ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།
འགྱུར་སྔགས་ཕྱོགས་བསྡུས།
༄༅། །འགྱུར་སྔགས་ཕྱོགས་བསྡུས། ཨོཾ་སམྦྷ་ར་སམྦྷ་ར་བྷི་མ་ན་ས་ར་མ་ཧ་ཛམ་བྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། གཟུངས་འདིའི་ཕན་ཡོན་བཀའ་གདམས་གླེགས་བམ་ལས། དེ་ཡི་སྔོན་དུ་གཟུངས་འདི་སྦྱོར། །བྱེ་བ་འགྱུར་དུ་རྒྱལ་བས་གསུངས། ཞེས་སོ། །ཨོཾ་ཧྲཱིཿཔདྨ་ཎི་ཏི་ཤྭ་ར་ཧཱུྃ་ཕཊཿ ཨོཾ་མ་ཎི་པདྨེ་ཧཱུྃཿ གཟུངས་འདི་ལན་གཅིག་བཟླས་བས་མ་ཎི་དུང་ཕྱུར་སུམ་ཅུ་སོ་དྲུག་བཟླས་པར་འགྱུར་བར་མདོ་སྡེ་དྲི་མ་མེད་པའི་ཆོས་བསྟན་པའི་མདོ་ལས་གསུངས་སོ། །ཨོཾ་མ་ཎི་པདྨེ་ན་ར་དྷ་ཤ་ཧཱུྃཿ གཟུངས་འདི་ལན་བདུན་བརྗོད་ན་མ་ཎི་དུང་ཕྱུར་སུམ་ཅུ་སོ་བདུན་འདོན་པའི་ཕན་ཡོན་དང་མཉམ་པ་སྙིང་རྗེ་པདྨ་དཀར་པོ་ནས་གསུངས་སོ། །ཨོཾ་རུ་ཙི་ར་མ་ཎ་པྲ་ཝཏྟ་ཡ་ཧཱུྃཿ ཅེས་ལན་བདུན་བརྗོད་སྟེ་ཕྲེང་བ་ལ་ཕུ་བྱས་ལ་ཡིག་དྲུག་ལན་བདུན་བཟླས་ནའང་བྱེ་བར་འགྱུར་རོ། །ཨོཾ་པདྨོཥྞི་བི་མ་ལེ་ཧཱུྃ་ཕཊཿ མཚམས་མེད་པ་ལྔ་བྱས་པའི་ལས་སྒྲིབ་འདག་གོ །འཿཨཿཧཿཤཿསཿམ༔ འདི་ལན་གཅིག་བརྗོད་པས་བསྐལ་པ་སྟོང་གི་སྒྲིབ་པ་འདག་གོ །ཧ་ནུ་བྷ་ཤ་བྷ་ར་ཧོ་སྭཱ་ཧཱ། གཟུངས་འདི་ལན་གཅིག་ཙམ་མཐོང་ན་བསྐལ་བ་དུང་ཕྱུར་གསུམ་གྱི་སྡིག་སྒྲིབ་འདག་པ་འཕགས་པ་ཆུ་ཀླུང་རོལ་བའི་མདོ་ལས་གསུངས་སོ། །
༈ བསྐོར་བ་བྱ་བའི་གཟུངས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣེ་བི་ཛ་ཡེ་སྭཱ་ཧཱ། འདི་བརྗོད་ཅིང་བསྐོར་བ་གཅིག་བྱས་པ་ཡང་དཔག་ཏུ་མེད་པར་འགྱུར་རོ། །བསྐོར་བའི་གཟུངས་རྫོགས་སོ། །
༈ ཕྱག་འཚལ་བའི་གཟུངས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མོཿསུ་ཤྲཱི་ཡེེ་སྭཱ་ཧཱ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཕྱག་བྱ་བའི་གཟུངས་རྫོགས་སོ། །ཞེས་བཟླས་པས་ཕྱག་གང་བྱས་ཀྱང་འབུམ་ཏུ་འགྱུར་རོ། །
སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ་བཞུགས་སོ། །བླ་མ་མཁྱེན། ལན་གསུམ། དལ་འབྱོར་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ལ། །དོན་ཆེན་གཏན་གྱི་འདུན་མ་མི་སྒྲུབ་པར། །དོན་མེད་ཆུད་ཟད་གྱུར་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །དམིགས་རྐང་དང་པོའོ། །འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །སྣོད་བཅུད་གང་ལ་བསམ་ཀྱང་འཇིག་པའི་ཆོས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་། །རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། །བག་མེད་ངང་དུ་གནས་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དམིགས་རྐང་གཉིས་པའོ། །དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །དམིགས་རྐང་གསུམ་པའོ། །བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །བདེ་བར་སྣང་བས་ཡིད་བསླུས་འགྱུར་བ་ཅན། །ཟག་བཅས་ཕུང་བོ་མཐའ་དག་སྡུག་བསྔལ་རྒྱུ། །ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་ཡང་། །དེ་ལྟར་མི་ཤེས་ཆགས་ལྡན་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །དམིགས་རྐང་བཞི་བའོ། །དེ་ནས་ཐུན་མིན་སྔོན་འགྲོའི་སྐྱབས་འགྲོ་ནི། མདུན་དུ་དཔག་བསམ་ཤིང་ཆེན་ཡལ་ག་ལྔའི། །དབུས་སུ་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོའི་སྐོར། །མདུན་དུ་སྟོན་མཆོག་དུས་གསུམ་སངས་རྒྱས་རྣམས། །གཡས་སུ་ཉེ་སྲས་ཐེག་ཆེན་འཕགས་པའི་ཚོགས། །རྒྱབ་ཏུ་གསུང་རབ་གླེགས་བམ་རྣམ་པ་ཅན། །གཡོན་དུ་མཆོག་བརྒྱད་ཉན་རང་དགེ་འདུན་དང་། །མཐའ་སྐོར་ཡེ་ཤེས་ཆོས་སྐྱོང་ཚོགས་རྣམས་ཏེ། །ཕྱོགས་བཅུ་དུས་གསུམ་སྐྱབས་ཡུལ་ཐམས་ཅད་ཀུན། །མ་ཚང་མེད་པ་ཏིལ་གོང་ལྟར་གསལ་བའི། །མདུན་དུ་རང་དང་མ་སོགས་ལྟོས་བཅས་དང་། །མཁའ་ཁྱབ་སེམས་ཅན་ཀུན་གྱིས་གུས་བཏུད་དེ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་བོའི་བར། །ཡིད་ཆེས་མཆོག་གིས་སྐྱབས་སུ་འགྲོ་བར་བསམ། །ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །སྐྱབས་ཡུལ་དེ་ལྟ་བུའི་མདུན་དུ་སེམས་སྐྱེད་ལ། །ཐོག་མར་ཚད་མེད་བཞི་ལ་བློ་སྦྱངས་ནས་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཅི་རིགས་བསགས། །དངོས་གཞི་སེམས་སྐྱེད་པ་ནི། ཧོ། ཇི་ལྟར་དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས། །བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་ལྟར། །བདག་ཀྱང་མཁའ་ཁྱབ་འགྲོ་ཀུན་བསྒྲལ་བྱའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འདི་འབུམ་བསགས། རྗེས་སུ་འབྲས་བུ་སྔགས་ཀྱི་སེམས་སྐྱེད་ཚུལ་ཁྱད་པར་གྱི་ཚུལ་དུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པའང་ཅི་རིགས་བརྗོད་དོ། །མཎྜལ་ཚོམ་བུ་བཀོད་ལ། ཨོཾ་ཨཿཧཱུྃ། ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགགས་ལོངས་སྐུ་རིགས་ལྔའི་ཞིང་། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། ཨོཾ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་འབུལ། རྡོར་སེམས་བསྒོམ་བཟླས་ནི། ཨཱ། བདག་གི་སྤྱི་གཙུག་པདྨའི་གདན་སྟེང་དུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །རྡོ་རྗེ་དྲིལ་འཛིན་སྙེམས་མ་ཡུམ་དང་འཁྱུད། །ལོངས་སྐུའི་ཆས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །བདུད་རྩིའི་རྒྱུན་བབ་སྡིག་སྒྲིབ་དག་པར་གྱུར། །སྟོབས་བཞི་ཚང་བའི་སྒོ་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་བཅས་ཡིག་བརྒྱ་བཟླ། ཐུན་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་འཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པས་རང་དང་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམས་ལ་ཡིག་དྲུག་བཟླ། མཐར། དགེ་བ་འདི་ཡིས་མྱུར་ཏུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་སོགས་དང་། བདག་དང་སེམས་ཅན་ཐམས་ཅད་ཀྱི། དམ་ཚིག་ཉམས་ཆག་ཀུན་དག་ཅིང་། །འདི་ནས་བྱང་ཆུབ་སྙིང་བོའི་བར། །དམ་ཚིག་རྣམ་པར་དག་པར་ཤོག །ཅེས་སོགས་སྨོན་ལམ་གདབ་བོ། །བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོ། རང་སྣང་དག་པ་རབ་འབྱམས་ཞིང་ཁམས་སུ། །རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །སྤྱི་བོར་ཆུ་སྐྱེས་འདབ་སྟོང་ཉི་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །དཀར་དམར་ཞི་འཛུམ་རྡོ་རྗེ་ཐོད་བུམ་བསྣམས། །ལོངས་སྐུའི་ཆས་རྫོགས་མཚོ་རྒྱལ་ཡུམ་དང་འཁྲིལ། །སྐུ་ལ་རང་བྱུང་རྒྱུད་སྡེའི་དཀྱིལ་འཁོར་རྫོགས། །རྩ་བརྒྱུད་བླ་མ་མཁའ་འགྲོ་དམ་ཅན་བཅས། །ཏིལ་གྱི་གང་བུ་ཕྱེ་བ་བཞིན་དུ་བཞུགས། །རྔ་ཡབ་གླིང་ནས་དེ་འདྲའི་ཡེ་ཤེས་པ། །ཆར་ལྟར་བབ་པ་བསྒོམས་པའི་རྟེན་ལ་ཐིམ། །ཧཱུྃ། ཨོ་རྒྱན་ཡུལ་སོགས་ཚིག་བདུན་གསོལ་འདེབས་གསུམ་མམ་བདུན་བརྗོད་པས་སྤྱན་དྲངས་ལ་བསྟིམས་ནས་ཡན་ལག་བདུན་པ་བྱ་བ་ནི། ཧོཿ ཇི་སྙེད་ལུས་བཏུད་གུས་པས་ཕྱག་འཚལ་ལོ། །སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པས་མཆོད། །ཚེ་རབས་ནས་བསགས་སྡིག་ལྟུང་ཅི་མཆིས་བཤགས། །འཁོར་འདས་དགེ་ཚོགས་ཀུན་ལ་རྗེས་ཡི་རངས། །འགྲོ་ཁམས་ཇི་སྲིད་རྡོ་རྗེའི་སྐུར་བཞུགས་ནས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །དགེ་ཚོགས་མ་ལུས་སངས་རྒྱས་ཐོབ་ཕྱིར་བསྔོ། །གསོལ་བ་གདབ་པ་ནི། ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་དུ། །བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སྟེ། །འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན། །རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར། །པདྨ་འབྱུང་གནས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་གཏབ་ཅིང་འོད་ཟེར་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བྱིན་གྱིས་བརླབས་པར་བསམ། གཞན་ཡང་ཨོ་རྒྱན་ཆེན་པོ་དང་ཡི་དམ་གང་རུང་བར་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ལ་དཔེར་མཚོན་ན་རྟ་མགྲིན་ལྟ་བུ་ལ་ངོ་བོ་ཨོ་རྒྱན་ཆེན་པོ་ལ་རྣམ་པ་རྟ་མགྲིན་དུ་གསལ་བཏབ་ལ། དམར་ནག་གྲུ་གསུམ་དབང་གི་ཚིག་རྐང་དྲུག་པོའི་རྗེས་སུ། བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྦྱར་བའི་ཚིག་བདུན་པོས་གསོལ་བ་བཏབ། དེ་བཞིན་གཤིན་རྗེའི་གཤེད་ལ། མཐིང་ནག་ཨེ་ལས་ལ་སོགས་འགྲེའོ། །ཐུན་མཐར་དབང་བཞི་ལེན་པ་ནི། བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །རང་གི་གནས་གསུམ་ཐིམ་པས་བྱིན་གྱིས་བརླབས། །སླར་ཡང་བླ་མ་འཁོར་བཅས་འོད་དུ་ཞུ། །ཚངས་པའི་ལམ་ནས་སྙིང་གི་ཐིག་ལེར་ཐིམ། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །སེམས་ཉིད་གཉུག་མ་ཆོས་སྐུའི་ངང་བཞག་པས། །སྒྲིབ་པ་བཞི་དག་དབང་བཞིའི་ཡེ་ཤེས་ཐོབ། །ལམ་བཞི་འབྱོངས་ཤིང་སྐུ་བཞི་མངོན་གྱུར་པའི། །བྱིན་རླབས་དབང་བསྐུར་མ་ལུས་ཐོབ་པར་གྱུར། ཅེས་བསམ་ལ་བཛྲ་གུ་རུ་ཅི་རིགས་བགྲང་མཐར། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་སྨོན་ལམ་གདབ་པར་བྱའོ། །སྔོན་འགྲོའི་ངག་འདོན་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་བསྡེབས་པ་དགེ་ལེགས་འཕེལ།། །།
བདུད་འཇོམས་གཏེར་གསར་སྔོན་འགྲོའི་ངག་འདོན་བསྡུས་པ། འཇིགས་བྲལ་ཡེ་ཤེ་རྡོ་རྗེ།
༄༅། །བདུད་འཇོམས་གཏེར་གསར་སྔོན་འགྲོའི་ངག་འདོན་བསྡུས་པ་བཞུགས་སོ། །དང་པོ་སྦྱོར་བ་བློ་ལྡོག་རྣམ་བཞིའི་ངག་འདོན་ནི། ན་མོཿ བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེནཿ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའཿ སྐྱེས་ཚད་མི་རྟག་འཆི་བའི་ཆོས་ཅན་ཡིནཿ དགེ་སྡིག་ལས་ཀྱི་རྒྱུ་འབྲས་བསླུ་བ་མེདཿ ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོའི་ངངཿ དྲན་ནས་བདག་བློ་ཆོས་ལ་འགྱུར་བར་ཤོགཿ ཅེས་ལན་གང་མང་བརྗོད་ལ་བློ་སྦྱངཿ གཉིས་པ་སྔོན་འགྲོ་དངོས་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ མདུན་གྱི་ནམ་མཁར་སྐྱབས་ཡུལ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཉིད་གུ་རུ་རིན་པོ་ཆེའི་རྣམ་པར་མངོན་སུམ་དུ་བཞུགས་པར་མོས་ལཿ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བརཿ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིཿ ཞེས་ཕྱག་དང་སྦྲགས་ཏེ་ཅི་ནུས་སུ་བརྗོདཿ གཉིས་པ་སེམས་བསྐྱེད་པ་ནིཿ སྐྱབས་ཡུལ་དཔང་པོར་གསོལ་ཏེཿ ད་ནས་བཟུང་སྟེ་འཁོར་བ་མ་སྟོང་བརཿ མར་གྱུར་སེམས་ཅན་ཀུན་གྱི་ཕན་བདེ་བསྒྲུབཿ ཅེས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངཿ གསུམ་པ་ཚོགས་བསགས་མཎྜལ་འབུལ་བ་ནིཿ མཎྜལ་ཚོམ་བུ་དངོས་སུ་བཤམས་པ་དཔེར་མཚོན་ནསཿ ཚེ་རབས་ཀུན་གྱི་ལུས་དང་ལོངས་སྤྱོད་དཔལཿ ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལཿ
ཞེས་མཎྜལ་གང་མང་འབུལཿ བཞི་བ་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནིཿ རང་ཉིད་ཐ་མར་གནས་པའི་ངང་ནསཿ སྤྱི་བོར་བླ་མ་རྡོར་སེམས་དབྱེར་མེད་པའིཿ སྐུ་ལས་བདུད་རྩིའི་རྒྱུན་བབས་སྒྲིབ་སྦྱངས་གྱུརཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཿ མ་ནུ་པཱ་ལ་ཡཿ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཿ དྲྀ་ཌྷོ་མེ་བྷ་ཝཿ སུ་ཏོ་ཥྱོ་མེ་བྷ་ཝཿ སུ་པོ་ཥྱོ་མེ་བྷ་ཝཿ ཨ་ནུ་རཀྟོ་མེ་བྷ་ཝཿ སརྦ་སིདྡྷི་མྨེ་པྲ་ཡ་ཙྪཿ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱནཿ སརྦ་ཏ་ཐཱ་ག་ཏཱཿ བཛྲ་མ་མེ་མུཉྩཿ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་བཅས་ཡིག་བརྒྱ་དངཿ ཨོཾ་བཛྲ་ས་ཏྭ་ཧཱུྃཿ ཞེས་ཡིག་དྲུག་ཅི་ནུས་སུ་བཟླས་མཐརཿ འོད་ཞུ་བདག་སྣང་དང་འདྲེས་རོ་གཅིག་གྱུརཿ ཞེས་རྡོར་སེམས་རང་ལ་བསྡུས་ཏེ་མཉམ་པར་བཞགཿ ལྔ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མདུན་མཁའ་རུཿ རྩ་བའི་བླ་མ་པདྨའི་སྐུ་བཞེངས་གྱུརཿ དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་སྐུཿ རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབསཿ འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངཿ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབསཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ སྐུ་གསུང་ཐུགས་ཀྱི་དབང་བྱིན་ཡོངས་རྫོགས་ཐོབཿ བཛྲ་གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃཿ བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་ངང་། །རིག་སྟོང་དོན་གྱི་བླ་མའི་རང་ཞལ་བལྟཿ དྲུག་པ་འཕོ་བ་ནི། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབསཿ ཞེས་ལན་གང་མང་བརྗོད་ལ་འཕོ་བའི་འདུན་པ་བྱཿ བདུན་པ་ལུས་སྦྱིན་དགེ་བསྔོ་ནིཿ ད་ནི་ལུས་དང་ལོངས་སྤྱོད་དགེ་རྩར་བཅསཿ མར་གྱུར་འགྲོ་ལ་ཕངས་བ་མེད་པར་བཏངཿ འགྲོ་དོན་རླབས་ཆེན་གེགས་མེད་འགྲུབ་པར་ཤོགཿ ཅེས་སོགས་སྨོན་ལམ་ནན་ཏན་དུ་གདབ་བོཿ ཞེས་གཏེར་གསར་སྔོན་འགྲོའི་ངག་འདོན་རྒྱས་པ་མི་ཤེས་ཤིང་མི་ལྕོགས་པའི་རིགས་ལ་ཕན་ཕྱིར་སྔོན་འགྲོའི་ངག་འདོན་བསྡུས་པ་འདིའི་གནད་དོན་གོ་བདེའི་གསལ་འདེབས་ས་བཅད་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་དོན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག། སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་འགྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀཱ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་བཅུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུངས། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་གྲགས་དཔལ་འབྱོར་སྤེལ། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ༧པའི་ཚེས་༣གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ། །
ཡུལ་དམ་པ་ལ་གསོལ་བ་འདེབས་པ་རིས་མེད་དད་པའི་ལྷ་ལམ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ཡུལ་དམ་པ་ལ་གསོལ་བ་འདེབས་པ་རིས་མེད་དད་པའི་ལྷ་ལམ་ཞེས་བྱ་བ་བཞུགས་སོ། །ཨེ་མ། པད་དཀར་ལྟར་བསྔགས་མཚུངས་མེད་སྟོན་པ་དེའི། །མདོ་སྔགས་བསྟན་པ་རིན་ཆེན་རྗེས་ཞུགས་པ། །འཕགས་བོད་རྒྱ་ནག་ཤམྦྷ་ལ་སོགས་ཀྱི། །བསྟན་འཛིན་དམ་པ་རྣམས་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྙེས་ལོ་པཎ་མཆོག་རྣམས་ཀྱིས། །ལེགས་བསྒྱུར་མདོ་སྔགས་སྤྱི་དང་ནང་རྒྱུད་གསུམ། །ཁྱད་པར་རྫོགས་པ་ཆེན་པོའི་སྲོལ་འཛིན་པ། །གསང་སྔགས་རྙིང་མ་པ་ལ་གསོལ་བ་འདེབས། །གྲུབ་ཆེན་ནཱ་རོ་པ་དང་མི་ཏྲི་པའི། །གདམས་ཟབ་སྐོར་དང་ཁྱད་པར་ཕྱག་ཆེན་ཀྱི། །ཉམས་ལེན་བྱིན་རླབས་བརྒྱུད་པ་གཙོར་འདོན་པ། །འགྲོ་མགོན་བཀའ་བརྒྱུད་པ་ལ་གསོལ་བ་འདེབས། །མགོན་པོ་བིརྦ་པ་ཡི་ཐུགས་བཅུད་ཆོས། །གདམས་སྐོར་སྤྱི་དང་ཁྱད་པར་ལམ་འབྲས་ཀྱི། །བཤད་དང་སྒྲུབ་པའི་བསྟན་པ་གསལ་མཛད་པ། །དཔལ་ལྡན་ས་སྐྱ་པ་ལ༴ དཔལ་ལྡན་ཨ་ཏི་ཤ་ཡི་ལམ་རིམ་ལ། །ཉམས་ལེན་གཙོར་མཛད་མདོ་སྔགས་ལམ་གྱི་གནད། །འཇམ་དཔལ་སྙིང་བོའི་རང་ལུགས་གཙོར་འཛིན་པ། །རི་བོ་དགེ་ལྡན་པ་ལ༴ འཁོར་ལོ་ཐ་མའི་མདོ་དང་དུས་འཁོར་གྱི། །དགོངས་དོན་གཙོར་བཟུང་བདེ་གཤེགས་སྙིང་བོ་ཡི། །དོན་ལ་ངེས་རྙེད་རྡོ་རྗེའི་རྣལ་འབྱོར་ཅན། །རྗེ་བཙུན་ཇོ་ནང་པ་ལ་གསོལ་བ་འདེབས། །དཔལ་ལྡན་ཤངས་པ་གཅོད་ཡུལ་ཞི་བྱེད་དང་། །བསྙེན་སྒྲུབ་པ་སོགས་ཟབ་མོའི་གདམས་པའི་སྐོར། །གངས་ཅན་འདི་ན་ཇི་སྙེད་མཆིས་པ་ཡི། །རིས་བྲལ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཕྱོགས་ལྷུང་ཞི་ཞིང་ཕྱོགས་མེད་མོས་གུས་འབར། །བསྟན་འཛིན་ཚོགས་རྣམས་ཐུགས་མཐུན་རྒྱལ་ཁམས་བདེ། །བསྟན་པ་ཡུན་རིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་ས་ཕག་ཟླ་༡༠ཚེས་༡༤ལ་མི་ཕམ་པས་ཡིད་ལ་འཕྲལ་ཤར་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག།།
ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་སྐྱབས་སེམས་ཚད་མེད་བཞི་སྒོམ་པའི་རིམ་པ།
༄༅། །ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་སྐྱབས་སེམས་ཚད་མེད་བཞི་སྒོམ་པའི་རིམ་པ་ནིི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ། ས་གཞི་བྱིིན་གྱིས་བརླབས་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱི་མི་ཁྱབ་པའི་སྟོབས་གྱིས་དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། སྥ་ར་ཎ་ཁཾ། ལན་གསུམ། མཆོད་རྫས་བྱིན་བརླབས་ནི། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མི་ཡི་ཡོ་བྱད་དམ་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། མཆོད་པའི་སྤྲིན་གཟུང་ནི། ན་མོ་རཏྣ་ཏྲ་ཡ་ཡཱཿཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ན་ཡེ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛྭ་བཛྲེ་མ་ཧཱ་བིདྱ་བཛྲེ་མ་ཧཱ་བོ་དྷི་ཙིཏྟ་བཛྲེ་མ་ཧཱ་བོ་དྷི་མཎྚོ་པ་སཾ་པྲ་མ་ཎ་བཛྲེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ན་བཛྲེ་ཡེ་སྭཱ་ཧཱ། ལན་གསུམ་མཐར་གཞུང་གང་ཡིན་ལ་འཇུག་གོ །
སྐྱབས་འགྲོ་ཡན་ལག་དྲུག་པ།
༄༅། །སྐྱབས་འགྲོ་ཡན་ལག་དྲུག་པ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། སྐྱབས་འགྲོ་ཡན་ལག་དྲུག་པ་འདི་ལ་དོན་བཞི་ལས། དང་པོ་མཚན་གྱི་དོན། རྒྱ་གར་སྐད་དུ། ཥ་ཌཱདྒ་ཤ་ར་ཎཾ། བོད་སྐད་དུ། སྐྱབས་འགྲོ་ཡན་ལག་དྲུག་པ། གཉིས་པ་འགྱུར་གྱི་ཕྱག་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གསུམ་པ་གཞུང་གི་དོན་ལ་གཉིས། བརྩམ་པར་དམ་བཅའ་བ་བསྡུས་དོན་དང་བཅས་པ་དང་། གཞུང་དོན་དངོས་བཤད་པའོ། །དང་པོ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་བཤད། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ཅིའི་འགྲོ་ཡུལ་དུས་དགོས་པ་དང་། །ཕན་ཡོན་བསླབ་བྱ་བླང་བ་རྣམས། །རྩ་བ་སྡོམ་དུ་བཤད་པ་ཡིན། །གཉིས་པ་ལ་རྒྱས་པར་བཤད་པ་ལ་རིམ་པར། འཁོར་བ་ལ། འཇིགས་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ། །གནས་གསུམ་བསྟན་པའི་ཡུལ་དེ་ལ། །འདི་ནས་བྱང་ཆུབ་ཐོབ་བར་རོ། །མུ་སྟེགས་སྤྱོད་ལས་ལོག་པ་ཡིན། །ངན་སོང་གསུམ་དུ་མི་སྐྱེ་སྡོམ་པ་གོང་མའི་རྟེན་དུ་འགྱུར། །བར་ཆད་མེད་ཅིང་ནད་ཉུང་ཚེ་རིང་། སྡིག་སྒྲིབ་འབྱང་ཞིང་ཚོགསབསགས་པའི་ཕན་ཡོན་ནོ། །སོ་སོའི་བསླབ་བྱ། སྐྱབས་གསུམ་དང་པོའི་བསླབ་བྱ་ནི། །གནོན་སྦྱིན་མི་བསྟེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤངས་ཤིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པར་བརྟག །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླང་། །གང་ཟག་དག་དང་མ་དག་ལས། །དམ་པར་བལྟ་བར་བྱ་བ་ཡིན། །ཐུན་མོང་གི་བསླབ་བྱ། ལུས་སྲོག་ཕྱིར་ཡང་གསུམ་མི་སྤང་། །དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །ཆེ་བའི་ཡོན་ཏན་རྟག་ཏུ་དྲན། །ཟས་དག་གིས་ནི་མཆོད་པ་ཡིན། །རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །བླང་བ་དང་པོར་ཤེས་པར་བྱ། །འཇིགས་པ་བྱུང་ཚེ་བསྐུལ་མ་ཡིན། །བཞི་བ་འཇུག་དོན་གི་དོན། རྒྱུད་ལ་ཤེས་བྱ་མང་མཆིས་ཀྱང་། །རྒྱལ་བློན་ཡིད་ཆེས་མ་གྱུར་པས། །སྐྱབས་འགྲོའི་ཆོ་ག་བདག་གིས་བཤད། །ལེགས་པར་བྲིས་ཤིག་ཀུ་མཱ་ར། །བསོད་ནམས་འགྲོ་བ་ཡོངས་ལ་བསྔོ། །སྐྱབས་འགྲོ་ཡན་ལག་དྲུག་པ་སློབ་དཔོན་ཆེན་པོ་དྲི་མེད་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།འདི་ལ་འགྱུར་བྱང་མི་སྣང་ཡང་། ལྟ་གཅིག་དཱི་པཾ་ཀ་རའི་ཐུགས་དམ་ཆོས་ཆུང་བརྒྱ་རྩའི་གྲངས་སུ་བཞུགས་པས་ཚད་མར་བཟུང་ངོ་། །དཔེ་འདི་སྤར་མ་དཔེ་རྙིང་རྩ་ཆེན་ཞིག་མཁན་ཚུལ་ཁྲིམས་མཐར་ཕྱིན་གྱི་ཕྱག་དཔེ་ལས་ཁོ་བོ་བྱང་ཆུབ་རྒྱ་མཚོས་རྙེད་དེ་འཛུད་པའོ། །
སྐྱབས་འགྲོ་ཡན་ལག་དྲུག་པའི་བསྐྱུད་བྱང་ཟིན་མ་ཊཱིཀ །ལོ་ཆེན་དྷརྨ་ཤྲཱི།
༄༅། །སྐྱབས་འགྲོ་ཡན་ལག་དྲུག་པའི་བསྐྱུད་བྱང་ཟིན་མ་ཊཱིཀ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་དུ་སྐུ་འཁྲུངས་པའི་པཎྜི་ཏ་ཆེན་པོ་བི་མ་མི་ཏྲས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་འཆད་པ་ལ་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ། ཕྱག་དང་དམ་བཅའ་བའོ། །དང་པོ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པའི་སྐབས་སུ་བྱེད་པའི་མུ་བཞི་དང་སྦྱར་ན། ཕྱག་གང་གིས། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར་བཙལ་བའོ། །དང་པོ་གང་གིས་ན། པཎ་ཆེན་བི་མ་ལས་བོད་དུ་བསྟན་བཅོས་རྩོམ་པའི་ཐོག་མར་རོ། །གང་ལ་ན། གཞུང་གི་བརྗོད་བྱ་དང་བསྟུན་ཏེ་དཀོན་མཆོག་གསུམ་ལའོ། །ཚུལ་ཇི་ལྟར་ན། སྒོ་གསུམ་གུས་པའི་ཚུལ་གྱིས་སོ། །དགོས་ཆེད་ཅིའི་ཕྱིར་ན། རང་ཉིད་ཡ་རབས་ཀྱི་ཚུལ་དང་མཐུན་ཞིང་། རང་གཞན་གྱི་རྒྱུད་ལ་ཕན་ཡོན་ཁྱད་པར་ཅན་ཐོབ་པའི་ཆེད་དུའོ། །
གཉིས་པ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་བཤད། །ཅེས་པའི་སྐབས་སུའང་། གང་གིས་ན། བི་མ་ལས། གང་འཆད་ན། སྐྱབས་འགྲོའི་རང་བཞིན་དང་བསླབ་བྱ་རྣམས། ཇི་ལྟར་ན་ཡན་ལག་དྲུག་གི་སྡོམ་དུ་བསྡུས་ནས་འཆད་བཞེད་པས། ཅིའི་ཕྱིར་ན། བརྩམ་པ་མཐར་ཕྱིན་པར་བྱ་བའི་ཆེད་དུའོ། །གཉིས་པ་ལ། ས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། ཚིག་དོན་བཀྲལ་བའི་སྒོ་ནས་རྒྱ་ཆེར་བཤད་པའོ། །དང་པོ་ནི། ཅི་འགྲོ་དགོས་དང་ཡུལ་དུས་དང་། །ཕན་ཡོན་བསླབ་བྱ་བླང་བ་རྣམས། །རྩ་བའི་སྡོམ་དུ་བཤད་པ་ཡིན། །ཞེས་པས་དྲུག་སྟེ། ཅིའི་ཕྱིར་སྐྱབས་སུ་འགྲོ་བའི་དགོས་པ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ཙམ་སྐྱབས་སུ་འགྲོ་བའི་དུས། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན། གང་ལ་སྐྱབས་སུ་སོང་བའི་བསླབ་བྱ། ཇི་ལྟར་སྐྱབས་འགྲོ་བླང་བའི་ཆོ་གའོ། །
གཉིས་པ་ལ། སྤྱིར་སྐྱབས་འགྲོའི་ངོ་བོ་ནི། ཡུལ་མཆོག་ལ་བརྟེན་པར་ཁས་ལེན་པའི་སེམས་པ་ས་བོན་དང་བཅས་པའོ། །
སྒྲ་དོན་ནི། ཤ་ར་ཎ་གཙྪ་མི། ཞེས་བྱ་བ་སྐྱོབ་པས་ན་སྐྱབས། དེ་ལ་བརྟེན་པར་བསྙེན་པས་ན་འགྲོ་བའོ། །
དབྱེ་ན། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་གཉིས། དང་པོ་ལ། བློ་འཇིག་རྟེན་པ་དང་། ཡུལ་འཇིག་རྟེན་པ་གཉིས། གཉིས་པ་ལ། ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་ཏེ་བཞིའོ། །དེ་དག་གཏན་ལ་དབབ་པ་ལ་དྲུག་ལས། དང་པོ་ཅིའི་ཕྱིར་སྐྱབས་སུ་འགྲོ་བའི་དགོས་པ་ནི། འཇིགས་དང་ཡོན་ཏན་དྲན་པས་འགྲོ། །ཞེས་པའི་སྐབས་སུ། སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པས་ཉེན་པ་སྟེ། རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་། རང་དབང་ཐོབ་པར་ཡོད་ན་སུ་ལའང་སྐྱབས་འཚོལ་མི་དགོས་པའི་ཕྱིར། འཇིགས་པ་ལས་སྐྱོབ་པའི་ཆེད་དུ་སྐྱོབ་ནུས་པའི་ཡོན་ཏན་དྲན་པས་འགྲོ་བའོ། །དེ་ལའང་གང་ཟག་གི་རིགས་གསུམ་སྟེ། ཆུང་ངུ་ནི་ངན་སོང་ལ་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་འདོད་པས་སྐྱེལ་མ་ལྟ་བུའི་ཚུལ་གྱིས་འགྲོ། །འབྲིང་ནི་འཁོར་བས་སྐྲག་ནས་རང་དོན་དུ་ཞི་བདེ་འདོད་པས་འགྲོ། ཆེན་པོ་ནི་སྲིད་ཞིའི་འཇིགས་པས་ཉེན་ནས་མི་གནས་པའི་མྱང་འདས་འདོད་པའི་ཕྱིར་འགྲོ་བའོ། །དང་པོ་ནི། རྒྱུ་འཇིགས་པ་དང་འདོད་པ་གཙོ་ཆེ་བའི་གང་ཟག་གྲུབ་མཐའ་ལ་མ་ཞུགས་པ་དང་། ཞུགས་ནའང་ཕྱི་རོལ་པ་དང་ནང་པའི་ཁོངས་སུ་གཏོགས་ཙམ་གྱི་རིགས་ཅན་ནོ། །གཉིས་པ་ནི། རྒྱུ་སྔ་མ་གཉིས་ཀྱི་སྟེང་དུ་དད་པ་གཙོ་ཆེ་བའི་ཉན་རང་གི་རིགས་ཅན་ནོ། །གསུམ་པ་ནི། རྒྱུ་སྔ་མ་གསུམ་གྱི་སྟེང་དུ་སྙིང་རྗེ་གཙོ་ཆེ་བའི་ཐེག་ཆེན་གྱི་རིགས་སོ། །དེ་ལྟར་ཡང་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལྡོག་དེ་དག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། །
གཉིས་པ་གང་ལ་འགྲོ་བའི་ཡུལ་ནི། གནས་གསུམ་བསྟན་པའི་ཡུལ་དེ་ལ། །ཞེས་པའི་སྐབས་སུ། ཡུལ་གྱི་ཁྱད་པར་ལ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་གཉིས། དང་པོ་ལ། ཡུལ་དམན་པ་དང་། མཆོག་གཉིས། དང་པོ་ནི། རི་དང་རྫོང་ལ་སོགས་པ་སེམས་མེད་དང་། ལྷ་མཐུ་བོ་ཆེ་ལ་སོགས་ཏེ་མི་མ་ཡིན་དང་། རྒྱལ་པོ་སོགས་མིའི་འགྲོ་བ་ཁ་དྲག་པ་རྣམས་སོ། །དེ་དག་གིས་འཁོར་བ་ལས་སྐྱོབ་མི་ནུས་པས་ན་འཇིག་རྟེན་པ་སྟེ། རང་ཉིད་ཀྱང་འཁོར་བའི་བཙོན་ར་ནས་མ་ཐར་བའི་ཕྱིར། དེ་ལྟར་ཡང་མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་མི་འགྱུར། །ཞེས་སོ། །གཉིས་པ་ནི། འཇིགས་སྐྱོབ་དང་ལེགས་སྨོན་ཙམ་ལ་བརྟེན་པ་བློ་འཇིག་རྟེན་པས་ཡུལ་དུ་བཞག་པའི་དཀོན་མཆོག་གསུམ་ལྟ་བུའོ། །གཉིས་པ་ནི། རྣམ་གྲོལ་དོན་གཉེར་གྱི་སྐྱབས་ཡུལ་དཀོན་མཆོག་གསུམ་སྟེ། གནས་སྐབས་འཁོར་བའི་འཇིགས་པ་ལས་བསྐྱབས་ནས། མཐར་ཐུག་ངེས་ལེགས་ལ་འགོད་ནུས་པས་བསླུ་བ་མེད་པའི་སྐྱབས་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད༔ ཅེས་གསུངས་པའི་ཕྱིར། འགྲོ་ཚུལ་ཡང་། ཉན་ཐོས་པས་དགེ་འདུན་གྱིས་གཙོ་བྱས་པའི། རང་རྒྱལ་གྱིས་ཆོས་ཀྱི་གཙོ་བྱས་པའི། ཐེག་ཆེན་ནི་སངས་རྒྱས་ཀྱིས་གཙོ་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །ཐེག་པ་ཆེ་ཆུང་གཉིས་སྐྱབས་ཡུལ་གྱི་ངོས་འཛིན་ལུགས་ཀྱང་མི་འདྲ་སྟེ། ཐེག་དམན་གྱི་ལུགས་ནི། སངས་རྒྱས་སུ་བྱེད་པའི་ཆོས་ཐེག་ཆེན་མི་སློབ་པའི་ལམ་བདེན། དགེ་འདུན་དུ་བྱེད་པའི་ཆོས་ཐེག་ཆེན་སློབ་པ་དང་ཐེག་དམན་མི་སློབ་པའི་ལམ་བདེན། ཆོས་མྱང་འདས་ཀྱིས་བསྡུས་པའི་འགོག་བདེན་ཏེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །དེ་ལའང་བྱེ་བྲག་ཏུ་སྨྲ་བ་ལྟར་ན། སངས་རྒྱས་དང་དགེ་འདུན་གཉིས་ཀྱི་རྟེན་གཟུགས་སྐུ་སྐྱབས་གནས་སུ་མི་འདོད། མདོ་སྡེ་པ་བརྟེན་པ་ལམ་བདེན་རྟེན་གཟུགས་སྐུ་དང་བཅས་པ་སྐྱབས་གནས་སུ་འདོད་དོ། །ཐེག་པ་ཆེན་པོ་ལའང་བཞེད་ལུགས་ཐ་དད་པ་ཡོད་ཀྱང་། འདིར་སྤྱི་ཐུན་མོང་བའི་དབང་དུ་བྱས་ན། མདོ་སྔགས་གཉིས་འདྲ་བ་ཡིན་ཏེ། དེ་ལ་གསུམ། མངོན་པར་རྟོགས་པའི་ཡུལ། མདུན་བཞག་གི་ཡུལ། དེ་ཁོ་ན་ཉིད་ཀྱི་ཡུལ་ལོ། །དང་པོ་ནི། སངས་རྒྱས་དཀོན་མཆོག་ནི་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་དོན་གཉིས་ཕུན་སུམ་ཚོགས་པའོ། །ཆོས་དཀོན་མཆོག་ལ། རྟོགས་པའི་དམ་ཆོས་ངོ་བོ་སྨྲ་བསམ་བརྗོད་མེད། རང་བཞིན་སངས་རྒྱས་སུ་འགྲོ་བའི་ལམ། རྣམ་པ་འགོག་ལམ་གྱི་མཚན་ཉིད་ཅན་ནོ། །ལུང་གི་དམ་ཆོས་ནི། རྟོགས་པའི་དམ་ཆོས་བརྗོད་བྱར་སྟོན་པའི་རྣམ་དཀར་གྱི་ལེགས་བཤད་མིང་ཚིག་ཡི་གེར་སྣང་བའི་རྣམ་པ་ཅན། དགེ་འདུན་ནི། ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་དང་། རྗེས་མཐུན་ཐེག་ཆེན་ཚོགས་སྦྱོར་ལ་གནས་པ་དང་། ཐེག་ཆུང་གི་གང་ཟག་ཟུང་བཞི་ཡ་བརྒྱད་རྣམས་སོ། །
གཉིས་པ་ནི། སྐུ་གཟུགས། གླེགས་བམ། སོ་སྐྱེའི་དགེ་འདུན་ཁྲིམས་ལྡན་རྣམས་དཀོན་མཆོག་གསུམ་དངོས་ཡིན་པར་མོས་པའོ། །
གསུམ་པ་ནི། སངས་རྒྱས་ཁོ་ན་མཐར་ཐུག་གི་སྐྱབས་ཡིན་གྱི། གཞན་གཉིས་ནི་མ་ཡིན་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་སོ། །སངས་རྒྱས་ཀྱང་ཆོས་སྐུ་ཁོ་ན་ཡིན་ཏེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །ཆོས་སྐུ་དེ་ཡང་གཞན་རྒྱུད་ལ་བྱོན་ཟིན་པ་ནི་རྒྱུའི་སྐྱབས་ཡིན་ལ། འབྲས་བུའི་སྐྱབས་ནི། རང་གི་སེམས་ཀྱི་ཆོས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་པ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །དཀོན་མཆོག་གི་སྒྲ་དོན་ནི། རཏྣ་ཞེས་པའི་སྒྲ་ལས། རིན་པོ་ཆེ་དང་ཆོས་མཐུན་པ་དྲུག་གིས་དཀོན་མཆོག་ཏུ་བཞག་སྟེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །
གསུམ་པ་ཇི་ཙམ་སྐྱབས་སུ་འགྲོ་བའི་དུས་ནི། འདི་ནས་བྱང་ཆུབ་ཐུག་བར་དུ། ཞེས་པའི་སྐབས་སུ། སྤྱིར་དུས་ཀྱི་ཁྱད་པར་ནི། འཇིག་རྟེན་པ་ཚེ་འདི་ཕྱིའི་རང་དོན་ཕྲ་མོ་མ་ཐོབ་ཀྱི་བར་དང་། ཉན་རང་གཉིས་ཚེ་ཇི་སྲིད་འཚོའི་བར་དུ་འགྲོ་བར་འདོད། འདིར་ཐེག་པ་ཆེན་པོ་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་འགྲོ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་སོ། །
བཞི་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི། མུ་སྟེགས་སྤྱོད་ལས་ལོག་པ་ཡི། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་ཅིང་ནད་ཉུང་རིང་། །འབྱང་ཞིང་བསགས་པའི་ཕན་ཡོན་ནོ། །ཞེས་པས་བདུན་ཏེ། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ། ངན་སོང་དུ་མི་ལྟུང་བ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ། ནད་ཉུང་ཞིང་ཚེ་རིང་བ། སྔར་བྱས་ཀྱི་ལས་སྒྲིབ་འབྱང་བ། རྒྱུ་ཚོགས་གཉིས་རྫོགས་པས་མྱུར་དུ་འཚང་རྒྱ་བའོ། །དང་པོ་ནི། ཚངས་པ་དང་བརྒྱ་སྦྱིན་ལ་སྐྱབས་འཆའ་བ་སོགས་མུ་སྟེགས་ཀྱི་སྤྱོད་པ་ལས་ལོག་ནས། དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པས་ཏེ་ཕྱི་ནང་སྐྱབས་འགྲོས་འབྱེད་པར་མཁས་པ་རྣམས་བཞེད་པའི་ཕྱིར་རོ། །གཉིས་པ་ནི། ལྷའི་བུ་ཕག་ཏུ་སྐྱེ་བར་འགྱུར་བ་སྐྱབས་འགྲོ་བྱས་པས་ལྡོག་པར་གསུངས་པ་བཞིན་ཏེ། ཕག་གི་རྟོགས་བརྗོད་ལས། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །ཞེས་སོགས་གསུངས་སོ། །གསུམ་པ་ནི། སྐྱབས་འགྲོས་སྡོམ་པའི་རྒྱུ་མྱང་འདས་ཀྱི་བསམ་པ་བརྟན་པར་བྱེད་པའི་ཕྱིར་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་སོ། །བཞི་པ་ནི། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཞེས་སོ། །ལྔ་པ་ནི། མདོ་སྡེ་རྒྱན་ལས། ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་ན་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །ཅེས་སོ། །དྲུག་པ་ནི། སྔོན་བསགས་ཀྱི་ལས་སྒྲིབ་རྣམས་བསྲབས་ཤིང་ཟད་པར་འགྱུར་བའི་ཕྱིར་རོ། །བདུན་པ་ནི། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་སོ། །མདོར་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་རིམ་པ་ལྟར། མཐར་ཐུག་སངས་རྒྱས་འགྲུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་འདུ་བའི་རྟེན་འབྲེལ་དུ་འགྱུར་བ་ཡིན་ནོ། །
ལྔ་པ་གང་ལ་སྐྱབས་སུ་སོང་བའི་བསླབ་བྱ་ལ་གཉིས། ཐུན་མོང་མ་ཡིན་པའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ། དགག་པ་དང་། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། སྐྱབས་གསུམ་དང་པོའི་བསླབ་བྱ་ནི། གནོད་སྦྱིན་མི་བསྟེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤང་ཞིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །ཞེས་པ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་ནས། འཇིག་རྟེན་ལྷ་ལ་རེ་ལྟོས་བཀལ་ནས་སྐྱབས་སུ་མི་བསྟེན་ཅིང་ཕྱག་མི་འཚལ་ཏེ། གནས་སྐབས་ཆོས་ལྡན་གྱི་བྱ་བ་འགའ་ཞིག་འཚོལ་བའི་ཕྱིར་ཕྱག་མཆོད་བྱས་པ་ཙམ་ལ་ནི་འགལ་བ་མེད་དོ། །ཆོས་ལ་སྐྱབས་སུ་སོང་ནས། སེམས་ཅན་ལ་བརྡེག་པ་དང་འཆིང་བ་སོགས་གནོད་འཚེའི་བསམ་སྦྱོར་སྤངས་ཏེ་བརྩེ་བར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས། གྲོགས་མུ་སྟེགས་ཅན་དངོས་སམ། ནང་པར་རློམ་ནའང་དཀོན་མཆོག་གསུམ་ལ་ཡིད་མི་ཆེས་པའི་སྡིག་ལྟ་ཅན་དང་འགྲོགས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །གཉིས་པ་ནི། སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པར་བལྟ། །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླང་། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །ཞེས་པ་སྟེ། ཐ་ན་སྐུ་གཟུགས་ཀྱི་ཆག་དུམ་ཙམ་དང་། གསུང་རབ་ཚིགས་སུ་བཅད་པ་གཅིག་ཙམ་དང་། དགེ་འདུན་གྱི་ན་བཟའ་ལྷན་པ་སེར་པོ་བཏབ་པ་ཙམ་ལའང་གུས་པར་བྱ་དགོས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་སངས་རྒྱས་ལ་སྐྱབས་སུ་སོང་ནས་སྐུ་གཟུགས་ལེགས་ཉེས་ཅི་འདྲ་ཞིག་ལའང་མི་གུས་པ་དང་བརྙས་པ་སྤངས་ནས་སྟོན་པ་ལྟར་བཀུར་བའི་ཞིང་དུ་གཟུང་བར་བྱ་སྟེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་སོ། །ཆོས་ལ་སྐྱབས་སུ་སོང་ནས་བཀའ་དགོངས་འགྲེལ་དང་བཅས་པའི་གླེགས་བམ་ཐམས་ཅད་ལ་སྐུར་འདེབས་ལ་སོགས་པའི་ལས་སྤངས་ནས་གུས་པར་བྱ་བ་སྟེ། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་སོ། །དགེ་འདུན་ལ་སྐྱབས་སོང་ནས་གང་ཟག་དག་པ་སྡོམ་བརྩོན་དང་། སྡེ་སྣོད་འཛིན་པ་རྣམས་སུ་མ་ཟད། ཐ་ན་རབ་བྱུང་གི་རྟགས་ཙམ་འཛིན་པའི་གང་ཟག་མ་དག་པ་ཡན་ཆད་ལ་ཡང་བརྙས་པ་དང་རིས་སུ་གཅོད་པ་སོགས་སྤངས་ནས་དགེ་འདུན་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པར་བྱ་སྟེ། ལྷག་བསམ་བསྐུལ་བའི་མདོ་ལས། ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པར་ཡོངས་མི་བྱ། །ཞེས་སོ། །
གཉིས་པ་ཐུན་མོང་གི་བསླབ་བྱ་ལ་བཞི་སྟེ། ཁེ་ཇི་ལྟར་ཆེ་ཡང་དཀོན་མཆོག་མི་སྤང་བ། ཅི་ལ་ཐུག་ཀྱང་སྐྱབས་གཞན་ནས་མི་འཚོལ་བ། རྟག་ཏུ་ཡོན་ཏན་དྲན་ཞིང་མཆོད་པ། ཕན་ཡོན་དྲན་པས་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བའོ། །དང་པོ་ནི། ལུས་སྲོག་གཙིགས་དང་བྱ་དགའི་ཕྱིར། །དཀོན་མཆོག་གསུམ་པོ་མི་སྤང་ངོ་། །ཞེས་པ་སྟེ། འདུལ་བ་ལུང་ལས། ཁྱོད་ཀྱི་སྲོག་དང་། རྒྱལ་སྲིད་དང་། ཐ་ན་བཞད་གད་ཀྱི་ཕྱིར་དུའང་དཀོན་མཆོག་གསུམ་སྤང་བར་མི་བྱའོ། །ཞེས་སོ། །གཉིས་པ་ནི། དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །ཞེས་པས་ནད་དང་སྡུག་བསྔལ་སོགས་རྐྱེན་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བློ་གཏོད་པ་ལས་འཇིག་རྟེན་པའི་ཐབས་གཞན་མི་འཚོལ་བའོ། །འོ་ན་ནད་ཀྱིས་བཏབ་པའི་རིམ་གྲོར་སྔགས་བཟླ། ཀློག་འདོན། སྨན་དཔྱད་སོགས་ཀྱང་བྱར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དེ་དག་ཆོས་དཀོན་མཆོག་གི་ཡན་ལག་ཡིན་པའི་ཕྱིར་སྐུར་པ་མི་གདབ་པར་འབད་པར་བྱའོ། །
གསུམ་པ་ནི། ཆེ་བའི་ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཞིང་མཆོད་པ་ཡིན། །ཞེས་པས། གཉིས་ཏེ། དུས་རྟག་ཏུ་ཡོན་ཏན་དྲན་པར་བྱ་བ་དང་། ཟས་ཀྱིས་མཆོད་པའོ། །དང་པོ་ལ། དཀོན་མཆོག་གསུམ་ལས། སངས་རྒྱས་ཀྱི་ཡོན་ཏན་ནི། མདོ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །ཞེས་སོ། །ཆོས་ཀྱི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། ཞེས་སོ། །དགེ་འདུན་གྱི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་བཞུགས་པ། དྲང་པོར་བཞུགས་པ། རིག་པར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཞེས་སོགས་གསུངས་སོ། །དེ་ལྟར་དྲན་པའི་སྒོ་ནས་བྱ་བ་ཅི་དང་ཅི་བྱེད་ཀྱང་། དཀོན་མཆོག་གསུམ་གྱི་ཞབས་ཏོག་ལ་བསླབ་པ་དང་། གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ་བ་སོགས་ལ་འབད་དོ། །གཉིས་པ་ནི། བཀའ་དྲིན་རྗེས་སུ་དྲན་པས་རྟག་ཏུ་མཆོད་ཅིང་། ཐ་ནའང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་ལ་བསླབ་པར་བྱའོ། །
བཞི་པ་ནི། རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །ཞེས་པས་ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་འགྲོ་བྱ་ཞིང་། ཉེ་འབྲེལ་འཁོར་གཡོག་དང་བཅས་པ་ཐམས་ཅད་ཀྱང་ཅི་ནུས་ཀྱིས་སྐྱབས་སུ་འགྲོར་གཞུག་པའོ། །
དྲུག་པ་སྐྱབས་འགྲོ་བླང་བའི་ཆོ་ག་ནི། བླང་བྱ་དང་པོར་ཤེས་བྱ་བ། །དག་པའི་ཡུལ་ལས་བླང་བར་བྱ། །འཇིགས་པ་བྱུང་ཚེ་བསྐུལ་མ་ཡིན། །ཞེས་པས། ཐོག་མར་དག་པའི་ཡུལ་དགེ་བའི་བཤེས་གཉེན་ལས་བླང་དགོས་པས་དེ་ལ་གསོལ་བ་གདབ། དེས་ཀྱང་ཁས་བླངས་ཏེ། དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པ་བཤམས། མདུན་བཞག་གི་ཡུལ་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་ནས་ཕྱག་མཆོད་བྱེད་དུ་བཅུག་ལ། དགོངས་གསོལ་སྔོན་དུ་འགྲོ་བས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ། །དེ་ནི་བརྡ་ལས་ཐོབ་པ་ཀུན་རྫོབ་ཏུ་དམིགས་པ་དང་བཅས་པ་རྒྱུའི་སྐྱབས་འགྲོའོ། །
དེའི་རྗེས་སུ། འགྲོ་བྱ། འགྲོ་བྱེད་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ། སེམས་ཉིད་གང་དུའང་མི་དམིགས་པ་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པས་སྐྱེ་མེད་ཀྱི་དོན་ཁོང་དུ་ཆུད་པ་ནི་དོན་དམ་པའི་སྐྱབས་འགྲོ་སྟེ། ཆོས་ཉིད་ཀྱིས་ཐོབ་པ་སྨོན་པ་མེད་པ་འབྲས་བུའི་སྐྱབས་འགྲོའོ། །དེ་ལྟར་ཡང་ཡུམ་བར་མ་ལས། རབ་འབྱོར། གང་ལ་སངས་རྒྱས་ཀྱང་མི་དམིགས་ལ། ཆོས་དང་དགེ་འདུན་ཡང་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་འགྲོའོ། །ཞེས་སོ། །དེའང་དང་པོར་ཡུལ་དགེ་བའི་བཤེས་གཉེན་ལས་བླངས་ལ། ཕྱིས་འཇིགས་པས་བསྐུལ་མ་བྱས་ཏེ་གློ་བུར་དུ་བླང་བ་དང་། དུས་དྲུག་ཏུ་བླང་བ་རྣམས་ནི་ཡུལ་རང་བློས་བསམ་པའི་མདུན་དུ་བླང་ངོ་། །
གསུམ་པ་མཇུག་གི་དོན་ལ་བཞི། མཛད་བྱང་སྨོས་པ། ལོ་ཙཱ་བ་ལ་གཏད་པ། དགེ་བ་བསྔོ་བ། མཐར་ཕྱིན་པའི་བྱ་བ་རྫོགས་བྱང་ངོ་། །དང་པོ་ནི། རྒྱུད་ལ་ཤེས་བྱ་མང་མཆིས་ཀྱང་། །རྒྱལ་བློན་ཡིད་ཆེས་མ་གྱུར་ནས། །སྐྱབས་འགྲོའི་ཆོ་ག་བདག་གིས་བཤད། །ཅེས་པས། སློབ་དཔོན་ནི་གནས་ལྔ་རིག་པའི་པཎ་ཆེན་ཡིན་པའི་ཕྱིར། ཐུགས་རྒྱུད་ལ་ཤེས་བྱ་མང་དུ་བཞུགས་མོད་ཀྱང་། འདིར་རྒྱལ་བློན་རྣམས་ཕྱི་ནང་གི་པཎྜི་ཏ་གང་ཡིན་ནམ་སྙམ་དུ་ཐེ་ཚོམ་བསལ་བའི་ཆེད་དུ། རེ་ཞིག་འདི་ཙམ་ཞིག་བཤད་ཅེས་པའོ། །གཉིས་པ་ནི། ལེགས་པར་བྲིས་ཤིག་ཀུ་མཱ་ར། །ཞེས་པས་གཉགས་ལོ་ཆེན་པོ་ལ་གཏད་ཅིང་། དེས་ལེགས་པར་བསྒྱུར་ནས། རྒྱལ་བློན་རྣམས་ལ་བསྟན་ཏེ་ཐེ་ཚོམ་བསལ་ལོ། །གསུམ་པ་ནི། བསོད་ནམས་འགྲོ་བ་ཡོངས་ལ་བསྔོ། །ཞེས་པས་ཐེག་ཆེན་གྱི་སྐྱེས་བུའི་སྤྱོད་པ་ལས་མི་འདའ་བའི་ཕྱིར་བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ་བར་མཛད་པའོ། །བཞི་པ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་རྫོགས་སོ། །ཞེས་པ་ནི། རེ་ཞིག་དེ་ཙམ་གྱིས་རྫོགས་པས་བཤད་དུ་མེད་པའི་དོན་ནོ། །དེ་ལྟར་པཎ་ཆེན་བི་མ་ལས་བོད་དུ་བསྟན་བཅོས་མཛད་པའི་ཐོག་མ་སྐྱབས་འགྲོ་ཡན་ལག་དྲུག་པ་ཞེས་བྱ་བའི་གཞུང་དོན་རང་བློས་གང་སྤོབས་བཀྲལ་ནས་ཚོགས་ཆོས་སུ་བཤད་པའི་ཚེ་བརྗེད་ཐོའི་ཟིན་བྲིས་སུ་སྤེལ་བ་སྟེ་དྷརྨ་ཤྲཱིས་སོ།། ཤུ་བྷཾ།། །།
སྐྱབས་འགྲོའི་ཟིན་བྱང་། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
༄༅། །སྐྱབས་འགྲོའི་ཟིན་བྱང་། ཨོཾ་སྭ་སྟི། རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་དུ་སྐུ་འཁྲུངས་པའི་པཎྚི་ཏ་ཆེན་པོ་བི་མ་ལ་མི་ཏྲས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་འདི་ཉིད་འཆད་པ་ལ་གསུམ་སྟེ།
ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ་གཉིས། ཕྱག་དང་དམ་བཅའ་བའོ། །དང་པོ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
གཉིས་པ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་བཤད། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གཉིས། སྡོམ་གྱིས་མདོར་བསྟན། རྣམ་གྲངས་རྒྱས་པར་བཤད་པའོ། །དང་པོ་ནི། ཅིའི་འགྲོ་དགོས་དང་ཡུལ་དུས་དང་། །ཕན་ཡོན་བསླབ་བྱ་བླང་བ་རྣམས། །རྩ་བའི་སྡོམ་དུ་བཤད་པ་ཡིན། །གཉིས་པ་ལ་དྲུག་ལས། དང་པོ་ཅིའི་ཕྱིར་སྐྱབས་སུ་འགྲོ་བའི་དགོས་པ་ནི། འཇིགས་དང་ཡོན་ཏན་དྲན་པས་འགྲོ། །གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། གནས་གསུམ་བསྟན་པའི་ཡུལ་དེ་ལ། །གསུམ་པ་ཇི་ཙམ་འགྲོ་བའི་དུས་ནི། འདི་ནས་བྱང་ཆུབ་ཐུག་བར་དུ། །བཞི་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི། མུ་སྟེགས་སྤྱོད་ལས་ལོག་པ་ཡི། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་ཅིང་ནད་ཉུང་རིང་། །འབྱང་ཞིང་བསགས་པའི་ཕན་ཡོན་ནོ། །ལྔ་པ་བསླབ་བྱ་བསྟན་པ་ལ་གཉིས། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ། དགག་པ་དང་། སྒྲུབ་པའི་བསླབ་བྱ་གཉིས་ལས། དང་པོ་ནི། སྐྱབས་གསུམ་དང་པོའི་བསླབ་བྱ་ནི། །གནོད་སྦྱིན་མི་བརྟེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤང་ཞིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །གཉིས་པ་ནི། སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པར་བལྟ། །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླངས། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །གཉིས་པ་ཐུན་མོང་གི་བསླབ་བྱ་ལ་བཞི་ལས། དང་པོ་ཁེ་ཇི་ལྟར་ཆེ་ཡང་དཀོན་མཆོག་མི་སྤང་བ་ནི། ལུས་སྲོག་གཙིགས་དང་བྱ་དགའི་ཕྱིར། །དཀོན་མཆོག་གསུམ་པོ་མི་སྤང་ངོ་། །གཉིས་པ་ཅི་ལ་ཐུག་ཀྱང་སྐྱབས་གཞན་མི་འཚོལ་བ་ནི། དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །གསུམ་པ་རྟག་ཏུ་ཡོན་ཏན་དྲན་ཞིང་མཆོད་པ་ནི། ཆེ་བའི་ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཅིང་མཆོད་པ་ཡིན། །བཞི་པ་ཕན་ཡོན་དྲན་པས་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བ་ནི། རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །དྲུག་པ་སྐྱབས་འགྲོ་བླང་བའི་ཆོ་ག་ནི། བླང་བྱ་དང་པོར་ཤེས་བྱ་བ། །དག་པའི་ཡུལ་ལས་བླང་བར་བྱ། །འཇིགས་པ་བྱུང་ཚེ་བསྐུལ་མ་ཡིན། །
གསུམ་པ་མཐའ་མར་དགེ་བ་མཇུག་གི་དོན་ལ་བཞི། མཛད་བྱང་སྨོས་པ། ལོ་ཙཱ་བ་ལ་གཏད་པ། དགེ་བ་བསྔོ་བ། མཐར་ཕྱིན་རྫོགས་བྱང་ངོ་། །དང་པོ་ནི། རྒྱུད་ལ་ཤེས་བྱ་མང་མཆིས་ཀྱང་། །རྒྱལ་བློན་ཡིད་ཆེས་མ་གྱུར་ནས། །སྐྱབས་འགྲོའི་ཆོ་ག་བདག་གིས་བཤད། །གཉིས་པ་ནི། ལེགས་པར་བྲིས་ཤིག་ཀུ་མཱ་ར། །གསུམ་པ་ནི། བསོད་ནམས་འགྲོ་བ་ཡོངས་ལ་བསྔོ། །བཞི་པ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་རྫོགས་སོ། །ཞེས་པའང་བློ་འཛིན་བདེ་བའི་ཕྱིར་ལོ་ཆེན་དྷརྨ་ཤྲཱིའི་ཟིན་མ་ཊིཀ་ལས་ས་བཅད་ཁོལ་དུ་ཕྱུང་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
ཐུབ་ཆོག་བྱིན་རླབས་གཏེར་མཛོད། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ཐུབ་ཆོག་བྱིན་རླབས་གཏེར་མཛོད་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་དང་། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། །ཞེས་གསུངས་པ་བཞིན་དུ། བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པ་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བ་ནི། འདི་ལྟ་སྟེ། སངས་རྒྱས་ཆོས་དང་ཚོགས་སོགས་སྐྱབས་སེམས་དང་། ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པའི་དོན་ཡིད་ལ་དྲན་པའི་ངང་ནས། ཨཿ སྐྱེ་མེད་སྟོང་པ་ཉིད་དང་རྟེན་འབྱུང་གི །སྣང་བ་འགག་མེད་ཟུང་འཇུག་སྒྱུ་མའི་ཚུལ། །རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང་། །སྟོན་པ་མཚུངས་མེད་ཤཱཀྱ་སེང་གེ་ནི། །གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ས་གནོན་ཕྱག་རྒྱ་ལེགས་བརྐྱངས་ཤིང་། །ཕྱག་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །གསེར་གྱི་རི་ལྟར་གཟི་བརྗིད་དཔལ་འབར་བ། །ཡེ་ཤེས་འོད་ཟེར་དྲྭ་བས་མཁའ་དབྱིངས་ཁྱབ། །ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་སོགས། །འཕགས་ཚོགས་རྒྱ་མཚོའི་འཁོར་གྱིས་ཡོངས་བསྐོར་ཞིང་། །དྲན་པ་ཙམ་གྱིས་སྲིད་ཞིའི་མཐའ་གཉིས་ལས། །རྣམ་གྲོལ་བདེ་བ་མཆོག་གི་དཔལ་རྩོལ་བ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། །ཞེས་དེ་ལྟར་སངས་རྒྱས་ཀྱི་སྐུ་ལ་དམིགས་ཏེ་དེ་ན་དངོས་སུ་བཞུགས་ཡོད་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱོགས་དང་དུས་གང་དུའང་ཉེ་རིང་མི་མངའ་བའི་ཕྱིར། གང་དུ་དམིགས་པ་དེ་ཉིད་དུ་ངེས་པར་བཞུགས་པར་འགྱུར་ཏེ། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་ཤིང་། རྒྱལ་བ་ཉིད་ལ་དམིགས་ནས་ཚོགས་བསགས་པའང་མི་ཟད་པའི་དགེ་རྩ་ཆུད་མི་ཟ་བ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་། །ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་འགྱུར་དུ། །འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། །ཞེས་དང་། དེའི་མདུན་དུ་སྨོན་ལམ་ཇི་ལྟར་བཏབ་པ་ཡང་དེ་བཞིན་དུ་འགྲུབ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་དེ། སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ་། །ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོའི་ཚུལ། །ཕྱོགས་བཅུར་རྒྱུན་མི་འཆད་པར་བསྐོར་དུ་གསོལ། །ཁྱོད་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ། །དུས་གསུམ་འཕོ་འགྱུར་མེད་པར་བཞུགས་མོད་ཀྱི། །གདུལ་བྱའི་སྣང་ངོར་སྐྱེ་འཇིག་ཚུལ་སྟོན་ཀྱང་། །སྤྲུལ་པའི་གཟུགས་སྐུ་རྟག་ཏུ་སྣང་བར་མཛོད། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །མཁའ་ཁྱབ་འགྲོ་བ་ཀུན་ལ་ཕན་སླད་དུ། །ཆོས་ཀྱི་རྒྱལ་པོ་རྟག་པར་མཉེས་བྱེད་ཅིང་། །ཆོས་ཀྱི་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །ཐུགས་རྗེས་ལྷག་པར་བཟུང་བའི་བཀའ་དྲིན་ལས། །ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། །སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། །དེ་ཕྱིར་སྐྱབས་མཆོག་མཚུངས་མེད་གཅིག་པུ་རུ། །ཡིད་ཆེས་དད་པས་སྙིང་ནས་གསོལ་འདེབས་ན། །སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་བར། །བྱང་ཆུབ་བར་དུ་ཐུགས་རྗེས་རྗེས་འཛིན་མཛོད། །ཅེས་ཡིད་ཆེས་ཀྱི་དད་པ་དྲག་པོས་སྟོན་པ་དངོས་སུ་བཞུགས་ཡོད་སྙམ་པས་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ཅི་འགྲུབ་དང་། ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཤེར་ཕྱིན་ཡི་གེ་ཉུང་ངུ་ལས་གསུངས་པའི་གཟུངས་ནི། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཅི་རིགས་དང་། ཨོཾ་མན་ཆད་ཅི་འགྲུབ་ཏུ་བཟླའོ། །འདི་དག་གི་སྐབས་སུ་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཏེ་དད་པའི་སེམས་ཀྱིས་རྩེ་གཅིག་ཏུ་སྐུ་ཡི་གསལ་སྣང་ལ་དམིགས་ནས་མཚན་བརྗོད་པ་དང་། གཟུངས་བཟླས་པའི་རྐྱེན་གྱིས་སྟོན་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་དུ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་པར་བསམས་ལ་དེ་ལྟར་ཅི་ནུས་སུ་བརྩོན་པར་བྱའོ། །ཐུན་མཚམས་རྣམས་སུ་མཎྜལ་སོགས་མཆོད་པ་དང་། ཐུབ་བསྟོད་ཀྱི་རིགས་དང་། སྙིང་རྗེ་པད་དཀར། རྒྱ་ཆེར་རོལ་བ། སྐྱེས་རབས་སྣ་ཚོགས། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་སོགས་མདོ་གང་འདོད་ཅི་ལྟར་ནུས་པར་བཀླག །དགེ་བའི་རྩ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །སྤྱིར་འགྲོ་འཆག་ཉལ་འདུག་གི་སྐབས་ཀུན་ཏུ་སྟོན་པ་ཉིད་མ་བརྗེད་པར་དྲན་པ་དང་། མཚན་མོ་ཡང་སྟོན་པ་དངོས་སུ་བཞུགས་པའི་སྐུ་ཡི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མོ་ཤིན་ཏུ་དྭངས་བའི་དུས་ལྟ་བུར་སྣང་བའི་འདུ་ཤེས་ཀྱི་ངང་དུ་གཉིད་ལོག་པར་བྱ། དུས་རྒྱུན་དུ་སྟོན་པ་ཉིད་ཀྱིས་སྔོན་ཇི་ལྟར་ཐུགས་བསྐྱེད་པའི་ཚུལ་ལས་བརྩམས་ཏེ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་རྗེས་སུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་དམ་བཅའ་ལྷོད་པ་མེད་པའི་ངང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་ཁྱད་པར་དུ་ཞི་ལྷག་གི་རྣལ་འབྱོར་ལ་ཅི་ནུས་སུ་བརྩོན་པས་དལ་འབྱོར་ཐོབ་པ་དོན་ལྡན་དུ་འགྱུར་ཏེ། བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་མཚན་ཐོས་པ་ཙམ་ཞིག་གིས་རིམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་མདོ་ལས་གསུངས་ལ། གོང་དུ་བསྟན་པའི་གཟུངས་འདི་ལས་སངས་རྒྱས་ཐམས་ཅད་འབྱུང་ཞིང་། གཟུངས་འདི་རྙེད་པའི་མཐུས་ཤཱཀྱའི་རྒྱལ་པོ་ཉིད་སངས་རྒྱས་ཤིང་། སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་མཆོག་ཏུ་གྱུར་པ་དང་། གཟུངས་འདི་ཐོས་པ་ཙམ་གྱིས་བསོད་ནམས་རྒྱ་ཆེན་པོ་ཚེགས་མེད་པར་འཐོབ་ཅིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། སྔགས་བསྒྲུབ་པ་ན་བགེགས་མ་མཆིས་པར་གྲུབ་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་པ་དེ་ཉིད་ལས་གསུངས་ཤིང་། བཀའ་གཞན་ལས་ཀྱང་གཟུངས་འདི་ལན་གཅིག་བཟླས་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་བར་དུ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་ཞིང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྙིང་པོ་དམ་པ་ཉིད་དུ་གསུངས་སོ། །དད་པ་བསྐྱེད་པ་དང་ཞི་ལྷག་གི་རྣལ་འབྱོར་ལ་ཇི་ལྟར་བརྩོན་པའི་ཚུལ་ཟུར་དུ་བཤད་པར་བྱའོ། །ཞེས་པ་འདི་ནི་བསླབ་གསུམ་ནོར་བུའི་མཛོད་མངའ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་ནན་ཏན་དུ་བསྐུལ་པ་ཡིད་ལ་འཇགས་པའི་སྟེང་དུ་ཉེ་ཆར་ཡང་དབོན་རིན་པོ་ཆེ་ཉིད་ནས་སྤྲུལ་བའི་སྐུ་འཇིགས་མེད་པདྨ་བདེ་ཆེན་ལ་སྦྲན་ཏེ། རིན་ཆེན་དང་པོ་སོགས་བཀྲ་ཤིས་པའི་ལྷ་རྫས་ཀྱི་སྐྱེས་དང་བཅས་མྱུར་དུ་གྲུབ་པར་གྱིས་ཞེས་དམ་པ་ཟུང་གི་བཀས་བསྐུལ་བ་ལ་བརྟེན་ནས། སྟོན་པ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་། དུས་མཐར་ཆོས་སྨྲ་བའི་མིང་ཙམ་འཛིན་པ། ཤཱཀྱའི་རྗེས་འཇུག་མི་ཕམ་འཇམ་དབྱངས་རྒྱ་མཚོས། རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ཕུན་ཚོགས་ནོར་བུའི་གླིང་དུ། ཀུན་ལྡན་ལྕགས་བྱི་གསར་ཚེས་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་འགྲོ་ལ་ཕན་པ་རྨད་དུ་བྱུང་བ་རྒྱུན་མི་འཆད་པར་བྱེད་པ་དང་། ཚུལ་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྟོན་པ་ཐུབ་པའི་དབང་པོའི་བྱིན་རླབས་མཚུངས་པ་མེད་པ་མངོན་དུ་འཇུག་པར་གྱུར་ཅིག །མངྒ་ལཾ།
མཎྜལ་འབུལ་བ།
༈ དེ་ནས་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རི་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་འཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ་རིའི་རྒྱལ་བོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོས་ཀྱི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེའི་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །
༈ ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡི། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨེ་དམ་རཏྣ་མཎྜལ་ཀཾ་ནིརྱ་ཏ་ཡཱ་མི། །
ཐུབ་བསྟོད། འབྲི་གུང་སྐྱོབ་པ་དང་སློབ་དཔོན་དཔའ་བོ།
༄༅། །ཐུབ་བསྟོད། ཐབས་མཁས་ཐུགས་རྗེའི་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་རྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨ་གྷ་མ་ག་དྷར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ནི། ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝ་ར་ཎཱ་སི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱི། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མིའི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར། །རྩ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་དང་། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །
༈ གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་ལ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད། །ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད། །སེར་སྐྱའི་གནས་སུ་ས་མཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །རྩ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག །ཅེས་བདག་ཅག་གི་སྟོན་པའི་མཛད་པ་ལ་བསྟོད་པ་ཆེ་བ་འདི་ཉིད་འབྲི་གུང་སྐྱོབ་པས་མཛད་པར་གྲགས་ལ། ཆུང་བ་འདི་སློབ་དཔོན་དཔའ་བོས་མཛད་དོ་ཞེས་ཁ་ཅིག་ལས་བྱུང་ངོ་། །
ཆོ་འཕྲུལ་སྨོན་ལམ། བྱང་བ་རིགས་ལྡན།
༄༅། །ཆོ་འཕྲུལ་སྨོན་ལམ་བཞུགས་སོ། །མཉན་ཡོད་གནས་སུ་སྟོན་ལ་མུ་སྟེགས་ཀྱི། །སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པའི་ཚེ། །སྐྱེ་བོ་དུ་མ་ཚོགས་པའི་མངོན་སུམ་དུ། །རྨད་བྱུང་ཆོ་འཕྲུལ་བསྟན་ལ་ཕྱག་འཚལ་ལོ། །ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ། །ཚེམ་ཤིང་ས་ལ་བཙུགས་པས་ལྗོན་ཤིང་སྐྱེས། །དཔག་ཚད་ལྔ་བརྒྱར་ཁྱབ་པའི་ཡལ་འདབ་རྒྱས། །དྲི་རོས་སྐྱེ་བོ་ཚིམ་ལ་ཕྱག་འཚལ་ལོ། །ཚེས་གཉིས་ཨུན་ཊ་ཡ་ནས་མཆོད་པའི་ཚེ། །གཡས་གཡོན་གཉིས་སུ་རིན་ཆེན་རི་གཉིས་སྤྲུལ། །རི་རྩེ་གཉིས་ཀྱི་འབྲས་དང་རྩ་རྣམས་ཀྱིས། །མི་དང་དུད་འགྲོ་ཚིམ་ལ་ཕྱག་འཚལ་ལོ། །ཚེས་གསུམ་ཤུཉྩ་ཡ་ནས་མཆོད་པའི་ཚེ། །ཞལ་བསིལ་ཆུ་ལས་རིན་ཆེན་རྫིང་བུར་སྤྲུལ། །ཁ་དོག་སྣ་ཚོགས་པདྨའི་འོད་ཟེར་གྱིས། །དྲི་ཡིས་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །ཚེས་བཞིར་ཨིཎྜ་ཝ་ཎས་མཆོད་པའི་ཚེ། །ཕྱོགས་བཞིར་འདུལ་བ་བརྒྱད་ལྡན་རྫིང་བུར་སྤྲུལ། །ཆུ་ཡི་སྒྲ་ལས་ཚད་མེད་བཞི་ལ་སོགས། །ཆོས་ཀྱི་སྒྲ་སྙན་སྟོན་ལ་ཕྱག་འཚལ་ལོ། །ཚེས་ལྔར་ཚ་སྦྱིན་གྱིས་ནི་མཆོད་པའི་ཚེ། །ཞལ་གྱི་སྒོ་ནས་འོད་ཟེར་སྣ་ཚོགས་བཀྱེ། །འོད་དེ་རིག་པས་སྒྲིབ་པ་རྣམས་དང་བྲལ། །ལུས་སེམས་བདེ་བ་བསྐྱེད་ལ་ཕྱག་འཚལ་ལོ། །ཚེས་དྲུག་ལི་ཙ་རྣམས་ཀྱིས་མཆོད་པའི་ཚེ། །སངས་རྒྱས་མཐུ་ཡིས་ཕན་ཚུན་བསམ་པ་ཤེས། །རབ་ཏུ་དགའ་ནས་སྟོན་པའི་ཡོན་ཏན་བརྗོད། །སོ་སོར་སྨོན་ལམ་འདེབས་ལ་ཕྱག་འཚལ་ལོ། །ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས། །རྒྱལ་པོར་གྱུར་ནས་རིན་ཆེན་བདུན་སོགས་ལྡན། །ཀུན་ཀྱང་སྤྲོ་ཞིང་ཚིམ་ལ་ཕྱག་འཚལ་ལོ། །ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ། །སེང་གེའི་ཁྲི་ལ་གླང་ཆེན་སྒྲ་སྐད་དང་། །སྲིན་པོ་ལྔ་དང་ཕྱག་ན་རྡོ་རྗེ་སྤྲུལ། །མུ་སྟེགས་སྟོན་པ་སྐྲག་མཛད་ཕྱག་འཚལ་ལོ། །ཚེར་དགུར་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ། །ཚངས་པའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ཏེ། །སྐུ་ལས་འོད་ཟེར་ཆེན་པོར་བྱུང་གྱུར་པ། །ཀུན་གྱིས་གསལ་བར་མཐོང་ལ་ཕྱག་འཚལ་ལོ། །ཚེས་བཅུ་རྒྱལ་ཆེན་བཞི་ཡིས་མཆོད་པའི་ཚེ། །སྲིད་རྩེའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས། །འོད་ཟེར་ཆེན་པོའི་སྣང་ཞིང་གསལ་བར་མཛད། །ཀུན་གྱིས་མཐོང་ཞིང་གསུང་སྟོན་ཕྱག་འཚལ་ལོ། །བཅུ་གཅིག་ཟས་སྦྱིན་གྱིས་ནི་མཆོད་པའི་ཚེ། །སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ། །སྐུ་ནི་མི་མངོན་འོད་ཟེར་ཕུང་པོར་གྱུར། །གསུང་གིས་ཆོས་སྟོན་མཛད་ལ་ཕྱག་འཚལ་ལོ། །བཅུ་གཉིས་ཁྱིམ་བདག་ཙིནྟས་མཆོད་པའི་ཚེ། །ལྟེ་བའི་འོད་ཀྱིས་སྟོང་གསུམ་བར་དུ་ནི། །པདྨའི་སྟེང་ན་སངས་རྒྱས་བཞུགས་པ་སྤྲུལ། །ཀུན་ཀྱང་དེ་ལྟར་སྤྲུལ་ལ་ཕྱག་འཚལ་ལོ། །བཅུ་གསུམ་རྒྱལ་པོ་ཤུཉྩས་མཆོད་པའི་ཚེ། །སྐུ་ཡི་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ། །འོད་དེ་རེག་པས་སྒྲིབ་པ་རྣམས་དང་བྲལ། །རྩི་སོགས་འབྲས་བུ་ཐོབ་ལ་ཕྱག་འཚལ་ལོ། །བཅུ་བཞིར་རྒྱལ་པོ་ཨུ་དྲས་མཆོད་པའི་ཚེ། །རྒྱལ་པོས་གཏོར་བའི་མེ་ཏོག་ཐམས་ཅད་ཀྱང་། །རིན་ཆེན་ཤིང་ཏྲས་སྟོང་གསུམ་བར་དུ་ཁྱབ། །ཀུན་གྱིས་གསལ་བར་མཐོང་ལ་ཕྱག་འཚལ་ལོ། །བཅོ་ལྔར་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ། །རོ་བརྒྱ་ལྡན་པའི་ཟས་ཀྱིས་སྣོད་ཀུན་བཀང་། །ཕྱག་མཐིལ་ས་ལ་བརྡབས་པས་དམྱལ་བ་ཡི། །སེམས་ཅན་དཔག་མེད་གྲོལ་ལ་ཕྱག་འཚལ་ལོ། །མཚུངས་མེད་སྟོན་པའི་ཆོ་འཕྲུལ་སྣ་ཚོགས་ལ། །ཅུང་ཟད་ཙམ་ཞིག་བདག་གིས་བསྟོད་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཆོ་འཕྲུལ་ཆེ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །བྱང་བ་རིགས་ལྡན་གྱིས་མཛད་པའོ། །
ཆོ་འཕྲུལ་བསྟོད་སྨོན། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ཆོ་འཕྲུལ་བསྟོད་སྨོན་བཞུགས་སོ། །སྟོན་པ་མཆོག་དེས་རྨད་བྱུང་ཆོ་འཕྲུལ་ཚུལ། །བསྟན་རྣམས་རྗེས་སུ་དྲན་ཅིང་གུས་པས་འདུད། ༡ །ཚེམས་ཤིང་སར་བཙུགས་དཔག་བསམ་ལྗོན་ཆེན་རྒྱས། ༢ །གཡས་གཡོན་རིན་ཆེན་རི་བོ་ངོ་མཚར་ལྡན། །འབྲས་བུ་དང་རྩྭ་ལྗང་ལྡན་པས་ཚིམ། ༣ །ཞབས་བསིལ་དོར་བ་ཡིད་འོང་པད་མཚོར་གྱུར། ༤ །རྫིང་བུར་ཆུ་ཀླུང་བརྒྱད་འཐོན་ཆོས་སྒྲ་སྒྲོག ༥ །ཞལ་གྱི་འོད་ཀྱིས་ཀུན་གསལ་སྒྲིབ་ལྔ་བྱང་། ༦ །འཁོར་ཀུན་ཕན་ཚུན་སེམས་ཤེས་བྱིན་གྱིས་བརླབས། ༧ །སློབ་ཚོགས་འཁོར་ལོས་བསྒྱུར་བའི་རྣམ་པར་བསྒྱུར། ༨ །སྤྱོད་ལམ་སྣ་ཚོགས་ཚོ་འཕྲུལ་འདུ་མཛད་མུ་སྟེགས་ཕམ། ལག་ན་རྡོ་རྗེས་ཁྲི་བཤིགས་བསྡིགས་བྲོས། ༩ །གཙུག་ཏོར་ཚངས་བའི་ཡུལ་སར་མཐོ་ཞིང་ལྷམ། །རྩིབས་ཀྱི་མུ་ཁྱུད་ལྟ་བུའི་འཁོར་དང་བུ་སྟོང་ཅན། ༡༠ སྲིད་རྩེར་ཁྱབ་སྐུའི་འོད་ཀྱིས་སྲིད་གསུམ་གསལ། ༡༡ །སྐུ་ལས་འོད་འབར་དམ་ཆོས་བདུད་རྩི་བསྟན། ༡༢ །གསེར་འོད་ཀུན་ཁྱབ་ཕོག་ཚད་ཆགས་སྡང་མེད་པར་བྱམས། ༡༣ །ལྟེ་བའི་སྦུབས་ནས་འོད་རྩེར་སངས་རྒྱས་གཉིས་དང་དེ་ལས་གྲངས་མེད། སངས་རྒྱས་སྤྲུལ་པ་འགྱེད། ༡༤ །མཆོད་པའི་མེ་ཏོག་རིན་པོ་ཆེར་གྱུར་འོད་འབར་སངས་རྒྱས་བཞུགས་པའི། ངོ་མཚར་བཀོད་པར་བསྟན། ༡༥ །འཁོར་ཀུན་རོས་ཚིམ་རོ་བརྒྱའི་ཟས་ཀྱིས་དམྱལ་གནས་བདེ་བར་མཛད། །ཆོ་འཕྲུལ་ཆེར་སྟོན་རྒྱལ་བར་གསོལ་བ་འདེབས། །སྟོན་པའི་རྣམ་ཐར་དྲན་ཅིང་གུས་བྱེད་ལ། །ཐུགས་རྗེས་དགོངས་ཤིང་བྱིན་གྱིས་བརླབ་པར་མཛོད། །མི་ཕམ་པས་ཆོ་འཕྲུལ་ཆེན་པོའི་དུས་དགེ་བར་བྲིས་པ་མངྒ་ལཾ།། །།
ཁྱིམ་པ་རྗེས་སུ་འཛིན་པ་སོ་སོ་ཐར་པའི་སྡོམ་པའི་ཆོ་ག་ཐར་ལམ་རབ་གསལ། གཏེར་ཆེན་འགྱུར་མེད་རྡོ་རྗེ།
༄༅། །ཁྱིམ་པ་རྗེས་སུ་འཛིན་པ་སོ་སོ་ཐར་པའི་སྡོམ་པའི་ཆོ་ག་ཐར་ལམ་རབ་གསལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། རྣམ་གྲོལ་བྱང་ཆུབ་མཆོག་བརྙེས་ནས། །ཐུགས་རྗེས་གདུལ་བྱ་སྐལ་བ་བཞིན། །འདུལ་མཛད་ཐམས་ཅད་མཁྱེན་དེ་ལ། །དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །ཚུལ་ཁྲིམས་གྲུ་གཟིངས་ལ་བརྟེན་ནས། །མྱང་འདས་རིན་ཆེན་གླིང་མཆོག་ཏུ། །བགྲོད་བྱེད་མ་སྨད་ཆོ་གའི་ཁྲིགས། །ཉུང་གསལ་འཇུག་བདེ་ཉིད་དུ་སྤེལ། །འདིར་སྐྱབས་འགྲོའི་སྡོམ་པ་དོན་དུ་གཉེར་བ་དག་འོངས་ན། གནས་གཙང་མར་ཐུབ་པ་ཆེན་པོའི་སྐུ་གཟུགས་སོགས་དཀོན་མཆོག་གི་རྟེན་དང་མཆོད་པ་ཅི་འབྱོར་པ་བཤམས་པའི་མདུན་དུ། བླ་མ་སྟན་མཐོ་བ་ལ་འདུག་པའི་དྲུང་དུ་སློབ་མས་རྟེན་དང་བླ་མ་ལ་ཕྱག་གསུམ་གསུམ་བྱས་ནས་ཙོག་པུའམ་པུས་མོ་བཙུགས་ཐལ་མོ་སྦྱར་ཏེ་འདུག་པ་ལ། བླ་མས། འོ། རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བདག་ལེགས་སུ་འདོད་པའི་སྐྱེ་བོ་དག་གིས་དོན་དུ་གཉེར་བྱ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་སྙིང་པོར་བྱ་བ་ཉིད་ཡིན་ལ། དེ་ལ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཐོག་མར་བསླབ་དགོས་ཤིང་། དེའི་རྩ་བ་ཡང་སྐྱབས་སུ་འགྲོ་བའི་སྡོམ་པ་ཉིད་ལ་རག་ལས་པ་ཡིན་ཏེ། ཇི་སྐད་དུ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །འཇིགས་པ་མེད་པ་འཐོབ་པར་འགྱུར། །ཞེས་གསུངས་པས་ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། དེ་ཡང་བླ་མའི་རྗེས་སུ་བཟློས་ནས་བླང་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྤྲད་ལ། ཆོས་འབྲེལ་མེད་ན་བཙུན་པ་ཞེས་དང་། ཡོད་ན། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོགདགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གཉིས་ལན་གསུམ་དུ་བརྗོད་ནས། སློབ་དཔོན་གྱིས། ཐབས་ཡིན་ནོ། །སློབ་མས། ལེགས་སོ། །ཞེས་བརྗོད་པར་བྱའོ། །དེ་ནས་བསླབ་བྱ་བཤད་པར་བྱ་སྟེ། དེ་ལྟར་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག་བསླབ་བྱ་ལ་བསླབ་དགོས། བསླབ་བྱའི་ཆོས་དེ་ཡང་ཇི་ལྟ་བུ་ཡིན་སྙམ་ན། དགག་པའི་བསླབ་བྱ་གསུམ་དང་། བསྒྲུབ་པའི་བསླབ་བྱ་གསུམ་དང་། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུའོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་འགྲོ་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ལ་མི་བརྟེན་པའོ། །དེ་ཡང་བོད་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཡང་སྡིག་ཅན་གྱི་གྲོགས་དེ་དང་འདྲ་བས་མི་བསྟེན་པའོ། །གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རྟེན་ཐ་ན་སཙྪའི་ཆག་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་བཀུར་སྟི་སོགས་གུས་པར་བྱེད། ཆོས་ལ་སྐྱབས་སུ་སོང་ནས་ཆོས་དཀོན་མཆོག་གི་རྟེན་གསུང་རབ་ཀྱི་རྟེན་ཐ་ན་ཡིག་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་འདུད་བཀུར་སྟི་སོགས་སྔ་མ་ལྟར་བྱའོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་དཀོན་མཆོག་གི་རྟེན་རབ་ཏུ་བྱུང་བ་ནས་ཐ་ན་ལྷན་པ་སེར་པོ་བཏབ་པ་ཡན་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་འདུད་བཀུར་སྟི་སོགས་སྔར་ལྟར་བྱའོ། །གསུམ་པ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་སྟེ་ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང་། ནངས་ནུབ་སོགས་སུ་སྐྱབས་འགྲོ་བཟླ་བ་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཀྱི་རྗེས་སུ་འཇུག་ཅིང་ཆོས་དང་མཐུན་པའི་སྤྱོད་པ་ལ་བསླབ་པར་བྱའོ། །དེ་ལྟ་བུའི་བསླབ་བྱ་རྣམས་ཡིད་ལ་བཟུང་སྟེ་དྲན་ཤེས་དང་ལྡན་པས་དུས་རྟག་ཏུ་སློབ་པར་གྱིས་ཤིག །ཅེས་བརྗོད་ནས། ཕྱག་གསུམ་འཚལ་དུ་བཅུགབསྔོ་བ་དང་སྨོན་ལམ་བྱས་ནས་རང་གི་གནས་སུ་གཏང་ངོ་། །སྐྱབས་འགྲོའི་སྡོམ་པ་སྦྱིན་པའི་ཆོ་གའོ། །
༈ སྭ་སྟི། སྟོབས་བཅུའི་སྟོབས་ཀྱིས་བདུད་བཅོམ་ནས། །ཐུགས་རྗེས་འགྲོ་བའི་དོན་མཛད་པ། །ཟས་གཙང་སྲས་ལ་གུས་བཏུད་ནས། །དགེ་བསྙེན་སྡོམ་པའི་ཆོ་ག་བཤད། །འདིར་ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་སྡོམ་པའི་ཆོ་ག་འཆད་པ་ལ། ཐོག་མར་སྡོམ་པ་ལེན་པའི་ཚུལ། བར་དུ་མི་ཉམས་པར་བསྲུང་བའི་ཚུལ། མཐར་ཉམས་ན་ཕྱིར་བཅོས་པའི་ཚུལ། སྡོམ་པའི་ཕན་ཡོན་བཤད་པ་དང་བཞི་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་ཅི་འབྱོར་པ་བཤམས། སློབ་དཔོན་ཁྲི་སྟན་ལ་འཁོད་པའི་མདུན་དུ་བསྒྲུབ་བྱས་རྟེན་དང་བླ་མ་ལ་ཕྱག་གསུམ་གསུམ་བྱས་ནས་ཙོག་པུའམ་པུས་བཙུགས་ཀྱིས་ཐལ་མོ་སྦྱར་བས་འདུག་པ་ལ། འོ། རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བདག་ལེགས་སུ་འདོད་པའི་སྐྱེ་བོ་རྣམས་ཀྱིས་དོན་དུ་གཉེར་བྱ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་སྙིང་པོར་བྱ་བ་ཉིད་ཡིན་ལ། དེ་ལ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཐོག་མར་བསླབ་དགོས་ཤིང་། དེ་ཡང་སོ་སོ་ཐར་པ་གཞིར་བཞག་གི་དབང་དུ་བྱས་ན་སྡོམ་པ་རིགས་བདུན་ནམ་བརྒྱད་དུ་གསུངས་པའི་ནང་ནས་སྐྱབས་འགྲོ་ནས་ཡོངས་རྫོགས་ཀྱི་བར་སྔར་གསུངས་པ་ལས། འདིར་ཡོངས་རྫོགས་དགེ་བསྙེན་གྱི་དངོས་པོར་སྒྲུབ་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བྱ། དེའི་ཕྱིར་དུ་དགེ་བསྙེན་ཡོངས་རྫོགས་ཀྱི་བསླབ་པ་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས་གྱིས་ཤིག་ཅེས་བརྡ་སྦྱར་ལ། བཙུན་པའམ་སློབ་དཔོན་དགོངས་སུ་གསོལ་དང་། རྐང་གཉིས་རྣམས་ཀྱི་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ་བར་དང་། བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པའམ་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་དང་ཐབས་ལེགས་བྱ། དེ་ལྟར་ཁྱོད་ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་ནས་བསྲུང་དགོས་པས། བསྲུང་ཚུལ་ཡང་སྤང་བྱ་ལྔ་པོ་འདི་ཡིད་ཀྱི་སྒོ་ནས་སྤང་། ལུས་ངག་གི་སྒོ་ནས་སླར་ལོག་པར་བྱེད། དེ་ཡང་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་བསྲུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས་ཞེས་བརྡ་སྦྱར་ལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། ཞེས་པ་ནས་བག་མེད་པའི་གནས་ལས་སླར་ལོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ། ཞེས་པ་ནས། རྗེས་སུ་བགྱིད་དོའི་བར་ལན་གཅིག་བརྗོད། དེ་ལྟར་ཁྱོད་ཀྱིས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ལེན་པའི་ཆོ་ག་དངོས་དང་། བསླབ་པ་བརྗོད་པ་གཉིས་ཀྱི་སྒོ་ནས་ལེགས་པར་ཐོབ་པ་ཡིན་པས། དེ་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་གྱིས་ཤིག །ཅེས་བརྗོད་ནས་བསྔོ་བ་བྱའོ། །གཉིས་པ་བར་དུ་མི་ཉམས་པར་བསྲུང་བའི་ཚུལ་ནི་བསླབ་བྱ་ཤེས་པ་ལ་རག་ལས་པས། དེ་ཉིད་འཆད་པར་འདོད་ན་ཐོག་མར་སྡོམ་པ་གང་དང་གང་ལེན་ཡང་སྐྱབས་འགྲོ་རྩོམ་བྱེད་དུ་དགོས་པས་སྐྱབས་འགྲོའི་བསླབ་བྱ་འདི་རྣམས་ལ་བསླབ་དགོས། ཞེས་སྐྱབས་སྡོམ་གྱི་ཆོ་གར་སྨོས་པའི་བསླབ་བྱ་རྣམས་བརྗོད་ནས། དགེ་བསྙེན་གྱི་བསླབ་བྱ་ལ་དངོས་ཀྱི་སྤང་བྱ་ཡན་ལག་ལྔ་དང་། ཕྱོགས་མཐུན་གྱི་བསླབ་བྱ་དང་། ཐབས་མཁས་ཀྱི་སྒོ་ནས་ཉེས་མེད་དང་གསུམ། དང་པོ་ཡན་ལག་ལྔ་ལས། སྲོག་གཅོད་ནི་གཞི་མིའམ་མིར་ཆགས་པ་ལ་དེར་འདུ་ཤེས་པ། ཀུན་སློང་ཞེ་སྡང་། བསམ་པ་གསོད་སེམས། སྦྱོར་བ་མཚོན་བརྩམས་པ་ལ་སོགས་པ། མཐར་ཐུག་སྦྱོར་བ་བརྩམས་མ་ཐག་པའམ་གཞན་གྱི་ཚེ་ཡང་རུང་གསོད་པ་པོ་བདག་ཉིད་མ་ཤི་བའི་སྔ་རོལ་དུ་ཕ་རོལ་པོ་སྲོག་དང་བྲལ་ན་ཡན་ལག་རྫོགས་སོ། །མ་བྱིན་པར་ལེན་པ་ནི། གཞི་གཞན་གྱིས་བདག་གིར་བཟུང་བའི་དངོས་པོ་གསེར་ཞོ་ཕྱེད་ཀྱི་རིན་ཐང་ཚང་བ་ཡན་ཆད་དེར་འདུ་ཤེས་པ། ཀུན་སློང་ཆགས་པ། བསམ་པ་རྐུ་སེམས། སྦྱོར་བ་མཐུའམ་གཡོ་དང་འཇབ་བུས་གནས་ནས་སྤོས་པ། མཐར་ཐུག་ཐོབ་བློ་སྐྱེས་པས་ཡན་ལག་རྫོགས་པའོ། །ལོག་གཡེམ་ནི། གཞི་རང་གི་ཆུང་མ་མ་ཡིན་པའི་བུད་མེད་རུས་བདུན་བརྒྱུད་ལས་མ་འདས་པ་དང་། སྡོམ་པ་དང་ཕ་མ་སོགས་ཀྱིས་བསྲུང་བ་དང་། གཞན་གྱི་གླ་རྔན་མ་སྦྱངས་བ་དང་། ནད་བུ་ཅན་སོགས་ཡུལ་དང་། དུས་མ་ཡིན་པ་ཉིན་མོ་སོགས་དང་། གནས་མ་ཡིན་པ་ཕ་མ་དང་དཀོན་མཆོག་ལ་སོགས་པའི་གནས་དང་། ཡན་ལག་མ་ཡིན་པ་ཁ་དང་བཤང་སྒོ་ལ་སོགས་པ་རྣམས་སོ། །ཀུན་སློང་འདོད་ཆགས། བསམ་པ་འཁྲིག་པར་སེམས་པ། སྦྱོར་བ་བཅུག་རེག་ལ་སོགས་པས་འཁྲིག་པ། མཐར་ཐུག་བདེ་བའི་ཚོར་བ་ཉམས་སུ་མྱོང་བ་སྲེད་པས་བདག་གིར་བྱས་པས་ཡན་ལག་རྫོགས་པའོ། །རྫུན་དུ་སྨྲ་བ་ནི། གཞི་སྨྲ་ཤེས་དོན་གོའི་མི་རང་ལས་གཞན་པ་ལ། བདེན་བཞིའི་དོན་རྟོགས་པ་སོགས་ཡོན་ཏན་གོང་མ་དང་། ལྷ་ཀླུ་ལ་སོགས་པ་མཐོང་ངོ་ཞེས་པ་རྣམས་སོ། །ཀུན་སློང་དུག་གསུམ་གང་རུང་ལས་གཏི་མུག་གཙོ་བོར་གྱུར་པའོ། །བསམ་པ་མངོན་ཤེས་རྫུ་འཕྲུལ་སོགས་མེད་པར་ཤེས་བཞིན་དུ་གཞན་བསླུ་སེམས་ཀྱིས་ཡོད་པར་འདུ་ཤེས་བསྒྱུར་བ། སྦྱོར་བ་ལུས་ངག་གི་རྣམ་རིག་ཏུ་ཐོན་པས་བརྡ་སྤྲོད་པ། མཐར་ཐུག་སྨྲས་པའི་ཡུལ་དེ་ལ་བརྡ་འཕྲོད་པས་ཡན་ལག་རྫོགས་པའོ། །ཆང་འཐུང་བ་ནི། གཞི་ནས་དང་འབྲས་ལ་སོགས་པ་འབྲུ་དང་། མེ་ཏོག་དང་། རྒུན་འབྲུམ་དང་། བུར་སྦྲང་གི་ཁུ་བ་སོགས་ལས་བྱས་པའི་མྱོས་པར་འགྱུར་བ། ཀུན་སློང་སྲེད་པ་སྟེ་ཆགས་པའོ། །བསམ་པ་ནི་བག་མེད་པར་འཐུང་བར་སེམས་པའོ། །སྦྱོར་བ་ནི་ཆང་འཐུང་བའི་ལུས་ངག་གི་ལས་སོ། །མཐར་ཐུག་མྱོས་པར་གྱུར་པ་ན་ཡན་ལག་རྫོགས་པའོ། །གཞན་ཡང་རྩ་བ་བཞི་མ་ལོངས་པ་ལ་ཕྲ་མོ་ཞེས་བཏགས་པ་སྟེ། མིའམ་མིར་ཆགས་པ་མ་ཡིན་པ་དུད་འགྲོ་ལ་སོགས་པ་བསད་པ་དང་། གསད་བྱ་མིའམ་མིར་ཆགས་ཀྱང་གསད་བྱ་མ་ཤི་བའི་གོང་དུ་འགྱོད་པ་སོགས་དང་། མ་བྱིན་ལེན་རིན་ཐང་མ་རྫོགས་པ་དང་། ལོག་གཡེམ་རང་ཉིད་ཀྱིས་སམ་སྤྱད་པར་མི་བཟོད་པའི་ཡུལ་ལས་ཁུ་བ་ཕྱུང་བ་དང་། རྫུན་སྨྲ་ནི་མི་ཆོས་བླ་མ་སྨྲ་བ་མ་ཡིན་པ་རྣམས་སོ། །གཉིས་པ་ཕྱོགས་མཐུན་ནི། མི་དགེ་བ་བཅུ་ལས་གོང་གི་བཞི་པོ་མ་གཏོགས་པའི་ལྷག་མ་དྲུག་སྟེ། ཕྲ་མ་ནི་དབྱེན་ཚིག་སྨྲ་བའོ། །ཚིག་རྩུབ་ནི་གཞན་གྱི་གནད་དུ་ཕོག་པའོ། །བཀྱལ་པ་ནི་བྲེ་མོ་དང་གླུ་དང་བསྟན་བཅོས་ངན་པ་སྨྲ་བའོ། །བརྣབ་སེམས་ནི་གཞན་གྱི་རྫས་ལ་ཐོབ་འདོད་བསྐྱེད་པའོ། །གནོད་སེམས་ནི་གཞན་ལ་གསོད་ཅིང་བརྡེག་པར་སེམས་པ་སོགས་སོ། །ལོག་ལྟ་ནི་ལས་འབྲས་མི་བདེན་པར་ལྟ་བའོ། །དྲུག་པོ་འདི་དག་ཀྱང་མི་དགེ་བའི་ལས་ལམ་དུ་རྫོགས་པ་ལ་གཞི་ཀུན་སློང་འདུ་ཤེས་སྦྱོར་བ་མཐར་ཐུག་གི་ཡན་ལག་ལྔ་པོ་རྩ་བ་བཞི་ལ་ཡོད་པ་ལྟར་ཚང་དགོས་ཀྱང་འདིར་ནི་ཡིད་ཀྱིས་བསྡམ་བྱ་ཙམ་སྨོས་པའོ། །དེ་དག་ཇི་ལྟར་སྤོང་བ་ལ་བསླབ་པའི་ཚུལ་ནི། དེ་ལྟར་སྤང་བྱ་ལྔ་ཕྱོགས་མཐུན་དང་བཅས་པ་དེ་དག་ཡིད་ཀྱིས་བསྡམ་ཞིང་། ལུས་ངག་གིས་སླར་ལོག་པ་ལ་བསླབ་པ་ཡིན་ཏེ། བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ། སྒོ་གསུམ་གྱི་བྱ་བ་ལ་སྐྱོན་ཡོན་རྟོག་པའི་ཤེས་བཞིན། ལུས་ངག་ཡིད་གསུམ་ཆོས་བཞིན་ལྷུར་བྱེད་པའི་བག་ཡོད་དེ། ཆོས་གསུམ་ལ་ནན་ཏན་ལྷུར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ལ་བསླབ་བོ། །གསུམ་པ་ཐབས་ལ་མཁས་པས་ཉེས་མེད་དུ་འགྱུར་བ་ནི། སྙིང་བརྩེར་ལྡན་དང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ལྟར། རང་དོན་གྱི་འཁྲི་བ་མེད་པའི་གཞན་ལ་ཕན་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེས་ཀུན་ནས་བསླངས་ཏེ། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་བསམ་པ་ཅན་ལ་ཡིད་ཀྱི་གསུམ་མམ་ལོག་ལྟ་མ་གཏོགས་པ། ལུས་ངག་གི་མི་དགེ་བ་བདུན་པོ་གནང་བ་ཡིན་ཏེ། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེའམ་ཡང་ན་མི་དགེའང་རུང་། །ཐམས་ཅད་བདེ་དགེ་ཉིད་དུ་འགྱུར། །ཞེས་གསུངས་པས། ཀུན་སློང་དགེ་བ་འབའ་ཞིག་ཡིན་ཡང་། ལུས་ངག་གི་སྦྱོར་བ་མི་དགེ་བ་ལྟར་སྣང་བས་མི་དགེ་བ་ཞེས་བཏགས་པའོ། །འོན་ཀྱང་སྲོག་གཅོད་ཀྱི་ལས་ལམ་རྫོགས་པར་གནང་བ་ནི་ས་ཐོབ་པ་ཡན་གྱི་དབང་དུ་བྱས་པའོ། །གསུམ་པ་ཉམས་ན་ཕྱིར་འཆོས་པའི་ཚུལ་ནི། རྩ་བ་བཞི་ཉམས་ན་དགེ་བསྙེན་ཡན་ཆད་སྡོམ་ལྡན་གྱི་དྲུང་དུ་བསྐྱར་ལ་བླང་དགོས་ཤིང་། ཡན་ལག་མ་ཚང་བ་བྱུང་ན་བཤག་བྱའི་ཉེས་པ་ཡིན་པས་ཡུལ་སྔ་མ་རྣམས་ཀྱི་མདུན་དུ། ཕྱག་དང་དགོངས་གསོལ་བྱས་ནས། བདག་མིང་འདི་ཞེས་བྱ་བ་ལ་ཇི་ལྟར་ཡོངས་སུ་གྲགས་པའི་ལྟུང་བ་འདི་ལྟ་བུ་བྱུང་བ་དེ་བཤག་པར་བགྱིའོ། །མི་འཆབ་བོ། །མི་སྦེད་དོ། །ཞེས་ལན་གསུམ་གྱིས་བཤགས་ཤིང་། ཕྱོགས་མཐུན་རྣམས་ནི་ཡིད་ཀྱིས་བསྡམས་པས་ཀྱང་ཆོག་གོ །བཞི་པ་ཕན་ཡོན་ནི། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། གལ་ཏེ་རང་བཞིན་གྱི་སྡིག་པའི་རྩ་བ་བཞི་པོ་དེ་བསྲུངས་ན། དེ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུའི་མཆོག་དམ་པ་རྣམ་པར་བཞག་པ་ཡིན་ནོ། །དེ་བས་ན་ཆོས་རྣམ་པ་བཞི་བསྲུང་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། །འདི་ལྟ་སྟེ། ས་ཆེན་པོ་འདི་ལ་བརྟེན་ནས་རྩི་ཤིང་དང་། མེ་ཏོག་དང་། ཤིང་གེལ་པ་དང་། ནགས་ཚལ་ལ་སོགས་པ་ཐམས་ཅད་སྐྱེའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་འདི་བསྲུངས་པ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཕེལ་ཞིང་སྐྱེ་བར་འགྱུར་རོ། །ཞེས་སོགས་གསུངས་པ་དང་། གཞན་ཡང་། དང་པོར་བསླབ་པའི་གཞི་ལྔ་རྣམས། །གསོ་སྦྱོང་སོགས་དང་ཡང་དག་ལྡན། །མི་དགེ་བཅུ་ནི་ཡོངས་སྤོང་བ། །བྱིན་ནས་དགེ་བསྙེན་ཉིད་དུ་བྱ། །ཞེས་གསུངས་པས། དགེ་བསྙེན་གྱི་བསླབ་པ་ནི། མི་དགེ་བཅུ་སྤོང་གི་སྡོམ་པ་ཡིན་པའི་ཕྱིར། སྡོམ་པ་གོང་མ་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་པ་ཡིན་ལ། ཆང་ནི་མྱོས་པར་འཐུང་བ་ལས་བག་མེད་པར་གྱུར་ཏེ། ཉེས་པ་གཞན་མཐའ་དག་འདྲེན་པའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ནས་ཆེས་ལྕི་བ་ཡིན་པས་སྡོམ་ལྡན་གྱི་ནད་པས་ཀྱང་རྩ་རྩེའི་ཐིགས་པ་ཙམ་ཡང་མི་འཐུང་བར་གསུངས་སོ། །དེ་ལྟར་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་བྱ་ཆ་ཙམ་བཤད་པ་འདིས་ནི། སྣ་གཅིག་སྤྱོད་པ་དང་། ཕྱོགས་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པའི་དགེ་བསྙེན་གྱི་བསླབ་བྱའང་ཤེས་པར་འགྱུར་ཞིང་། ཡན་ལག་ལྔ་ལས་ལོག་གཡེམ་གྱི་དོད་དུ་མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་དགེ་བསྙེན་དང་། བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བསྲུང་བ་གོ་མིའི་དགེ་བསྙེན་དུ་གྲགས་པ་སྟེ་གཞན་དུ་ཤེས་པར་བྱའོ། །སྐྱབས་འགྲོའི་དགེ་བསྙེན་གྱི་བསླབ་བྱ་ནི་ཐམས་ཅད་ཀྱི་ཐུན་མོང་བའོ། །དེ་ལྟར་ཡང་ཆོས་འདུལ་བ་ལས། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་གསུངས་པས་སངས་རྒྱས་ཀྱི་བསྟན་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །དེ་དག་ལས་རྒྱས་པ་ནི་བསླབ་བྱའི་བཤམ་གྱི་ནན་ཏན་ལྷུར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ལ་བསླབ་བོ་ཞེས་པའི་བར་ཚང་བར་བཤད་ནས་དགེ་བ་བསྔོ་བར་བྱའོ། །འབྲིང་དུ་ན་ཡན་ལག་བཞི་ཆང་དང་བཅས་ལྔ་པོ་སྤོང་དགོས་ཚུལ་མདོར་བསྡུས་ཙམ་ཞིག་བཤད་ནས་བསྔོ་བ་བྱའོ། །ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་སྦྱིན་པའི་ཆོ་གའོ། །
༈ སྭ་སྟི། ལྷ་མིའི་སྟོན་པ་ཟས་གཙང་སྲས། །ཐུགས་རྗེའི་བདག་ཉིད་དེར་བཏུད་ནས། །ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི། །ཆོ་ག་མདོ་ཙམ་བཤད་པར་བྱ། །འདིར་ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི་ཆོ་ག་སྒྲུབ་པ་ལ། ལེན་པའི་ཆོ་ག །བླང་པའི་བསླབ་བྱ། འཐད་པ་བཤད་པ་དང་གསུམ་ལས། དང་པོ་སྡོམ་པ་བླང་བའི་ཆོ་ག་ནི། དཀོན་མཆོག་གི་རྟེན་དང་མཆོད་པ་ཅི་འབྱོར་བ་བཤམས་པའི་དྲུང་དུ། སློབ་དཔོན་སྟན་མཐོ་བ་ལ་འདུག །སློབ་མས་མཆིལ་ལྷམ་ཕུད། ཡན་ལག་ལྔའི་ཁྲུས་བྱས། རྟེན་དང་བླ་མ་ལ་ཕྱག་བྱས་ནས་ཙོག་པུའམ་པུས་མོ་བཙུགས། ཐལ་མོ་སྦྱར་ཏེ་འཁོད་པ་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ནས། དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྣམས་རྒྱས་བསྡུས་ཅི་རིགས་པར་བཤད་ནས་བློ་བཅོས་པའམ། ཁྱོད་བསྙེན་གནས་ཀྱི་སྡོམ་པ་ལེན་པར་འདོད་པ་དེ་ལེགས། ལེགས་པའི་རྒྱུ་མཚན་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡིས། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་བརྔུབས་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པར་དཀའ་ཞིང་རྙེད་ཀྱང་ཡུན་རིང་དུ་མི་གནས་པར་སྐད་ཅིག་གིས་ཀྱང་འཇིག་པའི་ཆོས་ཅན་འདི་ཉིད་ད་ལྟ་ཅུང་ཟད་ཙམ་གནས་པའི་སྐབས་འདིར་སྙིང་པོ་ལོངས་པ་ཞིག་ཅི་ནས་ཀྱང་བགྱིད་དགོས་ཤིང་། ལེན་ཐབས་ཀྱང་ཚོགས་བསགས་ཤིང་སྒྲིབ་པ་སྦྱང་བ་ལ་རག་ལས་པ་ཡིན་ལ། དེ་ཡང་ཚེགས་ཆུང་ལ་ཕན་ཡོན་ཆེ་བ་བསྙེན་གནས་ཀྱི་སྡོམ་པ་བླངས་ནས་བསྲུང་བ་ཡིན་ཏེ། གནས་འཇོག་གི་མདོ་ལས། གངྒཱ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་ལྔ་དང་། རྒྱ་མཚོ་ཆེན་པོའི་ཆུ་བུམ་པའི་གྲངས་ཀྱིས་བཟུང་བར་ནུས་ཀྱིས། བསྙེན་གནས་ཀྱི་ཕན་ཡོན་གྱི་ཚད་བཟུང་བར་མི་ནུས་ཤིང་། འཛམ་བུ་གླིང་གང་བའི་དགྲ་བཅོམ་པ་ལ་རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཐམས་ཅད་བྱིན་པའི་བསོད་ནམས་ཀྱིས། བསྙེན་གནས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་འགྲོ། སྟོང་གི་ཆར་ཡང་མི་འགྲོ་བར་གསུངས་ཤིང་། འཇིག་རྟེན་གདགས་པ་ལས་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུང་ན། །དེ་ནི་ང་དང་ང་འདྲར་འགྱུར། །ཞེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཁྱོད་དེ་སྐད་མ་ཟེར་ཅིག །ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཞེས་པ་ནས། དེ་ནི་ང་དང་ང་འདྲར་འགྱུར། །ཞེས་བསྙེན་གནས་ཁོ་ནས་སངས་རྒྱས་ཐོབ་པར་གསུངས་པས་བསམ་པ་འདི་བཞིན་དུ་མཛོད། དེ་ཡང་འཁོར་བ་འདི་ནས་སེམས་ཅན་ཐམས་ཅད་གནས་གྲོགས་ལོངས་སྤྱོད་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་སྡུག་བསྔལ་གྱི་ཡོ་ལང་དང་སྡུག་བསྔལ་སྒྲུབ་ཐབས་འབའ་ཞིག་པར་ལོངས་སྤྱོད་པར་འདུག་པས་སྙིང་རེ་རྗེ། དེ་རྣམས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་སངས་རྒྱས་ལ་སྐྱབས་ཞུ། ཆོས་ལ་ལམ་ཞུ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། བཙུན་པའམ་སློབ་དཔོན་དགོངས་སུ་གསོལ། རྟེན་ལས་ལེན་ན། སྟོན་པ་དགོངས་སུ་གསོལ། ཞེས་སྦྱར། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའི་བར་དང་། བདག་དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་ཇི་སྲིད་འཚོའི་བར་དུས་བཟང་གསུམ་ཀ་ལ་གཏན་ལེན་བྱེད་ན། ཇི་སྲིད་འཚོའི་བར་དུ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་། བཅོ་ལྔ་དང་། གནམ་གང་ལ་བསྙེན་གནས་ཡན་ལག་བརྒྱད་པར་ཞེས་སྦྱར། བསྙེན་གནས་ཡན་ལག་བརྒྱད་པར་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་ནས། གསུམ་པའི་ཡན་ལག་བརྒྱད་པར་ཞེས་པའི་ཚིག་རྫོགས་པ་དང་སྡོམ་པ་ཐོབ་ཤེས་བསྐྱེད་ཅིང་། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད། ཡང་སློབ་དཔོན་གྱིས། དེས་ཁྱོད་ཀྱི་རྒྱུད་ལ་བསྙེན་གནས་ཀྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན། ཐོབ་པས་མི་ཆོག་བསྲུང་དགོས། དེ་ལ་བསྙེན་གནས་ཀྱི་སྐབས་སུ་བཤད་པའི་བསྲུང་བྱ་བརྒྱད་པོ་འདི་ཡིད་ཀྱི་སྒོ་ནས་སྤང་། ལུས་ངག་གི་སྒོ་ནས་སླར་ལོག་པར་བྱེད། དེ་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་མ་བྱིན་པར་ལེན་པ་དང་། ཞེས་པ་ནས། སླར་ལོག་པར་བགྱིའོ་བར་དང་། ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་ནས། རྗེས་སུ་བགྱིད་དོ་བར་ལན་གཅིག་བརྗོད་ནས། ཐབས་ལེགས་བྱའོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བ་ནི། བསླབ་བྱ་ཤེས་པ་ལ་རག་ལས་པས། སྐྱབས་འགྲོའི་བསླབ་བྱ་ནི། གཞན་དུ་བརྗོད་པ་བཞིན་བཤད་ནས། བསྙེན་གནས་རང་གི་བསླབ་བྱ་ཡན་ལག་བརྒྱད་དེ། དེ་ཡང་མིའམ་མིར་ཆགས་པའི་སྲོག་མི་གཅད་ཅིང་སྲོག་ཆགས་ཕྲ་མོ་ལའང་མི་འཚེ། གཞན་གྱི་ནོར་རིན་ཐང་ཚང་བར་མ་ཟད། དངོས་པོ་ཕྲ་མོ་ཙམ་ཡང་མ་བྱིན་པར་མི་ལེན། མི་ཚངས་པར་སྤྱོད་པ་ལྟ་ཅི་ཐ་ན་ཆགས་སྲེད་ཀྱིས་གཞན་གྱི་ལུས་ལ་རེག་པའང་མི་བྱ། མི་ཆོས་བླ་མའི་རྫུན་དུ་མ་ཟད་རྩེད་མོའི་ཆེད་དུ་ཡང་རྫུན་མི་སྨྲ། མྱོས་པར་འགྱུར་བའི་ཆང་ཐིགས་པ་གཅིག་ཡན་ཆད་མི་བཏུང་། གར་སོགས་ཕྲེང་སོགས་སྡོམ་པས་གཅིག་སྟེ་སེམས་རྒོད་ཅིང་ལུས་སྒེག་པས་བརྟུལ་ཞུགས་ཉམས་པའི་ལས་མི་བྱ། ཁྲི་སྟན་ཆེ་མཐོ་མི་བསྟེེན། དུས་མ་ཡིན་པ་སྟེ་ཕྱི་དྲོའི་ཁ་ཟས་སྤོང་བ་དང་བརྒྱད་པོ་འདི་བསྲུང་དགོས་ཤིང་། དེར་མ་ཟད་ཇོ་བོ་རྗེའི་ཕྱག་ལེན་ཟས་དཀར་གསུམ་ལ་བརྟེན་ཅིང་ཤ་ཁྲག་གི་དྲི་ཙམ་ཡང་མི་བསྟེན་པ་དང་། དྲན་ཤེས་བཞིན་བག་ཡོད་ཀྱི་སླད་དུ་ཆབ་ལེན་པ་སོགས་ཀྱང་བྱ་བར་གསུངས་སོ། །དེ་ལྟར་སྤང་བྱ་རྣམས་ཚུལ་བཞིན་དུ་མ་བསྲུངས་ན་སྡོམ་པ་བླངས་ཀྱང་ཕན་ཡོན་མི་འབྱུང་བར་སྟོན་པའི་བཅས་པ་དང་འགལ་བའི་ཉེས་དམིགས་བསམ་གྱིས་མི་ཁྱབ་སྟེ། ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱུག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་སོགས་གསུངས་པ་དང་། ཚུལ་བཞིན་བསྲུངས་པ་ལ་ཕན་ཡོན་ཤིན་ཏུ་ཆེ་སྟེ། སོ་ཐར་གྱི་མདོ་ལས། འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་དང་སྔར་ཡང་བཤད་པ་བཞིན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་ཞིང་། དེ་ཡང་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་སོགས་དགོས་པ་དུ་མ་དང་ལྡན་པས། ཐོག་མར་སློབ་དཔོན་ལས་བླང་བར་བྱ་ཞིང་། བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་གི་མཐའ་ཅན་ཡིན་པས། ནངས་པར་སྐྱ་རེངས་ཤར་བའི་ཚེ་སྡོམ་པ་གཏོང་བའི་ཕྱིར་སླར་ཡང་ནམ་བསྲུང་བསྲུང་གི་བར་བླ་མ་ལས་ནོད་པའམ། བླ་མ་མ་འབྱོར་ན་རྟེན་གྱི་དྲུང་དུ་གསོ་སྦྱོང་རང་གིས་བླང་བའི་ཆོ་ག་ལ་བརྟེན་ནས་བླངས་ཏེ། དུས་བཟང་རྣམས་ལ་ཅི་ནུས་སུ་བསླབ་པར་གྱིས་ཤིག །ཅེས་བརྗོད་ནས་བཀའ་དྲིན་དྲན་པས་ཕྱག་བྱའོ། །གསུམ་པ་འཐད་པ་བཤད་པ་ནི། མཛོད་ལས། བསྙེན་གནས་ཡན་ལག་ཚང་བ་ནི། །དང་པོ་གཞན་ལས་ནོད་པར་བྱ། །ཞེས་གསུངས་པས། ཐོག་མར་རབ་དུ་བྱུང་བའམ། ཁྱིམ་པ་གསོ་སྦྱོང་ལ་གནས་པ་ཞིག་ལ་ཇི་སྲིད་འཚོའི་བར་གྱི་ཉ་སྟོང་བརྒྱད་གསུམ་གའི་བསྙེན་གནས་ཀྱི་སྡོམ་པ་དུས་གཅིག་ལ་བླངས་ནས། དེ་ཕྱིན་ཆད་སྡོམ་པ་ལེན་ཡུལ་གྱི་གང་ཟག་མ་རྙེད་ན། རང་ཉིད་ཀྱིས་རྟེན་གྱི་དྲུང་དུ་ལེན་པ་ཡིན་གྱི། སྔར་གང་ཟག་ལས་ལེན་མ་མྱོང་ན་རྟེན་གྱི་དྲུང་དུ་བླངས་ཀྱང་སྡོམ་པ་མི་སྐྱེ། སྔར་ལེན་མྱོང་བ་དག་གིས་ཀྱང་བསྲུང་རྒྱུའི་དུས་ཚེས་གང་ཡིན་དེ་ལ་རང་གིས་རྟེན་གྱི་དྲུང་དུ་བླང་བར་བྱ་ཡིས་མ་བླངས་པར་མི་རུང་ངོ་། །དེ་ཡང་ལེན་ཡུལ་ལས་རང་ཉིད་སྟན་མཐོ་བ་དང་། དབང་པོ་མ་བསྡམས་པ་དང་། མ་གུས་པ་དང་། རྗེས་ཟློས་ཁ་གཅམ་པ་དང་། ཉི་མ་ཤར་བ་དང་། རྒྱན་གསར་དུ་གདགས་པ་རྣམས་ནི་སྡོམ་པ་སྐྱེ་བའི་གེགས་ཡིན་ལ། སང་གི་ཉི་མ་མ་ཤར་བ། དེའི་གོང་དུ་ཤི་བ། ལོག་ལྟ་སྐྱེས་པ། ཕུལ་བ་རྣམས་ནི་སྡོམ་པའི་གཏོང་རྒྱུའོ། །སྐྱེ་བའི་རྒྱུ་ནི་ངེས་འབྱུང་གི་བསམ་པའོ། །གནས་པའི་ཐབས་ནི་དྲན་པ་དང་ཤེས་བཞིན་གྱིས་བསླབ་བྱ་རྣམས་ལེགས་པར་བསྲུང་བར་བྱ་བའོ། །སྡོམ་པ་དེ་ཉིད་ཚེ་གང་དུ་བླངས་ནས་བསྲུང་བ་ནི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་ལྟར་གོ་མིའི་དགེ་བསྙེན་དུ་འགྱུར་རོ། །དེ་ལྟར་གནས་སྐབས་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །སྒྲུབ་བྱེད་ཡན་ལག་བརྒྱད་པ་ཡི། །ཆོ་ག་ཉུང་གསལ་འཇུག་བདེར་སྤེལ། །ཁྱིམ་པ་རྗེས་སུ་འཛིན་པ་སོ་སོ་ཐར་པའི་སྡོམ་པའི་ཆོ་ག་ཐར་ལམ་རབ་གསལ་ཞེས་བྱ་བ་འདི་ནི། ཉེ་བར་གནས་པ་ཨོ་རྒྱན་རྣམ་གྲོལ་གྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་བསྙེན་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྤེལ་བའོ།། །།
གསང་སྔགས་རྙིང་མའི་ཐེག་དགུའི་འཇུག་སྒོ་ལས་དང་པོ་སྐྱབས་སུ་འགྲོ་བ་སྦྱིན་པའི་ཆོ་ག་ཤིན་ཏུ་བསྡུས་པ། མཁས་གྲུབ་ཀརྨ་ཆགས་མེད།
༄༅། །གསང་སྔགས་རྙིང་མའི་ཐེག་དགུའི་འཇུག་སྒོ་ལས་དང་པོ་སྐྱབས་སུ་འགྲོ་བ་སྦྱིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་སིཾ་ཧཱ་ཡ། སྟོན་པ་ཤཱཀྱ་སེང་གེར་ཕྱག་འཚལ་ནས། །ཐེག་པ་ཐུན་མོང་སྐྱབས་སྡོམ་འབོགས་ཐབས་བཀོད། །སྟོན་པའི་སྐུ་འམ་མཚན་བརྒྱད་ཀྱི་ཞལ་ཐང་བཤམས། མཆོད་པ་རྣམ་ལྔ་མཎྜལ་ལ་སོགས་པ་བཤམས་ན་ལེགས། དེ་ནས་མདུན་ཏུ་གཅིག་གམ་མང་བོ་ཡང་རུང་སྟེ། ཕྱག་འཚལ་ནས་ཐལ་མོ་སྙིང་གར་སྦྱར་ཏེ་ཙོག་པུར་འདུག་ཏུ་བཅུག་ལ། འོ་ན་ད་ལམ་ཁྱེད་རང་རྣམས་དམ་པའི་ཆོས་ཀྱི་སྒོར་འཇུག་འདོད་པ་དེ་ཤིན་ཏུ་ལེགས། དེའི་རྒྱུ་མཚན་ཅི་ཞེ་ན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་མི་རྣམས་སྟོང་ལོག་སྙིང་རེ་རྗེ། །ཞེས་གསུངས་པ་ལྟར། མི་ལུས་འདི་ལྟ་བུ་ཡང་ཡང་མི་ཐོབ། ད་རེས་ཁོ་ན་ཙམ་ཡིན། ད་རེས་ལུས་འདི་ཡང་མི་རྟག་སྟེ་ནམ་འཆི་ཆ་མེད། ཤི་བའི་འོག་ཏུ་སྐྱེ་ས་རིགས་དྲུག་གང་རུང་གཅིག་ལས་འོས་མེད། རིགས་དྲུག་གང་རུང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། ཞེས་གསུངས་སོ། །སྡུག་བསྔལ་དེ་ལས་ཐར་བར་བྱེད་པ་ལ་དམ་པའི་ཆོས་ཀྱི་སྒོར་འཇུག་དགོས། ཆོས་དེ་ལའང་ཐེག་པ་རིམ་པ་དགུ་ཡོད་པ་ལས། དེ་ལ་སྐས་འཛེགས་པ་ལྟར་རིམ་པ་བཞིན་དུ་ཐེག་པ་ཐུན་མོང་ནས་འཇུག་དགོས་ཏེ། ཨོ་རྒྱན་རིན་པོ་ཆེས་སྒྲུབ་ཆེན་གྱི་གཞུང་རྣམས་ནས། ཀྱཻ་རིགས་ཀྱི་བུ་རྣམས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད། སྡོམ་པ་གསུམ་ལས་བྱུང་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། ཞེས་སོགས་དང་། སྔར་མ་ཐོབ་པ་རྣམས་ལ་སྐྱབས་འགྲོ་སོགས་སྡོམ་པ་རྣམས་ཐོབས་པར་འབོགས་དགོས་པར་གསུངས་པས། ད་རེས་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དེ་འབོགས་པ་ཡིན་པས། མདུན་དུ་བཤམས་པའི་སྐུ་རྟེན་འདི་རྣམས་དང་དབྱེར་མེད་པར་གྱད་དང་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ། བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང་བཅས་པའི་རྡོ་རྗེ་འཛིན་ཅིང་། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། འོད་དང་འོད་ཟེར་འཕྲོ་ཞིང་འཕགས་པ་གནས་བརྟན་བཅུ་དྲུག་ལ་སོགས་པ། ཐེག་པ་ཆེ་ཆུང་གི་དགེ་འདུན་རྒྱ་མཚོས་བསྐོར་བ་མངོན་སུམ་དུ་བཞུགས་པར་སྒོམས་ཤིག །ཅེས་དམིགས་པ་སོང་ནས། རང་ཉིད་ཐལ་མོ་སྙིང་གར་སྦྱར་ཏེ། ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་དཔུང་འདུལ་བའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་ཤཱཀྱ་སེང་གེ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན། དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་སེང་གེ་འཁོར་དང་བཅས་པ་དང་། ངེད་སློབ་དཔོན་དང་བཅས་པའི་དྲུང་དུ། དུས་དེ་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་བྱེད་སྙམ་པའི་འདུན་པ་རྩེ་གཅིག་གིས་སྟོན་པ་སངས་རྒྱས་ལ་དམིགས་ཏེ་ཕྱག་གསུམ། འདིས་གསུངས་པའི་ཆོས་ལ་དམིགས་ཏེ་ཕྱག་གསུམ། ངེད་ལ་སློབ་དཔོན་ཞུ་བའི་ཕྱིར་ཕྱག་གསུམ་དང་དགུ་ཕྲུག་དེ་འཚོལ་ཅིག། ཅེས་ཕྱག་དགུ་འཚལ་དུ་བཅུག་གོ། དེ་ནས་སྔར་ལྟར་འདུག་བཅུག་གོ། དེ་ནས་བཟུང་སྟེ་སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་སྐྱབས་སུ་ཞུ། དགེ་འདུན་ལ་གྲོགས་ཞུ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། །དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ། བཙུན་པས་བཟུང་དུ་གསོལ། དེ་ལྟར་ལན་གཅིག་སོང་ནས། ལན་གཉིས་པའི་རྗེས་ཟློས་མཛོད། ཅེས་ལན་གཉིས་གོང་ལྟར་རོ། །ད་ལན་གསུམ་པའི་མཇུག་ཏུ་ཁྱེད་རང་རྣམས་ཀྱི་རྒྱུད་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྐྱེ། ང་ཡང་ཁྱེད་རང་རྣམས་ཀྱི་སློབ་དཔོན་དུ་འགྱུར་བ་ཡིན་པས། འདིའི་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ། སློབ་དཔོན་གྱིས་བཟུང་དུ་གསོལ། ད་ངེད་ཀྱིས་ཐབས་ཡིན་ནོ། །བརྗོད་པའི་ཚེ། ཁྱོད་རང་ལེགས་སོ། །རྗོད་ཅིག །རང་གིས་ཐབས་ཡིན་ནོ། །སློབ་མས། ལེགས་སོ། །བརྗོད་དོ། །དེས་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བསླབ་པ་རྣམས་བསྲུང་དགོས། །དེ་ལ་བསྲུང་བྱའི་བསླབ་པ་དགུ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་ན་སངས་རྒྱས་ཀྱི་སྐུ་གཟུགས་ཐ་ན་ས་ཙྪའི་དུམ་བུ་ཡན་ཆོད་ལ་མ་གུས་པ་སྤང་ཞིང་གུས་པར་བསྒྲུབ། ཆོས་ལ་སྐྱབས་སུ་སོང་ན་ཆོས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་གུས་པར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན་ཐ་ན་ལྷན་པ་སེར་པོ་གྲུ་བཞི་བཏབ་པ་ཡན་ཆད་ལ་མ་གུས་པ་སྤང་ཞིང་གུས་པ་བསྒྲུབ། སངས་རྒྱས་ལ་སྐྱབས་སུ་སོང་ན་ཕྱི་རོལ་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་གནོད་པ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན་གྲོགས་མུ་སྟེགས་ཅན་མི་བརྟེན། ནང་ནུབ་སྐྱབས་འགྲོ་ལ་བརྩོན་པ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་དཀོན་མཆོག་གསུམ་མཆོད་པ་དང་། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་འཚོལ་བ་རྣམས་ལེགས་པར་སྲུངས་ཤིག །གལ་ཏེ་དེ་རྣམས་མ་བསྲུང་ན་སྐྱབས་སུ་འགྲོ་བའི་སྡོམ་པ་ལས་ཉམས་པས། ཚེ་འདི་ཕྱིའི་སྐྱབས་མེད་ཅིང་ངན་སོང་དང་འཁོར་བ་མཐའ་མེད་དུ་འཁྱམས་པས་ཉེས་པ་ཆེ་ནའང་། ལེགས་པར་བསྲུངས་ན། སྐྱེ་བོ་ཐ་མལ་པ་དང་། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པ་དང་། སྡོམ་པ་དང་དམ་ཚིག་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་རྣམ་བཞིའི་གྲལ་ཚུད་པ་དང་། ལས་ཀྱི་རྣམ་སྨིན་མ་གཏོགས་པའི། ཚེ་འདིའི་ནད་དང་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པ་དང་། སྡིག་པ་ཐམས་ཅད་སྲབ་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་སོགས་ཕན་ཡོན་ཆེན་པོ་ཐོབ་སྟེ། ཨོ་རྒྱན་རིན་པོ་ཆེས། རྟེན་སྡོམ་པ་གསུམ་ཀྱི་རྟེན་དུ་རུང་། ཅི་བྱས་ཚོགས་སུ་འགྲོ། གནས་སྐབས་ཀྱི་བར་ཆད་སེལ་བ་དང་། འཁོར་བའི་དུཿཁ་ལས་སྐྱོབ། མུ་སྟེགས་ལ་སོགས་པ་ལམ་ལོག་པར་མི་འགྲོ། ལམ་དམ་པའི་གཞི་ཐིང་བས་ཅི་བྱས་ཚོགས་སུ་འགྲོ་བས་མཆོག་ཏུ་གཅེས་པ་ཡིན་ནོ། །ཞེས་གསུངས་སོ། །ད་མིང་འདོགས་པ་དང་སྐྲ་བྲེག་པ་ནི། འདུལ་བའི་གཞུང་ལས་ནི་རབ་བྱུང་དང་དགེ་ཚུལ་སྒྲུབ་པའི་དུས་ཀྱི་བར་བྱེད་དགོས་པར་ཡང་མ་གསུངས་ནའང་། བོད་ཡུལ་འདིར་ཚངས་སྤྱོད་དགེ་བསྙེན་ལ་སྐྲ་བྲེག་པ་དང་། མིང་བརྗེ་བ་སོགས་བྱེད་པར་བོད་ཀྱི་མཁས་གྲུབ་ཀུན་གྱི་ཕྱག་བཞེས་སུ་གྲགས་ཆེ་ཞིང་། ཁྱད་པར་དུའང་གངས་ཅན་ལྗོངས་ཀྱི་གྲྭ་ས་ཆེན་པོ་འཛིན་པའི་གདུང་བརྒྱུད་པ་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བསྒྲུབས་ནས་སྐྲ་ཕུད་ལེན་ཅིང་མཚན་གསོལ། རབ་ཏུ་བྱུང་བའི་ན་བཟའ་ཡང་མནབ་སྲོལ་དང་། མཐའ་འཁོབ་རྒྱལ་པོ་དང་བློན་པོ་ཆེན་པོ་རྣམས་ལ་ཡང་། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བསྒྲུབས་ནས། མཚན་གསོལ་སྐྲ་ཕུད་ལེན་པར་བོད་ཀྱི་བླ་ཆེན་རྣམས་ཀྱིས་མཛད་པའི་ཕྱག་ལེན་ལྟར། སྐྲ་ཕུད་ལེན་པ་ཡིན་པས། གཙུག་ཕུད་བྲེག་གམ་བརྗོད་དུས་བྲེག་སྨྲོས་ཤིག །གཙུག་ཕུད་བྲེག་གམ། བརྗོད་དུས། སློབ་མས། བྲེག་བརྗོད། སྐྲ་ཕུད་སློབ་དཔོན་གྱི་ཕྱག་དུ་བཞག། དེ་ནས་རྟེན་གྱི་མདུན་དེར་བཞག་གོ། འོ་ད་སྔ་ཁྱོད་རྣམས་སངས་རྒྱས་ཀྱི་བསྟན་པའི་གྲལ་མ་ཚུད། དམ་པའི་ཆོས་སྒོར་མ་ཞུགས་པ་ཡིན་པ་ལས། དེ་རིང་ནས་དམ་པའི་ཆོས་སྒོར་ཞུགས་པ་ཡིན་པ་ལས། སྐྲ་བྲེག་མིང་བརྗེ་བ་འདི་བརྗེད་ཐོ་ཡིན་པས། བསམ་པ་ཐམས་ཅད་དམ་པའི་ཆོས་དང་མཐུན་པར་མཛོད་ཅིག །མིང་ཡང་རྒྱ་གར་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་སོ་སོའི་མིང་ནས་དྲངས་ནས་འདོགས། བོད་དུ་སློབ་དཔོན་སོ་སོའི་མཁན་པོའི་མཚན་ལ་དྲངས་ནས་འདོགས་པའི་སྲོལ་སྣང་ནའང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། པདྨ་ལ་དྲངས་ནས་འདོགས་པ་ལེགས་པར་གསུངས་པས། ད་ལམ་ཁྱོད་ཀྱི་མིང་ལའང་ཆེ་གེ་ཐོགས། ཞེས་ཨོ་རྒྱན་ནམ། པདྨའམ། གུ་རུའམ། རྡོ་རྗེ་སོགས་ཀྱི་དབུ་ཅན་ལ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས་མཁས། སྟོབས་ཆེན། ཡེ་ཤེས། སྙིང་རྗེ། བྱམས་པ། དགའ་བ། ཀུན་ཁྱབ། རབ་དགའ། དྲི་མེད། འོད་འཕྲོ། འོད་ཟེར། རྣམ་དག །བློ་གྲོས། ལེགས་པ། ཆོས་མཆོག །ཆོས་སྐུ། འོད་གསལ། སློབ་ལམ། མཐར་ཕྱིན། མཉམ་ཉིད། དོན་གྲུབ། ཡོན་ཏན། ཚངས་དབྱངས། ནོར་བུ། ཆོས་འཁོར། རྟ་མཆོག །གླང་བོ་བརྒྱ་ཕྱིན་ལ་སོགས། གཞན་གང་འོས་བཏགས་སོ། །འོ་དེས་ཁྱེད་རྣམས་ཀྱིས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས་བཀའ་དྲིན་ཆེའོ། །ཞེས་བརྗོད་ལ་ཕྱག་གསུམ་འཚོལ། ཞེས་བརྗོད་ལ་གྲོལ་ལོ། དེ་ནས་སྐྲ་སྐར་ལེགས་པར་བརྩིས་ལ། དེ་ཉིན་རུང་ན་ལེགས་མི་རུང་ན་རྗེས་སོར་སྐར་མ་ལེགས་དུས་སྐྲ་བྲེག་པར་བྱའོ། །རབ་བྱུང་གི་སེར་གོས་རྣམས་འདུལ་བ་ནས་རབ་བྱུང་བསྒྲུབ་དུས་ངེས་པར་སེར་གོས་དགོས་པའི། ངེས་པ་མེད་ཀྱང་། བོད་དུ་དགེ་བསྙེན་ལ་བཙུན་ཆས་བྱེད་སྲོལ་ཡོད་པས། སྐྱབས་གསུམ་འཛིན་པས་ཀྱང་བཙུན་ཆས་འཛོམ་ན་མི་རུང་བ་མེད་པས་གང་རྙེད་གྱོན་ནོ། །ཅེས་སྤྲུལ་སྐུས་གསུང་གིས་བསྐུལ་ནས། རྗོགས་ཆེན་དང་མཐུན་པར་ཨ་རཱ་གས་བྲིས་པ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་རྗེས་ཞུགས་ཀྱིས་འཛམ་གླིང་ཁྱབ་པར་གྱུར་ཅིག །སརྦ་མདྒ་ལཾ།
བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག
༄༅། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག །སྦྱོར་བ་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་སྔོན་དུ་སོང་བའི་རྗེས་སུ་དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་དང་། བྱང་ཆུབ་སྙིང་བོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱི་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པར་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱི་སེམས་བསྐྱེད་བླང་ལ། མཇུག་ཏུ་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་བོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་ལྟས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་དང་། བདག་གིས་དེ་རང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟགས་ཏུ་སྟོང་བར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །དགེའོ། །དགེའོ། །དགེའོ། །བཀྲ་ཤིས་ཤོག
མར་མེའི་སྨོན་ལམ།
༈ མར་མེའི་སྨོན་ལམ་བཞུགས། ཨོཾ་ཨཿཧཱུྃ། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་འཁོར་ཡུག་དང་མཉམ་པར་གྱུར་ཅིག །མར་མེའི་སྡོང་བུ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག །གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་གསར་བར་གྱུར་ཅིག །འོད་ཀྱིས་ནི་མཐོ་སྲིད་པའི་རྩེ་མོ་མན་ཆད་མནར་མེད་པའི་དམྱལ་ཁམས་ཡན་ཆད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་གསལ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་ཁམས་མངོན་གསུམ་མཐོང་ཞིང་གསལ་བའི་ནུས་པ་དང་ལྡན་པར་གྱུར་ཅིག །བདག་གཞན་སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་དང་། ཤེས་རབ་གསུམ་གྱི་སྣང་བ་ཟབ་ཀྱང་རྒྱ་ཆེ་བ་རྣོ་ཞིང་མྱུར་བའི་སྤོབས་པ་དང་མི་བརྗེད་པའི་གཟུང་ཟབ་ཅིང་རྒྱ་ཆེ་བ་སོ་སོར་ཡང་དག་པའི་རིག་པ་བཞི་མཆོག་ཏུ་གྱུར་བ་ལ་དབང་འབྱོར་ཏེ་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཐང་ཐོབ་པར་ཤོག་ཅིག །ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱི༔ ཨེ་མ་ཧོ། ངོ་མཚར་རྨད་བྱུང་སྣང་གསལ་སྒྲོན་མེ་འདི། །བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པ། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕ་མ་འབྲེལ་ཐོག་ཚེ་འདས་གཙོ་བྱས་པའི། །མཁའ་ཁྱབ་ཞིང་གི་སེམས་ཅན་ཐམས་ཅད་ཀྱི། །ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །རྫོགས་སངས་རྒྱས་པའི་ཞིང་ཁམས་མངོན་མཐོང་ནས། །འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག །དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱིས། །བདེན་པའི་མཐུ་ཡིས་སྨོན་ལམ་ཅི་བཏབ་སྟེ། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའི་སྨོན་ལམ་དེ་རྣམས་ཤྭ་ལོ་ཀ་གསུམ་པོ་གྲུབ་ཆེན་འབྲོག་བན་ལོ་ཙའི་དབུས་གཙང་ཕྱོགས་ནས་གཙུག་ལག་ཁང་རྣམས་སུ་མར་མེ་ཕུལ་བའི་དུས་དཔོན་སློབ་བཅོ་བརྒྱད་ཀྱིས་མགྲིན་གཅིག་ཏུ་གསུངས།
༈ རིག་པ་ཀ་དག་སྣང་བའི་སྒྲོན་མེ་འདི། །རིག་འཛིན་པད་འབྱུང་དཀྱིལ་འཁོར་ལྷ་ལ་འབུལ། །རིག་པས་གར་ཁྱབ་མ་གྱུར་འགྲོ་བ་རྣམས། །རིག་བདག་ཆོས་སྐུའི་ཀློང་དུ་གྲོལ་གྱུར་ཅིག །ཨཿ བསོད་ནམས་ཡེ་ཤེས་ཐབས་ཀྱི་མར་མེ་འདི། །ཤེས་རབ་ཡུམ་ཆེན་རྗེ་བཙུན་སྒྲོལ་མར་འབུལ། །མུན་པ་གསུམ་གྱི་མཚོ་ལས་རབ་བརྒལ་ནས། །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །
གསོལ་འདེབས་བསམ་པ་ལྷུན་འགྲུབ།
