བུ་དང་འདྲ། །འདི་ལ་སྐྱེ་མ་མྱོང་བས་འཆི་མ་མྱོང་། །སྒོམ་པའི་མཚན་ཉིད་ཉི་མའི་སྙིང་པོ་འདྲ། །འདི་ཉིད་སྒྲིབ་མ་མྱོང་བས་མུན་མ་མྱོང་། །སྤྱོད་པའི་མཚན་ཉིད་ཆུ་ནང་རི་མོ་འདྲ། །འདི་ལ་དོད་མ་མྱོང་བས་དག་མ་མྱོང་། །འབྲས་བུའི་མཚན་ཉིད་ནམ་མཁའི་པདྨོ་འདྲ། །འདི་ལ་རིག་མ་མྱོང་བས་སྨོན་མ་མྱོང་། །ཞེས་དང་། །༈བརྟག་བྱའི་མཐའ་དང་བྲལ་དུས་ལྟ་བ་ཡིན། །སྒོམ་ཞེས་བློ་བྲལ་གྱུར་ན་སྒོམ་པ་ཡིན། །སྐྱོན་དེ་ལམ་དུ་བསྒྱུར་བཏུབ་སྤྱོད་པ་ཡིན། །དེར་ཞེན་མཚན་ཞིག་སྨོན་མེད་འབྲས་བུ་ཡིན། །རང་
སེམས་གནོང་མེད་གྱུར་ན་དམ་ཚིག་ཡིན། །ཐམས་ཅད་རྫུན་དུ་ཤེས་ན་མཁས་པ་ཡིན། །རིམ་བགྲོོད་སྤང་བླང་བྱེད་དུས་གླེན་པ་ཡིན། །ཐམས་ཅད་རྟོག་མེད་གྱུར་དུས་དྲང་པོ་ཡིན། །གང་ཡང་བླང་དོར་མེད་དུས་རྩེད་མོ་ཡིན། །འདི་ཞེས་འོག་མིན་རྔ་ཡབ་དཔལ་རི་ནས། །མཚུངས་མེད་བཀའ་དྲིན་ཨོ་རྒྱན་ཞལ་ནས་གསུངས། །ཞེས་པ་ཕྲིན་ལས་བསྟན་དར་གྱིས་སོ།། །། ༈ དུས་གསུམ་སངས་རྒྱས་སྟོང་ལས་ཀྱང་། །སྤྲང་ལ་ཁོང་གི་བཀའ་དྲིན་ཆེ། །དྲིན་འཁོར་ཐབས་མེད་པའི་རིན་པོ་ཆེ། །རྡོ་རྗེ་སྙིང་པོའི་ཞབས་ལ་འདུད། །ང་བློ་དམན་ཤེས་བྱ་ཞན་པ་ཡི། །ཆོས་དོན་གླེང་བའི་སྐབས་མིན་ཡང་། །རྗེ་བླ་མའི་ཞལ་གདམས་ད་རེས་བཤད། །གྲལ་ན་བཞུགས་པའི་ཆོས་མཛད་རྣམས། །ཉོན་མོངས་རང་ག་ཐ་མལ་ཡིན། །ཉོན་མོངས་སྤོང་བ་ཉན་རང་ཡིན། །ཉོན་མོངས་སྦྱོང་བ་བྱང་སེམས་ཡིན། །ཉོན་མོངས་ལམ་སྒྱུར་གསང་སྔགས་ཡིན། །བསྲུང་མཚམས་མེད་པ་རྫོགས་ཆེན་ཡིན། །ཡང་ཅིག་སྔགས་ཀྱི་དོན་བཤད་པ། །བུམ་དབང་སྔགས་ཀྱི་དགེ་བསྙེན་ཡིན། །
གསང་སྔགས་སྔགས་ཀྱི་དགེ་ཚུལ་ཡིན། །ཤེར་དབང་སྔགས་ཀྱི་དགེ་སློང་ཡིན། །ཚིག་དབང་སྔགས་ཀྱི་དགེ་སྦྱོང་ཡིན། །ཡང་ཅིག་རྫོགས་ཆེན་རྣམ་དབྱེ་བཤད། །སྣང་བ་སེམས་ཡིན་སེམས་སྡེ་ཡིན། །སྟོང་པ་སེམས་ཡིན་ཀློང་སྡེ་ཡིན། །སྣང་སྟོང་གཉིས་མེད་མན་ངག་སྡེ། །མིང་ཚིག་བྲལ་བ་སྙིང་ཐིག་ཡིན། །ཡང་ཅིག་གྲོལ་བའི་ཐབས་བཤད་པ། །བསྒོམས་པས་གྲོལ་བ་རིམ་གཉིས་ཡིན། །མ་བསྒོམས་གྲོལ་བ་འཕོ་བ་ཡིན། །མྱངས་པས་གྲོལ་བ་དམ་རྫས་ཡིན། །ཐོས་པས་གྲོལ་བ་གསང་སྔགས་ཡིན། །བཏགས་པས་གྲོལ་བ་བཏགས་གྲོལ་ཡིན། །དེ་སོགས་གལ་མ་མཆིས་པ་དག །ཐུབ་དབང་སྐྱེས་རབས་ལྷ་ཁང་དུ། །པད་འབྱུང་བསྙེན་སྒྲུབ་ཆེན་པོའི་སྐབས། །སྨྱོན་རྒན་ལས་རབ་རྩལ་གྱིས་བརྗོད། །མངྒ་ལཾ།། །། ༈ རྒྱལ་བའི་སྤྱི་གཟུགས་དོན་གྱི་རྡོ་རྗེ་འཛིན། །ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཞབས་ལ་འདུད། །བདག་དང་བདག་གི་རྗེས་སུ་འཇུག་རྣམས་ལ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེས་བྱིན་གྱིས་རློབས། །དེང་དུས་གླེན་པར་ཆོས་པ་བཟང་ཞེས་བསྟོད། །མ་
རིག་གཏི་མུག་གླེན་པ་དུད་འགྲོ་སྟེ། །ཉེས་པ་ཀུན་གྱི་འབྱུང་ཁུངས་གླེན་པ་ཡིན། །དེ་ལ་སྐྱབས་འཚོལ་བསྟོད་རྣམས་རབ་ཏུ་རྨོངས། །ཐེག་དགུ་ལས་འཕགས་ཟབ་དོན་རྫོགས་པ་ཆེ། །སྔོན་གྱི་གྲུབ་དབང་སྐྱེ་བར་རློམ་པ་ཡིས། །སྒྲུང་དང་བསྲེས་ནས་འཆད་ལ་སྐལ་ངན་འདུད། །འདི་དག་བསམ་གྱིན་སྙིང་ནས་ཤིན་ཏུ་འགྱོད། །དེ་བཞིན་བདག་འདྲས་སྒོམ་པའི་ཚུལ་འདོམས་པ། །བ་གླང་སྤྱི་རྟོལ་ཅན་གྱི་སྤྱོད་པར་མཚུངས། །འོན་ཀྱང་དགེ་སློང་ཤེས་རབ་གྲགས་པ་ཡིས། །དགོས་ཞེས་བསྐུལ་ངོར་བབ་ཆོལ་བརྗོད་པ་ན། །ཐུབ་བསྟན་ལ་ཞུགས་ཀུན་གྱི་སྤྱི་ལམ་སྟེ། །དགེ་སྡིག་སྤང་བླང་རྒྱུ་འབྲས་ཞིབ་པ་གཅེས། །སྨོན་འཇུག་སེམས་བསྐྱེད་ཐེག་པ་ཆེན་པོའི་སྲོལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་པའི་རྗེས་འབྲང་དགོས། །རིམ་གཉིས་བསྐྱེད་རྫོགས་བཟླས་པ་ལ་སོགས་པ། །རྡོ་རྗེ་འཆང་རྣམས་བཞེད་པའི་ལུགས་བཞིན་མཛོད། །ཆོས་ཀུན་སྙིང་པོ་དོན་དམ་ཉམས་ལེན་ལ། །མོས་པ་ཡང་རབ་སྐལ་བཟང་རྙེད་པ་དག །རྣམ་རྟོག་བཟང་ངན་ལུང་མ་བསྟན་ལ་
སོགས། །གང་ཤར་སྤང་བླང་བཅོས་བསྒྱུར་མེད་པར་ཞོག །རྟོག་བྲལ་སྒོམ་མེད་རང་གསལ་ངོ་བོ་སྐྱོངས། །སྒོ་གསུམ་བྱ་བྱེད་འཇམ་རྩུབ་གང་གི་དུས། །མཉམ་བཞག་དོན་གྱི་དགོངས་པས་ཟིན་པ་གནད། །མཐར་ཐུག་འབྲས་བུ་གདོད་མའི་སྙིང་ཐིག་དོན། །སྒོམ་མེད་ཡེངས་མེད་འཛིན་མེད་དོན་ལ་འདུས། །དེ་ལྟར་ཚིགས་བཅད་ཉུང་ངུའི་ཕྲེང་བ་འདི། །བཅུ་གསུམ་ལོན་ནས་ལྔ་བཅུ་ང་བརྒྱད་བར། །རྫོགས་ཆེན་སྙིང་ཐིག་མཁའ་འགྲོའི་སྙིང་ཁྲག་ལ། །དད་མོས་བརྩོན་པར་ཐང་ལྷོད་མ་ཤོར་བའི། །བདུད་རྒན་ལས་རབ་རྩལ་གྱི་རང་སྐད་ཡིན། །དགེ་བས་འགྲོ་ཀུན་གདོད་མའི་གཞིར་གྲོལ་ཤོག །མངྒ་ལཾ། །ཡི་གེ་འབྲི་བ་ལ་ལོ་ལོན་ནད་ལྕི་བས་དཀའ་ལས་ཁག་པོ་འདུག། །། ༈ ཨེ་མ་ཧོ་ལ་ཨེ་མ་ཧོ། ངང་ཡིན་ཡེ་ཡིན་སངས་རྒྱས་ཡིན། །སངས་རྒྱས་རང་གི་སེམས་ཉིད་ཡིན། །གཞན་ནས་སངས་རྒྱས་མ་བཙལ་ཞིག །རིག་པ་རང་གསལ་རྗེན་པ་ལགས། །ནམ་མཁའ་དག་པའི་རང་བཞིན་འདྲ། །སྤང་བླང་དགེ་སྡིག་སྤྲིན་ཚོགས་ཚོ། །དབྱིངས་ལས་ཤར་ཞིང་དབྱིངས་སུ་དག །བཅོས་བསྒྱུར་
མེད་དོ་གདམས་ངག་སྟོང་། །ཤར་གྲོལ་ཆུ་ལ་ཆུ་ཐིམ་འདྲ། །འདྲ་འམ་མི་འདྲ་ཉམས་སུ་ལོངས། །ཐེ་ཚོམ་བཟུང་དང་ཡིད་ཆེས་བཟུང་། །འདི་ལ་འཛིན་པའི་སྐྱོན་ཞིག་ཡོད། །སྒོམ་ཆེན་བཟང་ཡང་འཕྲིག་པ་དཀའ། །སྟོང་གསལ་འཛིན་མེད་ཡིན་མོད་ཀྱི། །དེ་མ་བྱུང་དུས་འགྱོད་སྣང་འཆར། །འགྱོད་མི་དགོས་ཏེ་ཨ་འུ་ཙི། །བཅིངས་གྲོལ་མེད་པར་ངས་བཤད་ཀྱི། །དགའ་སྡུག་མཉམ་མོ་སྙིང་གཏམ་ཡིན། །ཨ་རག་ཆང་གིས་སྙིང་རླུང་བསྐྱོད། །ཆོས་ལྡན་དགེ་སྤྱོད་དོན་གྲུབ་ལ། །ཆེ་ཡོལ་སྨྱོན་པས་གསང་ཚིག་བསྒྲགས། །མངྒ་ལཾ། །དགེའོ།། །། ༈ ཆོས་ཀུན་སྙིང་པོ་ཐུགས་ཆུད་པའི། །ཉི་གྲགས་གཉིས་པའི་ཞབས་ལ་འདུད། །རྫོགས་པ་ཆེན་པོའི་རྣལ་འབྱོར་ལ། །ཕྱག་ཆེན་ལམ་གྱི་བཞི་རིམ་མེད། །འོན་ཀྱང་རྩེད་མོ་ཁ་བརྒྱག་ལ། །ཨ་མའི་སྐུ་སྐྱེ་འབྱོན་ཁ་ལ། །ཤུལ་གྱི་ཞི་ལྷག་མཁན་ལ་བཞག །སེམས་ཀྱི་ངང་དུ་གནས་པ་ལ། །རྩེ་གཅིག་རྣལ་འབྱོར་ཞེས་སུ་འདོགས། །སྒྲོ་འདོགས་གཏིང་ནས་ཆོད་པ་ལ། །སྤྲོས་བྲལ་རྣལ་འབྱོར་ཞེས་སུ་འདོགས། །
གཡམ་རྒྱུག་ངང་དུ་མ་ཤར་བར། །རྒྱུ་འབྲས་ཞིབ་དང་བནྡེ་ཚོ། །གཡོ་སྒྱུའི་འཁྲིས་མ་ཞུགས་པ་རུ། །གཞན་དོན་སྒོམས་དང་བྱང་སེམས་རྣམས། །བཀའ་མེད་ལུང་མེད་མ་བརྟེན་པར། །བསྐྱེད་རྫོགས་སྦྲེལ་དང་སྔགས་པ་རྣམས། །སྡིག་པ་ཁུར་ནས་མ་སྡོད་པར། །བཤགས་སྦྱོང་གྱིས་དང་ཐ་མལ་རྣམས། །ཁ་ཆེམས་ཞལ་གྱི་གདམས་པ་ལ། །ངེས་ཤེས་བསྐྱེད་དང་རྗེས་འཇུག་རྣམས། །དད་པའི་སྒོ་མོ་དོག་དང་གཅིག །སྙིང་རྗེའི་ཆུ་རྒྱུན་དཀོན་དང་གཉིས། །བསྐྱེད་རྫོགས་ཐང་ལྷོད་ཆེ་དང་གསུམ། །རྣམ་གཡེང་བསླུ་བྲིད་མཁས་དང་བཞི། །སྤྲེལ་རིགས་བྱ་བྱེད་རྒོད་དང་ལྔ། །དགེ་སྡིག་འཆོལ་ཉོག་འདྲེས་དང་དྲུག །ལས་ངན་འདྲིས་ཡུན་རིང་དང་བདུན། །དེང་སང་གྲུབ་ཐོབ་ཉུང་བར་མཆི།། །། ༈ ཀྱེ་མ་ཡེ་ནས་བདེ་གཤེགས་སྙིང་པོ་འགྲོ་ལ་རྫོགས། །རྒྱུ་ཡིས་མ་བྱས་རྐྱེན་གྱིས་མ་བསླད་པ། །རང་བྱུང་ལྷུན་གྲུབ་སྐུ་གསུམ་རང་ཆས་ཉིད། །མཁའ་ལྟར་མི་དམིགས་ཀློང་ཡངས་དག་པ་ཆེ། །ངང་འདིར་གནས་ན་ཀུན་ཀྱང་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ཆེན་དཔེ་
དང་ཚིག་ལས་འདས། །ཡོད་མིན་མེད་མིན་གཉིས་ཀ་མིན་པ་མིན། །བདེ་མིན་སྡུག་མིན་གཉིས་ཀ་བྲལ་བ་མིན། །ཆོས་མིན་ཆོས་ཅན་མཚན་མའི་དྲི་མས་དབེན། །ཡེ་སྟོང་སྟོང་ཆེན་ཚིག་གི་མཐའ་ཀུན་སྟོང་། །ངང་རྫོགས་ངང་ཡིན་ད་ལྟ་རང་ག་མ། །ཡངས་སོ་ཆེའོ་དམིགས་མཐའ་བྲལ་བ་ཉིད། །འགག་མེད་སྐུ་དང་ཞིང་ཁམས་སྣང་བ་དང་། །སེམས་ཅན་འཁྲུལ་འཛིན་ལས་ཉོན་རྒྱུན་མི་འཆད། །གང་གིས་མ་གོས་ཀུན་ལས་འདས་པའི་དོན། །འཁོར་འདས་འུབས་ཆུབ་མཐའ་བྲལ་ཐིག་ལེར་ཆུབ། །བགྲོད་བྱའི་ལམ་དང་དེར་འཛིན་རྩེད་མོ་འདྲ། །མཉམ་ཡངས་དགོངས་པ་སྲིད་ཞི་རོ་གཅིག་དག །ས་ལམ་དྲོད་ཚད་རིམ་བགྲོད་རི་མོ་དག །ངར་ཞེན་ཉམས་དང་མཚན་མའི་མཆོག་འཛིན་ཞིག །འདི་ལྟར་རྟོགས་ན་ད་ནི་གླུ་ལེན་ཏེ། །ཀློང་ཆེན་རབ་འབྱམས་རྡོ་རྗེའི་གླུ་བཞིན་ནོ། །དུས་གསུམ་དུས་མེད་ངོ་བོ་གཅིག་ཏུ་འདྲེས། །ཀུན་ཟླུམ་ཐིག་ལེའི་སྦུབས་སུ་སངས་རྒྱས་སོ། །བག་མེད་ཆང་གི་སྙིང་ཁུས་སེམས་བསྐྱོད་ནས། །པད་འབྱུང་བི་མའི་སྙིང་
ཁྲག་ཡིད་བཞིན་ནོར། །ཡབ་རྗེ་བླ་མའི་སྙིང་ནོར་གསང་གཏམ་རྣམས། །གཏད་མེད་གུ་ཡངས་བདུད་རྒན་སྨྱོན་པས་སྤྲོས།། །། ༈ ཐོག་མ་ཉིད་ནས་སྐྱོན་བྲལ་བའི། །ཡོན་ཏན་རང་ལ་ཡེ་ནས་གནས། །གློ་བུར་མ་རིག་འཁྲུལ་རྐྱེན་གྱིས། །ཁམས་གསུམ་འཁོར་བ་ལྟར་སྣང་ཡང་། །ངོ་བོ་ཉིད་ལ་འཁྲུལ་གྲོལ་གྱི། །ཕན་གནོད་ཀུན་དང་བྲལ་བ་ཡི། །རང་རིག་ཡེ་ཤེས་ཆོས་ཀྱི་སྐུ། །འདི་ནི་ཤིན་ཏུ་གསང་ཆེན་ཏེ། །སྣང་བར་བཏགས་པས་རྟོགས་མི་འགྱུར། །སྟོང་པར་བཏགས་པས་རྟོགས་མི་འགྱུར། །སྣང་སྟོང་ཟུང་འཇུག་བཏགས་པ་ཡི། །སྐྱེས་བུ་དེ་ཡིས་ག་ལ་རྟོགས། །དབུ་མར་བཟུང་ནས་ག་ལ་རྟོགས། །བྱུང་གནས་འགྲོ་སོགས་བརྟགས་བྱ་དང་། །ལྟ་སྒོམ་སྤྱོད་དང་འབྲས་བུ་ལ། །ངོས་བཟུང་ཕྱོགས་ལྷུང་ཀུན་དང་བྲལ། །དམིགས་གཏད་ཁས་ལེན་མེད་པ་ཡིས། །བརྗོད་མཐའ་ཟད་པའི་རང་རིག་ནི། །རང་གསལ་བརྗོད་མེད་རང་ངོ་ཤེས། །འདིའི་ངང་ཀུན་བཟང་རོལ་པ་ཆེ། །ཡི་གར་འོང་བའི་དྭངས་ཆ་ཅན། །གསལ་བའི་ཉམས་ཡིན་འཁོར་བའི་ལམ། །མཆོག་
འཛིན་མ་བྱེད་དོགས་མ་བྱེད། །ལམ་དུ་ཁྱེར་དང་ལམ་དུ་འགྱུར། །འབྲལ་མི་ཕོད་པའི་སྤྲོ་བའི་ཉམས། །བདེ་བའི་ཉམས་དེས་འདོད་ཁམས་འཆིངས། །རེ་དོགས་མེད་པར་ལམ་དུ་ཁྱེར། །འཁྱེར་བྱེད་རང་གསལ་གཟེར་གྱིས་ཐོབ། །གླེན་སྣང་དྲན་མེད་རྟོག་ཚོགས་ཆད། །གཟུགས་མེད་མུ་བཞིར་གོལ་བར་འགྱུར། །དེ་ལ་སྤང་བླང་མེད་པ་རུ། །རང་ངོ་ཤེས་བཞིན་ལམ་དུ་ཁྱེར། །སེམས་ཀྱི་རྟོག་ཚོགས་ཇི་སྙེད་དང་། །ལྟ་གྲུབ་སྣ་ཚོགས་དགག་སྒྲུབ་ཆོས། །གང་ཤར་མ་བཅོས་རང་བབས་ངང་། །སོ་མ་རྗེན་པ་ལྷུག་པའི་ངང་། །སྤྲོ་བསྡུས་བཅོས་བསྒྱུར་མེད་པར་ཞོག །རྫོགས་ཆེན་མན་ངག་ཁྱད་ཆོས་ཡིན། །རྣམ་རྟོག་བཅད་ནས་སྒོམ་པ་དང་། །ཀོར་ཚེར་འཇུར་བུར་བཅིངས་པ་ཡི། །བཟང་སྒྲུབ་སྐྱོན་སྤང་དོགས་ཆ་ཆེ། །གནས་དགའ་འགྱུ་སྡུག་གྲངས་སུ་བགྲང་། །སྡུག་བཙིར་སྒོམ་དེས་སྙིང་རླུང་ལངས། །རྒྱལ་འགོང་སྒྲུབ་ཐབས་དེ་ཡི་ཟབ། །གསང་ཚིག་གནད་ཀྱི་གབ་ཡིག་འདི། །དཔའ་བོ་ལས་རབ་རྩལ་གྱིས་བརྩམས། །ཉམས་ལེན་སྐྱོང་བའི་ཐུགས་
ལ་ཕུལ། །སྤེལ་བར་མི་བྱ་ཕག་ཏུ་སྦོས། །དེང་སང་བོད་ཡུལ་ལྟ་བ་དང་། །ཨ་བོའི་གསང་ཚིག་འགལ་ཡོད་ཀྱི། །འགལ་འདུ་ངོམ་དུ་ག་ལ་རུང་། །དེ་ཕྱིར་རིག་པས་བརྟག་པར་བྱ། །མངྒ་ལཾ།། །། ༈ ཐུགས་རྗེའི་བདག་ཉིད་འགྲོ་བ་ཡོངས་ཀྱི་སྐྱབས། །དཀྱིལ་འཁོར་དབང་ཕྱུག་བླ་མར་ཕྱག་འཚལ་ནས། །རང་གཞན་ཀུན་གྱི་ཕན་པ་འགྲུབ་པའི་གཏམ། །མདོར་བསྡུས་ཙམ་ཞིག་བདག་གིས་འགོད་པར་བྱ། །དཔྱད་སྒོམ་འཇོག་སྒོམ་གནས་དགའ་འགྱུ་སྡུག་མཁན། །ཉམས་ལ་ཞེན་དང་ཕྱོགས་ལྷུང་ལྟ་བ་ཅན། །ནང་པར་ཁས་ལེན་མཆོག་འཛིན་ཆེར་སྤྱོད་ཀྱང་། །ཕྱི་རོལ་མུ་སྟེགས་ལམ་དུ་གོལ་བའང་སྲིད། །དེང་དུས་ཐུབ་བསྟན་གཟུགས་བརྙན་ཙམ་དུ་ངེས། །ལས་ཅན་ཐར་བ་དོན་དུ་གཉེར་འདོད་རྣམས། །བྱ་བ་ཐོབ་ཤོར་རྩོད་པའི་དུས་འདི་རུ། །ཐོས་བསམ་སྒོམ་ལ་ཆིག་དྲིལ་གྱིས་ཤིག་ཨང་། །ཉེ་དུ་སྐྱོང་དང་ཁེ་དང་བཙན་ས་དང་། །ཟས་ནོར་ཕྱུག་ཅིང་གཏམ་སྙན་སྒྲུབ་པ་དང་། །བླ་མ་བྱེད་པའི་བསམ་ངན་ཀུན་བོར་ལ། །རང་རྒྱུད་དགེ་ལ་ཡང་ཡང་འདྲིས་པར་མཛོད། །བག་
མེད་ཟས་གོས་སྤྱོད་ལམ་སྣ་མང་བརྟེན། །མཁོ་དགུའི་རྫས་གསོག་འདུ་འཛིའི་འཁོར་མང་བསྐོར། །ལུགས་གཉིས་ཟུང་འབྲེལ་མཁས་འདོད་ཉིན་མཚན་ཟད། །དེ་འདྲས་ཆོས་དང་ངེས་པའི་ལུང་དང་འགལ། །ཚེ་འདིར་བདེ་སྐྱིད་ཇི་ལྟར་འབྱོར་གྱུར་ཀྱང་། །སྤྲང་པོས་རྒྱལ་སྲིད་ཐོབ་རྨིས་དགའ་བ་ནི། །གཉིད་སད་ཚེ་ན་མེད་པ་ཇི་བཞིན་དུ། །ཡུན་དུ་རྟག་པ་མེད་པར་མཁྱེན་འཚལ་ལོ། །ཐམས་ཅད་རྨི་ལམ་ཙམ་དུ་ཤེས་དགོས་ཕྱིར། །མདོ་ལས་རྨི་ལམ་ཡིན་ཞེས་བཤད་པ་དང་། །སྔགས་སུ་རྨི་ལམ་སྦྱོང་ཐབས་བསྟན་པ་སོགས། །རྨི་ལམ་བདེན་འཛིན་འཇིག་པའི་ཆོས་སུ་ཟབ། །བདག་འདྲས་སྔ་དྲོ་མི་རྟག་ཞིབ་རྒྱས་འཆད། །ཕྱི་དྲོ་རྟག་འཛིན་བྱ་བར་མུ་མཆེད་འབྱམས། །བསམ་མནོ་བཏང་བས་རང་མཚང་བསྒྲགས་པ་སོགས། །མ་བརྟགས་གཏམ་ལ་སྐྱོན་གཞི་ཡོང་བར་གོ། །ངོས་འཛིན་རྟག་ཆད་བྲལ་བ་ལྟ་བའི་གཤིས། །ངང་གནས་རང་གསལ་གཡོ་མེད་སྒོམ་པའི་ཚུལ། །ཐུག་ཕྲད་རང་གྲོལ་འཛིན་མེད་སྤྱོད་པའི་གདེང་། །ལམ་གྱི་
དུས་གསུམ་གསུམ་དུ་བཏགས་མོད་ཀྱི། །འབྲས་བུའི་དུས་སུ་ངོ་བོ་གཅིག་ཏུ་རྫོགས། །བརྗོད་མེད་དོན་རྟོགས་ལྟ་བའི་རྒྱལ་པོ་དེའི། །ངང་གནས་སྒོམ་ཡིན་རྒྱུན་འབྱོངས་སྤྱོད་པ་སྟེ། །མངོན་དུ་གྱུར་ལ་འབྲས་བུ་ཞེས་སུ་སྨྲ། །སྨན་ལོག་ནད་ཀྱི་སྣོན་མར་གྱུར་པ་བཞིན། །ཆོས་ལོག་སྡིག་པའི་སྣོན་དུ་སོང་བ་མང་། །ཐར་འདོད་དགེ་བ་ཆེ་ཕྲ་ཅི་བསགས་ཀྱང་། །དངོས་སམ་བརྒྱུད་ནས་སྡིག་པར་འདྲེས་སམ་བརྟག །ཆོས་དང་འཇིག་རྟེན་བྱ་བ་གང་ལ་ཡང་། །རང་ལ་མཁོ་སེམས་བརྩོན་པ་མ་སྐྱེས་ཕྱིན། །གཉེན་བཤེས་དང་ནི་བླ་མའི་ཞལ་ཏ་དེ། །ཡང་ཡང་བསྐྱར་བ་མི་ཕན་སུན་པའི་རྒྱུ། །འཆི་དུས་དགོས་པའི་གདམས་ངག་འོད་གསལ་གཅེས། །བར་དོ་གཅོད་པའི་མན་ངག་རྨི་ལམ་གཅེས། །གནད་འགག་བར་དོ་བློ་ལ་འབྱོངས་པ་གཅེས། །བདེན་འཇིག་ཕྱིར་ན་གེགས་སེལ་སྒྱུ་ལུས་གཅེས། །དྲོད་རྟགས་བོགས་འབྱིན་རྩ་རླུང་ཕོ་ཉ་གཅེས། །སྡིག་ཅན་གྲོལ་ལམ་བཙན་ཐབས་འཕོ་བ་གཅེས། །གསང་སྔགས་མཁན་གྱི་གནད་འགག་གལ་པོ་ཆེ། །འདི་དྲུག་ཚད་དུ་འཁྱོལ་བ་
གལ་ཆེའོ། །ལེ་ལོ་ཅན་ལ་མྱུར་བའི་ཆོས་གསུམ་ཡོད། །དམ་རྫས་མྱོང་གྲོལ་ཟབ་མོ་བཏགས་གྲོལ་དང་། །འཕོ་བའི་གདམས་པ་ཁྱད་པར་ཅན་དང་གསུམ། །མ་བསྒོམས་གྲོལ་བ་འདིར་འཕྲད་སྐལ་བ་བཟང་། །གསང་སྔགས་འདི་ལ་ཆེ་བ་རྣམ་གསུམ་ཡོད། །འདོད་ཡོན་མ་སྤངས་ལམ་དུ་ཁྱེར་ཆོག་དང་། །ཚེ་ལུས་གཅིག་གིས་བྱང་གྲོལ་བཀྲི་བ་དང་། །མཚམས་མེད་སྡིག་ཅན་ཡིན་ཀྱང་ཞུགས་ཆོག་གོ། །རྣམ་མང་འཁོར་བར་ལས་ཉོན་བསམ་མི་ཁྱབ། །གང་འདུལ་ཐེག་པའི་ཐབས་ཚུལ་བསམ་མི་ཁྱབ། །གཅིག་ཆོག་ཕྱོགས་བྲལ་ཡངས་པའི་དོན་མཐོང་དང་། །རང་བབས་ཡེ་གནས་ངང་དུ་བདེ་མོར་ཉལ། །དང་པོ་ཡོངས་ཀྱི་བཤེས་གཉེན་དམ་པ་ཚོལ། །དེ་ནས་མདོ་སྔགས་ཆོས་ལ་ཐོས་བསམ་སྦྱོངས། །དེ་ནས་ཚུལ་བཞིན་དམ་སྲུང་ཉམས་ལེན་འབུངས། །དེ་ནས་འབྲས་བུ་མངོན་གྱུར་བྱང་ཆུབ་ཉིད། །དེང་སང་མི་ནག་སྔགས་འདོན་བྱེད་པ་འགའ། །སྔགས་པར་བཏགས་ནས་ང་རྒྱལ་སུ་བས་ཆེ། །དབང་བཞི་ཐོབ་ཅིང་དེ་དོན་མ་བསྒོམས་
པར། །སྔགས་སུ་འགྱུར་བར་རྒྱལ་བས་གསུངས་པ་མེད། །ཚུལ་བཞིན་མི་བསྲུང་སྲུང་མཚམས་ངོས་མ་ཟིན། །དཀོར་སྐལ་ཐོབ་ཕྱིར་སྐྲ་བྲེག་གོས་དམར་བསྒོས། །སྤངས་རྟོགས་རྒྱང་བསྲིང་མི་དགེ་ཁོང་ནས་འབར། །འདི་ཕྱི་བརྗེས་པ་འདི་ཀུན་སྙིང་རེ་རྗེ། །མངྒ་ལཾ། །དགེའོ། །དགེའོ།། །། ༈ བཀའ་དྲིན་བསམ་ན་འཁོར་ཐབས་མེད། །འགྲན་གྱི་ཟླ་མེད་རིན་པོ་ཆེ། །ཀུན་བཟང་ཐེག་མཆོག་རྒྱ་མཚོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཏིང་འཛིན་གོལ་སྒྲིབ་འདག་པར་ཤོག །ཉོན་དང་སྒོམ་འདོད་གསར་བུ་ཚོ། །ལྟ་བའི་སྐྱོན་དུ་བྱ་ཤོར་ཆེ། །སྒོམ་པའི་སྐྱོན་དུ་འཛིན་ཕུར་ཆེ། །སྤྱོད་པའི་སྐྱོན་དུ་སྤང་བླང་ཆེ། །འབྲས་བུའི་སྐྱོན་དུ་ཡིད་སྨོན་ཆེ། །དམ་ཚིག་སྐྱོན་དུ་མངོན་ལྐོག་ཆེ། །ད་ལྟ་བཞུགས་དང་ཕྱི་རབས་རྣམས། །ཆོས་ཀྱི་སྙིང་པོ་སྟོང་ཉིད་ལ། །ཐོབ་ཆོག་བྱེད་པ་འདི་དང་གཅིག །གོ་ཡུལ་ལུས་པ་འདི་དང་གཉིས། །ཡིད་དཔྱོད་རྟོག་པ་འདི་དང་གསུམ། །སྡུག་བཙིར་རྣམ་རྟོག་བཀག་དང་བཞི། །དཔེ་ལ་ལུས་པ་འདི་དང་ལྔ། །འདི་ལྔ་
དག་ལ་གདེང་འཆའ་ན། །གཅིག་ཏུ་ཉམས་ལེན་མེད་པའི་སྐྱོན། །གཉིས་སུ་རང་རིག་མ་མཐོང་སྐྱོན། །གསུམ་དུ་གེགས་དང་གོལ་སའི་སྐྱོན། །བཞི་རུ་ཕན་ཐོགས་མེད་པའི་སྐྱོན། །ལྔ་རུ་དགོས་དུས་མི་སླེབ་སྐྱོན། །སྐྱོན་ལྔའི་རྩ་བར་ཐེ་ཚོམ་ཆེ། །སྐྱོན་ལྔའི་སྡོང་པོ་གཟུང་འཛིན་འདི། །སྐྱོན་ལྔའི་ཡལ་ག་དགག་སྒྲུབ་ཆེ། །སྐྱོན་ལྔའི་མེ་ཏོག་ནོར་བ་མང་། །སྐྱོན་ལྔའི་འབྲས་བུས་ཁམས་གསུམ་འཁོར། །འཕུར་འདོད་བྱ་ལ་འདོགས་བཏགས་འདྲ། །གྲོལ་བ་བས་ཀྱང་འཆིང་བས་བཅིངས། །ཕན་པ་བས་ཀྱང་གནོད་པས་ལྷག །ཡོན་ཏན་བས་ཀྱང་ཨ་རེ་སྐྱོན།། །། ༈ དང་པོ་ཉིད་ནས་སྐུ་གསུམ་རང་ཆས་རྫོགས། །རང་བྱུང་ཡེ་ཤེས་རྒྱལ་པོར་ཕྱག་འཚལ་ལོ། །ཐོག་མཐའ་བར་མེད་རྣམ་པ་ཐམས་ཅད་དུ། །སྟོང་གསལ་འདུས་མ་བྱས་པའི་ཆོས་ཀྱི་སྐུ། །ཐུན་མཚམས་རིས་མེད་འབྲལ་མེད་ཁོར་ཡུག་ཉིད། །མིང་ལ་སེམས་ཉིད་ཆོས་ཉིད་ཡེ་ཤེས་ངང་། །རིག་པ་ཞེས་བཏགས་ཀ་དག་གདོད་མའི་བབས། །སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་བཞུགས། །
དེའི་རྩལ་སེམས་རྟོག་འཁྲུལ་བ་སྣ་ཚོགས་སྣང་། །ངོ་བོ་མ་རིག་རྐྱེན་སྣང་གཟུང་འཛིན་ཅན། །ཁམས་གསུམ་རིགས་དྲུག་སེམས་ཅན་འབྱུང་བར་བྱེད། །སེམས་ཀྱི་མཚན་ཉིད་ཕྱོགས་རེར་སྨྲ་བྱེད་ཀྱང་། །རྨོངས་པར་ཆ་ཙམ་ཡིན་ཡིན་འདྲ་ན་ཡང་། །དོན་དམ་ཉིད་དེ་ཚིག་གིས་མཚོན་མི་ནུས། །སྤྲོས་པའི་མཐའ་རྣམས་ཀུན་དང་བྲལ་བའོ། །འོན་ཀྱང་སྤྲོས་པར་བྲལ་ཞེས་དམིགས་མི་དགོས། །གཞི་རྩ་བྲལ་བའི་སྟོང་པ་ཉིད་ནའང་། །སྟོང་པའི་རྒྱས་གདབ་དམིགས་པ་གཟབ་མི་བྱ། །སྣང་སྲིད་བདེན་མེད་སྒྱུ་མར་ཤེས་དགོས་ཀྱང་། །སྒྱུ་མར་བཟུང་བའི་འཇུར་བུ་དམ་མི་རུང་། །སེམས་རིག་འབྱེད་པ་ཁྱད་ཆོས་ཡིན་མོད་ཀྱང་། །སེམས་རྟོག་སྐྱོན་བཟུང་སྤང་བློས་དོགས་མི་འཆིང་། །ལྟ་སྒོམ་སྤྱོད་འབྲས་ངོ་བོ་གཅིག་གི་ངང་། །སོ་སོར་རིས་བཅད་བློ་ཡིས་བཅོས་མ་གཞུགས། །གནས་སམ་འགྱུ་རུང་རང་ངང་རང་སེམས་ཡིན། །གཞན་དུ་མ་བཙལ་ངང་དེར་བབས་ཀྱིས་ཞོག །ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ། །དབྱེར་མེད་ཅིག་ཅར་རང་ཆས་རྫོགས་པ་ཉིད། །ཚོགས་དྲུག་མ་
བཀག་ཡུལ་དེ་སྣང་ནའང་། །དེར་འཛིན་མ་ཞུགས་རང་གསལ་དགོངས་པའི་ངང་། །བདེ་སྡུག་རྐྱེན་ངན་སྣ་ཚོགས་འཆར་སྒོ་རྣམས། །ཆོས་ཉིད་རྩལ་དང་རྒྱན་ཡིན་མ་བཅོས་ཞོག །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །ཆེད་འཛིན་མེད་པར་བློ་འདས་བྱ་བྲལ་ཀློང་། །བསྒོམ་བྱ་སྒོམ་བྱེད་མེད་པའི་རང་ག་མ། །སྒོམ་བློའི་དྲི་མས་གཡའ་ཡིས་མ་སྦགས་ཤིག །ངོ་བོ་སྐྱོན་ཡོན་ཀུན་ལས་འདས་པ་ལ། །བཟང་ངན་གཉིས་ཀྱི་བླང་དོར་མ་བྱེད་ཅིག །དུས་གསུམ་ཁོར་ཡུག་རང་གནས་ཆེན་པོ་ལ། །མི་ཤེས་ཕྱོགས་རིས་ཐུན་མཚམས་མ་གཅོད་ཅིག །ཆོས་ཉིད་རིག་པའི་རྩལ་མདངས་འགྱུ་བ་ལ། །སྤང་བྱའི་དགྲར་བཟུང་རང་ཉིད་མ་འཆིང་ཞིག །ཆོས་ཀུན་ཟད་པ་ཀ་དག་ཆེན་པོ་རུ། །གཞི་དབྱིངས་ཐོག་མའི་ཆོས་སྐུར་ལ་བཟླ་བ། །ཕྱོགས་བྲལ་ལྟ་བའི་རྫོང་ཆེན་རྫོགས་པ་ཆེའི། །གནད་ཀྱི་ཟབ་དོན་མ་ནོར་བཤད་པ་འདི། །ཆོས་དབྱིངས་དྲི་མེད་བདག་གིས་ལེགས་པར་བཀོད། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །མངྒ་ལཾ།། །། ༈ རྗེ་
བཙུན་བླ་མའི་ཞབས་ལ་འདུད། །ཁོ་བོ་ལས་རབ་ན་ཕྱིན་པས། །ཡིག་གཟུགས་ལེགས་པོ་མི་འདུག་ཀྱང་། །རྗེས་འཇུག་སློབ་མའི་དོན་བསམ་ནས། །གེགས་སེལ་འཕྲང་སྒྲོལ་གབ་ཡིག་འདྲི། །ས་མ་ཡཱ། དེ་ཡང་བསྐྱེད་རྫོགས་གུ་དོགས་ནས་བཅིངས་ཆེ་བ་དང་། མེད་པའི་ཡོན་ཏན་སྒྲུབ་འདོད་པ་དང་། བཟང་རྟོག་ལ་མཆོག་འཛིན་ཆེ་བ་དང་། མཆོག་དེ་ཉམས་དོགས་པ་དང་། བཟང་རློམ་ལ་ཞེན་པ་དམ་པ་དང་། ཡོད་པའི་སྐྱོན་སྤོང་འདོད་པ་དང་། ངན་རྟོག་ལ་སྐྱོན་འཛིན་ཆེ་བ་དང་། སྐྱོན་དེ་འབྱུང་དོགས་པ་དང་། ངན་རྟོག་ལ་དོགས་འཚེར་ཞེན་པ་དམ་པ་དེ། མདོར་ན་རྟོག་པ་བཟང་ངན་ལ་འདུ་སྟེ། རབ་ཀྱིས་གང་ཤར་ལྟ་བ་ཆོས་ཉིད་ཀྱི་ངང་དུ་ཁྱེར། འབྲིང་གིས་བཟང་ངན་གང་ཤར་སེམས་རྟོག་ལ་ཤར་བ་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ་དོན་ལ་གྲུབ་པ་མེད་པའི་མཚང་རིག་ནས་བཟང་ངན་ངོ་མཉམ་རོ་སྙོམས་སུ་ཤེས་པར་བྱ། ཐ་མས་གང་དྲན་ཇི་མི་སྙམ། གལ་མ་མཆིས་གུ་ཡངས་བློ་ལྷོད་ཀྱི་ངང་ལ་བོར་རོ། །མདོར་ན་གེགས་ཐམས་ཅད་ཀྱི་རྩ་བ་
བཟང་འཛིན་ངན་འཛིན་དེ་ལ་རེ་བ་དོགས་པ་དེ་ལ་འཛིན་ཞེན་རྩོལ་སྒྲུབ་དམ་པ་རྣམས་ཡིན་པས་གོང་དུ་བསྟན་པའི་མན་ངག་དང་ལྡན་པ་དགེ་སྦྱོར་བར་ཆད་དང་བྲལ་ནས་མཐར་ཕྱིན་པར་འགྱུར་རོ། །ཨོ་རྒྱན་ཆེན་པོས་བྱིན་བརླབས་པའི། །རིག་རྩལ་དོན་མཐོང་ལས་རབ་ངས། །ཞལ་གདམས་ཆད་དོགས་ཡི་གེར་བྲིས། །རྗེས་འཇུག་ཡོངས་ལ་ཕན་པར་ཤོག། །། ༈ ཀྱེ་ཧོ། གྲོགས་དག་དྲན་རིག་འགྱུ་བའི་སེམས། །བུ་ཆུང་བཞིན་དེ་རང་བབས་གང་དགར་ཐོངས། །དྲན་བསམ་འཛིན་བྲལ་སྨྱོན་པའི་བརྟུལ་ཞུགས་ཅན། །གང་བབས་གང་བྱུང་ཐོག་བབས་ཆེན་པོར་ཐོངས། །རང་བབས་ལྷོད་ཆགས་རྒན་པོའི་ངང་ཚུལ་ཅན། །གཟེབ་བྲལ་ཁོང་ཡངས་གང་ཤར་རང་བབས་ཐོངས། །རྣལ་འབྱོར་ཆེན་པོའི་དགོངས་ཀློང་ཡངས་པ་ཡིན། །སྣ་ཚོགས་དྲན་རིག་ཐམས་ཅད་ཡེ་ཤེས་དངོས། །རང་ཤར་རང་གྲོལ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་ངང་ཡིན་ཡེ་ནས་གནས་པ་ཡིན། །དེ་ལྟར་ཀུན་བཟང་ཉིད་ལས་གཞན་པའི་ཆོས། །རྡུལ་ཙམ་མི་
རྙེད་ཡེ་ནས་སངས་རྒྱས་ཡིན། །དེ་ལྟར་ཤེས་ཏེ་འཆིང་གྲོལ་ཀུན་ལས་འདས། །རང་བཞིན་གཞི་ཡི་དགོངས་ཀློང་ཡངས་པ་ཡིན། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལ། །དམིགས་གཏད་ཞེན་ཆགས་མེད་པའི་སྣང་བ་ཤར། །འདི་ཡིན་གཟའ་གཏད་མེད་པས་ཉམས་རེ་དགའ། །སྣང་སེམས་ཡེ་ནས་གྲོལ་བས་བློ་རེ་བདེ། །མ་བཙལ་ལྷུན་གྱིས་གྲུབ་པས་བག་རེ་གྲོ། །བདེ་ཆེན་རྒྱུན་ཆད་མེད་པས་བྱིན་རེ་ཆེ།། །། ༈ ཇོ་བོ་མཐོང་བ་དོན་ལྡན་གྱི་དཀར་ཆག་རིག་འཛིན་མཁའ་འགྲོའི་ཞལ་ལུང་བཞུགས། ཨེ་མ་ངོ་མཚར་རྨད་དུ་བྱུང་། །སྤྱན་རས་གཟིགས་ཀྱི་བྱིན་རླབས་དང་། །པདྨ་འབྱུང་གནས་ཐུགས་རྗེའི་སྟོབས། །ཁྲི་སྲོང་ལྡེའུ་བཙན་ལས་ཟོག་སྟེ། །བཻ་རོ་ཙ་ནའི་སྨོན་ལམ་འཕྲོ། །སྐྱེས་བུ་ཁྱོད་ཀྱི་ཕྲིན་ལས་རྩལ། །སྐལ་ལྡན་རྣམས་ཀྱིས་སྔོན་བསགས་དཔལ། །སྙིགས་དུས་གདུལ་བྱ་དུས་བབ་དོན། །གྲུ་བཞི་ཁྱད་འཕགས་བྲམ་ཟེའི་གདུང་། །ཆོས་ལྡན་སྐྱེ་བདུན་བྲང་མགོ་ལ། །མ་བྱས་རང་བྱོན་འཕགས་པའི་སྐུ། །འཇིག་རྟེན་དབང་ཕྱུག་ཕྱག་བཞི་པ། །མཐོང་བ་དོན་ལྡན་ཡིད་བཞིན་ནོར། །
ཡང་ཡང་འབྱོན་དཀའ་ཨུ་དུམ་ཝཱར། །འགྲན་གྱི་ཟླ་བྲལ་རྟེན་གྱི་མཆོག །ཇོ་བོ་སྡུག་བསྔལ་ཀུན་སེལ་འདི། །མཇལ་བ་ཙམ་གྱིས་འཁོར་རྒྱུན་གཅོད། །མཆོད་བསྟོད་ཕུལ་བས་ཚོགས་གཉིས་རྫོགས། །ཕྱག་བསྐོར་བྱས་པས་སྒྲིབ་གཉིས་བྱང་། །གསོལ་བ་གང་བཏབ་སྨོན་ལམ་འགྲུབ། །བྱིན་རླབས་ཞུས་པས་དབང་བཞི་ཐོབ། །གྲིབ་མས་ནོན་པས་སྒྲིབ་ཞི་འདག །ཁྲུས་ཆབ་མྱངས་པས་རྐྱེན་ངན་སེལ། །བསེར་བུའི་རྫི་ཕོག་འབྲེལ་བ་ཐོགས། །འབུ་སྲིན་དུད་འགྲོ་ཡན་ཆད་གྲོལ། །སྤྱན་རས་གཟིགས་དང་འདུ་འབྲལ་མེད། །བཤན་པ་ཆོས་ལྡན་བདུན་བརྒྱུད་ཐོབ། །སྐྱེ་འགྲོ་གཞན་ལ་སྨོས་ཅི་འཚལ། །གར་བཞུགས་ཡུལ་ཁམས་དགེ་ལེགས་འཕེལ། །དཀོན་མཆོག་རྩ་གསུམ་སྤྲིན་ལྟར་གཏིབས། །ནད་མཚོན་མུ་གེའི་བསྐལ་པ་ཞི། །འདྲེ་བདུད་བགེགས་ཀྱི་ཁ་ཡང་གནོན། །འགྲོ་བ་བསོད་ནམས་དམན་པ་ཡིས། །འབྲེལ་བ་ཐོགས་པ་ཤིན་ཏུ་ཉུང་། །འདི་ཡི་འགྲོ་དོན་སྣ་འདྲེན་པ། །རྒྱལ་བས་མངགས་པའི་ཕོ་ཉ་ཡིན། །སེམས་ཅན་རྣམ་པ་སྣ་ཚོགས་
པ། །ཐར་པའི་ལམ་ལ་ཁྱུ་དེད་བྱེད། །རིག་འཛིན་ཌཱཀྐིའི་གསང་བའི་ལུང་། །སྐྱེས་བུ་ལས་རབ་ཁྱོད་ལ་བཤད། །སེམས་སྟོབས་མ་ཆུང་གཞན་དོན་མཛོད། །སྐྱོ་དུབ་རྒྱུན་ཆད་མ་བྱེད་པར། །གཞན་ལ་བསྐུལ་ཐོབ་ཡུན་སྲིངས་ཤིག །འདི་ལ་བར་ཆད་སུས་བྱེད་པ། །དམ་ཅན་དྲེགས་པས་སྲོག་འགམས་ནས། །མདའ་འཕངས་བཞིན་དུ་དམྱལ་བར་ལྟུང་། །འགྱུར་བ་མེད་པའི་གསང་ཚིག་ཕྲེང་། །གདམ་མོ་གཏད་དོ་སྙིང་ལ་ཆོངས། །ཞེས་སོ། །དགེའོ།། །། ༈ བཅོམ་ལྡན་རྡོ་རྗེ་ཕག་མོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གནས་ཆེན་ཙཱ་རི་རང་བྱོན་གྱི། །ལོ་རྒྱུས་གཏམ་རྒྱུད་བཤད་ཀྱི་ཉོན། །ལས་ཅན་དད་པའི་གསོས་སུ་འགྱུར། །མ་བྱས་རང་བྱུང་རྟེན་མཆོག་འདི། །འབྱུང་ཁུངས་དཔལ་གྱི་ཙཱ་རི་ལ། །བཞུགས་ཡུལ་དམར་ནག་རཀྟ་ལགས། །གྲུ་བཞི་ཕག་མོའི་རཀྟ་ལ། །གྲུབ་ལུགས་མ་བཅོས་རང་བྱུང་ལགས། །གྲུབ་ཆེན་རྒྱལ་པོས་སྤྱན་དྲངས་ནས། །བཀའ་བབ་བོད་ཆེན་སྐྱེས་བུར་བབས། །ཕྱི་ལྟར་ཙཱ་རིའི་རི་རྩེ་གསུམ། །ཅིག་ཅར་གསེར་འབུམ་ཁང་བཅས་
གསལ། །ནང་ངོས་ལ་ནི་འཕྲུལ་རིས་སུ། །ཙནྡན་ནགས་ཀྱི་རི་བོ་དང་། །གུར་གུམ་སྤོས་ཀྱི་རི་བོ་ཡོད། །བདུད་རྩི་འོ་མའི་ཆུ་མགོ་དང་། །ལཱ་བ་པ་ཡི་ཞབས་རྗེས་ཡོད། །མཉམ་མེད་དྭགས་པོ་ལྷ་རྗེ་ཡི། །གསོལ་མཛོ་དཀར་མོའི་རྨིག་རྗེས་ཡོད། །ཙཱ་རི་ཐོག་མར་ཕྱེས་དུས་ཀྱི། །ལྟས་བཟང་ཨུ་དུམ་བབས་ཚུལ་ཡོད། །ཟུར་གྱི་གདུང་གཉིས་དག་ལ་ནི། །རང་བྱུང་རྫ་ཡི་མཆོད་རྟེན་ཡོད། །མཁའ་འགྲོ་འབུམ་གྱི་བླ་རྡོ་ཡིན། །མཇལ་དང་ཕྱག་སྐོར་མཆོད་པ་འབུལ། །བྱིན་རླབས་ཞུས་དང་ཁྲུས་ཆུ་མྱངས། །ཉེ་བའི་ཕྱོགས་སུ་བསྒྲུབ་པ་བྱ། །མཁའ་སྤྱོད་ཙཱ་རི་དངོས་དང་མཚུངས། །བྱིན་རླབས་དངོས་གྲུབ་དཔལ་དུ་འབར། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་སྦྱོང་། །འདྲེ་གདོན་བདུད་ཀྱི་ཁ་གནོན་ཡིན། །སྲི་ཞུ་བཀུར་ཅིག་ལས་ཅན་རྣམས། །ཡུལ་ཕྱོགས་རྒྱལ་ཁམས་གང་དག་ཏུ། །རི་བོའི་རྩེ་དང་འགོལ་བའི་གནས། །ཡང་ན་གནས་ཁང་གང་ཞིག་ཏུ། །ཕག་མོའི་ཐུགས་རྟེན་འདི་བཤམས་ནས། །བྱིན་འབེབས་མངའ་གསོལ་ཚོགས་
འཁོར་འབུལ། །བཀྲ་ཤིས་སྨོན་ལམ་རྒྱས་པར་བྱེད། །དགེ་མཚན་ཡོན་ཏན་མང་དུ་འབྱུང་། །འདི་ལྟར་རང་བྱོན་དཀར་ཆག་འབྲི། །ལོ་རྒྱུས་རྙིང་པ་སྟོར་ཤོར་བས། །བརྗེད་དོགས་ཟིན་བྲིས་གསལ་པོ་རུ། །ཕྲིན་ལས་བདག་གིས་སྦྱར་བ་ཡི། །དགེ་བས་འགྲོ་དོན་མཐར་ཕྱིན་ཤོག །དགེའོ།། །། ༈ ཐུབ་དབང་རྒྱལ་བ་མཆོག་ལ་གུས་པས་འདུད། །རྟེན་འདི་མཆོད་པའི་གནས་སུ་བྱོན་པ་ཡི། །མཚན་མོའི་ཆ་ལས་བདག་གི་རྨི་ལམ་དུ། །ཚུལ་ཁྲིམས་ཡང་དག་ལྡན་ཞིང་དགྲ་བཅོམ་པ། །མང་དུ་ཚོགས་ཤིང་རོལ་མོ་དུ་མ་སྒྲོག །ངག་ཏུ་ཐུབ་པའི་ཡོན་ཏན་མང་དུ་གླེང་། །གླེགས་བམ་མང་པོ་བསམ་གྱིས་མི་ཁྱབ་པ། །རྒྱལ་གསུང་ཆོས་དང་རྒྱལ་བས་བསྔགས་པར་འདུན། །འདི་དག་ཁོ་བོའི་སྔོན་གྱི་ལས་ལྷག་གོ། །རང་དང་སྐལ་མཉམ་སྤྲོ་བ་བསྐྱེད་པའི་ཕྱིར། །ལོ་རྒྱུས་མདོ་ཙམ་ཕྲིན་ལས་བདག་གིས་བཀོད། །དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །། ༈ འཇིག་རྟེན་ཀུན་གྱི་འདྲེན་པ་བླ་ན་མེད། །ཐུབ་པའི་དབང་པོ་སྐྱབས་ཀྱི་དམ་པ་མཆོག །དྲན་པ་ཙམ་གྱིས་སྡིག་པའི་
ཕུང་པོ་འཇིག །མཚན་ཐོས་གྱུར་པ་སྐལ་བཟང་དགེ་བ་ཅན། །མི་ལུས་རྙེད་དཀའ་སངས་རྒྱས་མཇལ་དཀའ་བས། །སུ་དག་དགའ་བའི་ཡིད་བཅས་རྣམ་བརྩོན་པས། །ཐུབ་པའི་དབང་པོ་མཆོད་ལ་འབད་པ་དང་། །བཀུར་སྟི་ཕུ་དུད་རིམ་གྲོ་བསྐྱེད་པར་བྱ། །རྒྱུ་ཡི་ངོ་བོ་རིན་ཆེན་ཛྷཻ་ཀྵིཾ། །རྣམ་པ་རྣམ་འདྲེན་ཤཱཀྱ་ཐུབ་པའི་སྐུ། །སངས་རྒྱས་ཉིད་ཀྱིས་རབ་ཏུ་གནས་པར་མཛད། །ནུས་པས་ཚོགས་རྫོགས་སྒྲིབ་དག་གསོལ་བཏབ་འགྲུབ། །གང་དུ་བཞུགས་པའི་ས་ཕྱོགས་དེ་ཉིད་དུ། །ནད་མཚོན་མུ་གེ་མཐའ་ཡི་དམག་དཔུང་ཞི། །དམུ་རྒོད་འགྲོ་བ་ལས་སུ་རུང་བ་དཀའ། །འབྲེལ་ཚད་དོན་ལྡན་འདི་དང་མཇལ་མཁན་ཉུང་། །རྩིག་པའི་ངོས་དང་བྱེ་མར་བྱིས་པ་ཡི། །རྩེད་མོར་ཐུབ་མཆོག་བྲིས་པ་དེ་མཆོད་ན། །སངས་རྒྱས་དངོས་སུ་མཆོད་མཉམ་རྒྱལ་བས་གསུངས། །དེས་ན་མཚུངས་མེད་རྟེན་འདི་ཅིས་མི་མཆོད། །སྣོད་ངན་སེམས་ཅན་བཅུད་འདི་ཐུབ་པ་མེད། །ཉི་ནུབ་སྟེང་དུ་མུན་རུབ་ལྟ་བུའི་གླིང་། །མཆོག་དང་དམན་ལ་འདམ་ཀ་མི་ཤེས་པ། །
བ་ལང་ཁྲོད་འདིར་བསམ་གྱིན་སྙིང་རླུང་ལྡང་། །སྤོས་སྨན་ཆུར་སྦྱང་ཁྲུས་གསོལ་ཕུལ་བ་ཡིས། །ས་ཡི་བདག་པོས་རང་ཡུལ་བསྲུང་བའི་ཕྱིར། །རྟེན་བཞེངས་ས་གནད་སྡོམ་པའི་གནད་རྣམས་བྱ། །ཁྲུས་ཆུ་འཐུང་བཀྲུས་ནད་གདོན་སྡིག་སྒྲིབ་དག །གཙང་ཞིང་རྒྱ་ཆེན་དངོས་དག་མཆོད་པ་ནི། །བཟང་དུ་འབུལ་ཞིང་ཟབ་མོའི་གསུང་སྒྲོག་ཅིང་། །རྟེན་འདིའི་དྲུང་དུ་སྨོན་ལམ་བཏབ་པ་ན། །ཡིད་བཞིན་ནོར་བུ་ཉིད་ལྟར་དོན་དེ་འགྲུབ། །བསྟན་པ་དང་ནི་འགྲོ་བའི་རིམ་གྲོ་ལ། །བྱང་ཆུབ་སེམས་ལྡན་སྐྱེས་བུ་གང་ཞིག་གིས། །རྟེན་འདིར་རབ་གནས་ཁྲུས་གསོལ་མཆོད་བསྟོད་དང་། །རྣམ་དག་སྨོན་ལམ་གསོལ་འདེབས་ནན་ཏན་བྱ། །ཕྱག་སྐོར་བགྱིས་པས་ལས་ངན་སྡིག་སྒྲིབ་འདག །ཞལ་མཐོང་ཙམ་གྱིས་ངན་སོང་སྐྱེ་སྒོ་ཁོག །འོག་ཏུ་འཛུལ་བས་བྱིན་རླབས་དབང་མཆོག་འཐོབ། །དད་པ་ཅན་རྣམས་སྦྱངས་པ་སྔོན་སོང་ཡིན། །རྟེན་འདིས་འགྲོ་དོན་འབྱུང་བའི་གཉེར་བྱེད་པའི། །མི་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བཀའ་ཡི་ཕྲིན་ལས་བྱས་པའི་ཡོན་
ཏན་དང་། །སེམས་ཅན་སྲིད་མཚོར་བསྒྲལ་བའི་ཕན་ཡོན་འཐོབ། །ཇོ་བོ་དྲས་དྲུབ་ཐུབ་དབང་རབ་གནས་ཅན། །གང་གིས་འགྲན་དང་ཚད་བཟུང་མི་ནུས་པས། །ས་ཡི་བཅུད་དང་བསོད་ནམས་རྣམ་འཕེལ་བྱེད། །བཀུར་སྟི་བྱེད་རྣམས་ལས་འཕྲོ་ཁྱད་དུ་འཕགས། །ལས་ངན་རྨོངས་པས་ནོར་བུ་ངོ་མི་ཤེས། །ཡུལ་གྱིས་བཅུད་མི་ཐུབ་པའི་རྐྱེན་བྱས་ན། །རྣམ་འདྲེན་ཤར་ནུབ་གང་རུང་གདུལ་བྱར་འཆར། །དེ་ཕྱིར་མཆོད་བསྟོད་རྟེན་བཞུགས་དག་ལ་འབུངས། །དེ་ལྟར་ཐུབ་དབང་མཐོང་གྲོལ་ཡིད་བཞིན་ནོར། །དེ་ཡི་དཀར་ཆག་ཕྲིན་ལས་གྱིས་བཀོད་པའི། །དགེ་བས་འགྲོ་ཀུན་རྒྱལ་བའི་ཐུགས་བསྐྱེད་མཐུས། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པར་ཤོག །དགེའོ།། །། ༈ སྲིད་པ་གསུམ་གྱི་འདྲེན་པ་ཆོས་ཀྱི་རྗེ། །ཐུབ་པའི་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །འདྲེན་པ་དེ་དང་མི་གཉིས་དཀྱིལ་འཁོར་གཙོ། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རང་དོན་ཞི་བའི་བློ་ཡིས་མ་ཡིན་པའི། །སངས་རྒྱས་བསྟན་པ་ཡུན་དུ་གནས་ཕྱིར་དང་། །
འབྲེལ་ཐོགས་འགྲོ་རྣམས་རྣམ་མཁྱེན་རྒྱུར་གྱུར་དང་། །བོད་ཆེན་འཕུང་བྱེད་བདུད་ཀྱི་ཁ་གནོན་ཕྱིར། །བྱང་ཆུབ་མཆོད་རྟེན་བདུད་འདུལ་མཆོད་རྟེན་གཉིས། །དེ་བཞིན་གཤེགས་པའི་རིང་བསྲེལ་སྙིང་པོ་ཅན། །དེ་ཕྱིར་སངས་རྒྱས་མཆོད་སྡོང་ཞེས་ཀྱང་བྱ། །ཆོས་ཀྱི་དབང་ཕྱུག་ཀློང་ཆེན་རབ་འབྱམས་ཀྱི། །གདུང་གི་ཆ་ཤས་དག་ཀྱང་བཞུགས་པའི་ཕྱིར། །སྔ་འགྱུར་རྙིང་མའི་བསྟན་པའི་བླ་རྡོ་ཡིན། །མཆོད་རྟེན་གཉིས་ཀར་དགོངས་འདུས་མཐོང་གྲོལ་བཞུགས། །མཐོང་གྲོལ་མཆོད་རྟེན་ཞེས་ཀྱང་བྱ་བ་ཡིན། །ཞི་ཁྲོའི་བཏགས་གྲོལ་ཐིག་ལེ་བརྒྱ་བཅུ་བཞུགས། །འབྲེལ་ཐོགས་འབུ་སྲིན་ཡན་ཆད་གྲོལ་བར་འགྱུར། །མཆོད་རྟེན་གཉིས་ཀར་ཉི་གྲགས་གཏེར་གསར་གྱི། །ཚེ་སྒྲུབ་ཙཀྲ་འཇམ་དཀར་ཙཀྲ་བཞུགས། །བྱང་ཆུབ་མཆོད་རྟེན་ནང་ན་ཁྱད་པར་དུ། །གཏེར་གསར་བདེ་མཆོག་སྐུ་གསུང་ཐུགས་འཁོར་ལ། །སོ་སོར་གཏེར་ཆེན་གྱིས་བསྒྲུབས་རྫས་ཀྱིས་བྱུགས། །གཏེར་གསར་ཕག་མོ་རིགས་ལྔའི་ཙཀྲ་ལྔ། །ཉི་གྲགས་གཏེར་ཆེན་གྱིས་བསྒྲུབས་སོ་
སོའི་རྫས། །ལེགས་པར་བྱུགས་ཤིང་རབ་ཏུ་གནས་པར་བཞུགས། །ཁྱད་པར་བདུད་འདུལ་མཆོད་རྟེན་ནང་གཞུག་ཏུ། །ཛྷཻ་ཀྵིཾ་ལས་གྲུབ་ཕག་མོའི་སྐུ་གཏེར་མ། །བདུད་འདུལ་རྡོ་རྗེའི་སྒྲོལ་དཀར་བླ་རྡོ་ཡི། །ཙཀྲ་སྒྲོས་ལྡན་རང་གིས་སུག་བྲིས་མ། །ཕྱི་རབས་བྲིས་པས་ཐོན་པར་དཀའ་བ་བཞུགས། །མཆོད་རྟེན་གཉིས་ཀའི་སེང་ཁྲིའི་ནང་དུ་ནི། །ཀུན་ཐུབ་འཁོར་ལོའི་སྲུང་བ་ཆེན་པོ་བཞུགས། །མཆོད་རྟེན་འདི་དག་བཞུགས་པའི་ས་ཕྱོགས་སུ། །གཟའ་སྐར་ཚེས་གྲངས་དུས་ཚོད་ཉེས་པ་ཐུབ། །སྤར་སྨེ་ལོ་སྐོར་ལོ་རྒན་དྲུག་ཅུ་དང་། །དར་རྒུད་བརྡ་ཐན་ས་བདག་ཉེས་ཀུན་ཐུབ། །མཆོད་རྟེན་གང་རུང་དག་ལ་ཁྲུས་གསོལ་བའི། །ཆུ་ཡི་འཐོར་བས་ཉེས་པ་དེ་དག་ཐུབ། །དུས་ནི་ངན་ཅིང་འགྲོ་རྣམས་རྨོངས་པ་དང་། །དམན་པ་མ་གཏོགས་མཆོག་ལ་མི་དབང་བས། །བདེ་གཤེགས་གདུང་གི་མཆོད་རྟེན་ཁྱད་པར་ཅན། །ཕྱག་སྐོར་མཆོད་པའི་བསོད་ནམས་ལྡན་པ་ཉུང་། །བསྐལ་ཞབས་འདི་ལ་གང་དམན་གང་མིན་བྲིམ། །མཆོད་རྟེན་ཕྱག་སྐོར་
མཆོད་པའི་ཕན་ཡོན་ནི། །རྒྱལ་བའི་བཀའ་ལས་མང་དུ་འབྱུང་མོད་ཀྱང་། །རྒོད་ལྡེམ་ཐུགས་སྒྲུབ་ལས་ནི་འདི་སྐད་གསུངས། །མཆོད་རྟེན་རིང་བསྲེལ་ཅན་ལ་བསྐོར་བྱས་ན། །མཚམས་མེད་ལྔ་འདག་ཚེ་རིང་འབྱོར་ཞེས་གསུངས། །ཕྱག་མཆོད་བསྐོར་བ་བྱས་རྣམས་སྐལ་བ་བཟང་། །མཆོད་རྟེན་ཟུང་འདི་བསྟན་འགྲོའི་རིམ་གྲོ་སྟེ། །གཞན་ལས་ཁྱད་འཕགས་ལུང་བསྟན་མཆོད་རྟེན་ཏེ། །འདི་ལ་ངོ་དགའ་བ་ཡི་གཏམ་རྒྱུད་མང་། །ཞེས་འདི་ལས་རབ་རྩལ་ངས་བསྐྲུན་པའོ། །དགེ་བས་འབྲེལ་ཐོགས་སེམས་ཅན་གཙོར་གྱུར་པའི། །ཁམས་གསུམ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །སོ་སོའི་སྡུག་བསྔལ་ཉེས་ཚོགས་ཀུན་བྲལ་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །མངྒ་ལཾ།། །། ༈ རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཁམས། །མཐུ་སྟོབས་དབང་ཕྱུག་པད་འབྱུང་ཞབས་ལ་འདུད། །གང་དེའི་ཐུགས་རྗེ་རང་གི་སྨོན་ལམ་གྱི། །པདྨས་བྱིན་གྱིས་བརླབས་པའི་རྟེན་རྫས་རྣམས། །ཁོ་བོར་བྱུང་བ་མི་དམན་རྒྱ་ཆེ་ཡང། །བར་ཆད་དབང་གིས་
འདམ་སོག་ཁྲམ་པས་བརླགས། །དེ་ཡི་ཞག་ལྔའི་ཐོ་རངས་ཚེས་པ་བཅུར། །ཨོ་རྒྱན་ཞལ་མཐོང་སྣང་སྲིད་བདེན་མེད་ཀྱིས་དོན་གྱི་ངོ་སྤྲོད་ཐོབ། །དེ་རྗེས་དངོས་གྲུབ་རྫས་རྣམས་ཁ་ཤས་བྱུང་། །མ་དག་སྐྱེ་བོའི་དམན་པའི་སྐྱབས་འགྲོ་ཡིས། །གདོན་དང་མཚོན་སྲུང་བྱེད་པའི་ལུང་བྱང་མེད། །དུས་ངན་འགྲོ་དོན་མི་འོང་གནད་རིག་ནས། །ཡང་གཏེར་བཅོལ་དམ་དམ་ཅན་རྣམས་ལ་གཏད། །ཁྱད་པར་བསྟན་དང་འགྲོ་བའི་དོན་དང་ནི། །མཐོང་ཐོས་དྲན་རེག་སེམས་ཅན་དོན་བསམས་ནས། །ཐུབ་བསྟན་ནོར་བུའི་གླིང་གི་གཙུག་ལག་གི། །ལྡེར་ཚོ་འབུར་སྐུ་རྣམས་ཀྱི་ནང་རྟེན་བཙས། །བྱིན་རླབས་རྟེན་ཀུན་འདི་དག་རྣམས་ལ་རྫོགས། །ཕྱག་མཆོད་འབྲེལ་བ་ཐོགས་རྣམས་འཚེང་ངམ་སྙམ། །རྟེན་ཀུན་ནང་ནས་ཨོ་རྒྱན་སྐུ་ཚབ་གཉིས། །མ་སྦས་གོང་དུ་ལྷ་བཟོར་འདྲ་བཤུས་བཅུག །གཟི་བརྗིད་ཆེ་བས་དངོས་འདྲ་མ་འབྱོན་རུང་། །ཡང་ཚབ་འདི་གཉིས་བྱིན་རླབས་མཆོག་དང་ལྡན། །ཕྱི་རབས་རྣམས་ཀྱི་ལྟད་མོར་བཞག་པ་ཡིན། །དེ་ཚུལ་ལྕགས་ཕོ་
ཁྱི་ལོ་ཧོར་ཟླ་བཞིར། །མི་བརྗེད་ཐོ་ཡིག་ལས་རབ་བདག་གིས་བཀོད། །སྐུ་རྣམས་མཆོད་ལས་འདྲ་སྐུར་དད་པ་མཛོད། །མངྒ་ལཾ།། །། ༈ གུ་རུ་རིན་པོ་ཆེ་རྡོ་རྗེ་དྲག་རྩལ་གྱི་སྐུ་ཚབ་མཐོང་བ་དོན་ལྡན་གྱི་དཀར་ཆག་བཞུགས། གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །བདག་ཉིད་ཆེན་པོ་པདྨ་འབྱུང་ནས་ཀྱིས། །ས་འོག་གཏེར་སྦས་སྐུ་ཚབ་ཡོངས་ཀྱི་ཕུད། །རྒྱུ་བཀོད་ཁྱད་འཕགས་རིན་ཆེན་ཕྲ་བ་ལ། །བདེ་གཤེགས་རིང་བསྲེལ་ཡ་མཚན་ལྡན་པས་གཏམས། །པདྨ་འབྱུང་ནས་རྡོ་རྗེ་དྲག་རྩལ་གྱི། །སྐུ་དངོས་དང་ནི་ཁྱད་པར་མེད་པའི་སྐུ། །ཞལ་མཐོང་ཙམ་གྱིས་འཁོར་བའི་སྐྱེ་རྒྱུན་གཅོད། །བྱིན་རླབས་ཞུས་པ་ཙམ་གྱིས་དབང་བཞི་ཐོབ། །གསོལ་བ་གང་བཏབ་ཡིད་བཞིན་འགྲུབ་པར་འགྱུར། །ཕྱག་སྐོར་བྱས་པས་ནད་གདོན་སྡིག་སྒྲིབ་འདག །ཚོགས་མཆོད་ཕུལ་བས་བསོད་ནམས་ཚོགས་གཉིས་རྫོགས། །འབྲེལ་ཐོགས་འགྲོ་བ་ངན་སོང་སྐྱེ་སྒོ་གཅོད། །གར་བཞུགས་ཡུལ་དེར་དཔའ་བོ་མཁའ་འགྲོ་འདུ། །བཀྲ་ཤིས་དགེ་ལེགས་མཆོག་ཐུན་ཡིད་བཞིན་འགྲུབ། །བདུད་ཚོགས་ལོག་འདྲེན་ཐམས་ཅད་ཁ་
གནོན་འགྱུར། །གར་བཞུགས་ཡུལ་དུ་ནད་མུག་མཚོན་ཁ་ཞི། །ལོ་ལྔའི་བར་དུ་རབ་ཏུ་དགེ་བར་འགྱུར། །པད་འབྱུང་དྲག་ཁྲོས་སེང་གེ་སྒྲ་སྒྲོག་སྐུ། །རྡོ་རྗེ་གདན་དུ་མུ་སྟེགས་ཚར་བཅད་ཅིང་། །པཎ་གྲུབ་ཀུན་གྱིས་མངའ་གསོལ་རབ་གནས་པས། །བྱིན་རླབས་ཡོན་ཏན་ཚད་མེད་ཕུན་སུམ་ཚོགས། །རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་ལ། །བཀའ་བབ་འབྲལ་མེད་བདུད་ཚོགས་གནོན་པའི་བཙས། །ཤིན་ཏུ་གཉན་ཕྱིར་རྟེན་འདིའི་སྲུང་མ་ནི། །བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་ཡིན། །སྐལ་མེད་ལོག་སྤྱོད་བྱེད་པ་དེ་ཡི་ནི། །སྙིང་ཁྲག་འཐུངས་ལ་རྡུལ་ཕྲན་བཞིན་དུ་རློགས། །ས་མ་ཡཱ། །རྒྱ་རྒྱ་རྒྱ། ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་ཆོས་སྡེའོ། །དགེའོ། །མངྒ་ལཾ།། །། ༈ བསྟན་པ་མི་ནུབ་བླ་རྡོ་དང་། །ཚོགས་བསགས་སྒྲིབ་པ་སྦྱང་བའི་རྟེན། །སྣང་བ་མཐའ་ཡས་རྟ་ཁྲིད་ཀྱི། །ཤོག་སེར་བྱུག་པའི་སྣང་མཐའི་སྐུ། །སངས་རྒྱས་གླིང་པའི་ཐུགས་རྗེ་ཆེ། །མཚོ་རྒྱལ་ཕྱག་བྲིས་བོད་ཡིག་མས། །སྐུ་ལ་བྱུགས་པའི་སྤྱན་རས་གཟིགས། །ཉི་གྲགས་ཚེ་སྒྲུབ་
དཀར་པོ་ཡི། །ཤོག་སེར་བྱུགས་པའི་ཚེ་དཔག་མེད། །ལེའུ་བདུན་མའི་ཤོག་སེར་གྱིས། །བྱུགས་པའི་ཨོ་རྒྱན་འཁོར་ལྔ་བཅས། །གུ་རུ་ཆོས་ཀྱི་དབང་ཕྱུག་དང་། །ཀློང་རམས་ཞབས་ཀྱི་གདུང་རུས་དང་། །བསྟན་པའི་རྒྱལ་མཚན་གདུང་རུས་དང་། །དེ་ཡི་མ་རིག་མུན་སེལ་ནི། །ལོ་སྒྲུབ་མཛད་པའི་བུམ་ཆུ་དང་། །ཀརྨ་དབང་ཕྱུག་རྡོ་རྗེ་ཡི། །ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་ཀྱི། །རིལ་བུར་བཅས་པས་བྱུགས་པ་ཡི། །རྡོ་རྗེ་སེམས་དང་སྨན་བླའི་སྐུ། །འདི་ལྟར་ཞལ་ཐང་དྲུག་པོ་འདི། །ཕྲིན་ལས་ང་ཡི་ཐུགས་དམ་རྟེན། །ཕྱི་རབས་མཆོད་བསྟོད་ཕྱག་སྐོར་མཛོད། །འདི་དང་ཕྱི་མའི་བདེ་སྐྱིད་འབྱུང་། །མངྒ་ལཾ།། །། ༈ པདྨ་འབྱུང་གནས་ཀྱི་སྐུ་ཚབ་རིག་འདུས་གུ་རུ་རྡོ་རྗེ་འཆང་གི་དཀར་ཆག་རྡོ་རྗེ་གཡུ་སྒྲོན་གྱི་ལུང་བྱང་བཞུགས། ན་མོ་གུ་རུ། རྡོ་རྗེ་གཡུ་སྒྲོན་བུད་མེད་གཞོན་མཛེས་ལྡན་པ་ལྗང་སེར་དར་དཀར་ཐིག་མའི་གོས། རཏྣ་མང་པོ་དང་མེ་ཏོག་དང་གཡེར་ཁ་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པ་འོད་དུ་ཆགས་པ་ཞིག་གིས་གར་དུ་འཆམས་ཤིང་རྔེའུ་ཆུང་བྲེང་བྲེང་བརྡུངས་ཤིང་ངག་གླུ་དབྱངས་སུ་འདི་སྐད་དོ། །ཨེ་མ་སྐལ་བཟང་ལས་འཕྲོ་བཟང་། །ངོ་མཚར་ཆེ་འོ་ངོ་མཚར་ཆེ། །སྨོན་ལམ་དག་པའི་མིང་སྲིང་གཉིས། །དམ་ཚིག་
གཅིག་པའི་ལས་ཀྱིས་འབྲེལ། །ང་བན་གྱི་རྡོ་རྗེ་གཡུ་སྒྲོན་ཡིན། །བོན་གྱི་ཉི་འོད་འབར་མ་ཡིན། །དབང་བཞི་རྫོགས་པའི་ལྷ་མོ་ཡིན། །ཏིང་འཛིན་ཅན་གྱི་གྲོགས་མོ་ཡིན། །དམ་ཚིག་ཅན་གྱི་སྲུང་མ་ཡིན། །གནས་གཏེར་གཉན་པོའི་བཀའ་སྲུང་ཡིན། །དམ་མེད་བདུད་ཀྱི་སྲོག་གཅོད་ཡིན། །ལེགས་ཉེས་སྟོན་པའི་མེ་ལོང་ཡིན། །མཁའ་ལ་འགྲོ་བའི་མཁའ་འགྲོ་ཡིན། །གསང་མཚན་རྡོ་རྗེ་ཟུ་ལེ་མ། །མཛེས་མ་འཛུམ་མདངས་མུ་ལུ་ལུ། །དར་གྱི་གོས་སྣ་ལྷུབས་སེ་ལྷུབ། །རིན་ཆེན་རྒྱན་ཆ་སིལ་སིལ་འཁྲོལ། །འོད་ཀྱི་འཇའ་ཚོན་ལམས་སེ་ལམ། །གར་གྱི་འགྱིང་འགྲོས་ལྡེམས་སེ་ལྡེམ། །སྙན་པའི་གླུ་དབྱངས་འགྱུར་ཁུག་གསང་། །རྡོ་རྗེའི་བརྡའ་སྐད་འགྲོལ་མེད་ལྕགས། །གསང་བའི་རྔ་ཆུང་བྲེང་བྲེང་སྒྲོག །དེ་སྨན་བཙུན་ང་ཡི་ཆ་ལུགས་ལགས། །ཡང་སྔོན་ཚེ་གུ་རུ་པདྨ་དང་། །ཆོས་རྒྱལ་ཁྲི་སྲོང་འབངས་བཅས་ཀྱིས། །ངོ་མཚར་ཆེ་བའི་རྟེན་མཆོག་རྣམས། །ཕྱི་རབས་འགྲོ་བའི་དོན་དུ་བཞག །ལས་འཕྲོ་ཅན་ལ་གཏད་རྒྱ་བཏབ། །སྐལ་མེད་པོ་ལ་སྦས་རྒྱ་
བཏབ། །དམ་ཅན་ཌཱཀྐིར་གཉེར་དུ་གཏད། །སྙིགས་དུས་དམུ་རྒོད་དྲེགས་པ་ཅན། །སྤྲེའུ་ཚ་མི་ནག་སྡིག་ཅན་གྱིས། །ཆོས་དང་གང་ཟག་མི་འདོད་ལ། །གསང་སྔགས་དམ་ཚིག་གཉན་པོའི་རྫས། །ཉི་ཚེའི་མུ་སྟེགས་སྐྱབས་འགྲོ་རུ། །ནད་མཚོན་བསྲུང་ཕྱིར་ལུས་ལ་འདོགས། །དེ་དམ་རྫས་མི་ནག་སྤྱོད་ཅེས་བྱ། །བྱིན་རླབས་ཡལ་ཞིང་དངོས་གྲུབ་ཟགས། །མཐོང་ཐོས་འབྲེལ་ཐོགས་གྲོལ་བའི་རྫས། །འགྲོ་དོན་འགགས་པས་ངན་འགྲོར་ལྟུང་། །ངེད་ཅག་མཁའ་འགྲོ་དམ་ཅན་ཡང་། །ཁྲོ་ཞིང་འཁྲུགས་པའི་བཀའ་ཆད་འབེབས། །དེ་རང་བཞིན་སྨོས་པའི་འཕྲོས་པ་ཙམ། །ད་ལྟའི་ཨོ་རྒྱན་རྡོ་རྗེ་འཆང་། །རྟེན་མཆོག་མཐོང་གྲོལ་ཆེན་པོ་འདི། །ས་སྟེང་འདི་ན་དཀོན་པའི་ནོར། །ས་འོག་ཀུན་གྱི་གཏེར་ཅིག་མ། །ཁྱོད་ཀྱིས་འབྲལ་མེད་ལུས་ལ་ཆོངས། །ཕྱོགས་མེད་འགྲོ་དོན་ནན་གྱིས་མཛོད། །ལོ་རྒྱུས་ཟུར་ཙམ་འདི་ལྟ་སྟེ། །མ་ཡེངས་ཉོན་ལ་མ་ནོར་ཟུངས། །ཨེ་མ་བོད་ཡུལ་སྦས་པའི་རྟེན་གྱི་མཆོག །པདྨ་འབྱུང་ནས་ཆོས་སྐུའི་ཚབ། །རིག་འདུས་གུ་རུ་རྡོ་རྗེ་འཆང་། །རྒྱུ་ནི་ཛྷཻ་
ཀྵིམ་ཡིད་བཞིན་ནོར། །ནཱ་གརྫུ་ནས་བཟོ་བོ་མཛད། །རྩ་གསུམ་དཀོན་མཆོག་བདག་ཉིད་དུ། །ཨོ་རྒྱན་ཆེན་པོས་རབ་ཏུ་གནས། །བཙད་པོ་ཁྲི་སྲོང་ལྡེའུ་བཙན་དང་། །ལྷ་སྲས་དམ་འཛིན་དད་མཆོད་རྟེན། །རྒྱལ་བ་མཆོག་དབྱངས་སྤྲུལ་སྐུར་གཏད། །རྟེན་འདི་བཞུགས་པའི་ས་ཕྱོགས་སུ། །བཀྲ་ཤིས་ཡོན་ཏན་དཔག་ཏུ་མེད། །གསང་བ་སྔགས་ཀྱི་དངོས་གྲུབ་འབྱུང་། །ཞལ་མཐོང་ཙམ་གྱིས་སྡིག་སྒྲིབ་འདག །ཕྱག་སྐོར་བྱས་རྣམས་སྨོས་ཅི་དགོས། །མཆོད་ཡུལ་ཚོགས་ཆེན་ཡོངས་སུ་རྫོགས། །གསོལ་བཏབ་ཀུན་འགྲུབ་ཡིད་བཞིན་ནོར། །མཐོང་གྲོལ་འབྲེལ་ཚད་དོན་དང་ལྡན། །ཐེ་ཚོམ་མེད་པའི་དད་མོས་གཅེས། །ལས་ཉོན་སྒྲིབ་པ་ཚན་ཆེ་བའི། །སྙིགས་འགྲོ་དམུ་རྒོད་སྣོད་རུང་དཀོན། །ལས་སད་རིགས་ལྡན་སྐྱེས་བུ་ཡིས། །སེམས་བསྐྱེད་མནལ་ལམ་རྒྱ་མ་ཆུང་། །འགྲོ་དོན་མཛོད་ཅིག་སྙིང་ནས་ཞུ། །ཞེས་སོ། །བདག་དཔའ་པོ་ལས་རབ་རང་ལོ་བཅུ་བདུན་ལྕགས་ལུག་ལོར་དབྱར་ཟླ་ར་བའི་ཚེས་བརྒྱད་ཉིན། ཨ་ཁུ་དགེ་སློང་བསོད་ནམས་ཀྱི་ཅོག་པུའི་ནང་དུ་ཉི་ཤར་མནལ་དུ་སོང་བའི་རྨི་ལམ་དུ་ཕ་ཀི་ནས་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲིའི་སྟེང་ན་
རྡོ་རྗེ་འཆང་གྲུ་གང་ཙམ་འོད་ཟེར་དང་གཟི་བརྗིད་འབར་བ་ཞིག་བྱུང་ནས་ཁོ་བོའི་སྙིང་ཁར་ཐིམ་པས་དེ་མ་ཐག་ཉམས་ཀྱི་འོད་གསལ་ཟིན་ཞིང་ཉེ་སྐོར་མི་དང་དུད་འགྲོའི་སྨྲ་ན་གོ་བ་དབང་པོ་ལྔའི་ཚོར་བ་དང་ལྡན་ཞིང་ཉིན་མོ་ལྟ་བུ་ཞིག་བྱུང་། ཡང་དེའི་མུལ་བར་དོའི་འཆར་སྒོ་དང་ཞི་ཁྲོའི་སྣང་བ་ཡང་བྱུང་། དེ་སངས་པ་དང་རྟོགས་པའི་འོད་གསལ་གྱི་ངང་ནས་སད་པའི་སྤྲོ་སིང་ངེ་འདུག་རྗེ་སྐྱབས་མཆོག་དམ་པ་ཉི་སྤྲུལ་ལ་ཞུས་པས་རླུང་དབུ་མར་ཞུགས་པ་འདྲ་གསུངས། དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་ལ་བྱུང་ཚུལ་ཞུས་པས་ཚེ་རབས་ཀྱི་ལས་ལྷ་ཡིན་འདུག་གསུངས། མདོར་ན་དེ་ཕྱིན་ལོ་སུམ་ཅུ་སོ་བཞི་ན་རྟེན་མཆོག་ཨོ་རྒྱན་རྡོ་རྗེ་འཆང་གིས་ཁོ་བོར་བཀའ་བབ་ཏུ་འབྱུང་བའི་སྔ་ལྟས་བརྡ་སྟོན་ཡང་དག་པའོ། །དགེའོ།། །།
ཀུན་མཁྱེན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཞལ་གདམས་ཀྱི་རིམ་པ་ཆོས་དབྱིངས་གན་མཛོད།
༄༅། །ཀུན་མཁྱེན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཞལ་གདམས་ཀྱི་རིམ་པ་ཆོས་དབྱིངས་གན་མཛོད་བཞུགས་སོ། །
ༀ་སྭ་སྟི་དགེ་ལེགས་སུ་གྱུར་ཅིག །ཞི་བ་བརྙེས་ཀྱང་སྲིད་པ་མི་འདོར་ཞིང་། །སྲིད་ན་གནས་ཀྱང་འཁོར་བས་ཀྱང་མི་གོས། །བདག་གི་བླ་མ་མགོན་པོ་སྙིང་རྗེའི་གཏེར། །མཉམ་མེད་པདྨའི་མཚན་ཅན་ཞབས་ལ་འདུད། །སྲིད་ཞིར་མི་གནས་རྗེ་དེའི་ཞལ་གྱི་ལུང་། །རྟག་ཆད་མཐའ་ལས་འདས་པ་རིག་པའི་དོན། །གོལ་སྒྲིབ་ཀུན་བྲལ་གཞི་དབྱིངས་དགོངས་པའི་ངང་། །སེམས་བྲལ་ཡེ་ཤེས་གནད་གདམས་བཤད་ཀྱ ིས་ཉོན། །དད་བརྩོན་ཤེས་རབ་དམ་ཚིག་གཙང་ལྡན་ཞིང་། །སྐྱོ་ཤས་ཆེ་ཞིང་གཏོང་ཕོད་མཆོག་ཏུ་
བཟང་། །བླ་མེད་ཆོས་ལ་ཚད་མེད་མོས་བློ་ཅན། །སྣོད་ལྡན་ཐར་པ་དོན་དུ་གཉེར་བ་གང་། །གནས་ནི་མི་དང་མི་མིན་མི་འཚེ་ཞིང་། །རྣམ་གཡེང་འདུ་འཛི་བྲལ་ཞིང་དབེན་པ་དེར། །སྨིན་གྲོལ་དྲོད་ཐོན་སློབ་དཔོན་ཚད་མ་ལས། །མཉན་པའི་ཆོས་ཚུལ་བདུད་རྩིའི་སྙིང་པོ་ལོངས། །གྲོགས་ནི་ཁོང་ཡངས་བློ་བརྟན་ངང་རྒྱུད་རིང་། །དུག་ལྔ་ཆུང་ཞིང་གསང་ཐུབ་ཆོས་མཐུན་གཅེས། །ཡོ་བྱད་ཟས་གོས་མཐའ་གཉིས་མ་ལྷུང་དང་། །སྒྲུབ་རྫས་ཚོགས་ཆས་གདམས་ངག་ཚང་བར་བསགས། །ཆོས་ནི་བྱ་རྩོལ་ལས་
འཕགས་ཁྱད་པར་ཅན། །ཚེ་ལུས་གཅིག་གིས་སངས་རྒྱས་སར་བགྲོོད་པའི། །ཟབ་དོན་རྫོགས་ཆེན་བཀའ་གཏེར་ཆོས་ཚུལ་ལ། །སྙིང་ནས་ཡིད་ཆེས་དད་པ་རྩེ་གཅིག་བྱ། །འགྲོ་བ་གཞན་གྱི་ལུས་ལ་དཔེར་མཚོན་ན། །མི་ལུས་ཐོབ་པ་ད་ལམ་ཉིན་སྐར་ཙམ། །ཆུད་ཟོས་སྟོང་ལོག་དོན་མེད་བྱར་མི་རུང་། །དལ་འབྱོར་དོན་ཡོད་ཆོས་ལ་རབ་ཏུ་འབུངས། །འདུས་བྱས་མཚན་ཉིད་སྣོད་བཅུད་འགྱུར་ལྡོག་དང་། །འབྱོར་རྒུད་འདུ་འབྲལ་སྐྱོ་ཤས་རང་བཞིན་ཅན། །བདེ་སྡུག་བཟང་ངན་ཡིད་བརྟན་གང་ཡང་མེད། །ད་ནངས་དོ་དགོང་སྐད་ཅིག་ཡུད་རེས་ཀྱང་། །དཔེར་ན་གསོད་སར་ཁྲིད་པའི་དུད་འགྲོ་བཞིན། །འཆི་ལ་ཇེ་ཉེར་འགྲོ་བའི་ཚུལ་ལ་སོམས། །ནད་གདོན་དགྲ་སོགས་འཆི་རྐྱེན་གྲངས་མང་ཞིང་། །ཅིས་ཀྱང་བཤོལ་བའི་ཐབས་མེད་གཅིག་པུར་འགྲོ། །གནམ་ས་འགྲེ་ལྡོག་འཆི་བ་འབྱུང་བའི་དུས། །ཚེ་འདིའི་བྱ་བཞག་རྣམ་པ་མང་པོ་ཀུན། །ཐམས་ཅད་ཤུལ་བསྐྱུར་རང་འཕུང་འགྱོད་པ་ཅན། །དེ་ནས་ཡུད་ཙམ་དལ་ཁོམ་ལོང་མེད་ཀྱིས། །གཏན་མེད་ཕུགས་རྒྱལ་འཆི་ཆོས་
ཁོ་ན་དྲིལ། །ཤི་བས་མི་ཆོག་འཁོར་བར་འཁྱམས་དགོས་ཤིང་། །གཅིག་ནས་གཅིག་བརྒྱུད་ཁོར་ཡུག་གཏིང་མཐའ་མེད། །སྙིང་ནས་བསམ་ན་མྱ་ངན་མཆི་མས་བརྣང་། །འཁོར་བར་མི་འཇིགས་སྙིང་སྲན་ཅན་རྣམས་བརླག །དམྱལ་བར་ཚ་གྲང་ཡི་དྭགས་བཀྲེས་ཤིང་སྐོམ། །དུད་འགྲོ་གླེན་ལྐུགས་མི་རྣམས་སྐྱེ་རྒ་དང་། །ན་འཆི་ལ་སོགས་སྡུག་བསྔལ་གཞན་ཡང་མང་། །ལྷ་མིན་འཐབ་རྩོད་ལྷ་རྣམས་འཆི་འཕོ་ལྟུང་། །སེམས་ཅན་ཁམས་རྣམས་སྡུག་བསྔལ་གནས་དང་རྟེན། །མེ་ཡི་དངོས་པོ་ཆེ་ཆུང་གང་ཡང་རུང་། །རེག་བྱ་ཚ་བ་ལས་ནི་མ་འདས་ལྟར། །འགྲོ་བ་གར་སྐྱེས་སྡུག་བསྔལ་ཁོ་ནར་ཟད། །ཉིན་གཅིག་ཟས་གོས་ཆག་པའི་སྡུག་བསྔལ་ལྟོས། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དམ་སོམས། །ཉིན་གཅིག་འགྲོགས་པའི་གྲོགས་ཀྱི་སྐྱོན་ལ་ལྟོས། །འཁོར་བར་འགྲོགས་དཀའ་ཡུན་རིང་འགྲོགས་པར་སོམས། །སྡིག་པའི་ལས་ཀྱིས་ངན་སོང་གསུམ་དུ་འགྲོ། །དགེ་བའི་ལས་ཀྱིས་མཐོ་རིས་ལྷ་མིར་སྐྱེ། །དེས་ན་དགེ་སྡིག་འཇུག་ལྡོག་མ་ནོར་བར། །
