← Search

ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

སྙིང་གཏམ་སུམ་ཅུ་པ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།

༄༅། །སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་བཞུགས་སོ། ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་སྨོན་ལམ་སྤྲིན་ཆེན་ལས། །ཐུགས་རྗེའི་ཚ་ཟེར་བདུད་རྩིའི་ཆུ་རྒྱུན་ལེགས་ཕབ་ནས། །གདུལ་བྱའི་ཞིང་དུ་སྐུ་གསུམ་མྱུ་གུ་སྨིན་མཛད་པའི། །སྐྱབས་གསུམ་མཆོག་གྱུར་སྐྱོབ་མཛད་བླ་མའི་ཞབས་ལ་འདུད། །སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དམ་པས་རྗེས་བཟུང་ཡང་། །རང་ཉིད་མི་བརྩོན་དོན་མེད་དུས་འདས་ཚེ་འདི་གྲིབ་སོར་གཏུགས། །དྲང་སྲོང་སྤྱོད་བསམ་རང་ལ་ཡི་མུག་དེ་འདྲ་གཞན་ཡང་མཐོང་། །དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །ཀྱེ་ཧོ་སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི། །མཐུན་རྐྱེན་འཛོམས་པའི་དགོན་གཞིས་འཛིན་པ་ཡང་། །རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །གྲོང་ཆོག་སྲིའུ་གསོ་འདྲེ་འདུལ་ལ་སོགས་ཀྱི། །ཡོན་ཏན་སྐྱེ་བོའི་དབུས་སུ་བྲིན་གྱུར་ཀྱང་། །ཟས་ནོར་སྲེད་པས་བདག་བློ་བདུད་ཀྱིས་ཁྱེར། །རང་སེམས་འདུལ་བ་ཁོ་བོའི་སྙིང་གཏམ་ཡིན། །དབུལ་ཕོངས་རྣམས་ལ་ཁྲལ་ཆེན་བསྡུས་ནས་ནི། །རྟེན་ཆེན་བཞེངས་དང་ཡོ་ལང་འགྱེད་ལ་སོགས། །དགེ་ལ་བརྟེན་ནས་གཞན་སྡིག་བསོག་པའི་རྒྱུ། །རང་སེམས་དགེ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཆེ་འདོད་ཕྱིར་གཞན་ལ་ཆོས་བཤད་དང་། །ཐབས་མཁས་ཆེན་པོའི་མཆོག་དམན་འཁོར་སྐྱོང་བ། །དངོས་འཛིན་སེམས་ཀྱི་ང་རྒྱལ་སྐྱེ་བའི་རྒྱུ། །བློ་སྣ་བསྟུང་བ་ཁོ་བོའི་སྙིང་གཏམ་ཡིན། །ཚོང་དང་བུན་སྐྱེད་གཡོ་སྒྱུ་ལ་སོགས་ཀྱི། །ལོག་འཚོས་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང་། །ལོ་འདོད་དགེ་བ་ཆོས་བརྒྱད་དག་གི་རྒྱུ། །ཞེན་ལོག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གཉའ་དང་དཔང་པོ་ཞལ་ལྕེ་ལ་སོགས་ཀྱིས། །གཞན་རྩོད་བསྡུམ་པ་འགྲོ་དོན་ཡིན་སྙམ་ཡང་། །དེ་ལ་བསྟེན་པའི་ཞེ་འདོད་འབྱུང་བའི་རྒྱུ། །རེ་དོགས་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །མངའ་རིས་ལོངས་སྤྱོད་འཁོར་དང་བསོད་ནམས་དང་། །སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང་། །རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད། །སྒྲུབ་ལ་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །གཉེར་པ་ཉེ་གནས་གཙོ་བོ་ལ་སོགས་པ། །ཐབས་ཁ་གྲྭ་སའི་སྲོག་ཤིང་ཡིན་མོད་ཀྱང་། །གཟུང་འཛིན་བློ་ཡི་སེམས་ཁྲལ་འབྱུང་བའི་རྒྱུ། །འདུ་འཛི་བསྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །རྟེན་མཆོད་དཔེ་ཆ་ཐབས་ཁ་ལ་སོགས་པ། །ཅི་དགོས་ཁུར་ནས་རི་ཁྲོད་འགྲིམ་པ་ཡང་། །འཕྲལ་ལ་འཛོམ་སྟེ་སྡུག་བསྔལ་རྩོད་པའི་རྒྱུ། །དགོས་མེད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །སྙིགས་མའི་དུས་འདིར་དམུ་རྒོད་འཁོར་རྣམས་ལ། །བཀའ་བཀྱོན་ལ་སོགས་ཕན་སེམས་ཡིན་མོད་ཀྱང་། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །ཞི་བར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ། །བརྩེ་བའི་མི་ལ་མཚང་ནས་བརྗོད་པ་ཡང་། །དྲང་པོ་ཡིན་ཀྱང་སྙིང་སྐྲན་འཛུག་པའི་རྒྱུ། །སྙན་པར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ། །བགྲོ་གླེང་བསྟན་པའི་གད་བདར་ཡིན་སྙམ་ཡང་། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང་། །རང་བསྟོད་གཞན་སྨོད་ཆགས་སྡང་དག་གི་རྒྱུ། །ཐམས་ཅད་བསྐྱུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཐོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། །གཞན་སྐྱོན་རྟོག་པ་ཤེས་རབ་ཡིན་སྙམ་ཡང་། །དེ་ལ་བརྟེན་ནས་རང་སྡིག་གསོག་པའི་རྒྱུ། །དག་སྣང་སྦྱོང་པ་ཁོ་བོའི་སྙིང་གཏམ་ཡིན། །སང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང་། །ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད། །ཟུང་འཇུག་བསྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས། །གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང་། །ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང་། །གྲོལ་ལམ་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྐལ་མེད་དག་ལ་དབང་བསྐུར་སྦྱིན་པ་དང་། །སྐྱེ་བོའི་དབུས་སུ་དམ་རྫས་འགྲེམ་ལ་སོགས། །གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ། །བཙུན་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །སྐྱེ་བོའི་དབུས་སུ་གཅེར་རྒྱུག་བྱེད་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང་། །འཇིག་རྟེན་པ་དག་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ས་ཕྱོགས་འདི་ན་བདག་ཉིད་མཆོག་འདོད་ཕྱིར། །བཙུན་དང་མཁས་ཤིང་བཟང་པོར་སྒྲུབ་པ་ཡང་། །མཐོན་པོའི་རྩེ་ནས་དམའ་སར་ལྷུང་བའི་རྒྱུ། །ཐང་ལྷོད་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །གང་དུ་སྡོད་ཀྱང་སྒོས་མཛའ་མི་འཚོལ་ཞིང་། །སུ་དང་འགྲོགས་ཀྱང་མི་མཛའ་མི་མཁོན་པར། །རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །དད་ལྡན་ཕོ་མོས་འཚོ་བ་སྦྱར་བྱས་ནས། །བཟང་པོར་བཀུར་ནས་ཚུལ་འཆོས་སྤྱོད་པ་ཡང་། །གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །རོ་སྙོམས་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན། །བཟོ་རྩིས་སྨན་སོགས་ཡིག་སྣ་དཔག་མེད་པའི། །རྟེན་འབྲེལ་ཐབས་ཀུན་རྣམ་མཁྱེན་རྒྱུ་ཡིན་ཀྱང་། །སྣ་ཚོགས་མང་པོས་བསམ་གཏན་གཅོག་པའི་རྒྱུ། །ཤེས་བྱ་བསྐྱུང་པ་ཁོ་བོའི་སྙིང་གཏམ་ཡིན། །ནང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་དང་། །དབེན་པའི་ཁོང་ནས་ཕུན་ཚོགས་སྒྲུབ་པ་ཡང་། །དོན་ཆུང་ངང་ལ་མི་ཚེ་འཛད་པའི་རྒྱུ། །བྱ་བྱེད་བཤོལ་བ་ཁོ་བོའི་སྙིང་གཏམ་ཡིན། །མཁས་དང་བཙུན་སོགས་སྒྲུབ་ལ་བརྩོན་གྱུར་ཅིང་། །ཕྱོགས་རིས་ཡོན་ཏན་ཕུལ་ཏུ་ཕྱིན་ན་ཡང་། །གང་ཞེན་དེ་ཡིས་བདག་རྒྱུད་འཆིང་བའི་རྒྱུ། །ཕྱོགས་མེད་ཁྲོལ་ཤེས་ཁོ་བོའི་སྙིང་གཏམ་ཡིན། །ཐོག་སེར་ལ་སོགས་གཏད་སྲུང་སྣ་ཚོགས་ཀྱིས། །གདུལ་དཀའ་འདུལ་བ་ཕྲིན་ལས་ཡིན་སྙམ་ཡང་། །གཞན་རྒྱུད་བསྲེགས་ཤིང་རང་ཉིད་ངན་འགྲོའི་རྒྱུ། །དམན་ས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་ན་ཡང་། །ཉམས་ལེན་མ་བྱས་འཆི་ཚེ་དཔེ་མི་ཕན། །སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །རྩེ་གཅིག་སྒྲུབ་ཚེ་ཉམས་དང་གོ་བསྡུར་དང་། །བསྟན་བཅོས་རྩོམ་དང་ཉམས་དབྱངས་ལེན་ལ་སོགས། །རྩལ་སྣང་ཡིན་ཡང་རྣམ་རྟོག་འཕེལ་བའི་རྒྱུ། །བློ་བྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །རྣམ་རྟོག་སྐྱེས་ཚེ་གཅེར་གྱིས་ལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །སྒོམ་དུ་མེད་པ་སྒོམ་དུ་བཞག་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང་། །བྱར་མེད་རྟོགས་ནས་སྡོམ་གསུམ་བསྲུང་བ་དང་། །དམིགས་མེད་སྙིང་རྗེས་འགྲོ་ལ་ཕན་བརྩོན་པ། །ཚོགས་གཉིས་དབྱེར་མེད་ཁོ་བོའི་སྙིང་གཏམ་ཡིན། །མཁས་གྲུབ་བླ་མ་མང་བསྟེན་གདམས་པ་ཟབ་མོའང་ཐོས། །མདོ་རྒྱུད་ཟབ་མོ་འགའ་མཐོང་ཅུང་ཞིག་ནང་དུའང་བརྟགས། །ཤེས་བཞིན་མི་སྤྱོད་ཀྱི་ཧུད་རང་གིས་རང་བསླུས་པ། །བདག་དང་བདག་འདྲའི་ཚུལ་ལ་སྙིང་གཏམ་སུམ་ཅུ་བཤད། །ངེས་འབྱུང་ཡིད་ཀྱིས་འདི་བརྩམས་དགེ་དེས་འགྲོ་བ་ཀུན། །སྲིད་པའི་དགོན་པ་ལས་བསྒྲལ་བདེ་ཆེན་ལ་བཀོད་དེ། །དུས་གསུམ་རྒྱལ་དང་དེ་སྲས་དྲང་སྲོང་ཆེ་རྣམས་ཀྱི། །རྗེས་སུ་སྤྱོད་པའི་སྲས་ཀྱི་ཐུ་བོར་བདག་གྱུར་ཅིག །སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་ངེས་པར་འབྱུང་བ་ཅུང་ཟད་ཀྱི་བློས་བསྐུལ་བ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྦྱར་བའོ། །དགེའོ། །

ཐར་བ་ལ་སྐུལ་བའི་རབས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།

༄༅། །ཐར་བ་ལ་སྐུལ་བའི་རབས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཐར་བ་ལ་སྐུལ་བའི་རབས་ཞེས་བྱ་བ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྣམ་འཕེལ་ཡོན་ཏན་རྒྱས་པའི་གཞིར། །བྱང་ཆུབ་ལྗོན་ཚོགས་མེ་ཏོག་འབྲས་བཀྲ་ཞིང་། །རྣམ་གྲོལ་ཞི་བ་ཐར་པའི་སྐྱེད་མོས་ཚལ། །ཕན་བདེའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །མཐའ་ཡས་འགྲོ་ལ་ཐུགས་རྗེའི་སྤྱན་དབྱེ་བའི། །ལེགས་འདོམས་ཆོས་ཀྱི་རྔ་ཆེན་སྒྲོག་པའི་དོན། །དེང་འདིར་ཐུབ་པའི་གསུང་བཞིན་རབ་བསྟན་ཀྱི། །ཐར་པར་སྐུལ་བའི་རབས་ཞེས་བྱ་བ་ཉོན། །ཀྱེ་མ་གྲོགས་དག་སྲིད་གསུམ་འཁོར་བ་ན། །སྡུག་བསྔལ་མེ་ཚོགས་ཀྱིས་གདུང་བདེ་བ་མེད། །གཅིག་ནས་གཅིག་བརྒྱུད་ཤིང་རྟའི་འཕང་ལོ་འདྲ། །དེ་བས་ད་རེས་ཐར་བའི་ཐབས་ཤིག་འཚལ། །ཁོམ་ལྡན་མི་ཡི་འགྲོ་བ་རྙེད་གྱུར་ཅིང་། །ཡང་དག་དགེ་བའི་བཤེས་དང་མཇལ་དུས་འདིར། །བདེ་འགྲོ་ཐར་པའི་སྐས་ལ་མ་འཛེགས་ན། །ཕྱིས་ནས་དལ་འབྱོར་ལུས་རྙེད་ཤིན་ཏུ་དཀའ། །དལ་དང་འབྱོར་བའི་མི་ལུས་མ་ཐོབ་ན། །སྡིག་པ་འབའ་ཞིག་མངོན་པར་འཕེལ་བ་ལས། །དགེ་གོམས་ཆོས་ལ་སྤྱོད་པའི་སྐབས་མི་རྙེད། །དམ་པའི་ཆོས་ཞེས་སྒྲ་ཡང་ཐོས་མི་འགྱུར། །དམ་པའི་ཆོས་དང་ཕྲད་པར་མ་གྱུར་ན། །སྡིག་པའི་དབང་གིས་འོག་ནས་འོག་ཏུ་འགྲོ། །ངན་སོང་གནས་ནས་ཐོན་པར་མ་གྱུར་ན། །སྔ་མའི་སྡུག་བསྔལ་དྲག་པོས་མནར་བཞིན་དུ། །ཕྱི་མའི་ལས་ངན་དཔག་མེད་གསོག་པས་ན། །མུ་མཐའ་མེད་པའི་འཁོར་བར་རྟག་ཏུ་འཁྱམས། །མཐའ་མེད་སྡིག་པའི་རྒྱ་མཚོར་འཁྱམས་དུས་འདིར། །རང་རང་ལས་ཀྱི་རྦ་ཀློང་དྲག་པོ་འཁྲུགས། །སྡུག་བསྔལ་གཏིང་མཐའ་དཔག་ཏུ་མེད་པ་ལས། །ལས་ཟད་བར་དུ་ཡང་ཡང་བརྣག་དགོས་སོ། །རང་གི་ལས་ངན་འཁྲུལ་བའི་མེ་ཚོགས་ལ། །རྒྱལ་བའི་ཐུགས་རྗེས་དངོས་སུ་གཞིལ་དཀའ་སྟེ། །སྔོན་འདས་སངས་རྒྱས་གྲངས་མེད་བྱོན་ན་ཡང་། །བདག་ཅག་ད་དུང་སྲིད་པར་འཁྱམས་ལ་ལྟོས། །དེ་བས་ད་ལྟ་དལ་འབྱོར་ཐོབ་དུས་འདིར། །འཁོར་བའི་སྡུག་བསྔལ་དཔག་མེད་བསམ་བྱས་ནས། །ཞི་བ་རབ་བཟང་ཐར་པའི་སྐྱེད་ཚལ་དུ། །དེ་རིང་ཉིད་ནས་མངོན་ཕྱོགས་འབད་པར་བྱ། །ད་རེས་ཟབ་མོའི་ཆོས་ལ་བརྩོན་བྱས་ན། །ཚེ་འདིར་ཐར་པའི་ལམ་སྣ་ཟིན་པར་ངེས། །ཐར་ལམ་ཟིན་ན་བདེ་ནས་བདེ་བར་འགྲོ། །བྱང་ཆུབ་བདེ་ལེགས་འབྱོར་པ་ལག་ན་འདུག །བདེ་ལེགས་དབང་གིས་ངན་འགྲོར་མི་ལྟུང་ཞིང་། །བདེ་འགྲོ་མཐོ་རིས་འཇིག་རྟེན་མཆོག་ཏུ་འགྲོ། །དེར་སོང་ནས་ནི་དགེ་ལ་རབ་བརྩོན་ཞིང་། །མངོན་མཐོ་ངེས་ལེགས་དགའ་སྟོན་བཟང་པོ་མྱོང་། །དགེ་བས་ཐར་པའི་ལམ་བཟང་རིན་ཆེན་དུ། །རྒྱལ་བའི་འབྱོར་པ་རྨད་བྱུང་མཐའ་ཡས་བསྐྲུན། །བདེ་གཤེགས་བལྟ་དང་གཙང་མའི་ཆོས་རབ་མཉན། །ཞིང་སྦྱངས་འཕགས་པའི་དགེ་འདུན་མཆོག་དང་འགྲོགས། །པདྨོ་ཅན་སོགས་དག་པའི་འཇིག་རྟེན་དུ། །པདྨོ་ལས་སྐྱེས་སེམས་གཙང་རྙོག་པ་མེད། །པདྨོ་ལྟར་མཛེས་ཡོན་ཏན་ཚོགས་མང་ཞིང་། །པདྨོའི་དཔལ་སོགས་རྒྱལ་བ་མཐོང་བར་འགྱུར། །དེ་ཕྱིར་བློ་དང་ལྡན་པའི་སྐྱེ་བོ་རྣམས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །དགེ་གོམས་ཡིད་ལ་བྱེད་པ་འབའ་ཞིག་གིས། །ཐར་ལམ་འཛེགས་ལ་བརྩོན་པ་བརྒྱ་འགྱུར་རིགས། །ད་རེས་སྲིད་ལས་ཐར་ལམ་མ་རྙེད་ན། །ཕྱིས་ནས་ཞི་བའི་ལམ་དང་ཕྲད་པ་དཀོན། །ཞི་བའི་ལམ་དང་ཕྲད་པར་མ་གྱུར་ན། །མཐའ་མེད་འཁོར་བའི་གནས་ལས་ཐར་ཐབས་མེད། །ད་ལྟའི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་དང་། །ནད་ཀྱི་སྡུག་བསྔལ་ཕྲ་མོ་མི་བཟོད་ན། །སེམས་དམྱལ་ཡི་དྭགས་དུད་འགྲོ་ལ་སོགས་པའི། །སྡུག་བསྔལ་མེ་ཚོགས་འབར་བ་བསྲན་བཟོད་དམ། །དེ་བས་ད་ལྟ་རང་དབང་ཡོད་དུས་འདིར། །འཁོར་བའི་སྡུག་བསྔལ་ཐར་པའི་ཕན་ཡོན་དང་། །དགེ་སྡིག་བླང་དོར་ཚོགས་གཉིས་སྒྲུབ་ལ་སོགས། །ལེགས་པའི་ཆོས་ལ་ཉིན་མཚན་འབད་པ་ཐོན། །དལ་འབྱོར་ཐོབ་ཀྱང་ཆོས་ལམ་མ་བསྒྲུབས་ན། །མི་ཚེ་ཆུད་ཟོས་ཡེངས་པའི་ལམ་ལ་ཟད། །བརྒྱ་ལ་རེས་འགའི་མི་ལུས་རིན་ཆེན་འདི། །ད་རེས་ཐོབ་དུས་སྟོང་ལོག་མ་བྱེད་ཅིག །ཚེ་འདིའི་སྣང་བ་རྨི་ལམ་འབྱོར་བ་འདྲ། །སད་པས་སྟོང་སྟེ་ཅི་ཡང་མེད་པ་ལྟར། །ཐམས་ཅད་བོར་ཏེ་གཅིག་པུར་འགྲོ་དུས་ན། །རྗེས་སུ་འབྲང་བ་དགེ་སྡིག་གཉིས་ལས་མེད། །གཉེན་འདུན་འབྱོར་པས་ཅིས་ཀྱང་མི་སྟོངས་ལ། །ཤི་བའི་རྗེས་སུ་དེ་དག་འགྲོ་བ་མེད། །བདག་ཀྱང་ཕྱིར་འོང་འདི་རུ་མི་ལྡོག་པས། །ཚེ་འདིའི་བྱ་བས་བདག་ལ་ཅི་བྱར་ཡོད། །དེ་བས་འཇིག་རྟེན་འཁྲུལ་པའི་སྣང་བ་ལ། །ཆགས་ཞེན་དགག་སྒྲུབ་བདེན་འཛིན་ཀུན་སྤངས་ཏེ། །དེ་རིང་ཉིད་ནས་ཆོས་ལ་བརྩོན་པ་ཡིས། །དལ་འབྱོར་དོན་མེད་ཆུད་ཟོས་མ་སོང་བྱ། །ད་རེས་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་སྡོད་པའི་གདིང་ནི་ཅི་ལ་ཡོད། །ཚེ་འདིའི་ནོར་རྫས་བུང་བའི་སྦྲང་རྩི་འདྲ། །རང་གིས་བསགས་ཀྱང་གཞན་གྱིས་སྤྱོད་པ་མང་། །གཉེན་འདུན་མཛའ་བཤེས་མགྲོན་པོ་གནས་མཐུན་འདྲ། །ལྷན་ཅིག་འདུས་ཀྱང་སོ་སོར་འབྲལ་དུ་ཉེ། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ད་ལྟ་ཡོད་ཀྱང་མེད་པ་མྱུར་དུ་འོང་། །འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། །ཉིན་མཚན་རྟག་ཏུ་བདག་ལ་གླགས་སྐབས་འཚོལ། །ཚེ་འདིའི་སྣང་བ་རྨི་ལམ་སད་ཁ་འདྲ། །མི་རྟག་ཡུན་ཐུང་ཅིས་ཀྱང་དོར་ནས་འགྲོ། །རྒྱུ་འབྲས་ལས་རྣམས་ལུས་ཀྱི་གྲིབ་མ་འདྲ། །རྟག་པར་བདག་གི་རྗེས་སུ་འབྲང་བར་བྱེད། །དེ་བས་བློ་དང་ལྡན་པའི་སྐྱེ་བོ་ཀུན། །དེ་རིང་ཉིད་ནས་ཐར་ལམ་སྒྲུབ་པར་མཛོད། །འཇིག་རྟེན་སྤྱོད་པ་དམ་པའི་གཞིར་གྱུར་པ། །ལེགས་པའི་ཆོས་ལ་རྟག་ཏུ་འབད་པ་སྟེ། །སྙིང་ནས་མི་རྟག་འཆི་བ་དྲན་བྱས་ནས། །སྐྱེ་བོ་དམ་པ་རྣམས་ཀྱི་རྗེས་འགྲོ་མཛོད། །ཚེ་འདིའི་བྱ་བ་གང་དང་གང་ཡང་རུང་། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །འཁྲུལ་བས་བྱིས་པ་བསླུ་ཞིང་སྙིང་པོ་མེད། །དེ་བས་ཐར་པ་བྱང་ཆུབ་སྒྲུབ་པར་མཛོད། །བྱ་བ་བཏང་ན་དམ་ཆོས་ངང་གིས་འགྲུབ། །བྱ་བ་ཐོང་ན་དངོས་འཛིན་འཁྲུལ་པ་འཇིག །བྱ་བ་མེད་ན་ཉོན་མོངས་ཆུ་བོ་བརྒལ། །བྱ་བ་བྲལ་ན་རང་སེམས་ངང་གིས་བདེ། །གང་ལ་བསམས་ཀྱང་མི་རྟག་སྙིང་པོ་མེད། །གང་དུ་བལྟས་ཀྱང་འཕོ་ཞིང་འགྱུར་བའི་ཆོས། །གང་ལྟར་དཔྱད་ཀྱང་ཚེ་འདིའི་འཁྲུལ་སྣང་ལ། །གང་གིས་མ་ཆགས་སྐྱེ་བོ་མཁས་པ་ཡིན། །དེང་ནས་འཁོར་བ་འདི་ལ་བློ་ལོག་སྟེ། །དེང་དུས་ཐར་པའི་ལམ་ཆེན་མཆོག་ཞུགས་ནས། །དེང་ཉིད་བརྩོན་པས་ཉིན་མཚན་འདའ་བྱས་ན། །དེང་འདིར་སྡུག་བསྔལ་ཆུ་བོ་སྒྲོལ་བར་འགྱུར། །འགྲོ་བ་འཁྲུལ་པ་འཁྲུལ་པའི་དབང་གིས་འགྲུལ། །དེ་ལས་གང་ཞིག་གང་ལས་ལྡོག་པ་གང་། །དམ་ཆོས་བསྒྲུབ་ཕྱིར་སྒྲུབ་ལ་བརྩོན་པས་སྒྲུབས། །མངོན་མཐོ་ངེས་ལེགས་ངེས་པར་འགྲུབ་པར་ངེས། །འགྱུར་ཞིང་མི་རྟག་ཚེ་འདིའི་སྣང་བ་འགྱུར། །འགྱུར་བར་མི་ཤེས་སྐྱེ་བོ་སྡུག་བསྔལ་འགྱུར། །འགྱུར་བས་ཡིད་འབྱུང་ཐར་པ་འདོད་པར་འགྱུར། །འགྱུར་མེད་དོན་བསྒོམས་སྲིད་ལས་ཐར་པར་འགྱུར། །རིག་དང་མ་རིག་ཁྱད་པར་སོ་སོ་ལས། །ལས་ཚུལ་ཐ་དད་བདེ་སྡུག་དུ་མར་སྣང་། །སྣང་སྲིད་སྣོད་བཅུད་གཟུང་འཛིན་དབང་གིས་འཁྲུལ། །འཁྲུལ་པར་ཤེས་ནས་རྟོགས་ཏེ་མཁས་པར་རིགས། །ཉིན་མཚན་ཀུན་ཏུ་དལ་འབྱོར་སྙིང་པོར་བྱ། །ཅིས་ཀྱང་མི་ཕན་མྱུར་དུ་འགྲོ་རྩིས་བྱ། །དམ་པའི་ཆོས་ལ་དེང་ནས་བརྩོན་པར་བྱ། །དད་དང་བརྩོན་འགྲུས་བག་ཡོད་བསྟན་པར་བྱ། །ཚེ་འདི་མི་རྟག་མྱུར་དུ་འགྲོ་ན་ཡང་། །ཚུ་རོལ་མཐོང་བས་རྟག་ཏུ་བདེན་པར་ཞེན། །ཚིག་གུ་མ་སྨིན་འབྲས་ལ་ཆགས་པ་བཞིན། །ཚ་ཟེར་ཉོན་མོངས་གདུང་བས་སྲེད་པར་ཟད། །མ་རིག་དབང་གིས་འཁོར་བའི་སེམས་ཅན་རྣམས། །མེ་གསུམ་དག་གི་སྡུག་བསྔལ་འབར་བས་གདུངས། །མུ་མཐའ་མེད་པའི་སྲིད་པར་འཁྱམས་པ་ལས། །མི་གང་ཐར་པའི་བྱང་ཆུབ་ཚོལ་བ་མཚར། །ཀྱེ་མ་གྲོགས་དག་དལ་འབྱོར་རྙེད་གྱུར་ཀྱང་། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་དུ་གང་འབྱུང་བདག་ལ་ཆ་ཡོད་དམ། །འཆི་དུས་ཅི་བྱེད་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་འཆིའམ་གཏོལ་མེད་ཀྱི། །ཅི་འགྲུབ་དགེ་ལ་དེ་རིང་བརྟུན་ཏེ་བྱ། །འཚོ་བའི་སྲོག་ནི་འཆི་བདག་བདུད་ཀྱིས་འཕྲོག །དར་བའི་ལང་ཚོ་དུས་ཀྱི་ནད་ཀྱིས་འཕྲོག །འགྱུ་བའི་དབུགས་ནི་འཆི་བདག་སྲིན་པོས་འཕྲོག །ཚེ་འདིའི་སྣང་བ་དུས་ཀྱིས་གཉེར་ཏེ་འཕྲོག །དེ་བས་ནམ་འཆི་ངེས་པ་མ་མཆིས་པས། །ཡུལ་དང་གནས་དང་ལོངས་སྤྱོད་ལ་སོགས་དང་། །ཕུང་པོ་མི་རྟག་སྒྱུ་མའི་ལྡིང་ཁང་ལ། །སེམས་ཤེས་སུ་ཞིག་སྲེད་པ་འཕེལ་བར་འགྱིད། །མ་རིག་ཡང་སྲིད་སྡུག་བསྔལ་ཆུ་བོ་ལ། །ནན་གྱིས་འཇུག་པ་འཁོར་བའི་རང་བཞིན་ལས། །མཁས་པ་རྣམས་ནི་རབ་ཏུ་རྟོགས་པའི་ཕྱིར། །འཇིག་རྟེན་ཚེ་འདིའི་འཛིན་པ་བཏང་བར་མཛོད། །འཇིག་རྟེན་འདི་ན་རྟག་པ་འགའ་མེད་དོ། །སྣོད་ཀྱི་འཇིག་རྟེན་གླིང་བཞི་རི་རབ་དང་། །ཉི་ཟླ་གཟའ་སྐར་འདོད་ལྷའི་སྐྱེད་མོས་ཚལ། །བསམ་གཏན་གནས་དང་བཅས་པ་མ་ལུས་ཀུན། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་ཚེ། །སྐྲ་རྩེའི་ལྷག་རོལ་ཙམ་ཡང་མི་ལུས་ཤིང་། །ཞིག་ནས་སྟོང་སྟེ་ནམ་མཁའ་གཅིག་ཏུ་འགྱུར། །སོས་ཀ་དབྱར་དང་སྟོན་དུས་དགུན་དང་དཔྱིད། །ལོ་ཟླ་ཚེས་གྲངས་སྐད་ཅིག་འགྱུར་བ་སྟེ། །ཁ་སང་དེ་རིང་སང་དུ་འཕོ་བ་བཞིན། །འདི་ལྟར་ས་སྟེང་འཇིག་རྟེན་མ་ལུས་ན། །དབྱར་དུས་རྩྭ་ཤིང་མེ་ཏོག་སྨན་སྤོས་དང་། །སེམས་ཅན་ཕྲ་མོ་ཇི་སྙེད་ཡོད་པ་ཀུན། །དགུན་དུས་བསྐམས་ཏེ་མེད་པར་གྱུར་ལ་ལྟོས། །བཅུད་ཀྱི་སེམས་ཅན་མི་རྟག་འགྱུར་བ་སྟེ། །བདག་གིས་དྲན་དུས་ས་སྟེང་མི་རྣམས་ལས། །རྒན་རབས་གཞོན་རབས་སྐལ་མཉམ་དུ་མ་འདས། །ཕ་མ་མཛའ་བཤེས་གཉེན་འདུན་བྲན་དང་འཁོར། །ཁྱིམ་གང་ནང་ནས་ལྷན་ཅིག་ཚོགས་རྣམས་ལས། །ཕལ་ཆེར་འདས་ཤིང་མི་རྟག་སྐྱོ་བ་འཕེལ། །འགའ་ཙམ་ཡོད་ཀྱང་ལ་ལ་ཕྱོགས་གཞན་སོང་། །རང་ཉིད་གཅིག་པུར་ད་ལྟ་གནས་ལ་སོགས། །ལོ་བརྒྱའི་ཁོངས་སུ་འདས་པའི་མི་རྣམས་ཀྱིས། །རྟག་ཏུ་རེ་བས་ནོར་དང་རྫས་བསགས་ཀྱང་། །བཞག་ནས་སོང་སྟེ་ཤ་རུས་སོ་སོར་འབྲལ། །སྐྱེ་ཤིའི་འཁོར་ལོས་གནས་པ་གཅིག་ཀྱང་མེད། །ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །བདེན་པར་ཞེན་ནས་ནོར་དང་རྫས་ལ་སྲེད། །འདོད་པས་གདུངས་ཏེ་གསོག་སྲུན་སྣ་ཚོགས་བྱེད། །རྟག་ཏུ་སྡོད་སྙམ་གཅིག་གིས་གཅིག་ལ་འཚེ། །ཆགས་སྡང་འཐབ་རྩོད་ཕྱོགས་རིས་བྱེད་ན་ཡང་། །དུས་ཀྱིས་རྙིངས་པའི་ཤིང་ཏོག་བྲུལ་བ་བཞིན། །སྔ་ཕྱིར་ཟད་ནས་རྟག་པ་འགའ་མེད་དེ། །ལོ་བརྒྱའི་ནང་དུ་གཅིག་ཀྱང་ལུས་མི་འགྱུར། །ཚལ་རྣམས་མེ་ཏོག་ཤིང་ལོ་འབོ་བ་བཞིན། །སོ་དང་སྐྲ་སེན་ཤ་རུས་སོ་སོར་འབྲལ། །ཚོལ་སྐྱོང་འདོད་པ་དུ་མས་ཅི་ཞིག་བྱ། །ཚུལ་འདིས་ས་སྟེང་འགྲོ་བ་ཕལ་ཆེར་བསླུས། །དེ་ལྟར་མི་རྟག་གཡོ་བར་མ་ཤེས་པར། །ཕ་མ་མཛའ་བཤེས་གཉེན་དང་ནོར་གྱི་ཕྱིར། །ཀུན་དང་རྩོད་ཅིང་མི་དགེའི་སྡིག་རྣམས་བསགས། །སྡིག་དེ་བདག་ཉིད་གཅིག་པུས་མྱོང་བ་ལས། །དེ་དག་སྐལ་ནོད་འགྱུར་བ་འགའ་ཡང་མེད། །རྣམ་སྨིན་ཕྱི་ཕྱིར་འབྲང་བའི་ཁུར་ཐོགས་ནས། །བདག་ཉིད་གཅིག་པུ་ཕ་རོལ་འགྲོ་བ་ན། །སྡིག་པས་བསགས་པའི་ནོར་རྣམས་གཞན་གྱིས་སྤྱོད། །སེར་སྣས་ཡིད་ལ་མཁྲེང་ཡང་བྱ་ཐབས་མེད། །གྲོ་ཟན་གཅིག་ཀྱང་ཁྱེར་བའི་དབང་མེད་ཅིང་། །ཤུལ་རིང་བགྲོད་ལ་འགྲོགས་པའི་ཟླ་མི་རྙེད། །ཆོས་མེད་མི་རྣམས་དེ་དུས་འཇིགས་པས་འདར། །བར་དོའི་འཕྲང་ལ་གཅིག་པུར་འགྲོ་བ་ན། །འཁོར་འདབས་ནང་མི་གཅིག་ཀྱང་ཁྲིད་དབང་མེད། །ནོར་རྫས་ཏིལ་འབྲུ་གཅིག་ཀྱང་ཁྱེར་དབང་མེད། །ཁ་དྲག་དཔུང་པ་གཅིག་ཀྱང་འཚོང་དབང་མེད། །རང་དབང་གྲོས་མཐུན་གཅིག་ཀྱང་བྱ་དབང་མེད། །བཟོ་རིག་ཡོན་ཏན་གཅིག་ཀྱང་བསྐྱང་དབང་མེད། །བདེ་དལ་ཅུང་ཟད་གཅིག་ཀྱང་རང་དབང་མེད། །འཁྲུལ་སྣང་ལས་ཀྱི་མེ་ལོང་གསལ་བར་འགྱུར། །ཀྱེ་མ་དད་ལྡན་སྐྱེ་བོའི་ཚོགས་རྣམས་ཀུན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འགྲེ་ལྡོག་རང་སྣང་བསྐལ་པ་འཁྲུག །དེ་དུས་སྟོངས་པའི་དམ་ཆོས་བྱེད་རེ་རན། །རན་པ་བས་ཀྱང་ཕྱིས་པར་གྱུར་པ་ཙམ། །ད་ལྟ་ཉིད་ནས་བརྩོན་པས་འབད་འཚལ་ལོ། །ལྷན་ཅིག་འདུས་པའི་ལུས་ཀྱང་སོ་སོར་འབྲལ། །མཛའ་བཤེས་གཉེན་འདུན་སྲེད་པས་ཅི་ཞིག་བྱ། །ཐམས་ཅད་བོར་ཏེ་གཅིག་པུར་འགྲོ་དུས་ན། །སུ་ཉེ་སུ་མཛའ་ཇི་སྙེད་ཡོད་གྱུར་ཀྱང་། །བདག་གི་ཕྱི་བཞིན་འགྲོ་བ་གཅིག་ཀྱང་མེད། །གཉེན་བཤེས་བུ་སྨད་རྣམས་ཀྱིས་ཅི་ཞིག་བྱེད། །ཚེ་འདིར་བསགས་པའི་ནོར་རྫས་ཅི་ཡོད་ཀྱང་། །བཞག་ནས་འགྲོ་དུས་ཕན་པ་གཅིག་ཀྱང་མེད། །དེ་བས་ད་ལྟ་སྦྱིན་པའི་གཏེར་དུ་སྦོས། །རྗེས་སུ་འབྲང་ཞིང་འཕྲོག་ཏུ་མེད་པར་གསུངས། །ནོར་རྫས་སྒྱུ་མ་ཡིན་གྱི་ཞེན་པ་སྐྱུངས། །གཉེན་བཤེས་འཆིང་བ་ཡིན་གྱི་བརྩེ་གདུང་སྤོངས། །ཚེ་འདི་རྨི་ལམ་ཡིན་གྱི་མི་རྟག་སྒོམས། །གཟུང་འཛིན་འཁོར་བ་ཡིན་གྱི་རྒྱབ་ཏུ་བོར། །ཐམས་ཅད་འགྱུར་ཡང་ད་དུང་རྟག་ཏུ་རེ། །མཛའ་དང་མི་མཛའི་དོན་ཕྱིར་ཆགས་སྡང་བྱེད། །འཁྲུལ་སྣང་དངོས་ལ་བློ་ལྟོས་བདེན་ཞེན་འཆའ། །བྱིས་པའི་བྱ་བ་འདི་འདྲས་མངོན་པར་སྐྱོ། །དེ་བས་ད་ལྟ་རང་གི་ཡོ་བྱད་དང་། །གཉེན་འདུན་ཕྱིར་ཡང་སྡིག་པ་མི་བསགས་ཤིང་། །དོན་མེད་འཚེ་དང་རྩོད་པ་མི་བྱ་ལ། །ཉེ་འམ་རིང་ཡང་གཞན་གྱི་སེམས་མི་དཀྲུགས། །ཀུན་ལ་སེམས་སྙོམས་ལས་སུ་རུང་བར་བྱ། །དེས་ནི་འདི་ཕྱིར་ཕན་བདེ་འགྲུབ་པར་འགྱུར། །དོ་ཅིག་ཡོད་པས་སང་ཕོད་ཡོད་པ་ལྟར། །ཚེ་འདིར་ཡོད་པས་ཕྱི་མ་ཡོད་པར་འགྱུར། །སང་ཕོད་ལོ་དང་ཚེ་རབས་ཕྱི་མ་གཉིས། །གང་སྔ་ཡོང་པའང་སུ་ལ་གཏོལ་མེད་པས། །སང་ཕོད་དོན་ལ་སོ་ནམ་བྱེད་པ་བཞིན། །ཕྱི་མའི་དོན་དུ་དམ་ཆོས་སྤྱད་པར་རིགས། །དེ་རིང་དོ་ནུབ་སང་ཉིན་མི་འཆི་ཞེས། །རེ་ཞིག་བརྟགས་པས་འདུག་པར་རིགས་མ་ཡིན། །གློ་བུར་རྐྱེན་གྱིས་མི་རྟག་གཡོ་བར་འགྱུར། །དེ་བས་དེ་རིང་ཉིད་ནས་བརྩོན་པར་རིགས། །ཚེ་འདི་འབབ་ཆུ་འདྲ་སྟེ་རྟག་པ་མེད། །ལུས་འདི་གཡར་པོ་འདྲ་སྟེ་ཡིད་བརྟན་མེད། །སྐྱེ་ཤི་འཁོར་ལོ་འདྲ་སྟེ་ཕ་མཐའ་མེད། །ཆོས་ཀུན་སྒྱུ་མ་འདྲ་སྟེ་སྙིང་པོ་མེད། །རང་གཞན་དར་རྒུད་རྨི་ལམ་སྣང་བ་འདྲ། །རྟག་ཏུ་ཡིད་བརྟན་མེད་དོ་དམ་ཆོས་སྒྲུབས། །ཚེ་འདིའི་འཁྲུལ་སྣང་བྱིས་པའི་རྩེད་མོ་འདྲ། །བསླུ་ཞིང་འགྱུར་བ་ཡིན་ནོ་ཐར་ལམ་སྒྲུབས། །ཐམས་ཅད་བདེན་མེད་བར་སྣང་འཇའ་ཚོན་འདྲ། །གང་ལའང་ཡིད་བརྟན་མེད་ཀྱིས་བྱང་ཆུབ་སྒྲུབས། །གཟུང་འཛིན་ཉོན་མོངས་སྤྲིན་ཚོགས་འཁྲིགས་པ་འདྲ། །གློ་བུར་བག་ཆགས་ཡིན་གྱིས་སྒྲིབ་པ་སྦྱོངས། །འདུས་བྱས་མི་རྟག་བར་སྣང་གློག་དང་འདྲ། །སྐད་ཅིག་འགྱུར་བ་ཡིན་ནོ་གཏན་སྲིད་ཟུངས། །འགྲོ་བ་གཡོ་བ་དུས་ཀྱི་ཤིང་འདབ་བཞིན། །སྐྱེས་ཀྱང་འཆི་བ་ཡིན་ནོ་ཆོས་ལ་འབད། །རང་བཞིན་འགྱུར་བ་ཚོགས་ཁང་སྐྱེ་བོ་བཞིན། །འདུས་ཀྱང་འབྲལ་བ་ཡིན་ནོ་གདུང་སེམས་སྤོངས། །རྟག་ཏུ་མི་གནས་རྫིང་བུའི་འབབ་ཆུ་འདྲ། །བསགས་ཀྱང་འཛད་པ་ཡིན་ནོ་དངོས་ཞེན་སྤོངས། །ཐམས་ཅད་དར་ཏེ་མེ་ཏོག་བཀྲམ་པ་བཞིན། །དར་ཡང་རྒུད་པ་ཡིན་ནོ་རློམ་སེམས་སྤོངས། །ད་རེས་ཐར་ལམ་བྱང་ཆུབ་མ་བསྒྲུབས་ན། །གཏན་དུ་འཁོར་བའི་གནས་ལས་ཐར་མི་འགྱུར། །སྡུག་བསྔལ་ཆུ་བོ་ཤིན་ཏུ་བགྲོད་དཀའ་བས། །རང་གཞན་དུཿཁས་གདུང་བའི་ཚུལ་ལ་ལྟོས། །དལ་འབྱོར་སྙིང་པོ་ལྡན་པའི་ལུས་ཐོབ་ནས། །ཐར་ལམ་མ་ཟིན་དོན་མེད་འདའ་བྱས་ན། །འདི་ལས་བསླུས་པ་བདག་ལ་གང་ཞིག་ཡོད། །ཕྱི་ཕྱིར་སྡུག་བསྔལ་བརྒྱ་ཕྲག་བཟོད་ནུས་སམ། །དེ་བས་རིན་ཆེན་གྲུ་བོ་རྙེད་དུས་འདིར། །མངོན་མཐོ་ངེས་ལེགས་ལམ་བཟང་སྲོལ་བཏོད་དེ། །དམ་ཆོས་ཆེད་དུ་བརྩོན་འགྲུས་བརྩམ་པར་བྱ། །དེས་ནི་བརྒལ་དཀའི་སྲིད་མཚོ་སྒྲོལ་བར་འགྱུར། །སྲིད་ལས་ཞི་བར་འཇུག་པ་དེ་དག་གིས། །ལྷ་དང་མི་ཡི་ཆོས་ལུགས་ལ་བརྟེན་ནས། །རིམ་གྱིས་ཐར་པའི་བྱང་ཆུབ་ཐོབ་པར་གསུངས། །དེ་ཕྱིར་ཐོག་མར་མངོན་མཐོའི་ཆོས་ལ་བསྟེན། །དེ་ཡང་ངོ་ཚ་ཤེས་དང་ཁྲེལ་ཡོད་པ། །གཉིས་ལ་བརྟེན་ནས་ཡོན་ཏན་བསྒྲུབ་པ་སྟེ། །དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་བཞི། །བག་ཡོད་བསོད་ནམས་ཆ་མཐུན་ལས་རྣམས་ཀྱིས། །ལྷ་མིའི་བདེ་འབྲས་གོང་མ་ཐོབ་པས་ན། །དགེ་བའི་ལས་རྣམས་ཀུན་ལ་བསླབ་པར་བྱ། །འདི་ལྟར་རང་གི་མཛའ་བཤེས་གཉེན་རྣམས་དང་། །ནང་མི་གྲོང་མཚེས་གཞན་ཡང་འགྲོ་རྣམས་ལ། །བྱམས་པའི་སེམས་དང་བརྩེ་བའི་མིག་གིས་བལྟ། །ཆོས་ལ་བསྐུལ་ཞིང་སྡིག་ལས་ལྡོག་པར་བྱ། །དཀོན་མཆོག་མཆོད་ཅིང་ཕོངས་ལ་སྦྱིན་པ་དང་། །རྒན་རབས་སྲི་ཞུ་ཕ་མར་བཀུར་སྟི་དང་། །ལམ་མཐུན་གློ་བུར་ལྷགས་དང་ནད་པའི་ཚོགས། །མགོན་མེད་རྣམས་ལ་ཕན་ཐོགས་རྒྱ་ཆེར་བྱ། །སྡུག་ཕོངས་རྣམས་ལ་དུས་སུ་སྦྱིན་པ་དང་། །དམ་པ་མཆོད་ཅིང་སྦྱིན་པའི་ས་བོན་གདབ། །ལམ་གྱི་སྟེགས་དང་གྲུ་ཟམ་འཛུགས་པ་དང་། །མགྲོན་ཁང་བརྩིགས་དང་ཆུ་རགས་བཟང་པོ་དང་། །ཟས་སྐོམ་ཚུལ་དང་ཕན་ཐོགས་ཅི་འགྲུབ་བྱ། །ལམ་འཕྲང་སྐྱེལ་བསུ་མི་འཇིགས་སྦྱིན་པ་དང་། །བྱ་དང་རི་དྭགས་ཉ་དང་འགྲོ་རྣམས་ལ། །རི་རྒྱ་ཆུ་རྒྱ་མགོན་སྐྱབས་དཔུང་གཉེན་དང་། །གནས་མལ་སྦྱིན་སོགས་སྐྱབས་ཀྱི་སྦྱིན་པ་དང་། །མཆོད་རྟེན་ལྷ་ཁང་སྐུ་གཟུགས་ལ་སོགས་ལ། །ཕྱག་དང་བསྐོར་བ་དད་པས་ཐལ་མོ་སྦྱར། །དང་བས་བལྟ་དང་གུས་པས་མཆོད་པ་དང་། །རྙིང་པ་གསོ་དང་ཞིག་རལ་བཅོས་པར་བྱ། །ཕྱི་ནང་ཀུན་ཏུ་བཟང་སེམས་སྙོམས་པ་དང་། །དོན་མཐུན་སྙན་པར་སྨྲ་བས་ཆོས་ལ་བསྐུལ། །ཁྲོ་དང་འཐབ་རྩོད་ཚིག་རྩུབ་སྤང་བྱ་ཞིང་། །ཅི་ནས་གཞན་གྱི་ཡིད་དང་མཐུན་པར་བྱ། །མི་སྙན་སྨྲ་ལ་རྩུབ་མོའི་ལན་མི་གདབ། །རྟག་ཏུ་ཁོང་ཡངས་གཟེ་རེ་ཆུང་བ་དང་། །གཞན་ལ་མི་གནོད་ཅི་འགྲུབ་ཕན་གདགས་ཤིང་། །གཡོ་དང་ཟོལ་མེད་རང་སེམས་རྣམ་དག་བྱ། །བཟང་པོའི་དྲིན་རྣམས་བརྗེད་པ་མེད་པ་དང་། །ཕྱི་ཐག་རྒྱུན་རིང་འགྲོགས་གཞུང་བསྟེན་བྱ་ཞིང་། །བྱ་བ་ཀུན་ལ་རང་བཞིན་བརྟག་པ་དང་། །མཐོ་དམན་གང་ལའང་རེ་བ་བསྐྱུང་བར་བྱ། །འབྱོར་པའི་དུས་སུ་དྲེགས་པར་མི་བྱ་ལ། །གཞན་སེམས་མི་དཀྲུགས་ཕྲག་དོག་ཟུག་རྔུ་སྤང་། །འགྲན་སེམས་མི་བྱ་ཆགས་སྡང་འཐབ་རྩོད་དོར། །ཁྱད་དུ་མི་གསོད་ཞི་དེས་ལྡན་པར་བྱ། །དབུལ་ཞིང་རྒུད་ཚེ་ཧ་ཅང་མི་ཞུམ་ཞིང་། །སྔོན་གྱི་ལས་བརྟག་གཞན་ལ་འཁང་མི་བྱ། །སྡིག་ལ་མི་འཇུག་ངོ་ཚ་ཁྲེལ་ཡོད་བསྟེན། །རང་ཚུགས་ཐུབ་པས་དགེ་ཞིང་བརྟན་པར་བྱ། །ཆོས་ལྡན་བདེ་ན་གཞན་དུ་མི་འཁྱམས་ཤིང་། །གང་འདུག་གནས་ལ་རང་བཞིན་བརྟན་པར་བྱ། །ཆོས་མིན་འདུག་ན་ཡུལ་གཞན་སྤོ་བྱས་པས། །སྔར་བས་ཇེ་བདེར་འགྱུར་བ་ཆོས་ཉིད་ལགས། །མདོར་ན་གང་སྣང་བདེ་སྡུག་མཐོ་དམན་ཀུན། །ལས་སུ་ཤེས་ནས་ངན་པ་སྤང་བ་དང་། །བཟང་པོ་སྒྲུབ་ཅིང་རང་རྒྱུད་དགེ་བར་བྱ། །འདི་དང་ཕྱི་མར་ལེགས་པ་སྒྲུབ་པ་ལགས། །རང་གི་སྡུག་བསྔལ་གཞན་ལ་མི་སྤོ་ཞིང་། །དང་ལེན་བཟོད་པས་བསྲན་པར་བྱ་བ་དང་། །ཐོག་ཏུ་གང་བབས་རང་གི་ལས་ཤེས་པས། །དགག་སྒྲུབ་བཏང་ལ་ལེགས་ཉེས་ཤེས་པར་བྱ། །གཞན་གྱི་ཚིག་ལ་བདེན་རྫུན་བརྟག་བྱ་ཞིང་། །ཁ་ཏར་ཤེས་པས་བླང་དོར་དྲན་བྱ་ཡིས། །ཁྲོ་བར་མི་བྱ་སླར་ལ་ཁོང་ཡང་བསྐྱེད། །བཟོད་བྱ་དེས་པས་རང་རྒྱུད་དུལ་བར་བྱ། །དེ་དག་ལ་སོགས་ལེགས་པའི་དངོས་རྣམས་ལ། །ཆོས་དང་འཇིག་རྟེན་ཕལ་ཆེར་དོན་མཐུན་པས། །སྔོན་གྱི་ཆོས་རྒྱལ་དམ་པ་དེ་དག་དང་། །སྐྱེ་བོ་མཛངས་པ་རྣམས་ཀྱི་རྗེས་འགྲོ་བྱ། །འདི་ནི་རང་གཞན་ཡུན་ཀྱི་དོན་སྲིད་མཆོག །ཕན་པའི་གདམས་ངག་བདུད་རྩི་ཡིན་གྱིས་ཉོན། །འཇིག་རྟེན་དགེ་བ་ཅན་རྣམས་ཐར་པ་ཡི། །གྲོང་ཁྱེར་མཆོག་ཏུ་འཛེགས་པའི་ཐེམ་སྐས་མང་། །དེ་ལྟར་ལྷ་མིའི་ཆོས་ལུགས་ལེགས་རྟོགས་ནས། །སྲིད་པའི་གྲོང་ལས་རབ་ཏུ་འདའ་བའི་ཕྱིར། །མྱ་ངན་འདས་པ་མཆོག་ཏུ་ཞིར་འགྲོ་བ། །ཐར་པ་བྱང་ཆུབ་སྒྲུབ་ལ་འབད་པར་བྱ། །བྱང་ཆུབ་རྩ་བ་ས་བོན་སྙིང་རྗེའི་བདག །སྲིད་པ་ན་ཡང་བདེ་བའི་འབྲས་མང་ཞིང་། །མཐར་ཐུག་གཞལ་མེད་ཡོན་ཏན་ཡིད་བཞིན་གཏེར། །གཞན་དོན་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བྱ། །འདི་ནི་བསོད་ནམས་ཕུང་པོ་དཔག་མེད་དེ། །རྒྱལ་བས་བསྔགས་ཤིང་འཇིག་རྟེན་གསུམ་གྱིས་བསྟོད། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཁྱབ། །མཐའ་ཡས་ཡོན་ཏན་དཔག་མེད་ཚོགས་དང་ལྡན། །གང་གིས་ཐར་པའི་མཆོག་ལ་རབ་དམིགས་ཏེ། །རྫོགས་པའི་སངས་རྒྱས་འགྱུར་ཞེས་སྨོན་པ་དང་། །འཇུག་པའི་རང་བཞིན་མངོན་པར་སྒྲུབ་བྱེད་ན། །དགེ་བ་དེ་འདྲ་འཇིག་རྟེན་གསུམ་ན་མེད། །བྱང་ཆུབ་སྨོན་པ་ཡོངས་བཟུང་དག་པར་སྤེལ། །ཚད་མེད་བཞི་ལ་བསླབ་པར་སྟོན་པས་གསུངས། །སྡུག་བསྔལ་མང་ལྡན་སྲིད་པའི་སེམས་ཅན་རྣམས། །ཐོག་མཐའ་མེད་ནས་འཁོར་བ་འདིར་འཁྱམས་ཏེ། །རྟག་ཏུ་སྡུག་བསྔལ་གྱུར་ལ་རབ་བརྩེ་བས། །བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའི་ལྗོན་ཚོགས་བཏང་སྙོམས་མཚོ་བསིལ་གྱི། །མ་ལུས་འགྲོ་ལ་ཞི་བདེའི་སེམས་མཆོག་སྦྱང་། །འཇུག་པའི་རང་བཞིན་ཡོངས་བཟུང་དག་པར་སྤེལ། །ཕ་རོལ་ཕྱིན་རྣམས་རིམ་པས་བསླབ་པར་བྱ། །ཕྱིན་དྲུག་རང་བཞིན་སུམ་ཅུ་རྩ་དྲུག་ལས། །གོ་ཆའི་སྒྲུབ་པས་སྒྱུ་མ་བཞིན་དུ་སྤྱད། །སྤྱོད་པ་པོ་དང་སྤྱད་བྱའི་དངོས་པོ་དང་། །ཡུལ་རྣམས་མི་དམིགས་འཁོར་གསུམ་དག་པ་ཡིས། །བྱང་ཆུབ་དགེ་བ་ཐར་པའི་མཆོག་ཏུ་བསྔོ། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་དམ་པ་ཡིན། །རྣམ་བཅུ་དབང་ལྡན་ངོ་བོ་འཁོར་གྱི་ཚུལ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་དང་། །ཡེ་ཤེས་ཕ་རོལ་ཕྱིན་བཅུ་རེ་རེ་བཞིན། །བཅུ་བཅུ་རྗེས་འགྲོ་བརྒྱ་ཕྲག་དམ་པ་ནི། །ཁྱད་པར་ཅན་དང་ཁྱད་པར་མེད་ཚུལ་གྱི། །ས་རྣམས་ཀུན་ཏུ་ཡོངས་སུ་བསྒྲུབ་པར་བྱ། །ཚོགས་སྦྱོར་མཐོང་སྒོམ་པ་ཡི་ལམ་བཞི་རུ། །དྲན་དང་སྤོང་བཞི་རྫུ་འཕྲུལ་རྐང་པ་བཞི། །དབང་བོ་སྟོབས་ལྔ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་དེ་མཉམ་རྗེས་སྤྱོད་ཡུལ་ཅན། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན་བསྒོམ་བྱ། །གཟུངས་དང་ཏིང་འཛིན་ཉི་མ་རྒྱ་ཆེ་ཞིང་། །སྤྱན་དང་མངོན་ཤེས་འོད་ཟེར་སྟོང་འཕྲོ་བས། །རིག་པའི་མཁའ་དབྱིངས་དམ་པས་རབ་བརྒྱན་ཅིང་། །ཞི་བའི་རྣམ་གྲོལ་རབ་ཏུ་བརྟན་པ་ཡིན། །གོང་ནས་གོང་དུ་ས་རྣམས་རབ་འཕར་ཞིང་། །སྒྲིབ་པའི་མུན་བྲལ་ཡེ་ཤེས་དབྱིངས་ལ་སྦྱོར། །ཏིང་འཛིན་ཡོན་ཏན་འབུམ་ཕྲག་ཡངས་པའི་ཆོས། །རྒྱ་མཚོའི་རྡུལ་གྱི་རྗེས་སུ་འགྲོ་བ་ལགས། །མཐར་གྱིས་དག་པ་གཉིས་ལྡན་ཆོས་སྐུའི་མཁར། །ལོངས་སྤྱོད་རྫོགས་དང་སྤྲུལ་པས་རབ་བརྒྱན་ཏེ། །ཀུན་ཏུ་འོད་ཟེར་འགྱེད་པའི་ས་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡིན། །དེ་ཕྱིར་བྱང་ཆུབ་དོན་དུ་གཉེར་རྣམས་ཀྱིས། །ནམ་གྱི་ཆ་སྟོད་ཉིད་དང་ཆ་སྨད་དང་། །སྔ་དྲོ་ཕྱི་དྲོ་གུང་རྣམས་རྟག་བརྩོན་པས། །བསམ་གཏན་དང་ནི་འདོན་ལ་བརྩོན་འགྲུས་བརྩམ། །མཚན་མོའི་ཐུན་སྨད་གཉིས་ཀྱིས་སྙོམས་པ་ནའང་། །སྡིག་ཟད་ཉོན་མོངས་མེད་ཡིད་ཅན་གྱིས་ཉལ། །ལྡང་ཚེ་རྨི་ལམ་སྡིག་པ་བཤག་བྱ་ཞིང་། །དགེ་བར་མཐོང་ན་ཡི་རང་བསྔོ་བ་བྱ། །དུས་རྣམས་ཀུན་ཏུ་མི་ལྟག་འཆི་དང་སྐྱེ། །དགེ་དང་དཀོན་མཆོག་གསུམ་པོ་དྲན་བྱ་ཞིང་། །སྤྱོད་ཡུལ་དག་པའི་སྤྱོད་པ་རྣམས་སྦྱང་དང་། །སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་དྲན་བྱ། །ཟས་ཀྱི་ཚེ་ནའང་མི་གཙང་འགྱུར་བ་དང་། །སྲིན་བུའི་གྲོང་ལ་ཕན་པར་འདོད་པ་དང་། །སངས་རྒྱས་ཆོས་དང་དགེ་འདུན་རྗེས་དྲན་པས། །རན་པར་ཟ་ཞིང་སྨོན་ལམ་རྒྱ་ཆེར་གདབ། །ཉིན་མཚན་ཀུན་ཏུ་དད་པས་བརྩོན་འགྲུས་བརྩམ། །སྤྱོད་ལམ་ཀུན་ཏུ་ཆོས་ཀྱིས་འདའ་བར་བྱ། །དུས་རྣམས་ཀུན་ཏུ་རང་རྒྱུད་འབའ་ཞིག་འདུལ། །སེམས་བསྐྱེད་ཀུན་ཏུ་གཞན་ཕན་འབའ་ཞིག་གིས། །སེམས་ཅན་མཐོང་ལ་བྱམས་པའི་སེམས་གཙང་གིས། །བྱང་ཆུབ་སྙིང་པོ་ཅན་ཞེས་གུས་པ་བསྐྱེད། །སྐུ་གཟུགས་མཆོད་རྟེན་བསོད་ནམས་ཞིང་རྣམས་ལ། །རྒྱལ་བའི་བྱང་ཆུབ་ལྗོན་ཤིང་དྲན་པར་བྱ། །མཁན་པོ་སློབ་དཔོན་བླ་མའི་གནས་དག་ལ། །རྒྱལ་བའི་རྣམ་འཕྲུལ་དངོས་སུ་བལྟ་བྱ་ཞིང་། །ཆོས་མཛད་རྣམས་ལ་འཕགས་པའི་དགེ་འདུན་དུ། །གུས་པ་བསྐྱེད་ལ་དག་སྣང་མོས་གུས་བྱ། །གཞན་སྐྱོན་མཐོང་ན་རང་སྣང་འཁྲུལ་པར་བསམ། །ཡོན་ཏན་མཐོང་ན་རྗེས་སུ་ཡི་རང་བསྒོམ། །རང་སྐྱོན་ངན་པ་མཚང་དང་ཡུལ་ནས་འདོན། །ཡོན་ཏན་སྤེལ་ཞིང་བརྩོན་འགྲུས་དཔེ་མེད་བརྩམ། །དམ་པར་བསྟེན་ཞིང་སྡིག་པའི་གྲོགས་པོ་སྤང་། །དབེན་པར་གནས་ཤིང་སྦྱངས་པའི་ཡི་དམ་བླང་། །ཐོས་བསམ་སྒོམ་པས་རང་གི་རྒྱུད་སྦྱངས་ཤིང་། །ཅི་བྱེད་དམ་པའི་ཆོས་སུ་འགྲོ་བར་བྱ། །སེམས་ཉིད་དབྱིངས་ལ་ལྟ་བའི་རྫོང་བཅའ་ཞིང་། །གནས་ལུགས་ངང་ལ་མི་རྟོག་མཉམ་པར་བཞག །ཕྱི་ནང་ཆོས་ལ་སྒྱུ་མར་སྤྱད་བྱ་ཞིང་། །འོད་གསལ་ཆོས་སྐུའི་འབྲས་བུ་མངོན་གྱུར་བྱ། །འདི་ལྟར་ཡུལ་དུ་སྣང་བའི་ཆོས་རྣམས་ཀུན། །རྨི་ལམ་སྒྱུ་མ་མིག་ཡོར་སྤྲུལ་པ་འདྲ། །དྲི་ཟའི་གྲོང་བཞིན་སྣང་དུས་རང་བཞིན་མེད། །གཟུང་དང་གཟུང་ཡུལ་མེད་པ་གསལ་སྣང་ཙམ། །འཛིན་པའི་སེམས་ཀྱང་གཞི་རྩ་རྟེན་མེད་དེ། །ངོ་བོ་དངོས་མེད་ཁ་དོག་དབྱིབས་དང་བྲལ། །མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ། །དོན་དམ་བདེ་གཤེགས་སྙིང་པོའི་རང་བཞིན་ལགས། །དེ་ལྟར་གཟུང་དང་འཛིན་པ་གཉིས་མེད་པས། །མཁའ་ལྟར་བདག་མེད་སྤྲོས་ཀུན་ཞི་བ་ཉིད། །མ་སྐྱེས་པ་དང་མི་གནས་འགྲོ་འོང་མེད། །བསམ་འདས་བརྗོད་མེད་བྱང་ཆུབ་སེམས་ཀྱི་ངང་། །ཟབ་མོ་འཕགས་པའི་སྤྱོད་ཡུལ་རིག་ཞི་བ། །བླ་མའི་ལུང་བཞིན་མཉམ་པར་གཞག་པར་བྱ། །དེ་ལྟར་བརྩོན་པས་ཉིན་མཚན་འདའ་བྱས་ན། །ལམ་ལྔ་ས་བཅུ་རིམ་གྱིས་གོང་བགྲོད་དེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་གནས། །ཡོན་ཏན་ཚོགས་ཆེན་ལྷུན་གྲུབ་ཐོབ་པར་འགྱུར། །རབ་བཟང་སྐྱེ་བོ་རྣམས་ལ་ཆོས་ཀྱི་གཏམ། །དྲི་མེད་ཚངས་པའི་རྔ་ཆེན་སྙན་བསྒྲགས་པས། །འགྲོ་ཀུན་ཚོགས་གཉིས་དགེ་བའི་ལམ་ཞུགས་ཏེ། །ཐར་གླིང་བྱང་ཆུབ་འབྱོར་པ་མཐའ་ཡས་ཤོག །ཚུལ་འདི་ཤེས་བྱའི་ནམ་མཁའ་ཡངས་པ་ལ། །བློ་གྲོས་འོད་སྟོང་ཉིན་མོར་བྱེད་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་སྦྱར། །དད་ལྡན་ཐར་པ་འདོད་རྣམས་དགའ་བར་མཛོད། །ཐར་པ་ལ་སྐུལ་བའི་རབས་ཞེས་བྱ་བ་མང་དུ་ཐོས་པའི་སྙན་ངག་མཁན་ཀུན་མཁྱེན་ངག་གི་དབང་པོས་གངས་རི་ཐོད་དཀར་གྱི་མགུལ་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟང་མཆོག་ཟླ་བ་ཆུ་ཤེལ་གྱིས་འཚེར་བའི་གནས་སུ་ལེགས་པར་སྦྱར་བ་ནི་རེ་ཞིག་རྫོགས་སོ། །དགེའོ། །

རང་གིས་རང་ཉིད་ལ་བསླབ་བྱ་སྙིང་གཏམ་གྱི་མགུར་བཅའ་ཡིག་ཆེན་པོ། རིག་འཛིན་འཇིགས་མེད་གླིང་པ།

༄༅། །རང་གིས་རང་ཉིད་ལ་བསླབ་བྱ་སྙིང་གཏམ་གྱི་མགུར་བཅའ་ཡིག་ཆེན་པོ་ཞེས་བྱ་བ་བཞུགས། །སྐྱབས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཀྱི་ངོ་བོ། །དུས་སྙིགས་མའི་སྐྱབས་གནས་གངས་ཅན་གྱི་ལྷ་གཅིག །དྲན་པས་སྙིང་གི་མུན་སེལ་ཨོ་རྒྱན་རྗེ་མཁྱེན་ནོ། །བདག་ལས་ངན་སེམས་ཅན་ལ་ཐུགས་རྗེ་ཡིས་གཟིགས་ཤིག །སེམས་གཞི་མེད་རྩ་བྲལ་མྱང་འདས་ཀྱི་རྫོགས་ཆེན། །ཡིད་རྟོག་པའི་དྲ་བ་འཁོར་བ་ཡི་གཅོང་རྡོ། །ཁོང་གཉིས་ཀྱི་སོ་མཚམས་སྐྱོ་ཤས་སུ་ཤར་བའི། །གྲོས་སྙིང་གཏམ་དྲན་པའི་མེ་བཙའ་ལ་འདེབས་སོ། །ལས་ནག་པོར་བསགས་པས་ལུས་ངན་དེ་བླངས་ཤིང་། །གཤིས་སྤྱོད་ངན་སྟོན་ལ་ཡིད་སྐྱོ་ཞིག་ཤོར་བས། །སྐྱབས་དཀོན་མཆོག་རིན་ཆེན་བཏང་སྙོམས་སུ་མ་བཞུགས། །སྙིང་རྗེ་བའི་འདབ་ཆགས་འཇིགས་སྐྲག་ལས་སྐྱོབས་ཤིག །ལས་འཁོར་བ་སྡུག་བསྔལ་རང་བཞིན་དུ་སྟོན་པ། །རྗེ་རྒྱལ་བས་གསུངས་པའི་དམ་ཆོས་ཀྱི་འཇུག་སྒོ། །བདག་ལས་ཉོན་ཅན་གྱིས་བདེ་བ་རུ་མཐོང་བས། །སྡུག་འཁོར་བར་གཏན་འཁྱམས་ད་ལྟ་ཕན་ཐལ་ལོ། །མགོན་བླ་མའི་བྱིན་རླབས་སྙིང་དབུས་སུ་བབས་པས། །བློ་ལས་རུང་བླ་མ་ཕྱི་རོལ་ན་མ་བཞུགས། །སེམས་ཆོས་སྐུར་གྲོལ་བས་བག་ཆགས་ཀྱི་རྟེན་ལ། །སྙིང་དམར་པོ་སྟོན་པའི་བསླབ་བྱ་འདི་འཆད་དོ། །གནས་ངན་སོང་སྡུག་བསྔལ་འདི་འདྲ་རུ་མཐོང་བས། །འདིས་དལ་འབྱོར་རྙེད་དཀའ་མངོན་སུམ་དུ་བསྟན་མོད། །ཁྱོད་དལ་འབྱོར་མི་ལུས་སྟོང་ཟད་དུ་མ་གཏོང་། །ལས་བྱས་པ་དོན་ལྡན་ལྷ་ཆོས་ལ་རེམ་མཛོད། །ཆུང་བྱིས་པའི་མི་ཚེ་ཐལ་རྩེད་ལ་ཟད་འདུག །ལུས་ལང་ཚོའི་མཛེས་པ་འཆི་བདག་གིས་བཅོམ་འགྲོ། །གཏམ་ལྟོ་གོས་ཁོལ་བོ་མི་ཚེ་ལ་རེམ་ཀྱང་། །ལུས་དྲེས་མས་བསྡམ་ཚེ་ཕན་པ་ཞིག་མི་འདུག །ལས་དཀའ་ནག་ཁྲ་གསུམ་མ་རུལ་པའི་ས་བོན། །འབྲས་བུ་རང་ཐོག་སྨིན་པ་མངོན་སུམ་དུ་ཨེ་གཟིགས། །འདིས་ངན་སོང་གསུམ་གྱི་བརྒྱ་ཆར་ཡང་མི་ཕོད། །འཛོལ་དགེ་སྡིག་བླང་དོར་ལ་མ་ཤོར་བ་དགོས་སོ། །ཆོས་ཞུས་བློ་ཐོབ་བློས་འཁོར་བ་ལས་མི་འགྲོལ། །གཟུགས་རབ་བྱུང་ཙམ་གྱིས་ཉན་ཐོས་སུ་མི་འགྲོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་མ་ལྡན་དུ་ཟིན་ཀྱང་། །ཚོང་བུན་སྐྱེད་ཁྱིམ་པའི་འཚོ་འཛིན་ལ་མ་རེམ། །ཉན་རང་ཞི་བདེར་གཞོལ་བ་གནས་སྐབས་ཀྱི་བདེ་བ། །ཐེག་ཆེན་གཞན་དོན་བསླབ་པ་བྱང་སེམས་ཀྱི་དོན་རྡོ། །འཇག་ཚོ་བླ་ན་མེད་པའི་གསང་ཆེན་ལ་སྦྱངས་ནས། །རྟེན་འདི་ལ་བྱང་ཆུབ་ཐོབ་ངེས་ཤིག་བྱེད་དགོས། །ལུས་ལོག་པའི་འཚོ་བས་གཟི་བྱིན་དང་ལྡན་ཞིང་། །ནོར་གསོག་བསྐྲུན་མཁས་པོའི་ཐོང་ཤམ་དང་འགྲིག་འགྲིག །ཡིད་མི་དགེའི་ཟློས་གར་ངན་སོང་ལ་ཆས་པའི། །གྲོགས་གྲྭ་སའི་ཞེན་པ་སྙིང་དབུས་ནས་ཆོད་མཛོད། །མགོར་སྐྲ་ཡི་ལྭ་བ་མུ་སྟེགས་ལའང་ཡོད་མོད། །གོས་རས་གོས་གྱོན་པས་རྟོགས་ལྡན་དུ་མི་འགྲོ། །ཕ་གྲུབ་ཐོབ་གོང་མའི་ཤུལ་ལམ་ལ་བྱོན་ནས། །གནས་དབེན་པར་བསྐྱེད་རྫོགས་ཉམས་ལེན་ལ་འབུངས་མཛོད། །བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག །དོན་གཞན་དོན་ལྷུར་ལེན་སེམས་བསྐྱེད་ཀྱི་ངོ་བོ། །དྲན་ཤེས་བཞིན་སྐྱོང་བ་མདོ་སྔགས་ཀྱི་ལམ་ཁྱེར། །ལས་ཤེས་ཤེས་མང་པོའི་ཕེར་ཡོད་དེ་ཞོག་མཛོད། །གཉེན་ཉེ་བའི་གདུང་སེམས་ལྷ་བདུད་ཀྱི་གཡབ་མོ། །དགྲ་ངར་མའི་ཡ་བཟུང་དམྱལ་བ་ཡི་ལམ་མཁན། །མི་གཞན་ཟེར་ཁ་མདའི༼ཁ་ཏའི༽རེ་དོགས་ལ་ཉན་ན། །ཆོས་མཐུན་རྐྱེན་འཛོམས་པ་ལོག་ལམ་ལ་བསྒྱུར་ཡོང་། །གཏམ་སྙན་པའི་གྲགས་པ་ང་རྒྱལ་གྱི་གཅོང་རྡོ། །ནོར་ཁ་དྲག་འཛོམས་པ་ལྷ་ཆོས་དང་རྒྱབ་འགལ། །མིའི་ཁྱུ་ནས་བུད་པ་བྱ་བཏང་གི་ཡང་རྩེ། །ཚེའི་ལྷག་མ་ཆགས་མེད་བློ་བདེ་ལ་སྐྱེལ་མཛོད། །གནས་དབེན་པར་བསྒོམས་པའི་མཐུ་ནུས་དང་ཡོན་ཏན། །ཁོང་འཇིག་རྟེན་ཁྱིམ་པའི་རྐྱེན་སེལ་ལ་བཙོངས་ནས། །འགྲོ་དོན་ཕྲིན་ལས་ཆེ་བའི་ང་རྒྱལ་གྱི་སྟོང་སྦོས། །བདུད་མངོན་སུམ་འགྲུབ་པའི་གཡང་ས་ལ་གཟབ་མཛོད། །སྐྱབས་བླ་མ་དཀོན་མཆོག་ཐུགས་རྗེ་ལ་བརྟེན་ནས། །ཟས་མཐུན་རྐྱེན་མི་བྲེལ་ལྷུང་ལྷུང་དུ་བབས་ཀྱང་། །ལས་རྒྱུ་འབྲས་ཕྲ་ཞིབ་རྩིས་གྲངས་སུ་ཐོབ་ལ། །སྡིག་ཤ་ཆང་ཟས་ལ་བག་ཡོད་ཀྱིས་རོལ་མཛོད། །ནང་བདག་འཛིན་ཁོང་སྲན་མ་ཞིག་པ་དེ་ཀོ །ཕྱི་དུར་ཁྲོད་ཉུལ་བའི་བརྟུལ་ཞུགས་ལ་ཆས་ཀྱང་། །ཕུགས་སྤྲང་སྙོགས་ཁྱེར་བའི་སྔ་ལྟས་སུ་འདུག་པས། །གནས་དབེན་པར་སྒྲུབ་པའི་རྒྱལ་མཚན་རང་ཚུགས་མཛོད། །ཡུལ་ས་ཕྱོགས་གང་དང་ཅི་འདྲ་རུ་འདུག་ཀྱང་། །འཁོར་རལ་རོལ་ཆགས་སྡང་ས་བོན་དེ་སྤངས་ལ། །སྟབས་བདེ་པོ་ཐ་མལ་སྨྱོ་སྤྱོད་ཀྱི་ངང་ནས། །བློ་བདེ་པོ་ཀ་དག་ཆོས་ཟད་རང་སྐྱོང་མཛོད། །སྐབས་འགའ་རེ་དགོས་པ་དོན་ལྡན་གྱི་རྒྱུ་བར། །བློ་ཆོས་མཐུན་མཆེད་གྲོགས་རེ་གཉིས་ལས་མང་བའི། །སེམས་ལང་ཤོར་ཤ་ཆང་བདུད་གཅོད་ཀྱི་རྟོགས་བཙུན། །རྗེས་ཉུལ་བའི་བླ་ཆུང་དེ་འདྲ་ཞིག་མ་མཛད། །དུས་ཀུན་ཏུ་མི་ཉོག་རྟེན་སྒོར་དེ་མང་ན། །ཟས་དཀོར་ནག་བག་མེད་བྱུང་རྒྱལ་དུ་སྤྱོད་དགོས། །རང་གཅིག་པོའི་ཟས་གོས་ཤུགས་འབྱུང་དུ་སླ་བས། །ཕ་གྲུབ་ཐོབ་གོང་མའི་རྣམ་ཐར་ལ་གཟིགས་མཛོད། །གསོན་དད་པས་བྱིན་པའི་ཟང་ཟིང་གི་དངོས་པོ། །གཤིན་འགག་ལ་ཐུག་པའི་ཉེར་སྤྱད་ཀྱི་རྣམ་གྲངས། །འདིས་ཐར་པའི་སྲོག་རྩ་བཙན་ཐབས་སུ་གཅོད་པས། །ཁབ་སྐུད་པར་བརྒྱུས་ནས་མཆོད་སྦྱིན་ལ་ཐོངས་མཛོད། །དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་ཀྱི་བོགས་འདོན། །གཏམ་མ་ཉེས་ཁ་གཡོག་དགེ་བསྐུལ་གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །སྙིང་ཉེ་བོའི་གདུང་སེམས་གཟུང་འཛིན་གྱི་རྟོད་ཕུར། །གྲོགས་མཛའ་བའི་མཇལ་འཕྲད་དགེ་སྦྱོར་གྱི་བདུད་གཅོད། །ཁ་མི་དགེའི་བང་མཛོད་ཉེས་ལྟུང་གི་འབྱུང་ཁུངས། །ཟོན་མཛད་ན་ཁོང་དེ་གསུམ་ལ་སྒྲིམ་མཛོད། །ཡོངས་དྲག་ཞན་ཕྱི་ནང་བར་མ་ཡི་ཐད་ནས། །ལས་བཟང་ངན་རྣམ་འགྱུར་ཇི་འདྲ་རུ་སྟོན་ཀྱང་། །དེ་མ་ཤེས་མ་རིག་རྫུ་བག་དང་འགྲོགས་ནས། །སྟོབས་བཟོད་པའི་གོ་ཆ་བཙན་པོ་རུ་དགོས་ཤིག །དུས་སྙིགས་མའི་འགྲོ་བ་རྒྱལ་བས་ཀྱང་གདུལ་དཀའ། །ཕན་བཏགས་པའི་བརྡ་ལན་ལོག་སྒྲུབ་ཀྱིས་སྦྱོར་ཞིང་། །གནས་དབེན་པར་འདུག་ཀྱང་བརྙས་དམོད་ཀྱིས་གཙེར་བ། །དེ་ཀུན་ཀྱང་རྨི་ལམ་སྒྱུ་མ་རུ་སྒོམ་མཛོད། །ལུང་རྟོགས་པའི་ཡོན་ཏན་རྒྱལ་བསྟན་གྱི་སྙིང་པོ། །ཆོས་འཆད་སྤེལ་རྩོམ་པ་བསྟན་འགྲོ་ལ་སྨན་ཀྱང་། །ཡུལ་བསོད་ནམས་དམན་པས་གཞན་དོན་དུ་མི་འགྱུར། །སེམས་འཁྲི་བ་ཆོད་ནས་སྒྲུབ་པ་ལ་འབུངས་མཛོད། །དུས་བསྐལ་བ་སྙིགས་མའི་སྤྱོད་ཚུལ་དང་ལུང་བསྟན། །མ་འགྲོ་དྲུག་ཡོངས་ཀྱི་སྤྱི་གཙུག་ཏུ་བབས་འདུག །ཆོས་ཚུལ་བཞིན་སྤྱོད་པ་ཉིན་སྐར་ལས་དཀོན་པས། །མ་ཌཱཀྐིའི་གཅེས་ནོར་ཁྱབ་བརྡལ་དུ་མ་སྒྲོག །ལས་བསྲུང་བཟློག་གསད་པའི་བརྟུལ་ཞུགས་ལ་གོམས་ཀྱང་། །དགྲ་འཆི་བདག་བདུད་པོར་ལས་སྦྱོར་ནི་མི་འགྲོ། །གཞན་བསྟན་པའི་སོ་ནམ་བྱེད་མཁན་ནི་དཀོན་པས། །རྔ་བརྡུང་ན་བྱ་བཏང་སྨྱོ་བ་རང་ཡིན་མོད། །ཁྱུ་མང་པོའི་ཚོགས་དཔོན་མགུ་འཁང་གི་རང་བཞིན། །མི་ཆེན་པོའི་ངོ་འཛིན་རེ་དོགས་ཀྱི་འབྱུང་ཁུངས། །སྐྱབས་ཀུན་འདུས་ཨོ་རྒྱན་ཆོས་རྗེ་ལ་ཞུས་ནས། །ལམ་ཟབ་མོ་རྫོགས་པ་ཆེན་པོ་ལ་ཞུགས་མཛོད། །ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་གི་སླ་ལུགས། །ནང་རྣམ་རྟོག་གྱ་གྱུའི་བྱ་བྱེད་ཀྱི་སྐྱེན་ལུགས། །འདི་བསམ་བཞིན་ཐམས་ཅད་མི་རྟག་པའི་རང་བཞིན། །ད་འཆི་ཆོས་མ་རན་དགུ་རན་ལ་འདུག་གོ །སྐྲ་དག་པ་རབ་འབྱམས་ཞི་ཁྲོའི་ཡི་ཚོམ་བུ། །གཟུངས་གླེགས་བམ་མཛེས་པ་རིག་འཛིན་གྱི་བླ་རྡོ། །སྐྱབས་སྐུ་གསུམ་བླ་མའི་དྲིན་རྟེན་དུ་མཛོད་དང་། །གནས་ཟངས་མདོག་དཔལ་རི་ཐག་རིང་ན་མི་འདུག །ལུས་དག་པ་རབ་འབྱམས་བདེ་གཤེགས་ཀྱི་དཀྱིལ་འཁོར། །རླུང་ཉི་ཁྲི་ཆིག་སྟོང་སྐྱེ་མེད་ཀྱི་བཟླས་པ། །སེམས་མ་བཅོས་སྤྲོས་བྲལ་རང་བབ་ལ་ཞོག་དང་། །བློས་བཏགས་པའི་བསྐྱེད་རྫོགས་ལ་ཡིད་སྨོན་ནི་མ་དགོས། །འགལ་མ་འགལ་རྩོད་པར་གཞུང་ལུགས་པ་ལོས་མཁས། །ཆོས་ཁ་འཛིན་སྒྲུབ་པར་དབང་ཡོད་རྣམས་བཙན་དྲག །གཤིས་བརྗོད་མེད་བློ་འདས་རྫོགས་ཆེན་གྱི་ཁྱད་ཆོས། །རྐྱེན་ཆོས་སྐུར་འཆར་བ་འོད་གསལ་གྱི་ཕ་ཕོག །ཕྱི་སྣང་བ་དཀར་དམར་རྟེན་འབྲེལ་གྱི་འཆར་སྒོ། །ནང་རིག་པ་བཟོ་མེད་ལྷུན་འགྲུབ་ཀྱི་རྫོགས་ཆེན། །ང་ནམ་མཁའི་རྣལ་འབྱོར་ཡིན་སྙམ་པ་མེད་དེ། །བློ་གཏད་མེད་ཡོངས་གྲོལ་ཀློང་ཆེན་གྱི་ཐུགས་རྗེ། །གྲོས་སྙིང་གཏམ་དེ་ཀོ་ང་རང་ལ་ཡིན་མོད། །གཞན་གསན་མཁན་བྱུང་ན་ངོ་མཚར་གྱི་རང་བཞིན། །དོན་རྒྱལ་སྲས་སྤྱོད་པའི་ངང་ཚུལ་དུ་གདའ་བས། །སྐྱབས་རིག་འཛིན་རྒྱ་མཚོ་མཐུན་འགྱུར་ལ་བཞེངས་ཤིག །འདི་ཁམས་གསུམ་རིགས་དྲུག་སེམས་ཅན་གྱི་ཚོགས་དང་། །སྒོས་བློ་སྙིང་གཏོད་པའི་ཡོན་སྦྱོར་དང་འཁོར་སློབ། །གཞན་གཅམ་བུའི་ངོ་འཛིན་སྣ་ཚོགས་ཀྱིས་འདུད་པའི། །ལས་འབྲེལ་ཐོགས་ཀུན་ལ་སྨོན་འདུན་དུ་ཞུའོ། །ཞེས་སྨྲས། འཇིགས་མེད་གླིང་པས་སོ། །

བསླབ་བྱ་སྙིང་གི་མུན་སེལ། རིག་འཛིན་འཇིགས་མེད་གླིང་བ།

༄༅། །བསླབ་བྱ་སྙིང་གི་མུན་སེལ། དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས། །གཅིག་བསྡུས་རིག་འཛིན་པདྨ་ཀཱ་ར། །གངས་རིའི་ལྗོངས་ཀྱིས་རེ་ལྟོས་འཆའ་ས། །ཁྱེད་ལ་གུས་པས་གསོལ་བ་འདེབས་སོ། །རྗེས་འཇུག་བུ་ལ་ཐུགས་རྗེས་གཟིགས་ཤིག །བག་ཡོད་དད་ལྡན་ནོར་བུའི་མཚན་ཅན། །གྱ་གྱུའི་འདུ་ཤེས་རྣལ་མར་ཞིག་ལ། །བརྩེ་གདུང་གུས་པའི་འདུན་པ་དྲག་པོས། །བྱ་བྲལ་ཁོ་བོའི་ངག་ལ་ཉོན་དང་། །ཐོག་མཐའ་མེད་པའི་འཁོར་བའི་རྒྱ་མཚོར། །སྒྱུར་མཁན་མ་རིག་བདག་འཛིན་ཡིན་ནོ། །ང་མེད་ཅིག་ལ་ང་ཡིར་བཟུང་ནས། །རིག་པ་ཡུལ་གྱི་རྐྱེན་ལ་ཤོར་བས། །ལས་ལུས་བླངས་ཏེ་དུཿཁས་མནར་རོ། །ཚེ་འདིའི་བྱ་བ་རྨི་ལམ་སྒྱུ་མ། །ཤིན་ཏུ་མི་རྟག་རྩྭ་ཟིལ་གློག་དང་། །ཆུ་བུར་ལྟ་བུར་ཡ་མ་བརླ་ཡང་། །རྟག་པར་བཟུང་ནས་གཅེས་སྤྲས་བྱས་པས། །ལས་ཉོན་སྡིག་སྒྲིབ་གཉའ་བར་ཞོན་འདུག །སོ་དཀར་གཞོན་པའི་མི་ཚེ་ཡད་ཡུད། །མ་ཚོར་ངང་ལ་ཟད་ནས་གདའ་བས། །འཆི་བདག་བདུད་པོ་ནམ་ཡོང་མེད་པ། །དུར་ཁྲོད་ཤི་བའི་རོ་ལ་གཟིགས་དང་། །ཅུང་ཟད་འཚོ་རིང་བགྱི་བ་མཐའ་དག །ངན་འགྲོ་འཁོར་བ་སྡུག་བསྔལ་བསྒྲུབ་གཞི། །དགྲ་གཉེན་མི་རྟག་ནམ་མཁའི་འཇའ་ཚོན། །ངན་སྤྱོད་མི་རུང་སྣ་དགུ་དར་བས། །སྙིགས་མའི་ལུང་བསྟན་ཐོག་ཏུ་བབས་འདུག །ཅིས་ཀྱང་དགོས་མེད་འཆི་བ་སོམས་ཤིག །དུས་ངན་ལོ་རེ་ལོ་རེར་འབྱོན་འདུག །མི་སྤྱོད་ཟླ་རེ་ཟླ་རེར་འགྱུར་ཅིང་། །འཆི་བདག་ཞག་རེ་ཞག་རེར་ཉེ་བས། །འཁོར་བ་འདི་ལ་ཆགས་དགོས་མི་འདུག །ཕ་གཞིས་འཛིན་ལ་སྙིང་སྟོབས་བསྐྱེད་ཀྱང་། །བསྐལ་པར་བསགས་པའི་སྡིག་ལྟུང་མི་འདུག །གཉེན་བཤེས་བུ་ལ་དུང་སེམས་ཆེ་ཡང་། །ལམ་སྣ་མི་འདྲེན་འཁོར་བའི་གཏིང་རྡོ། །འདི་འདྲ་མཁྱེན་ནས་ཟས་གཙང་སྲས་པོས། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བཞག་ནས། །ནགས་ཁྲོད་དབེན་པར་ཆོས་ལ་བྲོས་སོ། །འཆི་བ་མི་དྲན་རང་རྒྱུད་གྱོང་པོའི། །འདུས་བྱས་དགེ་རྩ་མིག་རུ་ཟང་ཟིང་། །བྱས་ཀྱང་ང་རྒྱལ་འཁོར་བའི་རྒྱུ་ལས། །དུག་ལྔའི་གཉེན་པོར་སོང་བ་མ་ལགས། །ད་ལྟ་གསོན་དུས་ལྷ་ཆོས་མེད་པའི། །ཤི་ནས་རོ་ལ་བྱང་ཆོག་དབང་བསྐུར། །ཕན་ཕན་འདྲ་ཡང་ཆུས་ཁྱེར་གླིང་ལ། །རགས་རྒྱགས་བཞིན་དུ་འཕྱིས་ནས་མི་འདུག །མི་ཁོམ་བརྒྱད་དུ་སྐྱེ་བ་བླངས་ན། །ཆོས་དང་ལས་འབྲེལ་ཡོད་པ་མ་ལགས། །གངས་ཅན་མུན་གླིང་དམ་ཆོས་དར་བའི། །དཀའ་ལས་ཙམ་བྱུང་མཁྱེན་པ་ལགས་སམ། །ལམ་གྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད། །ཁ་ཏོན་བྱས་པ་གཅིག་པོས་མི་ཆོག །དེ་ཡི་སྤང་བླང་བསླབ་བྱའི་ཚོགས་ལ། །ཕྲ་ཞིབ་འཛེམ་པ་དོན་གྱི་སྙིང་པོ། །འཇིག་རྟེན་དཔོན་དང་ལྷ་འདྲེ་ཆེན་པོས། །འཁོར་བའི་སྡུག་བསྔལ་སྐྱོབ་ལ་མ་ལགས། །མཆོག་གསུམ་རྩ་གསུམ་སྐུ་གསུམ་རྒྱ་མཚོར། །ཁྱེད་ཤེས་དད་པས་བློ་རྩེ་གཏོད་ཅིག །ཕ་མར་མ་གྱུར་སེམས་ཅན་མེད་པ། །རྒྱལ་བས་གསུང་རབ་ཀུན་ཏུ་བསྔགས་མོད། །དེ་ཕྱིར་ངན་སེམས་འབུར་འཇོམས་བཏང་ནས། །དགྲ་གཉེན་བར་མར་ཕན་སེམས་སྒོམས་ཤིག །སྔོན་བྱོན་རྒྱལ་དང་གྲུབ་ཐོབ་གོང་མས། །ལུས་སྲོག་གཞན་དོན་བྱིན་པར་ནུས་མོད། །སོ་སོ་སྐྱེ་བོས་དེ་ལྟར་དགའ་ཡང་། །བཟོད་པ་སྒོམས་ལ་ཕྱི་ཐག་སྲིངས་ཤིག །མི་དཔོན་ཆེན་པོའི་སྡེ་རིས་ཐམས་ཅད། །ཉམ་ཆུང་འབངས་ལ་ཉལ་ཐག་གཅོད་ལ། །སྙིང་བརྩེའི་སེམས་དང་བྱམས་སྐྱོང་མི་འདུག །རང་དཔེ་ལོང་ལ་གཞན་གནོད་སྤོངས་ཤིག །སྡིག་སྒྲིབ་ཉེས་ལྟུང་འཁོར་བའི་ས་བོན། །བྱས་དང་དེ་བཞིན་བསམ་གྱིས་མི་ཁྱབ། །སྟོབས་བཞིའི་མན་ངག་གནད་དུ་ཆུད་པས། །ཡིག་བརྒྱའི་གཉེན་པོས་མཐའ་འདེད་ཐོང་ཞིག །སངས་རྒྱས་ཐོབ་ལ་ཚོགས་གཉིས་བསག་དགོས། །དེ་ཡི་གནད་ཟབ་མཎྜལ་འབུལ་བ། །ཡིན་གྱིས་སེར་སྣའི་མདུད་པ་ཁྲོལ་ལ། །དབང་ཟབ་ལོངས་སྤྱོད་ཆོས་ཕྱིར་ཕུལ་མཛོད། །དད་པ་མེད་ན་བྱིན་རླབས་མི་འཇུག །དམ་ཚིག་ཉམས་ན་དངོས་གྲུབ་མེད་པས། །རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མར། །ངོ་ལྐོག་མེད་པའི་གསོལ་འདེབས་རེམས་ཤིག །བསྐྱེད་རིམ་བསྒོམ་པ་གཟུགས་སྐུའི་ཉེ་ལམ། །རྫོགས་རིམ་བསྒོམ་པ་ཆོས་སྐུའི་ངོ་བོ། །ཡ་བྲལ་མ་ཡིན་སྙན་བརྒྱུད་བཞིན་དུ། །ཨ་འཐས་གཉིས་སྣང་ཟུང་འཇུག་སྒོམས་ཤིག །མདོ་སྔགས་རབ་འབྱམས་ཆོས་སྒོ་མཐའ་དག །རྒྱལ་བས་གདུལ་བྱའི་བློ་ངོར་བསྟན་མོད། །ལོག་ལྟ་ཅན་གྱི་རྗེས་སུ་འབྲངས་ནས། །ཆོས་ལ་གཤེ་བའི་ལས་ངན་སྤོངས་ཤིག །སེམས་ཀྱི་བྱུང་གནས་འགྲོ་གསུམ་བརྟགས་པའི། །མ་གྲུབ་སྟོང་སྐད་ཧར་པོ་འདི་ཀོས། །ལས་འབྲས་ཁྱད་གསོད་རྟེན་བྱེད་མང་ས། །སྟོང་ཉིད་རྒྱུ་འབྲས་ཤར་བར་མཛོད་ཅིག །དང་པོའི་ལས་ཅན་ཇི་ལྟར་བཟང་ཡང་། །ཉོན་མོངས་རང་གྲོལ་ཤིན་ཏུ་དཀའ་བས། །བདེ་སྡུག་བཟང་ངན་དགྲ་གཉེན་ཤར་ཚེ། །དེ་ལ་བྱུང་གནས་འགྲོ་གསུམ་ཚོལ་ཞིག །བཟང་པོར་ཤར་ཡང་སེམས་ཀྱི་ཆོ་འཕྲུལ། །ངན་པར་ཤར་ཡང་ཤེས་པའི་རང་གདངས། །དཔྱད་ན་ངོས་གཟུང་མེད་པ་ལགས་པས། །བདེན་འཛིན་འཆིང་བའི་ཞགས་པ་ཁྲོལ་ཞིག །ཁྱད་པར་དུག་ལྔའི་རྣམ་རྟོག་རགས་ཚེ། །དེ་ཀོ་སེམས་དང་ལྷན་སྐྱེས་ལགས་པས། །སྔོན་བསུ་རྗེས་དཔྱོད་བརྟག་དཔྱད་སྤངས་ནས། །དྲན་པ་རང་ལོག་ངོ་བོར་ལྟོས་ཤིག །ལེགས་ཉེས་བཟང་ངན་ཅི་བྱུང་ཐམས་ཅད། །བྱུང་རྒྱལ་མི་གཏོང་གཉེན་པོས་མི་འཇུན། །རང་ངོ་ལྷིང་པའི་ངོ་བོར་བཞག་ན། །དེ་ལ་དེ་དག་གྲུབ་པ་མ་ལགས། །མཆོད་སྦྱིན་རྒྱ་མཚོའི་དགེ་རྩར་འབད་ཅིང་། །ལྟ་རྟོག་རང་གི་སེམས་ལ་བཏང་ནས། །བླ་མས་བསྒོས་པའི་དམ་བཅའ་བསྒྲུབས་ནས། །སྐྲ་གཅོད་མིང་བསྒྱུར་དགོས་པ་མ་ཡིན། །སྒོམ་པའི་རྩ་བ་དྲན་པ་ལགས་ཤིང་། །མཉམ་གཞག་རྗེས་ཐོབ་ངོ་བོས་བསྐྱངས་ན། །ལས་དང་བག་ཆགས་ལྕགས་ཟད་བརྡར་ཟད། །གྱུར་ནས་དྲན་མཁན་ཆོས་སྐུར་གྲོལ་ལོ། །དེ་སྐད་རྒྱ་ཆེའི་ངག་གིས་བཀྲལ་ཡང་། །ཚིག་གི་མཐའ་ལ་ཟད་པ་མེད་པས། །དོན་གྱི་སྙིང་པོར་བྱས་པའི་ཆོས་ཀུན། །ཉོན་མོངས་གཉེན་པོར་ཁྲིལ་གྱིས་འགྲོ་ཞིང་། །ཤི་ཡང་འགྱོད་མེད་སྣང་བློ་བདེ་བའི། །གདེང་ཞིག་སེམས་ལ་ཁེལ་བ་དགོས་སོ། །ད་རེས་དམ་པའི་ལྷ་ཆོས་མེད་ན། །ཕྱི་ནས་འདི་འདྲ་རྙེད་པ་མ་ཡིན། །འཁོར་བའི་སྡུག་བསྔལ་བཟོད་ཐབས་གར་ཡོད། །ཉེ་འཁོར་ལོངས་སྤྱོད་སྐྱིད་པོའི་མལ་ནས། །མར་གྱི་གསེབ་ནས་སྤུ་བཏོན་ཇི་བཞིན། །ངུ་སྡངས་མཆི་མའི་རྒྱངས་གླུ་ལེན་ཞིང་། །འཕྲང་རིང་བར་དོའི་གཅོང་རོང་འགྲིམ་དུས། །ཤིན་ཏུ་འགྱོད་པའི་དུས་ཤིག་འོང་ངེས། །དེ་ལ་དགོངས་ནས་ཁོ་བོའི་སྙིང་གཏམ། །ཚིག་ཙམ་ཡི་གེའི་ལམ་དུ་མ་བཞག །ཞེ་ནས་སྐྱོ་ཤས་ངེས་འབྱུང་བློ་ཡིས། །རྒྱུད་ལ་བཅག་འདེབས་ནན་ཏན་མཛོད་དང་། །ཟློས་པའི་གཏམ་ལ་ཁྱེད་ཀྱིས་གསན་ན། །ལས་དང་རྒྱུ་འབྲས་བདེན་པ་ཆེ་བས། །ཕྱི་མའི་སྐྱིད་སྡུག་ང་རང་ཤེས་སོ། །དེ་སྐད་སྒྲུབ་གནས་འདི་ཡི་ནུབ་ཕྱོགས། །གཙང་སྟོད་རྒྱལ་རྩེའི་འཛིན་མའི་ཆ་ནས། །དད་ལྡན་སྔགས་སྐྱོང་ཁྱིམ་བདག་ཤྲཱི། །བྷ་དྲའི་མིང་གིས་འཕྲིན་ཡིག་ལམ་ནས། །ཆེད་དུ་བསྐུལ་ཚེ་དུས་མཐའི་ལྡོམ་པོ། །བློ་བདེ་གུ་ཡངས་བྲག་ཕུག་བྱ་བྲལ། །ཀློང་ཆེན་མཁྱེན་བརྩེའི་འོད་ཟེར་དེ་ཡིས། །འོག་མིན་དཔལ་གྱི་བསམ་ཡས་མཆིམས་ཕུའི། །དབེན་པའི་ནགས་ཁྲོད་བྲག་རིའི་བ་གམ། །ལྗོན་པའི་བསིལ་གྲིབ་ཏིང་འཛིན་གསང་ཕུག །བྱ་ཚོགས་མང་པོ་གླུ་དབྱངས་བསྒྱུར་ཞིང་། །བུང་བ་མང་པོ་འཕུར་ལྡིང་གཡོ་ལ། །ལྕུག་ཕྲན་ར་བས་ཡོངས་སུ་བསྐོར་བའི། །ལྭ་ཝའི་ལྡིང་གུར་དཀར་པོའི་འོག་ནས། །གང་ཤར་ཇི་བཞིན་ཐང་དམར་གདམས་སོ། །དགེ་བས་མ་རྒན་འགྲོ་བ་མཐའ་དག །དུཿཁར་སྤྱོད་པའི་གདུང་བ་ཞི་ནས། །རྣམ་བྱང་མཆོག་ལ་འཁོད་པར་གྱུར་ཅིག། །།

༈ རིགས་ཀྱི་བུ་ཉོན་ཅིག །མི་ལུས་ལན་ཅིག་ཐོབ་པ་འདི་ཡིད་བཞིན་གྱི་ནོར་བུ་ལས་ལྷག་གོ །དམ་པའི་ཆོས་དང་མཇལ་བ་ནི་ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན་ནོ། །འདི་གེགས་དབང་དང་། རྐྱེན་དབང་དུ་མི་ཤོར་བའི་ཐབས་དང་། ཚོགས་གསོག་སྒྲིབ་སྦྱོང་། བོགས་འདོན་གྱི་ཆེད་དུ་རྒྱལ་བས་ཞབས་ཀྱིས་བཅགས་པའི་གནས་གངས་རི་ཏི་སེ། བལ་ཡུལ་ཤིང་ཀུན། བྱ་རུང་ཁ་ཤོར་རྣམས་ཀྱིས་མཚོན་བལ་བོད་རྒྱ་མཚམས་ཀྱི་གནས་ཆེན་དང་གནས་ཕྲན་བྱིན་རླབས་ཅན་ཐམས་ཅད་དུ་རིག་པ་གཏད་མེད། སྐྱིད་སྡུག་རོ་སྙོམས། ན་དགའ་ཤི་སྐྱིད། རེ་དོགས་ཆམ་བརྡལ་གྱི་ངང་ནས་བྱ་རྒོད་རྙི་ལས་ཤོར་བ་བཞིན་དུ་དེངས་ཤིག་དགེ་སྦྱོར་གྱི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བླ་མའི་རྣལ་འབྱོར། ལྟ་བ་བློ་འདས་ཀྱི་དྲན་པའི་རྩི་དང་མ་བྲལ་བ་གསུམ་ལ་འབུངས་ཤིང་། ལ་ཆུ་འཕྲང་གསུམ་གྱི་དཀའ་སྤྱད། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། གློ་བུར་ཡེ་འདྲོག །གཞན་གྱིས་རྙེད་འཚོལ། འཕྲོག་ཆོམ་རྡེག་བཙོག །ཚིག་རྩུབ་མཚང་འབྲུ་ལ་སོགས་ཅི་ལྟ་བུ་བྱུང་ཡང་། བཟོད་པའི་གོས་གོན། གནོད་ལན་ཕན་པས་འཇལ། དྲན་དང་ཤེས་བཞིན་གྱི་བག་ཡོད་བརྟེན་ཅིག །འཇིག་རྟེན་པ་རྣམས་ཚེ་འདིའི་དོན་ཙམ་ལའང་ལུས་སྲོག་འབེན་ལ་འཛུགས། དཀའ་སྤྱད་ཁུར་བོར་འཁྱེར། ཚ་གྲང་བཀྲེས་སྐོམ་གཏམ་ངན་ན་ཚ་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད། ཚེ་ཕྱི་མ་དམྱལ་གནས་སོགས་ངན་སོང་གི་སྡུག་བསྔལ་བཟོད་པར་དཀའ་བ་ལ་འགྲོ་བའི་རྒྱུ་མཚན་ཤེས་བཞིན་དུ་སྦྲང་བུ་མེ་འོད་ལ་མཆོངས་པ་བཞིན་ལས་མཐའ་ལོག་པའི་བྱ་བ་ལ་བརྩོན་པ་བསྐྱེད་ན། ཆོས་ཀྱི་ཕྱིར་དུ་འབད་པའི་ན་ཚ་སྡུག་བསྔལ་སྲོག་ལ་འབབ་པ་བྱུང་ཡང་བསྐལ་པར་བསགས་པའི་སྡིག་སྒྲིབ་འདག་ཅིང་། བསོད་ནམས་དཔག་དུ་མེད་པ་སྐྱེ་བ་ཡིན་པས་དེ་དག་ལ་བྱས་ཡུས་དང་རེ་དོགས་ཀྱི་འཕྲིག་མ་ཚུད་པ་གྱིས་ཤིག །རྣམ་པར་རྟོག་པ་ནི་རི་མོ་མཁན་དང་འདྲ་བས་ད་ལྟ་རང་དགེ་བའི་རྣམ་པ་ཅན་དུ་ཡོད་འཕྲོ་ལ། སྔོན་ཀྱི་ལས་དང་། འཕྲལ་རྐྱེན་སྣ་ཚོགས། ཡུལ་སྣ་ཚོགས་པའི་རྟེན་འབྲེལ། དཀོར་གྱི་ལྷོངས། གྲོགས་ངན་གྱི་རྒྱུ་རྐྱེན་ལས་སྐད་ཅིག་ཙམ་ལ་ལྷས་བྱིན་གྱི་བརྟུལ་ཞུགས་འཛིན་པ་ལ་ཚེགས་མེད་དེ། སྐྱེས་རབས་ལས། གང་ཚེ་ཐར་པའི་ལམ་མཆོག་གསལ་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྔུ་ལྡང་འགྱུར་ཏེ། །རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་པ། །དེ་ལ་དགྲ་བྱེད་མང་འདི་ཆོས་ཉིད་ཡིན། །ཞེས་གསུངས་པ་འདི་དྲན་པར་བྱས་ནས། བླ་མའི་དྲུང་དུ་ཁས་བླངས་པའི་དམ་བཅའ་ཡལ་བར་མ་འདོར་ཞིག །གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་མི་ཐོབ་དམ་ཚིག་གཅིག་པོ་ལ་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རག་ལས་པས་སྔོན་ཆད་རང་རྒྱུད་ཉམས་ཆག་ཉེས་ལྟུང་གིས་སྦགས་འདུག་ན་སྙིང་ཐག་པ་ནས་འགྱོད་སེམས་དྲག་པོས་བཤགས་པ་གྱིས་ཤིག །དྲིན་ཁྱེད་རང་ལ་ཆེ་བ་ཡིན་ནོ། །ལུས་ངག་གི་མི་དགེ་བ་བདུན་སེམས་བསྐྱེད་དང་རྟོགས་པ་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་གྱི་དོན་དུ་གནང་བ་ཡིན་པས་ད་ལྟ་དེའི་དུས་ལ་མ་བབ། སྤྱིར་མི་དགེ་བ་བཅུའི་རྣམ་རྟོག་སྐྱེས་ཙམ་ཉིད་ནས་དེ་ལ་དགྲ་བཞིན་དུ་བྱོལ་ཞིག །བྱེ་བྲག་ཏུ་ནོར་རྫས་ལ་གསོག་འཇོག་དང་བདག་འཛིན་སྤོངས་ཤིག །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཁྲེལ་ཡོད་དང་ངོ་ཚས་དམ་ཚིག་དང་སྡོམ་པ་སྲུངས་ཤིག །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གནོད་པ་ལ་ལན་དང་ཁོང་ཁྲོ་མི་བྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དྲན་པར་གྱིས་ཤིག །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིད་དང་སྙོམ་ལས་མི་དང་འཕྲད་ན་དགའ་ཚོར་སྐྱེ་བ་དེ་ཆོས་ལ་ལེ་ལོའི་གདོན་ཡིན་པས། ད་ལྟ་རང་འཆི་ནད་ཀྱིས་ཐེབས་ན་གདེང་ཅི་ཞིག་འདུག་བརྟག་ལ་ཆོག་ཤེས་མེད་པའི་དགེ་སྦྱོར་ལ་རྩོན་ཅིག །དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བསྐྱེད་རྫོགས་ཟབ་མོ་དང་སེམས་རྒྱུད་བསྲེས་ནས་ཐ་མལ་དུ་ནམ་ཡང་མ་ལུས་པ་གྱིས་ཤིག །དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཤིས་ཐོག་ཏུ་ངོ་སྤྲད་པའི་ལྟ་བ་ཕྱི་རུ་ལྟ་སྟངས་ཀྱིས་མ་འཇུན། སྟོང་ལྟའི་གོལ་ས་ཞིག་འདུག་གོ །ནང་དུ་གཉེན་པོས་མ་འཆིང་། རྟག་ལྟའི་གོལ་ས་ཞིག་འདུག་གོ། གོ་བས་ཨོ་སོབ་མ་བྱེད། རྣམ་རྟོག་དང་རྐྱེན་ངན་དྲག་པོའི་ཐོག་ཏུ་རིག་པ་རྗེན་པ་དེ་བཞག་པས་བློ་བྲལ་གྱི་ཤེས་པ་ལ་འཁུ་འཕྲིག་མི་འདུག་ན་ཨ་ལ་ལ་ཧོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཞན་ཁྱེད་རྣམ་པའི་ཐུགས་དམ་འདི་ད་ལྟ་རང་ལྟ་བ་མི་འདྲ། ཉམས་ཡིན་ལས་ཆེ། ཉམས་ལ་ལྷ་མཐོང་འདྲེ་མཐོང་དང་མངོན་ཤེས་ཕྲན་བུ་འདྲ་ཡང་ཡོང་སྟེ་དེས་རང་མཐོང་སྐྱེས། བློ་ལད། རྐྱེན་མི་ཐུབ། བར་ཆད་འཇུག །བདུད་སྡིག་ཅན་གྱིས་བསླུ་བྲིད་ཅིར་ཡང་བརྫུ་བ་དེ་མ་གོ་བའི་ཚེ། ངས་ཁྱེད་རྣམས་ལ་ཕན་གདགས་སུ་མི་བཏུབ་ལྷོངས་ཚད་མཐར་ཕྱིན་པ་དེ། བླ་མ་དང་ཆོས་ལ་ལོག་ལྟ་སྐྱེ་བ་དེ་ཡིན་པར་བཤད་པས། འགལ་རྐྱེན་དེ་རྣམས་ཀྱི་རྒྱུ་མཚན་ལེགས་པར་སྙིང་ལ་ཕུར་ལ་བླ་མ་དང་ཐུགས་ཡིད་འདྲེས་པ་ཞིག་གྱིས་ཤིག །ཐུགས་ཡིད་འདྲེས་པ་ཟེར་བ་དེ་བཟའ་ཚང་ལྟ་བུར་སྙིང་ཉེ་བ་གཅིག་པུ་ལ་མི་ཟེར། མོས་གུས་དང་དམ་ཚིག་རྣམ་པར་དག་པས་བླ་མའི་སྤངས་རྟོགས་ཀྱི་ཡོན་ཏན་སློབ་མའི་རྒྱུད་ལ་འདྲེས་པ་ཞིག་དགོས་སོ་ལགས། དེའི་ཕྱིར་བཟང་བརྫུ་དང་སྤོམ་ཡོར་ཆོས་བརྒྱད་དང་མ་འདྲེས་པར་ལོ་གསུམ་གྱི་བར་དུ། གནས་གང་གཉན་བྱིན་རླབས་གང་ཆེར། དགེ་སྦྱོར་གོང་འཕེལ་གྱི་ཁེབས་བརྩིས་ལ་རོ་སྙོམས། ཤེས་རྒྱུད་ཆོས་དང་འདྲེས་ངེས་སུ་མཛད་འཚལ། ཞེས་པའང་ལ་ལ་དག་བོགས་འདོན་གྱི་སྤྱོད་པ་ལ་དེངས་སུ་བཅུག་པའི་ཚེ་རྫོགས་ཆེན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་རྗེས་སུ་གདམས་པའོ། །

༈ ཨེ་མ་ཧོ། །བཀའ་དྲིན་འཁོར་མེད་རྒྱལ་སྲས་པད་འབྱུང་དང་། །ཡེ་ཤེས་ཌཱཀྐིའི་གཙོ་མོ་མཁར་ཆེན་བཟའ། །བི་མ་བཻ་རོ་རྗེ་འབངས་ལོ་པཎ་གྱི། །བཀའ་དྲིན་བསམ་བཞིན་འཁོར་ཐབས་མ་མཆིས་སོ། །ཁྱོད་ཀྱི་སྙན་དབང་ཆུ་སྐྱེས་པདྨོའི་དབུས། །ཙིཏྟ་དམར་པོའི་འདབ་སྟོང་རབ་བཀྲོལ་བའི། །གཏམ་གསུམ་བདུད་རྩིའི་ཐིགས་པ་སྒྲོན་པ་ཡིན། །འདུ་ཤེས་རྣལ་མར་ཞོག་ལ་གསོན་དང་ཞུ། །དལ་འབྱོར་རིན་ཆེན་ཐོབ་པ་ད་རེས་ཙམ། །ཉིན་སྐར་མཚན་མོའི་ཉི་མ་ཇི་བཞིན་དུ། །མི་སྲིད་པ་ཞིག་རྙེད་ཀྱང་ཆུ་བུར་དང་། །ནམ་མཁའི་གློག་བཞིན་ཤིན་ཏུ་ཡ་མ་བརླ། །ངེས་པར་འཆི་བ་མི་རྟག་མ་དྲན་ན། །ཆོས་ཀྱི་དྲན་བསྐུལ་ལྕག་འདེབས་མི་འབྱུང་བས། །སྟོད་སྨད་ཀུན་ཏུ་ཤི་བའི་མི་རོ་ལ། །གཟིགས་ནས་དུས་བཞིར་འཆི་བ་དྲན་པ་གཅེས། །ཟང་ཟིང་ལོངས་སྤྱོད་ཕུན་སུམ་ཚོགས་ན་ཡང་། །འཆི་ཚེ་ཁྱེར་དབང་ཡོད་པ་ལྟ་ཞོག་གི །རང་གི་སྙིང་ལྟར་གཅེས་པའི་དངོས་པོ་ཡང་། །དགྲ་ཡི་དངས་མས་སྤྱོད་པ་མ་གཟིགས་སམ། །སང་དང་འཇིག་རྟེན་ཕྱི་མའི་བར་ལག་ན། །དབུགས་ཀྱི་འབྱུང་འཇུག་ཙམ་ལས་མི་འདུག་པས། །བྲལ་སྣང་སྲིད་པའི་བདེ་ལ་མ་ཞེན་པར། །ངེས་འབྱུང་རྒྱུད་ལ་བསྐུལ་ནས་རི་ཁྲོད་འགྲིམས། །ཕྱི་ཡི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་། །ནང་གི་དགྲ་གཉེན་བར་མའི་འགྱུར་ལྡོག་དང་། །གསང་བར་རྣམ་རྟོག་འཕྲོ་འདུའི་འགྱུར་ལྡོག་གསུམ། །གཟིགས་དང་ལྟད་མོ་ཆེན་པོ་འདི་ན་སྣང་། །འཁོར་འདས་ལེགས་ཉེས་ཐམས་ཅད་སེམས་ཀྱིས་བྱས། །བདེ་དང་སྡུག་བསྔལ་ལས་ལ་བརྟག་གྱུར་ན། །གང་ལ་ཞེན་པའི་ཕྱི་ལ་མི་ཚེ་ཟད། །དལ་འབྱོར་རིན་ཆེན་སྟོང་ཟད་བྱེད་པ་མང་། །དགྲ་གཉེན་བར་མ་གསུམ་གྱི་རྣམ་རྟོག་ཀྱང་། །ཐ་མལ་སྐྱེ་བོའི་ངོ་ཁར་ཆགས་སྡང་ཆེ། །ཆོས་པས་བྱུང་གནས་འགྲོ་གསུམ་བརྟག་ཤེས་ན། །བདེན་པར་གྲུབ་པ་རྡུལ་ཙམ་ཡོད་མ་ཡིན། །ཚེ་འདི་ནམ་འཆི་ཆ་མེད་ཡིན་པ་ལ། །རྟག་ཆགས་ཞེན་པར་བཟུང་བས་གཏན་འདུན་ཉེས། །སྐྱིད་སྡུག་དགྲ་གཉེན་རྣམ་རྟོག་ཡལ་བཅུག་ན། །སྐྱིད་པོའི་རྩ་བ་མ་བྱས་ལྷུན་གྲུབ་ཡིན། །བྲག་ཕུག་རང་ཤོང་ས་ཕུག་སྐྱིལ་ཆུང་སོགས། །སྡེ་དགོན་འདུ་འཛིས་དབེན་པའི་གནས་ཤིག་ཏུ། །སྐྱོ་ཤས་ངེས་འབྱུང་ངམ་ངམ་ཤུགས་ལ་འཆར། །དེ་ཕྱིར་བས་མཐའི་ཕན་ཡོན་བསམ་མི་ཁྱབ། །ཆོས་བརྒྱད་འདུ་འཛིས་རྒྱགས་པའི་སྒྲོབ་བརྗིད་དང་། །སྲིད་བདེའི་འཆིང་བར་ཞེན་པའི་འུད་གོག་འདིས། །ཐར་ལམ་དམྱལ་བར་འདྲེན་པའི་ཕོ་ཉ་བྱེད། །དབེན་གནས་རྫ་ཆུ་བསིལ་བའི་ཡོན་ཏན་སོམས། །ཀྱེ་ཧོ་དེ་རིང་རིག་པའི་ཁྱེ་འུ་ཆུང་། །སྐྱོ་ཤས་ངེས་འབྱུང་བསིལ་བུས་རབ་བསྐུལ་བས། །གྲུབ་ཐོབ་གོང་མའི་རྣམ་པར་ཐར་པ་དྲན། །འཇག་ཚོ་གཞོན་པའི་མི་ཚེ་བུད་པས་འགྱོད། །ད་ནི་སྙིགས་མའི་ལོངས་སྤྱོད་འགྲོ་ཀུན་གྱི། །རྒྱུད་ལ་ཞུགས་ནས་ཆོས་བྱར་མི་ཁོམ་པས། །ཕལ་ཆེར་ངན་སོང་བསྒྲུབ་པའི་སོ་ནམ་སྤེལ། །འདི་ཀོ་བསམ་བཞིན་སྙིང་རླུང་གཅོང་གིས་ཟིན། །ཀྱི་ཧུད་སོ་དཀར་མི་ཚེ་ཡད་ཡུད་ལ། །སོང་བས་ད་ནི་འཆི་ལ་ཇེ་ཉེར་སོང་། །ཤི་ཚེ་དམ་པའི་ལྷ་ཆོས་མ་གཏོགས་པ། །གཞན་གྱིས་ཕན་པ་མེད་པས་སེམས་པ་སྐྱོ། །ཨ་ཧོ་བདག་ལ་མོས་པའི་མཆེད་གྲོགས་ཀུན། །ཚེ་འདིའི་ལེགས་ཉེས་མཐའ་དག་ཆམ་གྱིས་བསྐྱུར། །ན་དགའ་ཤི་སྐྱིད་གང་བྱུང་དེས་ཆོག་བློས། །བས་མཐའི་ནགས་ཁྲོད་འགྲིམ་པར་ད་ནི་སྤྱོན། །འཇིག་རྟེན་སྣང་སྲིད་དྲི་ཟའི་གྲོང་ཁྱེར་འདྲ། །དེ་ལ་ཞེན་པས་འཆིང་བ་མཚང་རེ་ཆེ། །རྟོག་མེད་སྤྲོས་བྲལ་གཞི་བྲལ་གཉུག་མའི་ངང་། །གློད་དང་གཏན་འདུན་འགྲུབ་པར་ང་རང་ཤེས། །བསྟན་པའི་བདག་པོ་ཤཱཀྱ་སེང་གེ་དང་། །བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །བཀའ་དྲིན་མཚུངས་མེད་སློབ་དཔོན་ཆེན་པོ་ལ། །བློ་སྙིང་བྲང་གསུམ་གཏོད་དང་བསམ་དོན་འགྲུབ། །ཡོན་ཏན་འབྱུང་གནས་སུམ་ལྡན་བླ་མ་དེ། །རྒྱལ་ཀུན་འདུས་པར་རྒྱལ་བས་ལན་བརྒྱར་བསྔགས། །གསོལ་འདེབས་མོས་གུས་ནུས་ན་བྱིན་རླབས་འཇུག །ཐུགས་རྒྱུད་རྟོགས་པ་འཕོས་ཚེ་འཚེངས་པ་ཡིན། །སྣ་ཚོགས་བྲག་རིའི་བ་གམ་བརྗིད་ཆགས་ཤིང་། །ལྕུག་ཕྲན་ལུ་གུ་རྒྱུད་དུ་ཡོངས་འབྲེལ་ལ། །བྱ་དང་རི་དྭགས་རྩེད་འཇོར་རོལ་པའི་གནས། །དེ་རུ་གཤེགས་ལ་ཟབ་མོའི་ཏིང་འཛིན་སྒོམས། །བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་གདལ་བས། །སེམས་ཅན་ཀུན་ཀྱང་ཐམས་ཅད་མཁྱེན་པའི་རྒྱུ། །རིག་དང་མ་རིག་གཉིས་ཀྱི་ལྟོ་རྒྱབ་ལས། །མེད་དོ་ད་ནི་ཟག་མེད་འོད་གསལ་སྒོམས། །དེ་སྐད་ཀློང་གསལ་རིག་པའི་གསལ་མདངས་ལ། །ཤར་བ་ཇི་བཞིན་ཡི་གེར་འགོད་དགོས་ཅེས། །ཙནྡྲའི་མཚན་ཅན་དེ་ཡིས་བསྐུལ་བ་བཞིན། །འོག་མིན་ལྗོན་ཤིང་བསིལ་གྲིབ་ལ་བརྟེན་བྲིས། །དགེ་བས་འགྲོ་ཀུན་བློ་ཁ་དམ་ཆོས་ལ། །འགྱུར་བར་དུས་གསུམ་རྒྱལ་བས་བྱིན་གྱིས་རློབས། །