༄༅། །གསོལ་འདེབས་བསམ་པ་ལྷུན་འགྲུབ་བཞུགས་སོ། །ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོ་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱི་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནང་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་ཁྱེད་འདྲའི་ཐུགས་རྗེས་སྐྱོབས༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེས་ཅན༔ ཨོ་རྒྱན༴ བསམ་པ༴ ཧོར་སོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཧོར་སོགས་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སེམས་ཅན་རྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན༴ བསམ་པ༴ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམས་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས༴ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པའི༔ ཕ་ནོར་བུ་ཡི་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྦས་ཡུལ་ནག་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད༴ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་གྱིས་བསྐོར༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད༴ ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིགས་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ལམ་འཕྲང་འཇིགས་པའི་འཕྲང་ལམ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད༴ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད༴ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན༴ བསམ་པ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན༴ བསམ་པ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས༴ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས༴ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
གསོལ་འདེབས་བསམ་པ་མྱུར་འགྲུབ།
༄༅། །གསོལ་འདེབས་བསམ་པ་མྱུར་འགྲུབ་བཞུགས་སོ། །ཨེ་མ་ཧོ། མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱོད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་གཅོད་དམག་འཁྲུགས་མུ་གེ་སོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་བོའི་གདོན་དང་རྒྱལ་པོའི་ཆད་པ་དང་། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེ། །ཚེ་ཡི་ཕ་མཐར་གཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུངས་ཤིག་གུ་རུ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བོད་ཁམས་ནད་མུག་མཐའ་དག་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསར་བར་ཕན་ན་སྙམ་པའི་དད་ལྡན་རྣམས་ཀྱི་ཐུགས་ལ་བཞག །ཅེས་པ་འདིའི་ཤླཽ་ཀ་དང་པོ་ཀུན་མཁྱེན་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག་གི་རྒྱབ་ཆོས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་མཆོད་བརྗོད་ལས་འབྱུང་ཞིང་། དེ་ཕྱིན་ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །
༈ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདི་ནི་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་འོད་ཟེར་མཁའ་སྤྱོད་དཔལ་གྱི་ཙ་རི་ཏྲར་ཕེབས་སྐབས། སློབ་དཔོན་རིན་པོ་ཆེའི་ཞལ་གཟིགས་པའི་དུས་ཐོལ་བྱུང་དུ་གསུངས་པའི་གསོལ་འདེབས་བྱིན་རླབས་ཅན་ནོ། །མངྒ་ལཾ།
༈ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་བ་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱི་ཁ་ཏོན་དུ་གཅེས་པར་ཟུང་ཤིག༔
ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་འཇིགས་པ་ཀུན་སྐྱོབ། ལས་རབ་རྩལ།
༄༅། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་འཇིགས་པ་ཀུན་སྐྱོབ་བཞུགས་སོ། །ཨེ་མ་ཧོ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །སངས་རྒྱས་གཞན་ལས་ཐུགས་རྗེ་ཕྲིན་ལས་མྱུར། །བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པ་ཡི། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བཟོད་མེད་གདུང་ཤུགས་དྲག་པོས་སྙིང་ནས་འབོད། །མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྙིགས་མ་ལྔ་བདོའི་མཐའ་ལ་ཐུགས་པའི་ཚེ། །ཡུལ་ལྷ་ཡུལ་ཕུད་འབྱུང་པོས་ཤུལ་བཟུང་ན། །གཞི་བདག་གནས་སུ་འགོད་ཅིག་པདྨ་འབྱུང་། །ནག་ཕྱོགས་མི་དང་འདྲེ་བདུད་ཁ་དར་ན། །དཀར་ཕྱོགས་དབུགས་དབྱུང་མཛོད་ཅིག་པདྨ་འབྱུང་། །ཆོས་སྐྱོང་རྣམས་ཀྱིས་དམ་བཅའ་བཏང་གྱུར་ན། །དམ་ཚིག་ཕྱག་རྒྱས་ཆིངས་ཤིག་པདྨ་འབྱུང་། །དམ་མེད་ཤི་འདྲེས་བར་ཆད་རྩོམ་གྱུར་ན། །འདྲེ་རྒོད་དམ་ལ་ཐོག་ཅིག་པདྨ་འབྱུང་། །སྐྱེ་འགྲོའི་ཤེས་རྒྱུད་བགེགས་ཀྱིས་བརླག་གྱུར་ན། །ཁ་ཕྲོལ་བགེགས་ཚོགས་སྤྲོད་ཅིག་པདྨ་འབྱུང་། །སྨོན་ལོག་དམ་སྲིས་བསྟན་ལ་བར་གཅོད་ན། །དྲག་རྩལ་ཤུགས་ཀྱིས་སྒྲོལ་ཅིག་པདྨ་འབྱུང་། །རྒྱ་འདྲེ་འགོང་པོས་བོད་ཁམས་ཕུང་པ་ན། །མཐུ་སྟོབས་ནུས་པས་ཐུལ་ཅིག་པདྨ་འབྱུང་། །མཐའ་བཞིའི་དམག་གིས་མཚོན་ཁ་ལྡང་བ་ན། །མཐའ་དམག་དུས་འཁྲུགས་ཟློག་ཅིག་པདྨ་འབྱུང་། །ལྷ་སྲིན་མ་མོའི་དལ་ཡམ་འཐིབ་པ་ན། །ཐུགས་རྗེ་སྨན་གྱིས་སོལ་ཅིག་པདྨ་འབྱུང་། །འབྲོག་པ་ཕྱུག་ཉེས་ཡུལ་བ་ལོ་ཉེས་ན། །འབྲུ་ནོར་ལོངས་སྤྱོད་སྩོལ་ཅིག་པདྨ་འབྱུང་། །ས་ཡི་བཅུད་ཉམས་སྐྱེ་འགྲོའི་གཡང་ཉམས་ན། །བཅུད་གཡང་བྱིན་ཆེན་ཕོབ་ཅིག་པདྨ་འབྱུང་། །བསྟན་དང་བསྟན་འཛིན་སྡེ་དང་བཅས་པ་རྣམས། །དར་ཞིང་རྒྱས་པར་མཛོད་ཅིག་པདྨ་འབྱུང་། །ཆོས་མེད་བདག་སོགས་འཁོར་བར་འཁྱམས་པ་ན། །བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །ལྟ་སྒོམ་སྤྱོད་པའི་གོལ་ས་འཆུག་གྱུར་ན། །དོན་དམ་རང་ངོ་སྤྲོད་ཅིག་པདྨ་འབྱུང་། །འདི་དང་ཕྱི་མ་བར་དོ་ཐམས་ཅད་དུ། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་པདྨ་འབྱུང་། །མདོར་ན་སྡུག་བསྔལ་ཉེས་ཚོགས་ཅི་བྱུང་ཡང་། །རྟག་ཏུ་ཐུགས་རྗེས་སྐྱོབས་ཤིག་པདྨ་འབྱུང་། སྐྱེ་བ་འདི་ནས་ཚེ་རབ་ཐམས་ཅད་དུ། །བློ་སྣ་ཆོས་ལ་སྒྱུར་ཅིག་པདྨ་འབྱུང་། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །ཟངས་མདོག་དཔལ་གྱི་རི་བོ་སྐྱེ་བར་ཤོག །ཅེས་པ་འདི་དེང་སང་གི་དུས་དང་བསྟུན་པའི་ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་སྐུལ་བྱེད་འདི་སྡེ་དགེ་རྒྱལ་པོའི་ཕོ་བྲང་ཆེན་པོའི་གདན་ས་ལྷུན་གྲུབ་སྟེང་དུ་དཔའ་བོ་ལས་རབ་སྩལ་གྱིས་སྦྱར་བའོ། །རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་སྩལ། །ཐུབ་བསྟན་སྡེ་སྣོད་སྲོལ་འཛིན་ཞི་བ་འཚོ། །འཇམ་དཔལ་མི་ཡི་ཟོལ་བསྟན་ཁྲི་སྲོང་རྗེ། །ཕན་བདེའི་འབྱུང་གནས་མཆོག་ལ་གསོལ་བ་འདེབས། །མགོན་པོ་ཁྱེད་རྣམས་ཐུགས་རྗེས་རྗེས་དགོངས་འཚལ། །ཉམས་ཐག་བོད་ཀྱི་སེམས་ཅན་བརྩེ་བས་གཟིགས། །ནད་མཚོན་མུ་གེའི་སྐལ་ངན་རྒྱུན་བཅད་ནས། །སྣོད་བཅུད་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་མཁན་སློབ་ཆོས་གསུམ་ལ་སྔོན་གྱི་ཐུགས་བསྐྱེད་བསྐུལ་བའི་གསོལ་འདེབས་སྙིགས་འགྲོ་ཉེས་ཚོགས་ལས་སྐྱོབ་པར་བྱ་ཕྱིར་ལས་རབ་རྩལ་གྱིས་ཟླ་ཚེས་ལ་རྒྱལ་རོང་དགོན་དུ་བྲིས།
སྒྲོལ་མ་ཉེར་གཅིག་ལ་བསྟོད་པ།
༄༅། །སྒྲོལ་མ་ཉེར་གཅིག་ལ་བསྟོད་པ། ཨོཾ་པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །འོད་དཔག་མེད་ཀྱིས་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་ཕྲིན་ལས་མ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །
༈ ན་མོ་ཨཱརྱ་ཏཱ་རེ་ཡེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱི། །རབ་ཏུ་བྱེ་བའི་འོད་རབ་འབར་མ། །
ཕྱག་འཚལ་སེར་སྔོ་ཆུ་ནི་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་གྱིས་བརྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་སྔགས་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕགས་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྤྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །
༈ ཕྱག་འཚལ་གསེར་མདོག་ཅན་གྱི་སྒྲོལ་མ། །རིན་ཆེན་ལུས་ལ་གྲུབ་པའི་ལྷ་མོ། །ཚེ་ཡི་བར་ཆད་སེལ་མཛད་ཉེར་གཅིག །ཚེ་དང་བསོད་ནམས་རྒྱས་པར་མཛོད་ཅིག །ཅེས་དང་། ཨེ་མ་ཧོ། རང་སྣང་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །རྗེ་བཙུན་འཕགས་མ་སྒྲོལ་མ་ཐུགས་རྗེ་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིགས་བརྒྱད་གཡུལ་ལས་གྲོལ་བར་མཛད་དུ་གསོལ། །ཅེས་དང་།
སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ། དི་བམ་ཀཱ་ར་ཤྲཱི་ཛྙཱ།
༈ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ་ལ་གསོལ་འདེབས་བཞུགས། ཨོཾ༔ འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་འགེག་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་སྟོན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱི་བསྲུངས་བར་བྱས། །ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་པ་འདི་ཉིད་ཇོ་བོ་རྗེ་ལྷ་གཅིག་དི་བམ་ཀཱ་ར་ཤྲཱི་ཛྙཱ་ནས་གསུང་རྒྱུན་བྱིན་རླབས་ཅན་ལགས་པས་ཀུན་གྱིས་ཁ་ཏོན་ཏུ་ཟུང་ཞིག
༈ རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་ཏུ་གསོལ། །བདུད་འཇོམ་རྣམ་ཐར་ལས་ཞལ་བཤུས་པའོ། །
ལྷ་མོ་འོད་ཟེར་ཅན་མ། རིག་འཛིན་འཇིགས་མེད་གླིང་པ།
༈ ཨོཾ། ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བདུད་ཀྱི་བདུད་དགྲ་ཆེན་མོ། །གཞན་གྱིས་མི་ཐུབ་རྣམ་པར་འཇོམས་མ། །ཉི་མ་ཟླ་བའི་མདུན་ནས་འགྲོ་ཞིང་། །ཆུ་སྲིན་རྒྱལ་མཚན་རྣམ་པར་སྐྲོད་མ། །ཁྱེད་ལ་གསོལ་བ་བཏབ་པ་ཙམ་གྱིས། །དགྲ་ཡི་དཔུང་ནི་རྣམ་པར་ཆོམ་ཞིག །བསད་དང་དབྱེ་དང་བསྐྲད་རྨོངས་བྱེད་པས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ་ཅིག །ཨོཾ་མཱ་རཱི་ཙི་ཡཻ་སྭཱ་ཧཱ། ཞེས་པ་འདི་ཡང་རིག་འཛིན་འཇིགས་མེད་གླིང་བས་མཛད་པའོ། །
སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ་། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་སྐུ། །མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས་། །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེས་རྗེས་ཆགས་གཟུགས། །པདྨ་རྒྱལ་པོས་འཁོར་འདས་མངའ་དབང་བསྒྱུར། །སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ །གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི། །བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །མ་ལུས་སྐྱེ་དགུའི་ཡིད་འཕྲོག་རིག་བྱེད་མ། །མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །དབང་མཛད་རྡོ་རྗེ་དཔའ་བོ་ཌཱཀྐིའི་ཚོགས། །སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། །འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད། །རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། །རྣམ་གཉིས་དངོས་གྲུབ་འདོད་དགུའི་མཆོག་སྩོལ་ཞིང་། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། །སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ། །མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་མཐའ་དག །ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ། །ཞེས་པའང་རབ་ཚེས་ས་ཡོས་ཟླ་༧ཚེས་༢ལ་དྷཱི་མིང་པས་སྤེལ། གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ། དབང་གི་ལས་ཀུན་ཅི་ལྟར་བསམ་པ་བཞིན་འགྲུབ་པར་གདོན་མི་ཟའོ། །དར་དམར་ལ་བྲིས་ཏེ་ཕྱར་བའམ། མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་པོ། མདྒ་ལཾ། །
དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ།
༄༅། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ། རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་བྷ་དྲ་ནཱ་སྟི། བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །གང་གི་ལྷག་པའི་བསམ་པ་རྣམ་པར་དག་པས་གཅིག་དང་། བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱ་དང་། སྟོང་ལ་སོགས་པ་དག་ཉིན་བཞིན་དུ་སྒྲོག་པ་དེ་ནི། གོ་རིམ་ཇི་ལྟར་བཞིན་དུ་སྒྲིབ་པ་འདག་པ་དང་། སྤོབས་པ་དང་། མི་བརྗེད་པའི་གཟུངས་དང་། ཕྱིར་རྒོལ་པ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང་། སྟོབས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་གྱུར་རོ། །གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པར་བྱེད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས་ཤེས་རབ་དང་སྙིང་རྗེའི་ལམ་དང་ས་རྣམས་རིམ་གྱིས་བགྲོད་དེ། གོང་ནས་གོང་དུ་ཆེར་འཕེལ་ནས་མྱུར་དུ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ། །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ། །
འོད་དཔག་མེད་ཀྱི་སྒྲུབ་ཐབས་དང་སྨོན་ལམ། པདྨ་བི་ཛ་དང་ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །འོད་དཔག་མེད་ཀྱི་སྒྲུབ་ཐབས་དང་སྨོན་ལམ་བཞུགས། སྐྱབས་སེམས་སྔོན་དུ་འགྲོ་བས། ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །ཕུལ་བྱུང་བཀོད་པས་མངོན་པར་མཛེས་པའི་མཁར། །པད་ཟླའི་སྟེང་དུ་འདྲེན་པ་འོད་དཔག་མེད། །མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆ་ལུགས་ཅན། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས། །གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །སངས་རྒྱས་བྱང་སེམས་དགྲ་བཅོམ་དཔག་མེད་བསྐོར། །དད་པའི་ཡིད་མཁར་མངོན་སུམ་གསལ་བར་གྱུར། །ཅེས་པ་འདི་ནི་བླ་མ་འོད་གསལ་གྱི་ཐུགས་བཞེད་བཞིན་དུ་པདྨ་བི་ཛས་གསར་དུ་བསྣན་པའོ། །༼ མི་ཕམ་རིན་པོ་ཆེའི་ཞལ་གསུང་དངོས་ནི་འདི་དག་ཡིན་ཏེ། མཆན། ༽ བདེ་བ་ཅན་དུ་སྐྱེ་བར་འདོད་པ་རྣམས་ཀྱིས། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན་ནི། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། ཉིན་རེར་མཚན་ལན་བདུན་སོགས་བརྗོད་ནས། འདྲེན་པ་འོད་དཔག་མེད་པ་དགོངས་སུ་གསོལ། །རྒྱལ་བ་ཁྱེད་ཀྱི་ཐུགས་བསྐྱེད་ཇི་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དགེ་བའི་རྩ་བ་ཇི་སྙེད་བགྱིས་པ་རྣམས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྒྱལ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེས་ནས་ཀྱང་། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཀུན། །ཡོངས་སུ་རྫོགས་པའི་སླད་དུ་བསྔོ་བགྱིད་ན། །ཚེ་འདི་འཕོས་མ་ཐག་ཏུ་དག་པའི་ཞིང་། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བ་དང་། །འདྲེན་པ་འོད་དཔག་མེད་ཀྱིས་ལུང་བསྟན་ནས། །རྫོགས་སྨིན་སྦྱང་བ་མཐའ་རུ་ཕྱིན་པར་ཤོག །སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །དྷཱིཿམིང་པས་སོ། །
འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན།
༄༅། །འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཧྲཱིཿ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔ སྟོང་བའི་ངང་ལས་པདྨ་ཟླ་བའི་གདན༔ པད་དཀར་ཧྲཱིཿམཚན་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་རིན་ཆེན་ཤེལ་ཕྲེང་བསྣམས༔ ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔ ཞལ་འཛུམ་སྤྱན་གདང་ཤངས་ཀྱི་དབྱིབས་མཐོ་ཞིང་༔ དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་སུ་འཁྱིལ༔ སྤྱི་གཙུགས་རིག་བདག་སྣང་བ་མཐའ་ཡས་བཞུགས༔ རང་ཉིད་དེ་ལྟར་གསལ་བའི་ཐུགས་ཀ་རུ༔ པདྨ་དཀར་པོ་འདབ་དྲུག་གྱེས་པའི་དབུས༔ ཡི་གེ་ཧྲཱིཿམཚན་འབྲུ་དྲུག་འདབ་སྟེང་གསལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔ སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔ འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས༔ སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས༔ གྲགས་པ་ཐམས་ཅད་གྲག་སྟོང་སྔགས་ཀྱི་སྒྲ༔ དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་ངང་༔ སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་བཞག༔ དེ་ལྟར་གསལ་བའི་རིག་སྔགས་འབྲུ་དྲུག་པོ༔ སྒྲ་ཟུར་མ་ཉམས་ཡི་གེ་དྲུག་མ་བཟླ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་རྒྱུན་དུ་སྒོམ་བཟླས་བྱ༔ སྐབས་སུ་མཆོད་བསྟོད་ཕྲིན་ལས་བཅོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ནུབ་ཟངས་མཛོད་དམར་པོ་ནས་སྤྲུལ་སྐུ་རིག་འཛིན་ཆེན་པོས་གཏེར་ནས་གདན་དྲངས་པའོ༔
༈ ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས། །སྔགས་གཅིག་སྙིང་བོ་ཀུན་འདུས་མ་ཎི་དྲུག །ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས། །གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་བཟླ། །ཞེས་པའང་དཔལ་སྤྲུལ་བས་སོ། །ཨརྱ་ལོ་ཀི་ཤྭ་རི་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་ཏྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་ཏྱ་ཤཔྟ་པྲ་ཏི་ཙྪ་ཡེ་སྭཱ་ཧཱཿཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་སྐུ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་བ་བཟང་པོ་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འཇམ་དཔལ་དཔའ་བོས་སོགས་དུས་གསུམ་གཤེགས་པའི་རྒྱལ་བ་སོགས། སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་སོགས། དགེའོ་བཀྲ་ཤིས་ཤོག
ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ། གྲུབ་ཆེན་ཐང་སྟོང་རྒྱལ་པོ།
༄༅། །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་གཙུག་པད་དཀར་ཟླ་བའི་སྟེང་། །ཧྲཱིཿལས་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །མཛེས་འཛུམ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་ལྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམ་ལ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་གསུམ་བདུན་སོགས་ཅི་ནུས་བརྗོད། དེ་ལྟར་རྩེ་གཅིག་གསོལ་གཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང་། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲགས་རིག་སྟོང་དབྱེར་མེད་གྱུར། ཅེས་པའི་དོན་སྒོམ་བཞིན་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅི་འགྲུབ་བཟླ། མཐར་འཁོར་གསུམ་མི་རྟོག་པའི་རང་ངོར་མཉམ་པར་བཞག །བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲགས་ཡི་གེ་དྲུག་པའི་དབྱངས། །དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང་། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་ཞེས་བྱ་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་བྱིན་རླབས་ཅན་ནོ།། །།
མགོན་པོ་སྤྱན་རས་གཟིགས་ལ་བསྟོད་པ་དབུགས་འབྱིན་ཆེན་པོ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །མགོན་པོ་སྤྱན་རས་གཟིགས་ལ་བསྟོད་པ་དབུགས་འབྱིན་ཆེན་པོ་ཞེས་བྱ་བ། ཨོཾ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་ཀྱི། །སྙིང་རྗེའི་རང་གཟུགས་མགོན་པོ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཀུན་ཁྱབ་ཡེ་ཤེས་སྐུ། །ཡོན་ཏན་ཚད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཕྱོགས་དུས་གང་ན་རྒུད་པས་ཉམ་ཐག་པ། །དེ་ཡི་ཁྱོད་མཚན་དྲན་ཅིང་སྐྱབས་གསོལ་ན། །དེ་མ་ཐག་ཏུ་མཁྱེན་ཅིང་དགོངས་ནས་སུ། །མགོན་དང་སྐྱབས་སུ་འགྱུར་ཞེས་དམ་བཅའ་མཛད། །མནར་མེད་དམྱལ་བ་ཆེན་པོ་སོང་རྣམས་ལ། །ཐུགས་རྗེའི་ར་མདའ་མཛད་པའི་མོད་ཉིད་དུ། །མེ་དཔུང་དྲག་ཏུ་འབར་བའི་ཁང་སྒྲོམ་རྣམས། །ཡིད་འོང་པད་ཚལ་བཞད་པའི་རྫིང་བུར་འགྱུར། །རབ་ཏུ་ཉམ་ཐག་བཀྲེས་པས་ཉེན་པ་ཡིས། །ཡི་དྭགས་ཚོགས་ལ་ཟས་སྐོམ་བདུད་རྩིའི་ཆར། །འདོད་དགུར་བསྟབ་ཅིང་དྲི་མེད་ལྷ་ཡི་ལུས། །མོད་ལ་ཐོབ་པའི་སྐལ་བཟང་ཁྱོད་ཀྱིས་སྦྱིན། །མུན་པའི་འཐིབ་པོར་བླང་དོར་མི་ཤེས་ཤིང་། །རྨོངས་པས་སྙིང་བཀབ་དུད་འགྲོའི་རིགས་རྣམས་ལ། །སྣ་ཚོགས་གཟུགས་ཀྱིས་བདེ་དང་ཐར་བའི་ལམ། །ཅི་དགར་མཐོང་བའི་སྣང་བ་ཡངས་པོར་འགྱེད། །འདོད་པས་མྱོས་པའི་ལྷ་རྣམས་སད་བྱེད་ཅིང་། །ན་རྒ་འཆི་བས་གཉེན་ལ་དབུགས་དབྱུང་སྩོལ། །ཉོན་མོངས་མདུད་པ་དྲག་པོ་ཐབས་ཀྱིས་དགྲོལ། །སྐྱེ་རྒུའི་གཉེན་མཆོག་མཚུངས་པ་མེད་པ་ཁྱོད། །བརྒལ་དཀའ་སྲིན་མོའི་གླིང་དུ་ཚུད་པ་རྣམས། །བདེ་བར་ཕ་རོལ་སྒྲོལ་བྱེད་རྟའི་རྒྱལ་བོ། །བ་ལ་ཧ་སོགས་རྣམས་མང་གཟུགས་དག་གིས། །རྣམ་པ་སྣ་ཚོགས་སྐྱེ་རྒུའི་དོན་ལ་བརྩོན། །གང་གིས་ཁྱེད་མཚན་དྲན་པའི་མོད་ཉིད་དུ། །འཇིགས་པ་རྣམས་ལ་མི་འཇིགས་མཆོག་སྦྱིན་ཞིང་། །ཇི་ལྟར་འདོད་པའི་རེ་བ་ཡིད་བཞིན་སྐོང། །འཇིགས་པ་ཀུན་བྲལ་གཏན་བདེའི་གནས་སུ་འདྲེན། །མུ་མེད་ནམ་མཁའི་མུ་ཁྱུད་ཆེས་ཡངས་ཤིང་། །ཐོག་མཐའ་མེད་པའི་དུས་གསུམ་མཐའ་རིང་ལ། །འགྲོ་བའི་ལས་སྣང་འདི་ཡང་ཚད་མེད་ཀྱང། །དེ་སྙེད་ཁྱོད་ཀྱི་རྣམ་ཐར་རྒྱ་མཚོས་ཁྱབ། །ཤེས་བྱའི་ཁོངས་ན་ཕན་བདེ་ཅི་མཆིས་པ། །འགྲོ་འདིར་ཁྱེད་གྱིས་མ་བསྟབས་གང་ཡང་མེད། །སྲས་བཅས་རྒྱལ་བའི་རྣམ་ཐར་རྒྱ་མཚོ་ཡང་། །ཁྱོད་དང་དོན་གཅིག་མཉམ་པ་ཉིད་དུ་ཞུགས། །ཨོ༵ཾ་ནི་བདེ་བ་ཆེན་པོ་རྟག་པའི་བདག །སྐུ་ལྔ་ཡེ་ཤེས་ལྔ་དང་ཡེ་ནས་ལྡན། །རིགས་བདག་རྒྱལ་བ་མཆོག་དང་དབྱེར་མེད་པ། །མཉམ་ཉིད་ནམ་མཁའི་རྒྱལ་བོ་ཁྱེད་ལ་འདུད། །མ༵་ནི་ཆོས་དབྱིངས་ཡུམ་གྱི་མཁའ་དབྱིངས་སུ། །འགྲོ་ཀུན་བདེ་བར་སྒྲོལ་བའི་རྣམ་ཐར་ཤུགས། །འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཡི། །མི་རྟོག་སྤྲོས་དང་བྲལ་བ་ཁྱེད་ལ་འདུད། །ཎི་ནི་སྙིང་རྗེའི་ཐབས་མཆོག་དཔའ་བོའི་གཟུགས། །སེང་གེ་སྒྲ་སོགས་ཕྱོགས་བཅུའི་འཇིག་རྟེན་དུ། །སྒྱུ་འཕྲུལ་དྲཱ་བ་ཆེན་པོའི་རོལ་བར་སྟོན། །མ་ལུས་འགྲོ་ཀུན་སྐྱོབ་མཛད་ཁྱེད་ལ་འདུད། །པ༵ད་ནི་འདམ་སྐྱེས་པད་ལྟར་དྲི་མེད་ཅིང་། །སྙིང་རྗེས་རྗེས་ཆགས་བདེ་བ་ཆེན་པོའི་དཔལ། །དོན་ཡོད་ཞགས་པས་འགྲོ་ཀུན་ཡིད་རབ་འདྲེན། །ས་གསུམ་རེ་བ་སྐོང་མཛད་ཁྱེད་ལ་འདུད། །མེ་ནི་མཐའ་ཡས་འགྲོ་བའི་མོས་པ་དང་། །རྗེས་སུ་མཐུན་པར་སྣ་ཚོགས་རོལ་བའི་གར། །ཕྱོགས་དང་དུས་ཀྱི་མུ་མཐར་ཁྱབ་མཛད་པ། །འཇིག་རྟེན་སྐྱོང་བའི་དབང་ཕྱུག་ཁྱེད་ལ་འདུད། །ཧཱུ༵ྃ་ནི་རྟ་མཆོག་རོལ་བ་དྲག་པོའི་སྐུ། །ཡེ་ཤེས་ཁྲོས་པའི་ཤུགས་ཀྱིས་བདུད་དཔུང་འཇོམས། །འབར་བའི་གཟི་བྱིན་མཁའ་དང་མཉམ་པར་བརྡལ། །གདུག་པ་མ་ལུས་འདུལ་མཛད་ཁྱེད་ལ་འདུད། །ཧྲཱི་ནི་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ། །བདུད་དཔུང་འཇིགས་མཛད་འགྲོ་ཀུན་རྗེས་སུ་འཛིན། །དྲན་པ་ཙམ་གྱིས་ཡིད་བཞིན་མཆོག་སྩོལ་བ། །དངོས་གྲུབ་འདོད་དགུའི་གཏེར་ཆེན་ཁྱེད་ལ་འདུད། །སྲས་བཅས་རྒྱལ་བ་ཀུན་གྱིས་ཁྱོད་བསྔགས་ཀྱང། །ཡོན་ཏན་མཐའ་ལ་ཐུག་པ་མེད་མོད་ཀྱི། །མཚུངས་མེད་རྒྱལ་བའི་ལུང་གི་རྗེས་འབྲངས་ཏེ། །དམན་པ་བདག་ཀྱང་ཁྱོད་ལ་ཅུང་ཟད་བསྟོད། །འདི་ན་ཐོག་མེད་འཁྲུལ་བའི་དབང་སོང་སེམས། །ལས་དང་ཉོན་མོངས་བག་ཆགས་རྒྱས་བཅིངས་ཤིང་། །སྡུག་བསྔལ་སྣ་ཚོགས་བརྒལ་བར་དཀའ་བ་ཡི། །ཕ་མཐའ་མི་མངོན་ཆུ་གཏེར་དབུས་སུ་ལྷུང་། །ཐུགས་རྗེ་ཆེ་མངའ་རྒྱལ་དང་དེ་སྲས་ལ། །ཉིན་མཚན་གདུང་བས་འོ་དོད་བོས་ན་ཡང་། །བྱུར་ངན་རང་གི་ཉེས་པས་རང་བསྒྲིབས་ནས། །བྱིན་རླབས་དབུགས་དབྱུང་ཆ་ཙམ་མི་སྣང་བའི། །ཉམ་ཐག་ཡི་ཆད་སྐྱབས་དང་མགོན་བྲལ་བ། །ཤིན་ཏུ་ཕོངས་པར་གྱུར་བ་བདག་ཅག་རྣམས། །སྙིང་རྗེའི་ཡུལ་དུ་ལྷག་པར་སོང་བས་ན། །མགོན་པོ་ཁྱོད་ཀྱི་དམ་བཅའ་མ་བསྙེལ་ཅིག །ཀྱེ་མ་ཀྱི་ཧུད་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེས་དགོངས་ཤིག་ད་ལྟ་ཉིད་དུ་ཡང་། །ཡེ་ཤེས་ཐུགས་རྗེ་ཚད་དཔག་མེད་པ་ཡིས། །བྱིན་རླབས་ཆེན་པོའི་དབུགས་དབྱུང་བདག་ལ་སྩོལ། །ནད་དང་ཉོན་མོངས་རྒུད་པའི་སྐལ་བ་ལས། །མྱུར་བ་ཉིད་དུ་བདེ་བར་བསྒྲལ་བ་དང་། །ཡིད་ལ་ཅི་ལྟར་རེ་བའི་དོན་མཆོག་རྣམས། །ཡོངས་སུ་འགྲུབ་པའི་དགའ་སྟོན་ཉེ་བར་སྩོལ། །བདག་ཀྱང་ཁྱེད་ཀྱི་རྣམ་ཐར་རྗེས་ཞུགས་ཏེ། །མཐའ་ཡས་འགྲོ་ལ་ཕན་བདེའི་དཔལ་སྦྱིན་ཅིང་། །ཁྱེད་དང་དབྱེར་མེད་མཉམ་ཉིད་ཡེ་ཤེས་སྐུ། །གདོན་མི་ཟ་བར་མྱུར་དུ་འགྲུབ་པར་ཤོག །ཅེས་པའང་ས་ཕག་ཟླ་༡༠ཚེས་༡༤དགོང་མོར་འཕྲལ་དུ་མི་ཕམ་པས་བྲིས་པ་དགེ །
༈ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ། ལས་ངན་དང་སྡིག་གྲོགས་ཀྱི་དབང་དུ་མི་འགྲོ་བར་ཤོག །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ། སེམས་ཅན་གཅིག་གི་བ་སྤུའི་ཁོང་བུ་ལ་གནོད་འཚེ་མི་བྱེད་པར་ཤོག །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བར་ཤོག །གང་གིས་བདག་ལས་ལེགས་བཤད་ཐོས་པའམ། །མཐོང་ཐོས་དྲན་རེག་གཏམ་གྱི་འབྲེལ་བ་ཚུན། །མཚམས་མེད་ལས་བྱང་ངན་སོང་སྒོ་ཁེགས་ནས། །ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག །དཔལ་སྤྲུལ་རིན་པོ་ཆེས་གསུངས་སོ། །
མི་འཁྲུག་པའི་བསྒོམ་བཟླས།
༄༅། །མི་འཁྲུག་པའི་བསྒོམ་བཟླས་བཞུགས་སོ། །མི་འཁྲུག་པའི་བསྒོམ་བཟླས་ནི་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་རྒྱལ་བ་མི་འཁྲུགས་པ། །ལོངས་སྐུའི་ཆ་ལུགས་ཡོངས་རྫོགས་གསལ། །གླང་བོའི་ཁྲི་ལ་བཞུགས་པར་བསྒོམ། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་མཐར། །གཟུངས་ཀྱིས་གཡས་སུ་འཁོར་བ་ལས། །འོད་ཟེར་མཐིང་ཀ་རབ་འཕྲོས་པས། །བསྔོ་དགོས་ཐོག་དྲངས་འགྲོ་ཀུན་གྱི། །ལས་ཀྱི་སྡིག་སྒྲིབ་ཐམས་ཅད་ནི། །བ་མོ་ཉི་ཟེར་ཕོག་པ་ལྟར། །ལྷག་མེད་དག་ནས་སངས་རྒྱས་གྱུར། །ན་མོ་རརྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཅི་ནུས་བཟླས་མཐར། སྔགས་མཆོད་ཙམ་གྱིས་འབུལ། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲི། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་པའོ། །ཞེས་པས་བསྟོད། བདེ་བར་གཤེགས་པ་ཁྱེད༴ ཁྱེད་ལ་བསྟོད་ཅིང་༴ ར་གས་སྦྱར་བའོ། །
རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། མི་ཕམ་མི་བསྐྱོད་རྡོ་རྗེ།
༄༅། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་། ཨ། མཁའ་དཀྱིལ་དྭངས་བའི་དབྱིངས་ཉི་ཟླར། །རང་རིག་ཡེ་ཤེས་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཞི་ཚུལ་མཚན་དང་དཔེ་བྱད་འབར། །ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྟོད། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །སྙེམ་མ་དཀར་མོ་གྲི་ཐོད་ཅན། །བདེ་སྟོང་མཉམ་པར་སྦྱོར་བས་འཁྱུད། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན། །མ་ལུས་པར་ནི་འགྲུབ་པར་འགྱུར། །ཐུགས་དབུས་ཟླ་སྟེང་རྡོ་རྗེའི་དབུས། །ཧཱུྃ་ལ་ཡི་གེ་དྲུག་པས་བསྐོར། །སྣང་སྲིད་རྣམ་དག་བདེ་བ་ཆེ། །རྡོ་རྗེ་སེམས་དཔའི་ངང་དུ་སད། །ཨོཾ་བཛྲ་ས་ཏྭ་ཧཱུྃཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་དྲུག་པ། མཚན་འདི་གང་གིས་ཐོས་པ་དེས་སྔོན་སངས་རྒྱས་མང་པོ་ལ་བྱ་བ་བྱས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་ངེས་པར་འབྱུང་བ་དང་། རྒྱལ་བ་རྣམས་ཀྱིས་བྱིན་གྱིས་རློབ་པ་དང་། ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དང་། མངོན་ཤེས་དང་ལྡན་ཞིང་ལྷག་མཐོང་གི་མིག་དང་ལྡན་པ་དང་། རྒྱལ་བའི་སྲས་སུ་ངེས་པ་ཡིན་ནོ་ཞེས་སྤྱི་མདོ་དགོངས་པ་འདུས་པ་ལས་གསུངས་ཤིང་འདི་འབུམ་ཕྲག་གཅིག་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཡང་ཞི་བར་འགྱུར་རོ་ཞེས་ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས་གསུངས། དེ་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་གཅིག་ཙམ་ཡང་བརྗོད་གྱུར་ན། །འདི་ནི་སྲུང་བ་རྟག་ཆེན་པོ། །སྐད་ཅིག་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས། ཡི་དམ་གྱི་ལྷ་བདེ་མཆོག་དང་དགྱེས་རྡོར་དང་གསང་འདུས་དུས་ཀྱི་འཁོར་ལོ་དཔལ་ཡང་དག་ཧེ་རུ་ཀ་ཕུར་པ་རྡོ་རྗེ་གཞོན་ནུ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་ཉིད་ཡིན་ལ། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་སྔོན་འདི་ལྟར་དམ་ཚིག་ཉམས་ཆགས་ཅན་རྣམས་ཀྱི་མདུན་དུ་བདག་གནས་ནས་སྒྲིབ་པ་ཐམས་ཅད་སྦྱོང་བར་ཤོག་ཅེས་སྨོན་ལམ་བཏབ་པས། ད་ལྟ་འདི་ཉིད་ཀྱི་ལྷ་སྔགས་དྲན་པ་ཙམ་གྱིས་ཉམས་ཆག་སྡིག་སྒྲིབ་སྦྱོང་བར་བྱེད་ཅིང་། མདོར་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དཔལ་ལྡན་རྡོ་རྗེ་སེམས་དཔར་འདུས་ཤིང་། གསང་སྔགས་དང་རིག་སྔགས་ཐམས་ཅད་སྙིང་པོ་ཡི་གེ་དྲུག་པ་འདི་ལ་འདུས་པས་ལྷ་སྔགས་འདི་དག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ཐུན་མཐར་མཆོད་བསྟོད་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུྃ་བཾ་ཧོ༔ སུ་ར་ཏ་སྟྭཾ། ཧཱུྃ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །ཞེས་བྱས་ལ། ལྷར་སྣང་འོད་གསལ་ངང་དུ་བསྡུ། །སླར་ཡང་ཟུང་འཇུག་སྒྱུ་མའི་སྐུར་ལངས་ལ། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཞེས་དང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་བོ་བདེ་བ་ཆེ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པས། །དོན་གྲུབ་བསམ་པ་གྲུབ་པར་ཤོག །ཅེས་པའང་རབ་ཚེས་ལྕགས་བྱི་ཟླ་༦ཚེས༦ལ་སྒྲུབ་བརྒྱུད་དགོན་གྱི་རི་ཁྲོད་དུ་མི་ཕམ་མི་བསྐྱོད་རྡོ་རྗེས་བྲིས་པ་འདིའི་ལམ་ལས་འགྲོ་བ་ཐམས་ཅད་གྱིས་དབུགས་འབྱིན་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་དགའ་སྟོན་དམ་པ་འདི་འཐོབ་པར་གྱུར་ཅིག །
བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །འཁྲུལ་བའི་དབང་གིས་སྡིག་ལྟུང་གང་བགྱིས་པ། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །སྒྲིབ་མེད་དག་ཅིང་ཚངས་པའི་མཆོག་སྩོལ་ཅིག །ཤིང་སྤྲུལ་ཟླ་༡༠ཚེས༡༥ལ་དྷཱིས་སོ། །
བདེ་གཤེགས་སྤྱི་བཤགས།
༄༅། །བདེ་གཤེགས་སྤྱི་བཤགས། ཨོཾ༔ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པའི་ཕྱིར། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། །གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས། །དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ། །ལས་དང་བསྐལ་བས་དམྱལ་བར་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ། །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །ངན་སེམས་ལོག་པར་ལྟ་བ་ལ་སོགས་པ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པའི་ཁྱད་པར་དུ། །བསྙེན་སྒྲུབ་བསྐང་བའི་ཆོ་ག་མ་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས། །སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག །ཐུགས་ཀྱི་མན་ངག་སྟེར་ནས་དམ་ཚིག་སྨོད། །གསང་མཚམས་འདས་ནས་འཆོལ་བར་སྨྲ་ལ་སོགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ། །བསྙེན་བསྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལུས་ངག་ཡིད་ཀྱིས་བསྒྲུབ་བྱ་འདས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤོང་ལེན་བགྱིས་པ༴ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླངས་དམ་བཅས་ཉམས་པ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ༴ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན༴ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ༴ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ༴ སོ་སོ་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ། །འགལ་ཞིང་ཉམས་པ་ཐམས་ཅད༴ མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱི། །དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་སོགས་ཡི་གེ་བརྒྱ་བ་བཟླ།
སྤྱི་བཤགས།
༄༅། །སྤྱི་བཤགས་བཞུགས་སོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་པས། ཚེ་འཁོར་བ་ཐོག་མ་མེད་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གིས་དབང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་བའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིགས་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམ་ལ་མ་གུས་པ་དང། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་བ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ། སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་བརྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་མདོར་ན་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་བའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་པོ། མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལེགས་སོ། །མཐོལ་ཤིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་སྤྱི་བཤགས་འདི་ལན་གསུམ་མམ་ཚར་གཅིག་གང་རུང་བརྗོད།
ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ། །ཨཱཿ རང་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། །ཨོ་རྒྱན་དྲི་མེད་ངྷ་ན་ཀོ་ཤའི་མཚོ། །གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །དབུས་སུ་རིན་ཆེན་པད་སྡོང་འདབ་རྒྱས་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །མཚན་དཔེའི་དཔལ་འབར་མཚོ་རྒྱལ་ཡུམ་དང་འཁྲིལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །འོད་ལྔའི་ཀློང་ན་བདེ་ཆེན་གཟི་བྱིན་འབར། །འཁོར་དུ་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས། །བྱིན་རླབས་ཐུགས་རྗེའི་ཆར་འབེབ་བདག་ལ་གཟིགས། །རྒྱལ་ཀུན་ངོ་བོ་འཆི་མེད་ཡེ་ཤེས་སྐུར། །གདུང་ཤུགས་དྲག་པོས་དད་ཕྱག་རྟག་ཏུ་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་གྱི། །ཁྱབ་བདག་གཅིག་པུ་མགོན་པོའི་རྣམ་ཐར་ལ། །སྙིང་ནས་ཡི་རངས་དད་པས་གསོལ་འདེབས་ཤིང་། །ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབ་པར་བསྐུལ། །རང་གཞན་དགེ་བའི་དངོས་པོ་ཀུན་བསྡོམ་ནས། །འགྲོ་ཁམས་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། །མགོན་པོ་ཁྱོད་ཀྱི་རྣམ་ཐར་རྗེས་བསྙེགས་ཏེ། །མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་དུ་བསྔོ། །སྐྱབས་གནས་ཀུན་འདུས་མཁྱེན་བརྩེའི་གཏེར་ཆེན་པོ། །དུས་ངན་སྙིགས་མའི་སྐྱབས་གཅིག་རིན་པོ་ཆེ། །ལྔ་བདོའི་རྒུད་པས་མནར་བཞིན་གདུང་ཤུགས་ཀྱིས། །གསོལ་འདེབས་བུ་ལ་བརྩེ་བས་མྱུར་དུ་གཟིགས། །དགོངས་པའི་ཀློང་ནས་ཐུགས་རྗེའི་རྩལ་ཕྱུངས་ལ། །མོས་ལྡན་བདག་གི་སྙིང་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་མྱུར་དུ་བསྟན་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱས་ལ་ཚིག་བདུན་གསོལ་འདེབས་ཅི་ནུས་སུ་འདོན། མོས་གུས་ཀྱིས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་ཀྱི་སྦྱོར་མཚམས་དང་། ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་བ་ཐག་ལྟར་བརྐྱང་བ་རང་གི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། བཛྲ་གུ་རུ་ཅི་རིགས་བཟླ་ཐུན་མཐར། བླ་མའི་གནས་གསུམ་ཡེ་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་བྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །མཐར་ནི་བླ་མ་འཁོར་བཅས་འོད་དུ་ཞུ། །དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ། །རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས། །རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། ཨ་ཨཱཿ ཞེས་བརྗོད་ལ་ཡེ་ནས་བཅོས་བསྒྱུར་སྤང་བླང་ལས་འདས་པ་རང་གི་སེམས་ཉིད་གདོད་མའི་ཆོས་སྐུ་ཆེན་པོའི་རང་ཞལ་བལྟ། སླར་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་ཐམས་ཅད་འདུལ་ཞེས་པའི་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་ལ་ཚེ་རབས་ཐམས་ཅད་དུ་གུ་རུ་པདྨའི་བྲན་དུ་སྨོན་ལམ་འདེབས་པ་མི་ཕམ་རྣམ་པར་རྒྱལ་བའི་ཡིད་མཚོ་ལས་བྱུང་པ་དགེའོ། །མངྒ་ལཾ།
རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་བཞུགས་སོ། །ཤ་ཆང་སོགས་ཅི་འབྱོར་བའི་དམ་རྫས་བཤམས་ལ། ཧཱུྃ། ཨཱ་ལས་ཆོས་དབྱིངས་དང་མཉམ་ཀ་པཱ་ལར། །ཨོཾ་ལས་སྣང་སྲིད་འདོད་ཡོན་ཚོགས་སུ་བཤམས། །ཧཱུྃ་གིས་བདེ་ཆེན་ཡེ་ཤེས་རོལ་པར་བསྒྱུར། །ཧྲཱིཿཡིས་རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐང་། །ཨོཾ་ཨཱཿཧཱུྃ་ཧྲཱིཿས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་ཞིང་མཆོད་པ་འབུལ་པ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ ཚོགས་མཆོད་ཡེ་ཤེས་བདུད་རྩིར་བསྒྱུར༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་བླ་མ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི༔ རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས༔ སྣང་སྲིད་འདོད་ཡོན་དགྱེས་དགུ་མ་ཚང་མེད༔ ཀུན་བཟང་བདེ་ཆེན་ཚོགས་ཀྱི་འཁོར་ལོ་འབུལ༔ ཐུགས་བརྩེས་དགྱེས་བཞེས་ཐུགས་དམ་སྐོང་གྱུར་ཅིག༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་རིག་འཛིན་མཁའ་འགྲོའི་ཚོགས༔ མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ དམ་ཚིག་ཉམ་ཆགས་ཐམས་ཅད་སྦྱང་དུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ། །བྱང་ཆུབ་བར་ཏུ་འབྲལ་མེད་རྗེས་འཛིན་ཞིང་། །ཚེ་བསོད་ཉམས་རྟོགས་ཡར་ངོས་ཟླ་བཞིན་འཕེལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའང་གསེར་འཕྱང་གི་ལོའི་དབོ་ཟླའི་ཚེས་བཅུ་ལ་འཇམ་དཔལ་དགྱེས་པའི་ཡིད་ཀྱི་མཚོ་ལས་བྱུང་བའི་ནོར་བུ་བསམ་འཕེལ་ཡང་དག་པ་མངྒ་ལཾཿ
འཕགས་པ་ཕུང་པོ་གསུམ་པའི་མདོ།
༄༅། །འཕགས་པ་ཕུང་པོ་གསུམ་པའི་མདོ་བཞུགས་སོ། །སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་བོ་རབ་ཏུ་འཇོམས་པ་ལ༴ རིན་ཆེན་འོད་འཕྲོ་ལ༴ ཀླུ་དབང་གི་རྒྱལ་པོ་ལ༴ དཔའ་བོའི་སྡེ་ལ༴ དཔལ་དགྱེས་ལ༴ རིན་ཆེན་མེ་ལ༴ རིན་ཆེན་ཟླ་འོད་ལ༴ མཐོང་བ་དོན་ཡོད་ལ༴ རིན་ཆེན་ཟླ་བ་ལ༴ དྲི་མ་མེད་པ་ལ༴ དཔལ་བྱིན་ལ༴ ཚངས་པ་ལ༴ ཚངས་པས་བྱིན་ལ༴ ཆུ་ལྷ་ལ༴ ཆུ་ལྷའི་ལྷ་ལ༴ དཔལ་བཟང་ལ༴ ཙནྡན་དཔལ་ལ༴ གཟི་བརྗིད་མཐའ་ཡས་ལ༴ འོད་དཔལ་ལ༴ མྱ་ངན་མེད་པའི་དཔལ་ལ༴ སྲེད་མེད་ཀྱི་བུ་ལ༴ མེ་ཏོག་དཔལ་ལ༴ དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམས་པར་རོལ་པས་མངོན་པར་མཁྱེན་པ་ལ༴ དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ༴ ནོར་དཔལ་ལ༴ དྲན་པའི་དཔལ་ལ༴ མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ༴ དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ༴ ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ༴ གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ༴ རྣམ་པར་གནོན་པ་གཤེགས་པའི་དཔལ་ལ༴ ཀུན་ནས་སྣང་བ་བཀོད་པའི་དཔལ་ལ༴ རིན་ཆེན་པདྨོས་རྣམ་པར་གནོན་པ་ལ༴ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨའི་གདན་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ༴ དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཕྲོག་པ་དང་། འཕྲོག་ཏུ་བཅུག་པ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང་། འཇུག་ཏུ་བསྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པ་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ། བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །
༈ བྱང་ཆུབ་སེམས་དཔའ་གང་དག་སྙིང་རྗེ་སྟོབས་ལྡན་ཞིང་། །དཔའ་བོ་སེམས་ཅན་ཀུན་ལ་ཕན་ཞིང་སྐྱོབ་བྱེད་པ། །དེ་དག་ཀུན་ཀྱི་སྐྱབས་མེད་སྡིག་ཅན་བདག་ལ་སྐྱོབ། །བྱང་ཆུབ་སེམས་དཔའ་དེ་དག་རྣམས་ལའང་བདག་སྐྱབས་མཆི། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་བོ་སོ་སོར་བཤགས། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ་འཇིགས་པ་རང་གྲོལ། གཏེར་ཆེན་ཀརྨ་གླིང་པ།
༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ་འཇིགས་པ་རང་གྲོལ་བཞུགས། རང་འཆི་བའི་དུས་ཀྱི་ཚེའམཿ ནམ་ཡང་བྱ་སྟེཿ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཉིས་རམ་མདར་སྦྲན་པའམ། དཀོན་མཆོག་གསུམ་ལ་དངོས་སུ་འབྱོར་བ་དང་། ཡིད་ཀྱིས་སྤྲུལ་བའི་མཆོད་པ་འབུལ༔ ལག་ཏུ་སྤོས་དྲི་ཞིམ་པོ་ཐོགས་སྟེ༔ གདུང་བའི་ཤུགས་དྲག་པོས་འདི་སྐད་དོ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ་མཁྱེན་པ་དང་ལྡན་པ༔ སྤྱན་དང་ལྡན་པ༔ བརྩེ་བ་དང་ལྡན་པ༔ འགྲོ་བའི་སྐྱབས་སུ་གྱུར་བ་རྣམས་ཐུགས་རྗེས་དབང་གིས་གནས་འདིར་བྱོན་ཅིག༔ དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་བདག་སོགས༔ ཆྒཻ་མོ། ཞེས་བྱ་བ་འདི་ནི༔ འཇིག་རྟེན་འདི་ནས་ཕ་རོལ་དུ་ནི་འགྲོ༔ འཇིག་རྟེན་འདི་ནི་བོར༔ སྐྱེས་ཆེན་པོ་ནི་འདེགས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ཚེ་འདིའི་སྣང་བ་ནི་ནུབ༔ འགྲོ་བ་གཞན་དུ་ནི་འགྲོ༔ མུན་ནག་མཐུག་པོར་ནི་འཇུག༔ གཡང་ས་ཆེན་པོར་ནི་ལྟུང་༔ ནགས་ཁྲོད་མཐུག་པོར་ནི་འཇུག༔ ལས་ཀྱི་དབང་གིས་ནི་དེད༔ དགོན་པ་ཆེན་པོ་ནི་འགྲོ༔ རྒྱ་མཚོ་ཆེན་པོས་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་བདས༔ ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ༔ གཡུལ་ངོ་ཆེན་པོར་ནི་འཇུག༔ གདོན་ཆེན་པོས་ནི་ཟིན༔ གཤིན་རྗེའི་ཕོ་ཉ་ལ་ནི་འཇིགས་ཤིང་སྐྲག༔ ལས་ཀྱི་སྲིད་པ་ན་ཡང་སྲིད་པ་ལ་ནི་འཇུག་དབང་ནི་མེད༔ གཅིག་པུར་གྲོགས་མེད་པར་འགྲོ་དགོས་པའི་དུས་ལ་བབ་ན། ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་བདག་སོགས་ཆྒཻ་མོ། སྐྱབས་མེད་པ་འདི་ལ་སྐྱབས་མཛོད་ཅིག༔ མགོན་མཛོད་ཅིག༔ དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་དྲག་པོ་ལས་ཟློག་ཅིག༔ གཤིན་རྗེས་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའི་འཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱི་ཐུགས་རྗེ་མ་ཆུང་ཅིག༔ ར་མདའ་མཛོད་ཅིག༔ ངན་སོང་གསུམ་དུ་མ་བཏང་ཅིག༔ སྔོན་གྱི་དམ་བཅའ་མ་གཡེལ་བར་ཐུགས་རྗེས་ཤུགས་མྱུར་དུ་ཕྱུངས་ཤིག༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་སོགས་འདི་རྣམས་ལ་ཐུགས་རྗེ་ཐབས་དང་ནུས་མ་ཆུང་ཞིག༔ ཐུགས་རྗེས་ཟུང་ཞིག༔ སེམས་ཅན་ལས་ངན་པའི་དབང་དུ་མ་གཏང་ཞིག༔ དཀོན་མཆོག་གསུམ་གྱི་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ༔ ཞེས་མོས་གུས་དྲག་པོའི་སྒོ་ནས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལན་གསུམ་བྱའོ༔ དེ་ནས་བར་དོ་ཐོས་གྲོལ་དང་འཕྲང་གྲོལ་ངན་སོང་ལས་སྐྱོབ་པའི་སྨོན་ལམ་སོགས་གདབ་པར་བྱའོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ར་མདའ་སྦྲན་པའི་སྨོན་ལམ་འཁོར་བ་མ་སྟོང་བར་མ་རྫོགས་སོ། ས་ཡ་ཡཱ། ཨོ་རྒྱན་ཀྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའོ༔ འཚོ་རྒྱལ་གྱིས་ཟིན་རིས་སུ་བྲིས་ནས་གཏེར་དུ་སྦས་པ། ཀརྨ་གླིང་བས་སྒམ་པོ་གདལ་གྱི་སྟེ་བོ་ནས་གདན་དྲངས་པའོ།
བར་དོ་དྲུག་གི་རྩ་ཚིག །གཏེར་ཆེན་ཀརྨ་གླིང་པ།
༄༅། །བར་དོ་དྲུག་གི་རྩ་ཚིག་བཞུགས་སོ༔ ཀྱཻ་མ༔ བདག་ལ་སྐྱེ་གནས་བར་དོ་འཆར་དུས་དེར༔ ཚེ་ལ་ལོངས་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་ཅིག༔ མི་ལུས་ལན་ཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མ་ལམ་ལ་སྡོད་པའི་དུས་ཚོད་མིན༔ ཀྱཻ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་དེར༔ གཏི་མུག་རོ་ཉལ་བག་མེད་སྤང་བྱས་ནས༔ དྲན་མེད་ཡེངས་མེད་གནས་ལུགས་ངག་ལ་འཇུག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ གཉིད་དང་མངོན་གསུམ་འདྲེས་པའི་ཉམས་ལེན་གཅེས། ཀྱཻ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་དེར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇོག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་སྒོམ་དུས་འདིར༔ ཉོན་མོངས་འཁྲུལ་བའི་དབང་དུ་མ་བཏང་ཅིག༔ ཀྱཻ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་དེར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམ་ངག་གསལ་བའི་ངང་ལས་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཀྱཻ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་དེར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགག་ལ་ཐུག་པའི་དུས་གཅིག་འོངས༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཀྱཻ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་དེར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་བཀག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ མིག་སེར་སྤངས་ལ་བླ་མ་ཡབ་ཡུམ་བསྒོམ༔ འཆི་བ་འོངས་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་ཤིན་ཏུ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ལྷ་ཆོས་ཡིན༔ ད་ལྟ་ཉིད་དུ་ལྷ་ཆོས་མི་བྱེད་དམ༔ གྲུབ་ཆེན་རྣམས་ཀྱི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ། ཞེས་གསུངས་སོ། བར་དོ་ཐོས་གྲོལ་གྱི་རྩ་ཚིག་འདི༔ འཁོར་བ་མ་སྟོང་བར་དུ་མ་རྫོགས་སོ༔
༈ བར་དོའི་འཕྲང་སྒྲོལ་གྱི་སྨོན་ལམ་འདི་སྐད་དོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ༔ བདག་ནི་འཁྲུལ་བས་འཁོར་བར་འཁྱམས་པའི་ཚེ༔ ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ༔ བཀའ་རྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ གཏི་མུག་དྲག་པོའི་འཁོར་བར་འཁྱམས་པའི༴ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ༴ ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས༴ བར་དོ༴ ཡང་དག༴ ཞེ་སྡང་དྲག་པོའི་འཁོར་བར་འཁྱམས༴ མེ་ལོང་ཡེ་ཤེས་གསལ་བའི་འོད༴ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ༴ ཡུམ་མཆོག་སངས་རྒྱས་སྤྱན་མས༴ བར་དོ༴ ཡང་དག༴ ང་རྒྱལ་དྲག་པོས་འཁོར༴ མཉམ་ཉིད་ཡེ་ཤེས་གསལ་བའི༴ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ༴ ཡུམ་མཆོག་མ་མ་ཀི་ཡིས༴ བར་དོ༴ ཡང་དག༴ འདོད་ཆགས་དྲག་པོས་འཁོར་བར༴ སོར་རྟོག་ཡེ་ཤེས་གསལ༴ བཅོམ་ལྡན་སྣང་བ་མཐའ་ཡས་ལམ༴ ཡུམ་མཆོག་གོས་དཀར་མོས་རྒྱབ་ནས་སྐྱོར༔ བར་དོ༴ ཡང་དག༴ ཕྲག་དོག་དྲག་པོའི༴ བྱ་གྲུབ་ཡེ་ཤེས་གསལ་བའི༴ བཅོམ་ལྡན་དོན་ཡོད་གྲུབ་པའི་ལམ༴ ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས༴ བར་དོ༴ ཡང་དག༴ བག་ཆགས་དྲག་པོས་འཁོར༴ ལྷན་སྐྱེས་ཡེ་ཤེས་གསལ་བའི༴ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ༴ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ༴ བར་དོ༴ ཡང་དག༴ འཁྲུལ་སྣང་དྲག་པོས་འཁོར༴ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད༴ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱི་ལམ༴ དབང་ཕྱུག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ༴ བར་དོ༴ ཡང་དག༴ ཀྱཻ་མ༔ ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་མཐིང་གའི་ཞིང་ཁམས་མཐོང་བར་ཤོག༔ ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང༔ སངས་རྒྱས་དཀར་པོའི་ཞིང་ཁམས༴ ས་ཡི་ཁམས་རྣམས་དགྲ་རུ་མི༴ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་༴ མེ་ཡི་ཁམས་རྣམས་དགྲ༴ སངས་རྒྱས་དམར་བོའི་ཞིང་ཁམས༴ རླུང་གི་ཁམས་རྣམས༴ སངས་རྒྱས་ལྗང་གུའི་ཞིང་ཁམས༴ འཇའ་ཚོན་ཁམས་རྣམས་དགྲ༴ སངས་རྒྱས་སྣ་ཚོགས་ཞིང་ཁམས༴ སྒྲ་འོད་ཟེར་གསུམ་སྒྲ་རུ་མི༴ ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར༴ སྒྲ་རྣམས་ཐམས་ཅད་རང་སྒྲར་ཤེས་པར་ཤོག༔ འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག༔ ཟེར་རྣམས་ཐམས་ཅད་རང་ཟེར་ཤེས་པར་ཤོག༔ བར་དོར་རང་ངོ་རང་གི་ཤེས་པར་ཤོག༔ སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་ཤོག༔ བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་ཞེས་བྱ་བ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ༔ འཁོར་བ་མ་སྟོང་བར་དུ་མ་རྫོགས་སོ༔
༈ བར་དོའི་སྨོན་ལམ་འཇིགས་སྐྱོབ་ཅེས་བྱ་བ་འདི་ལྟར༔ ཀྱཻ་མ༔ བདག་ནི་ཚེ་ཡི་འཕེན་པ་ཟད་པའི་ཚེ༔ འཇིག་རྟེན་འདི་ནས་ཉེ་དུས་མི་སྟོང་སྟེ༔ རང་ཉིད་གཅིག་པུར་བར་དོར་འཁྱམས་ཙམ་ན༔ རྒྱལ་བ་ཞི་ཁྲོའི་ཐུགས་རྗེའི་ཤུགས་ཕྱུངས་ནས༔ མ་རིག་མུན་པའི་སྨག་རུམ་སེལ་བར་ཤོག༔ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས༔ རང་སྣང་སྟོང་བའི་གཟུགས་བརྙན་འཆར་དུས་དེར༔ སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་ཤུགས་ཕྱུངས་ནས༔ སྔངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་དེར༔ མི་འཇིགས་མི་སྐྲག་རང་ངོ་ཤེས་པར་ཤོག༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་དེར༔ མི་འཇིགས་གདེངས་ཐོབ་བར་དོ་ངོ་ཤེས་ཤོག༔ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙམ་ན༔ རྒྱལ་བ་ཞི་ཁྲོའི་སྡུག་བསྔལ་སེལ་བར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙམ་ན༔ ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་དེར༔ རྒྱལ་བ་ཞི་ཁྲོས་བདག་སོགས་བསྐྱབས་ཏུ་གསོལ༔ བག་ཆགས་ལས་ཀྱིས་སྡུག་བསྔལ་མྱོང་ཙམ་ན༔ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ སྲིད་པ་བར་དོ་བརྫུས་ཏེ་སྐྱེས་ཙམ་ན༔ ཕྱིར་ལོག་བདུད་ཀྱི་ལུང་བསྟན་མི་འབྱུང་ཤོག༔ གང་དུ་བསམ་པ་དབང་གིས་སླེབས་ཙམ་ན༔ ལས་ངན་འཁྲུལ་བའི་འཇིགས་སྐྲག་མི་འབྱུང་ཤོག༔ གཅན་གཟན་ཁྲོ་བོས་ངར་སྐད་འདོན་པའི་ཚེ༔ ཡི་གེ་དྲུག་པའི་ཆོས་སྒྲ་འགྱུར་བར་ཤོག༔ ཁ་ཆར་རླུང་དང་མུན་པས་དེད་པའི་ཚེ༔ ཡེ་ཤེས་གསལ་བའི་ལྷ་མིག་མཐོང་བར་ཤོག༔ རིགས་མཐུན་ནང་ཚན་བར་དོའི་སེམས་ཅན་རྣམས༔ མིག་སེར་མེད་ཅིང་མཐོ་རིས་སྐྱེ་བར་ཤོག༔ ཤིན་ཏུ་ཉོན་མོངས་བཀྲེས་ཤིང་སྐོམ་པའི་ཚེ༔ ལྟོགས་སྐོམས་ཚ་གྲང་སྡུག་བསྔལ་མི་འབྱུང་ཤོག༔ ཕྱི་མ་ཕ་མའི་འདུ་འཕྲོད་མཐོང་ཙམ་ན༔ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་ཉིད་མཐོང་ཤོག༔ གར་སྐྱེས་རང་དབང་ཐོབ་ནས་གཞན་དོན་དུ༔ མཚན་དཔེས་བརྒྱན་པའི་ལུས་མཆོག་ཐོབ་པར་ཤོག༔ བདག་ཉིད་སྐྱེས་པའི་ལུས་མཆོག་ཐོབ་གྱུར་ནས༔ མཐོང་ཐོས་ཐམས་ཅད་མྱུར་དུ་གྲོལ་བར་ཤོག༔ ལས་ངན་ཐམས་ཅད་རྗེས་སུ་མི་འབྲང་ཞིང་༔ བསོད་ནམས་གང་ཡོད་འཕེལ་ཞིང་རྗེས་འབྲང་ཤོག༔ གང་དང་གང་དུ་སྐྱེ་བ་དེ་དང་དེར༔ ཚེ་རབས་ཡི་དམ་ལྷ་དང་མཇལ་བར་ཤོག༔ སྐྱེ་མ་ཐག་ཏུ་སྨྲ་ཞིང་འགྲོ་ཤེས་ཏེ༔ སྐྱེ་བ་དྲན་ཅིང་མི་བརྗེད་གཟུང་ཐོབ་ཤོག༔ ཡོན་ཏན་ཆེ་ཆུང་འབྲིང་དང་སྣ་ཚོགས་པ། །ཐོས་བསམ་མཐོང་བ་ཙམ་གྱིས་ཤེས་གྱུར་ཅིག །གང་དུ་སྐྱེས་པས་ཡུལ་དེར་བཀྲ་ཤིས་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །རྒྱལ་བ་ཞི་ཁྲོ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་དང་། །སྔགས་འཆང་རྩེ་གཅིག་སྒྲུབ་པའི་བྱིན་རླབས་ཀྱིས། །སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག །བར་དོའི་སྨོན་ལམ་འཇིགས་སྐྱོབ་མ་ཞེས་བྱ་བ་འཁོར་བ་མ་སྟོང་བར་དུ་མ་རྫོགས་སོ༔ བཀྲ་ཤིས་དཔལ་དུ་འབར་བའི་དགེ་ལེགས་སྩོལ། དགེའོ། །དགེའོ། །དགེའོ། །མངྒ་ལམ།
༈ བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་ཆེ། །དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གནད་གཅོད་གཤིན་རྗེའི་འཇིགས་ལས་བསྐྱབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་དྲོངས་དུ་གསོལ། །ཞིང་མཆོག་བདེ་བ་ཅན་ལ་ཁྲིད་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུང་། །
མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ། མཁས་གྲུབ་ཀརྨ་ཆགས་མེད།
༄༅། །མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ། །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ འདི་ཉིད་ཆགས་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམ། །དཔེ་གཅོད་འདོན་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བ་མེད། །འདི་བས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་བསྐྱུར་ཉམས་ལེན་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་ལ་ལྷམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤང་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་བ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་གཅིག་ཙམ་ཞིག་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་པའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་སྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབས་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབ་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པར། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་བདག་གིས་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གངྒཱ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །
བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་བོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་བྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་ཕྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱང་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབས་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབས་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་བའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་པ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེར་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །
༈ སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེག་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོག །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུ་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང་། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོག །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩིའི་རྫིང་བུ་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲང་བྱེད་པར་ཤོག །ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ཏ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དགུ་ཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲང་བསྙེན་བཀུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། དེ་ནས་རབ་བརྒྱ་ཕྲག། འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། རབ་འདི་མ་ཆགས་པ། འབྲིང་ལོ་ཟླ་ཙམ་མ་ཆགས་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་འཁོར་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །འོད་མདོ་ཞིང་བཀོད་མདོ་དང་། པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རཱ་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིགསརྦ་མངྒ་ལཾ།
༈ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །འཆི་བའི་དུས་སུ་འོད་དཔག་མེད། །དགེ་སློང་དགེ་འདུན་བཅས་དེ་མཐོང་། །དེ་ན་བུད་མེད་ཡོད་མ་ཡིན། །མངལ་ན་གནས་པའང་ཡོད་མ་ཡིན། །རིན་ཆེན་རྣམས་ཀྱི་པདྨོ་ལས། །རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར། །ཟས་དང་གོས་དང་སྨན་རྣམས་དང་། །ཆོས་གོས་མལ་ཆ་ལྷུང་བཟེད་རྣམས། །སེམས་ཀྱིས་བསམ་མ་ཐག་ཏུ་ནི། །དེ་དག་མོད་ལ་འབྱུང་བར་འགྱུར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ནས། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །བདེ་བ་ཅན་དུ་སྐྱེ་བར་ཤོག །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །
༈ སྨོན་ལམ་བསྡུས་པ་ནི། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་ཡིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་གཙོ་འཁོར་རྣམས་ཀྱིས་ཞལ་གཟིགས་པའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ། །
༈ ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མ་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་བདེན་འབྲས་མི་བསླུ་བའི། །བདེན་པའི་སྨོན་ལམ་འདི་བཏབ་མྱུར་འགྲུབ་ཤོག།།ནམ་མཁའི་མཐར་ཐུག་སོགས། དགེ་བ་འདི་ཡིས༴ འོད་དཔག་མེད༴ ཁྱེད་ལ་སོགས།
ཟངས་མདོག་དཔལ་རིའི་སྨོན་ལམ་གསང་ལམ། ཧེ་རུ་ཀ་པ་པདྨ་དབང་ཆེན།
༄༅། །ཟངས་མདོག་དཔལ་རིའི་སྨོན་ལམ་གསང་ལམ་ཞེས་བྱ་བ་བཞུགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རང་བཞིན་རྣམ་དག་བློ་བྲལ་གཉུག་མའི་སྦུབས༔ གསལ་མདངས་འགགས་མེད་བདེ་སྟོང་ལོངས་སྐུའི་རྩལ༔ སྤྲུལ་སྐུའི་ཞིང་ཁམས་མི་མཇེད་བཀོད་པའི་ཆ༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན༔ དུས་གསུམ་རྒྱལ་བས་ཆོས་འཁོར་བསྐོར་བའི་གནས༔ དེ་ཡི་ནུབ་བྱང་རྔ་ཡབ་ལང་ཀའི་གླིང་༔ ཟངས་མདོག་དཔལ་གྱི༴ བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ༔ རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིང་༔ སྐེད་པར་ལུས་མེད་མཁའ་འགྲོའི་ཚོགས་འཁོར་བསྐོར༔ རྩེ་མོ་གཟུགས་ཁམས་བསམ་གཏན་སྙོགས་པ་ལྟའི༔ ཟངས་མདོག་དཔལ་གྱི༴ རི་རྒྱལ་དེ་ཡི་རྩེ་མོའི་གཞལ་མེད་ཁང་༔ ཤར་ཤེལ་ལྷོ་ཕྱོགས་དབང་སྔོན་བཻ་ཌཱུརྱ༔ ནུབ་ཕྱོགས་པད་རག་བྱང་ཕྱོགས་ཨིནྡྲ་ནི༔ ཕྱི་ནང་བར་མེད་ཟང་ཐལ་དབང་གཞུའི་མདངས༔ ཟངས་མདོག་དཔལ་གྱི༴ ཁྱམས་དང་གྲུ་ཆད་གློ་འབུར་འཇའ་རིས་འཁྱིལ༔ འདོད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་དང་༔ ཤར་བུ་མདའ་ཡབ་སྒོ་རྒྱན་རྟ་བབས་ཅན༔ ཆོས་འཁོར་གདུགས་ཏོག་བརྡ་དོན་རྟགས་རྫོགས་པའི༔ ཟངས་མདོག་དཔལ་གྱི༴ དཔག་བསམ་ལྗོན་པའི་ཤིང་དང་བདུད་རྩིའི་ཆུ༔ ནེའུ་སེང་སྨན་ལྗོངས་དྲི་བསུང་འཐུལ་བའི་ཁྲོད༔ དྲང་སྲོང་རིག་འཛིན་བྱ་ཚོགས་བྷྲ་མ་ར༔ ཐེག་གསུམ་ཆོས་ཀྱི་སྒྲ་དང་བརྡ་གླུ་སྒྱུར༔ ཟངས་མདོག་དཔལ་གྱི༴ ཕོ་བྲང་གཞལ་མེད་ཆེན་པོའི་ལྟེ་བ་ལ༔ རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང་༔ བདེ་གཤེགས་ཀུན་འདུས་རང་བྱུང་པདྨ་འབྱུང་༔ སྐུ་གསུམ་རིགས་འདུས་འཇའ་ཟེར་ཀློང་ན་བཞུགས༔ ཟངས་མདོག་དཔལ་གྱི༴ གང་གི་ཟབ་གསལ་བདེ་ཆེན་ཡེ་ཤེས་རྩལ༔ སྟོང་ཉིད་སྙིང་རྗེར་ཤར་བའི་སྒྱུ་འཕྲུལ་ལས༔ ཕྱོགས་བཅུ་ཀུན་དང་ཁྱད་པར་བོད་ཡུལ་དུ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་བར་མེད་འགྱེད༔ ཟངས་མདོག་དཔལ་གྱི༴ གཡས་ཀྱི་གྲལ་ན་རྒྱ་བོད་རིག་འཛིན་རྣམས༔ འོད་གསལ་རྡོ་རྗེའི་རོལ་ངོར་འབྱམས་སུ་ཀླས༔ གཡོན་གྱི་གྲལ་ན་འཕགས་བོད་པཎ་གྲུབ་རྣམས༔ བཤད་སྒྲུབ་ཉམས་རྟོགས་བགྲོ་གླེང་ཆོས་སྒྲ་འུར༔ ཟངས་མདོག་དཔལ་གྱི༴ མཐའ་སྐོར་བར་མཚམས་རྗེ་འབང་ཉེར་ལྔ་དང་༔ སྤྲུལ་པའི་གཏེར་སྟོན་གྲུབ་པའི་ཁྱུ་མཆོག་རྣམས༔ ཐེག་པ་རིམ་དགུའི་འཁོར་ལོ་ལ་སྤྱོད་ཅིང་༔ གཡོ་མེད་དགོངས་པའི་གཟེར་གྱི་བརྟུལ་ཞུགས་འཛིན༔ ཟངས་མདོག་དཔལ་གྱི༴ ཕྱོགས་བཞི་མཚམས་བརྒྱད་གྲུ་ཆད་བར་ཁྱམས་ཀུན༔ དཔའ་བོ་ཌཱཀྐི་ལྷ་དང་ལྷ་མོས་ཁེངས༔ རྡོ་རྗེའི་གླུ་གར་མིག་འཕྲུལ་ལྟ་བུར་གཡོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་སྟོབ་པར་བྱེད༔ ཟངས་མདོག་དཔལ་གྱི༴ དེ་སྟེང་ལོངས་སྐུའི་གཞལ་མེད་བཀོད་མཛེས་ནང་༔ ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་ལ༔ ཚོམ་བུའི་དཀྱིལ་འཁོར་བསམ་ཡས་འཁོར་གྱིས་བསྐོར༔ རྣམ་རྟོག་བག་ཆགས་དགྲ་གདོན་ཐལ་བར་བྱེད༔ ཟངས་མདོག་དཔལ་གྱི༴ དེ་སྟེང་ཆོས་སྐུའི་ཞིང་ཁམས་ཉམས་དགའ་བར༔ གཞི་སྣང་ཡེ་ཤེས་སྙིང་པོ་ཀུན་ཏུ་བཟང་༔ སྣང་མཐའ་རིག་པའི་འཁོར་ལ་བརྡ་ཆོས་སྟོན༔ སྟོན་འཁོར་དགོངས་པ་མཉམ་པའི་ཕྲིན་ལས་ཅན༔ ཟངས་མདོག་དཔལ་གྱི༴ སྒོ་བཞིར་བཀའ་ཉན་རྒྱལ་པོ་ཆེན་པོ་བཞི༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཀུན༔ ཕོ་ཉར་མངགས་ནས་མུ་སྟེགས་དམ་སྲི་འདུལ༔ དམ་ཅན་རྒྱ་མཚོའི་དཔལ་རྟགས་རྒྱ་རྔ་བརྡུང་༔ ཟངས་མདོག་དཔལ་གྱི༴ དེ་ལྟར་ཞིང་གི་བཀོད་པ་གསལ་བཏབ་ནས༔ ཕྱི་རོལ་ཡུལ་གྱི་ཟངས་མདོག་དཔལ་རི་ལ༔ ཡུལ་ཅན་ནང་གི་རིག་པས་སྨོན་དེའི་མཐུས༔ རང་ལུས་མི་མཇེད་ཞིང་གི་བཀོད་པའི་ནང་༔ རང་སྣང་ཟངས་མདོག་དཔལ་རིར་མངོན་པར་ཤོག༔ ཁྱད་པར་བསྐྱེད་རྫོགས་ཟབ་མོའི་རྟེན་འབྲེལ་གྱིས༔ རྩ་གསུམ་འཁོར་ལྔའི་མདུད་པ་གྲོལ་ནས་ཀྱང་༔ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར༔ ལྷན་སྐྱེས་ཡེ་ཤེས་རོལ་པའི་རྩལ་རྫོགས་ནས༔ རང་རིག་པད་འབྱུང་རྗེ་དང་མཇལ་བར་ཤོག༔ ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔའི་སྦུབས༔ རབ་དགའ་ནས་བཟུང་ཀུན་ཏུ་འོད་ཀྱི་བར༔ དེ་ལས་རྡོ་རྗེ་ཐེག་པའི་ས་མཆོག་གཉིས༔ ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡི༔ ཐུན་མོང་མ་ཡིན་ཡེ་ཤེས་བླ་མའི་ས༔ བྱར་མེད་ལྷུག་པའི་ངང་དུ་རྫོགས་ནས་ཀྱང་༔ གཞི་དབྱིངས་པདྨ་འོད་དུ་གྲོལ་བར་ཤོག༔ གལ་ཏེ་དགོངས་པའི་རྩལ་ཆེན་མ་རྫོགས་ན༔ གསོལ་འདེབས་སྨོན་ལམ་དྲག་པོའི་འཕེན་པ་ཡིས༔ ནམ་ཞིག་འཆི་བ་བཙན་ཐབས་བྱུང་བའི་ཚེ༔ པདྨའི་ཕོ་ཉ་མཁའ་འགྲོ་གར་མཁན་མས༔ མངོན་སུམ་ལག་པའི་ཁུ་ཚུར་ནས་བཟུང་ནས༔ མཁར་ཆེན་བཟའ་དང་གུ་ཎ་ཎཱ་ཐ་ལྟར༔ མཐོང་སྣང་སྣ་ཚོགས་ཡོད་པའི་ལུགས་ལྟར་བཤད་པ་ཡིན༔ བདག་ཀྱང་པདྨ་འོད་དུ་འཁྲིད་པར་ཤོག༔ ཆོས་དབྱིངས་རྣམ་པར་དག་པའི་བདེན་པ་དང་༔ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་ཡིས༔ བདག་གི་སྨོན་པ་ཡིད་བཞིན་འགྲུབ་གྱུར་ནས༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཅེས་རང་བཞིན་སྤྲུལ་པའི་ཞིང་ཁམས་དང་ཁྱད་པར་མ་མཆིས་པའི་རྔ་ཡབ་པདྨ་འོད་ཀྱི་ཞིང་མཆོག་དམ་པ་བགྲོད་པའི་སྨོན་ལམ་དཔལ་རིའི་གསང་ལམ་ཞེས་བྱ་བ་འདི་ནི་སྙན་བརྒྱུད་རྡོ་རྗེའི་བཙུན་མོའི་རྣལ་འབྱོར་པ་དྷརྨཱ་ཀརྟིའི་བཞེད་སྐོང་དུ་དཔལ་ཨོ་རྒྱན་ཡབ་ཡུམ་གྱི་ཟླ་ཟེར་སྙིང་ལ་ཟག་པའི་བྱིན་རླབས་ལས༔ འོད་གསལ་རྫོགས་པ་ཆེན་པོའི་མངོན་སུམ་གྱི་གནད་ལ་གོམས་པའི་རྣལ་འབྱོར་པ་ཧེ་རུ་ཀ་པ་པདྨ་དབང་ཆེན་གྱིས་བསམ་ཡས་མཆིམ་ཕུའི་འོག་མིན་མཁའ་འགྲོའི་ཚོགས་ཁང་གསང་ཆེན་མེ་ཏོག་ཕུག་གིས་མཚམས་མལ་དུ་སྦྱར་བའོ༔ དགེའོ༔
སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ། བྱ་བྲལ་མཁྱེན་བརྩེའི་འོད་ཟེར།
༄༅། །སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་ནི། ཀྱེ་མ་ཀྱེ་ཧུད་རིག་འཛིན་པདྨ་འབྱུང་། །བདག་འདྲ་ལས་ངན་སྙིགས་མའི་སེམས་ཅན་རྣམས། །བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར། །སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས། །བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས། །གདོང་དམར་བོད་ཕྲུག་སྤྲེ་འུའི་ཚ་བོ་རྣམས། །འདི་ཕྱིའི་རེ་ལྟོས་སྐྱབས་གནས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག༴ ད་ལྟ་ཉིད་དུ༴ ཚེ་སྲོག་མི་རྟག་གཡང་ཁའི་བྱེའུ་འདྲ། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ནི་མེད། །རྟག་ཏུ་སྡོད་གྲབ་བྱེད་པ་བདུད་ཀྱིས་བསླུས། །གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ། ཐུགས་རྗེས༴ ད་ལྟ་༴ འཁོར་བའི་སེམས་ཅན་སྡུག་བསྔལ་ལས་ལ་གཡེངས། །དམ་ཆོས་བྱེད་བློ་ནམ་ལངས་སྐར་ལྟར་ཡལ། །དོན་ཆུང་གཡེང་བའི་ཁོལ་བོར་མི་ཚེ་ཟད། །དགྲ་ཆེན་འཆི་བ་བྱུང་ན་སུ་ལ་རེ། །ཐུགས་རྗེས༴ ད་ལྟ༴ བྱིས་པའི་རང་བཞིན་སོ་སོའི་སྐྱེ་བོ་ཀུན། །ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་རྒུད། །ཕར་ཕྱིན་དྲུག་གི་འདྲེན་བྱེད་ཅེ་རེ་ལོང་། །འབྱུང་བ་ཐིམ་རིམ་བྱུང་ན་སུ་ལ་རེ། །ཐུགས་རྗེས༴ ད་ལྟ༴ དགེ་བཅུའི་ལམ་ལ་མོས་པས་ཞུགས་ན་ཡང་། །རྣམ་པར་དཔྱད་ན་ཆོས་བརྒྱད་ཟོབ་དང་འདྲེས། །མི་དགེའི་རྣམ་སྨིན་མ་ཚོར་ཤུགས་ཀྱིས་འགོ །བར་དོར་དམྱལ་ཐག་གཅོད་དུས་སུ་ལ་རེ། །ཐུགས་རྗེས༴ ད་ལྟ༴ ཀྱེ་མ་ནམ་ཞིག་ཚེ་ཡི་འཕེན་པ་ཟད། །ལུས་ཀྱི་མདངས་ཤོར་དབུགས་ཀྱི་ངར་སྒྲ་བརྩེགས། །འདེབས་བྱེད་རླུང་བྲོས་ངར་སྐད་ཅན་གྱི་རོས། །ཉེ་འབྲེལ་གདུང་སེམས་འབྲེལ་ཐག་གཅོད་པའི་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་། །མཁའ་འགྲོས་བསུ་བའི་སྣང་བ་ཤར་བར་ཤོག །ཀྱི་ཧུད་ས་ཆུ་མེ་རླུང་ནམ་མཁའ་སྟེ། །འབྱུང་ལྔའི་ཐིམ་རིམ་དུ་བ་སྨིག་རྒྱུ་དང་། །མེ་ཁྱེར་མར་མེའི་སྣང་བ་གསལ་བའི་རྗེས། །ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ། །འདི་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་པས། །སྐར་ཁུང་ནང་དུ་ཟླ་ཟེར་ཤར་བ་ལྟར། །དཀར་ལམ་འཆར་ཞིང་དཀར་ཆ་ཐུར་དུ་བབས། །དེ་རྗེས་སྣང་བ་མཆེད་པ་ལ་ཐིམ་པས། །སྤྲིན་མེད་མཁའ་ལ་ཉི་ཟླ་གཟས་ཟིན་ལྟར། །དམར་ལམ་འཆར་ཞིང་དམར་ཆ་སྙིང་གར་ལྡོག །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས། །སྤྲིན་མེད་ནམ་མཁར་སྲོད་མུན་འཁྲིགས་པ་ལྟར། །ནག་ལམ་ཤར་ནས་ཀུན་གཞིའི་ངང་དུ་བརྒྱལ། །སླར་ཡང་སྲོག་འཛིན་རླུང་བརྒྱད་གྱེས་པ་ཡིས། །ཅུང་ཟད་བརྒྱལ་སངས་གདོད་མའི་ཡེ་གདངས་ཤར། །གསལ་ལ་མ་འགགས་སྟོན་གྱི་ནམ་མཁའ་བཞིན། །སྟོང་གསལ་སྒྲིབ་གཡོགས་བྲལ་བའི་ངང་ལ་གནས། །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་། །སྐད་ཅིག་ཉིད་ལ་བཙན་སར་ཟིན་པར་ཤོག །གལ་ཏེ་བར་དོ་དང་པོར་མ་གྲོལ་ན། །དབྱིངས་སྣང་ལྷུན་གྲུབ་འོད་གསལ་ལ་ཐིམ་ནས། །སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས། །ཐིམ་ལུགས་བརྒྱད་ཀྱི་སྣང་བ་འཆར་བའི་ཚེ། །ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་ནས། །མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག །དེ་ཚེ་སྒྲ་ཡིས་འཇིགས་ཏེ་ཟེར་གྱིས་སྔངས། །སྐུ་ཡི་སྣང་བས་སྐྲག་ཏེ་མ་གྲོལ་ན། །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས། །འཁྲུལ་བ་རྨི་ལམ་སད་པའི་ཆ་ཙམ་ལས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་པདྨའི་སྦུབས། །བརྫུས་ཏེ་སྐྱེས་ནས་དབུགས་དབྱུང་གྲོལ་བར་ཤོག །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན། །འོད་གསལ་རྫོགས་ཆེན་ལམ་ལ་ཞུགས་དེའི་མཐུས། །ནམ་ཞིག་གདོད་མའི་ལྷུམ་སུ་ཞུགས་པའི་ཚེ། །གང་གི་གྲོལ་ཚད་སྒྲ་འོད་ས་གཡོས་དང་། །རིགས་ལྔའི་གདུང་དང་ཞི་ཁྲོའི་སྣང་བརྙན་སོགས། །ཀུན་གྱི་མཐུན་སྣང་གྲུབ་ཏུ་མངོན་པར་ཤོག །རིག་འཛིན་བདག་གི་ལྷག་བསམ་རྣམ་དག་དང་། །ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི། །བདེན་པའི་མཐུ་ཡིས་ཁམས་གསུམ་ཡིད་ཅན་དང་། །ཁྱད་པར་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྐུ་བཞིའི་ཞིང་ཁམས་རྨད་བྱུང་ཉམས་དགའ་བར། །ཚོམ་བུ་གཅིག་ཏུ་ཕྱམ་གཅིག་གྲོལ་བར་ཤོག །དེ་ལྟར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་འདི་ནི་རང་བྱུང་པདྨའི་གསུང་གི་དབེན་གནས་འོག་མིན་རྡོ་རྗེའི་ཀེའུ་ཚང་དུ་རང་ཉིད་གཅིག་པུར་དབེན་པར་བསྟེན་པའི་སྐབས་སྔ་ཞོག་གི་ཚེ་ན་མིག་ལམ་དུ་ཧས་པོ་རི་མཐོང་བས་རྐྱེན་བྱས་སྣང་བ་ལ། ག་རེའི་རི་མ་གིའི་རྩེར་མཁན་སློབ་རྗེ་འབངས་རྣམས་ཀྱི་ཞབས་ཀྱིས་བཅགས། ལྷ་འདྲེ་བཏུལ། སྐྱོ་སངས་མཛད་པ་སོགས་ཀྱི་ལོ་རྒྱུས་ཆེར་སྣང་མོད། དེ་དག་ཐམས་ཅད་ད་ལྟ་མིང་ཙམ་མེད། འདི་ལྟ་བུའི་འདུ་བྱས་ཐམས་ཅད་མི་རྟག་པར་ཡིད་ཆེས། རང་ཉིད་ཀྱང་ལོ་ཤས་ཙམ་མི་འཆི་བའི་འཚོ་རྩིས་བྱས་ཀྱང་སང་ཙམ་ནས་འཇིག་རྟེན་ཕ་རོལ་དུ་མི་འགྲོ་བའི་ངེས་པ་ཅི་ཆ་སྙམ་ནས་སྐྱོ་ཤས་ངེས་འབྱུང་ཚད་མེད་སྐྱེས། ཨོ་རྒྱན་རྗེ་འབངས་རྣམས་དྲན་པ་ལ་ཚད་མེད་ཀྱི་མཆི་མ་འཁྲུག་པ་ཞིག་བྱུང་བས་རྐྱེན་བྱས། དེའི་ཚེ་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་དང་འབྲེལ་བར་བར་དོའི་ལམ་སྣང་གི་གྲོལ་ཚུལ་རྩ་ཚིག་ཏུ་བྱས་ནས་ཁ་ཏོན་བགྱིས་ཆོག་པའི་སྨོན་པ་འདི་ཡང་བྱ་བྲལ་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པའོ། །དགེའོ།།
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དུ་བྱ་བ་དངོས་གྲུབ་འདོད་འཇོའི་དགའ་སྟོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
༄༅། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་སྨོན་ལམ་དུ་བྱ་བ་དངོས་གྲུབ་འདོད་འཇོའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །སེམས་ཀྱི་རྡོ་རྗེ་གཉུག་མའི་ཡེ་ཤེས་དབྱིངས། །འདུ་འབྲལ་མ་དམིགས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གང་སྐུ་མཐོང་བས་ཐ་མལ་འཁྲུལ་སྣང་འགགས། །གསུང་གསང་ཐོས་པས་བདེ་ཆེན་ཡེ་ཤེས་སྐྱེད། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་པའི། །ཕ་གཅིག་བླ་མ་འབོད་དོ་བརྩེ་བས་དགོངས། །བདག་དང་བདག་འདྲའི་མགོན་མེད་ཉམ་ཐག་འགྲོ། །སྡུག་བསྔལ་འཁོར་བའི་རྒྱ་མཚོར་བྱིང་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །རྣམ་དག་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད། །གནས་སྐབས་ནད་གདོན་འབྱུང་བོའི་འཚེ་བ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །མཐུན་རྐྱེན་ལེགས་ཚོགས་རྒྱས་པར་མཛད་དུ་གསོལ། །མཐར་ཐུག་ངེས་འབྱུང་བྱང་སེམས་གཏིང་ནས་འབྱོངས། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ནས། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ན། །འཆི་བ་འོད་གསལ་དོན་གྱི་པདྨ་འབྱུང་། །མངོན་གསུམ་མཐོང་ནས་འབྲལ་མེད་བསྐྱངས་བ་ཡིས། །རང་བཞིན་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག །དེར་ཡང་གཉིས་འཛིན་འཁྲུལ་བའི་གཞན་དབང་གིས། །སྲིད་པ་བར་དོའི་སྣང་བ་འཆར་སྲིད་ཚེ། །དྲིན་ཆེན་བླ་མ་མཚོ་སྐྱེས་རྡོ་རྗེ་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ཏེ། །རོལ་མོའི་སྒྲ་དང་མེ་ཏོག་ཆར་འབེབས་བཞིན། །བུ་གཅིག་དཔལ་གྱི་རི་བོར་ཚུར་ཤོག་ཅེས། །མིང་ནས་ལུང་བསྟན་ས་ལ་སྤྱོད་པའི་ཞིང་། །པདྨ་འོད་ཀྱི་གྲོང་དུ་འཁྲིད་པར་ཤོག །དེར་ནི་རིག་འཛིན་ཌཱ་ཀིའི་ཚོགས་རྣམས་དང་། །ལྷན་ཅིག་ཐེག་མཆོག་ཆོས་ལ་རྟག་སྤྱོད་ཅིང་། །གསང་ཆེན་སྨིན་གྲོལ་ལམ་གྱི་ཐབས་མཁས་ལ། །བརྟེན་ནས་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །གཞན་ཡང་རིས་མེད་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བོད་ཁམས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །རྫོགས་ལྡན་གསར་བའི་དགའ་སྟོན་རྒྱས་པར་ཤོག །མདོར་ན་འདི་ནས་བྱང་ཆུབ་སྙིང་བོའི་བར། །དཔལ་ལྡན་བླ་མ་ཡིད་བཞིན་ནོར་བུའི་ཞབས། །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ནས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་བོད་ཀྱི་རི་བོ་རྩེ་ལྔའི་མགུལ་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དུ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཚོགས་ཀྱི་མཆོད་པ་བགྱིས་པའི་སྐབས་རིག་པ་འཛིན་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་བོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།
ཟངས་མདོག་དཔལ་རིའི་སྨོན་ལམ། གཏེར་ཆེན་འགྱུར་མེད་རྡོ་རྗེ།
༄༅། །ཟངས་མདོག་དཔལ་རིའི་སྨོན་ལམ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །དབང་བཞིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །སྣང་སྲིད་དག་མཉམ་ཆེན་པོའི་གནས་ལུགས་རྟོགས། །སྐུ་གསུམ་ཞིང་ཁམས་སྤྲོས་བྲལ་ལྷུན་རྫོགས་པའི། །པདྨ་འོད་ཀྱི་ཞིང་དེར་སྐྱེ་བར་ཤོག །གདོད་མའི་མགོན་པོ་ཀུན་བཟང་སྤྱན་རས་གཟིགས། །རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་ཀྱི། །ཞལ་མཇལ་གསུངས་ཐོས་ཟབ་མོའི་གདམས་ངག་ཐོབ། །པདྨ་འོད་ཀྱི་ཞིང་དེར་སྐྱེ་བར་ཤོག །ཞིང་མཆོག་དེ་རུ་རིག་འཛིན་རྣམ་བཞི་དང་། །འོད་གསལ་སྣང་བ་རྣམ་བཞི་མཐར་ཕྱིན་ནས། །སྤྲོས་བྲལ་ལྷུན་རྫོགས་ཆོས་ཀྱི་རྒྱལ་ས་ཟིན། །པདྨ་འོད་ཀྱི་ཞིང་དེར་སྐྱེ་བར་ཤོག །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བསླུ་མེད་རྗེ་བཙུན་གུ་རུའི་ཐུགས་རྗེ་ཡིས། །བདག་སོགས་མཁའ་ཁྱབ་འགྲོ་བ་ཐམས་ཅད་ཀུན། །པདྨ་འོད་ཀྱི་ཞིང་དེར་སྐྱེ་བར་ཤོག །ཅེས་གོ་འཇོ་རྡོ་རྫོང་གྲྭ་ཆོས་དཔལ་ནས་ཕྱག་འབུམ་ཐེར། ཚིག་བདུན་གསོལ་འདེབས་འབུམ་ཐེར་སིདྡྷི་བྱེ་ཆུང་བཅས་སྒྲུབ་རྒྱུ་ཁས་ལེན་བྱས་པས། ཟངས་མདོག་དཔལ་རིའི་སྨོན་ལམ་ཉུང་བསྡུས་བྲི་རོག་ཟེར་ངོར་འགྱུར་མེད་རྡོ་རྗེས་སྨྲས་པས་འགྲོ་ཀུན་པདྨ་འོད་དུ་སྐྱེ་བའི་རྒྱུར་གྱུར་ཅིག
༈ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ། །སློབ་དཔོན་པད་འབྱུང་སློབ་མ་གཏེར་བདག་གླིང་། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཕྱེས་ནས། །འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག །
༈ འགྲོ་བའི་མགོན་པོ་ཨོ་རྒྱན་རིན་པོ་ཆེ། །ཞིང་ཁམས་གནས་མཆོག་གང་ན་བཞུགས་གྱུར་ཀྱང་། །ཐུགས་རྗེ་མྱུར་མགྱོགས་ལྡན་པའི་ལྕགས་ཀྱུ་ཡིས། །བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་བ་རྣམས། །འཁོར་བའི་ཆུ་བོ་ཆེ་ལས་བསྒྲལ་ནས་ཀྱང་། །ཨོ་རྒྱན་མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །
༈ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །བདག་སོགས་རྗེས་བཟུང་ཚེ་རབས་ཐམས་ཅད་དུ། །འགལ་རྐྱེན་ཀུན་ཞི་བསམ་དོན་མྱུར་འགྲུབ་ནས། །མཐར་ཐུག་པདྨ་འོད་དུ་ཁྲིད་པར་ཤོག །
༈ གུ་རུ་ཡིད་བཞིན་ནོར་བུའི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་མཐུས། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ན་བདག་ཀྱང་འགྱུར་བར་ཤོག །
དཔལ་དགེ་ཨོ་རྒྱན་འཇིག་མེད་ཆོས་ཀྱི་དབང་པོས་མཛད་པའི་སྨོན་ལམ།
༄༅། །དཔལ་དགེ་ཨོ་རྒྱན་འཇིག་མེད་ཆོས་ཀྱི་དབང་པོས་མཛད་པའི་སྨོན་ལམ་བཞུགས་སོ། །ན་མོ་གུ་རུ། བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །བཅོས་མའི་ཚུལ་སྤངས་དྲང་ཞིང་བདེན་པའི་གསུང། །ཚུལ་འཆོས་མི་མངའ་ཚུལ་དང་མཐུན་པའི་སྐུ། །ཐུབ་པ་དྲང་སྲོང་ཆེན་པོ་ལ་ཕྱག་འཚལ། །ཐུབ་པ་དེ་སྲས་བདེན་པའི་དོན་གཟིགས་པའི། །བདེན་གསུངས་མངའ་བ་བདེན་ཚིག་གྲུབ་པའི་ཚོགས། །ཐེག་པ་གསུམ་གྱི་ཐར་པའི་ལམ་ཞུགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་པ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་པའི་ལམ་ལ་དང་པོ་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་མགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང་། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །བཅོས་མ་སྤང་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང་། །བཅོས་བསླད་བྲལ་བའི་མཉམ་གཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། །གསོན་པའི་ཚེ་ན་བསམ་པ་ངན་པ་མེད། །འཆི་བའི་ཚེ་ན་གནད་གཅོད་སྡུག་བསྔལ་མེད། །ཤི་ནས་འཁྲུལ་སྣང་འཇིགས་སྐྲག་མེད་པར་ཤོག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན། །ངེས་འབྱུང་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས། །ཇི་ལྟར་རིག་པ་ཇི་བཞིན་རྒྱུད་སྐྱེས་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཉི་མ་མཚན་དཔེའི་ཞལ་མཐོང་ཞིང་། །དམ་ཆོས་ཉི་མ་སྙིང་གི་བདུད་རྩིར་སྤྱོད། །དགེ་འདུན་ཉི་མ་ཐར་པའི་གྲོགས་གྱུར་ནས། །མཆོག་གསུམ་ཉི་མའི་འོད་དང་མི་འབྲལ་ཤོག །སྒྲུབ་པ་པོ་ཉི་མའི་ཐུགས་བཞེད་བཞིན་བཙུན་གཟུགས་དཔལ་དགེས་བྲིས་པའོ། །དགེའོ། །
དཔལ་དགེ་ཨོ་རྒྱན་འཇིག་མེད་ཆོས་ཀྱི་དབང་པོས་མཛད་པའི་སྨོན་ལམ།
༄༅། །དུས་མཐར་གདབ་པའི་སྨོན་ལམ་བཞུགས། ན་མོ། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །སྐྱེ་མེད་ཆོས་ལ་བཟོད་པ་མ་ཐོབ་པར། །ངན་འགྲོའི་གནས་སུ་ནམ་ཡང་མི་ལྟུང་ཞིང་། །ལྷ་བས་ལྷག་པའི་ལུས་རྟེན་ཐོབ་པར་ཤོག །མཐོ་རིས་ཐོབ་ཀྱང་སྡུག་བསྔལ་རྣམ་གསུམ་གྱིས། །དམ་ལ་མ་བཞག་འཁོར་བ་ཡོད་མིན་ན། །བདེ་འགྲོའི་རྟེན་ལ་མྱ་ངན་འདའ་བའི་གེགས། །མི་ཁོམ་གནས་དང་མཚུངས་ལྡན་ལུས་སྤོང་ཤོག །སྡོམ་མིན་རྒྱུན་ལྡན་རྒྱལ་བློན་སྡིག་ཏོ་ཅན། །གཡུལ་ལས་དགའ་དང་ཞལ་ལྕེ་འཁྱོག་པོར་སྤྱོད། །རྗེ་བོའི་བྲན་གྱུར་ཉམ་ཆུང་མནར་བ་དང་། །ཚོང་པ་དང་ནི་གཡོན་ཅན་ལུས་སྤོང་ཤོག།།དཀོན་མཆོག་དཀོར་འཕྲོག་དགེ་འདུན་ལས་བྱེད་དང་། །ལྡན་གྲོལ་གཉིས་མེད་དཀོར་ལ་རང་དགར་སྤྱོད། །ལེགས་སྨོན་དོན་གཉེར་ཁྱིམ་པ་སུན་འབྱིན་ཅན། །གཞན་རྒྱུད་སྲེག་པའི་དགེ་སྦྱོང་ལུས་སྤོང་ཤོག །རང་བཞིན་ངན་པ་སྦྲུལ་གདུག་ལྟ་བུ་དང་། །གཞན་འབྱོར་ལ་སྡང་ལྷ་མ་ཡིན་གྱི་སེམས། །སྐྱབས་འོས་སླུ་ཞིང་ཆོས་ལ་སྡང་བ་དང་། །བརྐུ་དང་འཕྲོག་འཇོམས་རྔོན་པའི་ལུས་སྤོང་ཤོག །མཚམས་མེད་ལྔའམ་དེ་དང་ཉེ་བ་ལྔ། །མི་དགེ་བཅུ་ལ་འགྱོད་སེམས་མེད་པར་སྤྱོད། །ནགས་ལ་མེ་སྦར་སྦྲང་ཚང་གཏིབས་པ་སོགས། །ཁ་ན་མ་ཐོ་ཆེ་ལས་ཐར་བར་ཤོག །དེ་ལྟར་ཐར་ནས་ད་ནི་ལྔ་བརྒྱའི་མཐར། །སྐྱེས་བུའི་ལུས་རྟེན་མི་ལུས་རིན་པོ་ཆེ། །རབ་ཏུ་བྱུང་ངམ་ཅིག་ཤོས་ཡང་ནི་རུང་། །བྱང་ཆུབ་སེམས་དཔའི་རིག་ཅན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་ལམ། །མ་ནོར་མངོན་སུམ་སྟོན་པའི་བླ་མ་དང་། །མཇལ་ནས་རྣམ་པ་ཀུན་ཏུ་མཉེས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །དེ་ཡང་བསམ་པ་བྱང་ཆུབ་སེམས་དང་ལྡན། །སྦྱོར་བ་ཕ་རོལ་ཕྱིན་དྲུག་ལ་གོམས་པས། །ལམ་ལྔ་ས་བཅུ་སྔགས་ཀྱི་སྡེ་སྣོད་ལ། །ཅིག་ཅར་བགྲོད་པའི་སྐལ་པ་མཆོག་ལྡན་ཤོག །ཅེས་པའང་གདུང་བསམ་པ་བྱང་ཆུབ་རྒྱལ་མཚན་གྱིས་བསྐུལ་བ་བཞིན་གནས་དུས་ལ་སྐྱོ་བ་སྣ་ཚོགས་སྐྱེས་པའི་དོན་དང་མཐུན་པར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །དགེའོ། །
ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི་སྨོན་ལམ་སུམ་ཅུ་པ།
༄༅། །ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི་སྨོན་ལམ་སུམ་ཅུ་བ་བཞུགས་སོ། །ན་མོ་གུ་རུ། བདག་གཞན་རྣམས་ཀྱི་རྒྱུད་ལ་བརྒྱུད་ལྡན་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག །དོན་གྱི་ངོ་སྤྲོད་གནད་དུ་ཚུད་པར༴ རྟོགས་པ་ཇི་ལྟ་བ་བཞིན་དུ་རྒྱུད་ལ་སྐྱེ་བར༴ སྟོབས་བཅུ་མི་འཇིགས་ལུང་བསྟན་ཐོབ་པར༴ ལྟ་སྣང་འགྲུབ་ཅིང་རྟེན་འབྲེལ་འཆར་བར༴ འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར༴ ས་ལམ་གདན་ཐོག་ཅིག་ཏུ་བགྲོད་ནུས༴ ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བར༴ ཡོན་ཏན་ལོ་འདབ་བཞིན་དུ་རྒྱས་པར༴ འབྲས་བུ་དཔག་བསམ་བཞིན་དུ་སྨིན་པར༴ མོས་གུས་རི་རབ་བཞིན་ཏུ་བརྟན་པར༴ ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བར༴ ལས་ཀྱི་འཕྲོ་སད་ནས་སྨོན་ལམ་རྣམ་པར་དག་པར༴ གོ་ཆས་འཇིག་རྟེན་གྱི་དྲི་མ་དག་པར༴ སྒྲུབ་པ་ལ་བར་ཆད་མེད་ཅིང་དཀའ་ཐུབ་བསྩལ་བར༴ རྩ་རླུང་ཐིག་ལེ་ལས་སུ་རུང་བར༴ རྟག་ཏུ་བསམ་པ་རྣམ་པར་དག་པར༴ བྱང་སེམས་ལ་ཉམས་པ་མེད་པར༴ ཐེག་ཆེན་གྱི་ལྟ་སྒོམ་ཉམས་སུ་མྱོང་བར༴ གཉིས་སྣང་གི་ཤེས་པ་རང་སར་གྲོལ་བར༴ རིགས་ཁྱད་པར་ཅན་དུ་སྐྱེ་བར༴ བརྒྱུད་ལྡན་བླ་མས་རྗེས་སུ་འཛིན་པར༴ ལས་ཀྱི་མཐའ་མི་ལོག་པར༴ ཤེས་རབ་གསུམ་ལ་བློ་སྦྱོང་བར༴ དབང་གི་བྱིན་རླབས་འཇུག་པར༴ བདེ་བ་རྡོ་རྗེ་ལྟ་བུ་ཐོབ་པར༴ རྣམ་ཤེས་རྩ་རླུང་ལ་རང་དབང་ཐོབ་པར༴ རང་ལུས་གཟུགས་སྐུ་སུ་འགྲུབ་པར༴ ཆོས་སྐུ་མངོན་སུམ་དུ་རྟོགས་པར༴ སྤྲུལ་སྐུ་ཕྲིན་ལས་ཀྱི་གཞན་དོན་མཐར་ཕྱིན་པར་གྱུར་ཅིག །དགེ་བའི་རྩ་བ་འདི་ལ་བསྟེན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རང་རིག་པའི་ཡེ་ཤེས་ལ་རང་དབང་ཐོབ་པར་གྱུར་ཅིག །སྣང་བ་རྒྱ་ཡན་ཐེབ་པར་གྱུར་ཅིག །མཚན་མ་རང་སར་གྲོལ་བར་གྱུར་ཅིག །ཆོས་སྐུ་གཏིང་གསལ་གྱི་དོན་རྒྱུད་ལ་སྐྱེ་བར་གྱུར་ཅིག་ཟང་ཐལ་ལས་སོ། །ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་དང་། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱི། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །
དུས་ཀུན་གདབ་པའི་སྨོན་ལམ་རྣམ་དྲུག
༄༅། །དུས་ཀུན་གདབ་པའི་སྨོན་ལམ་རྣམ་དྲུག་ནི། གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང་། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་འདིར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་རྟག་ཏུ་གདབ། །བསོད་ནམས་ཕན་ཡོན་ཚད་མེད་ནམ་མཁའ་བཞིན། །ཅེས་པའང་མན་ངག་མཛོད་ལས་ཁོལ་ཕྱུང་ངོ་། །
༄༅། །ཨོཾ། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་གི་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །བདག་ནི་འདི་ནས་བླ་མེད་བྱང་ཆུབ་མཆོག །མ་ཐོབ་བར་གྱི་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་མཆོག་རྟེན་ཐོབ་ཅིང་། །དད་སོགས་དབང་པོ་ལྔ་དང་སྙིང་རྗེའི་སྟོབས། །བླ་ན་མེད་པའི་ཡོན་ཏན་ལྡན་པར་ཤོག །ཐེག་པ་མཆོག་ལ་ཚུལ་བཞིན་ཞུགས་ནས་ཀྱང་། །མ་ཆགས་བློ་དང་འཇིགས་མེད་རང་དབང་ཐོབ། །གཞན་ལ་ཕན་པ་འབའ་ཞིག་ལྷུར་ལེན་ཅིང་། །རྒྱལ་སྲས་རྒྱ་མཚོའི་སྤྱོད་ལ་འཇུག་པར་ཤོག །གང་ན་སྡུག་བསྔལ་ཅན་དང་ཉོན་མོངས་པས། །མནར་བ་མཐོང་ནས་སྙིང་རྗེའི་སེམས་བསྐྱེད་དེ། །འགྲོ་བ་ཀུན་གྱི་ཉོན་མོངས་སྡུག་བསྔལ་ཀུན། །རྒྱུན་གཅོད་སྨོན་ལམ་སྟོབས་ལ་འཇུག་པར་ཤོག །སེམས་ཅན་གནས་སྐབས་བདེ་དང་ཡོན་ཏན་ཅན། །མཐོང་ན་ཕྲག་དོག་མེད་པར་དགའ་སེམས་ཀྱིས། །ཕན་དང་བདེ་བའི་ཐབས་ཚུལ་སྣ་ཚོགས་པས། །ཉེ་རིང་མེད་པར་འགྲོ་ཀུན་སྐྱོང་གྱུར་ཅིག །བདག་གི་དོན་ལ་ཆགས་པ་ཡོངས་བྲལ་ཞིང་། །སེམས་ཅན་དོན་ལ་བདག་ལས་ལྷག་ལྟ་བུར། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ཡོངས་རྫོགས་ནས། །རླབས་ཆེན་འགྲོ་བའི་དོན་ལ་བརྩོན་པར་ཤོག །གང་ལ་ཉོན་མོངས་དྲག་ལྡན་གདུག་སྤྱོད་ཅན། །དེ་དག་རྣམས་ལ་ཁྲོ་དང་འདོར་བའི་སེམས། །ཅུང་ཟད་མེད་པར་ལྷག་པར་སྙིང་བརྩེ་བས། །ཕན་དང་བདེ་བ་མཆོག་ལ་སྤྱོད་གྱུར་ཅིག །བདག་ལ་ཕན་པར་བྱེད་དམ་གནོད་པ་བྱེད། །མཐོང་ཐོས་དྲན་རེག་བཟང་ངན་འབྲེལ་ཐོགས་ཀུན། །བླ་མེད་བྱང་ཆུབ་ལམ་ལས་མི་ལྡོག་པར། །མྱུར་དུ་རྒྱལ་བའི་དབང་པོ་འགྲུབ་པར་ཤོག །གང་ན་སྡུག་བསྔལ་རྒྱུ་ལ་ལོངས་སྤྱོད་ཅིང་། །བཟློག་དཀའ་རྣམ་སྨིན་ལྕགས་ཀྱུས་ཟིན་པ་དང་། །རང་གི་སྒྲིབ་པས་རྒྱལ་རྣམས་ཐུགས་རྗེའི་ཤུགས། །འཇུག་པར་དཀའ་རྣམས་བདག་གིས་སྒྲོལ་བར་ཤོག །བདག་ནི་རྩི་སྨན་མཆོག་དང་འདྲ་བ་ནི། །མཐོང་ཐོས་ཙམ་གྱིས་འགྲོ་ཀུན་ལུས་སེམས་ཀྱི། །ཀུན་ཏུ་འཇིགས་པ་རྨོངས་པའི་ཉེས་པ་རྣམས། །ཡོངས་ཡེ་ཞི་ཞིང་གཏན་དུ་བདེ་བར་ཤོག །བདག་གིས་བལྟས་སམ་སྨྲས་དང་ཆགས་དང་ཁྲོ། །སྣ་ཚོགས་སྤྱོད་ལམ་གང་དང་ཅི་ཡིས་ཀྱང་། །འབད་པ་མེད་པར་སེམས་ཅན་དོན་བྱེད་ཅིང་། །གདུལ་དཀའ་རྣམས་ཀྱང་བདེ་བླག་འདུལ་གྱུར་ཅིག །སྙིང་ལ་རྨོངས་ཆེན་མུན་པས་ཁེབས་པ་ཡི། །ཡང་དག་ལམ་སྟོར་བདུད་ཀྱིས་ཟིན་རྣམས་ཀྱི། །སྙིང་ལ་ཡེ་ཤེས་འོད་ཟེར་རབ་བཀྱེ་ནས། །མྱུར་བ་ཉིད་དུ་བདེ་བླག་གྲོལ་བར་ཤོག །མདོར་ན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་། །སྤྱན་རས་གཟིགས་སོགས་རྒྱལ་སྲས་སེམས་དཔའ་ཡི། །སྤྱོད་པ་རྒྱ་མཚོར་བདག་ནི་དབང་ཐོབ་སྟེ། །མཐའ་ཡས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །དུས་གསུམ་སྲས་བཅས་རྒྱལ་བའི་ཐུགས་རྗེའི་ཤུགས། །བདག་ལ་ཞུགས་ནས་ནམ་མཁའི་མཐར་ཁྱབ་པའི། །འགྲོ་བ་ཀུན་ལ་ཕྱི་མའི་མུ་མཐའི་བར། །ཕན་བདེ་སྒྲུབ་ཅིང་རྣམ་གྲོལ་མཆོག་སྦྱིན་ཤོག །ཐེག་པ་ཆེན་པོའི་དགོངས་དོན་ཀུན་ཤེས་ཤིང་། །སྙིང་རྗེ་ཆེན་པོའི་ཁུར་ཆེན་ཡོངས་སུ་ཁྱེར། །ཡོན་ཏན་ཆེན་པོའི་ལུས་སྟོབས་ཡོངས་རྫོགས་ནས། །རྫོགས་པ་ཆེན་པོའི་ས་མཆོག་ནོན་པར་ཤོག །འདི་ལྟར་ལེགས་པར་སྨོན་པའི་དོན་འདི་དག །མཆོག་གསུམ་བདེན་པ་བསླུ་བ་མེད་པ་དང་། །ལྷག་བསམ་རྒྱུ་འབྲས་རྟེན་འབྲེལ་ནུས་པ་དང་། །རང་བྱུང་ཡེ་ཤེས་སྟོབས་ཀྱིས་འགྲུབ་པར་ཤོག །
༈ བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །ཟག་བཅས་འཁོར་བའི་ཡུལ་ལ་མི་ཆགས་ཤིང་། །སྲིད་འགྲོ་ཉམ་ངའི་གནས་སུ་མི་སྐྱེ་བར། །རྒྱལ་བའི་ཞིང་ཁམས་དག་པར་སྐྱེ་གྱུར་ཅིག །གཟུངས་སྤོབས་བློ་གྲོས་དད་དང་སྙིང་རྗེ་སོགས། །ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་གྱུར་ནས། །རྒྱལ་བས་གསུངས་པའི་དམ་ཆོས་མ་ལུས་པ། །ཚུལ་བཞིན་འཛིན་ཅིང་གཞན་ལ་སྟོན་གྱུར་ཅིག །ཁྱད་པར་དུས་གསུམ་རྒྱལ་བའི་ཆོས་མཛོད་ཀྱི། །སྙིང་པོ་མཐར་ཐུག་འོད་གསལ་རྫོགས་ཆེན་གྱི། །བསྟན་པའི་ཉི་མ་མཁའ་ཁྱབ་ཞིང་ཀུན་ཏུ། །འགོག་མེད་སྣང་བའི་བྱ་བ་བྱེད་གྱུར་ཅིག །ཐབས་མཁས་སྙིང་རྗེའི་སྟོབས་ཀྱིས་སྲིད་འགྲོ་ཀུན། །སྨིན་པར་བྱེད་ཅིང་རྒྱལ་སྲས་སྤྱོད་པ་རྫོགས། །ཚད་མེད་བསམ་གྱིས་མི་ཁྱབ་ཞིང་སྦྱངས་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་འགྲུབ་གྱུར་ཅིག །བདག་གི་རྩེ་གཅིག་སྨོན་པའི་དོན་འདི་དག །དཀོན་མཆོག་གསུམ་གྱི་བྱིན་རླབས་ཆེན་པོ་དང་། །རྟེན་འབྲེལ་བསླུ་མེད་ཆོས་དབྱིངས་རྣམ་དག་གི །བདེན་པའི་སྟོབས་ཀྱིས་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པའང་མོས་ལྡན་ཆོས་དབྱིངས་འོད་གསལ་གྱི་རེ་འདོད་བཞིན་མི་ཕམ་པས་རྒྱ་བྲག་དབང་ཕུག་ཏུ་དབོ་ཟླའི་ཡར་ཚེས་བཅུ་རྒྱལ་ཕུར་འགྲུབ་སྦྱོར་བཟང་པོ་ལ་བྲིས་པ་མངྒ་ལཾ།
བོད་ཡུལ་བདེ་བའི་སྨོན་ལམ་དང་གསོལ་འདེབས། འཇམ་མགོན་བློ་གྲོས་མཐའ་ཡས།
༄༅། །བོད་ཡུལ་བདེ་བའི་སྨོན་ལམ་དང་གསོལ་འདེབས་བཞུགས་སོ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ། །ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། །གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་། །ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས། །སྔར་མ་གྲགས་པའི་མི་ཕྱུགས་དལ་ཡམས་ནད། །གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོའི་ཟེར། །བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུགས་རྩོད། །ཆར་ཆུ་མི་སྙོམས་གངས་ཅན་བྲ་བྱིའི་ཐན། །ས་གཡོ་མེ་དགྲ་འབྱུང་བཞིའི་འཇིག་པ་དང་། །ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས། །གངས་ཅན་ལྗོངས་འདིར་གནོད་འཚེའི་རིགས་མཐའ་དག །མྱུར་དུ་ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག །མི་དང་མི་མིན་འགྲོ་བ་མཐའ་དག་གི །རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །ངང་གིས་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ། །ཕན་ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང་། །བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་གྱི་འབྱོར། །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག །རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་སྟོབས། །འཁོར་འདས་དགེ་བའི་རྩ་བ་གང་མཆིས་པ། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་རྗེ་བླ་མ་འཇམ་དབྱངས་མཁྱེན་རྩེའི་དབང་པོའི་ཞལ་སྔ་ནས་དེངས་སང་དུས་ཀྱི་རྩུབ་འགྱུར་ཤིན་ཏུ་ཆེ་ཞིང་ཇི་ལྟར་འགྱུར་ཆ་མེད་པས་རྗེ་ཉིད་ནས་བོད་ཡུལ་བདེ་བའི་སྨོན་ལམ་ཉིན་ཞག་རེར་ལན་དྲུག་རེ་མཛད་པ་ཡིན་པས་ཁྱོད་ནས་ཀྱང་དེ་ལྟར། གལ་ཆེ་ཞེས་བཀའ་ཕེབས་པ་ལྟར་རང་གིས་སྙེམས་གསོས་སུ་བྲིས་པ་ཇི་བཞིན་འགྲུབ་པར་གྱུར་ཅིག །ཅེས་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་ཏུ་རྒྱལ་ཟླ་བའི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་སྔ་དྲོའི་ཆར་བྲིས་པ་ཡ་ཐཱ་སིདྡྷི་ཧཱུྃ་དུ། དགེ་འཕེལ།
གདོན་བགེགས་འབྱུང་པོའི་གསུར་བསྔོ་རྐྱེན་ངན་ཀུན་གྲོལ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །གདོན་བགེགས་འབྱུང་པོའི་གསུར་བསྔོ་རྐྱེན་ངན་ཀུན་གྲོལ་བཞུགས་སོ། །ཕྱེ་མར་ཤ་ཁྲག་སོགས་ཟས་སྣ་གང་འཛོམས་མེར་བསྲེགས་ཏེ་ཆབ་བྲན་ལ། རང་ཉིད་སྤྱན་རས་གཟིགས་སུ་བསྒོམས་ནས། དམིགས་ཡུལ་རྣམས་ལ་སྙིང་རྗེ་དྲག་ཏུ་བསྐྱེད་དེ། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས། སཾ་བྷ་ར་བདུན་དང་མཚན་བཞི་བརྗོད་པས། དམིགས་ཡུལ་རྣམས་ཀྱིས་ཅི་འདོད་པའི་ལོངས་སྤྱོད་འཛད་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབས་ལ། ཧོཿ གསུར་མཆོད་འདོད་ཡོན་དྲུག་ལྡན་པ། །རང་རང་ཡིད་ལ་གང་འདོད་སྤྲིན། །གནམ་ས་བར་སྣང་ཀུན་ཁྱབ་ཅིང་། །འཛད་མེད་བདེ་བའི་གཏེར་ཆེན་འདི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། ཁྱད་པར་ཕྱོགས་འདིར་རྒྱུ་བ་ཡི། །བགེགས་རིགས་ལན་ཆགས་ཤ་མཁོན་ཅན། །ཟ་འདྲེ་ཤི་གཤེད་གྲི་ཕོ་མོ། །ནད་བདག་རིམས་བདག་གོད་ཁའི་བདག །ཡུལ་འདྲེ་རྦད་འདྲེ་ཉེ་དུའི་འདྲེ། །ཆགས་དང་འཇུངས་པའི་འདུ་ཤེས་ཀྱིས། །མི་དང་ནོར་ཕྱིར་འབྲང་བའམ། །ཕྲག་དོག་སྡང་བའི་བསམ་པ་ཡིས། །གནོད་པ་རྩོམ་པའི་རིགས་ཀུན་དང་། །དྲི་ཟ་སྲིད་པ་བར་མའི་འགྲོ། །ལྟོག་འགོང་བསེ་རགས་ཡི་དྭགས་རིགས། །སྲིད་པར་ལས་ཀྱི་དབང་སོང་བས། །སྣ་ཚོགས་གཟུགས་ཅན་ཀུན་ཏུ་རྒྱུ། །སྣ་ཚོགས་གཟུགས་ཅན་ཡོངས་ཚུལ་ཅན། །བསམ་སྦྱོར་སྣ་ཚོགས་མི་འདྲ་བ། །གནོད་པ་སྣ་ཚོགས་ཀུན་ཏུ་སྦྱོར། །དབང་ཆེན་དབང་ཆུང་སྣ་ཚོགས་པའི། །གདོན་བགེགས་འབྱུང་པོ་ཐམས་ཅད་ལ། །ཕམ་རྒྱལ་ཕྱོགས་ལྷུང་མེད་པ་ཡི། །འདོད་རྒུ་མི་ཟད་གཏེར་དུ་བསྔོ། །ཡིད་ལ་ཅི་འདོད་ཐོབ་གྱུར་ནས། །གནོད་འཚེའི་གདུག་རྩུབ་ཀུན་ཞི་ཞིང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །སྲོག་ལ་རློམ་ཞིང་བླ་ལ་འཇབ། །ནོར་ལ་རྔམ་ཞིང་ཟས་ལ་རྐུ། །དཔལ་ལ་གནོད་པའི་འབྱུང་པོ་རྣམས། །མཆོད་སྦྱིན་འདི་ཡིས་ཚིམ་གྱུར་ཅིག །ཚེ་རབས་ལན་ཆགས་བྱང་གྱུར་ཅིག །ཤ་མཁོན་སྡིག་སྒྲིབ་དག་གྱུར་ཅིག །སྡུག་བསྔལ་ཉོན་མོངས་ཞི་གྱུར་ཅིག །བདག་གི་མཆོད་སྦྱིན་འདི་བསྔོས་པས། །འབྱུང་པོའི་ཚོགས་ཀུན་ཚིམས་གྱུར་ནས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །དུས་མིན་འཆི་དང་ནད་ལ་སོགས། །འགལ་རྐྱེན་ཀུན་དང་བྲལ་གྱུར་ཅིག །རེ་ཞིང་ཆགས་རྣམས་གཏན་དུ་ཚིམ། །ལུས་གདོན་གནས་གདོན་སོགས་ལས་གྲོལ། །འདོད་དོན་བར་ཆད་མ་ལུས་ཞི། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །གནོད་བྱ་གནོད་བྱེད་ཐམས་ཅད་ཀུན། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་། །དབྱེར་མེད་སངས་རྒྱས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་གྱུར་ཅིག །ཟག་མེད་འདོད་ཡོན་དྲུག་ལྡན་ལ། །ཞེན་མེད་ཚུལ་དུ་ལོངས་སྤྱད་ནས། །བདག་མེད་མཉམ་པའི་དོན་རྟོགས་ཏེ། །སྐྱེ་མེད་ཆོས་སྐུ་ཐོབ་པར་ཤོག །རྣམ་སྣང་མངོན་བྱང་ལས་སོ། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་པར། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཁམས་གསུམ་དག་པའི་ཞིང་། །སྲིད་གསུམ་སྙིང་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་རྟོགས་པའི་མཐུས། །མི་ཟད་གཏེར་དུ་བསྔོ། །ཞེས་བྱ་ལ་དམིགས་གནད་དེ་དང་མ་བྲལ་བའི་ངང་ནས། ཨོཾ་ཨཱཿཧཱུྃ། ཅི་རིགས་དང་། མ་ཎི་བརྒྱ་རྩ་བགྲངས་ནས། སྦྱིན་པ་རྒྱ་ཆེན་སོགས་ནས། སྐྱེ་རྒུ་འདི་དག་སྦྱིན་པས་གྲོལ་གྱུར་ཅིག །ཞེས་སོགས་སྨོན་ལམ་དང་། འབྱུང་པོ་གང་དག་འདིར་ནི་སོགས་དང་། བགེགས་རིགས་སྟོང་ཕྲག་སོགས། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པར་བྱའོ། །འདི་ནི་སྦྱིན་པའི་ཕར་ཕྱིན་རྫོགས་པ་དང་། བར་ཆད་ཞི་བའི་ཐབས་ཁྱད་པར་ཅན་ཡིན་པས་སུས་ཀྱང་ཉམས་སུ་བླང་བར་བྱ་ལ། ལྷག་པར་དུས་ངན་གྱི་སེམས་ཅན་རྣམས་བརྣབ་སེམས་དང་ཉམས་ཆགས་འཕེལ་བའི་སྐབས་སུ། ཟ་འདྲེ་འགོང་པོ་མང་ཞིང་། ལོངས་སྤྱོད་ལ་གནོད་པ་མང་བའི་དུས་དང་ཟས་ནོར་གྱི་ཕྱིར་དུ་ཡུལ་སྣ་ཚོགས་སུ་རྒྱུ་བའི་སྐབས་དང་། ནད་རིམས་ཕྱུག་གོད་མང་ཞིང་རྨི་ལམ་ངན་པའི་སྐབས་དང་། གཅན་སྤྱང་བྱི་བ་སོགས་ཀྱིས་གནོད་པ་དང་། འདྲེས་གདོན་དོགས་པ་དང་འདྲེ་ངོ་ཆེ་བའི་སྐབས་སོགས་སུ་བྱས་ནས་བར་ཆད་དང་གནོད་པ་ཞི། རྒྱུན་དང་སྐབས་སུ་སྙིང་རྗེའི་ཀུན་ནས་བསླངས་ཏེ་བྱས་ན་འཆི་བ་བསླུ། ནད་གདོན་གྲོལ། སྲིས་རྨེ་ཞི་མཐུན་རྐྱེན་འཕེལ། ཚོགས་རྫོགས་པ་སོགས་རང་གཞན་ལ་འཕྲལ་དང་ཡུན་གྱི་ཕན་པའི་དགོས་པ་ནན་ཏན་དུ་བྱའོ། །ཞེས་པའང་རྒྱ་སྟོང་དབང་ཕུག་ཏུ་རྨི་ལམ་རྐྱེན་ལས་ཕྱིར་ནང་ཟླ་བ་བཅུ་བའི་ཚེས་བཅོ་བརྒྱད་ལ་མི་ཕམ་པས་ཕན་སེམས་ཀྱིས་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལཾ། དགེའོ། བཀྲ་ཤིས་པར་གྱུར་ཅིག་གུ།
དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ། རིག་འཛིན་འཇིགས་མེད་གླིང་པ་སོགས།
༄༅། །དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ། ཨོཾ་ཨཱ་ཧཱུྃ། ལན་གསུམ་བརྗོད། དམར་གསུར་འདོད་ཡོན་རྒྱ་མཚོ་འདི། །དཀོན་མཆོག་སྲིད་ཞིའི་མགྲོན་རྣམས་ལ། །ཟས་ཀྱི་ཉེར་ལེན་མི་མངའ་ཡང་། །མཆོད་པའི་ཡུལ་དུ་དམིགས་ནས་འབུལ། །བདག་ཅག་བསོད་ནམས་ཚོགས་རྫོགས་ནས། །མྱུར་དུ་ཡེ་ཤེས་མཐོང་བར་ཤོག །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །ཟག་མེད་བདུད་རྩིར་དམིགས་ནས་འབུལ། །བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་མི་མཐུན་ཕྱོགས་ལས་སྲུངས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས། །རང་རང་འདོད་པའི་ལོངས་སྤྱོད་དུ། །མཐོང་ནས་ཟད་མེད་གཏེར་ལ་སྤྱོད། །དགའ་མགུ་ཚིམས་ཤིང་ཡི་རང་ནས། །སོ་སོའི་སྡུག་བསྔལ་བྲལ་བར་ཤོག །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །ཕམ་རྒྱལ་འཐབ་རྩོད་མེད་པར་བསྔོ། །སོ་སོའི་ཡིད་ལ་གང་འདོད་པའི། །ཟད་མི་ཤེས་པའི་ལོངས་སྤྱོད་དུ། །གྱུར་ནས་ཤ་མཁོན་བུ་ལོན་བྱང་། །གནོད་སེམས་འཁོན་འཛིན་དག་པར་ཤོག །ཁྱད་པར་གཞན་གྱི་ལུས་སྲོག་ལ། །རྣམ་པར་སྡང་བའི་གནོད་སྦྱིན་དང་། །ཤ་ཟ་སྲིན་པོ་འབྱུང་བོའི་གདོན། །ཚེ་རྐུ་མདངས་འཕྲོག་སྲོག་ལེན་ཅིང་། །ཤ་དང་ཁྲག་ལ་གདུང་བ་རྣམས། །དམར་གསུར་འདོད་ཡོན་ཀུན་ཁྱབ་འདིས། །ངོམས་ཤིང་ཚིམས་ལ་མཐུན་གྱུར་ཅིང་། །ཁྲོ་ཞིང་གཏུམ་པའི་སེམས་བོར་ནས། །བྱང་ཆུབ་སེམས་དང་ལྡན་པར་ཤོག །རྒྱུ་འབྲས་བསླུ་བ་མེད་པ་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདག་གི་ལྷག་བསམ་རྣམ་དག་མཐུས། །བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལས། །རང་གི་ཡུལ་ཁམས་བསྲུང་བ་བཞིན། །མཐར་ཐུག་རང་གཞན་དོན་ཡོད་ཅིང་། །གནས་སྐབས་འཆི་བས་འཇིགས་པ་ལས། །འགྲོ་བ་མང་པོ་སྲོག་ཐར་ཤོག །གང་ཞིག་འདི་རུ་ལྷག་པ་ཡི། །སའམ་འོན་ཏེ་བར་སྣང་གནས། །འབྱུང་པོ་གདུག་པའི་སེམས་ལྡན་ཀྱང་། །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས། །གཞན་ལ་འཚེ་བའི་བློ་སྤངས་ཏེ། །ཐར་པའི་ས་བོན་ཐེབས་པར་ཤོག །ཆོས་རྣམས་ཐམས་ཅད་སོགས་དགེ་བ་བསྔོ། སྤྱིར་དུས་ལ་ངེས་པ་མེད་ཅིང་ཁྱད་པར་མུན་སྲོས་ལ་གནོད་སྦྱིན་རྣམས་གཞན་གྱི་སྲོག་ལ་འཚེ་བའི་སླད་དུ་རྒྱུ་བ་ཡིན་པས། དེ་ཚེ་དམར་གསུར་སྦྱར་ཞིང་རང་གི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཆོས་དང་ཟང་ཟིང་གི་སྦྱིན་པ་ཐུན་མོང་དུ་གྱུར་པ་འདི་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་པའང་ཀློང་གསལ་བ་དང་ཆོས་ལྡན་པས་བསྐུལ་ངོར་རིག་པ་འཛིན་པ་མཁྱེན་བརྩེ་ལྷས་སོ། །
༈ བསྔོ་བ་ནི། དྲིན་ཆེན་རྩ་བའི་བླ་མ་དང་ཡི་དམ་ཇོ་བོ་ཐུགས་རྗེ་ཆེན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས་ནམ་མཁའི་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད། ལུས་བསྐྱེད་པའི་དྲིན་ཆེན་ཕ་མ། སེམས་བསྐྱེད་པའི་རྡོ་རྗེ་སློབ་དཔོན། རྒྱུ་ཟས་ནོར་སྦྱིན་པའི་ཡོན་བདག་ཕོ་མོ། འཕོ་རུས་རྫོགས་གསུམ། དགོང་ཞག་བདུན་ཚིག །ཚེ་འདས་ཀྱི་མིང་བསྔོས་ཚད་ལས་དཀར་ནག་གི་འབྲེལ་བ་ཡོད་ཚད་ནུ་ཞོ་བཏུང་ཚད། ཤ་ཁྲག་ཟོས་ཚད། སྤུ་གོས་གྱོན་ཚད། འོག་རྟ་འགེལ་མཛོ། མ་འབྲི་སྒོ་ཁྱི་བྲན་གཡོག །རྒྱུ་ཁ་ལག་གི་འབྲེལ་བ་ཡོད་ཚད་ཀྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་ཡོངས་སུ་བསྔོ་བར་བགྱིའོ། །ཨོཾ་མ་ཎི༴ དེ་ལྟར་བསྔོས་པའི་ནུས་མཐུ་ལ་བརྟེན་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་དམྱལ་བ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། བྱོལ་སོང་གླེན་ལྐུག་གི་སྡུག་བསྔལ། མི་རྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་ལེ་ལོ་འཕོ་ལྟུང་གི་སྡུག་བསྔལ་སོགས། རིགས་དྲུག་སོ་སོའི་སྡུག་བསྔལ་དང་བྲལ་ནས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཆོས་ལྡན་དུ་ཐོབ་ནས་ཐེག་པ་ཆེན་པོའི་ཆོས་དང་འཕྲད་ནས་མྱུར་དུ་བླ་ན་མེད་པར་སངས་རྒྱས་གྱི་གོ་འཕང་ཐོབ་པར་གྱུར་ཅིག །ཨོཾ་མ་ཎི༴ གཞན་ཡང་བར་དོ་ན་གནས་པའི་སེམས་ཅན་ཡ་ང་བ་ཡི་མུག་པ། ཆོས་སྔོན་ནས་སོང་བ་མེད་པ། རྒྱབ་ནས་འོང་བ་མེད་པ། ཆོས་བྱེད་མ་ཤེས་པ། མ་ཁོམ་པ། མ་དྲན་པ། ཆོས་མེད་དགེ་མེད་མི་ཚེ་སྟོང་ཟད་འཁོར་བར་འཁྱམས་པའི་ལས་ངན་སྡིག་ཅན་དེ་དག་ཐམས་ཅད་ངན་སོང་ཡ་ང་བའི་གཡང་ས་གསུམ། མ་ངེས་པའི་རྟགས་དྲུག་དུག་ལྔའི་འཁྲུལ་བ་ཐམས་ཅད་རང་སར་དག་ནས་རང་རིག་བདེ་བ་ཆེན་པོ་འོད་གསལ་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག །ཨོཾ་མ་ཎི༴ ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའོ། །