དགེ་ལ་འབད་ཅིང་སྡིག་པ་སྤོང་ལ་བརྩོན། །ངོ་ལྐོག་མེད་པར་ཆོས་ལ་སྙིང་རུས་བྱ། །གྲགས་འདོད་ང་རྒྱལ་རློམ་སེམས་འཛིན་ཞེན་ཆོས། །མ་བརྟགས་གནས་སྐབས་དགེ་བ་ལྟར་སྣང་ཡང་། །ཆོས་ལོག་སྡིག་པར་འཁྱོག་སྲིད་བག་ཟོན་གཟབ། །ཉན་ཐོས་དགེ་བ་མཐོ་རིས་འདོད་པའི་བློ། །འཁོར་བར་འཁོར་བའི་ཕྱིར་ན་སྐྱེས་བུ་ཆུང་། །རང་རྒྱལ་རང་ཉིད་སངས་རྒྱས་ཐོབ་འདོད་བློ། །སེམས་བསྐྱེད་མེད་ཕྱིར་སྐྱེས་བུ་འབྲིང་པོར་ངེས། །བྱང་སེམས་གཞན་ཕན་བློ་སྐྱེད་སྐྱེས་བུ་ཆེ། །འདིར་ཡང་སྔ་འགྱུར་ཐེག་ཆེན་བཞེད་པའི་སྲོལ། །བསམ་སྦྱོར་དག་པའི་བརྩེ་ཆེན་སྙིང་རྗེ་ཡིས། །གཞན་ཕན་སེམས་བསྐྱེད་གཅིག་པུར་གཙོ་དགོས་སོ། །བླ་མ་དཀོན་མཆོག་ཡོན་ཏན་རྣམ་མང་བསམ། །སྲིད་པའི་ཉེས་སེལ་ཐར་པའི་གནས་སྦྱིན་པར། །ཤེས་ཤིང་དགའ་བ་དང་བའི་དད་པ་ཡིན། །དེ་རྗེས་འཇུག་པ་མོས་པའི་དད་པ་དང་། །ཐེ་ཚོམ་མེད་པ་ཡིད་ཆེས་དད་པ་སྟེ། །དད་གསུམ་འབྲལ་མེད་སྐྱོ་ངལ་མེད་པའི་གནད། །དད་པ་ཐར་པར་འདོད་པ་རྣམས་ཀྱི་སྲོག །རྣམ་ཀུན་སྐྱོན་ལ་མི་
བརྟག་ཡོན་ཏན་དྲན། །ད་ནི་ལམ་དུ་འཇུག་པའི་ཚུལ་སྨོས་པ། །འཁོར་བ་མེ་ཡི་ཁྲོད་དང་རལ་གྲིའི་ཚལ། །ཉེས་པ་མང་ལྡན་འདི་ལས་སྐྱོབ་པའི་ཕྱིར། །དཀོན་མཆོག་ཐུགས་རྗེ་ཅན་ལ་སྐྱབས་སུ་འགྲོ། །རྒྱུ་དང་འབྲས་བུའི་སྐྱབས་འགྲོའི་རིམ་པ་དང་། །སྤང་བླང་བསླབ་བྱ་རྣམས་ལ་རྒྱུན་དུ་སྦྱང་། །ཕན་ཡོན་དཀར་ཕྱོགས་ལྷ་ཡིས་སྲུང་བ་དང་། །བགེགས་ཀྱིས་མི་ཚུགས་བྱང་ཆུབ་བགྲོད་པའི་རྨང་། །ནམ་མཁའི་མཐའ་བཞིན་སེམས་ཅན་མཐའ་ཡས་ཤིང་། །གངྒཱའི་བྱེ་སྙེད་སྐྱེ་བ་གྲངས་མེད་བླངས། །ཐོག་མེད་དུས་ནས་ཕ་མར་མ་གྱུར་མེད། །དེ་དག་སྡུག་བསྔལ་ཉེས་པ་ལས་སྒྲོལ་ཕྱིར། །སྨོན་སེམས་ཚད་མེད་བཞི་དང་འཇུག་སེམས་ནི། །རིམ་གཉིས་ལམ་ལ་སྒོ་གསུམ་གོམས་པར་བྱ། །ཕན་ཡོན་རྒྱལ་སྲས་དགེ་བར་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་ཞེས་གསུངས། །ཚོགས་བསགས་མཆོག་གྱུར་ཡན་ལག་བདུན་པ་ནི། །སྒྲིབ་པ་ཀུན་གྱི་གཉེན་པོར་འགྱུར་བ་དང་། །ཕན་ཡོན་ཚད་མེད་བསོད་ནམས་ཚོགས་བསགས་པའི། །འབྲས་
བུ་ཡེ་ཤེས་ཚོགས་གཉིས་རྫོགས་པར་འགྱུར། །སྡིག་ལ་འགྱོད་པ་གཉེན་པོ་སུན་འབྱིན་སྟོབས། །སྤྱི་བོར་རྡོར་སེམས་བསྐྱེད་པ་རྟེན་གྱི་སྟོབས། །ལྷ་སྔགས་བདུད་རྩིས་སྦྱངས་བཀྲུས་ཀུན་སྤྱོད་སྟོབས། །སྒྲིབ་བྲལ་ཕྱིན་ཆད་སྡོམ་པ་སོར་ཆུད་སྟོབས། །ཕན་ཡོན་བཤགས་རྒྱུད་ལ་སོགས་དུ་མ་ནས། །གསུངས་པའི་ཚུལ་རྣམས་ཡིད་ལ་ངེས་པར་བྱ། །སྒྲིབ་པ་དག་ན་རྟོགས་པ་ངང་གིས་འཆར། །པད་འབྱུང་རྒྱལ་བས་གསུངས་ཕྱིར་ནན་ཏན་མཛོད། །སྒྲུབ་པའི་མཎྜལ་དཀོན་མཆོག་རྩ་བ་གསུམ། །མཁའ་དབྱིངས་ཁྱབ་པ་ཙམ་དུ་རབ་ཏུ་སྒོམས། །མཆོད་པའི་མཎྜལ་རིན་ཆེན་འབྲུ་སྨན་སོགས། །ཡོ་བྱད་རྒྱ་ཆེན་འབྱོར་བཞིན་བསོད་ནམས་ཆེ། །མ་འབྱོར་པ་རྣམས་ཡིད་ཀྱིས་མང་དུ་སྤྲུལ། །རང་གིས་བདག་བཟུང་སྒོ་གསུམ་བུ་ནོར་བཅས། །བདག་ཏུ་མ་བཟུང་ལྷ་མིའི་དཔལ་འབྱོར་སྟོབས། །འབུལ་བ་དེ་ནི་སྤྲུལ་སྐུའི་མཎྜལ་ཡིན། །འོག་མིན་ཞིང་བཀོད་འབུལ་ལོ་ལོངས་སྐུ་དང་། །ཏིང་འཛིན་དོན་དམ་མཆོད་པ་ཆོས་སྐུའོ། །ཕན་ཡོན་ཡང་དག་རྫོགས་པའི་སངས་རྒྱས་དྲུང་། །
བྱིས་པ་ཞིག་གིས་ས་ཕུལ་བསོད་ནམས་ཀྱིས། །མགོན་མེད་ཟས་སྦྱིན་གྱུར་ན་གཞན་ཅི་སྨོས། །ཇི་སྙེད་བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་བར་བཤད། །དཀོན་མཆོག་ཀུན་འདུས་ངོ་བོ་བླ་མ་དེ། །མུན་སེལ་སྒྲོན་མེ་ནད་འཇོམས་བདུད་རྩིར་མཚུངས། །གསང་སྔགས་བླ་མེད་སུ་དག་སྒོམ་བྱེད་པ། །དེས་ན་བླ་མའི་རྣམ་ཐར་མཆོག་ཏུ་བཟང་། །རྣམ་ཐར་དྲན་བཞིན་དད་པས་ཡིད་དྲངས་ནས། །རང་ལུས་ཡིད་དམ་སྤྱི་བོར་རྩ་བ་ཡི། །བླ་མ་ནས་བཟུང་རིམ་པར་ཐོ་བརྩེགས་བསྒོམ། །མཐའ་སྐོར་སྐྱབས་གནས་ཀུན་གྱིས་བསྐོར་བར་དམིགས། །ཁྱེད་ཤེས་བློ་བཀོལ་འདོད་དོན་གསོལ་བ་འདེབས། །དད་བརྩོན་ངར་བཏབ་གདུང་ཤུགས་མཆི་མ་ཕྱུང་། །འོ་དོད་ལམ་ནས་སྙན་འགྱུར་གདངས་ཀྱིས་བསྐུལ། །ཐུན་མཐར་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ། །མ་དག་དུག་ཅན་དམན་པ་སོགས་མིན་པར། །འཁོར་གསུམ་རྣམ་དག་བསྔོ་སྨོན་རྒྱས་གདབ་བྱ། །དམ་ཚིག་ཉོན་མོངས་རང་ག་ཐ་མལ་སྟེ། །སྤོང་བ་ཉན་རང་སྦྱོང་བ་
བྱང་སེམས་རང་། །ལམ་དུ་བསྒྱུར་བ་སྔགས་ལས་གསལ་ལྟར་དང་། །ཁྱད་པར་དངོས་གྲུབ་རྩ་བ་བླ་མ་ཡིས། །ཅི་མཛད་ལེགས་དང་ཅི་གསུངས་ཚད་མ་སོགས། །དམ་ཚིག་རྣམ་བཤད་གཞན་ལྟར་འབད་པས་གཟུང་། །ཕན་ཡོན་ཉམས་རྟོགས་ཁྱད་པར་ཅན་འཆར་ཞིང་། །མཆོག་ཐུན་དངོས་གྲུབ་བྱིན་རླབས་ཚད་མེད་འཇུག །ཇི་སྲིད་སངས་རྒྱས་གོ་འཕང་བརྙེས་ཀྱི་བར། །བསྒྲུབ་བྱའི་གཙོ་བོ་བླ་མའི་རྣལ་འབྱོར་གཅེས། །དེ་མིན་རྒྱུ་འབྲས་ཐེག་པ་ཕལ་ཆེར་དང་། །མཐུན་ཕྱིར་ཐུན་མོང་སྔོན་འགྲོ་ཞེས་སུ་གྲགས། །འདི་ཡང་རྒྱས་པར་སྤྲོས་པས་ཆོག་མོད་ཀྱང་། །འོན་ཀྱང་ཡི་གེར་མང་དོགས་ཉུང་ཤས་ཙམ། །ཐུན་མོང་མིན་པའི་རྫོགས་ཆེན་ཁྱད་པར་གྱི། །ལུས་ཀྱི་སྔོན་འགྲོ་དབེན་པའི་གནས་སོང་ལ། །གཞི་བདག་གཏོར་མ་བྱིན་ལ་བཀའ་བསྒོ་བྱ། །འགྲོ་དོན་སེམས་བསྐྱེད་རུ་ཤན་དབྱེ་སྙམ་པས། །རང་ལུས་རྡོ་རྗེ་རྩེ་ལྔ་མེ་འབར་ཞིང་། །ཚྭ་ཚྭ་འཕྲོ་བའི་སྟེང་ཕྱོགས་བླ་བརྒྱུད་བསྒོམ། །གསོལ་གཏབ་འོད་ཞུ་རང་བསྟིམ་མི་དམིགས་བཞག །སྒོ་གསུམ་འཁོར་འདས་སྤྱོད་པ་སོ་
སོར་སྦྱངས། །དེ་ནས་སྒོ་གསུམ་ཆུན་དྲིལ་གནད་ཀྱིས་སྦྱོང་། །དགོས་པ་སྒྲིབ་དག་བར་ཆད་སེལ་བ་དང་། །མངོན་ཞེན་བཟློག་ཅིང་རྡོ་རྗེ་གསུམ་སངས་རྒྱས། །སྒྲིབ་སྦྱོང་ལུས་གནད་རིགས་དྲུག་ས་བོན་བཀོད། །འབྲུ་གསུམ་ཡེ་ཤེས་མེས་བསྲེགས་འདག་པར་བསྒོམ། །ༀ་ཨཱཿཧཱུྃ་གི་བཟླས་པ་འབུམ་བདུན་བསྐྱལ། །འདི་ཡི་དགོས་ཆེད་གང་དང་མཚུངས་པ་ཡིན། །དེ་ནས་རྡོ་རྗེའི་འདུག་སྟངས་རྐང་མཐིལ་སྤྲད། །སྤྱི་བོར་ཐལ་སྦྱར་རྡོ་རྗེ་རྩེ་ལྔ་པ། །ཆེན་པོ་མེ་འབར་གཅིག་ཏུ་བསྒོམ་པར་བྱ། །ལུས་ནི་ཁང་རུལ་ཞིག་འདྲ་ཁོར་བུར་ན། །དྲོད་སྐྱེ་མི་རྟོག་སྐྱེ་བ་འབྱོངས་པའི་ཚད། །དགོས་པ་སྒྲིབ་དག་བར་ཆད་ཞི་བ་དང་། །ལུས་ཀྱི་མངོན་ཞེན་འཁོར་བར་མི་ལྡོོག་ཅིང་། སྤྲུལ་པའི་སྐུ་ཐོབ་རྡོ་རྗེའི་སྐུ་ཀློང་འདའ། །སྔོན་འགྲོ་གང་ཡང་མྱོང་བ་ཐོན་པར་བསྐྱར། །ངག་གི་སྔོན་འགྲོ་རླུང་སེམས་ཧཱུྃ་བསྲེས་དབྱངས། །ཕྱི་ནང་གང་བར་དམིགས་པས་རྒྱས་གདབ་སྟེ། །ཕྱི་ནང་ཧཱུྃ་གིས་གང་སྙམ་འབྱོངས་པའི་ཚད། །དགོས་པ་སྣང་ལ་རང་བཞིན་མེད་པར་
འགྱུར། །ཕྱི་ནང་ཧཱུྃ་གིས་ཟང་ཐལ་ཕུག་པར་དམིགས། །ཧཱུྃ་དབྱངས་དྲག་ངར་བཟླ་བ་རྩལ་སྦྱངས་ཏེ། །ལུས་བདེ་ཉམས་ལ་སྣང་སྟོང་ཉམས་སྐྱེ་ཚད། །དགོས་པ་ཕྱི་ནང་གདོས་བཅས་འོད་སྐུར་དེངས། །ཤིང་རིང་དྲུང་ངམ་ཤིང་རིང་བཙུགས་པ་ལ། །ཧཱུྃ་གིས་བ་ཐག་འཆིང་གྲོལ་མཉེན་བཙལ་ཏེ། །ཧཱུྃ་བཟླ་གར་གཏད་ཤེས་པ་སྡོད་པ་ཚད། །དགོས་པ་དམིགས་པ་གར་གཏད་བསྒྱུར་དུ་བཏུབ། །ཧཱུྃ་ནི་སྲིན་འགྲོས་ཚུལ་གྱིས་ལ་ལུང་བརྒལ། །མི་མངོན་བར་དུ་སོང་དམིགས་ལམ་ཞུགས་ཏེ། །ཧཱུྃ་བཟླས་དགའ་དང་སྐྱོ་བ་སྐྱེ་བ་ཚད། །དགོས་པ་སྒོ་གསུམ་ལམ་དུ་ཚུད་པར་འགྱུར། །སེམས་ཀྱི་སྔོན་འགྲོ་དང་པོ་རྩད་གཅོད་པས། །འཁོར་འདས་བྱེད་པོ་བདེ་སྡུག་འདོར་ལེན་མཁན། །སྒོ་གསུམ་གང་ཡིན་བརྟགས་པའི་སེམས་གཙོ་བར། །ཤེས་ནས་རྐུན་མ་ངོས་ཟིན་ལྟ་བུ་ཡིན། །མཚང་བཙལ་ལུས་ངག་ཡིད་དང་གསུམ་པོ་འདི། །གཅིག་དང་སོ་སོ་གང་ཡིན་བརྟག་པར་བྱ། །དེ་ལྟར་གཟུགས་སྒྲ་དྲི་རོ་རེག་བྱ་དང་། །སྤང་བླང་བྱུང་ཚོར་མཁན་པོ་སེམས་འདི་ཡིན། །བརྟགས་པས་དེ་
རྣམས་ཚིག་གིས་མི་མཚོན་ཞིང་། །གཅིག་དང་སོ་སོའི་མཐའ་དང་བྲལ་བ་ན། །གཉིས་ཆོས་ཀུན་ཟད་དགག་སྒྲུབ་དག་པའི་ངང་། །གནས་ལུགས་བརྟགས་པས་སེམས་ཞེས་བྱ་བ་འདིའི། །ཕྱི་ནང་བར་གསུམ་དངོས་པོ་ཆེ་ཕྲ་དང་། །སེམས་ལས་བྱུང་ངམ་སྐད་ཅིག་ཆ་ལས་བྱུང་། །དེ་ནས་ཕྱི་ནང་བར་གསུམ་གང་དུ་གནས། །གང་དུ་འཕྲོ་སོགས་བརྟགས་ཤིང་དཔྱད་པ་ཡིས། །འདི་ཞེས་ཚིག་དང་བརྡ་ཡིས་མི་མཚོན་ཞིང་། །ཁ་དོག་དབྱིབས་དང་ངོ་བོ་ངེས་བཟུང་བྲལ། །བརྗོད་མེད་རང་གསལ་རྟོགས་པ་ཁོ་ན་འཆར། །སྟོང་གསལ་ཆོས་སྐུའི་ངོ་སྤྲོད་འདི་དུས་གནད། །ཐུན་མོང་མ་ཡིན་སྔོན་འགྲོ་དེ་རྣམས་ཀྱིས། །སྒོ་གསུམ་སྒྲིབ་འདག་སྒོ་གསུམ་ཞེན་པ་ལྡོག །འཁོར་བར་མི་འཇུག་རྡོ་རྗེ་གསུམ་དུ་གྲོལ། །དེ་ཕྱིར་མྱོང་བ་ཐོན་པར་བསྐྱར་ཞིང་སྦྱང་། །རྣལ་དུ་དབབ་པ་ལུས་ངག་ཡིད་གསུམ་པོ། །མི་འགུལ་མི་སྨྲ་མི་གཡོ་རང་བབས་ཉལ། །རྩ་རླུང་མི་འཁྲུགས་ནད་མེད་བདེ་སྙམ་སྐྱེ། །ཏིང་འཛིན་རང་བབས་སྒོ་གསུམ་འཛིན་པ་ཁྲོལ། །ཀྱེ་ཧོ། ཡེ་ཤེས་རྒྱལ་
པོ་སྨྲ་བསམ་སྤྲོས་བྲལ་བ། །ཆེ་ཆུང་ཡངས་དོག་ཕྱོགས་ལྷུང་ཀུན་ལས་འདས། །འགྲོ་འོང་ངོས་བཟུང་ཡིན་མིན་མཚན་མ་བྲལ། །ཕྱི་དང་ནང་མེད་མཐའ་དབུས་མུ་མཐའ་མེད། །དགེ་སྡིག་སྤང་བླང་སྐྱོན་ཡོན་ཐོབ་ཤོར་མེད། །ངང་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །བསྒྲུབ་བྱའི་སངས་རྒྱས་གཞན་ནས་བཙལ་དུ་མེད། །ངོ་བོ་སྐྱོན་བྲལ་རང་བྱུང་ཡེ་ཤེས་ལ། །གློ་བུར་ཀུན་རྟོག་འཁོར་བའི་ཉེས་སྐྱོན་མེད། །དགེ་སྡིག་སྤང་བླང་རྩོལ་སྒྲུབ་འཆིང་ཞེས་ཆོས། །ཚོགས་ཆེ་བུལ་ཆུང་བྱིས་བློའི་རྩེད་མོའི་ཆོས། །འཁྲུལ་བའི་འཁྲུལ་བ་ཨ་འཐས་གད་མོ་འཆོར། །ཐེག་རིམ་རྩོལ་བཅས་ཀུན་རྫོབ་མཚན་མའི་དགེ། །འགྲོ་བའི་ལས་ཉོན་མ་རིག་རྟོག་པ་ཅན། །ཐམས་ཅད་རོ་མཉམ་སེམས་འཁྲུལ་གཟུང་འཛིན་ཏེ། །གདོད་མའི་གཞི་དབྱིངས་སྤྲོས་བྲལ་དོན་དང་འགལ། །ཡེ་ཤེས་སྤྲོས་བྲལ་བརྗོད་མེད་རང་གསལ་ཆེ། །བལྟས་པས་མི་མཐོང་བརྗོད་པའི་ཚིག་རྣམས་ཟད། །འཁྲུལ་རྟོག་སེམས་མེད་ཡངས་སོ་རྒྱ་ཆེའོ། །འདི་ཉིད་ཀུན་བཟང་དགོངས་པའི་བབས་ཡིན་ནོ། །ལྷར་བཟུང་འདྲེར་བཟུང་
འཁྲུལ་བཟུང་གྲོལ་བར་བཟུང་། །བཟང་བཟུང་ངན་བཟུང་རྩོལ་སྒྲུབ་རེ་དོགས་བཟུང་། །མྱ་ངན་འདས་བཟུང་འཁོར་བ་དགེ་སྡིག་བཟུང་། །ཉམས་རྟོགས་ས་མཚམས་རིམ་བགྲོད་མིང་བཏགས་ཅན། །བདེ་སྡུག་ཡིན་མིན་ཕྱོགས་ལྷུང་མང་པོ་ཀུན། །སེམས་ཅན་ཁམས་ཡིན་སེམས་བྱུང་འཁྲུལ་བ་ཡིན། །གང་ཤར་སྤང་བླང་མེད་པར་བབས་ཀྱིས་ཞོག །བློ་བྲལ་རང་གསལ་རྒྱ་ཡན་ཁོང་ནས་འཆར། །ཐེ་ཚོམ་བྲལ་བའི་ངེས་ཤེས་རང་ལ་རྙེད། །ཀུན་བཟང་དགོངས་པའི་ཀློང་དུ་བློ་བདེའོ། །མཉམ་བཞག་དུས་ན་བློ་བྲལ་རྗེན་ནེ་བ། །རྗེས་ཐོབ་དུས་ན་གཏད་མེད་བུན་ནེ་བ། །འཁོར་འདས་ཐམས་ཅད་སྒྱུ་མའི་ལྟད་མོ་འདྲ། །བདེ་གསལ་མི་རྟོག་མཚན་འཛིན་ཞེན་པ་ཞིག །བྱིང་རྒོད་ཐེ་ཚོམ་གོལ་སྒྲིབ་དོགས་པ་ཆོད། །ཤར་གྲོལ་རེས་མེད་བསྒོམ་བྱའི་གཉེན་པོ་བྲལ། །མཉམ་རྗེས་ཁོར་ཡུག་ཆེད་དུ་བཅོས་བསྒྱུར་མེད། །ཤུགས་འབྱུང་ཡངས་པ་བི་མའི་སྙིང་ཁྲག་ཐོབ། །སངས་རྒྱས་རང་རྙེད་འབྲས་བུ་མངོན་སངས་རྒྱས། །བཀྲུས་པས་མི་འདག་སྒྲུབ་པས་
མི་འགྲུབ་སྟེ། །བསྐུར་བས་མི་ཐོབ་བྱས་པས་མི་འབྱུང་བས། །ཡེ་ཤེས་སྨྲ་བསམ་བརྗོད་མེད་འདི་རྟོགས་པ། །འཁོར་བར་མི་འཇུག་གྲོང་ཁྱེར་རྒྱུན་གཅོད་ཡིན། །རྩོལ་སྒྲུབ་མཚན་འཛིན་ཅན་རྣམས་མི་མགུ་ཡང་། །གཏད་མེད་སྨྱོན་པས་ཆོས་དབྱིངས་དགོངས་པའི་གླུ། །སངས་རྒྱས་རང་ལ་རྙེད་པའི་ངར་འདོག་ཕྱིར། །བྱ་བྲལ་རྣལ་འབྱོར་སྨྱོན་པས་ངག་ཏུ་བླངས། །ཕྱོགས་བྲལ་ཡངས་པ་ཆེན་པོ་ལྟ་བའི་བབ། །ཡེངས་མེད་རང་ངོ་རང་གསལ་སྒོམ་པའི་བབ། །དགོངས་པ་རྒྱུན་ཆགས་འབྲལ་མེད་སྤྱོད་པའི་བབ། །རེ་དོགས་མེད་པའི་སར་ཕྱིན་འབྲས་བུའི་བབ། །བརྗོད་མེད་མངོན་གསུམ་རྗེན་པར་ལྟ་བའི་གདེང་། །ཤར་གྲོལ་རིས་མེད་དག་པ་སྒོམ་པའི་གདེང་། །ཤུགས་འབྱུང་གཟའ་གཏད་མེད་པ་སྤྱོད་པའི་གདེང་། །སྤྲོས་བྲལ་འཕོ་འགྱུར་མེད་པ་འབྲས་བུའི་གདེང་། །རང་བྱུང་ལྟ་བ་གཤིས་ཐོག་གནས་པ་ལ། །ཡིད་དཔྱོད་འཆིང་བའི་ལྟ་བ་དགོད་རེ་བྲོ། །བཏང་བཞག་དབྱེ་གསལ་མེད་པའི་ཆོས་ཉིད་ལ། །ཕྱོགས་རིས་མཚན་མར་འཛིན་པ་མཚང་རེ་ཆེ། །སེམས་རྩལ་འཕྲོ་
རྟོག་རང་བཞག་རང་ཐིམ་ལ། །གཉེན་པོས་རྩོལ་སྒྲུབ་བྱེད་པ་རྨོངས་པའི་ལམ། །སྒོམ་མེད་ཡེངས་མེད་རྟོག་མེད་ཆེན་པོ་ལ། །སྒོམ་བློས་ཆེད་དུ་དམིགས་པ་སྒྲིབ་པའི་རྒྱུ། །ཡེ་ནས་སངས་རྒྱས་ངང་དུ་གནས་པ་ལ། །མཐོ་དམན་རིམ་བགྲོད་བརྩི་བ་བྱིས་པའི་བློ། །ཉམས་ཡངས་བློ་བདེ་ཐེ་ཚོམ་ཆོད་པའི་ངང་། །སེམས་རླུང་གཞི་ཐིམ་ཀ་དག་འཕོ་འགྱུར་བྲལ། །བཅོས་བསླད་སྤྲོ་བསྡུས་འཇུར་བུས་མ་སྦགས་པར། །གང་བྱུང་གང་བབས་གུ་ཡངས་ཕྱམ་བརྡལ་བ། །སྟོང་གསལ་གཡོ་བ་མེད་པའི་ཆོས་སྐུར་མནལ། །ཐེག་དགུའི་རྩེ་མོའི་གསང་ཚིག་འདི་ཡིན་ནོ། །རང་ཉིད་ཀུན་བཟང་བགྲོད་མེད་གདེང་འདི་ལ། །སྣ་ཚོགས་ནམ་མཁར་སྐར་ལྟར་སྤྲོས་འཇལ་ལ། །དགའ་དང་ཞེན་པ་དེ་ལ་རྡུལ་ཙམ་མེད། །འདྲེ་བདུད་དམག་དཔུང་སྡུག་བསྔལ་མཚོ་རྡོལ་ཡང་། །རྨི་ལམ་ཙམ་ལས་ཡངས་དོག་སྐྱོ་ངལ་མེད། །བཀའ་དང་བསྟན་བཅོས་གཞུང་ལུགས་ཚད་མའི་ཚུལ། །དབུ་ཕྱག་སྔགས་རིམ་གྲུབ་མཐའ་ཐམས་ཅད་ཀུན། །བྱིས་པའི་རྩེད་མོར་མཐོང་བའི་
གནད་གཟིར་བ། །པད་འབྱུང་སངས་རྒྱས་གཉིས་པའི་སྲོག་ཕུར་མཆོག །བླ་མའི་དྲིན་དང་རང་གི་སྨོན་ལམ་གྱིས། །ས་ལམ་དུས་གཅིག་རླབས་ཀྱིས་ཆོད་པའི་དོན། །དུས་མིན་བབ་བཅོལ་གླེང་བའི་སྐབས་མིན་ཡང་། །ལས་ལྡན་འདུས་པའི་ཚལ་དུ་སྤྲོ་བས་སྨྲ། །དགེ་བས་འགྲོ་ཀུན་འཁྲུལ་རྟོག་སེམས་ཞི་ནས། །གཞི་དབྱིངས་སྤྲོས་བྲལ་དགོངས་པའི་ཀློང་ཐིམ་པ། །མ་བཅོས་བྱར་མེད་ཀུན་བཟང་ཡངས་པ་ཆེ། །བགྲེས་རྒུད་བྲལ་བ་རྡོ་རྗེའི་སྐུ་ཐོབ་ཤོག །རི་རབ་རྩེ་ནས་རི་ཕྲན་མཐོང་བའི་དཔེས། །ཆོས་ཀུན་འབྲས་བུ་གཅིག་ཏུ་འགག་བསྡོམས་པའི། །དགེ་འདིས་ཉམ་ཐག་མ་རིག་རྨོངས་པའི་འགྲོ། །གཞན་མིན་རང་རིག་ཡེ་ཤེས་མཐོང་གྱུར་ཅིག །ཅེས་པ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པའི་གནད་གདམས་པ། འདི་ཉིད་དགེ་བསྐོས་པདྨ་བསྟན་དར་གྱིས་བསྐུལ་བ་ལ་བརྟེན་ནས་རྔ་ཡབ་གླིང་པ་རྣམ་གྲོལ་ངེས་པའི་སྡེའི་ཆོས་གྲྭར་ཕྲིན་ལས་བསྟན་དར་གྱིས་སྦྱར་བས་ཡི་གེ་པ་ནི་གསང་སྔགས་ཆོས་ལྡན་ནོ། །སརྦ་མངྒ་ལཾ།། །། ༈ རྗེ་བཙུན་སྐྱབས་ཀུན་ངོ་བོ་རྡོ་རྗེ་འཆང་། །པདྨའི་མཚན་འཛིན་མཚུངས་མེད་བཀའ་དྲིན་ཅན། །མི་ཕྱེད་དད་པས་སྙིང་ནས་གསོལ་འདེབས་
ཀྱིས། །བདག་དང་བདག་ལ་ལྟོས་བཅས་སློབ་མ་ལ། །མགོན་ཁྱོད་བརྩེ་བས་འབྲལ་མེད་ཐུགས་རྗེས་གཟིགས། །སྐྱོན་མཐོང་ལྷག་པར་དད་པས་ཉམས་ལེན་མཛོད། །འཁོར་བ་སྡུག་བསྔལ་ཤེས་པའི་ཞེན་ལོག་མཛོད། །བདེ་སྦྱོར་མཐོང་བཞིན་ལྷག་པར་དགོས་མེད་མཛོད། །སེམས་ཅན་ཕ་མར་ཤེས་པའི་སྙིང་རྗེ་མཛོད། །སྡང་མཐོང་ལྷག་པར་བྱམས་པས་བརྩེ་བར་མཛོད། །རང་སེམས་སངས་རྒྱས་ཤེས་པའི་ཉམས་ལེན་མཛོད། །སྐྱིད་སྡུག་གང་བྱུང་ལྷག་པར་ལམ་ཁྱེར་མཛོད། །སེམས་ཉིད་བཙལ་བས་མི་རྙེད་སྟོང་པ་ཉིད། །ཧ་ཆད་སྟོང་མིན་རང་གསལ་བརྗོད་དུ་མེད། །འདི་ལ་ལྟ་བ་ཞེས་སུ་བཏགས་པ་ཡིན། །རང་བབས་སྒོམ་མེད་འདི་གའི་ངང་གནས་པ། །འདི་ལ་སྒོམ་པ་ཞེས་སུ་བཏགས་པ་ཡིན། །སྤྱོད་ལམ་ཐམས་ཅད་འདི་དང་མི་འབྲལ་དུས། །འདི་ལ་སྤྱོད་པའི་མིང་དུ་བཏགས་པ་ཡིན། །ཡིད་སྨོན་བྲལ་བའི་དོན་ལ་གནས་པའི་དུས། །འབྲས་བུའི་མཐར་ཐུག་བྱས་པ་ཡིན་ནོ་སྙམ། །རང་སེམས་འགྱོད་པ་མེད་པ་དམ་ཚིག་ཚད། །
འཁོར་འདས་རྫུན་དུ་ཤེས་པ་དོན་དམ་ཚད། །གང་བྱས་སྐྱོན་དུ་མཐོང་བ་མཁས་པའི་ཚད། །བཟང་འདོད་ཀུན་བྲལ་འཁྲུལ་བ་ཞིག་པའི་ཚད། །ཚད་བཞི་སྨྱོན་པ་ང་འདྲའི་ཆོས་སྐད་ཆེ། །ཆོས་མཛད་མཁན་པོས་ཐུགས་ཀྱི་ལོས་ཀྱང་ཁྲེལ། །འོན་ཀྱང་རང་ཉིད་སྐྱོན་དང་ལྡན་བཞིན་དུ། །མི་སྦེད་གཞན་ལ་འདོམས་པའི་ངག་འཆལ་ལ། །ཆོས་མཐུན་གྲོགས་རྣམས་ལྷག་པར་བཞད་གད་རྒྱུ། །ཚེ་འདིར་ཁས་འཆེས་རྣམ་གཡེང་ཆོས་བརྒྱད་མཁན། །སྤྲེའུའི་རྩེད་མོ་ལྟ་བུ་འདི་མཐོང་ནས། །ཆོས་མེད་སྤྲང་པོ་ང་ཡང་སྙིང་ནས་སྐྱོ། །ཆོས་རྗེ་བཤེས་གཉེན་འདི་ལ་ཅིས་མི་འཇིགས། །ཚེ་འདིའི་དབང་སོང་མཁས་མཁས་གྲུབ་གྲུབ་རྣམས། །འཕྱ་ཡང་སྲིད་དེ་རང་སེམས་སྣང་མེད་བཏང་། །ཉམས་ལེན་ཤི་རྒས་གཉིས་ལ་གཏུགས་ཤིག་ཀྱེ། །སྙིང་ནས་ཞུའོ་ཐུགས་ལ་བཅགས་པར་ཞུ། །ཞེས་དགེ་སློང་ཆོས་སྤྱོད་ཡང་དག་ལྡན་པ་སངས་རྒྱས་བཟང་པོ་ལ་ཕྲིན་ལས་ཀྱིས་ཕུལ་བ་དགེའོ།། །། ༈ དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས། །ཆོས་རྗེ་དམ་པ་བླ་མའི་ཞབས་ལ་འདུད། །རང་ཅག་དཔོན་སློབ་ལོ་ཤས་འགྲོགས་ནས་
སུ། །སྨོན་ལམ་ཆོས་ཀྱིས་འབྲེལ་བ་ཤིན་ཏུ་ལེགས། །རྣམ་ཀུན་མཉམ་མེད་བླ་མར་གསོལ་འདེབས་དང་། །འགྲོ་ལ་བརྩེ་བའི་སྙིང་བརྩེ་ལྡན་པ་དང་། །རྒྱུ་འབྲས་སྤང་བླང་ཞིབ་མོར་སྤྱོད་པ་དང་། །མི་རྟག་འཆི་བས་རྒྱུད་བསྐུལ་བློ་སྣ་བསྟུང་། །ཉམས་ལེན་མཐར་ཐུག་རྫོགས་པ་ཆེན་པོའི་ཚུལ། །རང་གི་རྒྱུད་ལ་ངེས་པར་འདྲེས་པར་གྱིས། །དོན་ཆེན་འགག་ལ་ཐུག་པའི་དུས་གཅིག་ལ། །ཟབ་དོན་བླ་མའི་གདམས་ངག་མ་བརྗེད་དགོས། །བདག་འདྲ་རྣམ་གཡེང་ཁོལ་པོར་མི་ཚེ་ཟད། །དེང་ཕན་ཀེག་སྲི་ཆེ་བར་ཐག་ཆོད་པས། །ངེས་མེད་གནས་སུ་ནང་དོན་སྒྲུབ་ལ་སྤྲོ། །ཚིག་འཕྲོས་སྙིང་གཏམ་ཐ་མ་ཕུལ་བ་ལགས། །ཞེས་སྐུ་ཞབས་རྣམ་རྒྱལ་གྲྭ་ཚང་གི་མཆོད་དཔོན་ལས་འཛིན་པ་སངས་རྒྱས་བཟང་པོ་ལ་རྨོངས་རྒན་ཕྲིན་ལས་བསྟན་དར་གྱིས་ཕུལ་བའོ།། །། ༈ ཆོས་འཕེལ་དར་རྒྱས་ལ་ཕུལ་བ། སྤྱོད་ལམ་རྣམ་བཞི་ལྟ་བས་ཟིན་པ་དང་། །ན་ཟུག་རྐྱེན་སྣང་ལྟ་བས་སླེབས་པ་དང་། །མཚན་སྣང་གཉིད་དང་འོད་གསལ་འདྲེས་པ་སོགས། །མཚུངས་མེད་བླ་མའི་བྱིན་རླབས་ཞུགས་པ་དང་། །ཉམས་ལེན་རྩེ་གཅིག་
བརྩོན་པའི་རྟགས་སུ་ངེས། །ད་ཡང་འདི་བཞིན་ཐུགས་ལ་བཅག་པར་ཞུ། །ངེས་འབྱུང་སྐྱོ་ཤས་དད་པས་ཡུན་རིང་བསྟེན། །བླ་མའི་རྣལ་འབྱོར་ཐུགས་ཡིད་གནད་ཀྱིས་བསྲེ། །བཟང་པོའི་ཡོན་ཏན་ངན་པའི་སྐྱོན་ལ་སོགས། །གང་བྱུང་རོ་སྙོམས་ལྟ་བའི་ངང་དུ་ཁྱེར། །ཐུགས་རྗེའི་ཀུན་སློང་བསྔོ་སྨོན་རྒྱས་འདེབས་སོགས། །ཐེག་ཆེན་ལམ་རིམ་ཇི་བཞིན་ཉམས་ལེན་མཛོད། །དེ་ལྟར་རྣམ་གཡེང་མཁན་གྱིས་མུ་ཅོར་གདམས། །ཆོས་མཛད་དགེ་བའི་བློ་ལྡན་དམ་པར་ཕུལ། །དགེའོ།། །། ༈ རྒྱ་རོང་དགོན་དཔལ་ལྡན་རྒྱ་མཚོས་རྟོགས་འབུལ་ཕུལ་བ། འགྲོ་བའི་བླ་མ་མཆོག་གི་ཞབས་དྲུང་དུ། །སྤྲང་པོ་བདག་གིས་ཉམས་ལེན་སྐད་ཆ་ཞུ། །འདི་ལྟར་འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི། །ཆོས་ཀུན་རང་སེམས་ཁོང་ནས་རོལ་རྩལ་ལ། །གཞན་དུ་གྲུབ་པ་རྡུལ་ཙམ་མེད་པར་གོ། །དེ་ལྟར་གོ་ཞིང་ཡང་ཡང་དཔྱད་པ་ཡིས། །སེམས་བྲལ་འཁྲུལ་བར་སོང་བའི་ངོ་བོ་ཉིད། །རང་བྱུང་རིག་པ་གདོད་ནས་གཞི་རྩ་བྲལ། །འདི་ཞེས་མཚན་མའི་ཡུལ་ཀུན་ལས་འདས་པའི། །དམིགས་མཐའ་བྲལ་བས་གཟའ་
གཏད་མེད་པ་རུ། །སྒོམ་བློའི་སེམས་བོར་རང་བབས་གཤིས་དེ་རུ། །རང་ངང་བཞག་པས་རྟོག་པའི་གཟེབ་རྣམས་ཀུན། །རང་ཡལ་རྗེས་མེད་ཆུ་ཡི་གཉེར་མ་འམ། །རང་གྲོལ་སོང་བ་སྦྲུལ་མདུད་དཔེ་ལྟར་ལགས། །ཀ་དག་འོད་གསལ་རྡོ་རྗེ་རྩེ་མོ་ཞེས། །གཞན་ལ་མ་གྲགས་གསང་ལམ་རྨད་པོ་ཆེའི། །སྒྲོན་མ་བཞི་རུ་ཅུང་ཟད་ཉམས་བླངས་ཚེ། །དབྱིངས་སྣང་ཐིག་ལེ་ཐིག་ཕྲན་མཐོང་ཚོད་ཀྱི། །ལས་ཀུན་སྒྲིབ་འཐུག་འདྲ་བའི་གཏིང་མདངས་ལྟར། །འོད་ཀྱི་ཐག་པ་དྲྭ་ཕྱེད་བརྐྱངས་འདྲའི་མདོར། །ཐིག་ལེ་ལྔ་ཚོམ་མུ་ཁྱུད་མང་པོའི་དབུས། །པད་འདབ་མང་པོ་གསལ་ཉམས་ཡོད་པ་དང་། །གཞན་ཡང་རྩིབ་ཤར་གྱེན་འགྲེང་ལ་སོགས་པའི། །འོད་ཀྱི་སྣང་བ་མཚར་སྡུག་མང་པོ་འཆར། །ལུག་རྒྱུད་སྣང་བ་ཕྲ་རགས་བསམ་ཡས་པ། །བལྟས་ཚད་ཡུལ་དུ་འབད་མེད་ལྷུག་པར་འཆར། །རྨི་ལམ་སོགས་སུ་དབྱིངས་སྣང་ལུག་རྒྱུད་ཀྱི། །སྣང་བ་ཁྲ་ལམ་ནང་དུ་བསྡུས་རྣམ་པ། །མང་པོ་གསལ་སྣང་འཆར་བ་འལ་འོལ་ཙམ། །རེས་འབྱུང་རེས་མི་འབྱུང་བ་ངེས་
མེད་སྣང་། །དེ་ལྟར་སྤྲང་པོའི་གཉིས་འཛིན་འཁྲུལ་བའི་ངོར། །གང་ཤར་ཚིག་གི་ཕྲེང་དུ་བསྡེབས་པ་འདི། །མཚན་ལྡན་བླ་མས་གཟིགས་ན་མི་བཀྱོན་ཞུ། །སླར་ཡང་བདག་ལ་གེགས་སེལ་བོགས་འདོན་དང་། །ངོ་སྤྲོད་གསལ་འདེབས་རིམ་པ་གསལ་བར་ཞུ། །སྤྲང་པོ་དཔལ་ལྡན་རྒྱ་མཚོས་ཕུལ་བ་དགེ་ལེགས་འཕེལ། བཀྲ་ཤིས་དཔལ་གྱིས་ས་སྟེང་བརྒྱན་གྱུར་ཅིག །ཅེས་པ་ཕུལ་བའི་ལན་དུ་གནང་བ་ནི། །༈སྲིད་ཞིའི་མཐའ་ལ་མི་གནས་པད་དཀར་འཆང་། །མཉམ་མེད་ཆོས་རྗེ་བླ་མའི་ཞབས་ལ་འདུད། །ཀ་དག་ལྷུན་གྲུབ་ཟུང་འཇུག་རྣལ་འབྱོར་པས། །རྣམ་གཡེང་མཁན་ལ་འདྲི་བ་གཞད་གད་གནས། །འོན་ཀྱང་གང་ཤར་ཚིག་གི་ཕྲེང་བས་ཞུ། །སེམས་སྡེའི་བཞེད་པར་ཐམས་ཅད་སེམས་སུ་འདོད། །མཐར་ཐུག་སྙིང་ཐིག་དགོངས་པར་རྟག་མཐའ་བྲལ། །སེམས་ཉིད་རིག་པ་ངོས་བཟུང་ཕྱོགས་ལྷུང་མེད། །དཔེ་ཡིས་མི་མཚོན་ཚིག་ཏུ་སྨྲ་མི་བཏུབ། །སེམས་ཞེས་མ་རིག་གཞི་བྱས་རྣམ་རྟོག་མཆེད། །དགེ་སྡིག་བདེ་སྡུག་སྤང་བླང་ཁམས་གསུམ་སེམས། །སེམས་རིག་གྲོགས་མི་
མཐུན་པ་མེ་དང་ཆུ། །སྤུ་མི་མཐུན་པ་ར་དང་གཡག་ལྟ་བུ། །བྱེད་ལས་མི་མཐུན་སངས་རྒྱས་སེམས་ཅན་ཉིད། །སེམས་རིག་འབྱེད་པ་རྫོགས་ཆེན་ཁྱད་ཆོས་ཏེ། །ཐེག་པ་གཞན་དུ་འདི་དོན་རི་བོང་རྭ། །ཀུན་རྫོབ་ཐིག་ལེའི་རྩོལ་བའི་ལམ་ལས་ཀྱང་། །མཆོག་ཏུ་འཕགས་པ་དབྱིངས་རིག་ལུ་གུ་རྒྱུད། །གནད་གཟིར་ཁྲེགས་ཆོད་ཟབ་མོས་རྒྱས་ཐེབས་པ། །སྣང་བཞི་མཐར་ཕྱིན་གདོད་མར་གྲོལ་བའི་ཐབས། །རྨད་བྱུང་མཆོག་འདི་རང་ལུགས་ཨ་ཏིའི་སྲོག །ཐོག་མ་ཉིད་ནས་ཀ་དག་སྤྲོས་དང་བྲལ། །དུས་གསུམ་དུས་མེད་རོལ་པ་གཅིག་ཏུ་བརྡལ། །གཟུང་འཛིན་སྤྲིན་མེད་ཡེ་ཤེས་ནམ་མཁར་དག །སྐྱོན་ཡོན་གང་གིས་གོས་པ་མེད་པའོ། །ངང་དེར་མ་གཡོས་གང་དེར་རྣལ་འབྱོར་མཆོག །ཡང་ཅིག་རྫོགས་ཆེན་འདོད་ཚུལ་ཟུར་ཙམ་ནི། །མཐའ་བརྒྱད་ཟད་པ་ལྟ་བ་ཟོལ་མེད་དངོས། །གང་ཤར་མ་བཅོས་རང་བབས་བཞག་པ་གནད། །ཤར་གྲོལ་ཆུ་ལ་ཆུ་ཐིམ་ཉམས་ཀྱི་ཚུལ། །རང་གསལ་བརྗོད་མེད་ངང་གནས་སྒོམ་པ་མཆོག །མཉམ་རྗེས་འདྲེས་
དང་སྤྱོད་ལམ་འཇམ་རྩུབ་ཀུན། །དགོངས་པའི་གནད་ཀྱིས་ཟིན་པ་སྤྱོད་པ་ཡིན། །ཡིད་སྨོན་བྲལ་བའི་གདེང་རྙེད་འབྲས་བུར་ཉེ། །འབྲལ་ཐོབ་མེད་པའི་ཆོས་སྐུ་བདེ་བ་ཆེ། །ཆེད་འཛིན་དམིགས་མཐའ་ཀུན་བྲལ་རྗེན་པ་ཉིད། །སྤྲོ་བསྡུ་མེད་པའི་ངང་ལ་གྱི་འདའ་བར། །ཡངས་སོ་ཆེ་འོ་ཀུན་བཟང་དགོངས་པའི་ཀློང་། །ཚུལ་འདི་མཚུངས་མེད་བླ་མའི་ཐུགས་ཀྱི་བཅུད། །གནས་འགྱུ་གྲངས་འདེབས་གནས་དགའ་འགྱུ་སྡུག་མཁན། །ཉམས་ཞེན་ཕྱོགས་ལྷུང་བཟང་འདོད་ལེགས་ཆོས་མཁན། །ལམ་ནོར་ལམ་གོལ་ཞུགས་པ་མང་དུས་འདིར། །གང་གི་གསུང་ཡིན་ཁྲེགས་ཆོད་ཉམས་བཞེས་ཚུལ། །འདི་འདྲ་མཐོང་བ་རབ་སྤྲོ་སྐལ་བ་བཟང་། །ཐོད་རྒལ་སྒྲོན་བཞིའི་ལམ་གྱི་འཆར་སྒོའི་ཚུལ། །ཁོ་བོས་མ་སོང་ལམ་རྒྱུས་ཞུ་བ་ན། །གོང་འཕེལ་ཙམ་དུ་ཡིན་སྙམ་མཆོག་ཏུ་རྨད། །མཛེ་བོས་ཁྱུང་སྔགས་ཇི་བཞིན་བདག་ལྟ་བུས། །གེགས་སེལ་བཤད་པ་ཡིད་བརྟན་གནས་མིན་ཡང་། །རྡོ་རྗེ་འཆང་ཆེན་བླ་མའི་ཞལ་ལུང་ནི། །ཐོད་རྒལ་ལམ་ལ་ཁྲེགས་ཆོད་གཟེར་ཐེབས་དང་། །
རེ་དོགས་ཡིད་སྨོན་དམིགས་མཐའ་ཀུན་བྲལ་དང་། །ཉམས་ཞེན་མེད་པ་དགོས་ཞེས་ཞལ་གདམས་ལགས། །དད་བརྩོན་ཤེས་རབ་ཡང་དག་ལྡན་པ་ཡི། །རྣལ་འབྱོར་དམ་པར་གང་ཤར་ཞུས་པ་ལགས། །ཞེས་པ་རྨོངས་རྒན་ཕྲིན་ལས་ཀྱིས་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་རྒྱ་མཚོ་ལ་ཕུལ་བ་དགེའོ།། །། ༈ སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བ་ཡི། །མཉམ་མེད་ཆོས་རྗེ་སྤྱི་བོའི་གཙུག་ཏུ་མཆོད། །ལྟ་བའི་བོགས་འབྱིན་སྔགས་ཀྱི་ཐབས་ལམ་མཆོག །དགོས་དུས་མཁོ་བ་བར་དོའི་གནད་ཡིག་བཤད། །སྐྱེ་གནས་བར་དོར་ཐོས་བསམ་སྙིང་པོ་ལོངས། །བསམ་གཏན་བར་དོར་རང་རིག་དྲི་མེད་སྐྱོངས། །འཆི་ཁའི་བར་དོར་སྐུ་གསུམ་འཕོ་བ་གནད། །ཆོས་ཉིད་བར་དོར་ཐོད་རྒལ་ཞིང་སྣང་སྦྱོངས། །སྲིད་པ་བར་དོར་རྨི་ལམ་ལམ་དུ་སློངས། །འདོད་ཆགས་ལམ་ཁྱེར་རྩ་རླུང་ཐིག་ལེར་དྲིལ། །ཆགས་སྡང་ལམ་ཁྱེར་བདེན་མེད་སྒྱུ་མར་སྦྱོངས། །གཏི་མུག་ལམ་ཁྱེར་འོད་གསལ་གདམས་པ་སྒོམས། །འཆི་བ་ལམ་འཁྱེར་འཕོ་བ་ཚགས་སུ་ཚུད། །འཁྲུལ་སྣང་ལམ་འཁྱེར་རྨི་ལམ་
གཟུང་བསྒྱུར་གཅོད། །ཆོས་ཉིད་སྲིད་པ་ལམ་འཁྱེར་ཉམས་ཆ་བརྟན། །བར་དོ་ཀུན་གྱི་སྟོང་སྲོག་ཁྲེགས་ཆོད་གཅེས། །རྩ་རླུང་གནད་ལ་བདེན་ཞེན་མེད་པ་གཅེས། །སྒྱུ་མའི་གནད་ལ་འཁོར་འདས་རྫུན་སྣང་གཅེས། །འོད་གསལ་གནད་ལ་སྐྱེལ་བསུས་སླེབས་པ་གཅེས། །འཕོ་བའི་གནད་ལ་འཁྲི་བ་བཙན་གཅོད་གཅེས། །རྨི་ལམ་གནད་ལ་ཤེས་བཞིན་རྩལ་སྦྱོང་གཅེས། །བར་དོའི་གནད་ལ་གསོན་དུས་ཉམས་ལེན་གཅས། །ཀུན་གྱི་གནད་དུ་བླ་མའི་གདམས་ངག་གཅེས། །དོན་གྱི་གནད་དུ་རང་གི་ཉམས་མྱོང་གཅེས། །ཐར་འདོད་བློ་ལྡན་ཚོགས་གཉིས་ཀྱིས་བསྐུལ་ངོར། །མ་སོང་ལམ་རྒྱུས་ཕྲིན་ལས་ཀྱིས་བཤད་པས། །ཀུན་མཁྱེན་དགོངས་པའི་ཀློང་དུ་མཉམ་འདྲེས་ནས། །འགྲོ་ཀུན་རྫོགས་བྱང་ཐོབ་པའི་རྒྱུར་གྱུར་ཅིག། །། ༈ ང་ཡི་བླ་མ་རྡོ་རྗེ་འཆང་། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དགེ་སྡིག་སྤང་བླང་རྒྱུ་འབྲས་ལ། །འཁོར་བའི་བདེ་སྡུག་ལྟར་སྣང་ཡང་། །
དེ་ལ་ཉན་ཐོས་པ་དག་གཙོ། །འཁོར་བའི་རང་བཞིན་མཚན་ཉིད་པ། །སྡུག་བསྔལ་ལས་ནི་མ་འདས་པས། །རང་དོན་སྒོམ་པ་ལྷུར་ལེན་པ། །འབྲས་བུ་རང་སངས་རྒྱས་པར་འདོད། །དེ་ལ་རང་རྒྱལ་པ་དག་གཙོ། །འཁོར་བའི་རང་བཞིན་སྡུག་བསྔལ་ངང་། །དེ་ཕྱིར་མཐའ་མེད་སེམས་ཅན་འགྲོ། །ཐོག་མེད་ཕ་མ་དེ་རྣམས་ཀུན། །སངས་རྒྱས་གོ་འཕང་ཉེར་ཐོབ་འདོད། །གྲངས་མེད་གསུམ་ནས་སངས་རྒྱས་པ། །དེ་ལ་ཐེག་ཆེན་བྱང་སེམས་འདོད། །ཐབས་ཀྱིས་སངས་རྒྱས་ཉེར་སྒྲུབ་པ། །རྗེ་འབངས་བདག་ནི་ལྷར་འདོད་པ། །ཀུན་སྤྱོད་གཙང་སྦྲ་ཡང་དག་འཆང་། །སྐྱེ་བ་འགའ་ཞིག་མཐར་སངས་རྒྱས། །དེ་ལ་གསང་སྔགས་ཕྱི་པ་གཙོ། །རབ་འདི་འབྲིང་བར་དོ་ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་དམ་ཚིག་གཙང་ན་འཚང་རྒྱ། རང་བཞིན་སྣང་སྲིད་ཡེ་ཤེས་ལྷ། །ཐ་མལ་སྒོ་གསུམ་ཡུལ་སྣང་དག །དེ་ནས་མ་ཧཱ་ཕ་རྒྱུད་གཙོ། །རང་ལུས་རྡོ་རྗེ་ལུས་ཀྱི་ཁམས། །རྩ་ཁམས་སངས་རྒྱས་གཞལ་ཡས་ཁང་། །རླུང་ཐིག་ལས་སྐྱེས་ཡེ་ཤེས་འདོད། །དེ་ནི་ཨུ་པ་མ་རྒྱུད་གཙོ། །བསྐྱེད་
རྫོགས་དབྱེར་མེད་ཨ་ཏི་ལ། །སྣང་བ་སེམས་སུ་ངོ་སྤྲོད་པ། །དེ་ནི་སེམས་ཀྱི་སྡེ་ཞེས་བྱ། །སྟོང་པ་སེམས་སུ་ངོ་སྤྲོད་པ། །དེ་ནི་ཀློང་གི་སྡེ་ཞེས་བྱ། །སྣང་སྟོང་དབྱེར་མེད་བློ་ཡིས་འཆོས། །དེ་ནི་མན་ངག་སྡེ་རུ་ཤེས། །བརྗོད་བྲལ་རང་གསལ་རང་ཡངས་པ། །དུས་གསུམ་དུས་གཅིག་ཀློང་ཡངས་ན། །ཚིག་དང་ཡི་གེ་མིང་དང་བྲལ། །སྙིང་ཐིག་ཟབ་མོའི་རིམ་པ་སྟེ། །ང་ཡི་བླ་མ་སངས་རྒྱས་བཀའ། །ང་ནི་འདི་ཡི་ངང་དུ་འཆི། །འདའ་ཀ་འཆི་སྤྲོའི་གདམས་པ་འདི། །ཨ་རག་ངར་གྱིས་བསྐྱོད་བསྐྱོད་ནས། །དེ་རིང་སྤྲོས་མེད་སྨྱོན་པས་གླེང་། །ཐེག་རིམ་སོ་སོའི་འདོད་ཚུལ་དང་མཐའ་ཟབ་ཅིང་བརླིང་པ་མན་ངག་སྙིང་ཐིག་ལས་འབྲེལ་བའི་ཆོས་ཤིག་དགོས་ཞེས་ཚོགས་གཉིས་རང་གྲོལ་གྱིས་བསྐུལ་ཀྱང་། གཅིག་ཏུ་ཐོས་བསམ་ཞན། གཉིས་སུ་གཡེངས་པས་བྲེལ། གསུམ་དུ་བློ་སྤྲོས་པ་ཟད་པའི་མ་སྨྲོས་ནའང་། ལས་དང་རྐྱེན་གྱིས་ཨ་རག་གི་ནན་མ་ཐེབས་ནས་བབ་ཅོལ་དུ་རང་གི་སློབ་མ་ཚོགས་གཉིས་རང་གྲོལ་ལ་དཔའ་བོ་ལས་རབ་རྩལ་གྱིས་གླེང་བ་དགེའོ།། །། ༈ མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཚིག་ཚོགས་ཆེ་ལ་ཡི་གེ་མང་བར་འཇིགས། །ཐོས་བསམ་ཡིད་སྨོན་ལུས་པ་ང་འདྲ་ཡིས། །ངེས་དོན་འདོམས་པ་
གལ་མ་མཆིས་པའི་གཏམ། །ཡིད་དཔྱོད་དྲྭ་བའི་ལྕགས་གཟེབ་དམ་པོ་རུ། །དྲན་ཤེས་གཉེན་པོའི་སྤྲེའུ་དེ་ཞུགས་ནས། །ངལ་བ་དུ་མའི་ལྟད་མོ་རྣམ་གཡེང་ཅན། །འབད་པ་དོན་མེད་བྱས་པ་ཆུད་རེ་ཟོས། །ཤེས་བྱ་ནམ་མཁའི་མཐའ་འདྲ་གཞལ་བའི་བུས། །དོན་དམ་རང་ངོ་སྐྱོང་བ་བླ་མའི་དྲིན། །གང་ཤར་མ་བཅོས་བཟོ་མེད་བཞག་པ་དང་། །རང་གསལ་གཡོ་མེད་ཕྱོགས་བྲལ་ཉམས་ལེན་སྐྱོངས། །བདག་རང་རྩེ་གཅིག་འདི་ལ་དྲིལ་ལམ་སྙམ། །ཞལ་གདམས་འདོད་པ་ཀུན་ཀྱང་འདི་བཞིན་བརྩོན། །བློས་བརྟགས་མཚན་མའི་ལོང་གཏམ་སྤེལ་བ་དེས། །གྲོལ་ལམ་ལྟ་ཅི་འཆིང་བ་ཆེ་བའི་རྒྱུ། །གཞི་མེད་རྩ་བྲལ་གུ་ཡངས་བློ་བདེར་མཛོད། །ཐེག་ཆེན་སྤྱོད་རྣམས་བྱས་པ་ཕྱིར་མ་ལྡོག །བརྗོད་བྱའི་གཏན་ཚིགས་ཟད་ན་མཁས་པའི་མཆོག །ཐེག་རིམ་ཆོས་ཀུན་རྨི་ལམ་སྒྱུ་མ་རུ། །ཞིག་ན་ཀློང་གྲོལ་རྣམ་པར་དག་པ་ཡིན། །སྔོན་ཆད་ཐོས་པའི་ཆོས་དང་བསམ་པའི་ཆོས། །ཚིག་ལ་ཟད་མེད་མཐའ་ལ་རྟོགས་མེད་བཏགས། །ད་ནི་གཅིག་ཆོག་བླ་མའི་
གདམས་ངག་ལས། །འཇིགས་ཚོགས་ལྟ་ངན་དཔེ་ཧྲུལ་ཁུར་ལྕིའི་ཆོས། །སྔོན་ཆད་རྣམ་རྟོག་སྤེལ་བ་དེས་ཆོག་གི། །ཕྱིན་ཆད་འདི་དག་མི་འཆང་དམ་བཅའ་ཡིན། །ཞེས་པ་འདི་ཡང་རང་གི་སྙིང་ཐིག་ཟབ་མོ་རྣམས་འབོགས་པའི་བུ་སློབ་ཀྱི་མཆོག་ཏུ་རེ་བའི་ཚོགས་གཉིས་རང་གྲོལ་ལ་དཔའ་བོ་ལས་རབ་རྩལ་གྱིས་གདམས་པའོ།། །། ༈ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བར་དོ་དྲུག་གི་གནད་ཡིག་བཞུགས་སོ། །༈རང་རིག་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །བར་དོའི་ཁྲིད་ཐམས་ཅད་ལ་འཁོར་བ་སྡུག་བསྔལ་གྱི་རང་བཞིན། དགེ་སྡིག་རྒྱུ་འབྲས་ཀྱི་བླང་དོར། འཆི་བ་མི་རྟག་པའི་རང་བཞིན། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་སྒོམ་བཟླས། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་སོགས་སྔོན་འགྲོ་འདི་དག་གི་དོན་ཤེས་ཉམས་སུ་བླངས་ཤིང་རྟགས་དང་མྱོང་བ་ཐོན་པར་བྱ། དེས་ནི་སྒྲིབ་པ་འདག །བར་ཆད་ཞི། རྟོགས་པ་སྐྱེ། བྱིན་རླབས་འཇུག་ཅིང་ལམ་དུ་འགྲོ། མདོར་ན་རྩིག་པའི་རྨིང་ལྟ་བུ་ཡིན་པས་གལ་ཆེའོ། །དེ་ནས་དབང་བསྐུར་དགོས་ཏེ། དབང་ཐོབ་པས་ནི་རྒྱལ་པོར་འགྱུར། རྒྱལ་པོས་ཁ་ལོ་བསྒྱུར་བ་བཞིན་གདམས་ངག་ལ་རང་
དབང་ཆོག་པའམ། ལུང་ཐོབ་པས་ནི་བདག་པོར་འགྱུར། བདག་བྱས་ཆོག་པར་རང་ནོར་ལྟ་བུའོ། །དེ་ནས་བསྐྱེད་རིམ་བཟླས་པ་བྱ་སྟེ། སྔགས་ཀྱི་དངོས་གྲུབ་མྱུར་བའི་རྩ་བ་འདི་ཁོ་ན། སྔགས་ཀྱི་ཉམས་ལེན་དབང་བཞི་ཁོ་ན། སྔགས་ཀྱི་ཐབས་ལ་བརྟེན་ནས་གྲོལ་གནད་སེམས་ཉིད། རིག་པའི་ཡེ་ཤེས་ངོ་འཕྲོད་པའི་དགོས་པའོ། །སྐྱེ་གནས་བར་དོར་སེམས་ཉམས་སུ་ལེན་པ་ནི། བཞག་ཐབས་ད་ལྟའི་ཤེས་པ་རང་སོའི་སྟེང་དེར་བཅོས་བསླད་སྤྲོ་བསྡུ་མེད་པར་ལྷོད་དེར་བཞག །འགྱུ་རྟོག་ཞི་བ་ཞི་གནས། གནས་སམ་འགྱུ་བ་དེ་ཀའི་ངོ་བོ་མཐོང་བ་ལྷག་མཐོང་། སྒོམ་པ་ལ་ཡང་ཡང་སྤྲོ་བ་བདེ་བ། བྱིང་རྨུགས་མེད་པར་དྭངས་པ་ས་ལེར་ངར་དང་བཅས་པ་གསལ་བ་རྣམ་རྟོག་འགྱུ་དྲན་མེད་པར་མི་རྟོག་པ། དེ་གསུམ་ཉམས་ཡིན་ནོ། །བཞག་ཀྱང་མི་སྡོད་པར་རྟོག་པའི་དབང་དུ་ཤོར་བ་རྒོད་པ། ངར་ཆ་མེད་པར་ཉོབ་ན་བྱིང་བ། གསལ་དྭངས་མེད་པར་འཐིབས་ཆགས་པ་རྨུགས་པའོ། །དེ་དག་ཐམས་ཅད་དང་བྲལ་བའི་རིག་པ་ཆེ་ཆུང་ཡངས་
དོག་ཕྱོགས་ལྷུང་འདི་ཡིན་ཐམས་ཅད་དང་བྲལ་བ། སྤྲོས་རྟོག་འཛིན་པའི་མཐའ་གང་གིས་ཀྱང་མ་གོས་པ། རང་གསལ་རྗེན་པར་བུད་པ། ཚིག་དང་སྨྲ་བ་ལས་འདས་པའི་བརྗོད་མེད་ཆེན་པོ་འདི་ག་མཆོག་གི་ལྷག་མཐོང་ཆོས་སྐུ་མངོན་དུ་གྱུར་པ་ཞིག་སྟེ། དེར་རྫོགས་ཆེན་པས་ཀ་དག་ཁྲེགས་ཆོད་ཟེར་ཞིང་ཕལ་ཆེར་གྱི་གོ་ཡུལ་ཙམ་དུ་ཡོད། སྐྱེས་བུ་དམ་པ་རེ་རེས་མངོན་གྱུར་དུ་རྟོགས་པས་རྫོགས་ཆེན་ཟབ་པར་གྲགས་པའི་གནད་འདིའོ། །ཕྱི་ནང་གྲུབ་མཐའ་གཞན་ལ་འདི་རྟོགས་པའི་སྐལ་བ་ཕྲའོ། །འདི་ནི་བར་དོ་ཐམས་ཅད་ཀྱི་སྲོག་གཅིག་པུའོ། །སྒྱུ་ལུས་ན་བདེ་འཛིན་པའི་ཐབས། དཔེར་ན་སྒྱུ་མ་མཁན་གྱི་རྫས་ལས་རྣམ་པ་སྣ་ཚོགས་ཅི་སྣང་ཡང་། སྣང་དུས་མངོན་གསུམ་དུ་བདེན་པ་ལྟར་སྣང་ཡང་། དོན་ལ་མི་བདེན་པའི་རྫུན་པ་བཞིན། འཁོར་འདས་ཀྱི་ཆོས་སོ་ཅོག །འཁྲུལ་པའི་དབང་གིས་བདེན་བདེན་རྟག་རྟག་ལྟར་འདུག་ཀྱང་། དཔེ་ལ་མིང་དུ་བཏགས་པ་ཙམ་ལས་ངོ་བོ་ཉིད་ལ་བདེན་གྲུབ་ཏུ་མེད་པའི་ཕྱིར་རོ། །སྒྱུ་ལུས་འབྱོངས་ན་ཆོས་ཐམས་ཅད་
ཀྱི་གེགས་སེལ་དང་བདེན་འཛིན་འཇིག་པས་གནད་དུ་ཆེའོ། །རྨི་ལམ་ཉིན་སྣང་གི་བྱ་བ་ཐམས་ཅད་བར་ཐག་མེད་པར་རྨི་ལམ་དུ་ཤེས་པར་སྤྲུལ་བསྒྱུར་དང་བཅད་ཅིང་ཏིང་འཛིན་ལ་བསླབ་པ་ཁག་ཆེའོ། །རྨི་ལམ་རྨིས་དུས་ཉིང་འཁྲུལ་མེད་པར་རྨི་ལམ་དུ་ཤེས་བཞིན་རྩལ་སྦྱོང་བ་གཅེས་སོ། །འོད་གསལ་གྱི་འདུན་པ་རྣམས་ཧ་ཅང་གཅུན་ཆེ་ན་རྒོད་པས་གཉིད་གཡེར་ནས་མི་ཟིན། ཧ་ཅང་ལྷོད་ན་ཐ་མལ་བཞིན་གྱུར་ན་མི་ཟིན་སྒྲིམ་ལྷོད་རན་པར་བྱ། འོད་གསལ་ཞེས་པ་ཏིང་ངེ་འཛིན་ཡིན་ལ། གཉིད་དང་བསམ་གཏན་འདྲེས་པའོ། །འདི་ཏིང་ངེ་འཛིན་གྱི་སྐྱེལ་བསུས་སླེབས་པ་གནད་ཆེའོ། །འདི་ནི་ཉམས་ལེན་ལ་ཉིན་མཚན་གྱི་བར་མེད་པའི་འཁོར་ཡུག་དང་འཆི་ཁ་བར་དོར་ཆོས་སྐུར་གྲོལ་བའི་གནད་འདི་རང་ཡིན་མོད། བསམ་གཏན་བར་དོར་མཉམ་བཞག་དང་རྗེས་ཐོབ་ཐམས་ཅད་ཏིང་འཛིན་ལ་བསླབ་པ་དང་། དུག་ལྔ་དུག་གསུམ་གྱིི་རྟོག་པ་ཚོགས་དྲུག་གི་ཡུལ་གྱི་འཛིན་པ་ཐམས་ཅད་གང་ཤར་དེ་གའི་སྟེང་དུ་རང་བབས་སུ་ཅེར་
རེ་འཇོག་པ་དང་། བསྐྱེད་རྫོགས་ཐམས་ཅད་རང་རིག་ཡེ་ཤེས་ཀྱི་རྒྱས་ཐེབས་ཤིང་ལྟ་བ་རྣམ་པར་དག་པས་ཟིན་པ་སྟེ། འདི་ནི་རྣམ་པ་ཀུན་ཏུ་རང་རིག་ཡེ་ཤེས་ངོས་འཛིན་པ་གལ་ཆེའོ། །འཆི་ཁ་བར་དོ་རབ་ནག་ལམ་འཐིབས་པོ་སངས་པའི་རྗེས་ལ་འོད་གསལ་མ་བུ་ངོ་འཕྲོད་ནས་ཆོས་སྐུར་གྲོལ་ཐབས། འབྲིང་ཐ་མ་འཕོ་ཚུལ་རིམ་པར་བཤད་ལ་ཀུན་ལ་གསོན་དུས་སྦྱངས་པའི་གདེང་ཁོང་དུ་ཆུད་པ་དང་། སྤྱིར་འཁོར་བའི་ཆོས་མཐའ་དག་ཁྱད་པར་རང་གི་དགྲ་གཉེན་གྱི་ཆགས་སྡང་ཟས་ནོར་རང་ལུས་དང་བཅས་པ་ལ་ཆགས་སེམས་ཀྱི་འཁྲིི་བ་ཞེ་ཐག་པ་ནས་ཆོད་པ་གདམས་ངག་གི་གནད། ནད་གཅོད་ཀྱི་སྡུག་བསྔལ་དང་རྐྱེན་གང་གིས་མི་འཕྲོག་པར་གཏན་ཆུས་ནོར་མི་རུང་བའི་བརྟུལ་ཞུགས་ཆེ་བ་དག་དགོས་ཤིང་གསོན་དུས་ཀྱི་སྦྱང་བགྲོོད་མཁོ་དུས་ལ་བབ་པའོ། །ཆོས་ཉིད་བར་དོ་རིག་པའི་རང་མདངས་འོད་དང་ཐིག་ལེ་འབེན་དུ་བཙུགས་ནས། ལྟ་བ་ཁྲེགས་ཆོད་ཀྱི་གཟེར་ཐེབས་པས་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་དང་སྐུའི་སྣང་བ་ཐམས་ཅད་ཀྱང་
ལྟ་བས་རྒྱས་ཐེབས་ཏེ་སངས་རྒྱས་པར་ཐེ་ཚོམ་མེད་དོ། །འདི་ནི་བར་ཆད་དུ་ཤི་བའི་དབང་དུ་བྱས་པ་ཡིན་གྱི། སྒོམ་རྒྱུན་བསྲིངས་པ་རྣམས་ཆོས་ཉིད་ཟད་ནས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ་རྙིང་ལུགས་ལ་མང་དུ་བྱོན་པ་ཡིན། སྲིད་པ་བར་དོ་ན་འདིར་སྣང་གི་བདེ་སྡུག་བྱས་ལས་ཐམས་ཅད་སྲིད་པ་བར་དོ་ཁོ་ནར་ངོས་བཟུང་ཞིང་མན་ངག་སྒོམ་གནད་ཀྱིས་མངལ་སྒོ་འགོག་འདོད་པ་དེ་ལ་ཤིན་ཏུ་གོམས་པར་བྱས་པས་ད་གཟོད་སྲིད་པ་བར་དོར་ཤར་དུས་ཀྱང་བག་ཆགས་ཁོ་ནའི་རྗེས་སུ་འབྲངས་ནས་བར་དོར་ངོ་ཤེས་གདམས་པའི་གནད་དྲན་ནས་གྲོལ་བར་བཤད་དོ། །མདོར་ན་བར་དོ་དྲུག་གཅིག་གནད་གཅིག་གལ་ཆེ་ཞིང་། ཁྱད་པར་ཀྱི་གནད་ལྟ་བ་ཟོལ་མེད་པ་ཁོ་ནར་རག་ལས་སོ། །འདི་ལྟར་བར་དོ་དྲུག་གི་གནད་ཡིག་འདི་ནི་རང་གིས་ཉམས་སུ་ཅུང་ཟད་བླངས་པ་ལས་སྐྱེས་པའི་མྱོང་བ་ཟབ་མོ་ཡི་གེར་བཀོད་པ་ཡིན་ཡང་། འདི་སྣང་ལ་འཁྱམས་པའི་ཐ་མལ་བ་དང་ཆོས་མེད་བན་གཟུགས་ཚོ་དང་། ཆོས་བརྒྱད་ལ་གོམས་པའི་བཤེས་གཉེན་དང་། སྨྱོན་སྤྱོད་རྩིངས་པོར་སོང་བའི་རྟོགས་ལྡན་རྣམས་ཐུགས་མ་མཉེས་ཀྱང་ཅི་དགར་མཛོད། བསྟོད་སྨད་སྒྲོ་བཏགས་ཅི་ལྟར་བྱས་ཀྱང་ཁོ་བོའི་བ་སྤུ་
གཅིག་ཀྱང་མི་གཡོའོ། །ཞེས་པ་ཕྲིན་ལས་བསྟན་དར་གྱིས་གདམས་པའོ།། །། ༈ འགྱུར་བ་མེད་པའི་རང་རིག་བདེ་བ་ཆེ། །སྐུ་གསུམ་གདོད་ནས་རང་ཆས་བཞུགས་པའི་ངང་། །སྐུ་དང་ཞིང་ཁམས་མ་བཀོད་ལྷུན་གྱིས་གྲུབ། །དང་པོའི་སངས་རྒྱས་དེ་ལ་གུས་ཕྱག་འཚལ། །རྣམ་མང་ཐེག་པའི་འཇུག་སྒོ་གྲངས་མང་ཡང་། །ཚེ་གཅིག་ཐར་བ་འདོད་ན་ཁྱད་པར་ཆོས། །གསང་ཆེན་རྡོ་རྗེ་ཐེག་པ་མྱུར་བའི་ལམ། །མཐའ་དག་རྟོགས་པར་དཀའ་མོད་ཅུང་ཟད་ཅིག །སྔོན་གནས་རྗེས་དྲན་དཔའ་བོ་ལས་རབ་ཀྱིས། །སྣང་སྲིད་ལྷ་སྔགས་རྩལ་སྦྱངས་དག་པའི་ཞིང་། །རྒྱལ་ཁབ་ཆེར་ལྡན་འདབ་བཟང་ལྗོན་པའི་ཚལ། །འབྲུ་བཅུད་སུ་རས་ཡིད་བསྐྱོད་འདི་ལྟར་གདམས། །རྡོ་རྗེ་འཆང་དབང་མཆོག་གི་བླ་མ་ལ། །དད་བརྩོན་དམ་ཚིག་འབྲལ་མེད་གཟུགས་བསྲིང་ནས། །འཁོར་གསུམ་ཡོངས་དག་འབུལ་བར་མི་སྐྲག་ཅིང་། །དཀྱིལ་འཁོར་དབང་དང་དམ་ཚིག་ལེགས་པར་ནོད། །ཚེ་འདིར་མི་ཆགས་འདུས་བྱས་འཇིག་པའི་ཆོས། །རང་དོན་མི་གཉེར་ཕ་མར་འགྲོ་ལ་བརྩེ། །སྲིད་པར་མི་སེམས་མྱ་ངན་
འདའ་དོན་གཉེར། །ལས་ཅན་སྐལ་བཟང་གསང་སྔགས་སྣོད་རུང་དག །དང་པོ་རྒྱུ་འབྲས་སྤང་བླང་བསླབ་སྦྱོང་བྱེད། །དེ་ནས་གསང་སྔགས་དབང་བཞིར་བསླབ་སྦྱང་བྱ། །དེ་ནས་སྒོ་གསུམ་མི་གཡོ་ཏིང་འཛིན་འབད། །དེ་ནས་སྔགས་ཀྱི་མྱུར་ལམ་འདི་དག་འབད། །དང་པོ་རྨི་ལམ་སྦྱང་བ་བསྟན་པ་ནི། །འཁོར་འདས་སྣང་བའི་ཚེ་ན་རྟག་བརྟན་འདྲ། །ངེས་པར་སྙིང་པོ་མེད་པའི་ཆོས་ཅན་ཏེ། །ཉིན་སྣང་སྒྱུ་མ་མཚན་སྣང་རྨི་ལམ་བཞིན། །དེ་འབྱོངས་བདེན་ཞེན་འཇིག་ལ་ཟབ་པ་སྟེ། །མ་འབྱོངས་ལེགས་ཉེས་འདོམས་འདོད་མི་འབྲལ་བའི། །ཐབས་ཀྱི་ལམ་དེ་གོལ་སའི་འདམ་དུ་འབྱིངས། །གྲོལ་བ་ལྟ་ཅི་འཆིང་བའི་གཟེབ་ཏུ་འཐོགས། །གཉིས་པ་རང་ལུས་རྩ་རླུང་ཐིག་ལེ་སྦྱང་། །རླུང་དང་ཐིག་ལེ་ཡི་གེའི་རྣམ་པ་སྔགས། །ཤེར་སྦྱངས་གཞན་ལུས་དགའ་བཞིའི་འགྲོས་ལྡོག་ཅན། །སྐྱེ་འཆི་བར་དོའི་སྒྲིབ་སྦྱང་སངས་རྒྱས་ཐོབ། །དྲང་དོན་མདོ་དང་གསང་སྔགས་ཕྱི་པ་ལ། །མ་གྲགས་ཉེ་རྒྱུའི་སྤྱོད་པ་རྨད་བྱུང་བ། །གསང་སྔགས་ནང་པའི་དབང་
བསྐུར་གཉིས་གསུམ་གྱིས། །དོན་འདི་ངག་རླུང་ཡིག་ཐིག་སྨིན་པའི་ཐབས། །གསུམ་པ་སྒྱུ་མའི་མཚན་ཉིད་ཇི་བཞིན་ན། །སྔར་སོང་ད་ལྟ་མེད་པར་སྒྱུ་མར་ཞིག །ད་ལྟའི་བདེ་སྡུག་མངོན་སྣང་སྒྱུ་མ་སྟེ། །མཐའ་མི་རྟག་ཅིང་ངེས་པ་མེད་པའི་རྒྱུ། །ཕྱི་རབས་འབྱུང་འགྱུར་སྒྱུ་མའི་ཆོས་ཉིད་དེར། །ད་ལྟ་མི་སྣང་ཕྱིས་འབྱུང་རིམ་པར་འཇིག །དེ་ལྟར་སྒྱུ་མའི་དཔེ་བརྒྱད་རང་བཞིན་ལ། །བློ་ལྡན་དག་གིས་འདམ་ཀ་མེད་པར་མཛོད། །བཞི་པ་འོད་གསལ་གདམས་པ་ཇི་ལྟར་ན། །དུག་གསུམ་རྟོག་པ་རང་འགགས་རིམ་ཐིམ་གྱུར། །རྨུགས་འཐིབས་དྲན་མེད་བརྒྱལ་འཐུམ་ཤི་འདྲ་བ། །ལུས་མེད་ཡིད་ཀྱི་འཁྲུལ་བ་གཡོ་བ་ཡི། །ཡིན་མིན་བདེ་སྡུག་ལམ་དུ་མི་འཕྱན་པར། །ངང་དེར་རྫོགས་ཆེན་ལྟ་བས་རྒྱས་ཐེབས་པར། །སྦྱང་རྩལ་རྫོགས་པའི་སྐྱེས་བུ་དོན་འགྲུབ་པ། །བར་དོ་དང་པོར་སངས་རྒྱས་གོ་འཕང་འགྲུབ། །ལྔ་པ་མྱུར་ལམ་ཕོ་ཉ་སྟེང་སྒོའི་ལམ། །འཕོ་བ་རང་ལུས་ལྷ་མོའི་སྐུར་བསྒོམས་ནས། །དབུ་མའི་མར་སྣེ་ཕུག་རྡུགས་སྟེང་སྒོ་དབྱེ། །སེམས་ཉིད་ཐིག་ལེའི་རྣམ་པར་
སྙིང་གར་བསྒོམ། །སྤྱི་བོར་གང་མོས་བླ་མ་ཡི་དམ་བསྐྱེད། །ཚེ་འདིར་ཆགས་ཞེན་མེད་པའི་འདུ་ཤེས་ངང་། །དག་པའི་ཞིང་དུ་འཕོ་བའི་དྲན་འདུན་གྱིས། །འདྲེན་པའི་འཁྲུལ་འཁོར་རྫོགས་རིམ་ངང་དུ་གློོད། །ཐབས་འདིས་མི་དགེ་མཚམས་མེད་སྤྱོད་པ་ཡང་། །བར་དོ་མེད་པར་སངས་རྒྱས་གོ་འཕང་འཐོབ། །དུས་མིན་འཕོས་ན་རང་ལུས་རྒྱལ་བའི་ཞིང་། །ཡེ་ཤེས་ལྷ་བསད་ཉེས་པ་འབྱུང་བ་སྟེ། །ཐོག་མར་རྩལ་སྦྱོང་དགོས་དུས་སླེབ་པར་བྱ། །དྲུག་པ་བར་དོའི་མཚན་ཉིད་གང་ཞེ་ན། །འཆི་བ་དང་པོ་འབྱུང་བ་ཐིམ་སྡུད་དུས། །ཏིང་འཛིན་འབྱོངས་པ་དེ་ནས་ཆོས་སྐུ་འགྲུབ། །ཐབས་ལམ་འབྱོངས་པ་དེ་ནས་གྲོལ་བ་འཐོབ། །ཆོས་ཉིད་བར་དོའི་སྐུ་དང་ཞིང་ཁམས་ལ། །བསྐྱེད་རིམ་འབྱོངས་ན་དེ་གར་གྲོལ་བ་འཐོབ། །ཐོད་རྒལ་གོམས་རྣམས་དུས་དེར་གྲོལ་བ་རྙེད། །སྲིད་པ་བར་དོ་ལས་འབྲས་རྗེས་འབྲང་དུས། །སྔགས་ལམ་སྦྱངས་རྣམས་སྤྲུལ་སྐུར་དབུགས་དབྱུང་སྲིད། །གང་ཞིག་སྐྱེ་བའི་ལམ་ནས་བརྒྱུད་པ་རྣམས། །འཆི་བའི་དགྲ་ཡིས་འཇོམས་
པར་ངེས་པས་ན། །བར་དོའི་འཕྲང་ལས་སྒྲོལ་བའི་ཐབས་བརྩོན་ཅིག །ཆོས་ཀྱི་རྒྱལ་པོ་སྡེ་དགེའི་འདུན་ས་ཆེ། །གསང་སྔགས་ཚོགས་སྒྲུབ་ལྷ་སྔགས་དག་པའི་ཞིང་། །ལྗོན་ཤིང་བསིལ་གྲིབ་སྦྱིན་པའི་དགའ་ཚལ་དུ། ཆང་མྱོས་སྐྱོན་ཅན་ལས་རབ་རྩལ་དེས་སྦྱར། །མངྒ་ལཾ།། །། ༈ བླ་མ་རྗེ་ལ་གསོལ་བ་འདེབས། །གཡེངས་དང་འཐིབས་དང་དྲན་མེད་གསུམ། །སེམས་ཉིད་ངོ་བོ་སྒྲིབ་པའི་སྐྱོན། །ཉམས་དང་ཕྱོགས་འཛིན་སྒོམ་བློ་གསུམ། །སེམས་ཉིད་ངོ་བོ་གོལ་བའི་ལམ། །ཚིག་དང་གོ་ཡུལ་དཔེ་དང་གསུམ། །སེམས་ཉིད་ངོ་བོ་ནོར་བའི་འཕྲང་། །སྤང་བླང་ཐེ་ཚོམ་བཅོས་བསླད་གསུམ། །སེམས་ཉིད་ངོ་བོ་འཁྲུལ་བའི་གཞི། །ཤར་གྲོལ་ཆེན་པོ་ཉམས་ཀྱི་མཆོག །བདེ་གསལ་མེད་རུང་དེ་ཡི་ཟབ། །མ་བཅོས་རང་བབས་བཞག་ཐབས་མཆོག །སྤྲོས་འཛིན་མེད་རུང་དེ་ཡི་ཟབ། །རང་གསལ་སྨྲ་མེད་རྟོགས་པའི་མཆོག །ཚིག་དང་བྲལ་རུང་དེ་ཡི་ཟབ། །དུས་ཀུན་ཉམས་ལེན་སྒྲུབ་པའི་མཆོག །ཐུན་མཚམས་མེད་རུང་དེ་ཡི་ཟབ། །ཉིན་མཚན་འདྲེས་ན་གོམས་པའི་
མཆོག །མིང་བཏགས་མེད་རུང་དེ་ཡི་ཟབ། །ཉམས་གྱི་རྣལ་འབྱོར་ཉམས་སྣང་མང་། །འབྲས་བུའི་རྣལ་འབྱོར་ཉམས་དང་བྲལ། །ལམ་གྱི་རྣལ་འབྱོར་རྒྱུ་འབྲས་གཅེས། །འབྲས་བུའི་རྣལ་འབྱོར་རྒྱུ་འབྲས་ཟད། །ལུང་གི་ཆོས་ལ་སྨྲ་བ་མང་། །རྟོག་པའི་ཆོས་ལ་སྨྲ་བརྗོད་མེད། །རྣམ་རྟོག་སྤེལ་བའི་བསྐྱེད་རྫོགས་དེ། །རྫོགས་ཆེན་ཆོས་ཟད་མི་རྟོགས་དུ། །གོ་ཡུལ་ཐོས་པའི་ཆོས་བཤད་དེས། །རང་ཞལ་ཆོས་སྐུ་མི་མཚོན་དུ། །འདུས་བྱས་དགེ་སྦྱོར་རྩབ་རྩུབ་ཀྱིས། །འཆི་ཁ་དཔའ་གདེང་མི་ཐོབ་དུ། །བསླབ་ཤེས་མཁས་པའི་སློབ་གཉེར་དེས། །དགོས་པའི་དུས་སུ་མི་སླེབ་དུ། །འཁོར་འདས་གཏད་མེད་སྒྱུ་མར་ཞིག །རང་རིག་གདོད་མའི་གནས་ལུགས་རྟོགས། །བྱས་ཆོས་རྨི་ལམ་རྫུན་ཕུགས་རྡིབ། །སྔོན་དུས་བླ་མ་རྗེ་ཡི་དྲིན། །ད་ལྟ་རང་རིག་བླ་མར་རྟོགས། །དེང་དུས་ཆོས་པ་ཐམས་ཅད་དང་། །འགལ་བའི་ཆོས་སྐུའི་གདེང་བཤད་འདི། །སྨྱོན་པ་ལས་རབ་རྩལ་གྱིས་བཀོད། །དགེ་བས་འགྲོ་ཀུན་མྱང་འདས་ཤོག །དགེའོ།། །། ༈ སེམས་དང་རིག་པ་དྭངས་
སྙིགས་འབྱེད་པའི་ཐབས་ལམ་བཀའ་རྒྱ་ཅན་བཞུགས་སོ། །ན་མོ་གུ་རུ། ལུས་གནད་དྲང་བས་ངག་གནད་བབ་ལྷོད་ལྡན། །མན་ངག་རྡོ་རྗེའི་རྦ་རླབས་ཡིད་ཙམ་ངང་། །རླུང་གནད་བར་རླུང་ལྟེ་བ་ཐད་ཀར་བརྒྱང་། །མིག་གནད་གྱེན་བཏེགས་བར་སྣང་ཧ་རེ་གཏད། །སེམས་གནད་མ་བཅོས་རང་བབ་ངང་དུ་གློད། །དེ་ཚེ་རང་གསལ་བརྗོད་མེད་མངོན་དུ་འགྱུར། །རང་བྱུང་རིག་པ་ཆོས་སྐུ་མཇལ་བ་ལགས། །ངང་དེར་གནས་པ་ཀུན་ཀྱང་ཀུན་ཏུ་བཟང་། །གུ་རུ་རཏྣས་བདག་ལ་གདམས་པ་ཡི། །ཞལ་ལུང་རང་གི་སྙིང་ཐིག་ཁྱད་ཆོས་སོ། །ཐུགས་དམ་མཛོད་དང་བོགས་འདོན་གསང་ལམ་མཆོག །ཨ་ཏིའི་རྣལ་འབྱོར་ལས་རབ་རྩལ་གྱིས་བྲིས།། །། ༈ ལུས་ངག་ཡིད་ཀྱི་འཛིན་པ་ཞིག །སྤྲོས་མཚན་ཚིག་གི་བརྗོད་པ་ཟད། །རང་གསལ་མངོན་དུ་ཡེ་ཤེས་མཐོང་། །བཀའ་དྲིན་དྲན་བྱུང་བླ་མ་རྗེ། །ལྟ་བ་ཞེས་ཕྱོགས་ལྷུང་ངོས་འཛིན་བྲལ། །སྒོམ་པ་ཞེས་དེ་ཉིད་ངང་དུ་གནས། །སྤྱོད་པ་ཞེས་སྤྱོད་ལམ་ཀུན་ཏུ་འབྱོངས། །འབྲས་བུ་ཞེས་མངོན་གྱུར་ཐེ་ཚོམ་བྲལ། །དེ་བཞིན་དུ་ཤེས་དགོས་སྒོམ་
མཁན་རྣམས། །ཞེས་རྫོགས་པ་ཆེན་པོའི་གདེང་ཚད་རྟོགས་པ་བླ་མའི་དྲིན་དུ་ཤེས་པ་དང་ལྟ་སྒོམ་སྤྱོད་པའི་གལ་འགག་སྒོམ་མཁན་རྣམས་ལ་ཕྲིན་ལས་ཀྱིས་གདམས་པའོ།། །། ༈ འཕྲང་སེལ་གནད་ཀྱི་ཞལ་གདམས་རྒན་པོ་སུན་འབྱིན་ཅེས་བྱ་བ། གོ་ཡུལ་ཚིག་གི་རྗེས་སུ་འབྲང་བ་ཡི། །བྱ་ཤོར་ལྟ་བས་རང་ཉིད་བསླུ་ཡང་སྲིད། །སྒོམ་བློས་བཅོས་ཤིང་ཉམས་རྟོགས་བཟང་འདོད་པའི། །རྟོད་ཕུར་དེ་ཡིས་ཡིན་ལུགས་འཆིང་ཡང་སྲིད། །བྱིང་བའི་འོག་ནས་འགྱུ་བ་མ་ཚོར་བའི། །རྒྱ་འབྱམས་དེ་འདྲའི་དགོངས་པ་འཁྲུལ་ཡང་སྲིད། །སྤང་བླང་འདམ་ཀ་རེས་འཛིན་རེས་འཇོག་དེས། །སྤྲོས་བྲལ་གཉེན་པོ་བྲལ་བ་བསླད་ཀྱང་སྲིད། །དབང་པོ་བགགས་ཤིང་གནས་དགའ་འགྱུ་སྡུག་སྒོམ། །མུན་པ་དེ་འདྲས་ཡེ་ཤེས་སྒྲིབ་ཀྱང་སྲིད། །བརྗོད་མེད་དོན་དེ་ངོ་སྤྲོད་མ་ཤེས་པས། །མཐོང་མཐོང་མང་པོའི་ཚིག་དེས་ནོར་ཡང་སྲིད། །བདེ་གསལ་མི་རྟོག་ཉམས་ལ་མཆོག་འཛིན་པས། །གོལ་བའི་ལམ་དེས་འཁོར་བར་འཁྱམ་ཡང་སྲིད། །རང་ངོ་འཕྲོད་ཀྱང་མ་བསྒོམས་མ་འདྲིས་པས། །གདམས་པ་ཟབ་ཀྱང་འཆི་དུས་སླེབས་མི་སྲིད། །ཐེག་
པ་སྣ་འདྲེན་ཤེས་ཤེས་མང་པོ་དེས། །ཆིག་ཆོག་ནོར་བུ་རྫོགས་ཆེན་འཆོལ་ཡང་སྲིད། །སྐྱོན་མཚང་སུན་འབྱིན་ཞལ་གདམས་བདུད་རྩི་འདི། །མཚུངས་མེད་ཆོས་རྗེའི་ཞལ་ལུང་ཇི་བཞིན་དུ། །ཆོས་དབྱིངས་དྲི་མེད་དེ་ཡིས་གསལ་བར་བྱས། །དགེའོ།། །། ༈ དེ་ནས་ཀླད་དཀར་གྱི་སྒོམ་ཕོ་སྒོམ་མོ་རྣམས་ལ་གདམས་པ་རྫོགས་ཆེན་ཟབ་དྲིལ་རྡོ་རྗེའི་ཚིག་རྐང་། བཙལ་ཀྱང་མི་རྙེད་ལྟས་ཀྱང་མི་མཐོང་བ། །སྟོང་པ་ཡིན་པའི་མཚན་ཉིད་དེ་ན་གདའ། །བཞག་ཀྱང་མི་སྡོད་བཀག་ཀྱང་མི་ཁོག་པ། །ཆད་པ་མིན་པའི་མཚན་ཉིད་དེ་ན་གདའ། །རང་གསལ་བརྗོད་མེད་ངོས་བཟུང་ཀུན་དང་བྲལ། །ལྷག་མཐོང་སྒོམ་གྱི་མཚན་ཉིད་དེ་ན་གདའ། །གང་ཤར་མ་བཅོས་རང་བབས་གློད་པའི་ངང་། །བླ་མའི་ཞལ་གདམས་བཞག་ཐབས་དེ་ན་གདའ། །ཤར་གྲོལ་ཆུ་ལ་ཆུ་རླབས་ཐིམ་པ་འདྲ། །ཉམས་མྱོང་གཏན་ཚིགས་མཚན་ཉིད་དེ་ན་གདའ། །རྟོགས་གྲོལ་དུས་མཉམ་སངས་རྒྱས་རང་ལ་རྙེད། །རྫོགས་ཆེན་ཁྱད་ཆོས་མཚན་ཉིད་དེ་ན་གདའ། །དད་དང་དམ་ཚིག་ངེས་འབྱུང་འབྲལ་མེད་འགྲོགས། །འཆི་གཞུག་ཆོས་མཉམ་
མཚན་ཉིད་དེ་ན་གདའ། །གོམས་འདྲིས་ཚིག་དྲེད་རྣམ་གཡེང་ཕྱི་བཤོལ་ཅན། །སྐྱོན་ཅན་སློབ་མའི་མཚན་ཉིད་དེ་ན་གདའ། །རང་རྒྱུད་མ་གྲོལ་གཞན་ལ་གྲོལ་ལམ་འབོགས། །འདྲེས་ཁྱེར་བླ་མའི་མཚན་ཉིད་དེ་ན་གདའ། །ཡད་ཡུད་ལས་ཀྱིས་འབྲེལ་བའི་ཚོགས་རྣམས་ལ། །རྒྱལ་ཁམས་སྤྲང་པོས་འཆལ་ཚིག་དེ་འདྲ་འདོམ།། །། ༈ མཉམ་མེད་ཆོས་རྗེ་བླ་མའི་ཞབས་ལ་མདུད། །བླ་མ་སངས་རྒྱས་ཤེས་པའི་དད་པ་དགོས། །སྐྱོན་མཐོང་ལྷག་པར་བློ་བཅོས་གསོལ་འདེབས་བརྗོད། །སེམས་ཅན་ཕ་མར་ཤེས་པའི་སྙིང་རྗེ་དགོས། །སྡང་ན་མཐོང་བཞིན་ལྷག་པར་དགའ་བ་བསྒོམ། །རང་སེམས་སངས་རྒྱས་ཤེས་པའི་ཉམས་ལེན་མཛོད། །རྐྱེན་ངན་བྱུང་ན་ལྷག་པར་ལམ་དུ་ཁྱེར། །མི་ཚེ་ཆོས་ལ་དྲིལ་ཞིང་ཉམས་ལེན་གྱིས། །འཆི་དུས་རྫོགས་ཆེན་དོན་དང་འགྲོགས་ཤིང་སོང་། །འབྱོར་ལྡན་དགེ་ལས་ཤེས་འདྲའི་དགོས་པ་མེད། །སྤྲང་པོ་ང་འདྲ་ཆོས་དང་འབྲེལ་བར་ཤོག །འདི་ཡང་དེ་རིང་རྩེད་མོར་སྨྲ་ཡང་སྤྲོ། །རྗེ་གཅིག་བླ་མ་