༈ དགེ་རྒན་ཏིང་འཛིན་ལ་གདམས་པ། ཁྱོད་རྡོ་ཡུལ་ཆོས་མི་དྲན་པའི་ས་ཆ་ནས་དམ་པའི་ཆོས་དང་མཇལ་བ་འདི་བསོད་ནམས་ཆེ་བའི་ཚད་ལ་ཐུག །ད་མི་ཚེའི་ལྷག་མ་འདིར་ཆོས་སྒྲུབ་པའི་གེགས་ཆེ་ཤོས་སྦྱིན་བདག་ལ་ངོ་འཛིན་མ་ཆེ། སྐུ་རིམ་དང་གྲོང་ཆོག་ལ་མ་དགའ། རང་མཐོང་དང་ང་རྒྱལ་མ་ཆེ། དབེན་པའི་རི་ཁྲོད་གཅིག་ཏུ་ས་བཟུང་ནས་ད་ལྟ་རང་ཤི་བ་ཤར་ན་གདེང་ཅི་འདུག །འགྱོད་པ་དང་འཚེར་སྣང་ཨེ་ཡོད། བར་དོར་བཙན་ས་ཨེ་ཟིན་ལྟ་རྟོག་ལེགས་པར་མཛོད། སེམས་རང་ངོ་ཤེས་པ་གཅིག་པུས་མི་ཆོག །དེའི་རྒྱུན་ནམ་ཉིད་ལྟོས་མེད་ཆུ་བོའི་རྒྱུན་ལྟར་སྐྱོང་དགོས། འཁོར་བ་ཐོག་མ་མེད་པ་ནས་འཁྲུལ་པའི་བག་ཆགས་དང་། ད་ལྟ་སེམས་ལ་རང་བཞིན་མེད་པར་གོ་བའི་ཉམས་གཉིས་ཤེད་བསྡུར་བས་ག་ལ་མཉམ། དེ་མ་མཉམ་པས་ད་ལྟ་དྲན་པས་ཟིན་རུང་ལ་ད་ལྟ་རང་འཁྲུལ་འགྲོ་བ་འདི་བྱུང་བ་ཡིན། འཁྲུལ་ཚད་འཁོར་བ། དྲན་ཚད་ལམ། རྟོགས་ཚད་མྱང་འདས་ཡིན་པས་ད་ལྟ་དྲན་པ་ལ་ལམ་གྱི་རྩ་བར་བཟུང་། དྲན་པ་མེད་ལ་འཁྲུལ་བ་མེད་པའི་ཚེ་མྱང་འདས་ཀྱི་དགོངས་པ་ལོན་པ་ལགས། ལར་དེ་ཙམ་ལའང་ཡ་མི་ཆ། གཟུགས་མེད་བཞི་དང་། བསམ་གཏན་བཞི་དང་། འགོག་པའི་གཅིག་སྟེ་སྙོམས་འཇུག་དགུའི་སེམས་དང་འཛོལ་ས་ཆེན་པོ་ཡོད་པས་ཐོས་པ་མེད་པའི་སྒོམ་ཆེན་ཀུ་སུ་ལུ་པ་རྣམས་སེམས་ཅན་ལ་སྙིང་རྗེ་བསྒོམས་པས་བསོད་ནམས་ཀྱི་ཚོགས་རྫོགས། བླ་མ་ལ་མོས་གུས་བསྐྱེད་དེ་ཐུགས་ཡིད་འདྲེས་པའི་ངང་ལ་མཉམ་པར་གཞག་ན་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་དོན་དམ་པའི་བདེན་པ་མ་འཁྲུལ་བ་རང་བྱུང་དུ་འཆར་དགོས་པས་དེ་གཉིས་དང་མ་བྲལ་བ་མཛོད། དེ་སྐད་དུ་ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་འདི་སེམས་ལ་ཞོག །

རང་སྐྱོན་དུག་གི་ཚེར་མ་རང་གིས་འདོན་པའི་མན་ངག་རྒྱ་ཁབ་རྣོན་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།

༄༅། །རང་སྐྱོན་དུག་གི་ཚེར་མ་རང་གིས་འདོན་པའི་མན་ངག་རྒྱ་ཁབ་རྣོན་པོ་བཞུགས་སོ། །ཉིན་གཅིག་སློབ་མ་རྣམས་ལ་རང་སྐྱོན་དུག་གི་ཚེར་མ་རང་གིས་འདོན་པའི་མན་ངག་རྒྱ་ཁབ་རྣོན་པོ་འདི་བྱིན་ནོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་རང་གི་རྩ་བའི་བླ་མ་རྣམས་ཀྱིས་མི་མངོན་དབྱིངས་ནས་ཐུགས་ཁྲེལ་རུང་། རེ་ཞིག་བདག་གི་བྱ་སྤྱོད་ངན་པ་འདི་ལ་ཡེ་ཤེས་སྤྱན་གྱིས་གཟིགས་ནས་ཕྱིན་ཆད་ཆོས་བཞིན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འོ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གང་ཡང་མེད་པའི་བླ་བཙོངས་ཕྱི་ལྡིར་ལ་ནང་སྟོང་བ་སྔགས་པའི་རྔ་ཁོག་དང་འདྲ་བ་ཁྱོད་བློ་ཁ་ནང་དུ་ཁུག་ལ་བསམ་བློ་ཡག་པོ་ཞིག་ཐོངས་དང་། ཁྱོད་ཆོས་པ་ཡིན་ཁུལ་བྱེད་ཀྱིན་འདུག་པ། །ཁྱོད་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། བླ་མ་དུས་གསུམ་གྱི་སངས་རྒྱས་དང་མཇལ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ནི་ཐོབ། ཆོས་ཀྱི་སྒོར་ཞུགས་ནས་ཡུན་རིང་པོ་ཞིག་སོང་། ད་སྔ་ཡན་ཆད་ལ་ཉམས་ལེན་ཅི་འདྲ་བྱས། ཉམས་རྟོགས་ཅི་ཙམ་ཤར་ཤོད་དང་། རང་གི་སེམས་ལ་འཛིན་རྒྱུ། གཞན་གྱི་མི་ལ་བཤད་རྒྱུ་གཉིས་ཀ་མེད་རུང་། རང་གི་སེམས་ལ་འཛིན་རྒྱུ་ཞིག་ཡོད་དགོས། ཆོས་ཀྱི་ནང་ན། ཆོས་པ་རབ་ལ་ཞག་སྐྱེད། འབྲིང་ལ་ཟླ་སྐྱེད། ཐ་མ་ལ་ཡང་ལོ་སྐྱེད་ཐོན་ཡོང་གསུངས་ན། ཁྱོད་ལ་ཞག་སྐྱེད་ཡོང་གིན་འདུག་གམ་ཟླ་སྐྱེད་ཡོང་གིན་འདུག །དེ་མ་བྱུང་ཡང་ལོ་སྐྱེད་ཐོན་འདུག་གམ་ལྟོས་དང་། ཡར་སྐྱེད་ལས་མར་སྐྱེད་ཆེན་པོ་འདྲ་བྱུང་མེད་དམ། ཡང་ཐོས་རྟགས་ཞི་ཞིང་དུལ་བ་ཡིན། སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན་གསུང་པས་ཁྱེད་ལ་སྔར་བས་སྒོ་གསུམ་ཞི་དུལ་ཅི་ཙམ་བྱུང་འདུག །ཉོན་མོངས་པ་ཆུང་དུ་སོང་ཡོད་མེད། ཆུང་དུ་མ་སོང་ཡང་། ཆེ་རུ་སོང་། མང་དུ་སོང་། ཐུ་རུ་སོང་འདྲ་མེད་དམ་ལྟོས་དང་། ཡང་ཆོས་པ་རབ་འཆི་བ་ལ་བྲོད། འབྲིང་མི་འཚེར། ཐ་མ་མི་འགྱོད་གསུངས་པ། ཁྱོད་ད་ལྟ་འཆི་ན་བྲོད་པ་ཞིག་བྱུང་ངམ། ཡང་ན་མི་འཚེར་བ་ཞིག་ཡོད་དམ། དེ་མ་བྱུང་ཡང་མི་འགྱོད་པ་ཞིག་དགོས་ཀྱང་། ཁྱོད་ཀྱི་བྱ་སྤྱོད་འདི་ལ་བལྟས་ན། སང་གནང་ལྟ་བུ་ཞིག་ལ་བྱུང་ན། འགྱོད་པ་སྐྱེ་བཞིན་འཆི་དགོས་པ་འདྲ་མི་ཡོང་ངམ། ཨ་རྫིའི་སོམས་དང་། ཡང་། ཚེ་འདི་ལ་ཞེན་ན་ཆོས་པ་མིན་གསུངས་པས། ཁྱོད་ཀྱི་སེམས་ཚེ་འདིའི་ལྟོ་གོས་དང་། གཉེན་ཉེ་བ་ལ་ཞེན་ནས་དེ་ཞེ་ཕུགས་སུ་བཞག་སྟེ། བླ་མ་དཀོན་མཆོག་གི་རྫས། དགེ་འདུན་པའི་དཀོར་གཤིན་ཟས་དད་ཟས་ཀྱི་མེ་མ་མུར་ཐམས་ཅད་ཕྱོགས་ཕྱོགས་ནས་བསྡུས་ཏེ་རང་གི་ཁ་ལ་བརྒྱབ་པས་མི་ཆོག །གཉེན་ཉེ་བ་ཐམས་ཅད་ཀྱི་ཁ་ནང་དུ་བརྒྱབས་ནས་རང་གཞན་ཐམས་ཅད་ཀྱི་རྒྱུད་བསྲེག་ཕོད་དམ། སངས་རྒྱས་ཀྱི་བཀའ་ལས། དཀོར་ཟས་འདི་ལྕགས་གོང་མེ་འབར་བ་ཁར་བཅུག་པ་ལས་ཉེས་པ་ཆེ་བར་གསུངས་པས། ཁྱོད་ལ་སངས་རྒྱས་ཀྱི་གསུང་དེ་མི་བདེན་པའི་ཁུངས་དང་། བརྩི་མི་དགོས་པའི་གདེང་ཞིག་ཡོད་དམ། ཡང་། ལོང་བའི་དྲུང་ན་མིག་ལྡན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་སྒྲིབ་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་། །གསུངས་པས། མི་དྲན་དགུ་དྲན་མི་བྱེད་དགུ་བྱེད། ཉོན་མོངས་ཀྱི་གོང་བུ། སྡིག་པའི་ཁྲེས་པོ། ལྟུང་བའི་ཕད་བུ། དཀོར་གྱི་རྐྱལ་བ། ཆོས་བརྒྱད་ཀྱི་ཁོལ་པོ། དགེ་བའི་ཕྱོགས་ལ་བོང་ཆད་གྱེན་ལ་དེད་པ་ལྟ་བུ། མི་དགེ་བའི་ཕྱོགས་ལ་རི་གཟར་གྱི་འབབ་ཆུ་ལྟ་བུ། ཁྱོད་ཚེ་འདི་ལ་ཤི་སྤར་འཐམས་ནས། དུས་དེ་རིང་ཉི་མ་ཕན་ཆད་ལ། ལུས་ངག་ཡིད་གསུམ་དུག་གསུམ་གྱི་དབང་དུ་སོང་། མི་དགེ་བ་བཅུ་ཁོ་ནའི་དུས་འདས་ཀྱང་། ད་དུང་ཆོས་པ་ཡིན་ཁུལ་བྱེད་པའི་ཧམ་པ་ཆེན་པོ་འདི་དེང་སང་གི་སྐྱེ་བོ་མི་ནག་པ་རྣམས་ལ་འགྲོ་ཡང་། སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བླ་མ་དཀོན་མཆོག་ལ་འགྲོའམ་མི་འགྲོ་སོམས་དང་། ཡང་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་གསུངས་ལ། བླ་མས་ཀྱང་ཆོས་ཅི་བྱེད་ནའང་ཉོན་མོངས་པ་ཅི་ཐུལ་གྱིས་ཞེས་ཅི་ཙམ་ཞིག་གསུངས། གྲོགས་ཀྱང་བཟང་པོ་འགའ་རེས་ཅི་ཙམ་ཞིག་བཤད་དེ་རྣམས་ཀྱི་ཚིག་ལ་ཡང་བརྩི་འཇོག་མེད་པར། ད་ནི་ཞེ་སྡང་གི་མེ་འབར་འདོད་ཆགས་ཀྱི་ཆུ་འཁྲུགས། གཏི་མུག་གི་མུན་པ་འཐིབས། ང་རྒྱལ་གྱི་རི་གཟེངས། ཕྲག་དོག་གི་རླུང་འཚུབ། སེར་སྣའི་མདུད་པ་དམ་དུ་སོང་ཡོད་པ་འདི་ལ་ལྟོས་དང་། གཞན་ཕར་ཞོག་ད་ཁྱོད་ཀྱིས་ཚིག་ངན་དམ་དུམ་ཞིག་རྣ་བས་གོ་ན། དེ་ཡང་མི་བཟོད་པར་ཁྱོད་ཀྱི་ངོ་མདངས་འགྱུར་ལུགས། ཁ་ངན་ཚིག་ངན་རྒྱག་ལུགས་འདི་གཅིག་པུ་ལ་ལྟོས་དང་། འདི་འདྲ་ཁྱོད་ལ་གྱིས་ཞེས། བླ་མས་མ་གསུངས་གྲོགས་ཀྱིས་མ་བཤད། འདི་ཁྱོད་ཀྱིས་དྲན་ནམ། ཡང་ན་འདི་འདྲ་གྱིས་ཞེས་ཁྱོད་ལ་འདྲེ་ཞིག་གིས་བཤད་དམ། དེ་མིན་ཁྱོད་ཀྱི་སྙིང་ལ་གདོན་ཅི་ཞིག་ཞུགས་སོང་། ཁྱོད་སྨྱོས་འདྲ་མེད་དམ། ད་ཕྱིན་ཆད་འདི་འདྲ་བྱས་ན་ཁྱོད་ཚེ་འདིར་སྡུག་ལ་ཕྱི་མར་དམྱལ་བར་འགྲོ་བ་རིན་བྱིན་ནས་ཉོས་པ་ཡིན་མོད། ཁྱོད་ཀྱི་བླ་མའི་ཞབས་དྲངས་གྲོགས་ཀྱི་མཚང་བརྗོད། ཆོས་པའི་བླ་འཚོང་། བསྟན་པའི་མིག་རྐྱེན་ལ་གནོད་པ་འདི་འདྲ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད་ཤོད་དང་། ཡང་། གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །གསུངས་པས། ཁྱོད་ནི་མཚན་གང་བོར་རོ་ཉལ་བྱས། ཉིན་གང་བོར་རྣམ་གཡེང་བྱས། དགེ་སྦྱོར་ཡུད་ཙམ་རེ་བྱས་ནས་གྲུབ་ཐོབ་འོང་དུ་རེ་བ་ཁྱོད་ཀྱི་ཧམ་པ་ལ་ལྟོས་དང་ཧེ་ཧེ། ཁྱོད་ལ་ཆོས་ཀྱི་དྲི་མས་མ་གོས་ཚར་འདུག །སྙིང་ནས་ཆོས་ཤིག་བྱེད་ན། ཟ་དགའ་འཐུང་སྐྱིད། རྣམ་གཡེང་ལེ་ལོ་བྱེད་ལ་མ་དགའ་བར། ཉིན་པར་གྱི་ལྟོ་དང་མཚན་མོའི་གཉིད་ཆོག་ལ་ཉམས་ལེན་ལ་རེམ་ཞིག །ཡང་གསང་སྔགས་ཀྱི་སྒོར་ཞུགས་ནས་ཉམས་སུ་བླངས་ན་རབ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས། འབྲིང་འཆི་ཁ་བར་དོར་གྲོལ། ཐ་མས་ཀྱང་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ལ་སངས་རྒྱས་ཞེས་རྡོ་རྗེ་འཆང་གིས་གསུངས་ཀྱང་། ཁྱོད་ཀྱིས་དམ་ཚིག་ཀྱང་མི་བསྲུང་བར། ཇ་སུན་རེའི་མཐོ་དམན་ལ་བལྟས་ནས་ང་ཐུགས་ལ་མ་བཏགས་ཟེར། བླ་མ་ལ་དད་ལོག་དང་ཚིག་རེ་རེའི་མཐོ་དམན་ལ་བལྟས་ནས། ང་ལ་དེ་འདྲ་བཤད་དགོས་པའི་འོས་མེད་ཅེས་གྲོགས་མཆེད་ལ་ཁོང་ཁྲོ་བྱེད་པ་འདི་གཅིག་པུ་ལ་ལྟོས། དམ་ཚིག་མི་བསྲུང་བ་དེ་ཁྱོད་སངས་རྒྱས་འགྲོ་སྙམ་ནས་འཇིགས་པ་ཡིན་ནམ། མ་བསྲུངས་ན་དམ་ཉམས་ཀྱི་མིས་མཆོད་པ་ཕུལ་ཡང་མི་བཞེས་ཤིང་། འཆི་རྐྱེན་ངན་པས་གློ་བུར་དུ་ཤི་ན་རྡོ་རྗེའི་དམྱལ་བར་སྐྱེ་བ་དང་། དེ་དང་ལྷན་དུ་ལུང་བ་གཅིག་གི་ཆུ་འཐུང་ཚད་ཀྱང་ཉམས་གྲིབ་ཀྱིས་ནོན་ནས་དམྱལ་བར་འགྲོ་ཞེས་རྡོ་རྗེ་འཆང་སོགས་ཀྱིས་གསུངས་པ་གོ་བཞིན་དུ། ད་དུང་དམ་ཚིག་དང་སྡོམ་པ་མི་བསྲུང་བར་ཆལ་ལེ་ཆོལ་ལེ་བྱེད་པ་འདི། ཁྱོད་ཀྱིས་རྡོ་རྗེ་འཆང་གིས་གསུངས་པ་དེ་མི་བདེན་སྙམ་པ་ཡིན་ནམ། ཡང་ན་རྡོ་རྗེ་འཆང་གི་གསུང་མི་བརྩི་བ་དེ། ཁྱོད་རྡོ་རྗེ་འཆང་ལས་ས་ཚོད་མཐོ་བ་ཞིག་ཡིན་ནམ། ཡང་ན་ཕོ་ཚོད་ཆེ་བ་ཞིག་ཡིན་ནམ། ཡང་ན་གདོན་གྱིས་ཟིན་ནས་སྙིང་ཁོག་ན་མེད་པ་ཞིག་ཡིན་ནམ། དེ་རྣམས་གང་རུང་ཞིག་ལས་མ་འདས་ད་ཁྱོད་དམྱལ་བར་འགྲོ་ཡང་། འགྲོ་ཞོར་ལ་ལུང་བ་གཅིག་གི་ཆུ་འཐུང་ཚད་པོ་དམྱལ་བར་ཁྲིད་ནས་མ་འགྲོ་བར་འཇོག་རོགས་གྱིས། ཡུལ་ཁམས་ཐམས་ཅད་མ་བརླག་ཅིག །དེ་རྣམས་ལ་གོ་རྒྱུ་ཨེ་བྱུང་། ད་དུང་མི་གོ རྣ་བར་མི་འགྲོ སེམས་ལ་མི་འཐད་པར་འདུག་ན། ཁོག་པར་གདོན་ཆེན་པོ་འཇིགས་སུ་རུང་བ་ཞིག་ཞུགས་ཡོད་ཐག་ཆོད་པས། ད་རེ་ཞིག་གི་བར་དུ་སུས་ཀྱང་ཐུལ་བ་མི་འདུག །ཨ་ཙི་འཇིགས་པ་ལ་ཅི་དྲག །ད་ཁྱོད་འཇིག་རྟེན་མི་ཡི་ཁྱུ་ནས་སྔར་ཐོན་ཚར་འདུག །ཆོས་པའི་གྲལ་ནས་རོ་ལྟར་བུད་འདུག །ད་ཕྱིན་ཆད་སླར་རོ་འཚངས་བརྒྱབས་ནས་ཡང་བསྟན་པ་ནང་ནས་བཤིག་གིན་མ་སྡོད་པར་ཕྱི་རོལ་མུ་སྟེགས་པ་ལྟ་བུའི་རྗེས་སུ་སོང་ཞིག །དེ་ལ་ཡང་འགྲོ་མ་ཐུབ་ན་སུག་བཞི་ས་ལ་བཙུགས་ནས། ཁྱི་དང་དུད་འགྲོའི་རྩར་ཕྱིན་ལ་དེའི་ཁྱུ་ལ་ཨེ་འདྲེས་ལྟོསཤིག་། དེ་རིང་གི་ཉི་མ་ཕར་བཟུང་ནས། ཆོས་པ་དང་འཇིག་རྟེན་མི་ཡི་ཁྱུ་ནས་ཁྱོད་རང་བཏོན་པ་ཡིན་པས་མ་སྡོད་ཅིག །ཆོས་དང་འཇིག་རྟེན་གཉིས་ཀྱི་ཁ་ལྟ་བཟོ་ལྟ་གང་ཡང་མེད་བཞིན་དུ། ད་དུང་མི་ཡི་གྲལ་ལ་ཡར་བསྙེགས་ན། ཀུན་གྱིས་དེའི་གདོང་ལ་མཆིལ་མ་ཐོབ་ཅིག །ཁྱོད་ཀྱི་གདོང་གི་ཀོ་བ་དེ་འབྲོང་གི་ཀོ་བ་ཡིན་ནམ། ཡང་ན་ཀོ་བ་ཉིས་བརྩེག་གམ། ཡང་ན་དཔྲལ་ཀོ་ཤིན་ཏུ་མཐུག་པ་ཞིག་ཡིན་ན་མ་གཏོགས་ངོ་མི་ཚའམ། འོ་ད་ནི་མི་ལ་ངོ་ཚ་ཡོད་སྙིང་ལ་རུས་པ་ཡོད། མགོ་ན་ཀླད་པ་ཡོད། རང་གིས་རང་ལ་ཤ་ཚ་ཡོད་པ་ཞིག་ཡིན་ན། སྔར་སྤྱོད་ལ་འགྱོད་པ་སྐྱེ་རན་འདུག་གོ །ད་སྤྱོད་ལ་ཡར་བསྐྱེད་འདོན་རན་འདུག་གོ། །རན་པར་མ་ཟད་འཕྱིས་གྲབས་འདུག་གོ །སྐྱེས་པ་ཐམས་ཅད་འཆི་ལུགས་ལ་ལྟོས་ཤིག །བསགས་པ་ཐམས་ཅད་འཛད་ལུགས་ལ་ལྟོས་ཤིག །འདུས་པ་ཐམས་ཅད་འབྲལ་ལུགས་ལ་ལྟོས་ཤིག །གང་ལའང་སྙིང་པོ་མེད་ལུགས་ལ་ལྟོས་ཤིག །བལྟས་ནས་སྙིང་པོ་ཡོད་པ་ཞིག་བྱེད་ན། བློ་ཕུགས་ཆོས་ལ་གཏོད་ཅིག །ཆོས་ཕུགས་སྤྲང་ལ་གཏོད་ཅིག །སྤྲང་ཕུགས་ཤི་ལ་གཏོད་ཅིག །ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏོད་ཅིག །དམན་པའི་ས་ཟུངས་ཤིག །ཧྲུལ་པོའི་གོས་གྱོན་ཅིག །གྱོང་ལྟོ་གོས་གཏམ་གསུམ་ལ་ཐོངས་ཤིག །ན་བུན་གོས་ལྟར་གྱོན་ཅིག །བྲག་ཕུག་ཞྭ་ལྟར་སྟེན་ཅིག །རྟག་ཏུ་རིའི་བུ་གྱིས་ཤིག །ཆོས་བྱས་པའི་ལག་རྗེས་གྲུབ་རྟགས་ལ་སྒོ་གསུམ་ཞི་ཞིང་དུལ་བ་དགོས། རང་རྒྱུད་ཉོན་མོངས་ཆུང་བ་དགོས། ཆོས་གང་ཤེས་ཚད་ཐམས་ཅད་ཉོན་མོངས་པའི་གཉེན་པོར་ཐོངས་ལ། དུས་དེ་རིང་ནས་བཟུང་སྔར་ལྟར་ཉོན་མོངས་པ་གང་ཡང་ཡན་པར་མི་གཏོང་བར། ཆགས་སྡང་ཁོང་ཁྲོ་སོགས་གང་སྐྱེས་ཀྱང་དེ་མ་ཐག་གཉེན་པོས་འབུར་འཇོམས་གྱིས་ཤིག །རེམ་ཞིག །ཐུལ་ཅིག །ཆོམས་ཤིག །སུན་ཕྱུངས་ཤིག །མགོ་ནོན་ཅིག །རྩ་བ་ནས་ཐོན་ཅིག །མདོར་ན་ཁྱོད་ཀྱི་སྔར་གྱི་བྱ་སྤྱོད་ཉེས་ཚར་འདུག་པས། ད་ཕྱིན་ཆད་བླ་མའི་བཀའ་བཞིན་ཆོས་བཞིན་འདུལ་བ་བཞིན་གྱིས་ཤིག །མི་མངོན་དབྱིངས་ནས་བླ་མ་ཡིས། །མི་ངན་བདག་ལ་གཟིགས་སུ་གསོལ། །ཤིག་ལ་མཛུབ་མོ་འཛུགས་པ་བཞིན། །རང་གི་སྐྱོན་ལ་མཛུབ་མོ་འཛུགས། །རྐང་བའི་ཚེར་མ་འདོན་པ་བཞིན། །རང་སྐྱོན་སྒོ་རུ་འདོན་པར་བྱ། །ཁྱོད་ནི་དལ་འབྱོར་མི་ལུས་ཐོབ། །བླ་མ་དུས་གསུམ་སངས་རྒྱས་མཇལ། །ཟབ་ཅིང་རྒྱ་ཆེའི་གདམས་པ་ཐོབ། །ཐོས་དོན་བསྒོམས་པའི་ལག་རྗེས་ལ། །སྒོ་གསུམ་ཞི་ཞིང་དུལ་དགོས་ཀྱང་། །དུལ་དུ་མ་སོང་སྡུག་ཏུ་སོང་། །ཉོན་མོངས་ཆུང་དུ་འགྲོ་དགོས་ཀྱང་། །ཆུང་དུ་མ་སོང་ཆེ་རུ་སོང་། །སེམས་ལ་ཡར་སྐྱེད་ཐོན་དགོས་ཀྱང་། །ཡར་སྐྱེད་མ་ཐོན་མར་སྐྱེད་ཐོན། །དད་ཟས་དཀོར་གྱི་རྐྱལ་བ་འདྲ། །རོ་ཉལ་བྱེད་པའི་གླང་དང་འདྲ། །འདོད་ཆགས་ཆེ་བའི་བྱ་དང་འདྲ། །ཞེ་སྡང་ཆེ་བའི་སྦྲུལ་དང་འདྲ། །གཏི་མུག་ཆེ་བའི་ཕག་དང་འདྲ། །ང་རྒྱལ་ཆེ་བའི་སེང་གེ་འདྲ། །ཕྲག་དོག་ཆེ་བའི་ཁྱི་དང་འདྲ། །སེར་སྣ་ཆེ་བའི་ཡི་དྭགས་འདྲ། །སྡིག་ལ་རྔམས་པའི་བཤན་པ་འདྲ། །ཤ་ཁྲག་ཟ་བའི་སྲིན་པོ་འདྲ། །བླ་མ་དུས་གསུམ་སངས་རྒྱས་ལ། །མཆི་མ་འཁྲུགས་པའི་དད་པ་མེད། །དམ་གཙང་རྡོ་རྗེ་མཆེད་ལྕམ་ལ། །ལྷ་རུ་མཐོང་བའི་དག་སྣང་མེད། །མ་གྱུར་སེམས་ཅན་ཐམས་ཅད་ལ། །བ་སྤུ་གཡོ་བའི་སྙིང་རྗེ་མེད། །ཟབ་དང་རྒྱ་ཆེའི་གདམས་པ་ལ། །ཉམས་སུ་ལེན་པའི་བརྩོན་འགྲུས་མེད། །དད་གུས་མེད་པའི་དམ་དྲེད་པོ། །དག་སྣང་མེད་པའི་ཁྲེལ་མེད་པོ། །སྙིང་རྗེ་མེད་པའི་སྙིང་རུལ་པོ། །ཉམས་ལེན་མེད་པའི་སྙོམ་ལས་པོ། །རང་སྐྱོན་མི་མཐོང་དམུས་ལོང་བོ། །གཞན་སྐྱོན་བརྗོད་པའི་ལྕེ་བདེ་བོ། །དམྱལ་བའི་གཏིང་རྡོ་འགུལ་མེད་པོ། །ཆོས་མེད་སྡིག་པའི་ལས་བསོག་པའི། །ལས་ངན་ཚབས་ཅན་ཁྱོད་འདྲ་ཞིག །བླ་མ་དུས་གསུམ་སངས་རྒྱས་ཀྱི། །ཞབས་འདྲེན་བྱེད་པ་ཁྱོད་འདྲ་ཞིག །དམ་གཙང་རྡོ་རྗེ་མཆེད་ལྕམ་གྱི། །རྐང་འདྲེན་བྱེད་པ་ཁྱོད་འདྲ་ཞིག །སངས་རྒྱས་བསྟན་པའི་མིག་རྐྱེན་ལ། །གནོད་པའི་བསྟན་བཤིག་ཁྱོད་འདྲ་ཞིག །ཆོས་པའི་གཟུགས་བཟུང་ཆོས་མིན་བྱེད། །ཆོས་པའི་མཚང་བརྗོད་ཁྱོད་འདྲ་ཞིག །སྲོག་མ་ཆད་པའི་མི་རོ་ཞིག །འདྲེས་མ་ཁྱེར་བའི་སྨྱོན་པ་ཞིག །མི་གླུད་ཁྱོད་འདྲ་གང་ནས་བྱུང་། །ལྟས་ངན་ཁྱོད་འདྲ་གང་ནས་བྱུང་། །བཟའ་བཏུང་གཏི་མུག་རོ་ཉལ་བྱས། །ཁྱོད་ཀྱི་བརྩོན་འགྲུས་འདི་ལ་ལྟོས། །དགེ་བའི་ཕྱོགས་ལ་བོང་ཆད་བཞིན། །ཁྱོད་ལ་འགྲོ་རྒྱུ་མེད་ལ་ལྟོས། །སྡིག་པའི་ཕྱོགས་ལ་འབབ་ཆུ་འདྲ། །ཁྱོད་ནི་གཞན་ལས་མགྱོགས་ལ་ལྟོས། །ཚིག་ངན་ཙམ་རེའང་མི་བཟོད་པར། །ཁྱོད་ཀྱི་ངོ་མདངས་འགྱུར་ལ་ལྟོས། །ཉེས་ལྟུང་ཀུན་གྱི་ཕད་བུ་ཁྱོད། །ཁྱོད་ཀྱི་སྡོམ་པ་སུ་ལ་བསྐྱལ། །སྡིག་པའི་ཁྲེས་པོ་འཁུར་མཁན་ཁྱོད། །ཁྱོད་ཀྱི་དགེ་བ་གང་ན་ཡོད། །སྐྱོན་གྱི་ཕུང་པོ་ཆེན་པོ་ཁྱོད། །ཁྱོད་ཀྱི་ཡོན་ཏན་སུ་ཡིས་འཕྲོག །འཇིག་རྟེན་ཆོས་བརྒྱད་ཁོལ་པོ་ཁྱོད། །ཁྱོད་ཀྱི་ལྷ་ཆོས་གང་ནས་བྱས། །ཆོས་པའི་བཟོ་ལྟ་མེད་པ་ཁྱོད། །ཁྱོད་ནི་ངོ་ཡང་མི་ཚ་འམ། །མཇུག་མ་མེད་པའི་ཁྱི་རྒན་ཁྱོད། །ད་ནི་ཁྱི་ཡི་གྲལ་དུ་སོང་། །ཡ་སོ་ཅན་གྱི་བ་གླང་ཁྱོད། །ཡང་ན་དུད་འགྲོའི་ཁྱུ་ཞིག་སྙོགས། །གལ་ཏེ་མི་འགྲོ་འདུག་འདོད་ན། །སྔར་གྱི་དེ་འདྲ་བྱེད་ཕོད་དམ། །ད་ནི་མི་ལ་ངོ་ཚ་ཡོད། །ཁོག་པའི་ནང་ན་སྙིང་ཞིག་ཡོད། །མགོ་བོའི་ནང་ན་ཀླད་པ་ཡོད། །རང་ལ་ཤ་ཚ་ཞིག་ཡོད་ན། །སྔར་བྱས་རྣམས་ལ་འགྱོད་པ་སྐྱེད། །ད་སྤྱོད་རྣམས་ལ་ཡར་སྐྱེད་ཐོན། །འདོན་པར་མ་ཟད་འཕྱིས་གྲབས་འདུག །སྐྱེས་པ་ཐམས་ཅད་འཆི་ལ་ལྟོས། །བསགས་པ་ཐམས་ཅད་འཛད་ལ་ལྟོས། །འདུས་པ་ཐམས་ཅད་འབྲལ་ལ་ལྟོས། །གང་ལའང་སྙིང་པོ་མེད་ལ་ལྟོས། །སྙིང་པོ་མེད་པའི་བྱ་བ་སྤོངས། །སྙིང་པོའི་ལྷ་ཆོས་བྱེད་འདོད་ན། །བླ་མའི་གསུང་དང་རྒྱལ་བའི་བཀའ། །བཞིན་དུ་ད་ནི་འབད་པར་རིགས། །བླ་མ་དཀོན་མཆོག་ཐུགས་རྗེ་གཟིགས། །སྔར་གྱི་བྱ་བ་ཉེས་ནས་གདའ། །སྙིང་ནས་འགྱོད་པས་བཤགས་སྡོམ་བྱ། །ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །འདུལ་བ་བཞིན་དུ་ནུས་པར་ཤོག །མདོ་སྡེ་བཞིན་དུ་སྤྱོད་པར་ཤོག །མངོན་པ་བཞིན་དུ་བྱེད་པར་ཤོག །གསང་སྔགས་བཞིན་དུ་བསྒྲུབ་པར་ཤོག །ཅེས་མན་ངག་རྒྱ་ཁབ་རྣོན་པོ་འདི་སློབ་བུ་རྣམས་ཀྱི་ལག་ཏུ་གཏད་ནས། ད་ཕྱིན་ཆད་རྣམ་དཔྱོད་ཤེས་རབ་ཀྱི་མིག་གིས་ལྟོས་ལ། རང་ལ་སྐྱོན་མཚང་གི་ཚེར་མ་ཟུག་ཚད་ཐམས་ཅད་རང་གིས་ཐོན་བྱས་པས། ཁོང་རྣམས་ཀྱིས་ཀྱང་དེ་བཞིན་བཏོན་པས་སྡུག་བསྔལ་ཟུག་རྔུ་བསྐྱེད་པའི་སྐྱོན་གྱི་དུག་ཚེར་ཐམས་ཅད་ཐོན་ནས་རིང་པོར་མ་ལོན་པར་རི་ཁྲོད་དབེན་པའི་དགའ་ཚལ་ནས་ཆོས་མཐུན་གྱི་ཞབས་བྲོ་རྒྱག་ནུས་པ་བྱུང་ངོ་། །ཞབས་དཀར་ཚོགས་དྲུག་རང་གྲོལ་པས་སོ།། །།

ཆོས་དང་འཇིག་རྟེན་ཤེས་པའི་བསྟན་བཅོས་གདོལ་བའི་དྲང་སྲོང་གི་གཏམ་ཐར་པའི་ཐེམ་སྐས། རྫ་དཔལ་སྤྲུལ་རིན་པོ་ཆེ།

༄༅། །ཆོས་དང་འཇིག་རྟེན་ཤེས་པའི་བསྟན་བཅོས་གདོལ་བའི་དྲང་སྲོང་གི་གཏམ་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡེ། །གང་གིས་ཁམས་གསུམ་ཁམ་ཟས་སུ། །བྱེད་པ་འཇིགས་བྱེད་དུས་ཞེས་བྱ། །དུས་ཀྱང་འཇོམས་པ་འཇམ་པའི་དབྱངས། །སྒྲ་དང་ལྡན་པའི་ཕོ་བྲང་ནས། །གཏུམ་པོ་དུལ་བའི་ཚུལ་འཛིན་ཅིང་། །འབར་བ་ཞི་བའི་རྣམ་པ་ཅན། །གདོལ་བའི་དྲང་སྲོང་དེར་གནས་ཏེ། །དེ་ཡི་མིང་ནི་ཤྲི་ཞེས་གྲགས། །དེ་ལ་ལེགས་པར་སྤྱོད་པ་མེད་ན་ཡང་། །དེ་ལ་ལེགས་པར་སྨྲ་བ་ཡོད་པ་སྟེ། །དེ་ཕྱིར་དེ་ལ་ཀུན་གྱིས་དོན་འདྲི་ཞིང་། །དེས་ཀྱང་དེ་ལ་ཚུལ་བཞིན་འདོམས་པར་བྱེད། །དེ་ལ་ཁ་ཅིག་གིས་དྲིས་པ། །ཀྱེ་དྲང་སྲོང་ཆེན་པོ་ཆོས་དང་ལུགས་ཞེས་བྱ་བ་ཅི། །ཆོས་དང་ལུགས་ཀྱི་དབྱེ་བ་གང་། །ཆོས་དང་ལུགས་ལ་གང་དག་སྤང་། །ཆོས་དང་ལུགས་ལ་གང་དག་བླང་། །སྨྲས་པ། ཆོས་ནི་ཤེས་བྱ་ཐམས་ཅད་དེ། །ལུགས་ནི་དེ་ཡི་མཚན་ཉིད་ཡིན། །ཆོས་ནི་བླང་དོར་བྱ་བའི་གནས། །ལུགས་ནི་དེ་ཡི་ལག་ལེན་ཡིན། །ཤེས་བྱའི་ཆོས་ལ་དབྱེ་ན་འཁོར་འདས་གཉིས། །བླང་དོར་ཆོས་ལ་དབྱེ་ན་དགེ་སྡིག་གཉིས་། །དང་པོ་གཉིས་ནི་སྡུག་བསྔལ་ཞི་མ་ཞི། །ཕྱི་མ་གཉིས་ནི་སྡུག་བསྔལ་བསྐྱེད་མི་བསྐྱེད་། །དེ་ལ་འཁོར་བ་སྤང་བྱ་སྟེ། །འཁོར་རྒྱུ་སྡིག་པ་མ་སྤངས་ན། །འཁོར་བ་སྤང་བར་མི་ནུས་པས། །དེ་ཕྱིར་དང་པོ་སྡིག་པ་སྤང་། །མྱ་ངན་འདས་པ་བླང་བྱ་སྟེ། །དེ་རྒྱུ་དགེ་བ་མ་བསྒྲུབས་ན། །མྱང་འདས་བླང་བར་མི་ནུས་པས། །དེ་ཕྱིར་དང་པོ་དགེ་བ་བླང་། །འཁོར་བ་སྤང་བར་བྱ་བ་ཡིན་ནའང་། །འཁོར་བའི་ཆོས་ལ་དང་པོར་མ་བརྟེན་ན། །མྱང་འདས་ལམ་ལ་འཇུག་པར་མི་ནུས་པས། །དང་པོ་འཁོར་བའི་རང་བཞིན་ཤེས་པ་གཅེས། །འཁོར་བ་འདི་ལ་ལམ་ཆེན་གཉིས་ཡོད་པ། །དེ་ནི་དྲང་པོ་དང་ནི་འཁྱོག་པོའོ། །དྲང་པོ་ནས་ནི་ལྷ་དང་མིར་འགྲོ་སྟེ། །འཁྱོག་པོའི་ལམ་ནས་ངན་སོང་དག་ཏུའོ། །ས་སྟེང་འདི་ན་དྲང་པོར་སྤྱོད་མང་ན། །ས་ཡི་བླ་ན་ལྷ་ཡུལ་རྒྱས་འགྱུར་ཏེ། །ས་སྟེང་འདི་ན་འཁྱོག་པོར་སྤྱོད་མང་ན། །ས་ཡི་འོག་ན་ངན་སོང་རྣམ་པར་འཕེལ། །དྲང་པོ་མི་ཡི་ཆོས་ལུགས་ཞེས་བྱ་སྟེ། །ཤིན་ཏུ་དྲང་ན་ལྷ་ཡི་ཆོས་ལུགས་ཡིན། །འཁྱོག་པོ་སྙིགས་མའི་སྤྱོད་པའི་ཆོས་ལུགས་ཏེ། །ཤིན་ཏུ་འཁྱོག་པོ་དམྱལ་བའི་ཆོས་ལུགས་ཡིན། །དྲང་པོ་དེ་ཡང་གང་ཞེ་ན། །གཡོ་སྒྱུ་ཡོངས་སུ་སྤངས་ནས་ནི། །ཁ་དང་དོན་དུ་མཚུངས་པ་དང་། །ཕྱི་དང་ནང་དུ་མཚུངས་པའོ། །ཁ་ནི་བརྗོད་པའི་གཏམ་ཡིན་དོན་ནི་དེ་ཡི་ལག་ལེན་ཡིན། །ཕྱི་ནི་ལུས་དང་ངག་ཡིན་ནང་ནི་རང་གི་སེམས་ཡིན་ཏེ། །དོན་ནི་འཁྱོག་ལ་ཁ་ནི་དྲང་བ་ནང་འཁྱོག་ཕྱི་དྲང་བས། །དྲང་པོས་འཁྱོག་པོ་བསྒྲིབས་པ་དེ་ཡང་སྙིག་མའི་ཆོས་ལུགས་ཡིན། །སེམས་ལ་གཡོ་སྒྱུ་སྤངས་ནས་ནི། །དྲང་པོར་སྤྱོད་པ་འདི་ཁོ་ན། །མི་ཡི་ཆོས་ལུགས་མཆོག་ཡིན་ཏེ། །མི་ཆོས་ཐམས་ཅད་འདི་ལ་འདུས། །འདོད་པའི་རྣམ་རྟོག་འཁྱོག་པོ་སྟེ། །འདོད་པ་ཆུང་བ་དྲང་པོ་ཡིན། །རང་འདོད་ཁོ་ནས་དོན་བསྒྲུབ་པ། །སྤངས་ན་ལྷ་ཡི་ཆོས་ལུགས་ཡིན། །སྙིགས་མའི་སྐྱེ་བོ་ཐམས་ཅད་ནི། །ལུས་འཁྱོག་ཚུལ་འཆོས་སྤྱོད་པ་ཅན། །ངག་འཁྱོག་གཡོ་སྒྱུའི་སྨྲ་བ་ཅན། །ཡིད་འཁྱོག་བསླུ་བའི་བསམ་པ་ཅན། །འདི་ལ་མི་འདོད་ཀུན་འདུ་སྟེ། །འདི་ཡིས་འདོད་པ་འགྲུབ་མི་འགྱུར། །འདི་ལ་ལྷ་དང་དྲང་སྲོང་ཁྲེལ། །འདི་ལ་ངན་སོང་ཐག་མི་རིང་། །ཤིན་ཏུ་འཁྱོག་ཅིང་གཞན་ལ་གནོད་སྤྱོད་པ། །རང་འདོད་ཕུག་བཅུག་བསླུ་བའི་སེམས་པ་ཅན། །དེ་ནི་དགེ་བའི་ལས་ལམ་ཀུན་སྤངས་ནས། །ས་ཡི་འོག་ཏུ་དམྱལ་མེ་འབར་པས་འཚིག །དེ་ལྟར་འཁོར་བའི་ཆོས་ལ་སྤང་བླང་དག །ཤེས་ནས་དྲང་པོའི་སྤྱོད་ལ་གནས་པ་དེས། །ཡང་དག་མྱ་ངན་འདས་པ་ཐོབ་བྱ་བ། །དེ་རྒྱུ་རྒྱལ་བའི་བསྟན་པ་མཆོག་ཡིན་ནོ། །རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས། །ལུང་ནི་བཤད་པའི་ཆོས་ཡིན་ལ། །རྟོགས་པ་དེ་དོན་སྒྲུབ་པ་སྟེ། །རིམ་བཞིན་སྡེ་སྣོད་བསླབ་གསུམ་མོ། །འདུལ་བ་མདོ་སྡེ་མངོན་པ་རིན་པོ་ཆེ། །ཡང་དག་ཐུབ་པའི་སྡེ་སྣོད་རྣམ་གསུམ་པོ། །འདི་ནི་ལུང་གི་ཆོས་ཡིན་བཤད་པའི་ཆོས། །འདི་ཡི་ཚིག་དོན་ཐོས་བསམ་ཡུལ་ཡིན་ནོ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རིན་པོ་ཆེ། །ཡང་དག་རྒྱལ་བའི་སྲས་ཀྱི་བསླབ་པ་གསུམ། །འདི་ནི་རྟོགས་པའི་ཆོས་ཏེ་བསྒྲུབ་པའི་ཆོས། །འདི་གསུམ་ཉམས་སུ་བླངས་ཤིང་གོམས་པར་བྱ། །ཐུབ་པའི་སྡེ་སྣོད་རྣམ་པ་གསུམ། །ཐམས་ཅད་ཤེས་པ་ཡོད་མིན་ཡང་། །ཚིག་འབྲུ་གཅིག་གི་དོན་ཤེས་ན། །དེ་ཡང་ལུང་གི་བསྟན་པ་ཡིན། །རྒྱལ་བའི་སྲས་ཀྱི་བསླབ་པ་གསུམ། །ཐམས་ཅད་བསྒྲུབ་པ་དཀའ་ན་ཡང་། །དགེ་སེམས་སྐད་ཅིག་གཅིག་སྐྱེས་ཀྱང་། །དེ་ཡང་རྟོགས་པའི་བསྟན་པ་ཡིན། །དེ་ཕྱིར་རྒྱལ་བའི་བསྟན་པ་འཛིན་བཞེད་ན། །བསྟན་པ་ཕྱི་རུ་མ་བཙལ་ནང་དུ་བསྒྲུབ། །ནང་དུ་བསྒྲུབ་ན་སེམས་འདི་བསྟན་པས་འདུལ། །སེམས་འདི་ཐུལ་ན་མྱ་ངན་འདས་པ་ཡིན། །དེ་ལྟར་འཁོར་འདས་ཆོས་ལ་སྤང་བླང་དུ། །བྱེད་པ་དགེ་སྡིག་བླང་དོར་ཡིན་མོད་ཀྱང་། །ད་དུང་ལག་ལེན་གནད་དུ་དྲིལ་བའི་ཕྱིར། །དགེ་སྡིག་སྤང་བླང་བཤད་ཀྱིས་ཉོན་ལ་སྒྲུབས། །དགེ་བ་སེམས་ཀྱི་རྣམ་རྟོག་སྟེ། །སྡིག་ཀྱང་སེམས་ཀྱི་རྣམ་རྟོག་ཡིན། །དགེ་སྡིག་ཕྱི་ན་མེད་ངེས་ཀྱི། །དགེ་སྡིག་སེམས་ཀྱི་སྟེང་དུ་ཚོལ། །སེམས་འདི་དགེ་ན་ལུས་དང་ངག་ཀྱང་དགེ། །སེམས་འདི་སྡིག་ན་ལུས་དང་ངག་ཀྱང་སྡིག །དེ་ཕྱིར་ཆོས་ཀུན་རྩ་བ་སེམས་ཡིན་ཞེས། །སེམས་ཀྱི་འདུལ་ཐབས་ཐུབ་པ་མཆོག་གིས་གསུངས། །དུས་དང་དུས་སུ་རང་གི་སེམས་ལ་བལྟ། །ནམ་དང་ནམ་ཡང་རང་གི་སེམས་ལ་བལྟ། །སྐད་ཅིག་མི་གཡེངས་རང་གི་སེམས་ལ་བལྟ། །འཕྲལ་དང་འཕྲལ་དུ་རང་གི་སེམས་ལ་བལྟ། །མང་པོ་འཚོགས་པའི་དུས་དང་གཅིག་པུར་གནས་པའི་དུས། །དུས་འདིར་འདི་ལྟར་བྱ་ཞེས་དགེ་བའི་དམ་བཅས་ནས། །དེ་ནས་དྲན་པའི་བྱ་ར་བཞག་སྟེ་མཐར་ཕྱིན་པར། །དུས་དང་དུས་སུ་རང་གི་སེམས་ལ་དེ་ལྟར་བལྟ། །ཟ་དང་ཉལ་དང་འགྲོ་དང་འཆག་དང་འདུག་པ་དང་། །སྤྱོད་ལམ་ཀུན་ཏུ་དྲན་པའི་བྱ་རས་ཡིད་བཟུང་སྟེ། །དོན་མེད་པ་དང་འདོད་ཆེན་སྤངས་ནས་བག་ཡོད་པས། །ནམ་དང་ནམ་ཡང་རང་གི་སེམས་ལ་དེ་ལྟར་བལྟ། །སེམས་ཀྱི་རྣམ་རྟོག་འདི་ནི་མུ་མཐའ་མེད་པ་སྟེ། །རྣམ་རྟོག་ཁ་ཡན་མི་བཏང་དྲན་པའི་ལྕག་ཀྱུས་ཟུང་། །དེ་ལ་སྤང་བླང་མེད་པར་རྟོག་ཚོགས་རང་གྲོལ་གཏོང་། །སྐད་ཅིག་མི་གཡེང་རང་གི་སེམས་ལ་དེ་ལྟར་བལྟ། །འོན་ཀྱང་དང་པོའི་ལས་ཅན་རྣམ་གཡེང་མང་བས་ན། །སེམས་ལ་བལྟ་བའི་དྲན་པ་བསྒྲིམས་ནས་ཡང་དང་ཡང་། །རང་གི་སེམས་འདི་ཡེངས་འཁྲུལ་ཅིར་འགྱུར་བརྟག་བྱ་སྟེ། །འཕྲལ་དང་འཕྲལ་དུ་རང་གི་སེམས་ལ་དེ་ལྟར་བལྟ། །སེམས་ལ་བལྟ་བ་གོམས་པ་ན། །སེམས་ཀྱི་གནད་གསང་ཤེས་འགྱུར་ཏེ། །སེམས་ཀྱི་གནད་གསང་ཤེས་པ་ན། །ཆོས་རྣམས་ཀུན་ཀྱི་དེ་ཉིད་ཤེས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སེམས་ཀྱི་རང་བཞིན་འདི་ལགས་ཏེ། །ཇི་བཞིན་བརྗོད་པར་མི་ནུས་ཏེ། །རང་གིས་བརྟགས་ན་ཤེས་པར་རུང་། །བརྟག་བྱ་མེད་ལ་ཅི་ཞིག་རྟོགས། །རྟོགས་དང་བརྟགས་པ་ཐ་སྙད་ཙམ། །ཐ་སྙད་ལས་འདས་དམ་པའི་དོན། །ཤེས་ན་མྱ་ངན་འདས་ཞེས་བྱ། །ཀྱེ་ཧོ་གྲོགས་དག་རང་གི་སེམས་ལ་ལྟོས། །དགེ་སྡིག་འཁོར་འདས་རང་གི་སེམས་ལ་ཚང་། །འདི་ལ་ལུས་ངག་བྱ་བ་ཅི་ཡང་མེད། །རང་སེམས་འདུལ་བ་སངས་རྒྱས་བསྟན་པ་ཡིན། །ཡང་ཁ་ཅིག་གིས་དྲིས་པ། སྐྱབས་གསུམ་དང་ནི་སྡོམ་པ་གསུམ། །ཐེག་པ་གསུམ་གྱི་རྣམ་གཞག་གསུངས། །གསུམ་རེའང་གཅིག་ཏུ་བསྡུས་ལ་ཤོད། །གཅིག་པོའང་གནད་དུ་དྲིལ་ལ་སྟོན། །སྨྲས་པ། མ་འཁྲུལ་པ་ནི་སྟོན་པ་སྟེ། །འཁྲུལ་པ་མེད་པར་ལམ་བཟང་སྟོན། །འཁོར་བའི་དོང་ནས་འགྲོ་འདྲེན་པ། །སྟོན་པ་སངས་རྒྱས་གཏན་གྱི་སྐྱབས། །མི་བསླུ་པ་ནི་བསྟན་པ་སྟེ། །བཀའ་བཞིན་བསྒྲུབས་ན་བསླུ་བ་མེད། །ཡང་དག་ལམ་ལ་འགྲོ་འདྲེན་པའི། །སྐྱོབ་པ་དམ་ཆོས་གཏན་གྱི་སྐྱབས། །མི་འབྲལ་བ་ནི་སྒྲུབ་པོ་སྟེ། །བསྟན་པའི་དོན་དང་དེ་མི་འབྲལ། །དེ་ལ་བསྟེན་ན་དེ་འདྲར་འགྱུར། །འདྲེན་པ་དགེ་འདུན་གཏན་གྱི་སྐྱབས། །སྟོན་པ་སངས་རྒྱས་དང་ནི་སྐྱོབ་པ་དམ་པའི་ཆོས། །འདྲེན་པ་དགེ་འདུན་ཆེ་སྟེ་ཐར་བ་འདོད་པའི་སྐྱབས། །འདི་ལ་སུ་བསྟེན་དུས་རྣམ་ཀུན་ཏུ་མི་བསླུ་བ། །ཡང་དག་སྐྱབས་གསུམ་རྣམ་པར་བཞག་པ་དེ་ལྟར་ཡིན། །འཁོར་བ་འདི་ནི་སྡུག་བསྔལ་ཁྱིམ། །འདིས་ནི་སྡུག་བསྔལ་མི་སྐྱེད་མེད། །འདི་ལས་ངེས་པར་ཐར་འདོད་པའི་། །བློ་འདི་སོ་ཐར་སྡོམ་པ་ཡིན། །ཁམས་གསུམ་འགྲོ་འདི་ཕ་དང་མ། །འདི་ལ་དྲིན་གྱིས་མ་བསྐྱངས་མེད། །འདི་ཀུན་སངས་རྒྱས་ཐོབ་འདོད་པའི། །བློ་འདི་བྱང་སེམས་སྡོམ་པ་ཡིན། །སྣོད་དང་བཅུད་འདི་དག་པའི་ཞིང་། །འདི་ན་མ་དག་སྣང་བ་མེད། །སྣང་སྲིད་དཀྱིལ་འཁོར་འཁོར་ལོ་རུ། །ཤེས་པ་གསང་སྔགས་སྡོམ་པ་ཡིན། །ངེས་འབྱུང་སོ་ཐར་ཡིན་ཏེ་གཞན་ཕན་བྱང་སེམས་ཡིན། །དག་སྣང་གསང་སྔགས་ཡིན་ཏེ་གཞན་ལ་གནོད་པ་དང་། །རང་དོན་ཡིད་ལ་བྱེད་དང་མཚན་མའི་རྟོག་པ་སྡོམ། །ཡང་དག་སྡོམ་གསུམ་རྣམ་པར་བཞག་པ་དེ་ལྟར་ཡིན། །འཁོར་བ་མེ་ཡི་འོབས་ལྟར་ལྟ། །རང་གི་དོན་ལ་གཙོ་བོར་འཛིན། །མྱ་ངན་འདས་པ་དོན་གཉེར་བ། །ཐེག་པ་དམན་པ་ཡིན་ཞེས་བྱ། །འགྲོ་ཀུན་དྲིན་ཅན་ཕ་མར་ལྟ། །གཞན་གྱི་དོན་ལ་གཙོ་བོར་འཛིན། །ཐམས་ཅད་མཁྱེན་པ་དོན་གཉེར་བ། །ཐེག་པ་ཆེན་པོ་ཡིན་པར་བརྗོད། །འཁོར་འདས་མཉམ་པ་ཉིད་དུ་ལྟ། །རང་གཞན་དོན་གཉིས་མཉམ་དུ་བསྒྲུབ། །ལྷུན་གྱིས་གྲུབ་པ་མངོན་བྱེད་པ། །ཐེག་པ་བླ་ན་མེད་པ་ཡིན། །རང་དོན་གཞན་དོན་གཉིས་དོན་མཆོག་གང་ཡིན། །བློ་ཆུང་བློ་འབྲིང་བློ་སྟོབས་ཆེན་པོ་ཡིས། །འཁོར་བར་འཇིགས་བཅས་འཇིགས་མེད་འཇིགས་བྲལ་བས། །སྒྲུབ་པ་ཡང་དག་ཐེག་གསུམ་རྣམ་གཞག་ཡིན། །སྐྱབས་གསུམ་བླ་མ་རྗེ་ལ་འདུས། །སྡོམ་གསུམ་རྣམ་རྟོག་སྤང་ལ་འདུས། །ཐེག་གསུམ་རང་སེམས་འདུལ་ལ་འདུས། །ཐམས་ཅད་ཆོས་ཉིད་རྟོགས་ལ་འདུས། །ཡང་དག་བླ་མ་མཆོག་ནི་དཀོན་མཆོག་གསུམ་གྱི་ངོ་བོ་སྟེ། །རང་སེམས་རྣམ་རྟོག་ཞི་ན་སྡོམ་པ་གསུམ་པོ་དེ་ལ་ཚང་། །སེམས་འདི་ཆོས་ཀྱིས་ཐུལ་ན་ཐེག་གསུམ་གནད་དོན་དེ་ལས་མེད། །རང་སེམས་ཆོས་ཉིད་རྟོགས་ན་རྟོག་ཞི་རྒྱུད་ཐུལ་ཐུགས་ཡིད་འདྲེས། །ཆོས་སྐུའི་དབྱིངས་ན་དབྱེར་མེད་ཅིང་། །ལོངས་སྐུ་བསྐྱེད་རྫོགས་ཟུང་དུ་འཇུག །སྤྲུལ་སྐུའི་ཐུགས་རྗེས་འགྲོ་ལ་དགོངས། །བླ་མའི་ཐུགས་ནི་སངས་རྒྱས་ཡིན། །ཉོན་མོངས་འདུལ་བ་གཙོར་བྱས་ནས། །ཆོས་ཀུན་གནད་དོན་མདོ་རུ་བསྡུས། །ཆོས་ཉིད་གནས་ལུགས་མངོན་དུ་སྟོན། །བླ་མའི་གསུང་ནི་སྡེ་སྣོད་ཆོས། །ཉན་ཐོས་ཚུལ་དུ་ཞི་ཞིང་དུལ། །བྱང་སེམས་ཚུལ་དུ་གཞན་ཕན་སྤྱོད། །དཔའ་བོ་དཔའ་མོའི་གྲོང་ཁྱེར་ཕྱིར། །སྐུ་ནི་ཐེག་གསུམ་དགེ་འདུན་ནོ། །ཐུགས་ནི་སངས་རྒྱས་གསུང་ནི་དམ་ཆོས་སྐུ་དགེ་འདུན། །དེ་སླད་བླ་མ་ཉག་གཅིག་དཀོན་མཆོག་ཀུན་འདུས་པར། །ཤེས་ནས་མི་འབྲལ་གཙུག་གི་རྒྱན་དུ་རྟག་བསྟེན་པ། །དེ་ལ་སྐྱབས་གསུམ་བྱིན་རླབས་ཀུན་འཇུག་སྦྱར་སྨན་བཞིན། །གཙང་དང་བདེ་དང་བདག་རྟག་པར། །ལྟ་བ་ཚུལ་བཞིན་མིན་ཡིད་བྱེད། །འདི་ན་ཉེས་ཀུན་རྩ་བ་སྟེ། །རྟོག་པ་འདི་སྤངས་སོ་སོར་ཐར། །རང་ལ་གཅེས་པར་ལྟ་བ་དང་། །གཞན་ལ་དེ་ལྟར་མ་ཡིན་པ། །འདི་ནི་རང་དོན་ཡིད་བྱེད་དེ། །རྣམ་རྟོག་དེ་སྤངས་བྱང་ཆུབ་སེམས། །ཐ་མལ་སྣང་བ་ལ་ཞེན་དང་། །གྱ་ནོམ་པ་ཡི་ལྷར་ཞེན་པ། །འདི་ནི་མཚན་མ་ཡིད་བྱེད་དེ། །རྣམ་རྟོག་དེ་སྤངས་སྔགས་སྡོམ་ཡིན། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་མིན་རང་དོན་ཡིད་ལ་བྱེད་མ་ཡིན། །མཚན་མའི་རྣམ་རྟོག་ཡིད་ལ་བྱེད་མིན་གང་ཡང་ཡིད་ལ་མི་བྱེད་པའི། །རྣམ་རྟོག་མེད་འདིར་སྡོམ་གསུམ་ཀུན་འདུས་རྣམ་པར་དག་ཅིང་འཇུག་པ་སྟེ། །རྒྱ་མཚོ་ཆེ་ལ་ཆུ་བོ་ཇི་བཞིན་རང་གི་ངང་གིས་དབྱེར་མེད་དོ། །ཁམས་གསུམ་གནས་ལ་མ་ཆགས་ཤིང་། །སྲེད་དང་ལེན་པ་དྲུང་ནས་འབྱིན། །གཙོ་བོར་འདོད་ཆགས་སེམས་འདུལ་བ། །ཐེག་པ་དམན་པ་ཉིད་ཡིན་ནོ། །སྙིང་རྗེས་འགྲོ་ལ་རྗེས་སུ་ཆགས། །བྱམས་པ་ཆེན་པོའི་དགོངས་པ་ཡིན། །གཙོ་བོར་ཞེ་སྡང་སེམས་འདུལ་བ། །ཐེག་པ་ཆེན་པོ་ཡིན་ཞེས་བྱ། །ཐབས་མཁས་བསྐྱེད་རྫོགས་ཟུང་དུ་འཇུག །མཉམ་པ་ཆེན་པོའི་ཏིང་འཛིན་གྱིས། །རྣམ་རྟོག་གཏི་མུག་གཙོར་འདུལ་བ། །ཐེག་པ་བླ་ན་མེད་པ་ཉིད། །བདག་མེད་ཤེས་ན་སུ་ཞིག་ཆགས་སྟེ་བདག་གཞན་མཉམ་ན་སུ་ལ་སྡང་། །བདག་དང་གཞན་མེད་བློ་ཡི་ཆོས་དེ་བློ་འདས་ཀློང་ན་གཉིས་སུ་མེད། །དེ་འདྲར་གྱུར་ན་སེམས་ཐུལ་ཞེས་བྱ་ཆོས་རྣམས་ཀུན་ལ་རང་དབང་བསྒྱུར། །དེ་ཡི་ཕྱིར་ན་སེམས་འདུལ་བ་ལ་ཐེག་གསུམ་འདུ་སྟེ་ཐ་མི་དད། །སེམས་ཀྱི་ཆོས་ཉིད་ལེགས་རྟོགས་ན། །སྐྱབས་གསུམ་རང་གི་སེམས་སུ་ཤེས། །བླ་མ་མཆོག་དང་ཐུགས་ཡིད་འདྲེས། །དེ་ཕྱིར་འདི་ལ་འདུས་ཞེས་བྱ། །སེམས་ཀྱི་ཆོས་ཉིད་ལེགས་རྟོགས་ན། །རྣམ་རྟོག་རང་ཤར་རང་སར་ཞི། །རྣམ་རྟོག་ཡེ་ཤེས་རྒྱུན་མི་འཆད། །དེ་ཕྱིར་འདི་ལ་འདུས་ཞེས་བྱ། །སེམས་ཀྱི་ཆོས་ཉིད་ལེགས་རྟོགས་ན། །སྣང་སེམས་གཉིས་ལ་རང་དབང་བསྒྱུར། །ཆོས་ཉིད་ཀློང་དུ་ཆོས་ཅན་ཐུལ། །དེ་ཕྱིར་འདི་ལ་འདུས་ཞེས་བྱ། །ཆོས་ཉིད་ཀློང་ན་བླ་མའི་ཐུགས་དང་རང་གི་སེམས་ཉིད་ཐ་མི་དད། །དེ་ལ་གནས་ན་རྣམ་རྟོག་ཀུན་ཞི་དུག་གསུམ་འཁྲུལ་བ་ལེགས་པར་ཐུལ། །སྤང་གཉེན་རོ་གཅིག་རྟོགས་པའི་ངང་ནས་སྙིང་རྗེས་འགྲོ་ལ་ལྷག་པར་བརྩེ། །ཆོས་ཉིད་རྟོགས་ལ་ཆོས་ཀུན་འདུ་སྟེ་ནམ་མཁའི་ཀློང་ན་སྣོད་བཅུད་བཞིན། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱང་། །ཆོས་སྐུའི་ཀློང་ན་ཐ་མི་དད། །ཇི་སྙེད་བླ་མ་ཐམས་ཅད་ཀྱང་། །སྤྲུལ་གཞིའི་ཀློང་ན་ཐ་མི་དད། །བླ་མ་ཐམས་ཅད་སངས་རྒྱས་སྟེ། །དགོངས་པ་ཆོས་སྐུ་འདུ་འབྲལ་མེད། །སངས་རྒྱས་ཐམས་ཅད་བླ་མ་སྟེ། །གང་འདུལ་གདུལ་བྱར་དེ་ལྟར་སྣང་། །ཆོས་ཀྱི་དབང་གིས་ཟླ་བ་གཅིག །ཡང་ཡང་ཆེ་ཆུང་སྣ་ཚོགས་འཆར། །གདུལ་བྱའི་དབང་གིས་བླ་མ་གཅིག །ཡང་ཡང་རྣམ་རོལ་དུ་མར་བྱོན། །ཆུ་སྣོད་དབང་གིས་ཟླ་བ་གཅིག །དུས་གཅིག་ཟླ་གཟུགས་དུ་མར་སྣང་། །འགྲོ་བློའི་དབང་གིས་བླ་མ་གཅིག །དུས་མཉམ་བླ་མ་དུ་མར་སྣང་། །སྤྲིན་གྱི་དབང་གིས་ཟླ་བ་གཅིག །འོད་ཟེར་གསལ་འགྲིབ་དུ་མར་སྣང་། །རྣམ་རྟོག་དབང་གིས་བླ་མ་གཅིག །བཟང་ངན་སྐྱོན་ཡོན་དུ་མར་སྣང་། །ལས་ཀྱི་དབང་གིས་ཟླ་བ་གཅིག །བསིལ་བྱེད་གདུང་བྱེད་སོ་སོར་སྣང་། །བསམ་པའི་དབང་གིས་བླ་མ་གཅིག །དད་དང་ལོག་ལྟའི་གཞི་རུ་སྣང་། །ཉིན་མཚན་དབང་གིས་ཟླ་བ་གཅིག །འཆར་དང་འགྲིབ་པ་ལྟ་བུར་སྣང་། །འགྲོ་དོན་དབང་གིས་བླ་མ་གཅིག །གཤེགས་དང་བཞུགས་པ་ལྟ་བུར་སྣང་། །བླ་མ་ཀུན་གྱི་སྐུ་གཅིག་པོ། །རྩ་བའི་བླ་མ་སངས་རྒྱས་དངོས། །རང་སེམས་ཆོས་སྐུར་ངོ་སྤྲོད་པ། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག །བརྒྱུད་གསུམ་བླ་མ་ཀུན་ཀྱང་ངོ་བོ་གཅིག །ཐ་དད་བླ་མ་ཀུན་ཀྱང་དབྱེ་བ་མེད། །མཛད་པ་ཐ་དད་མེད་ཅིང་གཤེགས་བཞུགས་མེད། །གང་ལས་བཀའ་དྲིན་ཐོབ་པ་དེ་རྩ་བ། །གཞན་དོན་མཛད་པ་བླ་མ་སྟེ། །རང་དོན་བསྒྲུབ་པ་བླ་མ་མིན། །ཐེག་གསུམ་ཆོས་སྟོན་བླ་མ་སྟེ། །ཆོས་མིན་སྟོན་ན་བླ་མ་མིན། །སློབ་མའི་སེམས་འདུལ་བླ་མ་སྟེ། །སེམས་མི་འདུལ་ན་བླ་མ་མིན། །དགེ་ལ་སྦྱོར་ན་བླ་མ་སྟེ། །དགེ་ལ་མི་སྦྱོར་བླ་མ་མིན། །འབྲེལ་ཚད་དོན་ལྡན་བླ་མ་སྟེ། །དོན་དང་མི་ལྡན་བླ་མ་མིན། །སྙིང་རྗེའི་ཐུགས་ལྡན་བླ་མ་སྟེ། །སྙིང་རྗེ་མེད་ན་བླ་མ་མིན། །ཡིན་པའི་བླ་མ་ཇི་སྙེད་པ། །མཚན་དང་རྣམ་འགྱུར་ཐ་དད་ཀྱང་། །ཆོས་སྐུ་མཉམ་ཞིང་ཕྲིན་ལས་མཉམ། །ཐུགས་བཞེད་མཉམ་ཞིང་འགྲོ་ཕན་མཉམ། །གཞན་དོན་ཆོས་སྟོན་སློབ་མའི་སེམས་རྒྱུད་འདུལ། །འབྲེལ་ཚད་ཡང་དག་དགེ་བའི་ལམ་དགོད་ཅིང་། །འདི་ཡི་རྩ་བ་སྙིང་རྗེའི་ཐུགས་ལྡན་པ། །བླ་མ་ཡིན་ཏེ་ཇི་སྙེད་ཀུན་ཀྱང་མཉམ། །བླ་མ་བསྟེན་དང་བླ་མ་སྒྲུབ། །འདི་ལ་ཆོས་སྒོ་བརྒྱད་ཁྲི་འདུས། །འདི་ཡི་གནད་གཅིག་མཐར་ཐུག་པ། །མོས་གུས་དཀར་པོ་གཅིག་ཐུབ་ཡིན། །ཆོས་རྣམས་ཀུན་གྱི་སྒོ་འབྱེད་ཅིང་། །ཉམས་ལེན་ཀུན་གྱི་གེགས་སེལ་ལ། །གདམས་ངག་ཀུན་གྱི་བོགས་འདོན་པ། །མོས་གུས་ཡིན་ཞེས་ཤེས་པར་བྱ། །ཐུགས་རྗེ་ཀུན་གྱི་ཐུགས་བསྐུལ་ཞིང་། །བྱིན་རླབས་ཀུན་གྱི་སྣོད་དུ་འགྱུར། །དངོས་གྲུབ་ཀུན་གྱི་བཅུད་བསྡུས་པ། །མོས་གུས་དཀར་པོ་གཅིག་ཐུབ་ཡིན། །བདུད་རྣམས་ཀུན་གྱིས་མི་ཐུབ་ཅིང་། །བར་ཆད་ཀུན་གྱིས་མི་ཚུགས་ལ། །སྒྲིབ་པ་ཐམས་ཅད་རང་འདག་པ། །མོས་གུས་ཡིན་ཞེས་ཤེས་པར་བྱ། །བསམ་པ་ལོག་པ་མི་སྐྱེ་ཞིང་། །འཆི་བའི་ཚེ་ན་གནད་གཅོད་མེད། །བར་དོའི་འཁྲུལ་སྣང་ཞི་བྱེད་པ། །མོས་གུས་ཡིན་པར་ཤེས་པར་བྱ། །ཚེ་འདིར་དམ་པས་རྗེས་སུ་འཛིན། །འཆི་ཁ་བླ་མའི་སྣང་བ་འཆར། །ཕྱི་མ་དག་པའི་ཞིང་འགྲོ་བ། །མོས་གུས་ཡིན་པར་ཤེས་པར་བྱ། །སྐྱབས་གནས་ཀུན་དང་འདུ་འབྲལ་མེད། །ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ། །མཐར་ཐུག་རང་གཞན་དོན་གཉིས་འགྲུབ། །མོས་གུས་ཡིན་ཞེས་ཤེས་པར་བྱ། །དགེ་སེམས་རྣམ་རྟོག་གོང་དུ་འཕེལ། །ས་ལམ་རྟོགས་པ་ངང་གིས་སྐྱེ། །མཐར་ཐུག་ཐུགས་ཡིད་གཅིག་འདྲེས་པ། །མོས་གུས་ཡིན་ཞེས་ཤེས་པར་བྱ། །བླ་མའི་མོས་གུས་འདི་ཁོ་ན། །མི་འགྱུར་བླ་མ་བསྟེན་བསྒྲུབས་ན། །ཞེ་ས་བྱས་ཀྱང་མ་བྱས་ཀྱང་། །གསོལ་བ་བཏབ་ཀྱང་མ་བཏབ་ཀྱང་། །གདམས་ངག་གནད་འདུས་བྱིན་རླབས་ཀུན་འཇུག་བར་ཆད་སེལ། །སྐྱེ་འཆི་བར་དོའི་འཁྲུལ་སྣང་སེལ་ཞིང་འདི་ཕྱིར་བདེ། །བསམ་ཀུན་འགྲུབ་ཅིང་མཐར་ཐུག་སངས་རྒྱས་ཐོབ་འགྱུར་བ། །མོས་གུས་ཡིན་ཏེ་གདམས་ངག་སྟོང་གི་གནད་གཅིག་ཡིན། །བླ་མ་བསྟེན་ཐབས་མོས་གུས་ཡིན་ཏེ་ཞེ་ས་མིན། །བླ་མ་སྒྲུབ་ཐབས་མོས་གུས་ཡིན་ཏེ་གསོལ་འདེབས་མིན། །མོས་གུས་ཡོད་ན་ཇི་ལྟར་བྱས་ཀྱང་བྱིན་རླབས་འཇུག །མོས་གུས་མེད་ན་ཇི་ལྟར་བྱས་ཀྱང་ཕན་པ་མེད། །སྡོམ་པ་གསུམ་དང་ཐེག་པ་གསུམ། །མིང་དུ་ཐ་དད་དོན་དུ་གཅིག །རྣམ་རྟོག་སྤང་དང་རང་རྒྱུད་འདུལ། །མིང་དུ་ཐ་དད་དོན་དུ་གཅིག །དེ་ཕྱིར་གཅིག་ལ་ཀུན་འདུས་པ། །བླ་མའི་གདམས་པས་རང་རྒྱུད་འདུལ། །འདི་ན་ཆུ་བརྒྱ་ཟམ་གཅིག་འོག །གཅིག་ཏུ་དྲུག་འདུས་དགུ་ཡང་འདུས། །རྒྱུད་ཅེས་བྱ་བ་རྣམ་རྟོག་སྟེ། །རྣམ་རྟོག་མིན་པའི་རྒྱུད་མི་རྙེད། །རྣམ་རྟོག་འདུལ་ལ་ཆོས་ཀྱི་སྒོ། །བརྒྱད་ཁྲི་དང་ནི་བཞི་སྟོང་འདུས། །འདི་ལྟར་འཁོར་བར་སྣང་བ་ཡང་། །རྣམ་པར་རྟོག་པས་བཏགས་པ་ཙམ། །འདི་ལྟར་མྱ་ངན་འདས་པ་ཡང་། །རྣམ་པར་རྟོག་པས་བཏགས་པ་ཙམ། །དེ་བཞིན་དགེ་སྡིག་རྣམ་རྟོག་སྟེ། །ལམ་དང་ལམ་མིན་རྣམ་པར་རྟོག །བདག་དང་བདག་མེད་རྣམ་རྟོག་ཙམ། །ལྟ་བ་གྲུབ་མཐའ་ཀུན་རྣམ་རྟོག །དེ་ཕྱིར་རྣམ་པར་རྟོག་འདུལ་བ། །འདི་ནི་སྔ་ཕྱི་ཀུན་གྱི་གནད། །སྔར་ཡང་བསྟན་ཏེ་ད་དུང་སྟོན། །དོན་ཆེའི་ཕྱིར་ན་བསྐྱར་ཞིང་འཆད། །རྣམ་རྟོག་ཇི་ལྟར་འདུལ་ཞེ་ན། །དང་པོ་རྣམ་རྟོག་ཕྱེ་ཞིང་འདུལ། །བར་དུ་རྣམ་རྟོག་བལྟ་ཞིང་འདུལ། །ཐ་མ་རྣམ་རྟོག་བཞིག་ཅིང་འདུལ། །དང་པོ་རྣམ་རྟོག་དཀར་ནག་ཕྱེ། །དཀར་པོ་སྤེལ་ཞིང་ནག་པོ་བསལ། །དད་དང་བྱང་སེམས་ཤེས་རབ་དཀར། །ཆགས་དང་སྡང་དང་གཏི་མུག་ནག །དཀར་གསུམ་ཐར་པའི་ཕྱོགས་ཡིན་ཏེ། །གཅིག་ཏུ་དགེ་ཞིང་འཕྲལ་ཕུག་དགེ། །ནག་གསུམ་སྡིག་པའི་ཕྱོགས་ཡིན་ཏེ། །གཅིག་ཏུ་སྡིག་ཅིང་འཕྲལ་ཕུག་སྡིག །དད་པས་དགེ་རྩ་ཀུན་སྡུད་ཅིང་། །བྱང་སེམས་ཐེག་ཆེན་ཀུན་གྱི་གཞི། །ཤེས་རབ་ཐར་ལམ་ཀུན་རྩ་བ། །དེ་ཕྱིར་གསུམ་པོ་བསྐྱེད་པར་བྱ། །ཆགས་པས་སྲིད་པ་ཀུན་འཛིན་ཏེ། །སྡང་བས་སྡུག་བསྔལ་ཐམས་ཅད་བསྐྱེད། །རྨོངས་པ་ཆགས་སྡང་འབྲས་བཅས་གཞི། །དེ་ཕྱིར་འདི་གསུམ་སྤང་བར་བྱ། །ཡང་དག་ཆོས་ལ་ཡིད་ཆེས་དད་པ་སྟེ། །གཞན་དོན་སངས་རྒྱས་འདོད་པ་བྱང་ཆུབ་སེམས། །ཆོས་ཀུན་བདེན་མེད་རྟོགས་པ་ཤེས་རབ་མཆོག །འདི་གསུམ་དུག་གསུམ་སྦྱོང་ཞིང་སྒྲིབ་གཉིས་སེལ། །འདི་ལ་རྣམ་རྟོག་བལྟ་ཞིང་འདུལ། །ཁ་ཡན་མི་བཏང་དྲན་པས་བཟུང་། །འོག་འགྱུར་མ་ཤོར་ཤེས་བཞིན་སྐྱོངས། །ངོས་ཟིན་དུས་ན་རང་ངོ་བལྟ། །འདི་ལ་བལྟས་པ་ཙམ་གྱིས་སྟོང་། །འདི་ལ་དཔྱོད་པ་འཇུག་མི་དགོས། །འགྱུ་འཕྲིག་དངོས་མེད་ངོ་བོས་སྟོང་། །སྟོང་བའི་རང་བཞིན་རང་འོད་གསལ། །སེམས་ཀྱི་སྟོང་ཉིད་འདི་ཤེས་ན། །ཆོས་རྣམས་ཀུན་གྱི་སྟོང་ཉིད་ཤེས། །སྣ་ཚོགས་ཡུལ་ལ་དཔྱད་མི་དགོས། །རྩ་བ་ཆོད་ན་ཡལ་ག་སྐམ། །སེམས་འདི་ཆོས་རྣམས་ཀུན་གྱི་གཞི་ཡིན་པས། །སེམས་ཀྱི་སྟོང་ཉིད་ཆོས་རྣམས་ཀུན་གྱི་ཡིན། །འདི་ནི་བལྟས་མ་ཐག་ཏུ་རང་སྟོང་སྟེ། །འདི་ལ་དཔྱད་པ་མང་པོའི་ལོང་མེད་དོ། །མཐར་ནི་སེམས་ཀྱི་རང་ཞལ་མཇལ། །བརྗོད་དུ་མེད་ཅིང་བསམ་དུ་མེད། །གཏད་སོ་མེད་ཅིང་རྟོད་ཕུར་མེད། །འོད་གསལ་བ་ཞེས་དེ་ལ་བྱ། །འདི་ཡིན་མེད་པའི་དོན་རྟོགས་ན། །གཟའ་གཏད་མེད་པའི་ཉམས་མྱོང་འབྱུང་། །རྟོགས་དང་མ་རྟོགས་སུ་ཡིས་ཤེས། །རྟོགས་བྱ་རྟོགས་བྱེད་གང་དུ་ཚོལ། །དེ་ཚེ་རྣམ་རྟོག་སྤོང་མི་དགོས། །སྦྱང་ཡང་མི་དགོས་སྒྱུར་མི་དགོས། །ལམ་དུ་མི་བྱེད་གྲོལ་མི་དགོས། །རང་སར་བཞག་ན་རང་སར་གྲོལ། །སྣང་དུས་སྟོང་ཞིང་སྟོང་དུས་སྣང་། །སྣང་སྟོང་དབྱེར་མེད་རང་འོད་གསལ། །གསལ་བའི་ཐུགས་རྗེ་འགག་པ་མེད། །གཟུང་འཛིན་རང་གྲོལ་ཡེ་ཤེས་ངང་། །དྲི་མེད་སེམས་ཀྱི་རང་བཞིན་འོད་གསལ་བ། །གཟུང་འཛིན་གཉིས་མེད་ཆོས་ཉིད་བྱང་ཆུབ་སེམས། །ལྷན་སྐྱེས་བདེ་ཆེན་བདེན་པ་འདི་མཐོང་བ། །མོས་གུས་བླ་མའི་ལམ་གྱི་དངོས་འབྲས་ཡིན། །སེམས་ཀྱི་འདུལ་ཐབས་ཐམས་ཅད་ཀྱི། །རྩ་བ་དྲན་པ་ཁོ་ན་སྟེ། །དང་པོ་འཇུར་དྲན་བར་དུ་ཀློད། །ཐ་མ་དྲན་མེད་འོད་གསལ་ངང་། །དྲན་པ་ཁོ་ནས་སྡིག་ཀུན་སྤོང་། །དྲན་པ་ཁོ་ནས་དགེ་ཀུན་སྡུད། །དྲན་པ་ཁོ་ནས་རང་སེམས་འདུལ། །དྲན་པ་ཆོས་ཀུན་རྩ་བ་ཡིན། །མང་པོའི་ནང་དུ་དྲན་པ་བརྟེན། །གཅིག་པུར་འདུག་ཀྱང་དྲན་པ་བརྟེན། །དུས་རྣམས་ཀུན་ཏུ་དྲན་པ་བརྟེན། །སྐད་ཅིག་མི་ཡེངས་དྲན་པ་བརྟེན། །མོས་གུས་སྣ་ཐག་བླ་མའི་ཕྱག་ཏུ་གཏོད། །དྲན་པའི་རྟོད་ཕུར་ཡེངས་མེད་གཞི་ལ་བཏབ། །སྣ་ཚོགས་ཐབས་ཀྱིས་རང་གི་སེམས་འདུལ་བ། །སྐྱེས་བུ་མཆོག་དེ་ཐེག་ཆེན་བཞོན་པས་འགྲོ། །རྣམ་པར་དབྱེ་བ་གཞུང་ཡིན་ཏེ། །གནད་དུ་བསྡུས་པ་མན་ངག་ཡིན། །གཞུང་དང་མན་ངག་ཀུན་བསྡུས་ནས། །འདི་ལྟར་སྨྲ་ཤེས་བླ་མའི་དྲིན། །འདི་སྨྲས་དགེ་བ་གང་ཡིན་པ། །སྐུལ་བ་པོ་ཡི་ཐུགས་རྒྱུད་དང་། །འདྲེས་ནས་རྣམ་པ་ཀུན་མཁྱེན་པའི། །གོ་འཕང་བར་དུ་འབྲལ་མེད་ཤོག །ཅེས་མདོ་སྨད་ཀྱི་མཁས་པ་ཆེན་པོ་ཤུ་བྷཾ་ཤྲཱི་ཞེས་བྱ་བས་འཇམ་པའི་དབྱངས་ཀེང་རུས་མཆེ་བ་གཙིག་པའི་ཕོ་བྲང་དུ་སྦྱར་བ་རྫོགས་སོ། །

མཚུངས་དོན་མན་ངག་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་སྒྲ་དབྱངས། རྫ་དཔལ་སྤྲུལ་རིན་པོ་ཆེ།

༄༅། །མཚུངས་དོན་མན་ངག་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་སྒྲ་དབྱངས་ཞེས་བྱ་བཞུགས་སོ། །ན་མོ་གུ་རུ། སྐྱེ་མེད་ཆོས་སྐུའི་ཕོ་བྲང་བློ་བྲལ་གྱི་རྒྱལ་ཁབ། །གཉུག་མ་ཟང་ཐལ་གདོད་མའི་གཞི་ཀློང་ན་བཞུགས་པའི། །ཆོས་ཟད་རིག་པའི་ཆོས་ཉིད་ཡེ་གྲོལ་གྱི་ཐིག་ལེ། །དྲི་མེད་འོད་ཟེར་ཆོས་སྐུའི་བླ་མ་དེ་མཁྱེན་ནོ། །འགག་མེད་རང་མདངས་སྣང་ཆ་འོད་གསལ་གྱི་ཚོམ་བུ། །བསྐྱེད་རྫོགས་དགོངས་པ་དབྱེར་མེད་ཚད་ཕེབས་ཀྱི་རིག་གདངས། །ལྷུན་གྲུབ་ཞི་ཁྲོའི་རྣམ་རོལ་སྒྱུ་འཕྲུལ་གྱི་རོལ་གར། །ལོངས་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་དེ་མཁྱེན་ནོ། །ཐུགས་རྗེ་སྤྲུལ་པའི་རྣམ་རོལ་འགྲོ་ཀུན་གྱི་ལམ་སྟོན། །གང་འདུལ་སྒྱུ་མའི་ཆོ་འཕྲུལ་ཐར་ལམ་གྱི་ས་མཁན། །འབྲེལ་ཚད་ཐེག་གསུམ་བདུད་རྩིའི་ལམ་བཟང་ལ་འགོད་པའི། །སྐུ་གསུམ་དབྱེར་མེད་རྩ་བའི་བླ་མ་དེ་མཁྱེན་ནོ། །མི་རྟག་སྡུག་བསྔལ་གྲོང་ཁྱེར་འཁོར་བ་ཡི་གནས་རིས། །ཕྱི་ནང་གང་ལ་བསམས་ཀྱང་སྐྱོ་ཤས་ཀྱི་སྣོན་མ། །སྡུག་བསྔལ་ཟད་མཐའ་མེད་པའི་སྣང་ཚུལ་འདི་མཐོང་ནས། །སེམས་ཡོད་བསྐལ་བཟང་ཡོད་ན་ཐར་ལམ་ལ་སྙོགས་རན། །ཡིད་འོང་མེ་ཏོག་སྐྱེད་ཚལ་འཇའ་ཚོན་ལས་བཀྲ་བ། །སྐལ་བཟང་ལྷ་ཡུལ་ལགས་སྙམ་ཡིད་སྨོན་རང་ཤོར་ཡང་། །གྲང་ངར་དགུན་ཟླའི་རྒྱལ་མོའི་རེག་བྱ་ཡིས་བྲན་ཚེ། །མི་སྡུག་ཡི་དྭགས་སྲིན་པོའི་ཡུལ་ལྗོངས་ལྟར་གྱུར་སོང་། །ལྕུགས་ཕྲན་ཡལ་ག་སྐྱོད་པའི་ལོ་འདབ་ཀྱི་ཁྲོད་ནས། །དབྱངས་སྙན་ཁུ་བྱུག་བུ་མོའི་སྙན་འགྱུར་གྱི་གླུ་སྒྲ། །གདངས་སྙན་དྲི་ཟའི་ན་ཆུང་པི་ཝང་ལ་འགྲན་ཡང་། །སྐྱི་སེར་སྟོན་ཟླའི་རྒྱལ་མོའི་བང་ཆེན་གྱིས་བསྐུལ་ནས། །མི་སྡོད་ལྷོ་མོན་ནགས་མའི་ལྗོངས་ཚལ་དུ་ཐེག་དུས། །འདུས་ཚད་བྲལ་བའི་ཆོས་ལ་ཡིད་ཆེས་རང་སྐྱེས་བྱུང་། །དར་ཕྱུག་ལྕང་དཀར་སྡོང་པོའི་ལོ་འདབ་ཀྱི་ཕང་ཕུང་། །ཁར་སང་ཟླ་བ་སྔ་མར་མིག་ལམ་ན་མེད་དེ། །དེང་སང་བཀྲག་དར་འཛོམ་པའི་ངོ་མཚར་གྱི་ལྟད་མོ། །སྐད་སྙན་བྱེའུ་ཆུང་ཁྱུ་ཡི་མདུན་ས་རུ་མཛེས་ཀྱང་། །སང་ཞོག་ཆུ་ཤེལ་དཀྱིལ་འཁོར་སྨིན་དྲུག་གིས་ཉ་ཚེ། །ཕུན་ཚོགས་ལང་ཚོའི་བཀྲག་མདང་འདི་བཞིན་ཏུ་ཡོད་དམ། །ལོངས་སྤྱོད་རྟག་པ་མེད་པ་གཡར་བོ་ཡི་རྫས་ལ། །བག་ཙམ་རང་དབང་ཡོད་དུས་ཡུན་རིང་གི་རྒྱགས་ཕྱེ། །སྦྱིན་པའི་ཐབས་ཀྱིས་མ་ལོན་སེར་སྣ་ཡིས་བཅིང་རྣམས། །འཕྲལ་སྣང་རྨི་ལམ་སད་འདྲའི་དུཿཁ་ཡིས་སླེབ་དུས། །གསོག་བསྲུང་སྡིག་པའི་ཁུར་ལས་སྤྱོད་རྒྱུ་གཞན་མི་འདུག །ཀྱེ་མ་ཕྱི་ཡུལ་འཁྲུལ་པ་སྡུག་བསྔལ་གྱི་སྣོད་ལ། །བདེན་ཞེན་རྟག་ཆད་ཞེན་པའི་ཉམ་ཐག་གི་འགྲོ་ཁམས། །དྲིན་ཅན་མཚུངས་མེད་བླ་མའི་ཐུགས་རྗེ་ཡིས་གཟིགས་ནས། །ཡུལ་སྣང་དཔེ་རུ་འཆར་བར་བྱིན་གྱིས་རང་རློབས་ཤིག །སྐྱེས་ཚད་འཆི་བའི་ལམ་དུ་འཛོལ་མེད་དུ་ཞུགས་པའི། །གཟུར་མེད་དོགས་མོའི་འཕྲང་ན་འཆི་བདག་གི་གཤིན་རྗེས། །ཁྲོས་པའི་སྡང་མིག་གཡོ་ཞིང་མི་སྡུག་གི་བཞིན་ངོམ། །གསོད་བྱེད་དགྲ་སྟྭ་གདེངས་ནས་ཞག་ནག་གིས་འདེབས་དྲུང་། །མི་སྡོད་འཕྲལ་འཕྲལ་རྒྱུག་པའི་གསོན་ལུས་ཀྱི་སེམས་ཅན། །སང་ཕོད་སོ་ཚིས་གཉེར་ལས་འཆི་སྙམ་རང་མི་འདུག །འབྲུ་དཀར་སྣོད་དུ་བསགས་པ་ས་འོག་ཏུ་གཏོར་ནས། །སང་ཕོད་སྙེ་མ་ལེགས་པའི་འབྲས་དྲུག་ལ་རློམ་སྟེ། །བདག་པོའི་ཚེ་ཚད་བསྐོས་བཞག་རང་རེས་ནི་མི་ཤེས། །སྟོན་ཟླའི་འབྲུ་ཆང་འཐུང་དུས་ཡོད་ཐག་རང་ཆོད་དམ། །ཤི་སྙམ་ཡིད་ལ་མེད་པའི་ཕོ་རྒོད་ཀྱི་བཙན་པོ། །མི་དང་རོ་ཡི་འགྱུར་འཚམ་དབུགས་གཅིག་གི་འགྲོ་ལུགས། །ཨེ་གཟིགས་གཞོན་པ་འཆི་བའི་ལུས་སེམས་ཀྱི་འབྲལ་ཚུལ། །སླ་ལ་འཇིགས་སྐྲག་སྐྱེ་བའི་ཉམ་ང་ཞིག་ཡོད་སྐད། །ཐོད་རྒྱན་མེ་ཏོག་འཕྱང་བའི་ན་ཆུང་གི་མཛེས་མ། །སྐྲ་དཀར་ལང་ཚོས་ནོན་པ་ནམ་རེད་རང་ཨེ་ཤེས། །རྒ་ཤི་འཇབ་ནས་འོང་བ་མེལ་ཚེ་ཡིས་མི་ཁེག །ཅི་བྱས་རྒ་བའི་སྡུག་བསྔལ་འཆི་བ་ལས་ཐུ་འོང་། །ལུས་ཞེས་གཅེས་པར་བསྐྱང་ཡང་འབྱུང་འདུས་ཀྱི་ནད་རེད། །རྐྱེན་ངན་གློ་བུར་བྱུང་ན་ཟུག་གཟེར་གྱི་མདའ་མོས། །ལུས་སེམས་བར་ལག་ཕྲལ་ནས་འཆི་བདག་ལ་གཏོད་གཏོང་། །རོ་ཞེས་འཇིགས་སྣང་སྐྱེ་བ་རང་དྲུང་ན་འདུག་གོ། །ཀྱེ་མ་འཁྲུལ་སྣང་འཁོར་བས་ཡུན་རིང་དུ་བསླུས་བསླུས། །འཁྲུལ་རྟོག་རྩ་བ་མ་ཆོད་ཉམ་ཐག་གི་འགྲོ་ལ། །མཚུངས་མེད་དྲིན་ཆེན་བླ་མའི་ཐུགས་རྗེ་ཡིས་གཟིགས་ནས། །ཨ་འཐས་འཁྲུལ་པ་ཞིག་པར་བྱིན་གྱིས་རང་རློབས་ཤིག །མཐོན་པོ་རང་དབང་ཡོད་ཚད་རང་འདོད་ཀྱི་ང་རོ། །དམའ་མོ་རང་སྤྱོད་སྐྱོང་ཚད་གཞན་བསླུ་ཡི་གཡོ་སྒྱུ། །སུ་དང་གང་ལ་བལྟས་ཀྱང་ཡིད་ཆེས་རང་མི་འདུག །སྙིང་ནས་བློ་གཏད་ཕེར་བ་དཀོན་མཆོག་གསུམ་ཁོ་ན། །རྒྱལ་པོས་མངའ་རིས་མི་སྐྱོང་ཏིལ་འབྲུ་བཞིན་བཙིར་ནས། །ལོངས་སྤྱོད་ཏིལ་མར་འཐུང་སྟེ་བྱམས་སྐྱོང་དང་བྲལ་འདུག །འབངས་མིས་དཔོན་པོ་མི་ཁུར་དགྲ་ཟླ་བཞིན་བལྟས་ནས། །བཅོས་མའི་ཁ་གསག་འཇམ་པོས་ངོ་བསྲུང་ཙམ་བྱེད་འདུག །བླ་མས་དམ་ཆོས་མི་གསུང་མངའ་ཐང་རྒྱ་བསྐྱེད་ནས། །ཆེ་བཙན་རྒྱལ་པོའི་ལད་མོ་ཐུགས་ཉམས་ལ་བཞེས་འདུག །སློབ་མས་ཆོས་དོན་མི་གཉེར་བླ་མ་ལ་བརྟེན་ནས། །འཇིག་རྟེན་ཚེ་འདི་སྒྲུབ་པའི་གཡོ་ཐབས་ཞིག་བྱེད་འདུག །དེང་སང་སྙིགས་མའི་སྐྱེ་བོ་སུ་དང་གང་ཡིན་ཀྱང་། །སྤྱོད་ལམ་བརྟགས་ཤིང་བརྟགས་ན་ཡིད་སྐྱོ་ལས་མི་འདུག །དང་པོ་ཆོས་པར་རློམ་ཡང་ཚུལ་འཚོས་ཀྱི་བསླུ་བྲིད། །འདྲིས་གཤིས་བཟང་བཟང་འདྲ་ཡང་གཡོ་སྒྱུ་ཡི་མགོ་བསྐོར། །ཀྱེ་མ་སྙིགས་མའི་སྤྱོད་པ་རླུང་དམར་ལྟར་འཚུབ་དབུས། །ཚེ་སྲོག་གཡོ་བའི་རང་བཞིན་མར་མེ་ལྟར་གནས་པ། །ཉམ་ཐག་ནམ་འཆི་མི་ཤེས་རྨོངས་པ་ཡི་སེམས་ཅན། །རྟག་འཛིན་འཁྲུལ་པ་དུ་མའི་བློ་ངན་གྱི་གནས་ལས། །མཚུངས་མེད་དྲིན་ཆེན་བླ་མའི་ཐུགས་རྗེ་ཡིས་སྐྱོབས་ཤིག །མཁའ་ལ་སྤྲིན་དཀར་ཕོང་པོ་ལང་ལོང་ཞིག་འདུས་ནས། །སིབ་སིབ་སྦྲང་ཆར་ཟིམ་བུའི་ཁ་ཆུ་ཡིས་འདེབས་པ། །སྐད་ཅིག་རླུང་བུ་གཡོ་བའི་གཞན་དབང་དུ་གྱུར་ནས། །ཕྱོགས་ཕྱོགས་སྣང་བ་མིན་པའི་རང་ལམ་ལ་འཐོར་སོང་། །ཡིད་མཐུན་མི་ཡུལ་ལྗོངས་ན་ལས་དབང་གིས་འདུས་ནས། །བརྩེ་གདུང་ཉམས་དགའ་སྐྱོང་བའི་དགའ་སྟོན་ལ་རོལ་ཡང་། །བཟློག་མེད་སྔོན་ལས་དྲག་པོའི་སུན་མ་ཡིས་སླེབ་ཚེ། །དབང་མེད་ཤི་གསོན་སྣང་བ་སོ་སོར་རུ་བྲལ་སོང་། །སྔར་ཞིག་ཡུན་རིང་འགྲོགས་པའི་ཕ་མ་དང་གཉེན་བཤེས། །བརྩེ་གདུང་སྙིང་ལ་བཅག་པ་དུ་མ་ཞིག་ཡོད་ཀྱང་། །ད་ཙམ་གར་ཡོད་འདིར་ཡོད་ཕྱོགས་མགོ་རང་མི་ཤེས། །སྐྱིད་སྡུག་ཅི་རང་ཡོད་སྙམ་སེམས་པ་འདི་སྐྱོའོ། །ཡིད་འོང་མཛེས་པའི་ལམ་ན་འཁོར་གཡོག་གིས་བསྐོར་ནས། །བག་ཕེབས་ལྷོད་པོར་གནས་ཀྱང་འཇིགས་སྐྲག་གི་དུཿཁ། །མི་འགོག་ལང་ཚོ་མ་སྨིན་གཞོན་ནུ་ཡི་སྣང་བས། །འཕྲང་རིང་བར་དོ་འགྲིམ་དུས་ཅི་འདྲ་ཞིག་ཡོད་གྲགས། །བརྩེ་བས་ཡུན་དུ་སྐྱོང་བའི་སྤུན་ཟླ་དང་སྡུག་པ། །ལམ་རིང་གཤིན་རྗེའི་ཡུལ་ལ་གཅིག་པུ་རུ་ཆས་དུས། །གྲོགས་དང་ཐབས་ཤིག་ཡོད་ན་བྱེད་རྒྱུ་ཞིག་འདུག་རུང་། །ལས་དབང་ཁྲིམས་ཁ་ཚ་བས་བྱ་ཐབས་རང་ཟད་འདུག །འཇམ་ལེགས་དར་གྱིས་གཡོགས་ཤིང་ནོར་བུ་ཡི་རྒྱན་སྤྲས། །ལྷ་ཡུལ་ལྷ་ལ་འགྲན་པའི་མཛེས་སྡུག་གི་རི་མོ། །འཆི་བདག་མཆི་རིས་གསར་པའི་རླན་གཤེར་གྱིས་བསྲུབ་ཚེ། །ཁྭ་དང་བྱ་རྒོད་ཁོ་ནས་ཁ་ཟས་སུ་བགྱིས་སོང་། །ཀྱེ་ཧུད་རྟག་པ་མེད་པའི་མཛའ་བཤེས་ཀྱི་གྲོགས་ལ། །ཡུན་རིང་འགྲོག་རློམ་བྱེད་པའི་རྨོངས་པ་ཡི་སེམས་ཅན། །མཚུངས་མེད་དྲིན་ཆེན་བླ་མའི་ཐུགས་རྗེ་ཡིས་བཟུང་ནས། །འབྲལ་མེད་རང་བྱུང་རིག་པའི་གྲོགས་མཆོག་དང་སྤྲོད་ཅིག །སྔོན་བྱོན་རྒྱལ་བ་སྟོང་གིས་ལན་བརྒྱ་རུ་བསྔགས་ཤིང་། །གྲུབ་བརྙེས་སེམས་དཔའ་དུ་མས་ཡུན་རིང་དུ་བསྟེན་པའི། །ཕུན་ཚོགས་དབེན་པའི་གནས་ཞེས་བྱང་ཆུབ་དང་མཐུན་པ། །ཉམས་དགའ་རྒྱལ་བ་དགྱེས་པའི་གནས་མཆོག་ཞིག་ཡོད་སྐད། །ཕུན་ཚོགས་མེ་ཏོག་འཛིན་པའི་ལྗོན་ཤིང་གི་ལང་ཚོ། །རྙེད་དཀའི་དལ་འབྱོར་ལུས་ཀྱི་མཚོན་དཔེ་རུ་བྱེད་ཅིང་། །ལྷུང་ལྷུང་ཕུ་ཆུ་འབབས་པའི་སྐད་ཅིག་གིས་འགྱུར་སྒྲས། །མི་རྟག་མྱུར་མྱུར་འོང་ཞེས་བསྐུལ་འདེབས་སུ་བརྩོན་ལ། །སྐད་སྙན་བུང་བའི་བུ་མོའི་འཕུར་ལྡིང་གི་གླུ་སྒྲ། །སྐྱོ་ཤས་གཏིང་ནས་བསྐྱེད་པའི་གསལ་འདེབས་ལ་ཆས་པའི། །ཆོས་མཐུན་ཉམས་དགའ་བརྒྱ་ཕྲག་དབེན་རི་ན་ཡོད་སྐད། །འཁྲི་ཤིང་ལྕུགས་ཕྲན་ཕྲ་མོའི་མེ་ཏོག་གི་ཕང་ཕུང་། །མཐོན་པོའི་ཐང་ཤིང་རྩེ་ན་བླ་རེ་རུ་བྲེས་པས། །སེམས་བསྐྱེད་ཐབས་དང་འགྲོགས་ན་ཉམས་ཐག་གི་འགྲོ་བས། །བྱང་ཆུབ་ས་མཐོར་བགྲོད་ཅེས་ཐེག་མཆོག་གི་ལམ་མཚོན། །དེ་ན་འདུ་འཛི་མེད་དེ་སྡིག་པའི་གྲོགས་ལྟ་ཅི། །འདོད་ཡོན་སྣང་བ་བྲིད་པའི་ཡུལ་གྱི་དུག་མི་གནས། །བག་ཕེབས་བསམ་གཏན་མཆོག་དང་རང་བབས་ཀྱིས་མཐུན་པའི། །ངོ་མཚར་རི་ཁྲོད་དགོན་པ་བྱང་ཆུབ་ཀྱི་ཕོ་བྲང་། །སྲས་བཅས་རྒྱལ་བ་དགྱེས་པའི་དབེན་རི་ཡི་རྒྱལ་ཁབ། །ཡབ་མེས་དམ་པ་གོང་མའི་གདན་ས་དེ་དེ་ལགས། །ཉམས་དགའ་དེ་རུ་སྐྱོང་བའི་བག་ཡངས་ལ་སྨོན་ཀྱང་། །ལས་དབང་འཁོར་བའི་རྙི་འདིས་གཏོང་བ་རང་དཀའ་འདུག །ཀྱེ་མ་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་གྱི་བླ་མ། །འདི་སྣང་ཞེན་པའི་སྒྲོག་འདི་སྐད་ཅིག་གིས་ཕྲོལ་ལ། །འདུ་འཛི་བྲེལ་དོ་མང་པོའི་འཆིང་ཐག་འདི་བཅད་ནས། །ཡིད་འོང་དབེན་པའི་གནས་སུ་ཐུགས་རྗེ་ཡིས་སྐྱོབས་ཤིག །དགྲ་ཞེས་གནོད་པར་བཟུང་ཡང་འཕྲལ་སྤྱོད་ཀྱིས་འགྱུར་བ། །དེ་ལ་ཐབས་ཀྱིས་བསྟུན་ན་མཛའ་བཤེས་ཀྱི་དྭངས་མ། །གཉེན་ཞེས་ཕན་པར་རློམ་ཡང་སྡིག་སྡུག་གི་གྲོགས་པོ། །དེ་ཡང་སྐད་ཅིག་མི་རྟག་དགྲ་ཟླ་རུ་འགྱུར་འགྲོ། །དགྲ་གཉེན་ངེས་པ་མེད་པའི་སྣང་ཚུལ་ལ་བརྟགས་ན། །གང་ཡང་ཆགས་སྡང་བློ་ལ་དགོས་པ་རང་ཅི་ཡོད། །ཐམས་ཅད་ཕ་མར་ཤེས་པའི་མཛའ་གཅུགས་ཀྱིས་སྐྱོང་ན། །འཁྲུལ་མེད་རྒྱལ་བ་དགྱེས་པའི་སྤྱོད་པ་དེ་དེ་ལགས། །དགྲ་ཡང་དགེ་བའི་བཤེས་ཡིན་བཟོད་པ་ཡི་སྐུལ་མ། །གཉེན་ཡང་དགེ་བའི་བཤེས་ཡིན་བྱམས་པ་ཡི་སྐུལ་མ། །ཐམས་ཅད་དགེ་བའི་བཤེས་ཡིན་སྙིང་རྗེ་ཡི་སྐུལ་མ། །སྣང་བ་དག་པར་ཤར་ན་དཀྱིལ་འཁོར་གྱི་འཁོར་ལོ། །ཆགས་སྡང་ཆུ་རིས་ཡལ་ན་གཏད་མེད་ཀྱི་རྣལ་འབྱོར། །བློ་བྲལ་གཤིས་ལུགས་སྐྱོངས་དང་དགྲ་གཉེན་ནི་ཅི་ཡོད། །ཆོས་བརྒྱད་འཇའ་རིས་ལ་ཞེན་འཁྲུལ་སྣང་གི་བྱིས་པ། །འདི་སྣང་སེར་བའི་རིལ་བུ་ནོར་བུ་རུ་རློམ་ཡང་། །མི་རྟག་སྤྲིན་བྲལ་ཉི་མའི་འོད་སྣང་གིས་བྲན་ཚེ། །འཁྲུལ་སྣང་སྙིང་པོ་མེད་པའི་རང་མཚང་དེ་ངོམས་འོང་། །གཏད་མེད་ཆོས་སྐུའི་རིག་པ་ཟང་ཐལ་དུ་དག་ན། །ཞེན་མེད་རྣལ་འབྱོར་སྤྱོད་པའི་སྐལ་བཟང་གི་བློ་ངོར། །འཁོར་འདས་བཟང་ངན་འབྱེད་པའི་སྤུ་རིས་ཀྱང་མི་དམིགས། །ཆོས་ཟད་དགོངས་པའི་ཀློང་ན་གྲུབ་ཐོབ་ཀུན་བདེ་སྐད། །དབྱིངས་ནས་ཐུགས་རྗེས་གཟིགས་ཤིག་བརྒྱུད་གསུམ་གྱི་བླ་མ། །ཟག་མེད་ཆོས་སྐུའི་ཀློང་ནས་ཡེ་ཤེས་ཀྱི་གཟིགས་པས། །ཆོས་ཟད་དགོངས་པ་སྟོན་ཤོག་ཆོས་སྐུ་ཡི་བླ་མ། །འགགས་མེད་ལོངས་སྐུའི་ཀློང་ནས་རྣམ་འཕྲུལ་གྱི་བཀོད་པ། །འཁྲུལ་མེད་ལམ་བཟང་སྟོན་ཤོག་ལོངས་སྐུ་ཡི་བླ་མ། །ཐུགས་རྗེ་སྤྲུལ་པའི་ཀློང་ནས་གང་འདུལ་གྱི་མཛད་པས། །འཁོར་བ་དོང་ནས་སྤྲུགས་ཤིག་དྲིན་ཆེན་གྱི་བླ་མ། །ཚེ་འདིར་ཆོས་བརྒྱད་འདིར་སྣང་ཞེན་པ་ལས་གྲོལ་ཞིང་། །རྩེ་གཅིག་དབེན་པའི་གནས་སུ་སྒྲུབ་པ་ལ་གཞོལ་བས། །བསྐྱེད་རྫོགས་ཟབ་ལམ་རྟོགས་པའི་དྲོད་ཚད་དང་འཕྲད་ནས། །གོང་མའི་རྗེས་ཤུལ་སྙོགས་པར་བྱིན་གྱིས་རང་རློབས་ཤིག །མི་རྟག་སྒྱུ་མའི་ལུས་ཀྱི་གཡར་པོ་འདི་འདོར་ཚེ། །སྐྱེ་འཆིའི་སྣང་བ་སྒྱུ་མའི་སྣང་ཚུལ་དུ་ཤེས་ནས། །འཆི་མེད་ཆོས་སྐུའི་འོད་གསལ་མ་བུ་རུ་འཕྲོད་པའི། །འཁྲུལ་མེད་དགོངས་པ་སྟོན་ཤོག་དྲིན་ཆེན་གྱི་བླ་མ། །སྣང་གསུམ་རང་བཞིན་རྟོག་པའི་གཡོ་འཕྲུལ་གྱིས་བསླངས་ནས། །ཡིད་ལུས་བར་དོའི་སྣང་བ་དབང་མེད་དུ་ཤར་ན། །མཁའ་སྤྱོད་མཁའ་འགྲོ་སྟོང་གི་འཁོར་ཚོགས་ཀྱིས་བསྐོར་ནས། །མཚུངས་མེད་དྲིན་ཆེན་བླ་མ་བསུ་མ་ལ་ཕེབས་ཤོག །འཕྱང་འཕྲུལ་དྲིལ་གཡེར་ཁྲོལ་ཁྲོལ་མིག་ཡངས་ཀྱི་གླུ་གར། །འཇའ་འོད་དར་ལམ་ཁྱུག་ཁྱུག་ཡེ་ཤེས་ཀྱི་རང་གདངས། །ལྔ་ཚོམ་རང་བཞིན་སྤྲུལ་པའི་ཞིང་ཁམས་ཀྱི་གྲོང་དུ། །འདྲེན་པའི་དེད་དཔོན་མཛོད་ཅིག་དྲིན་ཆེན་གྱི་བླ་མ། །ཇི་སྲིད་མཁའ་མཉམ་འཁོར་བ་མ་སྟོང་གི་བར་དུ། །སྐྱེ་བ་སྐྱེད་མོའི་ཚལ་འགྲོ་སྒྱུ་འཕྲུལ་གྱི་བཀོད་པ། །མཚུངས་མེད་དྲིན་ཆེན་བླ་མའི་ཞབས་འབྲིང་དུ་ཆས་ནས། །མ་རྒན་འགྲོ་དྲུག་སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་བའི། །རྒྱལ་བའི་ཕྲིན་ལས་སྒྲུབ་ལ་ཡིད་སྨོན་དུ་བགྱིད་དོ། །རྣམ་དག་སྨོན་པའི་གནས་ཀུན་གེགས་མེད་དུ་འགྲུབ་པའི། །མཐུན་འགྱུར་སྲས་བཅས་རྒྱལ་བའི་བདེན་གསུངས་ཀྱིས་སྒྲོགས་ཤིག །དགོངས་རིག་རྣ་བར་བརྒྱུད་པའི་བརྒྱུད་གསུམ་གྱི་བླ་མས། །བརྩེ་ཆེན་ཐུགས་རྗེའི་སྒོ་ནས་བྱིན་གྱིས་རང་རློབས་ཤིག །དགེའོ།། དགེའོ།། དགེའོ།།