༈ ན་མོ་རཏྣ་ཏྲ་ཡཱ་ཡ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཀོན་མཆོག་གསུམ་དང་ཌཱ་ཀི་ཆོས་སྐྱོང་ཚོགས། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེན་ལྡན་ཇི་སྙེད་མཆིས་པའི་བདེན་སྟོབས་ཀྱིས། །འདི་ལྟར་བགྱིས་པའི་དགེ་བས་མཚོན་བྱས་ཏེ། །བདག་གཞན་དུས་གསུམ་དགེ་བ་ཅི་བསག་མཐུས། །བདག་དང་བདག་གི་ཕ་མ་སློབ་དཔོན་དང་། །སློབ་མ་བྲན་གཡོག་ཡོན་བདག་སྒོ་ནོར་བཅས། །སྒོ་ཁའི་བཤས་དང་ཤ་ཟོས་སེམས་ཅན་རིགས། །ཟས་ནོར་ཆོས་ཀྱིས་འབྲེལ་བའི་ཚེ་འདས་དང་། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་ཀུན། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེ་མ་ཐག་ཏུ་ས་བཅུ་རབ་བགྲོད་དེ། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཏདྱ་ཐ། པཉྩནྜི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ། ཞེས་པའི་སྨོན་ལམ་འདིའི་མཇུག་ཏུ་བྱེད་པར་ཤོག་བྱས་ན་སྨོན་ལམ་དུ་འགྲོ་ཞིང་། བྱེད་ཕྱིར་བསྔོ་བྱས་ན་བསྔོ་བར་འགྲོ་སྟེ་འདི་ནི་རང་གཞན་ཤི་གསོན་བསྔོ་བ་མ་ཆག་པར་མ་བརྗེད་ཟེར་བ་མང་བར་བརྟེན་ནས་རང་གི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་གསས་བྲིས་པའོ། །སརྦ་སིདྡྷི་རསྟུ།
༈ ན་མོ་རཏྣ་ཏྲ་ཡ་ཡ། བླ་མ་རྒྱལ་བ་སྲས་བཅས་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །མོས་པའི་ཡིད་མཁར་མངོན་སུམ་བཞུགས་ནས་ཀྱང་། །སྨོན་ལམ་ཡོངས་སུ་འགྲུབ་པའི་དཔང་བོ་མཛོད། །འདི་ལྟར་བགྱིས་པའི་དགེ་བས་མཚོན་བྱས་ནས། །དུས་གསུམ་བྱས་བསགས་རྣམ་དཀར་ཇི་སྙེད་པ། །འཁོར་གསུམ་སྤྲོས་པའི་མཚན་མ་མི་དམིགས་བཞིན། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ་བར་བགྱི། །དེའི་མཐུས་བདག་དང་བདག་ལ་འབྲེལ་ཐོགས་རིགས། །བླ་མ་མཁན་སློབ་མཆེད་གྲོགས་ཆོས་ཀྱི་འབྲེལ། །ཕ་མ་གཉེན་བཤེས་འཁོར་གཡོག་ཉེ་དུ་འབྲེལ། །གནོད་བྱེད་གདོན་བགེགས་ལན་ཆགས་ཤ་འཁོན་འབྲེལ། །གསོན་གཤིན་དད་རྫས་ལོག་འཚོ་དཀོར་གྱི་འབྲེལ། །ཤ་ཁྲག་འོ་ཞོ་ལྤགས་གོས་འཚོ་བ་རྟེན། །ཞོན་རྟ་འགེལ་ཁལ་སྒོ་ཟོག་ཆེ་ཕྲའི་རིགས། །བཤའ་བཙོང་བེད་བཅད་དྲིན་དུ་ཆེ་བ་དང་། །རྩ་འཐུ་ཤིང་བྲེག་སོ་ནམ་མེ་ཐབ་སོགས། །སྤྱོད་ལམ་ཀུན་ཏུ་དངོས་སམ་བརྒྱུད་ནས་ཀྱང་། །འབུ་སྦྲང་སྲོག་ཆགས་བསད་སོགས་གནོད་འཚེའི་རིགས། །ཇི་སྙེད་བགྱིས་མཚོན་འཁོར་ཚེ་ཐོག་མེད་ནས། །བཟང་ངན་ལས་ཀྱིས་འབྲེལ་གྱུར་མཁའ་ཁྱབ་འགྲོ། །ཀུན་ཀྱང་སྲིད་པར་འཆིང་བྱེད་ལས་ཉོན་གྱི། །སྒྲིབ་པའི་དྲྭ་བ་མ་ལུས་མཐར་བྱས་ཏེ། །མཐོ་རིས་ཡོན་ཏན་བདུན་གྱི་རྟེན་ཐོབ་ཅིང་། །ཐེག་མཆོག་རིགས་སད་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་བསྒོམ་པའི་ཡོན་ཏན་གྱིས། །ཚེ་འདིར་སྲིད་པའི་རྒྱ་མཚོ་རབ་བརྒལ་ཏེ། །བདེ་བ་ཅན་སོགས་དག་པའི་ཞིང་རྣམས་སུ། །སངས་རྒྱས་སྲས་ཀྱིས་བསྐོར་བའི་ཞལ་མཐོང་ཞིང་། །ལུང་བསྟན་དབུགས་བྱུང་རྫོགས་སྨིན་སྦྱངས་གསུམ་གྱིས། །དོན་གཉིས་མཐར་ཕྱིན་མངོན་པར་སངས་རྒྱས་ཤོག །ཅེས་པའང་པདྨ་དབང་ཆེན་བཞེད་སྐོང་དུ་པདྨ་བི་ཛའི་བྲིས་ཤིང་སྨོན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག
བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ། རིག་འཛིན་འཇིགས་མེད་གླིང་པ།
༄༅། །བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ་བཞུགས། བསྙེན་གནས་ཀྱི་ཆོ་ག་ཤིན་ཏུ་བསྡུ་ན། །ཐོ་རངས་ལངས་ལ་ཁྲུས་བྱ། སྐྱབས་སེམས་ནི། འཕགས་པའི་ཐུགས་ནི་སངས་རྒྱས་ཏེ། །གསུང་ནི་དམ་ཆོས་སྐུ་དགེ་འདུན། །གང་ལ་སྐྱབས་མཆི་སེམས་ཅན་དོན། །ཚད་མེད་བཞི་བསྒོམ་ཁྱོད་བསྒྲུབ་བྱ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །དེ་ནས་སྡོམ་པ་བླང་བ་ནི། སངས་རྒྱས་འཕགས་པ་དགོངས་སུ་གསོལ། །དེང་ནས་སང་གི་ཉི་ཤར་བར། །སྲོག་གཅོད་རྐུ་དང་མི་ཚངས་སྤྱོད། །རྫུན་དང་ཆང་དང་གླུ་གར་རྒྱན། །ཁྲི་སྟན་མཐོ་དང་ཕྱི་དྲོའི་ཟས། །སྤངས་ཏེ་ཡན་ལག་བརྒྱད་པ་བསྲུང་། །ཉོན་མོངས་དགྲ་སྡེ་འཇོམས་པར་ཤོག །ལན་གསུམ། དེ་ནས་མདུན་བསྐྱེད་གསལ་གདབ་པ་ནི། ཨོཾ་སྭཱ་བྷཱ་ཝ་ཤུདྡྷེ་སརྦ་དྷརྨཿསྭཱ་བྷ་ཝ་ཤུདྡྷོ྅་ཧཱུྃ། སྟོང་པའི་ངང་ལས་རི་བོ་ཏཱ་ལའི་ཞིང་། །འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་གདན་སྟེང་། །ཧྲཱིཿཡིག་ཡོངས་གྱུར་འཕགས་པ་འཇིག་རྟེན་དབང་། །སྐུ་མདོག་དཀར་གསལ་མཉམ་པའི་སྟབས་ཀྱིས་བཞེངས། །གཡས་པ་མཆོག་སྦྱིན་གཡོན་པ་པད་དཀར་འཆང་། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས། །རི་དྭགས་ཀྲྀཥྞའི་ཤུན་པས་ནུ་མ་བཀབ། །ཀ་ཤིའི་ཤམ་ཐབས་སྟ་ཟུར་གཡོན་དུ་དཀྲིས། །ཞི་ཚུལ་དགུ་ལྡན་སྙན་ཆ་གདུ་བུས་མཛེས། །བྱང་ཆུབ་སེམས་དཔའི་འོད་ཟེར་ཀུན་ནས་འཕྲོ། །སངས་རྒྱས་བྱང་སེམས་རིག་འཛིན་དྲང་སྲོང་བསྐོར། །དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་ལས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དེ་ནས་སྤྱན་འདྲེན་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མཆོད་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །མཎྜལ་རྒྱས་བསྡུས་ཅི་རིགས་འབུལ། དེ་ནས་བྱང་སྡོམ་བླང་བ་ནི། རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་མཐར་བགྱིད་ཤོག །ཅེས་ལན་གསུམ་བརྗོད་ཅིང་ཡི་གེ་དྲུག་མ་ལ་འབད། ཐུན་མཚམས་སུ། རང་གི་སྤྱི་བོར་པད་ཟླའི་སྟེང་། །དགེ་སློང་དཔལ་མོ་བྱོན་ནས་ནི། །ངོ་ཆེན་མཛད་པ་ལེགས་བསམ་སྟེ། །ཨོཾ་བླ་མ་དང་འཇིག་རྟེན་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་བ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨོའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨོའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པས་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པའི་གཉེར་པ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་པ་པོ། །གང་ཞིག་ཐོ་རངས་ལངས་ནས་རྟག་ཏུ་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདི་དག་གིས་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་། །སྐྱེ་བ་འདི་དང་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་པའི་བསྟོད་པ་ཉེར་གཅིག་བྱ། དེ་ནས་གསོལ་བ་གདབ་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན། །དེང་འདིར་བདག་ལ་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བདེ་གཤེགས་ཀྱི། །བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་པའི་རྩ་ལག་བཤེས་གཉེན་རྣམས། །སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ། །མཐའ་ཡས་སྐྱེ་དགུ་མ་ལུས་ཀུན། །བདེ་ཞིང་དམ་པའི་ཆོས་ལ་སྤྱོད། །བྱམས་དང་སྙིང་རྗེའི་སེམས་འབྱོངས་ཤིང་། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་དང་། །ཇི་ལྟ་ཇི་སྙེད་ཤེས་རབ་ཆེ། །རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལྟུང་བཤགས་དང་། བཟང་སྤྱོད་ལ་སོགས་པའི་བཤགས་བསྔོ་སྨོན་ལམ་བྱའོ། །ཞེས་པའང་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ། །
ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་ཡིན་ཏེ། དེ་གང་ཞེ་ན་འདི་ལྟར། དང་པོ་དགེ་བ་ཐབས་ཀྱིས་ཟིན་པའི་སེམས་བསྐྱེད། དངོས་གཞིའི་དགེ་བ་རྐྱེན་གྱིས་མི་བཤིག་པའི་དམིགས་མེད། མཇུག་དགེ་བ་གོང་འཕེལ་དུ་འགྲོ་བའི་བསྔོ་བ་རྣམས་ནི་དམ་པ་གསུམ་ཡིན་ལ། དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། འདི་ལྟར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡེ་ཐོག་མའི་དུས་ནས་ད་ལྟའི་བར་དུ་རང་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མར་གྱུར་བའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པའི་བསམ་སྦྱོར་གྱིས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་མོད། དེ་དག་ཐམས་ཅད་ཀྱིས་འདོད་པ་བདེ་བ་རེ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་བཅུ་པོ་བསྒྲུབ་མི་ཤེས་སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་པོ་འཆོལ་ཉོག་ཏུ་སྦྱོད་ནས་ལམ་ལོག་མགོ་རྨོངས་ལོང་བ་ཐང་དཀྱིལ་དུ་འཁྱམས་པ་ལྟ་བུའི་སྐྱབས་མེད་མགོན་མེད་དུ་གྱུར་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། འདི་དག་ཐམས་ཅད་རྣམས་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བདག་གིས་དམ་པའི་ཆོས་འདི་ཉན་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པ་ཐེག་པ་ཐུན་མོང་གི་སེམས་བསྐྱེད་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་པར་ནི་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་ཀྱང་། རང་ངོ་མ་ཤེས་པས་འཁྲུལ་བས་འཁོར་བའི་ལམ་ལ་ཁ་འཁྱམས་པ་འདི་དག་ཐམས་ཅད་ལ་རང་གནས་གྱི་ཡེ་ཤེས་ངོ་སྤྲད་ནས་ཚེ་ལུས་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་བདག་གིས་བསྐྱེད་རྫོགས་ཟབ་མོ་སོགས་ལ་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད། དངོས་གཞི་དམིགས་མེད་དམ་པ་ནི་སྣོད་བཅུད་དག་མཉམ་ཆེན་པོའི་རང་བཞིན་དུ་ཡེ་ནས་གནས་པ་དེ་ཡིན་པ་ལྟར་གསལ་བཏབ་ནས་ཆོས་བྱེད་པ་པོ་བདག་དང་བྱ་རྒྱུའི་ཆོས་བྱ་བ་དང་བཅས་པ་དམིགས་མེད་ཕྱམ་གདལ་དུ་ཐག་ཆོད་ན་དེ་ཡིན། དེ་མིན་ན་དེ་དང་རྗེས་སུ་མཐུན་པ་རང་གིས་སྔར་བླ་མའི་དྲིན་གྱིས་རྟོགས་པའི་ལྟ་དོན་ཇི་ལྟ་བུ་ཞིག་ཡིན་ཀྱང་། དེའི་ངང་ནས་རྣམ་རྟོག་གྱ་གྱུའི་དབང་དུ་མི་གཏོང་བར་དགེ་སྦྱོར་ལ་འབད་བར་བྱའོ། །རྗེས་སུ་བསྔོ་བ་དམ་པ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་བསགས་པའི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམ་ཏེ་བསྡོམས་ནས་འདས་མ་འོངས་ད་ལྟའི་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན་དུ་བསྔོ་བ་ཇི་ལྟར་མཛད་པ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱི་སྙམ་པ་ནི་སངས་རྒྱས་ཀྱི་རྗེས་སུ་བསྔོས་པ་ཡིན། འཇམ་དཔལ་དཔའ་བོ་དང་སྤྱན་རས་གཟིགས་སོགས་རྒྱལ་སྲས་རྣམས་ཀྱི་བསྔོ་བ་ལྟར་བསྔོས་ན་བྱང་སེམས་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་བསྔོས་པ་ཡིན། གང་ལྟར་ན་སེམས་ཅན་རྣམས་ལ་དགེ་རྩ་བསྔོས་པའི་མཐུས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ཏེ་བསྔོ་བ་ཤེས་པར་བྱའོ། །མདོར་ན་དགེ་སྦྱོར་ཐམས་ཅད་ཀྱི་ཐོག་མར་དོན་གཉིས་ལྡན་པའི་སེམས་བསྐྱེད། དངོས་གཞི་བྱ་བྱེད་ལས་གསུམ་གྱི་དམིགས་པ་དང་བྲལ་བ། རྗེས་སངས་རྒྱས་དང་སེམས་དཔའ་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་བསྔོས་ན་དམ་པ་གསུམ་གྱིས་ཟིན་པའི་དགེ་བ་ཐར་བ་དང་ཆ་མཐུན་པ་ལགས། སྤྱིར་དགེ་བ་གང་བྱེད་ཐམས་ཅད་དམ་པ་གསུམ་གྱིས་ཟིན་པ་གལ་ཆེ་སྟེ། དང་པོ་དགེ་བ་གང་བྱེད་པ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད། དགེ་བ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད། དགེ་བ་གོང་འཕེལ་དུ་འགྲོ་བ་མཇུག་བསྔོ་བའོ། །དང་པོ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དགེ་བ་སྒྲུབ་སྙམ་པ་དེ་ཡིན། སེམས་བསྐྱེད་འདི་ལ་སེམས་ཅན་ཀྱི་དོན་དུ་སྙམ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དེ་གཉིས་ཚང་དགོས། འདི་གཉིས་མ་ཚང་ན་བྱམས་དང་སྙིང་རྗེ་ཙམ་གྱིས་སེམས་བསྐྱེད་ཀྱི་གོ་མི་ཆོད། དངོས་གཞི་དམིགས་མེད་ནི། ཕྱག་རྫོགས་ཀྱི་ཉམས་ལེན་ཤེས་མཁན་ཡིན་ན་རང་རང་གི་ཉམས་ལེན་སྐྱོང་བ་དེས་འཐུས། མཇུག་བསྔོ་བ་ནི། རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་དེ་ལྟར་བསྔོ་སྙམ་པ་དེ་འཁོར་གསུམ་ཡང་དག་གི་བསྔོ་བ་རྗེས་མཐུན་པ་ཡིན་པས་དེ་ལས་ལྷག་པ་མེད། དུས་རྒྱུན་གསོལ་བ་འདེབས་པའི་ཡུལ་བླ་མ་སངས་རྒྱས་ཀུན་འདུས། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པས་འདི་གཅིག་པུ་ལ་གསོལ་བ་བཏབ་པས་འཐུས། དེ་ཡང་བླ་མའི་ཐུགས་རིག་པའི་ཡེ་ཤེས་སྣང་སྟོང་དབྱེར་མེད་དེ་ཡེ་སངས་རྒྱས་པའི་ཡེ་ཤེས་ཡིན་པས། སངས་རྒྱས་སྐུ་གསུམ་འདི་ལ་འདུས། བླ་མའི་ཐུགས་རྒྱུད་ན་བཞུགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་རྣམས་ཆོས་ཡིན་ཏེ། ཐོས་བསམ་ལུང་དང་སྒོམ་པ་རྟོགས་པ་གཙོ་ཆེ། བླ་མའི་ཐུགས་ཡེ་ཤེས་དང་ཐུགས་རྒྱུད་ཀྱི་ཡོན་ཏན་གཉིས་དབྱེར་མི་ཕྱེད་པའི་ཆ་ནི་དགེ་འདུན་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེས་ན་སངས་རྒྱས་ལ་གསོལ་བ་བཏབ་ཀྱང་འདི་དང་འདྲ་ཞིང་བླ་མ་ཡང་དེར་འདུ། བླ་མ་དང་སངས་རྒྱས་གཉིས་གནས་སྐབས་གདུལ་བྱ་ལ་སྣང་ཚུལ་གྱི་ཁྱད་པར་ལས་ངོ་བོ་གཅིག་སྟེ། ཚེས་གསུམ་གྱི་ཟླ་བ་དང་བཅོ་ལྔའི་ཟླ་བ་བཞིན་ནོ། །ཡི་དམ་དང་མཁའ་འགྲོ་སོགས་ཀྱང་འདི་གཉིས་ལ་མ་འདུས་པ་མེད་དོ། །དགེའོ། །དཔལ་སྤྲུལ་བས་སོ། །
དམ་པ་གསུམ་གྱི་རྣམ་གཞག་བསྡུས་པ། མཁན་ཆེན་ཚེ་དབང་རིག་འཛིན།
༄༅། །དམ་པ་གསུམ་གྱི་རྣམ་གཞག་བསྡུས་པ། རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འདིར་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་དངོས་གཞི་མཐར་ཐུག་པ་ནི་དམ་པ་གསུམ་སྟེ། དེ་ཡང་ཀུན་མཁྱེན་ཆེན་པོས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བ་དམ་པས་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་པ་ལྟར་གསུམ་ལས། དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དགྲ་ཕར་མི་བཞག་གཉེན་ཚུར་མ་བླངས་པར་སེམས་ཅན་ཐམས་ཅད་མཉམ་པར་སེམས་ཅན་རྣམས་བདག་གི་ཕ་མ་ཡིན། ཕ་མ་བྱས་པའི་ཚེ་གཅན་གཟན་གཏུམ་པོ་དང་། འདྲེ་སྲིིན་པོའི་བུ་རུ་སྐྱེས་ནའང་རང་གི་བུ་ལ་བརྩེ་བ་མེད་པ་སུ་ཡང་མེད་པས་ནམ་ཕ་མ་བྱས་པའི་ཚེ། ཟས་ཀྱི་ཕུད་སྦྱིན་གོས་ཀྱི་རྩེ་མོས་ནི་གཡོགས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་བ་ཤ་སྟག་ཡིན་པས། བདག་དེ་དག་གི་བདག་པོ་ཡིན། ངེད་མ་བུ་རྣམས་ཡིན་པས་སེམས་ཅན་དེ་རྣམས་ཀྱི་སྐྱིད་སྡུག་ལ་བདག་གིས་བལྟ་དགོས་པས། ད་ལྟ་སེམས་ཅན་རྣམས་ཀྱིས་འདོད་པ་བདེ་བ་འདོད། སྡུག་བསྔལ་མི་འདོད་ཀྱང་། རྒྱུ་བླང་དོར་ནི་མི་ཤེས། སློབ་མཁན་ནི་མེད། ལ་ལ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད། ལ་ལ་འབྲས་བུ་ལ་སྤྱོད་པའི་སེམས་ཅན་སྡུག་བསྔལ་ཅན་རྣམས་སྙིང་རེ་རྗེ། སྙིང་རྗེ་སར་བཞག་པས་ནི་མི་ཕན་པས། ད་ནི་རྒྱལ་བ་སྲས་བཅས་རྣམས་དལ་དུ་བཞུགས་དང་བདག་ཁོ་ནས་སྡུག་བསྔལ་རྒྱུ་འབྲས་ལས་བསྒྲལ་ཏེ། སངས་རྒྱས་ཀྱི་གོ་འཕང་ལ་འགོད་སྙམ་པའི་ཟུར་གཉིས་ཚང་བའི་སྒོ་ནས་སེམས་བསྐྱེད་དགོས་པའི་རྒྱུ་འབྲས་མན་ངག་བདུན་གྱིས་བློ་སྦྱངས་ནས་སེམས་བསྐྱེད་བཅོས་མིན་གྱིས་ཟིན་པ་ནི། ལྕགས་ཀྱུས་ཟིན་པའི་དངོས་པོ་བདག་པོའི་ལག་ཏུ་ལོན་ངེས་པ་ལྟར། དགེ་རྩ་ཕྲ་མོ་ཡང་དཔག་མེད་བཞི་ལྡན་དུ་འཕེལ་ཏེ། དེ་ལ་དཔག་མེད་བཞི་ནི། རྒྱུ་དགེ་རྩ་རེ་རེ་ཡང་དམིགས་ཡུལ་སེམས་ཅན་གྱི་གྲངས་བཞིན་འཕེལ་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་པར། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དང་། སེམས་ཅན་རེ་རེ་ལ་བསལ་བྱ་སྡུག་བསྔལ་གྱི་གྲངས་བཞིན་འཕེལ་ཏེ། དེད་དཔོན་མཛའ་བོའི་བུ་མོས་སེམས་ཅན་སྡུག་བསྔལ་ཕྱོགས་གཅིག་ཀླད་ནད་ཙམ་བསལ་འདོད་པའང་ངན་སོང་ནས་ཐར་ཏེ་མཐོ་རིས་ནས་ཐར་བའི་བར་ཐོབ་ན། སེམས་ཅན་རེ་རེའི་སྡུག་བསྔལ་དཔག་ཏུ་མེད་པ་བསལ་འདོད་པ་ལ་ཅིས་མི་འཕེལ་ཏེ། སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམ་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་གྱུར་ན། །ཞེས་སོགས་གསུངས་པ་དང་། ཐོབ་བྱ་སངས་རྒྱས་ཀྱི་གྲངས་བཞིན་འཕེལ་ཏེ། དེ་ཉིད་ལས། སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་ཅིང་། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨྲོས་ཅི་དགོས། །ཞེས་གསུངས་པ་དང་། ཐོབ་བྱ་སངས་རྒྱས་རེ་རེའི་ཡོན་ཏན་གྱི་གྲངས་བཞིན་འཕེལ་བས་ན། སངས་རྒྱས་ཐོབ་ངེས་ཡིན། དེས་ན་སྨོན་ལམ་རྒྱ་ཆེ་ཆུང་གིས་སངས་རྒྱས་ལ་ལ་སངས་རྒྱས་ནས་ཉིན་གཅིག་ལ་ཆོས་འཁོར་བསྐོར་ནས་མྱ་ངན་ལས་འདས་པ་དང་། བསྟན་པ་ཞག་གཅིག་ལས་མི་གནས་པ་ཡང་ཡོད། སངས་རྒྱས་མོས་པ་ལྟ་བུ་བསྐལ་བཟང་སངས་རྒྱས་སྟོང་གི་སྐུ་ཚེ་དང་། བསྟན་པ་གནས་ཚད་དང་། གཞན་དོན་བྱས་པ་རྣམས་བསྡོམས་པའི་ཚད་ཙམ་དུ་མཛད་པས། སྤངས་རྟོགས་མཉམ་ཡང་བསམ་པ་རྒྱ་ཆེ་ཆུང་གི་ཁྱད་པར་ཡིན་པས་བསམ་པ་རྒྱ་ཆེ་དགོས། གཉིས་པ་དངོས་གཞི་དམིགས་མེད་དམ་པ་ནི། རྣལ་འབྱོར་པ་རྣམས་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བའི་ངང་ལ་གནས་བཞིན་དུ་ཆོས་སྤྱོད་ལ་འཇུག་པ་ནི། སྡུད་པ་ལས། ཇི་ལྟར་ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་གསུངས་པ་ལྟར་ལྟ་བའི་ནང་ནས་ཁ་འདོན་བཟླས་བརྗོད་ཕྱག་སྐོར་ཆོས་ཉན་པ་སོགས་ཡོད་དགོས། དེ་ལྟར་ལྟ་བའི་ངང་ནས་ལྷ་བསྒོམ་སྔགས་བཟླ་སོགས་ནི་སྔ་འགྱུར་རྙིང་མའི་ཁྱད་ཆོས། བསྐྱེད་རྫོགས་ཟུང་འཇུག་གི་ལམ། མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བྱེད་ཡིན། གསར་ཕྱོགས་པས་ཚོགས་ལམ་ན་བསྐྱེད་རིམ་ཁོ་ན་དབྱིབས་ཀྱི་ལམ་མམ། བཅོས་མའི་ལམ་ནས་སྦྱོར་ལམ་དྲོད་ནས་ཐབས་ལམ་ལ་བརྟེན་ནས་དཔེའི་འོད་གསལ་བསྒོམ་པས་བསྐྱེད་རིམ་མ་བཅོས་པའི་ལྷ་སྐུར་འཆར། དེ་གཉིས་པོ་འདིར་ཚོགས་དྲོད་ཟུང་འཇུག་ཏུ་བསྒོམ་པས་མཆོག་གི་དངོས་གྲུབ་ཐོབ་བྱེད་དུ་འགྱུར་རོ། །དེ་ལྟར་མ་ནུས་ན་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་རྒྱས་འདེབས་སུ་ཤོར་བ་ཡིན་ཡང་། ལས་དང་པོ་བའི་དངོས་ཞེན་གྱི་གཉེན་པོ་ཡིན་ཏེ། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ན། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཞེས་པ་ལྟར། ས་མ་ཐོབ་ཀྱི་བར་དུ་གཏན་ལ་དབབ་ཚུལ་རྣམ་གྲངས་མིན་པའི་དོན་དམ་ཡིན་ཀྱང་རྟོགས་ཚུལ་རྣམ་གྲངས་ལས་མི་འདའ་བས་གྲངས་མེད་གཅིག་གི་བར་བློས་སྒོམ་པ་ཁོ་ན་བྱེད་དགོས་པས་སྒྱུ་མ་ལྟ་བུའི་ངེས་ཤེས་ཀྱིས་ཟིན་པར་བྱེད་དགོས། དེ་ལྟར་ཡང་མི་ནུས་པའི་ཕལ་བ་ཡིན་ན་ལྷ་དང་སྔགས་ལ་དད་པ་དང་མོས་གུས་ཁོ་ན་དགོས་ཚིག་རྗེས་དོན་དྲན་དང་། དེ་ལས་སེམས་མ་ཡེང་བར་བྱས་ན་དེས་དམིགས་མེད་རྗེས་མཐུན་གྱི་གོ་ཆོད་གསུངས། དམིགས་མེད་ཀྱིས་ཟིན་པའི་དགེ་རྩ་རྣམས་ཁོང་ཁྲོ་སོགས་རྐྱེན་གྱིས་འཇིག་མི་ནུས། གཞན་དུ་དངོས་ཞེན་དང་བཅས་པའི་དགེ་རྩ་བསགས་པ་རྣམས་ནི། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་པ་ལྟར། སྲིད་པ་སྒྲུབ་བྱེད་ཀྱི་རྒྱུ་ཁོ་ན་ལས་མེད་པ་ཡིན་ལ་སྲིད་པའི་རྩ་བ་བདག་འཛིན་གཅོད་བྱེད་ཀྱི་ལྟ་བ་བདག་མེད་རྟོགས་པའི་ཟིན་པ་མེད་པར། སྦྱིན་སོགས་ལ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསམ་གཟུགས་སོགས་སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་སྲིད་པའི་ལས་སོགས་བྱེད་ཙམ་ལས་མེད་དེ། སྐྱེས་རབས་ལས། ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པ། །སྲིད་པའི་རྩེ་མོའི་བར་སོང་ནས། །སླར་ཡང་ངན་སོང་གནས་སུ་ལྷུང་། །ཞེས་དང་། མདོ་སྡེ་རྒྱན་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །དེས་ནི་ཉེས་པ་ཚར་གཅོད་མིན། །ཞེས་པ་ལྟར་དམིགས་མེད་གལ་ཆེའོ། །གང་ཟག་པའི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་ཕྱི་རོལ་པ་དང་ཐུན་མོང་ལས་ཁྱད་པར་དུ་འཕགས་པས། དེ་དག་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཏིང་ངེ་འཛིན་དང་། ལྷག་པའི་ཤེས་རབ་རྣམས་ཡིན། བདག་མེད་གཉིས་རྟོགས་ཀྱིས་ཟིན་ན། སྦྱིན་པའི་ཕར་ཕྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་སྟེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་པོ། །ས་པ་ལྟར། སྲིད་ཞིར་མི་གནས་པའི་མྱང་འདས་ཐོབ་པ་ཡིན་ནོ། །གསུམ་པ་རྗེས་བསྔོ་བ་དམ་པ་ནི། སོ་སོའི་སྐྱེ་བོའི་དགེ་བ་ནི། མ་བསྔོས་ན་གང་དུ་སྨིན་མ་ངེས་པས་ལུང་མ་བསྟན་ཡིན་ལ། ཚུལ་ཁྲིམས་སོགས་མ་དག་ན། ཀླུ་ལོངས་སྤྱོད་ཅན། ལྷ་ཡུལ་གྱི་བྱ་དང་། རྟ་དང་གླང་པོ་རིན་ཐང་ཅན་སོགས་སུ་སྐྱེ་བ་ཡིན་ཏེ། འཇུག་པ་ལས། སྦྱིན་པའི་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་། །སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལས་བྱུང་། །ཞེས་དང་། རང་བཞིན་གྱི་རྟོག་ངན་དེའི་རྐྱེན་དང་། དགེ་རྩ་འཛད་པའི་རྒྱུ་བཞི་སོགས་ཀྱིས་ཟད་འགྲོ་བ་ཡིན་ཏེ། ལུང་ལས། དགེ་བའི་རྩ་བ་བསགས་ནས་ནི། །མ་བསྔོས་ཡང་ན་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་སྐྱེ། །དེ་ནི་ཟད་པའི་རྒྱུ་བཞི་ཡིན། །ཞེས་སོགས་ཀྱིས་ཟད་འགྲོའོ། །བསྔོས་ན་མི་ཟད་ཅིང་འཕེལ་ཏེ། །བློ་གྲོས་མི་ཟད་པའི་ཞུས་པའི་མདོ་ལས། །ཇི་ལྟར་ཆུ་ཐིག་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་པ་ལྟར་སངས་རྒྱས་པའི་བར་དུ་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ཤ་སྟག་ཐོབ་ནས་དེས་ཀྱང་མི་ཟད་པར་མཐར་འཚང་རྒྱའོ། །ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་ཏེ། །སྤེལ་དང་བསྒྱུར་བའི་ཆོས་ཅན་ནོ། །ཞེས་པ་ལྟར། དགེ་རྩ་མི་ཟད་པ་དང་། གོང་དུ་སྤེལ་བ་དང་། སངས་རྒྱས་ཀྱི་གོ་འཕང་སོགས་གང་དུ་འདུན་པས་བསྒྱུར་བ་ནི་དེར་འགྱུར་བ་སྟེ། མི་ཟད་པ་ནི་གོང་དུ་བཤད་མ་ཐག་པ་དང་། སྤེལ་བ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་ནས་མི་ཟད་འཕེལ་བར་འགྱུར། །ཞེས་དང་། འདུན་པས་བསྒྱུར་བ་ནི། མངོན་མཐོ་ལྷ་མི་དང་། ངེས་ལེགས་ཉན་རང་དགྲ་བཅོམ་དང་གཞན་དོན་དུ་རྫོགས་བྱང་གི་ཕྱིར་བསྔོས་ཀྱང་ཐོབ་སྟེ། དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླང་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། །ཞེས་སོ། །སེམས་བསྐྱེད་དང་བསྔོ་བ་གཉིས་ཀྱི་ཁྱད་པར་ནི། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་དོན་དུ་ཞེས་པ་དང་། ཐོབ་པའི་ཆེད་དུ་ཞེས་པ་ཙམ་ལས་ཁྱད་པར་མེད། བསྔོ་བ་དང་སྨོན་ལམ་གཉིས་ཀྱི་ཁྱད་པར་ནི། དགེ་རྩ་སྔོན་དུ་སོང་མ་སོང་གི་ཁྱད་པར་ཡིན་ནོ། །བསྔོ་བ་ལྟ་བའི་ངང་ནས་སྒྱུ་མ་ལྟ་བུའི་དམིགས་རྣམས་སྤྲད་ནས་བསྔོ་བ་འཁོར་གསུམ་དམིགས་མེད་དོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་པོ་དེར་ཐེག་པ་ཆེན་པོའི་ལམ་ཐམས་ཅད་འདུས། དེ་ལས་མང་མི་དགོས། ཉུང་ན་མི་འདུ་བ་ཡིན་ཏེ། སེམས་བསྐྱེད་དང་བསྔོ་བ་གཉིས་ཀྱི་ཁོངས་སུ་མཚན་ཉིད་ཐེག་པའི་ཐབས་ཀྱི་ཆ་ཐམས་ཅད་དང་། སྔགས་ཀྱི་བསྐྱེད་རིམ་དང་། ལྷུན་གྲུབ་ཐོད་རྒལ་མན་ཆད་འདུ། དངོས་གཞི་དམིགས་མེད་ཀྱི་ཁོངས་སུ་མཚན་ཉིད་ཐེག་པའི་ཤེས་རབ་ཀྱི་ཆ་ཐམས་ཅད་དང་། སྔགས་ཀྱི་རྫོགས་རིམ་དང་ཀ་དག་ཁྲེག་ཆོད་མན་ཆད་འདུ། སེམས་བསྐྱེད་དང་བསྔོ་བ་མེད་ན། དམིགས་མེད་ཀྱིས་སྲིད་པ་ལས་གྲོལ་ནས་ཉན་རང་ཙམ་དུ་འགྱུར། དངོས་གཞི་མེད་ན་སྲིད་པའི་བདེ་བ་ཙམ་ལས་སངས་རྒྱས་མི་འཐོབ། དམ་པ་གསུམ་གྱིས་མཐའ་གཉིས་ལས་གྲོལ་ཏེ། དངོས་གཞི་དམིགས་མེད་ཀྱིས་ཉོན་སྒྲུབ་སྤང་སྟེ་སྲིད་མཐའ་ལས་གྲོལ། སེམས་བསྐྱེད་དང་བསྔོ་བས་ཤེས་སྒྲིབ་སྤང་སྟེ་ཞི་མཐའ་ལས་གྲོལ་དམིགས་མེད་ཀྱིས་ཆོས་སྐུ་དང་གཞན་གཉིས་ཀྱི་གཟུགས་སྐུ་འགྲུབ་སྟེ། རིན་ཆེན་ཕྲེང་བ་ལས། ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །གཟུགས་ཀྱི་སྐུ་ནི་མདོར་བསྡུས་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་ཡིན། །ཞེས་གསུངས་སོ། །ཞེས་པ་འདི་ཉིད་ངག་དབང་ཕུན་ཚོགས་དང་དོན་གཉེར་ཅན་འགའ་ཞིག་ངོར། མཁན་མིང་ཚེ་དབང་རིག་འཛིན་གྱིས་བྲིས་པའོ།།
ཁྲིད་འདེབས་པའི་རྩ་ཐོ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ཁྲིད་འདེབས་པའི་རྩ་ཐོ་བཞུགས། ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་ཡེ། ཁྲིད་འདེབས་པ་ལ་ཐོག་མར་ཨོ་རྒྱན་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་སྟེང་ནས་གཞུང་ལྟར་དམིགས་ཁྲིད་ཀྱིས་ཚིག་བདུན་གསོལ་འདེབས་འབུམ་འདོན་དུ་གཞུག་པས་བྱིན་རླབས་ཀྱི་སྒོ་དབྱེ་དེ་ནས་ཐུན་མོང་བློ་ལྡོག་རྣམ་བཞི། ཐུན་མིན་སྐྱབས་འགྲོ་སོགས་ལྔ། དངོས་གཞིི་རྫོགས་པ་ཆེན་པོའི་ཁྲིད་དང་གསུམ་ལས། དང་པོ་དལ་འབྱོར་རྙེད་དཀའ་བ་ལ། དལ་འབྱོར་གྱི་ངོ་བོ་བསམ་པ། དེ་རྙེད་དཀའ་ཚུལ། རྙེད་ན་དོན་ཆེ་བ། དེ་ཆུད་མི་ཟ་བར་ནན་ཏན་བསམ་པ་བཞི་། དང་པོ་དལ་བ་བརྒྱད་ནི། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ་ཚེ་རིང་པོ་སྟེ་མི་མ་ཡིན་པའི་མི་ཁོམ་པ་བཞི། མཐའ་ཁོབ་ཀླ་ཀློ། ལོག་ལྟ་ཅན། སངས་རྒྱས་མི་བྱོན་པའི་ཞིང་། དབང་པོ་ལྐུག་པ་སྟེ་མིའི་མི་ཁོམ་པ་བཞི་དང་བྲལ་ཏེ་ད་ལྟ་ཁོམ་ཚུལ་བརྒྱད་པོ་གོ་རིམ་ངེས་ཅན་དུ་རེ་རེ་ནས་ཐུན་རེར་བསམ། གཅིག་ལེགས་པར་བསམ་པ་རྫོགས་ནས་གཞན་ལ་སྤོ། དེ་བཞིན་འབྱོར་བ་བཅུ། མིར་གྱུར། དབང་བོ་ལྔ་ཚང་། ཡུལ་དབུས་སུ་སྐྱེས། ལས་མཐའ་མ་ལོག །བསྟན་ལ་དད་པ་སྟེ་རང་འབྱོར་ལྔ། སངས་རྒྱས་བྱོན། ཆོས་གསུང་། བསྟན་པ་གནས། དེ་ལ་འཇུག་སྲོལ་ཡོད། བཤེས་སོགས་མཐུན་རྐྱེན་ཚང་བ་སྟེ་གཞན་འབྱོར་ལྔའང་རེ་རེ་ནས། ཀྱེ་མ་མིར་གྱུར་པ་ཡང་ཤིན་ཏུ་དཀོན་ཏེ། ངན་སོང་གསུམ་སོགས་མང་ན་ང་ད་རེས་མི་ལུས་ཐོབ་པ་ཨེ་མ་སྙམ་པ་སོགས་གཞན་ཀུན་ལ་དེ་བཞིན་ལྡོག་ཕྱོགས་མང་བ་དང་། རང་ལ་ཡོན་ཏན་དེ་ད་ལྟ་ཚང་འདུག་པས་ཆུད་ཟོས་གཏོང་མི་འོས་སྙམ་པའི་བློ་ཁུལ་ངེས་རེ་བསམས་ནས་ཐམས་ཅད་རྫོགས་པར་བསམ་མོ། །
གཉིས་པ་དལ་འབྱོར་བཅོ་བརྒྱད་པོ་དེ་རེ་རེ་འང་ལྡན་དཀའ་ན་རང་ལ་ཐམས་ཅད་ཚང་འདུག་པ་འདི་ཤིན་ཏུ་རྙེད་དཀའ། ཆོས་ཀྱི་རྟེན་ཁྱད་པར་ཅན་འདི་ཤིན་ཏུ་རྙེད་དཀའ་འོ་ཞེས་སྤྱིར་བསམ། འདི་སྔར་ཡང་རྙེད་དཀའ། ཕྱིས་ཡང་ཡང་མི་རྙེད་པས་ད་ལྟ་དོན་ཞིག་བསྒྲུབ་པར་བྱ་བསམ། ཁྱད་པར་དུ་གྲངས་ཀྱི་སྒོ་ནས་དང་། རྒྱུའི་དང་། དཔེའི་སྒོ་ནས་ལུང་ལྟར་རྒྱས་པར་བསམ། གསུམ་པ་རྟེན་འདི་འདྲ་བ་རྙེད་བའི་དུས་འདིར་ཡུན་གྱི་དོན་ཆེན་པོ་འགྲུབ་པའི་ཐབས་འགྲིགས་པས་དོན་ཆུང་བ་དང་། སྡིག་པའི་ལས་བགྱིད་པར་མི་འོས། འདི་ནི་ནོར་བུ་བུམ་བཟང་སོགས་ཀྱིས་མི་མཚོན་པའི་རྒྱུ་མཚན་བསམ། བཞི་པ་དེ་ལྟར་དོན་ཆེན་པོ་རྙེད་པ་འདི་དེ་སྔ་སྔ་དྲོ་གཅིག་ཀྱང་དོན་མེད་འདུག་པ་རེ་སྐྱོ། ད་མྱུར་དུ་འཇིག་ཅིང་སྙིང་པོ་མེད་པའི་རྟེན་འདི་ལས་ཡུན་གྱི་དོན་ཞིག་སྒྲུབ་པ་ལས་དོན་མེད་ཆུད་ཟ་བར་མི་བྱ་ཞེས་ཡང་ཡང་བསམ་ལ་བློ་རྒྱུད་འགྱུར་བ་ཐོན་པའི་བར་དུ་ཅིས་ཀྱང་འབད། འདིའི་གྲུབ་འབྲས་བློ་ལ་སྔར་དང་མི་འདྲ་བའི་འགྱུར་བ་ཐོན་པ་དེ་ཡིན། དེ་ཆེ་ཆུང་གང་རུང་མ་བྱུང་པར་གསལ་བོར་བསམ་དགོས། གཉིས་པ་མི་རྟག་པ་ལ་དེ་ལྟར་རྙེད་དཀའི་རྟེན་ཐོབ་ཀྱང་རིང་དུ་མི་གནས་པར་གློག་བཞིན་འགྱུར་བར་བསམ་ཞིང་། དེ་ཡང་ཕྱི་སྣོད། ནང་བཅུད། འཆི་ངེས། ནམ་འཆི་ཆ་མེད་བསམ་པ་བཞི། དང་བོ་དུས་བཞིའི་འགྱུར་ལྡོག་དང་ཆགས་གནས་འཇིག་སྟོང་གི་སྲིད་པ་ཐམས་ཅད་སྔར་ཡང་ཞིག །ད་ཡང་རྡུལ་ཕྲན་མི་ལུས་པར་འཇིག །ཕྱིས་ཀྱང་དེ་ལྟར་འགྱུར་ཏེ་འདུས་བྱས་ཀྱི་རང་བཞིན་འདི་འདྲ་བ་ཁོ་ནའོ་སྙམ་དུ་བསམ། དེ་རྫོགས་ནས་གཉིས་པ་ནང་བཅུད་ཀྱིས་བསྡུས་པ་ཐམས་ཅད་ཚེ་རང་ངམ་ཐུང་ཡང་རུང་། ཐམས་ཅད་མཐར་མི་འཆི་བ་མེད། སྔར་ཡོད་དྲག་ཞན་ཐམས་ཅད་འདས། སངས་རྒྱས་དང་འཁོར་སྒྱུར་ཡང་འདས་ན་རང་ལྟ་བུ་ལྟ་ཅི། ཁྱད་པར་ད་དུས་ཚེ་ཐུང་འདི་ལ་ཡིད་བརྟན་མེད། ལོ་བརྒྱའི་ནང་དུ་ཐམས་ཅད་གཅིག་ཀྱང་ལུས་མེད་ཚུལ་བསམ། གསུམ་པ་རང་གཞན་ཐམས་ཅད་སྐྱེས་པའི་དུས་ནས་བརྩམས་སྐད་ཅིག་རེར་གསོད་སར་ཁྲིད་པ་དང་། ཆུ་འབབ་པ་ལྟར་ཚེ་འཛད་པ་ལས་སྣོན་པ་མེད། སྙིགས་དུས་ཀྱི་ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་འདི་ལ་ཡུན་ཅི་ཡོད། ད་སྔར་སོང་བས་ཤེས་རྒྱུ་ལ་ཅིས་ཀྱང་ངེས་ཤིང་ཐག་ཆོད་པ་ནི་འཆི་བ་ཡིན། ཡིན་ཀྱང་བསམ་བློ་མ་ཐོང་བར་རེ་བསླུས་སྙམ་དུ་ངེས་པར་ཐག་ཆོད་པར་བསམ། བཞི་པ་ཚེ་མཐར་ཐུག་པར་ཨེ་འདུག་མི་ཤེས། ཐམས་ཅད་འདུག་ཤོམ་གྱི་ངང་ནས་འཆི་ཚུལ། རྒས་སམ་གཞོན་པའི་སྐབས་ནམ་འཆི་ཆ་མེད། འཆི་རྐྱེན་མང་། ཟས་ཟོས་ནས་ནད་རེད་ནས་ཤི་བ་སོགས་དཔེ་ལས་ངེས་མེད་སྣ་ཚོགས་བསམས་ནས། ད་ལོ་ཡོད་ཀྱང་སང་ཕོད་གཤིན་གྲལ་དུ་ཡོད་ན་ཅི་ཆ། ལོ་སྟོད་གསོན་ཀྱང་ལོ་སྨད་འཆིའམ། དེ་བཞིན་དུ་ཟླ་སྟོད་ཟླ་སྨད་ནས་སྔ་དྲོ་ཕྱི་འཕྲད་ཀྱི་བར་དུ་ཇེ་ཐུང་ཇེ་ཐུང་བློ་སྣ་བསྟུངས་ལ་བསམ། དེ་ཙམ་ཨེ་འཆིའམ་སྙམ་ན་མི་འཆི་བའི་གདིང་མེད་ཚུལ། འཆི་རྐྱེན་ངེས་པ་མེད་ལུགས། ཚེ་ཡི་འཕེན་པ་ཅི་ཡོད་ཆ་མེད་ཐམས་ཅད་གསོན་དུ་རེ་བ་དང་མི་ཤི་བའི་འདུན་པ་བྱེད་གྲབ་ཁོ་ནའི་ངང་དུ་འཆི་བ་ལས་མེད་ན། རང་གིས་རང་བསླུས་ཏེ་མི་འཆི་སྙམ་པས་ཅི་བྱ། ད་དུང་མི་འཆི་སྙམ་ངང་གློ་བུར་མི་འདོད་བཞིན་འཆི་བ་ཐོག་ལྟར་འབབ་པ་ཡིན་སྙམ་དུ་ངེས་མེད་འདི་གཙོ་ཆེར་བསམས་ནས་མྱུར་ཏུ་ཆོས་ཤིག་བྱ། འཆི་ཁར་དབུགས་སྣེ་རིང་ཐུང་སར་སླེབ་དུས་ཆོས་དྲན་པས་མི་ཕན། ད་རེས་ནད་སོགས་རང་དབང་མེད་པ་ཅི་ཡང་མེད་སྐབས་འདིར་ཆོས་ལ་ཅིས་མི་འབད་སྙམ་པའི་བློ་སྣ་ཐུང་ཧ་རེ་མ་སོང་བར་བསམ་མོ།
གསུམ་པ་ལས་རྒྱུ་འབྲས་ལ། སྤྱི་བྱེ་བྲག་བསླུ་མེད་བླང་དོར་འདོད་པ་བཞི། དང་པོ་ནི་སྤྱིར་འཁོར་འདས་ཀྱི་སྣང་ཚུལ་ཐམས་ཅད་རྒྱུ་འབྲས་རྟེན་འབྲེལ་སླུ་མེད་ཀྱི་དབང་གིས་ཡིན་ཞིང་ཁྱད་པར་བདེ་བ་ཕྲ་རགས་ཐམས་ཅད་དགེ་འབྲས། མི་བདེ་བ་ཐམས་ཅད་མི་དགེ་བའི་འབྲས་བུ་ལ་རག་ལས་ཏེ་རང་དབང་མེད་ཚུལ་བསམ་མོ། གཉིས་པ་བྱེ་བྲག་ཏུ་བསམས་པ་ནི། དགེ་མི་དགེ་བཅུ་ལས་རེ་རེ་བཞིན་རྣམ་སྨིན། བྱེད་པ་དང་མྱོང་བ་རྒྱུ་མཐུན་བདག་འབྲས་རྣམས་སྐྱེས་བུ་བྱེད་འབྲས་གང་བྱས་དེ་འཕེལ་ཚེ་རབས་བརྒྱུད་མར་རྒྱས་ཞེས་གསུང་། འདི་བརྩིས་ན་ལྔ་འོང་ངོ་། །མྱོང་ཚུལ་ཞིབ་མོ་གོ་རིམ་བཞིན་མཐར་ཆགས་སུ་བསམ། གསུམ་པ་ནི་ལས་འབྲས་སླུ་བ་མེད་པས། སྲིད་པ་ཐ་མ་པ་རྣམས་ལའང་སྨིན་ཚུལ་དང་། ད་ལྟ་སེམས་ཅན་གྱི་བདེ་མི་བདེ་སྣ་ཚོགས། སངས་རྒྱས་ཀྱི་ཕྱག་གིས་ཀྱང་མི་ཁེགས་པ་འདི་བཞིན་ལས་འབྲས་ནི་ནམ་ཡང་མི་བསླུ་བར་ཡིད་ཆེས་བསྐྱེད་ལ་བསམ། བཞི་པ། དེས་ན་དགེ་སྡིག་གི་ལས་ཕྲ་མོ་ཡང་། རང་བྱས་རང་ལ་སྨིན་པ་ལས་འོས་མེད་པས་སྨན་དང་དུག་གི་ནུས་པ་ལྟར། རང་དོན་ཤེས་པས་བླང་དོར་འཆུག་མི་ཉན་ཚུལ་ནན་ཏན་བསམ་ཞིང་། རང་དོན་སྒྲུབ་པ་ལ་ལས་རྣམས་བླང་དོར་ཚུལ་བཞིན་བྱ་བ་ལས་གཞན་མེད་པར་ཐག་ཆོད་པའི་བར་དུ་བསམ་མོ། །
བཞི་བ་འཁོར་བའི་སྡུག་བསྔལ་བསམ་པ་ལ། བྱེ་བྲག་ཏུ་བསམ་པ། སྤྱིར་བསམ་པ། དེ་ལ་ཞེན་པ་བཟློག་པ། ངེས་འབྱུང་གི་བསམ་པ་བསྐྱེད་པའོ། །དང་པོ་ངན་སོང་གསུམ་མཐོ་རིས་གསུམ་སྟེ་རིགས་དྲུག་སོ་སོ་ནས་སྡུག་བསྔལ་ཚུལ་ནན་ཏན་བསམ། གཉིས་པ། འཁོར་བ་མཐོ་དམན་གང་ཡིན་ཀྱང་། སྡུག་བསྔལ་གསུམ་གྱིས་བཅིངས་པ་དང་། ཁྱད་པར་མི་རྟག་པ་དང་འདུ་བྱེད་ཀྱིས་བཅིངས་པ་ལ་བསམ་ནས་ཡིད་རྟོན་མེད་ངེས་ཐག་ཆོད་བྱ། གསུམ་པ་དེ་འདྲའི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ། བདེ་བར་སེམས་པའི་རང་སེམས་ཕྱིན་ཅི་ལོག་འདི། ཇི་ལྟར་སྐྱིད་ཀྱང་མི་ངོམས། ཇི་ལྟར་སྡུག་ཀྱང་མི་སྐྱོ་བས་འཁོར་བ་ལས་མ་ཐར་བར་སྡུག་བསྔལ་གྱི་འདམ་དུ་ཚུད་པའི་རང་མཚངས་ནན་ཏན་བསམ་མོ། །བཞི་པ། འཁོར་བ་འདིར་སྐྱེ་ཤིའི་ཁ་བརྒྱུད་པས་སྡུག་བསྔལ་ཚད་མེད་མཐའ་མེད་མྱོང་བ་ལ་ཤིན་ཏུ་ཡིད་དབྱུང་ནས་ད་རེས་གཏན་དུ་བདེ་བའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །འདི་ཀུན་སོ་སོར་བརྟག་པའི་དཔྱད་སྒོམ་ཡིན་པས། ཡང་ནས་ཡང་དུ་ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་བསམ་དགོས་སོ། །
གཉིས་པ་ཐུན་མིན་སྔོན་འགྲོ་ལ་ལྔ་ལས་དང་པོ། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་པའི་སྐྱབས་དཀོན་མཆོག་གསུམ་ཁོ་ནར་ངེས་ལ། དེ་ཡང་གསང་སྔགས་ནང་གི་སྐྱབས་ཡུལ་རྩ་གསུམ་སོགས་སྐྱབས་ཡུལ་ངོས་བཟུང་། རང་གཞན་ཐམས་ཅད་དུས་འདི་ནས་བྱང་ཆུབ་སྙིང་བོའི་བར་ཏུ་སྐྱབས་ཡུལ་དེ་ལ་སྐྱབས་སུ་མཆིའོ་སྙམ་པས། མདུན་མཁར་དབུས་སུ་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། དབུ་གཙུག་ཏུ་བརྒྱུད་པའི་བླ་མ། མདུན་དུ་ཤཀྱའི་རྒྱལ་པོ་སོགས་སངས་རྒྱས། གཡས་སུ་ཉེ་སྲས་བརྒྱད་སོགས་ཐེག་ཆེན་བྱང་སེམས། རྒྱབ་ཏུ་ལུང་རྟོགས་ཀྱི་ཆོས་མཚོན་པ་གླེགས་བམ། གཡོན་དུ་ཉན་ཐོས་མཆོག་བརྒྱད་སོགས་ཐེག་དམན་དགེ་འདུན། བར་གྱི་བར་སྣང་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། མཐའ་སྐོར་དཔའ་བོ་མཁའ་འགྲོ། ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་དང་བཅས་པའི་སྐྱབས་གནས་ཀུན་འདུས་སུ་དམིགས། དེའི་མདུན་དུ་རང་དང་ཕ་མས་ཐོག་དྲངས་པའི་སེམས་ཅན་མ་ལུས་པ་ཀུན་གྱིས། སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བར་བསྒོམས་ནས། སྙིང་ཁོང་རུས་པའི་གཏིང་ནས་ཡིད་འཁུལ་བའི་སྐྱབས་འགྲོའི་ཚིག་གསོག །ཐུན་མཐར་སྐྱབས་ཡུལ་འོད་ཞུ་རང་སོགས་སེམས་ཅན་ཀུན་ལ་ཐིམ་པས་ཐམས་ཅད་སངས་རྒྱས་པར་བསམ་ཞིང་། དགེ་བ་བསྔོ་བར་བྱའོ། །
གཉིས་པ་སེམས་བསྐྱེད་པ་ལ། རྒྱས་པར་ཐེག་ཆེན་ལམ་གྱི་ཁྱད་པར་བྱེད་ཆོས་སེམས་བསྐྱེད་ཀྱི་ཕན་ཡོན། སྡོམ་པ་ལེན་ཚུལ། བསླབ་བྱ་སོགས་བཤད། བསམ་བྱའི་ངོ་བོ་ནི། སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་བྱམས་སོགས་ཚད་མེད་བཞི་ཡི་བློ་སྦྱང་བའི་རྒྱུ་ལས། སེམས་ཅན་གྱི་དོན་དུ་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པ་ཞིག་བྱ་སྙམ་དུ་སྙིང་ཐག་པ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་ཚོགས་ཞིང་སྔར་ལྟར་གསལ་བའི་སྤྱན་སྔར་རང་གཞན་ཀུན་འཁོད་པར་དམིགས་ནས། སེམས་བསྐྱེད་ལེན་པའི་དམ་བཅའ་བརྟན་པོས་སེམས་བསྐྱེད་ཀྱི་ཚིག་གང་ཡིན་འབུམ་ཕྲག་གཅིག་བསགས། ཐུན་མཐའ་གོང་དང་འདྲ། གསུམ་པ་སྡིག་སྒྲིབ་སྦྱོང་བའི་ཐབས་ཀྱི་གཙོ་བོ་རྡོར་སེམས་སྒོམ་བཟླས་ཡིན་ཚུལ་སོགས་སྤྲོ་བ་བསྐྱེད་ནས། སྤྱི་བོར་པདྨ་ཟླ་གདན་ལ་རྡོ་རྗེ་སེམས་དཔའ་གསལ་བཏབ། སྟོབས་བཞི་ཚང་བས་བཤགས་པ་དང་ལྡན་པའི་སྒོ་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་པས་ཡིག་བརྒྱ་བཟླ། མཐར་སྤྱི་བོའི་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ། རང་དང་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་སྒྲོག་པར་བསམ་ལ་ཡིག་དྲུག་བཟླ། ཐུན་བསྡུའོ། །
བཞི་བ་ཚོགས་བསགས་ཀྱི་གཙོ་བོ་མཎྜལ་ཡིན་ཚུལ་དང་། རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་རྒྱུར་བྱས་པ་ལས་བྱུང་བའི་སྣང་སྲིད་སྣོད་བཅུད་ཀྱི་འཇིག་རྟེན་བཀོད་པས་བཀྲ་བའི་མཎྜལ་འབུལ་བའི་དམིགས་འདུན་དང་། དག་པ་སྐུ་གསུམ་གྱི་ཞིང་གིས་བསྡུས་པའི་དཔལ་འབྱོར་བཅས་ཚོགས་ཞིང་གོང་ལྟར་གསལ་བའི་མདུན་དུ་ཕུལ་བའི་ཡིད་ཀྱིས་མཎྜལ་གྲངས་བསག་གོ། ལྔ་བ་བྱིན་རླབས་འབེབ་ཅིང་རྟོགས་པ་སྐྱེ་བའི་སླད་དུ་ཟབ་ལམ་བླ་མའི་རྣལ་འབྱོར། བྱིན་རླབས་ཀྱི་རྩ་བ་ཡིན་ཚུལ་དང་། དམིགས་རིམ་ལེགས་པར་བཤད་ལ་ཡན་ལག་བདུན་པའམ། གསོལ་འདེབས་སོགས་འདོན་བཞིན་ཕྱག་འབུམ་ཕྲག་བསགས་པར་བྱ་ཞིང་། དེ་རྗེས་གསོལ་འདེབས་དང་སྦྲག་སྟེ་བླ་མའི་རྣལ་འབྱོར་དངོས་གཞི་དང་། ཐུན་ཀུན་གྱི་མཐར་དབང་བཞི་ལེན་ཞིང་། ཐུགས་ཡིད་བསྲེས་ལ་རང་བབ་གཉུག་མར་མཉམ་པར་བཞག་པར་བྱའོ། །དེ་ནས་དངོས་གཞིའི་ཁྲིད་ལ་སྤྱོད་པ་རྣམ་སྦྱོང་སོགས། ཚན་ལྔ་སྔ་མ་སྔ་མའི་མྱོང་བ་བརྟན་པར་བྱས་ནས་ཕྱི་མ་ཕྱི་མ་རིམ་བཞིན་ཁྲིད་དུ་བཏབ་པས་ཉམས་རྟོགས་ཀྱི་དྲོད་ཐོབ་པར་བྱའོ། །འདི་ནི་ཁྲིད་འདེབས་པའི་རྩ་ཐོ་ཙམ་དུ་མི་ཕམ་པས་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།
སྔོན་འགྲོའི་ཁྲིད་བསྡུས། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །སྔོན་འགྲོའི་ཁྲིད་བསྡུས་བཞུགས། ན་མོ་ཨཱཪྻ་དམ་པ། མི་མཆོག་སྐྱོབ་པ་ལྷ་ཡི་ལྷར་གྱུར་པ། །མཚུངས་མེད་འདྲེན་པ་ཁ་ལོ་སྒྱུར་བ་པོ། །ཤཱཀྱའི་སྐྱེས་མཆོག་དེ་ལ་ཕྱག་འཚལ་ལོ། །འགྲོ་དྲུག་བློ་སྣ་ཆོས་ལ་བསྒྱུར་དུ་གསོལ། །སྔོན་ནས་ལས་ཀྱིས་འབྲེལ་པའི་གྲོགས་མཆོག་རྣམས། །སྙིང་ནས་ཆོས་ལམ་གཉེར་ན་དོན་འདིར་དགོངས། །རྒྱལ་བའི་བཀའ་ལུང་ལགས་ཀྱི་དགོས་པ་དཔྱོད། །ཆོས་ཀྱི་ཉིང་ཁུ་ལགས་ཀྱི་ཡིད་ལ་ཆོངས། །ཨེ་མ་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །སྔོན་ནས་འཁོར་བའི་གནས་འདིར་འཁྱམས་ཡུན་རིང་། །ཕྱིས་ཀྱང་ལས་ཉོན་འཁྲུལ་སྣང་ཟད་པ་མེད། །བསྐལ་བ་བྱེ་བ་གྲངས་ཀྱིས་མི་ཆོད་པར། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ན། །ཐུབ་པའི་བསྟན་དང་མཇལ་པ་ཉིན་སྐར་ཙམ། །ད་རེས་རྣམས་འདྲེན་བཞི་པ་ཟས་གཙང་སྲས། །འདྲེན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་བྱོན། །ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། །ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་ཚད་མ་རྫོགས། །རང་ཉིད་ཆོས་ལམ་གཉེར་བའི་འདུན་མ་ཡོད། །མཐུན་རྐྱེན་དགེ་བའི་བཤེས་ཀྱིས་ཟིན་དུས་འདིར། །སྙིང་ནས་ཆོས་ལམ་དོན་དུ་མ་གཉེར་ན། །ཕྱིས་ནས་འདི་འདྲའི་ཡུལ་དུ་མི་སྐྱོ་ཞིང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་པར་དཀའ། །ཨེ་མ་འཁྲུལ་སྣང་འཁོར་བའི་འཇིག་རྟེན་པ། །འདུས་བྱས་སྙིང་པོ་མེད་ལ་རྟག་པར་འཛིན། །ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག །ནང་བཅུད་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག །བར་དུ་དུས་བཞི་ནམ་ཟླའི་དཔལ་མི་རྟག །རྒྱལ་དང་དེ་སྲས་དམ་པའི་སྐྱེས་བུ་ཡང་། །མི་རྟག་མྱ་ངན་འདའ་ཚུལ་སྟོན་ལ་གཟིགས། །སྲིད་ན་ཆེ་བའི་ཚངས་དབང་སྐྱེ་རྒུའི་བདག །འཆི་བདག་ཞགས་པས་འདེབས་པ་ལྟ་ཅི་སྨོས། །སུ་ལའང་ནམ་འཆི་འདིར་འཆིའི་ངེས་བཟུང་མེད། །འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་བ་ཞིག །དེས་ན་མྱུར་དུ་ཆོས་ལམ་མ་གཉེར་ན། །འཆི་བདག་ནམ་འོང་མེད་དོ་འགྲོ་བ་ཀུན། །འཆི་ངེས་བཤས་རར་ཚུད་པའི་དུད་འགྲོ་བཞིན། །ཨེ་མ་ཤི་ནས་མེད་དུ་མི་འགྲོ་སྟེ། །འགྲོ་ཞིང་འཁོར་བའི་གནས་འདིར་སྐྱེ་བ་ལེན། །གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་དེ། །དམྱལ་ཁམས་བཅོ་བརྒྱད་ཚ་གྲང་དུཿཁས་གདུང་། །ཡི་དྭགས་བཀྲེས་སྐོམ་དུད་འགྲོ་ཕན་ཚུན་ཟ། །མི་རྣམས་ཚེ་ཐུང་ལྷ་མིན་འཐབ་ཅིང་རྩོད། །ལྷ་རྣམས་བག་མེད་གཡེངས་ཤིང་འཆི་འཕོ་ལྟུང་། །གར་ཡང་བདེ་བ་མེད་དེ་མེ་ཡི་འོབས། །སྐྱེ་དང་ཚེ་རབས་སྡུག་བསྔལ་བརྒྱུད་མར་འཁོར། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ་བར་རིགས། །ཨེ་མ་བདེ་དང་སྡུག་བསྔལ་ལས་ཀྱིས་བྱེད། །ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། །ལས་སྨིན་བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །རང་བྱས་གཞན་གྱིས་མི་མྱོང་འགྱུར་བ་མེད། །དགེ་བས་བདེ་འགྲོ་མཐོ་རིས་ཐར་པ་དང་། །སྡིག་པས་སྡུག་བསྔལ་ངན་སོང་འཁོར་བ་སྒྲུབ། །རྒྱུ་ཆུང་ན་ཡང་འབྲས་བུ་མང་དུ་སྨིན། །མཐོ་རིས་ལྷ་ཡི་བདེ་སྐྱིིད་དཔལ་འབྱོར་དང་། །ངན་སོང་དམྱལ་བའི་སྡུག་བསྔལ་བཟོད་དཀའ་ཡང་། །རང་བྱས་ལས་ཀྱིས་བསྐྱེད་དེ་རྒྱུ་གཞན་མེད། །དེས་ན་དུས་དང་གནས་སྐབས་ཐམས་ཅད་དུ། །དྲན་དང་ཤེས་བཞིན་བག་ཡོད་གཞིར་བཞག་སྟེ། །རྒྱུ་འབྲས་སྤང་བླང་ཚུལ་ལ་ནན་ཏན་མཛོད། །ཨེ་མ་ཐར་ལམ་འདྲེན་པའི་སྒྲོན་མེ་མཆོག །ཡོན་ཏན་ཀུན་གྱི་འབྱུང་གནས་དགེ་བའི་བཤེས། །སྙིགས་དུས་རྒྱལ་བ་དངོས་འདྲའི་མཛད་པ་ཅན། །ཐུགས་རྗེ་བཀའ་དྲིན་ཚད་མེད་རྒྱལ་ལས་ལྷག །ཡང་དག་དགེ་བའི་བཤེས་གཉེན་མ་བསྟེན་ན། །དམུས་ལོང་དམིགས་བུ་མེད་པའི་ལམ་ཞུགས་འདྲ། །དེ་བས་འདོད་འབྱུང་ནོར་བུ་དཔག་བསམ་ཤིང་། །དང་པོ་དམ་པའི་མགོན་དེ་བརྟག་ཅིང་བསྟེན། །ཐ་མར་དགོངས་སྤྱོད་བསླབ་ཅིང་ཐུགས་ཡིད་བསྲེ། །སྐལ་བཟང་དེ་འདྲ་བདུད་ཀྱི་དབང་མི་འགྲོ། །རྒྱལ་བ་དགྱེས་པའི་ལམ་བཟང་རྙེད་པར་འགྱུར། །ཨེ་མ་མྱ་ངན་འདས་ཞི་བདེ་བའི་གནས། །འཁོར་བའི་གཅོང་ནད་ཀུན་དང་བྲལ་བའི་ཆོས། །སྡུག་བསྔལ་རྒྱུ་བཅས་ཟད་པའི་ཡང་དག་མཐའ། །ཟག་མེད་ལམ་བཅས་ཐར་པ་དམ་པའི་གྲོང་། །རྒྱལ་དང་རྒྱལ་སྲས་འབྱོར་པས་ཡོངས་གང་ཞིང་། །ཉན་རང་འཕགས་པའི་སྐྱེ་བོ་བསྟི་བའི་གནས། །ཐར་པའི་ལམ་དེ་གཉེར་ལ་བརྩོན་པར་རིགས། །ཨེ་མ་གཏན་དུ་མི་བསླུ་དམ་པའི་སྐྱབས། །མཚུངས་མེད་དཀོན་མཆོག་རིན་ཆེན་བཀའ་དྲིན་ཅན། །ངེད་ཀྱང་སྐྱབས་གནས་ཁོང་ལ་བཅོལ་བས་འཚེངས། ཁྱེད་ཀྱང་སྐྱབས་གནས་འདི་ལ་འཚོལ་བར་རིགས། །སྙིང་ནས་ཡིད་ཆེས་གུས་པས་སྐྱབས་སོང་ན། །དུས་ཀུན་མི་བསླུ་དཀོན་མཆོག་གསུམ་འདྲ་མེད། །འཁོར་བའི་སྡུག་བསྔལ་སྐྱོབ་ནུས་དཀོན་མཆོག་གསུམ། །སྐྱབས་སོང་བསོད་ནམས་ནམ་མཁའི་མཐའ་དང་མཉམ། །ཚེ་འདིར་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་གནོད་པའི་ཚོགས་ཀུན་སེལ་བ་དང་། །ཕྱི་མ་ངན་སོང་ངན་འགྲོར་འཁོར་བ་ཡི། །སྡུག་བསྔལ་ཀུན་ལས་ཐར་བར་ངེས་པས་ན། །དུས་ཀུན་མི་བརྗེད་དཀོན་མཆོག་རྗེས་དྲན་ཞིང་། །ཡང་ཡང་སྐྱབས་སུ་སོང་ལ་གསོལ་བ་གདབ། །ཨེ་མ་གྲངས་མེད་རྒྱལ་བ་གཤེགས་པའི་ཤུལ། །རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །མཚུངས་མེད་བྱང་ཆུབ་སེམས་མཆོག་དམ་པའི་ནོར། །སྨོན་དང་འཇུག་པའི་བདག་ཉིད་བསྐྱེད་པར་མཛོད། །དེས་ནི་རྒྱལ་བའི་སྲས་ཀྱི་མིང་འཐོབ་ཅིང་། །བདེ་བའི་ལམ་ནས་བདེ་བའི་གནས་སུ་འགྲོ། །ཡང་དག་རྫོགས་པའི་སངས་རྒྱས་རིང་བ་མིན། །ཁམས་གསུམ་འགྲོ་འདི་དྲིན་ཅན་ཕ་མ་སྟེ། །སྐྱབས་མེད་བཤེས་བྲལ་ལོང་བ་ཐང་འཁྱམས་འདྲ། །བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་ལ་སྤྱོད། །འདི་ལ་བྱམས་དང་སྙིང་རྗེའི་བློ་བཞག་ནས། །འགྲོ་ཀུན་སྡུག་བསྔལ་བདག་གིས་བསལ་སྙམ་པའི། །དཔག་མེད་སེམས་སྟོབས་ཆེན་པོའི་གོ་ཆ་བགོ །བདག་གཞན་མཉམ་བརྗེ་བདག་བས་གཞན་གཅེས་དང་། །ཚད་མེད་བཞི་དང་ཕྱིན་དྲུག་བསྡུ་དངོས་བཞི། །སྙིང་ནས་བརྩོན་པས་ཉམས་སུ་བླངས་གྱུར་ན། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་མ་ལུས་པ། །ལམ་བཟང་ཕར་ཕྱིན་དྲུག་ལ་འདུ་ཞེས་གསུངས། །ཡང་དག་རྒྱལ་བ་དགྱེས་པའི་ལམ་བཟང་འདི། །སྙིང་གི་སྙིང་པོ་ལགས་ཀྱི་སྙིང་དབུས་ཆོངས། །ཨེ་མ་འཁོར་པའི་གནས་འདིར་ཡུན་རེ་རིང་། །ཐོག་མ་མེད་ནས་ལས་ངན་ཚབ་ཆེར་བསགས། །དེ་ཕྱིར་སྟོབས་བཞི་ཚང་བའི་མན་ངག་གིས། །སྡིག་ལྟུང་བཤགས་པའི་ཐབས་ལ་མ་འབད་ན། །ངན་སོང་འཁོར་བའི་གནས་ནས་ཐར་བ་དཀའ། །བདེ་གཤེགས་སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །རྩ་བརྒྱུད་བླ་མ་ཀུན་འདུས་ནོར་བུའི་ལུགས། །རྡོ་རྗེ་སེམས་དཔའ་དུང་དང་ཟླ་བའི་མདོག །པད་དཀར་ཟླ་བའི་གདན་གནས་འཛུམ་པའི་ཞལ། །བསྒོམ་ཞིང་ཡི་གེ་བརྒྱ་བ་ཆོ་ག་བཞིན། །བཟླས་ན་སྡིག་དང་ལྟུང་བ་ཀུན་འཇོམས་ཤིང་། །ན་རཀ་དམྱལ་བའི་གནས་ཀུན་དོང་ནས་སྤྲུགས། །ཨེ་མ་ཚོགས་རྫོགས་པ་ལ་སངས་རྒྱས་ཏེ། །ཚོགས་མ་བསགས་ལ་དངོས་གྲུབ་སྐལ་བ་མེད། །དེས་ན་ཐབས་མཁས་འབྱོར་བའི་ཚོད་བསྟུན་ནས། །ཡིད་སྤྲུལ་རྒྱལ་བའི་ཞིང་ཁམས་མཆོད་པ་འབུལ། །སྟོང་གསུམ་སྤྲུལ་སྐུ་འོག་མིན་ལོངས་སྤྱོད་རྫོགས། །ཆོས་ཉིད་ཆོས་སྐུའི་ཞིང་ཁམས་རྣམས་བསམས་ལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བར་བཅས། །བླ་མ་དཀོན་མཆོག་སྐུ་གསུམ་ལྷ་ལ་འབུལ། །རང་གི་ཚོགས་རྫོགས་སངས་རྒྱས་ཞིང་སྦྱངས་ཤིང་། །འགྲོ་བའི་རྒྱུད་སྨིན་བསོད་ནམས་ཕ་མཐའ་ཡས། །དེས་ན་ཚོགས་བསགས་གདམས་པའི་སྙིང་པོར་ཟུངས། །ཨེ་མ་ཐོག་མེད་དུས་ནས་མ་རིག་པ། །བདག་མེད་བདག་ཏུ་བཟུང་བས་འཁོར་བར་འཁྱམས། །ལུས་མེད་ལུས་སུ་ཞེན་པས་ཆགས་སྡང་བྱུང་། །དེ་ཕྱིར་གཅེས་འཛིན་སྒྱུ་མའི་ཕུང་པོ་འདི། །ཆགས་མེད་མཆོད་སྦྱིན་ཡོན་དུ་བསྔོ་བར་བྱ། །བདུད་རྩིའི་རང་བཞིན་ཡར་ལ་དཀོན་མཆོག་མཆོད། །མར་ལ་འགྲོ་དྲུག་ཚིམ་ཞིང་ཚོགས་གཉིས་རྫོགས། །ལན་ཆགས་གདོན་བགེགས་ཀུན་ཚིམ་བར་ཆད་ཞི། །ཡིད་སྤྲུལ་མཆོད་པའི་རྫས་དང་མཁོ་རྒུའི་དཔལ། ཡར་མཆོད་མར་སྦྱིན་དགེ་བ་འགྲོ་ལ་བསྔོ། །ཆོས་ཀུན་བསམ་པའི་བྱེ་བྲག་ཙམ་ཡིན་ཕྱིར། །རང་ལུས་དངོས་སུ་སྦྱིན་དང་བསོད་ནམས་མཉམ། །གཏོང་བ་ཆེན་པོའི་གནས་ལ་བག་ཆགས་འཇོག །ཚོགས་རྫོགས་སྒྲིབ་དག་བར་དོའི་འོད་གསལ་ཟིན། །འཆི་བ་བསླུ་ཞིང་ན་ཚ་གདོན་བགེགས་བཟློག །དེ་ཕྱིར་ཐབས་ལ་མཁས་པའི་ཚོགས་བསགས་ཡིན། །ཨེ་མ་དཀོན་མཆོག་ཀུན་འདུས་བཀའ་དྲིན་ཅན། །སངས་རྒྱས་ཀུན་གྱི་རང་བཞིན་རིན་པོ་ཆེ། །བརྒྱུད་གསུམ་གདམས་པའི་མཛོད་འཛིན་བྱིན་རླབས་ཅན། །འདྲེན་མཆོག་རྩ་བའི་བླ་མར་གསོལ་བ་ཐོབ། །སྤྱི་བོའི་གཙུག་བསྒོམ་སྙིང་གི་དཀྱིལ་བསྒོམ་ན། །བདེ་གཤེགས་ཀུན་བསྒོམས་པ་དང་བསོད་ནམས་མཉམ། །བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་འཇུག །ཐུགས་ཡིད་དབྱེར་མེད་འདྲེས་ནས་རྟོགས་པ་འཆར། །དེས་ན་གནས་ལུགས་རྟོགས་པའི་བོགས་འདོན་ལ། །མཆོག་གྱུར་བླ་མའི་རྣལ་འབྱོར་གནད་དུ་ཟབ། །གནས་གསུམ་ཡི་གེའི་འོད་ལས་དབང་བཞི་བླང་། །སྒྲིབ་པ་བཞི་དག་སྐུ་བཞིའི་གོ་འཕང་དང་། །རྣམ་བཞིའི་རིགས་འཛིན་ཐོབ་པའི་སྐལ་བ་བཞག །ལམ་བཞིའི་ཉམས་ལེན་ལ་དབང་དམ་ཚིག་གསོ། །འཁོར་འདས་ཆོས་ཀུན་བླ་མའི་རོལ་པར་འཆར། །གནས་སྐབས་མི་མཐུན་ཞི་ཞིང་བསམ་དོན་འགྲུབ། །ཚེ་འདིར་ཆོས་སྐུའི་རྒྱལ་སྲིད་ཟིན་པའོ། །མིན་ཀྱང་ཕྱི་མ་པདྨ་འོད་དུ་སྐྱེ། །གནས་དེར་རིག་འཛིན་བཞི་ཡི་ལམ་བགྲོད་ནས། །གདོད་མའི་དབྱིངས་སུ་མིག་འཕྲུལ་ལྟ་བུར་འགྲོ། །ནམ་མཁའི་མཐའ་མཉམ་འགྲོ་བའི་དོན་བྱེད་ཅིང་། །སྐུ་དང་ཡེ་ཤེས་སྣང་བས་སྣང་སྲིད་འགེངས། །ཨེ་མ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །བརྒྱུད་གསུམ་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་འདུས་པའི་མདོ། །གདམས་ངག་གནད་ཀྱི་སྙིང་པོ་དེ་ལྟར་ལགས། །མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ཡང་། །འདི་ལས་ཟབ་པའི་དམ་ཆོས་སྟོན་པ་མེད། །དམ་ཆོས་བདུད་རྩིའི་ཉིང་ཁུ་དེ་ལགས་ཏེ། །འཕགས་ཚོགས་དགེ་འདུན་སྟོང་གི་ཐུགས་དམ་མཐིལ། །ལམ་འདི་བཤད་དང་ཉན་ལས་བསོད་ནམས་ཚོགས། །གང་ཞིག་ཐོབ་དེས་མཐའ་ཡས་འགྲོ་བ་ཀུན། །ལམ་བཟང་འདི་ལ་བརྟེན་ནས་ཚེ་གཅིག་གིས། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པའང་དཔལ་སྤྲུལ་པས་སོ། །
གསོ་སྦྱོང་གི་རྣམ་གཞག །རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །གསོ་སྦྱོང་གི་རྣམ་གཞག་བཞུགས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས་ནས་བསྲུང་བར་བྱ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་ཏེ་གསན་འཚལ། དེ་ཡང་དུས་ཁྲིམས་ཡན་ལག་བརྒྱད་པའི་སྡོམ་པ་བསྲུང་བ་ནི་ཐེག་དམན་གྱི་དུས་ན། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ཞེས་ཁྱིམ་པས་དུས་སུ་བསྲུང་བྱ་དང་། དེ་ཉིད་ཐེག་ཆེན་ཏུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་བླངས་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་ཞིང་། འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་བསྐྱེད་རིམ་ལྷའི་རྣལ་འབྱོར་དང་འབྲེལ་བར་ཉམས་སུ་བླང་ན་གསང་སྔགས་བྱ་བའི་རྒྱུད་གྱི་དཀའ་ཐུབ་དང་སྡོམ་པའི་ཡན་ལག་ཏུ་འགྱུར་པ་ཡིན། དེ་ཡང་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཛད་པའི་ཚུལ་གང་ཡིན་པ། དེ་ཉིད་རང་རྒྱུད་ལ་ཁྲིམས་སུ་བཅའ་ཞིང་། དེ་ལས་མི་འདའ་བར་སྡོམ་པས་ཚུལ་ཁྲིམས་སམ་སྡོམ་པ་ཞེས་གྲགས་པ་ཡིན་པས་ཇི༵ལྟར་སྔོ༵ན་གྱི༵་ཞེས་པ་ལ་སོགས་རིམ་བཞིན་འབྲུ་འགྲེལ་ཅུང་ཟད་སྨོས་ན། དེ་ཡང་རྫོགས་པའི་སངས་རྒྱས་རྣམས་ནི་ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པས་ན་དེ༵་བཞི༵ན་གཤེ༵གས་པ༵། བདུད་བཞིའི་དགྲ་དང་ཕྲལ་བས་ན་དགྲ༵་བཅོ༵མ་པ༵། སྤང་རྟོགས་ཀྱི་ཡོན་ཏན་ཡང་དག་པར་རྫོགས་ཤིང་མ་རིག་པའི་གཉིད་མཐུག་ལྟ་བུ་སངས་ལ་ཤེས་བྱའི་ཆོས་ཐམས་ཅད་ལ་བློ་གྲོས་རྒྱས་པས་ན་ཡ༵ང་དག༵་པར༵་རྫོ༵གས་པ༵འི་སང༵ས་རྒྱས༵། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྟ་ཅང་ཤེས་དེ་དག་ནི་དགྲའི་གཡུལ་ལ་སོགས་པར་འཇུག་པ་ན་གང་ན་གནོད་པ་མེད་པ་ནས་འཇུག་རང་སྲོག་ཡལ་བར་དོར་ཏེ་རྒྱལ་པོ་དེ་ཉིད་བསྲུང་བ་བཞིན་ཏུ། སེམས་ཅན་ཐམས་ཅད་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བ་སྟོན་ཅིང་གཞན་དོན་ཁོ་ན་ལྷུར་མཛད་པས་ན་རྟ༵་ཅ༵ང་ཤེ༵ས་ལྟ༵་བུ༵། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་མ་བཅོལ་བཞིན་ཏུ་ཕན་འདོགས་པའི་ཐུགས་རྗེ་ཆེན་པོའི་ཁུར་བ་བསྣམས་ཤིང་ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་སྟོན་པས་ན་གླང་བོ༵་ཆེན༵་པོ༵། རང་དོན་མཐར་ཕྱིན་པས་ན་བྱ༵་བ༵་བྱས༵་ཤིང༵་། གཞན་དོན་ལྷུར་ལེན་པས་ན་བྱེ༵ད་པ༵་བྱེད༵་པ༵། ལས་ཉོན་གྱི་སྒྲིབ་པ་སྤང་བས་ན་ཁུ༵ར་བོར༵་བ༵། མྱ་ངན་ལས་འདས་པའི་གོ་འཕང་བརྙེས་པས་ན་ར༵ང་གི་དོན༵་རྗེ༵ས་སུ༵་ཐོབ༵་པ༵། འཁོར་བའི་གནས་ལས་མི་ཐར་བར་བྱེད་པ་ལྟ་ངན་དང་ཉོན་མོངས་པ་ཐམས་ཅད་ཟད་པས་ན་སྲིད༵་པ༵་ཀུན༵་ཏུ༵་སྦྱོར༵་བ༵་ཡོང༵ས་སུ༵་ཟད༵་པ༵། ཐོག་མཐའ་བར་དུ་དགེ་བའི་ཆོས་སྟོན་པས་ན། ཡ༵ང་དག༵་པའི༵་བཀ༵འ། སྲིད་པའི་འཆིང་བ་ཐམས་ཅད་བཅད་པས་ན་ལེ༵གས་པ༵ར་རྣམ༵་པར༵་གྲོལ༵་བའི༵་ཐུག༵ས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་ན་ལེ༵གས་པ༵ར་རྣམ༵་པ༵ར་གྲོལ་བའི་ཤེ༵ས་རབ༵་ཅན༵། དེ༵་དག༵་གི༵་ཞེས་པས་ནི་གང་གིས་རྗེས་སུ་སློབ་པའི་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན། དེའི་རྗེས་སུ་ཇི་ལྟར་སློབ་པའི་ཀུན་སློང་བྱང་ཆུབ་ཀྱི་སེམས་བསྟན་པར་བཞེད་ཅིང་རང་དོན་ཡལ་བར་དོར་བས་ན་སེམ༵ས་ཅ༵ན་ཐམ༵ས་ཅ༵ད་ཀྱི་དོན༵་གྱི་ཕྱིར་དང་། གནས་སྐབས་མངོན་མཐོ་ལ་འགོད་པས་ན་ཕ༵ན་པ༵ར་བྱ༵་བ༵འི་ཕྱིར་དང་། མཐར་ཐུག་ངེས་ལེགས་ལ་འགོད་པས་ན་གྲོ༵ལ་བ༵ར་བྱ༵་བ༵འི་ཕྱི༵ར་དང༵་། སེར་སྣའི་ལས་འབྲས་སྦྱངས་བས་ན༵་མུ༵་གེ༵་མེད༵་པ༵ར་བྱ༵་བའི༵་ཕྱི༵ར་དང༵་། ཞེ་སྡང་གི་རྒྱུ་འབྲས་སྦྱངས་བས་ན་ན༵ད་མེ༵ད་པ༵ར་བྱ༵་བ༵འི་ཕྱིར༵དང༵་། ལམ༵་བྱ༵ང་ཆུ༵བ་ཀྱི༵་ཆོས༵་རྣམ༵ས་ཡོ༵ངས་སུ༵་རྫོག༵ས་པར༵་བྱ༵་བ༵འི་ཕྱིར༵་དང༵་། འབྲས་བུ་བླ༵་ན༵ མེད༵་པ༵་ཡང༵་དག༵་པ༵ར་རྫོག༵ས་པ༵འི་བྱང༵་ཆུབ༵་ངེས༵་པར༵་རྟོག༵ས་པར༵་བྱ༵་བའི༵་ཕྱིར༵་དང༵་། ཇི་སྐད་དུ། ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་ནས། །དགེ་བ་མཐའ་དག་ཡང་དག་གསོ་བ་དང་། །སྡིག་པ་མ་ལུས་རྣམ་པར་སྦྱོང་བ་སྟེ། །དགེ་གསོ་ཕྱིར་དང་སྡིག་པ་རྣམ་སྦྱོང་ཕྱིར། དེ་བཞིན་གཤེགས་པས་གསོ་སྦྱོང་བཀའ་བསྩལ་ཏོ། །ཞེས་གསུངས་པ་ལྟར་གསོ་སྦྱོང་གི་སྡོམ་པ་ཇི་ལྟར་བླངས་ཤིང་བསྲུང་བ་དེ་ལྟར་དུ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་གྲོལ་བ་ལ་སོགས་པ་དགོས་པ་དེ་དག་གི་ཕྱིར་དུས་ད་ལྟ་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ནས་མ་ཉམས་པར་ཚུལ་བཞིན་ཏུ་བསྲུང་བར་བགྱིའོ་སྙམ་པས་འདི་བཞིན་རྗེས་ཟློས་མཛོད། ཇི༵་ལྟ༵ར་སྔོན་གྱི་སོགས་དེ་ཡང་དུས་ཁྲིམས་ཡན་ལག་བརྒྱད་པའི་སྡོམ་པ་ཞེས་བྱ་བ་ལ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི། བག་ཡོད་ཀྱི་ཡན་ལག་གཅིག །བརྟུལ་ཞུགས་ཀྱི་ཡན་ལག་གསུམ་རྣམས་ཡོད་པ་ལས། དང་པོ་རང་རྒྱུད་ཀྱི་ཉེས་སྤྱོད་རྣམས་སྡོམ་པར་བྱེད་པ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་ནི་སྡོམ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ན་རྩ༵་བ༵་བཞི༵་ཞེས་གྲགས་ཏེ། དེ་ཡང་མིའི་འགྲོ་བ་ལྟ་ཅི་ཐ་ན་སྲོག་ཆགས་སུ་གཏོགས་པ་ཤིག་སྲོ་ཡན་ཆད་ཀྱི་སྲོག་མི༵་གཅོད་པ་དང་གཅིག །གཞན་གྱིས་བདག་ཏུ་བཟུང་བའི་རྒྱུ་རྫས་ཆེན་པོ་ལྟ་ཅི་སྨོས་ཐ་ན་ཁབ་སྐུད་པ་ཟས་ཁམ་གཅིག་ཀྱང་མ༵་བྱི༵ན་པ༵་མི༵་ལེ༵ན་པ་དང་གཉིས། ཕོ་མོ་གཉིས་སྤྲད་དེ་འཁྲིག་པའི་བདེ་བ་དོན་ཏུ་གཉེར་བ་ལྟ་ཅི་དགོས་ཆགས་སེམས་ཀྱིས་ཕན་ཚུན་ལྟ་བ་ཙམ་ཡང་མི་བྱེད་པ་ནི་མི༵་ཚ༵ངས་སྤྱོ༵ད་སྤངས་པ་དང་གསུམ། རང་ལ་ས་ལམ་གྱི་ཡོན་ཏན་མེད་ཀྱང་ཡོན་ཏན་ཡོད་པར་བརྫུས་པའི་མི་ཆོས་བླ་མའི་རྫུན་ཆེན་པོ་ལྟ་ཅི། ཐ་ན་ཀུ་རེ་དང་རྩེད་མོའི་ཕྱིར་ཡང་གཞན་སླུ་བར་བྱེད་པའི་རྫུན་མི་སྨྲ་བ་སྟེ་བཞི་ཡིན། བག་ཡོད་ཀྱི་ཡན་ལག་གཅིག་ནི། ཆ༵ང་སྤོང་བ་ཡིན་ཏེ། འདི་མ་སྤང་ན་རང་རྒྱུད་བག་མེད་པར་འགྱུར་ཞིང་ཆང་གིས་མྱོས་ནས་བླང་དོར་གྱི་གནས་ཐམས་ཅད་མི་ཤེས་ཤིང་རང་ཉིད་ཀྱིས་སྡོམ་པ་བླངས་བ་ཡང་བརྗེད་ནས་མི་དགེ་བ་སྤྱོད་པས་སྡོམ་པ་གང་ཡང་བསྲུང་མི་ནུས་པས་ན་གྲོ་ནས་སོགས་འབྲུའི་ཆང་དང་སྦྲང་དང་མེ་ཏོག་སོགས་གཞན་ཕབ་དང་སྦྱར་བ་བཙོས་པའི་ཆང་དང་། གཞན་ཡང་ཤིང་ཏོག་དང་རྩ་བ་ལ་སོགས་མྱོས་པར་བྱེད་པའི་བཟའ་བཏུང་ཐམས་ཅད་སྤང་དགོས་པ་དེ་ཡིན། བརྟུལ་ཞུགས་ཀྱི་ཡན་ལག་གསུམ་ནི། རང་ཉིད་སྡོམ་ལྡན་ཡིན་པའི་དྲན་པ་གསོ་བའི་ཆེད་དུ་ཁྱིམ་ན་གནས་པས་ཇི་ལྟར་སྤྱོད་པའི་སྤྱོད་པ་དེ་དག་བརྟུལ་ནས། རྒྱལ་སྲས་ཀྱི་མཛད་སྤྱོད་བཟང་པོའི་རྗེས་སུ་ཞུགས་པས་བརྟུལ་ཞུགས་ཏེ། འཕྱོར་སྒེག་དང་། མཛེས་ཆོས་ཀྱི་བསམ་པས་ག་བུར་དང་ཙནྡན་སོགས་དྲི་ཞིམ་པོ་ལུས་ལ་བཀུ་བ། མེ་ཏོག་དང་རིན་པོ་ཆེ་ལ་སོགས་པའི་ཕྲེང་བས་ལུས་ལ་བརྒྱན་པར་བྱེད་པ། དེ་མ་ཡིན་པའི་རྣ་ཆ་དང་གདུ་བུ་ལ་སོགས་སྤངས་པ་ནི། རྒྱ༵ན་གྱི༵་རིགས་གསུམ། རྩེད་མོ་དང་བཞད་གད་གྱི་ཆེད་དུ་ལུས་ཀྱི་ཡན་ལག་གཡོ་བ་དང་། ངག་གི་གཏམ་སྣ་ཚོགས་སྨྲ་བ་སོགས་སྤོང་བ་ནི། གར་གྱི་རྣམ་པ་རྩེ་བ་དང་། དེ་བཞིན་འགྱུར་ཁུག་དང་འདེགས་འཇོག་དང་ལྡན་པའི་ངག་གིས་གླུ་ལེན་པ། པི་ཝཾ་དང་གླིང་བུ་སོགས་རོལ་མོ་འབུད་དཀྲོལ་བྱེད་པ་རྣམས་སྤོང་བ་རྩེད་མོ༵འི་རི༵གས་བྱེ༵ད་གསུ༵མ། དུས་མ་ཡིན་པ་ཉི་མ་ཡོལ་ཕན་ཆད་སྐོམ་པའི་གདུང་བ་སེལ་བའི་ཆུ་དང་ཇ་སོགས་བཏུང་བ་ལས་བཀྲེས་པ་སེལ་བར་བྱེད་པའི་ཟན་དང་ཆན་ཡོས་ཤིང་ཏོག་ལ་སོགས་བཟའ་བཅའ་རྣམས་ལོངས་མི་སྤྱད། གྲུ་གང་ལས་ལྷག་པའི་ཁྲི༵་སྟ༵ན་མཐོ༵ན་པོ༵། །རང་བཞིན་ཕལ་པར་མི་འོས་པའི་དར་གོས་དང་སྟག་གཟིག་གི་སྟན་སོགས་ཁྲི་སྟན་ཆེན་པོ་ལ་མི་འདུག་པ་རྣམས་ལས། གར་སོགས་རྩེད་མོའི་རིགས་གསུམ་དང་། །ཕྲེང་སོགས་རྒྱན་གྱི་རིག་གསུམ་པོ་གཅིག་ཏུ་བརྩིས་པའི་བརྟུལ་ཞུགས་ཀྱི་ཡན་ལག་གསུམ་སྟེ། ཡན་ལག་བརྒྱད་པོ་འདི་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་མི་ཉམས་པར་བསྲུང་བར་བགྱིའོ། །སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་སྲོ༵ག་གཅོ༵ད་སོགས། དེ་ལྟ་བུའི་ཚུལ་ཁྲིམས་དེ་ཉིད་མཐར་ཕྱིན་པར་བྱ་བའི་ཆེད་དུ་འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས་ལས་བྱུང་བ་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདི་བཟླས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཐམས་ཅད་རང་རྒྱུད་ལ་རྫོགས་པར་བྱེད་པ་དང་། སྔོན་ཆད་ཚུལ་ཁྲིམས་འཆལ་བའི་ཉེས་པ་ཐམས་ཅད་དག་པར་བྱེད་ཅིང་ཕྱིན་ཆད་མི་ཉམས་པར་བྱེད་པ་སོགས་ཕན་ཡོན་དུ་མ་དང་ལྡན་པའི་སྔགས་འདིའི་རྗེས་ཟློས་མཛོད། །ཨོཾ་ཨ་མོ་གྷ་སོགས་དང་དེ་ནས་སྔོན་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བསམ་པ་དྲག་པོའི་སྨོན་ལམ་བཏབ་པ་ལ་བརྟེན་ནས་ལམ་བདེ་བ་དང་འཇུག་པ་བདེ་བ་བསྐལ་བ་མང་པོའི་ཚོགས་རྫོགས་པར་མཛད་པ་བྱམས་པའི་སྨོན་ལམ་ལས་བྱུང་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་སྨོན་ལམ་འདིའི་རྗེས་ཟློས་མཛོད། ཁྲིམས་ཀྱི་ཚུལ་ཁྲིམས་སོགས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་པ། །སྐྱེས་པ་བུད་མེད་རྣམས་ལ་རྩོལ་བར་བགྱིད། ཅེས་གསུངས་པ་ལྟར་སྔོན་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་རང་དོན་ཡིད་བྱེད་དང་བཅས་པས་བསྙེན་གནས་ལན་རེ་བསྲུང་བ་རྣམས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས་ཤིང་། བསྙེན་གནས་ཅུང་ཟད་ཉམས་པ་རྣམས་ཀྱང་རྒྱལ་ཆེན་རིགས་བཞིའི་ལྷ་གནས་སུ་སྐྱེ་བས་ཕན་ཡོན་དཔག་དུ་མེད་པར་གསུངས་ཤིང་། དེ་ལས་ཀྱང་ཁྱད་པར་དུ་ཟླ་བ་སྒྲོན་མེའི་མདོ་ལས། །གང་ཞིག་སྐལ་པ་བསམ་གྱིས་མི་ཁྱབ་པར། །རྒྱལ་བ་བྱེ་བ་མང་ལ་མཆོད་བྱས་པས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་བ་གཅིག་སྤྱོད་པ། །དེ་ནི་དེ་བས་བསོད་ནམས་འཕགས་པར་གསུངས། །ཞེས་པ་ལྟར་སྔོན་བསྟན་པ་རྒྱས་པའི་ཚེ་ཡུན་རིང་པོར་སྡོམ་པ་བསྲུང་བ་ལས་ད་ལྟ་སངས་རྒྱས་ཀྱི་བསྟན་པ་མཐར་ཐུག་པའི་སྐབས་འདིར་ཉིན་མཚན་གཅིག་ཏུ་སྡོམ་པ་སྣ་གཅིག་བསྲུང་བ་ཕན་ཡོན་ཆེ་ཞིང་། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྡོམ་པའི་ཕན་ཡོན་ནམ་མཁའ་ལྟར་ཚད་གཟུང་མེད་ཅིང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ལ། ཁྱད་པར་ད་རེས་ཀྱི་སྐབས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་ལྷ་དང་སྔགས་ཀྱི་རྣལ་འབྱོར་ཟབ་མོ་དང་འགྲེལ་བར་ཉམས་སུ་བླང་པས་ཚེ་འདིར་རིག་འཛིན་གྱི་གྲལ་དུ་འཁོད་ཅིང་། ཇི་ཙམ་འགོར་ཡང་མི་ཚེ་བཅུ་དྲུག་ལས་མི་འགྱང་བར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བར་བྱེད་པ་ཡིན་པས་དགའ་བ་བསྒོམ་ཞིང་དེ་ལྟ་བུའི་དགེ་བ་དེ་ཡང་མཇུག་བསྔོ་བས་རྒྱས་མ་ཐེབ་ན་ཁོང་ཁྲོ་སོགས་རྐྱེན་འགའ་ཞིག་གིས་ཟད་པར་འགྱུར་བ་ཡིན་པས་དེས་ན་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་འདིའི་རྗེས་ཟློས་མཛོད། བསོད་ནམས་འདི་ཡི་སོགས་བསྔོ་བས་མཐའ་བརྒྱན་པར་བྱའོ། །དཔལ་སྤྲུལ་བས་སོ། །
བར་དོའི་ངོ་སྤྲོད་བསྡུས་པ། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །བར་དོའི་ངོ་སྤྲོད་བསྡུས་པ་བཞུགས་སོ། །སྤྱིར་ལུས་ཅན་རྣམས་འཆི་བའི་ཚེ་དང་པོ་རགས་པའི་ཐིམ་རིམ་ཉི་ཤུ་ནི། གཟུགས་ཀྱི་ཕུང་པོ་ཐིམ་པས་ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམས་ཞན་ཅིང་ནུས་པ་མེད་པར་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པས་ལུས་ཐམས་ཅད་སྐམ་པར་འགྱུར། མིག་གི་དབང་པོ་ཐིམ་པས་མིག་མི་གསལ་བར་འགྱུར་ཞིང་ཟླུམ་པར་འགྱུར། ཡུལ་གཟུགས་ལ་ཐིམ་པས་ལུས་ཀྱི་མདངས་མེད་ཅིང་ཉམས་པར་འགྱུར། ཡང་ཚོར་བའི་ཕུང་པོ་ཐིམ་པས་ཚོར་བ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར། ཆུའི་ཁམས་ཐིམ་པས་རང་ལུས་ཀྱི་ཆུ་དང་རྡུལ་དང་གཅིན་དང་ཁུ་ཁྲག་སོགས་སྐེམ་པར་འགྱུར། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་ཐོས། ཡུལ་སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་མི་ཐོས། ཡང་འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་མི་དྲན། སོ་སོར་རྟོགས་པའི་ཡེ་ཤེས་ཐིམ་པས་ཕ་མ་བུ་སྲིང་ལ་སོགས་པའི་མིང་མི་དྲན། མེའི་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་བོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ། །ཡུལ་གྱི་དྲི་ཐིམ་པས་རང་གི་ལུས་ལ་དྲི་མི་བྲོའོ། །ཡང་འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་བ་གྲུབ་བའི་ཡེ་ཤེས་ཐིམ་པས་འཇིག་རྟེན་ཀྱི་བྱ་བ་དང་དགོས་པ་མི་དྲན། རླུང་གི་ཁམས་ཐིམ་པས་རླུང་བཅུ་གནས་ནས་འཕོ། །ལྕེའི་དབང་པོ་ཐིམ་པས་ལྕེ་སྦོམ་ཞིང་ཐུང་ལ་རྩ་བ་སྔོན་པོར་འགྲོ། །ཡུལ་གྱི་རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་ངོ་། །དེ་ལྟར་རགས་པ་ཉི་ཤུ་ཐིམ་ནས། ཕྲ་བ་ནང་གི་འབྱུང་བའི་ཐིམ་ལུགས་ནི། ས་ཆུ་ལ་ཐིམ་པས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུང་མི་ཐུབ། ལུས་ས་ལ་བྱིང་བ་སྙམས་བྱེད། ནང་རྟགས་སྨིག་རྒྱུ་ལྟ་བུ་སྔོ་མེར་མེར་བ་དང་། ཆར་ཟིམ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ་ཞིང་ལྕེ་སྐན་ཕུག་ཏུ་འགྲོ། །ནང་རྟགས་སུ་དུ་བ་འཕྱུར་བ་ལྟ་བུ་དང་། དུ་ཐང་ཆགས་པ་ལྟ་བུ་འབྱུང་། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད་ཅིང་ཕོ་བའི་མེ་དྲོད་ཉམས། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙག་ཙག་དང་། དམར་ཕྲམ་ཕྲོམ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པས། དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས་པར་རགས་པའི་རྒྱུ་བ་ཆད། ནང་རྟགས་སུ་མར་མེ་འབར་བའི་སྣང་བ་དང་། སྒྲོན་མེའི་ཕྲེང་བ་བསྒྲིགས་པ་ལྟ་བུ་འབྱུང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ནང་རྟགས་སུ་ཤེས་པ་དངས་བ་དང་། ཕྱི་རྟགས་སུ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པས། སྣང་བཞི་རིམ་གྱིས་འཆར་ཏེ། དང་པོ། སྤྱི་བོ་ནས་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་དེ་ཉིད་ཐུར་དུ་བབས་ནས་སྙིང་ཀར་སོན་པ་ན་སྣང་བ་ཞེས་བྱ་སྟེ། ཕྱི་རྟགས་སུ་སྣང་བ་ཐམས་ཅད་སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ་དཀར་ལམ་པ་འབྱུང་། ནང་རྟགས་སུ་གཟུང་བའི་རྣམ་རྟོག་རགས་པས་སྟོང་པའི་ཤེས་པའི་རང་གདངས་གསལ་བར་སྣང་བ་འཆར། གཉིས་པ་དབུ་མའི་མས་སྣའི་ཁམས་དམར་ཆ་དྭངས་མ་གྱེན་དུ་སོང་བས་སྣང་བའི་ཡེ་ཤེས་འཆར་པ་ལ་ཐིམ། ཕྱི་རྟགས་སུ་སྤྲིན་མེད་པའི་ནམ་མཁའ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དམར་ལམ་པ་འཆར། ནང་རྟགས་སུ་འཛིན་པའི་རྣམ་རྟོག་རགས་པའི་ཆོས་སྟོང་པའི་སེམས་ཤིན་ཏུ་གསལ་བར་སྣང་བ་འཆར། གསུམ་པ་དྭངས་མ་དཀར་དམར་སྙིང་གར་ཕྲད་པའི་དུས་སུ་མཆེད་པའི་ཡེ་ཤེས་ཐོབ་པ་ལ་ཐིམ་པས། ཕྱི་རྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟར་ནག་ཐིབས་ཀྱིས་འགྲོ་བའི་ནག་ལམ་དང་། ནང་རྟགས་སུ་ཤིན་ཏུ་ཕྲ་བའི་གཟུང་འཛིན་གྱི་རྟོག་པའི་ཆོས་ཆེར་སྟོང་པ་སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མ་ཐམས་ཅད་ནུབ་པས་སེམས་འགགས་པ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཡེ་ཤེས་འཆར། བཞི་བ་དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགས་ཀྱི་དངས་མ་ཐིག་ལེ་ཨ་ཏི་སོགས་རྫོགས་པར་ཐིམ་པས་འཆི་ཁའི་གཞི་དུས་ཀྱི་འོད་གསལ་འཆར་སྟེ། ཕྱི་རྟགས་སུ་སྤྲིན་དང་བྲལ་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་དང་སྟོང་གསལ་མཐའ་དབུས་མེད་པའི་སྣང་བ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པ་ལྷན་ཅིག་སྐྱེས་པ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལ་གནས་པ་སྟེ་འདི་ངོས་ཟིན་ནས་ད་ལྟའི་ཉམས་ལེན་ཀྱི་ངང་དུ་བཞག་ན་འོད་གསལ་མ་བུ་འདྲེས་ཏེ་བར་དོ་དང་པོ་ལ་གྲོལ་བ་ཡིན་ནོ། །འདི་ནི་སྟོང་བའི་འོད་གསལ་རྒྱུད་སྡེ་སྤྱི་དང་མཐུན་པར་བཤད་པ་ཡིན་ལ་འདིའི་སྐབས་སུ་སྣང་བའི་འོད་གསལ་ལྷ་སྐུ་དང་། ཐིག་ལེ་ལ་སོགས་པ་འཆར་ཚུལ་རྫོགས་ཆེན་གྱི་རྒྱུད་སྡེ་རྣམས་ནས་བཤད་པ་ཡོད་ཀྱང་ཇི་ལྟ་བར་གྲོལ་བ་ལོང་ཡོད་དུ་འཆར་དཀའ་བར་སྣང་ངོ་། །དེ་ནས་སྣང་གསུམ་ཐིམ་པའི་འོད་གསལ་དེ་ལས་སླར་ཡང་རིམ་གྱིས་མཆེད་དེ་སྲིད་པ་བར་དོའི་ལུས་སུ་འགྲུབ་པ་ནི། བར་དོར་ཅི་ཙམ་གནས་པའི་ཕྱེད་སྔ་མ་ལ་ཚེ་སྔ་མའི་གཟུགས་དང་། ཕྱི་མ་ལ་ཕྱི་མ་གང་དུ་སྐྱེ་འགྱུར་གྱི་གཟུགས་ཀྱི་རྣམ་པ་ཅན་དབང་པོ་ཐམས་ཅད་ཚང་ཞིང་། མའི་མངལ་མ་གཏོགས་པར་རྫུ་འཕྲུལ་གྱིས་ཐོག་མེད་དུ་རྒྱུ་བ་བར་དོ་རིགས་མཐུན་པ་རྣམས་དང་ལྷའི་མིག་དག་པ་ཐོབ་པ་རྣམས་མ་གཏོགས་གཞན་གྱིས་མི་མཐོང་བ། དཔེར་ན་རྨི་ལམ་གྱི་ལུས་ལྟ་བུར་སྐད་ཅིག་ལ་སྐྱེས་ནས་སྣང་བའང་མ་ཡིན་མུན་པའང་མ་ཡིན་པའི་སྣང་མུན་འོད་ཀྱི་བར་དོ་ཞེས་བྱ། འདིའི་སྐབས་སུ་ཤི་བ་ངོ་ཤེས་དཀའ་བས། ནམ་མཁར་བལྟས་ན་ཉི་ཟླ་མི་མཐོང་བ་དང་། ས་ལ་རྐང་རྗེས་དང་། གྲིབ་མ་མེད་པ་སོགས་བར་དོ་ཡིན་པའི་རྟགས་སུ་བཤད། འདིའི་ཚེ་ལས་དག་མ་དག་གི་སྣང་བ་བཟང་ངན་སྣ་ཚོགས་དང་། ཁྱད་པར་འཇིགས་པའི་སྒྲ་བཞི་ཞེས་པ་ས་རླུང་ལས་རི་ཉིལ་བ་ལྟ་བུའི་སྒྲ། ཆུ་རླུང་ལས་རྒྱ་མཚོའི་རླབས་འཆོལ་བའི་སྒྲ། མེ་རླུང་ལས་ནགས་ལ་མེ་མཆེད་པའི་སྒྲ། རླུང་གི་རླུང་ལས་འབྲུག་སྒྲ་སྟོང་དུས་གཅིག་ཏུ་ལྡིར་བའི་སྒྲ། ཉམ་ང་བའི་གཡང་ས་གསུམ་ནི། དུག་གསུམ་གྱི་རང་གཟུགས་གཡང་ས་དཀར་དམར་ནག་གསུམ་མཐོང་ནས། དེར་ལྟུང་བ་ན་མངལ་དུ་ཆུད་པ་སོགས་འབྱུང་། འདི་དག་གི་ཚེ་སྐྱེ་གནས་འཚོལ་བ་དང་། གནས་ལུས་ལ་སྲེད་པ་སོགས་རྒྱུན་མར་འབྱུང་བ་ཡིན་ཞིང་། འོད་ཀྱི་འཁོར་ལོ་དང་། ས་ཕུག་དང་། གད་སྟོང་དང་། དུད་འགྲོ་ཕོ་མོ་དང་། མི་ཕོ་མོ་ལ་སོགས་པ་མངལ་སྒོ་དང་སྐྱེ་གནས་ཀྱི་སྣང་བ་མི་འདྲ་བ་སྣ་ཚོགས་འཆར་བ་ཡིན་ནོ། །དེ་དག་གི་ཚེ་ཉམས་ལེན་གྱི་གནད་ནི། དང་པོ་འཆི་ངེས་པར་བློ་ཐག་ཆོད་པའི་ཚེ་ཚེ་འདིའི་ཞེན་པ་དང་འབྲེལ་བ་ཐམས་ཅད་བཅད། དམ་ཚིག་ཉམས་ཆགས་དང་སྡིག་ལྟུང་སོགས་ལ་སྙིང་ཐག་པ་ནས་བཤག་པ་བྱ། རང་བྱས་ཀྱི་སྡིག་པ་དྲན་ནས་འགྱོད་པ་དང་། འཆི་བ་ལ་འཇིགས་སྐྲག །ཚེ་འདིའི་ཞེན་པ་སོགས་སྐད་ཅིག་ཙམ་ཡང་མི་བྱ་བར། དགའ་ཡལ་ལེ། སྤྲོ་སང་ངེ་། ད་རེས་འཆི་བ་འོད་གསལ་ངོས་ཟིན་པར་བྱ་བའམ་མིན་ཀྱང་བར་དོར་འོག་མིན་མཁའ་སྤྱོད་ཀྱི་གནས་སམ་ཟངས་མདོག་དཔལ་རི། བདེ་བ་ཅན་ལ་སོགས་པར་ངེས་པར་འགྲོ་ཆོག་པས་རེ་དགའ། དག་པའི་ཞིང་ཁམས་དེ་དག་ཏུ་འགྲོ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་མ་བརྗེད་པར་བྱ། ད་ལྟའི་རང་རྒྱུད་ཀྱི་ཉམས་ལེན་གང་གསལ་དེ་གའི་ངང་དུ་བློ་ལྷོད་ཀྱིས་བཞག་ནས་ཚེའི་འདུ་བྱེད་གཏོང་བ་ལས། ད་ལྟ་གོམ་འདྲིས་མེད་པའི་མན་ངག་གཞན་དེའི་ཚེ་ཉམས་སུ་མི་ལོན་པས་ད་ལྟ་རང་གི་ཉམས་ལེན་གང་གསལ་བ་དེའི་ངང་དུ་འཇོག་པ་དང་། ཟངས་མདོག་དཔལ་རི་སོགས་དག་པའི་ཞིང་དུ་འགྲོ་སྙམ་པའི་འདུན་པ་གཉིས་པོ་འདི་ལས་ལྷག་པ་མེད་དོ། །ཁྱད་པར་རང་ཉིད་གང་ལ་འདུན་པ་གཏད་པའི་དག་པའི་ཞིང་ཁམས་དེར་འགྲོ་བར་བྱའོ་སྙམ་པའི་འདུན་པ་ཡང་དང་ཡང་དུ་ཡིད་ལ་བྱ་བ་ནི་གནད་ཁྱད་པར་ཅན་ཡིན་པས་ད་ལྟའང་ཉིན་མཚན་རྒྱུན་དུ་ཡིད་ལ་མི་འབྲལ་བར་ཤེས་པར་གནད་གལ་པོ་ཆེ་ཡིན་ནོ། །ཞེས་དཔལ་སྤྲུལ་པས་སོ། །
ཟབ་ལམ་འཕོ་བའི་ངག་འདོན།
༄༅། །ཟབ་ལམ་འཕོ་བའི་ངག་འདོན་བཞུགས་སོ། །ཐོག་མར་རྩ་བསྐྱེད་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏ༴ སོགས་ཨེ་མ་ཧོཿ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་། །བཀོད་པ་རབ་རྫོགས་བདེ་བ་ཅན་གྱི་ཞིང་། །རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་ཅན། །ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས། །དེ་ཡི་ཁོང་དབུས་རྩ་དབུ་མ༔ སྦོམ་ཕྲ་མདའ་སྙུག་ཙམ་པ་ལ༔ སྟོང་གསལ་འོད་ཀྱི་སྦུ་གུ་ཅན༔ ཡར་སྣེ་ཚང་བུག་གནས་སུ་ཧར༔ མར་སྣེ་ལྟེ་འོག་ཟུག་པ་ཡི༔ སྙིང་ཀར་ཚིག་གིས་བཅད་པའི་སྟེང་༔ རླུང་གི་ཐིག་ལེ་ལྗང་སྐྱའི་དབུས༔ རིག་པ་ཧྲཱིཿཡིག་དམར་པོ་གསལ༔ སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔ སངས་རྒྱས་སྣང་བ་མཐའ་ཡས་ནི༔ མཚན་དཔེ་རྫོགས་པའི་ཕུང་པོར་གསལ༔ ཞེས་གསལ་གདབ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་བརྗོད། མཚན་བསྒྲགས་སོགས་སྐབས་དང་བསྟུན། ཨེ་མ་ཧོ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༴ སློབ་དཔོན་འཇམ་དཔལ་གཤེས་གཉེན་ལ༴ རིག་འཛིན་ཤྲཱི་སེང་ཧ་ལ༴ མཁས་པ་ཛྙཱ་ན་སུ་ཏྲ་ལ༴ པཎ་ཆེན་བཱི་མ་མི་ཏྲ་ལ༴ ཨོ་རྒྱན་པདྨ་འབྱུང་གནས་ལ༴ ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་ལ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ ཉང་བན་ཏིང་འཛིན་བཟང་པོ་ལ༴ གནས་བརྟན་ལྡང་མ་ལྷུན་རྒྱལ་ལ༴ ལྕེ་བཙུན་སེང་གེ་དབང་ཕྱུག་ལ༴ སྤྲུལ་སྐུ་རྒྱལ་བ་ཞང་སྟོན་ལ༴ གྲུབ་ཆེན་མཁས་པ་ཉི་འབུམ་ལ༴ ཆོས་ཉཱ་གུ་རུ་ཇོ་བེར་ལ༴ འཁྲུལ་ཞིག་སེངྒེ་རྒྱབ་པ་ལ༴ གྲུབ་ཆེན་མེ་ལོང་རྡོ་རྗེ་ལ༴ བླ་མ་ཀུ་མ་རྭ་ཛ་ལ༴ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ༴ རིག་འཛིན་འཇིགས་མེད་གླིང་པ་ལ༴ འཇིགས་མེད་རྒྱལ་བའི་མྱུ་གུ་ལ༴ ཨོ་རྒྱན་འཇིགས་མེད་ཆོས་དབང་ལ༴ འདི་མན་ཁ་སྐོང་ངོ་། །འཇམ་དབྱངས་མཁྱེན་བརྩེ་དབང་པོ༴ འགྲོ་འདུལ་དཔའ་བོ་རྡོ་རྗེ༴ རྒྱལ་སྲས་འགྱུར་མེད་རྡོ་རྗེ༴ མཁན་ཆེན་དགེ་ལེགས་ཆོས་འཕེལ་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ༴ རྩ་བ་བརྒྱུད་པའི་བླ་མ༴ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ཀློང་ཆེན་སྙིང་ཐིག་རང་གི་འཕོ་བའི་བླ་བརྒྱུད་ཐུན་མིན་ཨ་འཛོམ་རྒྱལ་སྲས་ནས་མཁན་ཆེན་པདྨ་ཚེ་དབང་གི་བར་བརྒྱུད་ཚུལ་གྱི་བླ་བརྒྱུད་འདོན་བདེ་བྱས་སོ། །བཅོམ་ལྡན་འདས་སོགས་གོང་བཞིན། ཨེ་མ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ༴ དྲིན་ཆེན་རྩ་བའི་བླ་མའི་ཐུགས་རྗེས་ཟུང་། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས་། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ལན་གསུམ་རྗེས་མ་ལ། བདེ་བ་ཅན་དུ་སྐྱེ་བར༴ ལན་གསུམ་བྱ་ཞིང་། སྤར་ཆོག་སོགས་སྔར་ལྟར་དེ་དག་ཅི་ལྟར་མཚམས་པར་སྦྱར་ནས། ཡང་བཅོམ་ལྡན་འདས་དེ་བཞིན་སོགས་སྔར་ལྟར་རོ། །དེ་ནས། ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ན། །ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་། །སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི། །སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས། །དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས། །དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །གནམ་ཆོས་ཀྱི་འཕོ་བ་དཔལ་ཡུལ་ནས་བརྒྱུད་པའི་གསོལ་འདེབས། ཨེ་མ་ཧོཿ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔ བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ལན་གསུམ་གྱི་ཚིག་རྐང་རྗེས་མ་ཡང་སྦྱར་དང་སྦར་ཆོག་སོགས་སྔར་ལྟར་ཡིན་ནོ། །
རྣམ་དག་བདེ་ཆེན་ཞིང་སྨོན་གྱི་ཁྲིད་ཡིག་བདེ་ཆེན་མྱུར་ལམ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ།
༄༅། །རྣམ་དག་བདེ་ཆེན་ཞིང་སྨོན་གྱི་ཁྲིད་ཡིག་བདེ་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །རབ་འབྱམས་མཆོག་གསུམ་རྒྱ་མཚོའི་ངོ་བོ་ཉིད། །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་སྣང་མཐའ་ཡས། །མཚུངས་མེད་ཐུགས་རྗེའི་གཏེར་ཆེན་བླ་མ་ལྷར། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དེ་ལ་འདིར་རྣམ་དག་བདེ་ཆེན་ཞིང་སྨོན་གྱི་ཁྲིད་ཡིག་དཔལ་ཆོས་ཀྱི་དབང་པོའི་ཞལ་རྒྱུན་ལྟར་སྤྱི་དོན་ཉུང་ངུའི་ངག་གིས་བྲི་བ་ལ། ཐོག་མར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས་མཆོད་པར་བརྗོད་རྗེས། །གང་དག་ཕྱོགས་བཅུ་སོགས་དང་། ལྷ་ཡི་སྐད་དང་སོགས་ཆོས་བསྐུལ་མཐར། དེ་ཡང་སྟོན་མཆོག་ཐུབ་པའི་དབང་པོའི་ཞལ་ནས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག །ཞེས་གསུངས་པ་ལྟར། ཆོས་ཉན་པ་བས་ཀྱང་ཉན་པའི་ཚུལ་གཙོ། དེ་བས་ཀྱང་བསམ་པའི་ཀུན་སློང་འདི་གཙོ་ཆེ་སྟེ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར། ཆོས་ཉན་པ་དང་། བསམ་པ། སྒོམ་པ་དང་། སྒྲུབ་པ་སོགས་གང་གི་གནས་སྐབས་ཀྱང་། བསམ་པ་རྣམ་པར་དག་ན་ཆོས་དགེ་བ་ཡིན། བསམ་པ་རྣམ་པར་མ་དག་པར་ཆགས་སྡང་རྨོངས་གསུམ་སྤྱི་དང་ཁྱད་པར་རྐུ་འདོད་དང་། སྣོག་འདོད་སོགས་བསམ་པ་རྣམ་པར་མ་དག་ན་ལྟར་སྣང་ཇི་ལྟར་བཟང་ཡང་དོན་དུ་མི་དགེ་བ་ཡིན། དེས་ན་སློབ་དཔོན་ཨརྱ་དེ་ཝས། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་འམ་འོན་ཏེ་མི་དགེ་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་གྱུར་ཕྱིར། །ཞེས་གསུངས་པ་ལྟར། བསམ་པ་རྣམ་པར་དག་ན་ལུས་ངག་གི་སྤྱོད་པ་ཐམས་ཅད་དགེ་བ་རྣམ་པར་དག་པའི་ཆོས་སུ་འགྱུར་ཏེ། དེའི་ཕྱིར་ཇི་སྐད་དུ། སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་ཐོག་མར་གལ་ཆེ་བ་སྦྱོར་བ་སེམས་བསྐྱེད་དམ་པ། བར་དུ་གལ་ཆེ་བ་དངོས་གཞི་དམིགས་མེད་དམ་པ། ཐ་མར་གལ་ཆེ་བ་རྗེས་བསྔོ་བ་དམ་པ་སྟེ། དམ་པ་གསུམ་གྱིས་རྩིས་ཟིན་པ་ནི་ཤིན་ཏུ་གལ་ཆེ་བས། དེ་ལ་དང་པོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་རང་རེ་རྣམས་སྔོན་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟ་འདི་ལ་མ་ཐུག་གི་བར་དུ་ཕ་མར་མ་གྱུར་བ་ནི་གཅིག་ཀྱང་མེད། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་ཇི་ལྟ་བ་བཞིན་དུ་ཟས་ཀྱི་ཕུད་བྱིན་གོས་ཀྱི་རྩེས་གཡོགས་ཏེ་ཤིན་ཏུ་བྱམས་བརྩེས་བསྐྱངས་བའི་དྲིན་ཆེན་ཤ་སྟག་ཡིན། དེ་རྣམས་ཐམས་ཅད་སྙིང་རེ་རྗེ། བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་འདི་ཉན་ནས་ཉམས་སུ་བླངས་ཏེ་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་སྙམ་པ་ནི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན། དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་བསམ་པ་རྣམ་པར་དག་པའི་སྒོ་ནས་ཆོས་ཉན་པའི་ཚུལ་ཡང་། ཆོས་ཉན་པ་བས་ཀྱང་ཉན་པའི་ཚུལ་གཙོ་ཟེར་བ་ལྟར་ཆོས་ཉན་པའི་དུས་སུ་ཡང་། ལུས་ཆོས་གྲལ་དུ་ཡོད་ཀྱང་སེམས་ཕྱི་རོལ་དུ་གཡེངས་ཏེ། ཁ་གཡེང་དང་མིག་གཡེང་། སྐད་ཆ་དང་ཁ་ཏ། རྩེད་འཇོ་དང་བཞད་བགད་སོགས་ཀྱིས་རང་གཞན་གཉིས་ཀའི་ཆོས་ཀྱི་བར་ཆད་དུ་འགྱུར་ཏེ། རང་ཕུང་རོགས་བརླག་འདི་ཕྱི་གཉིས་མེད། ཆོས་ཆོས་བཞིན་དུ་མ་བྱས་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཟེར་བའི་དཔེ་ལྟར་མ་བྱེད་པར། སྣོད་ཀྱི་སྐྱོན་གསུམ་དུ་གྱུར་པ། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན་ཏེ། ཆོས་ཉན་ཚུལ་མ་ཤེས་པའི་སྐྱོན་གསུམ་པོ་སྤངས་ནས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །མ་ཡེངས་བླ་མའི་གདམས་ངག་ཉན། །ཞེས་གསུངས་པ་ལྟར་དུས་དང་གནས་སྐབས་ཀུན་ཏུ་བསམ་པ་རྣམ་པར་དག་པའི་སྒོ་ནས་ལུས་ངག་ཡིད་གསུམ་དགེ་བའི་ལམ་དུ་བཞག་སྟེ་ཉན་དགོས། བླ་མས་སློབ་མར་ཆོས་འཆད་དེ། ཆོས་ཉན་ཚུལ་དང་སྒྲུབ་ཚུལ་སྡིག་པ་སྤང་ཚུལ་དང་དགེ་བ་སྒྲུབ་ཚུལ་སློབ་མས་མི་ཤེས་པ་རྣམས་བླ་མས་བླང་དོར་གྱི་གནས་སྟོན་པར་བྱེད་པ་ཡིན་ཏེ། གང་ཕྱིར་དེས་ཕན་མི་ཤེས་པ། །དེ་ཕྱིར་སློབ་མ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཡིན་པས། བླ་མས་ཇི་ལྟར་གསུང་བའི་ཚིག་དོན་རྣམས་སློབ་མས་ཀྱང་ལེགས་པར་ཉན་ནས་ཉམས་སུ་ལེན་དགོས། དེ་ལྟ་བུའི་སྒོ་ནས་དམ་པའི་ཆོས་ཚུལ་བཞིན་ཉན་ན་ཆོས་ཀྱི་སྒྲ་ཙམ་ཐོས་པའི་ཕན་ཡོན་ཀྱང་། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཀྱིས་མདོ་ལས། ཀུན་དགའ་བོ་གང་ཟག་གཉིས་ཀྱིས་ནི་གསོད་ནམས་ཆེན་པོ་བསགས་པ་ཡིན་ཏེ། གང་ཞེ་ན། གང་ཞིག་གུས་པས་ཆོས་འཆད་པ་དང་། ཆོས་ཉན་པའོ། །ཞེས་རྒྱ་ཆེར་གསུངས་ཤིང་། དེ་ཙམ་དུ་མ་ཟད་ཆོས་འཆད་པའི་ཕྱིར་རྔ་བརྡ་ཙམ་ཐོས་པའི་ཕན་ཡོན་ཀྱང་། གནྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་མཉན་ཕྱིར། །རྔའམ་ཡང་ན་གནྜིའི་སྒྲ། །ཐོས་པས་ཐར་པ་ཐོབ་འགྱུར་ན། །ཉན་ཕྱིར་ལྷག་པ་སྨོས་ཅི་དགོས། །ཞེས་དང་། ཐོས་པས་ཆོས་ལ་འཇུག་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ལུས་ངག་ཡིད་གསུམ་དག་པ་ཡིས། །དེ་ཕྱིར་ཐོས་པ་མཆོག་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར་དད་པའི་སྒོ་ནས་ཆོས་ཉན་ན་སྨོས་ཅི་དགོས། ཐ་ན་དུད་འགྲོའི་རྣ་ལམ་དུ་ཆོས་ཀྱི་སྒྲ་ཙམ་ཐོས་པའི་ཕན་ཡོན་ཀྱང་སྔོན་རྒྱ་གར་དུ་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཞལ་འདོན་མཛད་པའི་སྐབས་ཤིག །ཕུག་རོན་གཅིག་གིས་ཆོས་ཀྱི་སྒྲ་ཙམ་ཐོས་པའི་ཕན་ཡོན་ཀྱང་སྐྱེ་བ་དེ་ཡི་འོག་ཏུ་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པར་གྱུར་པ་དང། སྔོན་བཅོམ་ལྡན་འདས་ཀྱིས་ཚལ་སྔོན་པོ་ཞིག་ཏུ་ཆོས་གསུངས་པའི་སྒྲ་ཙམ་བྱ་དང་བ་ལང་ལྔ་བརྒྱས་ཐོས་པའི་ཕན་ཡོན་གྱིས་དེ་དག་ཚེ་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ལྷའི་བུ་ལྔ་བརྒྱར་སྐྱེ་བ་བླངས་པ་སོགས་ལོ་རྒྱུས་མང་དུ་ཡོད། དེས་ན་ད་རེས་ཀྱི་སྐབས་སུ་དལ་འབྱོར་གྱི་མི་ལུས་རེ་ཐོབ། སྟོན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་གྱི་ཁམས་སུ་བྱོན་ཏེ། དམ་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང་། རྒྱལ་བསྟན་ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་གནས་ཚད་ཀྱང་མ་རྫོགས་མཐུན་རྐྱེན་དགེ་བའི་བཤེས་གཉེན་དང་མཇལ་ཏེ། དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་ལེན་དུ་ཡོད་པའི་སྐབས་འདིར་དམ་པའི་ཆོས་ཤིག་མ་བསྒྲུབས་ན། ཕྱིས་སུ་ནི་མིའི་ལུས་རྟེན་འདི་ལྟ་བུ་ནི་ངོ་བོ་དལ་བ། ཁྱད་པར་གྱི་ཆོས་འབྱོར་བ་རྙེད་དཀའི་དཔེ། གྲངས་ཀྱི་ཁྱད་པར་སོགས་གང་ལ་བསམས་ཀྱང་འདི་ལྟ་བུ་ཤིན་ཏུ་ཐོབ་པར་དཀའ་སྟེ། རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་འགྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས། དེ་ལྟར་མི་ལུས་ཞིག་མ་ཐོབ་ན་ཕྱི་མ་ངན་སོང་གསུམ་སོགས་གང་དུ་སྐྱེས་ཀྱང་ཆོས་སྒྲུབ་པའི་ཚུལ་མི་ཤེས་པས། ད་ལྟ་མ་ཤི་གསོན་པའི་ཚེ་འདིར་འདི་དང་ཕྱི་མར་ཕན་པ་དམ་པའི་ཆོས་ཤིག་སྒྲུབ་དགོས། རྒྱ་ཆེན་པོ་ཞིག་མ་འགྲུབ་ཀྱང་མ་ཎི་འབྲུ་གཅིག་ཡན་ཆད་ཆེ་འགྲུབ་ཆུང་འགྲུབ་རེ་མ་བསྒྲུབས་ན་དོན་མེད་མི་ཚེ་འདིའི་བྱ་བ་ཁོ་ནས་མ་ཚོར་ཡེངས་མ་ལམ་གྱི་ངང་དུ་མི་ཚེ་ཟད་དེ་འཆི་དགོས། རྟག་བརྟན་སྙིང་པོ་ནི་སུ་ལའང་མེད་དེ། ཕྱི་སྣོད་འཇིག་རྟེན་གྱི་ཁམས། ནང་བཅུད་སེམས་ཅན་གྱི་ཚེ། དབྱར་དགུན་སྟོན་དཔྱིད་ཀྱི་དུས། ཚངས་དབང་འཁོར་ལོས་སྒྱུར་པ་སོགས་སྐྱེ་དགུའི་བདག་པོ། རྒྱལ་དང་རྒྱལ་སྲས་སོགས་དམ་པའི་སྐྱེས་བུ་རྣམས་ཀྱང་མི་རྟག་པའི་ངང་ཚུལ་འདི་ལ་ལྟོས་དང་། རང་རེ་རྣམས་འཆི་ངེས་པ་རེད། ན་སོ་ལ་རྒན་གཞོན་མེད། ལར་སུ་ལའང་ནམ་འཆི་དང་འདིར་འཆིའི་ངེས་པ་མེད། ལ་ལ་མའི་མངལ་དུ་འཆི་བའང་ཡོད། ལ་ལ་སྐྱེས་ཙམ་ནས་འཆི་བ་དང་། ལ་ལ་གཞོན་ནུའི་དུས་སུ་འཆི་བ་དང་། ལ་ལ་དར་ལ་བབས་པའི་དུས་སུ་གློ་བུར་དུ་འཆི་བ་སོགས་གྲངས་ཀྱིས་མི་ཆོད་པ་མཐོང་ཆོས་མངོན་གྱུར་དུ་ཡོད། འཕགས་པ་ལྷས། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །ཞེས་གསུངས་པ་ལྟར། ནད་དང་མཚོན་སོགས་འཆི་བའི་རྐྱེན་ནི་གྲངས་མང་། འཚོ་བའི་རྐྱེན་ནི་གྲངས་ཉུང་བས་ངེས་པར་འཆི་དགོས། དེ་ཙམ་དུ་མ་ཟད་འདུག་པའི་གནས་མི་རྟག་སྟེ་མི་འདོད་བཞིན་དུ་འཆི་བའི་ཚེ་ཤུལ་དུ་བསྐྱུར་ཏེ་གཤིན་རྗེའི་གྲོང་སྒོར་འགྲོ་དགོས། བཟའ་བའི་ཟས་མི་རྟག་སྟེ་ཞིམ་མངར་གྱི་ཁ་ཟས་སྤང་སྟེ་ནམ་ཞིག་གསུར་རྫས་ཀྱི་དྲི་ཙམ་ལ་སྤྱོད་དགོས། འགྲོ་བའི་ལམ་མི་རྟག་སྟེ་མི་ཡུལ་ཡངས་པའི་ལམ་ནས་བུད་ཏེ་བར་དོའི་འཕྲང་རིང་ཆེན་པོར་དབང་མེད་དུ་འགྲོ་དགོས། བརྩེ་བའི་གཉེན་མི་རྟག་སྟེ་བར་དོ་གཉེན་མེད་བཤེས་མེད་ཀྱི་ཡུལ་དུ་རང་གཅིག་པུར་འཁྱམས་དགོས། བསྐྱང་བའི་འཁོར་མི་རྟག་སྟེ་གཡོག་ངན་གཅིག་ཀྱང་ཁྲིད་དབང་མེད་པར་འཇིག་རྟེན་ཕྱི་མར་འགྲོ་དགོས། བགོ་བའི་གོས་མི་རྟག་སྟེ་གོས་མེད་གཅེར་བུར་གཤིན་རྗེའི་མདུན་སར་འགྲོ་དགོས། ཐམས་ཅད་མི་རྟག་པའི་རང་བཞིན་ཡིན། དེས་ན་སྤྱོད་འཇུག་ལས། །བསག་དང་བསྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཐོབ་མངའ་ཐང་རྒྱུ་རྫས་ལོངས་སྤྱོད་སོགས་ཀྱི་ཆེད་དུ་ཇི་ཙམ་བརྩོན་རྐྱང་སྙིང་པོ་མེད་དེ། བརྩིགས་ཚད་འགྱེལ་བའི་ཆོས་ཅན་ཡིན་པས་གནས་ཁང་ལ་སྙིང་པོ་མེད། འདུས་ཚད་འབྲལ་པའི་ཆོས་ཅན་ཡིན་པས་གཉེན་འདུན་ལ་སྙིང་པོ་མེད། བསགས་ཚད་འཛད་པའི་ཆོས་ཅན་ཡིན་པས་རྒྱུ་རྫས་ལོངས་སྤྱོད་ལ་སྙིང་པོ་མེད། མཐོ་ཚད་ལྷུང་བའི་ཆོས་ཅན་ཡིན་པས་མངའ་ཐང་ལ་སྙིང་པོ་མེད། སྐྱེས་ཚད་འཆི་བའི་ཆོས་ཅན་ཡིན་པས་ཚེ་འདི་སྣང་ལ་སྙིང་པོ་མེད། གློ་བུར་དུ་འཆི་དགོས་དེའི་ཚེ་དམ་པའི་ལྷ་ཆོས་རེ་འགྲུབ་ཡོད་ན་མ་གཏོགས་ད་ལྟ་སྡུག་དཀའ་ལས་ཀྱིས་ཇི་ཙམ་བསྐྱང་ཡང་དེ་དུས་མཛའ་བཤེས་ཀྱིས་ཕན་པ་མེད་དེ། ཞི་བ་ལྷས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་ཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཅེས་གསུངས་པ་ལྟར། །འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་ནི་རང་ཉིད་གཅིག་པུས་མྱོང་བ་ལས་གཉེན་ཉེ་རིང་འཁོར་མངའ་རིས་སོགས་ཇི་ཙམ་ཡོད་ཀྱང་སྐལ་བ་བསྒོ་ས་མེད། དེའི་དུས་ན། ཇི་སྐད་དུ། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་དུ་ཉམ་ཐག་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། འཇིགས་སྐྲག་འཁྲུལ་སྣང་གི་རང་གཟུགས་སྣ་ཚོགས། འཇིགས་རུང་མུན་ནག་གིས་མདུན་ནས་བསུ་ཞིང་། ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད་དེ། འཇིགས་རུང་གཤིན་རྗེའི་སྐྱེས་བུས་ཁྲོ་གཉེར་སྡང་མིག་གཡོ་ཞིང་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཏེ། སོ་ཨམ་གཙིགས་སུ་བསྡམས་ཤིང་འཆི་བདག་གི་ཞགས་པས་སྐེ་ནས་བསྡམས་ཏེ་ཚེ་འདི་ནས་ཕྱི་མའི་ཡུལ་དུ་སྐྱེས་ཆེན་པོ་འདེགས་ཤིང་རྒྱུས་མེད་བར་དོའི་འཕྲང་རིང་འགྲིམ་སྟེ་གཤིན་རྗེའི་སྐྱེས་བུའི་མདུན་སར་འགྲོ་དགོས་པའི་དུས་ལ་བབས་ཚེ། རྒྱལ་སྲས་ཞི་བ་ལྷས། གཤིན་རྗེའི་སྐྱེས་བུས་བཟུང་བ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་གསུངས་པ་ལྟར། གཉེན་འདུན་མཛའ་བཤེས་གང་གིས་ཀྱང་སྐྱོབ་མི་ནུས་པར་འཆི་དགོས་པའི་དུས་ལ་བབས་ཚེ། སྤྱོད་འཇུག་ལས། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་གསུངས་པ་ལྟར། དེའི་ཚེ་དེའི་དུས་ན་རེ་ས་དང་སྐྱབས་གནས་དམ་པའི་ལྷ་ཆོས་ལས་མེད་ཀྱང་དམ་པའི་ཆོས་རང་བྱས་མེད་ན་དེའི་དུས་སུ་འབྱོར་ཀྱང་ནོར་གྱིས་ཉོ་རྒྱུ་ནི་མེད། མང་ཡང་དཔུང་གིས་ལེན་རྒྱུ་ནི་མེད། མཐོ་ཡང་བཙན་ཤེད་ཀྱིས་འཕྲོག་རྒྱུ་ནི་མེད་ན། ད་ག་རེ་ང་རང་འཆི་བའི་དུས་ལ་བབས་པས་སྔོན་དུ་སོང་བ་ཅི་འདུག །རྗེས་ནས་ཡོང་བ་ཅི་ཡོད་སྙམ་ཚེ་སྡིག་པའི་ཕུང་པོ་རི་རབ་ཙམ་ཞིག་སྔོན་ལ་སོང་ཚར། དགེ་བ་ནི་ཏིལ་འབྲུ་ཙམ་ཡང་རྗེས་སུ་འབྲང་རྒྱུ་མེད། མཚན་ལྡན་གྱི་བླ་མ་རེ་མཇལ་ཡང་ཟབ་དགུའི་གདམ་པ་ནི་མ་ཞུས། ཟབ་མོའི་དམ་ཆོས་རེ་ཐོབ་རུང་ཉམས་སུ་ནི་མ་ལོན། དལ་འབྱོར་གྱི་མི་ལུས་ཞིག་ཐོབ་ཀྱང་དེ་ལ་སྙིང་བོ་ནི་མ་ལོན། མི་རྟག་འཆི་བར་ཤེས་ཀྱང་འཆི་ཁ་ཕན་པའི་ཆོས་ནི་མ་འགྲུབ། རྒྱུ་འབྲས་ཀྱི་བླང་དོར་རེ་ཐོས་ཀྱང་། དེ་ལ་སྤང་བླང་ནི་མ་ནུས། འཁོར་བ་སྡུག་བསྔལ་དུ་གསུངས་ཀྱང་དེ་ལ་སྐྱོ་ཤས་ནི་མ་སྐྱེས་པར་མ་ཚོར་ཡེངས་མ་ལམ་གྱི་ངང་དུ་མི་ཚེ་ཟད་དེ་འཆི་དགོས་པ་འདི་ང་རེ་འགྱོད་སྙམ་དུ་སེམས་འགྱོད་དུང་ངེ། མིག་མཆི་མས་གང་། བྲང་སེན་རྗེས་ཀྱིོས་བཀང་སྟེ་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས། འཇིག་རྟེན་ཕྱི་མའི་ལམ་པོ་ཆེར་འགྲོ་དགོས་པའི་དུས་ལ་མ་བབས་གོང་དུ་ད་ལྟ་གསོན་པའི་ཚེ་འདིར་འཆི་ཁར་ཕན་པ་དམ་པའི་ཆོས་རེ་སྒྲུབ་དགོས་མ་གཏོགས་ཤི་ནས་མེད་དུ་མི་འགྲོ་སྟེ། ཨརྱདེ་ཝས། སྔུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིའི་ཕྱིར་སྐྱེ་མི་འགྱུར། །ཞེས་གསུངས་པ་ལྟར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བའི་དུས་སྐབས་མེད། འདི་ལས་མ་ཐར་ན་ནི་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེ་ཡི་འོབས་སྲིན་མོའི་གླིང་། དུག་སྦྲུལ་གདུག་པའི་ཚང་དང་འདྲ་བར་བདེ་བའི་གོ་སྐབས་མེད་དེ། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟ་སོགས་ཀྱི་སྡུག་བསྔལ། མི་རྣམས་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མིན་རྣམས་ལ་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་རྣམས་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་སོགས་གྲངས་ཀྱིས་མི་ཆོད། དེ་ལྟ་བུའི་འབྲས་བུ་སྡུག་བསྔལ་ཇི་སྙེད་པ་རྣམས་ཀྱང་རྒྱུ་སྡིག་པའི་ལས་ཀྱི་འབྲས་བུ་ཡིན་པར་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཏེ། དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་རོ། །སྤྱིར་ཡང་འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་དགེ་སྡིག་གི་ལས་ལས་བྱུང་ཞིང་། དེ་ཡང་མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ན། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཅེས་གསུངས་པ་ལྟར་རྒྱུ་འབྲས་བསླུ་མེད་ཀྱི་དབང་གིས་ལས་ཆུད་མི་ཟ་བར་རྣམ་སྨིན་མྱོང་དགོས་པ་དང་། དེ་ཡང་གཞན་ལ་བགོ་བཤའ་བྱ་རྒྱུ་མེད་པར་རང་གིས་གང་བསགས་པའི་ལས་ཀྱི་རྣམ་སྨིན་རང་གིས་མྱོང་དགོས་ཏེ། སྐྱོབ་པ་རྫོགས་པའི་སངས་རྒྱས་ཀྱིས། ལས་ཀྱི་རྣམ་པར་སྨིན་པ་ནི། ས་ལ་མི་སྨིན་རྡོ་ལ་མི་སྨིན། ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པར་འགྱུར་རོ། །ཞེས་གསུངས་པ་ལྟར། སྔོན་སྟོན་པ་རྫོགས་པའི་སངས་རྒྱས་དང་། འཁོར་དགྲ་བཅོམ་ཆེན་པོ་རྣམས་ཀྱང་ལས་འབྲས་བདག་གིར་བཞེས་པའི་ཚུལ་བསྟན་ན་རང་ཅག་རྣམས་སྨོས་ཅི་དགོས། དེས་ན་ཐམས་ཅད་ལས་ཀྱི་རང་བཞིན་ཡིན་པས་འབྲས་བུ་བདེ་བར་འདོད་ན་དེའི་རྒྱུ་ཆོས་དགེ་བ་སྒྲུབ་དགོས། འབྲས་བུ་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་མི་དགེ་བ་སྤང་དགོས་མ་གཏོགས། རྒྱལ་སྲས་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར། ཞེ་འདོད་དང་ལག་ལེན་འགལ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་སྤངས་ཏེ། དམ་པའི་ཆོས་སྒྲུབ་དགོས། དེ་ལ་རྒྱལ་བའི་བཀའ་མདོ་རྒྱུད་རྣམས་སུ་དམ་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་གྲངས་མང་བ་ཞིག་གསུངས་ཀྱང་། ལ་ཁའི་ཆར་བ་ལུང་ཁུག་ལ་མི་ཕན་པའི་དཔེ་ལྟར་སྐྱེ་བོ་ཕལ་བ་མི་སྐྱ་ཕོ་མོ་ཞིག་གིས་ཉམས་སུ་ལེན་དཀའ། འདི་ཡན་ཆད་གང་ལ་སྦྱར་ཀྱང་ཆོག་པར་གསུང། མཆནདེ་བས་ན་བདེ་ཆེན་ཞིང་ཁྲིད་འདི་ལྟ་བུའི་ཆོས་ནི་སྒྲུབ་ཡང་སླ་ཞིང་མདོ་ཡི་མྱུར་ལམ་གྱི་གདམས་པ་ཟབ་མོ་ཡིན། འདི་ཉམས་སུ་བླངས་བས། སངས་རྒྱས་ཀྱི་སྨོན་ལམ་རྫོགས་པའི་སྟོབས་དང་། རྒྱུ་རང་གི་ཚོགས་བསགས་སྒྲིབ་སྦྱང་གཉིས་གུང་འཛོམས་པའི་སྟོབས་ཀྱིས། རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ན། ཞིང་བདེ་བ་ཅན་དུ་སྐྱེ་ངེས་པ་ཡིན་གསུངས་སོ། །དེ་ཡན་ཆད་ཀྱིས་སྦྱོར་བ་སེམས་བསྐྱེད་དམ་པ་ཆོས་ཉན་པའི་ཡན་ལག་དང་བཅས་པ་བཤད་གྲུབ་ཅིང་། དེས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ནང་ཚན་ཤིན་ཏུ་གལ་ཆེ་བ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་དེའི་ཁོངས་སུ་འདུས་པ་ཡིན་ནོ། །
ད་ནི་གཉིས་པ་བར་དུ་གལ་ཆེ་བ་དངོས་གཞི་དམིགས་མེད་དམ་པའི་ཁྲིད་ལ། སྐབས་འདིར་རྟེན་ཚོགས་ཞིང་གསལ་འདེབས་པ་དང་། རྒྱུ་ཚོགས་བསགས་སྒྲིབ་སྦྱང་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྩེ་གཅིག་ཏུ་བརྩོན་པ་དེ་ཡིན། དེ་ལ་སྤྱིར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ནི། རྟེན་ཚོགས་ཞིང་གསལ་འདེབས་པ། རྒྱུ་ཚོགས་བསགས་སྒྲིབ་སྦྱང་། གྲོགས་བྱང་ཆུབ་ཏུ་སེམས་བསྐྱེད་པ། རྐྱེན་སྨོན་ལམ་རྣམ་པར་དག་པ་དང་བཞི་ཡིན། དེ་ཡང་འོད་མདོ་ལས། ཀུན་དགའ་བོ་སེམས་ཅན་གང་ཞིག་དེ་བཞིན་གཤེགས་པའི་རྣམ་པ་ཡང་ཡང་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡོངས་སུ་བསྔོས་ཏེ་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ། དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ། རྟེན་ཚོགས་ཞིང་གསལ་འདེབས་པ་ནི། ཨེ་མ་ཧོ་སོགས་ནས། ལམ་མེར་གསལ། ཞེས་པའི་བར་ཡིན། དེ་ཡང་ཇི་ལྟར་ན་ཞིང་འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན་སྣོད་བཅུད་ཐམས་ཅད་རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དབྱིབས་དང་བཀོད་པ་རྒྱན་གྱི་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡོད། ཞིང་མཆོག་དེ་ན་སུ་བཞུགས་ན། མགོན་པོ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་འཛིན་པ། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས་སྐུ་མཚན་དཔེས་བརྒྱན་པ་ལ། རབ་ཏུ་བྱུང་བའི་རྟགས་ཆོས་གོས་རྣམ་གསུམ་གསོལ་ཞིང་མེ་ཏོག་པདྨ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཟླ་བའི་གདན་ལ་སྐུ་རྡོ་རྗེ་སྐྱིལ་ཀྲུང་གིས་པདྨོ་སྣང་བ་ཞེས་བྱ་བའི་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་བརྟེན་པར་མཛད་དེ་ད་ལྟ་དངོས་སུ་བཞུགས་ཡོད། དེའི་གཡས་སུ་འཁོར་གྱི་གཙོ་བོ་ཐུགས་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་དཀར་བོ་ཕྱག་གཡོན་པའི་མཐེབ་མཛུབ་ཀྱིས་པདྨ་དཀར་པོ་འཛིན་ཞིང་སྙན་གྱི་ཐད་དུ་ཁ་བྱེ་བ། འོད་དཔག་མེད་ཀྱི་གཡོན་དུ་མཐུ་སྟོབས་ནུས་པའི་མངའ་བདག་སེམས་དཔའ་མཐུ་ཆེན་ཐོབ་སྐུ་མདོག་སྔོན་པོ་ཕྱག་གཡོན་རྡོ་རྗེས་མཚན་པའི་པདྨའི་ཡུ་བ་ཐུགས་ཀར་འཛིན་ཅིང་། སེམས་དཔའ་ཆེན་པོ་དེ་གཉིས་ཀྱི་ཕྱག་གཡས་གཉིས་སྐུའི་སྟ་ཟུར་ནས་བརྐྱངས་ཏེ་སྐྱབས་སྦྱིན་གྱི་ཕྱག་རྒྱ་བདག་ལ་བསྟན་ཏེ་བཞུགས་ཡོད། དེ་ལྟ་བུའི་གཙོ་བོ་གསུམ་པོ་ནི་དཔེར་ན་རི་རྒྱལ་ལྷུན་པོ་རི་ཕྲན་ཐམས་ཅད་ཀྱི་དབུས་ན་མངོན་པར་འཕགས་པ་ལྟར། སྐུ་མཚན་དཔེའི་གཟི་བྱིན་ལྷང་ངེར་བཞུགས་ཤིང་། གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒྲ་ལྷན་ནེར་སྒྲོག་པ། ཐུགས་རྣམ་མཁྱེན་གྱིས་ཤེས་བྱ་ཐམས་ཅད་ལྷམ་མེར་གཟིགས་ཏེ་བཞུགས་པ། དེ་དག་གི་འཁོར་དུ་བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ་ཕྲག་མང་པོས་བསྐོར་བ་ཐམས་ཅད་ཀྱང་སྐུ་ལུས་ཁྱད་མེད་གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན་པ་ལ་ཆོས་གོས་རྣམ་པ་གསུམ་གསོལ་ཏེ་དཔེར་ན་གསེར་གྱི་ས་གཞི་ལ་ཉི་འོད་ཕོག་པ་ལྟར་སེར་ལྟེམ་གྱིས་བཞུགས་ཡོད་སྙམ་དུ་རྣམ་པ་ཡང་ཡང་ཡིད་ལ་བསམ་དགོས། བདེ་བ་ཅན་ནི་མ་བཀོད་རང་བྱུང་གི་ཞིང་ཁམས་ཡིན་པས་བསྐྱེད་རིམ་བསྒོམ་པ་སོགས་དང་མི་འདྲ་སྟེ། ཇི་བཞིན་གསལ་མི་ནུས་ཀྱང་ཡང་ཡང་ཡིད་ལ་བྱས་ཏེ་མོས་པ་ཙམ་གྱིས་ཀྱང་རྟེན་ཚོགས་ཞིང་གསལ་འདེབས་པའི་གོ་ཆོད་གསུངས། དེ་ལྟར་གསལ་འདེབས་པ་ནི་སངས་རྒྱས་རྗེས་སུ་དྲན་པའང་ཡིན། དེ་ལྟར་ཡང་ཡིད་ལ་བྱས་པས་མཚན་མོ་རྨི་ལམ་དུ་དྲན་ཐུབ། དེ་ཐུབ་ན་ཕྱི་མ་བར་དོའི་སྐབས་སུ་དྲན་ཐུབ། དེ་ཐུབ་ན་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ་ཏེ་བདེ་བ་ཅན་དུ་སྐྱེ་ངེས་པ་ཡིན་ཏེ། སྔོན་རྫ་སྟོད་དུ་བླ་མ་མཚམས་པ་བཞུགས་སྐབས། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མདོག་ཙམ་ཡང་མི་ཤེས་པར་སྔོ་སྐྱ་ལོས་ཡིན་ཟེར་བའི་རྒས་པོ་ཞིག་གིས་འོད་དཔག་མེད་ཀྱི་མཚན་ཁོ་ན་བཏོན་པས་འཆི་ཁར་འོད་དཔག་མེད་ཀྱི་ཞལ་མཇལ་བ་སོགས་ལོ་རྒྱུས་མང་དུ་ཡོད། དེའི་ཕྱིར་དེ་ལྟར་ཡང་མོས་པས་ཡིད་ལ་བྱེད་ནུས་ན། ཏིང་འཛིན་རྒྱལ་པོ་ལས། གང་ཞིག་ཐུབ་པའི་དབང་པོ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར། འོད་དཔག་མེད་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་། ལྷའི་སྙན་གྱིས་གསན། མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས། རྫུ་འཕྲུལ་གྱི་ཞབས་ཀྱིས་བཅག་སྟེ་བྱིན་གྱིས་རློབ་ངེས་པ་ནི། ཇི་སྐད་དུ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །དབང་སྐུར་བྱིན་གྱིས་རློབ་པར་འགྱུར། །ཅེས་གསུངས། སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོས་མཐའ་འཁོབ་ཀྱི་ཡུལ་ནས་སངས་རྒྱས་འཁོར་བཅས་ཡིད་ལ་བྱས་པས་སངས་རྒྱས་འཁོར་བཅས་དངོས་སུ་བྱོན་པ་སོགས་ལོ་རྒྱུས་མང་དུ་ཡོད། རྟེན་ཚོགས་ཞིང་ཡིད་ལ་བྱེད་པ་ཁོ་ནས་ཀྱང་བདེ་བ་ཅན་དུ་སྐྱེ་ངེས་པ་ནི། འོད་མདོ་ལས། འོད་དཔག་མེད་ཀྱི་མཚན་ཐོས་ནས་དེ་ཞག་བདུན་དུ་དད་པ་རྩེ་གཅིག་པའི་སེམས་ཀྱིས་ཡིད་ལ་བྱེད་ན་དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་ལ་དད་པའི་སེམས་ཀྱིས་ཤི་འཕོས་ནས་འོད་དཔག་མེད་འཁོར་བཅས་མཐོང་སྟེ་དེའི་ཞིང་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་རྟེན་ཚོགས་ཞིང་གསལ་འདེབས་པ་འདི་ནི། རྒྱུ་ཚོགས་བསགས་སྒྲིབ་སྦྱང་གི་རྟེན་དང་། སེམས་བསྐྱེད་དང་སྨོན་ལམ་འགྲུབ་པའི་དཔང་པོ་ཡིན་པས་ནུབ་བདེ་བ་ཅན་ན་སངས་རྒྱས་འོད་དཔག་མེད་འཁོར་བཅས་བཞུགས་ཡོད་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། ཨེ་མ་ཧོ་སོགས་ནས། སེར་ལྟེམ་མེ་ཞེས་པའི་བར་དུ་འདོན། ད་ནི་གཉིས་པ་རྒྱུ་ཚོགས་བསགས་སྒྲིབ་སྦྱང་ལ། ཕྱག་འཚལ་བའི་ཡན་ལག་སོགས་ཡན་ལག་བདུན་དུ་ཡོད་པ་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཡུལ་གང་ལ་ཕྱག་འཚལ་ན་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ། ཚུལ་ཇི་ལྟར་ན་སེམས་གུས་པའི་སྒོ་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཡོན་ཏན་དྲན་བཞིན་པའི་དད་པའི་སེམས་ཀྱིས་ལུས་གུས་པའི་སྒོ་ནས་ཕྱག་དང་། ངག་གུས་པའི་སྒོ་ནས་གསོལ་འདེབས་ཀྱི་ཚིག་བརྗོད་དེ་ཕྱག་འཚལ་བ་ཡིན། དེ་ཡང་ཕྱག་འཚལ་བའི་ཡུལ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཡང་། མདོར་བསྡུ་ན། སྐུ་རྫུ་འཕྲུལ་གྱི་ཡོན་ཏན། འོད་དཔག་མེད་ཀྱི་ཕྱག་གཡས་ཀྱི་འོད་ཟེར་ལས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དང་། དེའི་ཡང་སྤྲུལ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ་དང་། ཕྱག་གཡོན་གྱི་འོད་ཟེར་ལས་རྗེ་བཙུན་སྒྲོལ་མ་དང་། དེའི་ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་དང་། ཐུགས་ཀྱི་འོད་ཟེར་གྱི་རྩེ་ལས་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་། དེའི་ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱར་འགྱེད་པ་སོགས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཐམས་ཅད་ཀྱི་སྤྲུལ་གཞི་ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ་སྙམ་དུ་ཕྱག་འཚལ་བ་དང་། ཐུགས་མཁྱེན་བརྩེའི་ཡོན་ཏན་འགྲོ་བའི་ཁམས་ལ་ཉིན་མཚན་དུས་དྲུག་ཏུ་སུ་ནི་དར་སུ་ནི་རྒུད་སུ་ཞིག་ནི་མཐོ་རིས་སུ་འགྲོ། སུ་ཞིག་ནི་ངན་སོང་དུ་གཞོལ་སྙམ་དུ་ཐུགས་བརྩེ་བ་ཆེན་པོས་དུས་རྟག་ཏུ་གཟིགས་པ་བརྩེ་བའི་ཡོན་ཏན་མངའ་ཞིང་། མཁྱེན་པའི་ཡོན་ཏན་འགྲོ་བ་མཐའ་དག་གི་སེམས་ཀྱི་རྣམ་རྟོག་ཕྲ་རགས་ཐམས་ཅད་མངོན་པར་ཤེས་པའི་ཐུགས་ཀྱིས་མཁྱེན་ཅིང་། འགྲོ་བའི་སྒྲ་སྐད་ཐམས་ཅད་ལྷའི་སྙན་གྱིས་གསན་པ་སོགས་ཐུགས་མཁྱེན་བརྩེའི་འོད་ཟེར་ཚད་མེད་པ་མངའ་བའི་ཀུན་མཁྱེན་འོད་དཔག་མེད་ཀྱི་ཡོན་ཏན་དྲན་བཞིན་དུ་ཕྱག་འཚལ་བ་དང་། སྟོབས་ནུས་པའི་ཡོན་ཏན་ཀྱང་སེམས་ཅན་འགའ་ཞིག་དམ་པའི་ཆོས་སྤོང་བ་དང་། ཕ་མ་དང་དགྲ་བཅོམ་གསོད་པ་སོགས་མཚམས་མེད་པའི་ལས་ངན་བསགས་པ་རྣམས་མ་གཏོགས། འོད་དཔག་མེད་ལ་དད་ཅིང་གསོལ་བ་འདེབས་ཚད་བདེ་བ་ཅན་དུ་འདྲེན་པའི་ནུས་པ་མངའ་བ་སྟེ། འོད་མདོ་ལས། སེམས་ཅན་གང་དག་ང་ཡི་མིང་ཐོས་པས། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །ཞེས་གསུངས་པ་ལྟར། འགྲོ་བ་ཡོངས་སུ་འདྲེན་པའི་ནུས་པ་མངའ་བའི་འདྲེན་པ་འོད་དཔག་མེད་ལ་གུས་པར་ཕྱག་འཚལ་བ་དང་། གཞན་ཡང་སྔོན་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ། གློ་བུར་བར་ཆད་ཀྱི་དབང་གིས་འཆི་བར་སྣང་བ་རྣམས་ཀྱང་སངས་རྒྱས་འོད་དཔག་མེད་ལ་རྩེ་གཅིག་ཏུ་དད་པའི་སྒོ་ནས་གསོལ་བ་བཏབ་ན། དུས་མིན་དུ་འཆི་བའི་ཚེ་ཡི་བར་ཆད་ཐམས་ཅད་བཟློག་པའི་ནུས་པ་མངའ་བའི་མགོན་པོ་ཚེ་དཔག་མེད་ཀྱི་ཡོན་ཏན་དྲན་བཞིན་དུ་ཕྱག་འཚལ་བ་དང་། གཞན་ཡང་སྟོང་གསུམ་འཇིག་རྟེན་གྱི་ཞིང་གྲངས་མེད་པ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་དབུལ་ཕོངས་ལ་སྦྱིན་པ་བྱིན་པའི་བསོད་ནམས་བས་ཀྱང་སངས་རྒྱས་འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་ཐོས་ནས་དད་པས་ཐལ་མོ་སྦྱར་བར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་ལྷག་པོ་ཐོབ་པར་གསུངས་ཏེ། འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིགས་ཤིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་ཡང་ནི་འཇིག་རྟེན་རྣམས་ཀྱི་ཁམས། །རིན་ཆེན་བཀང་ཏེ་སྦྱིན་པ་བྱིན་པ་བས། །གང་གིས་འོད་དཔག་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་པར་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་དེ་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟར་ཕན་ཡོན་ཐོབ་ནས་ཡིད་གཉིས་སེལ། །ཅེས་གསུངས། དེའི་ཕྱིར་མཚན་ཐོས་ནས་དད་པ་ཙམ་གྱིས་གནས་སྐབས་སུ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་འཕེལ་བའི་ནུས་པ་མངའ་བའི་ཡོན་ཏན་དྲན་བཞིན་དུ་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བ་དང་། གཞན་ཡང་སེམས་ཅན་གང་དག་གིས་འོད་དཔག་མེད་པའི་མཚན་ཐོས་ནས་ཁ་ཞེ་མེད་པར་སྙིང་ནས་དད་པ་ལན་གཅིག་ཙམ་སྐྱེས་ན་མཐར་ཐུག་བྱང་ཆུབ་གྱི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། འོད་མདོ་ལས། སེམས་ཅན་གང་དག་ཁ་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་མཚན་ཐོས་ལ། ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཞིག་གིས་བསམ་པ་ཐག་པ་ནས་དད་པ་དང་དགའ་བ་སྐྱེས་པ་དེ་དག་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། གང་གིས་སྟོབས་ཀྱིས་ཕྱིར་མི་ལྡོག་ཏུ་འགྱུར་བའི་ནུས་པའི་སྟོབས་མངའ་བའི་ཡོན་ཏན་དྲན་ཏེ་ཕྱག་འཚལ་དགོས་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་ཚེ་རབས་ཐམས་ཅད་དུ་བུད་མེད་ཀྱི་དངོས་པོར་མི་འགྱུར་ཞིང་རིགས་བཟང་པོར་སྐྱེས་ཏེ་རབ་ཏུ་བྱུང་བའི་དངོས་པོར་འགྱུར་བ་སྟེ། དེ་ལྟ་བུའི་ཡོན་ཏན་མངའ་བའི་བདེ་གཤེགས་འོད་དཔག་མེད་ཀྱི་ཡོན་ཏན་རྣམས་དྲན་བཞིན་དུ་ལུས་གུས་པའི་སྒོ་ནས་གཡས་ལྟ་གཡོན་ལྟ་སོགས་མི་བྱེད་པར་ཕྱག་འཚལ་བ་དང་། ངག་གུས་པའི་སྒོ་ནས་སྐད་ཆ་སོགས་མི་བཤད་པར་ཕྱག་འཚལ་བའི་ཚིག་རྣམས་འདོན་ཞིང་། ཡིད་གུས་པའི་སྒོ་ནས་ཆགས་སྡང་གི་རྟོག་ངན་སྣ་ཚོགས་སྤང་སྟེ་རྩེ་གཅིག་གིས་ཕྱག་འཚལ་བའི་ལས་ལ་འཇུག་པ་འདི་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། བཅོམ་ལྡན་འདས་སོགས། མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཞེས་བརྒྱ་རྩ་སོགས་བརྗོད། དེ་བཞིན་དུ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོའི་མཚན་དང་། དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་མཚན་ཀྱང་ལན་བདུན་རེ་ཙམ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཞེས་ལན་བདུན་ཙམ་དང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་ལན་བདུན་སོགས་ཀྱི་མཐར། གཞུང་གི། མོས་གུས་ཕྱག་ལ་ཉེ་རིང་སོགས་ནས། བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་འདོན། དེ་དག་གི་གྲངས་མང་ཉུང་ཉི་ཚོད་དང་བསྟུན་ཏེ་ཅི་རིགས་འདོན། དེ་ནས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་སོགས་འགྱུར་སྔགས་ལན་བདུན་འདོན་པར་བྱའོ། །
གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ལ། དང་པོ་དངོས་སུ་འབྱོར་པའི་མཆོད་པ་ནི། བདག་གིས་གཅེས་པར་བསྐྱངས་པའི་ལུས་དང་། དཀའ་བས་བསགས་པའི་ལོངས་སྤྱོད། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་དང་བཅས་པ། དངོས་སུ་འབྱོར་པའི་མཆོད་པ་རྣམས་ཡོད་པོས་ཡོད་ཚོད་དང་བསྟུན། མེད་པོས་མེད་ཚོད་དང་བསྟུན་ཏེ། ཞིང་རྣམ་པར་དག་པ་སངས་རྒྱས་འོད་དཔག་མེད་འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ། བསམ་པ་རྣམ་པར་དག་པ་སེར་སྣ་དང་ང་རྒྱལ་ངོམ་ཆོས་སོགས་མེད་པའི་སེམས་གྱིས། དངོས་པོ་རྣམ་པར་དག་པ། ཐུད་ཀྱི་སྔོ་ས་དང་། ལོ་མའི་སེར་ས་མར་གྱི་ཁ་ས་ལྟ་བུ་མ་ཡིན་པར་དཀོན་མཆོག་མཆོད་པའི་ཡོ་བྱད་རབ་གསེར་དངུལ་སོགས་དང་། དེ་ལྟར་མིན་ཀྱང་མར་མེ་ཀོང་བུ་གང་དང་། ཆུ་མཆོད་བདུན་ཚར་གང་། ནས་སྤར་གང་ཡན་ཆད་ཆེ་འབྱོར་ཆུང་འབྱོར་དང་། མཆོད་པའི་རྫས་གཞན་ཅི་ཡང་མེད་ན་ཐ་ན་ས་རྡོ་ཡན་ཆད་བསམ་པ་དག་པས་ཕུལ་ན་ཚོགས་རྫོགས་པའི་ལོ་རྒྱུས་ཡོད་དེ། སྔོན་ཁྱེའུ་གཉིས་ཀྱིས་ས་རྡུལ་སྤུངས་ཏེ་རིན་པོ་ཆེ་ཡིན་ཟེར་ཏེ་རྩེ་བར་བྱེད་པའི་སྐབས་ན་སངས་རྒྱས་བྱོན་པ་མཇལ་ཏེ་ས་རྡུལ་སྤར་གང་ལྷུང་བཟེད་དུ་ཕུལ་བས། ཅིག་ཤོས་ཆོས་རྒྱལ་མྱ་ངན་མེད་དང་། ཅིག་ཤོས་དེའི་བློན་པོར་གྱུར་ཏེ་འཛམ་བུའི་གླིང་དུ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཉིན་གཅིག་ལ་བྱེད་ནུས་པར་གྱུར་པ་ལྟ་བུ་ཡིན། གཞན་ཡང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་མེ་ལོང་ལ་སོགས་བྱིན་གྱིས་བརླབས་པའི་རྫས་བརྒྱད་དང་། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་སོགས་བཀྲ་ཤིས་པའི་རྟགས་བརྒྱད། དཔུང་གི་སྣ་འདྲེན་པའི་འཁོར་ལོ་རིན་པོ་ཆེ་སོགས་རྒྱལ་སྲིད་སྣ་བདུན་ཏེ་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པར་ཡིད་ཀྱིས་སྤྲུལ་ཏེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྣམ་རོལ་བཞིན་དུ་འབུལ་བར་དམིགས་པ་དང་། གཞན་ཡང་ཡིད་ཀྱིས་སྤྲུལ་པ་ལ་མ་ལྟོས་པར་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གདོད་ནས་གྲུབ་པ་གླིང་བཞི་རི་རབ་ཉི་ཟླ་བྱེ་བ་ཕྲག་བརྒྱའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་རྣམས་དང་། གཞན་ཡང་མ་བཀོད་རང་བྱུང་གི་རྣམ་ལྔ། ཤར་ཉི་ཟླ་གསལ་བའི་སྒྲོན་མེ། ལྷོ་ཙནྡན་ནགས་ཀྱི་བདུག་སྤོས། ནུབ་གངས་དཀར་མར་གྱི་ལྷ་བཤོས། བྱང་རྫ་ཆབ་སྔོན་མོའི་དྲི་ཆབ། འོག་ས་གཞི་མཛེས་པའི་མེ་ཏོག །སྟེང་གཡུ་འབྲུག་སྙན་པའི་རོལ་མོ་སོགས་དང་། གཞན་ཡང་སྟེང་ལྷ་ཡུལ་གྱི་ལོངས་སྤྱོད། འོག་ཀླུ་ཡི་ལོངས་སྤྱོད། བར་མི་ཡི་ལོངས་སྤྱོད་རྣམས་ཀྱང་བློ་ཡིས་བླངས་ཏེ་ཡོངས་སུ་འབུལ་ན་སྤྱོད་འཇུག་ལས། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅིང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཞེས་གསུངས་པ་ལྟར། བདག་གིས་མཆོད་པའི་དངོས་པོ་འདི་དག་ཐུགས་བརྩེས་བདག་གིར་བཞེས་ཏེ། རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་རྐྱེན་སྨོན་ལམ་ཡོངས་སུ་འགྲུབ་པ་དང་། འབྲས་བུ་བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ་སྙམ་ཏུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། ཨོཾ་བཛྲ་བྷུ་མི་སོགས་དང་། སྟོང་གསུམ་འཇིག་རྟེན་སོགས། ས་གཞི་སྤོས་ཆུས་སོགས། མཉེས་བྱེད་མཎྜལ་སོགས་དང། གཞུང་གི། བདག་གི་ལུས་དང་སོགས་ནས། སྟོབས་ཀྱིས་བཞེས་བར་དང་། མཆོད་པའི་སྤྲིན་གཟུངས་བཅས་འདོན། གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ལ། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་དགོས་པས། དང་པོ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། ལུས་ཀྱི་སྒོ་ནས་སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་། གཞན་གྱི་ནོར་བརྐུས་ཏེ་མ་བྱིན་པར་བླངས་པ། ཉེ་དུ་དང་གཞན་གྱི་ཆུང་མ་སོགས་མི་བདེན་པའི་རྫུན་སྨྲ་བ། མི་ཕན་ཚུན་མི་མཐུན་པར་དབྱེ་བའི་དབྱེན་གྱི་སྒོ་ནས་ཕྲ་མ་བྱེད་པ། གཞན་ལ་མི་སྙན་པའི་ཚིག་རྩུབ་སྨྲ་བ། དོན་མེད་ཀྱི་ངག་འཆལ་སྣ་ཚོགས་སྨྲ་བ་དང་བཞི། ཡིད་ཀྱི་སྒོ་ནས་གཞན་གྱི་ནོར་རྫས་ལ་བརྣབ་སེམས་སྐྱེས་པ། གཞན་ལ་ཞེ་སྡང་གི་སྒོ་ནས་གནོད་སེམས་སྐྱེས་པ། ལས་རྒྱུ་འབྲས་སོགས་མི་བདེན་སྙམ་དུ་ལོག་པར་ལྟ་བ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་དང་བཅས། དེ་ལྟ་བུའི་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་བོ་ཐོག་མ་མེད་པའི་དུས་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བྱས་ཤིང་བསགས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ་སྙམ་དུ་ཞེ་ཐག་པ་ནས་བཤགས་ཤིང་། གཞན་ཡང་ལུས་ངག་ཡིད་ཀྱི་མི་དགེ་བ་ཤིན་ཏུ་ཚབ་ཆེན་པོ་ཕ་དང་མ་བསད་པ། སློབ་དཔོན་དང་དགྲ་བཅོམ་པ་བསད་པ། རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་སྟེ། དེ་ལྔ་པོ་གང་བྱས་ཤིང་བསགས་ཀྱང་སྐྱེ་བ་གཞན་གྱི་བར་མཚམས་མེད་པར་དམྱལ་བར་སྐྱེ་ངེས་པས་ན་དེ་ལྟ་བུའི་མཚམས་མེད་ལྔ་ཡི་ལས་ངན་བསགས་པ་ཐམས་ཅད་སྙིང་ནས་བཤགས་དགོས་པ་དང་། དེ་ཙམ་དུ་མ་ཟད་མཚམས་མེད་དེ་དང་ཆ་འདྲ་བའི་ཉེས་པ་ཚབ་ཆེན་པོ། དགེ་སློང་དང་དགེ་ཚུལ་བསད་པ་དང་། དགེ་ཚུལ་མ་སོགས་བཙུན་པ་རྣམས་དཀའ་ཕབ་པ་དང་། སྐུ་གཟུགས་དང་མཆོད་རྟེན་ལྷ་ཁང་བཤིག་པ་རྣམས་ནི་ཉེ་བའི་མཚམས་མེད་ལྔ་སྟེ་ཉེས་པ་ཤིན་ཏུ་ཆེན་པོ། དཔེར་ན་སྔོན་མི་ཞིག་གིས་སྐུ་གཟུགས་ཕྱག་མཛུབ་མེད་པ་གཅིག་ལ་བལྟས་ཏེ། སངས་རྒྱས་མཛུབ་ཆད་དོ་ཞེས་བརྗོད་པས། དེ་མ་ཐག་ཏུ་ཁོ་རང་གི་མཛུབ་མོ་ཆད་སོང་བ་ལྟ་བུ་ཡིན། དེས་ན་དེ་ལྟ་བུའི་མི་དགེ་བའི་ལས་གང་བསགས་པ་ཐམས་ཅད་སྙིང་ཐག་པ་ནས་བཤགས་སོ་སྙམ་དུ་བཤགས་དགོས་ཀྱི། དེ་ལྟར་མ་བཤགས་ན་ནི་ལས་དེ་དག་རེ་རེས་ཀྱང་རྣམ་སྨིན་ཤིན་ཏུ་མི་ཟད་པ་མྱོང་དགོས་པའི་ཚུལ་གྱི་གཏམ་རྒྱུད་མང་དུ་ཡོད། ཁྱད་པར་ཆོས་སྤང་གི་ལས་མི་དགེ་བ་ཚབ་ཆེན་པོ། དཀོན་མཆོག་གསུམ་དཔང་པོར་བཞག་སྟེ་ཚད་མནའ་ལྡོག་གཏད་བྱེད་པ་དང་། གཞན་ཡང་དགེ་འདུན་འདུས་པའི་གཙུག་ལག་ཁང་དང་རྒྱལ་པའི་གསུང་རབ་བཀའ་དང་བསྟན་བཅོས་སོགས་རྟེན་གསུམ་ཁྱད་པར་ཅན་རྣམས་ལ་ཚད་བཙུག་སྟེ་མནའ་ཟོས་པ་སོགས་ཆོས་སྤང་གི་མི་དགེ་བའི་ལས་བྱས་ཤིང་བསགས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་སྙམ་དུ་བཤགས་དགོས། དེ་བཞིན་དུ་ངག་གི་ཉེས་པ་ཤིན་ཏུ་ཚབ་ཆེ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ་ན་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བསད་པ་བས་ཀྱང་སྡིག་པ་ཆེ་བར་མདོ་ལས་གསུངས་པ་ཡིན། དེའི་ཕྱིར་དོན་ཅི་ཡང་མེད་པར་སྡིག་པ་ཆེན་པོ་རི་རབ་ཙམ་བསགས་པ་རྣམས་དང་། ཡིད་ཀྱི་མི་དགེ་བ་ལ་ལས་རྒྱུ་འབྲས་མེད་པར་ལྟ་བའི་ལོག་ལྟ་འདི་ཤིན་ཏུ་ཚབ་ཆེ་སྟེ། ཆོས་དགེ་བའི་ཕན་ཡོན། སྡིག་པ་མི་དགེ་བའི་ཉེས་དམིགས་སོགས་ཅི་ཙམ་ཐོས་ཀྱང་དེ་ཙམ་མི་བདེན། ཁ་མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བའི་དཔེ་ལྟར་བཤད་ཚད་ཙམ་ཡིན་བསམ་པ་ནི་མཚམས་མེད་པ་ལྔ་བསགས་པའི་ཉེས་པ་བས་ཀྱང་ཚབ་ཆེ་བ་ཡིན་ཏེ། དཔེར་ན་སྔོན་དགེ་སློང་ལྷས་བྱིན་ལོག་ལྟའི་དབང་གིས་ས་གས་ནས་དངོས་སུ་དམྱལ་བར་སྐྱེས་པ་སོགས་ལོ་རྒྱུས་ཚད་མེད་པ་ཡོད། དེས་ན་དེ་ལྟ་བུའི་ཐར་མེད་ཀྱི་ལས་ངན་བསགས་པ་ཐམས་ཅད་ངོ་ཚ་དང་འཇིགས་སྐྲག་གནོང་འགྱོད་དྲག་པོའི་སྒོ་ནས་བཤགས་པར་བྱའོ། །དེ་ལྟར་ལུས་ངག་ཡིད་ཀྱི་མི་དགེ་བ་སྦྱི་དང་བྱེ་བྲག་གི་ཚུལ་དུ་བཤགས་ཏེ། ད་ནི་བཅས་པའི་ཁ་ན་མ་ཐོ་བ་ཕྱི་སོ་སོ་ཐར་པའི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་ཡོངས་སུ་བཤགས་ཏེ། ཇི་ལྟར་ན་ཕྱི་སོ་ཐར་གྱི་བསླབ་བྱ། རྩ་པའི་ཕམ་པ་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ལྟུང་བ་སྡེ་ལྔས་བསྡུས་པའི་ཕྱི་སོ་སོ་ཐར་པའི་སྡོམ་པ་ཉམས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། མཆོད་འོས་བསླུ་བ། འགྱོད་མེད་ལ་འགྱོད་པ་བསྐྱེད་དུ་འཇུག་པ། དམ་པ་ལ་སྐུར་བ་འདེབས་པ། འགྲོ་བ་ལ་གཡོ་རྒྱུ་བྱེད་པ་སྟེ་ནག་པོའི་ཆོས་བཞི་དང་། དེ་བཞིན་དུ་བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ། དཀོན་མཆོག་གི་དཀོར་འཕྲོག་པ། དམ་པའི་ཆོས་སྤོང་བ། སྡོམ་ལྡན་ལ་ཆད་པས་གཅོད་པ། མཚམས་མེད་ལྔ་དང་། ལོག་པར་ལྟ་བ་སྟེ་ལྔ་དང་། བྱང་ཆུབ་སེམས་དཔའི་བློན་པོ་ལ་འབྱུང་ཉེ་བ། བཤད་མ་ཐག་པའི་ལྟུང་བ་དང་པོ་བཞིའི་སྟེང་གྲོང་ལྗོངས། གྲོང་བརྡལ། ཡུལ་འཁོར་རྣམས་སུ་དམག་སྣ་དྲངས་ཏེ་འཇོམས་པ་དང་ལྔ། བྱང་སེམས་ཕལ་པ་ལ་འབྱུང་ཉེ་བ་ནི་རྒྱུད་མ་སྨིན་པའི་སྣོད་ལ་སྟོང་ཉིད་སྟོན་པ། ཐེག་ཆེན་པ་ཐེག་དམན་དུ་འཇུག་པ། ཐེག་དམན་གྱི་གང་ཟག་ཐེག་ཆེན་དུ་འཇུག་པ། ཉན་ཐོས་ཐེག་པ་ལ་ཐར་ལམ་མེད་པར་སྨྲ་བ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ། བཀུར་སྟིའི་ཆེད་དུ་སྟོང་ཉིད་རྟོགས་པར་སྨྲ་བ། དགེ་སློང་ལ་ཆད་པ་གཅོད་དུ་འཇུག་པ། སྤོང་བ་བསམ་གཏན་པའི་འཚོ་བ་ཀློག་པ་ཐོས་བསམ་པ་ལ་བསྒྱུར་ཏེ་སྦྱིན་པ་དང་བརྒྱད། དེ་དག་གི་སྟེང་དུ་སྨོན་འཇུག་གཉིས་སྤོང་བ་སྟེ་ལྟུང་པ་ཉི་ཤུ་པོ་གང་ཡང་རུང་བས་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཏུ་གྱུར་བ། རྡོ་རྗེ་སློབ་དཔོན་སྨོད་པ། རྒྱལ་བའི་བཀའ་ལས་འགལ་བ། མཆེད་གྲོགས་ལ་འཁོན་འཛིན་གྱིས་འཁུ་བ། བྱང་སེམས་སྤོང་བ། ཀུནྡ་འདོར་པ། གྲུབ་མཐའ་སྨོད་པ། གསང་བ་སྒྲོག་པ། ཕུང་ལྔ་ལ་མཚན་མར་འཛིན་པ། ཏིང་འཛིན་དག་པ་ལ་ཐེ་ཚོམ་ཟ་བ། ཞིང་བཅུ་ཚང་བ་མི་སྒྲོལ་བ། ཆོས་ཉིད་ཟབ་མོ་རྟོག་གེས་འཇལ་བ། སྐལ་ལྡན་ཡལ་བར་འདོར་བ། དམ་རྫས་དུས་སུ་མི་བརྟེན་པ། ཤེས་རབ་མ་ལ་སྨོད་ཅིང་སྤོང་བ་སྟེ་བཅུ་བཞི་དང་། མཚན་ཉིད་མི་ལྡན་པའི་རིག་མ་བསྟེན་པ། ཚོགས་འཁོར་གྱི་དུས་སུ་ལུས་ངག་རྩོད་པ། རིགས་ངན་མ་ལས་བདུད་རྩི་ལེན་པ། སྣོད་ལྡན་ལ་གསང་སྔགས་མི་སྟོན་པ། དད་པས་ཆོས་འདྲི་བ་ལ་ཚུལ་བཞིན་མི་སྟོན་པ། སྔགས་ལ་མི་དད་པའི་ནང་དུ་ཞག་བདུན་སོགས་སུ་འདུག་པ། རྟོགས་པའི་ཡེ་ཤེས་མི་ལྡན་ཀྱང་སྔགས་པར་རློམ་པ། སྣོད་མིན་ལ་གསང་སྔགས་སྟོན་པ་སྟེ་ཡན་ལག་གི་སྦོམ་པོ་བརྒྱད་ལ་སོགས་པའི་ལྟུང་བས་གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས་སོ་སྙམ་དུ་བཤགས་ཤིང་། གཞན་ཡང་རང་བཞིན་གྱི་མི་དགེ་བ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་མ་བླངས་ཀྱང་མི་དགེ་བ་བཅུའི་ལས་བསགས་པ་དང་། ཁྱད་པར་ཉེ་དུ་སོགས་ལ་མི་ཚངས་བ་སྤྱད་པའི་སྒོ་ནས་ལོག་པར་གཡེམ་པ་དང་། དྲན་པ་དང་ཤེས་བཞིན་ཉམས་ཏེ་བག་མེད་དུ་གྱུར་པའི་རྒྱུའི་གཙོ་བོ་ཆང་འཐུང་བ་སྟེ་མདོ་དང་བསྟན་བཅོས་རྣམས་སུ་ཆང་གི་ཉེས་པ་ཚད་མེད་པར་གསུངས་ཤིང་། ཆང་གི་རྒྱུས་ཉེས་པ་འབྱུང་བའི་ལོ་རྒྱུས་ཀྱང་མང་དུ་ཡོད། ཁྱད་པར་ཁ་དུད་སྣ་དུད་ཀྱི་དུག་རྫས་མི་དགེ་བ་ལ་ལོངས་སྤྱད་པའི་ཉེས་དམིགས་ཀྱང་། བཅོམ་ལྡན་འདས་ཀྱིས་འདུལ་བ་ལས། ཁ་དང་སྣར་རྔུབ་པའི་ལོག་འཚོའི་ཉེས་པ་བསམ་གྱིས་མི་ཁྱབ་པར་བཀའ་བསྩལ་བ་དང་། གཏེར་སྟོན་ཚད་ལྡན་རྣམས་ཀྱི་ལུང་རྣམས་སུ་ཡང་ཉེས་པ་མང་དུ་གསུངས་པ་སོགས་ཚད་མེད་པ་ཡོད། དེ་ལ་སོགས་པའི་རང་བཞིན་གྱིས་ཁ་ན་མ་ཐོ་བ་གང་དང་གང་བསགས་པ་ཐམས་ཅད་དང་། གཞན་ཡང་ཁྱིམ་པ་ཕོ་མོ་སོགས་ནས་ཀྱང་སྐྱབས་སྡོམ་དང་དབང་བསྐུར་ལ་སོགས་པ་ཇི་ཙམ་ཐོབ་ཀྱང་དེ་ཡི་བསྲུང་བྱ་སྡོམ་པ་དང་དམ་ཚིག་གི་རིམ་པ་རྣམས་ནི་སྲུང་མ་ཤེས་པའི་དབང་གིས་བཅས་པའི་ལྟུང་བ་མ་ཚོར་ཤུགས་ཀྱིས་ཕོག་པ་ཐམས་ཅད་སྙིང་ནས་ངོ་ཚ་དང་འཇིགས་སྐྲག་འགྱོད་པ་དྲག་པོའི་སྒོ་ནས་མཐོལ་ཞིང་བཤགས་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་བཤགས་པ་དང་། གཉིས་པ་སུན་འབྱིན་པའི་སྟོབས། སེམས་ལ་འགྱོད་པ་ཞིག་མེད་ན། ཁ་ཙམ་གྱིས་ཇི་ཙམ་བཤགས་མདོག་བྱས་ཀྱང་སྡིག་པ་མི་དགེ་པ་འདག་མི་ནུས་པས། སྔོན་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་གང་བྱས་ཤིང་བསགས་པའི་ལས་ལ་དཔེར་ན་ཁོང་དུ་དུག་སོང་བ་ལྟར་རང་ངོར་ལྟོས་ཏེ་ངོ་ཚ་བ་དང་། ཕྱི་མ་རྣམ་སྨིན་སོགས་ལ་འཇིགས་ཤིང་སྐྲག་པའི་སྒོ་ནས་འགྱོད་པ་ཆེན་པོའི་སེམས་ཀྱིས་བཤགས་དགོས་པ་ཡིན་ནོ། །གསུམ་པ་སོར་ཆུད་པ་ཉེས་སྤྱོད་སྡོམ་པའི་སྟོབས་ནི། ད་ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་ཞིག་མེད་ན་གནས་སྐབས་བཤགས་མདོག་བྱས་ཀྱང་སྡིག་པ་འདགས་མི་ནུས་པས་ད་ཕྱིན་ཆད་ནི་འཆི་བ་སྲོག་ལ་བབས་ཀྱང་སྡིག་པ་མི་དགེ་བའི་ལས་གང་ཡང་མི་བྱེད་སྙམ་དུ་དམ་བཅའ་དང་ཁས་ལེན་བྱེད་དགོས། དེ་ལྟ་བུའི་ཁས་ལེན་དེ་ཡང་། ཇི་སྐད་དུ། དམ་པས་ཁས་འཆེ་མང་པོ་མི་བྱ་སྟེ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ནམ་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་སྐྱེ་བོ་ཡ་རབས་ཀྱི་དམ་བཅའ་དེ་རྡོ་ལ་རི་མོ་བྲིས་པ་ལྟར་ཤི་ཡང་གཞན་དུ་མི་འགྱུར་བ་ཞིག་དགོས་མ་གཏོགས། ཕོ་ངན་གྱི་དམ་བཅའ་ཆུ་ལ་རི་མོ་བྲིས་པ་ལྟར་མ་བྱེད་གསུང་། བཞི་པ་རྟེན་གྱི་སྟོབས་ནི། བདེ་བར་གཤེགས་པ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་སྤྱན་སྔར་མཁྱེན་པ་གསོལ་ཞིང་བཤགས་ན། བདག་གི་རྒྱུ་སྡིག་པ་མི་དགེ་བའི་ཚོགས་འདི་ལས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། སྙམ་དུ་བཤགས་ན་བཤགས་ནུས་ཏེ། བཤགས་ན་འདག་པ་སྡིག་པའི་ཡོན་ཏན་ཟེར་བ་ལྟར། མདོ་སྡེ་ལས་རྣམ་འབྱེད་ལས། ཤིན་ཏུ་མི་ཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨད་པས་སྲབ་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩད་ནས་བཏོན་པ་བཞིན། །ཞེས་གསུངས་པ་དེའི་ཕྱིར་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པའི་ལས་ལ་འཇུག་པར་ཞུ་ཞེས་བསྐུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟག་པར་བླ་མ་སོགས་ཕྱག་དང་བཅས་ཏེ་ལྟུང་བཤགས་དང་། སྤྱི་བཤགས་གཉིས་ཚར་གསུམ་རེ་དང་། དེ་ནས་གཞུང་གི་ཕ་མས་ཐོག་དྲངས་སོགས་ནས། བྱིན་གྱིས་རློབ་པར་འདོན། ལུས་ཀྱི་ལས་ནི་སོགས་དང་། ཚུལ་ཁྲིམས་རྣམ་དག་གི་གཟུངས་ཚར་བདུན་གྱི་རྗེས། ཁྲིམས་ཀྱི་ཚུལ་ཁྲིམས་སོགས་དང་། གཞན་གནོད་གཞིར་བཅས་སོགས་ཀྱང་འདོན། བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། གཞན་དག་གིས་དགེ་བ་བྱེད་པ་མཐོང་བ་དང་ཐོས་པ་སོགས་ལ་ཁ་ཙམ་མིན་པར་སེམས་དགའ་སྤྲོ་དང་བཅས་ཏེ་རྗེས་སུ་ཡི་རང་བར་བྱས་ན། དེ་ཡི་དགེ་བ་ཚད་མེད་པར་ཐོབ་པ་མདོ་ལས་གསུངས་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བའི་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན། །ཞེས་གསུངས་པ་ལྟར། ཡུལ་གང་ལ་རྗེས་སུ་ཡི་རང་བར་བྱེད་ན་འཕགས་པའི་སྐྱེ་བོ་རྣམས་དང་། སོ་སོའི་སྐྱེ་བོ་དང་བཅས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་བའི་དགེ་བའི་རྩ་བ་ལམ་དང་འབྲས་བུའི་བསྡུས་པ་གང་སྒྲུབ་པ་ཀུན་ལ་སྙིང་ནས་དགའ་བས་རྗེས་སུ་ཡི་རང་ཞིང་ཁྱད་པར་ལུས་ངག་གི་དགེ་བཅུ་ཁྱད་པར་བས་བསྡུས་པ། ལུས་ཀྱི་སྒོ་ནས་སྲོག་གཅོད་སྤང་སྟེ་གཞན་གྱི་སྲོག་སྐྱོབ་པ་དང་། མ་བྱིན་ལེན་སྤང་སྟེ་དབུལ་ཕོངས་ལ་སྦྱིན་པ་གཏོང་པ། ལོག་གཡེམ་སྤངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་སྡོམ་པ་སྲུང་བ་དང་། ངག་གི་སྒོ་ནས་རྫུན་སྤང་སྟེ་བདེན་བར་སྨྲ་བ། ཕྲ་མ་སྤངས་ཏེ་ཕན་ཚུན་འཁོན་པ་སྡུམ་པ། ཚིག་རྩུབ་སྤང་སྟེ་གཏམ་ཐམས་ཅད་ཞི་དུལ་དྲང་པོར་སྨྲ་བ། ངག་འཆལ་སྤང་སྟེ་འདི་ཕྱིར་དོན་དང་ལྡན་པའི་ཆོས་ཀྱི་གཏམ་བརྫོད་པ། ཡིད་ཀྱི་སྒོ་ནས་བརྣབ་སེམས་སྤང་སྟེ་རྒྱུ་རྫས་ལ་འདོད་པ་ཆུང་ཞིང་ཆོག་ཤེས་པ། གནོད་སེམས་སྤང་སྟེ་བྱམས་པ་དང་སྙིང་རྗེ་བསྒོམ་པ། ལོག་ལྟ་སྤངས་ཏེ་རྒྱུ་འབྲས་ཟབ་མོའི་ཆོས་ལ་སྤྱོད་པ་སྟེ། དེ་ལྟ་བུའི་དགེ་བ་གང་བསྒྲུབ་པ་དེ་རྣམས་ཀུན་ལ་མི་དགའ་བའི་ཕྲག་དོག་སྤང་སྟེ་སྙིང་ནས་དགའ་བས་རྗེས་སུ་ཡི་རང་བ་ནི་དཔེར་ན་སྔོན་དབུལ་མོ་གྲོང་ཉུལ་མས་རྒྱལ་པོ་གསལ་རྒྱལ་གྱི་དགེ་རྩ་ལ་ཡི་རང་བ་ལྟར་དང་། ལྔ་བ་ཆོས་འཁོར་བསྐོར་བར་བསྐུལ་པའི་ཡན་ལག་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཞིང་གང་ན་རྒྱལ་བ་གང་དག་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་ཆོས་མི་གསུངས་པའི་ཚུལ་གྱིས་བཞུགས་པ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་མཛད་དུ་གསོལ་ཞེས་བསྐུལ་ཞིང་གསོལ་བ་འདེབས་ན། མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས་ཏེ་ཞལ་གྱིས་བཞེས་པར་མཛད་དུ་གསོལ་ཞེས། དཔེར་ན་སྔོན་སྟོན་མཆོག་ཐུབ་པའི་དབང་པོར་ཚངས་པ་དང་བརྒྱ་བྱིན་གྱིས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་དང་། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། སྔོན་སྟོན་པ་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདའ་བར་བཞེད་པ་ལ་དགེ་བསྙེན་ཙུནྡས་བཞུགས་པར་གསོལ་བ་བཏབ་པ་ལྟར། འཇིག་རྟེན་གྱི་ཁམས་གང་ན་རྒྱལ་བ་རྫོགས་བའི་སངས་རྒྱས་རྣམས་དང་། སྲས་བྱང་ཆུབ་སེམས་དཔའི་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་བའི་དགེ་བའི་བཤེས་གཉེན་གྱི་ཚོགས་དང་བཅས་པ་གང་དག་རེ་ཞིག་སྐུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ལ། བསྐལ་བ་གྲངས་མེད་པའི་བར་དུ་བཞུགས་པར་གསོལ་བའོ། །ཚོགས་བསགས་པའི་ཡན་ལག་བདུན་པ་བསྔོ་བའི་ཡན་ལག་ནི། གང་བསྔོ་རྒྱུའི་དགེ་རྩ་ནི་ད་ལྟ་ཡོངས་སུ་བསྒྲུབ་པར་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་གང་གི་ཆེད་དུ་བསྔོ་ན་འགྲོ་བ་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་སྟེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག་ཅེས་མཐར་ཐུག་རྫོགས་བྱང་ཐོབ་པར་བསྔོ་བ་དང་། གནས་སྐབས་སུ་ཡང་དེ་ལྟ་བུའི་དགེ་བ་བདག་གི་རྒྱུད་ལ་ཡོངས་སུ་སྨིན་ཏེ། ཚེ་འདིར་ཡང་དུས་མིན་གྱི་འཆི་བ་བཅོ་བརྒྱད་ཡོངས་སུ་ཞི་ནས་ཚེ་རིང་ཞིང་ནད་མེད་པར་འདོད་དགུའི་དཔལ་འབྱོར་རབ་ཏུ་རྒྱས་ཏེ་བདུད་དགྲའི་འཚེ་བ་མེད་པར་དམ་པའི་ཆོས་ལ་ཐོས་བསམ་སྒོམ་པས་ཡོངས་སུ་སྤྱོད་ཅིང་བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་སྟེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། དེའི་སྟོབས་ཀྱིས་འགྲོ་བ་སེམས་ཅན་ཀུན་ཀྱང་གནས་སྐབས་ཕན་པ་ལྷ་དང་མིའི་དཔལ་འབྱོར་དང་མཐར་ཐུག་བདེ་བ་བྱང་ཆུབ་ཆེན་པོར་འགོད་པ་སོགས་ཀྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་སྟེ་མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། གཞན་གྱིས་དགེ་བ་བྱེད་པ་སོགས་ནས། མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག་ཅེས་པའི་བར་འདོན་པར་བྱའོ། རྒྱུ་གསུམ་པ་གྲོགས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སྔར་སྦྱོར་བ་སེམས་བསྐྱེད་དམ་པའི་ཁོངས་སུ་འདུས་སོ། །ཐ་མར་དགེ་བ་མཇུག་གི་དོན། རྒྱུ་བཞི་བ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་འདེབས་པ་ནི། དེ་ལྟར་གྲོགས་བྱང་ཆུབ་སེམས་བསྐྱེད་ཀྱིས་ཀུན་ནས་བསླང་སྟེ། རྟེན་ཚོགས་ཞིང་གསལ་བཏབ་ཅིང་། རྒྱུ་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་པའི་དགེ་བའི་སྟོབས་ཀྱིས་བདག་དང་བདག་ལ་འབྲེལ་བ་ཐོགས་ཚད་ནམ་ཞིག་འདི་ནས་ཚེ་འཕོས་མ་ཐག་ཏུ་སྤྲུལ་པའི་སངས་རྒྱས་འོད་དཔག་མེད་དགེ་སློང་གི་དགེ་འདུན་གྱི་འཁོར་གྱིས་བསྐོར་ནས་མདུན་དུ་མངོན་སུམ་དུ་བྱོན་ཏེ་བསུ་བའི་སྣང་བ་ཤར་ཞིང་དེ་མཐོང་བའི་མོད་ལ། ཡིད་དགའ་ཡ་ལེ། སྣང་བ་སྐྱིད་དུང་ངེ་། རིག་པ་སྤྲོ་སང་ངེར་གྱུར་ཏེ་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ། ཤི་ནས་བར་དོའི་སྡུག་བསྔལ། ཕྱི་མ་ངན་འགྲོའི་སྡུག་བསྔལ་སྤུ་ཙམ་མེད་པར་གྲོགས་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་པོ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁའ་ཡངས་པའི་ལམ་ནས་འབྱོན་པར་མཛད་པ་དག་དང་འགྲོགས་ཏེ་སོང་ནས་ཞིང་མཆོག་བདེ་བ་ཅན་དུ་འགྲོ་བའི་ལམ་སྟོན་ཅིང་ལམ་སྣ་འདྲེན་པར་ཤོག་ཅེས་སྨོན་པ་དང་། དེ་ལྟར་བདེ་བ་ཅན་དུ་སྐྱེ་བའི་བར་ཆད་དུ་གྱུར་བ་ཆགས་ཞེན་གྱི་འཁྲི་བ་གཅོད་དགོས་པས། བཟོད་བརླག་མེད་པ་ངན་སོང་གསུམ་གྱི་སྡུག་བསྔལ་དང་། རྟག་བརྟན་མེད་པ་ལྷ་མིའི་བདེ་སྐྱིད་ལ་ཞེན་པ་སྤུ་ཙམ་མེད་པར་ཤིན་ཏུ་སྐྲག་པའི་བློ་སྐྱེས་ཏེ་ཡུན་རིང་འཁོར་བའི་སྡུག་བསྔལ་ཐོག་མཐའ་མེད་པ་འདི་ལ་སྐྱོ་བའི་སེམས་ཀྱིས་ཞེན་པ་ལོག་ཅིང་། ཁྱད་པར་ལྷ་མིའི་ལུས་རྟེན་ཙམ་ཐོབ་ཀྱང་དེང་སང་དུས་ངན་སྙིགས་མའི་མཐའ་ལ་ཐུག་པས་བདེ་བའི་གོ་སྐབས་མེད་ཅིང་རེ་ཞིག་བདེ་བ་ལྟར་སྣང་ཡང་དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ལ་ལོངས་སྤྱོད་པ་བཞིན་དུ་མཐར་ཐུག་སྡུག་བསྔལ་གྱི་རྒྱུར་གྱུར་བས་ཁྱབ་པ་འདུ་བྱེད་ཀྱིས་སྡུག་བསྔལ་དུ་ཤེས་ཏེ། འདོད་པ་སྤུ་ཙམ་མེད་པ་དང་། ཉེ་དུ་དང་ཟས་ནོར་མཐུན་གྲོགས་རྣམས་ཀྱང་འདུས་མཐའ་བྲལ་བའི་ཆོས་ཅན། བསགས་མཐའ་འཛད་པའི་ཆོས་ཅན་གྱི་མི་རྟག་སྒྱུ་མའི་ངང་ཚུལ་དུ་ཤེས་ཏེ་ཆགས་ཞེན་སྤུ་ཙམ་མེད་པ་དང་། ས་ཆ་དང་ཡུལ་རིས་ཁང་ཁྱིམ་རྣམས་ཀྱང་འདུག་པའི་གནས་མི་རྟག་སྟེ་ཤུལ་དུ་ལུས་པའི་ཆོས་ཅན། བརྩིགས་པའི་མཁར་མི་རྟག་པར་གྱང་རལ་དུ་འཇིག་པའི་ཆོས་ཅན་ཏེ། དཔེར་ན་ཡང་རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར་ཅི་ལ་ཡང་བདེན་མེད་དུ་ཤེས་ཤིང་། གང་ལ་ཡང་དགོས་མེད་དུ་ཤེས་ཏེ། ཐར་བའི་དུས་མེད་པ་འཁོར་བའི་བཙོན་དོང་ཆེན་པོ་འདི་ལས་དཔེར་ན་ཡང་ཉེས་ཆེན་གྱི་མི་བཙོན་ཁང་ནས་ཐར་བ་ལྟར་ཆགས་ཞེན་ཐམས་ཅད་སྤོང་དགོས་མ་གཏོགས། སྔོན་དགེ་ཚུལ་ཞིག་ལྷུང་བཟེད་ལ་ཆགས་པས་དེའི་ནང་དུ་སྦྲུལ་དུ་སྐྱེས་པ་དང་། བླ་མ་གཅིག་ཞིང་ཁམས་སུ་བྱོན་ཚེ་ཤུལ་དུ་གྲྭ་སློབ་རྣམས་ཀྱིས་རོལ་མོ་བརྡུང་བའི་སྒྲས་ཆགས་ཞེན་མ་ཆོད་པར་བར་དོར་འོ་བརྒྱལ་གཟིགས་པ་སོགས་ལོ་རྒྱུས་མང་དུ་ཡོད། དེས་ན་བྱ་རྒོད་པོ་སྙི་ལས་ཐར་བ་བཞིན་དུ་རྣམ་ཤེས་ཐོགས་མེད་རླུང་གི་ཤུགས་ཅན། དགེ་བའི་རླུང་གིས་བསྐྱོད། སྨོན་ལམ་གྱིས་མདུན་བསུས། དད་སྤྲོའི་ཤུགས་ཕྱུང་སྟེ་བྱ་ངང་པའི་རྒྱལ་པོ་འཕུར་ལྡིང་གཡོ་བ་ལྟར་དུ་འདི་ནས་ནུབ་ཀྱི་ཕྱོགས་རོལ་གྱི་ནམ་མཁའ་ཡངས་པའི་ལམ་ནས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་མྱུར་ཞིང་རིངས་པའི་ཚུལ་གྱིས་སྐད་ཅིག་ཡུད་ཙམ་ལ་བགྲོད་པར་བྱས་ནས་ཞིང་མཆོག་བདེ་བ་ཅན་དུ་ཕྱིན་པར་ཤོག་ཅིག །ཕྱིན་ནས་ཀྱང་སྐྱེ་གནས་བཞི་ཡི་མཆོག་ཏུ་གྱུར་པ་མེ་ཏོག་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེས་ཤིང་སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་ཕྱེས་ཏེ། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མཚན་དཔེའི་ཞལ་མཇལ། གསུང་ཚངས་པའི་དབྱངས་ཉན། ཐུགས་མཁྱེན་བརྩེའི་སྟོབས་ཀྱིས་དགོངས་ནས་དབུགས་དབྱུང་གསུང་གི་ལུང་བསྟན་ཐོབ་སྟེ་ཟབ་ཅིང་རྒྱ་ཆེའི་ཆོས་ཀྱིས་རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག་ཅིག །གཞན་ཡང་ཉི་མ་རེ་རེ་བཞིན་དུ་ཞིང་རབ་འབྱམས་གཞན་དང་གཞན་ནས་སངས་རྒྱས་དང་བྱང་སེམས་གྲངས་མེད་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་ལྟ་ཞིང་མཆོད་པའི་ཕྱིར་བྱོན་པ་དེ་དག་ལ་ཡང་བསྙེན་ཅིང་བཀུར་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་རྒྱ་ཆེན་པོ་ཐོབ་པ་དང་། གཞན་ཡང་དག་པའི་ཞིང་གཞན་དུ་འགྲོ་བར་སྨོན་པ་ནི་རྫུ་འཕྲུལ་ཐོགས་པ་མེད་པའི་སྟོབས་ཀྱིས་སྔ་དྲོའི་ཆ་ལ། ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་དང་། ལྷོ་ན་དཔལ་དང་ལྡན་པའི་ཞིང་། བྱང་ལས་རབ་རྫོགས་པའི་ཞིང་། དབུས་སྟུག་པོ་བཀོད་པའི་ཞིང་རྣམས་སུ་སོང་སྟེ། ཞིང་དེ་དག་ན་བཞུགས་པའི་སངས་རྒྱས་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་བ་དང་རྣམ་པར་སྣང་མཛད་དེ་རིགས་ལྔའི་སངས་རྒྱས་རྣམས་ལས་དབང་དང་བྱིན་རླབས་ཟབ་མོ་ཞུ་ཞིང་མཆོད་སྤྲིན་དུ་མས་མཆོད་པར་བྱས་ཏེ་ཕྱི་དྲོའི་ཆར་ཉེ་བ་ན་རང་གནས་བདེ་བ་ཅན་དུ་དཀའ་ཚེགས་མེད་པར་སླེབས་པ་དང་། དེ་བཞིན་དུ་ལྷོ་ཕྱོགས་ན་པོ་ཊ་ལ་དང་། བྱང་ཤར་ན་ལྕང་ལོ་ཅན་ལྷོ་ནུབ་ཏུ་རྔ་ཡབ་དཔལ་རི་ནུབ་ཕྱོགས་ན་ཨོ་རྒྱན་མཁའ་འགྲོའི་ཡུལ་སོགས་སྤྲུལ་པའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རྣམས་སུ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་རྡོ་རྗེ་རྣལ་འབྱོར་མ་སོགས་སྤྲུལ་བའི་རྣམ་རོལ་བྱེ་བ་ཕྲག་བརྒྱ་སོགས་མཇལ་ཞིང་། མཆོད་པ་རྒྱ་མཚོས་མཆོད་ནས་དབང་དང་གདམ་པ་ཟབ་མོ་ཞུས་ཏེ་མྱུར་དུ་རང་གནས་བདེ་བ་ཆེན་པོའི་ཞིང་དུ་ཐོགས་པ་མེད་པར་ཕྱིན་པར་ཤོག་ཅིགདེ་ཡང་འོད་མདོ་ལས། རྫུ་འཕྲུལ་སྟོབས་ཀྱིས་ཞིང་མང་སོང་ནས་ནི། །སངས་རྒྱས་བྱེ་བ་མང་ལ་མཆོད་བྱས་ཏེ། །བདེ་བར་གཤེགས་ལ་མཆོད་པ་བྱས་ནས་ནི། །དྲོ་ཁར་བདེ་བ་ཅན་དུ་སླར་ཡང་འོང་། །ཞེས་གསུངས་བ་ལྟར་རོ། །གཞན་ཡང་མ་དག་པའི་ཞིང་གི་གདུལ་བྱ་རྗེས་སུ་འཛིན་པར་སྨོན་པ་ནི་རང་གི་ཤུལ་གྱི་ཉེ་དུ་དང་གྲྭ་སློབ་སོགས་ཀྱང་ལྷ་ཡི་མིག་གིས་གསལ་བར་མཐོང་ནས་ཚེ་འདིར་སྲུང་སྐྱོབ་དང་བྱིན་གྱིས་བརླབ་ཅིང་། དེ་དག་འཆི་བའི་དུས་ཀྱི་ཚེ་ལམ་སྟོན་ལམ་སྣ་དྲངས་ཏེ་རང་གནས་བདེ་བ་ཆེན་པོའི་ཞིང་དེར་ཁྲིད་ནུས་པར་ཤོག་ཅིག །དེ་ལྟ་བུའི་ཚུལ་གྱིས་བདེ་བ་ཅན་གྱི་བསྐལ་པ་གྲངས་མེད་པའི་བར་དུ་ཞིང་དེར་རྟག་ཏུ་གནས་ཤིང་སྐབས་སྐབས་སུ་འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་བ་བྱམས་པ་མགོན་པོ་ནས་བཟུང་སྟེ་སངས་རྒྱས་མོས་པའི་བར་དུ་བསྐལ་པ་བཟང་པོ་འདི་ཡི་སངས་རྒྱས་རྣམས་ནམ་བྱོན་པའི་དུས་ཀྱི་ཚེ་རང་ཉིད་ཀྱང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཞིང་འདིར་འོང་སྟེ། སངས་རྒྱས་དེ་དག་རྣམས་ཀྱི་མཚན་དཔེའི་ཞལ་མཇལ་ཞིང་ཚངས་པའི་གསུང་གི་ཆོས་ཉན་ཏེ་སླར་ཡང་རང་གནས་བདེ་བ་ཆེན་པོའི་ཞིང་དེར་རྫུ་འཕྲུལ་ཐོགས་པ་མེད་པའི་སྟོབས་ཀྱིས་འགྲོ་ནུས་པར་ཤོག་ཅིག་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་སྟེ། བདག་དང་བདག་ལ་སོགས་ནས། །ཐོགས་པ་མེད་པར་འགྲོ་བར་ཤོག །ཅེས་པའི་བར་འདོན། གཞན་ཡང་ཞིང་གི་བཀོད་པའི་ཡོན་ཏན་ཡིད་ལ་བྱས་ཏེ་སྤྱིར་སྨོན་པ་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་གི་ཡོན་ཏན་དང་བཀོད་པ་ཐམས་ཅད་གཅིག་ཏུ་བསྡོམས་པ་བས་ཀྱང་ཆེས་ལྷག་པའི་ཞིང་ཁམས་བདེ་བ་ཅན་གྱི་ཡོན་ཏན་གྱི་ཁྱད་པར་ནི་བསམ་ལས་འདས་ཀྱང་རེ་ཞིག་མདོར་མཚོན་ཙམ་བརྗོད་ན། ཞིང་ཁམས་དེ་ཡི་ས་གཞིའི་ཁྱད་པར་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་བཟང་པོ་མེ་ལོང་གི་ངོས་ལྟར་ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བ། གསལ་ཞིང་འོད་ཟེར་འཕྲོ་བ་མནན་ན་ནེམ་ཞིང་བཏེག་ན་འཕར་བར་བྱེད་པ་དང་། ཤིང་གི་ཁྱད་པར་ཡང་རྩ་བ་གསེར་ལས་བྱས་ཤིང་སྡོང་པོ་དངུལ་ལས་གྲུབ་པ། ཡལ་ག་བཻ་ཌཱུརྱ་ལ་སོགས་པ་རིན་པོ་ཆེའི་རིགས་དུ་མ་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་དང་ལོ་འདབ་རྣམས་ལ་དར་ཟབ་གྱི་ཅོད་པན་དང་། འབྲས་བུ་ལ་རིན་པོ་ཆེ་སྣ་ཚོགས་པའི་དྲ་བ་དང་དྲ་ཕྱེད་གཡེར་ཁ་དང་དྲིལ་བུའི་འཕྱང་འཕྲུལ་གྱིས་བརྒྱན་པའི་སྟེང་དུ་ནེ་ཙོ་མི་སྐད་སྨྲ་བ་སོགས་བྱ་རིགས་སྣ་ཚོགས་པ་གཡུ་ཡི་མདོག་ལྟར་སྔོ་བ་བྱེ་རུའི་མདོག་ལྟར་དམར་བ་དུང་གི་མདོག་ལྟར་དཀར་བ་སོགས་ཀྱི་མགྲིན་པའི་ལམ་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྙན་པར་སྒྲོགས་པས་གང་བ་དང་། ཞིང་དེ་ཡི་ཆུ་དང་མེ་ཏོག་གི་བཀོད་པའི་ཁྱད་པར་ཡང་དྲི་ཞིམ་སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་གྱིས་གང་བའི་མཚོ་དང་རྫིང་བུ་ལྡིང་ཀ་དང་དལ་གྱིས་བབས་པའི་ཆུ་བོ་དང་། བདུད་རྩིའི་རང་བཞིན་ཅན་གྱི་ཁྲུས་ཀྱི་རྫིང་བུ་ཡིད་དུ་འོང་བར་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཐེམས་སྐས་དང་ཕ་གུས་མཛེས་པ་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་སྟོང་ལྡན། ཀུ་མུཏྟ་སོགས་དྲི་ཞིམ་གྱི་འབྲས་བུར་ལྡན་ཞིང་། པདྨའི་རྩེ་ལས་འོད་དང་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོ་བ་འོད་ཟེར་རེ་རེའི་རྩེ་ལས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་འཕྲོ་བ་སོགས་ཡ་མཚན་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། བཅུད་ཀྱི་ཁྱད་པར་ནི། ཞིང་མཆོག་དེ་ན་མི་ཁོམ་བརྒྱད་དང་། ངན་སོང་གསུམ་དང་དུག་ལྔ་དུག་གསུམ་ནད་གདོན་དབུལ་ཕོངས་སོགས་ཀྱི་མིང་ཙམ་མི་གྲགས་པ་དང་། རྟེན་དམན་པ་བུད་མེད་ཀྱི་རིགས་མེད་པ་ཀུན་ཀྱང་པདྨའི་སྦུབས་ནས་རྫུས་ཏེ་སྐུ་འཁྲུངས་ཤིང་ཐམས་ཅད་ཀྱང་སྐུ་ལུས་ཁྱད་མེད་གསེར་གྱི་མདོག་ཅན་དབུ་ལ་གཙུག་ཏོར་སོགས་མཚན་དཔེས་བརྒྱན་པ་ཐུགས་ལ་མངོན་པར་ཤེས་པ་ལྔ་དང་སྤྱན་ལྔ་ལྡན་པ་ཤ་སྟག་སྟེ་ངོ་མཚར་བའི་ཡོན་ཏན་དང་ལྡན་པ་དང་ཞིང་དེ་ཡི་གནས་ཁང་སོགས་ལོངས་སྤྱོད་ཀྱི་ཁྱད་པར་ཡང་མ་བྱས་རང་བྱུང་གི་གཞལ་མེད་ཁང་རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་རྒྱན་བཀོད་ཕུན་སུམ་ཚོགས་པ་དང་། གོས་རྒྱན་སོགས་ཡོ་བྱད་ཕུན་སུམ་ཚོགས་པ་རྩོལ་སྒྲུབ་ལ་མ་ལྟོས་པར་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་ང་ཁྱོད་ཀྱི་བདག་འཛིན་མེད་པ། གང་འདོད་ཀྱི་མཆོད་སྤྲིན་རབ་འབྱམས་བསམ་པ་ཙམ་གྱིས་ལག་པའི་མཐིལ་ནས་འབྱུང་ཞིང་ཐམས་ཅད་ཀྱང་བླ་མེད་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་སོགས་བདེ་སྐྱིད་ཀུན་འབྱུང་གི་ཞིང་ཁམས་ཆེན་པོ་དེ་ཡི་ཕྱོགས་དང་ཕྱོགས་མཚམས་རྣམས་ནས་དྲི་ཞིམ་པོའི་རླུང་གིས་བསྐྱོད་པའི་མེ་ཏོག་གི་ཆར་པ་སིལ་སིལ་དུ་འབབ་པ། གཞན་ཡང་ཐ་མལ་གྱི་བུད་མེད་མེད་ཀྱང་ཤིང་དང་པདྨོ་ཆུ་ཀླུང་སོགས་ལས་སྤྲུལ་པ་ཡི་ལྷ་མོའི་ཚོགས་ཀྱིས་གཟུགས་སོགས་ཡིད་འོང་གི་མཆོད་སྤྲིན་དུ་མས་རྟག་ཏུ་མཆོད་པ། གཞན་ཡང་གནས་མལ་གྱི་ཁྱད་པར་ཡང་འདུག་པར་འདོད་ཚེ་རིན་པོ་ཆེའི་གཞལ་ཡས་ཁང་དང་ཉལ་བར་འདོད་ཚེ་རིན་པོ་ཆེ་ལས་གྲུབ་བའི་མལ་ཁྲི་བཟང་པོ་ལ། དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས་པ་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་ཞིང་དེ་བཞིན་དུ་ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཁྱད་པར་ཡང་ཞིང་དེ་ན་སྤྲུལ་པའི་བྱ་དང་ལྗོན་ཤིང་ཆུ་ཀླུང་དང་རོལ་མོ་སོགས་ལས་ཀྱང་ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་ལྷང་ལྷང་སྒྲོག་ཅིང། ཏིང་འཛིན་ལ་འཇུག་པའི་སྐབས་སོགས་སུ་མི་འདོད་ཚེ་ན་སྒྲ་ཙམ་ཡང་རྣ་བར་མི་སྒྲོག་པ་དང་། གཞན་ཡང་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་དང་ཆུ་རླུང་དེ་དག་རྣམས་ཀྱང་དྲོ་གྲང་གང་འདོད་ཐམས་ཅད་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་བ་སོགས་ཡོན་ཏན་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཞིང་མཆོག་བདེ་བ་ཅན་དེ་རུ་ད་ལྟ་འདི་ནས་ཚེ་འཕོས་མ་ཐག་ཏུ་སྐྱེ་བ་གཞན་གྱིས་བར་མི་ཆོད་པར་སྐྱེ་བར་ཤོག་ཅིག་སྙམ་དུ་ཚེ་འདིའི་ཆགས་ཞེན་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་དེ་ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་འདུན་པ་དང་སྨོན་ལམ་རྣམ་པར་དག་པ་འདི་དུས་དང་གནས་སྐབས་ཐམས་ཅད་དུ་གལ་ཆེ། ད་ལྟའི་དུས་འདིར་གང་ལའང་མི་ཆགས་པ་དང་ཅིས་ཀྱང་དགོས་མེད་དུ་ཤེས་པ་ཞིག་མ་བྱུང་ཚེ། མི་འགའ་ཞིག་གིས་འཆི་ཁར་མི་ཆགས་ཟེར་ཡང་ཤིན་ཏུ་དཀའ་སྟེ་ད་ལྟ་བས་ཀྱང་འཆི་ཁ། འཆི་ཁ་བས་ཀྱང་བར་དོའི་རིག་པ་དགུ་འགྱུར་གྱིས་གསལ་བས་དེ་དུས་རྟོག་ངན་སྐད་ཅིག་ཙམ་གྱིས་ཀྱང་ལུས་ངན་རེ་བླང་སྟེ་སྡུག་བསྔལ་མི་ཟད་པ་མྱོང་དགོས་པའི་ཚུལ་གྱི་ལོ་རྒྱུས་མང་དུ་ཡོད། དེ་བཞིན་དུ་དགེ་བ་ཆེ་ཕྲ་ཅི་ཞིག་བསྒྲུབ་ཀྱང་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པ་འདི་ཤིན་ཏུ་གལ་ཆེ་སྟེ། ད་ལྟ་ནས་བསྔོ་སྨོན་གྱིས་མཚམས་མ་སྦྱར་ན་དགེ་བ་ཅི་ཙམ་བསྒྲུབས་པའི་གང་ཟག་ཡིན་ཀྱང་འཆི་ཁར་ལོག་སྨོན་རེས་མཚམས་སྦྱར་ན་ལུས་ངན་མི་ཟད་པ་བླང་སོང་བའི་ལོ་རྒྱུས་ཀྱང་མང་། དེས་ན་མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་ན། ཞི་བ་ལྷས། ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། །ཞེས་གསུངས་པ་ལྟར་རོ། །ད་ནི་ཞིང་གི་ཡོན་ཏན་གཙོ་བོར་གྱུར་པ་བསྟན་པ་འཛིན་ཅིང་ཞབས་འབྲིང་དང་བསྙེན་བཀུར་བྱེད་པར་སྨོན་པ་ནི། ཞིང་དེར་ད་ལྟ་དངོས་སུ་བཞུགས་པའི་སངས་རྒྱས་འོད་དཔག་མེད་དང་། ནམ་ཞིག་དེ་ཡི་རྒྱལ་ཚབ་སྤྱན་རས་གཟིགས་དང་དེ་ཉིད་མངོན་པར་སངས་རྒྱས་ཏེ་རྫོགས་པའི་སངས་རྒྱས་འོད་ཀྱིས་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་དང་། དེའི་རྒྱལ་ཚབ་དམ་པ་མཐུ་ཆེན་ཐོབ་དང་མཐར་དེ་ཉིད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བར་གྱུར་པ་སྟེ་དེ་དང་དེ་དག་རྣམས་ཀྱི་ཚེ་བསྟན་པ་ཡོངས་སུ་འཛིན་ཅིང་ཞབས་འབྲིང་དང་བསྙེན་བཀུར་ཡོངས་སུ་བྱེད་པར་ཤོག་ཅིག །ཅེས་དང་། དེ་ནས་མཐར་ཐུག་རང་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་སྨོན་པ་ནི། དེ་ནས་ནམ་ཞིག་བདག་རང་ཉིད་ཀྱང་ཞིང་དེ་ནས་ཚེ་བརྗེས་མ་ཐག་ཏུ་དག་པའི་ཞིང་ཁམས་དེའམ་དག་པའི་ཞིང་མཆོག་གཞན་ཞིག་ཏུ་མངོན་པར་སངས་རྒྱས་ནས་མགོན་པོ་འོད་དཔག་མེད་ཇི་ལྟ་བ་བཞིན་དུ་གྱུར་ཏེ་མཚན་ཐོས་པ་ཙམ་གྱིས་ཀྱང་འགྲོ་བ་ཀུན་སྨིན་ཅིང་གྲོལ་ནུས་ཤིང་སྤྲུལ་པ་གྲངས་མེད་པ་སྤྲོས་ཏེ་འགྲོ་བ་འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བ་དང་། གནས་སྐབས་སུ་ཡང་ཆོས་སྐུ་སྣང་བ་མཐའ་ཡས་དང་འོད་དཔག་མེད་སོགས་མཚན་གྱི་རྣམ་གྲངས་རྣམས་འཛིན་ཅིང་གསོལ་བ་བཏབ་པས་མེ་ཆུ་དུག་མཚོན་སོགས་འཇིགས་པ་ཆེན་པོ་བརྒྱད་ལས་གྲོལ་ནུས་པར་ཇི་སྐད་གསུངས་བའི་བདེན་འབྲས་བསླུ་མེད་མངོན་དུ་གྱུར་པར་བྱིན་གྱིས་རློབ་ཏུ་གསོལ་སྙམ་དུ་སྨོན་ལམ་གྱིས་རྒྱས་འདེབས་དགོས། དེ་ལ་སངས་རྒྱས་འོད་དཔག་མེད་ཀྱི་མཚན་བཟུང་བ་ཙམ་གྱིས་གནས་སྐབས་དང་མཐར་ཐུག་ཕན་བདེ་འབྱུང་བའི་ཡོན་ཏན་ཚད་མེད་པ་ཡོད་པར་འཆི་མེད་རྔ་སྒྲ་དང་ཚེ་མདོ་སོགས་མདོ་སྔེ་དུ་མ་ནས་ཡང་ནས་ཡང་དུ་རྒྱ་ཆེར་གསུངས་པས་ཞིང་ཁྲིད་རེ་ཐོབ་པའི་དོན་པོ་རེ། དུས་རྒྱུན་དུ་ཉི་མ་རེ་རེ་བཞིན་འོད་དཔག་མེད་ཀྱི་མཚན་ཉུང་མཐའ་ཡང་བརྒྱ་རྩ་རེ་ཙམ་མ་ཆགས་པར་འདོན་པ་དང་། དེ་ལྟར་རང་དོན་དུ་མི་ངོ་མི་བཅག་པར་ཁས་ལེན་རེ་བྱས་ན་རང་དྲིན་རང་ལ་ཆེ་བ་ཡིན། མདོར་ན་མདོ་ལས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་སངས་རྒྱས་འོད་དཔག་མེད་པའི་མཚན་བཟུང་ཞིང་རྒྱུ་བཞི་ཡོངས་སུ་གྲུབ་བའི་སྟོབས་ཀྱིས་བདག་གཞན་སེམས་ཅན་ཐམས་ཅད་ཞིང་མཆོག་བདེ་བ་ཅན་དུ་སྐྱེས་ཏེ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་བརྩེས་རྗེས་སུ་བཟུང་བའི་སྟོབས་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས། སྒྲིབ་གཉིས་རྣམ་པར་བྱང་སྟེ་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་བྱང་ཆུབ་མཆོག་གི་གོ་འཕང་མངོན་དུ་གྱུར་པར་ཤོག་ཅིག་སྙམ་དུ་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ཞེས་བསྐུལ་ཏེ། སངས་རྒྱས་བྱེ་བ་ཕྲག་ཁྲིག་སོགས་དང་། སངས་རྒྱས་སྐུ་གསུམ་སོགས་སྨོན་ལམ་འགྲུབ་པའི་མཐུན་འགྱུར་བདེན་ཚིག་དང་དཀོན་མཆོག་གསུམ་ལ་སོགས་གཟུངས་སྔགས། གཞན་ཡང་ཕྱག་གི་འགྱུར་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ་སོགས་འདོན་པར་བྱའོ། །འདིར་སྨྲས་པ། ལྗོངས་འདིའི་སྐལ་བཟང་འགྲོ་བའི་མགྲོན་ཆེན་ལ། །རྨད་བྱུང་བདེ་ཆེན་ལམ་བཟང་གསལ་བའི་གཉེན། །བདེ་ཆེན་ཞིང་ཁྲིད་ཉི་ཟླའི་དཀྱིལ་འཁོར་ཆེ། །ཐོག་མར་འདྲེན་པའི་ཤིང་རྟ་ཆོས་ཀྱི་དབང་། །གང་གི་གསུང་སྒྲོས་ཞལ་ནས་རྣ་བ་རུ། །མཉན་པའི་ཚུལ་ལུགས་དེ་འདྲ་མ་འཚལ་ཡང་། །འཁྲུལ་བྲལ་ཞལ་རྒྱུན་ཇི་བཞིན་པ་ཡི་ཚུལ། །མ་ཉམས་དྲན་དབང་རྒན་པོར་ངེས་ཇི་བཞིན། །ཤཱཀྱའི་དགེ་སློང་ཤར་ཕྱོགས་དྭགས་པོ་པ། །མདོ་སྔགས་བསྟན་པའི་ཉི་མར་མངྒ་ལས། །གསུང་བསྐུལ་མ་བཟློག་ཙམ་དུ་བྲིས་པའི་དགེས། །འགྲོ་ཀུན་བདེ་ཆེན་ཞིང་དེར་མངོན་གྱུར་ཅིག །སརྦ་མངྒ་ལཾ།
ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ཡུལ་མི་རྣམས་ལ་གཏམ་དུ་བྱ་བ་བཞུགས། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །རང་ཕྱོགས་ཡུལ་མི་རྣམས་ལ་གྲོས་ཤིག་འདེབས། །ལུགས་ཀྱི་ཆོས་ལས་རྒྱ་ཆེར་བཤད་ན་ཡང་། །དམན་པས་གོ་དཀའ་འདི་ཙམ་འཕྲལ་དུ་ཕན། །ཡུལ་མི་ཐམས་ཅད་སྐྱིད་ཡ་སྡུག་རོག་ཡིན། །ཁེ་ཕམ་རྒྱལ་ཁ་བརྩད་ཀྱང་དོན་སྒོ་ཆུང་། །འཐབ་རྩོད་ཉུང་ལ་ཕན་ཐོགས་མང་བར་གྱིས། །དེ་ལྟར་བྱས་ན་རང་སྐྱིད་རོགས་ཀྱང་སྐྱིད། །བཟའ་ཚང་མི་རྣམས་སྐྱིད་སྡུག་མཉམ་ཁུར་ཡིན། །བློ་སེམས་མཐུན་ན་རང་བདེ་རོགས་ཀྱང་སྐྱིད། །ཁ་འཐབ་མང་ན་རང་སྡུག་རོགས་ཀྱང་སྡུག །ཡུད་ཙམ་འདུས་ཚེ་ཅི་དགའ་ཅི་སྐྱིད་བྱ། །ཡུལ་མི་མཐུ་བསྡོང་རང་ཕྱོགས་བསྲུང་དགོས་པས། །འཐེན་ཁྱེར་མ་མང་བློ་སེམས་གཅིག་ཏུ་བསྟུན། །རང་རྐྱ་ཁེར་ཕེར་སུས་ཀྱང་མི་འོང་བས། །རང་དོན་རོགས་དོན་མཉམ་སྲུང་བྱས་ན་ལེགས། །ཕན་པ་ཕྱེད་པ་འོས་ཚོད་དྲིན་བཟོ་གྱིས། །བཟང་ངོ་མེད་ན་སུས་ཀྱང་ཕན་མི་འདོགས། །མི་སྲུན་བླུན་པོ་ཅི་ལྟར་འོས་པས་འདུལ། །ངན་པ་རང་དབང་ཆེ་ན་ཡུལ་དེ་རྒུད། །ཅུང་ཟད་ཙམ་གྱིས་དགའ་སྡུག་མི་སྐྱེན་པར། །སེམས་ཕུག་འཇམ་ན་ཐམས་ཅད་མཛའ་བཞིན་དགའ། །བུད་མེད་ངན་མ་བཞིན་དུ་དབྱེན་གྱི་ཁར། །མ་ཉན་བློ་རྒྱུད་བརྟན་ན་དུས་ཀུན་བདེ། །ཡོད་པོས་མེད་ལ་གཡར་པོ་ཁུང་བཟུང་གྱིས། །དེ་ལྟར་བྱས་ན་ཡོད་པོ་ཀུན་གྱིས་རྩི། །མེད་པོས་ཡོད་ལ་རོགས་དང་མངག་གཞུག་གྱིས། །དེ་ལྟར་བྱས་ན་མེད་ཀྱང་གཡར་ཁུང་རྙེད། །རང་ཤེས་རོགས་ཤེས་བསམ་དཔྱོད་མེད་པ་ཡི། །རང་འདོད་ཆེ་བའི་ཡུལ་དེར་བག་མི་ཕེབ། །བསམ་བཟང་ཤེས་པ་ཅན་གྱི་མི་མང་ན། །ཡུལ་དེ་བདེ་ཞིང་དམ་པའི་སྐྱེ་བོས་བསྟེན། །ཤེས་ཅན་ཡོན་ཏན་ཡོང་བ་ཀུན་གྱིས་བར། །ཤེས་མེད་བསམ་རྒྱ་ཆུང་བ་གྱི་ནར་ཞོག །སྟོན་པའི་རྗེས་འཇུག་ཇི་ལྟར་ཞན་ཡང་མཆོད། །སྙོམས་ཆུང་མ་ནུས་པ་ལ་ཅི་ཕན་བྱོས། །བཟང་ཕྱུག་སུ་བྱུང་རང་ཡུལ་བསོད་ནམས་ཡིན། །དེ་ལ་ཕྲག་དོག་བྱས་ན་རང་ཡུལ་བརླག །ངན་དབུལ་སུ་བྱུང་ལས་ཀྱི་བསྐོས་ཐང་ཡིན། །དེ་ལ་དམན་སྡང་བྱེད་ན་ཐ་ཤལ་རྟགས། །མཉམ་དུ་འགྲོགས་ན་རེད་དང་མ་རེད་བརྒྱ། །སུ་ལའང་འབྱུང་ཕྱིར་ཡུལ་མི་བཟའ་ཚང་ལ། །ཉེས་པ་ཅུང་ཟད་ཙམ་ལ་མི་འཐབ་པར། །བྱམས་པར་བསྐྱངས་ན་སླར་ཡང་མཛའ་བར་འགྱུར། །རྗེ་བོ་འཁུར་ཞིང་ཡུལ་མི་བློ་མཐུན་ལ། །དཀོན་མཆོག་གསུམ་ལ་བཀུར་སྟི་ཆེ་བ་དང་། །ཡ་རབས་བྱ་བར་དགའ་ཞིང་བསམ་དཀར་ཅན། །གང་དུ་མང་བའི་ཡུལ་དེ་དར་བར་འགྱུར། །རྐུ་ཁྲམ་རྫུན་གསུམ་སྤང་བ་ཀུན་ཡིད་ཆེས། །རྩི་འཚོ་སྐྱོང་གསུམ་མཁས་ན་ཀུན་དང་མཐུན། །བསགས་གཏོང་ཚོང་གསུམ་ཤེས་ན་འབྱོར་བ་འཕེལ། །དཔའ་གཉེན་ཚོད་གསུམ་ལྡན་ན་ཀུན་གྱིས་རྩི། །རང་རྒྱུད་དྲང་ན་ནམ་མཁའི་ལྷ་ཡང་མགུ། །མི་གཞི་བཟང་ན་ཐམས་ཅད་གཉེན་ལྟར་འདུན། །བསམ་པ་བཟང་ན་རང་གི་ལས་ལམ་དགེ། །ཤེས་པ་ཡོད་ན་རང་ལ་ཕུན་སུམ་ཚོགས། །བློ་ཁོག་ཡང་ན་འཐབ་རྩོད་ཉུང་ཞིང་སྐྱིད། །གཞན་ལ་གང་ཕན་བྱས་ན་རང་ཉིད་བདེ། །དཀོན་མཆོག་གསུམ་ལ་དད་ན་འདི་ཕྱིར་ལེགས། །བསོད་ནམས་ཚོགས་བསགས་བྱས་ན་བསམ་པ་འགྲུབ། །ཅིས་ཀྱང་འཆི་ངེས་ལས་འབྲས་བསླུ་མེད་པས། །རང་མཁོས་གང་ཡོད་དགེ་སྒྲུབ་སྡིག་སྤང་གྱིས། །བླང་དོར་འབྱེད་པ་དམ་ཆོས་ཐོས་ལས་འབྱུང་། །དམ་པ་བསྟེན་ཞིང་དམ་ཆོས་ཉན་ན་དགེ །དེ་བས་དེ་ལྟར་བཤད་པ་ཇི་བཞིན་དུ། །སེམས་ལ་བླང་ན་ཕན་དང་བདེ་བ་འཕེལ། །ཡུལ་གྱི་བདེ་ཐབས་ཅི་ཞིག་དགོས་ཞེས་སུ། །འདྲི་བ་དེ་ལ་འདི་ལྟར་སྟོན་པར་གྱིས། །མེ་སྤྲེལ་ཟླ་༩ཚེས་༢༠ལ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ།
ཀླ་ཀློའི་མུན་སེལ་ཉི་མ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ཀླ་ཀློའི་མུན་སེལ་ཉི་མ་བཞུགས། ཤཱཀྱ་སེང་གེ་ལྷ་ཡི་ལྷ། །བདུད་ཀྱི་བདུད་དང་དེའི་སྲས་མཆོག །བྱམས་དང་འཇམ་དབྱངས་བཅས་པ་ལ། །བཏུད་ནས་མུན་སེལ་ཉི་མ་བྲི། །བསམ་པ་ཡང་དག་ལྟ་ལྡན་ཅིང་། །སྦྱོར་བ་གཞན་ལ་མི་འཚེ་བར། །ཐར་ལམ་ཡང་དག་ལ་འདུན་པ། །ཤཱཀྱ་པ་ཡི་ཆོས་ལུགས་ཏེ། །འདི་ཟློག་དེ་ནི་ལྷ་མིན་ལུགས། །ཕྱིས་དུས་གཞོན་ནུའི་སྡེ་ཞེས་པ། །བསླབ་འཆལ་གནས་ནས་དབྱུང་བ་དེས། །བསྟན་ལ་གནོད་པའི་བསམ་པ་ཡིས། །རཧྨ་ཎ་བསྒྲུབ་འཚེ་བ་ཉིད། །ཆོས་སུ་སྨྲ་བའི་གཞུང་ལུགས་བརྩམ། །དེ་ལས་ཀླ་ཀློའི་ཆོས་ལུགས་བྱུང་། །ལོག་ལམ་ཤིན་ཏུ་ཚབ་ཆེ་བ། །མཚན་མོའི་སྨག་བཞིན་བདོ་མོད་ཀྱང་། །ཤེས་རབ་ཉི་མའི་སྣང་ལྡན་ལ། །ནམ་ཡང་བརྫི་བར་མི་ནུས་པས། །འདི་ལྟར་ལམ་དང་ལམ་མིན་པ། །ཡང་དག་རིགས་པས་ཕྱེ་ཞིང་གཟུང་། །དེ་ཡང་སྐྱེ་དགུ་ཐམས་ཅད་ནི། །བདེ་སྲེད་སྡུག་བསྔལ་འདོར་འདོད་པ། །འདི་འདྲའི་ཚུལ་ལ་འདྲ་བ་ཉིད། །དེ་ལྟ་ན་ཡང་སྲིད་པ་འདིར། །སྣ་ཚོགས་བདེ་དང་བདེ་མིན་འབྲས། །མ་འདྲེས་ཟ་འོག་རི་མོ་བཞིན། །རྣམ་པར་བཀྲ་བ་འདི་མཐོང་ནས། །རྟོག་དཔྱོད་ལྡན་པའི་སྐྱེ་བོ་རྣམས། །གཏན་བདེའི་འདུན་མ་གྲུབ་ཚུལ་ལ། །དཔྱད་ནས་གྲུབ་མཐའ་རྣམ་པར་བཞག །
༈ དེ་ལ་ལ་ལས་རྒྱུ་མེད་པར། །སྲིད་པ་ངོ་བོས་བྱུང་ཞེས་ཟེར། །རྒྱུ་མེད་དངོས་པོ་མ་མཐོང་ཞིང་། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བའི། །འཇིག་རྟེན་མངོན་སུམ་དང་འགལ་བར། །སྨྲས་ལ་ལེགས་པ་ཅི་ཞིག་ཡོང་། །གལ་ཏེ་ངེས་པར་རྒྱུ་མེད་བཞིན། །འབྲས་བུ་རྡོལ་ཐབས་འབྱུང་སྲིད་ན། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །དངོས་ཀུན་རྟག་ཏུ་ཡོད་པའམ། །འབྲས་བུ་རྒྱུ་ཡིས་མི་སྐྱེད་ན། །རྒྱུ་རྣམས་ཚོགས་ཀྱང་དོན་མེད་པས། །དངོས་པོ་ཐམས་ཅད་ནམ་མཁའ་ཡི། །མེ་ཏོག་བཞིན་དུ་མི་སྣང་འགྱུར། །གལ་ཏེ་དངོས་སུ་མཐོང་བ་ཡི། །འཇིག་རྟེན་འདི་ལ་ཕན་པ་ཙམ། །བསྒྲུབས་ཀྱི་དངོས་སུ་མ་མཐོང་བའི། །སྔ་ཕྱིའི་སྲིད་པ་མེད་སྙམ་ན། །དེ་འདྲ་མེད་པར་གང་གིས་ངེས། །མ་མཐོང་པ་ཡི་ཕྱིར་ཞེ་ན། །འཇིག་རྟེན་མ་མཐའ་མེད་པ་ན། །གནས་པ་ཀུན་གྱིས་མ་མཐོང་བར། །སྨྲ་བར་ནུས་པ་མ་ཡིན་ཏེ། །ལྷ་དང་རྣལ་འབྱོར་གྱིས་མཐོང་ཕྱིར། །བློ་མི་གཞན་པས་རྒྱང་ཕན་སོགས། །ཉི་ཙེས་མ་མཐོང་ཡང་དེས་ནི། །མེད་པར་ངེས་པ་མ་ཡིན་ཏེ། །ཡུལ་དུས་རང་བཞིན་བསྐལ་པའི་དོན། །མངོན་སུམ་སྤྱོད་ཡུལ་མིན་པ་གཞན། །ཡོད་པར་ཚད་མས་ངེས་ཕྱིར་རོ། །སྔ་མའི་སྲིད་པ་འགག་པ་དང་། །འདི་ཡི་སྣང་བ་གསར་སྐྱེ་ཞིང་། །ལས་སྣང་ཤིན་ཏུ་དབང་བཙན་པས། །བློ་ཡི་མཐུ་ནི་ཆུང་བ་རྣམས། །སྔ་ཕྱིའི་སྲིད་པ་མི་ཤེས་ཏེ། །མངལ་ན་གནས་དང་བཙས་དུས་ཀྱི། །བདག་གི་གནས་སྐབས་ཇི་འདྲ་བ། །ད་ལྟ་གསལ་པོར་མི་ཤེས་བཞིན། །དངོས་སུ་མཐོང་བ་འདི་ཙམ་ལས། །མ་མཐོང་བ་ཡི་སྲིད་པ་ཡི། །དོན་ལ་འཇུག་པར་མི་འོས་ན། །སང་གི་དུས་སོགས་མ་འོངས་པར། །བདག་གིས་ལོངས་སྤྱོད་བྱ་སྙམ་དུ། །ཟས་དང་ཡོ་བྱད་ཅི་ཕྱིར་འཚོལ། །བདག་ལ་སྲེད་པ་མ་བྲལ་བཞིན། །བདག་གི་དོན་ལ་བསླུས་གྱུར་པའི། །གྲུབ་མཐའ་ངན་པའི་གདོན་དེ་ཡང་། །རིགས་པའི་མེ་ཆེན་མཐོང་ན་འཚིག །
༈ གལ་ཏེ་རྒྱུ་ནི་ཡོད་ན་ཡང་། །ཚངས་སོགས་རྟག་པའི་རྒྱུ་གཅིག་གིས། །འཇིག་རྟེན་ཐམས་ཅད་བྱས་སྙམ་ན། །བྱེད་པོ་སྐྱེས་སམ་མ་སྐྱེས་གྲང་། །སྐྱེས་ན་དེའི་རྒྱུ་ཐུག་མེད་འགྱུར། །མ་སྐྱེས་པ་ལ་དོན་བྱེད་པའི། །དངོས་པོ་ཉིད་དུ་ཡོད་ཅེ་ན། །ནམ་ཡང་སྐྱེ་བ་མེད་པ་ཡི། །མོ་གཤམ་བུ་ཡང་འཇིག་རྟེན་གྱི། །བྱེད་པོ་ཉིད་དུ་ཅིས་མི་འདོད། །རྟག་པའི་རྒྱུ་ཡིས་འབྲས་སྐྱེད་ན། །ཐམས་ཅད་ཅིག་ཅར་སྐྱེད་འགྱུར་ཏེ། །རྟག་ལ་འགྱུར་བ་མེད་པའི་ཕྱིར། །སྔ་ཕྱིའི་རིམ་པ་མི་འཐད་དོ། །རྟག་ཀྱང་རྐྱེན་ལ་ལྟོས་པ་ན། །གཞན་དབང་ཉིད་དང་མི་རྟག་པར། །འགྱུར་ཞིང་རྟག་པ་དེ་མེད་ཀྱང་། །རྐྱེན་གྱིས་སྐྱེ་ཕྱིར་དེས་ཅི་བྱས། །སྣ་ཚོགས་སྣང་བའི་དངོས་པོ་རྣམས། །རིམ་གྱིས་འབྱུང་བར་མངོན་སུམ་པ། །འདི་ཡིས་རྟག་གཅིག་བྱེད་པོ་གཞན། །ཅི་ཡང་རུང་སྟེ་བསལ་བ་ཡིན། །
༈ རྟག་པས་དོན་བྱེད་མི་སྲིད་ལ། །དོན་བྱེད་ན་ནི་མི་རྟག་ཤེས། །དེ་ཕྱིར་དངོས་པོ་ཐམས་ཅད་ནི། །མི་རྟག་རྒྱུ་ལས་སྐྱེ་བར་གྲུབ། །དེ་འདྲའི་མི་རྟག་རྐྱེན་དེ་ཡང་། །གཅིག་པུ་བ་ཞིག་མི་སྲིད་དེ། །ཐ་དད་རྒྱུ་ཡིས་ཐ་དད་པའི། །འབྲས་བུ་བྱེད་པར་ཡང་དག་ཤེས། །དེ་ཡང་ཕྱི་ཡི་དངོས་པོ་རྣམས། །ས་བོན་ལས་ནི་མྱུག་སོགས་བཞིན། །རང་རང་རྒྱུ་ལས་སྐྱེ་བ་སྟེ། །རྒྱུ་མེད་སྐྱེ་བ་ནམ་ཡང་མིན། །ནང་གི་སྲིད་པའི་ཕུང་པོ་ནི། །སྔ་མ་སྔ་མ་རྒྱུ་ཡིན་ཅིང་། །ཕྱི་མ་ཕྱི་མ་འབྲས་བུ་སྟེ། །དེ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱིས། །མར་མེ་སོགས་བཞིན་འདི་ཡི་རྒྱུན། །རྒྱུ་ཚོགས་སྲིད་དུ་འགོག་མེད་སྣང་། །སྲིད་པའི་སྐྱེ་མཆེད་སྣ་ཚོགས་པ། །སྣ་ཚོགས་ལས་ཀྱིས་སྤྲུལ་ལོ་ཞེས། །ཐམས་ཅད་མཁྱེན་པས་གཟིགས་ཤིང་གདམས། །འདི་ལ་ཡིད་ཆེས་སྒོ་ཡང་སྣང་། །གང་ཕྱིར་སྐྱེ་བོ་འདི་ཐམས་ཅད། །སྣ་ཚོགས་རྣམ་པར་སྨིན་པ་ལ། །སྤྱོད་པ་འདི་ཡིས་འདི་ལ་རྒྱུ། །སྣ་ཚོགས་ཡོད་པར་རིགས་པས་ངེས། །ཅི་ཕྱིར་ཞེ་ན་རྒྱུ་མེད་དང་། །རྟག་གཅིག་རྒྱུ་ནི་མི་སྲིད་པས། །སྣ་ཚོགས་རྒྱུ་ཡིས་འདི་འཕང་པ། །ལྡོག་པ་མེད་པར་གྲུབ་ཕྱིར་རོ། །རྒྱུ་དེའང་སྐྱེ་བོ་རང་ཉིད་ཀྱི། །འདོད་པ་ཙམ་གྱིས་ཡིན་ན་ནི། །སུ་ཡང་སྡུག་བསྔལ་མི་འདོད་པས། །མི་རྟག་མི་འདོད་འབྱུང་མི་འཐད། །སོ་སོའི་ཞེ་འདོད་བསྒྲུབ་ཚུལ་གྱི། །དབང་གིས་འཇུག་པའང་མ་ཡིན་ཏེ། །འབད་ཀྱང་བསྒྲུབ་མི་ནུས་པ་དང་། །མ་འབད་གྲུབ་པ་མཐོང་ཕྱིར་རོ། །གཞན་གྱི་དབང་གིས་མ་ཡིན་ཏེ། །སྐྱེས་བུའི་བདེ་སྡུག་བྱེད་པོ་གཞན། །གཅིག་པུར་གྱུར་པ་དེ་འདྲ་ནི། །གནོད་པ་ཅན་གྱི་ཚད་མ་ཡིས། །ཡང་དག་ཁེགས་པ་ཉིད་ཕྱིར་རོ། །དེས་ན་འགྲོ་བ་སོ་སོ་ཡི། །ད་ལྟའི་སྲིད་པ་འདི་དག་ལ། །སྔོན་གྱི་རྒྱུ་ཉིད་རྗེས་སུ་དཔོག །དེ་ཡང་འགྲོ་བ་ཐ་དད་ཀྱི། །ཤེས་པའི་རྒྱུད་ནི་སོ་སོ་སྟེ། །གང་ཟག་གཅིག་ལ་ཤེས་པའི་རྒྱུད། །དུ་མར་ཡོད་པ་མྱོང་བས་བསལ། །ཤེས་ཉིད་ཤེས་པའི་རྒྱུན་ལས་ནི། །ས་སོགས་བེམ་པོ་ལས་སྐྱེ་བ། །ནམ་ཡང་སྲིད་པ་མ་ཡིན་པས། །ཤེས་པའི་ཡ་མཐའ་ཐུག་མེད་གྲུབ། །དེ་འདྲའི་ཤེས་པའི་རྒྱུན་དེ་ལ། །གང་གང་གོམས་པའི་བག་ཆགས་རྣམས། །ཚོན་བཞིན་ཡུན་རིང་འཇུག་པ་ནི། །ཚེ་འདིའི་མྱོང་བ་ཉིད་ཀྱིས་དཔོག །དེ་ཕྱིར་རྒྱུད་ནི་སོ་སོ་བའི། །སྐྱེ་བོ་འཇིག་རྟེན་གཞན་གཞན་དུ། །སྐྱེ་བ་དེ་ལ་གཞན་གྱི་ལས། །གཞན་ལ་རྗེས་སུ་འཇུག་མི་སྲིད། །ལས་གང་གཉེན་པོས་མ་བཅོམ་ཞིང་། །འབྲས་བུ་བྱུང་བས་མ་ཟད་པ། །ཤེས་པའི་རྒྱུན་ལ་དེའི་འབྲས་བུ། །ཚོགས་པ་རྙེད་ཚེ་ཅིས་མི་སྐྱེ། །བྱས་པའི་ལས་དེ་འགག་ན་ཡང་། །མ་འོངས་འབྲས་འབྱིན་ཅིས་མི་འཐད། །གཞོན་དུས་བྱ་བ་ལེགས་ཉེས་ལས། །རྒས་ཁར་བདེ་སྡུག་འབྱུང་བ་མཐོང་། །འབྲས་བུའི་རྣམ་པ་ཇི་སྙེད་པ། །སྔོན་སོང་རྒྱུ་ཡི་ཚོགས་པ་ལས། །སྐྱེ་ཞིང་སྣ་ཚོགས་རྒྱུ་ཡིས་ནི། །ནུས་པ་སྣ་ཚོགས་བསམ་མི་ཁྱབ། །རྒྱུ་ཚོགས་ཚང་ཞིང་གེགས་མེད་ན། །ས་བོན་ལས་ནི་མྱུ་གུ་བཞིན། །རྒྱུ་ལ་བརྟེན་ནས་འབྲས་འབྱུང་བ། །ནམ་ཡང་བསླུ་བ་མེད་པ་ཉིད། །
༈ སྔགས་བཟླས་པ་དང་བསམ་གཏན་དང་། །བདེན་ཚིག་བརྗོད་པ་སོགས་ལས་ཀྱང་། །སླད་མའི་ཚེ་ན་འབྲས་བུའི་ཆ། །རྒྱ་ཆེར་བསྐྱེད་པ་ཅིས་མ་མཐོང་། །མར་མེ་ལས་ནི་མུན་པ་བཞིན། །འབྲས་རྣམས་རྒྱུ་མིན་ལས་མི་སྐྱེ། །རྒྱུ་མིན་ན་ཡང་དེ་སྐྱེད་ན། །ཀུན་ལས་ཀུན་ཀྱང་འབྱུང་བར་འགྱུར། །དེ་ཕྱིར་རང་གི་སྒོ་གསུམ་གྱི། །གཡོ་བ་སྔ་མ་སྔ་མ་ཡིས། །རྣམ་སྨིན་ཕུང་པོ་ཕྱི་མ་གཞན། །འཕེན་པ་བཟོ་ཡི་འདུ་བྱེད་བཞིན། །དེ་ཕྱིར་འཇིག་རྟེན་སྣ་ཚོགས་འདི། །ལས་ལས་སྐྱེས་པ་ཡིན་ནོ་ཞེས། །བདེན་པར་སྨྲ་ཞིང་ཕན་བཞེད་པ། །ཀུན་གཟིགས་སྟོན་པ་མཆོག་དེས་གསུངས། །ཆུ་དང་ཟླ་འཛོམས་ཟླ་གཟུགས་བཞིན། །སྲིད་པ་གསུམ་པོ་མ་ལུས་ཀུན། །ལས་སྣང་གཟུགས་ཡིན་གོམས་པ་གང་། །རྐྱེན་དང་ཕྲད་པས་ཉེ་བར་གསལ། །འདི་ལ་ལུས་ཀྱི་རྒྱུ་བོར་ནས། །རྒྱུ་མེད་པ་དང་རྒྱུ་གཞན་པ། །ནམ་ཡང་འགྲུབ་པ་མི་སྲིད་པས། །ལས་ཉིད་འཇིག་རྟེན་རྒྱུ་རུ་ཤེས། །
༈ དེ་ཡང་རྣམ་སྨིན་མྱོང་བའི་ཆ། །མི་འདྲ་རི་མོ་བཞིན་བཀྲ་ཡང་། །འདོད་དང་མི་འདོད་བཏང་སྙོམ་སྟེ། །རིགས་འདི་གསུམ་ལས་འདའ་བ་མེད། །དེ་ལའང་འདོད་དང་མི་འདོད་པ། །ཕན་ཚུན་རྣམ་པ་འགལ་ཉིད་ཕྱིར། །འདི་ཡི་རྒྱུ་ཡང་འགལ་བར་ནི། །རིགས་པ་ཤེས་པ་རྣམས་ལ་གྲུབ། །སྣ་ཚོགས་སྐྱེ་བོ་འདི་ཀུན་ཀྱང་། །སྣ་ཚོགས་ལས་ལ་འཇུག་མཐོང་བས། །སྣ་ཚོགས་རྣམ་པར་སྨིན་པའི་གཟུགས། །འཛིན་པ་ཤིན་ཏུ་འཐད་པར་རྟོགས། །ལས་ལ་རྣམ་པ་མང་ན་ཡང་། །དགེ་དང་མི་དགེ་ལུང་མ་བསྟན། །རིགས་འདི་གསུམ་ལས་འདའ་བ་མེད། །དེ་ལ་ནུས་མེད་ལུང་མ་བསྟན། །ཕྱོགས་མེད་ངང་གིས་འཇུག་པས་ནི། །ཤེས་པ་རང་གི་རིགས་འདྲ་ཙམ། །སྐྱེད་ཀྱི་འདིའམ་གཞན་དག་ཏུ། །བདེ་སྡུག་འབྲས་བུ་མི་འབྱིན་ལ། །དགེ་དང་སྡིག་པ་བདེ་སྡུག་གི །རྒྱུ་རུ་སྟོན་པ་མཆོག་གིས་གསུངས། །འདི་ལ་རྣམ་ཀུན་འཐད་པ་མཐོང་། །ཆགས་བྲལ་སྐྱེ་བ་མ་མཐོང་ཞིང་། །སྐྱེ་ཀུན་བདག་ལ་ཆགས་བཅས་པ། །དེ་ཡི་དབང་གིས་སྡང་དང་སྙེམ། །སེར་སྣ་ལ་སོགས་ཀུན་འབྱུང་བ། །རྒྱལ་བས་དེ་ལ་སྨད་པའི་ཕྱིར། །ཉོན་མོངས་ཞེས་པའི་མིང་གིས་བསྟན། །ཉོན་མོངས་དེ་དང་ལྡན་པས་ན། །གསོད་དང་འཕྲོག་དང་རྫུན་སོགས་ཀྱི། །ལོག་པའི་ལས་ཀྱི་ལམ་ལ་འཇུག །འདི་འདྲའི་མི་དགེ་གང་ཡིན་པ། །བྱང་བ་ཙམ་གྱིས་རང་རྒྱུད་ལ། །ཟུག་རྔུ་བསྐྱེད་ཅིང་གཞན་དག་འཇོམས། །ངོ་ཚ་མེད་དང་ཁྲེལ་མེད་ཀྱིས། །གཉེན་པོའི་ཕྱོགས་ནི་འགྲིབ་པ་ན། །འདི་དག་ཇེ་བས་ཇེ་འཕེལ་ཞིང་། །གང་ན་འདི་ཡོད་རྒུད་པ་ཡོད། །ཚེ་ཐུང་དབུལ་ཞིང་སྡུག་བསྔལ་བའི། །ཕྱོགས་དུས་གང་དུ་སྙིགས་མའི་ཁར། །བབས་པ་དེ་ན་འདི་མང་ཞིང་། །དཔལ་དང་ལྡན་པར་འདི་དག་འགྲིབ། །དེ་ཕྱིར་འཚེ་བའི་ལས་རྣམས་གང་། །ལྟས་ངན་ཕུང་ཀྲོལ་ཆེན་པོ་པ། །འདི་ལས་བདེ་འབྲས་འདོད་པ་ནི། །སེམས་ལྡན་སུ་ཞིག་ཁས་ལེན་ཏེ། །གྲུབ་མཐའ་ངན་པའི་གདོན་ཞུགས་པས། །འདུ་ཤེས་ཕྱིན་ཅི་ལོག་གྱུར་པ། །སྨྱོན་པ་དང་འདྲ་ཀླ་ཀློའི་ལུགས། །མི་བཟད་དུག་འདི་ཟོ་ཞིག་དང་། །འདི་ལས་བདེ་བར་འགྱུར་ཞེས་པའི། །ཚིག་འདི་དང་ནི་དེ་ཡི་ལགས། །ཡིད་རྟོན་གནས་སུ་ངེས་པར་མཚུངས། །ཁོ་བོའི་ལུགས་དེ་བདེན་ཞེ་ན། །བདེན་པ་ཉིད་དུ་ཡིད་ཆེས་པའི། །རྒྱུ་མཚན་དེ་དག་ཅིས་མི་སྟོན། །རྒྱུ་མཚན་མེད་པ་སུ་ཡིད་ཆེས། །གལ་ཏེ་འཚེ་བ་ཆོས་ཡིན་ན། །ཉོན་མོངས་འཕེལ་བའི་སྐྱེ་བོ་རྣམས། །ངང་གིས་མི་དགེ་ལ་འཇུག་པས། །སུ་ཡང་བདེ་བས་ཕོང་མི་སྲིད། །གང་ན་གནོད་པ་མང་བ་ན། །སྡང་བའི་སྲོག་གཅོད་ལྷག་པར་འཕེལ། །གང་ན་དཔལ་འབྱོར་ཉུང་བ་ན། །སེར་སྣས་རྐུ་སོགས་འཕེལ་ཉིད་ཕྱིར། །ལས་ངན་དམན་པའི་འགྲོ་གནས་འདི། །ཁོ་ན་ཁྱོད་ཀྱི་ཆོས་ཀྱི་སྣོད། །གཅན་སྤྱང་ཤན་པ་སྨད་འཚོང་སོགས། །གང་ན་ཆགས་སྡང་རྨོངས་པའི་མཐུས། །ཤིན་ཏུ་མི་བཟད་ལས་བྱེད་པ། །དེ་དག་ཁྱོད་ཀྱིས་བརྟེན་བྱར་འགྱུར། །ཁྱོད་ཀྱི་ཆོས་ལ་གང་བརྟེན་པ། །འབྲས་བུ་ངན་པར་མ་ཟད་ཀྱི། །རྒྱུ་ཡང་ཤིན་ཏུ་མི་བཟད་པས། །སྦྲུལ་མང་གཟེབ་ཏུ་ཚུད་པ་བཞིན། །ཁྱོད་ནི་མ་འོངས་བདག་གི་དོན། །ད་ལྟའི་ལས་ཀྱིས་བསྒྲུབ་ནུས་པར། །ཁས་བླངས་ནས་ནི་མི་འཚེ་བ། །བདེ་རྒྱུ་མིན་པར་གང་ལས་འདོད། །འཚེ་མེད་ཆོས་སུ་འདོད་པ་ན། །འཚེ་བ་ཆོས་མིན་ཉིད་དུ་ངེས། །དེ་ཕྱིར་དེ་གཉིས་འགལ་བས་ན། །གཉིས་ཀ་ཆོས་སུ་རིགས་མ་མིན། །བཟང་པོའི་དུས་དང་བཟང་པོའི་ཕྱོགས། །གང་ན་ཡོད་པར་མི་འཚེ་བ། །འཕེལ་ཞིང་དེང་གི་དས་ན་ཡང་། །འདི་ལ་གནས་པས་རང་དང་གཞན། །ལུས་སེམས་ཟུག་རྔུ་མི་བསྐྱེད་པ། །བདུད་རྩི་ལྟ་བུའི་ཡིད་འོང་འདིས། །སྡུག་བསྔལ་བསྐྱེད་པའི་འཐད་པ་དེ། །གང་ཡིན་ཁྱོད་ཀྱིས་སྨྲ་བར་རིགས། །ཕན་པས་ཕན་པ་འགུགས་བྱེད་ཅིང་། །ནོར་གྱིས་ནོར་རྣམས་འགུགས་བགྱིད་པ། །འདི་ན་མྱོང་བས་གྲུབ་པ་དེ། །གཞན་དུ་མི་བདེའི་རྒྱུར་ཞེས་འགྱུར། །བློ་ནི་འདུ་བྱེད་གང་གོམས་པ། །དེ་རྗེས་འཇུག་པར་མྱོང་བས་ཤེས། །བདེ་བའི་དཔལ་དང་ལྡན་པ་རྣམས། །ངང་གིས་མི་དགེ་ཉུང་མིན་ནམ། །གང་ན་གསོད་སོགས་འཚེ་བའི་མི། །རྒྱལ་ཁྲིམས་སོགས་ཀྱིས་ཚར་གཅོད་ཅིང་། །རང་གཞན་ཀུན་གྱིས་སྨད་བྱ་དེ། །མ་མཐོང་བདེ་མྱུར་ཅི་ལྟར་འགྱུར། །འདིར་ནི་རང་གཞན་འཚེ་བའི་ཚོགས། །དེ་མེད་བདེ་བར་གནས་བགྱིད་ན། །མ་མཐོང་དུས་སུ་འདི་བསྣོལ་བ། །ཁྱོད་ལ་རྒྱུ་མཚན་གང་གིས་གྲུབ། །འཚེ་བ་ངོ་བོས་ཆོས་ཡིན་ན། །ལྷ་ལའང་འཚེ་བས་བསྒྲུབ་པར་འཐད། །ལྷ་ནི་ཀུན་གྱི་བདག་པོ་ན། །གཞན་ལ་འཚེ་བས་དེ་མི་མགུ། །གཞན་བསད་མཆོད་པས་དེ་མུག་ན། །ཁྱོད་བསད་པ་ལའང་ཅིས་མི་མགུ། །ཇི་ལྟར་རང་ལ་རང་བཞིན་དུ། །གཞན་ཀུན་བདག་ལ་བདག་གཅེས་པས། །དེ་གསོད་པ་ཡིས་བདག་བདེ་བ། །དེ་ལ་རྒྱུ་མཚན་ཅི་ཞིག་བདོག །རྣམ་ཤེས་ལུས་ཅན་མ་ཡིན་པས། །སུས་ཀྱང་གང་ད་གསོད་མི་ནས། །ལས་ནི་འཇིག་རྟེན་འདིར་འདོར་བས། །གཞན་དུ་ཁྱོད་ཀྱི་རྗེས་མི་འབྲངས། །ནོར་འཕྲོག་པ་དང་ལས་འཕྲོག་པའི། །རྣམ་སྨིན་གཞན་དུ་མྱོང་ན་ཡང་། །འདིར་ནི་དེ་ཡི་ཤ་ཁྲག་གམ། །ཡོ་བྱད་བདག་གིར་བྱར་ཡོད་ཀྱང་། །ཁྱོད་ཀྱིས་བསད་ལས་རྣམ་སྨིན་གཞན། །འདོད་པས་དེ་ཚུལ་ལེགས་དཔྱད་ན། །ཕ་རོལ་སྡུག་བསྔལ་མྱོང་བའི་ཆ། །ཁྱོད་ལ་བདེ་བའི་རྒྱུར་འགྱུར་གྲངས། །གཞན་བདེར་བྱས་པའི་རྒྱུ་མཐུན་ལས། །བདག་བདེ་བ་ཡི་འབྲས་མྱོང་བ། །འབྲས་རྣམས་རྒྱུ་ཡི་རྗེས་འགྲོ་བའི། །འཐད་པ་འདི་ལས་བཟློགས་ནས་སུ། །གཞན་སྡུག་བསྔལ་བས་བདག་བདེ་ན། །གཞན་བདེར་བྱས་ཀྱང་བདག་སྡུག་བསྔལ། །དེེ་ལྟ་ན་ནི་ཕན་བརྩོན་པ། །ཐམས་ཅད་ཆོས་མིན་ཉེས་པར་འགྱུར། །ཁྱོད་ཀྱི་ལྷ་དང་སྟོན་པས་ཀྱང་། །ཁྱེད་ཅག་དག་ལ་ཕན་སྦྱོར་ན། །དེ་དག་རྣམས་ཀྱང་རྣམ་ཀུན་ཏུ། །ཆོས་མིན་སྡུག་བསྔལ་རྒྱུ་རུ་འགྱུར། །ཁྱོད་ཀྱང་ཆོས་ནི་འདི་ཡིན་ཞེས། །གཞན་ལ་ཕན་ཕྱིར་སྟོན་པ་དང་། །དེས་ཀྱང་དེ་ལ་ཕན་ན་ནི། །དེ་ཡང་ཆོས་མིན་ཉེས་པར་འགྱུར། །ཤ་ཁྲག་མཆོད་སྦྱིན་བྱས་པ་ཡིས། །ཤ་ཟ་ལ་སོགས་མགུ་ནས་སུ། །གློ་བུར་གྲོགས་བྱེད་སྲིད་ན་ཡང་། །སྟོང་འགྱུར་རྣམ་སྨིན་ཟུག་རྔུས་འཚེ། །ཁྱོད་ནི་རྣམ་པ་ཐམས་ཅད་དུ། །རང་གཞན་སྡུག་བསྔལ་འབའ་ཞིག་ལ། །སྦྱར་ཀྱང་སྡིག་བྲལ་མི་སྲིད་པས། །རྩོམ་པ་དོར་ན་མི་མཛེས་སམ། །བསད་པས་གཞན་ལ་ཕན་སྙམ་ན། །གཞན་བདེའི་རྒྱུ་ལས་བདག་བདེ་བར། །འདོད་པ་མིན་ནམ་དེ་ལྟ་ནའང་། །བསད་པས་གསད་བྱ་ངེས་བདེ་ན། །རང་ཉིད་གཞན་ལ་གསོད་དུ་ཆུག །བསད་པའི་སྡུག་བསྔལ་མི་བཟོད་ན། །གཞན་གྱིས་ཀྱང་ནི་ཇི་ལྟར་བཟོད། །ལྷ་ཡི་མཐུ་ལས་བདེ་སྙམ་ན། །སྲིད་པ་འདི་ན་སུ་ཡང་རང་། །རང་འདོད་ཙམ་གྱིས་ཀུན་གྲུབ་པའི། །རྟག་པའི་བྱེད་པོ་མི་སྲིད་ཅིང་། །བརྩེ་བ་མེད་པར་རང་དོན་ལ། །ཆགས་པས་བསད་དེ་ཇི་ལྟར་ཡང་། །བདེ་བར་འགྱུར་བ་དཔྱད་མི་བཟོད། །ཆོས་ལྡན་རྒུད་པར་གྱུར་པ་དང་། །སྡིག་ཅན་བདེ་བར་གནས་པའང་། །སྔ་མའི་ལས་ཀྱིས་འཕང་བ་སྟེ། །ད་ལྟའི་ལས་འབྲས་ཕྱི་ནས་འབྱིན། །དཔྱིད་དུས་ས་བོན་བཏབ་ན་ཡང་། །སྐབས་དེར་བཀྲེས་པ་མི་སེལ་ལ། །ཁོང་དུ་དུག་སོང་བ་དག་ཀྱང་། །རེ་ཞིག་བདེ་བར་གནས་པ་བཞིན། །ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེས། །གནས་སྐབས་བདེ་བའི་མཆོག་སྦྱིན་པའང་། །རང་ལ་ལས་མེད་སྦྱིན་མི་ནུས། །ནུས་ན་ཀུན་ལ་ཅིས་མི་སྦྱིན། །དེས་ན་རྨོངས་པའི་ངག་གིས་ནི། །བསླུས་གང་ནད་མེད་བདེ་བའི་ཕྱིར། །དུག་ཆེན་ཟ་བ་ལྟ་བུ་ཡི། །འཚེ་བ་ཆོས་སུ་སྨྲ་བ་སྤོངས། །
༈ གང་ཞིག་ཁྱོད་ཀྱི་སྐྱབས་གྱུར་པའི། །ལྷ་དེ་སྡུག་བསྔལ་ཐམས་ཅད་ལས། །གཏན་དུ་ཐར་པ་ཡིན་ནམ་གཞན། །ཁྱོད་བཞིན་སླར་ཡང་དམན་པར་འགྱུར། །གལ་ཏེ་གཏན་གྱི་སྐྱབས་རུང་ན། །དེ་ལ་མི་འཇིགས་སུ་ཡིས་བྱིན། །དངོས་རྣམས་མི་རྟག་རང་བཞིན་དེ། །དེ་ཡང་རྐྱེན་ལས་སྐྱེ་མཐོང་བས། །སྐྱེ་ཀུན་རང་དབང་མེད་པ་ལ། །འདི་ནི་རང་དབང་གིས་འཇུག་ཅིང་། །རྒུད་པ་བྲལ་བའི་རྒྱུ་གང་ཡིན། །གསལ་པོར་སྨྲོས་ཤིག་བདེན་རློམ་ཅན། །རིགས་པས་ངེས་པ་མི་དགོས་པར། །ངག་ཙམ་གྱིས་ནི་ཁྱོད་འཛིན་ན། །ཅི་ཡང་རུང་སྟེ་བཟུང་བས་ཆོག །དེ་ལ་ཞེན་པས་ཅི་ཞིག་བྱ། །གཏན་ཚིགས་བཟང་པོ་མི་ཤེས་བཞིན། །སྲེད་པའི་ཡུས་ཀྱིས་ཁྱོད་གནས་ན། །ཁྱོད་ལ་གྲུབ་མཐས་ཅི་ཞིག་བྱ། །ལྟོ་འགྲང་ཙམ་གྱི་འབད་པ་བརྟེན། །ཁྱོད་ཉིད་བདག་ལ་ཆགས་པ་ལྟར། །ངར་འཛིན་མ་སྤང་ལྷ་གང་ཞིག །མཆོད་པས་མགུ་ཞིང་མ་མཆོད་པས། །མི་དགའ་དེ་ཡང་འཚེ་བ་ཡིས། །གཞན་བསད་ཤ་ཁྲག་ལ་དགའ་བ། །གཅིག་ཏུ་ཕན་པར་མི་བརྩོན་ཞིང་། །སྲིད་པའི་དབང་གིས་འཇུག་པ་ཅན། །འདི་ལ་རང་དབང་ཇི་ལྟར་ཡོད། །ཤ་ཟ་དེ་འདྲ་མཆོད་སྦྱིན་གྱིས། །རེ་ཞིག་མགུ་ཡང་འདོད་ལྡན་དེས། །ནམ་ཕུགས་ཁྱོད་ཀྱང་ཟར་བགྱིད་པ། །གཏོལ་མེད་འདི་ཀོ་སུ་ཡི་སྐྱབས། །དེ་འདྲའི་ལྷ་རུ་གཟུང་བྱ་དེར། །མཁྱེན་བརྩེ་ནུས་པ་ཡོད་དམ་མེད། །མཁྱེན་པས་ཕྱོགས་དང་དུས་གང་ན། །མཆོད་བསྟོད་སུས་བྱེད་དེས་མཐོང་ངམ། །མི་ཤེས་ན་ནི་དེ་མཆོད་པ། །འགའ་ཞིག་ཏུ་ནི་འབྲས་མེད་འགྱུར། །མཐོང་ན་ཤེས་བྱ་ཀུན་མཁྱེན་པའི། །རྒྱུ་མཚན་དེ་ཡང་ཁྱོད་ཀྱིས་སྨྲོས། །བརྩེ་བའི་བསམ་པ་ཅན་ཡིན་ན། །གསོད་པས་འདི་ཉིད་མགུ་བ་ཅི། །བརྩེ་བ་རིས་སུ་ཆད་ན་ནི། །ཀུན་ཀྱིས་མཆོད་བྱར་མི་རུང་ངོ་། །འདི་ལ་ནུས་པ་མེད་ན་ནི། །མཆོད་ཀྱང་འདི་ཡིས་ཅི་ཞིག་བྱ། །གཏན་དུ་སྐྱོབ་པའི་ནུས་ཡོད་ན། །ཐོག་མར་རང་ཉིད་གཏན་དུ་ནི། །བདེ་བའི་གནས་ཉིད་མ་ཐོབ་པར། །གཞན་དག་གཏན་བདེར་མི་ནུས་པས། །འདི་ཉིད་གཏན་དུ་བདེ་བ་ཡི། །གཏན་ཚིགས་དེ་ཡང་ཁྱོད་ཀྱིས་སྟོན། །འདི་ཉིད་གཏན་དུ་བདེ་བ་ལ། །རྒྱུ་མེད་པ་ནི་མི་སྲིད་ཅིང་། །རྒྱུ་ཡོད་ན་ནི་དེ་ཡི་རྒྱུ། །གང་ཡིན་དེ་ཡང་ཅིས་མི་སྨྲ། །བདེ་སྡུག་བྱེད་པོ་གཞན་ཡོད་ན། །འདི་ལ་རང་དབང་ཡོད་པ་མིན། །འདི་འདྲ་གཅིག་པ་བྱེད་པོ་ནི། །ཡིན་པ་སྔར་ཉིད་རིགས་པས་བཀག །སྒྲུབ་བྱེད་མེད་ལ་གནོད་པ་ཅན། །ངག་རྒྱུན་ཙམ་ལ་ཡིད་རྟོན་ན། །ངག་དེ་ཉིད་ཀྱིས་ཁྱོད་བསླུས་པར། །ལེ༵གས་པ༵ར་དཔྱ༵ད་ན་ཅིའི་མི་རྟོགས། །དངོས་སྟོབས་རིགས་པས་མ་གྲུབ་ན། །ཐབས་དང་འཕྲུལ་གྱི་རྣམ་པ་ཡིས། །བྱིས་པ་བསླུ་བའི་གཡོ་སྒྱུ་ཀུན། །བསྟན་ཀྱང་དེ་དོན་སྒྲུབ་མི་ནུས། །ཡང་དག་རིགས་པས་གྲུབ་པ་ཡིས། །སྒྲོ་འདོགས་ནང་ནས་ཆོད་པ་དེར། །ཕྱི་ནས་ལྷར་བཅས་འཇིག་རྟེན་གྱིས། །གཞན་དུ་དྲངས་ཀྱང་བསླུ་བར་ཤེས། །མཁྱེན་པ་མེད་དང་བརྩེ་མེད་པ། །ནུས་མེད་དེས་ཀོ་སུ་ལ་ཕན། །འབྱུང་པོ་ཕལ་བཞིན་འགའ་ཞིག་ཏུ། །ཕན་ཀྱང་གཏན་གྱི་སྐྱབས་མ་ཡིན། །འཇིག་རྟེན་ཁམས་ན་རྒྱུ་བ་ཡི། །གདོན་ཆེན་རྣམས་ནི་སྣ་ཚོགས་པའི། །གཟུགས་ཀྱིས་འགྲོ་བ་སླུ་བྱེད་པ། །རྨོངས་པས་དེ་ལ་ལྷ་ཞེས་འཛིན། །
༈ འདི་ལྟར་ཉེས་པ་མ་ལུས་པའི། །རྩ་བ་བདག་ཏུ་ཆགས་པའི་བློ། །དེ་ཡང་ཡུལ་ལ་མངོན་ཞེན་ལས། །བྱུང་ཕྱིར་བདག་དེ་བརྟག་པ་ན། །ཐོ་ཡོར་ལ་ནི་མི་བློ་བཞིན། །འཁྲུལ་པར་ཤེས་ཤིང་དེ་གོམས་པས། །འཇིག་ཚོགས་ལྟ་བ་ལྡོག་པ་ན། །དེ་ལས་བྱུང་བའི་ཉོན་མོངས་ཀུན། །ལྡོག་པར་དངོས་སྟོབས་རིགས་པས་གྲུབ། །བདག་མེད་དེ་འདྲ་མཐོང་བ་ནི། །བུད་ཤིང་ཟད་པའི་མེ་བཞིན་དུ། །སྡུག་བསྔལ་ཀུན་ལས་གཏན་དུ་འདའ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །འདི་ལས་ཕྱི་རོལ་གྱུར་པའི་ཕྱོགས། །སུ་ཡང་རང་སྟེ་ཐར་པ་མེད། །གང་ཕྱིར་བདག་ལ་ཆགས་པའི་བློ། །ཡོད་པ་སྲིད་དུ་རྨོངས་པ་ཡིས། །ཉོན་མོངས་ལས་དང་དེའི་འབྲས་བུ། །སྲིད་པའི་ཕུང་པོ་རྒྱུན་འཇུག་ཕྱིར། །དེ་ཕྱིར་བདག་མེད་ལམ་སྟོན་པ། །སྟོན་པ་མཚུངས་པ་མེད་པ་དེ། །གཏན་གྱི་སྐྱབས་སུ་གྲུབ་པ་ན། །དེ་ཡི་བསྟན་དང་དེ་འཛིན་ཉིད། །མཆོག་གསུམ་ཡང་དག་གྲུབ་པ་ཡིན། །ཡང་དག་ལྷ་དང་འཚེ་མེད་ཆོས། །ཐར་པའི་ལམ་ནི་གང་ཡིན་པ། །ཁྱོད་ཀྱི་ལུགས་ལ་མི་སྲིད་པས། །ཁྱོད་ལ་སྐྱབས་གསུམ་མེད་པར་ཤེས། །ལམ་ནི་ཡང་དག་མ་གྲུབ་ན། །དེ་སྟོན་པ་དང་དེར་ཞུགས་པ། །དག་པ་ཉིད་དུ་མི་འགྱུར་ཏེ། །དུག་ཅན་ཤིང་གི་འབྲས་བུ་བཞིན། །འཇིག་རྟེན་ལས་ལས་སྐྱེས་པ་དང་། །ལས་ཀྱང་དགེ་དང་མི་དགེ་བ། །རིམ་པས་བདེ་སྡུག་དག་གི་རྒྱུར། །གསུངས་པ་འདི་ལ་ཚད་མ་ཡིས། །གནོད་པ་ནམ་ཡང་མི་སྲིད་ལ། །འཐད་པའི་སྒོ་ཡང་མཐོང་བ་དང་། །སྟོན་པ་འདི་ཡིས་གང་གསུང་ཀུན། །དཔྱད་པ་གསུམ་གྱིས་དག་པར་མཐོང་། །ནང་གི་རྒྱུ་འབྲས་འཕེལ་ཆེ་ཞིང་། །ལས་འབྲས་སོ་སོའི་རྣམ་བཞག་མཐའ། །ཚུར་མཐོང་བསམ་པར་མི་ནུས་ཞེས། །ཡང་དག་གསུང་གིས་བསྟན་པ་དེར། །ཕུན་ཚོགས་རྒྱུ་དང་དེ་ཡི་གསུང་། །ཉིད་ལས་ཀུན་མཁྱེན་ཉིད་ངེས་པས། །ཀུན་མཁྱེན་དེ་ཡི་འདི་མཁྱེན་ཞེས། །སླར་ཡང་ཡིད་ཆེས་རྣམ་པར་འཕེལ། །སྨན་དང་སྔགས་དང་རྫས་སོགས་ཀྱིའང་། །ནུས་པ་བདག་གིས་མ་ཤེས་ཀྱང་། །མངོན་ཤེས་ལྡན་པས་བསྟན་པ་ལྟར། །ཞུགས་ལ་འབྲས་བུ་བསླུ་མེད་བཞིན། །ཐུབ་པ་མཆོག་གི་གསུང་རྣམས་ནི། །ལྐོག་ཏུ་གྱུར་ལ་མི་བསླུ་བར། །མཐོང་བས་གནས་གསུམ་ལ་དཔྱོད་ཚེ། །བརྩེ་ལྡན་མཆོག་གི་སྣང་བ་ལེན། །རྒྱལ་བ་མཆོག་གི་གཟུགས་སྐུ་ནི། །སེམས་དག་པ་ཡིས་རྟག་ཏུ་མཐོང་། །འདི་མཐོང་པ་ལ་ཡོན་ཏན་ཆ། །བསམ་མི་ཁྱབ་པ་མངའ་བའི་ཕྱིར། །བསོད་ནམས་ཤིན་ཏུ་བསགས་པ་དང་། །རྩེ་གཅིག་ཡང་ནི་དག་པ་ལས། །གཞན་དུ་མཐོང་བར་དཀའ་བ་སྟེ། །ཡིད་བཞིན་ནོར་བུའི་གཏེར་བཞིན་ནོ། །ནོར་འཁྲུལ་བྲལ་བའི་ཤེས་རབ་གང་། །བརྩེ་བའི་ཤུགས་དང་འགྲོགས་པ་ཡི། །ཏིང་འཛིན་རྣམ་པ་མང་སྦྱངས་ན། །དག་པ་རབ་ཀྱི་མཐར་ཐུག་པའི། །ཡེ་ཤེས་སྐྱེ་བར་དངོས་སྟོབས་ཀྱི། །རིགས་པས་ཡང་དག་གྲུབ་དེའི་ཕྱིར། །ཐམས་ཅད་གཟིགས་པའི་སྐྱོབ་པ་ནི། །མདུན་ན་གནས་བཞིན་ཡོད་པར་ཤེས། །ད་ལྟ་མ་མཐོང་པས་མེད་ན། །རང་གི་ལས་ཀྱི་དོན་སྙིང་སོགས། །ཁྱོད་ཀྱིས་ད་ལྟ་མི་མཐོང་བས། །དེ་ཡང་མེད་པར་འདོད་མ་ཅི། །ཁྱོད་ཀྱི་ལྷ་དང་སྟོན་པ་དང་། །ཀུན་གྱི་སྤྱོད་ཡུལ་མ་གྱུར་ལ། །མིག་འཕྲུལ་ཐབས་ཀྱིས་མཐོང་བྱས་ཀྱང་། །འཁྲུལ་ཕྱིར་དེ་ཡོད་རྒྱུ་མཚན་མིན། །སྔོན་ཆད་ཤི་བའི་མི་ལ་སོགས། །མདུན་ན་གསལ་པོར་མཐོང་བ་དང་། །ཡིན་མིན་བསྣོལ་ཏེ་མཐོང་ནུས་པས། །མཐོང་བ་དེ་འདྲས་ཅི་ཞིག་འགྲུབ། །ཆུ་བུར་མིག་གི་ཡུལ་གྱུར་པ། །ཉི་ཟླ་དང་ནི་འབབ་ཆུ་སོགས། །གུ་ལང་ལ་སོགས་ལྷ་མིན་ཏེ། །ལས་ཀྱིས་བསྒྲུབ་ཕྱིར་མགྲོན་གནས་བཞིན། །འཇིག་རྟེན་མུ་དང་མཐའ་མེད་པ། །ཀུན་གྱི་སྐྱབས་སུ་རུང་བ་ཞིག །གཏན་སྐྱབས་ཡིན་ཏེ་གཞན་དུ་ན། །མི་གཙང་ལུད་ཕུང་ཆེན་པོ་ཡང་། །སྐྱབས་སུ་ཐལ་ཏེ་ཕག་པ་སོགས། །སེམས་ཅན་འགའ་ཞིག་ལ་ཕན་ཕྱིར། །རྫས་དང་སྔགས་ཀྱི་འཁྲུལ་འཁོར་ལས། །སྣང་བ་སྣ་ཚོགས་འཆར་བ་ནི། །རྟེན་ཅིང་འབྲེལ་བའི་ཆོས་ཉིད་དེ། །དེ་ལ་གྲུབ་མཐའི་དབྱེ་བ་མེད། །གང་ཕྱིར་ཆོ་ག་དེ་ཤེས་པའི། །གང་ཟག་སུས་ཀྱང་དེ་ལྟར་ནི། །བགྱིད་པར་བཏུབ་ཕྱིར་འདི་འདྲ་ལས། །ཁྱོད་ལ་ཡིད་བརྟན་སུ་ཞིག་འཆའ། །མིག་འཕྲུལ་སྣང་བ་སྣ་ཚོགས་ཀྱིས། །གནམ་ས་བླ་འོག་བསྒྱུར་ན་ཡང་། །འཁོར་རྒྱུ་བདག་ཏུ་འཛིན་པ་ལ། །གནོད་མེད་ཉིད་ཕྱིར་ཐར་མི་ནུས། །གལ་ཏེ་ཐབས་ཀྱིས་སྐད་ཅིག་ལ། །བདག་འཛིན་རྩད་ནས་གཞོམ་ནུས་ན། །ཐབས་གཞན་མང་པོས་ཅི་བྱ་སྟེ། །ཐབས་དེ་ཁོ་ན་འབད་པས་སྟོན། །རྫས་དང་སྔགས་སོགས་རྟེན་འབྲེལ་ལས། །དགོས་པ་ཕྲ་མོ་འགྲུབ་སྲིད་ཀྱང་། །གཏན་དུ་འཆི་བ་མེད་པ་ཉིད། །ནུས་ན་ཁྱོད་ལ་འང་མཁོའོ། །ཕྱི་ཚུལ་གང་དང་གང་གིས་ཀྱང་། །ཚེར་མ་འདོན་པའི་ཚུལ་གྱིས་སུ། །ནང་གི་ཉོན་མོངས་མི་སེལ་ལ། །ཉོན་མོངས་ཉིད་ཀྱིས་འགྲོ་འདི་འཁྲུགས། །གང་དུ་ཉོན་མོངས་ཞི་བའི་ལམ། །ཆོས་འདི་ཉིད་ཀྱིས་ཆོས་ཉིད་ཀྱིས། །ལྷ་དང་བཅས་པའི་འཇིག་རྟེན་འདི། །ཟིལ་གྱིས་མནན་ནས་རྣམ་པར་རྒྱལ། །ལྷ་དང་བཅས་པའི་འཇིག་རྟེན་འདི། །འཁྲུགས་ནས་ཟིང་ཟིང་པོར་གྱུར་ནས། །གང་ཟག་གཅིག་ལ་བརྒལ་ན་ཡང་། །ཆོས་ཉིད་གཞན་དུ་བྱར་མི་ནུས། །མཁས་རྣམས་རིགས་པའི་རྗེས་སུ་འབྲངས། །བླན་པོ་ལྟར་སྣང་ལམ་ལ་འགྲོ། །དངོས་རྣམས་དངོས་པོའི་ཆོས་ཉིད་ལས། །ནམ་ཡང་གཞན་དུ་འགྱུར་མི་སྲིད། །དེ་ཕྱིར་ཆོས་ཉིད་བཞིན་སྟོན་པ། །མཚུངས་མེད་སྟོན་པའི་བསྟན་པ་ལ། །དད་པས་ཡིད་ཆེས་ཅན་རྣམས་ནི། །བདེ་ནས་གཏན་དུ་བདེ་བར་འགྲོ། །
༈ ཤཱཀྱ་སེང་གེ་སྤྱི་བོའི་གཙུག་དང་ནི། །མི་ཕམ་འཇམ་དབྱངས་ཕྲག་པའི་སྟེང་དག་ཏུ། །བློ་ཡིས་ཡོད་བཀོད་སྲས་བཅས་རྒྱལ་ཀུན་ཀྱང་། །མངོན་སུམ་དམིགས་བྱས་ཚིག་ནི་འདི་སྐད་དུ། །གང་ན་ཕྱོགས་དང་དུས་ཀྱི་མཐའ་མེད་པར། །དེ་སྙེད་འགྲོ་བའི་ཁམས་ཀྱིས་ཁྱབ་པ་སྟེ། །དེར་ནི་ལས་ཉོན་རྒུད་པའི་ཚོགས་མང་བ། །དེ་རུ་བདག་ཅག་རྟག་པར་གནས་ནས་ཀྱང་། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་གཟིགས་པ་ཡིས། །ལེགས་བསྟན་ཟབ་རྒྱས་ཆོས་ཀྱི་སྣང་བའི་རྒྱུན། །རྒྱུན་མི་འཆད་དུ་རྟག་པར་གསལ་བྱས་པས། །བསྟན་ལས་ཕྱི་རོལ་ཕྱོགས་པའི་གྲུབ་མཐའི་གཞུང་། །ལྷག་མ་མེད་པར་ཡོངས་སུ་ཉམས་བྱེད་ཅིང་། །བློ་མིག་ལྡོང་བའི་སྐྱེ་བོ་དེ་དག་ལ། །ཤིན་ཏུ་བརྩེ་བས་ལུང་དང་རིགས་པ་དང་། །ཐབས་དང་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས། །རྒྱལ་བས་བསྟན་པ་འདི་ལ་ཡིད་དྲང་ཞིང་། །ཤིན་ཏུ་གདུལ་བར་དཀའ་བ་རྣམས་ཀྱང་ནི། །བདག་དང་ཕྲད་ན་ངེས་པར་གདུལ་ནས་པའི། །སྟོབས་མཆོག་བླ་མེད་ཐོབ་པར་གྱུར་ཅིག་ཅེས། །རྩེ་གཅིག་སེམས་ཀྱིས་སྨོན་ལམ་འདི་འདེབས་ན། །སྲས་བཅས་རྒྱལ་བ་ཐུགས་རྗེ་བསླུ་མེད་དང་། །བདེན་གཉིས་ཆོས་ཚུལ་གཞན་དུ་མི་འགྱུར་བས། །ཡིད་བཞིན་རེ་བའི་འབྲས་བུ་གྲུབ་པར་ཤོག །རྟག་ཆད་འཚེ་བ་ཆོས་སུ་སྨྲ་བ་ཡི། །ལོག་པའི་ཆོས་ལུགས་རིགས་པས་སུན་ཕྱུང་བ། །འདི་ཡི་དགེ་བས་སྐྱེ་བོ་ཐམས་ཅད་ཀྱིས། །རྒྱལ་ལ་མི་འཕྲོག་ཡིད་ཆེས་རྙེད་གྱུར་ཅིག །བསྟན་པའི་སྣང་བ་ཕྱོགས་བརྒྱར་འབར་བ་དང་། །བསྟན་འཛིན་དམ་པ་རྣམས་ཀྱི་བཞེད་དོན་གྲུབ། །བསྟན་ལ་འཚེ་བའི་ཕྱོགས་ཀུན་ངང་གིས་ཞི། །བསྟན་འདིར་འགྲོ་ཀུན་དགའ་བས་མཆོད་གྱུར་ཅིག །རྨོངས་པ་རྣམ་པར་འཕེལ་བའི་ལྟ་ངན་ལ། །སྡང་བས་མ་ཡིན་བྱམས་པའི་ཤུགས་ཀྱིས་ནི། །སྙིང་རྗེའི་གོ་ཆ་ཆེན་པོ་ལེགས་བགོས་ནས། །ཤེས་རབ་ཟབ་མོའི་མཚོན་རྣོན་བརྒྱ་ཐོགས་པ། །འཇམ་དཔལ་དྲག་པོའི་དཔུང་གི་བརྟུལ་ཞུགས་ལ། །བདག་ཀྱང་གནས་ནས་ཕ་རྒན་འགྲོ་བའི་ཚོགས། །ཤིན་ཏུ་གདུལ་བར་དཀའ་བ་དེ་དག་ཀྱང་། །ཐབས་ཀྱིས་བདེ་བར་སྒྲོལ་བའི་མཐུ་ཐོབ་ཤོག །རླབས་ཆེན་ཚོགས་གཉིས་རྒྱ་མཚོའི་མཐར་སོན་ནས། །མཐའ་ཡས་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་གཞི། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །བདག་དང་འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །།ཞེས་པའང་ཤིན་ཏུ་གོ༷་བདེ༵་བར་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བས་རབ་ཚེས་ས་སྟག་ཟླ་བ་གཉིས་པའི་ཚེས་བདུན་གྱི་སྔ་དྲོ་ཤར་མར་བྲིས་པ་དགེ་ལེགས་རྒྱལ་ལོ།། །།
ལུགས་ཟུང་བླང་དོར་གྱི་བསླབ་བྱ་ཉུང་ངུ་། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །ལུགས་ཟུང་བླང་དོར་གྱི་བསླབ་བྱ་ཉུང་ངུ་བཞུགས། རྒྱལ་ཀུན་ཡེ་ཤེས་སྐུ་སྟེ་འཇམ་པའི་དབྱངས། །མཁྱེན་རབ་ལྷག་པའི་ལྷ་དེའི་ཐུགས་ཀྱི་འོད། །ཁྱོད་ཀྱི་སྙིང་ལ་མྱུར་དུ་ཞུགས་ནས་ཀྱང་། །ལུགས་ཟུང་བླང་དོར་སྣང་བ་གསལ་གྱུར་ཅིག །བླང་ཞེས་བྱ་བ་ཡ་རབས་ལུགས་ཡིན་ཏེ། །རྒྱུ་འབྲས་ཡིད་ཆེས་དགེ་བཅུའི་ལམ་ལ་གནས། །རང་དོན་ལེགས་གྲུབ་གཞན་ལ་ཕན་པ་མཆོག །འདི་ཕྱིར་ལེགས་ལམ་གོང་འཕེལ་འགྱུར་བ་ཡིན། །དོར་ཞེས་བྱ་བ་མ་རབས་སྤྱོད་པ་སྟེ། །རང་དོན་ཕུག་བཅུག་རྫུན་ཁྲམ་གཡོ་སྒྱུས་འཚོ། །རྒྱུ་འབྲས་གོ་ལོག་གཞན་གནོད་ལས་ལ་སྤྱོད། །འདིར་སྡུག་ཕྱི་མ་ངན་སོང་འགྲོ་བའི་རྒྱུ། །བླང་དོར་དམིགས་འབྱེད་རྒྱལ་བའི་བཀའ་ལུང་སྟེ། །དམ་པ་རྣམས་ཀྱི་ལེགས་གསུང་གཞུང་རྣམས་ཡིན། །དེ་དག་ལེགས་པར་ཉན་ཞིང་དོན་ལ་བསམ། །ཡིད་ཆེས་སྐྱེས་ན་བཟང་པོའི་གྲལ་དུ་ཚུད། །ཡིན་ལུགས་དེ་ལྟར་ཡིན་ཀྱང་དེང་སང་དུས། །དྲི་མེད་རྒྱལ་བའི་བསྟན་པ་ནུབ་ལ་ཉེ། །བསྟན་འཛིན་ཚུལ་དང་མཚུངས་པ་ཉིན་སྐར་འདྲ། །ཇི་ལྟར་བཤད་ཀྱང་གོ་བ་ཤིན་ཏུ་དཀའ། །ཁྱད་པར་ནག་ཕྱོགས་ཀླ་ཀློའི་རྒྱབ་དཔུང་དུ། །ལྷ་མིན་གདོན་ཆེན་རྣམས་ཀྱིས་འཕྲུལ་བཀྱེ་ནས། །གཞི་བདག་ཚོགས་ཀྱི་བློ་ཁ་བསྒྱུར་བྱས་པས། །མི་རྣམས་རང་དབང་མེད་པར་ལོག་སྤྱོད་བྱེད། །བརྐམ་ཆགས་འདོད་པ་མེ་ལྟར་འབར་བ་དང་། །གནས་མིན་ཞེ་སྡང་ཆུ་ལྟར་ཁོལ་བ་དང་། །ཕན་ལ་མི་ཕན་མི་ཕན་ཕན་བྱེད་དུ། །གོ་ལོག་མཐོང་བའི་གཏི་མུག་མུན་ལྟར་གཏིབ། །འདི་རྣམས་གདོན་གྱི་ཆོ་འཕྲུལ་ཡིན་མོད་ཀྱི། །མི་རྣམས་སུས་ཀྱང་དེ་དོན་ཤེས་མི་འགྱུར། །རློམ་པས་འགྱིང་ཞིང་རང་ལ་རང་མགུ་བས། །ནམ་ཞིག་རང་བྱས་རང་སྨིན་ཡི་ཆད་སྐྱེ། །དེ་ཕྱིར་དུས་ངན་འདི་ལ་ང་ལྟ་བུ། །ཆོས་དང་འཇིག་རྟེན་ཅི་ཡང་མ་འགྲུབ་པ། །གླང་རྒན་མུན་ཁུང་ཉལ་བ་ལྟ་བུ་ཡིས། །བྲག་ཆའི་རྗེས་བརྗོད་གདམས་པས་སུ་ལ་ཕན། །འོན་ཀྱང་བླང་དོར་གནད་བསྡུས་བྲིས་ཞེས་པའི། །ཚིག་གི་བསྐུལ་མའི་རྗེས་འབྲང་གང་དྲན་དང་། །སྨྱོན་ཐལ་སྨྲས་ལ་དར་ཅིག་གསན་མཛད་དེ། །རྣམ་དཔྱོད་བགྱིས་ན་ཅུང་ཟད་དོན་དུ་འགྱུར། །དེང་སང་ཕལ་གྱིས་བླང་དོར་མི་ཤེས་ཤིང་། །ཤེས་ཀྱང་ལག་ཏུ་མི་ལོན་དུས་ཀྱིས་མནར། །དེ་འདྲར་བཤད་རྒྱ་མང་བས་མི་ཕན་ཏེ། །རང་སེམས་རང་གིས་བཟུང་ན་གནད་དོན་ཡིན། །ནག་ཕྱོགས་ཁ་དར་བསྟན་པ་ཉམས་དམའ་ཞིང་། །དཀར་ཕྱོགས་དགྲ་བླ་དམ་ཅན་མཐུ་ཆུང་བས། །བཟང་པོའི་བསམ་འདུན་བྱས་ཀྱང་འགྲུབ་པར་དཀའ། །བཟང་པོ་རྣམས་ལ་བར་ཆད་ལྷག་པར་སྡང་། །ངན་པའི་སྙིང་ལ་དམ་སྲི་སྡེ་བརྒྱད་ཞུགས། །དཀོན་མཆོག་གསུམ་དང་རྒྱལ་ཁམས་ཡོངས་ལ་གནོད། །སྤྱི་སྒེར་མི་བདེ་བསམ་པ་གོ་ལོག་དུས། །བཤད་བཤད་མང་བས་ཅི་ཡང་མི་ཕན་པས། །སྙིང་ནས་བླ་མ་མཆོག་གསུམ་ཡི་དམ་ལྷ། །བསྟན་སྲུང་དྲེགས་པའི་ཐུགས་དམ་གནད་ནས་བསྐུལ། །ཁྱད་པར་ཨོ་རྒྱན་ཆེན་པོར་གསོལ་བ་ཐོབ། །སྙིགས་མའི་སྐྱབས་གཅིག་དེ་མིན་དེ་ལས་གཞན། །བྱ་བ་ཐབས་རྡུག་བཤད་པ་རྣར་གཟོན་པའི། །ལས་ཀ་མངོན་སུམ་མཐོང་དུས་སྐྱོ་བའི་བློ། །ད་དུང་མི་སྐྱེ་ཁོང་སྙིང་མེད་པའམ། །ཅི་ཡང་མི་ཤེས་བྱིས་པའི་ངང་ཚུལ་ཡིན། །དེ་ལྟར་འཛམ་གླིང་ཡུལ་གྲུ་ཐམས་ཅད་དུ། །མི་རྣམས་བློ་གཏད་མི་ཕེར་ལོག་ལམ་ཅན། །ཕན་པའི་སྤྱི་ཆུས་མེད་པར་རང་ཆུས་གཉེར། །རྒྱལ་ཁྲིམས་དྲང་པོའི་གཉའ་ཤིང་ཆག་པས་ན། །རྒྱལ་ཁམས་མི་བདེའི་རྩ་བ་དེ་ལ་ཐུག །རྒྱལ་ཁྲིམས་མེད་ན་རྒྱལ་པོའི་བཀའ་མི་བཙན། །རྒྱལ་པོའི་བཀའ་མི་བཙན་ཚེ་རྒྱལ་ཁམས་འཁྲུགས། །རྒྱལ་ཁམས་འཁྲུགས་ན་སངས་རྒྱས་བསྟན་ལ་གནོད། །གནོད་པ་མི་བདེ་བྱུང་ཚེ་སུས་ཀྱང་ཤེས། །གནོད་པའི་རྩ་བ་གང་བྱུང་སེམས་ལས་བྱུང་། །སེམས་ལ་རང་དབང་མེད་པ་གདོན་གྱི་མཐུ། །གདོན་ལ་རྩ་གསུམ་བླ་མའི་ཐུགས་རྗེ་ལས། །གཞན་པའི་གསོ་དཔྱད་ཅི་ཡང་མི་རྙེད་པས། །ད་ནི་བླ་མ་ཨོ་རྒྱན་ཆེན་པོ་ལ། །ནང་ནུབ་དུས་རྒྱུན་གདུང་ཤུགས་གསོལ་བ་ཐོབ། །དེ་ལྟར་བྱས་ན་བདེ་བའི་འབྲས་བུ་སྨིན། །དེ་ལྟར་མ་ཤེས་བཟང་པོར་རེ་བ་ཡིས། །བྱ་བ་ཐལ་ན་ཉེས་པ་ཆེན་པོ་འབྱུང་། །རང་ལ་རང་རྩིས་ཆེན་པོ་མ་ཞུགས་པས། །ལེ་ལན་རང་དེ་ཤེས་ན་མཁས་པའི་མཆོག །མཆོག་འདི་བློ་མང་ཅན་གྱིས་ཡོངས་མི་འགྲུབ། །མི་འགྱུར་རི་བོ་ལྟ་བུའི་སེམས་བྱས་ན། །གནས་སྐབས་དེ་བྱས་མངོན་པར་མ་གྱུར་ཀྱང་། །ནམ་ཕུགས་ཇེ་དམའ་མི་འགྲོ་རང་ས་ཟིན། །དེ་བས་དུས་ཀུན་བློ་གདིང་བསྲན་པ་གལ། །དུས་ཚོད་མཐོང་བའི་སྐྱོ་བས་ཡིད་ཁྲེལ་ཏེ། །དུས་སུ་བསྐུལ་ནས་གང་དྲན་སྨྲས་པ་ལ། །སྨྱོན་ངག་བཞིན་དུ་གལ་ཆུང་མ་མཛད་པར། །ཡང་ཡང་བསམ་ན་ཕན་པ་སྲིད་ཀྱང་ཐང་། །བླ་མ་བློ་ལྡན་མཆོག་སྲེད་མཁྱེན་པའི་ལྷ། །འཇམ་དཔལ་ཞི་དང་ཁྲོ་བོའི་བྱིན་རླབས་མཐུས། །གང་ལ་གདམས་པ་དེ་ཡི་སྙིང་དབུས་སུ། །བློ་གྲོས་ལེགས་ལམ་སྣང་བ་འབར་གྱུར་ཅིག། མི་ཕམ་པས་སོ། །
ལུགས་ཀྱི་བསླབ་བྱ་ལེགས་པར་བཤད་པའི་གཏེར། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
༄༅། །ལུགས་ཀྱི་བསླབ་བྱ་ལེགས་པར་བཤད་པའི་གཏེར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཆོས་རྗེ་བླ་མས་དགེ་ལེགས་སྩོལ། །སྔོན་བྱུང་ཡ་རབ་ངང་ཚུལ་དང་། །ལེགས་མཐུན་ལུགས་གཉིས་སྤྱོད་པའི་སྒོ། །བླང་དོར་རྗེན་སྟོན་བསླབ་བྱའི་ཚིག །གོ་བདེའི་ངག་གིས་ཅུང་ཟད་འདོམས། །དམ་པའི་ལྷ་ཆོས་ལྟ་ཞོག་གིས། །མི་ཆོས་བྱ་བཞག་ཕལ་ཆེར་ཀྱང་། །ལམ་དུ་རྒྱུག་དང་མི་རྒྱུག་པ། །བསོད་ནམས་ཁོ་ནར་རག་ལས་པས། །ཆོས་དང་བླ་མར་སྐུར་འདེབས་སོགས། །བསོད་ནམས་འཛད་པའི་ལས་སྤང་སྟེ། །མཆོད་དང་སྦྱིན་གཏོང་ལ་སོགས་པ། །ཚོགས་ཆེན་གསོག་ལ་འབད་པ་གནད། །རང་ལ་མངོན་ཤེས་མེད་པའི་ཕྱིར། །བརྩམ་ཚད་ཐོག་ཏུ་ཁེལ་དཀའ་བས། །ཡུལ་དུས་གནས་སྐབས་འཕྲལ་ཚོད་འཕྲལ། །བླངས་ཏེ་འཇུག་པ་མཁས་པ་ཡིན། །ཕྱིས་སུ་ཅིར་འགྱུར་ཤེས་དཀའ་བས། །བཟང་ལ་ཧ་ཅང་བསྟོད་མི་བྱ། །སླད་ནས་འགྱུར་བ་སྲིད་པས་ན། །ངན་ལ་ཧ་ཅང་འཁང་མི་བྱ། །ཐོག་ཏུ་གང་འབབ་གནད་མེད་པར། །གཞན་ཟེར་རྗེས་འབྲང་འཇུག་མི་རུང་། །བྱ་བ་གང་བསྒྲུབ་གདེང་མེད་པར། །ཁ་རུ་འདོན་བཤད་སྐྱེན་མི་རུང་། །བཟང་པོའི་སྲོལ་དུ་ཚུད་དཀའ་བས། །ཧ་ཅང་བྱམས་པ་བུ་ལའང་མིན། །ཐུབ་ཀྱང་ལ་ཡོག་འཁོར་བས་ན། །ཧ་ཅང་སྡང་བ་དགྲ་ལའང་མིན། །གཉེན་ལ་རས་སྤྱོད་ཆེ་དྲག་ན། །ནམ་ཕུག་འཁོན་དུ་འགྱུར་བ་ཡིན། །བྲན་ལ་འབར་ཤ་ཆེ་དྲག་ན། །ཐ་མ་འཁོར་མཁན་ཉུང་པ་ཡིན། །འཁོར་ལ་ཆེས་ཆེར་རྩུབ་དྲག་ན། །ནམ་ཞིག་སྙིང་སྐྲན་འཇུག་སྟེ་བྱོལ། །གྲོགས་ལ་རྔན་ཆེན་མང་དྲག་ན། །ནམ་ཞིག་ཞེ་བཞག་ཡོང་སྟེ་གྱེས། །དཔེ་ངན་གཞན་ལ་ཕར་གཏོད་ན། །ཐ་མ་རང་ལ་ཅིས་ཀྱང་འཁོར། །ཁ་དགྲ་བསགས་པས་གཞན་མི་ཐུལ། །གནག་པའི་མི་དེ་སེམས་ལ་ཞོག །ངོ་བསྟོད་ཙམ་གྱིས་གཉེན་མི་འཁྱོངས། །བྱམས་པའི་མི་དེ་ཡིད་ལ་ཟུང་། །སྙིང་ནའི་དགྲ་བོ་རྣམས་ལ་ཡང་། །འཕྲལ་དུ་མི་ཁྲོ་འཛུམ་གྱིས་བསུ། །རང་བློར་མི་འབབ་གཏམ་བྱུང་ཡང་། །བརྫུ་བཟང་ཁོག་ནས་མི་མངོན་ལེན། །ཁོག་ཏུ་ངན་བློ་ཡོད་གྱུར་ཀྱང་། །ཕྱི་རུ་འཇམ་སྐད་སྙན་པར་སྨོས། །གདོང་ཐུག་དྲག་པོས་དགྲ་མི་ཐུལ། །སྣ་ཚོགས་ཐབས་ཀྱིས་འདུན་མ་ཆོད། །སེར་སྣ་རྐྱང་པས་ནོར་མི་སོག །སྤྱི་འབྱམས་བློ་རྒྱ་བསྐྱེད་ལ་ཚོལ། །རང་ལ་ཆེ་བསྟོད་སྤང་བྱས་ན། །ནམ་ཕུག་སུ་ལའང་བྲིན་པ་ཡིན། །རང་འདོད་ཡོད་ཀྱང་ཕྱི་རོལ་དུ། །སྤྱི་གཙིགས་བྱས་ན་བཙུན་པ་ཡིན། །གཏམ་མགོ་ཐམས་ཅད་འཛུམ་གྱིས་བསུ། །གཏམ་འཇུག་ཐམས་ཅད་དལ་གྱིས་ཕོབ། །དགོས་དོན་མ་ལུས་ཕིགས་པར་སྨོས། །སྨྲ་བ་མང་ཉུང་འཚམས་པར་ཤོད། །གཏམ་ལ་བསྐྱར་ཟློས་མང་དྲག་ན། །འབྲེལ་མེད་ཚིག་འཆལ་གཞན་སུན་རྒྱུ། །དགོས་མེད་ཕོག་ཐུག་གཏམ་མང་ན། །དོན་མེད་དགྲ་བོ་འཕྲལ་ལ་འགུགས། །སེམས་ཀྱི་འཆར་སྒོ་མཐའ་མེད་ཀྱང་། །མི་སྨྲ་གྲེ་བར་བསྐྱིལ་བ་ཟབ། །ཚིག་རྩུབ་ཀྱིས་ནི་ཀུན་དང་འགྲས། །བདེན་པར་སྨྲས་པས་སྐྱོན་ཅན་འཁྲུགས། །ལྐོག་ལབ་མང་ན་མི་རྩིས་ཆུང་། །རྫུན་གྱིས་རང་གཞན་གཉིས་ཀ་བསླུ། །བློ་ཆུང་ང་རྒྱལ་ཆེ་བ་རྣམས། །ཕན་གཏམ་དྲང་པོར་བཤད་ན་ཁྲོ། །གཡོན་ཅན་ངོ་བསྟོད་བྱེད་ལ་དགའ། །ནམ་ཕུག་རང་གཞན་གཉིས་ཀ་བརླག །རྨོངས་པ་རྣམས་ལ་གྲོས་མ་འདྲི། །ཅོལ་ཆུང་རྣམས་ལ་གྲོས་མ་འཆད། །བུད་མེད་གྲོས་ཀྱི་དབང་མ་བཏང་། །དཀྲུག་ཤིང་གྲོས་ཀྱི་ཁྱུར་མ་འཇུག །མཁས་པ་རྒན་རབས་ཉམས་ཆེན་དང་། །སྙིང་ནས་ཤ་ཚ་ཅན་ལ་དྲིས། །གྲོས་མཐིལ་རེ་ཞིག་མ་བཤད་ན། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །གྲོས་ལ་བསམ་གཞིག་མང་བཏང་ན། །ཧར་བུག་འགལ་ཐལ་ཆུང་བ་ཡིན། །གྲོས་ཉེས་འགྱོད་བརྡལ་བྱས་མི་ཕན། །ཕྱིན་ཆད་གཟབ་སྟེ་བགྲོས་ན་དགེ །རང་གི་བདེ་སྡུག་ཉམས་མྱོང་དཔེ། །གཞན་ལ་བཀབ་ནས་ཞིབ་མོར་དཔྱོད། །རང་ཉིད་ནོར་ལ་དགའ་བ་བཞིན། །སྐྱེ་བོ་གཞན་ཡང་དེ་ལ་དགའ། །ཉེས་པ་ཕྲ་མོར་བསྙད་བཏགས་ནས། །གཞན་ནོར་ཧབ་ཤ་བྱེད་མི་རུང་། །ཅུང་ཟད་ཙམ་གྱི་ཁེ་བཟང་ལ། །བལྟས་ནས་ཉེན་ཆེན་བདོ་བ་དང་། །གཏམ་ངན་མི་བསམ་འདོད་ཞེན་གྱི། །སྲེད་པ་ཆེ་ན་རང་ཉིད་ཕུང་། །རྒན་རབས་བཀུར་འོས་དུས་བསྟུན་ཏེ། །དམའ་སར་ཕབ་ན་ཡ་རབས་ཉམས། །ཤེས་ཆུང་མ་རབས་རང་མཐོང་ཅན། །ཆེ་སར་བཏོན་ན་གཉའ་བ་རེངས། །མཁས་པ་རིས་སུ་བོར་བྱས་ན། །ཡོན་ཏན་ལྡན་པ་དཀོན་དུ་འགྲོ། །ཡོན་ཏན་ལྡན་ན་ཀུན་གྱིས་བཀུར། །ཡོན་ཏན་མེད་ན་སུས་ཀྱང་བརྙས། །ཡོན་ཏན་ལྡན་ཡང་རང་མཐོང་གི །ང་རྒྱལ་ཆེ་ན་གཞན་གྱིས་སྨད། །མི་འགྲུབ་པ་ཡི་ཁས་ལེན་སྤོང་། །ཚོད་མེད་པོ་ལ་གྲོས་འདྲི་སྤོང་། །ངན་སེམས་ཅན་ལ་བློ་གཏད་སྤོང་། །སྣ་ཐུང་བ་ལ་ཀུ་རེ་སྤོང་། །མི་ཐུབ་པ་ལ་དོ་བསྡོ་སྤོང་། །མེད་པ་རྣམས་ལ་ཁྱེར་ཤོག་སྤོང་། །མི་བདེན་པ་ལ་ཤག་མ་གདབ། །མི་ཉན་པ་ལ་གྲོས་མ་འདེབས། །མི་ཡོང་བ་ལ་ལས་མ་འཆོལ། །མི་ཤེས་པ་ལ་ཀོ་ལོང་དོར། །བྱས་ཡུས་དྲིན་འདྲེན་མང་དྲག་ན། །དགའ་བའི་མི་ཡང་གདུང་སེམས་འཆོར། །ཡང་ཡང་གྱོང་ཆེན་བཏང་མང་ན། །བྱམས་པའི་གཉེན་ཡང་ཞེན་པ་ལྡོག །སྐྱིད་པོ་གཞན་ལའང་ཡོད་པས་ན། །རང་སྐྱིད་པ་ལ་འབྱོར་མ་ཆེ། །སྡུག་པོ་རང་ལའང་ཡོང་བས་ན། །གཞན་སྡུག་པ་ལ་མཚང་མ་འདྲུ། །མི་མང་དགྲ་རུ་མི་ལེན་པར། །ཐབས་མཁས་སྦྱོར་བས་གཉེན་དུ་འགུགས། །གཞན་གྱི་གཡོ་ཐབས་མི་ཚུད་པར། །རང་འགོ་ཐོན་ན་གྲུང་པོ་ཡིན། །རང་ཉིད་ཆེ་སར་སླེབས་པའི་ཚེ། །ཁེངས་དང་ང་རྒྱལ་ཐུར་དུ་དམད། །ཀུན་གྱིས་རྩི་ཞིང་ཁུར་དུས་སུ། །འོག་འཛུལ་འཇུག་བདེ་བྱེད་པ་གཅེས། །འགྲུབ་ཀྱང་འགྲུབ་ཚད་མི་བྱེད་པར། །ཚོད་འཛིན་ཁེ་ཉེན་བསམ་ཤེས་དགོས། །རང་ཉིད་དཔོན་དུ་གྱུར་པ་ན། །འདོད་ཆུང་སྤྱི་གཙིགས་ཆེ་བ་དང་། །སྒེར་དུ་ལྟོས་པའི་སྐྱོང་འོས་རྣམས། །མི་མངོན་ཤུགས་ཀྱིས་སྐྱོང་བ་ཟབ། །ཤར་ཚད་ལག་ཏུ་ལེན་མི་བྱ། །བླངས་ནས་མཐའ་རུ་ཐོན་པ་དགོས། །ཟེར་ཚད་གཏམ་ལ་བདེན་མ་འཛིན། །བདེན་རྫུན་དཔྱད་དར་ནན་དུ་གྱིས། །ཞིམ་པོའི་ཟས་དེ་མི་ལ་བྱིན། །བཟང་པོའི་ནོར་དེ་རང་གིས་ཆོངས། །མ་ཐེམ་ཙམ་ལ་སྣ་མ་གཉེར། །ཞིམ་ལ་ཧབ་ཤ་རྔམས་མ་ཆེ། །མ་མགུ་གྱུར་ཀྱང་དེ་འཕྲལ་དུ། །མཆུ་མུག་མིག་ལྡོག་བྱ་བ་སྤོང། །དོན་མེད་ལས་ལ་བརྩོན་འགྲུས་དང། །དགོས་མེད་གཞན་མནར་ལས་མི་བྱེད། །འཕྲད་མ་ཐག་ལ་ངོ་ཤེས་དང་། །འདྲིས་མ་ཐག་ལ་བློ་གཏོད་དང། །སེམས་ལ་བབས་འཕྲལ་འཛུམ་བསྟན་དང་། །མ་བབས་འཕྲལ་དུ་བཞིན་རས་སྡུད། །དགའ་སྡུག་འགྱུར་ལྡོག་སྐྱེན་པ་རྣམས། །ཀླད་པ་སླ་བའི་རང་རྟགས་ཡིན། །མཛའ་བ་མཛའ་ཁྱེར་མ་མཁས་ན། །ནམ་ཕུག་མཛའ་བ་འཁོན་དུ་འགྱུར། །མཁས་པ་མཁས་ཁྱེར་མ་ཤེས་ན། །ནམ་ཕུག་མཁས་པ་བླུན་པོར་འགྱུར། །བཙུན་པ་བཙུན་ཁྱེར་མ་མཁས་ན། །ནམ་ཕུག་བཙུན་པ་འཆལ་པོར་འགྱུར། །མཐོ་བ་མཐོ་ཁྱེར་མ་མཁས་ན། །ནམ་ཕུག་མཐོ་བ་དམའ་སར་ལྷུང་། །གཏམ་ལ་རྒྱུ་མཚན་ཡོད་པས་དྲིས། །ནོར་ལ་དགྲ་བོ་ཡོད་པས་སྦོས། །ཟས་ལ་ངོ་སོ་ཡོད་པས་བྱིན། །གྲོས་ལ་གཡང་ས་ཡོད་པས་བསྟུན། །གཏམ་དེ་ལེགས་པར་མ་བཤད་ན། །ཕས་ཀྱང་མི་གོ་ལྷོད་པར་ཤོད། །ལས་དེ་ལེགས་པར་མ་བསྐུལ་ན། །བུས་ཀྱང་མི་ཉན་རན་པར་བསྐུལ། །ཕན་དེ་སུས་ཐོག་མི་ཤེས་པས། །སྙེམས་ཆུང་རྣམས་ཀྱང་རིས་མ་བོར། །གང་ཡང་ལེགས་པར་མ་བསླབ་ན། །སུས་ཀྱང་མི་ཤེས་མཁས་པར་སློབ། །ཟས་སོགས་ཅུང་ཟད་མ་བྱིན་ན། །གཉེན་ཡང་མི་འཁོར་བག་རེ་སྟེར། །ཡང་ཡང་བྱིན་སར་རྟག་སོང་ན། །ནམ་ཞིག་ཞེ་སུན་བྱམས་པ་ཟད། །ང་རྒྱལ་ཅན་གྱི་མཚང་མ་འདྲུ། །ཕྱི་ཐག་ཐུང་དང་གྲོགས་མ་བྱེད། །དྲིན་ཅན་མི་དེ་སུན་མ་འཇུག །གཉའ་འཆོར་དགྲ་བོ་རངས་མ་འཇུག །ངན་པ་རྣམས་ལ་དབང་མ་བསྐུར། ཁ་འཇམ་ཁོག་རྩུབ་ཅན་ལ་ཟོན། །གང་བཅོལ་གོ་ཆོད་བྲན་གྱི་རབ། །གཡོ་རྫུན་མེད་ན་ནམ་ཕུག་བྲིན། ཁ་ཉུང་ལག་གཙང་ཡོན་ཏན་མཆོག །བྱས་ཡུས་ཆེ་ན་ངོ་སོ་ཆུང་། །རྐུན་པོ་མི་ཡི་ཁྱུར་མི་ཚུད། །ཕྱུག་པོ་བསག་ཤེས་སྤྱོད་ཤེས་དགོས། །ཡོད་པས་མི་ཡོང་སྤྱོད་ཤེས་དགོས། །འདི་ཕྱིའི་དོན་དུ་སྤྱོད་མ་ཤེས་ན་རང་ནོར་ཐ་མ་གཞན་གྱི་རྒྱུ་ཡིན། མེད་པས་མི་ཡོང་བསྲི་ཤེས་དགོས། །བསྲི་མ་ཤེས་ན་དོན་མེད་ཆུད་ཟོས་ཀྱིས་ཐ་མ་ཟད་འགྲོ་བ་ཡིན། སྐྱིད་དུས་མི་དང་བསྟུན་ཤེས་དགོས། །སྡུག་དུས་རང་སྡུག་ཐེག་ཤེས་དགོས། །ཁྲེལ་མེད་གཉེན་ལ་རེ་བ་ལས། །ངོ་ཚ་ཡོད་པའི་དགྲ་བོ་དགའ། །བློ་གཏད་མི་ཐུབ་སྤུན་གྲོགས་བས། །བློ་ལྡན་གསང་ཐུབ་གྲོང་པ་བཟང་། །མ་རབས་ཁ་འདུས་དཔོན་པོ་བས། །ཡ་རབས་གཡོག་གི་སྐྱིད་པ་ཡིན། །བློ་གྲོས་ཟབ་པའི་ཁོག་བརྫུ་དང་། །མ་ནུས་མགོ་འཐོམ་ནོར་ས་ཡོད། །གཏིང་ནས་གཤིས་བཟང་ངང་ཚུལ་དང་། །མདོ་མེད་སྟོང་འཆལ་ནོར་ས་ཡོད། །སྐྱོན་མེད་དྲང་པོའི་མི་དང་ནི། །ཅོལ་ཆུང་གླེན་པ་ནོར་ས་ཡོད། །ཚུལ་འཆོས་ཅན་གྱི་ཨོ་ཟོབ་དང་། །དོན་གྱི་བཙུན་པ་ནོར་ས་ཡོད། །དགེ་སྡིག་མེད་པའི་ཐ་ཆད་དང་། །རྟོགས་ལྡན་འཁྲུལ་ཞིག་ནོར་ས་ཡོད། །རང་གི་བྱ་བ་ཉེས་པ་ལ། །གཞན་གྱིས་གཤེ་ཡང་ཁྲོ་མི་བྱ། །དེ་ཉིད་གཞན་སྐྱོན་མ་ཡིན་ཏེ། །རང་སྐྱོན་ཡིན་པར་ངོ་ཤེས་དགོས། །གཡོ་སྒྱུས་ཐོག་མར་གཞན་བསླུ་ལ། །མཐར་ནི་རང་ཉིད་སླུ་བར་བྱེད། །གཡོ་མེད་དྲང་པོར་སྤྱོད་པ་དེ། །རེ་ཞིག་ཕམ་ཡང་མཐའ་མར་རྒྱལ། །ཐ་ཆད་བྱས་པ་མི་གཟོ་བས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ། །གནོད་ལན་ཕན་པས་འཇལ་བ་ནི། །སྐྱེས་བུ་དམ་པའི་སྤྱོད་བཟང་ཡིན། །སྔར་འདྲིས་སྤངས་ནས་གསར་པ་ཚོལ། །ངོ་ཚ་མེད་ཅིང་ཕྱི་ཐག་ཐུང། །བརྩམ་པ་གང་ཡང་མཐར་མི་འདོན། །གོ་ས་མཐོ་ལ་ཤེས་སྒོ་དམའ། །སྙན་གྲགས་ཆེ་ལ་ཡོན་ཏན་ཆུང་། །ཞེ་འདོད་རང་གི་ཕུག་ཏུ་བཅུག །གྱོང་ཁ་དོན་མེད་གཞན་ལ་བཀལ། །རང་ཕྱོགས་མིན་ལ་སྐུར་བ་འདེབས། །ལེགས་པར་བཤད་ན་སུན་འབྱིན་བྱེད། །ཕན་པར་བསླབ་ན་དགྲ་རུ་འཛིན། །བློ་གཏད་བཅས་པའི་སྙིང་རྐུ་ཞིང་། །གསང་གཏམ་དགྲ་ཡི་གམ་དུ་ཆད། །ཀོ་ལོང་དམ་ལ་ཟུར་མགོ་རགས། །གཤིས་ངན་སུས་ཀྱང་འགྲོགས་པར་དཀའ། །བཅོལ་ན་མི་ཉན་བཞག་ན་སློང་། །བསྡུས་ན་འབྲོས་ལ་བཏང་ན་འདུ། །བྱས་ན་རུང་ཀུན་མི་བྱེད་པར། །མི་འོས་བྱ་བ་ཅི་ཡང་བྱེད། །དེ་སོགས་དུས་ངན་སྐྱེ་བོ་ཡི། །སྤྱོད་ཚུལ་རྣམ་གྲངས་སྨོས་མི་ལང་། །མ་རབས་རྣམས་ནི་མགོ་འཕང་མཐོ། །ངན་པར་སྤྱོད་རྣམས་བཟང་པོར་རློམ། །ཆོས་པ་ཆོས་བཞིན་སྤྱོད་པ་དང་། སྐྱེ་བོ་ལུགས་བཞིན་བྱེད་པ་ནི། །ཉིན་མོའི་སྐར་མ་བཞིན་དཀོན་པས། །སྨྲ་མང་རང་ཉིད་ངལ་བའི་རྒྱུ། །ཆེ་རྣམས་ལུགས་བཞིན་མི་སྤྱོད་ན། །ཕལ་པ་རྣམས་ནི་དེ་བས་ཐུ། །སུ་ལའང་བདེ་སྐྱིད་མི་འབྱུང་བ། །ཐམས་ཅད་ལུགས་ལས་འགོང་བས་ལན། །དུས་ལ་ངན་ཁག་འགེལ་མི་དགོས། །སྤྱོད་བཟང་རང་གིས་བྱས་པས་ཆོག །སོ་སོས་ལེགས་པར་སྤྱད་པ་ན། །སོ་སོའི་ཐད་དུ་བདེ་སྐྱིད་འབྱུང་། །དེས་ན་བྱ་བ་གང་ལ་ཡང་། །སྐྱོན་ཡོན་ལེགས་པར་དཔྱད་བྱས་ཏེ། །སྐྱོན་དོར་ཡོན་ཏན་ལྷུར་ལེན་པ། །སྤྱོད་པ་རབ་ཀྱི་ངང་ཚུལ་ཡིན། །ཁྱད་པར་ལུས་ཅན་སྐྱེ་བོ་ཀུན། །བདེ་བ་མི་འདོད་སུ་ཡང་མེད། །བདེ་སྡུག་རྒྱུ་འབྲས་མི་བསླུ་བས། །སྤང་བླང་མ་ནོར་སྒྲུབ་པ་གཅེས། །དཀོན་མཆོག་གསུམ་ལ་དད་གུས་བསྐྱེད། །དམ་པའི་ལྷ་ཆོས་བཙལ་ཞིང་བསྒྲུབ། །ཕ་དང་མ་ལ་དྲིན་ལན་ལྡོན། །ཡོན་ཏན་ཅན་ལ་མཐོང་ཆེར་བྱ། །རིགས་མཐོ་རྒན་ལ་བཀུར་སྟི་གཟབ། །མཛའ་བཤེས་ཉེ་དུར་ཁྲེལ་གཞུང་བསྲང་། །ཁྱིམ་མཚེས་ཡུལ་མིར་ཕན་འདོགས་རེམ། །བཀའ་དྲང་སེམས་ཆུང་དུལ་བར་སྤྱོད། །ཡ་རབས་རྗེས་སྙེག་ཕྱི་ཐག་རིང་། །ཟས་དང་ནོར་ལ་དགོས་ཚོད་ཟིན། །སྔ་དྲིན་ཅན་གྱི་ཡི་མི་བཅད། །བུ་ལོན་དུས་འཇལ་གཡོ་སྒྱུ་བྲེ་སྲང་སོགས་ལ་སྤང་། །ཀུན་ལ་སྙོམས་ཤིང་ཕྲག་དོག་མེད། །ངན་པའི་ངག་ལྡོག་རང་ཚུགས་འཛིན། །ངག་འཇམ་སྨྲ་བ་ཉུང་ལ་བསླབ། །དཀའ་ངལ་གཏམ་ངན་གང་ཡང་ཐེག་ཆེ་བློ་ཁོག་ཡངས་པ་སྟེ། །མི་ཆོས་གཙང་མ་བཅུ་དྲུག་དང་། །མི་དགེ་བཅུ་པོ་ལས་ལྡོག་ནས། །ལྷ་ཆོས་དགེ་བ་བཅུར་གཞོལ་བ། །སྔོན་དུས་ཆོས་རྒྱལ་བྱང་སེམས་ཀྱི། །བཀའ་ཁྲིམས་བསླབ་བྱ་མ་ནོར་པ། །ཡིན་ཏེ་འབད་པས་བསྒྲུབས་བྱས་ན། །འདི་དང་ཕྱི་མར་བདེ་བ་འཐོབ། །རང་དྲིན་རང་ལ་ཆེ་བར་ངེས། །མི་ཡི་ཆོས་ལ་ལེགས་སྦྱངས་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །མཐོ་རིས་ཐེམ་སྐས་འཛེག་མཁས་ན། །ཐར་པ་གམ་དུ་ཡོད་ཅེས་གསུངས། །ཚེ་འདི་བློས་བཏང་རི་ཁྲོད་པར། །མི་ཆོས་བསླབ་པས་དགོས་མེད་ཀྱང་། །ལུགས་གཉིས་གལ་ཏེ་འགོ་སྦྲེལ་དུ། །སྤྱོད་ལ་མི་ཆོས་མེད་ཐབས་མེད། །མི་ཆོས་ཙམ་ཡང་མི་ལྡན་པ། །མི་ཡི་གྲལ་དུའང་ཚུད་དཀའ་བས། །ལྷ་གྲལ་དག་ཏུ་ལྟ་ཅི་ཞིག །དེས་ན་ཐོག་མར་འདིར་སློབ་བྱོས། །དེ་སྐད་དུ་ཡང་བློ་ཆུང་གི །བྱིས་པ་འགའ་ལ་ཕན་པའི་ཕྱིར། །སྔ་རབས་མཁས་པའི་ལེགས་བཤད་ཀྱི། །ཆ་ཤས་འགའ་ཞིག་ཉེར་བསྡུས་ཏེ། །གོ་བདེའི་གྲོང་ཚིག་ལྷུག་པ་རུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །རྣམ་པར་དཀར་བའི་ཆ་མཆིས་ན། གཞན་ལ་ཕན་པའི་དཔལ་གྱུར་ཅིག། སརྦ་དཱ་མདྒ་ལཾ།
ཞལ་གདམས་ཐར་ལམ་འཇུག་སྒོ། ཨ་རིག་པན་ཆེན་པདྨ་ཚེ་དབང་།
༄༅། །ཞལ་གདམས་ཐར་ལམ་འཇུག་སྒོ་ཞེས་བྱ་བ་བཞུགས། རྨད་བྱུང་དལ་བའི་རྟེན་བཟང་ཕུན་ཚོགས་ཉིད། །ངེས་ལེགས་བྱང་ཆུབ་གསུམ་གྱི་གཞི་ཡིན་པས། །ད་རེས་ལན་གཅིག་ཐོབ་པའི་ལུས་མཆོག་འདི། །དོན་མེད་རྣམ་གཡེང་བྱེད་པར་འོས་སམ་ཅི། །རྣམ་དག་འདུལ་ཁྲིམས་གཙང་མའི་ལྗོན་བཟང་ཉིད། །ལེགས་བྱས་སྦྱིན་པ་རྒྱ་མཚོའི་དྲོད་གཤེར་དང་། །རྨད་བྱུང་སྨོན་ལམ་མཆོག་གིས་ཡོངས་བསྐྱང་ན། །ད་གཟོད་དལ་བའི་རྟེན་འདི་རྙེད་པ་ཡིན། །དུད་འགྲོ་ལ་སོགས་ངན་སོང་གསུམ་གྱི་གྲངས། །ས་ཆེན་རྡུལ་དང་མཉམས་པར་ཕ་མཐའ་ཡས། །དེ་ལ་ལྟོས་ན་མི་ལུས་ཐོབ་པ་འདི། །སེན་མོའི་སྟེང་དུ་ཡོད་པའི་རྡུལ་གྲངས་ཙམ། །མི་ལུས་ཙམ་དང་བྱུར་བོ་ཆེ་ལ་སོགས། །རྣམ་པར་གཡེང་དང་སྡིག་པའི་ལས་ཉིད་ལ། །རྙེད་དཀའི་རྟེན་འདི་ཆུད་ཟོས་མི་འོས་པས། །རང་ནུས་ཅི་ཡོད་རྣམ་དཀར་ལས་ལ་བརྩོན། །ངན་སོང་གསུམ་སོགས་མི་ཁོམས་བརྒྱད་པོ་རུ། །སྐྱེ་བའི་ལུས་རྟེན་དཔག་ཏུ་མེད་ན་ཡང་། །ཆོས་ཀྱི་སྣང་བ་མེད་ཅིང་ལོང་ཁོམ་མེད། །ད་རེས་དེ་འདྲར་མ་གྱུར་སྐལ་བ་བཟང་། །ལན་གཅིག་ཐོབ་པའི་མི་ལུས་འདི་ཉིད་ཀྱང་། །རླུང་གསེབ་མར་མེ་བཞིན་དུ་མི་རྟག་སྟེ། །དགྲ་གཉེན་ཕ་མ་སྲིད་སྡེ་ཡུལ་འཁོར་སོགས། །འཆི་ཞིང་མི་རྟག་དུས་ཀྱི་དབང་དུ་སོང་། །སྐྱེས་མཐའ་འཆི་ཞིང་འདུས་པའི་ཐ་མ་འབྲལ། །ཞེས་སོགས་བདེན་གསུང་རྒྱལ་བས་ཡང་ཡང་དུ། །གསུངས་པའི་ཚུལ་འདི་སེམས་ལ་ངེས་བྱས་ནས། །གཏན་གྱི་འདུན་ཆུས་ད་ནི་སྒྲུབ་རེ་རན། །ད་ལོ་སང་ཕོད་ལ་སོགས་ལོང་ཁོམས་ཀྱི། །ཕྱི་བཤོལ་ངང་རིང་བྱེད་འོས་མ་ཡིན་ཏེ། །འཇིགས་རུང་གཤིན་རྗེ་གདུག་པས་སྲོག་སྡུད་ཚེ། །ཆོས་ལས་སྐྱབས་གཞན་མི་རྙེད་ཚུལ་ལ་སོམ། །མ་ཡི་ལུས་ནས་ཐོག་མ་སྐྱེས་དུས་ཀྱི། །ལུས་ཀྱི་ཤ་རུས་སོ་སོར་འབྲལ་དགོས་ན། །ལོངས་སྤྱོད་གཉེན་དང་འབྲལ་བ་སྨོས་ཅི་དགོས། །དེ་བས་ད་ནི་ཞེན་ཆགས་སྤོངས་བར་གྱིས། །དཔྱིད་དུས་ས་བོན་ཅི་བཏབ་དེ་འདྲ་བར། །སྟོན་དུས་ལོ་ཐོག་སྨིན་པ་ཇི་བཞིན་དུ། །དགེ་སྡིག་དཀར་ནག་ལས་ཀྱི་འབྲས་བུ་ཡང་། །བདེ་སྡུག་བསླུ་མེད་སོ་སོར་སྨིན་པར་ངེས། །བྱ་རྒོད་ནམ་མཁར་འཕུར་བའི་གྲིབ་མ་ཉིད། །རེ་ཞིག་འདི་ཞེས་མངོན་པར་མ་གྱུར་ཀྱང་། །ས་ལ་ནམ་བབ་དུས་ན་ལྷང་ངེར་མངོན། །དེ་བཞིན་དགེ་སྡིག་ལས་ཀྱི་འབྲས་བུ་ཡང་། །ཆུད་མི་ཟ་བར་ནམ་ཞིག་རྐྱེན་ཚོགས་ཚེ། །རང་གིས་མྱོང་བར་འགྱུར་ལ་བསླུ་བ་མེད། །འཁོར་བའི་གནས་རིས་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་སྣ་ཚོགས་དུཿཁས་མནར་བས་ན། །སྲིད་པའི་ཕུན་ཚོགས་ཅི་ཙམ་འབྱོར་ན་ཡང་། །ཟག་བཅས་དཔལ་ལ་སྙིང་པོ་གང་ཡང་མེད། །ཚངས་དབང་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ཡང་། །འཆི་བའི་སྡུག་བསྔལ་དག་ལས་བཤོལ་ཐབས་མེད། །ཤི་ནས་དབང་མེད་ལས་རྗེས་འབྲང་དགོས་ན། །སྲིད་པའི་ཕུན་ཚོགས་གཞན་རྣམས་སྨོས་ཅི་དགོས། །སྲིད་གསུམ་མི་རྟག་སྒྱུ་མའི་གྲོང་ཁྱེར་བཞིན། །གཡོ་དང་སྡུག་བསྔལ་ངང་ཚུལ་བསམ་བྱས་ནས། །གཏན་གྱི་བདེ་བའི་འདུན་མ་ཐར་བ་ཉིད། །ད་རེས་རྟེན་བཟང་འདི་ལ་སྒྲུབ་རེ་རན། །རྣམ་མང་ཐེག་པའི་ཆོས་སྒོ་མཐའ་ཡས་ཀྱང་། །ཐོག་མར་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །ཡིད་ཆེས་དད་པས་སྐྱབས་སུ་འགྲོ་བ་ཉིད། །ལམ་གྱི་གཞི་མ་སྔོན་ལ་མེད་ཐབས་མེད། །ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་བ་ཡི། །མ་རྒན་འགྲོ་ཚོགས་ཡལ་བར་དོར་བྱས་ནས། །རང་ཉིད་གཅིག་པུ་ཞི་བདེ་སྒྲུབ་འོས་མིན། །དེས་ན་གཞན་ཕན་དོན་གཉེར་འདུན་པ་གནད། །མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཡང་བཅུད་མཆོག །མཆོག་དམན་སུས་ཀྱང་ཉམས་འོག་ཆུད་སླ་བ། །དཀྱིལ་འཁོར་རྒྱ་མཆོའི་མངའ་བདག་གུ་རུ་ལ། །སྙིང་ནས་དད་པས་གསོལ་འདེབས་ཐུགས་དམ་བསྐུལ། །ཡིད་ཆེས་དད་པ་བརྟན་པོའི་གུ་རུ་ཉིད། །སྐྱབས་ཀུན་འདུས་པའི་ངོ་བོར་ཐག་བཅད་ནས། །ཡང་སྙིང་བཛྲ་གུ་རུ་གྲངས་མང་བསགས། །ཐོག་མེད་བསགས་པའི་ལས་ཉོན་སྡིག་སྒྲིབ་ཀུན། །བཤགས་དང་མཆོག་ཐུན་དངོས་གྲུབ་མཐའ་དག་ཀུན། །སྩོལ་ལ་བདག་རྒྱུད་བྱིན་གྱིས་རློབས་ཤིག་ཅེས། །ཁྱེད་ཤེས་དད་པས་གསོལ་བ་འདེབས་ལ་འབུངས། །བླ་མ་ཨོ་རྒྱན་རྗེ་ལ་གསོལ་བཏབ་ན། །ཚེ་འདིར་རྐྱེན་ངན་ཀུན་སེལ་ཚེ་རིང་ཞིང་། །མཐུན་རྐྱེན་བསམ་དོན་ཅི་བཞིན་ལེགས་གྲུབ་ནས། །ཕྱི་མར་པདྨ་འོད་ཞིང་སྐྱེ་བར་ངེས། །སྙིགས་ལྔའི་འགྲོ་ལ་ལྷག་པར་རྗེས་བརྩེ་བ། །སྙིང་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས། །བདག་སོགས་སྲིད་པའི་སྡུག་བསྔལ་སྣ་ཚོགས་ལས། །གྲོལ་བར་གསོལ་བ་འདེབས་བཞིན་ཡང་སྙིང་སྒྲོངས། །དེས་ན་རྒྱལ་བ་དངོས་འདྲའི་དམ་པས་ཀྱང་། །ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས། །སྔགས་གཅིག་སྙིང་བོ་ཀུན་འདུས་ཡི་གེ་དྲུག །ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས། །གསུངས་པའི་ཚུལ་ལ་ཡང་ཡང་བསམ་ཞིང་འབད། །བསྐལ་བཟང་རྣམ་འདྲེན་བཞི་བ་གང་དེ་ཡིས། །བདག་ཅག་གངས་ཅན་འགྲོ་བ་མཐའ་དག་ཀུན། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ། །ལུང་བསྟན་བྱིན་རླབས་མཛད་པ་བསླུ་མེད་གསུང་། །དེས་ན་བདག་ཅག་བསིལ་ལྡན་བོད་ཀྱི་འགྲོ། །འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བྱིན་བརླབས་པས། །མ་མིང་དག་པར་མི་འཐོན་བྱིས་པས་ཀྱང་། །རིག་སྔགས་ཡི་གེ་དྲུག་པ་གཙང་སིང་ཐོན། །བོད་ཀྱི་འགྲོ་བའི་ལྷ་སྐལ་སྤྱན་རས་གཟིགས། །ཆོས་སྐལ་རིག་སྔགས་ཡི་གེ་དྲུག་མ་ཡིན། །ཕྱི་མ་དག་པའི་ཞིང་ཁམས་བདེ་བ་ཅན། །སྐྱེ་བར་འདོད་པས་ལྷ་སྔགས་གཅིག་ཏུ་དྲིལ། །རྩ་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པ། །རིག་སྔགས་འཆང་བའི་སློབ་དཔོན་ཆེན་པོ་ཡང་། །འཕགས་མཆོག་སྤྱན་རས་གཟིགས་དང་དབྱེར་མེད་པས། །བླ་མ་ཡི་དམ་དབྱེར་མེད་གསོལ་འདེབས་འབུངས། །བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་མཐའ་དག་གི། །སྙིང་པོ་གསུང་མཆོག་ཡི་གེ་དྲུག་མ་ཡིན། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྙིང་པོ་འདི། །རྩེ་གཅིག་དད་པའི་ངང་ནས་ཡིག་དྲུག་སྒྲོངས། །དེ་ལྟར་དད་མོས་རྣམ་དག་ལྷག་བསམ་གྱིས། །རིགས་སྔགས་རྒྱལ་པོ་བགྲང་བའི་དགེ་རྩ་ཀུན། །མ་གྱུར་འགྲོ་བ་ཀུན་ལ་བསྔོ་བ་འདི། །གཞན་ཕན་ཐེག་ཆེན་ལམ་གྱི་རྩ་བ་ཡིན། །རྩ་གསུམ་རྒྱལ་བ་ཡོངས་ཀྱི་བྱིན་རླབས་དང་། །སྤྱན་རས་གཟིགས་དངོས་མཚོར་འཁྲུངས་རྒྱལ་བ་ཡིས། །བྱིན་བརླབས་བདེན་པས་འདི་ཕྱིར་དགའ་བདེ་ལ། །དུས་ཀུན་སྤྱོད་པས་དགེ་ཞིང་ཤིས་གྱུར་ཅིག །ཅེས་པ་འདིའང་མཁན་ཆེན་བླ་མ་དགེ་ལེགས་ཆོས་འཕེལ་མཆོག་གི་ཞལ་གསུང་ལགས།
ཚེ་འདིའི་སྣང་ཚུལ་ལ་སྐྱོ་བའི་གླུ་ནགས་ཚལ་བུ་མོའི་དབྱངས་སྙན། ཆོས་རྗེ་ཡིད་བཞིན་ནོར་བུ།