སངས་རྒྱས་ལ། །གསོལ་བ་འདེམས་སོ་བྱིན་གྱིས་རློབས། །རྫོགས་པ་ཆེན་པོ་དཔེ་དང་བྲལ། །དེ་རིང་དཔེ་ཞིག་འགོད་ཙ་ན། །གནམ་གང་ཟླ་བ་དེ་དང་ནི། །མོ་གཤམ་བུ་ཡི་མཚན་ཉིད་དང་། །དེ་ལ་ལྟ་བའི་དཔེ་དོན་མཛོད། །བལྟས་པས་མི་མཐོང་དེ་ལྟར་ལགས། །གཞོན་ནུ་མ་ཡི་བདེ་བ་དང་། །ལྐུགས་པས་བུ་རམ་རོ་སྨྲ་བ། །དེ་ལ་སྒོམ་པའི་དཔེ་དོན་མཛོད། །རང་གསལ་བརྗོད་མེད་དེ་ལྟར་ལགས། །ནམ་མཁའ་བྱ་ལམ་རྗེས་མེད་དང་། །ཆུ་ནང་རི་མོ་བྲིས་པ་དང་། །དེ་ལ་སྤྱོད་པའི་དཔེ་དོན་མཛོད། །གང་ཤར་འཛིན་མེད་དེ་ལྟར་ལགས། །མར་ནི་འོ་མར་སླར་མི་འགྱུར། །སྣུམ་ནག་ཁུ་བར་ཏིལ་མི་སྐྱེ། །དེ་ལ་འབྲས་བུའི་དཔེ་དོན་མཛོད། །རྒྱུར་མི་ལྡོག་པ་དེ་ལྟར་ལགས། །སད་སེར་མ་བྱུང་ལོ་ལེགས་དང་། །ཚོང་པ་དོན་འགྲུབ་དགྲ་ལས་རྒྱལ། །དེ་ལ་དམ་ཚིག་དཔེ་དོན་མཛོད། །སྐྱོན་དང་བྲལ་བ་དེ་ལྟར་ལགས། །རྫོགས་པ་ཆེན་པོ་ཚིག་དང་བྲལ། །དེ་རིང་ཚིག་ཏུ་སྨྲ་ཙ་ན། །རྟག་ཆད་མཐའ་བཞི་ཀུན་དང་བྲལ། །ལྟ་བའི་ཡིན་ལུགས་དེ་ལྟར་སྨྲ། །བསྒོམ་བྱ་སྒོམ་བྱེད་
ཀུན་དང་བྲལ། །སྒོམ་པའི་ཡིན་ལུགས་དེ་ལྟར་སྨྲ། །ཡུལ་སེམས་གཏད་མེད་འཛིན་ཞེན་བྲལ། །སྤྱོད་པའི་ཡིན་ལུགས་དེ་ལྟར་སྨྲ། །མངོན་གྱུར་གདེང་ཐོབ་རེ་དོགས་བྲལ། །འབྲས་བུའི་ཡིན་ལུགས་དེ་ལྟར་སྨྲ། །བསྲུང་མཚམས་གནང་བཀག་མཚན་མ་བྲལ། །དམ་ཚིག་ཡིན་ལུགས་དེ་ལྟར་སྨྲ། །གང་ཤར་རང་བབས་བཟོ་མེད་ངང་། །སེམས་ཀྱི་བཞག་ཐབས་དེ་ལྟར་སྨྲ། །དེ་ལྟར་དཔེ་དང་ཚིག་གི་ཕྲེང་། །ཨ་ཏིའི་རྣལ་འབྱོར་དེ་ཡིས་བཀོད།། །། ༈ སྲིད་པར་གནས་ཀྱང་དེ་ཡི་སྐྱོན་དང་བྲལ། །ཞི་བར་གནས་ཀྱང་འགྲོ་དོན་འགོག་པ་མེད། །ནམ་ཡང་སྐུ་གསུམ་ངང་ལས་གཡོས་མ་མྱོང་། །པདྨའི་མཚན་དེ་དང་པོའི་སངས་རྒྱས་ངང་། །སངས་རྒྱས་ཀུན་གྱི་དང་པོ་གྲོལ་གཞི་ནི། །གཞོན་ནུའི་བདེ་བ་ལྐུགས་པས་བུ་རམ་བཞིན། །རང་ངལ་བརྗོད་མེད་འདི་ཀ་རིག་པ་འམ། །ཡེ་ཤེས་ཀ་དག་སངས་རྒྱས་འགྲུབ་ཀུན་མཚན། །འདིའི་ངང་ཇི་བཞིན་བརྟན་བཞིན་རྟོགས་པ་བཟང་། །མ་རིག་རང་ངོ་མ་ཤེས་མཚང་ཅན་དེས། །ཀུན་བཏགས་དགེ་སྡིག་ཆགས་
སྡང་ཕན་གནོད་སེམས། །དོན་དུ་འགྱུ་བ་མཐའ་དག་ཅེས་བྱ་དེ། །དེས་བསྐྱེད་སེམས་ཞེས་སེམས་ཅན་རྒྱལ་བས་གསུངས། །སེམས་དང་རིག་པ་བྱེད་ལས་མི་མཐུན་ཏེ། །སངས་རྒྱས་སེམས་ཅན་བསྒྲུབ་བྱའི་རྩ་བ་ཡིན། །སེམས་དང་རིག་པ་སྤུ་མི་མཐུན་པ་སྟེ། །རྟ་གཡག་ལྟ་བུ་བི་མ་མི་ཏྲས་བཞེད། །སེམས་དང་རིག་པ་གྲོགས་མི་མཐུན་པ་ནི། །མེ་ཆུ་ལྟ་བུར་རྫོགས་ཆེན་གནད་ལས་བཤད། །དེང་སང་སེམས་དང་རིག་པ་མ་ཕྱེས་པས། །དགྲ་ཟུན་ནོར་བས་གང་ཟག་བླུན་རེ་ཆེ། །དགྲ་གཉེན་དེ་ཀུན་རང་བཞག་མ་ཤེས་པས། །འདོར་ལེན་རེས་མོས་བསྒོམ་དེ་ཡི་རེ་མུག །ཡེ་སངས་རྒྱས་ཀྱང་རང་ངོ་མ་རྟོགས་པའི། །བྱིས་པ་དེ་འདྲ་བསམ་གྱིན་དགོད་རེ་བྲོ། །མདོ་རྒྱུད་ལུང་དེ་འདི་དང་འདི་འདྲ་ཡིན། །ཡིད་དཔྱོད་འཁྲུལ་པའི་གདམས་པ་སྐྱུག་རེ་བྲོ། །སྒོམ་ཞེས་དངོས་པོའི་གཟུགས་ཅན་ཡོད་དེ་རེ། །རེ་བཅས་འཇུར་བུས་བླུན་རྒན་ཐང་རེ་ཆད། །རང་ངོ་རིག་ན་གདོད་ནས་སངས་རྒྱས་ཏེ། །སེམས་ཞེས་འོ་མའི་ནང་ན་མར་མི་མངོན། །རིག་པ་མར་དེ་དེང་ནས་གནས་
དང་འདྲ། །དེང་ནས་གཞི་ལ་སངས་རྒྱས་མི་གནས་ན། །བསྒྲུབས་པས་མི་འགྲུབ་ཆུ་ལས་མར་མི་སྣང་། །སངས་རྒྱས་དེ་དང་ཕྱིན་ཆད་འཁོར་མི་སྲིད། །མར་ཉིད་གྲུབ་ཟིན་འོ་མར་ལྡོག་པ་མེད། །འདི་འདྲའི་ལུང་རྒྱུད་མང་དུ་ཡོད་མོད་ཀྱང་། །སྡུ་ཚིག་རྩ་བ་འདི་ལ་གོ་བ་ལོངས།། །། ༈ རྣམ་པ་ཀུན་ཏུ་མཆོག་ལྡན་བདེ་བ་ཆེ། །གདོད་མའི་མགོན་པོ་བླ་མའི་ཞབས་ལ་འདུད། །མཁས་པ་རྣམས་ཀྱིས་གཟིགས་པར་དཀའ་བ་ཡི། །ནང་གི་དེ་ཉིད་བཤད་ན་འདི་ལྟར་ཡིན། །བཙལ་བས་མི་རྙེད་མོ་གཤམ་བུ་དང་འདྲ། །རང་གསལ་བརྗོད་མེད་གཞོན་ནུའི་བདེ་བ་འདྲ། །ཡེ་ནས་སྒྲིབ་བྲལ་ཉི་མའི་དཀྱིལ་འཁོར་འདྲ། །སྐྱོན་ཀྱིས་མ་གོས་རྡུལ་ནང་དངུལ་ཆུ་འདྲ། །ཁ་གཏིང་མེད་པ་རྒྱ་མཚོ་དྭངས་པ་འདྲ། །མཐའ་དབུས་མེད་པ་ནམ་མཁའ་དག་པ་འདྲ། །འཆར་ནུབ་མེད་པ་གནམ་གང་ཟླ་བ་འདྲ། །རྒྱུན་ཆད་མེད་པ་འབབ་ཆུ་གཞུང་རིང་འདྲ། །སྒོམ་དུས་གཡོ་འགུལ་མེད་པ་རི་བོ་འདྲ། །བཞག་པས་མི་སྡོད་ཁང་སྟོང་སྤྲེའུ་འདྲ། །བལྟས་པས་མི་མཐོང་བར་
སྣང་མདུང་བསྐོར་འདྲ། །ཉམས་རྣམས་བྱིས་པས་འཇའ་ཚོན་དེད་པ་འདྲ། །སེམས་ཚོལ་གླང་པོ་གམ་བཞག་རྗེས་བཙལ་འདྲ། །བསྒོམ་ཐབས་ཕལ་ཆེར་མུན་པའི་མདའ་དང་འདྲ། །རྒྱུར་མི་ལྡོག་པ་ཏིལ་མར་བཏབ་པ་འདྲ། །རྟོགས་པ་རྗེས་མེད་ནམ་མཁའི་བྱ་ལམ་འདྲ། །ཤར་གྲོལ་རིས་མེད་ཆུ་རླབས་ཆུར་ཐིམ་འདྲ། །ཉམས་མྱོང་བདེ་གཟར་བྱིས་པའི་རྩེད་མོ་འདྲ། །ས་མཚམས་བརྩི་བ་ཆུ་ནང་རི་མོ་འདྲ། །ཇི་བཞིན་རྟོགས་ན་འཁོར་འདས་སྒྱུ་མ་འདྲ། །གྲོང་ཁྱེར་རྒྱུན་གཅོད་ཏ་ལ་བྲེག་པ་འདྲ། །རིག་པའི་ངང་ནི་སྐྱེ་མེད་ཆོས་སྐུ་འདྲ། །འཁྲུལ་འཛིན་རྙོག་མ་རྟ་རྒོད་ལོང་བ་འདྲ། །སྐྱེ་འཆིའི་སྣང་བ་གྲོང་ཁྱེར་བརྗེ་བ་འདྲ། །མཐོ་རིས་ངན་སོང་རྨི་ལམ་བདེ་སྡུག་འདྲ། །འདི་ལྟར་ཤེས་ན་ཀློང་ཆེན་རབ་འབྱམས་འདྲ། །ལྟ་བ་འབྱོངས་ཟིན་ལྐུགས་པའི་བུ་རམ་འདྲ། །སྒོམ་པ་འབྱོངས་ཟིན་གཞོན་ནུའི་བདེ་བ་འདྲ། །སྤྱོད་པ་འབྱོངས་ཟིན་སྒྱུ་མའི་མཚང་རིག་འདྲ། །འབྲས་བུའི་རང་བཞིན་དེད་དཔོན་དོན་འགྲུབ་འདྲ། །དེ་ལྟར་ཤེས་ན་ཀློང་ཆེན་རབ་འབྱམས་འདྲ། །འདྲ་བའི་དཔེ་མང་
ཕྲིན་ལས་བདག་གིས་བཀོད།། །། ༈ ཀྱེ་གསང་བའི་བདག་པོ་ལགས། ཆོས་ཀྱི་སྐུ་ཉམས་སུ་བླངས་ན། ནམ་མཁའ་སུམ་སྤྲུགས་གདམས་ངག་གོ། །ཕྱི་ཡི་ནམ་མཁའ་བར་སྣང་སྟོང་པ་དེ་ཡིན། ནང་གི་ནམ་མཁའ་མིག་དང་སྙིང་འབྲེལ་བའི་རྩ་སྦུབས་སྟོང་པ་དེ་ཡིན། གསང་བའི་ནམ་མཁའ་སྙིང་རིན་པོ་ཆེའི་གཞལ་ཡས་ཁང་ངོ་། །རང་གི་རིག་པ་མིག་ལ་གཏད་མིག་བར་སྣང་ལ་གཏད་ནས་བཞག་པས་ཡེ་ཤེས་འབྱུང་ངོ་། །ཞེས་དང་དབྱིངས་ཉིད་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་ཚེ་འདི་མི་རྟག་ཅིང་། །འཁོར་བ་སྡུག་བསྔལ་རང་བཞིན་དུ་ཤེས་པས། །དལ་འབྱོར་སྙིང་པོ་ལེན་འདོད་སྐལ་བ་ཅན། །དེ་ཀུན་རྣམ་གཡེང་དབང་དུ་མ་སོང་བར། །དད་དང་ངེས་འབྱུང་ཤེས་རབ་རྒྱུད་སྦྱོར་ལ། །ཚོགས་བསགས་སྒྲིབ་སྦྱོང་ཆོས་སྤྱོད་ནར་མར་ལོངས། །རྣམ་གཡེང་རྐུན་པོས་གླགས་སྐབས་མི་རྙེད་པར། །སྐྱོན་བྲལ་ཐུབ་པའི་དབང་པོའི་བཀའ་བཞིན་དུ། །རྒྱུ་འབྲས་བླང་དོར་གནས་ལ་གོམས་པར་མཛོད། །རྒྱལ་གསུང་
ཆོས་ཚུལ་རྒྱ་མཚོའི་སྙིང་པོའི་བཅུད། །ངེས་གསང་རྫོགས་པ་ཆེན་པོ་ཉམས་ལེན་ཚུལ། །བཅས་བཅོས་ཚུལ་རྩུབ་སྤྲོས་པ་མི་དགོས་པར། །གང་ཤར་དེ་ཀའི་ངང་དུ་བབ་ཀྱིས་ཞོག །གནས་པ་མི་བསྲིང་འགྱུ་བ་དགག་མི་དགོས། །བདེ་གསལ་མི་རྟོག་ཉམས་ལ་ཆེད་འཛིན་ཁྲོལ། །བྱིང་རྒོད་འཁྲུལ་སྣང་ཏིང་འཛིན་ལམ་དུ་ཁྱེར། །ཆུ་ལ་ཆུ་རླབས་གྲོལ་བ་ཇི་བཞིན་དུ། །ཤར་གྲོལ་རིས་མེད་དགོངས་པ་མངོན་དུ་འགྱུར། །དམ་ལྷོད་མེད་པར་ཡུན་གྱིས་ཉམས་ལེན་ན། །ཐེ་ཚོམ་མེད་པའི་ངེས་ཤེས་རང་ལ་རྙེད། །གོལ་སྒྲིབ་མེད་པའི་དཔའ་གདེང་ཁོང་དུ་ཆུད། །འཛིན་བཅས་བག་ཆགས་སེམས་ཀྱི་གཡང་ལུགས་བུད། །རིག་པའི་བུ་ཆུང་གཅེར་བུར་མངོན་སུམ་ཐོན། །རང་གསལ་བརྗོད་མེད་དགོངས་པ་མངོན་གྱུར་ཡིན། །རྩོལ་སྒྲུབ་མེད་པའི་ཡེ་ཤེས་ཁོར་ཡུག་གསལ། །ཉིན་མཚན་བར་མེད་ཏིང་འཛིན་ཆུ་བོའི་རྒྱུན། །དཔེར་ན་བུམ་པ་ཆག་པའི་ནམ་མཁའ་བཞིན། །བར་དོ་མེད་པ་ཀུན་བཟང་ཀློང་དུ་ཐིམ། །སྐྱེ་འཆི་བཏགས་པ་མིང་ཡིན་དོན་ལ་མེད། །སྔོན་བྱོན་མཁས་གྲུབ་རྣམས་
ཀྱང་འདི་བཞིན་གདམས། །སྒོམ་བརྩོན་དམ་པ་རྣམས་ལ་ཕན་ཕྱིར་དུ། །རྣམ་གཡེང་མཁན་པོ་ཕྲིན་ལས་བསྟན་དར་གྱིས། །དེ་ལྟར་གདམས་འདི་ཀུན་ལ་ཤིས་གྱུར་ཅིག །མངྒ་ལཾ།། །། ༈ དགེ་ལེགས་མ་ལུས་ཐམས་ཅད་འབྱུང་བའི་གཞི། །ཐར་པའི་ལམ་དུ་འགྲོ་བའི་དེད་དཔོན་ལ། །སྐྱབས་ཀུན་ངོ་བོ་དྲིན་ཅན་བླ་མ་དེ། །ནམ་ཡང་འབྲལ་མེད་བདག་གི་སྤྱི་བོར་བཞུགས། །ཆོས་སྐུའི་རང་བཞིན་སྤྲོས་བྲལ་རིག་པ་ཉིད། །འཁྲུལ་རྟོག་གོས་ཀྱི་སྦུབས་ལས་མ་ཐོན་པར། །དེ་སྲིད་རྒྱལ་བའི་འབྲས་བུ་མི་ཐོབ་ཅིང་། །བྱང་ཆུབ་གདོད་ནས་རིག་པའི་དོན་ལ་ལྟོས། །སྐྱེ་འཇིག་འཁོར་བའི་ཆོས་ཅན་མེ་དཔུང་ཁྲོད། །དལ་མེད་སྡུག་བསྔལ་འདི་ལ་སྐྱེ་བ་ན། །སྐྱུག་ནད་ཅན་གྱིས་ཟས་མཐོང་ཇི་བཞིན་དུ། །གཉེན་དང་ནོར་རྫས་འཛིན་པ་ཐོངས་ཤིག་ཀྱེ། །ཐོག་མེད་དུས་ནས་གང་བྱས་ལས་རྣམས་ལ། །དོན་དུ་འགྱུར་བ་གཅིག་ཀྱང་མི་གདའ་ན། །ད་ལམ་ཉི་ཚེ་ཙམ་གྱི་ལུས་འདི་ལ། །དགེ་བའི་ལས་ལ་འབྲེལ་བ་ཡང་དག་མཛོད། །སྡུག་བསྔལ་བདེ་བར་
འཛིན་པའི་སེམས་ཅན་རྣམས་། །དུག་ལ་སྨན་དུ་བསམ་ནས་ཟ་བ་འདྲ། །མྱུར་དུ་འབད་ནས་ཐར་པ་བསྒྲུབ་འདོད་ན། །སངས་རྒྱས་མི་རིང་རང་གི་ལག་ན་ཡོད། །སྔ་ཕྱིར་འབྱོན་པའི་རྒྱལ་དང་དེ་སྲས་ཀྱིས། །སྡིག་སྤོང་གྱིས་ཞེས་བསྐུལ་ལ་མི་ཉན་ན། །ངལ་བའི་རྒྱུ་འདི་སྤོངས་ལ་ཕྲིན་ལས་རང་། །ཐོབ་ནས་རྒྱལ་བ་སྙིང་པོའི་དོན་ལ་བརྩོན། །དགེའོ།། །། ༈ ཀུན་བཟང་རྡོ་རྗེ་འཆང་དང་མི་གཉིས་པའི། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །དྲན་པ་ཙམ་གྱིས་བྱིན་རླབས་མཆོག་སྩོལ་བའི། །སྐྱབས་གཅིག་པདྨའི་མཚན་དེ་སྤྱི་བོར་རྒྱལ། །ཡང་ཡང་རྙེད་དཀའ་དལ་དང་འབྱོར་བའི་རྟེན། །ཆུད་ཟོས་སྟོང་ལོག་གཏན་ཆུས་ནོར་བ་འདྲ། །སྐྱེ་འཇིག་འདུ་འབྲལ་ཀུན་རྫོབ་མཚན་ཉིད་རང་། །ཚེ་འདིའི་བྱ་བྱེད་དོན་མེད་ངལ་བའི་རྒྱུ། །འཇིགས་ཆེན་འཆི་བ་ནམ་ཡོང་ཆ་མེད་ཀྱི། །སྐད་གཅིག་མ་ཡེངས་མྱུར་བར་དགེ་ལ་འབུངས། །འཁོར་བ་མེ་དཔུང་དུག་སྦྲུལ་རལ་གྲིའི་ཚལ། །གནོད་པ་མང་སྐྱེལ་འདི་ལ་ཞེན་ལོག་མཛོད། །ཁ་མངར་གང་བཏབ་འབྲས་བུ་དེ་སྨིན་
བཞིན། །དེ་ཕྱིར་དགེ་སྡིག་སྤང་བླང་ཞིབ་མོར་དཔྱོད། །ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་དང་། །དགེ་བའི་གྲོགས་དང་ཐོས་བསམ་ཡུན་བསྲིང་བསྟེན། །དད་པ་ཡལ་དུས་ཡང་བསྐྱར་ཡོན་ཏན་སེམས། །སྙིང་རུས་ཤོར་ན་གོང་མའི་ཡོན་ཏན་སོམས། །ཚེ་འདིར་གོལ་བ་རྨི་ལམ་སྒྱུ་མར་སྒོམས། །སེམས་བསྐྱེད་ཉམས་ན་སླར་ཡང་བསླབ་པ་འབོགས། །དོན་གྱི་སྙིང་པོ་ལྟ་སྒོམ་ཟམ་མོར་དྲིལ། །དཔེ་དང་ཚིག་གིས་མི་མཚོན་སེམས་ཉིད་ལ། །བློས་བཏགས་ཟོལ་གྱིས་སྒྲིབ་གཡོགས་མ་བསྐོན་པར། །གང་ཤར་རང་བབས་གྱི་འདར་གློད་ལ་ཞོག །གཉེན་པོའི་ཐབས་དང་སྒྲིམ་པོའི་གཟེབ་བོར་ཅིག །བདེ་གསལ་མི་རྟོག་ཉམས་ལ་མ་ཞེན་ཨང་། །སྟོང་འཛིན་མཆོག་འཛིན་མཐའ་ལ་མ་གོལ་ཀྱེ། །བྱིང་རྒོད་ཐེ་ཚོམ་ལམ་ཁྱེར་མ་བརྗེད་མཛོད། །བརྗོད་མེད་རིག་པའི་དོན་ལ་སྨྲ་བ་མང་། །སྟོང་པ་ཁས་ལེན་སྤང་བླང་འདོར་ལེན་འདོམ། །ཡང་ན་འགོག་སྒོམ་ཡང་ན་འཁྲུལ་སྣང་མཐུན། །ལྟ་ངན་མུན་པའི་ལམ་དེར་གདེང་མ་འཆའ། །ད་ལམ་
ཙམ་ཡིན་དུས་དང་རྣམ་ཀུན་ཏུ། །རང་བསྐུལ་རང་ལ་བཏབ་ནས་ལྷ་ཆོས་སྒྲུབས། །སངས་རྒྱས་མ་ཐོབ་བར་དུ་དེས་ཆོག་མེད། །ཤི་ཚེ་མི་འཚེར་གདེང་དང་ལྡན་པར་མཛོད། །བླ་མར་འབྲལ་སྔ་ཚིག་དོན་བརྗེད་ངས་སྐྱོན། །རྣམ་གཡེང་བྲིད་མཁས་ཟབ་ལམ་བོར་ལས་ཆེ། །ཆོས་མཛད་གོམས་འདྲིས་ལྡན་ལ་མི་དགོས་ཡང་། །ཆོས་ཕུགས་གསལ་བར་མི་བརྗེད་ཐོ་ཡིག་གོ །བདག་འདྲའི་རྨོངས་རྒན་ཐོས་བསམ་སྒོམ་པས་དབེན། །རང་མཚང་སྨྱོན་པས་བརྗོད་འདྲའི་ཆོས་བཤད་དང་། །ཉམས་ལེན་མེད་པའི་མ་སོང་ལམ་རྒྱུས་བཞིན། །ཅལ་སྒྲོག་འདི་འདྲ་སྙིང་ནས་ཞེན་པ་ལོག །འོན་ཀྱང་སྙིང་ཐིག་གསོབ་ཙམ་ལས་མེད་དུས། །མངོན་གསུམ་རང་ངོ་ཡེ་ཤེས་མངོན་སྟོན་པའི། །ཚུལ་འདི་རང་ཅག་སྐལ་བ་བཟང་པོའི་རིགས། །དེ་ཕྱིར་ལས་རབ་རྩལ་དེས་བབ་བཅོལ་ལོ། །མངྒ་ལཾ།། །། ༈ ཀུན་བཟང་རིག་རྩལ་རྫོགས་ལ་གུས་པས་འདུད། །སེམས་ཉིད་ཚིག་གིས་མི་མཚོན་དཔེ་དང་བྲལ། །སྒོམ་ཐབས་གང་ཤར་རང་བབས་མ་བཅོས་ངང་། །ཡིན་ལུགས་རང་གསལ་
བརྗོད་མེད་སྟོང་ཆེན་གཤིས། །ཤར་གྲོལ་ཆུ་ལ་ཆུ་ཐིམ་དགོངས་པའི་གནད། །ཡུན་བསྲིངས་སངས་རྒྱས་རང་ལ་རྙེད་པ་ན། །བློ་བདེ་ཐེ་ཚོམ་ཆོད་ཅིང་ཡིད་སྨོན་བྲལ། །ཚུལ་འདི་ཡིན་ལུགས་རྫོགས་ཆེན་གནད་བསྡུས་ནས། །ཆོས་རྗེ་དམ་པར་ཕུལ་བ་ཛ་ཡན་ཏུ།། །། ༈ ༀ་སྭ་སྟི་དགེ་ལེགས་སུ་གྱུར་ཅིག །སྲིད་ཞིའི་མཐའ་ལ་མི་གནས་པད་དཀར་འཆང་། །གང་གི་རྣམ་རོལ་མཁྱེན་བརྩེ་ནུས་པའི་གཏེར། །རིགས་ཀུན་ཁྱབ་བདག་དོན་གྱི་རྡོ་རྗེ་འཆང་། །པདྨའི་མཚན་ཅན་མཉམ་མེད་མགོན་དེས་སྐྱོངས། །འཁོར་བ་མཐའ་མེད་སྡུག་བསྔལ་རང་བཞིན་ཅན། །བསམ་ཞིང་ཚེ་འདིའི་བྱ་བྱེད་ཕལ་མོ་ཆེ། །དོན་མེད་སྙིང་པོ་མེད་པ་ཁོ་ན་ཞིག །གཏིང་ནས་ཞེན་པ་ལོག་པ་གནད་དུ་ཆེ། །འདུ་འབྲལ་སྐྱེ་འཆི་དར་རྒུད་དགྲ་གཉེན་སོགས། །འཇིག་རྟེན་སྣང་བ་འདི་ལ་བལྟས་ཙ་ན། །བྱིས་པའི་རྩེད་མོ་གར་མཁན་འདུ་བྱེད་འདྲ། །བརྟགས་ཤིང་དཔྱད་ན་རང་གཞན་གད་མོ་འཆོར། །དེ་དུས་ཐུབ་བསྟན་ནུབ་ལ་ཉེ་བ་ཡིན། །སྙིང་པོ་ཉམས་ལེན་བསྟན་པ་བག་
ལ་ཞ། །མ་དག་བསམ་སྦྱོར་ཆོས་ལོག་སྡིག་པའི་སྣོན། །མཐོང་གིན་དྲན་མེད་མིག་ནས་མཆི་མ་གཡོ། །རྒྱལ་བསྟན་རྒྱ་ཆེན་མཐའ་ཡས་གྲངས་མང་ཡང་། །དོན་གྱི་སྲོག་ནད་སྟོང་ཉིད་སྙིང་རྗེའི་དོན། །ལྟ་བ་གོལ་མེད་སྙིང་རྗེ་ཞན་མེད་ལ། །གནད་དུ་ཚང་བ་རྒྱ་བོད་མཁས་པའི་གཞུང་། །དེ་ཡང་ཀུན་འབྱུང་རྒྱུ་ཡི་ཐེག་པ་གསུམ། །དཀའ་ཐུབ་རིག་བྱེད་ཐེག་པ་རྣམ་པ་གསུམ། །དབང་བསྒྱུར་ཐབས་ཐེག་གསུམ་དང་དགུ་པོ་ཡི། །གནང་བཀག་ས་མཚམས་རང་རང་ལུགས་ལས་ཤེས། །འདི་ནི་འབྲས་བུའི་ལམ་བྱེད་རྫོགས་པ་ཆེ། །ཉམས་སུ་ལེན་ཚུལ་མདོར་བསྡུས་ཙམ་དུ་བཤད། །ལར་ནི་སྤང་བླང་རྩོལ་སྒྲུབ་ལས་འདས་པས། །ཡེ་ནས་སངས་རྒྱས་ཁས་ལེན་རྫོགས་ཆེན་ཁྱད། །གཞན་ཡང་སེམས་རིག་དབྱེ་དང་དེ་འདྲ་ཡི། །རྣམ་གྲངས་མང་ཡང་ཡི་གེར་འཇིགས་པའི་ཕྱིར། །མི་འཕྲོས་སྔ་འགྱུར་བཀའ་གཏེར་རྣམ་དག་གི། །ཟབ་ཅིང་བརླིང་པའི་རྡོ་རྗེའི་གཞུང་འགྲེལ་གཟིགས། །བཞག་ཐབས་གང་ཤར་བཟོ་མེད་རང་བབ་ངང་། །བདེ་གསལ་མི་རྟོག་ཉམས་ལ་ཞེན་མི་བྱེད་། །
བྱིང་རྒོད་མ་སོང་རྐྱེན་སྣང་སྤང་བློ་བྲལ། །རྣམ་ཀུན་རང་གསལ་རྒྱས་ཐེབས་སྒོམ་པའི་གནད། །ཉིན་མཚན་ཁྱད་མེད་མཉམ་རྗེས་རིས་མེད་ཅིང་། །ཐེ་ཚོམ་བྲལ་བའི་ངེས་ཤེས་རང་ལ་རྙེད། །བཅིང་གྲོལ་རང་ཞིག་འཁོར་འདས་སྒྱུ་མར་དེངས། །ཡངས་སོ་ཆེ་འོ་བློ་བྲལ་དགོངས་པའི་ཀློང་། །དེ་ལྟར་མངོན་དུ་གྱུར་ཀྱང་བརྩོན་པས་འབུངས། །རྨོངས་རྟུལ་བདག་འདྲས་འདི་ཚུལ་སྨྲ་འོས་མིན། །འོན་ཀྱང་དག་སྣང་འབྱོངས་པའི་སྡོམ་བརྩོན་པ། །བཟོད་པས་བསྐུལ་ངོར་ཕྲིན་ལས་ཀྱིས་བྲིས་སོ། །མངྒ་ལཾ།། །། ༈ གསུང་རབ་ལུང་གི་སློབ་དཔོན་རྒྱལ་བའི་བཀའ། གསུང་སྒྲོས་མན་ངག་གི་སློབ་དཔོན་གོང་མའི་ཞལ་རྒྱུན་ཉམས་མྱོང་རྒྱུད་ལ་ཁེལ་བའི་སློབ་དཔོན་བླ་མའི་ཉམས་བཞེས་གདམས་ངག་དེ་ནི་དོན་གསུམ་ཐེ་ཚོམ་མེད་པའི་བློ་ཞེས་སོ། །ཞར་བྱུང་གནང་བ་ལྟར་བྲིས་པའོ།། །། ༈ སྐུ་གསུམ་མཛད་པ་ངོ་མཚར་དཔག་ཡས་ཀྱིས། །མཁའ་ཁྱབ་སྲིད་འགྲོའི་འཆིང་བ་ཀུན་བཅད་ནས། །རྣམ་གྲོལ་མཆོག་གི་གནས་སུ་དབུགས་འབྱིན་པའི། །མཚུངས་མེད་ཆོས་རྗེ་བླ་
མའི་ཞབས་ལ་འདུད། །མགོན་པོ་གང་གི་བརྩེ་ཆེན་ཐུགས་རྗེ་ཡིས། །ཞལ་ལུང་བདུད་རྩིའི་ཆོས་ཆར་བརྒྱ་རྩ་ཕབ། །བདག་འདྲའི་སྣོད་ངན་རྡོལ་བའི་དབང་སོང་ནས། །ཟབ་དོན་བདུད་རྩིའི་བཅུད་ཀྱི་སྐལ་བ་ཕྲ། །སྤྲང་བདག་ཐོས་བསམ་དམན་པས་གོམས་འདྲིས་ཞན། །ཚེ་འདིའི་དབང་སོང་རྣམ་གཡེང་ཁོལ་པོར་ཤོར། །བཟང་འདོད་ལོ་འདོད་བར་དུ་ཚེ་ཕྱེད་ཡོལ། །བླ་གཟུགས་ཟོལ་ལ་བརྟེན་ནས་གྲལ་མགོ་སྙེག །གསོན་གཤིན་དཀོར་ནག་རྣམ་སྨིན་ཕྱེ་གཏོར་འགམ། །ད་ལྟ་རང་སྐྱོན་རིག་དུས་ཅུང་ཟད་འཕྱིས། །ཁྱེད་ཉིད་སོར་བྱང་སྔགས་ཀྱི་བསླབ་པས་བརྒྱན། །མཉམ་མེད་ཆོས་རྗེའི་ཉེར་གནས་ཡུན་རིང་ཞུས། །ལུགས་གཉིས་མཁྱེན་དཔྱོད་མཆོག་ཏུ་ཡངས་པ་ཡི། །སྙན་དུ་འབུལ་འོས་དབེན་ཀྱང་རྡོ་རྗེའི་མཆེད། །གང་གིས་དགོས་གསུངས་ཞལ་ངོ་མི་ལྡོག་ཙམ། །བབ་ཅོལ་གྲོང་ཚིག་དུམ་ཆོད་ཉུང་ངུ་ནི། །གང་ཞིག་རྫོགས་པ་ཆེན་པོའི་དོན་རྟོགས་པ། །ཕྱིན་ཆད་སྒོ་གསུམ་གྲོང་དུ་མི་འཇུག་ཕྱིར། །གྲོང་ཁྱེར་རྒྱུན་གཅོད་ལྟ་བ་ཞེས་སུ་གྲགས། །ཐེག་བརྒྱད་གཞན་གྱི་
མཐར་ཐུག་འབྲས་བུའི་དོན། །འདིར་ནི་ལམ་གྱི་དུས་ན་མངོན་གསུམ་ཕྱིར། །རྫོགས་པ་ཆེན་པོ་འབྲས་བུ་ལམ་ཁྱེར་ཞེས། །རྩོད་བྲལ་མཁས་དང་གྲུབ་བརྙེས་མང་པོས་བཞེད། །རྒྱ་གར་ཆོས་ལ་གཙིགས་ཆེ་བཀའ་བསྡམས་པས། །གསར་འགྱུར་ཕལ་རྣམས་ཨ་ཏིར་མི་མཐུན་རུང་། །དོ་ཧ་མཛོད་སོགས་འཕགས་གྲུབ་ཉམས་འགུར་འགར། །མཐར་ཐུག་གསང་ཚིག་རྫོགས་ཆེན་དགོངས་པར་གཅིག །སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་རྟོགས་པ། །མུ་སྟེགས་ལམ་ལོག་ལམ་གོལ་ནོར་བ་ཅན། །ཐེག་རིམ་བརྒྱད་པོ་བྱས་ཆོས་རྩོལ་སྒྲུབ་བཅས། །ཕྱོགས་རེས་དོན་མཐོང་གླང་ཆེན་སྨྲ་དང་མཚུངས། །རྫོགས་པ་ཆེན་པོ་ཕྱོགས་ལྷུང་མཐའ་བཞི་བྲལ། །དེ་ཕྱིར་ཀུན་ཟླུམ་ཐིག་ལེ་ཆེན་པོ་ཞེས། །ཀུན་ལས་ཁྱད་པར་འཕགས་པའི་གནད་དུ་ཟབ། །སེམས་ཅན་ཁམས་ན་བདེ་གཤེགས་ཞུགས་ཚུལ་དང་། །སྡོམ་དང་རིག་པ་སྒྲུབ་ཚུལ་གཏན་ཚིགས་བཅས། །གདོད་མའི་གནས་ལུགས་ཉམས་སུ་ལེན་པའི་གནད། །ཀུན་རྫོབ་རྩ་རླུང་ཐིག་ལེའི་མཚན་ཉིད་དང་། །
དོན་དམ་རྩ་ཐིག་རླུང་གསུམ་རྟེན་བརྟེན་བཅས། །ལྷུན་གྲུབ་མྱུར་ལམ་སྣང་བཞིའི་བགྲོད་ཚུལ་ཚད། །རླུང་རིག་དག་ནས་མྱང་འདས་ཐོབ་པ་ན། །འབྲས་བུ་རྒྱུར་མི་ལྡོག་པའི་དཔེ་ལུང་བཅས། །མན་ངག་སྙིང་ཐིག་ཡོངས་ཀྱི་ཁྱད་ཆོས་རྣམས། །རང་ལུགས་གྲུབ་མཐའ་འཛིན་ལ་གཅེས་པའི་སྲོག །མདོར་ན་སངས་རྒྱས་དང་ནི་སེམས་ཅན་གཉིས་། །རང་ངོ་རིག་དང་མ་རིག་ཁྱད་པར་ཏེ། །བརྐྱང་ན་ཐལ་མོ་བསྐུམ་ན་ཁུ་ཚུར་དཔེ། །འཁོར་འདས་ས་མཚམས་འདི་ཡིས་འབྱེད་པར་རིག །པདྨ་འབྱུང་དང་བི་མ་མི་ཏྲ་ཡི། །དགོངས་པའི་ཞེ་ཕུགས་ཐུགས་ལ་བརྣག་པའི་གནད། །ཀློང་རབ་ཞབས་དང་དྲིན་ཆེན་བླ་མ་རྗེ། །ཞལ་ཤེས་དམར་ཁྲིད་སྙིང་པོའི་བཅུད་དྲིལ་བ། །རིག་པའི་ངོ་བོར་འཁོར་འདས་གྲུབ་མ་མྱོང་། །དཔེ་ཡིས་མི་མཚོན་ཚིག་གིས་བརྗོད་དུ་མེད། །ཆེ་ཆུང་ཡངས་དོག་ངོས་བཟུང་ཕྱོགས་ལྷུང་མེད། །སྐྱེ་འཆི་འཕོ་འགྱུར་བགྲེས་རྒུད་འཆར་ནུབ་མེད། །དུས་གསུམ་དུས་མེད་རོལ་པ་གཅིག་ཏུ་བརྡལ། །བྱུང་གནས་འགྲོ་གསུམ་འདིར་བྱུང་འདིར་འགག་མེད། །གསལ་ལ་མ་
འགྱུས་ཐིམ་ལ་མ་རྨུགས་པ། །གདོད་མའི་ཡེ་བབ་ཀ་དག་ཆོས་སྐུའི་ངང་། །ལྷག་མཐོང་ཚད་མ་ཡེ་ཤེས་རིག་པའི་དོན། །ཁྲེགས་ཆོད་སྲོག་ཏུ་འདི་ལ་གཅེས་པར་ཟུང་། །གནས་སམ་འཕྲོ་འམ་དགེ་སྡིག་ལུང་མ་བསྟན། །གང་ཤར་སོ་མ་དེ་ཡི་ངང་དུ་ནི། །བཅོས་བསྒྱུར་སྤང་བླང་ཚོད་འཛིན་མེད་པར་གློད། །རྐྱེན་ཁར་མི་འཆོར་ཐད་ཀར་ཆོད་པས་ན། །ཁྲེགས་ཆོད་ཟེར་བའི་བླ་དྭགས་དེ་ལྟར་ཡིན། །ཤར་གྲོལ་དུས་མཉམ་ཆུ་རླབས་ཆུ་ལ་ཐིམ། །སྦྲུལ་མདུད་རང་ཞིག་སྤྲིན་ཚོགས་རང་དག་བཞིན། །མཁའ་ལ་བྱ་འཕུར་རྗེས་མེད་ལྟ་བུ་དེ། །སེམས་རྟོག་སྒོམ་པའི་ཀློང་ཐིམ་དཔེ་དེས་མཚོན། །གཞོན་ནུའི་བདེ་བ་མདང་གི་རྨི་ལམ་བཞིན། །རང་གསལ་བརྗོད་མེད་ཆེན་པོ་དཔེ་དེས་མཚོན། །ཡེངས་མེད་སྒོམ་མེད་འཛིན་མེད་ཞེན་མེད་ངང་། །ཐེ་ཚོམ་མེད་པར་རང་རིག་མངོན་དུ་གྱུར། །སྟོང་ཆེན་གཏད་མེད་ནམ་མཁའ་དག་པ་འདྲ། །ཡངས་སོ་ཆེ་འོ་ཀུན་བཟང་དགོངས་པའི་ཀློང་། །བློ་བདེ་རང་ལ་རྙེད་པའི་ངེས་ཤེས་འདྲོངས། །འཁོར་འདས་ཆོས་ཀུན་
སྒྱུ་མའི་ལྟད་མོ་ཞིག །ཀུན་རྫོབ་བྱས་ཆོས་བྱིས་པའི་རྩེད་མོར་མཐོང་། །སྤང་བླང་ཐོབ་ཤོར་མི་དམིགས་གུ་ཡངས་ཆེ། །འདི་ལྟར་རྟོགས་ན་རྡོ་རྗེའི་གླུ་ལེན་སྤྲོ། །མཐའ་བཞི་བྲལ་བའི་རང་སེམས་བརྗོད་དུ་མེད། །མངོན་མཉམ་རྗེན་པ་གཅེར་བུར་ཐོན་པ་ལ། །ལྟ་བ་ཞེས་སུ་དེ་ལ་བཏགས་པ་ཡིན། །དེ་ཡི་ངང་ལ་གནས་ན་སྒོམ་པ་ཡིན། །སྤྱོད་ལམ་ཀུན་ཏུ་འབྱོངས་ན་སྤྱོད་པ་ཡིན། །མཉམ་རྗེས་འདྲེས་ན་རབ་ཏུ་གོམས་པ་ཡིན། །ཉིན་མཚན་འདྲེས་ན་འབྲས་བུར་རབ་ཏུ་ཉེ། །དེ་ལྟའི་རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །བུམ་པ་ཆག་པས་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་འཕོ་བྱ་འཕོ་བྱེད་བྲལ། །འབྲས་བུ་མངོན་གྱུར་ཆོས་སྐུར་ཐིམ་པ་ལགས། །སྔགས་ཀྱི་བསྐྱེད་བཟླས་མཚན་བཅས་རྫོགས་རིམ་སོགས། །ཐབས་ལམ་མང་པོའི་སྲོལ་ཀ་དེ་དག་ཀྱང་། །ལྟ་བ་ཁྲེགས་ཆོད་རྩི་ཡིས་མ་ཟིན་ན། །གྲོལ་བ་ལྟ་ཅི་འཁྲུལ་བའི་བསྣོན་པ་སྟེ། །ཐུན་མོང་དངོས་གྲུབ་སྣ་རེ་འབྱུང་སྲིད་ཀྱང་། །མཆོག་གི་འབྲས་བུར་རེག་པའི་སྐལ་བ་མེད། །འདི་ནི་བླ་མའི་ཞལ་གསུང་
འཁྲུལ་མེད་དོན། །མདོར་བསྡུས་ཉམས་སུ་ལེན་པའི་གལ་འགག་ནི། །འཁོར་བའི་སྡུག་བསྔལ་ཤེས་བཞིན་སྐྱོ་ཤས་དགོས། །བདེ་འབྱོར་འཐོང་ཙམ་ལྷག་པར་ཞེན་ལོག་གཅེས། །སེམས་ཅན་ཕ་མར་ཤེས་པའི་སྙིང་རྗེ་དགོས། །སྡང་དགྲ་མཐོང་བཞིན་ལྷག་པར་བྱམས་སེམས་གཅེས། །བླ་མ་སངས་རྒྱས་ཤེས་པའི་དད་པ་དགོས། །སྐྱོན་མཐོང་བྱུང་ན་ལྷག་པར་ཡོན་ཏན་སོམས། །ཉམས་ལེན་རྩ་བ་རང་སེམས་ཁོ་ན་ཉིད། །རྐྱེན་ངན་གང་བྱུང་ལྷག་པར་ལམ་དུ་ཁྱེར། །སྔོན་བྱོན་གོང་མ་རྣམས་ཀྱི་ཕྱག་བཞེས་སོ། །དེང་སང་འགྱུ་བ་བཀག་པའི་སྡུག་བཙིར་སྒོམ། །འཇུར་བུས་བཅིངས་ཤིང་དོག་ཆེ་སྙིང་རླུང་ནད། །ཡང་ན་རྟོག་ཚོགས་གཅིག་ལ་གཅིག་མཐུད་འཁྲུལ། །ཡང་ན་སྒོམ་མོ་སྙམ་པའི་བློས་བྱས་ཅན། །འགའ་ཞིག་ཉམས་ལ་ཞེན་ཅིང་ཕྱོགས་ལྷུང་འཐས། །འགའ་ཞིག་བྲལ་འདོད་ཐོབ་འདོད་སྤང་བླང་འདོམས། །འགའ་ཞིག་གནས་ཆ་བརྟན་ལ་མཆོག་ཏུ་འཛིན། །ཡུན་རིང་བསྒོམས་ཀྱང་ཆུད་ཟོས་ངལ་བའི་རྒྱུ། །ཚུལ་དེ་བསམ་གྱིན་སྙིང་
ནས་མཆི་མ་ཤོར། །འདི་ལྟར་ཅུང་ཟད་ཁོ་བོས་བཀོད་པ་འདི། །བློ་གྲོས་དམན་པས་ནོར་འཁྲུལ་ཡོད་སྲིད་ཀྱང་། །ཐུབ་བསྟན་རྟག་འཛིན་དུས་ལ་བབ་པ་ཡིས། །ཉམས་ལེན་སྙིང་པོ་གལ་ཆུང་བྱེད་དུས་འདིར། །བདག་སོགས་སྙིང་ཐིག་འཆད་ཉན་སྒོམ་པ་ལ། །མོས་བློ་ཙམ་ཞིག་བྱས་པའི་བསོད་ནམས་འདིས། །འགྲོ་ཀུན་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག །ཅེས་སྐྱབས་མགོན་རིན་པོ་ཆེའི་ཞབས་འབྲང་རྡོ་རྗེ་འཆང་ཆེན་པོའི་རྗེས་སུ་ཕྱོགས་པ་སྡོམ་བཙུན་དགེ་སློང་པདྨ་རྒྱལ་མཚན་གྱིས་རྫོགས་ཆེན་ཉམས་སུ་ལེན་ཚུལ་ལས་འཕྲོས་པའི་ཟིན་བྲིས་ཤིག་གྱིས་གསུང་གིས་བསྐུལ་བ་ལ་བརྟེན་ནས་བབ་ཅོལ་དུ་སྤྱོད་པའི་རྣམ་གཡེང་ཅན་ཕྲིན་ལས་བསྟན་དར་གྱིས་འཕྲལ་དུ་བཀོད་དེ་ཕུལ་བ་དགེ་བར་གྱུར་ཅིག །།། ༈མཆོག་གསུམ་ངོ་བོ་བླ་མར་གུས་པས་འདུད། །དོན་ལྡན་ཆོས་ལ་མོས་པའི་ཉམས་ལེན་ཚུལ། དད་ལྡན་མོས་གུས་ཕྱོགས་མེད་སྦྱངས་པ་དང་། །གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མཛོད། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ནན་ཏན་དང་། །སྡིག་སྒྲིབ་སྦྱང་ཕྱིར་རྡོར་སེམས་སྒོམ་བཟླས་བརྩོན། །ཚོགས་གཉིས་རྫོགས་ཕྱིར་མཎྜལ་མཆོད་པ་
དང་། །བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་སྒོམས། །རྒྱུ་འབྲས་སྤང་བླང་གནད་ལ་ཞིབ་པ་དང་། །ཡིག་དྲུག་བཟླས་པ་རྟེན་ལ་ཕྱག་སྐོར་བྱ། །ཚེ་ཐར་སྲོག་བླུ་སྒྲོན་མེ་སྦྱིན་གཏོང་དང་། །བསྔོ་སྨོན་རྒྱས་འདེབས་ལ་སོགས་དགེ་ཆོས་མཛོད། །སེམས་ཀྱི་གཞག་ཐབས་གང་ཤར་བཟོ་མེད་ངང་། །དེ་ཚེ་རྣམ་རྟོག་འབྱུང་འཇུག་རང་ཞིག་ནས། །རང་གསལ་བརྗོད་མེད་མངོན་གསུམ་རྟོགས་ཉམས་པ། །ཏིང་འཛིན་བསྒོམ་པའི་གནད་དོན་བསྡུས་པའོ། །ཞིབ་པར་དམ་པ་རྣམས་ཀྱི་ཞལ་ལས་ཉན། །རང་རྒྱུད་དགེ་ལ་མོས་པའི་བསམ་བཟང་འདི། །ནམ་ཡང་འགྱུར་བ་མེད་པ་ཡར་འཕེལ་མཛོད། །དེ་ཚུལ་ཆོས་མེད་སྤྲང་པོའི་སྙིང་གཏམ་ལགས། །ཆོས་སེམས་ལྡན་པ་དྲུང་ཡིག་མགོ་རྡིས་ལ། །རྣམ་གཡེང་མཁན་པོ་ཆེ་ཡོལ་རྒན་པོས་གདམས།། །། ༈ མཉམ་མེད་ཆོས་རྗེ་བླ་མའི་ཞབས་ལ་འདུད། །དལ་འབྱོར་ལ་བརྟེན་ཐར་འདོད་སྙིང་པོ་ལེན། །ཀུན་རྫོབ་འཇིག་ཆོས་འཆི་བ་སྙིང་ནས་དྲན། །སྡུག་བསྔལ་འཁོར་བ་སྙིང་ནས་ཞེན་ལོག་ཅིང་། །རྒྱུ་
འབྲས་སྤང་བླང་གནད་ལ་ལེགས་གོམས་པའི། །སྔོན་བསགས་ལས་འཕྲོ་སད་པའི་སྐྱེས་བུ་ཡིས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་དང་། །ཚོགས་བསགས་སྒྲིབ་སྦྱང་བླ་མའི་རྣལ་འབྱོར་སྒོམས། །ཐུན་མོང་མ་ཡིན་ཁྱད་པར་རྫོགས་པ་ཆེའི། །རུ་ཤན་དབྱེ་དང་སྒོ་གསུམ་སྔོན་འགྲོའི་རིགས། །ངེས་འདྲོངས་ཚད་དུ་འཁྱོལ་བར་ལེགས་སྦྱངས་ཏེ། །དེ་ཡང་སློབ་དཔོན་ཆེན་པོ་པདྨ་ཡིས། །ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལ། །མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱི། །ཏིང་འཛིན་ཟབ་མོ་རྩེ་གཅིག་བསྒོམ་མཛོད་ཅིག །ཅེས་གསུངས་ཚུལ་དེ་བསྒྲུབ་བྱས་ཡང་རྩེ་ཡིན། །ཐེག་རིམ་སོ་སོའི་བློས་བྱས་བསམ་གཏན་དང་། །རྫོགས་ཆེན་སེམས་ཀློང་ཀུན་ལས་ཆེས་འཕགས་པ། །མན་ངག་སྡེ་ཡི་སྙིང་ཐིག་ཟབ་མོའི་གནད། །གང་དང་མི་འདྲ་ཀུན་ལས་ཁྱད་འཕགས་པ། །སྔོན་བྱོན་རིག་འཛིན་བརྒྱུད་པའི་ཞལ་ལུང་དང་། །རྒྱ་ཆེ་གྲངས་མང་རྒྱུད་དོན་སྙིང་པོའི་བཅུད། །ཐོས་བསམ་ཅུང་ཟད་ལས་འཁྲུངས་བདེ་བའི་ཚུལ། །རིག་པའི་ཡེ་ཤེས་སེམས་ཀྱི་གནས་
ལུགས་ནི། །རྟག་ཆད་བྲལ་བས་ཡོད་མེད་ཀུན་བྲལ་ཞེས། །ཚིག་གིས་བརྗོད་མེད་དཔེ་ཡིས་མཚོན་དུ་མེད། །གང་ལྟར་བརྟགས་ཀྱང་དེ་ལྟར་མ་གྲུབ་པས། །མུ་བཞིའི་གྲྭ་ཟུར་བྲལ་བའི་ཀུན་ཟླུམ་གྱི། །ཐིག་ལེ་ཆེན་པོ་ཞེས་སུ་བཏགས་པ་ཙམ། །སྐྱེ་འགག་གནས་གསུམ་མི་དམིགས་ནམ་མཁའི་མཐའ། །དེ་ཕྱིར་སེམས་ཉིད་སྟོང་པ་ནམ་མཁར་མཚུངས། །ཧ་ཆད་མི་སྟོང་རང་གསལ་བརྗོད་དུ་མེད། །དེ་ཚུལ་ཉམས་སུ་ལེན་པའི་ཚུལ་མོས་ན། །རྟོག་མེད་གནས་སམ་ཆེ་ཕྲ་ཅི་འགྱུ་རུང་། །སོ་མ་གཉུག་མ་མ་བཅོས་ཇི་བཞིན་ངང་། །མི་སྤྲོ་མི་བསྡུ་མི་སྤང་མི་ལེན་པར། །རང་བབ་ཅི་འདའ་དེ་གའི་ངང་དུ་ཞོག །དེ་ཚེ་རྟོག་པའི་རྦ་རླབས་རང་ཞི་ནས། །དྭངས་གསལ་རྙོག་མེད་རྒྱ་མཚོ་འཁྱིལ་བ་བཞིན། །འགྱུ་རྟོག་ཞི་བའི་ཕྱིར་ན་ཞི་གནས་ཞེས། །རང་གསལ་བརྗོད་མེད་རིག་པ་རྒྱས་ཐེབས་པ། །ལྷག་མཐོང་ཞེས་བྱ་སྒོམ་པ་དེ་ཡིན་ནོ། །བདེ་གསལ་མི་རྟོག་ཉམས་ལ་མི་ཞེན་ཅིང་། །དེ་ཉིད་རིག་པའི་ངང་དུ་ལམ་གྱི་ཁྱེར། །བྱིང་རྨུག་སྐྱོན་དང་ཐེ་ཚོམ་གང་ཤར་
ཡང་། །རེ་དོགས་མེད་པ་ལྟ་བའི་ལམ་དུ་ཁྱེར། །བདེ་གསལ་མི་རྟོག་བྱིང་རྨུགས་ཐེ་ཚོམ་སོགས། །གཞན་ལས་བཅོས་པའི་ཐབས་མང་བཤད་རེ་རྨོངས། །འདི་ལྟར་གཏད་མེད་ལྟ་བའི་ལམ་ཁྱེར་ནས། །རྟོགས་པའི་ཡེ་ཤེས་ནམ་ཞིག་མངོན་གྱུར་ཚེ། །གོང་གི་དེ་རྣམས་སྦྲུལ་ཤུན་བཞིན་དུ་འགྱུར། །རང་རིག་ཆོས་སྐུའི་དགོངས་པ་མངོན་དུ་གྱུར། །ཡངས་དོག་ཕྱི་ནང་ངོས་བཟུང་ཕྱོགས་ལྷུང་མེད། །མཐའ་དང་དབུས་མེད་ཟང་ཐལ་ཆེན་པོའི་ངང་། །དགེ་སྡིག་མཚན་མས་ཕན་གནོད་རྡུལ་དང་བྲལ། །རྟོག་བྲལ་རང་གསལ་སེམས་ཉིད་གཅེར་བུར་ཐོན། །དུས་གསུམ་དུས་མེད་རོལ་པ་གཅིག་ཏུ་འདྲེས། །བགྲོད་བྱའི་ལམ་དང་ས་ལམ་འཛིན་པ་དག །གཉེན་པོའི་ཐབས་ལ་ལྟོས་པའི་འཆིངས་ཐག་ཆད། །ཀུན་མཉམ་ཡངས་པ་ཆེན་པོར་གཅིག་ཏུ་འདྲེས། །དཔའ་གདེང་རང་ལ་རྙེད་པའི་ཚིག་རྒོད་འཆོར། །འདི་ཙམ་དུས་ན་རིག་པའི་དོན་ལ་མཁས། །ཐབས་ཀྱི་རྩོལ་བའི་ཞགས་པས་དམ་དུ་འཆིང་། །བླང་དོར་མཐའ་གཉིས་ཡིད་དཔྱོོད་དྲྭ་བར་ཚུད། །ཉམས་ཞེན་
ཕྱོགས་འཛིན་ཨ་འཐས་ཡུལ་དུ་གོལ། །གནས་དགའ་འགྱུ་སྡུག་རེས་མོས་གྲངས་སུ་བཏབ། །ཁམས་གསུམ་འཁོར་བའི་སེམས་དང་ཁྱད་མེད་པས། །ལས་ངན་དེ་འདྲ་གཏན་དུ་སྤང་བྱའི་གནས། །རང་ལུགས་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །ལྟ་སྒོམ་སྤྱོད་འབྲས་ཚུལ་ཙམ་འདིར་སྨྲོས་ན། །སེམས་ཉིད་མཐའ་བཞི་ཀུན་དང་བྲལ་བ་ཡི། །རང་གསལ་མངོན་གསུམ་རྟོགས་དེ་ལྟ་བ་ཡིན། །དེ་ཡི་ངང་དུ་གནས་པ་སྒོམ་པ་ཡིན། །དེ་ཉིད་མཉམ་རྗེས་འདྲེས་ན་སྤྱོད་པ་སྟེེ། །མངོན་འགྱུར་རེ་དོགས་ཟད་ན་འབྲས་བུ་ཡིན། །བཞག་ཐབས་གང་ཤར་ངང་དེར་བཟོ་མེད་བཞག །རྐྱེན་ཁར་མི་འཆོར་ཐད་དཀར་ཆོད་པ་གཅེས། །རང་གསལ་གཡོ་མེད་ལྐུགས་པའི་རྨི་ལམ་བཞིན། །ཤར་གྲོལ་རིས་མེད་ཆུ་ལ་ཆུ་ཐིམ་འདྲ། །གཏད་མེད་གུ་ཡངས་འུབས་ཆུབ་དགོངས་པའི་ཀློང་། །ཡེ་ཡིན་སངས་རྒྱས་དགོངས་པ་རང་ལས་རྙེད། །རྣམ་ཀུན་མཆོག་ལྡན་བདེ་གཤེགས་སྙིང་པོ་མཆོག །གདོད་མའི་ཀ་དག་ཆེན་པོའི་གཞི་ལ་གྲོལ། །གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་
ཀྱིས། །ཏིང་འཛིན་ཉམས་མྱོང་འཕེལ་འགྲིབ་ཅི་བྱུང་ཡང་། །ཐམས་ཅད་རོ་སྙོམས་ངང་དུ་ཆོད་ཅིག་གསུངས། །བཟང་རྟོག་ངན་རྟོག་བཟང་ངན་ཅི་ཤར་ཡང་། །གང་སྣང་ཆོས་སྐུའི་ལམ་དུ་ཁྱེར་ཅིག་གསུངས། །གེགས་སེལ་བྱས་ཀུན་རྡོ་རྗེའི་གསུང་དེར་འདུས། །གཞན་ཡང་རྣམ་ཀུན་ཆོས་སྤྱོད་རིམ་པ་དང་། །དད་དང་དམ་ཚིག་སྙིང་རྗེ་བརྩོན་འགྲུས་སོགས། །ཏིང་འཛིན་འགྲུབ་པའི་གྲོགས་རྣམས་རབ་བསྟེན་ཅིང་། །འབྲས་བུ་ལམ་ཁྱེར་ཨ་ཏི་ཟབ་མོའི་དོན། །ཕྱིན་ཆད་སྒོ་གསུམ་གྲོང་དུ་མི་འཇུག་པའི། །ཆིག་ཆོག་ཟབ་མོའི་ཉམས་ལེན་མཐར་ཐོན་མཛོད། །དེ་ལྟར་མུ་ཅོར་སྨྲ་བའི་ཚིག་གི་ཕྲེང་། །སྡོམ་བརྩོན་ཐོས་བསམ་དགེ་བའི་སྟོབས་མངའ་བ། །སངས་རྒྱས་མཚན་ཅན་གང་གིས་བསྐུལ་བའི་ངོར། །སྔ་འགྱུར་ཆོས་ཚུལ་འཛིན་པའི་བན་སྤྲང་བ། །རྨོངས་རྒན་ཕྲིན་ལས་ཀྱིས་ཕུལ་དགེ་གྱུར་ཅིག །།། ༈མཉམ་མེད་བླ་མ་སངས་རྒྱས་འདུས་པའི་སྐུ། །སྤྱན་རས་གཟིགས་དངོས་དཀྱིལ་འཁོར་ཀུན་གྱི་གཙོ། །པདྨའི་མཚན་ཅན་དོན་གྱི་རྡོ་རྗེ་འཛིན། །གསོལ་བ་
འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཁོ་བོ་ཐོས་བསམ་དམན་དང་གཡེང་བས་ཁྱེར། །རང་ཉམས་མ་ལོན་གཞན་ལ་གདམས་ངག་སོགས། །མཁས་རྣམས་བཞད་ཅིང་རང་ཉིད་ངལ་བ་ཙམ། །འོན་ཀྱང་མོས་ལྡན་ཞལ་ངོ་མི་ལྡོག་པར། །ཤུགས་འབྱུང་ཚིག་བཅད་སྤེལ་བ་འདི་ལྟར་ལགས། །གཡེང་དང་འཐིབ་དང་དྲན་མེད་རྣམ་པ་གསུམ། །སེམས་ཉིད་ངོ་བོ་སྒྲིབ་པའི་སྐྱོན་དུ་ཆེ། །ཉམས་དང་ཕྱོགས་འཛིན་སྒོམ་བློ་རྣམ་པ་གསུམ། །སེམས་ཉིད་ངོ་བོ་གོལ་བའི་ལམ་དུ་ཆེ། །ཚིག་དང་གོ་ཡུལ་དཔེ་དང་རྣམ་པ་གསུམ། །སེམས་ཉིད་ངོ་བོ་ནོར་བའི་འཕྲང་དུ་ཆེ། །སྤང་བླང་ཐེ་ཚོམ་བཅོས་བསླད་རྣམ་པ་གསུམ། །སེམས་ཉིད་ངོ་བོ་འཁྲུལ་པའི་གཞི་རུ་ཆེ། །གང་ཞིག་ཤར་གྲོལ་ཆེན་པོ་ཉམས་ཀྱི་མཆོག །བདེ་གསལ་མི་རྟོག་མེད་རུང་དེ་ཡི་ཟབ། །རང་གསལ་སྨྲ་མེད་ཆེན་པོ་རྟོགས་པའི་ཆོག །སྨྲ་བརྗོད་ཚིག་དང་བྲལ་རུང་དེ་ཡི་ཟབ། །དུས་ཀུན་ཉམས་སུ་ལེན་པ་སྒྲུབ་པའི་མཆོག །ཐུན་མཚམས་ས་བཅད་མེད་རུང་དེ་ཡི་ཟབ། །ཉིན་མཚན་བར་མེད་
འདྲེས་ན་སྒོམ་པའི་མཆོག །མིང་བཏགས་ཚོད་འཛིན་མེད་རུང་དེ་ཡི་ཟབ། །ལམ་གྱི་རྣལ་འབྱོར་ཉམས་ཀྱི་སྣང་བ་མང་། །འབྲས་བུའི་རྣལ་འབྱོར་ཉམས་བྲལ་གདོད་མའི་ངང་། །ལམ་གྱི་རྣལ་འབྱོར་རྒྱུ་འབྲས་སྤང་བླང་གཅེས། །འབྲས་བུའི་རྣལ་འབྱོར་རྒྱུ་འབྲས་བྱེད་ལས་ཟབ། །ལུང་གི་ཆོས་ལ་ཚིག་དང་སྨྲ་བ་མང་། །རྟོགས་པའི་ཆོས་ལ་སྨྲ་བརྗོད་ཀུན་རྫོབ་མེད། །གྲུབ་མཐའ་གཞན་ལ་མ་གྲགས་ཁྱད་ཆོས་ནི། །མཐའ་བཞི་བྲལ་བའི་རང་གསལ་རིག་པ་ནི། །ཐམས་ཅད་མཁྱེན་པའི་གཞི་ལམ་འབྲས་བུ་ཉིད། །སྤང་བླང་དགེ་སྡིག་བྱ་བྱེད་རྣམ་རྟོག་སེམས། །ཀུན་རྫོབ་འཁོར་བའི་ཆོས་ལས་འདའ་མི་སྲིད། །དེ་ཕྱིར་རིག་པ་དང་ནི་སེམས་གཉིས་པོ། །གྲོགས་མི་མཐུན་པ་མེ་དང་ཆུ་ལྟ་བུ། །སྤུ་མི་མཐུན་པ་རྟ་དང་གཡག་ལྟ་བུ། །བྱེད་ལས་མི་མཐུན་སངས་རྒྱས་སེམས་ཅན་ཉིད། །ཚུལ་འདི་སྙིང་ཐིག་སྙིང་པོའི་གསང་ཚིག་སྟེ། །རང་ལུགས་འཛིན་རྣམས་འདི་ལ་གཅེས་པར་བྱ། །གཞན་ཡང་བཞག་ཐབས་གང་ཤར་རང་བབ་གློད། །སྒོམ་ཞེས་རང་ངོ་རང་གིས་ཤེས་
པ་གནད། །གོམས་ཞེས་མཉམ་རྗེས་འདྲེས་དང་བྱ་སྤྱོད་ཀུན། །ཏིང་འཛིན་ངང་དུ་མི་འདའ་ལ་སོགས་ཡིན། །རྟོག་བྲལ་བརྗོད་མེད་གཅེར་བུ་མངོན་གསུམ་པ། །ཇི་ལྟར་རྟོགས་བཞིན་དེ་ཉིད་ལྟ་སྒོམ་མཐོང་། །དེང་སང་རྣམ་རྟོག་སྤེལ་བའི་བསྐྱེད་རྫོགས་མང་། །རྫོགས་ཆེན་ཆོས་ཟད་འབྲས་བུ་དེས་མི་རྟོག །གོ་ཡུལ་ཐོབ་པའི་ཆོས་བཤད་འཆལ་གཏམ་བགྲངས། །རང་ཞལ་ཆོས་སྐུ་མཚོན་པའི་སྐལ་བ་ཕྲ། །འདུས་བྱས་དགེ་སྦྱོར་རྩབ་རྩུབ་ངལ་བའི་རྒྱུ། །འཆི་ཁ་དེའི་གདེང་མེད་ཅིང་ཐ་མལ་མཚུངས། །བསླབ་ཤེས་མཁས་པའི་སློབ་གཉེར་མང་པོ་ཡིས། །དགོས་དུས་བར་དོ་འཁྲུལ་དུས་ག་ལ་སླེབས། །དེ་ནས་འཁོར་འདས་གཏད་མེད་སྒྱུ་མར་ཞིག །རང་རིག་གདོད་མའི་གནས་ལུགས་ཇི་བཞིན་རྟོགས། །བྱས་ཆོས་རྨི་ལམ་འཁྲུལ་བའི་རྫུན་ཕུགས་རྡིབ། །གང་ཤར་གཉེན་པོ་བྲལ་བའི་རང་བབ་ངང་། །བཟང་འདོད་ངན་རྟོག་ཟད་པའི་བློ་སྦྱོང་ན། །སྔ་འགྱུར་མཁས་རྣམས་བཞེད་པར་ཉེ་བའི་རྟགས། །སྡོམ་བརྩོན་དགེ་སློང་བསྟན་འཕེལ་གྱིས་
བསྐུལ་བར། །བརྟེན་ནས་གཏད་མེད་སྨྱོ་སྤྱོད་ལས་རབ་རྩལ། །བདག་གིས་བཀོད་པའི་མཐུ་ཡིས་འགྲོ་བ་ཀུན། །རང་བྱུང་དགོངས་པའི་ཀློང་དུ་མྱང་འདས་ཤོག །དགེའོ།། །། ༈ རྗེ་དུས་གསུམ་སངས་རྒྱས་འདུས་པའི་བདག །པདྨའི་མཚན་ཅན་ཞབས་ལ་འདུད། །འཇམ་དཔལ་དབྱངས་དང་གཉིས་མེད་ཅིང་། །ཞལ་རས་དམར་གོར་གཟི་བརྗིད་ཅན། །ཞལ་ཚོམ་རྒྱ་གྲམ་དག་དང་ལྡན། །སྐུ་ལུས་ཐུང་ཉམས་སྐུ་ཤ་བརྒྱགས། །ཐུབ་པའི་ཆོས་རྣམས་ཐམས་ཅད་ཀུན། །ཐུགས་སུ་ཆུད་ཅིང་འདོམས་མཛད་པའི། །ཀློང་ཆེན་རབ་འབྱམས་ལ་ཕྱག་འཚལ། །བདག་དང་རྗེས་སུ་འཇུག་རྣམས་ལ། །ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་གྱི་དྲང་སྲོང་ཆེན་པོའི་སྲོལ། །ཐུབ་པའི་དབང་པོའི་ཆོས་ཚུལ་ལ། །སྡིག་པ་སྤོང་བར་གདམས་པ་དང་། །དགེ་བ་སྒྲུབ་དགོས་གསུངས་པ་དང་། །འཁོར་བ་སྡུག་བསྔལ་ཡིན་ཞེས་གསུངས། །འདུས་བྱས་མི་རྟག་པར་བསྟན་ཅིང་། །སེམས་ཉིད་དོན་གྱི་སྙིང་པོ་དེ། །མྱ་ངན་འདས་པར་མཆོག་ཏུ་བསྔགས། །དེ་ཕྱིར་ཐུབ་པའི་བསྟན་ཞུགས་
རྣམས། །དྲང་དོན་རྒྱུ་འབྲས་སྤང་བླང་དང་། །ཐེག་ཆེན་བྱང་ཆུབ་སེམས་མཆོག་ལ། །དང་བས་ངེས་ཤེས་འདྲོངས་པར་མཛོད། །རང་ཅག་ལུས་འདི་འདོར་ནས་ཀྱང་། །ཐུབ་བསྟན་ཡུན་དུ་མ་བཞུགས་ན། །མཐའ་འཁོབ་ངན་པའི་ཡུལ་སྐྱེས་ནས། །དེ་ལ་བཅོས་སུ་མི་རུང་གི། །སུ་དག་ལུས་ལ་སྙིང་ཡོད་ན། །ད་རེས་ཐར་པ་བསྒྲུབ་པར་རིགས། །ཁྱད་པར་གསང་སྔགས་མྱུར་ལམ་དང་། །དེ་ལས་ཆེས་འཕགས་རྫོགས་པ་ཆེའི། །སྟོན་པ་བཤེས་གཉེན་དམ་པ་དང་། །ཆོས་ཚུལ་དེ་དང་མཇལ་བ་ནི། །བསྐལ་མང་ཚོགས་བསགས་དགེ་བས་ཏེ། །མ་རྨོངས་མ་ནོར་འགྲོ་བ་རྣམས། །ངལ་དུབ་དཀའ་ལས་ཁྱད་བསད་ནས། །ད་རེས་རྩེ་གཅིག་འབད་པ་ཐོན། །ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །འཁོར་བའི་སྡུག་བསྔལ་སྐྱོན་མཐོང་སྟེ། །ནག་ཅན་བཙོན་ནས་བྲོས་པ་བཞིན། །སྙིང་རུས་རྩེ་གཅིག་ཆོས་ལ་དྲིལ། །ད་ལྟའི་རང་ལུགས་རྫོགས་པ་ཆེར། །ཁས་འཆེའི་ཞལ་གདམས་མང་འདོན་ཀྱང་། །མཐའ་བརྒྱད་བྲལ་བ་ང་ཡི་ལུགས། །དེ་ལ་བྲལ་འཛིན་མ་བྱེད་
ཅིག །རྩ་བྲལ་སྟོང་ཉིད་ང་ཡི་ལུགས། །དེ་ལ་སྟོང་འཛིན་མ་དམ་ཞིག །ཤར་གྲོལ་རྗེས་མེད་ང་ཡི་ལུགས། །དེ་ལ་གྲོལ་འཛིན་མ་བྱེད་ཅིག །བཟོ་མེད་བཅོས་མེད་ང་ཡི་ལུགས། །དེ་ལ་དེར་འཛིན་མ་སྒོམས་ཤིག །ཡེ་དག་སངས་རྒྱས་རང་ཡིན་གྱི། །གཞན་དུ་སངས་རྒྱས་མ་ཚོལ་ཅིག །ཐོས་བསམ་འཁྲུལ་པའི་རི་མོ་ཡིན། །གོ་ཡུལ་ངང་དུ་མ་ལུས་ཤིག །ད་ལྟ་རང་སེམས་གཏན་ལ་ཕོབ། །རང་ཡིད་མ་བཅོས་རང་ངང་ཞོག །ཅི་ཡང་མེད་དོ་སྟོང་པ་ཉིད། །སྒོམ་ཞེས་མ་བྱུང་སྙམ་པ་ཡི། །རང་སྡུག་རང་ལ་བསྐུར་དོན་མེད། །རང་གསལ་རྗེན་པ་ཆོས་ཉིད་ཡིན། །དོན་གྱི་ལྷག་མཐོང་དེ་ལ་ཟེར། །ལྷག་མཐོང་གནད་ཀྱིས་མ་ཟིན་ན། །གནས་འགྱུ་བསྒྲང་པ་ཨ་རེ་སྡུག །ངོ་ཤེས་རྩལ་རྫོགས་གྱིས་ཟིན་ན། །གནས་ན་ཆོས་ཉིད་ངང་ན་གནས། །འཕྲོ་ནའང་ཆོས་ཉིད་རྩལ་ལས་འཕྲོ། །འཕྲོ་གནས་ཆུ་དང་རྦ་རླབས་བཞིན། །རང་ལས་ཤར་ཞིང་རང་ལ་གྲོལ། །གྲོལ་འཛིན་མི་དགོས་ཞལ་གདམས་ཡིན། །ལྟ་སྒོམ་སྤྱོད་འབྲས་མེད་པ་དེ། །མེད་པའི་ཕྱིར་ན་སྟོང་པར་བཏགས། །དེ་ལ་མ་
བྱུང་སྙམ་ནས་སུ། །ཐེ་ཚོམ་ངང་དུ་མ་འཆིང་ཞིག །ཐེ་ཚོམ་མ་བཅོས་རང་ངང་ཞོག །རྗེས་མེད་རང་ཡལ་སྟོང་པ་ཡིན། །རྫོགས་ཆེན་ལྟ་བའི་མཚན་ཉིད་ལ། །སྣང་དང་སྟོང་པར་བཏགས་པ་མེད། །གཅིག་དང་གཉིས་མིན་བཏགས་པ་མེད། །ཡིན་དང་མིན་པར་བཏགས་པ་མེད། །རང་ངང་རང་བབས་ལྷུག་པའི་ངང་། །སྤྲོ་དང་བསྡུ་བའི་ཀུན་རྟོག་མེད། །སྒོམ་དང་མི་སྒོམ་ཡིད་དཔྱོད་མེད། །འབྲས་བུ་ཐོབ་ཤོར་སྤང་བླང་མེད། །ཐོག་མའི་སངས་རྒྱས་ཀ་དག་ཉིད། །ཡེ་ནས་རང་ལ་གནས་པ་ཡིན། །དེ་ཉིད་གདོད་ནས་དག་པ་ཡིན། །ད་ལྟ་བླ་མའི་བཀའ་དྲིན་གྱིས། །མ་རིག་སྒྲིབ་བསལ་རང་རིག་བསྟན། །དེ་ལ་དག་པ་གཉིས་ལྡན་ཟེར། །བདུད་རྒན་ཨ་རག་གིས་མྱོས་ནས། །ཆོས་ཉིད་ཡངས་པའི་གླུ་བླངས་པ། །ཀྱེ་ཧོ་དམིགས་བསམ་འཕྲོ་འདུ་བྲལ་བ་ཡི། །རང་ངང་རང་བབས་འཕྲོ་འདུ་མེད་པ་སྟེ། །ཀུན་ཏུ་བཟང་པོ་ཡེ་ནས་ངང་དུ་གནས། །ཡོན་ཏན་རྫོགས་པའི་སངས་རྒྱས་སྒྲུབ་བློ་དང་། །སྡུག་བསྔལ་ཉེས་མང་འཁོར་བ་སྤང་བློ་མེད། །རེ་དོགས་རྩ་བ་
ཆོད་པའི་བློ་བདེ་བ། །འཁོར་བ་སྤང་མེད་སངས་རྒྱས་སྒྲུབ་ཏུ་མེད། །རྩོལ་སྒྲུབ་མེད་པའི་གྱིན་འདའ་གློད་པའི་ངང་། །རྟོག་ཚོགས་རོལ་པ་གང་དང་གང་ཤར་བ། །རང་ཤར་ངོས་བཟུང་མ་བཅོས་རང་དག་ངང་། །ནམ་མཁའ་ཆགས་ནས་ནམ་མཁའ་མ་ཞིག་བར། །སྐྱེ་དང་འཆི་བའི་ངོ་བོ་གྲུབ་མ་མྱོང་། །དུས་གསུམ་དུས་མེད་ཁོར་ཡུག་མཉམ་པ་ཆེ། །ཆོས་ཉིད་ངོ་བོ་ཡེ་ནས་ཟང་ཐལ་ཀློང་། །ནམ་མཁའ་ཇི་བཞིན་སྤྲོས་བྲལ་དག་པ་ཆེ། །གློ་བུར་སྤྲིན་དང་ཁ་ཆར་ཅི་བྱུང་ཡང་། །སེམས་རྟོག་འཁྲུལ་བའི་འགྱུ་བ་ཅི་བྱུང་ཡང་། །ངང་ལས་བྱུང་ཞིང་ངང་ལ་ཐིམ་ཞིང་མེད། །མཚོ་རླབས་རྒྱ་མཚོ་ལས་བྱུང་དེར་ཐིམ་འདྲ། །སེམས་ཀྱི་འགྱུ་རྟོག་བདེ་སྡུག་སྣ་ཚོགས་པ། །མ་བཅོས་དགོངས་པའི་ངང་དེར་བཞག་པའི་དུས། །རང་ཤར་རང་གྲོལ་བློ་བྲལ་དེ་འདྲའོ། །དེ་ནས་བདུད་རྒན་སྨྱོན་པས་གླུ་བླངས་པ། །ཨེ་མ་ཧོ་ངོ་མཚར་མཆོག་གཅིག་འདི་ན་གདའ། །ཐམས་ཅད་མཁྱེན་པ་སྟོན་པ་སངས་རྒྱས་ཀྱིས། །རྒྱུ་འབྲས་བདེན་པ་གཉིས་སུ་བསྟན་མོད་ཀྱང་། །ཀུན་བཟང་ཀློང་འདིར་
བདེ་སྡུག་རྒྱུ་འབྲས་མེད། །མ་བྱས་པ་ལ་དེས་བསྐྱེད་འབྲས་བུ་མེད། །གཞན་ཕན་སྙིང་རྗེའི་ཐེག་པ་ཆེར་བཤད་ཀྱང་། །ཡི་མུག་ཀུན་སྤྱོད་ཡིད་དཔྱོད་འདི་ལ་མེད། །གསང་སྔགས་ཕྱི་ནང་གཉིས་སུ་བསྟན་ན་ཡང་། །རྣམ་རྟོག་འདུ་འཕྲོའི་བསྐྱེད་རྫོགས་ང་ལ་མེད། །ས་དང་རིམ་པ་དབང་དང་དམ་ཚིག་སོགས། །འཁྲུལ་རྟོག་ཞིབ་མོའི་སེམས་རྟོག་ང་ལ་མེད། །དེའི་ངང་བརྗོད་དུ་མེད་པའི་ཡེ་ཤེས་ཆེ། །སངས་རྒྱས་དགོངས་པ་གདོད་ནས་རང་ཡིན་གྱི། །གྲུབ་ཟིན་པ་ལ་ད་གཟོད་གྲུབ་རྒྱུ་མེད། །བརྟགས་ཟིན་པ་ལ་ད་གཟོད་བརྟག་རྒྱུ་མེད། །སྤང་བླང་རེ་དོགས་མཚན་མའི་དགེ་སྦྱོར་ཅན། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེའོ། །འཁོར་བ་སྤང་འདོད་ཡེ་ཤེས་སྒྲུབ་འདོད་པ། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེའོ། །དམ་ཚིག་སྤང་བླང་མཚན་འཛིན་དམ་པོ་ཅན། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེའོ། །གནས་དགའ་འགྱུ་སྡུག་ལུས་བཅོས་སེམས་སྡོམ་པ། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེའོ། །མ་སྤངས་ཡེ་ནས་རྫོགས་པའི་ཀ་དག་ཡིན། །ཆོས་སྐུའི་དགོངས་
པ་དེ་རང་གཞན་ན་མེད། །མ་བྱས་རང་ངང་རང་མདངས་ལོངས་སྤྱོད་རྫོགས། །ལྷུན་གྱིས་གྲུབ་པའི་རང་གསལ་ཆེན་པོ་ཉིད། །ཐུགས་རྗེ་སྤྲུལ་སྐུ་རང་བཞིན་ལྷུན་གྱིས་གྲུབ། །མ་སྤྲོས་ན་ཡང་རང་བཞིན་ལྷུན་གྱིས་གྲུབ། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཐམས་ཅད་མཉམ་ཉིད་གདལ་བ་ཆེན་པོའི་ཀློང་། །ངང་ཡིན་ཡེ་ཡིན་ཡེ་ནས་རྫོགས་པ་ཆེ། །རང་གསལ་རང་རིག་སྒྲིབ་འཁྲུལ་མེད་པའི་ཀློང་། །སྣང་ཡང་སྣང་བ་དག་ལས་འདས་པའི་ཆོས། །སྟོང་ཡང་སྟོང་པ་དག་ལས་འདས་པའི་ཆོས། །སྣང་མིན་སྟོང་མིན་སྣང་སྟོང་གཉིས་མེད་ཡིན། །འདི་ཡིན་འདི་མིན་ཕྱོགས་ལྷུང་བྲལ་བ་སྟེ། །བཏགས་པའི་ཆོས་ཀུན་མེད་པར་ངས་བསྟན་གྱིས། །མདོ་སྔགས་ཐེག་པ་རྣམས་ཀྱི་ལུགས་དང་ནི། །སྒོམ་པར་ཕྱོགས་པའི་བླང་དོར་རྣམ་མང་བའི། །ཁམས་གསུམ་སྲིད་པའི་ཆོས་དེས་མ་འཆིང་བར། །ཀུན་བཟང་བདེ་ཆེན་ཆོས་ཉིད་ཡངས་པའི་ཀློང་། །ཀློང་འདི་སྨྲ་བསམ་བརྗོད་འདས་བདེ་བ་ཆེ། །ཀུན་རྟོག་བློ་ཡིས་སྒྲིབ་པས་བཅིངས་པ་ཡིས། །ཕན་གནོད་ལྟར་སྣང་བརྟགས་པ་
འཁྲུལ་བ་ཆེ། །རྣམ་མང་ཐེག་པའི་སྒོ་རྣམས་སེམས་ཅན་ཏེ། །འདི་ནི་སེམས་ཀྱིས་བཏགས་པ་ཀུན་ཞི་ཞིང་། །འཁོར་འདས་རྩོལ་སྒྲུབ་མེད་པའི་ལྷུག་པ་ཡིན། །ངང་ལས་མ་གཡོས་ཇི་བཞིན་ཆོས་ཀྱི་སྐུ། །ཆོས་སྐུ་བཟང་དུ་འཛིན་པའང་མེད་པ་སྟེ། །འདི་དག་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །དག་པའི་ཆོས་སྐུ་རང་ལ་གནས་པ་སྟེ། །འབྲས་བུ་བསྒྲུབ་མེད་ད་ལྟ་ངོ་མཚར་ཆེ། །སྤྱད་བྱ་སྤྱོད་བྱེད་སྤང་བླང་བྲལ་བ་སྟེ། །སྤང་བླང་མེད་པའི་སྤྱོད་པ་ངོ་མཚར་ཆེ། །བསྒོམ་བྱ་སྒོམ་བྱེད་དེར་འཛིན་མེད་པ་སྟེ། །བསྒོམ་དུ་མེད་པའི་སྒོམ་པ་ངོ་མཚར་ཆེ། །བལྟ་བྱ་ལྟ་བྱེད་གཉིས་སུ་མེད་པ་ཡི། །ཕྱོགས་ལྷུང་མེད་པའི་ལྟ་བ་ངོ་མཚར་ཆེ། །ཀྱེ་ཧོ་གང་དག་བཙལ་བས་མ་རྙེད་པས། །མ་རྙེད་པ་དེ་ལྟ་བའི་མཆོག་ཡིན་ནོ། །ཇི་ལྟར་བསྒོམས་ཀྱང་འདི་ཡིན་ངོས་བཟུང་མེད། །བསྒོམ་མེད་པ་དེ་སྒོམ་པའི་མཆོག་ཡིན་ནོ། །ཇི་ལྟར་སྤྱད་ཀྱང་སྤྱད་བྱ་སྤྱོད་བྱེད་མེད། །སྤྱོད་དུ་མེད་པ་སྤྱོད་པའི་མཆོག་ཡིན་ནོ། །ཇི་ལྟར་བསྒྲུབས་ཀྱང་འབྲས་བུ་ཐོབ་ཏུ་མེད། །ཐོབ་མེད་པ་དེ་
འབྲས་བུའི་མཆོག་ཡིན་ནོ། །སྤང་བླང་དགག་སྒྲུབ་མེད་པའི་ཆོས་ཉིད་ཀློང་། །ངང་ཉིད་དེ་ནི་དམ་ཚིག་མཆོག་ཡིན་ནོ། །དེ་ལྟར་ཆོས་ཚུལ་རྫོགས་པ་ཆེན་པོའི་ལམ། །བློས་བྱས་ཐེག་པའི་གཡའ་ཡིས་སྦགས་པའི་དུས། །སྟོང་སྒོམ་མུན་རྡོའི་སྐྱོན་གྱིས་གོས་པའི་དུས། །གནས་དགའ་འགྱུ་སྡུག་གདོན་གྱིས་བཏབ་པའི་དུས། །སྤང་བླང་རེ་དོགས་རླུང་གིས་ཁྱེར་བའི་དུས། །བདུད་སྤྲུལ་ཆང་རྒན་སྨྱོན་པའི་གདམས་ངག་གིས། །སྔོན་བྱོན་པད་འབྱུང་དགོངས་པའི་གདེང་བཀྲལ་བ། །སྐལ་བཟང་རྣམས་ཀྱིས་ཉམས་སུ་བསྟར་བར་མཛོད། །ཚུལ་འདི་བློ་གྲོས་ཐོས་བསམ་མཆོག་མངའ་བ། །སྤྲུལ་པའི་སྐུ་མཆོག་ནམ་མཁའ་ཚེ་དབང་ཉིད། །དགྱེས་པར་བྱ་ཕྱིར་ཨ་རག་གིས་མྱོས་པ། །བདུད་རྒན་ཐན་གྱི་བྱ་རོག་དཀར་པོའི་གཏམ། །ངོ་མཚར་ལྷ་ཡི་རྔ་སྒྲས་ཆེས་ལྷག་པའི། །བརྗོད་པའི་དགེ་བས་རིང་ལུགས་རྫོགས་པ་ཆེ། །དོན་ལོག་དོན་ནོར་སྨྲ་བའི་བདུད་སྡེའི་ཚོགས། །གླེན་རྒན་ཆོས་འགལ་སྨྲ་བའི་ང་རྒྱལ་ཅན། །རྣལ་འབྱོར་གཞོམ་ཞིང་ནམ་ཡང་མི་ལྡང་ཤོག །ཆེ་ཡོལ་སྨྱོན་པས་ཅི་སྨྲས་བཞིན། །
སྒྲོན་མེའི་སྣང་བ་ལ་བརྟེན་ནས། །ནམ་མཁའ་ཆོས་དབང་བདག་གིས་བྲིས། །དགེ་བས་དོན་གཉིས་མཐར་ཕྱིན་ཤོག །སླར་སྨྲས་པ། བདག་འདྲ་དཔའ་བོ་ལས་རབ་ཀྱིས། །མི་ནག་མགོ་གསུམ་བཅས་པ་བཞིན། །ནག་པོ་འགྲོ་ཤེས་བཀླགས་ནས་ནི། །དུད་འགྲོའི་འཁོར་ལ་ཁྲིད་བསྟན་པ། །ཉེས་པ་ཚད་མེད་དེ་མཐོང་ནས། །རྫོགས་ཆེན་ཕྱོགས་ཙམ་སྨྲ་བར་ཟེར། །ལེགས་བཤད་ཉིན་བྱེད་འོད་འབར་པས། །འབྱུང་པོའི་བྱ་རྣམས་མི་དགའ་ཡང་། །སྔོན་གྱི་བློ་ལྡན་པདྨའིི་ཚལ། །རབ་ཏུ་དགའ་བའི་གཉེན་དུ་བྱས། །མངྒ་ལཾ། མངྒ་ལཾ། མངྒ་ལཾ།། །། ༈ སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །མཚུངས་མེད་ཆོས་རྗེ་བླ་མའི་ཞབས་ལ་འདུད། །ཐུབ་བསྟན་སྙིང་པོ་འོད་གསལ་རྫོགས་པ་ཆེ། །ཉམས་སུ་ལེན་པ་སྐལ་བཟང་ལས་འཕྲོ་ཡིན། །དེ་ཡང་དྲང་དོན་མདོ་བཞིན་རྒྱུ་འབྲས་ལ། །གཞིབ་ཅིང་དགེ་སྒྲུབ་སྡིག་སྤོང་འབད་པ་ཐོན། །ཐེག་ཆེན་མདོ་བཞིན་བྱང་ཆུབ་སེམས་བསྐྱེད་སྦྱངས། །ལྟ་སྒོམ་བཟླས་པ་ཏིང་འཛིན་སྔགས་བཞིན་མཛོད། །ཁྱད་པར་རྫོགས་ཆེན་ཉམས་སུ་ལེན་པའི་ཚུལ། །འཕྲོ་གནས་ཅི་ལྟར་བྱུང་ཡང་དེའི་ངང་ཞོག །སྤང་བླང་སྤྲོ་བསྡུ་མེད་པ་རང་གའི་ངང་། །རང་གསལ་རང་ངོ་ཤེས་པ་ལྷག་མཐོང་ཡིན། །གནས་པ་མི་སྒྲུབ་འཕྲོ་བ་མི་
དགག་ཅིང་། །བདེ་སྡུག་གང་ཤར་ལམ་དུ་ཁྱེར་དགོས་ཤིང་། །ཡོན་ཏན་སྒྲུབ་མེད་སྐྱོན་ལ་སྤང་དུ་མེད། །གང་ཤར་མ་བཅོས་སོ་མའི་ངང་དུ་ཞོག །རང་ངང་རང་བཞག་རང་གསལ་འདུ་འབྲལ་མེད། །རྩོལ་སྒྲུབ་འབད་པ་ཞིག་པའི་གུ་ཡངས་པ། །རྣམ་ཀུན་ཁོར་ཡུག་འབྱམས་ཀླས་ཆེན་པོའི་བབ། །ཚུལ་བཞིན་ཉམས་སུ་བླངས་པས་མཆོག་གྲུབ་འགྱུར། །ཚུལ་འདི་བླ་མ་ཀརྨ་བསམ་འགྲུབ་ཀྱིས། །ཉམས་སུ་ལེན་པའི་ཞལ་གདམས་དགོས་གསུངས་པར། །ཕྲིན་ལས་བདག་གིས་གང་ཤར་བཀོད་པ་ཡིན། །དགེ་བས་འགྲོ་ཀུན་རྫོགས་སངས་རྒྱས་ཐོབ་ཤོག །དགེའོ།། །། ༈ རང་རིག་ཡེ་ཤེས་དོན་སྟོན་ཞིང་། །མ་རིག་མུན་པ་སེལ་བར་མཛད། །སྟོན་པའི་ཞལ་སྐྱིན་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་མདུད། །དེ་རྗེས་མཆོད་པར་བརྗོད་པའི་ཡུལ། །སེམས་ཅན་ཀུན་གྱི་སྙིང་པོ་ལ། །བདེ་གཤེགས་དགོངས་པ་བཞུགས་པ་ཡི། །ཀ་དག་དེ་ལ་ཕྱག་འཚལ་ལོ། །དེ་རྗེས་བདུད་ཀྱི་རྒྱལ་པོ་ཡིས། །རྟག་ཆད་གོལ་སྒྲིབ་ལས་འདས་པའི། །སེམས་ཉིད་མཐའ་དབུས་
བྲལ་བའི་དོན། །ཀུན་མཉམ་ཡངས་པ་ཆེན་པོའི་ཀློང་། །བསལ་བཞག་འགྲོ་འོང་མེད་པའི་ངང་། །རྫོགས་པ་ཆེན་པོའི་རྡོ་རྗེའི་མགུར། །ཡང་ནས་ཡང་དུ་སྨྲ་བྱེད་པ། །བརྗོད་མེད་བརྗོད་པར་སོང་བ་ཡི། །ཤེས་རབ་ཆེན་པོ་རང་རྡོལ་བའི། །ཀུན་རྫོབ་འཇིག་བཅས་ཤེས་བྱ་ཡི། །འཇིགས་མེད་དོན་གྱི་སེངྒེས་སྨྲ། །འདི་ཡི་ཕྱོགས་ཆར་ག་ལ་ཉེ། །དེ་ནས་ཡིན་ཚུལ་བཤད་པ་ནི། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །སེམས་ཙམ་པ་ཡི་སྣང་འཛིན་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །ཤེར་ཕྱིན་པ་ཡི་སྟོང་འཛིན་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །དབུ་མ་པ་ཡི་དབུས་གནས་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །ཐལ་འགྱུར་དུས་གསུམ་འབྲེལ་མེད་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །བདེན་གཉིས་པ་ཡི་འཛིན་པ་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །ཕྱག་ཆེན་པ་ཡི་རྒྱས་འདེབས་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །གསང་སྔགས་པ་ཡི་མཆོག་འཛིན་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །སྡུག་སྒུར་ཅན་གྱི་དོགས་བཅིངས་
མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །ཉམས་མྱོང་རོ་ལ་ཆགས་པ་མེད། །ལྟ་བའི་རྒྱལ་པོ་རྫོགས་ཆེན་ལ། །གནས་འགྱུ་གྲངས་སུ་འདེབས་པ་མེད། །ཡོད་པའི་སྐྱོན་དེ་སྤང་དུ་མེད། །མེད་པའི་ཡོན་ཏན་བསྒྲུབ་ཏུ་མེད། །དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །མངོན་གྱུར་རྡོ་རྗེ་སྙིང་པོའི་སྲོག །བདུད་རྒན་ཆེན་པོའི་གསང་ཚིག་འདི། །རྟོགས་གྲོལ་དུས་མཉམ་ཁྱད་ཆོས་ཅན། །དབྱིངས་ལས་ཤར་ཞིང་དབྱིངས་ལས་བསྒྲགས། །ཐིག་ལེ་ཉག་གཅིག་ཨ་ཏིའི་དོན། །བསྒོམས་ན་གྲོལ་ལ་བརྟགས་ན་གྲོལ། །དེ་ཕྱིར་གསང་སྔགས་ཟབ་མོའོ།། །། ༈ རྗེ་བཙུན་སངས་རྒྱས་འདུས་པའི་སྐུ། །པདྨའི་མཚན་ཅན་ཞབས་ལ་འདུད། །རྗེ་དེའི་ཞལ་ལུང་རྡོ་རྗེའི་བཀའ། །རང་གི་སྙིང་ལ་སིམ་པའི་བཅུད། །དེས་ན་མི་གསང་ལྷུག་པར་བཤད། །མྱ་ངན་འདས་པའི་ཡོན་ཏན་དང་། །ཁམས་གསུམ་འཁོར་བའི་སྐྱོན་གཉིས་ལ། །སྤང་བླང་མེད་པར་རང་སོར་འཇོག །རེ་དང་དོགས་པ་མེད་པའི་དོན། །ལུས་སེམས་མ་བཅོས་ལྷོད་པའི་ངང་། །ཐེག་རིམ་བགྲོད་དུ་མི་འཚལ་ཏེ། །བློ་ལས་འདས་པའི་ཡེ་
ཤེས་ལ། །སྤྲོ་བསྡུ་མེད་པའི་ལྷུག་པ་ཉིད། །འབད་དང་རྩོལ་བ་ཞིག་པའི་ངང་། །གནས་ན་ཆོས་སྐུའི་ངང་དུ་གནས། །འགྱུ་ན་ཆོས་སྐུའི་རྩལ་ལས་འགྱུ། །དེ་ཕྱིར་སྤང་བླང་མེད་པ་སྟེ། །ཤར་གྲོལ་རིས་མེད་དག་པ་ཆེ། །གཞི་ལམ་འབྲས་བུའི་རྣམ་བཞག་མེད། །བཏགས་པ་ཐམས་ཅད་མིང་ཡིན་ཏེ། །འདི་ལ་མིང་དང་ཐ་སྙད་མེད། །རང་གསལ་ཡེ་ཤེས་བརྗོད་མེད་པ། །དང་པོའི་དུས་ནས་ད་ལྟའི་བར། །མཐར་ཡང་ནམ་མཁའ་མ་ཞིག་པར། །རང་ཡིན་ངང་ཡིན་འབྲལ་བ་མེད། །རང་ས་ཟུང་དང་རང་སངས་རྒྱས། །སྐུ་གསུམ་མ་བྱས་རང་ལ་རྫོགས། །གནས་ཆེན་བསྐོར་བའི་གཟུངས་འབུམ་ལ། །ཕྲིན་ལས་ཞལ་གདམས་དེ་ཙམ་ཡིན། །འདི་ལྟར་ཉམས་སུ་བླངས་གྱུར་ན། །པད་འབྱུང་བི་མའི་དགོངས་པ་ཡིན། །དེ་ལས་ཟབ་པ་གང་དུ་བཙལ། །ཆོས་མཐུན་བསམ་པ་འགྲུབ་པར་སྨོན། །དགེའོ།། །། ༈ མཚུངས་མེད་ཆོས་རྗེ་བླ་མའི་ཞབས་ལ་འདུད། །ལྷ་ཆོས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །འཁོར་བའི་རང་བཞིན་སྡུག་བསྔལ་གནས་དང་རྟེན། །
འདི་ལས་ཐར་འདོད་སྐྱོ་ཤས་བསྐྱེད་རེ་རན། །རང་ཐོག་འབབ་པར་ངེས་པ་འཆི་བདག་བདུད། །བློ་སྣ་བསྟུངས་ཏེ་ཆོས་ལ་འབད་རེ་རན། །དགེ་སྡིག་རྒྱུ་འབྲས་ལས་ལ་བསླུ་བ་མེད། །ཕྱི་མའི་བདེ་བ་ད་རེས་སྒྲུབ་རེ་རན། །བསགས་ཀྱང་འཇོག་པའི་རང་བཞིན་དེ་མཐོང་ནས། །མཆོད་དང་སྦྱིན་པའི་ལས་ལ་འབད་རེ་རན། །གང་བྱས་ལས་ལ་སྙིང་པོ་གང་ཡང་མེད། །དོན་གྱི་སྙིང་པོ་ལྷ་ཆོས་སྒྲུབ་རེ་རན། །རྣམ་གཡེང་ལས་འདིས་ངེས་པར་བསླུ་བས་ན། །དབེན་པའི་གནས་སུ་ཏིང་འཛིན་སྒོམ་རེ་རན། །བྱང་ཆུབ་སེམས་མཆོག་རྒྱལ་སྲས་ལམ་བཟང་སྟེ། །སྡུག་བསྔལ་ཅན་ལ་ཕན་པ་སྒྲུབ་རེ་རན། །ཤེས་ཤེས་མང་ཡང་ལག་ཏུ་ལོན་པ་དཀའ། །ཐོས་བསམ་སྒོམ་པའི་དོན་ལ་དྲིལ་རེ་རན། །སྒོམ་པའི་དོན་ལ་ཇི་ལྟར་བསླབ་པ་ནི། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་དེ། །བླ་མར་གསོལ་བ་གདབ་ཅིང་ཐུགས་ཡིད་བསྲེས། །བདེ་བའི་མལ་དུ་ལུས་བསྲང་མཉམ་པར་བཅས། །ལུས་སེམས་མི་སྒྲིམ་མིག་ནི་ལྷོད་བྱས་ནས། །རླུང་ནི་འབྱུང་འཇུག་ཁ་ནས་དལ་བུར་
གཏོང་། །སེམས་ནི་གནས་སམ་འགྱུ་འམ་གང་ཡང་རུང་། །སྔོན་བསུ་རྗེས་དཔྱོད་མེད་པར་བབས་ཀྱིས་བཞག །དེ་ཚེ་གནས་ན་ཆོས་ཉིད་ངང་དུ་གནས། །འགྱུ་བ་ཤར་གྲོལ་རྗེས་མེད་བྱ་ལམ་འདྲ། །གནས་འགྱུ་གང་ཡང་རང་ངོ་ཤེས་དགོས་ཤིང་། །རང་ངང་གཡོ་བ་མེད་པའི་རི་རབ་འདྲ། །རང་དྭངས་རྙོག་པ་མེད་པའི་རྒྱ་མཚོ་འདྲ། །རང་གསལ་འཛིན་མེད་མེ་ལོང་གཟུགས་བརྙན་འདྲ། །འགྱུ་དྲན་རང་ཡལ་ནམ་མཁར་སྤྲིན་དེངས་འདྲ། །ཐུན་མཚམས་རྣམས་སུ་ཕྱག་དང་བསྐོར་བ་དང་། །ཁ་ཏོན་བཟླས་བརྗོད་དགེ་ཆོས་ཁོ་ན་བྱས། །སྐབས་སྐབས་འདུས་བྱས་ཆོས་རྣམས་ཐམས་ཅད་ཀུན། །རྨི་ལམ་སྒྱུ་མར་བསྒོམས་ཤིང་བདེན་མེད་སྦྱངས། །སྐབས་འགར་བདག་ནི་ད་ལྟ་འཆི་བ་ན། །འཇིགས་དང་འགྱོད་པ་འདུག་གམ་རང་ལ་བལྟ། །འདུག་ན་ད་དུང་བརྩོན་པས་རེམ་དགོས་ཤིང་། །མི་འཇིགས་མི་འགྱོད་གདེང་སྟེ་ཁོང་ཆུད་ན། །སྐྱེས་བུ་རང་དོན་གྲུབ་པའི་མཁས་པ་ཡིན། །ཉམ་ང་བག་ཚ་མེད་པའི་དཔའ་བོ་ཡིན། །འགྲོ་བའི་ཁ་ལོ་བསྒྱུར་བའི་ལམ་
མཁན་ཡིན། །སྐྱེ་མང་ཚོགས་གཉིས་རྗོགས་པའི་ཕྱུག་པོ་ཡིན། །དེ་ཚེ་རང་ལུགས་སྔ་འགྱུར་རྙིང་མ་ཡི། །ཆོས་ཚུལ་ཉམས་ལེན་མདོར་བསྡུས་ཙམ་ཞིག་འདི། །འཛི་ཀ་བླ་མ་བསམ་འཕེལ་གྱིས་བསྐུལ་ངོར། །ཆོས་དབྱིངས་དྲི་མེད་རྩལ་གྱིས་ཟིན་ཐོར་བྲིས། །དགེ་བས་འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག །མངྒ་ལཾ།། །། ༈ རབ་འབྱམས་ནམ་མཁའི་མཐའ་ཀླས་རྒྱལ་བ་ཡི། །མཁྱེན་བརྩེ་གཅིག་བསྡུས་དཔལ་ལྡན་བླ་མའི་ཞབས། །གུས་པས་འདུད་དོ་བྱིན་གྱིས་བརླབ་ཏུ་གསོལ། །རྨོངས་གཏམ་ཡི་གེར་བྲི་འདིར་བྱིན་གྱིས་རློབས། །གང་དག་ཆོས་ཚུལ་ཉམས་སུ་ལེན་པ་དག །ཆོས་དང་བླ་མའི་ཡོན་ཏན་ཤེས་དགོས་ཤིང་། །མི་ལུས་ཐར་པ་སྒྲུབ་པའི་རྟེན་མཆོག་འདི། །ཡང་ཡང་རྙེད་དཀའ་ད་རེས་སྙིང་པོ་ལོངས། །སྐྱེ་འཆི་འདུ་འབྲལ་འཁོར་བའི་མཚན་ཉིད་ཅན། །དལ་ཁོམ་ལོང་མེད་ཆོས་ལ་འབད་པ་ཐོན། །སྙིང་རྗེ་རྒྱལ་སྲས་ལམ་བཟང་དམ་པ་སྟེ། །བདག་བས་གཞན་གཅེས་ཕན་པ་ལྷུར་ལེན་མཛོད། །ཆོས་ཚུལ་རྒྱ་མཚོའི་སྙིང་པོ་རྫོགས་པ་ཆེ། །མཐའ་བརྒྱད་བྲལ་བའི་
ཡེ་ཤེས་ཆེན་པོ་དེ། །ཀུན་རྟོག་བློ་ཡིས་སྦགས་པའི་དྲི་མ་ཅན། །ཐེག་རིམ་གཞན་ལས་འཕགས་པའི་ཚུལ་དེ་ནི། །ད་ལྟ་མ་ནུབ་ཙམ་ཞིག་སྲོལ་འདུག་མོད། །ངེས་པར་རང་གི་རྒྱུད་ལ་གོམས་པར་མཛོད། །གང་དང་མི་འདྲ་ཀུན་ལས་འདས་པའི་དོན། །མི་དམིགས་མི་བསམ་མི་སྤྲོ་མི་བསྡུ་ཞིང་། །ཡེ་ཡིན་རང་ཡིན་རང་ངང་བདེ་བ་ཆེ། །ལྷུན་གྱིས་གྲུབ་ཅིང་རྟག་མཐའ་ཀུན་ལས་འདས། །བདེ་གཤེགས་སྙིང་པོ་རང་ལ་རྫོགས་པས་ན། །ཕྱི་རོལ་ཡུལ་ལ་རེ་བཅས་འཆིང་དོན་མེད། །ཀུན་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ཀློང་། །ཀློང་འདིར་རང་རིག་བཙན་ས་ཟིན་པར་མཛོད། །དེ་ཚུལ་ཆོས་མཛད་པདྨ་དགེ་འདུན་གྱིས། །དགོས་ཞེས་གསུང་ངོར་ལས་རབ་རྩལ་གྱིས་བྲིས། །དགེ་བས་རང་ལུགས་རྒྱལ་བསྟན་གསལ་བྱེད་ཤོག །མངྒ་ལཾ།། །། ༈ ཆེ་ཡོལ་ལས་རབ་རྩལ་གྱི་མགུར་བན་སྨྱོན་རྒྱ་མཚོ་མ་བརྒྱད་ཅུ་མ་བཞུགས། བླ་མ་རྗེ་ཨོ་རྒྱན་པདྨ། །འཇའ་ཟེར་དང་འོད་ཕུང་ཀློང་ནས། །བྱིན་རླབས་ཀྱི་ན་བུན་འཐིབས་ཤིང་། །མི་བདག་གི་སྤྱི་བོར་བཞུགས་ཤིག །དུས་ངན་གྱི་
མཐའ་ལ་ཐུག་པའི། །ཐུབ་བསྟན་འདི་ནུབ་རིར་ཆས་པས། །འདྲེ་རྒོད་རྣམས་མི་ལ་ཞུགས་ནས། །བན་སྨྱོན་རྣམས་མིན་དགུ་སློང་བྱུང་། །གཙུག་ལག་དང་དབེན་གནས་སྤངས་ཤིང་། །གྲོང་ཡུལ་དང་ཚོང་དུས་འགྲིམ་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །མཁན་སློབ་དང་ཆོས་གྲོགས་སྤངས་ཤིང་། །མི་ནག་དང་སྡིག་གྲོགས་བསྟེན་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །ཆོས་གོས་དང་སེར་ཆས་སྤངས་ཤིང་། །སྐྱ་ཆས་དང་སལ་སིལ་འདོགས་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །ཆོས་སྤྱོད་ཀྱི་ཁ་ཐོན་སྤངས་ཤིང་། །ལོང་གཏམ་དང་ངག་འཁྱལ་སྤེལ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །ཐེག་དགུ་ཡི་རྣམ་བཞག་སྤངས་ནས། །དགུ་མཐའ་དང་དགྲ་གྲོགས་རྩི་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །རང་གིས་ནི་ཆོས་མིན་སྤྱོད་ཅིང་། །གཞན་ལ་ནི་ཆོས་བཤད་
བྱེད་པས། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །དད་པ་དང་མོས་གུས་མེད་ཅིང་། །གཡོ་སྒྱུ་དང་ཁ་གསགས་ཆེ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །ཚུལ་འཆོས་བཅས་ང་རྒྱལ་ཆེ་ཞིང་། །རང་འདོད་བཅས་ཕོ་ཚུགས་མཐོ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །སྐྲ་རིང་དང་གྲི་རིང་འཆང་ཞིང་། །ཆེ་འགྲོས་དང་འགྱིང་འགྲོས་བྱེད་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །འབྲི་གཡག་དང་ར་ལུག་བཤས་དུས། །ཟ་འདོད་ཀྱི་སྐྱིད་མཚར་ཆེ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །འབྲི་ཀློག་དང་བློ་འཛིན་བཞག་ནས། །ཁ་མཚར་རིགས་གླུ་སྒྲུང་སྤེལ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །ངན་སྤྱོད་དེ་སྣ་དགུ་ཚང་ཡང་། །བཟང་འདོད་ཀྱི་ཕོ་ཚུགས་མཐོ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་
རྗེས་གཟིགས་ཤིག །བདེན་སྤྱོད་དང་གཙང་ཟས་བོར་ནས། །གྱོད་ཟས་དང་འཁོན་ཟས་ཟ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །རོ་སྟོད་དེ་ལྷབ་ལྷུབ་བཅས་ནས། །རོ་སྨད་དེ་ཐུང་ངུར་ལྡོག་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །ཕྱོགས་རིས་ཀྱི་ཁ་འཛིན་ཆེ་ཡང་། །རང་རྒྱུད་ནི་ཆོས་དང་འགལ་བའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །བག་བཟོ་དང་བུ་རྫི་བྱེད་ཅིང་། །གྲོང་སྔགས་ཀྱི་གཡོག་པོར་འགྲིམ་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །།ཧ་དགད་དང་ཤེད་ངོམ་བྱེད་ཅིང་། །ཁ་འཛིང་དང་ལག་འཛིང་བྱེད་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །དགྲ་གཉེན་དང་ཉེ་དུ་ཤི་ཡང་། །རང་ལ་ནི་འཆི་སྙམ་མེད་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །དལ་འབྱོར་གྱི་མི་ལུས་ཐོབ་ཀྱང་། །སྡིག་ལྟུང་གི་ལས་ངན་གསོག་
པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །དཀོན་མཆོག་གི་ཡོན་ཏན་མཐོང་ཡང་། །དད་པ་དང་མོས་གུས་མེད་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །འཁོར་བ་ཡི་སྡུག་བསྔལ་མཐོང་ཡང་། །ངེས་འབྱུང་དང་སྐྱོ་ཤས་མེད་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག །སྡུག་ཕོངས་དང་ཉམ་ཐག་མཐོང་ཡང་། །སྙིང་རྗེ་དང་ཕན་འདོགས་མེད་པའི། །བན་སྨྱོན་ནི་འདི་ཚོ་རྣམས་ལ། །ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག། །། ༈ ཆང་རྒན་སྨྱོས་ནས་གཏན་ཚིགས་གླུ་ཞིག་ཞུ། །ཐར་པ་སྙིང་ནས་འདོད་པའི་བན་སྔགས་རྣམས། །འཇིག་རྟེན་བྱ་བྱེད་ཐམས་ཅད་སྐྱོན་ཅན་ཡིན། །སྐྱོན་མེད་དམ་པའི་ལྷ་ཆོས་ཡང་དག་མཛོད། །དཔོན་གྱི་ཞབས་ཕྱི་མི་དོན་རང་ཕུང་ཡིན། །ཡུལ་སྡེའི་གོ་ཆོད་མི་ཁ་བྱུར་སྡུད་ཡིན། །ཁྱིམ་གྱི་བཟའ་དཔོན་སྤྱིད་སྡུག་སྒོས་ཁུར་ཡིན། །སྡེ་དགོན་ཞབས་ཕྱི་མི་ཚེ་སྟོང་ཟད་ཡིན། །གྲོང་ཆོག་འདྲེ་འདུལ་དགེ་སྦྱོར་ཕུང་
བྱེད་ཡིན། །ཤི་འདྲེ་གཅོད་པ་ཕན་ལས་གནོད་ཆེ་ཡིན། །བསམ་ཡོད་གྱོད་སྡུམ་རང་སྡུག་རོགས་སྡུག་ཡིན། །མ་བསྒོམས་ཆོས་བཤད་ཆོས་རྡུག་དྲེད་པོ་ཡིན། །ཆང་དང་བུད་སྨད་སྲེད་འཕེལ་ཉེས་རྒྱུ་ཡིན། །དགེ་འདུན་དཀོར་འཕྲོག་དམྱལ་བ་གཏན་བཞག་ཡིན། །བདེ་སྡུག་སྣང་བ་རྨི་ལམ་ཐུན་གཅིག་ཡིན། །བསྟན་སྲིད་རྫོགས་ཆེན་སྒོམ་དང་སྐྱེ་བོ་རྣམས། །ཞེས་སྨྲ་བའི་རྫོགས་ཆེན་དེ་ཇི་ལྟར་བྲིས་པ། ཀྱེ་མ་ཡེ་ནས་བདེ་གཤེགས་སྙིང་པོ་འགྲོ་ལ་རྫོགས། །རྒྱུ་ཡིས་མ་བྱས་རྐྱེན་གྱིས་མ་བསླད་པ། །རང་བྱུང་ལྷུན་གྲུབ་སྐུ་གསུམ་རང་ཆས་ཉིད། །མཁའ་ལྟར་མི་དམིགས་ཀློང་ཡངས་དག་པ་ཆེ། །ངང་འདིར་གནས་ན་ཀུན་ཀྱང་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ཆེན་དཔེ་དང་ཚིག་ལས་འདས། །ཡོད་མིན་མེད་མིན་གཉིས་ཀ་མིན་པ་མིན། །བདེ་མིན་སྡུག་མིན་གཉིས་ཀ་བྲལ་བ་མིན། །ཆོས་མིན་ཆོས་ཅན་མཚན་མའི་དྲི་མས་དབེན། །ཡེ་སྟོང་སྟོང་ཆེན་ཚིག་གི་མཐའ་ཀུན་སྟོང་། །ངང་རྫོགས་ངང་ཡིན་ད་ལྟ་རང་ག་མ། །ཡངས་སོ་ཆེའོ་དམིགས་མཐའ་བྲལ་བ་ཉིད། །འགག་མེད་སྐུ་དང་ཞིང་
ཁམས་སྣང་བ་དང་། །སེམས་ཅན་འཁྲུལ་འཛིན་ལས་ཉོན་རྒྱུན་མི་ཆད། །གང་གིས་མ་གོས་ཀུན་ལས་འདས་པའི་དོན། །འཁོར་འདས་འུབ་ཆུབ་མཐའ་བྲལ་ཐིག་ལེར་ཆུན། །བགྲོད་བྱའི་ལམ་དང་དེར་འཛིན་རྩེད་མོ་འདྲ། །མཉམ་ཡང་དགོངས་པ་སྲིད་ཞི་རོ་གཅིག་དག །ས་ལམ་དྲོད་ཚད་རིམ་བགྲོད་རི་མོ་དག །ངང་ཞེན་ཉམས་དང་མཚན་མའི་མཆོག་འཛིན་ཞིག །འདི་ལྟར་རྟོགས་ན་ད་ནི་གླུ་ལེན་ཏེ། །ཀློང་ཆེན་རབ་འབྱམས་རྡོ་རྗེའི་གླུ་བཞི་འོ། །དུས་གསུམ་དུས་མེད་ངོ་བོ་གཅིག་ཏུ་འདྲེས། །ཀུན་ཟླུམ་ཐིག་ལེའི་སྦུབས་སུ་སངས་རྒྱས་སོ། །བག་མེད་ཆང་གི་སྙིང་ཁུས་སེམས་བསྐྱོད་ནས། །པད་འབྱུང་བཱི་མའི་སྙིང་ཁྲག་ཡིད་བཞིན་ནོར། །ཡབ་རྗེ་བླ་མའི་སྙིང་ནོར་གསང་གཏམ་རྣམས། །གཏད་མེད་གུ་ཡངས་བདུད་རྒན་སྨྱོན་པས་སྤྲོས།། །། ༈ ཉི་སྤྲུལ་གཉིས་པ་པད་འབྱུང་དངོས་དེར་འདུད། །དར་གཅིག་ཉོན་དང་ནོར་བུ་རི་བ་རྣམས། །དུས་ངན་བན་སྡེའི་ཆོ་རིགས་མདོར་བསྡུས་ཤིག །ཁ་ཆེམས་ཚུལ་དུ་ལས་རབ་བདག་གིས་བཤད། །རང་
སེམས་ཆོས་ལ་མོས་པ་མ་ཡིན་པ། །ཕ་མས་དཀོར་འདོད་བནྡེ་བྱས་པ་དང་། །བཙན་པོས་དེད་པའི་བན་ཁྲམ་འགའ་རེ་ཞིག །སེར་ཆས་བཏང་ཞིང་སྐྱ་ཆས་ཧོར་ཆས་བྱེད། །ཆང་དང་བུད་མེད་ཁ་དུད་སྣ་ཐ་སྲེད། །ཕ་མ་སེམས་ཅན་གསོད་ཅིང་ཤ་ཁྲག་ཟ། །མི་ནག་ཁྲོད་ལ་དད་ཅིང་སྤྱོད་པ་འདྲེས། །འཆལ་ཞིང་གཡེང་ལ་ཁ་རྩེད་ལག་རྩེད་དགའ། །ལྟས་དགོད་ལག་བཅངས་འདོད་ཆགས་མེ་ལྟར་འབར། །ཁ་ནས་ཡིག་དྲུག་ཚུལ་དུ་འཆལ་གཏམ་བགྲང་། །ངོ་ཚ་མི་ཤེས་གཡག་ལུག་དམར་ཚོང་བྱེད། །སྐྱེ་བོ་ཆོས་སེམས་ཅན་གྱིས་དེ་ལ་འཕྱ། །ལས་ངན་དེ་ལ་ཉེས་པ་འབྱུང་ཚུལ་ནི། །རིགས་ཉམས་ཐུབ་བསྟན་འཛིན་པའི་གྲལ་མི་ཚུད། །ཆེ་བ་ཉམས་པས་རང་ལས་དམན་པས་བརྙས། །བསོད་ནམས་ཉམས་པས་མདོག་ངན་ཟ་ཐང་ཆུང་། །དཀར་པོའི་ཕྱོགས་ཉམས་ནག་པོའི་སྡིག་པ་འདུ། །ལྷ་ཉམས་འདྲེ་དང་བགེགས་ཀྱི་དབང་དུ་འགྲོ། །ཚེ་ཉམས་དུས་མིན་འཆི་ཐབས་ངན་པ་འོང་། །ཐར་ལམ་ཉམས་པས་ངན་སོང་སྐྱེ་གནས་སྙོགས། །དེ་ཕྱིར་དེ་འདྲའི་ལས་རྣམས་
སྤང་བར་གྱིས། །ལས་ངན་བདག་ལ་དད་པའི་སྐལ་ལྡན་རྣམས། །རྒྱལ་བ་སྲས་བཅས་བགྲང་ལས་འདས་པ་ཡིས། །ལས་ངན་བདག་ལ་བརྩེ་བས་འཁྲུལ་སྣང་འབྱུང་། །ཁོ་བོ་ཅག་ནི་འཁོར་བར་ཞེན་རེ་ལོག །ད་ནི་མི་སྡོད་ལྟ་ན་སྡུག་ཏུ་འགྲོ། །བདག་གིས་སུ་ལ་གནོད་པ་མ་བྱས་ཀྱང་། །དོན་མེད་སྡང་སེམས་ཅན་རྣམས་ཁམས་བདེ་ཞུ། །བཅུ་དྲུག་ནས་བཟུང་ད་ལོའི་ལྕགས་སྤྲེལ་བར། །རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་ལ། །རེས་འཇོག་ལྟེམ་རྐྱང་མེད་པར་དྲག་པོར་བརྩོན། །གོམས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་ཡིན། །བསྟོད་སྨད་གཉིས་ནི་བྲག་ཆ་ལྟ་བུར་ཤེས། །ལས་སྒྲིབ་ཅན་གྱི་འགྲོ་རྣམས་སྙིང་རེ་རྗེ། །འདི་རྣམས་ལྟ་ན་སྡུག་ཏུ་སྐྱེ་བར་སྨོན། །བཟང་འབྲེལ་ངན་འབྲེལ་བདག་ལ་དབྱེར་མ་མཆིས། །ཁ་ཆེམས་ཉུང་ངུ་ལས་ཅན་རྣམས་ལ་བཞག །།། ༈སངས་རྒྱས་སྟོང་ལས་ལྷག་པའི་བཀའ་དྲིན་ཅན། །སངས་རྒྱས་རང་ལ་སྟོན་པའི་ཁྱད་ཆོས་མཁན། །འཁོར་འདས་སྒྱུ་མར་ཞིག་པ་ཐོག་མའི་མགོན། །ང་ཡི་བླ་མ་རྡོ་རྗེ་འཆང་དེར་
འདུད། །བསམ་གཞིག་བཏང་ཞིང་སྙིང་ནས་དགོད་རེ་བྲོ། །བསྒོམས་ཀྱང་རང་རྒྱུད་མ་གྲོལ་དྲེད་པོའི་ངང་། །བཤད་པས་གཞན་རྒྱུད་མ་གྲོལ་ཁ་སྐྱེངས་རྒྱུ། །སློབ་དཔོན་ཕལ་ལ་བསམ་གྱིན་དགོོད་རེ་བྲོ། །ཐོབ་ཆོག་ཐོས་མང་བྱེད་ཅིང་ཉམས་ལེན་མེད། །སངས་རྒྱས་དཔེ་སྲིད་ལ་རེ་འབད་པས་སྒྲུབ། །སློབ་མ་ཕལ་ལ་བསམ་གྱིན་དགོོད་རེ་བྲོ། །ཟབ་མོའི་ཆོས་དང་འཇིག་རྟེན་བྱ་བ་དག །གྱིས་ཞེས་བསྟན་ན་འབྲོས་ཤིང་གབ་ན་འཚོལ། །མི་རྣམས་ཕལ་ཆེར་བསམ་གྱིན་དགོོད་རེ་བྲོ། །ཅི་མཛད་ལེགས་དང་ཅི་གསུང་ཚད་མ་རུ། །མི་འཛིན་བླ་སློབ་འགྲོགས་ཡུན་རིང་བའི་སྐྱོན། །ཁྱི་རྒོད་བཞིན་དུ་འཛིང་ལ་དགོོད་རེ་བྲོ། །ཟབ་དགུའི་གདམས་པ་ཡིད་བཞིན་ནོར་འདྲའི་གནད། །ཕ་བཟང་ཕྱུག་པོའི་བུ་ལ་ནོར་ཕོག་འདྲ། །བུ་ངན་བོར་ཟག་དབང་བཏང་དགོོད་རེ་བྲོ། །བྱས་དང་བྱེད་འགྱུར་སྙིང་པོ་འགའ་མེད་ཅིང་། །གང་ལ་བལྟས་ཀྱང་བྱིས་པའི་རྩེད་མོ་བཞིན། །ཟས་ནོར་ལོངས་སྤྱོད་འདོད་པ་བསྟེན་པ་དག །ཆོག་ཤེས་མེད་ཅིང་སྲེད་པ་ལྷག་པར་འཕེལ། །དགྲ་འདུལ་གཉེན་
སྐྱོང་སོ་ནམ་ཞིབ་རིག་ལས། །ཅི་ལྟར་འབད་ཀྱང་ཟིན་དུས་ནམ་ཡང་མེད། །འཇིགས་ཆེན་འཆི་བདག་གནམ་ས་འདྲེ་ལྡོག་དེ། །རང་གི་སྟེང་དུ་ནམ་ཡོང་ཆ་མེད་པས། །བློ་སྣ་བསྟུངས་ཏེ་དམ་པའི་ཆོས་མཛོད་ཅིག །བྱམས་བརྩེའི་གཉེན་དང་བསགས་པའི་ནོར་རྫས་རྣམས། །གཏན་བྲལ་བྱས་ནས་ནམ་འགྲོ་ཆ་མེད་པས། །དགེ་བའི་ཕྱོགས་ལ་འབད་པ་ཐོན་པར་མཛོད། །འཁོར་བའི་སྡུག་བསྔལ་ཐར་མེད་བཙོན་དོང་དེར། །ཚུད་པར་ལྟ་ཅི་བསམ་ཀྱང་མི་ཕོད་ཀྱི། །ཞེན་ལོག་དྲག་པོ་རྒྱུད་ལ་བསྟེན་མཛོད་ཅིག །ད་ལྟ་རང་དབང་ཡོད་དུས་གཡེང་བར་འཁྱམས། །བྱ་ཐབས་ཟད་པའི་དུས་དེར་འགྱོད་ཀྱང་འཕྱི། །སྡིག་པའི་ལས་ལ་བཤགས་སྦྱང་ཡང་དག་མཛོད། །དེ་སྐད་ཆོས་མེད་རྨོངས་པས་རང་མྱོང་གཏམ། །ཆོས་མཛད་མཁས་པའི་སྙན་ལ་མི་མཛེས་ཀྱང་། །རང་དང་སྐལ་བ་མཉམ་པ་རྣམས་ལ་གདམས། །དགེ་བས་འགྲོ་ཀུན་རྫོགས་བྱང་ཉིད་གྱུར་ཅིག། །། ༈ ཕྱི་དབྱིངས་ནང་དབྱིངས་གསང་དབྱིངས་ཐིམ་ཐུགས་མཛོད། །ཆོས་ཉིད་ལུས་སེམས་
བྲལ་ནས་འཆལ་བར་བཤད། །རླུང་རིག་འཕྲད་ནས་སྲིད་པ་བར་དོ་ནི། །མེད་བཞིན་སྣང་བ་རྨི་ལམ་ལྟ་བུར་འཁྲུལ། །དེང་སང་རྣམ་འབྱེད་མ་གསལ་འཆོལ་བའི་ངག །སློབ་དཔོན་མ་བསྟེན་ཡིག་རྙིང་བསྡུས་དོན་རྙོག །རང་སྐད་ལྷག་མཐོང་ཆེན་པོ་ལྟ་ཞོག་མཛོད། །ཞི་ལྷག་མ་འབྱེད་ལྟ་སྒོམ་ཤན་མ་འབྱེད། །ཉམས་དང་རྟོགས་པའི་ས་མཚམས་མ་ཤེས་པས། །མུ་སྟེགས་སྨྲ་བའི་ཁྲིད་སློབ་མང་བ་འདི། །སུམ་ཅུར་རྫོགས་ཆེན་མི་འབྱུང་རང་མཚང་ཉིད།། །། ༈ ཆོས་མཛད་དམ་པ་ཆོས་འཕེལ་དར་རྒྱས་ཀྱིས། །ཞལ་གདམས་དགོས་ཞེས་གསུང་ལན་འདི་ལྟར་ཞུ། །དོགས་གཅོད་ཐེ་ཚོམ་འཛིན་པ་ཡོད་ཀྱི་བར། །ད་རུང་ཨ་ཏི་སྒྲ་བོ་ཆེ་དེ་ཡི། །དོན་དུ་མཐུན་ནམ་མ་ཤེས་ཡ་མ་ཆ། །བློ་འདས་ཀློང་ཡངས་མཐའ་ལས་འདས་པ་ཆེ། །ངང་ཡིན་མ་བཅོས་ལྷུག་པ་གྱི་འདའ་བ། །འདི་ཞེས་མི་མཚོན་ལྐུགས་པས་རོ་མྱོང་འདྲ། །དགེ་བ་བཟང་རྟོག་གསེར་གྱི་སྒྲོག་དེ་དང་། །ཉེས་པ་ཉོན་མོངས་ཐ་གུའི་སྒྲོག་དེ་གཉིས། །ཁམས་གསུམ་གནས་ལ་འཆིང་བ་ཁྱད་མེད་ཅེས། །ཕ་རྒན་
ཆོས་རྗེ་དམ་པ་དེ་ཡིས་གསུངས། །ཁོ་བོའི་སྙིང་གཏམ་མཐར་ཐུག་དེ་ཙམ་ལགས།། །། ༈ བཟང་རྟོག་ངན་རྟོག་བཟང་ངན་ཅི་ཤར་ཡང་། །སྤྲོ་བསྡུ་བཅོས་བསྒྱུར་མེད་པར་རང་བབས་ཞོག །འགྱུ་རྟོག་མེད་པར་གནས་པ་ཞི་གནས་ཡིན། །གནས་པ་རང་ངོ་ཤེས་པ་ལྷག་མཐོང་ཡིན། །ཞི་ལྷག་ཟུང་འཇུག་བསྒོམ་ཞེས་དེ་ལ་ཟེར། །༈ཡང་འདི་ལྟར། སྒོམ་པ་དེ་ལ་མཉམ་གཞག་བྱ་བ་ཡིན། །དེ་ལས་ལྡང་དུས་རྗེས་ཐོབ་བྱ་བ་ཡིན། །གཉིས་ཀར་སྒོམ་གྱི་ངང་དུ་གྱུར་པ་ལ། །མཉམ་རྗེས་འདྲེས་ཞེས་འབྱོངས་པའི་རྟགས་ཡིན་ནོ། །༈ཡང་འདི་ལྟར། རིག་ཆ་ངོ་བོ་མཐོང་བ་དེ་ཡི་ངང་། །འགྱུ་བ་བན་བུན་འཆར་འཆར་འདྲ་བ་ལ། །རྗེས་མེད་རང་ཡལ་རང་ཡལ་དག་པ་ནི། །ཤར་གྲོལ་དུས་མཉམ་བྱ་བ་དེ་ཡིན་ནོ། །༈ཡང་འདི་ལྟར། སྤྲོ་ཉམས་འབྲལ་མེད་པོ་དེ་བདེ་ཉམས་ཡིན། །དྭངས་གསལ་ཡི་གར་འོང་དེ་གསལ་ཉམས་ཡིན། །དྲན་མེད་བརྒྱལ་འདྲ་ཧད་འདྲ་མི་རྟོག་ཉམས། །འདི་གསུམ་བྱུང་ན་དགའ་དང་བཟང་པོར་བཟུང་། །མ་བྱུང་དུས་ན་མི་དགའི་བློ་བྱུང་ན། །
གོལ་བ་ཡིན་གྱི་མ་བཅོས་རང་གར་ཞོག །རང་གསལ་དགོངས་པའི་རྒྱས་ཐེབས་ལམ་དུ་འགྱུར། །༈ཡང་འདི་ལྟར། འདི་ཡིན་ངེས་ཤེས་དཔའ་གདེང་ངར་ཆ་ལ། །འཛིན་པར་ཞུགས་པས་འཕྲིག་ཆུག་ཤིན་ཏུ་དགའ། །མདོར་ན་དགའ་སྡུག་འཛིན་པ་གོལ་ས་ཡིན། །བཞག་ཐབས་བཅོས་མེད་ངོ་བོ་རང་གསལ་དགོས། །༈ཡང་འདི་ལྟར། རང་གསལ་ཡེ་ཤེས་མེད་པས་བྱིང་རྨུགས་འཐིབ། །ཡང་ཡང་རྣམ་རྟོག་ངང་དུ་འཆོར་བ་རྒོད། །བྱིང་རྒོད་དེ་དང་ཐེ་ཚོམ་ལ་སོགས་པ། །བཞག་བཞག་བཅོས་མེད་ངོ་བོ་རང་གསལ་དགོས། །གེགས་སེལ་བོགས་དབྱུང་གནད་ཀུན་དེ་ལ་འདུས། །༈ཡང་འདི་ལྟར། སྨྲ་བསམ་བརྗོད་མེད་རང་གསལ་ངོས་བཟུང་བྲལ། །ཡེ་ཤེས་རིག་པ་ལྷག་མཐོང་ཆེན་མོ་སྟེ། །ཀུན་བཟང་ཆོས་སྐུ་རྟོགས་གྲོལ་དུས་མཉམ་ཞེས། །འདི་ནི་རྫོགས་ཆེན་ལྟ་སྒོམ་ཡང་སྙིང་ཡིན། །དར་རྒྱས་མིང་ལ་གོ་བདེར་བཤད་པ་འདི། །ཕྱི་རབས་རྒན་རྒོན་ཀུན་ལ་བཞག་པ་ཡིན། །ཉི་གྲགས་གཉིས་པའི་གསུང་སྲས་ལས་རབ་རྩལ་གྱིས་སོ། །མངྒ་ལཾ།། །། ༈ རྒྱལ་བའི་སྤྱི་གཟུགས་བླ་མའི་ཞབས་ལ་འདུད། །ཐུགས་
དམ་ཆག་མེད་འཁྱོང་བར་བྱིན་གྱིས་རློབས། །ད་ལྟ་བཞུགས་དང་ཕྱི་རབས་ཆོས་འདོད་རྣམས། །དལ་འབྱོར་རྙེད་དཀའ་མ་དྲན་ཉེས་པ་ཡིས། །མི་ལུས་སྙིང་པོ་སྟོར་ཞིང་ཆུད་ཟོས་འགྱུར། །འཆི་བ་མི་རྟག་མ་དྲན་ཉེས་པ་ཡིས། །ཚེ་འདིའི་བྱ་བྱེད་མུ་མཆེད་གཡེང་བས་ཁྱེར། །རྒྱུ་འབྲས་སྤང་བླང་མ་དྲན་ཉེས་པ་ཡིས། །དགེ་སྡིག་འཆལ་ཞིང་རྣམ་སྨིན་སྒྲིབ་པ་འགོ། །འཁོར་བའི་སྡུག་བསྔལ་མ་དྲན་ཉེས་པ་ཡིས། །ཐར་འདོད་སྐྱོ་ཤས་མི་འགྲོ་ངན་འགྲོར་འཁྱམས། །མོས་གུས་དད་པ་མ་དྲན་ཉེས་པ་ཡིས། །རྒྱལ་རིགས་ཉམས་པ་ལྟ་བུའི་སྐྱོན་དུ་འགྱུར། །ཐེག་ཆེན་སེམས་བསྐྱེད་ཆག་པའི་ཉེས་པ་ཡིས། །དུས་གསུམ་རྒྱལ་བ་བསླུས་པའི་འགལ་བ་འབྱུང་། །རྡོར་སེམས་སྒོམ་བཟླས་ཆག་པའི་ཉེས་པ་ཡིས། །སྒྲིབ་རྒྱུན་འཕེལ་ཞིང་སྙིང་པོ་ཡེ་ཤེས་སྒྲིབ། །ཚོགས་བསགས་མཎྜལ་ཆག་པའི་ཉེས་པ་ཡིས། །བསོད་ནམས་ཡེ་ཤེས་དགེ་བའི་ས་བོན་འཛད། །བླ་མའི་རྣལ་འབྱོར་ཆག་པའི་ཉེས་པ་ཡིས། །བྱིན་རླབས་དངོས་གྲུབ་ཟབ་མོའི་ཆུ་རྒྱུན་
ཆད། །བླ་མ་བརྙས་ཤིང་ལོག་ལྟ་ཤོར་བ་ཡིས། །དམ་ཉམས་བཀའ་ཆད་འབྱུང་ཞིང་དམྱལ་བར་ལྟུང་། །ལྟ་སྒོམ་ཏིང་འཛིན་ཆག་པའི་ཉེས་པ་ཡིས། །འཕེལ་འགྲིབ་མང་ཞིང་ལམ་གོལ་བོགས་མི་འབྱུང་། །རྣམ་དག་བསྔོ་སྨོན་ཆག་པའི་ཉེས་པ་ཡིས། །དགེ་བ་འཛད་པར་སླ་ཞིང་འབྲས་བུ་དམན། །འཇིག་རྟེན་བྱ་བྱེད་ཆག་པའི་ཉེས་པ་ཡིས། །རྨོངས་པའི་སྡུག་བསྔལ་བསགས་ཤིང་འགྱོད་ཆེ་ན། །གཏན་འདུན་དགེ་བ་མ་དྲན་ཆག་པ་ཡིས། །ཉེས་པ་སོམས་ལ་དེང་ནས་འབད་པར་གྱིས། །ཉིན་གཅིག་འགྲོགས་པའི་གྲོགས་ངན་སྐྱོན་བརྗོད་ན། །གཏན་དུ་འཁོར་བའི་ཉེས་པ་འགྲོགས་པ་སོམས། །ཡུད་ཙམ་ཚ་གྲང་བཀྲེས་སྐོམ་མི་བཟོད་ན། །ངན་སོང་དོས་དྲག་ཡུན་རིང་བཟོད་དམ་སོམས། །དེ་ལྟར་དགེ་ལ་ཡང་དག་བསྐུལ་བའི་ཚིག །ཕྲིན་ལས་བདག་གིས་སྦྱར་བ་འདི་ཡིས་ནི། །ཐར་འདོད་སྐྱེ་བོའི་རྣམ་བཞག་དགེ་བར་ཤོག། །། ༈ སངས་རྒྱས་སྟོང་ལས་ལྷག་པའི་བཀའ་དྲིན་ཅན། །མཉམ་མེད་ཆོས་རྗེ་བླ་མའི་ཞབས་ལ་འདུད། །སྐྱོན་བརྒྱའི་རང་བཞིན་ང་འདྲར་
ཆོས་མཛད་ཀྱིས། །ཞལ་གདམས་དགོས་ཞེས་གསུང་ངོར་དྲང་ཚིག་བྲི། །མཚུངས་མེད་བླ་མའི་བཀས་གནང་བྱིན་གྱིས་རློབས། །དལ་འབྱོར་རྙེད་བཀའ་སྙིང་པོ་ལེན་དགོས་ཤིང་། །འདུས་བྱས་འཇིག་པའི་རང་བཞིན་ཁོ་ན་སྟེ། །ཚེ་འདིའི་བློ་སྣ་བསྟུངས་ཤིང་དགེ་ལ་འབུངས། །མཐའ་མེད་འཁོར་བའི་རང་བཞིན་སྡུག་བསྔལ་གནས། །འདི་ལས་ཐར་འདོད་སྐྱོ་ཤས་དྲག་པོ་དགོས། །དགེ་སྒྲུབ་སྡིག་སྤང་ལས་ལ་རབ་བརྩོན་ཞིང་། །དྲན་དང་ཤེས་བཞིན་བག་ཡོད་བསྟེན་པ་བཅས། །དད་དང་ཤེས་རབ་བརྩོན་འགྲུས་རྣམ་པ་གསུམ། །ནམ་ཡང་གལ་ཆེ་ལམ་གྱི་གྲོགས་མཆོག་ཡིན། །འགྲོ་ལ་བརྩེ་བ་ཐེག་ཆེན་ཐུགས་བསྐྱེད་སྲོལ། །ཁྱད་པར་སྡུག་བསྔལ་ཅན་ལ་ཕན་འདོགས་པ། །རྒྱལ་བའི་སྲས་ཀྱི་ཐུ་བོར་ལུང་ལས་བསྟན། །ཐོས་བསམ་སྒོམ་པའི་ཆོས་རྣམས་གནད་དྲིལ་ནས། །ཉམས་ལེན་རང་གི་རྒྱུད་ལ་འབྱོར་བར་མཛོད། །རྣམ་གཡེང་ལེ་ལོས་སྣང་བ་འབྲིད་མཁས་ཤིང་། །བདེ་འབྱོར་དག་ལ་ནམ་ཡང་ཆོག་ཤེས་མེད། །བྱ་བྱེད་འདུ་འཛིའི་ལས་ལ་
ཟིན་དུས་མེད། །སྐབས་སྐབས་རང་ལ་དྲན་པ་གསལ་འདེབས་ཐོང་། །ཡུད་ཙམ་འགྲོགས་པའི་གྲོགས་ངན་སྐྱོན་ཆེ་ན། །ཡུན་རིང་འཁོར་བའི་རང་བཞིན་སྐྱོན་ལ་སོམས། །སྒོམ་ཚུལ་ལེགས་ཉེས་ཤོར་གོལ་ཅི་བྱུང་ཡང་། །སྤང་བླང་བཅོས་བསྒྱུར་མེད་པར་རང་གར་ཞོག །གཉེན་པོས་བཅོས་ཆེ་ལུས་སེམས་སྒྲིམ་ཆེ་ཞིང་། །འཇུར་བུར་དྲངས་ཤིང་རེ་དོགས་མང་བ་ཡི། །རྣམ་རྟོག་ཇེ་རྒོད་སྒོམ་སྐྱོན་སྙིང་རླུང་འཇུག །དེ་ཕྱིར་བླ་མའི་གདམས་ངག་ཇི་བཞིན་དུ། །ཡོད་པའི་སྐྱོན་དེ་ལྷག་པར་སྤངས་མི་དགོས། །མེད་པའི་ཡོན་ཏན་ཆེད་དུ་སྒྲུབ་མི་དགོས། །ཡེངས་མེད་འཛིན་མེད་སྒོམ་མེད་ངང་དུ་རྣལ། །རང་གསལ་རང་ངང་རྒྱ་ཡན་ནམ་མཁའི་ངང་། །རང་ལུགས་སྙིང་ཐིག་ལྟ་གྲུབ་ས་ཟིན་དགོས། །ཐེག་པ་གཞན་གྱི་ལྟ་སྒོམ་གོལ་སྒྲིབ་ཅན། །བླ་སློབ་རྨོངས་པའི་སྙིང་ཐིག་གྲངས་སུ་འདྲེན། །ལུགས་ངན་དེ་འདྲའི་རྗེས་སུ་མ་འབྲངས་ཤིག །གཞན་ཡང་སྒོ་གསུམ་དགེ་ལས་གང་ལ་ཡང། །ཐོག་མར་སེམས་བསྐྱེད་རྗེས་སུ་བསྔོ་སྨོན་གཅེས། །དགེ་ལས་མི་འཛད་གོང་འཕེལ་ཡེ་
ཤེས་ཀྱི། །ཚོགས་སུ་འགྱུར་བའི་གནད་དུ་འདི་དག་གཅེས། །ཆོས་དོན་མཐའ་དག་ནོར་མེད་ཤེས་པ་དཀའ། །གལ་ཏེ་ཤེས་ན་ཀུན་མཁྱེན་ཐུབ་པར་གྲགས། །འོ་ན་སེམས་བསྐྱེད་ལ་བརྩོན་རྒྱུ་འབྲས་ཞིབ། །གང་ཤེས་ཐོས་དོན་ཉམས་སུ་ལེན་པ་གཅེས། །དེ་ཚུལ་བླ་མ་བསོད་ནམས་བསྟན་འཛིན་གྱིས། །དགོས་ཞེས་གསུང་ངོར་གཏི་རྒན་ལས་རབ་ངས། །མུ་ཅོར་སྨྲ་བ་འདི་དག་ཤེས་གྱུར་ཅིག །དགེའོ།། །། ༈ རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །མཚན་དྲན་པས་གདུང་སེལ་རིན་པོ་ཆེ། །དཔལ་སློབ་དཔོན་པདྨ་འབྱུང་གནས་ལ། །བདག་བཅོས་མིན་དད་པས་གསོལ་བ་འདེབས། །མགོན་ཐུགས་རྗེ་ཅན་གྱི་བྱིན་རླབས་ཀྱིས། །ཆོས་རྩེ་གཅིག་སྒྲུབ་པའི་སྐལ་ལྡན་ལ། །དུས་རྒྱུན་ཆད་མེད་པར་དངོས་གྲུབ་སྩོལ། །ཚིག་འདི་ལ་ཁོ་བོའི་སྙིང་གཏམ་མཛོད། །རྗེ་བླ་མ་དུས་གསུམ་སངས་རྒྱས་ལ། །ཁྱེད་དད་པས་གསོལ་བ་ཡང་ཡང་ཐོབ། །དངོས་གྲུབ་ཀུན་རྗེ་བཙུན་ཁོང་ལ་རག །ཁམས་གསུམ་གྱི་འཁོར་བའི་གྲོང་ཁྱེར་ནས། །ཁྱེད་དལ་འབྱོར་རྙེད་པ་
སྐལ་བ་བཟང་། །ཆུད་ཟོས་དང་སྟོང་ལོག་མ་ཤོར་བར། །ཆོས་སྒྲུབ་ཚུལ་སྔ་ཡུལ་མ་ཤོར་མཛོད། །ལར་གང་ལ་བལྟས་ཀྱང་སྙིང་པོ་མེད། །ཚེ་མི་རྟག་འཆི་བས་བསྐུལ་མ་ཐོབ། །ཡེངས་ཤོར་གྱི་དལ་ཁོམ་སྐབས་མེད་ཀྱི། །བློ་སྣ་དེ་བསྟུང་གིན་ལྷ་ཆོས་སྒྲུབས། །ལས་རྒྱུ་འབྲས་དཀར་ནག་ཞེ་བསྙོགས་ཆེ། །ཁྱེད་ཆོས་མིན་གྱི་རྗེས་སུ་མ་འབྲངས་བར། །དགེ་སྒྲུབ་དང་སྡིག་སྤོང་བསམ་པར་མཛོད། །དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡིན། །བསྙེན་སྒྲུབ་ཀྱི་ཆུ་རྒྱུན་ཡུན་སྲིངས་དང་། །བསམ་དོན་གྱི་ལས་ཀུན་འགྲུབ་སྟེ་མཆིས། །སེམས་ཉམས་སུ་ལེན་པ་ཐེག་དགུའི་བཅུད། །གནད་རང་ཐོག་འབེབས་པ་ཨ་ཏིའི་དོན། །དོན་སངས་རྒྱས་དགོངས་པ་རང་ལ་གནས། །དེ་གཞན་དུ་མ་བཙལ་རང་བབས་ངང་། །བློ་བཅོས་སྒྱུར་མེད་པའི་ངང་དུ་ཞོག །འཕྲང་བྱིང་རྨུགས་རྒོད་གསུམ་བར་ཆད་ཆེ། །ཉམས་བདེ་གསལ་མི་རྟོག་འཆིངས་བ་དམ། །བློ་ཐེ་ཚོམ་ཡིད་གཉིས་འཕྲང་དུ་ཆེ། །ཡང་ཡིད་ཆེས་མཆོག་འཛིན་འབྲི་ཐབས་མཁས། །བགེགས་ཆོ་འཕྲུལ་དགའ་སྡུག་སྤང་བླང་ཆེ། །དེ་གང་
ཤར་མ་བཅོས་རང་གར་ཞོག །ཉམས་བརྗོད་མེད་ཀྱི་རྟོགས་པ་ཁོ་ན་འཆར། །གནད་ཡིན་ལུགས་ཀྱི་སངས་རྒྱས་རང་ལས་རྙེད། །རྐྱེན་འཁྲུལ་སྣང་ཚོ་ལམ་ཁྱེར་བྱེད་ཀྱིན་སྒོམས། །རྐྱེན་བར་ཆད་རང་དག་ཡེ་ཤེས་འཆར། །ང་ཆང་རྒན་སྨྱོན་པའི་འཆལ་ཚིག་གཏམ། །ཁྱེད་པད་དགེའི་ཐུགས་ལ་འཆང་བར་ཞུ། །དོན་ཆོས་བཞིན་དུ་འགྲུབ་པའི་རྟེན་འབྲེལ་ཞུ། །དགེའོ།། །། ༈ གང་ཞིག་རིག་པ་ཡེ་ཤེས་མཆོག །ལྷག་མཐོང་ཆེན་པོ་ཆོས་ཀྱི་སྐུ། །གཟིགས་པར་འདོད་ན་འདི་བཞིན་མཛོད། །སངས་རྒྱས་དགོངས་པ་མཇལ་ལས་ཆེ། །ཕག་མོ་ཟབ་རྒྱས་མཚོ་རྒྱལ་ཞུས་ལན་ལས་བྱུང་བའི་མན་ངག་ཁྱད་ཆོས། དམ་པ་རྣམས་ཀྱིས་འབྲལ་མེད་ཉམས་བཞེས་མཛད་པའི་ཟབ་མོ་དེ་བརྗེད་ཐོ་ཟིན་བྲིས་སུ་བྱས་ན་ལུས་གནད་མཉམ་བཞག་སྐྱིལ་ཀྲུང་བྱ། ལྟེ་བ་ཕྱིར་འཕུལ་སྐེད་ཉག་བྱ། སྟེང་རླུང་མནན་ཞིང་འོག་རླུང་བསྐུམ། མིག་བར་སྣང་དུ་ཧ་རེ་བཞག །ཡི་དམ་གྱི་ལྷ་བསྒོམ་ཞིང་ལྟེ་བ་ཐད་ཀར་བརྒྱང་། འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ་ལྟེ་བ་ཐད་ཀར་
བརྒྱང་། སྔགས་བཟླ་ཡང་ལྟེ་བ་ཐད་ཀར་བརྒྱང་། རིག་པ་དྭངས་སྙིགས་འབྱེད་པའི་རླུང་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་རླུང་ཞེས་ཀྱང་བྱ། ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཞེས་ཀྱང་བྱ། ཁམས་རྒྱས་སྟོབས་འཕེལ་གཅོང་ནད་རྣམས་བྱང་། རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སེལ། སྡིག་སྒྲིབ་སྲབ་སྟེང་འོག་གི་རླུང་ངང་གིས་འདྲེས་འཛིན་འདྲེན་དབབ་གསུམ་ཐམས་ཅད་རང་བབས་ཤུགས་ལ་རྫོགས། རྩ་རླུང་གི་སྐྱོན་སེལ་རྒས་སྲ་དབང་པོ་རྣམས་གསལ། སྐྲ་དཀར་གཉེར་མ་མི་འབྱུང་། ཚུལ་དེ་ལྟར་ཏེ། གཏེར་གཞུང་རྩ་བའི་ཚིག་གསལ་པོར་བློར་ངེས་པ་མི་འདུག་རུང་ཕྱིན་ཆད་འཕྲལ་དུ་ཡི་གེར་བཏབ་ནས་ཕུལ་བ་ལགས། །དགེའོ།། །། ༈ རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་། །རྫོགས་ཆེན་ངེས་དོན་བདག་ཉིད་བི་མ་ལ། །པད་དཀར་འཛིན་པའི་རྣམ་རོལ་པདྨའི་མཚན། །མཚུངས་མེད་སྐྱབས་གནས་རྣམ་གསུམ་སྤྱི་བོར་མཆོད། །མགོན་པོ་ཁྱེད་རྣམས་བྱིན་རླབས་རྨད་པོ་ཆེ། །བདག་གཞན་དོན་གཉིས་འགྲུབ་པའི་ཤིས་པ་སྩོལ། །དལ་
འབྱོར་དཔལ་ལྡན་དགེ་བའི་སེམས་ལྡན་གང་། །དགོངས་པའི་ཀློང་དུ་འདི་ལྟར་བཞུགས་པར་ཞུ། །དལ་འབྱོར་མི་ལུས་རྒྱལ་བས་བསྔགས་པའི་རྟེན། །སྔོན་གོམས་བསོད་ནམས་མཐུ་ཡིས་རྙེད་དུས་འདིར། །དོན་མེད་ཆུད་ཟོས་སྟོང་ལོག་མ་སོང་པར། །མི་ལུས་དོན་ལྡན་ཐར་པ་སྒྲུབ་པར་མཛོད། །འདུས་བྱས་ཐམས་ཅད་མི་རྟག་རང་བཞིན་ཏེ། །སྐྱེ་འཇིག་འདུ་འབྲལ་འཁོར་བའི་མཚན་ཉིད་ཅན། །བདེ་སྡུག་སྣང་བ་རྨི་ལམ་ཚུལ་དང་མཚུངས། །ལེ་ལོ་ཕྱི་བཤོལ་དབང་དུ་མ་སོང་བར། །མྱུར་དུ་དམ་པའི་ཆོས་ལ་འབད་པར་མཛོད། །འཁོར་བ་གར་སྐྱེས་སྡུག་བསྔལ་རང་བཞིན་ཏེ། །གང་ལ་བརྟེན་པའི་ཉེས་པ་ཚད་མེད་ཅིང་། །ཕ་མཐའ་མི་མངོན་མཐའ་ཡི་རྒྱ་མཚོ་བཞིན། །ཡང་ནས་ཡང་འཁོར་ཐར་པའི་གོ་སྐབས་མེད། །འགྲོ་དྲུག་སྡུག་བསྔལ་མྱོང་བ་ལྟ་ཅི་སྟེ། །སེམས་ཀྱིས་བསམ་པ་ཕོད་པར་མི་འདུག་གི། །འདི་ལ་སྙིང་ནས་ཞེན་པ་ལོག་པར་མཛོད། །དགེ་བ་སྤྱད་པས་གནས་སྐབས་བདེ་འགྲོ་དང་། །མཐར་ཐུག་ཞི་བའི་གོ་འཕང་མཆོག་ཀྱང་ཐོབ། །
སྡིག་པའི་ལས་ཀྱིས་ངན་འགྲོའི་གནས་སུ་སྐྱེ། །གལ་ཏེ་མཐོ་རིས་ཐོབ་ཀྱང་ཉེས་ཚོགས་མང་། །དགེ་སྡིག་འདྲེས་མའི་ལས་ཀྱིས་བདེ་སྡུག་ཀྱང་། །འདྲེས་མ་ཐག་ཏུ་མྱོང་བར་འགྱུར་བ་ཡིན། །དེ་ཚུལ་ཐུབ་པའི་དབང་པོའི་མདོ་ལས་གསུངས། །དེས་ན་དགེ་སྒྲུབ་སྡིག་སྤོང་ལས་ལ་ནི། །རྣམ་པ་ཀུན་ཏུ་སྤང་བླང་ཞིབ་ནས་ཀྱང་། །གཏན་བདེ་ཕུགས་རྒྱལ་དམ་པའི་ལྷ་ཆོས་མཛོད། །བླ་མ་དཀོན་མཆོག་གསང་སྔགས་ཆོས་རྣམས་ཀྱི། །ཡོན་ཏན་མཐོང་བ་དང་བའི་དད་པ་ཡིན། །དེ་རྗེས་འཇུག་པ་མོས་པའི་དད་པ་ཡིན། །རྐྱེན་གྱིས་མི་འཕྲོག་ཡིད་ཆེས་དད་པ་ཡིན། །དད་པ་ཆོས་ཀྱི་སྒོ་དང་གནས་ཡིན་ཕྱིར། །རྣམ་པ་ཀུན་ཏུ་རྒྱུད་དུ་འབྱོར་བར་མཛོད། །སེམས་ཅན་ཕ་མར་མ་གྱུར་གང་ཡང་མེད། །བྱམས་སེམས་སྙིང་རྗེ་ཀུན་ལ་རྟག་ཏུ་སྒོམས། །སྡུག་བསྔལ་ཅན་ལ་ལྷག་པར་ཕན་བརྩོན་པ། །རྒྱལ་བའི་སྲས་ཞེས་ཐེག་པ་ཆེན་པོའི་རིགས། །སྙིང་རྗེ་ཡི་རང་བསྔོ་སྨོན་ལ་སོགས་པ། །མེད་ཐབས་མེད་པའི་སེམས་བསྐྱེད་དགེ་བའི་མཆོག །རྟག་ཏུ་བསྒོམ་ཞིང་ལག་ལེན་ངེས་པར་མཛོད། །
བླ་མ་ཆོས་ལོངས་སྤྲུལ་གསུམ་གང་དུ་མཐོང་། །དེ་ལྟའི་བྱིན་རླབས་སློབ་མར་འབྱུང་བར་གསུངས། །བླ་མ་ཐ་མལ་རང་གར་སུས་བཟུང་བ། །བྱིན་རླབས་མེད་པའི་སྟེང་དུ་ཉེས་པ་འཕེལ། །ནོར་བུ་ཤེས་ཤིང་མཆོད་གསོལ་མ་བཏབ་ན། །དངོས་གྲུབ་མི་འབྱུང་རྡོ་བ་ཕལ་དང་འདྲ། །དེ་ཡི་ཕྱིར་ན་བླ་མའི་རྣལ་འབྱོར་སྒོམས། །མཆོད་ཅིང་གསོལ་བ་བཏབ་ནས་ཐུགས་ཡིད་སྲེས། །ཆོས་སྤྱོད་དགེ་བའི་ལས་རྣམས་ཐམས་ཅད་ལ། །རྟག་ཏུ་བརྩོན་པ་ལྷུར་ལེན་མཛད་པ་གཅེས། །མདོ་རྒྱུད་མན་ངག་རྒྱ་ཆེ་གྲངས་མང་ཡང་། །དེ་དོན་སྙིང་པོའི་སེམས་ཉིད་སྒོམ་ལ་ཐུག །སེམས་ལ་སྒོམ་ཐབས་ཁས་ལེན་མང་ན་ཡང་། །རྒྱ་བོད་རིག་འཛིན་ཚོགས་རྣམས་གཤེགས་པའི་ཤུལ། །རྒྱལ་བའི་ཐུགས་བཅུད་མཁའ་འགྲོའི་སྙིང་ཐིག་དངོས། །པད་འབྱུང་བཱི་མའི་ཟབ་དོན་རྫོགས་པ་ཆེ། །མཐོང་ཐོས་དྲན་རེག་བསྒོམས་པ་སྐལ་བ་བཟང་། །སེམས་ཀྱི་མཚན་ཉིད་བརྟག་བྱ་ཀུན་བྲལ་ཞིང་། །ངོ་བོ་ངོས་བཟུང་ཁས་ལེན་མེད་པའི་ཕྱིར། །སེམས་ཉིད་སྟོང་པ་ཞེས་སུ་དེ་ལ་
གྲགས། །བར་སྣང་དང་ནི་སྣོད་སྟོང་ལྟ་བུ་ཡི། །བེམ་སྟོང་མ་ཡིན་སྟོང་གསལ་འགག་པ་མེད། །སྒོམ་ཐབས་རྣམ་རྟོག་བཟང་ངན་གང་ཤར་བ། །མ་བཅོས་རང་བབ་ངང་དུ་ལྷོད་ཀྱིས་ཞོག །འགྱུ་རྟོག་མེད་པར་གནས་པ་ཞི་གནས་ལ། །གནས་པ་རང་ངོ་ཤེས་པ་ལྷག་མཐོང་སྟེ། །ཞི་ལྷག་ཟུང་འཇུག་སྒོམ་ཞེས་དེ་ལ་ཟེར། །ཡུན་ཐུང་གྲངས་མང་རྟག་ཏུ་ཉམས་བཞེས་འཚལ། །བདེ་གསལ་མི་རྟོག་ཉམས་ལ་ཞེན་མི་བྱ། །དེ་ནི་གོལ་ས་གཅོད་པའི་གདམས་པ་ཡིན། །བྱིང་རྒོད་ཐེ་ཚོམ་རྐྱེན་ངན་ཅི་ཤར་ཡང་། །མ་བཅོས་རང་བབ་ལྟ་བའི་ལམ་དུ་ཁྱེར། །ཡེང་མེད་འཛིན་མེད་སྒོམ་མེད་ངང་དུ་གློད། །གོམས་པར་གྱུར་ན་མཉམ་རྗེས་འདྲེས་པ་ཡིན། །མཐར་ཕྱིན་མངོན་གྱུར་ཚེ་ན་ཉིན་མཚན་འདྲེས། །བར་དོ་མེད་ཅིང་ཀུན་བཟང་མངོན་དུ་གྱུར། །ཚེ་གཅིག་སངས་རྒྱས་གོ་འཕང་བསྒྲུབ་པའི་ཐབས། །པད་འབྱུང་བི་མ་བླ་མའི་ཞལ་གདམས་རྣམས། །མདོར་བསྡུས་སྙིང་པོ་དྲིལ་ཏེ་ཕུལ་བའོ། །ཞེས་དཔལ་ས་ཡི་དབང་མོ་ཚེ་དབང་ལྷ་མོས་ཉམས་སུ་བཞེས་རྒྱུར་དཔལ་ལྷུན་གྲུབ་སྟེང་དུ་ལས་རབ་རྩལ་གྱིས་སྦྱར་བའོ། །མངྒ་ལཾ།། །། ༈
རྫོགས་ཆེན་མཁའ་ལྟར་ཡངས་པའི་དོན། །ལྟ་བའི་སྟེང་ནས་སྒོམ་པ་ངོ་སྤྲོད་པའི། །ཐག་ནི་གཅིག་ཐོག་ཆོད་པ་ཞེས་བྱ་སྟེ། །འབྲས་བུ་ལམ་ཁྱེར་ཕྱིན་ཆད་ཡིད་སྨོན་མེད། །ཐེག་རིམ་གཞན་ནི་ལྟ་བ་ཁས་ལེན་ཅན། །ཕན་གནོད་བྱེད་པོར་བཏགས་པའི་སྤྲོས་མཚན་མང་། །དེ་འདྲའི་ལྷན་པོ་ཨ་ཏིར་གདབ་དོན་མེད། །གང་ཤར་མ་བཅོས་རང་བབས་འཇོག་པ་ཡིན། །ཀུན་ཏུ་བཟང་པོའི་བཞག་ཐབས་འདི་ཡིན་གྱི། །བན་རྒན་བླུན་པོས་འདིའི་ལྷག་ཅི་ཞིག་སྟོན། །རང་གསལ་བརྗོད་མེད་ཡེ་ཤེས་རྗེན་པར་བུད། །སངས་རྒྱས་མངོན་སུམ་དགོངས་པ་འདི་རང་ཡིན། །ཀུན་ཏུ་བཟང་པོའི་དགོངས་པ་འདི་ཡིན་གྱི། །བན་རྒན་བླུན་པོས་འདིའི་ལྷག་སྟོན་རྒྱུ་མེད། །ལྟ་སྒོམ་སྤྱོད་དང་འབྲས་བུ་ཐམས་ཅད་ཀུན། །ཡེ་ནས་རང་ལ་ལྷུན་གྱིས་གྲུབ་པ་ཉིད། །ཚིག་རེ་མིང་རེ་དོན་རེ་བསལ་བཞག་རེ། །སྒོམ་ཐབས་གཞན་གྱི་ལུགས་ལ་འབྱུང་ན་ཡང་། །ཨ་ཏིར་ཁས་བླངས་མ་བཞེད་ཅི་སྟེ་འཁྱམས། །རྣམ་ཀུན་སྐུ་གསུམ་རང་ལ་རྫོགས་པ་ཉིད། །བྱར་མེད་ལྷུན་གྲུབ་
ཀུན་བཟང་དགོངས་པ་ཡིན། །བན་རྒན་བླུན་པོའི་བླུན་གཏམ་ཅི་སྟེ་མཁོ། །ཀུན་བཟང་དགོངས་པ་རྫོགས་ཆེན་རྒྱུད་ལ་ལྟོས། །ཁུངས་བཙུན་པད་འབྱུང་བཱི་མའི་གསུང་ལ་གཞིག །རྫོགས་ཆེན་ཡིན་པའི་ཁས་ལེན་མང་མོད་ཀྱང་། །ཚུལ་འདི་མཁས་གྲུབ་སྔོན་ཆད་བོད་འདིར་མང་། །ནོར་མེད་བཞེད་གཞུང་ཀློང་ཆེན་རབ་འབྱམས་ཀྱི། །སྙིང་ཐིག་ལས་འཕྲོས་གསུང་ལས་གོ་བ་ལོངས། །ཚིག་ཚོགས་ནེ་ཙོའི་འདོན་པར་སྙིང་པོ་དབེན། །དོན་དམ་རང་གི་ཤེས་རབ་བརྩོན་འགྲུས་དང་། །ཉམ་མྱོང་མཐར་ཕྱིན་བླ་མའི་ངོ་སྤྲོད་ལ། །ཡིད་ཆེས་ཐོབ་པ་མངོན་གསུམ་ནོར་བུ་འདྲ། །ཚེ་གང་སྙིང་པོའི་དོན་དེ་འདྲིས་སུ་ཆུག །དགོས་དུས་གཏམ་པས་སླེབ་ཕྱིན་ལམ་མཆོག་འགྲུབ། །དེ་ཚུལ་རང་གིས་གང་ཤེས་སྙིང་གཏམ་ཡིན། །དཀར་དམར་དར་དང་གསེར་ཞོའི་སྐྱེམས་དང་བཅས། །སེམས་ཅན་དོན་ཉམས་ལེན་ལ་ཕན་གདམས་ཞིག །བླ་མ་མགོན་པོ་དབང་རྒྱལ་གྱིས་བསྐུལ་ངོར། །འཁོར་འདས་ཆོས་ཀུན་རྨི་ལམ་རོལ་པ་རུ། །མངོན་སུམ་མཐོང་བའི་སྤྲང་རྒན་ཕྲིན་ལས་ཀྱིས། །
སྨྲས་པའི་དགེ་བས་ཚེ་རབས་ཐམས་ཅད་དུ། །རང་གཞན་ནམ་མཁའི་མཐའ་ཁྱབ་སེམས་ཅན་རྣམས། །རྫོགས་ཆེན་རྒྱུད་དོན་རྒྱ་མཚོའི་དོན་རྟོགས་ཤོག །སརྦ་མངྒ་ལཾ།། །། ༈ བཀའ་དྲིན་ཅན་གྱི་བླ་མ་དང་། །ཨོ་རྒྱན་ཆེན་པོ་དབྱེར་མེད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ལས་ངན་དམག་དཔུང་བཟློག་ཏུ་གསོལ། །དེ་རྗེས་འདི་ན་ཚིག་སྨྲ་བ། །ང་རང་ཆེ་ཡོལ་ཕྲིན་ལས་ལ། །འགའ་ཞིག་ཤིན་ཏུ་བསྟོད་ཆེ་བས། །ཨོ་རྒྱན་དངོས་སུ་ཡིན་ནོ་སྐད། །དེ་ཙམ་དཔའ་གདེང་རང་ལ་མེད། །འགའ་ཞིག་བདུད་རྒན་ཡིན་ནོ་སྐད། །དེ་ཙམ་བྱ་བྱེད་ཅུང་མི་ངན། །དྲིན་ཐོབ་རྣམས་དང་ཨོ་རྒྱན་རྗེར། །གསོལ་བ་འདེབས་པའི་དད་ཅན་ང་། །མོས་གུས་ཉིན་སྲིབ་ཡོད་མ་མྱོང་། །རྫོགས་ཆེན་རྟོགས་པའི་ལས་ཅན་ང་། །ཉམས་ལེན་ཐང་ལྷོད་ཡོད་མ་མྱོང་། །འགྲོ་དོན་མཛད་པའི་སྐྱེས་བུ་ང་། །སེམས་སྐྱེད་ཉེ་རིང་བྱེད་མ་མྱོང་། །མི་དམངས་ཁྲོམ་ཚོགས་འདུ་ལོང་ལ། །དམ་རྫས་མྱོང་གྲོལ་བཀྱེ་བཀྱེ་ནས། །རང་དོན་མེད་པར་གཞན་དོན་ཚང་། །བློ་ཟད་
ཆོས་ཟད་སྤྲོས་མེད་ངང་། །རྐྱེན་སྣང་བདུད་ཀྱིས་བསླུ་མ་མྱོང་། །ན་ནིང་ཆུ་བྱའི་དབྱར་ངོ་ལ། །ལྔ་བརྒྱའི་བསྐལ་ཞབས་ངན་དང་གཅིག །སེམས་ཅན་བསོད་ནམས་ཆུང་དང་གཉིས། །བསྟན་པའི་ཆག་སྒོོ་ཆེ་དང་གསུམ། །གཞན་ཡང་བདུད་ཀྱི་བར་ཆད་ཀྱིས། །འགྲོ་བའི་བླ་མ་བསྟན་པའི་སྲོག །རྫོགས་ཆེན་གསུམ་པ་གཞི་དབྱིངས་ཐིམ། །དེ་ཡི་ཉེས་ཁ་ཁོ་བོར་བྱུང་། །དཔོན་སློབ་མིང་བཏགས་གཡག་རྒན་དེས། །སྐལ་ངན་རྨོངས་རྒན་འཁོར་རྣམས་ཀྱི། །ཁོ་བོར་གཏམ་ངན་ཚིགས་སུ་བསྒྲགས། །ཡི་གེར་བྲིས་ཤིང་འཇམ་ཡིག་བཀྲམ། །གནམ་ཐེལ་འཕྲུལ་གྱི་བྱིན་རླབས་ཀྱིས། །ཁོ་བོའི་འགྲོ་དོན་ཐིབས་ཀྱིས་འགགས། །དེ་ཚེ་མཁའ་འགྲོའི་ལུང་བསྟན་ལ། །ཡ་མཚན་ངོ་མཚར་ཆེ་བའི་རྫས། །མི་སྣང་ཡང་གཏེར་བཀའ་རྒྱས་ཐོབ། །ཞེས་གསུངས་དེ་བཞིན་ཆུ་བྱི་ཡི། །ཧོར་ཟླ་བཅུ་གཅིག་ཡར་ངོ་ལ། །སྦས་རྒྱ་བཏབ་ཅིང་བཀའ་རྒྱ་བྱས། །སྔོན་ཆད་བོར་སྟོར་ཤོར་བ་ཡི། །དམ་རྫས་ཟབ་མོའི་འབྱུང་ཁུངས་ཆད། །བཀའ་བརྒྱུད་རྣམས་ལ་བསླངས་པ་ཡིས། །ཀརྨའི་གདུང་
དྲིལ་དམ་རྫས་བྱས། །དེ་ལས་ལྷག་པའི་དམ་རྫས་རྣམས། །ཉིད་ལ་ཡོད་པ་ཆོག་ཤེས་མཛོད། །ཕྱག་ཚའི་བསོད་ཟད་དབང་ཕམ་གྱིས། །དོ་བསྡོས་དམག་རྒྱབ་མིན་དགུ་སློང་། །མ་དག་བོན་བཟའ་ལྡེམ་དགུ་མའི། །རྟེན་འབྲེལ་དེ་ཡི་ནུས་པ་ཡིས། །བསྟན་འགྲོའི་དཔལ་སྦྱིན་ཐུགས་གཏེར་རྣམས། །འཕྲོ་དོམ་ཆོད་བྱས་ལུང་བསྟན་བཞིན། །མི་སྨྲའི་དམ་བཅའ་ཡིད་ལ་བཟུང་། །བདག་ནི་རང་གར་བསྡད་ན་ཡང་། །དོན་མེད་སྒྲོ་སྐུར་འཚེ་བྱེད་མང་། །སྔ་འགྱུར་བཀའ་གཏེར་རྒྱ་མཚོ་ཡི། །སྔ་འགྱུར་གངྒཱའི་ཀླུང་བོར་ནས། །བ་ཚྭའི་ཁྲོན་པ་རྐོོ་དོན་མེད། །ཁོ་བོར་སྡང་ཞིང་སྐུར་འདེབས་པ། །དེ་དག་བསམ་པ་བདེ་བའི་ཕྱིར། །ཐན་གྱི་བྱ་རོག་དཀར་པོ་དང་། །བདུད་ཅེས་བཏགས་པའི་བདུད་རྒན་ང་། །བཏང་སྙོམས་ཅི་བདེའི་ངང་དུ་ཉལ། །ཞེས་འདི་༧ཉི་གྲགས་སྤྲུལ་པའི་སྐུས་ལུང་བསྟན་དགོས་གསུངས་པའི་ལན་དུ་དཔའ་བོ་ལས་རབ་རྩལ་གྱིས་ཕུལ།། །། ༈ རྗེ་བཙུན་བླ་མ་སངས་རྒྱས་ཀྱི་ངོ་བོར། །ཡང་ཡང་གསོལ་བ་ཐོབ་དང་ནམ་མཁའ་ཆོས་དབང་། །རང་དང་གཞན་གཉིས་ཁྱད་མེད་ཀྱི་ངང་དུ། །
བྱང་ཆུབ་སེམས་བསྐྱེད་སྦྱོངས་དང་ནམ་མཁའ་ཆོས་དབང་། །ལྷ་དང་འདྲེ་གཉིས་ངོ་མཉམ་གྱི་ངང་དུ། །རོ་སྙོམས་སྤྱོད་པ་སྐྱོངས་དང་ནམ་མཁའ་ཆོས་དབང་། །རེ་མེད་དོགས་མེད་ཤུགས་བྱུང་གི་ངང་དུ། །གོལ་ས་ཆོད་པར་གྱིས་དང་ནམ་མཁའ་ཆོས་དབང་། །སྒོམ་མེད་ཡེངས་མེད་འཛིན་མེད་ཀྱི་ངང་དུ། །སྤྲོས་བྲལ་རང་ས་ཟུངས་དང་ནམ་མཁའ་ཆོས་དབང་། །ཉིན་དང་མཚན་མོ་བར་མེད་མ་ཆད་པར། །ཆོས་ཉིད་ཁོར་ཡུག་སྐྱོངས་དང་ནམ་མཁའ་ཆོས་དབང་། །སྣང་འཛིན་སྟོང་འཛིན་དབྱེར་མེད་དུ་བཟང་ན། །ཀུན་རྫོབ་སྤྲོས་པས་འཆིང་ངོ་ནམ་མཁའ་ཆོས་དབང་། །དཔེ་དང་ཚིག་དང་ཡི་གེ་དང་བྲལ་བ། །དོན་དམ་ཆོས་སྐུར་རང་ཡིན་ནོ་ནམ་མཁའ་ཆོས་དབང་། །བདུད་རྒན་ལས་རབ་རྩལ་གྱི་ཞལ་གདམས་གསང་ཚིག །རྫོགས་ཆེན་གཏན་ཚིགས་རང་ཡིན་ནོ་ནམ་མཁའ་ཆོས་དབང་། །དགེའོ།། །། ༈ ལས་རབ་རྩལ་གྱི་ཞལ་གདམས་ནོར་བུ་སྐོར་གསུམ་བཞུགས་སོ། །མཐུ་སྟོབས་རྡོ་རྗེ་ལ་གདམས་པ། དུས་རྣམས་ཀུན་ཏུ་སྒོ་གསུམ་དལ་བར་སྤྱོད། །གཡེང་དང་འཆལ་བའི་ལས་སུ་འགྲོ་མ་བྱེད། །སྤྱིར་ནི་ཤེས་བྱ་
རིག་པའི་གནས་རྣམས་སློབས། །སྒོོས་སུ་མཉམ་བཞག་སེམས་ཉིད་གཏན་ལ་ཕོབ། །ཉམ་ཐག་སྡུག་བསྔལ་ཅན་ལ་ཕན་ཐོགས་གྱིས། །དུས་གསུམ་རྒྱལ་བའི་ཐུགས་དགོངས་དེ་ཡིས་རྫོགས། །སྲོད་དང་ཐོ་རངས་ཐུགས་དམ་གཟབ་པར་བྱ། །དེ་ཡི་བར་ཆད་བདུད་ཀྱིས་ཚུགས་མི་འགྱུར། །རྣམ་པ་ཀུན་ཏུ་ཆོས་སྤྱོད་གཙོ་བོར་ཐོན། །འཇིག་རྟེན་མ་བྱས་ན་འང་ཞོར་ལ་འབྱུང་། །འབྲས་ལོ་ལགས་པས་རྩ་ཕོན་ཞོར་ལ་ལགས། །རྒྱུན་དུ་ཡ་རབས་ལྷ་ཆོས་འབད་པར་མཛོད། །རྟག་ཏུ་བག་ཡོད་ཆོག་ཤེས་དྲན་པ་བསྟེན། །སྒྲུབ་ཕྲིན་ཕྱག་བཞེས་ཕྲ་ཞིབ་གཙང་ལྡན་སློབས། །དཀོན་མཆོག་མཆོད་དང་དབུལ་ཕོངས་སྦྱིན་པས་སྐྱོངས།། །། ༈ བཟོད་པ་ལ་གདམས་པ། རྒྱུ་འབྲས་སྤང་བླང་གནས་ལ་ཞིབ་པར་མཛོད། །བྱམས་དང་སྙིང་རྗེ་སེམས་བསྐྱེད་དང་དུ་ལོངས། །ཞི་ཞིང་དུལ་ལ་གཞན་ཕན་གཙོ་བོར་མཛོད། །རྣམ་པ་ཀུན་ཏུ་ཟོལ་མེད་དད་པ་ཡི། །བླ་མ་སྤྱི་བོར་སྒོམ་ཞིང་གསོལ་བ་ཐོབས། །འདི་ནི་བྱིན་རླབས་ཀུན་གྱི་རྩ་བ་ཡིན། །ཡི་དམ་སྐྱེད་རྫོགས་བཟླས་
བརྗོད་རྒྱུན་མ་གཅོད། །འདི་ནི་དངོས་གྲུབ་ཀུན་གྱི་རྩ་བ་ཡིན། །མཁའ་འགྲོ་ཆོས་སྐྱོང་གཏོར་ཚོགས་ནན་ཏན་གྱིས། །འདི་ནི་ཕྲིན་ལས་ཀུན་གྱི་རྩ་བ་ཡིན། །མཆོད་སྦྱིན་བརྩོན་ཞིང་དགེ་ཆོས་ལྷུར་ལེན་པ། །དཀོན་མཆོག་དགེ་འདུན་ཡོངས་ཀྱི་ལག་ལེན་ཡིན། །སྦྲུལ་དང་ཁྱི་རྒོད་སེམས་དང་གསུམ་པོ་འདི། །བཅས་བཅོས་མང་ན་སླར་ལ་རྩུབ་ཏུ་འགྲོ། །མ་བཅོས་རང་བབ་དགོངས་པའི་ངང་དུ་གློད། །དེ་དག་མན་ངག་གནད་ཀྱི་ཞལ་གདམས་ཡིན། །སེམས་བསྐྱེད་དང་ནི་བསྔོ་བས་གང་ཟིན་པ། །དགེ་བ་དེ་ནི་མི་ཟད་གོང་དུ་འཕེལ། །ཀུན་རྫོབ་འདུས་བྱས་དགེ་བ་ཡིན་ན་ཡང་། །མཐར་ཐུག་ཐར་པ་ཆ་མཐུན་ཉིད་དུ་འགྲོ། །བདག་གཞན་སྔར་བྱས་དགེ་ལ་ཡི་རངས་པས། །དགེ་བ་དེ་ཉིད་སླར་ཡང་བྱས་དང་མཚུངས། །སྔར་བྱས་དགེ་ལ་འགྱོད་པ་སུས་བྱས་པ། །ནག་པོའི་ཆོས་ཡིན་ནམ་ཡང་མི་བྱའོ།། །། ༈ ཆོས་འབྱོར་ལ་གདམས་པ། དང་པོ་མདོ་སྔགས་ཐོས་པ་རྒྱ་མཚོ་བསྟེན། །བར་དུ་ཚིག་དོན་བསམ་པས་གཏན་ལ་ཕོབ། །ཐ་མར་ལུས་སྲོག་ཐེར་ལ་བོར་ལ་སྒོམས། །ལུས་ངག་
ཡིད་གསུམ་ཆོས་ཀྱི་ཕྱོགས་སུ་སྔོས། །དང་པོ་སྒྲིབ་སྦྱང་ཚོགས་བསགས་ནན་གྱིས་གྱིས། །བར་དུ་ཉམས་ལེན་བསྐྱེད་རྫོགས་གཏན་ལ་ཕོབས། །ཐ་མ་རང་བས་གཞན་དོན་ཁོ་ན་བྱ། །ལུས་ངག་ཡིད་གསུམ་བྱ་བ་ཉུང་བ་གཅེས། །དང་པོ་དགེ་བའི་གཤེས་གཉེན་བསྟེན་པར་བྱ། །བར་དུ་སྡོམ་གསུམ་རྣམ་དག་ཚུལ་བཞིན་བསྲུང། །ཐ་མ་ཆེ་སྣང་བཟང་འདོད་སྤང་བར་བྱ། །དེ་ལྟར་བྱས་པས་རྒྱལ་བའི་ལུང་དང་མཐུན། །དང་པོ་དབེན་ཞིང་བཀྲ་ཤིས་གནས་སུ་སྒྲུབས། །བར་དུ་རྩུབ་ལྷོང་དུར་ཁྲོད་གཉན་ས་ཉུལ། །ཐ་མ་སྒོ་གསུམ་རྣམ་གྲོལ་སྤྱོད་པ་སྐྱོངས། །དེས་ཆོག་བྱས་སྙམ་ང་རྒྱལ་མེད་པ་གཅེས། །བླ་མ་དཀོན་མཆོག་མཆོད་ཅིང་བཀུར་སྟི་འབུངས། །ཕ་མ་ལ་སོགས་རྒན་པོ་བྱམས་པས་སྐྱོངས། །ཉམ་ཐག་སྐྱབས་མེད་རྣམས་ལ་ཕན་པ་སྒྲུབས། །དེ་སོགས་ཞལ་གདམས་རིམ་པ་ལེགས་པར་བཤད། །སརྦ་མངྒ་ལཾ།། །། ༈ སྤྱན་རས་གཟིགས་དབང་དཀྱིལ་འཁོར་གཙོ། །མཁྱེན་བརྩེ་ནུས་པ་ཀུན་ལྡན་པའི། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ། །སྒོ་
གསུམ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གསོན་དང་ཆོས་འདོད་དད་པ་ཅན། །ངན་སོང་གནས་སུ་མ་སྐྱེས་ཤིང་། །ཆོས་མེད་མཐའ་འཁོབ་མ་ཡིན་པར། །ཡུལ་དབུས་དགེ་བའི་གནས་སུ་སྐྱེས། །ཆོས་དང་མཇལ་བ་ཁ་རྗེ་ཆེ། །དལ་འབྱོར་ཐོབ་པ་སྐལ་བ་བཟང་། །མདོ་སྔགས་སྤྱོད་པ་སྔོན་སྨོན་དགེ། །ལས་འཕྲོ་བག་ཆགས་བཟང་དུས་འདིར། །དགེ་བའི་ཆོས་ལ་འབད་པ་ཐོངས། །གནས་ངན་ངན་སོང་བཟོད་དཀའ་ཞིང་། །མངོན་པར་མཐོ་བའི་མཐོ་རིས་ཀྱང་། །ཟག་བཅས་འཁོར་བའི་རང་བཞིན་ཡིན། །ད་རེས་གསང་སྔགས་ཟབ་མོའི་ལམ། །ཁྱད་པར་ངེས་དོན་རྫོགས་པ་ཆེ། །སངས་རྒྱས་ཞིང་ལ་ཉིན་རྒྱུག་བྱེད། །དེ་ཕྱིར་ངེས་ལེགས་ཐར་པ་སྒྲུབས། །ཚེ་འདིར་རྣམ་གཡེངས་དབང་སོང་ཞིང་། །ཆོས་བརྒྱད་བདུད་ཀྱིས་བཏབ་པ་ན། །ཆོས་ལྡན་བཅོས་པའི་གཟུགས་བྱས་ཀྱང་། །འཁོར་བའི་རྒྱ་མཚོ་འཁོར་བར་འཁོར། །སྡུག་བསྔལ་རྣམ་པ་དུ་མས་གཙེས། །འདི་ལ་སོམས་ལ་བྱ་བ་ཐོངས། །འདོད་ཡོན་འཁོར་བའི་བསླུ་བྲིད་ཡིན། །
བག་ཡོད་ཆོག་ཤེས་དགོས་མེད་བསྟེེན། །བག་མ་ལྟ་བུའི་སྦྱང་བགྲོད་རྣམས། །ནེ་ཙོའི་ཁ་ཡིས་ཆོས་བཤད་འདྲ། །དགོས་པའི་དུས་སུ་བསླུ་བ་མང་། །བསྟོད་སྨད་དགག་སྒྲུབ་ཆགས་སྡང་རྣམས། །བྲག་ཆ་བཞིན་དུ་ཤེས་པར་གྱིས། །བདེན་པར་བཟུང་ན་ཞེན་པས་འཆིང་། །ནམ་ཞིག་འཆི་བ་ཀུན་གྱིས་ཤེས། །གློ་བུར་འཆི་བ་མི་ཤེས་རྨོངས། །ཤོམ་ར་རྒྱང་འདིའི་འཕྲོ་སྐྱུར་ལ། །བློ་སྣ་བསྟུངས་ཤིང་དགེ་ཆོས་འབུངས། །དད་པ་ཐར་པའི་ལམ་བཟང་ཡིན། །ལམ་བཟང་དེ་དང་མ་བྲལ་ཨང་། །སྙིང་རྗེ་ཆོས་ཀྱི་རྩ་བ་ཡིན། །རྩ་བ་དེ་དང་མ་བྲལ་ཨང་། །བསྐྱེད་རྫོགས་ཆོས་ཀྱི་སྲོག་རྩ་ཡིན། །སྲོག་རྩ་དེ་དང་མ་བྲལ་ཨང་། །ཕྱི་མཛེས་མཁན་ལ་ན་བཟའ་གཙོ། །ཕྱུག་འདོད་མཁན་ལ་བསོགས་བསྲུང་གཙོ། །སྐྱིད་འདོད་ཅན་ལ་སོས་གསོད་གཙོ། །གྲགས་འདོད་ཅན་ལ་གཏམ་སྙན་གཙོ། །དེ་ཚོ་དམ་པའི་ཆོས་དང་འགལ། །རྩེ་གཅིག་ལྷ་ཆོས་སྒྲུབ་པ་ལ། །མི་ཆོས་ངོ་འཛིན་སྤོང་བ་གཅིག །ཉེ་འཁོར་གཉེན་འདུན་སྤོང་བ་གཉིས། །ཡོ་བྱད་གང་བྱུང་ཆོག་ཤེས་
གསུམ། །ཆོས་མིན་དུག་ལྟར་སྤོང་བ་བཞི། །སྤྱིར་ནི་ཆོས་མཛད་ཀུན་ལ་གཅེས། །དགོངས་སུ་རྫོགས་ཆེན་མཁན་ལ་གཅེས། །བླ་མའི་རྣལ་འབྱོར་མཆོག་ཏུ་སྒོམས། །གསོལ་བ་འདེབས་ཤིང་ཐུགས་ཡིད་བསྲེས། །སེམས་དོན་ཉམས་ལེན་རྟག་ཏུ་སྐྱོངས། །དགེ་ལ་རྗེས་སུ་ཡི་རང་དང་། །བསྔོ་སྨོན་རྒྱས་འདེབས་དག་ཀྱང་བྱ། །ཕྱི་ནང་གསང་བའི་སྔོན་འགྲོ་ལ། །རྣལ་འབྱོར་གྲོགས་ཀྱི་ཚུལ་དུ་བསྟེན། །རང་རྒྱུད་ཆོས་དང་མཐུན་པའི་རྟགས། །བན་ཁྲམ་ཀུན་གྱིས་མིག་སྔར་སྡང་། །ཀུན་གྱི་བརྗོད་ཁ་བྱེད་པའང་སྲིད། །དེ་དུས་ལྷག་པར་ཆོས་ཚུགས་ཟུངས། །འདི་དུས་བདེན་མེད་རྨི་ལམ་སོམས། །འདི་དུས་སེམས་བསྐྱེད་གདམས་པ་སྐྱོངས། །འདི་དུས་སྒྱུ་ལུས་མཆོད་སྦྱིན་སྐྱོངས། །འདི་རྣམས་གནད་ཀྱི་ཞལ་གདམས་ཡིན། །ལྟ་བ་འདི་ལ་གསལ་ཞིག་འདེབས། །ལྟ་བ་གསལ་ཞིག་མ་བཏབ་ན། །ཆོས་ཉིད་རང་ངོ་ཤེས་མི་འགྱུར། །སེམས་ཉིད་གཞི་རྩ་བྲལ་དང་གཅིག །ངོ་བོ་ངོས་བཟུང་མེད་དང་གཉིས། །རང་གསལ་བརྗོད་དུ་མེད་དང་གསུམ། །དེ་ལ་ལྟ་བའི་ཞལ་