ཀུན་བཟང་ཆོས་རྒྱལ་ལ་གདམས་པ། རྫ་དཔལ་སྤྲུལ་རིན་པོ་ཆེ།

༄༅། །ཀུན་བཟང་ཆོས་རྒྱལ་ལ་གདམས་པ། རྒྱལ་དང་རྒྱལ་བའི་སྲས་པོ་ཇི་སྙེད་པ། །ཀུན་གྱི་ཐུགས་རྗེ་བྱིན་རླབས་འདུས་པའི་དཔྱིད། །དྲིན་ཆེན་བླ་མ་རྫོགས་པའི་སངས་རྒྱས་དངོས། །མི་འབྲལ་སྤྱི་གཙུག་རྒྱན་དུ་རྟག་པར་བཞུགས། །གང་ཞིག་འཁོར་བའི་གནས་ཀུན་ཉེས་པའི་སྣོད། །དུག་སྤྲུལ་གཟེབ་དང་འདྲ་བར་ལེགས་མཁྱེན་ནས། །ཡང་དག་ཐར་བའི་ལམ་ལ་འབྱོན་བཞེད་པ། །དེ་དག་ཀུན་གྱི་ལག་ལེན་འདི་ལྟར་ལགས། །དང་པོ་ངེས་འབྱུང་ཆོས་ཀྱི་མགོ་ཡིན་པས། །ཡ་ཀི་དགའ་ལྡན་ལྷ་ཡུལ་མན་ཆད་ནས། །མ་ཀི་ངན་སོང་གནས་གསུམ་ཡན་ཆད་ཀྱི། །འཁོར་བའི་གནས་འདི་མེ་ཡི་འོབས་ལྟ་བུར། །ཤེས་ནས་ཐེག་གསུམ་ལམ་ལ་སློབ་པ་དགོས། །བར་དུ་བྱང་སེམས་ཆོས་ཀྱི་ལུས་ཡིན་པས། །འགྲོ་བ་འདི་ཀུན་ཕ་དང་མར་ཤེས་ནས། །དེ་དག་དོན་དུ་སངས་རྒྱས་ཐོབ་འདོད་བློ། །བཅོས་མ་མིན་པར་སྙིང་ནས་སྐྱེ་བ་དགོས། །ཐ་མ་ཡང་དག་ལྟ་དང་དེའི་ཉམས་ལེན། །ཐར་ལམ་མྱུར་བགྲོད་ཆོས་ཀྱི་རྐང་བ་སྟེ། །སྣང་སྲིད་ཆོས་ཀུན་སྤྲོས་བྲལ་སྟོང་བའི་ངང་། །ལུང་དང་རིགས་པས་གཏན་ལ་འབེབས་པ་ལགས། །འཁོར་འདས་ཆོས་ཀུན་རྩ་བ་རང་གི་སེམས། །སེམས་ནི་དང་པོ་བྱུང་བའི་ཡུལ་མེད་ཅིང་། །བར་དུ་གནས་པའི་གཞི་མེད་སྟོང་པ་ཉིད། །ཐ་མ་འགྲོ་འོང་བྲལ་བ་གཉུག་མའི་ངང་། །བྱུང་གནས་འགྲོ་གསུམ་བྲལ་བའི་རང་སེམས་ལ། །བལྟར་མེད་རང་ངོ་བལྟས་ན་སྟོང་བར་མཐོང་། །སྟོང་ཉིད་ལོགས་སུ་མེད་དེ་སེམས་ཀྱི་གཤིས། །ཡུལ་མེད་ཟང་ཐལ་མཐོང་ན་ལྟ་བ་ལགས། །གནས་ལུགས་ལྟ་བའི་ཉམས་ལེན་དེའི་ངང་དུ། །རྩལ་སྣང་འཁྲུལ་བའི་རྣམ་རྟོག་ཅི་ཤར་ཡང་། །སྤང་བླང་ཆེད་འཛིན་མེད་པར་ཕྱམ་བརྡལ་བའི། །ཡེངས་སྒོམ་བྲལ་བའི་མཉམ་བཞག་སྒོམ་པ་ལགས། །ཡུལ་སྣང་དགའ་སྡུག་ཆགས་སྡང་རེ་དོགས་བློ། །གང་ལའང་སྤང་བླང་དགག་སྒྲུབ་མི་བྱ་བར། །ཐམས་ཅད་མཉམ་པའི་ངང་ནས་འགྲོ་དང་འདུག །སྒྱུ་མའི་རོལ་བར་འཆར་བ་སྤྱོད་པ་ལགས། །མདོར་ན་རང་ངོ་ཤེས་པ་ལྟ་བ་ལ། །དེ་ཡི་ངང་ལ་གནས་པ་སྒོམ་པ་སྟེ། །དེ་ཉིད་རྐྱེན་དང་བསྲེ་བ་སྤྱོད་པའི་གནད། །ལྟ་སྒོམ་སྤྱོད་འབྲས་ཐ་དད་མེད་པ་ལགས། །ལྟ་བ་གང་ཡང་ཞེན་པ་མེད་པ་གཙོ། །སྒོམ་པ་གང་ཡང་འཛིན་པ་མེད་པ་གནད། །སྤྱོད་པ་གང་ཡང་ཆོས་དང་མཐུན་པ་མཆོག །ལྟ་སྒོམ་སྤྱོད་འབྲས་གཅིག་ཏུ་འདྲིལ་བ་གནད། །ཅི་ནས་རང་གི་སེམས་ལ་མི་ཕན་པའི། །ཆོས་དེ་ཁ་ཆོས་ཡིན་གྱི་དོན་ཆོས་མིན། །རང་གི་སེམས་ལ་ཁྱད་པར་མི་འདུག་ན། །ལོ་བརྒྱར་མཚམས་སྒྲུབ་བྱས་ཀྱང་ངལ་བའི་རྒྱུ། །དེ་ཡང་ཡང་དག་ཆོས་ཀྱི་གནད་འགག་ཀུན། །དོར་ནས་གཟུགས་བརྙན་སྒྲུབ་པའི་སྒྲུབ་པ་པོས། །ནེ་ཙོའི་འདོན་པ་ལྟ་བུའི་ཉམས་ལེན་འདི། །འཁྲུལ་མེད་རྒྱལ་བསྟན་ཡིན་སྙམ་བདག་ལ་མེད། །ལོ་མཚམས་ཟླ་མཚམས་ཁ་གྲངས་གྲངས་རྫོགས་ཤིང་། །དུང་ཕྱུར་དུང་ཕྱུར་བཟླས་པའི་གྲངས་འཁྱོལ་ཡང་། །སེམས་ལ་ཆགས་སྡང་རྨོངས་གསུམ་མ་བྲི་ན། །ཆོས་དེ་དོན་མེད་ཁོ་ན་ལགས་སྙམ་བགྱིད། །བསྐྱེད་རྫོགས་མེད་པའི་ཆོ་ག་ཐུན་བཞི་དང་། །དག་དྲན་མེད་པའི་རྔ་རོལ་འུར་ཆེམས་དང་། །ཏིང་འཛིན་མེད་པའི་བཟླས་བརྗོད་འབུག་འབུག་འདི། །ཐར་བའི་ལམ་ལ་ཕྱོགས་ཙམ་ཉེ་རེ་ཀན། །གལ་ཏེ་བསྐྱེད་རྫོགས་ཏིང་འཛིན་ཡོད་ན་ཡང་། །ཡང་དག་བྱང་ཆུབ་སེམས་དང་མ་འབྲེལ་ན། །འཁྲུལ་སྣང་འཁོར་བར་སྐྱེ་བའི་ས་བོན་ལས། །རྣམ་མཁྱེན་གོ་འཕང་འཐོབ་ལ་མི་ཕན་ནོ། །དེས་ན་གནད་དོན་མེད་པའི་ཆོས་གཟུགས་དང་། །འཁྲུལ་སྣང་ཚེ་འདི་སྒྲུབ་པའི་བན་འཁྱམས་དང་། །དཀོར་ཟན་དལ་ཁོམ་མེད་པའི་བླ་ཆུང་གི། །ལད་མོ་མ་བྱེད་རང་སེམས་ཆོས་ཀྱིས་ཐུལ། །སེམས་ཐུལ་སེམས་ཐུལ་རང་སེམས་ཆོས་ཀྱིས་ཐུལ། །བློ་ལྡོག་རྣམ་བཞིས་རང་གི་སེམས་ཐུལ་ན། །ལྟ་སྒོམ་བཟླས་བརྗོད་བསྐྱེད་རྫོགས་མེད་ན་ཡང་། །ཐར་བའི་ལམ་ལས་གཞན་དུ་འཕྱུགས་པ་མེད། །བློ་སྦྱོངས་བློ་སྦྱོངས་རང་གི་བློ་འདི་སྦྱོངས། །བྱང་ཆུབ་སེམས་ཀྱིས་རང་གི་བློ་སྦྱངས་ན། །ལུས་ངག་དགེ་བ་སྣ་གཅིག་མ་འགྲུབ་ཀྱང་། །རང་གཞན་དོན་གཉིས་མ་འབད་ཤུགས་ཀྱིས་འགྲུབ། །གལ་ཆེན་བྱང་ཆུབ་སེམས་ལ་ཐུན་གཅིག་ཀྱང་། །ཉམས་ལེན་མི་བྱེད་བསྐྱེད་རྫོགས་སྒོམ་ལོ་དང་། །བཟླས་བརྗོད་བྱེད་ལོ་ཆོས་པའི་གཟུགས་བརྙན་འདིའི། །ཁ་དེ་གྲོང་ཚོ་དགུ་ཡི་སྐྱག་པས་ཆོར། །གྲོགས་ཁྱེད་ཡང་དག་ཆོས་ཤིག་སྒྲུབ་དགོངས་ན། །བློ་སྦྱོངས་བློ་སྦྱོངས་སྙིང་རྗེ་བྱང་སེམས་སྦྱོངས། །གལ་ཆེན་ལན་དགུ་བཟླས་འདི་དགོངས་མཛད་ནས། །རང་སེམས་ཆོས་ཀྱིས་ཐུལ་དང་གནད་དེ་ལགས། །ཁོ་བོས་ཡང་དག་བླ་མ་མང་བསྟེན་ཞིང་། །ཕྱོགས་མེད་གྲུབ་མཐར་ཐོས་བསམ་རྒྱ་ཆེར་བྱས། །གནད་དོན་སྙིང་པོར་བཏོན་ན་ཚིག་གཅིག་ཡིན། །ཚིག་འདི་དཔེ་ལ་མ་བཞག་ཉམས་སུ་ལོངས། །ཞལ་གདམས་ཞལ་གདམས་ཟེར་མཁན་མང་ན་ཡང་། །དཔེ་བྲིས་ཤོག་བུར་དྲིལ་ནས་ཉར་ཚག་བྱེད། །དེ་དོན་ཅི་ཡོད་ཙམ་ཡང་མི་ལྟ་ན། །དོན་མེད་ཡི་གེ་བྲིས་པ་ངལ་བའི་རྒྱུ། །དེ་འདྲའི་རང་བཞིན་མ་བྱེད་སྐུ་ཚེ་རིང་། །དེ་དོན་ཉམས་སུ་ལོངས་མཛོད་སྐུ་ཚེ་རིང་། །དེ་འབྲས་འདི་ཕྱིར་མངོན་འོངས་སྐུ་ཚེ་རིང་། །ཞལ་གདམས་དེ་ལས་མེད་དོ་སྐུ་ཚེ་རིང་། །སྐུ་ཚེ་རིང་མཛོད་ཀུན་བཟང་ཆོས་རྒྱལ་ཁྱེད། །ལུགས་གཉིས་བྱ་བཞག་བྲལ་བའི་སྤྲང་འཁྱམ་བདག །བླ་མར་མཐོང་ན་ཞལ་གདམས་དེ་ཡིན་ནོ། །གྲོགས་པོར་མཐོང་ན་སྙིང་གཏམ་དེ་ཡིན་ནོ། །རྒྱལ་འཕགས་དགོན་དུ་ཀུན་བཟང་ཆོས་རྒྱལ་ལ་གདམས་པ་དགེདགེའོ། །

ལྷུན་གྲུབ་རྡོ་རྗེར་གདམས་པ། རྫ་དཔལ་སྤྲུལ་རིན་པོ་ཆེ།

༄༅། །ལྷུན་གྲུབ་རྡོ་རྗེར་གདམས་པ། རྟག་ཏུ་རྒྱལ་བ་ཀུན་དང་སེམས་ཅན་གྱི། །སྙིང་ལ་བདེ་ཆེན་རོ་གཅིག་ཡེ་ཤེས་སེམས། །འཇམ་པའི་དབྱངས་དེ་ང་དང་ཁྱོད་ཀྱི་ཡང་། །བྱང་ཆུབ་བར་དུ་རིགས་བདག་དགེ་གྱུར་ཅིག །ངན་སྤྱོད་སྣ་དགུ་བག་མེད་བྱུང་རྒྱལ་གྱིས། །རྒྱུས་ཡོད་ཡིད་ལ་སུན་པ་བསྐྱེད་ཟིན་ཀྱང་། །རྒྱུས་མེད་ཡུལ་ནས་ལྷུན་གྲུབ་རྡོ་རྗེ་དེས། །བཟང་པོར་མཐོང་ནས་ཨ་བུ་ཧྲལ་པོ་བཀུར། །མ་སྨིན་སྨིན་འདྲའི་ཕྱི་ཡི་ཚུལ་དཔགས་ནས། །ཨ་མྲའི་རོ་བཞིན་ཆོས་དོན་བླང་འདོད་དེ། །སྤང་བླང་གནས་ལ་རྩོམ་པ་གྱིས་ཤིག་ཅེས། །ནན་གྱིས་བསྒོས་ནས་བྲི་གཞིའི་ལྡེབ་མའང་བྱིན། །དམ་པའི་ཞལ་གདམས་དམན་པས་ཉན་རིགས་ཀྱང་། །གདོལ་པའི་གཏམ་ལ་སུ་ཡིས་ཡིད་ཆེས་འོས། །འོན་ཀྱང་རི་དྭགས་རོ་ལས་གླ་རྩི་བཞིན། །ལེགས་པར་བཤད་པ་ཀུན་ལས་བླང་འོས་ཡིན། །དམ་པ་དུ་མས་ཐུགས་རྗེས་བཟུང་བ་དང་། །མཁས་པའི་གཞུང་ལ་ཅུང་ཟད་སྦྱངས་པའི་མཐུས། །ཉམས་སུ་མ་བླངས་ནེ་ཙོའི་འདོན་པ་ལྟའི། །ལེགས་བཤད་སྨྲ་བ་ལྷ་ཡུལ་བྱ་བཞིན་དབང་། །དེ་སླད་སྤོབས་པ་བསྐྱེད་དེ་ཐོས་པ་དང་། །བསམ་དང་སྒོམ་པའི་གནས་ལས་ལེགས་བརྩམས་ཏེ། །ཁྱོད་ལ་ཅུང་ཟད་གསོལ་གྱིས་འདིར་གསོན་ལ། །བླང་འོས་ལགས་ན་བུང་བས་སྦྲང་བཞིན་བྱེད། །ཀྱེ་ལགས་ཐོས་པ་རིན་ཆེན་སྒྲོན་མེ་སྟེ། །ཐར་ལམ་སྣང་བྱེད་ལམ་དང་ལམ་མིན་འབྱེད། །བླང་དོར་གོ་འབྱེད་མིག་དང་འདྲ་བས་ན། །ལམ་ཞུགས་རྣམས་ཀྱིས་ཅིས་ཀྱང་བསྟེན་འོས་ཡིན། །དྲུག་པའི་ས་བརྙེས་རྒྱལ་སྲས་ཆེ་རྣམས་ཀྱང་། །ཚིགས་བཅད་གཅིག་ཕྱིར་སྟོང་གསུམ་མེ་མདག་གིས། །གང་ལས་འབོག་ནས་ཐོས་པ་འཚོལ་མཛད་ན། །གནས་འདི་འདོར་ལ་ལམ་བཟང་ཇི་ལྟར་ཡོད། །ཐར་པའི་ཆ་མཐུན་ཚོགས་ཀྱི་ལམ་མཆོག་ཏུ། །ཐོས་པ་ཁོ་ནས་རང་རྒྱུད་གྲོལ་དགོས་ཀྱི། །སྒོམ་པའི་ཡེ་ཤེས་ཅིག་ཅར་སྐྱེ་དཀའ་བས། །ཤེས་རབ་གསུམ་ལས་དང་པོར་ཐོས་པ་བསྔགས། །ཐོས་བྲལ་གང་ཟག་བསམ་དང་སྒོམ་པ་ལ། །སྦྱོར་བར་རློམ་ཡང་ལམ་དང་ལམ་མིན་པ། །ཤེས་པ་མེད་པས་ལམ་གོལ་གཡང་ས་རུ། །མུན་པར་རྡོ་འཕེན་རང་རྒྱུད་བསླུས་པ་མང་། །ཐོས་པ་བྱ་བ་གསུང་རབ་རིན་པོ་ཆེ། །རྒྱལ་བའི་སྡེ་སྣོད་བྱིན་རླབས་འོད་སྣང་ཅན། །ཚིག་གཅིག་ཐོས་ཀྱང་བསྐལ་མང་སྒྲིབ་སྦྱོང་བའི། །ཁྱད་ཆོས་དགོངས་ལ་ཉན་ཀློག་ལྟ་བ་བརྩོན། །རྒྱལ་དང་རྒྱལ་སྲས་སེམས་དཔའ་ཆེ་རྣམས་ཀྱི། །མཛད་པའི་ཚུལ་དང་བསམ་གྱིས་མི་ཁྱབ་པའི། །ཆོས་ཚུལ་མཐོང་ནས་ཐུན་མོང་མ་ཡིན་པའི། །མོས་གུས་སྐྱེ་ངེས་ཆོས་ཀྱི་བྱིན་རླབས་ཡིན། །འདི་ལ་མོས་བློ་སྐད་ཅིག་སྐྱེས་པས་ཀྱང་། །བསྐལ་མང་སྒྲིབ་བྱང་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་མི་འབྲལ་རྒྱལ་དང་རྒྱལ་སྲས་དྲུང་། །པདྨོའི་སྟན་གནས་དམ་ཆོས་ཉན་པར་དབང་། །དེ་སླད་གཉིས་སུ་མེད་གསུང་སངས་རྒྱས་ཀྱི། །གསུང་རབ་ཐོག་མཐའ་བར་དུ་དགེ་བ་སྟེ། །འཁྲུལ་མེད་ལེགས་བཤད་གཅིག་པུར་ཤེས་གྱིས་ལ། །ཐོས་པའི་སྒོ་ཆེན་དང་པོ་ཕྱོགས་འདིར་དབྱེ། །བཀའ་ཡི་དགོངས་འགྲེལ་ཕུན་ཚོགས་བསྟན་བཅོས་གཞུང་། །འཕགས་ཡུལ་རྒྱན་དྲུག་ཞི་ལྷ་ཟླ་གྲགས་དང་། །ཡོངས་གྲགས་གྲུབ་བརྙེས་རྒྱལ་བ་དངོས་འདྲ་བའི། །ལེགས་བཤད་ཐོས་བསམ་འཇུག་སྒོ་གཉིས་པར་བཟུང་། །ཁྱད་པར་འཇམ་པའི་དབྱངས་དངོས་ཞི་བ་ལྷའི། །གཞུང་བཟང་བྱང་ཆུབ་ལམ་གྱི་སྲོག་གཅིག་པུར། །བཟུང་ནས་གྲུབ་བརྒྱའི་སྤྱི་མེས་ས་ར་ཧའི། །དོ་ཧའི་སྐོར་ལས་བློ་བྲལ་ཡེ་ཤེས་བཙལ། །ལྔ་རིག་སྣང་བའི་ཉིན་བྱེད་ས་པན་རྗེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་བ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །ཕྱོགས་ལྷུང་གདོན་གྱི་དབང་དུ་མ་གྱུར་བས། །རྣམ་གསུམ་མཁས་པའི་གཞུང་ལ་ལེགས་སྦྱངས་ན། །ཡོངས་རྫོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཇི་སྙེད་གཟུངས་དང་སྤོབས་པའི་ཡུལ་དུ་འགྱུར། །མཁས་པའི་གཞུང་ལ་གོམས་པ་ཆེར་བསྐྱེད་ནས། །འཁྲུལ་མེད་ལམ་ལ་ངེས་ཤེས་མ་ཐོབ་བར། །རྟོག་གེ་ཟོལ་མའི་ཆགས་སྡང་བསྟན་བཅོས་དང་། །རྫུན་གཏེར་ཟོག་པོའི་བསླུ་ཆོས་དུག་ལྟར་འཛེམ། །རང་བློ་ཡང་དག་ལམ་ལས་མི་ཕྱེད་ཅིང་། །སྤང་བླང་གནས་ལ་སྤྱོད་པའི་སྐལ་ཐོབ་ཚེ། །ངང་པས་ཆུ་ལས་འོ་མ་ཇི་ལྟ་བར། །ཕྱོགས་མེད་གཞུང་ལས་ལེགས་བཤད་ཆ་ཤས་ལོངས། །དེ་ཚེ་ཐོས་པའི་ཉིན་བྱེད་བཀྲག་འབར་བ། །རྨོངས་བློའི་མུན་པ་འཇོམས་པའི་དཀྱིལ་འཁོར་དེ། །བློ་གྲོས་རླུང་གི་རྟ་བདུན་ལ་ཞོན་ནས། །འཆད་རྩོད་རྩོམ་པའི་གླིང་བཞི་འོས་ཀྱང་བསྐོར། །ཐོས་པའི་ཚིག་གི་གོ་ཡུལ་མ་ངན་ཡང་། །བསམ་པས་རང་གི་རྒྱུད་ལ་མ་སྦྱར་ན། །རང་རྒྱུད་ཡང་དག་ལམ་ལས་ཕྱི་རོལ་དུ། །གྱུར་ནས་ངན་འགྲོའི་གཡང་སར་འཁྱམས་པ་མང་། །དེ་སླད་ཐོས་པའི་ཆོས་རྣམས་རང་རྒྱུད་ལ། །སྦྱར་ནས་ནན་ཏན་བསམ་པས་ཉམས་བླངས་ན། །ཆོས་དང་སེམས་སུ་འདྲེས་ནས་རྒྱུད་གྲོལ་ཞིང་། །ཐོས་པ་མི་བརྗེད་གཟུངས་ཀྱིས་རྒྱས་ཐོབ་འགྱུར། །སྡེ་སྣོད་རྒྱ་ཆེ་གཞུང་ལུགས་གྲངས་མང་ཡང་། །ཀུན་གྱི་སྙིང་པོ་རྒྱལ་བའི་ལམ་དུ་གཅིག །རྒྱལ་བའི་ལམ་བཟང་སྨོན་འཇུག་བྱང་ཆུབ་སེམས། །འདི་ལས་གཞན་མེད་ཆོས་ཀུན་ཉིང་ཁུ་ཡིན། །དམ་ཆོས་འོ་མའི་རྒྱ་མཚོ་བསྲུབས་པའི་སྐྱེས། །བྱང་ཆུབ་སེམས་མཆོག་མར་གྱི་ཉིང་ཁུ་འདི། །ཐར་པའི་སྲོག་གི་ཟུངས་གཅིག་འགྲན་ཟླ་མེད། །དེ་ཕྱིར་ཆོས་ཀྱི་སྡོམ་དུ་བསམ་པར་མཛོད། །ཆོས་གཅིག་བསམས་ན་ཆོས་ཀུན་དེར་འདུ་ཞིང་། །ཆོས་ཀུན་བསམས་ཀྱང་མཐར་ཐུག་དེར་འབབས་པ། །ཆོས་ཀྱི་སྙིང་པོ་སེམས་མཆོག་རིན་པོ་ཆེ། །འདི་ལ་སྤྲོས་ཏེ་ཆོས་རྣམས་བསམ་པར་མཛོད། །དེ་ལྟར་བསམས་ན་རྒྱལ་བའི་ཆོས་མཛོད་ཡིན། །རང་གཞན་གྲུབ་མཐའི་ཆགས་སྡང་རང་སར་ཞི། །བསྟན་པ་ཐམས་ཅད་འགལ་མེད་གཅིག་ཏུ་རྟོགས། །རྒྱལ་བའི་ལམ་དང་ནམ་ཡང་འབྲལ་བ་མེད། །དེ་ལྟར་མ་ཤེས་ཕྱོགས་རེའི་ཐོས་པའི་རྗེས། །བསམས་ཤིང་བསམས་ན་འཆལ་བའི་ཤེས་རབ་སྐྱེ། །གཞུང་ལུགས་ཐམས་ཅད་འགལ་འདུ་ཁོ་ནར་མཐོང་། །ཆགས་སྡང་དབང་གིས་རང་གཞན་ཕྱོགས་སུ་རྩོད། །ཁྱད་ཆོས་བྱེད་འདོད་ཆོས་སྤངས་ལས་མང་བསག །ཐ་སྙད་རྟོག་གེའི་རྩོད་པ་རྣམ་འཕེལ་ཏེ། །ཡང་དག་གཞུང་ལུགས་ལོག་པའི་ལམ་དུ་འགྲེལ། །ཆོས་ལ་བརྟེན་ནས་ཆོས་མིན་འཕེལ་བར་འགྱུར། །ཆགས་དང་སྡང་ཞུགས་མི་བཟད་ཀུན་སློང་འཕེལ། །ཆོས་མིན་ཆོས་ལྟར་བཅོས་ནས་སྟོན་པ་དང་། །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་བའི། །བྱང་ཆུབ་སེམས་དཔའ་ཕམ་པའི་ལག་རྗེས་སུ། །ཤར་བའི་ཡིག་ཕྲན་བདུད་ཀྱིས་བྱས་པ་ན། །རང་སྡེས་མཐོང་ན་ལོག་པའི་ལམ་འགྲོ་ཞིང་། །གཞན་སྡེས་མཐོང་ན་བསྟན་པའི་བླ་འཚོང་ལ། །སུ་ཡིས་མཐོང་ཡང་ཆགས་སྡང་ཁོ་ན་འཕེལ། །དེ་སླད་གསར་ཕྱོགས་རྟོག་གེ་ཟོལ་མ་དང་། །རྙིང་ཕྱོགས་རྫུན་གཏེར་ཟོག་པོའི་བདུད་ལས་འདིས། །ཐར་འདོད་ལོག་ལམ་ཁྲིད་པ་གྲངས་མང་ཞིང་། །བསྟན་སེལ་སྡེ་འཁྲུགས་སློང་བའི་རྗེས་མི་འབྲང་། །ཡང་དག་ལམ་ལ་ཐོས་བསམ་བྱས་པའི་རྗེས། །སྒོམ་པའི་ཉམས་ལེན་བླ་མའི་མན་ངག་བཞིན། །བྱང་ཆུབ་སེམས་ཀྱི་བསླབ་པས་གཞི་བཟུང་ནས། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོར་དྲིལ། །བྱང་ཆུབ་སེམས་བྲལ་བསྐྱེད་རྫོགས་སྒོམ་ལོ་ཡང་། །ཐར་པའི་ལམ་དུ་འགྲོ་བར་དཀའ་བས་ན། །ཡང་དག་རྒྱལ་བའི་ལམ་བཟང་གཞུང་བསྲངས་ཏེ། །ཀུན་ཏུ་བཟང་པོའི་སྤྱོད་ལ་དོན་གཉེར་དགོས། །བསྐྱེད་རིམ་གསང་ཆེན་ལམ་གྱི་གཞི་མ་སྟེ། །གསང་སྔགས་ཐབས་ཀྱིས་ཆེ་བའི་ཁྱད་ཆོས་མཆོག །ཐ་མལ་མཚན་རྟོག་སྡོམ་ལ་མེད་ཐབས་མེད། །དེ་ཕྱིར་འོག་མིན་བགྲོད་པའི་ཐེམ་སྐས་བཞིན། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱུར་གྱི་བར། །རྟོག་པའི་ལྷ་སྐུར་རྩལ་སྦྱོང་ཆོས་ཉིད་དུ། །བསྲེ་བའི་སྣང་སྟོང་ཟུང་འཇུག་རྩལ་འབྱོངས་ནས། །སྲོག་སྡོམ་གཟེར་བཞིའི་མན་ངག་གནད་དུ་བསྣུན། །རྫོགས་རིམ་མཚན་བཅས་རྣམ་པ་གྲངས་མང་ཡང་། །ཀུན་གྱི་རྩ་བ་གཏུམ་མོའི་གནད་ལ་འདུས། །དེ་སླད་མན་ངག་གནད་དང་ལྡན་པ་ཡིས། །དྲོད་ཙམ་དོན་དུ་གཉེར་བ་མ་ཡིན་པར། །རླུང་སེམས་དབུ་མར་འཛུད་པའི་མན་ངག་གིས། །སྣང་གསུམ་དོན་གྱི་འོད་གསལ་ལ་འདྲེས་ན། །རིམ་ལྔ་ཆོས་དྲུག་སྦྱོར་དྲུག་ལ་སོགས་པ། །ཀུན་གྱི་གནད་དོན་གཅིག་ཏུ་འདུས་པ་ཡིན། །རྫོགས་ཆེན་ཀ་དག་ལྷུན་གྲུབ་ཟུང་འཇུག་ལམ། །ཁྲེགས་ཆོད་ཐོད་རྒལ་གདམས་པའི་ཉམས་ལེན་མཐིལ། །སྙིང་ཏིག་གསང་བའི་མན་ངག་ཇི་ལྟ་བར། །ཚེ་གཅིག་འོད་ལུས་འགྲུབ་པའི་ལམ་ལ་བསླབ། །དེ་ལྟར་ཐོས་བསམ་སྒོམ་པས་རྒྱལ་བའི་བསྟན། །ཡོངས་རྫོགས་རང་གི་རྒྱུད་ལ་ཉམས་ལེན་པའི། །གནད་དོན་དེ་ལྟར་དགོངས་ན་བསྟན་པ་ཀུན། །འགལ་མེད་ལམ་གྱི་ཆ་ལག་གཅིག་ཏུ་རྟོགས། །དེ་ཕྱིར་རྒྱལ་བའི་བསྟན་པའི་གནད་སྟོན་པའི། །ལེགས་བཤད་ཚིག་འདིས་ཁྱེད་ཐུགས་དགྱེས་སྐྱེད་པའི། །ཆོས་བཞིན་སྨྲ་བའི་ཨ་བུ་ཧྲལ་པོ་ཡང་། །ཆོས་ལ་གོམས་པས་བསྐལ་མང་འདའ་གྱུར་ཅིག །མངྒ་ལམ།

༈ བཀའ་དྲིན་མཚུངས་པ་མེད་པའི་ཐུགས་རྗེ་ཅན། །བྱིན་རླབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །ཡིད་ཆེས་ཁྱེད་ཤེས་དད་པས་གསོལ་བ་འདེབས། །རེ་ལྟོས་འགྲོ་བའི་ཤེས་རྒྱུད་ཆོས་ལ་སྒྱུར། །གྲོགས་ཁྱོད་ཡང་དག་ཆོས་ལ་སློབ་འདོད་ན། །སྙིང་ནས་ཡིད་ཆེས་དད་པ་རྩེ་གཅིག་གིས། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །བློ་གཏད་བསླུ་བ་མེད་པ་འདི་ལ་གྱིས། །ཆོས་རྣམས་ཀུན་གྱི་གཞི་རྟེན་སྐྱབས་འགྲོ་སྟེ། །སྐྱབས་འགྲོ་མེད་ན་ཐེག་དགུའི་ཆོས་ཤེས་ཀྱང་། །མུ་སྟེགས་ཕྱི་པའི་གཞུང་དང་ཁྱད་པར་མེད། །དེ་ཕྱིར་སྐྱབས་འགྲོ་ཆོས་ཀྱི་རྟེན་གཞིར་ཟུང་། །རྒྱལ་དང་རྒྱལ་སྲས་ཀུན་གྱི་བགྲོད་ཅིག་ལམ། །ཐེག་ཆེན་ལམ་གྱི་བློ་སྦྱོང་འདི་ཡིན་ཏེ། །བྱང་ཆུབ་སེམས་མཆོག་ཡིད་བཞིན་རིན་པོ་ཆེ། །འདི་ལ་མ་བརྟེན་རྫོགས་པའི་སངས་རྒྱས་མེད། །བྱང་ཆུབ་སེམས་ཀྱིས་མ་ཟིན་བསྐྱེད་རྫོགས་སོགས། །གསང་སྔགས་ལམ་གྱི་ཉམས་ལེན་བྱེད་ལོ་ཡང་། །ཐེག་ཆེན་ལྟ་ཅི་ནང་པའི་ཆོས་སུ་ཡང་། །འགྲོ་དང་མི་འགྲོ་ཤེས་པར་དཀའ་བ་ལགས། །བྱང་ཆུབ་སེམས་དང་ལྡན་ན་ཚེ་རབས་ཀུན། །ངན་འགྲོར་མི་ལྟུང་ཚོགས་གཉིས་ཤུགས་ཀྱིས་རྫོགས། །རང་གཞན་དོན་གཉིས་མ་ལུས་མཐར་ཕྱིན་ནས། །མཐར་ཐུག་རྫོགས་པའི་སངས་རྒྱས་ངེས་པར་ཐོབ། །དེ་ཕྱིར་སྐྱབས་སུ་འགྲོ་དང་སེམས་བསྐྱེད་པ། །འདི་གཉིས་ཆོས་རྣམས་ཀུན་གྱི་མདོ་འགག་སྟེ། །གཉིས་འདི་ཇི་ལྟར་བཤད་བཞིན་ཉམས་བླང་ན། །སྡོམ་པ་གསུམ་སོགས་ཆོས་ཀྱི་གནད་ཀུན་འདུས། །དེ་བས་གཉིས་འདིར་མ་འདུས་གཞན་པའམ། །གཉིས་པོ་འདི་ལས་ལྷག་པའི་ཉམས་ལེན་ཞིག །ངས་ནི་སྡེ་སྣོད་བལྟས་ཀྱང་མ་མཐོང་ལ། །དམ་པའི་བཤེས་གཉེན་བསྟེན་ཀྱང་མ་ཐོས་སོ། །གང་ཞིག་འཁོར་བ་མེ་དོང་འདྲ་བའི་འོབས། །འདི་རུ་ཚུད་ན་སྡུག་བསྔལ་རང་བཞིན་ཏེ། །བདེ་བའི་གོ་སྐབས་གང་ནའང་མེད་པའི་ཚུལ། །ཡང་དག་ཤེས་ནས་ངེས་འབྱུང་བློ་སྐྱེ་མཛོད། །ངེས་འབྱུང་འདི་ལ་བརྟེན་ནས་རང་དང་གཞན། །གཉིས་པོའི་དོན་དུ་སྐྱབས་སུ་འགྲོ་བ་དང་། །བླ་ན་མེད་པའི་བྱང་ཆུབ་སེམས་མཆོག་བསྐྱེད། །རྒྱུན་དུ་རང་གི་སེམས་ལ་བརྟགས་བྱ་སྟེ། །རང་རྒྱུད་རྣམ་རྟོག་ཡན་པར་མ་ཤོར་བར། །དགེ་བློ་བསྐྱེད་ཅིང་མི་དགེའི་རྟོག་པ་སྤང་། །གང་ཡང་རང་བཞིན་མེད་པར་ཤེས་པར་བྱ། །རྒྱུན་དུ་རང་གི་སེམས་ལ་མ་བརྟགས་ན། །ཆོས་སྒྲུབ་རློམ་ཡང་ང་རྒྱལ་སྣོན་མ་སྟེ། །གཞན་གྱིས་བསྟོད་ཅིང་དཀོར་ནག་འཕེལ་བའི་རྒྱུས། །ཆོས་དེ་ངན་སོང་སྐྱེ་བའི་སྣོན་མ་ལགས། །གཞན་གྱིས་མི་ཤེས་རང་སེམས་སྐོག་ཏུ་འདུལ། །ཆོས་དང་སེམས་རྒྱུད་དབྱེར་མེད་འདྲེས་པ་དེར། །བསྒོམས་བསྒོམས་བཟླས་བཟླས་ཁ་ཕོ་མེད་ན་ཡང་། །རྒྱལ་བ་རྣམས་ཀྱི་རྗེས་འཇུག་ངེས་པར་ཡིན། །དེ་ཕྱིར་ཁྱེད་ཀྱང་འདི་འདྲའི་ཚུལ་བསླབས་ཏེ། །ཆོས་བརྫུ་ཟོག་པོའི་རྗེས་སུ་མི་འབྲང་བར། །ཆོས་མཛད་དམ་པའི་མཛད་བཟང་ལྟར་བགྱིས་ཏེ། །རང་གཞན་དོན་གཉིས་མཐར་ཕྱིན་མཛད་པར་ཞུ། ཁོ་བོའི་རྒྱུད་ན་ཡོན་ཏན་སྣ་གཅིག་ཀྱང་། མེད་མོད་རྩ་བའི་བླ་མ་སངས་རྒྱས་དངོས། །དེ་ཡི་གསུང་སྒྲོས་མང་ཞིག་ཐོས་དེའི་ཕྱིར། །བཤད་པའི་ཚིག་འདི་ཡང་དག་ཆོས་དང་མཐུན། །དེ་སྐད་དམ་པ་གང་གི་བཀས་བསྐུལ་ནས། །མི་འདོད་ལས་ཀྱིས་དེད་པའི་སྒར་གྲལ་ནས། །བརྒྱ་བསམ་གཅིག་དོན་མེད་པའི་ལས་ངན་པོ། །ཁྱི་རྒན་དཔལ་དགེ་སྡོམ་པོས་བྲིས་མདོག་བྱས། །དགེའོ། །དགེའོ། །དགེའོ། །

༈ བླ་མ་ལ་ཕྱག་འཚལ་ལོ། །ཐོག་མཐའ་མི་མངོན་སྲིད་པའི་གྲོང་ཁྱེར་དུ། །སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་ཁམས་ལ། །གཅིག་ཏུ་བརྩེར་དགོངས་ཡེ་ཤེས་སྒྱུ་མའི་འཕྲུལ། །ཅིར་ཡང་ངོམ་མཛད་དཔལ་མགོན་བླ་མར་འདུད། །མ་རིག་ཤིང་ལ་དུག་ལྔའི་མེས་བཟུང་བའི། །རྨོངས་པའི་ཁ་འདི་ནགས་ཀྱི་མེ་ཆེན་བཞིན། །གདམས་པའི་རླན་བཅུད་སྤྲོ་བ་མ་མཆིས་ཀྱང་། །བསྐུལ་པའི་ཚུལ་གྱིས་རྔ་ལ་དབྱུག་གུ་བཞིན། །རང་ཉམས་མེད་པའི་བཤད་ཡམ་རི་དྭགས་ཁྱུས། །སྙིང་གི་སྡང་ཐང་ལྷས་སུ་བགྱིད་མོད་ཀྱང་། །ཐུགས་ལ་འཕྲོད་པའི་དོན་བཟང་བདུད་རྩིའི་ཞོ། །དམ་པའི་གྲོགས་ལ་དྲང་དུ་མེད་དེས་ནོངས། །དེ་ལྟ་ན་ཡང་གྲུབ་བརྙེས་གོང་མ་རྣམས། །ཕྱི་ཡི་ཡུལ་འདི་དཔེ་ཆར་གསུངས་པས་ན། །དཔེ་ལས་བཤུས་ཏེ་ངེས་ཤེས་དམ་པའི་དག །ཁྱེད་ལ་གསོལ་ན་བརྩེ་བའི་ཐུགས་ཀྱིས་དགོངས། །ཀྱེ་ལགས་ལྟོས་དང་མི་རྟག་སྲིན་མོའི་ཁ། །གླར་བའི་ཁྱོན་འདི་བདེན་བཞིའི་ཆོས་ཀུན་གྱི། །གླེང་གཞི་ལགས་ཏེ་འཁོར་བའི་གྲོང་ཁྱེར་ན། །སྣོད་བཅས་འཇིག་རྟེན་ཟ་བ་པོ་ཡང་འདི། །སྔར་ཞིག་བཀོད་ཅིང་བཀོད་པའི་སྟོང་ཁམས་བརྒྱ། །ཟོས་པའི་སྒྲེགས་སྐད་ཐོས་པ་ཡོད་ལགས་ཀྱང་། །ངེས་འབྱུང་རླུང་གིས་བ་སྤུ་མི་གཡོ་བ། །རྟག་འཛིན་བདུད་འདིས་ཡིད་དབང་འཕྲོག་པས་ལན། །ཀྱེ་མ་གཅིག་ཏུ་བརྟན་པའི་ནོར་འཛིན་མ། །སྲིད་ན་སྲ་བའི་དཔེ་རུ་བགྱི་མོད་ཀྱང་། །མི་རྟག་སྲིན་མོ་འདི་མཐོང་རླུང་ཤུགས་ཀྱིས། །བཏབ་པའི་རང་བཞིན་འདའ་བ་གཟིགས་ལགས་སམ། །ཚུལ་འདི་མཁས་པའི་རང་བཞིན་གྲོང་བའི་ཁྱིམ། །གྲུབ་པའི་གདན་སར་བཏགས་པའི་བརྗིད་བག་བརྒྱ། །གཏུབས་ནས་རྡུལ་གྱི་ཕུང་པོར་སྤུངས་པ་འདིས། །སེམས་ཤིག་ཡོད་ན་ངེས་འབྱུང་མགྲོན་དུ་འབོད། །མི་རྟག་སྲིན་མོས་བྱ་གཏོང་འདི་མཐོང་ཡང་། །ད་དུང་སྐྱོ་བ་མེད་པའི་ལུས་ཅན་པ། །རང་གསོད་འཇུར་བུ་བཅའ་བའི་བྲེལ་རྒྱུག་ལས། །ངེས་འབྱུང་ནགས་སུ་མི་འབྲོས་འདི་སྨྱོས་སམ། །ཀྱི་ཧུད་སུན་པ་མེད་པའི་འཁོར་བ་ན། །བྱ་བྱེད་མང་པོས་དམྱལ་བའི་འཐབ་མོ་བཞིན། །རང་གཞན་གཉིས་ཕུང་ལན་བརྒྱར་མཐོང་ན་ཡང་། །སྐྱོ་ནས་སྒྱུར་དུ་མེད་པ་འདི་ཅི་ཞིག །གདམས་ཟབ་ཐོང་བཤོལ་ཡོད་དགུའི་རྣོ་སོ་ཡང་། །འདེབས་ས་འདི་སྣང་ཐ་བ་འདི་ལགས་ན། །སྲིད་འབྱོར་རྡུལ་དུ་ཞིག་པའི་ལྟད་མོ་འདི། །གདམས་ཟབ་སྟོང་གི་ཉིང་ཁུ་ཉིད་དུ་དགོངས། །འཁྲུལ་མེད་རྒྱལ་བའི་བཀའ་ཞེས་གྲགས་ན་ཡང་། །དད་མེད་མིག་སྔར་ཤོག་ལོགས་རི་མོ་ཙམ། །ཟབ་གནད་དམ་པའི་གསུང་ཞེས་ཉན་ན་ཡང་། །ངེས་འབྱུང་མེད་ལ་ཞལ་གྱི་རླངས་པར་ཟད། །སྐྱེས་ཚད་འཆི་དང་བསགས་ཚད་འཛད་པ་དང་། །བརྩིགས་ཚད་འགྱེལ་བའི་སྣང་ཚུལ་ཕྱོགས་རེ་ཙམ། །མང་དུ་མཐོང་ཡང་སྙིང་ལ་མ་ངེས་པ། །ཆོས་ཀྱིས་དྲེད་པའི་རང་རྒྱུད་སྲ་བས་ལན། །མི་རྟག་ཡོད་དགུའི་སྣང་ཚུལ་དུས་གཅིག་ཏུ། །ངོམས་པའི་གཤིན་རྗེའི་གར་མཁན་སླེབ་པ་འདི། །དམ་པའི་གསུང་སྒྲོས་སྟོང་གི་བདེན་དཔང་དུ། །ངེས་ན་ཡིད་ཆེས་འདི་ལ་འཆའ་བར་རིགས། །སློབ་དཔོན་འདི་ལགས་གདམས་པའི་ཟབ་གནད་འདི། །དྲན་བགྱིད་སྐྱོ་ཤས་བསྐྱེད་འོས་འདི་ལགས་ཏེ། །ད་རེས་གཤིན་རྗེ་གདུག་པའི་གར་སྟབས་འདིས། །མི་རྟག་སྲིན་མོའི་འཇབ་ཁུར་བུད་པ་ལགས། །ཀྱེ་ལགས་ཕུན་ཚོགས་དབེན་པའི་ལྗོངས་ཤིག་ན། །དབེན་གསུམ་གྲིབ་བསིལ་སྣུམ་པའི་རེག་འཇམ་ཅན། །རབ་དགའི་ལྗོན་ཤིང་ལྷ་མོའི་མཛེས་སྡུག་གིས། །ལག་པད་སྐྱོད་བཞིན་འབོད་པ་དེ་གཟིགས་སམ། །རྒྱང་ནས་མི་རྟག་སྲིན་མོ་འཇབ་འདུག་ཀྱེ། །མཆོང་བའི་གོམས་སྟབས་ནམ་སླེབས་མི་ཤེས་ཀྱི། །མྱུར་བར་ང་ཅན་ཤོག་ཅེས་དུས་བཞིའི་མགྲོན། །གྲོགས་སུ་སྤྲན་ནས་འབོད་པ་མ་ལགས་སམ། །ལྷ་མོ་མཆོག་འདི་ལྷ་ཡི་ཡང་ལྷ་དེས། །ལྷ་སྲས་སྟོང་གི་མ་མ་ཡིན་སྐད་དེ། །འདི་དྲུང་བྱིན་ན་འཁྲུལ་པའི་ཁུར་ཆེན་ཡང་། །ཕོག་ནས་ངལ་བསོའི་སྟེགས་ལ་འགོད་ཅེས་ཐོས། །ངེས་འབྱུང་མདོག་དཀར་ཉམས་ལེན་བཅུད་ཀྱིས་རྒྱས། །དབེན་གསུམ་ཏོག་ལས་གཞིབས་པའི་སྟབས་བདེ་བ། །སྙིང་ལ་ངེས་པར་འབབ་པའི་ལྷ་ཆོས་བཅུད། །རོ་མངར་ནུ་མ་འདི་ཡིས་སྣུན་པར་ངེས། །སྔོན་བྱོན་དམ་པའི་སྐྱེ་བོ་སྟོང་དག་ཀྱང་། །འདི་དྲུང་ཕྱིན་པ་ཉམས་ལེན་བཅུད་གསོལ་ཏེ། །ཡོན་ཏན་ལུས་རྩལ་རྒྱས་པའི་གར་སྟབས་དང་། །རྟོགས་པའི་མྱོས་གླུ་ཅིར་ཡང་ངོམས་ཞེས་གྲགས། །ད་ལྟའི་དུས་ནའང་གཞན་ལ་ཕན་བརྩོན་ཞིང་། །མཐའ་ཡས་ཡོན་ཏན་གཏེར་ལ་དབང་བསྒྱུར་བའི། །དམ་པ་དེ་དག་དབེན་པའི་ནགས་ཚལ་ལ། །གཅིག་ཏུ་དགྱེས་དེས་བསླབ་གསུམ་རྫོགས་པ་ལགས། །དེ་སླད་ཁྱེད་ཀྱང་མཁས་པའི་རྗེས་བསླབས་ཏེ། །འདུ་འཛིའི་གནས་ལས་དབེན་པར་ཕེབས་ཟིན་དེས། །ཡི་རངས་མེ་ཏོག་ཆར་སིལ་འཐོར་བ་ལས། །སྐུལ་འདེབས་ལྷ་ཡི་རྔ་ཆེན་ང་ཅི་བརྡུང་། །འོན་ཀྱང་བག་ཡངས་གནས་ལས་བག་མེད་པས། །སྐྱེ་བ་ངེས་འབྱུང་བདུད་རྩིས་མ་ངོམས་ཤིང་། །སྐུལ་འདེབས་མི་རྟག་ལྕགས་ཀྱིས་བྲབ་ཉུང་བའི། །རྒྱུ་ལས་ངེས་པར་འབྱུང་བ་མཁྱེན་པར་མཛོད། །འཆི་བ་མ་དྲན་ཆོས་ཀྱི་གཟུགས་བརྙན་དེས། །འཆི་བདག་དྲུང་ན་ཆོས་གོ་མི་ཆོད་ཀྱི། །སེམས་དང་ཆོས་སུ་འདྲེས་པའི་ནོར་བུ་དེ། །རྟག་ཏུ་ཆོས་དོན་སེམས་པའི་ལག་རྗེས་ལགས། །ངུར་སྨྲིག་འཛིན་པའི་སེམས་ལ་གཡོ་སྒྱུ་དང་། །དབེན་པའི་ནགས་ན་ཚེ་འདི་གཉེར་བའི་ལས། །མཐོང་ནས་ལྷ་ཡི་རྒྱལ་པོས་དམོད་འདོར་བས། །རྟག་ཏུ་རང་སེམས་འདི་ལ་བྱ་ར་མཛོད། །འཁྲུལ་པའི་སེམས་འདི་ངེས་པར་མ་བཏུལ་ན། །མཆུ་འདབ་རླུང་གིས་བསྐྱོད་པའི་བཟླས་བརྗོད་དང་། །ལེགས་སྨོན་དུག་གིས་བསྐྱེད་པའི་སྲུང་སྡོམ་དེ། །འབྲས་བུ་ཐར་མཆོག་བཅུད་དུ་སྨིན་པར་དཀའ། །དྲན་དང་ཤེས་བཞིན་སེམས་ཀྱི་ཁ་ལོ་པ། །བག་ཡོད་སེམས་ཀྱི་སྲུང་མ་དཔའ་བོ་སྟེ། །བྱང་ཆུབ་སེམས་མཆོག་སེམས་ཀྱི་ནོར་བུ་འདི། །ཤེས་ནས་སེམས་འདི་དབྱིག་དང་ལྡན་པར་མཛོད། །སེམས་ཀྱི་བུ་ཆུང་ཡན་པར་ཤོར་བ་འདི། །དྲན་ཤེས་རྒན་པོའི་མིག་ལྕིབས་འགེབས་ཆོང་ཡང་། །ཚུལ་མིན་ཡིད་བྱེད་ཚུལ་ལ་རྒྱུག་འཆོར་བས། །ལས་གཞན་སྤངས་ནས་འདི་ངོ་ཅེར་རེ་འཚོས། །ཕྱིན་དྲུག་ལམ་དང་བསྐྱེད་རྫོགས་རྫོགས་ཆེན་དོན། །འདི་ལ་དགོས་ཀྱི་གཞན་དུ་སུ་ཡིས་སྤྱོད། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་པ་ཡང་། །འབབ་ས་སེམས་ཀྱི་ཞིང་ས་འདི་ཁོ་ན། །གཞན་གྱིས་མཐོང་དང་རང་གིས་བགྲང་རྒྱུ་ཡོད། །བྱས་ཡུས་ཅན་གྱི་ཆོས་དེ་གཟུགས་བརྙན་ཙམ། །ལགས་ཏེ་དེ་འདྲ་ང་རྒྱལ་སྣོན་མ་ལས། །ཐར་པའི་ལམ་དང་ཞལ་འདྲེས་མེད་པ་འདྲ། །འཁྲུལ་པའི་སེམས་དང་འཐབ་མོ་རྒྱུན་བསྲིངས་བས། །ཆོས་དང་རང་སེམས་ལྐོག་ནས་འདྲེས་པ་དེ། །ཆོས་བྱས་སྙམ་དུ་རློམ་པ་མི་སྐྱེ་ཡང་། །ལྷ་དང་བླ་མ་དེ་ལ་དགྱེས་པར་འདུག །དེ་སླད་དྲན་པའི་མདུང་རྣོན་དེ་བརྡར་ནས། །རྟག་ཏུ་སེམས་ཀྱི་སྒོ་འདི་བསྲུང་ནུས་ན། །ཐེག་གསུམ་ལམ་གྱི་ཡོན་ཏན་ཇི་སྙེད་པ། །མ་ཚོར་ཤུགས་ཀྱིས་རྒྱུད་ལ་མཛའ་བར་འགྱུར། །ཕྱོགས་འདི་གང་གིས་བཟུང་བའི་འདུས་པའི་སྡེ། །འདི་ན་ལམ་གྱི་སྲོལ་ཆེན་གཉིས་སྣང་སྟེ། །གཅིག་གིས་ཆོས་དང་གཅིག་གིས་རྙེད་པ་ཡིས། །རྙེད་པ་བསྒྲུབ་ལ་ཕྱག་ལེན་གཅིག་ཏུ་མཐུན། །སོ་དཀར་གཞོན་པའི་དུས་ན་འདོད་ལྔའི་ཡུལ། །རང་དགའ་དང་དུ་བླངས་ཏེ་རྩེས་རྩེས་ནས། །ཕྱེད་དཀར་མགོ་སྐྱེས་དུས་ན་སྒྲུབ་པའི་ཟོལ། །དབུ་དཀར་བླ་མའི་རྣམ་རོལ་དང་པོ་ལགས། །ཟ་ཆོག་ཚོགས་གྲལ་འགྲིམ་པ་གཞོན་ནུའི་དུས། །སྐྱ་སེར་གཉིས་གོ་ཆོད་པ་བར་དུ་སྟེ། །ཕྱི་ནས་རྒྱ་དབུས་འགྲིམ་པའི་ཚོང་དཔོན་དུ། །ཆས་པ་ཕྱོགས་འདིའི་ལམ་སྲོལ་གཉིས་པ་ལགས། །གཉིས་པོ་གང་ཡང་བསྟན་པའི་བཅུད་ཆེན་པོ། །འཛིན་པའི་བུམ་བཟང་ལགས་ཞེས་དར་དམར་གྱི། །མགུལ་ཆིངས་སྒྲོན་པའི་ཚེ་ན་འཆི་བདག་གིས། །ལྕགས་ཀྱུའི་རྩེ་ཡང་དེ་ལ་ཉེ་བར་གྱུར། །སྔར་ནས་ཆོས་དང་རང་རྒྱུད་མ་བསྲེས་པས། །དེ་བློ་བསྟན་པའི་ཕྱོགས་སུ་ཅི་སྟེ་འགྲོ། །ཚེ་གང་ཚེ་འདིའི་ཕྱོགས་སུ་ཤོར་ཤོར་ནས། །འཆི་ཁ་བྲང་ལག་འཐབ་ཚེ་འགྱོད་ཀྱང་འཕྱིས། །དེ་བས་ཁྱེད་ཀྱང་དབེན་པའི་ནགས་ཁྲོད་དུ། །རང་གི་ཚེ་འདི་དོན་ཡོད་འདའ་བྱས་ན། །འདི་སྣང་ཆེ་དགུས་ཞལ་འཛུམ་མ་བསྩལ་ཡང་། །ལྷ་དང་བླ་མ་དབྱིངས་ནས་དགྱེས་པར་ངེས། །རང་དྲིན་རང་ལ་ཆེ་བའི་ཉམས་ལེན་ཞིག །ནུས་ན་དལ་འབྱོར་རིན་ཆེན་དོན་བཅས་ཏེ། །བསྒྲུབས་འབྲས་ཚེ་འདིའི་ཕྱོགས་སུ་ཤོར་བ་ཕལ། །ལམ་རིང་ཕྱི་མའི་རྒྱགས་ཕྱེ་གང་དུ་ཚོལ། །ཀྱེ་མ་བྱང་ཆུབ་སེམས་མཆོག་དམ་པའི་ལམ། །ལམ་འདི་སྲས་བཅས་རྒྱལ་བའི་གཤེགས་ཤུལ་ཏེ། །ལམ་མཆོག་འདི་ལ་བརྟེན་ན་རྣམ་མཁྱེན་ལམ། །རིང་བ་མིན་ཞེས་ལམ་མཐར་ཕྱིན་ཀུན་གསུངས། །དེ་སླད་བདེན་གཉིས་རང་བཞིན་དམ་པའི་སེམས། །སྙིང་གི་བདུད་རྩིར་སྤྱོད་དུ་ཡོད་པ་འདི། །བསྐལ་མང་རྙེད་དཀར་དགོངས་ནས་ཉམས་ལེན་རྒྱུན། །འཆི་བས་གཏུགས་པ་དེ་སྲིད་གཏོང་མི་འཚལ། །དེའང་རྣམ་པ་ཀུན་ཏུ་དོན་ཆེ་བས། །སྐྱེ་དང་སྐྱེ་བར་འཕགས་པའི་རིགས་སད་ཅིང་། །མཐར་ཐུག་རྣམ་མཁྱེན་ཡེ་ཤེས་སྒྲིབ་བྲལ་དུ། །རྒྱས་ནས་སྲིད་ན་ཆོས་ཆར་འབེབས་པར་འགྱུར། །དེ་ལྟར་གང་གསོལ་འདི་ཡང་དོན་བཅས་ཏེ། །མཚུངས་མེད་བླ་མ་སངས་རྒྱས་དངོས་ཤིག་གིས། །གསུང་གིས་བསྐྱངས་ཕྱིར་གསུང་སྒྲོས་ཉག་གཅིག་ཕྱིར། །ཞལ་གྱི་གདམས་པར་བཏགས་ཀྱང་འོས་པ་ཙམ། །གཞན་དུ་རང་རྒྱུད་ཆོས་དང་མ་འདྲེས་པའི། །བག་མེད་བདག་ལྟས་གདམས་ངག་ཅི་འཆད་དེ། །ཁ་སྦུབ་བུམ་པའི་དྲུང་ན་ཞལ་སྐམ་ཡང་། །དེ་ལས་བཏུང་བའི་རེ་བ་སུ་ཞིག་འཆའ། །འདི་ན་མཁས་གྲུབ་ཉི་ཟླའི་དཀྱིལ་འཁོར་ཟུང་། །བཀྲག་ཏུ་འབར་དྲུང་སྲིན་བུའི་འོད་སྣང་ལ། །གཟིགས་ས་རྩེད་མོའི་རྣམ་འགྱུར་ཡིན་མཆི་ཡང་། །འདི་རུ་ཅུང་ཟད་ངལ་ལས་དྲོན་གཞན་མེད། །དེ་སྐད་བུདྡྷའི་མཚན་ཅན་དེས་བསྐུལ་ནས། །ཁམས་གསུམ་ཟ་བར་བྱེད་པ་འཇིགས་བྱེད་དུས། །དུག་ལྔའི་མེ་དཔུང་འབར་བའི་འཛུམ་ཟེར་རྩེར། །ཡེ་ཤེས་སྣང་བ་འཆར་བ་ལ་དགའ་ཞིང་། །སྙིང་གི་ཉི་མ་འཇམ་མགོན་སྨྲ་བའི་ལྷར། །གསོལ་བ་འདེབས་པའི་ཨ་བུ་ཧྲལ་པོས་བྲིས། །དེ་ལས་རབ་དགེ་ཅུང་ཟད་ཐོབ་སྲིད་ན། །དགེ་བ་དེ་ཡང་གཏམ་འདི་སྐུལ་བ་པོའི། །རྗེས་སུ་འབྲངས་ནས་སྐྱེ་དང་ཚེ་རབས་སུ། །སྙིང་པོའི་སྒྲུབ་པ་མཐར་ཕྱིན་གྲོགས་བགྱིད་ཤོག །ཅེས་མདོ་སྨད་ཀྱི་མཁས་པ་ཤུ་བྷཾ་ཤྲཱི་ཞེས་བྱ་བས་སྦྱར་བའོ། །དགེའོ། །

༈ འཇིག་རྟེན་འཁྲུལ་སྣང་འཁོར་བ་ཡི་གྲོང་ན། །ཟིན་དུས་མེད་པའི་བྱ་བྱེད་ཀྱི་རྣམ་གྲངས། །དགོས་འབྲས་མེད་པའི་མགོ་སྐོར་འདི་མཐོང་ནས། །ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་། །ཡུལ་དགོན་འབྲེལ་པའི་དགེ་འདུན་གྱི་སྡེ་ན། །སྙིང་པོ་མེད་པའི་རྣམ་གཡེང་གི་འདུ་ལོང་། །བྱ་བྱེད་བྲེལ་དོའི་ལས་ཀ་འདི་མཐོང་ནས། །ཨ་བུའི་སེམས་པ༴ སུ་ལ་བལྟས་ཀྱང་འཆི་ལ་ནི་ཁད་ཁད། །གང་ལ་བསམ་ཀྱང་འཆི་མེད་ཀྱི་རྟག་རྩིས། །ཡི་མུག་སྐྱེ་བའི་ཤོམ་ར་འདི་མཐོང་ནས། །ཨ་བུའི་སེམས་པ༴ སུ་དང་འགྲོགས་ཀྱང་ཆགས་སྡང་གི་སྣོན་མ། །གང་དང་འབྲེལ་ཀྱང་གཡོ་སྒྱུ་ཡི་མགོ་བསྐོར། །དགེ་རྐྱེན་མེད་པའི་གྲོགས་མང་འདི་མཐོང་ནས། །ཨ་བུའི་སེམས་པ༴ ཉོན་མོངས་དགྲ་འདིའི་ཁམས་གསུམ་ཀུན་བསླུས་བསླུས། །རྣམ་གཡེང་འཁོར་ལོ་རིགས་དྲུག་འདིས་བསྐོར་བསྐོར། །སྡུག་བསྔལ་བསྐྱེད་པའི་ལས་ཐབས་འདི་མཐོང་ནས། །ཨ་བུའི་སེམས་པ༴ བསླུ་མེད་མགོན་པོ་བླ་མ་དང་དཀོན་མཆོག །དབེན་པར་སླེབས་ནས་དབེན་གནས་སུ་སྲན་ཚུག །གནས་ལ་བརྟེན་ནས་ལུས་དབེན་དང་ངག་དབེན། དེ་ལ་བརྟེན་ནས་སེམས་དབེན་ཡང་སྐྱེ་བའི། །དབེན་རི་ཟིན་པའི་བྱིན་རླབས་ཤིག་གནོངས་ཤོག །

༈ མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས། །རྒྱལ་བ་ཀུན་ལས་ཐུགས་རྗེ་ལྷག་པ། །སྙིང་གི་དབུས་སུ་འབྲལ་བ་མེད་པར། །བཞུགས་ནས་མགོན་དེས་བྱིན་གྱིས་རློབས་ཤིག །སྲིད་གསུམ་མི་རྟག་སྒྱུ་མའི་གྲོང་ཁྱེར། །འཁྲུལ་སྣང་འཁོར་བའི་ལས་ཚུལ་གཟིགས་དང་། །སྐྱོ་ཤས་ངེས་འབྱུང་མི་སྐྱེ་དབང་མེད། །ཐར་ལམ་ཆོས་ཀྱི་སྐུལ་མར་འདུག་གོ། སྣ་ཚོགས་སྣང་བ་འཁྲུལ་བའི་གྲོང་ན། །འཁྲུལ་པས་བསླུས་པའི་འགྲོ་བ་འདི་དག །བདེ་བ་འདོད་པའི་རྣམ་རིག་བཀྲ་བཞིན། །སྡུག་བསྔལ་རྒྱུ་ལ་འབད་པ་ཨེ་གཟིགས། །དམ་པའི་ཆོས་ཀྱི་སྒོ་རུ་ཞུགས་ནས། །སྟོན་པའི་རྗེས་འཇུག་ཚུལ་ཙམ་འཛིན་ཀྱང་། །འདུན་པའི་རྩེ་མོ་ཚེ་འདིར་གཏད་པའི། །འདི་ཕྱི་གཉིས་མེད་དེ་འདྲ་མང་ངོ་། ཁ་ཚིག་གཟུགས་ཀྱིས་བཅོས་མའི་ཆོས་པ། །ཡང་དག་ཆོས་དང་རྒྱང་ཐག་རིང་སྟེ། །ལུང་རྟོགས་ཡོན་ཏན་གང་དུ་སོང་བ། །སྙིགས་མའི་ཆོས་པས་ཤེས་ཚོད་མ་རེད། །ལུས་ངག་ཡིད་གསུམ་གཙོ་བོ་སེམས་ཞེས། །རྙིང་སྒོམ་རྒན་པོའི་ཁ་སྲོལ་བདེན་ན། །ལྷ་ཆོས་སྒྲུབ་ལ་སེམས་རང་གཙོ་ཡིས། །གཞན་གྱིས་མི་ཕན་ཟེར་རྒྱུ་མིན་ནམ། །སེམས་ལ་རང་འདོད་ཕུགས་སུ་བཅུག་ནས། །བཅོས་མའི་སྤྱོད་ལམ་ལུས་འཁྱུག་ལྡེམ་ལྡེམ། །སྐྱབས་མགོན་རྗེ་ཞེས་གཅམ་བུས་འབོད་པ། །དམ་པ་བསྟེན་ཚུལ་ཆོས་མཐུན་མ་ལགས། །ཁ་གཏིང་མེད་པའི་མོས་གུས་དག་པས། །ཅི་མཛད་ལེགས་མཐོང་ངེས་ཤེས་ངང་ནས། །བླ་མའི་དྲུང་དུ་ཞབས་ཏོག་བསྒྲུབ་ན། །ཚོགས་གཉིས་ཟུང་འབྲེལ་དེ་རང་ལགས་སོ། །འཆི་བདག་མི་ཤེས་གྲྭ་སའི་གྲྭ་གཞོན། །འཆི་ཁ་ཆོས་མེད་སྤྱི་བརྟོལ་ལག་རྐྱང་། །འཆི་བ་དྲན་ནས་ལྷ་ཆོས་བསམ་པ། །ཡོད་རང་སྲིད་ན་ངོ་མཚར་ཆེའོ། །ཆོས་པ་ཡིན་མདོག་ཆོས་བརྫུའི་བསླུ་བྲིད། །ཆོས་གཏམ་གཏོང་བ་དེང་སང་མང་སྟེ། །ཆོས་བཞིན་སྤྱོད་འདོད་སེམས་ཀྱི་རྣམ་རྟོག །ཆོས་མཐུན་ཤར་ན་ངོ་མཚར་ཆེའོ། །ཆོས་གོས་ཟད་ཟད་ཆོས་གྲལ་འགྲིམས་ཀྱང་། །ཉིས་བརྒྱ་ལྔ་བཅུའི་མིང་ཙམ་གླེང་ན། །བཞིན་གྱི་རྣམ་འགྱུར་ཁྲོ་གཉེར་ངོམ་པའི། །དགེ་སློང་དེ་ལ་རྒྱལ་བ་མི་མཉེས། །རྡོར་དྲིལ་ཟད་ཟད་ཚོགས་གྲལ་འགྲིམས་ཀྱང་། །རིམ་གཉིས་ལམ་ལ་ཐན་དུ་བརྩི་བའི། །སྔགས་པ་དེ་འདྲ་ཕྱག་ལེན་མཁས་ཀྱང་། །རྡོ་རྗེ་འཆང་གི་རྗེས་འཇུག་མ་ཡིན། །ཆོས་སྒོར་ཞུགས་ནས་ཆོས་མིན་སྤྱོད་ཅིང་། །ཆོས་བཞིན་སྤྱོད་ལ་ཁྲེལ་གྱིས་འདེབས་པ། །དུས་ངན་བདོ་བའི་མཐའ་དམག་སྟོང་ལས། །སྙིགས་མའི་སྤྱོད་ཚུལ་འདི་རང་ཐུའོ། །ལས་ངན་དུད་འགྲོའི་ལུས་མང་དོར་ལ། །དུས་ཀྱི་མཐའ་ཞེས་ཐམས་ཅད་སྡངས་ཀྱང་། །ངན་འགྲོར་ལྟུང་བ་དུས་ངན་མ་ལགས། །དུས་ངན་དངོས་ནི་སྤྱོད་ངན་ལགས་སོ། །སྤྱོད་ངན་འཕེལ་བའི་དུས་ངན་བདོ་བ། །སྙིགས་མའི་དུས་ཀྱི་རང་གཟུགས་ལགས་ཀྱང་། །ཆོས་མཐུན་སེམས་ལ་སྐྱིད་དགུ་འཆར་བ། །དྲང་པོའི་བློ་ཡི་བྱིན་རླབས་ལགས་སོ། །གཡོ་སྒྱུའི་ཚུལ་གྱིས་ཕྱི་སྤྱོད་བཅོས་བཅོས། །ཟོལ་མའི་མཁར་ལ་རེ་ཞིག་བརྟེན་ཡང་། །རྟོག་ངན་དུག་རོ་ཁོང་དུ་ཉལ་བ། །འཆི་ཁ་ཚུན་ལ་མི་མངོན་མི་སྲིད། །རང་སེམས་ཟོལ་མེད་དཔང་དུ་བཙུགས་ནས། །དྲང་པོའི་ལམ་ལ་རང་བཞིན་གནས་ན། །ཆོས་དང་འཇིག་རྟེན་དེ་ལ་འདུ་སྟེ། །དེང་སང་འགྲོ་བ་དེ་ལ་མི་མགུ། །དྲང་པོའི་གཏམ་ལ་རྩུབ་མོར་བརྩི་ཞིང་། །དྲང་པོའི་སེམས་ལ་གླེན་པར་བརྩི་བའི། །དྲང་པོ་མེད་པའི་དེང་སང་འགྲོ་བས། །དྲང་པོའི་ལམ་ལ་སྨད་མཁན་མང་ངོ་། །ཕྱི་ཚུལ་འཁྱུག་འཁྱུག་བཅོས་མའི་སྤྱོད་ལ། །ནང་ཚུལ་འཁྱུག་འཁྱུག་གཡོ་སྒྱུའི་རྣམ་རྟོག །དེང་སང་སྐྱེ་བོ་ཤིང་རྩེའི་བྱིའུ་ཆུང་། །འཁྱུག་ཅིང་འཁྱུག་ཅིང་མདོ་མེད་བྱེད་དོ། །གྲྭ་ས་ཡིན་ཞེས་འགྲིག་འགྲིག་ཡིན་ཡིན། །གཡོ་སྒྱུའི་ལོ་མ་སྒྲིབ་བྱེད་བཟང་སྟེ། །རྒྱལ་བའི་ལམ་བཟང་བསླབ་པ་མེད་ན། །ཐར་ལམ་གྲྭ་ས་འཆོར་བར་འདུག་གོ །གཟན་ཤམ་གཅུ་པའི་གྲྭ་གཞོན་གྲལ་རྒྱུག །དབྱར་དགུན་མེད་པར་ཡོན་འབུལ་སྡུད་དེ། །འཆི་བདག་གཤིན་རྗེའི་ཡོན་བདག་བྱེད་ཚེ། །ད་ལྟའི་འདི་འདྲའི་ཡོན་བདག་མེད་འདྲ། །ཡོན་ཏན་མཁན་པོས་ཡོན་འབུལ་བསྡུས་བསྡུས། །མ་ཟོས་མ་བསགས་གར་སོང་མེད་པས། །བསགས་ཤིང་བསགས་ཤིང་ཇེ་ཉུང་འགྲོ་བ། །ཞབས་རྡོལ་སྣོད་དུ་བླུགས་པ་མིན་ནམ། །ནོར་འདོད་མཁན་པོས་ལོངས་སྤྱོད་བསགས་བསགས། །ཡོད་ཀྱིན་ཡོད་ཀྱིན་དགོས་རྒྱུ་མང་བས། །དུག་ཅིག་རྙེད་ཀྱང་ཟ་བར་འདུག་སྟེ། །ངན་འགྲོར་འགྲོ་བའི་སྔ་ལྟས་རེད་ཀོ །འབྱོར་བས་ཁེངས་པའི་སྡང་མིག་ཡོན་པོ། །འཁོར་གྱི་དབུས་ན་བདུད་བཞིན་རྔམ་སྟེ། །འཆི་བདག་བདུད་པོས་ཐིབས་ཀྱིས་ནོན་ཚེ། །ཆེ་དགུའི་རང་ཚུགས་དེ་དུས་འཆོར་རོ། །ལྷ་གཡག་བཞིན་དུ་ཞོལ་ཞོལ་འགྱིངས་པའི། །མི་ལུས་གཡག་སེམས་སྣང་བ་མཐོ་སྟེ། །འཆི་བདག་བདུད་པོས་ཐིབས་ཀྱིས་ནོན་ཚེ། །མཆི་མ་ཙ་རེ་ཡི་མུག་སྐྱེའོ། །རང་དོན་ཕུག་བཅུག་བྱ་བའི་ཞོར་ལ། །ཁྲལ་དུ་བབ་པའི་ལས་སྒོ་སྒྲུབ་པ། །བསྟན་དོན་བྱས་ཞེས་ཁ་བོ་བྱེད་དེ། །བསྟན་དོན་དངོས་དེ་དེ་ན་མེད་འདྲ། །བསྟན་པ་མི་ཤེས་བསྟན་དོན་སྒྲུབ་པའི། །བསྟན་འཛིན་དེ་འདྲ་དེང་སང་མང་སྟེ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་ཆེན། །རྨིང་ནས་བཤིགས་ལ་དེ་ཚེ་ཐུའོ། །ཞེས་པ་འདི་ནི་དུས་གནས་དང་མཐུན་པའི་མགུར་འདི་ལུང་རིགས་སྨྲ་བའི་ཉི་མ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་སྨྲས་པ་དགེ་ལེགས་འཕེལ། །དགེའོ། །

༈ སྣང་བ་སྒྱུ་མའི་ཡུལ་ལ། །འཁྲུལ་པའི་ཞེན་པ་བརྟག་ན། །སྒྱུ་མ་འཁྲུལ་པ་བསླུ་སྲིད། །སྣང་སེམས་ཆུ་དང་ཟླ་གཟུགས། །ཤེས་ན་དུ་མ་རོ་གཅིག །གཞོན་ནུའི་ལང་ཚོ་དར་ལ། །རྒན་པོའི་མིག་དབང་གཡེང་ན། །ཞེན་པའི་དུག་རོ་ལྡང་སྲིད། །ལུས་འཛིན་དབྱིངས་སུ་གྲོལ་ན། །རྒན་གཞོན་དུ་མ་རོ་གཅིག །སྐྱེ་བའི་རིམ་པ་གསུམ་ལ། །ཞེན་པའི་རྟག་འཛིན་ཆེ་ན། །འཆི་བའི་སྡུག་བསྔལ་ཆེ་སྲིད། །རིག་པའི་ཐིག་ལེ་གཅིག་ལ། །སྐྱེ་ཤི་དུ་མ་རོ་གཅིག །འདུས་པའི་སྤུན་ཟླ་མཛའ་བཤེས། །བརྩེ་བའི་ཕྲེང་ཐག་དམ་ན། །འབྲལ་བའི་སྡུག་ཡུས་ཆེ་སྲིད། །འཁོར་བའི་སྣང་ཚུལ་ཤེས་ན། །འདུ་འབྲལ་དུ་མ་རོ་གཅིག །ལྷ་ལ་རེ་བ་ཆེ་ན། །འདྲེ་ལ་དོགས་པ་སྐྱེ་ཡོང་། །སྣང་སྲིད་ལྷ་རུ་ཤེས་ན། །ལྷ་འདྲེ་དུ་མ་རོ་གཅིག །རྟོག་པའི་རྗེས་མཐའ་དེད་ན། །བྱ་བའི་སྣེ་བརྒྱ་ལྡང་ཡོང་། །རྟོག་མེད་སེམས་ལ་བལྟས་ན། །བྱར་མེད་རོ་ཉལ་རྒྱབ་ཆོག །ཟེར་ཚད་ཁ་ལ་ཉན་ན། །འདི་བྱེད་བྱེད་ཚོད་མེད་ཀྱང་། །རང་ཐག་རང་གིས་བཅད་ན། །བློ་སྣ་བཙན་ཐབས་སྟུང་ཆོག །བཟང་མཐོང་གཞན་གྱིས་ཆེ་ཡང་། །རང་སྐྱོན་རང་གིས་མཐོང་ན། །བཟང་རྫུ་བྱེད་དོན་མི་འདུག །ངན་པས་རོ་སྐུང་བྱེད་རན། །ཝ་ཡིས་རྒྱལ་ས་གཟུང་གཟུང་། །དོན་འབྲས་སྔར་ཡོད་དེ་ཙམ། །དོན་མེད་ལྷག་པས་གདུང་ཚེ། །ཝ་རྒན་ཁུང་ཕུག་སྙེགས་རན། །སྨར་བས་ཟེར་ཚད་བསྒྲུབ་ན། །རྡོ་ཡུལ་མཐོང་བར་དཀའ་ལ། །འགྲོ་ཚོད་རང་གིས་བཟུང་ན། རྡོ་སྨར་ལ་ཁའི་ལྟོ་རྒྱབ། །ཧ་ཧ་སྐྱོ་གཏམ་དེ་ལགས། །ཧེ་ཧེ་དོན་མེད་ཆ་ཙམ། །ཧོ་ཧོ་ཐོལ་བྱུང་ཐལ་ལོ། །དཔལ་སྤྲུལ་པས་སོ། །

༈ སྐྱབས་གསུམ་ཀུན་འདུས་རྡོ་རྗེ་འཆང་ཆེན། །རྩ་བའི་བླ་མ་སངས་རྒྱས་ཀུན་དངོས། །རྟག་ཏུ་མི་འབྲལ་སྤྱི་བོར་བཞུགས་ཤིང་། །དུས་གསུམ་འབྲལ་མེད་བྱིན་གྱིས་རློབས་ཤིག །སྙིང་ནས་ཆོས་ལ་མོས་པའི་གྲོགས་ཁྱེད། །སྙིང་གཏམ་ཡི་གེ་བྲིས་ལ་བྱིན་ཞེས། །སྙིང་འདྲའི་ཚིག་གིས་ཡང་ཡང་བསྐུལ་ངོར། །སྙིང་ནས་བརྩེ་བའི་མཆིད་འདི་ཞུའོ། །ཐར་པའི་ལམ་གྱི་འཇུག་སྒོ་དང་པོ། །ཡང་དག་བླ་མ་བསྟེན་ལ་ཐུག་པས། །ཚུལ་མཐུན་མོས་གུས་ལྟེམ་རྐྱང་མེད་པར། །ཅི་གསུང་བཀའ་བཞིན་བསྒྲུབ་གལ་ཆེའོ། །འོན་ཀྱང་དེང་སང་སྙིགས་མའི་དུས་འདིར། །ཚེ་འདིའི་འདོད་པ་སྙིང་ལ་བཅིངས་སྟེ། །གཡོ་རྒྱུའི་བླ་མ་བསྟེན་མཁན་མང་བས། །དེ་འདྲའི་ཚུལ་ལས་ལྡོག་པ་གཅེས་སོ། །དེ་ཡི་ཕྱིར་ན་རང་གི་འདོད་པ། །གང་ཡིན་སྙིང་པོ་ཡང་དང་ཡང་དུ། །སྦ་གསང་མེད་པར་སྙིང་གི་ཁོང་ནས། །དྲན་གསོ་ངག་གིས་ཞུ་བསྐུལ་དགོས་སོ། །དགོས་འདོད་འབྱུང་བ་ནོར་བུ་ཡིན་ཀྱང་། །ཁྲུས་བྱས་རྒྱལ་མཚན་རྩེ་མོར་ཕྱར་ནས། །གསོལ་འདེབས་སྨོན་ལམ་འདེབས་མཁན་མེད་ན། །ནོར་བུ་ཡིན་ཀྱང་དགོས་འདོད་མི་འབྱུང་། །ཆོས་ཀྱི་འབྱུང་གནས་བླ་མ་ཡིན་ཀྱང་། །ཟབ་ཆོས་ཞུ་བའི་བསྐུལ་མ་མེད་ན། །ཆོས་ཟབ་གནང་པའི་དུས་ཤིག་མེད་པས། །འདོད་དོན་ལྷ་ཆོས་ཞུ་གལ་ཆེ་འོ། །སྔ་མ་གང་གནང་ཉམས་ལེན་མེད་པར། །ད་དུང་ཐོབ་འདོད་གདུང་བ་བསྐྱེད་ཀྱང་། །ཐུགས་སུན་བཀའ་བཀྱོན་རྒྱུ་ལས་མེད་པས། །རྒྱུན་དུ་དགེ་སྦྱོར་རིམ་པ་གལ་ཆེ། །གནད་དོན་ཤེས་པས་ཉམས་སུ་ལེན་དགོས། །ཆོས་ཀྱི་སྙིང་པོ་སྐྱབས་འགྲོ་སེམས་བསྐྱེད། །འདི་གཉིས་ཁོ་ནས་སངས་རྒྱས་འགྲུབ་པས། །ཟབ་ཟབ་མང་པོའི་འདོད་གདུང་མི་དགོས། །ཆོས་ཀྱི་འཇུག་སྒོ་བློ་ལྡོག་རྣམ་བཞི། །ཇི་བཞིན་རྒྱུད་ལ་སྐྱེ་བ་མེད་ན། །ཆོས་གཞན་ཐོས་ཀྱང་ཆུད་ཟོས་འཆོར་བས། །འབད་པས་རང་རྒྱུད་འདུལ་བ་གལ་ཆེ། །བྱིན་ན་མི་ཟ་བཞག་ན་རྐུ་དེས། །ཐོབ་པའི་ཆོས་རྣམས་ཡལ་བར་བོར་ནས། །དེ་མིན་གཞན་ཞིག་སྒྲུབ་ཁུལ་བྱས་ཀྱང་། །ཆོས་དྲེད་དམ་ཉམས་རྒྱུ་ལས་མེད་དོ། །བློ་སྦྱང་རང་སེམས་དུལ་བ་མེད་པར། །ལུས་ངག་ཆོས་ཀྱིས་སེམས་ལ་མི་ཕན། །དེས་ན་བློ་ལྡོག་བཞི་དང་སེམས་བསྐྱེད། །ཡང་ཡང་སེམས་ཀྱིས་བསྒོམ་པ་གལ་ཆེ། །འདི་དག་ཇི་བཞིན་རྒྱུད་ལ་སྐྱེས་ནས། །རང་བློ་གཡོ་མེད་ཆོས་ལ་ཚུད་ན། །གོང་མ་གོང་མའི་གདམས་ཟབ་མཐའ་དག །རིམ་བཞིན་བླ་མ་མཆོག་གིས་གནང་འོང་། །མ་ཀི་དལ་འབྱོར་རྙེད་དཀའ་ནས་བཟུང་། །གསང་སྔགས་བསྐྱེད་རྫོགས་རྩ་རླུང་གཏུམ་མོ། །རྫོགས་ཆེན་ཉེ་ལམ་ཁྲེགས་ཆོད་ཉམས་ལེན། །འདིར་མ་འདུས་པའི་ཆོས་ཤིག་མེད་དོ། །དེས་ན་སྔོན་ཆད་གང་ཐོབ་དེ་ལས། །ལྷག་ཅིག་ད་གདོད་ཞུ་དགོས་མེད་པས། །ཐོབ་ཚད་ཆོས་ལ་ཐེ་ཚོམ་ཆོད་པའི། །དོགས་སེལ་ཞུན་མཐར་ཞུ་གལ་ཆེའོ། །སྐྱབས་འགྲོ་ལ་སོགས་འབུམ་ལྔ་སྦྱངས་ནས། །མོས་གུས་གསང་ལམ་བླ་མའི་རྣལ་འབྱོར། །འབུམ་ཕྲག་བརྒྱ་ཡི་བསྙེན་པ་སྐྱེལ་བ། །བརྒྱུད་པ་འདི་ཡི་ཕྱག་སྲོལ་ལགས་མོད། །དེས་ན་སྔོན་འགྲོའི་སྦྱངས་པ་ཙམ་ཡང་། །ཇི་བཞིན་མཐའ་རྒྱུད་འཁྱོལ་བར་བྱས་ན། །ཕྱི་མ་ཟངས་མདོག་དཔལ་རིར་སྐྱེ་ངེས། །ཞལ་བཞེས་འདུག་པ་ཁྲིད་ཡིག་གཟིགས་མཛོད། །མ་བཅོས་རང་རིག་ཐ་མལ་ཤེས་པ། །ཟངས་ཀ་རྒྱ་ཡན་གཉུག་མའི་ཆོས་སྐུ། །སེམས་ཀྱི་དེ་ཉིད་རྗེན་པར་གཟིགས་ལ། །རྩལ་སྣང་རྣམ་རྟོག་ཤར་གྲོལ་སྐྱོངས་མཛོད། །དེ་ལས་གཞན་དུ་ཉམས་ལེན་གནད་འགག །སྔོན་ཆད་ཡང་ཡང་ཞུ་བསྐུལ་ཕུལ་བ། །དེ་ལས་ལྷག་ཅིག་འཆད་རྒྱུ་མེད་པས། །དེ་དག་རྣམས་ལ་ཉམས་ལེན་མཛད་ཞུ། །དེ་སྐད་ཆོས་མཐུན་གྲོགས་ཀྱིས་བསྐུལ་ནས། །མདོ་མེད་འཁྱམས་པོ་དེ་ཡིས་བྲིས་ལ། །ངེས་ངེས་དོན་བཟང་ཟབ་མོ་མེད་ཀྱང་། །དྲང་པོའི་སྙིང་གཏམ་རྗེན་པ་ལགས་སོ། །དགེ་བ་དེ་ཡིས་ཚེ་རབས་ཀུན་ཏུ། །ཚོམ་བུ་གཅིག་ཏུ་འབྲལ་བ་མེད་པར། །གྲུབ་དབང་བླ་མ་ལྕམ་དྲལ་དྲུང་དུ། །སྐྱེས་ནས་ཆོས་ཀྱིས་དགའ་བར་སྤྱོད་སྨོན། །བཀྲ་ཤིས་དགེའོ། །

༈ སྐྱབས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ། །མཚུངས་མེད་ཐུགས་རྗེ་མཆོག་གི་གཏེར་མཛོད། །དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུང་ཞིག །ཀྱེ་མ་དེང་སང་སྙིགས་མའི་དུས་འདིར། །ཆོས་ཁྲིམས་དར་གྱི་མདུད་པ་ལྷོད་ཅིང་། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག་ནས། །བྱ་སྤྱོད་ཐམས་ཅད་ལོག་པར་སོང་མཐུས། །སྣོད་བཅུད་ཐམས་ཅད་སྡུག་བསྔལ་རང་བཞིན། །སྤྱོད་ལམ་ཐམས་ཅད་མ་རབས་ལད་མོ། །སྨྲ་བརྗོད་ཐམས་ཅད་རྫུན་གྱི་འཁོར་ལོ། །ལོངས་སྤྱོད་ཐམས་ཅད་སྡིག་པའི་གཡོ་བཀོལ། །སྙིགས་མའི་རང་མཚང་འདི་འདྲ་ལགས་སོ། །ངེས་འབྱུང་བྱང་སེམས་ཆོས་ཀྱི་རྩ་བས། །རང་རྒྱུད་འདུལ་བ་ཡལ་བར་དོར་ནས། །སྔགས་སྤྱོད་ཐོ་ཅོས་མི་མགོ་བསྐོར་བསྐོར། །ཕྱི་མའི་འབྲས་བུ་དམ་སྲི་རྒྱལ་འགོང་། །བསྐྱེད་རྫོགས་མེད་པའི་མནན་བསྲེགས་འཕང་གསུམ། །ངག་ནུས་མེད་པའི་མཐུ་གཏད་བྱད་གསུམ། །དཔའ་དཔུང་མེད་པའི་དམེ་འཁྲུགས་གྱོད་གསུམ། །དུས་ངན་འབོད་པའི་གཡབ་མོ་འདུག་གོ། །གཏད་ན་མི་བསླུ་དཀོན་མཆོག་རིན་ཆེན། །སྐྱབས་གནས་གཅིག་ཆོག་ཡལ་བར་དོར་ནས། །ལྷ་ལ་བོས་ཀྱང་ལྷ་བསྲུང་མི་འགོ། །མི་ལ་རྒྱབ་བརྟེན་མེད་པ་དེ་ལགས། །འཕྲལ་ཕུག་དགེ་བ་བདེན་གཏམ་ཟོལ་མེད། །དྲང་པོའི་གཞུང་ལམ་ཡལ་བར་བོར་ནས། །གཡོ་སྒྱུའི་བསྐོར་ཡུས་ཆེད་དུ་གཉེར་ཡང་། །ནམ་ཕུག་ཕུང་པའི་བློ་ཉེས་དེ་ལགས། །ཕ་རོལ་ཟིལ་གནོན་བསོད་ནམས་གཟི་བརྗིད། །དཀོན་མཆོག་མཆོད་པའི་རང་འབྲས་ལགས་ན། །གཞན་འབྱོར་མི་བཟོད་ཕྲག་དོག་སྤྱོད་པའི། །བསམ་ངན་མཚོན་ཆ་རང་ལ་འཁོར་འོང་། །རྒྱལ་པོའི་སྲིད་དང་ཡུལ་གྱི་དར་གུད། །སྐབས་རེ་སྐབས་རེའི་དུས་ཀྱི་འགྱུར་བ། །རྟག་བརྟན་མེད་པ་འཁོར་བའི་མཚན་ཉིད། །གཏིང་ནས་གོ་ན་དགའ་སྡུག་ཅི་དགོས། །ཅུང་ཟད་ལེགས་ན་ཁེངས་པ་སྐྱེ་ཞིང་། །ཕྲན་ཚེགས་ཉེས་ན་སེམས་རྩ་ཞུམ་པ། །དཔའ་བརྟན་སྐྱེ་བོའི་སྤྱོད་པ་མ་ལགས། །མི་ཁེངས་མི་ཞུམ་དམ་པའི་རང་གཤིས། །དོན་ཆེན་བསྒྲུབ་ལ་ངར་ཆེན་བསྲིང་ན། །ཆོས་དང་སྲིད་ཀྱི་བྱ་བ་གང་ཡང་། །འདི་འདྲ་འདི་དགོས་སྐབས་སུ་བབས་དུས། །ལེགས་ལམ་འགྱུར་མེད་ཤུགས་ཀྱིས་འཁོར་འོང་། །འདོད་འབྱུང་ནོར་བུ་བསམ་པ་བཟང་པོ། །དགྲ་གཉེན་མེད་པར་རྒྱུད་ལ་སྐྱེས་ན། །བསམ་པའི་དོན་ཀུན་མི་འགྲུབ་མི་སྲིད། །རྒྱལ་སྲས་སྤྱི་ཡི་ལམ་ཆེན་དེ་ཡིན། །བྱ་བའི་ལེགས་ཉེས་ལས་ཀྱིས་བསྐོས་པས། །འདི་བྱ་འདི་བྱེད་བསམ་བློ་མ་མང་། །རང་སེམས་གཡེང་བ་གྲོག་སྐམ་ཉ་རྒྱ། །རེ་འདོད་འབྲས་བུ་འབྱོར་པ་དཀའ་འོང་། །ཀུན་ལ་ཕན་འདོད་བསམ་པ་བཟང་པོ། །གཞི་རུ་བཟུང་ན་ལུས་ངག་བྱ་སྤྱོད། །ཅི་ལྟར་བྱས་ཀྱང་དམ་པའི་ཆོས་ཡིན། །གཅིག་ཆོག་འདི་ལ་གཅིག་ཏུ་དྲིལ་མཛོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཤེས་ན། །ཆོས་དང་སྲིད་ཀྱི་བྱ་བ་མི་འགལ། །དེ་ཡི་རྩ་བ་གཞན་ཕན་སྙིང་རྗེ། །སྐད་ཅིག་རེ་བཞིན་མི་བརྗེད་དྲན་མཛོད། །གདོས་བཅས་ལུས་འདི་རང་དབང་མེད་ཀྱང་། །རྣམ་རྟོག་སེམས་འདི་གཞན་དབང་མི་འགྱུར། །ཆོས་དང་རང་སེམས་འཕྲལ་འཕྲལ་བསྲེས་ན། །ལྷ་ཆོས་བསྒྲུབ་ཟེར་གཡེལ་ཆེན་མི་དགོས། །དད་དང་སྙིང་རྗེ་རྒྱུད་ལ་བརྟེན་ན། །མ་བྱེད་ཟེར་མཁན་སུ་ཡང་མི་འོང་། །མཆོག་གསུམ་བླ་མར་གསོལ་བ་བཏབ་ན། །ཆོས་མཐུན་བྱ་བ་ཤུགས་ཀྱིས་འགྲུབ་འོང་། །མཁར་ལས་རྩིགས་བཟོའི་གྲབ་ཤམ་ལྟ་བུ། །ཐར་ལམ་བསྒྲུབ་ལ་དགོས་པ་མ་ལགས། །སྐད་ཅིག་གཅིག་ལ་སེམས་ཀྱི་རྣམ་རྟོག །ཆོས་ཕྱོགས་བསྒྱུར་བ་དེ་ག་ལགས་མོད། །འཇིག་རྟེན་བྱ་བ་ཐམས་ཅད་བཞག་ནས། །ཆོས་བསྒྲུབ་ཟེར་བ་ད་ལྟ་དཀའ་བས། །འཇིག་རྟེན་བྱ་བ་ཅི་བྱེད་ཐམས་ཅད། །བསམ་པ་བཟང་པོའི་གསེར་འགྱུར་རྩིས་ཐོབ། །དེ་ལྟར་མཛད་ན་ལུགས་གཉིས་ལྗོན་བཟང་། །དཔག་བསམ་དཔལ་མོའི་འབྲས་བུ་བཟུང་ནས། །ལྷ་ཡི་རྒྱལ་སྲིད་དབུ་རྨོག་བཙན་པའི། །རབ་དཀར་དགེ་བའི་སྨོན་འདུན་ཞུའོ། །རྒན་པོའི་མིག་བརྟུལ་བློ་རིག་རྒུད་ཅིང་། །སྣག་ཤོག་སོགས་ཀྱི་འབྱོར་པ་དཀོན་པས། །གང་ཐུགས་དགྱེས་པའི་འཕྲིན་ཡིག་དཀའ་ཡང་། །དམ་པའི་བཀའ་གསུང་གཅོག་པར་མ་ནུས། །གཅོས་གཏམ་དུམ་ཆོད་ཡི་གེར་བྲིས་ནས། །འཕྲལ་དུ་གང་དྲན་ཕུལ་བ་དེ་ལགས། །དགོངས་འཚམས་མེད་པར་བརྩེ་བ་ཁོ་ནས། །སྤྱན་གྱིས་གཟིགས་ཕྱོགས་གནང་བར་ཞུའོ། །

༈ བླ་མ་ལགས། ང་རང་ཆུང་ནས་ཆོས་དང་མཇལ། ཆོས་སྒོར་ཞུགས། སློབ་གཉེར་སོགས་བྱས་ཀྱང་རང་རྒྱུད་ཉོན་མོངས་རགས་པའི་དབང་གིས་སོ་ཐར་དང་སྔགས་ཀྱི་དམ་སྡོམ་ཐམས་ཅད་དང་འགལ་བས་ཚེ་གཅིག་ཉམས་ལེན་ལ་འབད་ཀྱང་སེམས་གནས་ཕྲ་མོ་ཙམ་ཡང་སྐྱེ་མ་ནུས། དེ་ལྟར་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པ་གཉིས་མེད་པའི་ཤེས་རབ་ཀྱི་བསླབ་པ་དང་གནམ་ས་ལྟར་རིང་། །སློབ་གཉེར་མང་ཞིག་བྱས་པས་ལུང་གི་ཡོན་ཏན་མདོ་སྔགས་གཉིས་ཀའི་ཚིག་དོན་བཤད་པ་དང་རྩོམ་པ་གང་བྱས་ཀྱང་ལེགས་པར་འོང་བས། ཇི་སྐད་དུ། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །དུག་ལ་སྨན་དུ་མ་འཛིན་ཨང་། །ཞེས་པ་ལྟར་བདུད་ལས་ཀྱི་དབང་གིས་སམ་གཞན་ཀུན་གྱིས་བསྟོད་བཀུར་དང་སྙན་གྲགས་བྱུང་། ཁྱེད་ལ་གསར་རྙིང་ཐམས་ཅད་མོས་པས་སྐྱེ་བོ་ཀུན་ལ་ཞལ་མཇལ་གསུང་ཐོས་རེ་གྱིས་དང་། དེས་ཆོག་པ་ཡོད་ཟེར་ནས་ཁ་ཏ་བྱེད་པ་ཡང་བྱུང་མོད། དེ་ལྟར་བྱས་ན་སོས་དལ་ཞིང་ལྟོ་གོས་འབོལ་བ་ཞིག་འབྱུང་བར་ཤེས་ཀྱང་། སྤྱོད་འཇུག་ལས། བདག་ནི་རྙེད་མང་བཀུར་སྟིར་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །ཞེས་པ་དེ་ལ་བསམས་ཏེ་ཟོལ་ཟོག་བྱེད་མ་ཕོད། གཞན་གྱིས་ཁྱོད་གྲུབ་ཐོབ་རེད། བཟང་པོ་རེད་ཟེར་བ་སོགས་ཡིན་ཁུལ་བྱས་ནས་དང་དུ་བླངས་ན་མི་ཆོས་བླ་མའི་རྫུན་དུ་འགྱུར་བར་གསུངས་པ་དེ་ལ་སྐྲག་ནས་རང་ཚུལ་རྗེན་པར་བདེན་གཏམ་ཡང་ཡང་ཀུན་ལ་སྨྲ་བའི་རྒྱུ་མཚན་དེ་ཡིན། །ད་ལྟ་བུ་ལུང་གི་ཡོན་ཏན་ཅུང་ཟད་ཡོད་ཀྱང་རྟོགས་པའི་ཡོན་ཏན་སྤུ་ཙམ་མེད་པ་སྔོན་གྱི་དགེ་སློང་དྲུག་སྡེ་སོགས་ལྟ་བུ་ཞིག་གི་ཁ་ངོ་ལྟ་བ་དང་། ལག་པས་རེག་པ་སོགས་དོན་མེད་པ་ལ་དོན་ཡོད་པ་ལྟར་བྱས་ནས་གཞན་མགོ་བསྐོར་མ་ཕོད་པ་ཡིན་མ་གཏོགས། ཕ་རོལ་ཕྱུག་དབུལ་གྱི་ཁྱད་པར་དང་། ཨ་བུ་དང་བླ་མ་ཚང་སོགས་ཟེར་ལུགས་ཀྱི་ཁྱད་པར་ཙམ་ལ་དགའ་མི་དགའ་བྱེད་པ་ག་ལ་ཡིན་མི་ཤེས་པ་རྣམས་ལྟ་ཅི་སྨོས། ཅུང་ཟད་ཤེས་ཁུལ་གྱིས་ལུང་འདྲེན་མང་པོ་བྱེད་མཁན་རྣམས་ཀྱང་སྟོང་འུད་ཀྱི་རྗེས་སུ་འབྲངས་ནས་ངལ་བ་དོན་མེད་འདི་ཙམ་བྱེད་པ་སྙིང་རེ་རྗེ་ནས་མགོ་གཡོག་མ་ཕོད་པ་ལ་ཡིད་ཆད་མི་བྱེད་པར་ཞུ། ལར་དད་པ་ཟེར་བ་དེ་དཀོན་མཆོག་གསུམ་ལ་ཡིད་ཆེས་པ་ལ་ཟེར། དཀོན་མཆོག་གསུམ་ལས་ཀྱང་སངས་རྒྱས་དང་དགེ་འདུན་ཁྱད་པར་ཅན་དུ་བྱེད་མཁན་ཆོས་ཡིན་པས་དམ་པའི་ཆོས་ལ་ཡིད་ཆེས་ཀྱི་དད་པ་བྱེད་དགོས། ཆོས་དེ་ཡང་བདེན་བཞིའི་བླང་དོར་སྟོན་པ་ཡིན་ལ་དེའང་ལས་རྒྱུ་འབྲས་ཤེས་པ་ལ་འདུས་པས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཞེས་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས་པ་ཡིན། དེ་ལས་གཞན་གང་ཟག་ཞིག་གི་རྒྱུད་ཚོད་ལ་རང་གིས་བརྟགས་ལོ་དང་། གཞན་གྱིས་ཟེར་ལོ་ལ་མཉན་ནས་དད་པ་བྱེད་ཁུལ་བྱེད་པ་དེ་གང་ལྟར་ཡང་སྒྲོ་འདོགས་དང་སྐུར་འདེབས་གང་རུང་ལས་མི་འདའ་བས་ལོག་ལྟ་ཡིན། ཆོས་བྱེད་པ་དེ་ནང་དུ་རང་རྒྱུད་ཀྱི་ཉོན་མོངས་འདི་ལ་བྱ་ར་བྱས་ནས་གཉེན་པོས་འདུལ་ཅི་ཐུབ་བྱེད་པ་དེ་ཡིན་ཏེ། ཨོ་རྒྱན་ཆེན་པོས་ཉོན་མོངས་ཟད་ན་ཆོས་ལ་བྱ་རྒྱུ་མེད། །ཅེས་གསུངས་པ་དེ་རྣམས་མ་གོ་བར་ཕྱི་རོལ་དུ་གནས་ཡིན་ཟེར་བའི་ས་རྡོ་རི་བྲག་དང་། བླ་མ་བཟང་པོ་ཡིན་ཟེར་བའི་བན་རྒན་སོགས་ལ་བལྟས་ནས་དེ་དག་ལས་བྱིན་རླབས་འབྱུང་བར་རེ་བ་ལ་ཆོས་དྲེད་དུ་འགྲོ་བའི་རྒྱུ་ཙམ་ལས་ཕན་པ་ཅུང་ཟད་ཀྱང་མེད། བླ་མ་ལ་མོས་གུས་དང་གསོལ་འདེབས་བྱས་ན་ཡོན་ཏན་མང་པོ་ཡོད་སྐད་ཀྱི་ལུང་འདྲེན་བྱེད་པ་དེ་ཡང་བཀའ་དྲིན་སུམ་ལྡན་གྱི་བླ་མ་ལ་ཟེར་བ་ཡིན་གྱི་གང་རུང་རུང་གི་བན་རྒན་ཞིག་ལ་ཟེར་བ་མིན། བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ལས་ཀྱང་དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས། ཞེས་མོས་གུས་བྱེད་ས་དབང་དང་གདམས་ངག་ཐོབ་པའི་བླ་མ་དེ་ཡིན་པར་བཤད། བླ་མ་ལ་དད་པ་བྱེད་པ་དེ་ཡང་བཀའ་དྲིན་ལ་བསམ་ནས་མོས་གུས་བྱེད་དགོས་པ་ཡིན་གྱི་ཡོན་ཏན་ལ་བསམ་ནས་མོས་གུས་བྱེད་པ་ག་ལ་ཡིན། བླ་མ་ལ་སངས་རྒྱས་ལས་ལྷག་པའི་མོས་གུས་བྱེད་དགོས་པར་བཤད་པས་ཡོན་ཏན་ལ་བསམ་ན་སངས་རྒྱས་ལས་ལྷག་པ་ཞིག་ག་ལ་ཡོད། དེས་ན་རང་སེམས་ཆོས་སྐུར་ངོ་སྤྲོད་པས། །བདག་ལ་སངས་རྒྱས་ཀུན་ལས་ལྷག །ཞེས་པ་དང་། རྩ་བའི་བླ་མ་བཀའ་དྲིན་ཅན་ཞེས་ཀུན་ལ་གྲགས། བཀའ་དྲིན་དེ་ཡང་བླ་མ་དེའི་ཐུགས་རྗེས་རང་རྒྱུད་ལ་ཡོན་ཏན་གང་སྐྱེས་དེ་ལ་ཟེར་བ་ཡིན་གྱི། བླ་མས་ཆོས་བཤད་བཤད་པ་དང་། དབང་བསྐུར་བསྐུར་བ་སོགས་ཀྱིས་མིན་ཏེ། ཇོ་བོ་རྗེས། བླ་མ་ཐམས་ཅད་ལས་གསེར་གླིང་པ་མཆོག་ཏུ་མཛད་པའི་རྒྱུ་མཚན་གསུངས་པ་ལྟ་བུ་ཡིན་ཏེ། དཔེར་ན་སྤྲང་པོའི་བསམ་པ་དགའ་བ་དེ་ཡང་སྤྲུ་ཁུག་ཏུ་རྩམ་པ་བླུག་རྒྱུ་དེས་ཡིན་གྱི། ཕྱུག་པོ་ལ་རྩམ་པ་མང་བས་སྤྲང་པོ་ལ་ཅི་ཕན། ཕ་མ་ལ་བཀུར་སྟི་དགོས་པ་མདོ་འདུལ་ཀུན་ལས་གསུངས་པ་དེ་ཡང་ཕ་མའི་དྲིན་ལ་བསམ་པ་ཡིན་གྱི་ཕ་མའི་ཡོན་ཏན་ལ་བསམ་པ་ག་ལ་ཡིན། དེ་ལ་དད་པ་ཟེར་བ་དངོས་ཅི་ཡིན་དེ་དང་། ཆོས་བྱེད་ཟེར་བ་ཅི་ཡིན་དང་མོས་གུས་གསོལ་བ་འདེབས་པའི་བླ་མ་དེ་གང་ཡིན་གསུམ་པོ་འདི་མཁས་པར་རློམ་པ་རྣམས་ཀྱིས་ཀྱང་ཅི་བཞིན་མི་ཤེས་འདུག་པས་རྒྱལ་བའི་བཀའ་དང་མི་འགལ་བར་ཁྱེད་ལ་བཤད་པ་ཡིན་པས་དེ་ལ་ཆོས་འབྲེལ་མཛོད། ཡི་གེ་འདི་ཀུན་ལ་སྟོན། དོན་འདི་དག་ཀུན་ལ་ཤོད། བདེན་པར་འཛིན་མཁན་རེ་གཉིས་ཡོད་སྲིད་པས་དེ་ལྟར་མཛོད་ལ། ད་ནི་ཕེབས་སོང་། ལོ་དགུར་བསྡད་ཀྱང་། ཕྱག་དབང་འཇོག་མདོག་དང་། སྨོན་ལམ་འདེབས་ཁུལ་སོགས་དགོས་པ་མེད་པ་དེ་འདྲ་མི་བྱེད་ངེས་ཅན་ཡིན་པས་ཐུགས་ལ་ཞོག་ཨོཾ་མ་ཎི་པདྨེ་ཧཱུྃ། །དགེའོ།། །།

༈ རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །མཚུངས་མེད་བླ་མ་འཇའ་ལུས་རྡོ་རྗེ་ནི། །གངས་ལྗོངས་འཛིན་མའི་ཐ་གྲུར་འགྲན་བྲལ་པ། །འགྲོ་མགོན་མཆོག་དེས་ཁྱོད་ལ་ཤིས་པ་སྩོལ། ༡ །ཁྱོད་འདྲ་ཁྱོད་ལས་ལྷག་པ་གཞན་ཡོད་ཀྱང་། །ཉེས་པས་མ་ཡིན་མཐུན་པའི་སྐལ་བཟང་ལ། །ཕན་པའི་ཤ་ཚ་སྙིང་ཉེའི་གྲོས་གཏམ་ཞིག །སྙིང་གྲོགས་ཁྱོད་ལ་བཤད་ཀྱིས་ད་དགོངས་ཤིག།༢ །སྔོན་བསགས་འོ་མཚོ་གཅིག་ཏུ་འཁྱིལ་བ་ལས། །རྣམ་དཀར་རླབས་ཕྲེང་དཀར་པོ་གཡོ་བའི་རྩེར། །དལ་བའི་རྟེན་བཟང་འདོད་འབྱུང་མ་ཎི་ཀ །ཐོབ་པ་ཡལ་བར་མ་དོར་སྙིང་གི་བུ། ༣ །རྟག་བརྟན་རྡོ་རྗེའི་སྐུ་མཆོག་ཉེར་སྨིན་པ། །ཐུབ་དབང་མཚན་དཔེའི་ཉི་མ་ཡོལ་མཛད་ན། །སྙིང་པོ་མེད་པའི་ཆུ་ཤིང་རུལ་ལྟའི་ལུས། །འཇིག་སླ་ངེས་པ་མེད་དོ་སྙིང་གི་བུ། ༤ །དཀར་ནག་ལས་ཀྱིས་བདེ་སྡུག་མྱོང་བསྒྲུབ་པ། །བདེན་གསུང་རྒྱལ་བའི་བཀའ་ན་ཡང་ཡང་དུ། །གསུངས་ན་དུས་དང་རྣམ་ཀུན་རྣམ་དཀར་སྒྲུབས། །ནམ་ཞིག་བསླུ་བ་མེད་དོ་སྙིང་གི་བུ། ༥ །སྲིད་པའི་གནས་རིགས་མཐོ་དམན་གར་སྐྱེས་ཀྱང་། །བདེ་བའི་གོ་སྐབས་སྐྲ་རྩེ་ཙམ་མེད་ན། །གཞུང་བཟང་དམ་པའི་ལེགས་བཤད་ལ་བསྟེན་ནས། །ཞི་བའི་གོ་སར་བགྲོད་དགོས་སྙིང་གི་བུ། ༦ །སྲིད་པའི་ཚ་གདུང་ཞི་བ་རྣམ་མཁྱེན་གྲོང་། །ཟག་པ་ཡོངས་ཟད་ཀུན་གཟིགས་ཡེ་ཤེས་ལ། །དབང་བསྒྱུར་ལྷུན་གྲུབ་རྒྱལ་པོའི་གོ་འཕང་དེ། །གཏན་གྱི་བདེ་བ་ཡིན་ནོ་སྙིང་གི་བུ། ༧ །མཚན་ལྡན་བླ་མ་སངས་རྒྱས་དངོས་དང་མཚུངས། །ཡོན་ཏན་འབུམ་སྡེས་རང་རྒྱུད་ཕྱུག་པའི་སྲོག །ལམ་བཟང་སྟོན་པའི་དེད་དཔོན་དགེ་བའི་བཤེས། །འབྲལ་བ་མེད་པར་བསྟེན་དགོས་སྙིང་གི་བུ། ༨ །གཏན་བདེ་ཐར་བའི་ཁང་བཟང་བསྒྲུབ་འདོད་ན། །ཐོག་མར་རྩ་བ་སྐྱབས་འགྲོའི་རྨིང་འདིང་དགོས། །ཕྱི་རོལ་ལས་འཕགས་ནང་བའི་གྲལ་ལ་འཛུད། །མི་མཁོ་ཀ་མེད་ཡིན་ནོ་སྙིང་གི་བུ། ༩ །ཐེག་པ་ཆེན་པོའི་གྲལ་ལ་ཐུགས་ཙ་ན། །སེམས་བསྐྱེད་རྒྱལ་སྲས་སྤྱོད་ལ་བསླབ་དགོས་ཕྱིར། །སྨོན་དང་འཇུག་པའི་གོ་རིམ་ཚུལ་བཞིན་སྒོམ། །ལྷག་བསམ་བཟང་པོ་བསྐྱེད་དང་སྙིང་གི་བུ། ༡༠ །ཁྲིམས་གཙང་རང་རྒྱུད་དུལ་བའི་ཞིང་ས་ལ། །དགེ་བའི་ལོ་ཏོག་འདེབས་པའི་འདུ་བྱེད་ཀྱིས། །རྣམ་གྲོལ་འབྲས་བུ་གཡུར་དུ་ཟ་བའི་ཕྱིར། །བསླབ་པར་གཅེས་སྤྲས་མཛོད་དང་སྙིང་གི་བུ། ༡༡ །གསང་སྔགས་རྡོ་རྗེ་ཐེག་པར་འཇུག་པའི་སྒོ། །དབང་བཞི་ཡིན་ཏེ་དེ་ཡང་ཐོབ་ཙམ་གྱིས། །མི་འོང་ཡེ་ཤེས་བསྐྱེད་དང་དམ་ཚིག་ལ། །གཅེས་སྤྲས་ཤིན་ཏུ་གལ་ཆེ་སྙིང་གི་བུ། ༡༢ །དེའི་ལམ་ཐབས་གྲོལ་གཉིས་སུ་མ་འདུས་མེད། །གང་ལྟར་རིམ་གཉིས་ལ་བསྟེན་དེའི་ཕྱིར་ན། །སྲིད་ཞིའི་འཇུག་རིམ་ལ་བསྟུན་བསྐྱེད་རྫོགས་དོན། །བླ་མའི་ཞལ་ལས་ཉོན་དང་སྙིང་གི་བུ། ༡༣ །སྣང་སྲིད་འཁོར་དང་འདས་པའི་ཆོས་རྣམས་ཀུན། །རང་རིག་བྱང་ཆུབ་སེམས་ཀྱི་ཀློང་ན་གཅིག །འོན་ཀྱང་མ་རིག་གཟུང་འཛིན་མཐུ་བརྟས་པས། །མེད་བཞིན་ཡོད་པར་སྣང་ངོ་སྙིང་གི་བུ། ༡༤ །སྣང་ཚུལ་ལོག་རྟོག་འཁྲུལ་པའི་རྫུན་རིས་ལ། །རྟག་ཞེན་སྲིད་པའི་དྲྭ་བར་ཡོངས་སུ་འཐུམ། །ཡིན་ཚུལ་དོན་གྱི་ངོ་ན་ཅིར་སྣང་ཡང་། །གང་དུ་གྲུབ་པ་མེད་དོ་སྙིང་གི་བུ། ༡༥ །འཁྲུལ་སྣང་འདི་ཉིད་དོན་དམ་མ་ཡིན་ཏེ། །འདི་ལས་གཞན་པའི་ཡིན་ཚུལའང་མི་རྙེད་ལ། །དཔེར་ན་ཆུ་དང་ཆབ་རོམ་ཇི་བཞིན་དུ། །ཤེས་པར་གྱིས་དང་རང་སློབ་སྙིང་གི་བུ། ༡༦ །དེ་བཞིན་འདོད་ཆགས་ལ་སོགས་དུག་ལྔ་ཡང་། །སྤང་བྱ་མ་ཡིན་ཡེ་ཤེས་རྒྱུ་མ་མཆིས། །བསྒྲུབ་བྱ་མ་ཡིན་རང་གར་སྤྱད་པས་ཕུང་། །གནད་དོན་འགལ་བ་མི་དགོས་སྙིང་གི་བུ། ༡༧ །བདེན་པ་དབྱེར་མེད་ཤེས་པའི་ལྟ་བ་དང་། །དེར་འཇུག་ཏིང་ངེ་འཛིན་གྱི་བསྒོམ་པ་དང་། །གནས་སྐབས་གཙོར་སྤྱོད་གྲོལ་ལམ་སྤྱོད་པ་བདུན། །གནད་ཀྱི་ཚིག་གསུམ་ཡིན་ནོ་སྙིང་གི་བུ། ༡༨ །གནད་དོན་ཐོག་ཏུ་མ་ཁེལ་སྙན་སྙན་གྱི། །ལེགས་བཤད་ཁོ་ནས་དོན་གོ་མི་ཆོད་ལ། །བདག་དང་བདག་འདྲའི་གཟེབ་ཏུ་ཆུད་དོགས་པས། །གནད་དོན་སྙིང་ནས་མ་བོར་སྙིང་གི་བུ། ༡༩ །ཡང་ཅིག་གསོན་དང་སྔོན་བསགས་ལས་འཕྲོ་ཅན། །འཁོར་འདས་བསྐྲུན་པའི་ཀུན་བྱེད་རྒྱལ་པོ་དེའི། །ཡིན་ལུགས་ནང་ནས་གྲོལ་ན་གནད་བདོག་པས། །མ་བརྗེད་སྙིང་ལ་ཕུར་དང་སྙིང་གི་བུ། ༢༠ །དང་པོ་ལུས་ངག་ཡིད་གསུམ་ནང་ནས་ཀྱང་། །སེམས་གཙོ་བཙལ་བས་ལུས་ནི་བེམ་པོ་ལ། །ངག་ནི་རླུང་གི་རང་བཞིན་བྱེད་རྩོལ་ཅན། །དབང་སྒྱུར་མཁན་པོ་སེམས་ལགས་སྙིང་གི་བུ། ༢༡ །དེ་ལྟའི་སེམས་ལ་བྱུང་གནས་འགྲོ་གསུམ་བརྟགས། །དང་པོ་བྱུང་ས་མེད་དོ་གཞི་རྩ་སྟོང་། །བར་དུ་གནས་ས་མེད་དོ་སྐྱེ་བ་མེད། །ཐ་མ་འགྲོ་འོང་བྲལ་ལོ་སྙིང་གི་བུ། ༢༢ །རང་བཞིན་མ་གྲུབ་རང་གི་ངོ་བོས་སྟོང་། །དཔྱོད་བྱེད་བློ་ཡི་ཡུལ་ལས་ནམ་ཡང་འདས། །གང་དུ་ཁས་ལེན་མ་མཆིས་རིག་སྟོང་གཤིས། །རྟོགས་ན་རང་ཞལ་མཐོང་ངོ་སྙིང་གི་བུ། ༢༣ །དེར་ཡང་རང་ངོ་འཕྲོད་ནས་གོམས་འདྲིས་ནི། །དྲན་ཤེས་གཉེན་པོས་ཡང་ཡང་བྱ་ར་མཛོད། །ཡེངས་བསྒོམ་རེས་མོས་རྒྱུན་དུ་མ་བརྗེད་པ། །ཉམས་རྟོགས་རྒྱས་པའི་ཐབས་ཡིན་སྙིང་གི་བུ། ༢༤ །ཧ་ཅང་ལྷོད་ན་རྣམ་རྟོག་དབང་དུ་འགྱུར། །སྒྲིམ་ཤས་ཆེ་ན་བྱིང་འཐིབ་ཤུགས་ཆེ་བས། །གྲིམ་ལྷོད་རན་པར་བསྒོམ་དགོས་མ་ཅིག་གིས། །གསུངས་ཕྱིར་གནད་དོན་ཡོད་དོ་སྙིང་གི་བུ། ༢༥ །ཕྱི་རོལ་ཚོགས་དྲུག་ཡུལ་སྣང་གང་ཤར་ཡང་། །དེར་འཛིན་མེད་པར་མེ་ལོང་གཟུགས་བརྙན་བཞིན། །སྣང་ཙམ་ཉིད་ནས་སྐྱོན་དུ་མ་གྱུར་བས། །ཞེན་པའི་འཁྲི་བ་ཆོད་དང་སྙིང་གི་བུ། ༢༦ །གསལ་སྣང་མངོན་ཤེས་ཕྲ་མོ་འཆར་སྙམ་དང་། །བདེ་བདེ་འབྲལ་མི་ཕོད་པའི་དགའ་བདེའི་ཉམས། །ཧད་པོར་སོང་བའི་སྟོང་ཉམས་འདིའི་ཅི་ཤེས། །ཁམས་གསུམ་རྒྱུ་ལས་མ་འདས་སྙིང་གི་བུ། ༢༧ །ཅེར་གྱིས་གཏད་པའི་གཏད་འཛིན་ཕྲ་མོ་དང་། །ཐོམ་མེར་བསྡད་པའི་ལུང་མ་བསྟན་པའི་ཀློང་། །རྣམ་རྟོག་རྒྱས་འདེབས་བྱེད་པའི་ཐུགས་དམ་རྣམས། །ཅུང་ཟད་སྐྱོན་དུ་འགྱུར་སྙམ་སྙིང་གི་བུ། ༢༨ །ད་ལྟའི་ཤེས་པ་བསྒྱུར་བཀོད་མ་བྱས་པའི། །ཐ་མལ་ཤེས་པ་དྲན་རིག་སྐད་ཅིག་ལ། །མ་དོར་ཙམ་གྱི་རང་ཚུགས་མ་ཤོར་ན། །གོལ་ས་མེད་དོ་ཨི་གོ་སྙིང་གི་བུ། ༢༩ །ཨ་བུ་སྤྲུལ་ཆུང་རང་ཉིད་ངན་ན་ཡང་། །འདི་ཉིད་བརྒྱུད་ལྡན་བླ་མའི་ཞལ་གདམས་ཡིན། །མན་ངག་ཚད་མའི་གནད་དོན་སྙིང་ཐིག་ཡིན། །དེ་ཕྱིར་གསན་པར་འོས་སོ་སྙིང་གི་བུ། ༣༠ །དེང་སང་དུས་ཀྱི་སྙིགས་མའི་མར་གཤམ་འདིར། །ཕན་པའི་སྙིང་གཏམ་གཅེས་དགུ་བཤད་པ་བས། །ཁ་འཛུམ་ཆགས་སྡང་གླེང་མོ་གཅིག་གི་དགའ། །དེ་འདྲ་མ་མཛད་གཅེས་ཕྲུག་སྙིང་གི་བུ། ༣༡ །ཚེ་འདིར་བླ་མ་བསྟེན་ལ་ཐོས་བསམ་མཛོད། །གདམས་ངག་ཉམས་སུ་ལོངས་དང་ཕྱི་མར་མཁོ། །གལ་ཆུང་མི་ཆོས་འཇིག་རྟེན་ཕྱོགས་ལ་གྱིས། །གལ་ཆེན་ཆོས་ལ་གྱིས་དང་སྙིང་གི་བུ། ༣༢ །གནོད་སེམས་གཡོ་སྒྱུའི་བྱ་བ་ཕྲ་མོ་ཙམ། །ཡོད་པར་གྱུར་ན་དེ་སྤོང་ཐབས་ལ་བརྩོན། །རྣམ་དཀར་བྱ་བ་རི་བོ་ཙམ་ཡོད་ཀྱང་། །སློབ་པར་བརྩོན་དང་ལས་ལྡན་སྙིང་གི་བུ། ༣༣ །སྙིང་གི་བུ་ཞེས་འབོད་པ་དོན་ལྡན་མཛོད། །ངན་སྤྱོད་སྣ་དགུ་དག་གིས་ཁྱོད་མྱོས་ན། །ཕ་རྒན་ངོ་ཚའི་འཇིགས་པའི་གདུང་བ་ཡིས། །ཕན་པའི་ཞལ་གདམས་མ་ནོར་སྙིང་གི་བུ། ༣༤ །ཁྱོད་གདོང་པད་དཀར་བཞད་པའི་ལང་ཚོ་ལ། །ཆགས་པའི་ངོ་ལོན་མ་ཡིན་ལྷག་བསམ་གྱིས། །ཕན་དུ་རེ་ནས་ཞིབ་བཀྲོལ་གྱིས་བཤད་ན། །མ་ནོར་དང་དུ་ལོངས་དང་སྙིང་གི་བུ། ༣༥ །ན་ཚོད་ཐལ་བའི་བན་རྒན་བདག་འདྲ་ཡང་། །ཁྱོད་མཚན་མཛེས་སྡུག་ལང་ཚོས་མྱོས་གྱུར་ནས། །གཅེས་དགུའི་གདམས་ངག་མ་སྦས་བཤད་ཟིན་པས། །སྙིང་གི་ཐིག་ལེར་བསྟིམ་པས་སྙིང་གི་བུ། ༣༦ །བསླབ་བྱ་ཤོག་དྲིལ་མ་བོར་སྐུ་ཚེ་རིང་། །དུས་རྒྱུན་བལྟ་རྟོག་མཛོད་དང་ལོ་བརྒྱ་བོ། །གཞན་ལ་ངོམ་ཆོས་མ་བྱེད་བསམ་དོན་འགྲུབ། །རང་ལ་མཁོ་བ་ཡིན་ནོ་སྙིང་གི་བུ། ༣༠ །འདིར་སྨྲས་མདོ་ཁམས་སྨད་དུ་སྐྱེས་པའི་མི། །དུག་གསུམ་མེ་ལྟར་འབར་བའི་བཙུན་ཆུང་པོ། །ཨ་བུ་མདོ་མེད་ཁྱི་རྒན་ལྷོད་པོ་དེས། །སྙིང་གྲོགས་ཁྱོད་ལ་ཕུལ་བ་དགེ་གྱུར་ཅིག །མངྒ་ལཾ། དགེའོ། །