དྷཱིཿ ཚེ་འདིའི་སྣང་ཚུལ་ལ་སྐྱོ་བའི་གླུ་ནགས་ཚལ་བུ་མོའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་མཁྱེན་པའི་རང་གཟུགས་བཤེས་གཉེན་དུ་སྣང་བ། །གཟུངས་སྤོབས་ཡོན་ཏན་བྱེ་བའི་གཏེར་མཛོད་ཀྱི་བདག་པོ། །རིགས་བརྒྱའི་སྤྲོ་གཞི་མི་ཕམ་བློ་གྲོས་ནི་དྲིམེད། །འབྲལ་མེད་སྙིང་དབུས་པདྨོར་དགྱེས་བཞིན་དུ་བཞུགས་ཤིག ༡ །འདི་སྣང་བདེ་འབྱོར་རྨི་ལམ་ལྟ་བུ་ཡི་ཆོས་ལ། །ཉིན་མཚན་བར་མེད་ཞེན་པ་ཉམ་ཐག་གི་འགྲོ་བའི། །དོན་མེད་བྱ་བཞག་མང་པོ་ཡིད་ཡུལ་དུ་ཤར་ཚེ། །སྐྱོ་བའི་ཉམས་གླུ་མི་འགུགས་རང་དབང་ནི་མ་བྱུང་། ༢ །ཕྱུག་པོའི་རྒྱུ་ཞེས་ཀུན་གྱིས་སྨོན་གནས་སུ་བྱེད་མོད། །ལུས་སེམས་སྡོད་ཁོམ་མེད་པའི་སྡུག་སྣོན་ཞིག་མ་གཏོགས། །ཟས་གོས་བཟང་པོ་ཙམ་ཡང་ལོངས་སྤྱོད་ནི་མི་བྲ། །འཆི་ཁ་ཞེན་ཆགས་སྐྱེད་པས་ཐར་ལམ་གྱི་བར་ཆད། ༣ །ཇི་ལྟར་འབྱོར་ཡང་ཟས་གོས་གཉིས་པོ་ཙམ་མ་གཏོགས། །རང་གི་ཉམས་ལ་ཕན་པ་རྡུལ་ཆ་ཙམ་མེད་ངེས། །འཛམ་གླིང་རྒྱུ་ནོར་ཡོད་ཚད་མི་གཅིག་ལ་དབང་ཡང་། །ད་རུང་ཆོག་ཤེས་མི་སྐྱེ་རེ་འདོད་ཀྱིས་གཡེང་འདུག ༤ །ཉམ་ཐག་དབུལ་པོའི་ལུས་ཞེས་ཐམས་ཅད་ཀྱིས་སྨོད་ཀྱང་། །ཚེ་གང་བར་མེད་གསོག་སྲུང་བརླག་པ་ཡི་སྡུག་བསྔལ། །ནོར་མང་ཅན་ལ་འབྱུང་བའི་ངང་ཚུལ་འདི་བསམ་ཚེ། །སྐྱིད་ཉལ་རང་ལ་དབང་ཕྱིར་སྤྲང་པོ་ཚོ་སྐྱིད་སྙམ། ༥ །དབྱར་ཁའི་མེ་ཏོག་འདི་དང་ཕྱུག་པོ་ཡི་རྒྱུ་ནོར། །ད་ལྟ་མཛེས་མཛེས་འདྲ་ཡང་ནམ་ཕུགས་ནི་ཐུབ་དཀའ། །སྙིང་པོ་མེད་ལ་ཧ་ཅང་ཞེན་པ་རང་ཆེ་ན། །བཟོད་དཀའ་ངན་འགྲོའི་གཡང་ལ་འགྲིམ་དགོས་ཤིག་མིན་ནམ། ༦ །གནའ་ཞིག་གླིང་བཞིའི་བདེ་འབྱོར་ཡོད་ཚད་ལ་དབང་བའི། །ལང་ཚོའི་གོས་རྒྱན་ལྷ་ལ་འགྲན་ནུས་ཀྱི་དཔོན་ཡང་། །མི་རྟག་མཁའ་ལ་འཇའ་ཚོན་སྣང་བ་བཞིན་ཡལ་ན། །རང་རེའི་ལོངས་སྤྱོད་རྩྭ་རྩེའི་ཟིལ་བ་དང་ལོས་འདྲ། ༧ །ན་ནིང་ཀླུ་དང་འདྲ་བའི་ཕྱུག་པོ་ནི་ཕལ་ཆེར། །ད་ལོ་ཉམ་ཐག་སྤྲང་པོའི་གྲལ་མཐའ་ན་འདུག་པ། །འདི་ཀོ་རྨི་ལམ་མིན་ཡང་རྨི་ལམ་བཞིན་སྣང་ཕྱིར། །འཁོར་བའི་བདེ་ལ་སུན་པ་དབང་མེད་དུ་སྐྱེས་བྱུང་། ༨ །མཐོན་པོའི་ཐོབ་ཅེས་ཀུན་ལ་གྲགས་ཆེན་ཞིག་ཡོད་དེ། །རྟག་བརྟན་མི་འདུག་སྟོན་ཁའི་སྤྲིན་དཀར་གྱི་སྤུན་ཟླ། །སྙིང་པོ་མེད་པ་དབྱར་གྱི་འཇའ་ཚོན་དངོས་ལགས་ཕྱིར། །བསམ་ཞིང་བསམ་ན་ཡིད་སྐྱོའི་སྣོན་མ་རང་མིན་ནམ། ༩ །ཐར་བའི་ལམ་སྟོན་བླ་སེར་མང་པོ་ཡི་ཐུགས་དཀྲུགས། །ཉེས་མེད་སྡེ་འབངས་ཁྲིམས་ཀྱི་ལས་སྣང་ལ་སྦྱར་ཏེ། །རང་བཟང་སྙམ་པའི་ངང་ལ་དུག་སྦྲུལ་བཞིན་འགྱིང་ཡང་། །ཕྱི་མའི་ལམ་འཕྲང་འགྲིམ་དུས་ཅི་འདྲ་ཞིག་ཡོད་གྲང་། ༡༠ །ད་ལྟ་རང་སྡེའི་དབུས་ན་མཐོ་མཐོ་ལྟར་སྣང་ཡང་། །གཤིན་རྗེའི་ཕོ་ཉ་མཐོང་དུས་དེ་ཙམ་ཞིག་མིན་འདྲ། །ཐར་དཀའ་ངན་སོང་གནས་སུ་སྡུག་བསྔལ་རང་མྱོང་དུས། །ཡུལ་སྡེ་ལོངས་སྤྱོད་མང་ཡང་ཕན་པ་ནི་མི་གདའ། ༡༡ །མེ་ཏོག་བཅུད་ལ་རོལ་བའི་བུང་བ་ནི་གཞོན་ནུ། །ཉམས་དགའི་ཚལ་དང་འབྲལ་འདོད་ཡིད་ཡུལ་ན་མེད་ཀྱང་། །སྟོན་མཇུག་གྲང་ལྷགས་བང་ཆེན་གློ་བུར་དུ་ཐོན་དུས། །སྐྱོ་ཤས་ཡིད་ལ་འཁོར་ཡང་བྱ་ཐབས་དང་བྲལ་འདུག ༡༢ །དེ་བཞིན་ཚེ་འདིར་ཞེན་པའི་སྐྱེ་བོ་ཡི་ཚོགས་ཀྱང་། །འཆི་བདག་ཕོ་ཉའི་སྡང་མིག་མངོན་སུམ་དུ་མཐོང་ཚེ། །ཚེ་གཅིག་བག་མེད་སྤྱོད་པས་གཡེང་ཚུལ་ལ་བསམ་དུས། །འགྱོད་ཆེན་སྙིང་ལ་མཆེད་ཀྱང་འཕྱི་བ་རང་མིན་ནམ། ༡༣ །རང་དང་ལྷན་ཅིག་སྐྱེས་ཤིང་ཚེ་གཅིག་ཏུ་གསོས་པའི། །རང་ལུས་འདི་ཡང་འཁྱེར་བའི་རང་དབང་ཞིག་མེད་ན། །ཉེ་འབྲེལ་ལོངས་སྤྱོད་ནམ་མཁའི་སྐར་ཚོགས་བཞིན་བཀྲ་ཡང་། །ཐམས་ཅད་ཤུལ་དུ་བསྐྱུར་ནས་འགྲོ་ངེས་ཤིག་ལོས་ཡིན། ༡༤ །མཐོ་བརྗིད་ཚོན་གྱིས་བྱུག་པའི་ཁང་བཟང་ནི་མང་པོ། །མི་བརྟན་གྱང་རལ་བྱེ་མའི་ཕུང་པོ་རུ་འདུག་པའི། །སྣང་ཚུལ་འདི་ལ་བརྟག་དཔྱད་ཞིབ་མོ་ཞིག་གྱིས་དང་། །ཉམས་དགའི་གནས་ལ་ཆགས་ཞེན་ལྷོད་པོ་རུ་གྱུར་ཡོང་། ༡༥ །རང་རེའི་ཕ་དང་མེས་པོ་ཡང་མེས་ཀྱི་རིང་ལ། །བར་མེད་ཚེ་འདི་གཉེར་ཡང་གྲུབ་ཐབས་ཤིག་མ་བྱུང་། །བདག་ཀྱང་ཇི་ལྟར་འབད་ཀྱང་དེ་འདྲ་ལས་མེད་ཕྱིར། །ཟབ་མོའི་ལྷ་ཆོས་བསྒྲུབ་ན་དགའ་ཚོད་ཙམ་མིན་ནམ། ༡༦ །ཚེ་སྟོད་དགྲ་སྡེ་མང་པོ་ཚེ་སྨད་ཀྱི་གྲོགས་རེད། །དེ་རིང་གཅེས་པའི་གྲོགས་ཀྱང་སང་ཉིན་གྱི་དུས་སུ། །སྲོག་གཅོད་གཤེད་དུ་གྱུར་པའང་སྲིད་པ་ཞིག་ཡིན་ན། །དགྲ་གཉེན་ངེས་པ་མེད་ལ་ཆགས་སྡང་གིས་ཅི་བྱ། ༡༧ །རང་གི་ལུས་ཀྱིས་བསྐྱེད་པའི་བུ་ཕྲུག་གི་ཚོགས་རྣམས། །སྙིང་གི་དུམ་བུ་བཞིན་དུ་གཅེས་རྒུ་ཡིས་བསྐྱངས་ཀྱང་། །ནམ་ཞིག་ལུས་སྟོབས་རྫོགས་ནས་དྲིན་ལན་ལ་རེ་དུས། །ཕན་མེད་ཡིད་ཆད་སྐྱེ་བའི་སྣོན་མ་ཞིག་མིན་ནམ། ༡༨ །ལང་ཚོའི་ན་ཚོད་མཉམ་པའི་ན་ཆུང་ཚོ་ཕན་ཚུན། །འཛུམ་པའི་ཟུར་མིག་གཡོ་བའི་གར་སྟབས་ལ་མཁྲེང་བཞིན། །ཡིད་མཐུན་ངང་ལ་ཡུན་རིང་འགྲོགས་པ་ལ་སྨོན་ཡང་། །སྐྱིད་སྡུག་ཅི་འོང་མི་ཤེས་སྙིང་རྗེ་ཞིག་སྐྱེས་བྱུང་། ༡༩ །ཡུན་རིང་འགྲོགས་ངེས་མེད་པའི་ཁྱིམ་གཅིག་གི་བཟའ་ཚང་། །ཚོང་འདུས་མགྲོན་པོ་བཞིན་དུ་ཡུད་ཙམ་ལ་འཚོགས་ཀྱང་། །སྔོན་བསགས་ལས་ཀྱིས་རིགས་དྲུག་ངེས་མེད་དུ་ཁྲིད་དུས། །ཕན་ཚུན་གར་སོང་འདིར་ཡོད་ཕྱོགས་ཙམ་ཡང་མི་ཤེས། ༢༠ །བླ་མ་མཆོག་དང་མི་འབྲལ་འགྲོགས་འདོད་ཅིག་ཡོད་མོད། །སྔོན་བསགས་ལས་ཀྱི་བཀོད་པ་སུ་ཞིག་གིས་ཟློག་ནུས། །ཁུ་བྱུག་མོན་ལ་འགྲོ་ཁའི་འདུ་བ་དང་མཚུངས་པའི། །རྡོ་རྗེའི་མཆེད་ཚོགས་འདི་ཡང་འབྲལ་ངེས་ཤིག་མིན་ནམ། ༢༡ །གོང་གི་རྗེ་དཔོན་བཀུར་ཀྱང་མཉེས་ཐབས་ནི་མི་འདུག །འོག་གི་ཡུལ་སྡེ་བསྐྱངས་ཀྱང་མགུ་དུས་ནི་དཀའ་མོ། །འཁོར་བའི་བྱ་བཞག་འདི་ལ་གྲུབ་དུས་ཤིག་མེད་ཕྱིར། །བག་ཡངས་བློ་བདེའི་ངང་དུ་ཉལ་ཚོད་ཅིག་མིན་ནམ། ༢༢ །དགྲ་བོ་ཇི་ལྟར་བཏུལ་ཀྱང་ཇེ་མང་ལས་མི་གདའ། །ཉེ་འབྲེལ་བྱམས་པས་བསྐྱངས་ཀྱང་དགའ་སྡུག་ནི་ཇེ་མང་། །བཟང་རྒུའི་ཟས་མང་ཟོས་ཀྱང་མི་གཙང་གི་སྣོན་མ། །ད་ནི་མདོ་མེད་སྤྲང་པོའི་སྤྱོད་ཚུལ་ལ་དགྱེས་རན། ༢༣ །ཕར་ལ་སྙིང་བཞིན་བསྐྱངས་པའི་ཡིད་མཐུན་གྱི་གྲོགས་ཀྱང་། །ཚུར་ལ་མངོན་ལྐོག་མེད་པར་དགའ་ཚོད་ཅིག་མིན་པར། །ཁོ་རང་བློ་རྩེ་ན་ཆུང་གསར་བ་ལ་གཏོད་འདུག །གྲོགས་མེད་གཅིག་པུར་བསྡད་ན་སྐྱིད་པོ་ཞིག་མིན་ནམ། ༢༤ །མཁས་བཙུན་བཟང་གསུམ་འཛོམས་པའི་བཤེས་གཉེན་གྱི་ཚོགས་ཀྱང་། །དང་པོར་མཇལ་དུས་ཐམས་ཅད་བརྩི་བཀུར་ལ་སྤྲོ་ཡང་། །རྒྱུན་དུ་འགྲོགས་ན་ངན་བརྗོད་ཁོ་ན་ལ་བརྩོན་ཕྱིར། །སྙིགས་མའི་འགྲོ་དོན་རང་རེས་འགྲུབ་ཐབས་ནི་དཀའ་འོ། ༢༥ །ཡོན་ཏན་ཅན་གྱི་སྐྱེ་བོར་བསྟོད་བསྔགས་ནི་མི་བརྗོད། །ངན་སྤྱོད་ཕྲན་བུ་ཐོས་ཚེ་བརྟག་དཔྱད་ཙམ་མེད་པར། །མཐོང་ཚད་མི་ལ་ཁྱབ་བརྡལ་སྤེལ་བ་ལ་བརྩོན་པའི། །སྐྱེ་རྒུའི་རང་གཤིས་འདི་ལ་ཅིའི་ཕྱིར་ན་མི་སྐྱོ། ༢༦ །རང་ཡུལ་བཞུགས་པའི་མཁས་གྲུབ་མིག་ལམ་ནས་བོར་ཏེ། །གཞན་ནས་འོངས་པའི་མགོ་བསྐོར་ཐབས་ཚུལ་ལ་མཁས་པའི། །རྫུན་རྒན་སྐྱེ་བོ་ལྷ་བཞིན་བཀུར་ཚུལ་ལ་བསམ་ཚེ། །རྒྱལ་བསྟན་ནུབ་ལ་ཉེ་བའི་རང་རྟགས་དངོས་ཡིན་སྙམ། ༢༧ །བསྟན་འཛིན་རྒྱན་མཆོག་ཚུལ་ཁྲིམས་ཤེས་རབ་གཉིས་ཡིན་ཡང་། །དེང་སང་ཡོན་ཏན་ཅན་ལ་བརྩི་བཀུར་ནི་མི་བྱེད། །དར་གོས་རྒྱན་གྱིས་མཛེས་པའི་སྤྲུལ་མིང་ཙམ་ཐོགས་རྣམས། །ཡོན་ཏན་སྣ་གཅིག་མེད་ཀྱང་ངོ་སོ་རང་མཐོ་འདུག ༢༨ །ངན་སྐྱོན་འབུམ་གྱིས་གང་བའི་ངང་ཚུལ་ལ་མི་དཔྱད། །མངོན་ལྐོག་ཀུན་ཏུ་གཞན་སྐྱོན་བརྗོད་པ་ལ་བརྩོན་པའི། །རང་དང་ཤིན་ཏུ་མཚུངས་པའི་གྲོགས་པོ་ཚོ་མཐོང་ཚེ། །ཡིད་སྐྱོའི་སེམས་འདི་སྙིང་གི་ཐིག་ལེ་ལ་འཁོར་འདུག ༢༩ །བསགས་པའི་འབྲུ་དྲུག་སྔོན་མོ་ཞིང་ནང་དུ་བཏབ་སྟེ། །སྟོན་དུས་འབྲས་བུ་སྨིན་དུས་སྤྱོད་སྙམ་ཞིག་ཡོད་ཀྱང་། །སྣོན་མེད་རིམ་གྱིས་ཕྲི་བ་མི་ཚེ་ཡི་སྣང་བ། །དེ་ཡི་སྔོན་ལ་མི་མཛད་དཔའ་གདེང་ནི་ཅི་ཡོད། ༣༠ །ངེས་པར་འཆི་སྙམ་ཙམ་ཞིག་བློ་ཡུལ་ན་ཡོད་ཀྱང་། །ནམ་འཆི་ཆ་མེད་སྒོམ་པའི་བརྩོན་འགྲུས་ནི་མ་བྱས། །སྐྱེས་ནས་ད་ལྟའི་བར་ལ་ལོ་མང་ཞིག་སོང་ཡང་། །ལྷ་ཆོས་འདི་འགྲུབ་སྙམ་པའི་དཔའ་གདེང་ནི་མི་གདའ། ༣༡ །ངམ་ངམ་ཤུགས་ལ་འགྲུབ་པ་སྡིག་ལྟུང་གི་རྣམ་གྲངས། །མང་མང་བསགས་པའི་སྤྱོད་པ་བློ་ཡུལ་དུ་མི་ཤོང་། །དེ་རིང་ཙམ་ལ་འཆི་བདག་ལས་མཁན་ཁོ་ཐོན་ན། །འགྲོ་ས་ངན་སོང་གནས་ལས་གཞན་ཞིག་ནི་མེད་འདྲ། ༣༢ །དལ་འབྱོར་ཐོབ་ཀྱང་ཆོས་ཀྱི་སྙིང་པོ་ནི་མ་ལོན། །བླ་མ་མཇལ་ཡང་དགོངས་སྤྱོད་སློབ་པ་ལ་མ་བརྩོན། །གདམས་ཟབ་ཐོབ་རུང་ཉོན་མོངས་གཉེན་པོ་རུ་མ་སོང་། །ཚེ་གང་དོན་མེད་གྱུར་ལ་འགྱོད་ཆེན་ཞིག་སྐྱེས་བྱུང་། ༣༣ །ད་ནི་ཚེ་མཇུག་འདི་ལ་དགེ་ཆོས་རང་བསྒྲུབས་ནས། །སྔར་བྱས་སྡིག་ལྟུང་རྣམ་སྨིན་ལྷག་མེད་དུ་བྱང་སྟེ། །འཆི་ཁ་འགྱོད་པ་མེད་པའི་དམ་ཆོས་ཤིག་འགྲུབ་པའི། །བྱིན་རླབས་ཆར་དུ་སྙིལ་ཤོག་དྲིན་ཆེན་གྱི་བླ་མ། ༣༤ །དག་དང་མ་དག་ཞིང་ཁམས་རབ་འབྱམས་གྱི་ཁྱོན་དུ། །མི་དང་མི་མིན་བྱ་སོགས་མ་ངེས་པའི་གཟུགས་ཀྱིས། །འཇམ་མགོན་བླ་མས་འགྲོ་དོན་མཛད་པ་ཡི་དྲུང་དུ། །བདག་ཀྱང་འབྲལ་མེད་འཁོད་པའི་དགེ་ལེགས་ལ་སྨོན་ནོ། ༣༥ །རིང་ནས་དྲིན་ཀྱིས་བསྐྱངས་པ་མ་གྱུར་གྱི་སེམས་ཅན། །གཅིག་ཀྱང་མི་ལྷག་བདེ་ཆེན་དག་པ་ཡི་ཞིང་དུ། །བདེ་བླག་འཁྲིད་པའི་སྟོབས་ཤུགས་བདག་གཅིག་ལ་དབང་ནས། །འཇམ་མགོན་བླ་མའི་བཞེད་དོན་འགྲུབ་ནུས་སུ་གྱུར་ཅིག ༣༦ །གླུ་འདི་སུ་ཡི་རྣ་བར་སོན་པ་དང་མཉམ་དུ། །འདི་སྣང་ཞེན་པའི་ཀུན་རྟོག་ན་བུན་བཞིན་སངས་ཏེ། །མ་འབད་བཞིན་དུ་བྱང་ཕྱོགས་སོ་བདུན་ལ་དབང་ནས། །དོན་གཉིས་མཐར་སོན་སྟོབས་བཅུའི་བདག་པོ་རུ་གྱུར་ཅིག །༣༧ཅེས་ཚིགས་སུ་བཅད་པ་བྱང་ཕྱོགས་སོ་བདུན་གྱི་གྲངས་ལྡན་འདི་ནི་རབ་རྒྱལ་ཤིང་འབྲུག་ཟླ་༧ཚེས་༣༠ལ་ངག་དབང་བློ་གྲོས་མཚུངས་མེད་པའི་ཁ་ནས་གང་བྱུང་བསྒྱུར་བཅོས་སྤུ་ཙམ་མ་བྱས་པར་ཡུད་ཙམ་ཞིག་ལ་སྤེལ་བ་མངྒ་ལཾ།
ན་ཆུང་རྣམས་ལ་ཉེ་བར་མཁོ་བའི་གླུ་ཡིག་གདམས་ངག་སྙིང་པོའི་མཛོད་ཁང་། ཆོས་རྗེ་ཡིད་བཞིན་ནོར་བུ།
༄༅། །ན་ཆུང་རྣམས་ལ་ཉེ་བར་མཁོ་བའི་གླུ་ཡིག་གདམས་ངག་སྙིང་པོའི་མཛོད་ཁང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨ་ཛི་ཏ་ཡེ། ལྷ་བླ་མའི་ཆོས་ར་གོང་མ་ན། །གོང་བླ་ལོ་རྣམས་ཀྱི་གྲལ་ཞིག་བསྒྲིགས། །ཁ་མི་དལ་ཆོས་བཤད་འུ་རུ་རུ། །སེམས་མི་དལ་སྒོམ་སྒྲུབ་ཉམས་ལེན་བྱེད། །གྲལ་དེ་ཚོ་འདི་སྐྱིད་ཕྱི་སྐྱིད་རེད། །ལྷ་བླ་མའི་ཆོས་ར་བར་མ་ན། །སྤྱི་ལས་གཉེར་རྣམས་ཀྱི་གྲལ་ཞིག་བསྒྲིགས། ཁ་མི་དལ་ཁྲིམས་བཤད་འུ་རུ་རུ། །སེམས་མི་དལ་བུ་ལོན་ཁེ་སྤོགས་བསམ། །གྲལ་དེ་ཚོ་འདི་སྐྱིད་ཕྱི་སྡུག་རེད། །ལྷ་བླ་མའི་ཆོས་ར་འགབ་མ་ན། །གོ་ཉིས་ཆོད་གྲོང་སྔགས་གྲལ་ཞིག་བསྒྲིགས། ཁ་མི་དལ་གཟའ་འཛིང་འུ་རུ་རུ། །སེམས་མི་དལ་དཀོར་ནག་ཟས་ལ་རློམ། །གྲལ་དེ་ཚོ་འདི་སྡུག་ཕྱི་སྡུག་རེད། །སྟག་ཤར་ལོའི་འདུ་ར་གོང་མ་ན། །བློ་ཤེས་རྒྱ་ཅན་ཚོའི་གྲལ་ཞིག་བསྒྲིགས། །ཁ་མི་དལ་ཁ་འདོན་འུ་རུ་རུ། །སེམས་མི་དལ་ལྷ་ལ་གསོལ་བ་འདེབས། །གྲལ་དེ་ཚོ་འདི་སྐྱིད་ཕྱི་སྐྱིད་རེད། །སྟག་ཤར་ལོའི་འདུ་ར་བར་མ་ན། །གཏམ་ཁ་ལྕེ་ཅན་ཚོའི་གྲལ་ཞིག་བསྒྲིགས། །ཁ་མི་དལ་གྱོད་བཤད་འུ་རུ་རུ། །སེམས་མི་དལ་ཡུལ་སྡེའི་འདུག་ཆས་བསམ། །གྲལ་དེ་ཚོ་འདི་སྐྱིད་ཕྱི་སྡུག་རེད། །སྟག་ཤར་ལོའི་འདུ་ར་འགབ་མ་ན། །སྡུག་རྐུན་ཇག་རྔོན་པའི་གྲལ་ཞིག་བསྒྲིགས། །ཁ་མི་དལ་མནའ་གཤོབ་འུ་རུ་རུ། །སེམས་མི་དལ་གསོད་ཐབས་རྐུ་ཐབས་བསམ། །གྲལ་དེ་ཚོ་འདི་སྡུག་ཕྱི་སྡུག་རེད། །སྨན་བོ་ལོའི་རྩེ་ར་གོང་མ་ན། །ཕ་བཟང་པོའི་བོ་ལོའི་གྲལ་ཞིག་བསྒྲིགས། །ཁ་མི་དལ་མ་ཎི་འུ་རུ་རུ། །སེམས་མི་དལ་ཕྱི་མའི་འགྲོ་ཆས་བསམ། །གྲལ་དེ་ཚོ་འདི་སྐྱིད་ཕྱི་སྐྱིད་རེ། །སྨན་བོ་ལོའི་རྩེ་ར་བར་མ་ན། །ཕ་འབྲིང་པོའི་བོ་ལོའི་གྲལ་ཞིག་བསྒྲིགས། །ཁ་མི་དལ་ཚིག་འཇམ་འུ་རུ་རུ། །སེམས་མི་དལ་འཁོར་བའི་འདུག་ཆས་བསམ། །གྲལ་དེ་ཚོ་འདི་སྐྱིད་ཕྱི་སྡུག་རེད། །སྨན་བོ་ལོའི་རྩེ་ར་འགབ་མ་ན། །ཕ་ངན་པའི་བོ་ལོའི་གྲལ་ཞིག་བསྒྲིགས། །ཁ་མི་དལ་མཁའ་དབྱེན་འུ་རུ་རུ། །སེམས་མི་དལ་ཕྲག་དོག་ཁོང་ཁྲོས་གཡེང་། །གྲལ་དེ་ཚོ་འདི་སྡུག་ཕྱི་སྡུག་རེད། །
༈ རོགས་ཆུང་འདྲིས་སྙིང་ལ་རྗེ་མོ་མ། །ལོ་བཅོ་ལྔ་ལོན་ནས་འདྲིས་ནི་རེད། །ཚེ་གཅིག་ལ་འགྲོགས་འདོད་ཡོད་རུང་གི །དགྲ་འཆི་བདག་ནམ་ཐོན་ཆ་མེད་རེད། །བོའུ་ཁྱ་རིང་དགྲ་བླ་རང་འཁོར་དེ། །རྫས་མདའ་སྨན་འཛོམས་ནས་ཁུར་ནི་རེད། །ཚེ་གཅིག་ལ་ཁུར་འདོད་ཡོད་རུང་གི །དགྲ་འཆི་བདག་ནམ་ཐོན་ཆ་མེད་རེད། །རྟ་འདོ་བ་གོམ་ལག་བདེ་མོ་མ། །མགོ་ཅོ་རྔོག་བླངས་ནས་ཁྱེར་ནི་རེད། །ཚེ་གཅིག་ལ་ཁྱེར་འདོད་ཡོད་རུང་གི །དགྲ་འཆི་བདག་ནམ་ཐོན་ཆ་མེད་རེད། །བྱ་ཁུ་ལོ་སེམས་ལ་འཕྲོད་མོ་མ། །དབྱར་ཟླ་བ་གསུམ་དུ་གྲག་ནི་རེད། །སྟོན་འགོ་མ་ཚེས་དུས་འགྲོ་ཆས་རེད། །སེམས་སྐྱོ་ཡང་སྔོན་ལས་སུ་ཡིས་བཟློག །དྲིན་ཕ་མ་སེམས་ལ་འཕྲོད་མོ་མ། །ཚེ་གཅིག་གི་རིང་ལ་གསོས་ནི་རེད། །མགོ་སྐྲ་ལོ་དཀར་དུས་འགྲོ་ཆས་རེད། །སེམས་སྐྱོ་ཡང་སྔོན་ལས་སུ་ཡིས་བཟློག །རོགས་ཞེ་མ་སེམས་ལ་འཕྲོད་མོ་མ། །ཆུང་རྩེ་ར་ནང་གི་འདྲིས་ནི་རེད། །ལོ་ཉི་ཤུ་ལོན་དུས་འགྲོ་ཆས་རེད། །སེམས་སྐྱོ་ཡང་སྔོན་ལས་སུ་ཡིས་བཟློག །
༈ ང་ཡར་སོང་དབུས་གཙང་སྟོད་ལ་སོང་། །བན་ཆུང་ཆུང་གཉིས་འུ་ནང་གཏམ་ལ། །དགེ་ཆོས་ཁྲིམས་ཁ་བཙན་ཆེ་འུ་ཟེར། །དགེ་ཆོས་ཁྲིམས་ཨི་བཙན་མི་ཤེས་ད། །བཙན་ངེས་པ་གཤིན་རྗེའི་ལས་མཁན་རེད། །ང་ཕར་སོང་ཟི་ལིང་མཁར་ལ་སོང་། །སྟག་ཤར་ལོ་གཉིས་འུ་ནང་གཏམ་ལ། །དགྲ་ནག་པོ་ཁ་བཙན་ཆེ་འུ་ཟེར། །དགྲ་ནག་པོ་ཨི་བཙན་མི་ཤེས་ད། །བཙན་ངེས་པ་གཤིན་རྗེའི་ལས་མཁན་རེད། །ང་མར་སོང་དར་རྩེ་མདོ་ལ་སོང་། །སྨན་བུ་མོ་གཉིས་འུ་ནང་གཏམ་ལ། །ཡུལ་སྡེ་བ་ཁ་བཙན་ཆེ་འུ་ཟེར། །ཡུལ་སྡེ་བ་ཨི་བཙན་མི་ཤེས་ད། །བཙན་ངེས་པ་གཤིན་རྗེའི་ལས་མཁན་རེད།
༈ རྫ་སྤང་རི་གཉིས་འུ་ས་མཚམས་ན། །འབྲོང་བྲེ་ལི་གཉིས་འུ་མཐུན་ལུགས་ལ། །ཚེ་འདི་ལ་མཉམ་འགྲོ་མཉམ་འདུག་རེད། །ཚེ་ཕྱི་མ་གར་འགྲོ་ཆ་མེད་རེད། །ཆོས་དགེ་བ་མེད་ན་ཡི་རེ་མུག །མཚོ་སྤང་ལྗོངས་གཉིས་འུ་ས་མཆམས་ན། །བྱ་ངང་བ་གཉིས་འུ་མཐུན་ལུགས་ལ། །ཚེ་འདི་ལ་མཉམ་འགྲོ་མཉམ་འདུག་རེད། །ཚེ་ཕྱི་མ་གར་འགྲོ་ཆ་མེད་རེད། །ཆོས་དགེ་བ་མེད་ན་ཡི་རེ་མུག །སྡེ་གསར་རྙིང་གཉིས་འུ་ས་མཚམས་ན། །རོགས་ཨ་ལོ་གཉིས་འུ་མཐུན་ལུགས་ལ། །ཚེ་འདི་ལ་མཉམ་འགྲོ་མཉམ་འདུག་རེད། །ཚེ་ཕྱི་མ་གར་འགྲོ་ཆ་མེད་རེད། །ཆོས་དགེ་བ་མེད་ན་ཡི་རེ་མུག །འབུ་བུང་མ་ཨ་བུའི་ལོ་ལོ་བོ། །སྐད་སྙན་འགྱུར་སྣང་བ་སྤྲོོ་མོ་མ། །དགུན་འགོ་མ་བསུ་མ་ཐོན་ཉིན་པར། །འགྲོ་དགོས་ནི་ལས་ཀྱི་བསྐོས་ཐང་རེད། །གོས་མེད་པའི་བུང་མ་སྙིང་རེ་རྗེ། །གོང་དཔོན་ལི་ཨ་བུའི་ལོ་ལོ་བོ། །ཐོབ་མངའ་ཐང་སྣང་བ་སྤྲོ་མོ་མ། །དགྲ་ཡ་མེད་བསུ་མ་ཐོན་ཉིན་པར། །འགྲོ་དགོས་ནི་ལས་ཀྱི་བསྐོས་ཐང་རེད། །གྲོགས་མེད་པའི་དཔོན་ལི་སྙིང་རེ་རྗེ། །སྨན་བུ་མོ་ཨ་བུའི་ལོ་ལོ་བོ། །གཟུགས་སྐྱེ་ཡག་སྣང་བ་སྤྲོ་མོ་མ། །ནད་ཚབས་ཆེན་བསུ་མ་ཐོན་ཉིན་པར། །འགྲོ་དགོས་ནི་ལས་ཀྱི་བསྐོས་ཐང་རེད། །གྲོགས་མེད་པའི་བུ་མོ་སྙིང་རེ་རྗེ། །དགུང་ཨ་སྔོན་སྤྲིན་དཀར་གུར་ཁང་ན། །འབྲུག་ཕོ་ཁྱུང་གསུང་སྐད་སྙན་མོ་ཅན། །དུས་དེང་སང་བསམས་ན་སྤྲོ་མོ་མ། །དགུན་འགོ་མ་ཐོན་གི་ཉིན་རིང་ལ། །སེམས་བསམ་བློ་སྐྱོ་འུ་སྐྱོ་སྣོན་རེད། །མཁར་སུམ་བརྩེགས་ཉམས་དགའི་གཤག་ཆུང་ན། །དྲིན་ཕ་མ་ངོ་འཛུམ་སྙིང་གཏམ་ཅན། །དུས་དེང་སང་བསམས་ན་སྤྲོ་མོ་མ། །ཚེ་ཕྱི་མ་ཐོན་གི་ཉིན་རིང་ལ། །སེམས་བསམ་བློ་སྐྱོ་འུ་སྐྱོ་སྣོན་རེད། །སྡེ་ཆེན་པོའི་ཕ་ཕྱུག་གོ་ཁ་ན། །རོགས་ཆུང་འདྲིས་གོམ་པ་ལྡེམ་འགྲོས་ཅན། །དུས་དེང་སང་བསམས་ན་སྤྲོ་མོ་མ། །སྡེ་ཆེ་བོ་འཐོར་གི་ཉིན་རིང་ལ། །སེམས་བསམ་བློ་སྐྱོ་འུ་སྐྱོ་སྣོན་རེད། །ཐང་གཅིག་ལ་འཚོགས་པའི་སྦྲང་ཆུང་ཚོ། །དབྱེ་ཡེད་བསམ་སེམས་ལ་མེད་རུང་གི །དགུང་བ་མོའི་བཀའ་ཁྲིམས་ཐོན་དུས་སུ། །དབང་མེད་པའི་སྦྲང་ཆུང་སྙིང་རེ་རྗེ། །དགོན་གཅིག་ཏུ་འཚོགས་པའི་བན་ཆུང་ཚོ། །དབྱེ་ཡེད་བསམ་སེམས་ལ་མེད་རུང་གི །དྲིན་ཕ་མའི་བཀའ་ཁྲིམས་ཐོན་དུས་སུ། །དབང་མེད་པའི་བན་ཆུང་སྙིང་རེ་རྗེ། ཁྱིམ་གཅིག་ཏུ་འཚོགས་པའི་བཟའ་ཚང་ཚོ། །དབྱེ་ཡེད་བསམ་སེམས་ལ་མེད་རུང་གི །ཚེ་ཕྱི་མའི་བཀའ་ཁྲིམས་ཐོན་དུས་སུ། །དབང་མེད་པའི་བཟའ་ཚང་སྙིང་རེ་རྗེ། །ཐོབ་མངའ་ཐང་ཅན་གྱི་དཔོན་ལུ་ཚོ། །ཡུལ་སྡེ་བ་ཁ་རྒྱ་ཆེ་འུ་ད། །གོང་བླ་མའི་གསུང་ལ་ཉན་ན་ནི། །གཤིན་ཆོས་རྒྱལ་མཐོ་རྩིས་ཆེ་རབས་མེད། །ཆོས་དགེ་བ་བསྒྲུབས་ན་དགའ་ཚོད་རེད། །དཔའ་ཡ་མེད་ཅན་གི་བཙན་པོ་ཚོ། །སྐེད་འཁོར་གསུམ་རྒྱན་ཆ་ཡག་གི་ད། །གོང་བླ་མའི་གསུང་ལ་ཉན་ན་ནི། །གཤིན་ཆོས་རྒྱལ་དཔའ་བོས་འདུལ་རབས་མེད། །ཆོས་དགེ་བ་བསྒྲུབས་ན་དགའ་ཚོད་རེད། །རྒྱུ་ལོངས་སྤྱོད་ཅན་གྱི་ཕྱུག་པོ་ཚོ། །འབྲི་ཐུས་མའི་འཕེལ་ཁ་ཡག་གི་ད། །གོང་བླ་མའི་གསུང་ལ་ཉན་ན་ནི། །གཤིན་ཆོས་རྒྱལ་འབྲིད་རྒྱུ་ལོན་རབས་མེད། །ཆོས་དགེ་བ་བསྒྲུབས་ན་དགའ་ཚོད་རེད། །ང་གོང་ཤེས་དཔོན་ལུས་ཟེར་རྒྱུ་ལ། །ཐོབ་ཁ་རྗེ་ཐོད་པའི་སྔོན་ལས་རེད། །ཡུལ་སྡེ་བ་ཐབས་གིས་འདུལ་དགོས་ཟེར། །གོང་དཔོན་ལིས་བསམ་དཀར་ལོས་ཡིན་ད། །ཚེ་ཕྱི་མའི་འགྲོ་ཆས་མ་བསྒྲུབས་ན། །འཆིའི་ནངས་མོ་དཔོན་ལུས་མི་སྐྱོབ་གི །ང་དྲིན་ཆེན་མ་ལོས་ཟེར་རྒྱུ་ལ། །རྒྱུ་ལོངས་སྤྱོད་ཐོད་པའི་སྔོན་ལས་རེད། །གཞི་འཁོར་བ་ཐབས་གིས་འཛིན་དགོས་ཟེར། །དྲིན་མ་ལོས་བསམ་དཀར་ལོས་ཡིན་ད། །ཚེ་ཕྱི་མའི་འགྲོ་ཆས་མ་བསྒྲུབས་ན། །འཆིའི་ནངས་མོ་མ་ལོས་མི་སྐྱོབ་གི །ང་ཆུང་འདྲིས་རོགས་གི་ཟེར་རྒྱུ་ལ། །གཟུགས་སྐྱེ་མྱོང་ཐོད་པའི་སྔོན་ལས་རེད། །རོགས་ན་ཟླ་ཐབས་གིས་སྐྱོང་དགོས་ཟེར། །རོགས་ཆུང་འདྲེས་བསམ་དཀར་ལོས་ཡིན་ད། །ཚེ་ཕྱི་མའི་འགྲོ་ཆས་མ་བསྒྲུབས་ན། །འཆིའི་ནངས་མོ་རོགས་ལོས་མི་སྐྱོབ་གི །གོང་བླ་ལོ་བསམ་དོན་འགྲུབ་རྒྱུ་བོ། །འཁོར་སློབ་མ་ཐུགས་ལ་མཁྲེང་རུང་གི །གོང་བླ་ལོའི་གསུང་ལ་མ་ཉན་ན། །འཁོར་སློབ་མ་བསམ་མེད་མགོ་འཁོར་རེད། །གོང་བླ་ལོ་ཁག་མེད་ཡོག་མེད་རེད། །བྱ་ངང་བ་བསམ་དོན་འགྲུབ་རྒྱུ་བོ། །མཚོ་དྭངས་སྨུག་སེམས་ལ་མཁྲེང་རུང་གི །དར་དཀར་པོའི་ཡོལ་བ་འཕངས་བཏང་ན། །མཚོ་དྭངས་སྨུག་བསམ་མེད་མགོ་འཁོར་རེད། །བྱ་ངང་ལོ་ཁག་མེད་ཡོག་མེད་རེད། །དྲིན་མ་ལོ་བསམ་དོན་འགྲུབ་རྒྱུ་བོ། །བུ་བུ་མོ་སེམས་ལ་མཁྲེང་རུང་གི །དྲིན་མ་ལོའི་དྲིན་ལན་མ་བསམས་ན། །བུ་བུ་མོ་བསམ་མེད་མགོ་འཁོར་རེད། །དྲིན་མ་ལོ་ཁག་མེད་ཡོག་མེད་རེད། །ལུག་དཀར་ཆུང་རྩེའུ་རྩེ་གྲལ་ན། །བཤའ་རན་ནིས་ཕོ་ཐོང་ཡིད་རེ་རྨོངས། །སྙིང་འདར་རུང་སྐྱབས་མེད་མགོན་མེད་རེད། །སྟག་ཤར་ལོ་དགོངས་པ་མཐོ་རྒྱུ་བོ། །འདི་མི་བཤའ་ཐབས་ཤིག་ཨི་ཡ་ཁུ། །ཡུལ་སྡེ་ཆེན་འཚོག་གི་ཚོགས་གྲལ་ན། །འཐབ་རན་ནིས་ཤར་ལོ་ཡིད་རེ་རྨོངས། །སྙིང་འདར་རུང་སྐྱབས་མེད་མགོན་མེད་རེད། །གོང་དཔོན་ལི་དགོངས་པ་མཐོ་རྒྱུ་བོ། །འདི་མི་འགྲོ་ཐབས་ཤིག་ཨི་ཡ་ཁུ། ཁྱིམ་བཟའ་ཚང་སྐྱིད་གི་འཚོགས་གྲལ་ན། །འཆི་རན་ནིས་མ་ལོ་ཡིད་རེ་རྨོངས། །སྙིང་འདར་རུང་སྐྱབས་མེད་མགོན་མེད་རེད། །ལྷ་བླ་མ་དགོངས་པ་མཐོ་རྒྱུ་བོ། །འདི་མི་འཆི་ཐབས་ཤིག་ཨི་ཡ་ཁུ། །བན་ཆུང་ཆུང་རྨ་བྱ་འདྲ་འདྲ་བོ། །གོང་བླ་ལོའི་གསུང་ལ་ཉན་ཡག་གྱིས། །ཆོས་ཀུན་རིག་གནད་ལ་བྱང་ཡག་གྱིས། །ཤི་དམྱལ་བ་མིག་ལ་བཀོད་དུས་དེར། །སེམས་འགྱོད་རུང་དེ་དུས་འཕྱི་ནི་རེད། །སྟག་ཤར་ལོ་དགྲ་བླ་འདྲ་འདྲ་བོ། །གོང་དཔོན་ལོའི་གསུང་ལ་ཉན་ཡག་གྱིས། །བོའུ་ཁྱ་རིང་གནད་ལ་བྱང་ཡག་གྱིས། །དགྲ་ནག་པོ་མིག་ལ་བཀོད་དུས་དེ། །སེམས་འགྱོད་རུང་དེ་དུས་འཕྱི་ནི་རེད། །སྨན་བོ་ལོ་མཆོད་རྫས་འདྲ་འདྲ་བོ། །དྲིན་མ་ལོའི་གསུང་ལ་ཉན་ཡག་གྱིས། །གཞི་འཁོར་བའི་གནད་ལ་བྱང་ཡག་གྱིས། །མགྲོན་ཁྱ་མོ་མིག་ལ་བཀོད་དུས་དེ། །སེམས་འགྱོད་རུང་དེ་དུས་འཕྱི་ནི་རེད། །སྟེང་དགའ་ལྡན་ཡིད་དགའ་ཆོས་འཛིན་ན། །མགོན་བཟང་པོ་རྒྱལ་ཚབ་བྱམས་མགོན་བཞུགས། །འཁོར་བཟང་པོ་སེམས་དཔའ་སེམས་མས་བསྐོར། །གནས་དེ་ཚོ་སྐྱིད་ས་སྐྱིད་ཡུལ་རེད། །རོགས་ངེད་གཉིས་སྐྱེ་འུ་སྨོན་ལམ་འདེབས། །བྱང་ཤམ་བྷ་ལ་ཡི་གྲོང་ཁྱེར་ན། །མགོན་བཟང་པོ་རིགས་ལྡན་དཔའ་བོ་བཞུགས། །འཁོར་བཟང་པོ་སེམས་དཔའ་སེམས་མས་བསྐོར། །གནས་དེ་ཚོ་སྐྱིད་ས་སྐྱིད་ཡུལ་རེད། །རོགས་ངེད་གཉིས་སྐྱེ་འུ་སྨོན་ལམ་འདེབས། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན། །མགོན་བཟང་པོ་འོད་མཚན་སྟོང་འབར་བཞུགས། །འཁོར་བཟང་པོ་སེམས་དཔའ་སེམས་མས་བསྐོར། །གནས་དེ་ཚོ་སྐྱིད་ས་སྐྱིད་ཡུལ་རེད། །རོགས་ངེད་གཉིས་སྐྱེ་འུ་སྨོན་ལམ་འདེབས། །ཞེས་རབ་རྒྱལ་ཤིང་འབྲུག་ཟླ་༧ཚེས་༢༨ལ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྙིང་གྲོགས་སྣང་བྱེད་མཉེས་པའི་མཆོད་སྤྲིན་དུ་དམིགས་ནས་བྲིས་པ་དགེ་ལེགས་འཕེལ།
སྤྲང་པོ་རྣམས་ལ་ཉེ་བར་མཁོ་བའི་ཇོ་མགུར་རྒྱུ་འབྲས་གསལ་བའི་མེ་ལོང་། ཆོས་རྗེ་ཡིད་བཞིན་ནོར་བུ།
དྷཱིཿ སྤྲང་པོ་རྣམས་ལ་ཉེ་བར་མཁོ་བའི་ཇོ་མགུར་རྒྱུ་འབྲས་གསལ་བའི་མེ་ལོང་བཞུགས་སོ། །ན་མོ་གུ་ར་ཝེ། །ལྷ་རྒྱལ་བ་རྒྱ་མཚོ་སྙིང་རྗེའི་གཟུགས། །རྗེ་སྤྱན་རས་གཟིགས་དབང་བྱིན་རླབས་ཅན། །མ་ཉམ་ཐག་འཁོར་བའི་སེམས་ཅན་རྣམས། །ཞིང་པོ་ཏ་ལ་རུ་འདྲེན་པར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གསོན་གྲང་ང་ཁམས་ཀྱི་སེམས་ཅན་ཚོའི། །སྡུག་འཁོར་བའི་འདུག་ཆས་བར་མེད་སྒྲུབ། །ཆོས་དགེ་བ་གལ་ཆུང་ཞོར་ལ་ལུས། །ཤི་བར་དོ་མཐོང་དུས་སྙིང་རྩ་འདར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཁྱོད་ཆོས་པར་རློམ་པའི་བླ་སེར་རྣམས། །གཞི་བསླབ་གསུམ་ཡོན་ཏན་མི་བཞུགས་པར། །རྫས་དད་གཤིན་དཀོར་ཟས་གསོལ་ཆེ་ན། །ལུས་ཤ་ཁྲག་རིན་གྱིས་འཇལ་ཐབས་དཀའ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དགོན་གྲྭ་མང་དབུས་བཞུགས་བླ་ཆེན་ཚོ། །ཆོས་ལུང་རྟོགས་ཉམས་བཞེས་མི་མཛད་པར། །དཔོན་ཆེན་པོའི་ལད་མོ་ལེན་དྲགས་ན། །རང་གཅིག་པུར་འཁྱམས་དུས་ཐུགས་རེ་འགྱོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གཏམ་བསླུ་བྲིད་མཁས་པའི་གཏེར་རྫུན་ཚོ། །ཚིག་ངག་འཁྱལ་གཏེར་ཆོས་ཡིན་མདོག་བྱས། །འཁོར་བླུན་རྨོངས་ལོག་ལམ་འཁྲིད་ཆེ་ན། །གཤིན་ཆོས་རྒྱལ་བཀའ་ཁྲིམས་ཇི་ལྟར་བཟོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གཞུང་རབ་འབྱམས་འཆད་པའི་སློབ་གཉེར་མཁན། །ཆོས་ཐམས་ཅད་གདམས་པར་མ་ཤེས་ནས། །སེམས་ཆགས་སྡང་དགག་གཞག་གནང་མང་ན། །ལྕེ་དམྱལ་ཁམས་ཞིང་ས་བྱེད་ངེས་རེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གོས་སྣ་གཉིས་གསོལ་བའི་བན་ཁྲམ་རྣམས། །དུས་དེང་སང་སྐྱ་སེར་གཉིས་གོ་ཆོད། །ཚོང་ཁེ་སྤོགས་ཐུགས་ཀྱི་རྒྱན་དུ་འཆང་། །གནས་ཡི་དྭགས་ཡུལ་ལ་འགྲོ་ཆས་འགྲུབ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟག་ཤར་ལོ་སྣང་བ་བྱུང་རྒྱལ་མཁན། ཁྱོད་ཉེས་མེད་རི་དྭགས་སྲོག་ལན་ལ། །ལུས་ལྕགས་བསྲེགས་སྟེང་དུ་འཛེར་བུས་བསྡམས། །མཚོན་རྣོན་པོས་ལན་བརྒྱར་གཅོད་ངེས་རེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དྲིན་ཆེ་བའི་ཉམ་ཐག་སྒོ་ནོར་རྣམས། །ཉེས་ཆེ་བའི་བརྩོན་པ་བཞིན་མནར་ན། །ཚེ་ལྔ་བརྒྱར་ཉེས་ལན་རང་ལ་འཁོར། །དམའ་དམྱལ་བའི་གཏིང་རྡོ་ལོས་ཀྱང་བྱེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་སྔོན་གྱི་ཕ་མ་དགྲ་རུ་བཟུང་། །གནོད་ལན་ཆགས་འཁོར་བའི་བུ་ཚ་ལ། །སྙིང་དམར་པོ་བཞིན་དུ་བསྐྱངས་བསྐྱངས་ནས། །ཚེ་ཕྱི་མར་རང་སྡུག་རང་གིས་ཉོས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐྱབས་བླ་སེར་མང་པོའི་ཐུགས་རྒྱུད་དཀྲུགས། །བཟའ་ཚེ་རོགས་ཚེ་གང་སྡུག་ལ་སྦྱར། །ཡུལ་སྡེ་བ་ཡོད་ཚད་དགྲ་རུ་བཟུང་། །འཆི་རན་དུས་ཤར་ལོ་ཡི་རེ་མུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གོང་དཔོན་པོའི་བཞེད་དོན་བསྒྲུབས་བསྒྲུབས་ནས། །ལྷ་བླ་མར་གསོལ་འདེབས་ཡེང་ལ་བོར། །དུས་རྒྱུན་དུ་དགྲ་འདུལ་གཉེན་སྐྱོང་གིས། །ཆོས་སྣ་གཅིག་མ་འགྲུབ་སྙིང་རེ་རྗེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྨན་བོ་ལོ་འཕྱོར་ཡག་ལྡེམ་འགྲོས་མཁན། །དྲིན་ཕ་མ་ཁྱི་སྡོམ་བཞིན་དུ་བསྐྱུར། །དོན་མེད་པའི་ཁྱིམ་ཚང་གཡོག་ལ་བརྩོན། །བློ་ཡག་ཉེས་ཇི་འདྲ་བསམ་བློ་ཐོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡུལ་སྡེ་བ་མཁའ་དབྱེན་གཏམ་གྱིས་དཀྲུགས། །རྒྱུ་སྦྱིན་གཏོང་མི་བྱེད་མེད་ཚིག་འདོན། །ཟ་མ་བྲ་ཚེ་གཅིག་བསགས་པའི་ནོར། །འཆིའི་ནངས་མོ་ཁབ་གཅིག་འཁྱེར་དབང་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གོང་བླ་སེར་རྣམས་ལ་སྐུར་བ་བཏབ། །ཆོས་མི་འགྲུབ་བུ་ཚའི་ཞབས་ཕྱིས་གཡེངས། །སང་དམྱལ་བའི་ཁྲོ་ཆུ་བླུད་དུས་སུ། །སེམས་འགྱོད་པས་ཟིན་ཀྱང་འཕྱི་བར་འདུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རེ་ཆེ་བའི་སྒོ་ཁྱི་བྲན་གཡོག་ལ། །ཟས་ཞིམ་པོས་བྱམས་སྐྱོང་སྣ་གཅིག་མེད། །ཚིག་རྩུབ་མོས་ཡི་མུག་མང་པོ་བསྐྱེད། །དཔེ་རང་ལ་བླངས་ན་ཇི་འདྲ་རེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལུས་འོ་ཞོ་སྦྱིན་པའི་སྒོ་ནོར་ལ། །ལྐུག་དམོད་མོས་ཡི་ཆད་མཆི་མ་བསྐྱེད། །རྡུང་གཅོད་ཀྱིས་སྡུག་ལ་སྦྱར་སྦྱར་ནས། །གནས་ངུ་འབོད་གྲོང་དུ་ཐོན་རན་གདའ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུས་དེང་སང་རང་དབང་ཡོད་དུས་འདིར། །དོན་དགེ་སྒྲུབ་སྡིག་སྤང་མ་བྱས་ན། །གཟོད་དམྱལ་བའི་སྡུག་བསྔལ་མྱོང་དུས་སུ། །ཆོས་མི་ཤེས་ཤེས་ཀྱང་སྒྲུབ་དབང་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འོག་དམྱལ་བ་ཟེར་བའི་ཡུལ་ཁམས་ན། །ས་ཡོད་ཚད་མེ་འབར་ལྕགས་བསྲེགས་རེད། །རྩྭ་མི་འདུག་མཚོན་ཆའི་ཚལ་ཆེན་ལ། །འདམ་རོ་རུལ་མི་ཟན་སྲིན་བུས་གང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལུས་ཐག་པས་བསྡམས་ནས་མེ་ནང་སྲེག །མཚོན་རྣོན་པོས་ཡང་བཅད་ཡང་སོས་ནས། །ལོ་དུང་ཕྱུར་མང་པོ་སོང་ན་ཡང་། །ཐར་མི་སྲིད་ལྕགས་མཁར་ནང་དུ་བཅུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་རེས་འགའ་ཁྲོ་ཆུའི་ནང་དུ་འཚེད། །ཤ་རུས་པ་འཐོར་ཡང་འཆི་མི་སྲིད། །སླར་སོས་ཚེ་ཐོ་ལུམ་འབར་བས་བསྣུན། །སེམས་འགྱོད་པའི་སྡུག་བསྔལ་དེ་བས་ཆེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རི་ཆེན་པོ་སྲོག་ཆགས་མགོ་ཅན་གྱིས། །ལུས་ཞོ་ལྟར་བཅོམ་དང་སོག་རྣོན་པོས། །ལུས་རྐང་གི་བར་དུ་དྲ་གཏུབ་བྱེད། །སྡུག་དཔག་མེད་དེ་འདྲ་ཡོད་རབས་ཡོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཤི་བར་དོའི་ཡུལ་ལ་འཁྱམས་ཙ་ན། །བུ་བཙན་པོས་འཐབ་ཡ་མི་ལོན་གི །ཁ་བདེ་མོས་བཤད་ས་ལོན་ནི་མིན། །ཐོབ་མཐོ་རུང་བརྩི་བཀུར་ཆེ་རབས་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཁོར་བུ་ཚ་མང་ཡང་ཁྲིད་མི་ཆོག །གོས་དྲོན་པོ་ཡོད་ཀྱང་གྱོན་དབང་མེད། །ཟས་ཞིམ་པོ་བསགས་རུང་ཟ་དབང་མེད། །གཟུགས་ཡག་རུང་བྲིན་སྒོ་ཡོད་ལེ་མིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཆོས་དགེ་བ་སྒྲུབ་མཁན་ངོ་རེ་ཆེ། །རྒྱུ་མཆོད་སྦྱིན་བྱས་ཚད་རང་ལ་དབང་། །སེམས་བསམ་པ་བཟང་ན་སྐྱིད་པོ་ཡོད། །ལྷ་བླ་མར་དད་ན་དེ་དུས་འདྲེན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཁྱེད་འདིར་ཚོགས་སྐྱེ་བོ་ཕོ་མོ་རྣམས། །ད་མ་འདུག་དགེ་ཆོས་སྒྲུབ་རེ་རན། །རྒྱུ་མ་གསོག་སྦྱིན་གཏོང་ཕྱོགས་མེད་ཐོངས། །ངའི་དྲང་གཏམ་ཐུགས་ལ་འཛིན་པར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུས་ད་ནས་བྱང་ཆུབ་མ་ཐོབ་བར། །ཕ་དྲིན་ཆེན་བླ་མའི་བཀའ་བཞིན་སྒྲུབས། །མ་ཉམ་ཐག་དོན་ལས་མི་གཡེལ་བར། །ལྷ་སྤྱན་རས་གཟིགས་དང་མཉམ་པར་ཤོག །མི་དགོས་དགུ་དགོས་འཇམ་དཔལ་མཁྱེན་རབ་ངོར། །མི་བསུབ་དགུ་བསུབ་ལཀྵཾ་ཀ་ར་དེས། །མི་ཡུལ་འཁྱམས་པ་སྤྲང་པོའི་རྗེས་འབྲངས་ཏེ། །མི་མེད་ཉམ་ངའི་ཐང་དུ་ཤར་མར་བྲིས། །དགེའོ། །དགེའོ། །མངྒ་ལཾ།
གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྙིང་ཏིག་ཚིག་བདུན་པའི་གསོལ་འདེབས།
༈ གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྙིང་ཏིག་ཚིག་བདུན་པའི་གསོལ་འདེབས་ལས། ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ། །ཕྱི་རབས་སྐལ་ལྡན་རིགས་ཀྱི་བུ༔ ཨོ་རྒྱན་བདག་ལ་སྐྱབས་འཚོལ་ན༔ དབེན་པའི་གནས་སུ་རང་འདུག་ནས༔ མི་རྟག་སྐྱོ་བ་སྐྱེ་བ་དང༔ འཁོར་བས་སུན་པ་རབ་ཏུ་གཅེས༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ གཞན་ཡང་སྐྱབས་གྱུར་རེ་ས་རྣམས༔ ཨོ་རྒྱན་བདག་ལ་རྫོགས་པར་སོམས༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་ཀྱིས༔ མཆོད་བསྟོད་མི་འཚལ་རྒྱུ་གསོག་སྤོངས༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཚིག་བདུན་འདི་ཡིས་གསོལ་བ་ཐོབ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པས་ཡང་ཡང་གསོལ་བ་གདབ༔ གདུང་བ་དྲག་བསྐྱེད་མཆི་མ་ཕྱུང༔ དད་པས་ཁམས་འདུས་བྱུང་སྲིད་ན༔ ཧག་ཧ་ཡིས་ཀྱང་གིས་ཐོབ་ལ་ས་ལེར་ཞོག༔ སེང་ངེ་ཡེ་རེ་མ་ཡེངས་ལྟ༔ འདི་ལྟར་གསོལ་བ་འདེབས་པའི་བུར༔ ང་ཡིས་སྐྱོབ་པ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ དབང་ཆེན་རང་རིག་སེམས་ལ་ཐོབ༔ ཏིང་འཛིན་མཐུ་བརྟན་ཡེ་ཤེས་རྒྱས༔ བྱིན་རླབས་རང་བྱུང་ཆེན་པོ་ཡིས༔ རང་སྨིན་གཞན་སྐྱོབ་སྡུག་བསྔལ་སེལ༔ རང་སྣང་འགྱུར་ཚེ་གཞན་སྣང་རྣམས༔ དུས་མཉམ་འགྱུར་ཞིང་ཕྲིན་ལས་འགྲུབ༔ ཡོན་ཏན་ཐམས་ཅད་རང་ལ་རྫོགས༔ བདག་ཉིད་ཆེན་པོ་ཆོས་ཀྱི་སྐུར༔ སྨིན་ཅིང་གྲོལ་བའི་ཐབས་ཆེན་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་སོ༔
སྤྲུལ་སྐུ་ཀརྨ་གླིང་པའི་གཏེར་བྱོན་བཛྲ་གུ་རུའི་ཕན་ཡོན་དང་འབྲུ་འབྲེལ།
༄༅༔ སྤྲུལ་སྐུ་ཀརྨ་གླིང་པའི་གཏེར་བྱོན་བཛྲ་གུ་རུའི་ཕན་ཡོན་དང་འབྲུ་འབྲེལ་བཞུགས་སོ༔ ནཛཤམཝ༔ ཞམཿ་རྨ༔ བཛྲ་གུ་རུ་དེ་ཝ་ཌཱ་ཀྐི་ནི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ བདག་སྐྱེ་དམན་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕྱི་ནང་གསང་བའི་མཎྜལ་རྒྱ་ཆེན་པོ་ཕུལ་ནས་ཞུས་པ༔ ཀྱཻ༔ སློབ་དཔོན་པདྨ་འབྱུང་གནས་ལགས༔ བདག་ཅག་བོད་ཀྱི་སེམས་ཅན་ཐམས་ཅད་ལ༔ ཚེ་འདི་དང་ཕྱི་མའི་དོན་རྒྱ་ཆེན་པོ་མཛད་པ་ཤིན་ཏུ་བཀའ་དྲིན་ཉིད་ལས་ཆེ་བ་སྔར་ཡང་མ་བྱོན༔ ཕྱིས་ཀྱང་མི་འབྱོན་པས༔ ཉིད་ཀྱི་སྒྲུབ་པ་ཉིང་ཁུ་ལྟ་བུ་གནང་བ་ཡི༔ བདག་སྐྱེ་དམན་ཡིན་ཀྱང་ཐེ་ཚོམ་མེད་དེ༔ མ་འོངས་པའི་སེམས་ཅན་བློ་སྣ་མང་ཞིང་དམུ་རྒོད་ཆེ་བ༔ དམ་པའི་ཆོས་ལ་ལོགས་པར་ལྟ་ཞིང༔ ཁྱད་པར་གསང་སྔགས་བླ་མེད་ཀྱི་ཆོས་ལ་སྐུར་འདེབས་བྱེད་དུ་འོང་བས༔ དེ་དུས་སེམས་ཅན་ཐམས་ཅད་ལ་ནད་མུག་མཚོན་གསུམ་དར་ཞིང༔ ཁྱད་པར་དུ་རྒྱ་བོད་ཧོར་གསུམ་གྲོག་མའི་ཚང་བཤིག་པ་འདྲ་བ་བོད་འབངས་སྡུག་པའི་དུས་ལ་བབས༔ དེ་རྣམས་བཅོས་པའི་ཐབས་མང་དུ་གསུངས་ཤིང་༔ མ་འོངས་པའི་གང་ཟག་རྣམས་བསྒྲུབ་ལོང་མེད་པ༔ ཅུང་ཟད་རེ་བསྒྲུབ་འདོད་པ་རྣམས་ཀྱང༔ བར་ཆད་དབང་ཆེ་བ་འོང་༔ སེམས་ཅན་ཁ་མི་འཆམས༔ རྫས་དང་སྤྱོད་པ་མི་ཚང༔ ས་ངན་དེ་འདྲ་ཤིན་ཏུ་བཟློག་པར་དཀའ་བ༔ དེ་འདྲའི་དུས་སུ་གུ་རུ་ཉིད་ཀྱི་སྒྲུབ་ཐབས་བཛྲ་གུ་རུ་ཁོ་ན་ལ་བརྟེན་ན་ཕན་ཡོན་ཅི་ལྟ་བུ་ལགས༔ མ་འོངས་པའི་བློ་དམན་རྣམས་ཀྱི་དོན་དུ་གསུང་བར་ཞུ་ཞེས་ཞུས་སོ༔ དེ་ནས་སློབ་དཔོན་ཆེན་པོས་བཀའ་སྩལ་བ༔ འོ་དད་ལྡན་བུ་མོ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་བདེན་ནོ༔ མ་འོངས་དེ་འདྲའི་དུས་ཚོད་ལ༔ སེམས་ཅན་ལ་གནས་སྐབས་དང་མཐར་ཐུག་ལ་ཕན་ཐོག་ངེས་པ་ཡིན༔ མན་ངག་སྒྲུབ་ཐབས་དཔག་ཏུ་མེད་པ་ས་གཏེར་ཆུ་གཏེར་བྲག་གཏེར་ནམ་མཁའི་གཏེར་ལ་སོགས་པ་མང་དུ་སྦས་ཏེ༔ དུས་ངན་གྱི་སྐབས་ལ་ལས་ཅན་རྣམས་ཀྱིས་ཐབས་རྟེན་འབྲེལ་འགྲིགས་ཤིན་ཏུ་དཀའ་བ༔ སེམས་ཅན་གྱི་བསོད་ནམས་ཟད་པའི་རྟགས་ཡིན་ནོ༔ འོན་ཀྱང་དེ་འདྲའི་དུས་ལ༔ བཛྲ་གུ་རུའི་སྙིང་པོ་འདི༔ གནས་ཆེན་པོའམ་དགོན་སྡེའམ༔ རི་བོ་ཆེན་པོའི་རྩེའམ༔ ཆུ་བོ་ཆེན་པོའི་འགྲམ་དང་༔ ལྷ་སྲིན་འབྱུང་པོ་དར་བའི་ས་མགོ་ས་མདོ་ལ་སོགས་པ་ལ༔ སྔགས་པ་དམ་ཚིག་དང་ལྡན་པ༔ དགེ་འདུན་སྡོམ་ལྡན༔ སྐྱེ་བོ་དད་ཅན༔ བུད་མེད་མཚན་ལྡན་ལ་སོགས་པ་རྣམས་ཀྱིས་སེམས་བསྐྱེད་རྒྱ་ཆེན་པོའི་ངང་ནས༔ བརྒྱ་སྟོང་ཁྲི་འབུམ་བྱེ་བ་དང་དུང་ཕྱུར་ལ་སོགས་པ་ཅི་འགྲུབ་བཟླས་ན༔ ཕན་ཡོན་དང་ནུས་པ་བསམ་གྱིས་མི་ཁྱབ༔ ཡུལ་ཕྱོགས་ཐམས་ཅད་ལ་ནད་མུག་མཚོན་གསུམ་དམག་འཁྲུག་ལོ་ཉེས་ལྟས་ངན་ཆོ་འཕྲུལ་ངན་པ་ཐམས་ཅད་བཟློག་ཅིང༔ ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས་པ་དང་ཡུལ་ཕྱོགས་ལ་བཀྲ་ཤིས་པར་འགྱུར་རོ༔ ཚེ་འདི་དང་ཕྱི་མ་བར་དོའི་འཕྲང་གསུམ་ལ༔ རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་ལ་ང་དང་ཡང་ནས་ཡང་དུ་འཕྲད་ཅིང༔ ས་ལམ་རིམ་པར་རྫོགས་ནས་རྔ་ཡབ་གླིང་དུ་རིག་འཛིན་ཕོ་མོའི་གྲལ་དུ་ཚུད་པར་ཐེ་ཚོམ་མེད་དོ༔ བརྒྱ་རེ་བཟླས་པ་མ་ཆག་ན་ཡང་གཞན་གྱི་ཡིད་དུ་འོང་ཞིང་ཟས་ནོར་ལོངས་སྤྱོད་འབད་མེད་དུ་འབྱུང་༔ སྟོང་དང་ཁྲི་ལ་སོགས་པ་བཟླས་ན་གཞན་སྣང་ཟིལ་གྱིས་གནོན་ཅིང་བྱིན་རླབས་དང་ནུས་པ་ཐོགས་པ་མེད་པར་འགྲུབ་བོ༔ འབུམ་དང་བྱེ་བ་སོགས་བཟླས་པ་བྱེད་ན༔ ཁམས་གསུམ་དབང་དུ་འདུས༔ སྲིད་གསུམ་ཟིལ་གྱིས་གནོན༔ ལྷ་འདྲེ་བྲན་དུ་འཁོལ༔ འཕྲིན་ལས་རྣམ་བཞི་གང་ལ་ཡང་ཐོགས་པ་མེད་པར་འགྲུབ་ཅིང་སེམས་ཅན་ཐམས་ཅད་ལ་ཅི་བསམ་པའི་འགྲོ་དོན་དཔག་ཏུ་མེད་པ་བྱེད་ནུས་པར་འགྱུར་རོ༔ བྱེ་བ་གསུམ་མམ་བདུན་ལ་སོགས་པ་བགྲང་བར་ནུས་ན་དུས་གསུམ་སངས་རྒྱས་རྣམས་དང་འབྲལ་བ་མེད་ཅིང་༔ ང་དང་དབྱེར་མི་ཕྱེད་པར་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བཀའ་ཉན་གསུང་སྡོད༔ ཅི་བཅོལ་བའི་ལས་བསྒྲུབ་ཅིང༔ རབ་འདི་ལ་འཇའ་ལུས་འགྲུབ༔ འབྲིང་འཆི་ཁར་འོད་གསལ་མ་བུ་འཕྲོད༔ ཐ་མ་ཡང་བར་དོར་ང་ཡི་ཞལ་མཐོང་ནས་སྣང་བ་རང་སར་གྲོལ་ཏེ་རྔ་ཡབ་གླིང་དུ་སྐྱེས་ནས་འགྲོ་དོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ༔ ཞེས་གསུངས་སོ༔ སློབ་དཔོན་ཆེན་པོ་ལགས༔ འདི་ལྟ་བུའི་ཕན་ཡོན་དང་ནུས་པ་དཔག་ཏུ་མེད་པ་རྒྱ་ཆེན་པོ་གསུངས་པ་བཀའ་དྲིན་ཆེ་ལགས༔ མ་འོངས་སེམས་ཅན་རྣམས་ཀྱི་དོན་དུ་གུ་རུ་པདྨའི་འབྲུ་འགྲེལ་གྱི་ཕན་ཡོན་ནུས་པ་དཔག་ཏུ་མེད་ན་ཡང༔ མདོར་བསྡུས་པ་ཞིག་གསུང་བར་ཞུ་ཞེས་ཞུས་སོ༔ དེ་ནས་སློབ་དཔོན་ཆེན་པོས་བཀའ་བསྩལ་པ༔ འོ་རིགས་ཀྱི་བུ་མོ༔ བཛྲ་གུ་རུ་ཞེས་པ་ནི༔ ང་གཅིག་པུའི་སྙིང་པོ་མ་ཡིན་ཏེ༔ ཡི་དམ་རྒྱུད་སྡེ་བཞི་དང༔ ཐེག་པ་རིམ་དགུ་དང༔ ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་སྲོག་སྙིང་༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པའི་སྙིང་པོ་འདི་ལ་ཚང་བའོ༔ ཚང་བའི་རྒྱུ་མཚན་ཅི་ལྟ་བུ་ཞེ་ན༔ ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག༔ བཟླ་བར་གྱིས་ཤིག༔ འབྲི་བར་གྱིས་ཤིག༔ མ་འོངས་སེམས་ཅན་རྣམས་ལ་བསྟན་པར་གྱིས་ཤིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག༔ བཛྲ་རྡོ་རྗེ་རིགས་ཀྱི་སྙིང་པོ་མཆོག༔ གུ་རུ་རིན་ཆེན་རིགས་ཀྱི་སྙིང་པོ་མཆོག༔ པདྨ་པདྨ་རིགས་ཀྱི་སྙིང་པོ་མཆོག༔ སིངྔྷི་ལས་ཀྱི་རིགས་ཀྱི་སྙིང་པོ་མཆོག༔ ཧཱུྃ་ནི་བདེ་གཤེགས་རིགས་ཀྱི་སྙིང་པོ་མཆོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ ཨོཾ་ནི་རྒྱལ་བ་རིགས་ལྔ་ལོངས་སྤྱོད་རྫོགས༔ ཨཱཿནི་ཆོས་སྐུ་མི་འགྱུར་ཡོངས་སུ་རྫོགས༔ ཧཱུྃ་ནི་སྤྲུལ་སྐུ་གུ་རུའི་དྲུང་དུ་རྫོགས༔ བཛྲ་ཧེ་རུ་ཀ་ཡི་ལྷ་ཚོགས་རྫོགས༔ གུ་རུ་བླ་མ་རིག་འཛིན་ལྷ་ཚོགས་རྫོགས༔ པདྨ་མཁའ་འགྲོ་ཤུགས་འགྲོའི་ལྷ་ཚོགས་རྫོགས༔ སིདྡྷི་ནོར་ལྷ་གཏེར་བདག་ཀུན་གྱི་སྲོག༔ ཧཱུྃ་ནི་ཆོས་སྐྱོང་མ་ལུས་ཀུན་གྱི་སྲོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ནི་རྒྱུད་སྡེ་གསུམ་གྱི་སྲོག༔ བཛྲ་འདུལ་བ་མདོ་སྡེ་གཉིས་ཀྱི་སྲོག༔ གུ་རུ་མངོན་པ་ཀྲི་ཡ་གཉིས་ཀྱི་སྲོག༔ པདྨ་ཨུ་པ་ཡོ་ག་གཉིས་ཀྱི་སྲོག༔ སིངྔྷི་མ་ཧཱ་ཨ་ནུ་གཉིས་ཀྱི་སྲོག༔ ཧཱུྃ་ནི་རྫོགས་ཆེན་ཨ་ཏི་ཡོ་གའི་སྲོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་དུག་གསུམ་ལས་གྱུར་སྒྲིབ་པ་དག༔ བཛྲ་ཞེ་སྡང་ལས་གྱུར་སྒྲིབ་པ་དག༔ གུ་རུ་ང་རྒྱལ་ལས་གྱུར་སྒྲིབ་པ་དག༔ པདྨ་འདོད་ཆགས་ལས་གྱུར་སྒྲིབ་པ་དང༔ སིངྔྷི་ཕྲག་དོག་ལས་གྱུར་སྒྲིབ་པ་དག༔ ཧཱུྃ་གིས་ཉོན་མོངས་ལས་གྱུར་སྒྲིབ་པ་དག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་ཆོས་ལོངས་སྤྲུལ་གསུམ་ཐོབ༔ བཛྲ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ༔ གུ་རུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ༔ པདྨ་སོ་སོར་རྟོགས་པའི་ཡེ་ཤེས་ཐོབ༔ སིངྔྷི་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ༔ ཧཱུྃ་གིས་ཡེ་ཤེས་ལས་གྱུར་ཐམས་ཅད་འགྲུབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་ལྷ་འདྲེ་མི་གསུམ་འདུལ༔ བཛྲ་དྲི་ཟ་མེ་ལྷའི་གདོན་རྣམས་ཐུབ༔ གུ་རུ་གཤིན་རྗེ་སྲིན་པོའི་གདོན་རྣམས་ཐུབ༔ པདྨ་ཆུ་ལྷ་རླུང་བདག་གདོན་རྣམས་ཐུབ༔ སིངྔྷི་གནོད་སྦྱིན་དབང་ལྡན་གདོན་རྣམས་ཐུབ༔ ཧཱུྃ་གིས་གཟའ་དང་ས་བདག་གདོན་རྣམས་ཐུབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་ཕ་རོལ་ཕྱིན་དྲུག་འགྲུབ༔ བཛྲ་ཞི་བའི་ལས་ཀུན་ཐམས་ཅད་འགྲུབ༔ གུ་རུ་རྒྱས་པའི་ལས་ཀུན་ཐམས་ཅད་འགྲུབ༔ པདྨ་དབང་གི་ལས་ཀུན་ཐམས་ཅད་འགྲུབ༔ སིངྔྷི་ཕྲིན་ལས་ལས་ཀུན་ཐམས་ཅད་འགྲུབ༔ ཧཱུྃ་གིས་དྲག་པོའི་ལས་ཀུན་ཐམས་ཅད་འགྲུབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་བན་བོན་བྱད་ཕུར་བཟློག༔ བཛྲ་ཡེ་ཤེས་ལྷ་ཡི་བྱད་ཁ་བཟློག༔ གུ་རུ་ལྷ་སྲིན་སྡེ་བརྒྱད་བྱད་ཁ་བཟློག༔ པདྨ་འཇིག་རྟེན་ལྷ་འདྲེའི་བྱད་ཁ་བཟློག༔ སིངྔྷི་ཀླུ་དང་ས་བདག་བྱད་ཁ་བཟློག༔ ཧཱུྃ་གིས་ལྷ་འདྲེ་མི་གསུམ་བྱད་ཁ་བཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་དུག་ལྔའི་དམག་དཔུང་འཇོམས༔ བཛྲ་ཞེ་སྡང་ལས་གྱུར་དམག་དཔུང་འཇོམས༔ གུ་རུ་ང་རྒྱལ་ལས་གྱུར་དམག་དཔུང་འཇོམས༔ པདྨ་འདོད་ཆགས་ལས་གྱུར་དམག་དཔུང་འཇོམས༔ སིདྡྷི་ཕྲག་དོག་ལས་གྱུར་དམག་དཔུང་འཇོམས༔ ཧཱུྃ་གིས་ལྷ་འདྲེ་མི་གསུམ་དམག་དཔུང་འཇོམས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ བཛྲ་ཡི་དམ་ཞི་ཁྲོའི་དངོས་གྲུབ་ཐོབ༔ གུ་རུ་རིག་འཛིན་བླ་མའི་དངོས་གྲུབ་ཐོབ༔ པདྨ་མཁའ་འགྲོ་ཆོས་སྐྱོང་དངོས་གྲུབ་ཐོབ༔ སིངྔྷི་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཧཱུྃ་གིས་ཅི་བསམ་དངོས་གྲུབ་མ་ལུས་ཐོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་གདོད་མའི་ཞིང་ཁམས་འཕོ༔ བཛྲ་ཤར་ཕྱོགས་མངོན་དགའི་ཞིང་ཁམས་འཕོ༔ གུ་རུ་ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་འཕོ༔ པདྨ་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་འཕོ༔ སིདྡྷི་བྱང་ཕྱོགས་ལས་རབ་ཞིང་ཁམས་འཕོ༔ ཧཱུྃ་གིས་དབུས་ཕྱོགས་གཡོ་མེད་ཞིང་ཁམས་འཕོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་སྐུ་གསུམ་རིག་འཛིན་ཐོབ༔ བཛྲ་ས་ལ་གནས་པའི་རིག་འཛིན་ཐོབ༔ གུ་རུ་ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ སིངྔྷི་ལྷུན་གྱིས་གྲུབ་རིག་འཛིན་ཐོབ༔ ཧཱུྃ་གིས་རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ བཛྲ་གུ་རུ་ལན་གཅིག་བརྗོད་པ་ཡི༔ དེ་ལ་གཟུགས་མཆིས་འཛམ་གླིང་སྣོད་དུ་ཆུང༔ འདི་ཉིད་མཐོང་ཐོས་དྲན་པའི་སེམས་ཅན་ཀུན༔ རིག་འཛིན་ཕོ་མོའི་གྲལ་ལ་འཁོད་པར་ངེས༔ བསླུ་མེད་བཛྲ་གུ་རུའི་བདེན་ཚིག་ལ༔ གང་འདོད་དཀའ་བཞིན་འགྲུབ་པར་མ་གྱུར་ན༔ པདྨ་ང་ཡི་སེམས་ཅན་བསླུ་བའང་༔ མི་བསླུ་ངེས་པས་བཀའ་བཞིན་བསྒྲུབ་པར་གྱིས༔ བཟླས་པ་མི་ནུས་རྒྱལ་མཚན་རྩེ་ལ་ཕྱོར༔ རླུང་ཕོག་སེམས་ཅན་གྲོལ་བར་ཐེ་ཚོམས་མེད༔ ཡང་ན་ས་ཤིང་རྡོ་ཡི་ལོགས་ལ་བྲིས༔ རབ་གནས་བྱས་ནས་ལམ་ལ་བཀྲམ་ན་ཡང༔ མཐོང་བ་ཙམ་གྱིས་ནད་གདོན་སྒྲིབ་པ་དག༔ ས་དེར་གནས་པའི་འདྲེ་སྲིན་རྒྱུ་ལམ་ཆོད༔ མཐིང་ཤོག་དག་ལ་གསེར་གྱིས་བྲིས་ལ་འདོགས༔ གདོན་བགེགས་འབྱུང་པོའི་གནོད་པ་བྱེད་མི་ནུས༔ ཤི་ནས་རོ་དང་མ་བྲལ་བསྲེག་ན་ནི༔ འཇའ་ཚོན་འཁྱུག་ཅིང་བདེ་ཆེན་འཕོ་བར་ངེས༔ འབྲི་ཀློག་འདོན་པའི་ཡོན་ཏན་ཚད་ལས་འདས༔ མ་འོངས་སེམས་ཅན་དོན་དུ་བཀོད་དེ་སྦས༔ སྐལ་ལྡན་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལོག་ལྟ་ཅན་ལ་གསང་རྒྱ་རྒྱ་རྒྱ༔ དམ་ཚིག་ཅན་ལ་གཏད་རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་ཀརྨ་གླིང་བས་གཏེར་ནས་གདན་དྲངས་ཏེ་ཤོག་སེར་ལས་བཤུས་པའོ། །དགེ་ལེགས་འཕེལ།
མ་ཎི་ཡི་གེ་དྲུག་མའི་འགྲེལ་པ། ཨ་ཡུ་ཥཱི་བིཏྱ་དྷ་ར།
༄༅། །མ་ཎི་ཡི་གེ་དྲུག་མའི་འགྲེལ་པ། ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ། འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་དྲུག་མའི་དོན་ཅུང་ཟད་བཀྲལ་ན། ཨོཾ་ནི་ཡེ་ཤེས་ལྔའི་རང་བཞིན་སྔགས་ཐམས་ཅད་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་རློབ་ཅིང་། བཀྲ་ཤིས་དང་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་ན་ཐོག་མར་བརྗོད་ཅིང་། རྒྱ་གར་གྱི་སྐད་དུ་མ་ཎི་ཞེས་གྲགས་པ། བོད་སྐད་དུ་ནོར་བུར་འབོད་པ་སྤྱན་རས་གཟིགས་ཀྱི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུར་བསྣམས་པ་ལས། ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་སྤྲིན་རྒྱ་མཚོས་ཐུགས་མཉེས་པར་བྱེད་པ། སྙིང་རྗེ་ཆེན་པོས་ངན་སོང་གི་སེམས་ཅན་གྱི་གཙོས་སེམས་ཅན་གྱི་དབུལ་ཕོངས་སེལ་བར་བྱེད་པའི་དགོས་འདོད་ཆར་བཞིན་དུ་འབེབས་པའི་སྦྱིན་པས་ཚིམ་པར་བྱེད་པ་མཚོན་ལ། པདྨ་ནི་སྐད་སོར་བཞག་ལ་སྤྱན་རས་གཟིགས་ཀྱི་ཕྱག་གཡོན་པ་ན་བསྣམས་པ་ཐུགས་སྙིང་རྗེ་ཆེན་པོ་ལ་རྒྱལ་བ་རྣམས་ཀྱིས་པདྨ་དཀར་པོ་ལྟར་བསྔགས་པར་མཛད་པ་དང་། སློབ་པ་ལམ་གྱི་གནས་སྐབས་སུ་ཐོས་པའི་དོན་རྒྱུད་ལ་འབྱོར་བའི་རྟགས་སུ་སྙན་གྱི་ཐད་ཀར་ཁ་ཕྱེ་བ་དང་། མེ་ཞེས་པ་ནི་སྤྱིར་སྐྱེ་གནས་གང་ལས་ཀྱང་མ་བྱུང་བའི་སྐྱེ་བ་མེད་པའི་ཡི་གེ་ཨ་དེ་ཉིད་ཡི་གེ་ཐམས་ཅད་ཀྱི་སྲོག་བརྗོད་པ་ཀུན་གྱི་གཞིར་གནས་པ་ཡིན་པས་མའི་སྲོག་མ་དེ་ལ་འགྲེང་བུར་འཆང་བས་ཨེ་ཞེས་དོན་ལ་ཨེ་མ་ཞེས་པ་མྱ་ངན་གྱི་ཚིག་ཏེ། ཀྱེ་མ་བདག་ཐོག་མའི་དུས་ཀྱི་མ་རིག་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་བདག་ཏུ་འཛིན་པས་རྒྱུ་བྱས། དེ་དུས་ཀྱི་མ་རིག་པ་ལས་རྒྱུ་འབྲས་ལ་རྨོངས་པས་རྐྱེན་བྱས་ཏེ་བདེ་བའི་རྒྱུར་རློམ་ནས་སྲོག་བཅད་པ་དང་། མ་བྱིན་པ་ལེན་པ་སོགས་མི་དགེ་བ་བཅུ་ལ་རྒྱུན་དུ་སྤྱོད་པ་དང་། སྦྱིན་སོགས་བདེ་བའི་རྒྱུ་དགེ་བ་ལ་དགོས་མེད་དུ་བལྟས་ནས་རྒྱབ་ཀྱིས་ཕྱོགས་པས་བླང་དོར་ཕྱིན་ཅི་ལོག་ཏུ་ཞུགས་པས། མཐོ་རིས་ཀྱི་བདེ་བ་ཙམ་ཡང་མེད་པར་ངན་སོང་གི་སྡུག་བསྔལ་ལ་གཏན་དུ་སྤྱད་དགོས་པ་རྒྱུ་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་པ་དང་། འཆི་ཁར་གནད་གཅོད། བར་དོའི་འཇིགས་སྐྲག་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་གནས་སྐབས་བདེ་བ་ཅན་གྱི་ཞིང་དུ་འདྲེན་པ་དང་། མཐར་ཐུག་སངས་རྒྱས་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ཏེ་མི་གནས་པའི་མྱང་འདས་ལ་འགོད་ནུས་པ་ཞིག་མཁྱེན་སྙམ་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །བརྗོད་པ་ཀུན་གྱི་གཞི་རུ་གནས། །ཞེས་གསུངས་པ་ལྟར་རོ། །ཧཱུྃ་ནི་ཐུགས་མཚོན་པར་བྱེད་པ་སྟེ། སྐྱེ་གནས་ལས་མ་བྱུང་བའི་དབྱིངས་ཨུ་ནི། སྐྱེ་བ་མེད་པ་སྤྲོས་པ་དང་བྲལ་བའི་དབྱིངས་དང་། །གསལ་བྱེད་ཧ་ནི་འགགས་མེད་འོད་གསལ་རང་བྱུང་གི་ཡེ་ཤེས་རིག་པའི་རང་བཞིན་ཏེ། དེ་གཉིས་སྦྱར་བའི་ཧཱུྃ་ལ་ཐིག་ལེས་བརྒྱན་པ་གཅིག་ཏུ་བསྡོམས་པས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཐིག་ལེ་གྲྭ་ཟུར་ལས་འདས་པ་ཐུགས་ཀྱི་ཡེ་ཤེས་མཚོན་པ་ཧཱུྃ་བྱུང་བས་ཐུགས་རྒྱུད་བསྐུལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་རིགས་སྔགས་འདིའི་ཕན་ཡོན་ནི། ཨོཾ་གྱིས་སེམས་ཅན་གྱི་རྒྱུ་ང་རྒྱལ་དང་འབྲས་བུ་ལྷ་འཕོ་ལྟུང་གི་སྡུག་བསྔལ་སྦྱང་བས་མཚོན། མས་ནི་ཕྲག་དོག་དང་ལྷ་མིན་འཐབ་རྩོད། ཎིས་འདོད་ཆགས་དང་མི་སྐྱེ་རྒ་ན་འཆི། པད་ཀྱིས་གཏི་མུག་དང་དུད་འགྲོ་བླུན་རྨོངས་དང་གཅིག་ལ་གཅིག་ཟ། མེས་སེར་སྣ་དང་ཡི་དྭགས་བཀྲེས་སྐོམ། ཧཱུྃ་གིས་ཞེ་སྡང་དང་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ། ལམ་གྱི་དུས་སུ། ཨོཾ་གྱིས་སྦྱིན་པའི་ཕར་ཕྱིན་རྫོགས་པ་ནས། མས་ཚུལ་ཁྲིམས། ཎིས་བཟོད་པ། པད་ཀྱིས་བརྩོན་འགྲུས། མེས་བསམ་གཏན། ཧཱུྃ་གིས་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པར་བྱེད། འབྲས་བུ་སངས་རྒྱས་པའི་དབང་དུ་བྱས་ན། ཨོཾ་གྱིས་ཆོས་དབྱིངས་ཡེ་ཤེས་ཐོབ་པར་བྱེད། མ་མེ་ལོང་ཡེ་ཤེས། ཎི་མཉམ་ཉིད་ཡེ་ཤེས། པད་སོར་རྟོག་ཡེ་ཤེས། མེ་བྱ་གྲུབ་ཡེ་ཤེས། ཧཱུྃ་གིས་རང་བྱུང་ཡེ་ཤེས་ཐོབ་པར་བྱེད་དོ། །སྤྱན་རས་གཟིགས་ཀྱི་སྐུ་ལ་རིགས་དྲུག་གི་གནས་སུ་ཡི་གེ་དྲུག་འཕྲོས་ཏེ་ཐུབ་པ་དྲུག་གིས་འགྲོ་དྲུག་གི་འཁོར་བ་དོང་ནས་སྤྲུགས་པར་མཛད་པ་ཡིན་ནོ། །མདོ་ཟ་མ་ཏོག་ལས། སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་གྲངས་མེད་པའི་མདུན་དུ་རྐང་པ་དཔྱི་ལ་ཐུག་གི་བར་དུ་བྱོན་ནས་ཡི་གེ་དྲུག་མའི་སྔགས་བཙལ་བར་གསུངས་པ་དང་། ཡི་གེ་དྲུག་མའི་རིགས་སྔགས་ལུས་ལ་བཅིང་ན་ཁོང་ཁྲོ་སོགས་རྐྱེན་གྱིས་དགེ་རྩ་འཇོམས་མི་ནུས་པར་གསུངས་པ་དང་། ཡི་གེ་དྲུག་མའི་རིགས་སྔགས་འདི་དུད་འགྲོ་སོགས་སེམས་ཅན་གང་ཞིག་གི་རྣ་ལམ་དུ་ཐོབ་པས་ལས་ངན་ཐམས་ཅད་དག་ནས་ངན་སོང་གི་སྐྱེ་གནས་ལས་ཐར་ཏེ་བདེ་བ་ཅན་སོགས་དག་པའི་ཞིང་དུ་སྐྱེ་བར་གསུངས་ཏེ། ཟ་མ་ཏོག་ལས། འཕགས་པ་སྤྱན་རས་གཟིགས་བུང་བའི་གཟུགས་ཀྱིས་ཡུལ་འཁོར་མོ་འཇིག་གི་བཤང་གཅིའི་འདམ་རྫབ་ཆེན་པོའི་ནང་དུ་བྱོན་ནས་བུང་བའི་སྐད་ཀྱིས་ཡི་གེ་དྲུག་མའི་སྒྲ་བསྒྲགས་པས་སྲོག་ཆགས་བྱེ་བ་མང་པོས་ཐོས་པས་ལས་ངན་ཐམས་ཅད་ཟད་ནས་བདེ་བ་ཅན་དུ་ཁ་ནས་ཨུཏྤ་ལའི་དྲི་དང་ལྡན་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཏུ་སྐྱེས་པ་དང་། ཡང་ཡི་དྭགས་ཀྱི་ཡུལ་དུ་བྱོན་ནས་ཡི་གེ་དྲུག་མའི་སྒྲ་བསྒྲགས་པས་ཡི་དྭགས་བྱེ་བ་མང་པོ་དེ་མ་ཐག་ཏུ་ཤི་འཕོས་ཏེ་བདེ་བ་ཅན་དུ་འདོད་པ་སྦྱིན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཏུ་སྐྱེས་པར་གསུངས་པ་དང་། ཡི་གེ་དྲུག་མ་རྡོ་ལ་བརྐོ་བ་སོགས་ཡི་གེར་བྲིས་ན་རླུང་གིས་ཕོག་པའི་སེམས་ཅན་ཚུན་ཆད་ཀྱི་རྒྱུད་ལ་ཐར་བའི་ས་བོན་ཐེབས་པར་མདོ་སྡེ་རྣམས་ལས་ཡང་ཡང་གསུངས་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས་སོ། །མདོ་དེ་ཉིད་ལས། མདོ་སྡེ་འདི་ནི་མེ་ཆེན་པོ་དང་འདྲ་སྟེ་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བྱེད་དོ། །ཆུ་ཆེན་པོ་དང་འདྲ་སྟེ་སྡིག་སྒྲིབ་ཐམས་ཅདའཁྲུད་པར་བྱེད་དོ། །རླུང་ཆེན་པོ་དང་འདྲ་སྟེ་སྡིག་སྒྲིབ་ཐམས་ཅད་འཐོར་བར་བྱེད་དོ། །ཞེས་གསུངས་སོ། །གཞན་ཡང་ཡི་གེ་དྲུག་མ་བཟླས་པས་དབུལ་ཕོངས་དང་མུ་གེ་ལས་ཐར་ནས་ལོངས་སྤྱོད་ཀྱི་འབྱོར་བ་ལྡན་པ་དང་། ཕྱི་མར་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གསུངས་སོ། །ཞེས་པའང་མཁན་མིང་ཨ་ཡུ་ཥཱི་བིཏྱ་དྷ་རས་སོ། །
ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན། མཁས་གྲུབ་ཀརྨ་ཆགས་མེད།
༄༅། །ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན་བཞུགས། །ཨོཾ་སྭ་སྟི། །སྐུ་ལྔའི་བདག་ཉིད་བླ་མ་རྡོ་རྗེ་འཆང་། །སྤྲུལ་སྐུ་ཐུབ་དྲུག་རིགས་གསུམ་མགོན་པོ་དང་། །བཀའ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་ལ། །སྒོ་གསུམ་གུས་པས་གསོལ་འདེབས་ཕྱག་འཚལ་ནས། །དུས་གསུམ་སངས་རྒྱས་བྱང་སེམས་སྤྲུལ་སྐུ་རྣམས། །ལས་དང་སྐལ་ལྡན་སེམས་ཅན་འདྲེན་དོན་དུ། །ཐབས་ལ་མཁས་པས་སྤྲུལ་པ་སྣ་ཚོགས་འགྱེད། །ཕྲིན་ལས་རྣམ་བཞིའི་སྤྲུལ་པ་སྣ་ཚོགས་བསྟན། །འགྲོ་རྣམས་སྒྲིབ་བྱང་ཚོགས་གཉིས་རྫོགས་ཕྱིར་དུ། །ཚིག་ཉུང་བྱ་སླ་དོན་གཉིས་འགྲུབ་པའི་ཕྱིར། །ལས་བཞི་ལྷུན་འགྲུབ་ཆོས་ཀྱི་འཁོར་ལོ་འདིའི། །ཕན་ཡོན་བརྗོད་འདས་དཔག་མེད་བསམ་ཡས་རྣམས། །རྒྱལ་བའི་བཀའ་དང་རྒྱུད་གཞུང་དུ་མ་ནས། །གཞན་ལ་ཕན་ཕྱིར་ཉུང་ཙམ་བསྡུས་ནས་ནི། །བློ་རྨོངས་གོ་བདེ་ངེས་ཤིས་བསྐྱེད་པའི་ཕྱིར། །ཕྱོགས་མེད་དོན་དུ་ཕྱོགས་གཅིག་བཀོད་པར་བྱ། །དེ་ཡང་སྤྱི་ཡི་འཁོར་ལོ་ལ། བསྒོམ་པའི་འཁོར་ལོ། བསྲུང་བཟློག་བསད་གསུམ། འཁོར་བའི་འཁོར་ལོ། གཅོད་པའི་འཁོར་ལོ། །འཕྲོ་བའི་འཁོར་ལོ། །བཀྲ་ཤིས་ཚེ་རིང་གི་འཁོར་ལོ། །ཞི་རྒྱས་དབང་དྲག་བཞིའི་འཁོར་ལོ། །ལས་ཐམས་ཅད་ལྷུན་གྲུབ་ཀྱི་འཁོར་ལོ། །བསྐོར་བའི་འཁོར་ལོ་དང་བཅུ་གཅིག་ཡིན། བསྐོར་བའི་འཁོར་ལོ་ལ། ཆུ་འཁོར། རླུང་འཁོར། མེ་འཁོར། ས་འཁོར། ལག་འཁོར་དང་ལྔའོ། །དེའི་ནང་ནས་ཁྱད་པར་ལག་འཁོར་འདི་ཤིན་ཏུ་གལ་ཆེ་བས། དེ་ཡི་བྱ་ཐབས་ནི། རབ་གསེར་དངུལ་མཚལ་གསུམ། འབྲིང་གཡུ་དང་དུང་། ཐ་མ་སྣག་ཚས་བཞེངས་ལ། བརྒྱ་དང་རྩ་བརྒྱད་རབ་གནས་བཀྲ་ཤིས་སྨོན་ལམ་བྱས་ནས་བསྐོར་ན། ཞི་རྒྱས་དབང་དྲག་སོ་སོའི་འདོད་པའི་དངོས་གྲུབ་འཐོབ་པས་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལག་ཏུ་ཡོད་པ་ཡིན་ནོ། །འཁོར་ལོ་འདི་ལ་ལུས་ངག་ཡིད་གསུམ་གྱིས་ནན་ཏན་དུ་འབད་ན། བྱ་སླ། དོན་ཆེ། རྒྱུ་ཆུང་། ཕན་ཡོན་ཤིན་ཏུ་ཆེ། འགྲུབ་མགྱོག་རང་གིས་འབད་རྩོལ་དྲག་པོ་མི་དགོས་པར་ཡི་དམ་ཌཱ་ཀི་ཆོས་སྐྱོང་རང་བཞིན་དུ་འཁོར། གནོད་བྱེད་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་རོ། །གནད་ཀྱི་མན་ངག་གི་འཁོར་ལོ་རིན་པོ་ཆེ་རྒྱུན་དུ་སྐོར་བའི་མི་རྣམས་ཀྱིས་ནི། བླ་མ་ཡི་དམ་མཁའ་འགྲོ་བསྒོམ་ཞིང་། སྙིང་པོ་ཐམས་ཅད་དུས་གཅིག་ལ་བསྒྲང་བར་འགྱུར་རོ། བཀའ་རྒྱུད་ལུང་གསུམ་གྱི་སྙིང་པོ། འབྱུང་བའི་བཅུད། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་ཐམས་ཅད་ཀྱི་སྙིང་པོ། སྒྲུབ་པ་ཐམས་ཅད་ཀྱི་ལས་སྦྱོར་སྟོབས་ཆེ་ལ་རྒྱ་ཆེ། ལས་མྱུར་བ། དྲག་དཔའ་བ། འཁོར་ལོ་འདི་ལན་གཅིག་བསྐོར་བའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་གསུངས་སོ། །མེ་ལ་བསྐོར་ན་དུད་པས་གར་ཁྱབ་ལ་ཐར་པའི་ས་བོན་ཐེབ་པར་འགྱུར་རོ། །ཆུ་དང་རླུང་ལ་བསྐོར་ན། ཆུ་དང་རླུང་གིས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར་རོ། །ལག་པས་བསྐོར་ན། མི་དང་འཁོར་ལོ་དེ་གཉིས་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་དཀར་པོ་དགེ་བའི་ཆོས་ལ་འགོད་པར་འགྱུར་རོ། །དེའི་དཔལ་དང་འབྱོར་བ། གཟི་བརྗིད་དང་། ཚེ་ཡི་བཀྲག་མདངས་ནུས་པ་ཐམས་ཅད་རབ་ཏུ་རྒྱས་པར་འགྱུར་རོ། །མཐུ་རྩལ་སྟོབས་དང་བྱིན་རླབས་ཆེ་བར་འགྱུར་རོ། །འཁོར་ལོ་འདི་དུས་རྒྱུན་དུ་བསྐོར་བའི་བསོད་ནམས་ནི། ཚེ་རབས་ཐམས་ཅད་དུ་སངས་རྒྱས་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཞལ་མཇལ་བར་འགྱུར་རོ། །ཆོས་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །བདག་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་སྐོར་བའི་སྐལ་པ་དང་ལྡན་པར་འགྱུར་རོ། །གཞན་ཡང་འཁོར་ལོ་འདི། དབང་སྡུད་དང་། ནོར་སྒྲུབ་དང་། ཚེ་སྒྲུབ་ཆེན་པོ་ཡིན། འཁོར་ལོ་འདིས་ཚེ་རིང་བ་དང་། ནད་ཉུང་བ་ལོངས་སྤྱོད་ཐམས་ཅད་འཕེལ་བར་འགྱུར་རོ། །འཁོར་ལོ་འདིས་དགྲ་རྐུན་ཇག་གསུམ། མེ་ཡི་འཇིགས་པ་དང་། ཆུ་ཡི་འཇིགས་པ་དང་། རླུང་གི་འཇིགས་པ་དང་། ས་ཡི་འཇིགས་པ་དང་། གཟའ་དང་ཐོག་གི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་མཚོན་དང་དུག་གི་འཇིགས་པ་དང་། ནད་དང་མུ་གེ་དང་། དུཿཁ་དང་ཉེས་སྐྱོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་འཇིག་རྟེན་གྱི་མི་དང་། རྒྱལ་པོའི་ཆད་པ་ལས་ཀྱང་ཐར་བར་འགྱུར་རོ། །འཁོར་ལོ་འདིས་འབྱུང་པོ་དང་། རྒྱལ་འགོང་དང་བདུད་དང་མུ་སྟེགས་ལ་སོགས་དམ་ཉམས་དང་། གཟའ་དང་། ཀླུ་དང་། ས་བདག་དང་། བཙན་དང་། བདུད་དང་། མ་མོ་དང་། ལྷ་དང་། ཤ་ཟ་དང་། སྲིན་པོ་དང་། དྲི་ཟ་དང་། ཐེའུ་རང་དང་། ཁ་ཤོར་དང་། སྡེ་བརྒྱད་ལྷ་མ་སྲིན་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་འགྱུར་རོ། །འཁོར་ལོ་འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ཕྲིན་ལས་སྒྲུབ་ཅིང་བར་ཆད་བཟློགས་ནས་བསྲུང་བར་འགྱུར་རོ། །འཁོར་ལོ་འདིས་ནོར་བུ་རིན་པོ་ཆེའི་དབྱིག་དང་མུ་ཏིག་དང་། མུ་མེན་དང་། མེ་ཤེལ་དང་། ཆུ་ཤེལ་དང་། །གསེར་དངུལ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དང་། སྟག་གཟིག་གོས་དར་རས་འཕྲུག་ལ་སོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས། ནས་དང་། འབྲས་དང་། གྲོ་དང་། སྲན་མ་ལ་སོགས་པ་འབྲུ་སྣ་དགུ་ལ་ལོངས་སྤྱོད་པར་འགྱུར་རོ། །རྟ་དང་། མ་ཧེ། གླང་བོ་ཆེ། བ་གླང་། མཛོ་དང་། དྲེལ་དང་། ར་ལུག་དང་། ནོར་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་རྒྱན་དང་གོས་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་རྒྱུན་དུ་མཆོད་ཅིང་། སེམས་ཅན་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་རྒྱུན་ཆད་མེད་པར་འགྱུར་རོ། །འཁོར་ལོ་འདིས་རང་གི་བླ་མ་དང་། གྲོགས་པོ་དང་། ཡི་དམ་ཞི་ཁྲོ། མཁའ་འགྲོ་ཆོས་སྐྱོང་ལ་དམ་ཚིག་ཆགས་ཉམས་དང་། འཐབ་པ་དང་། འཁོན་དང་། རྩོད་པ་དང་། གཞན་ཡང་ལུས་ངག་ཡིད་གསུམ་གྱི་ཉེས་སྐྱོན་ཐམས་ཅད་དག་པར་གསུངས། མཚམས་མེད་པ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། མི་དགེ་བ་བཅུ་ལ་སོགས་པའི་སྡིག་པ་ཐམས་ཅད་ནི་འཁོར་ལོ་བསྐོར་བ་དང་འགྱོད་པ་དྲག་པོས་བཤགས་ན་བྱང་གསུངས། ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ཆོས་གསུམ་ཐམས་ཅད་འདུས་པར་འགྱུར་རོ། །འཁོར་ལོ་འདིས་ལྷ་མི་ཐམས་ཅད་དགའ་བར་འགྱུར་རོ། །དཀོན་མཆོག་གསུམ་པོ་ཐུགས་རྗེའི་བདག་ཉིད་ཅན་དང་། བླ་མ་དང་འཕགས་པའི་ཚོགས་ཐམས་ཅད་རྗེས་སུ་ཡི་རངས་བར་འགྱུར་རོ། །ཆོས་དེས་འགྲོ་དོན་ཕྲིན་ལས་ནི་ཕྱོགས་དང་ཕྱོགས་མེད་འབྱུང་བས་སྙན་གྲགས་གིས་སྟོང་གསུམ་གང་བར་འགྱུར་རོ། །ཆོས་བསྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་འགྲུབ་ཅིང་། འགལ་རྐྱེན་བར་ཆད་ཐམས་ཅད་དང་། ནད་དང་གནོད་པ། རྐྱེན་དང་བར་ཆད། ནད་རིགས་སུམ་བརྒྱ་དྲུག་ཅུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གློ་བུར་ཉི་ཁྲི་ཆིག་སྟོང་། ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ། བྱད་དང་གཏད་མནན་དང་། མོ་ངན་པ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ། ཆོ་འཕྲུལ་ཆེ་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འཁོར་ལོ་འདིས་ཡོན་ཏན་གྱིས་བཟློག་པར་ཨོ་རྒྱན་གྱིས་གསུངས་སོ། །འཁོར་ལོ་འདིས་ཚེ་ཡི་སྒྲུབ་པ་བརྒྱ་བྱས་པ་དང་། སྲུང་འཁོར་བརྒྱ་བཙུགས་པ་དང་། སྲུང་འཁོར་བརྒྱ་བཏགས་པ་བས་སྟོབས་ཆེ་བ་གསང་བདག་ཉིད་ཀྱིས་གསུངས། འཁོར་ལོ་འདིས་ཡོན་ཏན་ཅན་དང་། བསམ་གཏན་ཅན་དང་། ཁ་དྲག་འབྱོར་པ་ཅན་དང་། མཐུ་རྩལ་ཅན་དང་། དྲག་ཤུལ་ཅན་དང་ལྡན་པར་འགྱུར་རོ། །སྡུག་བསྔལ་དང་། དུཿཁ་ཐམས་ཅད་དང་། གོད་ཁ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བཀའ་སྲུང་ཐམས་ཅད་ཀྱི་སྤྱན་ལམ་དུ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་ནམ་མཁའ་གང་ནས་མཉེས་ཤིང་དགྱེས་ཏེ་དངོས་གྲུབ་སྟེར་བར་འགྱུར་རོ། །འཁོར་ལོ་འདི་སྐྱེ་བོ་ཕོ་མོས་བསྐོར་ན། དེའི་བསོད་ནམས་ཀྱིས་འཁོར་གཡོག་ལོངས་སྤྱོད་འཕེལ་ཞིང་རྒྱས་ཏེ། བང་མཛོད་གནས་ཁང་། ཁ་རྗེ་དབང་ཐང་ཐམས་ཅད། ཆོས་དང་མཐུན་པའི་འབྱོར་བ་ཐམས་ཅད་ཆར་བཞིན་བབས་ནས་ལོངས་སྤྱོད་ཅིང་མཐར་སངས་རྒྱས་པར་འགྱུར་རོ། །འཁོར་ལོ་འདིས་མཐར་ཐུག་སངས་རྒྱས་རབ་བདུན་དང་། ལྷ་དང་བླ་མའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ནས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །རྒྱལ་བློན་བཙུན་མོ་འབངས་ཐམས་ཅད་དང་འགྲོ་བ་མཐའ་དག་གི་ཡིད་དུ་འོང་ཞིང་མཆོད་གནས་བྱེད་པར་འགྱུར་རོ། །དགེ་སློང་བཙུན་པ་འགའ་ཞིག་གིས་འདུལ་ཁྲིམས་ཉམས་པ་དང་བྱང་སེམས་ཉམས་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་ན་འགྱོད་ཚངས་བཤགས་ཤིང་འཁོར་ལོ་བསྐོར་ན་བྱང་བ་མཁའ་འགྲོ་མ་ཨ་ར་ལི་ལ་ཐུབ་པ་ཆེན་པོས་གསུངས་སོ། །འཁོར་ལོ་འདིས་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དང་ཞ་ལོང་འོན་ལྐུགས་ཕོངས་པ་ཅན་གྱི་ཁྱིམ་དུ་མི་སྐྱེ། སྡིག་པས་མི་གོས་ཤིང་། རིགས་མཐོ་བ་དང་། ཚེ་རིང་། ནད་མེད། གཟུགས་བཟང་། འབྱོར་པ་ཆེ། ཆོས་དང་ལྡན་ཞིང་། རིགས་མཐུན་ལུས་གཙང་མ་ཐོབ་ནས་མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་དང་ཞལ་མཇལ་ནས་ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་གསུངས། འཁོར་ལོ་འདིས་དཀར་ཕྱོགས་ཀྱི་ལྷ་ཐམས་ཅད་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦ་བ་དང་། སྦེད་པར་བྱེད་ཅིང་། དུས་མིན་གྱི་འཆི་བ་དང་། སྡུག་བསྔལ་ཐམས་ཅད་ལས་ཐར་ནས་བུད་མེད་བུ་འདོད་པ་རྣམས་ལ་བུ་འབྱུང་ཞིང་། ནོར་དང་ཚོང་སྒྲུབ་བྱེད་པ་རྣམས་ལ་ལྷའི་སྡོང་གྲོགས་བྱས་ནས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཚེ་འཕོས་ནས་ངན་སོང་གསུམ་གྱི་སྒོ་བཀག་སྟེ། སྐྱེ་བ་དམན་པ་དང་། མཐའ་འཁོབ་ཀྱི་ལུས་སྤངས་ཏེ་མི་ལུས་གཙང་མ་ཐོབ་ནས་ཆོས་སྤྱོད་པར་འགྱུར་རོ། །དམྱལ་བ་དང་། ཡི་དྭགས་དང་། ཤ་ཟ་དང་། སྲིན་པོ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་སེམས་ཅན་ཅི་ལ་སྐྱེས་ཀྱང་། སེམས་ཅན་གཞན་ལ་ཆོས་སྟོན་ཅིང་སྨོན་ལམ་གདབ་པར་འགྱུར་རོ། །འཁོར་ལོ་འདིས་ཚོགས་རྫོགས་སྒྲིབ་གཉིས་བྱང་ནས་མཐར་ཐུག་འགྱུར་མེད་ཀྱི་སྐུ་ཐོབ། འགག་མེད་ཀྱི་གསུང་ཐོབ། འཁྲུལ་མེད་ཀྱི་ཐུགས་ཐོབ། རྟོག་པ་འཆར། དགོས་འདོད་འབྱུང་བས་ཡོན་ཏན་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར། ཐུགས་སུ་ཆུད་ནས་མི་བརྗེད་པའི་གཟུངས་བརྟན་པོར་ཐོབ་ནས། འཆད་པ་དང་། རྩོད་པ་དང་། རྩོམ་པ་ཐོགས་པ་མེད་པར་འགྱུར་རོ། །འཁོར་ལོ་འདིས། འཆི་མེད་ཀྱི་ཚེ། ཟད་མེད་ཀྱི་གཏེར། ཕོངས་མེད་ཀྱི་ནོར། མཉམ་པ་མེད་པའི་བསོད་ནམས། ཟས་སྣ་ཚོགས། གོས་སྣ་ཚོགས། འཁོར་མང་པོ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་སྨོན་ལམ་མཐར་ཕྱིན་ནས་རྣམ་པར་དག་པའི་འགྲོ་དོན་ཕྱོགས་མེད་དུ་འབྱུང་ངོ་། །གཞན་སུས་ཀྱང་འགྲན་ཟླ་ཐམས་ཅད་དང་བྲལ་བའི་བསམ་གཏན་ནམ་མཁའ་དང་མཉམ་པར་འགྱུར་རོ། །གཞན་ཐམས་ཅད་རྗེས་སུ་ཡི་རངས་བའི་དགོས་འདོད་འབྱུང་ནས་རེ་བ་ཐམས་ཅད་བསྐང་བར་འགྱུར་རོ། །འཁོར་ལོ་འདིས་སུས་ཀྱང་བློ་རུ་མི་ཚུད་པའི་མངའ་བདག་གང་བསམ་འགྲུབ་ཅིང་། ཅི་ཙམ་སྤྱད་ཀྱང་མི་ཟད་ཅིང་འཕེལ་བའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །འཁོར་ལོ་འདིས་ཚེ་ཕྱི་མ་བར་དོ་ནས་བཀྲ་ཤིས་པའི་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། མཆོད་པ་ལྔ། ལྷ་མོ་བརྒྱད་སོགས་སངས་རྒྱས་ཀྱི་ཞིང་ཁམས་དང་མཆོད་པ་སྔོན་དུ་མཐོང་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་ཁམས། ཤར་ཕྱོགས། ལྷོ་ཕྱོགས། ནུབ་ཕྱོགས། བྱང་ཕྱོགས་དེ་རྣམས་སུ་སངས་རྒྱས་རྣམ་པར་སྣང་མཛད། རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་རྣམས་ལས་དམ་ཆོས་ཉན་ཅིང་བསྙེན་བཀུར་བྱེད་པའི་སྐལ་བ་དང་ལྡན་པར་འགྱུར། འཁོར་བ་མ་སྟོང་བར་དུ་སེམས་ཅན་དཔག་ཏུ་མེད་པའི་དོན་འབྱུང་བར་གསུངས། འཁོར་ལོ་འདིས་ནི་མཐུ་སྟོབས་དང་ཤེས་རབ་སྙིང་རྗེ་རིགས་གསུམ་མགོན་པོ་དང་མཉམ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ན་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་མཆོད་པའི་ཡོན་ཏན་བགྲང་བར་ནུས་སོ། །སེམས་བསྐྱེད་ཆེན་པོས་འཁོར་ལོ་ལན་གཅིག་བསྐོར་བའི་ཡོན་ཏན་བགྲང་བར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ས་ཡི་རྡུལ་རེ་རེ་ནས་བགྲང་བར་ནུས་སོ། །ཡི་གེ་དྲུག་པའི་འཁོར་ལོ་འདི་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་སོ། །ཁམས་གསུམ་གྱི་སེམས་ཅན་ལ་སྲོག་གི་སྦྱིན་པ་རེ་རེ་བཏང་བ་དེ་ཡི་བསོད་ནམས་ཀྱི་ཚད་ནི་བགྲང་བར་ནུས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་སོ། །དམིགས་བཅས་ཀྱི་དགེ་རྩ་ཐམས་ཅད་ཀྱི་ཡོན་ཏན་ནི་རྩིས་བགྲང་བྱར་ཡོད་ཀྱང་། དམིགས་མེད་ཀྱི་ངང་ནས་འཁོར་ལོ་འདི་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བགྲང་བར་མི་ནུས་སོ། །སངས་རྒྱས་གདྒའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལ་མཆོད་པ་ཕུལ་བ་དང་བསོད་ནམས་མཉམ་པར་བཤད་དོ། །འཁོར་ལོ་འདིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་གཟུགས་སྐུ་ཕྲིན་ལས་རྒྱུན་མི་ཆད་པར་འགྱུར་རོ། །སློབ་དཔོན་པདྨའི་ཞལ་ནས། རྒྱ་གར་ནས་བོད་དུ་འགྱུར་ཚད་ཀྱི་ཆོས་ལུས་ངག་གི་དགེ་སྦྱོར་བྱ་ཐབས་ལ་ཡི་གེ་དྲུག་པའི་འཁོར་ལོ་འདི་བས་ཕན་པ་དང་ཡོན་ཏན་ཆེ་བ་མེད་གསུངས། བྲམ་ཟེ་ཆེན་པོ་སྤང་འོད་ཟེར་བླ་མའི་ཞལ་ནས། ཡི་གེ་དྲུག་པའི་འཁོར་ལོ་འདི་ཡི་གྲངས། རབ་སྟོང་ཕྲག་གམ། འབྲིང་བརྒྱ་བདུན་ནམ། ཐ་མ་བརྒྱ་དང་རྩ་བརྒྱད་ལ་རབ་གནས་དང་བཀྲ་ཤིས་སྨོན་ལམ་ནི་བླ་མ་མཚན་ཉིད་ལྡན་པ་གཅིག་གིས་བྱས་ན་ཅི་བསམ་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །འཁོར་ལོ་འདི་དུས་ཉིན་མཚན་མེད་པར་རྒྱུན་དུ་བསྐོར་ན། དགེ་སློང་ཤོག་ལྡེབ་ཀྱི་གྲངས་ཙམ་ལ་ཞབས་ཏོག་བྱས་པའི་བསོད་ནམས་དང་མཉམ། ཡང་འཁོར་ལོ་འདི་ལ་ན་བཟའ་བསྐོན་ན་བླ་མ་ཡིག་དྲུག་གི་གྲངས་ཙམ་ལ་ན་བཟའ་གསོལ་བ་དང་བསོད་ནམས་མཉམ་མོ། །ཉིན་མཚན་དུས་དྲུག་ཏུ་བསྐོར་ན་ལུས་ངག་གི་ཆོས་སྤྱོད་ཐུན་དྲུག་གི་དགེ་སྦྱོར་དང་བསོད་ནམས་མཉམ་མོ། །གཞན་ཡང་འཇིག་རྟེན་གྱི་མི་ཐམས་ཅད་ཀྱི་ཚེ་སྒྲུབ་དང་ནོར་སྒྲུབ་དང་སྲུང་འཁོར་ཐམས་ཅད་ལ་འཁོར་ལོ་འདིས་ཆོག་པར་གསུངས། གཞན་ཡང་མོ་ལྟས་ངན་པ། འཆི་བའི་དུས་བཏབ་པ་འཁོར་ལོ་འདི་དད་བརྩོན་དྲག་པོས་བསྐོར་ན་བཟློག་པ་ལ་ཐེ་ཚོམ་མེད་དོ། །དགྲ་རྐུན་ཇག་གསུམ། ཚང་ལང་འབྲུམ་གསུམ། དམག་སྣ་ཇག་སྣ། རྐུན་སྣ་གཅན་སྣ་ཐམས་ཅད་ལ། འཁོར་ལོ་འདི་ཡོན་ཏན་འབུམ་ལྡན་བཅས་མཆོག་གི་དད་པ་དང་ངེས་ཤེས་དྲག་པོས་བསྐོར་ན་བཟློག་པར་འགྱུར་རོ། །འཁོར་ལོ་འདི་འབྲི་བ་ལ་ལྷག་ཆད་འགྲོ་བས་སྤར་འདི་ངོ་མཚར་ཆེ། མེ་འཁོར་འདི་མྱུར། ཆུ་འཁོར་འདི་ཡུན་རིང་ལ་བཀྲ་ཤིས། རླུང་འཁོར་འདི་དར་དྲག་ན་བར་ཆད་ཡོང་། ས་འཁོར་འདི་དཀའ་ཚེགས་ཆེ། འཁོར་ལོ་འདི་རིན་ཆེན་སྣ་ལྔ་དང་། སྨན་དྲི་བཟང་ལ་སོགས་པ་རྣམས་སྣག་ཚ་ལ་བསྲེས་ནས་ལྷག་ཆད་མེད་པར་བཞེངས། བླ་མ་མཚན་ཉིད་དང་ལྡན་པས་རབ་གནས་དང་། བཀྲ་ཤིས་སྨོན་ལམ་དང་བཅས་པ་བྱས་ཤིང་། རིན་པོ་ཆེ་སྣ་ལྔ་དང་། གོས་དར་གང་འཛོམ་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱའོ། །དུས་བཟང་ལ་ཚོགས་ཀྱི་འཁོར་ལོ་བསྐོར། མཆོད་པ་སྣ་ཚོགས་འབུལ། རང་གི་འདོད་གསོལ་གྱི་སྨོན་ལམ་གང་འདོད་བཏབ་ན་འགྲུབ་པར་གསུངས་སོ། །འཁོར་ལོ་འདི་ཡོན་ཏན་འབུམ་དང་ལྡན་ཞིང་བཀྲ་ཤིས་དོན་འགྲུབ་པ་ཡིན་ནོ། །འཁོར་ལོ་འདི་སྐོར་བའི་དུས་སུ་ཙེར་ཙེར་ཟེར་ན་སྲོག་ལ་གནོད། ཏྲག་ཏྲག་ཟེར་ན་ནོར་ལ་གནོད། ཧྲག་ཧྲག་ཟེར་ན་འཁོར་ལ་གནོད་པས། སྐད་མེད་ཆུ་བོའི་རྒྱུན་བཞིན་བསྐོར། སྡིག་པ་ལ་སློབ་དཔོན་བསད་པ་དང་། ཕ་བསད་དང་། མ་བསད་དང་། སྡོམ་པ་ཉམས་པ་དང་། རང་རྒྱལ་བསད་པ་དང་། དགེ་འདུན་གྱི་བར་ལ་དབྱེན་བྱས་པ་དང་། མི་དགེ་བ་བཅུ་ལ་སོགས། སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་འཁོར་ལོ་འདི་བསྐོར་ཞིང་འགྱོད་པ་དྲག་པོས་བཤགས་ན་བྱང་བར་གསུངས་སོ། ཁེ་འགྱུར་སྤོགས་གསུམ། རྐུ་རྫུན་བྱི་གསུམ། གཡོ་སྒྱུ་ཟོལ་གསུམ་ལ་སོགས་པ་ཐམས་ཅད་བྱང་བར་གསུངས་སོ། །ཡི་གེ་དྲུག་པ་འདི། རྡོ་ལ་བཞེངས་པ་དང་། བྲག་གི་ངོས་ལ་བཞེངས་པ་དང་། ཤིང་ལ་བཞེངས་པ་དང་། རིན་པོ་ཆེ་ལ་སོགས་པ་བང་མཛོད་ལ་བཞེངས་ནས། རི་ཡི་རྩེ་མོ་ལ་བཞག་པའམ། ལམ་གྱི་བཞི་མདོ་ལ་བཞག་པའམ། རི་སྣ་དང་གདོང་སྣ་ལ་བཞག་པ་བྱང་ཆུབ་སེམས་དཔའ་རེ་རེས་འགྲོ་དོན་བྱེད་པ་དང་འདྲའོ། །ཡང་ཡི་གེ་དྲུག་པ་འདི་རས་ལ་བྲིས་ནས་རབ་ཏུ་གནས་ཤིང་། གནས་བཟང་པོ་དང་། རི་ཁྲོད་གཙུག་ལག་ཁང་། ཆུ་ཆེན་པོའི་སྟེང་། རི་རྩེ་ལ་སོགས་པ་ལ་ཕྱར་ན་རླུང་དེས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་གསུངས་སོ། །དེ་ཡི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་བརྒྱུད་པའོ། །ཐུགས་རྗེ་ཆེན་པོའི་ཕན་ཡོན་ལ། མ་ཎི་ཆོས་འབྱུང་དང་གཅིགཐུགས་རྗེ་ཆེན་པོའི་རྒྱ་གཞུང་དང་གཉིས། ཐུགས་རྗེ་ཆེན་པོ་པདྨ་དཀར་པོ་དང་གསུམ། མདོ་ཟ་མ་ཏོག་དང་བཞི། རྟ་མཆོག་རོལ་པའི་རྒྱུད་དང་ལྔ། ཡང་སྙིང་འདུས་པའི་རྒྱུད་དང་དྲུག །ཕྱག་སྟོང་གི་རྒྱུད་དང་བདུན། ཕྱག་བརྒྱ་པའི་རྒྱུད་དང་བརྒྱད། གངས་ཆེན་མཚོ་རྒྱལ་གྱི་རྒྱུད་དང་དགུ། ཕྱག་གཉིས་པ་དང་བཅུ། ཕྱག་བཞི་པ་དང་བཅུ་གཅིག །རྒྱལ་བ་རྒྱ་མཆོའི་རྒྱུད་དང་བཅུ་གཉིས། ལས་མཐའི་རྒྱུད་དང་བཅུ་གསུམ། འཁོར་བ་དོང་སྤྲུག་གི་རྒྱུད་དང་བཅུ་བཞི། འཇིག་རྟེན་དབང་ཕྱུག་གི་རྒྱུད་དང་བཅོ་ལྔ། ཡིད་བཞིན་འཁོར་ལོའི་རྒྱུད་དང་བཅུ་དྲུག །མི་འཇིགས་སྐྱོབ་བྱེད་དང་བཅུ་བདུན། པདྨ་རྒྱལ་པོའི་རྒྱུད་དང་བཅོ་བརྒྱད། ཁ་སར་པཱ་ཎི་དང་བཅུ་དགུ། རྒྱལ་པོའི་བཀའ་འབུམ་དང་ཉི་ཤུ། སྤང་འོད་ཟེར་བླ་མས་མཛད་པའི་ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན་རྣམས་དང་། བླ་མ་དགོངས་འདུས་ཀྱི་འཁོར་ལོའི་ཕན་ཡོན་རྣམས་དང་། གཞན་ཡང་རྒྱལ་བའི་བཀའ། སངས་རྒྱས་ཀྱི་གསུང་། མདོ་རྒྱུད་ཀྱི་སྙིང་པོ་གྲུབ་ཐོབ་གོང་མ་རྣམས་ཀྱི་བསྟན་བཅོས། བླ་མ་སྤྲུལ་སྐུ་རྣམས་ཀྱི་ལུང་། མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་ཀྱི་མན་ངག་རྒྱུ་འབྲས་ལ་མཁས་པ་མང་པོའི་གསུང་བགྲོས་རྣམས་ནས་ཕན་ཡོན་བརྗོད་ཀྱིས་མི་ལང་སྟེ། སློབ་དཔོན་པདྨའི་མ་འོངས་ལུང་བསྟན་ལས། ལྷོ་ནུབ་ཏུ་འབྱོན་ཁར་ངས་སྲིན་པོ་ཐམས་ཅད་ཐུལ་བའི་རྟགས་ལ། ས་ཡི་མཐར་ཡི་གེ་དྲུག་པའི་འཁོར་ལོ་དར་ནས་ཡོང་སྟེ། དེ་དུས་འཁོར་ལོ་བསྐོར་བ་དང་། མཐོང་ཐོས་དྲན་རེག་དེའི་རླུང་ཕོག་ཚད་ཐམས་ཅད་བཀྲ་ཤིས། དོན་འགྲུབ། སྒྲིབ་པ་དག་མཐར་བྱང་ཆུབ་ཐོབ་པ་ལ་སོགས་པ་འཁོར་ལོ་འདིའི་ཕན་ཡོན་དཔག་ཏུ་མེད་པ་གསུངས་པ་མཐོང་བས། བདག་གཞན་གཉིས་ཀྱི་དོན་ཚད་མེད་པར་འགྲུབ་ཐབས་སྣང་བས་དོན་ཆེན་པོ་ལ་བསམས་ཏེ། གོང་གི་མདོ་རྒྱུད་བསྟན་བཅོས་གསུང་རབ་ཕན་ཡོན་ལུང་བསྟན་རྣམས་མཐོང་བ་དེ་རྣམས་ལ་དཔང་པོ་བྱས་ནས་བློ་ཆུང་བ་རྣམས་ཀྱིས་གོ་བདེ་བ་དང་ལོག་ལྟ་ཅན་དང་ཐེ་ཚོམ་ཅན་རྣམས་ཡིད་ཆེས་པའི་ཕྱིར། རང་གི་མཐོང་སྣང་དང་བཅས་པ་ཉུང་ངུར་བསྡུས་ནས་བྲིས་པ་ཡིན་ནོ། །ད་ལྟ་ཆོས་ཡིན་ཟེར་ནས། ལྷ་བཞེངས། རྟ་རྒྱུག །གཏམ་ཟློ། སྟོན་ཤེད་བྱེད། བཀའ་འགྱུར་བསྟན་འགྱུར་མདོ་མང་འབུམ་ལ་སོགས་པ་བྲིས་ནས་དེའི་ཕྱོགས་སུ་སེམས་ཅན་མང་པོའི་སྲོག་བཅད་ནས་བཏང་སྟེ་ཆོས་སུ་རློམ་པར་སྣང་སྟེ། དེ་ནི་ཁྲག་མཚོ་དང་རྣག་མཚོའི་དཀྱིལ་ནས་ཡི་གེ་བྲིས་པ་སྟེ། གསུང་རབ་ཁྱད་དུ་བསད་པ་མ་ཡིན་ཡང་གོ་བ་ལོག་པར་སོང་སྟེ་སྡིག་པའི་རྣམ་སྨིན་ཤིན་ཏུ་ཆེའོ། །དེ་བས་འཁོར་ལོ་འདིའི་ཕྱིར་དུ་ཆང་གྲལ་དུ་ཁ་རྩོད་བྱེད་པ་ཙམ་གྱི་སྡིག་པ་ཡང་མི་འགྲོ། ཕྱི་མའི་དོན་ཆེན་པོ་ནི་འགྲུབ། རྒྱུ་དངོས་པོ་མི་འགྲུབ། འགྲུབ་ཀྱང་མི་འགྲོ། ང་རྒྱལ་དང་དྲེགས་པ་མེད་པས་ལམ་དུ་འགྲོ་བ་ཡིན་ནོ། །ཆོས་ཡིན་ཟེར་ནས་སྡིག་པ་བྱས་པའི་སྟེང་དུ་ང་རྒྱལ་དང་དྲེགས་པ་ཆེ་ན་ནི་ཕྱི་མའི་དོན་མེད། དགེ་སྡིག་སྤེལ་མར་བྱས་པས་མགོ་བསྡོས་ཡིན། ཞེས་ཆོས་ཀྱི་རྒྱལ་པོས་གསུངས་སོ། །དེ་བས་ཚེ་ཕྱི་མའི་དོན་ལ་ཉ་ཚང་གྲོག་ཚང་གསན་གསོ་བ་དང་། རྡོ་རྗེ་གཅོད་པ་ཚར་རེ་ཙམ་དང་། འཁོར་ལོ་རེ་རེ་ཙམ་དང་། ཡི་གེ་དྲུག་པ་འབུམ་ཐེར་རེ་ཙམ་དང་། བསྔོ་བ་སྨོན་ལམ་འབུམ་ཐེར་རེ་ཙམ་གྱིས་སྒྲིབ་པ་འདག་སྟེ། ལས་ངན་པའི་སེམས་ཅན་གྱིས། དེ་འདྲ་ཤེས་ཟེར་ནས་མི་ཉན་པར་གདའ་བ་མ་ཏོགས། འཁོར་ལོ་འདི་ངོ་བོ་དགཕན་ཡོན་ཆེ། རྒྱུ་འགྲོ་ཆུང་བས་རྣམ་སྨིན་མི་འགྲོ། ཁ་ཏོན་མི་འཆག་ངེས་དོན་མི་སྒྲིབ། ཞབས་ཏོག་སླ། སུས་ཀྱང་འགྲུབ། འགྲོ་ཞོར་འདུག་ཞོར་ལ་བསྐོར་བས་ཆོག །དགེ་རྩ་ཞོར་ལ་བསྒྲུབས་པས་ཆོག །ཕྱི་མའི་དོན་ཞོར་ལ་འོང་པའི་ཆོས་འདི་ཁོ་ན་ཡིན་པས་ཐམས་ཅད་ཀྱིས་ཉམས་སུ་ལོངས་ཤིག །གཞན་ལ་སྤེལ་ཅིག །སྤྲང་པོ་ཤི་ལོག་པས་ཚེ་ཕྱི་མའི་དོན་དང་གཞན་ལ་ཨི་ཕན་བསམ་པ་མ་གཏོགས་པ་བཀའ་ལ་རས་ཆོད་དང་གཟུ་ལུམ་དང་རང་བཟོ་ཆོས་མིན་གྱི་བྱ་བ་རང་འདོད་རྒྱུ་ཟས་ཀྱི་འདོད་པ་འདྲེས་ན་མཁའ་འགྲོ་ཆོས་སྐྱོང་གིས་སྙིང་ཁྲག་དྲོངས་ཤིག །འཁོར་ལོ་འདི་ལྷ་འདྲེ་མི་གསུམ་ཁམས་གསུམ་སྲིད་པ་གསུམ་གྱི་མཐུན་སྣང་དུ་གྲུབ་ནས་ས་ཕྱོགས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ་ཁྱབ། ཆོས་དང་མི་མཐུན་པའི་ཕྱོགས་ལས་རྒྱལ་ཞིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དར་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཡང་མདོ་རྒྱུད་ཐམས་ཅད་ཀྱི་ནང་ནས་དམ་པ་ཆོས་ཀྱི་འཁོར་ལོ་གང་ཡིན་གང་མིན་དང་། ཚོད་བཟོ་བྱེད་པ་དང་། ཡོན་ཏན་ཨེ་ཡོད་ཨེ་མེད་ཀྱི་ཐེ་ཚོམ་དང་། མི་དད་པ་དང་། འབར་བ་དང་། ཕྱིན་ཅི་ལོག་ཏུ་བསྐོར་བ་དང་། ཡབ་སྐོར་ཡུམ་སྐོར་མེད་པར་སྐོར་བ་དང་། བར་སྐོར་ལ་བར་རྒྱུར་བྱེད་པ་ལ་སོགས་སྔ་མ་ཐོད་སྲེས་བྱས་ནས་མི་གཉེན་པར་ཕྱག་དང་བཀུར་སྟིའི་གནས་མི་བྱེད་པ་དང་། གར་ཡིན་དུ་བསྐྱུར་ནས་འགོམ་ཡུག་དང་བརྙས་ཅོས་བྱས་པའི་ཉེས་པ་ནི། སྨྱོ་བ་དང་། བརྒྱལ་བ་དང་། ཞ་ལོང་འོན་ལྐུགས་དང་། དགྲ་རྐུན་ཇག་གསུམ་དང་། གོད་ཁ་རྒྱུན་མི་འཆད་པ་འོང་ཞིང་། དབུལ་ཕོངས་དང་ཤི་ཆད། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ་ཕྱི་མའང་དམྱལ་བར་འགྲོ་ཞེས་མདོ་རྒྱུད་དེ་དག་ནས་གསུངས་སོ། །དེས་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དད་པ་དྭངས་བ་མོས་གུས་ཀྱིས་སྐོར་ཅིག །ཤ་རུས་སྙིང་གསུམ་གྱི་སྒོ་ནས་ཕྱག་དང་སྐོར་བ་ལ་འབད་པ་གལ་ཆེ། ཚེ་ཕྱི་མ་ལས་ངན་སྡིག་སྒྲིབ་ལ་བྲེད་པ་རྣམས་ཀྱིས་སྙིང་གི་དཀྱིལ་དུ་ཆོངས་ལ་ཉམས་སུ་ལོངས་ཤིག། ཆོས་འདི་ལས་སྟོབས་ཆེ་བ་དང་ཟབ་པ་ངས་མ་མཐོང་། ངེད་རང་ཆོས་པ་ལ་འབར་བའི་བདུད་བྱ་བ་ཡོད་དེ། བླ་མའི་སྤྱོད་པ་འདྲ་བས་མི་ནག་ཕོ་མོའི་ནང་མི་སྔོན་དུ་བཟང་བཟང་ལྟར་བྱེད་ཅིང་། བློ་ཕུག་ཆགས་སྡང་རྨོངས་གསུམ་དང་། ཚེ་འདིའི་བྱ་བ་ཆོས་བརྒྱད་དང་། སྙན་གྲགས་ཟས་ནོར་ལ་བློ་ཕུག་གཏོད་ཅིང་། ཁ་ནས་ཟས་མི་འདོད། ཟོག་དང་ཉེ་དུ་མི་འདོད། སེམས་ཅན་རྣམས་སྙིང་རེ་རྗེ་ཟེར་བའི་བདུད་ཁ་ཅིག་གིས། འཁོར་ལོ་སྐོར་བ་ལ་ཡོན་ཏན་མེད་པའི་སྟེང་དུ་སྐྱོན་འདི་དག་ཡོད་ཟེར་བ་འོང་སྟེ། དེ་ནི་འབྱུང་པོ་ཡི་དྭགས་བནྡྷེའི་ཆས་སུ་ཞུགས་ཏེ་བར་ཆད་བྱེད་དུ་འོང་བས། ཐམས་ཅད་ཀྱིས་ཡིད་ལ་བཞག་ནས་བར་ཆད་ཀྱི་དབང་དུ་མ་སོང་བ་གལ་ཆེ། ཀུ་སུ་ལུ་པས་དམྱལ་ཁམས་བཅོ་བརྒྱད་འགྲིམས་པའི་དུས་ལུས་ངག་གི་དགེ་སྦྱོར་ལ་འཁོར་ལོ་འདི་ལས་ཡོན་ཏན་ཆེ་བ་མི་འདུག་གསུངས་པས། རྒྱལ་ཁམས་སུ་ཨི་ཕན་བསམས་ནས་བཀོད་པའོ། །བདུད་དང་མུ་སྟེགས་ཀྱི་དབང་དུ་མ་སོང་བར་ཉམས་སུ་ལོངས་ཤིག །སེམས་ཅན་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པདྨ་གླིང་པའི་ཆུ་འཁོར་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུང་བ་དང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུད་ལས། གང་ཞིག་བྱང་སེམས་ལྡན་པ་ཡིས། །སྐྱེས་བུ་བློ་གྲོས་སྟོབས་ལྡན་གྱིས། །ཡིག་དྲུག་གླེགས་བམ་ཆེན་པོ་བཞེངས། །བསྐྱེད་རིམ་རབ་གནས་མངའ་གསོལ་ནས། །ཆུ་འམ་རླུང་ངམ་ལག་པས་བསྐོར། །ངེས་པར་འཁོར་བ་ཕྱིར་བསྙིལ་ཞིང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ། །དེ་ཡི་ཡོན་ཏན་བརྗོད་མི་ལང་། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་ཡེ་ཤེས་འཁོར་ལོའི་རྒྱུད་ལས། སེམས་དཔའ་ཆེན་པོའི་རྣལ་འབྱོར་གྱིས། །ཐབས་ཀྱིས་འགྲོ་དོན་བྱེད་འདོད་ན། །རིན་ཆེན་སྣ་ལྔའི་གླེགས་བམ་འབྲི། །རྒྱུན་འབབ་ཆུ་ལ་བསྐོར་ན་ནི། དེ་ཡིས་ལས་སྒྲིབ་མྱུར་དུ་འདག །མཐོ་རིས་ཐར་བའི་ཐེམ་སྐས་འཛུགས། །ཅེས་གསུངས་སོ། །ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྒྱུད་ལས། །བྱང་སེམས་སྐྱེས་བུ་གང་དག་གིས། །ཡིག་བདུན་འཁོར་ལོ་མང་བཞེངས་ནས། །འབྱུང་བ་བཞི་ལ་བསྐོར་བ་ན། །ཕྲིན་ལས་གང་འདོད་མྱུར་དུ་འགྲུབ། །ཁྱད་པར་རྒྱུན་ཆད་མེད་པ་ཡི། །ལུས་ལ་བསྐོར་ན་ཡང་དག་འགྲུབ། ཞེས་གསུངས་སོ། །ཨོ་རྒྱན་གྱིས་གསུངས་པ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་འདོད་པས་འཁོར་ལོ་འདི་ལ་འབད་པར་གྱིས་ཤིགམཚམས་མེད་པ་ལྔ་ཡི་སྡིག་པའང་འདིས་འདག་པར་འགྱུར།
ཨེ་མ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །བོད་ཡུལ་ཁ་བ་ཅན་གྱི་ལྷ་ཡིན་ཅིང་། ཁྱད་པར་ཆོས་འདི་ཁམས་ཀོང་སོགས་སུ་དར། །ཡིག་དྲུག་བསྟན་པ་མདོ་ཁམས་ཕོ་མོས་འཛིན། །ཞེས་གསུངས་སོ། བདུད་བཞིའི་དགྲ་ལས་རྒྱལ་བའི་འཁོར་ལོ་འདིས། །ལོག་ལྟ་མཐའ་ཡས་མ་ལུས་བཅད་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་དགོངས་པ་ཡོངས་རྫོགས་ནས། །སྲིད་གསུམ་འཁོར་བ་མ་ལུས་དོང་སྤྲུགས་ཤོག །ཅེས་ཆགས་མེད་རིན་པོ་ཆེའི་གསུང་འབུམ་ལས་ཁོལ་དུ་ཕྱུང་བའོ། །
འདས་ལོག་དཀར་ཆག་བླང་དོར་འབྱེད་པའི་ལྡེའུ་མིག་ལས་བཤུས་པའི་ཇོ་དར་ཕན་ཡོན། སྟག་བླ་དཀོན་མཆོག་རྒྱལ་མཚན།
༄༅། །འདས་ལོག་དཀར་ཆག་བླང་དོར་འབྱེད་པའི་ལྡེའུ་མིག་ལས་བཤུས་པའི་ཇོ་དར་ཕན་ཡོན་བཞུགས། འོ། རྣལ་འབྱོར་པ་ཁྱེད་དམྱལ་ཁམས་བཅོ་བརྒྱད་ཀྱི་ཡུལ་དུ་ཁྱི་ལྟར་ཉུལ་བའི་དུས་འཇིགས་སྐྲག་ཉམས་ང་མེད་པ་འདི་ཆོས་མཚན་ལྡན་མ་ཎིའི་དར་ལྕོག་དཀར་པོའི་མཐུ་ཡིན་པས། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ནང་ནས་དགེ་རྩ་ཆོས་མཚན་ལྡན་མ་ཎིའི་དར་ལྕོག་དཀར་པོའི་སྟོབས་ཆེ་བ་མེད་པའི་རྒྱུ་མཚན་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་ཀྱང་། མདོར་བསྡུས་ན། བསྐལ་པ་དང་པོ་རྫོགས་ལྡན་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱོན་ནས་དགེ་བ་བཅུའི་ཁྲིམས་བཞག་ནས་སེམས་ཅན་ཐམས་ཅད་མཐོ་རིས་སུ་འདྲེན། ཆོས་ཀྱི་རྒྱལ་པོ་ཡར་བཞེངས་ནས་ཇོ་དར་དེ་ལ་ཕྱག་གསུམ་ཕུལ་ཞིང་དབུའི་ནམ་མཁའ་ལ་འཕང་ནས་དབུ་ཐོག་གདུགས་ལྟར་འཁོར་བའི་ཚེ། བདག་གི་འདུན་མའི་ཡང་རྩེ་རྣམས་ལས་ཆོས་འདིར་གཏད་ས་མ་ནོར་འདུག །ཉམས་དགའ་སྤྲོ་དཔག་ཏུ་མེད་པ་བསྐྱེད་ནས་ཕྱག་དགུ་ཕྲུགས་སུ་འཚལ་ལོ། །མེ་ཏོག་འཐོར་བའོ། །རབ་བླ་མ་མཚན་ཉིད་དང་ལྡན་ཅིང་། ཐུགས་རྗེ་ཆེན་པོའི་ཞལ་མཐོང་བའམ། ཡིག་དྲུག་བཟླས་པ་དུང་ཕྱུར་སོང་བ། འབྲིང་དགེ་བཤེས་ཏིང་འཛིན་དང་ལྡན་པ། ཐ་མ་ཡང་གང་ཟག་ཁྲིམས་གཙང་སྡོམ་ལྡན། རབ་གནས་ཀྱི་ཆོས་ལས་རིམ་རྣམས་ཤེས་པས་བཀྲ་ཤིས་པའི་མེ་ཏོག་འཐོར་བ་གལ་ཆེ། གལ་ཏེ་མ་འབྱོར་ན་བསམ་པ་དག་པས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ། ཡིག་དྲུག་བཟླས་ནས་བཙུགས་པ་ན། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་རང་བཞིན་གྱི་རབ་ཏུ་གནས་པར་བྱའོ། །དར་ལྕེ་ནི། སྤྱིར་དར་ལྕོག་ཐར་པའི་གྲུ་ཆེན་ཡིན། དེ་ཡི་ལག་སྐྱ་དར་ལྕེ་ཡིན། དར་ལྕོག་མཐོ་རིས་རྟ་ཕོ་ཡིན། །བྲབ་བྱེད་ལྕགས་ནི་དར་ལྕེ་ཡིན། །དར་ལྕོག་བྱང་ཆུབ་མཁར་རྫོང་ཡིན། །དར་ལྕེ་བ་དན་ཁྲ་བོ་ཡིན། །དར་ལྕོག་མར་ཁུས་ཀོང་བུ་ཡིན། །སྣང་བྱེད་སྡོང་བུ་དར་ལྕེ་ཡིན། །ཞེས་ཟེར་བ་ཡིན་པས་དར་ལྕེ་འཛོམ་པ་ནི་གལ་ཆེའོ། །གཞན་ཡང་ན་བའི་རིམ་གྲོ་ཉིན་མཚན་མེད་པར་སྒྲོག་པ་འདི་ལྷ་རྗེ་ངོོ་ནག་འབོད་པས་དོ་ཟླ་མེད། ཤི་ན་ལམ་མཁན་རང་ཆས་སུ་ཡོད་པ་མགོ་བསྐོར་བླ་མ་འབོད་པས་དོ་ཟླ་མེད། འཇིགས་ན་འཇིགས་པ་རང་གྲོལ་མཚན་ལྡན་དར་ལྕོག་དཀར་པོ་ཡིན། ཁྲེལ་མེད་ཕ་ཚན་རྭ་མདའ་སྤྲན་པས་དོ་ཟླ་མེད། ལྟོག་ན་རོ་བརྒྱ་ལྡན་པའི་ཟས་མཆོག་མཚན་ལྡན་དར་ལྕོག་དཀར་པོ་ཡིན། སྡིག་པའི་ཁ་ཟས་བསྒྲུབ་པས་དོ་ཟླ་མེད། སྐོམ་ན་འཆི་མེད་བདུད་རྩིའི་བཏུང་བས་ཀྱང་། ཆོས་མཚན་ལྡན་དར་ལྕོག་དཀར་པོ་འདི། །དུག་ཆང་མྱོས་བྱེད་བསྒྲུབ་པས་དོ་ཟླ་མེད། ཆད་ན་རྫུ་འཕྲུལ་རྟ་མཆོག་མཚན་ལྡན་དར་ལྕོག་དཀར་པོ་འདི། རྩ་ཟན་ཁྱུ་མཆོག་ཞོན་པས་དོ་ཟླ་མེད། དེའི་ཕྱིར་ན་འདི་སྟོབས་ཆེ་བ་ཡིན། གཞན་ཡང་མིག་གི་མཐོང་ཚད། དང་བ་འདྲེན་པས་ངན་སོང་དུ་མི་གཏོང་། རླུང་གི་ཕོག་ཚད་སྡིག་སྒྲིབ་བྱང་ནས་མཐོ་རིས་སྐྱེ། ཡིད་ཀྱིས་མོས་གུས་ཆེན་པོ་བྱས་པས་མཐོ་རིས་དང་ངེས་ལེགས་ཀྱི་གོ་འཕང་ཐོབ། གཞན་ཡང་ངན་སོང་གི་ལམ་རྒྱུན་བཅད། མཐོ་རིས་ཐར་པའི་ལམ་སྣ་འདྲེན། འབྲེལ་ཚད་དོན་དང་ལྡན། མཐོང་ཚད་ཕྱིར་མི་ལྡོག །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་བྱེད་པའི་ཆོས་མཚན་ལྡན་དར་ལྕོག་དཀར་པོ་འདི་རྟ་རྨིག་ལྕགས་ཀྱིས་བཏུམས་ནས་བཙལ་ཡང་རྙེད་པར་འགྱུར་རེ་ཀན། ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་ཚུལ་བཞིན་དུ་རྫོགས་ཤིང་གམ་པ་གང་ལའང་མ་གཏོགས་པའོ། །ཞེས་གསུངས་སོ། །ཡང་བདག་གི་ཞུས་པས། ཀྱེ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། གྲོང་ང་ཁམས་ཀྱི་མི་རྣམས་ཐུགས་རྗེས་ཟུངས། འོ་ན། ཆོས་མཚན་ལྡན་གྱི་དར་ལྕོག་དཀར་པོ་དེ་རྒྱུ་དང་དུས་གང་ལ་བྱེད་པ་བཟང་། ཞེས་ཞུས་པ། ཆོས་ཀྱི་རྒྱལ་པོས་ཚེས་བཅུ་ལ་སློབ་དཔོན་པདྨ་འབྱུང་གནས་དང་དཔའ་བོ་མཁའ་འགྲོ་འབུམ་གྱི་ཚོགས་འཁོར་བསྐོར་བའི་དུས་ཆེན་གཅིག་ལ་ཇོ་དར་གཅིག་བཙུགས་ན་འབུམ་ཐེར་ལྔ་དང་བྱེ་བ་གཅིག་ཏུ་འགྱུར། ཚེས་བཅོ་ལྔ་ལ་སངས་རྒྱས་སྣང་བ་མཐའ་ཡས་འཁོར་བྱང་ཆུབ་སེམས་དཔའ་འབུམ་དང་བཅས་པ་སེམས་ཅན་འཆི་ཁ་མ་རྣམས་ལ་གཟིགས་ནས་བྱོན་པའི་དུས་ཆེན་ལ་ཇོ་དར་གཅིག་བཙུགས་པ་འབུམ་ཐེར་དུ་འགྱུར་རོ། །བཅོ་བརྒྱད་ལ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་གཟིགས་ནས་བྱོན་པའི་དུས་ཆེན་ལ་བྱེ་བ་གཅིག་དང་འབུམ་ཐེར་བརྒྱད་དུ་འགྱུར། ཉི་ཤུ་ལྔ་ལ་རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་གྱིས་ཚོགས་འཁོར་མཛད་པའི་དུས་ཆེན་ལ་བྱེ་བ་གཉིས་དང་འབུམ་ཐེར་ལྔར་འགྱུར། གནམ་སྟོང་ལ་སངས་རྒྱས་ཐུབ་པའི་དབང་པོ་འཁོར་རང་རྒྱལ་ཉན་རང་དགྲ་བཅོམ་པ་བཅུ་དྲུག་དང་བཅས་པ་འཛམ་གླིང་བསྟན་འགྲོའི་མགོན་དུ་གྱུར་པ་རྣམས་ཀྱི་དུས་ཆེན་ལ་བྱེ་བ་གསུམ་དུ་འགྱུར། གཞན་ཡང་དབྱར་འབྲིང་པོ་ཉི་མ་ལྷོ་རུ་ལྡོག་དུས་དང་། དགུན་འབྲིང་པོ་ཉི་མ་བྱང་དུ་ལྡོག་པའི་དུས་དེ་གཉིས་ལ་ཇོ་དར་རེ་བཙུགས་ན་ས་ཡ་དྲུག་ཏུ་འགྱུར་རོ། །ཡང་ཉི་ཟླ་གཟའ་ཡིས་ཟིན་པའི་དུས་སུ་དུང་ཕྱུར་བཅོ་བརྒྱད་དུ་འགྱུར་བ་སོགས་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་ཡོད་པར་གསུང་སོ། །ཡང་ཕན་ཡོན་ནི། མཚན་ལྡན་དར་ལྕོག་དཀར་པོ་ཤིང་དཀར་པོ་ལ་བཏགས་ཏེ་ཞི་བའི་གངས་རི་དཀར་བོ་ལ་བཙུགས་ན་ནད་རིག་བཞི་བརྒྱ་རྩ་བཞི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ལྟས་ངན་བརྒྱད་ཅུ་རྩ་གཅིག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། དུས་མིན་འཆི་བ་རྣམ་བརྒྱད་སོགས་འཇོམས་པར་ཐེ་ཚོམ་མེད་དོ། །ཡང་མཚན་ལྡན་དར་ལྕོག་སེར་པོ་ཤིང་སེར་བོ་ལ་བཏགས་ཏེ་རྒྱས་པའི་སྤང་རི་སེར་པོ་ལ་བཙུགས་ན་ཚེ་བསོད་དཔལ་འབྱོར་ཁ་རྗེ་དབང་ཐང་རླུང་རྟ་སྙན་གྲགས་ཐམས་ཅད་དབྱར་མཚོ་ལྟ་བུ་རྒྱས་པ་ལ་ཆོས་འདི་བས་སྟོབས་ཆེ་བ་མེད་གསུངས་སོ། །ཡང་མཚན་ལྡན་དར་ལྕོགས་སྔོ་ནག་ཚེར་ཤིང་ནག་པོ་ལ་བསྒྲོན་ཏེ་དྲག་པོའི་རྫ་རི་ནག་པོ་ལ་བཙུགས་ན་བྱད་ཕུར་རྦོད་གཏོང་ཐན་དང་ལྟས་ངན་བཟློག་པ་འདི་ལས་སྟོབས་ཆེ་བ་ངས་མ་མཐོང་གསུངས་སོ། །གཞན་ཡང་རི་ཆེན་པོའི་རྩེ་ལ་འཕྱར་ན་རི་དྭགས་འདབས་ཆགས་འབུ་སྲིན་སོགས་སྲོག་ཆགས་ཕྲ་མོ་ཡན་ཆད་ཐུགས་རྗེ་ཆེན་པོའི་ཞིང་དུ་སྐྱེ་བར་འགྱུར་གསུངས་སོ། །ཆུ་ཆེན་པོ་གསུམ་གྱི་གཞུང་ལ་འཕྱར་ན་ཆུ་ལ་གནས་པའི་ཆུ་གནས་དང་ཁ་རུ་འཐུང་ཚད་ངན་སོང་ལས་ཐར། ཐང་ཆེན་པོའི་གཞུང་ལ་བྱར་ན་ཐང་དེ་ལ་གནས་པའི་འབུ་སྲིན་སྲོག་ཆགས་ཕྲ་མོ་ཡན་ཆད་ལ་ཐར་པའི་ས་བོན་འཇོག །བརྒྱ་ལམ་ཆེན་པོའི་འགྲམ་དུ་བཙུགས་ན་ལམ་དེ་ལ་འཇུག་པའི་སེམས་ཅན་རྣམས་ནམ་ཞིག་གི་ཚེ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ་སྐྱེ་བར་འགྱུར། སྡིག་ཅན་ཤན་པའི་ཡུལ་དུ་མཐོང་བའི་རི་ལ་བཙུགས་ན་དེས་བསད་པའི་སེམས་ཅན་རྣམས་མཐོ་རིས་ཀྱི་གོ་འཕང་ཐོབ། གཞན་ཡང་མཚན་ལྡན་དར་ལྕོག་དཀར་པོ་འདི། ཤར་ལྷོ་ནུབ་བྱང་དབུས་དང་ལྔ་གང་དུ་བཙུགས་ཀྱང་རྒྱལ་བ་རིག་ལྔའི་ཞིང་ཁམས་སུ་སྐྱེས་ནས། གསུང་མཆོག་ཡི་གེ་དྲུག་མའི་སྒྲ་སྒྲོག་བཞིན་ཏུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ལ་མཆོད་པ་འབུལ་ཞིང་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མ་མཆིས་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་པར་འགྱུར་རོ། །ཚེ་འདིར་ནད་དང་གདོན་དང་བྱད་ཁ་རྦོད་གཏོང་ཐམས་ཅད་དང་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ནད་མཚོན་མུ་གེ་དམག་འཁྲུགས་དང་ནད་ཡམས་ཐམས་ཅད་བཟློག་པར་འགྱུར་རོ། །རང་གཞན་རྣམས་ཀྱི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་རླུང་རྟ་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །མཚན་ལྡན་གྱི་མ་ཎིའི་དར་ལྕོག་འདི་དར་དམར་པོ་ལ་གདབ་དེ་རླུང་ཁར་བསྒྲོན་ན་ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་དབང་དུ་བསྡུས་ཤིང་བྲན་དུ་འཁོར་ནས་ལས་བྱེད་པར་འགྱུར་རོ། །མཚན་ལྡན་གྱི་མ་ཎིའི་དར་ལྕོག་དཀར་པོ་ནི་རས་སྔོ་སྐྱ་ལ་སྤར་ཞིང་རླུང་ཁར་བསྒྲོན་ན་བྱད་ཁ་རྦོད་གཏོང་གཟུགས་ཅན་གྱི་དགྲ་དང་། གཟུགས་མེད་ཀྱི་བགེགས་ཚེ་ལེན་གྱི་བདུད་བར་ཆད་ཀྱི་རྐྱེན་དགྲ་རྐུན་ཇག་གསུམ་མི་འདོད་པའི་ཉེ་བར་འཚེ་བ་ཕྱུག་གི་གོད་སྲི་དགྲ་སྲི་གྱོད་སྲི་ཆེ་སྲི་ཆུང་སྲི་དམ་སྲི་ཕུང་སྲི་ཐམས་ཅད་རྡུལ་དུ་བརླག་པར་འགྱུར་རོ། །ཡང་མཚན་ལྡན་མ་ཎིའི་དར་ལྕོག་འདི་ལུས་ཚད་ཙམ་ཞིག་རླུང་ལ་བཀྱག་ན་རས་དེ་ཟད་མ་ཐག་ཏུ་མ་ཎི་དུང་ཕྱུར་རེ་འགྲུབ་ཡོད་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསུངས་སོ། །དར་ལྕོག་ལ་དར་ལྕེ་མདོག་སྣ་ཚོགས་བཏགས་ན་རླུང་རྟ་སྙན་གྲགས་རྒྱས་པར་འགྱུར་རོ། །མཚན་ལྡན་མ་ཎིའི་དར་ལྕོག་དཀར་པོ་འདི་གནས་ཁང་གི་ཕུག་དུ་བཙུགས་ན་ཕུག་གི་ལྷ་སྲུང་གཉན་པོ་འཁོར་ནས་མི་འབྲལ་ཕུག་གི་ལྷ་ལ་བཀྲ་ཤིས་སྒོ་ཡི་ནོར་ལ་གོད་ཁ་མི་འབྱུང་གཡང་ལྷ་དམ་ཅན་རྒྱ་མཚོ་འཁོར། ནོར་ཕྱུག་རྩི་ཤིང་བཞིན་ཏུ་དར། རྟ་ལ་བཙུགས་ན་རྟ་ལྷ་དང་མི་འབྲལ། ཞིང་ལ་བཙུགས་ན་བཙའ་སད་སེར་གསུམ་བསྲུང་། ལོ་ལེགས་འབྲུ་འཕེལ། གྲུ་ཆེན་པོའི་ཁ་ལ་བཙུགས་ན་གྲུ་ལྷ་སྒྲོལ་མ་འཁོར། ཆུ་བདུད་བསྲུངས། གྲུ་དེ་ལ་ཞུགས་པའི་སེམས་ཅན་ཐམས་ཅད་ཕོ་བྲང་རི་བོ་ཏ་ལར་འགྲོ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །མཚན་ལྡན་མ་ཎིའི་དར་ལྕོག་འདི་རླུང་གིས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་པར་འགྱུར་བར་གསུངས་སོ། །ཤི་བར་དོའི་གནས་ན་ཡི་དམ་ཐུགས་རྗེ་ཆེན་པོ་དང་གསུང་མཆོག་གི་རྒྱལ་པོ་མ་ཎི་ཡིག་གེ་དྲུག་མ་རྡོ་ལ་བསྐོས་པའི་རྡོ་འབུམ་དང་མར་མེ་ཅི་འགྲུབ། ཁྱི་སྡོམ་ཉམ་ཐག་དང་སྤྲང་པོ་ཉམ་ཐག་ལ་ལྟོ་བླུད་པ་དང་གོས་དཀོན་པ་དེ་རྣམས་ནི་བར་དོ་གཅོད་པའི་གདམས་པ་ངན་སོང་དོང་ནས་སྤྲུག་པར་བྱེད་པ་འདི་ལས་ལྷག་ཅིག་མི་དགོས་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསུངས་སོ། །འདིར་འཚོགས་པ་ཀུན་གྱིས་མ་ཎིའི་ཇོ་དར་ལ་རེམ་ཞིག །ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས་སོ། ཤི་བར་དོའི་གནས་ལ་ཐོན་དུས་ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཤིག །རྟ་རྨིག་ལྕགས་ཀྱིས་བཏུམས་ནས་འཛམ་བུའི་གླིང་དུ་བསྐོར་ཀྱང་ཆོས་མཚན་ལྡན་མ་ཎིའི་དར་ལྕོག་འདི་ལས་ལྷག་ཅིག་ཡོད་རེ་ཀན་གསུངས་སོ། །ཡང་ཡིག་དྲུག་རྡོ་ལ་བསྐོས་པའི་རྡོ་འབུམ་དང་མཚན་ལྡན་མ་ཎིའི་དར་ལྕོག་འདི་ལ་རབ་གནས་བྱེད་པ་པོ། བླ་སེར་མ་ལོན་ན། བདག་པོ་རང་རང་གི་མ་ཎིའི་འཛབ་དབྱངས་སྒྲོག་བཞིན་དུ་ནས་གཏོར་ན་མདུན་གྱི་ནམ་མཁའ་ལ་འཕགས་པ་སྤྱན་རས་གཟིགས་བྱོན་ཏེ་རབ་ཏུ་གནས་པར་བྱེད་དོ། །གཞན་ཡང་སཙྪ་དང་སྐུ་གཟུགས་མཆོད་རྟེན་སོགས་བཞིངས་པ་དང་། ཡར་དཀོན་མཆོག་ལ་མཆོད་པ་དང་། ཆུ་གཏོར་དང་གཅོད་ཀྱི་སྒོ་ནས་ལུས་སྦྱིན་དང་། མར་མ་ནུས་པ་ལ་རྒྱུ་ཟང་ཟིང་གི་སྤྱིན་པ་བྱེད་པ་སོགས་དང་གཞན་ཡང་ལུས་ངག་གི་ཟག་བཅས་ཀྱི་དགེ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ནང་ནས་ཀྱང་ཆོས་མཚན་ལྡན་མ་ཎིའི་དར་ལྕོག་འདི་ནི་ཕན་ཡོན་འགྲན་ཟླ་དང་བྲལ་བ་ཡིན་ནོ། །ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། འཇིག་རྟེན་གྲོང་ང་ཁམས་ན་མྱུར་དུ་སོང་ལ་དགེ་བསྐུལ་མཛོད། དཔེར་ན་མཁས་པས་ལུས་ངག་གི་དགེ་བ་བསགས་པ་ཤིན་ཏུ་སྟོབས་ཆེ། དེ་མིན་ན་ཡང་གཞན་གྱི་དགེ་བ་གང་བསྒྲུབས་ཀྱང་ཕན་ཡོན་དང་བྱིན་རླབས་ཤིན་ཏུ་ཆེ། དེ་ཕྱིར་དགེ་བསྒྲུབ་སྡིག་སྤང་དང་བླང་དོར་གྱི་གནས་ཐམས་ཅད་གཞན་རྣམས་ལ་ཤོད་ཅིག །དགེ་བའི་བསྐུལ་མ་རེམ་རེམ། དམྱལ་བའི་ལོ་རྒྱུས་དང་ངན་སོང་གི་སྡུག་བསྔལ་གྱི་མནར་ཚབ་ཆེ་ཆུང་དང་ཡུན་རིང་ཐུང་རྣམས་འཛམ་བུའི་གླིང་བའི་མི་རྣམས་ལ་དོན་གོ་བར་གསུངས་ཤིག །སེམས་ཅན་རེ་རེ་ཡང་ངན་སོང་གི་སྡུག་བསྔལ་ལས་ཐར་ཐབས་དང་། མཐོ་རིས་དང་རྣམ་མཁྱེན་གྱི་གོ་འཕང་ཐོབ་ཐབས་བྱེད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྦྱོད་པ་མ་ནོར་བ་ཁོ་ན་ཡིན་པར་གསུངས་སོ། །སླར་སྨྲས་པ། འབྲེལ་ཐོག་གཙོས་བྱས་མ་གྱུར་སེམས་ཅན་རྣམས། སྡུག་བསྔལ་རྒྱུ་འབྲས་མ་ལུས་མྱུར་བྱང་ནས། །བདེ་བ་ཅན་སོགས་ཞིང་མཆོག་དམ་པ་རུ། །སྐྱེས་ནས་ས་བཅུ་ལམ་ལྔ་མྱུར་བསྒྲོད་ཤོག །སྟག་བླ་དཀོན་མཆོག་རྒྱལ་མཚན་ཀྱི་འདས་ལོག་དཀར་ཆག་ལས་ཁོལ་བྱུང་ངོ་། །
ཚེ་ཐར་སྲོག་བསླུའི་ཕན་ཡོན་འཆི་མེད་ཚེ་ཡི་དཔལ་སྟེར། ཐུབ་བསྟན་ཆོས་ཀྱི་གྲགས་པ།
༄༅། །ཚེ་ཐར་སྲོག་བསླུའི་ཕན་ཡོན་འཆི་མེད་ཚེ་ཡི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། །གཟི་བརྗིད་རྒྱལ་པོ་མགོན་པོ་ཚེ་དཔག་མེད། །འཆི་མེད་གྲུབ་པ་གཙུག་ཏོར་རྣམ་པར་རྒྱལ། །དངོས་གྲུབ་མཆོག་སྩོལ་ཡིད་བཞིན་འཁོར་ལོའི་ཞབས། །འཆི་མེད་ལྷ་ཚོགས་རྣམས་ཀྱིས་དགེ་ལེགས་རྩོལ། ཞེས་ལྷག་པའི་ལྷ་ལ་བསྟོད་ཅིང་དགེ་ལེགས་སུ་བྱ་བ་སྔོན་དུ་བཏང་ནས། །འདིར་ཚེ་ཐར་སྲོག་བསླུ་སོགས་ཀྱི་ཕན་ཡོན་ཅུང་ཟད་བཤད་པར་བྱའོ། །དེ་ཡང་ཇི་སྐད་དུ། མདོ་ལས། དེ་བས་འཇིག་རྟེན་ཕ་རོལ་གྱི། །ཆེད་དུ་བསོད་ནམས་བསགས་པར་གྱིས། །བསོད་ནམས་འཇིག་རྟེན་ཕ་རོལ་དུ། །ལུས་ཅན་རྣམས་ཀྱི་གནས་སུ་འགྱུར། །ཞེས་གསུངས་པ་ལྟར། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ལ་སྤང་བླང་བྱ་བ་ཤིན་ཏུ་གལ་ཆེ་སྟེ། དགེ་མི་དགེའི་ལས་གང་ཡིན་ཀྱང་། ལས་ངེས་པ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བའི་ཚུལ་གྱིས་ཕན་གནོད་ཀྱི་འབྲས་བུ་རྒྱ་ཆེན་པོ་སྐྱེད་པའི་ཕྱིར་རོ། །དེ་ལ་བསྒྲུབ་བྱ་དགེ་བའི་ལས་དེ་ལའང་སྤྱིར་རིགས་མང་མོད་ཀྱི། དཀར་ཆོས་ཐམས་ཅད་ཀྱི་ཐོག་མའི་འཇུག་སྒོ་ནི་སྲོག་གཅོད་སྤོང་བ་སོགས་དགེ་བ་བཅུ་ཡིན་ལ། དེ་ནི་མི་དགེ་བ་བཅུ་ཡིད་ཀྱིས་སྤོང་བ་དང་ལུས་ངག་གིས་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་དང་བཅས་པའོ། །ཡིད་ཀྱིས་སྤོང་ཞེས་པ་ནི་སྲོག་གཅོད་སོགས་མི་དགེ་བའི་ལས་དེ་དག་གི་ཉེས་དམིགས་ཤེས་ནས་དེ་བྱེད་མི་རུང་བར་སེམས་པའི་སྤོང་སེམས་བསྟེན་པ་སྟེ་དེ་ནི་སྲོག་གཅོད་སོགས་སྤོང་བའི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན་ནོ། །དང་པོ་སྤོང་སེམས་ཤུགས་དྲག་འགའ་རེ་བསྟེན་ཐུབ་ན། གཉིད་དང་རྣམ་གཡེང་སོགས་ཀྱིས་བར་དུ་ཆོད་པ་དང་། དྲན་པས་མ་ཟིན་པ་སོགས་སྐབས་འགར་སྲོག་གཅོད་སོགས་ལ་འཇུག་ཏུ་ཉེ་བའི་ཚེ་ཡང་དེ་མ་ཐག་མི་དགེ་བ་དེའི་ཉེས་དམིགས་དྲན་ནས་མི་བྱེད་པར་སྡོམ་པར་འགྱུར་ལ། དེ་ནི་སྔར་གྱི་སྤོང་སེམས་དེའི་ཤུགས་ལས་བྱུང་བ་ཡིན་ལ། ཤུགས་དེ་ཡང་ས་བོན་གྱི་མཐུ་ལས་ཡིན་ནོ། །དེས་ན་སྲོག་གཅོད་སོགས་མི་དགེ་བ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་དེ་སྲོག་གཅོད་སོགས་སྤོང་བའི་དགེ་བ་ཡིན་ནོ། །ལུས་ངག་གིས་སླར་ལོག་ཅེས་པ་ནི་རྒྱུན་པར་སྲོག་གཅོད་སོགས་ལ་མི་བརྩོན་པར་མ་ཟད། འབད་རྩོལ་མི་དགོས་པར་དེ་བྱེད་ཐུབ་པའི་སྐབས་དང་། བྱས་ན་ཁེ་ཆེན་པོ་ཡོད་པར་མཐོང་བ་སོགས་ཀྱི་སྐབས་སུ་ཡང་། སྔར་ཡིད་ཀྱིས་སྤོང་སེམས་བརྟན་པོ་བསྟེན་པ་དེའི་མཐུས་བྱ་བ་ངན་པ་དེ་ལ་ལུས་ངག་གིས་མི་འཇུག་པའོ། །ཡིད་ཀྱི་ལས་ལམ་གསུམ་ལ་ནི་ཡིད་ཀྱིས་སྤངས་པ་ཁོ་ནས་ཆོག་ལ། ལུས་ངག་གི་མི་དགེ་བ་བདུན་ནི་ཡིད་ཀྱིས་སྤང་བ་དང་ལུས་ངག་གིས་སླར་ལོག་པ་གཉིས་ཀ་དགོས་སོ། །དེ་ལྟར་མི་དགེ་བ་སྤོང་བའི་ཆ་ནས་བཞག་པའི་དགེ་བའི་ལས་ལམ་དེ་དག་ཀྱང་རྫོགས་པར་འབྱུང་བ་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཚང་དགོས་ལ། དེའི་ཚུལ་སྲོག་གཅོད་སྤོང་བ་ལྟ་བུ་ལ་མཚོན་ན། གཞི་ནི་སེམས་ཅན་གཞན་ནོ། །བསམ་པ་ནི་སྲོག་གཅོད་པའི་ཉེས་དམིགས་མཐོང་ནས་དེ་སྤོང་བར་འདོད་པའོ། །སྦྱོར་བ་ནི། སྲོག་གཅོད་པ་ཡང་དག་པར་བསྡམས་པའི་འདུ་བྱེད་དོ། །མཐར་ཐུག་ནི་སྲོག་གཅོད་པ་ཡང་དག་པར་བསྡམས་པ་རྫོགས་པའི་ལུས་ཀྱི་ལས་སོ། །དེ་ལྟ་བུའི་དགེ་བའི་ལས་དེ་དག་གིས་འབྲས་བུ་འབྱིན་ཚུལ་ལ་ཡང་རྣམ་སྨིན་གྱི་འབྲས་བུ་སོགས་བཞི་རེ་འབྱུང་བ་ལས། སྲོག་གཅོད་སྤོང་བའི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི། ཀུན་སློང་ཆུང་ངུ་དང་། གྲངས་ཉུང་ངུས་མི། ཀུན་སློང་འབྲིང་དང་གྲངས་མང་ཉུང་བར་མས་འདོད་ལྷ། ཀུན་སློང་ཆེན་པོ་དང་གྲངས་མང་དུ་བྱས་པ་ཡིན་ན་ཁམས་གོང་མ་གཉིས་སུ་སྐྱེ་བའི་རྒྱུའི་དགེ་རྩའི་ཕྱོགས་སུ་གཏོགས་སོ། །རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས། མྱོང་བ་རྒྱུ་མཐུན་ནི། གཙོ་བོར་ཕྱི་མའི་སྐྱེ་བ་རྣམས་སུ་ཚེ་རབས་དུ་མའི་བར་ཚེ་རིང་བ་དང་ནད་མེད་པ་ཤ་སྟག་ཏུ་འགྱུར་བའོ། །བྱེད་པ་རྒྱུ་མཐུན་ནི། སྐྱེ་བ་ཕྱི་མ་རྣམས་སུ་ཡང་སྲོག་གཅོད་སྤོང་བ་ལ་དགའ་བས། དགེ་བའི་ལས་དེ་དང་དེའི་འབྲས་བུ་བདེ་བ་བརྒྱུད་མར་འབྱུང་བའོ། །བདག་པོའི་འབྲས་བུའམ་དབང་གི་འབྲས་བུ་ནི། གང་དུ་སྐྱེས་ཀྱང་སྣོད་ཀྱི་འཇིག་རྟེན་ངམ་གྲོག་དང་གཡང་ས་སོགས་སྲོག་ལ་ཡ་ང་བ་མེད་ཅིང་ཉམས་དགའ་བ། བཟའ་བཏུང་དང་སྨན་སོགས་མོད་ཅིང་མཐུ་ཆེ་བ། འཇུ་སླ་པ། ནད་མི་སྐྱེད་པས་དུས་མིན་དུ་འཆི་བར་མི་འགྱུར་བའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ཚེ་རབས་དུ་མའི་བར་ལས་དང་འབྲས་བུ་གོང་འཕེལ་དུ་འབྱུང་བའོ། །དེ་ལ་སྤྱིར་དགེ་བའི་ལས་ལམ་འདི་དག་གིས་འབྲས་བུ་འབྱིན་ཚུལ་སོགས་ཐམས་ཅད་ཞིབ་པར་ཤེས་པ་ལ་སྲོག་གཅོད་སོགས་རེ་རེས་ཀྱང་འབྲས་བུ་བཞི་རེ་འབྱིན་ཚུལ་སོགས་གཞན་དུ་བཤད་པ་ལྟར་ངེས་པར་བྱས་ནས། དགེ་བའི་ལས་ལ་དེ་ལས་བཟློག་སྟེ་རྒྱ་ཆེར་ཤེས་པར་བྱ་སྟེ། ཀླུ་སྒྲུབ་ཀྱིས། མི་དགེ་ཞེས་བྱ་དེ་དག་གི། རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང་། །ཞེས་སོ། །གཞན་ཡང་སེམས་ཅན་གཅིག་གི་སྲོག་བཅད་པས་ཀྱང་བར་བསྐལ་གཅིག་ཏུ་དམྱལ་བར་སྡུག་བསྔལ་མྱོང་དགོས་པ་དང་། སྲོག་ལན་ལྔ་བརྒྱ་རེ་འཇལ་དགོས་པ་སོགས་ཉེས་དམིགས་མཐའ་ཡས་པ་ཡོད་པར་གསུངས་པ་ལྟར་སྲོག་གཅོད་སྤོང་བ་དང་ཚེ་ཐར་སྲོག་བསླུ་སོགས་བྱས་པ་ལའང་ཕན་ཡོན་མཐའ་ཡས་པ་འབྱུང་བ་དེ་ལས་དཔག་སྟེ་ཤེས་པར་བྱའོ། །གཞན་ཡང་། སྲོག་གཅོད་གོང་ན་སྡིག་གཞན་མེད། ཅེས་པ་ལྟར་སྲོག་གཅོད་ནི་ཉེས་དམིགས་ཤིན་ཏུ་ཆེ་ལ། དེའི་རྒྱུ་མཚན་ནི་སེམས་ཅན་སུ་ལའང་རང་རང་གི་སྲོག་ལས་གཅེས་པ་མེད་ཅིང་། དམྱལ་བ་པ་མ་གཏོགས་དབང་མེད་དུ་འཆི་བ་ལ་མི་འཚེར་བའི་སེམས་ཅན་གཅིག་ཀྱང་མེད་པས་སྲོག་བཅད་པ་ཉེས་དམིགས་ཆེ་སྟེ། ཚོམས་ལས། ཐམས་ཅད་ལ་ཡང་སྲོག་ནི་སྡུག །ཐམས་ཅད་ཆད་པས་འཇིགས་པས་ན། །རང་གི་ཉམས་ལ་དཔག་གྱིས་ཏེ། །བརྡེག་པར་མི་བྱ་བསད་མི་བྱ། །ཞེས་གསུངས། རྒྱལ་པོ་སོགས་ཀྱིས་ཆད་པ་གཅོད་པའི་སྐབས་སུ་ཡང་། ནོར་གྱི་ཆད་པ་ཆུང་ངུ་། ལུས་ཀྱི་ཆད་པ་འབྲིང་། སྲོག་གི་ཆད་པ་ཤིན་ཏུ་ཆེ་བ་སྟེ་དེ་ལས་ལྷག་པའི་ཆད་པ་ཞིག་གཅོད་ཐབས་གཏན་ནས་མེད་པ་ལྟར་ལུས་ཀྱི་མི་དགེ་བ་ལའང་ཉེས་པ་དེ་ལས་ཆེ་བ་ཞིག་མེད་པའི་ཕྱིར། སྲོག་གཅོད་པ་ནི་ཡིད་ལ་འགྱུ་བ་ཙམ་ཡང་བྱ་མི་རུང་བར་བསྟན་ཏེ། མདོ་ལས། རྒྱལ་པོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕངས། དེ་བས་ཡུན་དུ་ཚེ་བསྲུང་སུ་འདོད་པས། །ཡིད་ཀྱི་དགུ་ལའང་སྲོག་གཅོད་མི་བསམ་མོ། །ཞེས་དྲང་སྲོང་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསུངས་སོ། །སྲོག་གཅོད་སྤངས་པས་ཕྱི་མའི་སྐྱེ་བ་རྣམས་སུ་ཚེ་རིང་བར་འགྱུར་བ་སྔར་མྱོང་བ་རྒྱུ་མཐུན་གྱི་སྐབས་སུ་བཤད་པ་དེར་མ་ཟད། ཚེ་འདི་ལ་ཚེ་ཐུང་ངུ་ལས་མི་ཐུབ་པ་ཞིག་གིས་ཚེ་འདིར་སྲོག་གཅོད་སྤངས་ཤིང་ཚེ་ཐར་སྲོག་བསླུ་སོགས་བྱས་པས་འཕྲལ་དུ་འཆི་བ་བསླུ་ཞིང་ཚེ་རིང་བར་འགྱུར་བ་དང་། ཚེ་འདི་ལ་ཚེ་རིང་དུ་ཐུབ་པར་འགྱུར་བ་ཞིག་གིས་སྲོག་གཅོད་བྱས་པས་འཕྲལ་དུ་ཚེ་ཐུང་བར་འགྱུར་བ་ཡིན་ཏེ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། བྱ་ཉ་རི་དྭགས་རྐུན་མ་དང་། །སྤྲུལ་སོགས་བསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡི་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །རྐུན་མ་ཉ་དང་རི་དྭགས་སྦྲུལ། །བྱ་སོགས་སྲོག་ལ་ཆགས་པ་རྣམས། །འདི་དག་བསད་ན་འཕྲལ་དུ་ནི། །ཚེ་རིང་བ་ཡང་ཚེ་ཐུང་འགྱུར། །ཞེས་གསུངས། གཞན་ཡང་། མཐོ་རིས་ཡོན་ཏན་བདུན་གྱི་ནང་ནས་ཚེ་རིང་བ་དང་ནད་མེད་པའི་རྒྱུ་ནི། སེམས་ཅན་གྱི་སྲོག་ལ་འཚེ་བ་སྤངས་པ་དང་། གསོད་པ་ལ་ཉེ་བ་སྲོག་བསླུ་ཚེ་ཐར་བྱེད་པ་སོགས་དང་། ནད་པ་ལ་སྨན་བྱིན་པ་ནད་གཡོག་དང་བསྙེན་བསྐུར་བྱེད་པ་སེམས་ཅན་ལ་བརྡུང་བརྡེག་སྤངས་བ་སོགས་ཡིན་ཏེ། དབྱིག་གཉེན་གྱིས། གསོད་སར་ཁྲིད་པ་ལེགས་བཏང་ནས། །དེ་བཞིན་སྲོག་གི་ཕན་བཏགས་ཤིང་། །སྲོག་ཆགས་འཚེ་བ་ཡོངས་སྤངས་པས། ཚེ་རིང་བ་ནི་འཐོབ་པར་འགྱུར། །ནད་གཡོག་བྱེད་ཅིང་སྨན་པ་དང་། །སྨན་རྣམས་སྦྱིན་པར་བྱ་བ་དང་། །སྲོག་ཆགས་རྣམས་ལ་རྡོ་དབྱུག་སོགས། །འཚེ་བ་སྤངས་པས་ནད་མེད་འགྱུར། ཞེས་གསུངས། གཞན་ཡང་། རྣམ་སྨིན་གྱི་རྒྱུ་བརྒྱད་ཀྱི་ནང་ནས། སྤྱིར་སེམས་ཅན་ལ་མི་འཚེ་དང་། ཁྱད་པར་སྲོག་ལ་མི་འཚེ་ཞིང་མི་འཚེ་བའི་བསམ་པ། སྲོག་བསླུ་བྱེད་པ། གཞན་འཚེ་བར་བྱེད་པ་ལས་བཟློག་པ་སོགས་ནི། རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཀྱི་ནང་གི་ཚེ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ལ། དེ་ནི་སྔོན་གྱི་འཕེན་པས་ཚེ་རིང་དུ་འཕེལ་ཞིང་འཕངས་པ་ལྟར་རིང་དུ་གནས་པ་ཡིན་ལ། ཚེ་ཕུན་སུམ་ཚོགས་པ་དེའི་བྱེད་ལས་ནི། ཡུན་རིང་པོར་གནས་ནས་དགེ་བ་གསོག་པར་བྱེད་པའོ། །དེས་ན་ཚེ་རིང་བ་དང་ནད་མེད་པ་གཉིས་ནི་ཆོས་སྒྲུབ་པའི་མཐུན་རྐྱེན་གྱི་གཙོ་བོ་ཡིན་ཏེ། ཆོས་ལྡན་གྱིས་གང་ཟག་ནད་མེད་ཅིང་རིང་པོ་འཚོ་བ་ནི་བསོད་ནམས་ཚད་མེད་པ་ཐོབ་ཅིང་འདི་ཕྱིའི་དོན་ཐམས་ཅད་འགྲུབ་ཅིང་དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར་བའི་རྒྱུ་ཡིན་པའི་ཕྱིར། དེ་ལྟར། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། ཆོས་སྤྱོད་བསླབ་ལྡན་རྣལ་འབྱོར་པ། །ཚེ་རིང་བ་ནི་དགེ་བ་སྟེ། །འདི་དང་ཕྱི་མའི་དོན་འགྲུབ་ཅིང་། །དངོས་གྲུབ་ཀུན་ཀྱང་མངོན་དུ་འགྱུར། །ཞེས་དང་། སློབ་དཔོན་ངག་དབང་གྲགས་པས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རྒྱུ་ནི་ཇི་སྲིད་འཚོ། །དེ་ཕྱིར་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །ཞེས་སོ། །སྡིག་པ་བྱེད་པའི་གང་ཟག་ནི་ཚེ་ཇི་ཙམ་རིང་བ་དེ་ཙམ་དུ་སྡིག་པ་གསོག་ཡུན་རིང་བས་ཕྱི་མར་ངན་སོང་གི་སྡུག་བསྔལ་ཡུན་རིང་དུ་མྱོང་དགོས་པའི་རྒྱུ་ལས་མི་འདུག་པས་ཚེ་རིང་བ་ལས་ཐུང་བ་བཟང་སྟེ་སྡིག་པ་གསོག་ཡུན་ཐུང་བས་སོ། །གཞན་ཡང་སྲོག་གཅོད་སྤོང་བ་དང་། མི་ནས་དུད་འགྲོའི་བར་གྱི་སྲོག་སྐྱོབ་པར་བྱེད་པ་སོགས་ནི་ལུས་ངག་གི་དགེ་བ་ཐམས་ཅད་ཀྱི་ནང་ནས་ཕན་ཡོན་ཆེ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། ཀུན་གྱིས་བཀུར་ཞིང་བླ་མར་བྱེད། རྟག་ཏུ་ནད་མེད་ཚེ་ཡང་རིང་། །བདེ་ཞིང་སྐྱིད་ལ་གནོད་པ་མེད། །སྐྱེ་བའི་གནས་ནི་ཐམས་ཅད་དུ། །སངས་རྒྱས་སྤྱོད་ཡུལ་ལམ་ལ་མོས། །སངས་རྒྱས་ཆོས་དང་དགེ་འདུན་མཐོང་། །མྱུར་དུ་བླ་མེད་བྱང་ཆུབ་འཐོབ། ཅེས་གསུངས། སེམས་ཅན་གྱི་སྲོག་སྐྱོབ་ཚུལ་ལ་ཡང་། རང་གིས་སྲོག་གཅོད་སྤོང་བ། གཞན་ལའང་སྲོག་ཆོད་ཅེས་མི་བསྒོ་བར་སྲོག་གཅོད་སྤོང་བ་དང་སྲོག་བསླུ་སོགས་བགྱི་བར་བསྐུལ་བ། དབང་ཡོད་པ་ཡིན་ན། རི་རྒྱ་ཀླུང་རྒྱ་སྡོམ་པ། གསོད་སར་ཁྲིད་པའི་སེམས་ཅན་བསླུ་བ། ནོར་ཕྱུག་སོགས་ཚེ་ཐར་གཏོང་བ། འཆི་བར་ཉེ་བའི་སེམས་ཅན་འབུ་སྦྲང་ཡན་ཆད་ཀྱི་སྐྱབས་བྱེད་པ་སོགས་དུ་མ་ཡོད་ལ། དེ་དག་ནི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། ལུས་ཀྱི་ཉེས་སྤྱོད་སྤོང་པའི་ཚུལ་ཁྲིམས་དངོས་ཡིན་ལ་ཕར་ཕྱིན་གཞན་ཡང་ཅི་རིགས་པར་ཚང་ངོ་། །རང་གིས་སྲོག་གཅོད་སྤོང་ཚུལ་ལའང་། དེང་ནས་ཇི་སྲིད་འཚོའི་བར་སེམས་ཅན་གྱི་སྲོག་མི་གཅོད་སྙམ་པའམ། དེ་ཙམ་མི་ཐུབ་ཀྱང་། དུས་འདི་ཙམ་དུ་སེམས་ཅན་འདིའི་སྲོག་མི་གཅོད་སྙམ་དེ་དམ་བཅའ་བ་ནི་སྲོག་གཅོད་སྤོང་བའི་ལུས་ཀྱི་དགེ་བ་གཅིག་ཡིན་ཞིང་། གཞན་ལའང་དེ་དང་འདྲ་བས་དགེ་བ་བཅུ་ནི་མི་དགེ་བ་བཅུ་ལ་སྤོང་སེམས་བསྟན་པའི་ཆ་ནས་འཇོག་གོ །ཡང་དགེ་བཅུ་ཁྱད་པར་བ་ལྟ་བུའི་དབང་དུ་བྱས་ན། སྲོག་མི་གཅོད་པར་མ་ཟད་སྲོག་སྐྱོབ་འདི་ལྟ་བུ་བྱེད་སྙམ་པ་ཡིན། དེས་གཞན་ལའང་ཤེས་པར་བྱ། འདི་དག་རང་གི་ཡིད་ལ་དམ་བཅའ་བྱས་ན་ངག་གིས་དམ་འཆའ་བ་དང་བླ་མ་དང་རྟེན་སོགས་ཀྱི་དྲུང་དུ་ངེས་པར་ཁས་བླངས་པ་མེད་ཀྱང་ཆོག་ལ། དེ་དག་གི་དྲུང་དུ་ཁས་བླངས་ན་ཕན་ཡོན་ལྷག་པར་ཆེ་བ་ཡང་གསུངས་སོ། །ཡང་ཁྱིམ་པ་ལྟ་བུ་ཡུན་རིང་དུ་སྲོག་གཅོད་སྤོང་མི་ནུས་པ་རྣམས་ཀྱིས་ཀྱང་ལོ་ཟླ་ཅི་ཙམ་ཐུབ་ཀྱི་བར་དང་། དེའང་ཆོ་འཕྲུལ་ཟླ་བ་ལྟ་བུ་རིལ་པོའམ། དེ་དག་གི་ཚེས་བརྒྱད་དང་བཅོ་ལྔ་ལྟ་བུའམ། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་བཅོ་ལྔ་གནམ་སྟོང་ལྟ་བུ་གང་ཐུབ་རེ་ལ་སེམས་ཅན་གྱི་སྲོག་མི་གཅོད་པ་དང་། ཚེ་ཐར་སྲོག་བསླུ་སོགས་བྱེད་པར་རང་གིས་དམ་བཅའ་བའམ་བླ་མ་སོགས་ཀྱི་དྲུང་དུ་ཁས་བླངས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །ལར་ཚེ་ཐར་སྲོག་བསླུ་སོགས་དགེ་རྩ་གང་སྒྲུབ་ཐམས་ཅད་ལ་ཕན་ཡོན་འཐོབ་ཚུལ་གྱི་ཁྱད་པར་ཀུན་སློང་གི་སྒོ་ནས་འཇོག་པ་གཙོ་ཆེ་སྟེ། ཚེ་འདིའི་བདེ་འབྲས་དོན་དུ་གཉེར་ནས་ཚེ་ཐར་སོགས་བྱས་ན། ཚེ་འདིར་དུས་མིན་དུ་འཆི་བར་མི་འགྱུར་ཞིང་ཚེ་རིང་བ་དང་ནད་མེད་པར་འགྱུར་བ་དང་། ཕྱི་མ་དོན་དུ་གཉེར་ནའང་སྐྱེས་བུ་གསུམ་གྱི་སེམས་བསྐྱེད་ཀྱི་ཁྱད་པར་ལས་མི་འདྲ་སྟེ། མཐོ་རིས་འཐོབ་པའི་དོན་དུ་ཡིན་ན་ཕྱི་མར་ལྷ་མིའི་བདེ་འབྲས་ཐོབ་ཅིང་རྟེན་དེར་ཚེ་རིང་བ་སོགས་དང་། ཐར་པ་དོན་གཉེར་ལའང་། རང་ཉིད་ཞི་བདེ་ཙམ་འཐོབ་པར་འདོད་པ་ཡིན་ན་མཐར་ཉན་རང་དགྲ་བཅོམ་གང་རུང་འཐོབ་བྱེད་ཀྱི་དགེ་རྩའི་ཆ་ཤས་སུ་འགྱུར་བ་དང་། གཞན་དོན་དུ་རྫོགས་བྱང་དོན་དུ་གཉེར་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ཡིན་ན་སངས་རྒྱས་འཐོབ་བྱེད་ཀྱི་དགེ་རྩར་འགྱུར་བས་ཕན་ཡོན་ཚད་མེད་པ་དང་། བླ་མ་དགེ་བའི་བཤེས་གཉེན་སྐུ་ཚེ་བརྟན་པའི་དོན་དུ་དེ་དག་བྱས་པ་ཡིན་ན་བླ་མའི་ཞབས་བརྟན་དང་། རང་ཚེའི་སྒྲུབ་པ་མཆོག་ཏུ་འགྱུར་བ་སོགས་ཕན་ཡོན་ཆེན་པོ་འབྱུང་ངོ་། །ཡང་དག་ཞིང་དུ་སྐྱེ་བའི་རྒྱུར་དམིགས་ནས་ཚེ་ཐར་བྱས་ནའང་དེར་སྐྱེ་བའི་རྒྱུ་མཆོག་ཏུ་འགྱུར་ཏེ། འོད་དཔག་མེད་ཀྱི་ཞིང་བཀོད་ཀྱི་མདོའི་ནང་དུ། ཞིང་དེར་སྐྱེ་བའི་རྒྱུ་སེམས་བསྐྱེད་འགྱུར་བ་བཅུ་གསུངས་པ་ལ་ངོས་འཛིན་ཚུལ་མི་འདྲ་བ་འགའ་འདུག་ཀྱང་། ཁ་ཅིག་ཏུ་ཚེ་ཐར་སྲོག་བསླུ་རང་གིས་བྱེད་པ། གཞན་ལ་བྱེད་དུ་འཇུག་པ་ཞེས་སེམས་བསྐྱེད་འགྱུར་བ་བཅུའི་ནང་གི་གཉིས་སུ་བགྲངས་འདུག་པའི་ཕྱིར་རོ། །དེ་ལྟ་བུའི་ཕན་ཡོན་ཅན་གྱི་ཚེ་ཐར་སྲོག་བསླུ་ཇི་ལྟར་བགྱི་བའི་ཚུལ་ཡང་། དགེ་སེམས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་སེམས་ཅན་གང་ཡང་རུང་བ་སྲོག་བསླུ་ཞིང་། ཁྱད་པར་ནོར་ཕྱུགས་སོགས་ཚེ་ཐར་བྱེད་པ་ཡིན་ན་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་དཔྲལ་བར་མར་གྱི་ཉི་ཟླའི་གཟུགས་བྲི་བར་ཡང་གསུང་སྟེ། ཚེ་སྒྲུབ་འཆི་མེད་སྐུ་གསུམ་རིགས་འདུས་ལས། །ཅི་འབྱོར་ཚེ་སྲོག་བསླུས་པའི་དཔྲལ་བ་རུ༔ ཉི་ཟླའི་རྟགས་གདབ་ཕྱིན་ཆད་སྲོག་མི་གཅོད༔ སྲོག་མི་གཅོད་པའི་ཁས་བླངས་སྡོམ་པ་སྦྱིན༔ ཞེས་སོ། །ཡང་མཐོང་གྲོལ་བསྟན། ཚོར་གྲོལ་བདུག །རེག་གྲོལ་ལུས་ལ་འཐོར། བཏགས་གྲོལ་མགོར་བཞག །མྱོང་གྲོལ་བླུད་ཅེས་གསུངས་པའང་ཡོད་པས་དེ་ལྟར་གྲུབ་ན་མཆོག་ཡིན་ཀྱང་། ཐམས་ཅད་འཛོམ་དཀའ་བས་གང་འཛོམ་ཙམ་དང་། ཁྱད་པར་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པའི་ཆེད། དུད་འགྲོ་དེ་དག་དཀོན་མཆོག་ལ་འབུལ་བ་དང་། མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་དམིགས་ནས་སྐྱབས་འགྲོ་དང་། སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཁྱད་པར་ཅན་རྣ་ལམ་དུ་བསྒྲགས་པ་གལ་ཆེ་ལ། ཚེ་ཐར་བྱས་པ་དེ་ཉིད་ཕྱིན་ཆད་རང་གིས་བཀོལ་སྤྱོད་བྱེད་པ་དང་། གསོད་པ་དང་། གཞན་ལ་འཚོང་སོགས་བྱ་མི་རུང་སྟེ་བྱས་ན་ཉེས་པ་བརྒྱ་འགྱུར་དུ་ཆེ་བར་གསུངས་པས་ན་དུད་འགྲོ་དེ་དག་རང་རང་གི་སྤྱོད་ཡུལ་བདེ་བར་ཅི་དགར་བག་ཡངས་སུ་ཡན་དུ་འཇུག་པ་སོགས་བྱས་ནས་ཚེ་ཐར་བཏང་ན། དེ་ཉིད་འཕྲལ་དུ་སྲོག་གི་འཇིགས་པ་ལས་གྲོལ་ཞིང་། མཚན་དང་གཟུངས་སྔགས་ཐོས་པ་སོགས་ཀྱི་བྱིན་རླབས་ལས་ངན་སོང་གི་སྐྱེ་གནས་ལས་ཐར། ཐར་བའི་ས་བོན་ཐེབས། ཚེ་ཐར་བྱེད་པ་པོ་ཚེ་རིང་དུ་འཕེལ་བ་སོགས་ཕན་ཡོན་ཆེའོ། །དེ་ལྟར་ཚེ་ཐར་བྱས་པའི་རྗེས་སུ་དགེ་རྩ་རྫོགས་བྱང་དུ་བསྔོ་བ་དང་། བླ་མ་རྣམས་ཞབས་པད་བརྟན་པ། འཇིག་རྟེན་དུ་དགེ་ལེགས་འབྱུང་བ། སྦྱིན་བདག་དུས་མིན་དུ་འཆི་བ་སོགས་ཀྱི་བར་ཆད་ཞི་ཞིང་ཚེ་བསོད་འཕེལ་བ། དུད་འགྲོ་དེ་གནས་སྐབས་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ཅིང་། མཐར་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་གྲོལ་ནས་སངས་རྒྱས་འཐོབ་པ་སོགས་ཀྱི་ཆེད་དུ་དམིགས་པའི་བསྔོ་སྨོན་དང་བཀྲ་ཤིས་ཀྱི་ཚིགས་བཅད་ཙམ་བརྗོད་པས་ཆོག་ལ། ཡང་ཡུལ་དུས་ཀྱི་སྤྲོས་པ་དང་བསྟུན་ཏེ་ཆོ་ག་དང་འབྲེལ་བའི་ཚེ་ཐར་གཏོང་ཐབས་ཀྱང་ཡོད་ལ། ཆོས་སྲུང་ནོར་ལྷ་ཡུལ་ལྷ་སོགས་ཀྱི་རྟེན་དུ་འཛུགས་པ་དང་། དེ་དག་གི་སྐབས་སུ་སྲོག་ཆགས་དེ་དག་གཟུགས་བྱད་བཟང་ཞིང་ཡིད་དུ་འོང་བ་སྟོབས་དང་ལྡན་པ་ཁ་རླངས་དང་སྤུ་ལས་འདོད་ཡོན་སྣ་ཚོགས་ཀྱི་སྤྲིན་ཕུང་འཕྲོ་བ་གཅིག་ལས་བརྒྱ་སྟོང་དུ་མར་འཕེལ་བས་ཕྱོགས་ཀུན་ཁྱབ་པ། འབུལ་ཡུལ་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་དགྱེས་པ་སྐྱེད་ནུས་པ་དེ་ལྟ་བུར་དམིགས་ནས་འབུལ་དགོས་པར་གསུངས་ཤིང་། ནོར་ཕྱུགས་དཀར་མཚན་ཅན་ལྟ་བུ་ཁྱུ་ཕུད་འགའ་རེ་ལ་མིང་བཀྲ་ལེགས་པ་འདོགས་པ་སོགས་བྱེད་པར་ཡང་གསུངས་པས་གང་འདོད་ཅི་བདེར་བྱའོ། །ལར་དེང་སང་སྙིགས་དུས་ཀྱི་མི་ཕལ་ཆེར་མི་དགེ་བའི་ལས་ཐབས་ལ་རང་ཡང་ཡིད་གཞུང་། གྲོགས་ཕལ་ཆེར་གྱིས་ཀྱང་དེ་ཁོ་ན་སློང་། སྤྱིར་སྡིག་པའི་ལས་དང་ཁྱད་པར་སྲོག་གཅོད་ལྟ་བུ་ལ་ཅིའང་མི་འཛེམས་པར་། དེའི་ཕྱོགས་ལ་སྒོ་གསུམ་ཀ་ནས་བརྩོན་ཞིང་འཇུག་པ་མང་བའི་ཕྱིར། སྲོག་ཆགས་གསོད་ཐབས་ཀྱི་རིགས་ཐམས་ཅད་ལའང་འདི་མི་ཤེས་པ་དང་། འདི་མི་བྱ་བ་ཅི་ཡང་མེད་ཅིང་། དགེ་བའི་ཕྱོགས་ལ་འཇུག་པ་ཉིན་སྐར་ལྟར་དཀོན་པའི་བསྟན་པའི་མར་གཤམ་འདི་ལྟ་བུར་ཐུགས་བསྐྱེད་ཁྱད་པར་ཅན་གྱི་བླ་མ་དང་། ཆོས་ལྡན་གྱི་སློབ་དཔོན་སོགས་ལྟ་བུ་རེ་ཡོད་ན་དེ་དག་གི་བདག་རྐྱེན་ལས་གཞན་རྣམས་ལའང་དགེ་སྒྲུབ་སྡིག་སྤོང་སྤྱི་དང་། བྱ་ཉ་རི་དྭགས་སོགས་སྲོག་བསྐྱབ་པའི་ཆེད་དུ་ཡུལ་ཕྱོགས་རེའམ་རང་རང་གི་ཉེ་འཁོར་རེ་ཙམ་དུ་རི་རྒྱ་ཀླུང་རྒྱ་སྡོམ་པ་དང་། སྡིག་པ་ལ་དགེ་བའི་མིང་གིས་བསྙད་པའི་སྲོག་གཅོད་ཀྱི་མཆོད་སྦྱིན་བྱེད་པ་དང་། རྟ་ཁལ་མཛོ་འབྲི་སོགས་ཤིན་ཏུ་དྲིན་ཆེ་བ་རྣམས་རྒས་ཤིང་འཁོགས་པའི་ཚེ་བཤས་སུ་བྱེད་པ་སོགས་ཁ་ན་མ་ཐོ་བའི་རིགས་ཐམས་ཅད་སྤོང་ཐབས་དང་། ཚེ་ཐར་སྲོག་བསླུ་ཟེར་བ་ལྟ་བུ་རྣ་བར་སྙན་ཞིང་ཡིད་ལ་དགའ་བའི་ཡ་རབས་ཀྱི་ལས་སྤྱོད་ཅུང་ཟད་རེ་ཡོད་པ་ལ་བརྟེན་ནས། ཡུལ་ཕྱོགས་ཁལ་ཁོལ་རེ་ཙམ་ན་ཚེ་རིང་ནད་མེད་བདེ་ཞིང་སྐྱིད་པ་ཆོས་དང་དཔལ་འབྱོར་འཕེལ་བ་སོགས་ཀྱི་དགེ་ལེགས་འབྱུང་བ་ནི་བྱང་སེམས་བདག་ཉིད་ཆེན་པོ་བྱམས་པའི་སྟོབས་ཀྱི་རྟོགས་བརྗོད་ལས་བྱུང་བ་ལྟ་བུ་དང་། རང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛད་ཅིང་བཞུགས་ཅེས་གསུངས་པ་ལྟར་ལགས་སོ། །བཀྲ་ཤིས་གང་ཞིག་དཔལ་ལྡན་བླ་མ་མཆོག་སོགས་བསྟན་འཛིན་དམ་པ་ཀུན། །སྐུ་ཚེ་རབ་བརྟན་བསྟན་འགྲོ་སྨན་པའི་རྣམ་དཀར་མཛད་ཕྲིན་ཕྱོགས་བཅུར་རྒྱས། །སྐྱེ་དགུ་ཀུན་ཀྱང་ཆོས་དང་ལྡན་ཞིང་ཚེ་རིང་ནད་མེད་འདོད་དོན་འགྲུབ། །ཚེ་དཔག་མེད་ལྟར་ཡོན་ཏན་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཉིད་གྱུར་ཅིག །ཅེས་པ་འདི་ནི་བླ་མ་སྤྲུལ་པའི་སྐུ་དམ་པ་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོ་ནས་ལྷ་རྫས་བཅས་གསུང་ཕྲིན་གནང་བ་ལྟར་ཐུབ་བསྟན་ཆོས་ཀྱི་གྲགས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག
ཚེ་ཐར་གྱི་ཕན་ཡོན། སྐྱེས་རབས་ལས་ཁོལ་བྱུང་།
༄༅། །ཚེ་ཐར་གྱི་ཕན་ཡོན། ཨེ་མ་ཧོ། ན་མོ་བཻ་རོ་ཙ་ན་ཨོཾ། འཁོར་བ་དོང་སྤྲུག་ལྷ་ལ་ཕྱག་འཚལ་ལོ། །སྔོན་རྒྱ་གར་ཡུལ་དུ་མུ་སྟེགས་ཀྱི་རྒྱལ་པོ་ཕྲེང་ཅན་ཞེས་བྱ་བ་དེས། ཟས་སུ་ཤ་ཁྲག་དྲོད་མོ་ལ་དགའ་ཞིང་སེམས་ཅན་ཁྲི་ཁྲག་གི་སྲོག་བཅད་པའི་རྣམ་པར་སྨིན་པས། དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་རྡོ་རྗེའི་དམྱལ་པ་ཞེས་བྱ་བའི་སྡུག་བསྔལ་གྱི་ཚེ་ཚད་ནི་ལན་བརྒྱ་རེ་འཆི། ལན་བརྒྱ་རེ་སོས་པའི་གནས་སུ་ལྷུང་ནས་ཡོད་པ་ལ། བཅོམ་ལྡན་ཀྱི་ཉེར་གནས་ཀུན་དགའ་བོ་དེ་ཉིད་ཀྱིས་མ་དག་པའི་སེམས་ཅན་དེའི་སྡུག་བསྔལ་མཐོང་ནས་བཅོམ་ལྡན་འདས་ལ་ཞུས་ནས་མ་དག་པའི་སེམས་ཅན་དེས་ལས་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས་མི་འདིས་ནི་ཟས་སུ་ཤ་ཁྲག་ལ་དགའ་ཞིང་སེམས་ཅན་གྱི་སྲོག་བཅད་པའི་རྣམ་སྨིན་ཡིན་གསུངས། དེ་ནས་ཀུན་དགའ་བོས་ཆོས་ཀྱི་རྒྱལ་པོ་ལ་ཞུས་པ། འདི་ཐར་བར་བྱེད་པའི་ཐབས་ཡོད་དམ་ཞུས་པས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས། མི་དེ་ངན་སོང་ལས་ཐར་བར་བྱེད་ན་འཇིག་རྟེན་གྱི་ཁམས་སུ་ཚེ་ཐར་བཏང་ན་ཐར་རོ་གསུངས་པས། དེ་ནས་ཀུན་དགའ་བོས་མི་དེའི་དོན་དུ་ཚེ་ཐར་བཏང་ནས་རྡོ་རྗེའི་དམྱལ་བ་ལས་ཐར་རོ། །ལོ་རྒྱུས་དེ་ལྟ་བུ་ཡིན་ནོ། །སེམས་ཅན་རེ་རེ་ཚེ་ཐར་བཏང་ན་དགེ་སློང་སྡོམ་ལྡན་རེ་རེ་དང་འདྲའོ། །ལུག་ཚེ་ཐར་གཅིག་གི་ངན་སོང་ལན་གཅིག་སྤྲུག་གོ །ར་ཚེ་ཐར་གཅིག་གིས་ངན་སོང་ལན་གསུམ་མམ་བདུན་སྤྲུག་གོ །འཇིག་རྟེན་ཁམས་ན་མི་རྟ་བརྒྱའི་སྡིག་པ་ཡོད་ཀྱང་ཚེ་ཐར་བཏང་བས་སྡིག་སྒྲིབ་འདག། ཚེ་ཐར་བཅུ་གསུམ་བཏང་ན་བསྐལ་བ་ཁྲི་ཕྲག་གི་སྡིག་པ་འདག་གོ །སེམས་ཅན་ཚེ་ཟད་པའི་དོན་དུ་ཚེ་ཐར་བཏང་ན་ཚེ་བསྲིང་བར་ངེས་སོ། །ཚེ་ཐར་རེ་རེ་བསད་ན་མི་རྟ་བརྒྱའི་སྲོག་བཅད་པ་དང་འདྲའོ། །དེ་ལ་སོགས་ཡོན་ཏན་དང་ཉེས་དམིགས་དཔག་ཏུ་མེད་པ་སངས་རྒྱས་ཀྱིས་གསུངས་སོ། །ཚེ་ཐར་བཏང་པའི་ཕན་ཡོན་འདི་ཀུན་དགའ་བོའི་སྐྱེ་མཐའ་བོད་ཡུལ་བཻ་རོ་ཙ་ནས་སྐྱེས་རབ་ལས་ཁོལ་བྱུང་བའོ།
སྨྱུང་གནས་ཀྱི་ཕན་ཡོན། ཞལ་བཅུ་གཅིག་པའི་གཟུངས་ལས་ཁོལ་བྱུང་།
༄༅། །སྨྱུང་གནས་ཀྱི་ཕན་ཡོན། སྨྱུང་གནས་ཚར་གཅིག་གིས་བསྐལ་བ་བཞི་ཁྲིའི་སྡིག་པ་བྱང་སྟེ་ལྷ་དང་མིར་སྐྱེ། ལན་བརྒྱད་ཀྱིས་བདེ་བ་ཅན་དུ་སྐྱེ། ལན་ཉེར་ལྔས་བསྐལ་བ་བརྒྱད་ཁྲིའི་སྡིག་པ་འདག། ལན་ལྔ་བཅུས་བསྐལ་བ་ཁྲི་ཕྲག་བརྒྱའི་སྡིག་པ་བྱང་། ལན་བརྒྱ་རྩ་བརྒྱད་ཀྱིས་བསྐལ་བ་བྱེ་བ་ཁྲི་ཕྲག་བརྒྱའི་སྡིག་པ་བྱང་ཞིང་བདེ་བ་ཅན་དུ་སྐྱེ་བར་གསུངས་། ལུས་ངག་ཡིད་གསུམ་སྨྱུང་བར་གནས་པས། གོ་རིམ་བཞིན་སྒོ་གསུམ་གྱི་སྡིག་པ་འདག །ངན་སོང་གསུམ་དུ་མི་སྐྱེ་གཟུགས་བཟང་ཞིང་ཡིད་དུ་འོང་། ངག་སྨྲ་ལྕེ་བདེ་ཞིང་རྣམ་པར་དག །ཡིད་གཞུང་ཞིང་སེམས་གསལ་བློ་གྲོས་ཐོག་པ་མེད་པར་འགྱུར་རོ། །མི་དགེ་བཅུ་དག །མཚན་དཔེ་དང་ཡན་ལག་དྲུག་ཅུའི་གསུངས་དབྱངས། མངོན་ཤེས་སོགས་ཐོབ། རླུང་མཁྲིས་བ་ཀན་སོགས་ཞི་ཞིང་། ངག་བཅད་ཀྱིས་ཏིང་ངེ་འཛིན་སྐྱེ་བར་གསུངས། སྡིག་སྒྲིབ་ཐམས་ཅད་དག །ཕར་ཕྱིན་དྲུག་རྗོགས། ཕྱིར་མི་ལྡོག །གར་སྐྱེས་ཀྱང་སྤྱན་རས་གཟིགས་དང་མི་འབྲལ། གནོད་སྦྱིན་དང་ཤ་ཟ་སོགས་གནོད་མི་ནུས། བུད་མེད་གང་སྨྱུང་གནས་ལན་གཅིག་བྱས་ན་ཕྱི་མ་ས་དང་པོའི་ཡོན་ཏན་ཐོབ་བདེ་བ་ཅན་དུ་སྐྱེ་བ་སོགས་ཞལ་བཅུ་གཅིག་གཟུངས་ལས་གསུངས་སོ། །
མ་ཎིའི་རྡོ་བཞེངས་ཀྱི་ཕན་ཡོན་མདོར་བསྡུས། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །མ་ཎིའི་རྡོ་བཞེངས་ཀྱི་ཕན་ཡོན་མདོར་བསྡུས། དཔལ་སྤྲུལ་རྡོ་རྗེ་འཆང་གི་ཞལ་ནས། རྟེན་བཞེངས་ཀྱི་རིགས་འདི་སེམས་ཅན་མང་པོ་ལ་ཕན་ཐོགས་ཆེ་བར་འདུག་ཀྱང་། ས་འབུམ་དང་ས་སྐུ་སོགས་ནི་ཆར་ཆུས་འཇིག །ཟངས་གསེར་སོགས་ལས་བྱས་པ་ནི་བདག་པོ་ངན་ན་ཆོམ་རྐུན་ཡང་ལྡང་། ལོགས་རིས་དང་ཐང་ཀ་ཡང་རྐྱེན་ཁྱག་ཆུང་། གཙུག་ལག་ཁང་བཞེངས་ན་ནི། ཐིགས་ཚགས་སོགས་ཉར་ཚགས་ལེགས་པོ་བྱེད་པའི་དཀོར་གཉེར་དང་དེའི་ཟས་གོས་སོགས་འབད་རྩོལ་བརྒྱ་ཕྲག་དགོས་ཤིང་། དེ་བྱས་ཀྱང་དཀོར་གཉེར་བཟང་པོ་བརྒྱུད་མར་རྙེད་དཀའ། གསུང་རྟེན་གླེགས་བམ་ཡང་འཐོར་བརླག་ཆུད་ཟོས་སུ་འགྲོ་སླ་ཞིང་སྤར་རྐོ་དུས་སྤར་ཡིག་ལ་ཞུ་དག་ལན་དགུ་རེ་སོགས་བྱས་ཀྱང་ད་དུང་མི་དག་པ་མང་དུ་སྣང་ཟེར་འདུག་པས་ཆད་ལྷག་འཁྲུལ་གསུམ་གྱིས་མ་གོས་པ་དཀའ་ཚོད་རེད། རྡོ་འབུམ་འདི་ནི་བཞེངས་ཚར་ནས་དབྱར་དུས་ཐིགས་ཚགས་དང་། དགུན་དུས་ཁ་བ་ཕྱགས་སྤྲུགས། ཕུག་རོན་དང་བྱི་བ་སྲུང་བ། དཀོར་གཉེར་དང་བདག་པོ་སོགས་གང་ཡང་མི་དགོས། ཡིག་འབྲུ་དྲུག་པོ་དེ་མ་ནོར་ཕན་ཆད་ཞུ་དག་བྱ་མི་དགོས་ཤིང་། དེ་རྡོ་རྐོ་མི་ནག་པ་རྣམས་ཀྱིའང་བློ་ལ་ཡོད་པས་དཔེ་གཞན་ལ་མི་ལྟོས་མ་ཎི་འདི་སངས་རྒྱས་ཉིད་ཀྱི་ཆོས་ཕུངབརྒྱད་ཁྲི་བཞི་སྟོང་གི་ནང་བཅུད་ཡིག་འབྲུ་དྲུག་ཏུ་བསྡུས་ནས་བྱིན་གྱིས་བརླབས་པ་ཡིན་པས་རྟེན་བཞེངས་གཞན་མང་པོ་ནི་ཡལ་ག་ལ་འཇུས་པ་དང་། ངས་འདི་ནི་ལྗོན་ཤིང་གི་རྩ་བའི་གནད་ནས་བཟུང་བ་དང་འདྲ། ལུང་པ་དམག་གིས་ཁེང་ཡང་འདི་ལ་ཆོམ་རྐུན་ཡོད་དོགས་མི་དགོས་པས་མི་རབས་མང་པོའི་མཐར་ཡང་གནས་ཆོག །གནའ་མིའི་ཁ་སྲོལ་དག་ལས། མ་ཎིའི་རྡོ་ལ་གདན་བཏིང་ན་ད་གཟོད་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་དགེ་སྡིག་རྒྱ་མ་ལ་བཀྱག་དུས་གདན་གྱི་ལྗིད་དེ་དགེ་བའི་ཁ་སྣོན་ལ་བཀྱག་ཆོག་ཟེར། གང་ལྟར་ཡང་འདི་ལ་ནི་འཛམ་བུའི་ཆུ་གསེར་གྱི་གདན་བཏིང་ཡང་འོས་པ་ལས་ལྷག་ཀྱང་ཡིན་ཏེ་འཁོས་ཀྱིས་མི་ལྕོགས། འོན་ཀྱང་ངས་ནི་ས་ཆེན་པོ་འདི་རྡོ་གདན་ལ་བཞག་པ་ཡིན་ཞེས་ངག་ཡིད་གཉིས་ཀས་བསྔོས་ཡོད་པས་ངའི་དགེ་བ་རྒྱ་མ་ལ་བཀྱག་ན་ཨེ་མི་ལྗིད་སྙམ་ཞེས་གསུངས་སོ། །
བསྟན་འཛིན་གྱི་སྐྱེས་བུ་དམ་པ་དག་གི་ཞབས་དྲུང་དུ་ཞུ་གསོལ། ཆོས་རྗེ་ཡིད་བཞིན་ནོར་བུ།
༄༅། །བསྟན་འཛིན་གྱི་སྐྱེས་བུ་དམ་པ་དག་གི་ཞབས་དྲུང་དུ་ཞུ་གསོལ། དུས་ཀྱི་མར་གཤམ་འདིར་སྐྱེ་རྒུའི་བསོད་ནམས་ཟད་པའི་དབང་གིས་ངན་སྤྱོད་སྣ་ཚོགས་པ་ཁ་དར་ནས་སྡིག་ལས་ཚབས་པོ་ཆེ་ལ་རབ་ཏུ་བརྩོན་པས་འདི་ཕྱི་གཉིས་ཀ་ཕུང་པར་བྱེད་ཅིང་། ཁྱད་པར་དུ་རང་རེ་གངས་ཅན་མདོ་ཁམས་ཀྱི་ཡུལ་འདིར་ཉེ་བའི་ལོ་འགའི་རིང་ལ་ཟོག་ལུག་རྟ་དང་ཁྱི་ཡན་ཆད་བཤས་རྭར་འབེབ་པའི་བརྩེ་མེད་ཀྱི་གདུག་སྤྱོད་ཡ་ང་བ་འདི་ལོ་རེ་བས་ལོ་རེ་ཇེ་མང་ཇེ་དར་དུ་གྱུར་ཏེ་ཉེས་མེད་ཀྱི་སེམས་ཅན་རྣམས་ལ་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དུ་འཇུག་ཅིང་། རང་གཞན་ཐམས་ཅད་སྡིག་པ་ལ་སྦྱར་ནས་ངན་སོང་གི་རྒྱུ་འཇིགས་སུ་རུང་བ་ལ་ཆེས་ཆེར་འབད་པས་ལོང་བ་གཡང་ལ་མཆོང་པ་ལྟར་དུ་གྱུར་འདུག་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ལ། །སྡིག་ལས་འདི་ལྟ་བུ་མ་བྱས་ན་འཚོ་ཐབས་མེད་པ་ནི་མ་ཡིན་པས་སྡིག་རྒྱུན་འདི་གཅོད་ཅི་ནུས་བྱེད་པ་ཤིན་དུ་གལ་ཆེའོ། །དེས་ན་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་ལྷག་བསམ་ཅན་གྱི་གྲྭ་བ་དཀྱུས་མ་ཡན་ཆད་ཀྱིས་བྱ་བ་འདི་བཏང་སྙོམས་སུ་མི་འཇོག་པར་ནུས་པ་ཅི་ཐོན་གྱིས་འབད་པ་ཞིག་བྱེད་པར་སྙིང་ཐག་པ་ནས་ཞུ་ཞུ། སྤྱིར་ཁོར་ཡུག་དང་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་འདི་ཁྲིམས་མཐུན་གྱི་བྱ་བ་ཡིན་ལ་ཁྱད་པར་དུ་རང་ཅག་སྟོན་པའི་རྗེས་འཇུག་རྣམས་ལ་འོས་བབས་ཀྱི་བགྱི་བ་གལ་པོ་ཆེའང་ཡིན་པས་ཅིས་ཀྱང་ཐུགས་རྗེས་མི་འདོར་བར་མཁྱེན་མཁྱེན་མཁྱེན། ཞེས་གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་ཕུལ།
གངས་ཅན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཕུལ་བའི་ཞུ་ཡིག །ཆོས་རྗེ་ཡིད་བཞིན་ནོར་བུ།
༄༅། །གངས་ཅན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཕུལ་བའི་ཞུ་ཡིག །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །བདག་གིས་ཚེ་རབས་དུ་མར་བསྙེན་པའི་ལྷ། །བརྩེ་ཆེན་ཐུགས་རྗེའི་སྤྱན་རས་མ་ཡོལ་བར། །ལས་ངན་འགྲོ་བའི་ལས་སྣང་འདི་ལ་གཟིགས། །འདི་ན་བགྲང་ཡས་ཉམ་ཐག་སེམས་ཅན་ལ། །སྐྱབས་དང་སྐྱོབ་པ་ཁྱེད་ལས་གཞན་མེད་པས། །བདག་ཅག་ལུས་ཀྱི་བ་སྤུ་གཟེངས་དང་ལྷན། །མིག་ནས་མཆི་མ་འདོན་འདི་གཟིགས་སམ་ཀྱེ། །དེ་ཕྱིར་དམིགས་མེད་ཐུགས་རྗེས་རབ་དགོངས་ནས། །དབང་མེད་སྡུག་བསྔལ་དྲག་པོས་གཟིར་བའི་འགྲོ། །མྱུར་དུ་བདེ་ཆེན་དག་པའི་ཞིང་མཆོག་ཏུ། །མིག་འཕྲུལ་བཞིན་དུ་འདྲེན་པར་མཛད་དུ་གསོལ། །དེ་ཡང་ཉེ་བའི་ལོ་ཤས་རིང་ལ་འབྲོག་སྡེ་དག་གིས་ཧ་ཅང་ཐལ་དྲགས་པའི་སྒོ་ནས་ཟོག་ལུག་རྣམས་བཤས་རྭར་ཕབ་སྟེ་མནར་གཅོད་ཚད་ལས་འདས་པ་གཏོང་བར་འདུག་པ་འདི་ཆོས་དང་འཇིག་རྟེན་གྱི་ལུགས་གཉིས་ཆར་དང་ཤིན་ཏུ་མི་མཐུན་པའི་གདུག་རྩུབ་ཀྱི་སྤྱོད་པ་ཡ་ང་བ་ཞིག་སྟེ། ཆོས་ཕྱོགས་ནས་བཤད་ན། སྲོག་གཅོད་གོང་ན་སྡིག་གཞན་མེད། །ཅེས་གསུང་པ་བཞིན་དུ་སྲོག་གཅོད་པ་འདི་སྡིག་པ་ཧ་ཅང་ཆེ་ལ། ཁྱད་པར་དུ་འདི་ལྟ་བུའི་ངན་གསོད་བྱེད་པ་ལ་སྡིག་པ་དེ་བས་ཀྱང་ཆེ་བར་གསུངས། དེ་ཡང་རྣམ་སྨིན་གྱི་འབྲས་བུ་དམྱལ་བའི་གནས་སུ་སྐྱེས་ཏེ་ཡུན་རིང་པོར་སྡུག་བསྔལ་དྲག་པོ་ངེས་པར་མྱོང་དགོས། མྱོང་བ་རྒྱུ་མཐུན་གྱི་འབྲས་བུས་ཚེ་རབས་ཐམས་ཅད་དུ་གང་དུ་སྐྱེས་ཀྱང་ཚེ་ཐུང་བར་འགྱུར་བ་དང་། བདག་འབྲས་ཚེ་ཕྱི་མར་ས་ཕྱོགས་ཡིད་དུ་མི་འོང་བ་གཟི་བྱིན་ཆུང་བར་སྐྱེ་བ་ཡིན་ཏེ། སེམས་ཅན་དེ་ལ་སྡུག་བསྔལ་དྲག་པོ་མྱོང་དུ་བཅུག་པ་དང་། སྲོག་བཅད་ནས་ཚེ་ཐུང་བར་བྱས་པ་དང་། གསོན་པོའི་གཟི་བྱིན་མེད་པར་བྱས་པའི་ལས་འབྲས་རང་བྱས་རང་ལ་འཁོར་བ་ཡིན། ཟོག་ལུག་སོགས་ཤན་པ་དག་ལ་བཙོངས་ནས་གོ་བཞིན་ཤེས་བཞིན་དུ་གསོད་དུ་བཅུག་ན་དེའི་སྡིག་པ་རང་ལའང་འདྲ་མཉམ་དུ་འཐོབ། དེས་ན་མི་སུ་ཡིན་ཡང་འཆི་མི་དགོས་པ་ནི་མེད་ལ། ཤི་ནས་ལས་ཀྱི་རྣམ་སྨིན་མྱོང་དགོས་པའང་བསླུ་མེད་ཡིན་པས་ཅིས་ཀྱང་སྡིག་པ་ཚབས་ཆེན་འདི་འདྲ་མི་བྱེད་པར་ཞུ། ཁྱད་པར་དུའང་དེང་དུས་སུ་རྟ་ཟོག་ལུག་རྣམས་ལན་ཀྲོའུ་དང་ཁྲིང་ཏུའུ་སོགས་ཡུལ་ཐག་རིང་པོར་ཁྱེར་ནས་མ་ཤི་བའི་སྔ་རོལ་དུའང་སྲོག་ལན་གྲངས་དུ་མར་བཅད་པ་ལྟ་བུའི་སྡུག་བསྔལ་མྱོང་དུ་འཇུག་སྟེ། དེའང་འདི་ལྟར། དབྱར་དུས་ཚད་པ་ཧ་ཅང་ཆེ་བའི་དུས་ཉིན་མཚན་མང་པོར་ཟོག་རྣམས་ཀྱིས་ཆུ་འཐུང་རྒྱུ་མ་རྙེད་པས་སྐོམ་གདུང་མ་བཟོད་དེ། ཆུ་མཐོང་བ་ན་རླངས་འཁོར་སྟེང་ནས་འཛེམ་མེད་དུ་མཆོངས་ཏེ་རྐང་ལག་བཞི་ཆར་བཅག་པ་དང་། རླངས་འཁོར་གྱིས་ཁྱེར་བ་ལ་སྐྲག་སྟེ་རྐང་ལག་རྣམས་ཀྱིས་ཉིན་ཞག་མང་པོར་ཤེད་ཕྱུང་ནས་བསྡད་པས་རྨིག་པ་ཐམས་ཅད་ས་ལ་ལྷུང་བ་དང་། བཀྲེས་པ་མ་བཟོད་ནས་ཕན་ཚུན་རྔ་མ་དང་ཟེ་བ་རྣམས་ཟོས་ཏེ་ཟད་པར་གྱུར་པ་དང་། ལུག་རྣམས་རླངས་འཁོར་གྱི་ཕྱིར་དཔྱངས་ཏེ་འཁྱེར་བ་སོགས་བྱེད། དེར་མ་ཟད་འགའ་རེས་ཤ་མི་ངན་པའི་ཕྱིར་དུ་གསོན་པོའི་མཆུ་ལ་ལྕགས་གཟེར་འདེབས་པ་དང་། ལྕེ་ལྐོག་མར་འབྱིན་པ་སོགས་བྱས་ཏེ་འཁྱེར་བའང་ཐོས། དེ་ཡང་བོད་ཡུལ་ནས་རྒྱ་ནག་ཏུ་འཁྱེར་བའི་ལམ་བར་དུ་ཉིན་གཉིས་གསུམ་ཡན་ཆད་འགོར། དེ་ནས་ཚོང་རྭ་ནས་ཉོ་མཁན་མི་རྙེད་དེ་ཉིན་རེ་ཟུང་ལུས། དེ་རྗེས་བཤས་རྭར་འབྱོར་ཚེ་དེ་གར་ཡང་ཉིན་ལྔ་དྲུག་ཡན་ཆད་ཅིག་འཆི་བསྒུག་བྱ་དགོས་པས་ཁྱོན་ཉིན་བཅུ་བཅོ་ལྔ་ཙམ་རེ་ལ་རྩྭ་ཉག་མ་གཅིག་དང་ཆུ་གཙང་ཐིགས་པ་གཅིག་ཀྱང་བཏུང་རྒྱུ་མི་རྙེད། དེའི་དབང་གིས་སེམས་ཅན་འགའ་རེའི་ལུས་ཟུངས་ཤིན་ཏུ་ཟད་ནས་རུས་མགོ་པགས་བཏུམས་སུ་སོང་བས་བཤའ་མི་རུང་བར་གྱུར་ཏེ་བཤས་རྭའི་སྒོ་དྲུང་ན་མུ་གེ་འབའ་ཞིག་གིས་འཆི་བ་དག་ཀྱང་འདུག །གཞན་དག་ཕྱོགས་ཐམས་ཅད་འདམ་རྫབ་ཀྱིས་གང་བའི་མུན་ཁང་གི་བཤས་རྭའི་ནང་ཤི་མ་གསོན་གྱི་ངང་དུ་སོ་སྒྲ་ཁྲིག་ཁྲིག་བྱེད་ཅིང་མིག་སྔོ་ཅེ་རེར་འཆི་རྒྱུ་ཁོ་ན་བསྒུགས་ཏེ་འདུག །དེ་ནས་ཉིན་ཐ་མའི་ཉིན་གཤེད་མ་དག་འོང་སྟེ་སྐེ་གཅོད་པའི་སར་ཁྲིད། དེར་རྐང་ལག་ཐག་པས་བཀྱིགས་ཏེ་གསོན་གསོན་དུ་སྐེ་བྲེག་པས་སྙིང་ཁྲག་དྲོན་མོ་རྒྱང་གིས་ཐོན་ཏེ་ས་ཕྱོགས་དེ་ཀུན་དམར་ཡོམ་མེར་འགྲོ། སྐེ་བཅད་ཤུལ་ནས་ཁྲག་དང་དབུགས་ཕྱུ་རུ་རུ་བྱེད་ཅིང་། མིད་པ་ནས་ཧར་སྒྲ་སྒྲོག་བཞིན་ད་དུང་ཡར་ལང་མར་འགྱེལ་བྱེད་པ་ན་ཤན་པ་དག་གིས་མགོ་ལྡོག་པས་མནན་ཏེ་འདུག །ཡུན་རིང་པོར་འཆི་མི་ཐུབ་པས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །གཞན་ཡང་བོད་ཡུལ་གྱི་རྫོང་ཁག་མང་པོར་འཕྲུལ་ཆས་ཀྱི་བཤས་ཁང་དམྱལ་བ་ས་ཁར་ཐོན་པ་ལྟ་བུ་དག་འདུག་སྟེ། དེར་ཡང་བཤས་ཟོག་མང་ཚེ་ཡུན་རིང་བསྒུག་དགོས་པས་བཀྲེས་སྐོམ་གྱི་སྡུག་བསྔལ་ཀྱང་དཔག་མེད་མྱོང་། དེ་ནས་གསོད་པའི་དུས་ལ་བབས་པ་ན། གཡས་གཡོན་གང་དུའང་འབྲོ་ས་མེད་པའི་སྒོ་ཞིག་ནས་ནང་དུ་འདེད། བཤས་ཁང་ནང་དུ་འཕྲུལ་ཆས་དག་གི་འགུལ་སྐྱོད་ཀྱི་སྒྲ་དང་། ཕྱུགས་ཀྱི་སྐེ་བཅད་པའི་མིད་པ་ནས་བྱུང་བའི་ཧར་སྒྲ། ཁྲག་བཞུར་བའི་ཆིལ་སྒྲ། ཟོག་གསོན་པོ་དག་སྐྲག་པའི་ངུར་སྒྲ་དང་འཁུན་སྒྲ་སོགས་ཀྱིས་ཡོངས་སུ་གང་བས་འཇིགས་རུང་གཤིན་རྗེའི་གྲོང་ཁྱེར་མངོན་སུམ་དུ་སྣང་བ་ལྟ་བུ་དེ་མཐོང་ཚེ་ཕྱུགས་རྣམས་སྲོག་བསྡོས་ཀྱིས་ཕྱིར་འབྲོ། དེའི་ཚེ་མགོ་ལ་ཐག་པ་བཏགས་ཏེ་འཕྲུལ་ཤུགས་ཀྱིས་དྲུད་དེ་འགྲོ། སྐབས་འགར་ཤན་པ་དག་གིས་ལྕགས་དབྱུག་ཐོགས་ནས་ཟོག་གི་མིག་གཉིས་ཀ་བཅར་ནས་མི་མཐོང་བར་བྱས་ཏེ་ནང་དུ་འདེད་པའང་མཐོང་ཟེར། སྒོའི་ནང་དུ་འབྱོར་བ་ན་ལྕགས་ཀྱི་སྐམ་པ་ཆེན་པོས་རྐང་པ་ནས་བཟུང་རྟེ་མགོ་ཐུར་དུ་བསྟན་ནས་བར་སྣང་ལ་ཁྱེར་ཏེ་འགྲོ། ཕར་ཙམ་སོང་ཚེ་སྐེ་བཅད་དེ། ཟུངས་ཁྲག་དྲོན་མོ་རླངས་པ་ཕ་ལེ་བ་བར་སྣང་ནས་མར་དམར་རྒྱང་རྒྱང་དུ་འབབ་ཅིང་། བཙོ་ཁུ་རྣམས་ཀྱང་མིད་པ་ནས་ཕྱིར་ཐོན། ད་དུང་འཕག་ར་བྱེད་བཞིན་བར་སྣང་ནས་ཕར་ཅུང་ཟད་ཁྱེར་ཏེ་ཕལ་ཆེར་གསོན་པོའི་པགས་པ་བཤུ་ཞིང་ཁོག་པ་གཤགས་ཏེ་ནང་ཁྲོལ་རྣམས་འདར་ཕྲིལ་ཕྲིལ་ཕྱིར་ཕྱུང་བ་སོགས་བྱེད། མདོར་ན་བྱ་བ་འདི་རྣམས་མི་སྙིང་རྗེ་ཅན་གྱིས་མཐོང་ན་སྙིང་ཚལ་པ་བརྒྱར་འགས་པར་འགྱུར་པ་ཞིག་ཏུ་སྣང་། དེང་སང་མི་ལ་སྲོག་ཆད་གཅོད་པ་དེ་རང་ཅག་གིས་སྡུག་བསྔལ་རབ་ཀྱི་ཚད་དུ་བརྩི་མོད། འོན་ཀྱང་ལུས་ཀྱི་ཐོག་ནས་ནི་སེམས་ཅན་འདི་རྣམས་ཀྱི་སྡུག་བསྔལ་གྱི་བཞི་ཆ་གཅིག་ཀྱང་ཡོད་ཚོད་མི་འདུག །དེས་ན་སེམས་ཅན་འདི་རྣམས་རང་རེའི་མེས་པོ་ཕ་མ་ཉེ་འབྲེལ་སོགས་སྔོན་ཤི་བ་རྣམས་ལན་ཆགས་ཀྱི་དབང་གིས་ད་ལྟ་ངེད་ཚོའི་སྒོ་ཕྱུགས་སུ་གྱུར་པ་ངེས་པར་ཡིན་པས་ན་འདི་འདྲའི་སྡུག་བསྔལ་དྲག་པོ་མྱོང་དུ་འཇུག་པ་ནི་དྲིན་ལན་ལོག་འཇལ་གྱི་སྤྱོད་ངན་དཔེ་མེད་པ་ཞིག་གོ །དེ་བཞིན་དུ་རང་རེ་ལ་སྔར་ནས་དར་བའི་སེམས་ཅན་གྱི་མཆུ་བསྡམས་ནས་དབུགས་བཀག་སྟེ་གསོད་པའི་སྲོལ་འདིའང་ཤིན་ཏུ་ཐ་ཆད་པ་ཞིག་སྟེ། སེམས་ཅན་ལ་སྡུག་བསྔལ་ཧ་ཅང་ཆེ་བ་དང་། ངན་གསོད་མི་བཟད་པ་ཡིན་པས་སྡིག་པའང་ཤིན་ཏུ་ཆེ། དེས་ན་ངེས་པར་གསོད་དགོས་ཕྱིན་བོད་ཀྱི་དམངས་ཁྲོད་ན་སྡུག་བསྔལ་དེ་ཙམ་ཆེན་པོ་མྱོང་མི་དགོས་པའི་གསོད་ཐབས་འདུག་པས་ངེས་པར་དེ་ལྟར་བྱ་རྒྱུ་གལ་ཤིན་ཏུ་ཆེའོ། །ལར་སེམས་ཅན་སུ་ལའང་རང་གི་སྲོག་ལས་གཅེས་པ་ནི་མེད། དེའི་ཕྱིར་སྲོག་ལ་གནོད་པ་བྱུང་བ་ལས་ལྷག་པའི་འཇིགས་སྐྲག་དང་སྡུག་བསྔལ་ཅི་ཡང་མེད། །སྲོག་ལ་གནོད་པ་མི་འབྱུང་བའི་ཕྱིར་དུ་གཞན་གང་ལའང་ཕངས་སེམས་མེད་པ་སོགས་རང་ཅག་ལ་མངོན་སུམ་ཡིན། དེ་བཞིན་དུ་དུད་འགྲོ་འདི་རྣམས་ཀྱིས་ཀྱང་གཏམ་བཤད་མི་ཤེས་པ་ཙམ་ལས་སྡུག་བསྔལ་གྱི་ཚོར་བ་ལ་ནི་ཁྱད་པར་གང་མེད་དེ། །བཤས་རྭར་གནས་པའི་སེམས་ཅན་དེ་དག་གིས་ཀྱང་གྲོགས་རྣམས་བསད་པ་མཐོང་ཚེ་ཤིན་ཏུ་སྐྲག་སྟེ་ལུས་འདར་སིག་གེ་སྡོད་མི་ཚུགས་པ་ལྟ་བུའི་ངང་ལ་འདུག་པ་མངོན་སུམ་མིག་གིས་བལྟ་སར་ཡོད་པ་འདི་ག་རེད། སེམས་ཅན་རྣམས་ལ་སྡུག་བསྔལ་དྲག་པོ་འདི་འདྲ་མྱོང་དུ་བཅུག་ནས། ད་དུང་ཁ་མ་ཎི་ལག་འཁོར་ལོ་བྱས་ཏེ་ཆོས་སྒྲུབ་པ་ཡིན་ཟེར་བ་ནི་དམ་པའི་ཆོས་ཀྱི་སྙིང་པོ་དང་རྩ་བ་ནས་རྒྱབ་འགལ་དུ་གྱུར་ཟིན་པ་མ་ཤེས་པའོ། །དེར་མ་ཟད་དཀོན་མཆོག་གི་རྟེན་བཞེངས་སོགས་ཀྱི་ཆེད་དུ་སེམས་ཅན་གྱི་སྲོག་ལ་གནོད་པ་བྱེད་པའང་ཆོས་ཀྱི་རྩ་བ་མི་འཚེ་བ་དང་དངོས་སུ་འགལ་བ་ཡིན་ནོ། །དེ་ལྟར་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་སྲོག་གཅོད་སྡིག་པའི་ན་བུན་འཁྲིགས་པའི་སྲིན་པོའི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་གྱུར་པ་འདི་ལས་ཡི་མུག་པ་ནི་གང་ཡང་མི་འདུག །དེས་ན་སེམས་ཅན་རྣམས་གསོད་གཏུབ་ཀྱི་ལས་འདི་ལྟ་བུ་མ་བྱས་ཀྱང་རང་རེ་ལ་ཟས་གོས་གང་ཐད་ནས་འཚོ་ཐབས་གཏན་ནས་མེད་པ་ནི་མ་ཡིན་པས་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་རང་དབང་གཏན་ནས་མེད་པར་གྱུར་ན་ནི་དེར་ཟད། གཞན་དུ་ཅི་ནས་ཀྱང་སྡིག་ལས་རྔམ་པོ་ཆེ་འདི་མཚམས་འཇོག་ཅིག་བྱེད་པར་ཞུ་ཞེས་སྙིང་ཐག་པ་ནས་གསོལ་བ་ལན་བརྒྱའི་བར་དུ་འདེབས་པ་ཡིན་ན། བླ་མ་དཀོན་མཆོག་གསུམ་སྐྱབས་སུ་འཛིན་ཅིང་། དགེ་སྡིག་གི་ལས་འབྲས་ལ་ཡིད་ཆེས་བྱེད་པ་ཡིན་ཟེར་བའི་བོད་པ་རྣམས་ཀྱིས་ཅིས་ཀྱང་ཡིད་འཇོག་ཅིག་གནང་བར་ཞུ་ཞུ་ཞུ། གཞན་ཡང་འཇིག་རྟེན་ཕྱོགས་ནས་བཤད་ན། ཉེ་ཆར་རང་རེའི་ཡུལ་གྱི་ནགས་ཚལ་རྣམས་བཅད་ནས་ཕལ་ཆེར་ཟད་དེ་འབྲུ་ཆུའི་སྨད་རྒྱུད་དུ་ཆུའི་འཇིགས་པ་ཆེན་པོ་བྱུང་བའི་དབང་གིས་ཤིང་སྡོང་གཅིག་ཀྱང་གཅོད་མི་ཆོག་པའི་ཁྲིམས་འཕྲལ་དུ་བཅའ་དགོས་བྱུང་། སྔར་ཤིང་འཁྱེར་བའི་རླངས་འཁོར་དང་ད་ལྟ་ཟོག་ལུག་འཁྱེར་བའི་རླངས་འཁོར་ཀྱི་གྲངས་ཕལ་ཆེར་འདྲ་མཉམ་ཡིན། ད་དུང་མུ་མཐུད་ནས་འདི་ལྟར་བྱས་ན་མི་རིང་བའི་རྗེས་སུ་བོད་ཡུལ་གྱི་ཟོག་ལུག་རྣམས་ཟད་པའམ་ཤིན་ཏུ་ཉུང་བར་གྱུར་ནས་འབྲོག་སྡེ་རྣམས་འཚོ་ཐབས་བྲལ་བ་ཞིག་འོང་བའི་ཉེན་ཤིན་ཏུ་ཆེ། ཁྱད་པར་དུའང་སེམས་ཅན་འདི་རྣམས་ཀྱི་ཁྲོད་ན་མོ་ཕྱུགས་ཤིན་ཏུ་མང་བར་མ་ཟད་མངལ་ན་བེའུ་དང་ལུ་གུ་ཆགས་པའང་ཤིན་ཏུ་མང་པོ་འདུག་པ་བཤས་རྭར་སོང་ནས་ལྟོས་དང་མངོན་སུམ་ཡིན། ཟོག་ལུག་རྒྱ་ནག་ཏུ་འཁྱེར་བར་བཀག་སྡོམ་མི་བྱེད་པའི་དབང་གིས་ཆོམ་རྐུན་པ་དག་གིས་ཀྱང་གོ་སྐབས་རྙེད་ནས་ཟོག་ལུག་རླངས་འཁོར་མང་པོ་བརྐུས་ཏེ་ཁྱེར་བ་དེས་བོད་དམངས་ཚོགས་ཀྱི་འཚོ་བ་དང་བདེ་འཇགས་གཉིས་ཆར་ལ་གནོད་པ་ཚབས་ཆེན་ཐེབས། སེམས་ཅན་རྣམས་རྒྱ་ནག་ཏུ་བཙོང་སྟེ་འགྲོ་གྲོན་ཐམས་ཅད་ཕར་ཕུད་ཤུལ་ན་འོང་སྒོ་གང་ཡང་མེད་པར་མ་རྩ་བརླགས་པའམ་ཁེ་སྐྱེད་ཕྲན་བུ་ལས་མེད་པའི་བོད་པ་བཤས་འཚོང་བ་མང་པོ་མཐོང་སྟེ། དེས་ན་བྱ་བ་འདིས་འབྲོག་ཁུལ་གྱི་དཔལ་འབྱོར་ཆུས་ཟོས་སུ་བཏང་བ་ཙམ་ལས་ཕན་པ་ཅི་ཡང་མ་མཐོང་ངོ་། །དེ་བཞིན་དུ་བོད་ཡུལ་ན་ཡོད་པའི་བཤས་རྭ་འདི་རྣམས་ནས་ཀྱང་ལོ་མང་པོའི་རིང་ལ་སེམས་ཅན་ཁྲི་ཚོ་དུ་མའི་སྲོག་བཅད་བཅད་དེ་མཐར་རང་ཁ་ཙམ་ཡང་མ་སོས་པར་མ་རྩའང་བརླགས་ནས་འདུག་པ་མང་པོ་མཐོང་སྟེ། དེ་ལྟ་ན་འདི་དག་གིས་བོད་མི་དམངས་ཀྱི་འཚོ་བ་ཡར་རྒྱས་འོང་བ་ལ་ཕན་པ་ཅི་ཞིག་འདུག །གཞན་ཡང་འདི་ཕྱི་གང་ལའང་འཛེམ་པ་མེད་པར་སྲོག་ཆགས་རྣམས་ལ་མནར་གཅོད་དྲག་པོ་གཏོང་བའི་ལུགས་སྲོལ་འདིས་མི་རབས་ཕྱི་མ་དང་བཅས་པ་སྲོག་ཆགས་ལ་ཤ་ཚ་དང་སྲུང་སྐྱོབ་གཏན་ནས་བྱེད་མི་ཤེས་པའི་གཅན་གཟན་གདུག་པ་ལྟ་བུར་འགྱུར་བས་བསམ་པའི་དཔལ་ཡོན་ལའང་གནོད་པ་ཚབས་པོ་ཆེ་འོང་བ་གོར་མ་ཆག་གོ །དེས་ན་རང་གི་ཚེ་འདི་ཕྱི་གཉིས་ཆར་ལ་བསམ་བློ་ཞིག་བཏང་། སྒོ་ཕྱུགས་རྣམས་ཀྱིས་ཀྱང་བདེ་བ་འདོད་སྡུག་བསྔལ་མི་འདོད་པ་རང་རེ་དང་མཚུངས་པས་བྱམས་དང་སྙིང་རྗེ་ཞིག་བསྐྱེད་དེ། རང་དབང་ཡོད་བཞིན་དུ་སེམས་ཅན་རྣམས་སྡུག་བསྔལ་དྲག་པོའི་བཙོན་དོང་འདི་དག་གི་ནང་དུ་མི་འཕེན་པར་ཞུ་ཞེས་ཐལ་མོ་སྙིང་ཁར་སྦྱར་ནས་ཞུ་བ་ཕུལ་བ་ལགས་ན། སེམས་ཅན་གྱི་ཕན་བདེ་ཁུར་དུ་འཁྱེར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མཐུན་འགྱུར་དང་། སྐྱེ་བོ་ཡོངས་ཀྱི་ཐུགས་ལ་འཇགས་པར་མཁྱེན་མཁྱེན་མཁྱེན། ཞེས་བོད་རབ་རྒྱན་ལྕགས་འབྲུག་ལོའི་སྟོན་པ་ལྷ་བབས་ཀྱི་དུས་ཆེན་ལ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་ཕུལ་བའོ། །
སྒོ་ཕྱུགས་རྣམས་ངན་གསོད་མི་བྱེད་པའི་རེ་ཞུ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
༄༅། །སྒོ་ཕྱུགས་རྣམས་ངན་གསོད་མི་བྱེད་པའི་རེ་ཞུ། རང་རེ་བོད་གངས་ཅན་གྱི་ལྗོངས་འདིར་ལོ་སྟོང་ལྷག་གི་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྣང་བས་ཡོངས་སུ་ཁྱབ་པས་སྤྱིར་སྐྱེ་བོ་མཐོ་དམན་ཐམས་ཅད་དཀོན་མཆོག་གསུམ་ལ་དད་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་དང་བླང་དོར་ལེགས་པོ་བྱེད་པ་འདི་ནི་འདི་བདེ་ཕྱི་སྐྱིད་ཀྱི་རྒྱུ་མ་ནོར་བ་ཡིན་པས་ཤིན་ཏུ་དགའ་བར་འོས་པའི་གནས་ཡིན། འོན་ཀྱང་གོམས་སྲོལ་ངན་པ་དག་ཀྱང་སྣང་སྟེ། ད་ནི་བསྒྱུར་བཅོས་ཤིག་བྱེད་པར་ང་ཚོས་སྙིང་ཐག་པ་ནས་རེ་བ་བྱེད་བཞིན་ཡོད་དོ། །དེའང་གང་ཞེ་ན། མདོ་ཁམས་ཕྱོགས་ཀྱི་འབྲོག་སྡེ་མང་ཆེ་བས་སྒོ་ཕྱུགས་གསོད་པ་ན་མཆུ་བཅངས་ནས་དབུགས་བཀག་སྟེ་གསོད་པར་བྱེད། གཞན་དག་གིས་སྐེ་རྩ་བཅད་དེ་གསོད་པར་བྱེད། དེ་སོགས་གང་བྱས་ཀྱང་ཤིན་ཏུ་མི་བཟད་པའི་ངན་གསོད་ཡིན། དེ་ཡང་ཇི་ལྟར་ཡིན་ཞེ་ན། དབུགས་བཀག་པ་ལ་དང་པོ་མཆུ་བཅིངས་པ་ནས་བཟུང་ཤི་བའི་བར་དུས་ཚོད་སྐར་མ་དགུ་ནས་བཅོ་ལྔ་ཙམ་ཞིག་དགོས། དེའི་རིང་ལ་དབུགས་བཀག་པའི་སྡུག་བསྔལ་དྲག་པོ་དེ་བར་མ་ཆད་དུ་མྱང་དགོས། རྐང་ལག་བཞི་པོ་ནི་ཐག་པས་བཀྱིགས་ནས་འགུལ་ཙམ་ཡང་མི་ནུས། དབུགས་བཀག་པ་ན་ལུས་ཀྱི་སྡུག་བསྔལ་དུ་མ་ཟད་སེམས་ལའང་འཇིགས་སྐྲག་བཟོད་དུ་མེད་པ་ཡོད། རང་ཅག་གིས་དུས་ཚོད་སྐར་མ་གཅིག་ལ་དབུགས་བསྡམས་ནས་སྡོད་དང་གང་འདྲ་འདུག །སྡུག་བསྔལ་དེ་ཉིད་སྐར་མ་དང་པོ་ལས་གཉིས་པ། གཉིས་པ་ལས་གསུམ་པ། གསུམ་པ་ལས་བཞི་པ་སྟེ་མ་ཤིའི་བར་དུ་ཇེ་དྲག་ཇེ་དྲག་ལ་འགྲོ་བ་ཡིན། །ལོ་འགའི་སྔོན་ལ་ང་ཚོས་ཤན་པའི་ལག་ནས་གཡག་ཅིག་སྲོག་སླུ་བྱས་ཏེ། མཆུ་བསྡམས་ནས་ཡུན་རིང་པོ་སོང་བས་ཕར་བལྟས་ན་མིག་སྔོན་པོར་གྱུར་ཏེ་འགུལ་ཙམ་ཡང་མི་བྱེད་པས་ཤི་ཟིན་པ་ལྟ་བུར་འདུག །ཤན་པ་དག་ལ་མཆུ་བཅིངས་པ་གྲོལ་ཅིག་དང་ང་ཚོས་ཉོ་ཞེས་སྨྲས་ཏེ། དེ་དག་གིས་ཤི་ཟིན་ཟེར། མཆུ་བསྡམས་པ་རིམ་གྱིས་རིམ་གྱིས་ལྷོད་པས་ཅུང་ཞིག་ནས་གཡག་དེ་སོས་ནས་ཡར་ལང་བྱུང་། དེས་ན་ཡུན་རིང་དེ་ཙམ་ལ་ད་དུང་ཤི་ཐུབ་མི་འདུག་གལ་ཏེ་རང་རེའི་རྐང་ལག་ཐག་པས་བསྡམས་ཏེ་ཡུན་རིང་དེ་ཙམ་ལ་དབུགས་བཀག་ནས་འཆི་དགོས་ན་ཇི་འདྲ་ཡིན་རང་ཐོག་ནས་བསམ་བློ་ཞིབ་མོ་ཞིག་གཏོང་རོགས་གྱིས། དེ་བཞིན་དུ་སྐེ་བཅད་དེ་གསོད་པ་འདིའང་ངན་གསོད་ཡིན་པས་སྡུག་བསྔལ་ཤིན་ཏུ་ཆེ། སྐེ་བཅད་པ་ནས་ཤི་བའི་བར་ལ་དུས་ཚོད་སྐར་མ་བཅུ་ནས་ཉི་ཤུ་ཙམ་ཞིག་འགོར། སྙིང་ནང་གི་ཁྲག་ཡོངས་རྫོགས་ས་ལ་ཕོས་ཏེ་ཟད་པར་མ་གྱུར་གྱི་བར་ཤི་མི་ཐུབ། སྙིང་ཁྲག་ཡོངས་རྫོགས་ཟད་དེ་ཕྱི་ནས་བལྟས་ན་ཤི་ཟིན་པ་ལྟར་གྱུར་པ་ན་ད་དུང་འགའ་རེས་འཕག་འཚག་བྱས་ཏེ་ཡར་ལང་ཨེ་ཐུབ་བལྟ་བ་འདུག་སྟེ། དེས་ན་གསོད་ཚུལ་དེ་གཉིས་ཀའང་གསོད་རྒྱུའི་སེམས་ཅན་ལ་སྡུག་བསྔལ་ཤིན་ཏུ་ཆེ་ལ་ཡུན་རིང་བ་དང་། གསོད་མཁན་གྱི་མི་ལ་སེམས་ཅན་ངན་གསོད་བྱས་པའི་སྡིག་པ་ཤིན་ཏུ་ཆེ་བ་ཡིན་ནོ། །འོ་ན་ཇི་ལྟར་བྱ་དགོས་ཞེ་ན། རང་རེ་མི་རྣམས་ཀྱི་ལུས་ལ་རྨ་ཞིག་བྱུང་ནས་སྨན་བཅོས་ཕྲན་བུ་ཞིག་བྱེད་དགོས་པ་ན་ཡང་བཟི་སྨན་བཏང་སྟེ་ཟུག་གཟེར་མི་འབྱུང་བའི་ཐབས་བྱེད། འོ་ན་ཟོག་ལུག་སོགས་དུད་འགྲོ་འདི་རྣམས་ཀྱང་ཁ་གྲག་ཤེས་མི་ཤེས་ཀྱི་ཁྱད་པར་ཙམ་མ་གཏོགས་བདེ་བ་ཆུང་ངུ་ཡན་ཆད་འདོད་ལ། སྡུག་བསྔལ་ཕྲན་བུ་ཙམ་ཡང་མི་འདོད་པར་རང་རེ་མི་རྣམས་དང་ཁྱད་པར་ཅུང་ཟད་ཀྱང་མེད་པས་ང་ཚོས་སེམས་ཅན་དེ་རྣམས་ཀྱི་བདེ་སྡུག་ལ་སྣང་མེད་དུ་བཞག་སྟེ། དོན་མེད་ཀྱི་སྡུག་བསྔལ་སྣ་ཚོགས་པ་གཏོད་ག་ལ་རུང་། གལ་ཏེ་གཏད་ན་ལས་རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པས་རང་ཉིད་ལའང་བདེ་མོ་དང་སྐྱིད་པོ་མི་འོང་ཐག་ཆོད་ཡིན། ད་ལྟ་ཟོག་ལུག་སོགས་དུད་འགྲོ་འདི་དག་ཉམ་དེ་ལས་ཆུང་ཐབས་མེད་པའི་ཚད་ཙམ་དུ་འདུག་པས་ཁྱོད་ཅག་སྐྲག་མི་དགོས་ཀྱང་ལས་རྒྱུ་འབྲས་ཞེས་པ་འདི་ལ་སྐྲག་མི་དགོས་མཁན་གྱི་དཔའ་བོ་གཅིག་ཀྱང་ཡོད་མི་སྲིད། ད་ལྟ་མི་སྐྲག་པ་སྐད་དུ་སྨྲ་ཡང་ནམ་ཞིག་མགོ་ཐོག་ཏུ་བབས་པ་ན་བཟོད་ཐུབ་མཁན་སུ་ཡང་མེད་དོ། །དེས་ན་སེམས་ཅན་གང་ཡིན་ཡང་རུང་སྟེ། ངེས་པར་དུ་མ་བསད་ཐབས་མེད་ཡིན་ཕྱིན་སྡུག་བསྔལ་ཆུང་ཐབས་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། གསད་རྒྱུའི་སེམས་ཅན་ལ་སྡུག་བསྔལ་ཆུང་ན་གསོད་མཁན་ལའང་སྡིག་པ་ཅུང་ཟད་ཆུང་བ་ཡིན། འོ་ན་སྡུག་བསྔལ་ཅུང་ཟད་ཆུང་བའི་གསོད་ཚུལ་ཇི་ལྟ་བུ་ཞེ་ན། ཡུལ་གཞན་ན་སྨན་བླུད་ནས་སྡུག་བསྔལ་གྱི་ཚོར་བ་མེད་པའི་སྒོ་ནས་འཆིར་འཇུག་པ་ཡོད་པས་དེ་འདྲ་བྱུང་ན་རབ་ཡིན། འོན་ཀྱང་རང་རེའི་ཞིང་འབྲོག་ཕལ་བའི་ནང་དུ་ད་དུང་རེ་ཞིག་ཐབས་དེ་འོང་བ་དཀའ་ཙམ་ཡོད། རང་ཅག་གིས་བསྒྲུབ་ཐུབ་པའི་ཐབས་ནི་ཁམས་ཕྱོགས་ཀྱི་ཡུལ་གྲུ་འགའ་རེ་ན་མཆུ་སྡོམ་པ་དང་སྐེ་གཅོད་པ་སོགས་ལ་ལྟོས་ན་སྡུག་བསྔལ་ཅུང་ཟད་ཆུང་བ་དང་ཡུན་ཐུང་བའི་གསོད་ཐབས་ཡོད་པ་དེ་ཡིན། འདི་གལ་ཆེ་སྟེ་རང་ཅག་ལྟ་བུ་ལ་མཚོན་ན་མཆུ་བསྡམས་པ་ལྟ་བུའི་སྡུག་བསྔལ་ཆེན་པོས་ལན་གཅིག་འཆི་བ་བས་སྡུག་བསྔལ་ཅུང་ཟད་ཆུང་ངུ་དང་ལན་འགའ་ཞིག་འཆི་བ་དགའ་ངེས་ཡིན་ཏེ། དཔེར་ན་སྨན་ཁང་དག་ན་ཟུག་གཟེར་ཆེན་པོ་ཅན་གྱི་ནད་པ་དག་གིས་འཆི་སྨན་བཏུང་ནས་མྱུར་དུ་འཆི་བའི་རེ་བ་ཡང་ཡང་བྱེད་པ་ལྟ་བུ་ཡིན་ནོ། །དུད་འགྲོ་ཡིན་ཡང་འཆི་བའི་སྡུག་བསྔལ་ལ་ནི་ཧ་ཅང་སྐྲག་སྟེ། ལྕགས་སྦྲུལ་ལོའི་སྟོན་དུས་སུ་བཤས་རྭ་ཆུང་ངུ་ཞིག་གི་ནང་ན་གཡག་བརྒྱད་འདུག །དེ་ལས་གསུམ་རྒྱ་ཤན་པ་འགའ་ཞིག་གིས་རྐེ་བཅད་ནས་བསད་དེ་པགས་པའི་སྟེང་ན་ཤ་ལས་བྱེད་ཀྱིན་འདུག །དེའི་དྲུང་ན་ཡོད་པའི་གཡག་གསོན་པོ་རྣམས་ལས་གཡག་སར་ཞིག་གི་མིག་ནས་མཆི་མ་ཤ་ར་ར་འོང་གིན་འདུག །ངེད་དྲུང་དུ་སོང་ནས་ཞིབ་པར་བལྟས་པས་མིག་ན་བ་སོགས་རྐྱེན་གཞན་གྱིས་ནི་གཏན་ནས་མིན་ངེས་པ་རེད། གཡག་གཞན་དག་ཀྱང་ལུས་འདར་ཤིག་ཤིག་བྱེད་ཀྱིན་འདུག །དེས་ན་སེམས་ཅན་གསོད་ཚེ་སྡུག་བསྔལ་ཆུང་ཐབས་བྱེད་རྒྱུ་འདི་ཐམས་ཅད་ཀྱིས་བཏང་སྙོམས་སུ་མི་འཇོག་པར་དོ་སྣང་ཞིག་བྱེད་པར་ཞུ་ཞུ། སྤྱིར་སྲོག་གཅོད་པ་ལ་སྡིག་པ་མེད་པ་དང་སྡུག་བསྔལ་མེད་པ་ཞིག་མི་སྲིད་ཀྱང་དེ་གཉིས་ཆུང་ཐབས་བྱེད་རྒྱུ་ཡོད་ལ་དེ་རང་གཞན་གཉིས་ཀ་ལ་དོན་ཤིན་ཏུ་ཆེན་པོ་ཡིན། འོན་ཀྱང་ཐབས་འདི་ལྟ་བུས་སྲོག་བཅད་ན་སྡིག་པ་དང་སྡུག་བསྔལ་གཏན་ནས་མེད་ཟེར་བ་མ་ཡིན་པས་གོ་ལོག་ཏུ་མ་སོང་བ་ཞིག་དགོས་སོ། །ཞེས་པ་འདི་ཡང་བོད་རབ་རྒྱན་ཆུ་རྟ་ལོའི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་བཞི་ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་སྙིང་ཐག་པ་ནས་སེམས་ཅན་རྣམས་ལ་ཕན་ཅུང་ཟད་ཐོགས་ན་སྙམ་པའི་རེ་བ་ཆེན་པོས་སླར་ཡང་བྲིས་པ་ཡིན་པས་ནམ་ཡང་དུས་ལས་ཡོལ་བ་མེད་པའི་བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། རྒྱུ་འབྲས་བསླུ་བ་མེད་པའི་རྟེན་འབྱུང་གི་དབང་གིས་བསམ་པ་བཞིན་དུ་འགྲུབ་བར་གྱུར་ཅིག། །།
དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ། ཆོས་རྗེ་ཡིད་བཞིན་ནོར་བུ།
༄༅། །དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །མཚན་དཔེ་རི་དྭགས་གཞོན་ནུའི་རྟགས་འཆང་མཐོང་ན་མི་མཛེས་མེད་པའི་སྐུ། །ཡན་ལག་དྲུག་ཅུའི་འོད་སྣང་འབུམ་སྤྲོ་འགྲོ་ཀུན་མོས་བློར་འཚམ་པའི་གསུང་། །མཁྱེན་བརྩེ་ནུས་པའི་དཀྱིལ་འཁོར་ཉ་གང་སྤངས་རྟོགས་མ་ལུས་མཐར་སོན་ཐུགས། །ཐུབ་པའི་དབང་པོ་སྲིད་པའི་མིག་གཅིག་དེ་རིང་བདག་བློའི་མཁའ་ལ་རོལ། །བྱིན་རླབས་འོད་ཟེར་དཀར་པོའི་སྣང་བ་ཡིས། །ཕན་བདེ་ཨུཏྤལ་འཛུམ་པའི་གཉེན་གཅིག་པུ། །ཐུབ་པའི་དམ་ཆོས་བདུད་རྩིའི་འབྱུང་གནས་ཆེ། །དུས་ཀྱི་མཐར་ཡང་སྲིད་ན་རྒྱལ་གྱུར་ཅིག །སྡོམ་ཁྲིམས་པད་དཀར་མཛེས་པའི་སྙིང་པོ་རུ། །རིག་གྲོལ་སྦྲང་རྩིའི་ཕུང་པོའི་ཁུར་གྱིས་ངལ། །བསོད་ནམས་དྲི་བསུང་མངར་མོས་རིས་མེད་འགྲོ། །འཚོ་མཛད་ཚོགས་ཀྱི་མཆོག་ལ་རྟག་ཏུ་འདུད། །གུར་ཀུམ་མདངས་འཛིན་གཞོན་ནུའི་སྐུ་ལུས་ཅན། །ཚེ་རབས་དུ་མར་བསྙེན་པའི་ཡི་དམ་ལྷ། །འཇམ་དཔལ་དཔའ་བོ་ཞེས་སུ་གྲགས་འབར་བས། །ཀུན་ཏུ་ཤིས་པའི་མེ་ཏོག་འཐོར་གྱུར་ཅིག །གངས་རིའི་མུ་ཁྱུད་མཛེས་པའི་གནས་མཆོག་ན། །དད་དང་སྙིང་རྗེས་འཚོ་བ་བོད་ཀྱི་རིགས། །དེ་ཡི་མ་འོངས་བསམ་དང་སྦྱོར་བའི་ཚུལ། །ཤ་ཞེན་དྲག་པོའི་བློ་ཡིས་བཤད་ཀྱིས་ཉོན། །
དེ་ཡང་བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དེ་ཉིད་ཀྱི་ལུང་གིས་ཟིན་ཅིང་། །འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་དུ་གྱུར་པ་གངས་ཅན་གྱི་ལྗོངས་ཞེས་པ་འཛམ་གླིང་གི་སའི་ཡང་རྩེར་སོན་པའི་གནས་འདིར་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་དཔའ་མཛངས་བརྟུལ་ཕོད་དང་ལྡན་ཞིང་། བྱམས་བརྩེ་དྲང་བདེན་ཅན། ཡ་རབས་ཀྱི་སྤྱོད་པ་ལ་ངང་གིས་གནས་པའི་ཆོས་ལྡན་གྱི་མི་རིགས་ལོ་རྒྱུས་དང་ལྡན་པ་ཞིག་ཆགས་ཡོད་པ་ལ་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཞེས་ཡོངས་སུ་གྲགས། དེ་ཡང་རང་རེའི་མེས་པོ་སྲོང་བཙན་གྱི་དུས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མང་དུ་དར་བར་མཛད། ཁྲི་སྲོང་གི་སྐུ་རིང་ལ་ནུབ་ཀྱི་ཆུ་བོ་གང་གཱའི་འགྲམ་ནས་ཤར་རྒྱ་ནག་ཁྲང་ཨན་ཡན་ལ་དབང་བསྒྱུར་ཏེ་ཆབ་སྲིད་མངའ་ཐང་སྟོབས་འབྱོར་གྱིས་ཁམས་ཀྱི་རྒྱལ་ཁབ་སུ་ལའང་ངོ་གནོང་མི་དགོས་པ་དང་། ཕྱིས་རྒྱ་གར་གྱི་པཎྜི་ཏ་ཡོངས་ཀྱི་གཙུག་རྒྱན་དཔལ་མར་མེ་མཛད་ཡེ་ཤེས་བོད་དུ་བྱོན་སྐབས་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་ཀྱི་སྐུ་རིང་ལ་བོད་དུ་ཆོས་དར་བ་ཙམ་ནི་རྒྱ་གར་དུའང་དར་ཡོད་ཚོད་མི་འདུག་ཅེས་བསྔགས་བརྗོད་མཛད་པ་ལྟར་བོད་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་སྨོན་པའི་གནས་སུ་གྱུར་བ་ཞིག་བྱུང་སྟེ། དེ་དག་ཀྱང་ཆོས་རྒྱལ་སྐུ་དྲིན་ཅན་དེ་རྣམས་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་འབད་པ་རང་ལ་བརྟེན་ནས་བྱུང་སྟེ། དེ་སོགས་ང་རྒྱལ་དང་སྤོབས་པ་གཉིས་ཀ་སྟེར་བའི་ལོ་རྒྱུས་ཀྱི་དན་དཔང་འདི་དག་གི་ཐོག་ནས་ང་ཚོའི་མི་རིགས་འདི་ནི་རང་གིས་རང་བསྟོད་པའི་ངན་གཡོ་ཙམ་མ་ཡིན་པར་རླབས་ཆེན་གྱི་ལོ་རྒྱུས་དང་ལྡན་པའི་མི་རིགས་ཤིག་དངོས་གནས་ཡིན་པ་ཤེས་པར་བྱ་དགོས་པ་ཞིག་གོ །དེ་ནས་རིམ་བཞིན་དུས་ཀྱི་འཕོ་འགྱུར་གྱིས་བོད་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་སྟེ། ད་ལྟའི་དུས་རབས་གསར་བའི་ནང་དུ་ནི་ང་ཚོ་སྔོན་ཐོན་གྱི་མི་རིགས་ཀྱི་གྲལ་དུ་ཚུད་ཡོད་མེད་ཀུན་གྱིས་ཤེས་པ་དེ་ག་རང་རེད། ད་ལྟའི་མི་འགྱང་བའི་མ་འོངས་པར་དུས་རབས་ཉེར་གཅིག་པའི་ནང་དུ་འབྱོར་གྲབས་ཡིན། དུས་རབས་འདིའི་ནང་མིའི་བསམ་བློའི་འཁྱེར་སོ་དང་ཕྱི་རོལ་གྱི་དངོས་པོ་འཛུགས་སྐྲུན་སོགས་ལ་འཕོ་འགྱུར་ཅི་རིགས་ཤིག་འོང་རྒྱུ་ནི་དངོས་པོའི་ཆོས་ཉིད་རེད། འཕོ་འགྱུར་དེའི་ཁྲོད་ནས་ང་ཚོ་བོད་མི་རིགས་ཀྱི་བསམ་བློའི་དགེ་མཚན་དང་། ཐུན་མིན་གྱི་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ཕ་མེས་ཀྱི་སྲོལ་རྒྱུན་བཟང་པོ་རྣམས་མི་ནུབ་པར་རྒྱུན་འཛིན་བྱ་རྒྱུ་དང་། དེང་རབས་ཀྱི་རིགས་པ་གསར་བ་འཕྲལ་ཕུགས་གཉིས་ཀར་ཕན་པའི་ཆ་རྣམས་ལ་བདག་གིར་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་རིགས་འདྲ་འདྲའི་ནང་ནས་རྗེས་ལུས་སུ་མི་འགྱུར་བའི་ཐབས་ལ་བསམ་བློ་ཞིབ་ཚགས་ཤིག་གཏོང་རྒྱུ་ནི་བོད་མི་རེ་རེས་ཀྱང་མི་བྱེད་དུ་མི་རུང་བ་ཞིག་རེད། དཔེར་ན་དུད་ཁྱིམ་དབུལ་བོ་འབུ་ཚང་ལྟ་བུ་ཞིག་ལས་མེད་པ་དག་གིས་ཀྱང་ངེད་ཚང་གིས་མ་འོངས་པ་ན་འདི་དང་འདི་འདྲ་ཞིག་མ་བྱས་ན་ཉམས་རྒུད་འདི་དང་འདི་འདྲ་ཞིག་འོང་གིས་ཞེས་ཁྱིམ་མི་ཡོངས་ཀྱིས་བསམ་བློ་ཆིག་སྒྲིལ་བྱེད་པ་ཡིན་ན། ང་ཚོ་རླབས་ཆེན་གྱི་ལོ་རྒྱུས་ལྡན་པའི་མི་རིགས་འདི་འདྲ་བ་ཞིག་གིས་འཛམ་གླིང་ཧྲིལ་པོར་ཕན་པ་ཡོད་པའི་རིག་གཞུང་སོགས་གང་ལའང་བསམ་བློ་མི་གཏོང་བར་རང་གི་ལྟོ་གོས་ཙམ་གྱིས་ཆོག་ཤེས་པར་བྱེད་པ་ནི་བླུན་པོ་ཐ་ཤལ་བ་ལང་གི་ངང་ཚུལ་གསལ་བར་བྱེད་པ་སྟེ་ཤིན་ཏུ་སྨད་པའི་གནས་སོ། །དེས་ན་བྱ་བ་འདི་ནི་གཙོ་བོ་བོད་མི་རིགས་སྤྱི་ལ་ཕན་སེམས་ཆེ་ཞིང་བློ་དཀར་གཞུང་དྲང་གི་རྒན་པོ་ཉམས་མྱོང་ཅན་རྣམས་དང་། གནའ་དེང་ཟུང་དུ་སྦྲེལ་ཏེ་བཟང་ལེན་ངན་འདོར་བྱེད་ནུས་པའི་གཞོན་ནུ་བློ་གྲོས་ཅན་རྣམས་དང་། ཆོས་སྲིད་གཉིས་ཀ་ལ་ཤེས་རྒྱ་ཆེ་ཞིང་མི་སེམས་ལེགས་པའི་ལམ་དུ་སྒྱུར་བའི་ནུས་པ་དང་ལྡན་པའི་བླ་སྤྲུལ་བཅས་ལ་མ་བསྐོས་ལས་ཀྱི་བགོ་སྐལ་དུ་བབ་འདུག་པས་སོ་སོ་ནས་འོས་བབ་ཀྱི་ནུས་པ་རྩལ་དུ་འདོན་རྒྱུ་དང་། གཞན་བོད་རྒྱ་ཆེའི་དམངས་ཚོགས་རྣམས་དེ་དག་གི་རྗེས་སུ་འབྲངས་ཏེ་བློ་སེམས་ཆིག་སྒྲིལ་གྱིས་མ་འོངས་པའི་མདུན་ལམ་ལ་འབད་རྩོལ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནས་སོ། །
དེས་ན་མ་འོངས་པ་དུས་རབས་ཉེར་གཅིག་པའི་ནང་ང་ཚོ་བོད་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་ཇི་ལྟར་བྱ་བ་ལ་བཞི་སྟེ། དང་པོ་ནི་ཇི་སྐད་དུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས་པ་བཞིན་དུ། ཕོ་མོ་རྒན་གཞོན་ཡོངས་ཀྱིས་རྒྱུན་དུ་བསམ་པ་བཟང་པོ་འབའ་ཞིག་ལ་ཕུགས་བཅོལ་དགོས། དེ་ཡང་བསམ་པ་བཟང་པོ་ཟེར་བ་གཞན་འགྲོ་བ་མིའི་རིགས་སུ་གཏོགས་པ་ཞིག་གམ། ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ཅིག་གིས་སྡུག་བསྔལ་མྱོང་བཞིན་ཡོད་པ་མཐོང་ན། འདིའི་སྡུག་བསྔལ་དེ་འཕྲལ་དུ་མེད་པར་གྱུར་ན་ཅི་མ་རུང་སྙམ་དུ་སེམས་ཁུར་བྱ། དཔེར་ན་རང་ཉིད་ཀྱིས་ཐ་ན་ཉི་མ་ཚ་བའི་དུས་སུ་རླུང་བསིལ་བ་ཙམ་དང་། གྲང་བའི་དུས་སུ་ཉི་འོད་ཅུང་ཟད་ཕོག་པའི་བདེ་བ་ཡན་ཆད་འདོད་ལ། ལུས་ལ་མེ་སྟག་ཕྲ་མོ་ཙམ་ལྷུང་བ་དང་། ཚེར་མ་ཞིག་ཟུག་པ་ཙམ་དང་། གཞན་གྱིས་ཚིག་ངན་ཞིག་སྨྲས་པ་ཙམ་ཡང་ཐོས་པར་མི་འདོད་པ་དེ་བཞིན་དུ་རང་རེ་མིའི་རིགས་ཐམས་ཅད་ཙམ་དུ་མ་ཟད་འབུ་སྦྲང་ཡན་ཆད་དེ་ག་ཁོ་ན་ལྟར་ཡིན་པས་གཞན་ལ་རང་དགར་གནོད་པ་བྱ་བའི་སེམས་དང་། གསོད་སེམས་སྤང་བར་བྱ། གཞན་དབུལ་བོ་ཉམ་ཐག་པ་ཞིག་གིས་ནོར་རྫས་ཅུང་ཟད་རྙེད་པའམ། དུད་འགྲོ་ཞིག་བཤས་ར་ནས་ཐར་བའམ། ཐ་ན་མི་ཞིག་གིས་བོར་སྟོར་བྱུང་བའི་དངོས་པོ་ཞིག་སླར་རྙེད་པ་ཡན་ཆད་ལའང་ཅི་མི་སྙམ་དུ་མི་འཇོག་པར་དགའ་བར་བྱ། དེ་དག་ལ་སྙིང་རྗེ་དང་བྱམས་པ་ཟེར། དེ་གཉིས་རང་རེ་བོད་མི་ཙམ་དུ་མ་ཟད་སྐྱེ་འགྲོ་སྤྱི་ལ་དམིགས་ཏེ་བསམ་དགོས། ཤ་རུས་གཅིག་པའི་རང་རིགས་ཀྱི་སྤུན་ཟླ་རྣམས་ལ་དུང་སེམས་ལྷག་པར་བྱ་རྒྱུ་དང་། རང་རིགས་ཀྱི་ཡོན་ཏན་ལ་ཕངས་སེམས་ཁྱད་པར་ཅན་བྱ་རྒྱུ་ནི་སྐྱེ་བོ་དམ་པའི་ངང་ཚུལ་ཡིན་ཏེ་མི་རིགས་དེ་ཉིད་ནམ་གནས་ཀྱི་བར་དུ་མེད་ཐབས་མེད་པའི་བསམ་བློ་རིན་ཐང་དང་བྲལ་བ་ཞིག་ཡིན། དེ་འདྲའི་བྱམས་དང་སྙིང་རྗེ་དེ་ཉིད་མི་གཅིག་ལ་ཡོད་ན་སེམས་ཁོང་འཁྲུགས་པ་མེད་པར་རྟག་ཏུ་སྣང་བ་དགའ་ཡ་ལེར་གནས་ཤིང་། ཡུལ་གང་དུ་ཕྱིན་ཀྱང་གཞན་ཕན་འབྱུང་བ། གྲོགས་སུ་དང་འགྲོགས་ཀྱང་མི་མཐུན་པ་མེད་པ། སྐྱེ་བོ་ཀུན་གྱིས་བསྟོད་བཀུར་བསྔགས་པའི་གནས་སུ་གྱུར་ཏེ་རང་གི་བསམ་དོན་ཐམས་ཅད་ངང་གིས་འགྲུབ། སྐྱེ་བ་ཕྱི་མར་ཡང་། སྤྱོད་འཇུག་ལས། སེམས་གསལ་གཅིག་གི་འབྲས་བུ་ནི། །ཚངས་ལ་སོགས་པ་ཡིན་པར་འདོད། །ཅེས་པ་ལྟར་བྱམས་དང་སྙིང་རྗེའི་རྣམ་སྨིན་གྱི་འབྲས་བུས་མངོན་མཐོ་ལྷ་མིའི་དཔལ་ལ་སྤྱོད་ཅིང་། རྒྱུ་མཐུན་གྱི་འབྲས་བུས་ཚེ་རབས་ཐམས་ཅད་དུ་བྱམས་དང་སྙིང་རྗེ་གཞན་ཕན་ཅན་དུ་འགྱུར་བ་གོར་མ་ཆག་པས་ཚེ་འདི་ཙམ་དུ་མ་ཟད་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཐམས་ཅད་དོན་དང་ལྡན་པ་ཡིན་ནོ། །ཡང་དེ་འདྲའི་བསམ་པ་བཟང་པོ་དེ་ཁྱིམ་ཚང་གཅིག་གི་ཁྱིིམ་མི་ཡོངས་ལ་ཡོད་ན་ཁྱིམ་ཚང་དེ་དབུལ་བོ་ཐ་ཆད་ཇི་འདྲ་ཞིག་ཡིན་ཡང་རུང་སྟེ། བདེ་བ་ཐམས་ཅད་ཀྱི་རྩ་བ་སེམས་སྐྱིད་པ་ཞེས་པ་ལྟར་དུ་ཐམས་ཅད་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་ནས་དུས་འདའ་བ་ཞིག་འོང་། དེ་བཞིན་དུ་བསམ་པ་དེ་གྲོང་ཚོ་གཅིག་ལ་ཡོད་ན་གྲོང་ཚོ་གཅིག་དང་། རྒྱལ་ཁབ་གཅིག་ལ་ཡོད་ན་རྒྱལ་ཁབ་གཅིག་འཛམ་བུ་གླིང་གི་མི་ཡོངས་ལ་ཡོད་ན་འཛམ་གླིང་ཧྲིལ་པོ་བདེ་ཞིང་སྐྱིད་པ་ཞིག་འོང་བ་ལ་ཐེ་ཚོོམ་མེད། རང་རེས་འདས་ཟིན་པའི་ལོ་རྒྱུས་དེ་ཚོར་ཕྱི་མིག་ཅིག་བལྟས་ན་འཛམ་གླིིང་སྤྱི་དང་བྱེ་བྲག་ལ་གོད་ཆག་བྱུང་ངོ་ཅོག་ཐམས་ཅད་རང་གི་དོན་དུ་གཞན་ལ་འཚེ་བར་འདོད་པའི་བསམ་པ་མ་རུང་བས་བྱས་པ་འབའ་ཞིག་སྟེ། དུས་རབས་འདི་ཉིད་ཀྱི་སྟོད་དུ་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་བྱུང་སྟེ་སྐྱེ་བོ་བགྲང་གིས་མི་ལང་པ་ཞིག་དམར་གསོད་བྱས། ཨ་རིས་འཇར་པན་གྱི་སྟེང་དུ་རྡུལ་ཕྲན་འབར་མདེལ་འཕངས་ཏེ་མི་འབུམ་གྱི་ཚེ་སྲོག་དུས་གཅིག་ལ་བརླགས། ཉེ་ཆར་མཚོ་ཁུག་ཏུ་འཁྲུག་པ་ལངས་ཏེ་དེང་རབས་ཀྱི་མཚོན་ཆ་ཡ་ང་བ་རྣམས་སྤྱད་ནས་དཀའ་སྡུག་གིས་བསགས་པའི་ནོར་རྫས་དང་རིན་ཐང་བྲལ་བའི་སྐྱེ་འགྲོའི་ཚེ་སྲོག་ཅི་ཙམ་ཞིག་འཕྲོ་བརླག་ཏུ་བཏང་། གཞན་ཡང་རྒྱལ་ཁབ་དང་རྒྱལ་ཁབ་བར། མི་རིིགས་དང་མི་རིིགས་བར་ཕན་ཚུན་མཐོང་ཆུང་། བརྙས་བཅོས། བཙན་དབང་ཅི་ཙམ་བྱས་པ་ཐམས་ཅད་ཀྱི་རྩ་བ་བྱམས་དང་སྙིང་རྗེ་མེད་པ་འདི་ཁོན་ལ་ཐུག །ཁྱད་པར་དུ་ཡང་འཛམ་གླིང་སྤྱི་ལ་མཚོན་ན་ད་ལམ་སྔོན་མེད་དེང་རབས་ཀྱི་མཚོན་ཆ་འཇིགས་སུ་རུང་བ་གྲངས་ཀྱིས་མི་ཆོད་པ་ཞིག་བཟོས་ཏེ་ས་འོག་ས་སྟེང་ས་བླ་ཐམས་ཅད་བཀང་ནས་ཡོད་པའི་དུས་འདི་འདྲའི་སྐབས་སུ་བྱམས་དང་སྙིང་རྗེའི་དཔྱང་ཐག་ཆད་ན་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར། རིག་གཞུང་། སྐྱེ་འགྲོའི་ཚེ་སྲོག་དང་བཅས་པ་ལ་རེ་ཐག་གཏིང་ནས་ཆད་ཚར་བ་རེད། དེ་ལྟ་བས་ན་གཞན་ཕན་གྱི་བསམ་པ་བཟང་པོ་བརྒྱ་ལ་སྐྱེད་མ་ནུས་ནའང་། ཇི་སྐད་དུ། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པ་ལྟར་དུ་རང་གི་ལུས་སེམས་ལ་སྡུག་བསྔལ་འབྱུང་བར་མི་འདོད་པ་དཔེར་བྱས་ཏེ་རང་བདེ་བ་ཅུང་ཟད་འཐོབ་པའི་ཆེད་དུ་གཞན་གྱི་ལུས་སྲོག་ལ་གནོད་པ་བྱ་འདོད་ཀྱི་བསམ་ངན་དེ་དུག་བཞིན་དུ་སྤང་བར་བྱ་དགོས། ལར་རང་རེའི་སེམས་འདི་རྟ་སར་ལ་ཁ་ལོ་བསླབ་པ་དང་འདྲ་སྟེ་གང་བསླབ་པ་དེ་ཉིད་ལོབ་སྟེ་འོང་། དང་པོ་ནས་བསམ་པ་འཆོས་མི་དགོས་པར་ངང་གིས་ཕན་སེམས་ཅན་ནི་དཀོན་པོ་རང་ཡིན་ཡང་མི་ཚེ་དོན་དང་ལྡན་པ་ཞིག་བྱ་འདོད་ཕན་ཆད་འདི་མི་སློབ་ཀ་མེད་ཡིན། བསམ་བཟང་འདི་ཡོད་ན་ཆོས་དང་འཇིག་རྟེན་གྱི་ལེགས་ཚོགས་མ་ལུས་པའི་གཞི་རྟེན་གཅིག་པུ་ཡིན་པས་ཤིན་ཏུ་གལ་ཆེའོ། །
གཉིས་པ་ཟོལ་མེད་ཀྱི་དྲང་བདེན་བྱ་རྒྱུ་ནི། རང་རེ་མིའི་སྤྱི་ཚོགས་ཀྱི་ནང་དུ་སྐྱེས་ནས་མ་ཤིའི་བར་མེད་དུ་མི་རུང་བ་གཅིག་ནི་ཟོལ་མེད་དྲང་བདེན་གྱི་བསམ་པ་འདི་རེད། མི་རིགས་དང་མི་རིགས་བར་རམ། མི་དང་མིའི་བར་ཡང་རུང་སྟེ་གཡོ་སྒྱུ་མེད་པའི་བསམ་པ་དྲང་པོ་བྱ་རྒྱུ་འདི་ནི་རང་བདེ་བ་དང་གཞན་དགའ་བའི་རྒྱུ་མ་ནོར་བ་ཡིན། རང་སེམས་ལ་ཞུ་དག་ཕེར་བའི་བསམ་པ་ཟོལ་མེད་ཅིག་གིས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཕལ་མོ་ཆེ་ཞིག་ཡིད་བཞིན་དུ་འགྲུབ་པ་མངོན་སུམ་རེད་ལ་གལ་ཏེ་མ་གྲུབ་ཀྱང་འགྱོད་པ་ཅི་ཡང་མི་འོང་། གཞན་དུ་རང་བདེ་འདོད་དང་གཞན་བསླུ་འདོད་ཀྱིས་གཡོ་སྒྱུ་ཁོ་ན་བྱས་ཚེ་འགྲོ་བ་མིའི་རིགས་ལ་བསམ་གཞིགས་གཏན་ནས་བྱེད་མི་ཤེས་མཁན་ཞིག་མི་སྲིད་པས་ཡང་ནས་ཡང་དུ་མགོ་སྐོར་གཏོང་ཐུབ་དཀའ་བས་རང་གི་ཞེ་འདོད་མི་འགྲུབ་པར་མ་ཟད་མཐར་རང་ཉིད་ཕོངས་པའི་རྒྱུར་ཡང་འགྱུར་རོ། །སྤྱིའི་ཆ་ནས་ང་ཚོ་བོད་མི་རྣམས་དངོས་གནས་གཡོ་མེད་དྲང་བདེན་གྱི་བསམ་པ་ཅན་དུ་འདུག་སྟེ། རང་རེའི་བོད་རིགས་སྤུན་ཟླ་རྣམས་འཛམ་གླིང་ཧྲིལ་བོར་འཐོར་ཏེ་གནས་ཚེ་ཡུལ་དེ་དང་དེའི་མི་རྣམས་ཀྱི་ཡུན་རིང་དུ་འགྲོགས་པའི་ཉམས་མྱོང་ལ་བོད་ཟེར་བ་སྙིང་རྗེ་ཕན་སེམས་ཅན། དྲང་བདེན་དང་། སྤོབས་པ་ཅན་ཡ་རབས་ཀྱི་མི་རིགས་ཤིག་རེད་ཅེས་བསྔགས་བརྗོད་བྱེད་པ་ཆེས་མང་དུ་འདུག་པ་ནི་ང་ཚོའི་ཕ་མེས་བཟང་པོས་བཞག་བའི་གཟི་བརྗིད་ཡིན་པས་སྲོལ་བཟང་དེ་དག་མི་ཉམས་པར་བྱ་རྒྱུ་ནི་གལ་ཆེ་བའི་གནས་སོ། །
གསུམ་པ་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་ལ་ཕངས་སེམས་ཆེ་ཐང་དུ་བྱ་རྒྱུ་ནི། འཛམ་གླིང་ཐོག་གི་མི་རིགས་གང་ཞིག་ཡིན་ཡང་རུང་སྟེ་མི་རིགས་དེ་ཉིད་ཀྱི་རིགས་རྒྱུན་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཅི་ཙམ་ཞིག་ཏུ་གནས་ཐུབ་མིན་ནི་གཙོ་བོ་མི་རིགས་དེ་ཉིད་ལ་རང་རིགས་ཀྱི་རིགས་རྒྱུན་སོགས་ལ་མཐོང་ཆེན་བརྩི་འཇོག་ཕངས་སེམས་ཡོད་མེད་འབའ་ཞིག་ལ་རག་ལས་ཡོད། རང་རིགས་ཀྱི་ཡོན་ཏན་ལ་རང་རང་གིས་བདག་པོ་མ་བྱས་ན་གཞན་གྱིས་སྐྱོབ་དགོས་ཚེ་དཀའ་ལས་རང་ཡོད། གང་གི་ཚེ་མི་རིགས་རང་ཉིད་ཀྱི་ཡོན་ཏན་ལ་བརྩི་འཇོག་ཅི་ཡང་མེད་པར་དགོས་མེད་དུ་གཞན་གྱི་ལད་མོ་ཁོ་ནར་འཆེལ་བ་དེའི་ཚེ་མི་རིགས་དེ་ཉིད་ཀྱི་རིག་གཞུང་སོགས་ཕལ་ཆེར་སའི་གོ་ལ་འདིའི་སྟེང་ནས་ཡལ་བའི་མགོ་རྩོམ་པ་དང་རྟགས་བསྟན་པ་ཡིན། འཛམ་གླིང་ཐོག་མི་རིགས་སུ་འདྲ་ཞིག་ཡིན་ཡང་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་ལ་ཤ་ཚ་མི་བྱེད་པ་སུ་ཞིག་ཡོད་དེ། གལ་ཏེ་ཡོད་ན་བླུན་པོ། ཅོལ་ཆུང་། ཀླད་མེད་སྤྲེའུ་ལྟ་བུ་ཞེས་བྱ། ཉེ་དུས་སུ་ཝོས་པའི་ཁུའི་སྐད་ཡིག་རྒྱུན་ཆད་དེ་ས་ཆེན་པོ་འདིའི་སྟེང་ན་སྐད་ཡིག་དེ་ཤེས་མཁན་རྒད་པོ་ལོ་བརྒྱད་ཅུ་ལྷག་ཏུ་སོན་པ་གཅིག་པུ་ཞིག་ལས་མ་ལྷག་པས་པཱ་ལུའུ་སྐད་ཡིག་ཞིབ་འཇུག་ཁང་གིས་ཀྱང་སྐྱོབ་ཐབས་མ་བྱུང་བ་དེ་འདྲ་ཞིག་བྱུང་ན་མི་རིགས་སུ་ལའང་དེ་ལས་བློ་ཕམ་ཆེ་བ་ཅི་ཞིག་ཡོད། མི་རིགས་གང་ཡིན་ཡང་རང་གི་སྐད་ཡིག་སོགས་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་ཐམས་ཅད་ནུབ་ཟིན་པའི་འོག་ཏུ་མི་རིགས་དེ་ཉིད་ཀྱང་གཞན་ཞིག་ཏུ་འགྱུར་ཚར་བ་རེད། དེས་ན་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་རྣམས་ལ་ཐམས་ཅད་ཀྱིས་ཕངས་སེམས་ཆེས་ཆེར་བྱ་རྒྱུ་འདི་ནི་རིགས་དེ་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་ཅི་བས་ཀྱང་གལ་ཆེའོ། །དེའི་ཕྱིར་ང་ཚོ་བོད་ཆོལ་ཁ་གསུམ་གྱི་མཐོ་གདུགས་ཞབས་ཀྱི་བླ་མ། ཁྲི་ཐོག་གི་དཔོན་པོ། ན་གཞོན་ཤེས་ཡོན་ཅན་རྣམས་དང་། དམའ་སློབ་ཆུང་གི་སློབ་མ་ཡན་ཆད་ཀྱིས་བློ་སེམས་ཆིག་སྒྲིལ་གྱིས་ང་ཚོའི་ཕ་མེས་བཟང་པོས་བཞག་པའི་རིག་གཞུང་། ད་ལྟ་བོད་གངས་ཅན་ཙམ་དུ་མ་ཟད་མཚན་ཉིད་རིགས་པ་དང་། ཚན་རིག་གི་ཤེས་ཡོན་ཡང་རྩེར་སོན་པའི་འཛམ་གླིང་སྔོན་ཐོན་གྱི་རྒྱལ་ཁབ་རྣམས་ཀྱི་ནང་ནའང་ཕན་པ་ཅི་རིགས་པ་ཐོན་དང་འཐོན་བཞིན་པའི་གཟི་བརྗིད་དང་ལྡན་པ་འདི་དང་། འཛམ་གླིང་གི་གྲོགས་པོ་རྣམས་ཀྱིས་གདེང་འཇོག་གནང་བའི་ཡ་རབས་ཚུལ་མཐུན་གྱི་གཤིས་ཀ་ཕ་མེས་ཀྱི་རིང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་རྣམས་རྒྱུན་འཛིན་དར་སྤེལ་གྱི་ཆེད་དང་། མ་འོངས་པའི་བོད་མི་རིགས་ཀྱི་མདུན་ལམ་གྱི་དོན་དུ་ཇི་མི་སྙམ་དུ་མི་འཇོག་པར་ལྷག་བསམ་ཟོལ་མེད་བྱ་རྒྱུ་འདི་ནི་མི་རིགས་ཀྱི་འཚོ་བ་དང་རིག་གནས་ཡུན་ནས་ཡུན་དུ་དར་རྒྱས་སུ་འགྲོ་བ་ལ་ཡོད་ན་གཅིག་ཆོག་མེད་ན་ཐབས་ཆག་ཡིན་པས་ན་ནམ་ཡང་རྩིས་མེད་བཏང་སྙོམས་སུ་བཞག་པའི་འོས་མ་ཡིན་ནོ། །
བཞི་པ་དམ་པའི་ཆོས་ལ་ཡིད་ཆེས་བྱ་བ་ལའང་བཞི་སྟེ། དང་པོ་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱ་བ་ནི། ནང་པ་སངས་རྒྱས་པའི་དམ་པའི་ཆོས་འདི་ནི་རང་རེ་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རིའིི་སྐུ་རིང་ལ་དབུ་བརྙེས། སྲོང་བཙན་གྱི་དུས་སུ་སྲོལ་བཏོད། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་དར་ཞིང་རྒྱས་པར་གྱུར་ཏེ་བོད་མི་རིགས་ཧྲིལ་པོའི་སེམས་དང་འབྲེལ་བ་གཏིང་ཟབ་ཅིག་ཆགས་ཏེ། གངས་ཅན་པ་སྤྱིའི་རིག་གཞུང་ཡོངས་ཀྱི་རྩ་བ་དང་གཙོ་བོ་ཞིག་ཏུ་གྱུར། དེའི་དབང་གིས་རིག་གཞུང་ཐམས་ཅད་ཀྱང་གཞན་ལ་ཕན་པ་འབའ་ཞིག་ལྷུར་ལེན་པ་ཉིད་དུ་གྱུར་ཅིང་། ཐ་ན་དུད་འགྲོ་ཡན་ཆད་ལ་བྱམས་དང་སྙིང་རྗེ་བྱེད་ཤེས་པ་དང་། སྤྱོད་ངན་རྣམས་ལའང་འདི་བྱས་ན་བདག་ལ་མི་རུང་སྙམ་དུ་འཛེམ་བག་ཤེས་པ་སོགས་བསམ་བློའི་དགེ་མཚན་མང་པོ་ཞིག་སྣང་བ་འདི་རྣམས་དམ་པའི་ཆོས་ཀྱི་དྲིན་རང་དུ་འདུག །ལར་ཆོས་ཟེར་བ་འདི་ནི་བཞི་བརྒྱ་པ་ལས། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཆོས་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་ཁོ་ནའོ། །ཞེས་གསུངས་པ་ལྟར་མི་འཚེ་བ་ཞིག་སྟེ། དེ་ཡང་གཞན་ལ་གནོད་པའི་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་སྤོང་བ་དང་། དེའི་སྟེང་དུ་གཞན་ཕན་རྒྱ་ཆེར་སྒྲུབ་པ་སྟེ་སྔ་མ་ཐེག་པ་ཐུན་མོང་པ་དང་། ཕྱི་མ་ཐེག་པ་ཆེན་པོའི་ཐུན་མིན་གྱི་ཆོས་སོ། །ཆོས་འདི་གཉིས་པོ་མི་སྒེར་རམ། སྤྱི་ཚོགས་ཀྱི་ཚོགས་པའམ། རྒྱལ་ཁབ་སྟེ་སུ་ཞིག་གིས་ཉམས་སུ་ལེན་ནུས་པ་དེ་དག་འདི་ཕྱི་གཉིས་ཀར་བདེ་ནས་བདེ་བར་འགྲོ་བ་ལ་ཐེ་ཚོམ་མེད། གཞན་ལ་འཚེ་བ་མེད་པ་འདི་ཉམས་སུ་བླངས་ན་རང་གི་སྤྱོད་ངན་རྣམས་རང་གིས་འགོག་པས་ཁྲིམས་ཞེས་པ་ཡན་གར་དུ་ཅི་ཡང་མི་དགོས། གཞན་དུ་ན་འཇིགས་ཤིང་རྔམ་པའི་ཁྲིམས་གཅོད་པ་དྲུང་དུ་ཡོད་ཚེ་ཁྲིམས་ཡོད་དང་མེད་ཚེ་ཁྲིམས་མེད་དུ་གྱུར་བ་རེད། གལ་ཏེ་འཛམ་གླིང་ཐམས་ཅད་དེ་འདྲ་ཞིག་ཏུ་གྱུར་ན་འགྲོ་བ་མིའི་རིགས་ལ་མདུན་ལམ་རྩ་བ་ནས་མེད་པ་ཉིད་དུ་གྱུར་བ་རེད། དེ་འདྲའི་བསམ་པ་བཟང་པོ་དེ་དག་གསེར་སྲང་སྟོང་བྱིན་ཡང་ཚོང་འདུས་ནས་ཉོ་རྒྱུ་མི་རྙེད། སྟོབས་འབྱོར་ཇི་འདྲ་ཞིག་དང་ལྡན་ཡང་གཞན་ལ་འཕྲོག་རྒྱུ་མི་འོང་། ངན་གཡོའི་སྦྱོར་བ་ལ་ཇི་ལྟར་མཁས་ཀྱང་བརྐུ་རྒྱུ་མི་རྙེད། འོ་ན་ཇི་ལྟར་བྱ་ཞེ་ན། རྒྱུ་མཚན་དང་ལྡན་པའི་ཐབས་ཤིག་ལ་བརྟེན་ནས་རང་རྒྱུད་ལ་བསྐྱེད་དགོས། ཐབས་དེ་ནི་གཞན་ལས་ཀྱང་ཅུང་ཟད་རེ་འབྱུང་མོད། ཆེས་ཕུལ་དུ་བྱུང་བ་ནི་དམ་པའི་ཆོས་ཁོ་ན་ལས་བསྟན་པས་དེ་ལ་བརྟེན་པ་མ་གཏོགས་ཐབས་གཞན་མེད་དོ། །དེང་སང་འཛམ་གླིང་ཧྲིལ་བོར་ཚན་རིག་ལག་ཤེས་དར་བས་ཕྱི་རོལ་གྱི་དངོས་པོའི་འཚོ་བ་ལ་འཕེལ་རྒྱས་ཆེན་པོ་བྱུང་འདུག་སྟེ་འཇིག་རྟེན་འཕུར་གྲུ་བཟོས་ཏེ་ཟླ་བའི་སྟེང་དུ་བགྲོད་ཅིང་མི་མ་ཡིན་པའི་གྲོང་ཁྱེར་དང་སྐྱེ་འགྲོ་ལའང་མངོན་སུམ་དུ་ལྟ། གློག་གི་ཀླད་པ་བཟོས་ཏེ་ཕལ་བ་དག་གི་མཚན་རྨི་ལམ་གྱི་ནང་དུའང་འབྱུང་མི་ཐུབ་བའི་ཡོ་བྱད་སྣ་ཚོགས་བསྐྲུན། འཕྲུལ་ཆས་ཀྱི་མི་བཟོས་ཏེ་དགྲ་འདུལ་གཉེན་སྐྱོང་གིས་མཚོན་པའི་བྱ་བ་སྣ་ཚོགས་ལ་བཀོལ་སྤྱོད་བྱེད་པ་སོགས་བློས་མི་ཁྱུད་པ་ཙམ་བྱུང་ཡོད། འོན་ཀྱང་དེ་དང་མཉམ་དུ་འཛམ་གླིང་ཐམས་ཅད་སྐད་ཅིག་ལ་ཐལ་བ་རྡུལ་དུ་རློག་པའི་རྫས་ངན་གྱི་སྦྱོར་བ་གྲངས་ཀྱིས་མི་ཆོད་པ་ཞིག་བཟོས་ཏེ་ས་ངོས་ཙམ་དུ་མ་ཟད་རྒྱ་མཚོའི་གཏིང་དང་། བར་སྣང་ཐམས་ཅད་བཀང་སྟེ་འགྲོ་བ་མིའི་རིགས་མཐའ་དག་གི་ཚེ་སྲོག་དང་བཅས་པ་རླུང་གསེབ་ཀྱི་མར་མེ་ལྟ་བུར་གྱུར་བ་ཤིན་ཏུ་ཡ་ང་བའི་དུས་སྐབས་རེད། ནང་སེམས་ཀྱི་རྣམ་རྟོག་འདོད་ཆགས་དང་ཞེ་སྡང་སོགས་ནི་ཕྱིའི་དངོས་པོའི་འཚོ་བ་ཇི་ལྟ་ཇི་ལྟར་འཕེལ་བ་དེེ་ལྟ་དེ་ལྟར་ཇེ་རྒོད། ཇེ་རགས། ཇེ་མང་དུ་འགྲོ་བ་མངོན་སུམ་ཚད་མ་རེད། སྔོན་དུས་སུ་རྒྱལ་པོའམ་དམག་དཔོན་ལྟ་བུ་འགའ་ཞིག་གི་བྱ་བ་ཉེས་ན་ཡུལ་ཕྱོགས་གཅིག་གམ་གཉིས་ཙམ་རེ་བརླག་ཐུབ་པ་ལས་གཞན་ཐམས་ཅད་མི་ནུས། ད་ལྟ་སྲིད་འཛིན་ནམ་རིམ་པ་བརྒལ་བའི་ཚན་རིག་པའམ་དམག་དཔོན་ལྟ་བུ་ཞིག་གི་བྱ་བ་ཉེས་ན་སའི་གོ་ལ་ཧྲིལ་བོ་བརླག་ཚར་བ་ཡིན། དེའི་ཕྱིར་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཇི་འདྲ་ཞིག་ཏུ་འགྱུར་བ་ནི་གཞན་ལ་མི་འཚེ་བ་དང་གཞན་ཕན་སྒྲུབ་པའི་བསམ་པ་གཉིས་པོ་འདི་ཡོད་མེད་ཁོ་ན་ལ་རག་ལས་ཡོད་པས་ད་ལྟའི་དུས་འདིར་འདི་གཉིས་ལས་གལ་ཆེ་བ་གཞན་ཅི་ཡང་མི་འདུག །ལར་མིའི་རིགས་ཡར་རྒྱས་ཟེར་བ་དེ་ཕྱིའི་ལོངས་སྤྱོད་དང་། ནང་བསམ་བློའི་འཁྱེར་སོ་གཉིས་ཀའི་ཆ་ནས་ཇེ་བཟང་དུ་འགྲོ་དགོས་པ་ལས། རང་བདེ་བའི་ཆེད་དུ་གཞན་སྡུག་བསྔལ་བར་འདོད་པ་དང་། རང་ཕྱུག་པའི་ཆེད་དུ་གཞན་དབུལ་འདོད། གནོད་སེམས། གཡོ་སྒྱུ། ཧམ་སེམས་སོགས་བསམ་ངན་གྱིས་ཀུན་ནས་བསླངས་ཏེ་སྤྱི་ཚོགས་ཧྲིལ་བོ་ངན་སྤྱོད་ཀྱིས་གང་ན་ཕྱིའི་ལོངས་སྤྱོད་རྣམས་ནི་ཇི་ལྟར་ཡོད་ཀྱང་ཕན་པ་མེད་པར་མ་ཟད་སྡུག་བསྔལ་གྱི་སྣ་འདྲེན་ཙམ་དུ་འགྱུར་རོ། །བདེ་བ་དང་སྡུག་བསྡལ་ཐམས་ཅད་ཀྱི་བྱེད་པ་པོ་ལུས་དང་སེམས་གཉིས་པོ་འདི་ཡིན་ལ། དེ་ལས་ཀྱང་སེམས་འདི་ནི་གང་བྱེད་ཀྱི་གཙོ་བོ་ཡིན་པས་ཡུན་ནས་ཡུན་དུ་བདེ་ཞིང་སྐྱིད་པ་ཞིག་འདོད་ཕན་ཆད་མིའི་རིགས་སྤྱི་དང་བྱེ་བྲག་གི་སེམས་འདི་མི་འཆོས་ཐབས་མེད་ཡིན་ནོ། །དེ་ལྟ་ན་ཐོག་མར་ནང་པ་སངས་རྒྱས་པའི་གཞུང་ནས་བཤད་པའི་འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་ལེན་ཚུལ་གྱི་འཁོར་བའི་རྣམ་གཞག་འདི་ལ་ངེས་ཤེས་བསྐྱེད་པར་བྱ་དགོས་ཏེ་འདི་ཤེས་པ་དང་མ་ཤེས་པའི་ཁྱད་པར་ལས་མིའི་རིགས་ཀྱི་མ་འོངས་པའི་མདུན་ལམ་ལ་ཕན་གནོད་ཆེས་ཤིན་ཏུ་ཆེ་བའི་ཕྱིར་རོ། །གལ་ཏེ་ང་ཚོ་མི་ཚེ་གཅིག་པོ་འདི་མ་གཏོགས་སྐྱེ་བ་གཞན་ལེན་མི་དགོས་པར་རྒྱུན་ཆད་འགྲོ་རྒྱུ་ཡིན་ན་ནི་བྱ་བ་ཐམས་ཅད་ཚེ་འདི་ཁོ་ནའི་ཆེ་དུ་བྱས་ན་དེ་ལས་གཞན་པའི་བསམ་བློ་མང་པོ་གཏོང་དགོས་དོན་སུ་ལའང་མི་འདུག་མོད། འོན་ཀྱང་དེ་འདྲ་ཞིག་ནི་གཏན་ནས་ཡིན་པར་མི་སྣང་སྟེ། སྐྱེ་སེམས་སྐད་ཅིག་དང་པོ་དེའི་སྔོན་དུ་འཆི་སེམས་སྐད་ཅིག་ཐ་མ་སོང་བ་ཡོད་ཅིང་། འཆི་སེམས་སྐད་ཅིག་ཐ་མ་དེའི་རྗེས་སུ་ཡང་སྐྱེ་སེམས་སྐད་ཅིག་དང་པོ་འབྱུང་སྟེ་ཇི་སྲིད་དུ་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་ལས་ཉོན་གྱི་སྒྲིབ་པ་མ་སྤངས་པ་དེ་སྲིད་དུ་ཟོ་ཆུན་གྱི་ཁྱུད་མོ་དང་། བུམ་ནང་གི་བུང་བ་བཞིན་དུ་རྒྱུན་ཆད་མེད་པར་འཁོར་བའི་གནས་སུ་འཁོར་དགོས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཤ་ཁྲག་གི་ལུས་འདི་ནི་ཤི་བའི་ཚེ་རྒྱུན་ཆད་པར་འགྱུར་བས་སྐྱེ་བ་ཕྱི་མར་མི་འགྲོ་བ་བདེན་མོད། ལུས་སེམས་གཉིས་ནི་རེ་ཞིག་ལྷན་ཅིག་ཏུ་ཚོགས་པ་ཙམ་ལས་ངོ་བོ་དང་སྐྱེ་ཚུལ་སོགས་ཐ་དད་ཁོ་ན་ཡིན་པས་ལུས་ཕ་རོལ་དུ་མ་སོང་བ་ཙམ་ལས་སེམས་ཕ་རོལ་ཏུ་མ་སོང་བ་ཇི་ལྟར་ཤེས་ཏེ་མི་ཤེས་སོ། །ལུས་སེམས་གཉིས་ཀྱི་སྐྱེ་ཚུལ་ཇི་ལྟར་ཐ་དད་ཡིན་ཞེ་ན། སྒྲ་སྒྱུར་མར་པའི་སྲས་དར་མ་མདོ་སྡེས་རྣམ་ཤེས་གཅིག་གྲོང་འཕོ་གྲོང་འཇུག་གི་གདམས་པ་ལ་བརྟེན་ནས་ལུས་གསུམ་འདོར་ལེན་བྱས་ཚུལ་དང་། རྣལ་འབྱོར་པས་རྨི་ལམ་སྤྲུལ་སྒྱུར་ལ་བརྟེན་ནས་གདོས་བཅས་གྱི་ལུས་ཤུལ་དུ་བཞག་སྟེ་རྒྱང་རིང་པོར་འགྲོ་བ་དང་། འདས་ལོག་པ་དག་གིས་ལུས་ཤུལ་དུ་བཞག་སྟེ་རྣམ་ཤེས་གཞན་དུ་སོང་རུང་ཡུན་རིང་དུ་ལུས་རོ་ལྟར་གྱུར་ནས་སླར་ཡང་རྣམ་ཤེས་ལུས་ལ་ཞུགས་པ་མང་པོ་བྱུང་དང་འབྱུང་མུས་སུ་ཡོད། གཞན་ཡང་ཕྱི་ལོ་༡༩༥༨ལོའི་དགུན་དུས་སུ་ཨ་རིའི་དབྱི་ལིའུ་རོ་པུ་གླིང་གི་ཝ་ཏ་ཞི་ཅའི་ས་ཁུལ་དུ་ལོ་བཅུ་བཞིར་སོན་པའི་བུ་མོ་ལའོ་ལན་ཟེར་བ་ལུས་སེམས་གཉིས་ཀར་ནད་གང་ཡང་མེད་པ་ཞིག་ཡོད། ལོ་དེའི་ཟླ་༡༢ཚེས་༡ནུབ་མོར་དྲན་པ་མེད་པར་གྱུར། སླར་དྲན་པ་རྙེད་པའི་ཚེ་ཁྱིམ་མཚེས་ཡ་ཧྲི་ལོ་ཕོས་ཁྱོ་ཤུག་གཉིས་ལ་ལོ་བཅུ་གཉིས་ཀྱི་སྔོན་ཤི་སོང་བའི་བུ་མོ་མ་ལིས་ཞེས་པ་ཞིག་ཡོད་པ་དེ་ཁོ་ན་ཉིད་དུ་མངོན་སུམ་ཚད་མར་གྱུར་ནས་འདུག །ལའོ་ལན་གྱིས་མ་ལིས་གཏན་ནས་མཐོང་མ་མྱོང་ཡང་གཤིས་ཀ་ཐམས་ཅད་ཇི་མ་ཇི་བཞིན་དུ་འདུག །མོས་སྔོན་གྱི་ཕ་མ་གཉིས་སོགས་ཁྱིམ་མི་ཐམས་ཅད་གཏན་ནས་ངོ་མི་ཤེས་ཤིང་ང་རང་རང་ཁྱིམ་དུ་གཏོང་རོགས་ཞེས་ཟེར། མ་ལིས་ཀྱི་ཕ་ཡ་ཧྲི་ལོ་ཕོས་ཀྱིས་དེ་ཐོས་འཕྲལ་ཨ་རིའི་ཝ་ཧྲི་ཁང་ཤིན་གླིང་ཆོང་ནེས་གྲོང་ཁྱེར་ནས་སྨྱོ་ནད་ཀྱི་ཆེད་ལས་མཁས་པ་རབ་འབྱམས་པ་ཧྲི་ཏིས་ཝེན་ཧྲེན་བོས་ཏེ་བརྟག་དཔྱད་བྱེད་དུ་བཅུག །ལའོ་ལན་གྱིས་ཡ་ཧྲི་ལོ་ཕོས་ཀྱི་ཁྱིམ་ཚང་གི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་ཇི་བཞིན་དུ་བཤད་པས་ཕ་རྒན་ཤིན་ཏུ་ཡིད་ཆེས་དཀའ་བའི་གནས་འདི་ལ་ཡིད་མི་ཆེས་ཀ་མེད་བྱུང་སྟེ། ངེད་ཀྱིས་དོན་འདི་ཅི་ཡིན་གཏན་ནས་ཤེས་པ་མི་འདུག །གང་ལྟར་ཡང་འདི་ངེད་ཀྱི་མ་ལིས་ཡིན་ཐག་ཆོད་རེད་པས་རང་གི་ཁྱིམ་དུ་གཏོང་རོགས་ཟེར། ཧྲི་ཏིས་ཝེན་ཧྲིན་དང་ལའོ་ལན་གྱི་ཕ་མ་གཉིས་ཀྱིས་ཀྱང་བློར་བབ་སྟེ་ཟླ་༡༢ཚེས་༢༤ཉིན་མ་ལིས་ཀྱི་ཕ་ཁྱིམ་དུ་སྤོས། ཁྱིམ་དུ་འབྱོར་མ་ཐག་མི་ཐམས་ཅད་ངོ་ཤེས། མོ་རང་གི་སྔོན་གྱི་བྱ་སྤུའི་མགོ་རྒྱན་སོགས་ངོས་འཛིན་བྱས། དེ་ལྟར་ལུས་ལའོ་ལན་གྱི་དང་། སེམས་ནི་མ་ལིས་ཁོ་ནར་གནས། ༡༩༥༩ལོའི་ཟླ་༣ཚེས་༧ཉིན་ངུ་ཞིང་ཕ་མ་གཉིས་ལ་བོས་ཏེ་ལའོ་ལན་སླར་ལོག་བྱུང་ཟེར། མོས་ཤིན་ཏུ་ཡི་མུག་པའི་ཉམས་ཀྱིས་གྲོགས་པོ་ཚོ་ལ་གྱེས་མཇལ་ཞུས། ཟླ་༣ཚེས་༢༡ཉིན་ཡང་དྲན་མེད་དུ་གྱུར་ཏེ་སླར་དྲན་པ་རྙེད་ཚེ་སྔོན་གྱི་ལའོ་ལན་རང་དུ་འདུག་པས་སྔར་གྱི་རང་ཁྱིམ་དུ་ཕྱིར་སོང་ངོ་། །ཚུལ་འདི་ལ་དེང་རབས་སེམས་ཁམས་རིག་པའི་རབ་འབྱམས་པ་ཧོ་ཆུས་ཞེས་པ་དེས་རང་ཉིད་དངོས་ཀྱིས་དོན་འདིར་རྒྱུས་མངའ་བའི་དན་དཔང་གི་མི་གཙོ་བོ་རྣམས་ལ་འདྲི་རྩད་ནན་ཏན་དུ་བགྱིས་ཏེ་རྫུན་ཅུང་ཟད་ཀྱང་མི་འདུག་ཟེར་རོ། །གོང་གི་ཧྲི་ཏིས་ཝེན་ཧྲིན་ཞེས་པ་དེ་ནི་ཝེ་ཅིས་ནེས་ཡ་སློབ་གྲྭ་ཆེན་མོའི་དབང་རྩའི་རིག་པ་དང་། སེམས་ཁམས་རིག་པའི་གཙོ་འགན་འཁུར་མཁན་དགེ་རྒན་ཆེན་མོ་དེ་རེད། འདིས་མཚོན་ནས་ཤེས་པར་བྱ་སྟེ་དེ་འདྲ་བ་དང་ཕྱོགས་མཚུངས་པ་མང་པོ་འདུག་ཀྱང་ཡི་གེ་མང་བས་མི་སྤྲོའོ། །དེས་ན་ལུས་དེ་དང་སེམས་དེ་གཉིས་ནི་རེ་ཞིག་ལས་ཀྱི་དབང་གིས་ལྷན་ཅིིག་འདུས་པ་ཙམ་ལས་ངོ་བོ་བདག་གཅིག་སོགས་མི་འགྲུབ་པས་ང་ཚོ་ནང་པའི་གཞུང་ལས་ལུས་ནི་མགྲོན་ཁང་དང་རྣམ་ཤེས་ནི་མགྲོན་པོ་ལྟ་བུ་ཡིན་ཞེས་གསུངས་པ་འདི་དངོས་གནས་དྲང་གནས་མིག་གིས་བལྟ་རྒྱུ་ཡོད་པ་ཞིག་དང་ལག་པས་གཟུང་རྒྱུ་ཡོད་པའི་བདེན་དོན་ཞིག་ཡིན་པས་སྨྲ་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པར་ལྷང་ངེར་གསལ་འདུག་གོ །ཚན་རིག་པ་ཁ་ཅིག་གིས་རྫས་འགྱུར་གྱི་འགྱུར་རིམ་ལས་སྲོག་ཆགས་བྱུང་བ་ཡིན་ཟེར། དེ་ཡང་གདོད་མའི་རླུང་ཁམས་ཆེན་པོའི་ནང་ན་གནས་པའི་སྐྱེ་མེད་དངོས་པོ་རྣམས་འདུས་པ་ལས་སྐྱེ་ལྡན་དངོས་པོར་གྱུར། དེ་ཆར་བའི་རྒྱུན་དང་འགྲོགས་ཏེ་རྒྱ་མཚོར་སོང་། རྒྱ་མཚོ་ནས་རིམ་བཞིན་འཕེལ་ཏེ་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་དང་། སྤྲི་དཀར་གྱི་བཅུད་དུ་གྱུར་ཅིང་མཐར་སྲོག་ཆགས་སུ་གྱུར་པས་ཚེ་སྲོག་ནི་སའི་གོ་ལ་རང་ནས་བྱུང་ཞེས་ཟེར། འདི་ཉིད་ཕྱི་ལོ༡༩༥༥ལོར་ཨ་རིའི་རྫས་འགྱུར་རིག་པ་པ་མེའུ་ལའེ་ཞེས་པས་ཞིབ་འཇུག་བྱས་ཏེ་ཤེས་པ་ཡིན་ལ། ༡༩༣༤ལོར་ནོ་པེ་ཨེར་རྫས་འགྱུར་རིག་པའི་བྱ་དགའ་འཐོབ་མཁན་ཡོའུ་ལེས་ཞེས་པ་དེས་ཀྱང་འདི་ཡིན་པར་ཐག་བཅད་འདུག །ཡང་ཚན་རིག་པ་འགའ་ཞིག་གིས་ནི་འགྲོ་བའི་ཚེ་སྲོག་འདི་སྐར་མ་གཞན་ནས་བྱུང་ཞེས་ཀྱང་ཟེར་རོ། །
དེ་ལ་དཔྱད་པ་སྔ་མ་དེས་སེམས་ཅན་གྱི་ལུས་དེ་ལྟར་དུ་བྱུང་བ་ཡིན་པ་བརྒྱ་ལ་གྲུབ་ཏུ་ཆུག་ཀྱང་སེམས་ཀྱི་ཡ་མཐའ་ཡང་དུས་དེ་ཉིད་ཀྱི་ཚེ་གསར་དུ་བྱུང་བ་ཡིན་ཞེས་ནི་གཏན་ནས་སྨྲ་མི་ནུས་ཏེ་ལུས་སེམས་གཉིས་ཀྱི་སྐྱེ་ཚུལ་མི་འདྲ་བར་གོང་དུ་བཤད་པ་ལྟར་དང་། གཞན་ཡང་མངལ་སྐྱེས་ཀྱི་སེམས་ཅན་རྣམས་ཀྱི་ལུས་ནི་ཐམས་ཅད་ཀྱང་ཕ་མའི་ཁུ་ཁྲག་གཉིས་པོ་རིམ་པར་འགྱུར་བ་ལས་བྱུང་བར་ཐམས་ཅད་ཀྱིས་ཁས་ལེན་མོད། སེམས་ནི་དེ་ལྟར་མིན་ཚུལ་འོག་ཏུ་འཆད་དོ། །ཡང་དངོས་གཙོའི་ཚན་རིག་པ་འགའ་རེས་མིའི་བསམ་གཞིག་བྱེད་པའི་རྣམ་ཤེས་འདི་བེམ་པོ་དང་སོ་སོར་འབྱེད་རྒྱུ་མེད་པའི་བེམ་པོའི་ཆ་ཤས་ཤིག་རེད། རྣམ་ཤེས་ཀླད་ཆེན་ལ་བརྟེན་དགོས། དའི་ཕྱིར་མི་ཤི་བའི་ཚེ་ལུས་ཞིག་ནས་མེད་པར་གྱུར་བས་རྣམ་ཤེས་ཀྱང་རྒྱུན་ཆད་པར་འགྱུར་ཟེར། ཡང་༡༩༦༣ལོར་ནོ་པེ་ཨེར་གསོ་རིག་བྱ་དགའ་ཐོབ་མྱོང་མཁན་གྱི་དབྱིན་ཇིའི་ཡས་ཧན་ཨེ་ཁུ་ལིས་སོགས་ཕུལ་དུ་བྱུང་བའི་ཚན་རིག་པ་མང་པོ་ཞིག་གིས་ནི་མིའི་ལུས་ཀྱི་ནང་བེམ་པོ་མ་ཡིན་པའི་དངོས་པོ་སྟེ་རྣམ་ཤེས་ཤིག་ཡོད་ལ། དེ་མིའི་ལུས་ཞིག་པའི་འོག་ཏུའང་རྟག་པར་གནས་ཡོད། ཀླད་ཆེན་ནི་དཔེར་ན་འཕྲུལ་ཆས་ཀྱི་གློག་གི་ཀླད་པ་ལྟ་བུ་དང་། རྣམ་ཤེས་ནི་དེ་ལ་བཀོད་འདོམས་བྱེད་པའི་མིའི་ཀླད་པ་ལྟ་བུ་རེད་ཅེས་ཟེར་རོ། །དེ་ལས་སྔ་མ་དག་གིས་མི་ཤི་བའི་འོག་ཏུ་ཀླད་ཆེན་མེད་པས་རྣམ་ཤེས་ཀྱང་མེད་ཟེར་བ་ནི་ཕྱིན་ཅི་ལོག་ཁོ་ན་སྟེ། ད་ལྟ་འཛམ་བུ་གླིང་གི་ཐོག་ན་སྐྱེ་བ་སྔ་མ་ནས་ཕྱི་མར་འཕོ་ཚུལ་བར་སྲིད་ཀྱི་གནས་སྐབས་དང་བཅས་པ་བདེན་དཔང་ཚད་མ་དང་ལྡན་པའི་སྒོ་ནས་དྲན་མཁན་སྐྱེ་བོ་བརྒྱ་སྟོང་དུ་མ་ཐམས་ཅད་ལ་མཐུན་སྣང་དུ་བྱུང་དང་འབྱུང་མུས་སུ་ཡོད་པ་ཡིན་ན། ཅི་མངོན་སུམ་ལ་སྐུར་བ་གདབ་རྒྱུ་ཡིན་ནམ། དངོས་ཡོད་ཀྱི་གནས་ཚུལ་ཁས་མི་ལེན་ན་ཅི་ཞིག་ལ་དངོས་གཙོ་ཟེར། གཞན་ཡང་དེང་དུས་འཛམ་གླིང་ན་དང་པོ་ཉིད་ནས་ཀླད་ཆེན་མེད་པའི་མི་བཅུ་ཕྲག་འགའ་ཞིག་ཚན་རིག་གིས་གསར་མཐོང་བྱུང་ལ། དེ་དག་གི་བློ་གྲོས་ཀྱང་མི་ཕལ་བ་ལས་ལྷག་པར་འདུག་ཅེས་ཟེར་བས་ཀླད་ཆེན་མེད་ན་རྣམ་ཤེས་མེད་ཟེར་བ་ནི་མངོན་སུམ་དང་ཡང་འགལ་བ་ཞིག་གོ །དེས་ན་འདི་ལྟར་བལྟ་བར་བྱ་སྟེ། མི་ཤི་བའི་རྗེས་སུ་གཟུགས་ཕུང་གིས་བསྡུས་པའི་ཤ་ཁྲག་གི་ལུས་འདི་ནི་འདིར་མེད་པར་འགྱུར་བ་སྨོས་མ་དགོས་ལ། འོན་ཀྱང་སེམས་ནི་དེ་གར་རྒྱུན་ཆད་པ་མ་ཡིན་ཏེ། ལུས་ཞིག་པ་ཙམ་གྱིས་སེམས་རྒྱུན་ཆད་དགོས་པའི་རྒྱུ་མཚན་རྡུལ་ཙམ་ཡང་མེད་པའི་ཕྱིར་རོ། །དེའི་ཚེ་ལུས་འདི་ལ་སེམས་མི་གནས་པ་ཙམ་ཞིག་གྲུབ་མོད། སེམས་གཏན་མེད་དུ་གྱུར་བ་ནི་སུས་ཀྱང་མི་རྟོགས་སོ། །འཆི་བའི་ཚེ་སྒོ་ལྔའི་རྣམ་ཤེས་སོགས་རྣམ་ཤེས་རགས་པ་རྣམས་འགགས་ནས་ཀུན་གཞིའི་རྣམ་ཤེས་ཀྱི་ངང་དུ་བརྒྱལ་ཏེ་འགྲོ། རེ་ཞིག་ནས་བརྒྱལ་སངས་ཚེ་བར་སྲིད་ཀྱི་སྣང་བ་ཤར་ཏེ་ཐོགས་རེག་དང་བྲལ་བའི་ལུས་དང་ལྡན་ཞིང་། བྱ་སྒྲོ་རླུང་གིས་བཏེགས་པ་འདྲ་བ་གར་འགྲོ་དང་འདིར་འགྲོ་མེད་པ། ཚེ་ཚད་ལ་ངེས་པ་མེད་པ། ལ་ལས་རང་གི་རོ་ཡང་མཐོང་བ་དེ་འདྲ་ཞིག་ཏུ་འགྱུར་རོ། །གལ་ཏེ་མངལ་དུ་འཇུག་པའི་རྒྱུ་རྐྱེན་མ་ཚང་ན་དེ་ཉིད་དུ་ཡུན་རིང་གནས་ལ། གལ་ཏེ་མངལ་དུ་འཇུག་བའི་རྒྱུ་རྐྱེན་ཚང་ན་ནི། དེའི་ཚེ་བདག་རྩྭའི་ཕུག་གམ། བྲག་ཕུག་གམ། ཁང་པ་བརྩེགས་མའི་ནང་དུ་འཇུག་གོ་སྙམ་པ་ལ་སོགས་པ་རང་རང་གི་ལས་ཀྱི་དབང་གིས་འདུ་ཤེས་མ་ངེས་པ་སྣ་ཚོགས་པས་མངལ་དུ་འཇུག་པར་འགྱུར་ཏེ། དགའ་བོ་མངལ་དུ་འཇུག་པའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་སེམས་ཅན་རྣམས་ནི་མངལ་དུ་འཇུག་པར་འདོད་པའི་ཚེ་རྒྱུ་དང་རྐྱེན་ཕུན་སུམ་ཚོགས་པར་གྱུར་ན་ནི་ལུས་ལེན་པར་འགྱུར་གྱི་གལ་ཏེ་ཕུན་སུམ་ཚོགས་པར་མ་གྱུར་ན་ནི་ལུས་ལེན་པར་མི་འགྱུར་རོ། །དེ་ལ་རྐྱེན་དང་མི་ལྡན་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཕ་དང་མ་གཉིས་ཡང་ཆགས་པའི་སེམས་བྱུང་བར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ཅིང་སྐྱེ་བའི་གནས་ཡོངས་སུ་འཚོལ་བར་བྱེད་ཀྱང་ཕ་མ་དེ་དག་གི་འདུ་འཕྲོད་སྔ་ཕྱིར་གྱུར་ཅིང་དུས་གཅིག་ཏུ་བྱུང་བར་མ་གྱུར་ཏམ། སོ་སོའི་ལུས་ལ་ནད་རྣམས་ལྡན་པར་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་ཞེས་དང་། གལ་ཏེ་ཕ་མ་ཆོ་རིགས་བཙུན་ཞིང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ་བར་མ་དོའི་ཕུང་པོ་བསོད་ནམས་ཆུང་བའམ། བར་མ་དོའི་སྲིད་པ་ཆོ་རིགས་བཙུན་ཞིང་བསོད་ནམས་ཆེན་པོ་དང་ལྡན་པར་གྱུར་ལ་ཕ་མ་བསོད་ནམས་ཆུང་བར་གྱུར་ཏམ། གཉིས་ཀ་བསོད་ནམས་དང་ལྡན་ཡང་ཕན་ཚུན་ཕྲད་པར་འགྱུར་བའི་ལས་བསགས་པར་མ་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །ཞེས་དང་། གཞན་ཡང་དགའ་བོ་ཇི་ལྟར་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། འདི་ལྟ་སྟེ། ཕ་མ་ཡང་ཆགས་པའི་སེམས་སྐྱེ་བར་གྱུར། དུས་ཀྱི་ཟླ་མཚན་ཡང་རྗེས་སུ་མཐུན་པར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ལ། གོང་མ་ལྟ་བུའི་སྐྱོན་མང་པོ་ཡང་མེད་ཅིང་ལས་ཀྱི་རྐྱེན་དང་ལྡན་པར་གྱུར་ན་མངལ་དུ་འཇུག་པར་འགྱུར་རོ། །འདི་ལྟར་བར་མ་དོའི་ཕུང་པོ་དེ་མངལ་དུ་འཇུག་པར་འདོད་པ་ན་དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། གཉིས་གང་ཞེ་ན། བསོད་ནམས་དང་མི་ལྡན་པ་དང་། བསོད་ནམས་ཆེན་པོ་དང་ལྡན་པ་གང་ཡིན་པའོ། །བསོད་ནམས་དང་མི་ལྡན་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་སེམས་བྱུང་ནས་ཡུལ་མཐོང་བར་གྱུར་པ་ན་འདི་སྙམ་དུ་སེམས་ཏེ། དེང་བདག་ནི་རླུང་དང་། གྲང་བ་དང་། ནམ་རྨུགས་པ་དང་། ཆར་བབས་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱིས་གནོད་པ་བྱེད་པ་དང་ཕྲད་པར་གྱུར་ཏོ་ཞེས་འཇིགས་ཤིང་སྐྲག་པ་སྐྱེ་ནས་དེང་བདག་རྩྭའི་ཁྱིམ་དང་། ལོ་མའི་ཁྱིམ་དང་། རྩིག་དྲུང་དབེན་པར་འཇུག་པར་བྱའོ། །ཡང་ན་རི་དང་། ནགས་སྟུག་པོ་དང་། བྲག་ཕུག་དག་ཏུ་འཇུག་པར་བྱའོ་སྙམ་དུ་སེམས་ཏེ་གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་བྱའོ། །གང་བསོད་ནམས་ཆེན་པོ་དང་ལྡན་པ་དེ་ཡང་འདི་སྙམ་དུ་སེམས་ཏེ། དེ་ང་བདག་ནི་རླུང་དང་། གྲང་བ་དང་། ནམ་རྨུགས་པ་དང་། ཆར་བབས་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་ཕྲད་པར་གྱུར་ཏོ་ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་ཁང་པ་བརྩེགས་མའི་སྟེང་དུ་འཛེག་པའམ་ཡང་ཐོག་མཐོན་པོའི་སྟེང་དུ་འཛེག་པའམ། གཞལ་མེད་ཁང་གི་ནང་དུ་འཇུག་པའམ། ཁྲི་ལ་འདུག་པར་བྱའོ་སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་སྐྱེ་བ་སྔ་མའི་མ་རིག་པ་དང་འདུ་བྱེད་ལས་ཚེ་འདིའི་རྣམ་ཤེས་འགྲུབ་སྟེ། དེ་ནས་མིང་གཟུགས། སྐྱེ་མཆེད་རྣམས་རིམ་པར་འབྱུང་ལ་སླར་ཡང་ལས་བསགས་ཤིང་དེས་གསོས་བཏབ་སྟེ་སྐྱེ་བ་ཕྱི་མའི་རྒ་ཤིའི་བར་འབྱུང་། ཤི་ནས་མེད་དུ་མི་འགྲོ་བར་ཡང་སྐྱེ་བ་ཕྱི་མ་ལེན་ཏེ། རང་གི་རིགས་འདྲ་ཕྱི་མ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་ཐམས་ཅད་ཚང་ནས་ཡོད་པའི་ཕྱིར་རོ། །དེ་ལྟར་སྐྱེ་བ་སྔ་ཕྱི་འདི་སྒྲུབ་ཚུལ་ལ་ཚད་མ་གྲུབ་པ་དང་དབུ་མ་སྙིང་པོ་སོགས་ལས་དངོས་སྟོབས་ཀྱི་རིགས་པ་དུ་མས་བསྒྲུབས་པ་ནི་གཞུང་དེ་དག་ཏུ་གསལ་བས་སླར་ཡང་འཆད་མི་དགོས་ལ། དེ་དག་ལས་གཞན་ཡང་རྗེས་དཔག་གི་སྒྲུབ་བྱེད་མང་པོ་འདུག་མོད། འདིར་ཁོ་བོ་ནི་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་མང་པོར་མངོན་སུམ་ཚད་མས་ཐུན་མོང་དུ་གྲུབ་པ་འགའ་ཞིག་གིས་མཚོན་ཙམ་འཆད་དེ། གང་གི་ཕྱིར་ན། མངོན་སུམ་ནི་ཚད་མ་ཐམས་ཅད་ཀྱི་མཐར་ཐུག་ཡིན་པས་དེ་ཁས་མི་ལེན་པ་དང་དེ་ལ་སྐུར་བ་འདེབས་མཁན་ཞིག་ཡོད་ན་དེ་ནི་བླུན་པོའི་ངང་ཚུལ་མཚོན་པ་ཙམ་ཡིན་པས་སེམས་ཤེས་སུ་ཞིག་དེ་དང་བགྲོ་བར་བྱེད། གཞན་བློ་དང་ལྡན་པ་དག་ལ་ནི་ལས་རིགས་གང་ཞིག་ཡིན་ཡང་རུང་སྟེ་ཡིད་ཆེས་རྔམ་པོ་ཆེ་འདྲོང་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཕྱི་ལོ་༡༩༢༦ལོར་རྒྱ་གར་དྷིི་ལིའི་གྲོང་ཁྱེར་དུ་བུ་མོ་ཞིག་བཙས་པ་ལ་ཧང་ཏིས་ཏི་པིས་ཞེས་ཟེར། མོས་ཆུང་ངུའི་དུས་ནས་བཟུང་རྟག་ཏུ་སྐྱེ་བ་སྔ་མར་མོ་རང་རྒྱ་གར་གྱི་གྲོང་ཁྱེར་མ་ཐི་ལར་སྡོད་ཚུལ་རྣམས་ཡང་ཡང་གླེང་། ཁྱིམ་ཚང་དེས་ཚོང་ཁང་འབྲིང་ཤོས་ཤིག་གཉེར་ཡོད་པས་ཚོང་པ་མང་པོ་རྟག་ཏུ་དེར་འོང་གིན་འདུག །བུ་མོ་ལོ་དགུར་སོན་པའི་ཉིན་ཞིག་ཚོང་པ་ཞིག་འོང་བ་མཐོང་ནས་རབ་ཏུ་དགའ་སྟེ། འདི་ངའི་ཁྱོ་གའི་གཅེན་པོ་མ་ཐི་ལར་ཡོད་པ་དེ་རེད་ཟེར། ཚོང་པ་དེས་ང་རང་དངོས་གནས་མ་ཐི་ལ་ནས་འོངས་བ་ཡིན་ལ། མོས་བཤད་པའི་གཅུང་པོ་དེའང་དངོས་གནས་ཡོད། གཅུང་པོའི་ཆུང་མ་དེ་ལོ་བཅུ་ལྷག་གི་སྔོན་དུ་ཕྲུ་གུ་བཙའ་མ་ནུས་པར་ཤི་སོང་བ་ཡིན་ན་འདི་ཅི་ཞིག་སྙམ་དུ་ཡ་མཚན་ཏེ། འོ་ན་ཁྱོད་ཀྱི་ཁྱོ་བོ་དང་ཕྲུ་གུའི་མིང་ཅི། ཁྱོ་གའི་མིང་ལ་ཁའེ་ཉན་ལ་ཧྲི་ཇོས་པིས་ཞེས་དང་། བུའི་མིང་ཕུས་ཧ་ལིས། བུ་མོའི་མིང་ལ་པེ་ལ་ཟེར། དེ་ཐོས་པ་དང་ཚོང་པ་དེ་ཧ་ལས་ཏེ་། ཨ་ཙི། དངོས་གནས་རེད། ཅུང་ཟད་ཀྱང་ནོར་བ་མི་འདུག་གོ། དེ་ནས་ཚོང་པ་དེ་དང་བུ་མོའི་ཕ་གཉིས་ལྐོག་གྲོས་བྱས་ཏེ། ཉིན་ཞིག་བུ་མོའི་སྐྱེ་བ་སྔ་མའི་ཁྱོ་བོ་དང་། ཕྲུ་གུ་རྣམས་ཚོང་པ་དེས་ཁྲིད་ནས་བྱུང་། བུ་མོས་མཐོང་མ་ཐག་ཏུ་ཤིན་ཏུ་དགའ་སྟེ། བདག་གི་ཁྱོ་བོ་སླེབས་བྱུང་ཟེར་ཞིང་འཐམས་ཏེ་ཡང་ཡང་ངུ་། ཕྲུ་གུ་དག་གི་དྲུང་དུ་སོང་སྟེ་ཕུས་ཧ་ལིས་དང་པེ་ལ་གཉིས་ཆེན་པོ་འདི་འདྲ་ཞིག་ཏུ་གྱུར་ཟིན་འདུག་ཅེས་ཟེར་ནས་ངུའོ། །དེར་ཡོད་ཀྱི་སྐྱེ་བོ་ཐམས་ཅད་ཧ་ལས་སོ། །གཏམ་དེ་དྷི་ལིའི་གྲོང་ཁྱེར་ཡོངས་སུ་ཁྱབ་པས་ཚན་རིག་པ་རྣམས་ཀྱིས་དམིགས་བསལ་གྱི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ་ཉིན་གཅིག་བུ་མོས་གང་དུ་འགྲོ་རྒྱུ་ཡིན་གཏན་ནས་མ་ཤེས་པར་བྱས་ཏེ་མེ་འཁོར་ལ་ཞུགས་ཏེ་མ་ཐི་ལར་ཁྲིད་དེ་སོང་། མ་ཐི་ལའི་ཡུལ་མིས་ཤེས་འཕྲལ་ཐམས་ཅད་རུབ་སྟེ་མེ་འཁོར་ས་ཚུགས་སུ་ལྟད་མོར་བལྟ་བར་འོང་། བུ་མོ་མེ་འཁོར་ལས་བབ་མ་ཐག་མི་ཚོགས་ཀྱི་ཁྲོད་ནས་སྐྱེ་བ་སྔ་མའི་མ་དང་ནུ་མོ་དག་ངོས་ཟིན་པར་མ་ཟད་ཁྱོ་བོའི་ཉེ་འབྲེལ་ཐམས་ཅད་ངོ་ཤེས་ཏེ་དེ་གའི་ཡུལ་སྐད་ཀྱིས་གཏམ་སྨྲ་བས་ཐམས་ཅད་ཆེས་ཡ་མཚན་དུ་གྱུར། དེེ་ལྟར་མེ་འཁོར་འབབ་ཚུགས་ནས་བརྟག་དཔྱད་གྲུབ་རྗེས་བུ་མོའི་མིག་གཉིས་པོ་བཀབ་སྟེ་ཤིང་རྟ་ལ་བཞག་ནས་སྔོན་གྱི་ཁྱིམ་དུ་འགྲོ་ཚུལ་བཤད་དུ་བཅུག་པས་ཤར་རེར་རང་ཁྱིམ་དུ་ལོག་གོ །ཁྱིམ་དུ་ཕྱིན་རྗེས་ས་འོག་ཏུ་དངུལ་སྦས་ཡོད་ཚུལ་བཤད་དེ་ས་དེ་བརྐོས་པས་སྒམ་ཞིག་བྱུང་། ནང་གི་དངུལ་གྱི་གྲངས་དང་བཅས་བསྙད་ཏེ་ཁ་ཕྱེ་བས་སྒམ་སྟོང་བར་འདུགམོས། ཡ་མཚན། དངུལ་ངེས་པར་ཡོད་དགོས་རྒྱུ་ལ། གཞན་གྱིས་ཁྱེར་རམ་ཟེར། དེའི་ཚེ་སྔོན་གྱི་ཁྱོ་བོ་སྐྲག་སྟེ་འདར་བཞིན་དུ་དངུལ་དངོས་གནས་འདུག་ཀྱང་། ཆུང་མ་ཤི་རྗེས་བདག་གིས་མཐོང་སྟེ་སྤྱད་པ་ཡིན་ཟེར། ཁོང་གིས་ད་དུང་། འདི་ནི་ཤིན་ཏུ་འཇིགས་པའི་གནས་ཤིག་སྟེ་ཁོ་བོའི་ཆུང་མ་སྔ་མ་དང་གདོང་དབྱིབས་མི་འདྲ་བ་ཙམ་མ་གཏོགས་སྐད་གདངས་དང་། གཤིས་ཀ་བྱེད་སྟངས་ཐམས་ཅད་ཇི་མ་ཇི་བཞིན་རེད་ཅེས་ཟེར་རོ། །ཧིན་དྷུ་སློབ་གྲྭ་ཆེན་མོའི་དགེ་རྒན་རབ་འབྱམས་པ་ཀྲུས་ཤང་ཀྭང་གིས་བུ་མོ་འདི་ཕྱིས་ཧིན་དྷུ་པིང་ཙི་ཕོའི་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་དྷི་ལིའི་བུད་མེད་ཀྱི་སློབ་གྲྭ་ཆེན་མོ་ཞིག་གི་མཚན་ཉིད་རིག་པའི་དགེ་རྒན་བྱས་ཤིང་། ལོ་སུམ་ཅུར་སོན་སྐབས་ད་དུང་ཡང་སྐྱེ་བ་སྔ་མའི་ལོ་རྒྱུས་དག་དྲན་གྱིན་འདུག་ཀྱང་བྱིས་པའི་དུས་ལྟ་བུའི་གསལ་བོ་ཞིག་དྲན་ཐུབ་པ་མི་འདུག་ཟེར་རོ། །དེ་བཞིན་དུ་དབྱིན་ཇིའི་ཡུན་གུ་ནན་ས་ཆའི་ཧུ་ཁུ་ས་མོ་གྲོང་དུ་ཕོས་ལོ་ཁུ་ཁྱོ་ཤུག་གཉིས་ལ་བུ་མོ་གྲུང་ནེས་ཞེས་པ་ལོ་བཅུ་གཅིག་ཅན་ཞིག་དང་། ཅུས་ཆུས་ལན་ཞེས་པ་ལོ་དྲུག་ཏུ་སོན་པ་ཞིག་ཡོད་པ་གཉིས་ཀ་རླངས་འཁོར་གྱིས་བསྣད་དེ་བསད། ཕ་མ་གཉིས་པོ་སེམས་སྡུག་དྲགས་ཏེ་གནས་གཞན་ཞིག་ཏུ་སྤོས་ནས་བསྡད། ལོ་ཕྱེད་ཀྱི་རྗེས་སུ་ཕོས་ལོ་ཁུ་མངལ་ཆགས་པར་གྱུར་ཏེ་བུ་མོ་མཚེ་མ་ཞིག་བཙས་པ་ལ་མིང་དུ་ཙུན་ནུས་ཧ་དང་ཅ་ལུན་ཞེས་བཏགས། ཅུས་ཆུས་ལན་འཆི་ཚེ་དཔྲལ་བ་དང་དཔུང་པར་རྨ་བཏོད་པ་དེ་དང་མཚུངས་པར་ཙུན་ནེས་ཧ་ཡི་ཐོད་པའི་སྟེང་མངལ་ནས་བྱུང་བའི་ཚེ་རི་མོ་དཀར་པོ་ཕྲ་ལ་རིང་བ་ཞིག་དང་དཔུང་པར་ཡང་དེ་འདྲའི་རྟགས་ཤིག་བྱུང་འདུག །ལོ་གསུམ་གྱི་རྗེས་སུ་ཕོས་ལོ་ཁུས་བུ་མོ་གཉིས་ཁྲིད་དེ་སྔོན་གྱི་སྡོད་གནས་ཧུ་ཁུ་ས་མོར་ཕྱིན་པས་དེར་འབྱོར་བ་ན་བུ་མོ་གཉིས་ཀྱིས་སྐད་ཆེན་པོས། ཕ་གི་ནི་སྔོན་ངེད་གཉིས་རྟག་ཏུ་རྩེད་མོ་རྩེ་བའི་གནས་དེ་རེད། ངེད་ཚོའི་སློབ་གྲྭ་ཡང་དེའི་ལོགས་སུ་ཡོད། འདི་ནི་ངེད་ཅག་རྒྱུན་དུ་རྩེ་བའི་ཤུད་སྐས་དེ་རེད་ཅེས་ཅ་ཅོ་འདོན། སྔོན་གྱི་གནས་ཁང་ཡོད་ས་དེའང་ལེགས་པར་སྟོན་ཤེས་འདུག །བུ་མོ་གཉིས་ལོ་བཞིར་སོན་སྐབས་ཕ་མ་གཉིས་ཀྱིས་སྔར་ཤི་བའི་བུ་མོ་གཉིས་ཀྱི་རྩེད་ཆས་རྣམས་བྱིན་པས། དེ་དག་གི་ཁྲོད་ན་རྩེད་ཆས་བྱིས་པ་གཉིས་ཡོད་པ་དེ་གཉིས་ཀྱི་སྔོན་གྱི་མིང་དེ་ཇི་བཞིན་དུ་ཤེས། ཁོང་གཉིས་སྔོན་འཆི་ཁའི་དུས་ཀྱི་དངངས་སྐྲག་དེ་ནི་ད་དུང་བརྗེད་མི་འདུག་སྟེ། ཐེངས་མང་པོར་མཚན་མོ་གཉིད་ལས་གློ་བུར་དུ་སད་དེ་གཉིས་ཀ་ཕན་ཚུན་འཐམས་ནས། ངེད་གཉིས་རླངས་འཁོར་འདིས་གནོན་འོང་གིན་འདུག་ཅེས་སྐྲག་སྣང་ཆེན་པོ་སྐྱེ་ཞིང་། ཅ་ལུན་གྱིས་ཙུན་ནེས་ཧའི་མགོ་བོ་བསྐྱོར་ནས་ཁྱོད་ཀྱི་མིག་ནས་ཁྲག་བཞུར་གྱིན་འདུག་ཅེས་ངུ་བར་བྱེད་དོ། །ཕོས་ལོ་ཁུ་ཁྱོ་ཤུག་གཉིས་ཀྱིས་དོན་དེ་དག་འདི་གཉིས་ལ་གཏན་ནས་བཤད་མྱོང་མི་འདུག་པས་སྨྱོ་ནད་ཆེད་ལས་མཁས་པས་བརྟག་དཔྱད་བྱས་ཀྱང་སྐྱེ་བ་སྔ་མ་ནས་ཕྱི་མར་འཕོས་པ་དེ་ལས་གཞན་པའི་རྒྱུ་མཚན་ཅི་ཡང་རྙེད་མི་འདུག་གོ །ཀྱེ་མ་མ་ལ་འདི་གཉིས་ཀྱིས་ལས་ཅི་ཞིག་བསགས་ཏེ་དང་པོ་ཕ་མ་གཅིག་གི་ཕྲུ་གུར་གྱུར། འཆི་བའི་ཚེ་ནའང་མཉམ་དུ་ཤི །སླར་ཡང་མཚེ་མར་གྱུར་ཏེ་སྐྱེ་བ་ཡང་དྲན་པ་ཞིག་ཏུ་གྱུར་བ་ཡིན་ནམ། ལས་ཀྱི་རྣམ་པར་སྨིན་པ་འདི་ནི་ནམ་ཡང་མི་བསླུ་བ་ཞིག་གོ །ཡང་ཐེ་ལན་གྱི་རྒྱལ་ས་མན་ཀུའུའི་བྱང་ཤར་གྱི་རྫོང་ཞིག་ཏུ། ཉེ་ཆར་སྐྱེ་བ་སྔ་ཕྱིའི་སྟེང་ནས་རྩོད་གླེང་བྱུང་སྟེ་ཉེན་རྟོག་སྤྱི་ཁྱབ་མགོ་དཔོན་གྱིས་ཀྱང་ཐག་གཅོད་བྱེད་མ་ནུས་པར་འདུག་སྟེ། རྫོང་དེ་གའི་ཐ་ལིང་ཁུལ་དུ་ལེ་ཐུན་དང་ཉིང་ཐུང་ཞེས་པའི་ཁྱོ་ཤུག་གཉིས་ལ་བྱིས་པ་ལོ་གསུམ་ཅན་ཞིག་ཡོད་པ་དེས་ངའི་སྐྱེ་བ་སྔ་མའི་ཕ་མ་གཉིས་ནི་ལ་ཤེན་ཁུལ་གྱི་ལིང་ཆིན་གྲོང་ན་ཡོད། དེར་ང་ལ་རྩེད་ཆས་བྱ་གག་ཆུང་ངུ་དང་སྟོང་སྐུད་ཀྱིས་བཏགས་པའི་སྐེ་རས་ཡོད་པས་ལེན་དུ་འགྲོ་དགོས་ཞེས་རྟག་ཏུ་ངུས་ཏེ་མ་ཐུབ་པས་མི་འགྲོ་ཀ་མེད་བྱུང་། གྲོང་དེར་འབྱོར་ཚེ་བྱིས་པ་རང་ཉིད་ཀྱིས་ལམ་ཁྲིད་དེ་ཤར་རེར་སོང་སྟེ་ལེ་པུ་དང་ཉིང་ཁིང་ཞེས་པའི་ཁྱོ་ཤུག་གཉིས་ཀྱི་སྒོ་དྲུང་དུ་འབྱོར་ཚེ་ཁྱིམ་དེར་འཛུལ་ཏེ་རྩེད་ཆས་རྣམས་འཚོལ། ཁྱིམ་མཚེས་དག་ཡ་མཚན་ནས་བལྟར་འོང་། དེའི་ཚེ་ལེ་པུ་དང་ཉིང་ཁིང་གཉིས་ཞིང་ཁ་ནས་ཁྱིམ་དུ་ལོག་འོང་བས་བྱིས་པ་ཤིན་ཏུ་དགའ་སྟེ་རྩེད་ཆས་དེ་དག་གང་དུ་ཡོད་ཅེས་འདྲིའོ། །ཁྱོ་ཤུག་གཉིས་ཤིན་ཏུ་ཡ་མཚན་ཏེ་བྱིས་པའི་ད་ལྟའི་ཕ་མ་གཉིས་ལ་བཤད་རྒྱུར། ངེད་གཉིས་ལ་ལོ་བརྒྱད་ཀྱི་སྔོན་དུ་པ་ཧྲི་ཟེར་བའི་བུ་ཞིག་ཡོད། དེ་ལོ་བཞིར་སོན་སྐབས་ནད་ཀྱིས་ཤི་སོང་། པུར་འཇུག་བྱེད་ཚེ་བུའི་སྐེ་རས་དེ་པུར་སྒམ་དུ་མ་བཅུག་པར་ད་ལྟའང་ཉར་ཏེ་ཡོད་ཟེར་ནས་བླངས་བྱུང་བས་བྱིས་པ་ཤིན་ཏུ་དགའ་སྟེ་ངེད་ཀྱི་རེད་ཟེར་ནས་ལག་ནས་འཕྲོག་ཅིང་སྔོན་གྱི་ལོ་རྒྱུས་རྣམས་བཤད་པ་ཐམས་ཅད་བདེན་པ་ཁོ་ནར་འདུག །དེ་ནས་ད་ལྟའི་ཕ་མ་གཉིས་ཀྱིས་ཁྲིད་དེ་འགྲོ་གྲབས་བྱས་ཚེ་སྔོན་གྱི་ཕ་མ་གཉིས་ཀྱི་ཁྱིམ་ནས་འདུག་དགོས་ཟེར་ཏེ་བསད་ཀྱང་འགྲོར་མི་བཏུབ། སྔ་ཕྱིའི་ཕ་མ་བཞི་ཆར་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་དེ་གའི་ཉེན་རྟོག་སྤྱི་ཁྱབ་ཁང་ལ་ཞུ་གཏུག་བྱས། ཉེན་རྟོག་སྤྱི་ཁྱབ་མགོ་དཔོན་གྱིས་ཀྱང་ཐག་གཅོད་བྱེད་མ་ཤེས་པར་གོང་ལ་ཡར་ཞུ་བ་འབུལ་དགོས་བྱུང་འདུག་གོ། ཡང་ཡོ་རོབ་ཀྱི་རྒྱལ་ཁབ་པུང་ཀ་རི་ཡའི་བུ་མོ་སོའུ་ཧྥེ་ཡ་པེ་ཁུ་ཧྥོས་ཞེས་པ་འདི་བཙས་ནས་ཟླ་གཉིས་མ་ལོན་པའི་དུས་ནས་སྐད་རིགས་བརྒྱད་སྨྲ་སྟེ། དབྱིན་ཇི་དང་། ཧྥ་རན་སི། སི་ཕེན། ལི་ཐུ་ཝན་ནི་ཡ། ཨ་རབ་ཀྱི་ཕལ་སྐད་ཅིག་སོགས་གསལ་བོར་སྨྲ་བར་བྱེད་དེ། བུ་མོའི་མས་བཤད་རྒྱུར། མོ་རང་ཟླ་གཅིག་ལོན་ཙམ་ནས་མ་ལ་མི་ཚེ་འདི་ཤིན་ཏུ་ཡུན་ཐུང་བའི་ཉམས་མྱོང་རྣམས་འཆད་པར་བྱེད་ཅེས་ཟེར་ཏེ་འདིས་སྐྱེ་བ་སྔ་མ་རྣམས་ཀྱང་དྲན་གྱིན་འདུག་གོ །ཚན་རིག་པ་དག་གིས་འདི་རྣམས་ཅི་ཡིན་མི་ཤེས་ནས་འོ་བརྒྱལ་ཆེན་པོ་མྱོང་གིན་འདུག །ངེད་ཚོ་ལ་མཚོན་ན་བླ་མ་རྣམས་ཀྱི་རྣམ་ཐར་སོགས་ན་སྔོན་ནས་ཡོད་པ་ཐམས་ཅད་ཀྱི་ཁ་ལ་བྱང་བྱང་བ་དེ་ག་རང་དང་མཚུངས་པས་མི་ཤེས་རྒྱུ་དང་ལྷག་པར་ཡ་མཚན་འོང་རྒྱུ་ཅི་ཡང་མི་འདུག་གོ །ཡང་རྫོང་མཁར་ཞིག་གི་ཀྲང་ཧྲོས་ཁྲོམ་ལམ་ན་ལོས་ཅང་ཟེར་བའི་བྱིས་པ་ལོ་ལྔ་པ་ཞིག་འདུག་སྟེ། འདིས་ཀྱང་ལ་ཐོ་གྲོང་ན་ང་རང་ལ་ཁྱིམ་གཉིས་པ་ཞིག་ཡོད། དེར་མ་ཟད་ཕ་མ་དང་ཕུ་བོ་གསུམ་ཡོད་། དེ་རྣམས་ཀྱི་མིང་ལ་འདི་དང་འདི་ཟེར་ཞེས་རྒྱུན་དུ་འཆད། ཐེངས་ཤིག་ཀྲུང་དབྱང་ནས་ཝེ་ཐེ་ནམ་རྒྱལ་ཁབ་ལ་རང་སྲུང་རྒོལ་ལན་དམག་འཁྲུག་བྱེད་པའི་འཚམས་འདྲི་ཚོགས་པ་ཞིག་རྫོང་དེར་འོང་པ་ན། ལོས་ཅང་གི་མས་ལོས་ཅང་ཁྲིད་དེ་ལྟད་མོ་བལྟར་ཕྱིན། དེར་ལོས་ཅང་བུད་མེད་ཅིག་གི་དྲུང་དུ་ཕྱིན་ནས། དགེ་རྒན་ལིང་ལགས། ཁྱེད་ཀྱིས་ང་ཤེས་སམ་ཟེར། བུད་མེད་འདི་སྔོན་ལ་ཐོ་སློབ་ཆུང་དུ་དགེ་རྒན་བྱས་ཤིང་ཕྱིས་རྗོང་མཁར་དུ་ལས་གནས་སྤོས་པ་ཡིན་འདུག །གྲོགས་པོོ་ཆུང་ཆུང་ཁྱོད་སུ་ཚང་གི་བྱིས་པ་ཡིན་ནམ། ཁྱོད་ཀྱིས་མི་དྲན་ནམ། ང་རང་ཨ་ཕེ་ཚང་གི་ལོས་ཡོན་ཕེ་མ་རེད་དམ། དགེ་རྒན་ལིང་གིས་ཞིབ་ཏུ་བསམ་བློ་བཏང་བས་དངོས་གནས་རང་གིས་སྔོན་ལ་ཐོ་སློབ་ཆུང་དུ་ལོས་ཡོན་ཕེ་ཞེས་པའི་བྱིས་པ་ཞིག་ལ་ཡི་གེ་བསླབ་མྱོང་བ་དྲན་ནོ། །ལོས་ཅང་གི་ད་ལྟའི་ཕ་མ་གཉིས་ཀྱིས་འདྲི་རྩད་བྱས་པས་ལ་ཐོ་གྲོང་བརྡལ་ན་དངོས་གནས་ལོས་ཅང་གིས་སྨྲས་པའི་ཁྱིམ་ཚང་དེ་ཉིད་ཡོད་པ་ཤེས། ༡༩༧༩ལོའི་ཟླ་༨པར་མས་ལོས་ཅང་ཁྲིད་དེ་གཉེན་རྣམས་ལ་འཕྲད་དུ་སོང་། མ་བུ་གཉིས་གྲོང་དེར་གཏན་ནས་འགྲོ་མ་མྱོང་ཡང་བྱིས་པས་སྨྲས་པ་དང་བསྟུན་ཏེ་དུད་ཁྱིམ་ཞིག་ཏུ་སོང་ངོ་། །ལོས་ཅང་གི་སྔ་མའི་ཕ་མ་གཉིས་ཀྱིས་ཀྱང་དོན་དེ་དག་སྔར་ནས་ཐོས་ཀྱང་གཏན་ནས་ཡིད་ཆེས་བྱས་མི་འདུག །དེ་གའི་མི་རྣམས་ཀྱིས་ཤེས་འཕྲལ་ཁྲོམ་ལམ་གང་བོར་ལྟད་མོ་བས་གང་བར་གྱུར། ལོས་ཅང་གི་སྔ་མའི་ཕ་མ་གཉིས་ཀྱིས་ད་ལྟའི་མས་བྱིས་པ་ལ་གཏམ་སྨྲ་ལུགས་མི་སློབ་པའི་ཆེད་དུ་ལྐོག་ནས་ཁང་པ་གཞན་ཞིག་ཏུ་ཁྲིད་དུ་བཅུག །ཟས་ཟ་བའི་དུས་སུ་སྔ་མའི་མས་ཉམས་སད་པའི་ཆེད་དུ་རང་ཉིད་བུད་མེད་འགའ་ཞིག་དང་མཉམ་དུ་བསྡད་དེ་བྱིས་པ་ཁྲིད་འོང་དུ་བཅུག་སྟེ་མོ་རང་ནས། བུད་མེད་འདི་རྣམས་ལས་ཁྱེད་ཀྱི་མ་གང་རེད་ཟེར། བྱིས་པས་བསམ་བློ་ཙམ་ཡང་མི་གཏོང་བར་ཁྱོད་རེད་ཟེར། ཁྱོད་ཀྱིས་རྫུན་མ་ཤོད། ང་འདི་འདྲའི་རྒས་ཁོག་ཅིག་ཁྱོད་ཀྱི་མ་ཇི་ལྟར་ཡིན་ཟེར་ཞིང་། བྱིས་པའི་ད་ལྟའི་མ་དང་ན་མཉམ་ཞིག་བསྟན་ནས་མོ་ཁྱོད་ཀྱི་མ་རེད་ཟེར། བུད་མེད་དེས་ཀྱང་ཆེད་དུ་བརྩེ་ཚུལ་བྱས་ཀྱང་མགོ་སྐོར་མ་ཐུབ། ཟས་ཟོས་པའི་རྗེས་སུ་ལོས་ཅང་གིས་ཕུ་བོ་གཉིས་པ་ཁྱིམ་དུ་ལོག་མི་འོང་བ་ཅི་ཡིན་ཟེར། ཕུ་བོ་གཉིས་པ་དེ་ཉིན་ཞིང་རའི་ནང་དུ་ལས་ཀའི་དུས་ཚོད་སྣོན་མ་བྱས་ཏེ་ཁྱིིམ་དུ་མ་ལོག་པ་ཡིན་འདུག་དེ་ནས་ཁོོས་མ་ལ་སྔོན་གྱི་རྩེད་ཆས་རྣམས་དགོས་ཟེར་བ་ཅུང་ཟད་ཀྱང་ནོར་བ་མི་འདུག་སྟེ། སྔོན་ངེད་ཀྱི་ཞོན་རྒྱུའི་ཤིང་གི་རྟ་དེ་གར་ཡོད་ཟེར། དེ་ནི་ལོས་ཡོན་ཕེ་ཤི་བའི་རྗེས་སུ་མས་གསེས་ཏེ་མེར་བུས་པ་རེད། དེའི་ཚེ་ཁང་པའི་ནང་དུ་བྱིས་པ་ལོ་བཅུ་ལྷག་ལོན་པ་ཞིག་གིས་རླངས་འཁོར་ཆུང་ངུ་ཞིག་གིས་རྩེ་བཞིན་འདུག་པས་ལོས་ཅང་གིས་དེ་ང་ལ་སྟེར་དགོས་ཟེར། བྱིས་པ་དེས་ང་རང་གི་ཡིན་པས་མི་སྦྱིན་ཟེར། ངེས་པར་དུ་ང་རང་གི་ཡིན་ཏེ། ངས་ཞོན་པའི་སྐབས་སུ་གསར་བ་ཡིན་པ་ལ་ཁྱོད་ཀྱིས་འདི་འདྲའི་རྙིང་པ་བྱས་ཟིན་འདུག་ཟེར། ལོས་ཡོན་ཕེ་མ་ཤིའི་སྔོན་དུ་དངོས་གནས་གསར་བ་ཡིན་འདུག །ཡང་དེའི་ཚེ་སྒོའི་ཕྱི་རོལ་ནས་ལོ་བཅུ་བདུན་ཡས་མས་ཅན་གྱི་སྐྱེས་པ་ཞིག་འོང་སྟེ། བྱིས་པ། ཁྱོད་ཀྱིས་ང་ཤེས་སམ་ཟེར། བྱིས་པས་འཕྲལ་དུ། ཁྱོད་ཨ་བུན་མ་ཡིན་ནམ། སྔོན་ཡི་གེ་སློབ་སྐབས་ངེད་གཉིས་མཉམ་དུ་སྡོད་ཅིང་། ཁྱོད་ཀྱིས་རྒྱུན་དུ་ང་ལ་བུར་ཤིང་བཟའ་རྒྱུ་སྟེར་བ་མ་ཡིན་ནམ་ཟེར་བ་དངོས་གནས་དེ་ལྟར་ཡིན་འདུག་པས་དེར་ཡོད་ཀྱི་མི་ཚོགས་ཐམས་ཅད་ཧ་ལས་སོ། །ལོས་ཅང་གི་སྐྱེ་བ་སྔ་མའི་མ་ལ་གཅར་འདྲི་བྱེད་སྐབས་བཤད་རྒྱུར། སྔོན་ཆད་ང་ལ་མི་ཤི་བའི་རྗེས་སུ་སླར་ཡང་སྐྱེ་རྒྱུ་ཡོད་པ་དེར་ཡིད་ཆེས་གཏན་ནས་མེད། དེའི་ཕྱིར་ལོས་ཅང་ཡང་གཉེན་དུ་ཁས་ལེན་འདོད་ཡེ་མེད། འོན་ཀྱང་ཁོའི་གཏམ་དང་སྤྱོད་པ་དག་གིས་ཡིད་མི་ཆེས་པ་དང་། ཁས་མི་ལེན་པའི་ཐབས་མི་འདུག་ཟེར་རོ། །གཞན་ཡང་ཀྲུང་གོའི་སན་ཅང་རྫོང་ཏ་ཏུས་གྲོང་ཚོའི་ཀུང་ཧྲེའི་འཕྲོད་བསྟེན་ཁང་གི་མགོ་དཔོན་ཝོས་ལགས་དང་ཆུང་མ་ཤེའུ་ལགས་ལ་༡༩༥༨ལོའི་ཟླ་༣ཚེས་༦ ཉིན་བྱིས་པ་ཞིག་བཙས་པ་དཔྱིད་རྨོས་ཀྱི་མཐར་ཁེལ་བས་མིང་ལ་ཁྲུན་གིན་ཏེ་དཔྱིད་རྨོས་ཞེས་བཏགས། ༡༩༦༩ལོའི་ཟླ་༡༢ཚེས་༢༡ཉིན་གློ་ནད་ཀྱིས་ཤིའོ། །༡༩༧༧ལོའི་ཟླ་༦པར་ཀུང་ཧྲེ་དེ་གའི་དྲག་ཆས་གཙོ་འཛིན་དབྱང་ལགས་ཀྱིས་ན་གཞོན་དམངས་དམག་འགའ་ཁྲིད་དེ་ཧྲེ་ཐོན་གྲོང་དུ་གཞུང་ལམ་ལས་སར་ཕྱིན། དེར་བྱིས་པ་འགའ་ཞིག་རྟག་ཏུ་འོང་སྟེ་ཟས་ཀྱི་ལྷག་མ་སློང་། རྒད་པོ་ཞིག་གིས་དབྱང་ལ་བྱིས་པ་ཞིག་བསྟན་ཏེ། འདིས་སྐྱེ་བ་སྔ་མ་དྲན་དེ་ཁོ་རང་གིས་ཏ་ཏུས་གྲོང་ཚོ་ནས་འོངས་པ་ཡིན་ཟེར་གྱིན་འདུག་ཟེར། དབྱང་གིས་བྱིས་པ་ལ། འོ་ན་ཁྱོད་ཀྱིས་ཏ་ཏུས་གྲོང་ནས་མི་སུ་ཞིག་ཤེས་ཞེས་དྲིས་པར། ང་རང་ཤང་ཤེས་ཚང་གི་ཡིན། ཤང་མུན་དང་། ཤང་ཅུན་རྣམས་ཤེས་ཟེར། ཤང་ཤེས་ཟེར་བ་སྔ་མའི་ཕ་དང་། ཤང་ཅུན་ནི་ཁུ་བོ་རེད། འོ་ན་ཁྱོད་ཀྱི་ཁྱིམ་གང་དུ་ཡོད། ཁྲུང་ལིས་ན་ཡོད་ཅིང་སྒོ་འགྲམ་ན་ཁྲོན་པ་ཞིག་ཡོད་ཟེར། མིང་གང་ཡིན། ཁྲུན་གིན་ཟེར། དེ་ལས་གཞན་པའི་མི་སུ་ཤེས། གཞན་འགའ་དང་སློབ་གྲོགས་འགའི་མིང་སྨྲས་སོ། །དབྱང་གིས་དམངས་དམག་ལ། དེ་འདྲ་ཡོད་དམ། དངོས་གནས་ཡོད་དོ་ཟེར། ཁོང་རྣམས་ཕྱིར་འོངས་ནས་དེ་ལྟར་བཤད་པས་ཐམས་ཅད་ཀྱིས་ཤེས། གཏམ་འདི་ཝོས་ཁྱོ་ཤུག་གཉིས་ཀྱིས་ཐོས། སྔོན་ནི་འདི་འདྲའི་རིགས་ལ་གཏན་ནས་ཡིད་ཆེས་བྱེད་ཀྱིན་མི་འདུག་ཀྱང་དབྱང་ལ་དྲིས་པས། དེ་འདྲ་དངོས་གནས་འདུག་ཟེར། ཁོ་རང་ཐེ་ཚོམ་དང་བཅས་བཞིན་ཆུང་མ་ལ་གྲོས་བྱས་ཏེ། ཆུང་མ་དང་དེའི་ནུ་མོ་གཉིས་སོང་སྟེ་བརྟག་དཔྱད་བྱ་རྒྱུ་བྱས་སོ། །ཁོང་གཉིས་ཧྲེ་ཐོན་གྲོང་དུ་འབྱོར་རྗེས་ཁྱིམ་དེ་དྲིས་ནས་ཕྱིན་པས་ཁྱིམ་དེར་ཨ་ཕྱི་བགྲེས་མོ་ཞིག་འདུག་པ་ལ་འོང་དོན་སྨྲས་པས་བྱིས་པ་བོས། བྱིས་པས་སྔོན་གྱི་མ་དེ་མཐོང་འཕྲལ་སེམས་ཤིན་ཏུ་སྐྱོ་སྟེ་མིག་ཆུ་ཁྲོམ་ཁྲོམ་གཏོང་བས་ངུ་ཞིང་མགོ་སྨད་དེ་མདུན་དུ་འདུག་གོ། མས་ཀྱང་ཅི་ཟེར་མ་རྙེད། དེ་ལྟར་དུ་དུས་ཚོད་གཅིག་ཙམ་བསྡད་རྗེས། བྱིས་པ་འཕྲལ་དུ་ལངས་ཏེ་ཕ་གིའི་ཀ་བ་ཞིག་གི་རྩར་ཕྱིན་ཏེ་བསམ་བློ་ཞིག་བཏང་ནས། ཚུར་འོང་ཏེ། ཨ་མ། ང་ནི་ཁྲུན་གིན་ཡིན། མས་བྱིས་པ་པང་དུ་བླངས་ཏེ་མིག་ཆུ་དབང་མེད་དུ་ཤོར། དེ་ནས་མས་སྨྲས་པ། ཁྱོད་ཤི་བའི་རྗེས་སུ་འདིར་ཇི་ལྟར་འོང་པ་ཡིན། ང་ཤི་ནས་ཁྱོད་རྣམས་ཀྱིས་རོ་སྤུར་སྒམ་དུ་བཅུག་སྟེ་ས་འོག་ཏུ་གནོན་པ་རྣམས་ངས་གསལ་བོར་མཐོང་ཞིང་། དེའི་ཚེ་ང་ཡང་ཁྱོད་རྣམས་དང་མཉམ་དུ་སོང་། སླར་ཕྱིར་ལོག་སྟེ་ཉིན་གུང་གི་ཟས་ཟོས་རྗེས་འདི་གར་འོངས་པ་ཡིན། ལམ་ནས་བསིལ་ཁང་བདུན་བརྒྱུད་དེ་འོང་། བསིལ་ཁང་ཞིག་གི་ནང་གཉིད་ལོག་སྐབས་ཤིན་ཏུ་འཇིགས་པའི་སྒྲ་ཞིག་གྲག་སྟེ་གཉིད་ལས་བསླངས་པས་ཡང་ཡར་ཕྱིན་ཏེ་ཁྱི་ཟུག་པའི་སྐད་སྒྲ་ཆེན་པོ་ཐོས་པ་དེའི་ཚེ་ང་ལ་སྐྲག་སྣང་ཆེན་པོ་ཞིག་སྐྱེས་བྱུང་། དེའི་སྐབས་སུ་བདག་གི་ཕ་འདི་སྒོ་དྲུང་ན་འདུག་པས་འདིའི་རྗེས་སུ་འབྲངས་ཏེ་འོངས་བ་ཡིན་ཟེར་རོ། །ཉིན་གཉིས་པར་སྔོན་གྱི་མ་ཕྱིར་ལོག་འགྲོ་སྐབས་བྱིས་པས་ཐག་རིང་པོའི་བར་སྐྱེལ་མ་བྱས་ཤིང་ད་དུང་ཕྱིར་འགྲོ་བར་མི་འདོད་ཚེ་མས་ཉིན་རྗེས་མར་ཨ་ཕ་ཁྱོད་བསུ་བར་འོང་ཟེར་བས་གདོད་ཕྱིར་ལོག་གོ །དེ་རྗེས་ཉིན་རྒྱུན་གཞུང་ལམ་འགྲམ་དུ་སོང་སྟེ། ཨ་ཕ་ད་དུང་ང་བསུ་བར་མི་འོང་བ་ཅི་ཡིན་ཟེར་ཞིང་སྒུག་གོ །གྲོང་དེ་གའི་མི་རྣམས་ཀྱིས་བྱིས་པ་ལ་བྱ་སྒོང་བྱིན་ཏེ་སྐྱེ་བ་སྔ་མ་འཆད་དུ་འཇུག་པས་ཅི་ཡང་བཤད་དོ། །བྱིས་པའི་མས་བཤད་རྒྱུར། བྱིས་པ་བསིལ་ཁང་དུ་ཉལ་སྐབས་འདྲེ་ཞིག་འོང་སྟེ་དངངས་སྐྲག་སློང་སྐབས་ཁོས་སངས་རྒྱས་ཨ་མི་དྷེ་ཝ་ཞེས་ལན་གསུམ་བརྗོད་པས་འདྲེ་མི་སྣང་བར་གྱུར་སོང་ཟེར། ཁོ་མོ་འདི་འདྲའི་ཆེན་པོར་གྱུར་ཀྱང་ཨ་མི་དྷེ་ཝ་ཞེས་པ་ཅི་ཞིག་ལ་ཟེར་བ་མི་ཤེས་ན་འདིས་ཇི་ལྟར་ཤེས་པ་ཡིན་མི་ཤེས་ཟེར་རོ། །ཟླ་འགའ་སོང་རྗེས་སྔོན་གྱི་མ་འོངས་ཏེ་བྱིས་པ་ཏ་ཏུས་གྲོང་དུ་བསུས་ནས་སོང་། གྲོང་ནང་དུ་འབྱོར་སྐབས་ཁོ་རང་སྔོན་དུ་འགྲོར་བཅུག་པས་ཤར་རེ་སྔོན་གྱི་ཁྱིམ་དུ་སོང་སྟེ་ཅུང་ཟད་ཀྱང་མི་ནོར་རོ། །སྐས་ལ་འཛེགས་རྗེས་བསམ་བློ་ཅུང་ཟད་ཅིག་གཏོང་དགོས་བྱུང་སྟེ་སྔོན་གྱི་ཁང་པ་ཅུང་ཟད་བཅོས་ཡོད་པའི་རྐྱེན་གྱིས་ཡིན་ནོ། །ཁང་ནང་དུ་འཛུལ་ཚེ་གྱོས་པོ་མཐོང་ནས་འཕྲལ་དུ་ཤེས་ཏེ་གྱོས་པོ་ཞེས་འབོད། གྱོས་པོས་བྱིས་པ་པང་དུ་བླངས་ནས་དགའ་ཞིང་སྐྱོ་སྟེ་ངུའོ། །ཕ་དང་སྤུན་སྲིང་དང་སློབ་གྲོགས་སོགས་ཐམས་ཅད་ཀྱང་ངོ་ཤེས། སྔོན་གྱི་བྱ་བ་ཐམས་ཅད་གསལ་བོར་དྲན་གྱིན་འདུག་སྟེ། དཔེར་ན། སྔོན་ཆད་ཀྱི་ཁང་པ་སྐྲུན་ཚེ་སུས་གྲོགས་བྱས་པ་རེད་ཅེས་དྲིས་ཚེ་ཨ་ཞང་གིས་གྲོགས་བྱས་སོགས་ལན་ཐམས་ཅད་གསལ་བོར་འདེབས་སོ། །ཕ་རྒན་གྱིས་སྨན་ཁང་དུ་ཁྲིད་པའང་དྲན། སྐྱེ་བ་སྔ་མར་ཤིན་ཏུ་བརྩེ་བའི་གྲོགས་པོ་ད་ལྟ་ལོ་སོ་དྲུག་ཏུ་སོན་པ་ཞིག་ཡོད་པ་དེ་ལ། ཁྱོད་ཀྱིས་ང་ཁྲིད་དེ་རྫོང་མཁར་དུ་རྩེ་སར་འགྲོ་བ། སྨན་པ་ལ་སྟོན་ཏུ་འགྲོ་བ་དང་། ངེད་དང་ལྷན་ཅིག་ཏུ་ཉལ་བ་རྣམས་བརྗེད་དམ་ཞེས་ཟེར་རོ། །གྱོས་པོ་ལ་ངེད་གཉིས་མཉམ་དུ་རྨོས་པའི་ཡིའུ་ཙི་ཤིང་དེ་གར་ཡོད་ཟེར། གྱོས་པོས་བྱིས་པ་ཁུར་ཏེ་བལྟར་ཕྱིན་པས། སྔོན་རྨོ་ས་དེ་འདི་མ་རེད་ཟེར། རྗེས་སུ་གྱོས་པོས་དེར་སྤོས་པ་ཡིན་འདུག །མིང་སྲིང་རྣམས་ཀྱི་གོས་ཐམས་ཅད་མཉམ་དུ་སྤུངས་ཏེ་ཁོ་རང་གི་སྔོན་གྱི་གོས་ངོས་འཛིན་དུ་བཅུག་པས་ཇི་བཞིན་དུ་ངོས་ཟིན་ནོ། །ཝོས་ཚང་གི་ཁྱིམ་མི་རྣམས་ཀྱིས་བྱིིས་པའི་སྤྱོད་པ་ཐམས་ཅད་སྔོན་མ་དང་འདྲ་ཞིང་། ཐ་ན་འགྲོ་སྟངས་ཡན་ཆད་སྔོན་དང་འདྲ་བར་འདུག་ཅེས་ཟེར་རོ། །༡༩༨༣ལོའི་ཟླ་༡༠ཚེས་༢༨ཉིན་སྨན་པ་ཚུན་དང་འཕྲད་པས་ལོ་བཅུ་ལྷག་གི་སྔོན་དུ་ལིན་ཤིའུ་རུ་འཕྲད་མྱོང་ཚུལ་རྣམས་ཇི་བཞིན་དུ་བཤད། སྨན་པས་བྱིས་པ་ལ་བརྟགས་ཏེ་ཁམས་བདེ་ཐང་ཁོ་ན་ཡིན་ཞིང་སེམས་ཁམས་མི་བདེ་བ་སོགས་ནད་ཅི་ཡང་མི་འདུག་ཅེས་ཟེར་རོ། །བྱིས་པ་འདིས་ལོ་གསུམ་ཙམ་ལོན་པ་ནས། ང་རང་ཏ་ཏུས་གྲོང་ནས་འོང་བ་ཡིན། ངའི་ཁྱིམ་འདི་མིན། ང་ཁྱིམ་དུ་འགྲོ་དགོས་ཞེས་ཟེར་ཞིང་། ཕ་མས་ཅུང་ཟད་སྤྱོས་པའི་ཚེ། ཁྱེད་ཅག་གིས་ད་དུང་སྤྱོས་ཤིག་དང་། ང་ཁྱིམ་དུ་མི་འགྲོ་རེ་ཞེས་ཟེར་རོ། །འདི་རྣམས་ལས་གཞན་ཡང་སྐྱེ་བ་སྔ་ཕྱི་དྲན་མཁན་མང་པོ་འདུག་སྟེ་ཡི་གེ་ཤིན་ཏུ་མང་བར་འགྱུར་བས་དེ་ཙམ་གྱིས་ཆོག་པར་བྱས་སོ། །དེ་རྣམས་ནི་མི་ནས་མིར་སྐྱེས་ཚུལ་ཡིན་ལ། ད་ནི་འགྲོ་བ་གཞན་ནས་གཞན་དུ་སྐྱེས་ཚུལ་ཡང་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། ཉེ་ཆར་ཅང་ཧྲོས་ཞིང་ཆེན་ཏྲེན་ཅང་རྫོང་གྲོང་སྒོ་ནུབ་མའི་ཕྱིའི་ཤའེ་ཏྲི་ན་གྲོང་བརྡལ་ཤའེ་ཡུད་མུན་ཚང་གི་ཕག་ཚང་དུ་ཕག་ཕྲུག་དྲུག་བཙས་འདུག །ཐམས་ཅད་ཀྱི་རྒྱབ་ན་སྤུ་མེད་ཅིང་། རྐང་པ་དང་ལྟོ་བ་ཐམས་ཅད་མིའི་རྐང་པ་དང་མིའི་ལྟོ་བ་ཇི་ལྟ་བ་བཞིན་རེད། དེ་བས་ཀྱང་ཡ་མཚན་པ་ཞིག་ལ་རེ་རེའི་རྒྱབ་ལོགས་ན་ཤ་མདོག་སྔོན་པོའི་ཡིག་འབྲུ་གསུམ་རེ་འབུར་དོད་དུ་བྱུང་འདུག །མིང་དེ་དག་ནི་ཉེ་དུས་ཤིན་ཏུ་རླབས་ཆེན་དུ་གྲགས་པའི་མི་དྲུག་གི་མིང་རེད། སྔོན་དངོས་འདི་མངོན་སུམ་ཚད་མར་མཐོང་མྱོང་མཁན་མང་པོ་ཡོད། ད་ལྟ་ཏན་དབྱང་གྲོང་ཁྱེར་ནང་ཝོས་གོ་ཤུན་གྱིས་རེ་ཞིག་ཉོས་ཏེ་དངོས་མང་རིག་པ་བ་ལ་ཞིབ་འཇུག་བྱེད་དུ་འཇུག་རྩིས་འདུག་གོ །དོན་འདི་འཛམ་གླིང་གི་ཡ་མཚན་ཅན་གྱི་མཐོང་ཐོས་ཀྱི་ནང་དུའང་བཀོད་ཡོད་ཟེར་རོ། །ཕྱི་ལོ་༡༩༣༥ལོར་ཧྲང་ཧེའི་ཏ་ཁྲིང་ས་ཁུལ་དུ་བཤན་པ་ཞིག་ཡོད་པ་ནད་ཀྱིས་ཐེབས་ཏེ་མལ་དུ་ལུས། ལམ་འགྲོ་བཙུན་པ་ཞིག་དང་འཕྲད་དེ་ཁྱེད་རང་སྡིག་སྒྲིབ་ཆེ་བས་འགྱོད་བཤགས་གྱིས་ཟེར། ནད་ཀྱིས་མནར་བས་གཞན་བྱེད་མ་ནུས་ཀྱང་ལག་པ་ཡ་གཅིག་གིས་ཐལ་མོ་བྱས་ཏེ་སྙིང་ཐག་པ་ནས་སངས་རྒྱས་ལ་གསོལ་བ་བཏབ། དེ་ནས་ཤི་སྟེ་ཟླ་བ་འགའ་སོང་རྗེས་ཁྱིམ་མི་ཐམས་ཅད་ལ་ཐུན་མོང་དུ་རྨི་ལམ་ཞིག་བྱུང་སྟེ། ཕ་རྒན་གྱིས་ང་ཁྱེད་ཚོའི་ཕ་ཡིན། སང་ཉིན་ཁྱིམ་མཚེས་ཀྱི་ཕག་ཁང་ནང་ཕག་ཕྲུག་ཏུ་བཙའ་ཞིང་ང་མི་ནོར་བའི་རྟགས་སུ་ལག་པ་ཡ་གཅིག་དེ་མིའི་ལག་པ་ཡིན། ངའི་སྲོག་ལན་ཅིག་སྐྱོབས་ཤིག་ཟེར། ཕྱི་ཉིན་བལྟས་པས་དེ་ག་རང་དུ་འདུག་པས་ཧྲང་ཧེའི་པའོ་ཧྭ་དགོན་པའི་ཚེ་ཐར་ར་བའི་ནང་དུ་ཚེ་ཐར་བྱས་སོ། །ཅིན་ཧྭ་པར་ལེན་ཁང་གིས་འདིའི་བརྙན་པར་བླངས་ཏེ་དེབ་ཐོག་ཏུ་བཀོད་པས་ཧྲང་ཧྭེའི་མི་ཕལ་མོ་ཆེ་ཞིག་གིས་ཤེས་ཤིང་། ཕག་དེ་དངོས་སུ་མཐོང་མཁན་ཉེ་ཆར་ཡང་ཡོད་ཟེར་ལ་བརྙན་པར་ནི་ད་ལྟའང་མཐོང་རྒྱུ་འདུག་གོ །གཞན་ཡང་ཉེ་ཆར་ཐེན་ཅིན་གྲོང་ཁྱེར་དུ་བུ་མོ་ཏྲེན་ཀྲོས་ཞེས་པ་ལོ་ཉེར་གཅིག་ལོན་པ་ཞིག་ཤི་བས་མས་སེམས་སྡུག་ཆེན་པོ་བྱས། དེ་རྗེས་རྨི་ལམ་ཐེངས་གསུམ་རྨིས་ཏེ་བུ་མོས་ང་རི་བོ་རྩེ་ལྔར་ཁྱི་ཞིག་གི་སྐྱེ་བ་བླངས་ཡོད་པས་བལྟར་ཤོག་ཟེར། རྒན་མོ་རི་བོ་རྩེ་ལྔར་འོངས་ཏེ་ཁྱི་ཡོད་པའི་དགོན་པ་སུ་ཡོད་དྲིས་པས་ལྷོ་རིའི་གསེར་གྱི་བ་གམ་གླིང་ན་ཡོད་ཟེར། གླིང་དེར་ཁྱི་དཀར་བོ་ཤ་མི་ཟ་ཞིང་། རབ་ཏུ་བྱུང་བ་ལ་དགའ་བ་ཞིག་ཡོད་འདུག །རྒད་མོ་དེར་འབྱོར་ནས་ཁྱིའི་དྲུང་དུ་ཕྱིན་པས་ཁྱི་དེས་མཐོང་མ་ཐག་ཤིན་ཏུ་དགའ་སྟེ་རྒད་མོའི་མགུལ་དུ་འཐམས་ཏེ་དགའ་སྐྱོའི་རྣམ་འགྱུར་ཚད་མེད་བྱེད་ཅིང་མིག་ནས་མཆི་མ་ཤར་ཤར་དུ་བཞུར། རྒད་མོས་ཀྱང་བུ་མོ་དེ་ཡིན་ཐག་ཆོད་དེ་མིག་ཆུ་རང་དབང་མེད་པར་ཤོར་ཏེ་མི་ཁྱི་གཉིས་ཀ་ངུའོ། །རྒད་མོ་སྔོན་ཆོས་ལ་ཡེ་མི་དད་པ་ཞིག་ཡིན་ཡང་ཕྱིས་ཆོས་ལ་དད་དེ་ལོ་རེར་དགོན་པ་དེར་ཁྱི་ལ་ལན་རེར་བལྟར་འོང་ངོ་། །ཉེ་ཆར་འགའ་ཞིག་ཆེད་དུ་རི་བོ་རྩེ་ལྔར་ཕྱིན་ཏེ་དགོན་འདིའི་རྒྱུན་བཞུགས་གྲྭ་པ་རྣམས་ལ་གཅར་འདྲི་བྱས་པས་ཁོང་ཚོས་དགོན་དཔོན་སོགས་མི་མང་པོས་མངོན་སུམ་དུ་མཐོང་བ་ཡིན་པས་བདེན་པ་ཁོ་ན་ཡིན་ཟེར་ལ། ཁྱི་དེ་ནི་ད་ལྟའང་འདུག་གོ །གཞན་ཡང་འདི་རྣམས་དང་འདྲ་བ་མང་པོ་འདུག་སྟེ་རེ་རེ་ནས་འབྲིར་མ་ལོངས་ཀྱང་འདི་རྣམས་ཀྱིས་མཚོན་ནས་ཤེས་པར་བྱའོ། །དེ་ལྟར་སྔོན་གནས་དྲན་ཚུལ་འདི་ལ་ཤིན་ཏུ་གསལ་བར་དྲན་མཁན་ཞིག་དང་། སྐྱེ་བ་སྔ་མའི་གནས་ཁང་ཕ་མ་སོགས་བག་ཆགས་ཤིན་ཏུ་བརྟན་པ་དེ་རྣམས་མ་གཏོགས་གཞན་བརྗེད་པ་ཞིག་སྟེ་རིགས་གཉིས་སྣང་། ཕྱི་མ་འདིས་ཕལ་མོ་ཆེ་ཞིག་བརྗེད་པ་བཞིན་དུ་དེ་ལས་གཞན་རྣམས་ཀྱིས་ཐམས་ཅད་བརྗེད་ནས་མ་དྲན་པ་ཡིན་གྱི་དེ་རྣམས་ལ་སྐྱེ་བ་སྔ་མ་མེད་པ་ནི་གཏན་ནས་མ་ཡིན་ཏེ་མི་སོ་སོ་ལ་བྱིས་པའི་དུས་ནས་སུས་ཀྱང་མ་བསླབ་པའི་གཤིས་ཀ་མི་འདྲ་བ་ཞིག་ཡོད་པ་འདི་ནི་སྔ་མའི་བག་ཆགས་ལས་བྱུང་བར་གོར་མ་ཆག་གོ གལ་ཏེ་མ་དྲན་པ་ཙམ་གྱིས་མེད་པར་འཇོག་ན་གནས་ཁང་དང་ཕ་མ་ཙམ་མ་གཏོགས་མི་དྲན་པ་དེ་དག་ལ་དེ་རྣམས་ལས་གཞན་པ་ཅི་ཡང་མེད་པར་ཁས་ལེན་དགོས་པར་འགྱུར་རོ། །འོ་ན་སྐྱེ་བ་སྔ་མ་འདི་འགའ་ཞིག་གིས་དྲན་ལ་འགའ་ཞིག་གིས་མི་དྲན་པའི་རྒྱུ་མཚན་གང་ཡིན་ཞེ་ན། འདི་ལ་གཉིས་ཏེ་བསྒོམས་བྱུང་གི་མངོན་ཤེས་ཀྱིས་དྲན་པ་དང་། ལས་ཀྱི་དབང་གིས་དྲན་པའོ། །ལས་ནི་རིན་ཆེན་ཕྲེང་བ་ལས། ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་འཐོབ་པར་འགྱུར། །ཞེས་གསུངས་པ་ལ་སོགས་པའོ། །རྒྱུ་འདི་གཉིས་ལས་གང་རུང་དང་ལྡན་པས་དྲན་ལ་མི་ལྡན་པས་མི་དྲན་པ་ཡིན་ནོ། །དེ་ལྟར་ཚེ་འདིའི་ལུས་སེམས་གཉིས་ནི་སྐྱེ་བ་སྔ་མའི་ལུས་སེམས་གཉིས་དང་། ད་ལྟའི་ཕ་མའི་ཁུ་ཁྲག་གཉིས་དང་། སྔོན་གྱི་ལས་རྣམས་ལས་སྐྱེས་པར་བདག་ཅག་གི་སྟོན་པས་གསུངས་པ་གོང་དུ་དྲངས་པ་ལྟར་ཡིན་གྱི་གློ་བུར་དུ་བྱུང་བ་ནི་གཏན་ནས་མ་ཡིན་ཏེ། གལ་ཏེ་སེམས་འདི་གློ་བུར་དུ་བྱུང་བ་ཡིན་ན་སྐྱེ་བ་སྔ་མ་དང་བར་སྲིད་རྣམས་དྲན་པ་གནས་མེད་ཅིང་སྐབས་མེད་དེ་སེམས་རང་གི་ངོ་བོ་དེའི་ཚེ་ན་མེད་པར་འདོད་པའི་ཕྱིར་རོ། །དེ་བཞིན་དུ་ལུས་འདི་ཡང་ད་ལྟའི་ཕ་མའི་ཁུ་ཁྲག་ཙམ་ལས་སྐྱེ་བ་སྔ་མའི་ལུས་དང་དེ་བྱུང་གི་འབྲེལ་བ་གཏན་ནས་མེད་ན་སྔ་མའི་ལུས་ལ་མཚོན་གྱིས་རྨས་པ་སོགས་ཀྱི་ཤུལ་ཕྱི་མའི་ལུས་ལ་ཡོད་དོན་རྩ་བ་ནས་མེད་ཀྱང་དེ་ནི་ཡོད་པའང་ཡིན་ཏེ། དབྱིན་ཇིའི་བུ་མོ་རླངས་འཁོར་གྱིས་བསད་པ་གཉིས་ཀྱི་སྔ་མའི་རྨ་ཤུལ་ཕྱི་མ་ལ་གསལ་བར་ཡོད་པ་དང་། གོང་དུ་བཤད་པའི་ཧྲེ་ཐོན་རུ་ཆེན་ན་ཡང་སྔོན་གནས་དྲན་མཁན་ཞིག་ཡོད་པ་དེས་སྐྱེ་བ་སྔ་མར་རྐུན་པོ་བྱེད་སྐབས་དམག་གིས་མེ་མདའ་བརྒྱབ་སྟེ་བསད་པས་ད་ལྟ་བཤང་ལམ་གྱི་སྟེང་ཕྱོགས་ན་རྨ་ཤུལ་ཤིན་ཏུ་གསལ་བོར་སྣང་ངོ་། །འདི་འདྲ་བའི་རིགས་དམངས་ཁྲོད་ན་མང་དུ་སྣང་སྟེ་མཚོན་ཙམ་མོ། །འདིའི་རྒྱུ་མཚན་དཔེ་དང་བཅས་པ་དཔལ་ལྡན་ཟླ་བའི་བཞི་བརྒྱ་པའི་འགྲེལ་བ་ན་གསལ་བར་གསུངས་ཡོད་དོ། །དེ་ལྟ་ན་ད་ལྟའི་ལུས་སེམས་གཉིས་ནི་སྔ་མའི་ལུས་སེམས་ལས་བྱུང་བར་བསླུ་མེད་བསྙོན་མེད་དུ་གྲུབ་པའི་ཕྱིར་ཉེར་ལེན་གྱི་རྒྱུའི་གཙོ་བོ་ནི་སྔ་མའི་ཕུང་པོ་ལྔ་པོ་ཡིན། ལྷན་ཅིག་བྱེད་པའི་རྐྱེན་ནི་ད་ལྟ་སྨན་སོགས་ཀྱིས་ཀྱང་བྱེད་དེ་བྱིས་པ་མངལ་དུ་གནས་པའམ་བཙའ་བའི་སྐབས་བློ་རྣོ་བའི་ཆོ་ག་བྱས་པས་རིག་པ་ཇེ་གསལ་དུ་འགྱུར་བ་ལྟ་བུའོ། །ཕ་མའི་ཁུ་ཁྲག་གིས་ཀྱང་བྱེད་དེ་མི་དང་དུད་འགྲོའི་ཁུ་ཁྲག་བསྲེས་པས་སེམས་ཅན་མི་འདྲ་བ་འབྱུང་བ་ལྟ་བུའོ། །དེ་ལྟ་ནའང་ལྷན་ཅིག་བྱེད་པའི་རྐྱེན་གྱི་གཙོ་བོ་ནི་སྔོན་བསགས་པའི་ལས་ཁོ་ན་ཡིན་ཏེ་ལས་ཀྱིས་འགྲོ་བ་རིགས་དྲུག་ཏུ་འཕེན་པར་བྱེད་ནུས་ཀྱི་གཞན་གྱིས་ནི་མི་ནུས་སོ། །དེ་ལྟར་སྐྱེ་བ་སྔ་ཕྱི་ཞེས་པ་འདི་ནི་གྲུབ་མཐའི་བཤད་སྒྲོས་ཙམ་མ་ཡིན་པར་དོན་དངོས་ཐོག་ཏུ་གནས་པའི་བདེན་དོན་བསྙོན་དུ་མེད་པ་ཞིག་ཡིན་པའི་གནད་ཀྱིས་དེང་སང་ཕྱི་རྒྱལ་གྱི་ཚན་རིག་པ་རྣམས་གནས་འདི་ལ་ལྷག་པར་མོས་པ་སྐྱེས་ཏེ་སྔ་རྗེས་སུ་གཞུང་བརྒྱ་ཕྲག་ལྷག་ཅིག་དཔར་བསྐྲུན་བྱས་འདུག །བྱ་བ་འདི་ལ་དང་པོར་བརྩོན་མཁན་ནི་ཨ་རིའི་ཝེ་ཅི་ནིའུ་ཡ་སློབ་གྲྭ་ཆེན་མོའི་དགེ་རྒན་ཧྲི་ཏུས་ཝེན་ཧྲེན་ཞེས་པ་དེ་རེད། ཁོང་གིས་རྒྱལ་ཁབ་སོ་སོ་ནས་སྔོན་གནས་དྲན་མཁན་བདུན་བརྒྱ་ལྷག་གི་ལོ་རྒྱུས་བསྡུ་སྒྲིག་བྱས་ཏེ་ཕལ་མོ་ཆེ་ཞིག་བདེན་དཔང་སྟོབས་ལྡན་ཡོད་པ་འབའ་ཞིག་ཡིན་འདུག་གོ །དེར་མ་ཟད་ད་ལྟ་རྒྱལ་སྤྱིའི་ཚེ་སྲོག་གི་ཚན་རིག་ཞིབ་འཇུག་ཁང་བཙུགས་ནས་ཞིབ་འཇུག་བྱས་ཏེ་འབྲས་བུ་མི་དམན་པ་ཐོབ་དང་འཐོབ་མུས་སུ་སྣང་ངོ་། །ང་ཚོ་བོད་ལ་མཚོན་ན་མི་རིགས་ཧྲིལ་བོས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་རྙེད་ནས་ལོ་སྟོང་ལྷག་སོང་སྟེ་བསམ་བློའི་སྟེང་ནས་བཅིངས་གྲོལ་དང་དགེ་མཚན་རྨད་དུ་བྱུང་བ་ཞིག་ཐོབ་པ་དེར་ད་ལྟ་དེང་རབས་ཀྱི་རིག་པ་ཤིན་ཏུ་རྒྱས་ཏེ་མཁའ་དབྱིངས་ཀྱི་དུས་རབས་སུ་འབྱོར་བའི་གནས་སྐབས་ན་ཚན་རིག་གི་བདེན་དཔང་ཡང་ཐོབ་པས་གཞན་ལ་ངོམ་རིན་ཆོག་པའི་ཡོན་ཏན་ཞིག་སྟེ། བསམ་བློའི་འཁྱེར་སོ་འདིའི་དབང་གིས་རང་རེ་བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་ནང་སྔོན་ནས་ད་ལྟའི་བར་ཕན་འབྲས་བརྗོད་ཀྱིས་མི་ལང་པ་ཞིག་ཐོབ་པ་ནི་ཐམས་ཅད་ལ་མངོན་སུམ་ཚད་མ་ཡིན་ནོ། །གཉིས་པ་ལས་དང་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་བྱ་བ་ནི། དེ་ལྟར་ཤི་ནས་མེད་དུ་མི་འགྲོ་བར་ཕ་རོལ་ཏུ་འགྲོ་དགོས་པར་ཚད་མས་གྲུབ་ཅིང་དེ་ཡང་འགའ་ཞིག་ནི་མི་དང་འགའ་ཞིག་ནི་དུད་འགྲོ་ཉིད་དུ་སྐྱེ་བར་ཡང་དེ་བཞིན་དུ་གྲུབ་ལ། དེར་སྐྱེས་ནས་ཀྱང་འགའ་ཞིག་གིས་ནི་བྱ་བ་བཟང་པོ་གཞན་གྱི་སྲོག་སྐྱོབ་པ་དང་། དབུལ་བོ་ལ་སྦྱིན་པ་སྟེར་པ། དྲང་བདེན་བྱེད་པ་སོགས་ཡ་རབས་ཀྱི་སྤྱོད་པ་རྣམས་རང་གི་ངང་གིས་བྱེད། འགའ་ཞིག་ནི་སྲོག་གཅོད་པ། རྐུ་འཕྲོག་བྱེད་པ། རྫུན་གྱིས་གཞན་བསླུ་བ་སོགས་མ་རབས་ཀྱི་སྤྱོད་པ་རྣམས་ལ་རང་གི་ངང་གིས་དགའ་ཞིང་སྤྱོད། འགའ་ཞིག་ནི་མི་ཚེ་ཧྲིལ་བོར་ནད་སྣ་ཚོགས་ཀྱིས་མནར་ནས་སྨན་དཔྱད་གང་གིས་ཀྱང་མི་ཕན་པར་ཤི །ལ་ལ་ནི་ཚེ་གང་པོར་ནད་ཅི་ཡང་མེད་པར་འཆི་ཚེ་ཡང་བདེ་བར་ཤི །ལ་ལས་ཚེ་གང་བོར་འབད་པ་སྣ་ཚོགས་བྱས་ཀྱང་ཐ་ན་ཉིན་གཅིག་གི་ཟས་གོས་ཕུན་སུམ་ཚོགས་པ་ཙམ་ཡང་རྙེད་པར་དཀའ་ལ་གཞན་གྱིས་ལོངས་སྤྱོད་རྒྱ་ཆེན་པོ་བྱིན་ཀྱང་འཕྲལ་དུ་ཟད་དེ་སྔར་གྱི་དེ་ག་རང་དུ་འགྱུར་བ་དང་། ལ་ལས་དེ་ཙམ་གྱི་འབད་པ་ཆེན་པོ་ཅི་ཡང་མ་བྱས་ཀྱང་ནམ་དུའང་ལོངས་སྤྱོད་ཀྱིས་མི་གཏོང་བ་དང་། འགའ་ཞིག་ནི་གཟུགས་བཟང་ཞིང་འགའ་ཞིག་ནི་ཤིན་ཏུ་མི་སྡུག་པ་དང་གཞན་ཡང་དཔྲལ་བའི་དབུས་སུ་མིག་གཅིག་མ་གཏོགས་མེད་པ། སྐ་རྔ་མོང་གི་སྐེ་ལྟར་རིང་བ། དབུགས་འབྱིན་རྔུབ་དང་། ཟས་སྐོམ་འགྲོ་བའི་བུ་ག་ཙམ་མ་གཏོགས་མིག་སྣ་སོགས་ཤུལ་ཙམ་ཡང་མེད་པ། ལུས་ལ་པགས་པ་ཡེ་མེད་པ། མགོ་ལ་རྭ་སྐྱེས་པ། ཕོ་ཁ་དྲུག་སྐྱེས་ཏེ་རྟག་ཏུ་མུ་གེའི་སྡུག་བསྔལ་བཟོད་དཀའ་བ་མྱོང་བ། ལུས་ལ་མེ་ལྕེ་རང་འབར་ཏེ་གསོན་གསོན་དུ་ཚིག་ནས་ཤི་བ་དང་། རྐང་པ་བཞི་ཅན། ལྕེ་གཉིས་ཅན། མགོ་གཉིས་ཅན། མིག་བཞི་ཅན། མགོ་ལ་རྭ་ཡལ་ག་བཞི་པ་དང་། ལག་སོར་རྣམས་རིང་ཐུང་དུ་སྐྱེས་ཏེ་སྡིག་སྲིན་ཇི་ལྟ་བ་བཞིན་དུ་གྱུར་པ་སོགས་བརྗོད་ཀྱིས་མི་ལང་པ་ཞིག་འདུག་སྟེ་མདོར་ན་འཇིག་རྟེན་གྱི་ཁམས་འདིར་བདེ་སྡུག་མི་མཉམ་པ་དབྱར་གྱི་རྩི་ཤིང་ལྟ་བུ་ཞིག་སྣང་བ་འདི་དག་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ནི་མི་སྲིད་ལ། བྱེད་པ་པོ་གཞན་ཞིག་གིས་ཆེད་དུ་བཀོད་སྒྲིག་བྱས་པ་ཡིན་པར་ཡང་མི་འགྲུབ། དེས་ན་བདག་ཅག་གི་སྟོན་པས་གསུངས་པ་བཞིན་རང་རང་གིས་ལས་བསགས་པའི་འབྲས་བུ་ཡིན་པར་བདེ་བླག་ཏུ་གྲུབ་པ་ཡིན་ཏེ། ཇི་ལྟར་ན། ལས་རེ་རེ་ལའང་འབྲས་བུ་བཞི་བཞི་སྟེ། རྣམ་སྨིན་གྱི་དང་། རྒྱུ་མཐུན་གྱི་དང་། བྱེད་པའི་དང་། དབང་གི་འབྲས་བུའོ། །རྣམ་སྨིན་གྱི་འབྲས་བུ་ནི་དགེ་བས་བདེ་བ་དང་། མི་དགེ་བས་སྡུག་བསྔལ་བསྐྱེད་པ་དེ་ཡིན། རྒྱུ་མཐུན་གྱི་འབྲས་བུ་ནི་ཚེ་རབས་སྔ་མ་རྣམས་སུ་མི་དགེ་བ་སོགས་བྱེད་པ་ཞིག་ཡིན་ན་ཚེ་འདིར་ཡང་བག་ཆགས་གོམས་པས་དེ་ཉིད་བྱེད་པ་སྟེ། ལས་བརྒྱ་པ་ལས། དེས་མི་དགེ་བ་ཀུན་ཏུ་གོམས་ཤིང་འདྲིས་པར་བྱས་པས། ཕྱིར་ཡང་མི་དགེ་བ་ལ་བརྟེན། མི་དགེ་བ་ལ་སྤྱོད། མི་དགེ་བའི་རྗེས་སུ་འཇུག་པ་ཉིད་དུ་སྐྱེ་སྟེ། ཞེས་གསུངས་པ་ཉིད་དོ། །ལས་ཀྱི་འབྲས་བུ་འདི་དག་ནི་མངོན་སུམ་དུ་བལྟར་ཡོད་པ་ཞིག་སྟེ། གོང་དུ་བཤད་པ་བཞིན་ཤན་པས་ལག་པ་ཡ་གཅིག་གིས་སངས་རྒྱས་ལ་ཐལ་མོ་སྦྱར་ཞིང་དད་བཞིན་དུ་ཤི་བས་དེའི་རྣམ་སྨིན་ཕག་ཏུ་སྐྱེས་ཀྱང་ལག་པ་ཡ་གཅིག་མིའི་ལག་པར་གྱུར་པ་དང་། སྲོག་གི་འཇིགས་པ་ལས་ཐར་བར་གྱུར་བ་དང་། ཆིན་རྒྱལ་རབས་ཀྱི་སྐབས་སུ་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་འགྲམ་པའོ་ཀྭང་སི་སྟེ་ནོར་འོད་གླིང་གི་གྲྭ་པ་ཞིག་གི་དྲུང་དུ་སྦྱིན་བདག་ཅིག་གིས་གསེར་དངུལ་བུམ་པ་གང་ཕུལ་ཏེ། འདི་གཉུག་མར་གནས་པའི་དགེ་འདུན་པ་དག་ལ་འཚོ་བ་ཡིན་ཟེར། གྲྭ་བས་མལ་ཁྲིའི་འགྲམ་ལ་འཇོག་ཏུ་བཅུག །རང་ཉིད་གཞན་དུ་སོང་ནས་མཚན་མོར་སླར་ལོག་སྟེ་ཉལ་ཚེ་མལ་ཁྲིའི་འོག་གི་པང་ལེབ་ཆག་སྟེ་བུམ་པ་པང་ལེབ་འོག་ཏུ་ལྷུང་། གྲྭ་པས་དེར་གསེར་དངུལ་ཡོད་པ་བརྗེད་པར་གྱུར་། པང་ལེབ་སླར་འཆོས་པའི་ཚེ་ནའང་མ་མཐོང་བས་གཉུག་མར་གནས་པ་རྣམས་ཀྱི་ལོངས་སྤྱོད་ལ་གནོད་པར་གྱུར། གྲྭ་པ་དེ་ཉིད་ཤི་རྗེས་ལོ་འགའ་ཞིག་ནས་ཉིན་གཅིག་མ་ཧེ་ཞིག་དགོན་པར་འོངས་ཏེ་ཤར་རེ་སྔོན་གྱི་གྲྭ་བའི་ཁང་པའི་ནང་དུ་ཕྱིན་ནས་ངུ་ཞིང་པང་ལེབ་སྟེང་དུ་ལག་རྡེབ་བྱས། པང་ལེབ་རྭས་བརྡེགས་ཏེ་བཅག་པས་འོག་ན་གསེར་དངུལ་གྱི་བུམ་པ་དེ་ཡོད་པར་མཐོང་། ཐམས་ཅད་ཡ་མཚན་ཏེ་ཞིབ་ཏུ་བལྟས་པས་མ་ཧེ་དེའི་རྭའི་ངོས་ན་སྔོན་གྱི་གྲྭ་པ་དེའི་མིང་གསལ་བར་དོད་ཡོད། ཀུན་སྐྲག་ཅིང་སྙིང་རྗེ་སྟེ་མ་ཧེ་ཉོས་ཏེ་དགོན་པར་བཞག །ཕྱིས་ཤི་ཚེ་རྭ་དེ་བླངས་ནས་ཉར་ཚགས་བྱས་ཏེ་ལོ་རེ་བཞིན་དགོན་པའི་རྒྱུ་རྫས་རྩིས་སྤྲོད་བྱེད་ཚེ་ཐམས་ཅད་ལ་རྭ་དེ་བསྟན་ནས་དགེ་འདུན་གྱི་ནོར་རྫས་ལ་བག་ཡོད་བྱ་དགོས་པའི་བསླབ་བྱ་བྱེད་དོ། །རྭ་འདི་རིག་གནས་གསར་བརྗེའི་སྐབས་བརླགས་ཀྱང་འདི་དངོས་སུ་མཐོང་མྱོང་མཁན་གྱི་གྲྭ་རྒན་དང་སྦྱིན་བདག་མང་པོ་ད་དུང་ཡོད་འདུག་གོ །དེ་བཞིན་དུ་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སྡེ་དགེ་ན་བཞུགས་སྐབས། ཉིན་གཅིག་དེ་རིང་དངུལ་མདའི་ཆུ་ནང་འདིར་ཅི་བྱུང་ཡང་གཏོང་མི་ཉན་ཞེས་གྲྭ་པ་མང་པོར་སྒུག་ཏུ་བཅུག །ཕྱི་དྲོ་ཙ་ན་ཤིང་སྡོང་ཆེན་པོ་ཞིག་ཆུས་ཁྱེར་བྱུང་བ་དེ་བླངས་ནས་དེ་ལས་གཞན་གང་ཡང་མ་བྱུང་ཞུས་པས། དེ་ཡིན། སྡོང་དུམ་དེ་གཤོགས་དང་གསུངས། སྡོང་དུམ་གཤགས་པའི་ནང་ན་སྦལ་བ་ཆེན་པོ་ཞིག་ལ་སྲོག་ཆགས་མང་པོས་ཟ་བཞིན་འདུག་པ་དེ་ལ་ཁྲུས་ཆོག་སོགས་མཛད། དེ་སྡེ་དགེའི་གཉེར་བ་པོ་རྒྱས་བྱ་བ་ཞིག་གི་སྐྱེ་བ་ཡིན་གསུངས་སོ། །དེ་དག་ནི་རྣམ་སྨིན་གྱི་འབྲས་བུ་ཡིན། དེ་བཞིན་དུ་རྒྱུ་མཐུན་གྱི་འབྲས་བུ་ཡང་། ཀྲུང་གོའི་ཁྲོའུ་ཀུག་གྲོང་རྡལ་ན༡༩༤༠ལོར་སྐྱེས་པའི་བགྲེས་མོ་རུས་མིང་པང་ཟེར་བ་ཞིག་ཡོད། འདིས་སྐྱེ་བ་སྔ་མར་ས་འོག་ཏུ་སྦས་པའི་དངུལ་སྒོར་མང་པོ་མོས་བཤད་པ་བཞིན་སྔོན་གྱི་གནས་ཁང་གི་འོག་ནས་རྙེད་པ་སོགས་ཚེ་རབས་དྲན་པའི་བདེན་དཔང་སྟོབས་ལྡན་ཡོད་པ་ཞིག་རེད། འདི་སྐྱེ་བ་སྔ་མར་ཐ་མ་ཁ་འཐེན་རྒྱུར་ཤིན་ཏུ་སྲེད་པ་ཆེ་བས་ཚེ་འདིར་ལོ་གསུམ་ཙམ་ནས་མི་ཆེན་པོ་དག་ཇི་ལྟ་བ་བཞིན་དུ་ཐ་མ་ཁ་འཐེན་པར་བྱེད་དོ། །དེ་ལྟར་ལས་བརྒྱ་པ་ལས་གསུངས་པ་བཞིན་འདིས་སྐྱེ་བ་སྔ་མར་མི་དགེ་བ་ཐ་མ་ཁ་འཐེན་རྒྱུར་འདྲིས་ཤིང་གོམས་པས་ད་ལྟའང་མི་དགེ་བ་ཐ་མ་ཁ་འཐེན་རྒྱུར་བརྟེན། དེ་ལ་སྤྱོད། དེའི་རྗེས་སུ་འཇུག་པ་ཉིད་དུ་སྐྱེ་བ་ནི་མངོན་སུམ་མོ། །དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་གྲངས་བསྟན་པའི་མདོ་ལས། སྐྱེ་བ་སྔ་མར་རོལ་མོ་མཁན་བྱེད་པ་དག་ནི་སྐྱེ་བ་ཕྱི་མར་གླུ་གར་ལ་དགའ་བ་ཉིད་དུ་སྐྱེ་བར་གསུངས་པ་དེ་ཉིད་དངོས་གནས་དེ་ལྟར་དུ་བྱུང་འདུག་སྟེ། སྐད་གྲགས་ཅན་གྱི་གླུ་གར་པ་ཕུས་ལུས་ཧྲི་ལུས་ཤི་ནས་སླར་སྐྱེ་བའི་ཚེ་ལུས་ཀྱི་སྟེང་ན་སྔ་མའི་མགོ་བརྙན་ཇི་ལྟ་བ་བཞིན་ཤ་གཏིང་ན་དོད་པ་སོགས་སྔ་མའི་ཡང་སྲིད་ཡིན་པའི་རྟགས་མཚན་ངོ་མཚར་ཅན་དང་ལྡན་པ་དེས་ཟླ་ངོ་དྲུག་ཙམ་ལོན་པ་ནས་གླུ་མང་པོ་ལེན་པའི་ཕྱིར་རོ། །སྔོན་གནས་དྲན་མཁན་འདི་དག་གི་འགྲོ་སྟངས། གཏམ་བཤད་སྟངས་སོགས་གཤིས་ཀ་ཐམས་ཅད་སྔ་མ་དག་དང་འདྲ་ཞིང་། ཐ་ན་ཚེ་སྔ་མར་མི་བཟའ་རྒྱུའི་ཟས་དག་ཚེ་འདིར་ཡང་བཟའ་མི་འདོད་པར་འདུག་པས་སྔ་མར་དགེ་མི་དགེ་གང་བྱེད་རྣམས་ཕྱི་མར་ཡང་བྱེད་རྒྱུ་ཡིན་པ་ནི་གདོན་མི་ཟ་བས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་འདི་ནི་མངོན་སུམ་དུ་གྲུབ་པ་ཞིག་གོ །དེར་མ་ཟད་ལས་འགའ་ཞིག་གི་འབྲས་བུ་འཕྲལ་དུ་སྨིན་པའང་ཡོད་དེ། ཉེ་ཆར་ཙ་དབྱིར་རྒྱལ་ཁབ་ཏུ་རྔོན་པ་ཞིག་ལུས་མ་བརྗེས་པར་གཅན་གཟན་དུ་གྱུར་འདུག་སྟེ། ལོ་ཕུས་ཁུ་ལིའུ་ཁུ་ཞེས་པའི་རྔོན་པ་འདིའི་ལུས་ཡོངས་ལ་རི་མོ་སེར་པོ་དང་ཐིག་ལེ་ནག་པོས་ཁྱབ་ཅིང་། སོ་རྣམས་གཅན་གཟན་གྱི་མཆེ་བ་ལྟར་རིང་པོར་གྱུར། གདོང་དབྱིབས་གཟིག་དང་འདྲ་ཞིང་གདུགས་པའི་ང་རོ་སྒྲོག །ཤ་རློན་ཟ་ཞིང་རྒྱུད་ཤིན་ཏུ་གཏུམ་པའི་མིའི་གཟིག་ཅིག་ཏུ་གྱུར་ཏོ། །འདི་འདྲ་བ་སྔོན་དང་ད་ལྟར་བྱུང་བ་མང་པོ་སྣང་ངོ་། །ཡང་༡༩༩༠ལོའི་ཟླ་༡༠ཚེས་༢ ཉིན་ཀྲུང་གོའི་ཀྭང་ཀྲུའུ་སྤྲིན་དཀར་གནམ་གྲུ་ཐང་དུ་གནམ་གྲུ་ལ་ཉེས་སྐྱོན་བྱུང་སྟེ་མི་བརྒྱ་ཕྲག་ལྷག་ཅིག་ཤི་རྨས་བྱུང་བའི་ནང་དུ་ནང་པའི་དགེ་བསྙེན་གསུམ་ཞིག་འདུག །ཁོང་རྣམས་ཀྱིས་གནམ་གྲུའི་འཛིན་ཤོག་དེ་ཉོས་པ་ནས་བཟུང་རྒྱུ་མཚན་མེད་པར་སེམས་མི་བདེ་བ་ཞིག་བྱུང་བས་ལྷོ་གྲུ་འཛིན་དགོན་དུ་ཕྱིན་ནས་སྤྱན་རས་གཟིགས་ལ་གསོལ་བ་དྲག་ཏུ་བཏབ་པས་འཕྲལ་དུ་སེམས་མི་བདེ་བ་དེ་ཞི་བར་གྱུར། ཟླ་༡༠ཚེས་༢ཉིན་གནམ་གྲུ་བར་སྣང་དུ་འཕུར་བཞིན་པའི་སྐབས་སུ་ཉེས་རྐྱེན་དང་འཕྲད་པར་དྲིལ་བསྒྲགས་པའི་ཚེ་ཁོང་གསུམ་པོས་སྤྱན་རས་གཟིགས་དང་འོད་དཔག་མེད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ། རེ་ཞིག་ནས་གནམ་གྲུའི་སྣུམ་ཟད་དེ་ཀྭང་ཀྲུའི་སྤྲིན་དཀར་གནམ་གྲུ་ཐང་དུ་མྱུར་འབབ་བྱས་པས་གནམ་གྲུ་གཞན་དང་འཕྲད་དེ་དགེ་བསྙེན་གསུམ་པོའི་སྡོད་གནས་ཀྱི་རྒྱབ་ཕྱོགས་འདོམ་གང་ཙམ་གྱི་མཚམས་ནས་དུམ་བུ་གཉིས་སུ་གྱུར་ཏེ་གནམ་གྲུའི་ཁོག་པའི་ཁ་ཕྱེས་ཚེ་ཁོང་རྣམས་འཕྲལ་དུ་ཕྱི་རོལ་ཏུ་བྲོས། དེ་མ་ཐག་མགོ་རྔ་གཉིས་པོ་འབར་གས་སུ་གྱུར་ཏེ་མེའི་ཕུང་པོ་ཞིག་ཏུ་གྱུར། དེ་ལྟར་གནམ་གྲུ་གང་བོ་ལས་མི་བཅུ་ཕྲག་ཙམ་མ་གཏོགས་ཐམས་ཅད་ཤི་ལ། བཅུ་ཕྲག་ཙམ་དེ་ཡང་རྐང་བཅད་ལག་རྡུམ་གྱི་རྨས་སྐྱོན་ཤིན་ཏུ་ཆེན་པོ་ཐེབས་པ་འབའ་ཞིག་རེད། ཁོང་གསུམ་པོར་རྨས་སྐྱོན་ཅུང་ཟད་ཀྱང་མ་བྱུང་ངོ་། །དེ་ནས་གནམ་གྲུ་ཐང་གཙང་བཤེར་བྱེད་སྐབས་དངོས་པོ་གཞན་ཐམས་ཅད་ཐལ་བ་འབའ་ཞིག་ཏུ་གྱུར་ཀྱང་དགེ་བསྙེན་རྣམས་ཀྱིས་བླུས་པའི་ཆོས་ཀྱི་དཔེ་དེབ་འགའ་ཞིག་ཡོད་པ་དེ་ཁོ་ན་སྐྱོན་ཅི་ཡང་མེད་པར་ལུས་ནས་འདུག་པས་ཐམས་ཅད་ཀྱིས་དམ་པའི་ཆོས་ཀྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པར་འདུག་ཅེས་ཧ་མི་ལས་པ་གཅིག་ཀྱང་མི་འདུག་གོ །དེས་མཚོན་ནས་དེ་འདྲ་ཆེས་མང་པོ་ཡོད་པ་རྣམས་ཀྱང་ཤེས་པར་བྱའོ། །དེས་ན་ལས་ཀྱི་འབྲས་བུ་འདི་རྣམས་ནི་དངོས་ཡོད་ཀྱི་འཚོ་བའི་ནང་ནས་མིག་མཐོང་ལག་ཟིན་དུ་བྱུང་བ་ཡིན་པས་བསྙོན་འདིང་ན་མ་གཏོགས་གཞན་ཁས་མི་ལེན་པའི་ཐབས་མི་འདུག་གོ །གལ་ཏེ་ད་དུང་ཁས་མི་ལེན་ན་ནི་བླུན་པོའི་ཨུ་ཚུགས་ཡིན་པས་ཅི་བྱར་ཡོད། འདི་རིགས་པས་ཀྱང་འགྲུབ་སྟེ། ཕྱི་རོལ་གྱི་དངོས་པོ་རྣམས་ལས་སྨན་གྱིས་བདེ་བ་སྐྱེད། དུག་གིས་སྡུག་བསྔལ་སྐྱེད་པ་འདི་སུས་ཀྱང་མ་བསྒྲིགས་མོད། དངོས་པོ་རང་གི་ཆོས་ཉིད་རེད། དེ་བཞིན་དུ་གཞན་ལ་གནོད་སེམས་སོགས་རྣམ་རྟོག་ཕྱིན་ཅི་ལོག་དང་། གཞན་ལ་ཕན་སེམས་སོགས་རྟོག་པ་བཟང་པོ་རྣམས་ལའང་རང་རང་གི་འབྲས་བུ་ཞིག་ཅིའི་ཕྱིར་མེད། གཞན་ཡང་སྤྱོད་པ་ངན་པ་ཟས་དུག་ཅན་ཟོས་པས་སྡུག་བསྔལ་སྐྱེད། །སྤྱོད་པ་ལེགས་པོ་འཕྲོད་བསྟེན་ཚུལ་བཞིན་དུ་བྱས་པས་བདེ་བ་སྐྱེད་པ་བཞིན་དུ། བྱ་བ་ངན་པ་གཞན་གྱི་ཤིན་ཏུ་གཅེས་ཤིང་ཕངས་པའི་སྲོག་གཅོད་པ་དང་། ངལ་བ་ཆེན་པོས་བསྒྲུབས་པའི་ནོར་རྫས་དབང་མེད་དུ་འཕྲོག་པ་སོགས་དང་། བྱ་བ་བཟང་པོ་སྲོག་སྐྱོབ་པ། སྦྱིན་པས་གཞན་ཚིམ་པར་བྱེད་པ་སོགས་ལ་རང་རང་གི་འབྲས་བུ་ཅི་སྟེ་མེད་དེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་བས་ཁྱིམ་ཚང་ཞིག་གི་ནོར་རྫས་ཇག་པས་ཕྲོག་སྟེ་དབུལ་བོར་གྱུར་བ་ལྟ་བུར་མཚོན་ན་དབུལ་བོར་གྱུར་བའི་རྒྱུ་དངོས་སུ་མཐོང་བ་ནི་དགྲས་བཅོམ་པ་དེ་ག་རེད། འོན་ཀྱང་དེ་མ་གཏོགས་མ་མཐོང་བའི་རྒྱུ་གཞན་མེད་ཅེས་སྨྲ་མི་ནུས་ཏེ། དཔེར་ན་སྒྲ་སྡུད་འཕྲུལ་ཆས་ཀྱིས་སྒྲ་འབྱིན་པའི་རྒྱུ་དངོས་སུ་མཐོང་བ་ནི་འཕྲུལ་ཆས་ཀྱི་ལྷུ་ལག་དེ་ཙམ་ཞིག་རེད། འོན་ཀྱང་དེ་ག་རང་ལས་གཞན་པའི་མ་མཐོང་བའི་རྒྱུ་མེད་ཅེས་སྨྲ་ག་ལ་ནུས་ཏེ། རང་དགར་མི་མཐོང་བའི་གློག་གི་རྦ་རླབས་ཀྱང་མེད་ཐབས་མེད་པའི་ཕྱིར་རོ། །དེ་བཞིན་དུ་གློག་སྒྲོན་གྱིས་འོད་འབྱིན་པ་ལའང་དངོས་སུ་མཐོང་བའི་སྒྲིག་ཆས་འདི་དག་ཀྱང་དེའི་རྒྱུ་ཡིན་མོད། གཙོ་བོ་ནི་མིག་སོགས་ཀྱིས་མི་མཐོང་བའི་གློག་ཤུགས་ཉིད་ཡིན་པ་ལྟ་བུའོ། །དེས་ན་འཇིག་རྟེན་གྱི་བདེ་སྡུག་སོགས་ལ་མིག་གིས་མཐོང་རྒྱུ་ཡོད་པ་དང་། ལག་པས་རེག་རྒྱུ་ཡོད་པ་འདི་དག་ལས་གཞན་པའི་རྒྱུ་མེད་ཟེར་བ་ནི་གནའ་རབས་དང་དེང་རབས་ཀྱི་རིགས་པ་གཉིས་ཀ་དང་མི་མཐུན་པ་ཞིག་གོ །འགའ་ཞིག་གིས་དགེ་བ་བསྒྲུབས་ཀྱང་མི་འདོད་པ་བྱུང་བས་ལས་འབྲས་ལ་ཡིད་གཉིས་བྱེད་ཀྱང་། མི་འདོད་པ་འབྱུང་བ་འདི་སྔོན་གྱི་ལས་འབྲས་ཡིན་ལ། ད་ལྟ་དགེ་བ་བསྒྲུབས་པ་ལ་འབྲས་བུ་མེད་པ་མིན་ཡང་དེ་མ་ཐག་ཏུ་སྨིན་པའི་ངེས་པ་མེད་དེ། ལས་ལ་སྐྱེ་བ་ཕྱི་མ་ཉིད་ལ་མྱོང་འགྱུར་དང་། ཕྱི་མ་རྣམས་ལས་གང་རུང་ཞིག་ཏུ་མྱོང་འགྱུར་སོགས་ཡོད་པའི་ཕྱིར་རོ། །ལར་ལས་རྒྱུ་འབྲས་མེད་ཟེར་བ་འདི་ལ་རྒྱུ་མཚན་དང་དགོས་པ་རྩ་བ་ནས་མི་འདུག །ང་ཚོ་མིའི་རིགས་ཐམས་ཅད་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ལ་འདྲ་མཉམ་རེད། དེའི་ཕྱིར་འཕྲལ་ཡུན་གྱི་སྡུག་བསྔལ་ཞི་བ་དང་། བདེ་བ་སྐྱེད་བའི་ཐབས་ཤིག་ཡིན་ཕྱིན་རྒྱུ་མཚན་ཡོད་ན་ལྟ་ཞོག །གལ་ཏེ་མེད་ཀྱང་རེ་ཞིག་དགོས་པའི་དབང་གིས་ཀྱང་ཁས་བླང་འོས་ན། རྒྱུ་མཚན་དང་བཅས་པའི་མིའི་རིགས་ཀྱི་བསམ་བློའི་དཔལ་ཡོན་གོང་འཕེལ་དུ་འགྲོ་བའི་ཐབས་ཐུན་མོང་མ་ཡིན་པ་འདི་དག་ལ་རྒྱུ་མཚན་རྣམ་དག་ཅི་ཡང་སྨྲ་རྒྱུ་མེད་བཞིན་གྱ་ཚོམ་དུ་དགག་པ་ཅིའི་ཕྱིར་བྱེད། ད་ལྟ་འཛམ་གླིང་ཞི་འཇམ་དང་། སྐྱེ་དངོས་དོ་མཉམ་བྱེད་དགོས་ཞེས་ཁ་ནས་ཀུན་གྱིས་ཤོད་ཀྱིན་འདུག་ཀྱང་དོན་དུ་ཇི་བཞིན་ཞིག་གཏན་ནས་བྱེད་ཐུབ་པ་མི་འདུག་དེའི་རྒྱུ་མཚན་གྱི་གཙོ་བོ་ནི་ཚེ་སྔ་ཕྱི་དང་ཁྱད་པར་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་དང་བརྩི་འཇོག་མེད་པ་འདི་ཁོ་ན་ལ་ཐུག་སྟེ། རང་འཚོ་འདོད་ཀྱིས་གཞན་གསོད་པ་དང་། དེའི་ཕྱིར་དུ་འཛམ་གླིང་རྩ་མེད་དུ་གཏོང་བའི་མཚོན་དང་རྫས་སྦྱོར་ངན་པ་སྣ་ཚོགས་འབད་པ་ཆེ་ཐང་གིས་བསྒྲུབས། རང་ལོངས་སྤྱོད་མངའ་ཐང་དང་ལྡན་འདོད་ཀྱིས་གཞན་གཞོམ་འདོད་སོགས་བློ་ངན་སྣ་ཚོགས་བྱུང་སྟེ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཡེའུ་ཐེའི་མི་རིགས་རྐྱང་བར་ཡང་མི་འབུམ་ཐེར་དྲུག་ཅུ་ཐམ་པ་སྲོག་དང་ཕྲལ་བ་དང་། མི་རེ་རེས་ཀྱང་མི་ཉམ་ཆུང་ཁྲི་ཚོ་སུམ་ཅུ་ལྷག་རེ་བསད་པ་སོགས་ཡ་ང་ཞིང་ཡི་མུག་པའི་སྤྱོད་པ་མ་རུངས་བ་དེ་དག་ཐམས་ཅད་ཀྱང་གཙོ་བོ་ལས་འབྲས་ལ་ཡིད་མི་ཆེས་པ་རང་ལ་ཐུག །གལ་ཏེ་ལས་འབྲས་ལ་སྙིང་ཐག་པ་ནས་ཡིད་ཆེས་པ་ཞིག་ཡོད་ན་རང་གི་ངང་གིས་ཡ་རབས་ཚུལ་ལྡན་གྱི་སྤྱོད་པ་ལ་གནས་པར་འགྱུར་བས་འཛམ་གླིང་ཞི་བདེ་འོང་བ་ལའང་དེ་ལས་ལྷག་པ་མེད། གཞན་སྐྱེ་དངོས་དོ་མཉམ་དགོས་ཚུལ་སོགས་ཀྱི་སློབ་གསོ་གང་ཞིག་བཏང་ཡང་རུང་སྟེ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ལྟ་བུའི་ནུས་པ་ཞིག་གཏན་ནས་ཐོན་ཐབས་མེད་དོ། །དེའི་ཕྱིར་འཛམ་གླིང་སྟེང་ན་ཆོས་ལུགས་མི་འདྲ་བ་དུ་མ་ཞིག་ཡོད་པ་རྣམས་ཀྱང་སྐྱེ་བ་སྔ་ཕྱི་ཁས་བླངས་ཏེ་ལས་འབྲས་ལ་ཡིད་ཆེས་བྱེད་པར་ཕལ་མོ་ཆེ་ཞིག་མཐུན་པས་ང་ཚོ་འཛམ་གླིང་གི་མིའི་ལྔ་ཆ་གསུམ་ཟིན་པའི་རྒྱ་ཆེའི་ཆོས་དད་མང་ཚོགས་སྐྱེ་བོ་དུང་ཕྱུར་ཉེར་ལྔ་བརྒལ་བ་ཙམ་ཡོད་པ་ཀུན་གྱིས་ལྡོག་རྩ་གཅིག་སྒྲིལ་གྱིས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྨང་གཞི་འདིའི་སྟེང་ནས་མིའི་རིགས་ཀྱི་མདུན་ལམ་ལ་བྱས་རྗེས་འཇོག་ཆེད་འབད་པ་ཆེ་ཐང་དུ་བྱ་རྒྱུ་ནི་ཆེས་གལ་ཆེ་བའི་ལས་སུ་གཟུང་བར་བྱ་སྟེ། གཞན་ཏུ་ན་ཙན་དན་ཤིན་ཏུ་བསིལ་བ་ཡང་བརྡར་དྲག་ན་རང་ལས་བྱུང་བའི་མེས་རང་བསྲེགས་པ་བཞིན་དུ་དེང་རབས་ཀྱི་རིག་པ་འདི་ཤིན་ཏུ་དར་དྲག་ནས་རང་གིས་རང་བརླག་པའི་གནས་སུ་འགྱུར་ཉེན་ཡོད་པར་ཤེས་པར་བྱའོ། །