གདམས་མཛོད། །ཕྱོགས་འཛིན་མེད་པ་གནད་དུ་གཅེས། །སྒོམ་པ་འདི་ལ་གསལ་ཞིག་འདེབས། །སྒོམ་པ་གསལ་ཞིག་མ་བཏབ་ན། །ཆོས་ཉིད་རང་ས་ཟིན་མི་འགྱུར། །བསྒོམ་བྱ་སྒོམ་བྱེད་མེད་དང་གཅིག །འཛིན་ཕུར་དམིགས་གཏད་བྲལ་དང་གཉིས། །མ་ཡེངས་དྲན་པས་ཟིན་དང་གསུམ། །དེ་ལ་སྒོམ་པའི་ཞལ་གདམས་མཛོད། །རེ་དོགས་མེད་པ་གནད་དུ་གཅེས། །སྤྱོད་པ་འདི་ལ་གསལ་ཞིག་འདེབས། སྤྱོད་པ་གསལ་ཞིག་མ་བཏབ་ན། །ཆོས་ཉིད་རིག་པར་རྩལ་མི་འབྱོངས། །སྣང་ལ་ཞེན་པ་མེད་དང་གཅིག །རྒྱས་འདེབས་ཆེད་གཏད་ཞིག་དང་གཉིས། །གང་ཤར་ལམ་དུ་ཁྱེར་དང་གསུམ། །དེ་ལ་སྤྱོད་པའི་ཞལ་གདམས་མཛོད། །སྤང་བླང་མེད་པ་གནད་དུ་གཅེས། །འབྲས་བུ་འདི་ལ་གསལ་ཞིག་འདེབས། །འབྲས་བུ་གསལ་ཞིག་མ་བཏབ་ན། །ཆོས་ཉིད་ཆོས་སྐུར་གྲོལ་མི་འགྱུར། །བྲལ་ཐོབ་རེས་འཇོག་མེད་དང་གཅིག །སྨད་སྨོན་ཐོབ་འདོད་བྲལ་དང་གཉིས། །གཞི་ལ་གཏན་སྲིད་ཟིན་དང་གསུམ། །དེ་ལ་འབྲས་བུའི་ཞལ་གདམས་
མཛོད། །འཕོ་འགྱུར་མེད་པ་གནད་དུ་གཅེས། །དགེ་ཚུལ་བསྟན་འཛིན་ཤེས་རབ་ཀྱིས། །རྟོགས་འབུལ་ཟིན་བྲིས་བྱུང་བའི་དོན། །ཆོས་དབྱིངས་དྲི་མེད་རྩལ་གྱིས་གླུ། །ཨ་ཏི་རྫོགས་པ་ཆེན་པོའི་དོན། །ཤེས་རབ་དོན་དུ་བཞག་པ་ཡིན། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །མངྒ་ལཾ།། །། ༈ རང་རིག་མངོན་སུམ་རྗེན་པ་བརྗོད་མེད་དེ། །མཐོང་ན་དེ་ལ་ལྟ་བ་ཟེར་བ་ཡིན། །དེའི་ལྷག་ལྟ་བ་གཞན་ནས་སྟོན་རྒྱུ་མེད། །དེ་ཡི་ངང་ལ་གནས་ན་སྒོམ་པ་ཡིན། །དེ་ལྷག་སྒོམ་ཞེས་གཞན་ནས་སྟོན་རྒྱུ་མེད། །དེའི་ངང་ལམ་ཁྱེར་རུང་བ་སྤྱོད་པ་ཡིན། །དེའི་ལྷག་གཞན་ནས་སྤྱོད་པ་སྟོན་རྒྱུ་མེད། །མངོན་གྱུར་རེ་དོགས་བྲལ་བ་འབྲས་བུ་ཡིན། །དེའི་ལྷག་གཞན་ནས་འབྲས་བུ་སྟོན་རྒྱུ་མེད། །དེ་ལྟར་རྫོགས་ཆེན་སྒོམ་པའི་གནད་ཚིག་དོན། །མགོན་པོ་དབང་རྒྱལ་གསུང་གིས་བསྐུལ་བའི་ངོར། །སྤྲང་རྒན་འཁྱམས་པོས་ཡིན་ལུགས་གསལ་པོར་བརྗོད། །མངྒ་ལཾ།། །། ༈ མི་མང་ཁྲོམ་ཚོགས་འདུ་ལོང་རྒྱས་པའི་དུས། །འགྲོ་དོན་མཐོང་གྲོལ་སྐུ་ཚབ་དེ་དུས་དགོས། །འོན་ལོང་དྲན་ཉམས་
ཆོས་གཞན་མི་བཏུབ་དུས། །སྐྱེ་བདུན་མྱོང་གྲོལ་བདུད་རྩི་དེ་དུས་དགོས། །གདམས་ངག་ཆུང་ནས་ལེ་ལོ་ཆེ་བའི་དུས། །མ་བསྒོམས་མྱུར་ལམ་འཕོ་བ་དེ་དུས་དགོས། །ལས་ངན་སྡིག་ཅན་འཆི་ཁ་འགྱོད་པའི་དུས། །བཏགས་གྲོལ་སངས་རྒྱས་ལག་བཅང་དེ་དུས་དགོས། །བྱ་དང་རི་དྭགས་དུད་འགྲོ་ལམ་འཕྲང་དུས། །ཐོས་གྲོལ་གསང་སྔགས་ཟབ་མོ་དེ་དུས་དགོས། །བཤེས་གཉེན་ངན་པས་ལམ་ལོག་སྟོན་པའི་དུས། །ངོ་སྤྲོད་བཙན་ཐབས་རྫོགས་ཆེན་དེ་དུས་དགོས། །བཀའ་འཆལ་རྒྱུད་དཀྲུགས་བྱིན་རླབས་ཡལ་བའི་དུས། །གཏེར་གསར་བྱིན་རླབས་སོ་མ་དེ་དུས་དགོས། །གཟའ་ཀླུ་རྒྱལ་པོས་སྲོག་དབུགས་སྡུད་པའི་དུས། །ཟ་ཡིག་རྣོ་ནུས་ལྡན་པ་དེ་དུས་དགོས། །དམ་ལོག་ཤི་འདྲེ་མེ་ལྟར་འབར་བའི་དུས། །ཨོ་རྒྱན་དྲག་སྒྲུབ་དྲག་སྔགས་དེ་དུས་དགོས། །ཆོས་མཛད་བརྙས་ཤིང་ཡོ་བྱད་འཕྲོག་པའི་དུས། །ངན་སྔགས་དུག་གི་སྤུ་གྲི་དེ་དུས་དགོས། །སྔར་མེད་དར་ཡམས་རིམས་ནད་དར་བའི་དུས། །སྲུང་བ་རྡོ་རྗེའི་རྫོང་ཆེན་དེ་དུས་
དགོས། །མཐའ་ཡི་དམག་གིས་ཕྱོགས་ཕྱོགས་གཡོ་བའི་དུས། །སྲིད་པའི་དམག་བཟློག་ཟོར་ཆེན་དེ་དུས་དགོས། །ཅི་ལ་ཅི་དགོས་གནད་མི་གོ་བའི་དུས། །ཕྲིན་ལས་ཞལ་གདམས་འདི་དག་དེ་དུས་དགོས།། །། ༈ སངས་རྒྱས་ཀུན་ལས་ལྷག་པའི་ཕྲིན་ལས་ཅན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །འགྲོ་བའི་གཙོ་བོ་མི་ལུས་ཐོབ་པ་རྣམས། །ལྷ་བས་ལྷག་ཅེས་མཉམ་མེད་ཐུབ་པས་གསུངས། །མི་ཚེ་ཉི་མ་འདི་ནི་ཡུན་རེ་ཐུང་། །འཆི་བདག་བདུད་པོ་འདི་ནི་བང་རེ་མགྱོགས། །འཆི་རྐྱེན་རྣམ་གྲངས་འདི་ནི་གྲངས་རེ་མང་། །རྣམ་གཡེང་ལྟད་མོ་འདི་ནི་བསླུ་རེ་མཁས། །ནམ་འཆི་འདིར་འཆི་དུས་བཏབ་ངེས་པ་མེད། །གང་བྱས་སྙིང་པོ་མེད་པའི་དོན་ལ་སོམས། །རང་བསྐུལ་རང་ཐོབ་མི་ལུས་དོན་ལྡན་མཛོད།། །། ༈ འཁོར་བའི་རང་བཞིན་གཅིག་ལས་གཅིག་དྲག་པ། །ཉེས་པའི་རང་བཞིན་སྐྱོན་ཚོགས་རྣམ་པར་འཕེལ། །སྲིད་པ་གར་ཡང་སྡུག་བསྔལ་ཁོ་ན་སྟེ། །སུ་ཞིག་བརྩེ་བའི་དགའ་བས་བྱམས་བྱེད་པ། །འབྲལ་བའི་ཚེ་ན་སྡུག་བསྔལ་ལྷག་
པར་ཆེ། །ལྷ་ཀླུ་མི་ཡི་གནས་ཀྱི་སྣོད་བཅུད་ཀུན། །མི་རྟག་འཇིག་པའི་ཆོས་ཅན་ངེས་པ་ཅན། །རྒྱལ་དང་དེ་སྲས་ཕྱིར་ན་འདའ་ཚུལ་སྟོན། །དེས་གསུངས་བསྟན་པ་འཕེལ་འགྲིབ་མང་ལ་ལྟོས། །སྐྱོན་གྱི་ཆོས་ཅན་སེམས་ཅན་ལྟ་ཅི་སྨོས། །དེང་སང་རང་ཅག་ལུས་ཅན་འདི་དག་ཀུན། །ལོ་བརྒྱའི་ནང་ནས་གཅིག་ཀྱང་ཡོད་མ་ཡིན། །འདོད་པའི་ཁམས་ཀྱི་སེམས་ཅན་འདི་དག་རྣམས། །ཀི་སྒྲ་ཙི་སྒྲ་དིར་དིར་སྙིང་རེ་རྗེ། །གཡོ་བའི་རང་བཞིན་འགྱུར་བའི་མཚན་ཉིད་ལ། །གར་འཆི་འདིར་འཆི་ཅིས་འཆི་ངེས་པ་མེད། །འཚོ་རྐྱེན་སྦྱར་བ་འཆི་བའི་རྐྱེན་འགྱུར་ན། །ནད་གདོན་བགེགས་སོགས་འཆི་རྐྱེན་ཅིས་མི་འགྱུར། །མཚོན་དུག་བྱད་དང་གཤེད་མར་སྨོས་ཅི་དགོས། །ཉིན་མཚན་གཉིས་ཀྱིས་ཚེ་འདི་བརྐུས་པ་བཞིན། །སྐད་གཅིག་ཡུད་ཙམ་ཡུད་ཙམ་རེ་རེས་ཀྱང་། །གསོད་སར་ཁྲིད་པའི་དུད་འགྲོ་ཇི་བཞིན་དུ། །སྐད་ཅིག་སྐད་ཅིག་འཆི་ལ་ཇེ་ཉེར་འགྲོ། །ཆུ་ཕྲན་ཚོགས་རྣམས་རྒྱ་མཚོར་སྙེགས་པའོ། །ནུབ་ཁའི་གྲིབ་ལྟར་འཆི་བདག་ཚུར་ཚུར་ཉེ། །སྨན་སྦྱར་
རིག་སྔགས་སྲུང་བས་མི་ཕན་ཀྱང་། །ཚེ་འདིའི་བདེ་འབྱོར་ཕུན་ཚོགས་ཀུན་བོར་ནས། །གཉེན་འདུན་འཁོར་གཡོག་གྲོགས་དང་གཏན་བྲལ་ཏེ། །གཅིག་པུར་སྒྲེན་མོ་འགྲོ་བའི་ཚུལ་ལ་སོམས། །སྡིག་པའི་ཁུར་པོ་མི་ཐེག་བཞིན་དུ་ནི། །བར་དོའི་འཇིགས་སྐྲག་གཤིན་རྗེའི་བསུན་མས་སླེབས། །དེ་དུས་མགོན་དང་སྐྱབས་ནི་ཆོས་ལས་མེད། །ལོག་ལམ་བོར་ཞིང་དགེ་སྤྱོད་ལྡན་པ་ཉུང་། །གང་དུ་ཕྱིན་ནས་སླར་ལ་མི་ལྡོག་པའི། །འཇིགས་ཆེན་འཆི་བདག་ཁྱིམ་དེར་འགྲོ་དགོས་པས། །དེ་རིང་ཉིད་ནས་དམ་པའི་ཆོས་ལ་འབོད། །དར་བའི་རྟེན་ཐོབ་སངས་རྒྱས་བསྟན་དང་འཕྲད། །འདི་དུས་ཐར་འདོད་བསམ་པ་མ་སྐྱེས་པའི། །སྟོང་ལོག་ཆུད་ཟོས་སྐྱེ་བོ་ཨ་རེ་འགྱོད། །མི་རྟག་ལས་བརྩམས་དགེ་ལ་བསྐུལ་བའི་གཏམ། །བདུད་རྒན་ལས་རབ་རྩལ་གྱིས་བརྗོད་པའོ།། །། ༈ དེ་ནས་ཆེ་ཡོལ་གླེན་རྒན་གྱིས་ཕྱི་རབས་ལ་གསང་རྟགས་བསྟན་པ་འདི་ལ་དགོངས་པ་ཡང་ཟེར། ཁྲོས་པ་ཡང་ཟེར། མོ་ཕྱྭ་ལ་བབ་པའི་ལུང་བྱས་ཀྱང་ཆོག །ཕྱུགས་ལུག་བཤས་ཚོང་དམྱལ་བ་སྒྲུབ་པ་ལ། །ཕྱག་སྐོར་ཆོས་ཕྱོགས་ཚད་བཟུང་མེད་པར་
དགོས། །ཁང་ལས་འབུ་སྲིན་སྲོག་གཅོད་བྱས་པ་ཡིས། །སྒྲིབ་སྦྱང་སྐུ་གདུང་སཱཙྪ་མང་པོ་དགོས། །བག་མེད་དཀོར་གྱིས་ཉེ་འཁོར་གསོས་པ་ལ། །དཀོར་སྦྱོང་ཡི་གེ་དྲུག་མ་ནན་ཏན་དགོས། །སྡོམ་གསུམ་ཁྲིམས་མནོལ་ཉམས་ཆག་ཤོར་བ་ལ། །ཞི་ཁྲོ་རིགས་བརྒྱའི་མཚན་འབུམ་བཤགས་སྐོང་དགོས། །སྡིག་ལ་འགྱོད་ཅིང་དམྱལ་བར་འཇིགས་པ་རྣམས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྟགས་ཐོན་དགོས། །ངས་བཤད་ལུང་འདི་གནད་དུ་མི་སྨིན་ན། །རྡོག་སྣའི་གཡང་ས་ངན་སོང་དྲག་པོ་ཡོད། །ཚུལ་བཞིན་བསྒྲུབས་པས་སྤྲིན་ནག་ལས་ཐོན་ནས། །སྒྲིབ་བྲལ་ཟླ་བའི་དཀྱིལ་འཁོར་རབ་ཏུ་དཀར།། །། ༈ སྣང་བ་མཐའ་ཡས་འཕགས་མཆོག་སྤྱན་རས་གཟིགས། །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །རྟག་ཏུ་སངས་རྒྱས་མགོན་ལ་བྱིན་གྱིས་རློབས། །བཻཌཱུར་ཞིང་གི་མགོན་པོ་སྨན་གྱི་བླ། །གྲུབ་པ་མཆོག་བརྙེས་མ་ཅིག་དཔལ་ལྡན་འཕྲེང་། །སྨན་རྒྱལ་ཐུགས་སྲས་གཡུ་ཐོག་ཡོན་ཏན་མགོན། །སངས་རྒྱས་མགོན་ལ་དབང་བསྐུར་བར་ཆད་
སོལ། །ཀུན་བཟང་ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ །གཙོ་དགུའི་དཀྱིལ་འཁོར་རང་མདངས་འཁོར་ཚོགས་བཅས། །གར་དགུ་རོལ་བའི་ཡེ་ཤེས་ལྷ་ཡི་ལྷས། །སངས་རྒྱས་མགོན་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མ་མགོན་ལྕམ་དྲལ་གཟའ་གདོང་རྡོ་རྗེ་ལེགས། །ཆོས་རྒྱལ་སྐུ་ལྔ་བཙན་རྒོད་འབར་བ་སོགས། །རྒྱལ་བའི་བསྟན་སྲུང་དམ་ཚིག་ཅན་རྣམས་ཀྱིས། །སངས་རྒྱས་མགོན་ལ་སྲུང་སྐྱོབ་ཕྲིན་ལས་མཛོད། །འཁོར་འདས་སྒྱུ་མའི་མཚང་རིག་རྣལ་འབྱོར་པས། །དད་ལྡན་རྩ་གསུམ་སྐྱབས་འོག་འཇུག་པ་འདིར། །བགེགས་ཚོགས་རྣམས་ཀྱིས་གནོད་པ་མ་བྱེད་ཅིག །འགལ་ན་དམྱལ་མེས་ཚིག་པར་གདོན་མི་ཟ། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། རྫོགས་པ་ཆེན་པོའི་སྙིང་ཐིག་གི་ལྟ་གྲུབ་འཛིན་པ་ལས་རབ་རྩལ་གྱིས་སྤྲིངས་བ་ཛ་ཡན་ཏུ།། །། ༈ རྗེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །མཚུངས་པ་མེད་པའི་བཀའ་དྲིན་ཅན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དུས་ད་རེས་མི་ལུས་ཐོབ་དུས་འདིར། །ཚེ་འདིའི་དབང་དུ་མ་སོང་བར། །ལྟོ་གོས་གཏམ་
གསུམ་གྱོང་ཁུར་ནས། །སྙིང་རུས་སྡུག་སྲན་ཆོས་ལ་གྱིས། །དེང་ཕྱིན་ཆད་མི་ལུས་རྙེད་དཀའ་ཞིང་། །ཐུབ་པའི་བསྟན་དང་མཇལ་བ་དཀའ། །ངན་སོང་ལ་སོགས་གནས་སྐྱེས་ཤིང་། །མཐའ་འཁོབ་རྣམས་སུ་གཡེང་བ་ཆེ། །བཟོད་དཀའ་བའི་སྡུག་བསྔལ་བརྣག་དགོས་པའི། །རང་རྒྱུད་སྡིག་དང་མ་འདྲེས་པར། །དགེ་བ་ཉིན་མཚན་མེད་པར་འབུངས། །དད་པ་དམ་ཚིག་འབྲལ་མེད་འགྲོགས། །ཚེ་འདིར་སྣང་ལ་འབྱམས་པའི་བནྡེ་ཚོ། །ཕྱི་ཚུལ་ལ་བལྟས་ན་བག་མ་འདྲ། །དུག་ལྔ་ཆགས་སྡང་ངོམ་ཞིང་དཔའ། །ཆོས་མེད་བན་ཁྲམ་དམྱལ་བའི་རྒྱུ། །རང་དེ་འདྲའི་དབང་དུ་མ་སོང་བར། །དཀོན་མཆོག་ཡོངས་ལ་དད་པ་གྱིས། །སེམས་ཅན་ཀུན་ལ་སྙིང་རྗེ་སྒོམས། །དམན་ས་ཟུངས་ལ་རང་རྒྱུད་ཐུལ། །མགོན་ཐུབ་པའི་ཞལ་གདམས་དྲང་དོན་ལ། །སྡུག་བསྔལ་ཀུན་འབྱུང་འགོག་བདེན་ཡོད། །ཐེག་ཆེན་ངེས་དོན་མདོ་སྡེ་ལ། །ཀུན་རྫོབ་དོན་དམ་སེམས་བསྐྱེད་ཡོད། །རྗེ་ཨོ་རྒྱན་ཆེན་པོའི་ཆོས་མཛོད་ན། །དུག་ལྔ་ལམ་འཁྱེར་གདམས་ངག་
ཡོད། །སངས་རྒྱས་ལག་བཅང་རྫོགས་ཆེན་ཡོད། །ཚེ་གཅིག་སངས་རྒྱས་ཞལ་གདམས་ཡོད། །གནད་དེ་འདྲ་ཟབ་མོའི་དམར་ཁྲིད་འདི། །སྤྲེའུ་པདྨ་བསྟན་འཛིན་ལ། །ཆོས་དབྱིངས་དྲི་མེད་བདག་གིས་གདམས། །ད་ལྟ་བཞུགས་དང་ཕྱི་རབས་རྣམས། །མདོ་སྔགས་ཆོས་ལ་འདྲིས་སུ་ཆུག །ད་བལྟ་བྱ་ལྟ་བྱེད་མེད་པ་ན། །ལྟ་བ་མཐའ་བྲལ་གྱི་ཡིན་ལུགས་ཡིན། །ལྟ་བ་མ་མཐོང་སྙམ་པ་ཡི། །རང་སྡུག་མ་བྱེད་སྙིང་གཏམ་ཡིན། །བསྒོམ་བྱ་སྒོམ་བྱེད་མེད་པ་ན། །རང་ངོ་རང་གིས་ཤེས་པ་གཅེས། །གཟུང་འཛིན་གྱི་ཉམས་ལ་སྒུག་དོན་མེད། །སེམས་གུ་ཡངས་དུ་ལྷོད་དང་ཞལ་གདམས་ཡིན། །ཡང་ལམ་ཁྱེར་མིང་ལ་སྤྱོད་པ་ཟེར། །ཉམས་ལེན་རྩི་ཡིས་ཟིན་དགོས་མོད། །སྤྱོད་པའི་ཁོལ་བུར་སེམས་སོང་ན། །སྨན་ལོག་དུག་ཏུ་སོང་བ་འདྲ། །དོན་འབྲས་བུ་སངས་རྒྱས་རང་ལ་ཡོད། །མདུན་དུ་བཞག་ནས་རྒྱབ་ཏུ་བཙལ། །གླང་པོ་གམ་བཞག་གླང་རྗེས་ཚོལ། །ཉིད་དེ་འདྲ་འབྲས་བུ་དོན་དང་འགལ། །རྗེ་ཉི་སྤྲུལ་རྡོ་རྗེ་འཆང་ཆེན་གྱི། །གསུང་སྲས་ཆོས་ཀྱིས་བསྐྱངས་པའི་
བུ། །ཆོས་དབྱིངས་དྲི་མེད་རྩལ་གྱི་གླུ། །སློབ་བརྒྱུད་སྙིང་གི་བདུད་རྩིར་མཛོད། །མངྒ་ལཾ།། །། ༈ དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མཐོང་དང་མི་མཐོང་ཆེ་བའི་ཡོན་ཏན་ཅན། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་མཛད་ཅིང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་རྗེ། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །ཐོས་པའི་མིག་བྲལ་དགེ་སྡིག་ངོ་མི་ཤེས། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །བསམ་པའི་སེམས་བསྒྲིབས་གོ་བ་ཤེས་རབ་རྨོངས། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །སྒོམ་པའི་གནད་མེད་ཁམས་གསུམ་སྲིད་པར་འཁོར། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །ཐར་པའི་ལམ་སྟོར་བྱང་ཆུབ་གྲུ་ཟམ་ཞིག །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །བག་ཆགས་ཤེས་འཐུག་ཐུར་ལམ་གོམས་བརྟན་བདེ། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །སྐྱོན་གྱིས་སྦགས་ཤིང་ཡོན་ཏན་རྩ་བ་ཆད། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །འོག་ནས་འོག་ཏུ་ངན་སོང་གནས་སུ་
འགྲོ། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །སྲིད་པར་ཉམ་ཐག་མྱ་ངན་ཟུག་རྔུས་གདུངས། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །ཆོས་ཀྱི་ལམ་ལས་ཕྱིར་བཟློག་བར་ཆད་མང་། །རྫོགས་ཆེན་ཉན་འཕྲོ་བྱས་པའི་ཉེས་པ་ཡིས། །སྲུང་བའི་ལྷས་འདོར་གནོད་པའི་བགེགས་ཆེན་ཞུགས། །དེ་སོགས་ཉེས་པའི་རང་བཞིན་ཚད་མེད་ཅེས། །ནོར་བུ་རི་བར་ལས་རབ་རྩལ་གྱིས་སྤྲིངས།། །། ༈ སྙིགས་མའི་འགྲོ་ལ་ལྷག་པར་གཟིགས་པའི་ཕྱིར། །རྒྱལ་ཀུན་ཐུགས་རྗེ་གོང་བུར་གཅིག་བསྡུས་པ། །མཚུངས་མེད་རྗེ་གཅིག་ཉི་གྲགས་སྤྲུལ་པའི་སྐུ། །རྡོ་རྗེ་འཆང་ཆེན་མཆོག་དེ་སྤྱི་བོར་མཆོད། །ཁྲི་ཤོར་རྒྱལ་མོའི་ཕྱོགས་ནས་ཆོས་རྗེ་ཉིད། །སྔོན་བསགས་ལས་འཕྲོ་བཟང་པོའི་ཤུགས་བརྟས་ནས། །ཆོས་ཚུལ་སྤྱི་དང་ཁྱད་པར་སྔ་འགྱུར་ཐེག །ཆོས་ཚུལ་རྒྱ་མཚོར་དབང་འབྱོར་ཚུལ་དེ་རྨད། །རྫོགས་ཆེན་ཁྱད་ཆོས་གཞན་ལ་མེད་མོད་ཀྱང་། །རྨོངས་པས་ང་བཟང་གཞན་ཆོས་ངན་བྱས་ཏེ། །རང་ཆོས་ལག་ཏུ་བླངས་ཤིང་སྤྱོད་པ་ནི། །ཐུབ་པའི་ཆོས་ཀུན་ཀ་དཔེ་གཅིག་
རྒྱུག་ཡིན། །ཐེག་དགུ་དགོངས་པ་མཐུན་ཡང་རྨོངས་ཀུན་གླེན། །རྣམ་འདྲེན་བཞི་པས་དམ་པར་ཁྱད་བསྔགས་ཀྱང་། །མི་ལུས་སྡིག་ཅན་བསམ་ཀྱིན་འགྱོད་པའི་གནས། །མདོ་སྔགས་ལམ་ཞེས་ཚུལ་བཞིན་སྤྱོད་པ་ནི། །རྟེན་བཟང་ལྷ་ལས་ལྷག་ཅིང་ཡིད་བཞིན་ནོར། །མཐའ་འཁོབ་ལྟ་ཅི་འཕགས་པའི་ཡུལ་རྣམས་སུ། །སངས་རྒྱས་བསྟན་པའི་སྒྲ་ཡང་མི་ཐོས་ན། །བོད་འདིར་མཁན་སློབ་ཆོས་གསུམ་བཀའ་དྲིན་གྱིས། །ཐུབ་ཆོས་བཀའ་བསྟན་རྒྱ་མཚོས་ཕྱུར་བུར་གང་། །སྙིང་ནས་མི་ཕྱེད་དད་པའི་དགའ་བ་ཐོབ། །འདི་དུས་ཆོས་ཀྱི་བགོ་སྐལ་མ་བྱོན་ན། །སྲིད་པའི་བདེ་སྦྱོར་གང་ལའང་སྙིང་པོ་མེད། །འཇིག་པའི་རང་བཞིན་འཆི་བདག་དེ་བྱུང་ཞིང་། །མཐའ་འཁོབ་མུན་པར་སྐྱེ་ན་ངན་འགྲོར་འགྲོ། །སྐྱེ་རྒྱུད་མི་རྣམས་དུད་འགྲོ་བཞིན་དུ་གླེན། །མི་དགེ་སྣ་གཅིག་སྤང་བའི་དམ་བཅའ་དང་། །དགེ་ཆོས་སྣ་གཅིག་བཟུང་བའི་དམ་བཅའ་བཟུང་། །སྐད་ཅིག་དཀོན་མཆོག་དད་བརྩོན་ཐར་འདོད་བློས། །ཉེས་པའི་མཚོ་སྐེམ་དགེ་བའི་བག་ཆགས་
འཛིན། །ཉོན་མོངས་རང་གར་ཐུབ་པས་གསུང་མ་མྱོང་། །ཉོན་མོངས་སྤངས་པ་སོ་སོར་ཐར་པ་དང་། །ཉོན་མོངས་ཉེས་པ་སྦྱོང་བྱེད་བྱང་ཆུབ་སེམས། །ཉོན་མོངས་ལམ་ཁྱེར་གསང་སྔགས་རྡོ་རྗེ་ཐེག །ཁྱད་འཕགས་མཆོག་གསང་རྩེ་མོ་རྫོགས་པ་ཆེ། །ལྟ་བའི་དུས་སུ་སེམས་ཉིད་མཐའ་བརྟགས་པས། །འདི་ཞེས་བཏགས་པའི་ཚིག་དང་བརྗོད་པ་ཟད། །སྒོམ་པའི་དུས་སུ་བསྒོམ་བྱ་སྒོམ་བྱེད་དང་། །འདི་ཞེས་ངོས་བཟུང་དམིགས་མཐའ་ཀུན་དང་བྲལ། །སྤྱོད་པའི་དུས་སུ་སྤང་བླང་ཀུན་ལས་འདས། །རང་ངང་མི་གཡོ་དགོངས་པའི་རྒྱ་ཡིས་ཐོབ། །འབྲས་བུ་གསར་ཐོབ་ལྷག་པར་འདི་འབྱུང་སྟེ། །གདོད་མའི་ཀ་དག་བཙན་ས་ཟིན་པ་ཉིད། །མདོ་སྔགས་ཐེག་པར་ཕན་གནོད་སྤང་བླང་འདོམས། །རྫོགས་པ་ཆེན་པོར་འཁོར་འདས་སྤང་བླང་ཀུན། །སེམས་ཞེས་སེམས་ཀྱི་འགྱུ་སྣང་འཁྲུལ་བ་སྟེ། །གང་ཤར་སྤང་བླང་བཅོས་སྒྱུར་མེད་པར་འཇོག །རྟོག་པ་དེ་ཞི་རྟོག་བྲལ་སྒོམ་མེད་ངང་། །རང་གསལ་བརྗོད་མེད་ལྐུགས་པས་བུ་རམ་བཞིན། །གཉེན་པོས་མ་བཅོས་ཤུགས་འབྱུང་
ལྷུག་པའི་བབ། །ཀ་དག་ཅེས་བྱ་གདོད་མའི་ཆོས་ཀྱི་སྐུ། །རང་རིག་ཡེ་ནས་འཕོ་འགྱུར་མེད་པར་བཞུགས། །མ་རིག་ཀུན་རྟོག་གློོ་བུར་དྲི་མས་བསྒྲིབས། །སེམས་ཅན་ཁམས་དེར་སྲིད་པའི་བདེ་སྡུག་འབྱུང་། །ཀྱེ་ཧོ་ཐོག་མའི་སངས་རྒྱས་རང་གསལ་རིག་པ་སྟེ། །སངས་རྒྱས་གཞན་ནས་བཙལ་བས་རྙེད་མི་འགྱུར། །བློས་བྱས་ཐེག་པའི་གཟེབ་ཀྱིས་བཅིངས་པ་ཡི། །སྤང་བྱ་སྤོང་བྱེད་བླང་བྱ་བླངས་པ་ཡི། །ཕན་གནོད་ཆགས་སྡང་ཅན་དེ་སྲིད་པའི་ཆོས། །སྐྱོན་ཡོན་ཕན་གནོད་རྣམ་རྟོག་གང་ཤར་ཡང་། །སྤང་བླང་གདམ་ཀ་ཚོད་འཛིན་མེད་པའི་ངང་། །རང་བབ་རང་བཞག་རང་གྲོལ་ཆེན་པོའི་ངང་། །རང་གྲོལ་ཞེས་བཏགས་གཞན་གྱིས་བཀྲོལ་བ་མིན། །རང་རྩལ་རང་གྲོལ་ཆུ་རླབས་ཆུར་ཐིམ་འདྲ། །ངང་ལས་མི་གཡོ་ཚིག་ལས་འདས་པའི་སེམས། །བློས་བྱས་མཚན་མའི་ཚིག་གིས་མ་བསླད་ཅིག །ལུས་བསྲང་སེམས་བཅོས་འཇུར་བུས་རྒྱས་བཏབ་པའི། །སྲིད་པའི་སེམས་དེས་ཁམས་གསུམ་འཁོར་བར་འཁྱམས། །བཟང་ཞེན་དགེ་བར་
བཏགས་པའི་ཆགས་པ་དང་། །ངན་ཞེན་སེམས་ཅན་བློ་ཡི་ཆགས་པ་གཉིས། །གསེར་སྒྲོག་ལྕགས་སྒྲོག་ཁྱད་པར་མེད་པ་བཞིན། །ཐར་ལམ་བགྲོད་པའི་འགོག་པ་མཚུངས་པའོ། །དགའ་སྡུག་བློས་མི་ཐུབ་པ་གང་ཤར་ཡང་། །གང་ཡིན་ཡིན་ཆུག་གང་ཤར་ཡིན་དུ་ཆུག །ཆེད་དུ་མ་བཟུང་སྒོམ་བློ་བྲལ་བའི་ངང་། །སྐྱོན་མེད་དེ་བཞིན་ཡོན་ཏན་གང་ཡང་མེད། །མ་སྤྲོས་མ་བསྡུ་རང་གར་གློད་པའི་ངང་། །བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བ་ལ། །ཆེད་འཛིན་དགའ་བློས་འཛིན་པ་མ་ཞུགས་དང་། །བྱིང་རྒོད་ཐེ་ཚོམ་སྐྱོན་གྱི་རྣམ་པ་རྣམས། །མི་འདོད་སྤང་བློས་དམ་དུ་མི་འཛིན་པར། །གང་ཤར་དེ་ཚོ་རྣམ་རྟོག་འགྱུ་བ་ཡིན། །འདི་ཚོ་སྒོམ་ཐབས་མ་བཅོས་རང་བཞག་ཡིན། །དེ་ཚེ་གྲོལ་ཚུལ་རང་དག་རང་གསལ་ཡིན། །མེ་ཆེན་འབར་ཞིང་ཤིན་ཏུ་མཆེད་པས་ན། །སྐམ་རློན་མེད་པའི་བུད་ཤིང་ཀུན་ཚིག་བཞིན། །འཁོར་འདས་རེ་དོགས་བློས་བྱས་ཆོས་རྣམས་ཀུན། །བློ་བྲལ་ཆོས་ཉིད་དགོངས་པའི་ངང་དེར་དག །ཆོས་ཉིད་ཆོས་སྐུ་སྨྲ་བསམ་བརྗོད་ལས་འདས། །ནམ་མཁའ་
དག་བཞིན་མཚན་མ་ཀུན་ལས་འདས། །ཆོས་ཅན་མཚན་མའི་སྤྲིན་རྣམས་ཅི་བྱུང་ཡང་། །མཁའ་ལས་བྱུང་ཞིང་མཁའ་ལ་དེངས་པ་འདྲ། །རྫོགས་ཆེན་ཚུལ་འདི་སྤང་བླང་སྐྱོན་ཡོན་མེད། །རྫོགས་ཆེན་ཚུལ་འདི་མ་བཅོས་གློོད་པའི་ངང་། །རྫོགས་ཆེན་ཚུལ་འདི་ངོས་བཟུང་དམིགས་མཐའ་མེད། །རྫོགས་ཆེན་ཚུལ་འདི་བྲལ་ཐོབ་ཡིད་སྨོན་མེད། །སེམས་ཞེས་རང་ཡིན་རང་གིས་མ་སྟོར་བར། །རང་གི་ངོ་བོ་རང་གིས་ཇི་བཞིན་རྟོགས། །རྟོག་བཅས་བློ་ཡིས་དཔྱད་པ་མ་ཞུགས་པར། །རང་གསལ་རྗེན་པའི་ཡེ་ཤེས་ངོས་ཟུངས་ཤིག །དཔྱད་པ་བྱུང་ན་དེ་ལ་དོགས་མི་དགོས། །འགྱུ་བ་ཡིན་གྱི་དེ་ཡང་མ་བཅོས་ཞོག །རྟོག་འཛིན་འགྱུ་བ་རང་སར་བཞག་པའི་ཚེ། །རྟོག་པ་དེ་ཞི་རྟོག་བྲལ་སྒོམ་མེད་ངང་། །དཔེ་ནི་ལན་ཚྭ་ཆུ་ལ་ཐིམ་པའམ། །རྒྱ་མཚོའི་རྦ་རླབས་རྒྱ་མཚོར་ཞི་བ་འདྲ། །སྐྱེ་འཆིའི་མཚན་མ་བཏགས་པའི་སྒྲོ་བཏགས་ཏེ། །དུས་གསུམ་དུས་མེད་ཁོར་ཡུག་གཅིག་གི་ངང་། །འཆི་མེད་རྒྱལ་པོ་ཆོས་སྐུའི་བཙན་ས་ཟིན། །ཚེ་སྒྲུབ་སྟོང་གིས་འདི་ལ་འགྲན་དུ་
མེད། །རྫོགས་པ་ཆེན་པོ་རང་གསལ་བརྗོད་མེད་མཐོང་། །སྟོང་བཏགས་ཆད་པར་ཤོར་རྣམས་ཧ་རེ་ལོང་། །རྫོགས་ཆེན་ངོས་བཟུང་ཕྱོགས་ལྷུང་མེད་པར་མཐོང་། །དམིགས་གཏད་ཕྱོགས་འཛིན་མཚན་མ་ཧ་རེ་ལོང་། །མཐའ་ལ་ཤོར་བའི་སྒོམ་ལོག་སྒོམ་འཛིན་གྱིས། །མཐའ་ཀུན་བྲལ་བ་རྫོགས་པ་ཆེན་པོར་རྨོངས། །མུན་ཁུང་འུག་པའི་མིག་དེ་ཉི་མས་ལྡོང་། །ཐེག་ཆེན་རྒྱལ་པོ་རྫོགས་ཆེན་སྒོམ་པ་རྣམས། །མེ་ལ་མར་ཁུས་རྣོ་ངར་བཏབ་པ་བཞིན། །བདེན་རྫུན་འཇིག་བྱེད་སྒྱུ་མ་རྨི་ལམ་དགོས། །རྐྱེན་ངན་ལམ་ཁྱེར་ཟབ་མོའི་གཅོད་ཡུལ་དགོས། །མི་ཕོད་སྟེང་དུ་བརྟུལ་ཞུགས་ཐོག་བརྫིས་དགོས། །བློ་བདེ་གུ་ཡངས་གཏད་མེད་ངང་འབྱམས་དགོས། །དེ་དག་རྨད་བྱུང་འདི་ཡི་བོགས་འབྱིན་ཡིན། །སྟོད་སྨད་སྒྲ་ཀུན་བྲག་ཆ་ལྟར་འགྱུར་ཞིང་། །ཆོས་ཀུན་སྒྱུ་མའི་ལྟད་མོར་མཐོང་བ་ཡིས། །སྒོམ་རྒན་འཁྲུལ་བའི་མཚང་རིག་ལས་རབ་ཀྱིས། །གཏད་འཛིན་འཆིང་པ་ཞིག་པའི་རྫོགས་ཆེན་གནད། །ཆོས་ཚུལ་རྒྱ་མཚོའི་གླིང་ནས་ངེས་དོན་ནོར། །ཇི་བཞིན་མངོན་
གྱུར་རཱ་ཙ་ཆོས་རྗེར་ཕུལ། །ས་ཐག་རིང་བས་ཅུང་ཟད་འགོར་གྱུར་ཀྱང་། །མངོན་སུམ་འཕྲད་དང་ཁྱད་པར་མེད་པ་ཡི། །སྙིང་གཏམ་དམར་པོ་མངོན་སུམ་ཡི་གེར་བཀོད། །འདི་ལས་ཐོབ་པའི་དགེ་བས་ཁམས་སུམ་འགྲོ། །སྲིད་པའི་མྱ་ངན་མུན་པ་ཕྱིར་བསལ་ནས། །ཁམས་གསུམ་དམ་པོའི་གཟེབ་ལས་རབ་གྲོལ་ཏེ། །གདོད་མའི་ཆོས་སྐུ་མངོན་སུམ་མཇལ་གྱུར་ཅིག །མངྒ་ལཾ།། །། ༈ ལས་རབ་རྩལ་གྱི་མགུར་བླ་མའི་གསོལ་འདེབས་ཞེས་ཀྱང་བྱ། སློབ་དཔོན་ངོ་སྤྲོད་ཅེས་ཀྱང་བྱ། རང་ཆེ་སྟོན་པ་ཞེས་བྱ་བ་བཞུགས། ན་མོ། རྗེ་བཀའ་དྲིན་ཅན་བླ་མའི་ཞབས་ལ་འདུད། །བཀའ་དྲིན་ཅན་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །རྗེ་ཁྱེད་ཀྱི་དྲིན་ལ་འཁོར་ཐབས་མེད། །དྲིན་འཁོར་ཐབས་མེད་པའི་རིན་པོ་ཆེ། །མི་བདག་ལ་ཐུགས་རྗེས་བྱིན་གྱིས་རློབས། །སྤྲང་རྟག་འཛིན་ཅན་གྱི་ཕྲིན་ལས་ང་། །མགོན་སངས་རྒྱས་ལྟར་དུ་གསོལ་འདེབས་པས། །ཁོང་པདྨ་ཀུན་བཟང་རྒྱལ་མཚན་ལ། །རྗེ་བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས། །ཚེ་འདི་ལ་སྒྲུབ་པ་མཐར་ཕྱིན་ནས། །འབྲས་བུ་སངས་རྒྱས་
ཐོབ་པར་བྱིན་གྱིས་རློབས། །གཞི་བླ་མའི་བྱིན་རླབས་ཞུགས་པ་ན། །གཏམ་སྙན་པོའི་ཞེན་པ་མེད་པ་འབྱུང་། །རྗེ་གྲགས་འདོད་སྤང་བའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །གཉེན་འདུན་ལ་བརྩེ་བ་མེད་པ་འབྱུང་། །རྗེ་གདུང་སེམས་སྤོང་བའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །ནོར་དང་ལོངས་སྤྱོད་འཛིན་པ་མེད་པར་འབྱུང་། །རྗེ་འཛིན་པ་མེད་པའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །ཚེ་མི་རྟག་དྲན་ཅིང་བློ་སྣ་ཐུང་། །རྗེ་རྟག་འཛིན་བྲལ་བའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །ཕོ་ངས་བྱས་ཀྱི་ང་རྒྱལ་ཆུང་དུ་འགྲོ། །རྗེ་དྲེགས་འདོད་བཞག་པའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །འཁོར་བ་དུག་དང་མེ་འོབས་
མཐོང་། །རྗེ་སྐྱོན་མཚང་རིག་པའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །སངས་རྒྱས་གཞན་མིན་རང་ལས་སྟོན། །རྗེ་ཆོས་སྐུ་སྟོན་པའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །རྩོལ་སྒྲུབ་མེད་པའི་ལྟ་བ་རྟོགས། །རྟག་མཚན་བྲལ་བའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །སེམས་རང་སར་གྲོལ་བའི་གནས་ལུགས་ཤེས། །རྗེ་གཏད་མེད་གྲོལ་བའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །འཛིན་རྟོག་ཆོས་ཉིད་དབྱིངས་སུ་ནུབ། །རྗེ་འཁྲུལ་སྣང་ཞིག་པའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །རྐྱེན་ངན་སྟེང་དུ་ལམ་ཁྱེར་ནུས། །རྗེ་གང་ཤར་རང་གྲོལ་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་
ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །བདེ་སྡུག་སྟེང་དུ་རོ་སྙོམས་ནུས། །རྗེ་མཉམ་ཉིད་ཀློང་ཡངས་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །རང་འཆི་ཁ་འགྱོད་མེད་བཙན་ས་ཟིན། །རྗེ་ཡོན་ཏན་མངོན་འགྱུར་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །འཆི་བ་འོད་གསལ་མ་བུ་འཕྲོད། །རྗེ་ཆོས་སྐུར་གྲོལ་བའི་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །རང་སྒྲ་འོད་ཟེར་གསུམ་ལོངས་སྐུར་གྲོལ། །རྗེ་རང་སྣང་ལོངས་སྐུ་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །སྲིད་པ་བར་དོར་ཐར་ལམ་རྙེད། །རྗེ་སྤྲུལ་སྐུར་གྲོལ་སྟོན་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བླ་མའི་བྱིན་རླབས་ཞུགས་པ་ན། །བདུད་རྒན་ཐོགས་པའི་ཕྲིན་ལས་ང་། །རྒྱུ་འབྲས་མེད་པའི་
ཕྲིན་ལས་ང་། །གྱོད་དགའ་ཆེ་བའི་ཕྲིན་ལས་ང་། །སྐལ་མེད་འགྲོ་བས་མ་འདོད་ཀྱང་། །མར་འགྲོ་ཐུར་ལམ་བདེ་བས་མ་འདོད་ཀྱང་། །དམ་ཉམས་ལོག་ཤེས་ཅན་གྱིས་མ་འདོད་ཀྱང་། །རྗེ་ཉི་གྲགས་རྡོ་རྗེ་འཆང་གི་བཀའ་དྲིན་གྱིས། །གདན་ཁྲི་མཐོན་བླ་མས་མི་ཚོར་བའི། །འཁོར་བའི་སྐྱོན་མཚང་ང་ཡིས་ཤེས། །བེར་གྱོན་བླ་མས་མི་ཚོར་བའི། །བསྡུ་འདོད་སྙིང་པོ་མེད་པ་ང་ཡིས་ཤེས། །གདུགས་ཐོགས་བླ་མས་མི་ཚོར་བའི། །ལྟ་བའི་རྒྱལ་པོ་ང་ཡིས་ཤེས། །མཐོ་འདོད་བླ་མས་མི་ཚོར་བའི། །རང་ཆེ་སྐྱོན་ཡང་ང་ཡིས་ཤེས། །འཁོར་མང་བླ་མས་མི་ཚོར་བའི། །འདུས་བྱས་འགྱེས་ཆོས་ང་ཡིས་ཤེས། །ཁ་མཁས་བླ་མས་མ་བཤད་པའི། །ཚིག་ལས་འདས་པ་ང་ཡིས་ཤེས། །ཐབས་མཁས་བླ་མས་མི་སྟོན་པའི། །དཔེ་དང་བྲལ་བ་ང་ཡིས་ཤེས། །རྟོགས་ལྡན་བླ་མས་མ་རྟོགས་པའི། །རྟོག་བྲལ་སྒོམ་མེད་ང་ཡིས་ཤེས། །མི་ཆེན་བླ་མས་སྟོར་བ་ཡི། །རང་སེམས་ནོར་བུ་ང་ཡིས་ཤེས། །ཨ་ཀྱང་དེ་ཚོ་རྩེད་མོ་ཡིན། །འདི་ནི་རྗེ་བཙུན་བླ་མའི་དྲིན། །འདི་ནི་
མོས་འདོད་བསྐུལ་བའི་རྐྱེན། །འདི་ནི་རང་མཐོང་ཕོ་ཟོབ་གཏམ། །ངོ་མཚར་ཆེ་འོ་ངོ་མཚར་ཆེ། །གཅིག་ཏུ་དད་པ་ངོ་མཚར་ཆེ། །གཉིས་སུ་སྙིང་རུས་ངོ་མཚར་ཆེ། །གསུམ་དུ་མཐར་ཕྱིན་ངོ་མཚར་ཆེ། །ངོ་མཚར་ཅན་གྱི་གདམས་ངག་ལ། །རྗེ་དྲིན་ཅན་བླ་མའི་བཀྲ་ཤིས་ཤོག །ཅེས་པ་འདི་པདྨ་ཀུན་བཟང་རྒྱལ་མཚན་གྱིས་མཎྜལ་བཅས་བསྐུལ་ངོར་ལས་རབ་རྩལ་གྱིས་ཐོལ་བྱུང་དུ་སྨྲས་པའོ། །མངྒ་ལཾ།། །། ༈ དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར། །ཐུགས་རྗེ་ཚད་མེད་སྤྱན་རས་གཟིགས། །དྲན་པས་གདུང་སེལ་བྱིན་རླབས་ཅན། །སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། །བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །དེ་ལ་རྗེ་ཡི་མཆོད་བརྗོད་མཛོད། །འདི་ལ་དད་ལྡན་ཉམས་ལེན་མཛོད། །འཁོར་བའི་ཉེས་དམིགས་མ་དྲན་ན། །ཐར་འདོད་སྙིང་ནས་མི་སྐྱེ་བས། །རིགས་དྲུག་སྡུག་བསྔལ་བསམ་ཡང་འཚལ། །དཀོན་མཆོག་ཡོན་ཏན་མ་དྲན་ན། །དད་པ་སྙིང་ནས་མི་སྐྱེ་བས། །མོས་གུས་དད་པ་བསྐྱེད་ཀྱང་འཚལ། །འཆི་བ་སྙིང་ནས་མ་དྲན་ན། །ལོང་མེད་རྒྱུད་ལ་མི་སྐྱེ་བས། །བློ་སྣ་བསྟུང་ཞིང་ཆོས་སྒྲུབ་འཚལ། །ཚེ་འདིའི་
བདེ་སྡུག་ཐམས་ཅད་ཀུན། །རྨི་ལམ་ཐུན་གཅིག་སྣང་བ་འདྲ། །བདེན་པར་བཟུང་ན་བསླུ་སྟེ་མཆི། །ངན་སོང་གསུམ་དུ་མ་སྐྱེས་ཀྱང་། །མི་ལུས་ཐོབ་པ་ཁ་རྗེ་ཆེ། །མཐའ་འཁོབ་ཡུལ་དུ་མ་སྐྱེས་ཤིང་། །ཆོས་དང་འཕྲད་པ་བསོད་ནམས་ཆེ། །བན་རྒོད་ཁྲམ་པར་མ་སོང་བར། །ཉམས་ལེན་འདོད་པ་ལས་འཕྲོ་བཟང་། །ཟབ་དོན་སྔ་འགྱུར་རྫོགས་ཆེན་གྱི། །ཕྱི་ནང་གསང་བའི་སྔོན་འགྲོ་ལ། །མྱོང་བ་ཐོན་པ་སྦྱང་བགྲོད་མཛོད། །དེས་ནི་དངོས་བཞིའི་དོན་མཐོང་འགྱུར། །དེ་ནས་ཉམས་ལེན་སྙིང་པོ་ལ། །གཅིག་ཏུ་དྲིལ་ལ་སྙིང་རུས་སྐྱེད། །བླ་མ་དུས་གསུམ་སངས་རྒྱས་ལ། །གསོལ་བ་ཡང་ནས་ཡང་དུ་ཐོབ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་ཡང་ནས་ཡང་དུ་སྒོམས། །བསླུ་བྲིད་ཚེ་འདིའི་སྣང་བ་ལ། །དགོས་མེད་ཡང་ནས་ཡང་དུ་སོམས། །སོར་བྱང་སྔགས་ཀྱི་དམ་ཚིག་ལ། །ཐོས་བསམ་ལག་ལེན་འདྲིས་སུ་ཆུག །ཚེ་གཅིག་སངས་རྒྱས་ཐོབ་པའི་ལམ། །འབྲས་བུ་ཕྱི་དུས་མི་རེ་བའི། །དབང་བཞིའི་ཉམས་ལེན་ཁྱད་ཆོས་
ཤིག །བླ་མེད་སྔགས་ལ་གྲགས་མོད་ཀྱང་། །དེང་སང་བོད་ན་ཕྱག་བཞེས་ཕྲ། །རྒྱུ་འབྲས་ཐེག་པ་ལས་འདས་པའི། །བྱ་རྩོལ་བྲལ་བའི་རྫོགས་པ་ཆེ། །སངས་རྒྱས་རང་ལ་རྙེད་གྲགས་ཀྱང་། །དེང་སང་བོད་ལ་ནོར་འཕྲང་མང་། །ཐ་མལ་སྤྱོད་པ་མ་འདྲེས་པའི། །ཐུབ་པའི་བསྟན་པ་ཐེག་པ་དགུ། །ཁྱད་པར་འཕགས་ཞེས་གྲགས་ན་ཡང་། །དེང་སང་ཐ་མལ་སྐྱོན་ཞུགས་མང་། །རྨོངས་པ་བསམ་ཞིང་སྙིང་རེ་རྗེ། །མཁས་པ་བསམ་གྱིན་དགོད་རེ་ཤོར། །ཀུན་རྫོབ་ཆོས་ལ་སྡིག་པ་འཁྲི། །དེ་ལ་བསམ་ཞིང་བློ་མ་བདེ། །པད་འབྱུང་བི་མའི་ཐུགས་ཀྱི་བཅུད། །ཀློང་རབ་ཞབས་དང་ཉི་སྤྲུལ་གྱི། །ཐུགས་ཀྱིས་བརྣག་པ་འདི་ལྟ་སྟེ། །བཏགས་པའི་ཚིག་དང་བྲལ་བ་དེ། །ཁས་ལེན་མེད་པའི་ལྟ་བ་ཡིན། །བསྒོམ་བྱ་སྒོམ་བྱེད་བྲལ་བ་དེ། །རང་ངང་ཡེ་ཤེས་སྒོམ་པ་ཡིན། །ཚོགས་དྲུག་གསལ་ལ་འཛིན་མེད་དེ། །བླང་དོར་མེད་པའི་སྤྱོད་པ་ཡིན། །འབྲས་བུ་རང་གསལ་བརྗོད་མེད་ངང་། །ཐོག་མའི་སངས་རྒྱས་རྙེད་པ་ཡིན། །འདི་འདྲའི་བབ་བཅོལ་ལྷུག་པ་འདི། །ན་སོང་རྒན་
པོས་མི་འོས་ཀྱང་། །སྙིགས་དུས་ཉམས་ལེན་གལ་ཆུང་དུས། །བསོད་ནམས་ནོར་བུའི་རྟོགས་འབུལ་གྱི། །ཡི་གེ་ཁོ་བོར་བསྙད་པ་ལ། །སྤྲོ་བའི་སེམས་ཀྱིས་ཞལ་གདམས་བཀོད། །བདུད་རྒན་ང་ཡི་ཁ་འཆལ་ལ། །རྒྱལ་བ་གོང་མའི་བྱིན་རླབས་ཡོད། །རང་ཉམས་བླངས་པའི་སྒོམ་ཆ་ཡོད། །རྨི་ལམ་རྩུབ་ཟིན་འབྱོངས་པ་མིན། །ངང་ལ་གློད་པའི་བློ་བྱུང་བ། །ཉིན་མོ་འབད་པའི་རྟགས་ཡིན་ལེགས། །ཆོས་ལ་འབད་བརྩོན་སྒོམ་ལ་དྲིལ། །མཐར་ཕྱིན་གྲུབ་པའི་བཀྲ་ཤིས་སྨོན། །ཅེས་པ་བདུད་རཱུ་ཏྲ་ལས་རབ་རྩལ་གྱིས་བསོད་ནམས་ནོར་བུ་ལ་གདམས་པ་བཀྲ་ཤིས་པར་གྱུར་ཅིག །།། ༈རྗེ་བླ་མ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་སེམས་ཀྱི་བཞག་ཐབས་དགོས་ཞེ་ན། །འཕོ་འགྱུར་མེད་པར་རི་བོ་ལྟ་བུར་ཞོག །ཁ་གཏིང་མེད་པ་རྒྱ་མཚོ་ལྟ་བུར་ཞོག །མཐའ་དབུས་མེད་པ་ནམ་མཁའ་ལྟ་བུར་ཞོག །གསལ་སྒྲིབ་མེད་པ་ཉི་ཟླ་ལྟ་བུར་ཞོག །རང་གསལ་འཛིན་མེད་ཆུ་ཟླ་ལྟ་བུར་ཞོག །རྟོག་ཚོགས་རྗེས་མེད་བྱ་ལམ་ལྟ་བུར་ཞོག །མེད་པའི་ཡོན་ཏན་སྒྲུབ་ཏུ་མེད་པར་ཞོག །
ཡོད་པའི་སྐྱོན་དེ་སྤང་དུ་མེད་པར་ཞོག །སེམས་ཉིད་རང་ཡིན་མ་བཙལ་རང་ངང་ཞོག །ལམ་འདིར་རྣལ་འབྱོར་ཤིན་ཏུ་གོམས་པ་ན། །རྣམ་རྟོག་རང་སངས་ནམ་མཁར་སྤྲིན་དེངས་འདྲ། །ཐབས་དང་གཉེན་པོས་མ་བཅིངས་བྱིས་པ་འདྲ། །བློ་བདེ་ཁོང་ཡངས་ན་སོང་རྒན་པོ་འདྲ། །བློ་བདེ་ཚོང་དཔོན་རང་ཁྱིམ་སླེབས་པ་འདྲ། །གཞན་དོན་ལྷུན་གྲུབ་ཡིད་བཞིན་ནོར་བུ་འདྲ། །ཚུལ་འདི་སྦྱིན་པ་མཐར་ཕྱིན་གྱིས་བསྐུལ་ངོར། །ཤིན་ཏུ་རྣལ་འབྱོར་གོམས་པའི་ལམ་སྦྱངས་པ། །ཆོས་དབྱིངས་དྲི་མེད་གྱིས་གདམས་མངྒ་ལཾ།། །། ༈ རྗེ་བཙུན་སངས་རྒྱས་འདུས་པའི་སྐུ། །མཉམ་མེད་བླ་མའི་ཞབས་ལ་འདུད། །སེམས་ཞེས་བྱ་བའི་སྤྲེའུ་འདི། །བཞག་པའི་དུས་སུ་མི་སྡོད་དུ། །བཏང་བའི་དུས་སུ་མི་འགྲོ་དུ། །བཙལ་བའི་དུས་སུ་མི་རྙེད་དུ། །རང་ངོ་རང་གིས་མི་མཐོང་དུ། །ཨ་ཀྱང་སེམས་ཀྱི་མཚན་ཉིད་ཡིན། །རང་ཡིན་གཞག་ཏུ་མ་བཙལ་ཅིག །སྤྲོ་བསྡུ་ཚོད་འཛིན་མེད་པའི་ངང་། །གནས་ན་རང་ཉིད་གནས་པ་ཡིན། །འགྱུ་ན་རང་ཉིད་འཕྲོ་བ་ཡིན། །བཅོས་བསྒྱུར་བཏང་
བཞག་མ་མང་བར། །རྩོལ་སྒྲུབ་སྤང་བླང་མེད་པར་གློད། །དེ་ཚེ་མཉམ་བཞག་མཁན་དེ་ལ། །རྣམ་རྟོག་ཞི་བའི་ཞི་གནས་ལ། །རང་ངོ་ཤེས་པའི་ལྷག་མཐོང་གཅེས། །ཡ་མ་ཁམས་ཐར་དྲིས་ལན་དུ། །ལས་རབ་རྩལ་གྱིས་གདམས་པའོ།། །། ༈ ཐུགས་རྗེའི་བདག་ཉིད་འགྲོ་བ་ཡོངས་ཀྱི་སྐྱབས། །དཀྱིལ་འཁོར་དབང་ཕྱུག་བླ་མར་ཕྱག་འཚལ་ནས། །རང་གཞན་ཀུན་གྱིས་ཕན་པ་འགྲུབ་པའི་གཏམ། །མདོར་སྡུས་ཙམ་ཞིག་བདག་གིས་འགོད་པར་བྱ། །དཔྱད་སྒོམ་འཇོག་སྒོམ་གནས་དགའ་འགྱུ་སྡུག་མཁན། །ཉམས་ལ་ཞེན་དང་ཕྱོགས་ལྷུང་ལྟ་བ་ཅན། །ནང་པར་ཁས་ལེན་མཆོག་འཛིན་ཆེར་སྤྱོད་ཀྱང་། །ཕྱི་རོལ་མུ་སྟེགས་ལམ་དུ་གོལ་བའང་སྲིད། །དེང་དུས་ཐུབ་བསྟན་གཟུགས་བརྙན་ཙམ་དུ་ངེས། །ལས་ཅན་ཐར་པ་དོན་དུ་གཉེར་འདོད་རྣམས། །བྱ་བ་ཐོབ་ཤོར་རྩོད་པའི་དུས་འདི་རུ། །ཐོས་བསམ་སྒོམ་ལ་ཆིག་དྲིལ་གྱིས་ཤིག་ཨང་། །ཉེ་དུ་སྐྱོང་དང་ཁ་དང་བཙན་པ་དང་། །ཟས་ནོར་ཕྱུག་ཅིང་གཏམ་སྙན་སྒྲུབ་པ་དང་། །བླ་མར་བྱེད་
པའི་བསམ་ངན་ཀུན་བོར་ལ། །རང་རྒྱུད་དགེ་ལ་ཡང་ཡང་འདྲིས་པར་མཛོད། །བག་མེད་ཟས་གོས་སྤྱོད་ལམ་སྣང་བ་བརྟེན། །མཁོ་དགུའི་རྫས་གསོག་འདུ་འཛིའི་འཁོར་མང་བཀོལ། །ལུགས་གཉིས་ཟུང་འབྲེལ་མཁས་འདོད་ཉིན་མཚན་ཟད། །དེ་འདྲའི་ཆོས་པ་ངེས་པའི་ལུང་དང་འགལ། །ཚེ་འདིར་བདེ་སྐྱིད་ཇི་ལྟར་འབྱོར་གྱུར་ཀྱང་། །སྤྲང་པོའི་རྒྱལ་སྲིད་ཐོབ་རྨིས་དགའ་བ་ནི། །གཉིད་སད་ཚེ་ན་མེད་པ་ཇི་བཞིན་དུ། །ཡུན་དུ་རྟག་པ་མེད་པ་མཁྱེན་འཚལ་ལོ། །ཐམས་ཅད་རྨི་ལམ་ཙམ་དུ་ཤེས་དགོས་ཕྱིར། །མདོ་ལས་རྨི་ལམ་ཡིན་ཞེས་གཤད་པ་དང་། །སྔགས་སུ་རྨི་ལམ་སྦྱངས་ཐབས་བསྟན་པ་སོགས། །རྨི་ལམ་བདེན་འཛིན་འཇིག་པའི་ཆོས་སུ་ཟབ། །བདག་འདྲས་སྔ་དྲོ་མི་རྟག་ཞིབ་རྒྱས་འཆད། །ཕྱི་དྲོ་རྟག་འཛིན་བྱ་བར་མུ་མཆེད་འབྱམས། །བསམ་མནོ་བཏང་བས་རང་མཚང་བསྒྲགས་པར་སོང་། །མ་བརྟགས་གཏམ་ལ་སྐྱོན་གཞི་ཡོང་པར་གོ། །ངོས་འཛིན་རྟག་ཆད་བྲལ་བ་ལྟ་བའི་གཤིས། །ངང་གནས་རང་གསལ་གཡོ་མེད་སྒོམ་པའི་ཚུལ། །ཐུག་འཕྲད་རང་གྲོལ་
འཛིན་མེད་སྤྱོད་པའི་གདེང་། །ལམ་གྱི་དུས་སུ་གསུམ་དུ་བཏགས་མོད་ཀྱི། །འབྲས་བུའི་དུས་སུ་ངོ་བོ་གཅིག་ཏུ་རྫོགས། །བརྗོད་མེད་དོན་རྟོགས་ལྟ་བའི་རྒྱལ་པོ་དེས། །ངང་གནས་སྒོམ་ཡིན་རྒྱུན་འབྱོངས་སྤྱོད་པ་སྟེ། །མངོན་དུ་གྱུར་ན་འབྲས་བུ་ཞེས་སུ་སྨྲ། །སྨན་ལོག་ནད་ཀྱི་སྣོན་མར་གྱུར་པ་བཞིན། །ཆོས་ལོག་སྡིག་པའི་སྣོན་དུ་སོང་བ་མང་། །ཐར་འདོད་དགེ་བ་ཆེ་ཕྲ་ཅི་གསོག་ཀྱང་། །དངོས་སམ་བརྒྱུད་ནས་སྡིག་པར་འདྲེས་སམ་བརྟག །ཆོས་དང་འཇིག་རྟེན་བྱ་བ་གང་ལ་ཡང་། །རང་ལ་མཁོ་སེམས་བརྩོན་པ་མ་སྐྱེས་ཕྱིན། །གཉེན་བྱས་དང་ནི་བླ་མའི་ཞལ་བལྟས་ཏེ། །ཡང་ཡང་བསྐྱར་བ་མི་ཕན་སུན་པའི་རྒྱུ། །འཆི་དུས་དགོས་པའི་གདམས་ངག་འོད་གསལ་གཅེས། །བར་དོ་གཅོད་པའི་མན་ངག་རྨི་ལམ་གཅེས། །གནད་འགག་བར་དོ་བློ་ལ་འབྱོངས་པ་གཅེས། །བདེན་འཛིན་འཇིག་ཕྱིར་གེགས་སེལ་སྒྱུ་ལུས་གཅེས། །དྲོད་རྟགས་བོགས་འབྱིན་རྩ་རླུང་ཕོ་ཉ་གཅེས། །སྡིག་ཅན་གྲོལ་ལམ་བཙན་ཐབས་འཕོ་བ་གཅེས། །གསང་སྔགས་
མཁན་གྱི་གནད་འགག་གལ་པོ་ཆེ། །འདི་དྲུག་ཚད་དུ་འཁྱོལ་བ་གལ་ཆེའོ། །ལེ་ལོ་ཅན་ལ་མྱུར་བའི་ཆོས་གསུམ་ཡོད། །དམ་རྫས་མྱོང་གྲོལ་ཟབ་མོ་བཏགས་གྲོལ་དང་། །འཕོ་བའི་གདམས་པ་ཁྱད་པར་ཅན་དང་གསུམ། །མ་བསྒོམས་གྲོལ་བ་འདི་འཕྲད་སྐལ་བ་བཟང་། །གསང་སྔགས་འདི་ལ་ཆེ་བ་རྣམ་གསུམ་ཡོད། །འདོད་ཡོན་མ་སྤངས་ལམ་དུ་ཁྱེར་ཆོག་དང་། །ཚེ་ལུས་གཅིག་གིས་བྱང་གྲོལ་བཀྲི་བ་དང་། །མཚམས་མེད་སྡིག་ཅན་ཡིན་ཡང་ཞུགས་ཆོག་གོ། །རྣམ་མང་འཁོར་བ་ལས་ཉོན་བསམ་མི་ཁྱབ། །གང་འདུལ་ཐེག་པའི་ཐབས་ཚུལ་བསམ་མི་ཁྱབ། །གཅིག་ཆོག་ཕྱོགས་བྲལ་ཡངས་པའི་དོན་མཐོང་དང་། །རང་བབས་ཡེ་གནས་ངང་དུ་བདེ་མོར་ཉལ། །དང་པོ་ཡོངས་ཀྱི་བཤེས་གཉེན་དམ་པ་ཚོལ། །དེ་ནས་མདོ་སྔགས་ཆོས་ལ་ཐོས་བསམ་སྦྱོངས། །དེ་ནས་ཚུལ་བཞིན་དམ་བསྲུང་ཉམས་ལེན་འབུངས། །དེ་ནས་འབྲས་བུ་མངོན་གྱུར་བྱང་ཆུབ་ཉིད། །དེང་སང་མི་ནག་སྔགས་འདོན་བྱེད་པ་དགའ། །སྔགས་པར་བཏགས་ནས་ང་རྒྱལ་སུ་བས་ཆེ། །དབང་
བཞི་ཐོབ་ཅིང་དེ་དོན་མ་བསྒོམས་པར། །སྔགས་སུ་འགྱུར་བར་རྒྱལ་བས་གསུངས་པ་མེད། །ཚུལ་བཞིན་མི་བསྲུང་བསྲུང་མཚམས་ངོས་མ་ཟིན། །དཀོར་སྐལ་ཐོབ་ཕྱིར་སྐྲ་བྲེགས་གོས་དམར་བགོས། །སྤངས་རྟོགས་རྒྱང་བསྲིངས་མི་དགེ་ཁོང་ནས་འབར། །འདི་ཕྱི་བརྗེས་པ་འདི་ཀུན་སྙིང་རེ་རྗེ། །དགེའོ། །༈རྗེ་བཙུན་བླ་མའི་ཞབས་ལ་འདུད། །ཁོ་བོ་ལས་རབ་ན་ཕྱིན་ལ། །ཡིག་གཟུགས་ལེགས་པོ་མི་འདུག་ཀྱང་། །རྗེས་འཇུག་སློབ་མའི་དོན་བསམས་ནས། །གེགས་སེལ་འཕྲང་སྒྲོལ་གབ་ཡིག་འབྲི། །ས་མ་ཡ། །དེ་ཡང་བསྐྱེད་རྫོགས་སེམས་གུ་དོག་ནས་བཅིངས་ཆེ་བ་དང་། མེད་པའི་ཡོན་ཏན་སྒྲུབ་འདོད་པ་དང་བཟང་རྟོག་ལ་མཆོག་འཛིན་ཆེ་བ་དང་མཆོག་དེ་ཉམས་དོགས་པ་དང་། བཟང་རློམ་ལ་ཞེན་པ་དམ་པ་དང་། ཡོད་པའི་སྐྱོན་སྤོང་འདོད་དང་། ངན་རྟོག་ལ་སྐྱོན་འཛིན་ཆེ་བ་དང་། སྐྱོན་དེ་འབྱུང་དོགས་པ་དང་། ངན་རྟོག་ལ་དོགས་འཚེར་ཞན་པ་དམ་པ་དེ་མདོར་ན་རྟོག་པ་བཟང་ངན་ལ་འདུ་སྟེ། རབ་ཀྱིས་གང་ཤར་ལྟ་བ་ཆོས་ཉིད་ཀྱི་ངང་དུ་
ཁྱེར། འབྲིང་གིས་བཟང་ངན་གང་ཤར་སེམས་རྟོག་ལ་ཤར་བ་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ་དོན་ལ་གྲུབ་པ་མེད་པའི་མཚང་རིག་ནས་བཟང་ངན་ངོ་མཉམ་རོ་སྙོམས་སུ་ཤེས་པར་བྱ། ཐ་མས་གང་དྲན་ཇི་མི་སྙམ། གལ་མ་མཆིས་སུ། གུ་ཡངས་བློ་ལྷོད་ཀྱི་ངང་ལ་བོར་རོ། །མདོར་ན་གེགས་ཐམས་ཅད་ཀྱི་རྩ་བ་བཟང་འཛིན་ངན་འཛིན་དེ་ལ་རེ་བ་དོགས་པ་དེ་ལ་འཛིན་ཞེན་རྩོལ་སྒྲུབ་དམ་པ་རྣམས་ཡིན་པས་གང་དུ་བསྟན་པའི་མན་ངག་དང་ལྡན་པའི་དགེ་སྦྱོར་བར་ཆད་དང་བྲལ་ནས་མཐར་ཕྱིན་པར་འགྱུར་རོ། །ཨོ་རྒྱན་ཆེན་པོས་བྱིན་བརླབས་པའི། །རིག་རྩལ་དོན་མཐོང་ལས་རབ་ངས། །ཞལ་གདམས་ཆད་དོགས་ཡི་གེར་བྲིས། །རྗེས་འཇུག་ཡོངས་ལ་ཕན་ཐོགས་ཤོག། །། ༈ མ་འོངས་རྫོགས་ཆེན་སྒོམ་པ་རྣམས། །ཐོས་བསམ་ཉམས་ལྡན་བླ་མ་ལ། །ཆོས་འདོད་བློ་ལྡན་སློབ་མ་ཡིས། །ཡུན་རིང་འགྲོགས་ཤིང་རྩད་བཅད་ནས། །ལྟ་སྒོམ་སྤྱོད་པའི་བྱ་ཆོད་ན། །མ་ནོར་ཇི་བཞིན་རྟོགས་པར་གྱུར། །སློབ་དཔོན་མཁྱེན་རྒྱ་ཆུང་དང་གཅིག །ཉམས་མྱོང་
གོམས་འདྲིས་མེད་དང་གཉིས། །མི་གསུང་སྨྲ་བ་མེད་དང་གསུམ། །སློབ་དཔོན་ཆོས་མཐོང་མེད་དང་གཅིག །གོ་ནོར་ལམ་ལོག་འབྱམས་དང་གཉིས། །ངོ་སྡར་ཞུ་མི་ཕོད་དང་གསུམ། །སློབ་དཔོན་འགྲོགས་ཡུན་ཐུང་བ་ཡིས། །རྫོགས་ཆེན་དགོངས་པའི་དོན་མི་ལོན། །མན་ངག་ཟབ་མོའི་གནད་མི་རིག །གདམས་ངག་སྙིང་པོའི་བཅུད་མི་རྙེད། །ངོ་སྤྲོད་ཁྱད་ཆོས་གདེང་མི་རྟོགས། །དེས་ན་རྫོགས་ཆེན་སྒོམ་པ་རྣམས། །ཉམས་མྱོང་དྲོད་ཐོབ་བླ་མ་ལ། །ཡུན་དུ་བསྟེན་ཅིང་ཡང་ནས་ཡང་། །ཐོས་བསམ་སྒོམ་པའི་སྒྲོ་འདོགས་ཆོད། །ཉམས་ལེན་ཤི་རྒས་གཉིས་ལ་གཏུགས། །ཆོས་ཉིད་བཙན་ས་ཟིན་ཏེ་མཆི། །དེ་སྐད་ལས་རབ་རྩལ་གྱིས་གདམས།། །། ༈ སྐྱེ་འགག་སྤྲོས་པའི་མཚན་མ་ཀུན་ལས་འདས། །ཡེ་ཤེས་རིག་པའི་རྒྱལ་པོ་ལ་ཕྱག་འཚལ། །ཐོག་མ་ཉིད་ནས་སེམས་ཅན་ཐམས་ཅད་ལ། །རང་གནས་ཆོས་སྐུ་ཀ་དག་ཡེ་ཤེས་ཆེ། །དུས་གསུམ་ཀུན་ཏུ་འཕོ་འགྱུར་བགྲེས་རྒུད་མེད། །བརྟགས་པའི་ཆོས་མེད་དམིགས་པའི་ཡུལ་དང་
བྲལ། །བལྟས་པས་མི་མཐོང་བཙལ་བས་རྙེད་མི་འགྱུར། །བཞག་པས་མི་སྡོད་བཏང་བས་འགྲོ་མི་སྲིད། །སེམས་ཀྱི་མཚན་ཉིད་ཅི་དང་ཅི་བརྟགས་ཀྱང་། །ཕྱོགས་རིས་ཆ་ནས་འདྲ་བ་འདྲ་ནའང་། །ཤིན་ཏུ་བརྟགས་ཤིང་དཔྱད་ན་གང་གིས་ཀྱང་། །མཚོན་དུ་མེད་ཅིང་ཚིག་དང་དཔེས་མི་མཚོན། །དངོས་མིན་དངོས་དང་བྲལ་ཕྱིར་སྟོང་པ་དེ། །བེམ་སྟོང་ཧ་ཆད་དག་ཀྱང་མ་ཡིན་ཏེ། །སྒོམ་ཚེ་ལྷག་མཐོང་རང་གསལ་རྗེན་པ་དང་། །འཁྲུལ་ཚེ་འགྱུ་འཕྲོ་གཟུང་འཛིན་ཡོད་པའོ། །རྟག་ཆད་མཐའ་བཞི་བྲལ་བའི་དོན་ཡིན་ཀྱང་། །བྲལ་བར་འཛིན་པའི་ཕྱོགས་སུ་འཐས་མི་བྱ། །ལྟ་བ་བལྟ་བྱ་ལྟ་བྱེད་ཀུན་དང་བྲལ། །འདི་ཞེས་མི་མཚོན་ཕྱིར་ན་སྟོང་པ་ཡིན། །སྟོང་པར་སྟོང་འཛིན་རྒྱས་འདེབས་བྱ་མི་དགོས། །སྒོམ་པ་བསྒོམ་བྱ་སྒོམ་བྱེད་ཀུན་དང་བྲལ། །སྒོམ་བློས་དམིགས་པའི་ཞེ་འདོད་བྱ་དོན་མེད། །སྤྱོད་པ་སྤྱད་བྱ་སྤྱོད་བྱེད་ཀུན་དང་བྲལ། །བློས་བྱས་ལྕགས་ཀྱུས་ཡུལ་ལ་གཟུང་མི་བྱ། །འབྲས་བུ་འཐོབ་བྱ་ཐོབ་བྱེད་ཀུན་དང་བྲལ། །དང་པོའི་ཀ་དག་མངོན་འགྱུར་
འབྲས་བུ་ཡིན། །གཞན་དུ་བཙལ་བས་རྙེད་མིན་ཨ་ཐང་ཆད། །བློ་འདས་རང་བབ་རྫོགས་པ་ཆེན་པོའི་ངང་། །དྲན་འཛིན་གཉེན་པོས་བཅིངས་པས་འཁོར་བར་འཁྱམས། །མ་བཅོས་ལྷུག་པ་སོ་མ་གཉུག་མའི་བབ། །མིག་བཙུམ་རྟོག་པ་འགགས་པའི་མུན་པས་སྒྲིབ། །གཟུང་འཛིན་དག་པས་རང་གསལ་འགྱུར་བ་མེད། །གཉིས་སུ་གཟུང་བས་ལམ་ལས་གོལ་བར་འགྱུར། །འཁོར་བ་སྤང་མེད་ཡེ་ཤེས་བསྒྲུབ་ཏུ་མེད། །བླང་དོར་བྱས་པས་སྲིད་པའི་སེམས་སུ་འགྲོ། །སངས་རྒྱས་ཐིག་ལེ་ཉག་གཅིག་རང་རིག་ལ། །སངས་རྒྱས་གཞན་དུ་བཙལ་བས་སངས་རྒྱས་སྟོར། །བྱིང་རྨུགས་ཀྱིས་ནི་ལྷག་མཐོང་དོན་ལ་སྒྲིབ། །བྱང་རྒོད་ཀྱིས་ནི་ཞི་གནས་དོན་ལ་སྒྲིབ། །ཐེ་ཚོམ་གྱིས་ནི་དོན་གྱི་ཆོས་ཉིད་སྒྲིབ། །སྒྲིབ་བྱེད་མ་བཅོས་ངང་བཞག་ཆོས་སྐུར་འགྱུར།། །། ༈ ཉི་སྤྲུལ་ལ་གདམས་པ། རྡོ་རྗེ་འཛིན་པ་མཆོག་གི་སྤྲུལ་པའི་སྐུ། །སྙིང་གཏམ་ནང་རྟགས་གསང་ལུང་འདི་ལྟར་ལགས། །ལོངས་སྤྱོད་འདུ་ཆེ་ཟང་ཟིང་འུར་བའི་དུས། །བར་ཆད་འབྱུང་སྲིད་དེ་དུས་རིམ་གྲོར་གཟོབ། །གཉིད་གཡེར་ཤེས་པ་རྩུབ་ཅིང་བག་གྲང་དུས། །བར་ཆད་འབྱུང་སྲིད་དེ་
དུས་རིམ་གྲོར་གཟོབ། །མ་དག་འཁོར་གྱི་ལོག་སྒྲུབ་སེམས་འཁྲུགས་དུས། །བར་ཆད་འབྱུང་སྲིད་དེ་དུས་རིམ་གྲོར་གཟོབ། །འདབ་ཆགས་ལ་སོགས་ལྟས་ངན་མཚན་མའི་དུས། །བར་ཆད་འབྱུང་སྲིད་དེ་དུས་རིམ་གྲོར་གཟོབ། །རྩོག་གྲིབ་མནོལ་གྱིས་གནོད་པའི་ངོ་འདུག་པས། །དུས་ཀུན་རྟག་ཏུ་དེ་ལ་སྒྲིམ་པར་མཛོད། །གཏེར་རྙིང་ཆད་དུ་ཉེ་རྣམས་རྩད་གཅོད་མཛོད། །རང་ལུགས་བཟུང་ཡོད་ཇོ་མོ་དང་སེར་ཁྱིམ་རྣམས་ཀྱིས་རང་ཚུགས་བཟུང་ནས་སྒྲིག་ཡོད་པར་ཁྱོད་ཚོ་ཅུང་ཟད་དྲགས། །སོར་བྱང་སྔགས་ཀྱི་བཤད་སྲོལ་ཕྱག་ལེན་རྣམས། །ཚིག་དོན་དཔྱིས་ཕྱིན་ཡང་ཡང་གདར་ཤ་ཆོད། །མཐོང་གྲོལ་རྟེན་དང་མྱོང་གྲོལ་དམ་རྫས་རྣམས། །སྙིགས་མའི་འགྲོ་ལ་འགྲོ་དོན་ཡང་ཡང་མཛོད། །པད་འབྱུང་བཞེད་དོན་ཕྲིན་ལས་བསྒྲུབས་པ་ཡིན། །ཁྱད་པར་ཁྲེགས་ཆོད་ཐོད་རྒལ་ཟབ་མོའི་ལམ། །རང་ལུགས་རྙིང་མར་མེད་མི་རུང་བའི་སྲོག །འཛིན་སྐྱོང་སྤེལ་ལ་ཐུགས་གཡེང་མེད་པར་མཛོད། །སྒྱུ་མ་རྨི་ལམ་
འོད་གསལ་བར་དོ་དང་། །རྩ་རླུང་ལ་སོགས་མྱུར་ལམ་སྔགས་ཀྱི་མཆོག །ཞུན་མཐར་བཅད་ཅིང་ཉམས་སུ་བཞེས་པར་མཛོད། །དད་དང་དམ་ཚིག་ངེས་འབྱུང་སྐྱོ་ཤས་དག །རྣམ་ཀུན་དགོས་ཞེས་རྗེ་བཙུན་གོང་མས་གསུངས། །དུས་ངན་སྙིགས་མ་ལྔ་བདོའི་སྐབས་འདིར་ནི། །བར་ཆད་གློ་རྡེག་ནམ་ཡང་ཤེས་དཀའ་བས། །སྐུ་ཚེ་སྲིང་ཐབས་ཚེ་སྒྲུབ་རྔོ་ཐོགས་གཅེས། །མ་དག་འཁོར་གྱིས་བསམ་ཚད་བསྒྲུབས་པ་ན། །སྲེད་པ་ཅན་ནི་ཆོག་མེད་ནོར་ལ་དགའ། །རྟག་འཛིན་ཅན་ནི་ཆེ་ཐབས་མཛེས་ཐབས་འབད། །ལེ་ལོ་ཅན་ནི་དོན་མེད་གཡེང་ལ་དགའ། །ཕྱི་མ་བརྗེད་རྣམས་ཚེ་འདིའི་སྣང་བར་འབྱམས། །རང་དོན་ནོར་བ་ཅན་ནི་དོན་གཉེར་བརྩོན། །རྒྱུ་འབྲས་མི་ཤེས་མཁན་རྣམས་ཆོས་ལ་གནག །སེམས་ཆུང་རང་འདོད་ཅན་རྣམས་དགའ་ཕྱོགས་སྨོན། །མགོན་ཁྱེད་དེ་ལྟའི་དབང་དུ་ཅི་སྟེ་རུང་། །སློབ་དཔོན་པདྨས་ལྷ་སྲས་ལ་གདམས་པ། །ཕུགས་བསམ་ལྷག་པའི་ཕོ་ཚོད་བདག་ལ་མེད། །རང་གིས་ཐག་ཆོད་གྲོས་མ་འདྲི་ཞེས་གསུངས། །དགུང་
ལོ་ནར་སོན་ཐུགས་བསམ་གཟོབ་པའི་དུས། །པད་འབྱུང་གསུང་དེ་བསྒྲུབ་བྱར་འོས་སམ་སྙམ། །འོད་གསལ་སྒྲུབ་སྡེ་བདེ་སྐྱིད་ཕུག་ནག་གསུམ། །གར་སྒྲུབ་གནས་ལ་ཁྱད་ཆེར་མི་འདུག་ཀྱང་། །བདེ་སྐྱིད་གླིང་དུ་ཅུང་ཟད་ལ་དགའ་སྙམ། །ཁོ་བོས་དབང་ཕྱུག་ཐོག་མར་ཁྱེད་ལ་ཕུལ། །དཔེ་རྒྱུན་གཞན་ལ་གསང་ཞིང་སྐབས་འགར་སྒྲུབས། །བདུད་བཞི་རྣམ་རྒྱལ་དྭངས་མ་བཅུད་འདྲེན་སྒྲུབས། །ཟབ་མྱུར་རྟགས་ལྡན་ཚེ་སྒྲུབ་སྒྲུབ་མི་རྣམས་ལ་ཐེ་ཚོམ་མེད་ན་འཆི་བདག་གི་ཁར་ཚུད་ཀྱང་ཚེ་སྲིང་ཐུབ་ངེས་བསླུ་བ་མེད་པ་ཡིན་ཉི་ཟླ་ཁ་སྦྱོར་ནི། །ལོ་རེར་ཅིས་ཀྱང་བདུན་མཚམས་ཆག་མེད་མཛོད། །སྤྱན་རས་གཟིགས་ལ་མ་ཎིའི་ལུང་འདྲེན་བཞིན། །ཡིན་ནའང་ནང་ལུགས་དམ་ཚིག་གཙང་བའི་ཕྱིར། །དཔའ་བོ་ལས་རབ་རྩལ་གྱིས་ཕུལ་བའོ། །ལས་རབ་བདག་གི་སྙིང་གཏམ་འདི་ཕུལ་བ། །ཐུགས་དགྱེས་པ་ཡི་རོལ་མོ་མཛད་པར་ཞུ།། །། ༈ རིགས་ཀུན་ཁྱབ་བདག་མཚུངས་མེད་ཆོས་ཀྱི་རྗེ། །པདྨའི་མཚན་ཅན་རྡོ་རྗེ་འཆང་དེར་འདུད། །དམ་གཙང་དད་ལྡན་དགེ་བའི་ལས་འཕྲོ་ཅན། །བླ་མ་པདྨ་བརྩོན་
འགྲུས་གང་གིས་ནི། །སྙན་པའི་ངག་གིས་ཚིག་དོན་རབ་བཀྲ་བ། །རྗེ་བཙུན་རིག་འདུས་ཞལ་ཐང་དང་བཅས་པ། །འདིར་སོན་ཁོ་བོའི་ཡིད་རབ་དགའ་བའི་སེམས། །ཁྱོད་ཉིད་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ལེགས་ཐོས་ཤིང་། །སྔོན་གོམས་དགེ་ལ་སྤྱོད་པའི་གང་ཟག་ལ། །བདག་འདྲའི་གེགས་སེལ་བོགས་འདོན་འོས་མ་མཆིས། །ཇི་བཞིན་གསུངས་པ་ཇི་བཞིན་སྙིང་པོའི་དོན། །འོན་ཀྱང་གང་གི་ཞལ་ངོ་མི་ལྡོག་ཙམ། །འབྲོག་པ་རྒན་པོའི་འཁྱལ་གཏམ་འདི་ལྟ་བུ། །ལྟ་བའི་རང་བཞིན་ངོས་བཟུང་ཕྱོགས་ལྷུང་བྲལ། །སྒོམ་པའི་རང་བཞིན་མི་གཡོ་སེམས་འཛིན་མེད། །སྤྱོད་པའི་རང་བཞིན་ཐོགས་ཆགས་ཀུན་དང་བྲལ། །འབྲས་བུ་བྲལ་ཐོབ་མེད་པའི་ངེས་པ་རྙེད། །འདི་དག་ལྟ་སྒོམ་སྤྱོད་པའི་འཕྲོས་དོན་ཡིན། །སེམས་ཉིད་རིག་པ་བརྗོད་པ་ཀུན་བྲལ་ཞིང་། །འདི་ཡི་ངང་གནས་རྫོགས་ཆེན་ཆོས་སྐུའི་ཀློང་། །སེམས་འབྱུང་སེམས་འཁྲུལ་སྣ་ཚོགས་སེམས་ཅན་དེ། །གང་ཤར་མ་བཅོས་རང་བབ་ཅི་བདེར་ཞོག །
དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །ཡེ་གྲོལ་ཡོངས་གྲོལ་རང་བཞིན་ངང་གིས་གྲོལ། །བསྒོམ་བྱ་སྒོམ་བྱེད་མེད་པ་ཆོས་སྐུའི་ངང་། །བཅོས་བསྒྱུར་འཇུར་བུའི་མཚན་མ་ཀུན་ཞི་བ། །འདི་ཚུལ་རང་ལུགས་སྙིང་ཐིག་དགོངས་པར་བཞེད། །སྟོང་དང་མི་སྟོང་མེད་པར་མ་རྟོགས་ཤིང་། །བཟོ་མེད་ལྷུག་པ་མ་ཤེས་བཅོས་བསྒྱུར་མང་། །སངས་རྒྱས་རང་ལས་མ་རྙེད་གཞན་དུ་ཚོལ། །དེང་སང་འདི་འདྲའི་ལམ་ངན་འཕེལ་བས་ནོངས། །ཁྱོད་ཉིད་གཞོན་ནུའི་དུས་ནས་ལས་འཕྲོ་སད། །དེང་སང་སྙིང་ཐིག་ངེས་དོན་ཚུལ་འདི་རྨད། །རྟགས་མཐོང་དམ་རྫས་སྲུང་མདུད་ཚིགས་བཅད་ཕྲེང་། །སྤྲང་རྒན་འཁྱམས་པོ་ཕྲིན་ལས་མིང་གིས་ཕུལ། །དགེའོ།། །། ༈ རྗེ་བསླབ་གསུམ་རྣམ་དག་རྒྱན་གྱིས་སྤྲས། །ཐུགས་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྫོགས། །སྤྲང་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱིས་བྱིན་གྱིས་རློབས། །ཚིག་དེ་ལ་བླ་མའི་མཆོད་པ་མཛོད། །དོན་འདི་ལ་ནམ་མཁའ་ཆོས་དབང་སོམས། །སྤྱིར་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས། །