༈ དུས་དང་གནས་སྐབས་ཐམས་ཅད་དུ་རང་རྒྱུད་ལ་འཕྲལ་འཕྲལ་དུ་བརྟགས་དཔྱད་བྱས་ནས། སེམས་ལ་དགེ་མི་དགེའི་རྣམ་རྟོག་གང་སྐྱེས་ངོས་ཟིན་པར་བྱས་ཏེ་མི་དགེ་བ་རེ་སྐྱེས་ན་དེ་མ་ཐག་ཏུ་ཉེས་དམིགས་ལ་བསམས་ནས་གདོང་བཟློག་གལ་ཆེ་མ་གཏོགས། འདོད་སོགས་ཉོན་མོངས་པ་རེ་སྐྱེ་ཉེས་ཀྱིས། དེ་སྒྲུབ་བཞག་ན་ཚེ་མཇུག་འདི་ལ་ལས་མཐའ་ཅི་འགྱུར་གོ་དཀའ། མཁས་པ་ཆེན་པོ་རེའི་གོ་ས་མ་ཐོབ་ཀྱང་། དཀོན་མཆོག་གསུམ་ལ་དད་པ་བརྟན་པོ་དང་གཞན་ལ་བསམ་པ་བཟང་པོ་རེ་རྒྱུད་ལ་ཨེ་སྐྱེ་ལྟོས། ཚེ་འདི་བས་ཕྱི་མ་ཡུན་རིང་བ་ཡིན་པས། ཚེ་འདིའི་ཆེ་འདོད་གྲགས་འདོད་སོགས་བསྒྲུབས་ནས་ཕྱི་མ་རྒྱང་དུ་མ་བོར། འདུན་མ་གཏན་ལེགས་གཏན་ཉེས་ཚེ་མཇུག་འདི་ལ་ཐུག་ཡོད་པས། རང་རྒྱུད་ཆོས་ཀྱིས་ཨེ་ཐུལ་ལྟོས། ཡར་འགྲོ་མར་འགྲོའི་ས་མཚམས་ལུས་འདི་ཡི་ཚེ་ཡིན། འཆི་བའི་མལ་མགོ་ནས་ཡར་འགྲོ་མར་འགྲོའི་ས་མཚམས་ཡིན་ཟེར་དུས་ཕྱི་ཚར། གཞན་ལ་ཡོན་ཏན་ཡོད་མེད་རང་རེས་གོ་དཀའ། གཞན་གྱིས་རང་ལ་བསྟོད་སྨད་གང་བྱས་ཀྱང་རང་གི་བློ་ཐོག་ནས་ཆགས་སྡང་སྤང་དགོས། དོན་ལ་དགེ་བ་རྒྱ་ཆེར་མ་འགྲུབ་ཀྱང་སྡིག་པའི་ལས་ཚབ་ཆེན་དང་། སྐྱེས་བུ་དམ་པ་སུ་ཡིན་མི་ཤེས་པས་གཞན་ལ་སྐུར་འདེབས་དང་། སེམས་ཅན་ལ་བསམ་ངན་སྤངས། རང་ལ་ཟས་གོས་སོགས་འབྱོར་པ་ཅི་ཡོད་པ་དེ་ཉིད་ཀྱི་ཆོག་པ་དང་འཁྱོལ་བར་བྱས་ལ་ཁ་རོག་རྒུར་སྡོད། ཉིན་གཅིག་དལ་ཁོམ་མེད་པར་རི་ལུང་ཀུན་ཏུ་གཞན་གྱི་མིག་བརྫད་ནས་དམར་འཛོ་འཛོ་ཁྱི་སྡོམ་ཉུག་ཉུག་བྱེད་ཀྱིན་མ་འདུག །དཔལ་སྤྲུལ་པས་བྲིས་པ་དགེའོ། །

སེམས་ཀྱི་སྤྱོད་པ་རྣམ་པར་སྦྱོང་བ་སོ་སོར་བརྟག་པའི་དཔྱད་སྒོམ་འཁོར་ལོ་མ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །སེམས་ཀྱི་སྤྱོད་པ་རྣམ་པར་སྦྱོང་བ་སོ་སོར་བརྟག་པའི་དཔྱད་སྒོམ་འཁོར་ལོ་མ་ཞེས་པ་བཞུགས་སོ། །ན་མོ་མ་ཉྫུ་ཤྲཱི་ཡེ། སྲིད་ན་ཉེས་པ་གང་མཆིས་པ། །རང་སེམས་ཉོན་མོངས་མཐུ་ཡིས་བྱས། །ཚུལ་མིན་ཡིད་བྱེད་ཉོན་མོངས་རྒྱུ། །དེ་སྤོང་ཚུལ་བཞིན་ཡིད་བྱེད་ཡིན། །འདི་ལ་དོན་གསུམ་ཏེ། ཇི་ལྟར་སྒོམ་ཚུལ། རྒྱུད་ལ་སྐྱེས་པའི་ཚད། དེ་ཡི་དགོས་པའོ། །དང་པོ་ནི། གང་ལ་ལྷག་པར་ཆགས་པའི་ཡུལ། །ཡིད་ཀྱིས་མདུན་དུ་མངོན་བྱས་ནས། །དེ་ལ་ཕུང་པོ་ལྔར་ཕྱེ་སྟེ། །ཐོག་མར་ལུས་ལ་རྣམ་པར་བརྟག །ཤ་ཁྲག་རུས་པ་རྐང་དང་ཚིལ། །དོན་སྣོད་ཡན་ལག་དབང་པོ་དང་། །བཤང་གཅི་སྲིན་བུ་སྐྲ་སེན་སོགས། །མི་གཙང་རྫས་རྣམས་ཇི་སྙེད་དང་། །ས་ལ་སོགས་པའི་ཁམས་ཀྱི་ཚོགས། །སོ་སོར་དབྱེ་བར་རུང་བའི་རིགས། །གང་དག་ཇི་སྙེད་མཆིས་པ་རྣམས། །ཇི་སྲིད་རྡུལ་གྱི་མཐར་ཐུག་པར། །རིམ་པས་དབྱེ་ཞིང་དེ་རེ་རེར། །ཆགས་པ་སྐྱེ་འམ་མི་སྐྱེ་བརྟག །མི་གཙང་སིལ་བུའི་རྫས་དེ་ལས། །ལུས་ཞེས་བྱ་བ་གཞན་མེད་པས། །ལུས་ནི་མི་གཙང་འཁྲུལ་འཁོར་དང་། །རྩྭ་དང་རྩིག་པ་ལུད་ཕུང་དང་། །དབུ་བ་རྡོས་པ་ལྟ་བུར་ནི། །མཐོང་ཚེ་དེ་དོན་དྲན་བཞིན་འདུག །རྟོག་པ་དེ་ཡི་རྒྱུན་ཡལ་ཚེ། །ཚོར་འདུ་འདུ་བྱེད་རྣམ་ཤེས་ཀྱི། །རང་བཞིན་རེ་རེ་དག་ལ་ཡང་། །དུ་མ་ཉིད་དུ་ཕྱེ་ཞིང་དཔྱད། །ཆུ་བུར་སྨིག་རྒྱུ་ཆུ་ཤིང་དང་། །སྒྱུ་མ་ལྟ་བུར་མཐོང་བའི་ཚེ། །དེ་ལའང་ཆགས་པ་བྱར་མེད་པར། །ཤེས་ནས་རྣམ་རྟོག་དེ་ཡི་རྒྱུད། །མ་ཡལ་བར་དུ་དེ་བསྐྱང་བྱ། །ཡལ་ན་ཆེད་དུ་མི་མཐུད་པར། །སོ་སོར་བརྟག་པ་གཞན་ལ་སྤོ། །དེ་ལྟར་མི་གཙང་བ་དང་ནི། །སྙིང་པོ་མེད་པའི་ཕུང་པོ་དེ། །བྱུང་ནས་མི་སྡོད་སྐད་ཅིག་གིས། །འཇིག་པ་ལ་ནི་ཡང་དག་བསམ། །སྔོན་བྱུང་མཐའ་མ་མཆིས་པ་ཡི། །འཇིག་རྟེན་ཀུན་ཀྱང་ཞིག་གྱུར་ཏེ། །ད་ལྟ་མ་འོངས་ཀྱང་དེ་འདྲ། །འདུས་བྱས་ངང་ཚུལ་སྐྱོ་བའི་རྒྱུ། །སྐྱེ་འགྲོ་ཐམས་ཅད་འཆི་ངེས་ཏེ། །གློ་བུར་འཆི་བ་ཆ་མེད་ལ། །སྲིད་པའི་སྣང་བ་འདི་དག་ཀུན། །གནས་སྐབས་འགྱུར་བ་ཅན་དུ་བསམ། །མདོར་ན་འདུ་བྱེད་མི་རྟག་པའི། །རྣམ་པ་ཇི་སྙེད་ཡོད་པ་ལ། །ཇི་ལྟར་ནུས་པར་རེ་རེ་བཞིན། །བློ་ཡིས་གསལ་པོར་རིམ་གྱིས་བསམས། །གང་ཚེ་ཆགས་ཡུལ་ཕུང་པོ་དེ། །གློག་དང་ཆུ་བུར་སྤྲིན་ལྟ་བུར། །གཡོ་བ་ཉིད་དུ་མཐོང་བ་ན། །ཇི་སྲིད་རྣམ་རྟོག་དེ་ཡི་རྒྱུན། །མ་ཡལ་བར་དུ་དེ་ཉིད་བསམ། །དེ་ནས་དུ་མར་གྱུར་པ་ཡི། །ཕུང་པོའི་སྐད་ཅིག་རེ་རེ་ཡང་། །སྡུག་བསྔལ་ཉིད་ཀྱི་ངོ་བོའམ། །བདེ་བར་སྣང་ཡང་འགྱུར་བ་དང་། །སྡུག་བསྔལ་ཕྱི་མའི་རྒྱུར་གྱུར་ཕྱིར། །ཕུང་པོ་སྡུག་བསྔལ་གཞི་ཡིན་ལ། །སྲིད་ན་མཆིས་པའི་སྡུག་བསྔལ་ཀུན། །ཇི་ལྟར་ནུས་པར་བསམས་བྱས་ནས། །དེ་ཀུན་ཕུང་པོའི་སྐྱོན་ཡིན་ཕྱིར། །ཟག་དང་བཅས་པའི་ཕུང་པོ་ལ། །ཁབ་རྩེ་ཙམ་གྱི་ཆ་ཤས་ཀྱང་། །སྡུག་བསྔལ་སྐྱོན་མེད་མ་མཆིས་པས། །ཕུང་པོ་འདི་ནི་སྡུག་བསྔལ་གྱི། །འབྱུང་གནས་མི་གཙང་འདམ་དང་ནི། །མེ་འོབས་སྲིན་གླིང་འདྲའོ་ཞེས། །རྟོག་པ་དེ་ལ་ཇི་སྲིད་གནས། །དེ་མཐར་སྡུག་བསྔལ་རྟེན་གྱུར་པ། །དུ་མ་མི་རྟག་ཕུང་པོ་འདིར། །བདག་ཅེས་བྱ་བ་གང་ཡིན་ཞེས། །དཔྱད་པས་བདག་གིས་སྟོང་པ་ཡི། །འབབ་ཆུ་ཆར་དང་ཁང་སྟོང་ལྟར། །མཐོང་ན་ངེས་ཤེས་དེ་ཡི་ངང་། །ཇི་སྲིད་མ་ཡལ་དེ་ངང་འདུག །ཡལ་བར་གྱུར་ཚེ་སླར་ཡང་ནི། །གོང་བཞིན་རིམ་པས་དཔྱད་པ་བྱེད། །རེས་འགའ་གོ་རིམ་མེད་པར་ཡང་། །སྣ་ཚོགས་དཔྱད་པས་གང་རུང་བསམ། །ཡང་ནས་ཡང་དུ་འདི་དོན་བརྟག །རེས་འགའ་གཞན་གྱི་ཕུང་པོར་བསམ། །རེས་འགའ་རང་གི་ཕུང་པོར་བརྟག །རེས་འགའ་འདུས་བྱས་ཀུན་ལ་དཔྱད། །གང་ལ་ཆགས་ཀྱང་དེ་སུན་འབྱུང་། །མདོར་ན་དཔྱད་པ་འདི་༼དུ་མ་མི་རྟག་སྡུག་བསྔལ་བདག་མེད་༽བཞི་པོ། །མིན་པའི་རྣམ་རྟོག་སྤང་ནས་སུ། །དཔྱད་པའི་འཁོར་ལོ་བར་མེད་བསྐོར། །ཅི་ཙམ་དཔྱད་བཞིན་ངེས་པ་སྐྱེ། །འདི་འདྲའི་དམིགས་པ་སྣ་ཚོགས་ལ། །ཤེས་པ་གསལ་པོར་རྒྱུ་བ་ཡིས། །རྩྭ་ལ་མཆེད་པའི་མེ་བཞིན་དུ། །རྒྱུན་མ་ཆད་པར་འཇུག་པར་བྱ། །སྔོན་ཚེ་བདག་གིས་དུས་ཀུན་ཏུ། །ཚུལ་མིན་ཡིད་ལ་བྱེད་པ་ཡི། །སྣ་ཚོགས་རྟོག་པ་རྒྱུན་འཇུག་པ། །དེ་ཡི་ཚབ་ཏུ་འདི་བཞག་བྱ། །གལ་ཏེ་དུབ་པར་གྱུར་ནས་སུ། །གཉེན་པོའི་དཔྱད་པའང་མི་འཇུག་ལ། །ཉོན་མོངས་དག་ཀྱང་མི་སྐྱེ་ན། །བཏང་སྙོམས་ཉིད་དུ་ངལ་གསོ་བྱ། །རེ་ཞིག་ངལ་བ་སོར་ཆུད་ནས། །སླར་ཡང་གོང་བཞིན་སོ་སོར་བརྟག །སོ་སོར་བརྟག་པའི་རྟོག་པ་འདི། །དྲན་བཞིན་ཤེས་བཞིན་ཀུན་ཏུ་གནས། །གལ་ཏེ་བརྗེད་པར་གྱུར་པའི་སྐབས། །ཉོན་མོངས་སྐྱེས་པར་གྱུར་པ་ན། །དགྲ་བོས་མཐོང་ཚེ་མཚོན་བཞིན་དུ། །སོ་སོར་བརྟག་པ་སློང་བར་བྱ། །མུན་པ་ལ་ནི་སྣང་བ་བཞིན། །སོ་སོར་བརྟག་པ་འདི་ལྟ་བུ། །ཅུང་ཟད་ཀྱིས་ཀྱང་ཉོན་མོངས་ལ། །གནོད་ན་ཆེན་པོས་སྨོས་ཅི་འཚལ། །འདུས་བྱས་འཁོར་བའི་ཉེས་པ་རྣམས། །ཅི་ཙམ་མཐོང་བ་དེ་ཙམ་དུ། །མྱ་ངན་འདས་པ་འདུས་མ་བྱས། །ཞི་བསིལ་བླ་ན་མེད་པར་ཤེས། །གཉིས་པ་རྒྱུད་ལ་སྐྱེས་པའི་ཚད། །ནམ་ཞིག་གོམས་ནས་རང་གཞན་གྱི། །ཕུང་པོ་ལྔ་དང་འདུས་བྱས་ཀུན། །དུ་མ་ཉིད་དང་མི་རྟག་དང་། །སྡུག་བསྔལ་ཉིད་དང་བདག་མེད་པར། །ངང་གིས་ཁོང་དུ་ཆུད་བྱས་པས། །ཆེད་དུ་འབད་པ་མེད་པར་ཡང་། །སྣང་བ་ཐམས་ཅད་ཧྲལ་ཧྲོལ་དུ། །གྱུར་ཚེ་ཉོན་མོངས་མགོ་གནོན་འགྱུར། །ཉོན་མོངས་རླབས་དང་བྲལ་བས་ན། །དེ་ཚེ་རྙོགས་མེད་ཡིད་ཀྱི་མཚོ། །རང་དབང་དག་དང་མཐུན་གྱུར་ནས། །ཞི་གནས་ཏིང་ངེ་འཛིན་ལ་རེག །རྩེ་གཅིག་སེམས་ཀྱི་དངོས་པོ་ཡི། །དེ་ཉིད་བལྟས་ན་ལྷག་པར་མཐོང་། །འདི་ནི་ཐེག་གསུམ་ཐུན་མོང་གི །དང་པོར་འཇུག་པའི་ལམ་ཡིན་ནོ། །གསུམ་པ་དགོས་པ། །གང་ཚེ་རྟེན་འབྱུང་སྒྱུ་མ་འདྲའི། །ཆོས་ཀུན་གདོད་ནས་མེ་སྐྱེས་པས། །ཆོས་བདག་མེད་པའི་སྟོང་ཉིད་ལ། །ཐ་དད་གཅིག་སོགས་མཐའ་གཉིས་བྲལ། །དབྱེར་མེད་མཉམ་པ་ཉིད་ཀྱི་དབྱིངས། །ཐེག་ཆེན་ལམ་གྱི་རྟོགས་བྱ་ཡིན། །མཆོག་ཏུ་འོད་གསལ་ཆོས་ཀྱི་དབྱིངས། །བདེ་བར་གཤེགས་པའི་སྙིང་པོའང་དེ། །དེ་ཉིད་རྟོགས་ན་སྲིད་ཞིའི་མཐར། །མི་གནས་མྱང་འདས་ཆེན་པོ་འགྲུབ། །དེ་ནི་མཆོག་ཏུ་དག་དང་བདེ། །འདུས་མ་བྱས་ཆེན་ཡོངས་སུ་རྟག །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཕ་རོལ་ཕྱིན་པ་བླ་ན་མེད། །བླ་མེད་ངེས་གསང་སྙིང་པོའི་དོན། །དོན་གྱི་ལྷན་སྐྱེས་བདེ་ཆེན་དབྱིངས། །རང་བྱུང་ཡེ་ཤེས་ཉིད་ལ་ཐུག །དེ་ཡི་ངང་ན་ཆོས་ཀུན་རྫོགས། །དེ་ཉིད་བླ་མའི་མན་ངག་གིས། །ཐད་ཀར་ངོ་སྤྲོད་རྫོགས་ཆེན་ལུགས། །དེ་ཕྱིར་ཐེག་ཆེན་མདོ་དང་སྔགས། །ཐུན་མོང་ལམ་སྦྱོང་སྔོན་འགྲོ་རུ། །འདུས་བྱས་འཁྲུལ་བའི་སྦུབས་བཤིག་པ། །སོ་སོར་བརྟག་པའི་ལམ་འདི་བཟང་། །དང་པོར་སོ་སོར་བརྟགས་པའི་མཐུས། །ཉོན་མོངས་སྐྱེ་བའི་མཚན་མ་བཤིག །ཕུང་པོ་སྟོང་པར་ངེས་ཤེས་ནས། །ཁམས་གསུམ་ལ་སྨོན་ཆགས་པ་བྲལ། །དེ་ནས་རིམ་བཞིན་དམིགས་མཚན་ཀུན། །ཉེ་བར་ཞི་བའི་སྟོང་པ་ཉིད། །སྤང་གཉེན་ཀུན་ལ་མི་སྨིན་པས། །མཐར་འཛིན་ཆགས་པ་ཀུན་བྲལ་འགྱུར། །ཆགས་མེད་སྙིང་རྗེས་རྣམ་ཆགས་པས། །ཆོས་དབྱིངས་མཁའ་ལ་བྱ་བཞིན་དུ། །སྲིད་པར་འཇིགས་མེད་གང་རྒྱུ་བ། །རྒྱལ་སྲས་མཆོག་གི་གོ་འཕང་ཐོབ། །འདི་ལྟར་འཕགས་པའི་ལུང་བཞིན་དུ། །ཞི་ལྷག་ལམ་གྱི་སྔོན་འགྲོ་རུ། །སེམས་ཀྱི་སྤྱོད་པ་རྣམས་སྦྱོང་བ། །ཐེག་གསུམ་ལམ་གྱི་གལ་གནད་བཤད། །སེམས་ཀྱི་སྤྱོད་པ་རྣམ་སྦྱོང་བའི། །སོ་སོར་བརྟག་པར་ཇི་གོམས་པ། །དེ་ལྟ་དེ་ལྟར་ཉོན་མོངས་ཆུང་། །ཉོན་མོངས་ཅི་ཙམ་བསྲབ་པ་བཞིན། །དེ་ལྟར་ཞི་གནས་སྒྲུབ་པར་སླ། །ཇི་ལྟར་མེ་ཡིས་སྦྱངས་པའི་གསེར། །ཤིན་ཏུ་བརྡུང་བར་རུང་བ་བཞིན། །ཆགས་མེད་སེམས་ཀྱང་དེ་བཞིན་ནོ། །གང་གིས་ལྷ་ཡི་ལོ་སྟོང་དུ། །དཀོན་མཆོག་གསུམ་ལ་ཅི་དགོས་པའི། །ཡོ་བྱད་ཐམས་ཅད་བྱིན་པ་བས། །གང་གཞན་སེ་གོལ་གཏོགས་ཙམ་དུ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་དང་། །མི་རྟག་སྟོང་པ་བདག་མེད་པར། །དཔྱོད་ན་སྔ་མའི་བསོད་ནམས་ལས། །གྲངས་མེད་འཕགས་པར་མདོ་ལས་གསུངས། །ཐེག་ཆེན་ཆོས་ཀྱི་སྡོམ་བཞི་པོ། །བརྗོད་ན་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་བརྗོད་པ་མཉམ་གསུངས་ཕྱིར། །འདི་བཤད་འདི་དོན་ལེགས་བསྒོམས་ན། །མདོ་སྡེ་བྱེ་བ་བརྒྱ་མང་པོའི། །དོན་གནད་ཚུལ་བཞིན་བསྒོམས་པའི་ཕྱིར། །ཟབ་དང་རྒྱ་ཆེའི་ཤེས་རབ་མཛོད། །ཚེགས་མེད་ཐོབ་ནས་མྱུར་དུ་གྲོལ། །འདི་བཤད་དགེ་བས་སྙིགས་མ་ཡི། །སྐྱོན་གྱིས་ལྷག་པར་གཙེས་པ་རྣམས། །ཆགས་བྲལ་ཆོས་ཀྱི་བདུད་རྩིའི་མཐུས། །ཞི་བའི་གོ་འཕང་རེག་གྱུར་ཅིག །ལྕགས་ཡོས་སྨིན་ཟླའི་ཚེས༡༨ལ་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ།

སྤྱོད་པ་རྣམ་སྦྱོང་གི་ཁྲིད། ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །སྤྱོད་པ་རྣམ་སྦྱོང་གི་ཁྲིད། ན་མོ་གུ་རུ། སྤྱོད་པ་རྣམ་སྦྱོང་ཁྲིད་ཀྱི་ཉམས་ལེན་བྱེད་ཚེ། དབེན་པར་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། དལ་འབྱོར་རྙེད་དཀའ་སོགས་བློ་ཡུལ་དུ་བྱས་ནས་སྒོམ་ལ་བྲོད་པ་བསྐྱེད། རང་གི་སྤྱི་བོར་སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་འཁོར་ཐེག་པ་ཆེ་ཆུང་གི་དགེ་འདུན་དང་བཅས་པ་གསལ་བཏབ་ལ། ཡན་ལག་ཇི་སྙེད་སུ་དག་སོགས་བདུན་པ་བྱ་ཞིང་སྤྱོད་པ་རྣམ་སྦྱོང་གི་ཉམས་ལེན་གྱི་རིམ་པ་སྟན་ཐོག་འདི་ཉིད་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་སྙིང་ཁུང་རུས་པའི་གཏིང་ནས་བཏབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་སྤྱོད་པ་རྣམ་སྦྱོང་གི་རིམ་པ་བསྒོམ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། ཐོག་མར་མདུན་དུ་རང་གང་ལ་ཆགས་པ་སྐྱེ་བའམ། མིན་ཀྱང་གང་རུང་ཡིད་ཀྱིས་བསམ་ལ། དཔེར་ན་དུར་ཁྲོད་དུ་རོ་བཤས་པ་བཞིན་དུ། དེའི་མིག་གཡས་པ་ནས་བརྩམ་སྟེ་པགས་པ་དང་ཤ་དང་རུས་པ་དང་དོན་སྣོད་དང་། དྲི་མ་སོགས་སོ་སོར་ཕྱེ་ལ་འདི་ནི་འདི་ལྟ་བུའོ་ཞེས་དེའི་རྣམ་པ་བསམ། མི་གཙང་བའི་རྫས་སོ་དྲུག་པོ་དེ་རེ་རེ་ནས་ཀྱང་མཐར་རྡུལ་ཕྲ་རབ་ཀྱི་བར་དུ་བློས་རྣམ་པར་ཕྱེ་ལ་ལུས་ཀྱི་རང་མཚང་གཏིང་ནས་རིག་པར་བྱ། དེ་བཞིན་དུ་ལུས་ཀྱི་ཤ་རུས་སོགས་སྲ་བ་ས་ཡི་ཁམས་དང་། དྲོད་མེ་ཡི་ཁམས་དང་། དབུགས་རླུང་གི་ཁམས་དང་། ཁྲག་དང་དྲི་ཆུ་སོགས་ཆུ་ཡི་ཁམས་དང་། བུ་ག་ནམ་མཁའི་ཁམས་སོགས་སོ་སོར་ཕྱེ་ལ་དེ་དག་མཚན་ཉིད་མི་གཅིག་པ་སྦྲུལ་གདུག་པ་གནས་གཅིག་ཏུ་ཚོགས་པ་ལྟ་བུའི་ལུས་གསོག་དང་གསོབ་ལྟ་བུའི་མཚན་ཉིད་ལ་ཤེས་རབ་ཀྱི་མིག་གིས་བལྟ། ཐུན་ལ་བྲེལ་དལ་ཡུན་ཚད་ངེས་པ་མེད་དེ་རང་གི་ཡིད་ལ་གསལ་པོར་མ་ཤར་བར་དུ་བསྒོམ། འདི་ནི་མདོ་སྡེ་ལས། ཇི་ལྟར་འབྲས་དང་ནས་དང་སྲན་མ་སོགས་ཕྱོགས་གཅིག་ཏུ་སྤུངས་པ་ལ། སྐྱེས་བུ་མཁས་པས་སོ་སོར་ཕྱེ་ཞིང་འདི་ནི་འབྲས་སོ། །འདི་ནི་ནས་སོ་ཞེས་རྟོག་པ་བཞིན་དུ་ཕུང་པོའི་ཁམས་ཀྱི་ཚོགས་པ་རྣམ་པར་ཕྱེ་ཞིང་དཔྱད་པ་འདི་ནི་ཕུང་པོ་ལ་ཇི་ལྟར་ཡོད་པའི་དུ་མ་ཉིད་ཤེས་པར་བྱེད་པ་སྟེ། དང་པོ་དེ་ལྟར་གཟུགས་ལ་རྟོག་གོ་དེ་འདྲའི་རྟོག་པ་ཚར་གཅིག་གསལ་བོར་བསམས་ཚར་བ་ན། ཚོར་བ་ལའང་བདེ་སྡུག་བཏང་སྙོམས་གསུམ་དང་བདེ་བ་ལའང་གཟུགས་བཟང་པོ་མཐོང་བ། སྒྲ་སྙན་པ་ཐོས་པ་སོགས་དུ་མ་དང་། དེའི་རེ་རེ་ལའང་ནང་གསེས་སུ་དུ་མ་ཡོད་ཚུལ་གྱི་ཚོར་བ་དུ་མ་ཉིད་དུ་ཕྱེ་ཞིང་དཔྱད། དེ་ཚར་བའི་རྗེས་སུ་འདུ་ཤེས་ལའང་། བཟང་ངན་བར་མའི་འདུ་ཤེས་སྣ་ཚོགས་པ་དང་། དེའི་བྱེ་བྲག་ཀ་བ་དང་བུམ་པ་རྟ་དང་གླང་པོ་སྐྱེས་པ་བུད་མེད་སོགས་སྣ་ཚོགས་པའི་འདུ་ཤེས་རིགས་མི་གཅིག་པ་མང་པོ་ཡོད་པས་འདུ་ཤེས་ཀྱི་ཕུང་པོ་འདི་ཡང་ཆོས་སྣ་ཚོགས་པ་དུ་མའོ་སྙམ་དུ་ངེས་པ་སྐྱེ་བར་བྱ། དེ་ཚར་རྗེས་འདུ་བྱེད་ཀྱི་ཕུང་པོར་གྲགས་པ་ལ། སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ཚོར་འདུ་གཉིས་མ་གཏོགས་པའི་སེམས་བྱུང་སེམས་པ་དང་རེག་པ་སོགས་སྣ་ཚོགས་སྐྱེ་བ་འདི་ནི་དུ་མ་སྟེ། དཔེར་ན། དགེ་བའི་སེམས་བྱུང་ལ་དད་པ་དང་ངོ་ཚ་ཤེས་པ་སོགས་དུ་མ་ཡོད་ལ། མི་དགེ་བའི་སེམས་བྱུང་ལ་མ་དད་པ་དང་ངོ་ཚ་མེད་པ་དང་ཆགས་སྡང་ལ་སོགས་པས་མཚོན་ཏེ་རིགས་མི་གཅིག་པ་དུ་མ་ཡོད་ལ། དེའི་ནང་གི་ཆགས་པ་དང་མ་ཆགས་པ་ལྟ་བུའི་བློ་གཅིག་ལའང་ཡུལ་དང་དུས་དང་རྣམ་པས་ཕྱེ་ན་ཚད་མེད་པར་འགྱུར་བས་འདུ་བྱེད་འདི་ཡང་ཆོས་དུ་མ་སྣ་ཚོགས་པའོ་སྙམ་དུ་དཔྱོད་དེ། རྣམ་པར་ཤེས་པ་ལའང་མིག་ཤེས་ནས་ཡིད་ཀྱི་ཤེས་པའི་བར་དྲུག་དང་། དེ་རེ་རེ་ལའང་ནང་གི་དབྱེ་བ་ཡོད་པ་ལ་བསམ་ཏེ་མིག་ཤེས་ལྟ་བུ་ལའང་སྔོ་འཛིན་དང་སེར་འཛིན་ལྟ་བུ་ལ་སོགས་པ་རིགས་མི་གཅིག་པ་དུ་མ་སྣ་ཚོགས་པར་གསལ་བ་ལ་རྣམ་པར་དཔྱད་པས། ཇི་སྐད་དུ་མདོ་ལས། གཟུགས་ནི་སྦུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་གསུངས་པ་ལྟར། རང་གིས་དེ་ལྟར་ཡིན་པའི་ངེས་ཤེས་ཁྱད་པར་ཅན་སྐྱེས་པ་ན་དེ་མ་བརྗེད་པའི་ངང་དུ་ཅི་ཙམ་གནས་ཀྱི་བར་དུ་འདུག །རྒྱུན་ཡལ་ན་ཆེད་དུ་མི་མཐུད་པར་མི་རྟག་པར་བསམ་པ་ལ་ཁ་སྤོ་སྟེ། དངོས་པོ་ཐམས་ཅད་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པ་དེ་མ་ཐག་ཏུ་འགྱུར་བ་ཡིན་ཏེ། དང་པོ་བྱུང་མ་ཐག་ནས་མཐར་འགག་པའི་སྐད་ཅིག་ཐ་མའི་བར་དུ་སྐད་ཅིག་གིས་སྐྱེ་འགག་བྱེད་པས་ན། སྐད་ཅིག་གཅིག་ཏུ་འགག་པ་གློག་ལྟ་བུ་ཡིན་ཡང་རུང་། བསྐལ་པར་གནས་པ་སྣོད་ཀྱི་འཇིག་རྟེན་ལྟ་བུ་ཡིན་ཡང་རུང་། འདུས་བྱས་ཡིན་ཕན་ཆད་སྐད་ཅིག་མའི་སྐྱེ་འགག་བྱེད་པའི་ཕྲེང་བ་རིམ་པར་བཀོད་པ་ཙམ་ཡིན་ཏེ། འབབ་ཆུ་དང་མར་མེའི་རྩེ་མོ་ལྟ་བུར་ཤེས་པར་བྱས་ལ་བློ་བཞག་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཆགས་ནས་འཇིག་པ་ཅན་དུ་གྱུར་པའི་ཚུལ་དང་། ཕྱི་ནམ་ཟླ་དུས་བཞིའི་འགྱུར་བ། ནང་ན་སོ་རྒན་གཞོན་གྱི་འགྱུར་བ་མཐོ་དམན་དར་རྒུད་བདེ་སྡུག་ལ་སོགས་པ་རང་གཞན་ལ་མཐོང་ཐོས་སུ་གྱུར་པ་སོགས་སྒོ་སྣ་ཚོགས་ནས་འདུས་བྱས་ཐམས་ཅད་གློག་དང་ཆུ་བུར་སྤྲིན་ལ་སོགས་པ་བཞིན་དུ་འགྱུར་བའི་སྣང་ཚུལ་ལ་ངེས་པ་གསལ་བོ་མ་སྐྱེས་བར་དུ་བསྒོམ། རྟོག་པ་དེའི་ངང་ཡལ་བ་ན། དེ་ལྟ་བུར་དུ་མའི་ཆོས་སྣ་ཚོགས་ཚོགས་ཤིང་སྐད་ཅིག་མི་སྡོད་པར་གཡོ་བའི་ཚུལ་ཅན་དུ་གྱུར་པའི་ཟག་བཅས་ཀྱི་ཕུང་པོ་འདི་ལ་དཔྱད་ན་འདིའི་རྒྱུན་དང་རགས་པ་ཕར་ཞོག་སྐད་ཅིག་རེ་རེའི་ཆ་ནས་ཀྱང་། ད་ལྟ་སྡུག་བསྔལ་བཞིན་དུ་གྱུར་བ་སྡུག་བསྔལ་གྱི་སྡུག་བསྔལ་ལ། སྐད་ཅིག་དེའི་ངོ་བོ་བདེ་བ་ལྟར་སྣང་ཡང་སྐད་ཅིག་གིས་འགག་ཅིང་རྒྱུན་འགྱུར་བ་ཅན་དུ་གནས་པ་འགྱུར་བའི་སྡུག་བསྔལ་དང་། ད་ལྟ་བདེའམ་སྡུག་གམ་བཏང་སྙོམ་དུ་གྱུར་ཀྱང་རུང་སྟེ། དུག་ཅན་གྱི་ཟས་བཞིན་དུ་ནམ་ཞིག་སྡུག་བསྔལ་གྱི་རྒྱུར་མ་གྱུར་པའི་སྐད་ཅིག་གཅིག་ཀྱང་མེད་དེ། སྐད་ཅིག་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བའི་ཕྱིར། སྔ་མའི་སྐད་ཅིག་གཅིག་ཀྱང་མ་ཚང་ན་འབྲས་བུ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་སྐད་ཅིག་མ་ཇི་སྙེད་པ་དེ་དག་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེ་ལྟར་སྡུག་བསྔལ་གསུམ་དང་ཅི་རིགས་པར་འབྲེལ་བ་ལ་ཁམས་གསུམ་གྱིས་བསྡུས་པའི་ཟག་བཅས་ཀྱི་ཕུང་པོ་ནི་མེ་ཡི་འོབས་དང་མི་གཙང་བའི་འདམ་ལྟར་སྡུག་བསྔལ་གྱི་གཞི་ཉིད་དུ་ངེས་པ་བརྟན་པོ་མ་སྐྱེས་བར་དུ་བསམ་མནོ་བཏང་། གཞན་ཡང་། དམྱལ་བའི་ཚ་གྲང་ལ་སོགས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་དང་། རང་གི་ཡིད་ལ་གང་གཟན་པ་སོགས་སྡུག་བསྔལ་གྱི་རྣམ་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་གང་ཡང་རུང་བ་སོགས་གོ་རིམ་དང་མང་ཉུང་ངེས་པ་མེད་པར། སྲིད་པ་ན་མཆིས་པའི་སྡུག་བསྔལ་གྱི་རྣམ་པ་ཆེ་ཆུང་མཐའ་དག་ཇི་ལྟར་ནུས་པར་བསམ་ལ། དེ་ལྟ་བུའི་སྡུག་བསྔལ་རྣམ་པ་སྣ་ཚོགས་གྲངས་མང་བ། བཟོད་པར་དཀའ་བ། འཕགས་ལམ་མ་ཐོབ་ཀྱི་བར་དུ་ཡང་ནས་ཡང་དུ་འབྱུང་བའི་མཐའ་ལ་ཚད་བཟུང་བ་མེད་པ་འདི་ལྟ་བུ་ནི། ཟག་བཅས་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་འདི་ལས་བྱུང་བའོ་སྙམ་དུ་དེའི་རང་མཚང་གཏིང་ནས་མ་རིག་གི་བར་དུ་བསམ་དཔྱོད་བཏང་ལ་ངེས་ཤེས་འདྲོང་བར་བྱའོ། །ངེས་ཤེས་ཤུགས་ཀྱིས་སྐྱེ་ཞིང་བློ་དེའི་ངང་དུ་གནས་པའི་ཤུགས་ཡོད་པ་སྲིད་དུ་དེ་ལྟར་བསམ་བཞིན་འདུག །རྣམ་རྟོག་དེའི་ཤུགས་ཡལ་བར་རྩོམ་པ་ན། སྔ་མའི་དཔྱད་པ་གསུམ་པོས་དྲང་བའི་ངེས་ཤེས་ཀྱིས་འདུས་བྱས་ཕུང་པོ་ལྔ་པོ་མི་རྟག་པ་དང་། དུ་མ་དང་སྡུག་བསྔལ་གྱི་རང་བཞིན་ཅན་འདི་ལ་གང་ཟག་གམ། བདག་གམ། ངའོ་སྙམ་དུ་རློམ་པར་ཟད་ཀྱི། འདི་ལ་བདག་གམ། གང་ཟག་གམ། ངའོ་ཞེས་ངོ་བོ་ཉིད་ཀྱིས་གྲུབ་པ་གང་ཡང་མི་འདུག་གོ་སྙམ་དུ། མིག་གསལ་བའི་མདུན་ན་གནས་པའི་ཐག་ཁྲ་ལ་སྦྲུལ་མེད་པ་ཉིད་དུ་ཤེས་པ་ལྟར་དུ། རྡུལ་དང་སྐད་ཅིག་མའི་རྒྱུན་དང་ཚོགས་པའི་ཕུང་པོ་ཙམ་ལ་མ་བརྟག་མ་དཔྱད་པར་བདག་ཏུ་བཏགས་པ་ཙམ་ལས་བདག་མེད་པར་ཤེས་རབ་ཀྱི་མིག་གིས་མཐོང་བར་འགྱུར་རོ། །སྤྱིར་བདག་མེད་ནི་རྟོགས་བྱའི་གཙོ་བོ་ཡིན་མོད་ཀྱིས། དེ་ཁོ་ན་རྩལ་དུ་འདོན་མི་དགོས་པར་དཔྱད་པ་སྔ་མ་གསུམ་རྩལ་དུ་བཏོན་ནས་བསམ་པས། ཕྱི་མ་འདི་དེའི་ཤུགས་ཀྱིས་དཀའ་བ་མེད་པར་བདེ་བླག་ཏུ་ཤེས་ནུས་པ་ཡིན་པས་འདི་ཡང་བདག་མེད་པའི་ངེས་ཤེས་མ་ཡལ་བར་དུ་དེ་བསྒོམ། ཡང་རྣམ་རྟོག་གཞན་འགྱུ་བའི་མགོ་བརྩམ་པ་དང་། དེའི་དབང་དུ་མི་གཏོང་བར་སྔར་ལྟར་ཕུང་པོ་དུ་མ་ལ་བརྟག་པ་ནས་བཟུང་སྟེ་བློ་ཐོག་གཤར་བསྒོམ་གྱི་རིམ་པས་དམིགས་པ་རེ་རེ་ནས་སེམས་ཐོག་ཏུ་ཐག་ཆོད་པ་རེ་བསྒོམ། རེས་རང་རྒྱུད་ཀྱི་ཕུང་པོར་བརྟག །རེས་གཞན་གྱི་ཕུང་པོར་བརྟག །རེས་འདུས་བྱས་སྤྱི་ལ་དཔྱད་པ་གསུམ་རང་གི་བློ་ལ་གང་བདེ་བྱ། ཐུན་མཐར་དགེ་བ་བསྔོ་ཞིང་བག་ཡངས་སུ་བཞག །ཡང་ཐུན་བཅད་ནས་དཔྱོད་པའི་འཁོར་ལོ་བར་མེད་པར་རྩྭ་ལ་མེ་མཆེད་པའི་ཚུལ་དུ་བསྐོར་བས་དོན་མེད་ཀྱི་རྣམ་རྟོག་གཞན་གོ་སྐབས་མེད་པར་རྒྱུན་ཅི་ནུས་སུ་བསྐྱང་། བར་སྐབས་བློ་ངལ་ནས་ཐང་ཆད་པ་བྱུང་ན་ཅི་ཡང་མི་བསམ་པར་ཧད་དེ་ཆད་དེ་ཀློད། ཡང་རྣམ་རྟོག་འགྱུ་བ་ན་འགྱུ་བ་གཞན་དོན་མེད་ཀྱིས་ཅི་བྱ། ཚུལ་བཞིན་ཡིད་ལ་བྱེད་པ་འདི་ལ་སེམས་འགྱུ་རུ་གཞུག་པར་བྱའོ་སྙམ་དུ་ཡང་ཡང་ཡིད་ལ་བྱས་པས་ཅི་ཞིག་ན་ཆེད་དུ་དམིགས་པའི་ཚེ་ངེས་པ་ཤུགས་དྲག་པོ་རྩོལ་མེད་དུ་སྐྱེ་བ་དང་། བློ་ཡན་པར་བཏང་བའི་ཐུན་མཚམས་སུའང་གོང་གི་བསམ་རྒྱུའི་དོན་རྣམས་ངམ་ངམ་ཤུགས་ཀྱིས་བློ་ཡུལ་དུ་འཁོར་བ་འབྱུང་ཞིང་དོན་ཆེན་པོ་འགྲུབ་པར་འགྱུར་བས་ན། མདོ་སྡེའི་བསྒོམ་རིམ་མཁས་རྨོངས་སུས་ཀྱང་རྟོགས་པར་སླ་ལ། དོན་ཆེ་བ་གོམས་པ་ཙམ་ལས་རིགས་པའི་ངལ་བ་ལ་མི་ལྟོས་པ། གོམས་ན་ཆོས་ཀུན་གྱི་གནད་ཁོང་དུ་ཆུད་ནུས་པ་ཡིན་པས། འདི་ལ་ནི། བཤད་པས་མི་གཙོ་བསྒོམ་པས་གཙོ། །བསྒོམ་ན་མ་བཤད་ཁོང་ནས་ཤེས། །མ་བསྒོམ་བཤད་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་དཔྱད་བསྒོམ་འདི་ལྟར་མཛོད། །པདྨ་རྒྱལ་མཚན་གྱིས་བསྐུལ་ཞིང་། །བྲི་གཞི་ཤོག་བུའི་རྐྱེན་སྦྱར་བས། །མི་ཕམ་པ་ཡིས་མདོར་བསྡུས་སུ། །ཇ་བར་གཅིག་ལ་ཤར་མར་བྲིས། མངྒ་ལཾ།

དབུ་མའི་ལྟ་ཁྲིད་ཟབ་མོ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །དབུ་མའི་ལྟ་ཁྲིད་ཟབ་མོ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། སྤྱོད་པ་རྣམ་སྦྱོང་སྔོན་སོང་ནས། །གང་ཟག་བདག་མེད་ཚུལ་ལ་ནི། །ངེས་ཤེས་གནད་དུ་འདྲོངས་པའི་ཚེ། །བདག་ཅེས་ཕུང་པོ་ལ་བརྟེན་ནས། །མ་བརྟགས་རྟོག་པས་བཏགས་པ་ལྟར། །ཕུང་པོ་ལྔ་དང་འདུས་མ་བྱས། །ཆོས་རྣམས་ཐམས་ཅད་དེ་བཞིན་དུ། །རྟོག་པས་བཏགས་ཏེ་འདི་འདི་ཞེས། །སྣ་ཚོགས་ཆོས་སུ་བཟུང་མོད་ཀྱིས། །བཏགས་དོན་བཙལ་ན་མི་རྙེད་དེ། །ཆ་མེད་ཉིད་ཀྱིས་མཐར་ཐུག་པར། འདི་ཁོ་ནར་རིགས་པ་སྟོན། ཕྲ་ཞིང་ཕྲ་བའང་མ་གྲུབ་བཞིན། །རྟེན་ཅིང་འབྲེལ་འབྱུང་དབང་གིས་སྣང་། །དངོས་པོ་བརྟེན་ནས་སྐྱེས་པ་སྟེ། །དངོས་མེད་བརྟེན་ནས་བཏགས་པ་ཡིན། །དངོས་དང་དངོས་མེད་གང་ལའང་། །མ་བརྟག་དེ་དང་དེར་འཛིན་གྱི། །བརྟགས་ཤིང་དཔྱད་པར་གྱུར་པའི་ཚེ། །གཞི་མེད་རྩ་བ་བྲལ་བཞིན་དུ། །མེད་སྣང་སྒྱུ་མ་རྨི་ལམ་དང་། །ཆུ་ཟླ་བྲག་ཆ་དྲི་ཟའི་གྲོང་། །མིག་ཡོར་སྨིག་རྒྱུ་ལ་སོགས་བཞིན། །སྟོང་བཞིན་སྣང་ལ་སྣང་བཞིན་སྟོང་། །སྣང་སྟོང་སྒྱུ་མའི་ཚུལ་དུ་བསྒོམ། །འདི་ནི་རྣམ་གྲངས་པའི་དོན་དམ། །རྟོག་པའི་བློ་ཡི་ངེས་ཤེས་ཅན། །རྗེས་ཐོབ་སྒྱུ་མའི་ཚུལ་མཐོང་བའི། །ཤེས་རབ་དྲི་མེད་ཡིན་མོད་ཀྱི། །གཟུང་བའི་དམིགས་པ་མ་བྲལ་ཞིང་། །འཛིན་པའི་རྣམ་པ་མ་ཞིག་ལ། །ཀུན་ཏུ་རྟོག་ལས་མ་བརྒལ་ཕྱིར། །སྤྲོས་བྲལ་ཆོས་ཉིད་མཐོང་བ་མིན། །དེ་འདྲའི་ངེས་ཤེས་སྐྱེས་པའི་ཚེ། །སྒྱུ་མ་ཙམ་དུ་འཛིན་པ་ཡང་། །རྟོག་པས་བཏགས་ཏེ་བཟུང་མོད་ཀྱི། །གཟུང་བྱའི་ངོ་བོར་མ་གྲུབ་ལ། །འཛིན་པའི་སེམས་ཀྱང་མི་བརྙེས་པས། །འཛིན་མེད་ལྷུག་པའི་གཤིས་སུ་བཞག །དེ་ལྟར་བཞག་ཚེ་ཕྱི་ནང་གི། །སྣང་བ་ཐམས་ཅད་མ་འགག་ཀྱང་། །དེར་འཛིན་མེད་པའི་གཤིས་ལུགས་སུ། །ཆོས་སུ་བཏགས་པ་ཇི་སྙེད་པ། །ཡེ་ནས་མ་སྐྱེས་མ་འགག་ལ། །གཟུང་དང་འཛིན་པ་རྣམ་བྲལ་བའི། །མཉམ་པ་ཉིད་ཀྱི་དབྱིངས་སུ་མཉམ། །ཡོད་མེད་ལ་སོགས་ཁས་ལེན་བྲལ། །བརྗོད་མེད་དོན་གྱི་རང་བབ་ལ། །ཐེ་ཚོམ་མེད་པའི་ཉམས་མྱོང་འཆར། །དེ་ནི་ཆོས་ཀུན་ཆོས་ཉིད་དེ། །རྣམ་གྲངས་མིན་པའི་དོན་དམ་པ། །སོ་སོ་རང་གིས་རིག་བྱ་བར། །མཉམ་བཞག་མི་རྟོག་ཡེ་ཤེས་ཡིན། །དེ་ཡི་ངང་ལ་གོམས་པ་ན། །སྟོང་དང་རྟེན་འབྱུང་ཟུང་འཇུག་པ། །བདེན་གཉིས་དབྱེར་མེད་གནས་ལུགས་དོན། །དབུ་མ་ཆེན་པོའི་རྣལ་འབྱོར་ཡིན། །དོན་དེ་སེམས་ཀྱི་སྤྱོད་ཡུལ་དང་། །བྲལ་བར་གཉིས་མེད་ཡེ་ཤེས་ཀྱིས། །མྱུར་བ་ཉིད་དུ་མངོན་བྱེད་པར། །འདོད་ན་སྔགས་ཀྱི་མན་ངག་བསྒོམ། །འདི་ནི་དབུ་མའི་སྒོམ་རིམ་གྱི། །ཟབ་གནད་མཐར་ཐུག་ཡིན་པ་སྟེ། །དང་པོ་སྤྱོད་པ་རྣམ་སྦྱོང་ནས། །རིམ་པར་མྱོང་བས་གཏན་ལ་དབབ། །སྣང་སྟོང་སྒྱུ་མའི་ངེས་ཤེས་ཀྱི། །ལམ་ནས་བསལ་བཞག་མེད་པའི་དོན། །ཤེས་རབ་ཕ་རོལ་ཕྱིན་པའི་དབྱིངས། །མཉམ་པ་ཉིད་དུ་རྣམ་པར་གྲོལ། །སྐོམ་པས་གདུང་བས་ཕྱོགས་གང་ན། །ཆུ་ཡོད་གོ་ཡང་སྐོམ་མི་སེལ། །དེ་ཕྱིན་བཏུང་ན་སེལ་བ་ལྟར། །གོ་མྱོང་དེ་འདྲ་མདོ་ལས་གསུངས། །དེ་ཕྱིར་རིགས་པ་མང་པོ་ཡིས། །རང་ཉིད་ངལ་བའི་གོ་སྐམ་ལ། །རེས་འཇོག་མི་དགོས་རིམ་བསྒོམ་ན། །ཟབ་མོའི་བཟོད་པ་མྱུར་དུ་ཐོབ། །འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡིས། །ཆུ་འབྲུག་མགོ་ཟླའི་ཚེས་ཉེར་དགུར། །ཤར་མར་བྲིས་འདིས་འགྲོ་ཀུན་གྱི། །ཟབ་མོ་དབུ་མའི་དོན་རྟོགས་ཤོག །མངྒ་ལཾ།། །།

བདག་མེད་གཉིས་གཏན་ལ་འབེབས་ཚུལ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །བདག་མེད་གཉིས་གཏན་ལ་འབེབས་ཚུལ། འཇམ་དཔལ་ལ་ཕྱག་འཚལ་ལོ། །རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་དམིགས་ནས་ངའོ་སྙམ་པའི་བློ་དེ་ངར་འཛིན་ཡིན་ལ། དེའི་ཞེན་ཡུལ་དེ་གང་ཟག་གི་བདག་གམ་ང་ཞེས་བྱ་བ་སྟེ། དེ་མ་བརྟགས་མ་དཔྱད་པར་ཡོད་སྙམ་དུ་ཞེན་པ་ཙམ་ལས་དོན་དུ་ཐག་ཁྲ་ལ་སྦྲུལ་ལྟར་གྲུབ་མ་མྱོང་བ་སྟེ། བདག་གི་གདགས་གཞི་ཕུང་པོ་ལྔ་ནི་དུ་མ་དང་མི་རྟག་པ་ཡིན་ཞིང་། བདག་ནི་སྔ་མ་ནས་འདིར་འོང་། འདི་ནས་ཕ་རོལ་ཏུ་འགྲོ་བའི་རྟག་པ། བདག་གཅིག་པུ་ཞིག་ཡོད་སྙམ་པ་ཡིན་ལ། དེ་ནི་ཕུང་པོའི་ཚོགས་པ་ལ་དེ་བཏགས་པ་ཙམ་ལས་དོན་དུ་མ་གྲུབ་བོ། །དེས་ན་ཡུལ་ཅན་ངའོ་སྙམ་པའི་བློ་དེ་བདག་འཛིན་ཡིན་ལ། དེའི་ཞེན་ཡུལ་དེ་ལ་བདག་ཅེས་བྱའོ། །ཐག་ཁྲ་ལ་སྦྲུལ་མེད་པ་ལྟར་ཕུང་པོ་ལ་བདག་ཏུ་བཏགས་པ་ཙམ་ལས། བདག་ངོ་བོ་ཉིད་ཀྱིས་མ་གྲུབ་པར་ཤེས་པ་འདི་བདག་མེད་ཀྱི་ལྟ་བའོ། །ངའམ་བདག་ཅེས་བྱ་བ་དེ་ལས་གཞན་པའི་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་ཆོས་ཞེས་བྱ་ཞིང་། ཆོས་དེ་དག་མ་བརྟག་ཉམས་དགའ་བ་ཙམ་དུ་བདེན་པར་ཡོད་ཡོད་ལྟ་བུར་ཞེན་ན་ཡང་། གཅིག་དུ་བྲལ་ལ་སོགས་པའི་རིགས་པས་བརྟགས་ན། ཕྲ་བ་དང་རགས་པའི་དངོས་པོ་གང་དུའང་མ་གྲུབ་པར་གཞི་མེད་རྩ་བྲལ་དུ་ཤེས་ན་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །དེས་ན་དགག་བྱ་གང་ཟག་དང་ཆོས་བུམ་པ་ལ་སོགས་པ་རང་བཞིན་གྱིས་གྲུབ་པའམ་བདེན་པར་གྲུབ་པ་དེ་ལ་གང་ཟག་དང་ཆོས་ཀྱི་བདག་ཅེས་བྱ་ལ། བདག་གཉིས་པོ་དེར་བློ་འཁྲུལ་བས་གཟུང་བ་ཙམ་ལས། དཔྱད་ན་ཅུང་ཟད་ཀྱང་མ་གྲུབ་པ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཞེས་བྱའོ། །བདག་མེད་པ་དེ་ལྟར་རྟོགས་པའི་བློ་དེ་ལ་བདག་མེད་རྟོགས་པ་ཞེས་བྱ་སྟེ། གཟུང་བ་བདག་གཉིས་དང་། དེའི་ཡུལ་ཅན་བདག་འཛིན་གཉིས་ཡིན་ལ། བདག་ཏུ་འཛིན་པ་གཉིས་པོ་དྲུང་ནས་འབྱིན་པ་ལ། །ཡུལ་བདག་གཉིས་པོ་མ་གྲུབ་པའི་ཚུལ་རིགས་པས་གཏན་ལ་ཕབ་ནས་བདག་མེད་གཉིས་པོ་དེའི་ཡུལ་ཅན་བདག་མེད་རྟོགས་པ་རང་རྒྱུད་ལ་བསྐྱེད་དགོས་སོ། །མདོར་ན་ངར་འཛིན་འདི་འཁོར་བའི་རྩ་བ་ཉོན་མོངས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཞིང་། དེའི་གཉེན་པོ་གང་ཟག་གི་བདག་མེད་རྟོགས་པ་ནི་ཐར་ལམ་གྱི་རྩ་བ་ལྟ་བུ་ཡིན་ནོ། །དེ་ཙམ་དུ་མ་ཟད་ཆོས་ཐམས་ཅད་ཀྱང་རང་བཞིན་མ་གྲུབ་པར་ཤེས་པའི་སྟོང་ཉིད་ཀྱི་ལྟ་བ་ཡོངས་སུ་རྫོགས་པ་ལས་ཤེས་བྱའི་སྒྲིབ་པ་མཐའ་དག་ཀྱང་སྤོང་བར་བྱེད་པས་ན་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ཡིན་ལ། སྟོང་པ་དང་རྟེན་འབྱུང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་བརྗོད་བྲལ་མཉམ་པ་ཆེན་པོ་ལ་ངེས་པ་གཏིང་ནས་མ་ཚུགས་ཀྱི་བར་དུ་ལྟ་བ་སྦྱང་བར་བྱའོ། །དགག་བྱ་བཀག་པ་ཙམ་གྱི་མེད་དགག་གི་གོ་ཡུལ་ཙམ་ནི་རྣམ་གྲངས་པའི་དོན་དམ་ཞེས་དོན་དམ་པ་མཚན་ཉིད་པ་ལ་འཇུག་པའི་སྒོ་ཙམ་ཡིན་གྱི། གནས་ལུགས་མཐར་ཐུག་མིན་ལ། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མའམ་རྣམ་གྲངས་མིན་པའི་དོན་དམ་ནི། བདེན་གཉིས་དབྱེར་མེད་པའི་གནས་ལུགས་སོ་སོ་རང་གིས་རིག་པར་བྱ་བ་སྤྲོས་པའི་དྲྭ་བ་མ་ལུས་པ་ཞི་བའི་བདག་ཉིད་ཡིན་ནོ། །མདོར་ན་རིགས་པས་དཔྱད་པའི་གོ་ཡུལ་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ནི་སྣང་ཡང་། བརྟག་ཅིང་དཔྱད་ན་རྡུལ་ཕྲ་རབ་ཙམ་ཡང་མ་གྲུབ་པར་ངེས་པའི་སྒོ་ནས་སྣང་བ་དང་རང་བཞིན་མ་གྲུབ་པ་འགལ་མེད་དུ་གྱུར་པའི་དངོས་པོ་ཐམས་ཅད་ཆུ་ཟླ་དང་རྨི་ལམ་སྒྱུ་མའི་སྣང་བ་ལྟ་བུར་ཡིན་ཐག་ཆོད་པའི་ངེས་ཤེས་ཡང་དག་པ་སྐྱེས་པའི་ཚེ་རྗེས་ཐོབ་སྒྱུ་མ་ལྟ་བུའི་ངེས་ཤེས་དང་མཚུངས་པ་སྟེ། དབུ་མའི་གོ་ཡུལ་ལེགས་པོ་བྱུང་བ་ཡིན་ཀྱང་། དེ་ཙམ་གྱིས་སྤྲོས་བྲལ་དབུ་མ་ཆེན་པོ་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་དབྱིངས་ཀྱི་དོན་མཐོང་བ་མིན་པས། ཟུང་འཇུག་བརྗོད་པ་དང་བྲལ་བའི་རང་ཞལ་མཇལ་ནས་དགག་སྒྲུབ་ཀྱི་རྟོག་པའི་འཛིན་སྟངས་མ་ལུས་པ་ནུབ་པའི་མཉམ་བཞག་ནམ་མཁའ་ལྟ་བུའི་སྤྲོས་བྲལ་ལ་ངེས་པ་ཁྱད་པར་ཅན་འདྲོང་ན་ཐོས་བསམ་གྱི་སྒོ་ནས་ལྟ་བའི་དཔྱད་པ་རྫོགས་པའི་ཚད་དེ་ཙམ་ལ་གསུངས་ཀྱང་། སོ་སོ་རང་རིག་པའི་ཡུལ་དུ་གྱུར་པའི་ཆོས་དབྱིངས་དེ་སྒྲ་དང་ཚིག་གི་རྗེས་སུ་འབྲང་བའི་ཁ་ཕྱིར་བལྟས་ཀྱི་དཔྱད་པ་ཙམ་གྱིས་གནད་མི་ཕིག་པས་གཞན་ཕལ་གང་གི་བློ་ཡུལ་ལས་ཤིན་ཏུ་འདས་པར་མཐོང་ཞིང་བླ་མའི་མན་ངག་དང་ལྡན་པའི་སེམས་ཀྱི་བཞག་ཐབས་ལ་མཁས་པ་དག་གིས་བདེ་བླག་ཏུ་ངེས་པ་འདྲོང་ནུས་པ་འདི་ལ་དཔག་ནས་ལམ་གྱི་གནད་མ་ལོག་པར་ཤེས་པར་བྱའོ། །ཞེས་པ་མི་ཕམ་པས་སོ།། །།

སོ་སོར་བརྟགས་པའི་དཔྱད་སྒོམ་བྱེད་ཐབས་ཉོན་མོངས་དྲྭ་བ་གཅོད་པའི་འཁོར་ལོ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །སོ་སོར་བརྟགས་པའི་དཔྱད་སྒོམ་བྱེད་ཐབས་ཉོན་མོངས་དྲྭ་བ་གཅོད་པའི་འཁོར་ལོ་བཞུགས་སོ། །སྙིང་གི་ཉི་མ་ཡེ་ཤེས་གཟི་ལྡན་སྐུ། །འཇམ་དཔལ་སྐྱབས་ཀྱི་དམ་པ་དེར་བཏུད་ནས། །སྙིང་ལ་ཉལ་བའི་དགྲ་ཆེན་གཞོལ་པའི་ཕྱིར། །བདེན་པའི་ངག་འདི་རང་བསམ་གཞན་ལ་སྨྲ། །སྙིགས་མའི་དུས་སུ་སྐྱེས་ཕྱིར་སྡུག་བསྔལ་དང་། །ཉོན་མོངས་སྣ་ཚོགས་མེ་ཆེན་རབ་འབར་བས། །ཞི་གནས་བསིལ་བའི་ཆུ་ལ་རྟག་འདུན་ཡང་། །རེ་བ་བཞིན་དུ་ཐོབ་པ་ཤིན་ཏུ་ཉུང་། །བདག་གི་རྒྱུད་ལ་ཉེས་པའི་སྐྱོན་མེད་ན། །སྤྱོད་ཡུལ་ཐམས་ཅད་བདེ་བའི་འོབས་སུ་གནས། །ཇི་ལྟར་ལྷ་ཡི་གནས་དང་བྱང་སེམས་ཀྱི། །ཡོངས་སུ་སྤྱད་པ་འབད་མེད་གྲུབ་ལ་སོམས། །རང་གི་སྔོན་བྱས་ཉེས་པས་རང་གི་རྒྱུད། །རྒུད་པས་མནར་ལ་གཞན་གྱི་ལེ་ལན་དུ། །བལྟ་བ་ཤིན་ཏུ་རྨོངས་ཏེ་དམྱལ་བ་རྣམས། །ཡུན་རིང་སྡུག་བསྔལ་ཁུར་དེ་སུ་ཡིས་བཀལ། །འདི་ན་རང་གི་གདོང་ལ་དྲི་ཡོད་པ། །མེ་ལོང་ནང་དུ་མཐོང་བ་ཇི་བཞིན་དུ། །སྔོན་བྱས་མི་དགེའི་ལས་ཀྱི་རྣམ་སྨིན་ནི། །རང་གི་སྤྱོད་ཡུལ་དུ་ནི་མངོན་པར་སྣང་། །དེ་ཕྱིར་ཡིད་མི་བདེ་དང་སྡུག་བསྔལ་གྱི། །རྩ་བ་རང་ལ་ཟུག་པ་ཤེས་བྱས་ནས། །གནས་གྲོགས་རྫས་ཀྱིས་ལེན་པ་ཅང་མེད་པར། །ཐམས་ཅད་རང་ལས་བྱུང་བ་ཅི་ནས་སོམས། །ཕྱི་རོལ་རྐྱེན་གྱིས་བདེ་སྡུག་འབྱུང་མོད་ཀྱི། །རྐྱེན་ལ་རང་དབང་མེད་དེ་ལས་ཀྱི་མཐུས། །གང་ཞིག་བསྐུལ་བ་དེ་ནི་བདག་གིས་མྱོང་། །འདི་ལ་རྫུ་འཕྲུལ་སྟོབས་ཀྱིས་བྲོས་ཀྱང་ཅི། །རྨི་ལམ་སྣང་བ་ཇི་འདྲར་བདེ་སྡུག་གི །སྤྱོད་ཡུལ་དེ་ཡང་རང་སེམས་དག་ལ་སྣང་། །སེམས་འདི་དྲི་མ་བྲལ་བར་མ་གྱུར་བར། །ཇི་ལྟར་བྱས་ཀྱང་དེ་ལས་ཐར་མི་ནུས། །རྟག་ཏུ་ཡུལ་གྱི་རྐྱེན་ལ་འདི་དང་འདིས། །བདག་ལ་བདེ་དང་སྡུག་བསྔལ་བྱས་སོ་ཞེས། །རྣམ་པར་དཔྱོད་པ་མི་མཁས་བྱིས་པ་རྣམས། །ཡུལ་ལ་ཆགས་དང་སྡང་བ་ཤིན་ཏུ་འཕེལ། །རྐྱེན་ལས་བྱུང་བའི་བདེ་དང་སྡུག་བསྔལ་རྣམས། །སྔོན་གྱི་ལས་ལས་བྱུང་ཞེས་རྒྱལ་བས་གསུངས་། །རང་གི་ལས་ལ་སེམས་པ་སྤངས་ནས་སུ། །རྐྱེན་ལ་དཔྱོད་པས་རྣམ་རྟོག་ལྷག་པར་འཕེལ། །རྐྱེན་གྱི་རྒྱུ་ལ་ཚེ་འདིའི་བྱ་བ་ཡི། །རྒྱུ་གཞན་སྣ་ཚོགས་དཔྱོད་པས་ཉེར་འཚོལ་ན། །ཡིད་དཔྱོད་དེ་ཡིས་ཡིན་མིན་སྣ་ཚོགས་སུ། །སྒྲོ་འདོགས་བྱེད་ཅིང་ཆགས་སྡང་བྱེ་བ་བསྒྲུབ། །བྱེད་པོ་མེད་པར་རྟེན་ཅིང་འབྲེལ་འབྱུང་གི །ཚུལ་ལ་རྐྱེན་འདི་ཁོ་ནས་བྱས་སོ་ཞེས། །ཡུལ་ལ་ཆགས་དང་སྡང་བས་རྣམ་རྨོངས་ཏེ། །རྟག་ཏུ་འཁྲུག་པར་བྱེད་པ་རང་ཉིད་འཁྲུལ། །རང་ལས་བྱུང་བའི་ལེ་ལན་གཞན་བཀལ་ན། །ཉེས་པའི་རྩ་བ་འབྱིན་པར་མི་ནུས་པས། །སླར་ཡང་འདི་དང་ཕྱི་མར་མི་བདེ་བའི། །ཉེས་པ་མང་པོ་ཤིན་ཏུ་ལྷག་པར་སྡུད། །ཇི་སྙེད་ཉེས་པ་ཀུན་གྱི་རྩ་བ་ནི། །རང་གིས་བྱས་ཤིང་རང་ལ་སྣང་སྙམ་དུ། །ལེ་ལན་རང་ལ་འགེལ་བ་འདི་ཤེས་ན། །གོང་གི་ཉེས་པ་ཐམས་ཅད་འགག་པར་འགྱུར། །ནད་ཀྱི་རྩ་བ་རང་ལ་གནས་པ་ནི། །མ་ཤེས་ནད་སློང་བྱེད་པའི་ཟས་དག་ལ། །ཁྲོ་བ་བླུན་པོའི་ཚུལ་ཡིན་ཚུལ་དེ་འདྲར། །གནས་པས་རང་གི་ནད་དེ་འབྱིན་མི་ནུས། །མཁས་པ་གང་ཞིག་ཟས་ཀྱིས་མི་བདེ་བ། །རང་གི་འདུ་བའི་ཁམས་ལས་བྱུང་ཤེས་ནས། །འདུ་བ་སྙོམ་པར་བྱེད་པའི་སྨན་སྦྱོར་བ། །ནད་མེད་བདེ་བར་གནས་པའི་དཔལ་ཐོབ་འགྱུར། །དེ་ཕྱིར་ཇི་སྙེད་ཡིད་མི་བདེ་བའི་རྒྱུ། །རང་གི་ལས་ཡིན་དེ་ལ་གསོས་འདེབས་པ། །རང་སེམས་ལ་གནས་ཉོན་མོངས་དགྲ་འདི་ཉིད། །འདི་དག་བཅད་ན་རྟག་ཏུ་བདེ་བར་གནས། །དེ་སླད་ཉོན་མོངས་འདི་ཡི་རྒྱུ་དང་རྐྱེན། །ངོ་བོ་བྱེད་ལས་རྣམས་ལ་ཚུལ་བཞིན་དུ། །སོ་སོར་རྟོག་པའི་ཤེས་རབ་མཐུ་བསྐྱེད་དེ། །ནད་འདི་གསོ་བའི་ཐབས་ལ་ཅི་ནས་བསམ། །རྒྱུ་ནི་ཚུལ་བཞིན་མ་ཡིན་རྟོག་པ་དེ། །རྐྱེན་ནི་ཡུལ་གྱི་རྣམ་པར་དམིགས་ལས་བྱུང་། །ངོ་བོ་བརྟགས་ན་དབེན་པ་སྨིག་རྒྱུ་འདྲ། །བྱེད་ལས་བླུན་པོའི་ཚོགས་ལ་འཆིང་བ་སྦྱིན། །གང་གིས་སྤང་བྱའི་རང་བཞིན་ཤེས་པ་དེས། །དེ་ཡི་གཉེན་པོའང་ཁོང་དུ་ཆུད་འགྱུར་ཏེ། །གང་གི་རྒྱུ་སོགས་དང་ནི་འགལ་བ་ཡི། །འདུ་ཤེས་གོམས་པས་ཅིག་ཤོས་འགག་པར་འགྱུར། །གང་ལ་སྡུག་པའི་མཚན་མ་ཡིད་བྱས་ན། །དེ་ལས་འདོད་ཆགས་མི་བཟད་སྐྱེ་བར་འགྱུར། །སྡུག་པར་བཟུང་བའི་ཡུལ་གྱི་རང་བཞིན་ལ། །དཔྱད་ན་སྡུག་པར་གྱུར་པ་གང་ཡང་མེད། །བཤང་གཅི་ཤ་ཁྲག་སྲིན་བུ་སྣབ་ལུད་སོགས། །མི་གཙང་དུ་མའི་རྫས་ནི་མངོན་སུམ་པ། །དེ་ཕྱིར་ཕྱི་རོལ་ཕྱུང་ཀྱང་མི་དགའ་ན། །དུ་མ་ཐུམ་པོར་སྤངས་ལ་དགའ་བ་ཅི། །དབང་པོ་གང་རུང་གཅིག་གིས་མ་ཚང་ན། །གང་ལ་སྔོན་བཞིན་དགའ་བ་མེད་པར་འགྱུར། །ཐམས་ཅད་ཚང་ཡང་རྡུལ་ཕྲན་སིལ་བུ་པ། །གཅིག་ཏུ་མ་གྲུབ་ཆགས་བྱའི་ཡུལ་གྱིས་དབེན། །ཁྱད་པར་རྐྱེན་གཞན་མཐོང་བས་བླ་མའི་ཡུལ། །སྡུག་པར་བལྟ་བ་དེ་ཡང་ཉམས་པར་བྱེད། །སྡུག་པ་ཡུལ་ལ་ངོ་བོའི་ཡོད་གྱུར་ན། །གཅིག་ལ་སྡུག་པ་ཀུན་ལ་དེ་བཞིན་འགྱུར། །ཕུང་པོ་ཚོགས་པ་སྙིང་པོ་མེད་པའི་ཆོས། །སྡུག་བསྔལ་གསུམ་གྱི་གཞི་རུ་རབ་གྱུར་པ། །སྐད་ཅིག་མི་སྡོད་གློག་བཞིན་གཡོ་བ་ལ། །ལེགས་པར་བརྟག་ན་ཆགས་པ་འབྲལ་བར་འགྱུར། །འོན་ཀྱང་རང་བློས་བཏགས་ནས་རང་གི་བློ། །རང་གིས་རང་བཅིང་དོན་མེད་སྡུག་བསྔལ་ལ། །ཤ་ཐང་ཆད་དུ་ངལ་བར་མ་བྱེད་པར། །རྣམ་པར་རྟོག་པའི་རྫུན་མཚང་རིག་པས་ཕུད། །སོ་སོར་རྟོགས་པའི་ཤེས་རབ་དེ་ལྟ་བུས། །ཡུལ་ལ་དཔྱད་ན་རྐྱེན་གྱི་མཚན་མས་དབེན། །བློ་ལ་དཔྱད་ན་སྨིག་རྒྱུ་བཞིན་དུ་སྟོང་། །བྱེད་པར་དཔྱད་ན་རྫུན་མཚང་གཏིང་ནས་རིག །བརྟེན་ནས་སྐྱེས་པའི་ཡུལ་དང་ཤེས་པ་ལ། །དུ་མ་འདུས་པའི་ཆོས་རྣམས་ཕྱེ་ཞིང་བརྟག །རྣམ་པ་སྣ་ཚོགས་ཚུལ་གྱིས་དཔྱད་པ་ཡིས། །ཆགས་པའི་ཡུལ་དང་ཡུལ་ཅན་གཏན་ལ་ཕབ། །འདི་ནི་བདེན་པའི་དོན་ཏེ་ཅིག་ཤོས་ཀྱིས། །གནོད་མི་ནུས་ཕྱིར་ཡང་ནས་ཡང་དུ་ནི། །རྣམ་དཔྱོད་དེ་འདྲ་བར་མེད་འཁོར་ལོ་བསྐོར་། །དེ་ཡིས་ཉོན་མོངས་དྲྭ་བ་རིམ་གྱིས་གཅོད། །དེ་བཞིན་སྡང་བ་སོགས་ཀྱི་ཡུལ་ལ་ཡང་། །ཕྱེ་ཞིང་རྟག་ལ་རང་དབང་མེད་པར་ནི། །རྐྱེན་ལས་བྱུང་བའི་ངང་ཚུལ་ཤེས་བྱས་ནས། །ཇི་སྲིད་ཉོན་མོངས་སྐྱེ་བ་དེ་སྲིད་དུ། །དཔྱད་པ་དེ་ཡང་དེ་ལ་འགྲན་པ་ལྟར། །རྩོལ་བ་མི་དོར་ཡང་ནས་ཡང་དུ་བྱེད། །འདི་ལ་དཔྱད་པ་ཁོ་ན་མ་གཏོགས་པར། །བཞག་སྟེ་སྒོམ་པ་ཅི་ཡང་མི་དགོས་སོ། །ཇི་ཙམ་དཔྱད་པ་དེ་ཙམ་ངེས་པ་སྐྱེ། །ཇི་ཙམ་ངེས་པ་དེ་ཙམ་ཉོན་མོངས་འབྲལ། །རང་གི་ངང་གིས་སྣང་དང་མུན་པ་བཞིན། །སོ་སོར་བརྟག་པས་ཉོན་མོངས་ཕྱོགས་ལ་གནོད། །ཚུལ་བཞིན་ཡིད་ལ་བྱེད་པ་འདི་ལྟ་བུ། །ཡུད་ཙམ་ཡིད་ལ་བྱས་ཀྱང་ཇི་ལྟར་ན། །ནད་ལ་སྨན་བཞིན་དེ་དང་འཚམས་པར་ནི། །ཉོན་མོངས་གཡོན་ཅན་ནུས་པ་སྨད་པར་བྱེད། །ཕྱིན་ཅི་ལོག་རྣམས་རྐུན་པོ་གཡོན་ཅན་འདྲ། །ངང་ཚུལ་ཤེས་ན་ནུས་པ་ཅི་ཡང་མེད། །མ་ཤེས་དེ་དབང་སོང་བའི་གོམས་ཤུགས་འདི། །རིང་ནས་གནས་ཕྱིར་འཕྲལ་ལ་མི་ལྡོག་ཀྱང་། །བདེན་དང་རྫུན་ཕྱིར་སྣང་དང་མུན་པ་ལྟར། །ངོ་བོ་ཉིད་ཀྱི་ནུས་སྟོབས་མི་འདྲ་བས། །ཚུལ་བཞིན་ཡིད་ལ་བྱེད་པ་མ་དོར་ན། །ཐུང་ངུའི་དུས་ཀྱི་དགྲ་ཆེན་སྟོབས་མེད་བྱེད། །དེ་ཕྱིར་ཉོན་མོངས་ཚོགས་ཀྱིས་གཙེས་པ་ན། །བདེ་བའི་ཚོགས་ཀྱི་གོ་སྐབས་མི་སྲིད་པས། །ནད་ལ་སྨན་བཞིན་སོ་སོར་བརྟགས་པའི་བློ། །ཉོན་མོངས་བུད་ཤིང་ཚོགས་ལ་མེ་བཞིན་སྦོར། །སྣ་ཚོགས་ཡུལ་གྱི་མཚན་མ་བཟུང་ནས་སུ། །འདོར་ལེན་ཁོར་མོ་ཡུག་གི་རྣམ་རྟོག་བརྒྱ། །རྟག་ཏུ་འཁོར་ལོ་བཞིན་དུ་བསྐོར་བ་དེས། །འདི་དང་ཕྱི་མར་ཉེས་པ་གྲངས་མེད་སྐྱེད། །འདི་ལྟར་ཕྱིན་ཅི་ལོག་གི་རྟོག་པ་རྣམས། །ཆུ་བོའི་གཉེར་མ་ལྟ་བུར་མི་འཛད་པར། །ཉིན་རེ་བཞིན་དུ་སྐྱེད་ལ་སྤྲོ་བ་ཁྱོད། །ཡང་དག་དཔྱོད་པར་འཇུག་ལ་ཅིས་མི་སྤྲོ། །གལ་ཏེ་ཚུལ་བཞིན་བརྟགས་པ་བརྗེད་ན་ཡང་། །ཉོན་མོངས་རྟོགས་པ་མཐོང་བས་དྲན་བྱ་སྟེ། །ཇི་ལྟར་དགྲ་བོ་མཐོང་བས་མཚོན་ཆ་བཞིན། །དེ་ལ་བརྟེན་ནས་དེ་ཉིད་ནན་ཏན་མཛོད། །ཡང་དག་དོན་ལ་བརྟགས་པའི་སྟོབས་ཀྱིས་ནི། །སྒྲིབ་པ་མེད་པར་ངེས་ཤེས་རྒྱུན་སྐྱེས་པས། །ཉོན་མོངས་ངང་གིས་ཆུང་བའི་བདེར་གནས་ལ། །རེག་ན་ཞི་གནས་སེམས་ཀྱང་རྙེད་མི་དཀའ། །ཚུལ་བཞིན་ཡིད་ལ་བྱས་པས་ཉོན་མོངས་ཀྱི། །ངོ་བོ་ངོ་བོ་མེད་པར་རྟོགས་པ་དེས། །རྟེན་འབྱུང་སྒྱུ་མ་ལྟ་བུའི་ཆོས་ཀུན་ལ། །རང་བཞིན་མེད་པ་བདེ་བླག་ཁོང་དུ་ཆུད། །ཉོན་མོངས་རྦ་རླབས་ཞི་བའི་ཡིད་དེ་ན། །རྒྱ་མཚོ་གཡོ་བ་མེད་པ་བཞིན་དུ་འགྱུར། །སེམས་ལ་སེམས་ཀྱི་རང་དབང་ཐོབ་ནས་ནི། །དགེ་བའི་དམིགས་པ་ཀུན་ལ་འདོད་དགུར་འཇུག །ཉོན་མོངས་མུན་པ་དྭངས་བའི་ཡིད་དེ་ནི། །ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུར་འགྱུར། །ཞི་གནས་ལ་བརྟེན་དངོས་པོའི་དེ་བཞིན་ཉིད། །ལྷག་པར་མཐོང་བས་ཡང་དག་ལམ་ལ་གནས། །དེ་ལྟར་དཔྱད་པ་འབའ་ཞིག་གོམས་བྱེད་པ། །ཞི་གནས་གྲུབ་པའི་ཐབས་ཏེ་ལྷག་མཐོང་ལམ། །འཇིག་རྟེན་འདི་ན་དོན་ཆེན་འདིར་འཇུག་པ། །བས༵མ་གཏན་འདོད་པས་བས༵མ་བྱ་བློ༵་ལྡན༵་བད༵ག །དེ་ནས་ནད་དང་བྲལ་བའི་སྐྱེས་བུ་བཞིན། །དུག་གསུམ་འདུ་བ་སྙོམས་པའི་སྐལ་བཟང་དེས། །ཡང་དག་ལམ་ལ་མཆོག་ཏུ་སྤྲོ་བ་ཡིས། །མཉམ་པར་བཞག་སྟེ་དངོས་པོའི་དེ་ཉིད་བལྟ། །གང་ལ་རང་བཞིན་ཅི་ཡང་མ་གྲུབ་བཞིན། །རྟེན་འབྱུང་དབང་གིས་སྣང་བ་འགོག་མེད་འདི། །རྨི་ལམ་ཆུ་ཟླ་སྨིག་རྒྱུའི་ཚུལ་བཞིན་དུ། །ཤེས་རབ་དྲི་མ་མེད་པའི་མིག་གིས་མཐོང་། །དེ་ནས་སྟོང་དང་མི་སྟོང་རྣམ་རྟོག་གི། །དྲྭ་བ་ལས་འདས་མི་རྟོག་ཡེ་ཤེས་ཀྱིས། །མི་གནས་དབུ་མ་ཆེན་པོ་ཆོས་དབྱིངས་དོན། །མཐོང་བས་སོ༵་སོ༵་ར༵ང་རི༵ག་མི༵་གཡོ༵་བ༵། །ཐོབ་ནས་ཚོགས་གཉིས་ཟུང་དུ་འཇུག་པའི་ལམ། །ཕ་རོལ་ཕྱིན་ནམ་རྡོ་རྗེ་ཐེག་པ་ལས། །ཇི་སྐད་གསུངས་པ་བཞིན་དུ་བསྒྲུབས་བྱས་ན། །མཆོ༵ག་གི༵་དང་པོ་སྐུ་གསུ༵མ་འཆང་བ་འགྲུབ། །འདི་ལྟར་ལེགས་པར་བརྗོད་པའི་དགེ་བ་ཡིས། །འགྲོ་ཀུན་ཡིད་ཀྱི་རྙོགས་པ་བསལ་བྱས་ནས། །རང་བཞིན་འོད་གསལ་གཉུག་མའི་དོན་མཐོང་སྟེ། །སང༵ས་རྒྱ༵ས་སྐུ༵་ལྔ༵འི་བད༵ག་ཉི༵ད་ཅ༵ན་གྱུར་ཅིག །དཔྱད་སྒོམ་འཁོར་ལོ་མ་ཞེས་པ་འདི་ལྕགས་ཡོས་ཟླ་༡༠ཚེས་༡༨ལ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་རིག་འཛིན་བླ་མ་སྒྲུབ་པ་ལ་གནས་པའི་སྔ་དྲོའི་ཐུན་གསེང་དུ་མི་ཕམ་བས་ཤར་མར་བྲིས་པ་དགེའོ། །

མན་ངག་ཟབ་མོ་རྣམ་གསུམ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །མན་ངག་ཟབ་མོ་རྣམ་གསུམ་བཞུགས་སོ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ནད་གདོན་ཉོན་མོངས་གཡུལ་ངོ་ལས། །རྒྱལ་བར་འདོད་ན་ནང་དང་ཕྱི། །རང་སར་ཐིམ་པའི་མན་ངག་དགོས། །ཞེས་པས། དང་པོ་ཕྱི་རོལ་ནང་དུ་ཐིམ་པའི་མན་ངག་ནི། རང་གདོན་བགེགས་ལ་དོགས་པ་ཆེན་པོ་ལངས་ནས་ཅིས་ཀྱང་མ་ཕན་ན། སྲུང་འཁོར་དང་དྲག་སྔགས་སོགས་ཕར་བསྐྲད་པའི་ཐབས་སྤངས་ཏེ། ག་རེ་ཁམས་གསུམ་འདི་ན་གདོན་བགེགས་མཐའ་ཡས་པ་ཡོད་དེ། ཡོད་ཚད་གནོད་དོན་ཅི་ཡོད། གནོད་བྱ་གནོད་བྱེད་རང་སེམས་ལས་ཤར་བའི་རྫུན་པ་ལ། གཉིས་སུ་འཛིན་པའི་དབང་གིས་གནོད་པར་བཏགས་ཀྱི། འཛིན་པ་མེད་ན་གནོད་པའང་མེད་དེ། གཤིས་ངན་དུ་ཤི་བའི་རོ་ཡི་རྩར་བསྡད་ན་དོགས་པ་བསྐྱེད། དེ་ལས་གནོད་པ་འབྱུང་། རྒྱུས་མེད་པའི་རོ་དེ་སྣོད་དུ་བཅུག་ནས་སྔས་བྱས་ཀྱང་ཡིད་མི་སྐྲག །གནོད་པའང་མེད། དེས་ན་ཐམས་ཅད་རང་སེམས་འགྱུར་མ་འགྱུར་ལ་རག་ལས་འདུགཁྱད་པར་རང་གནོད་བྱ་དང་གཞན་གནོད་བྱེད་དུ་བཟུང་ནས་དེ་ལ་ཕྲད་དུ་དོགས་པ་འདི་ལ་ཐུག་པའི་མཚངས་གཏིང་ནས་རིག་སྟེ། དོགས་པ་དང་འདི་གནོད་པའི་རྩ་བར་འདུག་གི་གདོན་དེ་གནོད་པར་མི་འདུག །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལ་འབྲོས་རྒྱུ་ཡང་ཅི་ཡོད། མི་གནོད་པར་ཤེས་ན་འབྲོས་ཀྱང་ཅི་དགོས། གནོད་པར་བཟུང་ན་ལྷ་ཡང་འདྲེ་བྱེད། ཕན་པར་བཟུང་ན་འདྲེས་ཀྱང་ལྷར་བྱེད། དངོས་པོའི་དོན་ལ་མཐའ་གཅིག་བདེན་གྲུབ་མེད། བརྟགས་ན་གཞི་མེད་སྟོང་པར་མཉམ་བཞིན། རང་སེམས་རྟོག་པའི་དབང་གིས་ཕན་གནོད་བྱེད་པ་རྨི་ལམ་གྱི་གཅན་གཟན་ལ་ཅི་ཙམ་དོགས་འཇིགས་ཆེ་བ་དེ་ལྟར་གནོད་པ་རང་གིས་ལན་པར་རིགས་པས་ཐག་བཅད་དེ་གནད་ཀྱི་མཚངས་དེ་རིག་པར་བྱས་ལ་རང་གང་ལ་དོགས་པའི་གདོན་དེ་དངོས་སུ་དེའི་ཡུལ་ཕྱོགས་དང་བཅས། དེར་མ་ཟད་ནམ་མཁའ་རབ་འབྱམས་ཀྱིས་མཐས་གཏུག་པའི་རྟེན་དང་བརྟེན་པར་བཅས་པའི་ཞིང་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་རང་གི་ཁོང་པའི་ནང་དུ་སིབ་ཀྱིས་ཐིམ་ནས། སྙིང་གི་ནང་དུ་ང་ཞེས་བྱ་བ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་དེ་ཐིམ་པས་དེས་མ་ཁྱགས་ནས་ཕྲ་རབ་རྡུལ་གྱི་རང་བཞིན་དུ་ཞིག་སྟེ་གཞི་ཙམ་མེད་པར་ཡལ། ཆོས་ཐམས་ཅད་རང་སེམས་དང་ངོ་བོ་དབྱེར་མེད་རོ་གཅིག་དུ་འདྲེས་ཏེ། ང་ཁྱོད་དང་དབྱེ་བསལ་ཅི་ཡང་མེད་པར་སོང་བར་བསམས་ལ། བློ་ལྷོད་དེ་ང་ལ་གནོད་པའི་གདོན་དང་དེར་མ་ཟད། སྣང་སྲིད་ཀྱི་ཁམས་ན་ཡོད་པའི་ཕན་བྱེད་ཀྱི་ལྷ། གནོད་བྱེད་ཀྱི་འདྲེ། དགྲ་གཉེན་བར་མའི་འགྲོ་བ་ཁམས་གསུམ་སྣོད་བཅུད་ཐམས་ཅད་ང་དང་རོ་གཅིག་བྱས་བཏང་བས། སུ་ལ་གནོད། སུས་གནོད། ཇི་ལྟར་གནོད་དམ་ཕན་བལྟས་པས་ཕན་གནོད་མེད་པར་དེ་གར་འདུག་པ་མཐོང་ན་དེ་གའོ་ཞེས་བརྗོད་དེ་སེམས་ཁོང་ལྷོད་དེ་རང་བབས་སུ་བཞག །རིག་ངོ་ཤེས་ན་དེའི་ངང་དུ་བཞག །མི་ཤེས་ན་ཡང་ཅི་བྱུང་བྱུང་ཅི་ཡིན་ཡིན་ཆུག་སྙམ་དུ་བག་ཡངས་སུ་གནས་པར་བྱའོ། །དེས་མཚོན་ཕྱི་རོལ་གྱི་དོགས་པ་ཐམས་ཅད་ལའང་དེ་ལྟར་བྱའོ། །དོགས་པ་ནམ་ཆེ་དེ་ལྟར་བྱས་ན་དོགས་པ་ཇེ་ཆུང་དང་། ཉམས་ཇེ་རྙེད་ཀྱི་ངང་གདོན་གྱི་དོགས་པ་ལས་རྒྱལ་བར་འགྱུར་རོ། །མི་ཕམ་འཇམ་དཔལ་དགྱེས་པའི་རིག་གསང་ནས་རྡོལ་བའི་མན་ངག་དང་པོའོ། །མན་ངག་འདི་འདྲ་ཟབ་པ་ས་སྟེང་དཀོན་ཟབ་རྒྱ།

གཉིས་པ་ནང་ཕྱི་རོལ་དུ་ཐིམ་པའི་མན་ངག་ནི། ལུས་ནད་ཀྱིས་ཆར་དཀྲུགས་ནས་ཅི་བྱ་མེད་ཅིང་ཅིས་ཀྱང་མ་ཕན་ན། ག་རེ་འདི་ལྟར་ནད་འདི་སྒྱུ་ལུས་འདིས་ལེན་པར་འདུག །ལུས་མེད་ན་ཅི་ཞིག་ན། ལུས་འདི་བདག་གིར་བཟུང་ནས་འཇིག་རྟེན་གྱི་ཁམས་ན་ང་གཅིག་པུའི་ལུས་ཞེས་ཉི་ཚེ་བར་འཛིན་པས་ལེན་པ་ཁོ་ནར་འདུག །ལུས་འདི་ཡང་ཕ་མའི་ཁུ་ཁྲག་ལ་བརྟེན་དེ་སྔར་མེད་གློ་བུར་བྱུང་བ། མི་གཙང་བའི་རྫས་སྣ་ཚོགས་འདུས་པ། སོབ་སོབ་བོ། །རྡུལ་ཕྲ་རབ་ཀྱི་ཚོགས་པ། སྐྱེས་ནས་འཆི་བའི་བར་སྐད་ཅིག་གིས་འགྱུར་བ། ཁམས་ཀྱི་ཚོགས་པའི་ནད་སྣ་ཚོགས་ཀྱི་གྲོང་ཁྱེར། མཐར་ཅིས་ཀྱང་དོར་ནས་རུལ་ཞིང་ཟགས་པའི་ཆོས་ཅན་དུ་ཐག་བཅད་ལ། འདིའི་ཤ་རུས་སོགས་སྲ་བའི་ཁམས་ནི་ཕྱི་རོལ་གྱི་སའི་ཁམས་དང་ཁྱད་མེད། དེ་བཞིན་དྲོད་མེ། དབུགས་རླུང་། ཁྲག་དང་གཤེར་བ་ཆུ་སྟེ། འབྱུང་བ་བཞིའི་འགྱུར་བ་ལས་ནད་བྱུང་ལ། ཁམས་ཀྱི་ཚོགས་པ་དེ་དག་འདི་ལྟར་དངོས་སུ་སྣང་ཡང་། ཆ་ནས་ཆར་ཕྱེ་ན་རྡུལ་ཕྲ་རབ་ཀྱི་བར་དུ་གཞིག་རུང་ཞིང་། དེ་ཀུན་གཅིག་ལ་གཅིག་མ་འདྲེས་པར་རང་སར་ཡོད་པ་བཅོམ་དུ་རུང་བ། གཞིག་ཏུ་རུང་བ། འགྱེས་ལ་ཁད་པ། གསོག་གསོབ་སྙིང་པོ་མེད་པ། ཆུ་ཡི་ཆུ་བུར་ལྟ་བུ། རྡུལ་ཕྲ་རབ་ལ་དཔྱད་ན་དེ་ཙམ་ཡང་མི་འགྲུབ་པས། གཞི་དང་རྩ་བར་མ་གྲུབ་བཞིན་དུ་ཐོག་མ་མེད་ནས་གོམས་པའི་ལུས་སྣང་གི་རྟོག་པ་ཨ་འཐས་ལ་ལུས་དངོས་སུ་སྣང་བ། ཕན་གནོད་ཀྱི་རྟེན་དུ་གྱུར་པ། བདེ་བ་དང་སྡུག་བསྔལ་ཉེ་བར་ལེན་པའི་སྒོ། བརྟགས་ན་མེད་ཀྱང་སྣང་བ་མི་འགོག་པ་ཆུ་ཟླ་དང་རྨི་ལམ་སྒྱུ་མ་ལྟ་བུར་རིག་པས་ངེས་ཤེས་འདྲོངས་བར་བྱས་ལ། དེ་ནས་ལུས་འཛིན་གཞིག་པའི་ཕྱིར། ཕཊ་ཅེས་བརྗོད་པས་ནང་གི་ཤ་རུས་ལ་སོགས་པའི་ཁམས་ཐམས་ཅད་ཁྲོལ་ཤིག་གིས་འཐོར་ནས་ཕྱི་རོལ་གྱིས་ཁམས་དང་འདྲེས་པར་བསམ། དེ་བཞིན་ཕཊ་རེ་རེས་ཁྲག་ཆུ། དྲོད་མེ། དབུགས་རླུང་དང་འདྲེས་ཏེ་རང་ལུས་མེད་པར་སོང་བར་བསམས་ལ། དེ་རྗེས་ཕཊ་གཅིག་གིས་རང་སེམས་ནམ་མཁའ་དང་བསྲེས་ཏེ་འཛིན་པ་ཅི་ཡང་མེད་པར་ཧད་དེ་བཞག །རྗེས་ཤེས་སུ་ནང་གི་ཁམས་ལྔ་པོ་ཕྱི་རོལ་གྱི་ཁམས་ལྔ་དང་དབྱེར་མེད་གཅིག་ཏུ་འདྲེས་སོང་བས་རང་ལུས་ཉི་ཚེ་བ་མེད་དོ་སྙམ་པའི་འདུན་པ་ཡང་ཡང་བྱ། དེ་ལྟར་བྱས་པས་ནད་གདོན་བྱད་དང་གྲིབ་སོགས་ཟུག་རྔུ་དང་ཉེས་པ་ཐམས་ཅད་རྩད་ནས་ཐོན་པར་འགྱུར་ཏེ་ཤིན་ཏུ་ཟབ་པའི་མན་ངག་གཉིས་པ་འཇམ་དཔལ་རྡོ་རྗེའི་རིག་གསང་ལས་རྡོལ་བའོ། །

གསུམ་པ་གཉིས་མེད་རང་སར་ཐིམ་པའི་མན་ངག་ནི། རང་རྒྱུད་ལ་ཉོན་མོངས་དང་རྣམ་རྟོག་སྐྱེ་བ་སོགས་ཐབས་གང་གིས་གཞིལ་མ་ནུས་ན། འདི་ལྟར་བསམས་ཏེ། ངའི་ཁོང་པའི་ནང་ན་ལྷོག་ལྷོག་འཕྱུར་འཕྱུར་འདྲ་བའི་རྣམ་རྟོག་འདི་རྒྱུ་རྐྱེན་ལས་བྱུང་བའི་འདུས་བྱས་ཡིན་ཏེ་རེས་འགའ་བ་ཡིན་པའི་ཕྱིར་རོ། །འདི་གཟུང་འཛིན་དུ་དམིགས་པ་ལས་བྱུང་གི་མ་དམིགས་ན་མི་སྐྱེ་སྟེ་ནམ་མཁའ་བཞིན་ནོ། །སྣང་སྲིད་ཀྱི་དངོས་པོ་སྣ་ཚོགས་མུ་མེད་པར་ཡོད་ཀྱང་དེའི་ནང་ནས་རང་གི་ལུས་སེམས་ཉི་ཚེ་བ་ལ་ལོངས་སྤྱོད་པ་པོ་དང་། ཡུལ་བཟང་ངན་སྣ་ཚོགས་ལོངས་སྤྱད་བྱར་བཟུང་ནས་རྣམ་པར་རྟོག་པ་སྣ་ཚོགས་སྐྱེས་པའི་མཚངས་རིག་པར་བྱས་ལ། དེས་ནང་དང་ཡུལ་དང་ནམ་མཁའ་དང་སྣང་སྲིད་ཐམས་ཅད་རོ་གཅིག་ཏུ་འདྲེས་ནས་ཅི་བསམ་འདི་བསམ་བསམ་མཁན་བསམ་རྒྱུ་ཐ་དད་མེད་པར་ནམ་མཁའ་ལྟར་མཉམ་ཕྱད་དེ་བའི་ཉམས་བསྐྱངས་ལ་ཅི་ཡང་མི་བསམ་པར་ཅི་གནས་སུ་བཞག་ལ་གདོད་མའི་གཤིས་སུ་ཡལ་བར་བསམ། དེ་འདྲ་ཡང་ཡང་གོམ་དུ་གཞུག་ཏེ་རྣམ་རྟོག་སྐྱེར་མི་གཞུག་པར་ལྷོད་པས་ཇི་ཞིག་ན་རྣམ་རྟོག་རང་ཡལ། རང་བདེ་ཁོང་འབར་འབྱུང་སྟེ་ཞི་ལྷག་བསྒོམ་པའི་བར་ཆད་རང་ཞིར་འགྱུར་བ་ཤིན་ཏུ་ཟབ་པའི་མན་ངག་གསུམ་པ་འཇམ་དཔལ་རྡོ་རྗེའི་རིག་གསང་ནས་རྡོལ་བའོ། །གཞན་ལ་དོགས་ན་ཕྱི་རོལ་རང་ལ་བསྟིམ། །རང་ལུས་མི་བདེ་ཕྱི་རོལ་ཁམས་སུ་གཏོར། །རང་གཞན་གཉིས་མེད་ནམ་མཁའི་ངང་དུ་བསྡད། །ཐིམ་པ་རྣམ་གསུམ་འཇམ་དཔལ་མན་ངག་ཟབ། །ཕྱི་རོལ་ནང་དུ་ཐིམ་པ། ནང་ཕྱི་རོལ་དུ་ཐིམ་པ། གཉིས་མེད་རང་སར་ཐིམ་པའི་མན་ངག་ཟབ་མོ་འདི་གསུམ་ས་ཕག་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གསུམ་ལ་རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་དུ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་ཐོན་པའི་ཟབ་ཆོས་ལགས་སོ། །

ནད་སྦྱོང་བདུད་རྩིའི་ཆར་རྒྱུན། ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༄༅། །ནད་སྦྱོང་བདུད་རྩིའི་ཆར་རྒྱུན་བཞུགས་སོ། །ནད་སྦྱོང་བདུད་རྩིའི་ཆར་རྒྱུན་ནི། །ན་མོ་གུ་རུ་བྷེ་ཥ་ཛྱ་རཱ་ཛཱ་ཡ། ཟུག་རྔུ་འབྱིན་པ་བླ་ན་མེད། །བདེ་གཤེགས་སྲས་བཅས་ལ་བཏུད་ནས། །སྡུག་བསྔལ་ནད་ཀྱི་འདམ་སྦྱང་བ། །ཤེས་རབ་བདུད་རྩིའི་ཆར་རྒྱུན་སྤེལ། །དེ་ལ་གང་ཟག་ཅིག་བྲོ་ནད་ཀྱིས་མནར་བ་དེས། ནད་དེ་ལ་བསྟེན་ནས་སྒྲིབ་པ་བྱང་། ཚོགས་རྫོགས་གཏན་དུ་ནད་ཀྱི་འདམ་ལས་ཐར་པའི་ཕྱིར་འདི་ལྟར་བློ་སྦྱང་བར་བྱ་སྟེ། དེ་ལ་ནད་ཡོན་ཏན་དུ་བལྟས་ནས་སྒྲིབ་པ་བྱང་བའི་སྒོར་ཤེས་པ་དང་། ནད་སློབ་དཔོན་དུ་ཤེས་ནས་བག་ཡོད་པར་བྱ་བ་དང་། ནད་ལམ་གྱི་གྲོགས་སུ་ཤེས་ནས་སྦྱིན་སོགས་ཀྱི་ཉམས་ལེན་ལ་འཇུག་པ་སྟེ་གསུམ་ལས། དང་པོ་ནི་འཁོར་བ་འདི་ན་སྡུག་བསྔལ་སྣ་ཚོགས་ཤིན་ཏུ་རྒྱ་ཆེ་ལ། དེར་རང་དབང་མེད་པར་སྐྱེ་བའི་ལས་ཅན་བདག་ཅག །ཡུད་ཙམ་བདེ་བའི་ཚེ་འཁོར་བའི་སྡུག་བསྔལ་མི་བསམ། རང་གི་དོན་མི་སྒྲུབ་པར་བག་མེད་དུ་གནས་པ་ལ། ནད་ཀྱི་སྡུག་བསྔལ་འདིས་བག་མེད་དང་དྲེགས་པ་སོགས་སྐྱོན་སེལ། སྒྲིབ་པ་བྱང་བའི་སྒོ་ཁྱད་པར་ཅན་སྟེ། སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །ཞེས་གསུངས་པ་བཞིན་ཏེ་སྡུག་བསྔལ་ལ་སྐྱོ་བའི་འདུ་ཤེས་ཀྱིས་འཁོར་བ་ལས་ངེས་འབྱུང་གི་བློ་སྐྱེ་བ་སོགས་ཡོན་ཏན་ཀུན་གྱི་གཞིར་འགྱུར་བ་ཡོད་དོ། ཁྱད་པར་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་རྩོད་ལྡན་མི་མཇེད་འདིར་མགོ་ན་བ་ཙམ་གྱིས་དམྱལ་བ་མནར་མེད་པའི་སྡུག་བསྔལ་ཀྱང་བྱང་བར་འགྱུར་བ་མདོ་སྡེ་དུ་མ་ལས་ཡང་ཡང་གསུང་པ་ལྟར། སངས་རྒྱས་ཀྱི་ཐུགས་བསྐྱེད་ཀྱིས་ཞིང་འདི་མ་དག་པ་སྙིགས་མ་དང་ལྡན་པའི་སྡུག་བསྔལ་ཆེ་ཡང་སྙིང་སྟོབས་ཆེན་པོའི་སེམས་དཔའ་མྱུར་དུ་སངས་རྒྱ་བ་རྣམས་འདིར་སྐྱེས་ནས་རྫོགས་སྨིན་སྦྱང་བ་ཚན་པོ་ཆེ་འགྲུབ་པ་ཡིན་པས་ད་ལན་རང་གི་ནད་འདིས་ཀྱང་སྔོན་ནས་བསགས་པའི་ལས་ངན་དུ་མ་འདག་ངེས་པས་སྤྲོ་བར་བྱའོ། །གཉིས་པ་བདག་གི་ནད་འདི་ལས་ཆེས་ཐུ་བའི་ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་བཟོད་དཀའ་ལ་ཡུན་རིང་བ་དག་རང་གཞན་ཐམས་ཅད་དེ་སྔ་སྐྱེ་བ་མུ་མེད་པར་མྱོང་། ད་ཡང་རང་གིས་ཐར་པ་དོན་དུ་མ་གཉེར་ན་སྐྱེ་བ་མུ་མེད་པར་སྡུག་བསྔལ་མྱོང་དགོས་པར་འདུག་ཀྱང་། བདག་གིས་དེ་སྔ་མ་ཤེས། ད་ནི་ནད་འདི་ཙམ་ཡང་བཟོད་དཀའ་ན་འདི་ལས་ཆེ་བའི་སྡུག་བསྔལ་མུ་མེད་པ་ཇི་ལྟར་བཟོད་དེ། ད་ནི་སྡུག་བསྔལ་ལས་གཏན་དུ་འདའ་བའི་ཐབས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་པའི་སྐབས་སུ་ཁེལ་བས་ཅི་ནས་ཅུང་ཟད་མ་ཤི་ན་ཚེ་འདི་ལ་འཁོར་བའི་རྒྱ་མཚོ་ལས་བརྒལ་བར་ཅིས་ཀྱང་བྱ། གལ་ཏེ་དེ་ལྟར་མ་གྲུབ་པར་ནད་འདིས་ཤི་ནའང་དུས་གསུམ་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་རྒྱལ་བ་སྲས་བཅས་ལ་ཕུལ་ནས་འདི་རྗེས་ཀྱི་སྐྱེ་བ་དེ་ལ་བླ་མེད་བྱང་ཆུབ་ཆེན་པོར་ཐོབ་པའི་སྨོན་ལམ་དྲག་པོ་བྱ་སྟེ་སྨོན་ལམ་ནི་ཆུད་ཟ་བར་མི་འགྱུར་རོ་སྙམ་དུ་སེམས་བསྐྱེད་པ་དང་། གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལ་གནས་ཀྱང་། དེ་ལྟར་མི་ཤེས་པར་ད་དུང་མཐའ་མེད་པའི་འཁོར་བར་སྡུག་བསྔལ་མྱོང་བ་དེ་ཐམས་ཅད་ནི་མི་ཤེས་པའི་མུན་པས་ཡིད་བསྒྲིབས་ཏེ་རང་དབང་མེད་པ་ཡིན་པས་དེ་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ཞིང་ཕྲལ་དང་ཡུན་དུ་བདེ་བའི་སྐལ་བ་བདག་གིས་སྒྲུབ་པར་བགྱིའོ། །དེ་ལྟར་བགྱིད་ནུས་པར་བླ་མ་དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་ཡང་ཡང་བྱའོ། །མདོར་ན་སྡུག་བསྔལ་གྱིས་ཅི་ཙམ་མནར་བ་དེ་བཞིན་སླད་ནས་རང་དང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་པའི་གོ་ཆ་བརྟན་པོ་གྱོན་ཏེ་ཕྱིན་ཆད་བག་ཡོད་པར་བྱ་དགོས་ཏེ། བདག་དེ་སྔ་བག་མེད་པས་ལས་ཉོན་གྱི་དབང་དུ་གྱུར་པས་མི་འདོད་བཞིན་ནད་འདི་མྱོང་། སྔ་ནས་ཐར་པ་ཐོབ་ན་ད་ལྟ་ན་རྒྱུ་ག་ལ་ཡོད། དེ་ཙམ་དུ་མ་ཟད་ལས་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་བྱས་ཡོད་ནའང་སྡུག་བསྔལ་འབྱུང་བ་མི་སྲིད་ཀྱང་། བདག་དེ་སྔ་བག་མེད་པས་རྒུད་པ་འདི་མྱོང་བར་ཟད། ད་ཕན་ཆད་དེ་སྔ་ལྟར་མི་བྱ་བར་ཅུང་ཟད་མ་ཤི་ན་འདོར་ངེས་ཀྱི་ལུས། ནད་ཀྱི་གྲོང་ཁྱེར། རྒ་བས་ཉིན་བཞིན་འཇོམས་པ་འདི་ལ་ཡིད་བརྟན་མི་བྱ་བར། རྣག་ཅན་འདི་ལ་བརྟེན་ནས་ཚོགས་རླབས་པོ་ཆེ་འགྲུབ་ནས་འཆི་ཁར་ཟླ་བ་ཉ་གང་བ་ལྟ་བུའི་སེམས་རེ་བ་ཡོངས་སུ་རྫོགས་ཤིང་། ཕྱི་མ་ཕན་ཆད་ཕན་བདེ་ཕུན་སུམ་ཚོགས་པའི་རྒྱུ་ལ་ཅིས་མི་འབད་སྙམ་དུ་བག་ཡོད་པ་བརྟན་པོའི་སེམས་སུ་བྱའོ། །གཞན་ནད་མེད་པ་ན་དགེ་བ་ལ་བརྩོན་མི་ནུས་པ་དག་ནད་ཀྱིས་སྐྲག་ནས་ཕྱག་བསྐོར་སྒྲིབ་སྦྱང་སོགས་ལ་འཇུག་པས་ན་ནད་དགེ་བའི་བཤེས་གཉེན་དུ་གྱུར་པའང་ཡོད་པས་རྐྱེན་ནད་དེ་ལ་བརྟེན་ནས་དགེ་རྩ་བསྒྲུབ་པ་དང་། བློ་སྦྱོང་བས་ལམ་གྱི་གྲོགས་སུ་འགྱུར་བའི་ཐབས་མཁས་ལ་བསྟེན་པར་བྱའོ། །ཁྱད་པར་དུ་ཆོས་སྨྲ་བ་དང་། གཅོད་པ། ཉམས་ལེན་པ་ལྟ་བུ་ཡིན་ན། ང་ནི་གཞན་ལ་ཆོས་བཤད་གཞན་མགོ་འདྲེན་པ་ཡིན་ཁུལ་ལ་ད་རེས་རང་ཐོག་ནད་བབ་པ་འདིས་རྐྱེན་ངན་ལམ་དུ་ཨེ་སློང་དང་། རང་གི་ཉམས་ལེན་གནད་དུ་ཨེ་ཚུད་ཀྱི་དྲོད་ཚད་སྲང་ལ་འདེགས་པ་ལྟ་བུ་ཡིན་པས་རང་རྒྱུས་རང་གིས་བླངས་ནས་ད་ཕན་སྐྱིད་ཆོས་མཛེས་ཆོས་ཀྱི་སྒོ་ནས། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་དུ་བབ་དུས་ཐ་མལ་བ། །ཞེས་པའི་ཚུལ་དུ་མ་སོང་བ་ཞིག་ནད་ཐེབས་འདི་ལ་བྱའོ་སྙམ་པས་རྐྱེན་ངན་ཉམས་ལེན་གྱི་གྲོགས་སུ་འཁྱེར་ཅི་ནུས་བྱ་དགོས་ལ། དེ་རབ་ལྟ་སྒོམ་གྱི་ངང་དུ་འཁྱེར། འབྲིང་བློ་སྦྱོང་དང་སྒྱུ་མར་ཤེས་ཤིང་ཚོགས་རྫོགས་སྒྲིབ་སྦྱང་གི་སྨོན་ལམ་གྱི་སྒོ་ནས་ལམ་དུ་ཁྱེར། ཐ་མས་ཀྱང་འདི་ན་ཇི་སྐད་བཤད་པའི་འདུ་ཤེས་བསྒྱུར་བའི་ཚུལ་རང་གི་ཉམས་འོག་ཏུ་གང་ཚུད་བློ་ལ་གང་དང་ཅི་འཐད་ཀྱི་སྒོ་ནས་ནད་ལམ་དུ་ཁྱེར་བར་བྱའོ། །གསུམ་པ་ལ་དྲུག་ལས། དང་པོ་སྦྱིན་པར་བློ་སྦྱང་བ་ནི། འཁོར་བའི་སྣང་བ་འདི་དག་མི་རྟག་པ་དང་སྡུག་བསྔལ་བ་དང་། བདག་མེད་པ་ཡིན་ཡང་བདག་གིས་མ་ཤེས་ཀྱང་། ནད་འདིས་མཚོན་ནས་སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོད་པ་དང་། སྐད་ཅིག་གིས་མི་རྟག་པ་དང་། ལུས་སེམས་ལ་དཔྱད་ན་དུ་མ་ཆོས་ཙམ་ལས་བདག་ཅེས་བྱ་བ་གང་ཡང་མི་འདུག་ཀྱང་། བདག་གིས་བདག་དང་བདག་གིར་བཟུང་ནས་ལུས་འདི་ལ་ཞེན་ཆགས་བྱས་པས་ནད་སོགས་ལུས་ལས་བྱུང་བའི་སྡུག་བསྔལ་འདི་ཀུན་བྱུང་བར་འདུག་པས། ད་ནི་ནད་བདག་གདོན་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་ལུས་འདི་ཇི་འདོད་པའི་དངོས་པོར་དམིགས་ཏེ་ཕོངས་བ་མེད་པར་བཏང་བར་བྱའོ་སྙམ་དུ་ཡང་ཡང་ཡིད་ལ་བྱ་ཞིང་། ལུས་སྦྱིན་གྱི་དམིགས་འདོན་རྒྱས་བསྡུས་ཅི་རིགས་ཡང་ཡང་བྱས་པས་གནས་སྐབས་ནད་དག་པ་དང་། མཐར་ཐུག་ཚོགས་རྫོགས་ཤིང་འཆི་བ་བསླུ་བའི་མཆོག་ཏུ་གསུང་ལ། གཞན་ཡང་སྟོང་ཆེན་རབ་འཇོམས་ལས། ཤེས་རབ་ཟབ་མོ་ཤིན་ཏུ་ལེགས་བརྟན་པའི། །འཕགས་པའི་བདེན་པ་སུ་དག་རྣམས་བསྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །ཞེས་གསུངས་སོ། །དེས་ན་རང་ལུས་ལ་ཆགས་པ་འདིས་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་བསྐྱེད་པས་ན་ཅིས་ཀྱང་མ་ཆགས་པར་གཏོང་བའི་སེམས་ལ་གོམས་པར་བྱ་བ་ནི་སྦྱིན་པའི་ཉམས་ལེན་ནོ། །གཉིས་པ་ཚུལ་ཁྲིམས་ནི། ལུས་འདིར་ནད་ཀྱི་གདུང་བས་ཁམས་འཕོ་བ་སོགས་འཇིག་རྟེན་ཐ་མལ་པའི་བདེ་བ་འགྱུར་བཅས་ཉི་ཚེ་བའི་རང་བཞིན་གྱིས་དབེན་ཞིང་འདི་ལ་བརྟེན་ནས་འཛག་མེད་ཀྱི་ཚུལ་ཁྲིམས་དམ་པ་སྒྲུབ་པའི་དམ་བཅའ་བརྟན་པོ་ལ་གོམས་པར་བྱ་བ་དང་། གསུམ་པ་བཟོད་པ་ནི། ནད་ཀྱི་སྡུག་བསྔལ་འདི་དག་ནི་རང་གི་སྔོན་བྱས་ཀྱི་ལས་ཀྱི་སྨིན་པས་འདི་འདྲ་འབྱུང་བའི་རྒྱུ་དང་སེམས་ཅན་ད་ལྟ་འདི་འདྲ་མྱོང་བ་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་ན་ཅི་མ་རུང་བདག་གིས་བཟོད་པར་བྱའོ་སྙམ་པ་དང་། བཞི་བ་བརྩོན་འགྲུས་ནི། དེ་འདྲའི་བློ་སྦྱོང་རེས་འགའ་བ་མ་ཡིན་པ་རྟག་གུས་ཀྱི་སྦྱོར་བརྩོན་གོ་ཆ་ཆེན་པོ་བགོས་ཏེ་བརྩོན་པ་བར་མེད་བྱ་བ་དང་། ལྔ་པ་བསམ་གཏན་ནི། ནད་དེས་ཟུག་རྔུ་ལྷངས་ཀྱིས་ལྡངས་བ་ན་སྙིང་རྗེའི་བློ་སྦྱོང་དམིགས་བཅས་དང་། རང་བཞིན་སྟོང་པ་ཉིད་དང་ནད་བསྲེས་པའི་དམིགས་རྣམ་མ་བརྗེད་པར་རྩེ་གཅིག་སེམས་པ་དང་། དྲུག་པ་ཤེས་རབ་ནི། བླ་མས་ནད་སྦྱོང་གི་གདམས་ངག་བསྟན་པ་ཐོས་པ་ལ་བསམ་པ་དང་། དེ་དོན་བསྒོམ་པས་ཀུན་རྫོབ་ཏུ་ན་བྱ། ན་བྱེད། ན་ལུགས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་ཤེས་པ་དང་། དོན་དམ་ནད་ཟུག་ཐམས་ཅད་སྐྱེ་འགག་གནས་བྲལ་ཆེན་པོར་ཤེས་པས་ན་ཟུག་ཐམས་ཅད་སྟོང་ཉིད་དུ་ཁྱེར་ཞིང་། དེ་ཡང་བདེ་ཆེན་དུ་ལྷངས་ཀྱིས་ཤར་བས་ན་བ་དེས་རྟོགས་པའི་བོག་ཐོན་ནས་སྐུ་གསུམ་གྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན་པས་དེ་བས་ན་ན་ཚ་ལམ་ཁྱེར་འདི་བྱང་ཆུབ་སྒྲུབ་པའི་གྲོགས་སུ་བསྔགས་པ་ཡིན་ནི། །ན་བ་ན་བ་མ་ཡིན་ཏེ། །ན་བ་བདེ་ཆེན་ཆོས་སྐུའི་ངང་། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ན་དང་མི་ན་ཁྱད་མེད་པའོ། །ཅེས་པའང་ཨ་ཛི་ཏས་སོ། །

ནད་སོགས་ལམ་འཁྱེར་གྱི་གདམས་པ། རྒྱལ་སྲས་དངུལ་ཆུ་ཐོགས་མེད།

༄༅། །ནད་སོགས་ལམ་འཁྱེར་གྱི་གདམས་པ། ན་མོ་གུ་རུ། བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི། །ན་ན་ན་སྟེ་ན་བས་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། །སྒྲིབ་གཉིས་སྦྱང་བའི་ཆེད་དུ་ཡིན། །ན་བ་མེད་ན་མེད་དེ་དགའ། །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །མི་ལུས་དོན་ཅན་བྱེད་པ་ཡང་། །སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །འབྱོར་པ་མེད་ན་མེད་དེ་དགའ། །བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད། །འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །འབྱོར་པ་ཡོད་ན་ཡོད་དེ་དགའ། །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག །འཕྲལ་ཕུག་ཀྱི་ཕན་བདེ་ཇི་སྙེད་པ། །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །མྱུར་དུ་ཤི་ན་ཤི་བས་དགའ། །རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང་། །མཚམས་སྦྱོར་གྱི་བག་ཆགས་བཟང་གྲོགས་པས། །མ་ནོར་གྱི་ལམ་དུ་ཆུད་པར་ངེས། །ཡུན་དུ་གསོན་ན་གསོན་པས་དགའ། །ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ། །གདམས་ངག་གི་རླན་དྲོད་མ་ཡལ་བར། །ཡུན་དུ་བསྟེན་པས་སྨིན་པར་འགྱུར། །གང་ཡིན་ཡང་དགའ་བ་སྒོམས་ཤིག་ཡང་། །ཞེས་པ་ས་སྐྱའི་དགེ་བཤེས་གཅིག་གིས་ནད་ལ་སོགས་པ་བྱུང་ན་ཇི་ལྟར་བྱེད་དྲིས་པའི་ལན་དུ། ནད་ལ་སོགས་པ་ལམ་དུ་འཁྱེར་བའི་ཚུལ་འདི། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་བཀོད་པའོ། །དགེའོ། །མངྒ་ལཾ། །

གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ཐོར་བུའི་སྐོར།

༄༅། །གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ཐོར་བུའི་སྐོར། མཉམ་ཉིད་ཁྱབ་གདལ་རང་རིག་དང་། །དབྱེར་མེད་དྲིན་ཆེན་བླ་མ་ལ། །རང་ངོ་འཕྲོད་པར་གསོལ་བ་འདེབས། །འཁོར་འདས་དབྱིངས་གྲོལ་དངོས་གྲུབ་སྩོལ། །དད་དང་ལྡན་ཞིང་དམ་ཆོས་ལ། །རྩེ་གཅིག་གདུང་བའི་ཤུགས་ལྡན་པ། །བུ་ཁྱོད་སྙིང་གཏམ་བསླབ་བྱའི་ཚིག །འདི་ལ་མ་ཡེངས་བླང་དོར་གྱིས། འཁོར་བ་དུག་གི་སྡོང་པོ་བཞིན། །ཆེ་འམ་ཆུང་སྟེ་གང་གིས་ཀྱང་། །སྡུག་བསྔལ་བཟོད་བརླག་མེད་བསྐྱེད་པས། །བློ་ཐག་ཞེན་པའི་འཁྲི་བ་ཆོད། །དམ་ཆོས་སྒྲུབ་དབང་ཡོད་དུས་འདིར། །རྩེ་གཅིག་སྒྲུབ་ལ་མི་བརྩོན་པར། །ཟང་ཟིང་ནོར་གྱི་སྐྱེད་འཕེལ་ལ། །མི་ཚེ་སྟོང་ཟད་མ་བྱེད་ཅིག །སྙིང་རྗེ་འདོད་ཆགས་ངོ་བོ་གཅིག །འཁོར་འདས་ལམ་ལ་ནོར་སོ་ཡོད། །ཆོས་དང་ཅི་མཐུན་མ་གཏོགས་པ། །ངོ་བསྲུང་མི་ཆོས་མ་མཁས་ཤིག །ཡང་ཡང་སྐྱེ་བ་སྡུག་རེ་བསྔལ། །སྐྱེ་མེད་མངོན་དུ་མ་གྱུར་པར། །མཚན་བཅས་མཚན་མེད་རྣལ་འབྱོར་ལ། །བློ་རྩེ་གཅིག་ཏུ་དྲིལ་བ་གཅེས། །དམ་པའི་ཆོས་ལ་འབད་དུས་སུ། །སེམས་འཛིན་ལན་འཇལ་བྱེད་པ་དེ། །དགེ་སྦྱོར་གཅོག་པའི་ཕུང་འདྲེ་ཡིན། །ངོ་ཤེས་འབྲེལ་ཆེ་མེད་པ་གྱིས། །རི་ཁྲོད་དགོན་པ་འགྲིམ་དུས་སུ། །ཇ་ཆང་ཟས་སྐོམ་བྱེད་པ་དེ། །རྨ་གཡའ་འཕྲུགས་པའི་བདེ་བ་འདྲ། །བདེ་སྐྱིད་འདམས་ཁ་མ་ལོག་ཅིག །ཡོང་ངེས་ཤེས་པའི་འཆི་བ་ལ། །མེད་ཐབས་མེད་པ་དམ་ཆོས་ཡིན། །འདི་སྣང་དོན་མེད་བྱ་བ་ལས། །ཕྱི་མའི་སོ་ཚིས་གལ་རེ་ཆེ། །རང་སེམས་དྲི་མེད་མ་རྟོགས་ན། །ཐུན་མོང་དངོས་གྲུབ་སྣ་ཚོགས་ཀྱང་། །ཞེན་འཛིན་མགོ་སྐོར་ཙམ་དུ་འདུག །གཤིན་གསོན་ཁྲུས་ཆོག་རྟེན་འབྲེལ་སོགས། །འགྲོ་ལ་ཕན་ངེས་མ་གཏོགས་པ། །གྲོང་ཆོག་གཡེང་རྐྱེན་སྣ་ཚོགས་ཀྱང་། །བསམ་གཏན་གཅོག་པའི་ཕུང་འདྲེ་ཡིན། །དགོས་མེད་རང་ཚོད་འཛིན་པ་གཅེས། །བདེ་སྡུག་སེམས་སྣང་གང་བྱུང་ཡང་། །ཉམས་ལ་མ་ཞེན་རང་གར་སྐྱུར། །ངོས་གཟུང་བྲལ་བའི་རིག་པ་ནི། །འཛིན་མེད་སོ་མར་ལྷོད་ཀྱིས་ཞོག །མཛའ་མཛའ་འདུས་པའི་མཆེད་གྲོགས་དང་། །ཆགས་སྡང་གྲ་བསྡེབ་མཆུ་བསྡུར་གྱིས། །ཉོན་མོངས་ངང་གིས་འཕེལ་བྱེད་པས། །དག་སྣང་ཕན་སེམས་བསྐྱེད་པ་གཅེས། །བླ་མ་མཆེད་གྲོགས་སྐྱོན་གླེང་ཡང་། །རང་ཟོང་རང་གིས་སྐྱེལ་བ་ཡིན། །རྩེ་གཅིག་དད་པའི་གདུང་སེམས་ཀྱིས། །གསོལ་འདེབས་ཐུན་བཞིའི་ཁྲིགས་བཅད་མཛོད། །སྐྱེ་བོ་ཁ་གཅང་ཐལ་བ་དེ། །རང་ཚུགས་མ་ཟིན་གཞན་དབང་འཆོར། །ཆོས་པའི་རྟགས་ཚུགས་མ་ཤོར་བར། །འཛིན་ཚུགས་ཐང་ལྷོད་མེད་པ་བྱ། །དངོས་གྲུབ་རྩ་བ་བླ་མ་ལ། །མོས་གུས་གསོལ་འདེབས་དྲག་པོ་འཚལ། །བྱིན་རླབས་སྣ་ཁ་རྣོ་བའི་ཕྱིར། །ཡི་དམ་ལྷ་ཡི་རྣལ་འབྱོར་གཅེས་། །བསྟན་སྲུང་ཕྲིན་ལས་སྒྲུབ་པའི་ཕྱིར། །དམ་ཅན་མཆོད་ཅིང་བསྐང་བ་སོགས། །འཕྲལ་དུ་སྤྱོད་པ་གཙང་བ་དང་། །ཕུགས་སུ་ཉམས་ལེན་འདྲིལ་བ་མཛོད། །བློ་མང་བྱ་བྱེད་སྤྲོས་འདོད་ཀུན། །དབྱིངས་སུ་སྤོངས་ལ་རང་གཞན་གྱི། །དོན་གཉིས་བསམ་པ་ཆོས་བཞིན་དུ། །འགྲུབ་པའི་རྟེན་འབྲེལ་འགྲིག་པ་གྱིས། །ཞེས་པ་འོད་གསལ་བསྟན་འཛིན་གྱི། །མོས་པས་བསྐུལ་བའི་ངོར་བྱས་ནས། །ཕྱོགས་རིས་མེད་པའི་རྣལ་འབྱོར་པ། །འགྱུར་མེད་རྡོ་རྗེས་སྨྲས་པའོ།། །།

༈ ན་མོ་གུ་རུ་རཏྣ་ཡ། མཁའ་ཁྱབ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་སྙིགས་དུས་གདུལ་བྱའི་ངོར། །མི་ཡི་ཟོལ་གྱིས་འབྲེལ་ཚད་དོན་ལྡན་ཅན། །ཕྲིན་ལས་ལྷུན་གྲུབ་བླ་མའི་ཞབས་ལ་འདུད། །མགོན་ཁྱོད་ཚད་མེད་ཐུགས་རྗེ་ཆེན་པོའི་མཐུ། །སངས་རྒྱས་ཀུན་དང་རྣམ་དབྱེར་མེད་པའི་ཕྱིར། །མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །བཟོད་མེད་བྱིན་རླབས་འབར་བའི་ཡེ་ཤེས་ཐོབ། །དེ་ཕྱིར་སངས་རྒྱས་ལས་ལྷག་འདྲེན་པ་ཞིག །ནམ་མཁའི་ཁོང་ན་ཡོད་ན་དེ་ཉིད་ཀྱང་། །སྐྱབས་མཆོག་བླ་མའི་དབྱིངས་སུ་རོ་མཉམ་པའི། །རྩེ་གཅིག་མོས་པས་གསོལ་འདེབས་བྱིན་གྱིས་རློབས། །ལྟེམ་རྐྱང་མེད་པའི་མི་ཕྱེད་དད་པ་ཅན། །ལས་འབྲས་བསླུ་མེད་ངེས་པའི་ཡིད་ཆེས་ཀྱིས། །སྒོ་གསུམ་གཡེང་བ་སྤངས་པའི་དབེན་རི་པ། །རྣལ་འབྱོར་དབང་ཕྱུག་བྱ་བཏང་ལྷ་བཙུན་ཆེ། །གཙུག་ལག་ཀུན་ལ་རྣམ་དཔྱོད་ཡངས་པའི་མཐུས། །རྒྱལ་བ་མཆོག་གི་གསུང་རབ་ཡིད་བཞིན་གྱི། །ནོར་བུའི་ཅོད་པན་གཙུག་ཏུ་མཆོད་པ་ལས། །ཕན་བདེའི་དཔལ་ཡོན་ཐོབ་ཕྱིར་གཞན་ཅི་གསོལ། །བློ་ལྡན་རྣམས་ནི་དོན་ཆེན་འབྲས་ལྡན་ན། །དམན་པ་ལས་ཀྱང་གུས་པས་ལེན་པ་བཞིན། །ཡུན་གྱི་དོན་པོས་གནས་དང་འབྲེལ་པའི་ཕྱིར། །ཐར་འདོད་སྙིང་ལ་བདུད་རྩིའི་སྐྱེས་སུ་འབྱུང་། །དེ་ཕྱིར་མངོན་མཐོའི་དཔལ་གྱིས་ལེགས་འབྱོར་ཡང་། །ངེས་ལེགས་འདུན་མ་སྒྲུབ་ལ་རྩེ་གཅིག་པའི། །བཞེད་པ་སྐོང་ཕྱིར་ནེ་ཙོའི་སྨྲེང་བཞིན་དུ། །སྙིང་གཏམ་བསླབ་བྱ་གདམས་པའི་ཚུལ་དུ་སྤེལ། །ཚེ་འདིའི་ཡུན་མཐའ་རྟོགས་ནས་ཕྱི་མར་རྩོལ། །འཁོར་བའི་རང་མཚང་རིག་ནས་ཐར་པ་བཞིན། །རང་བདེའི་ཁོང་སྐྲན་ཕུད་ནས་གཞན་དོན་སྤྱོད། །སྙིང་ནས་བྱང་ཆུབ་སྒྲུབ་པ་འདུན་མའི་གཞི། །གཏན་བདེའི་རྩ་བ་རྟོགས་ལྡན་བླ་མ་བསྟེན། །དོན་ལ་རྟོན་པའི་ཐོས་པས་ཕ་མཐའ་བཅད། །དབེན་པའི་གནས་སུ་འདུ་འཛིའི་རྐྱེན་སྤངས་ཏེ། །སྒོ་གསུམ་རྩེ་གཅིག་དགེ་བའི་ལམ་ལ་སྤྱོད། །དེ་ཕྱིར་རྙེད་པར་དཀའ་བའི་དལ་འབྱོར་རྟེན། །ཕུན་ཚོགས་བཅོ་བརྒྱད་མ་ཚང་མེད་འབྱོར་བ། །བརྒྱ་ལ་རྙེད་དཀའ་འདི་འདྲ་ཐོབ་དུས་སུ། །གཏན་གྱི་འདུན་མ་སྒྲུབ་པའི་གནས་སྐབས་ལགས། །སྐྱེས་ཙམ་ཉིད་ནས་ངེས་པར་འཆི་བ་གྲུབ། །ནམ་འཆི་ཆ་མེད་འཆི་རྐྱེན་ཤིན་ཏུ་མང་། །དེ་རིང་ཙམ་ཡང་རྟག་པའི་གདེངས་མེད་ན། །ལོ་ཟླ་མང་པོའི་འཚོ་ཚིས་བསྐྱུར་འཚལ་ལོ། །ད་ལྟ་འཇུག་ལྡོག་ཤེས་པའི་གནས་སྐབས་འདིར། །ལས་འབྲས་བསླུ་མེད་ཡིད་ཆེས་མ་བསྐྱེད་པར། མི་དགེའི་ལས་ལ་བག་མེད་སྤྱོད་ཚུལ་གྱིས། །ཞུགས་ན་མི་བཟད་ངན་འགྲོའི་གཡང་སར་ལྟུང་། །ཚ་གྲང་དམྱལ་བའི་སྡུག་བསྔལ་བཟོད་བརླག་མེད། །བཀྲེས་སྐོམ་ཡི་དྭགས་སྡུག་བསྔལ་ཡ་རེ་ང་། །གླེན་ལྐུགས་དུད་འགྲོའི་ལས་སྣང་ཉོན་རེ་མོངས། །འདི་ལྟའི་སྡུག་བསྔལ་མི་བཟད་མྱོང་བཟོད་དམ། །མཐོ་རིས་སྐྱེས་ཀྱང་འགྱུར་དང་འདུ་བྱེད་ཀྱི། །སྡུག་བསྔལ་མི་བཟོད་བདེ་བར་སེམས་ན་ཡང་། །རྨ་གཡའ་འཕྲུག་པའི་བདེ་ལ་སྲེད་པ་བཞིན། །འཁོར་བའི་ལས་སྣང་ཞེན་པའི་འཆིང་བ་ཆོད། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དཀའ་ལ། །ཡིད་བྱུང་བློ་གདེངས་ཐུབ་པའི་དཀོན་མཆོག་སྐྱབས། །གཅམ་བུ་མིན་པར་སྙིང་ནས་གུས་བསྟེན་པ། །ལོག་པའི་ལམ་མཐའ་སྤོང་བའི་ཉམས་ལེན་ཡིན། །འཁོར་བའི་གདུང་བས་རྟག་ཏུ་མནར་གྱུར་པའི། །མ་རྒན་འགྲོ་ལ་བཟོད་མེད་སྙིང་རྗེའི་རྩལ། །སྙིང་ནས་ལྷོང་པས་བྱང་ཆེན་གོ་འཕང་ལ། །འགོད་པའི་སྤྱོད་པས་ཐེག་དམན་གོལ་ས་ཆོད། །རྟོགས་པའི་ཡོན་ཏན་སྐྱེ་ལ་སྒྲིབ་བྱེད་གེགས། །སྡིག་སྒྲིབ་གཉིས་དེ་རྡོ་རྗེ་སེམས་དཔའ་ཡི། །བཟླས་བསྒོམས་སྟོབས་བཞི་ལྡན་པའི་རྣལ་འབྱོར་གྱིས། །ལས་ཉོན་སྒྲིབ་པ་བག་ཆགས་སྦྱོང་བ་གཅེས། །འཁོར་འདས་སྣོད་བཅུད་གཅིག་ཏུ་ཡོངས་བསྡུས་ནས། །འདོད་པའི་ཡོན་ཏན་མ་ཚང་མེད་ཚོགས་པས། །འཁོར་གསུམ་ཡང་དག་མཎྜལ་ཆོ་ག་ཡིས། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཉིད་ལ་འབད། །སངས་རྒྱས་དངོས་སུ་གྱུར་པའི་བླ་མ་ལ། །སངས་རྒྱས་ཉིད་དུ་ངེས་པའི་མོས་གུས་ཀྱིས། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཉམས་ལེན་བྱ། །ཟབ་མོ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེ། །ཐུན་མོང་ཐུན་མོང་མིན་པའི་དབང་བསྐུར་གྱིས། །སྨིན་བྱེད་ཡེ་ཤེས་མཆོག་ཏུ་བསྟར་བ་ལས། །རྩ་བ་དམ་ཚིག་བསྲུང་ཞིང་དག་པ་གཅེས། །དེ་ཉིད་ཉམས་ལེན་བསྐྱེད་རིམ་གསལ་སྣང་གི །ཐ་མལ་ཞེན་རྟོག་དག་པ་རབ་འབྱམས་སུ། །རྒྱས་ཐེབས་བར་དུ་མཛུབ་བཙུགས་གདམས་པའི་གནད། །ཆུ་བོའི་རྒྱུན་བཞིན་མཉམ་རྗེས་མེད་པར་སྐྱོངས། །རླུང་སེམས་དྷུ་ཏིར་ཞུགས་གནས་ཐིམ་གསུམ་གྱིས། །བློས་བྱས་མིན་པར་རྩོལ་མེད་གཏུམ་མོའི་མེས། །བཞུ་བའི་བདེ་སྟོང་ཡེ་ཤེས་འོད་གསལ་གཟུགས། །གང་ཤར་མྱོང་ཞེན་བྲལ་བའི་གནས་ལུགས་ནི། །ཅིར་སྣང་རང་གི་སེམས་ལས་གཞན་མིན་ཅིང་། །རྩ་བྲལ་སེམས་ཉིད་ཅིར་ཡང་འཆར་བའི་གཤིས། །དག་པའི་འཁོར་ལོར་རྒྱས་བཏབ་འདོད་ཡོན་གྱི། །སྣང་བ་བདེ་ཆེན་སྒྱུ་མའི་རོལ་པར་སྦྱང་། །ཁྱད་པར་སྒོ་གསུམ་རུ་ཤན་གནད་ལ་འབོར། །འཁོར་བ་གདོས་པའི་ཞེན་འཛིན་དབྱིངས་སུ་སྦྱོངས། །ཧཱུྃ་ཡིག་སྤྲོ་བསྡུའི་དམིགས་གནད་རྣམ་པ་བཞིའི། །ཡུལ་དང་ཡུལ་ཅན་སྦྱོང་ཞིང་སྲང་དུ་འཇུག །སེམས་ཞེས་བརྟགས་པའི་འོལ་པོ་རྗེས་མེད་དེ། །རྩ་བཅད་མཚང་བཙལ་གནས་ལུགས་ལ་བརྟགས་ནས། །རང་ཤར་རང་གྲོལ་བསམ་བརྗོད་ལས་འདས་པས། །འཁོར་འདས་གཉིས་འཛིན་ཞེན་པའི་སྒྲིབ་གཡོག་ཕུད། །སེམས་ཉིད་རང་རིག་ངོ་བོར་འཁོར་འདས་མཉམ། །གཞི་རྫོགས་འཕོ་འགྱུར་མེད་པའི་སྤྲོས་བྲལ་དེ། །ཆོས་ཀྱི་དབྱིངས་ཞེས་ཐམས་ཅད་དེ་ཡི་ངང་། །ཆོས་རྣམས་ཀུན་གྱི་གསལ་སྣང་འཆར་བྱེད་དེ། །ཤེས་པ་སྐད་ཅིག་སྣང་སྟོང་བར་ན་གནས། །སྔ་མ་འགགས་ཤིང་ཕྱི་མ་མ་སྐྱེས་པ། །གསལ་སྟོང་འཛིན་མེད་རིག་པའི་ངོ་བོ་ཉིད། །དྭངས་ལ་རྟོག་མེད་ངང་དུ་གང་གནས་པ། །བྱུང་ཚོར་རྟོག་པ་དེར་འཛིན་གཉེན་པོའི་ཆོས། །གང་ཡང་མེད་པའི་ཤེས་རབ་རང་གསལ་བ། །རྒྱ་ཡན་ཕྱལ་པ་དེ་ཉིད་རང་གནས་ཀྱི། །བསམ་གཏན་ངོ་བོར་བརྒྱུད་ལྡན་བླ་མས་བཤད། །དེ་ལས་ཤེས་པ་འཕྲོ་གནས་དགག་སྒྲུབ་དང་། །ཆགས་སྡང་མི་རྟོག་ཏིང་འཛིན་གང་ལ་ཡང་། །རང་རིག་རང་གསལ་ངང་ལ་ཆེར་གྱིས་གཏད་། །འཛིན་མེད་རང་གནས་ངང་དུ་རྗེན་གྱིས་འཆར། །རེས་འགའ་ལུས་སེམས་ཁོང་ཀློད་ལྷན་གྱིས་ཞོག །སྣ་ཚོགས་རྟོག་པ་སྤྲོས་ལ་ཆམ་གྱིས་སྐྱུར། །དེ་ཚེ་རྒྱ་མཚོ་རླབས་ཉིད་ཞི་བ་ལྟར། །འཕྲོ་བྱ་འཕྲོ་བྱེད་གཉིས་མེད་རྩ་བྲལ་ངང་། །གང་ཤར་རྟོག་པ་དེར་འཛིན་མེད་པ་ལ། སྐད་ཅིག་རིག་པ་ཐོལ་སྐྱེས་ཐོལ་ནུབ་ཏུ། །འགྲོ་བ་ཆོས་ཉིད་རོལ་པའི་རང་རྩལ་ཏེ། །རྒྱ་མཚོ་ལས་ནི་རྦ་རླབས་འཆར་བ་བཞིན། །འཕྲོ་གནས་གཉིས་སུ་མེད་པའི་ཡེ་ཤེས་དེ། །གནས་པའི་ངང་ལས་འཕྲོ་ཡང་རང་བབས་སུ། །བཞག་པས་གནས་ཤིང་འཕྲོ་གནས་གཉིས་མེད་པ། །རྒྱ་མཚོའི་རླབས་ཉིད་རྒྱ་མཚོར་རོ་གཅིག་མཚུངས། །མདོར་ན་གང་ཤར་རིག་པ་བཅོས་བསླད་དང་། །བྲལ་བ་གཉུག་མའི་ཡེ་ཤེས་ཀློང་གྱུར་ན། །ཀུན་ཀྱང་ཉམས་ལེན་འཁོར་ལོར་འཆར་བ་ལས། །ཁྲེགས་ཆོད་ཀ་དག་ལམ་དུ་བྱང་ཆུབ་བོ། །ཁྱད་པར་ཐོད་རྒལ་རྡོ་རྗེའི་གསེབ་ལམ་ཆེར། །སྒོ་གསུམ་ཕྱི་ནང་གསང་བའི་བྱ་བ་བཏང་། །སེང་གེ་གླང་ཆེན་དྲང་སྲོང་ལུས་གནད་གཅུན། །ལྟ་སྟངས་གསུམ་གྱིས་འབེན་ལ་འགྱུར་མེད་བལྟ། །དེ་ཚེ་མཁའ་ལ་དབྱིངས་དང་རིག་པ་འཆར། །སྣང་དང་མཆེད་དང་ཚད་དུ་ཕྱིན་པ་སྟེ། །ཤེས་རབ་རང་བྱུང་སྒྲོན་མའི་ཡེ་ཤེས་ཞལ། །མངོན་གྱུར་ཆོས་ཟད་མཐར་ཐུག་འབྲས་བུ་ཐོབ། །ཟབ་མོ་སངས་རྒྱས་ཀུན་གྱིས་རྟོགས་བྱའི་གནས། །མངོན་སུམ་གནད་དྲིལ་སྙིང་ཐིག་གདམས་པའི་བཅུད། །འདི་ལས་འཕོ་མེད་ཀུན་བཟང་གདོད་མའི་གཞིར། །ཚེ་འདི་ཉིད་ལ་གྲོལ་བར་གདོན་མི་ཟ། །དེ་ཕྱིར་ཟབ་དང་རྒྱ་ཆེའི་ཆོས་ཀུན་གྱི། །སྙིང་པོའི་མཐར་ཐུག་རྒྱལ་བའི་ཉེ་ལམ་ལས། །བརྩམས་པའི་སྙན་བརྒྱུད་སློབ་བཤད་བདུད་རྩིའི་སྐྱེས། །སྐལ་ལྡན་གདུང་བ་སེལ་བའི་དངོས་གྲུབ་མཆོག །ཀུན་སྤངས་ལྷ་བཙུན་གཉུག་མའི་གར་མཁན་ཆེ། །རྣལ་འབྱོར་དབང་ཕྱུག་གང་ཤར་རང་གྲོལ་གྱིས། །ལྷ་རྫས་རྣམ་བཀྲ་དར་གྱི་སྐྱེས་དང་བཅས། །གསུང་གི་གསང་བས་བསྐུལ་བའི་ངོར་བྱས་ནས། །ཕྱོགས་མེད་རིས་མེད་དག་པའི་སྣང་བ་ཡིས། །ཆོས་ཚུལ་ཀུན་ཀྱང་ངེས་པའི་ལམ་གཅིག་ཏུ། །གྲུབ་པའི་མོས་པ་ཆེས་བརྟན་སྙོམ་ལས་པ། །འགྱུར་མེད་རྡོ་རྗེས་གང་ཤར་ལྷུག་པར་སྤེལ། །ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཡི། །བློ་གྲོས་མཁའ་ལྟར་ཡངས་པའི་རྣལ་འབྱོར་ཆེ། །ཐུགས་ལ་དགྱེས་པ་སྤེལ་བའི་དགའ་སྟོན་དུ། །གྱུར་ནས་རིས་མེད་འགྲོ་ལ་ཕན་པར་ཤོག །ཅེས་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་སྤེལ་བའི་ཡི་གེ་པ་ནི་གཅུང་ཀུན་དགའ་ཚུལ་ཁྲིམས་སོ། །

༈ སྐྱབས་གནས་ཀུན་འདུས་བླ་མ་དམ་པའི་ཞབས། །སྒོ་གསུམ་དད་པའི་གཙུག་གིས་གུས་བསྟེན་ནས། །དད་པར་ལྡན་པ་དགེ་ལ་འདུན་པ་ཅན། །གང་དེར་བསླབ་བྱའི་སྙིང་གཏམ་མདོ་ཙམ་བཤད། །བརྒྱ་ལ་རྙེད་དཀའི་རྟེན་བཟང་ཐོབ་དུས་འདིར། །ནམ་བཞག་གཏན་གྱི་འདུན་མ་མ་བསྒྲུབས་ན། །མི་རྟག་འཆི་བ་ནམ་ཡོང་ཆ་མེད་པས། །སྐྱོ་ཤས་དྲག་པོས་བློ་རྩེ་ཆོས་ལ་དྲིལ། །དཀར་ནག་ལས་ཀྱི་འབྲས་བུ་སོ་སོར་འབྱིན། །ངན་སོང་འཁོར་བའི་སྡུག་བསྔལ་བཟོད་གླགས་མེད། །ད་རེས་རང་དབང་རང་ལ་ཡོད་དུས་འདིར། །བླང་དོར་བྱ་བའི་འདམ་ཁ་མ་ལོག་གཅེས། །སྐྱབས་ཀུན་སྙིང་པོ་དྲིན་ཆེན་བླ་མ་ལ། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་མོས་གུས་དང་། །མ་རྒན་འགྲོ་ལ་བཟོད་མེད་སྙིང་རྗེའི་སེམས། །ཤུགས་དྲག་རྒྱས་པའི་བྱང་ཆུབ་སེམས་སྦྱོང་བྱ། །ཐ་མལ་སྣང་ཞེན་དག་པ་རབ་འབྱམས་ལྷའི། །དཀྱིལ་འཁོར་འཁོར་ལོར་སྦྱངས་ནས་རླུང་གི་འགྲོས། །རྡོ་རྗེའི་གསུང་གི་གདངས་སུ་བསྟིམས་པ་དང་། །སྟོང་ཉིད་སྤྲོས་བྲལ་ཁྱབ་གདལ་གནས་ལུགས་ལ། །སེམས་ཉིད་རང་བྱུང་རིག་པའི་ཡེ་ཤེས་ཞོག །ཆེར་གྱིས་དྲིལ་ནས་ལྷོད་ཀྱིས་གློད་པ་དང་། །གསལ་སྟོང་འཛིན་མེད་ངང་ནས་ཚོགས་དྲུག་གི །སྣང་ཆ་ཡེ་ཤེས་རོལ་པའི་རྩལ་སྦྱང་བྱ། །ཉོན་མོངས་སྐྱེས་ཚེ་དེ་ལ་གཅེར་གྱིས་བལྟ། །ངོས་བཟུང་མེད་པའི་རང་གསལ་རྗེན་ནེ་བ། །དེ་ཁའི་ངང་ལ་ཡེངས་མེད་འཛིན་མེད་ཞོག །མཉམ་རྗེས་དབྱེར་མེད་ཀུན་ཏུ་སྦྱོང་བ་གཅེས། །སུ་དང་འགྲོགས་ཀྱང་མི་ཉེ་མི་འཁོན་ཞིང་། །ཁ་གཅང་བློ་འདྲིད་ཆོས་བརྒྱད་འཆིང་བ་ཡིས། །རང་ཉིད་འཆིང་བའི་རྣམ་གཡེང་མི་བསྐྱེད་པར། །གང་བྱུང་ལམ་ཁྱེར་ཉམས་ལེན་སྙིང་པོར་དྲིལ། །བླ་མ་ཆོས་བརྒྱུད་གྲུབ་མཐའ་སྣ་ཚོགས་པའི། །ཁ་འཛིན་སྒྲོ་སྐུར་སྒྲིབ་པ་མི་གསོག་པར། །ཀུན་ལ་དག་པའི་སྣང་བ་ཕྱོགས་མེད་དང་། །ཉམས་ལེན་རང་ལུགས་སྙིང་པོར་བློ་རྩེ་གཏོད། །རང་རྒྱུད་འཆིང་བའི་གཡེང་བ་མ་གྱུར་ན། །གཞན་ལ་ཕན་པའི་ལས་ཐབས་ཆེ་ཕྲ་ཀུན། །སྐྱོ་ངལ་མེད་པར་སྒྲུབ་ལ་སྤྲོ་བ་ཡིས། །རང་གཞན་དོན་གཉིས་སྒྲུབ་ལ་བརྩོན་པར་གྱིས། །རང་གིས་ཤེས་སམ་མི་ཤེས་ཅི་ཡིན་ཀྱང་། །གཞན་དང་ཁ་བསྡུར་འཆར་གཡེང་མི་བྱེད་པར། །ཉམས་ལེན་སྙིང་པོ་གསང་ནས་རྩེ་གཅིག་ཏུ། །བསྒྲུབས་པས་དངོས་གྲུབ་མྱུར་དུ་ཐོབ་པ་ཡིན། །འགྱུ་བའི་སྤུན་ཐག་ཕྱོགས་ཙམ་མ་ཆོད་ཅིང་། །གནས་ལུགས་ངོ་བོར་ཡུད་ཙམ་མི་གནས་ཀྱང་། །མཉམ་རྗེས་རོ་མཉམ་རྣལ་འབྱོར་ལྡན་ནོ་ཞེས། །རྦད་ཁམ་ཧམ་པས་རང་ཉིད་མ་བསླུ་ཞིག །མདོར་ན་སྲིད་མཚོ་མཐའ་མེད་གཏིང་ཟབ་ཅིང་། །མ་བསྡམས་བྱེད་སྤྱོད་སྡིག་པའི་ལས་སུ་ཉེ། །ཅི་ལྟར་བྱས་ཀྱང་སྡུག་བསྔལ་བསྐྱེད་པའི་རྒྱུ། །དེ་ཕྱིར་དྲན་ཤེས་བརྟན་པོས་ཡེངས་མེད་དུ། །སྡིག་སྤོང་དགེ་སྒྲུབ་ལྷ་བསྒོམ་སྔགས་བཟླས་དང་། །གནས་ལུགས་ངོ་བོར་མཉམ་གཞག་ལ་སོགས་པ། །རང་ནུས་གང་ཡོད་མུ་གེའི་དུས་སྐབས་ན། །ཀུན་ཀྱང་ནས་ལ་འདུན་པ་བཞིན་དུ་གྱིས། །ཞེས་བྱ་བཏང་ཨོ་རྒྱན་ལྷུན་གྲུབ་ཀྱི་དད་པས་བསྐུལ་བའི་ངོར་འགྱུར་མེད་རྡོ་རྗེས་སྨྲས་པའོ། །

༈ དད་དང་སྐལ་བ་ལྡན་པའི་བུ། །ཉམས་ལེན་སྙིང་པོ་འདི་ལ་མཛོད། །རྣམ་དག་བྱང་ཆུབ་སྒྲུབ་པའི་རྟེན། །དལ་འབྱོར་མི་ལུས་ཐོབ་ན་ཡང་། །མི་རྟག་འཆི་བའི་སྐྱོ་ཤས་ཀྱིས། །ངེས་འབྱུང་བློ་སྣ་མ་བསྟུང་ན། །དོན་མེད་ངང་ལ་ཡུད་ཀྱིས་འགྲོ། །འཁོར་བར་འཁྱམས་ན་མི་འཇིགས་སམ། །དེ་ཕྱིར་སྲིད་པའི་བདེ་འབྱོར་ལ། །ཞེན་པའི་འཁྲི་བ་ཡོངས་བཅད་ནས། །མ་རྒན་འགྲོ་ལ་སྙིང་རྗེའི་རྩལ། །བྱང་ཆུབ་སེམས་ཉིད་འབྱོངས་པར་མཛོད། །རྣམ་དག་དབང་བཞིས་སྨིན་པའི་དོན། །རིམ་གཉིས་ལམ་ལ་དྲིལ་བ་ལས། །ཐ་མལ་སྣང་གྲགས་རྟོག་ཚོགས་ཀུན། །དག་པ་རབ་འབྱམས་འཁོར་ལོར་སྦྱོངས། །སེམས་ཉིད་སྐྱེ་འགགས་མེད་པའི་གཤིས། །སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངང་། །དྲི་མེད་རྩ་བྲལ་རྗེན་པ་ལ། །ཧྲིག་གིས་བསྒྲིམས་ལ་ལྷོད་ཀྱིས་ཀློད། །འགག་མེད་རིག་པའི་རང་རྩལ་ལས། །དད་དང་སྙིང་རྗེས་དྲངས་པ་ཡི། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །རྟག་ཏུ་རྩེ་གཅིག་འབད་པ་འཚལ། །ཞེས་འགྱུར་མེད་རྡོ་རྗེས་དགེ་སློང་བློ་བཟང་ངག་དབང་ལ་གདམས་པའོ།། །།

ཆོས་མཛད་འགྱུར་མེད་དར་རྒྱས་ལ་གདམས་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།

༄༅། །ཆོས་མཛད་འགྱུར་མེད་དར་རྒྱས་ལ་གདམས་པ། དགེ་སྦྱོར་བྱེད་ལུགས་ཀྱི་ཐོ་ལ། རེ་ཞིག་ལུས་མ་འཁྲུགས་ཙམ་གྱི་བབས་དང་བསྟུན་ངོས། ལུས་ཀྱིས་ལྕོགས་ཚེ། སྔ་དྲོ་ལྟ་བུར་ཁྲིད་ཀྱི་སྔོན་འགྲོས་བློ་སྦྱོང་ཐབས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་སྨིན་ཚུལ་རྣམས་མདོར་བསྡུས་ཙམ་རེ་སྔོན་དུ་འགྲོ་བས། སྐྱབས་ཡུལ་གསལ་བཏབ་ནས་སྐྱབས་འགྲོ་བདུན་ནམ་གསུམ། སེམས་བསྐྱེད་བདུན་ནམ་གསུམ། རྡོར་སེམས་སྒོམ་བཟླས་ཀྱི་ཡིག་བརྒྱ་ཉེར་གཅིག་ཙམ་རེ། མཎྜལ་དང་གསོལ་འདེབས་ཀྱང་བདུན་ནམ་གསུམ་རེ་ཙམ་བྱས་རྗེས་དབང་བླངས་ཏེ། སྐྱབས་ཡུལ་རྣམས་བསྡུས་ལ་བླ་མའི་ཐུགས་དང་རང་སེམས་བསྲེས་ནས། དེའི་ངང་ལ་དར་ཅིག་མཉམ་པར་བཞག་ནས་བསྔོ་བ་བྱ། དེ་ནས་ལྟུང་བཤགས་སོགས་ལས་སྒྲིབ་སྦྱོང་བའི་ཁ་ཏོན་ཅི་རིགས་པ་འགྲུབ་ན་བྱས་ལ། བར་དེར་ལུས་སེམས་ཁོང་ཀློད་དེ་ལུས་དང་བསྟུན་པའི་ངལ་གསོ་ཡུན་རིང་ཐུང་ཅི་རིགས་བྱ། ཞོགས་པར་འགྲུབ་ན་ལན་ཆགས་སྦྱོང་བའི་ཆུ་གཏོར་འབྱུང་བཞི་དང་བཅས་པ་བྱས་ན་རིམ་གྲོར་ཡང་འགྲོ། གཞན་རྒྱུན་དུ་ཁྲིད་ཀྱི་ཐུན་གྱི་སྔོན་འགྲོ་ཙམ་སྔོན་དུ་བཏང་ནས། ཞི་གནས་ཤིང་བུ་རྡེའུ་ལྟ་བུ་ཕྱིའི་དམིགས་རྟེན་ལ་སེམས་འཛིན་པའམ། ཡང་ན་རྡོ་རྗེའི་བཟླས་པ་ལྟ་བུ་ལ་སེམས་འཛིན་སླ་ན་མཆོག་ཏུ་བཟང་ཞིང་ཚེ་སྒྲུབ་ཏུའང་འགྲོ། ཡང་ན་མིག་ཧད་དེ་ཤེས་པ་ཆད་དེ་རྟེན་མེད་དུ་འཇོག་པ་རྣམས་གང་བདེ་བྱ། གང་ལྟར་ཞི་གནས་ཀྱི་སེམས་འཛིན་གྱིས་ལུས་ལ་མི་གནོད་ན་ཐུན་རིང་ཐུང་གང་ལྕོགས་བསྒོམ། དེས་གནོད་ན། ཡུལ་སྣང་ཐམས་ཅད་བདེན་མེད་སྒྱུ་མའམ། རྨི་ལམ་གྱི་སྣང་བ་ལྟར་ཝལ་ལེ་ཁྱུག་གེ་སྦྱངས་ནས། ཡུལ་གང་སྣང་ཐམས་ཅད་གསལ་སྟོང་འཛིན་མེད་རྗེན་ལྷག་གེ་བའི་ངང་དུ་དྲན་འཛིན་གྱི་བྱ་ར་མ་ཤོར་ཙམ་པས་ཀློད་ནས་འཇོག་ཅིང་། སྤྱོད་ལམ་དང་ཡང་བསྲེ། རེས་ཁ་ནང་ལོག་གི་དྲན་པས་སེམས་ཁོ་རང་གི་ངོ་བོ་ལ་ཅེེ་རེ་བལྟས་པ་ན། བལྟ་བྱ་ལྟ་བྱེད་བྲལ་བའི་ཡུལ་མེད་རང་གསལ་ནམ་མཁའ་ལྟ་བུའི་ངང་དེ་ཁ་ལ་བཅོས་བསླད་མེད་པར་རྗེན་ནེ་སྐྱུར་ལ་འཇོག །རྣམ་རྟོག་འཕྲོ་ན་སྤང་བླང་སོགས་གང་ཡང་མི་བྱ་བར་རྣམ་རྟོག་ཁོ་རའི་རང་ངོ་ལ་ཅེར་གྱིས་བལྟས་པས་རྦ་རླབས་ཆུར་ཐིམ་པ་བཞིན་ཡལ་བའི་ཚེ། དེ་ཁའི་ངང་ལ་མ་བཅོས་པར་རྗེན་ནེ་སལ་ལེ་ཝལ་ལེར་འཇོག །ལར་ནས་ལུས་ལ་ནད་ཀྱིས་མནར་ནའང་། སྔོན་ལས་འཕྲལ་རྐྱེན་གྱིས་ལྷོངས་པ་ཡིན་གཤིས། སྔོན་ལས་སྦྱོང་ཕྱིར། རང་ནད་ཀྱིས་གདུང་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་ནད་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་ལའང་རང་ཉིད་བཞིན་དུ་སྡུག་བསྔལ་གྱིས་ཉམ་ཐག་པར་སྣང་། དེ་ཐམས་ཅད་རང་གི་ཚེ་རབས་སྔ་མའི་ཕ་མ་ལན་གྲངས་དཔག་མེད་བྱས་པ་ཡིན་པས། དྲིན་ལན་དུ་ནད་པ་དེ་ཐམས་ཅད་ཀྱི་ནད་རྣམས་བླང་བར་བྱའོ་སྙམ་པས། དབུགས་ལྡང་འཇུག་དང་སྦྱར་ཏེ། དབུགས་ཕྱིར་ལྡང་བའི་ཚེ་རང་གི་བདེ་བ་དང་དགེ་བ་ཐམས་ཅད་རང་ལུས་ལས་ཟླ་བ་ལྟར་སྐྱ་སྒོར་གྱིས་ཐོན་ནས་སེམས་ཅན་རྣམས་ལ་ཐིམ། དབུགས་ནང་དུ་འཇུག་ཚེ་ཡུལ་ནད་པ་རྣམས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལས་ཉོན་སྡིག་པའི་ཚོགས་དང་། འབྲས་བུ་ནད་སོགས་སྡུག་བསྔལ་ཐམས་ཅད་ཀོ་བའི་སྐྱི་གཞར་བ་ལྟར་ནག་ཕུང་གིས་ཐོན་ནས་རང་ལ་ཐིམ་པར་བསམ་ཞིང་། ངག་ཏུའང་། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་ནད་སོགས་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །ཅེས་བརྗོད་ཅིང་འདུན་པ་དྲག་པོ་བྱ། དགོང་མོ་ཉལ་གདོང་འགྲུབ་ན་ཀུ་སུ་ལུའི་ཚོགས་འཁོར་གྱི་དམིགས་པ་རེ་བྱས་ནའང་། གནས་སྐབས་སུ་ནད་གདོན་གྱི་གཉེན་པོར་འགྲོ་ཞིང་། མཐར་ཐུག་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་། མཐར་འཁོར་གསུམ་མི་དམིགས་པའི་ངང་ལ་བཞག་པས་ཡེ་ཤེས་ཀྱི་ཚོགས་ཀྱང་འགྲུབ་པར་འགྱུར་བས་གང་ནུས་བྱའོ། །ཞེས་པའང་ཆོས་མཛད་འགྱུར་མེད་དར་རྒྱས་ལ་དྷརྨ་ཤྲཱིས་གདམས་པའོ། །དགེའོ། །དགེའོ། །དགེའོ།། །།

བསླབ་བྱ་སྙིང་གཏམ་བཅུ་གསུམ་མ། འཇམ་དབྱངས་ཁ་ཆེ་པཎ་ཆེན།

༄༅། །བསླབ་བྱ་སྙིང་གཏམ་བཅུ་གསུམ་མ་བཞུགས་སོ། །གུ་རུ་ཛ་ཡ་བྷཾ་ཝནྟུ། །རྩ་བརྒྱུད་བླ་མའི་བྱིན་རླབས་འཇུག་པ་ལ། །ཁ་ཞེ་ངོ་ལྐོག་མེད་པའི་མོས་གུས་འཚལ། །བླ་མས་ཅི་མཛད་སྐྱོན་དུ་མཐོང་བ་རྣམས། །ལོག་ལྟས་སྒྲོ་སྐུར་མ་འདེབས་སྙིང་གཏམ་ཡིན། །སྐལ་ལྡན་སློབ་མ་སྨིན་ཅིང་གྲོལ་བ་ལ། །གཞན་རྒྱུད་ཁམས་དང་དབང་པོ་ཤེས་པ་འཚལ། །རྙེད་བཀུར་གྲགས་ཕྱིར་དམ་ཆོས་འཚོང་བ་རྣམས། །རང་གཞན་གཉིས་ཀ་མ་འཕུང་སྙིང་གཏམ་ཡིན། །མཐོ་དམན་བར་གསུམ་སུ་དང་འགྲོགས་ན་ཡང་། །ལེགས་ཉེས་གང་ཡིན་ཕྱི་ཐག་བསྲིང་བར་འཚལ། །མཐོང་མཐོང་ཀུན་དང་མཛའ་བཤེས་བྱེད་པ་རྣམས། །དགོས་པའི་དུས་སུ་མི་བསླུ་སྙིང་གཏམ་ཡིན། །རྒྱ་ཆེན་གཞུང་ལུགས་ཐོས་བསམ་བྱེད་པ་ལ། །དེ་དོན་ཤེས་ནས་ཉམས་སུ་ལེན་པར་འཚལ། །མཁས་རློམ་ཚིག་ལ་མི་ཚེ་སྐྱེལ་བ་རྣམས། །ཉམས་ལེན་བག་ཙམ་མཛོད་ཅིག་སྙིང་གཏམ་ཡིན། །དབེན་པའི་གནས་སུ་གཅིག་པུར་སྒོམ་པ་ལ། །དང་པོ་ཕྱི་ནས་སྒྲོ་འདོགས་ཆོད་པར་འཚལ། །སྦྱངས་སྟོབས་མེད་པར་བླུན་སྒོམ་བྱེད་པར་རྣམས། །ཡོངས་འཛིན་མཁས་པ་བསྟེན་ཅིག་སྙིང་གཏམ་ཡིན། །རང་གཞན་གྲུབ་མཐའ་གཏན་ལ་འབེབས་པ་ལ། །མདོ་རྒྱུད་མན་ངག་ཀུན་ལ་འདྲིས་པར་འཚལ། །གསུང་རབ་དགོངས་དོན་ཁ་ཚོན་གཅོད་པ་རྣམས། །ཐུགས་བསམ་ལེགས་པར་ཐོངས་ཤིག་སྙིང་གཏམ་ཡིན། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་ལ། །རྒྱ་ཆེན་ཤེས་བྱ་ཀུན་ལ་མཁས་པར་འཚལ། །ལུང་རིགས་ཉན་བཤད་སློབ་གཉེར་འགོག་པ་རྣམས། །ཆོས་སྤོང་སྡིག་པ་མ་གསོག་སྙིང་གཏམ་ཡིན། །སུ་ཡི་དོན་དུ་དམ་ཆོས་སྒྲུབ་ན་ཡང་། གཞན་ཕན་བྱང་ཆུབ་སེམས་ཀྱིས་ཟིན་པར་འཚལ། །རྫས་ལ་སྲེད་པས་གྲོང་ཆོག་བྱེད་པ་རྣམས། །ལོག་འཚོའི་དུག་ཆུ་མ་མཐུང་སྙིང་གཏམ་ཡིན། །དད་པས་བྱིན་པའི་ཁ་ཟས་འཇུ་བ་ལ། །བསླབ་གསུམ་རྣམ་དག་གང་རུང་ལྡན་པར་འཚལ། །ཧ་ཅང་བདེ་ཆེན་དཀོར་ལ་རྔམས་པ་རྣམས། །ངན་འགྲོའི་གཡང་ལ་མ་མཆོང་སྙིང་གཏམ་ཡིན། །ཟང་ཟིང་འབྱོར་བས་བསོད་ནམས་སྤེལ་བ་ལ། །ཞིང་དང་བསམ་པ་དངོས་པོ་དག་པར་འཚལ། །ལོག་འཚོའི་རྫས་ཀྱི་སྦྱིན་པ་གཏོང་བ་རྣམས། །ཚོགས་གསོག་སྡུག་ཡུས་མ་མཛད་སྙིང་གཏམ་ཡིན། །མཁས་གྲུབ་བརྒྱུད་པའི་རྣམ་ཐར་སྐྱོང་བ་རྣམས། །རང་གིས་རང་ལ་རང་དབང་ཐོབ་པར་འཚལ། །ཀུན་འཇུག་གཅིག་ལ་ཡིད་བརྟན་མེད་པ་རྣམས། །བརྩམས་པ་མཐའ་རུ་ཐོན་གཅིག་སྙིང་གཏམ་ཡིན། །ཞེན་ལོག་ཕྱོགས་མེད་རྒྱལ་ཁམས་འགྲིམ་པ་ལ། །འདོད་ཡོན་འགལ་རྐྱེན་ལམ་དུ་སློང་བར་འཚལ། །གྲོགས་པོ་མཐའ་མེད་སྤྲང་འཁྱམ་བྱེད་པ་རྣམས། །དལ་འབྱོར་སྟོང་ཟད་མ་བྱེད་སྙིང་གཏམ་ཡིན། །མདོར་ན་བདེ་གཤེགས་བསྟན་པའི་སྒོར་ཞུགས་ནས། །ཐོས་བསམ་སྒོམ་གསུམ་གང་རུང་བསྒྲུབ་པར་འཚལ། །ཚེ་འདི་ཁོ་ན་དོན་དུ་གཉེར་བ་རྣམས། །ཕྱི་མར་བསམ་བློ་ཐོངས་ཤིག་སྙིང་གཏམ་ཡིན། །སྙིང་གཏམ་སྙིང་དང་འདྲ་བ་བཅུ་གསུམ་འདི། །བདག་གིས་བདག་དང་གཞན་ལ་ཕན་ཕྱིར་བྲིས། །གཞན་དུ་གཞན་ལ་ཕོག་པར་གྱུར་སྲིད་ན། །ཡིན་མིན་ཡིན་ལུགས་དབང་དུ་ཞོག་ལ་དཔྱོད། །འཇམ་དབྱངས་ཁ་ཆེ་པཎ་ཆེན་ནས། །

མི་ཆོས་གནད་ཀྱི་ཕྲེང་བ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

༄༅། །མི་ཆོས་གནད་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས། །འབྲོམ་རྗེ་ཞལ་འཛུམ་པའི་མདངས་དང་བཅས་ནས་དབུ་སྐྲ་ལྕང་ལོ་ཅན་དབུ་རང་གིས་སྤྲུག་སྟེ་རྒྱབ་ཏུ་བསྐྱུར་ནས་འདི་སྐད་གསུངས་སོ། །ཁོ་བོས་བྱང་གི་ཕྱོགས་ནས་གཙོ་བོའི་བུ། །ཁོ་བོས་ས་མཐའ་བསྐོར་བས་མི་མཐོང་མྱོང་། །རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ། །ཡིན་མིན་མགོ་ལྟག་ཕྱེད་པས་གྲུང་པོར་གྲགས། །གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །དེ་ཡི་སྟེང་ནས་འདུན་མ་བཤད་ཀྱིས་ཉོན། །བྱ་བྱེད་ཡོངས་ཀྱི་མགོ་ལྟག་ཕྱེ་ཡིས་ཉོན། །ལྷ་ཞི་ཀླུ་ཞིའི་གདམས་པ་བཤད་ཀྱིས་ཉོན། །ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལགས། །སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང་། །བྱ་ཤེས་ཀོ་ལོང་སྡུག་ཡུས་ཆུང་བར་མཛོད། །ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་། །མཛད་སྤྱོད་ཐམས་ཅད་མི་དང་མཐུན་པར་མཛོད། །རང་ལ་ཡོན་ཏན་ཅི་ཙམ་ཡོད་ན་ཡང་། །གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད། །རང་ཉིད་ནོར་ལ་ཆགས་ཞེན་ཆེ་ན་ཡང་། །གཞན་གྱི་ནོར་ལ་ཧབ་ཤ་ཆུང་བར་མཛོད། །རང་ཉིད་ལས་ཐབས་འདུན་མ་མཁས་ན་ཡང་། །སྤྱི་ཡི་ཁྲིམས་ལ་ས་ཆོད་ཆུང་བར་མཛོད། །རང་ཉིད་བསགས་པའི་ནོར་རྫས་ཡིན་ན་ཡང་། །མང་པོའི་གསེབ་ཏུ་ལྐོག་ནོད་ཆུང་བར་མཛོད། །རང་ཉིད་ཀུན་གྱིས་ཚད་མར་ཁུར་ན་ཡང་། །ང་འོ་སྙམ་པའི་ང་རྒྱལ་ཆུང་བར་མཛོད། །རང་ཉིད་ཀུན་ལས་ཁྱད་པར་འཕགས་ན་ཡང་། །ཆེ་བའི་ང་རྒྱལ་ཅུང་ཟད་མེད་པར་མཛོད། །རང་ཉིད་དགེ་བའི་བཤེས་སུ་གསོལ་ན་ཡང་། །མཁས་དམན་ཀུན་ལ་བརྙས་པ་ཆུང་བར་མཛོད། །རང་གི་གོང་ན་ཆེ་བ་གཞན་མེད་ཀྱང་། །འོག་ཏུ་ཞུགས་ལ་འཇུག་པ་བདེ་བར་མཛོད། །གཞན་གྱི་ཚོགས་དཔོན་ཇི་ལྟར་ངན་ན་ཡང་། །གུས་པའི་ཚུལ་གྱིས་ཕྱག་དང་ཕྱག་ལན་མཛོད། །རང་དང་མཉམ་པའི་གང་ཟག་སུ་བྱུང་ཡང་། །མགོ་ཡང་མཐོ་བའི་བཀུར་སྟི་གུས་པར་མཛོད། །མཛེ་སྤྲང་ལ་སོགས་སུ་ཡིས་ཆོས་ཞུས་ཀྱང་། །ཀུན་གྱི་དབུས་སུ་གདམས་ངག་ལྷུག་པར་སྟོན། །གལ་ཏེ་མཐོ་འཚམ་ཁ་ཚོད་ལྟ་ན་ཡང་། །ཧ་ཅང་ཕུལ་དུ་ཕྱིན་པས་ལྷག་པར་སྟོན། །ཚོགས་དང་བསྙེན་བཀུར་སོགས་ཀྱིས་མཆོད་འོས་ཀྱང་། །དེ་ལ་མ་ལྟ་ཀུན་ལ་ཐང་མ་རྡོལ། །ངེས་པར་གང་ལ་གསང་བར་འོས་པ་རྣམས། །ལྐུགས་པའི་ཚུལ་གྱིས་ཁ་རོག་དབེན་སར་བཞུགས། །དེ་ཡང་རགས་པ་སྤྱི་ཡི་རྣམ་གཞག་ཡིན། །ད་དུང་སྙིང་གཏམ་ལགས་པས་གསན་མཛོད་དང་། །འགྲོགས་ལུགས་དགྲ་ལ་འཚོལ་དང་ཟབ་པ་ཡིན། །སྙིང་གཏམ་བུ་ལ་གསོང་དང་བརྟན་པ་ཡིན། །ཁ་འདོན་གྲེ་བར་བསྐྱིལ་དང་བཙུན་པ་ཡིན། །མཚང་གཏམ་བར་དུ་གསོང་དང་མཁས་པ་ཡིན། །རང་མཚང་རང་གིས་བྲུས་དང་མཁས་པ་ཡིན། །གཞན་མཚང་ལྷོད་ལ་ཞོག་དང་དགེ་བ་ཡིན། །བློ་གཏད་སྙིང་གིས་སྐྱོང་དང་ངོ་མཚར་ཆེ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །འཕྲད་མ་ཐག་ཏུ་སྙིང་གཏམ་འཆད་པ་མཚང་། །མ་བརྟག་པ་ལ་བློ་གཏད་བྱེད་པ་མཚང་། །བརྟགས་ནས་འཁྲུལ་ན་ད་དུང་བྱེད་པ་མཚང་། །བག་མེད་མི་ལ་བྱ་བྱེད་འཚོལ་བ་མཚང་། །ཤ་མི་ཚ་ལ་ཕུགས་བསྲེ་འཚོལ་བ་མཚང་། །དད་པ་མེད་ལ་སློབ་མར་བསྟེན་པ་མཚང་། །སྙིང་རྗེ་མེད་ལ་བླ་མར་ཁུར་བ་མཚང་། །ཁྲེལ་གཞུང་མེད་ལ་གྲོགས་པོར་བསྟེན་པ་མཚང་། །མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་། །མི་ཤེས་པ་ལ་གྲོས་ཕུགས་འདྲི་བ་མཚང་། །མཚང་དུ་ཤེས་ནས་ད་དུང་མི་འདོར་ན། །རང་ཉིད་སྨྱོན་པ་ཡིན་པར་ཤེས་པར་བྱ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །བཟའ་བཏུང་ཟ་དུས་ཐམས་ཅད་བཀའ་སློབ་བདེ། །ཞག་གསུམ་འགྲོགས་ནས་རང་མཚང་སྟོན་པ་མང་། །ཉེ་རིང་ཡོངས་ལ་ལོ་གཅིག་མ་བརྟེན་པར། །བྱ་བྱེད་བཅོལ་ན་མྱུར་དུ་ནོངས་པར་འགྱུར། །རང་ལ་བརྟེན་པའི་མཚང་གཏམ་ངན་པ་ཡིན། །གཅིག་གི་སེམས་ལ་ཤར་ན་གཏོར་འགོང་ཡིན། །གཏམ་དེ་གཉིས་ལ་གྲགས་ན་ཕུང་བྱེད་ཡིན། །གསུམ་ལ་གྲགས་ན་གཏམ་ངན་རླུང་ཁྱེར་ཡིན། །མི་མངོན་དབྱིངས་སུ་ཡལ་ན་མཁས་པ་ཡིན། །ངག་མཚང་ཐབས་ཀྱིས་ཤེས་ན་གད་མོ་འཆོར། །དགོས་པ་རང་གིས་བསུས་ན་བདུད་རིགས་དགའ། །འཕུང་བྱེད་གྲོགས་སུ་བསྒྱུར་ན་མཚང་རེ་ཆེ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །ཟས་ལ་ཞེན་པ་མ་ཆེ་མི་ལ་བྱིན། །ནོར་ལ་སེར་སྣ་མ་ཆེ་ཆོས་ལ་མཆོད། །བཞིན་ལ་འགྱུར་ལྡོག་མ་མང་འཛུམ་གྱིས་བསུས། །དགྲ་ཟུན་བཤའ་རལ་མ་མང་སྤྱི་སྙོམས་བསྟེན། །འཁོར་ལ་བསྟོད་ར་མ་མང་བློ་ཁོག་སྡོམས། །མྱུར་དུ་སྨད་ར་མ་མང་ཐབས་ཀྱིས་སྤོང་། །སུ་ལ་ཁས་ལེན་མ་མང་ལག་ལེན་སྐྱོངས། །གང་ལའང་ཉེས་ཁ་མ་འདེབས་གྲོས་ཁ་བསྐྱེད། །ཉེས་ན་འགྱོད་ཐལ་མ་བྱེད་ཕྱིས་འབྱུང་སྡོམས། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །སྡུག་ཁ་དགྲ་ཡི་གཡབ་མོ་ལེགས་པར་ཆོད། །བྱ་མང་བྱུར་གྱི་སྣ་འདྲེན་ལེགས་པར་ཆོད། །བློ་མང་འདུན་མའི་དཀྲུག་ཤིང་ལེགས་པར་ཆོད། །གཤིས་ངན་དགྲ་བོའི་ཚོགས་ལ་ལེགས་པར་ཆོད། །རྣམ་རྟོག་སྡིག་འདྲེའི་ཕོ་ཁྲིམས་ལེགས་པར་ཆོད། །འཁོར་ངན་གཏམ་གྱི་གཞི་མ་ལེགས་པར་ཆོད། །གྲོགས་ངན་འགྱོད་པའི་རྩ་བ་ལེགས་པར་ཆོད། །ཡུལ་ངན་སྡུག་གི་འཁོར་བ་ལེགས་པར་ཆོད། །མི་ཆོས་རྐང་པའི་ཐི་གུ་ལེགས་པར་ཆོད། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །དུས་ངན་སྙིགས་མ་ལྔ་རུ་བདོ་བའི་དུས། །ཆོས་པ་ཡོངས་ཀྱི་བགེགས་འདྲེ་ཆགས་སྡང་གནོད། །གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བར་མཛོད། །ཇི་ལྟར་བགྱིས་ཀྱང་དམན་ཆ་བླང་བར་འཚལ། །ཐག་རིང་བལ་བོའི་ཐང་ནི་ཚད་པ་ཆེ། །ཁ་སྐོམ་བཏུང་བའི་ཚོགས་ལ་གཟབ་པར་འཚལ། །ལ་སྟོད་ལྷོ་ཡི་ཕྱོགས་ནི་དགྲ་འཇིགས་ཆེ། །ཞེ་སྡང་ངན་སྔགས་ཚོགས་ལ་གཟབ་པར་འཚལ། །ཉང་ཤབ་བྱང་གི་ཕྱོགས་ནི་སྨྲེ་མཆུ་མང་། །ལོང་གཏམ་ཚིག་གི་ཚོགས་ལ་གཟབ་པར་འཚལ། །སྤུར་རྒྱལ་བོད་ཀྱི་ཡུལ་ནི་ཁྲེལ་གཞུང་ངན། །ཡིད་འབྱུང་ཁོང་ཁྲོའི་ཚོགས་ལ་གཟབ་པར་འཚལ། །དེང་དུས་སྐྱེ་བོའི་ཚོགས་ནི་གསར་འགྲོགས་ཆེ། །བསླུ་བྲིད་འཁོར་གྱི་ཚོགས་ལ་གཟབ་པར་འཚལ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །ཡི་དམ་ལྷ་ལ་རེ་ལྟོས་མ་ཤོར་བར། །དུས་ངན་མི་ལ་རེ་ལྟོས་ཆུང་བར་མཛོད། །འགྲོགས་པའི་མི་ལ་ཁྲེལ་གཞུང་མ་ཆུང་བར། །ལེགས་ཉེས་གང་ལ་བཤད་གཞུང་ཉུང་བར་མཛོད། །དཀར་པོའི་ཆོས་ལ་ཕྱི་བཤོལ་མ་འདིང་པར། །དམ་པའི་ཆོས་ལ་སྦྱོར་བ་ཐོབ་པར་མཛོད། །འདུན་མ་ཡོངས་ལ་སྐྱིད་འདོད་མ་ཆེ་བར། །བླ་མའི་ཕྱོགས་སུ་སྒོ་གསུམ་གུས་པ་མཛོད། །མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར། །དམའ་བ་རལ་གྲིའི་སོ་བཞིན་ཀུན་ནས་སྐྱོངས། །མཉམ་པ་རྨོས་དོར་བཞིན་དུ་དགའ་བར་འགྲོགས། །བྱ་བ་གང་ལའང་རང་འདོད་ཆུང་བར་མཛོད། །འདུན་མ་ཡོངས་ལ་སྤྱི་སྙོམས་ཆེ་བར་མཛོད། །འདི་ལྟར་ཁྱོད་ལ་བསླབ་བྱ་གདམས་པ་འདི། །བྱེ་འུ་སྒོ་ངའི་འདུ་ཤེས་མ་ཤོར་བར། །ལེགས་བཤད་འདི་དག་ལཉྩའི་ཡི་གེར་བཀོད། །དབེན་པའི་གནས་སུ་ལྟད་མོ་ཆེ་བར་ལྟོས། །ཡུན་དུ་བསྲིངས་ན་ཤིན་ཏུ་འཕྲོད་པར་གདའ། །འདི་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །འཕྲིན་ལས་མཉམ་དུ་འགྲོ་བའི་འདྲེན་བྱེད་ཅིང་། །ཀུན་ཏུ་བཟང་པོས་སྨོན་ལམ་ཇི་ལྟ་བ། །དགའ་བའི་སྨོན་ལམ་གཅིག་ཏུ་གདབ་པར་བགྱི། །ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་གསུངས་སོ། །

གལ་ཆེ་ཉི་ཤུ་མ། སྐམ་སྟོན་རྒྱ་མ་དཔེའི་འགྲེལ་པ་བཞིན་བཏུས།

༄༅། །གལ་ཆེ་ཉི་ཤུ་མ་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། རྣལ་འབྱོར་གྱི་དབང་ཕྱུག་རིན་ཆེན་སྒང་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཡི་གངས་རི་མེད་པ་ལ། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །དངོས་གྲུབ་ཀྱི་བརྒྱུད་པ་མ་ཉམས་པའི། །དམ་པ་བསྟེན་པ་འདི་གལ་རེ་ཆེ། །མོས་གུས་ཀྱི་རླན་དང་བྲལ་བ་ལ། །རྟོགས་པ་ཡི་མྱུ་གུ་མི་འབྱུང་བས། །སངས་རྒྱས་གྱི་འདུ་ཤེས་མ་བྲལ་བར། །གསོལ་བ་འདེབས་པ་འདི་གལ་རེ་ཆེ། །ཚུལ་ཁྲིམས་ཀྱི་རྫིང་བུ་རལ་བ་ལ། །ཡོན་ཏན་གྱི་པདྨོ་མི་སྐྱེ་བས། །དྲན་ཤེས་བཞིན་གཉིས་དང་མ་བྲལ་བར། །བརྒྱུད་གསུམ་དག་པ་འདི་གལ་རེ་ཆེ། །བླ་མ་དང་གྲོགས་ལ་སྨོད་བྱེད་ཅིང་། །འཁྲུལ་པ་ཡི་སེམས་དང་ལྡན་གྱུར་ན། །ལྷ་ཀླུ་མཁའ་འགྲོ་ཡི་བར་ཆད་འབྱུང་། །ཤི་ནས་རྡོ་རྗེའི་དམྱལ་བ་རུ་སྐྱེ། །དམ་ཚིག་གཙང་མ་འདི་གལ་རེ་ཆེ། །འགྱོད་སེམས་ཀྱིས་སྡིག་པ་མ་བཤགས་པར། །སྟོང་ཉིད་ཀྱི་རྒྱས་འདེབས་བྱེད་པ་དེ། །མདའ་དུ་མ་ཁོག་ཏུ་བཞག་ནས་སུ། །རྨ་ཁ་ཚིལ་བུས་བྱུགས་པ་འདྲ། །སྟོབས་བཞི་ཚང་བ་འདི་གལ་རེ་ཆེ། །འདོད་ཡོན་ལ་སྐྱོན་དུ་མ་བལྟས་ན། །ལན་ཚྭ་ཡི་ཆུ་བཞིན་ངོམས་པ་མེད། །ཅི་བྱེད་ལྟོ་གོས་ཀྱི་འཁོར་དུ་འགྲོ། །ཆོག་ཤེས་བྱེད་པ་འདི་གལ་རེ་ཆེ། །འཁོར་བ་སྡུག་བསྔལ་དུ་མ་ཤེས་ན། །བློ་རྒོད་ཀྱི་དད་པ་སྐྱེས་གྱུར་ཀྱང་། །ཤ་བ་རྔོན་གྱིས་ཟིན་དང་འདྲ། །ཞེན་པ་ལྡོག་པ་འདི་གལ་རེ་ཆེ། །བརྒྱ་ལ་ལན་གཅིག་དལ་འབྱོར་འདི། །དོན་མེད་གཡེང་བའི་ལམ་ལ་ཟད། །འཆི་བདག་གི་གཤེད་མས་ཟིན་ཙ་ན། །སྐད་ཅིག་ཀྱང་སྡོད་པའི་དབང་མི་ཡོང་། །འབུང་གསུམ་འདོན་པ་འདི་གལ་རེ་ཆེ། །ལུས་ངག་ཡིད་གསུམ་གྱི་རྟ་ཕོ་ལ། །མི་རྟག་པའི་ལྕག་གིས་མ་བསྐུལ་ན། །དགེ་སྦྱོར་ལེ་ལོའི་ཇག་པས་འཁྱེར། །བརྩོན་འགྲུས་རྩོམ་པ་འདི་གལ་རེ་ཆེ། །བླ་མེད་ཀྱི་བྱང་ཆུབ་སྒྲུབ་པ་ལ། །འཇིག་རྟེན་གྱི་བྱ་བ་བློས་བཏང་ནས། གླང་པོའི་བགྲོས་དང་པི་ཝཾ་གི་རྒྱུད། །མིག་རྒྱང་སྲིང་བ་འདི་གལ་རེ་ཆེ། །གཡོ་སྒྱུ་ཡི་ཐ་བ་ངན་པ་ལ། །དགེ་བ་ཡི་ལོ་ཏོག་མི་སྨིན་པས། །རང་སེམས་དཔང་པོར་བཙུགས་ནས་སུ། །དྲང་པོར་སྲོང་བ་འདི་གལ་རེ་ཆེ། །ཉོན་མོངས་ལ་དགྲར་བལྟ་མི་ཤེས་ན། །གསང་སྔགས་ཀྱི་ཐབས་ལམ་བསྒོམ་པ་དེ། །ནད་པ་འདྲེ་ལ་བཅོལ་བ་འདྲ། །ལག་ལེན་མ་འཕྱུག་པ་འདི་གལ་རེ་ཆེ། །དད་ཤེས་རབ་གཉིས་དང་མི་ལྡན་པར། །ཟབ་མོ་ལ་མཐོ་སྙེགས་བྱེད་པ་དེ། །རྟ་རྒོད་ལ་བུ་ཆུང་བསྐྱོན་པ་འདྲ། །རྒྱུད་དང་འཚམ་པ་འདི་གལ་རེ་ཆེ། །གཞན་ཕན་གྱི་བློ་དང་བྲལ་བ་ན། །སྨོན་འཇུག་གི་སྡོམ་པ་མི་སྐྱེ་ཞིང་། །ཐེག་ཆེན་གྱི་ཆོས་ལ་མི་དབང་བས། །བྱམས་དང་སྙིང་རྗེ་འདི་གལ་རེ་ཆེ། །ང་རྒྱལ་དང་ཕྲག་དོག་མ་སྤངས་ན། །ཕན་སེམས་ཀྱིས་གཞན་དོན་བྱས་གྱུར་ཀྱང་། །གཅན་གཟན་གྱི་ཕྲུ་གུ་སྐྱོང་དང་མཚུངས། །དགའ་བ་དང་བཏང་སྙོམས་འདི་གལ་རེ་ཆེ། །ཚད་མེད་བཞི་པོ་འདིས་བློ་སྦྱང་ན། །བྱང་ཆུབ་ཀྱི་སེམས་ཀུན་ཤུགས་ལ་འབྱུང་། །ད་དུང་བྱམས་པའི་རྨང་རྡོ་འདི། །བརྟན་པོར་འཛུགས་པ་འདི་གལ་རེ་ཆེ། །དངོས་འཛིན་འཆིང་བས་བཅིངས་པ་ལ། །ཚོགས་གཉིས་ཀྱི་ས་ཆོད་མི་འབྱུང་བས། །སྣང་བ་ལ་ནན་པ་མེད་པའི་ཆོས། །སྒྱུ་མ་ལྟ་བུ་འདི་གལ་རེ་ཆེ། །གནས་ལུགས་ཀྱི་དོན་ཞིག་མ་རྟོགས་ན། །ཐམས་ཅད་འཁྲུལ་པའི་གོ་ར་ཡིན། །རྟེན་འབྲེལ་དབུ་མ་རུ་གོ་བའི་ཆོས། །ཡང་དག་ལྟ་བ་འདི་གལ་རེ་ཆེ། །ལར་རྟོགས་པ་རྒྱུད་ལ་མ་སྐྱེས་ན། །ཚིག་ཙམ་དེ་བྱུང་ན་ཡག་ཡོད་འདྲ། །རྟོགས་པ་ཚོགས་གཉིས་ཀྱི་རྐྱེན་ལས་སྐྱེ། །བསོད་ནམས་གསོག་པ་འདི་གལ་རེ་ཆེ། །ཚིག་རིག་པའི་གནས་ལ་མང་གོམས་ཀྱང་། །དོན་བག་ཆགས་བརྟན་པར་མ་བཞག་ན། །སེམས་བར་དོའི་སྣང་བ་ཤར་བའི་ཚེ། །རང་དབང་དུ་མི་འདུག་ལས་ཀྱིས་ཁྲིད། །ཚིག་དོན་མཇལ་བ་འདི་གལ་རེ་ཆེ། །ཞེས་གལ་ཆེ་ཉི་ཤུ་མར་གྲགས་པ་སྐམ་སྟོན་རྒྱ་མ་དཔེའི་འགྲེལ་བ་བཞིན་བཏུས་སོ།། ༎

བཤེས་གཉེན་བསྟེན་ཚུལ་བླ་མ་ལྔ་བཅུ་པ། སློབ་དཔོན་དཔའ་བོ།

༄༅། །བཤེས་གཉེན་བསྟེན་ཚུལ་བླ་མ་ལྔ་བཅུ་པ་བཞུགས། །རྒྱ་གར་སྐད་དུ། གུ་རུ་པཉྩ་ཤི་ཀ བོད་སྐད་དུ། བླ་མ་ལྔ་བཅུ་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་རྒྱུར་གྱུར་པའི། །བླ་མའི་ཞབས་ཀྱི་པདྨོར་ཇི་བཞིན་བཏུད་བྱས་ཏེ། །དེ་བསྟེན་པ་ནི་དྲི་མེད་རྒྱུད་མང་ལས་གསུངས་པ། །མདོར་བསྡུས་བཤད་པ་འདི་ནི་གུས་པས་མཉན་པར་གྱིས། །དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །མཆོག་ཏུ་དད་པས་དུས་གསུམ་དུ། །དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང་། །ཞབས་ལ་སྤྱི་བོས་ཕྱག་བྱའོ། །ཁྱིམ་པའམ་ནི་གསར་བུ་ལ། །འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །གདན་བསྟབ་པ་དང་ལྡང་བ་དང་། །དོན་གྱི་བྱ་བ་སོགས་བསྙེན་བཀུར། །བརྟུལ་ཞུགས་ཅན་གྱིས་ཀུན་བྱ་སྟེ། །ཕྱག་དང་དམ་པ་མིན་ལས་སྤང་། །བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་བ་བརྟག་པར་བྱ། །བློ་ལྡན་སློབ་མས་བླ་མར་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང་། །སྤྱོམས་དང་བཅས་པར་མི་བྱའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །དེ་འདྲའི་མགོན་ལ་བསམས་བྱས་ནས། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་འཚེ་བའི་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །གང་ཕྱིར་བསྐལ་བ་བྱེ་བ་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་བས་སློབ་མ་སྙིང་རྗེ་གཏོང་། །ཚུལ་ཁྲིམས་བཟོད་པའི་ཡོན་ཏན་ལྡན། །སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །མཆོད་རྟེན་བཤིག་འདྲའི་སྡིག་འཇིགས་པས། །གྲིབ་མའང་འགོམ་པར་མི་བྱ་ན། །ལྷམ་དང་སྟན་དང་བཞོན་པ་སོགས། །འགོམ་མི་བྱ་བ་སྨོས་ཅི་དགོས། །བློ་གྲོས་ཆེན་པོས་དགའ་སེམས་ཀྱིས། །བླ་མའི་བཀའ་ནི་འབད་དེ་མཉན། །རིག་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང་། །བླ་མ་ལས་ནི་དངོས་གྲུབ་དང་། །མཐོ་རིས་དང་ནི་བདེ་བ་འཐོབ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །བླ་མའི་རྫས་ནི་སྲོག་ཇི་བཞིན། །དེ་ཡི་སྡུག་པའང་བླ་མ་བཞིན། །བླ་མའི་འཁོར་ནི་གཉེན་བཞིན་དུ། །མཉམ་པར་བཞག་པས་རྟག་ཏུ་བསམ། །མལ་སྟན་འདུག་དང་སྔོན་འགྲོ་དང་། །གཙུག་ཏོར་དག་དང་བཅས་པ་དང་། །སྟན་ལ་རྐང་འཇོག་རྐེད་པར་ནི། །ལག་བཞག་མཉེ་བར་མི་བྱའོ། །བླ་མ་དག་ནི་ལངས་པ་ན། །ཉལ་དང་འདུག་པར་མི་བྱའོ། །རྟག་ཏུ་དེ་ཡི་བྱ་བ་ལ། །ལྡང་མཁས་ཕུན་སུམ་ཚོགས་པར་བྱ། །མཆིལ་མ་ལ་སོགས་འདོར་བ་དང་། །སྟན་ལ་རྐང་པ་རྐྱོང་བ་དང་། །འཆག་དང་རྩོད་པར་སྨྲ་བ་དག །བླ་མའི་མདུན་དུ་མི་བྱའོ། །ཡན་ལག་མཉེ་དང་གར་དག་དང་། །གླུ་དང་རོལ་མོ་མི་བྱ་ཞིང་། །གཏམ་གྱི་སྦྱོར་བ་མང་པོ་རྣམས། །ཐོས་པའི་ཉེ་འཁོར་དུ་མི་བྱ། །བཏུད་དེ་སྟན་ལས་ལྡང་བ་དང་། །གུས་པ་ཡིས་ནི་འདུག་པར་བྱ། །མཚན་ཆུ་འཇིགས་བཅས་ལམ་དུ་ནི། །བསྒོ་བ་ཐོབ་ནས་མདུན་འགྲོ་བྱ། །སློབ་དཔོན་གྱིས་མཐོང་མདུན་དུ་ནི། །བློ་དང་ལྡན་པས་ལུས་གཅུ་དང་། །ཀ་བ་སོགས་ལ་བརྟེན་མི་བྱ། །སོར་མོའི་ཚིགས་ནི་བགྲང་མི་བྱ། །རྐང་བཀྲུ་བ་དང་ལུས་བཀྲུ་དང་། །དྲིལ་དང་མཉེ་བ་ལ་སོགས་ལ། །ཕྱག་ནི་སྔོན་དུ་འགྲོ་བས་བྱ། །དེ་བཞིན་མཐར་ཡང་ཅི་བདེར་བྱ། །དེ་ཡི་མཚན་སྨོས་བརྗོད་ན་ནི། །མིང་མཐར་ཞལ་སྔ་ལྡན་པར་བྱ། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་ཅན་གྱི་ཚིག་དག་བརྗོད། །བླ་མ་ལ་ནི་བཀའ་བསྩལ་ཞུ། །བཀའ་བཞིན་བགྱིད་ཅེས་བརྗོད་པར་བྱ། །ཐལ་མོ་སྦྱར་ཞིང་མ་ཡེངས་པར། །བླ་མས་བསྒོ་བ་མཉན་པར་བྱ། །དགོད་དང་ལུད་པ་ལ་སོགས་ལ། །ལག་པས་ཁ་ནི་དགབ་པར་བྱ། །བྱ་བ་ཟིན་ནས་འཇམ་པ་ཡི། །ཚིག་དག་གིས་ནི་བཟླ་བར་བྱ། །མདུན་དུ་དུལ་བར་འདུག་པ་དང་། །གོས་སོགས་ཚུལ་ནི་བསྡམས་པ་དང་། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །བསྙེན་བཀུར་སྤྱོད་པ་ཐམས་ཅད་ལ། །ཡིད་ནི་ང་རྒྱལ་མེད་པར་བྱ། །ངོ་ཚ་འཇིགས་ཤིང་བསྡམས་པ་ཡིས། །བག་མ་གསར་པའི་ཚུལ་གནས་བྱ། །སྒེག་པ་ལ་སོགས་བྱ་བ་ཀུན། །སྟོན་པའི་མདུན་དུ་སྤང་བར་བྱ། །གཞན་ཡང་དེ་འདྲའི་བྱ་བ་ཀུན། །རང་གིས་བརྟགས་ལ་དོར་བར་བྱ། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་། །སློབ་མ་སྡུད་དང་འཆད་པ་རྣམས། །ཡུལ་དེར་བླ་མ་གནས་པ་ན། །རྗེས་མ་གནང་བར་མི་བྱའོ། །སྤྱན་འབྱེད་སོགས་ལ་ཅི་ཐོབ་པ། །དེ་ཀུན་བླ་མ་དག་ལ་འབུལ། །དེ་ཡིས་བསྟབས་པ་བླངས་ནས་ནི། །གཞན་དག་ལ་ནི་ཅི་བདེར་བྱ། །བླ་མའི་སློབ་མ་སློབ་མར་མིན། །སློབ་མའང་བླ་མའི་མདུན་དུ་མིན། །བསྙེན་བཀུར་དག་དང་ལྡང་བ་དང་། །ཕྱག་སོགས་བྱེད་པ་བཟློག་པར་བྱ། །སློབ་དཔོན་ལ་ནི་གང་འབུལ་དང་། །བླ་མས་ཀྱང་ནི་གང་བསྩལ་བ། །དེ་ལ་བཏུད་དེ་ལག་གཉིས་ཀྱིས། །བློ་དང་ལྡན་པས་བླང་བར་བྱ། །དྲན་པ་བརྗེད་མེད་གྱུར་པ་དང་། །རང་གི་ཀུན་སྤྱོད་ལ་བརྩོན་པས། །སྤུན་གྱིས་རང་སྤྱོད་ལས་འདས་པ། །དགའ་བས་ཕན་ཚུན་བཟློག་པར་བྱ། །ན་བས་བླ་མའི་བྱ་བ་ལ། །བཏུད་དེ་རྗེས་མ་གནང་བར་ཡང་། །བཀག་པ་རྣམས་ནི་སྤྱད་བྱས་ཀྱང་། །དགེ་སེམས་ཅན་ལ་སྡིག་མི་འགྱུར། །འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤོང་བ་ནི། །དེ་དང་དེ་ལ་འབད་དེ་བྱ། །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངསཔར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་སྔགས་སོགས་སྦྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཀློག་དང་འཛིན་པ་ཉིད་དུ་བྱ། །དེ་ལྟར་བླ་མའི་རྗེས་འཇུག་སློབ་མ་ནི། །མ་ལུས་ཕན་བསྐྱེད་སྐྱོན་མེད་འདི་བྱས་པའི། །དགེ་བ་མཐའ་ཡས་བདག་གིས་གང་བསགས་པ། །དེས་ནི་འགྲོ་རྣམས་མྱུར་དུ་རྒྱལ་གྱུར་ཅིག །བླ་མ་ལྔ་བཅུ་པ་སློབ་དཔོན་བྷ་བི་ལྷས་མཛད་པ་རྫོགས་སོ།། །།

བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

༄༅། །བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་བཞུགས་སོ། །རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་མ་ཎི་ཨ་བ་ལི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དད་པའི་ལྷ་ལ་ཕྱག་འཚལ་ལོ། །ཐེ་ཚོམ་ཐམས་ཅད་སྤང་བྱ་ཞིང་། །བསྒྲུབ་ལ་ནན་ཏན་གཅེས་སུ་བྱ། །གཉིད་རྨུགས་ལེ་ལོ་རབ་སྤང་ཞིང་། །རྟག་ཏུ་བརྩོན་འགྲུས་འབད་པར་བྱ། །དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང་། །ཉིན་མཚན་དུས་གསུམ་ཡང་དང་ཡང་། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །བདག་གི་ཉེས་པ་བསྒྲག་བྱ་ཞིང་། །གཞན་གྱི་འཁྲུལ་པ་བཙལ་མི་བྱ། །བདག་གི་ཡོན་ཏན་སྦ་བྱ་ཞིང་། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །རྙེད་དང་བཀུར་སྟི་སྤང་བྱ་ཞིང་། །ཁེ་གྲགས་རྟག་ཏུ་སྤང་བར་བྱ། །འདོད་པ་ཆུང་ཞིང་ཆོག་ཤེས་དང་། །བྱས་ལ་དྲིན་དུ་གཟོ་བར་བྱ། །བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་། །བྱང་ཆུབ་སེམས་ནི་བརྟན་པར་བྱ། །མི་དགེ་བཅུ་ནི་སྤང་བྱ་ཞིང་། །རྟག་ཏུ་དད་པ་བརྟན་པར་བྱ། །ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང་། །དམན་པའི་སེམས་དང་ལྡན་པར་བྱ། །ལོག་པའི་འཚོ་བ་སྤང་བྱ་ཞིང་། །ཆོས་ཀྱི་འཚོ་བས་འཚོ་བར་བྱ། །ཟང་ཟིང་ཐམས་ཅད་སྤང་བྱ་ཞིང་། །འཕགས་པའི་ནོར་གྱིས་བརྒྱན་པར་བྱ། །འདུ་འཛི་ཐམས་ཅད་སྤང་བྱ་ཞིང་། །དགོན་པ་ལ་ནི་གནས་པར་བྱ། །འཁྱལ་བའི་ཚིག་རྣམས་སྤང་བྱ་ཞིང་། །རྟག་ཏུ་ངག་ནི་བསྡམ་པར་བྱ། །བླ་མ་མཁན་པོ་མཐོང་བའི་ཚེ། །གུས་པར་རིམ་གྲོ་བསྐྱེད་པར་བྱ། །གང་ཟག་ཆོས་ཀྱི་མིག་ཅན་དང་། །ལས་དང་པོ་པའི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། །སྡིག་པའི་གྲོགས་པོ་སྤང་བྱ་ཞིང་། །དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སྡང་དང་མི་དགེའི་སེམས་སྤང་ཞིང་། །གང་དུ་བདེ་བར་འགྲོ་བར་བྱ། །གང་ལའང་ཆགས་པ་སྤང་བྱ་ཞིང་། །ཆགས་པ་མེད་པར་གནས་པར་བྱ། །ཆགས་པས་བདེ་འགྲོའང་མི་ཐོབ་ཅིང་། །ཐར་པའི་སྲོག་ཀྱང་གཅོད་པར་བྱེད། །གང་དུ་བདེ་བའི་ཆོས་མཐོང་བ། །དེར་ནི་རྟག་ཏུ་འབད་པར་བྱ། །ཐོག་མར་བརྩམས་པ་གང་ཡིན་པ། །དང་པོར་དེ་ཉིད་བསྒྲུབ་བྱ་སྟེ། །དེ་ལྟ་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །རྟག་ཏུ་སྡིག་དང་དགའ་བྲལ་བས། །གང་དུ་མཐོ་བའི་སེམས་བྱུང་ཚེ། །དེ་ཚེ་ང་རྒྱལ་གཅག་བྱ་ཞིང་། །བླ་མའི་གདམས་ངག་དྲན་པར་བྱ། །ཞུམ་པའི་སེམས་ནི་བྱུང་བའི་ཚེ། །སེམས་ཀྱི་གཟེངས་ནི་བསྟོད་པར་བྱ། །གཉིས་ཀ་སྟོང་པ་ཉིད་དུ་བསྒོམ། །གང་དུ་ཆགས་སྡང་ཡུལ་བྱུང་ཚེ། །སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ། །མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཆ་བཞིན་དུ་བལྟ་བར་བྱ། །ལུས་ལ་གནོད་པ་བྱུང་བའི་ཚེ། །སྔོན་གྱི་ལས་སུ་བལྟ་བར་བྱ། །བས་མཐའ་དགོན་པར་རབ་གནས་ཤིང་། །རི་དྭགས་ཤི་བའི་རོ་བཞིན་དུ། །བདག་གིས་བདག་ཉིད་སྦ་བྱ་ཞིང་། །ཆགས་པ་མེད་པར་གནས་པར་བྱ། །རྟག་ཏུ་ཡི་དམ་བརྟན་བྱ་ཞིང་། །ལེ་ལོ་སྙོམས་ལས་སེམས་བྱུང་ཚེ། །དེ་ཚེ་བདག་ལ་རྔན་བགྲང་ཞིང་། །བརྟུལ་ཞུགས་སྙིང་པོ་དྲན་པར་བྱ། །གལ་ཏེ་གཞན་དག་མཐོང་བའི་ཚེ། །ཞི་དེས་གསོང་པོར་སྨྲ་བ་དང་། །ཁྲོ་གཉེར་ངོ་ཟུམ་སྤང་བྱ་ཞིང་། །རྟག་ཏུ་འཛུམ་ཞིང་གནས་པར་བྱ། །རྒྱུན་དུ་གཞན་དག་མཐོང་བའི་ཚེ། །སེར་སྣ་མེད་ཅིང་སྦྱིན་ལ་དགའ། །ཕྲག་དོག་ཐམས་ཅད་སྤང་བར་བྱ། །གཞན་གྱི་སེམས་ནི་བསྲུང་བའི་ཕྱིར། །རྩོད་པ་ཐམས་ཅད་སྤང་བྱ་ཞིང་། །རྟག་ཏུ་བཟོད་དང་ལྡན་པར་བྱ། །ངོ་དགའ་མེད་ཅིང་གསར་འགྲོགས་མེད། །རྟག་ཏུ་ཚུགས་ནི་ཐུབ་པར་བྱ། །གཞན་ལ་བརྙས་པ་སྤང་བྱ་ཞིང་། །གུས་པའི་ཚུལ་གྱིས་གནས་པར་བྱ། །གཞན་ལ་གདམས་ངག་བྱེད་པའི་ཚེ། །སྙིང་རྗེ་ཕན་སེམས་ལྡན་པར་བྱ། །ཆོས་ལ་བསྐུར་བ་མི་འདེབས་ཤིང་། །གང་མོས་དེ་ལ་འདུན་པ་དང་། །ཆོས་སྤྱོད་རྣམ་བཅུའི་སྒོ་ནས་ནི། །ཉིན་མཚན་ཕྱིད་པར་འབད་པར་བྱ། །དུས་གསུམ་དགེ་བ་ཅི་བསགས་པ། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བསོད་ནམས་སེམས་ཅན་རྣམས་ལ་བདར། །རྟག་ཏུ་ཡན་ལག་བདུན་པ་ཡི། །སྨོན་ལམ་ཆེན་པོ་གདབ་པར་བྱ། །དེ་ལྟར་བྱས་ན་བསོད་ནམས་དང་། །ཡེ་ཤེས་ཚོགས་གཉིས་རྫོགས་པར་འགྱུར། །སྒྲིབ་པ་གཉིས་ཀྱང་ཟད་འགྱུར་ཏེ། །མི་ལུས་ཐོབ་པ་དོན་ཡོད་པས། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །དད་པའི་ནོར་དང་ཚུལ་ཁྲིམས་ནོར། །གཏོང་བའི་ནོར་དང་ཐོས་པའི་ནོར། །ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། །ཤེས་རབ་ཉིད་ཀྱི་ནོར་བདུན་དེ། །ནོར་གྱི་དམ་པ་འདི་དག་ནི། །མི་ཟད་པ་ཡི་ནོར་བདུན་དེ། །མི་མ་ཡིན་ལ་བརྗོད་མི་བྱ། །མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟགས། །རྒྱ་གར་གྱི་མཁན་པོ་དཔལ་ལྡན་མར་མེ་མཛད་བཟང་པོ་ཡེ་ཤེས་སྙིང་པོས་མཛད་པ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ།། །།

རྗེ་སྒམ་པོ་པའི་ཞལ་གདམས་ལམ་མཆོག་རིན་པོ་ཆེའི་ཕྲེང་བ། མཉམ་མེད་དྭགས་པོ་ལྷ་རྫེ།

༄༅། །རྗེ་སྒམ་པོ་པའི་ཞལ་གདམས་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ། གང་ཞིག་འཁོར་བའི་རྒྱ་མཚོ་འཇིགས་སུ་རུང་ཞིང་བརྒལ་དཀའ་བ་ལས་སྒྲོལ་བར་མཛད་པའི་བཀའ་བརྒྱུད་རིན་པོ་ཆེའི་སྤྱོད་པ་རྣམ་པར་དག་པས་བརྒྱན་ཞིང་བྱིན་རླབས་ཀྱི་ཆུ་རྒྱུན་རྒྱ་མཚོ་ཆེན་པོའི་དབྱིངས་ལྟར་ཟད་མི་ཤེས་པ་སྨོན་ལམ་རྒྱ་ཆེ་ཞིང་ཡུན་རིང་བ་ལྷུན་གྱིས་གྲུབ་པའི་སྒྲུབ་བརྒྱུད་དྲི་མ་མེད་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །བཀའ་བརྒྱུད་དེ་དག་ལས་བྱུང་བའི་གསུང་གི་རྒྱུན་ཡུན་རིང་པོར་ཡིད་ལ་བརྣགས་པར་བྱས་ཏེ། དངོས་དང་བརྒྱུད་ཀྱིས་རང་ཉིད་ལ་ཡིད་གདུང་བའི་སྐལ་ལྡན་རྣམས་ལ་ཤིན་ཏུ་གཅེས་པའི་གདམས་ངག་ལམ་མཆོག་ཏུ་གྱུར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ཞིག་ཡི་གེའི་རིས་སུ་བཀོད་པར་བགྱིའོ། །དེ་ཡང་རྟེན་གྱི་གང་ཟག་ཐར་པ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པས།

དང་པོར་ཕངས་པའི་ཆོས་བཅུ་རྗེས་སུ་དྲན་པར་བྱ་བ་ནི། རྙེད་པར་དཀའ་བའི་མི་ལུས་གཙང་མ་འདི། །མི་དགེ་སྡིག་པའི་ལས་ལ་སྤྱོད་དུ་ཕངས། །ལྡན་པར་དཀའ་བའི་དལ་འབྱོར་མི་ལུས་གཙང་མ་འདི། །ཆོས་མེད་ཐ་མལ་གྱི་ལུས་སུ་ཤི་རུ་ཕངས། །སྙིགས་མའི་དུས་ཀྱི་མི་ཚེ་ཡུན་ཐུང་ཡུད་ཙམ་འདི། །དོན་མེད་བྱ་བའི་ལས་ལ་ཟད་དུ་ཕངས། །རང་སེམས་ཆོས་སྐུའི་རང་བཞིན་སྤྲོས་མེད་འདི། །འཁྲུལ་བ་འཁོར་བའི་འདམ་དུ་བྱིང་དུ་ཕངས། །ལམ་སྣ་འདྲེན་པའི་བླ་མ་དམ་པ་དེ། །བྱང་ཆུབ་མ་ཐོབ་བར་དུ་འབྲལ་དུ་ཕངས། །ཐར་པའི་གྲུ་གཟིངས་སྡོམ་པ་དམ་ཚིག་དེ། །ཉོན་མོངས་བག་མེད་རྐྱེན་དབང་གིས་བཤིག་ཏུ་ཕངས། །བླ་མའི་དྲིན་གྱིས་རང་ལ་རྙེད་པའི་རྟོགས་པ་དེ། །འདུ་བྱེད་ཚང་ཚིང་གི་གསེབ་ཏུ་སྟོར་ཏུ་ཕངས། །གྲུབ་ཐོབ་རྣམས་ཀྱི་མན་ངག་ཟབ་མོ་དེ། །མི་ནག་སྐལ་མེད་རྣམས་ལ་ཟོང་དུ་བཙོང་དུ་ཕངས། །འགྲོ་བ་སེམས་ཅན་དྲིན་ཆེན་ཕ་མ་རྣམས། །སྡང་བའི་སེམས་ཀྱིས་སྤོང་ཞིང་འདོར་བ་ཕངས། །གཞོན་པའི་ལང་ཚོ་དར་བའི་སྒོ་གསུམ་དེ། །ཐ་མལ་བཏང་སྙོམས་ངང་དུ་བཞག་ཏུ་ཕངས། །དེ་ནི་ཕངས་པའི་ཆོས་བཅུ་ཡིན་ནོ། །

དགོས་པའི་ཆོས་བཅུ་ནི། རང་གི་ཕོ་ཚོད་ཟིན་པས་གྲོས་ཀྱི་གཞི་རྩ་མ་འཆུག་པ་ཞིག་དགོས། དད་པ་དང་བརྩོན་འགྲུས་ཀྱིས་བླ་མ་དམ་པའི་བཀའ་བཞིན་སྒྲུབ་པ་ཞིག་དགོས། གང་ཟག་གི་སྐྱོན་ཡོན་ཤེས་པས་བླ་མའི་འདམ་ཁ་མ་ནོར་བ་ཞིག་དགོས། ཤེས་རབ་དང་དད་པ་ནན་ཏན་གྱིས་བླ་མ་དམ་པའི་ཐུགས་དགོངས་ལོན་པ་ཞིག་དགོས། དྲན་པ་དང་ཤེས་བཞིན་བག་ཡོད་དང་ལྡན་པས་སྒོ་གསུམ་ཉེས་སྐྱོན་གྱིས་མ་གོས་པ་ཞིག་དགོས། གོ་ཆ་དང་སྙིང་སྟོབས་ཀྱིས་ཡིད་དམ་བཅའ་བརྟན་ཅིང་ཚུགས་ཐུབ་པ་ཞིག་དགོས། ཆགས་མེད་ཞེན་མེད་ཀྱི་སྤྱོད་པས་སྣ་ཐག་མི་ལ་མ་ཤོར་བ་ཞིག་དགོས། སྦྱོར་དངོས་རྗེས་གསུམ་གྱི་ཟིན་པས་རྟག་ཏུ་ཚོགས་གཉིས་གསོག་པ་ལ་བརྩོན་པ་ཞིག་དགོས། བྱམས་པ་དང་སྙིང་རྗེས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་དོན་ལ་བློ་ཕྱོགས་པ་ཞིག་དགོས། ཤེས་རབ་དང་གོ་རྟོགས་ཀྱིས་ཆོས་ཐམས་ཅད་དངོས་པོ་དང་མཚན་མར་མ་ཤོར་བ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ། །

བསྟེན་པར་བྱ་བའི་ཆོས་བཅུ་ནི། རྟོགས་པ་དང་ཐུགས་རྗེ་ལྡན་པའི་བླ་མ་དམ་པ་བསྟེན། དབེན་ཞིང་ཉམས་དགའ་ལ་བྱིན་ཆགས་པའི་དགོན་པ་བསྟེན། ལྟ་སྤྱོད་མཐུན་ཞིང་བློ་ཐུབ་པའི་གྲོགས་པོ་བསྟེན། འཚོ་བའི་ཡོ་བྱད་ཀྱི་སྐྱོན་དྲན་ཞིང་ཚོད་ཟིན་པ་བསྟེན། གྲུབ་ཐོབ་བརྒྱུད་པའི་མན་ངག་ཕྱོགས་མེད་བསྟེན། རང་གཞན་ལ་ཕན་པའི་རྫས་སྨན་སྔགས་དང་རྟེན་འབྲེལ་ཟབ་མོ་བསྟེན། ཁམས་ལ་འཕྲོད་པའི་ཟས་དང་ཐབས་ལམ་བསྟེན། ཉམས་ལ་ཕན་པའི་ཆོས་སྤྱོད་དང་སྤྱོད་ལམ་བསྟེན། དད་གུས་སྐལ་བ་ལྡན་པའི་སློབ་མ་བསྟེན། སྤྱོད་ལམ་རྣམ་བཞིར་རྒྱུན་དུ་དྲན་པ་དང་ཤེས་བཞིན་བསྟེན། དེ་ནི་བསྟེན་པར་བྱ་བའི་ཆོས་བཅུའོ། །

སྤང་བར་བྱ་བའི་ཆོས་བཅུ་ནི། ཅི་བྱེད་འཇིག་རྟེན་ཆོས་བརྒྱད་དང་འདྲེས་པའི་སློབ་དཔོན་སྤང་། སེམས་དང་ཉམས་ལ་གནོད་པའི་འཁོར་འདབ་དང་གྲོགས་ངན་སྤང་། གཡེང་བ་ཆེ་ཞིང་འཚེ་བ་མང་བའི་གནས་དང་དགོན་པ་སྤང་། རྐུ་འཕྲོག་གཡོ་སྒྱུས་བསྒྲུབས་པའི་འཚོ་བ་སྤང་། སེམས་དང་ཉམས་ལ་གནོད་པའི་ལས་དང་བྱ་བ་སྤང་། ཁམས་ལ་གནོད་པའི་ཟས་དང་སྤྱོད་ལམ་སྤང་། འདོད་འདུན་སེར་སྣས་བཅིངས་པའི་འཛིན་ཆགས་སྤང་། ཕ་རོལ་མི་དད་པའི་རྒྱུ་བག་མེད་པའི་སྤྱོད་ལམ་སྤང་། དོན་མེད་འགྲོ་འདུག་གི་ལས་དང་བྱ་བ་སྤང་། རང་སྐྱོན་སྦས་ནས་གཞན་སྐྱོན་སྒྲོག་པ་སྤང་། དེ་ནི་སྤང་བར་བྱ་བའི་ཆོས་བཅུའོ། །མི་སྤང་བར་བྱ་བའི་ཆོས་བཅུ་ནི། སྙིང་རྗེ་གཞན་དོན་གྱི་རྩ་བ་ཡིན་པས་མི་སྤང་། སྣང་བ་སེམས་ཀྱི་རང་འོད་ཡིན་པས་མི་སྤང་། རྣམ་རྟོག་ཆོས་ཉིད་ཀྱི་རོལ་པ་ཡིན་པས་མི་སྤང་། ཉོན་མོངས་པ་ཡེ་ཤེས་ཀྱི་གསལ་འདེབས་ཡིན་པས་མི་སྤང་། འདོད་ཡོན་ཉམས་རྟོགས་ཀྱི་ཆུ་ལུད་ཡིན་པས་མི་སྤང་། ན་ཚ་སྡུག་བསྔལ་དགེ་བའི་བཤེས་གཉེན་ཡིན་པས་མི་སྤང་། དགྲ་བགེགས་ཆོས་ཉིད་ཀྱི་སྐུལ་མ་ཡིན་པས་མི་སྤང་། ཤུགས་ལ་བྱུང་ན་དངོས་གྲུབ་ཡིན་པས་མི་སྤང་། ཐབས་ལམ་གང་ཡང་ཤེས་རབ་ཀྱི་ལམ་སྟེགས་ཡིན་པས་མི་སྤང་། འགྲུབ་ཅིང་ལྕོགས་པའི་ལུས་ཀྱི་ཆོས་སྤྱོད་མི་སྤང་། ནུས་པ་ཆུང་ཡང་གཞན་དོན་གྱི་བསམ་པ་མི་སྤང་། དེ་ནི་མི་སྤང་བར་བྱ་བའི་ཆོས་བཅུ་ཡིན་ནོ། །

ཤེས་པར་བྱ་བའི་ཆོས་བཅུ་ནི། ཕྱིའི་སྣང་བ་འཁྲུལ་པར་འདུག་པས་བདེན་མེད་དུ་ཤེས་པར་བྱ། ནང་གི་སེམས་ཉིད་བདག་མེད་དུ་འདུག་པས་སྟོང་པར་ཤེས་པར་བྱ། བར་གྱི་རྣམ་རྟོག་རྐྱེན་སྐྱེས་སུ་འདུག་པས་གློ་བུར་དུ་ཤེས་པར་བྱ། འབྱུང་བཞིའི་ལུས་ངག་འདུས་བྱས་སུ་འདུག་པས་མི་རྟག་པར་ཤེས་པར་བྱ། སེམས་ཅན་གྱི་བདེ་སྡུག་ཐམས་ཅད་ལས་ལས་འབྱུང་བས་ལས་འབྲས་མི་བསླུ་བར་ཤེས་པར་བྱ། སྡུག་བསྔལ་ངེས་འབྱུང་གི་རྒྱུ་རུ་འདུག་པས་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱ། བདེ་སྐྱིད་འཁོར་བའི་རྩ་བར་འདུག་པས་ཞེན་ཆགས་བདུད་དུ་ཤེས་པར་བྱ། འདུ་འཛི་ཆོས་ཀྱི་འགལ་རྐྱེན་དུ་འདུག་པས་བསོད་ནམས་བར་ཆད་དུ་ཤེས་པར་བྱ། བར་ཆད་དགེ་སྦྱོར་གྱི་སྐུལ་མར་འདུག་པས་དགྲ་བགེགས་བླ་མར་ཤེས་པར་བྱ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་འདུག་པས་གང་ལ་ཡང་མཉམ་པ་ཉིད་དུ་ཤེས་པར་བྱ། དེ་ནི་ཤེས་པར་བྱ་བའི་ཆོས་བཅུ་ཡིན་ནོ། །

ཉམས་སུ་བླང་པའི་ཆོས་བཅུ་ནི། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་ཁྱུ་རུ་མི་འཇུག་པར་ཆོས་བཞིན་ཉམས་སུ་བླང་། ཕ་ཡུལ་སྤང་ནས་མི་ཡུལ་དུ་གཞི་མི་འདིང་པར་ཆགས་མེད་དུ་ཉམས་སུ་བླང་། བླ་མ་དམ་པ་བསྟེན་ནས་ང་རྒྱལ་སྤངས་ཏེ་བཀའ་བཞིན་ཉམས་སུ་བླང་། ཐོས་བསམ་ལ་བློ་སྦྱངས་ནས་ཁ་བཤད་མི་བྱ་བར་ཤེས་པ་དོན་ཐོག་ཏུ་ཉམས་སུ་བླང་། རྟོགས་པ་རྒྱུད་ལ་ཤར་ནས་འཆལ་བར་བཏང་སྙོམས་སུ་མི་བཏང་བར་ཡེངས་མེད་དུ་ཉམས་སུ་བླང་། ཉམས་ལེན་རྒྱུད་ལ་སྐྱེས་ནས་ཚོགས་སུ་འདུ་འཛི་ལ་མི་འཇུག་པར་དབེན་པར་ཉམས་སུ་བླང་། ཁས་བླངས་ཤིང་དམ་བཅས་ནས་སྒོ་གསུམ་བག་མེད་ལ་མི་བཏང་བར་བསླབ་པ་གསུམ་ཉམས་སུ་བླང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རང་དོན་མི་བྱེད་པར་ཅི་བྱེད་གཞན་དོན་དུ་ཉམས་སུ་བླང་། གསང་སྔགས་ཀྱི་སྒོར་ཞུགས་ནས་སྒོ་གསུམ་ཐ་མལ་དུ་མི་བཞག་པར་དཀྱིལ་འཁོར་གསུམ་དུ་ཉམས་སུ་བླང་། གཞོན་པའི་དུས་སུ་དོན་མེད་ས་མཐའ་མི་བསྐོར་བར་བཤེས་གཉེན་དམ་པའི་ཞབས་དྲུང་དུ་དཀའ་ཐུབ་ཉམས་སུ་བླང་ངོ་། །དེ་ནི་ཉམས་སུ་བླང་བའི་ཆོས་བཅུ་ཡིན་ནོ། །

ནན་ཏན་དུ་བྱ་བའི་ཆོས་བཅུ་ནི། ལས་དང་པོ་པས་ཐོས་བསམ་ལ་ནན་ཏན་བྱ། ཉམས་མྱོང་སྐྱེས་ནས་སྒོམ་སྒྲུབ་ལ་ནན་ཏན་བྱ། བརྟན་པ་མ་ཐོབ་བར་དུ་དབེན་པ་ལ་ནན་ཏན་བྱ། འཕྲོ་རྒོད་ཤས་ཆེ་ན་རིག་པ་གཅུན་པ་ལ་ནན་ཏན་བྱ། བྱིང་རྨུགས་ཤས་ཆེ་ན་རིག་པ་གསེང་བ་ལ་ནན་ཏན་བྱ། བློ་མ་བརྟན་བར་དུ་མཉམ་བཞག་ལ་ནན་ཏན་བྱ། མཉམ་བཞག་ལ་བརྟེན་ནས་རྗེས་ཐོབ་ལ་ནན་ཏན་བྱ། མི་མཐུན་པའི་འགལ་རྐྱེན་མང་ན་བཟོད་པ་གསུམ་ལ་ནན་ཏན་བྱ། འདོད་འདུན་ཆགས་ཞེན་ཆེ་ན་ཞེན་པ་བཙན་ཐབས་སུ་བཟློག་པ་ལ་ནན་ཏན་བྱ། བྱམས་དང་སྙིང་རྗེ་ཤས་ཆུང་ན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་ནན་ཏན་བྱ། དེ་ནི་ནན་ཏན་བྱ་བའི་ཆོས་བཅུའོ། །

བསྐུལ་མ་གདབ་པའི་ཆོས་བཅུ་ནི། དལ་འབྱོར་རྙེད་པར་དཀའ་བ་ལ་བསམས་ཏེ་དམ་པའི་ཆོས་ལ་བསྐུལ་མ་གདབ། འཆི་བ་མི་རྟག་པ་ལ་བསམས་ཏེ་དགེ་སྦྱོར་ལ་བསྐུལ་མ་གདབ། ལས་རྒྱུ་འབྲས་མི་བསླུ་པ་ལ་བསམས་ཏེ་སྡིག་པ་མི་དགེ་བ་སྤང་བ་ལ་བསྐུལ་མ་གདབ། འཁོར་བའི་ཉེས་དམིགས་ལ་བསམས་ཏེ་ཐར་པ་བསྒྲུབ་པ་ལ་བསྐུལ་མ་གདབ། འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བསྐུལ་མ་གདབ། སེམས་ཅན་གྱི་བློ་ཕྱིན་ཅི་ལོག་ཏུ་འཁྲུལ་པ་ལ་བསམས་ཏེ་ཐོས་བསམ་ལ་བསྐུལ་མ་གདབ། འཁྲུལ་པའི་བག་ཆགས་སྤང་བར་དཀའ་བ་ལ་བསམས་ཏེ་སྒོམ་བསྒྲུབ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་ཉོན་མོངས་པ་བདོ་བ་ལ་བསམས་ཏེ་གཉེན་པོ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་འགལ་རྐྱེན་མང་བ་ལ་བསམ་སྟེ་བཟོད་པ་ལ་བསྐུལ་མ་གདབ། ཕར་ཡེངས་ཚུར་ཡེངས་ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་དུ་སོང་བ་ལ་བསམས་ཏེ་བརྩོན་འགྲུས་ལ་བསྐུལ་མ་གདབ། དེ་ནི་བསྐུལ་མ་གདབ་པའི་ཆོས་བཅུ་ཡིན་ནོ། །

འཆོར་བ་བཅུ་ནི། དད་པ་ཆུང་ལ་ཤེས་རབ་ཆེ་ན་ཁ་བཤད་མཁན་དུ་འཆོར་བ་ཡིན། དད་པ་ཆེ་ལ་ཤེས་རབ་ཆུང་ན་སྡུག་བཙིར་ཨ་འཐས་སུ་འཆོར་བ་ཡིན། སྙིང་རུས་ཆེ་ལ་གདམས་ངག་མེད་ན་སྐྱོན་དང་གོལ་སར་འཆོར་བ་ཡིན། སྔོན་དུ་ཐོས་བསམ་གྱི་སྒྲོ་འདོགས་མ་བཅད་ན་སྒོམ་མུན་པའི་སྐྱེ་མཆེད་དུ་འཆོར་བ་ཡིན། གོ་རྟོགས་སོ་མ་ལ་ཉམས་ལེན་མ་བྱས་ན་དྲེད་པོ་ཆོས་རྒྱུས་མཁན་དུ་འཆོར་བ་ཡིན། ཐབས་སྙིང་རྗེ་ཆེན་པོ་ལ་བློ་མ་སྦྱངས་ན་ལམ་ཐེག་པ་དམན་པར་འཆོར་བ་ཡིན། ཤེས་རབ་སྟོང་པ་ཉིད་ལ་བློ་མ་སྦྱངས་ན་ཅི་བྱས་འཁོར་བའི་ལམ་དུ་འཆོར་བ་ཡིན། འཇིག་རྟེན་ཆོས་བརྒྱད་ཀྱི་འགོ་མ་སྙོམས་ན་ཅི་བྱེད་འཇིག་རྟེན་གྱི་རྐྱེན་དུ་འཆོར་བ་ཡིན། གྲོང་པ་སྐྱེ་བོའི་དད་འདུན་མང་ན་མི་ནག་གི་ངོ་བསྲུང་དུ་འཆོར་བ་ཡིན། ཡོན་ཏན་དང་ནུས་མཐུ་ཆེ་ལ་བློ་མི་བརྟན་ན་མི་ནག་གི་གྲོང་ཆོག་མཁན་དུ་འཆོར་བ་ཡིན། དེ་ནི་འཆོར་བ་བཅུ་ཡིན་ནོ། །

འདྲ་མིན་གྱི་ནོར་ས་བཅུ་ནི། དད་པ་དང་འདོད་པ་ལ་ནོར་ས་ཡོད། བྱམས་སྙིང་རྗེ་དང་ཆགས་པ་ལ་ནོར་ས་ཡོད། ཤེས་བྱ་གཤིས་ཀྱི་སྟོང་པ་དང་བློས་བྱས་ཀྱི་སྟོང་པ་ལ་ནོར་ས་ཡོད། ཆོས་ཀྱི་དབྱིངས་དང་ཆད་ལྟ་ལ་ནོར་ས་ཡོད། ཉམས་མྱོང་དང་རྟོགས་པ་ལ་ནོར་ས་ཡོད། བཙུན་པ་དང་ཚུལ་འཆོས་ལ་ནོར་ས་ཡོད། འཁྲུལ་ཞིག་དང་བདུད་ཁྱེར་ལ་ནོར་ས་ཡོད། གྲུབ་ཐོབ་དང་ཟོག་པོ་ལ་ནོར་ས་ཡོད། གཞན་དོན་བྱེད་པ་དང་རང་དོན་བྱེད་པ་ལ་ནོར་ས་ཡོད། ཐབས་མཁས་པ་དང་གཡོ་སྒྱུ་ལ་ནོར་ས་ཡོད། དེ་ནི་འདྲ་མིན་གྱི་ནོར་ས་བཅུའོ། །

མ་ནོར་བའི་ཆོས་བཅུ་ནི། དངོས་པོ་གང་ལ་ཡང་མ་ཆགས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་མ་ནོར་བ་ཡིན། བླ་མ་དམ་པ་དགེ་བའི་བཤེས་གཉེན་མགོ་ལ་ཐོད་བཞིན་དུ་འཁུར་བ་ནི་མ་ནོར་བ་ཡིན། ཆོས་ལ་ཐོས་བསམ་སྒོམ་གསུམ་ཕྲུག་མར་བྱེད་པ་རྣམས་ནི་མ་ནོར་བ་ཡིན། ལྟ་བ་མཐོ་ལ་སྤྱོད་པ་དམའ་བ་ནི་མ་ནོར་བ་ཡིན། བློ་ཡངས་ལ་དམ་བཅའ་དོགས་པ་ནི་མ་ནོར་བ་ཡིན། ཤེས་རབ་ཆེ་ལ་ང་རྒྱལ་ཆུང་བ་ནི་མ་ནོར་བ་ཡིན། གདམས་ངག་ཕྱུག་ལ་ཉམ་ལེན་ལ་བརྩོན་པ་ནི་མ་ནོར་བ་ཡིན། ཉམས་རྟོགས་བཟང་ལ་ང་རྒྱལ་རློམ་སེམས་མེད་པ་ནི་མ་ནོར་བ་ཡིན། གཅིག་པུར་སྡོད་ཚུགས་ལ་ཚོགས་སུ་ཡན་ཐུབ་པ་ནི་མ་ནོར་བ་ཡིན། རང་དོན་གྱི་འཁྲི་བ་མེད་པ་ལ་གཞན་དོན་གྱི་ཐབས་ལ་མཁས་པ་ནི་མ་ནོར་བ་ཡིན། དེ་ནི་མ་ནོར་བའི་ཆོས་བཅུ་ཡིན་ནོ། །

དོན་མེད་པའི་ཆོས་བཅུ་བཞི་ནི། མི་ལུས་ཐོབ་ནས་དམ་པའི་ཆོས་མི་དྲན་པ་ནི་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་བྱས་པ་དང་འདྲ་སྟེ་དོན་མེད། ཆོས་སྒོར་ཞུགས་ནས་ཁྱིམ་ཐབ་བྱེད་པ་ནི་ཕྱེ་མ་ལེབ་མར་མེ་ལ་མཆོང་བ་དང་འདྲ་སྟེ་དོན་མེད། དད་མེད་ཆོས་མཛད་ཀྱི་དྲུང་དུ་གནས་པ་ནི་རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བ་དང་འདྲ་སྟེ་དོན་མེད། རྩ་བ་བཞི་དང་བདག་ཏུ་འཛིན་པའི་གཉེན་པོར་མ་སོང་བའི་ཆོས་ནི་སྟྭ་རེ་དང་སྡོང་པོ་ལྷན་ཅིག་ཏུ་བཞག་པ་དང་འདྲ་སྟེ་དོན་མེད། ཉོན་མོངས་པའི་གཉེན་པོར་མ་སོང་བའི་མན་ངག་ནི་ནད་པས་སྨན་རྐྱལ་ཐོགས་པ་དང་འདྲ་སྟེ་དོན་མེད། རྒྱུད་ཐོག་ཏུ་མ་ཁེལ་བའི་ཐ་སྙད་ལ་ལྕེ་སྦྱངས་པ་ནི་ནེ་ཙོའི་ཁ་ཏོན་བྱས་པ་དང་འདྲ་སྟེ་དོན་མེད། རྐུ་འཕྲོག་གཡོ་སྒྱུས་མ་བྱིན་པར་བླངས་ནས་སྦྱིན་པ་བྱེད་པ་ནི་སློག་པ་ཆུ་རུ་བཅུག་པ་དང་འདྲ་སྟེ་དོན་མེད། སེམས་ཅན་ལ་གནོད་པ་བསྐྱལ་ནས་དཀོན་མཆོག་མཆོད་པ་ནི་བུའི་ཤ་བཅད་ནས་མ་ལ་སྟེར་བ་དང་འདྲ་སྟེ་དོན་མེད། ཚེ་འདིའི་རང་འདོད་ཀྱི་ཕྱིར་ཚུལ་འཆོས་དང་བཟོད་པ་དང་དུ་ལེན་པ་ནི་བྱི་ལས་བྱི་བ་ལ་འཇབ་པ་དང་འདྲ་སྟེ་དོན་མེད། ཚེ་འདིའི་སྙན་གྲགས་དང་རྙེད་བཀུར་འདོད་པས་དགེ་བ་རླབས་ཆེན་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བིལ་བ་རྡོག་པོ་གཅིག་གམ་སྦང་ཟན་རྡོག་པོ་གཅིག་དང་བརྗེ་བ་དང་འདྲ་སྟེ་དོན་མེད། མང་དུ་ཐོས་ཀྱང་རང་རྒྱུད་ཐ་མལ་དུ་ལུས་པ་ནི་སྨན་པ་གཅོང་ནད་ཀྱིས་ཟིན་པ་དང་འདྲ་སྟེ་དོན་མེད། གདམས་ངག་མཁས་ལ་ཉམས་མྱོང་མེད་པ་ནི་ཕྱུག་པོའི་བང་མཛོད་ཀྱི་ལྡེ་མིག་མེད་པ་དང་འདྲ་སྟེ་དོན་མེད། རང་གིས་ཆོས་ཀྱི་དོན་མ་རྟོགས་པར་གཞན་ལ་བཤད་པ་ནི་ལོང་བས་ལོང་བ་འཁྲིད་པ་དང་འདྲ་སྟེ་དོན་མེད། ཐབས་ལས་བྱུང་བའི་ཉམས་མྱོང་ལ་མཆོག་ཏུ་བཟུང་ནས་གནས་ལུགས་ཀྱི་དོན་མི་འཚོལ་བ་ནི་ར་གན་ལ་གསེར་དུ་འཛིན་པ་དང་འདྲ་སྟེ་དོན་མེད། དེ་ནི་དོན་མེད་པའི་ཆོས་བཅུ་བཞི་ཡིན་ནོ། །