གསུམ་པ་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པ་ལ་ཡིད་ཆེས་པར་བྱ་བ་ནི། དེ་ལ་ཐོག་མར་ཚད་མ་ཞེས་པ་ནི་རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ལྟར་གཞལ་བྱ་འཇལ་བ་ལ་བསླུ་བ་མེད་པ་ཞིག་ལ་ཟེར། དེ་ཡང་ཇི་སྐད་དུ། མི་བསླུ་ལས་དང་བྱེད་པོ་དང་། །བྱ་བ་གསུམ་གྱི་བདག་ཉིད་ཅན། །ཞེས་པ་ལྟར་མི་བསླུ་བ་ཁྱད་ཆོས་གསུམ་དང་ལྡན་པ་ཞིག་དགོས་ཏེ། དེ་ལྟར་མིན་ན་མཐའ་གཅིག་ཏུ་མི་བསླུ་བར་མི་འགྲུབ་པའི་ཕྱིར་རོ། །ཚད་མ་དེས་བཞག་པའི་རྣམ་གཞག་རྣམས་ལ་བདེན་པ་དང་། དོན་ལ་གནས་པ་དང་། ཡང་དག་པ་དང་། བསླུ་བ་མེད་པའི་དོན་ཞེས་བྱ། དེ་ལྟ་ན་རྣམ་འགྲེལ་ལས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལའང་མི་བསླུ་བ་དེ་དང་ལྡན་པའི་ཕྱིར། དེས་གསུངས་པའི་རྣམ་གཞག་རྣམས་ཀྱང་བདེན་པ་དང་། དོན་ལ་གནས་པ་དང་། ཡང་དག་པ་དང་། བསླུ་བ་མེད་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཀྱི་གསུང་རབ་ལས་བརྗོད་བྱ་གཏིང་ཟབ་པ་རྟོགས་པར་དཀའ་བ་ཕལ་མོ་ཆེ་ཞིག་མངོན་སུམ་གྱི་དོན་ལ་མངོན་སུམ་གྱིས་གནོད་པ་མེད་ཅིང་གྲུབ། རྗེས་དཔག་གི་དོན་ལ་རྗེས་དཔག་གིས་གནོད་པ་མེད་ཅིང་གྲུབ། ལུང་རང་ཚིག་སྔ་ཕྱི་དང་དངོས་ཤུགས་འགལ་བ་མེད་པ་ཤེས་པའི་ཚེ་ན། རྒྱུ་མཚན་དེས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཐམས་ཅད་མཁྱེན་པ་ཡིན་པར་ཡང་གྲུབ་པ་ཡིན་པས་དེའི་ཚུལ་ཅུང་ཟད་བརྗོད་ན། ལར་བཅོམ་ལྡན་འདས་ཚད་མ་ཡིན་པའི་རྣམ་གཞག་འདི་ཐམས་ཅད་ལ་ཐུན་མོང་དུ་གྲགས་པའི་ཚད་མས་འཇོག་དགོས་ཀྱི། རང་ནང་བ་ཡིན་པ་དང་སངས་རྒྱས་ཤཱཀྱ་ཐུབ་པ་ནང་བའི་སྟོན་པ་ཡིན་པ་ཙམ་ལ་བརྟེན་ནས་ནི་མ་ཡིན་ཏེ། སངས་རྒྱས་ཉིད་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་འཁྲུལ་བ་ཞིག་ཡོད་སྲིད་ན་སངས་རྒྱས་ཀྱི་གསུང་ཡིན་ཡང་འཁྲུལ་བ་ནི་འཁྲུལ་བ་རང་ཡིན་པས་དེ་ལ་བརྗོད་ལེགས་པས་བརྒྱན་རྒྱུ་ཅི་ཡང་མེད། དེས་ན་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་མེད་པར་འདོད་པ་དག་གིས་སྨྲས་པ་དེའང་རིགས་པ་རྣམ་དག་གིས་འགྲུབ་རྒྱུ་ཞིག་ཡིན་ན་དེ་ཅིའི་ཕྱིར་ཁས་མི་ལེན་ཏེ་མ་བླངས་ན་རྒྱུ་མཚན་མེད་པའི་ཨུ་ཚུགས་ཏེ་སྨད་པའི་གནས་སོ། །ཁོ་བོ་ཅག་ཀྱང་མི་ཚེ་རྟོག་གེའི་བརྒལ་བརྟག་གིས་བསྐྱལ་བ་ཞིག་ཡིན་པས་རང་གཞན་སུའི་ལུགས་ཡིན་ཡང་རྒྱུ་མཚན་མེད་པར་སྨྲས་པ་ཙམ་ཀྱིས་དེ་དེ་བཞིན་དུ་ཁས་བླངས་པ་མ་ཡིན་ཏེ། ཇི་སྐད་དུ། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་བཞིན་གཟུ་བོར་གནས་ཏེ་ཕྲ་ཞིབ་ཀྱི་རིགས་པས་བརྒལ་བརྟག་ཡང་ཡང་བགྱིས་ཏེ་གསུང་རབ་རིན་པོ་ཆེར་ངེས་ཤེས་གཏིང་ནས་རྙེད་དེ་ཡིད་ཆེས་པའི་དད་པ་ཐོབ་པ་ཡིན་ཞིང་། དེའི་དོན་ཅི་རིགས་པ་ཉམས་སུ་བླངས་ཏེ་ཆོས་ཀྱི་དགའ་བ་མཆོག་ཏུ་མྱོང་ནས་འཆི་ཚེ་སྐྲག་མི་དགོས་པ་ཞིག་དང་འགྱོད་མི་དགོས་པ་ཞིག་འོང་གིན་འདུག །སྤྱི་ཚོགས་ཀྱི་འཚོ་བའི་ནང་དུའང་དམ་པའི་ཆོས་འདི་ཉིད་ཕྱེ་ཐུག་ལ་མར་དང་ཟས་ཀྱི་བྲོ་བ་ལ་ལན་ཚྭ་བཞིན་དུ་སྣང་བས་འགྲོ་བ་མིའི་རིགས་གཙོ་བོར་གྱུར་བའི་སྐྱེ་འགྲོ་མཐའ་དག་གི་སྤྱིའི་སྐྱབས་གནས་ཤིག་དང་། སྤྱིའི་ལོངས་སྤྱོད་མེད་དུ་མི་རུང་བ་ཞིག་རེད་སྙམ་དུ་སྙིང་ཐག་པ་ནས་བསམས་ཏེ་འཇིག་རྟེན་གྱི་བདེ་འབྱོར་ཐམས་ཅད་ཆེད་དུ་མ་བསྒྲུབས་པར་དམ་པའི་ཆོས་ཁོ་ན་གཅེས་པར་བཟུང་བ་ཡིན་ལ། ལོ་སུམ་སྟོང་གི་རིང་ལ་མཁས་བླུན། དྲག་ཞན། དབུལ་ཕྱུག་སྣ་ཚོགས་པའི་སྐྱེ་བོ་བགྲང་གིས་མི་ལང་པ་ཞིག་གིས་ལུས་དང་སྲོག་ལས་ཀྱང་གཅེས་པར་བཟུང་བའི་རྒྱུ་མཚན་ཡང་དེ་ག་ཡིན་གྱི། གཞན་གྱིས་གསུངས་པ་ཙམ་མ་གཏོགས་གཞན་གོ་རྒྱུ་དང་མྱོང་རྒྱུ་ཅི་ཡང་མེད་པ་ཞིག་ཡིན་ན་དེ་ཙམ་གྱི་ཕངས་སེམས་ཅི་ལ་བྱེད། དེང་སང་འཛམ་གླིང་ཡོངས་ལ་ཚན་རིག་ལག་རྩལ་དར་རྒྱས་སུ་ཕྱིན་ཏེ་སྔོན་མཐོང་མ་མྱོང་བའི་ལྟད་མོ་དང་། ཐོས་མ་མྱོང་བའི་རིག་པ་མང་པོ་སྟོན་གྱིན་འདུག །དེ་དག་མཐོང་བ་དང་ཐོས་པའི་ཚེ་སྟོན་པའི་གསུང་རབ་ལ་ཡིད་ཆད་པ་དང་ཐེ་ཚོམ་ཟ་བ་ལྟ་ཅི་གསུང་རབ་རིན་པོ་ཆེ་འདི་གང་དང་ཡང་མི་མཉམ་པའི་ཕུལ་དུ་བྱུང་བ་ཞིག་ཡིན་པ་ལ་ངེས་པ་ལྷག་པར་སྐྱེ་འོང་བར་འདུག །གཞན་གྱིས་རིག་པ་གསར་བ་འདི་དག་ལ་བརྟེན་ནས་དམ་བའི་ཆོས་ལ་དགག་པ་བརྗོད་པ་མཐོང་བའི་ཚེ་ནའང་དངོས་གནས་གད་མོ་འཆོར་གྱིན་འདུག་གོ །དེ་དག་ནི་རང་བཞིན་བརྗོད་པ་འཕྲོས་གཏམ་དུ་བགྱིས་པའོ། །སྐབས་དོན་སྟོན་པ་ཚད་མར་ངེས་ཚུལ་ལ། གསུང་རབ་ཀྱི་དོན་ཉམས་སུ་བླངས་ཏེ་རྟོགས་པ་ཁྱད་པར་ཅན་སྐྱེས་པ་དག་གིས་ནི་སྟོན་པའི་གསུང་བཞིན་རང་གི་ཉམས་མྱོང་གིས་གྲུབ་ཟིན་པས་གཞན་གྱིས་ཅི་བརྗོད་ཀྱང་རུང་བ་སྤུའི་རྩེ་ཙམ་ཡང་གཡོ་མི་ནུས་པས་མི་ལྡོག་པའི་དད་པ་ཞེས་བྱ་སྟེ། དཔེར་ན་ཁ་ནང་གི་བུར་རོ་མངར་བ་ཡིན་པ་རང་གིས་མྱོང་བའི་ཚེ་གཞན་གྱིས་ཁ་བ་ཡིན་པ་དང་། མངར་བ་མིན་པ་སོགས་ཅི་བརྗོད་ཀྱང་རུང་སྟེ་ཐེ་ཚོམ་ཙམ་ཡང་སྐྱེད་མི་ནུས་པ་བཞིན་ནོ། །དེ་ཙམ་མིན་ཡང་ཐོས་བསམ་གྱིས་མཐའ་རྒྱ་བཅད་པ་རྣམས་ཀྱིས་ཀྱང་རིགས་པ་རྣམ་པ་བཞི་ལ་བརྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་ངེས་པ་རྔམ་པོ་ཆེ་དྲངས་ཏེ་གཞན་གྱིས་དེ་ལ་སྐྱོན་གང་བརྗོད་ཐམས་ཅད་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས་བསྐྱེད་པའི་ལྟར་སྣང་འབའ་ཞིག་ཏུ་ཤེས་ནས་གྲུབ་མཐའི་རང་རྐང་ཚུགས་པ་ཡིན་པས་སུས་ཀྱང་གཞན་དུ་དྲངས་མི་ནུས་ཏེ་རྒྱུ་མཚན་ཤེས་པའི་དད་པ་ཡིན་ནོ། །དེ་འདྲའི་ངེས་ཤེས་གཉིས་པོ་བསྐྱེད་ཚུལ་ནི་འདིར་སླར་ཡང་བཤད་མི་དགོས་ཏེ་སའི་གོ་ལ་ཧྲིལ་བོ་འདིའི་སྟེང་ལ་ཆགས་པའི་མི་རིགས་གཞན་སུ་ལའང་མེད་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་འདི་སྙེད་ཅིག་བཞུགས་པ་འདིར་བལྟས་པས་ཆོག་པའི་ཕྱིར་རོ། །འོ་ན་ཅི་ཞིག་འཆད་ན། རིག་པ་གསར་བ་དང་མངོན་སུམ་གྱི་ལམ་ནས་ངེས་པ་བསྐྱེད་ཚུལ་ཅུང་ཟད་ཅིག་བརྗོད་དོ། །དེ་ཡང་སྟོན་པའི་གསུང་གི་སྙིང་པོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཡིན་ལ། ཆེས་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཀྱང་འདི་ཉིད་ཡིན་ཏེ། སྔོན་བྱུང་མུ་སྟེགས་པའི་སྟོན་པ་རྣམས་ནས་ད་ལྟའི་ཚན་རིག་པ་ཡན་ཆད་སུས་ཀྱང་ཚུལ་བཞིན་སྨྲ་མ་ནུས་པ་སོ་སོའི་གཞུང་ལ་བལྟས་པས་ཤེས་པ་ལྟར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་དོན་ཡང་གནས་ཚུལ་ལ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དང་། སྣང་ཚུལ་ལ་སྒྱུ་མ་དང་རྨི་ལམ་ལྟར་མེད་བཞིན་དུ་སྣ་ཚོགས་སུ་སྣང་ལ། དེ་ཡང་སེམས་ཀྱིས་བྱས་ཤིང་སེམས་ལ་སྣང་བ་ཙམ་མ་གཏོགས་ཕྱི་རོལ་ན་བདེན་པར་མ་གྲུབ་པ་ཉིད་ཡིན་ནོ། །དེ་ལས་དང་པོ་དངོས་པོའི་གཤིས་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ནི་བདེ་བར་གཤེགས་པ་ཉིད་ཀྱི་གསུང་རབ་ལ་བརྟེན་ན་མིག་ལྡན་གྱི་མདུན་ན་གཟུགས་བཞིན་ཡིད་ཆེས་གཏིང་ནས་རྙེད་རྒྱུ་ཡོད་ལ། དེ་ཉིད་ཡང་དག་ཡིན་པའི་འབྲས་རྟགས་ཀྱང་དེ་ཉམས་སུ་བླངས་པས་འབྲས་བུ་ཐོབ་པ་སྔོན་ནས་ད་ལྟའི་བར་བརྒྱུད་མར་བྱུང་བ་འདི་ཡིན་ནོ། །འདི་ནི་སངས་རྒྱས་ཀྱི་གསུང་རབ་མ་གཏོགས་གཞན་གྱིས་གཏན་ལ་འབེབས་མི་ནུས་ལ། སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་པའི་སྒྲུབ་བྱེད་ཀྱི་གཙོ་བོ་ཡང་འདི་ཉིད་ཡིན་མོད། འོན་ཀྱང་འདི་ཚན་རིག་སོགས་ཀྱི་སྤྱོད་ཡུལ་དུ་གཏན་ནས་མ་གྱུར་པས་དེས་བསྒྲུབ་མི་ནུས་ཀྱང་དེང་དུས་ཀྱི་མི་འགའ་རེས་ཚན་རིག་ལ་རྩིས་ཆེན་བྱེད་པས་དེས་གྲུབ་པའི་ཆོས་འགའ་ཞིག་བརྗོད་ན། རེ་ཞིག་སྟོན་པས་དངོས་པོ་གཟུགས་ཅན་རགས་པ་རྣམས་མ་གྲུབ་ཅིང་རྡུལ་ཕྲ་རབ་ཏུ་གནས་ལ། དེ་ཡང་རྡུལ་རྣམས་བར་མཚམས་མེད་པའི་གོང་བུ་གཅིག་པ་ཞིག་མིན་ཡང་ཆུ་རྡུལ་གྱིས་ཕན་ཚུན་བསྡུས་ཏེ་མི་འཐོར་བར་གནས་པ་ཡིན་ཞེས་གསུངས་པ་དེ་ཉིད་མངོན་སུམ་གྱིས་གྲུབ་པ་ཞིག་སྟེ། ཕྱི་ལོ་༡༨༠༨ལོར་ཚན་རིག་པ་ཡེ་ཏྭན་ཏོ་ཨུར་ཏུན་ཞེས་པས་ཐོག་མར་རྡུལ་ཕྲན་གྱི་རྣམ་གཞག་བྱས་ཏེ་དངོས་པོ་རྣམས་རྡུལ་ཕྲན་དུ་གནས་ཤིང་། རྡུལ་ཕྲན་རྣམས་དེ་ལས་ཆ་ཤས་དབྱེར་མེད་ཅིང་མི་འཇིག་པ་ཞིག་རེད་ཅེས་ཟེར། འོན་ཀྱང་༡༩༡༣ལོར་ཏེན་མག་རྒྱལ་ཁབ་ཀྱི་ཚན་རིག་པ་པོ་ཨེར་གྱིས་རྡུལ་ཕྲན་རེ་རེའང་གློག་རྡུལ་དང་གློག་རྡུལ་སྙིང་པོ་གཉིས་སུ་དབྱེ་ཡོད་ལ། དེ་གཉིས་ཀྱི་བར་ན་བར་མཚམས་སྟོང་པ་ཡིན་ཅིང་། གློག་རྡུལ་མཐའ་སྐོར་དུ་ཁབ་ལེན་གྱི་འཐེན་ཤུགས་ར་བ་སྟེ་སྡུད་པའི་ནུས་པ་ཡོད་པར་མཐོང་ངོ་། །ཡང་དུས་རབས་འདིའི་ལོ་རབས་སུམ་ཅུ་བའི་ནང་དུ་ཚན་རིག་པ་དག་གིས་གཟུགས་ཅན་གྱི་དངོས་པོ་ཐམས་ཅད་ནི་རྡུལ་ཕྲན་ལས་གྲུབ་ཅིང་། རྡུལ་ཕྲན་ནི་རྒྱུ་རྡུལ་དང་། བར་རྡུལ། གློག་རྡུལ་ལས་གྲུབ་ལ་འདི་དག་ནི་དངོས་པོའི་རྩོམ་གཞི་དེ་ལས་ཆ་གཞན་དབྱེར་མེད་པའི་ཆུང་མཐའ་རེད་ཅེས་ཟེར་རོ། །འདི་དག་གིས་ནི་གོང་དུ་བཤད་པའི་སངས་རྒྱས་ཀྱི་གསུང་དེ་དག་དང་མིང་མི་འདྲ་བ་ཙམ་མ་གཏོགས་དོན་གཅིག་པ་ཡིན་ནོ། །ཡང་བདེ་བར་གཤེགས་པས་དེ་ལས་ཀྱང་གདུལ་བྱ་དབང་པོ་ཅུང་ཟད་རྣོ་བ་རྣམས་ཀྱི་དབང་དུ་བྱས་ཏེ་དབུ་སེམས་ཀྱི་མདོ་རྣམས་ལས་རྡུལ་ཕྲ་རབ་དེ་ཡང་དཔྱད་ན་ཆུ་ཤིང་གི་སྙིང་བོ་བཞིན་ཕར་ཕར་གཞི་མེད་དུ་གྱུར་ཏེ་མ་གྲུབ་པར་གསུངས་པའི་དོན་ནི། ༡༩༠༥ལོར་ཚན་རིག་པ་ཆེན་པོ་ཨེ་དབྱིན་སི་ཏན་གྱིས་རྡུལ་ཕྲན་དེ་དག་ཀྱང་མཐར་ནུས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ནས་གཞི་མེད་དུ་འགྲོ་བར་ཤེས་ནས་དངོས་པོ་དང་ནུས་ཤུགས་ལྟོས་བཅས་ཀྱི་རིག་པའི་སྲོལ་བཏོད་ཅིང་རྡུལ་ཕྲན་འབར་མདེལ་བཟོས་པ་དང་། ཉེ་དུས་ཀྱི་དངོས་ཁམས་རིག་པ་བ་དག་གིས་རྒྱུ་རྡུལ་དང་བར་རྡུལ་གཉིས་ལའང་ད་དུང་རྙོག་དྲ་ཆེ་བའི་ཆ་ཤས་ཕྱེ་རྒྱུ་འདུག་ལ་འཇིག་རྟེན་འདིའི་ནང་ན་རྩ་བའི་གཞི་རྡུལ་ལམ་རྩོམ་གཞི་ཞེས་བྱ་བ་བདེན་པ་འགྱུར་མེད་ཅིག་མི་འདུག་ཟེར་རོ། །དེ་ལྟ་ན་རགས་པ་ཐམས་ཅད་མ་གྲུབ་སྟེ་རྡུལ་ཕྲན་ཙམ་དུ་གནས། རྡུལ་ཕྲན་དེ་ཡང་མ་གྲུབ་སྟེ་རྒྱུ་རྡུལ་དང་བར་རྡུལ་སོགས་སུ་གནས། དེ་དག་ཀྱང་མ་གྲུབ་སྟེ་ད་དུང་དེ་ལས་ཕྲ་བ་གཞན་ཞིག་ཏུ་གནས་ལ། གཞན་དེ་དག་ཀྱང་ལྟོས་བཅས་འགྱུར་བའི་རང་བཞིན་ཅན་ཞིག་ལས་ཚུགས་ཐུབ་ཀྱི་བདེན་གྲུབ་ཅིག་མེད་པར་མཐོང་བ་འདིས་གོང་གི་སྟོན་པའི་གསུང་དེ་འཕྲུལ་ཆས་སྤྱད་དེ་མངོན་སུམ་དུ་མཐོང་བ་ཡིན་ནོ། །དངོས་ཁམས་རིག་པ་བ་ཁོང་རྣམས་ཀྱིས་ཀྱང་འདི་སངས་རྒྱས་ཀྱི་གསུང་དང་ཤིན་ཏུ་མཐུན་པས་སངས་རྒྱས་ཀྱིས་འཕྲུལ་སོགས་གང་ལའང་མ་བརྟེན་པར་འདི་འདྲ་བ་ཞིག་མཁྱེན་པ་ལ་ཟེར་ཏེ་ཧ་ལས་ཀྱིན་འདུག་གོ །ཡང་སྟོན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཞལ་སྔ་ནས་ཀྱིས། མདོ་སྡེ་ས་བཅུ་པ་སོགས་ལས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་འདི་སེམས་ཀྱིས་བྱས་པ་ཡིན་པས་སེམས་འདི་ཉིད་སྣོད་བཅུད་ཀྱི་བྱེད་པ་པོ་ཡིན་པར་གསུངས་ཤིང་། དཀོན་མཆོག་བརྩེགས་པ་སོགས་ལས་ཀྱང་དངོས་པོ་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་ཕྱི་རོལ་གྱི་དངོས་པོ་རྣམས་ལ་དགག་སྒྲུབ་བྱེད་པ་ལས་ནང་སེམས་ལ་དགག་སྒྲུབ་བྱ་དགོས་ཚུལ་གསུངས་པ་སོགས་ཐེག་ཆེན་གྱི་མདོ་རྣམས་ལས་རྒྱས་པར་གསུངས་པ་ནི། སྔར་བྱུང་སྲོལ་རྒྱུན་གྱི་ཚན་རིག་དང་། རྗེས་ལུས་ཀྱི་ཚན་རིག་པ་སྤྱིར་བཏང་བ་རྣམས་ཀྱིས་གཏན་ནས་ཤེས་མ་ཐུབ་མོད། ཕུལ་དུ་བྱུང་བའི་ཚན་རིག་པ་མང་པོས་སའི་གོ་ལ་ཧྲིལ་བོའི་སྟེང་གི་བློ་རྣོ་བའི་ཡང་རྩེར་བསྔགས་ཤིང་འཛམ་གླིང་ན་སྙན་གྲགས་ཆེ་བའི་རབ་འབྱམས་པ་ཡེ་ཧྭན་ཅང་ཉོས་མན་ཞེས་པ་དེ་ཉིད་ཀྱིས་མིའི་ལུས་ཀྱི་ནང་ན་བེམ་པོ་མ་ཡིན་པའི་རྣམ་ཤེས་ཀྱི་ང་ཞིག་འདུག་པ་དེས་ལུས་ཀྱི་ཀླད་ཆེན་ལ་ཚད་འཛིན་བྱེད་ཅིང་། དེར་མ་ཟད་ཕྱི་རོལ་གྱི་དངོས་པོ་རྣམས་ལའང་རྒྱང་རིང་མོ་ནས་ཚད་འཛིན་བྱེད་ནུས་ཞེས་ཟེར། སྙན་གྲགས་ཅན་གྱི་དངོས་ཁམས་རིག་པ་བ་ཧྥེ་ལེ་ཙུ་ལོན་ཏོན་གྱིས། ཅང་ཉོས་མན་གྱིས་ཤིན་ཏུ་ཟབ་པའི་ཚད་རྡུལ་གྱི་རིག་པ་འདིས་ནི། དངོས་པོ་རྫས་སུ་གྲུབ་པ་ནི་མིའི་རིགས་ཀྱི་བསམ་པས་བཟོས་པ་ཙམ་ཞིག་སྟེ། རྫས་སུ་གྲུབ་པ་དངོས་ནི་བསམ་པ་ཉིད་ཡིན་ཞེས་བསྟན་པ་རེད་ཅེས་བཤད་དོ། །དུས་རབས་འདིའི་ནང་དུ་བྱུང་བའི་དངོས་ཁམས་རིག་པ་བ་རྣམས་ལས་ཆེས་རླབས་ཆེ་བའི་གྲས་རབ་འབྱམས་པ་ཡོས་ཅུན་ཝེ་ཀུ་ལ་ཞེས་པ་༡༩༦༣ ལོར་དངོས་ཁམས་རིག་པ་གསར་བཏོད་ཀྱི་ནོ་པེ་ཨེར་བྱ་དགའ་འཐོབ་མཁན་དེས་ཀྱང་ཅང་ཉོས་མན་གྱི་ཚད་རྡུལ་རིག་པ་ཁས་བླངས་ཏེ་མིའི་རིགས་ཀྱི་བསམ་པའི་ནུས་ཤུགས་ཀྱིས་བེམ་པོ་ལ་འགྱུར་ལྡོག་གཏོང་ནུས་པར་བཤད་དོ། །དེ་བཞིན་དུ་དབྱིན་ཇིའི་ལོན་ཏོན་གྱི་པེ་པས་ཁུ་སློབ་གྲྭ་ཆེན་མོའི་དངོས་ཁམས་རིག་པའི་དགེ་རྒན་རབ་འབྱམས་པ་ཏ་ཝེ་ཕོ་ཨེན་གྱིས་ཀྱང་སེམས་ཀྱི་ནུས་པས་དངོས་པོའི་རྣམ་པ་ལ་འགྱུར་བ་གཏོང་ནུས་པ་འདིར་ཡིད་ཆེས་གཏིང་ནས་བྱེད་ཀྱིན་འདུག་གོ །འདི་ནི་མངོན་སུམ་གྱིས་ཀྱང་གྲུབ་པ་ཞིག་སྟེ། ༡༩༣༦ལོར་ཧྥ་རན་སིའི་འགྲུལ་བཞུད་པ་བླའེ་ལོའུ་ཟེར་བ་རྒྱ་མཚོའི་ནང་དུ་གྲུ་འགྱེལ་ཏེ་ཁོ་རང་མཚོ་རླབས་ཀྱིས་གླིང་ཕྲན་ཞིག་གི་སྟེང་དུ་འཕངས། དེར་ཆུ་ཆུང་ངུ་ཞིག་གི་ནང་ན་ཉ་ཤི་བ་དེ་ལྟ་བུ་འགའ་ཞིག་མཐོང་བ་བླངས་ནས་མེ་བུས་དེ་བཙོས། ཉ་རྣམས་ཚོས་པའི་ཚོད་དུ་སྣོད་ཀྱི་ཁ་ཕྱེས་ནས་བལྟས་པས་ཉ་རྣམས་ནི་གསོན་པོར་གྱུར་ཏེ་ལྷོག་ལྷོག་ཏུ་ཁོལ་བཞིན་པའི་ཆུ་ནང་ན་སྡུག་བསྔལ་གྱི་ཚོར་བ་ཅི་ཡང་མེད་པར་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་མཐོང་སྟེ་ཁོ་རང་ལ་སྐྲག་སྣང་ཆེན་པོ་སྐྱེས་སོ། །ཕྱིས་སུ་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་ཞིབ་འཇུག་བྱས་ཏེ་ཉ་འདི་རྣམས་མེ་རི་འབར་གས་སུ་གྱུར་བའི་སྟོབས་ཀྱིས་ཚ་བོར་སོང་བའི་ཆུ་ནང་དུ་སྡོད་རྒྱུར་གོམས་པས་ཕྱིས་ཆུ་ཕལ་བའི་ནང་དུ་འབྱོར་ཚེ་འཁྱགས་རེངས་སུ་གྱུར་ཅིང་ཆུ་ཚ་བོར་བཙོས་པས་སླར་གསོན་པ་རེད་ཟེར། དེ་ལྟར་སེམས་ཅན་ཕལ་བ་རྣམས་ལ་ཤིན་ཏུ་ཚ་བར་སྣང་བའི་ཆུ་ཁོལ་དེ་ཉ་འདི་རྣམས་ལ་ཅུང་ཟད་ཀྱང་མི་ཚ་བ་དང་། དེའི་རྒྱུ་མཚན་གྱི་རྩ་བ་ཡང་བག་ཆགས་གོམས་པ་ལ་ཐུག་ཡོད་པ་འདིས་ནི་སྟོན་པ་སངས་རྒྱས་ཀྱིས་ཕྱིའི་དངོས་པོ་རྣམས་ནི་རང་གི་ངོ་བོས་གྲུབ་པ་མ་ཡིན་གྱི་ནང་སེམས་ཀྱི་བག་ཆགས་གོམས་ཚུལ་གྱིས་སྣ་ཚོགས་སུ་བྱུང་བ་ཡིན་པར་ཡང་ཡང་གསུངས་པ་དེ་ཆེས་ཤིན་ཏུ་གསལ་བར་བྱས་པ་ཡིན་ནོ། །དེང་སང་མེ་རིའི་ནང་དུ་དང་། དུག་ཆུའི་ནང་དུའང་སྲོག་ཆགས་ཡོད་པར་མཐོང་ཞེས་ཐོས་ལ། གཞན་ཡང་འགའ་ཞིག་ལ་ཞིམ་པོར་སྣང་བ་དེ་འགའ་ཞིག་ལ་བཙོག་པར་སྣང་། འགའ་ཞིག་ལ་ཤིན་ཏུ་སྲ་བར་སྣང་བ་དེ་འགའ་ཞིག་ལ་སྙི་བར་སྣང་བ་སོགས་སྣང་བ་མ་ངེས་པ་སྣ་ཚོགས་པ་ཞིག་བྱུང་དང་འབྱུང་བཞིན་པ་རེད། དེ་དག་གི་རྒྱུ་མཚན་ཡང་སོ་སོའི་བག་ཆགས་གོམས་ཚུལ་མ་གཏོགས་གཞན་ཅི་ཡང་རྙེད་མི་འདུག་པས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་བཀོད། །ཅེས་སོགས་རང་རེའི་གཞུང་ན་གསུངས་པ་དེ་ཉིད་རྒྱུ་སྐར་གྱི་ཁྲོད་ན་རི་བོང་འཛིན་པ་བཞིན་དུ་གནས་སོ། །ཡང་སྟོན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིི་ཞལ་སྔ་ནས་ཀྱིས། དངོས་པོ་རྣམས་སྐྱེ་བའི་ཚེ་གཞན་ནས་འོང་བ་ཡང་མ་ཡིན། དང་པོ་ནས་རང་རང་གི་རྒྱུ་རྐྱེན་དག་ལ་གནས་ནས་ཡོད་པའང་མ་ཡིན། འོན་ཀྱང་རྒྱུ་རྐྱེན་དག་ཚོགས་པའི་ཚེ་ན་རྟེན་ཅིང་འབྲེལ་འབྱུང་ཙམ་གྱི་དབང་གིས་བྱུང་བ་ཡིན་ཞེས་ཤེར་ཕྱིན་གྱི་མདོ་སོགས་ལས་གསུངས་པ་དེ་ཉིད་ཀྱང་དེང་དུས་འཕྲུལ་གྱི་བྱེད་པས་མངོན་སུམ་དུ་གྲུབ་འདུག་སྟེ། མཁའ་རླངས་ཀྱི་ཁྲོད་ན་གནས་པའི་དབྱང་རླངས་ཨའོ་གཉིས་པ། ཞེས་པ་འདི་དྲི་དང་རོ་ཞིམ་མི་ཞིམ་གང་ཡང་མེད་བའི་རླངས་རྡུལ་ཞིག་རེད། འོན་ཀྱང་རླངས་རྡུལ་དེ་ཉིད་གསུམ་ལྷན་ཅིག་ཏུ་ཚོགས་པ་ན་དྲི་ངན་དབྱང་རླངས་ཨའོ་གསུམ་པ། ཞེས་པའི་དྲི་ངན་ཅན་གྱི་རླངས་རྡུལ་ཞིག་འབྱུང་ཞེས་ཚན་རིག་པ་དག་ཟེར་རོ་། །དེ་ལྟ་ན་དྲི་ངན་དབྱང་རླངས་ཀྱི་དྲི་ངན་དེ་གང་ནས་བྱུང་། རང་གི་རྒྱུ་རྐྱེན་ལས་གཞན་ནས་འབྱུང་མི་སྲིད་ལ། རང་གི་རྒྱུ་རྐྱེན་དུ་གྱུར་བའི་རླངས་རྡུལ་རྣམས་ལ་རེ་རེ་ནས་དྲི་ངན་པ་ཅུད་ཟད་ཀྱང་མེད་ན་ཅི་ཞིག་འབྱུང་། འདི་སངས་རྒྱས་ཀྱི་དགོངས་པ་དང་གཅིག་ཅེས་ཚན་རིག་པ་ཁོང་དག་གིས་ཀྱང་ཟེར་རོ། །དེ་ལྟར་ཚན་རིག་ལོ་རྒྱུས་ཀྱི་སྟེང་དུ་ཉུས་ཏོན་དང་། ཏོ་ཨེར་ཏུན། ཨེ་དབྱིན་སུ་ཏན། ཅང་ཉོས་མན་སོགས་སྙན་གྲགས་ཅན་གྱི་ཚན་རིག་པ་དེ་ཚོས་སྔ་མ་སྔ་མས་མ་རྟོགས་ལོག་པར་སྨྲས་པ་རྣམས་ཕྱི་མ་ཕྱི་མས་སུན་ཕྱུང་ནས་སོ་སོས་གསར་བཏོད་ཀྱི་རྣམ་པ་མང་པོ་ཞིག་བྱས། གསར་བཏོད་དེ་དག་གིས་སངས་རྒྱས་ཀྱི་གསུང་རབ་ལ་མི་གནོད་པར་མ་ཟད་སངས་རྒྱས་ཀྱིས་དེ་དག་ལོ་སུམ་སྟོང་ཙམ་གྱི་དུས་ནས་གསུངས་ཟིན་འདུག་པས་བློ་གཟུ་བོར་གནས་པའི་ཚན་རིག་པ་དང་མཚན་ཉིད་རིག་པ་བ་རྣམས་ནི་སངས་རྒྱས་ཀྱི་མཁྱེན་རབ་དང་། །ཐུགས་བརྩེས་ཡིད་གཏིང་ནས་འཕྲོག་སྟེ་བསྔགས་བརྗོད་དང་། ཉམས་ལེན་ཡང་བྱེད་ཀྱིན་འདུག་སྟེ། དབྱིན་ཇིའི་མཚན་ཉིད་རིག་པ་པ་ལོ་ཧྲོོས་ཞེས་པ་མཚན་ཉིད་རིག་པ་དང་། ཚན་རིག་སྤྱི་ཚོགས་རིག་པ་སོགས་གཞུང་བཞི་བཅུ་ལྷག་ཅིག་བརྩམས་ཏེ། ༡༩༥༠ལོར་ནོ་པེ་ཨེར་རྩོམ་རིག་བྱ་དགའ་ཐོབ་བའི་འཛམ་གླིང་ན་གྲགས་པ་དེས། འཛམ་གླིང་ཐོག་གི་ཆོས་ལུགས་རྣམས་ལས། ང་རང་གིས་ཆེས་ཡི་རངས་བྱེད་ས་ནི་སངས་རྒྱས་ཀྱི་ཆོས་ལུགས་ཡིན། ཞེས་དང་། ཚན་རིག་གི་ཕ་ཡབ་ཅེས་པའི་སྙན་གྲགས་ཐོབ་པའི་ཨེ་དབྱིན་སུ་ཏན་ཡང་དམ་པའི་ཆོས་ཀྱིས་ཡིད་འཕྲོག་སྟེ་རྡུལ་ཕྲན་གྱི་དུས་རབས་སུ་ཚན་རིག་ལག་རྩལ་གྱིས་མིའི་རིགས་ལ་ཕན་འདོགས་བྱེད་དུ་འགྱུར་བ་ལ་ངེས་པར་དམ་པའི་ཆོས་ཀྱི་སློབ་གསོ་འདི་མེད་དུ་མི་རུང་བར་ཤེས་ཏེ། གལ་ཏེ་དེང་རབས་ཀྱི་ཚན་རིག་གི་གནད་གལ་བོ་ཆེ་ལ་རམ་འདེགས་བྱེད་ནུས་པའི་ཆོས་ལུགས་ཤིག་ཡོད་ན། དེ་ནི་སངས་རྒྱས་ཀྱི་ཆོས་ལུགས་འདི་ཡིན་རྒྱུ་རེད། ཅེས་སྨྲས། ཀྲུང་གོའི་དེང་རབས་ཀྱི་རྩོམ་རིག་པ། བསམ་བློ་པ། གསར་བརྗེ་པ་ཞེས་པའི་སྙན་གྲགས་ཆེན་པོ་ཐོབ་པའི་སྐུ་ཞབས་ལོའུ་ཤིན་གྱིས་ཀྱང་མདོ་མཛངས་བླུན་དང་། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་བཀའ་དང་བསྟན་བཅོས་མང་དུ་བཀླགས་ཏེ་སངས་རྒྱས་ཤཱཀྱ་ཐུབ་པའི་མཁྱེན་རབ་ལ་ཧ་ལས་ཏེ། ཁོ་རང་གི་གྲོགས་པོ་ཤིས་ཧྲིག་ཁྲེང་ལ། སངས་རྒྱས་ཤཱཀྱ་ཐུབ་པ་ནི་དངོས་གནས་མཁྱེན་དཔྱོད་ཆེན་པོ་རེད། ང་ཚོས་རྟག་ཏུ་དགྲོལ་དཀའ་བའི་མི་ཚེའི་དཀའ་གནས་དེ་དག་ཁོང་གིས་སྔར་ནས་རང་རེ་ལ་གསལ་བར་བཤད་ཟིན་འདུག །ཅེས་སྨྲས་སོ། །༡༩༧༢ལོར་ནོ་པེ་ཨེར་དངོས་ཁམས་རིག་པའི་བྱ་དགའ་འཐོབ་མཁན་པའི་ལེ་ཨུན། ཡེ་ཧྲི་ཧྥིན་ཧྲིན་ཞེས་པའི་རབ་འབྱམས་པ་འདི་དབྱིན་ཇིའི་སྐད་གྲགས་ཅན་གྱི་ཅན་ཆོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན་ཞིང་། ཧྥེ་ལེ་ཙུ་ལོན་ཏོན་ཚན་རིག་གསར་གཏོད་ཀྱི་བྱ་དགའ་སོགས་ཚན་རིག་གི་བྱ་དགའ་ཆེན་པོ་དུ་མ་འཐོབ་མཁན་འདིས་གསུང་རབ་རིན་པོ་ཆེ་ལ་སློབ་སྦྱོང་ནན་ཏན་བྱེད་པར་མ་ཟད་ནང་བའི་ཏིང་ངེ་འཛིན་ཡང་ཉམས་སུ་ལེན་གྱིན་འདུག་གོ །གཞན་ཡང་དེ་དང་འདྲ་བའི་ནུབ་ཕྱོགས་ཀྱི་རིག་པ་སྨྲ་བའི་རབ་འབྱམས་པ་ཆེས་ཤིན་ཏུ་མང་པོ་འདུག་ཀྱང་རེ་རེ་ནས་འབྲི་མ་ནུས་པས་འདི་དག་གིས་མཚོན་ནས་ཤེས་པར་བྱའོ། །འོ་ན་ཚན་རིག་པ་དག་གིས་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་དུ་ཤེས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དབྱིན་ཇིའི་རབ་འབྱམས་པ་པོ་ལུ་ཏོན་གྱིས། དེང་སྐབས་ཚན་རིག་དང་མཚན་ཉིད་རིག་པ་ཤིན་ཏུ་དར་རྒྱས་སུ་ཕྱིན་པའི་དུས་ཡིན་ཡང་། ཁོ་ཚོས་ཤེས་པའི་བདེན་དོན་རྣམས་སངས་རྒྱས་ཆོས་ལུགས་དང་ཆ་འདྲ་ཞིང་། དེ་ལས་བརྒལ་མི་ཐུབ་པར་མ་ཟད་སངས་རྒྱས་ཆོས་ལུགས་ལ་དེ་བས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་གནས་ཡོད་དོོ། །ཞེས་སྨྲས་པ་བཞིན་དུ། ཚན་རིག་པས་གསར་བཏོད་བྱས་པ་རྣམས་ནི་བྲེ་མིག་ཏུ་ཕུལ་ཤོང་བ་ལྟར་སངས་རྒྱས་ཀྱི་གསུང་རབ་ཏུ་འདུས་ལ། སངས་རྒྱས་ཀྱི་གསུང་རབ་ཀྱི་བརྗོད་བྱ་ནི་ཕྱོགས་རེ་ཙམ་དེ་དག་གིས་ཤེས་པ་ཡིན་གྱི་མཐའ་དག་ནི་མ་ཡིན་ནོ། །ད་དུང་སངས་རྒྱས་ཀྱི་གསུང་ན་དུས་རབས་ཉེར་གཅིག་པ་སོགས་མ་འོངས་པའི་དུས་སུ་ཚན་རིག་པས་རྟོགས་སུ་རུང་བ་མང་པོ་ཡོད་ལ། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་སྐོར་རྣམས་ནི་ཚན་རིག་ཇི་ལྟར་དར་རྒྱས་སུ་གྱུར་ཀྱང་གཏན་ནས་རྟོགས་སུ་མི་རུང་བའང་ཡོད། ཡང་འགའ་ཞིག་རྣམ་པ་འགལ་བ་ལྟར་སྣང་ཡང་དོན་ལ་མི་འགལ་བ་རི་རབ་གླིང་བཞིའི་ཆགས་ཚུལ་ལྟ་བུ་ཡོད་དེ། དེ་ནི་ཚན་རིག་པས་མངོན་སུམ་དུ་མཐོང་བ་དང་མི་མཐུན་མོད། དེ་ཙམ་དུ་མ་ཟད་སངས་རྒྱས་ཀྱི་གསུང་ནང་ཕན་ཚུན་ཀྱང་མི་འདྲ་བ་མང་དུ་བྱུང་ཡང་དེའི་དོན་ནི་སེམས་ཅན་སོ་སོའི་ལས་ཀྱི་དབང་གིས་འཇིག་རྟེན་མི་འདྲ་བ་སྣ་ཚོགས་སུ་སྣང་དུ་རུང་བ་ལ་དགོངས་ཏེ་མི་མཐུན་པ་མང་པོ་བཀའ་བསྩལ་བ་ཡིན་ཞེས་ལོ་སྟོང་ལྷག་གི་སྔོན་ནས་བཤད་ཟིན་པ་ལྟར་དོན་ལ་གནས་ཏེ། རགས་པའི་གནས་འདི་འདྲ་བ་ཞིག་ལ་སངས་རྒྱས་ལྟ་ཅི་མི་ཕལ་བ་བློ་ཅུང་ཟད་བྱང་བ་ཞིག་གིས་ཀྱང་དགོས་པ་གཞན་མེད་ན་རང་ཚིག་སྔ་ཕྱི་མཐུན་དགོས་པ་ཙམ་ཞིག་མི་ཤེས་པ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་དམ་པའི་ཆོས་ནི་ཚན་རིག་དང་མི་མཐུན་པས་རྨོངས་དད་ཡིན་ཟེར་བ་དག་གིས་ནི་རང་ཉིད་ཀྱིས་ཚན་རིག་དང་དམ་པའི་ཆོས་གྱི་དོན་མ་རྟོགས་པར་བལྟ་བར་བྱའོ། །ཡང་ཅུང་ཟད་རྟོགས་པར་དཀའ་བ་བར་སྲིད་ཀྱི་རྣམ་གཞག་ལ། གསུང་རབ་རིན་པོ་ཆེ་ལས། བར་དོའི་སེམས་ཅན་གྱིས་རང་གི་རོ་རང་གིས་མཐོང་བ་དང་། རི་བྲག་སོགས་ལ་ཐོགས་མེད་དུ་འགྲོ་བ་དང་། འགའ་ཞིག་གིས་རང་ཉིད་ཤི་བར་མི་ཤེས་པ་དང་། རླུང་ལྟར་མགྱོགས་པར་འགྲོ་བ་དང་། ཚེའི་ཚད་མ་ངེས་པ་དང་། བདེ་སྡུག་གི་སྣང་བའང་རང་རང་གི་ལས་ཀྱི་དབང་གིས་མ་ངེས་པར་སྣ་ཚོགས་སུ་འཆར་བར་གསུངས་པ་རྣམས་དངོས་གནས་ཇི་ལྟ་བ་བཞིན་བྱུང་འདུག་སྟེ། ༡༩༧༨ལོར་ཏུང་ཐ་གྲོང་དུ་སྐྱེས་པའི་བུ་མོ་ཙེ་གོ་ཨུ་ཞེས་པ་སྐྱེ་བ་སྔ་མ་ཤིན་ཏུ་གསལ་བར་དྲན་མཁན་དེ་དང་། ཤི་ནས་སླར་གསོན་པའི་ཨ་རིའི་སྨན་པ་པེ་ཨར་སི་དང་། གོང་དུ་བཀོད་པའི་སན་ཅང་རྫོང་གི་བྱིས་པ་ཁྲིན་གིན་བཅས་ཀྱིས་རང་གི་རོ་དང་པུར་སྒམ་བཅས་གསལ་བར་མཐོང་ངོ་། །ཨ་རིའི་སྨན་པ་པེ་ཨུར་སི་ཤི་བའི་རྗེས་ཀྱི་ལུས་དེ་མི་གསོན་པོ་རྣམས་ཀྱི་ཕྲག་པ་དང་འཕྲད་ཚེ་ཐོགས་པ་མེད་པར་ཐལ་བྱུང་དུ་འགྲོ་བ་དང་། ཨན་ཧྭེ་ཞིང་ཆེན་སོས་ཤན་གྱི་ཀྲོས་སུན་ཅིན་འཕྲུ་རློག་འཕྲོ་ལ་ཤི་སྐབས་རང་ཉིད་ཀྱིས་ཤི་བར་མ་ཤེས་ནས་ངོ་ཤེས་པའི་མི་རྣམས་ལ་གཏམ་དྲིས་ཚེ་དེ་དག་གིས་ལན་མ་བྱས་པས་ཁྲོས་ཏེ་གཞན་དུ་སོང་བ་དང་། འགྲོ་བའི་ཚེ་རྐང་མཐིལ་ས་ལ་མ་རེག་པར་རླུང་ལྟར་མགྱོགས་པར་འགྲོ་བ་དང་། ཚེ་ཚད་ཀྱང་རིང་ཐུང་སྣ་ཚོགས་ཤིག་ཏུ་འདུག་པ་དང་། བདེ་སྡུག་གི་སྣང་བའང་མ་ངེས་པ་སྣ་ཚོགས་ཤིག་བྱུང་འདུག་པའི་ཕྱིར་རོ། །སྐྱེ་བ་དྲན་མཁན་འདི་རྣམས་ཀྱིས་ནི་སྔོན་དུས་སུ་ལས་ཅུང་ཟད་བཟང་པོ་རེ་བསགས་པས་མི་ནས་མིར་སྐྱེས་པར་མ་ཟད་སྐྱེ་བ་དྲན་ཞིང་བར་དོར་ཡང་སྡུག་བསྔལ་ཆེན་པོ་རང་བྱུང་མི་འདུག་ཀྱང་ལས་ཀྱི་དབང་གིས་སྣ་ཚོགས་པ་ཡོད་པར་ངེས་སོ། །ཡང་རྟོགས་དཀའ་བ་ལས་འབྲས་ཀྱི་སྐོར་ལ། གོང་དུ་བཤད་པ་བཞིན་ལས་དགེ་སྡིག་གི་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ། དེ་ཡང་མཐོང་ཆོས་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར་གྱི་འབྲས་བུ་མང་པོ་ཞིག་སངས་རྒྱས་ཀྱིས་གསུངས་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་བྱུང་བ་ཡིན་པས་དྲང་དོན་དངོས་ལ་གནོད་བྱེད་ཅན་མ་གཏོགས་པ་གཞན་ཐམས་ཅད་དེ་ལྟར་མི་བསླུ་བ་དང་། ཡང་དག་པ་ཉིད་དུ་ཤེས་པར་བྱའོ། །
མདོར་བསྡུ་ན། སྟོན་པ་སངས་རྒྱས་ཀྱིས་མཁྱེན་དགོས་རྒྱུའི་གཙོ་བོ་སྐྱེ་བོ་རྣམས་ཐར་བ་འཐོབ་པའི་ལམ་ཚང་ལ་མ་ནོར་བ་དེ་ཡིན། དེ་མཁྱེན་པའི་སྒྲུབ་བྱེད་གཙོ་བོ་ནི་བདེན་བཞིའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་ཉིད་ཡིན། དེ་ཉིད་ཀྱི་སྒྲུབ་བྱེད་ནི་ནང་བའི་གཞུང་གི་ཟབ་པ་དང་རྒྱ་ཆེ་བའི་རིགས་པའི་རྣམ་གཞག་གིས་ཞིབ་པར་བཤད་རྒྱུ་ཡོད་ཀྱང་འདིར་དགོས་པའི་དབང་གིས་དེང་རབས་ཀྱི་རིགས་པ་དང་བསྟུན་ཏེ་ཅུང་ཟད་བརྗོད་པ་ཡིན་ནོ། །
བཞི་པ་དམ་པའི་ཆོས་རྣམ་གྲོལ་གྱི་འཇུག་ངོགས་ཡིན་པ་ལ་ཡིད་ཆེས་བསྐྱེད་པ་ནི། དེ་ཡང་དམ་པའི་ཆོས་ཀྱི་ངོ་བོ་ནི་གོང་དུ་བཤད་པ་བཞིན་གཞན་སྐྱེ་བོ་ཐམས་ཅད་ལ་མི་འཚེ་བ་གཞིར་བཅས་པའི་སྟེང་དུ་རང་དང་གཞན་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་པའི་དམིགས་བསལ་གྱི་ཐབས་ཤེས་ཤིག་རེད། དེ་ལ་དང་པོ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ལ་ཡིད་ཆེས་པའི་སྟེང་ནས་སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ། རྫུན་གྱིས་མགོ་སྐོར་བ་སོགས་བྱ་བ་མ་རབས་རྣམས་སྤངས་ནས་གཞན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། དྲང་བདེན་བྱེད་པ་སོགས་དམ་པའི་བྱ་བ་རྣམས་ཉམས་སུ་ལེན་རྒྱུ་ནི་འཇིག་རྟེན་ལྷ་མིའི་ཐེག་པ་ཞེས་འབྲས་བུ་ལྷ་མིའི་བདེ་བ་འཐོབ་བྱེད་ཡིན། ལྟ་བ་རྟེན་ཅིང་འབྲེལ་འབྱུང་རྟོགས་པ་དང་། སྒོམ་པ་ཞི་ལྷག་ཟུང་འཇུག །སྤྱོད་པ་གཞན་འཚེ་སྤོང་ཞིང་གཞན་ཕན་སྒྲུབ་པ་སྟེ་ལྟ་སྒོམ་སྤྱོད་པ་དེ་གསུམ་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་མཐའ་དག་སྤོང་བ་ནི་འཇིག་རྟེན་ལས་འདས་པའི་ཐེག་པ་ཞེས་བྱའོ། །ཚུལ་འདི་དག་དད་པའི་རྗེས་སུ་འབྲངས་པ་དག་གིས་དེ་ལྟར་ཡིན་ནོ་སྙམ་དུ་མོས་པས་བཟུང་བ་ཙམ་མ་ཡིན་པར་གནའ་དེང་གི་རིགས་པ་རྣམ་དག་གིས་བསྒྲུབ་རྒྱུ་ཡོད་པར་གོང་དུ་མཚོན་ཙམ་བཤད་ལ། རྒྱས་པར་ནི་གསུང་རབ་རིན་པོ་ཆེ་ཉིད་ལས་རྟོགས་པར་བྱ་དགོས་ཏེ་ཤིན་ཏུ་གལ་ཆེ་བའི་གནས་སོ། །དམ་པའི་ཆོས་འདི་བོད་ཀྱི་རྒྱལ་ཁམས་སུ་དར་ཞིང་རྒྱས་ནས་ལོ་ཆིག་སྟོང་ལྷག་ཅིག་སོང་། དེའི་རིང་ལ་གོང་གི་ཐེག་པ་གཉིས་པོ་ཉམས་སུ་བླངས་ནས་རང་རང་གི་འབྲས་བུ་མངོན་དུ་གྱུར་པ་བགྲང་ལས་འདས་པ་ཞིག་བྱུང་སྟེ། གདོས་བཅས་ཀྱི་ལུས་ལྷག་མ་མ་ལུས་པར་འཇའ་འོད་དུ་དེངས་པ་དང་། ལུས་ཤིན་ཏུ་ཆུང་ངུར་གྱུར་ཏེ་རྡུལ་ཕྲན་དུ་དེངས་པར་རྩོམ་པ་དང་། ཤི་བའི་རྗེས་སུ་འཇའ་འོད་དང་། སྒྲ་དང་། གདུང་དང་། རིང་བསྲེལ་སོགས་དམ་པའི་ཆོས་རང་ནས་བཤད་པའི་རྣམ་གྲོལ་ཐོབ་པའི་རྟགས་མཚན་ཁྱད་པར་ཅན་དེ་དག་ཕྱོགས་ག་ཤེད་དང་། དུས་ག་ཤེད་ན་འབྱུང་རྒྱུ་ཡོད་ཅེས་བརྗོད་པ་ཙམ་མ་ཡིན་པར་ཐམས་ཅད་ལ་མཐུན་སྣང་དུ་བྱུང་བའི་ལོ་རྒྱུས་དན་དཔང་སྟོབས་དང་ལྡན་པ་འདི་སྙེད་ཅིག་འདུག་ལ། དུས་རབས་འདི་ཉིད་ཀྱི་ནང་དུའང་མང་པོ་བྱུང་བར་མ་ཟད་ཁོ་བོ་ཅག་དང་དུས་མཉམ་དུ་བྱུང་པའང་ཤིན་ཏུ་མང་ངོ་། །རྟགས་མཚན་འདི་དག་ནི་བྱུང་ཟིན་པའི་རྗེས་སུ་འགའ་ཞིག་གིས་གྲོལ་བ་ཐོབ་པའི་རྟགས་ཡིན་ཞེས་ཐག་བཅད་པ་མ་ཡིན་གྱི། ཆོས་འདི་ཉམས་སུ་བླངས་ན་གྲོལ་བ་འདི་འཐོབ་ལ་དེ་ཐོབ་པའི་རྟགས་འདི་འབྱུང་ཞེས་དང་པོ་ཉིད་ནས་གཏན་ལ་ཕབ་པ་དེ་དག་ཕྱིས་མངོན་དུ་གྱུར་བ་ཡིན་པས་ཤིན་ཏུ་ཡིད་ཆེས་པའི་གནས་སོ། །དེ་ཙམ་མ་བྱུང་ནའང་འཆི་ལ་ཉེ་བའི་ཚེ་རང་ཉིད་ནམ་འཆི་ཤེས་ཤིང་། འཆི་ཚེ་དངངས་སྐྲག་མེད་པར་མ་ཟད་ཤི་བའི་རྗེས་སུ་དག་པའི་ཞིང་ཁམས་འདི་དང་འདིར་འགྲོ་རྒྱུ་ཡིན་ཟེར་ཏེ་སྣང་བ་དགའ་ཡལ་ལེ། རིག་པ་སྤྲོ་སང་ངེ་བའི་ངང་ནས་ཤི་བ་ནི་རྒྱུན་དུ་མཐོང་ཐོས་སུ་གྱུར་དང་འགྱུར་བཞིན་པ་དེ་ག་རེད། དེར་མ་ཟད་ཡི་གེ་འབྲི་ཀློག་ཙམ་ཡང་མི་ཤེས་པའི་ཁྱིམ་པ་ཕལ་བ་རྣམས་ཀྱི་ནང་ན་དད་པ་ཁོ་ནའི་སྟོབས་ཀྱིས་འཆི་ཚེ་སངས་རྒྱས་བྱང་སེམས་རྣམས་བསུ་མར་སླེབས་པའི་སྣང་བ་དང་བཅས་དགའ་སྐྱིད་ཀྱི་ངང་ནས་ཕ་རོལ་ཏུ་འགྲོ་བ་ཇི་འདྲའི་མང་པོ་འདུག །དེས་ན་འདི་དག་ནི་དམ་པའི་ཆོས་འདི་རྣམ་གྲོལ་གྱི་འཇུག་ངོགས་མཐར་ཐུག་ཡིན་པའི་འབྲས་རྟགས་ཡང་དག་མིག་གིས་མཐོང་བ་ཡིན་ནོ། །གཞན་ཡང་ནད་ཀྱིས་ཐེབས་ཏེ་སྨན་བཅོས་ཇི་ལྟར་བྱས་ཀྱང་མ་ཕན་ནས་ཆོས་ཀྱི་རིམ་གྲོ་བསྒྲུབས་པས་ཕན་པ་བྱུང་བ་སོགས་དམ་པའི་ཆོས་ཀྱི་འབྲས་བུ་ནི་སྤྱི་ཚོགས་ཐོག་རྟག་ཏུ་མངོན་གསལ་དུ་འོང་གིན་འདུག་གོ །རྒྱུ་མཚན་དེའི་ཕྱིར་ལོ་སུམ་སྟོང་གི་རིང་ལ་སྐྱེ་བོ་ཚད་མེད་པ་ཞིག་གི་སེམས་དང་འབྲེལ་བ་གཏིང་ཟབ་པོ་ཞིག་ཆགས་པ་ཡིན་གྱི། གཞན་དུ་ཆོས་ཅི་བསྒྲུབས་ཀྱང་མཚོ་སྟེང་དུ་རྡོ་བོར་བ་ལྟར་ཕན་འབྲས་ཅི་ཡང་མངོན་རྒྱུ་མེད་ན་དེ་འདྲ་ག་ལ་འོང་། ང་ཚོ་བོད་མི་རིགས་ཧྲིལ་པོས་ཆོས་ལ་དད་པ་བྱེད་པ་དེའང་རྒྱུ་མཚན་འདི་དག་གི་སྟེང་ནས་བྱུང་བ་ཡིན་གྱི་ང་ཚོ་བླུན་ཆེས་ནས་མ་རེད། བོད་ནང་དམ་པའི་ཆོས་དར་བ་ནས་བཟུང་ཆོས་ཞེས་པ་བླ་བྲང་ཁག་འགའ་ཞིག་གམ། དཔོན་ཁག་འགའ་ཞིག་གམ། ཤེས་ཡོན་ཅན་འགའ་རེའི་སྒེར་ཆོས་ཙམ་མ་ཡིན་པར་བོད་རྒྱལ་བློན་ནས་བཟུང་འབངས་ཕལ་བའི་བར་གྱི་སྐྱེ་བོ་ཡོངས་ཀྱིས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བྱེད་ཅིང་། རིག་གནས་གཞན་ཀུན་ལས་ཀྱང་འདི་ཉིད་ཁོ་ན་གཙིགས་སུ་འཛིན། དེའི་དབང་གིས་རྒྱལ་པོ་རྣམས་ཀྱིས་ཀྱང་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་འབངས་རྣམས་བདེ་བར་འཚོ། ཐ་ན་བཙོན་ཁང་ཡན་ཆད་ལ་གཞན་དང་མི་འདྲ་བའི་རང་དབང་ཡོད་པ་ཞིག་སྟེ། དགེ་འདུན་ཆོས་འཕེལ་རྩེ་ཕོ་བྲང་གི་ཞོལ་གྱི་བཙོན་ཁང་དུ་བཞུགས་སྐབས་དེར་གནས་པའི་བཙོན་པ་རྣམས་ལ་རང་དབང་ཆེན་པོ་ཡོད་པ་གཟིགས་ཏེ་རང་རེ་བོད་ཀྱི་ལུགས་སྲོལ་འདིར་མཉེས་ཚོར་ཆེན་པོས་བསྔགས་བརྗོད་གནང་འདུག་པ་བཞིན་དང་། མ་འོངས་པའི་མདུན་ལམ་ཡང་མུན་པ་མུན་ནག་ཏུ་མ་གྱུར་བ་ཞིག་ཡིན་ནོ། །དེ་ལྟ་བུའི་ཆོས་དེའང་རང་རེ་བོད་ལ་མཚོན་ན་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་ནང་གསེས་ཀྱི་དབྱེ་བ་མང་པོ་ཞིག་དར་ཡང་དོན་ལ་ཐམས་ཅད་འགལ་མེད་གནད་གཅིག་ཏུ་ཤེས་པར་བྱ་དགོས་ཏེ། བསྟན་འཛིན་གྱི་གཙོ་བོ་དག་ཐུགས་རྒྱུད་གཅིག་པ་དང་བསྟན་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་གཅིག་ཏུ་འབབ་པའི་ཕྱིར་ཏེ། དེ་ཡང་ཨོ་རྒྱན་སངས་རྒྱས་གཉིས་པ། མཉམ་མེད་ཇོ་བོ་རྗེ། འཇམ་དབྱངས་ས་སྐྱ་པཎྜི་ཏ། མཉམ་མེད་དྭགས་པོ་རིན་པོ་ཆེ། རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པ་རྣམས་ནི་གདུལ་བྱའི་དབང་གིས་སྤྲུལ་པའི་རྣམ་རོལ་ཐ་དད་ཙམ་ལས་དོན་ལ་ཐུགས་རྒྱུད་གཅིག་པ་ཡིན་པར་གསལ་ཏེ། བཀའ་གདམས་བུ་ཆོས་ལས། ཡང་རེ་ཞིག་ན་ཇོ་བོའི་ཞལ་ནས་། མཁན་རྒྱུད་དུ་མ་ཟད་དགེ་སློང་བྱང་ཆུབ་སེམས་དཔའ། རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ཐུགས་དང་ལྡན་པ་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས། མཆན། ནི་རྒྱ་གར་ན་འདུལ་བ་འཛིན་པ་ཆེན་པོ་ཞིག་གི་སྤྲུལ་བར་ཡང་གྲགས་ཏེ། དཔལ་ཧེ་རུ་ཀའི་བཞེད་པས་ནི་ཁོ་བོ་ཁོ་ན་ཡིན་པར་བྱེད། གདུལ་བྱའི་དབང་གིས་བོད་འདིར་ལན་གཉིས་གསུམ་ཞིག་འོངས་ཏེ་སྤྲུལ་བའང་དེ་ལྟར་དུ་བསྟན་ཏོ། །ཞེས་དང་། བླ་མ་དྲི་མ་མེད་པའི་ཞལ་ནས། འདི་ནས་ཤར་ཕྱོགས་ན་རྡོ་རྗེའི་གདན་ཞེས་བྱ་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡོད། དེའི་བྱང་ཕྱོགས་ན་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་བྱ་བ་མཐའ་འཁོབ་ཀྱི་ཡུལ་ཆེན་པོ་བྱམས་པ་དང་སྙིང་རྗེ་བྲལ་བའི་མི་མ་ཡིན་དྲག་པོ་དཔག་དུ་མེད་པ་ཡོད་པས། དེ་ན་གནས་པའི་སེམས་ཅན་ཐམས་ཅད་ངན་སོང་གསུམ་དུ་སྐྱུར་བར་བྱེད་པས། དེང་སང་བོད་ཁམས་དེར་བདག་གི་སྤྲུལ་བ་མཐུ་དང་ལྡན་པ་ཞིག་བཏང་ལ། སྔོན་ལ་མི་མ་ཡིན་དེ་དག་བཏུལ་ཏེ་གནོད་འཚེ་གདུག་རྩུབ་ཞི་བར་བྱ། སྐྱེ་བོ་ཐམས་ཅད་ཀྱང་བདེ་སྐྱིད་དང་བཀྲ་ཤིས་པར་བྱའོ། །ཁྱོད་ཀྱིས་དེའི་སྔོན་དུ་སྤྲུལ་བའི་རྒྱལ་པོ་ཞིག་ཐོངས་ལ་བོད་ཁམས་ཀྱི་སེམས་ཅན་དེ་དག་ཡོངས་སུ་དྲོངས། སྤྲུལ་བ་མང་པོ་ཡང་བྱོས། རྒྱ་ནག་དང་བལ་བོའི་ཡུལ་ན་དེ་བཞིན་གཤེགས་པའི་སྤྲུལ་པ་དངོས་ཡོད་པས་གནས་དེར་སྤྱན་དྲོངས། བོད་ཁམས་དེ་འཇིགས་པ་ཆེ་བས་ལྷ་མོ་ཞི་ཁྲོ་གཉིས་སྤྱན་དྲོངས། འཇིགས་པ་བརྒྱད་ལས་སྐྱོབ་པར་བྱེད་ཅིང་། དེ་ནས་ཡུལ་གྱི་དབུས་སུ་གྱུར་ནས་སྐྱེ་བོ་ཕལ་བ་དད་པ་སྐྱེས་ཏེ་གདམས་ངག་བསྟན་དུ་བཏུབ་པའི་དུས་སུ། བྱང་ཕྱོགས་དེ་ནས་བྱང་ཕྱོགས་སུ། བོད་ན་རིགས་བཙུན་པར་གྲགས་པ་ཐམས་ཅད་ཀྱིས་བཀུར་བ་ཞིག་ཏུ་ཁྱོད་ཀྱིས་ལུས་བླངས་ཏེ། ཁྱོད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཞིག་རྒྱ་གར་ནས་ང་སྤྱན་འདྲེན་དུ་ཐོངས། གཟོད་མི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་དགོད་པར་བྱའོ། །ཞེས་གསུངས་པ་དང་། འཇིག་རྟེན་གྱི་སྒྲོན་མ་ཇི་སྐད་གསུངས་བཞིན་དུ་བགྱིའོ། །དེ་ནས་སྤྲུལ་བའི་དགེ་སློང་རྣམས་ན་རེ། རྒྱལ་བ་སྲས་བཅས་བོད་ཁམས་དེར་གཤེགས་པའི་རྗེས་སུ་ཨོ་རྒྱན་གྱི་གནས་འདི་སུས་སྐྱོང་། མཁའ་འགྲོ་མ་རྣམས་སུས་སྡུད། སྲིན་པོའི་ཚོགས་རྣམས་སུས་འདུལ། ཞེས་ཞུས་པ་དང་། དེང་སང་གངས་རིའི་ཁྲོད་དུ་མི་མ་ཡིན་འདུལ་དུ་བཏང་བའི་སྤྲུལ་བ་དེ་སླར་འདི་ཉིད་དུ་ལོག་ནས། ཨོ་རྒྱན་སྐྱོང་ཞིང་མཁའ་འགྲོ་མ་རྣམས་སྡུད་པར་བྱེད་ལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོའང་བསྐོར། སྲིན་པོ་གདུག་པ་ཅན་ཡང་འདུལ། ཞེས་གསུངས་བ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞལ་ནས་ཀྱང་། འོ་རྒྱལ་བ་ཐམས་ཅད་ཐུགས་ཆོས་སྐུའི་དབྱིངས་སུ་རོ་གཅིག་ཡིན་པས་གང་དང་གང་གི་སྤྲུལ་བ་ཡིན་ཞེས་ཀྱང་ཆོག །ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྤྲུལ་བ་སློབ་དཔོན་རིན་པོ་ཆེ། ཇོ་བོ་རྗེ། རྗེ་བདག་ཉིད་ཆེན་པོ་རྣམས་ཐུགས་རྒྱུད་གཅིག་ཚུལ་ནི། བཀའ་གདམས་གླེགས་བམ་ལས། བླ་མ་དྲི་མ་མེད་པས། རྒྱལ་བུ་དཀོན་མཆོག་འབངས་ལ་གསུངས་པ། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་ཟུང་། །བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཨོ་རྒྱན་ཡུལ་དུ་ཇི་སྐད་སྨྲས་པ་བཞིན། །བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་གསུངས་པ་དེ་ཨོ་རྒྱན་རིན་པོ་ཆེ་དང་། སྤྲུལ་བ་གཅིག་ནི་རྒྱ་གར་གནས་ལ་འགྲོ། །ཞེས་གསུངས་པ་དེ་ཇོ་བོ་རྗེ་དང་། སྤྲུལ་བ་གཅིག་ནི་བལ་བོའི་མཐིལ་དུ་འགྲོ། །ཞེས་གསུངས་པ་དེ་པཎྚི་ཏ་པདྨ་བཛྲ་དང་། སྤྲུལ་བ་གཅིག་ནི་མདོ་ཁམས་སྨད་ལ་འགྲོ །ཞེས་གསུངས་པ་དེ་རྗེ་བདག་ཉིད་ཆེན་པོ་ཡིན་པར་ལུང་བསྟན། དེ་བཞིན་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། གྲུབ་དབང་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ། །ཁྱོད་མིན་བདག་ལ་སྐྱབས་གཞན་གང་། །ཞེས་དང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཞལ་ནས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་བའི་གར་མཛད་དེ་ལ་འདུད། །ཅེས་དང་། རྗེ་བཙུན་བཀྲ་ཤིས་རྒྱ་མཚོས། གཟི་བརྗིད་འོད་དཔག་མེད་མགོན་ཨོ་རྒྱན་རྗེ། །ཨ་ཏི་ཤ་དང་འཇམ་དཔལ་བློ་བཟང་གྲགས། །ཡེ་ཤེས་གཅིག་ལ་རྣམ་འགྱུར་ཆུ་ཟླའི་གར། །ངེས་པ་སྙིང་ནས་རྙེད་པས་ལན་བརྒྱར་འདུད། །ཅེས་དང་། འཇམ་པའི་དབྱངས་དངོས་ཁྲི་གུང་ཐང་བ་རིན་པོ་ཆེས། གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་། །དེ་དོན་རྒྱུད་ལ་སྦྱོར་མཛད་ཨ་ཏི་ཤ །དེ་ལ་འཁྲུལ་བ་སེལ་མཛད་ཙོང་ཁ་བ། །རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ། །ཅེས་གསུངས་པ་སོགས་དང་དེང་སང་གི་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་དང་དབྱངས་གཅིག་ལྟར་གསུངས་ཚུལ་ལ་བསམས་ནས། བསྟན་པའི་བདག་པོ་དེ་གསུམ་དང་། རྗེས་འཇུག་གསར་རྙིང་གི་ཆོས་མཛད་ཡོངས་ལ་དད་གུས་དག་སྣང་སྦྱངས་ཏེ། མཆོད་བསྟོད་བཀུར་བ་ལ་བརྩོན་པར་བྱའོ། །ཞེས་གསུངས་སོ། ཨོ་རྒྱན་ཆེན་པོས་ཀྱང་བཀའ་ཐང་བསྔུས་པ་ལས། །ཐུབ་པའི་ལུང་བསྟན་མདོ་ཁམས་སྒང་ཞིག་ཏུ། །ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས། །སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར། །དེ་དུས་དཀར་ཕྱོགས་རྣམས་ཀྱང་སྤོབས་པ་མཐོ། །ཞེས་དང་། དེ་དུས་ང་ཡི་སྤྲུལ་བ་ས་སྐྱ་ཞེས། །སྟོད་ཀྱི་ཕྱོགས་སུ་ཡབ་མིང་འཇམ་དཔལ་དང་། །ཡུམ་མིང་སྒྲོལ་མ་ཞེས་བྱའི་སྲས་སུ་འཁྲུངས་། །འགྲོ་མགོན་འཕགས་པ་ཀུན་དགའ་རྒྱལ་མཚན་ཞེས། །ང་ཡི་ལྷ་ཁང་རྣམས་ཀྱང་ཞིག་གསོས་བྱེད། །གསང་སྔགས་བསྟན་པ་དར་ཞིང་རྒྱས་པར་བྱེད། །བོད་འབངས་ཐམས་ཅད་བདེ་ཞིང་སྐྱིད་པར་འོང་། །ཞེས་དང་། །ཐུའུ་བཀྭན་ཆོས་ཀྱི་རྡོ་རྗེའི་ནོར་བུ་ཀེ་ཏ་ཀའི་བྱི་དོར་ལས་ཀྱང་། དེར་མ་ཟད་ཇོ་བོ་ཆེན་པོ་དང་། མཉམ་མེད་དྭགས་པོ་རིན་པོ་ཆེ་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་རྣམས་ཀྱང་སློབ་དཔོན་ཆེན་པོའི་རྣམ་འཕྲུལ་ཡིན་པར་ཚད་མའི་སྐྱེས་བུ་རྣམས་ཀྱིས་ཡང་ཡང་གསུངས་ན། སློབ་དཔོན་ཆེན་པོ་ལས་ལྷག་པའི་བོད་གངས་ཅན་གྱི་བསྟན་འགྲོ་ལ་བཀའ་དྲིན་ཆེ་བ་སུ་ཞིག་མཆིས་། ཞེས་གསུངས་སོ། །དེ་ལྟར་དམ་པ་འདི་རྣམས་ནི་ཐུགས་རྒྱུད་གཅིག་པར་ཚད་མའི་ལུང་གིས་གྲུབ་པས་སྤངས་རྟོགས་སོགས་ལ་བཟང་ངན་འོང་དོན་གཏན་ནས་མེད་ཀྱང་བླུན་པོ་ཕྱོགས་ཞེན་ཅན་རྣམས་ཀྱིས་དམ་པ་འདི་དག་ལའང་དགག་སྒྲུབ་སྣ་ཚོགས་ཤིག་བྱེད་ཀྱིན་འདུག་པ་ནི་སྐྱི་གཡའ་བའི་གནས་སུ་སེམས་སོ། །དེ་ཡང་ཐུའུ་བཀྭན་ཆོས་ཀྱི་རྡོ་རྗེའི་ཞལ་ནས་བྱང་ཆུབ་ལམ་རིམ་ལས། བསྟན་པ་སྔ་དར་ལ་མཁན་ཆེན་ཞི་བ་འཚོ་དང་། པདྨ་སམྦྷ་ཝས་བསྟན་པའི་སྲོལ་བཙུགས་པ་ལ། ཞེས་གསུངས་པ་ཚད་མར་བྱེད་དགོས་པས། བསྟན་པའི་སྲོལ་བཙུགས་པ་ལས་ལྷག་པའི་བསྟན་པ་ལ་བྱ་བ་ཅི་དགོས། ཞེས་དང་། བོད་ཡུལ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་ཐོག་མར་སྤེལ་བར་མཛད་པ་ནི། བསྟན་པའི་བྱ་བའི་ནང་ནས་ཀྱང་རབ་དང་ཕུལ་དམ་པ་ཞིག་ཏུ་འཁུམ་སྟེ། རྗེ་བླ་མས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་སྨོན་པ་མཛད་པའི་གནས་ཡིན་འདུག་པས་སོ། །ཞེས་གསུངས་པ་བཞིན། ད་ལྟའི་བར་དུ་རང་རེ་གངས་ཅན་གྱི་སེར་སྐྱ་ཡོངས་ལ་མདོ་སྔགས་ཀྱི་ཐེག་པ་ཡོངས་སུ་རྫོགས་པའི་ཆོས་ཉི་མ་ལྟ་བུ་གཞན་སུ་ལའང་དཀོན་པ་ཞིག་ཡོད་པ་འདི་ནི་ཨོ་རྒྱན་ཆེན་པོའི་བདག་རྐྱེན་ལས་བྱུང་བ་ཡིན་པས་བོད་ཁམས་ཡོངས་ལ་དེ་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་ནི་དངོས་གནས་དཀའ་སྟེ། རྒྱལ་དབང་ཐམས་ཅད་མཁྱེན་པས། གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །ཞེས་གསུངས་པ་ལྟར་རོ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པས་ནི། བཀའ་གདམས་གླེགས་བམ་ལས། །ཐ་མ་བསྟན་པའི་མེ་རོ་ནི། །གྲགས་པའི་མཚན་གྱིས་གསོ་བར་བྱེད། །ཅེས་གསུངས་པ་ལྟར་རྒྱལ་བསྟན་ཡོངས་ཀྱི་གཞི་མ་འདུལ་བ་སོ་སོར་ཐར་བའི་གཙོས་བསྟན་པ་རིན་པོ་ཆེ་ནུབ་རྒྱ་གར་གྱི་ས་མཚམས་ནས་བཟུང་ཤར་རྒྱ་ནག་སྟོང་འཁུན་དང་སོག་པོའི་ཡུལ་ཚུན་ཆད་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ཁྱབ་པར་མཛད་ཅིང་ད་ལྟའི་བར་དགེ་ལྡན་གྱི་དགོན་ཆེན་རྣམས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པ་ལ་གཞིར་བཅས་སྤོང་ཀློག་ལ་བར་མེད་དུ་བརྩོན་པས་གངས་ཅན་གྱི་བསྟན་པའི་གཞི་མ་ལྟ་བུར་གྱུར་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་དཔལ་ལྡན་ས་སྐྱའི་ཕྱོགས་ལའང་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་དག་བྱོན་པས་གངས་རིའི་ཁྲོད་ཀྱི་གྲུབ་མཐའ་སོ་སོའི་མཁས་པ་ཆེན་པོ་ས་ལ་གནས་པ་ཤིན་ཏུ་མང་པོ་ཞིག་དཔལ་ལྡན་ས་སྐྱའི་སློབ་མར་གྱུར་བ་སྟེ། ཇི་སྐད་དུ། འཛམ་གླིང་ཐུབ་པའི་རྒྱལ་ཚབ་ས་སྐྱ་པའི། །ཆོས་ཀྱི་བརྒྱུད་པ་འཛིན་པའི་སློབ་མ་རུ། །མ་གྱུར་གངས་རིའི་ཁྲོད་འདིར་བསྟན་འཛིན་དུ། །ཞལ་གྱིས་འཆེས་པའི་མཁས་པ་འགའ་ཡོད་མིན། །ཞེས་གསུངས་པ་ལྟར་ལགས་པས་བསྟན་པ་རིན་པོ་ཆེ་གསལ་བྱེད་ཀྱི་རྒྱན་དུ་གྱུར་བ་དང་། གཞན་ཡང་བཀའ་བརྒྱུད་པའི་བསྟན་པའང་དཔེར་ན། དཔལ་ལྡན་འབྲུག་པའི་བསྟན་པ་ལྟ་བུས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་ཅེས་ཡོངས་སུ་གྲགས་པ་ལྟར་དང་། གྲུབ་པ་བརྙེས་པའི་རྣལ་འབྱོར་པ་མང་དུ་བྱོན་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། ཇོ་ནང་ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་གྱིས་དབུས་གཙང་དུ་གྲྭ་སྐོར་མཛད་པས་ཐམས་ཅད་མཁྱེན་པ་ཞེས་སྙན་པའི་གྲགས་པས་ཁྱབ། འཕགས་པ་རྔ་བོ་ཆེ་ལ་སོགས་པའི་དོན་ཇི་བཞིན་དུ་མཁྱེན་ནས་བདེ་བར་གཤེགས་པའི་ངེས་དོན་གྱི་བསྟན་པ་གངས་རིའི་ལྗོངས་སུ་ཤིན་ཏུ་གསལ་བར་མཛད་པས་མཚོན་སྒྲུབ་བརྒྱུད་ཀྱི་རང་ལུགས་འདྲེན་པའི་ཤིང་རྟ་ཆེན་པོ་བརྒྱད་ཕྲན་ཚེགས་དང་བཅས་པ་ལ་སྐྱེས་བུ་དམ་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་ཞིག་བྱོན་པ་དག་འཆད་པ་དང་རྩོམ་པས་བསྟན་པ་རིན་པོ་ཆེ་གཙོ་བོར་གྱུར་བའི་བཅུ་ཕྲག་རིག་པའི་གཞུང་ལུགས་མཛེས་པར་བྱས་ཏེ་ད་ལྟའང་རང་རེའི་མིག་དང་རྣ་བའི་རྒྱན་དུ་བཞུགས་པ་འདི་དག་ཡིན་པས་བཀའ་དྲིན་བརྗོད་ཀྱིས་མི་ལང་ངོ་། །དེས་ན་བྱས་པ་ཤེས་ཤིང་དྲིན་གཟོ་འདོད་ཀྱིས་ཐམས་ཅད་ལ་དག་པའི་སྣང་བ་ཕྱོགས་མེད་དུ་བྱ་དགོས་སོ། །སྐྱེས་བུ་དམ་པ་དེ་དག་ལས་བརྒྱུད་པའི་ཆོས་རྣམས་ཀྱང་གནས་སྐབས་སུ་དགོས་པའི་དབང་གིས་རྩལ་འདོན་མཛད་ཚུལ་མི་འདྲ་བ་མང་དུ་འདུག་ཀྱང་མཐར་ཐུག་གི་དོན་ལ་ངེས་པར་དགོངས་པ་གཅིག་ཏུ་མཐོང་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་སྔ་ནས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབས། །ཞེས་གསུངས་ཤིང་། ཕྱག་ཆེན་གྱི་ཁྲིད་ཡིག་ཀྱང་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་ནས་ཀྱང་། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པའི་ཕྱིར། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་སོ། །ལྔ་པ་ཆེན་པོའི་ཡོངས་འཛིན་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་ཕྱག་རྫོགས་དབུ་གསུམ་སྤྱི་ཁྱབ་ཀྱི་ཁྲིད་ཡིག་མཛད། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་རྫོགས་ཆེན་ལ་ཐུགས་དམ་མཛད་ཅིང་དེའི་བསྔགས་པ་དུ་མའང་བརྗོད། མཁས་གྲུབ་རྗེས་མཐར་ཐུག་གི་དགོངས་པ་དགེ་བཤེས་སངས་རྒྱས་རིན་ཆེན་གྱིས་དྲིས་ལན་དུ་རྫོགས་ཆེན་གྱི་བསྔགས་པ་ཆེར་བརྗོད་དོ། །འཇམ་དབྱངས་མི་ཕམ་རིན་པོ་ཆེས་ཀྱང་ས་དགེ་བཀའ་རྙིང་གི་དགོངས་པ་འགལ་མེད་དུ་ལུང་རིགས་ཀྱིས་བསྒྲུབས་པ་སོགས་ཀྱིས་མཚོན་སྔོན་གྱི་དམ་པ་རྣམས་ཀྱི་མཐར་ཐུག་གི་དགོངས་པའི་འབབ་སོ་ནི་གཅིག་ཁོ་ནར་སྣང་བ་སྟེ་ལུང་རིགས་ཀྱིས་རྒྱ་ཆེར་བསྒྲུབ་རྒྱུ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །དེས་ན་རིས་སུ་མ་ཆད་པའི་བསྟན་པ་སྤྱི་ལ་རྒྱུ་མཚན་ཤེས་པའི་དད་པ་བྱ་དགོས་པ་ཡིན་གྱི་ཆགས་སྡང་གི་དགག་སྒྲུབ་ཀྱིས་ནི་རང་འཕུང་གི་རྒྱུ་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །ཁྱད་པར་དུ་རང་རེའི་བསྟན་པ་ལ་ཉམ་ཉེས་དཔེ་མེད་པ་བྱུང་སྟེ་ཉག་ཕྲ་བ་འདི་འདྲའི་དུས་སུ་ཕན་ཚུན་གཅིག་གིས་གཅིག་ལ་མགོ་འདྲེན་དང་རམ་འདེགས་བྱ་དགོས་པའི་དུས་ཡིན་གྱི་མགོ་གནོན་དང་དམའ་འབེབས་བྱས་ན་གཞན་སུ་ལའང་མི་ཐུབ་ཀྱི་བསྟན་པ་རིན་པོ་ཆེ་ཉིད་ལ་ཐུབ་པ་ཡིན་པས་གཟབ་པར་བྱ་དགོས་སོ། །དེ་དག་ནི་ཞར་ལ་འོངས་པའི་གཏམ་མོ། །ཡང་འགའ་ཞིག་གིས་ཆོས་ལུགས་འདི་མི་རིགས་སྔོན་ཐོན་དུ་འགྱུར་བ་ལ་བར་དུ་གཅོད་བྱེད་ཡིན་ཟེར། སྔོན་ཐོན་ཞེས་པ་ཅི་ལ་ཟེར། རིག་གནས་དང་འཚོ་བ་ཡར་རྒྱས་སུ་འགྲོ་བ་ལ་ཟེར་ན། དེ་ལ་འདིས་ཅི་ཞིག་བར་དུ་གཅོད་དེ། ད་ལྟ་འཚོ་བ་དང་དེང་རབས་ཀྱི་རིག་གནས་རྣམས་དར་བའི་ཡང་རྩེར་སོན་པའི་སྔོན་ཐོན་གྱི་རྒྱལ་ཁབ་དག་ན་ཕྱི་ནང་གི་ཆོས་ལུགས་སྣ་ཚོགས་པ་ཤིན་ཏུ་དར་ཡང་རྒྱལ་ཁབ་དེ་དག་སུའི་ཡང་རྗེས་སུ་ལུས་མི་འདུག་ལ། ཆོས་མ་བསྒྲུབས་པས་སུ་ཡང་སྔོན་དུ་ཐོན་ཡོད་པ་མ་མཐོང་ངོ། །དེ་ལྟ་ན་དམ་པའི་ཆོས་ཞེས་བྱ་བ་འདི་ནི་སྒྲུབ་བྱེད་ཚད་མ་དང་ལྡན་ཞིང་། བྱེད་ལས་འདི་དང་ཕྱི་མའི་སྡུག་བསྔལ་མཐའ་དག་སེལ་བར་བྱེད་པས་སྤྱིར་གལ་ཆེ་ཞིང་། ཁྱད་པར་དུ་རྡུལ་ཕྲན་གྱི་དུས་རབས་དང་མཁའ་དབྱིངས་ཀྱི་དུས་རབས་ལྟ་བུ་མིའི་རིགས་ཀྱིས་རང་གིས་རང་བརླག་ཏུ་ཉེ་བའི་སྐབས་སུ་ཆེས་མེད་དུ་མི་རུང་བ་ཞིག་ཡིན་པ་ནི་མི་ཤེས་སུ་མི་རུང་བ་ཞིག་གོ །ད་མདོ་ཧྲིལ་གྱིས་དྲིལ་ན། གཡོ་སྒྱུ་མེད་པའི་དྲང་བདེན་དང་། གཞན་ཕན་གྱི་བསམ་པ་བཟང་པོ་བསྟེན་ཏེ་སྐྱེ་འགྲོ་མཐའ་དག་ལ་གནོད་སེམས་སོགས་བསམ་ངན་རྣམས་སྤང་བར་བྱ། རང་རིགས་དང་རང་རིགས་ཀྱི་ཡུལ་སྲོལ་རིག་གནས་རྣམས་ལ་ཡོན་ཏན་དུ་བལྟས་ནས་ཕངས་སེམས་དང་སྤོབས་པ་བསྐྱེད། སྐྱེ་བ་སྔ་ཕྱི་ལ་ངེས་པ་བསྐྱེད་ནས་མིག་ཐག་ཇེ་རིང་དུ་གཏོང་། ལས་རྒྱུ་འབྲས་ཤེས་ནས་བསམ་བཟང་དང་དྲང་བདེན་གྱི་སྐུལ་མ་བྱེད། སྟོན་པ་ཚད་མའི་སྐྱེས་བུ་དང་། དམ་ཆོས་རྣམ་གྲོལ་གྱི་འཇུག་ངོགས་སུ་ཤེས་ཏེ་སྐྱབས་གནས་དང་བསྒྲུབ་བྱར་བྱེད་དགོས་ཏེ། འདི་དག་ནི་འདི་ཕྱི་གཉིས་ཀར་བདེ་བའི་རྒྱུ་མ་ནོར་བ་ཡིན་པས་ནམ་ཡང་མེད་དུ་མི་རུང་ངོ་། །དེ་རྣམས་ཀྱིས་མ་འོངས་པའི་བསམ་བློའི་འཁྱེར་སོ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་པ་ཙམ་ཞིག་བཤད་ཟིན་ཏོ། །
༈ ད་ནི་གཉིས་པ་སྤྱོད་པའི་རིམ་པ་མདོ་ཙམ་བརྗོད་པར་བྱ་སྟེ། སྤྱིར་ཡ་རབས་དམ་པའི་སྤྱོད་པ་བོད་ཀྱི་མེས་པོ་སྲོང་བཙན་སྒམ་པོས་ཕྱག་རྒྱས་བཏབ་པའི་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ཏེ། དཀོན་མཆོག་ལ་གུས་པ། དམ་ཆོས་སྒྲུབ་པ། ཕ་མ་ལ་བཀུར་བ། ཡོན་ཏན་ཅན་གོང་དུ་བཀུར་བ། རིགས་མཐོ་དང་རྒན་རབས་ལ་ཕུ་དུད་བྱ་བ། མཛའ་བཤེས་ལ་གཞུང་རིང་བ། ཡུལ་མི་ལ་ཕན་འདོགས་པ། ཡིད་དྲང་བ། མིག་ཡ་རབས་ལ་བལྟ་བ། ཟས་ནོར་ལ་སྤྱོད་ཤེས་པ། དྲིན་ཅན་ལ་ཕན་ལན། བྲེ་སྲང་ལ་གཡོ་སྒྱུ་མེད་པ། སྤྱི་ལ་སྙོམས་ཤིང་ཕྲག་དོག་མེད་པ། བུད་མེད་ཀྱི་ཁ་ལ་མི་ཉན་པ། ངག་འཇམ་ཞིང་སྨྲ་མཁས་པ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་དེ་རྣམས་ལ་བླང་དོར་ཚུལ་བཞིན་བྱ་རྒྱུ་དང་། དེའི་སྟེང་དུ་ལྷ་ཆོས་དགེ་བ་བཅུའི་ཁྲིམས་ཏེ། སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ། འདོད་ལོག་སྤྱོད་པ་དང་། རྫུན་དང་། ཕྲ་མ་དང་། ཚིག་རྩུབ། ངག་འཁྱལ་རྣམས་སྨྲ་བ་དང་། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་དེ་རྣམས་ཅི་ནུས་ཀྱིས་སྤོང་བ་དང་། སྲོག་སྐྱོབ་པ་དང་། །སྦྱིན་པ་གཏོང་བ་སོགས་ལ་བརྩོན་པ་ནི་ཚེ་འདིར་རང་གཞན་ཐམས་ཅད་བདེ་བའི་རྒྱུ་ཡིན་པར་མ་ཟད་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ་བདེ་ཞིང་སྐྱིད་པའི་རྒྱུ་ཡང་ཡིན་པས་ཅིས་ཀྱང་འབད་པས་བསྒྲུབ་དགོས་པ་སྤྱིར་བཏང་ལ། འདིར་དམིགས་བསལ་དུ་བརྗོད་འོས་པ་འགའ་ཞིག་ལས། དང་པོ་སློབ་གསོའི་སྐོར་ལ། མི་ལ་ཤེས་ཡོན་མེད་ན་ལྟོ་གོས་ཀྱི་རྩོལ་སྒྲུབ་ཕལ་བ་ཙམ་མ་གཏོགས་ཁྱད་འཕགས་ཀྱི་བྱ་བ་གང་ཡང་སྒྲུབ་དཀའ། གལ་ཏེ་མི་རིགས་ཧྲིལ་པོ་དེ་ལྟར་གྱུར་ན་མི་རིགས་དེ་སྔོན་ཐོན་གྱི་གྲལ་དུ་ནམ་ཡང་ཚུད་ཐབས་མེད་པས་ཤེས་ཡོན་སྦྱང་རྒྱུ་འདི་ཤིན་ཏུ་གལ་ཆེ་བ་ཡིན་ཡང་། ང་ཚོ་བོད་ནང་ན་རིག་གནས་གཞན་དུ་མ་ཟད་བོད་རང་གི་བཅུ་ཕྲག་རིག་གཞུང་ཆ་ཚང་ཞིག་སྦྱང་རྒྱུ་ཡོད་པའི་སློབ་གྲྭ་ཧ་ཅང་དཀོན་མོ་རེད། གཞན་ཡང་ཕ་མ་ཚོས་ཕྲུ་གུ་རྣམས་སློབ་གྲྭར་གཏོང་འདོད་མེད་པའི་གོམས་གཤིས་ཤིག་ཆགས་འདུག །འདིའི་རྒྱུ་རྐྱེན་གྱི་རྩ་བ་ནི་སྔ་སོར་སློབ་ཆུང་རྣམས་སུ་རྒྱ་ཡིག་ཁོ་ན་མ་གཏོགས་བོད་ཡིག་སྦྱོང་རྒྱུ་མེད་པ་དང་། རྒྱ་ཡིག་སྦྱངས་ཏེ་སློབ་འབྲིང་སོགས་མཐར་ཕྱིན་ཀྱང་བོད་དུ་བྱ་བ་བསྒྲུབ་པའི་ཁོར་ཡུག་བཟང་པོ་ཅི་ཡང་མེད་པས་སླར་ཁྱིམ་དུ་ལོག་ནས་ཕྱུགས་འཚོ་བ་དང་། ལུད་སྐྱེལ་བ་སོགས་བྱེད་དགོས་པ་དང་ད་ལྟ་བོད་ཡིག་ཅུང་ཟད་རེ་སྦྱང་རྒྱུ་ཡོད་ཀྱང་དེས་སྤྱི་ཚོགས་ཐོག་དེ་ཙམ་གྱིས་གོ་ཆེན་པོ་ཆོད་ཀྱི་མི་འདུག་པས་གང་ལྟར་ཡང་དགོས་པ་ཆེར་མི་འདུག་སྙམ་དུ་བསམས་ཏེ་སློབ་གྲྭར་མི་གཏོང་བ་ཡིན་པར་མངོན་ནོ། །འདི་དག་རྒྱུ་མཚན་གཏན་ནས་མེད་པ་ཞིག་མ་རེད་མོད། འོན་ཀྱང་ད་ཕྱིན་ཆད་འགལ་རྐྱེན་དེ་དག་སེལ་ཐབས་དང་། ཕྲུ་གུ་ཚོ་ཅིས་ཀྱང་སློབ་གྲྭར་གཏོང་དགོས། རང་རེའི་མི་རབས་རྗེས་མ་རྣམས་ཀྱིས་རིག་གནས་གཞན་མ་ཟད་ཡི་གེ་ཙམ་ཡང་མི་ཤེས་པར་གྱུར་ན་བོད་ཀྱི་མདུན་ལམ་ཟད་ཚར་བ་རེད། ལར་ད་ལྟ་བོད་ཀྱི་ཡུལ་ན་བོད་ཀྱི་སྐད་ཡིག་ལ་རིན་ཐང་ཅི་ཡང་མི་འདུག་སྟེ། ཐ་ན་འཕྲིན་ཡིག་ཅིག་བསྐུར་དགོས་ཀྱང་ཡིག་ཤུབས་སྟེང་དུ་མི་རིགས་གཞན་གྱི་ཡི་གེ་ཞིག་འབྲི་མ་ཤེས་ཕྱིན་བོད་ཡིག་བྲིས་ན་ཡུལ་གཞན་དུ་མི་འཕྲོད་པར་མ་ཟད་བོད་ཀྱི་ཡུལ་ནང་ཕན་ཚུན་དུའང་མི་འཕྲོད། གློག་འཕྲིན་ནི་བོད་ཡིག་གིས་གཏོང་ས་ཞིག་གང་དུའང་མཐོང་རྒྱུ་མི་འདུག །འགྲིམ་འགྲུལ་ཐད་ལ་བོད་ཡིག་གཤིས་ཕྱིན་པ་ཞིག་ཤེས་ཀྱང་རླངས་འཁོར་འགྲོ་འོང་གི་དུས་ཚོད་དང་། འཛིན་ཤོག་ཐོག་གི་རྐུབ་སྟེགས་ཀྱི་ཨང་གྲངས་ཙམ་ཡང་ཤེས་དཀའ། གཞན་ཡང་ཐ་ན་རྫོང་གྲོང་ཞིག་ནས་སྨན་ཁང་དང་ཚོང་ཁང་ཞིག་བཙལ་དགོས་ནའང་བོད་ཡིག་ཤེས་པས་ནི་ཕལ་ཆེར་ཕན་པ་ཅི་ཡང་མི་འདུག་པ་ལྟ་བུས་མཚོན་ནས་ཤེས་པར་བྱའོ། །སྐད་ནི་བོད་སྐད་རྐྱང་བ་མ་གཏོགས་གཞན་མི་ཤེས་པ་རྣམས་ཀྱིས་ཉེར་མཁོ་ཕྲན་བུ་ཞིག་ཉོ་དགོས་ཀྱང་བརྡ་མི་འཕྲོད་པར་འདུག་པས་དེ་ལྟར་བོད་ཀྱི་སྐད་ཡིག་གཉིས་ཀྱིས་བོད་རང་གི་ཡུལ་ནས་གོ་མི་ཆོད་ན་གཞན་གང་ཞིག་ནས་གོ་ཆོད་དགོས་པ་ཡིན། འདི་འདྲའི་ངང་མུ་མཐུད་དེ་ཕྱིན་ན་ནམ་ཞིག་བརྡ་སྤྲོད་ཀྱི་ཐོབ་ཐང་ཅི་ཡང་མེད་པར་སྐད་རིགས་ཀྱི་གྲལ་ནས་ངང་ངམ་ཤུགས་ཀྱིས་འབུད་པའི་ཉེན་ཡོད་པས་ཤིན་ཏུ་གཟབ་པར་བྱ་དགོས་སོ། །དེས་ན་རང་རེའི་སྐད་ཡིག་འདིས་འཛམ་གླིང་ཐོག་ཏུ་གོ་ཆོད་པ་ཞིག་འོང་ཐབས་མ་ཐོན་ཀྱང་རང་ཡུལ་དུ་གོ་ཆོད་པ་ཞིག་ནི་ཅིས་ཀྱང་དགོས་ཏེ། དེ་ཙམ་ཡང་མ་བྱུང་ན་ཆེས་ཡིད་ཕམ་དགོས་པའི་གནས་སོ། །ཉེ་ཆར་ཁམས་ཕྱོགས་སུ་ཤ་ཞེན་ཅན་གྱི་སྐྱེ་བོ་འགའ་རེས་སྒེར་གྱི་སྒོར་མོ་འབུམ་ཐེར་མང་པོ་བཏང་སྟེ་བོད་ཀྱི་ཤེས་རིག་སྦྱང་སའི་སློབ་གྲྭ་འཛུགས་ཀྱིན་འདུག་ཁོང་ཚོས་སློབ་གྲྭ་འདི་ནས་རིག་གནས་ཆེན་པོ་ཞིག་ཤེས་མ་ཐུབ་རུང་བོད་སྐད་དག་མ་ཞིག་དང་། རྩམ་པ་བརྫི་ཤེས་པ་ཞིག་འོང་བའི་རེ་བ་བཅངས་ཡོད་ཟེར་རོ། །བསམ་པ་བཟང་པོ་འདི་འདྲ་བས་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་རྣམས་ཀྱི་དོན་དུ་འབད་པ་བྱེད་རྒྱུ་འདི་ཤིན་ཏུ་ཡི་རངས་པའི་གནས་དང་། དེང་དུས་སུ་མེད་དུ་མི་རུང་བ་ཞིག་ཀྱང་རེད། གཞན་ཡང་རང་རེ་བོད་ལ་རྒྱུས་མངའ་མེད་པའི་དངོས་ཁམས་དང་། རྫས་འགྱུར་སོགས་ནུབ་ཕྱོགས་ཀྱི་རིག་པ་གསར་བ་རྣམས་ལས་ཁོར་ཡུག་སོགས་ལ་གནོད་པ་མེད་པ་དག་ནི་ངེས་པར་དུ་སྤྱོོད་ཤེས་དགོས་པར་འདུག །འདི་རྣམས་འཛམ་གླིང་གི་མི་རིགས་དེ་སྙེད་ཅིག་གིས་སྦྱངས་ནས་ཤེས་འདུག་པ་བོད་ཀྱིས་མི་ཤེས་པའི་རྒྱུ་མཚན་ཅི་ཞིག་ཡོད། དེ་ཡང་བོད་རང་གི་སྐད་ཡིག་གི་སྟེང་ནས་སྦྱང་རྒྱུ་ཡོད་དགོས། དེའི་ཕྱིར་དུ་ཡིག་བསྒྱུར་གྱི་བྱ་བའང་མང་པོ་ཞིག་བྱེད་དགོས་པར་འདུག །རང་གི་སྐད་ཡིག་གི་ས་མ་ཤོར་བའི་སྟེང་ནས་གཞན་གྱི་སྐད་ཡིག་སྦྱང་རྒྱུའང་ཤིན་ཏུ་གལ་ཆེ་སྟེ། བརྡ་མ་འཕྲོད་ན་གཞན་དང་འབྲེལ་བ་བྱེད་པའི་ཐབས་མེད། སུ་དང་ཡང་འབྲེལ་འདྲིས་མེད་པར་ལུང་ཀྱོག་ཞིག་ཏུ་གནས་ན་ཤེས་རིག་དང་དཔལ་འབྱོར་གང་ལའང་ཡར་རྒྱས་འོང་དཀའ་བ་ཡིན་ནོ། །དེ་སོགས་མང་པོ་ཞིག་དུས་རབས་གསར་བའི་བོད་ཀྱི་ན་གཞོན་ཚོའི་ལས་ཀྱི་བགོ་སྐལ་དུ་བབ་ཡོད་དོ། །དེ་བས་ན་དབང་ཆ་དང་། འབྱོར་བ། ཤེས་ཡོན་ཅུང་ཟད་རེ་ཡོད་པའི་བོད་རིགས་སེར་སྐྱ་ཕོ་མོ་ཡོངས་ཀྱིས་རང་རང་གི་ལྟོ་གོས་ཙམ་ལ་མགོ་མི་འཁོར་བར་བོད་སྤྱིའི་རིག་གནས་སློབ་གསོ་སོགས་ཀྱི་དོན་གལ་བོ་ཆེ་འདི་དག་ལ་ཅིས་ཀྱང་ཐུགས་བསམ་ཞིག་གཏོང་བར་ཞུ་ཞེས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཞེ་ཐག་པ་ནས་གསོལ་བ་འདེབས་པ་ལགས་སོ། །ལར་རང་རེ་བོད་ཀྱི་དགོན་སྡེ་རྣམས་སྔོན་དུས་སུ་བཅུ་ཕྲག་རིག་གནས་སྦྱང་སའི་ལྟེ་གནས་ལྟ་བུ་ཞིག་ཡིན་ཡང་ད་ལྟ་འཆད་ཉན་གྱི་སྲོལ་ཡོད་པའང་དཀོན་པོར་གྱུར་འདུག །དགོན་པའི་ནང་དུ་ལྷའི་འཇིམ་བརྙན་གསར་དུ་བཟོས་པ་འགའ་རེ་དང་གླེགས་བམ་རེ་ཟུང་བརྩིག་རྒྱུ་ཡོད་པ་དང་། འདོན་པ་རེ་གྱེར་རྒྱུ་ཡོད་པ་ཙམ་གྱིས་ཅི་ཡང་མི་འོང་། བཅུ་ཕྲག་རིག་གནས་སྤྱི་དང་ཁྱད་པར་དུ་གྲུབ་མཐའ་སོ་སོའི་རང་རྐང་ཚུགས་པའི་ཐོས་བསམ་དམིགས་ཕུག་པ་རེ་མེད་དུ་མི་རུང་། དེས་ན་དགོན་པ་རྣམས་ཀྱི་ནང་དུ་སྤོང་ཀློག་གཉིས་ཀྱིས་གཙོ་བོ་དང་བྱ་བ་གཞན་རྣམས་ཞར་བྱུང་ཙམ་དུ་བྱ་དགོས་ཀྱི་སྤོང་ཀློག་གི་སྙིང་པོ་མེད་ཕྱིན་འཇིག་རྟེན་གྱི་བྱ་བ་རྣམས་སྤྱི་ཚོགས་ཐོག་ནས་བསྒྲུབས་ན་ཆོག་པས་དགོན་པ་བཞེངས་དགོས་དོན་ཡང་མི་འདུག་གོ །ནང་བསྟན་གྱི་ཕྱོགས་ལ་བྱ་བ་སྒྲུབ་མཁན་འབྲེལ་ཡོད་ཀྱི་མི་རྣམས་ཀྱིས་ཀྱང་དང་པོ་ནང་བསྟན་ཞེས་པ་ཅི་ཞིག་ལ་ཟེར་བ་དེ་ངོས་ཟིན་དགོས་ཏེ་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་བཞིན་ལུང་རྟོགས་གཉིས་ལས་གཞན་པའི་བསྟན་པ་ཅི་ཡང་མེད། དེའི་བརྒྱུད་འཛིན་དང་དར་སྤེལ་བྱེད་ནའང་བཤད་སྒྲུབ་གཉིས་ཀྱིས་བྱེད་དགོས་ཀྱི་དེ་ལས་གཞན་པའི་བྱེད་ཚུལ་གང་ཡང་མེད་དེ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་རོ། །སྤྱིར་མི་ཐམས་ཅད་ལ་རང་རང་གི་བབ་ཐང་ལྟར་བྱ་བ་རེ་བསྒྲུབ་རྒྱུ་ཡོད། རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་ནི་འཇིག་རྟེན་གྱི་བྱ་བ་དཀའ་ཚེགས་ཅན་རྣམས་ཕར་དོར་ནས་ལྟོ་གོས་འབེལ་པོའི་ངང་རང་དགར་འཁྱམས་ནས་སྡོོད་རྒྱུ་དེ་མ་རེང། ང་ཚོའི་བྱ་བ་ནི་ལམ་བསླབ་པ་གསུམ་ལ་ཉམས་ལེན་གྱི་སྒོ་ནས་རིག་པའི་གནས་ལྔ་སྤྱི་དང་ཁྱད་པར་དུ་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་གཞི་མ་ནང་རིག་པ་ལ་ཐོས་པ་དང་། བསམ་པ། འཆད་པ། རྩོད་པ། རྩོམ་པ་རྣམས་ཀྱིས་བརྒྱུད་འཛིན་དང་དར་སྤེལ་གནད་དུ་སྨིན་པ་ཞིག་བྱ་རྒྱུ་དེ་ཡིན། དེ་ཡང་དེང་རབས་ཀྱི་མིའི་སེམས་ལ་ཕན་གདགས་པ་ལ་དམ་པ་གོང་མའི་ལྟ་སྒོམ་སྤྱོད་པའི་གནད་མ་འཕྱུག་པའི་ཐོག་ནས་དེང་རབས་ཀྱི་རིག་པ་གསར་བ་དང་སྦྱར་ཏེ་དེ་དང་གནད་གཅིག་པ་དང་། དེ་ལས་ཆེས་ཁྱད་པར་དུ་འཕགས་ཚུལ་རྣམས་ཀྱང་ངེས་པར་འཆད་ཤེས་དགོས་ཏེ་དུས་བབ་ཀྱི་ཤེས་བྱ་ཡིན་པའི་ཕྱིར་རོ། །ནང་རིག་པ་འདི་བོད་མི་རིགས་སྤྱིའི་རིག་གཞུང་གི་གཙོ་བོ་ཡིན་པས་འདིའི་ཕྲ་ཞིབ་ཀྱི་རིགས་པ་རྣམས་ནི་རབ་ཏུ་བྱུང་བ་རྣམས་མ་ཟད་ཁྱིམ་པ་ཕོ་མོ་བྱིངས་ཀྱིས་ཀྱང་ཅི་རིགས་པ་ཞིག་རང་གིས་ཤེས་པ་དང་གཞན་ལ་སྨྲ་ནུས་པ་ཞིག་གལ་ཆེའོ། །གཉིས་པ་ཡུལ་སྲོལ་གོམས་གཤིས་ཀྱི་སྐོར་ལ། གངས་ཀྱི་ར་བས་ཡོངས་སུ་མཛེས་པའི་ལྗོངས་འདིར་བོད་མི་རིགས་ཀྱིས་ལོ་རྒྱུས་ཀྱི་དུས་རབས་ཤིན་ཏུ་རིང་པོ་ཞིག་གི་ནང་དུ་འཚོ་བ་བསྐྱལ་བའི་ཡུན་ལ་ཐུན་མོང་མ་ཡིན་པའི་གོམས་གཤིས་ཤིག་ཆགས་ཡོད། དེའང་སྤྱིའི་ཆ་ནས་བཤད་ན་དཀོན་མཆོག་གསུམ་ལ་མཐོ་དམན་ཐམས་ཅད་ཅི་བས་ཀྱང་གུས་ཤིང་། ལུས་དང་སྲོག་ལ་བབ་ཀྱང་དད་པ་མི་གཏོང་། བོད་ཆོས་ལྡན་གྱི་རྒྱལ་ཁབ། ཨ་མ་དང་མ་ཎི་མཉམ་ཤེས་ཞེས་པའི་དཔེ་ལྟར་བྱིས་པ་རྣམས་ཨ་མ་ཟེར་ཤེས་པ་དང་མ་ཎི་འདོན་ཤེས་པ་ཕལ་ཆེར་དུས་མཉམ་འོང་། རྒས་པ་དག་གི་ཚེ་མཐའ་ནི་དམ་པའི་ཆོས་ཁོ་ནས་སྐྱེལ། །ཐམས་ཅད་ཀྱིས་ལས་རྒྱུ་འབྲས་ལ་བག་ཡོད་བྱེད། རྒྱུ་འབྲས་བརྩི་འཚོ་ཅན་གྱི་གང་ཟག་མི་ཡ་རབས་དང་བཟང་པོར་བརྩི། །སྤྱིར་སེམས་ཅན་སུ་ལའང་ཤ་ཚ་དང་སྙིང་རྗེ་བྱེད་དེ། བཤའ་ལུག་སོགས་མི་བཤའ་ཀ་མེད་འཚོ་བའི་ཆ་རྐྱེན་གྱིས་ཕོངས་པས་རེད་ཀྱང་། བཤའ་བའི་ཚེ་ན་ཁར་དམ་རྫས་བླུགས། རྣ་བར་སངས་རྒྱས་ཀྱི་མཚན་དང་གཟུངས་ཅི་ཤེས་རྣམས་བརྗོད་དེ་སྙིང་རྗེ་རྗེའི་ངང་འགྱོད་བཞིན་བྱེད་པ་མ་གཏོགས་ཅི་མི་སྙམ་དུ་གསོད་མཁན་དཀོན་མོ་ཡིན། བྱས་པ་ཤེས་ཤིང་དྲིན་དུ་གཟོ་སྟེ་ཕན་ཅུང་ཟད་བཏགས་པའང་ཡུན་རིང་པོར་སེམས་སུ་འཛིན། བློ་ཐུབ་པའི་གྲོགས་མི་བསླུ་ཞིང་དེའི་རྗེས་སུ་སྲོག་ཀྱང་གཏོང་། སྔར་འདྲིས་པ་དང་མ་འདྲིས་པ་གང་ཡིན་ཡང་ཉམ་ཐག་ལ་གྲོགས་བྱ་རྒྱུར་རང་བཞིན་གྱིས་དགའ། ཕོ་མོ་ཐམས་ཅད་ཀྱིས་མི་གཞི་བཟང་པོ་ལ་ཆེས་ཤིན་ཏུ་གལ་ཆེན་བྱེད། དགྲ་ལ་ལུས་སྲོག་ལ་ཡང་མི་བལྟ་བའི་དཔའ་ཞིང་བརྟུལ་ཕོད་ཆེ་བ་དང་། ཚིག་ལ་བརྩི་འཇོག་ཆེ་བ་སོགས་ཡ་རབས་ཀྱི་གཤིས་ཀ་མང་པོ་འདུག་པ་འདི་རྣམས་སྲིད་མཐའི་བར་མེད་དུ་མི་རུང་བ་ཡིན་པས་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ།
གོས་རྒྱན་གྱི་སྐོར་ལ་མི་རིགས་གཞན་དག་ལ་འགྱུར་ལྡོག་སྣ་ཚོགས་བྱུང་ལ། ད་ལྟའང་གསར་བཏོད་ཀྱི་རྣམ་པ་སྤང་ལ་ཤ་མོ་རྡོལ་བ་ལྟར་འོང་གིན་འདུག་ཀྱང་། རང་རེ་བོད་མི་མཐའ་དག་གི་རྒྱན་གོས་ཀྱི་ངོ་བོ་ཡང་རང་གི་སྲོལ་ལས་གཞན་དུ་མ་སོང་བ་ཞིག་ཡིན་ན་ལེགས་ཏེ། བོད་ཀྱི་གོས་འདི་དག་རང་གི་སའི་དྲོ་གྲང་དང་འཚམ་པའི་གོས་ཡིན་པས་གཞན་གྱིས་དགོས་པ་མི་འདུག་ལ། ཚ་བའི་ས་ཁུལ་གཞན་དུའང་ཡུལ་དེ་དང་མཐུན་པའི་བོད་གོས་གྱོན་ན་སྟབས་མི་བདེ་བ་ཅི་ཡང་མི་འདུག །ཁྱད་པར་དུ་རང་གི་ཆས་གོས་གྱོན་ན་འཛམ་གླིང་ཐོག་བོད་མི་རིགས་འཚོ་ཞིང་གནས་པའི་མཚོན་བྱེད་དང་། རང་ཉིད་ཀྱང་གངས་ཅན་པའི་ཤ་ཁྲག་ལས་བྱུང་བ་ཞིག་ཡིན་པའི་བསམ་པ་མི་འདོར་བའི་དགོས་པའང་འདུག་པས་གལ་ཆུང་དོན་མེད་ཅིག་གཏན་ནས་མ་རེད། རབ་ཏུ་བྱུང་བ་རྣམས་ཀྱིས་ནི་ངེས་པར་དུ་སྟོན་པས་གནང་བའི་ངུར་སྨྲིག་གི་རྒྱལ་མཚན་ཚུལ་བཞིན་དུ་འཆང་དགོས་ཀྱི་རྒྱ་བོད་སུ་ཡིན་དང་སེར་སྐྱ་གང་ཡིན་གྱི་དབྱེ་འབྱེད་མི་ཐུབ་པ་ཞིག་བྱེད་མི་རུང་། སྤྱོད་ལམ་ཐམས་ཅད་ཀྱང་དམ་པའི་ཆོས་འདུལ་བ་དང་མཐུན་པ་ཞིག་ཅིས་ཀྱང་བྱ་དགོས། དེང་རབས་ཀྱི་བྱ་བ་གསར་བ་རྣམས་ལའང་འདུལ་བ་བསྡུས་པའི་དགོངས་པ་བཞིན་དགག་དགོས་དང་བསྟུན་ཏེ་བླང་དོར་གྱི་གནས་རྣམས་གསལ་བར་བྱེད་པ་གལ་ཆེ་བས་གངས་ཅན་གྱི་འདུལ་བ་འཛིན་པ་དག་གིས་ཐུགས་ལ་འདོགས་པར་ཞུ།
སྐད་ཡིིག་གི་སྐོར་ལ། བོད་རིགས་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་ཤེས་དགོས། ཤེས་པ་དེ་སྤྱད་དགོས། གལ་ཏེ་བོད་རང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་ཀྱང་མི་སྤྱོད་ན་དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད། ད་ལྟ་བོད་ན་རྫོང་དང་གྲོང་ཁྱེར་ཆེ་ཆུང་སྣ་ཚོགས་པར་གནས་པའི་ཕ་མ་ཐམས་ཅད་བོད་རིགས་གཤའ་མ་ཡིན་ངེས་ཀྱི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་པའི་གནས་ཚུལ་ཚབས་པོ་ཆེ་ཞིག་འོང་གིན་འདུག །དེ་ཚོ་ཕལ་ཆེ་བས་བོད་ཀྱི་གཤིས་ཀའང་དོར་ཚར་འདུག་པས་ཧ་ཅང་བློ་ཕམ་པའི་གནས་ཤིག་རེད། དེར་མ་ཟད་བོད་རིགས་ལས་བྱེད་པ་སོགས་བོད་ཀྱི་ཆེན་པོར་རློམ་པ་ཚོས་ཀྱང་བོད་སྐད་དག་མ་ཞིག་ཤོད་ཐུབ་ཀྱིན་མི་འདུག་སྟེ་གཏམ་གྱི་ལྔ་ཆ་གཅིག་གམ་གཉིས་ཙམ་ཞིག་རྒྱ་སྐད་ཡིན་པས་རྒྱ་སྐད་མི་ཤེས་མཁན་གྱིས་ད་ལྟ་བོད་ན་གཏམ་མགོ་མཇུག་ཚང་བ་ཞིག་མཉན་རྒྱུ་རྙེད་དཀའ་མོ་རེད། དེའི་རྒྱུ་མཚན་ཡང་ཕལ་མོ་ཆེ་ཞིག་དོན་མེད་ལད་མོ་ཁོ་ན་དང་། ཉུང་ཤས་ཤིག་ནི་དེང་དུས་གསར་དུ་བྱུང་བའི་འཕྲུལ་ཆས་སོགས་དངོས་པོ་མང་པོ་ཞིག་ལ་བོད་ཀྱི་སྐད་ཐོག་ནས་མིང་ལེགས་པོ་ཞིག་ད་དུང་ཆགས་མི་འདུག་པས་གཞན་དག་གིས་བཏགས་པའི་མིང་རྣམས་གཡར་དགོས་བྱུང་བ་རེད། དེའི་རྩ་བ་བོད་རང་གི་སྐད་ཡིག་ལ་རྩིས་ཆེན་མ་བྱས་པས་ལན་གྱི་བོད་སྐད་ཀྱིས་དེ་དག་ལ་མིང་གདགས་མི་ནུས་པ་གཏན་ནས་མ་རེད། དེས་ན་འདི་རིགས་ལ་བོད་གཅིག་འགྱུར་གྱི་མིང་ཞིག་གདགས་རྒྱུ་གལ་ཆེ་སྟེ་བོད་ཀྱི་ཕལ་སྐད་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་གྱི་བོད་ཀྱིས་བོད་སྐད་མི་ཤེས་བཞིན་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་གཏོགས་བསྔགས་བརྗོད་བྱེད་མཁན་ཞིག་འཛམ་གླིང་གི་ཁྱོན་ན་ཡོད་ཚོད་མི་འདུག་པའི་ཕྱིར་རོ། །ཡང་བོད་ཀྱི་རྩོམ་པ་པོ་དང་དཔེ་སྐྲུན་ཁང་འགའ་རེས་བོད་ཡིག་ནང་རྒྱ་ཡིག་གི་བརྡ་མཚོན་རྟགས་ཤད་ཅེས་པ་དེ་བསྲེས་ཏེ་རྒྱ་མིན་བོད་མིན་ཁྲ་ཧྲིལ་ལེ་བ་ཞིག་བྱས་འདུག །རྒྱ་ཡིག་ལ་སྔོན་འདི་དག་མེད་ཀྱང་གཅོད་མཚམས་དཀའ་བ་དང་དོན་ནོར་ཉེན་བྱུང་བས་སུང་རྒྱལ་རབས་ཚུན་ཆད་ནས་རིམ་བཞིན་དར་བར་གྱུར་མོད། བོད་ཀྱི་ཡི་གེ་ལ་མི་འཁྲུགས་པའི་རྒྱ་རིམ་པ་བདུན་དང་རྣམ་དབྱེ་ཚིག་ཕྲད་དེ་སྙེད་ཅིག་ཡོད་པས་གཅོད་མཚམས་དང་དོན་ནོར་ཉེན་ཅི་ཡང་མེད་པས་དགོས་པ་མི་འདུག་གོ །སྤྱིར་མི་རིགས་གཞན་གྱི་ལེགས་ཆ་ལེན་པ་ཡོན་ཏན་ཡིན་ཡང་དགོས་མེད་ཀྱི་ལད་མོ་དེ་ཚོ་བསྐྱུར་ན་སྙམ་སྟེ་འདི་འདྲའི་རིགས་རྒྱ་འབྱམས་སུ་སོང་ན་དགེ་མཚན་དུ་ཅི་ཡང་མི་འགྱུར་རོ། །སྡིག་པའི་ཕྲུ་གུ་མའི་གཤེད་དུ་སོང་བ་ལྟ་བུ་མ་ཡིན་པར་མཁས་པ་སྔ་མ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་གཞིར་བཞག་གི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་དག་ཐེར་དཔྱིས་ཕྱིན་པ་ཞིག་བྱ་རྒྱུ་དང་། ཅི་ནུས་ཀྱིས་བོད་ཆོལ་ཁ་གསུམ་གྱི་ཡིག་སྐད་གཅིག་འགྱུར་བྱ་རྒྱུ་སོགས་ནི་གལ་ཆེ་བའི་ལས་ཀ་ཡིན་ནོ། །
དཔལ་འབྱོར་འཛུགས་སྐྲུན་གྱི་སྐོར་ནི། ཇི་སྐད་དུ། མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ཞེས་གསུངས་པ་བཞིན་ལོངས་སྤྱོད་མེད་ན་མིའི་རིགས་ལ་ཚེ་འདིའི་བདེ་བ་འོང་ཐབས་མེད་ལ་རིག་གནས་དར་རྒྱས་སུ་གཏོང་ཐབས་ཀྱང་མི་འདུག །ལོངས་སྤྱོད་མེད་ན་ཟས་གོས་ཀྱི་འཚོ་བ་ཙམ་ཡང་མི་འོང་ན་གཞན་པའི་འཛུགས་སྐྲུན་སོགས་སྟོང་བསམ་རང་རེད། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐབས་ནི་བཟོ་ཚོང་སོགས་ཡིན་ན། ད་ལྟ་བོད་ན་བཟོ་གྲྭ་མེད་པས་ཐོན་རྫས་གཞན་ལ་འཚོང་རྒྱུ་ལྟ་ཅི་བོད་རང་ལ་ཉེ་བར་མཁོ་བའི་གོས་དང་ཡོ་བྱད་དག་ཀྱང་གཞན་ནས་བླང་བར་བྱ་དགོས་ལ། དེའང་ལྕགས་ལམ་མེད་པས་ཕལ་ཆེར་རླངས་འཁོར་ཁོན་ལ་བརྟེན་དགོས་པས་ཤིན་ཏུ་ཚེགས་ཆེ་ཞིང་། བོད་དུ་འབྱོར་ཚེ་དངོས་རྫས་ཐམས་ཅད་རིན་ཐང་ཇེ་ཆེར་འགྱུར་བ་དང་། བཟོ་གྲྭ་སོགས་དངུལ་གྱི་འོང་སྒོའི་ཁོར་ཡུག་མེད་པ་ནང་འདོམས་པའི་རྐྱེན་སོགས་ཀྱིས་འཚོ་བ་ལ་དཀའ་ངལ་འོང་གིན་འདུག །དེས་ན་རང་རེ་བོད་ཀྱིས་ཀྱང་ད་ལྟ་འཛམ་གླིང་སྤྱིའི་སྲོལ་ལྟར་བཟོ་གྲྭ་དང་། ལྕགས་ལམ། མཁའ་འགྲུལ། ཚོང་ལས་སོགས་འཛུགས་སྐྲུན་བྱ་རྒྱུར་འབད་པ་བྱེད་དགོས། བོད་ཀྱི་ས་ཆར་འདི་རྣམས་བྱེད་མི་བཏུབ་པ་མ་རེད་ལ་བོད་མིས་སྦྱངས་ན་འདི་དག་མི་ཤེས་པའང་མ་རེད། བོད་ལ་སྔོན་ཡང་བཟོ་གྲྭ་དང་ལྕགས་ལམ་སོགས་མེད་པས་ད་ལྟ་འབད་ཀྱང་མི་ནུས་སོ་སྙམ་ན། མ་ཡིན་ཏེ། འཛམ་གླིང་ཐོག་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་ཡོད་པའི་རྒྱལ་ཁབ་འདི་དག་གིས་ཀྱང་དུས་ཡུན་ཐུང་ངུ་ཞིག་གི་ནང་འབད་པ་བྱས་ནས་ཕྱུག་པོར་གྱུར་པ་ཡིན་གྱི་མི་ལོ་བརྒྱ་ཕྲག་འགའ་རེའི་སྔོན་དུ་འདི་དག་ལའང་ཐ་ན་རླངས་འཁོར་གཅིག་ཀྱང་མི་འདུགའཚོ་བ་ཡར་རྒྱས་སུ་གཏོང་བའི་ཚན་རིག་ལག་ཤེས་འདི་དག་ཀྱང་ཐམས་ཅད་ཀྱིས་རང་རང་གིས་གསར་བཏོད་བྱས་པ་མ་རེད། འགའ་རེས་གསར་བཏོད་བྱས་པ་ཕན་ཚུན་སྦྱངས་ནས་ཤེས་པ་རེད། དེ་ལྟ་ན་ང་ཚོ་བོད་ཀྱིས་ཀྱང་ཚན་རིག་ལག་ཤེས་སོགས་བརྒྱ་ལ་གསར་བཏོད་བྱེད་མ་ནུས་ནའང་གཞན་གྱིས་གསར་བཏོད་བྱས་ཟིན་པ་དེ་ཚོ་སྦྱངས་ན་ངེས་པར་དུ་ཤེས་ཐུབ་སྟེ། འདི་དག་བོད་ཀྱིས་སྦྱང་རྒྱུ་མ་རྙེད་ནས་མ་ཤེས་པ་ཡིན་གྱི་སྦྱངས་ཀྱང་བླུན་ཆེ་བས་མ་ཤེས་པ་ག་ལ་ཡིན། དེས་ན་ལག་རྩལ་འདི་སྦྱངས་ནས་བོད་དུ་བཟོ་ལས་དར་རྒྱས་སུ་གཏོང་ཐུབ་ན་མི་རི་བའི་རིན་གོང་ཆེན་པོ་གཞན་ལ་གཞལ་མི་དགོས་པ་དང་། དངོས་པོ་རྫུན་པ་བཟོས་ཏེ་མགོ་སྐོར་མཁན་རྣམས་ཀྱི་གཡོ་འོག་ཏུ་འཛུལ་མི་དགོས་པ་དང་། བོད་མི་ཚོར་བྱ་བ་བསྒྲུབ་པའི་ཁོར་ཡུག་ཡོད་པས་འོང་སྒོ་ཇེ་བཟང་དུ་གྱུར་པ་སོགས་ཀྱིས་མི་རིགས་ཀྱི་འཚོ་བ་མགྱོགས་པོར་ཡར་རྒྱས་སུ་འོང་བ་ལ་ཐེ་ཚོམ་མེད་དོ། །དེ་ཙམ་མ་བྱུང་རུང་རང་གི་གོས་སོགས་ཡོ་བྱད་འདི་རྣམས་ནི་ངེས་པར་དུ་བོད་རང་གིས་བཟོ་ཤེས་པ་ཞིག་འོང་རིགས་ཏེ་འཛམ་གླིང་ཧྲིལ་བོར་ཚན་རིག་ལག་ཤེས་འདི་འདྲའི་དར་རྒྱས་སུ་ཕྱིན་པའི་སྐབས་སུ་བོད་ཀྱིས་དེ་ཙམ་ཡང་མི་ཤེས་པ་ཅིའི་ཐ་ཚིག་ཡིན། དེ་བཞིན་དུ་ཚོང་ལས་གཉེར་ན་ཡང་བོད་ལ་ཆ་རྐྱེན་མེད་པ་མ་ཡིན་ཏེ། རི་ཐང་ཐམས་ཅད་རིན་ཐང་དང་ལྡན་པའི་ཚོང་རྫས་འབའ་ཞིག་རེད། འདི་དག་ཀྱང་མི་རིགས་རང་གིས་སྤྱོད་ཤེས་པ་ཞིག་དང་། ས་གནས་རང་གི་མི་དམངས་ཀྱི་འཚོ་བ་དང་སྤྱིའི་འཛུགས་སྐྲུན་ལ་ཕན་ཐོགས་པ་ཞིག་དགོས་ཀྱི་གཞན་དུ་ཁོར་ཡུག་ཐམས་ཅད་གཏོར་བརླག་བྱས་ནས་འཛུགས་སྐྲུན་ཅི་ཡང་མེད་ན་འཚོ་བ་ལ་གནོད་པ་མ་གཏོགས་ཕན་པ་མེད་དོ། །དེང་སང་རྩམ་པ་དང་ཧོ་ཚ་བཟའ་རྒྱུ་ཡོད་པ་དང་། མིས་བཟོས་པགས་པ་གྱོན་རྒྱུ་ཡོད་པ་ཙམ་གྱིས་དེང་རབས་ཀྱི་འཚོ་བ་ཡར་རྒྱས་ཀྱི་གྲལ་དུ་མི་ཚུད་པ་འདྲ་བས་དཔལ་འབྱོར་འཛུགས་སྐྲུན་གྱི་ཆེད་དུ་འབད་པ་དྲག་པོ་བྱེད་དགོས་ཀྱི་འཚོ་བ་ཡར་རྒྱས་ཡིན་ཞེས་གཏམ་སྙན་པོ་བརྗོད་ནས་བསྡད་པས་མི་འོང་སྟེ། མི་འཁྱགས་ཁ་ནས་སྨྲས་ཀྱང་། འཁྱགས་འདར་མིག་གིས་མཐོང་ཟེར་བའི་དཔེ་ལྟར་དུ་གྱུར་ན་འཛམ་གླིང་གི་སྐྱེ་བོ་རྣམས་ཀྱིས་ཁྲེལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བོད་མི་དམངས་ལ་བཟོ་ཚོང་གི་བྱ་བ་སྒྲུབ་པའི་བཟོ་གྲྭ་སོགས་ཁོར་ཡུག་བཟང་པོ་མེད་པ་འདིས་འཚོ་བ་མ་ཟད་རིག་གནས་དར་རྒྱས་སུ་འགྲོ་བ་ལའང་གནོད་པ་ཆེན་པོ་ཡོད་ཚུལ་གོང་དུ་བཤད་པ་ལྟར་ཡིན་པས་གལ་ཤིན་ཏུ་ཆེའོ། །མདོར་ན། མིའི་རིགས་འདྲ་མཉམ་ཡིན་པ་ལ་འཛམ་གླིང་གི་མི་གཞན་རྣམས་ལ་རང་ཡུལ་ན་རང་དབང་གིས་སྤྱོད་རྒྱུ་ཡོད་པའི་བཟོ་གྲྭ་དང་ཚོང་ར་སྣ་ཚོགས། སྨན་ཁང་། ལྕགས་ལམ། མཁའ་འགྲུལ། གྲོང་ཁྱེར་གྱི་འཛུགས་སྐྲུན། ཐ་ན་གཞུང་ལམ་སྤུས་ལེགས་ཡན་ཆད་དེང་རབས་ཀྱི་རྣམ་པ་བརྗོད་ལས་འདས་པ་ཞིག་བྱུང་ཡོད་པ་འདི་རྣམས་ལ་ང་ཚོ་བོད་མི་རིགས་ཀྱིས་སྤྱད་པར་འདོད་དམ་མི་འདོད། འདི་དག་ཡོད་ན་དགའམ་མི་དགའ། དགོས་སམ་མི་དགོས། ང་རང་ལ་མཚོན་ན་ཡུལ་གཞན་ནས་ཐ་ན་མྱུར་བགྲོད་གཞུང་ལམ་བཟང་པོ་ཞིག་མཐོང་ནའང་། ཀྱེ་མ་ང་ཚོ་བོད་མི་རིགས་ལའང་འདི་འདྲ་བ་འགའ་རེ་སྤྱོད་རྒྱུ་ཡོད་ན་སྙམ་པའི་ཡིད་སྨོན་འཆོར་གྱིན་འདུག །གཞན་ཐམས་ཅད་ཀྱང་དེ་དང་འདྲ་བ་ཡིན་སྙམ་སྟེ། མིའི་རིགས་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་ང་ཚོ་བོད་ལ་ད་ལྟ་འདི་དག་འདུག་གམ་མི་འདུག །གལ་ཏེ་མི་འདུག་ན་འདི་མུས་སུ་བསྡད་པས་འབད་མེད་ལྷུན་གྲུབ་ཏུ་འབྱུང་ངམ་མི་འབྱུང་། མི་འབྱུང་ན་འདི་དག་གི་ཆེད་དུ་ཐབས་སྣ་ཚོགས་ཀྱིས་འབད་པ་བྱ་རྒྱུ་ནི་བོད་མི་རིགས་ཀྱི་ལས་འགན་ཡིན་ནོ། །སྤྱོད་པའི་རིམ་པ་དེ་དག་གི་དོན་བསྡུ་ན། དང་པོ་གནའ་དེང་གི་རིག་གནས་སློབ་གསོ་འདི་འཕེལ་རྒྱས་སུ་བཏང་སྟེ་མི་རིགས་སྤྱི་ལ་རིག་གནས་ཀྱི་དཔངས་ཚད་ལྡན་པ་དང་། ཁྱད་པར་ཆེད་ལས་ཀྱི་མཁས་པ་མང་ཙམ་སྐྱེད་སྲིང་བྱེད་ཐུབ་ན་མི་རིགས་རང་ཉིད་སྟོབས་ལྡན་ཞིག་ཏུ་གྱུར་ནས་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡང་སྒྲུབ་ནུས་པ་ཞིག་ཏུ་འགྱུར་གྱི་ཐམས་ཅད་བླུན་པོ་ཁྱུ་གཅིག་ཏུ་སོང་ཚེ་ཡར་རྒྱས་ཀྱི་རེ་བ་མེད་པས་སློབ་གསོ་ལ་ནན་ཏན་བྱ་དགོས། དེ་ཡང་རང་རིགས་ཀྱི་རིག་གནས་དང་ཡུལ་ལུགས་ལ་གཙིགས་སུ་མ་བཟུང་ན་ཇི་ལྟར་མཁས་ཀྱང་རིམ་བཞིན་རིགས་གཞན་ཞིག་ཏུ་གྱུར་ནས་ཕ་མེས་ཀྱི་རིགས་དེའི་མིང་དོན་གཉིས་ཀ་བོར་བས་མི་རིགས་ཀྱི་ལོ་རྒྱུས་མཇུག་རྫོགས་པར་འགྱུར་བས་ཤིན་ཏུ་བག་ཟོན་བྱ་བ་གལ་ཆེ། ཡང་གལ་ཏེ་མི་རིགས་ཀྱི་ངོ་བོ་མ་བོར་བ་ཙམ་ཡོད་ཀྱང་འབྱོར་བ་ཅི་ཡང་མེད་པའི་དབུལ་པོ་ཡི་དྭགས་ཀྱི་ཡུལ་ལྟ་བུ་ཞིག་ཏུ་གྱུར་ན་དབུལ་ཕོངས་ཀྱི་སྔུག་བསྔལ་ཉམས་སུ་མྱོང་བ་ལས་བདེ་སྐྱིད་ཀྱི་འཚོ་བ་ཞིག་མི་འོང་། བོད་མི་དམངས་སྤྱིའི་འཚོ་བ་ཡར་རྒྱས་མ་བྱུང་ན་གང་ཟག་འགའ་རེ་བདེ་བ་ཙམ་གྱིས་མི་འོང་བས་ཐུན་མོང་དུ་འབད་བརྩོན་བྱ་དགོས། ལར་གནས་སྐབས་ཐམས་ཅད་དུ་བོད་མི་རིགས་སྤྱིའི་དོན་ལ་བསམ་བློ་གཏོང་རྒྱུ་འདི་ཅི་བས་ཀྱང་གལ་ཆེའོ། །དེ་ལྟར་བསམ་པ་བཟང་པོ་གཞན་ལ་འཚེ་བ་སྤོང་འདོད་དང་། ཕན་པ་བསྒྲུབ་འདོད་ཀྱིས་བོད་ཆོལ་ཁ་གསུམ་ན་གནས་པའི་མིའི་འགྲོ་བ་མ་ཟད་རང་རེ་དང་མཉམ་དུ་གནས་པའི་འབུ་སྲིན་རི་དྭགས་ཡན་ཆད་ཀྱང་འཚེ་བ་མེད་པར་བདེ་བའི་ངང་དུ་གནས་པ་ཞིག་དང་། དཀོན་མཆོག་ལ་དད་པ་དང་ལས་འབྲས་ལ་ཡིད་ཆེས་ཀྱིས་དགེ་བ་བསྒྲུབས་ཏེ་ཚེ་ཕྱི་མ་ལའང་འགྲོ་ལམ་ཡོད་པ་ཞིག་བྱ་རྒྱུ་དང་། ཡ་རབས་ཀྱི་སྤྱོད་པ་བཟང་པོ་སྤྱི་དང་ཁྱད་པར་དུ་དེང་དུས་དགོས་པ་སྐབས་སུ་བབ་པའི་བྱ་བ་གོང་དུ་བཤད་པ་དེ་རྣམས་བསྒྲུབས་ཏེ་རང་རེ་ལ་ཚེ་འདིའི་བདེ་སྐྱིད་ཡོད་པར་མ་ཟད་མ་འོངས་པའི་བུ་རབས་ཚ་བརྒྱུད་དང་བཅས་པ་ལའང་ཚེ་འདི་ཕྱི་གཉིས་ཀར་བདེ་སྐྱིད་ཀྱི་མདུན་ལམ་ཡོད་པ་ཞིག་བྱ་རྒྱུ་ལ་ནི་བོད་མི་ཐམས་ཅད་ཀྱིས་བསམ་བློ་གཏོང་འོས་པ་ཞིག་དང་། བྱ་བ་བསྒྲུབ་དགོས་པ་ཞིག་ཡིན་པས་གངས་ཅན་གྱི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ལ་ལྷག་བསམ་རྣམ་པར་དག་པས་དེ་སྐད་གསོལ་བ་འདེབས་པ་ལགས་སོ། །
སྨྲས་པ། རབ་དཀར་ས་འཛིན་ཕྲེང་བས་མཛེས་བརྒྱན་པའི། །བྷོ་ཊའི་ལྗོངས་ཆེན་ཆོས་ཀྱི་ཞིང་ཁམས་ན། །སྔོན་ཞིག་སྡེ་བཞིའི་ཕུན་ཚོགས་དར་བའི་གཏམ། །དུས་ཀྱི་མཐར་ཡང་སྒྲ་འཛིན་གསོས་སུ་ཆེ། །འོན་ཀྱང་སྲིད་པའི་རྒྱ་མཚོ་ན། །འབྱོར་རྒུད་ལས་ཀྱི་སྣང་བ་ནི། །སྣ་ཚོགས་རླབས་ཀྱི་ཕྲེང་བ་དག །དུས་སུ་འབྱུང་བ་འཁོར་བའི་གཤིས། །བདེ་སྡུག་ལས་ཀྱི་སྣང་བ་ནི། །རྒྱུ་དང་རྐྱེན་ལ་རབ་ཏུ་བརྟེན། །རྒྱུ་དང་རྐྱེན་ནི་སྐྱེ་བོ་ཡིས། །འབད་པ་ཉིད་ལས་གཞན་དུ་མེད། །རང་ལྟོ་འགྲང་བའི་བགྱི་བ་ཙམ། །མི་ཚེའི་སྙིང་བོར་འཛིན་པ་དག །དེ་ཙམ་ཕྱུགས་ཀྱིས་ཀྱང་ནུས་ན། །དེ་གཉིས་ཁྱད་པར་གང་གིས་འབྱེད། །དེ་ཕྱིར་གངས་ཅན་འཛིན་མའི་སྣོད་ཡངས་པོར། །ཆོས་འབྱོར་ཕུན་ཚོགས་ནོར་བུའི་ཕུང་པོ་ཡིས། །མངོན་པར་ཕྱུག་པའི་ཐབས་ནི་གང་ཡིན་ཞེས། །ཡང་དང་ཡང་དུ་དོན་འདི་སེམས་པར་རིགས། །རང་གཤིས་བདུད་རྩིའི་རྫིང་བུ་ནི། །སྣོན་མེད་ངང་གིས་འགྲིབ་པ་ལ། །བླུན་པོས་ཅི་མི་སེམས་ན་ཡང་། །བློ་ལྡན་བློ་ནི་འཇིགས་པའི་གནས། །ཆོས་སྲིད་དཔྱིད་ཀྱི་དཔལ་མོ་ནི། །འདི་ཕྱིར་བདེ་བའི་རྒྱུ་གཅིག་ལགས། །བདེ་འདོད་སྡུག་བསྔལ་མི་འདོད་ཕྱིན། །བརྩོན་པའི་བགྱི་བ་ཅིའི་ཕྱིར་ཕྲ། །དེ་ལྟར་ལྷག་བསམ་སྤྲིན་གྱི་ཕྲེང་བ་ལས། །སྙིང་གི་གྲོས་འདེབས་དབྱར་སྐྱེས་རྔ་གསང་འདིས། །བློ་ལྡན་གངས་ཅན་སྐྱེ་བོ་མདོངས་མཐའི་ཚོགས། །ཡིད་ལ་སྤོབས་པའི་མངལ་གྱིས་ལྕི་གྱུར་ཅིག །ཅེས་པ་འདི་ནི་ཉེ་ཆར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་གིས་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་བོད་ཀྱི་མཁས་པ་ཆེན་པོ་བཅུས་དུས་རབས་ཉེར་གཅིག་པར་བསྐུལ་བའི་སྙིང་གཏམ་ཞེས་པའི་དེབ་གཅིག་སྒྲིག་རྒྱུ་ཡིན་པས་མ་འོངས་པར་བོད་ཀྱི་བསམ་སྤྱོད་དག་ཇི་འདྲ་བྱ་དགོས་ཚུལ་གྱི་ཡི་གེ་ཞིག་བྲིས་ཤིག་ཅེས་པའི་བཀའ་གསུང་གསེར་གྱི་ཅོད་པན་སྤྱི་བོར་སོན་པ་ན། རྨ་བྱས་དབྱར་རྔ་ཐོས་པ་ལྟ་བུའི་དགའ་བ་བྱུང་སྟེ། གང་གི་ཕྱིར། མི་རིགས་སྤྱིའི་མདུན་ལམ་བཟང་པོའི་ཆེད་དུ་བསྒྲུབ་པའི་བྱ་བ་ནི་ཆེ་ཕྲ་གང་ཡིན་ཡང་རུང་སྟེ་ཤིན་ཏུ་ཡང་རླབས་ཆེ་བ་དང་། གཟི་བརྗིད་དང་ལྡན་པའི་རང་བཞིན་ཅན་དུ་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་དཔེ་ཁྲིད་སོགས་བགྱི་བ་མང་པོས་བྲེལ་བ་ཆེ་ཡང་འཕྲལ་དུ་སྔོན་ཡིད་ལ་གང་ཤར་རྣམས་ཟློས་སྐྱོན་གྲོང་ཚིག་སོགས་ལ་མ་འཛེམ་ཞིང་ཚིག་སྦྱོར་རྣམས་ཆེད་དུ་དེང་རབས་དང་མཐུན་པར་བྱས་ཏེ་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་འབངས་ཙམ་དུ་གཏོགས་པ་འཇིགས་མེད་ཕུན་ཚོགས་སུ་འབོད་པས་རབ་རྒྱན་ཤིང་ཕག་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་སྟེ་རང་ཉིད་མི་ཡུལ་དུ་འོངས་ནས་ལོ་འཁོར་དྲུག་ཅུ་རྩ་གཉིས་ལོན་པའི་ཉིན་རྫོགས་པར་བྲིས་པ་འདི་ཡང་གངས་ཅན་ཆོས་སྲིད་ཀྱི་དཔལ་ཡོན་མི་ཟད་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། །།
ཤ་ཟ་སྤང་བ་ལ་གདམས་པ། ཉག་བླ་པདྨ་བདུད་འདུལ།
༄༅། །ཤ་ཟ་སྤང་བ་ལ་གདམས་པ། ཤ་ཟོས་སྡུག་བསྔལ་ཡིད་ལ་དྲན་ཙ་ན། །མི་བཟོད་སྙིང་འདར་གཟེར་རྒོད་འབར་བ་ནི། ཨོཾ་མ་ནི་པདྨེ་ཧཱུྃ་ཧྲཱིཿ སྟོང་ཉིད་སྙིང་རྗེའི་ངང་ནས་འགྲོ་བ་འདྲེན། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རང་ལ་བྱམས་དང་སྙིང་རྗེ་མ་འབྱོངས་པས། །མ་ཤ་ཟ་ཞིང་གཞན་ལ་རྒྱུ་འབྲས་བཤད། །དོན་དམ་མ་རྟོགས་ཚིག་གི་ལམ་ལ་འབྱམས། །ནེ་ཙོ་ལྟ་བུའི་བྲག་དཀར་སྤྲང་པོ་བདག །འཚོ་བ་དཀའ་ཐུབ་བཅུད་ལེན་འདུག་པའི་སྐབས། །ཉིན་གཅིག་མཁའ་མཉམ་རང་གྲོལ་རིམ་གཉིས་ཀྱི། །ཟུང་འཇུག་སྤྱན་རས་གཟིགས་དབང་བསྒོམ་པའི་ངང་། །རང་ལུས་སོགས་ཀུན་དངོས་པོ་མི་སྣང་ནས། །འོད་ལུས་ཐུགས་རྗེ་ཆེན་པོ་ཅི་ལྟ་བུ། །གྱུར་ནས་མཁའ་ལ་ཡོད་སྣང་འདྲ་ཞིག་བྱུང་། །རང་རིག་འོད་གསལ་ངང་ནས་བལྟས་ཙ་ན། །ངན་སོང་སྡུག་བསྔལ་བསམ་གྱིས་མི་ཁྱབ་མཐོང་། །ཁྱད་པར་ཡང་སོས་སྡུག་བསྔལ་གླིང་བཞི་ཙམ། །མཐོང་བ་དེ་ཡི་བཞི་ཆ་ཙམ་ཞིག་ཏུ། །བར་མཚམས་མེད་པར་ཕོ་མོ་གཅེར་བུ་ཡིས། །བཀང་ནས་མི་རྣམས་རེ་རེའི་རྩ་བ་རུ། །ལས་མཁན་ཤིན་ཏུ་མ་རུང་མང་པོ་ཡིས། །བྱ་རིགས་རི་དྭགས་གཡུང་དྭགས་གཅན་གཟན་རིགས། །མགོ་བརྙན་མི་འདྲ་ཅན་ནི་མང་པོ་ཡིས། །ལག་ན་མཚོན་ཆ་རྣོན་པོ་རེ་ཐོགས་ནས། །རྒྱུན་དུ་མི་ཤ་དུམ་བུར་བཅད་ཅིང་ཟ། །ཡང་ཡང་བཅད་ནས་ཡང་ཡང་ཤ་རྒྱས་ཤིང་། །ཇི་སྲིད་ལས་མ་ཟད་པར་མི་འཆི་བའི། །བག་ཆགས་འཛད་མེད་དེ་ཡི་རང་བཞིན་འཕེལ། །ཁྱད་པར་དམར་ཆོག་དེད་པའི་ཉེས་པ་འཕགས། །ཀུན་གྱིས་སྐད་ངན་འདོན་པ་འུ་རུ་རུ། །རང་སྣང་འཁྲུལ་པས་གཞན་འཁྲུལ་དེ་མཐོང་ནས། །སྡུག་བསྔལ་འདི་ལ་ཕན་ཐབས་ཅི་ཡོད་དམ། །བསམ་ཚེ་སྐད་ཅིག་མདུན་གྱི་ནམ་མཁའ་ནས། ཐུགས་རྗེ་ཆེན་པོའི་ཞལ་ནས་འདི་སྐད་གསུངས། ཨེ་མ། ང་དང་ཚེ་རབས་ཡང་ཡང་འབྲེལ་བའི་བུ། །ལེགས་པར་གསོན་དང་བརྩོན་འགྲུས་སྙིང་སྟོབས་ཅན། །བསྐྱེད་རིམ་ལྷ་ལ་བསྟན་པ་ཐོབ་པ་དང་། །ཡོན་ཏན་ཡལ་ག་ཅུང་རེ་རྒྱས་གདའ་སྟེ། །ཆོས་ཀྱི་རྩ་བ་བྱམས་དང་སྙིང་རྗེ་ཡིན། །ཁྱོད་ལ་བྱམས་དང་སྙིང་རྗེ་མི་གནས་སམ། །སྙིང་རྗེ་འབྱོངས་ན་ཤ་ཟ་ནུས་མ་འོས། །ཤ་ཟོས་སྡུག་བསྔལ་འབྱུང་ལུགས་འདི་ལ་ལྟོས། །རང་བྱས་ལས་ཀྱི་རྣམ་སྨིན་རང་ལ་གྲུབ། །དུས་གསུམ་རྒྱལ་བས་བྱ་ཐབས་ཅི་ཡང་མེད། །ཤ་ཟོས་ཡོན་ཏན་ཀུན་བྲལ་ཉེས་ཚོགས་ལྡན། །བཞི་བརྒྱའི་ནད་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་གནས་འབྱུང་། །འབྲེལ་ཚད་དོན་ལྡན་བརྟུལ་ཞུགས་སྤྱོད་པ་དང་། །སྨན་དང་ཐེག་མཆོག་གསང་སྔགས་རྫས་མ་གཏོགས། །ཤ་ཟོས་པ་ལ་ཡོན་ཏན་ཏིལ་ཙམ་མེད། །ཤ་ཟ་ཅན་ནི་བདུད་དང་སྲིན་པོའི་རིགས། །ཡིན་པས་སྡོམ་པ་ཉམས་ཤིང་ཉོན་མོངས་འཕེལ། །གཞན་ཕན་བྱམས་དང་སྙིང་རྗེའི་རྒྱུ་མེད་ཅིང་། །འབྲས་བུ་བྱང་ཆུབ་སྙིང་པོར་སྨིན་པར་དཀའ། །ཤ་ཟོས་ལུས་ལ་ཡེ་ཤེས་ལྷ་མི་འཁོར། །བྱིན་རླབས་དངོས་གྲུབ་རྟེན་འབྲེལ་ཕྲིན་ལས་མེད། །ཤ་ཟོས་ལུས་ལ་གཞན་ཕན་རྫས་མི་འབྱུང་། །ཕལ་ཆེར་ལྷ་ཀླུ་སོགས་ཀྱིས་སྲིན་པོར་མཐོང་། །ཤ་ཟོས་ལུས་ལ་དྲི་ཟ་སྲིན་པོ་བདུད། །གཤིན་རྗེ་མོ་འདྲེ་རྒྱལ་འགོང་དམ་སྲི་འཁོར། །ཤ་ཟོས་འབྲས་བུ་དམྱལ་བར་སྐྱེ་བ་དང་། །བྱ་རིགས་ལྕེ་སྤྱང་སྲིན་པོ་སོགས་ལུས་ལེན། །དེ་བཞིན་ཤ་ཟོས་སྡུག་བསྔལ་དཔག་མེད་ཡོད། །སྤངས་ན་སྔར་བཤད་ཉེས་པ་ཀུན་བྲལ་ནས། །རྟག་ཏུ་མི་མ་ཡིན་གྱིས་སྤྱི་བོར་བཀུར། །གཙང་ལྡན་ཡང་དག་བྲམ་ཟེ་ལྷ་ལུས་མཐོང་། །ཕྱོགས་བཅུའི་སངས་རྒྱས་མ་ལུས་སྲས་འཁོར་བཅས། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་བཞིན་འདུས། །ཁྱད་པར་བྱང་ཆུབ་སེམས་དཔའ་སེམས་མ་འཁོར། །ཤུགས་འབྱུང་བྱམས་དང་སྙིང་རྗེའི་རྒྱུ་བྱེད་ཅིང་། །འབྲས་བུ་བྱང་ཆུབ་སྙིང་པོ་མྱུར་དུ་འཐོབ། །དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་འབྱུང་། །ཞེས་གསུངས་ཐམས་ཅད་རང་སྣང་གྱུར་པའི་རྗེས། །རྨི་ལམ་འོད་གསལ་སད་ལྟར་ཞིག་བྱུང་དུས། །བཙན་དུག་ཟོས་བཞིན་ལུས་སེམས་མི་བདེ་ཞིང་། །འཇིགས་སྐྲག་བཟོད་མེད་སྲོག་གཟེར་སྙིང་འདར་རོ། །སྔར་གྱི་ཡང་སོས་སྡུག་བསྔལ་དྲན་ཙམ་གྱིས། །བདེ་སྡུག་གཏོང་ལེན་བྱེད་པའི་ཐབས་མ་བྱུང་། །ཤིན་ཏུ་ཡིད་རྨོངས་མཆི་མ་རབ་འཁྲུགས་ཤིང་། །བཟོད་གླགས་མེད་པ་སྙིང་རྗེའི་སེམས་སྐྱེས་ནས། །གཞན་གྱི་སྡུག་བསྔལ་རང་གིས་བླང་བའི་ཆེད། །མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་དག་བྱའི་ཕྱིར། །བདེན་གཉིས་བདེན་པས་དམ་བཅའ་འདི་བརྗོད་དོ། །ཨ་ཧོ། ཐུབ་དབང་ཕྱོགས་དུས་རྒྱལ་བ་སྲས་བཅས་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །དྲིན་ཆེན་རྩ་བརྒྱུད་བླ་མའི་ཚོགས་རྣམས་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །ལྷག་པའི་ལྷ་མཆོག་སྤྱན་རས་གཟིགས་དབང་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །བདག་ནི་མ་རིག་སྒྲིབ་གཉིས་དབང་སོང་བས། །མཁའ་མཉམ་ཕ་མའི་རང་བཞིན་ཡིན་ཟེར་ཞིང་། །རང་གིས་ཤ་ཟོས་གཞན་ལ་རྒྱུ་འབྲས་བཤད། །སྡུག་བསྔལ་འདི་ཙམ་ཆེ་བར་ཡོད་མ་ཤེས། །རྣམ་གསུམ་དག་ཤ་རྒྱལ་བས་གནང་བ་ཡིན། །སྡིག་པ་མི་འོང་ཟེར་བ་ཕལ་ཆེར་ཐོས། །དེ་རྣམས་འབྲེལ་ཚད་དོན་ལྡན་སྐྱེས་མཆོག་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པདྨ་ལྟར། །ཟབ་ལམ་གསང་སྔགས་སྤྱོད་པ་ཡིན་ཤས་ཆེ། །བདག་ནི་གཞན་ཕན་བྱམས་དང་སྙིང་རྗེ་དང་། །བསླུ་མེད་རྒྱུ་འབྲས་ཁོ་ན་མ་གཏོགས་པ། །དེ་བས་ཟབ་པའི་གདམས་པ་ཡོད་མ་ཡིན། །ནམ་མཁའི་མཐའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་དག་པའི་ཆེད། །ཕྱིན་ཆད་ཤ་ཟ་ཡོངས་སུ་སྤང་བར་བགྱི། །དམ་བཅའ་དོར་བ་མེད་པའི་ཁས་ལེན་ཡིན། །ས་སྟེང་སེམས་ཅན་མ་ལུས་ཟོས་གྱུར་ཀྱང་། །ངོམས་ཤིང་ཚིམས་པའི་དུས་མེད་ཆེས་ཆེར་ལྟོགས། །ཉིན་མཚན་འགའ་ཡང་བཟའ་རྒྱུ་མ་རྙེད་ན། །སྔོན་ཆད་ཏིལ་ཙམ་ཡིད་ལ་ཟོས་སྣང་མེད། །དེ་བཞིན་ཞེན་ཆགས་ཟ་འདྲེ་བྲལ་རེ་རན། །ཤ་འདིའི་རྒྱུ་ནི་ཅི་ལས་བྱུང་སྙམ་ན། །བདག་འཛིན་ཆགས་པ་ཁོ་ན་ལས་བྱུང་ངོ་། །ཡིད་ལ་དྲན་ཙམ་ངལ་དུབ་སྐྱུག་བྲོ་ཞིང་། །ཤིན་ཏུ་ཞེན་ལོག་འདམ་རྫབ་མི་གཙང་བའི། །རྫས་ནི་སུམ་ཅུ་རྩ་དྲུག་དང་འབྲེལ་བ། །སྡུག་བསྔལ་ཀུན་གཞིའི་ཕུང་པོ་བག་ཆགས་ལུས། །ཕལ་ཆེར་དུད་འགྲོ་ལས་ངན་རེ་རེ་ཡོད། །ཤ་དེ་གང་ཟོས་ཐར་པའི་དུས་ཀྱང་མེད། །ཤ་ཆང་དངོས་པོ་མ་དག་རྫས་ཡིན་པས། །གང་སྟེར་སྦྱིན་པར་མི་འགྲོ་རྒྱལ་བས་གསུངས། །དེ་ཕྱིར་ཉོན་མོངས་ཟས་ནི་སུ་ཡིས་ཟ། །མི་ལོ་སྟོང་ཕྲག་མང་པོ་ཡི་དྭགས་ཀྱིས། །བཟའ་བཏུང་མི་མཐོང་སྡུག་བསྔལ་མྱང་དགོས་པས། །མི་ཡིས་ཆུ་འཁྱག་བཏུང་ཡང་ལོངས་སྤྱོད་ཡིན། །ཤ་ཆང་མ་གཏོགས་བཟའ་བཏུང་དུ་མ་ཡོད། །ལོངས་སྤྱོད་དེ་ཡིས་བྱེད་པས་མ་ངོམས་ན། །དྲིན་ལན་ངན་གྱིས་འཇལ་བ་སུ་ཡོད་དམ། །བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས། །མཁའ་མཉམ་འཇིག་རྟེན་བདུན་པོ་མ་ལུས་པ། །བདག་གི་ཨ་མར་མ་གྱུར་གཅིག་ཀྱང་མེད། །ནུ་འོ་འཐུང་བ་སྟོང་གསུམ་མཚོ་དང་མཉམ། །ཁ་ཞེ་མེད་དོ་མཆོག་གསུམ་དཔང་པོ་བཞག །སྔོན་ཆད་མ་རིག་བག་ཆགས་དབང་སོང་ནས། །མ་ཤ་གང་ཟོས་འགྱོད་པས་བཤགས་མ་ཤེས། །ད་ནི་སྟོབས་བཞིར་ལྡན་པའི་ལྷག་བསམ་གྱིས། །མ་ཆགས་མི་ཆགས་ཆགས་པ་མེད་གསུངས་བཞིན། །ཕྱིན་ཆད་ཟ་སྣང་ཡིད་ལ་ཤར་ཙམ་མེད། །ཟོས་ན་དཀོན་མཆོག་གསུམ་གྱིས་བཀའ་ཆད་འོང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྟག་ཏུ་གཟིགས། །དེ་ཕྱིར་མ་ཤ་ཟོས་ན་སྲིད་གསུམ་དུ། །དམ་ཉམས་ང་བས་སྡིག་ཆེན་ཡོད་མ་ཡིན། །གཞན་གནོད་ཆུང་ངུས་སྡོམ་ཉམས་རྒྱལ་བས་གསུངས། །ཤ་ཟོས་སྲོག་གཅོད་ཆ་མཐུན་སྨོས་ཅི་དགོས། །མྱ་ངན་འདས་མདོ་ལང་ཀར་གཤེགས་སོགས་ལས། །གང་གིས་ཤ་ཟོས་སྲོག་གཅོད་ཆ་མཐུན་པ། །ཐེག་པ་ཆེ་ཆུང་གང་ལ་བཀག་པ་དང་། །དགོས་སུ་བྱང་ཆུབ་སེམས་དཔའ་ལ་མ་གནང་། །བདག་ཅག་སྟོན་པ་སྲེག་པའི་ཕྲུ་གུ་དང་། །གཅན་གཟན་གྱུར་དུས་ཤ་ནི་བཀག་པ་བཞིན། །སྟོན་པའི་རྗེས་འཇུག་རྣམས་ལ་སྨོས་ཅི་དགོས། །དེ་ནི་རྒྱལ་བའི་བཀའ་དང་མཐུན་པ་བཞིན། །འཕགས་བོད་སྐྱེས་མཆོག་མང་པོས་དག་བྱ་ཡོད། །དེ་ལྟར་ཉེས་པ་བསམ་གྱིས་མི་ཁྱབ་བོ། །སྡིག་དང་མ་འདྲིས་པ་དེ་ཡང་དག་ཆོས། །དེ་ཕྱིར་ཡང་དག་བཀའ་དང་མཐུན་པར་ཤོག །ཅེས་སོ། །ཤ་ཟོས་ཉེས་དམིགས་དཔག་མེད་མཐོང་ནས་སུ། །དྲན་ཙམ་བཙན་དུག་ཟོས་བཞིན་སྙིང་གཟེར་ནས། །སྤང་ཐབས་རང་གིས་རང་ལ་གདམས་པ་འདི། །བྲག་དཀར་ནམ་མཁའི་རྫོང་གི་དབེན་ཁྲོད་དུ། །སྤྲང་ཆེན་བདུད་འདུལ་མིང་གིས་བཀོད་པ་ཡིས། །དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་ཀུན་བྱང་ནས། །སངས་རྒྱས་སྟོང་གི་ཞལ་ཡང་མཐོང་བར་ཤོག །།
དུད་འགྲོ་རྣམས་ལ་བྱམས་དང་སྙིང་རྗེ་བྱ་བ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