རང་ཐར་འདོད་བརྩོན་པའི་སྙིང་རུས་གྱིས། །སྤྱིར་སྣོད་བཅུད་འཇིག་པའི་རང་བཞིན་ཡིན། །རང་བློ་སྣ་བསྟུང་ཞིང་ཆོས་ལ་རེམ། །བྱམས་སྙིང་རྗེ་བྱང་ཆུབ་སེམས་གཉིས་སྒོམས། །སྐྱབས་སངས་རྒྱས་ཀུན་འདུས་བླ་མ་ལ། །སེམས་དད་པས་སྙིང་ནས་གསོལ་བ་ཐོབ། །ལམ་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ། །ལས་རྣམ་སྨིན་གྱི་བག་ཆགས་དེ་ཡིས་སེལ། །མཆོག་ཐུན་མོང་གི་དངོས་གྲུབ་དེ་ཡིས་ཐོབ། །ལར་འཕྱོར་ཆོས་གཡེང་ཆོས་ལབ་ལོབ་ཀྱིས། །གནད་རང་ཐོག་ལ་བབ་དུས་མི་ཕན་པས། །ཁྱོད་དེ་ལྟའི་རྗེས་སུ་མ་འབྲངས་པར། །སེམས་བདེ་སྡུག་གི་སྣང་བ་ཅི་ཤར་ཡང་། །ཡིད་ནང་དུ་བསྡུས་ནས་མ་བཙིར་བར། །བློ་རྩོལ་སྒྲུབ་དང་བྲལ་བའི་ངང་ཉིད་ལས། །དེ་གུ་ཡངས་དང་གཏད་མེད་ངང་དུ་ཁྱེར། །ཐབས་གདམས་ངག་གི་གནད་དུ་ཟིན་པ་ཡིན། །དེས་རྐྱེན་ངན་ཀུན་ལམ་དུ་སློང་བ་དང་། །དེས་བར་ཆད་ཀུན་དངོས་གྲུབ་ཉིད་དུ་གྱུར། །རྗེ་གོང་མ་རྣམས་ཀྱི་ཞལ་གདམས་ཏེ། །བདུད་ངས་ཀྱང་གསང་ཚིག་སྙིང་གི་ནོར། །ཁྱོད་ཉམས་ལེན་
མཐར་ཐུག་དེ་ལ་མཛོད། །ཅེས་པ་འདི་དད་ལྡན་ནམ་མཁའ་ཆོས་དབང་ལ་ལས་རབ་རྩལ་གྱིས་གདམས་པའོ།། །། ༈ ད་ཡང་གདམས་ངག་ལ་ན་ཚ་དང་སྡུག་བསྔལ། བདེ་སྐྱིད་དང་དགའ་སྣང་། རྣམ་པ་སྣ་ཚོགས་ཅི་ཤར་ཡང་ངོ་བོ་དེ་ལ་ཅེར་གྱིས་བལྟས་ནས་ལྷོད་ཀྱིས་གློད་ལ་ཅི་ཡང་མེད་པའི་སྟོང་པའོ། །ཚིག་ཏུ་སྨྲར་མི་གཏུབ་པའི་རང་གསལ། ཡེ་ནས་གནས་པའི་གཉུག་མ་ད་ལྟའི་ཤེས་རིག་སོ་མ་དེ་ཉིད་དེར་འཛིན་གྱི་འཁྲིས་མ་ཞུགས་པར་གཏད་མེད་གུ་ཡངས་ཆེན་པོའི་ངང་དུ་སྐྱོངས་ཤིག །སྐབས་སུ་སྤྱི་བོར་ཨོ་རྒྱན་བསྒོམ་ཞིང་ཁྱེད་ཤེས་ཀྱི་དད་པ་དྲག་པོའི་ཚིག་བདུན་མའི་གསོལ་བ་ཡང་ནས་ཡང་དུ་གདབ་ཅིང་མཐར་པད་འབྱུང་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མའི་སྐུ་དང་རང་རང་གི་ལུས་འདྲེས། གསུང་དང་ངག་འདྲེས། ཐུགས་དང་སེམས་འདྲེས་དབྱེར་མེད་རོ་གཅིག་ཏུ་གྱུར་པར་དམིགས་ནས་དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་དང་བྲལ་བར་ཡེ་བབས་རྩོལ་བྲལ་སྒོམ་མེད་ཀློང་ཡངས་ཆེན་པོ་ལ་ཟློས་ཤིག །ཅེས་དད་པ་ཅན་ནམ་མཁའ་ཆོས་དབང་ལ་སངས་
རྒྱས་རྡོ་རྗེ་འཆང་ཆེན་པོ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོར་ཡུན་རིང་དུ་བསྟེན་པའི་ཕྲིན་ལས་སམ་ཆོས་དབྱིངས་དྲི་མེད་དམ་བདུད་རྒན་དུ་གྲགས་པས་རྨོངས་ཚིག་འགའ་ཞིག་གདམས་པར་བཏགས་ནས་བྱིན་པ་མངྒ་ལཾ།། །། ༈ བཀའ་དྲིན་མཚུངས་མེད་རིན་པོ་ཆེ། །བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །ཆོས་མཛད་བསོད་ནམས་ནོར་བུ་ཡི། །ཉམས་ལེན་ཡིག་ལན་བརྗོད་པ་ནི། །དལ་འབྱོར་ལྡན་པའི་མི་ལུས་ལ། །ལྷ་ཆོས་སྙིང་པོ་ལེན་པར་མཛོད། །འཆི་བ་མི་རྟག་བློ་བཞག་ནས། བློ་སྣ་བསྟུང་ཞིང་ཆོས་ལ་འབུངས། །འཁོར་བ་སྡུག་བསྔལ་རང་བཞིན་ཡིན། །སྙིང་ནས་ཞེན་པ་ལོག་འཚལ་ལོ། །གཏན་བདེ་ཐར་པའི་གོ་འཕང་ལ། །ད་རེས་ཚེ་འདིར་བགྲོད་པར་གཅེས། །གཞི་ལ་དད་པ་བརྟན་པོ་དགོས། །ལམ་དུ་སྙིང་རྗེ་སེམས་བསྐྱེད་དགོས། །འབྲས་བུ་ཆོས་མཐར་ཕྱིན་པ་དགོས། །ཚེ་འདིའི་བྱ་བ་ཐམས་ཅད་ལ། །སྙིང་པོ་མེད་པར་ཤེས་ཀྱང་འཚལ། །ཀུན་རྫོབ་འདུས་བྱས་ཐམས་ཅད་ཀུན། །འཇིག་པའི་ཆོས་སུ་ཤེས་ཀྱང་འཚལ། །རང་དོན་བསྒྲུབ་བྱ་ཀུན་གྱི་མཆོག །དགེ་སྒྲུབ་སྡིག་སྤངས་འབད་ཀྱང་
འཚལ། །སྐྱོ་བན་ཡོངས་ལ་དགོས་པའི་ཆོས། །ཁ་ཏོན་བཟླས་བརྗོད་ནན་ཏན་འཚལ། །རྒྱུད་ལ་བྱིན་རླབས་ཞུགས་དགོས་པས། །གསོལ་འདེབས་བླ་མའི་རྣལ་འབྱོར་རེམ། །ཆོས་ནི་ལམ་དུ་འགྲོ་བའི་ཕྱིར། །ཚོགས་གསོག་སྒྲིབ་སྦྱོང་རྒྱུན་དུ་རེམ། །དགེ་བ་གོང་དུ་འཕེལ་བའི་ཕྱིར། །རྗེས་སུ་ཡི་རང་བསྔོ་སྨོན་བྱ། །འཆིང་ཐག་བདེན་ཞེན་འཇིག་པའི་ཕྱིར། །སྒྱུ་མ་རྨི་ལམ་རྩལ་སྦྱང་ཟབ། །རང་ལ་མེད་དེ་གཞན་ལ་འཆད།། །། ༈ ཀྱེ་ཧོ་གྲོགས་དག་དྲན་རིག་འགྱུ་བའི་སེམས། །བུ་ཆུང་བཞིན་དུ་རང་བབ་གང་དགར་ཐོངས། །དྲན་བསམ་འཛིན་བྲལ་སྨྱོན་པའི་བརྟུལ་ཞུགས་གཅེས། །གང་བབ་གང་བྱུང་ཐོག་བབས་ཆེན་པོར་ཐོངས། །རང་བབས་ལྷོད་ཆགས་རྒན་པོའི་ངང་ཚུལ་ཅན། །གཟེབ་བྲལ་ཁོང་ཡངས་གང་ཤར་རང་བབས་ཐོངས། །རྣལ་འབྱོར་ཆེན་པོའི་དགོངས་ཀློང་ཡངས་པ་ཡིན། །སྣ་ཚོགས་དྲན་རིག་ཐམས་ཅད་ཡེ་ཤེས་དངོས། །རང་ཤར་རང་གྲོལ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་ངང་ཡིན་ཡེ་ནས་གནས་པ་ཡིན། །དེ་ལྟར་ཀུན་བཟང་ཉིད་ལས་གཞན་པའི་
ཆོས། །རྡུལ་ཙམ་མི་རྙེད་ཡེ་ནས་སངས་རྒྱས་ཡིན། །དེ་ལྟར་ཤེས་ཏེ་འཆིང་གྲོལ་ཀུན་ལས་འདས། །རང་བཞིན་གཞི་ཡི་དགོངས་ཀློངས་ཡངས་པ་ཡིན། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལ། །དམིགས་གཏད་ཞེན་ཆགས་མེད་པའི་སྣང་བ་ཤར། །འདི་ཡིན་གཟའ་གཏད་མེད་པས་ཉམས་རེ་དགའ། །སྣང་སེམས་ཡེ་ནས་གྲོལ་བས་བློ་རེ་བདེ། །མ་བཙལ་ལྷུན་གྱིས་གྲུབ་པས་བག་རེ་དྲོ། །བདེ་ཆེན་རྒྱུན་ཆད་མེད་པས་བྱིན་རེ་ཆེ། །འདི་ལྟར་སེམས་དང་ཡུལ་གྱི་སྣང་བ་ལ། །སེམས་ཉིད་རང་ངོ་ཤེས་ན་ཡེ་ཤེས་ཡིན། །སྤང་བླང་འཛིན་པ་མེད་ན་ཆོས་སྐུ་ཡིན། །རྩོལ་སྒྲུབ་རེ་དོགས་བྲལ་ན་རང་གྲོལ་ཡིན། །གཞི་རྩ་དངོས་འཛིན་སྟོང་ན་འབྲས་བུ་ཡིན། །ཀ་དག་དང་ནི་ལྷུན་གྲུབ་ཐོད་རྒལ་གྱི། །འཁྲུལ་གྲོལ་གནད་དུ་འདི་ལ་གཅེས་པར་བཟུང་།། །། ༈ ཀྱེ་ཀྱེ་གདོད་མའི་ཀ་དག་འཕོ་འགྱུར་མེད་པ་དེ། །ལྷན་སྐྱེས་མ་རིག་མུན་པས་མ་བསྒྲིབས་ཤིང་། །ཤེས་རབ་ཆ་ལ་རྟོག་པ་མ་འགྱུས་ལ། །ཆགས་སྡང་རླུང་གིས་གཟུང་འཛིན་མ་བྱས་
ན། །ཁམས་གསུམ་རིགས་དྲུག་བདེ་སྡུག་ཅི་སྟེ་མྱོང་། །མ་བྱས་ལྷུན་གྲུབ་རིག་པས་མ་ཟིན་པའི། །སྒྲ་འོད་ཟེར་སོགས་བར་དོའི་སྣང་བ་ཀུན། །ཡུལ་དང་ཡུལ་རྐྱེན་རིགས་དྲུག་གནས་དང་རྟེན། །ཀུན་རྫོབ་རྫུན་གྱི་རི་མོ་ཅིར་ཡང་ཤར། །རྨི་ལམ་དང་ནི་སྒྱུ་མ་ཇི་བཞིན་ནོ། །ཀ་དག་རང་ངོ་ཤེས་པས་ཆོས་སྐུར་གྲོལ། །ལྷུན་གྲུབ་རིག་པའི་གཟེབ་ཐེམ་རྡོས་བཅས་འཛད། །འདི་ནི་ཀ་དག་དང་ནི་ལྷུན་གྲུབ་ཀྱི། །འཁྲུལ་གྲོལ་གནད་ཀྱི་མན་ངག་སྦས་ཆོས་ཡིན། །ཕྱི་རབས་རྣམས་ཀྱིས་འདི་ལ་གཅེས་པར་ཟུང་། །ལུས་བཅོས་ངག་སྡམ་སེམས་ཀྱི་ཕན་གནོད་འདོམ། །མན་ངག་དེ་ནི་ཁམས་གསུམ་སྒྲུབ་ཐབས་ཡིན། །ཆེད་འཛིན་དམིགས་གཏད་ཀུན་བྲལ་རང་གའི་ངང་། །སྤང་བླང་དགག་སྒྲུབ་ཞིག་པ་རྫོགས་ཆེན་གྱི། །མན་ངག་ཟབ་མོའི་གནད་ཀྱི་ཞལ་ཐེམ་ལགས། །སེམས་ཉིད་རང་ངོ་ཤེས་ན་ཡེ་སངས་རྒྱས། །མ་བྱས་ལྷུན་གྲུབ་རང་ཆས་འོད་ལྔ་དེ། །བདག་ཏུ་གཟུང་བའི་འདོད་པས་མ་ཞེན་ཅིང་། །ང་རྒྱལ་རྒྱགས་ཤིང་སེར་སྣས་མ་བསྒྲེན་དང་། །གཞན་དུ་བཟུང་ནས་དེ་ལ་ཞེ་
སྡང་དང་། །ཕྲག་དོག་མིག་སེར་རྐྱེན་ཕྱིར་མ་འབྲངས་ན། །ཡུལ་དང་ལུས་དང་འཁོར་བར་ཅི་སྟེ་གྲུབ། །བར་དོར་ཤར་བའི་སྒྲ་འོད་ཟེར་གསུམ་རྣམས། །རང་སྣང་བདུད་དུ་ལངས་བས་མ་དཀྲུགས་ན། །སྲིད་པའི་བདེ་བ་ལུགས་སུ་འབྱུང་བ་ནི། །སྣ་ཚོགས་ཅི་སྟེ་གྲུབ་ཏུ་ཅི་སྟེ་འབྱམས། །རྒྱུད་འདི་ཕབ་དུས་རྟེན་འབྲེལ་གྱིས་མ་བྱུང་མ་གཏོགས་འཇམ་དཔལ་ཞི་སྒྲུབ་ཀྱི་རྫོགས་རིམ་ཡིན། འདི་རྫོགས་ཆེན་རྒྱུད་ལྟར་བཤད་པ་ཡིན། འཆི་མེད་དོན་ཁྲིད་རྫོགས་ཆེན་ལག་ལེན་ལྟར་བཤད་པ་ཡིན་ནོ།། །། ༈ བླ་མ་རྡོ་རྗེ་འཛིན་ལ་འདུད། །མཆོག་སྤྲུལ་ནམ་མཁའི་མཚན་ཅན་གྱིས། །ཞལ་གདམས་དགོས་ཞེས་བཀའ་ཕེབས་ཀྱང་། །བདག་འདྲའི་དབུལ་བར་ག་ལ་ནུས། །དེང་སང་རང་གིས་མྱོང་བ་རྣམས། །མཆོད་པའི་ཚུལ་གྱི་རྟོགས་འབུལ་ཞུ། །རྣམ་རྟོག་འཁྲུལ་བའི་རླུང་རྒོད་ཞི། །བྱིང་རྨུགས་འཐིབས་པའི་སྤྲིན་ཚོགས་དེངས། །དོགས་སེལ་ཐེ་ཚོམ་བསྒྲུབ་བྱ་ཟད། །ཉམས་ཞེན་འཛིན་པའི་འཇའ་ཚོན་ཡལ། །སྒོམ་བློས་བསྡམས་པའི་འཆིངས་ཐག་ཆད། །རང་ངོ་མ་ཤེས་མུན་པ་སངས། །ཡིད་དཔྱོད་བློ་ཡི་རི་མོ་དག །ཡིད་ཆོས་མཆོག་
འཛིན་རློམ་སེམས་ཞི། །ད་ལྟ་རང་བབས་གྱིན་འདའི་ངང་། །མ་བཅོས་མ་བསླད་ཀློང་ཡངས་པ། །སྤྲོས་བྲལ་ཆེན་པོར་ལྷུན་གྱིས་གྲུབ། །བརྗོད་དུ་མེད་ཅིང་ཚིག་ལས་འདས། །མཉམ་ཉིད་དགོངས་པ་ཤུགས་ལ་ཤར། །སངས་རྒྱས་མ་བཙལ་རང་ལས་རྙེད། །རང་གསལ་ཡེ་ཤེས་ཁྲི་གདུགས་བརྡལ། །འཁོར་འདས་གཉིས་ཀའི་གོལ་ས་ཆོད། །ཉམས་རྟོགས་རྡོ་རྗེའི་གླུ་དབྱངས་འདིས། །བླ་མ་མཉེས་པའི་མཆོད་པ་མཛོད། །མཁའ་འགྲོ་དགྱེས་པའི་དགའ་སྟོན་མཛོད། །སྒྲུབ་བརྒྱུད་བསྟན་པའི་ཆེ་བ་མཛོད། །ཆང་རྒན་སྨྱོན་པའི་བྱུང་རྒྱལ་འདི། །མཁྱེན་ལྡན་ཐུགས་ཀྱིས་མ་ཁྲེལ་ཞུ། །བསྟན་དང་བསྟན་འཛིན་ཞབས་བརྟན་ཤོག །མངྒ་ལཾ།། །། ༈ འཕགས་མཆོག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ང་དག་ལོ་གསུམ་དུས་ནས་འབྲུག་པ་ཡི། །ཀརྨ་ཕྲིན་ལས་སྐྱེ་བ་ཡིན་ཞེས་བསྒྲགས། །ལོ་ལྔའི་དུས་ན་གཤར་རྫབ་འབྲི་འདོན་དག །མ་བསླབས་རང་བབས་ཤེས་པར་བྱུང་བ་དང་། །དབང་ཁྲིད་འཆད་དང་རླུང་སོགས་འཛིན་སྟངས་བྱེད། །རཏྣ་གླིང་པ་ཡིན་སོགས་ལན་མང་བསླབས། །
འཁྲུལ་སྣང་དཀར་པོ་རྨི་ལམ་དུས་འགའ་རེ། །དཀོན་མཆོག་འབྱུང་གནས་སྐྱེ་བར་ལུང་བསྟན་བྱུང་། །ལན་གཅིག་རྨི་ལམ་སྤྱན་རས་གཟིགས་མཇལ་དུས། །རྒྱ་གར་ཡུལ་དུ་ཞི་བའི་གོ་ཆ་དང་། །བོད་དུ་བོ་དྷི་རཱ་ཛར་སྐྱེས་སོ་གསུངས། །ཡང་ཅིག་ཁྲི་ཤོར་མཚོ་སྔོན་འགྲམ་དུ་ནི། །དམ་ཅན་སྐྱེས་མཆོག་རྡོ་རྗེ་ལེགས་པ་ཡིས། །ཀརྨ་རང་བྱུང་ཕྲིན་ལས་སྤྲུལ་པ་ནི། །ཁྱོད་ཡིན་ཟེར་བ་ཤིན་ཏུ་གསལ་བར་བྱུང་། །སྐབས་ཤིག་རྨི་ལམ་པུ་ཏྲ་ཡིན་ཟེར་བའི། །བྱིས་པ་བཀྲག་ཅན་གོས་དཀར་གྱོན་པ་ཡིས། །ཁྱོད་ནི་ས་སྐྱ་བསོད་ནམས་རྒྱལ་མཚན་གྱི། །སྐྱེ་བ་ཡིན་ཟེར་རིག་བྱེད་ལྷ་མོ་ཡི། །ཡིག་ཆ་ཞིག་ཀྱང་གཏད་པའི་སྣང་བ་བྱུང་། །དེ་ལྟར་བཤད་པའི་ཚིག་རྣམས་འདི་དག་ནི། །ལྷ་བདུད་ཆོ་འཕྲུལ་ཅི་ཡིན་ཤེས་དཀའ་ཡང་། །བསླད་མེད་དྲང་པོར་བཤད་པ་ངེས་ཅན་ཡིན། །ཁྱབ་བདག་བླ་མ་དབོན་གྱི་མཆོག་སྤྲུལ་གྱིས། །ཁྱོད་ཀྱི་སྐྱེ་ཕྲེང་དགོས་ཞེས་ནན་ཕེབས་པར། །ཕྲིན་ལས་བདག་གིས་གྲོང་ཚིག་དུམ་ཆོད་དུ། །བྱས་ནས་ཕུལ་འདི་རྟག་ཏུ་ཤིས་
གྱུར་ཅིག། །། ༈ རྣམ་འདྲེན་དབོན་སྤྲུལ་རིན་པོ་ཆེ། །རྒྱལ་བ་ཚེ་མཐའ་ཡས་པ་བཞིན། །སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག །མཁན་ཆེན་བྷོ་དྷི་ས་ཏྭ་བཞིན། །བསྟན་པ་འཛིན་པའི་བཀྲ་ཤིས་ཤོག །གུ་རུ་པདྨ་འབྱུང་གནས་བཞིན། །ནུས་མཐུ་ཐོགས་མེད་བཀྲ་ཤིས་ཤོག །པཎ་ཆེན་བི་མ་མི་ཏྲ་བཞིན། །སྣང་བཞི་མཐར་ཕྱིན་བཀྲ་ཤིས་ཤོག །བཻ་རོ་ཙ་ན་སྐ་ཅོག་བཞིན། །ཆོས་སྤྱན་ཡངས་པའི་བཀྲ་ཤིས་ཤོག །ཉང་དང་ཆོས་དབང་ཀུན་མཁྱེན་བཞིན། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོག །གྲུབ་ཆེན་དབོན་དང་ཉི་སྤྲུལ་བཞིན། །སྒྲུབ་བརྒྱུད་རྒྱས་པའི་བཀྲ་ཤིས་ཤོག །མཆོག་སྤྲུལ་བསྟན་པའི་ཉི་མ་ཡིས། །བཀྲ་ཤིས་དགོས་ཞེས་ཕེབས་པ་ལ། །ལས་རབ་རྩལ་གྱིས་ཕུལ་བའོ། །མངྒ་ལཾ།། །། ༈ སྐྱབས་མཆོག་དམ་པ་ཀུན་གྱི་ངོ་བོ་ཉིད། །སྐུ་དྲིན་འཁོར་བ་མེད་པའི་རིན་པོ་ཆེ། །ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཞབས་ལ་འདུད། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཞུ། །འཁོར་བ་སྡུག་བསྔལ་རང་བཞིན་ཤེས་པ་དང་། །ཐར་པའི་རྟེན་བཟང་དལ་འབྱོར་རྙེད་དཀའ་ཞིང་། །
མི་རྟག་སྐྱོ་ཤས་རྒྱུ་འབྲས་སྤང་བླང་དང་། །མོས་གུས་དད་དང་ཚད་མེད་སྙིང་རྗེ་སོགས། །རྣམ་དཀར་དགེ་ལ་རྣམ་ཀུན་འབུངས་པ་ནི། །བསམ་པ་ཡང་རབ་བྱས་པ་དོན་ལྡན་ཡིན། །དེ་སོགས་ཁྱོད་ཀྱིས་ཐུགས་ལ་གཅགས་པར་ཞུ། །དོན་ལྡན་ལྟ་བའི་སྒོམ་ཚུལ་ཟུར་ཙམ་ནི། །སེམས་ཉིད་མཐའ་ཀུན་བྲལ་རྟོག་ལྟ་བ་ཡིན། །སྒོམ་མེད་ཡེངས་མེད་བརྗོད་མེད་སྒོམ་པ་ཡིན། །གང་ཤར་ལམ་ཁྱེར་བྱེད་པ་སྤྱོད་པ་ཡིན། །འབྲས་བུ་འབྲས་ཐོབ་མེད་རྟོགས་རང་ལ་རྙེད། །དེ་ལ་ལྟ་སྒོམ་འབྲས་བུའི་གནད་འགག་མཛོད། །ཇི་ལྟར་མྱང་འདས་གོ་འཕང་ཐོབ་ཀྱི་བར། །མོས་གུས་བླ་མའི་རྣལ་འབྱོར་འབྲལ་མེད་དགོས། །གེགས་དང་གོལ་ས་ཐམས་ཅད་ཞི་བ་དང་། །ཉམས་དང་རྟོགས་པའི་ཡོན་ཏན་སྐྱེས་པ་ལ། །ཐབས་མཆོག་འདི་ཉིད་རྨད་ཅེས་རྒྱ་ཆེར་གསུངས། །གཞན་ཡང་ཡང་རྩེ་རྫོགས་ཆེན་ཉམས་སུ་བཞེས། །དྲང་དོན་མེད་བཞིན་རྒྱུ་འབྲས་ཞིབ་པ་དང་། །ཐེག་ཆེན་རྩ་བ་སྨོན་འཇུག་སེམས་བསྐྱེད་སྦྱོང་། །སྔགས་ཀྱི་རིམ་པའི་ཏིང་འཛིན་བཟླས་བརྗོད་
དང་། །ལྟ་བའི་ཡང་རྩེ་རྫོགས་ཆེན་ཉམས་སུ་བཞེས། །དེ་ལྟར་གྲོང་ཚིག་དུམ་ཆོད་བྱས་པ་འདི། །གཉེར་བ་མཁྱེན་རབ་ཉི་མའི་ཐུགས་བཞེད་ལྟར། །ཞལ་གདམས་དགོས་ཞེས་བསྐུལ་བ་ལ་བརྟེན་ནས། །ཕྲིན་ལས་བསྟན་དར་བདག་གིས་བཀོད་པ་ཡིས། །དགེ་བས་ཁམས་གསུམ་འགྲོ་དྲུག་མ་ལུས་ཀུན། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །མངྒ་ལཾ།། །། ༈ བདེ་གཤེགས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །དོན་གྱི་རྡོ་རྗེ་འཛིན་མཛད་པདྨའི་མཚན། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀར། །གུས་པས་འདུད་དོ་བརྩེ་བའི་སྤྱན་གྱིས་གཟིགས། །པད་འབྱུང་བི་མ་ཀློང་རབ་ཉི་སྤྲུལ་གྱི། །བཞེད་པ་ཆང་རྒན་སྨྱོན་པས་གླུ་རུ་ལེན། །ཡེ་ནས་ཀ་དག་རང་དང་འདུ་འབྲལ་མེད། །རང་གིས་རང་ཉིད་མ་མཐོང་བླུན་པ་དག །མདུན་དུ་བཞག་ནས་རྒྱབ་ཏུ་མ་ཚོལ་གྱི། །ཟབ་ཅིང་ཕྲ་བའི་རིག་པའི་ཡེ་ཤེས་ནི། །ཀུན་རྟོག་འཕྲོ་འདུས་ཐབས་ཀྱིས་མི་ཟིན་གྱི། །སྒོམ་མཁན་དམིགས་བློས་ཇི་བཞིན་མི་རྟོགས་ཀྱི། །གཅོད་མཁན་དམིགས་བློས་ཇི་བཞིན་མི་
རྟོགས་ཀྱི། །གཅོད་མཁན་ཐོ་ཅོའི་ལམ་དེས་མི་མཐོང་ལ། །སྔགས་མཁན་སྤྲོ་བསྡུས་གཟེབ་དེས་མི་མཇལ་ཞིང་། །གྲུབ་ཐོབ་གཡོ་སྒྱུ་མཁན་དེས་མི་མཁྱེན་ལ། །སྡུག་སྒུར་ཆོས་གཟུགས་རྨུན་པོས་མི་ཤེས་ཤིང་། །ཐོས་མང་མགོ་འཁོར་བླུན་པོའི་སྤྱོད་ཡུལ་མིན། །ལས་ཅན་རིགས་སད་སྐྱེས་བུ་དམ་པ་ལ། །རང་རྒྱུད་སྨིན་པའི་རྡོ་རྗེ་སློབ་དཔོན་གྱིས། །སྐད་ཅིག་བྱ་རྫོགས་ཡེ་ཤེས་ངོ་སྤྲོད་པའི། །ཕྱི་ནང་གཟེར་བུ་ཐེབས་ནས་དེ་ཕྱིན་ཆད། །ཐེ་ཚོམ་བློ་ཟད་རིམ་བགྲོོད་ཐེམ་སྐས་མེད། །མི་གཡོ་མི་འགྱུར་རང་རིག་བདེ་བ་ཆེ། །བསལ་བཞག་འགྲོ་འོང་དམིགས་པའི་མཐའ་དང་བྲལ། །ཡིན་ལུགས་ངང་འབྱམས་ཉིན་མོ་རོལ་པ་གཅིག །འཆི་གསོན་བར་མེད་དགོངས་པ་རོ་གཅིག་འདྲེས། །བར་དོ་མེད་པར་ཆོས་སྐུའི་ཀློང་དུ་ཐིམ། །འདི་ལྟར་གསང་སྔགས་ཉམས་རྟོགས་ཕུལ་བའི་ལན། །བདུད་རྒན་ཕྲིན་ལས་སྨྱོན་པའི་གུ་ཡངས་གཏམ། །ཀུན་བཟང་དགོངས་པའི་སྙིང་ཁྲག་བཤད་པ་ཉིད།། །། ༈ སངས་རྒྱས་ཀུན་འདུས་དོན་གྱི་རྡོ་རྗེ་འཛིན། །ཐེག་མཆོག་
བསྟན་པའི་རྒྱལ་མཚན་སྤྱི་བོར་མཆོད། །མགོན་དེའི་རྩ་སློབ་གྱུར་ཀྱང་རྣམ་གཡེང་མཁན། །བདག་འདྲས་གཞན་ལ་ཁ་བཀོད་ཟིན་རིས་ནི། །གལ་མ་མཆིས་ཀྱི་གཅི་བུ་ཙམ་ལས་ཅི། །འོན་ཀྱང་བསྟན་སྲུང་དབང་པོ་རྡོ་རྗེ་ལེགས། །ཁོག་རློམ་ཕེབས་ཡུལ་རྟེན་གྱི་དགོས་གསུངས་པར། །གང་ཤར་ལྷུག་པར་ཞུ་ན་འདི་ལྟ་སྟེ། །ཡུལ་དབུས་སྐྱེས་དང་གཤེས་གཉེན་མཇལ་བའི་དོན། །ད་རེས་མཐར་ཐུག་གོ་འཕང་གཉེར་དགོས་པས། །ཡེངས་མ་ལམ་ལ་དལ་བར་སྡོད་མི་ཁོམ། །འཇིགས་ཆེན་འཆི་བ་ནམ་ཡོང་ཆ་མེད་ཅིང་། །དེ་དུས་ཚེ་འདིའི་བདེ་འབྱོར་ཀུན་བོར་ནས། །གཅིག་པུར་ལས་འབྲས་རྗེས་སུ་འབྲང་དགོས་པས། །ཚུལ་དེ་བསམ་པས་ཀུན་རྫོབ་དོན་དམ་གྱི། །བསོད་ནམས་ཐར་པའི་ལས་ལ་འབད་པར་མཛོད། །སྤྱིར་ན་སེམས་ཅན་ཡོངས་ཀྱི་སྐྱབས་མགོན་མཆོག །སྒོས་སུ་བོད་ཡུལ་འགྲོ་བའི་གཉེན་གཅིག་པུ། །སྤྱན་རས་གཟིགས་དང་པདྨ་འབྱུང་གནས་དང་། །གསོལ་འདེབས་མཆོག་སྤྲུལ་འབུངས་ལ་གློ་སྙིང་ཁོལ། །བསླུ་བ་མེད་པའི་སྙིང་གཏམ་དམར་པོ་
ཡིན། །གཞན་ཡང་དཀོན་མཆོག་མཆོད་པ་ཅི་ནུས་དང་། །སྙིང་རྗེའི་གནས་ལ་སྦྱིན་གཏོང་རེམ་པ་ནི། །སྒྱུ་མའི་ནོར་ལ་སྙིང་པོ་ལོན་པ་ཡིན། །ཕྱག་བསྐོར་སྒྲིབ་སྦྱངས་བཟླས་བརྗོད་བྱས་པ་ནི། །མི་ལུས་ཐོབ་པའི་མདོ་དོན་སྙིང་པོ་ཡིན། །ཚེ་འདིའི་བྱ་བྱེད་ལེགས་ཉེས་ཅི་བྱེད་ཀྱང་། །ལ་ལ་མགུ་ཡང་ལ་ལ་མི་མགུ་སྟེ། །ལུས་སེམས་ངལ་ཞིང་དོན་མེད་སྙིང་པོས་དབེན། །དེ་ཕྱིར་དགེ་བའི་ལས་ལ་གཅིག་ཏུ་འབོད། །བགྲང་བྱའི་ཁུར་ལྕི་འབྱུང་འཁྲུགས་དམ་པོས་མནར། །རྨོངས་རྒན་གཞན་འཕྲུལ་བདག་པོས་ཟིན་པ་ངས། །འཆལ་ཚིག་གསོག་དང་གསོབ་དང་ཡ་མ་བརླ། །ཆོས་མཛད་ཆེ་ཉམས་གཟིགས་པ་གད་མོའི་གནས། །འོན་ཀྱང་རང་དང་སྐལ་མཉམ་དགྱེས་པར་ཞུ། །ཞེས་པ་སྐུ་རྟེན་པ་ལ་ཕྲིན་ལས་ཀྱིས་ཕུལ་བའོ།། །། ༈ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །སངས་རྒྱས་གཉིས་པ་པདྨའི་མཚན་ཅན་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །དོན་གཉིས་འབྲས་བུ་མཆོག་གི་དངོས་གྲུབ་སྩོལ། །སྔོན་ལས་བག་ཆགས་
སད་པས་དགེ་ལ་གོམས། །གཤེས་གཉེན་དམ་པས་རྗེས་བཟུང་སྨིན་གྲོལ་ཐོབ། །མ་ནོར་ལམ་བཟང་ཀ་དག་ལྷུན་གྲུབ་རྟོགས། །སྦྱང་སྟོབས་བརྩོན་པས་ཉིན་མཚན་ཁོར་ཡུག་འབྱོངས། །བར་དོ་མེད་པར་རྟོགས་པའི་གདེང་ཚད་ནི། །པད་འབྱུང་བི་མའི་སྙིང་ཐིག་རྣམ་ལས་གསུངས། །བདག་འདྲས་སྙན་ཕུལ་གསར་དུ་ཞུ་མི་དགོས། །འོན་ཀྱང་དེང་དུས་ཁྱེད་འདྲའི་རང་ངོ་ལ། །ཟག་བཅས་ཞལ་འདོན་ལ་སོགས་ཀུན་རྫོབ་ལས། །དོན་དམ་དགོངས་པར་འཁོར་ཡུག་འབྱམས་པར་གཅེས། །ཉམས་ཞེན་མཆོག་འཛིན་དམིགས་གཏད་ཀུན་བྲལ་བའི། །སྟོང་ཆེན་གཏད་མེད་རང་གསལ་གུ་ཡངས་ངང་། །རྡོ་རྗེ་སྙིང་པོའི་དགོངས་པར་མི་གཡོ་ཞུ། །དེ་ཚུལ་ཀློང་ཡངས་བློ་འདས་རྣལ་འབྱོར་པ། །ཆོས་དབྱིངས་དྲི་མེད་རྩལ་དུ་འབོད་པ་དེས། །མ་ཡུམ་ཚེ་སྒྲོན་གང་དེར་ཕུལ་བ་ཡིས། །འགྲོ་ཀུན་བྱང་གྲོལ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ།། །། ༈ སྒོམ་ལ་བརྩོན་པའི་དགེ་སློང་ཀུན་བཟང་གིས། །གདམས་ངག་སྐྱོང་ཚུལ་ཅི་བཞིན་ལེགས་པར་འདུག །ཞལ་གདམས་དགོས་ཞེས་
གསུངས་ལས་འདི་ལྟར་རོ། །ཡང་ན་འཁོར་འདས་སྤྱི་གཞི་རང་གི་སེམས། །རིག་ན་སངས་རྒྱས་མ་རིག་སེམས་ཅན་ཡིན། །འོ་མ་མར་དང་ཏིལ་ལ་སྣུམ་བཞིན་དུ། །འགྲོ་ལ་བདེ་གཤེགས་སྙིང་པོས་དེ་ལྟར་ཁྱབ། །མ་བསྲུབས་མ་བཙིར་མར་སྣུམ་མི་མངོན་དཔེས། །མ་རྟོགས་མ་བསྒོམས་སངས་རྒྱས་དེ་མི་མཐོང་། །སྦྱངས་གོམས་མཐར་ཕྱིན་རང་རིག་སངས་རྒྱས་ལས། །སངས་རྒྱས་གཞན་ལས་འབྱུང་བར་འགྱུར་བ་མེད། །ཐེག་པ་གཞན་ལ་རྒྱུ་ལས་འབྲས་བུ་འདོད། །འབྲས་བུ་ལམ་ཁྱེར་བྱ་བ་རིང་ལུགས་གནད། །མར་དང་སྣུམ་རྣམས་རྒྱུར་མི་ལྡོག་པ་བཞིན། །འབྲས་བུ་ཐོན་ཕྱིན་ཕྱིན་ཆད་འཁོར་བ་མེད། །དེ་སོགས་པད་འབྱུང་བི་མའི་སྙིང་ཐིག་དང་། །རྗེ་བཙུན་བླ་མའི་ཞལ་གྱི་མན་ངག་ཚུལ། །ཕྲིན་ལས་བདག་གིས་བརྗེད་ཐོར་བཀོད་ནས་ཕུལ། །འགྲོ་ཀུན་རང་རིག་ཡེ་ཤེས་རྟོགས་པར་ཤོག། །། ༈ ཉི་གྲགས་གཉིས་པ་རྡོ་རྗེ་འཆང་། །མི་བདག་གི་སྤྱི་བོའི་གཙུག་ཏུ་བཞུགས། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །རང་དོན་
འགྲུབ་པར་བྱིན་གྱིས་རློབས། །གཞན་དོན་འབྱུང་བར་བྱིན་གྱིས་རློབས། །འགྱུར་མེད་ལྷག་བསམ་ལྡན་པ་དེས། །ངོ་སྤྲོད་དགོས་ཞེས་གསུངས་པ་ལ། །ཆང་རྒན་སྨྱོན་པས་འཁྲུལ་ཚིག་བསྒྲགས། །རྟོག་པ་ཞི་བའི་ཞི་གནས་ཟེར། །འདི་ཞེས་མེད་པའི་སྟོང་པ་ཟེར། །གནས་ཆ་མཆོག་ཏུ་འཛིན་མི་དགོས། །སྟོང་ཞེས་ངག་ཏུ་སྨྲ་མི་དགོས། །རང་ལ་གྲུབ་པའི་ངང་ལ་གནས། །བརྗོད་མེད་རང་གསལ་ངོས་ཟིན་པ། །ལྷག་མཐོང་སྒོམ་ཞེས་དེ་ལ་ཟེར། །རྩོལ་སྒྲུབ་མང་པོ་བྱ་དོན་མེད། །ཉམས་དང་རྣམ་རྟོག་འཛིན་པ་རྣམས། །ཨ་ཏིའི་ཆོས་སུ་བགྲངས་པ་དང་། །སྤྲོས་བྲལ་བླ་དྭགས་དེ་དང་འགལ། །འགལ་བར་མ་ཤེས་བླུན་བླུན་འདྲ། །བདག་བས་བླུན་པ་མེད་མོད་ཀྱང་། །ད་དུང་དེ་བས་བླུན་ཡང་སྲིད། །དེ་ཕྱིར་སྐྱེས་བུ་ཆོས་སྤྱོད་ཁྱོད། །སྤྱོད་པ་མདོ་དང་བསྟུན་ནས་སུ། །མི་འཇིགས་ཞིབ་ལ་ངེས་པ་དང་། །ལྟ་བ་ཡས་འབེབས་གདེང་མ་ཆུང་། །དེ་ལྟར་རྨོངས་རྒན་ལས་རབ་ཀྱིས། །སྨྲས་པ་རྟག་ཏུ་ཤིས་གྱུར་ཅིག །དགེའོ།། །། ༈ ༀ་སྭ་སྟི། དགེ་ལེགས་སུ་གྱུར་ཅིག །རྒྱལ་ཀུན་ཐུགས་
རྗེ་བཀྲ་ཤིས་རྨད་པོ་ཆེ། །བསམ་ཀུན་འགྲུབ་སྨོན་དགེ་བའི་བག་ཆགས་ཅན། །སོར་བྱང་སྔགས་ཀྱི་ཐེག་མཆོག་ལམ་བཟང་པོར། །ཐོས་བསམ་སྒོམ་ལ་ཡང་དག་འབད་པ་ཐོན། །ཞི་དུལ་ཀུན་སྤྱོད་ལྡན་དང་ལྷག་པའི་སེམས། །གོང་འཕེལ་སྐྱོང་བ་སྙིང་གཏམ་སྙན་འབུལ་ལགས། །རྣམ་ཀུན་བཀྲ་ཤིས་ཡར་ཟླ་ལྟར་རྒྱས་ཤོག །ཅེས་པ་འདི་བདག་ལ་མཆོག་གི་དབོན་སྤྲུལ་རིན་པོ་ཆེས་དབོན་བཀྲ་ཤིས་བསམ་འགྲུབ་ལ་ཞལ་གདམས་དགོས་ཞེས་གསུངས་ལྟར་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག། །། ༈ རྒྱལ་བ་རིག་འཛིན་ཀུན་གྱི་ངོ་བོ་ཉིད། །རྗེ་བཙུན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །ཐུགས་རྗེས་གཟིགས་ཤིག་བྱིན་གྱིས་བརླབ་ཏུ་གསོལ། །དད་བརྩོན་སྒོམ་ལ་མོས་པའི་ལས་ཅན་གང་། །དལ་འབྱོར་རྙེད་དཀའ་ཆུད་ཟོས་མ་ཤོར་དང་། །འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་ལ། །བློ་སྦྱོང་ཡང་དག་འབད་པ་ལྷུར་ལེན་མཛོད། །ཆོས་ཀུན་རྩ་བ་བྱམས་དང་སྙིང་རྗེ་དང་། །བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་ལ། །ཡང་ཡང་འབད་པ་ལམ་གྱི་གྲོགས་སུ་གཅེས། །རྣམ་རྟོག་རང་སར་ཞི་བའི་
ཞི་གནས་དང་། །རང་གསལ་བརྗོད་མེད་ལྷག་མཐོང་ཟབ་མོ་དང་། །ཞི་ལྷག་ཟུང་འཇུག་ཉམས་ལེན་ཡུན་བསྲིང་སྒོམས། །གང་ཤར་སྔོན་བསུ་རྗེས་དཔྱོད་མེད་པར་ཞོག །བལྟ་བྱ་ལྟ་བྱེད་བསྒོམ་བྱ་སྒོམ་བྱེད་དང་། །མིང་འདོགས་ཚོད་འཛིན་ཁས་ལེན་རྒྱུན་བྲལ་བ། །རང་བཞིན་སེམས་ཀྱི་ཡིན་ལུགས་དེ་ལྟར་ལགས། །ཚུལ་འདི་དབུ་མཛད་འོད་ཟེར་གྱིས་བསྐུལ་ངོར། །ཕྲིན་ལས་བསྟན་དར་གྱིས་བཀོད་དགེ་གྱུར་ཅིག། །། ༈ དུས་གསུམ་སངས་རྒྱས་བདེ་གཤེགས་སྟོང་ལས་ཀྱང་། །བདག་གིས་བསྟེན་པར་གྱུར་པའི་མཚུངས་མེད་ཞབས། །རྡོ་རྗེ་འཆང་དངོས་ཉི་གྲགས་སྤྲུལ་པའི་སྐུ། །རིག་འཛིན་རྡོ་རྗེ་སྟོབས་མཆོག་ཞབས་ལ་འདུད། །ལས་སད་ཆོས་ལ་བག་ཆགས་དཀར་བ་ཡིས། །ཞལ་གདམས་དགོས་ཞེས་བསྐུལ་ཡང་བདག་ལྟ་བུ། །རང་ཉིད་སྐྱོན་གྱི་རང་བཞིན་ཁོ་ན་སྟེ། །གཞན་ལ་ལྷག་བསམ་གྲོས་འདེབས་ཅི་སྟེ་འོས། །འོན་ཀྱང་ངོ་མི་ལྡོག་པ་ཙམ་དུ་ནི། །རི་དྭགས་རྒྱ་ལས་ཐར་བ་ཇི་བཞིན་དུ། །འཁོར་བར་རྒྱབ་ཀྱིས་ཕྱོགས་པའི་ཞེ་བཅད་ཅིག །གནད་དུ་ཆེ་
ཞེས་རྒྱལ་བས་གསུངས་པ་ཡི། །འཇིགས་རུང་འཁོར་བའི་སྡུག་བསྔལ་རྒྱ་མཚོའི་ནང་། །དལ་འབྱོར་བཅོ་བརྒྱད་ཐར་པ་སྒྲུབ་པའི་རྟེན། །ཆུད་ཟོས་སྟོང་ལོག་མདོ་མེད་མ་སོང་བར། །དལ་འབྱོར་སྙིང་པོ་ལེན་དགོས་བསྒྲུབ་བྱ་ལགས། །རྣམ་གཡེང་འཛད་མེད་ཉིན་མཚན་ཚེ་རྐུས་ནས། །ཚེ་འདིའི་བདེ་སྦྱོར་འགྲོགས་པའི་དབང་མེད་ཅིང་། །གཅིག་པུར་ནམ་འགྲོ་ཆ་མེད་དེའི་ཕྱིར་ན། །སྐད་ཅིག་ད་ལྟ་ཉིད་དུ་ཆོས་མཛོད་ཅིག །ཕ་མཐའ་མི་མངོན་འཁོར་བར་བརྒྱུད་པའི་གྲངས། །འགྱུར་བའི་སྡུག་བསྔལ་སྡུག་བསྔལ་གྱི་སྡུག་བསྔལ། །ཁྱབ་པ་འདུ་བྱེད་སྡུག་བསྔལ་རང་བཞིན་ཅན། །འདི་ལ་སྐྲག་སེམས་མེད་རྣམས་གློ་སྙིང་རུལ། །ཉེས་སྤངས་ཡོན་ཏན་རྫོགས་པའི་ཐུབ་དབང་གི། །དྲང་དོན་མདོ་ལས་ཞིབ་ཅིང་བསྟན་པ་ཡི། །རྣམ་སྨིན་རྒྱུ་འབྲས་དཀར་ནག་ཆོས་རྣམས་ལམ། །ཤེས་བཞིན་སྤང་བླང་ཞིབ་ལ་ཆོས་སྤྱིའི་ཁྲིམས། །མདོ་སྔགས་སྤྱི་དང་ཁྱད་པར་གསང་སྔགས་ཀྱི། །བླ་མ་སངས་རྒྱས་ཀུན་གྱི་ཞལ་སྐྱིན་ལ། །ལོག་པ་ལྟ་ཅི་དད་པ་རྒྱུན་
བསྲིངས་ནས། །ཅི་མཛད་ལེགས་དང་ཅི་གསུང་ཚད་མར་གཅེས། །སྙིགས་དུས་གསང་སྔགས་འགྲོ་དོན་ཆེ་དྲགས་ན། །དད་མེད་སློབ་མ་ཚོང་ཁེ་བསམ་ངན་ཅན། །མིག་འགྲིབ་རྒྱང་ཐག་མི་མཐོང་བླ་མ་ལ། །ཉེས་པའི་སྐྱོན་ཤོར་དམ་སེལ་དམྱལ་མི་ལགས། །ཆོས་བརྒྱད་རྣམ་མཁྱེན་འདོད་པའི་སྤྱི་དགྲ་འདི། །སྤང་དགོས་སྙིང་ནས་གདམས་མོད་འོན་ཀྱང་ནི། །ཧ་ཅང་ཐལ་ན་ཆོས་དང་འཇིག་རྟེན་མཁས། །ཀུན་གྱིས་སྡང་ཆེ་བྱ་རོག་དཀར་པོ་འདྲ། །རང་རྒྱུད་དུལ་དང་དམན་ས་འཛིན་པ་དང་། །ལྟོ་གོས་གྱིི་ན་རི་དྭགས་རྨས་མ་བཞིན། །དབེན་པ་བསྟེན་དང་ཆོག་ཤེས་ནོར་གྱི་མཆོག །སྔོན་གྱི་གྲུབ་བརྙེས་རྣམས་ཀྱི་བཞེད་པའི་སྲོལ། །ནང་དོན་གསང་སྔགས་ཞེས་གྲགས་རྨད་པོ་ཆེ། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་ཞེས། །བཀའ་གཏེར་རྒྱ་ཆེ་རིང་ལུགས་རྙིང་མར་གྲགས། །རྒྱ་ཆེ་གྲངས་མང་ནམ་མཁའི་མཐའ་བརྟགས་བཞིན། །དེ་ན་པད་འབྱུང་བི་མའི་སྙིང་ཐིག་ཏུ། །གྲགས་པ་ཆོས་ཚུལ་རྒྱ་མཚོའི་སྙིང་ཁྲག་བཅུད། །དེང་སང་ཡོད་པའང་འདྲ་ལ་མེད་པའང་འདྲ། །
འོན་ཀྱང་སྒྱིད་མི་ལུག་པར་ཚུལ་འདིར་བརྩོན། །སེམས་ཉིད་རྟག་མཐའ་ཀུན་བྲལ་མོ་གཤམ་བུ། །འདི་ལ་ངོས་བཟུང་ཕྱོགས་ཆ་བྱུང་ན་སྐྱོན། །སྒོམ་ཞེས་སྒོམ་མེད་ཡེངས་མེད་རང་བབས་ངང་། །འདི་ལ་སྒོམ་བློས་རྟོད་ཕུར་ཞུགས་ན་སྐྱོན། །བཞག་ཐབས་གང་ཤར་མ་བཅོས་རང་བབས་གློད། །འདི་ལ་སྤང་བླང་སྤྲོ་བསྡུས་བསླད་ན་སྐྱོན། །ཉམས་སྣང་སྣ་ཚོགས་བྱིས་པས་འཇའ་མཐོང་འདྲ། །འདི་ལ་བདེན་ཞེན་མཆོག་འཛིན་མ་དག་སྐྱོན། །བདེ་སྡུག་རྐྱེན་ངན་ལམ་ཁྱེར་མི་ཤེས་པར། །བཟང་འདོད་ཕུགས་བཅུག་འདོར་ལེན་ཤོར་བ་སྐྱོན། །མཉམ་རྗེས་འདྲེས་ན་ཉིན་མཚན་འདྲེས་པ་སྟེ། །གོམས་ཤིང་འབྲས་བུ་ཉེ་རུ་ཆ་བ་ཡིན། །འབྲས་བུ་གདོད་ནས་ཀ་དག་ཡེ་ཤེས་ཆེ། །དུས་གསུམ་དུས་མེད་བྲལ་ཐོབ་མེད་པ་དེ། །གསར་དུ་ཐོབ་མེད་ཡོན་ཏན་ཡེ་རྫོགས་ཉིད། །ཡང་ཅིག་ཁོ་བོར་བླ་མས་འདི་སྐད་གདམས། །འཚོ་བཅིང་མཐའ་དག་ཁྲོལ་ལུགས་འདི་ལྟར་གྱིས། །ལྟོ་གོས་གཏམ་གསུམ་ངན་ལ་གྱོང་ཁུར་ཅིག །ཞེས་འདི་ངས་ཀྱང་ཁྱོད་ལ་
གདམས་པ་ལགས། །རྣམ་མཁྱེན་མ་ཐོབ་བར་དུ་ཉམས་ལེན་འབུངས། །འཆི་གཞུག་ཆོས་དང་མཉམ་པའི་གལ་པོ་ཆེ། །སྡིག་བཤགས་དགེ་སྒྲུབ་རང་སེམས་ཟོལ་མེད་མཛོད། །གཞན་དག་སུ་མ་མགུ་ཡང་རང་བློ་བདེ། །ཚེ་སྟོད་བླ་མིང་ཟོལ་གྱིས་དཀོར་སྒྲིབ་འགམས། །ཚེ་སྐད་མི་ཚེ་སྟོང་ཟད་ངང་དུ་ཤོར། །ཚེ་སྨད་ཁྱིམ་ཐབས་རང་ཕུང་ང་འདྲ་ཡི། །གཏད་མེད་འཆོལ་གཏམ་འདི་ལྟར་མཁས་རྣམས་འཕྱ། །འོན་ཀྱང་དགེ་བརྩོན་པདྨ་ཆོས་གྲགས་ཀྱིས། །བསྐུལ་བར་ཞལ་ངོ་མི་གཅོག་ཙམ་དུ་ནི། །བླུན་རྒན་ཕྲིན་ལས་གྲོང་ཚིག་དུམ་ཆོད་དུ། །ཕུལ་བ་འདི་ཡང་རྟག་དུ་ཤིས་གྱུར་ཅིག། །། ༈ རྗེ་བཙུན་བླ་མ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་ཆེན་དམ་པ་ནམ་མཁའ་ཡི། །གསུང་གི་ལན་དུ་འདི་ལྟར་ཞུ། །རང་གི་སེམས་ཀྱི་དེ་ཉིད་ནི། །མཚན་འཛིན་ཕྱོགས་ཆ་མེད་པ་དང་། །ངོས་བཟུང་བྲལ་བ་ལྟ་བ་ལགས། །བསྒྲིབས་ཤིང་འཇུར་བུས་མ་བཏབ་པའི། །གློད་པའི་ངང་དེ་གདམས་པའི་མཆོག །དོགས་ཤིང་ཀོར་ཚེར་མ་བསྡུས་པའི། །གུ་ཡངས་རང་
བབས་ཤུགས་ཀྱིས་བདེ། །གང་ཡང་གཉེན་པོ་མ་བརྟེན་པའི། །མ་བཅོས་ཀ་དག་གཉུག་མའི་བབ། །རྣམ་རྟོག་རྗེས་མཐུད་མེད་པ་ཡི། །ཐད་ཀར་ཆོད་པ་ཁྲེགས་ཆོད་དོན། །རྩོལ་སྒྲུབ་རེས་འཇོག་མེད་པ་ཡི། །རང་བྱུང་རང་བབས་ནོར་མེད་ལམ། །ཉམས་དང་མཆོག་འཛིན་མེད་པ་ཡི། །བློ་བྲལ་ཡེ་ཤེས་ཐག་ཆོད་མཆོག །དེ་ལྟར་གང་བྱུང་ལྷུག་པའི་ཚིག །བརྩེ་ལྡན་ནམ་མཁའ་ཚེ་དབང་ལ། །གཏི་རྒན་དཔའ་བོ་ལས་རབ་ཀྱིས། །དོན་ཅིག་ཚིག་མང་ཚུལ་དུ་ཕུལ། །མངྒ་ལཾ།། །། ༈ ཏིང་འཛིན་འབྱོངས་པའི་ཚེ་སྒྲོན་གྱི། །ཉིན་མཚན་ཁྱད་མེད་འོད་གསལ་ངང་། །གང་ལ་འདི་ལྡན་འཆི་བ་ན། །ཚེས་པ་བཅོ་ལྔའི་ཟླ་བ་ནི། །ནུབ་མ་ཐག་ཏུ་ནམ་ལངས་དཔེ། །བར་དུ་མུན་པས་མི་ཆོད་བཞིན། །འདི་དང་ཕྱི་མ་བར་མེད་པ། །བར་དོ་མེད་པ་ཆོས་སྐུར་གྲོལ། །ཞིང་ཁམས་གཞན་དུ་འང་བགྲོད་མི་འཚལ། །འདི་དོན་གསང་ཆེན་རྒྱུད་སྡེ་དང་། །རྗེ་བཙུན་བླ་མའི་ཞལ་ལས་བྱུང་། །དེ་ཕྱིར་ལས་རབ་རྩལ་གྱིས་བརྗོད། །མངྒ་ལཾ།། །། ༈ དུས་ནམ་ཞིག་ན་ཝ་ཤུལ་གྱི་བུ་སྐྲ་བྱི་བའི་ཀླད་
དཀར་གཅིག་ཡོད་པ། དེ་ལ་མ་རྒན་མོ་ལུས་གཅོང་ནད་ཀྱིས་ཟིན་པ་དབང་པོའི་དྭངས་མ་མིག་གཉིས་བསྒྲིབས་ཤིང་། མགོ་ཡི་སྐྲ་བྱི་བ་གཞན་གྱིས་མཐོང་ན་ཡ་ང་ཞིང་ཤ་ཚ་བའི་ཤི་ལ་ཐུག་པ་ཞིག་ཡོད་པ་དང་། བུ་ཀླད་དཀར་གྱིས་མ་རྒན་ལ་སྨྲས་པ་འུ་ཅག་མ་བུ་གཉིས་རྒྱུ་རྫས་འབྱོར་པ་ནི་བཟང་ཞིང་སྐྱིད་པར་འདུག་ཀྱང་། མ་ཁྱོད་ལོ་སོང་ཆེ་བ་དང་ལུས་གཅོང་ནད་ཀྱིས་ཟིན་པ་བཅས་ཀྱི་སྐྱིད་སྡུག་གཉིས་ཀ་ཚང་འདུག་སྨྲས་པས། མ་རྒན་གྱིས་བྲལ་བའི་རང་བཞིན་འཇིག་པའི་ཆོས་ཅན་ཡིན་ཟེར། བུས་སྨྲས་པ་ཡང་ན་ཚོགས་ཆེན་རྫོགས་ཕྱིར་དགེ་འདུན་གྱི་སྡེ་ཆེན་པོ་ལ་ཡོན་སྦྱར་བས་དགེ་བ་རླབས་ཆེན་གྲངས་མང་ཞིག་བསྒྲུབ་ན་བསམ་པ་བདེ་འམ་ཞེས་པས། མ་རྒན་གྱིས། ༈འགྲན་སེམས་ཕྲག་དོག་ངས་བྱས་ང་རྒྱལ་འཕེལ། །འདི་བྱས་དགེ་བའི་བློས་བཟུང་འཛིན་པ་སྐྱེས། །དགེ་བའི་ཞོར་ལ་སྲོག་བཅད་སྡིག་པ་ཆེ། །རྒྱུ་འབྲས་གཞིག་ན་དགེ་བསམ་སྡིག་པ་འཕེལ། །བུ་ཆུང་སྙིང་རྗེ་ཆོས་མིན་འགྱུར་རམ་ཨང་། །ཞེས་ཟེར་བ་ལ་བུས་སྲོག་མ་བཅད་ན་དགེའམ་སྨྲས་པས། མ་རྒན་གྱིས། རྨོངས་པ་མ་རིག་ཕུགས་འདི་མཐའ་ཡང་བཙན། །ཕན་གནོད་ཆགས་སྡང་ཉེ་རིང་འཛིན་པ་ཆེ། །ཁྱོད་དེ་དང་པོ་འཇུག་པ་ཉེས་པ་ཡི། །སྐྱོན་དེ་འདོར་སྙམ་བློ་དེས་ཞེ་སྡང་སྐྱེས། །ཡོན་ཏན་ཡོད་དམ་མེད་པའི་ཆགས་པ་སྐྱེས། །ངོ་བོ་རང་རིག་མ་རིག་མུན་པར་སོང་། །ཁྱོད་ཀྱིས་ཐེག་
དགུ་ཇི་ལྟར་བྱས་གྱུར་ཀྱང་། །ཆགས་སེམས་དུག་ལྔ་ལམ་གྱི་བར་ཆད་ཆེ། །རང་རིག་ཡེ་ཤེས་རང་ངོ་མ་འཕྲོད་པར། །བཟང་འདོད་ཞེན་པའི་རི་མོ་མ་དག་པར། །དོགས་འཚེར་སྐྱོན་སྤངས་འཕྲང་དེ་མ་ཟད་པར། །མ་བུ་ཟུང་འཇུག་དགོངས་པར་མི་ཕྱིན་པས། །བུ་ཁྱོད་བསམ་ཞིང་མ་ནི་འཆི་མ་བཏུབས། །མ་ང་བློ་བྲལ་ཀུན་ཟླུམ་ཡངས་པ་ཆེ། །བུ་ཁྱོད་བློས་བྱས་འདི་ཡིས་མཚན་མས་བཅིངས། །ཕྱོགས་བྲལ་བརྗོད་མེད་མ་དང་འཕྲད་དུས་མེད། །གསལ་བཞག་བྲལ་ཐོབ་ཚ་གྲང་ནད་ཀྱིས་ཟིན། །བརྗོད་མེད་ཡང་དག་སྦྱིན་པས་སྨན་པ་མེད། །སྐྱེ་འཆི་མེད་པའི་གདོད་མར་ནད་མ་ཞི། །སྨན་ལོག་དགེ་སྡིག་བྱས་བྱས་སྣང་བ་བྲིད། །སྨན་ལོག་གསང་སྔགས་བསྟེན་བསྟེན་འཛིན་པ་ཞུགས། །ནད་དེ་མི་འཆོས་ཐར་པའི་སྲོག་རྩ་ཆད། །ཤི་བའི་འོག་ཏུ་རིགས་དྲུག་རྨི་ལམ་གྱིས། །རྩེད་མོ་རྩེ་ཞིང་ཡར་འཁོར་མར་འཁོར་བརྒྱུད། །ཁྱོད་བསམ་ཨ་མ་བློ་བྲལ་གཞི་དབྱིངས་སུ། །དང་པོའི་སངས་རྒྱས་ངང་དུ་འཆི་མ་རུང་། །ད་རུང་ཨ་མས་སྙིང་གཏམ་བུ་
ལ་བཤད། །རེ་བའི་དགེ་བ་འདི་ཡང་བཏགས་པ་ཡིན། །སྡིག་པའི་རྟོག་པ་འདི་ཡང་བཏགས་པ་ཡིན། །ཚོགས་ཆེན་དཀའ་ལ་ཡུན་རིང་ངལ་བ་ཆེ། །བུལ་ཆུང་གྲངས་མེད་བསྐལ་པར་འཚང་མི་རྒྱ། །རིམ་བགྲོད་ཐེག་པ་འདི་ཡང་སྤྲོས་པ་ཡིན། །ཨ་མ་འཆི་འོ་བུ་ལ་ཁ་ཆེམས་སྨྲ། །སྐྱེ་མེད་སྐྱེ་མེད་ནམ་མཁའ་མདུང་བསྐོར་རོ། །དེ་ལ་བུ་ཡིས་ལྟ་བའི་ངོ་བོ་མཛོད། །བརྗོད་མེད་བརྗོད་མེད་རང་གསལ་རྐྱེན་བྲལ་ལོ། །དེ་ལ་བུ་ཡིས་སྒོམ་པའི་གོམས་འདྲིས་མཛོད། །ཤར་གྲོལ་ཤར་གྲོལ་འཛིན་མེད་རང་གསལ་གྲོལ། །དེ་ལ་བུ་ཡིས་སྤྱོད་པའི་ལག་ལེན་མཛོད། །རེ་དོགས་ཆད་ནས་རང་བདེ་རང་ལས་རྙེད། །དེ་ལ་བུ་ཡིས་འབྲས་བུའི་མཚན་ཉིད་མཛོད། །བཟང་འདོད་བློ་གཏད་མེད་པ་མ་སོང་བར། །དང་པོའི་སངས་རྒྱས་ས་དེ་མི་ཐོབ་ཀྱི། །ཁ་ཆེམས་མ་བརྗེད་གཅེས་སོ་ས་མ་ཡ། །ཞེས་སྨས་པས་བུ་ཀླད་དཀར་གྱི་རིག་པ་གསལ་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དོན་རྟོགས་ནས་འདི་སྣང་བྱ་བྱེད་ཐམས་ཅད་འཁྲུལ་བའི་ཡོ་ལང་ཡིན་པར་ཐག་ཆོད་ནས་གོ་ལུགས་ཀྱི་གླུ་བླངས་སོ། །འཁོར་འདས་ཆོས་ཀུན་ངོ་བོའི་ཆ་ནས་སྟོང་། །འཁོར་འདས་ཆོས་ཀུན་
མཚན་ཉིད་རང་བཞིན་གསལ། །འཁོར་འདས་ཆོས་ཀུན་འགག་མེད་ཐུགས་རྗེའི་གཤིས། །ངོ་བོ་རང་བཞིན་ཐུགས་རྗེའི་གླུ་དེ་བླངས། །ད་ལྟ་རྟོག་པ་མེད་དེ་ཞི་གནས་ཡིན། །ངང་ལས་མི་གཡོ་རང་གསལ་ལྷག་མཐོང་ཡིན། །འཆི་ཁར་ནམ་མཁའ་རྐྱེན་བྲལ་རིག་པ་དེ། །མ་ཡིན་ད་ལྟའི་སྒོམ་དེ་བུ་ཡིན་གྱི། །རྫོགས་ཆེན་མཁན་པོ་མ་བུ་ཟུང་དུ་འཇུག །ཐེག་བརྒྱད་བློ་ཡིས་འཆིང་བའི་བཅིངས་བཅིངས་དང་། །སེམས་ཅན་དགེ་སྡིག་མཚན་མས་བཅིངས་བཅིངས་དང་། །བཅིངས་པའི་བློ་འདི་བྲལ་བའི་གུ་ཡངས་ན། །ཀུན་བཟང་དགོངས་པའི་ཀློང་དུ་བློ་བདེ་འོ། །གང་ཤར་དེའི་ངང་མ་བཅོས་འཇོག་པའི་ཐབས། །དུག་ལྔ་རང་གྲོལ་སྒོ་གསུམ་ཧར་སོང་དང་། །ཡེ་ཤེས་བསྒྲུབ་མེད་དུག་ལྔ་སྤང་དུ་མེད། །ཆུ་ལ་ཆུ་ཐིམ་སྦྲུལ་མདུད་རང་ཞིག་བཞིན། །སེམས་བྱུང་རླུང་སེམས་སེམས་ཉིད་ཡེ་དག་ངང་། །རང་ཡིད་རང་ལ་ཆེས་པའི་བློ་བདེ་འོ། །སེམས་ལ་བརྟགས་པའི་ཆོས་རྣམས་ཐམས་ཅད་དང་། །ནམ་མཁར་མདུང་བསྐོར་བྱས་ལ་ཐུག་པ་མེད། །ཆོས་
དང་གང་ཟག་ཡིན་མིན་འདི་བྲལ་བའི། །ཕུང་པོ་གསུམ་གྱི་མཐའ་ལ་དམིགས་པ་མེད། །རྫོགས་ཆེན་མན་ངག་མཁན་པོས་གླུ་འདི་བླངས། །འདི་བཞིན་རྟོགས་ན་ལྟ་བའི་རྒྱལ་པོ་ཡིན། །འདིའི་ངང་གནས་ན་སྒོམ་པའི་རྒྱལ་པོ་ཡིན། །འདི་ཉིད་མངོན་གྱུར་ཀུན་བཟང་སངས་རྒྱས་ཉིད། །རྫོགས་ཆེན་མཁན་པོས་གདོད་མའི་གླུ་འདི་བླངས། །ཐེག་བརྒྱད་མཁན་པོས་ཕན་གནོད་གླུ་ཞིག་བླངས། །སེམས་ཅན་རྣམས་ཀྱིས་བདེ་སྡུག་གླུ་ཅིག་བླངས། །གླུ་དང་བྲལ་ན་ཀུན་ཀྱང་ཆོས་སྐུའི་ངང་། །ཞེས་པ་ཕྲིན་ལས་བསྟན་དར་གྱིས་སྨྲས་སོ། །མངྒ་ལཾ།། །། ༈ སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །སྤྱན་རས་གཟིགས་དངོས་བརྩེ་ཆེན་འགྲོ་བའི་མགོན། །རྡོ་རྗེ་འཆང་དབང་དཀྱིལ་འཁོར་རྒྱ་མཚོའི་བདག །ཀུན་བཟང་ཐེག་མཆོག་རྒྱ་མཚོ་སྤྱི་བོར་མཆོད། །གང་ཁྱོད་སྔོན་བསགས་དགེ་ལ་གོམས་པའི་མཐུས། །ཐོག་མ་ཉིད་ནས་གསང་ཆེན་རིམ་གཉིས་ཀྱི། །སྟོན་པ་བླ་མ་ལམ་རིམ་མན་ངག་བཅས། །མཚུངས་མེད་ཡིད་བཞིན་འགྲུབ་སྟེ་ལེགས་དགུའི་རྩེ། །རྨོངས་བདག་ཐོས་བསམ་ཞན་དང་སྒོམ་
འབྲས་དབེན། །རྣམ་གཡེང་ཚེ་འདིའི་ཁོལ་པོའི་དབང་དུ་སོང་། །ཟབ་དོན་གལ་འགགས་འདོམ་དགོས་མིན་ནའང་། །ཉིད་གསུངས་ལྡོག་པར་མ་ཕོད་མུ་ཅོར་སྨྲ། །ཉོན་མོངས་སྤོང་བ་སོ་ཐར་ཐེག་པ་དང་། །ཉོན་མོངས་སྦྱོང་བ་བྱང་ཆུབ་སེམས་ཀྱི་རིམ། །ཉོན་མོངས་ལམ་བསྒྱུར་སྔགས་ཞེས་མཁས་མང་བཞེད། །དེ་དོན་ཞིབ་པར་དགོངས་ལ་གསར་ཞུས་དབེན། །དེང་སང་བདག་འདྲ་སྐྱོན་བརྒྱའི་རང་བཞིན་ཅན། །སྐྱབས་འགྲོའི་བསླབ་པ་ཙམ་ཡང་མི་འཛིན་བཞིན། །ཐུབ་བསྟན་འཛིན་པར་རློམ་པར་ཁས་འཆེས་ནས། །རང་སྐྱོན་སོ་སོ་སྐྱེ་བོས་མཐོང་འོས་མང་། །རྫོགས་པ་ཆེན་པོའི་འབྲས་བུ་ལམ་ཁྱེར་དེ། །ཐེག་རིམ་འོག་མའི་ལྟ་བ་སྦྱར་བའི་ཤན། །བྱིས་པར་རྒན་པོས་ཁ་ཟས་སྤྱོད་ལམ་བཞིན། །བླུན་པོ་མཁས་པར་འཆོལ་བའི་གཏན་ཚིགས་འགལ། །བསམ་གྱིན་སྙིང་ནས་མཆི་མ་བཏང་བ་ཙམ། །དེ་ཕྱིར་ཐེག་རིམ་བརྒྱད་པོའི་ལྟ་སྒོམ་སྤྱོད། །ཕན་གནོད་རེ་དོགས་དམ་བཅས་འཇུར་བུས་བཅིངས། །ཨ་ཏི་དེ་བྲལ་སྤྲོས་བྲལ་ཟབ་ཞེས་བཞེད། །
མ་རྟོགས་པ་ནི་ཐ་མར་འགྲོ་བ་དང་། །ལོག་པར་རྟོག་པ་མུ་སྟེགས་པ་རྣམས་དང་། །ཕྱོགས་ཙམ་རྟོགས་པ་མདོ་སྔགས་ཐེག་པ་གཞན། །ཇི་བཞིན་མངོན་གྱུར་རྫོགས་པ་ཆེན་པོའོ། །གཞན་གྱིས་རྟོགས་དེ་གླང་པོ་མཐོང་བ་ན། །དེ་ཡི་མཚན་ཉིད་དེ་ཙམ་སྨོས་པ་ཙམ། །མངོན་སུམ་གདེང་ཚད་ལྟ་བའི་རྒྱལ་པོ་ནི། །མ་ནོར་ཡོངས་ཤེས་མཐར་ཐུག་དམ་པ་དེ། །ལུང་ལས་ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་ཞེས་དང་། །རི་རབ་རྩེ་ནས་རི་ཕྲན་མཐོང་བཞིན་པ། །གཅིག་ཤེས་ཀུན་གྲོལ་ཞེས་སྨྲས་རྫོགས་ཆེན་ཉིད། །ལམ་དེ་མྱུར་ཞིང་མཆོག་དུ་མྱུར་བ་ནི། །ལུང་ལས་སྐད་ཅིག་གཅིག་གིས་བྱེ་བྲག་གིས། །སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས་ཞེས་གསུངས། །གཞན་ཡང་མངོན་པ་འདའ་ཀ་ཡེ་ཤེས་ལས་གསལ་དང་ནི་ཚུལ་འདི་མཚུངས། །ཐུབ་བསྟན་འབྲས་བུར་བཤད་དུས་དགོངས་པ་ནི། །ཐེག་པ་མཐའ་དག་འདི་འདྲ་ངེས་པའང་སྲིད། །དེང་སང་ལུང་གི་ལྷག་མ་རྟགས་ཙམ་མགོར། །ལས་ཅན་འགའ་ལས་ཐུན་མོང་གི་སྤྱོད་མིན། །སྤྱིར་ནི་ལྟ་བ་
ཕྲ་ཞིབ་ཟབ་པ་དེ། །ཚིག་དང་གོ་ཡུལ་བློ་ཡིས་དཔྱད་པ་དང་། །སྤྲོས་བཅས་གང་གིས་རིག་པར་བཀའ་བ་དེ། །སྤྲོས་མེད་དབང་ཞེས་བརྗོད་དེས་དོན་ལ་སོམས། །བདེ་གཤེགས་སྙིང་པོའི་འགྲོ་ཀུན་ཡོངས་ལ་ཁྱབ། །ཡེ་ནས་རིག་ན་སངས་རྒྱས་དེ་ཉིད་དོན། །མ་རིག་པ་ནི་སེམས་ཅན་ཞེས་པ་དེ། །གུ་རུ་པདྨ་ཡབ་ཡུམ་ཞུས་ལན་ལ། །སངས་རྒྱས་སེམས་ཅན་གང་གི་དབྱེ་བ་ལགས། །རིག་དང་མ་རིག་གཉིས་ཀྱིས་དབྱེའོ་གསུངས། །ཀུན་རྫོབ་བློས་བྱས་འཇིག་ཆོས་བསོད་ནམས་ཆ། །དོན་དམ་ཆོས་ཉིད་བདེན་རྫུན་ཀུན་ལས་འདས། །ཡོད་དང་མེད་པ་གཉིས་ཀྱིས་དབྱེ་གསུངས་བཞིན། །འཁྲུལ་མེད་བཀའ་དེ་ཤེས་རབ་ཟབ་མོ་ཡིས། །ལེགས་པར་དཔྱད་ན་མང་པོ་མི་དགོས་པར། །རྡོ་རྗེའི་ཚིག་དེས་དགོངས་པ་གྲུབ་པར་མཆིས། །རྒྱལ་གསུང་མཐའ་དག་མཁྱེན་ན་ཀུན་མཁྱེན་རང་། །ཡིན་ཡང་པད་འབྱུང་རྡོ་རྗེའི་ཞལ་ལུང་ལས། །ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལ། །མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱིས། །ཏིང་འཛིན་ཟབ་མོ་རྩེ་གཅིག་
སྒོམ་མཛོད་ཅིག །གསུངས་འདི་གཞན་གྱི་ཁས་ལན་མི་བཏུབ་རུང་། །རང་ལུགས་སྔ་འགྱུར་བཀའ་གཏེར་འཛིན་པ་རྣམས། །བསམ་གཏན་ཏིང་འཛིན་ཟབ་མོ་ཅིས་མི་སྤྲོ། །སྣ་ཚོགས་བཤད་པ་མང་ཡང་ངལ་བ་དང་། །དོན་དུ་གང་ལ་འདུས་པའི་གནད་མི་ཤེས། །སྤྲང་ངས་མི་འཁྱོང་ད་ནི་མཛོད་རྩམ་ནི། །རང་བབ་བཟོ་བྲལ་འདི་ནི་འཇོག་ཐབས་ལགས། །ཤར་གྲོལ་རིས་མེད་འདི་ནི་ཉམ་མྱོང་ལགས། །བདེ་གསལ་མི་རྟོག་འདི་ནི་གོལ་ས་ལགས། །བྱིང་རྒོད་ཐེ་ཚོམ་འདི་ནི་བར་ཆད་ལགས། །གང་ཡང་རང་བབ་རང་གསལ་ལམ་ཁྱེར་ལགས། །བརྗོད་མེད་རང་གསལ་བློ་བདེ་ལྷག་མཐོང་ལགས། །ཆེད་འཛིན་ཕྱོགས་བྲལ་ཀུན་བཟང་དགོངས་པ་ལགས། །ཡངས་སོ་ཆེ་འོ་སྟོང་ཆེན་དག་པའི་ཀློང་། །སོ་མ་གཉུག་མ་རང་ག་ཇི་བཞིན་ངང་། །ཡོན་ཏན་བསྒྲུབ་མེད་སྐྱོན་ལ་སྤང་དུ་མེད། །ཚིག་གིས་མི་མཚོན་དཔེ་ཡི་སྟོན་དུ་མེད། །སྐྱེ་འཆི་མེད་པའི་གདོད་མའི་སངས་རྒྱས་རང་། །འཁོར་བས་མི་སྒྲིབ་ཉི་མར་མུན་མེད་བཞིན། །ཡོན་ཏན་རང་ཆས་ནོར་བུ་འདོད་
འབྱུང་བཞིན། །བགྲོད་པའི་ལམ་མེད་ས་ལམ་རིམ་རྩིས་བྲལ། །འདི་བཞིན་ཤེས་ན་མཁས་པའི་ཡ་གྱལ་ཏེ། །ཀུན་རྫོབ་དོན་དམ་བྱིས་པའི་རྩེད་མོ་འདྲ། །དེ་ཙམ་དུས་ན་རྫོགས་ཆེན་རྣལ་འབྱོར་པ། །སྟོང་ཆེན་གཏད་མེད་བློ་འདས་རབ་འབྱམས་སོ། །དུས་གསུམ་དུས་མེད་རོལ་པ་གཅིག་ཏུ་འདྲེས། །སྣང་སེམས་བློ་ཟད་གཉིས་ཆོས་མཚན་མ་ཞིག །ཉམས་ཞེན་དག་པའི་རིག་པ་གཅེར་བུར་ཐོན། །མཉམ་རྗེས་འདྲེས་པས་ཉིན་སྣང་ཐུན་མཚམས་མེད། །ཉིན་མཚན་བར་མེད་འོད་གསལ་འཁོར་ཡུག་གྱུར། །འདི་ཙམ་དུས་ན་འབྲས་བུ་མངོན་དུ་གྱུར། །བློ་བདེ་རང་ལ་རྙེད་པས་གཅིག་རྒོད་འཆོར། །མ་རྟོགས་འགྲོ་ལ་བཅོས་མིན་སྙིང་རྗེ་འབྱོངས། །རེ་དོགས་འཆང་བའི་རྩ་བ་གཏད་ནས་བུད། །ཡིད་སྨོན་བྲལ་བར་འབྲས་བུའི་རྒྱལ་སར་སླེབས། །མི་སློབ་དགོངས་པ་མངོན་སུམ་ཁོང་དུ་ཆུད། །མཚུངས་མེད་བླ་མའི་དྲིན་ཡིན་རྗེས་ཡི་རང་། །སྙིང་ཐིག་ཟབ་མོའི་དོན་ཡིན་རྨད་དུ་བྱུང་། །རང་ཡིད་རང་ལ་ཆེས་པའི་དཔའ་གདེང་རྙེད། །འཁོར་བའི་
ཆོས་དང་རིམ་བརྒྱད་ཐེག་པའི་ཆོས། །ངོ་མཉམ་བྱས་ཆོས་འཁྲུལ་བའི་ཡོ་ལང་ཅན། །རྒྱབ་ཏུ་བོར་ནས་ཆོས་ཟད་ཐོག་མའི་མགོན། །ཀ་དག་ཐོག་མའི་དབྱིངས་སུ་མྱང་འདས་སོ། །དེ་ལྟ་ལྟ་བ་ཡས་འབུབ་ཉམས་བཞེས་ཤིང་། །སྤྱོད་པ་མས་ནས་འཛེགས་ཞེས་གསུངས་པ་བཞིན། །དལ་བརྒྱད་འབྱོར་བཅུས་བརྒྱན་པ་རྙེད་དཀའ་ཞིང་། །དེ་ཉིད་སྟོང་ལོག་ཆུད་ཟོས་མི་རུང་འཚལ། །སྐྱེ་འཇིག་འདུ་འབྲལ་ཀུན་རྫོབ་མཚན་ཉིད་ཕྱིར། །མི་རྟག་བསྐུལ་འདེབས་བློ་སྣ་བསྟུང་བ་དང་། །མཐོ་རིས་གསུམ་ནི་འགྱུར་བའི་སྡུག་བསྔལ་ཞེས། །ངན་སོང་གླིང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ། །འདོར་ན་འཁོར་བ་སྡུག་བསྔལ་རང་བཞིན་ཏེ། །དེ་ལས་ཐར་འདོད་ཀུན་སློང་དྲག་པོ་དང་། །དགེ་སྡིག་རྒྱུ་འབྲས་སྤང་བླང་ཞིབ་སྤྱོད་བྱ། །སོར་བྱང་སྔགས་ཀྱི་སྡོམ་གསུམ་ལེགས་བརྩོན་ངོས། །ཚོགས་གཉིས་དགེ་བ་ཆེ་འབྲིང་ཆུང་ངུའི་རིགས། །རང་གིས་འབད་ཀྱང་གཞན་ལའང་དེ་ལྟར་བསྐུལ། །དད་དང་ཤེས་རབ་གྲོགས་དང་མི་འབྲལ་བར། །དགེ་བ་བསྔོ་དང་ཡི་རང་ཡང་དག་བྱ། །འདི་
ཚུལ་སྔ་འགྱུར་རྙིང་མའི་ཕྱག་བཞེས་ལགས། །དེང་སང་སྐྱོན་བརྒྱའི་རང་བཞིན་བདག་འདྲ་ཡིས། །མ་སོང་ལམ་རྒྱུས་མོལ་བ་གད་མོའི་གནས། །འོན་ཀྱང་གང་གི་བཞེད་བཞིན་བབ་ཅོལ་ཞུ། །ཞེས་པ་འདི་ས་སྐྱོང་སྡེ་དགེའི་གཉེར་ཆེན་དགེ་བའི་བཤེས་གཉེན་དམ་པ་ནོར་བུ་དགྲ་འདུལ་གྱི་བཀས་བསྐུལ་བ་ཕེབས་པར་བརྟེན་ནས་རྨོངས་རྒན་ཕྲིན་ལས་བསྟན་དར་གྱིས་གང་ཤར་དུ་བྲིས་ནས་ཕུལ་བ་དགེའོ། །དགེའོ། །དགེའོ།། །། ༈ སངས་རྒྱས་སྟོང་ལས་ལྷག་པའི་བཀའ་དྲིན་ཅན། །པདྨའི་མཚན་ཅན་དོན་གྱི་རྡོ་རྗེ་འཆང་། །ཁྱོད་ཞལ་སྐུ་དྲིན་བསྐལ་བརྒྱར་ག་ལ་འཁོར། །བདག་སོགས་བྱང་ཆུབ་བརྙེས་ཀྱང་སྤྱི་བོར་མཆོད། །མཆེད་དག་བདག་ལ་ཞལ་གདམས་དགོས་གསུངས་ངོར། །རྨོངས་ཚིག་དུམ་ཆོད་ཉུང་ཙམ་བྲི་བ་ལ། །རྗེ་བཙུན་བླ་མས་བཀའ་གནང་བྱིན་གྱིས་རློབས། །རྨད་བྱུང་ཐུགས་རྗེས་ཤིས་པ་བསྩལ་དུ་གསོལ། །དལ་འབྱོར་རྙེད་དཀའ་རྙེད་པ་དོན་ཆེ་ཞིང་། །ཐར་པ་ཐམས་ཅད་མཁྱེན་པ་སྒྲུབ་པའི་རྟེན། །འཇིག་པའི་རང་བཞིན་མི་རྟག་འགྱུར་བ་ཅན། །ཀུན་རྫོབ་གང་ལ་བལྟས་ཀྱང་ཡིན་བརྟན་མེད། །དེ་ཕྱིར་དགེ་ལ་ཡང་
དག་བརྩོན་པར་མཛོད། །ཐོག་མཐའ་མི་མངོན་འཁོར་བའི་རྒྱ་མཚོ་འདིར། །སྡུག་བསྔལ་ཉེས་པའི་ཚོགས་རྣམས་རབ་མང་བའི། །ཐར་འདོད་ངེས་ཤེས་རྒྱུད་ལ་གོམས་པར་མཛོད། །དད་དང་ཐོས་བསམ་སྒོམ་ལ་རབ་བརྩོན་པས། །གནས་སྐབས་ནའང་བདེ་བའི་ཚོགས་མང་ཞིང་། །མཐར་ཐུག་བླ་མེད་གོ་འཕང་ངེས་པར་ཐོབ། །ཚུལ་འདི་ཐུབ་དབང་བསྟན་པའི་བདག་པོས་བཞེད། །སྐྱེས་བུ་ཆེན་པོའི་ཚུལ་གྱི་སྐྱབས་འགྲོ་དང་། །སྨོན་འཇུག་ཀུན་རྫོབ་དོན་དམ་སེམས་བསྐྱེད་དང་། །ཚོགས་བསགས་སྒྲིབ་སྦྱང་བླ་མའི་རྣལ་འབྱོར་སོགས། །རྒྱུན་དུ་ཉམས་སུ་ལེན་ལ་འབད་པར་མཛོད། །སྔགས་རིམ་རྣམས་ལས་འདིར་ནི་དབང་བཞི་འཆད། །རྫོགས་པ་ཆེན་པོར་ཐུན་མོང་མ་ཡིན་པའི། །མན་ངག་བྱེ་བྲག་ཡོད་པར་ཤེས་དགོས་སོ། །དངོས་གཞི་ཉམས་ལེན་ཚིག་དང་དཔེ་བྲལ་བའི། །བརྗོད་མེད་རང་གསལ་བློ་འདས་དགོངས་པ་སྐྱོངས། །རབ་ཏུ་འཁོར་ཡུག་འབྲིང་དུ་ཐུན་དྲུག་དང་། །ཐ་ནའང་དུས་གསུམ་ཉམས་ལེན་ཆག་མེད་དགོས། །དེང་སང་ཚིག་མཐའ་
བཅད་པས་དོན་མཐའ་ནོར། །དེང་སང་ཐོབ་པས་ཆོག་ཅིང་ཉམས་མི་ལེན། །དེང་སང་ཐུགས་དམ་གཞན་གཅེས་སྒོམ་གལ་ཆུང་། །དེ་ལྟར་མ་ཡིན་སེམས་དོན་གཙོ་བོར་མཛོད། །རེས་སྒོམ་རེས་བརྗེད་ངལ་ཆད་མ་ཡིན་པར། །ཐ་ན་ཐུན་རེར་སྒོམ་ལ་ཆག་མེད་བྱ། །དེ་ཡི་རྟོགས་པ་ན་དང་གོ་རིམ་ལས། །མངོན་སུམ་གོང་དུ་འཕེལ་བ་མྱོང་བས་གྲུབ། །དད་དང་དམ་ཚིག་བརྩོན་འགྲུས་རྣམ་པ་གསུམ། །ཐར་པ་སྒྲུབ་པའི་གྲོགས་སུ་གལ་པོ་ཆེ། །བསྔོ་སྨོན་སེམས་བསྐྱེད་རྣམ་པ་གསུམ་པོ་ནི། །དགེ་བ་མི་ཉམས་གོང་འཕེལ་ལེགས་པའི་ལམ། །དེ་སོགས་མདོ་ཙམ་གང་དྲན་ཤར་མར་བྲིས། །གྲོགས་མཆོག་བླ་མ་འགྱུར་མེད་བློ་ལྡན་གྱིས། །གསུང་ངོར་ལས་རབ་རྩལ་གྱིས་ཕུལ་བའོ།། །། ༈ རྡོ་རྗེ་འཛིན་པ་རིན་པོ་ཆེ་ཉིད་ཀྱིས་ལྟ་བ་རྒྱ་ཁྱོན་ཕྱོགས་ལྷུང་དང་བྲལ་བ་ཀློང་རྡོ་རྗེ་རབ་འབྱམས་ཀྱི་གསུང་མགུར་དང་། བདག་དཀོར་འབྱམས་པས་ཐ་མལ་གྱི་ཤེས་པ་བཟོ་མེད་དུ་སྐྱོང་བ་འདི་ལ་བོགས་འདོན་དང་ཞལ་གདམས་ཐུགས་ཀྱི་ཐིགས་པ་གསུང་བར་ཞུ་
ཟེར་བའི་ལན། ཁོ་བོ་ལྟ་བ་རྒྱ་ཁྱོན་ཕྱོགས་ལྷུང་དང་བྲལ་བ་ཀློང་རྡོ་རྗེ་རབ་འབྱམས་ཀྱི་ཞེས་པའི་ཤུགས་ཀྱིས་ལྟ་བའི་དོན་དག་པ་དང་། རང་གི་ཐ་མལ་གྱི་ཤེས་པ་བཟོ་མེད་སྐྱོང་བ་འདི་ཞེས་པ་མཉམ་བཞག་གི་དོན་དུ་འདུག་ཅིང་། བོགས་དབྱུང་ཞེས་ལྷག་པར་ར་བཏགས་རྒྱུ་མེད་ཀྱང་ཁ་འཆལ་སྨྲ་ན། ཡེ་ཡིན་ཡེ་ནས་སངས་རྒྱས་ངང་། །ཀ་དག་ཡེ་ཤེས་རང་ལ་གནས། །རང་ངོ་ཤེས་ན་རྫོགས་སངས་རྒྱས། །མཐའ་བཞི་བྲལ་བས་ཀུན་ནས་ཟླུམ། །ཀུན་རྫོབ་བདེ་བས་མི་མཚོན་པའི། །རང་གསལ་གཅེར་ཐོན་བདེ་བ་ཆེ། །ལྷུན་གྱིས་གྲུབ་ཅིང་དམིགས་མཐའ་མེད། །རྩོལ་མེད་སྒྲུབ་མེད་རང་གའི་ངང་། །དམིགས་གཏད་འཇུར་བུས་མ་བཏབ་པའི། །གུ་ཡངས་ཆེད་འཛིན་ཞིག་པའི་བབས། །ཀློང་ཆེན་དག་པ་ནམ་མཁའི་ཀློང་། །བསམ་ཡུལ་ཞེན་འཛིན་འཆིང་ཐག་ཆད། །ངང་ལས་མི་གཡོ་རང་རིག་ངང་། །གདོད་ནས་སྐྱེ་འཆི་གྲུབ་མ་མྱོང་། །ཡུལ་སེམས་གཉིས་ཀྱི་སྤྲོས་པ་ཆད། །འབྲས་བུ་ཡིད་སྨོན་རེ་བ་ཆད། །ཆོས་ཟད་རང་ག་གྱིས་འདའོ། །བླ་མ་ཀུན་དགའ་ནོར་བུ་ལ། །ཆེ་
ཡོལ་སྨྱོན་པས་བརྗོད་པའོ། །མངྒ་ལཾ།། །། ༈ ལྟ་ཁྲིད་རྡོ་རྗེའི་གསང་ལམ་གེགས་སེལ་གནད་ཀྱི་ཡི་གེ་ཆེན་པོ་བཞུགས་སོ། །ཆོས་ཀུན་དག་པའི་མཐའ་ལས་རབ་འདས་ཤིང་། །རང་གསལ་ལྷུན་གྲུབ་དགོངས་པ་མི་གཡོ་བཞུགས། །མཚུངས་མེད་རྗེ་དེ་ཉི་གྲགས་སྤྲུལ་པའི་སྐུ། །ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཞབས་ལ་འདུད། །ལན་གཅིག་ཙམ་མིན་ལན་གྲངས་དུ་མ་རུ། །དྲིན་ཅན་རྗེ་དེའི་ཞབས་པད་ཡུན་བསྟེན་ཅིང་། །ཆོས་ཉིད་རྡོ་རྗེ་སྙིང་པོའི་གནས་ལུགས་ལ། །བསྒོམ་ཉམས་མེད་ཀྱང་ཞུན་ཐར་ཡང་ཡང་བཅད། །དེ་ཕྱིར་བླ་མའི་ཞལ་གདམས་བདུད་རྩིའི་བཅུད། །མ་བོར་སྙིང་ལ་གཅེས་པར་འཆང་བའི་དོན། །དེང་སང་རྫོགས་ཆེན་རང་སྐད་འཆོལ་དུས་འདིར། །སྔོན་ཆད་ཆང་གིས་བསྐུལ་བའི་གླུ་མགུར་དང་། །གཞན་དག་ཞལ་གདམས་དགོས་ཞེས་བསྐུལ་བའི་ངོར། །རང་གི་གང་ཤེས་ཁོག་ཏུ་མ་ཤོང་པར། །བླ་རྡོལ་ཁ་འཁྱལ་ཡི་གེར་བྲིས་བྲིས་ནས། །སྐྱོ་ཤས་ངེས་འབྱུང་ཤེས་རབ་ལྡན་རྣམས་ལ། །རྫོགས་ཆེན་རང་སྐད་ཁོང་དུ་ཆུད་སྙམ་ཡོད། །ད་ནི་དེའི་ལྷག་གསར་དུ་
དགོས་རྒྱུས་དབེན། །པཎ་གྲུབ་ཆེན་པོ་བི་མའི་བཞེད་གཞུང་དང་། །པད་འབྱུང་ཆེན་པོའི་ཟབ་གཏེར་གྲངས་མང་ལས། །མངོན་སུམ་སྙིང་པོའི་ཟབ་དོན་རྒྱ་ཆེ་བ། །དེའི་ལྷག་ལུས་ཅན་སྐྱེ་བོས་སྨྲ་མི་ནུས། །བོད་རྣམས་རྨོངས་པས་བོད་རྩོམ་ལུང་དྲངས་ཤིང་། །རང་འདོད་ལྟ་བའི་ཁ་འཛིན་ཟིན་བྲིས་མང་། །དེ་དག་རྣམས་ལ་མཐར་ཐུག་ཡིད་རྟོན་ཅིང་། །རྨོངས་ཞན་ཐོས་བསམ་བྱས་པ་ཆུད་རེ་ཟ། །སྤྲང་བདག་ཐོས་པ་དམན་དང་ཤེས་རབ་ཞན། །ཆུང་ངུའི་དུས་ནས་གོ་ཐོས་ཡོད་པ་ཡི། །པདྨའི་རྣམ་ཐར་ལས་འོང་པད་འབྱུང་གིས། །ལྷ་སྲས་རྗེ་ལ་ཞལ་གདམས་མཐར་ཐུག་པ། །རང་གིས་གཅེས་པར་བཟུང་བའི་བློར་བཞག་ཡང་། །རྒྱ་ཆེན་ཐོས་པ་ཅན་ལ་བཤད་འོས་མིན། །འོན་ཀྱང་རང་ལ་མེད་པའི་ནོར་བུ་ཞིག །གཞན་ལ་བཙལ་བས་རྙེད་པའི་ཁུངས་མེད་ཡང་། །ནན་ཏན་རྐུན་མས་ཁས་བླངས་ལྟ་བུའི་དཔེས། །ཟིན་བྲིས་བྱ་བྱེད་ཡང་གསང་སྙིང་པོས་དབེན། །འོན་ཀྱང་ཆོས་ཚུལ་ཡང་དག་འཛིན་རྣམས་ལ། །དགྲ་འདུལ་གཉེན་སྐྱོང་བྱ་བྱེད་སྣ་མང་གིས། །རྣམ་