ཆོས་པའི་མཚང་བཅོ་བརྒྱད་ནི། དབེན་པར་བསྡད་ནས་ཚེ་འདིའི་ཆེ་ཐབས་སྒྲུབ་པ་ནི་ཆོས་པའི་མཚང་། ཚོགས་དཔོན་བྱས་ནས་རང་འདོད་སྒྲུབ་པ་ནི་ཆོས་པའི་མཚང་། ཆོས་མཁས་ལ་སྡིག་ལ་མི་འཛེམ་པ་ནི་ཆོས་པའི་མཚང་། གདམས་ངག་ཆེ་ལ་རང་རྒྱུད་ཐ་མལ་དུ་ལུས་པ་ནི་ཆོས་པའི་མཚང་། ཚུལ་ཁྲིམས་བཙུན་ལ་འདོད་པ་ལས་བློ་མ་ལོག་པ་ནི་ཆོས་པའི་མཚང་། ཉམས་རྟོགས་བཟང་ལ་རང་རྒྱུད་མ་ཐུལ་བ་ནི་ཆོས་པའི་མཚང་། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་ཆགས་སྡང་མ་སྤངས་པ་ནི་ཆོས་པའི་མཚང་། མི་ཆོས་བཤོལ་ནས་ལྷ་ཆོས་བྱས་ནས་སོ་ནམ་གྱི་བྱ་བ་བློས་མ་ཐོངས་པ་ནི་ཆོས་པའི་མཚང་། དོན་གོ་བ་རྙེད་ནས་ཉམས་སུ་མི་ལེན་པ་ནི་ཆོས་པའི་མཚང་། ཉམས་ལེན་གྱི་དམ་བཅའ་བྱས་ནས་སྡོད་མི་ཚུགས་པ་ནི་ཆོས་པའི་མཚང་། བྱ་རྒྱུ་ཆོས་ལས་མེད་ཀྱང་སྤྱོད་པ་སོ་མི་ཐུབ་པ་ནི་ཆོས་པའི་མཚང་། ལྟོ་རྒྱབ་ཤུགས་ལས་འབྱུང་ཡང་སེམས་འཚོལ་འཕྲོ་ལ་ཞུགས་པ་ནི་ཆོས་པའི་མཚང་། དགེ་སྦྱོར་གྱི་ནུས་པ་ནད་པ་དང་སྲིའུ་ལ་སྤྲུགས་པ་ནི་ཆོས་པའི་མཚང་། གདམས་ངག་ཟབ་མོ་ཟས་ནོར་གྱི་ཕྱིར་སྟོན་པ་ནི་ཆོས་པའི་མཚང་། བདག་ལ་ཐབས་ཀྱིས་བསྟོད་ཅིང་གཞན་ལ་ཐབས་ཀྱིས་སྨོད་པ་ནི་ཆོས་པའི་མཚང་། གདམས་ངག་གཞན་ལ་བཤད་ཅིང་རང་རྒྱུད་ཆོས་དང་མི་མཐུན་པ་ནི་ཆོས་པའི་མཚང་། གཅིག་པུར་སྡོད་མི་ཚུགས་པར་མི་དང་འགྲོགས་མི་ཤེས་པ་ནི་ཆོས་པའི་མཚང་། སྐྱིད་མི་ཐུབ་ཅིང་སྡུག་མི་ཐེག་པ་ནི་ཆོས་པའི་མཚང་། དེ་ནི་ཆོས་པའི་མཚང་བཅོ་བརྒྱད་དོ། །

མེད་ཐབས་མེད་པའི་ཆོས་བཅུ་གཉིས་ནི། དང་པོ་སྐྱེ་འཆིས་གཏིང་ནས་འཇིགས་པའི་དད་པ་བརྟན་པོ་ཞིག་མེད་ཐབས་མེད། ཐར་པའི་ལམ་སྣ་འདྲེན་པའི་བླ་མ་དམ་པ་ཞིག་མེད་ཐབས་མེད། རྒྱུད་ལ་དོན་གོ་བ་ལོན་པའི་ཤེས་རབ་ཅིག་མེད་ཐབས་མེད། གོ་ཆ་དང་སྙིང་སྟོབས་ལྡན་པའི་བརྩོན་འགྲུས་ཤིག་མེད་ཐབས་མེད། བསླབ་གསུམ་དང་ཚོགས་གཉིས་ཀྱིས་ཆོག་པ་མེད་པའི་བསགས་པ་ཞིག་མེད་ཐབས་མེད། ཤེས་བྱའི་གནས་ལུགས་རྟོགས་པའི་ལྟ་བ་ཞིག་མེད་ཐབས་མེད། སེམས་ཉིད་གར་གཞག་ཏུ་གནས་པའི་སྒོམ་པ་ཞིག་མེད་ཐབས་མེད། བྱེད་སྤྱོད་ཐམས་ཅད་ལམ་དུ་འཁྱེར་བའི་སྤྱོད་པ་ཞིག་མེད་ཐབས་མེད། རྐྱེན་བགེགས་བདུད་དང་གོལ་ས་སྤོང་བའི་གདམས་ངག་ཅིག་མེད་ཐབས་མེད། གདམས་ངག་ཚིག་ཏུ་མ་ལུས་པའི་ཉམས་ལེན་ཞིག་མེད་ཐབས་མེད། ལུས་སེམས་འབྲལ་བའི་ཚེ་ན་བློ་བདེའི་ཞེ་གདེང་ཆེན་པོ་ཞིག་མེད་ཐབས་མེད། སྐུ་གསུམ་རང་ལ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞིག་མེད་ཐབས་མེད་དོ། །དེ་ནི་མེད་ཐབས་མེད་པའི་ཆོས་བཅུ་གཉིས་ཡིན་ནོ། །

སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་ནི། ཕྲག་དོག་དང་ང་རྒྱལ་ཆུང་བ་ནི་སྐྱེས་བུ་དམ་པའི་རྟགས། འདོད་པ་ཆུང་ཞིང་དངོས་པོ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ནི་སྐྱེས་བུ་དམ་པའི་རྟགས། དཔའ་ཚུལ་དང་ཆེ་འགྱིང་དང་ང་རྒྱལ་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། ཚུལ་འཆོས་དང་ངོ་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། བྱ་བ་གང་ཡང་བརྟགས་ཤིང་དཔྱད་ནས་ཤེས་བཞིན་དུ་དྲན་པས་ཟིན་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་སྲུང་བ་ནི་སྐྱེས་བུ་དམ་པའི་རྟགས། སྡོམ་པ་དང་དམ་ཚིག་ལ་ངོ་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། སེམས་ཅན་ལ་ཉེ་རིང་གསར་འགྲོགས་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། གཞན་གྱི་སྡིག་གསོག་པ་ལ་ཁོང་མི་ཁྲོ་ཞིང་བཟོད་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས། རྒྱལ་ཁ་ཐམས་ཅད་མི་ལ་སྟེར་ཞིང་ཕམ་ཁ་རང་ལ་ལེན་པ་ནི་སྐྱེས་བུ་དམ་པའི་རྟགས། བསམ་སྤྱོད་གང་ལ་ཡང་འཇིག་རྟེན་པ་གཞན་དང་མི་མཐུན་པ་ནི་སྐྱེས་བུ་དམ་པའི་རྟགས། དེ་ནི་སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་ཡིན་ནོ། །དེ་དག་ལས་ལྡོག་པ་ནི་སྐྱེས་བུ་དམ་པ་མིན་པའི་རྟགས་ཡིན་ནོ། །

ཕན་པ་མེད་པའི་ཆོས་བཅུ་ནི། སྒྱུ་མའི་ལུས་ལ་བསྙེན་བཀུར་དང་རིམ་གྲོ་ཇི་ཙམ་བྱས་ཀྱང་མི་རྟག་འཇིག་པར་ངེས་པས་ཕན་པ་མེད། ཟང་ཟིང་གི་ནོར་ལ་སེར་སྣ་དང་བརྣབ་སེམས་ཅི་ཙམ་བྱས་ཀྱང་རང་འཆི་བའི་ནངས་པར་སྒྲེན་མོ་ལག་སྟོང་དུ་འགྲོ་བས་ཕན་པ་མེད། མཁར་སྤེའུ་དང་ཁང་བཟང་ལ་དཀའ་བ་ཇི་སྙེད་ཅིག་སྤྱད་ནས་བརྩིགས་ཀྱང་འཆི་བའི་ནངས་པར་གཅིག་པུར་འགྲོ་ཞིང་རོ་ཡང་སྒོར་འདོན་པས་ཕན་པ་མེད། བུ་དང་ཚ་བོ་ལ་བྱམས་པའི་སེམས་ཀྱིས་དངོས་པོ་ཇི་ཙམ་ཞིག་ཕོག་ཀྱང་རང་འཆི་བའི་དུས་སུ་ཕན་སྟོབས་སྐད་ཅིག་ཀྱང་མེད་པས་ཕན་པ་མེད། གཉེན་དང་གྲོགས་པོ་ལ་བརྩེ་གདུང་གི་སེམས་འཛིན་དང་ངོ་སྲུང་ཇི་སྙེད་ཅིག་བྱས་ཀྱང་རང་ཤི་བའི་ནངས་པར་གཅིག་པུར་གྲོགས་མེད་དུ་འགྲོ་དགོས་པས་ཕན་པ་མེད། བུ་དང་ཚ་བོ་མང་ཡང་མི་རྟག་པས་བདག་གི་སྦྱིན་པའི་དངོས་པོ་བདོག་ཀྱང་འདོར་བར་ངེས་པས་ཕན་པ་མེད། ཚེ་འདིའི་དོན་དུ་ས་སྤྱོད་མངའ་རིས་དང་ལས་ཐབས་ལ་འབད་རྩོལ་ཇི་སྙེད་ཅིག་བྱས་ཀྱང་རང་འཆི་བའི་ནངས་པར་གནས་དང་འབྲེལ་པ་གཏན་མེད་དུ་འགྲོ་བས་ཕན་པ་མེད། དད་པས་ཆོས་སྒོར་ཞུགས་ཀྱང་ཆོས་བཞིན་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པས་ཕན་པ་མེད། ཐོས་བསམ་ལ་བློ་སྦྱངས་ནས་ཆོས་ཇི་སྙེད་ཅིག་ཤེས་ཀྱང་ཉམས་སུ་མ་བླངས་ན་འཆི་ཁར་ལམ་དུ་འཁྱེར་རྒྱུ་མེད་པས་ཕན་པ་མེད། དགེ་བའི་བཤེས་གཉེན་དམ་པའི་དྲུང་དུ་ཡུན་རིང་བསྡད་ཀྱང་རང་ལ་དད་གུས་མེད་ན་གོང་མའི་ཡོན་ཏན་དང་བྱིན་རླབས་མི་འགོ་བས་ཕན་པ་མེད། དེ་ནི་ཕན་པ་མེད་པའི་ཆོས་བཅུ་ཡིན་ནོ། །

རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ནི། བཟའ་མི་མེད་པའི་ཁྱིམ་ཐབས་བྱེད་པ་དེ་གླེན་པས་བཙན་དུག་ཟོས་པ་དང་འདྲ་སྟེ་རང་སྡུག་རང་གིས་ཉོས་པ་ཡིན། ཆོས་མེད་སྡིག་པ་བྱེད་པ་དེ་སྨྱོན་པ་གཡང་ལ་མཆོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཞན་ལ་ཟོལ་ཟོག་བྱེད་པ་དེ་དུག་ཅན་གྱི་ཁ་ཟས་འདྲེན་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ཀླད་ཆུང་མི་དཔོན་བྱེད་པ་དེ་རྒན་མོས་ཕྱུགས་ལུག་སྐྱོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ལྷག་བསམ་གྱིས་གཞན་དོན་ལ་མི་བརྩོན་པར་ཆོས་བརྒྱད་ཀྱིས་རང་དོན་ལ་བརྩོན་པ་ནི་ལོང་བ་བྱང་ཐང་ལ་འཁོར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། མི་འགྲུབ་པའི་བྱ་བ་ཚན་པོ་ཆེ་ལ་འཇུག་པ་ནི་ཉམ་ཆུང་ཁུར་ཆེན་པོ་འཁུར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ང་རྒྱལ་གྱིས་བླ་མ་དམ་པ་དང་རྒྱལ་བའི་བཀའ་ཁྱད་དུ་གསོད་པ་དེ་དབང་པོ་ཆེའི་འདུན་མ་སྟོར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ཉམས་ལེན་བཤོལ་ནས་མི་ནག་གི་གྲོང་ལ་འགྲིམ་པ་དེ་རི་དྭགས་ཀླུང་དུ་བབ་པ་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཉུག་མའི་ཡེ་ཤེས་མི་སྐྱོང་བར་འདུ་འཛིའི་སྤྲོས་པས་གཡེང་བར་བྱེད་པ་དེ་མཁའ་ལྡིང་གཤོག་པ་ཆག་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། བླ་མ་དཀོན་མཆོག་གི་དཀོར་ལ་བག་མེད་དུ་སྤྱོད་པ་དེ་བུ་ཆུང་མེ་མདག་འགམ་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། དེ་ནི་རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ཡིན་ནོ། །

རང་དྲིན་རང་ལ་ཆེ་བའི་ཆོས་བཅུ་ནི། མི་ཆོས་ཀྱི་ཆགས་སྡང་སྤངས་ནས་དམ་པའི་ལྷ་ཆོས་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ཁྱིམ་ཐབ་དང་གཉེན་གྲོགས་སྤངས་ནས་སྐྱེས་བུ་དམ་པར་བསྟེན་པ་དེ་རང་དྲིན་རང་ལ་ཆེ་བ་ཡིན། འདུ་འཛིའི་བྱ་བ་བཏང་ནས་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། གྲོང་པ་དང་འདྲིས་བཤེས་སྤངས་ནས་གཅིག་པུར་དབེན་པར་སྡོད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། འདོད་ཡོན་གྱི་འཁྲི་བ་བཅད་ནས་ཆགས་མེད་ལ་ཚུགས་ཐུབ་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང་བཟང་པོ་ལ་འདོད་འདུན་མེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། རང་དབང་གཞན་ལ་མི་བསྐུར་བར་ཡིད་དམ་བཅའ་ལ་བརྟན་པར་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ཚེ་འདི་ཡི་འཕྲལ་བདེ་ལ་མི་བལྟ་བར་གཏན་དུ་བདེ་བའི་བྱང་ཆུབ་སྒྲུབ་པར་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དངོས་པོའི་མངོན་ཞེན་སྤངས་ནས་སྟོང་པ་ཉིད་ཉམས་སུ་ལེན་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། སྒོ་གསུམ་ཐ་མལ་དུ་མི་སྡོད་པར་ཚོགས་གཉིས་ཟུང་དུ་འཇུག་པ་ལ་འབད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དེ་ནི་རང་དྲིན་རང་ལ་ཆེ་བའི་ཆོས་བཅུ་ཡིན་ནོ། །

ཡང་དག་པའི་ཆོས་བཅུ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི་དབང་པོ་ཐ་མའི་ཡང་དག་པའི་ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་སྟོང་པ་གསལ་བ་དང་སྟོང་པ་བདེ་བ་དང་སྟོང་པ་རིག་པ་དང་སྟོང་པ་ཟུང་འཇུག་བཞིར་རྟོགས་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་ལྟ་བྱེད་བལྟས་པ་གསུམ་དབྱེར་མེད་དུ་རྟོགས་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་ལྟ་བ་ཡིན། དམིགས་པར་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ནི་དབང་པོ་ཐ་མའི་ཡང་དག་པའི་སྒོམ་པ་ཡིན། ཟུང་འཇུག་བཞིའི་ཏིང་ངེ་འཛིན་ལ་གནས་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་སྒོམ་པ་ཡིན། བསྒོམ་བྱ་སྒོམ་བྱེད་ཉམས་ལེན་གསུམ་དབྱེར་མེད་ཅིང་མི་དམིགས་པའི་ངང་ལ་གནས་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་སྒོམ་པ་ཡིན། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་སྲུང་བ་ནི་དབང་པོ་ཐ་མའི་ཡང་དག་པའི་སྤྱོད་པ་ཡིན། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་དུ་སྤྱོད་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་སྤྱོད་པ་ཡིན། གང་དང་ཅི་ལ་ཡང་མི་སྤྱོད་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་སྤྱོད་པ་ཡིན། བདག་འཛིན་དང་ཉོན་མོངས་པ་མཐའ་དག་ཇེ་ཆུང་ཇེ་ཞི་ལ་སོང་བ་ནི་དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་ཡང་དག་པའི་དྲོད་རྟགས་ཡིན་ནོ། །དེ་ནི་ཡང་དག་པའི་ཆོས་བཅུ་ཡིན་ནོ། །

ཆོས་པའི་འཁྲུལ་བ་བཅུ་ནི། དམ་པའི་ཆོས་ཚུལ་བཞིན་སྒྲུབ་པའི་བླ་མ་ལ་མི་བསྟེན་པར་ཟོག་པོ་ཁ་བཤད་མཁན་གྱི་རྗེས་སུ་འབྲང་བ་ནི་ཤིན་ཏུ་འཁྲུལ། གྲུབ་ཐོབ་སྙན་བརྒྱུད་ཀྱི་གདམས་ངག་མི་འཚོལ་བར་དོན་མེད་ཀྱི་རིག་པའི་ཆོས་ལ་ནན་ཏན་བྱེད་པ་ནི་ཤིན་ཏུ་འཁྲུལ། སྣང་བ་འཕྲལ་ཤར་ལ་མི་ཚེ་ཅི་ཕྱིད་མི་བྱེད་པར་གཏན་དུ་སྡོད་རྩིས་ཀྱི་ཤོམ་ར་རྒྱའོ་ཆེ་བྱེད་པ་ནི་ཤིན་ཏུ་འཁྲུལ། རང་གཅིག་པུར་ཆོས་ཀྱི་དོན་ལ་མི་སེམས་པར་འཁོར་མང་གི་ནང་ན་ཆོས་བཤད་བྱེད་པ་ནི་ཤིན་ཏུ་འཁྲུལ། ལོངས་སྤྱོད་ཁ་ལྷག་མཆོད་སྦྱིན་དུ་མི་གཏོང་བར་སེར་སྣ་དང་གཡོ་སྒྱུས་ནོར་རྫས་གསོག་པ་ནི་ཤིན་ཏུ་འཁྲུལ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་མི་བསྲུང་བར་སྒོ་གསུམ་བག་མེད་འཆལ་བར་གཏོང་བ་ནི་ཤིན་ཏུ་འཁྲུལ། གནས་ལུགས་རྟོགས་པའི་དོན་ལ་གོམས་འདྲིས་མི་བྱེད་པར་མི་ཚེ་དོན་ཆུང་གི་བྱ་བྱེད་ཕར་རེ་ཚུར་རེ་ལ་ཟད་པར་བྱེད་པ་ནི་ཤིན་ཏུ་འཁྲུལ། འཁྲུལ་བ་ལངས་ཤོར་ཅན་གྱིས་རང་རྒྱུད་མི་ཐུལ་བར་དམུ་རྒོད་བྱིས་པའི་གཞན་རྒྱུད་འདུལ་བ་ཤིན་ཏུ་འཁྲུལ། རྒྱུད་ལ་སྐྱེས་པའི་ཉམས་མྱོང་མི་སྐྱོང་བར་ཚེ་འདིའི་ཆེ་ཐབས་སྐྱོང་བ་ཤིན་ཏུ་འཁྲུལ། ད་རེས་རྟེན་འབྲེལ་འཛོམས་པའི་ཐོག་ལ་བརྩོན་འགྲུས་མི་རྩོམ་པར་ལེ་ལོ་སྙོམས་ལས་ལ་དགའ་བ་ཤིན་ཏུ་འཁྲུལ། དེ་ནི་ཆོས་པའི་འཁྲུལ་བ་བཅུ་ཡིན་ནོ། །

དགོས་པའི་ཆོས་བཅུ་ནི། དང་པོ་སྐྱེ་འཆིས་གཏིང་ནས་འཇིགས་པའི་དད་པ་གཤའ་མ་ཤ་བ་བཙོན་དོང་ནས་བྲོས་པ་ལྟ་བུ་ཞིག་དགོས། བར་དུ་ཤི་ཡང་མི་འགྱོད་པའི་བརྩོན་འགྲུས་ཞིང་པས་སོ་ནམ་རེམ་པ་ལྟ་བུ་ཞིག་དགོས། ཐ་མར་འཆི་རྒྱུ་མེད་པའི་བློ་བདེ་བ་བྱ་བ་རླབས་ཅན་ཟིན་པའི་སྐྱེས་བུ་ལྟ་བུ་ཞིག་དགོས། དང་པོ་ལོང་མེད་དུ་ཤེས་པ་སྐྱེས་བུའི་གནད་ལ་མདའ་ཕོག་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་སྒོམ་པ་བུ་གཅིག་པུ་ཤི་བའི་མ་ལྟ་བུ་ཞིག་དགོས། ཐ་མར་བྱར་མེད་དུ་ཤེས་པ་ཕྱུགས་མ་དགྲས་དེད་པའི་རྫི་བོ་ལྟ་བུ་ཞིག་དགོས། དང་པོ་ཆོས་ལ་ངེས་ཤེས་སྐྱེས་པ་ལྟོག་པ་ཁ་ཟས་བཟང་པོ་དང་འཕྲད་པ་ལྟ་བུ་ཞིག་དགོས། བར་དུ་རང་སེམས་ལ་ངེས་ཤེས་སྐྱེས་པ་གྱད་ཀྱིས་ནོར་རྙེད་པ་ལྟ་བུ་ཞིག་དགོས། ཐ་མ་གཉིས་མེད་ལ་ངེས་ཤེས་སྐྱེས་པ་ཟོག་པོ་རྫུན་ཕུག་རྡིབ་པ་ལྟ་བུ་ཞིག་དགོས། དེ་ཁོ་ན་ཉིད་ལ་ཁོ་ཐག་ཆོད་པ་གཟིངས་ནས་འཕུར་བའི་བྱ་རོག་ལྟ་བུ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ། །

མི་དགོས་པའི་ཆོས་བཅུ་ནི། སེམས་ཉིད་སྟོང་པར་རྟོགས་ན་ཐོས་བསམ་བྱ་མི་དགོས། རིག་པ་དྲི་མེད་དུ་ཤེས་ན་སྡིག་པ་སྦྱང་མི་དགོས། རྣལ་མའི་ལམ་ལ་གནས་ན་ཚོགས་བསགས་མི་དགོས། གཉུག་མའི་ངང་ལ་སྐྱོང་ན་ཐབས་ལམ་སྒོམ་མི་དགོས། རྣམ་རྟོག་ཆོས་ཉིད་དུ་ཤེས་ན་མི་རྟོག་པ་སྒོམ་མི་དགོས། ཉོན་མོངས་པ་རྩ་བྲལ་དུ་ཤེས་ན་གཉེན་པོ་བསྟེན་མི་དགོས། སྣང་གྲགས་སྒྱུ་མར་ཤེས་ན་དགག་སྒྲུབ་བྱ་མི་དགོས། སྡུག་བསྔལ་དངོས་གྲུབ་ཏུ་ཤེས་ན་བདེ་བ་བཙལ་མི་དགོས། རང་སེམས་སྐྱེ་མེད་དུ་རྟོགས་ན་འཕོ་བ་བྱ་མི་དགོས། གང་ཡང་གཞན་དོན་དུ་བྱས་ན་རང་དོན་སྒྲུབ་མི་དགོས། དེ་ནི་མི་དགོས་པའི་ཆོས་བཅུ་ཡིན་ནོ། །

ཁྱད་པར་འཕགས་པའི་ཆོས་བཅུ་ནི། རིགས་དྲུག་གི་སེམས་ཅན་ཇི་སྙེད་པའི་ནང་ནས་དལ་འབྱོར་དང་ལྡན་པའི་མི་ལུས་གཅིག་ཁྱད་པར་དུ་འཕགས། མི་ནག་ཆོས་མེད་ཇི་སྙེད་པའི་ནང་ནས་ཆོས་ལྡན་གྱི་གང་ཟག་གཅིག་ཁྱད་པར་དུ་འཕགས། ལམ་གྱི་ཐེག་པ་ཇི་སྙེད་པའི་ནང་ནས་སྙིང་པོའི་དོན་གྱི་ཐེག་པ་འདི་ཁྱད་པར་དུ་འཕགས། ཐོས་བསམ་ལས་བྱུང་བའི་ཤེས་རབ་ཇི་སྙེད་པ་བས་བསྒོམས་བྱུང་གི་ཤེས་རབ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། འདུས་བྱས་ཀྱི་དགེ་བ་ཇི་སྙེད་ཅིག་སྤྱད་པ་བས་འདུས་མ་བྱས་ཀྱི་དགེ་བ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། དམིགས་བཅས་ཀྱི་ཏིང་ངེ་འཛིན་ཇི་སྙེད་ཅིག་བསྒོམས་པ་བས་དམིགས་མེད་ཀྱི་ཏིང་ངེ་འཛིན་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། ཟག་བཅས་ཀྱི་བདེ་བ་ཇི་སྙེད་ཅིག་སྤྱད་པ་བས་ཟག་མེད་ཀྱི་དགེ་བ་སྐད་ཅིག་ཁྱད་པར་དུ་འཕགས། རྒྱུད་ལ་ཉམས་མྱོང་ཇི་སྙེད་ཅིག་སྐྱེས་པ་བས་རྟོགས་པ་སྐད་ཅིག་མ་གཅིག་ཤར་བ་ཁྱད་པར་དུ་འཕགས། ཆེད་དུ་བྱས་པའི་ལེགས་སྤྱད་ཇི་སྙེད་ཅིག་སྤྱད་པ་བས་ཆེད་དུ་བྱ་བ་མེད་པའི་སྤྱོད་པ་སྐད་མ་ཅིག་ཁྱད་པར་དུ་འཕགས། ཟང་ཟིང་གི་གཏོང་འགྱེད་ཇི་སྙེད་ཅིག་བྱས་པ་བས་དངོས་པོ་ཅི་ཡང་མ་བཟུང་བ་ཁྱད་པར་འཕགས། དེ་ནི་ཁྱད་པར་འཕགས་པའི་ཆོས་བཅུ་ཡིན་ནོ། །

ཇི་ལྟར་བྱས་ཀྱང་ལེགས་པའི་ཆོས་བཅུ་ནི། བློ་སེམས་ཆོས་སུ་སོང་བའི་གང་ཟག་གིས། བྱ་བ་བཏང་ཡང་ལེགས་ལ་མ་བཏང་ཡང་ལེགས། སྒྲོ་འདོགས་སེམས་ལ་ཆོད་པའི་གང་ཟག་གིས། བསྒོམས་ཀྱང་ལེགས་ལ་མ་བསྒོམ་ཡང་ལེགས། འདོད་ཡོན་ལ་འཁྲི་བ་ཆོད་པའི་གང་ཟག་གིས། ཆགས་མེད་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་ལེགས། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་གིས། ཕུག་སྟོང་དུ་ཉལ་ཡང་ལེགས་ལ་མང་པོའི་ཚོགས་དཔོན་བྱས་ཀྱང་ལེགས། སྣང་བ་སྒྱུ་མར་ཤེས་པའི་གང་ཟག་གིས། གཅིག་པུར་རི་ཁྲོད་དུ་བསྡད་ཀྱང་ལེགས་ལ་རྒྱལ་ཁམས་ཕྱོགས་མེད་བསྐོར་ཡང་ལེགས། སེམས་ལ་དབང་ཐོབ་པའི་གང་ཟག་གིས། འདོད་པའི་ཡོན་ཏན་སྤངས་ཀྱང་ལེགས་ལ་བསྟེན་ཀྱང་ལེགས། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་གིས། དབེན་པར་སྒྲུབ་པ་བྱས་ཀྱང་ལེགས་ལ་ཚོགས་སུ་གཞན་དོན་བྱས་ཀྱང་ལེགས། མོས་གུས་ཐང་ལྷོད་མེད་པའི་གང་ཟག་གིས། བླ་མའི་ཞབས་དྲུང་དུ་བསྡད་ཀྱང་ལེགས་ལ་མ་བསྡད་ཀྱང་ལེགས། མང་དུ་ཐོས་ཤིང་དོན་གོ་བར་ལྡན་པའི་གང་ཟག་ལ། དངོས་གྲུབ་བྱུང་ཡང་ལེགས་ལ་བར་ཆད་བྱུང་ཡང་ལེགས། རྟོགས་པ་མཆོག་ཐོབ་པའི་རྣལ་འབྱོར་པ་ལ། ཐུན་མོང་གི་གྲུབ་རྟགས་ཡོད་ཀྱང་ལེགས་ལ་མེད་ཀྱང་ལེགས། དེ་ནི་ཇི་ལྟར་བྱས་ཀྱང་ལེགས་པའི་ཆོས་བཅུ་ཡིན་ནོ། །

དམ་པའི་ཆོས་ཀྱི་ཡོན་ཏན་བཅུ་ནི། ཆོས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྔགས་ཀྱི་སྨིན་གྲོལ་ལ་སོགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །མིའི་ནང་ནས་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང་། རྒྱལ་ཆེན་བཞི་ལ་སོགས་པ་འདོད་པའི་ཁམས་ཀྱི་ལྷ་རིགས་དྲུག་དང་། གཟུགས་ཁམས་ཀྱི་ལྷ་རིགས་བཅུ་བདུན་དང་། གཟུགས་མེད་པའི་ལྷ་རིགས་བཞི་འཇིག་རྟེན་ན་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཐུགས་རྗེ་རང་ཤར་གྱི་གཟུགས་སྐུ་གཉིས་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་ཅན་ཉེ་བར་འཚོ་བའི་ཡོ་བྱད་གང་ལ་གང་འོས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །ངན་སོང་དང་མི་ཁོམ་པའི་གནས་ན་ཡང་གནས་སྐབས་ཀྱི་བདེ་བ་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་ཀྱང་དཀར་པོ་དགེ་བའི་བསོད་ནམས་ལས་གྲུབ་པས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྐྱེས་བུ་ངན་པ་དག་ཀྱང་དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་འགྱུར་ནས་སྐྱེས་བུ་དམ་པའི་རིགས་སུ་གནས་ཤིང་། མི་ཀུན་གྱི་གཙུག་ཏུ་འཁུར་བའི་གནས་སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྔར་སྡིག་པ་མི་དགེ་བ་ལ་བག་མེད་དུ་སྤྱད་ཅིང་དམྱལ་བའི་བུད་ཤིང་གི་རྒྱུ་གསོག་པ་དེ་ཡང་དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་སྣ་འགྱུར་ནས་མཐོ་རིས་དང་ཐར་པའི་བདེ་བ་ལ་རེག་པར་གྱུར་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དམ་པའི་ཆོས་ལ་དད་པ་ཙམ་མམ། མོས་པ་ཙམ་མམ། དགའ་བ་ཙམ་མམ། ཆ་ལུགས་འཛིན་པ་ཙམ་ཡང་ཀུན་གྱིས་ཡིད་དུ་འོང་ཞིང་། བསྙེན་བཀུར་གྱི་གནས་སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །བདོག་པའི་དངོས་པོ་ཐམས་ཅད་སྤངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། རི་ཁྲོད་དགོན་པ་དག་ཏུ་ཡིབ་ནས་བསྡད་ཀྱང་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པར་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དེ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་མདོར་བསྡུས་པའི་ཆོས་བཅུ་ཡིན་ནོ། །

མིང་ཙམ་གྱི་ཆོས་བཅུ་ནི། གཞིའི་གནས་ལུགས་བསྟན་དུ་མེད་པས་གཞི་མིང་ཙམ་ཡིན། ལམ་ལ་བགྲོད་བྱ་བགྲོད་བྱེད་མེད་པས་ལམ་མིང་ཙམ་ཡིན། གནས་ལུགས་ལ་བལྟ་བྱ་ལྟ་བྱེད་མེད་པས་རྟོགས་པ་མིང་ཙམ་ཡིན། གཉུག་མ་ལ་བསྒོམ་བྱ་སྒོམ་བྱེད་མེད་པས་ཉམས་མྱོང་མིང་ཙམ་ཡིན། གཤིས་ལ་སྤྱད་བྱ་སྤྱོད་བྱེད་མེད་པས་སྤྱོད་པ་མིང་ཙམ་ཡིན། དོན་ལ་བསྲུང་བྱ་སྲུང་བྱེད་མེད་པས་དམ་ཚིག་མིང་ཙམ་ཡིན། དོན་ལ་བསག་བྱ་གསོག་བྱེད་མེད་པས་ཚོགས་གཉིས་མིང་ཙམ་ཡིན། དོན་ལ་སྦྱང་བྱ་སྦྱོང་བྱེད་མེད་པས་སྒྲིབ་གཉིས་མིང་ཙམ་ཡིན། དོན་ལ་སྤང་བྱ་སྤོང་བྱེད་མེད་པས་འཁོར་བ་མིང་ཙམ་ཡིན། དོན་ལ་འཐོབ་བྱ་ཐོབ་བྱེད་མེད་པས་འབྲས་བུ་མིང་ཙམ་ཡིན། དེ་ནི་མིང་ཙམ་གྱི་ཆོས་བཅུ་ཡིན་ནོ། །

བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཆོས་སྐུར་གནས་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། གཞི་ཆོས་ཉིད་ཀྱི་དབྱིངས་ལ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། མཐའ་བྲལ་བློ་འདས་ཀྱི་རྟོགས་པ་ལ་ཕྱོགས་རིས་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཡིད་ལ་བྱ་བ་མེད་པའི་ཉམས་མྱོང་ལ་དམིགས་པའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བྱ་བྲལ་རྩོལ་མེད་ཀྱི་སྤྱོད་པ་ལ་བླང་དོར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུ་ལ་གཟུང་འཛིན་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་བྱུང་གི་ལོངས་སྐུ་ལ་སྐྱེ་འཆི་འཕོ་འགྱུར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་ཤར་གྱི་སྤྲུལ་སྐུ་ལ་གཉིས་སྣང་འདུ་བྱེད་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བསྟན་པ་ཆོས་ཀྱི་འཁོར་ལོ་ལ་བདག་ལྟ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཚད་མེད་ཐུགས་རྗེའི་ཕྲིན་ལས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ཡིན་ནོ། །ཟག་མེད་མཁྱེན་པ་དང་ལྡན་པའི་བླ་མ་རྣམས་དང་། རྗེ་བཙུན་སྒྲོལ་མ་ལ་སོགས་ལྷག་པའི་ལྷ་རྣམས་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་བསྟན་པའི་གསལ་བྱེད་དུ་མངའ་གསོལ་བའི་དཔལ་ལྡན་མར་མེ་མཛད་ཡབ་སྲས་ཀྱི་གསུང་རྒྱུན་དྲི་མ་མེད་པ་རྣམས་བཀའ་གདམས་པའི་བླ་མ་སྐུ་དྲིན་ཅན་རྣམས་ལས་ཐོས་པ་དང་། རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་ནཱ་རོ་མཻ་ཏྲི་གཉིས་དང་། མར་པ་ལྷོ་བྲག་པ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱི་ཐུགས་ཀྱི་བཅུད་འཛིན་པ་རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པས་རྗེས་སུ་བཟུང་བའི་གསུང་དྲི་མ་མེད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། བཀའ་ཕྱག་གཉིས་ཀྱི་གདམས་པའི་མཛོད་འཆང་བ་ཤར་དྭགས་པོ་སྙི་སྒོམ་བསོད་ནམས་རིན་ཆེན་གྱིས་བྲིས་པ་རྫོགས་སོ།། །།

རྗེ་སྒམ་པོ་པའི་ཞལ་ནས། མ་འོངས་པའི་གང་ཟག་བདག་ལ་མོས་ཤིང་། བདག་དང་མ་འཕྲད་སྙམ་པ་ཀུན་ཀྱང་། ཁོ་བོས་བརྩམས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང་། ཐར་པ་རིན་པོ་ཆེའི་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་གཟིགས་པར་ཞུ། ང་དང་མངོན་སུམ་དུ་འཕྲད་པ་དང་ཁྱད་པར་མེད་པར་ཡོད་ཅེས་གསུངས་པས། རྗེ་སྒམ་པོ་པ་ལ་མོས་པའི་སྐལ་ལྡན་རྣམས་ཀྱིས་འདི་དག་ཉམས་ལེན་ལ་བརྩོན་པར་ཞུའོ།། །།

ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་བསྟན་བཅོས་གྲོས་འདེབས་བདུད་རྩིའི་ཕྲེང་བ། མཉམ་མེད་དྭགས་པོ་ལྷ་རྗེ།

༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་བསྟན་བཅོས་གྲོས་འདེབས་བདུད་རྩིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པ་རྡོ་རྗེའི་སྐུ། །དེ་ཉིད་ལས་བྱུང་ཐུགས་རྗེའི་ཕྲིན་ལས་རྣམ་པར་དག་པ་ཡི། །ལམ་ཞུགས་སྒྲུབ་པ་པོ་ཡི་ཚོགས་རྣམས་ཡོན་ཏན་རབ་རྒྱས་ཤིང་། །རྟོག་བཅས་བྱིས་པ་སྐྱེ་བོའི་ཚོགས་རྣམས་མྱུར་དུ་རྒྱལ་གྱུར་ཅིག །གང་ཞིག་བྱིན་རླབས་རྟ་བདུན་བརྗིད་པའི་འོད་ལྟར་རབ་འབར་བས། །བདག་སོགས་བློ་ཡི་མུན་པ་བསལ་ནས་སེམས་ཉིད་དྭངས་པ་ཡི། །རྒྱ་མཚོ་ཆེ་ལས་སངས་རྒྱས་ཡོན་ཏན་པདྨ་གཞོན་ནུའི་ཚལ། །རབ་ཏུ་རྒྱས་མཛད་གང་ཡིན་དེ་ལ་གུས་པས་ཕྱག་འཚལ་ཏེ། །དེ་ཡི་བཀའ་དྲིན་རྗེས་དྲན་ནས། །བདག་བློ་དམུ་རྒོད་ལྟ་བུ་འདི། །ཡང་དག་ལམ་དུ་ཞུགས་པའི་ཕྱིར། །གྲོས་འདེབས་བདུད་རྩིའི་ཕྲེང་བ་བྲི། །འོ་སྐོལ་ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ནི་ཐོབ། བཀའ་བརྒྱུད་བཟང་དགུ་ནི་གདམ་དུ་བྱུང་། བླ་མ་དམ་པ་སངས་རྒྱས་ལྟ་བུ་རྣམས་ཀྱིས་ནི་རྗེས་སུ་བཟུང་། སྐྱབས་འགྲོ་དང་སེམས་བསྐྱེད་དབང་རྣམས་ནི་རིམ་པ་བཞིན་ཐོབ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྡོམ་པ་དང་དམ་ཚིག་ནི་ཁས་བླངས། མདོ་སྡེ་དང་རྒྱུད་སྡེ་དང་བསྟན་བཅོས་ཟབ་མོ་མང་པོ་ནི་ལྟ་བ་དང་ཉན་པར་བྱས། ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་ཟབ་མོ་རྣམས་ནི་ཞུས། དགེ་བཤེས་དང་། སྟོན་པ་དང་། སྒོམ་ཆེན་དང་། རྣལ་འབྱོར་པར་ནི་ཁས་བླངས་ཤིང་མིང་བཏགས་ནས། ཚེ་འདི་ལ་ངེས་པར་བློ་མ་ལོག་པར་འདུག་པ་སོམས་དང་། འོ་སྐོལ་ནི་གྲགས་པ་ཅི་སྙན། འཁོར་ཅི་མང་། བསོད་ནམས་ཅི་སྐྱེ། ང་རང་མིན་པ་གཞན་མེད་པ་ཞིག་བྱ་དགོས་སྙམ་ནས། སྐྱེས་བུ་དམ་པ་རྣམས་ཀྱི་སྐྱོན་བགྲང་། ངན་སྨྲས་དང་ཟུར་ཟ་གཏོང་ཞིང་། ཐོས་པ་ང་ཆེ། ཆོས་ང་མཁས། གདམས་པ་ང་ཟབ། སྒོམ་ང་བཟང་། ངས་ཆོས་ལ་དཀའ་ལས་འདི་ཙམ་བྱས་ཟེར་ཞིང་། རང་བསྟོད་དང་། རང་འདོད་འབའ་ཞིག་བསྒྲུབ་པར་འདུག་པ། ཞེ་འདོད་དེ་ལྟ་བུ་ཞིག་ཁོང་ན་ཡོད་ན། ཐེག་པ་ཆེན་པོ་ཨ་ཅང་ཡང་ཆེ་སྟེ། ཐེག་པ་ཉན་ཐོས་པར་ཡང་མི་འགྲོ། འཇིག་རྟེན་པ་དང་ཁྱད་མི་འདུག་པ། དེ་ལྟར་བྱས་པས་ཆོས་ག་ན་འོང་། ཐོས་པ་ཆེ་བ་དང་། ཆོས་མཁས་པ་དང་། གདམས་ངག་ཟབ་པ་དང་། སྒོམ་བཟང་པོའི་དགོས་པ་ནི། ཉོན་མོངས་པའི་གཉེན་པོར་འགྲོ་དགོས་པ་ཡིན། རྒྱུད་ལ་ཡོན་ཏན་སྐྱེ་དགོས་པ་ཡིན། སྨན་པ་མཁས་པ་ན་ནད་འཚོ་དགོས་པ་དང་འདྲ་བ་ཡིན་ནོ། །དེ་བས་ན། ཞེ་འདོད་ཐམས་ཅད་བློ་ཡི་གཏིང་ནས་གཏོང་དགོས། དེ་ཐམས་ཅད་ལ་སྙིང་པོ་མེད་པ་ཆ་མེད་དམ། ཆེད་དུ་བསྒྲུབས་པའི་གྲགས་པ་ནི་ནམ་མཁའི་གློག་དང་འདྲ་སྟེ་ཡལ་ནས་འགྲོ། སེར་སྣས་བསགས་པའི་ནོར་རྫས་ནི་དབུལ་པོའི་རྒྱགས་དང་འདྲ་སྟེ་འཛད། རང་གི་ཞེ་འདོད་ཀྱི་འཁོར་སྡུད་ཀྱང་དྲིན་ཚུར་ལ་བགྲང་དུ་འོང་། ཟང་ཟིང་གི་བསོད་ནམས་ནི་བདུད་ཀྱིས་བསླུ་བ་ཡིན། ཚེ་འདིའི་སྐྱིད་སྡུག་གཉིས་ནི་འཆི་བའི་ནངས་པར་རྨི་ལམ་བརྗེད་པ་བཞིན་དུ་འགྲོ། ཟང་ཟིང་གི་ནོར་རྫས་ནི་ཡོད་ཅིང་ཇེ་དགོས་དང་ཇེ་ཕངས་ལ་འགྲོ། འཚོ་བའི་ཟས་ཀྱང་ཞིམ་མི་ཞིམ་གཉིས་འདྲ་བར་མི་གཙང་བའི་གསེབ་ཏུ་འགྲོ་བ་ཡིན། གོས་ཀྱང་བཟང་ན་ཆེར་སྡུག་བསྔལ་གྱི་རྒྱུར་འགྲོ་བ་འདུག་པ། སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན་རྙེད་པས་དགའ་བ་མེད། མ་རྙེད་པས་མི་དགའ་བ་མེད། དེ་བཞིན་དུ། གྲགས་མ་གྲགས་དང་། བདེ་སྡུག་དང་། བསྟོད་སྨད་རྣམས་ལའང་དགའ་མི་དགའ་མེད་པ་ཞིག་དགོས། མདོར་ན། ལྟོགས་པའམ་འཁྱག་པའམ་ཤི་ཡང་རུང་སྟེ། གཉེན་པོའི་ཆོས་ཐམས་ཅད་ཧྲིལ་གྱིས་དྲིལ་ནས་ཆོས་བརྒྱད་ཀྱི་སྟེང་དུ་གཏོང་དགོས། བླ་ན་མེད་པའི་བྱང་ཆུབ་གཏོང་རི་སྙམ་པ་ཞིག་དགོས་པ་ལ། འོ་སྐོལ་ནི་གཙོ་བོ་ལྟོ་རྒྱབ་གཉིས་སྒྲུབ་ཅིང་། འདི་གཉིས་ང་ལ་མེད་ཐབས་མེད། དེའི་ཞོར་ལ་ཆོས་བྱ་སྙམ་པ་འདུག་པ། རྒྱགས་ཆད་དམ། གོས་ངན་ནམ། མི་ལ་སྦྱིན་རྒྱུ་མེད་ན་ངོ་ཚ་འཕྱ་འོང་སྙམ་ན། ཁོང་ན་ང་རྒྱལ་དང་ཁེ་གྲགས་ཡོད་པའི་རྟགས་ཡིན། ཆོས་པ་བྱ་བ་གོས་བཟང་ན་ངོ་ཚ་བ། ཞིམ་ལྟོ་བྱེད་ན་ངོ་ཚ། ཆོས་དང་མི་མཐུན་པ་དང་། དམ་པ་རྣམས་ཀྱི་སྤྱོད་པ་དང་མི་མཐུན་པ་བྱེད་ན་ངོ་ཚ་བ་ཡིན། ཆོས་གཤའ་མ་ཞིག་བྱེད་ན་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གོན། གནས་རི་ཁྲོད་ཀྱི་དགོན་ས་འགྲིམ་དགོས། ལྟོ་གོས་ལ་གྱོང་བསྐུར། བླ་མ་དང་དཀོན་མཆོག་ལ་བློ་ལྷན་གྱིས་བཀལ་ནས། ན་ན་ཡང་ཁྱི་ན་བ་ལྟར་འཇོག་དགོས། ཤི་ན་ཡང་ཁྱི་ཤི་བ་ལྟར་འཇོག་དགོས། ཉེ་བ་རྣམས་ཀྱང་དེ་ཤི་བ་དང་ཁྱི་ཤི་བ་གཉིས་ལ་ཁྱད་མེད་ཟེར་བ་ཞིག་དགོས། མདོར་ན། རང་གི་དགེ་སྦྱོར་ཅི་འཕེལ་མ་གཏོགས་པ་ཕ་མའི་ངོ་ཡང་མི་བསྲུང་བ་ཞིག་དགོས། སྔོན་གྱི་སངས་རྒྱས་བྱང་སེམས་རྣམས་དང་། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་ཐོབ་པ་རྣམས་ཀྱིས། རྒྱལ་སྲིད་ལ་སོགས་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དོར་ནས། དཀའ་སྤྱད་འབའ་ཞིག་མཛད་པས་དོན་གྲུབ་པ་ཤ་སྟག་བྱོན་འདུག །འོ་སྐོལ་ད་ལྟའི་ཆོས་པ་རྣམས་ནི་བྱས་པ་མེད་པར་རེ་བ་ཆེ། མ་བསྒྲུབ་པར་འབྲས་བུ་འདོད། ཆོས་པ་བཟང་པོ་དང་འཛིན་ཆགས་གཉིས་ཀ་རེ། མི་ཆོས་ལྷ་ཆོས་གཉིས་ཀ་འོང་དུ་རེ། དཀའ་བ་མ་སྤྱད་པར་དངོས་གྲུབ་ཐོབ་ཏུ་རེ། ཆོས་གདམས་ངག་ཞད་རེ་ཙམ་ཤེས་ཀྱང་རང་ཉམས་སུ་མི་ལེན་པར། ཞུ་མི་དང་སློབ་མ་འོང་དུ་རེ། ཟླ་རེ་ཟླ་གཉིས་རི་ལ་བསྡད་ན་ཡང་མིས་ཐོས་སུ་རེ། བསྙེན་བཀུར་དང་ཞབས་ཏོག་བྱེད་དུ་རེ། སྒོམ་ཉམས་སམ་ཡོན་ཏན་ཞད་རེ་ཙམ་བྱུང་ན་ཡང་འདི་ལ་ཇི་ལྟར་བྱས་ནས་བསྟན་སྙམ། ཆོས་ཐུན་རེ་བཤད་དམ། གཏོར་མ་ཚར་རེ་བཏང་ངམ། གཞན་དོན་བག་རེ་བྱས་ན་འདིས་ང་ལ་ཅི་སྟེར་སྙམ། ཆོས་སམ་གདམས་ངག་ཞུ་མི་བྱུང་ན། ང་རང་གིས་ཀྱང་འདི་ཙམ་ཕུལ་བ་ཡིན། མེ་ཏོག་འདི་ཙམ་རེ་འདོད་ཟེར་བ་འདུག་པ། དེ་ནི་ཆོས་བཙོངས་པའི་རིན་ཟ་བ་ཡིན། འོ་སྐོལ་ནི་ཚོང་ཞིག་བྱེད་ན་ཡང་རང་རྒྱལ་བར་འདོད། ཟས་ཤིག་ཟ་ན་ཡང་ང་རང་ཆེ་བ་དང་ཞིམ་པ་ཞིག་ཟ་འདོད། ཞག་གཅིག་གཉིས་བར་ཡང་སྐྱིད་པར་ཉལ་འདོད། ཟས་ནོར་ཡང་བཟང་དགུ་ཐམས་ཅད་རང་ཚགས་བྱེད་འདོད། ངན་དགུ་ཐམས་ཅད་མི་ལ་སྟེར་འདོད། བླ་མ་དཀོན་མཆོག་མཆོད་པ་བས། རང་གི་ལྟོ་རྒྱབ་དང་། ཉེ་འབྲེལ་ལ་སྦྱིན་པ་གལ་ཆེ་བར་བྱེད། དེ་ཡང་། ཐུགས་བཟོ་བའམ་ཟབ་པ་རྣམས་ཀྱིས་ཀྱང་། ཁ་ལ་མི་འདོད་པ་སྐད་ཟེར་ནས། འདོད་པ་ཕུགས་སུ་བཅུག་ནས་གདའ་བ། འདོད་པ་ལ་བློ་མ་ལོག་པར་ཆོས་པ་ག་ན་མཆི། ལེགས་པར་སོམས་དང་། འོ་སྐོལ་ནི་སྔར་ཡང་རེ་དོགས་འབའ་ཞིག་གིས་ཕུང་བ་ཡིན། གྲོས་མཁས་པའམ། མི་ཆོས་གཟོ་བའམ། མི་སེམས་ཟིན་པའམ། ཐུགས་ཟབ་པའམ། ཕོ་ཟོ་མཐོ་བ་ཁོ་ནས་ཕུང་པ་ལགས་ན། ཚེ་འདི་ཕྱི་གཉིས་ཁྲིད་དུ་བྱེད་པ་དེ་སྒྲུབ་ཕྱོགས་དང་རེ་ཆེ་བར་གདའ་སྟེ། རྟ་གཉིས་ལ་བཞོན་ན་ཐང་ལ་ལྷུང་བར་མཆིའོ། །ད་ཕན་ཆད་ཆོས་བརྒྱད་དོན་གཉེར་གྱི་མི་དང་བློ་མ་བསྟུན། ལྷན་དུ་མ་སྡོད། ཁ་མ་སྨྲ། འོ་སྐོལ་ནི་ཐོག་མ་མེད་པ་ནས་དངོས་འཛིན་ལ་གོམས་དྲགས་པས་གཉེན་པོས་གཅུན་ཡང་མི་ཕན་པར་འདུག་པ་ཆ་མེད་དམ། ཆོས་ལས་ལོག་པ་ལ་ཆ་ལུགས་བོར་མི་དགོས། བློ་འདོད་པའི་ཕྱོགས་སུ་སོང་བ་དང་། ཆོས་བརྒྱད་གྱི་ཕྱོགས་སུ་སོང་བ་ལ་ཟེར་བ་ཡིན། མདོར་ན། རང་ལ་རྫུན་མ་ཟེར། དུག་མ་བླུད། མིས་ཟེར་བ་ལ་མ་ཉན། རྣ་བ་དང་གྲོས་མ་བྱེད། སྙིང་ཐག་པ་ནས་ཆོས་བྱེད་པའི་གྲོས་ཐམས་ཅད་ཚེ་འདི་བློས་བཏང་བའི་དམ་པ་རྣམས་ལ་དྲིས། གཞན་ཐམས་ཅད་ཀྱིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། འདོད་པ་དང་འཛིན་པ་སློབ་ན། སློབ་དཔོན་ཡིན་ཀྱང་བདུད་དུ་ཤེས་པར་བྱའོ། །རང་ཚེ་འདི་དང་མ་འདྲེས་པའི་ཆོས་ཤིག་བྱེད་ན། གྲགས་པ་སྙན་རུང་མི་སྙན་རུང་། བསྙེན་བཀུར་བྱུང་རུང་མ་བྱུང་རུང་། རང་སྐྱིད་རུང་སྡིག་རུང་། བཀའ་བརྒྱུད་རྣམས་ཀྱི་མཛད་སྲོལ་ཡང་འདི་ཡིན། དགེ་སྦྱོར་ཡང་འདིས་འཕེལ། ཆོས་དང་ཡང་འདི་མཐུན། ཅི་དགའ་གྱིས་སྙམ་པ་ཞིག་དགོས་པ་ལ། འོ་སྐོལ་ནི། མི་གཞི་སྲབ་མོ་ཡབས་སེ་ཡབས་སེ། ཕོ་བ་སོལ་པོ་ཕྱད་དེ་ཕྱོད་དེ། ཕོ་རྒོད་པོ་རེ་བྱས་པ་དེ་སྒྲུབ་པ་པོ་ཅི་ལ་འོང་། མཆོག་ཐུན་མོང་གི་དངོས་གྲུབ་ཅི་ལ་ཐོབ། གྲུབ་ཐོབ་ཀྱི་བརྒྱུད་པ་ཅི་ལ་ཟིན། རྗེ་བཙུན་རས་ཆུང་པས། བླ་མ་ཆེན་པོ་དགེ་སྦྱོར་མཛད་པ་ལ་བར་ཆད་མ་བྱུང་ངམ་ཞེས་པས། ང་ལ་བར་ཆད་འོང་དོན་ཅི་ལ་ཡོད་གསུངས། དེ་ཇི་ལྟར་ལགས་ཞུས་པས། ངས་མིའི་ཁ་ལ་ཉན་མ་མྱོང་གསུངས་སྐད། དེ་བས་ན། དགོན་པ་བདག་ཏུ་མ་བཟུང་། ཐབ་ཀ་དང་ལས་ཀ་མི་བྱ། འཁོར་གཡོག་ལ་མ་དགའ། གཞན་གྱི་ཕྱེ་གཏོར་མ་འགམ། མི་ཆེན་གྱི་ལད་མོ་མ་བྱེད། ཟང་ཟིང་གི་གཡེང་བ་མི་བྱ། གཞན་གྱི་ངོ་མི་བསྲུང་། བུད་མེད་དང་ཁྱུ་མི་སྲེ། ཞིང་ཆུ་དང་འབུན་བསྐྱེད་མི་བྱ། ཚོང་ཁེ་ཕོག་མི་བྱ། བླ་མ་ཡི་དམ་མི་བསླུ། བློ་ཕུག་སྤྲང་ལ་གཏད། འདུག་ས་རི་ཁྲོད་དུ་བྱ། སྨྲ་ན་རང་སྐྱོན་སྨྲོས། བསྟོད་ན་གཞན་བསྟོད། འདུག་ན་རང་རྒྱུད་ཐུལ། གསོག་ན་འཕགས་པའི་ནོར་བདུན་སོག །སྤེལ་ན་ཉམས་མྱོང་དང་རྟོགས་པ་སྤེལ། སྐྱོང་ན་བླ་མའི་གདམས་ངག་སྐྱོངས། ལར་ཆོས་གཤའ་མ་ཞིག་བྱེད་ན། མི་གཞི་ལ་འགྱུར་བ་མེད་པ་ཞིག་དགོས། དུས་རྟག་ཏུ་འཆི་གྲབས་བྱེད་པ་ཞིག་དགོས། དད་པ་ལ་འཕེལ་འགྲིབ་མེད་པ་ཞིག་དགོས། མོས་གུས་ལ་ལྟེམ་རྐྱང་མེད་པ་ཞིག་དགོས། སེམས་ལ་གཡོ་སྒྱུ་མེད་པ་ཞིག་དགོས། དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་བསྲུང་བ་ཞིག་དགོས། སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་གཅིག་ལའང་གནོད་པ་མི་སྐྱེལ་གྱི་སྟེང་དུ། ནུས་ཚད་ཀྱིས་ཕན་འདོགས་པ་ཞིག་དགོས། ངན་སྨྲས་སམ་སྐུར་པ་འདེབས་མཁན་བྱུང་ན་ཡང་། ཁོང་གི་དེ་གདམས་ངག་ཡིན་སྙམ་པ་ཞིག་དགོས། ཚུར་ལ་གནོད་པ་བྱེད་མཁན་བྱུང་ན་ཡང་། ངས་བཟོད་པ་ཐུབ་པ་མི་ཐུབ་ལྟ་བའི་སློབ་དཔོན་ཡིན་སྙམ་པ་ཞིག་དགོས། ཁོང་གིས་མ་ཤེས་མ་རིག་པ་ཡིན། ང་རང་གི་སྔོན་གྱི་དྲིན་ཅན་མ་རྒན་ཡིན། ཁོང་ད་ལྟ་དངོས་པོའི་གདོན་གྱིས་བཟུང་ནས་སྨྱོ་བ་ཡིན། སྙིང་རེ་རྗེ། ང་དམ་པའི་ཆོས་བྱེད་པ་ཡིན་སྙམ་དུ་བསམ་ཞིང་། ཁོང་གིས་གནོད་པ་བྱས་པའི་ལན་དུ། འོ་སྐོལ་གྱི་ནུས་ཚད་ཀྱིས་ཕན་འདོགས་པ་ཞིག་དགོས། འཐབ་རྩོད་ལྟ་སྨོས་ཀྱང་ཅི་དགོས། དགེ་རྩ་ཅི་བྱས་ཐམས་ཅད་གནོད་པ་བྱེད་མཁན་དེས་དབུ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་བསྔོ་དགོས། མདོར་ན། ཞེ་སྡང་ནི། ཐེག་པ་ཆེན་པོ་པར་ནམ་ཡང་གནང་བའི་སྐབས་མེད་པས། བཟོད་པར་ནན་ཏན་བྱ་དགོས། རང་ཉིད་གསོད་ཀྱང་རྒྱུད་འཁྲུག་མི་རུང་ན། ལོངས་སྤྱོད་འཕྲོགས་པ་དང་། ཕྱར་ཀ་གཏོང་བ་ལ་རྒྱུད་འཁྲུག་པ་ལྟ་སྨོས་ཀྱང་ཅི་འཚལ། འོ་སྐོལ་ནི་གོས་མར་བསྲིངས། སྐྲ་ཡར་བསྟུངས་ནས་འདིར་ཁ་བསྐྱེད་དེ། གཞན་ལ་གནོད་པ་བྱེད་པ་མི་འཚལ། གྲལ་དམའ་ས་སམ། བསྙེན་བཀུར་ཆུང་ངམ། མ་ལེགས་སམ། མ་ཤེས་པ་ཚུལ་དང་མི་མཐུན་པ་ཞལ་རེ་ཙམ་བྱུང་ན། ཁྱེད་ཀྱིས་ཅིར་མཐོང་། ང་མི་ཆེན་པོ་ལ་བརྙས་པ་བྱེད་ཟེར་ནས་ཀོ་ལོང་དམ་པར་གདའ་བ། ཆོས་མང་དུ་ཤེས་ཤིང་ང་རྒྱལ་ཇེ་ཆུང་། ཡུན་རིང་བསྒོམ་ཞིང་ང་རྒྱལ་ཇེ་ཆུང་ལ་འགྲོ་དགོས་པ་ཡིན་ན། ཆོས་ང་རྒྱལ་གྱི་གྲོགས་སུ་བཏང་བས་ཅི་ལ་ཕན། ཡོན་ཏན་ཞད་རེ་ཙམ་ཡོད་པས་ང་རྒྱལ་ནས། དེའི་ཡུས་ཀྱིས་གཞན་ལ་འཕྱ་བར་གདའ་སྟེ། དེ་ཙུག་བྱས་པས་ཆོས་ག་ན་མཆི། འོ་སྐོལ་ཆོས་པ་ཡིན་ཟེར། ཆོས་དཔེ་ལ་བཞག །རྒྱུད་ཐ་མལ་དུ་བཞག །སེམས་འདོད་པའི་ནང་དུ་བཞག་ནས། ལག་ལེན་མི་ཆོས་ལ་བྱེད། བཟླས་བརྗོད་ངན་སྔགས་ལ་བྱེད། དགེ་སྦྱོར་རྐྱེན་བཟློག་ལ་བྱེད། མཆོད་པ་བུ་སྨད་དང་ཉེ་འབྲེལ་ལ་འབུལ། གཏོར་མ་ལྷ་འདྲེ་ལ་གཏོང་། སྒྲུབ་པ་ཆོས་བརྒྱད་ལ་བྱེད་ཅིང་ཆོས་པའི་གཟུགས་བརྙན་བྱས་ནས་གདའ། ཆོས་ནས་དེ་ལྟར་དུ་བཤད་དེ་བྱེད་མཁན་སུ་ཡང་མེད་ཟེར་ནས། གཞན་སྐྱོན་ཤ་སྟག་འཆད་པར་གདའ་ན། འོ་ན་ཆོས་སྒོར་ཞུགས་ནས་ཅི་བྱེད་ཆོས་ཉན་ནས་ཅི་བྱེད། དཔེ་བྲིས་ནས་ཅི་བྱེད། དེ་ཐམས་ཅད་དོན་མེད་ལ་སོང་བ་ཡིན། འོ་སྐོལ་ནི། རང་ལ་ཡོན་ཏན་མེད་པའི་ཉམས་མྱོང་གཞན་ལ་བཀལ་ནས། སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་ཁྱད་དུ་གསོད་ཅིང་། བདེན་མི་སྲིད་རྫུན་ཟེར་བ་ཡིན། འོ་ན་དེ་རེ་སླ་ཟེར་ནས་གདའ་སྟེ། གང་ཟག་གི་བློ་ཚོད་མི་ཤེས། དམ་པ་སུ་ཡིན་མི་ཤེས། སྤྲུལ་པ་སུ་ཡིན་ནམ་ཡང་མི་ཤེས་པས། ཆོས་དང་གང་ཟག་གི་ཞལ་ཆེ་མི་བཅད། ཐམས་ཅད་ལ་མོས་པ་བྱ། རྗེས་སུ་ཡི་རང་འབུལ། ཁོང་ཐམས་ཅད་ངོ་མཚར་ཅན་དུ་བསམ། ངོ་མཚར་ཅན་དུ་འདུག་པ་ལ། ང་རང་ཁོ་ན་སྐྱུག་རེ་བྲོ་སྙམ་དུ་བསམ། ཟས་ནོར་ཡང་གཅེས་དགུ་ཐམས་ཅད་བླ་མ་དང་། དཀོན་མཆོག་གི་ཕྱོགས་སུ་གཏོང་ཞིང་བཏང་སྙོམས་པའི་ང་རྒྱལ་མེད་པ་ཞིག་དགོས། འོ་སྐོལ་ནི། རང་ཁོ་ན་གཏོང་ཕོད་ཆེ། འདོད་པ་ཆུང་། མི་བཟང་། ཆོས་པ་བཟང་སྙམ་ནས། རང་ལ་གཞན་གྱིས་ཕྱེ་གཏོར་ཞད་རེ་ཙམ་བཏང་བ་ལ་བདེན་ནམ་སྙམ་ནས། ང་ལ་ཐམས་ཅད་བྱམས། ང་ལ་ཐམས་ཅད་མགུ་སྙམ་པའི་ང་རྒྱལ་གྱིས་ཐམས་ཅད་ཕུངས་པ་ལགས་པས། ང་རྒྱལ་དེ་ལྟ་བུ་ཞིག་ཁོང་ན་ཡོད་ན། ཡོན་ཏན་སྐྱེ་མི་སྲིད་པས། ང་རྒྱལ་གྱི་རི་བོ་རྨང་ནས་བསྒྱེལ་ནས། ཤེས་པ་དམའ་ཞུམ་གྱིས་གཏོང་བ་ཞིག་དགོས། བདག་འཛིན་གྱི་མཁར་པོ་རྨང་ནས་བཤིགས་ནས་ཤེས་པ་འཛིན་མེད་གྱི་ཐང་ལ་ཕྱམ་གྱིས་གཏོང་བ་ཞིག་དགོས། ཞེ་འདོད་ཀྱི་འདུན་པ་ཐམས་ཅད་ཁྲོལ་གྱིས་འགྲོ་བ་ཞིག་དགོས། ཉོན་མོངས་པ་དང་རྣམ་རྟོགས་ཐམས་ཅད་ལྷན་གྱིས་ཞི་བ་ཞིག་དགོས། སྣང་བའི་དངོས་པོ་བུན་ལོང་གིས་འགྲོ་བ་ཞིག་དགོས། རང་རྒྱུད་ཀྱི་ཤེས་པ་མཉེན་ལྕུག་གེ་འགྲོ་བ་ཞིག་དགོས། ཐོག་ཏུ་ལྷན་ནེ་སྡོད་ཚུགས་པ་ཞིག་དགོས། འགྲོ་བ་གཞན་ལ་སྙིང་རྗེ་དུང་ངེ་སྐྱེ་བ་ཞིག་དགོས། མཐུན་འཇུག་གི་རྩིག་པ་རྨང་ནས་འགྱེལ་བ་ཞིག་དགོས། ཆགས་སྡང་དང་། ཕྱོགས་རིས་སྐྱེ་བའི་རྒྱུ་ཐམས་ཅད་ལིང་ངེ་བོར་ནས་འགྲོ་བ་ཞིག་དགོས། རང་གི་དགེ་སྦྱོར་དང་། ཡོན་ཏན་ཅི་འཕེལ་གྱི་གྲོགས་དང་། གནས་དང་སྤྱོད་ལམ་འབའ་ཞིག་བརྟན་པ་ཞིག་དགོས། དེ་ཐམས་ཅད་ཀྱང་མདོར་བསྡུ་ན། ཆོས་ཉོན་མོངས་པའི་གཉེན་པོར་མ་སོང་ཞིང་། རང་གི་རྒྱུད་ལ་མ་ཕན་ན་སྡེ་སྣོད་གསུམ་བློ་ལས་བཤད་ཤེས་ཀྱང་། ནེ་ཙོའི་འདོན་པ་དང་འདྲ། གདམས་ངག་ཟབ་དགུ་ཐམས་ཅད་ཡོད་ཀྱང་། སྨན་པ་རང་ནད་ཀྱིས་ཤི་བ་དང་འདྲ། བླ་མ་བཟང་དགུ་བསྟེན་ཀྱང་རྒྱ་མཚོའི་འགྲམ་དུ་སྐོམ་པས་འཆི་བ་དང་འདྲ། ལོ་བརྒྱ་སྟོང་ལ་སོགས་རི་ཁྲོད་དམ། ཕུག་ཏུ་བསྡད་ཀྱང་། རི་དྭགས་སམ། བྱི་བ་དང་འདྲ། བསྐལ་བ་མང་པོར་སྦྱིན་པ་དང་། ཚུལ་ཁྲིམས་ལ་འབད་ཀྱང་རུང་། མངོན་ཤེས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་བྱུང་ཡང་རུང་། ཡི་དམ་ལྷའི་ཞལ་མཐོང་བ་དང་། ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་ཀྱང་། སངས་རྒྱས་པའི་རྒྱུར་འགྲོ་བ་ཙམ་ལས། འཁོར་བའི་ཕ་རོལ་ཏུ་བརྒལ་མི་ནུས། འཁོར་བ་ལས་བརྒལ་བ་ལ་རང་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་གདམས་ངག་གཅིག་པུས་མི་ཕན། བླ་མ་རྟོགས་ལྡན་ཞིག་གི་བྱིན་རླབས་འཇུག་དགོས། དེ་འཇུག་པར་བྱེད་པ་ལ། བླ་མ་དེ་ལ་ལུས་ལོངས་སྤྱོད་དངོས་སམ་ཡིད་ཀྱིས་འབུལ་ཞིང་སངས་རྒྱས་དངོས་སུ་འདུ་ཤེས་བསྐྱེད་ནས། དད་གུས་རྒྱུན་ཆད་མེད་པར་གསོལ་བ་བཏབ་ཅིང་། དེ་ལ་བློ་ལྷན་གྱིས་གཏད་ལ། དེས་ཅི་གསུང་ཉན་ན། བླ་མ་དེའི་བྱིན་རླབས་ཞུགས་ནས། བླ་མ་དེའི་རྟོགས་པ་སློབ་མའི་རྒྱུད་ལ་འཆར། དེ་ཤར་བ་དང་བླ་མའི་ཐུགས་དགོངས་ལོན་པ་ཞེས་ཀྱང་བྱ། ཚིག་གིས་མ་བསླད་པ་ཐོབ་པ་ཞེས་ཀྱང་བྱ། སྒོམ་ཁྲིད་ཚར། ལམ་སྣ་ཟིན། སྡུག་བསྔལ་གྱི་ཁུར་བོར། འཁོར་བའི་ཆུ་བོ་བརྒལ། ཐར་པའི་སྐམ་སར་སླེབས། མི་ཟད་པའི་གཏེར་དང་འཕྲད། རང་སེམས་ལ་ངེས་ཤེས་སྐྱེས་པས་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ནས། མོས་གུས་གཤའ་མ་ཞིག་གདོད་སྐྱེ། དེ་སྐྱེ་བ་དང་ཡོན་ཏན་ཐམས་ཅད་ནམ་ཟླ་སྟོན་ཀའི་འབྲས་བུ་ཐམས་ཅད་དུས་གཅིག་ལ་སྨིན་པའམ། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྱུང་ངོ་། རྟོགས་པ་ནམ་མཁའ་དང་མཉམ་པ་དེ་ལྟ་བུ་ཞིག་རྒྱུད་ལ་སྐྱེས་པས། དགེ་བས་ཕན་མ་བཏགས། སྡིག་པས་གནོད་པ་མ་བསྐྱལ་སྙམ་ནས་རྒྱུ་འབྲས་ཁྱད་དུ་གསོད་ཉེན་ཡོད་པས། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པར་བྱ་ཞིང་། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་སངས་པར་བྱ་བའི་ཕྱིར། ད་རུང་བླ་མ་དམ་པ་བསྟེན་ནས་མོས་གུས་ཆེར་བསྐྱེད་ཅིང་བསྒོམས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནང་ནས་འཆར། དེ་ཤར་བ་དང་བླ་མས་ཀྱང་། ཚིག་སྦན་སྦུན་མེད་པར་འདི་རྗེན་པར་བསྟན་འདུག་སྙམ་པ་འབྱུང་། མདོ་རྒྱུད་དང་། བསྟན་བཅོས་ཀུན་ནས་ཀྱང་བསྟན་འདུག་པ་ལ། ང་ཅེ་རེ་ལོང་དུ་སོང་འདུག་སྙམ་པ་འོང་། སྤྱིར་ཚོགས་མ་རྫོགས་ཤིང་སྒྲིབ་པ་མ་བྱང་ན། སེམས་མི་རྟོགས་པ་སྔགས་དང་། ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་མཐུན། ཕ་རོལ་ཏུ་ཕྱིན་པ་བསྐལ་བ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ནས་འཚང་རྒྱ་བར་འདོད་པ་དང་། སྔགས་ནས་ཚེ་གཅིག་གི་འཚང་རྒྱ་བར་འདོད་པ་ཡང་། ཚོགས་གཉིས་གསོག་པ་དང་སྒྲིབ་པ་སྦྱོང་བ་ལ། ཐབས་ཆེ་ཆུང་གི་ཁྱད་པར་དུ་གདའ་བ། དཔེར་ན་གཞུང་ལམ་ཆེན་པོར་བསྐོར་བ་དང་། གསེབ་ལམ་ལ་འགྲོ་བ་དང་འདྲ། དེས་ན་ཚོགས་གསོག་པའི་ཞིང་ས་ཡང་བླ་མ་ཁོ་ན་བཟང་བར་གསུངས། བླ་མ་ལ་མོས་གུས་བཅོས་མིན་རེ་སྐྱེས་ན། བསྐལ་བ་མང་པོའི་སྒྲིབ་པ་རྩ་བ་ནས་འདག་པར་གསུངས། བླ་མའི་བྱིན་རླབས་ཤིག་མ་ཞུགས་ན། སེམས་ཉིད་འདི་བལྟས་པས་མི་མཐོང་། བཟུང་བས་མི་ཟིན། བཀག་པས་མི་ཁེགས། རང་གི་སྣང་བ་འདི་ཡང་སྤངས་པས་མི་སྤོང་། བཤིགས་པས་མི་གཞིག །དེ་བས་ན། ཚོགས་གསོག་པར་འདོད་པ་དང་། སྒྲིབ་པ་སྦྱང་བར་འདོད་པ་དང་། བར་ཆད་ཞི་བར་འདོད་པ་དང་། རྟོགས་པ་རྒྱུད་ལ་སྐྱེ་བར་འདོད་པ་དང་། སྣང་བ་ཟིལ་གྱིས་གནོན་པར་འདོད་པ་དང་། རང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འདོད་པ་རྣམས་ཀྱིས། བླ་མ་ཁོ་ན་ལ་བསྙེན་བཀུར་བྱ་ཞིང་། གསོལ་བ་གདབ་པ་གཅིག་པུ་ལས་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་བླ་མ་ལ་གསོལ་བ་བཏབ་ཅིང་། རྟོགས་པའི་མཉམ་ཉིད་བསྐྱངས་པ་ལས། རང་གི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཆོས་ཀྱི་སྐུར་ཐག་ཆོད། ཚོགས་དྲུག་ཡུལ་གྱི་སྣང་བ་འདི་ཐམས་ཅད་སྒྱུ་མའམ། རྨི་ལམ་དང་འདྲ་བར་ཐག་ཆོད་པས། འཁོར་འདས་ལ་རེ་དོགས་མེད། ཕྱི་ནང་གི་སྒྲོ་འདོགས་ཆོད། སྔར་མ་མཐོང་མ་ཐོས་པའི་ཆོས་ཐམས་ཅད་ལ་ཡང་། ལོང་བ་མིག་བྱེ་བ་བཞིན་སོང་བས། བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ། བླ་མ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཐུགས་དགོངས་གཉིས་མེད་ཀྱི་ངང་ལ་འདྲེས་པ་ལས་ཆོས་ལ་རང་བྱན་ཚུད། ཤེས་བྱ་ཐམས་ཅད་ཀྱི་བདག་པོར་སོང་བས། གཅིག་ཤེས་ཀུན་ལ་མཁས་པ་ཞེས་ཀྱང་བྱ། རང་ལ་ཞེ་འདོད་ཏིལ་གྱི་འབྲུ་ཙམ་ཡང་མེད་པས། མ་རྟོགས་པའི་སེམས་ཅད་ལ་སྙིང་རྗེ་ལྷུག་པར་སྐྱེས་ནས། ཕན་ཇི་ལྟར་བྱས་ལ་བཏགས་ན། རྟོགས་པ་བུའི་རྒྱུད་ལ་སྐྱེས་ན་སྙམ་པ། མས་བུ་གཅིག་པོ་མཐོང་བ་འདྲ་བ་ཞིག་འབྱུང་སྟེ། སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཞེས་ཀྱང་དེ་ལ་བྱ། དེ་ལྟ་བུའི་རྟོགས་པ་བརྟན་པ་འགྱུར་བ་མེད་པ་ཞིག་ཡོད་པའི་སྐྱེས་བུ་རྣམས་ཀྱིས། ཟང་ཟིང་དང་། རྙེད་བཀུར་ལ་མི་ལྟོས་པའི་འགྲོ་དོན་བྱེད་དགོས་ཏེ། རང་གཅིག་པུ་ཐར་པས་མི་ཕན་པས། གདུལ་བྱ་ཡང་གང་དམན་པ། གང་ཉམ་ཆུང་བ། གང་གཟུགས་ངན་པ། གང་ལོངས་སྤྱོད་ཆུང་བ། སྡིག་ཤས་ཆེ་བ་ཐམས་ཅད་ལ་བྱམས་པར་བྱེད་དགོས། ཁོང་མི་ཆེན་དང་། སྒོ་ཅན་གྱིས་ཆོས་དང་སློབ་དཔོན་གང་ནས་ཀྱང་རྙེད། ཁོང་བསོད་ནམས་བསགས་པ་ཡིན་པས། ཅི་ལྟར་བྱས་ཀྱང་བདེ། འོ་ན་ཡང་། གདུལ་བྱ་དུས་ལ་བབ་ན། གང་མོས་པ་དང་། གང་དད་པ་ཆེ་བ་ལ་ཆོས་དང་། གདམས་ངག་བྱ། མི་མོས་མི་དད་པ་ལ་གདུལ་བྱའི་ལས་འབྲེལ་བཞག །བཅོམ་ལྡན་འདས་ཀྱིས་དགེ་སློང་ལེགས་པའི་སྐར་མ་བསྐྱངས་པ་དང་འདྲ། སྒྱུ་ལུས་ལ་བརྟེན་ནས་འགྲོ་བ་མང་པོ་མ་དྲངས་ཀྱང་། སྙིང་རྗེ་ཆེན་པོ་བསྐྱེད་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་རེ་རེའི་མདུན་དུ་ཡང་སྤྲུལ་པ་རེ་སྟོན་ནུས་པ་འབྱུང་ངོ་། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱིས་ཀྱང་། ཚོགས་པ་ཆེན་པོ་བསྐྱངས་པ་མི་གདའ་བ་དེ། ཁོང་རྣམས་ཐུགས་རྗེ་ཆུང་ནས་མ་བསྐྱངས་པ་མ་ལགས། གདུལ་བྱ་འདུལ་བའི་དུས་ལ་མ་བབ་པར་གཟིགས་ནས། སྤྲུལ་པས་འགྲོ་དོན་མཛད་པར་གདའ། ད་ལྟའི་བཤེས་གཉེན་འགྲོ་དོན་མཛད་པ་རྣམས་ཀྱང་། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གྲུབ་ཐོབ་རྣམས་ཀྱི་སྤྲུལ་པར་གདའ། ཁོང་རང་གི་སྤྲུལ་པར་མ་མཁྱེན་པར་ཡང་འགལ་བ་མེད་དེ། དཔེར་ན། སྒྱུ་མ་མཁན་པོས་སྐྱེས་བུ་དང་བུད་མེད་ལ་སོགས་པ་མང་པོ་སྤྲུལ་ཡང་དེ་བདག་གི་སྒྱུ་མའི་སྐྱེས་བུའོ་སྙམ་པ་མེད་ཀྱང་། སྐྱེ་བོ་ཐམས་ཅད་མགུ་བར་བྱེད་པ་དང་འདྲའོ། །འོ་སྐོལ་གྱིས་སྤྲུལ་པར་མ་མཐོང་བ་དེ་རང་ཉིད་རྣམ་པ་མ་དག་པས་ལན་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན། སྤྲུལ་པས་སྤྲུལ་པ་མཐོང་བ་དེ། །ཚོགས་ལམ་ཆེན་པོའི་གནས་སྐབས་ཡིན་པར་གདའ། སངས་རྒྱས་ལ་འོད་ཟེར་དང་རྫུ་འཕྲུལ་དཔག་ཏུ་མེད་པ་མངའ་ཡང་། འོ་སྐོལ་གྱིས་མ་མཐོང་བ་དེ་ལྟར་ལགས། དེས་ན། རྟོགས་ལྡན་གྱི་རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་བྲན་བཞིན་དུ་བྱས་ཏེ། ཟས་ནོར་ལ་སོགས་པ་ཕར་ལ་ཡང་སྦྱིན། ཚུར་ལ་ཡང་བླངས་ལ་སྨོན་ལམ་རྒྱ་ཆེན་པོ་གདབ། སྐྱེས་བུ་དམ་པ་དེ་མཐོང་བ་དང་། ཐོས་པ་དང་། རེག་པ་ཙམ་ཡང་ངན་སོང་དང་ལོག་པར་མི་འགྲོ་ན། ཟས་ནོར་དང་ཆོས་འབྲེལ་བྱས་པ་དང་། དད་གུས་ཀྱི་གསོལ་བ་འདེབས་པ་རྣམས་དེའི་གདུལ་བྱར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། ཐེ་ཚོམ་མེད་པར་བྱའོ། །དེ་ལྟར་གཞན་དོན་བྱེད་པའི་དུས་སུ་གཡེང་བ་ཆེ་སྙམ་པ་དང་། སྡུག་བསྔལ་དང་སེམས་ཁྲལ་ཆེ་སྙམ་པར་མི་བྱ་བར། གཞན་ལ་ཕན་པར་འདུག་ན། ང་ཡི་སྐྱིད་སྡུག་གཉིས་ཀྱང་ཡལ་ནས་འགྲོ་བ་ཡིན་པས། ང་རང་གཅིག་པུ་སྐྱིད་པས་མི་ཕན་སྙམ་དུ་བསམ་ལ། འགྲོ་བ་གཞན་ལ་ཅི་ཕན་འབའ་ཞིག་གིས་བདག་གི་ལུས་ངག་ཡིད་གསུམ་འགྲོ་བའི་དོན་དུ་བསྔོས་ལ་བཏང་ངོ་། །སྤྱིར་ཡང་རྟོགས་ལྡན་གྱི་རྣལ་འབྱོར་པ་ཞིག་ཡིན་ན། ལེགས་ཉེས་དང་ཕན་ཡོན་ཐམས་ཅད་ཤོང་བ་ནམ་མཁའ་ལྟ་བུ་ཞིག་དགོས། བཟང་ངན་དང་སྐྱིད་སྡུག་ཐམས་ཅད་ཐེག་པ་ས་གཞི་ལྟ་བུ་ཞིག་དགོས། རྒན་གཞོན་ཆེ་ཆུང་ཐམས་ཅད་དང་འགྲོགས་ཤེས་པ་བུ་ཆུང་ལྟ་བུ་ཞིག་དགོས། ཞེན་པ་ནང་ནས་ལོག་པ་ནད་པའི་སྔས་སུ་ཟས་བཞག་པ་ལྟ་བུ་ཞིག་དགོས། སྙིང་རྗེ་ཤུགས་འབྱུང་དུ་སྐྱེ་བ་མས་བུ་གཅིག་པུ་མཐོང་བ་ལྟ་བུ་ཞིག་དགོས། ཡོན་ཏན་ཐམས་ཅད་ཤུགས་འབྱུང་དུ་སྐྱེ་བ་དབྱར་གྱི་ས་གཞི་ལྟ་བུ་ཞིག་དགོས། དངོས་འཛིན་གྱི་འཁྲུལ་པ་ཞིག་པ་ཆབ་རོམ་ཆུར་ཞུ་བ་ལྟ་བུ་ཞིག་དགོས། ཉམ་ང་བག་ཚ་མེད་པ་སེང་གེ་གངས་ལ་མཆོང་བའམ། གླང་པོ་ཆེ་མཚོར་ཞུགས་པ་ལྟ་བུ་ཞིག་དགོས། ཡོན་ཏན་དེ་ལྟ་བུ་འབྱུང་བ་ལ་རྟོགས་པ་ཤར་ཙམ་གྱིས་མི་ཆོག །སྤྱོད་པ་རོ་སྙོམས་ལ་སློབ་དགོས། རོ་ལ་གཞན་སྙོམས་རྒྱུ་མེད། ཆོས་བརྒྱད་རོ་སྙོམས་དགོས་པ་ཡིན། འོ་སྐོལ་ཐོག་མ་མེད་པ་ནས། དངོས་འཛིན་ལ་གོམས་པས། སྒོམ་སྐྱེས་རྟོགས་པ་ཤར་ཡང་གསར་བུར་སོང་བས། དངོས་འཛིན་བཟློག་མི་ནུས་པ་ལགས། དཔེར་ན་ཉི་མ་ཤར་མ་ཐག་མུན་པ་སངས་ཀྱང་། ཆབ་རོམ་ཞུ་མི་ནུས་པ་དང་འདྲ། ཉི་མ་ཚ་ཞིང་ཡུན་རིང་བ་ཞིག་ཤར་ན་མུན་པ་སངས་པའི་སྟེང་དུ་ཆབ་རོམ་ཀྱང་ཞུ་བ་བཞིན་དུ། རྟོགས་པ་ཤར་ནས་དེ་ཉིད་བརྟན་པར་བྱེད་པ་ལ། ཕ་རོལ་ཏུ་ཕྱིན་པ་ནས་བསྒོམ་ལམ་ཞེས་བཤད། སྔགས་ནས་སྤྱོད་པ་ཐབས་སུ་བཤད། འཁྱེར་སོ་མི་གཅིག་ཀྱང་དོན་ལ་གཅིག་པ་ལགས། རྟོགས་པ་ཤར་ན་དེ་རང་བསྒོམས་པས། ཡོན་ཏན་ཐམས་ཅད་ཀྱང་། གདོད་རྫོགས་པར་འབྱུང་། སྣང་བ་ཐམས་ཅད་ཀྱང་ཆོས་སྐུར་ཤར། སངས་རྒྱས་ཞེས་པའི་མིང་དེར་ཐོབ། གཞན་ལ་ཕན་ཐོགས་པ་ཡང་དེར་འབྱུང་ངོ་། དེ་བས་ན། རྟོགས་པ་མ་སྐྱེས་པ་ཐམས་ཅད་ཀྱང་། རྟོགས་པ་སྐྱེ་བའི་ཐབས། བླ་མ་ལ་བསྙེན་བཀུར་བྱ་ཞིང་། མོས་གུས་ཀྱི་གསོལ་བ་འདེབས་པ་མ་གཏོག་པ་གཞན་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་དེ་བརྟན་པར་བྱེད་པའི་ཐབས་ལ། བླ་མ་ལ་མོས་གུས་བྱ་ཞིང་དེ་ཉིད་ལ་གོམས་པར་བྱ། བརྟན་པ་ཐོབ་པ་རྣམས་ཀྱིས་བདག་བསྒྲལ་ནས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། བདག་གྲོལ་ནས། སེམས་ཅན་མ་གྲོལ་བ་རྣམས་གྲོལ་བར་བྱ། དབུགས་ཕྱུང་ནས། སེམས་ཅན་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ། བདག་མྱ་ངན་ལས་འདས་ནས། སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས། མྱ་ངན་ལས་འདའ་བའི་ཐབས་ལ་མཁས་པར་བྱ། བརྩོན་པར་བྱ། ཡིད་སྐྱོ་བ་མེད་པར་བྱའོ། །སྒྱུ་མས་སྒྱུ་མའི་སྐྱེས་བུ་ལ། །གྲོས་འདེབས་སྒྱུ་མའི་ཡི་གེར་བྲིས། །སྒྱུ་མའི་རྣམ་འཕྲུལ་དཔག་མེད་པས། །སྒྱུ་མའི་འགྲོ་ཀུན་འདྲེན་པར་ཤོག །སྤྲུལ་པས་སྤྲུལ་པའི་རྒྱལ་བ་ལ། །སྤྲུལ་པའི་ཚོགས་གཉིས་རྫོགས་བྱས་ནས། །སྤྲུལ་པས་ཡོན་ཏན་རབ་རྒྱས་ཤིང་། །སྤྲུལ་པས་འགྲོ་ཀུན་འདྲེན་པར་ཤོག །ནམ་མཁའ་ལྟ་བུའི་སེམས་ཅན་རྣམས། །ནམ་མཁའི་ངང་ལ་དེ་གནས་ཀྱང་། །ནམ་མཁའ་གང་བའི་ཡོན་ཏན་གྱིས། །ནམ་མཁའི་འགྲོ་ཀུན་འདྲེན་པར་ཤོག །སེམས་ལ་གྲོས་འདེབས། མཚང་སྐྱོན་ཐམས་ཅད་ཡུལ་ནས་འདོན་པར་བྱེད་པ། རང་སྐྱོན་གསལ་བའི་མེ་ལོང་། གྲོས་འདེབས་བདུད་རྩིའི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།

སྒྲུབ་པ་ཉམས་སུ་ལེན་ཚུལ། རྗེ་བཙུན་གྲགས་པ་རྒྱལ་མཚན།

༄༅། །སྒྲུབ་པ་ཉམས་སུ་ལེན་ཚུལ་བཞུགས། ན་མོ་རཏྣ་གུ་རུ་ཝེ། དལ་འབྱོར་འཛོམས་པའི་སྐལ་བ་ཅན། །སྐྱེ་འཆིའི་འཇིགས་པའི་དད་པ་ཅན། །གསུང་བཞིན་བསྒྲུབ་པའི་མོས་གུས་ཅན། །བུ་ཤེས་གསལ་འདི་བཞིན་སེམས་ལ་ཞོག །སྒྲུབ་པ་ཉམས་སུ་ལེན་པ་ལ། །སྙིང་རུས་སྦྱང་པ་ཆེ་བ་དང་། །ཞེན་ལོག་རི་ལ་སྡོད་ཚུགས་དང་། །ཚེ་འདི་བློ་ཡིས་ཐོང་ཀྱང་འཚལ། །ཡོན་ཏན་རྒྱུད་ལ་སྐྱེ་བ་ལ། །སྡོམ་གསུམ་དམ་ཚིག་གཙང་བ་དང་། །ང་རྒྱལ་རློམ་སེམས་ཆུང་བ་དང་། །ཐམས་ཅད་སྤྱི་བོར་ཁུར་ཡང་འཚལ། །རྗེ་ཡི་བྱིན་རླབས་འཇུག་པ་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། །རྣམ་ཐར་ལག་ཏུ་ལེན་པ་དང་། །རྒྱུན་པར་གསོལ་བ་འདེབས་ཀྱང་འཚལ། །ལྟ་བ་གོ་ཡུལ་མ་སོང་ལ། །སྣང་བ་སེམས་སུ་ཐག་ཆོད་དང་། །འཁོར་འདས་སྤང་བླང་མེད་པ་དང་། །མཁན་པོ་དབྱིངས་སུ་དག་ཀྱང་འཚལ། །སྒོམ་པ་སེམས་འཛིན་མ་ལུས་ལ། །བདེ་གསལ་ཞེན་པ་བྲལ་བ་དང་། །རྩ་ཆད་རང་ས་ཟིན་པ་དང་། །སྨྲ་བསམ་ཡུལ་ལས་འདས་ཀྱང་འཚལ། །སྤྱོད་པ་བླང་དོར་མ་ཤོར་ལ། །གཉིས་འཛིན་རང་སར་གྲོལ་བ་དང་། །ཆོས་བརྒྱད་མགོ་བོ་སྙོམས་པ་དང་། །བཟང་རྟོག་གཉེན་པོ་བྲལ་ཡང་འཚལ། །འབྲས་བུ་ཕྱི་དུས་མི་རེ་ལ། །རྟོགས་པ་མངོན་དུ་གྱུར་པ་དང་། །མཉམ་རྗེས་གཉིས་པོ་འདྲེས་པ་དང་། །བསྒྲུབ་པའི་ཞེ་འདོད་ཟད་ཀྱང་འཚལ། །འགྲོ་བ་གཞན་དོན་བྱེད་པ་ལ། །སྨོན་ལམ་འཕེན་པ་ཟད་པ་དང་། །རྒྱུ་རྐྱེན་རྟེན་འབྲེལ་ཤར་བ་དང་། །དམིགས་མེད་ཐུགས་རྗེ་འབྱོངས་ཀྱང་འཚལ། །འཚལ་བ་བརྒྱད་ཀྱི་དབྱངས་ཆུང་འདི། །ཤེས་རབ་གསལ་ལ་བླངས་པ་ལགས། །འདི་བཞིན་དོན་དང་ལྡན་པར་མཛོད། །མི་ལྡན་བར་དུ་བསྒོམ་སྲན་བསྐྱེད། །ས་མཱཔྟ་ཨི་ཐི། །

རང་གིས་རང་ལ་གྲོས་འདེབས་པ། འཇམ་མགོན་ས་སྐྱ་པཎ་ཆེན།

༄༅། །རང་གིས་རང་ལ་གྲོས་འདེབས་པ་ཞེས་བྱ་བ་བཞུགས་སོ། །ཨོྃ་སྭ་སྟི། །ཡོན་ཏན་རིན་ཆེན་དཔལ་གྱི་ལྷམ་མེ་བ། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དྲན་པ་ཙམ་གྱི་གདུང་བ་ཀུན་སེལ་བ། །མཚུངས་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བག་ཆགས་བརྟན་གྱུར་ཀུན་གཞིའི་ས་གཞི་ལ། །ལས་ཀྱི་ས་བོན་སྣ་ཚོགས་བཏབ་པ་ལས། །སྣང་བ་སྒྱུ་མའི་ལོ་ཏོག་གང་ཡང་སྐྱེས། །འཁྲུལ་སྣང་དབྱིངས་སུ་ཡལ་བར་བྱིན་གྱིས་རློབས། །འཇིག་རྟེན་ཟང་ཟིང་སྣང་བ་རྨི་ལམ་འདྲ། །བདེན་པ་མེད་ཀྱང་བདེ་སྡུག་དུ་མའི་རྒྱུ། །གང་ཤར་གཏད་མེད་རྗེས་སུ་མི་འབྲང་བར། །ཞེན་པ་ནང་ནས་སྤོངས་ཤིག་ལོ་ཙཱ་བ། །འཁོར་བའི་ཆོས་ལ་སྙིང་པོ་མ་མཐོང་ཞིང་། །བྱ་བྱེད་ཟིན་མེད་བྲེལ་བའི་ལུ་གུ་རྒྱུད། །འབད་པ་བྱས་ཀྱང་མགུ་བར་མི་ནུས་པས། །མི་དང་མཐུན་འཇུག་སྤོངས་ཤིག་ལོ་ཙཱ་བ། །གོ་འཕང་མཐོ་ན་ང་རྒྱལ་ལྷག་པར་འཕེལ། །དམའ་བར་གྱུར་ན་ཀུན་གྱིས་སྨད་པའི་གནས། །བར་མ་ཙམ་ཡང་ཕྲག་དོག་སྐྱེ་བའི་རྒྱུ། །བྱིས་པའི་སྙིང་པོ་བསམ་དང་ལོ་ཙཱ་བ། །དྲང་པོར་སྤྱད་ན་ཕལ་ཆེར་དགྲ་རུ་ལྡང་། །ཡོན་པོར་སྤྱད་ན་སེམས་ལ་རྣམ་སྨིན་ལྕི། །སྣ་ཚོགས་སྤྱད་ན་གཏད་སོ་མེད་པར་བལྟ། །བྱིས་པའི་འབྲས་བུ་སོམས་དང་ལོ་ཙཱ་བ། །མང་དུ་སྨྲས་ན་ཅོལ་ཆུང་འཛེམ་མེད་པོ། །ཅི་ཡང་མ་སྨྲས་ནག་པོ་གཏི་མུག་ཅན། །སྤེལ་མར་སྤྱད་ན་མ་ཚོར་ཐོ་ཅོ་ཅན། །སྨྲས་པའི་སྙིང་པོ་སོམས་དང་ལོ་ཙཱ་བ། །ཀུན་དང་བསྟུན་ན་མ་རྟོགས་སྙིང་པོ་ཅན། །འདྲིས་མེད་སྤྱད་ན་ཐོས་མེད་ང་རྒྱལ་ཅན། །འདྲེས་པར་སྤྱད་ན་ཁམས་འདུས་ལངས་པར་བརྩི། །སྤྱོད་པའི་སྐབས་དོན་བསམ་དང་ལོ་ཙཱ་བ། །གོས་བཟང་གྱོན་ན་སློབ་མ་འདུ་བར་གླེང་། །ཧྲལ་ཧྲུལ་གྱོན་ན་ཧ་སྨད་ཁྲེལ་བ་མཐོང་། །སྣ་ཚོགས་སྤྱད་ན་དེ་ལས་ཟློ་བརྗོད་མང་། །བྱིས་པའི་གནས་ལུགས་སོམས་དང་ལོ་ཙཱ་བ། །སྙན་པ་སྨྲས་ན་མི་ཆོས་ཁ་གསག་ཅན། །ཚིག་རྩུབ་སྨྲས་ན་དགྲ་བོ་སྤྲིན་བཞིན་འདུ། །ཁ་རོགས་བསྡད་ན་ངོ་ནག་སྲ་མི་ཕིགས། །ཚིག་གི་འབྲས་བུ་ལྟོས་དང་ལོ་ཙཱ་བ། །གཅིག་པུ་བསྡད་ན་གཞན་དོན་སྤང་བར་འདོད། །སློབ་འཁོར་མང་ན་འདུ་འཛིས་ཁྱེར་བར་སེམས། །ཀུན་ཏུ་བསྐོར་ན་དྲན་པོ་དུང་རྐང་ལོ། །འདུས་བྱས་ཆོས་ལ་ལྟོས་དང་ལོ་ཙྰ་བ། །དབེན་པར་བསྡད་ན་མཇལ་འཕྲད་དགོས་པས་གཡེངས། །གཡེངས་པ་བྱས་ན་བསམ་གཏན་སྤང་བར་སྐད། །སྣ་ཚོགས་སྤྱད་ན་བློ་སྣ་མང་བར་སློང་། །འཁོར་བའི་རང་བཞིན་སོམས་དང་ལོ་ཙཱ་བ། །ལེགས་པར་བཤད་ན་དོན་དུ་གཉེར་བ་མེད། །མཉམ་བཞག་སྒོམ་ན་འདོད་ཆོས་གཉེར་བ་མང་། །དེ་དོན་བསྒོམས་ཀྱང་སེམས་ལ་ཞོགས་ལ་ཟུངས། །དོན་དུ་གང་འགྱུར་སོམས་དང་ལོ་ཙཱ་བ། །མ་བཅོས་འཁོར་གཡོག་སྤྱོད་ངན་ཅི་ཡང་བྱེད། །ཡང་ཡང་གྲོས་འདེབས་བྱས་ན་དགྲ་བཞིན་བལྟ། །འབྱོར་མེད་བསྐྱངས་པའི་དྲིན་ལན་ངན་གྱིས་འཇལ། །འཁོར་གྱི་སྙིང་པོ་སོམས་དང་ལོ་ཙཱ་བ། །ཀུན་ལ་ཅིག་ཅར་ཕན་པའི་ནུས་པ་མེད། །འགའ་ཞིག་བསྐྱངས་ན་ལ་ལ་དགྲ་རུ་ལྡང་། །བཏང་སྙོམས་བཞག་ན་འཁང་ར་འབའ་ཞིག་བྱེད། །སྙིགས་མའི་འཁོར་གྱིས་ཅི་བྱེད་ལོ་ཙཱ་བ། །བྱས་པ་མེད་པའི་ཡུས་ཀྱིས་ཁོག་པ་བཀང་། །རང་དོན་མི་འགྲུབ་ཅི་ཡང་འགྲུབ་དུས་མེད། །ཆོས་ལ་སྦྱར་ཡང་གནོད་པའི་ལས་སུ་མཐོང་། །མི་དང་འགྲོགས་པས་ཅི་བྱེད་ལོ་ཙཱ་བ། །དྲང་པོ་ཟུང་ཐལ་བྱས་ན་འཁོན་པའི་རྒྱུ། །སྣ་ཚོགས་ཐབས་མཁས་བྱས་ན་གཡོ་སྒྱུ་གོ །སེམས་ལ་གཏད་མེད་བྱས་ཀྱང་མི་མི་མགུ། །འདུ་འཛིས་སྐྱོ་བ་མེད་དམ་ལོ་ཙཱ་བ། །འབྲེལ་བའི་ཞེན་པ་མ་སྤངས་རྟག་ཏུ་སྡུག །འཁྲི་བ་བཅད་ན་སྙིང་རྗེ་མེད་པར་སྨྲ། །གང་ལ་བསམ་ཀྱང་བསྙད་མེད་མི་རྙེད་བཞིན། །ཧ་ཅང་བློ་སྣ་རིངས་སོ་ལོ་ཙཱ་བ། །རྣམ་པ་རེ་རེ་བསྐྱངས་ན་ཕྱོགས་ཞེན་ཅན་། །མང་དུ་བསྐྱངས་ན་དམ་ཚིག་ཉམས་པ་སྐད། །དགག་སྒྲུབ་བྱས་ན་ཕྱི་ནང་དགྲ་བོས་ཁེངས། །དུས་ངན་མི་ཆོས་མ་བྱེད་ལོ་ཙཱ་བ། །འདུ་ཚོགས་མང་ན་གཡེངས་པས་འཁྱེར་རོ་ལོ། །འདུ་ཚོགས་མེད་ན་ཟ་ལམ་བཅད་པ་སྐད། །གང་ལྟར་བྱས་ཀྱང་སྒྲོ་འདོགས་སྐུར་བའི་རྒྱུ། །དུས་ངན་འབད་པས་ཅི་བྱེད་ལོ་ཙཱ་བ། །ལོངས་སྤྱོད་སྤངས་ན་བཞི་མདོའི་རྩ་བཞིན་དོར། །ལོངས་སྤྱོད་བཟུང་ན་གསོག་འཇོག་ཆེ་ཞེས་སྨྲ། །རན་པ་སྨྲས་ན་མི་ཆོས་ཅན་དུ་བརྩི། །འཇིག་རྟེན་སྙིང་པོ་སོམས་དང་ལོ་ཙཱ་བ། །ཡེངས་མེད་ལྷུག་པར་བྱིན་ན་རྩིང་བར་སྐད། །ཅི་ཡང་མ་བྱིན་འབྲེལ་ཐག་ཆད་དོ་ལོ། །འཚམས་པར་སྨྲས་ན་ཆོས་བརྒྱད་གོས་པ་སྨྲ། །དོན་མེད་འབད་པས་ཅི་བྱེད་ལོ་ཙཱ་བ། །སློབ་དཔོན་ཡོན་མཆོད་གཉེན་དང་གཡོག་འཁོར་སོགས། །འབྲེལ་བ་མང་པོའི་རྒྱུ་མཚན་འཆིང་བའི་རྒྱུ། །གཅིག་ལ་གཅིག་བརྟེན་སྡུག་བསྔལ་རྒྱུན་མི་འཆད། །འཁོར་བའི་གནས་ལུགས་ལྟོས་དང་ལོ་ཙཱ་བ། །དེ་ལྟར་སྙིང་པོ་མེད་པའི་འཁོར་བའི་ཆོས། །བསྒྲུབ་པ་དཀའ་ལ་འཇིག་པར་སླ་བ་ཅན། །འབད་ཀྱང་ཟིན་མེད་འཁྲུལ་པའི་ཡོ་ལང་གིས། །འཆི་ཚེ་ཅི་བྱེད་སོམས་དང་ལོ་ཙཱ་བ། །བདག་ཉིད་གཅིག་པུ་འཆི་བའི་ལམ་དུ་ཞུགས། །གཉེན་འབྲེལ་སྡུག་པས་མལ་གྱི་མཐའ་ནས་སྐོར། །གནོད་གཅོད་སྡུག་བསྔལ་བསམ་ལས་འདས་པ་ན། །ཆོས་ལས་གཞན་གྱིས་མི་ཕན་ལོ་ཙཱ་བ། །འབྱུང་བཞི་འདུས་པའི་ལུས་ཀྱི་དཀྱིལ་འཁོར་གྱི། །ས་རླུང་ཆུ་ལ་ཐིམ་པས་ལྡང་མི་ནུས། །དུ་བས་འཚུབ་པའི་སྣང་བ་འཆར་བ་ན། །ཆོས་ལས་གཞན་པའི་མགོན་མེད་ལོ་ཙཱ་བ། །འཆི་དུས་ཆུ་རླུང་ནུས་པ་མེ་ལ་ཐིམ། །ཁ་སྣ་སྐམ་ཤིང་སོ་གཙིགས་ལྕེ་ཡང་འཁུམ། །འཇིགས་རུང་ཆུ་བོས་ཁྱེར་བའི་རྣམ་པ་འཆར། །ཆོས་མིན་ཅིས་ཀྱང་མི་ཕན་ལོ་ཙཱ་བ། །གང་ཚེ་མེ་རླུང་ནུས་པ་རླུང་ལ་ཐིམ། །ལུས་ཀྱི་དྲོད་ཡལ་མེ་ལྕེ་འཁོར་བ་ཡིས། །འཇིགས་སྣང་བཟོད་ཐབས་མེད་པ་འཆར་བ་ན། །ཆོས་མིན་ཅི་ཕན་སོམས་དང་ལོ་ཙཱ་བ། །དེ་བཞིན་རླུང་གི་ནུས་པ་ནམ་མཁའ་ཡལ། །དབུགས་རྒྱུ་ཆད་ཀྱང་རླུང་འཚུབས་ཆེན་པོ་ཡིས། །དབང་མེད་ཀུན་ཏུ་བདས་པ་སྣང་བ་ན། །ཆོས་ལས་གཞན་པའི་སྐྱབས་མེད་ལོ་ཙཱ་བ། །འཇིག་རྟེན་འདི་ཡི་སྣང་བ་དབང་མེད་ནུབ། །ཕ་རོལ་འཇིགས་རུང་གཤིན་རྗེའི་སྣང་བ་འཆར། །ཅི་བྱེད་གཏོལ་མེད་ཉམས་ཐག་གྱུར་པ་ན། །ཆོས་ལས་གཞན་པའི་དཔུང་མེད་ལོ་ཙཱ་བ། །མལ་ཀྱི་མཐའ་ན་འཆི་བར་བརྩམ་པ་ན། །དབུགས་ཀྱིས་ལུས་ཀུན་ཁྱབ་པའི་ནུས་པ་མེད། །ལྐོག་མའི་ནང་དུ་ངར་ངར་སྒྲ་འབྱིན་ཚེ། །ཆོས་ལས་གཞན་གྱིས་མི་ཕན་ལོ་ཙཱ་བ། །ནང་གི་མནར་གཅོད་སྡུག་བསྔལ་བསམ་ལས་འདས། །མིག་གཉིས་གྱེན་ལ་ལྡོག་ཅིང་དབུགས་ཀྱང་སྡུད། །བར་དོའི་འཇིགས་སྣང་ཅི་ཡང་འཆར་བ་ལ། །ཆོས་ལས་གཞན་གྱིས་མི་ཕན་ལོ་ཙཱ་བ། །ཡུན་རིང་གནས་ཀྱང་སྡིག་པའི་ལས་ལ་ཤོར། །མི་ལུས་ཐོབ་ཀྱང་ཕྱི་མའི་ལས་མ་གྲུབ། །འཆི་དུས་རང་རེ་གཅིག་པུར་འགྲོ་དགོས་པས། །མི་རྟག་རྒྱུད་ལ་སོམས་ཤིག་ལོ་ཙཱ་བ། །རང་ཡུལ་སྤངས་ནས་མི་ཚེ་བྱེས་སུ་འབྱེད། །གང་ལའང་རྙེད་འཚོལ་སུ་ལའང་ཟ་འདོད་བྱེད། །དཔོན་མེད་གཡོགས་མེད་སྡིག་པའི་ཡོ་ལང་སྤྱོད། །འདི་འདྲའི་གནས་ལུགས་ལྟོས་དང་ལོ་ཙཱ་བ། །ཚེ་འདིའི་འཁོར་གཡོག་ལོངས་སྤྱོད་ཕུན་ཚོགས་ཀྱང་། །འཆི་བའི་དུས་སུ་རྗེས་འབྲང་གཅིག་ཀྱང་མེད། །གྲུང་པོར་འདོད་པ་ཕ་རོལ་ལངས་པའི་ཚེ། །ཆོས་ལས་གཞན་པའི་གྲོགས་མེད་ལོ་ཙཱ་བ། །སྤྱོད་པ་སྣ་ཚོགས་ཤིན་ཏུ་སུན་ཡང་ཕྱུང་། །སྤྱོད་ངན་དགེ་མེད་སྡིག་དང་སྡུག་བསྔལ་སྤྱོད། །ལེགས་པར་བརྟགས་ན་ཡང་ཡང་མཆི་མ་འཁྲུགས། །འཁོར་བའི་ཡིད་དབྱུང་སོམས་དང་ལོ་ཙཱ་བ། །གཤིས་ངན་མང་པོའི་ཆགས་སྡང་གཙོ་བོར་སྒྲུབ། །ཐོས་བསམ་སྒོམ་པས་ཆགས་སྡང་ཞར་ལ་རྩོམ། །དེ་ཡང་བློ་འདོད་ཙམ་དུ་ཤོར་བ་མང་། །བསྟན་པའི་གནས་ལུགས་སོམས་དང་ལོ་ཙཱ་བ། །འོན་ཀྱང་བླ་མ་དམ་པས་རྗེས་སུ་བཟུང་། །ཟབ་མོའི་དོན་ལ་མོས་པ་གཏིང་ནས་སྐྱེས། །སྒོ་གསུམ་དལ་བར་སྡོད་པ་ཤིན་ཏུ་ཕོངས། །གཅིག་པུར་ཆོས་ལ་དྲིལ་ཤིག་ལོ་ཙཱ་བ། །མང་དུ་ཐོས་པས་ཆོས་ཀྱི་སྤྱི་རྣམ་གོ །ཞིབ་ཏུ་བསམས་པས་བྱེ་བྲག་རྣམ་དབྱེ་འབྱེད། །ཏིང་འཛིན་བསྒོམས་པས་སེམས་ལ་རྟོགས་པ་འཆར། །རིམ་གཉིས་ཉམས་སུ་ལོང་དང་ལོ་ཙཱ་བ། །དལ་འབྱོར་སྐྱོན་མེད་ཐོབ་པ་རེས་འགའ་སྟེ། །ལང་ཚོའི་དཔལ་ཡང་སྟོན་ཀའི་སྤྲིན་ལྟར་གཡོ། །གཡེངས་པའི་ཐབས་ལ་མི་ཚེ་ཟད་པ་ཕོངས། །ཡང་ཡང་སེམས་ལ་སྨྲོས་དང་ལོ་ཙཱ་བ། །ཀུན་རྫོབ་སྣང་བ་རྨི་ལམ་སྒྱུ་མ་འདྲ། །གང་ཤར་སྟོང་པའི་སེམས་ཀྱི་ཁྱེར་སོ་ཡིན། །བཅོས་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལྟོས། །སེམས་ཀྱི་དྲན་འཛིན་གཅེས་སོ་ལོ་ཙཱ་བ། །ཚུལ་འདི་པཎ་ཆེན་ས་སྐྱའི་ནང་ཚན་དུ། །དབྱར་བཞུགས་བྱས་ཚེ་སེམས་ལ་ཤར་བའི་གཏམ། །རང་ལ་གྲོས་འདེབས་ཚུལ་དུ་བྲིས་པ་ཡིན། །འགལ་འཁྲུལ་མཆིས་ན་མཁས་ལ་བཟོད་པར་གསོལ། །དགེ་བས་བདག་དང་སེམས་ཅན་མ་ལུས་པ། །ཅི་བྱེད་ཆོས་ཀྱི་ལམ་དུ་འགྱུར་བ་དང་། །གང་ཤར་བདེ་བ་ཆེན་པོར་རྟོགས་པ་ཡི། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ས་སྐྱ་པཎ་ཆེན་ནས་ཤིང་ཕོ་བྱི་བའི་ལོ་གྲོ་བཞིན་ཟླ་བའི་ཚེས་བརྒྱད་ལ་བྲིས།། །།

རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞལ་གདམས། རྗེ་བཙུན་རེད་མདའ་པ།

༄༅། །རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞལ་གདམས། །གང་ཞིག་ལེགས་གསུངས་དམ་ཆོས་འདུལ་བ་ལ། །རབ་ཏུ་བྱུང་ནས་ལེགས་པར་མི་སྡོམ་ཞིང་། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་པའི། །དགེ་སྦྱོར་འདི་དག་འཇིག་རྟེན་ཆོམ་རྐུན་ཡིན། །འཁྱོག་པོར་སྨྲ་ལ་གཞན་དག་རླིང་པོར་སེམས། །ངག་མི་བཙུན་པ་དགེ་སྦྱོང་ཚུལ་མིན་པས། །གྱ་གྱུར་སེམས་དང་དེ་ཡི་ཚུལ་སྤངས་ཏེ། །གསོང་པོར་སྨྲ་ལ་ཁོ་བོས་རྟག་ཏུ་བསྟེན། །འཛེམ་མེད་སྨྲ་ལ་གཞན་དག་སྤོབས་པར་སེམས། །ངག་མི་སྡོམ་པ་དགེ་སྦྱོང་ཚུལ་མིན་པས། །མུ་ཅོར་སྨྲ་བ་སྨྱོན་པའི་ཚུལ་སྤངས་ཏེ། །ཞི་བའི་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །ཕྱི་ཚུལ་འཆོས་ལ་གཞན་དག་བཙུན་པོར་སེམས། །གཡོ་སྒྱུའི་སྤྱོད་པ་དགེ་སྦྱོང་ཚུལ་མིན་པས། །ཕ་རོལ་བྲིད་བྱེད་ཡོན་པོའི་ཚུལ་སྤངས་ཏེ། །དེས་པའི་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །རང་དགའི་སྤྱོད་པ་གཞན་དག་དྲང་པོར་སེམས། །དབང་པོ་མི་སྡོམ་དགེ་སྦྱོང་ཚུལ་མིན་པས། །བག་དང་མི་ལྡན་ཧྲལ་པོའི་ཚུལ་སྤངས་ཏེ། །བག་ཡོད་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །བྱ་བྱེད་མང་བ་གཞན་དག་གྲུང་པོ་སེམས། །རྣམ་གཡེང་འདོད་པ་དགེ་སྦྱོང་ཚུལ་མིན་པས། །འདུ་འཛི་བསྲེལ་བ་ཁྱིམ་པའི་ཚུལ་སྤངས་ཏེ། །དོན་ཉུང་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །ལོངས་སྤྱོད་འབྱོར་པ་གཞན་དག་དཔལ་དུ་སེམས། །འདོད་ཞེན་ཆེ་བ་དགེ་སྦྱོང་ཚུལ་མིན་པས། །ཟང་ཟིང་དང་བཅས་གྲོང་པའི་ཚུལ་སྤངས་ཏེ། །ཆོག་ཤེས་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །གྲོང་དག་འགྲིམ་པ་གཞན་དག་གདུལ་བྱར་སེམས། །རྙེད་བཀུར་སྒྲུབ་པ་དགེ་སྦྱོང་ཚུལ་མིན་པས། །ཁེ་སྤོགས་སྒྲུབ་པ་དགེ་སྦྱོར་ཚུལ་སྤངས་ཏེ། །བས་མཐའི་གནས་ལ་རྟག་ཏུ་ཁོ་བོ་བསྟེན། །འཇིག་རྟེན་འདྲེན་པ་ལྷ་མིའི་སྟོན་པ་ཡིས། །འདོད་ལ་ཞེན་པ་ཁོང་ཁྲོའི་རྩ་བར་བརྟན། །འདོད་པའི་ཡོན་ཏན་སྡུག་བསྔལ་བསྐྱེད་པ་སྟེ། །ནད་དང་འབྲས་དང་ཟུག་རྔའི་རྩ་བ་ཡིན། །ཇི་ལྟར་མཛེ་ཅན་གཡན་པ་འཕྲུགས་པ་དང་། །ཚ་བའི་ནད་ཅན་སྲེད་པའི་ཆུ་དང་ནི། །སྐོམ་པས་ཉེན་པའི་ལན་ཚྭ་ཆུ་འཐུང་བཞིན། །འདོད་པ་བསྟེན་པས་ནམ་ཡང་ངོམས་མི་འགྱུར། །དུག་དང་བཅས་པའི་ཁ་ཟས་གཡོས་ལེགས་དང་། །སྤུ་གྲིས་སོ་ལ་ཆགས་པའི་སྦྲང་རྩི་དང་། །ཤིང་རྟ་འདྲེན་པའི་ཕྱུགས་ཀྱི་རྩ་ཟོས་བཞིན། །འདོད་པའི་ཡོན་ཏན་མནོག་ཆུང་ཉེས་པ་མང་། །གླང་ཆེན་དྲི་ལ་ཆགས་པའི་སྦྲང་བུ་དང་། །རྔོན་པའི་གླུ་དབྱངས་ཉན་པའི་རི་དྭགས་དང་། །ལྕགས་ཀྱུའི་ཤ་ལ་ཆགས་པའི་ཉ་བཞིན་དུ། །འདོད་ལ་བརྐམ་པའི་བྱིས་པ་མྱུར་དུ་བརླགས། །རེད་མདའ་བ་གཞོན་ནུ་བློ་གྲོས་ཞལ་གདམས་ལགས་སོ། །