༄༅། །དུད་འགྲོ་རྣམས་ལ་བྱམས་དང་སྙིང་རྗེ་བྱ་བ། དུད་འགྲོ་རྣམས་ལ་བྱམས་དང་སྙིང་རྗེ་བྱ་བ་འདི་ནི་སྐབས་འདིར་ལྷག་པར་རྩལ་དུ་བཏོན་ནས་བརྗོད་དགོས་པ་ཞིག་ཡིན། རྒྱུ་མཚན་གང་གི་ཕྱིར་ཞེ་ན། དེང་དུས་སུ་བོད་རྣམས་སྨྱོས་པ་བཞིན་དུ་ཟོག་ལུག་སོགས་དུད་འགྲོ་རྣམས་ལ་སྡུག་བསྔལ་དཔེ་མེད་པ་གཏོད་ཅིང་། དེ་ཡང་དུད་འགྲོའི་སྡུག་བསྔལ་འདི་དག་ལོ་རེ་བས་ལོ་རེ་སྣང་མེད་ལ་ཇེ་འཇོག་ཏུ་འགྲོ་བཞིན་པའི་གནས་ཚུལ་ཤིན་ཏུ་ཡི་མུག་པ་ཞིག་དར་ཁྱབ་ཏུ་འགྱུར་བཞིན་པ་ཡིན་པའི་ཕྱིར་རོ། །དེ་ལ་དུད་འགྲོ་རྣམས་ལ་མི་འཚམ་པའི་སྡུག་བསྔལ་འདི་འདྲ་མྱོང་དུ་འཇུག་པ་ནི་ཤིན་ཏུ་མི་འོས་ཏེ། དུད་འགྲོ་འདི་རྣམས་ལ་བདེ་སྡུག་གི་ཚོར་བ་ནི་རང་ཅག་དང་འདྲ་བར་ཡོད། བདེ་བ་འདོད་སྡུག་བསྔལ་མི་འདོད་པའང་རང་རེ་རྣམས་དང་འདྲ་མཉམ་ཁོ་ན་ཡིན་གྱི། འདི་རྣམས་ཀྱི་ཁྲོད་ན་སྡུག་བསྔལ་མྱང་ན་དགའ་མཁན་ནམ་བདེ་སྡུག་གང་མྱང་ཁྱད་པར་མེད་པ་ནི་གཅིག་ཀྱང་མེད། དེ་ཙམ་ཞིག་རང་ཅག་སུས་ཀྱང་མིག་གིས་བལྟས་པ་ཙམ་གྱིས་ཀྱང་གསལ་བོར་ཤེས་ཐུབ། དེ་ལྟ་ན་རང་རེ་རྣམས་ཀྱི་རང་གི་ལྕེ་ལ་བྲོ་བ་ཞིམ་པོ་ཅུང་ཟད་མྱོང་བ་ཙམ་གྱི་ཕྱིར་དུ་གཞན་སེམས་ཅན་རྣམས་ལ་དེ་འདྲའི་སྡུག་བསྔལ་གཏོད་པ་འདི་འོས་སམ་མི་འོས་རང་གི་ལུས་སེམས་ལ་དཔེ་ལོངས་ལ་བསམ་བློ་ཐོངས་དང་ད་གཟོད་གོ་རྒྱུ་ཡོད། གལ་ཏེ་དགེ་སྡིག་གི་ལས་འབྲས་གཏན་ནས་ཁས་མི་ལེན་པ་ཞིག་ཡིན་ནའང་བསམ་བློ་ཅུང་ཟད་གཏོང་ཤེས་པའི་མི་ཞིག་ཡིན་ཕྱིན་ཞིབ་ཏུ་བསམས་ན་བྱ་བ་འདི་གདུག་རྩུབ་ཀྱི་སྤྱོད་པ་མ་རུངས་བ་དང་མི་འོས་པ་ཞིག་ཡིན་པ་ནི་མི་ཤེས་པ་ག་ལ་སྲིད། དེས་ན་རང་ལ་དཀའ་ངལ་ཇི་འདྲ་ཞིག་ཡོད་ཀྱང་རུང་སྟེ་གཞན་གྱི་སྲོག་བཅད་ནས་རང་ཉིད་སྐྱིད་ཐབས་བྱེད་པ་འདི་ནི་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་དུ་གཏོང་ཐབས་སོགས་མིང་སྙན་པོ་ཇི་འདྲ་ཞིག་བཏགས་ཀྱང་རུང་སྟེ། དོན་གྱི་ཐོག་ནས་སེམས་ཅན་གཞན་གྱི་ཁྲག་དང་མཆི་མ་དང་ཚེ་སྲོག་གི་རིན་དུ་རང་ཉིད་སྐྱིད་པོར་འཚོ་བ་དང་། རང་གི་བདེ་བའི་ཕྱིར་དུ་གཞན་གྱི་བདེ་ཚོར་ལ་སྣང་མེད་དུ་རྡོག་བརྫི་བྱེད་པ། རང་གི་དཀའ་ངལ་ཕྲན་བུ་བསལ་བའི་ཕྱིར་དུ་གཞན་གྱི་ལུས་སྲོག་གི་སྡུག་བསྔལ་ལ་ཅི་མི་སྙམ་པ་སྟེ། བསམ་ཚུལ་འདི་རྣམས་ནི་འགྲོ་བ་མིའི་རིགས་ཀྱི་ནོར་འཁྲུལ་གྱི་བསམ་པ། ཕུང་ཀྲོལ་གྱི་བསམ་པ། བཙན་དབང་གི་བསམ་པ། དམུ་རྒོད་ཀྱི་བསམ་པ། འདྲེ་གདོན་ལྟ་བུའི་བསམ་པ་ཡིན་པས་བསམ་པ་ངན་པ་འདི་ལྟ་བུ་རྣམས་གོང་འཕེལ་དུ་གཏོང་བའི་གཏམ་དག་ནི་ཐོས་ཀྱང་རྣ་བ་དགབ་དགོས། འདི་ལྟ་བུའི་བསམ་ངན་རྣམས་ཀྱིས་ཀུན་ནས་བསླངས་པའི་གདུག་རྩུབ་ཀྱི་སྤྱོད་པས་འཚོ་ཐབས་བྱེད་པ་ནི་ཕྱིན་ཅི་ལོག་གི་འཚོ་བ་ཤིན་ཏུ་འཇིགས་སུ་རུང་བ་སྟེ། ཟས་ཁམ་རེ་དང་གོས་ལིང་པོ་རེའི་རྩ་བ་ནའང་སེམས་ཅན་མང་པོའི་སྡུག་བསྔལ་གྱི་ངུ་སྒྲ་དིར་རེ་ཡོད་པས་གདུག་རྩུབ་དང་ཧམ་སྤྱོད་དེ་འདྲ་བས་འཇིག་རྟེན་དུ་འཚོ་བ་ལས་ནི་བྱམས་བརྩེ་དྲང་བདེན་གྱི་ཕྱིར་དུ་ཤི་བར་གྱུར་པ་དགའ་ངེས་སོ། །ད་ལྟ་རང་རེ་རྣམས་འཇིག་རྟེན་མིའི་ཡུལ་ན་གནས་པ་ཡིན་པས་སེམས་ཅན་གྱི་སྲོག་གཅོད་པ་ཁོ་ན་མིན་ཡང་འཚོ་ཐབས་གཞན་རེ་ལ་བསམ་བློ་བཏང་ན་རྩ་བ་ནས་མི་འོང་པ་ནི་ག་ལ་སྲིད། གཞན་ཡང་སྲོག་མ་བཅད་ན་དཀའ་ངལ་ཅུང་ཟད་རེ་ཡོད་པའི་དབང་དུ་བྱས་ཀྱང་སེམས་ཅན་གཞན་གྱི་ལུས་སྲོག་དང་བདེ་སྐྱིད་ཀྱི་ཕྱིར་དུ་རང་གིས་དཀའ་ངལ་དང་གྱོང་རྒུད་ཕྲན་བུ་དང་ལེན་བྱས་པ་ལ་མི་འོས་པ་དང་མི་རི་བ་ཅི་ཡང་མེད་མོད། ལར་དེང་སང་ཟོག་ལུག་སོགས་བཤས་རར་འབེབས་པ་འདི་དག་ཟ་རྒྱུ་དང་གྱོན་རྒྱུ་མི་རྙེད་ནས་བྱེད་པ་ཤིན་ཏུ་ཉུང་ལ། ཕལ་མོ་ཆེ་ཞིག་གཡུ་བྱུར་སོགས་བེད་མེད་ཀྱི་རྡོའི་རིགས་མང་པོ་དང་། སྔར་བཤད་པའི་བེད་མེད་ཀྱི་གཅན་གཟན་གྱི་ལྤགས་པ་མང་པོ་དང་། ཕུང་རྒུད་ཀྱི་གཞི་མ་མེ་མདའ་སོགས་མཚོན་ཆ་དག་དང་། ཁེ་ལས་གྱོང་ཆེ་བའི་འཕྲུལ་ཆས་རྙིང་ཧྲུལ་སྣ་ཚོགས་པའི་ཕྱིར་དུ་རེད། རང་གི་སྒོ་ཕྱུགས་རྣམས་ནི་རང་ལ་དྲིན་ཤིན་ཏུ་ཆེ་སྟེ། མཛོ་དང་གཡག་རྣམས་ལ་རོང་པ་རྣམས་ཀྱིས་དཔྱིད་ཀྱི་དུས་སུ་ཞིང་རྨོས་ཏེ། ས་འོག་དང་ས་སྟེང་གི་སྲོག་ཆགས་མང་པོ་གསོད་པའི་སྡིག་པ་གསོག་ཏུ་འཇུག །ཡང་དཔྱིད་དུས་སུ་ལུད་སྐྱེལ། སྟོན་དུས་སྟོན་ཐོག་བཀལ། རོང་འབྲོག་སུ་ཡིན་ཡང་རྒྱུན་དུ་དལ་ཁོམ་དུ་སྡོད་ལོང་ཅི་ཡང་མེད་པར་རང་ལ་དགོས་ཚེ་རང་གིས་ཁལ་འགེལ། མི་དགོས་པའི་ཚེ་ན་གཞན་ལ་གཡར་ཏེ། བཀོལ་སྤྱོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དུ་འཇུག །རྒས་ནས་ཁལ་མི་ཐེག་པར་མ་གྱུར་གྱི་བར་དུ་ཁྱིམ་གང་པོའི་གཡོག་ཏུ་བཀོལ། འབྲི་དང་མཛོ་མོ་རྣམས་ཀྱིས་ཚེ་གང་པོར་ཞོ་དང་འོ་མ་མར་ཆུར་རྣམས་ཀྱིས་གསོས། ཟོག་ལུག་གང་ཡིན་ཡང་ལུས་ལ་སྐྱེས་པའི་སྤུ་དང་ཐ་ན་ལྕི་བ་དང་རིལ་མ་ཡན་ཆད་ཀྱིས་མི་རྣམས་ལ་མ་ཤིའི་བར་དུ་ཚུར་ལ་ཕན་ཁོ་ན་བཏགས། གནོད་ནི་རྡུལ་ཙམ་ཡང་སྐྱེལ་མ་མྱོང་། མི་རྣམས་ཀྱིས་ཕར་སེམས་ཅན་དེ་དག་ལ་ཕན་རྡུལ་ཙམ་ཡང་མ་བཏགས། གནོད་པ་ཁོ་ན་བྱས། ཐ་མའི་དུས་སུ་རྒས་ཤིང་འཁོགས་པར་གྱུར་པའམ་རྨས་སྐྱོན་ཆེན་པོ་ཐེབས་པ་ལྟ་བུའི་ཚེ་ན་རང་བཞིན་གྱིས་འཆི་དབང་ཡང་མེད་པར་མཆུ་བསྡམས་ནས་གསོད། མི་རྣམས་ཀྱིས་སྒོ་ཕྱུགས་ལ་མནར་གཅོད་གཏོང་བ་འདི་ལས་ལྷག་པ་ཞིག་ནི་དགྲ་ལག་དམར་བ་ཞིག་ཡིན་ཡང་བྱ་ཐབས་མེད་སྙམ་སྟེ། ཚེ་གང་པོར་གླ་མེད་ཀྱི་གཡོག་ཏུ་བཀོལ་ནས་མཐར་ངན་གསོད་བྱེད་པ་ལས་ལྷག་པ་ཅི་ཞིག་བྱ་རྒྱུ་ཡོད། དེ་ནས་རང་རེ་ཚང་མ་བསམ་བློ་གཏོང་ཤེས་མཁན་གྱི་མི་རེད། མིའི་ནང་ནས་ཆོས་པ་ཡིན་པར་ཁས་འཆེ་བ་ཡིན་པས་བསམ་བློ་ཞིབ་མོ་ཞིག་བཏང་སྟེ། སྒོ་ཕྱུགས་འདི་རྣམས་ཀྱང་ཤ་ཁྲག་གིས་གྲུབ་པའི་ལུས་ཅན། བདེ་སྡུག་གི་ཚོར་བ་དང་ལྡན་པ། དགའ་སྐྱོ་འཇིགས་སྐྲག་གི་བསམ་པ་དང་བཅས་པ། གསོན་ལ་རེ་ཞིང་ཤི་ལ་འཚེར་མཁན་ཤ་སྟག་ཡིན་པ་མ་གཏོགས། སའམ་རྡོའམ་འབྲུ་རིགས་དང་ཚོད་མ་འདྲ་ནི་མ་ཡིན་པས་ཅི་མི་སྙམ་དུ་སྡུག་བསྔལ་ལ་སྦྱོར་རྒྱུ་འདི་གཏན་ནས་མི་འོས། དེས་ན་མ་མཐའ་ཡང་ཚེ་མཐར་རང་དབང་གིས་འཆི་ཆོག་པའི་གནང་བ་ཞིག་སྦྱིན་རྒྱུ་ཅིས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ་ཞུ། །དམ་པའི་ཆོས་ཀྱི་ཕྱོགས་ནས་བཤད་ན། སེམས་ཅན་འདི་རྣམས་རང་རེ་རྣམས་ཀྱི་ཕ་མ་ནི་ཡིན་པ་ལ་ཐེ་ཚོམ་རྩ་བ་ནས་མེད། རང་རེའི་ཕ་མ་རྣམས་ལ་ཐར་བ་འཐོབ་པ་དང་དག་པའི་ཞིང་ཁམས་སུ་འགྲོ་བ་དང་མི་ལུས་འཐོབ་པའི་དགེ་རྩ་ནི་མེད། དམྱལ་བའི་གནས་སུའང་རེ་ཞིག་མ་སྐྱེས། རང་གི་སྔོན་གྱི་ས་ཕྱོགས་དང་བུ་ཕྲུག་ནོར་རྫས་སོགས་ལ་ཞེན་ཆགས་ཀྱི་དབང་གིས་སླར་ཡང་འདི་གར་སྐྱེས་པ་རང་རེ་རྣམས་ཀྱིས་ངོ་མ་ཤེས་པ་ཙམ་ཞིག་ཡིན། དེས་ན་སྒོ་ཕྱུགས་རྣམས་རང་གིས་ངན་གསོད་བྱེད་པ་དང་བཤས་ཚོང་བྱེད་པ་འདི་དོན་གྱིས་རང་གི་ཕ་མ་རྣམས་ངན་གསོད་བྱེད་པ་དང་བཤས་ཚོང་བྱེད་པ་ཁོ་ན་ཡིན་ནོ། །དེ་ལྟ་ན་བྱ་བ་འདིས་ད་ལྟ་སྒོ་ཕྱུགས་རྣམས་ལ་སྡུག་བསྔལ་བར་བྱེད་ལ། མ་འོངས་པ་ན་རང་ཉིད་འཕུང་བར་བྱེད་པ་ཁོ་ན་ཡིན་ཏེ། སྲོག་གཅོད་པ་འདི་སྡིག་པ་ཤིན་ཏུ་ཆེ་བས། འདིའི་རྣམ་སྨིན་གྱི་འབྲས་བུ་དམྱལ་བའི་གནས་སུ་སྐྱེ་བ་དང་། དེ་ནས་སྡུག་བསྔལ་ཤིན་ཏུ་ཡུན་རིང་མོ་མྱང་མྱང་བའི་མཐར་ཐར་ཙམ་བྱུང་སྟེ། མི་ལུས་ཤིག་ལོན་སྲིད་ཀྱང་ཚེ་ཐུང་བ་དང་ནད་མང་བ་སྟེ། ཚེ་གང་པོར་ནད་ཀྱི་འོག་ནས་མི་ཐར་བའམ་བྱིས་པ་ཆུང་ངུའི་དུས་ནས་འཆི་བར་འགྱུར་བའམ་གཞན་གྱིས་གསོད་པར་འགྱུར་བ་དང་། ས་ཕྱོགས་ཤིན་ཏུ་ཉམས་མི་དགའ་བར་སྐྱེ་བར་འགྱུར་བ་ཡིན། སེམས་ཅན་རེ་རེའི་སྲོག་བཅད་ཀྱང་སྲོག་ལན་ལྔ་བརྒྱ་ཙམ་རེ་འཇལ་དགོས། དེ་དག་རང་བྱས་རང་ལ་སྨིན་པ་ཡིན་པས་རྣམ་སྨིན་མགོ་ཐོག་ཏུ་བབས་ནས་བྱུང་བ་ན་སུས་ཀྱང་ཅི་བྱེད་མེད། སྔར་རང་གིས་སེམས་ཅན་དེ་ལ་སྡུག་བསྔལ་ཤིན་ཏུ་ཆེན་པོ་མྱོང་དུ་བཅུག་པའི་དབང་གིས་ད་ལྟ་རང་ཉིད་དམྱལ་བའི་གནས་སུ་སྡུག་བསྔལ་མྱོང་བ་དང་། སེམས་ཅན་དེའི་སྲོག་བཅད་པས་རང་གི་ཚེ་ཐུང་བ་དང་། སེམས་ཅན་དེའི་གསོན་པོའི་གཟི་བརྗིད་མེད་པར་བྱས་པས་རང་ས་ཕྱོགས་ཡིད་དུ་མི་འོང་བའི་གནས་སུ་སྐྱེ་བར་འགྱུར་བ་ཡིན། དེ་ལྟར་ལས་རྒྱུ་འབྲས་ནི་ནམ་ཡང་བསླུ་བ་མེད་པ་ཡིན་པས་ད་ལྟ་རང་དབང་རང་ལ་ཡོད་པའི་དུས་སུ་གཟབ་པར་བྱ་དགོས་སོ། །ཅེས་པའང་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་སོ། །
པགས་རིགས་ཀྱི་ཉེས་དམིགས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
༄༅། །པགས་རིགས་ཀྱི་ཉེས་དམིགས། སྤྱིར་རང་རེའི་གོས་དང་རྒྱན་ཆས་འདི་བོད་གངས་ཅན་གྱི་མི་ཡིན་པའི་མཚོན་བྱེད་ཡིན། བོད་ཡུལ་གྱི་དྲོ་གྲང་དང་འཚམས་ཤིང་མཛེས་ཉམས་ཀྱང་མི་དམན་པ་ཡོད་ལ་སྟབས་ཀྱང་བདེ་བས་དུས་རབས་གསར་བའི་སྐབས་ཀྱི་སྤྱོད་ལམ་དང་མི་འཚམས་པ་གང་ཡང་མེད། དེས་ན་བོད་མི་ཐམས་ཅད་ཀྱིས་ཡུལ་དུས་དང་འཚམས་པའི་བོད་གོས་གཙང་མ་གྱོན་རྒྱུ་ནི་ཅིས་ཀྱང་གལ་ཆེའོ། །འོན་ཀྱང་དེང་སང་བོད་ཀྱི་གོས་དག་ལ་ཆོས་དང་འཇིག་རྟེན་གྱི་ལུགས་གཉིས་ཀ་དང་མི་འཚམས་པའི་སྐྱོན་འགའ་ཡང་མཐོང་སྟེ། གང་ཞེ་ན། གོས་ཀྱི་མཐའ་ནས་སྟག་དང་གཟིག་དང་སྲམ་གྱི་པགས་པས་གོས་རང་ཆེར་མི་མཐོང་བ་ཙམ་དུ་གཡོགས་ཏེ་མཛེས་ཆོས་བྱེད། འདི་ནི་རང་རེའི་མིག་ལམ་ལ་མཛེས་པ་ཙམ་དུ་ཟད་ཀྱི། མི་རིགས་གཞན་རྣམས་ཀྱི་མིག་ལམ་དུ་མི་མཛེས་པར་མ་ཟད་ཆེས་ཤིན་ཏུ་གདུག་པའི་སྤྱོད་པ་ཞིག་ཏུ་བརྩི་བར་གོར་མ་ཆག་ལ། དོན་དངོས་ཀྱི་ཐོག་ནས་ཀྱང་ཆོས་དང་འཇིག་རྟེན་གཉིས་ཀ་དང་འགལ་བ་ཞིག་སྟེ། དམ་པའི་ཆོས་ཀྱི་ཕྱོགས་ནས་བཤད་ན། ལྟོ་འགྲང་དང་རྒྱབ་དྲོ་གང་ལའང་མི་ཕན་པར་ཤེས་བཞིན་དུ་སེམས་ཅན་རབ་ཏུ་མང་པོའི་སྲོག་རང་གིས་གཅོད་པའམ་གཞན་ལ་གཅོད་དུ་བཅུག་ནས་དེ་རྣམས་ཀྱི་པགས་པས་དགོས་མེད་དུ་རང་གི་ལུས་བརྒྱན་ཏེ་མཛེས་པར་རློམ་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་དུ་བྱམས་དང་བརྩེ་བ་རྩལ་དུ་འདོན་པའི་ཐེག་པ་ཆེན་པོའི་ཆོས་དང་ཤིན་ཏུ་འགལ་བའི་བླུན་ཅིང་གདུག་པའི་སྡིག་སྤྱོད་ཅིག་སྟེ། དེའི་དབང་གིས་སྲོག་ཆགས་ཆེས་མང་པོ་དོན་མེད་དུ་གསོད་པར་བྱེད་པའི་ཕྱིར། དེང་སང་བོད་རང་གི་ཡུལ་གྱི་སྲོག་ཆགས་རྣམས་སུ་མ་ཟད་ཕ་ཁི་སི་ཐན་གྱི་སྲམ་དང་ཨ་ཧྥེ་རི་ཁའི་གཟིག་སོགས་ཕྱིའི་རྒྱལ་ཁབ་དག་གི་སྲོག་ཆགས་རྣམས་ཀྱང་ཁྲིམས་འགལ་གྱི་སྒོ་ནས་བསད་དེ་ལིན་ཤཱ་སོགས་ཀྱི་ཚོང་འདུས་རྣམས་སུ་ཁྱེར་ནས་བོད་ལ་འཚོང་བར་བྱེད་པའི་ཕྱིར་རོ། །དེས་ན་བོད་ནི་སེམས་ཅན་དེ་སྙེད་ཅིག་གི་སྡིག་རྐྱེན་དུ་སོང་བ་ཡིན་ནོ། །གཉིས་པ་འཇིག་རྟེན་གྱི་ཕྱོགས་ནས་བཤད་ན། རང་ལ་ཕན་པ་མེད་པ་དང་། གཞན་ལ་གནོད་པ་ཡོད་པ་དང་། ཡ་རབས་རྣམས་ཀྱིས་ཁྲེལ་བར་འགྱུར་བའོ། །དང་པོ་ནི། དེང་སང་ཕྱི་རྒྱལ་ནས་ཐོན་པའི་སྲམ་ལྤགས་རིན་གོང་ཆེ་ཤོས་གཅིག་ལ་དམངས་སྒོར་བདུན་སྟོང་ནས་བརྒྱད་སྟོང་ཙམ་རེ་དགོས། གོས་སྐོར་ལེགས་པོ་ཞིག་ལ་དེ་འདྲའི་སྲམ་ལྤགས་གསུམ་ཙམ་ཞིག་དགོས། དེ་ལྟ་ན་གོས་སྐོར་གཅིག་ལ་དམངས་སྒོར་ཉི་ཁྲི་ཆིག་སྟོང་ནས་བཞི་སྟོང་གི་བར་འགྲོ། དམངས་ཕལ་བ་ཞིག་གིས་ཉིན་གཅིག་གི་ངལ་རྩོལ་འོང་འབབ་དམངས་སྒོར་ཉི་ཤུ་ནས་ཉི་ཤུ་རྩ་ལྔ་ཙམ་ཞིག་ཡིན། དེས་ན་སྲམ་སྐོར་གཅིག་ལ་ཉིན་དགུ་བརྒྱ་དྲུག་ཅུ་སྟེ་ལོ་གཉིས་དང་ཟླ་བ་བདུན་གྱི་ངལ་རྩོལ་གྱི་འོང་འབབ་རིལ་གྱིས་སྦྱིན་དགོས། གཟིག་སྐོར་རབ་གཅིག་ལ་གཟིག་ལྤགས་ཆ་ཚང་ཞིག་དགོས། གཟིག་ལྤགས་བཟང་ཤོས་ཤིག་ལ་དམངས་སྒོར་བརྒྱད་སྟོང་ལྔ་བརྒྱ་ཙམ་དགོས། དེ་ཉིད་ཉིན་སུམ་བརྒྱ་བཞི་བཅུ་ནས་བཞི་བརྒྱ་ཉེར་ལྔའི་བར་གྱི་ངལ་རྩོལ་འོང་འབབ་ཡིན། སྟག་ལྤགས་རབ་གཅིག་ལ་སྒོར་ཆིག་ཁྲི་ཆིག་སྟོང་ནས་ཉིས་སྟོང་གི་བར་ཡིན། དེས་གོས་སྐོར་གཅིག་ལྷག་གམ་གཉིས་ཙམ་ཞིག་འོང་། གོས་སྐོར་གཉིས་ཀྱི་དབང་དུ་བྱས་ན་རེ་རེ་ལ་ཉིན་སུམ་བརྒྱ་ཙམ་གྱི་འོང་འབབ་བྱིན་དགོས། དེ་ལྟར་ལོ་གཉིས་དང་ཕྱེད་ལྷག་གི་འོང་སྒོ་སོགས་བྱིན་མོད། དེས་ཚེ་ཕྱི་མ་ལའང་མི་ཕན། ཚེ་འདིར་ཡང་ཁ་ལ་ཞིམ་རྒྱུ། ལྟོ་བརྒྱག་རྒྱུ། རྒྱབ་དྲོ་རྒྱུ་གང་ལའང་མི་ཕན། རང་རེ་བོད་རྣམས་ཀྱི་སྲམ་སྐོར་མ་ཞིག་གྱོན་འདུག་ཅེས་སོགས་ཟེར་ཏེ། མཚར་མཚར་ལྟར་དུ་བརྩི་ཡང་གཞན་གྱིས་མཐོང་ན་ཁྲེལ་བའི་རྒྱུ་ཙམ་ལས་གཞན་ཅི་ཡང་མེད། མི་རིགས་གཞན་པ་རྣམས་བོད་ཀྱི་ས་ཁུལ་དུ་འོང་ནས་བོད་ཀྱི་ལག་ནས་སྒོར་མོ་བླངས། བོད་ཀྱི་ས་གནས་རང་ནས་ཚོང་ཁང་། མགྲོན་ཁང་། བཟའ་བཏུང་ཁང་རྣམས་བཟོ་སྐྲུན་བྱས་ཏེ་ཕྱུག་པོར་གྱུར། རང་རེ་རྣམས་ཀྱིས་རང་གི་སའང་རང་གིས་བེད་སྤྱོད་བྱ་མི་ཤེས་ཏེ། རྫོང་གྲོང་རྣམས་སུ་སོང་ནས་བལྟས་ན་གསལ་ཅིང་། ནམ་རྒྱུན་སྟོད་གོས་གཙང་མ་ཙམ་ཡང་གྱོན་རྒྱུ་མེད་བཞིན་དུ་རྡོའི་རིགས་དག་དང་གཅན་གཟན་གྱི་ལྤགས་པ་དེ་དག་སྒྲོམ་དུ་བཅུག་ནས་མི་རབས་ནས་མི་རབས་ཀྱི་བར་དུ་ཉར་ཚག་བྱེད། འོན་ཀྱང་དེ་དག་ཇི་ལྟར་བཞག་ཀྱང་རིང་བསྲེལ་འཕེལ་བ་ལྟར་འཕེལ་འོང་རྒྱུ་ནི་མེད་པས་བེད་མེད་ཀྱི་འཆིང་ཐག་ཅིག་ཏུ་གྱུར་པ་ཡིན། འགའ་ཞིག་གིས་དེ་བུ་རྒྱུད་རྣམས་ལ་བཞག་པ་བཟང་པོ་ཡིན་པར་རློམ། གལ་ཏེ་བུ་རྒྱུད་རྣམས་ལ་བཞག་པ་བཟང་པོ་ཞིག་བསམས་ན་དེ་རྣམས་ཀྱི་རྒྱུད་ལ་རིག་གནས་ཀྱི་ཡོན་ཏན་ཞོག་དང་བཞག་པ་བཟང་པོ་དེ་ག་ཡིན། རྒྱུ་ནོར་ལོངས་སྤྱོད་ཀྱང་དེ་ག་ཡིན། ཚེ་གང་རིང་སྐྱིད་སྡུག་ཅི་ཞིག་བྱུང་ཡང་བརླག་རྒྱུ་མེད་པའི་ནང་ནོམ་དམ་པའང་དེ་ཡིན་ཏེ། དེ་ཡོད་ན་ཅི་དགོས་འགྲུབ་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གཅན་གཟན་གྱི་ལྤགས་པས་གོས་བརྒྱན་པ་འདིས་རང་ལ་ཕན་པ་མེད་པ་ཙམ་དུ་མ་ཟད་དོན་མེད་དུ་སེམས་ཅན་ཤིན་ཏུ་མང་པོ་ལ་གནོད་པ་ཚབས་ཆེན་བྱེད་དེ། སྟག་དང་གཟིག་གི་མཐའ་སྐོར་རེ་རེའི་དོན་དུ་སྟག་གཟིག་རེ་རེ་ཙམ་དང་། སྲམ་གྱི་མཐའ་སྐོར་གཅིག་གི་དོན་དུ་སྲམ་གསུམ་ཙམ་རེའི་སྲོག་དོན་མེད་དུ་སྐྱེལ་དགོས། དེ་ལྟ་ན་བོད་ཀྱི་གོས་ཡོངས་རྫོགས་བསྡོམས་ན་སེམས་ཅན་གང་ཙམ་ཞིག་གི་གཅེས་པའི་སྲོག་དོན་མེད་དུ་འཕྲོ་བརླག་གཏོང་དགོས་ཞིབ་པར་སོམས་ཤིག །དེ་བཞིན་དུ་ཚར་གོས་འདི་ཡང་སེམས་ཅན་གྱི་སྲོག་ལ་ཤིན་ཏུ་གནོད་པའི་སྡིག་པའི་གྱོན་ཆས་མ་རུང་བ་ཞིག་སྟེ། ཚར་གོས་གཅིག་གི་དོན་དུ་ལུ་གུ་ལྔ་བཅུ་ཙམ་རེའི་སྲོག་གཅོད་དགོས། དེ་ཡང་ལུ་གུ་རྣམས་དབང་པོ་སྨིན་ཅིང་མའི་འོ་མའི་བཅུད་ལ་རོལ་ཏེ་སྣང་བ་ཅུང་ཟད་སྐྱིད་པའི་མོད་ལ་བསད་དེ། ཚེ་འདིའི་སྣང་བ་ལ་ཡུད་ཙམ་ལས་རོལ་དུ་མི་འཇུག །སེམས་ཅན་དེ་སྙེད་ཅིག་གི་སྲོག་ཆུད་ཟོས་སུ་བཏང་བའི་གྲུབ་དོན་ནི་རང་གི་རྒྱབ་ལ་རེག་བྱ་འཇམ་པོ་ཙམ་ཞིག་འོང་བ་དེ་མ་གཏོགས་གཞན་མེད། དེ་ཙམ་ནི་དེང་སང་གི་གོས་གཞན་རྣམས་ཀྱིས་ཀྱང་དོད་ཐུབ་འོང་བས་དགོས་ངེས་ཅི་ཡང་མི་འདུག །ལེགས་པར་བསམས་ན། སེམས་ཅན་རེ་རེའི་སྲོག་ཀྱང་རང་རང་ལ་ཇི་འདྲའི་གཅེས་ཤིང་ཕངས། དེས་ན་རང་གི་ཁེ་ཕན་ཆུང་ངུ་དེ་ཙམ་གྱི་ཕྱིར་དུ་སེམས་ཅན་བཅུ་ཕྲག་མང་པོའི་སྲོག་གཅོད་པ་ནི་ཤིན་ཏུ་མི་རིགས་སོ། །གསུམ་པ་ནི། དཔེར་ན། སྔ་སོར་བྱང་སྣེ་གླིང་ནས་ཨོག་དཀར་མང་པོ་བསད་དེ་དེའི་པགས་པ་ལས་ཕྱི་ཐུལ་བྱས་ཏེ། སྐྱེས་པ་དང་བུད་མེད་ཐམས་ཅད་ཀྱིས་གྱོན་ཅིང་ཤིན་ཏུ་འགངས་ཆེན་བྱེད། ཡོ་རོབ་གླིང་སོགས་སུ་པགས་གོས་རེ་རེ་ལ་ཨ་སྒོར་ཁྲི་ཕྲག་མང་པོ་སྟེར། ཕྱིས་སུ་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཞིག་བྱང་སྣེ་གླིང་དུ་ཆེད་བསྐྱོད་ཀྱིས་བརྟགས་པས། རྔོན་པ་དག་གིས་ཨོག་དཀར་གྱི་པགས་པ་མི་རལ་བའི་ཕྱིར་དུ་མེ་མདའ་སོགས་མཚོན་གྱིས་མི་བསྣུན་པར་དབྱུག་པ་འབའ་ཞིག་གིས་བརྡུངས་ཏེ་གསོད་པར་བྱེད་པས་གནས་དེའི་གངས་དང་ཆབ་རོམ་གྱི་སྟེང་ཐམས་ཅད་དུ་ཁྲག་གིས་དམར་པོར་གྱུར་ཏེ་ངན་གསོད་བྱེད་པ་མཐོང་ནས་གནས་ཚུལ་དེ་དག་དཔར་དུ་བླངས་ཏེ་འཛམ་བུ་གླིང་གི་མི་རྣམས་ལ་ཤེས་སུ་བཅུག་པས་ཐམས་ཅད་ཡིད་ཕམ་སྟེ། ངོ་རྒོལ་བྱེད་པའི་བྱ་བ་ཤུགས་ཆེན་བརྩམས། གྲོང་ཁྱེར་རྣམས་སུ་ཨོག་དཀར་གྱི་པགས་གོས་གྱོན་པའི་གང་ཟག་མཐོང་ཚེ་མི་རྣམས་ཀྱིས་འཕྱ་བཞད་དང་མི་དགའ་བའི་བརྡར་རྡོ་དང་ཤིང་བུ་འཕེན་པ་སོགས་བྱེད་པས་དུས་ཕྱིས་སུ་གོས་དེའི་ཚབ་མ་མིས་བཟོས་པགས་པ་ཙམ་ལས་པགས་གོས་དེ་དངོས་སུ་གྱོན་པ་ཤིན་ཏུ་དཀོན་པར་གྱུར་ཏོ། །དེ་བཞིན་དུ་རང་རེ་བོད་རྣམས་ཀྱིས་སྐྱོན་ལ་ཡོན་ཏན་དུ་རློམ་ནས་ཉེ་བའི་ལོ་འགའི་རིང་ལ་གཅན་གཟན་གྱི་པགས་པ་སྣ་ཚོགས་པ་གྱོན་ཅིང་། བརྙན་འཕྲིན་དག་བརྒྱུད་དེ་ཕྱི་རོལ་དུ་ཁྱབ་བསྒྲག་བྱེད་པ་དེ་ལའང་ལས་མཐའ་དེ་ལྟ་བུ་ཞིག་འོང་སྟེ། འཛམ་གླིང་གི་མི་རྣམས་ཀྱིས་མ་རབས་ཐ་ཤལ་བླུན་རྨོངས་སུ་བརྩི་བར་གདོན་མི་ཟའོ། །དེས་ན་གོས་མཐར་གཅན་གཟན་གྱི་པགས་པས་གཡོགས་དགོས་པའི་ངེས་པ་མི་འདུག་ལ། ཅིས་ཀྱང་དགོས་ན་རེ་ཞིག་མིས་བཟོས་གཅན་གཟན་པགས་པས་ཚབ་བྱས་ཀྱང་མི་ཆོག་པ་མི་འདུག་པར་སེམས་སོ། །གལ་ཏེ་ཁོ་བོ་ཅག་གི་ཕ་མེས་ཀྱི་སྲོལ་ཡིན་པས་ནུབ་ཏུ་མི་རུང་ངོ་ཞེས་ད་དུང་ཨུ་ཚུགས་བྱེད་ན། འོ་ན་གནས་སྐབས་སུ་མཚོན་ཙམ་བྱེད་ཅིང་མཐར་གྱིས་མེད་པར་བྱེད་པའམ་ཅི་དགར་མཛོད་ཅིག །ཅེས་པའང་གངས་ལྗོངས་སྨྲ་བའི་དབང་ཕྱུག་མཁས་དབང་ཚུལ་ཁྲིམས་བློ་གྲོས་གྱིས་བྲིས་པ་དགེ།
དུག་འདོན་ལུང་དང་རིག་པའི་མདའ་མོ་ཞེས་བྱ་བ་བཞུགས་སོ། །ཞབས་དཀར་ཚོགས་དྲུག་རང་གྲོལ།
༄༅། །དུག་འདོན་ལུང་དང་རིག་པའི་མདའ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། དྲི་མེད་ནམ་མཁའ་ལྟ་བུར་རྣམ་དག་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །ཐོག་མའི་སངས་རྒྱས་སྲིད་ཞི་ཡོངས་ཀྱི་དཔལ། །ཆོས་སྐུ་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཟབ་གསལ་ཐུགས་ཀྱི་ཀློང་ནི་མཁའ་ལྟར་ཡང་། །འཁོར་འདས་ཆོས་རྣམས་གཅིག་ཀྱང་མ་ལུས་པ། །སོ་སོར་མ་འདྲེས་ས་ལེར་གཟིགས་པ་ཡང་། །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །འཁོར་འདས་ཆོས་ཀུན་ལག་མཐིལ་སྐྱུར་རུ་ར། །རློན་པ་བཞག་ནས་བལྟས་ལྟར་ས་ལེར་མཁྱེན། །ཞལ་ནས་ནམ་ཡང་རྫུན་གྱི་ཚིག་མི་གསུང་། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་མོ་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་ན། །བཞུགས་པའི་སངས་རྒྱས་ཡོངས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །མཁའ་ལྟར་ཡངས་ཤིང་ཉི་ལྟར་གསལ་བའི་ཐུགས། །རྗེ་བཙུན་གསང་བའི་བདག་པོ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཐུགས་དགོངས་ཆོས་ཀྱི་དབྱིངས་ལས་རབས་ཡངས་པའི། །ཀུན་མཁྱེན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཕུལ་བྱུང་སྟོང་ཉིད་སྙིང་རྗེའི་གཏེར་ཆེན་པོ། །འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །དུས་གསུམ་སངས་རྒྱས་ཐུགས་ལས་རབ་སྤྲུལ་པའི། རིག་འཛིན་པད་འབྱུང་ཞབས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །རྟོག་པ་ནམ་མཁའི་ཁྱོན་ལྟར་རབ་ཡངས་པའི། །བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཕྱོགས་བཅུའི་རྒྱལ་བའི་ཐུགས་བཅུད་ཟབ་རྒྱས་ཆོས། །སྩོལ་མཛད་རྩ་བའི་བླ་མ་ཐམས་ཅད་ལ། གསོལ་བ་འདེབས་སོ་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །རིག་པ་གུད་ཡངས་ཡན་པ་བློ་བདེ་ངས། །ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་སུ། །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་ཀྱིས། །ཆོས་དང་ཆོས་མིན་ཇི་ལྟར་དབྱེ་ཚུལ་འཆད། །འོ་འདི་ན་གནས་པའི་སྐྱེ་བོ་ཕོ་མོ་རྣམས། ལོག་རྟོག་གི་མུན་པ་དེ་རྒྱང་རིང་བོར་ཐོང་ལ་དར་ཅིག་སྙན་གྱི་དབང་པོ་དེས་ཅུང་ཟད་གསན་པར་ཞུ། དེང་སང་ཨ་ལ་ལ། གདུགས་ཞབས་ཀྱི་བླ་མ། ཁྲི་ཐོག་གི་རྒྱལ་པོ། རི་སུལ་གྱི་སྒོམ་ཆེན། རྒྱལ་ཁམས་ཀྱི་སྤྲང་པོ། གྲོང་མཐའི་རྒན་མོ་ཡན་ཆད་ཀྱིས་ཁ་ཟས་ཀྱི་མཆོག་ཏུ་གྱུར་བ་ཟས་ངན་དུ་རུ་ཥ་ལ་བྱེད་པ་འདི་ཧ་ཅང་བཟང་པོ་ནི་མ་ལེགས་སོ། །འདི་ཡི་རྒྱུ་མཚན་ཅུང་ཟད་ཅིག་བསྙད་ན། སྔོན་དུས་སུ་རི་བོ་མ་ལ་ཡ་ཡི་གནས་ནས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་འཁོར་རིགས་ཅན་དྲ་མ་ལྔ་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་པའི་ཚེ་ན། མ་འོངས་པ་ན་གངས་ཅན་བོད་ཀྱི་རྒྱལ་ཁམས་སུ། ཆོས་འདི་ཡི་བསྟན་པ་དར་བའི་ཚེ་ན། ལྷ་ཡི་རྟགས་དང་བདུད་ཀྱི་རྟགས་གཉིས་ཡོད་པས་འདི་ཤིན་ཏུ་མ་བརྟགས་ན་ཅི་བྱ་གཏོལ་མེད་ལ་འགྲོ་བའི་ཉེན་ཡོད་པས་བརྟགས་པ་གཅེས། བདུད་རྟགས་བྱུང་ན་ཆོས་ཀྱི་སྒྲ་ཙམ་བརྟན་པར་བྱ་བ་མིན། དེས་ན་བླ་མས་སློབ་མ་མ་བརྟགས་བདུད་ཀྱི་ལས། སློབ་མས་བླ་མ་མ་བརྟགས་བདུད་ཀྱི་ལས་ཡིན། དེ་ནས་ལྷ་ཡི་རྟག་ནི་ཤིན་ཏུ་བརྟགས་དཀའ། བདུད་རྟགས་ཅུང་ཟད་སླ་བ་ཡིན་ཏེ། བླ་མ་ནི་སེམས་ཅན་སྟོང་གི་སྐེ་གཅོད་པ། ཆོས་ཟོབ་ཀྱི་མི་མགོ་བསྐོར་བ། བཙུན་མོ་རོལ་དུ་ཁྲིད་ནའང་། བདུད་ཀྱི་སྤྲུལ་བ་ཨི་ཡིན་མི་ཤེས། སློབ་མ་ཡང་གདོལ་བ་སྨན་འཚོང་ཉ་བ་རྔོན་པ་བཀའ་འདས་དམ་ལོག་ཅི་ལྟ་བུ་ཞིག་ཡིན་ཀྱང་དེ་བདུད་ཀྱི་སྤྲུལ་བ་ཨི་ཡིན་མི་ཤེས་པས་ན་བརྟག་དཀའ། དེ་རྣམས་ཀྱི་ནང་ནའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་བ་མང་པོའི་འགྲོ་བའི་དོན་གང་ལ་གང་འདུལ་དུ་མཛད་པའི་སྙིགས་དུས་ཀྱི་གང་ཟག་རྣམས་ཀྱིས་བརྟག་དཀའ་སྟེ། བདུད་ཀྱི་རྟགས་ནི། དམ་སྲི་སྤུན་དགུའི་མངལ་གྱི་རཀྟ་ལས་བསྐྱེད་པའི་ཟས་ངན་དུ་རུ་ཥ་བརྟེན་པའི་གང་ཟག་དེ་ནི། སྣང་སེམས་དུ་མ་རོ་གཅིག་གི་ངང་ནས། ནམ་མཁའ་ལ་མཁའ་ལྡིང་བཞིན་འགྲོ་བ་དང་། ཆུ་ལ་ཉ་ལྟ་བུ་དང་། རི་བྲག་ལ་ཟང་ཐལ་དུ་འགྲོ་བ། མངོན་ཤེས་ཀྱིས་སྣང་སྲིད་ཐམས་ཅད་མཁྱེན་ན་ཡང་། དེ་ནི་བདུད་ཀྱི་སྤྲུལ་བ་ཡིན་པར་ཆུད་མི་ཟ་བ་ཡིན། དེའི་རྒྱུ་མཚན་ཁར་སང་ཟླ་བ་སྔ་མ་ན་རྡོ་རྗེ་གདན་གྱི་ནང་དུ། མ་འོངས་པ་ན་ཆོས་འདི་ཡི་ཁ་ནོན་ལ། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་བཀའ་བགྲོས་མཛད་ནས། དམ་སྲི་སྤུན་དགུའི་མངལ་ཁྲག་གིས་ས་བོན་བྱས་པའི་དུག་གི་ལོ་མ་མིན་པ་གཞན་གང་གིས་ཀྱང་བཤིག་མི་ཐུབ་པ་ཁོ་ནས་སྨོན་ལམ་ལོག་པ་དང་བཅས་པས་བྱུང་བ་ཡིན་པས། ཁྱད་པར་དུ་གཤིན་པོའི་འདྲེན་མཆོག་ཏུ་རེ་བའི་བླ་མ་རྣམས་ཀྱིས་བརྟེན་ན། བསམ་བཞིན་དུ་གཤིན་པོ་དམྱལ་བར་ཁྲིད་པའི་ལམ་མཁན་སྒེར་དུ་བསྒྲུབ་པ་ཡིན་པས་བརྟགས་པ་གལ་ཆེ། དེ་མིན་གསང་སྔགས་འབྲས་བུའི་ཆོས་འཆད་ཉན་བྱེད་པའི་སྐབས་དང་། ཚོམ་བུ་ཚོགས་སྒྲུབ་ཀྱི་སྐབས་རྣམས་སུ་ཟས་ངན་དེ་བཟའ་བ་སྨོས་ཅི་དགོས། ས་ཕྱོགས་དེ་ན་རྒྱ་ཤུག་གི་ཚིག་ཙམ་ཅིག་གནས་ན། ལྷ་བསྒོམ་པ་དང་། སྔགས་བཟླས་པ་དང་། ཏིང་ངེ་འཛིན་བསྒོམ་པ་དེ་དག་ཆུ་བཤིག་པ་ལ་མར་འདོད་པ་ལྟ་བུ་ལས་འབྲས་བུ་སྐྲ་རྩེ་བརྒྱར་གཤེགས་པའི་ཆ་ཙམ་ཡང་མི་འབྱུང་། མ་འོངས་པ་ན་འདི་སངས་རྒྱས་ཀྱི་བསྟན་པ་རྨིང་ནས་བཤིགས་པའི་རུ་དྲ་གཅིག་ཡིན་པས་ཤེས་པར་གྱིས་ཤིག །གསང་བདག་ཕྱག་ན་རྡོ་རྗེའི་རྟོགས་རྗོད་ཆེན་མོ་ན་གསལ་ཡོད་ཡང་མུ་ཅོར་སྨྲ་བ་ཁ་ཅིག་གིས་དུག་གི་ལོ་མ་སྤྱད་ན་ཉེས་པ་ཅི་ཡོད། དེས་ན་ཇ་དང་རྩམ་པ་གཉིས་བརྟེན་མི་རུང་གི་ཟེར་བཞད་གད་ཐག་ཐག་བྱེད་པའི་རང་མཐོང་གི་ང་རྒྱལ་གྱི་རྒྱག་པ་ཁོ་རེ་ཚོ་དེ་གཉིས་ཀ་ནི་མི་འདྲ། ཧེ་ཧེ་རྩམ་པ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་སྤྲུལ་བ་འཕགས་མཆོག་སྤྱན་རས་གཟིགས་དབང་གིས་སྤྲེའུའི་རྒྱལ་པོ་ཧ་ལུ་མནྡྷཱ་དང་། སྒྲོལ་མ་ཁྲོ་གཉེར་ཅན་གཉིས་ལ་ཁྱིམ་ཐབ་ཀྱི་ཟས་ལ་འབྲུ་སྣ་ལྔ་བསྐུར་བ་ནི་ནས་དང་གྲོ་དང་སྲན་མ་འབྲས་དང་ཏིལ་དང་ལྔ་བྱིན་པས་ཡར་ཀླུང་ཟོ་ཐང་ལ་བཏབ་ནས་སྤྲེལ་ཙ་རྣམས་ཀྱི་མུ་གེ་གནམ་ལ་ཡར་བས་ཡར་ལུང་ཞེས་ཡུལ་ལ་ཡང་མཚན་སྙན་དུ་གྲགས། དེ་ནི་རང་གར་བཟའ་བ་བསོད་ནམས་ཆེ་སྟེ། འབྲུ་ལྔའི་ཡོན་ཏན་བུམ་རྫས་ཉེར་ལྔ་ནས་གསལ་བ་སྨོས་ཅི་དགོས་དང་། ཡང་མཁས་རློམས་ཁ་ཅིག་གིས་རང་ཡང་ངན་སོང་དུ་འགྲོ་བར་མ་ཟད། གཞན་ཐར་བར་ཕྱོགས་པའི་སོ་སོའི་སྐྱེ་བོ་ཕོ་མོ་རྣམས་ལ། དུག་གི་ལོ་མ་འདི་མདོ་ན་གནང་མེད་དེ། སྔགས་ན་གནང་ཡོད་པ་འདྲ་ཤ་དང་ཆང་གཉིས་བརྟེན་རུང་སྟེ། འདི་ཡང་བརྟེན་རུང་གི་ཟེར། གཞན་ན་མེད་པའི་ཁྱད་ཆོས་སུ་འདོན་པ། ཁོ་རེ་ཚོ་ཅེ་རེ་ལོང་སོང་བ་མིན་ན། སྔོན་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་ཆོས་ཁྲིམས་དར་གྱི་མདུད་པ་དེ་བསྡམ་པའི་སྐབས་ན། སྔགས་པ་བླ་མའི་དམ་ཚིག་བསྒྲགས་པ་བཞིན། །རྒྱུད་ནས་ཇི་ལྟར་བཤད་པ་བཞིན་དུ་གྱིས། །སྐོམ་དུ་ཆང་གསོལ་དགེ་འདུན་དཀོར་མ་འབགས། །ཟས་སུ་ཅི་དགའ་ལོངས་སྤྱོད་དུག་མ་ཟ། །གསུང་བ་དེ་བོད་ཀྱི་སྔགས་པ་རྣམས་བརྒྱ་བླུན་ན་ཡང་། སྒ་ཚགས་ཕྱེ་མ་ལེབ་དང་། སྟག་ཕྱེ་རྣམས་མི་ཟ་རྒྱུ་ལོས་ཤེས། སྤྲུལ་སྐུ་སངས་རྒྱས་གླིང་བའི་ཟབ་ཆོས་ལས། སྙིགས་མའི་དུས་ཀྱི་སྤྱོད་ངན་སྣ་ཚོགས་བྱེད། །ཁྱད་པར་ཁ་ཟས་རོ་ལྡན་མི་བརྟེན་པར། །མཐའ་ཟས་དྲི་ངན་དུག་ཅན་ཟས་སུ་སྤྱོད། །ནམ་ཡང་ངོམས་མེད་སྲེད་པ་ཆེས་ཆེར་འཕེལ། །བྱ་བའི་འཕྲོ་བསྐྱུར་དུག་ལ་དམར་འཇུས་བྱེད། །ཁ་ཆུ་སྣ་ཆུ་མི་ཐུབ་བཀྲག་མདངས་ཉམས། །ཞེས་དང་། ཡང་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་བའི་ཟབ་གཏེར་ལས། ཁ་རླངས་ཕོག་ཚད་དྲི་ཡི་ཚོར་ཚད་ཀྱང་། །སྐྱེ་བོ་འབུམ་ཕྲག་དྲུག་ཅུའི་སྙིང་འབྱིན་མཚུངས། །དཀྱིལ་འཁོར་མདུན་དུ་འཐེན་ན་ཡང་། །ཡེ་ཤེས་ལྷ་ཡང་མི་བྱོན་པས། །དམ་སྲི་ཉུལ་ལེ་བདུད་བགེགས་རྣམས། །རྫས་ངན་དྲི་དེ་ཚོར་ཙམ་གྱི། །ཤ་རུལ་སྦྲང་མ་བཞིན་དུ་འདུ། །ཕར་ལ་བསྐྲད་ཐབས་མ་མཆིས་པས། །དངོས་གྲུབ་མི་ཐོབ་བར་ཆད་འབྱུང་། །ཞེས་དང་། ཡང་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་ལུང་ལས། དུས་ངན་ཐ་མལ་དྲི་ཟའི་ཟས། །ཧ་སྐྱུག་ངན་པ་ཟས་སུ་ཟ། །དྲི་ཚོར་ཙམ་གྱིས་མནར་མེད་འགྲོ །དེ་ཕྱིར་ད་ལྟ་སྤང་བ་གཅེས། །ཞེས་དང་། རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་ལས། །ཟས་ཀྱི་དུ་རུ་ཥ་ལ་སྤྱོད་པའི་དུས། །བློ་གཏད་གྲོགས་པོའི་ཟས་ཀྱི་འགུམ་པ་འབྱུང་། ཞེས་དང་། ཡང་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། །སྔོན་དེའི་དུ་བ་ཁ་ལ་སོང་། །ཕྱེ་མ་རྣ་རུ་བླུགས་པ་ཡིས། །བན་བཙུན་ཕོ་མོ་དེ་ལ་འདུས། །དམ་ཉམས་ཚོགས་ནི་ལུང་བ་ཁེངས། །བདུད་ཀྱིས་བསླུས་པའི་རྟགས་སུ་ནི། །འདོད་པའི་ཆགས་སེམས་ཡང་ཡང་སྐྱེ། །བསོད་ནམས་འཛད་པའི་རྟགས་སུ་ནི། །དེ་ལ་ཐལ་བའི་སྡེབ་སྦྱོར་བྱེད། །བཀྲ་མི་ཤིས་པའི་རྟགས་སུ་ནི། །མིག་ནས་མཆི་མ་དབང་མེད་འཆོར། །ཞེས་གསུངས་བས། །དེ་འདྲ་བརྒྱ་དགོས་ན་སྟོང་གི་ཡང་མི་ཚད། འདིར་ཡི་གེ་མང་དོགས་ནས་མ་བཀོད། དེ་དག་རྣམས་སྔགས་པ་མིན་པའི་སྒྲུབ་བྱེད་སྨྲ་རྒྱུ་ཅི་ཡོད། ཡང་ཁ་ཅིག་ན་རེ། ཁོང་ཚོས་བླ་མ་འགའ་རེས་མདུན་ནས་ཁས་ལེན་བྱས་མ་ཆོད་ཕྱི་ནས་འཐེན་དགོས་བྱུང་ཏེ། ད་དྲག་ས་ཡོད་དུང་ཕྱུར་མང་བོ་བཏོན་ཡོད། དེ་ཡིས་མི་འདག་ན་སངས་རྒྱས་ཀྱི་གསུང་ལ་བདེན་པ་མེད་རྟགས་རེད་ཟེར་བའི་ཐར་བ་འདོད་པ་ལ་རེ་བ་ཁོ་རེ་ཚོ། དཔལ་ལྡན་ཨ་ཏི་ཤའི་སྤྲུལ་བ་རྗེ་བློ་བཟང་གྲགས་པའི་ཞལ་ནས། ཟས་ངན་བརྟེན་པའི་གང་ཟག་རྣམས་ལ་ཐར་པའི་ས་བོན་གཏན་ནས་མི་སྲིད། དཔེར་ན་ཡོས་ཚིག་གི་ཞིང་བཏབ་པ་དང་འདྲ་སྟེ། དེ་བརྟེན་པའི་གང་ཟག་གི་དགེ་སྦྱོར་གང་བྱས་པ་ཐམས་ཅད་མེ་འབར་བ་ལ་ཤིང་སྣོན་པ་ཁོ་ན་ལས་གང་ཡང་མེད། དེ་ཕྱིན་ཆད་འཆི་བ་ཐུག་ཀྱང་ཟས་ངན་བརྟེན་རེ་ན་ར་ཀན་བསམ་པའི་སྡོམ་སེམས་དང་ལྡན་པའི་ངང་ནས་བཤགས་པ་བྱས་ན་མི་འདག་མི་སྲིད་གསུང་པ་ཐུགས་བཞག་མཛོད་དང་། ཡང་ཨོ་རྒྱན་གཉིས་པ་ཀརྨ་བ་རང་བྱུང་རྡོ་རྗེ་མཚུར་ཕུའི་དགོན་པ་ན་བཞུགས་པའི་ཚེ་ཕར་ཕྱིན་དྲུག་གི་ཆོས་ལ་མངའ་བརྙེས་པ་ཀརྨ་བསམ་འགྲུབ་ཚེ་དུས་བྱས་པ་ལ། འཕོ་བ་ལན་གསུམ་གྱིས་མ་ཐེབས་ཏེ་ཐུགས་དམ་གྱིས་གཟིགས་ཚེ་དུ་བ་འཐེན་པའི་རྣམ་སྨིན་ལས་བྱུང་བ་འདུག་གསུངས། ཡང་པོད་ཆུང་ཁ་ཤས་རེ་ཙམ་གཟིགས་པའི་ཐོས་བསམ་གྱིས་མིག་རྒྱང་ཐུང་བ་འགའ་ཞིག་གིས་འདི་སངས་རྒྱས་ཀྱི་གསུང་ན་མི་སྣང་། འདི་བོད་ཀྱི་སྔགས་ནག་ཁྱིམ་པའི་ཆ་བྱད་ཅན་རྣམས་ལ་ཉི་མ་རིང་ནས་ཇོ་མོའི་ཆང་རེ་བླུད་ནས་ཨ་ཕའི་སྣ་དུད་འདི་ཡི་ཉེས་དམིགས་འདི་འདྲ་བ་ཞིག་བརྩམ་ཆོས་ཡིན་ཟེར་ནས་ཧ་བགད་བྱེད་པ་ཚོ། བཅོམ་ལྡན་འདས་ཀྱི་འདུལ་བ་གསེར་མདོག་ལས། ཡིད་འོང་ལས་ལ་སྙིགས་མའི་དུས་ཀྱི་རྫས། །དུ་རུ་ཥ་ནི་བཅོ་བརྒྱད་འབྱུང་བར་འགྱུར། །གང་གིས་རིག་ཚད་དམྱལ་བར་འགྲོ་བར་འགྱུར། །ཕྱི་མ་ཡིད་འོང་གནས་སུ་སྐྱེ་མི་སྲིད། ཅེས་དང་། ཡང་འདུལ་བ་འོད་ལྡན་ལས། །སྙིགས་མའི་དུས་ན་དུ་རུ་ཥ། །ཁ་སྣའི་མྱོང་བའི་སྡིག་ཅན་རྣམས་། །ཚེ་འདིར་དབུལ་ཕུང་པྲེ་ཏ་ལྟར། །ཕྱི་མ་དམྱལ་བར་འོ་དོད་འབོད། །བསྐལ་བ་བརྒྱ་ཕྲག་གནས་པར་འགྱུར། །ཅེས་གསུངས་སོ། །དེ་དག་སངས་རྒྱས་ཀྱི་བཀའ་མིན་པའི་སྒྲུབ་བྱེད་སྨྲ་རྒྱུ་ཅི་ཡོད། སྔོན་བསམ་ཡས་ཀྱི་རྒྱ་དཔེ་རྙིང་བ་ན་ཟས་ངན་གྱི་ཉེས་དམིགས་ལོ་རྒྱུས་དང་བཅས་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་འབུམ་གྱི་པོ་ཏི་ཙམ་ཞིག་ཡོད་པ་དེ། ཕྱིས་རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབ་ཚེ་མེད་པར་བྱས་ནས་བོད་ཀྱི་ལོ་ཙ་བ་རྣམས་ཀྱི་འགྱུར་བྱང་ཆེན་མོ་ན་གསལ་བ་སྨོས་ཅི་དགོས། འདི་ལྟར་ཟས་ངན་གྱི་ལོ་རྒྱུས་ཉེས་དམིགས་རྣམས་བཤད་ན་སྐྱེ་བོ་ཕལ་བ་རྣམས་ཀྱི་བློ་ཁ་ཅུང་ཟད་འགྱུར་བར་སླ་སྟེ། བླ་རྒན་ཁ་སེ་ཚོ་དང་། གཅོད་སྔགས་མགོ་མདོང་ང་ཚོ་དང་། གྲྭ་གཞོན་སྲང་རྡོ་མགོ་རྣམས་ཀྱིས་གཏན་ནས་མི་ཉན། དེ་ཡི་རྒྱུ་མཚན་ཅི་ཞིག་ཡིན་ན། ཤེས་བྱའི་གཤིས་ལ་བདུད་ཀྱི་བྱིན་རླབས་ཞུགས་པའི་རྟགས་ཡིན་ལ། འོ་ན་ལུང་ལས། དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་པའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པའི། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། ཞེས་པའི་དོན་ཐོག་རྒྱུ་བབ་པ་ཡིན་མོད། བློ་འགྱུར་བ་ཕར་ཞོག །དང་པོ་ཉན་ཉན་འདྲ་བ་མང་པོ་བྱེད་ཁས་བླང་ནས། ཕར་སླེབས་པ་དང་མཉམ་དུ་སྔར་བཞིན་ཟས་ངན་ལ་བག་མེད་དུ་སྤྱོད་ནས། ཕུ་མདའ་ལ་ཤོད་ནས་དད་ཟས་དང་གཤིན་ཟས་མང་པོ་བསྡུས་ནས་དུ་རུ་ཥའི་ཆ་རྐྱེན་བྱས་ནས་ཆོས་སྐད་འཆལ་འཆོལ་སྨྲ་བ་རྣམས་ནི་དམ་ཉམས་ཕལ་བ་སྟོང་གི་ཆར་ཡང་མི་ཉེ། དེ་དང་ཡུལ་ལུང་བ་གཅིག་དུ་འདུག་ནས་གསོན་པ་བས་ས་གཞན་ཞིག་ཏུ་རང་ཁར་ཤི་བས་དགའ། ས་གཞན་ཞིག་ཏུ་ཤི་ན་དགེ་བ་མེད་ནའང་། སྡིག་ཚབ་ཆེན་དེ་འདྲ་དང་གང་ནས་འབག །ཁོ་རེ་ཚོ་ཆོས་འཆད་དབང་བསྐུར་བྱེད་པའི་བླ་མ་རྣམས་ཐུགས་བཞག་མཛོད། དུ་རུ་ཥ་ལ་བརྟེན་པའི་གང་ཟག་རྣམ་ལ་དབང་དང་གདམས་ངག་བྱིན་ན། ལྷ་འདྲེ་མི་གསུམ་འཁྲུགས། ཡུལ་ལྷ་ཟོ་དོར་འཁྲུགས་པ་དང་། སྟེང་ལྷ་བར་གཉན་འོག་ཀླུ་དྲེགས་པའི་སྡེ་བརྒྱད་རྣམས་འཁྲུགས་པ་དང་། དེའི་ཚེ་ནད་དང་མུ་གེ་དང་མཚོན་ཁ་དར་བ་དང་། ས་གཡོ་བ་དང་། རླུང་ནག་དང་། འཚུབ་མ་དང་། བུ་ཡུག་དང་། མི་བདེ་བ་སྣ་ཚོགས་འོང་ངོ་། ན་རཀ་ཆེན་པོ་ཡོངས་སུ་འཕེལ་བར་འོང་ངོ་། །སློབ་མ་ལ་ཡང་ཚེ་ཐུང་ལ་ནད་མང་བར་འོང་ངོ་། སློབ་དཔོན་ལ་ཡང་ཕུང་བ་དང་སྡུག་བསྔལ་བ་དང་། གྲི་རུ་འཆི་བ་ལ་སོགས་འོང་ངོ་། ཆོས་ལ་ཡང་མཐུ་ཆུང་བ་དང་། བོན་དང་མུ་སྟེགས་པ་དང་། སྔགས་པ་དང་སྲིན་པོ་ལ་སོགས་པ་བདུད་ལང་བའི་དུས་འོང་ངོ་། །དེ་རྣམས་མི་ཡོངས་ནའང་སློབ་དཔོན་རང་ཡང་ཟས་ངན་འཐེན་པ་བདུད་ཀྱི་རིགས་ཡིན་པའི་རྟགས་ཡིན་ལ། འོ་ན་དམ་པར་ཁས་བླང་འཆེ་ཡང་། དམ་པའི་ཚུལ་དང་མཐུན་པ་སྡོམ་གསུམ་ཀྱི་ཉམས་ལེན་དང་། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཅི་ཡང་མེད་པར་དུ་རུ་ཥའི་དགའ་སྟོན་ལ་རོལ་བའི་ཆགས་སྡང་གཡོ་རྒྱུའི་འཁོར་ལོ་བསྐོར་ཏེ་རྙེད་བཀུར་འདུ་འཛི་འབའ་ཞིག་དོན་དུ་གཉེར་ནས་དགེ་བའི་བཤེས་གཉེན་དུ་བཏགས་པ་དུ་མས། རིགས་མཐུན་གྱི་གྲྭ་སློབ་རང་གི་རྗེས་སུ་ཞུགས་པ་ཐམས་ཅད་ལ་རྒྱལ་བའི་དགོངས་པ་དང་མཐུན་པའི་གདམས་པ་སྣ་རེ་སྟོན་རྒྱུ་མེད་པར་དུ་རུ་ཥའི་ཡོན་ཏན། དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་སྣང་ཤེས་བསྒྲུབ་པའི་ཐབས་ཁོ་ན་བསྟན་ཏེ་བློ་སྣ་ཐུར་དུ་ཁྲིད་པའི་ཆོས་པ་མང་ལ། ཡང་དག་པའི་དགེ་བའི་བཤེས་གཉེན་དང་དེའི་རྗེས་སུ་ཚུལ་བཞིན་དུ་སློབ་པ་ཉུང་བའི་དུས་ངན་སྙིགས་མའི་ཚུལ་འདི་ལྟ་བུ་ལ་བསམ་ཀྱིན་སྐྱོ་བའི་གནས་ཡིན་ནོ། །ད་ཁྱེད་རྣམས་ལ་བླ་མས་ཅི་ཙམ་ཞིག་གསུངས། གྲོགས་བཟང་པོ་འགའ་རེས་ཀྱང་ཅི་ཙམ་ཞིག་བཤད་དེ་རྣམས་ཀྱི་ཚིག་ལ་བརྩི་འཇོག་མེད་པ། ལྐོག་ཏུ་ཟས་ངན་བག་མེད་དུ་སྤྱོད་པ་ཁྱེད་ཀྱིས་བླ་མའི་ཞབས་འདྲེན། གྲོགས་ཀྱི་གྲྭལ་རྫད། ཆོས་པའི་བླ་བཙོངས། བསྟན་པའི་མིག་རྐྱེན་ལ་གནོད་པ་འདི་བྱེད་པའི་རྒྱུ་མཚན་ཅི་ཡོད་ཤོད། ཁྱོད་ཤི་ན་རྡོ་རྗེའི་དམྱལ་བར་སྐྱེ་བ་དང་། དེ་དང་ལྷན་དུ་ལུང་བ་གཅིག་གི་ཆུ་འཐུང་ཚད་ཀྱང་ཉམས་གྲིབ་ཀྱིས་ནོན་པས་དམྱལ་པར་འགྲོ་ཞེས་རྡོ་རྗེ་འཆང་སོགས་ཀྱིས་གསུང་བཞིན་དུ། ད་རུང་དམ་ཚིག་དང་སྡོམ་པ་མི་བསྲུང་བར་ཟས་ངན་འཐེན་ན་ཁྱོད་ཀྱིས་རྡོ་རྗེ་འཆང་གི་གསུང་བ་དེ་མི་བདེན་སྙམ་པ་ཡིན་ནམ། བདེན་ཀྱང་དགོས་པ་མེད་སྙམ་པ་ཡིན་ནམ། ཡང་ན་ཁྱོད་རྡོ་རྗེ་འཆང་ལས་ས་ཚོད་མཐོ་བ་ཞིག་ཡིན་ནམ་ཡང་ན་ཕོ་ཚོད་ཆེ་བ་ཞིག་ཡིན་ནམ། ཡང་ན་གདོན་གྱིས་ཟིན་ནས་སྙིང་ཁོག་ན་མེད་པ་ཞིག་ཡིན་ནམ། དེ་རྣམས་གང་རུང་ཞིག་ལས་མ་འདས། ད་ཁྱོད་དམྱལ་བར་འགྲོ་ན་ཡང་འགྲོ་ཞོར་ལ་ལུང་བ་གཅིག་གི་ཆུ་འཐུང་ཚད་སོགས་དམྱལ་བར་ཁྲིད་མ་འགྲོ་བར་འཇོག་རོག་གྱིས། ཡུལ་ཁམས་ཐམས་ཅད་མ་བརླགས་ཅིག །དེ་རྣམས་ལ་གོ་རྒྱུ་ཨི་བྱུང་། ད་དུང་མི་གོ་རྣ་བར་མི་འགྲོ། སེམས་ལ་མི་འཐད་པར་འདུག་ན་ཁོག་པར་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་ཞུགས་ནས་འདིར་ཐོན་ཡོད་པས་ཨ་ཙ་འཇིགས་པ་ཅི་དྲག་ཁྱོད་འཇིག་རྟེན་མི་ཡི་ཁྱུ་ན་སྔར་ནས་ཐོན་ཚར་འདུག །ཆོས་པའི་གྲྭལ་ནས་རོ་ལྟར་བུད་འདུག་ཕྱིན་ཆད་སླར་རོ་འཚང་བརྒྱབ་ནས་ཡང་བསྟན་པ་ནང་ནས་བཤིག་གིན་མ་སྡོད་པར་ཕྱི་རོལ་མུ་སྟེགས་པའི་རྗེས་སུ་སོང་ཞིག །སྨྲས་པ། ལགས་སྐར་སྤྲུལ་བ་དམ་སྲི་སྤུན་དགུ་སོགས། །བཀའ་ལ་འགལ་ཞིང་བཀའ་བརྒྱུད་བསྟན་པ་བསྣུབ། །དམ་སྲི་ཁུང་ཞུགས་དུག་གི་ལོ་མ་འཐེན། །དྲི་ཡིས་གར་ཁྱབ་ལྷ་སྲུང་གཞི་བདག་བརྒྱལ། །ལུས་ཀྱི་ལྷ་རྣམས་བྱ་ནག་རྡོ་ཕོག་འདྲ། །དེ་རྣམས་དམ་སྲི་དྲི་ཟའི་བསྟན་པ་དར། །ཁྱད་པར་བླ་མ་རྣམས་ཀྱིས་འདི་སྤྱོད་ན། །འབྲེལ་ཐོག་གང་ཡོད་རྡོ་རྗེ་དམྱལ་པར་འགྲོ། །གོང་གི་རྒྱལ་པོ་རྣམས་ཀྱིས་འདི་སྤྱོད་ན། །འོག་སྡེ་གང་ཡོད་རྡོ་རྗེའི་དམྱལ་བར་འགྲོ། །བཙོངས་ནས་རིན་ལེན་བྱེད་པ་གང་ཡོད་རྣམས། །ཡི་དྭགས་དུག་ཟན་སྐྱེ་བ་ལྔ་བརྒྱ་ལེན། །དེ་འཕོས་རྡོ་རྗེའི་དམྱལ་བར་སྐྱེ་བར་འགྱུར། །དེ་ཕྱིར་དོན་ཆུང་ཉེས་ཆེས་བག་ཡོད་བརྟེན། །དུག་ཟས་འཆང་རྣམས་ཡོད་ན་རོ་ལྟར་བུད། །སེམས་ཡོད་སྐལ་ལྡན་ཡོད་ན་ཐར་ལམ་སྙེགས། །བསྙེགས་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཟས་ངན་དང་དུ་ལེན་པའི་བསམ་པ་ནི། །དངོས་སུ་ལྟ་ཞོག་རྨི་ལམ་སྐབས་སུ་ཡང་། །ཡིད་ལ་ནམ་ཡང་མི་སྐྱེས་སྨོན་ལམ་ཐོབ། །སྐྱེས་ན་དམ་ཅན་རྒྱ་མཚོའི་སྙིང་ཁྲག་འཐུང་། །ཞེས་དུག་འདོན་ལུང་དང་རིག་པའི་མདའ་མོ་ཞེས་བྱ་བ་འདི་ནི་སྐལ་ལྡན་གྱི་སློབ་བུ་མང་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་བཀའ་གཏེར་སོགས་ནས་གསུང་པའི་དུ་རུ་ཥའི་ཉེས་དམིགས་མང་པོ་ལ་གཞི་བྱས་ནས། བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་བྲག་དཀར་སྤྲེལ་རྫོང་ནས་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པར་གྱུར་ཅིགསརྦ་མངྒ་ལམ། དགེའོ། །
རྫས་ངན་སྣ་དུད་ཀྱི་ཉེས་དམིགས་སྟོན་པའི་གདམས་པ། ཉག་བླ་པདྨ་བདུད་འདུལ།
༄༅། །རྫས་ངན་སྣ་དུད་ཀྱི་ཉེས་དམིགས་སྟོན་པའི་གདམས་པ། ན་མོ་གུ་རུ་ཡེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྙིགས་མའི་བསླུ་བྲིད་དུག་གི་ཟས། །ལོག་པའི་འཚོ་བ་ཐ་མ་ཁ། །རྫས་ངན་ཞི་བར་བྱིན་གྱིས་རློབས། །དམ་ལྡན་ཕོ་མོའི་ཚོགས་རྣམས་གསོན། །ཤེས་བཞིན་བཙན་དུག་མ་འཐུང་ཞིག །སྔོན་ཚེ་སྲིན་མོ་སྤུན་དགུ་ཡི། །མངལ་ཁྲག་འབྲས་བུའི་ལོ་མ་འདིས། །རྒྱ་བོད་གཉིས་བར་ནད་སྣ་འདྲེན། །མི་མཐུན་སྣ་ཚོགས་ལྟས་ངན་འོང་། །དམ་ཆོས་བྱིན་རླབས་ནུས་པ་འཇོམས། །དེ་ནི་སྤང་བ་ཤིན་ཏུ་གཅེས། །གསེར་གྱི་མཆོད་རྟེན་སེར་པོ་ལ། །དུག་ཆུ་ནག་པོ་བྱུག་པ་བཞིན། །དལ་འབྱོར་ལུས་དཀྱིལ་རྩ་ཁམས་ཀློང་། །རྫས་ངན་སྣ་དུད་སུས་བཏང་ཡང་། །དབུ་མའི་ནང་ན་མུན་པ་འཁྲིགས། །རོ་རྐྱང་རྩ་སྦུབས་གཏན་ནས་འགག །ཨ་ཐུང་འཆི་ནས་བདེ་དྲོད་ཡལ། །སྒྲོན་དྲུག་མ་རིག་སྤྲིན་གྱིས་གཡོག །འདོད་པས་ཁ་སྣར་ཆུ་ཡང་རྡོལ། །ཉོན་མོངས་དུག་ལྔ་དགུ་འགྱུར་འཕེལ། །བརྟུལ་ཞུགས་སྤྱོད་པ་མ་གཏོགས་པ། །རྫོགས་པའི་སངས་རྒྱས་བྱོན་ན་ཡང་། །འཆི་དུས་འཕོ་བ་ཐེབས་པ་མིན། །སྤངས་ན་བདེ་ཆེན་ཞིང་དུ་གྲོལ། །ཞེས། སྣ་དུད་ཉེས་པའི་མུན་སྒྲིབ་བསལ་བ་འདི། །བཀའ་གཏེར་ལུང་བསྟན་ཀུན་དང་མཐུན་པ་བཞིན། །སྤྲང་བན་བདུད་འདུལ་མིང་གིས་སྦྱར་བ་འདིར། །འཕྲད་ཚད་སྒྲིབ་བྲལ་འོད་གསལ་འཆར་བར་ཤོག །
༈ སྙིགས་མའི་སེམས་ཅན་ལས་ངན་རྣམས། །བཀྲ་མི་ཤིས་པའི་ལྟས་ངན་ནི། །གཡག་རྭ་གཡོན་པ་སྐེ་རུ་འཆང་། །རྒྱ་བོད་ཐལ་བ་སྣ་རུ་བླུགས། །སྡུག་བསྔལ་མེད་ཀྱང་མཆི་མ་འཁྲུག །ལྟས་ངན་སྒྲ་རུ་མ་གྲགས་ཤིག །མཆོག་གསུམ་ཐུགས་རྗེའི་བདེན་པའི་མཐུས། །དུག་རྫས་ཡིད་ལ་མི་དྲན་པར། །ཁས་བླངས་དམ་ལྡན་ཕོ་མོ་ཡི། །ཚེ་བསོད་དཔལ་འབྱོར་ཡོན་ཏན་ཀུན། །ཕུན་ཚོགས་བདེ་ལེགས་འགྲུབ་པར་ཤོག །ཅེས་རྒྱལ་ཁམས་བདེ་སྐྱིད་འབྱུང་བའི་ཆེད། །མདོ་སྔགས་ཉི་མས་བསྐུལ་བའི་ངོར། །བྲག་དཀར་ནམ་མཁའི་རྫོང་ཆེན་པ། །ཕྱིང་ཐུལ་ཅན་གྱིས་བྲིས་པས་དགེ །
༈ གཙང་བ་གྲུབ་ཆེན་གྱི་ཞལ་ནས། འདོད་ཆགས་བྱ་ཡི་གཤོག་པའི་སྟེང་། །ཞེ་སྡང་སྦྲུལ་གྱི་ཁུག་མདོ་བཞག །གཏི་མུག་ཕག་གི་མཆུ་ཐོའི་སྟེང་། །དུག་ཧ་ལ་ནག་པོའི་ས་བོན་བཏབས། །དུད་པ་ལུས་ལ་རེག་པ་ཙམ། །དམྱལ་བ་རྡོ་རྗེ་གདན་དུ་སྐྱེ། །བསྐལ་བ་བརྒྱར་ཡང་ཐར་དུས་མེད། ཅེས་གསུངས་སོ། །
ཆང་གི་ཉེས་དམིགས་སྟོན་པའི་གདམས་པ། ཉག་བླ་པདྨ་བདུད་འདུལ།
༄༅། །ཆང་གི་ཉེས་དམིགས་སྟོན་པའི་གདམས་པ། ན་མོ་གུ་རུ་རཏྣ་ཡ། དུས་གསུམ་སངས་རྒྱས་ངོ་བོ་ཉིད། །དྲིན་ལྡན་བླ་མའི་ཚོགས་ལ་འདུད། །རང་གིས་རང་ལ་དམ་ཞིག་བཞག །ཐུབ་དབང་རྡོ་རྗེ་འཆང་ཆེན་གྱིས། །མྱོས་གྱུར་བཏུང་བར་ལུང་མ་བསྟན། །བདེན་པར་གསུངས་ཤིང་རྫུན་མེད་པས། །གནམ་ས་གོ་ལོག་འགྱུར་ཡང་སྲིད། །རྒྱུ་འབྲས་བདེན་པས་བསླུ་མི་སྲིད། །ཆང་ནི་ཉེས་ཚོགས་ཀུན་གྱི་གཞི། །རྩ་བ་ཡིན་པ་རྒྱལ་བས་གསུངས། །བག་མེད་སྤྱོད་པས་ཚེ་འདིར་གཡེང་། །གདམས་ངག་ཟབ་མོ་རླུང་ལ་བསྐུར། །ཆང་གིས་རྙེད་དཀའི་དལ་འབྱོར་ཕུང་། །ཉོན་མོངས་རྒྱས་ཤིང་མི་དགེ་སྤྱོད། །ཆང་གིས་དགེ་བའི་དཔུང་ཚོགས་འཇོམས། །སྒོམ་སྒྲུབ་དགེ་སྦྱོར་གཡེང་ལ་ཤོར། །ཆང་གིས་མི་རྟག་དྲན་མི་བསྐུལ། །ཨ་འཐས་རྟག་འཛིན་རྒྱ་བྲག་བྱེད། །ཆང་གིས་འཁོར་བའི་ཉེས་མི་རྟོགས། །ཞེན་ཆགས་སྐྱིད་འདོད་བདེ་སྣང་ཤར། །ཆང་གིས་ལས་འབྲས་ཁྱད་དུ་བསད། །བག་ཆགས་ཉེས་དམིགས་མང་པོ་བསགས། །ཆང་གིས་ཚེ་དང་བཀྲག་མདངས་འཕྲོག །སྐྲ་དཀར་གཉེར་མ་ལྷག་པར་མགྱོགས། །ཆང་གིས་བསོད་ནམས་ཉམས་པར་བྱེད། །གསེར་དངུལ་ལ་སོགས་ཆང་རིན་སྟེར། །ཆང་གིས་ངག་འཆལ་འཁྲུལ་གཏམ་སྨྲ། །གསང་ཚིག་སྦས་སུ་མི་ཐུབ་ཕུང་། །ཆང་གིས་བཟའ་བཏུང་མང་པོ་དྲན། །མི་དགོས་དགུ་དགོས་སྣ་ཚོགས་དགོས། །ཆང་གིས་རྟོག་ཚོགས་དྲན་པ་མང་། །མི་དྲན་དགུ་དྲན་དུ་མ་དྲན། །ཆང་གིས་རྣམ་ཤེས་དབང་མེད་འཁྲུགས། །མངོན་ཤེས་མཁྱེན་པ་ཡོད་མོད་ཟེར། །ཆང་གིས་སྒྱུ་ལུས་འབྱུང་བཞི་འཁྲུགས། །དབང་ལྔ་ཚོགས་བརྒྱད་གསལ་ཏོ་ཟེར། །ཆང་གིས་དགའ་བྲིད་བདུད་ཀྱིས་བསླུས། །རིག་པ་དགུ་འགྱུར་གསལ་སྣང་འོང་། །ཆང་གིས་མི་བསླུ་གང་ཡང་མེད། །མཐོ་ནས་དམའ་ལ་མང་པོ་བབས། །ཆང་གིས་ནད་ཀྱི་སྣ་འདྲེན་པས། །བཅོས་མེད་ནད་ཀྱིས་མང་པོ་འཆི། །ཆང་གིས་གདོན་གྱི་སྣ་འདྲེན་པས། །འཐབ་རྩོད་འཁྲུགས་གཞི་མང་པོ་འོང་། །ཆང་གིས་རྒྱལ་ནད་སྙིང་རླུང་སློང་། །སྨྱོན་པ་བཞིན་དུ་ཅི་ཟེར་མེད། །ཆང་གིས་སྙིང་གཟེར་སེམས་འཁྲུགས་ཤིང་། །སྡང་སེམས་ཁོང་ཁྲོ་མེ་ལྟར་འབར། །ཆང་གིས་བདག་འཛིན་ང་རྒྱལ་ཆེ། །རྒྱལ་པོ་ལྟ་བུའི་འདུ་ཤེས་སྐྱེ། །ཆང་གིས་ཁྲེལ་དང་ངོ་ཚ་བོར། །སྡོམ་རལ་དམ་ཉམས་ལོག་གཡེམ་སྤྱོད། །ཆང་གིས་དོན་མེད་ཕྲག་དོག་བྱེད། །ཚིག་གི་བསྟོད་སྨད་ཙམ་ལ་བལྟ། །ཆང་གིས་མ་རིག་གཏི་མུག་འཕེལ། །བླུན་རྨོངས་དྲན་ཉམས་དབང་པོ་འཆོལ། །ཆང་གིས་མ་ཤི་གསོན་རོ་བྱེད། །དགྲ་བོ་ཡིན་ཡང་དེའི་དྲུང་འགྱེལ། །ཆང་གིས་འཆི་བདག་གཤེད་མ་བྱེད། །ཕལ་ཆེར་སྲོག་གཅོད་མང་པོ་འོང་། །མདོ་སྡེ་དྲན་པ་ཉེར་གཞག་ལས། །ཆང་གིས་གཡེང་བའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །ཞེས་སོགས་བསླུ་བ་དུ་མར་བྱེད། །སྲོག་རྩོལ་ནང་དུ་རླུང་ཞུགས་ནས། །རྣམ་ཤེས་ལས་རླུང་རྟ་ལ་ཞོན། །བག་ཆགས་ཉོན་མོངས་ཐང་ལ་རྒྱུག །དགའ་འོ་བདེ་ཞིང་སྐྱིད་དོ་ཟེར། །ལས་རླུང་རྟ་རྒོད་མྱོས་གྱུར་བཏུང་། །སེམས་ཀྱི་བྱིས་པས་དེར་ཞོན་ནས། །ཐར་ལམ་གདམས་པ་ཕྱི་རུ་བཞག །ངུ་འབོད་ལྕགས་མཁར་འབེན་གཏོད་ཅིང་། །ཐར་མེད་འཁོར་བའི་ཐང་ནས་རྒྱུག །ཉིན་རེ་བཞིན་དུ་ས་ཚུགས་རེ། །ཕེབས་ཤིང་འགྲོས་བཞིན་བརྩོན་འགྲུས་ཀྱིས། །ནམ་ཞིག་སླེབས་པར་ཐེ་ཚོམ་མེད། །རྒྱུད་ལས་གསུངས་པ་འགྱུར་མེད་ནི། །སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་གྱུར་གང་། །ངུ་འབོད་གནས་སུ་འཚོད་པར་འགྱུར། །གསུངས་བཞིན་ཆང་ནི་སྟོབས་ཆེ་བས། །བཙན་དུག་བཞིན་དུ་སྤང་བར་གཅེས། །དུས་གསུམ་སངས་རྒྱས་རྣམས་ཀྱིས་འདི་མ་གནང་། །རྒྱལ་སྲས་འཁོར་ཚོགས་བཅས་པས་དུག་བཞིན་སྤངས། །འཕགས་བོད་སྐྱེས་མཆོག་རྣམས་ཀྱིས་རྟག་ཏུ་སྨད། །དུག་ལྔ་སྨན་བསྒྱུར་གསང་རྫས་ཙམ་མ་གཏོགས། །མདོ་སྔགས་གང་གི་སྒོ་ནས་དགག་བྱར་གསུངས། །རྒྱལ་བས་ལུང་མ་བསྟན་པའི་མྱོས་གྱུར་བཏུང་། །ཉེས་དམིགས་སུམ་ཅུ་རྩ་ལྔ་བསྟན་པ་ལྟར། །ཉེས་ཀྱང་འགྱོད་མེད་རྗེས་སུ་ཡི་རང་བཞིན། །ཀུན་གྱིས་མྱོང་གྲོལ་བདུད་རྩི་བཏུང་བ་ལྟར། །མགྲོན་ཆེན་ཟས་མཆོག་ཟེར་ཞིང་ལོངས་སྤྱོད་དོ། །ཆང་གིས་ཉེས་བྲལ་ཡོན་ཏན་རྒྱས་པ་ནི། །གང་ལ་བལྟས་ཀྱང་ངས་ནི་མཐོང་མ་མྱོང་། །རང་གི་སྣང་བ་མ་དག་ཨེ་མ་ཡིན། །མཚོ་སྐྱེས་རྗེ་དང་གྲུབ་ཐོབ་བིཪྺ་པས། །ཆང་ཁལ་ལྔ་བརྒྱ་རེ་གསོལ་ངོམས་ཙམ་མེད། །ཉི་མ་བཙོན་དུ་བཟུང་བའི་ལོ་རྒྱུས་བཞིན། །གང་ལ་ཆང་གི་ཉེས་པ་མི་འབྱུང་ཞིང་། །ཉོན་མོངས་སྐྱོན་གྱིས་མ་གོས་པདྨ་ལྟར། །གསང་སྔགས་ཐེག་ཆེན་སྤྱོད་པ་ཡིན་ཤས་ཆེ། །བླུན་རྨོངས་བདག་འདྲས་བཏུང་བའི་ཡུལ་མ་ཡིན། །རྒྱལ་བས་གསུངས་ལ་བདེན་པར་མི་འཛིན་པ། །རྒྱུ་འབྲས་ཁྱད་དུ་བསད་ན་རང་ཉིད་ཕུང་། །ཨོ་རྒྱན་པདྨ་མེ་དཔུང་ཀློང་དུ་བཞུགས། །བཙན་དུག་བཞེས་དང་མཁའ་ལ་བྱ་བཞིན་འཕྱོ། །དེ་བཞིན་གྲུབ་ཐོབ་རྣམས་ཀྱིས་གྲུབ་པའི་རྟགས། །སོ་སོར་བྱེ་བ་ཕྲག་བརྒྱར་བསྟན་ནུས་སོ། །དེ་ལྟར་རང་ལ་ནུས་པ་ཨེ་ཡོད་དམ། །ཡོད་ན་ཆང་གི་སྐྱོན་གྱིས་ཅི་ཡིས་གོས། །མེད་ན་ཐེག་ཆེན་དམ་པའི་སྤྱོད་པ་ཡིས། །ཤེས་མེད་ཐེག་དམན་མང་པོ་ངན་སོང་ལྷུང་། །གསང་སྔགས་རྫས་ཙམ་མ་གཏོགས་པད་འབྱུང་གིས། །ཆང་མ་གནང་ཞིང་དགག་བྱ་ལོ་རྒྱུས་མང་། །ཐེག་ཆེན་ལྟ་བ་ནམ་མཁའ་དང་མཉམ་ཡང་། །རྒྱུ་འབྲས་རྡུལ་ཙམ་ཞིབ་དགོས་གསུངས་པ་ཡིན། །དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས་ཀྱང་། །ཚེ་འདིར་འབྲུ་ཆང་འཐུང་ཞིང་མྱོས་པ་ནི། །ཟངས་ཁུ་འཐུང་བའི་དམྱལ་བར་ལྷུང་ངོ་གསུངས། །དེ་ཕྱིར་རེ་དོགས་བྲལ་བའི་རྣལ་འབྱོར་པས། །དོན་ལ་མི་བརྒྱ་བསད་པས་མི་འཇིགས་ཀྱང་། །དངོས་སུ་ཤིག་སྲོག་ཙམ་ཡང་སུ་ཡིས་བཅད། །དེ་བཞིན་ཆང་ནི་གསང་སྔགས་རྫས་ཡིན་པས། །དོན་ལ་ཉོན་མོངས་སྐྱོན་གྱིས་མ་གོས་ཀྱང་། །དབང་ཡོད་སྨྱོན་ཆུ་འཐུང་བ་ཅི་བྱེད་དམ། །ཆང་ནི་ཉེས་ལྟུང་ཕོག་པ་ཀུན་གྱི་གཞི། །དང་པོ་བག་མེད་རྣམ་རྟོག་དོན་འཆོར་བདེ། །གཉིས་པ་གླང་ཆེན་སྨྱོན་ལྟུར་ཚུལ་ཁྲིམས་འཆོལ། །གསུམ་པ་དྲན་ཉམས་རོ་ལྟར་གཏི་མུག་འགྱུར། །ཐར་པའི་གེགས་བྱེད་ངན་འགྲོའི་རྒྱུ་ཡིན་ནོ། །དགའ་བ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། །ཆང་འཐུང་བ་ལ་མངོན་པར་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧཱ་ལའི་དུག་བཞིན་དེ་མི་བཏུང་། །ཞེས་གསུངས་སྨྱོན་མིན་བཙན་དུག་སུ་ཡིས་འཐུང་། །དགའ་བྲིད་བདུད་ཀྱི་ལྕགས་ཀྱུ་རྣོན་པོའི་རྩེར། །གང་ཡང་བསླུ་བའི་ཤ་ཆང་རོ་སྦྱར་ནས། །ཞེན་ཆགས་བདག་འཛིན་ཟ་འདྲེས་ཟོས་གྱུར་ན། །རེ་ཞིག་སེམས་ཀྱི་ཉ་མོ་བསླུ་ཉེན་ཆེ། །སྡུག་བསྔལ་ཆེ་མྱོང་ངུ་འབོད་ནང་དུ་དྲངས། །མི་ལོ་བྱེ་ཕྲག་སོ་ལྔ་ཡང་འཕེལ་བར། །མེས་བསྲེག་འབར་བའི་སྡུག་བསྔལ་བརྣག་དགོས་སོ། །དེ་བཞིན་ཉེས་ལྟུང་ཆུང་ངུ་རེ་ཕོག་ན། །སྨྱོན་པའི་སྐྱེ་བ་ལྔ་བརྒྱ་རེ་བླང་དགོས། །དེ་སོགས་ཉེས་པ་གང་གིས་བགྲང་མི་ནུས། །འགྲོ་བའི་ཆང་འཐུང་ཉེས་སྒྲུབ་དག་པའི་ཆེད། །བདག་གིས་ཆང་ནི་ཡོངས་སུ་སྤང་བར་བྱ། །སྤངས་ན་སྔར་བཤད་ཉེས་པ་ཀུན་བྲལ་ནས། །རྟག་ཏུ་ལུས་སེམས་བདེ་དང་དགེ་སྦྱོར་འཕེལ། །ཡང་དག་མཁྱེན་དང་བློ་གསལ་རིག་པ་དྭངས། །ཐར་ལམ་ཟིན་སོགས་ཡོན་ཏན་དཔག་མེད་འབྱུང་། །ཞེས་པ་ཆང་གི་ཉེས་དམིགས་ནི། །བསམ་མི་ཁྱབ་ཅིང་སྤང་བའི་ཐབས། །རང་གིས་རང་ལ་གདམས་པ་འདི། །བྲག་དཀར་ནམ་མཁའི་རྫོང་གི་མགུལ། །སྤྲང་ཆེན་བདུད་འདུལ་མིང་ཅན་གྱིས། །བཀོད་པས་སེམས་ཅན་ཐམས་ཅད་ཀྱིས། །བག་མེད་མ་སྤང་རང་གྲོལ་དུ། །རྟོགས་ནས་ཁམས་གསུམ་གྲོལ་བར་ཤོག །
ཆར་བཀག་གི་ཉེས་དམིགས། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །ཆར་བཀག་གི་ཉེས་དམིགས། ཇི་སྐད་དུ། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛད་ཅིང་བཞུགས་གྱུར་ཅིག །ཞེས་པ་ལྟར་རྩ་བའི་བླ་མ་རིན་པོ་ཆེ་ཞལ་བཞུགས་དུས་རྒྱལ་ཁམས་སྤྱི་དང་ཡུལ་ཕྱོགས་འདི་དག་ཏུ་ཆར་ཆུ་དུས་སུ་འབབས། ལོ་ཕྱུག་རྟག་ཏུ་ལེགས། ནད་ཡམས་མུ་གེ་དམགས་འཁྲུགས་སོགས་མེད་པར་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཅིང་། གནས་པ་ལ། ད་ལྟ་ཆེ་དགུར་རློམ་པ་ཀུན་གྱི་སྙིང་ལ་རྒྱལ་འགོང་གིས་གནས་མལ་བཅས་ཤིང་ཅུང་ཟད་དབང་ཡོད་དུ་གྱུར་པ་རྣམས་ཀྱང་དེ་མ་ཐག་ཏུ་རྒྱལ་འགོང་གིས་དབང་དུ་བྱས་ནས་རྒྱལ་ཁམས་མི་བདེ་བའི་ཐབས་ལ་འབད། དེའི་མཐུས་ད་ནི་དབྱར་ཟླ་བ་གསུམ་ལ་བསིལ་དྲོད་སྙོམས་པ་དང་མེ་ཏོག་བཀྲ་བ་སོགས་ཅུང་ཟད་སྐྱིད་པར་སྣང་བ་ཙམ་ཡོད་པ་དེ་ཡང་ཐབས་སྣ་ཚོགས་ཀྱིས་མེད་པར་བྱེད། དེ་ཙ་ན་བདུད་དང་རྒྱལ་འགོང་གིས་གྲོགས་བྱས་པའི་མཐུ་དང་ཆར་གཅོད་སོགས་བྱེད་མཁན་རྣམས་ནུས་པ་ཆེ། ཆོས་བཞིན་དུ་བསྲུང་སྐྱོབ་རིམ་གྲོ་རྒྱལ་ཁམས་བདེ་ཐབས་སོགས་བྱེད་མཁན་རྣམས་ནུས་པ་ཆུང་ཞིང་སྐྱེ་བོས་འཕྱ་སྨོད་ཀྱི་གཞིར་གྱུར་བ། འདི་དག་ལ་སོམ་ལ་གར་འགྲོ་རྒྱུ་ཡིན་ན་མྱུར་དུ་སོང་། མིན་ན་དབྱར་ངོ་ཞག་གྲངས་ཆ་ཤས་འདི་དགུན་དཔྱིད་ལྟ་བུ་ཞིག་ཏུ་བསྒྱུར་དུ་མ་འཇུག་པར། འབྱུང་བའི་འཕོ་འགྱུར་དུས་བཞིའི་རྒྱལ་མོལ་བྱེད་དུ་ཆུག །ཁ་དྲོ་ལོ་བརྒྱ། སྐུ་ཚེ་རིང་། རྩ་བའི་བླ་མ་ཡིད་བཞིན་ནོར་བུ་དེའི་ཞབས་དྲུང་ནས་བླ་བཙོང་ཡུལ་འབྲོག་ཀུན་ལ་གནོད་ཚབས་ཆེ་ཞིང་། ཉ་སྦལ་ལྕོང་གསུམ་ཡན་ཆད་ཁ་ལ་དོགས་པའི་སྡིག་ལས་ཚབས་པོ་ཆེ་དེ་འདྲ་མ་བྱེད་སྐུ་ཚེ་རིང་། གཞི་ཉིན་ལོང་ཡང་སེར་མོ་ཁ་ཤས་འགོ་ལོག་ཏུ་འགྲོ་དགོས་ཟེར་ནས་དབྱར་གྱི་ཆར་ཆུ་ཐན་པར་བསྒྱུར། ད་ལོ་ཡང་དེ་ལྟར་མཛད་ན་རྒྱལ་ཁམས་ཀུན་ལ་གནོད་ཚབས་དེ་བས་ཆེ་བ་མི་འདུག་པས་དགོངས་མཛོད་ལར་ཡུལ་གང་ན་དགོན་གནས་ཁང་པ་ཡུལ་བ་རུ་བའི་འགྲོ་སྡོད་སོགས་རང་རང་གི་བྱ་བ་ཕྲན་བུ་ཞིག་གི་དོན་དུ་དབྱར་གྱི་ཆར་ཆུ་ཐན་པར་བསྒྱུར་བ་ལོ་རེ་བཞིན་དེ་ལྟར་མཛད་ན་རྒྱལ་ཁམས་ཀུན་ལ་གནོད་ཚབ་དེ་བས་ཆེ་བ་མི་འདུག་པས་ཀུན་གྱིས་དགོངས་མཛོད། དཔལ་སྤྲུལ་བས་སོ། །
འདྲེ་མོ་ལྟས་བརྒྱ་མ། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །འདྲེ་མོ་ལྟས་བརྒྱ་མ་ཞེས་བྱ་བ་བཞུགས། ཇི་སྐད་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཕོ་ཉ་ཕོ་ཉ་མོ་ཡིས་སྔོན། །གང་ཕྱིར་དུ་མར་གསོལ་བཏབ་ཅིང་། །སྡིག་པ་རྣམས་སམ་གྲགས་མིན་ལ། །གང་གི་དོན་དུ་མ་འཛེམ་པར། །འཇིགས་པ་ལ་ཡང་བདག་ཞུགས་ཤིང་། །རྫས་ཀྱང་ཟད་པར་བྱས་གྱུར་ཏེ། །གང་ལ་ཡོངས་སུ་འཁྱུད་པ་ན། །མཆོག་ཏུ་དགའ་གྱུར་དེ་དག་ཉིད། །ཀེང་རུས་ཉིད་ཡིན་གཞན་མིན་ནོ། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་སྐྱེ་བོ་ཤིན་ཏུ་རྨོངས་པ་འདོད་པའི་དབང་དུ་གྱུར་བ་བུད་མེད་ཀྱིས་བྲན་དུ་བཀོལ་བ་རང་དབང་ཅུང་ཟད་ཀྱང་མེད་པ་དག་གིས་བུད་མེད་ཀྱི་ལུས་ཀེང་རུས་རྒྱུས་པས་སྤྲེལ་པ་བཤང་ལྕི་དང་མི་གཙང་བས་གང་བ། དྲི་ང་བ། ཡིད་དུ་མི་འོང་བ། བྱུར་ཐམས་ཅད་ཀྱི་སྣ་འདྲེན་དེ་ལ་འདོད་བྱ་ཡིད་འོང་གི་དངོས་པོ་ལྷའི་བུ་མོ་ལྟར་བལྟས་ནས། སྲིན་མོ་གདོང་དམར་མ། འདྲེ་མོ་འགོ་ཁྲ་མ། ཕུང་མོ་གཤིས་ངན་མ་དེ་བདག་གིར་བྱ་བའི་ཆེད་དུ། གསེར་དངུལ་རྟ་མཛོ་གནག་ལུགས་སོགས་གཅེས་པའི་རྒྱུ་རྫས་མང་པོ་བཏང་། འདྲེ་མོ་ལྟས་ངན་བརྒྱའི་ཐོག་མ་ཉིན་པར་གྱི་འུག་རྒན་ལྟ་བུ་དེ་ཁྱིམ་དུ་འོང་བ་ལ་དགའ་བའི་སྟོན་མོར་བྱེད་པར་རློམས་ཤིང་། སེམས་ཅན་མང་པོའི་སྲོག་བཅད་རང་གཞན་གཉིས་ཀ་དམྱལ་བ་བསྡུས་འཇོམས་ཀྱི་ཡུལ་ནས་བར་བསྐལ་མང་པོར་མི་ཐར་པའི་རྒྱུ་དེ་འདྲ་ཤེས་ལྡན་བསམ་ཡོད་ཀྱི་མི་ཞིག་ཡིན་ཕྱིན་ཆད་གཏན་ནས་བྱེད་ཐབས་མི་འདུག་པས་དཔོན་གྱི་ངག་བཀོད་བཞིན་བྱེད་ངན་དེ་འདྲ་ཕྱིན་ཆད་རྒྱུན་ཆོད་ངེས་བྱས་ན། སྣ་ས་ཕ་མིང་ཁྱོ་ཤུགས་གྱོས་རྒྱུགས་སོགས་ཐམས་ཅད་ལ་འདི་ཕྱི་ཀུན་ཏུ་དགེ་བ། རྒྱལ་བའི་བཀའ་བླ་མའི་གསུངས་མཐོང་ཆོས་མྱོང་བ་ཐམས་ཅད་ཀྱིས་ཚད་མ་ཡིན་པས་དེ་ལུགས་སྡེ་སྤྱིའི་སྐྱ་སེར་ནས་ཡིད་འཇགས་ཡོད་པར་གྱིས། ཆུ་བྱ་ཟླ་ཚེས་ལ། སྐྱབས་མགོན་བླ་མ་མཆོག་གི་གདན་ས། ཡུལ་སྐྱོང་ཟླ་རྒྱལ་འཕེན་པོའི་མདུན་ཞོལ། རྒྱལ་བསྟན་བཤད་སྒྲུབ་གཉིས་ཀྱིས་སྐྱོང་བའི་ཆོས་སྡེ་ཆེན་པོ་ནས་མཁས་པ་དཔལ་སྤྲུལ་རྒྱལ་པོས་སྤྲིང་།
དེང་རབས་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
༄༅། །དེང་རབས་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ལུགས་གཉིས་ཇི་བཞིན་མཁྱེན་པའི་ཤེས་རབ་ཀྱིས། །བདག་བློའི་རྨོངས་པ་སེལ་བའི་ཐུགས་རྗེའི་མགོན། །དུས་ཀུན་འབོད་པའི་སྐྱབས་གཅིག་སེམས་ཀྱི་ལྷ། །གངས་ཅན་འགྲོ་འདི་ལེགས་པའི་ལམ་དུ་དྲོངས། །ཡ་རབས་སྤྱོད་པ་མི་སློབ་པ། །རང་ཉིད་རང་གིས་དམའ་འབེབ་སྟེ། །གཞི་བྱེས་གང་དུ་གནས་ཀྱང་རུང་། །ལུགས་གཉིས་སྲོལ་ལ་ནན་ཏན་བྱ། །མི་ཚེ་བདེ་ཞིང་སྐྱིད་པ་ལ། །ལས་ཀུན་རང་ཤེས་རང་གཅུན་དགོས། །དེ་ལ་ཆོས་དང་ལུགས་སྲོལ་གཅེས། །དེ་ཚུལ་མདོར་བསྡུས་བཤད་པར་བྱ། །སེམས་ལྡན་སེམས་མེད་སྐྱེ་དངོས་རྣམས། །འཚོ་གཞི་རང་བྱུང་ཁོར་ཡུག་སྟེ། །ཚེ་སྲོག་འདི་ལ་བརྟེན་པའི་ཕྱིར། །ཀུན་གྱིས་འདི་ཉིད་བསྲུང་བར་བྱ། །ཉི་མས་དྲོ་ཞིང་ཟླ་བས་བསིལ། །ཆུ་གཙང་མཁའ་དབུགས་རྩི་ཤིང་ལྡན། །གྲངས་མེད་སྐྱེ་བོར་འཚོ་བཅུད་སྟེར། །འདི་ནི་རང་བྱུང་ཁོར་ཡུག་གོ །ས་བརྐོ་ཤིང་གཅོད་ཆུ་བསྒྱུར་སོགས། །ཁོར་ཡུག་གཏོར་བརླག་ཅེས་བྱ་སྟེ། །སྣ་ཚོགས་རྫས་ངན་གད་སྙིགས་ཀྱིས། །བསླད་པ་ཁོར་ཡུག་འབགས་བསླད་ཡིན། །གལ་ཆེན་གནད་ལ་མ་ཐུག་ན། །རང་གིས་མི་བྱ་གཞན་གྱི་འགོག །གཏོར་དང་འབགས་པ་འདི་དག་གིས། །སྐྱེ་འགྲོའི་འཚོ་རྐྱེན་འཇོམས་ཕྱིར་རོ། །མི་ཡི་འདོད་རྔམ་མེ་ཆེན་གྱིས། །ཁོར་ཡུག་བསྲེགས་པའི་ལེ་ལན་དུ། །ས་ཆེན་ཁྲོས་པའི་སྟོབས་ཤུགས་ཀྱིས། །ཡ་ངའི་འཇིགས་པ་མ་མཐོང་ངམ། །ས་ནི་སྐྱེ་འགྲོའི་གཞི་རྟེན་དང་། །བུ་རབས་ཚ་བརྒྱུད་འཚོ་ཡུལ་ཏེ། །གཞན་ལ་མི་བཙོང་གཏེར་མི་འབྱིན། །བརྐོས་ན་སླར་གསུབ་རྩྭ་ཤིང་བསྐྱེད། །ས་ཆེན་འདོད་དགུའི་འབྱུང་གནས་ཏེ། །གལ་ཏེ་མི་ཡིས་ལོངས་སྤྱད་ན། །བུང་བས་མེ་ཏོག་རྩི་འཐུང་བཞིན། །རྟེན་ལ་གནོད་མེད་ཅིས་ཀྱང་དགོས། །ཆུ་ནི་སྐྱེ་དགུའི་འཚོ་རྟེན་དང་། །སྲོག་ཆགས་བྱེ་བའི་གནས་ཡུལ་ཏེ། །རང་དགར་གཅོད་བསྒྱུར་བྱས་གྱུར་ན། །རང་གཞན་མི་བདེ་སྣ་ཚོགས་འབྱུང་། །ཆུ་ཡིས་ལུས་ལ་ཕན་གནོད་ཙམ། །སྨན་དང་དུག་གིས་མི་བྱེད་གསུངས། །དེས་ན་འཕྲལ་གྱི་ཁེ་ཕན་ཕྱིར། །བཀག་གཅོད་བསྒྱུར་བ་སྤང་བར་བྱ། །ཤིང་གི་འཚོ་དབུགས་ལུས་ཁམས་གསོ། །རྐང་འཐུང་ཆུ་ཡི་འཇིགས་པ་སེལ། །གཅོད་བསྲེག་མི་བྱ་བཅད་ཀྱང་སླར། །ཅིས་ཀྱང་སྔར་བཞིན་བསྐྱེད་པར་བྱ། །མཁའ་དབུགས་གཙང་མའི་དྭངས་བཅུད་ཀྱིས། །སྐྱེ་འགྲོའི་ལུས་ཁམས་གསོ་བར་བྱེད། །དབུགས་ཀྱི་རྒྱུ་འགྲུལ་དེ་ལ་བརྟེན། །དེས་ན་སྲོག་གི་རྟེན་ཀྱང་ཡིན། །ཁོར་ཡུག་བརླགས་པའི་ཐལ་རྡུལ་དང་། །རྫས་ངན་བསྲེགས་པའི་དུད་པ་ཡིས། །མཁའ་དབུགས་བརླགས་ན་དབུགས་བརྔུབ་པ། །དུག་རླངས་བརྔུབས་དང་ཁྱད་པར་མེད། །གཅོད་བསྒྱུར་བཤིག་པ་ལ་སོགས་ཀྱིས། །དངོས་སུ་གཏོར་བཤིག་མ་བྱས་ཀྱང་། །རྫས་ངན་གད་སྙིགས་འབགས་བསླད་ཀྱིས། །ཁོར་ཡུག་བརླག་པས་གཟབ་པར་བྱ། །སྔོན་པོའི་གནམ་དང་དཀར་པོའི་སྤྲིན། །གཙང་མའི་ཆུ་དང་མཁའ་དབུགས་ནི། །འཇིག་རྟེན་འདི་ན་ཇེ་དཀོན་ཏེ། །ཀུན་ཀྱང་དུག་གི་རང་འཞིན་གྱུར། །རྫས་ངན་ཆུ་ཤོག་གློག་རྫས་སོགས། །ས་ཆུ་མཁའ་དབུགས་བསླད་གྱུར་ན། །བཅོས་མེད་ནད་ཀྱིས་ལུས་སྲོག་འཇོམས། །ལོངས་སྤྱོད་གཞན་གྱིས་ཕན་པ་མེད། །ཁ་ལུད་སྣབས་ལུད་བཤང་གཅི་དང་། །གཙང་ཤོག་ཐུམ་ཤོག་བཏུང་སྣོད་སོགས། །གང་བྱུང་དོར་ན་ཁོར་ཡུག་འབག །འཛམ་གླིང་མི་ཡིས་སྨད་པའི་གནས། །ཁོར་ཡུག་སྲུང་སྐྱོབ་བྱ་བ་ལ། །ཐོག་མར་འདུ་ཤེས་ཤིན་ཏུ་གཅེས། །ཁྲིམས་དང་སྲུང་སྐྱོབ་ཐབས་ཚུལ་སོགས། །རང་གིས་སློབ་ཅིང་གཞན་ལ་བསྒྲག །ཁོར་ཡུག་བརླགས་པའི་རྩ་བ་ནི། །འདོད་ཆེན་རྔམ་པའི་སེམས་ལ་ཐུག །ཆོག་ཤེས་སྟབས་བདེ་འཚོ་བ་ལ། །གནས་ན་སྣོད་བཅུད་གཉིས་ཀར་ཕན། །བྱེ་ས་བཅོས་དང་རྩི་ཤིང་བསྐྱེད། །ས་རྨ་གསུབ་དང་གད་སྙིགས་བསྡུ། །འབགས་གཏོར་འགོག་ཅིང་སྲོག་ཆགས་བསྲུང་། །སེར་སྐྱ་ཡོངས་ཀྱིས་འབད་དེ་བསྒྲུབ། །ས་མཐོ་ཡུལ་གཙང་གངས་ཅན་ལྗོངས། །འཛམ་གླིང་སྐྱེ་བོའི་བློ་ཡུལ་ན། །ངོ་མཚར་མཐོང་སྨོན་གནས་སུ་བྱེད། །གཏོར་བརླག་འབགས་བསླད་ཤིན་ཏུ་བསྲུང་། །ཁོར་ཡུག་སྲུང་སྐྱོབ་དགོས་པར་བསྟན་པའི་སྐབས་ཏེ་དང་པོའོ། །
འཛམ་གླིང་ལོངས་སྤྱོད་སྣ་ཚོགས་པ། །རྙེད་པ་ཅུང་ཟད་སླ་མོད་ཀྱང་། །རང་རང་རྩ་བའི་འཚོ་ཐབས་རྣམས། །དོར་ན་ཉེན་ཚབས་ཤིན་ཏུ་ཆེ། །རང་ཐབས་དོར་ནས་གཞན་ཐབས་བསྟེན། །གཞན་ཐབས་མི་ཤེས་རིན་གྱིས་ཉོ། །ཕོངས་པའི་སྔ་ལྟས་སླེབས་པ་སྟེ། །དུས་འགྱུར་བྱུང་ཚེ་ཤེས་ཀྱང་ཕྱི། །རང་ཟས་སྤངས་ནས་གཞན་ཟས་བསྟེན། །གཙང་བཙོག་མི་ཤེས་མཐོང་ཚད་ཟ། །ཁ་ལ་ཞིམ་ན་བཟང་པོར་བརྩི། །བཟའ་བཏུང་ལུས་ཀྱི་གཤེད་དུ་འབབ། །སྦྲ་ནག་དོར་ནས་རས་གུར་ཕུབ། །རས་འཐགས་མི་ཤེས་རྒྱུ་ཆ་མེད། །ཡོད་པ་དོར་ནས་མེད་པ་འཚོལ། །ཤེས་པ་སྤངས་ནས་མི་ཤེས་སྒྲུབ། །ནོར་ནག་དོར་ནས་གྲོང་ནག་འགྲིམས། །ཕ་ས་ཕ་རོལ་ལག་ཏུ་ཤོར་། །བཟོ་ཚོང་མི་ཤེས་རྐུ་འཁྱམ་བསླབས། །གཉིས་མེད་འབྲོག་པ་མི་སྡུག་གམ། །ཕ་ཞིང་དོར་ནས་ཚེར་མ་རྨོས། །ཁ་དང་ལག་པ་མི་ལ་བཟེད། །ངལ་བ་མི་དགོས་སྐྱིད་དོ་ལོ། །ཞིང་མེད་རོང་པ་མི་སྐྱོ་འམ། །ཕ་ནོར་རིན་ཆེན་གཞན་ལ་བཙོང་། །རྡོ་ལྕགས་རྫུན་མ་ནོམ་དུ་འཛིན། །མི་ཐེགས་ཁུར་པོ་རྒྱན་དུ་སེམས། །ཀླད་མེད་འཕྱོར་པོ་མི་མཚར་རམ། །འཛམ་གླིང་མི་ཡི་འཚོ་ཚུལ་ནི། །མི་མཚུངས་དུ་མ་སྣང་མོད་ཀྱང༌། །སོ་སོའི་གནས་དུས་ལུས་སེམས་དང་། །མྱོང་བའི་བབ་དང་ཤིན་ཏུ་མཐུན། །ས་ཆུ་མཁའ་དབུགས་རྩི་ཤིང་གིས། །ཡུལ་དེར་གནས་པའི་སྐྱེ་བོ་གསོ། །དེ་ཕྱིར་གནས་ཡུལ་གང་ཡིན་དེའི། །འཚོ་རྐྱེན་བསྟེན་པ་ཤིན་ཏུ་གཅེས། །ཡུལ་དུས་གཅིག་གི་སྣོད་བཅུད་གཉིས། །ཕན་ཚུན་རྟེན་དང་བསྟེན་པར་གནས། །ཡུལ་དུས་ལྡོག་པའི་འཚོ་རྐྱེན་ལ། །བརྟེན་པ་དྲགས་ན་འཕྲལ་ཡུན་གནོད། །གནའ་བོའི་འཚོ་ཐབས་ཕལ་མོ་ཆེ། །རང་སར་བརྟེན་ཞིང་བསྒྲུབ་པར་སླ། །རང་གིས་ཤེས་ཤིང་ནུས་པའི་ཕྱིར། །དུས་ཀྱི་དར་རྒུད་ཀུན་ལ་བརྟན། །རང་གོས་གྱོན་ཅིང་རང་ཟས་བཟའ། །རང་སར་བསྡད་དེ་རང་སྐད་བཤད། །རང་གི་འཚོ་ཐབས་གོང་དུ་སྤེལ། །རང་ཚུགས་མི་འགྱུར་ཡུན་དུ་གནས། །རང་སའི་འཚོ་རྐྱེན་བསྟེན་པར་བསྟན་པའི་སྐབས་ཏེ་གཉིས་པའོ། །
འཁོར་ཡུག་གཙང་མ་ཉམས་དགའ་བ། །ལྷ་མིའི་སྟོན་པ་མཆོག་གིས་བསྔགས། །སྟོན་པ་ཉིད་ཀྱི་ཕྱག་གིས་ཀྱང་། །ཕྱག་མ་བསྣམས་ནས་གད་བདར་མཛད། །བཤང་གཅི་འདམ་རྫབ་གད་སྙིགས་ཀྱིས། །ཕྱོགས་ཀུན་ཁེངས་པའི་ཁོར་ཡུག་ལ། །སྐྱེ་བོ་ཐམས་ཅད་ཞེ་ལོག་སྟེ། །མ་རབས་རྗེས་ལུས་ཞེས་སུ་སྒྲོག །བཟའ་བཅའི་ཤུབས་དང་བཏུང་བའི་སྣོད། །ཁ་ཕྱིས་ལག་ཕྱིས་གཙང་ཤོག་སོགས། །གད་སྙིགས་སྙིགས་ཟོམ་ནང་དུ་བསྡུ། །གང་སར་འདོར་བ་སྨད་པའི་གནས། །བཤང་གཅི་སྣབས་དང་ཁ་ལུད་ནི། །མདུན་ཐང་འཁོར་ཚིགས་སྤྱི་གླིང་སོགས། །མི་རྣམས་རྒྱུ་བའི་གནས་དག་ཏུ། །ཅིས་ཀྱང་མི་འདོར་རབ་ཏུ་འཛེམ། །མདོར་ན་འཚོ་བའི་གད་སྙིགས་རྣམས། །བསགས་ཏེ་བསྡུ་བའི་གནས་སུ་སྐྱེལ། །སྤྱི་པའི་གནས་དང་སྲང་ལམ་དུ། །ནམ་ཡང་འདོར་བར་མི་བྱ་འོ། །གྱོན་གོས་སྣུམ་བག་དྲི་ནག་ཅན། །རྒྱང་ནས་ཚོར་བའི་དྲི་ངན་ཅན། །དྲུང་ན་གནས་པ་འབྲོ་བྱེད་པ། །སྐྱེ་བོས་བརྙས་འགྱུར་སྤང་བར་བྱ། །གོས་གཙང་ལུས་ཀྱི་རྒྱན་དུ་འགྱུར། །གོས་གཙང་གཞན་ལ་དགའ་བ་སྐྱེད། །གོས་གཙང་ལྷ་ལ་མཆོད་པར་འགྱུར། གོས་གཙང་བགོ་ལ་འབད་པར་བྱ། །དངོས་པོ་ནག་ནོག་དྲི་ངན་ཅན། །གད་སྙིགས་ཁྲོད་དུ་འདོར་བ་བཞིན། །མི་ལུས་ནག་ནོག་དྲི་ངན་ཅན། །གཞན་གྱིས་གད་སྙིགས་བཞིན་དུ་བལྟ། །གད་སྙིགས་དྲི་ངན་ལྡན་པ་ལ། །སུ་ཡང་ཉེ་བར་མི་འདོད་བཞིན། །མི་ལུས་མི་གཙང་དྲི་ངན་ཅན། །ཀུན་གྱིས་རྒྱང་དུ་འདོར་བར་བྱེད། །དྭངས་གཙང་ནང་གི་ཡོན་ཏན་ཚོགས། །ཡོད་ཀྱང་འཕྲལ་དུ་མཐོང་བ་དཀའ། །མི་གཙང་ལུས་ཀྱི་དྲི་མའི་ཚོགས། །བལྟས་པ་ཙམ་གྱིས་མཐོང་བར་འགྱུར། །དེ་ཕྱིར་མཁས་བླུན་མཐོ་དམན་ཏེ། །ཀུན་གྱིས་ཕྱི་ཡི་གཙང་སྦྲ་ལ། །སྣང་མེད་མི་གཞག་མཐོང་ཆེན་བྱ། །འཛམ་གླིང་མི་ཡི་འགྲོ་ལུགས་བསླབ། །ལུས་ཁྲུས་གདོང་ཁྲུས་སོ་ཁྲུས་ཏེ། །ཁྲུས་གསུམ་ལུས་ཀྱི་རྒྱན་དུ་བཅང་། །མི་ཐེག་རྡོ་ལྕགས་ཁུར་པོ་ལས། །འདི་ཉིད་རྒྱན་གྱི་དྭངས་མར་མཐོང་། །ཤེས་མེད་རྒྱན་གྱིས་བརྒྱན་པ་བས། །ཤེས་ལྡན་གཙང་སྦྲ་ལྷག་པར་མཛེས། །གཙང་སྦྲས་སྐྱེ་བོའི་ཡིད་དབང་འགུག །རྡོ་ལྕགས་ཁུར་པོར་ཁྲེལ་དགོད་བྱེད། །གནས་གཙང་གོས་གཙང་ལུས་གཙང་སྟེ། །གཙང་མ་གསུམ་ལ་རྩོན་གྱུར་ན། །ལུས་ཁམས་བདེ་ཞིང་སེམས་ཁམས་དྭངས། །ཕ་རོལ་ཡིད་དགའ་ཀུན་ཀྱིས་བསྟོད། །དམ་པའི་ཆོས་དང་དེང་རབས་ལུགས། །ཀུན་གྱིས་བསྔགས་པ་གཙང་སྦྲ་སྟེ། །དེ་ཉིད་མི་ཤེས་སྐྱེ་བོ་དག །མི་ཡི་ཁྱུ་རུ་ཚུད་པའང་དཀའ། །གཙང་སྦྲ་བྱ་བར་བསྟན་པའི་སྐབས་ཏེ་གསུམ་པའོ། །
ཟས་གོས་སྨན་སོགས་འཕྲོད་པ་བསྟེན། །མི་འཕྲོད་ཡོངས་སུ་སྤང་བར་བྱ། །ནད་མེད་ལུས་འདི་མེད་གྱུར་ན། །ཆོས་དང་འཇིག་རྟེན་གཉིས་ཀ་འཆོར། །ལུས་ནི་ཟས་དང་སྐོམ་ལ་བརྟེན། །བདེ་ཐང་ཡོང་མིན་དེ་ལ་རག །ལུས་ལ་འཕྲོད་པའི་ཟས་སྐོམ་དེ། །དེང་སང་ཉིན་རེ་བཞིན་དུ་དཀོན། །སྣ་ཚོགས་བཏུང་བ་མིང་གྲགས་ཅན། །མིག་གིས་བལྟས་ན་མཛེས་མདངས་ཅན། །ལྕེ་ཡིས་མྱངས་ན་རོ་ཞིམ་ཅན། །ཁོག་ཏུ་སོང་ན་ཁོང་དུག་ཅན། །སྣ་ཚོགས་བཟའ་བ་བྲོ་ཞིམ་ཅན། །མི་གཙང་དུག་གི་སྡེབ་སྦྱོར་ཅན། །ཁྱི་ལུད་དར་བཏུམས་ཕྱི་ཐུམ་ཅན། །གཡོ་སྒྱུ་འཕྲུལ་གྱི་རྫུ་བག་ཅན། །འདི་དག་གད་སྙིགས་བཟའ་བཏུང་ཞེས། །ལུས་ཀྱི་བདེ་ཐང་འཇོམས་བྱེད་དེ། །གངས་ཅན་སྟོན་མོའི་སྡེར་ཁ་དང་། །གཅེས་ཕྲུག་ཁ་ལག་ཁྱབ་ནས་ཡོད། །ཞིང་ལ་ཞིང་སྨན་བཏབ་པ་ཡིས། །ས་ཞིང་བསླད་ཅིང་ལོ་ཏོག་འབགས། །ཟོས་ན་ཁོང་ནད་སྣ་ཚོགས་སྐྱེད། །གནོད་ཅན་ལད་ཟློས་སྤངས་ན་བཟང་། །གངས་ཅན་ས་ཡངས་མི་གྲངས་ཉུང༌། །འབྲུ་རིགས་ནོར་ལུག་སྣ་འཛོམས་གནས། །བཟའ་བཏུང་གཙང་མས་རང་ཁ་སོས། །རྫས་འགྱུར་འབགས་བསླད་དགོས་པ་མེད། །འབྲི་མར་བཙོངས་ནས་ཤིང་མར་ཉོ། །དུག་མེད་བཅུད་ཅན་གཞན་ལ་བཙོང་། །བཅུད་མེད་དུག་ཅན་རང་གིས་བཟའ། །ཤོག་སྒོར་རྙེད་ཀྱང་བདེ་ཐང་བརླག །གྲོ་ནས་སྲན་སོགས་འབྲུ་རིགས་དང་། །བོད་སྐྱེས་སྔོ་ལྡུམ་ཞོ་འོ་སོགས། །ཁ་ལ་ཞིམ་ཞིང་ལུས་ཁམས་གསོ། །འབགས་མེད་བཅུད་ལྡན་བསྟེན་ན་བཟང་། །བུད་མེད་ལུས་ཀྱི་འཕྲོད་བསྟེན་ནི། །གསོ་རིག་རྒྱུད་ཀྱི་དགོངས་པ་འམ། །ནུབ་གླིང་རིག་པའི་བླང་དོར་དག།།ཚུལ་བཞིན་བསླབས་ནས་ལག་ལེན་བྱ། །ནད་མེད་ལུས་ལ་བརྟག་བཤེར་དང་། །ནད་ཅན་སྨན་དཔྱད་བསྟེན་པ་ནི། །ཇི་ལྟར་སྔ་བ་དེ་ལྟར་བཟང་། །ཕྱི་འགྱངས་བྱས་ན་སྲོག་ལ་གཟན། །ཨེ་ཛི་ལ་སོགས་ནད་མང་པོ། །སྤྱོད་ལམ་ཉེས་པ་ལས་བྱུང་སྟེ། །དེས་ན་བཟའ་བཏུང་སྤྱོད་ལམ་དག །འཕྲད་མིན་བརྟགས་ཏེ་འཕྲོད་པ་བསྟེན། །འཕྲོད་བསྟེན་བྱ་བར་བསྟན་པའི་སྐབས་ཏེ་བཞི་པའོ། །
གནའ་དུས་བོད་མི་ཕལ་མོ་ཆེ། །སྐྱེ་དང་འཚོ་དང་འཆི་ས་གཅིག།།དེང་དུས་འཛམ་གླིང་ཡུལ་སོ་སོར། །མི་རིགས་སྣ་ཚོགས་ཁྲོད་ན་གནས། །ཡུལ་གཞན་འགྲིམ་ཞིང་གནས་པ་ན། །རྩ་དོན་གསུམ་ལ་ནན་ཏན་བྱ། །གཞན་ལ་བརྩི་འཇོག་རང་ཚུགས་གཟུང་། །གནས་དེའི་མི་ལ་ཕན་བྱེད་དོ། །དང་པོ་གཞན་ལ་བརྩི་འཇོག་ནི། །དད་པ་འདུ་ཤེས་ཡུལ་སྲོལ་ལ། །མི་བརྙས་མི་སྨོད་ཤོང་ཡངས་བསྐྱེད། །གང་ལ་སྐྱོན་བརྩི་ཅི་ནུས་སྤང་། །དད་པ་སེམས་ཀྱི་གཏིང་ལ་ཟུག །མང་པོས་སྲོག་ལས་གཅེས་པར་འཛིན། །དེ་ལ་བརྙས་ན་སུ་ཡང་ཁྲོ། །དགག་བསྒྲུབ་གཉིས་ཀ་སྤང་ན་བདེ། །མི་རྣམས་འདུ་ཤེས་སྣ་ཚོགས་པ། །དངོས་གཅིག་ལྟ་བ་དུ་མ་སྟེ། །བདེན་རྫུན་སོ་སོའི་ལུགས་བཞིན་བལྟ། །དུས་མིན་རིགས་པའི་དགག་གཞག་སྤང་། །འཛམ་གླིང་ཡུལ་སྲོལ་སྣ་ཚོགས་པ། །ལ་ལའི་སྐྱོན་མེད་ལ་ལའི་སྐྱོན། །སྐྱོན་ཡོན་སོ་སོའི་ཡུལ་བཞིན་བརྩི། །ཡུལ་དུས་སྐྱོན་ལ་གཟབ་པར་བྱ། །དེང་དུས་གྲོང་ཁྱེར་ཆེན་པོ་རྣམས། །སྤྱི་པའི་སྒྲིག་ལམ་ཡ་རབས་སྲོལ། །ཕལ་ཆེར་མཚུངས་པ་ཉིད་དུ་གནས། །དེ་དག་ནན་གྱིས་བསྒྲུབ་པར་བྱ། །གཉིས་པ་རང་ཚུགས་གཟུང་བ་ནི། །ཡུལ་གྲུ་གང་དུ་མི་རིགས་ཚོགས། །སུ་ཡི་ཁྲོད་དུ་གནས་ཀྱང་རུང་། །རང་གི་དད་པ་རིག་གནས་སྲོལ། །མི་ཉམས་གཟུང་དང་སྤེལ་བར་བྱ། །འཛམ་གླིང་ཆོས་ལུགས་སྣ་ཚོགས་པ། །ཀུན་ལ་ལེགས་པའི་ཆ་ཡོད་ཅིང་། །གང་དད་རང་དབང་ཡིན་མོད་ཀྱང་། །ཡང་དག་གནས་ལ་དད་པ་གལ། །མཆོག་གསུམ་ཡིད་ཆེས་འགྱུར་མེད་པ། །གངས་ཅན་ཕ་མེས་དད་པ་སྟེ། །དད་གནས་འཕྱུག་མེད་འདི་ལྷག་མེད། །འདི་ཕྱིའི་ལམ་མཆོག་འདི་ཉིད་ཡིན། །དད་མེད་སེམས་ཁོང་སྟོང་པ་ལ། །འབྱོར་བ་ཡོད་ཀྱང་སྐྱིད་པ་མེད། །དད་པ་སེམས་ཀྱི་སྟོབས་ཤུགས་ཏེ། །འདི་ཕྱི་གཉིས་ཀར་ཤིན་ཏུ་མཁོ། །མི་རིགས་གཞན་གྱི་ཁྲོད་གནས་ཀྱང་། །རང་གི་རིག་གནས་ལེགས་པར་བསླབ། །ཕ་མེས་རིག་གཞུང་སྤངས་གྱུར་ན། །དོན་གྱིས་རང་རིགས་ཁྱུ་ནས་བུད། །དེང་སང་གཞན་ཁྲོད་གནས་པའི་བོད། །ཕྲུ་གུས་ཕ་སྐད་མི་ཤེས་ཏེ། །ཕ་མེས་རིག་གཞུང་ལྟ་ཅི་སྨོས། །བསམ་སྤྱོད་གཤིས་ཀ་ཀུན་ཀྱང་སྤངས། །ཤེས་མེད་ཕ་མ་ཁ་ཤས་ཀྱིས། །ད་དུང་དེ་ལ་ངོ་མཚར་བྱེད། །རང་རིགས་ཁྲོད་ནས་ཕུད་པ་དེས། །ཕྲུ་གུར་གནོད་པ་ཤིན་ཏུ་ཆེ། །ཡུལ་གཞན་གནས་ཀྱང་ཕ་སྐད་དང་། །ཕ་མེས་རིག་གཞུང་བསླབ་པའི་གྲྭ། །སྣ་ཚོགས་ཐབས་ཀྱིས་བསྐྲུན་བྱ་ཞིང་། །རང་གིས་གང་ཤེས་ཕྲུ་གུར་བསླབ། །ཡུལ་གཞན་གནས་པའི་རང་རིགས་རྣམས། །ཆུ་ནང་ལྷུང་བའི་སྣུམ་ཐིག་བཞིན། །ཆོས་དང་རིག་གནས་འཚོ་བ་ལ། །མཉམ་རོལ་ལྷན་འཛོམས་གོང་བུར་བསྒྲིལ། །དམ་ཆོས་འཆད་ཉན་བསྒོམ་བསྒྲུབ་དང་། །གླུ་གར་དུས་སྟོན་རོལ་རྩེད་སོགས། །ཆོས་དང་འཇིག་རྟེན་ཕྱོགས་གཉིས་ཀྱི། །མཉམ་འཛོམས་བྱེད་སྒོ་ཅི་ནུས་སྤེལ། །ཕྱོགས་བཞིར་འཐོར་བའི་ལྗེའུ་མི། །རང་གི་རིག་གནས་ལ་བརྟེན་ནས། །མི་ལོ་ཆིག་སྟོང་བརྒྱད་བརྒྱའི་བར། །འགྱུར་མེད་རང་ཚུགས་བཟུང་ལ་ལྟོས། །ཟས་གོས་ཁྱིམ་གྱི་རྒྱན་བཀོད་དང་། །འཚོ་བའི་ཡུལ་སྲོལ་དུས་སྟོན་སོགས། །ཕ་མེས་ལུགས་སྲོལ་ཡང་དག་རྣམས། །ཅི་ནུས་གཟུང་ཞིང་སྤེལ་བར་བྱ། །གསུམ་པ་གནས་དེའི་ཡུལ་མི་ཡི། །སེམས་པ་ཅིས་ཀྱང་བསྲུང་དགོས་ཏེ། །བརྩི་མེད་བརྙས་དང་ཕོག་ཐུག་དག །བྱས་ན་རང་ཉིད་འཕུང་བར་འགྱུར། །ཚོང་སོགས་ལས་ཀ་གཉེར་ཚུལ་དང་། །འོས་འགན་ཁེ་དབང་ལ་སོགས་པ། །ཡུལ་དེའི་སྤྱི་པའི་སྒྲིག་བཞིན་བྱ། །དེ་ཡིས་ཀུན་ཀྱང་མགུ་བར་འགྱུར། །རང་ཉིད་འབྱོར་ཚེ་ལོངས་སྤྱོད་ཀྱི། །ཆ་ཤས་ཡུལ་དེའི་དགེ་ལས་ལ། །ཅིས་ཀྱང་གཏོང་བ་གནད་ཡིན་ཏེ། །གཞན་སེམས་དགའ་ན་རང་ཉིད་བདེ། །ཡུལ་གཞན་ན་གནས་པའི་བསླབ་བྱ་བསྟན་པའི་སྐབས་ཏེ་ལྔ་པའོ། །
རང་ཡུལ་གནས་དང་གཞན་ཡུལ་འགྲིམ། །ཚུལ་མཐུན་སྤྱོད་པར་ནན་ཏན་བྱ། །སྤྱོད་པ་ཚུལ་དང་མ་བསྟུན་ན། །འཛམ་གླིང་མི་ཡིས་སྨད་པར་འགྱུར། །བཟའ་བཏུང་འུར་སྒྲ་མི་བྱ་ཞིང་། །ཕོར་བར་གང་ཡོད་གཙང་མར་བཟའ། །ལྷག་འཕྲོ་བྱུང་ན་ཁྱིམ་དུ་འཁྱེར། །འཕྲོ་བརླག་ནམ་ཡང་མི་བྱ་འོ། །བཤང་གཅི་ཆབ་གཞོང་ནང་དུ་སྟེ། །གཙང་ཤོག་སྙིགས་ཟོམ་ནང་ལ་འདོར། །ཆབ་གཞོང་བཤལ་ཞིང་ལག་པ་བཀྲུ། །བཤང་གཅིས་གང་སར་འབག་མི་བྱ། །གནས་སུ་འཇུག་དང་དངོས་པོ་ལེན། །བྱ་བ་སྒྲུབ་ཚེ་མི་མང་གི །ཕྲེང་རིམ་བཞིན་དུ་འགྲོ་བ་ལས། །ཐོད་རྒལ་འཚང་ག་ནམ་ཡང་མིན། །སྐས་ཐེམ་སོགས་ལ་འགྲོ་བ་ན། །གཡས་སམ་ཡང་ན་གཡོན་དུ་སྟེ། །གནས་དེའི་ལུགས་བཞིན་ཕྱོགས་གཅིག་གཟུར། །གཞན་གྱི་འགྲོ་ལམ་དགག་མི་བྱ། །རླངས་འཁོར་ལ་སོགས་འདུག་སྟེགས་ལ། །ཧབ་ཐོབ་མི་བྱ་བབས་བཞིན་འདུག།།རྒན་པ་སྦྲུམ་མ་ནད་པ་དག །བྱུང་ན་དེ་ལ་སྦྱིན་པར་བྱ། །མི་དང་འཕྲད་ཚེ་འཛུམ་མདངས་སྟོན། །འཇམ་པའི་ངག་གིས་འཚམ་འདྲི་བྱ། །ལམ་སོགས་འདྲི་ན་ལེགས་པར་སྟོན། །རོགས་རམ་གང་དགོས་འབད་དེ་བསྒྲུབ། །གཞན་གྱི་སྤྱི་ཚོགས་སྒྲིག་ལམ་དང་། །ཡུལ་དེའི་གནའ་འམ་དེང་རབས་ཀྱི། །རིག་གནས་རིག་དངོས་ཐམས་ཅད་ལ། །བསྲུང་ཞིང་བརྩི་འཇོག་ནན་ཏན་བྱ། །ཆུ་དང་གློག་སོགས་ཉེར་སྤྱད་རྣམས། །དགོས་པ་སྤྱད་ཅིང་མི་དགོས་བསྲི། །རང་གཞན་དངོས་པོ་གང་ཡིན་ཡང་། །དོན་མེད་འཕྲོ་བརླག་ཤིན་ཏུ་འཛེམ། །གཞན་གྱིས་སྟོར་བའི་དངོས་པོ་དག །རྙེད་ན་བདག་པོར་སྤྲད་བྱ་སྟེ། །རང་གིས་ངལ་བས་མ་བསྒྲུབས་པའི། །ནོར་ལ་འདོད་པ་ཆུང་བར་བྱ། །འགྲིམ་འགྲུལ་གླ་དང་བཟའ་བཏུང་རིན། །གཞན་ལ་སྦྱིན་འོས་གླ་རྔན་ནི། །གཞན་གྱི་རྔུལ་ཆུའི་རིན་ཡིན་པས། །ཕྲན་ཚེགས་ཡན་ཆད་མ་ལུས་སྤྲད། །གནམ་ཐང་ཚོང་ར་ཟ་ཁང་སོགས། །སྤྱི་སྤྱད་སྐྱེ་བོའི་འདུ་གནས་སུ། །ཁ་བརྡ་ཁ་པར་གཏོང་བ་ན། །འབོད་རྒྱང་མི་བྱ་སྒྲ་ཆུང་སྨྲ། །མྱུར་འགྲོས་ལ་སོགས་གཞུང་ལམ་དུ། །གད་སྙིགས་རང་དགར་གཡུག་མི་བྱ། །གཞུང་ལམ་གད་པས་དེ་བསལ་ཚེ། །ལུས་སྲོག་ཤོར་བ་དུ་མ་ཡོད། །ཁྲོམ་མང་འཚོགས་དང་མཁས་མང་འདུ། །དོན་ཆེན་བསྒྲུབ་པའི་གནས་དག་ཏུ། །གོས་ཚགས་ལེགས་པར་བཅོས་བྱ་སྟེ། །གཞན་དུ་མ་གུས་སྤྱོད་ལམ་འགྱུར། །མདོར་ན་སྤྱོད་ལམ་ཐམས་ཅད་ཀྱང་། །ཡུལ་དུས་ལུགས་བཞིན་ནན་ཏན་བྱ། །མི་རིགས་སྤྱི་དང་གང་ཟག་གི །གཞི་སྤུས་གོང་དུ་སྤེལ་བར་བྱ། །སྤྱོད་ལམ་ཡ་རབས་ལ་བསླབ་པའི་ཚུལ་བསྟན་པའི་སྐབས་ཏེ་དྲུག་པའོ། །
ནོར་ལ་དགའ་བ་སུ་ཡང་མཚུངས། །ཚུལ་དང་མཐུན་པ་སུས་ཀྱང་དགོས། །ཚུལ་མིན་ནོར་ལ་རྔམ་པ་དེས། །ཐ་མ་ཕོངས་པའི་གནས་ལ་སྦྱར། །དུས་ཚོད་མི་བརྩི་རང་དགར་འཁྱམས། །ཁ་ཚིག་མི་བརྩི་གླ་ལྷག་འཕྲོག །རྒྱུ་འབྲས་མི་བརྩི་གཡོ་སྒྱུས་སླུ། །འགྲིམ་སྒྲིག་མི་བརྩི་བྱུང་རྒྱལ་རྒྱུག །མི་བརྩི་བཞི་ལྡན་ཁ་ལོ་པ། །ལམ་དཀྱིལ་བསྡད་དེ་ཁ་བརྡ་བྱེད། །སྒྲ་དུང་བུས་ན་སྡང་མིག་བལྟ། །འདི་འདྲ་མི་བྱ་བཟང་པོར་བསླབ། །ཚོང་དང་ཡུལ་སྐོར་ཞབས་ཕྱི་སོགས། །གང་ལའང་དྲང་བདེན་གནད་དུ་ཆེ། །བདེན་པ་མཐའ་རིང་ངང་གིས་འཕེལ། །རྫུན་པ་མཇུག་རྡུམ་མྱུར་དུ་རྒུད། །བདེན་པས་ཕྱོགས་ཀྱི་ཚོང་མགྲོན་འགུག །རྫུན་པས་ཚོང་ཤག་ཕྱོགས་སུ་འབྱེར། །བདེན་ཚོང་རང་གཞན་གཉིས་ཀ་འཚེངས། །རྫུན་ཚོང་རང་གཞན་ཕུང་པར་བྱེད། །ཚོང་རབ་རང་གཞན་གཉིས་ཀ་ཁེ། །ཚོང་འབྲིང་གཞན་ཁེ་རང་ཉིད་ཕམ། །ཚོང་ཐ་གཞན་ཕམ་རང་ཉིད་ཁེ། །ལན་གཅིག་ཁེ་ཡང་གཏན་དུ་ཕམ། །བཟའ་བཏུང་རྫུན་སྦྱོར་དུག་དང་བསྲེས། །ལུས་སྲོག་རིན་གྱིས་བརླག་ཏུ་འཇུག །ཚོང་རྫས་རྫུན་བཟོ་ལྷད་དང་བསྲེས། །བེད་མེད་རིན་གྱིས་ཉོ་རུ་འཇུག །འདོད་ཆེན་བསམ་ནག་དེ་འདྲ་བ། །ཚོང་པ་མ་ཡིན་ཆོམ་རྐུན་ཡིན། །ལས་འབྲས་ཡིད་ཆེས་གངས་ཅན་པ། །ནམ་ཡང་བདེན་པའི་ལམ་ལ་ཆས། །བདེན་ལ་ལམ་ཁ་ཕྲ་ན་ཡང་། །རྫུན་པའི་གཡང་ལ་མཆོང་མི་བྱ། །བདེན་གྱིས་ཡར་རྒྱས་མ་སོང་ན། །གཡོ་སྒྱུ་ཁྲམ་གྱིས་སོང་རབས་མེད། །གངས་ཅན་མཛེས་པའི་ཡུལ་ལྗོངས་དང་། །སྐྱེ་བོའི་སེམས་གཤིས་རིག་པའི་གནས། །ངོ་མཚར་ལྟད་མོར་འཛིན་པ་ཡི། །ཡུལ་སྐོར་མགྲོན་པོ་ངང་གིས་འདུ། །ཡུལ་སྐོར་འབྱོར་བ་རྒྱས་པའི་ཐབས། །འཛམ་གླིང་ཚོང་གི་ཆེ་གྲས་ཡིན། །རྗེས་འབྲས་ལེགས་ཉེས་གཉིས་ཀ་ཡོད། །འཇུག་ལྡོག་ཚུལ་བཞིན་ངེས་པར་དགོས། །ལས་འབྲས་བསྲུངས་ཤིང་གཉིས་དོན་སེམས། །བགྱི་འོས་བྱ་བ་ལེགས་བགྱིས་ན། །རང་གི་ནོར་འཕེལ་གཞན་སེམས་དགའ། །སྙན་པའི་གྲགས་པ་ཕྱོགས་སུ་ཁྱེར། །དགའ་ན་གྲོགས་བཅས་སླར་ཡང་འོང་། །གཞན་ལ་བསྔགས་བརྗོད་མཚམས་སྦྱོར་བྱེད། །ཚོང་ལམ་ཆུ་བོའི་རྒྱུན་བཞིན་རིང་། །ལེགས་པའི་འབྲས་བུ་འཕྲལ་དུ་མཐོང་། །རང་བསྲུང་མི་ཤེས་ཡུལ་སྐོར་གྱིས། །ནད་ངན་སྤྱོད་ངན་ཡོངས་ལ་འགོ །ཁོར་ཡུག་འབགས་ཤིང་རིག་གནས་ཉམས། །ཐོབ་པ་ལས་ཀྱང་ཤོར་བ་ཐུ། །གཞན་བསྲུང་མི་ཤེས་ཡུལ་སྐོར་གྱིས། །ཞབས་ཕྱི་མི་བྱེད་བསླུ་ཐབས་བརྩོན། །རྣམ་འགྱུར་མ་རུངས་ནོར་ལ་རྔམ། །གཞན་སེམས་གཏིང་ནས་སུན་འབྱིན་བྱེད། །ཆུང་ངུའི་ཕྱིར་དུ་ཡིད་ཆེས་བརླགས། །གྲགས་སྙན་ཡོང་སྒོ་ངང་གིས་ཉམས། །ངན་གྲགས་ཕྱོགས་སུ་འཕེལ་བ་ཡིས། །རང་ཉིད་མ་ཟད་རིགས་ལའང་བརྙས། །ཞབས་ཕྱི་ལ་སོགས་ལས་གང་ཡང་། །བསམ་པ་དཀར་ཞིང་རྣམ་འགྱུར་བཟང་། །ཁོང་ཡངས་ཁོག་དྲང་གུས་ཚུལ་ཤེས། །གཞན་སྤྲོ་རང་གི་འབྱོར་བ་རྒྱས། །ཚོང་དང་ཞབས་ཕྱི་ལས་རིགས་ཀྱི་ཚུལ་བསྟན་པའི་སྐབས་ཏེ་བདུན་པའོ། །
ཀོ་བ་མ་མཉེད་གྱོང་པོར་འགྱུར། །ས་ཞིང་མ་རྨོས་ཐ་བར་འགྱུར། །བུ་ཕྲུག་མ་བསླབས་བླུན་པོར་འགྱུར། །དེ་ཕྱིར་སློབ་གསོ་ངེས་པར་དགོས། །ཕྲུ་གུར་སློབ་གསོ་མི་སྟེར་བ། །ཕ་མའི་སྐྱོན་གྱི་ཆེ་ཤོས་ཏེ། །ཡོན་ཏན་རྒྱན་གྱིས་མ་བརྒྱན་ན། །གསོས་པ་ཙམ་གྱིས་ག་ལ་ཆོག །ཕྲུ་གུ་བསྐྱེད་ནས་གསོ་བ་ཙམ། །དུད་འགྲོའི་ཕ་མ་རྣམས་ཀྱང་བྱེད། །ཤེས་རིག་ཡོན་ཏན་བསླབས་བྱས་ན། །ད་གཟོད་མི་ཡི་ཁྱད་ཆོས་ཡིན། །ལྟོ་གོས་བཟང་པོས་གསོས་ན་ཡང་། །ཉིན་གཅིག་འཁྱག་ལྟོགས་སེལ་ཙམ་སྟེ། །སློབ་གསོ་བཟང་པོ་མ་བྱིན་ན། །ཚེ་གཅིག་དཀའ་ངལ་སེལ་ཐབས་མེད། །ཁྱིམ་ཚང་སློབ་གྲྭ་སྤྱི་ཚོགས་ཏེ། །སློབ་གསོ་རྣམ་པ་གསུམ་ཞེས་བྱ། །སློབ་གསོ་བཟང་པོ་ལ་བརྟེན་ན། །ངན་པའང་བཟང་པོའི་ལམ་དུ་འགྲོ །དང་པོ་ཁྱིམ་ཚང་སློབ་གསོ་ནི། །ཕ་མ་བཟང་པོའི་ཁ་ཏ་དང་། །སྤྱོད་ལམ་བཟང་པོའི་དཔེ་སྟོན་སོགས། །ཡ་རབས་ཁྱིམ་གྱི་བསླབ་བྱ་ཡིན། །ཐོག་མར་ཁྱིམ་སློབ་བཟང་པོ་དགོས། །ཡང་ན་ཆོས་ཀྱི་སློབ་གསོ་བསྟེན། །དེ་གཉིས་མེད་པའི་ཤེས་རིག་གིས། །ཕན་གནོད་གང་བྱེད་ཆ་མི་འཚལ། །བྱིས་སེམས་ཤོག་བུ་གཙང་མ་ལ། །བཟང་ངན་རི་མོ་གང་བྲིས་ཆོག །དེས་ན་ཁྱིམ་སློབ་བཟང་པོ་ཡིས། །མི་ཚེའི་རྨང་གཞི་ལེགས་པོ་བསྐྲུན། །མངལ་ན་གནས་ལ་མངལ་སློབ་དང་། །བཙས་མ་ཐག་ཏུ་བྱིས་སློབ་བྱེད། །ན་རིམ་དང་མཐུན་སློབ་ཚུལ་ནི། །གནའ་དང་ད་ལྟའི་ལུགས་ལ་སྣང་། །བསམ་སྤྱོད་བསྒྱུར་སླ་བྱིས་པའི་དུས། །ཕ་མ་བཟང་དང་མཉམ་འགྲོག་པ། །ཐོག་མའི་སློབ་གསོ་གལ་ཆེན་ཏེ། །རང་རིགས་ཡོན་ཏན་དེ་ལས་འགོ །དེང་དུས་བྱིས་པ་ཡུན་རིང་དུ། །ཕ་མར་ཁ་ཕྲལ་རིགས་གཞན་གྱི། །གྲོགས་དང་དགེ་རྒན་ལ་བསྟེན་པ། །རང་རིགས་མྱུ་གུ་རློག་པ་ཡིན། །བར་དུ་སློབ་གྲྭའི་སློབ་གསོ་བསྟེན། །རབ་འབྱམས་ཤེས་བྱར་བློ་གྲོས་ཡངས། །དགག་བསྒྲུབ་ནུས་པའི་རྩལ་ཤུགས་རྒྱས། །མི་ཚེའི་ནང་དུ་མེད་ཐབས་མེད། །རྩ་བ་རང་གི་རིག་གནས་བསླབ། །རིགས་ཀྱི་སྲོག་རྩ་ཡིན་ཕྱིར་རོ། །རང་ལ་མེད་པ་གཞན་ནས་ལེན། །ཡར་རྒྱས་ཕུན་སུམ་འཚོགས་ཕྱིར་རོ། །བསླབ་མཐར་ཕྱིན་ནས་གང་ཤེས་ཀྱིས། །རིགས་དང་རང་ལ་གང་ཕན་གྱི། །གསར་གཏོད་ཡར་རྒྱས་གང་དགའ་བསམ། །ལྕགས་ཕོར་ཁོ་ན་བསྙེག་མི་བྱ། །ཐ་མ་སྤྱི་ཚོགས་སློབ་གསོ་གལ། །སྤྱི་ཚོགས་བྱེད་སྒོ་སྒྲིག་གཞི་སོགས། །ཐབས་ཚུལ་སྣ་ཚོགས་ལ་བསྟེན་ཏེ། །བསམ་སྤྱོད་ཤེས་རིག་གོང་དུ་སྤེལ། །སློབ་གསོ་བཟང་པོས་སེམས་བཅོས་ན། །མི་སེམས་ལྷ་ཡི་སྐུ་རུ་བཞེངས། །སློབ་གསོ་ངན་པས་བློ་བསྒྱུར་ན། །ལྷ་སེམས་འདྲེ་ཡི་གཟུགས་སུ་སྐྲུན། །མདོར་ན་སློབ་གསོ་མ་བསྟེན་པའི། །སྐྱེ་བོ་དམུ་རྒོད་གཏི་མུག་ཅན། །མི་ཡི་གྲལ་ན་ཕྱུགས་ཁྱུ་བཞིན། །འཛམ་གླིང་སྐྱེ་བོའི་རྗེས་སུ་ལུས། །སློབ་གསོ་བསྟེན་དགོས་པའི་ཚུལ་བསྟན་པའི་སྐབས་ཏེ་བརྒྱད་པའོ། །
ས་སྟེང་སྐྱེ་བོ་ཐམས་ཅད་ཀྱིས། །གསོན་པའི་དམིགས་ཡུལ་བདེ་སྐྱིད་འདོད། །དེ་འཚོལ་ཕྱིར་དུ་རྒྱུག་ན་ཡང་། །ཐབས་ཚུལ་ནོར་བས་ཐོབ་པ་ཉུང༌། །མི་ནི་སེམས་དང་བེམ་པོ་སྟེ། །དངོས་པོ་གཉིས་ལ་བརྟེན་ནས་གྲུབ། །དེ་ཕྱིར་དེ་ཡི་དགོས་མཁོ་དང་། །འཚོ་བའང་རྣམ་པ་གཉིས་སུ་གནས། །ལྟོ་གོས་གནས་མལ་མཁོ་ཆས་དག །ལུས་ཀྱི་འཚོ་བའི་ལོངས་སྤྱོད་དེ། །དད་པ་བྱམས་བརྩེ་ཕྱིན་དྲུག་སོགས། །སེམས་ཀྱི་འཚོ་བའི་ལོངས་སྤྱོད་དོ། །འཚོ་བ་དེ་གཉིས་གང་ལ་ཡང་། །དགོས་ངེས་ལོངས་སྤྱོད་མ་ཚང་ན། །དབུལ་པོ་ཡིན་པར་ཁྱད་མེད་ཀྱང་། །དེང་དུས་སྐྱེ་བོས་དེ་མ་ཤེས། །རྫས་ཀྱི་ལོངས་སྤྱོད་མེད་གྱུར་ན། །ལུས་སེམས་སྡུག་བསྔལ་འབྱུང་བ་བཞིན། །སེམས་ཀྱི་ལོངས་སྤྱོད་དབུལ་གྱུར་ན། །སེམས་ལུས་སྡུག་བསྔལ་འབྱུང་བར་གཅིག །དེང་དུས་མི་རྣམས་རྨོངས་སྲེད་ཀྱིས། །སེམས་ཀྱི་ལོངས་སྤྱོད་སྣང་མེད་བོར། །དངོས་རྫས་ཁོ་ན་སྙེག་ཆེས་པས། །འཛམ་གླིང་སེམས་ཁམས་ནད་ཀྱིས་ཟིན། །སེམས་ནད་འཕེལ་བས་ལུས་ཀྱང་བརླགས། །ལུས་སེམས་བདེ་ཐང་ཉམས་གྱུར་ན། །ཤེས་འབྱོར་ཡར་རྒྱས་ཕར་ཟད་དེ། །རང་ཉིད་བདེ་སྐྱིད་ཙམ་ཡང་དཀའ། །བློ་གྲོས་མ་སྨིན་སྐྱེ་བོའི་ཚོགས། །བདེ་སྐྱིད་ནོར་ལས་འབྱུང་ཞེས་སྨྲ། །འབྱོར་ལྡན་བདེ་སྐྱིད་མེད་མཐོང་ཚེ། །མི་ཚེར་ཡི་ཆད་གཏོལ་མེད་གྱུར། །ནོར་ལས་གཞན་པའི་ཡོད་རྒུ་ལ། །དགོས་མེད་རིན་མེད་འཛིན་པ་ཡི། །ཕྱོགས་རིས་ལྟ་བ་མ་སྨིན་པས། །སྤྱི་ཚོགས་ལོག་པའི་ལམ་དུ་བསྒྱུར། །ནོར་ལས་བདེ་སྐྱིད་འབྱུང་བ་ཡོད། །བདེ་སྐྱིད་ཐམས་ཅད་ནོར་ལས་མིན། །ནོར་མེད་སྡུགབསྔལ་འབྱུང་བ་ཡོད། །སྡུག་བསྔལ་ཐམས་ཅད་ནོར་མེད་མིན། །ནོར་གྱིས་ལུས་པོའི་དགོས་མཁོ་འགྲུབ། །སེམས་ཀྱི་འདོད་པ་ནམ་ཡང་མིན། །ལུས་ཀྱི་དགོས་མཁོ་མཐའ་ཅན་ལ། །སེམས་ཀྱི་འདོད་པ་མཐའ་མེད་ཕྱིར། །སེམས་ཁོང་དབུལ་བའི་སྐྱེ་བོ་ཡིས། །ནོར་གྱིས་སེམས་ཁམས་གསོ་བར་འདོད། །མཐའ་མེད་འཕེལ་བའི་འདོད་པའི་རྗེས། །ནམ་ཡང་མི་སླེབས་ཡི་ཐང་ཆད། །འཛམ་གླིང་ནོར་རྫས་ཇེ་འཕེལ་ལ། །བདེ་སྐྱིད་སྣང་བ་ཇེ་འགྲིབ་སྟེ། །འཕེལ་འགྲིབ་འགལ་བའི་དན་གྲངས་ཀྱིས། །ནོར་གྱི་སྙིང་པོ་ཅི་ཡིན་ཤེས། །འཇིག་རྟེན་བདེ་སྐྱིད་མྱོང་བ་ལ། །ལུས་སེམས་ལོངས་སྤྱོད་དོ་སྙོམ་དགོས། །དོ་མཉམ་བྲལ་བའི་ནོར་སྲེད་ཀྱིས། །སྐྱིད་མེད་ནོར་གྱི་བྲན་དུ་འགྱུར། །སེམས་ཀྱི་ལོངས་སྤྱོད་ཕྱུག་པ་ཡིས། །བློ་བདེ་ཀུན་སྤྱོད་ཚུལ་དང་ལྡན། །སྐྱེ་བོས་གདེང་འཇོག་བསྔགས་པ་བརྗོད། །སྤྱི་ཚོགས་བག་དྲོ་འདི་ཕྱིར་བདེ། །བདེ་སྐྱིད་སེམས་ཀྱི་ཚོར་བ་སྟེ། །དངོས་རྫས་མི་གཙོ་འཛིན་སྟངས་གཙོ། །རྫས་ལས་བྱུང་བ་ཉུང་ཟད་དེ། །སེམས་ལས་བྱུང་བ་མང་ཤོས་ཡིན། །སེམས་ཀྱི་འཛིན་སྟངས་འཆོས་པ་ལ། །ཕ་མེས་རིག་གཞུང་ལེགས་པར་བསླབ། །དངོས་པོ་ཁོ་ན་བསྐྲུན་པ་ཡིས། །འདི་བདེ་ཙམ་ཡང་འབྱུང་བར་དཀའ། །མེས་པོའི་སྲོལ་དང་དེང་རབས་ལུགས། །ཟུང་འཇུག་བར་ནས་བདེ་སྐྱིད་འཚོལ། །གཞན་གྱི་ནོར་བའི་རྐང་རྗེས་ལ། །ལོང་ལྕེབ་མ་བྱེད་གཞོན་རབས་པ། །མདོར་ན་འཇིག་རྟེན་འཚོ་བ་ལ། །ནོར་རྫས་མེད་པའི་ཐབས་མེད་ཀྱང་། །ནོར་ལས་གཞན་པ་མི་དགོས་པའི། །བློ་ངན་རྒྱང་དུ་སྤང་བར་བྱ། །འཚོ་བ་གཉིས་དོ་བསྙམ་དགོས་པར་བསྟན་པའི་སྐབས་ཏེ་དགུ་པའོ། །
མི་རྣམས་གསོན་པ་སྲོག་ལ་བསྟེན། །སྲོག་དབང་མེད་ན་ཐམས་ཅད་མེད། །མི་རིགས་གསོན་པ་རིག་གནས་ཏེ། །རིག་གནས་རྫོགས་ན་མི་རིགས་ཤི །འབྱོར་བས་ད་ལྟའི་འདོད་ཙམ་སྐོང༌། །སྲིད་ཀྱིས་སང་གི་དོན་ཙམ་སྒྲུབ། །འབྱུང་འགྱུར་ཡུན་གྱི་བྱ་བ་དག །རིག་པའི་གནས་ལ་བརྟེན་ནས་བསྒྲུབ། །རིག་གནས་མེད་པའི་མི་རིགས་ལ། །འབྱོར་བ་ཡོད་ཀྱང་བསམ་བློ་མེད། །ལུས་ཟུངས་ཟད་པའི་ནད་པ་བཞིན། །རྒུད་པའི་ལམ་ལ་ངང་གིས་ཆས། །རིག་གནས་ལྡན་པའི་མི་རིགས་ནི། །སྲིད་དང་འབྱོར་བས་རྒུད་ན་ཡང་། །མི་འཇིག་སྲོག་གི་ཀ་བ་བརྟན། །ནམ་ཡང་གསོན་ཤུགས་ཉམས་པ་མེད། །དམག་འཛིང་དཔལ་འབྱོར་རིག་གནས་ཏེ། །གཡུལ་འགྱེད་རྣམ་པགསུམ་ཞེས་བྱ། །ཐ་མ་རིག་གནས་ལས་ཕམ་ན། །གཏན་ཏུ་ཕམ་པ་ཡིན་པར་བལྟ། །མི་རིགས་ཤི་བ་རང་གསོད་དང་། །གཞན་གསོད་རང་གཞན་གཉིས་ཀས་གསོད། །གཉིས་ཀས་གསོད་པ་མང་བྱུང་ལ། །འཆི་བ་ཤིན་ཏུ་མྱུར་བ་ཡིན། །ཧམ་ཆེན་གཡོ་ཅན་སྐྱེ་བོ་ཡིས། །གཞན་གྱི་ཕ་མེས་རིག་གཞུང་ལ། །རྗེས་ལུས་རྙིང་རུལ་ཐ་ཤལ་སོགས། །མིང་ངན་བཏགས་ནས་སྤོང་དུ་འཇུག །སྣ་ཚོགས་ཐབས་ཀྱིས་ངན་བརྗོད་པ། །ཡང་ཡང་ཐོས་ན་སྤོང་འགྱུར་ཏེ། །བྲམ་ཟེས་ཁྲིད་པའི་ར་སྐྱེས་ལ། །ཁྱི་རུ་བརྗོད་པས་དོར་བ་བཞིན། །ཁྱད་པར་ན་གཞོན་བསླུ་སྐྱེན་པ། །རྣམ་དཔྱོད་ཚད་དུ་མ་སྨིན་ཞིང་། །མཐོང་ཐོས་ཅུང་ཟད་བྱུང་བ་ན། །ཕ་མེས་ལུགས་ལ་སྡང་སྟེ་འདོར། །སྐད་དང་ཡི་གེ་སྒྱུ་རྩལ་དང་། །བསམ་བློ་ཆོས་ཀྱི་དད་པ་དང༌། །ཡུལ་གྱི་སྲོལ་དང་གོམས་པའི་གཤིས། །ཀུན་ཀྱང་རིག་པའི་གནས་ཞེས་བྱ། །འདི་དག་ཐུན་མོང་གྱུར་པ་ཡི། །མི་ཡི་ཁྱུ་ཚོགས་གང་རུང་ལ། །མི་རིགས་གཅིག་ཅེས་བརྗོད་པ་སྟེ། །བམ་པོ་སྡོམ་པའི་བམ་ཐག་བཞིན། །ཐུན་མོང་ཆོས་འདི་ནུབ་པ་ན། །མི་རིགས་མཚན་ཉིད་ཉམས་པ་སྟེ། །བམ་ཐག་ཆད་པའི་རྩྭ་ཕུང་ནི། །རླུང་གིས་ཕྱོགས་བཞིར་གཏོར་བ་བཞིན། །མི་རྣམས་འགག་ལ་ཐུག་པའི་ཚེ། །ཐོབ་དང་ནོར་དང་སྙན་པ་སོགས། །རེ་ཞིག་བཞག་ནས་སྲོག་ཁོ་ན། །སྲུང་བར་བྱེད་པ་དེ་བཞིན་དུ། །མི་རིགས་འགག་ལ་ཐུག་པའི་ཚེ། །གཞན་དག་རེ་ཞིག་མ་གྲུབ་ཀྱང་། །རིག་གནས་ཁོ་ན་བསྲུང་བྱ་སྟེ། །དེ་ཉིད་གསོན་པའི་རྐྱེན་ཡིན་ཕྱིར། །གསོན་པོར་གནས་ན་ནོར་དང་ཐོབ། །བཙལ་ན་རྙེད་པའི་སྐབས་ཡོད་ཀྱི། །ཤི་བར་གྱུར་ན་ནོར་ལ་སོགས། །ཡོད་ཀྱང་སུ་ཡི་ལོངས་སྤྱོད་འགྱུར། །སྲོག་བསྲུང་འདོད་པས་དེ་ཡི་རྟེན། །ལུས་ཉིད་སྲུང་བར་བྱེད་པ་བཞིན། །རིག་གནས་བསྲུང་ན་དེ་ཡི་རྟེན། །སྐད་ཡིག་བསྲུང་བ་གནད་དུ་ཆེ། །སྐད་ཡིག་ཉམས་ན་རྟེན་མེད་པས། །གཤིས་སྤྱོད་བསམ་བློ་ཀུན་ཀྱང་ཉམས། །གྲུ་གཟིངས་ཞིག་པའི་ནོར་རྫས་ནི། །རྟེན་མེད་མཚོ་གཏིང་ནུབ་པ་བཞིན། །གངས་ཅན་རིག་གཞུང་ནོར་བུའི་མཛོད། །ཉམས་ན་བོད་གཅིག་མ་ཟད་ཀྱི། །འཛམ་བུ་གླིང་གི་གྱོང་རྒུད་དེ། །ཀུན་གྱིས་འབད་པ་ངེས་པར་དགོས། །རིག་གནས་འཛིན་སྐྱོང་དགོས་པར་བསྟན་པའི་སྐབས་ཏེ་བཅུ་པའོ། །
ཆོས་ནི་མདོར་ན་མི་འཚེ་བའི། །སློབ་གསོ་དང་ནི་ཐབས་ཚུལ་ཏེ། །མི་འཚེ་རྣམ་གཉིས་འཚེ་སྤང་དང༌། །འཚེ་མེད་ཕན་པ་སྒྲུབ་པའོ། །འཚེ་སྤང་གཞན་གྱི་ལུས་སྲོག་ལ། །འདི་ཕྱི་གཉིས་ཀར་གནོད་སྤང་སྟེ། །རང་གི་བདེ་བའི་རིན་འབབ་ཏུ། །གཞན་གྱི་སྡུག་བསྔལ་མི་སྤྲོད་པའོ། །ཕན་སྒྲུབ་གནས་སྐབས་མཐར་ཐུག་སྟེ། །གནས་སྐབས་འདི་དང་ཕྱི་མ་བདེ། །མཐར་ཐུག་གཏན་དུ་ཐར་བ་ཐོབ། །ཆོས་མིན་གཞན་གྱིས་སྒྲུབ་མི་ནུས། །དམ་ཆོས་ཚུལ་བཞིན་ཉམས་ལེན་ན། །མཚོན་བཟོ་མི་དགོས་དམག་གྲོན་མེད། །འཛམ་གླིང་ཞི་ཞིང་སྤྱི་ཚོགས་བདེ། །འཇིགས་མེད་བག་ཕེབ་ལོངས་སྤྱོད་རྒྱས། །གསོད་རྐུ་ལོག་གཡེམ་རྫུན་དང་མྱོས། །སྤྱི་ཚོགས་དཀྲུག་པའི་གཞི་མ་སྟེ། །སྤྱོད་ངན་ཆོས་ཀྱིས་སྡོམ་པས་ན། །ཆོས་བཞིན་སྤྱད་ན་ཅིས་མི་བདེ། །བརྩེ་མེད་འདོད་སྲེད་ཧམ་སེམས་ཆེ། །འཛམ་གླིང་འཕུང་པའི་གཏེ་བོ་སྟེ། །བྱམས་བརྩེ་རྒྱུ་འབྲས་བླང་དོར་ལ། །གནས་ན་འཛམ་གླིང་བདེ་ཞིང་སྐྱིད། །ནོར་དང་ལག་རྩལ་དབང་ཆ་ནི། །ལེགས་ཉེས་གང་ལའང་བཀོལ་དུ་བཏུབ། །གང་བཀོལ་ཐག་གཅོད་སེམས་ཀྱིས་བྱེད། །སེམས་ལ་ལམ་སྟོན་དམ་ཆོས་དགོས། །ལམ་སྟོན་བྲལ་བའི་གཏུ་མིག་ཡིད། །ཆགས་སྡང་ཤུགས་ཀྱིས་བསྐྱོད་པ་ན། །གླང་ཆེན་སྨྱོན་པ་ཇི་བཞིན་དུ། །འཛམ་གླིང་བདེ་སྐྱིད་བཅོམ་ལ་ལྟོས། །ཁ་ཅིག་འབྱོར་བ་རྒྱས་པ་ན། །དམ་ཆོས་དགོས་པ་མེད་དོ་ཟེར། །འབྱོར་བ་རྒྱས་ཚེ་དམ་ཆོས་ཀྱི། །དགོས་ནུས་དེང་དུས་ལྷག་པར་གསལ། །འབྱོར་མེད་དུས་ན་འབྱོར་བའི་ཚོགས། །ཡོད་ན་དེ་ཡིས་ཚིམ་མོ་སྙམ། །འབྱོར་ལྡན་གྱུར་ཚེ་དེ་ཙམ་གྱིས། །ཚིམས་པ་མིན་པར་ད་གཟོད་ཤེས། །གང་འདོད་དངོས་པོ་འཛོམས་པ་ན། །དངོས་པོ་ཀུན་ལ་དགའ་གདུང་བྲལ། །དེ་ཚེ་སེམས་ཁོང་སྟོང་པ་ཡི། །སྡུག་བསྔལ་ཆོས་མིན་སེལ་མི་ནུས། །འཚོ་བ་བདེ་སྡུག་རེས་མོ་སྟེ། །གང་ལའང་སེམས་ཕུགས་བརྟན་པ་དགོས། །སེམས་རྟེན་དམ་ཆོས་མེད་པ་དག །མི་ཚེ་རེ་དོགས་འཇིགས་པས་འཛད། །ཚན་རིག་ལག་རྩལ་དར་བ་ཡིས། །འཛམ་གླིང་འཕྲུལ་གྱིས་བཀང་ན་ཡང༌། །འཕྲུལ་རྣམ་ལེགས་ཉེས་གང་ཕྱོགས་སུ། །བཀོལ་དགོས་དེ་ཡིས་སྟོན་མི་ནུས། །བྱམས་དང་སྙིང་རྗེ་རྒྱུ་འབྲས་སོགས། །དམ་ཆོས་བྲལ་བའི་ལག་རྩལ་གྱིས། །ཟས་ངན་རྫས་ངན་མཚོན་ངན་བསྐྲུན། །བདེ་ཐང་བདེ་སྐྱིད་བདེ་འཇགས་བརླག །དེ་ཕྱིར་འཛམ་གླིང་ཚན་རིག་གི །མཁས་པའི་དབང་པོ་ཨེན་སི་ཐན། །ཆོས་ལུགས་མེད་པའི་ཚན་རིག་ནི། །གྱོལ་པོ་དག་དང་མཚུངས་ཞེས་གསུངས། །ཁ་ཅིག་ཆོས་ཀྱིས་ཕྱི་མ་གཉེར། །ཚེ་འདིའི་འཚོ་བར་མི་དགོས་ཟེར། །ཆོས་ཀྱིས་འདི་ཕྱིར་ཕན་བདེ་སྒྲུབ། །ཕྱི་མ་ཁོ་ན་ནམ་ཡང་མིན། །དེས་ན་ཚེ་འདི་རྐྱང་པ་འམ། །ཕྱི་མ་ཁོ་ན་མི་གཉེར་ཏེ། །ཁྱིམ་གྱི་སོ་ཚིས་བྱེད་བཞིན་དུ། །དམ་ཆོས་སྒྲུབ་པ་འགལ་བ་མེད། །དངོས་པོས་སེལ་བར་མ་ནུས་པའི། །དེང་རབས་འཚོ་བའི་སྡུག་བསྔལ་དག །དམ་ཆོས་བསྒྲུབས་པས་སེལ་མཐོང་ཕྱིར། །དེང་དུས་མི་ལ་ལྷག་པར་དགོས། །མིའི་འཚོ་བ་ལ་དམ་པའི་ཆོས་དགོས་པར་བསྟན་པའི་སྐབས་ཏེ་བཅུ་གཅིག་པའོ། །
བསིལ་ལྡན་གཙུག་ལག་རྒྱ་མཚོ་ན། །མཁས་མང་ཐུགས་བཅུད་ནོར་བུའི་ཚོགས། །ལུགས་གཉིས་དགོས་འདོད་སྐོང་བའི་དཔལ། །རབ་ཏུ་མང་བ་མཆིས་མོད་ཀྱང་། །འཇིག་རྟེན་གསར་བའི་སྤྱི་ཚོགས་ལ། །ཅིས་ཀྱང་དགོས་པའི་བླང་དོར་ལུགས། །མདོ་ཙམ་བརྗོད་པ་འདི་ཡིས་ཀྱང༌། །གངས་ཅན་སྐྱེ་བོར་ཕན་དུ་རེ། །ཞེས་པ་འདི་ནི་རབ་གནས་མེ་སྤྲེལ་ལོའི་དབྱར་ཟླ་འབྲིང་པོའི་ཚེས་༣རྒྱལ་ཕུར་འཛོམས་པའི་དུས་སྦྱོར་ཕུན་སུམ་ཚོགས་པ་དང་། སྤྱི་ལོ་༢༠༡༦ལོའི་ཟླ་༧པའི་ཚེས་༧ཉིན་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གྲྭར་ཚུལ་ཁྲིམས་བློ་གྲོས་སུ་འབོད་པས་མཇུག་རྫོགས་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།
དེང་རབས་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་གི་བསྡུས་དོན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
༄༅། །དེང་རབས་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་གི་བསྡུས་དོན་བཞུགས་སོ། །དང་པོ་ཀླད་ཀྱི་དོན་ནི། དེང་རབས་བསླབ་བྱ་སོགས་ཀྱིས་བསྟན་ཏོ། །གཉིས་པ་གཞུང་གི་དོན་ལ་སྐབས་བཅུ་གཅིག་ཡོད་པ་ལས། སྐབས་དང་པོ་ཁོར་ཡུག་སྲུང་སྐྱོབ་བསྟན་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བ་དང་གསུམ།
དང་པོ་ཁོར་ཡུག་བསྲུང་སྐྱོབ་མདོར་བསྟན་པ་ནི། སེམས་ལྡན་སེམས་མེད་སྐྱེ་དངོས་རྣམས་སོགས་ཀྱིས་བསྟན།
གཉིས་པ་རྒྱས་པར་བཤད་པ་ལ། གཏོར་བརླག་དང་འབགས་པ་བཤད་པ་དང་། སྲུང་སྐྱོབ་བྱེད་ཚུལ་དངོས་བཤད་པའོ། །དང་པོ་ལ་སྤྱིར་བཤད་པ་དང་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་གསུམ་སྟེ། ཁོར་ཡུག་ངོས་གཟུང་བ་དང་། འབགས་གཏོར་ངོས་གཟུང་བ་དང་། དེའི་ཉེས་པ་བཤད་པའོ། །དང་པོ་ནི། ཉི་མས་དྲོ་ཞིང་ཟླ་བས་བསིལ་སོགས་ཀྱིས་བསྟན། གཉིས་པ། ས་བརྐོ་ཤིང་གཅོད་ཆུ་བསྒྱུར་སོགས་སོགས་ཀྱིས་བསྟན། གསུམ་པ། གལ་ཆེན་གནད་ལ་མ་ཐུག་ན་སོགས་ཀྱིས་བསྟན་ཏོ། །
གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གཏོར་བརླག་དང་འབགས་པའོ། །དང་པོ་ལ་བཞི་སྟེ། ས་གཏོར་བ་དང་། ཆུ་དང་། ཤིང་དང་། མཁའ་དབུགས་གཏོར་བརླག་གོ །དང་པོ་ནི། ས་ནི་སྐྱེ་འགྲོའི་གཞི་རྟེན་དང་སོགས་ཀྱིས་བསྟན།
གཉིས་པ་ནི། ཆུ་ནི་སྐྱེ་དགུའི་འཚོ་རྟེན་དང་སོགས་ཀྱིས་བསྟན། གསུམ་པ་ནི། ཤིང་གི་འཚོ་དབུགས་ལུས་ཁམས་གསོ་སོགས་ཀྱིས་བསྟན། བཞི་པ་ནི། མཁའ་དབུགས་གཙང་མའི་དྭངས་བཅུད་ཀྱིས་སོགས་ཀྱིས་བསྟན་ཏོ། །གཉིས་པ་འབགས་པ་བཤད་པ་ལ་གཉིས་ཏེ། འབགས་བསླད་དང་དེའི་ཉེས་དམིགས་བཤད་པའོ། །དང་པོ་ནི། གཅོད་བསྒྱུར་བཤིག་པ་ལ་སོགས་ཀྱིས་སོགས་ཀྱིས་བསྟན། གཉིས་པ་ནི། སྔོན་པོའི་གནམ་དང་དཀར་པོའི་སྤྲིན་སོགས་ཀྱིས་བསྟན་ཏོ། །
གཉིས་པ་སྲུང་སྐྱོབ་བྱེད་ཚུལ་དངོས་བཤད་པ་ནི། ཁོར་ཡུག་སྲུང་སྐྱོབ་བྱ་བ་ལ་སོགས་ཀྱིས་བསྟན་ཏོ། །
གསུམ་པ་མཇུག་བསྡུ་བ་ནི། ས་མཐོ་ཡུལ་གཙང་གངས་ཅན་ལྗོངས་སོགས་ཀྱིས་བསྟན་ཏོ། །
སྐབས་གཉིས་པ་རང་སའི་འཚོ་རྐྱེན་བསྟེན་པར་བསྟན་པ་ལ། རང་སའི་འཚོ་ཐབས་དོར་བའི་གནོད་པ་བཤད་པ་དང་། རང་སའི་འཚོ་རྐྱེན་བསྟེན་དགོས་པའི་རྒྱུ་མཚན་བཤད་པའོ། །དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས་ལས་དང་པོ་ནི། འཛམ་གླིང་ལོངས་སྤྱོད་སྣ་ཚོགས་པ་སོགས་ཀྱིས་བསྟན། གཉིས་པ་རྒྱས་བཤད་པ་ནི། རང་ཐབས་དོར་ནས་གཞན་ཐབས་བསྟེན་སོགས་ཀྱིས་བསྟན། གཉིས་པ་བསྟེན་དགོས་པའི་རྒྱུ་མཚན་ལ། དངོས་དང་དོན་བསྡུ་བ་གཉིས་ལས། དང་པོ་ནི། འཛམ་གླིང་མི་ཡི་འཚོ་ཚུལ་ནི་སོགས་ཀྱིས་བསྟན། གཉིས་པ་དོན་བསྡུ་བ་ནི། རང་གོས་གྱོན་ཅིང་རང་ཟས་བཟའ་སོགས་ཀྱིས་བསྟན་ཏོ། །
སྐབས་གསུམ་པ་གཙང་སྦྲ་བྱ་བར་བསྟན་པ་ལ། དངོས་དང་དོན་བསྡུ་བ་གཉིས་ལས། དང་པོ་ལ་གསུམ་སྟེ། གནས་ཀྱི་གཙང་སྦྲ་དང་། གོས་ཀྱི་གཙང་སྦྲ་དང་། ལུས་ཀྱི་གཙང་སྦྲའོ། །དང་པོ་གནས་ཀྱི་གཙང་སྦྲ་ནི། ཁོར་ཡུག་གཙང་མ་ཉམས་དགའ་བ་སོགས་ཀྱིས་བསྟན། གཉིས་པ་གོས་ཀྱི་གཙང་སྦྲ་ནི། གྱོན་གོས་སྣུམ་བག་དྲི་ནག་ཅན་སོགས་ཀྱིས་བསྟན། གསུམ་པ་ལུས་ཀྱི་གཙང་སྦྲ་ནི། དངོས་པོ་ནག་ནོག་དྲི་ངན་ཅན་སོགས་ཀྱིས་བསྟན། གཉིས་པ་སྐྱོན་ཡོན་གྱི་དོན་མདོར་བསྡུས་ཏེ་བསྟན་པ་ནི། གནས་གཙང་གོས་གཙང་ལུས་གཙང་སྟེ་སོགས་ཀྱིས་བསྟན་ཏོ། །
སྐབས་བཞི་པ་འཕྲོད་བསྟེན་བྱ་བར་བསྟན་པ་ལ། རྒྱུ་མཚན་གྱི་སྒོ་ནས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། དང་པོ་ནི། ཟས་གོས་སྨན་སོགས་འཕྲོད་པ་བསྟེན་སོགས་ཀྱིས་བསྟན། གཉིས་པ་རྒྱས་བཤད་ལ་གཉིས་ཏེ། བཟའ་བཏུང་དང་སྨན་བཅོས་ཀྱི་འཕྲོད་བསྟེན་ནོ། །དང་པོ་ལ་ལྔ་སྟེ། དང་པོ་བཟའ་བཏུང་དུ་མ་དུག་ཅན་ཡིན་པར་ཤེས་དགོས་པར་བསྟན་པ་ནི། ལུས་ནི་ཟས་དང་སྐོམ་ལ་བརྟེན་སོགས་ཀྱིས་བསྟན། གཉིས་པ་གད་སྙིགས་བཟའ་བཏུང་སྤང་བར་བསྟན་པ་ནི། སྣ་ཚོགས་བཏུང་བ་མིང་གྲགས་ཅན་སོགས་ཀྱིས་བསྟན། གསུམ་པ་དུག་མེད་དུག་ཅན་དུ་མི་བསྒྱུར་བར་བསྟན་པ་ནི། ཞིང་ལ་ཞིང་སྨན་བཏབ་པ་ཡིས་སོགས་ཀྱིས་བསྟན། བཞི་པ་དུག་མེད་དུག་ཅན་དང་བརྗེ་བ་ནི། འབྲི་མར་བཙོང་ནས་ཤིང་མར་ཉོ་སོགས་ཀྱིས་བསྟན། ལྔ་པ་དུག་མེད་བསྟེན་པར་བྱ་བ་ནི། གྲོ་ནས་སྲན་སོགས་འབྲུ་རིགས་དང་སོགས་ཀྱིས་བསྟན། །གཉིས་པ་སྨན་བཅོས་ཀྱི་འཕྲོད་བསྟེན་ནི། བུད་མེད་ལུས་ཀྱི་འཕྲོད་བསྟེན་ནི་སོགས་ཀྱིས་བསྟན་ཏོ། །
སྐབས་ལྔ་པ་ཡུལ་གཞན་ན་གནས་པའི་བསླབ་བྱ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གནའ་དུས་བོད་མི་ཕལ་མོ་ཆེ་སོགས་ཀྱིས་བསྟན། གཉིས་པ་རྒྱས་བཤད་ལ་གསུམ་སྟེ། རྩ་དོན་དང་པོ་གཞན་གྱི་རིག་གནས་སོགས་ལ་བརྩི་འཇོག་བྱེད་པ་ནི། དང་པོ་གཞན་ལ་བརྩི་འཇོག་ནི་སོགས་ཀྱིས་བསྟན། རྩ་དོན་གཉིས་པ་རང་ཚུགས་མ་ཉམས་པར་བྱ་བ་ནི། གཉིས་པ་རང་ཚུགས་གཟུང་བ་ནི་སོགས་ཀྱིས་བསྟན། གསུམ་པ་ཡུལ་དེའི་མི་ལ་ཕན་པ་བསྒྲུབ་པ་ནི། གསུམ་པ་གནས་དེའི་ཡུལ་མི་ཡི་སོགས་ཀྱིས་བསྟན་ཏོ། །
སྐབས་དྲུག་པ་སྤྱོད་ལམ་ཡ་རབས་ལ་བསླབ་པའི་ཚུལ་བསྟན་པ་ལ་མདོར་བསྟན་དང་། རྒྱས་བཤད་དང་། དོན་བསྡུ་བ་གསུམ་ལས། དང་པོ་ནི། རང་ཡུལ་གནས་དང་གཞན་ཡུལ་འགྲིམ་སོགས་ཀྱིས་བསྟན། གཉིས་པ་རྒྱས་བཤད་ལ། དང་པོ་བཟའ་བཏུང་བྱ་ཚུལ་ནི། བཟའ་བཏུང་འུར་སྒྲ་མི་བྱ་ཞིང་སོགས་ཀྱིས་བསྟན། གཉིས་པ་བཤང་གཅི་འདོར་ཚུལ་ནི། བཤང་གཅི་ཆབ་གཞོང་ནང་དུ་སྟེ་སོགས་ཀྱིས་བསྟན། གསུམ་པ་འཚང་ག་མི་བྱ་བའི་ཚུལ་ནི། གནས་སུ་འཇུག་དང་དངོས་པོ་ལེན་སོགས་ཀྱིས་བསྟན། བཞི་པ་གཞན་ལ་གཟུར་བར་བྱ་བ་ནི། སྐས་ཐེམ་སོགས་ལ་འགྲོ་བ་ན་སོགས་ཀྱིས་བསྟན། ལྔ་པ་ཐུན་མོང་གི་དངོས་པོ་ལ་ཧབ་ཐོབ་མི་བྱ་བ་ནི། རླངས་འཁོར་ལ་སོགས་འདུག་སྟེགས་ལ་སོགས་ཀྱིས་བསྟན། དྲུག་པ་མི་ལ་བྱམས་ཤིང་རོགས་བྱ་བ་ནི། མི་དང་འཕྲད་ཚེ་འཛུམ་མདངས་སྟོན་སོགས་ཀྱིས་བསྟན། བདུན་པ་གཞན་གྱི་རིག་གནས་སོགས་ལ་བརྩི་འཇོག་བྱ་བ་ནི། གཞན་གྱི་སྤྱི་ཚོགས་སྒྲིག་ལམ་དང་སོགས་ཀྱིས་བསྟན། བརྒྱད་པ་ལོངས་སྤྱོད་ཀུན་ལ་གྲོན་ཆུང་བྱ་བ་ནི། ཆུ་དང་གློག་སོགས་ཉེར་སྤྱད་རྣམས་སོགས་ཀྱིས་བསྟན། དགུ་པ་གཞན་གྱི་ནོར་ཚུལ་མིན་དུ་མི་ལེན་པ་ནི། གཞན་གྱིས་སྟོར་བའི་དངོས་པོ་དག་སོགས་ཀྱིས་བསྟན། བཅུ་པ་གཞན་ལ་སྦྱིན་འོས་ཀྱི་གླ་སོགས་ལེགས་པར་སྦྱིན་པ་ནི། འགྲིམ་འགྲུལ་གླ་དང་བཟའ་བཏུང་རིན་སོགས་ཀྱིས་བསྟན། བཅུ་གཅིག་པ་སྤྱི་པའི་གནས་སུ་སྒྲ་བསྐྱུང་བ་ནི། གནམ་ཐང་ཚོང་ར་ཟ་ཁང་སོགས་སོགས་ཀྱིས་བསྟན། བཅུ་གཉིས་པ་དངོས་པོ་གང་བྱུང་དུ་མི་འདོར་བ་ནི། མྱུར་འགྲོས་ལ་སོགས་གཞུང་ལམ་དུ་སོགས་ཀྱིས་བསྟན། བཅུ་གསུམ་པ་གོས་ཚགས་ལེགས་པར་བཅོས་པ་ནི། ཁྲོམ་མང་འཚོགས་དང་མཁས་མང་འདུ་སོགས་ཀྱིས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན་སྤྱོད་ལམ་ཐམས་ཅད་ཀྱང་སོགས་ཀྱིས་བསྟན་ཏོ། །
སྐབས་བདུན་པ་ཚོང་དང་ཞབས་ཕྱི་ལས་རིགས་ཀྱི་ཚུལ་བསྟན་པ་ལ། ནོར་སྒྲུབ་ཚུལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བ་གསུམ་ལས། དང་པོ་ནི། ནོར་ལ་དགའ་བ་སུ་ཡང་མཚུངས་སོགས་ཀྱིས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དང་པོ་སྐྱེལ་འདྲེན་པའི་བསླབ་བྱ་ནི། དུས་ཚོད་མི་བརྩི་རང་དགར་འཁྱམས་སོགས་ཀྱིས་བསྟན། གཉིས་པ་ཚོང་སོགས་ཡུན་དུ་འཕེལ་བའི་གནད་དྲང་བདེན་བཤད་པ་ལ་གསུམ་སྟེ། དང་པོ་ལས་རིགས་ཀུན་ལ་དྲང་བདེན་སྲོག་ཏུ་གཟུང་དགོས་ཚུལ་ནི། ཚོང་དང་ཡུལ་སྐོར་ཞབས་ཕྱི་སོགས་སོགས་ཀྱིས་བསྟན། གཉིས་པ་དྲང་བདེན་ཡོད་མེད་ལས་ཚོང་བཟང་ངན་གྱི་ཁྱད་པར་བསྟན་པ་ནི། ཚོང་རབ་རང་གཞན་གཉིས་ཀ་ཁེ་སོགས་ཀྱིས་བསྟན། གསུམ་པ་དྲང་བདེན་མེད་པའི་གནོད་པ་བསྟན་པ་ནི། བཟའ་བཏུང་རྫུན་སྦྱོར་དུག་དང་བསྲེས་སོགས་ཀྱིས་བསྟན། གསུམ་པ་གནད་དེ་དང་ལྡན་པའི་སྒོ་ནས་ནོར་བསྒྲུབ་ཚུལ་བཤད་པ་ནི། བདེན་ལ་ལམ་ཁ་ཕྲ་ན་ཡང་སོགས་ཀྱིས་བསྟན། གསུམ་པ་དོན་བསྡུ་བ་ནི། ཞབས་ཕྱི་ལ་སོགས་ལས་གང་ཡང་སོགས་ཀྱིས་བསྟན་ཏོ། །
སྐབས་བརྒྱད་པ་སློབ་གསོ་བསྟེན་དགོས་པའི་ཚུལ་བསྟན་པ་ལ་རྒྱུ་མཚན་གྱི་སྒོ་ནས་མདོར་བསྟན་དང་། རྒྱས་པར་བཤད་པ་དང་། མདོར་བསྡུ་བ་གསུམ་ལས། དང་པོ་ནི། ཀོ་བ་མ་མཉེད་གྱོང་པོར་འགྱུར་སོགས་ཀྱིས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སློབ་གསོའི་དབྱེ་བ་བཤད་པ་དང་། དབྱེ་བའི་དོན་རྒྱས་པར་བཤད་པ་དང་། སློབ་གསོ་བཟང་ངན་གྱི་འབྲས་བུ་བཤད་པའོ། །དང་པོ་སློབ་གསོའི་དབྱེ་བ་བཤད་པ་ནི། ཁྱིམ་ཚང་སློབ་གྲྭ་སྤྱི་ཚོགས་ཏེ་སོགས་ཀྱིས་བསྟན། གཉིས་པ་དབྱེ་བའི་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། དང་པོ་ཁྱིམ་ཚང་སློབ་གསོ་ནི། དང་པོ་ཁྱིམ་ཚང་སློབ་གསོ་ནི་སོགས་ཀྱིས་བསྟན། གཉིས་པ་སློབ་གྲྭའི་སློབ་གསོ་ནི། བར་དུ་སློབ་གྲྭའི་སློབ་གསོ་བསྟེན་སོགས་ཀྱིས་བསྟན། གསུམ་པ་སྤྱི་ཚོགས་སློབ་གསོ་ནི། ཐ་མ་སྤྱི་ཚོགས་སློབ་གསོ་གལ་སོགས་ཀྱིས་བསྟན། གསུམ་པ་སློབ་གསོ་བཟང་ངན་གྱི་འབྲས་བུ་བཤད་པ་ནི། སློབ་གསོ་བཟང་པོས་སེམས་བཅོས་ན་སོགས་ཀྱིས་བསྟན། གསུམ་པ་མདོར་བསྡུ་བ་ནི། མདོར་ན་སློབ་གསོ་མ་བསྟེན་པའི་སོགས་ཀྱིས་བསྟན་ཏོ། །
སྐབས་དགུ་པ་འཚོ་བ་གཉིས་དོ་བསྙམ་དགོས་པར་བསྟན་པ་ལ་གསུམ་སྟེ། ཐབས་ནོར་བས་བདེ་སྐྱིད་མ་ཐོབ་པར་བསྟན་པ་དང་། ཐབས་མ་ནོར་བའི་སྒོ་ནས་བདེ་སྐྱིད་བསྒྲུབ་ཚུལ་དང༌། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་མདོར་བསྟན་པ་དང་། དེའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ས་སྟེང་སྐྱེ་བོ་ཐམས་ཅད་ཀྱིས་སོགས་ཀྱིས་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། དང་པོ་མི་རྣམས་ལ་འཚོ་བ་གཉིས་དགོས་པའི་རྒྱུ་མཚན་བསྟན་པ་ནི། མི་ནི་སེམས་དང་བེམ་པོ་སྟེ་སོགས་ཀྱིས་བསྟན། གཉིས་པ་འཚོ་བ་གཉིས་ངོས་གཟུང་བ་ནི། ལྟོ་གོས་གནས་མལ་མཁོ་ཆས་དག་སོགས་ཀྱིས་བསྟན། གསུམ་པ་འཚོ་བ་དེ་གཉིས་ལས་གང་གི་ལོངས་སྤྱོད་མེད་ཀྱང་དབུལ་པོ་ཡིན་ཚུལ་བཤད་པ་ནི། འཚོ་བ་དེ་གཉིས་གང་ལ་ཡང་སོགས་ཀྱིས་བསྟན། བཞི་པ་སེམས་ཀྱི་ལོངས་སྤྱོད་དབུལ་བའི་རྗེས་འབྲས་བཤད་པ་ནི། རྫས་ཀྱི་ལོངས་སྤྱོད་མེད་གྱུར་ན་སོགས་ཀྱིས་བསྟན། ལྔ་པ་སེམས་ཀྱི་ལོངས་སྤྱོད་དབུལ་བའི་རྩ་བ་ལྟ་ནོར་བཤད་པ་ལ་གཉིས་ཏེ། ནོར་བའི་ལྟ་བ་བརྗོད་པ་དང་། དེ་མི་འཐད་པར་བསྟན་པའོ། །དང་པོ་ནི། བློ་གྲོས་མ་སྨིན་སྐྱེ་བོའི་ཚོགས་སོགས་ཀྱིས་བསྟན། གཉིས་པ་ནི། ནོར་ལས་བདེ་སྐྱིད་འབྱུང་བ་ཡོད་སོགས་ཀྱིས་བསྟན་ཏོ། །གཉིས་པ་ཐབས་མ་ནོར་བའི་སྒོ་ནས་བདེ་སྐྱིད་བསྒྲུབ་ཚུལ་བཤད་པ་ནི། འཇིག་རྟེན་བདེ་སྐྱིད་མྱོང་བ་ལ་སོགས་ཀྱིས་བསྟན། གསུམ་པ་དེ་དག་གི་དོན་བསྡུ་བ་ནི། མདོར་ན་འཇིག་རྟེན་འཚོ་བ་ལ་སོགས་ཀྱིས་བསྟན་ཏོ། །
སྐབས་བཅུ་པ་རིག་གནས་འཛིན་སྐྱོང་དགོས་པར་བསྟན་པ་ལ། མི་རིགས་ཀྱི་སྲོག་བཤད་པ་དང་། སྲོག་དེ་ཉམས་ན་མི་རིགས་གཏན་དུ་འཆི་ཚུལ་དང་། སྲོག་དེ་ལ་བརྟེན་ནས་གསོན་པོར་འཚོ་ཚུལ་དང་། སྲོག་དེ་བསྲུང་ཚུལ་དང་བཞི་ལས། དང་པོ་ནི། མི་རྣམས་གསོན་པ་སྲོག་ལ་བསྟེན་སོགས་ཀྱིས་བསྟན། གཉིས་པ་སྲོག་དེ་ཉམས་ན་མི་རིགས་གཏན་དུ་འཆི་ཚུལ་ལ་གཉིས་ཏེ། གཡུལ་འགྱེད་ཀྱི་དབྱེ་བ་སྤྱིར་བཤད་པ་དང་། རིག་གནས་གཡུལ་འགྱེད་ཀྱིས་མི་རིགས་གསོད་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དམག་འཛིང་དཔལ་འབྱོར་རིག་གནས་ཏེ་སོགས་ཀྱིས་བསྟན། གཉིས་པ་ལ་རང་གཞན་གྱིས་གསོད་ཚུལ་སྤྱིར་བཤད་པ་དང་། གཉིས་ཀས་གསོད་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མི་རིགས་ཤི་བ་རང་གསོད་དང་སོགས་ཀྱིས་བསྟན། གཉིས་པ་ནི། ཧམ་ཆེན་གཡོ་ཅན་སྐྱེ་བོ་ཡིས་སོགས་ཀྱིས་བསྟན། གསུམ་པ་སྲོག་དེ་ལ་བརྟེན་ནས་མི་རིགས་གསོན་པོར་འཚོ་ཚུལ་ལ་གཉིས་ཏེ། སྲོག་ངོས་གཟུང་བ་དང་། དེ་ལ་བརྟེན་ནས་གསོན་པོར་འཚོ་ཚུལ་དངོས་སོ། །དང་པོ་ནི། སྐད་དང་ཡི་གེ་སྒྱུ་རྩལ་དང་སོགས་ཀྱིས་བསྟན། གཉིས་པ་ནི། འདི་དག་ཐུན་མོང་གྱུར་པ་ཡི་སོགས་ཀྱིས་བསྟན། བཞི་པ་སྲོག་དེ་བསྲུང་བར་བྱ་བ་དང་། བསྲུང་ཚུལ་གྱི་གནད་བཤད་པའོ། །དང་པོ་ནི། མི་རྣམས་འགག་ལ་ཐུག་པའི་ཚེ་སོགས་ཀྱིས་བསྟན། གཉིས་པ་ནི། སྲོག་བསྲུང་འདོད་པས་དེ་ཡི་རྟེན་སོགས་ཀྱིས་བསྟན་ཏོ། །
སྐབས་བཅུ་གཅིག་པ་མིའི་འཚོ་བ་ལ་དམ་པའི་ཆོས་དགོས་པར་བསྟན་པ་ལ་གཉིས་ཏེ། དམ་པའི་ཆོས་ངོས་གཟུང་བ་དང་། དེ་མིའི་འཚོ་བར་ནམ་ཡང་དགོས་ཚུལ་བཤད་པའོ། །དང་པོ་ནི། ཆོས་ནི་མདོར་ན་མི་འཚེ་བའི་སོགས་ཀྱིས་བསྟན། གཉིས་པ་ལ་ལྔ་སྟེ། དང་པོ་འཛམ་གླིང་ཞི་བདེ་ལ་དགོས་ཚུལ་ནི། དམ་ཆོས་ཚུལ་བཞིན་ཉམས་ལེན་ན་སོགས་ཀྱིས་བསྟན། གཉིས་པ་འབྱོར་བ་རྒྱས་ཀྱང་དགོས་ཚུལ་བསྟན་པ་ནི། ཁ་ཅིག་འབྱོར་བ་རྒྱས་པ་ན་སོགས་ཀྱིས་བསྟན། གསུམ་པ་ཚན་རིག་ལག་རྩལ་དར་ཡང་དགོས་ཚུལ་ནི། ཚན་རིག་ལག་རྩལ་དར་བ་ཡིས་སོགས་ཀྱིས་བསྟན།
བཞི་པ་ཚེ་འདིར་ཡང་དགོས་ཚུལ་ནི། ཁ་ཅིག་ཆོས་ཀྱིས་ཕྱི་མ་གཉེར་སོགས་ཀྱིས་བསྟན། ལྔ་པ་དེང་རབས་ཀྱི་མི་ལ་ལྷག་པར་དགོས་ཚུལ་བསྟན་པ་ནི། དངོས་པོས་སེལ་བར་མ་ནུས་པའི་སོགས་ཀྱིས་བསྟན་ཏོ། །གསུམ་པ་མཇུག་གི་དོན་ནི། བསིལ་ལྡན་གཙུག་ལག་རྒྱ་མཚོ་ན་སོགས་ཀྱིས་བསྟན་ཏོ། །
ཞེས་པ་འདི་ཡང་ཚུལ་ཁྲིམས་བློ་གྲོས་སུ་འབོད་པས་རབ་གནས་མེ་བྱ་ཆོ་འཕྲུལ་ཟླ་བའི་ཚེས་༧ལ་གྲོང་ཁྱེར་པདྨ་ཅན་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།
༄༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙཪྻ་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །
འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལུས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཅི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་དགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོག་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །འདོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱིས་དམ་པའི་ཆོས་འཛིན་ཅིང་། བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམས་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་བཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་རྣམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་བསྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་དག་མ་ལུས་བདག་གིས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པ། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཁྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །
གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོའི་དེ་ཡང་དེ་བཞིན་དེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །མས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་བ་མང་པོ་ཕྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིིག་གིས་ཐམས་ཅད་འབྱོར་བར་ཤོག །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པའོ། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །
༈ འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་སྙེད་བསགས་པ་རྣམས། །མ་གྱུར་སེམས་ཅན་ཐམས་ཅད་ཀུན། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །
༈ རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པའི་མཐར་ཕྱིན་ནས། །ཆོས་རྔ་སྒྲོག་པས་འཇིག་རྟེན་མཛེས་པར་ཤོག །
༈ རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདི། །དམིགས་མཐའ་བྲལ་བའི་སེམས་ཅན་ཀུན་ལ་བསྔོ། །ཡང་གསང་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །རིགས་བདག་བླ་མའི་གོ་འཕང་མྱུར་ཐོབ་ཤོག །
༈ བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀླུང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །
༈ བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
མཇུག་གཏམ།
ཐེངས་འདིའི་དཔེ་ཚོགས་ཀྱི་པོད་བརྒྱད་པོ་ནི་སྔོན་ཆད་བསྒྲིགས་པའི་དེབ་གསུམ་གྱི་སྟེང་དུ་དོན་གཉེར་མཁན་རྣམས་ཀྱི་ཐུགས་རེ་དང་དགོས་མཁོ་དངོས་ལ་གཞིགས་ནས་གསབ་སྣོན་བགྱིས་པ་ཡིན་ལ། དེ་ཡང་ཆོས་དད་མི་དམངས་དཀྱུས་མའི་བླང་དོར་དང་ཉེར་མཁོ་ལ་དམིགས་ནས་ཞལ་འདོན་དང་ཉེར་མཁོའི་བསླབ་བྱའི་སྐོར་གྱི་དེབ་གཅིག །ཐེག་ཆེན་ཐུན་མོང་གི་ལམ་ལ་སློབ་པའི་རིགས་ལ་དམིགས་ནས་བྱང་སེམས་བློ་སྦྱོང་སྐོར་གྱི་དེབ་གཉིས། གསང་བ་སྔགས་ཀྱི་ཉམས་ལེན་སྒྲུབ་འཕྲིན་ཕྱག་བཞེས་དོན་དུ་གཉེར་བའི་ཚོགས་ལ་དམིགས་ནས་སྒྲུབ་སྡེ་སྤྱི་ལ་ཉེར་མཁོའི་སྐོར་གྱི་དེབ་གཉིས་དང་། སྨིན་གླིང་རྡོར་སེམས་སྐོར་གྱི་དེབ་གཅིག །ཐུན་མིན་ངེས་གསང་སྙིང་པོའི་དོན་གྱི་རང་ཞལ་འཚོལ་བའི་དམ་པ་དག་ལ་མཁོ་བའི་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་གྱི་དེབ་གཉིས་བཅས་བསྡུས་ཡོད།
དཔེ་ཚོགས་འདི་དག་དག་ཞུས་བྱེད་སྐབས་ཐོག་མར་མ་དཔེ་འཚོལ་སྡུད་དང་བསལ་འདེམས་བྱས་ཤིང་གཏན་ལ་ཕབ། བར་དུ་མི་རེས་དེབ་རེ་འགན་ཁུར་བའི་འཆར་འགོད་བཞག་ནས་མ་དཔེ་དང་ཞིབ་བསྡུར་ནན་ཏན་བྱས། ཐ་མར་ལས་མི་རྣམས་མཉམ་འཛོམས་ཀྱིས་དེབ་རེ་རེ་བཞིན་མ་དཔེ་དང་བསྡུར་ནས་དག་ཞུས་ཚར་གཅིག་བྱས་པ་དང་། དེ་ལས་ཆོས་ཚན་འགའ་རེ་ནི་མ་དཔེ་མི་འདྲ་བ་གཉིས་ནས་གསུམ་བར་ཡང་ཡང་བསྡུར་བ་ཡོད་ལ། མཐར་ཡང་དེབ་དག་རེ་རེ་བཞིན་ཚེག་ཤད་ཀྱི་ནོར་བ་དང་དཀར་ཆག་གི་གོ་རིམ་སོགས་ལ་ཆེད་དམིགས་ཀྱིས་བསྡུར་ཞུས་བྱས་པ་ཡིན་ལ། ཞུ་བསྡུར་བྱེད་སྐབས་ཀྱི་ཐོག་མཐའ་ཀུན་ཏུ་མ་དཔེ་རྙིང་བ་ཚད་ལྡན་ཡོད་པའི་ཆོས་ཚན་དག་ནི་བརྡ་སྤྲོད་ཀྱི་སྦྱོར་སྟངས་ཚུན་ཆད་མ་དཔེ་དང་བསྟུན་གང་ཐུབ་བྱས་ཡོད་པ་དང་། དོན་མ་གོ་བ་དང་ཡི་གེ་མི་གསལ་བ། ཐེ་ཚོམ་ཆེ་བ་རྣམས་ལ་བགྲོ་གླེང་དང་དཔྱད་བསྡུར་བློ་འདྲི་སོགས་ཀྱི་ལམ་ནས་ཐག་གཅོད་གང་ཐུབ་བགྱིས་ཡོད། མདོར་ན་ང་ཚོས་གང་ནུས་གང་ཐུབ་ཀྱིས་ཞུ་དག་གཟབ་གཟབ་བྱས་ཁུལ་ཡིན་མོད། ངེད་ཅག་ལ་ཡོན་ཚད་དང་ཉམས་མྱོང་དམའ་ཞིང་ཁོམ་ལོང་ཉུང་བ་དང་། ཡིག་ཚོགས་འབོར་ཆེ་བ་དང་། མ་དཔེ་ཚད་ལྡན་ལོན་དཀའ་བ༼ཆོས་ཚན་ལ་ལར་མ་དཔེ་ཡིད་རྟོན་ཕེར་བ་གཏན་ནས་ལོན་མ་ཐུབ༽ སོགས་ཀྱིས་ད་དུང་ནོར་བ་དང་འཕྱུག་པ་གང་མང་ཡོད་ངེས་ཡིན་པས། དོན་གཉེར་ཅན་གྱི་ཐོས་བསམ་སྒོམ་སྒྲུབ་གནང་བའི་སྐྱེས་བུ་རྣམས་དང་། མཁྱེན་སྤྱན་ལྡན་པ་དག་ལ་བཟོད་གསོལ་ཞུ་བ་དང་ལྷན་དུ། སླད་མར་ཡང་ལམ་སྟོན་དང་ནོར་བཅོས་གང་མང་གི་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་ཞུ།
སྤྱི་ལོ་༢༠༡༩ ཟླ ༦ ཚེས ༡༥ལ།
དད་ལྡན་སྐྱེ་བོའི་ཞལ་འདོན་དང་བླང་དོར་གྱི་རིམ་པ་གསལ་བར་བཀོད་པ་ཐར་བའི་སྒོ་ཆེན་འབྱེད་པའི་སྡེའུ་མིག
སྤྱིའི་འགན་འཛིན་དང་འཆར་འགོད་པ། འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་འགན་ཁུར་པ། དགེ་ལེགས་ནོར་བུ།
མ་དཔེ་འཚོལ་སྡུད་པ། ནམ་མཁའ་སྐྱབས། འཇིག་མེད་ཕུར་བ།
ལག་བསྟར་རྩོམ་སྒྲིག་པ། ཐུབ་བསྟན་བཤད་སྒྲུབ།
དཔེ་བསྡུར་ཞུ་དག་པ། ཕུར་རྣམ། དཀོན་མཆོག་བཀྲ་ཤིས། ཐུབ་བསྟན་བཤད་སྒྲུབ།
རྩིས་འཕྲུལ་ལག་བསྟར་པ། ཀུན་བཟང་སྒྲོལ་མ།