གཡེང་འཕེལ་ཞིང་ལུས་སེམས་སུན་པ་ལ། །ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །འདུ་འཛིའི་གནས་ལ་སུན་པའི་དུས་སུ་ནི། །གཏད་མེད་ཆོས་དབྱིངས་ངང་དུ་ཞོག་ཅིག་གསུངས། །གཉེན་འདུན་དང་ནི་འཁོར་གྱི་ལོག་སྒྲུབ་ཀྱིས། །སེམས་འཁྲུགས་ཅི་བྱས་བྱར་མི་བཏུབ་པ་ལ། །ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །འཁོར་ངན་བྱུར་གྱིས་གནོན་པའི་དུས་སུ་ནི། །རྨི་ལམ་གནས་སྐབས་ཙམ་དུ་སོམས་ཤིག་གསུངས། །རྩེ་གཅིག་སེམས་ལ་ཉམས་ལེན་སྒྲིམ་ཆེ་བས། །བདེ་གསལ་མི་རྟོག་ཉམས་ཞེན་སྒོམ་སྤྲོ་ཞིང་། །དེ་མེད་བྱིང་རྒོད་རྨུགས་པས་སྒོམ་མི་བདེ། །ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །ཏིང་འཛིན་ཉམས་མྱོང་འཕེལ་འགྲིབ་ཅི་བྱུང་ཡང་། །ཐམས་ཅད་རོ་སྙོམས་ངང་དུ་ཆོད་ཅིག་གསུངས། །བཟང་རྟོག་ཡོན་ཏན་དེ་ལ་འབྲལ་མི་ཕོད། །ངན་རྟོག་སྐྱོན་མཐོང་ཆེ་ཞིང་སྤང་བླང་དམ། །རྐྱེན་ངན་དགའ་སྡུག་ཉིན་སྲིབ་ཆེ་བ་ལ། །ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །བཟང་རྟོག་ངན་རྟོག་བཟང་ངན་ཅི་བྱུང་
ཡང་། །གང་སྣང་ཆོས་སྐུའི་ལམ་དུ་ཁྱེར་ཅིག་གསུངས། །བཀའ་རྣམས་རྒྱ་ཆེ་ལུང་རྣམས་གྲངས་མང་ཞིང་། །ཐོས་བསམ་འཁྱལ་བའི་མཐའ་ལ་འཛད་དུས་མེད། །རང་དོན་རྩེ་གཅིག་ཉམས་ལེན་གཙོ་བོ་ཡིན། །ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལ། །མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱི། །ཏིང་འཛིན་ཟབ་མོ་རྩེ་གཅིག་སྒོམ་མཛོད་ཅིག །ཞེས་སོགས་འདི་དག་ཨོ་རྒྱན་ཆེན་པོས་གསུངས། །དོན་ཟིན་ཉམས་སུ་མྱོང་བ་མེད་ན་ཡང་། །རང་གིས་གཅེས་ཚོད་སྙིང་གི་ཁྲག་དང་འདྲ། །ཡང་ནི་ད་དུང་རང་བློར་གང་ཤར་གྱི། །རྨོངས་པའི་ཁ་འཁྱལ་འགའ་ཞིག་འདིར་ཡང་ནི། །ཐོད་རྒལ་ཐོག་མར་ཆོས་ཉིད་མངོན་གསུམ་བཞེད། །ཁྲེགས་ཆོད་ཐོག་མར་ཆོས་ཉིད་ཟད་ས་སྟེ། །སེམས་ཀྱི་བྱུང་གནས་འགྲོ་གསུམ་དབྱིབས་ཁ་དོག །མདོར་ན་སེམས་ཀྱི་ཁ་དོག་གང་དང་གང་། །བློ་ཡིས་མི་དཔྱོད་ཚིག་གི་སྨྲ་བར་ཟད། །མཐའ་བྲལ་དམིགས་མེད་འདི་ལ་ཆོས་ཟད་ཐོགས། །དེ་ལྟར་ཡིན་ཀྱང་རིག་པ་ཚད་ཕེབས་ཏེ། །བརྗོད་
མེད་ངོ་བོ་མངོན་སུམ་མཐོང་འདྲ་བ། །ལྐུགས་པའི་རྨི་ལམ་གཞོན་ནུའི་བདེ་བ་བཞིན། །མངོན་སུམ་མྱོང་ཡང་ཚིག་ཏུ་བརྗོད་མི་གཏུབ། །རང་གསལ་བརྗོད་མེད་ངོ་འཕྲོད་ཚད་ཕེབས་ལགས། །ལུས་སེམས་བདེ་ཞིང་སྒོམ་སྤྲོ་བདེ་བའི་ཉམས། །དྭངས་གསལ་ཡི་གར་ཡོང་བ་གསལ་བའི་ཉམས། །དྲན་མེད་བརྒྱལ་ཐབས་ཧད་སོང་མི་རྟོག་ཉམས། །འདི་གསུམ་ལྷག་མཐོང་གིས་ཟིན་སྒོམ་གྱི་གྲོགས། །འདི་གསུམ་ལྟ་བའི་མཆོག་བཟུང་ཞེན་པས་གོལ། །རྨུགས་དང་འཚིག་དང་བྱིང་རྒོད་ཐེ་ཚོམ་སོགས། །གང་ཤར་མ་བཅོས་ངང་དུ་བཞག་པ་ཡིས། །ཆུ་ཡིས་རྦ་རླབས་ཆུ་ལ་ཐིམ་པ་འདྲ། །སྣང་སྟོང་གསལ་སྟོང་བདེ་སྟོང་ལ་སོགས་པ། །བུ་རམ་དང་ནི་དེ་ཡི་རོ་བཞིན་དུ། །གཅིག་དང་གཉིས་ཞེས་གང་གིས་མཚོན་མི་ནུས། །མདོར་ན་སྒོམ་པའི་རྟགས་ཀྱི་ཉམས་མང་པོ། །འདི་དག་ཉམས་སྣང་གོང་འཕེལ་བྱ་བ་ལགས། །མཉམ་གཞག་དང་ནི་རྗེས་ཐོབ་གཅིག་ཏུ་འདྲེས། །བསྒོམ་དང་མ་བསྒོམས་དྲན་འཛིན་གཉེན་པོ་ཞིག །ངང་ལས་མ་གཡོས་རང་རིག་
བདེ་བ་ཆེ། །ཉིན་མཚན་བར་མེད་ཐུན་མཚམས་རིས་མེད་ཅིང་། །དུས་གསུམ་དུས་མེད་འཁོར་ཡུག་གཅིག་ཏུ་འདྲེས། །འབྲས་བུ་ཞེས་བྱ་བྲལ་ཐོབ་ཡིད་སྨོན་མེད། །ཀ་དག་གཞི་ལ་ལྡོག་པ་འབྲས་བུ་སྟེ། །དུས་ཀུན་རང་རིག་མངོན་གྱུར་འཕོ་འགྱུར་མེད། །ཆོས་ཉིད་མངོན་གསུམ་ཀུན་བཟང་དགོངས་པ་ལགས། །གང་དུ་ཨོ་རྒྱན་ཆེན་པོའི་གསུངས་པ་ཡི། །གེགས་སེལ་བོགས་འདོན་དེས་ཟབ་མ་མཆིས་ཀྱང་། །ད་དུང་རང་བློ་དམན་པས་བོང་བུའི་སྐད། །འཁྲུལ་ཚིག་ཡིག་ཉོབ་ཟིན་བྲིས་འདི་ལྟ་སྟེ། །ཡོན་ཏན་དག་ལ་ཞེན་ཅིང་ཉམས་ཀྱི་དོགས། །སྐྱོན་ལ་སྤང་བློ་ཆེ་ཞིང་འབྱུང་དོགས་པའི། །རེ་དོགས་གཉིས་པོ་གེགས་ཀྱི་རྩ་བ་སྟེ། །གང་དང་གང་ཤར་ཅི་དང་ཅི་ཤར་ཡང་། །རབ་ཀྱིས་གང་ཤར་མ་བཅོས་ལྟ་བའི་ངང་། །འབྲིང་གིས་རྨི་ལམ་སྒྱུ་མ་ཇི་བཞིན་དུ། །དོན་ལ་བདེན་པར་མ་གྲུབ་རོ་མཉམ་ངང་། །ཐ་མས་རེ་དོགས་གང་ཤར་དེ་ཉིད་ལ། །ཇི་མི་སྙམ་དང་གལ་མ་མཆིས་སུ་བོར། །མདོར་ན་གང་དང་གང་ཤར་ཐམས་ཅད་ལ། །ཀོར་ཚེར་འཇུར་བུས་དོགས་ལ་མ་བཅིངས་
པར། །ལུས་སེམས་མ་བསྒྲིམས་ལྷོད་དེ་ཤིག་གེའི་ངང་། །གཏད་མེད་གུ་ཡངས་ཆེད་འཛིན་ཞིག་པའི་ངང། །དེ་ལྟར་མ་ཤེས་རྣམ་རྟོག་སྤང་བླང་རྒོད། །དུག་སྦྲུལ་དང་ནི་ཁྱི་རྒོད་གཙེས་པ་བཞིན། །རྣམ་རྟོག་འདུ་ཞིང་ནད་འདུ་སྐྱོན་རྣམས་འདུ། །དེ་ཕྱིར་སེམས་ཉིད་སྐྱོང་ལ་མཁས་པ་རྣམས། །རང་བབས་མ་བཅོས་གུ་ཡངས་གློད་པའི་ངང་། །བསྒོམ་མེད་འཛིན་མེད་ཡེངས་མེད་ངང་དུ་བདེ། །དེ་ནས་རང་རིག་ཡེ་ཤེས་རྡོ་རྗེའི་གླུ། །ཀྱེ་ཧོ་ཐོག་མའི་ཀུན་བཟང་རང་ལ་གནས་པ་སྟེ། །གཞན་ལས་བཙལ་བས་སངས་རྒྱས་རྙེད་མི་འགྱུར། །ཐེག་པ་རིམ་དགུ་གང་གིས་དཔྱད་གྱུར་ཀྱང་། །རྣམ་རྟོག་འཕེལ་བའི་མཚན་ཉིད་མང་བའི་རྒྱུ། །ཨ་ཏི་ཁྱབ་གདལ་བདེ་གཤེགས་སྙིང་པོ་ནི། །འཁོར་འདས་ཀུན་ལ་ཁྱབ་པར་གནས་པའི་དོན། །སངས་རྒྱས་སྐུ་དང་ཡོན་ཏན་མང་པོ་ཡང་། །འཆར་བའི་ཚེ་ན་དེ་ཡི་སྤྲོས་པ་མེད། །འཁོར་བའི་སྐྱོན་དང་ཉེས་པ་སྣ་ཚོགས་ཀྱིས། །ཆོས་ཉིད་དོན་ལ་ཉམས་དང་སྒྲིབ་པ་མེད། །ཡོད་མེད་ཡིན་མིན་བརྟགས་པ་སྣ་ཚོགས་ཆོས། །བྱིས་
པས་ནམ་མཁའ་ཡོད་མེད་རྩོད་པ་བཞིན། །ཆོས་ཉིད་དོན་ལ་འཁྲུལ་གྲོལ་ཡོད་མ་མྱོང་། །གང་ལ་དམིགས་པའི་བློ་ཡིས་བཅོས་པ་ཡི། །ཕྱོགས་འཛིན་ཕྱོགས་སུ་འཐས་པའི་སྐྱེས་བུ་དེས། །ཆོས་ཟད་གདོད་མའི་ངོ་བོ་མཐོང་དུས་མེད། །འཁྲུལ་བའི་བློ་ལ་དཔྱོད་པའི་སེམས་འཛིན་པ། །ཡང་ནས་ཡང་འཁོར་ཡང་ནས་ཡང་འཁྲུལ་ཞིང་། །བློ་བྲལ་གདོད་མའི་གཏན་ཡུལ་ཟིན་དུས་མེད། །ཕན་གནོད་བྱེད་པོར་བཟུང་ཞིང་གཉེན་པོས་བཅོས། །ནོར་བ་གཅིག་ལ་ནོར་བ་གཉིས་བསྣན་བཞིན། །འཁྲུལ་བར་ཉིང་འཁྲུལ་བསྣན་པའི་འཁོར་མོ་ཡུག །སྤྲོས་བྲལ་གདོད་མའི་ཡེ་ཤེས་བསྒྲིབ་པར་འགྱུར། །དེ་རང་ཉིད་ནས་ཡང་དག་སྙིང་པོའི་དོན། །ཚིག་དང་དཔེ་ཡིས་བརྗོད་ཡུལ་ལས་འདས་པ། །རང་ལས་རང་གསལ་རང་ངང་གདོད་མའི་བབས། །ངང་ཡིན་ཡེ་ཡིན་ལྷུན་གྱིས་གྲུབ་པའི་ངང་། །རྩོལ་མེད་སྒྲུབ་མེད་བྱ་བྱེད་ཞིག་པའི་ཀློང་། །སྣང་མིན་སྟོང་མིན་སྣང་སྟོང་གཉིས་ཀ་མིན། །གཅིག་དང་དུ་མ་མ་ཡིན་ཡིན་མིན་མིན། །ཚིག་ཏུ་བརྗོད་པ་ཐམས་ཅད་འགགས་པ་སྟེ། །
སེམས་ཞེས་རྣམ་རྟོག་དགའ་སྡུག་བཟང་ངན་ཅན། །སེམས་འགགས་པ་ཡི་ཡེ་ཤེས་བརྗོད་དུ་མེད། །གསལ་བཞག་འགྲོ་འོང་ཀུན་དང་བྲལ་བ་ཡིས། །རིག་པས་ཡེ་ཤེས་བློ་ལས་འདས་པའི་དོན། །ངོས་འཛིན་ཕྱོགས་ལྷུང་བྲལ་བའི་བདེ་བ་ཆེ། །ཀློང་ཡངས་ཀློང་ཡངས་བརྗོད་མེད་སྟོང་པའི་ཀློང་། །ཀློང་ཆེན་འདི་དག་མཐའ་བྲལ་ནམ་མཁའི་ཀློང་། །འཁོར་འདས་སྐྱོན་ཡོན་བྲལ་ཐོབ་དག་པའི་ཀློང་། །དེ་ལྟར་མཐར་ཐུག་ཟབ་དོན་རྫོགས་པ་ཆེ། །རང་རིག་ཡིན་ཚུལ་གཅེར་བུ་ཟང་ཁ་རུ། །རྗེན་པར་སྨྲས་པ་འདི་ཡི་དགེ་བ་ཡིས། །འགྲོ་ཀུན་དང་པོའི་ཀ་དག་གཞིར་གྲོལ་ཤོག །ཅེས་སྐྱབས་མགོན་འཁོར་ལོའི་མགོན་པོ་རྫོགས་ཆེན་གསུམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་གནད་རྩོལ་གྱི་དངོས་རྫས་ཆེན་པོ་དང་བཅས་ཕེབས་སྐབས། རྫོགས་ཆེན་གྱི་ཁྲི་ལ་ཉེར་མཁོ་ཞིག་བབ་ཅོལ་དུ་བཤད་པ་གྱིས་ཞེས་བཀའ་སྤྱི་བོར་ཕེབས་ཚེ་གང་ཤར་ལྷུག་པར་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བྱས་པ་མངྒ་ལཾ།། །། ༈ རྒྱལ་ཀུན་འདུས་པའི་བདག་ཉིད་དཀྱིལ་འཁོར་གཙོ། །ཨོ་རྒྱན་རྡོ་རྗེ་འཆང་ལ་གུས་ཕྱག་འཚལ། །གང་གི་ལྟ་གྲུབ་རྫོགས་ཆེན་སྙིང་
ཐིག་གི། །མན་ངག་ཅུང་ཟད་འདིར་ནི་བཤད་པར་བྱ། །ཕ་མཐའ་མི་མངོན་འཁོར་བའི་རྒྱ་མཚོ་ལས། །བསྒྲལ་འདོད་དལ་འབྱོར་གྲུ་རྙེད་སྐྱེས་བུ་དག །ཐུབ་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་དུ། །རྒྱུ་འབྲས་སྤང་བླང་ཚུལ་བཞིན་རབ་བརྩོན་ཞིང་། །དད་དང་དམ་ཚིག་དགེ་སྦྱོར་ལམ་དུ་ཁྱེར། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ནི། །ཡོངས་ལ་རླུང་བཞིན་གྲགས་པར་གྱུར་པ་དེ། །ལམ་དུས་འགྲོ་ལ་སྙིང་རྗེ་ལྡན་པ་དང་། །མཉམ་བཞག་ཁོ་ན་ཉམས་སུ་ལེན་པ་ཡིན། །འབྲས་བུ་ཆོས་སྐུ་མངོན་དུ་གྱུར་པའི་དུས། །མི་གཡོ་སྤྲོས་དང་བྲལ་བའི་ངང་གནས་ཕྱིར། །སྙིང་རྗེ་བསྒོམ་བྱ་སྒོམ་བྱེད་བྲལ་བའོ། །འདིར་ནི་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། །རྣམ་རྟོག་བཟང་ངན་འབྲིང་གསུམ་ཅི་ཤར་ཡང་། །ཕར་ལ་མི་སྤྲོ་ཚུར་ལ་མི་བསྡུ་ཞིང་། །སྤང་བླང་གདམ་ཀ་ཚོད་འཛིན་མེད་པར་ཞོག །ཡོད་པའི་སྐྱོན་དེ་ཕར་ལ་མི་སྤོང་ཞིང་། །མེད་པའི་ཡོན་ཏན་ཚུར་ལ་སྒྲུབ་མི་དགོས། །གང་ཤར་མ་བཅོས་ལྷུག་པའི་ངང་དུ་ཞོག །དེ་ཚེ་འགྱུ་རྟོག་མེད་པའི་ཞི་གནས་ལ། །རང་གསལ་བརྗོད་མེད་
རྒྱས་ཐེབས་ལྷག་མཐོང་ཡིན། །སྒོམ་ཞེས་བསྒོམ་བྱ་སྒོམ་བྱེད་གང་ཡང་མེད། །སེམས་ལ་ངོས་བཟུང་ཁས་ལེན་གང་ཡང་མེད། །ཇི་བཞིན་སྒོམ་ལ་གནས་པ་མཉམ་བཞག་ཡིན། །བསྒོམས་ལས་ལྡང་བའི་ཐུན་མཚམས་རྗེས་ཐོབ་ཡིན། །རྗེས་ཐོབ་བྱ་བྱེད་ལྟ་བའི་ལམ་ཁྱེར་བྱ། །བསྒོམས་ནས་མཉམ་རྗེས་འདྲེས་ན་ཤིན་ཏུ་ལེགས། །དེ་ལྟར་རྫོགས་ཆེན་ཉམས་སུ་ལེན་ཚུལ་འདི། །ཆོས་རྒྱལ་སྡེ་དགེའི་གཉེར་ཆེན་འདུལ་འཛིན་པ། །དགེ་བའི་དཔྱོད་ལྡན་དོན་འགྲུབ་བཀྲ་ཤིས་ལ། །རྨོངས་རྒན་ལས་རབ་རྩལ་གྱིས་ཕུལ་བ་འདིས། །འགྲོ་ཀུན་སེམས་ཀྱི་སྤྲིན་ཚོགས་རབ་ཞི་ནས། །སེམས་ཉིད་ཆོས་སྐུའི་ཉི་མ་གསལ་གྱུར་ཅིག། །། ༈ པདྨའི་མཚན་ཅན་མགོན་དེ་སྤྱི་བོར་མཆོད། །དཀའ་བའི་རྟེན་བཟང་ཐོབ་པའི་སྐལ་བ་ཅན། །འཁོར་བའི་སྡུག་བསྔལ་འདི་ནས་བྲོས་རེ་རན། །བདེ་ཆེན་ཐར་པ་དོན་དུ་ད་རེས་གཉེར། །མོས་གུས་དད་པ་སྙིང་ནས་སྐྱེ་རེ་རན། །དཀོན་མཆོག་ཡོན་ཏན་ད་རེས་དྲན་པར་གྱིས། །གཞན་ཕན་སྙིང་རྗེ་རྒྱུད་ལ་སྦྱོར་རེ་རན། །འཁོར་བའི་སྡུག་
བསྔལ་སེལ་བར་ད་རེས་བརྩོན། །རྣམ་གཡེང་འདུ་འཛིས་བསླུ་བ་སྤོང་རེ་རན། །ནང་དུ་སྒྲུབ་ལ་འབད་པ་ད་རེས་རེམ། །རྣམ་ཀུན་དགེ་བའི་ལས་ལ་འབུངས་རེ་རན། །མི་རྟག་རྒྱུད་བསྐུལ་ལེ་ལོ་ད་རེས་སྤང་། །མི་གཡོ་མཉམ་ཞག་བསྒོམ་པ་གོམས་རེ་རན། །སྤང་བླང་རེས་འཇོག་འདམ་ཁ་ད་རེས་བོར། །རང་བཞག་ཡེ་ཤེས་རང་ངོ་སྐྱོང་རེ་རན། །ཉམས་མྱོང་ཚད་ཕྱིན་གོམས་པ་ད་རེས་དགོས། །ཁྱོད་ནི་སྔོན་བསགས་བསོད་ནམས་འཕྲོ་བཙན་པས། །བན་ཧོར་སྨྱོན་པས་རྗེས་སུ་མ་འབྲངས་པར། །དགེ་གོམས་ཆོས་ལ་མོས་པ་སྐལ་བ་བཟང་། །དེ་ཚུལ་སྔ་འགྱུར་ཆོས་ཚུལ་འཛིན་པ་པོ། །རྗེ་བཙུན་བླ་མའི་སྲས་གཅིག་ལས་རབ་ཀྱིས། །འཇིགས་མེད་ཐེག་མཆོག་བསྐུལ་བ་དོན་ཡོད་ཕྱིར། །གང་ཤར་བྲིས་པ་ཤིན་ཏུ་དགེ་གྱུར་ཅིག། །། ༈ སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་གར། །བསྟན་པའི་རྒྱལ་མཚན་རིགས་བདག་མཆོག་དེར་འདུད། །རིགས་མང་སྐྱེ་བའི་རྣམ་རོལ་གང་དེ་ཡི། །ཐོས་པའི་ཆོས་སྤྱན་ཡངས་པར་དགོས་པ་ཡིན། །དེ་ཡང་བསམ་པས་གཏན་ལ་
འབེབས་མོས་ཤིང་། །དེ་ཡང་སྒོམ་པས་ལག་ཏུ་ལོན་པ་དགོས། །ཚེ་འདིར་འབད་པའི་ལས་ལ་དོན་མེད་ཅིང་། །དོན་གྱི་སྙིང་པོ་རང་སྐུལ་རང་ལ་ཐོབས། །མདོ་སྔགས་སྤྱི་དང་ཁྱད་པར་རྫོགས་པ་ཆེ། །རང་ལུགས་རྙིང་མའི་ཐུགས་དམ་བརྣག་པ་དེ། །ཉིན་མཚན་རྟག་ཏུ་བརྩོན་པས་ཉམས་སུ་ལོངས། །སེམས་ནི་གཞི་རྩ་བྲལ་བའི་སྟོང་པ་ཉིད། །སྟོང་པའི་སྣང་བ་མི་འགག་རང་ལས་འཕྲོ། །སེམས་ཉིད་རྟོག་ཚོགས་འགྱུ་དྲན་ལྟར་སྣང་ཡང་། །སྣང་བའི་སྟོང་པ་མི་འགག་ཤར་གྲོལ་ངང་། །ཤར་གྲོལ་གཉིས་མེད་རང་ངོ་ཤེས་པ་གཅེས། །དེ་ལྟར་ཞལ་གདམས་མན་ངག་མདོར་བསྡུས་པ། །ཨོ་རྒྱན་ཆོས་དཔལ་རྒྱ་མཚོའི་གསུང་བསྐུལ་གྱི། །ངོར་ནི་ལས་རབ་རྩལ་གྱིས་བྲིས་པ་ཡི། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག། །། ༈ སྣང་བ་མཐའ་ཡས་སྤྲུལ་བའི་རྣམ་རོལ་མཆོག །ངེས་པ་དོན་གྱི་རྡོ་རྗེ་འཛིན་པ་མཆོག །སྨིན་གྲོལ་གདམས་པ་ཀུན་གྱི་འབྱུང་གནས་མཆོག །མཆོག་གསུམ་ཀུན་འདུས་པདྨའི་མཚན་དེར་འདུད། །ཞལ་གདམས་དགོས་
ཞེས་བསྐུལ་བའི་དོན་སྨོས་པ། །འགྲོ་བ་གཞན་གྱི་ལུས་ལ་བསམ་པ་ན། །མི་ལུས་ཆོས་ལྡན་ད་རེས་སྐལ་བ་བཟང་། །ཀུན་རྫོབ་འདུས་བྱས་ཐམས་ཅད་འཇིག་པའི་ཆོས། །མི་རྟག་འཆི་བ་ནམ་ཡོང་ཆ་མེད་པས། །མྱུར་དུ་མྱུར་དུ་ཆོས་ལ་བརྩོན་པར་བྱ། །དགེ་སྡིག་ལས་ལ་འཇུག་ལྡོག་མ་ལོག་པར། །ཐར་པ་དམ་བ་དོན་དུ་གཉེར་བར་མཛོད། །དཀོན་མཆོག་མཆོད་དང་ཕོངས་པར་སྦྱིན་གཏོང་སོགས། །སྒྱུ་མའི་ནོར་ལ་ཕྱི་མའི་རྒྱགས་ཕྱེ་སྒྲུབས། །མཁན་པོ་སློབ་དཔོན་དང་ནི་རྒན་རབས་ལ། །དྲིན་བཟོ་བཀུར་སོགས་ཡ་རབས་སྤྱོད་པ་བསྟེན། །སྡུག་ཕོངས་དབུལ་དང་ཉམ་ཐག་གྱུར་པ་དང་། །ནད་པ་ལ་སོགས་སྐྱབས་མགོན་མེད་པ་ལ། །ཕན་འདོགས་སྡུག་བསྔལ་སེལ་བའི་ཐབས་བརྩོན་པ། །རྒྱལ་སྲས་དམ་པ་རྣམས་ཀྱི་སྤྱོད་པ་སྟེ། །ཕན་ཡོན་ཚད་མེད་བསྐལ་མང་ཉེས་སྒྲིབ་འདག །ཚོགས་དང་མེ་མཆོད་གཏོར་མ་ལ་འབད་པས། །དངོས་སུ་བསོད་ནམས་འཕེལ་ཞིང་འདུ་བ་རྒྱས། །རང་ལུས་ཤ་ཁྲག་སྟོང་གསུམ་ཁྱབ་པ་ཙམ། །དཀོན་མཆོག་རྩ་གསུམ་སྲུང་མ་
རྣམས་ལ་མཆོད། །རིགས་དྲུག་ཕ་མ་ལན་ཆགས་བགེགས་ལ་སྦྱིན། །རྐྱེན་ངན་བར་ཆད་ལམ་ཁྱེར་ལྟ་བའི་ངང་། །ཉམ་ང་བག་ཚའི་སྟེང་དུ་ཐོག་བརྫིས་ཐོངས། །འདིས་ནི་ནད་གདོན་བར་ཆད་ཞི་བ་དང། །ལྟ་སྒོམ་སྤྱོད་པའི་ཏིང་འཛིན་བོགས་ཐོན་འགྱུར། །ཁྲེགས་ཆོད་ཐོད་རྒལ་ཉམས་ལེན་བར་སྐབས་འགར། །སྒོ་གསུམ་རུ་ཤན་ངལ་ཆད་དུབ་པར་སྦྱངས། །དེ་ཡང་བོགས་འདོན་རྩལ་འབྱིན་ཟབ་མོ་ཡིན། །སེམས་ནི་ནང་བསྡུས་རྟོག་པ་བཀག་པ་ཡི། །ཁམས་འདུ་ནད་འདུ་གདོན་འདུ་བར་ཆད་རྒྱུ། །ལམ་ངན་དེ་འདྲ་ནམ་ཡང་མ་བསྟེན་ཞིག །དེ་བས་དྭངས་ལ་དལ་ཕྱིར་ཡང་ཁྲོལ་གློད། །གུ་ཡངས་བློ་བདེ་ཉམས་རྟོགས་ཤུགས་ལ་སྐྱེ། །དང་པོ་མཉམ་བཞག་རྗེས་ཐོབ་བསྲེ་བར་བསླབ། །དེ་ནས་ཉིན་སྣང་མཚན་སྣང་བསྲེ་བར་བསླབ། །འཆི་ཀའི་ཉམས་ལེན་བར་དོར་འདྲེས་པར་བསླབ། །དེ་དག་ཚད་ཕྱིན་རྒྱལ་བའི་གདུང་གསོབ་གྱུར། །ཚུལ་འདི་ཉམས་ལེན་སྒྲུབ་ལ་རབ་བརྩོན་པའི། །དཔལ་རབ་བླ་མ་པདྨ་དགེ་ལེགས་ཀྱིས། །ཞལ་གདམས་དགོས་
ཞེས་བསྐུལ་བ་དེ་ཡི་ངོར། །ཁྱབ་བདག་རྗེ་བཙུན་བླ་མའི་བྱིན་རླབས་དང་། །རང་གི་སྔ་མའི་བག་ཆགས་གོམས་སྟོབས་ཀྱིས། །སེམས་ཉིད་དོན་གྱི་ཉམས་ལེན་བོགས་འབྱིན་བཅས། །བདུད་རྒན་ཕྲིན་ལས་བདག་གིས་ཡི་གེར་བཀོད། །དགེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཤོག །དགེའོ།། །། ༈ མདོ་རྒྱུད་གཟིགས་པའི་ཤེས་བྱ་རབ་ཡངས་ཤིང་། །སྡོམ་གསུམ་བསྐྱེད་རྫོགས་བསྟན་པའི་སྲོག་ཤིང་འཛིན། །སྙིང་ཐིག་ཟབ་དོན་བདུད་རྩིར་དབང་སྒྱུར་བའི། །བཀའ་དྲིན་འཁོར་མེད་ཉི་སྤྲུལ་གཉིས་པར་འདུད། །མགོན་པོ་གང་གི་བྱིན་རླབས་ནུས་པ་ཡིས། །ཉམས་ལེན་ལྷུར་ལེན་མགོན་པོ་དབང་རྒྱལ་གྱི། །གེགས་དང་གོལ་སའི་བར་ཆད་ཀུན་ཞི་ནས། །མངོན་སུམ་རང་ངོ་འཕྲོད་པར་བྱིན་གྱི་རློབས། །དེ་ལྟར་གསོལ་འདེབས་བྱིན་རླབས་སྐྱབས་འཇུག་གི། །རྗེས་སུ་ངོ་བོ་སྐྱོང་ཚུལ་འདི་ལྟར་གདམས། །འདི་དང་འདི་ཞེས་བཏགས་པའི་ཡུལ་ཟད་ནས། །ཐེག་རིམ་དྲི་མ་ཅན་གྱི་རྫུན་ཁུངས་བརྡིབ། །མཚོན་པའི་དཔེ་ཟད་བརྗོད་པའི་ཚིག་ཟད་པའི། །ཆོས་ཉིད་ཟད་ས་ལྟ་བའི་མཚན་ཉིད་ལགས། །དེ་ལྟར་གྱུར་
ཟིན་ཐེ་ཚོམ་མི་དགོས་ཤིང་། །རེད་དང་མ་རེད་ཡིན་མིན་སྤྱོད་པ་སོགས། །ཕྲ་རགས་རྟོག་པའི་འགྱུ་བ་གང་ཤར་ཡང་། །བཟོ་མེད་ལྷུག་པར་འཇོག་པའི་བཞག་ཐབས་འདི། །པད་འབྱུང་རིག་འཛིན་བརྒྱུད་པའི་ཞལ་གདམས་ལགས། །རང་གསལ་འཕོ་འགྱུར་མེད་པའི་ངང་གནས་པ། །མངོན་སུམ་རྟོགས་པ་རིག་པ་ཚད་ཕེབས་ཡིན། །དེ་ཚེ་ཉམས་སྣང་སྣ་ཚོགས་འབྱུང་བ་རྣམས། །ཉམས་སྣང་གོང་དུ་འཕེལ་བའི་མཚན་ཉིད་ཡིན། །ཞེན་འཛིན་བློ་མེད་ཇི་མི་སྙམ་དུ་ཉལ། །ཉམས་དང་ཐེ་ཚོམ་ཀུན་དང་བྲལ་བ་ཡི། །རིག་པ་གཅེར་བུ་སེམས་ཀྱི་གཡའ་དང་བྲལ། །ཆོས་ཉིད་མངོན་སུམ་དགོངས་པའི་ཀློང་དེ་ཡིན། །གསང་ལམ་ཐོད་རྒལ་དག་གི་རིམ་པ་ལ། །ཐོག་མར་ཆོས་ཉིད་མངོན་སུམ་ནས་རིམ་འཇུག །ཁྲེགས་ཆོད་ཆོས་ཉིད་ཟད་ས་ནས་ཕྱིར་ལྡོག །དེ་དག་གཞི་ལམ་དག་གིས་བཤད་ཚུལ་ཡིན། །སྤྱིར་ནི་ལུས་ངག་ཀུན་རྫོབ་དགེ་བ་རྣམས། །ཟག་བཅས་ཡར་བཞིན་འཇིག་པའི་མཚན་ཉིད་ཡིན། །གཞོམ་གཞིག་མེད་པ་འགྱུར་མེད་ལྟ་བའི་ངང་། །
མྱ་ངན་འདས་པའི་ཡོན་ཏན་འདི་ལས་འབྱུང་། །ལྷ་སྔགས་མེད་ཀྱང་འདི་ག་རྐྱང་པས་མཆོག །འོན་ཀྱང་མཉམ་བཞག་རྗེས་ཐོབ་འདྲེས་པ་དང་། །གང་ཡང་ལམ་ཁྱེར་ཆོག་པའི་བློ་སྒོམ་ན། །ལྷ་སྐུ་མཆོག་དེ་རང་སེམས་སངས་རྒྱས་ཡིན། །ངོ་བོའི་ངང་དེར་བསྐྱེད་རིམ་བརྒྱ་ལས་ལྷག །དེ་ཕྱིར་བསྐྱེད་རིམ་ཆད་པའི་སྐྱོན་འཇུག་མང་། །མི་ཡི་འདྲེན་པ་ཐུབ་པས་དཀོན་བརྩེགས་སུ། །ངག་ལས་ལྷ་འགོ་གསུང་ཕྱིར་བཟླས་པ་ནི། །བརྩོན་པ་མཆོག་དུ་གྱུར་ལས་འོས་ཅི་ཡོད། །གང་གིས་རྣམ་ཀུན་རྫོགས་པ་ཆེན་པོ་ཡི། །ཉམས་ལེན་སྐྱོང་བ་བསྒྲུབ་བྱའི་གཙོ་བོར་གྱིས། །ཞེས་པ་ལྷ་རུའི་དཔོན་མགོན་པོ་དབང་རྒྱལ་གྱིས་ལྷ་རྫས་རབ་དཀར་བཅས་བསྐུལ་ངོར་ལས་རབ་རྩལ་གྱིས་སྦྱར་བའོ།། །། ༈ རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐེག་ཆེན་ཤེར་ཕྱིན་ས་ལམ་བརྩི་བ་ནི། །འགའ་ཞིག་གསང་སྔགས་ལ་ཡང་སྦྱར་ཡོད་ཀྱང་། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ཅེས། །སྔགས་ལ་འདི་དག་རྣམ་པར་བཞག་པ་གཙོ། །ཆོས་ཉིད་མངོན་སུམ་ཉམས་སྣང་གོང་འཕེལ་དང་། །ཆོས་ཉིད་ཟད་ཅེས་ཀ་དག་ལྷུན་གྲུབ་ཀྱི། །
རྣམ་བཞག་ལས་གཞོལ་རྫོགས་པ་ཆེན་པོའི་ལུགས། །ངེས་པ་དོན་གྱི་སྙིང་པོའི་ལྟ་གྲུབ་ལ། །རྟོགས་གྲོལ་དུས་མཉམ་དགོངས་པ་ཡིན་པའི་ཕྱིར། །ས་ལམ་རིག་འཛིན་བཞི་དང་དེ་བཞིན་དུ། །བཀའ་གདམས་རྣལ་འབྱོར་བཞི་རིམ་བཅུ་གཉིས་སོགས། །རྫོགས་ཆེན་བློ་འདས་དམིགས་གཏད་བྲལ་བ་ལ། །ལྷན་པོར་གདབ་ཅིང་ནག་ནོག་འཆོལ་སྤྱོད་ཅན། །རྨོངས་པའི་གསང་ཚིག་རྫོགས་ཆེན་དཀྲུགས་པར་ཟད། །ཇི་བཞིན་ཐེག་མཆོག་རྩེ་མོ་རྫོགས་པ་ཆེ། །བྱ་རྩོལ་སྤང་བླང་ཆེད་འཛིན་བྲལ་ཞེས་པའི། །ཚིག་འདིའི་གོ་དོན་གཏིང་ནས་མ་ལོན་པས། །རྨོངས་པས་རྨོངས་པ་མགོ་སྐོར་བྱེད་པ་ཡི། །ལུགས་ངན་འདི་འདྲ་བསྟན་པའི་ཆོམ་རྐུན་ཡིན། །མངོན་སུམ་རྡོ་རྗེ་རྩེ་མོའི་དོན་རྟོགས་པ། །སྤང་བླང་རེ་དོགས་འཛིན་པ་ཞིག་པའི་མི། །རང་ངང་རང་བཞག་རང་གྲོལ་ཆེན་པོའི་ཀློང་། །སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་། །སྐྲ་བྲེག་མིང་བརྗེ་ལུས་བསྒྱུར་མི་དགོས་ཏེ། །སྤྲོས་བྲལ་ཆོས་སྐུའི་ཀློང་དུ་བུདྡྷའོ། །བློས་བྱས་ཐེག་རིམ་ཀུན་དང་མི་འདྲ་བའི། །
སྨྲ་བརྗོད་ཚིག་ལས་འདས་པའི་རྫོགས་པ་ཆེ། །གང་གིས་བརྩོན་པའི་ཉམས་སུ་བླངས་པ་ཡིས། །བཟང་ངན་ངོ་མཉམ་རྩོལ་སྒྲུབ་རེ་དོགས་ཟད། །སངས་རྒྱས་གཞན་དུ་མི་ཚོལ་རང་ལས་རྙེད། །སྒྲོ་བཏགས་ཆོས་ཀུན་འཁྲུལ་བའི་རྫུན་ཁུངས་བརྡིབ། །འཆི་ཁར་མི་འཇིགས་འཆི་མེད་བཙན་ས་ཟིན། །འཁོར་འདས་ཆོས་ཀུན་སྒྱུ་མའི་གཏད་མོར་རིག །ཐོག་མའི་སངས་རྒྱས་མངོན་གྱུར་རྫོགས་སངས་རྒྱས། །རྫོགས་ཆེན་ཡིན་ཚུལ་ཟུར་ཙམ་སྨོས་པ་ཡིན། །ཁྱེད་ཀྱི་རྟོགས་གྲོལ་དུས་མཉམ་ངོ་འཕྲོད་ཅིང་། །རྫོགས་པ་ཆེན་པོའི་ཡིན་ཚུལ་ཁོང་ཆུད་འདུག །བློ་འདས་ཆོས་ཉིད་ངང་དུ་འབད་མཛོད་དང་། །གདོད་མའི་ཆོས་སྐུར་གྲོལ་བ་ཐེ་ཚོམ་མེད། །ཅེས་གཉེར་ཆེན་དམ་པ་དོན་འགྲུབ་བཀྲ་ཤིས་ཀྱིས་དྲིས་ལེན་དུ་ཆོས་དབྱིངས་དྲི་མེད་རྩལ་གྱིས་ཕུལ་བའོ།། །། ༈ རྗེ་དུས་གསུམ་སངས་རྒྱས་འདུས་པའི་བདག །པདྨའི་མཚན་ཅན་ཞབས་ལ་འདུད། །འཇམ་དཔལ་དབྱངས་དང་གཉིས་མེད་ཅིང་། །ཞལ་རས་དམར་གོར་གཟི་བརྗིད་ཅན། །ཞལ་ཚོམ་རྒྱ་གྲམ་དག་དང་ལྡན། །སྐུ་ལུས་ཐུང་ཉམས་སྐུ་ཤ་བརྒྱགས། །ཐུབ་པའི་ཆོས་
རྣམས་ཐམས་ཅད་ཀུན། །ཐུགས་སུ་ཆུད་ཅིང་འདམ་མཛད་པའི། །ཀློང་ཆེན་རབ་འབྱམས་ལ་ཕྱག་འཚལ། །བདག་དང་རྗེས་སུ་འཇུག་རྣམས་ལ། །ཐུགས་རྗེའི་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་གྱི་དྲང་སྲོང་ཆེན་པོའི་སྲོལ། །ཐུབ་པའི་དབང་པོའི་ཆོས་ཚུལ་ལ། །སྡིག་པ་སྤང་བར་གདམས་པ་དང་། །དགེ་བ་སྒྲུབ་དགོས་གསུངས་པ་དང་། །འཁོར་བ་སྡུག་བསྔལ་ཡིན་ཞེས་གསུངས། །འདུས་བྱས་མི་རྟག་པར་བསྟན་ཅིང་། །སེམས་ཉིད་དོན་གྱི་སྙིང་པོ་དེ། །མྱ་ངན་འདས་པར་མཆོག་ཏུ་བསྔགས། །དེ་ཕྱིར་ཐུབ་པའི་བསྟན་ཞུགས་རྣམས། །དྲང་དོན་རྒྱུ་འབྲས་སྤང་བླང་དང་། །ཐེག་ཆེན་བྱང་ཆུབ་སེམས་མཆོག་ལ། །དེང་ནས་ངེས་ཤེས་འདྲོངས་པར་མཛོད། །རང་ཅག་ལུས་འདི་འདོར་ནས་ཀྱང་། །ཐུབ་བསྟན་ཡུན་ཏུ་མ་བཞུགས་ན། །མཐའ་འཁོབ་ངན་པའི་ཡུལ་སྐྱེས་ནས། །དེ་ལ་བཅོས་སུ་མི་རུང་གིས། །སུ་དག་ལུས་ལ་སྙིང་ཡོད་ན། །ད་རེས་ཐར་པ་བསྒྲུབ་པར་རིགས། །ཁྱད་པར་གསང་སྔགས་མྱུར་ལམ་དང་། །དེ་ལས་ཆེས་འཕགས་རྫོགས་པ་ཆེ། །
སྟོན་པའི་གཤེས་གཉེན་དམ་པ་དང་། །ཆོས་ཚུལ་དེ་དང་འཇལ་བ་ནི། །བསྐལ་མང་ཚོགས་བསགས་དགེ་བས་ཏེ། །མ་རྨོངས་མ་ནོར་འགྲོ་བ་རྣམས། །ངལ་དུབ་དཀའ་ལས་ཁྱད་བསད་ནས། །ད་རེས་རྩེ་གཅིག་འབད་པ་ཐོན། །ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །འཁོར་བའི་སྡུག་བསྔལ་སྐྱོན་མཐོང་སྟེ། །ནག་ཅན་བཙོན་ནས་འབྲོས་པ་བཞིན། །སྙིང་རུས་རྩེ་གཅིག་ཆོས་ལ་དྲིལ། །ད་ལྟའི་རང་ལུགས་རྫོགས་པ་ཆེར། །ཁས་འཆེའི་ཞལ་གདམས་མང་འདོན་ཀྱང་། །མཐའ་བརྒྱད་བྲལ་བ་ང་ཡི་ལུགས། །དེ་ལ་བྲལ་འཛིན་མ་བྱེད་ཅིག །རྩ་བྲལ་སྟོང་ཉིད་ང་ཡི་ལུགས། །དེ་ལ་སྟོང་འཛིན་མ་དམ་ཞིག །ཤར་གྲོལ་རྗེས་མེད་ང་ཡི་ལུགས། །དེ་ལ་གྲོལ་འཛིན་མ་བྱེད་ཅིག །བཟོ་མེད་བཅོས་མེད་ང་ཡི་ལུགས། །དེ་ལ་དེར་འཛིན་མ་སྒོམས་ཤིག །ཡེ་དག་སངས་རྒྱས་རང་ཡིན་གྱི། །གཞན་དུ་སངས་རྒྱས་མ་ཚོལ་ཞིག །ཐོས་བསམ་འཁྲུལ་བའི་རི་མོ་ཡིན། །གོ་ཡུལ་ངང་དུ་མ་ལུས་ཤིག །ད་ལྟ་རང་སེམས་གཏན་ལ་ཕོབ། །རང་ཡིད་མ་བཅོས་རང་ངང་ཞོག །ཅི་ཡང་མེད་དོ་སྟོང་པ་
ཉིད། །བསྒོམ་བྱ་མ་བྱུང་སྙམ་པ་ཡི། །རང་སྡུག་རང་ལ་བསྐུར་དོན་མེད། །རང་གསལ་རྗེན་པ་ཆོས་ཉིད་ཡིན། །དོན་གྱི་ལྷག་མཐོང་དེ་ལ་ཟེར། །ལྷག་མཐོང་གནད་ཀྱིས་མ་ཟིན་ན། །གནས་འགྱུ་བགྲང་བ་ཨ་རེ་སྡུག །ངོ་ཤེས་རྩལ་རྫོགས་ཀྱིིས་ཟིན་ན། །གནས་ན་ཆོས་ཉིད་ངང་ན་གནས། །འཕྲོ་ནའང་ཆོས་ཉིད་རྩལ་ལས་འཕྲོ། །འཕྲོ་གནས་ཆུ་དང་རྦ་རླབས་བཞིན། །རང་ལས་ཤར་ཞིང་རང་ལ་གྲོལ། །གྲོལ་འཛིན་མི་དགོས་ཞལ་གདམས་ཡིན། །ལྟ་སྒོམ་སྤྱོད་འབྲས་མེད་པ་སྟེ། །མེད་པའི་ཕྱིར་ན་སྟོང་པར་བཏགས། །དེ་ལ་མ་བྱུང་སྙམ་ནས་སུ། །ཐེ་ཚོམ་ངང་དུ་མ་འཆིངས་ཤིག །ཐེ་ཚོམ་མ་བཅོས་རང་ངང་ཞོག །རྗེས་མེད་རང་ཡལ་སྟོང་པ་ཡིན། །རྫོགས་ཆེན་ལྟ་བའི་མཚན་ཉིད་ལ། །སྣང་དང་སྟོང་པར་བཏགས་པ་མེད། །གཅིག་དང་གཉིས་མིན་བཏགས་པ་མེད། །ཡིན་དང་མིན་པར་བཏགས་པ་མེད། །རང་ངང་རང་བབས་ལྷུག་པའི་ངང་། །སྤྲོ་དང་བསྡུ་བའི་ཀུན་རྟོག་མེད། །སྒོམ་དང་མི་སྒོམ་ཡིད་དཔྱོད་མེད། །འབྲས་བུ་ཐོབ་ཤོར་སྤང་བླང་
མེད། །ཐོག་མའི་སངས་རྒྱས་ཀ་དག་ཉིད། །ཡེ་ནས་རང་ལ་གནས་པ་ཡིན། །དེ་ཉིད་གདོད་ནས་དག་པ་ཡིན། །ད་ལྟ་བླ་མའི་བཀའ་དྲིན་གྱིས། །མ་རིག་སྒྲིབ་བསལ་རང་རིག་བསྟན། །དེ་ལ་དག་པ་གཉིས་ལྡན་ཟེར། །བདུད་རྒན་ཨ་རག་གིས་མྱོས་ནས། །ཆོས་ཉིད་ཡངས་པའི་གླུ་བླངས་པ། །ཀྱེ་ཧོ་དམིགས་བསམ་འཕྲོ་འདུ་བྲལ་བ་ཡི། །རང་ངང་རང་བབས་འཕྲོ་འདུ་མེད་པ་སྟེ། །ཀུན་ཏུ་བཟང་པོ་ཡེ་ནས་ངང་དུ་གནས། །ཡོན་ཏན་རྫོགས་པའི་སངས་རྒྱས་སྒྲུབ་བློ་དང་། །སྡུག་བསྔལ་ཉེས་མང་འཁོར་བ་སྤང་བློ་མེད། །རེ་དོགས་རྩ་བ་ཆོད་པའི་བློ་བདེ་བ། །འཁོར་བ་སྤང་མེད་སངས་རྒྱས་བསྒྲུབ་ཏུ་མེད། །རྩོལ་སྒྲུབ་མེད་པའི་གྱིན་འདའ་གློད་པའི་ངང་། །རྟོག་ཚོགས་རོལ་པ་གང་དང་གང་ཤར་བ། །རང་ཤར་ངོས་བཟུང་མ་བཅོས་རང་དག་ངང་། །ནམ་མཁའ་ཆགས་ནས་ནམ་མཁའ་མ་ཞིག་པར། །སྐྱེ་དང་འཆི་བའི་ངོ་བོ་གྲུབ་མ་མྱོང་། །དུས་གསུམ་དུས་མེད་འཁོར་ཡུག་མཉམ་པ་ཆེ། །ཆོས་ཉིད་ངོ་བོ་ཡེ་དག་ཟང་ཐལ་ཀློང་། །ནམ་མཁའ་ཇི་བཞིན་སྤྲོས་བྲལ་
དག་པ་ཆེ། །གློ་བུར་སྤྲིན་དང་ཁ་ཆར་ཅི་བྱུང་ཡང་། །སེམས་རྟོག་འཁྲུལ་བའི་འགྱུ་བ་དེ་འདྲ་སྟེ། །ངང་ལས་བྱུང་ཞིང་ངང་ལ་ཐིམ་ཞིང་མེད། །མཚོ་རླབས་རྒྱ་མཚོ་ལས་བྱུང་དེར་ཐིམ་འདྲ། །སེམས་ཀྱི་འགྱུ་རྟོག་བདེ་སྡུག་སྣ་ཚོགས་པ། །མ་བཅོས་དགོངས་པའི་ངང་དེར་བཞག་པའི་དུས། །རང་ཤར་རང་གྲོལ་བློ་བྲལ་དེ་འདྲའོ། །དེ་ནི་བདུད་རྒན་སྨྱོན་པས་གླུ་རུ་བླངས།། །། ༈ ཨེ་མ་ཧོ། ངོ་མཚར་མཆོག་གཅིག་འདི་ན་གདའ། །ཐམས་ཅད་མཁྱེན་པ་སྟོན་པ་སངས་རྒྱས་ཀྱིས། །རྒྱུ་འབྲས་བདེན་པ་གཉིས་སུ་བསྟན་མོད་ཀྱང་། །ཀུན་བཟང་ཀློང་འདིར་བདེ་སྡུག་རྒྱུ་འབྲས་མེད། །མ་བྱས་པ་ལ་དེས་བསྐྱེད་འབྲས་བུ་མེད། །གསང་སྔགས་ཕྱི་ནང་གཉིས་སུ་བསྟན་ན་ཡང་། །རྣམ་རྟོག་འདུ་འཕྲོའི་བསྐྱེད་རྫོགས་ང་ལ་མེད། །ས་དང་རིམ་པ་དབང་དང་དམ་ཚིག་སོགས། །འཁྲུལ་རྟོག་ཞིབ་མོའི་སེམས་རྟོག་ང་ལ་མེད། །དེའི་ངང་བརྗོད་དུ་མེད་པའི་ཡེ་ཤེས་ཆེ། །སངས་རྒྱས་དགོངས་པ་གདོད་ནས་རང་ཡིན་གྱི། །གྲུབ་ཟིན་པ་ལ་ད་གཟོད་འགྲུབ་རྒྱུ་མེད། །
བཏགས་ཟིན་པ་ལ་ད་གཟོད་བཏགས་རྒྱུ་མེད། །སྤང་བླང་རེ་དོགས་མཚན་མའི་དགེ་སྦྱོར་ཅན། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེ་འོ། །འཁོར་བ་སྤོང་འདོད་ཡེ་ཤེས་སྒྲུབ་འདོད་པ། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེ་འོ། །དམ་ཚིག་སྤང་བླང་མཚན་འཛིན་དམ་པོ་ཅན། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེ་འོ། །གནས་དགའ་འགྱུ་སྡུག་ལུས་བཅོས་སེམས་བསྡམས་པ། །རྫོགས་པ་ཆེན་པོའི་སྐྱོན་དུ་དེ་ཆེ་འོ། །མ་སྤངས་ཡེ་ནས་རྫོགས་པའི་ཀ་དག་ཡིན། །ཆོས་སྐུའི་དགོངས་པ་དེ་རང་གཞན་ན་མེད། །མ་བྱས་རང་ངང་རང་མདངས་ལོངས་སྤྱོད་རྫོགས། །ལྷུན་གྱིས་གྲུབ་པའི་རང་གསལ་ཆེན་པོ་ཉིད། །ཐུགས་རྗེའི་སྤྲུལ་སྐུ་རང་བཞིན་ལྷུན་གྱིས་གྲུབ། །མ་སྤྲོས་ནའང་རང་བཞིན་ལྷུན་གྱིས་གྲུབ། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཐམས་ཅད་མཉམ་ཉིད་གདལ་བ་ཆེན་པོའི་ཀློང་། །ངང་ཡིན་ཡེ་ཡིན་ཡེ་ནས་རྫོགས་པ་ཆེ། །རང་གསལ་རང་རིག་སྒྲིབ་འཁྲུལ་མེད་པའི་ཀློང་། །སྣང་ཡང་སྣང་བ་དག་ལས་འདས་པའི་ཆོས། །སྟོང་ཡང་སྟོང་པ་དག་ལས་འདས་པའི་ཆོས། །
སྣང་མིན་སྟོང་མིན་སྣང་སྟོང་གཉིས་མེད་མིན། །འདི་ཡིན་འདི་མིན་ཕྱོགས་ལྷུང་བྲལ་བ་སྟེ། །བཏགས་པའི་ཆོས་ཀུན་མེད་པར་ངས་བསྟན་གྱིས། །མདོ་སྔགས་ཐེག་པ་རྣམས་ཀྱི་ལུགས་དང་ནི། །བསྒོམ་པར་ཕྱོགས་པའི་བླང་དོར་རྣམ་མང་པའི། །ཁམས་གསུམ་སྲིད་པའི་ཆོས་དེས་མ་འཆིངས་པར། །ཀུན་བཟང་བདེ་ཆེན་ཆོས་ཉིད་ཡངས་པའི་ཀློང་། །ཀློང་འདི་སྨྲ་བསམ་བརྗོད་འདས་བདེ་བ་ཆེ། །ཀུན་རྟོག་བློ་ཡིས་སྒྲིབ་པས་བཅིངས་པ་ཡིས། །ཕན་གནོན་ལྟར་སྣང་བརྟགས་པ་འཁྲུལ་བ་ཆེ། །རྣམ་མང་ཐེག་པའི་སྒོ་རྣམས་སེམས་ཅན་ཏེ། །འདི་ནི་སེམས་ཀྱིས་བཏགས་པ་ཀུན་ཞི་ཞིང་། །འཁོར་འདས་རྩོལ་སྒྲུབ་མེད་པའི་ལྷུག་པ་ཡིན། །ངང་ལས་མ་གཡོས་ཇི་བཞིན་ཆོས་ཀྱི་སྐུ། །ཆོས་སྐུ་བཟང་དུ་འཛིན་པའང་མེད་པ་སྟེ། །འདི་དག་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །དག་པའི་ཆོས་སྐུ་རང་ལ་གནས་པ་སྟེ། །འབྲས་བུ་སྒྲུབ་མེད་ད་ལྟ་ངོ་མཚར་ཆེ། །སྤྱད་བྱ་སྤྱོད་བྱེད་སྤང་བླང་བྲལ་བ་སྟེ། །སྤང་བླང་མེད་པའི་སྤྱོད་པ་ངོ་མཚར་ཆེ། །བསྒོམ་བྱ་
སྒོམ་བྱེད་དེར་འཛིན་མེད་པ་སྟེ། །སྒོམ་དུ་མེད་པའི་སྒོམ་པ་ངོ་མཚར་ཆེ། །བལྟ་བྱ་ལྟ་བྱེད་གཉིས་སུ་མེད་པ་ཡི། །ཕྱོགས་ལྷུང་མེད་པའི་ལྟ་བ་ངོ་མཚར་ཆེ། །ཀྱེ་ཧོ་གང་དག་བཙལ་བས་མ་རྙེད་པས། །མ་རྙེད་པ་དེ་ལྟ་བའི་མཆོག་ཡིན་ནོ། །ཅི་ལྟར་བསྒོམས་ཀྱང་འདི་ཡིན་ངོས་བཟུང་མེད། །སྒོམ་མེད་པ་དེ་སྒོམ་པའི་མཆོག་ཡིན་ནོ། །ཇི་ལྟར་སྤྱད་ཀྱང་སྤྱད་བྱ་སྤྱོད་བྱེད་མེད། །སྤྱོད་དུ་མེད་པ་སྤྱོད་པའི་མཆོག་ཡིན་ནོ། །ཇི་ལྟར་བསྒྲུབས་ཀྱང་འབྲས་བུ་ཐོབ་ཏུ་མེད། །ཐོབ་མེད་པ་དེ་འབྲས་བུ་མཆོག་ཡིན་ནོ། །སྤང་བླང་དགག་སྒྲུབ་མེད་པའི་ཆོས་ཉིད་ཀློང་། །ངང་ཉིད་དེ་ནི་དམ་ཚིག་མཆོག་ཡིན་ནོ། །དེ་ལྟར་ཆོས་ཚུལ་རྫོགས་པ་ཆེན་པོའི་ལམ། །བློས་བྱས་ཐེག་པའི་གཡའ་ཡིས་སྦགས་པའི་དུས། །སྟོང་སྒོམ་མུན་རྡོའི་སྐྱོན་གྱིས་གོས་པའི་དུས། །གནས་དགའ་འགྱུ་སྡུག་གདོན་གྱིས་བཏབ་པའི་དུས། །སྤང་བླང་རེ་དོགས་རླུང་གིས་ཁྱེར་བའི་དུས། །བདུད་སྤྲུལ་ཆང་རྒན་སྨྱོན་པའི་གདམས་ངག་གིས། །སྔོན་བྱོན་པད་འབྱུང་དགོངས་པའི་གདེང་བཀྲལ་བ། །སྐལ་བཟང་རྣམས་
ཀྱིས་ཉམས་སུ་བསྟར་བར་མཛོད། །ཚུལ་འདི་བློ་གྲོས་ཐོས་བསམ་མཆོག་མངའ་བ། །སྤྲུལ་པའི་སྐུ་མཆོག་ནམ་མཁའ་ཚེ་དབང་ཉིད། །དགྱེས་པར་བྱ་ཕྱིར་ཨ་རག་གིས་མྱོས་པ། །བདུད་རྒན་ཐན་གྱི་བྱ་རོག་དཀར་པོའི་གཏམ། །ངོ་མཚར་ལྷ་ཡི་རྔ་སྒྲའི་ཆེས་ལྷག་པ། །བརྗོད་པའི་དགེ་བས་རང་ལུགས་རྫོགས་པ་ཆེའི། །དོན་ལོག་དོན་ནོར་སྨྲ་བའི་བདུད་སྡེའི་ཚོགས། །གླང་རྒན་ཆོས་འགལ་སྨྲ་བའི་ང་རྒྱལ་ཅན། །རྣམ་པར་གཞོམ་ཞིང་ནམ་ཡང་མི་ལྡང་ཤོག །ཆེ་ཡོལ་སྨྱོན་པས་ཅི་སྨྲས་བཞིན། །སྒྲོན་མེའི་སྣང་བ་ལ་བརྟེན་ནས། །ནམ་མཁའ་ཆོས་དབང་དག་གིས་བྲིས། །དགེ་བས་དོན་གཉིས་མཐར་ཕྱིན་ཤོག། །། ༈ སླར་སྨྲས་པ། བདག་འདྲ་དཔའ་བོ་ལས་རབ་ཀྱིས། །མི་ནག་མགོ་གསུམ་བཅས་པ་བཞིན། །ནག་པོ་འགྲོ་ཤེས་བཀླགས་ནས་ནི། །དུད་འགྲོའི་འཁོར་ལ་ཁྲིད་བསྟན་པ། །ཉེས་པ་ཚད་མེད་དེ་མཐོང་ནས། །རྫོགས་ཆེན་ཕྱོགས་ཙམ་སྨྲ་བར་ཟད། །ལེགས་བཤད་ཉིན་བྱེད་འོད་འབར་བ། །འབྱུང་པོའི་བྱ་རྣམས་མི་དགའ་ཡང་། །སྔོན་གྱི་
བློ་ལྡན་པདྨོའི་ཚལ། །རབ་ཏུ་དགའ་བའི་གཉེན་དུ་བྱས། །མངྒ་ལཾ།། །། ༈ གུ་རུ་པདྨ་འབྱུང་གནས། །མ་གཅིག་ཡེ་ཤེས་མཚོ་རྒྱལ། །ཕ་གཅིག་ཉི་གྲགས་གཉིས་པ། །དད་དམ་ཡང་དག་ལྡན་པའི། །ཀུན་བཟང་བྱིན་གྱིས་རློབས་ལ། །མཆོག་ཐུན་དངོས་གྲུབ་སྩོལ་ཅེས། །ཞུའོ་དགྱེས་བཞིན་གནང་མཛོད། །རྣམ་ཀུན་བརྩེ་སེམས་ལྡན་པའི། །སྒྲུབ་པོས་ཐུགས་དམ་འདི་མཛོད། །རྣམ་གཡེང་ལྟད་མོས་བསླུས་ན། །འཆི་བ་མི་རྟག་སྒོམ་མཛོད། །སྐྱིད་འདོད་སོ་གསོད་བྱུང་དུས། །ཆོས་སྒྲུབ་བློ་སྣ་ཆེར་ཐོངས། །འདུ་འཛིའི་བར་ཆད་ཆེ་དུས། །ལྷག་པར་ཡེངས་མེད་སྒོམ་མཛོད། །མཆོག་འཛིན་འཆིང་བ་བྱུང་དུས། །འཁོར་འདས་སྒྱུ་མར་ཤེས་གྱིས། །འདིར་སྣང་ཆོས་བརྒྱད་བྱུང་དུས། །ཆགས་མེད་ཞེན་མེད་གསལ་ཐོབ། །དད་དམ་ཟོལ་མེད་ཁྱེད་དང་། །རྒྱལ་ཁམས་སྤྲང་པོ་ང་གཉིས། །ལས་ཀྱིས་འབྲལ་བ་མེད་པར། །བྱིན་རླབས་ལུག་རྒྱུད་འབྱུང་ངོ་། །ཐུགས་ཐག་མ་ཐུང་དགྱེས་མཛོད། །ནམ་ཞིག་དག་པའི་ཞིང་དུ། །གཅིག་ལ་གཅིག་གིས་བརྩེ་བཞིན། །རིག་འཛིན་ཚོམ་བུར་སྨོན་
ནོ། །མངྒ་ལཾ།། །། ༈ རབ་འབྱམས་ནམ་མཁའི་མཐའ་ཀླས་རྒྱལ་བ་ཡི། །མཁྱེན་བརྩེ་གཅིག་བསྡུས་དཔལ་ལྡན་བླ་མའི་ཞབས། །གུས་པས་འདུད་དོ་བྱིན་གྱིས་བརླབ་ཏུ་གསོལ། །རྨོངས་གདམས་ཡི་གེར་བྲི་འདིར་བྱིན་གྱིས་རློབས། །གང་དག་ཆོས་ཚུལ་ཉམས་སུ་ལེན་པ་དག །ཆོས་དང་བླ་མའི་ཡོན་ཏན་ཤེས་དགོས་ཤིང་། །མོས་གུས་དད་པ་ཡུན་བསྲིང་སྲི་ཞུ་བྱ། །མཐའ་མེད་འཁོར་བའི་སྡུག་བསྔལ་སྐྱོན་མཐོང་ནས། །ཞེན་ལོག་དྲག་པོ་སྙིང་ནས་སྐྱེ་དགོས་ཤིང་། །མི་ལུས་ཐར་པ་སྒྲུབ་པའི་རྟེན་མཆོག་འདི། །ཡང་ཡང་རྙེད་དཀའ་ད་རེས་སྙིང་པོ་ལོངས། །སྐྱེ་འཆི་འདུ་བྲལ་འཁོར་བའི་མཚན་ཉིད་ཅན། །དལ་ཁོམ་ལོང་མེད་ཆོས་ལ་འབད་པ་ཐོན། །སྙིང་རྗེ་རྒྱལ་སྲས་ལམ་བཟང་དམ་པ་སྟེ། །བདག་བས་གཞན་གཅེས་ཕན་པ་ལྷུར་ལེན་མཛོད། །ཆོས་ཚུལ་རྒྱ་མཚོའི་སྙིང་པོ་རྫོགས་པ་ཆེ། །མཐའ་བརྒྱད་བྲལ་བའི་ཡེ་ཤེས་ཆེན་པོ་སྟེ། །ཀུན་རྟོག་བློ་ཡིས་སྦགས་པའི་དྲི་མ་ཅན། །ཐེག་རིམ་གཞན་ལས་འཕགས་པའི་ཚུལ་དེ་ནི། །ད་ལྟ་མ་ནུབ་ཙམ་ཞིག་
སྲོལ་འདུག་མོད། །ངེས་པར་རང་གི་རྒྱུད་ལ་གོམས་པར་མཛོད། །གང་དང་མི་འདྲ་ཀུན་ལས་འདས་པའི་དོན། །མི་དམིགས་མི་བསམ་མི་སྤྲོ་མི་བསྡུ་ཞིང་། །ཡེ་ཡིན་རང་ཡིན་རང་ངང་བདེ་བ་ཆེ། །ལྷུན་གྱིས་གྲུབ་ཅིང་བརྟག་མཐའ་ཀུན་ལས་འདས། །བདེ་གཤེགས་སྙིང་པོ་རང་ལ་རྫོགས་པས་ན། །ཕྱི་རོལ་ཡུལ་ལ་རེ་བཅས་འཆིང་དོན་མེད། །ཀུན་མཉམ་ཡངས་པ་ཆེན་པོའི་ཆོས་ཉིད་ཀློང་། །ཀློང་འདིར་རང་རིག་བཙན་ས་ཟིན་པར་མཛོད། །དེ་ཚུལ་ཆོས་མཛད་པདྨ་དགེ་འདུན་གྱིས། །དགོས་ཞེས་གསུང་ངོར་ལས་རབ་རྩལ་གྱིས་བྲིས། །དགེ་བས་རང་ལུགས་རྒྱལ་བསྟན་གསལ་བྱེད་ཤོག །མངྒ་ལཾ།། །། ༈ རྗེ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །སྣང་སྲིད་ཀུན་རྫོབ་ཆོས་རྣམས་ཀུན། །བདེན་མེད་སྟོན་པའི་དྲང་སྲོང་ཆེ། །དཔལ་ཉི་གྲགས་སྤྲུལ་སྐུའི་ཞབས་ལ་འདུད། །རྗེ་དེས་ཞལ་གདམས་ཐུགས་ཀྱི་བཅུད། །མ་བརྗེད་ཡིད་ལ་བཟུང་བ་རྣམས། །དད་ལྡན་སློབ་མས་བསྐུལ་བའི་ངོར། །ཅུང་ཟད་ཙམ་ཞིག་སྤྲོ་བར་བྱ། །དུས་དེང་སང་ཐུབ་བསྟན་སྙིགས་མ་ལ། །ཆེ་འདོད་
འགོང་པོ་སྙིང་ལ་ཞུགས། །མི་དེ་འདྲ་ཆོས་པ་འོས་དོན་མེད། །རང་དམན་ས་ཟུང་དང་དགྲ་བོ་མེད། །ཁ་ཉན་ཟེར་ཡང་མི་འགྱོད་དེ། །ཆོས་མཛད་སྤྱི་ཡི་དམ་ཚིག་ཡིན། །ལམ་དུ་ཁྱེར་ཞིང་ཁྱེར་ཞིང་བསྒོམ། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །དེ་ལ་ཕྲིན་ལས་ཀྱི་ཞལ་གདམས་མཛོད། །རང་རྩེ་གཅིག་ལྷ་ཆོས་འཛིན་པའི་དུས། །གཏམ་སྙན་མོ་འདོད་ན་བདུད་ཀྱིས་བསླུས། །བསྟོད་སྨད་ཀུན་མི་བདེན་བྲག་ཆ་འདྲ། །དགའ་སྡུག་ཚོར་བ་བྱུང་བའི་དུས། །ལམ་དུ་ཁྱེར་ཞིང་ཁྱེར་ཞིང་བསྒོམ། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །ལྷ་ཆོས་བྱེད་པའི་གནད་ཚིག་ལ། །རྙེད་བཀུར་བདུད་ཀྱི་ཕྱེ་གཏོར་ཡིན། །ཡང་ཡང་རྙེད་ཀྱང་ཡང་ཡང་ཚོལ། །ཡང་ཡང་བསགས་ཀྱང་ཡང་ཡང་འཆིང་། །ནོར་རྫས་སྡིག་པའི་བྱུང་ཁུངས་ཏེ། །རྩོལ་སྒྲུབ་འབད་པས་ཆོས་མི་ཁོམ། །མཆོད་སྦྱིན་མི་ནུས་སེར་སྣས་སྒྲིབ། །ནོར་དགྲ་འདྲེས་སྤྱོད་པས་ཁོང་ཁྲོ་འཕེལ། །སྐྱོན་དེ་མཐོང་ཤེས་ན་རིག་པ་ཅན། །དགོས་མེད་ཆོག་ཤེས་བག་ཡོད་ཀྱིས། །སྲོག་འཚོ་ལྷགས་སྐྱོབ་ཙམ་ལ་
བསྟེན། །སྤྲང་པོར་སོང་ཡང་འགྱོད་པ་མེད། །ལམ་དུ་ཁྱེར་ཞིང་ཁྱེར་ཞིང་བསྒོམ། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །དེ་ལ་ཕྲིན་ལས་ཀྱི་ཞལ་གདམས་མཛོད། །རྩེ་གཅིག་མཉམ་བཞག་སྒོམ་པའི་དུས། །ཐོས་བསམ་ཚིག་ལ་འབྱམས་དོན་མེད། །དེ་ཡི་ང་རྒྱལ་རང་མཐོང་སྐྱེ། །ཚིག་ཚོགས་མང་ཞིང་ཡིག་སྣ་བཀོལ། །ཁ་ལ་འབྱམས་ཤིང་དོན་ལ་སྡུག །མགོ་བོ་ཁུག་ལ་སེམས་དོན་སྐྱོངས། །མཁས་འདོད་བདུད་ཀྱི་རྒྱལ་པོ་ཡིན། །སུས་རྨོངས་པ་ཟེར་ཡང་ང་མི་འགྱོད། །ལམ་དུ་ཁྱེར་ཞིང་ཁྱེར་ཞིང་བསྒོམ། །རྐྱེན་ངན་རྣལ་འབྱོར་གྱི་རྒྱན་དུ་ཆེ། །དེ་ལ་ཕྲིན་ལས་ཀྱི་ཞལ་གདམས་མཛོད། །ཁྱེད་ཆོས་ལ་མོས་པ་སྐལ་བ་བཟང་། །སྒྲུབ་གནས་ཆུ་ཤིང་མཐུན་རྐྱེན་འབྱོར། །ཆོས་རྫོགས་ཆེན་མཇལ་བ་ལས་འཕྲོ་བཟང་། །ཁྱེད་ཀྱིས་ཇི་སྐད་གསུངས་བཞིན་ཡིན། །རང་ཨ་ཏི་རྫོགས་ཆེན་གྱི་ལྟ་བ་ལ། །རྣམ་རྟོག་དགྲ་རུ་མི་སྡང་སྟེ། །མ་བཅོས་ལྷུག་པའི་བཞག་ཐབས་དགོས། །ཞི་གནས་སེམས་ཀྱི་གནས་ཆ་ལ། །རང་ངོ་ཤེས་པའི་ལྷག་མཐོང་དགོས། །བདེ་གསལ་མི་རྟོག་ཉམས་
སྣང་ལ། །སྒོམ་ཞེན་འཛིན་པ་དག་པ་དགོས། །དངོས་གྲུབ་བར་ཆད་གཉིས་ཀ་ལ། །དམིགས་མེད་གཏད་མེད་འཛིན་མེད་དགོས། །མངོན་གྱུར་གདེང་ཐོབ་དཔའ་གདེང་ལ། །ཡིད་ཆོས་མ་ཞུགས་བློ་བྲལ་དགོས། །ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་ལ། །རང་ངང་རང་གསལ་རྗེས་ཐོབ་དགོས། །ལར་གྱི་ལྟ་བའི་དམ་ཚིག་ལ། །དམིགས་གཏད་ཕྱོགས་ལྷུང་བྲལ་བ་དགོས། །དེ་བཞིན་སྒོམ་གྱི་དམ་ཚིག་ལ། །སྒོམ་མེད་ཡེངས་མེད་འཛིན་མེད་དགོས། །དེ་བཞིན་སྤྱོད་པའི་དམ་ཚིག་ལ། །བསྒོམ་བྱ་སྒོམ་གྱིས་ཟིན་པར་དགོས། །དེ་བཞིན་འབྲས་བུའི་དམ་ཚིག་ལ། །ཆོས་ཟད་གཞི་ལ་རྫོགས་པར་དགོས། །དེ་བཞིན་ཆོས་པའི་དམ་ཚིག་ལ། །བཟང་འདོད་ལོ་འདོད་ཟད་པར་དགོས། །ད་དོན་དུ་བསྡུས་ཏེ་མདོར་བསྟན་ན། །སྐྱིད་འབྱོར་ལོངས་སྤྱོད་དགེ་ཆོས་དང་། །གཞན་གྱིས་བསྟོད་ཅིང་རང་ཉིད་དགའ། །ཆོས་པ་བདུད་ཀྱིས་ཁྱེར་བ་ཡིན། །ཡོན་ཏན་སྐྱོན་གྱུར་དེ་ལ་ཟེར། །སྡུག་བསྔལ་རྐྱེན་ངན་མི་འདོད་པར། །ལམ་ཁྱེར་ཉམས་ལེན་མཐིལ་དུ་བྱ། །རྣལ་
འབྱོར་དཔའ་བོའི་སྤྱོད་པ་ཡིན། །སྐྱོན་ནི་ཡོན་ཏན་འགྱུར་བ་ཡིན། །ཇི་ལྟར་ལྟ་སྒོམ་མཐོ་གྱུར་ཀྱང་། །རྒྱུ་འབྲས་སྤང་བླང་ཞིབ་པར་གཅེས། །ཚེ་འདིའི་བློ་སྣ་སྐྱེས་ཚད་ཀུན། །ཆོས་ཀྱི་བར་ཆད་ཡིན་པར་ལྟོས། །སྡུག་བསྔལ་ཉམ་ཐག་སེམས་ཅན་ལ། །སྙིང་རྗེས་ཕན་ཐོགས་བརྩོན་པར་དགོས། །གཞན་དོན་འགྲོ་དོན་བྱེད་དུས་སུ། །རང་དོན་རྙེད་པ་མ་ཤོར་དགོས། །ཚིག་དེ་ལྟར་གང་ཤར་མདོར་བསྡུས་འདི། །སྒྲོལ་མའི་རྣམ་སྤྲུལ་རྒྱ་བཟའ་དང་། །ཨོ་རྒྱན་པདྨས་བྱིན་བརླབས་ཤིང་། །ཉི་མ་གྲགས་པས་སྒྲུབ་གནས་མཆོག །འཛིན་པའི་རི་ཁྲོད་རྣལ་འབྱོར་པ། །ཆོས་མཛད་བློ་བཟང་ཕུན་ཚོགས་ལ། །ཆེ་ཡོལ་རིག་འཛིན་ཆེན་པོས་གདམས། །འདི་ལས་ཐོབ་པའི་དགེ་བ་དེས། །ཕྱི་རབས་ཆོས་བརྒྱུད་འཛིན་པ་རྣམས། །ལྟ་བ་ཡོངས་སུ་དག་པར་ཤོག། །། ༈ རྗེ་གཅིག་བླ་མ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ང་དག་སྐྱོན་གྱི་རང་བཞིན་ལ། །ངན་མཚང་བརྗོད་པའི་སྡིག་པ་ལ། །ང་ནི་མི་འཁང་ལྷག་པར་སྤྲོ། །ཁྱོད་ཉིད་ཆོས་དཀར་བློ་སད་པས། །མཚུངས་
མེད་མཆོག་རྣམས་ཞབས་དྲུང་ནས། །སྙིང་ཐིག་ཐོབ་དེར་མཆོག་ཏུ་སྤྲོ། །འཁོར་བའི་ཆོས་ལ་ཞེན་ལོག་གཅེས། །དད་པ་རྐྱེན་གྱིས་མི་འཕྲོག་གཅེས། །སྙིང་རྗེ་ཉེ་རིང་མེད་པར་གཅེས། །དམ་ཚིག་ངོ་ལྐོག་མེད་པར་གཅེས། །ལྟ་བ་ངོས་བཟུང་མེད་པར་གཅེས། །སྒོམ་པ་ཡེངས་འཁྲུལ་མེད་པར་གཅེས། །སྤྱོད་པ་སྤང་བླང་མེད་པར་གཅེས། །འབྲས་བུ་ཡིད་སྨོན་མེད་པར་གཅེས། །འཆི་གཞུག་ཆོས་དང་མཉམ་པ་དེ། །ཆོས་མཛད་ཡོངས་ཀྱི་གོང་མ་ཡིན། །དམན་ས་འཛིན་པའི་དུལ་བ་དེ། །ང་རྒྱལ་སྤང་བའི་མཚན་ཉིད་ཡིན། །ཆོས་ལ་མོས་པའི་བྱ་བ་དེ། །བག་ཆགས་སད་པའི་སྤྱོད་བཟང་ཡིན། །འཇིགས་མེད་བློ་གསལ་གྱིས་བསྐུལ་ངོར། །ཆང་རྒན་སྨྱོན་པའི་འཆལ་གཏམ་ལགས། །མངྒ་ལཾ།། །། ༈ རྒྱལ་བ་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །རྡོ་རྗེ་རྩེ་མོའི་ཉམས་བཞེས་ཚད་དུ་ཕེབས། །ངེས་པའི་དོན་དུ་འཕགས་མཆོག་སྤྱན་རས་གཟིགས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞབས་ལ་འདུད། །འདྲེན་པ་དེ་ཡི་ཞལ་ལུང་དྲི་མེད་དང་། །རང་གིས་
ཅུང་ཟད་ཉམས་སུ་བསྟར་བའི་གནད། །རྨད་བྱུང་ཐེག་པའི་རྩེ་མོ་རྫོགས་པ་ཆེ། །ཚུལ་བཞིན་བཤད་ལ་རབ་ཏུ་གུས་པས་ཉོན། །ཕ་མཐའ་མི་ཟད་འཁོར་བའི་རྒྱ་མཚོ་ལས། །ཐར་པའི་རྟེན་བཟང་དལ་འབྱོར་ལུས་ཐོབ་པ། །ཡིད་བཞིན་ནོར་བུ་ལས་ཀྱང་ཆེས་ལྷག་པས། །ད་རེས་གཏན་གྱི་འདུན་མ་སྒྲུབ་དུས་ཡིན། །ཟག་བཅས་རང་བཞིན་འཇིག་པའི་མཚན་ཉིད་ཅན། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་གདུང་ཞིང་། །འཆི་བདག་གནས་སུ་གཅིག་པུར་འགྲོ་དགོས་པས། །རྟག་བསམ་ཚེ་འདིའི་བྱ་བ་རྒྱང་བསྲིང་ཞིང་། །དགེ་བཅུའི་བསོད་ནམས་ཆ་མཐུན་བདེ་འགྲོ་ཐོབ། །དེ་ཡང་འཁོར་བའི་ཆོས་ལས་མ་འདས་ཤིང་། །བསམ་སྦྱོར་དག་ན་ཐར་པ་ཆ་མཐུན་སྲིད། །མི་དགེའི་རྒྱུས་བསྐྱེད་འབྲས་བུ་ངན་སོང་སྨིན། །དགེ་སྡིག་འདྲེས་མས་འབྲས་བུ་བདེ་སྡུག་མྱོང་། །དེ་ཕྱིར་བློ་དང་ལྡན་པའི་སྐྱེས་བུ་རྣམས། །དགེ་སྒྲུབ་སྡིག་སྤོང་ལས་ལ་དུས་ཀུན་ཏུ། །ངོ་ལྐོག་མེད་ཀྱང་འབད་པ་ཐོན་པ་ཡིས། །རང་སེམས་དཔང་དུ་འཇུག་པ་ཤིན་ཏུ་གཅེས། །དཀོན་མཆོག་མཆོད་དང་དབུལ་
ཕོངས་སྦྱིན་པས་སྐྱོངས། །རྒན་གོག་ནད་པ་སྐྱབས་མེད་ཕན་འདོགས་བརྩོན། །གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་བྱེད་པ། །འདི་དག་རྒྱལ་སྲས་རྣམས་ཀྱི་བཞེད་པ་ཡིན། །བདག་ཅག་འདྲེན་པ་ཐུབ་པའི་བསྟན་པ་འདིར། །ཉོན་མོངས་སྤོང་བ་སོ་སོར་ཐར་པ་དང་། །ཉོན་མོངས་ཉེས་པ་སྦྱོང་བྱེད་བྱང་ཆུབ་སེམས། །ཉོན་མོངས་ལམ་སྒྱུར་གསང་སྔགས་རྒྱལ་པོར་བཤད། །རང་རྒྱུད་ངེས་པར་གྲོལ་བའི་སློབ་དཔོན་ལ། །དབང་དང་དམ་ཚིག་རིམ་པ་ལེགས་གནོས་ཤིང་། །བསྐྱེད་རྫོགས་སྒྲུབ་བཟླས་སྙིང་པོར་ཉམས་བླངས་པས། །ཚེ་གཅིག་གྲོལ་ཞེས་གསང་ཆེན་རྒྱུད་ལས་གསུངས། །འདི་ནི་ཐེག་པ་ཀུན་གྱི་མཐར་ཐུག་དོན། །རྒྱ་བོད་གྲུབ་ཐོབ་རིག་འཛིན་ཡོངས་ཀྱི་ཕུད། །པདྨ་འབྱུང་དང་བི་མ་མི་ཏྲ་ཡི། །ཤིན་ཏུ་བརྣག་པ་ཐུགས་ཀྱི་ཐིག་ལེའི་བཅུད། །སྔོན་བྱོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། །བསྐལ་མང་ཚོགས་གཉིས་རྒྱ་མཚོའི་སྟོབས་ཀྱིས་དྲངས། །བཀའ་གཏེར་དག་སྣང་རྣམ་གྲངས་གསུམ་གྱིས་བསྟན། །ཕུང་པོ་ལྷག་མེད་གྲུབ་པ་
མང་དུ་བྱོན། །ཤིན་ཏུ་རྣལ་འབྱོར་ཨ་ཏི་སྦས་པའི་ཆོས། །སངས་རྒྱས་ཞིང་ལ་ཉིན་རྒྱུག་བྱེད་པའི་ཆོས། །ཀུན་དང་ཐུན་མོང་མ་ཡིན་ཁྱད་པར་ཆོས། །བཅིང་འགྲོལ་ལས་འདས་མངོན་སུམ་དགོངས་པའི་ཆོས། །དེ་ཡང་སྒོམ་སྒྲུབ་གལ་ཆུང་བྱེད་དུས་འདིར། །འདིར་སྣང་ཆོས་བརྒྱད་གལ་ཆེན་བྱེད་དུས་འདིར། །ཉམས་མྱོང་དྲོད་རྟགས་གཏམ་རྒྱུད་འཆད་དུས་འདིར། །ཕྱི་ཚུལ་ཉེར་ལེན་མཛེས་ཆོས་སྒྲུབ་དུས་འདིར། །བདག་འདྲས་རྫོགས་པ་ཆེན་པོ་བཤད་མི་ནུས། །འོན་ཀྱང་སྡོམ་བརྩོན་དགེ་སློང་གཉེར་ཆེན་གྱིས། །གསུང་གིས་བསྐུལ་པ་དོན་ཡོད་བྱ་བའི་ཕྱིར། །ཉི་གྲགས་རྡོ་རྗེ་འཛིན་པའི་ཞལ་ཤེས་འགོད། །ཀྱེ་ཧོ་རིག་པའི་དུས་ན་རང་ཉིད་སངས་རྒྱས་འདི། །སྐུ་དང་ཡེ་ཤེས་མཛད་པ་ལྷུན་གྱིས་གྲུབ། །མ་རིག་དུས་ན་འཁོར་བའི་སེམས་ཅན་འདི། །ལས་དང་ཉོན་མོངས་སྡུག་བསྔལ་རྒྱ་མཚོར་བྱིངས། །སངས་རྒྱས་རྒྱལ་པོ་རང་རིག་དྲི་མེད་འདི། །དཔེ་ཡིས་མི་མཚོན་ཚིག་གིས་བརྗོད་དུ་མེད། །བལྟས་པས་མི་མཐོང་བཙལ་བས་རྙེད་མི་འགྱུར། །སྐྱེ་འགག་གནས་
གསུམ་དམིགས་མཐའ་ཀུན་དང་བྲལ། །བྲལ་དང་མ་བྲལ་ཞེས་བྱའི་བརྟག་མཐའ་མེད། །རྨོངས་པ་གང་ཞིག་སྣང་བ་སེམས་སུ་བཟུང་། །དེ་ལྟར་ཡིན་ན་སེམས་ཀྱང་མཐོང་དུ་ཡོད། །ཁ་ཅིག་སྟོང་པ་སྟོང་པར་བཏགས་ཤིང་འཛིན། །དེ་ལྟར་ཡིན་ན་སེམས་མེད་རྒྱུ་འབྲས་མེད། །རྟག་ཆད་ལམ་ངན་དེ་འདྲ་དེང་སང་མེད། །འགའ་ཞིག་སྣང་བ་སེམས་ཀྱིས་རྒྱས་འདེབས་ཟེར། །རྣམ་པར་རྟོག་པ་གཅིག་ལས་གཉིས་སུ་འཕྲོས། །འགའ་ཞིག་འགྱུ་བ་དགག་ཅིང་གནས་པ་བསྒྲུབ། །ཆགས་སྡང་རྩོལ་སྒྲུབ་ནད་ཀྱིས་སྙིང་ལ་གཟེར། །ཇི་བཞིན་ངོ་བོའི་གནས་ལུགས་མ་ཤེས་པར། །གསལ་སྟོང་ཟུང་འཇུག་སྣང་སྟོང་ཟུང་འཇུག་ཟེར། །སེམས་ཉིད་གང་ལྟར་བཏགས་ཀྱང་དེ་ལྟར་མིན། །རྣམ་མང་ཐེག་པའི་འཇུག་སྒོ་བགྲང་ཡས་ཀུན། །རྩོལ་སྒྲུབ་རེ་དོགས་ཆོས་ལས་མ་འདས་ཤིང་། །རྩོལ་སྒྲུབ་རེ་དོགས་རྣམ་རྟོག་གཟུང་འཛིན་ཡིན། །རྩོལ་སྒྲུབ་མེད་པའི་རང་བཞིན་རྫོགས་ཆེན་ཡིན། །སྐྱོན་སྤངས་ཡོན་ཏན་བསྒྲུབ་ལས་མ་འདས་ཕྱིར། །རྫོགས་པ་ཆེན་པོ་སྤང་
བླང་མེད་པའི་ངང་། །དེ་ཕྱིར་རྫོགས་པ་ཆེན་པོའི་བཞག་ཐབས་ནི། །སྐྱོན་ལ་སྤང་མེད་ཡོན་ཏན་བསྒྲུབ་ཏུ་མེད། །གནས་དང་འགྱུ་བ་གཉིས་ཀའི་འདེམ་ཀ་མེད། །གནས་པའི་དུས་ན་རང་ངོ་རང་གིས་ཤེས། །གནས་འདུག་སྙམ་པ་སྒོམ་པ་དུག་ཆེན་ཡིན། །འགྱུ་བ་གང་ཤར་ངོས་བཟུང་རང་ངང་བཞག །རྣམ་རྟོག་བཅོས་སྒྱུར་བྱས་པས་འཁྲུལ་བ་འཕེལ། །སངས་རྒྱས་མངོན་སུམ་རང་རིག་ཆོས་སྐུར་ཡིན། །སངས་རྒྱས་ཕྱི་ནས་ཐོབ་འདོད་སངས་རྒྱས་སྟོར། །བསྒོམ་དུས་བསྒོམ་བྱ་སྒོམ་བྱེད་མེད་པ་ལ། །སྒོམ་བྱས་འོང་རྒྱུ་ཡོད་བསམ་སྒུག་ཐག་རིང་། །འདོན་ཡོན་ལྔ་དང་བདེ་སྡུག་སྣང་བ་གང་། །ལྟ་བས་ཟིན་པར་སྤྱོད་ན་གྲོལ་ལམ་ཡིན། །གྲུབ་རྟགས་མཆོག་ཏུ་བླ་མ་སངས་རྒྱས་མཐོང་། །གྲུབ་རྟགས་མཆོག་ཏུ་བྱམས་དང་སྙིང་རྗེ་སྐྱེ། །གྲུབ་རྟགས་མཆོག་ཏུ་གཞན་ཕན་ཤུགས་ཀྱིས་འབྱོངས། །གྲུབ་རྟགས་མཆོག་ཏུ་ཉིན་མཚན་ཏིང་འཛིན་འདའ། །སྣང་བ་དབང་བསྒྱུར་ཆེན་པོའི་དུས་སུ་ནི། །གྲུབ་པའི་རྣལ་འབྱོར་བརྟུལ་ཞུགས་ཆོ་རོལ་སྤྱོད། །དེ་དོན་མ་རྟོགས་གྲུབ་རྟགས་ལོག་
པར་བཟུང་། །སྨྱོ་སྤྱོད་འབྲེལ་མེད་སྤྱོད་པ་ཀུན་གྱི་ཆོས། །ཀྱེ་མ་དེང་སང་ཐུབ་པའི་བསྟན་པ་ཡང་། །ནུབ་རིར་ཉེ་འོ་སྙམ་ནས་བློ་མ་བདེ། །ཁྱད་པར་ཐེག་དགུའི་རྩེ་མོ་རྫོགས་ཆེན་འདི། །ཐེག་པ་འོག་མར་སྦྱར་ཏེ་བཤད་པས་ནོངས། །ད་ནི་ལྟ་སྒོམ་གནད་དུ་ཅུང་ཟད་བསྡུ། །སེམས་ཉིད་ངོས་བཟུང་མེད་པ་ལྟ་བ་ཡིན། །དེ་ལ་ཐེ་ཚོམ་ཡོད་ན་དོན་མ་རྟོགས། །བསྒོམ་བྱ་སྒོམ་བྱེད་མེད་ན་སྒོམ་པ་ཡིན། །དེ་ལ་ཐེ་ཚོམ་ཡོད་ན་དོན་མ་རྟོགས། །གཟུང་འཛིན་རྩ་བ་ཆད་ན་སྤྱོད་པ་ཡིན། །དེ་ལ་ཐེ་ཚོམ་ཡོད་ན་དོན་མ་རྟོགས། །འབྲས་བུ་གཞིར་ལྡོག་བྱ་བྲལ་བློ་བདེའི་ངང་། །དེ་ལ་ཐེ་ཚོམ་ཡོད་ན་དོན་མ་རྟོགས། །ཐེ་ཚོམ་དེ་ཡོད་རྣམ་རྟོག་འགྱུ་བ་ཡིན། །སྤང་བླང་བཅོས་བསྒྱུར་མེད་པའི་ངང་དུ་ཞོག །རྒྱ་མཚོའི་རྦ་རླབས་རྒྱ་མཚོར་ཐིམ་པ་དང་། །སེམས་བཙལ་རྣམ་རྟོག་རང་ཡལ་རྗེས་མེད་པར། །དེ་ལ་གང་ཤར་རང་གྲོལ་བྱ་བ་ཡིན། །ལམ་དུས་རང་རིག་བླ་མར་རྟོགས་པ་ནི། །རྣམ་རྟོག་གང་ཤར་ལྟ་བའི་བརྗེད་བསྐུལ་ཡིན། །འབྲས་བུ་རང་རིག་བླ་མར་ཤར་
བ་ནི། །གཞན་མིན་རང་རིག་ཆོས་སྐུར་དག་པ་ཡིན། །བརྗོད་དུ་མེད་པའི་རྫོགས་པ་ཆེན་པོ་ལ། །བརྗོད་བྱའི་ཆོས་ཚུལ་བསྡུ་བ་རྒྱ་ཆེ་བ། །རྫོགས་ཆེན་ཆོས་ཚུལ་རྣམས་ལ་གཟིགས་པར་མཛོད། །བདག་འདྲ་ཐོས་བསམ་དམན་དང་ཉམས་ལེན་ཞན། །བགྲང་བྱའི་ཁུར་གྱི་ནད་དང་ཟུག་རྔུས་གདུངས། །ཟབ་ལམ་རྡོ་རྗེའི་རྒྱ་མདུད་འགྲོལ་མི་ནུས། །འོན་ཀྱང་སྙིང་ཐིག་ལས་འཕྲོས་ལྟ་སྒོམ་གནད། །ཅུང་ཟད་ཙམ་ཞིག་བཀོད་པའི་དགེ་བ་འདིས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །རང་ངོ་རང་གིས་ཤེས་པའི་དོན་རྟོགས་ནས། །ཀུན་བཟང་རྡོ་རྗེ་འཆང་དབང་འགྲུབ་པར་ཤོག །རྫོགས་པ་ཆེན་པོའི་ནི་བྱ་རྩོལ་མེད་པ་སྤང་བླང་མེད་པ་རེ་དོགས་མེད་པ། ངོས་བཟུང་མེད་པ། མཐའ་དབུས་མེད་པ། དཔེ་དང་ཚིག་གིས་མི་མཚོན་པ། སྤྲོ་བསྡུ་ཚོད་འཛིན་བརྟག་བྱའི་ཆོས་ཐམས་ཅད་ལས་འདས་པའོ། །འདི་ལ་སེམས་ཙམ་པའི་སྣང་འཛིན་མ་བྱེད། དབུ་མ་པའི་དབུས་གནས་མ་གཟིགས། ཤེར་ཕྱིན་པའི་སྟོང་འཛིན་མི་བྱེད། གསང་སྔགས་པའི་མཆོག་འཛིན་