དགེ་བཤེས་ཀུན་དགའ་ཉི་མ་ལ་གནང་བའི་ཞལ་གདམས། མཁས་གྲུབ་ཀརྨ་ཆགས་མེད།

༄༅། །ཐུགས་རྗེ་ཆེ་དངོས་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཞལ་གདམས་ཐོར་བུའི་སྐོར་ལས། །དགེ་བཤེས་ཀུན་དགའ་ཉི་མ་ལ་གནང་བའི་ཞལ་གདམས། ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། དབོན་པོ་དགེ་བཤེས་ཀུན་དགའ་ཉི་མ་ཁྱེད། །སྐུ་ན་གཞོན་ཀྱང་བློ་གྲོས་རྒན་པོར་གྱུར། །ཆོ་ག་དབང་བསྐུར་བསྐང་ཟློག་ས་རིས་སོགས། །ཉེར་མཁོའི་སྐུ་ཡོན་ཐམས་ཅད་ཐུགས་སུ་ཆུད། །བླ་མ་དམ་པའི་གདུང་འཚོབ་གྱུར་འདུག་པས། །བདག་ཀྱང་ས་ཐོབ་ལྟ་བུའི་དགའ་བ་སྐྱེས། །དེ་ཕྱིར་གནད་འགག་སྙིང་གཏམ་ཚིག་གསུམ་ཞུ། །ཐོབ་དཀའི་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །མཇལ་དཀའི་བསྟན་དང་དགེ་བའི་བཤེས་གཉེན་མཇལ། །རང་དབང་ཡོད་ཅིང་རྣམ་རིག་བཀྲ་དུས་འདིར། །སྙིང་ནས་དམ་ཆོས་སྒྲུབ་པ་སྙིང་གཏམ་ཡིན། །རང་ཉིད་ངན་སོང་གཡང་ས་སྤང་བ་དང་། །བསྟན་པའི་མིག་རྐྱེན་ལ་ཡང་ཕན་པ་དང་། །སྦྱིན་བདག་རྣམས་ཀྱང་དང་བ་འདྲེན་པའི་གནད། །ཚུལ་ཁྲིམས་སྲོག་ལྟར་སྲུང་བ་སྙིང་གཏམ་ཡིན། །དབུས་གཙང་གྲྭ་ས་བཟང་དགུ་འགྲིམས་ན་ཡང་། །ཡོན་ཏན་བསླབ་ལས་ལྷག་པ་བྱ་རྒྱུ་མེད། །རང་ཉིད་མྱུར་དུ་མཁས་པར་འགྱུར་བའི་གནད། །ཡོན་ཏན་གར་འདུག་ལེན་པ་སྙིང་གཏམ་ཡིན། །རང་ཉིད་དང་པོར་ཆོས་སྒོར་འཛུད་མཁན་དེ། །སངས་རྒྱས་ཀུན་ལས་བཀའ་དྲིན་ལྷག་པའི་ཕྱིར། །ཆོས་བརྒྱུད་བཀྲ་ཤིས་དམ་སེལ་མེད་པ་གནད། །ཡི་དམ་དངོས་སུ་བསྒོམ་པ་སྙིང་གཏམ་ཡིན། །དེ་སྔོན་མ་མཇལ་ཆོས་འབྲེལ་མ་ཐོབ་ཀྱང་། །དེང་སང་ཀར་ལུགས་སྐུ་ན་གཞོན་པ་རྣམས། །རྒྱལ་དབང་བཅུ་པའི་གདུལ་བྱ་ཡིན་པའི་གནད། །རྩ་བའི་བླ་མར་འཛིན་པ་སྙིང་གཏམ་ཡིན། །བླ་མ་བགྲེས་པའི་ཆགས་ཕྱི་དགོས་པའི་ཕྱིར། །རྩེ་གཅིག་མཚམས་དང་སྒྲུབ་པ་མ་ཁོམ་ཀྱང་། །འགྲོ་འདུག་སྤྱོད་པ་ལམ་དུ་ཁྱེར་བའི་གནད། །བསྐྱེད་རྫོགས་རྒྱུན་དུ་བསྒོམ་པ་སྙིང་གཏམ་ཡིན། །དེང་སང་ཚེ་ཚད་བཞི་བཅུ་ཁ་རལ་གསུངས། །དེ་ཡང་མི་ཐུབ་གློ་བུར་འཆི་བ་མང་། །ཐོས་བསམ་བསྒོམ་ལ་བརྩོན་འགྲུས་བསྐྱེད་པའི་གནད། །འཆི་བ་ཡང་ཡང་བསྒོམ་པ་སྙིང་གཏམ་ཡིན། །རང་ལ་དོན་བརྒྱུད་བྱིན་རླབས་འཇུག་པ་དང་། །ཉམས་རྟོགས་སྐྱེ་ཞིང་གོང་དུ་འཕེལ་བའི་གནད། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་པ་སྙིང་གཏམ་ཡིན། །བླ་མ་འོད་ཞུ་རང་ལ་བསྟིམས་ནས་ཀྱང་། །འོད་གསལ་ཕྱག་ཆེན་དངོས་སུ་འཆར་བའི་གནད། །གང་ཤར་རིག་པའི་ངོ་བོ་དེ་ཉིད་ལ། །མ་གཡེང་ཅེར་གྱིས་ལྟ་བ་སྙིང་གཏམ་ཡིན། །འཕྲོ་རྒོད་མང་ན་ཞི་གནས་སྐྱེ་བའི་གནད། །ལུས་སེམས་ཁོང་ལྷོད་འགྱུ་བ་རང་འགྲོར་བཏང་། །མ་ཡེངས་ཙམ་དུ་དྲན་པའི་རྒྱང་སོ་བཙུགས། །ལྷོད་དེ་ཤིག་གེ་བཞག་པ་སྙིང་གཏམ་ཡིན། །བྱིང་རྨུག་འཐིབས་ན་ལྷག་མཐོང་སྐྱེ་བའི་གནད། །ལུས་སེམས་བསྒྲིམ་ལ་ལྟ་སྟངས་ནམ་མཁར་གཏད། །གང་ཤར་རིག་པའི་ངོ་ལ་ཅེར་རེ་ལྟ། །སེང་ངེ་ཡེ་རེ་བཞག་པ་སྙིང་གཏམ་ཡིན། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དང་། །རང་ལ་བར་ཆད་གང་གིས་མི་ཚུགས་ཤིང་། །གཞན་ལ་ཕན་ཐོགས་དཔག་མེད་འབྱུང་བའི་ཕྱིར། །བྱམས་དང་སྙིང་རྗེ་བསྒོམ་པ་སྙིང་གཏམ་ཡིན། །བར་ཆད་བགེགས་ཀྱིས་ནམ་ཡང་མི་ཚུགས་ཤིང་། །ཅི་བསམ་འགྲུབ་ཅིང་བསོད་ནམས་འཕེལ་བ་དང་། །མཁའ་འགྲོ་ཆོས་སྐྱོང་བྲན་ལྟར་འཁོར་བའི་གནད། །རྒྱུན་གཏོར་དུས་གཏོར་བརྩོན་པ་སྙིང་གཏམ་ཡིན། །རང་ཉིད་གང་གིས་སྒྲིབ་པ་སྤང་བ་དང་། །ཕྲིན་ལས་ཕྱོགས་མཐར་ཀུན་ཏུ་རྒྱས་པ་དང་། །ཀུན་དང་མཐུན་ཞིང་ཀུན་གྱིས་བཀུར་བའི་གནད། །ཆད་བསོད་༼ཁྱད་གསོད༽སྐུར་འདེབས་སྤང་བ་སྙིང་གཏམ་ཡིན། །ཆོས་ཀུན་སྨོན་ལམ་ཁོ་ནས་མཐའ་བསྒྱུར་ཕྱིར། །རང་དང་རང་ལ་འབྲེལ་བའི་ཚེ་འདས་སོགས། །སྐྱེ་བར་སླ་ཞིང་ཡོན་ཏན་ཆེ་བའི་གནད། །བདེ་སྨོན་རྒྱུན་དུ་འདོན་པ་སྙིང་གཏམ་ཡིན། །བྱང་ཆུབ་བསྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །འདི་ཕྱིར་བཀྲ་ཤིས་བདེ་ལེགས་འབྱུང་བའི་གནད། །སྙིང་གཏམ་བཅོ་ལྔ་ལྡན་པའི་སྙིང་གཏམ་འདི། །ཁྱེད་ཀྱི་སྙིང་གི་ཐིག་ལེ་མཛད་པར་ཞུ། །ཞེས་པ་འདི་དགེ་བཤེས་ཀུན་དགའ་ཉི་མས་སྐུ་ཡོན་ལེགས་པོར་བསླབ་འདུག་པའི་བྱ་དགའ་ལ། ཨ་རཱ་གས་མཚམས་ཁུང་ནས་ཐུན་མཚམས་གཅིག་ལ་བྲིས་པའོ། །

སློབ་བུ་བློ་གྲོས་ལ་གདམས་པ། མཁས་གྲུབ་ཀརྨ་ཆགས་མེད།

༄༅། །སློབ་བུ་བློ་གྲོས་ལ་གདམས་པ་བཞུགས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། བློ་གྲོས་ཀྱི་རྟོགས་འབུལ་བྱས་པའི་ལན། །མོས་གུས་འདི་བསྒོམ་གྱི་མགོ་བོ་ཡིན། །རང་བཀའ་དྲིན་ཐོབ་པའི་བླ་མ་དེ། །ཁོང་སེམས་ཅན་དང་སངས་རྒྱས་སུ་ཡིན་ཀྱང་། །རང་གི་ངོས་ནས་རྡོ་རྗེ་འཆང་དུ་བསྒོམ། །དེ་རྟོགས་པ་སྐྱེ་བའི་གདམས་ངག་ཡིན། །ཞེན་ལོག་འདི་བསྒོམ་གྱི་རྐང་པ་ཡིན། །ཐོབ་དཀའི་མི་ལུས་ལན་གཅིག་འདི། །ཚེ་སུམ་གཉིས་ཡང་ཡེངས་ངང་ལ་ཟད། །འཆི་བདག་ནམ་འོང་ཅི་ཆ་མེད། །ད་ཚེ་མཇུག་འདི་སྐྱིད་ཡུན་སྡུག་ཡུན་ཐུང་། །ཚེ་ཕྱི་མའི་དོན་ཞིག་མ་འགྲུབ་ན། །རང་གཅིག་པུར་འགྲོ་དུས་སུས་མི་སྐྱོབ། །དོན་དེ་ལ་སོམས་ལ་ཉམས་ལེན་འབུངས། །ད་ཡེངས་མེད་འདི་སྒོམ་ཀྱི་དངོས་གཞི་ཡིན། །ཕར་ཕྱེས་ན་ཆོས་ཕུང་བརྒྱད་ཁྲི་དེ། །ཚུར་བསྡུས་ན་ངོ་སྤྲོད་ཚིག་གསུམ་ཡིན། །ཆོས་ཕྱག་ཆེན་རྫོགས་ཆེན་དབུ་མ་སོགས། །མིང་སྙན་པོའི་ཆོས་མིང་ཅི་བཏགས་ཀྱང་། །དོན་རང་སེམས་རིག་རིག་ཏུར་ཏུར་འདི། །དེ་མ་བཅོས་རང་ངོ་སྐྱོང་ལ་འདུས། །དེ་རང་ངོ་རང་གིས་མ་བསྐྱངས་ན། །མི་གཞན་གྱིས་བསྒོམས་ནས་སྟེར་བློ་མེད། །ཁྲིད་ཆེན་པོ་བརྒྱ་དང་སྟོང་ཞུས་ཀྱང་། །འཕྲལ་རྣ་བར་སྙན་ཅིང་ཐོས་བསོད་ཙམ། །དོན་རང་ངོ་རྗེན་པར་སྐྱོང་ནུས་ན། །ཆོས་མང་པོ་མ་ནུས་ན་ཡང་ཆོག །སེམས་གང་ཤར་རང་ངོ་ལྟ་བ་དེ། །ལས་དང་པོ་པ་ཡི་ཉམས་ལེན་ཡིན། །སེམས་བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །སེམས་མ་བཅོས་རང་སར་བཞག་པ་ལས། །དོན་འདི་བསྒོམ་གཏད་སོ་མེད་པ་འདི། །དོན་ངོ་བོ་མཐོང་བའི་ཉམས་ལེན་ཡིན། །དེ་བརྗེད་སྐབས་ཐ་མལ་འཁྲུལ་པར་འགྲོ། །དེ་ཡང་ཡང་དྲན་པའི་སོ་བས་འཚོ། །སེམས་མ་བཅོས་སོ་མའི་ངང་ནས་ཟ། །དེ་ཟ་འཐུང་ཟག་མེད་ཚོགས་འཁོར་ཡིན། །སེམས་མ་ཡེངས་དྲན་རྫི་ལྡན་པས་འགྲོ། །དོན་སྐྱེ་མེད་དོན་དམ་གྱི་སྐོར་བ་ཡིན། །སེམས་མ་ཡེངས་མཉམ་བཞག་གི་ངང་ནས་ཉལ། །དེ་འོད་གསལ་འཛིན་པའི་གདམས་པ་ཡིན། །སེམས་རང་ངོ་མཐོང་བའི་སྐད་ཅིག་ལ། །སྔོན་བསྐལ་བ་སྟོང་དུ་བསགས་པ་ཡི། །སྡིག་ཉེས་ལྟུང་ཐམས་ཅད་དག་པར་བཤད། །རྒྱུ་གསེར་སྲང་སྟོང་ཕྲག་མང་པོ་ཞིག །དེ་ཡར་མཆོད་དང་མར་སྦྱིན་བྱས་པ་བས། །དོན་རང་སེམས་སྐད་ཅིག་སྐྱོང་བ་ལྷག །དོན་དེ་ལ་བསམ་ཞིང་ཉམས་ལེན་མཛོད། །སེམས་ཁོ་རང་ཡེ་ནས་ཆོས་སྐུ་ཡིན། །དེ་མ་བཅོས་རང་སར་བཞག་ཤེས་ན། །གེགས་གོལ་ས་བར་ཆད་གང་ཡང་མེད། །སེམས་དེ་ལ་ཡག་འདོད་ཀྱིས་བཟོ་བཅོས་བྱས། །གེགས་གོལ་ས་བརྒྱ་སྟོང་དེ་ནས་འོང་། །གནད་ཤེས་ན་བསྒོམ་ཡུལ་ལ་ལྟོས་མི་དགོས། །དོན་ཐོས་པས་གྲོལ་བ་དེ་ལ་ཟེར། །གནད་མ་བཅོས་ཀློད་ནས་འཇོག་པ་ཡིན། །བོགས་འདོན་ན་མོས་གུས་ཀྱི་གསོལ་འདེབས་རེམ། །བློ་རྩེ་གཉིས་ཀྱིས་དོན་ཆེན་མི་འགྲུབ་པས། །བློ་རྩེ་གཅིག་ཉམས་ལེན་འདི་ལ་དྲིལ། །ཆོས་དབང་ལུང་ཐོབ་ཅིང་སྲུང་ཕྱོགས་ཤེས། །ལུས་ནད་མེད་ལྟོ་གོས་རྐྱེན་ཁག་ཙམ། །དུས་ད་ལྟ་ཉམས་ལེན་མ་བྱུང་ན། །དུས་ནམ་དུ་ཉམས་ལེན་འོང་བར་སོམས། །ད་སྙིང་ལ་རུས་པ་བྱེད་རེ་རན། །ཞེས་པ་དགེ་སློང་ཨ་རཱ་གས་གདམས་པའོ། །དགེའོ། །

ལྟ་སྒོམ་སྤྱོད་འབྲས་ཀྱི་ཞལ་གདམས། མཁས་གྲུབ་ཀརྨ་ཆགས་མེད།

༄༅། །ལྟ་སྒོམ་སྤྱོད་འབྲས་ཀྱི་ཞལ་གདམས་བཞུགས་སོ། །ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། །དྲིན་ཅན་བླ་མ་རྗེ་བཙུན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཆོས་རྣམས་ཐམས་ཅད་མདོར་བསྡུས་ན། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ལྟ་བ་བཤད་ལུགས་མང་ན་ཡང་། །སེམས་ཀྱིས་སེམས་ལ་ལྟ་བ་འདི། །མི་ལ་རས་པའི་ལྟ་བ་ཡིན། །ཕྱག་རྫོགས་ལྟ་བ་དེ་ལ་འདུས། །ཁ་འབྱམས་ཚིག་གི་ལྟ་བ་དེ། །བཤད་པ་མཁན་ལ་དགོས་ལགས་ཀྱང་། །ཉམས་ལེན་བྱེད་ལ་དགོས་རྒྱུ་ཆུང་། །འབྲོག་པ་ཕྱུག་པོའི་རྟ་ལུག་གྲངས། །སྤྲང་པོས་རྩིས་ཀྱང་རང་ལ་མེད། །དེ་ཡི་ལྟ་བ་མ་རྟོགས་ན། །ལྟ་བ་བཤད་ཀྱང་དགོས་པ་ཆུང་། །བསྒོམ་ལུགས་རྣམ་གྲངས་མང་ན་ཡང་། །མ་ཡེངས་དྲན་པའི་རྒྱང་སོ་འདི། །མི་ལ་རས་པའི་སྒོམ་ལུགས་ཡིན། །མ་བཅོས་བཞག་པ་མན་ངག་ཡིན། །གང་ཤར་སྐྱོང་བ་གདམས་ངག་ཡིན། །སྤང་བླང་མེད་པ་གནད་འགག་ཡིན། །སེམས་འཛིན་དམིགས་རིམ་མང་པོ་དེ། །ཁྲིད་སྟོན་རྣམས་ལ་མཁོ་ལགས་ཀྱང་། །ཉམས་ལེན་བྱེད་ན་དགོས་རྒྱུ་ཆུང་། །དམིགས་རིམ་མང་པོ་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་འཁྲུལ་པ་ཡིན། །དཔེར་ན་དར་གྱིས་བཀྱིགས་དང་འདྲ། །སྤྱོད་པའི་ས་མཚམས་མང་ལགས་ཀྱང་། །མ་ཡེངས་ངང་ནས་ཤུགས་འབྱུང་སྤྱོད། །མི་ལ་རས་པའི་སྤྱོད་པ་ཡིན། །སེམས་བསྲུང་སྡོམ་པ་ཀུན་གྱི་མཆོག །རང་སེམས་འདུལ་ན་འདུལ་བ་ཡིན། །གནང་བཀག་ས་མཚམས་མང་པོ་དེ། །དགེ་སློང་རྣམས་ལ་མཁོ་ལགས་ཏེ། །ཉམས་ལེན་སྐྱོང་ལ་དགོས་རྒྱུ་ཆུང་། །ཐབ་ཀྱི་མེ་ལ་ཆུ་བླུགས་ན། །བརྩིགས་གསེང་དུ་བ་ཐམས་ཅད་ཆད། །དེ་བཞིན་རང་སེམས་བསྲུང་བ་ན། །ཉེས་ལྟུང་ཐམས་ཅད་རང་འགགས་ཡིན། །འབྲས་བུ་ཐོབ་ལུགས་མང་བཤད་ཀྱང་། །རང་སེམས་རང་དབང་ཐོབ་པ་ན། །འབྲས་བུ་ཡིན་པར་བཀའ་བརྒྱུད་བཞེད། །ས་ལམ་འབྲས་བུའི་བཞེད་དགོངས་རྣམས། །བགྲོ་གླེང་མཁན་ལ་མཁོ་ལགས་ཀྱང་། །ཉམས་ལེན་མཁན་ལ་དགོས་རྒྱུ་ཆུང་། །ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །ས་ལམ་རྩི་བ་རྨོངས་པ་འཁྲུལ། །དེ་སྐད་སྐྱེ་མེད་ཞང་གིས་གསུངས། །ལྟ་སྒོམ་སྤྱོད་པ་འབྲས་བུའི་གླུ། །འཕྲལ་དུ་ཉམས་ལ་ཤར་ནས་སྨྲས། །མཁས་པ་རྣམས་ཀྱིས་ཁྲེལ་ལགས་ཀྱང་། །ཉམས་ལེན་མཁན་འགའི་སེམས་ལ་འཕྲོད། །བཤད་པའི་གཞུང་དང་མི་མཐུན་ཀྱང་། །མན་ངག་སྙན་བརྒྱུད་དོན་དང་མཐུན། །ཞེས་སྒོམ་ཆེན་རྣམས་ལ་ཨ་རཱ་གས་མགུར་དུ་གདམས་པའོ། །

དྲིན་ལྡན་ཕ་མ་ལ་བྱམས་པ་སྒོམ་དགོས་ཚུལ་གྱི་ཞལ་གདམས། མཁས་གྲུབ་ཀརྨ་ཆགས་མེད།

༄༅། །དྲིན་ལྡན་ཕ་མ་ལ་བྱམས་པ་སྒོམ་དགོས་ཚུལ་གྱི་ཞལ་གདམས། ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། གང་ལ་བསམས་ནས་བྱང་ཆུབ་མཆོག་ཐོབ་པའི། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །བྱང་ཆུབ་སེམས་ལ་རྟག་ཏུ་ཕྱག་འཚལ་ལོ། །དྲིན་ཅན་དྲིན་དུ་གཟོ་བ་དམ་པ་མཆོག །རྒྱལ་སྲས་བྱང་སེམས་རྣམས་ལ་གུས་པས་འདུད། །ལྷ་དང་བཅས་པའི་འཇིག་རྟེན་ཁམས་འདི་ན། །དྲིན་ཆེན་དཀོན་མཆོག་ཕ་དང་མ་ཞེས་གྲགས། །ལུས་བསྐྱེད་དཀའ་བ་སྤྱད་ཅིང་རང་ཅག་གསོས། །ན་དོགས་ཤི་དོགས་བཀྲེས་དོགས་སྡུག་དོགས་ཀྱིས། །ལུས་སྲོག་ཡལ་བར་དོར་ནས་བུ་ཚ་གསོས། །གལ་ཏེ་ནའམ་གདོན་གྱིས་ཉེས་མཐོང་ན། །གློ་སྙིང་གས་པ་ཙམ་གྱི་སྡུག་བསྔལ་བྱེད། །སེར་སྣས་བསགས་པའི་ནོར་རྫས་རིམ་གྲོར་གཏོང་། །ཅུང་ཟད་སྨྲ་འམ་ཡར་ཡར་སོས་ཐུབ་ན། །འདི་འདྲ་ཐུབ་ཟེར་རབ་དགའ་ཐོབ་ལྟར་དགའ། །སྣབས་ལུད་ཁས་འཇིབ་གཅིན་རྟུག་ཁྱོར་བས་འཕོ། །ཞིམ་པོ་ཁམ་གང་རྙེད་ཀྱང་ཟ་མི་བྲ། །ང་ཡི་བུ་ལ་ཁྱེར་ཟེར་ཨམ་འཕྲག་བཅུག །གོས་ཀྱི་གང་ལེགས་གང་མཛེས་བུ་ལ་བསྐོན། །རང་ཉིད་ཧྲལ་ཧྲུལ་གོས་ཀྱིས་ཆོག་པར་འཛིན། །ནོར་རྫས་ལེགས་པ་དངོས་པོ་གང་ཡོད་ཀྱང་། །ང་ཡི་བུ་ལ་མཁོ་ཟེར་སྤྱད་མི་བྲ། །རང་ལ་ཞིང་ཁང་ནོར་རྫས་ཅི་ཡོད་པ། །ཐམས་ཅད་བུ་ལ་སྦྱིན་ལ་ཕངས་སེམས་མེད། །དེ་ལྟར་ཕ་མའི་དྲིན་གྱིས་ལེགས་བསྐྱངས་ནས། །ཕ་དང་མ་ཡང་རྒས་པའི་ནད་ཀྱིས་ཟིན། །ངོ་ཡི་བཀྲག་ཤོར་མེ་ཏོག་སད་ཁྱེར་བཞིན། །མགོ་ལ་སྐྲ་དཀར་ལྕགས་ཀྱུ་རྣོན་པོས་བཏབ། །ལུས་ལ་གཉེར་མའི་ཞགས་པ་མང་པོས་བཅིངས། །དབུགས་མི་བདེ་ཞིང་ཕུས་འདེབས་རྣ་བ་འོན། །མིག་མི་གསལ་ཞིང་གཟུགས་ཀྱང་ལོག་པར་མཐོང་། །རྐང་པ་མི་བདེ་འཁྱོར་ཞིང་སྣ་བཙུགས་ཕོག །རྐེད་པ་སྒུར་པོར་སོང་ཞིང་ལྤགས་བཞི་ལྷུང་། །ཁ་མཚར་དྲག་པ་མི་གསལ་དབང་པོ་རྨུགས། །བཟའ་བཏུང་ཟོས་ན་མི་འཇུ་མ་ཟོས་ལྟོགས། །འཆི་བདག་གཤིན་རྗེས་ཟིན་རྟགས་ཚང་ན་ཡང་། །ང་ལ་ཤི་དུས་མེད་ཟེར་ཤི་སྨོན་འདེབས། །རྒས་པའི་སྡུག་བསྔལ་མངོན་དུ་གྱུར་པ་ལ། །འདི་ལས་སྙིང་རྗེའི་གནས་གཞན་ཅི་ཞིག་ཡོད། །འདི་འདྲའི་སྡུག་བསྔལ་རྒྱ་མཚོའི་བོགས་མཐོང་ཡང་། །སྙིང་རྗེའི་བྱམས་པའི་སེམས་ཀྱིས་མི་སྐྱོང་བར། །ཚིག་ངན་དབང་ཆེ་ཐུབ་ཐུབ་བྱེད་པ་ནི། །ཆོས་པའི་བྱ་བ་མ་ཡིན་སྡང་ཅི་སྨོས། །འཇིག་རྟེན་ཕལ་པ་ཀུན་ཀྱང་འཕྱ་བའི་གནས། །སྟོན་པས་དྲིན་ལན་བསབ་པའི་མདོ་སྡེ་ལས། ཕ་མ་གཉིས་པོ་འཇིག་རྟེན་ཐམས་ཅད་ཀྱིས། །མཆོད་པའི་གནས་དང་བསོད་ནམས་ཞིང་ཡིན་པས། །དེ་ལ་བསྟེན་ནས་མངོན་མཐོ་ངེས་ལེགས་ཀྱི། །བདེ་ལེགས་ཐམས་ཅད་འབྱུང་བར་འགྱུར་ཞེས་གསུངས། །དེ་བཞིན་ཐུབ་པས་ཕ་མའི་མདོ་སྡེ་ལས། །ཕ་དང་མ་ནི་འཇིག་རྟེན་ཐམས་ཅད་ཀྱི། །ལྷ་ཡང་ཡིན་ལ་མི་ཡང་ཡིན་ཞེས་གསུངས། །ཕ་དང་མ་ལ་བཀུར་སྟི་བྱས་པ་དང་། །དེ་བཞིན་ལྡང་དུབ་བྱས་པའི་རྣམ་སྨིན་ནི། །ཚེ་རབས་གཞན་དུ་མྱོང་བ་ལྟ་ཅི་སྨོས། །ཚེ་འདི་ཉིད་ལ་འབྲས་བུ་སྨིན་པར་བཤད། །ཅི་ཕྱིར་ཞིང་ནི་རབ་ཏུ་གཉན་ཕྱིར་རོ། །དེ་ཕྱིར་སངས་རྒྱས་རབ་ཏུ་བྱུང་ཁར་ཡང་། །ཕ་ལ་ཕྱག་བཙལ་བསྐོར་བ་བྱས་ཏེ་གཤེགས། །དེ་བཞིན་སྔོན་གྱི་མཁས་གྲུབ་ཕལ་ཆེར་ཡང་། །ཕ་དང་མ་ལ་ཕྱག་བཙལ་བསྐོར་བ་མཛད། །གྲུབ་ཐོབ་ཆེན་པོ་མི་ཏྲ་ཛོ་ཀི་ཡིས། །ཕ་མའི་ལྷམ་ཀྲད་དབུ་རྒྱན་མཛད་ཅེས་ཐོས། །རྒྱ་གར་པཎ་ཆེན་སློབ་དཔོན་དཔའ་བོ་ཡིས། །མ་ཡི་གཡོག་མཛད་མ་ཁོལ་ཞེས་སུ་གྲགས། །ཕ་ཡི་གཡོག་མཛད་ཕ་ཁོལ་མཚན་དུ་ཐོགས། །ཤཱཀྱའི་རྒྱལ་པོ་ཟས་གཙང་སྲས་དེ་ཡིས། །མ་མ་ཉིད་ལ་མ་ཡིས་རྩིས་མཛད་ནས། །སྐུ་ཚེ་ལོ་བཅུ་ཐུང་བར་མཛད་མཛད་ནས། །སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་བར་མཛད། །གང་དག་ཕ་དང་མ་ལ་སྡང་བ་ཡིས། །ན་རག་དམྱལ་བའི་ནང་དུ་སྲེག་འགྱུར་ཞེས། །མངོན་པའི་མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས། །དེ་བཞིན་ངན་སོང་སྦྱོང་བའི་རྒྱུད་ཆེན་ལས། །གང་དག་ཕ་དང་མ་ལ་སྙིང་རིང་བ། །དེ་དག་ནམ་ཡང་ཐར་པ་མི་ཐོབ་གསུངས། །དེ་ལྟར་མདོ་རྒྱུད་བླ་མའི་རྣལ་འབྱོར་སོགས། །འཁྲུལ་མེད་གཞུང་ལུགས་རྣམས་ལ་ལེགས་སྤྱད་ནས། །ཕ་དང་མ་ནི་དཀོན་མཆོག་བཞི་པ་ཞེས། །བཀུར་ཞིང་མཆོད་པའི་གནས་སུ་རིགས་བྱས་ནས། །འཇམ་པའི་ངག་དང་བྱམས་པའི་སེམས་ཀྱིས་ནི། །ཇི་ལྟར་ནུས་པས་བཀུར་སྟི་བྱ་བར་རིགས། །དེ་སྐད་འཕྲལ་དུ་ཡིད་ལ་གང་དྲན་རྣམས། །རྐྱེན་གྱིས་བསྐུལ་བས་མྱུར་དུ་བྲིས་པའོ། །ཨ་རཱ་གས་སོ། །

གནད་ཀྱི་ཞལ་གདམས། །མཁས་གྲུབ་ཀརྨ་ཆགས་མེད།

༄༅། །གནད་ཀྱི་ཞལ་གདམས་ནི། །ན་མོ་གུ་རུ། ཆོས་ཁྲིད་བརྒྱ་སྟོང་ཞུས་ན་ཡང་། །འཆི་བ་སྙིང་ནས་མ་དྲན་ན། །དམ་ཆོས་འགྲུབ་པའི་རེ་བ་མེད། །མི་ནག་ཆོས་སྒོར་མི་འཇུག་པ། །དེ་ཡང་འཆི་བ་མ་དྲན་སྐྱོན། །ཆོས་པ་ཆོས་མགོ་མ་ཐོན་པ། །དེ་ཡང་འཆི་བ་མ་དྲན་སྐྱོན། །སྡེ་དཔོན་འཁྲུག་པ་དམག་ཇག་བྱེད། །དེ་ཡང་འཆི་བ་མ་དྲན་སྐྱོན། །མི་ནས་རི་དྭགས་བསད་བཅད་མང་། །དེ་ཡང་འཆི་བ་མ་དྲན་སྐྱོན། །བཙུན་མས་བཙུན་མདོག་བྱིས་པ་གསོད། །དེ་ཡང་འཆི་བ་མ་དྲན་སྐྱོན། །བསྒོམ་ཤེས་ཉམས་ལེན་མི་བརྩོན་པ། །དེ་ཡང་འཆི་བ་མ་དྲན་སྐྱོན། །ངེས་པར་འཆི་བ་དྲན་པ་ན། །དམ་ཆོས་མི་བསྒྲུབ་ག་ལ་སྲིད། །རྒྱལ་བས་མདོ་རྒྱུད་ཐམས་ཅད་ནས། །འདུས་བྱས་ཐམས་ཅད་མི་རྟག་གསུངས། །སྐྱེས་མཐའ་འཆི་དང་བརྩིགས་མཐར་འཇིག །འདུས་མཐའ་བྲལ་དང་བསགས་མཐའ་འཛད། །འདི་དག་མི་འབྱུང་སྲིད་མི་འགྱུར། །བསྐལ་བ་ཆགས་ནས་ད་ལྟའི་བར། །མ་ཤི་ལུས་པ་གཅིག་མི་གདའ། །འཆི་བདག་ལས་ཀྱི་གཤིན་རྗེ་དེས། །དགྲ་གཉེན་རྒས་གཞོན་ཁྱད་མེད་པར། །མཐོ་དམན་མེད་པར་ཐམས་ཅད་ཁྲིད། །འཆི་བའི་དུས་ལ་བབ་ཙ་ན། །དམ་པའི་ཆོས་ཤིག་མ་གཏོགས་པ། །སྐྱབས་མགོན་རེ་ས་གཞན་ན་མེད། །ཉེ་དུ་མཐུན་གྲོགས་བརྒྱ་ཡོད་ཀྱང་། །རང་ཉིད་གྲོགས་མེད་གཅིག་པུར་འགྲོ། །ཟས་ནོར་རྒྱ་མཚོ་ལྟར་ཡོད་ཀྱང་། །ཞག་རྒྱགས་ཙམ་ཞིག་ཁྱེར་དབང་མེད། །གཅེས་ཤིང་ཕངས་པའི་སྒྱུ་ལུས་འདི། །རོ་རུལ་གྱུར་ནས་སྐྱུགས་བྲོ་བ། །ཆགས་ཞེན་ཆེ་བའི་ས་ཡུལ་འདིར། །ཕྱིན་ཆད་རང་སེམས་རིག་པའི་ཁྱེའུ་ཆུང་། །ད་ལྟ་འཚོས་ན་ནམ་ཡང་ཕན། །དགེ་བ་རྒྱ་ཆེན་འགྲུབ་པ་ནི། །རྟ་བཟང་སྒ་སྲབ་འཛོམས་པ་འདྲ། །སྨོན་ལམ་སྲབ་ཀྱིས་ཁ་བསྒྱུར་ནས། །མཐོ་རིས་གནས་མདུན་དག་པའི་ཞིང་། །གང་འདོད་གནས་དེར་ཕྱིན་པར་ངེས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཞིང་བཟང་ལ་བཏབ་ས་བོན་བཞིན། །སྡིག་ལྟུང་སད་སེར་མ་ཤོར་ན། །བླ་མེད་བྱང་ཆུབ་འབྲས་བུ་སྨིན། །བླ་མ་ཡོད་བཞིན་ནོར་བུ་དེ། །མོས་གུས་རྒྱལ་མཚན་རྩེར་ཕྱར་ན། །དངོས་གྲུབ་ཕྱག་རྒྱ་ཆེན་པོ་ནི། །འབད་མེད་ལྷུན་གྱིས་འགྲུབ་སྟེ་འོང་། །བསམ་བློ་གཅིག་ཀྱང་མ་བཏང་བར། །རྣམ་གཡེང་སྐབས་སུ་ཤོག་གུ་འདི། །ཟད་ཐབས་ཅི་དྲག་བྲིས་པ་དེ། །དོན་དང་ལྡན་ན་ཉམས་སུ་ལོངས། །དོན་མེད་འདུག་ན་བཞད་གད་མཛོད། །དེ་སྐད་རཱ་ག་ཨ་སྱ་ཡིས། །རྟ་ལོ་ཁྲུམས་ཟླའི་ཡར་ཚེས་ལ། །མུན་རུག་སྨག་པའི་མཚམས་ནས་བྲིས། །བཀྲ་ཤིས་བདེ་ལེགས་མངྒ་ལཾ། །

༈ ཀ་ཡེ་གསོན་དང་འདིར་ཚོགས་ཁྲོམ། །ཁ་ཏོན་བཟླས་བརྗོད་མ་ཎི་ཐོན། །ག་ལས་ལོངས་མེད་འཆི་བས་བསྙེགས། །ང་ཁྱོད་རྩོད་པའི་འཛིང་མོ་དང་། །ཅ་ལེ་ཅོ་ལེའི་ཁ་ལྕེ་དང་། །ཆ་བེ་ཆོབ་བེའི་སྤྱོད་པ་སྤོངས། །ཇ་གསོལ་ཆང་ལ་གསོལ་ཚོད་མཛོད། །ཉ་མཚམས་བརྒྱད་སོགས་བསྙེན་གནས་སྲུངས། །ཏ་ཐཱ་ག་ཏའི་སྐུ་གཟུགས་བཞེངས། །ཐ་ན་སྤྲང་པོ་ཡན་ཆོད་ལ། །ད་ནི་དགེ་བ་གང་འགྲུབ་རེམ། །ན་རྒས་ཤི་དུས་འགྱོད་མེད་མཛོད། །པ་དེ་པུ་དེའི་མནའ་མ་མཛད། །ཕ་རོལ་ཕྱིན་པའི་གླེགས་བམ་ཐོན། །བ་སོགས་སྒོ་ནོར་བཤས་མ་བྱེད། །མ་དང་ཕ་ལ་བཀུར་སྟི་མཛོད། །ཙ་ཐོར་ཤིང་འགར་ཡིག་དྲུག་སྐུར། །ཚ་ཁེ་ཚོང་འདུས་འགྲིམ་དུས་དང་། །ཛ་རེ་ཛོ་རེའི་འགྲོ་འདུག་དུས། །ཝ་ལེ་ཡེ་རེ་སེམས་ལ་ལྟོས། །ཞྭ་ལྟར་བླ་མ་སྤྱི་བོར་སྒོམས། །ཟ་འཐུང་ཕུད་ཀྱིས་དཀོན་མཆོག་མཆོད། །འ་རེ་འུར་རེའི་རྣམ་གཡེང་དུས། །ཡ་ང་མེད་པར་བསྐྱེད་རིམ་སྒོམས། །ར་ལུག་ཕོ་རིགས་ཚེ་ཐར་ཐོངས། །ལ་ཆེན་བློ་ཕུགས་ཆོས་ལ་གཏོད། །ཤ་ཡང་ཉིན་ཤ་བསྔོས་ཤ་སྤོངས། །ས་ཆ་གར་འདུག་མི་དང་བསྟུན། །ཧ་ཁོག་གོ་ན་དམ་ཆོས་སླ། །ཨ་ཅང་ངས་ནི་ཀུ་རེ་ཡིན། །ཞེས་ཨ་རཱ་གས་ཁྲོམ་སྤྱི་ལ་སྨྲས་པའོ། །

ལྟུང་བཤགས་ཀྱི་ཟིན་བྲིས་ཉུང་ངུ་གོ་བདེ་སྡིག་ལྟུང་དག་བྱེད་ཡེ་ཤེས་བདུད་རྩིའི་ཁྲུས་ཆར། །མཁས་གྲུབ་ཀརྨ་ཆགས་མེད།

༄༅། །ལྟུང་བཤགས་ཀྱི་ཟིན་བྲིས་ཉུང་ངུ་གོ་བདེ་སྡིག་ལྟུང་དག་བྱེད་ཡེ་ཤེས་བདུད་རྩིའི་ཁྲུས་ཆར་ཞེས་བྱ་བ་བཞུགས་སོ། །ཀྱེ་མ་གསོན་དང་བདག་དང་བདག་འདྲ་ཀུན། །བསྐལ་བ་གྲངས་མེད་འདས་པའི་སྔོན་རོལ་ནས། །ལུས་ལ་མ་བླངས་པ་ནི་གཅིག་ཀྱང་མེད། །སྟོང་གསུམ་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཀུན། །སྐྱེ་མ་མྱོང་དང་ཤི་མ་མྱོང་བའི་ས། །ཁབ་ཀྱི་རྩེ་མོ་ཙམ་ཞིག་མེད་པར་གསུངས། །དེ་ཚེ་སྡིག་སྒྲིབ་བསགས་པའི་ལས་ངན་ནི། །གཟུགས་སུ་གྲུབ་ན་ནམ་མཁར་མི་ཤོང་ཙམ། །དེ་དག་ནམ་ཞིག་རང་ལ་ངེས་པར་སྨིན། །སྐྱེ་བ་འདི་དང་མ་འོངས་ཐམས་ཅད་དུ། །སྡུག་བསྔལ་འབྱུང་བའི་རྒྱུ་ནི་སྡིག་སྒྲིབ་སྟེ། །དེ་དག་བཤགས་ན་དག་ཅིང་མ་བཤགས་ན། །བསྐལ་བ་བྱེ་བ་བརྒྱར་ཡང་ཆུད་མི་ཟ། །ནམ་ཞིག་རང་གི་ལུས་ངག་ཡིད་ལ་སྨིན། །རང་རེ་དམ་པའི་ཆོས་ཀྱི་སྒོར་ཞུགས་ནས། །སྡོམ་གཙང་དམ་ཚིག་ལྡན་པར་རློམ་ན་ཡང་། །ཕྲ་ཞིབ་ལྟུང་བའི་ཆར་རྒྱུན་བར་མཚམས་མེད། །རང་གིས་ཚོར་དང་མ་ཚོར་ལྟུང་བ་མང་། །དེ་དག་ཚུལ་བཞིན་བཤགས་པ་མ་བྱས་ན། །ལྟུང་བ་རེ་རེས་ངན་སོང་གནས་དེར་ལྟུང་། །དེ་ཕྱིར་ལྟུང་བ་ཞེས་བྱ་ཡིན་པར་གསུངས། །ཉེས་བྱས་བདུན་བསགས་ལྟུང་བ་གཅིག་ཏུ་གྲགས། །བཤགས་པ་མ་བྱས་པ་ཡི་ཉེས་ལྟུང་རྣམས། །ཞག་རེ་སོང་ཞིང་སྐྱེད་རེ་འཕེལ་བའི་ཕྱིར། །སྡིག་ལྟུང་ཆུང་ངུ་རེ་ཡང་ཆེན་པོར་འགྱུར། །དེ་ཕྱིར་བླུན་པོའི་སྡིག་པ་ཆུང་ཡང་ལྕི། །བཤགས་པ་བྱས་ན་རྩད་ནས་མ་དག་ཀྱང་། །དེ་ཕྱིན་སྐྱེད་ནི་འཕེལ་བར་མི་འགྱུར་ཏེ། །དེ་ཕྱིར་མཁས་པའི་སྡིག་པ་ཆེ་ན་ཡང་། །སྡིག་པ་ཆུང་ངུ་སྐྱོན་མེད་མ་ཡིན་ཏེ། །བཙན་དུག་ཆུང་ངུས་ཚེ་སྲོག་གཅོད་དང་མཚུངས། །དེ་དོན་རྒྱ་མཚོས་ཞུས་པའི་མདོ་སྡེ་ལས། །དང་པོ་བསྐལ་བ་ཆགས་པའི་དུས་ཙམ་ན། །རྒྱ་མཚོའི་ནང་ན་ཀླུ་ནི་མང་པོ་མེད། །ད་ནི་རྒྱ་མཚོའི་ནང་ན་མི་ཤོང་ཙམ། །འདི་ཡི་དོན་དེ་ཅི་ཡིན་ཐུབ་པར་ཞུས། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །འདས་པའི་སངས་རྒྱས་གསུམ་གྱི་བསྟན་པ་ལ། །འདུལ་ཁྲིམས་ཞུས་ནས་ཆེ་ཁོག་མ་ཉམས་ཏེ། །ལྟ་བ་རྣམ་པར་དག་པ་ཡོད་ན་ཡང་། །སྤྱོད་པ་འདུལ་ཁྲིམས་ཕྲ་ཞིབ་མ་བསྲུངས་ནས། །དེ་དག་དམྱལ་བ་ཡི་དྭགས་མི་སྐྱེ་སྟེ། །བཙུན་པ་དེ་དག་ཀླུ་རུ་སྐྱེས་པའི་ཕྱིར། །དེ་ཕྱིར་ཀླུ་རྣམས་མང་བ་ཡིན་ནོ་གསུངས། །གསུངས་འདི་རང་རེ་བཙུན་པ་རྣམས་ལ་འཇིགས། །དེ་ཕྱིར་ཕྲ་ཞིབ་བསྲུང་བར་དཀའ་ན་ཡང་། །འཕྲལ་དུ་བཤགས་པ་བྱེད་པ་གདམས་ངག་ཡིན། །བཤགས་པ་དེ་ལ་སྟོབས་བཞི་ཚང་དགོས་ཏེ། །སྟོབས་བཞིའི་སྒོ་ནས་བཤགས་པ་བྱས་པ་ན། །མི་དག་པ་ཡི་སྡིག་ལྟུང་གཅིག་ཀྱང་མེད། །རྟེན་གྱི་སྟོབས་དང་རྣམ་པར་སུན་འབྱིན་སྟོབས། །གཉེན་པོ་ཀུན་ཏུ་སྤྱོད་དང་ཆུར་ལོན་སྟོབས། །དེ་བཞི་ཚང་ན་སྡིག་སྒྲིབ་ཐམས་ཅད་འདག །རྒྱ་གར་ཉ་པ་རྣམས་ལ་ཕན་པའི་ཕྱིར། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་ནས་ཀྱང་། །ཐུབ་པས་ལྟུང་བ་བཤགས་པའི་མདོ་གསུངས་པས། །ཉ་པ་ཉར་བཅས་དག་པའི་ཞིང་དུ་སྐྱེས། །བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ཁྲི་སྲོང་གིས། །བཀའ་འགྱུར་བསྟན་འགྱུར་བོད་དུ་བསྒྱུར་བའི་དུས། །མཐའ་དབུས་མཁས་པ་བརྒྱ་དང་རྩ་བརྒྱད་ཀྱིས། །རྒྱལ་པོའི་ཁྲིམས་བཅད་དམག་འདྲེན་མང་བ་ཡིས། །སྒྲིབ་སྦྱོང་ལྟུང་བཤགས་འདི་ཉིད་ལྷག་གསུངས་ཕྱིར། །རྒྱལ་པོའི་སྒྲིབ་སྦྱོང་འདི་ཉིད་འདོན་སྲོལ་བཙུགས། །རྒྱལ་པོའི་ཐུགས་དམ་མདོ་བཅུའི་ནང་ན་ཡོད། །དགེ་འདུན་སྡེ་རྣམས་རྒྱུན་གྱི་འཚོགས་འདོན་དར། །རྒྱ་གར་ཡུལ་དུ་སྡིག་སྒྲིབ་ཆེན་པོ་ཅན། །རེ་རེས་སྐབས་འགར་འདོན་པ་མ་གཏོགས་པ། །རྒྱུན་དུ་འདོན་པའི་སྲོལ་ནི་མེད་པ་སྟེ། །བོད་དུ་ལྟུང་བཤགས་རྒྱུན་དུ་འདོན་དགོས་པའི། །སྡིག་ཆེན་དེ་འདྲ་ཡོད་ཅེས་འཕྱ་འོ་སྐད། ལྷ་ཚོགས་སུམ་ཅུ་སོ་ལྔ་འདི་དག་གི །རེ་རེའི་མཚན་ནི་ཐོས་པའི་ཕན་ཡོན་དང་། །རེ་རེར་ཕྱག་འཚལ་སྡིག་པ་དག་ལུགས་རྣམས། །རྒྱས་པར་བོ་དྷི་ས་ཏྭའི་འགྲེལ་ཆེན་གསལ། །ལྷ་ཚོགས་སོ་སོའི་སྐུ་མདོག་ཕྱག་མཚན་ནི། །གསར་མའི་གཞུང་དུ་འདྲ་མིན་སྣ་ཚོགས་ཏེ། །བླ་མ་རྣམས་ཀྱིས་ཞལ་གཟིགས་ལུགས་ཀྱང་ཡོད། །གཡུལ་ལས་རྣམ་པར་རྒྱལ་བས་གོ་མཚོན་བསྣམས། །དེ་ཉིད་མི་འཐད་ས་པཎ་བཀག་པ་ཡོད། །དེ་བཞིན་རྟ་ཕག་ཡིད་བཞིན་ནོར་བུ་ཡི། །ཕྱི་སྒྲུབ་ལྟུང་བཤགས་ལྷ་ཚོགས་སོ་ལྔ་ཡི། །སྐུ་མདོག་ཕྱག་མཚན་མངོན་རྟོགས་གསལ་ན་ཡང་། །དེ་ཉིད་འདོན་པ་གཅིག་ཀྱང་མི་འགྲུབ་ཅིང་། །བློ་ཆུང་རྣམས་ཀྱིས་དམིགས་པ་ཟིན་པར་དཀའ། །དེ་བས་མདོར་བསྡུས་ཁྱེར་བདེ་འདི་བརྗོད་ན། །ས་ཕྱོགས་འདི་ཉིད་སྤང་ལྗོངས་མེ་ཏོག་ཚལ། །ཁོད་སྙོམས་སྤོས་དྲི་འཇའ་གུར་མེ་ཏོག་ཆར། །དག་པའི་ཞིང་ཁམས་ལྟ་བུར་གྱུར་པའི་དབུས། །མདུན་དུ་སྣ་ཚོགས་པདྨའི་སྡོང་པོ་ནི། །ནང་དུ་འདབ་བཞི་དེ་རྒྱབ་རིམ་པ་གསུམ། །འདབ་མ་བཅུ་རེ་ལྡན་ཞིང་རྒྱ་ཆེ་བ། །དབུས་སུ་བཅོམ་ལྡན་ཤཱཀ་ཐུབ་གཞུང་ལྟར་ལས། །འདབ་མ་སོ་བཞི་སངས་རྒྱས་སུམ་ཅུ་བཞི། །ཐམས་ཅད་གཅིག་པར་གསེར་མདོག་མཚན་དཔེ་ལྡན། །རྡོ་རྗེའི་སྐྱིལ་ཀྲུང་ཆོས་གོས་རྣམ་གསུམ་ཀླུབ། །ཕྱག་ཀུན་སྡིག་སྒྲིབ་བསྲེགས་པའི་རྟེན་འབྲེལ་གྱིས། །རྡོ་རྗེ་མེ་ཡི་ཕྱག་རྒྱ་མཛད་པ་སྟེ། །གཙོ་བོ་རྩ་བའི་བླ་མ་དབྱེར་མེད་བསྒོམ། །སྤྱན་འདྲེན་མི་དགོས་དམ་ཡེ་དབྱེར་མེད་དེ། །གང་ཞིག་སངས་རྒྱས་ཡིད་ལ་བྱེད་རྣམས་ཀྱི། །མདུན་དུ་ཐུབ་དབང་བཞུགས་པར་གསུངས་ཕྱིར་རོ། །དེ་ནི་སྡིག་སྒྲིབ་གང་ལ་བཤགས་པའི་ཡུལ། །རྟེན་གྱི་སྟོབས་ཞེས་བྱ་བ་ཡིན་པའོ། །དེ་མདུན་རང་གི་ལུས་ནི་གྲངས་མེད་སྤྲུལ། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་ཀྱི། །སྡིག་སྒྲིབ་བསགས་ལ་ངོ་གནོང་ངོ་ཚ་དང་། །འགྱོད་པ་དྲག་པོས་ཁོང་དུག་སོང་བ་བཞིན། །སྙིང་ནས་བསྒོམ་པ་རྣམ་པར་སུན་འབྱིན་སྟོབས། །དེ་དོན་འོག་ནས་སེམས་ཅན་དམྱལ་བ་སོགས། །གསུངས་པའི་དོན་དེ་ཡིན་པ་ཤེས་པར་བྱ། །དེ་ལྟར་སྡིག་སྒྲིབ་ཉེས་པས་གོས་པ་དེ། །སངས་རྒྱས་ཁྱེད་རྣམས་ཐུགས་རྗེས་བྱང་བ་དང་། །དག་པ་ཐུགས་རྗེས་ཟུངས་སྙམ་དད་གུས་ཀྱིས། །སྐྱབས་འགྲོ་ནས་བཟུང་ཕྱག་རབས་སོ་ལྔ་བརྗོད། །གྲངས་མེད་སྤྲུལ་པའི་ལུས་ཀྱིས་ཕྱག་འཚལ་བསྒོམ། །རང་ཉིད་གཅིག་པུ་ཡིན་ན་དངོས་སུ་འཚལ། །དེ་ལྟར་ཕྱག་འཚལ་སྡིག་པ་སྦྱོང་བའི་ཐབས། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིན་ནོ། །བདག་ལ་དགོངས་སུ་གསོལ་ཞེས་བྱ་བ་ནས། །མི་འཆབ་མི་སྦེད་ཅེས་པའི་བར་དེ་ནི། །གོང་དུ་བཤད་པའི་རྣམ་པར་སུན་འབྱིན་སྟོབས། །སྡིག་པ་བྱས་ཀྱང་སྐྱོན་མེད་བཤགས་ཆོག་སྙམ། །ཕྱིན་ཆད་མི་བྱའི་སྡོམ་སེམས་མེད་ན་ནི། །བཤགས་པ་བྱས་ཀྱང་དག་པར་མི་འགྱུར་གསུངས། །དེ་ཕྱིར་ཕྱིན་ཆད་མི་བྱེད་དམ་བཅའ་ཡིས། །གཅོད་ཅིང་སྡོམ་པར་བགྱིད་ཅེས་ཚིག་གཅིག་དེ། །ཕྱིན་ཆད་མི་བགྱིད་ཆུར་ལོན་སྟོབས་ཡིན་ནོ། །ཆུར་ལོན་ཞེས་བྱ་ཆུ་རགས་བརྩིགས་པའི་མིང་། །དེ་ནི་མི་དགེ་སྡིག་པ་འདྲེས་དོགས་ཀྱིས། །སེམས་ལ་དམ་བཅའ་དྲག་པོས་རགས་བརྩིག་གོ །དེ་ནས་དེ་ཡི་དགེ་བའི་རྩ་བ་དེ། །ལྷ་མིའི་བདེ་བ་འདོད་ཕྱིར་མི་བསྔོ་ལ། །རང་ཉིད་ཐར་འདོད་ཁོ་ནར་མི་བསྔོ་སྟེ། །འགྲོ་བའི་དོན་དུ་སངས་རྒྱས་ཐོབ་ཕྱིར་བསྔོ། །དེ་ཡང་རང་རེ་སོ་སོའི་སྐྱེ་བོ་ཡིས། །འཁོར་གསུམ་ཡོངས་དག་བསྔོ་བ་མི་ཤེས་པས། །དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྔོ་བ་མཆོག །མཛད་པ་དེ་བཞིན་ཡོངས་སུ་བསྔོ་ཞེས་བརྗོད། །དེ་ནས་ཡན་ལག་བདུན་པའི་མཇུག་སོགས་ཀྱི། །གོང་གི་དེ་རྣམས་ཚིགས་བཅད་དུ་གསུངས་པ། །དེ་དག་ཝོར་ལོགས་ཡིན་པས་བཤད་མི་དགོས། །མདོ་སྡེ་དབྱངས་སུ་བསྙད་པའི་སྡེ་རྣམས་ལས། །ཚིག་ལྷུག་རྗེས་ནས་ཚིགས་བཅད་གསུང་ཝིག་སྲོལ། །འདི་ཡང་དོན་ལ་དེ་དང་འདྲ་བར་སྣང་། །དེ་ནས་མདུན་གྱི་སངས་རྒྱས་སུམ་ཅུ་བཞི། །གཙོ་བོ་ལ་ཐིམ་གཙོ་བོ་ཤཱཀྱ་ཐུབ། །བླ་མ་དབྱེར་མེད་རང་གི་སྙིང་གར་ཐིམ། །དེ་ནས་བཤགས་ཡུལ་བཤགས་མཁན་བཤག་བྱའི་སྡིག །གང་ཡང་མ་གྲུབ་རང་རིག་སྟོང་པའི་གཤིས། །དེ་ཡི་ངང་ལ་མཉམ་པར་བཞག་པའི་ཚེ། །ནམ་མཁའ་སྟོང་པ་ཅིས་ཀྱང་མ་གཡོགས་བཞིན། །སེམས་ཉིད་སྟོང་པར་དགེ་སྡིག་གོས་པ་མེད། །དེ་དོན་མདོ་ལས་ཐུབ་པའི་དབང་པོ་ཡིས། །གལ་ཏེ་བཤགས་པ་བྱེད་པར་འདོད་པ་ན། །དྲང་པོར་བཞག་ལ་ཡང་དག་ལྟོས་གསུངས་ཤིང་། །བཤག་བྱ་བཤག་བྱེད་བྲལ་བའི་བཤགས་པ་དེ། །དྲི་མེད་བཤགས་པའི་རྒྱུད་ལས་རྒྱས་པར་གསུངས། །ཕུང་པོ་ཞེས་པ་མང་པོ་སྤུངས་པའི་མིང་། །དང་པོ་ཕྱག་འཚལ་དགེ་བའི་ཕུང་པོ་གཅིག །དེ་ནས་བཤགས་པ་དགེ་བའི་ཕུང་པོ་གཉིས། །དེ་ནས་བསྔོ་བ་དགེ་བའི་ཕུང་པོ་གསུམ། །དེ་ཕྱིར་ཕུང་པོ་གསུམ་པའི་མདོ་ཞེས་བྱ། །དེ་སྐད་དྲིན་ཅན་ཆོས་ཀྱི་དབང་ཕྱུག་གིས། །འདི་ཡི་ལྗགས་ལུང་གནང་སྐབས་གསུངས་པ་ཐོས། །ལྟུང་བཤགས་དམིགས་རིམ་ཤིན་ཏུ་བསྡུས་པ་འདི། །གྲྭ་སློབ་རྣམས་ལ་ཕན་པར་བྱ་བའི་ཕྱིར། །རཱ་ག་ཨ་སྱས་ཐུན་སྐབས་ཤིག་ལ་སྨྲས། །སྔོན་གྱི་བཀའ་གདམས་དགེ་བཤེས་ཐམས་ཅད་ཀྱིས། །ཉིན་མོའི་ཉེས་བྱས་ལྟུང་བ་ནུབ་མོ་བཤགས། །མཚན་མོའི་ཉེས་བྱས་ལྟུང་བ་ཐོ་རངས་བཤགས། །ལྟུང་བ་དང་ནི་ཞག་ལ་མི་འགྲོག་གསུངས། །དེ་མ་གྲུབ་ན་ཞག་གཅིག་ཉེས་ལྟུང་རྣམས། །ནམ་ལངས་དུས་སུ་བཤག་དགོས་མི་ལས་གསུངས། །དེ་ཕྱིར་དེང་སང་གྲོང་ཆོག་པ་ཀུན་གྱིས། །དང་པོ་ལངས་ནས་ལྟུང་བཤགས་འདོན་སྲོལ་དར། །ཁྱད་པར་དགེ་འདུན་ལྷག་མའི་ལྟུང་བ་འདི། །དགོན་སྡེ་ཀུན་ཏུ་ཁྲིམས་མེད་དར་ཆེ་ཞིང་། །སྤང་བར་དཀའ་ཡང་རང་ལ་སྙིང་རྗེ་ལྟོས། །ལྟུང་བཤགས་ལ་སོགས་བཤགས་པ་གྱིས་ཤིག་ཅེས། །མཆོག་གི་སྤྲུལ་སྐུའི་བཅའ་ཡིག་ནང་དུ་གསུངས། །དེ་ཕྱིར་ཉེས་ལྟུང་ཕྲ་ཞིབ་བྱུང་བ་རྣམས། །ལྟུང་བཤགས་འདི་ལ་ཐུགས་དམ་མཛད་གལ་ཆེ། །ཡི་གེ་པ་ནི་པདྨ་མཐར་ཕྱིན་ནོ། །འདི་ཡིས་གཞན་ཕན་དཔག་མེད་འབྱུང་བར་ཤོག །སརྦ་མངྒ་ལཾ།། །།

སྡོམ་གསུམ་འགལ་མེད་དུ་ཉམས་སུ་ལེན་ཚུལ་སྟོན་པ་གདམས་པ་སྒོ་དྲུག །ངོར་ཆེན་དཀོན་མཆོག་ལྷུན་གྲུབ།

༄༅། །སྡོམ་གསུམ་འགལ་མེད་དུ་ཉམས་སུ་ལེན་ཚུལ་སྟོན་པ་གདམས་པ་སྒོ་དྲུག་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷ་ཡ། བྱམས་པའི་སྟོབས་ཀྱིས་བདུད་ཀྱི་དཔུང་བཅོམ་ཞིང་། །སྙིང་རྗེའི་སྟོབས་ཀྱིས་འགྲོ་བའི་སྡུག་བསྔལ་སེལ། །མཁྱེན་པའི་སྟོབས་ཀྱིས་ཤེས་བྱ་ཀུན་གཟིགས་པའི། །འདྲེན་པ་སྟོབས་བཅུ་མངའ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྙེད་དཀའི་དལ་འབྱོར་ལུས་རྟེན་འདི། །མི་རྟག་མྱུར་དུ་འཆི་བ་དྲན་བྱས་ནས། །འཇིག་རྟེན་ཕྱི་མའི་དོན་ཆེན་འགྲུབ་པའི་ཕྱིར། །བསྟན་རྩ་སྡོམ་གསུམ་ཉམས་ལེན་འདི་ལྟར་བྱ། །སྡུག་བསྔལ་འབྱུང་གནས་འཁོར་བའི་བཙོན་ར་ལས། །གཏན་དུ་ཐར་པའི་རྣམ་གྲོལ་དོན་གཉེར་བློས། །གཞན་ལ་གནོད་པའི་བསམ་སྦྱོར་ཀུན་སྤངས་ནས། །འདོད་ཆུང་ཆོག་ཤེས་བསྟེན་པ་སོ་ཐར་སྒོ། །མ་གྱུར་འགྲོ་བའི་སྡུག་བསྔལ་བསལ་སླད་དུ། །དོན་གཉིས་མཐར་ཕྱིན་ཀུན་མཁྱེན་ཡིད་བྱེད་བློས། །རང་ཉིད་གཅེས་པར་འཛིན་པའི་སེམས་སྤངས་ནས། །གཞན་ཕན་བསམ་སྦྱོར་བསྟེན་པ་བྱང་སེམས་སྒོ། །འཁྲུལ་ངོར་སྣང་བའི་སྣོད་བཅུད་སྣ་ཚོགས་འདི། །སྣང་སྟོང་དབྱེར་མེད་ལྷ་སྐུ་བདེ་བ་ཆེ། །རང་བཞིན་འོད་གསལ་འཁོར་འདས་མཉམ་ཉིད་དུ། །འཛིན་མེད་གོམས་འདྲིས་བསྟེན་པ་སྔགས་ཀྱི་སྒོ། །མདོར་ན་སྲིད་ལ་ཆགས་སྤངས་སོ་ཐར་ཏེ། །སྲིད་ལས་རང་གཞན་བསྒྲལ་འདོད་བྱང་ཆུབ་སེམས། །སྲིད་ཞི་དག་པར་མགོ་སྙོམས་སྔགས་ཀྱི་ལམ། །སྦྱོར་དངོས་ཚུལ་གྱི་ཉམས་ལེན་འགལ་མེད་སྒོ། །འོན་ཀྱང་སོ་སོའི་བསླབ་བྱ་ནང་འགལ་ཚེ། །དགག་དགོས་རྩིས་ལ་བླང་དོར་རིགས་པས་དཔྱད། །དང་པོའི་ལས་པས་བསམ་པ་ཡར་འཕེལ་དང་། །སྦྱོར་བ་མར་འབེབས་གོལ་ས་སྤང་བའི་སྒོ། །མན་ངག་རྒྱལ་པོ་རྟག་ཏུ་དྲན་ཤེས་བསྟེན། །བླ་མ་ལྷར་བསྒོམ་རང་ལུས་ལྷ་སྐུ་མཆོད། །འཁྲུལ་རྗེས་མི་གཅད་གཉུག་མའི་རང་ཞལ་བལྟ། །མཉམ་རྗེས་ཀུན་ཏུ་དགོས་པ་གནད་ཀྱི་སྒོ། །དེ་ལྟར་བསྟན་པའི་སྙིང་པོ་སྡོམ་པ་གསུམ། །ཉམས་ལེན་གནད་ཀྱི་གདམས་པ་སྒོམ་དྲུག་འདི། །ཉུང་གསལ་དོན་དུ་གཉེར་བས་བསྐུར་བའི་ངོར། །སྦྱར་བ་འདིས་ཀྱང་འགྲོ་ཀུན་སངས་རྒྱས་ཤོག །ཅེས་བསྟན་པའི་སྙིང་པོ་སྡོམ་པ་གསུམ་འགལ་མེད་དུ་ཉམས་སུ་ལེན་པའི་ཚུལ་ཉུང་གསལ་ཞིག་དགོས་ཞེས་བྱ་བཏང་བ་དགེ་འདུན་རྒྱ་མཚོས་བསྐུལ་བའི་ངོར། །བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཤིན་ཏུ་མྱུར་བར་བྲིས་པ་དགེའོ། །མངྒ་ལཾ།། །།

ཨང་ཡིག་བདུན་ཅུ་རྩ་གཉིས་པ། དགེ་བཤེས་ཁ་རག་སྒོམ་ཆུང་།

༄༅། །ཨང་ཡིག་བདུན་ཅུ་རྩ་གཉིས་པ་བཞུགས་སོ། །ན་མོ་གུ་རུ། དགེ་བའི་བཤེས་གཉེན་པོ་ཏོ་བ་དང་། ཁ་རག་སྒོམ་ཆུང་གཉིས་གྲོགས་མཆེད་ཡིན་པ་ལ། པོ་ཏོ་བའི་བསམ་པ་ལ། ཁ་རག་པ་འདི། ཆོས་རང་ཙམ་མི་ཤེས་ཀྱང་། སྡོད་ཚུགས་རེ་བཟང་། ད་ང་ལ་གཅིག་ཉན་ནས་བསྒོམ་ན་ལམ་དུ་འགྲོ་བ་ལ་བསམ་སྟེ། དུས་རེ་ཞིག་འཕན་བྲག་རྒྱབ་བྱ་བར་ཆོས་སྟོན་གཅིག་གི་སར། གཉིས་པོ་འཛོམས་ཏེ། དགེ་བཤེས་པོ་ཏོ་པས། ཁ་རག་སྒོམ་ཆུང་ལ་བཅོས་ཐབས་སུ་དྲིས་པ། དེ་ཙམ་པའི་སྒོམ་སྲན་ཆེ་བ་འོར་ཆེ། སྒོམ་ཉམས་ཅི་སྐྱེས་གསུངས་པས། ཁོང་ན་རེ། བདག་གིས་དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་བསྒོམས་པས། ཚེ་འདི་ལ་བློ་ལྡོག་དགོས་པར་གོ་ལགས། ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བསྒོམས་པས། འདོད་པ་ལ་བློ་ལྡོག་དགོས་པར་གོ་ལགས། འཁོར་བའི་ཉེས་དམིགས་བསྒོམས་པས་འཁོར་བ་མཐའ་དག་ལས་བློ་ལྡོག་དགོས་པར་གོ་ལགས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱམས་པ་དང་སྙིང་རྗེ་བསྒོམས་པས། རང་གཅིག་པུ་ཞི་བདེ་ལས་བློ་ལྡོག་དགོས་པར་གོ་ལགས། ཆོས་ཐམས་ཅད་རང་བཞིན་སྐྱེ་བ་མེད་པར་བསྒོམས་པས། གཟུང་འཛིན་གཉིས་ལས་བློ་ལྡོག་དགོས་པར་གོ་ལགས། ཞེས་གསུངས་པས། དགེ་བཤེས་པ་ཤིན་ཏུ་མཉེས་ཏེ། སྔར་མ་གུས་པ་ལ་འགྱོད་ནས་ད་ཁོང་ལ་གདམས་ངག་གཅིག་ཞུ་དགོས་པར་དགོངས་ཏེ། ཕྱིས་ཁོང་གི་དགོན་པར་བྱོན་པས། དགོན་པའི་ཕྱོགས་བཞི་ན་ཐོ་བཞི་བཙུགས་པ་ལ་བྱང་བུར་ཡི་གེ་བྲིས་པ་རེ་བཏགས་ནས་འདུག་སྟེ། དང་པོ་ཤར་གྱི་དེ་བཀླགས་པས། ཤར་གྱི་ཐོ་ལས། འཆི་བདག་བདུད་ནི་མི་སྡོད་ཉེ་བར་འོང་། །དེ་ལས་ཐར་པའི་ཐབས་ནི་ཅུང་ཟད་མེད། །ད་ལྟ་གཉིད་དང་རྨུགས་པས་མ་ཚོར་བར། །ཇི་ལྟ་བུ་ཡི་དུས་གཅིག་བདག་ལ་ནམ་ཡོད་ཨང་། །ལྷོའི་ཐོ་ལས། ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །ཤི་ནས་བྱང་ཆུབ་འབྲས་བུ་བཙལ་དུ་མེད། །སང་འཆི་གནང་འཆི་བདག་གིས་མི་ཤེས་པས། །དེ་བས་བྱང་ཆུབ་མྱུར་དུ་བསྒྲུབ་པར་རིགས། །ནུབ་ཀྱི་ཐོ་ལས། སོ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང་། །སྒོམ་ཆེན་བསེར་རམ་ལྟོགས་ནས་གྲོངས་པ་དག །སྔོན་ཆད་མཐོང་ཞིང་ཐོས་པ་ཅུང་ཡོད་དམ། །ཕྱིན་ཆད་ན་ཡང་མཐོང་ཞིང་ཐོས་མི་འགྱུར། །བྱང་གི་ཐོ་ལས། མར་མེ་ཆུང་ངུའི་དུས་ན་རླུང་གིས་གནོད་པ་སྐྱེལ། །ནགས་ཚལ་བསྲེགས་པའི་མེ་ལ་རླུང་ཡང་གྲོགས་སུ་འགྱུར། །བརྟན་པ་མ་ཐོབ་བར་དུ་རྐྱེན་གྱིས་གནོད་པ་སྐྱེལ། །བརྟན་པ་ཐོབ་ན་རྐྱེན་ཡང་གྲོགས་སུ་འཆར། །སྒོའི་ཡ་ཐེམ་ལས། ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་གཉེན་ཡིན། །བར་ཆད་དགེ་སྦྱོར་སྐུལ་མ་ཡིན། །སྡུག་བསྔལ་སྡིག་པའི་ཕྱག་མ་ཡིན། །མི་དགའ་བྱུར་དུ་མ་བལྟ་ཨང་། །སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །བསྙེན་བཀུར་འཆིང་བའི་ཞགས་པ་ཡིན། །བསོད་ནམས་དགེ་བའི་བར་ཆད་ཡིན། །དུག་ལ་སྨན་དུ་མ་བལྟ་ཨང་། །བློ་སྣའི་འགྲོ་ལྡོག་མ་ཤེས་ན། །ཅི་བྱས་སེམས་ལ་བདེ་དུས་མེད། །འགྲོ་ལྡོག་ཤེས་པའི་མཁས་པ་ལ། །རྐྱེན་ངན་གྲོགས་སུ་འཆར་རོ་ཨང་། ཆོས་མིན་ཆོས་ལྟར་བཅོས་པ་ཡི། །ཆོས་ལ་བརྟེན་པའི་གཡོ་སྒྱུ་ཡིས། །ཚེ་འདིའི་ཆེ་ཐབས་མ་བསྒྲུབ་པར། །འཇིག་རྟེན་བློ་ཡིས་ཐོངས་ཤིག་ཨང་། །ཚེ་འདིའི་སྙན་གྲགས་བསོད་ནམས་དང་། །ཕྱི་མ་ངེས་པར་འཆི་ཆོས་གཉིས། །གང་ཀླག་གང་ཁེ་མ་ལྟ་བར། །ངེས་པར་འཆི་ཆོས་གྱིས་ཤིག་ཨང་། །དད་ལྡན་གྱི་འཁོར་ལས་དཀོན་པ་མེད། །གཡོག་ངན་གྱི་དཔོན་ལས་སྡུག་པ་མེད། །བཟང་འདོད་ཀྱི་དཔོན་ཆ་མ་འཛིན་པར། །ངན་པའི་དམན་ས་ཟུངས་ཤིག་ཨང་། །ཁྱོད་ནི་འཇིག་རྟེན་ཁམས་ནའང་དམན། །རང་གི་སྐྱོན་དེ་མ་སྦེད་པར། །བསོད་ནམས་ལྡན་པ་གཞན་དག་ལ། །ཕྲག་དོག་འགྲན་སེམས་འཁྲུལ་ལོ་ཨང་། །ཕྱི་སྣང་བ་ཡུལ་གྱི་འདོད་ཡོན་ལ། །ཞེན་པ་གཏིང་ནས་མ་ལོག་པའི། །རང་བཙུན་དུ་རེ་བའི་ཚུལ་འཆོས་ཀྱིས། །མི་ནག་གི་བསླུ་རྡོ་མ་བྱེད་ཨང་། །རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི། །དོན་ངེས་ཤེས་བློ་ལ་མ་ཤར་ན། །ཚིག་ཐ་སྙད་སྒྲ་ལ་ཞེན་པ་ཡིས། །མངོན་པའི་ང་རྒྱལ་མ་ཆེ་ཨང་། །ཐོག་མེད་དུས་ནས་གོམས་པ་ཡིས། །ལོག་ལྟ་ཅིག་ཆར་མི་སྤོངས་ཀྱིས། །ཧ་ཅང་བཟང་རློམ་མ་སྔ་བར། །བློ་སྐྱེད་རིམ་གྱིས་ཐོན་ཅིག་ཨང་། །འགྲན་སེམས་ཀྱིས་སློབ་གཉེར་བྱས་པ་དང་། །ལོ་འདོད་ཀྱི་སྟོན་པ་བྱས་པ་དང་། །མཁས་འདོད་ཀྱིས་ང་རྒྱལ་སྨྲས་པ་རྣམས། །ཆོས་སུ་འགྲོའམ་སོམས་ཤིག་ཨང་། །དོན་ངེས་ཤེས་བློ་ལ་མ་ཤར་ན། །ཚིག་གཞན་ལ་བཤད་པའི་གོ་བ་མེད། །སླར་ལ་རང་ལ་ཞེ་ཁྲེལ་བསྐྱེད། །རྙེད་ཕྱིར་དམ་ཆོས་མ་བཤད་ཨང་། །སྐྱོ་ཤས་གཏིང་ནས་མ་སྐྱེས་པའི། །ཆོས་བརྒྱད་ཞེ་ཕུགས་བཞག་པ་ཡི། །གཞན་ལ་སྐྱོ་ཚུལ་འཆོས་པ་ཡིས། །ཁས་ཅང་སྡུག་སྐད་མ་ཆེ་ཨང་། །ཁ་དད་ཆེ་ལ་གཏིང་དད་ཆུང་། །ཆོས་བྱའོ་སྙམ་ལ་བྱ་བློ་རྒས། །འཇུག་པ་སྔ་ལ་སྨིན་པ་འཕྱི། །རང་ལ་ཁྲེལ་བར་སྒོམས་ཤིག་ཨང་། །མེ་ཡི་རང་བཞིན་ཚ་བ་བཞིན། །སེམས་ཅན་སྐྱོན་གྱི་རང་བཞིན་ཡིན། །གཞན་གྱི་སྐྱོན་ལ་མ་རྟོག་པར། །རང་སྐྱོན་རྟོག་ལ་སྤོངས་ཤིག་ཨང་། །ཐེག་ཆེན་སྟོན་པའི་བླ་མ་ཡི། །ཕྱི་རོལ་སྤྱོད་པ་མི་མཛེས་ཀྱང་། །ནང་གི་ཐུག་དགོངས་མི་ཤེས་པས། །བླ་མའི་སྐྱོན་ལ་མ་རྟོག་ཨང་། །ཁྱོད་ཀྱི་སེམས་ལ་ཅི་མནོ་བ། །རྒྱལ་བའི་ཐུགས་ལ་སྒྲིབ་མེད་གསལ། །རང་གི་ཡི་དམ་ལྷས་ཁྲེལ་གྱི། །བསམ་ངན་ཡིད་ལ་མ་འཁུ་ཨང་། །ལོང་བའི་དྲུང་ན་མིག་ཅན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །རྟག་ཏུ་དྲི་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་། །སོ་སོའི་སྐྱེ་བོ་མགུ་དཀའ་བས། །འདྲིས་ནས་ཡོན་ཏན་མི་མཐོང་ལ། །སྐྱོན་མཐོང་ནས་ནི་སྨོད་འགྱུར་གྱིས། །རང་གཅིག་པུར་ཉམས་སུ་ལོངས་ཤིག་ཨང་། །ཚེ་འདིའི་ཕ་མ་བུ་ཚ་དང་། །གཉེན་འབྲེལ་རྩ་ལག་ཐམས་ཅད་ཀུན། །མགྲོན་པོའི་གནས་མལ་དུས་འཛོམས་ཡིན། །འབྲེལ་མེད་ཡིད་ལ་གྱིས་ཤིག་ཨང་། །ལག་སྟོང་སྒྲེན་མོར་འགྲོ་ཙ་ན། དབུལ་ཡང་ལྷག་མ་ལུས་པ་ལ། །སྡིག་བསྔོས་ལོངས་སྤྱོད་མ་གསོག་པར། །བློ་ཕུགས་སྤྲང་ལ་གཏོད་ཅིག་ཨང་། །བདག་གིས་བརྩིགས་པའི་ཁང་པ་རུ། །རྟག་ཏུ་སྡོད་དབང་མི་བདོག་གིས། །དགོས་མེད་མཁར་ལན་མ་བྱེད་པར། །རི་ཁྲོད་དགོན་པ་འགྲིམས་ཤིག་ཨང་། །བཟའ་མེད་ཁྱིམ་ཐབས་བྱས་པ་ན། །དགོས་མེད་བུ་ཚ་བྱུང་ནས་ནི། །ཁྲེལ་མེད་སྤྲང་པོ་བྱ་དགོས་ཀྱི། །གྲོས་ཉེས་ཆུང་མ་མ་ལེན་ཨང་། །ཞེན་ཆགས་བྲལ་བའི་དམ་པ་ལ། །ལས་ཀྱི་ཕྱག་རྒྱས་དགོས་པ་མེད། །ཞེན་ཆགས་སེམས་དང་འདྲེས་པ་ཡི། །ཕྱག་རྒྱས་ངན་འགྲོར་འཁྲིད་དོ་ཨང་། །ཆོས་མིན་སྤྱོད་པ་འབྱུང་བའི་རྒྱུ། །འོག་མའི་ངན་དཔེ་མ་ལྟ་བར། །དམན་པ་སྙིང་རྗེའི་གནས་སུ་ལྟོས། །གྲུབ་ཐོབ་ཀྱི་རྗེས་སུ་སྒོམས་ཤིག་ཨང་། །སྡིག་པའི་གྲོགས་པོ་ཐབས་ཀྱིས་སྤོངས། །མཁས་བཙུན་ཡོན་ཏན་ལྡན་པ་དང་། །འཇིག་རྟེན་བློ་ཡིས་བཏང་བ་ཡི། །བཤེས་གཉེན་དམ་པ་བསྟེན་ཅིག་ཨང་། །བསམ་འཕེལ་ཡིད་བཞིན་ནོར་བུ་ལྟར། །བྱིན་རླབས་རང་སེམས་གུས་ལས་འབྱུང་། །ལྷ་དང་བླ་མ་དཀོན་མཆོག་ལ། །མོས་གུས་དྲག་པོ་གྱིས་ཤིག་ཨང་། །བདག་ལ་མ་ནོར་ལམ་སྟོན་པའི། །ས་མཁན་དགེ་བའི་བཤེས་གཉེན་གྱིས། །རྗེས་སུ་བསྟན་པའི་གདམས་ངག་ལ། །སྒྲུབ་པ་སྙིང་པོར་འབུངས་ཤིག་ཨང་། །རྒྱལ་བས་གསུངས་པའི་གདམས་ངག་ལ། །བློ་གྲོས་ལེགས་པར་སྦྱངས་པ་ཡིས། །མི་ཤེས་ཐེ་ཚོམ་གཉིས་དང་བྲལ། །གཞོན་པའི་དུས་སུ་སློབས་ཤིག་ཨང་། །བཤེས་གཉེན་དམ་པས་མ་ཟིན་ན། །སྣོད་ངན་ཞབས་ནི་ཟག་པ་ལྟར། །ཟག་བཅས་ཀྱི་ཤེས་པ་བརྗེད་ངེས་པས། །ཐོས་པ་བསམ་པས་སྐྱོངས་ཤིག་ཨང་། །དལ་འབྱོར་མི་ལུས་ཐོབ་པའི་རྒྱུ། །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །རང་གི་རྒྱུད་ལ་ཐུབ་ཚོད་ཀྱི། །དྲི་མེད་གཙང་མ་སྲུངས་ཤིག་ཨང་། །ཤེས་པ་འཕྲོ་ལ་ལུས་ལ་གནོད། །མཁས་བཙུན་རྣམས་ཀྱིས་སྨོད་པའི་གནས། །ཉེས་པ་ཐམས་ཅད་འབྱུང་བའི་རྒྱུ། །ཆང་དང་བུད་མེད་སྤོངས་ཤིག་ཨང་། །སྐྱེ་བ་དམན་པའི་བུད་མེད་ཀྱི། །འཁོར་ལ་ཕན་སེམས་ཆེ་བ་ན། །སྙིང་རྗེར་བརྫུས་པའི་ཆགས་པ་ཡིས། །ཆོས་ཀྱི་བར་ཆད་བྱེད་དོ་ཨང་། །བདག་ལ་སྡུག་བསྔལ་སྐྱེད་བྱེད་པའི། །ཉོན་མོངས་དགྲ་བོ་འཇོམས་པ་ལ། །འཇིགས་དང་ཞུམ་པར་མ་བྱེད་པར། །མངོན་པའི་ང་རྒྱལ་སྐྱེད་ཅིག་ཨང་། །རང་གི་སེམས་ཀྱིས་མ་ཁྲེལ་ན། །མི་ཡི་འཕྱ་སྨོད་བྲག་ཆ་ཡིན། །བསླབ་གསུམ་དཔང་པོར་བཞག་ནས་ནི། །རང་སེམས་དྲི་མ་ཁྲུས་ཤིག་ཨང་། །ཁོང་ནད་སེལ་བའི་གཏར་བསྲེག་ལྟར། །ངན་སོང་སྡུག་བསྔལ་སྤོང་བའི་གནས། །ཆོས་ཀྱི་དཀའ་སྤྱད་ཕྲ་མོ་ལ། །མི་བཟོད་འཇིགས་པར་མ་བྱེད་ཨང་། །ད་ལྟའི་སྡུག་བསྔལ་འདི་འདྲ་ཡང་། །བདག་གིས་བཟོད་པར་མི་ནུས་ན། །ངན་སོང་གསུམ་གྱི་སྡུག་བསྔལ་དེ། །བཟོད་དུ་རེ་བ་འཁྲུལ་ལོ་ཨང་། །བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་པར་དཀའ། །སངས་རྒྱས་ཐོབ་ཏུ་རེ་བ་ཡི། །ལྟ་བ་མཐོན་པོ་འཁྲུལ་ལོ་ཨང་། །དལ་འབྱོར་མི་ལུས་རིན་པོ་ཆེ། །རྙེད་པར་དཀའ་བ་ཐོབ་པ་ལ། །ཐོབ་པ་ཡལ་བར་མ་གཏོང་བར། །དུས་གཏན་གྱི་སོ་ནམ་གྱིས་ཤིག་ཨང་། །གཞན་གྱིས་བྱས་པའི་དགེ་བ་ལ། །རྗེས་སུ་དགའ་བ་བསྒོམ་བྱ་ཞིང་། །བྱ་མིན་ལས་ལ་འཇུག་འདོད་ན། །ལུས་ངག་གཡོ་བ་སྡོམས་ཤིག་ཨང་། །སེམས་ཀྱི་གླང་ཆེན་སྨྱོན་པ་ནི། །དམན་པའི་ཡུལ་ལ་རང་ཡན་ན། །ཉོན་མོངས་རླུང་འཚུབ་ལྡང་འགྱུར་གྱིས། །དྲན་པའི་ཐག་པས་ཟུངས་ཤིག་ཨང་། །ཕོ་རྒོད་ཉེ་རིང་མཐུན་འཇུག་མཁན། །ཆོས་བརྒྱད་གྲགས་པ་ལྷུར་ལེན་པ། །དགེ་སྡིག་སྤེལ་བའི་བློ་རྒྱ་ཅན། །སྡིག་དཔོན་གྱི་རྣམ་ཐར་ཡིན་ནོ་ཨང་། །ཐོས་པ་ཚིག་གི་ཞོལ་ཁང་གིས། །ཉོན་མོངས་དམག་དཔུང་ཐུབ་དཀའ་བས། །བསམ་སྒོམ་འབད་པ་དྲག་པོ་ཡིས། །ངེས་ཤེས་ཀྱི་མཁར་དཔེ་རྩིགས་ཤིག་ཨང་། །མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྙེད་ཚེ་ལེ་ལོ་མ་བྱེད་ཨང་། །བརྩིགས་པ་འཇིག་ཅིང་བསགས་པ་ལུས། །འབྲེལ་བའི་གཉེན་རྣམས་བོར་ནས་ནི། །རང་གཅིག་པུར་ནམ་འགྲོ་ཆ་མེད་པས། །འགྲུབ་མེད་ཀྱི་བློ་སྣ་མ་མང་ཨང་། །མི་འཆི་བ་ཡི་ས་ཕྱོགས་མེད། །འཆི་ངེས་མྱུར་བ་རང་དུ་འཆི། །འཆི་ལ་ཅིས་ཀྱང་མི་ཕན་གྱིས། །ལོང་མེད་རྒྱུད་ལ་བསྟེན་ཅིག་ཨང་། །དུས་གཏན་གྱི་མཐོ་རིས་བདེ་བ་དང་། །ངན་སོང་གསུམ་གྱི་སྡུག་བསྔལ་གཉིས། །ད་ལྟ་གདམ་དབང་ཡོད་པ་ལ། །མནོ་བསམ་གཞིག་འགྲེལ་སྐྱེད་ཅིག་ཨང་། །གཡོ་སྒྱུ་ཟོལ་ཟོག་རྫུན་དང་ཁྲམ། །མ་བྱིན་ལེན་སོགས་སྨད་པའི་གནས། །ངན་སོང་སྡུག་བསྔལ་འབྱུང་བའི་རྒྱུ། །ལས་ངན་སྡིག་པ་སྤོངསཤིག་ཨང་། །ཚེ་འདིའི་བདེ་བ་ཡུད་ཙམ་དེ། །དུས་གཏན་གྱི་བདེ་བ་འབྱུང་འདོད་ན། །འགྲུབ་ཅིང་རང་དབང་ཡོད་དུས་སུ། །སྦྱིན་སོགས་དགེ་ལ་འབོད་ཅིག་ཨང་། །ཐམས་ཅད་སྒྱུ་མའི་བསླུ་བྲིད་ཡིན། །བློ་ལྟོས་བཅས་ན་མི་བསླུ་བ། །དཀོན་མཆོག་གསུམ་ལས་མི་བདོག་གིས། །དུས་གཏན་དུ་སྐྱབས་སུ་སོངས་ཤིག་ཨང་། །འཁོར་བ་པ་ལ་བདེ་བ་མེད། །མེ་མདག་འོབས་དང་འདྲ་བ་ཡི། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གདུང་། །འཁོར་བའི་ཉེས་དམིགས་སྒོམས་ཤིག་ཨང་། །ཉེ་བར་ལེན་པ་སྡུག་བསྔལ་རྒྱུ། །ལས་དང་ཉོན་མོངས་ཀུན་འབྱུང་རྣམས། །བདག་མེད་ལམ་གྱིས་སྤངས་པ་ཡིས། །ཞི་བདེ་ཡོན་ཏན་སྒོམས་ཤིག་ཨང་། །ཁྲོས་པའི་རང་དོན་ཡལ་བར་འདོར། །མཛའ་བཤེས་གཉེན་ཀྱང་སྐྱོ་འགྱུར་བས། །ཚིག་རྩུབ་དུག་མདའ་མ་འཕེན་པར། །རྒྱུད་ངན་ཞེ་སྡང་སྤོངས་ཤིག་ཨང་། །བདེ་འདོད་སྡུག་བསྔལ་མི་འདོད་པར། །བདག་དང་སེམས་ཅན་བློ་མཐུན་གྱིས། །རང་གི་ཉམས་ལ་དཔག་ནས་སུ། །བདག་གཞན་མཉམ་པར་སྒོམས་ཤིག་ཨང་། །སློབ་དཔོན་ཕ་མར་གྱུར་པ་ཡི། །དྲིན་ཅན་ཁམས་གསུམ་སེམས་ཅན་ལ། །གནོད་སེམས་འཚེ་བ་ཀུན་སྤངས་ནས། །བྱམས་པ་སྙིང་རྗེ་སྒོམས་ཤིག་ཨང་། །སེམས་ཅན་རྣམས་ལ་གནོད་བྱས་ན། །བུ་གཅེས་བསད་པའི་ཕ་མ་བཞིན། །ཐུགས་རྗེ་ལྡན་པའི་རྒྱལ་བ་རྣམས། །ཅིས་ཀྱང་མཉེས་ཐབས་མེད་དོ་ཨང་། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱང་། །ལས་དང་ཉོན་མོངས་རྒྱུ་ལས་བྱུང་། །དེ་ཡང་བདག་དོན་རྟོགས་ལས་བྱུང་། །བདག་མེད་དོན་ལ་འབོད་ཅིག་ཨང་། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །ཤེས་པ་གདོད་ནས་མ་སྐྱེས་པ། །བློ་ཡི་ཡུལ་ལས་འདས་པ་ཡིས། །ཞེ་འདོད་ཀུན་དང་བྲལ་ལོ་ཨང་། །དང་པོ་པ་ཡི་རྟོགས་པ་ལ། །གསལ་ཆ་ཡོད་དེ་བརྟན་ཆ་མེད། །རྟོག་པའི་རླུང་ལ་མ་བསྐུར་བར། །དྲན་པའི་ཐག་པས་ཟུངས་ཤིག་ཨང་། །གནས་ལུགས་ཅིར་ཡང་མ་གྲུབ་པའི། །མཐའ་བཞི་ངང་གིས་བྲལ་བ་ལ། །ཤེས་པ་ཅིར་ཡང་མི་རྟོགས་པས། །འཛིན་རྟོག་བྲལ་བར་གྱིས་ཤིག་ཨང་། །ཆོས་རྣམས་རྨི་ལམ་སྒྱུ་མ་འདྲ། །བདེན་པའི་དངོས་པོ་གང་ཡང་མེད། །མེད་བཞིན་སྣང་བའི་དངོས་པོ་ལ། །དངོས་པོར་ཞེན་པ་མ་ཆེ་ཨང་། །གནས་ལུགས་དོན་ལ་མ་གྲུབ་ཀྱང་། །རྨི་ལམ་དུས་ཀྱི་རྒྱུ་འབྲས་བཞིན། །འཁྲུལ་ངོའི་ལས་འབྲས་མི་བསླུ་བས། །སྡིག་སྤོང་དགེ་ལ་འབོད་ཅིག་ཨང་། །སྔར་བྱས་སྡིག་ལ་འགྱོད་པ་སྐྱེད། །སླན་ཆད་སྲོག་ལ་བབ་ཀྱང་སྡོམས། །རྟག་ཏུ་སྐྱབས་འགྲོ་སེམས་བསྐྱེད་བྱ། །གཉེན་པོ་དགེ་ལ་འབོད་ཅིག་ཨང་། །དགེ་བའི་བསྔོ་རྒྱུ་ཆུང་ངུ་ཡང་། །མི་ཟད་འབྲས་བུ་ཆེན་པོ་གྱིས། །དུས་གསུམ་དངོས་པོ་ཐམས་ཅད་ལ། །སེམས་བསྐྱེད་སྔོན་དུ་ཐོངས་ཤིག་ཨང་། །འདིར་བསྟན་གྲོགས་དང་བློ་བསྟུན་ན། །ངན་སོང་སྡུག་བསྔལ་ཀུན་བྲལ་ཏེ། །གནས་སྐབས་མངོན་པར་མཐོ་བ་ཡི། །ལྷ་མིའི་བདེ་བ་འབྱུང་ངོ་ཨང་། །མཐར་ཐུག་སྒྲིབ་གཉིས་བྱང་བ་དང་། །སྐུ་གསུམ་ཡེ་ཤེས་བཞི་ལྡན་ཏེ། །འཁོར་འདས་གཉིས་ལ་མི་གནས་པའི། །བླ་མེད་བྱང་ཆུབ་འགྲུབ་བོ་ཨང་། །ཁ་རག་སྒོམ་ཆུང་གིས་འཕན་བྲག་རྒྱབ་ཀྱི་དགོན་པར་བརྩམས་པ་ཨང་ཡིག་བདུན་ཅུ་རྩ་གཉིས་པ་རྫོགས་སོ། །སརྦ་མངྒ་ལཾ། །

གསུང་མགུར། རྗེ་ཞྭ་དམར་མཁའ་སྤྱོད་དབང་པོ།

༄༅། །རྗེ་ཞྭ་དམར་པ་མཁའ་སྤྱོད་དབང་པོའི་གསུང་མགུར་བཞུགས། ན་མོ་ཨུཏྟ་རེ་བྷྱཿ སྡེ་རིགས་མཐུན་པའི་མིང་ནི་དཔལ་ཡེ་ཤེས། །མེ་ཏོག་ཕོག་པའི་མིང་ནི་མི་བསྐྱོད་རྒྱལ། །བླ་མས་གནང་བའི་མིང་ནི་མི་ཕམ་པ། །ལྷ་ཡིས་བཏགས་པའི་མིང་ནི་དྲི་མ་མེད། །ཌཱ་ཀིས་གླུར་བླངས་མིང་ནི་མཁའ་ལ་སྤྱོད། །འཕགས་མ་དགྱེས་པའི་མིང་ནི་ཙཎྡི་པ། །དོན་མེད་མིང་མང་ལྡན་པའི་སྤྲང་པོ་ཁྱོད། །བྱང་ཆུབ་ལམ་གྱི་གླུ་འདི་ཉན་པར་མཛོད། །ལྟོ་གོས་བྲང་བྲེང་ཙམ་ཞིག་གང་བྱས་ཕྱིད། །མི་ལུས་ཡི་དྭགས་སྤྱོད་པས་ཅི་ཞིག་བྱེད། །ཟས་ནོར་གྲུབ་པའི་རྩོལ་བ་རྒྱབ་ཏུ་སྐྱུར། །ཞེན་པ་རང་ལོག་འདི་ནི་བྱང་ཆུབ་ལམ། །བྱ་བཏང་སྐྱེས་བུ་གང་དུ་ཕྱིན་ཡང་སྐྱིད། །རྩོད་པའི་ས་ཡུལ་བཟུང་ནས་ཅི་ཞིག་བྱེད། །ཡུན་དུ་ས་གཅིག་སྡོད་བློ་རིང་དུ་སྤོངས། །ཡུལ་ལ་ངེས་མེད་འདི་ནི་བྱང་ཆུབ་ལམ། །རང་སྣང་དག་ན་སུ་ཡང་མཐུན་པའི་གྲོགས། །སྡུག་བསྔལ་སྣ་ཐག་སྦྲེལ་ནས་ཅི་ཞིག་བྱེད། །ཉེ་འབྲེལ་འཁོར་བའི་ཤལ་ཐག་རྦད་ཀྱིས་ཆོད། །དགྲ་མེད་བཤེས་མེད་འདི་ནི་བྱང་ཆུབ་ལམ། །ཆོས་དང་མཐུན་ན་འདུན་མ་ལྷ་ཡིས་བསྒྲུབ། །ལེགས་ཉེས་བརྩི་བགྲང་མང་པོས་ཅི་ཞིག་བྱེད། །ཚེ་འདིའི་བྱ་བཞག་ཐམས་ཅད་ལིངས་ཀྱིས་བོར། །བྱར་མེད་རང་ག་འདི་ནི་བྱང་ཆུབ་ལམ། །རང་སེམས་རང་ངོ་ཤེས་ན་སངས་རྒྱས་རང་། །ཐ་སྙད་ཐོས་བསམ་མང་པོས་ཅི་ཞིག་བྱེད། །གཞུང་ཚིག་རྟོག་པའི་རི་མོ་ཡལ་དུ་ཆུག །གཅེར་མཐོང་རང་གྲོལ་འདི་ནི་བྱང་ཆུབ་ལམ། །འཕྲལ་སྣང་རྨི་ལམ་ཙམ་འདི་གང་བྱས་རུང་། །རང་གིས་རང་ཉིད་བཅིངས་ནས་ཅི་ཞིག་བྱེད། །གཏད་མེད་ཆལ་བུ་ངང་དུ་ལྷོད་ཀྱིས་ཞོག །མ་བཅོས་ལྷུག་པ་འདི་ནི་བྱང་ཆུབ་ལམ། །ཐབས་དང་ལྡན་ན་དུག་ཀྱང་བདུད་རྩིའི་མཆོག །འགལ་མཐུན་སྤང་བསྒྱུར་མང་པོས་ཅི་ཞིག་བྱེད། །གནད་ཀྱི་གདམས་པས་ཉོན་མོངས་གྲོགས་སུ་ཁྱེར། །སྲོག་ཐིག་ཟབ་གནད་འདི་ནི་བྱང་ཆུབ་ལམ། །ཨེ་མ་ནོར་བུ་རིན་ཆེན་རང་ལ་ཡོད། །དོན་མེད་འཁོར་བར་འཁོར་ནས་ཅི་ཞིག་བྱེད། །ལྷུན་གྲུབ་བདེ་ཆེན་ངང་དུ་རྩེན་གྱིས་ཞོག །དགོས་འདོད་འབད་མེད་གྲུབ་འདི་བྱང་ཆུབ་ལམ། །བྱང་ཆུབ་ལམ་བརྒྱད་གཅིག་ཏུ་དྲིལ་བའི་གླུ། །སྔོན་རབས་དྲན་པས་སྐྱོ་བ་སྐུལ་བའི་ཚིག །ཐོ་རངས་ཐུན་མཚམས་གསེང་བའི་རོལ་མོར་བླངས། །དོན་བཞིན་སྤྱོད་དམ་ཕྱི་རབས་གྲོགས་པོ་རྣམས། །བྱང་ཆུབ་ལམ་ཡང་བདག་གིས་རྙེད། །འདོང་ངོ་སྐལ་ལྡན་གྲོགས་པོ་རྣམས། །བྱང་ཆུབ་ལམ་ལ་མི་འགྲོ་བའི། །ཆོས་པའི་གཟུགས་ཀྱིས་ཅི་ཞིག་བྱེད། །བྱང་ཆུབ་ལམ་ལ་འགྲོ་འདོད་ན། །འཇིག་རྟེན་བྱ་བ་རྒྱབ་ཏུ་སྐྱུར། །འཁོར་བའི་གནས་ལ་ཕྱི་ཕྱག་འཚོལ། །དཔལ་ལྡན་བླ་མའི་རྗེས་བཞིན་འབྲངས། །ཚེ་ཕྱི་མའི་རྒྱགས་གྲབས་ཀྱིས་ཤིག་དང་། །གཏན་གྱི་འདུན་མ་ལེགས་ནས་འོང་། །རྣལ་འབྱོར་བདེ་སྤྱོད་བཟང་པོ་ཡི། །བྱང་ཆུབ་ལམ་གླུ་དེ་སྐད་ལོ། །

རྒྱལ་བ་རྒོད་ཚང་བ་མགོན་པོ་རྡོ་རྗེས་སྐྱོ་སྐྱེས་བཅོ་ལྔའི་མགུར་གསུངས་པ། རྒྱལ་བ་རྒོད་ཚང་བ།

༄༅། །རྒྱལ་བ་རྒོད་ཚང་བ་མགོན་པོ་རྡོ་རྗེས་སྐྱོ་སྐྱེས་བཅོ་ལྔའི་མགུར་གསུངས་པ། སྐུ་བཞིའི་ངོ་བོ་རིན་པོ་ཆེ། །འགྲོ་བའི་སྐྱབས་གནས་དཀོན་མཆོག་གསུམ། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །མཁའ་མཉམ་སེམས་ཅན་བསྐྱབ་ཏུ་གསོལ། །ཁོ་བོ་རྒྱལ་ཁམས་སྤྲང་པོ་འདི། །གཞན་དང་བློ་སྣ་མི་བསྟུན་པ། །གཅིག་པུར་སྒྲུབ་པ་བྱེད་པ་ཡི། །རྒྱུ་མཚན་གླུར་ལེན་གསན་པར་ཞུ། །སྙིགས་མ་ལྔ་བདོའི་དུས་འདི་རུ། །འགྲོ་མགོན་བླ་མའི་ཞབས་ཏོག་ཏུ། །འགྲོ་བ་འགའ་ལ་ཅི་ཕན་བྱ་སྙམ་པས། །ཆོས་མིན་གྱི་སྤྱོད་ལ་སྐྱོ་བ་སྐྱེས། །རྒྱལ་བའི་བསྟན་པ་རབ་ཞུགས་ཤིང་། །སྐྱབས་འགྲོའི་བསླབ་བྱ་ཁས་བླངས་ནས། །སེམས་དཀོན་མཆོག་གསུམ་ལ་མི་གཏོད་པར། །བློ་གཞན་ལ་གཏོད་པ་སྐྱོ་བ་སྐྱེས། །སོ་སོར་ཐར་པའི་སྒོར་ཞུགས་ནས། །ཁས་བླངས་སྲོག་བཞིན་མི་བསྲུང་བར། །ཉེས་ལྟུང་ཡོ་བསྲང་མི་བྱེད་པར། །དགོས་ཕམ་ཚོ་ལ་སྐྱོ་བ་སྐྱེས། །ཐེག་པ་ཆེན་པོའི་སྒོར་ཞུགས་ནས། །བྱམས་སྙིང་རྗེའི་རྒྱལ་སྲིད་མི་འཚོ་བར། །རང་འདོད་འདུན་འཁྱོངས་བྱེད་པ་ཡི། །ཚུལ་འཆོས་མཁན་ལ་སྐྱོ་བ་སྐྱེས། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དམ་ཚིག་མིག་བཞིན་མི་བསྲུང་བར། །སྒོ་གསུམ་མི་དགེ་བྱ་བས་ཡེངས། །བག་མེད་རྣམས་ལ་སྐྱོ་བ་སྐྱེས། །བླ་མ་ཅི་མཉེས་བྱེད་ཟེར་ཡང་། །སྔོན་ལ་རང་གི་འདོད་པ་བསྒྲུབས། །སྐྱོན་རྟོག་ལོག་ལྟའི་སོ་བ་འཇོག །གཡོ་སྒྱུ་ཅན་ལ་སྐྱོ་བ་སྐྱེས། །འཆི་བ་མི་རྟག་མི་བསྒོམ་པར། །ལྟོ་གོས་གཉིས་ཀྱི་སེམས་འཕྲལ་གྱིས། །བསླུ་བྲིད་ཚེ་འདིའི་རྟོག་པས་བསླང་། །ཆོས་དྲེད་རྣམས་ལ་སྐྱོ་བ་སྐྱེས། །ཉམས་སུ་ལེན་ལོ་བྱས་ལགས་ཀྱང་། །ཐུགས་ཕྲད་འདོར་ལེན་མ་ཤེས་པས། །སྐྱོན་དང་ཡོན་ཏན་རྫོགས་དུས་མེད། །ཆོས་ཅན་མེད་ལ་སྐྱོ་བ་སྐྱེས། །རི་ཁྲོད་དགོན་པ་འགྲིམས་ཟེར་ཡང་། ཞེན་པ་གཏིང་ནས་མ་ལོག་པས། །བསམ་པ་འདོད་ཡོན་ཕྱོགས་སུ་ཤོར། །ཉམས་མྱོང་མེད་ལ་སྐྱོ་བ་སྐྱེས། །གཟུང་འཛིན་མཁའ་ལྟར་མ་དག་པར། །ཟབ་མོའི་གོ་ཡུལ་ཚིག་ཏུ་སྨྲ། །སྤྱོད་རྩིང་རྒྱུ་འབྲས་ཁྱད་དུ་གསོད། །ཁ་ལྟ་སྟོང་ལ་སྐྱོ་བ་སྐྱེས། །མ་ཐལ་ཤེས་པ་གང་ཤར་དེ། །རང་རིག་རྗེན་པ་མ་རྟོགས་པར། །བདེ་གསལ་ཉམས་ལ་མཆོག་ཏུ་བཟུང་། །སེམས་འཛིན་མཁན་ལ་སྐྱོ་བ་སྐྱེས། །མཚམས་འདག་སྦྱར་མི་ཚེར་བྱས་ལགས་ཀྱང་། །སྙིང་རུས་འོག་རྡོ་མ་བརྟན་པས། །ཏིང་འཛིན་ཐོག་ཏུ་སྡོད་མ་བཟོད། །གྲུབ་རྟགས་མེད་ལ་སྐྱོ་བ་སྐྱེས། །འགྲོ་དོན་བྱེད་པའི་ཚུལ་སྟོན་ཡང་། །རང་ཆེ་བར་འདོད་པས་གཞན་སྒོ་སྨོད། །ཉེ་རིང་ཕྱོགས་རིས་ངང་ལ་གནས། །ཆོས་བརྒྱད་ཅན་ལ་སྐྱོ་བ་སྐྱེས། །བསོད་ནམས་ཚོགས་ཀྱང་མི་གསོག་ཅིང་། །ཡེ་ཤེས་ཚོགས་དང་མི་ལྡན་པར། །རང་ཉིད་སངས་རྒྱས་ཡིན་ཟེར་བས། །ལོག་པར་ཤོར་ལ་སྐྱོ་བ་སྐྱེས། །སྐྱོ་སྐྱེས་བཅོ་ལྔའི་དབྱངས་ཆུང་འདི། །གཞན་སྤྱོད་ལ་སྐྱོ་བ་སྐྱེས་ལགས་ཏེ། །རང་ལའང་མཚང་ཆེན་དེ་ཚོ་འདུག །མཚང་དེ་རྣམས་འདོན་ཕྱིར་སྒྲུབ་པ་བྱེད། །བཀྲ་ཤིས་བྱིན་ཆགས་ཉམས་དགའ་བའི། །ཟུག་གི་དགོན་པར་གྲགས་པ་དེར། །སྐྱོན་གྱི་ས་བོན་མ་ལུས་འདོན། །ཡོན་ཏན་རྩ་བ་ཐམས་ཅད་འཛུགས། །ཉམས་རྟོགས་ལྗོན་ཤིང་རབ་བསྐྱེད་ནས། །གྲུབ་ཆེན་མེ་ཏོག་འབར་གྱུར་ཏེ། །སྐུ་གསུམ་འབྲས་བུ་སྨིན་པ་ཡིས། །མཁའ་མཉམ་འཁོར་བ་དོང་སྤྲུགས་ཤོག །ཅེས་གསུངས།

༈ དེ་ནས་སྤུད་སྒྲར་བྱོན་པའི་དུས། །དྲེད་མོ་དྲེད་ཕོ་ཞེས་པའི་མགུར་གསུངས། །མཁྱེན་བརྩེའི་དམིགས་མེད་བདེ་ཆེན་གྱིས། །མཁའ་མཉམ་སེམས་ཅན་མ་ལུས་པ། །བླ་མེད་བྱང་ཆུབ་སར་འདྲེན་པའི། །འགྲོ་མགོན་ཆོས་ཀྱི་རྗེ་ལ་འདུད། །བཀྲོལ་དུ་མི་ཆུང་འགྲོ་དོན་རེ། །བྱིན་རླབས་ཚན་ཁ་ཆུང་བས་ལན། །སྤྲང་པོ་རི་ཁྲོད་དགོན་པར་འགྲོ། །ཞལ་རྣམས་སྐུ་ཁམས་བདེ་བར་བཞུགས། །དད་པ་ཆུང་ལ་ལོག་ལྟ་ཆེ། །སྙིང་རུས་ཆུང་ལ་ཀླད་པ་སླ། །ཕན་སེམས་ཆུང་ལ་གཡོ་སྒྱུ་ཆེ། །དྲེད་མོ་ཚོ་སྐུ་ཁམས་བདེ་བར་བཞུགས། །ཁ་སྦྱངས་མཁས་ལ་ཚིག་མི་བརྟན། །རང་སྐྱོན་སྦེད་ཅིང་གཞན་སྐྱོན་སློང་། །རྫུན་དང་ཁྲམ་གྱིས་བླ་མ་བསླུ། །དྲེད་མོ་ཚོ་སྐུ་ཁམས་བདེ་བར་བཞུགས། །མཚན་ཉིད་ལྡན་པའི་བླ་མ་བས། །སྐྱི་དཀར་འཇམ་པའི་གྲོགས་པོ་ལ། །ཟས་ནོར་སྟེར་ཞིང་མོས་གུས་བྱེད། །དྲེད་མོ་ཚོ་སྐུ་ཁམས་བདེ་བར་བཞུགས། །ཏིང་འཛིན་ཉོན་མོངས་ཆགས་པ་བསྒོམ། །གཉེན་པོར་ཚེ་འདིའི་གླེང་ལང་གཏོང་། །དམ་ཚིག་ཕ་མེད་བུ་ཆུང་གསོད། །དྲེད་མོ་ཚོ་སྐུ་ཁམས་བདེ་བར་བཞུགས། །གྲོགས་སུ་མི་དགེ་བཤེས་དང་འགྲོགས། །གོས་སུ་ཆོས་བརྒྱད་གཡང་ལུགས་གྱོན། །ཟས་སུ་རྣམ་རྟོག་དུག་སྦྱོར་ཟ། །དྲེད་མོ་ཚོ་སྐུ་ཁམས་བདེ་བར་བཞུགས། །གནས་ལུགས་བདག་འཛིན་ཁང་པར་བཞུགས། །ཕྲག་དོག་སྒོ་མོ་དམ་དུ་བསྡམས། །གཏི་མུག་མལ་དུ་ཉལ་བ་ཡི། །དྲེད་མོ་ཚོ་སྐུ་ཁམས་བདེ་བར་བཞུགས། །ཚེ་འདིར་དགོས་པའི་མི་ཆོས་མེད་། །ཕྱི་མར་དགོས་པའི་ལྷ་ཆོས་མེད། །ལྷ་མི་ཀུན་གྱིས་འཕྱ་སྨོད་བྱེད། །དྲེད་མོ་ཚོ་སྐུ་ཁམས་བདེ་བར་བཞུགས། །དད་པ་མེད་པའི་ཐང་རྒོད་ལ། །ཡོན་ཏན་སྨྱུ་གུ་སྐྱེ་མི་སྲིད། །ཉམས་རྟོགས་སྟོན་ཐོག་ཅི་ལ་སྨིན། །དྲེད་མོ་ཚོ་བདེ་ཞིང་སྐྱིད་པར་བཞུགས། །མོས་གུས་བདུད་རྩིའི་ས་གཞི་མེད། །དྲོད་རྟགས་ལྗོན་ཤིང་སྐྱེ་བ་དཀའ། །བདེ་བའི་འབྲས་བུ་རྒྱས་དུས་མེད། །དྲེད་མོ་ཚོ་བདེ་ཞིང་སྐྱིད་པར་བཞུགས། །འདོད་སྲེག་ཚྭ་ཆུ་ཁོལ་མ་དེ། །འཐུང་ཞིང་སྲེད་པ་ཇེ་འཕེལ་སོང་། །ཞེན་པ་ནང་ནས་ལྡོག་དུས་མེད། །དྲེད་ཕོ་ཚོ་བདེ་ཞིང་སྐྱིད་པར་བཞུགས། །ཞེ་སྡང་འཁོན་འཛིན་རྦ་ཀློང་འཁྲིགས། །བྱམས་པའི་རྒྱ་མཚོ་དྭངས་དུས་མེད། །བྱང་སེམས་གཟུགས་བརྙན་ཅི་ལ་འཆར། །དྲེད་ཕོ་ཚོ་བདེ་ཞིང་སྐྱིད་པར་བཞུགས། །ཚུལ་འཆོས་ར་བ་ཕྱི་རུ་བསྐོར། །སྤྱོད་རྩིང་ཡོ་ལང་ནང་དུ་བྱེད། །བསམ་པའི་དོན་རྣམས་འགྲུབ་དོགས་མེད། །དྲེད་ཕོ་ཚོ་བདེ་ཞིང་སྐྱིད་པར་བཞུགས། །བསགས་པ་ཆུང་བའི་རྟ་རྒན་ལ། །མི་གཞི་སྲབ་མོའི་སྐྱེས་བུ་སྐྱོན། །རྒྱལ་ཁམས་སྤྲང་སྟོང་འཆག་པ་ཡི། །དྲེད་ཕོ་ཚོ་བདེ་ཞིང་སྐྱིད་པར་བཞུགས། །བསམ་པ་བློ་ཆུང་བྱ་འོ་སྙམ། །སྦྱོར་བ་རང་འདོད་འཁོར་ལོ་བསྐོར། །དངོས་གཞི་བདག་གཞན་གཉིས་ཀ་འཕུང་། །དྲེད་ཕོ་ཚོ་བདེ་ཞིང་སྐྱིད་པར་བཞུགས། །གོང་མའི་རྣམ་ཐར་བསྙེག་པ་དང་། །ཕ་རྗེས་བུ་ཡིས་བསབ་པ་དང་། །རི་ཁྲོད་དགོན་པར་འགྲོ་ལགས་ཀྱིས། །ཞལ་རྣམས་སྐུ་ཁམས་བདེ་བར་བཞུགས། །བརྒྱ་ལ་ཁྱོད་ཚོ་ཆོས་བཞིན་བྱས། །སྤྲང་པོའི་ཡོན་ཏན་རྩལ་ཁ་རྫོགས། །དེ་གཉིས་རྟེན་འབྲེལ་འགྲིག་པ་ན། །མ་ཐོགས་མྱུར་དུ་མཇལ་བར་ཤོག །ཅེས་གསུངས། །

ཞལ་གདམས་སྐྱོན་ཐོག་མདའ་མོ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།

༄༅། །ཞལ་གདམས་སྐྱོན་ཐོག་མདའ་མོ་ཞེས་བྱ་བ་བཞུགས་སོ། །ཨཻ། ཁྱེད་ལ་ཞལ་གདམས་དགོས་པའི་བཀའ་ནན་དེ། །བསམ་ཞིང་བསམ་ན་རང་གིས་རང་ལ་ལྟོས། །ཁ་ན་སོ་མེད་མགོ་ཡི་སྐྲ་དཀར་ཞིང་། །སྐྱི་མོའི་གཉེར་མ་རྒྱལ་མཚན་འཕུར་མ་འདྲ། །མིག་ནི་སེར་པོ་གོས་ཀྱི་སྔ་སོ་རིང་། །འགུལ་ལྕི་སེམས་ཀྱི་ཕོ་ཚོད་གདེང་ཉམས་ཏེ། །ཉམ་ཆུང་དབང་མེད་མི་འདུག་ཁ་མེད་ལས། །འགྲོ་ས་ཡོད་ན་རན་ལས་ཕྱི་ཐལ་ཁུར། །དེ་ཚོས་ཁྱེད་ལ་ཞལ་གདམས་བཤད་ཀྱིན་འོངས། །ལྕི་ན་མི་ཐེག་སྲབ་ན་ཁྱོད་མི་སྐྱོབ། །སྲ་ན་མི་ཆོད་སྙི་ན་ཕོ་བ་ཁོལ། །དེས་ཀྱང་ཁྱོད་ལ་གསལ་འདེབས་མ་གོའམ། །ཁྱད་པར་ངས་ཡིན་འདོད་པའི་ཁྱི་རྒན་དེ། །ཤི་ན་རོ་བདག་ཙམ་ཡང་མི་བྱེད་པར། །མཚེར་ཤུལ་ཚོ་ན་ཡོད་པ་གཟིགས་ལགས་སམ། །གསོན་པོའི་ཁྲེལ་བཀྲུ་ཙམ་གྱིས་ཅིང་མི་ཕན། །ཅུང་ཟད་ཕན་ཀྱང་དེ་ཡང་བྱེད་མཁན་ཉུང་། །ངས་ཡིན་ཁོས་ཡིན་མཆོད་འགོ་ཤིན་ཏུ་མང་། །མི་རྒྱུ་གཉིས་ཀ་ལྷན་དུ་ཤི་བ་འདྲ། ཁ་མཁས་ཁ་ནས་འགྲམ་ཆུ་འཐག་པའི་དུས། །ལག་འཁུམ་ལག་ནས་གང་སོབ་གླུད་རྫོང་བྱེད། །དམར་པོའི་རྒྱུ་རྫས་རྫ་ལ་འགྲོ་བའང་དཀོན། །མ་ཟད་རིག་རྒྱུ་ཡོད་དེ་རྩི་རྒྱུ་མེད། །བསམ་ཞིང་བསམ་ན་ལྷ་འདྲེའི་ཆོ་འཕྲུལ་འདྲ། །ཚེ་སྟོད་ཆོས་སྐད་སྐྱུགས་ཏེ་ཁ་ཕོ་ཆེ། །ཚེ་སྨད་སེམས་ཚེགས་ཆེ་ཞིང་མི་ཉན་མང་། །འཆི་ཁ་སྡར་སྐད་ཤོར་ནས་མིག་རྩ་བརླན། །དེ་འདྲའི་མདོ་ཤོར་མ་མཛད་སྐུ་ཚེ་རིང་། །ཚེ་ཕྱེད་སྒོམ་སྒྲུབ་དགོས་ཞེས་ཁ་ས་འཐེན། །དོན་ལ་ཟླ་བ་གཅིག་གི་བཟླས་བརྗོད་དང་། །ཉིན་རེ་ཐུན་ཐུང་གཅིག་གི་མཉམ་བཞག་མེད། །ད་སྔ་ཕན་ཆད་འཆི་ཆོས་ཅི་ཡོད་སོམ། །དེ་ཡང་སྡིག་གིས་གོས་སམ་མ་གོས་ལྟོས། །ཞལ་གདམས་དེ་ཚོས་མཚང་ལ་ཨེ་ཕོག་གམ། །ཆོས་ལུགས་ཀུན་གྱི་སྤྱི་དགྲ་ཆོས་རྒྱུས་ཅན། །བླ་སེར་ཀུན་གྱི་ལྟག་བདུད་མཉམ་འགྲོགས་ཅན། །གཞན་གྱི་བྱ་སྤྱོད་རྟོག་པའི་བློ་སྤྱང་པོ། །དེ་ཚོ་ཡང་དག་དོན་གྱི་གླེན་པ་ཡིན། །གལ་ཏེ་རང་འགའ་གཅིག་པུར་འཁྱམས་དུས་སུ། །ཐབས་ཆགས་ཤུལ་མིའི་འཁོར་བ་སྟོངས་སོ་ཞེས། །ངེས་དོན་མིག་གིས་མཐོང་རྒྱུ་མ་ཡོད་ན། །འདིང་ལོག་སྣེ་ན་མདུད་ལོག་ཤིན་ཏུ་མང་། །རང་ལུས་དགྱེ་རྒུ་རང་ལག་མེད་མི་སྲིད། །གཞན་ཁག་བཞག་ཀྱང་ཆོས་རྒྱལ་རྒྱུས་ཡོད་མིན། །དེ་དུས་འགྱོད་དང་ཐེབ་རིགས་སུམ་བརྒྱ་བརྒལ། །བསམ་བློ་ཐོང་ལ་རང་མདོ་མ་ཤོར་ཅིག །རང་ལ་ཡོད་ཚད་སྐྱོན་དེ་གཞན་ལ་མེད། །རང་ལ་མེད་ཀྱང་ཡོན་ཏན་གཞན་ཡོད་སྲིད། །གང་མཐོང་མི་བདེན་སྨིག་རྒྱུ་མིག་ཡོར་བཞིན། །དེ་ཚོ་ཤེས་པར་མཛོད་ཅིག་རིགས་ཀྱི་བུ། །ལྟ་བ་རང་སེམས་སྤྲོས་བྲལ་འདི་ལ་ཟེར། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །བསྒོམ་པ་དེ་ཤེས་མ་ཡེངས་ཙམ་ཞིག་ཡིན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །སྤྱོད་པ་བརྩོན་འགྲུས་ཐང་ལྷོད་མེད་པ་ན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །འབྲས་བུ་རང་ངོ་མངོན་དུ་གྱུར་བ་ཡིན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །རང་མདོ་ཨེ་ཤོར་རང་གི་བྱ་བ་ཡིན། །དེ་ལས་གཞན་ན་མེད་དོ་ཁོ་ཐག་ཆོད། །ཞལ་གདམས་ཤི་མཚང་ཁོང་ནས་འབྲུ་བ་ཡིན། །དེ་ལ་གསང་བརྐུང་མེད་དོ་ཁོ་ཐག་ཆོད། །དེ་སྐད་སྙིང་གི་ལེགས་བཤད་ངེས་པ་ལ། །ཐུགས་ཁྲོ་མ་མཛད་ག་གཱས་མཐེ་བོང་སློང་། །

༈ ཀྱཻཿ གསོན་དང་གྲོགས་ཁྱེད་དལ་མཆོག་ཐོབ་དུས་འདིརཿ གསེར་གཞོང་ནོར་བུའི་སྤྲས་པའི་བདག་ཉིད་ཀྱིཿ ངན་སྐྱུགས་འཕྱགས་བཞིན་སྡིག་པར་མི་བརྩོན་ཏེཿ ཤིན་ཏུ་ཐ་ཆད་མཁས་པས་སྨད་ཅེས་གསུངཿ ཁྱད་པར་རང་རེའི་ཚེ་ལ་ངེས་པ་མེདཿ འཆི་བདག་བདུད་ནི་ནམ་འོང་ཆ་མ་མཆིསཿ དོ་ནུབ་ཙམ་ཡང་མི་འཆིའི་གདེངས་མེད་པསཿ དེ་ཕྱིར་བརྩོན་པས་གོས་བཙན་བགོ་འཚལ་ལོཿ འཁོར་བ་མེ་འོབ་ལྟ་བུར་མནར་ཞིང་གདུངཿ ལན་གཅིག་ཙམ་ཡང་བདེ་བར་བསྟིར་མེད་པསཿ སྡུག་བསྔལ་བརྣག་དཀའ་བདེ་བར་འཁྲུལ་བ་འདིཿ ཀྱཻ་མ་ཤེས་པ་རྣལ་མར་གནས་ཡིན་ནམཿ དཀར་ནག་ལས་ནི་ལུས་དང་གྲིབ་བཞིན་འགྲོགསཿ དགེ་སྡིག་དབང་གིས་བདེ་སྡུག་རྒྱུན་མི་ཆདཿ གང་ཡང་སྲིད་པར་འཛིན་པའི་གཏོད་ཕུར་བསཿ རྨི་ལམ་ཙམ་གྱི་རྒྱུ་འབྲས་འདམས་ཀ་ཚོལཿ ཁྱད་པར་འབྲས་བུ་བླ་མེད་ནོར་ཐོབ་པཿ ཨུ་དུམ་ཝ་ར་འཇིག་རྟེན་འབྱུང་སྲིད་ཀྱིཿ བརྒྱ་སྟོང་ཁྲག་ཁྲིག་ཟླ་བོར་ལ་མི་བསྙེགསཿ གྱི་ནར་མ་འདོར་དོན་གྱི་སྙིང་པོར་ཟུངསཿ ག་ག་ཨ་བྷྱེ་ནས་སོ། །