མི་བྱེད། ཕྱག་ཆེན་པའི་རྒྱས་འདེབས་མི་བྱེད། ཕྱི་པའི་རྟག་ཆད་མི་བྱེད། ནང་པའི་ཟུང་འཇུག་མི་བྱེད། བྱ་བྱེད་རྩོལ་སྒྲུབ་དམིགས་མཐའ་ཐམས་ཅད་དང་བྲལ་བའོ། །ཞེས་པ་འདི་གཉེར་ཆེན་དམ་པ་དོན་འགྲུབ་བཀྲ་ཤིས་ཀྱི་དགོངས་བཞེད་ལྟར་ལས་རབ་རྩལ་གྱིས་གདམས་པའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བགྱིས་པའོ།། །། ༈ རྗེ་བསླབ་གསུམ་རྣམ་དག་རྒྱན་གྱིས་མཛེས། །ཐུགས་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྫོགས། །སྤྲང་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་བྱིན་རླབས་ཅན་གྱིས་བྱིན་གྱིས་རློབས། །ཚིག་དེ་ལ་བླ་མར་མཆོད་པ་མཛོད། །དོན་འདི་ལ་ནམ་མཁའ་ཆོས་དབང་སོམས། །སྤྱིར་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས། །རང་ཐར་འདོད་བརྩོན་པའི་སྙིང་རུས་གྱིས། །སྤྱིར་སྣོད་བཅུད་འཇིག་པའི་རང་བཞིན་ཡིན། །རང་བློ་སྣ་སྟུངས་ཤིག་ཆོས་ལ་རེམས། །བྱམས་སྙིང་རྗེ་བྱང་ཆུབ་སེམས་གཉིས་སྐྱོངས། །སྐྱབས་སངས་རྒྱས་ཀུན་འདུས་བླ་མ་ལ། །སེམས་དད་པས་སྙིང་ནས་གསོལ་བ་འདེབས། །ལམ་དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེ། །ལས་རྣམ་སྨིན་གྱི་བག་ཆགས་དེ་
ཡིས་སེལ། །མཆོག་ཐུན་མོང་གི་དངོས་གྲུབ་དེ་ཡིས་ཐོབ། །ལར་འཕྱོར་ཆོས་གཡེང་ཆོས་ལབ་ལོབ་ཀྱིས། །གནད་རང་ཐོག་ལ་བབ་དུས་མི་ཕན་པས། །ཁྱོད་དེ་ལྟའི་རྗེས་སུ་མ་འབྲངས་པར། །སེམས་བདེ་སྡུག་གི་སྣང་བ་ཅི་ཤར་ཡང་། །ཡིད་ནང་དུ་བསྡུས་ནས་མ་བརྩི་བར། །བློ་རྩོལ་སྒྲུབ་དང་བྲལ་བའི་ངང་ཉིད་ལས། །དེ་གུ་ཡངས་དང་གཏད་མེད་ངང་དུ་ཁྱེར། །ཐབས་གདམས་ངག་གི་གནད་ཀྱིས་ཟིན་པ་ཡིན། །དེས་རྐྱེན་ངན་ཀུན་ལམ་དུ་སློང་བ་དང་། །དེས་བར་ཆད་ཀུན་དངོས་གྲུབ་ཉིད་དུ་གྱུར། །རྗེ་གོང་མ་རྣམས་ཀྱི་ཞལ་གདམས་ཏེ། །བདུད་ངས་ཀྱང་གསང་ཚིག་སྙིང་གི་ནོར། །ཁྱོད་ཉམས་ལེན་མཐར་ཐུག་དེ་ལ་མཛོད། །ཅེས་པ་འདི་དད་ལྡན་ནམ་མཁའ་ཆོས་དབང་ལ་ལས་རབ་རྩལ་གྱིས་གདམས་པའོ།། །། ༈ ད་ཡང་གདམས་ངག་ལ་ན་ཚ་དང་སྡུག་བསྔལ། བདེ་སྐྱིད་དང་དགའ་སྣང་རྣམ་པ་སྣ་ཚོགས་ཅི་ཤར་ཡང་ངོ་བོ་དེ་ལ་ཅེར་གྱིས་བལྟས་ནས་ལྷོད་ཀྱིས་གློོད་ལ་ཅི་ཡང་མེད་པའི་སྟོང་པ་ཚིག་ཏུ་སྨྲར་མི་བཏུབ་པའི་རང་གསལ། ཡེ་ནས་གནས་པའི་གཉུག་མ། ད་ལྟའི་ཤེས་རིག་སོ་མ་དེ་
ཉིད་དེར་འཛིན་གྱི་འཁྲིས་མ་ཞུགས་པར་གཏད་མེད་གུ་ཡངས་ཆེན་པོའི་ངང་དུ་སྐྱོངས་ཤིག །སྐབས་སུ་སྤྱི་བོར་ཨོ་རྒྱན་བསྒོམ་ཞིང་ཁྱེད་ཤེས་ཀྱི་དད་པ་དྲག་པོས་ཚིག་བདུན་མའི་གསོལ་བ་ཡང་ཡང་གདབ་ཅིང་མཐར་པད་འབྱུང་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་སྐུ་དང་རང་གི་ལུས་འདྲེས། གསུང་དང་ངག་འདྲེས། ཐུགས་དང་སེམས་འདྲེས། དབྱེར་མེད་རོ་གཅིག་ཏུ་གྱུར་པར་དམིགས་ནས་དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་དང་བྲལ་བ་ཡེ་བབས་རྩོལ་བྲལ་སྒོམ་མེད་ཀློང་ཡངས་ཆེན་པོར་ལ་ཟློས་ཤིག །ཅེས་དད་པ་ཅན་ནམ་མཁའ་ཆོས་དབང་ལ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོར་ཡུན་རིང་དུ་བསྟེན་པ་ཕྲིན་ལས་སམ་ཆོས་དབྱིངས་དྲི་མེད་དམ། བདུད་རྒན་དུ་གྲགས་པས་རྨོངས་ཚིག་འགའ་ཞིག་གདམས་པར་བཏགས་ནས་བྱིན་པ་མངྒ་ལཾ།། །། ༈ ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྩ་བ་གསུམ། །རྒྱལ་ཀུན་ཐུགས་རྗེའི་བདག་ཉིད་པདྨ་འབྱུང་། །སྨོན་ལམ་མཐུ་བཙན་རྗེ་འབངས་རིག་འཛིན་ཚོགས། །བཅོས་མིན་དད་པས་སྙིང་ནས་གསོལ་བ་
འདེབས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །རྗེས་འབྲང་དཔོན་སློབ་ཕ་མའི་ཚུལ་བཞིན་དུ། །ཡང་ཡང་འགྲོགས་ཤིང་ཐུགས་རྗེས་འཛིན་པར་ཤོག །ཀུན་རྫོབ་ཐམས་ཅད་མི་རྟག་ཤེས་པ་དང་། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་དང་། །རང་རིག་ཆོས་སྐུར་རྟོགས་པའི་གདེང་ཐོབ་ནས། །ཕྱོགས་འཛིན་ཆགས་སྡང་སྣང་བ་གཏན་བྲལ་ཏེ། །སྒྱུ་མ་རྨི་ལམ་སྤྲུལ་པའི་ལུས་བཟུང་ནས། །བསྟན་པ་འཛིན་ཞིང་འགྲོ་ཀུན་དོན་བྱེད་ཤོག །སེམས་དང་བྲལ་བའི་སེམས་ཉིད་དོན་རྟོགས་ཤིང་། །གསར་དུ་བསྒྲུབས་མིན་ཡེ་ནས་ཡོད་པའི་དོན། །དབྱིངས་རིག་ངོ་བོ་མཐའ་བཞི་བྲལ་བར་ངེས། །ཀུན་བཟང་དགོངས་པའི་ཀློང་དུ་མངོན་གྱུར་ཤོག །སེམས་ཉིད་རང་གསལ་རྗེན་པ་རང་བཞིན་དུ། །བརྟགས་ན་ཆོས་ཀུན་ཟད་པ་ངོ་བོའི་ངང་། །འཁོར་འདས་འཆར་གཞི་མ་འགགས་ཐུགས་རྗེ་ཚུལ། །ཡིན་ལུགས་འདི་གསུམ་གཏན་ལ་ཕེབས་པར་ཤོག །ངན་སོང་ལུས་སྤངས་རྟག་ཏུ་དལ་འབྱོར་རྙེད། །ཉོན་མོངས་སྤོང་བ་སོ་སོར་ཐར་པ་དང་། །ཉོན་མོངས་ནད་རྣམས་སྦྱོང་བྱེད་
བྱང་ཆུབ་སེམས། །ཉོན་མོངས་ལམ་དུ་སྒྱུར་བྱེད་གསང་སྔགས་ཏེ། །ཐེག་དགུའི་ལམ་དང་རང་རྒྱུད་འདྲེས་པར་ཤོག །རང་དོན་འགྲུབ་ཡང་ཞི་བར་མི་གནས་ཤིང་། །གཞན་དོན་སྤྱོད་ཀྱང་འཁོར་བར་མི་འཆིང་སྟེ། །སྤྱན་རས་གཟིགས་དང་འཇམ་དཔལ་གཞོན་ནུ་ཡིས། །མཛད་པ་དེ་འདྲ་རྟག་ཏུ་སྐྱོང་བར་ཤོག །རྩ་གསུམ་དཀོན་མཆོག་དྲང་སྲོང་རིག་འཛིན་མཐུས། །སྨོན་ལམ་འདི་དག་བསླུ་མེད་ངས་འབུལ་ཞིང་། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི། །ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་གྱུར་ཅིག །དགེ་སློང་ཀུན་དགའ་གྲགས་པས་བུང་བ་གསེར་གཟིགས་ཀྱིས་ཕྲིན་ལས་བསྟན་དར་ལ་སྨོན་ལམ་དགོས་ཞེས་བསྐུལ་བ་བབ་ཅོལ་དུ་སྨྲས་པས་ཡི་གེ་པ་ནི་སྐུལ་བ་པོ་ཉིད་དོ། །མངྒ་ལཾ།། །། ༈ རྡོ་རྗེ་འཆང་ལས་ཆེས་ལྷག་ཅིང་། །སྙིགས་མའི་དུས་སུ་འབྱོན་དཀའ་བའི། །ཁྱེད་མཚན་རྡོ་རྗེ་སྟོབས་མཆོག་རྩལ། །མི་བདག་གི་སྤྱི་བོའི་རྒྱན་དུ་བཞུགས། །དནྚིའི་འཁྱོགས་བཤད་མེད་པ་དང་། །གྲྭ་རྩོམ་གསར་པས་མ་མཛེས་ཀྱང་། །འདི་ནི་མངོན་སུམ་སྙིང་པོའི་ལམ། །ཚིག་དང་བྲལ་བའི་ཡེཤེས་ཏེ། །དེ་ལ་ཚིག་གིས་
མ་བསླད་ཅིག །ཐུབ་དབང་པད་འབྱུང་གསུང་དོར་ནས། །སེམས་ཅན་ཞལ་གདམས་སྒྲུབ་པ་འཁྲུལ། །སངས་རྒྱས་སྤྱན་གྱིས་མི་མཐོང་གི། །རྨོངས་པས་རྩོལ་སྒྲུབ་མ་བྱེད་པར། །ཡེ་ནས་འཁོར་ཡུག་གནས་པ་ལ། །ཐུན་མཚམས་རིས་སུ་བཅད་དོན་མེད། །སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །སྟོང་གསལ་སྤྲོས་པར་མ་ཞེན་ཅིག །གཏིང་མཐའ་བྲལ་བའི་སེམས་ཉིད་ལ། །བློ་དཔྱད་ཞིབ་མོས་ག་ལ་ཤེས། །ཐེ་ཚོམ་བྱིང་རྒོད་གང་བྱུང་ཡང་། །བཅོས་བསྒྱུར་མེད་དོ་ངང་དེར་གློད། །དུག་ལྔ་ཆགས་སྡང་གང་སྐྱེས་ཀྱང་། །མདོ་བཞིན་གཉེན་པོར་མ་བསྟེན་ཅིང་། །སྔགས་བཞིིན་བསྒྱུར་བར་མ་རློམ་པར། །གང་ཤར་མ་བཅོས་ངང་དུ་ཞོག །ཤར་གནས་རིས་མེད་གཤིས་ཀྱི་ཚུལ། །རང་གསལ་ཡེ་ཤེས་གྲགས་པ་ཆེ། །གྲོལ་ཞེས་གང་གིས་བཀྲོལ་བ་མེད། །འདི་ལ་མིང་དང་ཕྱོགས་འཛིན་པ། །རྫོགས་པ་ཆེན་པོའི་དགོངས་པར་འགལ། །མགོན་བླ་འགྱུར་མེད་ལྷག་བསམ་གྱིས། །བསྐུལ་ངོར་ལས་རབ་རྩལ་གྱིས་སྦྱར། །མངྒ་ལཾ།། །། ༈ སྡོམ་གསུམ་རྣམ་དག་བསྟན་པའི་རྒྱལ་མཚན་འཛིན། །
མཚུངས་མེད་ཆོས་རྗེ་བླ་མའི་ཞབས་ལ་འདུད། །རྫོགས་ཆེན་ལྟ་བའི་གེགས་སེལ་བཤད་ཀྱིས་ཉོན། །གནས་དགའ་འགྱུ་སྡུག་གདམ་ཀ་ཆེ་བ་དང་། །སེམས་ཉིད་འཇུར་བུས་བཏབ་ཅིང་བསྡུ་ཆེ་དང་། །ཡོན་ཏན་སྒྲུབ་འདོད་སྐྱོན་ལ་སྤོང་འདོད་དང་། །མ་ཡེངས་ཕུར་ཚུགས་གཅིག་ཏུ་འཛིན་པ་དང་། །འདི་དག་རྐྱེན་གྱིས་ལྟ་བར་སྐྱོན་ཞུགས་ཏེ། །བསྒོམས་ན་མི་བདེ་ཟུག་རྔུ་ལྡང་བའང་སྲིད། །དཔེར་ན་ཁྱི་རྒོད་དང་ནི་དུག་སྦྲུལ་ནི། །གཙེས་ཤིང་གཙེས་ཤིང་ཇེ་རྩུབ་ཇེ་རྩུབ་འགྲོ། །དེ་བཞིན་སེམས་ཀྱང་མ་བཅོས་མ་གློོད་པར། །བཅོས་ཤིང་བཅོས་ཤིང་སྙིང་པོ་དེ་ཉིད་བསྒྲིབས། །ལུས་སེམས་ཁོང་གློོད་རང་གི་སེམས་ཉིད་ནི། །ཕར་ལ་མ་སྤྲོ་ཚུར་ལ་མ་བསྡུ་བར། །རང་ངོ་རང་གི་ཤེས་བཞིན་བབ་ཀྱིས་སྐྱོང་། །ལྟ་སྒོམ་ཅི་ཡང་མེད་པའི་སྟོང་པ་ལ། །བཟང་འདོད་ཡོན་ཏན་ཐོབ་འདོད་འདོད་པའི་དབང་། །འཁྲུལ་བ་ཡིན་གྱི་རྒྱ་ཡན་ལྷུག་པར་ཞོག །གུ་ཡངས་བློ་བདེ་གཏད་མེད་ངང་དུ་སྐྱོངས། །འགྱུ་རྟོག་མེད་པ་དེ་ནི་གནས་པ་ཡིན། །རང་གསལ་བརྗོད་དུ་
མེད་པ་ལྷག་མཐོང་ཡིན། །རྣམ་རྟོག་བཟང་ངན་གང་ཤར་འགྱུ་བ་ཡིན། །མ་བཅོས་རང་བཞག་རང་གྲོལ་ཆོས་སྐུ་ཡིན། །མདོར་ན་སྒོམ་ལ་གསལ་དང་མ་གསལ་དང་། །སྐྱོན་དང་ཡོན་ཏན་དགག་སྒྲུབ་ཅི་ཤར་ཡང་། །གཞན་མིན་རྣམ་རྟོག་འཁྲུལ་བ་དེ་ཉིད་ཡིན། །ཐབས་ཡིན་མ་བཅོས་རང་ངང་གློད་ཀྱིས་ཞོག །རྟགས་ཡིན་ཤར་གྲོལ་བྱ་ལམ་རྗེས་མེད་འདྲ། །གནད་ཡིན་རང་གསལ་ཆོས་སྐུའི་དགོངས་པ་སྐྱོངས། །ལྟ་བའི་མཚན་ཉིད་ངོས་བཟུང་མཚན་མ་མེད། །སྒོམ་པའི་མཚན་ཉིད་སྒོམ་མེད་རང་གསལ་ཡིན། །སྤྱོད་པ་ཆུ་ནང་རི་མོ་བྲིས་པ་འདྲ། །འབྲས་བུ་གཞན་མེད་དང་པོའི་ཀ་དག་ཉིད། །དང་པོའི་ལས་ཅན་ཡུན་ཐུང་གྲངས་མང་སྒོམས། །བར་དུ་ཉིན་མཚན་ཐུན་དུ་བཅད་དེ་སྒོམས། །ཐ་མ་མཉམ་རྗེས་དབྱེར་མེད་འཁོར་ཡུག་སྐྱོངས། །ཚུལ་འདི་སྙིང་ཐིག་ལྟ་གྲུབ་འཛིན་པ་ཡི། །ལས་རབ་རྩལ་དེས་རྗེས་འཇུག་དོན་དུ་གདམས། །ཆོས་རྒྱལ་སྡེ་དགེའི་འདུས་ཚོགས་དབུ་མཛད་པ། །དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཉིད་ལ་ཕུལ། །དགེ་བས་འགྲོ་ཀུན་བྱང་
ཆུབ་མངོན་གྱུར་ཤོག། །། ༈ རྩེ་གཅིག་སྒྲུབ་ལ་བརྩོན་པའི་སྙིང་རུས་དང་། །སྨོན་ལམ་ཟམ་མོའི་དཔེ་དོན་བཤེས་གཉེན་དང་། །མཇལ་ཞིང་སྙིང་ཐིག་དགོངས་པའི་གནད་ཁྲོལ་བ། །གང་གིས་དར་དང་ཟབ་དང་གསེར་དང་བཅས། །ཁོ་བོར་བསྟན་འགྲོར་ཕན་པ་དགོས་བསྐུལ་བ། །མཆོག་ཏུ་སྤྲོ་ཞིང་ཡིད་ཀྱི་གསོས་སུ་གྱུར། །ཁྱེད་ཀྱི་ལྟ་བའི་བབ་ཀྱིས་འཕྲོས་ཕེབས་པ། །རང་ལུགས་སྙིང་ཐིག་ལྟ་གྲུབ་མ་ནོར་བ། །དེང་སང་དུས་ན་འབྱུང་བ་དཀའ་བར་མཆིས། །ཁོ་བོ་ཡི་རང་ཆེ་ཞིང་ཆེས་ཆེར་སྤྲོ། །སྙིགས་དུས་ཕྱི་ནང་ཐུན་མོང་རིག་པ་དང་། །ཆོ་ག་ཆོས་སྤྱོད་རྣམ་གཞག་མཁས་མང་ཡང་། །ཁྲེགས་ཆོད་ཡེ་བབས་དགོངས་པའི་ཁྱད་ཆོས་ཀྱི། །བརྗོད་མེད་གཅེར་བུ་མངོན་གྱུར་ཆོས་སྐུའི་ཀློང་། །དུས་གསུམ་དུས་མེད་སྐུ་གསུམ་རང་ཆས་གནད། །གང་གི་ཉམས་བཞེས་གནད་དེ་མཐར་ཐུག་ཉིད། །ཁོ་བོའི་བསྟན་འགྲོ་ཕན་བརྩོན་སེམས་ཁུར་ལྕི། །འོན་ཀྱང་ཀུན་གྱིས་བྱ་རོག་དཀར་པོར་མཐོང་། །དེ་སོགས་ནང་ལུགས་གང་ཤར་དུ་བྲིས་ནས། །ཕྲིན་
ལས་རྣམ་གཡེང་ཁོལ་པོས་ཕུལ་བ་དགེ། །བླ་མ་ཚེ་དབང་ལ་ལས་རབ་རྩལ་གྱིས་ཕུལ་བའོ།། །། ༈ རབ་འབྱམས་རྒྱལ་བའི་མཐུ་སྟོབས་ནུས་པ་དང་། །པད་འབྱུང་རྗེ་འབངས་ཐུགས་བསྐྱེད་བྱིན་རླབས་རྣམས། །གཅིག་བསྡུས་ངོ་བོར་སྙིང་ནས་གསོལ་བ་འདེབས། །རྣམ་ཀུན་བྱིན་གྱིས་རློབས་ཤིག་ལས་རབ་རྩལ། །ཀུན་རྫོབ་ཀུན་ལ་ཡིད་གཏད་མེད་པ་དང་། །ཐེག་རིམ་ཀུན་ལ་ཕྱོགས་ལྷུང་མེད་པ་ཡི། །རང་རིག་དོན་དེ་བརྗོད་དུ་མེད་པ་རུ། །ཚེ་རབས་ཀུན་ཏུ་མི་འབྲལ་འགྲོགས་པར་ཤོག །སྡུག་བསྔལ་འཁོར་བ་འདི་ནི་བདེན་བཟུང་ཞིང་། །བླང་དོར་ཕན་གནོད་ཆོས་ལ་བདེན་བཟུང་ནས། །སྒྱུ་མའི་ལྟད་མོའི་བསླུ་བྲིད་ཡིན་ཞེས་ནི། །ཁྱོད་ཀྱིས་བརྗོད་དེ་རང་གིས་མི་བརྗེད་ཤོག །རྩོལ་སྒྲུབ་ཅན་གྱི་ཆོས་དང་བྲལ་བ་ཡི། །མཐའ་བཞི་བྲལ་བའི་ཀུན་ཟླུམ་ཐིག་ལེ་ཆེ། །གང་གི་བླ་མས་གསུངས་པའི་ཐུགས་བཅུད་དེ། །དད་ཅན་ང་ཡི་སྙིང་ལ་འཇུག་པར་ཤོག །འཁྲུལ་སྣང་འཁོར་བའི་ཆོས་འདི་ལྟད་མོ་ཆེ། །སྤང་བླང་ཐེག་པའི་ཆོས་འདི་འཇུག་སྒོ་མང་། །ཀུན་བཟང་གདོད་ནས་མ་གཡོས་ངོ་
བོའི་དོན། །རང་བྱན་ཆུད་ནས་རེ་དོགས་འཛད་པར་ཤོག །ཚུལ་འདི་ཐེག་བརྒྱད་དོན་ལས་རབ་ཡངས་པའི། རང་ལས་ཡེ་ཤེས་མཚོན་པའི་རྨོངས་པ་དེས། །དད་ཅན་གྱིས་བསྐུལ་ཆུད་མི་གསོན་པའི་ཕྱིར། །རང་ལུགས་སྨྲོས་ཞེས་ཐུབ་བསྟན་འཛིན་འདོད་ཅན། །དད་ལྡན་པདྨ་བཀྲ་ཤིས་ཀྱིས་བསྐུལ་ངོར། །ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར། །ཡི་གེ་པ་ནི་པུཎྱེ་དྷརྨ་བྷ་དྲས་སོ།། །། ༈ སངས་རྒྱས་སྟོང་ལས་ལྷག་པ་ཡི། །བཀའ་དྲིན་ཚད་མེད་རིན་པོ་ཆེ། །ཀུན་བཟང་ཐེག་མཆོག་རྒྱ་མཚོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན། །ཆོས་དང་རིག་པའི་གནས་རྣམས་ཀུན། །མཁྱེན་པའི་སྤྱན་རས་ཡངས་པ་ཡི། །བླ་མ་ངག་དབང་བློ་གྲོས་ཀྱིས། །རང་ལུགས་རྫོགས་ཆེན་གདམས་པ་ཞིག །དགོས་ཞེས་བཀའ་ཕེབས་གནང་བ་འདི། །བྲི་འོ་བླ་མས་བྱིན་གྱིས་རློབས། །ཀྱེ་ཧོ། གྲོགས་མཆོག་མཁས་དབང་ལགས། །སྤྲང་རྒན་ཁ་མཚོན་རྫུན་གཏམ་ཞུ། །དད་དང་དམ་ཚིག་བརྩོན་འགྲུས་གསུམ། །དམ་ཆོས་ཡོངས་ཀྱི་
སྐྱེལ་མ་ལགས། །དབང་དང་མན་ངག་ལག་ལེན་གསུམ། །གསང་སྔགས་ཟབ་མོའི་འཇུག་སྒོ་ལགས། །ངེས་འབྱུང་སྙིང་རྗེ་ཤེས་རབ་གསུམ། །རྒྱལ་བསྟན་བཟང་པོའི་ལམ་སྲོལ་ལགས། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གྲོལ་ལམ་སྒོམ་གྱི་གནད་དོན་ལགས། །ལམ་ཁྱེར་མཐར་སྐྱོལ་རྒྱུན་ཆགས་གསུམ། །ཉམས་ལེན་མཛད་པའི་དཔའ་ཚུལ་ལགས། །བསྔོ་སྨོན་མི་དམིགས་རྒྱས་འདེབས་གསུམ། །དགེ་བ་མི་ཉམས་འཕེལ་ཐབས་ལགས། །དངོས་དོན་ཨ་ཏིའི་གསང་ཚིག་རྣམས། །གང་དྲན་མི་གསང་འཆལ་གཏམ་ཞུ། །ནམ་མཁའ་ལྟ་བུའི་ཏིང་འཛིན་ནི། །མཐའ་དབུས་མེད་པ་དག་ལ་ཟེར། །རི་བོ་ལྟ་བུའི་ཏིང་འཛིན་ནི། །གཡོ་འགུལ་མེད་པའི་བླ་དྭགས་རང་། །ཉི་ཟླ་ལྟ་བུའི་ཏིང་འཛིན་ནི། །གསལ་སྒྲིབ་མེད་པར་བརྟན་པའི་དོན། །ཆུ་བོ་ལྟ་བུའི་ཏིང་འཛིན་ནི། །རེས་འཇོག་ཐུན་མཚམས་མེད་པར་འདོད། །ཁྱད་ཆོས་སྙིང་ཐིག་ཟབ་མོའི་སྲོག །སྐྱེས་བུ་གང་གིས་མཐོང་བ་ན། །སེམས་དང་རིག་པའི་རྟ་གཡག་གིས། །བློ་དང་སྣང་བའི་འཆིང་ཐག་ཆད། །ཆགས་ཡུལ་གོལ་
བའི་ཉམས་ཞེན་དག །བྱིང་རྒོད་ཐེ་ཚོམ་འཕྲང་དགུ་ཟད། །ལྟ་སྒོམ་སྤྱོད་གསུམ་མྱོང་བ་ཐོབ། །རྟོགས་པས་སངས་རྒྱས་མངོན་དུ་གྱུར། །འཁོར་འདས་སྒྱུ་མར་བློ་ཐག་ཆོད། །རང་རིག་ཀློང་གྱུར་ཆིག་རྒོད་འཆོར། །གཞན་ཡང་རྨོངས་ཚིག་དུམ་ཆོད་ནི། །སེམས་ལ་བཏགས་ཡུལ་མཐའ་འདི་མེད། །ནམ་མཁའ་མདུང་སྐོར་མིང་དུ་བཏགས། །རང་ཤར་རང་གྲོལ་རང་བཞག་ངང་། །ཆུ་ལ་ཆུ་ཐིམ་མིང་དུ་བཏགས། །ཉམས་སུ་མྱོང་ཡང་སྨྲར་མི་གཏུབ། །ལྐུགས་པའི་བུ་རམ་མིང་དུ་བཏགས། །དྲན་རྟོག་རྗེས་མེད་ངང་དུ་སོང་། །དེ་ལ་བྱ་ལམ་རྗེས་མེད་ངང་དུ་སོང་། །སངས་རྒྱས་སེམས་ཅན་ངོ་བོ་གཅིག །དེ་ལ་མཉམ་པ་རོ་གཅིག་ངང་དུ་སོང་། །མཉམ་བཞག་ཐུན་མཚམས་ཁྱད་མེད་སངས། །དེ་ལ་མཉམ་རྗེས་འཁོར་ཡུག་བཏགས། །རང་བབས་མ་བཅོས་ངང་དུ་བཞག །དེ་ལ་གླེན་སྣང་ལྷོད་པོར་སོང་། །དེ་དུས་གཟའ་གཏད་མེད་པར་འབྱུང་། །སྨྱོན་པ་ལྟ་བུར་མིང་དུ་སོང་། །དེ་དུས་ངོས་བཟུང་མེད་པ་འབྱུང་། །བུ་ཆུང་ལྟ་བུར་མིང་དུ་བཏགས། །དེ་དུས་
སྤང་བླང་མེད་པར་འབྱུང་། །ཁྱི་ཕག་ལྟ་བུར་མིང་དུ་བཏགས། །སྒོ་ལྔ་གསལ་ཡང་འཛིན་མེད་ངང་། ཆུ་ནང་ཟླ་གཟུགས་མིང་དུ་བཏགས། །རྟོག་བྲལ་རང་གསལ་སྤྲོས་འཛིན་དག །ནམ་མཁའ་རྐྱེན་བྲལ་མིང་དུ་བཏགས། །མིང་འདོགས་ཚོད་འཛིན་རིམ་བགྲོད་བྲལ། །སྐུ་གསུམ་ཡེ་གནས་རྫོགས་ཆེན་གནད། །ཆང་རྒན་དཔའ་བོ་ལས་རབ་ཀྱིས། །གང་ཤར་ཚིག་ཕྲང་སྨྱོན་པའི་གཏམ། །མ་གསང་ཇི་བཞིན་ཕུལ་བ་ལགས། །ཅེས་པའི་ཐོལ་བྱུང་འདི་བླ་མ་དམ་པ་ངག་དབང་བློ་གྲོས་ཀྱིས་རྫོགས་ཆེན་ལས་འཕྲོས་པའི་གཏམ་ཞིག་དགོས་ཞེས་ཁ་བཏགས་དང་། དབང་དྲག་འབར་བའི་ཞལ་བརྙན་དངོས་གཙང་བཅས་གསུང་ཤོག་ཕེབས་པ་ལ་རྟེན་རྨོངས་རྒན་ཕྲིན་ལས་ཀྱིས་གྲོང་ཚིག་དུམ་ཆོད་དུ་ཕུལ་བ། མངྒ་ལཾ། །༈ཀྱེ་ཧོ་སེམས་ཀུན་གྱི་སྙིང་པོ། །སངས་རྒྱས་དགོངས་པ་སྒྲིབ་བྲལ་བཞུགས་སོ། །དེ་རིང་པདྨ་སམྦྷའི་བུ་རྣམས། །ཡེ་ཡིན་ཡེ་ནས་སངས་རྒྱས་དགོངས་པ། །དགའ་སྤྲོ་ཐུགས་ལ་སིམ་མཛོད་མཆེད་གཅིག །བླུན་ཞིང་རྨོངས་པའི་བྲིད་འདི་བཟོད་མཛོད། །སྣང་འདོད་སྟོང་འདོད་སྣང་སྟོང་དབྱེར་མེད། །བློས་བྱས་དེ་འདྲའི་ཆོས་དེ་བོར་ནས། །ངང་ལས་མི་གཡོ་རང་གི་རིག་
ཚུལ། །དགག་སྒྲུབ་སྡུག་སྒུར་བློ་དང་བྲལ་བའི། །བྱ་བཏང་གུ་ཡངས་ངང་དུ་བདེའོ། །བཅོས་པའི་བློ་ཡང་བསྒྲུབ་བྱའི་ཆོས་ཤིག །ཚིག་བྲལ་དཔེ་བྲལ་མཚན་བརྗོད་མེད་པ། །ཐེག་དགུའི་ཚིག་གིས་སྣུན་རོ་སྐྱོན་ཅན། །ཁམས་གསུམ་སྒྲུབ་པའི་ལས་དེ་བོར་ནས། །ཀློང་ཡངས་ཀློང་ཐིམ་ཨ་ཏིའི་རྣལ་འབྱོར། །རང་ལ་རང་གསལ་དུས་གསུམ་དུས་མེད། །སོ་མ་གཉུག་མ་རང་རིག་བླ་མ། །ཕྱི་རོལ་རྐྱེན་དང་ཐབས་ལས་མིན་པའི། །སྐུ་གསུམ་ཡེ་ནས་འདུ་འབྲལ་མེད་པ། །འཁོར་འདས་ཀུན་ལ་མཉམ་ཉིད་རང་བཞིན། །མ་རིག་རྒྱུ་འབྲས་འཁོར་བའི་གནས་རྟེན། །དག་འཐོབ་ཡེ་ཤེས་འདོད་པས་འཆིངས་དང་། །བྲལ་ཐོབ་ཀུན་རྫོབ་ཆོས་དང་ཆོས་ཅན། །རྩེད་མོ་རྨི་ལམ་སྒྱུ་མའི་ལྟད་མོ། །དུས་གསུམ་རྒྱལ་བ་ཞལ་རྫུན་མཁས་པས། །འཁོར་བ་དྲང་དོན་བྲིད་མཁས་ཚིག་དེ། །མཐའ་དང་ཚིག་ལ་གཞལ་བྱ་མེད་མོད། །དེ་བས་རང་རིག་གདོད་མའི་ཡེ་ཤེས། །ཚིག་ལ་འཛད་མེད་དོན་ལ་ཐུག་མེད། །རང་ལ་རྙེད་པའི་ཡེ་ཤེས་ཡིན་ནོ། །གཞན་རྐྱེན་
བཟང་པོས་བྱུག་པའི་ཆོས་མིན། །ཉན་ཐོས་སྤང་དང་བྱང་སེམས་དོན་གཉིས། །སྔགས་ཀྱི་སྒྲུབ་པའི་ཆོས་དེ་མིན་པའི། །རང་ཉིད་བསམ་བློའི་སྐྱོན་བྲལ་སངས་རྒྱས། །ས་བཅུར་ལོངས་སྐུ་མི་འགག་ཞིང་སྣང་། །མ་དག་འགྲོ་ལ་དེར་སྣང་སྤྲུལ་སྐུ། །རྣམ་ཀུན་མཆོག་ལྡན་ཉིད་ལ་ཡེ་གྲུབ། །ཡེ་གྲུབ་ཡེ་ཡིན་བློ་བདེ་བྱ་བྲལ། །སྡོམ་གསུམ་བསྐྱེད་རྫོགས་རིག་གནས་འབྱོང་བའི། །གྲོགས་མཆོག་དམ་པའི་གསུང་ངོར་རྨོངས་རྒན། །ཨ་རག་ནན་གྱིས་མནན་ནས་ཞུས་སོ། །མངྒ་ལཾ།། །། ༈ ང་ནི་ཆེ་ཡོལ་བདུད་རྒན་ཏེ། །ང་ཆོས་རྡོ་རྗེ་རྩེ་མོ་ཡིན། །ཨོ་རྒྱན་ཆེན་པོའི་མན་ངག་ཡིན། །བི་མ་མི་ཏྲའི་ཐུགས་བཅུད་ཡིན། །རྗེ་བཙུན་བླ་མའི་ཞལ་གདམས་ཡིན། །ཆོས་ཉིད་སྤྲོས་བྲལ་རང་བྱུང་ལ། །དཔེ་དང་ཚིག་དང་ཡི་གེ་མེད། །ཤེར་ཕྱིན་པ་ཡི་སྟོང་འཛིན་མེད། །སེམས་ཙམ་པ་ཡི་སྣང་འཛིན་མེད། །དབུ་མ་པ་ཡི་དབུས་གནས་མེད། །ཕྱག་ཆེན་པ་ཡི་རྒྱས་འདེབས་མེད། །གསང་སྔགས་པ་ཡི་མཆོག་འཛིན་མེད། །ཕྱི་རོལ་པ་ཡི་རྟག་ཆད་མེད། །ནང་པ་རྣམས་ཀྱི་ཟུང་འཇུག་མེད། །
ཉམས་མྱོང་ཅན་གྱི་ཡིད་ཆེས་མེད། །རྟོག་དཔྱོད་ཟབ་མོས་སྒྲོ་བཏགས་མེད། །ང་ལ་བསྐྱེད་པའི་ལྷ་སྐུ་མེད། །ང་ལ་བཟླས་པའི་གསང་སྔགས་མེད། །ང་ལ་འཕྲོ་འདུས་ཏིང་འཛིན་མེད། །རྒྱུ་མེད་དཔེ་མེད་འབྲས་བུ་མེད། །རིམ་བགྲོད་བློས་བྱས་ས་མཚམས་མེད། །མེད་པ་བཅོ་ལྔ་རྡོ་རྗེའི་མགུར། །རླུང་ལ་སྒོམ་པའི་རྣལ་འབྱོར་པ། །ནག་ཕྲན་ཨོ་རྒྱན་འོད་གསལ་ལ། །ལས་རབ་རྩལ་གྱིས་གདམས་པའོ།། །། ༈ ཀྱེ་ཧོ། ཀུན་ཏུ་བཟང་པོ་ཆོས་ཉིད་ཀློང་། །འདི་ནི་རང་རིག་ཡེ་ཤེས་ཏེ། །ལུས་ཅན་སེམས་ཅན་ཀུན་ལ་ཡོད། །ལུས་མེད་ཡིད་ཅན་རྣམས་ལའང་གནས། །བཙལ་བས་མི་རྙེད་སྟོང་པ་ཡིན། །བལྟས་པས་མི་མཐོང་སྟོང་པ་ཡིན། །བསྒོམ་བྱ་སྒོམ་བྱེད་འདི་ལ་མེད། །བསྒོམ་བློས་དམ་དུ་བཅིངས་པ་ན། །འཁྲུལ་བའི་བློ་ཡིས་འཆིང་ཡང་སྲིད། །གང་ཤར་ངོ་བོ་ཟིན་པ་ལ། །དེ་ལ་ཅེར་གྱིས་མཐོང་བ་ཟེར། །སྒོམ་བཅོས་བསྒྱུར་མེད་པར་བཞག་པ་ལ། །དེ་ལ་ཐད་ཀར་ཆོད་པ་ཟེར། །རྟོག་པ་ཞི་ཞིང་རྟོག་བྲལ་བ། །དེ་ལ་ཞི་གནས་མིང་དུ་
བཏགས། །རང་གསལ་རང་ངོ་ཤེས་པ་ལ། །ལྷག་མཐོང་ཞེས་བྱ་གདམས་ངག་ཡིན། །གཟུང་འཛིན་དགེ་སྡིག་ལྟར་སྣང་བ། །ཀུན་རྫོབ་བཏགས་ཆོས་ཐམས་ཅད་སེམས། །དཔེ་ཚིག་མིང་དང་བྲལ་བ་ཡི། །བརྗོད་མེད་རང་གསལ་མཚོན་བརྗོད་མེད། །སྐྱོན་ཡོན་གང་གིས་མ་གོས་པ། །ཡེ་ནས་གནས་པའི་ཀ་དག་ཡིན། །ད་ལྟ་མངོན་གྱུར་སོ་མ་སྟེ། །གཉུག་མའི་ཡེ་ཤེས་རིག་པའོ། །སྟོང་པར་བཏགས་ནའང་སྤྲོས་པ་ཡིན། །གསར་སྟོང་ཟུང་དུ་འཇུག་པ་ཡིས། །ཟུང་འཇུག་བཏགས་པ་སྤྲོས་པ་ཡིན། །འདི་ནི་སྤྲོས་མེད་ཚིག་དང་བྲལ། །རང་ངང་རང་བབ་བློ་ལས་འདས། །པད་འབྱུང་བི་མའི་བཞེད་པའི་དོན། །སྙིགས་མའི་དུས་འདིར་རྗོད་བྱེད་པ། །མཆོག་ཏུ་སྐལ་བ་བཟང་པོ་སྟེ། །དོན་འདི་ཚུལ་བཞིན་སྤྱོད་པ་ནི། །སྐྱེ་མཐའི་སངས་རྒྱས་ཉིད་དུ་ངེས། །རྒྱ་རོང་དབེན་གནས་རྗེ་བཙུན་གདན་ས་རུ། །རྣམ་འདྲེན་མཚུངས་མེད་གསུམ་གྱིས་གཙོར་མཛད་དེ། །རྣམ་དཀར་ལས་འཕྲོ་དག་པའི་ཚོགས་རྣམས་ཀྱིས། །རྫོགས་ཆེན་འཆད་ཉན་བཤད་སྒྲུབ་ཆེན་པོའི་གྲལ། །ཚོགས་ཀྱི་
འཁོར་ལོ་ཆེན་པོའི་དགའ་སྟོན་དུ། །ལྟ་སྒོམ་གནད་དང་སེམས་རིག་འབྱེད་པ་ཡི། །རྡོ་རྗེའི་གླུ་འདི་ཆོས་དབྱིངས་དྲི་མེད་ཀྱིས། །བླངས་པས་ལྷ་སྲས་མངའ་བདག་དུས་བཞིན་དུ། །བསྟན་དང་བསྟན་འཛིན་རབ་ཏུ་རྒྱས་གྱུར་ཅིག །དགེའོ།། །། ༈ ཉི་གྲགས་གཉིས་པ་རྡོ་རྗེ་འཆང་། །མི་བདག་གི་སྤྱི་བོའི་གཙུག་ཏུ་བཞུགས། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །རང་དོན་འགྲུབ་པར་བྱིན་གྱིས་རློབས། །གཞན་དོན་འབྱུང་བར་བྱིན་གྱིས་རློབས། །འགྱུར་མེད་ལྷག་བསམ་ལྡན་པ་དེས། །ངོ་སྤྲོད་དགོས་ཞེས་གསུངས་པ་ལ། །ཆང་རྒན་སྨྱོན་པས་འཁྲུལ་ཚིག་བསྒྲགས། །སོ་མ་གཉུག་མའི་ངང་དུ་ནི། །མ་བཅོས་འཇོག་པ་རྫོགས་ཆེན་ལུགས། སྔོན་བསུ་རྗེས་དཔྱོད་མེད་པའི་དོན། །རྟོག་མེད་རང་གར་གནས་པ་ནི། །རྟོག་པ་ཞི་བའི་ཞི་གནས་ཟེར། །འདི་ཞེས་མེད་པའི་སྟོང་པ་ཟེར། །གནས་ཆ་མཆོག་ཏུ་འཛིན་མི་དགོས། །སྟོང་ཞེས་ངག་ཏུ་སྨྲ་མི་དགོས། །རང་ལ་གྲུབ་པའི་ངང་ལ་གནས། །བརྗོད་མེད་རང་གསལ་ངོས་ཟིན་པ། །ལྷག་མཐོང་སྒོམ་ཞེས་དེ་
ལ་བྱ། །རྩོལ་སྒྲུབ་མང་པོ་བྱ་དོན་མེད། །ཉམས་དང་རྣམ་རྟོག་འཛིན་པ་རྣམས། །ཨ་ཏིའི་ཆོས་སུ་བསྒྲང་བ་ན། །སྤྲོས་བྲལ་བླ་དྭགས་དེ་དང་འགལ། །འགལ་བར་མ་ཤེས་བླུན་བླུན་འདྲ། །བདག་བས་བླུན་པ་མེད་མོད་ཀྱང་། །ད་དུང་དེ་ཡི་བླུན་ཡང་སྲིད། །དེ་ཕྱིར་སྐྱེས་བུ་ཆོས་སྤྱོད་ཁྱོད། །སྤྱོད་པ་མདོ་དང་བསྟུན་ནས་ནི། །མས་འཛེགས་ཞིབ་ལ་ངེས་པ་དང་། །ལྟ་བ་ཡས་འབེབས་གདེང་མ་ཆུང་། །དེ་ལྟར་རྨོངས་རྒན་ལས་རབ་ཀྱིས། །སྨྲས་པ་རྟག་ཏུ་ཤིས་གྱུར་ཅིག། །། ༈ ཞི་བའི་སྙིང་པོའི་དོན་རྟོགས་ལས་རབ་ཀྱིས། །ལུས་ཅན་རྨོངས་པ་རྣམས་ལ་སྤྲིངས་ཡིག་ནི། །སྐྱེ་འཆི་འཁོར་ལོ་འདིར་བརྒྱུད་གྲངས་མང་བས། །ད་རེས་གཏན་བདེའི་ཐར་པ་སྒྲུབ་པར་རིགས། །ལས་ཅན་རྣམས་ཀྱི་ལུས་འདི་ཐོ་ཡོར་འདྲ། །སེམས་ནི་ཐོ་ཡོར་སྟེང་གི་བྱེའུ་ཆུང་འདྲ། །ནམ་འཕུར་མི་ཤེས་གར་འགྲོ་ཆ་མེད་པས། །ཚེ་འདིའི་རྟག་འཛིན་ཅུང་ཟད་ནོར་བ་འདྲ། །འབྱོར་པ་ལྷ་ཡི་ཁང་ཁྱིམ་འདྲ་བའི་ནང་། །ལུས་སྲོག་དང་བཅས་འདོར་ནས་མཆི་བ་ན། །མི་བཟོད་ཡི་དྭགས་གནས་སུ་སྐྱེས་པ་
ན། །རྨི་ལམ་བདེ་སྐྱིད་སད་ནས་མེད་དང་མཚུངས། །སྐྱེས་པའི་རང་བཞིན་ཐམས་ཅད་འཆི་བ་སྟེ། །རི་གླིང་ཉི་ཟླ་ས་འོག་ས་སྟེང་ན། །ཀུན་རྫོབ་འདུས་བྱས་རྟག་པ་གཅིག་ཀྱང་མེད། །འཆི་དུས་དགོས་པ་དམ་པའི་ལྷ་ཆོས་ཡིན། །མི་གཙང་ནད་དང་སྲིན་བུའི་གྲོང་ཁྱེར་དེ། །ལུས་ལ་རྒྱན་དང་གོས་གྱིས་འབྱོར་བྱས་ཤིང་། །མི་གཙང་ཕུང་པོ་དར་གྱིས་བཏུམས་པ་འདྲ། །གཏི་མུག་རང་མཚན་ཅན་ཚོས་གོ་བར་དཀའ། །རོ་ཞེས་མིང་ངན་དེ་ཡང་ལུས་འདི་ཡིན། །གཙང་སྦྲ་མཆོག་འཛིན་བྱས་ཀྱང་སྙིང་པོ་མེད། །ཤ་ཁྲག་རུས་པ་སྐྲ་སོགས་ཕྱོགས་སུ་འཐོར། །དེ་ལ་གསོན་པོ་རྣམས་ཀྱིས་སྐྱུག་བྲོ་བལྟ། །མི་རྣམས་རང་གིས་རང་ལ་ངན་བྱེད་འདྲ། །ཚུལ་ཁྲིམས་སྲུང་མི་ནུས་པར་དགེ་སློང་ཞུ། །དམ་ཚིག་མི་བསྲུང་གསང་སྔགས་དབང་ལ་རྒྱུག །འདི་དག་དམྱལ་བ་རིན་གྱིས་ཉོས་པ་འདྲ། །ཆོས་སྒོར་ཞུགས་སམ་མ་ཞུགས་པ་ཡང་རུང་། །སྡིག་པ་མེད་ན་སྐྱེས་བུ་མཆོག་རབ་ཡིན། །གལ་ཏེ་ཡོད་ན་འགྱོད་སེམས་བཤགས་སྦྱོང་གྱིས། །ཐུབ་པའི་བསྟན་དང་མཇལ་
བའི་དོན་གོ་ཡིན། །ཡོད་ཀྱང་ཆོག་ཤེས་མེད་པའི་ནོར་རྫས་འདི། །སྤྱོད་ཀྱང་ངོམས་དུས་མེད་པའི་འདོད་ཡོན་འདི། །ཟིན་ཀྱང་ཟིན་དུས་མེད་པའི་བྱ་བྱེད་འདི། །སྙིང་ནས་སྙིང་པོ་མེད་པ་འཁོར་བའི་ཆོས། །ཚུལ་འདི་སྤྲིངས་ཡིག་དམར་ནག་སྤེལ་བ་སྟེ། །སྙིང་ཐིག་སྙིང་པོའི་རྣལ་འབྱོར་ལས་རབ་ཀྱིས། །རང་གཞན་འགྲོ་བའི་སྐྱོན་མཐོང་བརྗེད་པ་ཡིན། །ཡ་རབས་རྣམས་ཀྱི་བློ་ཡིས་ངེས་པར་མཛོད། །ཐོག་མའི་ཀུན་བཟང་མན་ཆད་ནས། །སྲིན་བུ་པདྨ་ཡན་ཆད་ལ། །ཡེ་ནས་བཞུགས་པ་ཆོས་ཀྱི་སྐུ། །རང་རིག་ཀ་དག་དེ་ལ་འདུད། །རང་གིས་རང་འདི་སྟོར་བ་ཡི། །བྱིས་པ་བུལ་བ་གླེན་པ་རྣམས། །རང་བབ་རང་གནས་ངང་དུ་གློད། །ཆོས་ཉིད་རང་ཞལ་མཐོང་ཡང་སྲིད། །སེམས་བཙལ་བས་མི་རྙེད་སྟོང་པར་བཏགས། །སྟོང་པ་ཀུན་གྱི་ཁ་ལ་ཡོད། །དོན་ལྟ་བ་མཐོང་དུས་བློས་མི་ཐུབ། །ཧ་ཆད་མིན་ནོ་རང་ངོ་གསལ། །བསྒོམ་བྱ་སྒོམ་བྱེད་མེད་དེ་སྟོང་། །སྟོང་པ་ཀུན་གྱི་ཁ་ལ་ཡོད། །དོན་ལྟ་བ་མཐོང་དུས་བློས་མི་ཐུབ། །ཧ་ཆད་མིན་ནོ་རང་ངོ་གསལ། །སེམས་དཔྱད་བྱ་
དཔྱོད་བྱེད་མེད་དེ་སྟོང་། །སྟོང་པ་ཀུན་གྱི་ཁ་ལ་ཡོད། །དོན་ལྟ་བ་མཐོང་དུས་བློས་མི་ཐུབ། །ཧ་ཆད་མིན་ནོ་རང་ངོ་གསལ། །འབྲས་འཐོབ་བྱ་ཐོབ་བྱེད་མེད་དེ་སྟོང་། །སྟོང་པ་ཀུན་གྱི་ཁ་ལ་ཡོད། །དོན་སྟོང་པ་མཐོང་དུས་བློས་མི་ཐུབ། །ཧ་ཆད་མིན་ནོ་རང་ངོར་གསལ། །ཀ་ནས་དག་པའི་སེམས་ཉིད་དེ། ལྷན་སྐྱེས་མ་རིག་མུན་པས་བསྒྲིབས། །གཟུང་འཛིན་གཉིས་ཀྱི་སྣ་དྲངས་ཏེ། །ཁམས་གསུམ་རིགས་དྲུག་ལས་ལ་སྤྱོད། །དགེ་སྡིག་བདེ་སྡུག་ལ་སོགས་པ། །རྨི་ལམ་སྒྱུ་མ་བཞིན་དུ་སྣང་། །ངོ་བོ་ཆོས་སྐུ་ཀ་དག་ལ། །སྐྱོན་ཡོན་ཕན་གནོད་ཀུན་དང་བྲལ། །ས་ཆུ་མེ་རླུང་འབྱུང་བཞི་དང་། །སྤྲིན་དང་ན་བུན་གཟའ་སྐར་ཚོགས། །གཡའ་དག་ནམ་མཁར་མི་གནས་བཞིན། །ཀ་དག་འཁྲུལ་བྲལ་དཔེ་དེས་མཚོན། །ཁ་ཅིག་སེམས་ཉིད་སྟོང་པར་བཏགས། །ཁ་ཅིག་སེམས་ཉིད་སྣང་བར་བཏགས། །ཁ་ཅིག་སྣང་སྟོང་དབྱེར་མེད་འདོད། །ཚིག་དོན་དེ་ལ་འཛིན་པ་ཞུགས། །ཚིག་དང་ངོས་བཟུང་ཡོད་རིང་ལ། །སྤྲོས་བྲལ་མ་ཡིན་སྤྲོས་བཅས་ཉིད། །
རྫོགས་པ་ཆེན་པོའི་སྤྲོས་བྲལ་ནི། །བརྗོད་མེད་རང་ལ་ངོས་བཟུང་བྲལ། །གང་དག་སྒོམ་པར་འདོད་པར་དག། །དགེ་སྡིག་ལུང་མ་བསྟན་ལ་སོགས། །གང་ཤར་མ་བཅོས་རང་བབས་ཞོག །རྟོག་བྲལ་སྒོམ་མེད་རང་ངོ་སྐྱོངས། །གང་ལ་སྤང་བྱའི་བློ་ཡོད་པ། །དེ་ལ་བསྒྲུབ་བྱའི་ཆོས་ཡོད་པས། །སྤང་བླང་དགག་སྒྲུབ་མེད་པ་རུ། །རང་བབས་ལྷུག་པའི་ངང་དུ་གློད། །དབུ་མ་རང་རྐང་སྟོང་པར་སྨྲ། །དེའི་ཀྱང་བརྗོད་མེད་བརྗོད་པར་ཤོར། །གཞན་སྟོང་བདག་སྟོང་དག་ཏུ་སྨྲ། །དེས་ཀྱང་བརྗོད་མེད་བརྗོད་པར་ཤོར། །སེམས་ཙམ་སྣང་བ་སེམས་སུ་འདོད། །དེས་ཀྱང་བརྗོད་མེད་བརྗོད་པར་ཤོར། །གསང་སྔགས་གསལ་སྟོང་ཟུང་འཇུག་དཔྱོད། །དེས་ཀྱང་བརྗོད་མེད་བརྗོད་པར་ཤོར། །རྫོགས་ཆེན་ཀ་དག་ཆོས་སྐུ་དེ། །ཡིད་དཔྱོད་གཟུང་འཛིན་ཀུན་དང་བྲལ། །དཔེ་དང་ཡི་གེ་ཚིག་ལས་འདས། །རང་གསལ་གཅེར་བུ་ཟང་ཀ་མ། །ཡེ་ནས་གནས་པའི་གཉུག་མ་དེ། །ད་ལྟ་མཐོང་བའི་སོ་མ་སྟེ། །སྐུ་དང་ཡོན་ཏན་རང་ཆས་ཀྱང་། །སངས་རྒྱས་ཐོབ་པས་ཕན་མ་བཏགས། །འཁྲུལ་
སྣང་གཟུང་འཛིན་བདེ་སྡུག་ཡང་། །ཀ་དག་ལ་ནི་གནོད་མ་སྐྱེལ། །ཆོས་སྒོ་རྒྱ་ཆེ་གྲངས་མང་ཡང་། །གདོད་མའི་ཡེ་ཤེས་ཚིག་དང་བྲལ། །ཐམས་ཅད་ཀུན་དང་བྲལ་བས་ན། །སྟོང་པ་ཞེས་བྱ་ཁ་ཅིག་སྨྲ། །སྟོང་པ་མངོན་སུམ་བྱུང་དུས་སུ། །སེམས་དེ་མ་བྱུང་སེམས་ནས་སུ། །རྩོལ་སྒྲུབ་བྱས་ཤིང་རང་ཉིད་བཅིངས། །ཀྱེ་མ་མ་རིག་ལོང་བ་ཡིས། །རང་གིས་རང་ཉིད་སྟོར་བ་རྣམས། །མཚང་ལ་འདི་བས་ཆེ་བ་མེད། །སངས་རྒྱས་ཀྱིས་ཀྱང་སྟོན་མི་ནུས། །གདམས་ངག་ཟབ་པས་ཤེས་མི་ནུས། །འཁྲུལ་རྟོག་ཡོ་ལང་ཅི་ཤར་ཡང་། །མ་བཅོས་བཞག་པས་རང་སར་ཞི། །རྟོག་བྲལ་བསྒོམ་མེད་སྨྲ་བརྗོད་བྲལ། །གདོད་མའི་ཀ་དག་དེ་ལ་ཟེར། །དགོངས་པ་དེ་ཡི་ངང་གནས་ན། །ཆོས་སྐུའི་ངང་ལས་གཡོ་བ་མེད། །རྩོལ་སྒྲུབ་མཚན་མ་ཀུན་ལས་འདས། །བདེ་ཆེན་བཙན་ས་ཟིན་པ་ཡིན། །དབུ་ཕྱག་མང་པོ་བསྒོམ་པ་དང་། །རླུང་དང་ངག་གི་བཟླས་པ་དང་། །མཚན་བཅས་མཚན་མེད་རྫོགས་རིམ་སོགས། །སྤྲོས་པས་སྤྲོས་མེད་དོན་མི་རྟོགས། །དེ་འཛིན་
གཉེན་པོའི་བྱ་ར་སྒྲིམ། །སྒོམ་དེས་སྒོམ་མེད་དོན་མི་རྟོགས། །བྱེད་བྱའི་དབང་དུ་སྤྱོད་སྤྱད་ཤོར། །ལམ་ཁྱེར་སྤྱོད་པ་གོལ་བར་ཤོར། །རྫོགས་ཆེན་འབྲས་བུ་གཞི་ལ་རྫོགས། །དེ་མ་ཤེས་པར་འབྲས་བུ་སྒུག །འབྲས་བུ་ཡིད་མིན་ངང་དུ་ལུས། །སྒོམ་པ་དེ་དག་སྙིང་རེ་རྗེ། །ཆོས་གསར་ཐོས་པའི་ཉམས་ལེན་མཁན། །དང་པོ་ཡུན་ཐུང་གྲངས་མང་བསྒོམ། །དེ་ནས་མཉམ་བཞག་རྗེས་ཐོབ་སྦྲེལ། །དེ་ནས་ཉིན་སྣང་མཚན་སྣང་བསྲེས། །དེ་ནས་ཉམས་ལེན་འཆི་བར་བསྲེས། །དང་པོ་མཚན་ལྡན་བླ་མར་གཅེས། །དེ་ནས་ཟབ་དོན་གདམས་ངག་གཅེས། །རང་ལ་གོ་བ་ཤེས་རབ་གཅེས། །ཉམས་ལེན་ཤི་རྒས་ལ་གཏུགས་གཅེས། །བཤེས་གཉེན་ངན་པས་ལམ་ལོག་སྟོན། །སྐལ་ངན་སློབ་མ་དེ་དང་འཕྲད། །གདམས་ངག་ངན་པས་རྣམ་རྟོག་འཕེལ། །རེ་དོགས་ངང་ལ་མི་ཚེ་ཟད། །རྟོགས་གྲོལ་དུས་མཉམ་མ་ཤེས་པར། །ཐག་གཅིག་ཐོག་ཆོད་པ་ཅང་སྲིད་དམ། །ད་ལྟ་བཞུགས་དང་ཕྱི་རབས་རྣམས། །གཡམ་རྒྱུག་རྒྱུ་འབྲས་ཁྱད་མ་གསོད། །ཐོག་མར་རང་ཉིད་མ་སྨིན་པར། །
གཞན་དོན་འདོད་པ་བདུད་ལས་ཡིན། །དེ་ལྟར་རང་བྱུང་ལྷུག་པའི་ཚིག །བླ་སྨན་ཆོས་ཀྱི་སྤྱན་ལྡན་པ། །ཚེ་རབས་དགེ་བའི་བག་ཆགས་ཅན། །གུ་རུ་འཕེལ་གྱིས་སྡེབ་སྦྱོར་དང་། །རྣམ་དག་ལྟ་བའི་གསུང་གི་དབྱངས། །ནད་སེལ་སྨན་དང་ཀུན་རྫོབ་རྫས། །བཅས་ཏེ་ཁོ་བོར་སྤྲིངས་པས་ལན། །པད་འབྱུང་བི་མའི་སྙིང་ཐིག་ལ། །རྣམ་ཀུན་འབྲལ་མེད་དད་ཐོབ་པ། །ལས་རབ་རྩལ་གྱིས་བཀོད་པ་འདིས། །རྡོ་རྗེ་སྙིང་པོ་གསལ་བྱེད་ཤོག །མངྒ་ལཾ།། །། ༈ རྫོགས་པ་ཆེན་པོ་ཡེ་ཤེས་སྣང་བ་བཞུགས་སོ། །ཀུན་མཁྱེན་ཟབ་དོན་མཛོད་འཛིན་ཀློང་རབ་དང་། །རྡོ་རྗེ་འཛིན་པ་བསྟན་པའི་རྒྱལ་མཚན་ཞབས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བཀའ་ཡིས་གནང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །གང་ཞིག་རྫོགས་ཆེན་ཉམས་སུ་ལེན་པ་དག །ཐོག་མར་དབང་དང་དམ་ཚིག་ལྡན་པ་ཡི། །བྱིན་ལྡན་གོམས་པ་ཀློང་གྱུར་བླ་མར་བསྟེན། །གདམས་ངག་རང་གི་རྒྱུད་ལ་འབྱོར་བར་བྱ། །བླ་མ་འབྲལ་བ་བྱིས་ཕྲུག་མ་བྲལ་འདྲ། །ཐུབ་བསྟན་ལ་ཞུགས་ཡོངས་ཀྱི་སྤྱི་
ལམ་ཆེ། །རྒྱུ་འབྲས་དགེ་སྡིག་སྤང་བླང་མ་འཆོལ་དགོས། །རྐྱེན་གྱིས་མི་འཕྲོག་དད་པ་རབ་བརྟན་ཞིང་། །ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་འབྱོངས་བྱས་ནས། །ཚོགས་དང་མཎྜལ་མཆོད་སྦྱིན་གཏོར་མ་སོགས། །དགེ་བའི་ལས་གྱུར་ཆེ་ཕྲ་གང་ལའང་འབད། །ལམ་གྱི་རྣལ་འབྱོར་འདུས་བྱས་དགེ་རྩ་དགོས། །འབྲས་བུའི་རྣལ་འབྱོར་ཀུན་རྫོབ་གཙོར་མི་འཛིན། །དེ་ཡང་དཎྚིའི་འཁྱོགས་གཏམ་ཤེས་པ་འང་། །མཁས་པར་རློམ་ཞིང་རྫོགས་ཆེན་བསྟན་བཅོས་རྩོམ། །དབུ་ཕྱག་ཁ་རྒྱུན་ཡི་གེའི་ལྷན་པ་གདབ། །རྨོངས་པ་ཕལ་ཡང་དེ་ལ་རབ་ཏུ་དགའ། །རང་ཚུགས་མ་ཐུབ་རིགས་འཆོལ་གཞན་རྗེས་འབྲང་། །ཐུབ་ཆེན་ཆོས་ཀྱི་རྒྱལ་པོས་ཤེས་རབ་བསྔགས། །རྨོངས་རྣམས་དེ་ལས་གླེན་པ་མཆོག་ཏུ་བསྔགས། །འདི་དག་བསམ་གྱིན་སྙིང་རླུང་གཏིང་ནས་ལངས། །གཞན་ཡང་སྒྲུང་དང་རྒྱལ་རབས་ལ་སོགས་པས། །ཀུན་བཟང་དགོངས་པ་བསླད་པར་བྱས་པ་ནི། །གསེར་དང་ཁྱི་བྲུན་བསྲེས་པ་ལྟ་བུ་ཡི། །རྒྱུན་ངན་འདི་འདྲ་བླུན་པོའི་རང་མཚང་ངོམ། །གཞན་ཡང་
གནས་འགྱུའི་བཤད་རྒྱུན་བཙུགས་པ་སོགས། །ལུགས་ངན་མང་མང་མི་བསྒྲང་དེ་ཙམ་མོ། །བདག་འདྲ་བགྲང་བྱས་ནོན་དང་ནད་དབང་སོང་། །ཡི་གེ་འབྲི་བའི་སྐབས་སུ་མི་འདུག་ཀྱང་། །ཡ་རབས་རིགས་བཟང་གསུང་ངོ་མི་ལྡོག་ཙམ། །ཀྱེ་ཧོ་ལྟ་བའི་མཚན་ཉིད་ཁས་ལེན་ངོས་བཟུང་མེད། །འདི་ཞེས་འཆད་པ་རྨོངས་པར་མི་འགྱུར་རམ། །སེམས་ཀྱི་མཚན་ཉིད་ཅི་དང་ཅིར་བསྟན་ཡང་། །དེ་དང་དེ་ལྟར་ཡིན་པ་གང་ཡང་མེད། །སེམས་ནི་སངས་རྒྱས་ཀྱིས་ཀྱང་ག་ལ་གཟིགས། །གང་ཞིག་རྟོགས་པར་གྱུར་པའི་སྐྱེ་བོ་དག །དོན་དམ་རང་བཞིན་རིག་པའི་ངོ་བོ་ནི། །སྐྱོན་དང་ཡོན་ཏན་ཀུན་དང་བྲལ་བ་དེ། །གཞོན་ནུ་མ་ཡི་བདེ་བ་ལྟ་བུ་དང་། །ལྐུགས་པས་བུ་རམ་ཟོས་པ་ལྟ་བུ་སྟེ། །མངོན་སུམ་མྱོང་ཡང་སྨྲ་བར་མི་བཏུབ་པས། །སྨྲ་བསམ་བརྗོད་མེད་བྱ་བ་དེ་དོན་ཡིན། །སྒོམ་ཆེན་རྣམས་ཀྱིས་སྨྲ་བར་མ་བྱེད་ཅིག །སྒོམ་པ་བསྒོམ་བྱ་སྒོམ་བྱེད་མེད་པ་སྟེ། །སྒོམ་བློའི་རྟོད་ཕུར་དེ་ཡིས་མ་འཛིན་ཅིག །དཔྱད་སྒོམ་འཇོག་སྒོམ་ངན་དཔེར་མ་ཞེན་
ཅིག །ཉམས་རེ་སྐྱེས་པ་ཕྱོགས་དེར་མ་འཛིན་ཅིག །སྟོང་པ་ཡིན་ཞེས་ཁ་ནས་བརྗོད་བྱེད་ཀྱང་། །ལྟ་སྒོམ་སྤྱོད་པ་ཅང་མེད་སྟོང་པ་ལ། །ཡོད་ཀྱང་མ་བྱུང་བསམ་ནས་མ་སྒུགས་ཤིག །སྤྱོད་པའི་རང་བཞིན་བཅིང་གྲོལ་མེད་པའི་ངང་། །དྲན་འཛིན་གཉེན་པོས་རྒྱ་ཡི་བཅིངས་པ་ཡིས། །འཁོར་བར་འཁོར་ཞིང་སྲིད་པར་རབ་ཏུ་དུབ། །གཞན་ཡང་དེང་སང་རྫོགས་ཆེན་སྨྲ་བ་འགའ། །གཡོ་ཉམས་བརྟན་ཉམས་ཐོབ་ཉམས་ཞེས་འཆད་པ། །ཨ་ཏིའི་རྒྱུད་ནས་ཚིག་རིགས་དེ་མི་འབྱུང་། །རྫོགས་ཆེན་འབྲས་བུར་ཡིད་སྨོན་རེ་བཅས་ནས། །ལོ་ཟླ་ཅི་ཙམ་དུས་ན་ཡོང་ངམ་རེ། །འབྲས་བུ་ཞེས་པ་གསར་དུ་བསྣན་དུ་མེད། །རྫོགས་ཆེན་འབྲས་བུ་གཞི་ལ་ཡར་ལྡོག་སྟེང་། །ཀ་དག་གདོད་མའི་བཙན་ས་ཟིན་དུས་ཡིན། །འདི་ལ་ཚིག་དང་ཡི་གེ་མིང་དོན་མེད། །དམར་ཁྲིད་ཡེ་ཤེས་སྣང་བའི་རྣམ་བཤད་ཡིན། །འདི་བཞིན་གཞན་ཡང་རྫོགས་པ་ཆེན་པོའི་དོན། །ཁོ་བོའི་སྔར་དུས་ཟིན་བྲིས་རྣམས་སུ་གཟིགས། །ད་ལྟ་ལོ་ལོན་ནད་ཆེ་བྲི་མི་ནུས། །གནད་འདི་བླ་མ་དཀོན་མཆོག་
དབང་རྒྱལ་གྱིས། །གསུང་ངོར་གཏད་མེད་གུ་ཡངས་བློ་འདས་མཁན། །ལས་རབ་རྩལ་གྱིས་བྲིས་པ་དགེ་གྱུར་ཅིག། །། ༈ མདོ་སྔགས་བསྟན་པ་རྒྱ་མཚོའི་བདག །རྗེ་བཙུན་སངས་རྒྱས་ཀུན་འདུས་པ། །ཉི་གྲགས་རྡོ་རྗེ་འཆང་ལ་འདུད། །སྒྲུབ་བརྩོན་བསོད་ནམས་བསྟན་འཛིན་གྱིས། །ཉམས་སུ་ལེན་ཚུལ་ཡི་གེའི་ལན། །སྙིང་ཐིག་སྨྲ་མཁས་ལས་རབ་ཀྱིས། །མདོ་ཙམ་བརྗོད་པ་འདི་ལྟར་མཛོད། །དལ་འབྱོར་ཐོབ་པ་བསོད་ནམས་ཆེ། །ཆོས་ལ་སྤྱོད་པ་ལས་འཕྲོ་བཟང་། །གཞི་ལ་དད་པ་བརྟན་པོ་གོ། །ལམ་དུ་བྱམས་དང་སྙིང་རྗེ་གོ། །དོན་དུ་རང་སེམས་ཉམས་ལེན་གཅེས། །གེགས་སེལ་རྨི་ལམ་སྒྱུ་མ་ཟབ། །བོགས་འདོན་རྐྱེན་ངན་ལམ་ཁྱེར་དགོས། །སྡུག་ཕོངས་ཅན་ལ་ཕན་བཏགས་ན། །སངས་རྒྱས་མཆོད་དང་བསོད་ནམས་མཉམ། །ཚེ་འདིའི་བདེ་སྦྱོར་ཐམས་ཅད་ཀུན། །མི་རྟག་འགྱུར་བའི་ཆོས་ཅན་ཡིན། །འཁོར་བ་སྡུག་བསྔལ་རང་གཞིན་ལས། །ཐར་འདོད་སྐྱོ་ཤས་དྲག་པོ་སྐྱེས། །ཚེ་གཅིག་སངས་རྒྱས་བགྲོད་པའི་ཐབས། །
གསང་ཆེན་སྔགས་ལ་ཉམས་ལེན་དྲིལ། །ཁྱད་པར་ཐེག་དགུའི་རྩེ་མོ་མཆོག །པད་འབྱུང་བི་མའི་སྙིང་ཐིག་དོན། །གཞི་རྩ་བྲལ་བ་སེམས་ཀྱི་གཤིས། །རང་བཞག་མ་བཅོས་བཞག་པའི་ཐབས། །འཕྲོ་གནས་ངོ་ཤེས་སྒོམ་པའི་ལམ། །རེ་དོགས་བྱ་རྩོལ་ལས་འདས་ཤིང་། །སངས་རྒྱས་རྒྱལ་པོ་རང་གི་སེམས། །གཞན་མིན་རང་ལས་འབྱུང་བ་ཡིན། །མ་བརྗེད་རྟག་ཏུ་རང་ཞལ་སྐྱོང་། །གཞི་དུས་ཀ་དག་སྒྲིབ་བཅས་པ། །ལམ་དུས་དྲི་མ་དེ་བསལ་ནས། །འབྲས་བུ་སྐྱོན་བྲལ་ཡེ་ཤེས་མཆོག །ཚུལ་འདི་རང་ལུགས་རྫོགས་ཆེན་གྱི། །དགོངས་བཞེད་མ་ནོར་སྨྲས་པའོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་དེ། །ཨོ་རྒྱན་རྡོ་རྗེ་འཆང་ལ་རྫོགས། །སྤྱི་བོར་སྒོམ་ཞིང་གསོལ་བ་ཐོབ། །དབང་བཞི་ལེན་ཞིང་ཐུགས་ཡིད་སྲེས། །མཐར་ནི་བསྔོ་སྨོན་རྒྱས་ཐོབ་ལ། །དམིགས་མེད་དགོངས་པའི་ངང་དུ་ལྷོད། །མཉམ་བཞག་དག་གི་རྗེས་ཐོབ་ཏུ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རྨི་ལམ་རྒྱུ་མར་རྩལ་སྦྱོངས་ཤིག །གནད་དོན་འདུས་པ་རྡོ་རྗེའི་ཚིག །སྒྲུབ་བརྩོན་བསོད་ནམས་བསྟན་
འཛིན་ལ། །ལས་རབ་རྩལ་གྱིས་ཕུལ་བའོ། །རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །དགེ་འོ།། །། ༈ རྗེ་ཡིད་བཞིན་ནོར་བུ་རིན་པོ་ཆེ། །སྐད་ཅིག་དྲན་པས་བྱིན་གྱིས་རློབས། །མཚུངས་མེད་རྡོ་རྗེ་སྟོབས་མཆོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་ལ་མོས་པའི་པད་བསྟན་ཁྱོད། །སྐྱེས་བུ་ཆུང་ངུའི་བློ་དང་ནི། །སྐྱེས་བུ་འབྲིང་པོའི་བློ་སྤངས་ནས། །ཐེག་ཆེན་སེམས་བསྐྱེད་ཚུལ་བཞིན་མཛོད། །ལམ་ཐེག་ཆེན་བྱང་སེམས་ཆེས་བཟང་ཡང་། །ཐབས་ལ་རྨོངས་པའི་ཆ་ཡོད་ཀྱིས། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །རིམ་གཉིས་ལམ་ལ་གོམས་པར་མཛོད། །ཡང་འོ་སྐོལ་འདྲེན་པའི་ཐུབ་པ་ཡི། །བསྟན་པ་མདོ་སྔགས་རིན་པོ་ཆེ། །དེང་སང་ཚུལ་བཞིན་སྤྱོད་པ་དཀོན། །གསོག་དང་གསོབ་དང་ཡ་མ་བརླ། །སྤྱིར་ཆོས་ལ་ཞུགས་པ་ལས་འཕྲོ་བཟང་། །བླ་མ་འཇལ་བ་སྐལ་བ་བཟང་། །དབང་ཆོས་ཐོབ་པ་སྨོན་ལམ་བཟང་། །ཉམས་སུ་ལེན་པ་རྟེན་འབྲེལ་བཟང་། །དུས་ཡང་ཡང་རྙེད་དཀའི་དལ་འབྱོར་རྟེན། །ཆུད་ཟོས་སྟོང་ལོག་མ་ཤོར་བར། །
སོར་བྱང་སྔགས་ཀྱི་བསྲུང་མཚམས་དང་། །གནང་བཀག་འདོར་ལེན་བརྩོན་པ་གཅེས། །ལུས་ཀུན་རྫོོབ་མཐའ་ཀུན་མི་རྟག་འཇིག །ཁྱད་པར་འཛམ་གླིང་མི་ཚེ་ལ། །ཡིད་བརྟན་མེད་ཅིང་བློ་མི་ཁེལ། །ཆོས་ཕྱི་བཤོལ་མ་བྱེད་མྱུར་དུ་བརྩོན། །གནས་འཁོར་བ་གར་སྐྱེས་སྡུག་བསྔལ་ཁྲོད། །གང་བྱས་ལས་ལ་སྙིང་པོ་མེད། །དགེ་སྒྲུབ་སྡིག་སྤོང་དག་ལ་འབུངས། །དད་དང་མོས་གུས་ཡུན་དུ་མཛོད། །མི་བན་རྒོད་ཕལ་ཆེར་འདྲེ་བས་རྒོད། །མཁས་ཉམས་ཆེ་ཡང་རང་མགོ་འཁོར། །གཡོ་སྒྱུ་སྡིག་སོགས་ངང་དུ་འཆི། །དེ་འདྲའི་རྗེས་སུ་མ་འབྲངས་ཤིག །ལར་དེང་དུས་མཁས་བླུན་ཕལ་ཆེར་གྱིས། །དབུ་མ་བདག་སྟོང་གཞན་སྟོང་སོགས། །རྫོགས་ཆེན་གནད་ལ་བསྣུན་འདོད་མང་། །སྤྲེལ་ཚ་བོད་ལ་བཟོད་བསྲན་མེད། །ཆོས་ཐེག་དགུའི་རྩེ་མོ་ཨ་ཏི་ལ། །དམིགས་མཐའ་ཅན་གྱི་དཔེ་བཀབ་པ། །སྤྲོས་མེད་རྒྱལ་ཐབས་སྤྱི་བླུགས་ལ། །སྤྲོས་བཅས་མཚན་མས་བཅིངས་པ་འདྲ། །དེ་སྤྲང་རྒན་སྨྱོན་པའི་ཁ་ཚོད་ཡིན། །མཐའ་བཞི་བྲལ་བ་ཀུན་ཟླུམ་སེམས། །གང་ཤར་མ་བཅོས་
ངང་དུ་ཞོག །རང་ངོ་རང་གསལ་ཤེས་པ་སྒོམ། །སེམས་བཅས་བཅོས་འཁྲུལ་བས་མ་བསླད་ཅིག །ཀོར་ཚེར་འཇུར་བུས་མ་འདེབས་ཤིག །བདེ་གསལ་ཉམས་ལ་མ་ཞེན་ཅིག །བྱིང་རྒོད་དབང་དུ་མ་ཤོར་ཅིག །གནད་དེ་ལ་སྒོམ་གྱི་ཞལ་ཁྲིད་ཚང་། །ཆོས་མེད་ཆང་རྒན་སྨྱོན་པའི་གཏམ། །ཆོས་མཛད་སྙན་ལ་ཚེར་བས་རྩུབ། །ཇོ་བཟང་རྣ་བར་དེ་བས་རྩུབ། །ལྷ་རི་དབང་རྒྱལ་པོའི་གངས་རིའི་ཆར། །ཆུ་ཚན་འཕྲོད་སྦྱོར་བསྟེན་པའི་སྐབས། །ཕྲིན་ལས་བདག་གིས་འཆལ་གཏམ་བྲིས། །མངྒ་ལཾ།། །། ༈ རིགས་ཀུན་ཁྱབ་བདག་མཚུངས་མེད་ཆོས་ཀྱི་རྗེ། །པདྨའི་མཚན་ཅན་རྡོ་རྗེ་འཆང་དེར་འདུད། །དམ་གཙང་དད་ལྡན་དགེ་བའི་ལས་འཕྲོ་ཅན། །བླ་མ་པདྨ་བརྩོན་འགྲུས་གང་གིས་ནི། །སྙན་པའི་ཚིག་གིས་ཚིག་དོན་རབ་བཀྲ་བ། །རྗེ་བཙུན་རིིག་འདུས་ཞལ་ཐང་དང་བཅས་པ། །འདིར་སོན་ཁོ་བོའི་ཡིད་རབ་དགའ་བའི་སེམས། །ཁྱོད་ཉིད་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ལེགས་ཐོབ་ཅིང་། །སྔོན་གོོམས་དགེ་ལ་སྤྱོད་པའི་
གང་ཟག་ལ། །བདག་འདྲས་གེགས་སེལ་བོགས་འདོན་འོས་མ་མཆིས། །ཇི་བཞིན་གསུངས་པ་ཇི་བཞིན་སྙིང་པོའི་དོན། །འོན་ཀྱང་གང་གི་ཞལ་ངོ་མི་ལྡོག་ཙམ། །འབྲོག་པ་རྒན་པོའི་འཆལ་གཏམ་འདི་ལྟ་བུ། །ལྟ་བའི་རང་བཞིན་ངོས་བཟུང་ཕྱོགས་ལྷུང་བྲལ། །སྒོམ་པའི་རང་བཞིན་མི་གཡོ་སེམས་འཛིན་མེད། །སྤྱོད་པའི་རང་བཞིན་ཐོགས་ཆགས་ཀུན་དང་བྲལ། །འབྲས་བུ་བྲལ་ཐོབ་མེད་པའི་ངེས་པ་རྙེད། །འདི་དག་ལྟ་སྒོམ་སྤྱོད་པའི་འཕྲོས་དོན་ཡིན། །སེམས་ཉིད་རིག་པ་བརྗོད་པ་ཀུན་བྲལ་ཞིང་། །འདིའི་ངང་གནས་པ་རྫོགས་ཆེན་ཆོས་སྐུའི་ཀློང་། །སེམས་འབྱུང་སེམས་འཁྲུལ་སྣ་ཚོགས་སེམས་ཅན་ཏེ། །གང་ཤར་མ་བཅོས་རང་བབས་ཅི་བདེར་ཞོག །དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །ཡེ་གྲོལ་ཡོངས་གྲོལ་རང་བཞིན་ངང་གིས་གྲོལ། །བསྒོམ་བྱ་སྒོམ་བྱེད་མེད་པ་ཆོས་སྐུའི་ངང་། །བཅོས་བསྒྱུར་འཇུར་བུའི་མཚན་མ་ཀུན་ཞི་བ། །འདི་ཚུལ་རང་ལུགས་སྙིང་ཐིག་དགོངས་པར་བཞེད། །སྟོང་དང་མི་སྟོང་མེད་པར་མི་རྟོགས་ཤིང་། །བཟོ་མེད་ལྷུག་པར་མ་ཤེས་
བཅོས་བསྒྱུར་མང་། །སངས་རྒྱས་རང་ལས་མ་རྙེད་གཞན་དུ་ཚོལ། །དེང་སང་འདི་འདྲ་ལམ་ངན་འཕེལ་བས་གནོད། །ཁྱོད་ཉིད་གཞོན་ནུའི་དུས་ནས་ལས་འཕྲོ་སད། །དེང་སང་སྙིང་ཐིག་ངེས་དོན་ཚུལ་འདི་རྨད། །རྟགས་མཐོང་དམ་རྫས་སྲུང་མདུད་ཚིགས་བཅད་ཕྲེང་། །སྤྲང་རྒན་འཁྱམ་པོ་ཕྲིན་ལས་མིང་གིས་ཕུལ། །དགེའོ།། །། ༈ མགོན་སངས་རྒྱས་སྟོང་གི་བྱིན་རླབས་རྣམས། །རྗེ་རྒྱལ་བ་ཁོང་གི་སྐུ་ལ་རྫོགས། །དྲིན་འཁོར་ཐབས་མེད་པའི་རིན་པོ་ཆེ། །དཔལ་ཉི་གྲགས་གཉིས་པའི་ཞབས་ལ་འདུད། །འབངས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །དེ་ཡན་ལ་བླ་མར་མཆོད་བརྗོད་མཛོད། །དོན་འདི་ལ་སྒྲུབ་པོའི་ཡིག་ལན་མཛོད། །གནས་རིགས་དྲུག་འཁོར་བའི་རྒྱ་མཚོ་ལས། །ཁྱེད་དལ་འབྱོར་ནོར་བུ་རྙེད་པས་ལེགས། །བློ་ཆོས་ལ་མོས་པ་བག་ཆགས་སད། །ཆོས་རྫོགས་ཆེན་ཐོབ་པ་ལས་འཕྲོ་ལྡན། །རྗེ་བླ་མ་མཇལ་བ་སྐལ་བ་བཟང་། །རང་སྒྲུབ་ཚུགས་ཟིན་པ་བསོད་ནམས་བསགས། །ལས་རྒྱུ་འབྲས་སྤང་བླང་ཞིབ་པ་དེ། །སྤྱིར་ཆོས་
མཛད་ཡོངས་ལ་མེད་ཐབས་མེད། །བྱམས་སྙིང་རྗེ་སྨོན་འཇུག་སེམས་བསྐྱེད་མཆོག །བློ་ཐེག་ཆེན་སྤྱོད་པ་རྒྱལ་བའི་སྲས། །ལམ་སྐྱེད་རྫོགས་བཟླས་པ་སྔགས་ཀྱིི་ཆོས། །ཐབས་མྱུར་ལམ་བསྒྲུབ་བྱའི་ཡང་རྩེ་ལགས། །ཁོང་གྲུབ་མཐའ་གཞན་ལ་མ་གྲགས་པའི། །ཆོས་ཐེག་དགུའི་ཡང་རྩེ་རྫོགས་པ་ཆེ། །འགྱུར་རྙིང་མའི་རང་ལུགས་བཀའ་གཏེར་གྱི། །སྔོན་གྲུབ་བརྙེས་ནམ་མཁའི་སྐར་ཚོགས་འདྲ། །དུས་དེང་སང་འཆད་ཉན་མང་དར་ཡང་། །ལར་བསྐལ་ཞབས་ངན་པའི་སྐྱོན་ཞུགས་ནས། །ཆོས་གང་ཟག་ཡ་བྲལ་སོང་བ་འམ། །དོན་ཐུན་མོང་ཐེག་པར་འཕྱུགས་པ་མང་། །དེ་སེང་གེའི་ཕྲུ་གུར་ཁྱི་བྱུང་དཔེ། །དོན་འདི་འདྲ་བསམ་གྱིན་སྙིང་རླུང་ལངས། །ཁྱོད་རྩེ་གཅིག་སྒྲུབ་ལ་ཞུགས་པའི་དུས། །གནད་ལྟ་བ་ངོས་བཟུང་མེད་པ་གཅེས། །དོན་སྒོམ་པ་སྒོམ་མེད་ཡེངས་མེད་གཅེས། །ལམ་སྤྱོད་པ་མཉམ་རྗེས་འདྲེས་པ་གཅེས། །མཐར་འབྲས་བུ་བྲལ་ཐོབ་དག་པ་གཅེས། །ཉམས་བདེ་གསལ་མི་རྟོག་ལ་མ་ཆགས། །སྐྱོན་བྱིང་རྒོད་མ་བཅོས་ལམ་དུ་ཁྱེར། །སེམས་
རྟོག་བྲལ་བརྗོད་མེད་ཆོས་སྐུའི་ངང་། །འདི་ཟབ་གནད་དགོངས་པའི་སྙིང་ཐིག་ལགས། །སྤྲང་ཆོས་མེད་སྨྱོན་པ་ལས་རབ་ཀྱིས། །གནས་དབེན་པར་དམ་བཅས་རྣལ་འབྱོར་པ། །ཁྱོད་ཨོ་རྒྱན་རྒྱ་མཚོར་ཕུལ་པ་འདིས། །དུས་ཀུན་ཏུ་ཐུགས་དམ་གོང་འཕེལ་ཞིང་། །ཚིག་འདི་ཡང་དོན་དང་ལྡན་པར་ཤོག། །། ༈ བཀའ་དྲིན་མཚུངས་མེད་བླ་མའི་ཞགས་ལ་འདུད། །སྔོན་བསགས་དགེ་བའི་ལས་འཕྲོ་སད་པ་ཡི། །བསོད་ནམས་ནོར་བུའི་རྟོགས་འབུལ་ལན་བརྗོད་པ། །མ་སྐྱེས་གདོད་ནས་དག་པའི་ནམ་མཁའ་ལ། །མ་བཀོད་ལྷུན་གྱིས་གྲུབ་པའི་སྐུ་ལྔ་ཚང་། །མ་བཙལ་རང་བབས་བཞག་པས་རང་ཞལ་འཇལ། །མ་འགགས་ཤར་གྲོལ་དབྱེར་མེད་བློ་ལས་འདས། ཝ་རྒན་གླེན་པའི་གསང་ཚིག་དེ་ལྟར་ཡིན། །བསོད་ནམས་ནོར་བུ་ལ་གདམས་པ། །མངྒ་ལཾ།། །། ༈ བཀའ་དྲིན་མཚུངས་མེད་བསྟན་པའི་རྒྱལ་མཚན་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །འདྲེན་པ་གང་གིས་ཅི་ལྟར་གསུངས་པའི་དོན། །ཞལ་གདམས་དགོས་ཞེས་བསྐུལ་ངོར་བདག་
གིས་སྨྲ། །མི་ཟད་འཁོར་བ་སྡུག་བསྔལ་རང་བཞིན་ལ། །སྙིང་ནས་ཞེན་ལོག་ཐར་འདོད་དྲག་པོ་དགོས། །སྔོན་བསགས་དགེ་གོམས་ལས་འཕྲོ་དལ་འབྱོར་རྟེན། །ཆུད་མི་གསོན་པར་ལྷ་ཆོས་ནན་ཏན་མཛོད། །ཚེ་འདིའི་བདེ་འབྱོར་རྨི་ལམ་ཐུན་གཅིག་འདྲ། །རྨི་ལམ་ནམ་སད་ངེས་པ་མེད་པས་ན། །དགོས་མེད་ཆོག་ཤེས་རྒྱུད་ལ་བསྟེན་པར་མཛོད། །སྐྱེས་ཙམ་ཉིད་ནས་འཆི་བ་འབྱུང་ངེས་པས། །འཆི་དུས་འཁོ་བ་དགེ་ཆོས་མཐའ་དག་དང་། །ཁྱད་པར་སྔགས་ཀྱི་བར་དོའི་མན་ངག་ཕན། ད་ལྟ་ཉིད་ནས་བློ་མིག་སྦྱང་བར་བྱ། །ཐོག་མར་བྱིན་རླབས་ལྡན་པའི་བླ་མ་བཙལ། །དེ་ལས་ཟབ་མོའི་དབང་བཞི་ཚུལ་བཞིན་ཞུ། །དེ་ནས་དབང་བཞི་ཉམས་སུ་བླངས་ནས་ཀྱང་། །ལས་ཉོན་བག་ཆགས་ཤེས་སྒྲིབ་ཀུན་དག་ནས། །སྐུ་བཞི་ཡེ་ཤེས་མངོན་དུ་འགྱུར་བ་དགོས། །དམ་ཚིག་རིམ་པ་ཚུལ་བཞིན་སྲུང་བ་དང་། །སྙིང་རྗེ་སེམས་བསྐྱེད་རྒྱུད་ལ་ཡང་ཡང་སྦྱར། །བླ་མ་དཀོན་མཆོག་མཆོད་ལ་རྟག་ཏུ་བརྩོན། །ནད་པ་དབུལ་ཕོངས་མགོན་མེད་བརྩེ་བས་སྐྱོངས། །ཇི་སྲིད་འཚོའི་
བར་དགེ་བའི་སྤྱོད་པ་བྱ། །སྣང་སྲིད་བདེན་མེད་རྨི་ལམ་སྒྱུ་མར་སྦྱང་། །ནང་དུ་ཡང་དག་འཇོག་ལ་བློ་གཞོལ་ཞིང་། །ལམ་ཁྱེར་བོགས་དབྱུང་མཉམ་རྗེས་འདྲེས་པར་བྱ། །དེང་དུས་ཆོས་ལ་གལ་ཆུང་བྱེད་པའི་དུས། །གང་ཁྱོད་ཉམས་ལེན་ཕྱོགས་ལ་བློ་མོས་པ། །སྐལ་བཟང་མཆོག་གྱུར་དགེ་བའི་ལས་འཕྲོ་བཟང་། །བདག་འདྲ་རྨོངས་དང་གཡེངས་པའི་དབང་སོང་ཞིང་། །ཉམས་མྱོང་མེད་པའི་སྟེང་དུ་ལྷག་པར་ཡང་། །ལོ་སོང་རྒན་པོའི་འབྱུང་བཞི་རྒུད་པ་ཡིས། །སེམས་དུབ་འདིའི་དོན་བྱེད་པའི་དུས་མིན་ཡང་། །འཆལ་གཏམ་སུག་བྲིས་བགྱིས་འདི་གད་མོའི་གནས། །ཞེས་པ་འདི་བསྟན་ལ་མོས་པ་བསོད་ནམས་ནོར་བུས་ཉམས་ལེན་ཟིན་བྲིས་སུ་བྱས་ནས་ཁོ་བོར་འདིའི་ལན་ཞལ་གདམས་དགོས་ཞེས་ཟེར་བ་ལ་ལན་དུ་ལས་རབ་རྩལ་གྱིས་ཕུལ་བ་དགེ་བར་གྱུར་ཅིག །དགེའོ། །དགེ་འོ། །དགེའོ། །མངྒ་ལཾ།
པར་བྱང་སྨོན་ཚིག
༄༅། །པར་བྱང་སྨོན་ཚིག །རྒྱལ་དབང་པདྨའི་ཐུགས་བཅུད་ཐེག་དགུའི་ཕུལ། །བརྒྱུད་པ་དྲུག་ལྡན་ཟབ་མོ་གཏེར་གྱི་ལུགས། །གངས་ཅན་ཐུབ་བསྟན་མཛེས་པའི་རྒྱན་གཅིག་པུ། །དུས་མཐའི་སྐྱེ་དགུའི་དཔལ་དུ་འབར་གྱུར་ཅིག །ཚུལ་ཁྲིམས་བློ་གྲོས་ཀྱིས་སྨྲས་པའོ། ། ༈ བདུད་ཆེན་ཁྲོས་པའི་དྲག་ཤུལ་འབུམ་འཇོམས་མཁའ་མཉམ་སྒྱུ་འཕྲུལ་མཚན་དཔེའི་གཟུགས། །རྩིབས་སྟོང་གདལ་བའི་ཙཀྲས་རབ་མཚན་ཐེག་མཆོག་ཆོས་ཀྱི་ནོར་བུའི་མཛོད། །ཟབ་ཡངས་བློ་མཆོག་ནོར་བུའི་ལྡེའུ་མིག་རྡུལ་བྲལ་དྲི་མེད་འོད་འབྱེད་གཟིས། །དཔལ་ལྡན་གྲུབ་གཉིས་ལེགས་ཚོགས་འཛུམ་པའི་ཚོགས་གཉིས་ངོ་མཚར་རྒྱན་དུ་བྱས། །རྫོགས་ཆེན་པདྨ་སྐལ་བཟང་གིས་སོ།། །།