༈ ཨེ་མ་ཧོཿ རང་སེམས་ཕུག་དེད་རྒྱལ་བའི་ཡེ་ཤེས་དངོསཿ འདི་ལ་སྡེ་སྣོད་རྒྱུད་སྡེའི་གསང་བ་རྫོགསཿ རྩལ་ལས་རོལ་བ་རང་ཤར་རང་གྲོལ་དུཿ ཡེ་ནས་སངས་རྒྱས་གདེངས་གིས་འབྲས་བུ་བརྙེསཿ ཅེས་ཀྱང་ག་གཱས་སོ། །

སྙིང་གཏམ་ཚིག་གསུམ་པ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།

༄༅། །སྙིང་གཏམ་ཚིག་གསུམ་པ་ཞེས་བྱ་བ་བཞུགས་སོཿ ཀྱཻཿ ལེགས་པར་གསོན་ཅིག་སྐལ་ལྡན་རིགས་ཀྱི་བུཿ སྔོན་ལས་འཕྲལ་རྐྱེན་བཟང་པོའི་རྒྱུ་འབྲས་ཀྱིཿ དལ་འབྱོར་མི་ལུས་རིན་ཆེན་ཐོབ་པ་འདིཿ སྟོང་ལོག་ཨི་བྱེད་གང་ཟག་ཁྱོད་ལ་རགཿ ༡ ཡར་འགྲོ་མར་འགྲོའི་ས་མཚམས་ད་རེས་ཡིནཿ འདུན་མ་གཏན་ལེགས་གཏན་ཉེས་སོ་མཚམས་ཏེཿ ད་རེས་འདི་ལ་ཆོས་ཤིག་མ་བྱས་ནཿ རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་འདྲཿ ༢ གཏན་བདེ་རྫོགས་པའི་སངས་རྒྱས་གོ་འཕང་ཞིགཿ འགྲུབ་ན་དེ་ལས་མདོ་ཆེན་གང་ཟག་མེདཿ མ་འགྲུབ་རང་གར་འདུག་ན་མདོ་ཤོར་ཡིནཿ ཐར་མེད་ལས་ངན་སོགས་ན་ཕུང་རྒན་ཟེརཿ ༣ དེ་ཡང་ཆོས་ལ་ཕྱི་བཤོལ་མི་འཚལ་ཏེཿ འཆི་བདག་བདུད་པོ་ནམ་འོང་ཆ་མེད་ཡིནཿ འཆི་ཁར་འགྱོད་པ་སྐྱེས་པ་ཕྱི་བ་ཡིནཿ ལག་ཅིག་རྩོད་ཐེབས་ཡོད་པ་ད་རེས་ཡིནཿ ༤ བསླབ་པ་གསུམ་གྱི་གཞི་མ་ཚུལ་ཁྲིམས་ཡིནཿ ཡུལ་དང་གྲོགས་ངན་མ་སྤངས་བསྲུང་ཐབས་དཀའཿ འཁོར་བའི་སྡུག་བསྔལ་མཐོང་ནས་ཡིད་དབྱུང་སྟེཿ ཐར་འདོད་ངེས་འབྱུང་མེད་ན་ལེགས་སྨོན་ཙམཿ ༥ གཞན་གྱི་གཡམ་ལ་རྒྱུག་པའི་བྲོད་ཆུང་དེཿ དང་པོ་ཞུ་སྔ་ཐ་མ་ཉམས་སླ་བསཿ རང་དམ་རྡོ་ལ་རི་མོ་བྲིས་པ་ལྟརཿ སུ་ཡི་ཁ་ལ་མི་ཉན་དབེན་པ་བརྟེནཿ ༦ དེ་ལྟར་བྱས་ན་བསམ་གཏན་རང་འཁོར་ཡིནཿ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བྱང་ཆུབ་སེམསཿ དཀའ་ཚེགས་མེད་པར་རྒྱུད་ལ་ངེས་པར་འཁྲུངསཿ ས་ལམ་ཡོན་ཏན་ཡར་ངོས་ཟླ་བཞིན་འཕེལཿ ༧ དབེན་པར་མི་ཚུགས་གཞན་དོན་སྒྲུབ་པོ་ལོསཿ ཐ་མ་རང་དོན་འཆོར་བའི་རྒྱུ་རུ་འགྱུརཿ གྲོང་ཡུལ་ཀུན་ཏུ་ཁྱི་བཞིན་ཉུལ་བ་དེའིཿ དམ་ཆོས་རྣམ་དག་འགྲུབ་པ་ཉིན་སྐར་ཙམཿ ༨ མི་ཁོམ་མི་འགྲུབ་སྙམ་པའི་ངང་རིང་བོཿ འཆི་བདག་གློ་བུར་བྱུང་ན་ཅི་ཞིག་བྱཿ རང་གིས་རང་ལ་རང་དྲིན་ཆེ་བར་མཛོདཿ རྒྱུ་རྫས་ལོངས་སྤྱོད་རྩ་ཁའི་ཟིལ་བ་འདྲཿ ༩ བསག་བསྲུང་སྤེལ་བའི་ཤ་ཐང་༼ཆང་དཔྱད༽ ཉོ་བ་འདིཿ འདི་ཕྱི་གཉིས་བརླག་ལན་ཆགས་ཁུར་བོས་ནོནཿ དེ་ལ་བསམ་ནས་ཡུལ་ངན་མགོ་མ་འཁོརཿ འདི་སྣང་བྱ་བ་རི་མོའི་མར་མེ་འདྲཿ ༡༠ ལོངས་སྤྱོད་ཉམས་ལ་ཕན་པ་ཅིང་སྲིད་དམཿ ཟིན་དུས་མེད་པའི་ཚུལ་ལ་ལེགས་བསམ་ནསཿ ཕྱི་བཤོལ་འཁྲུལ་བ་མ་སྤེལ་རིགས་ཀྱི་བུཿ ཕ་མ་ཉེ་འབྲེལ་རྨི་ལམ་སྐྱེས་བུ་འདྲཿ ༡༡ ཉེ་རིང་ཆགས་སྡང་མ་བྱེད་རིགས་ཀྱི་བུཿ བསྟོད་བསྐུར་སྙན་གྲགས་སྒྲ་ཡི་བརྙན་དང་འདྲཿ དགའ་སྡུག་རེ་དོགས་མ་བྱེད་རིགས་ཀྱི་བུཿ རང་གི་ལུས་འདི་ལ་ཁའི་ཐོ་ཡོར་འདྲཿ ༡༢ རྟག་འཛིན་གཅེས་སྤྲས་མ་ཆེ་རིགས་ཀྱི་བུཿ འདོད་ཡོན་ཐམས་ཅད་ནམ་མཁའི་འཇའ་ཚོན་འདྲཿ སྡུག་སེམས་རྗེས་དེད་མ་བྱེད་རིགས་ཀྱི་བུཿ རྣམ་རྟོག་སེམས་འདི་ཤིང་མགོའི་བྱ་དང་འདྲཿ ༡༣ ནམ་འཕུར་ཆ་མེད་ཡིན་ནོ་རིགས་ཀྱི་བུཿ བརྟགས་ཤིང་དཔྱད་ན་ཕྲེང་བའི་མུ་དང་འདྲཿ གཅིག་ཏུ་གྲུབ་པ་མེད་དོ་རིགས་ཀྱི་བུཿ དུ་མའི་ངོ་བོ་འདི་ཞེས་ངོས་གཟུང་མེདཿ ༡༤ དངོས་པོར་ཞེན་པ་ཡིན་ནོ་རིགས་ཀྱི་བུཿ ཉོན་མོངས་དུག་ལྔ་སྐྱེ་བའི་གཞི་མེད་ཀྱིཿ ངོ་བོ་དེ་ལ་ལྟོས་ཤིག་རིགས་ཀྱི་བུཿ འཛིན་པས་འཁོར་བར་རྟག་ཏུ་བཅིངས་ན་ཡངཿ ༡༥ དོན་ལ་འཆིང་ཞེན་མེད་དོ་རིགས་ཀྱི་བུཿ ལྟ་བ་ནམ་མཁའ་ལྟ་བུར་རྒྱ་ཆེ་ལཿ དམིགས་བསམ་བརྗོད་པ་མེད་དོ་རིགས་ཀྱི་བུཿ བསྒོམ་པ་ཉི་ཟླ་ལྟ་བུར་འོད་གསལ་ཞིངཿ ༡༦ འཆར་ནུབ་གསལ་སྒྲིབ་མེད་དོ་རིགས་ཀྱི་བུཿ སྤྱོད་པ་ཕ་རོལ་མི་དང་བསྟུན་པ་ཡིསཿ བླང་དོར་ཚུལ་བཞིན་གྱིས་ཤིག་རིགས་ཀྱི་བུཿ འོན་ཀྱང་རང་བཞིན་གཤིས་ཀྱི་བབ་བསྟུན་ནཿ ༡༧ སྤྱོད་དང་མི་སྤྱོད་མེད་དོ་རིགས་ཀྱི་བུཿ འབྲས་བུར་སྟོན་ཐོག་བཟང་པོ་སྨིན་པ་བཞིནཿ རང་བཞིན་དབུལ་བ་སེལ་ལོ་རིགས་ཀྱི་བུཿ དེ་ལྟར་ཁ་གཡང་བོས་པའི་བྱིན་རླབས་ཀྱིསཿ ༡༨ བཀའ་བཞིན་ཁྱོད་ལ་ཕན་པའི་རྒྱུར་གྱུར་ནསཿ བློ་ངན་དུག་སྡོང་རྩ་བ་དྲུང་ཕྱུང་སྟེཿ རྟག་ཏུ་ཆོས་ལ་གཞོལ་བའི་བཀྲ་ཤིས་ཤོགཿ ཅེས་པ་འདི་ཡང་རང་ལ་མེད་པའི་ཁ་བཤད་ཆུ་ཡི་སྦུ་བ་དོ་གལ་ཆེན་པོའི་རླུང་གིས་དཀྲུག་པ་ལས་ཆགས་ཤིངཿ རྒྱན་དང་སྡེབ་སྦྱོར་སྙན་ཚིག་མེད་པའི་གསོག་ཅིང་གསོབ་པཿ ཚིག་བཅད་བཅོ་བརྒྱད་དང་རྐང་བའི་དམན་པའི་བཅུ་དགུའི་རྟེན་འབྲེལ་ལ་བཟང་སྙམ་སྟེཿ བསོད་ནམས་ཆོས་གྲགས་ཞེས་ལེགས་སྦྱར་གྱི་སྐད་དུ་པུནྱེ་དྷརྨ་ཀིརྟི་འདི་རྗེས་འཇུག་ལ་ཤིན་ཏུ་ཞལ་དྲོ་བའི་བླ་དག་ཙམ་མིན་པའི་དོན་ཐོབ་མཐུན་པའི་ལྷག་བསམ་གྱིས་ག་ག་ཨ་བྷྱེས་བསྐུལ་མ་འདེབས་པའི་ཡི་གེའི་འདུ་བྱེད་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ཝ་གི་ཤྭ་རི་ནས་བགྱིས་པས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག།སརྦ་མངྒ་ལཾ། །

༈ འོ། ཁྱོད་ལ་ཞལ་གདམས་ཤིག་དགོས་ན། རང་གི་ཚེ་ལ་ངེས་པ་མེད་པར་འཆི་བ་ལས་མ་འདས་པའི་ངང་ཚུལ་ལ་བསམ་ཏེ་མི་རྟག་པ་བསྒོམ་ཞིང་ངེས་པར་རྒྱུད་ལ་སྐྱེས་པ་ཞིག་མཛོད། དེ་ལྟར་འཆི་བའི་འོག་ཏུ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། འཁོར་བའི་སྡུག་བསྔལ་སྤྱི་དང་རིགས་དྲུག་སོ་སོའི་སྡུག་བསྔལ་ཡོད་ཚུལ་རྣམས་གོ་ལོ་ཐོས་ལོ་ཙམ་དུ་མ་སོང་བར་ཐར་འདོད་ཀྱི་བློའམ་ངེས་འབྱུང་ཡང་དག་པ་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ། དེའི་རྒྱུ་སྡིག་པ་ཡིན་པའི་ཕྱིར་ན་སྤོང་ཅི་ནུས་སུ་བྱེད། གཏན་བདེ་འགྱུར་བ་མེད་པ་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཐོབ་བྱེད་ཟག་བཅས་དང་ཟག་མེད་ཀྱི་དགེ་རྩ་ཅི་འགྲུབ་ལེ་ལོ་དང་སྙོམས་ལས་མེད་པར་བྱེད། ཁྱད་པར་དུ་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་། ཏིང་ངེ་འཛིན་གྱི་བསླབ་པས་ངང་བསྐྱང་། དེ་དང་ལྡན་པའི་ངང་ནས་བསྒོམ་ལ་འཇུག་པར་བྱ་སྟེ། ལྟ་བས་ང་བདག་དང་ཡུལ་སེམས་དུ་སྣང་བ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ། སྒོམ་པས་དེས་སྟོང་ཉིད་ཡིན་པའི་ངེས་ཤེས་ཀྱི་ངང་དང་མ་བྲལ་བར་རྒྱུན་བསྲིངས་ནས་སྐྱོང་། སྤྱོད་པས་སྟོང་ཉིད་རྟོགས་པའི་ཆ་རྐྱེན་དུ་འགྱུར་བའི་ཕྱིར་ན། རྟག་ཏུ་ཆོས་སྤྱོད་ལ་དུས་འདའ་བར་བྱས་ཏེ་བརྩོན་འགྲུས་བརྩམས། ཐམས་ཅད་ལའང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། མཇུག་བསྔོ་བ་དམ་པས་ཟིན་པར་བྱའོ། །ཁྱད་པར་དུ་རང་གི་དབང་དང་ཆོས་དྲིན་ཆེན་པོ་དང་ཟབ་མོ་གང་ལ་ཆོད་པའི་བླ་མ་དེ་ཉིད་བཟང་ངན་ཇི་ལྟར་སྣང་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་དེའི་རྒྱུད་ལས་འབྱུང་བའི་ཕྱིར་ན། ཆོས་དྲིན་མ་ཆོད་པའི་བླ་མ་བཟང་འདེམ་བྱས་ཀྱང་འབྲེལ་བ་མེད་པས་དེ་ལ་བརྟེན་ནས་བྱིན་བརླབས་འཇུག་མི་སྲིད་དེ། དེའི་ཕྱིར་ན་དྲིན་ཆེན་བླ་མ་གང་ཡིན་དེ་སྤྱི་བོའི་གཙུག་ཏུ་བསྒོམ་ལ་དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ་བ་ནི། ལྟ་སྒོམ་ཐམས་ཅད་ལམ་དུ་འགྲོ་བ་དང་། ཆོས་ལ་བར་ཆད་མེད་པ། བདུད་ཀྱིས་གླགས་མི་རྙེད་པ། ནད་གདོན་དང་རྐྱེན་ངན་སེལ་བ། བྱིན་རླབས་དངོས་གྲུབ་འབྱུང་བ། དབང་བཞི་ཡོངས་སུ་རྫོགས་ཤིང་དམ་ཚིག་ཉམས་ཆགས་སྦྱོང་བར་བྱེད་པ། གོལ་ཤོར་ནོར་གསུམ་གྱི་འཕྲང་དང་བྲལ་བ་ཡིན་པས་ན་ཐུགས་ཡིད་བསྲེས་ལ་ཅི་གནས་སུ་ཞོག་དང་། འཆི་ཁར་ཡང་བླ་མའི་སྣང་བ་ཤར་ནས་ཐུགས་ཡིད་བསྲེས་པས་བསྲེ་འཕོ་ཟུང་འཇུག་ཏུ་སངས་རྒྱས་པའི་གནད་ཟབ་མོ་བསྐྱེད་རིམ་དང་རྫོགས་ཆེན་ཀུན་གྱི་གནད་གཅིག་ཏུ་དྲིལ་བ་འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་མྱུར་དུ་ཐོབ་པའི་གདམས་པ་ཟབ་མོ་ཡིན་ནོ། །སྟོང་སྤྲུལ་ཕྱག་རྒྱའི་ངོ་སྐལ་དུ་ག་གཱས་སོ། །

༈ དུས་མཐར་གདབས་པ་དངཿ རྒྱུན་དུ་སྦྱངས་པཿ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་འཕོ་བའི་ཐབས་བློ་ལ་གཟུང་བདེ་བ་གནད་ལས་གནད་བསྡུས་པ་ནིཿ ལྟ་བ་རྒྱས་འདེབས་ཀྱི་དབང་དུ་བྱས་ནཿ ཁྱེད་ཀྱི་ད་ལྟའི་སེམས་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་གཞི་ཡི་འོད་གསལ་དངོས་ཡིན་པསཿ དེའི་ངང་ལས་མ་ཡེངས་པར་ཡང་ནས་ཡང་དུ་མཉམ་པར་ཞོག་ལཿ ཡང་སྐབས་སུཿ ད་ཅི་ང་ཤི་བའི་དུས་སུ་བར་དོ་དང་པོའི་འོད་གསལ་ཡང་འདི་དང་འདྲ་ལཿ ད་དུང་འདི་བས་བརྒྱ་སྟོང་གྲངས་མེད་ཡིད་ཀྱི་གསལ་བ་དངཿ བརྟན་པ་དངཿ དག་པ་སྟེཿ སེམས་ཀྱི་སྒྲིབ་གཡོག་ཐམས་ཅད་བྲལ་བ་ཞིག་འཆར་ཡོང་ངེས་པ་ཡིན་པསཿ དེ་ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེསཿ སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ས་ཡིན་པས་ངོ་ཤེས་པར་བྱས་ལཿ དེའི་ངང་དུ་འཕོའོ་སྙམ་པའི་འདུན་པ་དུང་དུང་རེ་གྱིས་ལཿ སེམས་ཀྱི་ངོ་བོའི་ཐོག་ཏུ་མཉམ་པར་ཡང་ཡང་ཞོག་ཅིགཿ གལ་ཏེ་རྣམ་རྟོག་རྒོད་ནས་ཡེ་མི་གནས་པར་འདྲ་ནཿ ཁྱོད་རང་གི་རྩ་བའི་བླ་མ་མཆོག་གང་ཡིན་དེ་སྤྱི་བོར་བསྒོམ་ལཿ ལུས་ཐ་མལ་གྱི་དབུས་སུ་རྩ་དབུ་མ་མཐིང་ག་གསལ་བའི་དབུསཿ སྙིང་ཀའི་ཐད་དུཿ རིག་པ་རྡོ་རྗེ་ཚོན་གང་བ་ལྟེ་བ་ན་ཧཱུྃ་ཡོད་པ་ཞིག་ཏུ་སོམ་ལཿ ཧིག་བརྩེགས་པ་ཅི་ནུས་ཀྱིས་བླ་མའི་ཐུགས་ཀར་འཕོས་ཏེཿ ཐུགས་རྣམ་མཁྱེན་གྱི་ཡེ་ཤེས་དང་དབྱེར་མེད་པར་འདྲེས་པར་མོས་ལ་ཡང་སེམས་ངོ་ལ་ལྟོསཿ ཡང་ཐོད་རྒལ་གྱི་དབྱིངས་ཐིག་མར་མེ་ཞིག་སྔོན་དུ་བཞག་ལ་བསྒོམས་ནསཿ འདི་རང་སྣང་ལོངས་སྐུའི་སྣང་བ་དངོས་ཡིན་པསཿ བདག་འདིར་འཕོ་སྙམ་པའི་དབྱིངས་ཐིག་གི་ངང་དུ་རིག་པ་རྡོ་རྗེ་ཧཱུྃ་མཚན་ཅན་འཕོ་བ་དངཿ ཡང་ན་དཔག་ཚད་ལྔ་བརྒྱའི་སྟེང་དུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བླ་མ་བཞུགས་པའི་ཐུགས་ཀརཿ ང་སྲིད་པ་བར་དོ་ལ་འཁྱམས་འདུག་པས་འཕོ་དགོས་སྙམ་ནས་འཕེན་པ་གང་ལ་ཡང་བླ་མའི་གསོལ་འདེབས་དྲན་པའི་ཧིཀ་གིས་སྦྱང་བ་ལས་ལོགས་སུ་འཕོ་བ་གཅིག་ཀྱང་མི་དགོས་པར་ཐམས་ཅད་དེར་འདུས་སོཿ དེ་ལྟར་གྲངས་མང་བསྐྱལ་བས་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འགྲོ་བར་གདོན་མི་ཟའོཿ འདི་ཀུན་ལ་ཤིན་ཏུ་མཁོཿ གལ་ཆེ་ཆེཿ འདི་ཁོ་ནའོཿ འདི་ཁོ་ནའོཿ འདི་ཁོ་ནའོཿ ག་གཱས་སོ། །

རྣམ་ཀུན་བྱུར་གྱི་སྣ་འདྲེན་སླུ་བྱེད་ཀྱི་ན་ཆུང་། རྒྱལ་ཚབ་པདྨ་འགྱུར་མེད་རྣམ་རྒྱལ།

༄༅། །རྣམ་ཀུན་བྱུར་གྱི་སྣ་འདྲེན་སླུ་བྱེད་ཀྱི་ན་ཆུང་། དོན་ལྡན་སྙན་པའི་རོལ་མོ་ས་གསུམ་དུ་ཁྱབ་ཅིང་། གྲགས་ལྡན་ལྷར་བཅས་སྐྱེ་དགུའི་གཙུག་ནོར་གྱིས་མཆོད་པའི། །མཁྱེན་ལྡན་སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་རང་གཟུགས། །དྲིན་ལྡན་ཡོངས་འཛིན་ཚོགས་རྣམས་སྙིང་དབུས་སུ་བཞུགས་ཤིག ༡ །ལང་ཚོའི་མྱུ་གུ་གསར་པ་གསར་པ་ཡི་དུས་ནས། །མཛའ་གཅུགས་དམ་བཅའ་ལྷོད་མིན་སྙིང་གྲོགས་ཀྱི་རྐང་དྲུག །བདག་བློ་ཨུཏྤལ་གཞོན་ནུའི་གེ་སར་ལས་ཐོན་པའི། །ལེགས་བཤད་སྦྲང་རྩིའི་དགའ་སྟོན་སྟོབ་པ་འདི་བཞེས་ཤིག ༢ །གང་ཞིག་རྙེད་ན་སྐྱེ་བའི་རྒྱ་མཚོ་ཡང་བརྒལ་ནུས། །ལྷ་བས་ལྷག་པའི་རྟེན་མཆོག་རིན་ཆེན་གྱི་གྲུ་གཟིངས། །རྣམ་རིག་བ་དན་གཡོ་བའི་སྐལ་བཟང་འདི་ཐོབ་ཚེ། །བག་མེད་འཛིན་ཁྲིའི་ཁ་ལ་བག་ཟོན་ཞིག་གནང་འཚལ། ༣ །མགྲོན་ཁང་གཡར་པོ་ལྟ་བུའི་སྒྱུ་མ་ཡི་ལུས་འདི། །བདག་པོ་བཙན་པོ་འཆི་བདག་ཕོ་ཉ་ཁོ་སླེབ་ན། །དོ་ནུབ་ཙམ་ཡང་མི་འདོར་ངེས་པ་ནི་མི་འདུག །མི་རྟག་རྟག་པར་མ་འཛིན་ལྷ་ཆོས་རང་མཛོད་ཅིག ༤ །སྦྲང་བུའི་སྦྲང་རྩི་འདྲ་བའི་ནོར་རྫས་དང་ལོངས་སྤྱོད། །རང་གིས་སྡུད་བསོག་བྱས་ཀྱང་གཞན་ཞིག་གིས་སྤྱོད་འགྲོ། །ད་ལྟ་རང་དབང་ཡོད་དུས་ཕྱི་མ་ཡི་རྒྱགས་ཕྱེ། །འཛད་མེད་མཆོད་སྦྱིན་བཟང་པོའི་ས་བོན་རེ་འདེབས་འཚལ། ༥ །ཚོང་འདུས་མགྲོན་པོ་འདྲ་བའི་གཉེན་གྲོགས་དང་གྲྭ་འཁོར། །ད་ལྟ་ལྷན་དུ་འཚོགས་ཀྱང་རིང་མིན་ནས་བྲལ་ངེས། །ཞེན་ཆགས་གདུང་སེམས་མ་ཆེ་བློ་སྣ་དེ་བསྟུངས་ལ། །བག་ཡོད་དབེན་པར་སྒྲུབ་པའི་རྒྱལ་མཚན་དེ་བརྟན་མཛོད། ༦ །རྨི་ལམ་རྒྱལ་སྲིད་འདྲ་བའི་སྐུ་བསོད་དང་སྙན་གྲགས། །ལྟར་སྣང་ཡིན་ཡིན་འདྲ་ཡང་ནམ་ཕུགས་སུ་བསླུར་ཡོང་། །འདིར་སྣང་ཆོས་བརྒྱད་ཞེན་པའི་འཆིང་ཐག་དེ་ཆོད་ལ། །ཟོལ་མེད་ངེས་འབྱུང་གཤའ་མའི་ཤིང་རྟ་ལ་ཞུགས་མཛོད། ༧ །དྲན་ཚད་ཁ་རུ་སྨྲ་བ་ཅོལ་ཆུང་གི་རང་མཚང་། །མཐོང་ཚད་ལག་ཏུ་ལེན་འདོད་མགོ་ཡང་གི་ཧར་སྤྱོད། །འཕྲད་ཚད་གྲོགས་སུ་བསྡེབས་པ་རང་ཕུང་གི་གཞི་མ། །འདི་འདྲས་གཏན་འདུན་ལྟ་ཅི་འདིར་སྣང་ཡང་འགྲུབ་དཀའ། ༨ །བཙན་དུག་ཧ་ལ་ལྟ་བུའི་དཀོར་རྫས་ཀྱི་ལོག་འཚོ། །ཐར་པའི་སྲོག་རྩ་གཅོད་པའི་སྤུ་གྲི་རུ་གདའ་བས། །བག་ཡོད་ཆོག་ཤེས་ནོར་བུའི་བང་འཛོད་དང་འགྲོགས་ནས། །སྒྲིབ་སྦྱོང་ཚོགས་གཉིས་སྤེལ་བའི་ཆོ་ག་རེ་གནང་འཚལ། ༩ །དགྲ་གཉེན་ངེས་མེད་བར་སྣང་བསིལ་བུ་ཡི་ངང་ཚུལ། །རྐྱེན་སྣང་ཕྲ་མོས་མི་བརྟན་སྐད་ཅིག་རེས་འགྱུར་འགྲོ། །སྡང་ཞེན་མཚོན་ཆའི་འཁོར་ལོ་བསྐོར་བ་དེ་ཐོངས་ལ། །ལྷག་བསམ་བ་དན་དཀར་པོ་ཅིག་ཆར་དུ་སྒྲེངས་ཤིག ༡༠ །རང་འཁོས་མེད་པའི་ཆོས་དང་འཇིག་རྟེན་གྱི་བྱ་གཞག །རྒྱ་ཆེན་རྩོམ་པ་དོན་མེད་གསང་རྡོར་གྱི་མདུད་པ། །ནམ་ཕུག་མི་འཁྱོལ་མིས་འཕྱ་རང་སྡུག་གི་སྣོན་མ། །དེ་བས་རང་ཚོད་གཟུང་བ་སྙིང་གྲོགས་ཀྱི་སྙིང་གཏམ། ༡༡ །སྐྱབས་གནས་དཀོན་མཆོག་མ་གཏོགས་འཇིག་རྟེན་གྱི་ཁེ་དྲག །གང་ལའང་རེ་ལྟོས་མི་འདུག་ཡིད་ཆད་ཀྱི་སྣོན་མ། །དེ་བས་སྣ་ཐག་རང་གི་མགོ་བོ་ལ་དཀྲིས་ཏེ། །རིག་འཛིན་གོང་མ་ཕེབས་པའི་ཤུལ་ལམ་ལ་སྙོགས་ཤོག ༡༢ །ན་གཞོན་བྱིས་པའི་དུས་ན་གཞན་དབང་གིས་བཅིངས་ཤིང་། །དར་བབ་ལང་ཚོས་དྲེགས་ཚེ་འདོད་ཡོན་གྱི་ཁོལ་པོ། །རྒས་འཁོག་དབང་ཤེས་གུད་ཚེ་སྒྱུ་ལུས་ཀྱིས་མི་འཁྱོངས། །འདི་འདྲས་དལ་འབྱོར་སྙིང་པོ་ཇི་ལྟར་དུ་ལོན་ཨང་། ༡༣ །ཐོབ་ཐོབ་བསླབ་ཤེས་མང་ཡང་དགོས་དུས་ནི་མི་དྲན། །ཟབ་ཟབ་ཡིག་སྣ་བསགས་ཀྱང་རང་རྒྱུད་ལ་མ་འབྱོར། །ཡིན་ཡིན་སྣང་བ་མཐོ་ཡང་དོགས་ས་རུ་བསླུར་ཡོང་། །དེ་བས་མཛུབ་མོ་ནང་དུ་བཀུག་པ་འདི་ཟབ་བོ། ༡༤ །ཉེས་མེད་མ་རྒན་བསད་པའི་ཤ་ཁྲག་གི་གཡོས་སྦྱོར། །བསླབ་གསུམ་སྲོག་རྩ་གཅོད་པའི་མྱོས་བྱེད་ཀྱི་བཏུང་བ། །རྣམ༵་ཀུན༵་བྱུར༵་གྱི༵་སྣ༵་འདྲེན༵་སླུ༵་བྱེད༵་ཀྱི༵་ན༵་ཆུང༵་། །འདི་གསུམ་ཆོས་པའི་བདུད་ཡིན་བག་ཟོན་རེ་མཛད་འཚལ། ༡༥ །སྡོམ་ཀུན་རྨང་ནས་སྒྱེལ་བྱེད་མི་ཆོས་ཀྱི་བླ་མ། །རྣམ་ཀུན་སྙིང་རྗེས་མ་ཟིན་དྲག་ལས་དང་མཐུ་གཏད། །ཕྱོགས་ཞེན་དུག་ཆུས་མྱོས་པའི་ཆགས་སྡང་གི་ཆོས་སྤང་། །འདི་གསུམ་བདུད་ཀྱི་ལས་ཡིན་རྣམ་ཀུན་དུ་སྤོངས་ཤིག ༡༦ །ངེས་འབྱུང་རྒྱུད་ལ་མ་སྐྱེས་སོ་ཐར་དེ་ཨོ་ཟོབ། །གཞན་ཕན་རྒྱུད་ལ་མ་འབྱོངས་བྱང་སེམས་དེ་ཁ་སྤྱང་། །བསྐྱེད་རྫོགས་གདེང་དང་མི་ལྡན་གསང་སྔགས་དེ་ཐོ་ཅོ། །འདི་གསུམ་དུད་ཀའི་སྙེ་མ་དོན་འབྲས་ཀྱིས་དབུལ་ལོ། ༡༧ །སྔོན་འགྲོའི་རྩིག་རྨང་མེད་པའི་འོད་གསལ་གྱི་ཡང་སྟེང་། །སྙིང་རྗེའི་ཁྱོ་ཕོ་ཤི་བའི་སྟོང་ཉིད་ཀྱི་ཡུགས་ས། །ལས་འབྲས་ཁྱད་དུ་གསོད་པའི་སྟོང་འཛིན་གྱི་སྨྱོ་སྤྱོད། །འདི་གསུམ་ཡང་དག་ལམ་དུ་ཇི་ལྟར་དུ་འགྲོ་ཨང་། ༡༨ །རང་དོན་སྒྲུབ་ལ་ཞུགས་ཀྱང་རྣམ་གཡེང་ནི་མ་ཞི། །གཞན་དོན་འཆད་སྤེལ་བརྩམས་ཀྱང་རང་འདོད་ནི་མ་སྤངས། །གཉིས་དོན་ཚོགས་གསོག་རློམ་ཡང་འདིར་སྣང་གི་ཁེ་དྲག །འདི་གསུམ་འཆི་བ་སྙིང་ནས་མ་དྲན་པས་ལན་འདུག ༡༩ །ཚེ་སྟོད་རི་ལ་སྒྲུབ་པའི་ཆོས་ཚུགས་ཙམ་ཡོད་ཀྱང་། །ཚེ་སྐེད་མི་ནག་སྐྱེ་བོའི་རྐྱེན་སེལ་དུ་བཙོངས་ནས། །ཚེ་མཇུག་སྐྱ་མིན་སེར་མིན་ཕལ་པ་ལས་ལོད་པ། །འདི་གསུམ་ངེས་འབྱུང་རྒྱུད་ལ་མ་ཁེལ་པས་ལན་འདུག ༢༠ །ཅུང་ཟད་ཐོས་པར་རློམ་ཡང་ང་རྒྱལ་ནི་ཇེ་ཆེ། །སྐབས་རེར་སྒོམ་ལོ་བྱས་ཀྱང་ཉོན་མོངས་ནི་ཇེ་རགས། །ན་སོ་སྨིན་བཞིན་རང་རྒྱུད་ཇེ་རྩུབ་དུ་འགྲོ་བ། །འདི་གསུམ་བདག་འཛིན་གཉེན་པོས་མ་ཆོམ་པས་ལན་འདུག ༢༡ །ཐོས་བསམ་སྣེ་མང་བྱས་ཀྱང་མཐར་ཕྱིན་ནི་གཅིག་མེད། །བསྐྱེད་རྫོགས་འལ་འོལ་སྒོམ་ཡང་གྲུབ་འབྲས་ཀྱིས་སྟོང་ལ། །ལྷ་སྔགས་བསྙེན་གྲངས་ཐེམ་ཡང་ནུས་མཐུ་ཡིས་དབེན་པ། །འདི་གསུམ་ཤེས་བརྩོན་དམན་པའི་རང་མཚང་དུ་འདུག་གོ ༢༢ །མི་དགེའི་བཤེས་གྲོགས་བརྟེན་པ་ཐར་ལམ་གྱི་བར་ཆད། །གཉིད་ཆང་གཏམ་ལ་གཡེང་བ་དགེ་སྦྱོར་གྱི་བཤོལ་འདེབས། །དོན་མེད་བྱ་གཞག་མང་པོ་སེམས་ལས་ཀྱི་ཁུར་པོ། །འདི་གསུམ་སྤངས་པ་འཕྲལ་ཕུག་ཀུན་དགེ་ཡི་གཞི་མ། ༢༣ །སྲིད་འབྱོར་སྒྱུ་མར་རྟོགས་པའི་ཞེན་ལོག་དང་ངེས་འབྱུང་། །བླ་མ་སངས་རྒྱས་མཐོང་བའི་དག་སྣང་དང་མོས་གུས། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་དང་བྱང་སེམས། །འདི་གསུམ་ཐར་པ་སྒྲུབ་ལ་མེད་ཐབས་རང་མི་འདུག ༢༤ །ལས་འབྲས་བསླུ་མེད་ཤེས་པའི་འཇུག་ལྡོག་གི་ལག་ལེན། །ཅིས་ཀྱང་དགོས་མེད་དྲན་པའི་མི་རྟག་གི་ལྕག་འདེབས། །མི་ཚེ་ཆོས་ལ་དྲིལ་བའི་འདུན་གྲོས་ཀྱི་ཞེ་དམ། །འདི་གསུམ་ཆོས་མཛད་ཡོངས་ལ་མེད་ཐབས་རང་མི་འདུག ༢༥ །བསྟན་པ་འགལ་མེད་རྟོགས་པ་ཆོས་སྣང་གི་སྒོ་མོ། །ཡོངས་འཛིན་མཁས་པ་བསྟེན་པ་ཡོན་ཏན་གྱི་འབྱུང་ཁུངས། །མང་ཐོས་ངོམས་མེད་བརྩོན་པ་དམ་པ་ཡི་མཛད་སྤྱོད། །འདི་གསུམ་མཁས་པར་སློབ་ལ་མེད་ཐབས་ནི་མི་འདུག ༢༦ །དབང་ཐོབ་དམ་ཚིག་གཙང་བ་དངོས་གྲུབ་ཀྱི་གཞི་མ། །མན་ངག་སྒྲོ་འདོགས་ཆོད་པ་ཉམས་ལེན་གྱི་སྲོག་ཤིང་། །དབེན་གནས་རི་ཁྲོད་འགྲིམ་པ་གྲུབ་ཐོབ་ཀྱི་དཔའ་ཚུགས། །འདི་གསུམ་སྒྲུབ་བརྒྱུད་འཛིན་ལ་མེད་ཐབས་རང་མི་འདུག ༢༧ །རང་འདོད་གཡོ་ཟོལ་སྤངས་པ་གཞན་ཕན་གྱི་ལྷག་བསམ། །ལོག་སྒྲུབ་རྐྱེན་གྱིས་མི་འཁྲུགས་དམ་བཅའ་ཡི་གོ་ཆ། །བསྡུ་བཞིའི་ལག་ལེན་མཁས་པ་བྱང་སེམས་ཀྱི་མཛད་སྤྱོད། །འདི་གསུམ་སློབ་རིས་སྐྱོང་ལ་མེད་ཐབས་རང་མི་འདུག ༢༨ །སྡོམ་གསུམ་འགལ་མེད་སྲུང་བ་ཡོན་ཏན་གྱི་རྟེན་གཞི། ཐོས་བསམ་སྒོམ་པ་མཐར་ཕྱིན་དོན་གཉིས་ཀྱི་རྩ་བ། །འཆད་རྩོད་རྩོམ་པའི་ཕྱག་རྗེས་མཁས་གྲུབ་ཀྱི་ཁྱད་ནོར། །འདི་གསུམ་བསྟན་པ་འཛིན་ལ་མེད་ཐབས་རང་མི་འདུག ༢༩ །ལྟ་བ་ཡེ་གྲོལ་སོར་བཞག་ཕྱག་རྫོགས་ཀྱི་དགོངས་པ། །སྤྱོད་པ་རྒྱལ་སྲས་ལམ་བཟང་བཀའ་གདམས་ཀྱི་གཤེགས་ཤུལ། །མི་ཚེ་སྒྲུབ་ལ་དྲིལ་བ་དྭགས་བརྒྱུད་ཀྱི་རྣམ་ཐར། །འདི་གསུམ་རྗེས་སུ་ཞུགས་པ་འཆུགས་མེད་ཀྱི་ལམ་བཟང་། ༣༠ །ཕྱོགས་རིས་ཆགས་སྡང་ཞི་བ་ཐོས་བསམ་གྱི་དོན་གོ སེམས་ཉིད་ཆོས་སྐུར་རྟོགས་པ་སྒོམ་སྒྲུབ་ཀྱི་སྙིང་པོ། །རླབས་ཆེན་བྱང་སེམས་འབྱོངས་པ་གཞན་དོན་གྱི་རྩ་བ། །འདི་གསུམ་གལ་མདོ་ལགས་པས་ཐུགས་དབུས་སུ་བཅང་འཚལ། ༣༡ །རང་སེམས་བླ་མར་ཤེས་པ་ཉམས་ལེན་གྱི་ཉིང་ཁུ། །དགོངས་བརྒྱུད་བྱིན་རླབས་འཕོ་བ་གྲུབ་རྟགས་ཀྱི་རྒྱལ་པོ། །ཁྱེར་སོ་གསུམ་དང་མ་བྲལ་ཚོགས་གཉིས་ཀྱི་ལམ་མཆོག །འདི་གསུམ་རྒྱུད་ལ་སྦྱོར་བའི་བཀའ་དྲིན་རང་ཞུའོ། ༣༢ །ཨ་ཧོ་བཤད་པའི་ཚིག་ལ་ཟད་མཐའ་རང་མེད་ཀྱང་། །དོན་གྱི་སྙིང་པོ་སྟོང་ཉིད་སྙིང་རྗེ་དང་སྙིང་པོ། །ཟུང་འབྲེལ་རྒྱལ་བ་དགྱེས་པའི་ལམ་བཟང་ལ་ཞུགས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ལ་ཕེབས་ཤོག ༣༣ །དེ་སྐད་རང་ལ་མེད་པའི་ཁ་བཤད་ནི་སྟོང་པ། །འདི་འདྲས་གཞན་ལ་ཕན་པའི་རེ་བ་རང་མེད་ཀྱང་། །རིང་ནས་དད་དམ་སྲད་བུས་དམ་པོ་རུ་སྦྲེལ་བའི། །གྲོགས་ཀྱིས་བསྐུལ་ནན་མ་བཟོད་ཚིག་ལམ་ནས་ཐལ་སོང་། ༣༤ །གང་ལ་ཉེ་རིང་མི་མངའ་བླ་མ་ནི་མཆོག་གསུམ། །གང་གིས་གསོལ་བ་བཏབ་ལ་བྱིན་རླབས་ནི་འཇུག་པས། །གང་དག་སྨོན་པའི་དོན་ཀུན་ཁྱེད་ཐུགས་ལ་སྨིན་ནས། །གངས་ཅན་མགོན་པོའི་རྣམ་ཐར་འགྲུབ་པ་རུ་ཤོག་ཅིག ༣༥ །མཆོག་སྤྲུལ་མདྒ་ལ་ལཀྵི་མའི་བཞེད་ངོར་བི་ཛས་བྲིས་པ་དགེ།

སྐྱིད་སྡུག་ལམ་འཁྱེར། རྡོ་གྲུབ་བསྟན་པའི་ཉི་མ།

༄༅། །སྐྱིད་སྡུག་ལམ་འཁྱེར་བཞུགས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། །གང་ཞིག་རྟག་ཏུ་ཕ་རོལ་བདེ་བས་བདེ་འགྱུར་ཞིང་། །གཞན་དག་སྡུག་བསྔལ་གྱུར་པས་མཆོག་ཏུ་འོ་བརྒྱལ་བ། །ཐུགས་རྗེ་ཆེན་པོའི་ཡོན་ཏན་ཤིན་དུ་བསྒྲུབས་པ་གང་། །དེ་ནི་རང་གི་བདེ་སྡུག་སྤངས་ཏེ་འདུག་པ་ཡིན། །ཞེས་ཇི་སྐད་གསུངས་པའི་ཡོན་ཏན་རྗེས་སུ་དྲན་ནས་ཕྱག་བྱས་ཏེ། དམ་པ་རྣམས་ཀྱི་ཉེར་མཁོའི་ལག་ཆ་འཇིག་རྟེན་ན་རིན་ཐང་དང་བྲལ་བ་སྐྱིད་སྡུག་ལམ་འཁྱེར་གྱི་མན་ངག་ཆ་ཙམ་བརྗོད་པར་བྱ་སྟེ། དེ་ལ་གཉིས། སྡུག་བསྔལ་ལམ་དུ་འཁྱེར་ཚུལ་དང་། སྐྱིད་པ་ལམ་དུ་འཁྱེར་ཚུལ་ལོ། །དང་པོ་ལ་གཉིས། ཀུན་རྫོབ་དང་། དོན་དམ་ལ་བརྟེན་པའོ། །

དང་པོ་ནི། སེམས་ཅན་དང་སེམས་ཅན་མ་ཡིན་པའི་འཚེ་བ་ནམ་བྱུང་དུ་སྡུག་བསྔལ་གྱི་འདུ་ཤེས་འབའ་ཞིག་འཇོག་པ་ལ་བློ་གོམས་ན་ཡུལ་རྐྱེན་ཕྲ་མོ་རེས་ཀྱང་སེམས་ཀྱི་ཟུག་རྔུ་ཆེས་ཆེན་པོ་སྐྱེད་དེ། བདེ་སྡུག་གི་འདུ་ཤེས་གང་ལ་གོམས་པ་དེ་འཕེལ་འགྲོ་བ་ཆོས་ཉིད་ཡིན་པས་སོ། །དེ་ལྟར་རིམ་གྱིས་གོམས་པའི་སྟོབས་འཕེལ་ཏེ། ཅི་ཞིག་ན་གང་སྣང་ཕལ་ཆེར་ཡིད་མི་བདེ་འདྲེན་པའི་རྒྱུར་སོང་ནས་བདེ་བའི་གོ་སྐབས་ཡེ་མེད་པ་ཞིག་འོང་། དེ་རང་གི་བློ་གོམས་ཚུལ་གྱིས་ལན་ཡོད་པ་མི་ཤེས་པར་ཕྱི་རོལ་གྱི་ཡུལ་རྐྱེན་ཁོ་ནས་ཉེས་པར་བཟུང་བས་ཕྱི་ཕྱིར་ཁོང་ཁྲོ་སོགས་ལས་ངན་སྡུག་བསྔལ་གྱི་མེ་ལྕེ་ཐུག་མེད་དུ་མཆེད་པར་འགྱུར་ཏེ། སྣང་བ་དགྲར་ལང་བ་བྱ་བ་ཡིན། སྙིགས་མའི་སེམས་ཅན་སྡུག་བསྔལ་གྱིས་གཟིར་བའི་རྒྱུ་མཚན་སོ་སོར་རྟོག་པའི་སྟོབས་དམན་པ་འདི་ལ་ཐུག་ཡོད་པས་ཞིབ་ཏུ་ཤེས་དགོས། དེའི་ཕྱིར་དགྲ་དང་ནད་གདོན་ལ་སོགས་པའི་བར་ཆད་ཀྱིས་མི་ཚུགས་པའི་དོན་ནི། ནད་སོགས་དེ་དག་བྱུང་བ་ལྡོག་པ་དང་། ཕྱིས་མི་འབྱུང་བ་ལ་མི་བྱེད་ཀྱི། དེ་དག་ལམ་སྒྲུབ་པའི་བར་ཆད་དུ་སྐྱེ་མི་ནུས་པ་ལ་བྱའོ། །དེ་ལྟར་འོང་བ་ནི། རང་སྡུག་བསྔལ་བ་ལ་མཐའ་གཅིག་ཏུ་མི་འདོད་པའི་བློ་དགག་པ་དང་། སྡུག་བསྔལ་དེ་བྱུང་བ་ལ་དགའ་བའི་བློ་སྐྱེད་པ་གཉིས་ཀྱིས་སྒྲུབ་དགོས་པའི། དང་པོ་ནི། སྡུག་བསྔལ་ལ་མཐའ་གཅིག་ཏུ་མི་མཐུན་པའི་རྣམ་པར་བལྟས་ནས་ཡིད་མི་དགའ་བའི་བཟེ་རེ་ཅི་ཙམ་བྱས་ཀྱང་དགོས་ནུས་མེད་ཅིང་། ཉེས་དམིགས་ཆེ་བའི་ཚུལ་ལ་ངེས་པ་ཡང་དང་ཡང་དུ་དྲང་ལ། དེང་ཕན་ཆད་སྡུག་བསྔལ་ཇི་ལྟ་བུ་བྱུང་ཡང་བཟེ་རེ་མི་བྱའོ་སྙམ་དུ་འཕེན་པ་དྲག་པོ་མང་དུ་གོམས་པར་བྱ་ཞིང་། སྙིང་སྟོབས་ཆེར་སྐྱེད་པ་ལ་བསླབ་བོ། དེ་ལ་དགོས་ནུས་མེད་པ་ནི། སྡུག་བསྔལ་དེ་བཅོས་སུ་ཡོད་ན་མི་དགའ་བ་བྱ་མི་དགོས་ཤིང་། འཆོས་སུ་མི་བཏུབ་ན་མི་དགའ་བ་བྱས་ཀྱང་ཕན་པ་མེད་པའོ། །ཉེས་དམིགས་ཆེ་བ་ནི། བཟེ་རེ་མ་བྱས་ན་སེམས་སྟོབས་ཀྱིས་སྡུག་བསྔལ་ཆེན་པོ་ཡང་རས་བལ་ལྟར་ཡང་ཞིང་སྲབ་པར་ཚོར་ནས་འཁུར་སླ་བ་ཡིན་པ་ལ། བཟེ་རེ་བྱས་པའི་དབང་གིས་སྡུག་བསྔལ་ཆུང་ངུ་ཡང་ཡིད་མི་བདེའི་ཚོར་བ་མི་བཟད་པ་བསྣན་ནས་ཤིན་དུ་བཟོད་དཀའ་བའོ། །དེའང་དཔེར་ན་མཛེས་མའི་མཚར་སྡུག་ལ་རྟོག་བཞིན་དུ་འདོད་ཆགས་དགག་ལོ་བྱས་ཀྱང་ངལ་བ་ཙམ་དུ་ཟད་པ་ལྟར། སྡུག་བསྔལ་གྱིས་གདུང་བའི་རྣམ་པ་ལ་ཡིད་ཤས་ཆེར་གཏད་ནས་བཟོད་སྲན་སྐྱེད་མི་ནུས་པས་དབང་བོའི་སྒོ་སྡོམ་པའི་མན་ངག་རྣམས་ལས་འབྱུང་བ་ལྟར། སྡུག་བསྔལ་དེ་ལ་ཡིད་ཤེས་ཀྱིས་མཚན་མར་མི་བཟུང་བར་བློ་རྣལ་དུ་བཞག་ལ་རང་སོ་གཟུང་བ་ཞིག་གོམས་དགོས་སོ། གཉིས་པ་ནི། སྡུག་བསྔལ་ལ་ལམ་གྱི་གྲོགས་སུ་བལྟས་ནས་དགའ་བ་སྒོམ་པ་སྟེ། དེའང་སྡུག་བསྔལ་གང་བྱུང་རང་གི་བློའི་ནུས་པ་དང་བསྟུན་པའི་དགེ་སྦྱོར་རེ་དང་བསྲེ་རྒྱུ་མེད་ན། སྤྱིར་ཐབས་མཁས་དང་ལྡན་ན་སྡུག་བསྔལ་ལ་བརྟེན་ནས་ཕན་ཡོན་འདི་དང་འདི་ལྟ་བུ་འཐོབ་ཏུ་ཡོད་དོ་ཞེས་པ་ཙམ་ཞིག་མང་དུ་བསམ་ཡང་། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། ཞེས་པ་ལྟར་སོང་ནས་དགོས་པ་འགྲུབ་དཀའོ། །དེས་ན་རེ་ཞིག་སྡུག་བསྔལ་ལ་བརྟེན་ནས་ངེས་འབྱུང་གི་བསམ་པ་སྦྱང་བ་ནི། ཇི་སྲིད་དབང་མེད་དུ་འཁོར་བར་འཁྱམས་པ་དེ་སྲིད་འདི་ལྟ་བུའི་སྡུག་བསྔལ་འབྱུང་བ་ནི་མི་འོས་པ་ཞིག་བྱུང་བ་མ་ཡིན་གྱི་འཁོར་བའི་ངང་ཚུལ་དེ་ལྟ་བུ་ཡིན་ནོ་སྙམ་པ་དང་། རེ་ཞིག་བདེ་འགྲོ་ན་སྤྱོད་པའི་སྡུག་བསྔལ་ཉི་ཚེ་ཡང་འདི་ལྟར་བཟོད་པར་དཀའ་ན། ངན་འགྲོའི་སྡུག་བསྔལ་ལྟ་ཅི་སྨོས་ཏེ། ཀྱེ་མའོ་འཁོར་བ་ནི་གཏིང་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ནོ་སྙམ་དུ་སྐྱོ་བ་བསྐྱེད་དེ། ཡིད་ཐར་བ་ལ་ཕྱོགས་པར་བྱའོ། །སྐྱབས་འགྲོ་སྦྱང་བ་ནི། དེ་ལྟར་ཚེ་རབས་བརྒྱུད་མར་འཇིགས་པ་འདི་ལྟ་བུས་ཡང་དང་ཡང་དུ་ཉེན་པ་ལ་མི་བསླུ་བའི་སྐྱབས་སུ་གྱུར་པ་ནི་དཀོན་མཆོག་གསུམ་ཁོ་ན་ཡིན་པས་ཅིས་ཀྱང་དེ་ཁོ་ན་ལ་བརྟེན་པར་བྱ་ཞིང་། དེ་གསུམ་ཅི་ལ་བབས་ཀྱང་གཏང་བར་མི་བྱའོ་སྙམ་དུ་ངེས་པར་བྱས་ནས་སྐྱབས་འགྲོ་སྒོམ་པའོ། །དྲེགས་པ་བསལ་བ་ནི། གོང་དུ་བཤད་པ་ལྟར་རང་ལ་དབང་མེད་ཅིང་། རྟག་ཏུ་སྡུག་བསྔལ་གྱི་གཞན་དབང་ཅན་ལས་མ་འདས་པའི་ཚུལ་ལ་བརྟེན་ཏེ། ལེགས་ཚོགས་འཇོམས་པའི་དགྲ་བོ་ང་རྒྱལ་དང་། གཞན་ཁྱད་དུ་གསོད་པའི་བློ་ངན་ཚར་གཅད་པར་བྱའོ། །སྡིག་པ་སྦྱང་བ་ནི། སྡུག་བསྔལ་འདི་ལྟ་བུ་དང་། འདི་བས་ཆེས་ཆེ་བ་དཔག་ཏུ་མེད་པ་ནི་སྡིག་པ་འབའ་ཞིག་ལས་བྱུང་ངོ་ཞེས་ལས་ངེས་པ་དང་། འཕེལ་ཆེ་བ་དང་། མ་བྱས་པ་དང་མི་འཕྲད་པ་དང་། བྱས་པ་ཆུད་མི་ཟ་བ་བཞིའི་སྒོ་ནས་ལེགས་པར་བསམ་ལ། དེའི་ཕྱིར་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་མི་དགེ་བ་སྤོང་དགོས་སོ་སྙམ་དུ་སྔར་བསགས་སྟོབས་བཞིས་བཤགས་ཤིང་། ཕྱི་མ་བསྡམ་པ་ལ་འབད་དོ། །དགེ་བ་ལ་དགའ་བ་ནི། སྡུག་བསྔལ་ལོག་པའི་བདེ་བ་ལ་དགའ་ན་དེའི་རྒྱུ་དགེ་བ་ལ་འབད་དགོས་སོ་སྙམ་དུ་རྒྱས་པར་བསམ་ལ་སྒོ་དུ་མ་ནས་དགེ་བའི་ཕྱོགས་ཅི་འཕེལ་བྱའོ། །སྙིང་རྗེ་ལ་སློབ་པ་ནི། བདག་བཞིན་དུ་སེམས་ཅན་གཞན་ཡང་སྡུག་བསྔལ་དེ་ལྟ་བུ་དང་། དེ་ལས་ཆེས་ཆེ་བས་མནར་ཚུལ་རྣམས་བསམ་ལ་དེ་དག་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་ན་ཅི་མ་རུང་སྙམ་དུ་སྦྱང་ངོ་། བདེ་བས་ཕོངས་པ་ལ་དམིགས་ནས་བྱམས་པ་སྒོམ་ཚུལ་ཡང་དེས་ཤེས་སོ། །བདག་བས་གཞན་གཅེས་སྒོམ་པ་ནི། བདག་འདི་ལྟར་སྡུག་བསྔལ་གྱིས་མི་གཏོང་བ་ནི་ཐོག་མ་མེད་པ་ནས་རང་གཅེས་པར་བཟུང་བས་ལན་པས། ད་ནི་བདེ་ལེགས་ཀྱི་འབྱུང་གནས་གཞན་གཅེས་འཛིན་ཁོ་ན་ལ་གནས་པར་བྱའོ་སྙམ་དུ་སྒོམ་པའོ། །དེའང་གདོང་ཐུག་དུས་ཤིན་དུ་དཀའ་བས། རྐྱེན་ངན་དང་བསྲེ་རྒྱུའི་དགེ་སྦྱོར་དེ་དག་སྔ་ནས་འདྲིས་པ་གལ་ཆེ་ཞིང་། རང་ཉིད་གང་ལ་གོམས་པ་གསལ་བ་ཞིག་གཙོ་བོར་བཟུང་སྟེ་བསྲེས་ན་ཁྱད་ཆེའོ། །སྡུག་བསྔལ་དགེ་སྦྱོར་གྱི་གྲོགས་སུ་སོང་བ་གཅིག་པུས་ཀྱང་མི་ཆོག་གི་དེ་ལྟར་སོང་བ་དེ་ལེགས་པར་ངོ་ཤེས་ནས་དེས་དྲངས་པའི་དགའ་བ་ཤུགས་དྲག་ལ་རྒྱུན་བརྟན་པོར་འཇུག་པ་ཞིག་ངེས་པར་དགོས་པས་ཇི་སྐད་བཤད་པ་དེ་དག་གང་གི་ཚེ་ཡང་། འདི་ལྟར་སྡུག་བསྔལ་འདིས་བདག་ལ་ཤིན་དུ་རྙེད་པར་དཀའ་བའི་མཐོ་རིས་དང་ཐར་བའི་བདེ་སྐྱིད་བཟང་ལ་མང་བ་སྒྲུབ་པའི་གྲོགས་རྒྱ་ཆེར་བྱས་ཤིང་། ཚུལ་འདིས་ད་དུང་ཡང་བྱེད་པར་འགྱུར་བས་འདི་ནི་རྩུབ་ཀྱང་མཆོག་ཏུ་དགའ་བའི་གནས་ཏེ། སུག་སྨེལ་ན་ལེ་ཤམ་བསྲེས་པའི། །ཤ་ཁ་ར་ཡི་ལ་དུ་བཞིན། །ཞེས་པ་ལྟ་བུའོ་སྙམ་དུ་དེའི་ཚུལ་ཞིབ་ཏུ་ཡང་ཡང་བསམ་ལ་ཡིད་བདེ་བ་གོམས་པར་བྱའོ། །དེ་ལྟར་བྱས་པས་བདེ་བའི་ཡིད་བྱེད་ལྷག་པའམ་ཤས་ཆེ་བའི་དབང་གིས་དབང་ཤེས་ཀྱི་སྡུག་བསྔལ་མི་མངོན་པ་ལྟ་བུར་སོང་སྟེ། དེས་སེམས་ལ་གནོད་མི་ནུས་པ་ནི་བཟོད་པས་ནད་ཟིལ་གྱིས་ནོན་པའི་ཚད་ཡིན་ལ། དེས་དགྲ་འདྲེ་སོགས་ཟིལ་གྱིས་ནོན་པའི་ཚད་ཀྱང་ཤེས་པར་བྱའོ། །གོང་དུ་བཤད་པ་ལྟར་སྡུག་བསྔལ་ལ་མི་འདོད་པའི་འདུ་ཤེས་ཟློག་པ་ནི་སྡུག་བསྔལ་ལམ་དུ་སློང་བའི་རྟེན་གཞི་ཡིན་ཏེ། བཟེ་རེས་སྲོ་ཤི་ཞིང་རྒྱུད་འཁྲུག་བཞིན་དུ་སྡུག་བསྔལ་ལམ་དུ་སློང་བར་མི་ནུས་པའི་ཕྱིར་རོ། །སྡུག་བསྔལ་ལམ་ཁྱེར་དངོས་ལ་སྦྱང་བས་ཀྱང་སྔ་མ་ལ་བོགས་དབྱུང་བར་བྱེད་དེ། སྡུག་བསྔལ་གྱིས་དགེ་སྦྱོར་འཕེལ་བ་མྱོང་ཐོག་ཏུ་ཁེལ་བས་ཕྱི་ཕྱིར་སྤྲོ་བ་རྒྱས་པའི་ཕྱིར་རོ། །འདི་དག་སྡུག་བསྔལ་ཆུང་རིམ་ནས་སྦྱང་ན་སླ་བའི་གོ་རིམ་ཞེས་པ་ལྟར་མཐར་གྱིས་ཆེན་པོ་ལའང་འབྱོང་བར་གསུངས་པས་དེ་ལྟར་དགོས་ཏེ། རང་གི་རྒྱུད་ཚོད་དང་མི་འཚམས་པའི་མྱོང་བ་རྙེད་དཀའ་བའི་ཕྱིར་རོ། ཐུན་མཚམས་རྣམས་སུ་བླ་མ་དཀོན་མཆོག་ལ་སྡུག་བསྔལ་ལམ་དུ་ལྷོངས་བའི་ཆེད་དུ་གསོལ་བ་འདེབས་པ་དང་། བློའི་མཐུ་ཅུང་ཟད་ཆེར་སོང་བ་ན་དཀོན་མཆོག་དང་འབྱུང་བོ་མཆོད་ནས་བདག་གི་དགེ་སྦྱོར་རྩལ་སྦྱོང་བའི་ཕྱིར་རྐྱེན་ངན་ཐོང་ཞིག་ཅེས་ལས་འཆོལ་བྱ་ཞིང་། དུས་ནམ་ཡང་དགའ་སྤྲོའི་གདེང་ཚད་དང་ལྡན་པར་བྱའོ། །དང་བོར་སློབ་དུས་འདུ་འཛི་རྒྱང་བསྲིང་ནས་སྒོམ་པའང་གཅེས་ཏེ། འདུ་འཛིའི་གསེབ་ཏུ་སྡུག་བསྔལ་དང་བརྙས་སྨོད་སོགས་ག་ལ་བཟོད་ཟེར་བའི་གྲོགས་ངན་མང་བའི་ཤན་འགོ་བ་དང་དགྲ་གཉེན་ལོངས་སྤྱོད་ལ་བརྟེན་པའི་སེམས་ཁྲལ་མང་བོས་ཤེས་པ་རྙོགས་ཤིང་དབང་མེད་དུ་འཁྲུགས་ནས་ལང་ལ་འཆོར་བ་དང་། དེ་ལས་གཞན་ཡང་གཡེང་བའི་ཡུལ་རྐྱེན་སྣ་ཚོགས་ཀྱིས་ཕྲོགས་ནས་འགྲོ་ཞིང་། དབེན་པའི་གནས་སུ་དེ་དག་མེད་པས་རིག་པ་ཤིན་ཏུ་དྭངས་ལ། དེའི་དབང་གིས་བློ་བཀོལ་བར་སླ་བའི་ཕྱིར་ཏེ། གཅོད་ཡུལ་བ་རྣམས་སྡུག་བསྔལ་ཐོག་རྫིས་ཀྱི་ཡིད་བྱེད་སྦྱོང་བ་ནི། དང་པོར་འདུ་འཛིའི་ནང་དུ་མིའི་གནོད་པ་ལ་བརྟེན་ནས་སྦྱོང་བ་བཞག་སྟེ། རི་ཁྲོད་གཉན་ས་དབེན་པར་ལྷ་འདྲེའི་ཆོ་འཕྲུལ་ལ་བརྟེན་ནས་སྦྱོང་བ་གཙོ་བོར་བྱེད་པའི་རྒྱུད་མཚན་ཡང་འདི་ཡིན་པར་བཤད་དོ། །མདོར་བསྡུ་ན། རྐྱེན་ངན། སྡུག་བསྔལ་ཐམས་ཅད་ཀྱིས་སེམས་ལ་མི་གནོད་པར་མ་ཟད། དེ་དག་ཉིད་ཀྱིས་བདེ་བའི་ཡིད་བྱེད་འདྲེན་ཐུབ་པར་བྱེད་པ་ལ། ནང་གི་ནད་དང་། ཕྱིའི་དགྲ་འདྲེ་དང་གཏམ་ངན་སོགས་དེ་དག་མི་འདོད་པའི་རྣམ་པར་འཆར་བ་བཀག་སྟེ། ཡིད་འོང་གི་རྣམ་པ་ཁོ་ནར་འཆར་བ་ལོབ་དགོས་དེ་འོང་བ་ལ་ཉེར་འཚེ་དེ་དག་སྐྱོན་གྱི་ཕྱོགས་སུ་ལྟ་བ་དགག་ཅིང་། ཡོན་ཏན་དུ་ལྟ་བ་འབད་པ་ཐམས་ཅད་ཀྱིས་བསླབ་དགོས་ཏེ། ཡུལ་དེ་ཡིད་འོང་ཡིན་མིན་ནི་བློས་འཛིན་ཚུལ་ལ་ཐུག་པའི་ཕྱིར་ཏེ། དཔེར་ན་འདུ་འཛིའི་ཉེས་དམིགས་ཀྱི་ཕྱོགས་ནས་མང་དུ་བསམ་པ་རྣམས་འཁོར་དང་ལོངས་སྤྱོད་སོགས་ཅི་ཙམ་རྒྱས་པ་དེ་ཙམ་དུ་སུན་སྣང་ཆེར་འགྲོ་ཞིང་། འདུ་འཛི་ལ་ཕན་ཡོན་དུ་ལྟ་བ་རྣམས་ནི་མངའ་ཐང་རྒྱས་པ་ལ་ཡིད་སྨོན་ཚུན་ཆད་བྱེད་པ་བཞིན་ནོ། དེ་ལྟར་བློ་སྦྱངས་པས་རྒྱུད་འཇམ། ཁོག་ཡངས། འགྲོགས་ན་བདེ། ཁོང་དཔའ། ཆོས་ལ་བར་ཆད་མེད། རྐྱེན་ངན་ཐམས་ཅད་དཔལ་དང་བཀྲ་ཤིས་ཀྱི་ཕྱོགས་སུ་འཆར། རྟག་ཏུ་ཞི་བའི་བདེ་བས་རྒྱུད་ཚིམ་པ་འབྱུང་སྟེ། སྙིགས་མའི་དུས་སུ་ལམ་སྒྲུབ་ན་གོ་ཆ་འདི་ལྟ་བུ་མེད་དུ་ཡེ་མི་རུང་ངོ་། དེའི་ཚེ་བཟེ་རེའི་སྡུག་བསྔལ་མེད་པའི་དབང་གིས་སྡུག་བསྔལ་གཞན་རྣམས་ཀྱང་དམག་མི་ལག་ཆ་ལྟུང་བ་ལྟ་བུར་འགྲོ་བར་མ་ཟད། ནད་སོགས་ཉིད་ཀྱང་ཕལ་ཆེར་རང་ལོག་ཏུ་འགྲོ་སྟེ། སྔོན་གྱི་དམ་པས་གང་ལའང་མི་དགའ་བ་དང་ཡིད་མི་བདེ་མ་བྱས་པས་སེམས་མི་འཁྲུགས། དེ་མ་འཁྲུགས་པས་རླུང་མ་འཁྲུགས་དེའི་དབང་གིས་ལུས་ཀྱི་འབྱུང་བ་གཞན་ཡང་མི་འཁྲུགས། དེས་ཀྱང་སེམས་མི་འཁྲུགས་པ་སོགས་བདེ་བའི་འཁོར་ལོ་འཁོར་བར་གསུངས་པ་དང་། རྟ་བོང་སྒལ་རྨ་ཅན་ལ་བྱ་རྣམས་གླགས་རྙེད་པ་ལྟར་འཇིགས་པའི་རང་བཞིན་ཅན་ལ་འདྲེ་རྣམས་ཀྱིས་གླགས་བཙལ་སླ་ཞིང་། ངང་བརྟན་པ་རྣམས་ཐུབ་པར་དཀའ་བར་གསུངས་པ་ལ་སོགས་པས་ཤེས་སོ། །དེ་ལྟར་ན་མཁས་པ་ནི་སྐྱིད་སྡུག་ཐམས་ཅད་སེམས་ལ་རག་ལས་པར་མཐོང་ནས། བདེ་སྐྱིད་སེམས་ཀྱི་སྟེང་ནས་འཚོལ་ཏེ། སྐྱིད་ཀྱི་རྒྱུ་ཚོགས་རང་ལ་ཚང་བས་ཕྱི་རོལ་ལ་རག་མ་ལས་ཤིང་། སེམས་ཅན་དང་སེམས་ཅན་མ་ཡིན་པའི་གནོད་པ་གང་གིས་ཀྱང་བརྫིར་མེད་པ་དང་། འཆི་བའི་ཚེ་ཡང་རྗེས་སུ་འབྲང་བ་སོགས་ཡིན་ཏེ། དུས་རྟག་ཏུ་རང་དབང་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདེ་བས་ནོན་པའི་ཏིང་ངེ་འཛིན་ཡང་འདི་ལྟར་སྒྲུབ་པ་ཡིན་ལ། བླུན་པོ་ནི་བདེ་སྐྱིད་ཕྱི་རོལ་གྱི་ཡུལ་ལས་ཚོལ་དུ་རེ་ནས་རྒྱུག་སྟེ། དེ་ལ་ནི་སྐྱིད་ཆེ་ཆུང་གང་སྒྲུབ་ཀྱང་དབང་མི་ལག །ཅོ་ཏོ་ཤིང་ལག་ཟེར་བ་ལྟར་སོང་ནས། མ་སླེབ་པ་དང་། མ་འཛོམ་པ་དང་། ཚོད་མ་ཐིག་པ་སོགས་ཐོག་ཏུ་མ་འཁྱོལ་བ་ཁོ་ན་མང་ཞིང་། དགྲ་རྐུན་སོགས་ཀྱི་གནོད་པའི་གླགས་དང་བཅས་པ་དང་། སྙད་འདོགས་ཅུང་ཟད་རེས་ཀྱང་བྲག་ནས་འགྲོ་བའི་བྱ་རོག་གིས་ཁུ་བྱུག་གི་བུ་ཅི་ཙམ་གསོས་ཀྱང་རང་གི་བུར་འོང་མི་སྲིད་པ་ལྟར་ཡིད་བརྟན་མི་རུང་བ་ཤ་སྟག་ཏུ་ཟད་པས། ལྷ་འོ་བརྒྱལ་ལ། འདྲེ་ཉོན་མོངས་པ། རང་སྡུག་བསྔལ་བ་ཞིག་ལས་མེད་དེ། གནད་བརྒྱ་འགག་གཅིག་ལ་དྲིལ་བའི་སྙིང

་གཏམ་ཡིན་ནོ། །ལམ་སྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་དང་དུ་ལེན་ལུགས་དང་། ཞི་བྱེད་སོགས་ལས་བཤད་པའི་ནད་གདོན་ལམ་ཁྱེར་གྱི་མན་ངག་གཞན་ཡང་མང་དུ་ཡོད་མོད། འདིར་ནི་སྡུག་བསྔལ་དང་ལེན་སྤྱི་ཁྱབ་ཙམ་འཕགས་པ་ཞི་བ་ལྷ་དང་དེའི་རྗེས་འབྲང་མཁས་པའི་གཞུང་ལ་བརྟེན་ནས་གོ་བདེ་བར་བཤད་དོ། །གཉིས་པ་ནི། མཐའ་བཞིའི་སྐྱེ་འགོག་ལ་སོགས་པའི་རིགས་པའི་འཕྲུལ་གྱིས་རྐྱེན་ངན་སྡུག་བསྔལ་ལྟ་ཅི། དེ་དག་གི་མིང་ཙམ་ཡང་མི་རྙེད་པའི་གནས་ལུགས་སྟོང་པ་ཉིད་མཆོག་ཏུ་ཞི་བ་ལ་ཡིད་དྲངས་ཏེ་བཞག་ཅིང་། དེ་ལས་ལངས་པ་ནའང་སྔར་འཇིགས་སྐྲག་དང་ཞུམ་པ་སོགས་སྐྱེ་དུས་ཀྱི་བློ་ངོར་སྡུག་བསྔལ་འཆར་ལུགས་ལྟར་མ་ཡིན་པར། མིང་ཙམ་གྱི་གསོག་ཏུ་ལྟ་བས་ཟིལ་གྱིས་མནན་པར་བྱ་སྟེ། རྒྱས་པར་མ་བརྗོད་དོ། །

གཉིས་པ་ལའང་གཉིས་ཀྱི། ཀུན་རྫོབ་ལ་བརྟེན་པ་ནི། བདེ་བ་དང་བདེ་བའི་ཡུལ་རྐྱེན་བྱུང་བའི་ཚེ་དེའི་དབང་དུ་ཤོར་ན་ཁེངས་དྲེགས་དང་། རྒྱགས་པ་དང་། ལེ་ལོ་སོགས་འཕེལ་ནས་ལམ་ལ་བར་དུ་གཅོད་པར་བྱེད་དེ། ཕ་དམ་པས། མི་རྣམས་སྐྱིད་ལ་ཁྱག་ཆུང་། སྡུག་ལ་ཁྱག་ཆེ། གསུངས་པ་ལྟར་འདིའི་དབང་དུ་མི་འགྲོ་བ་དཀའོ། །དེའི་ཕྱིར་དངོས་པོ་དེ་དག་མི་རྟག་པ་དང་སྡུག་བསྔལ་བའི་རྣམས་པར་སྒོ་དུ་མ་ནས་བལྟས་ལ་སྐྱོ་ཤས་ཆེན་པོ་བསྐྱེད་དེ་ཡིད་བག་མེད་ལས་བཟློག་པ་ལ་འབད་ཅིང་། ཡང་འདི་སྙམ་དུ། དེ་ལྟར་སྲིད་པའི་བདེ་འབྱོར་ཐམས་ཅད་མནོག་ཆུང་ལ་ཉེས་དམིགས་མང་པོ་དང་འབྲེལ་བ་ཡིན་མོད་ཀྱི། འོན་ཀྱང་འགའ་ཞིག་ལ་ཡོན་ཏན་ཡོད་དེ། སྟོན་པས་སྡུག་བསྔལ་གྱིས་རང་དབང་ཉམས་པར་བྱས་པའི་མིས་བྱང་ཆུབ་སྒྲུབ་པ་ནི་ཆེས་དཀའ་ཞིང་། བདེ་བར་གནས་པས་བྱང་ཆུབ་སྒྲུབ་པ་ནི་ཆེས་སླ་བར་གསུངས་ཏེ། བདག་འདི་ལྟར་སྐྱིད་ཀྱི་ངང་ནས་ཆོས་སྒྲུབ་ཏུ་ཡོད་པ་ནི་བསོད་ནམས་ཆེ་བ་ཡིན་གྱིས། དུས་འདིར་ཅི་ནས་ཀྱང་བདེ་སྐྱིད་འདིས་ཆོས་ཉོ་ཞིང་། ཆོས་ལས་ཀྱང་བདེ་སྐྱིད་བརྒྱུད་མར་འབྱུང་བའི་ཚུལ་གྱིས་ཆོས་དང་བདེ་བ་གཉིས་ཕན་ཚུན་གྲོགས་སུ་འགྲོ་བ་ལ་སྦྱང་བར་བྱ་སྟེ། གཞན་དུ་ན་ཤིང་གི་སྣོད་དུ་བཏུང་བ་བསྐོལ་བ་ལྟར་དང་པོ་གང་ཡིན་དེ་ཉིད་ཐ་མའི་གནས་སྐབས་སུ་འགྱུར་རོ་སྙམ་དུ་བསྒྲིམ་ལ་བདེ་སྐྱིད་གང་བྱུང་ཆོས་དང་བསྲེ་བས་སྙིང་བོ་བླང་དགོས་ཏེ་རིན་ཆེན་ཕྲེང་བའི་དགོངས་པའོ། །སྐྱིད་ཀྱང་དེ་ངོས་མ་ཟིན་པས་ཆོས་སྒྲུབ་པའི་ལག་ཆར་མི་འགྲོ་བར་ད་དུང་བདེ་སྐྱིད་ཟུར་པ་ཅིག་འོང་དུ་རེ་ནས་དོན་དང་བྱ་བ་མང་བོའི་ངང་ལ་ཚེ་གཏུགས་པའི་གཉེན་པོར་ཡང་དེ་རྣམས་ཇི་ལྟར་མཐུན་མཐུན་དུ་སྦྱར་ལ་ཆོག་ཤེས་ཀྱི་བདུད་རྩི་བསྟེན་པར་བྱའོ། །དཀོན་མཆོག་གི་བཀའ་དྲིན་དྲན་པ་དང་། བྱང་ཆུབ་སེམས་སྦྱོང་གི་གདམས་པ་ལ་བརྟེན་ནས་སྐྱིད་པ་ལམ་དུ་འཁྱེར་ཚུལ་སོགས་གཞན་ཡང་ཡོད་མོད་དེ། རེ་ཞིག་དེ་ཙམ་མོ། །འདི་ཡང་དབེན་པ་བརྟེན་ནས་བསག་སྦྱང་དང་སྦྲེལ་མར་སྦྱང་དགོས་པ་ནི་སྡུག་བསྔལ་ལམ་ཁྱེར་དང་འདྲའོ། དོན་དམ་ལ་བརྟེན་པའང་སྔ་མས་ཤེས་སོ། །སྡུག་དུས་དེའི་སེམས་ལས་ཀྱིས་ཆོས་མི་ནུས་ཤིང་། སྐྱིད་དུས་དེ་ལ་ཆགས་ནས་ཆོས་མི་ནུས་ན། དེ་ནས་ཆོས་བྱེད་དུས་ཤིག་ཡོང་ཐབས་མེད་པས་ཆོས་བྱེད་ན་འདི་ལས་ཐབས་ཆག་པ་མེད་ཅིང་། འདི་ཡོད་ན་གནས་དབེན་པ་དང་གྲོང་ཡུལ་གང་དུ་བསྡད་ཀྱང་། གྲོགས་བཟང་ངན་སུ་དང་འགྲོགས་ཀྱང་འབྱོར་རྒུད་བདེ་སྡུག་ཅི་བྱུང་ཡང་། གཏམ་བསྟོད་སྨད་ལེགས་ཉེས་གང་ཐོས་ཀྱང་རང་ཉིད་ཉམས་སུ་དོགས་པའི་འཇིགས་པ་མེད་པས་སེང་གེ་ལྟ་བུའི་རྣལ་འབྱོར་པ་བྱ་བ་ཡིན་ཏེ། ཇི་ལྟར་བྱས་ཀྱང་བློ་བདེ་ལ་གུ་ཡངས་པ། ཞེ་གཙང་ལ་མཐའ་བཟང་བ། ལུས་མ་དག་པའི་ཞིང་ན་གནས་ཀྱང་སེམས་དག་པའི་ཞིང་གི་རྒྱལ་སྲས་ལྟར་བསམ་གྱིས་མི་ཁྱབ་པའི་བདེ་བའི་དཔལ་ལ་བ་རོལ་ཡིན་ཏེ། བཀའ་གདམས་རིན་པོ་ཆེས། སྐྱིད་ཀྱི་ཁ་གནོན། སྡུག་གི་མཇུག་སྡུད། གཅིག་པུར་འདུག་ན་སྐྱོ་གྲོགས་བྱེད། ན་ན་ནད་གཡོག་བྱེད། ཅེས་གསུངས་པ་དང་ཚུལ་མཚུངས་སོ། །དཔེར་ན་གསེར་མགར་གྱིས་གསེར་མེ་ལ་བསྲེགས་ནས་དྲི་མ་སྦྱང་། ཆུས་ཡང་ཡང་བཀྲུས་ནས་མཉེན་པར་བྱེད་པ་ལྟར། སེམས་ཀྱང་སྐྱིད་པ་ལམ་ཁྱེར་གྱིས་གདུང་བར་བྱས། སྡུག་བསྔལ་ལམ་ཁྱེར་གྱིས་དང་བར་བྱས་ན་ལུས་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ཁྱད་པར་ཅན་རྣམས་བདེ་བླག་ཏུ་འགྲུབ་ལ། ལེགས་ཚོགས་ཀྱི་རྩ་བ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ལའང་འདི་རང་ཟབ་པར་གོ་སྟེ། སྐྱིད་པ་ལ་མ་ཆགས་པས་རབ་དུ་བྱུང་བའི་ཚུལ་ཁྲིམས་ཁྱད་པར་ཅན་གྱི་རྟེན་གཞི་བྱེད་ཅིང་། སྡུག་བསྔལ་ལ་མི་འཇིགས་པས་ཚུལ་ཁྲིམས་དེ་ཡོངས་སུ་དག་པར་བྱེད་པའི་ཕྱིར་ཏེ། སྦྱིན་པ་ཚུལ་ཁྲིམས་ཀྱི་རྟེན་དང་། བཟོད་པ་ཚུལ་ཁྲིམ་དག་བྱེད་དུ་གསུངས་པས་ཤེས་སོ། །ད་ལྟ་འདི་ལྟར་སྦྱངས་པས་ལམ་མཐོན་པོར་སླེབ་པ་ན། དེ་ཡིས་ཆོས་༼ཤེས་རབ༽ ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་༼སྙིང་རྗེ་༽ འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། ཅེས་པ་ལྟར་འབྱུང་བ་ཡིན་ནོ། །སྟོན་པའི་རྣམ་ཐར་དང་སྦྱར་ན། བྱང་ཆུབ་མ་བརྙེས་གོང་དུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རྩྭ་ལྟར་སྤངས་པ་དང་། ནཻ་རཉྫ་ནར་དཀའ་སྤྱད་དྲག་པོ་ལ་ཅི་མི་སྙམ་པར་བཞུགས་པས་རང་དོན་བདུད་རྩི་རྟོགས་པ་ལ་སྐྱིད་སྡུག་རོ་སྙོམ་དགོས་པར་བསྟན་ལ། བྱང་ཆུབ་བརྙེས་ནས་འོག་མིན་གྱི་བར་གྱི་ལྷ་དང་མིའི་དབང་བོ་རྣམས་ཀྱིས་ཞབས་སྤྱི་བོར་བླངས་ཤིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བསྟབས་པ་དང་། བྲམ་ཟེ་བྷ་ར་དྷྭ་ཛས་སྤྱོ་བ་བརྒྱས་སྤྱོས་པ་དང་། བྲམ་ཟེའི་བུ་མོ་དྲེགས་མས་མི་ཚངས་སྤྱོད་ཀྱིས་སྐུར་བ་བཏབ་པ་དང་། རྒྱལ་པོ་མེས་བྱིན་གྱི་ཡུལ་དུ་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་རུལ་པ་གསོལ་བ་སོགས་ལ་ཐུགས་མཐོ་དམན་དུ་འགྱུར་བ་མེད་པར་རི་རབ་རླུང་གིས་མི་སྒུལ་བ་ལྟ་བུར་བཞུགས་པས་སེམས་ཅན་གྱི་དོན་བྱེད་པ་ལ་རོ་སྙོམས་དགོས་པར་བསྟན་ཏོ། །འདི་ཇོ་བོ་བཀའ་གདམས་པ། སྡུག་ན་སྐད་ངན་མི་འདོན་ཞིང་། སྐྱིད་ན་སྐྱོ་ཤས་ཆེ་བ། ཞེས་པའི་རྣམ་ཐར་ཅན་རྣམས་ཀྱིས་འཆད་རྒྱུ་ཞིག་ཡིན། བདག་འདྲས་བཤད་ན་རང་གི་ལྕེས་ཀྱང་ཁྲེལ་ལམ་སྙམ་པ་དེ་རེད་ཀྱང་། རང་ཉིད་ཆོས་བརྒྱད་རོ་སྙོམ་ལ་བག་ཆགས་འཇོག་ཕྱིར་དམིགས་ནས་སྤྲང་རྒན་བསྟན་ཉིས་བྱ་མང་གི་ནགས་སུ་བྲིས་པའོ། །

བློ་སྦྱོང་གི་ས་བོན། ཚུལ་ཁྲིམས་རྒྱ་མཚོ།

༄༅། །བློ་སྦྱོང་གི་ས་བོན་བཞུགས་སོ། །ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་དང་། །དབྱེར་མེད་ལུང་རྟོགས་བསྟན་པའི་ཉི་མ་ནི། །འདི་ཙམ་མ་ཡིན་ཚེ་རབས་ཐམས་ཅད་ཀྱི། །སྐྱབས་སུ་ཁྱེད་བརྟེན་ཐུགས་རྗེས་བྱིན་གྱིས་རློབས། །ཞེས་མཆོད་པར་བརྗོད་པ་སྔོན་དུ་སོང་ནས། །ད་རེས་ཉམས་ལེན་ཆོས་རྣམས་ཀྱི་རྩ་བ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་བློ་ལྡོག་རྣམ་པ་བཞིའི་རང་གི་རྒྱུད་ཡང་ནས་ཡང་དུ་སྦྱོང་བས། དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་གཉིས་བསམ་ནས་ཚེ་འདིའི་འཁོར་བའི་ཕུན་ཚོགས་ལ་ཞེན་པའི་བློ་ལྡོག་ནས། འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་ཀྱི་གནས་ལ་བསམ་པས་ཕྱི་མའི་འཁོར་བའི་ཕུན་ཚོགས་ལ་ཞེན་པ་ལྡོག །ངེས་པར་འབྱུང་ནས་ཐར་བའི་གོ་འཕང་དོན་དུ་གཉེར་ཞིང་། ཐར་བ་རང་གིས་རང་གར་སྒྲུབ་མི་ཤེས་པས་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་གིས་སྟོན་པ་ལས་ཁྱི་དང་གློ་བ་འཕྲད་པ་བཞིན་དུ་སུ་ཐུག་ཐུག་གང་བྱུང་བྱུང་གིས་མི་ཆོག་པར་བརྒྱུད་པའི་བྱིན་རླབས་དང་ལྡན་ཞིང་མན་ངག་གི་གནད་དང་ལྡན་པ་རེ་བསྟེན་པ་གལ་ཆེ། དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་ཅིང་ཉམས་ལེན་གནད་དུ་འགྲོ་བ་ལ་བློ་ལྡོག་རྣམ་པ་བཞིས་རྒྱུད་མ་འབྱོངས་བར་སྟོང་པ་ཁ་ཁྱེར་གྱི་རྟོགས་ལྡན། ལས་འབྲས་ཁྱད་གསོད་གྱི་གྲུབ་ཐོབ། མི་སྔོན་བཙུན་ཚུགས་ཀྱི་བྱ་བྲལ། ཆོས་བརྒྱད་ཞེ་བཞག་གི་ཆོས་པ་ལྟར་སྣང་གི་གཡེང་བས་ཁྱེར་ན་དོན་མེད་པས། རལ་པའི་མ་ཡིན་དབྱུག་པ་མིན། །གསུངས་པ་བཞིན། རང་བཙོང་ངོ་ཚ་མེད་པའི་རྒྱུ་འབྲས་ཁྱད་གསོད་ཀྱི་ཆོས་པ་ཡིན་ཟེར་བ་དེང་སེང་གི་དུས་སུ་མང་རབ་ཞིག་སྣང་བའི་རྗེས་རྒྱུག་མ་བྱེད། དང་པོ་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་རྙེད་པར་དཀའ་བ་ཞིག་ད་རེས་ཐོབ་པ་འདི་སྐྱེ་བ་སྔོན་མར་ཚུལ་ཁྲིམས་སྲུང་། སྦྱིན་སོགས་དགེ་བའི་བསགས་རྒྱབ་མང་པོས་གྲོགས་བྱས། རྐྱེན་སྨོན་ལམ་རྣམ་པར་དག་པའི་འབྲས་བུས་ཐོབ་ན། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཞེས་པ་བཞིན་ཐོབ་པ་ཡིན་པས། ད་ཕྱིན་ཆད་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་རྙེད་རྒྱུ་རང་གི་རྒྱུད་ལ་བརྟགས་ན། ཕྱི་མ་གར་འགྲོ་རང་གི་ལས་ལ་རག །ཞེས་པས་དལ་བ་ཐོབ་པའི་རྒྱུ་ཚུལ་ཁྲིམས་ཅི་བསྲུང་། འབྱོར་བ་ཐོབ་པའི་རྒྱུ་ཡར་དཀོན་མཆོག་ལ་མཆོད་པ་ཅི་བྱེད། མར་ངན་སློང་ལ་སྦྱིན་པ་ཅི་བཏང་ལ་བརྟགས་ན་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་བསྲུངས་ནས་དལ་བ་ཐོབ་པའི་རྟེན་དུ་རུང་བ་ཤིན་ཏུ་དཀའ་བས། རིག་འཛིན་འཇིགས་མེད་གླིང་བས། སྲུང་མཚམས་མི་ཤེས་སྲུང་བར་རློམ་པ་མཚར། །གསུངས་པ་བཞིན་ལམ་ཁའི་ཁྱི་སྡོམ་བཞིན་དུ་གང་རྙེད་ཀྱི་ཟས་ཟ། གང་བྱུང་གི་གནས་སུ་འདུག །སུ་བྱུང་གི་གྲོགས་དང་འགྲོགས་ནས། རྙེད་རློམ་གྲོང་ཆོག་གི་ཉི་མ་ཤོར་ན་འཆི་ཁར་འགྱོད་པ་ཡིས་གདུང་བས། དེ་ལྟ་བུས་མི་ཕན་པར། གུ་རུ་རིན་པོ་ཆེས། རྙེད་པར་དཀའ་བ་ཨུ་དམ་ཝཱ་ར་དང་། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུར་མཚུངས། །གསུངས་པ་བཞིན། ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུའི་དུས་ཚོད་འདི་ན་དགེ་སྡིག་སྤོང་ལེན་ཞིག་བགྱིས་ན། ལེགས་ན་ཐར་བའི་གྲུ་གཟིང་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་དགེ་བ་ཞིག་སྒྲུབ་ན་ཡར་འགྲོའི་ས་མཚམས། ཚེ་སྟོད་པས་ཚེ་སྨད་བདེ། དེ་བས་འཆི་ཁ་དང་བར་དོ་བདེ་ནས་བདེ་བའི་གནས་སུ་སྐྱེ་བ་གོང་འཕེལ་དུ་འགྲོ། མི་དགེ་བ་སྒྲུབ་ན་ཚེ་སྟོད་པས་ཚེ་སྨད་དེ་བས་འཆི་ཁ་དང་བར་དོ་ནས་ངན་སོང་ངན་འགྲོ་མུ་མཐའ་མེད་པར་འཁྱམ་འགྲོ་བས། བསམ་གཞིག་ལེགས་པར་བརྟགས་ནས་ད་ལྟ་སྐྱིད་སྡུག་གང་གི་སྣེ་ནས་འཛིན་བསམ་ན་རང་གི་ལག་ཁར་ཡོད་པས་མི་དགེ་བ་སྤང་། དགེ་བ་སྒྲུབ། དལ་འབྱོར་ལ་སྙིང་པོ་ལོན་ངེས་ཞིག་མི་བྱེད་རེ་སྙམ་ནས། འདི་སྣང་ལ་མགོ་མི་འཁོར་ཡིད་མི་ཆགས་པར་བསམ་རྒྱུ་ཆོས་ལས་མེད་པས། དྲན་རྒྱུ་ཆོས་ལས་མེད་པ། བྱེད་རྒྱུ་ཆོས་མ་གཏོགས་མེད་པ་ཞིག་གི་བར་དུ་བློ་སྦྱོང་དགོས། དལ་འབྱོར་ལ་སྙིང་པོ་ལོན་ཟེར་ན། ལུས་ངག་ཡིད་གསུམ་དགེ་བའི་ལམ་དུ་དྲན་ཤེས་བཞིན་བག་ཡོད་གསུམ་གྱིས་སྐྱོ་བར་ཐོན་པ་སེམས་རྒྱུད་འགྱུར་ངེས་པ་ཞིག་བྱེད་པ་ཡིན། དེ་མིན་པར་རང་གི་ཆོས་སྒྲུབ་པ་མི་ལ་ངོམ་རྒྱུ་ཡོད་པ། མིས་བལྟ་ན་མཐོང་རྒྱུ་ཡོད་པ་ཞིག་བྱེད་བསམ་ཚར་ན་འཇིག་རྟེན་ཆོས་བརྒྱད་ཀྱི་བདུད་ཀྱིས་ཁྱེར་བའི་ལྟར་སྣང་བཅོས་མའི་ཆོས་པར་མ་སོང་བ་ཞིག་ཅི་ནས་གནད་གལ་ཆེ་རུང་། ད་དུས་དབང་གི་ཁ་ལྟ་མཐོན་པོ། ལྟ་རྒྱུ་བསྒོམ་རྒྱུ་མེད། དགེ་བས་ཕན་མི་འདོགས། སྡིག་པས་གནོད་མི་བསྐྱལ། ཕྱི་ཆད་ཐོད་པ་མགོ་ལ་མི་འགེལ་ཟེར་ནས་སྤང་དགོས་རྒྱུའི་མི་དགེ་བ་མི་སྤང་། དགོས་རྒྱུའི་དགེ་བ་དང་དུ་མི་ལེན་པར་ཁ་ཕོ་ཅི་ཆེར་སྒྲོག །སྤྱོད་པ་ཁྱི་ལས་དམན། འདི་ཕྱི་རྒྱུ་འབྲས་གནས་ལ་འཆོལ་ཉོག་ཏུ་སྤྱོད་ནས། སྐྱེ་འཆི་བར་དོའི་འགག་ལ་ཐུགས་དུས་སེམས་ཅན་རང་ག་བ་ལས་དམན་པ་རྣམས་ཀྱི་རྗེས་རྒྱུག་མ་བྱེད། གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། དེ་ལྟར་རྙེད་དཀའི་དལ་འབྱོར་ལ་སྙིང་པོ་ཞིག་ལེན་དགོས་སྙམ་པ་ཡོད་ཀྱང་འཆི་བ་མི་རྟག་པ་འདི་བསམ་ནས་རྒྱུད་ལ་མ་སྐྱེས་ན་ཆོས་སང་བྱ་དང་གནང་བྱའི་ངང་དུ་མི་ཚེ་སྟོང་ཟད་དུ་འཆོར་བས། མི་རྟག་པ་འདི་ཐུན་རེ་རེ་གཉིས་རེའམ་ལོ་རེ་ཟླ་རེ་ཙམ་ལ་བསམ་པས་ཇི་བཞིན་མི་འོང་དཔེར་ན་མཛེ་ཕོ་རྐང་ཆད་ལག་རྡུམ་ལ་སྨན་ཐུན་རེ་རེ་གཉིས་རེས་ཕན་པ་མེད་པ་བཞིན་མི་རྟག་པ། བསམས་ཀྱང་ཡུན་ཐུང་ངུའི་རྒྱུད་འགྱུར་བ་དཀའ་བས་གསར་རྙིང་གི་མཁས་གྲུབ་རིས་མེད་པ་རྣམས་ཀྱི་གདམས་ངག་དང་མཐུན་པར། རྩ་བ་གསུམ། དེ་རེ་རེ་ལ་རྒྱུ་མཚན་གསུམ་གསུམ་གྱི་སྟེ་དགུའི་སྒོ་ནས་ཉམས་སུ་ལེན་པ་ལ། རྩ་བ་ངེས་པར་འཆི་བ་ལ། སྐྱེས་ནས་མ་ཤི་བར་མི་ཚེ་ལོས་ཟད། ལོ་ཟླ་བ་ཞག་ཟ་མ་དུས་སྐད་ཅིག་མ་རེ་རེ་བཞིན་ཚེ་ཟད་ནས་འཆི་བ་ཉི་མ་ནུབ་རིར་ཕྱོགས་པའམ་ཆུ་ཕྲན་རྒྱ་མཚོ་ལ་བསྙེགས་པ་བཞིན་དུ་རང་གི་ཚེ་འཛད་པས་ངེས་པར་འཆི། དེ་ལ་རྒྱུ་མཚན་གསུམ་སྟེ། འཆི་བདག་ངེས་པར་འོང་བ་ལ་སྨན་དང་སྔགས་དང་རིམ་འགྲོ་དང་བཅུད་ལེན་ལ་སོགས་པ་ཐབས་གང་གི་རྐྱེན་གྱིས་བཟློག་དུ་མེད་པས་ངེས་པར་འཆི་བ་བསམ། གསུམ་པ་ད་ལྟ་གསོན་པོའི་སྐབས་ན་མི་ཚེ་ཕྱེད་གཉིད་དུ་ཟད། དེའི་ཕྱེད་ཀྱི་སུམ་ཆ་གཅིག་བྱིས་པའི་དུས་ཀྱིས་ཟད། སུམ་ཆ་གཅིག་གཡེངས་བས་ཁྱེར། སུམ་ཆ་གཅིག་རྒས་པས་མནར་བས་ཆོས་བྱ་བའི་ལོང་མེད་པར་ངེས་པས་འཆི་བ་སྟེ། དབུགས་དབྱུང་དབུགས་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །གསུངས་པ་བཞིན་བསམ་མོ། །རྩ་བའི་གཉིས་པ་ནམ་འཆི་ཆ་མེད་པ་མ་བསམ་ན། ངེས་པར་འཆི་སྙམ་པ་ཙམ་ཞིག་ཡོད་ཀྱང་། ད་དུང་མི་འཆི་བསམ་ནས་སེམས་ཀྱིས་མི་འཆི་བའི་ཕྱོགས་ཁོ་ན་བཟུང་ནས་འཆི་ཆོས་མི་འགྲུབ་པས་ནམ་འཆི་ངེས་མེད་བསམ་དགོས་པས་ནམ་འཆི་ངེས་པ་ཡོད་དགོས་ན། དེ་བཞིན་གཤེགས་པ་ལྟ་བུའི་ཚད་མའི་སྐྱེས་བུ་ཞིག་གིས་ཚེ་ཚད་བཞག་པའམ། ཡང་ན་རང་ཉིད་ལ་ཟག་མེད་ཀྱི་མངོན་ཤེས་ཞིག་ཡོད་པས་ཤེས་སམ། ཡང་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་གཉེན་བཟང་པོ་ཞིག་བསྒྲིགས་ནས་ད་དུང་མི་འཆི་སྙམ་པའི་གདེང་གསུམ་པོ་མེད་པར། སྔོན་གྱི་ཚེའི་འཕེན་པ་དགེ་བའི་ས་བོན་ལས་མར་མེའི་སྣུམ། སྐྱེས་བུའི་མཐེབ་ཤུགས་ལྟ་བུ་ནམ་ཟད་མི་ཤེས་པས། དེ་རིང་ངམ་སང་ཉིན་དང་ཟླ་བ་ཕྱི་མའམ་ལོ་ཕྱི་མ་གང་སྔ་མི་ཤེས་པས་ནམ་འཆི་ངེས་པ་མེད་པ་དང་གར་སྐྱེ་ངེས་པ་མེད་པ་བསམ། དེ་ལ་རྒྱུ་མཚན་གསུམ། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ངེས་པ་མེད། གཉིས་པ་གསོན་པའི་རྐྱེན་ཉུང་ཞིང་ཟས་གོས་གནས་མལ་ཡོ་བྱད་ཐམས་ཅད་འཆི་བའི་རྐྱེན་དུ་འགྱུར་པ་ལ་བསམ་ན་ནམ་འཆི་ངེས་པ་མེད། གསུམ་པ་ལུས་ཉམ་ཆུང་བ་ནམ་གཞུག་གི་སྦྲང་བུ་ལྟ་བུ་ཉམས་ཆུང་བས་ནམ་འཆི་ངེས་པ་མེད་པའོ། །རྩ་བའི་གསུམ་པ་འཆི་བའི་དུས་གང་གིས་མི་ཕན་ཏེ། འཛམ་བུ་གླིང་གི་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་མི་གཅིག་ལ་ཡོད་ཀྱང་འཆི་བའི་ནང་པར་ཁབ་སྐུད་པ་ཙམ་ཁྱེར་དབང་མེད་པར་ཐ་ན་གཅེས་པར་བསྐྱངས་པའི་ལུས་འདི་ཡང་བཞག་ནས་ཕྱི་མའི་ལམ་པོ་ཆེར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་འགྲོ་བ་ལ། དམ་པའི་ཆོས་མ་གཏོགས་གང་གིས་མི་ཕན་པར་འཆི་ཁར་ཕན་གནོད་དགེ་སྡིག་གཉིས་ལས་མེད་པས་སྡིག་པར་བཤགས་པ་དང་ཕྱིན་ཆད་སྡོམ་སེམས་དགེ་བ་ཆེ་ཕྲ་ཅི་འགྲུབ་ནས་བརྩོན་འགྲུས་བསྐྱེད་དགོས། དེ་ལ་རྒྱུ་མཚན་གསུམ། ལུས་ཀྱིས་མི་ཕན། ལོངས་སྤྱོད་ཀྱི་མི་ཕན། གཉེན་བཤེས་ཀྱིས་མི་ཕན། སྲིད་སྡེ་ལྷ་མིན་དམགས་དཔུང་ཡོད་ཀྱང་མི་ཕན་གསུངས་པ་བཞིན་བསམ་མོ། དེས་ན་འཆི་བ་མི་རྟག་པ་འདི་ཁོ་ན་བསམ་ནས་ཆོས་གཤའ་མ་ཞིག་སྒྲུབ་པ་དགེ་བའི་བཤེས་གཉེན་པུ་ཏོ་བའི་སློབ་མ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ལྔ་བརྒྱ་བྱུང་བ་གདམས་པ་འདི་ཟབ་པ་ལགས། བློ་ལ་ཡར་སྐྱེད་མེད་པའི། ཆོས་ལ་ཡར་སྐྱེད་གང་མཐོར་བཏང་བས་ཕན་པ་མེད་་པས། རང་རྒྱུད་ལ་རྟོག་དཔྱོད་ཞིབ་དུ་འཚལ་ལོ། །གསུམ་པ་སྡུག་བསྔལ་ཤེས་པར་བྱ་བ་འཁོར་བའི་ཉེས་དམིགས་བསམ་པ་ནི། ཕུང་པོ་ལྔའི་རིགས་འདྲ་བར་མི་ཆད་པར་བྱུང་བ་འདི་འཁོར་བ་ཡིན་ལ། དེའི་ཆོས་ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་ལྷ་དང་མི་གཉིས་འགྱུར་བའི་སྡུག་བསྔལ། ཁམས་གོང་མ་གཉིས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་བའི་ཁམས་གསུམ་པོ་མེའི་འོབས། སྲིན་པོའི་གླིང་། མཚོན་ཆའི་དབལ་ལྟར་སྡུག་བསྔལ་ལས་མ་འདས་པས་ཞིབ་ཏུ་རིགས་དྲུག་པོ་རེ་རེ་བསམ་ཞིང་། གནས་དང་ལུས་དང་སྡུག་བསྔལ་དང་ཚེ་ཚད་བཅས་ཞིབ་ཏུ་བསམ་ནས་སེམས་སྡུག་ལྷང་ངེ་བའི་སྐྱོ་ཤས་དང་། དེ་ལས་ཐར་ནས་ཞི་བ་དོན་གཉེར་གྱི་ངེས་འབྱུང་བསྐྱེད་པར་བྱའོ། །བཞི་པ་ཀུན་འབྱུང་སྤང་བར་བྱ་བ་ལས་རྒྱུ་འབྲས་གྱི་ཁྲིད་བསམ་པར་བྱ་བ་ལ། སྤང་བྱ་མི་དགེ་བའི་ལས། བསྒྲུབ་བྱ་དགེ་བའི་ལས་གཉིས། མི་དགེ་བ་བཅུ་པོ་སྤང་ནུས་ན་སྡོམ་པ་ཐམས་ཅད་ཀྱི་གནད་འགག་ཚང་བས། ལུས་ངག་གི་མི་དགེ་བདུན་པོ་རེ་རེ་ནས། གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་རེ་ཚང་ན་སྡིག་པའི་ཡན་ལག་ཆེན་པོ་རྫོགས་པ་དང་། མཐར་ཐུག་མ་ཚང་ན་སྡིག་པའི་ཡན་ལག་འབྲིང་པོ་དང་། གཞི་བསམ་གཉིས་ཚང་ན་མེ་ལོང་ལ་གཟུགས་བརྙན་གྱིས་གོས་ཚར་བ་བཞིན་དུ་རང་རྒྱུད་སྡིག་པས་གོས་ཚར་བ་ཡིན་པས། དང་པོ་སྡིག་པའི་ལས་ལམ་ཆེ་འབྲིང་ཆུང་གསུམ་གྱི་རྫོགས་ཚུལ། དེ་ནས་འབྲས་བུ་རྣམ་སྨིན་གྱི་མྱོང་ཚུལ་རེ་འགའ་རྒྱུ་འབྲས་གཉིས་རེ་རེ་ནས་ལྟོ་སྦྱར་ཏེ་བསམ། ཡིད་ཀྱི་མི་དགེ་བ་གསུམ་གཞི་བསམ་གཉིས་ཀྱི་སྡིག་པའི་ཡན་ལག་རྫོགས་ཚུལ་དང་རྣམ་སྨིན་བཞི་བསམ། དེ་ནས་དགེ་བ་ལ་ཡང་དེ་བཞིན་བསམ་གཞིག་བཏང་། ཐུན་མཚམས་སུ། མདོ་སྡེ་ལས་བརྒྱ་པ་དང་། དྲན་པ་ཉེར་བཞག །གང་པོའི་རྟོགས་བརྗོད་ལ་སོགས་ལས་འབྲས་སྟོན་པའི་མདོ་རྣམས་ལ་ལྟ་རྟོགས་བྱེད། མདོར་ན། མདོ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་པས། །དེ་ཡི་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་པས་འགྲོ་བ་དྲུག་ན། གནས་མི་འདྲ་བ་ལུས་རྟེན་མི་འདྲ་བ། བདེ་སྡུག་དང་ཚེ་ཚད་འདྲ་མི་འདྲ་སྣ་ཚོགས་པ་འདི་དག་ལས་རྒྱུ་འབྲས་སྣ་ཚོགས་པའི་དབང་གིས་བྱུང་ལ་ཁྱད་པར་ད་ལྟ་རང་གི་རྒྱུད་མ་དཔག་ན་ཉི་མ་གཅིག་ལའང་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གསུམ་རིམ་པར་འབྱུང་བ་འདི་ཡང་སྔོན་དགེ་བའི་ལས་ཉུང་ངུའི་ད་ལྟ་བདེ་བའི་ཚོར་བ་ཉུང་ངུ་ལས་མི་མྱོང་། དེ་བས་སྡིག་པ་མང་དུ་བསགས་པའི་འབྲས་བུ་སྡུག་བསྔལ་གྱི་ཚོར་བ་མང་དུ་མྱོང་། ཕལ་ཆེར་བདེ་མིན་སྡུག་མིན་གྱི་བཏང་སྙོམས་པའི་ལས་ཀྱི་འབྲས་བུ་བདེ་མིན་སྡུག་མིན་གྱི་ཚོར་བས་སྔ་མའི་རྒྱུ་རྣམས་རྗེས་སུ་དཔོག་ནུས་པས་ཕྱིན་ཆད་བདེ་བ་འབའ་ཞིག་གི་རྒྱུ་དགེ་བ་ཁོ་ན་ལ་བརྩོན་ནས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤངས། བཏང་སྙོམས་ཀྱི་རྒྱུ་བཏང་སྙོམས་ཀྱི་རྟོག་པ་དང་ལས་རྣམས་དགེ་བའི་ལམ་དུ་བཅུག་ནས་རྒྱུ་འབྲས་ལ་བླང་དོར་བྱེད་པ་ཤིན་ཏུ་གལ་ཆེ། དགེ་བཤེས་ཕུ་ཆུང་བས། གནས་ལུགས་དོན་ལ་མ་གྲུབ་ཀྱང་། །རྨི་ལམ་དུས་ཀྱི་རྒྱུ་འབྲས་བཞིན། །འཁྲུལ་ངོའི་རྒྱུ་འབྲས་མི་བསླུ་བས། །སྡིག་སྤོང་དགེ་ལ་འབོད་ཅིག་ཨང་། །གསུངས་པ་བཞིན་བླང་དོར་མ་ནོར་བ་རེ་མ་བྱེད་ན། དུས་ཕྱིས་རྟོགས་པ་མཐོན་པོར་རློམ་པ་རྣམས་ཀྱིས་སྤོང་དགོས་རྒྱུའི་སྡིག་པ་མི་དགེ་བ་རྣམས་མི་སྤོང་བར་འཆོལ་ཉོག་ཏུ་སྤྱོད། སྒྲུབ་དགོས་རྒྱུའི་དགེ་བའི་ཚོགས་རྣམས་མི་སྒྲུབ་པར། འཁྲུལ་ཞིག་དང་བྱ་བཏང་དུ་ཁས་འཆེ་བ་རྣམས་ཀྱི་མིག་ལྟོས་ངན་པ་རྣམས་ཀྱི་རྗེས་སུ་མ་འབྲང་བར་རང་རྒྱུད་དམ་པའི་ཆོས་དང་མཐུན་ནམ་འགལ་སྙམ་ནས་ཡང་ཡང་ཞུས་དག་བརྒྱབ་ན་རང་དྲིན་རང་ལ་ཆེ་བ་ཡིན་པས། མདོ་ལས། སྡིག་པ་དག་དང་དགེ་བ་ལ། །རང་ཉིད་རང་གི་དཔང་པོ་ཡིན། །རང་ཉིད་རང་གི་མགོན་ཡིན་གྱི། །རང་ཉིད་རང་གི་སྐྱབས་སུ་འགྱུར། །ཞེས་པ་བཞིན་ནོ། །དམ་པའི་ཞལ་ལུང་བདུད་རྩི་ཐིག་པ་འདིས། །ཉོན་མོངས་རང་རྒྱུད་ཐ་བ་ནོམ་བྱས་ནས། །ཚུལ་ཁྲིམས་ཡོན་ཏན་གཞི་རྟེན་འཛིན་མའི་ཁམས། །མངོན་རྟོགས་རིན་ཆེན་ནོར་གྱིས་ཕྱུག་པར་ཤོག །ཅེས་པའང་གཡུ་ཁོག་བླ་མ་རྡོ་རྗེའི་ངོར་ཆོས་སྨྲ་བ་ཚུལ་ཁྲིམས་རྒྱ་མཚོས་སོ། །དགེའོ། བཀྲ་ཤིས།

བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ། པདྨ་ལས་འབྲེལ་རྩལ།

༄༅། །བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་ཉི་མའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་སྒོ་གསུམ་གུས་པ་ཆེན་པོས་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཇི་སྐད་དུ། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་འབྱུང་བར་ཤོག །ཅེས་གསུངས་པ་བཞིན། སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཡིན་པས་འདི་ཅི་ནས་རང་རྒྱུད་ལ་སྐྱེ་བ་ཞིག་གལ་ཆེ། དེ་གང་ཡིན་ན། རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །གསུངས་པ་བཞིན། ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ། ཟུར་ཕྱི་མ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་ཚང་དགོས། དེ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། ད་ལྟ་བདག་ལ་དེའི་ནུས་པ་མི་འདུག་པས། དེས་ན་དང་པོ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བསམ་པ་དེ་ཡིན། ཐེག་པ་ཆེན་པོའི་དོན་དུ་གཉེར་བྱ་གཞན་དོན་ཡིན་པས། གཞན་དོན་དེ་འཇིག་རྟེན་པའི་ཚངས་པའམ་བརྒྱ་བྱིན་གྱི་གོ་འཕང་ཐོབ་ཀྱང་གཞན་དོན་བྱེད་མི་ནུས། ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་ཀྱང་གཞན་དོན་ཆེན་པོ་བྱེད་མི་ནུས། བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་ཅིག་ཆར་དུ་བྱེད་མི་ནུས་པས། སེམས་ཅན་གྱི་དོན་མཉམ་དུ་བྱེད་པ་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པར་བྱ་བསམ་དགོས་སོ། །དེ་བསྒོམ་པ་ལ། ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཟུར་ཕྱི་མ་ཤེས་རབ་གྱིས་རྫོགས་བྱང་ལ་དམིགས་པ་གཉིས་ལས། དང་པོ་ལ་རང་གི་རྩ་བའི་མ་ནས་མ་བསྒོམ་ན་གཤིས་འབྱམས་གོ་ཡུལ་དུ་ཤོར་ཞེས་བྱང་ཆུབ་ཀྱི་སེམས་སྒོམ་པའི་གེགས་དང་གོ་སར་འགྱུར་བ་ཡིན་པས། དེ་བསྒོམ་པ་ལ། མར་ཤེས་པ། དྲིན་དྲན་པ། དྲིན་ལན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བསྐྱེད་པ་དང་བཞི་ལས། དང་པོ་མར་ཤེས་པ་ནི། རང་གི་རྩ་བའི་མ་དེ་ཤིའམ་གསོན་ནའང་། ཕུང་ཁམས་ཅི་ལྟ་བར་རང་ལ་བརྩེ་གདུང་དང་བཅས་པར་དམིགས་ནས། འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་སྣང་སྡུག་བསྔལ་གྱིས་ཁྱབ། ལས་སྣང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་རང་གི་ཕ་དང་མ་དང་གཉེན་བཤེས་དང་གྲོགས་དགའ་མཛའ་མ་བྱས་པ་གཅིག་ཀྱང་མེད། དེའི་ནང་ནས་སྙིང་ཉེ་བའི་དབང་དུ་བྱས་ན། ད་ལྟའི་རང་གི་མ་འདི་བཞིན་མ་མ་བྱས་པ་གཅིག་མེད། རང་གི་མ་འདིས་ཀྱང་མ་ལན་གཅིག་བྱས་པར་མ་ཟད། མ་ལན་གྲངས་བསམ་གྱིས་མི་ཁྱབ་པར་བྱས་པ་ལུང་དང་རིགས་པ་གཉིས་ཀྱིས་སྒྲུབ་ན། ལུང་ནི་མ་ཡི་ཐུག་མཐའ་ཞེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས་རང་གི་མ་འདིའི་ད་ལྟ་མིའི་མ་བྱས་དེའི་སྔོན་དུ་རྟའམ་བྱ་ལ་སོགས་པའི་མཐའ་རང་གིས་ས་ཆེན་པོ་འདི་རྒྱ་ཤུག་གི་ཚི་གུ་ཙམ་དུ་དྲིལ་ཀྱང་ས་ཆེན་པོ་འདི་ཟད་པར་འགྱུར་ཅིང་མ་གཅིག་གིས་མ་བྱས་པའི་མཐའ་ལ་ཟད་པ་མེད། རིགས་པས་བསྒྲུབ་ན། ས་ལག་པ་ཙམ་གྱི་སྟེང་ནས་ལན་གྲངས་བསམ་གྱིས་མི་ཁྱབ་པར་འཆི་མ་མྱོང་ས་དང་སྐྱེ་མ་མྱོང་ས་མེད་པས་ལྷ་དང་དམྱལ་བ་ཕར་ཆེར་མ་གཏོགས་མ་མེད་པར་མི་སྐྱེ་བས་སེམས་ཅན་ཐམས་ཅད་ཀྱིས་མ་ལན་གྲངས་བསམ་གྱིས་མི་ཁྱབ་པར་བྱས་པ་རྣམས་བསམ། དེ་ནས་ཕ་དང་། སྤུན་ཟླ་སྲིང་མོ་སོགས་རེ་རེ་ནས་མར་ཤེས་པ་བསམ། དེ་ནས་འཛམ་བུ་གླིང་གི་སེམས་ཅན། ཐུན་གྱི་མཇུག་ཏུ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་མ་ལན་གཅིག་ཙམ་མ་ཡིན་པར་ལན་གྲངས་མང་པོར་བྱས་ཚུལ་རྣམས་བསམ། གཉིས་པ་དྲིན་དྲན་པ་ནི། འཇིག་རྟེན་གྱི་ལུགས་དང་ཆོས་ཀྱི་ལུགས་ཀྱི་དྲིན་དྲན་པ་གཉིས་ལས། དང་པོ་ལ་བཞི། དང་པོ་ལུས་བསྐྱེད་པའི་དྲིན་ནི། རང་གི་རྣམ་པར་ཤེས་པ་དྲི་ཟ་ཉེ་བར་ལེན་པའི་རྣམ་པར་ཤེས་པ་ཞིག་མའི་མངལ་དུ་ཞུགས་ཟླ་དགུ་ངོ་དང་བཅུའི་བར་དུ་བཟུང་ནས་མའི་ལུས་ཀྱི་བཅུད་དང་ཁ་ཟས་ཀྱི་དྭངས་མ་ཐམས་ཅད་བུའི་ལྟེ་བ་ནས་བརྒྱུད་དེ་མར་མེ་ལ་སྡོང་སྐྱ་བཞག་པ་བཞིན་དུ་བསྐྱེད། གཉིས་པ་སྲོག་བྱིན་པའི་དྲིན་དྲན་པ་ནི། ཕྱིར་སྐྱེ་བ་ན། ཤི་བོ་རེད་ཟེར་ན་དབུག་མ་ཆད། གསོན་པོ་རེད་ཟེར་ན་མགོ་མི་ཐེག་པ་ཞིག་ཡིན་པ་ལ་མ་དྲིན་མོ་ཆེ་དེས་འཆི་རྒྱུ་འཆི་མ་བཅུག །རུས་རྒྱུ་སྐམ་མ་བཅུག་པར། ཕྲུ་མ་ཕྱིས། ལྟེ་ཐག་བཅད། འོ་མའི་ཆུ་རྒྱུན་དྲོན་མོས་བཀྲུས་ཏེ་འཆི་མ་བཅུག་པའི་ཚུལ་བསམ། གསུམ་པ་ཡོ་བྱད་བསྟན་པའི་དྲིན་ནི། ཁ་ན་ཟས་མེད། ལག་ན་ནོར་མེད། རྒྱབ་ན་གོས་མེད་པ་ཞིག་ཡིན་པ། དང་པོ་མངར་བའི་ནུ་ཞོ་བསྣུན། ཤ་དྲོད་ལ་བཅར། དེ་ནས་ཟས་ཁས་བསྙོད། མི་གཙང་བ་ལག་པས་ཕྱིས། འགྲང་རྟོག་ལག་པས་ཚོད་བཟུང་། སྣབ་ལུད་ཁས་གཞིབ། ཤིན་ཏུ་བརྩེ་བས་དྲིན་གྱིས་བསྐྱང་། ཟས་ཀྱི་ཕུད་བྱིན། དམར་གྱི་དྲུང་བསྟབས། སྡིག་པ་སྡུག་བསྔལ་གཉིས་ཀྱི་སྒོ་ནས་བསགས་པའི་ལོངས་སྤྱོད་ཐམས་ཅད་བུ་ལ་བྱིན། བུ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ལ་འཁོད་པར་ཆེ་སོང་བསམ་རྒྱུ་མེད་པར་ཡོ་བྱད་བསྟབས། བཞི་པ་འཇིག་རྟེན་བསྟན་པའི་དྲིན་ནི། ཟ་མི་ཤེས་པ་ལ་ཟ་ལོབ། སྨྲ་མི་ཤེས་པ་སྨྲ་ལོབ། འགྲོ་ལོབ་གྱོན་ལོབ། གོས་ཀྱི་མགོ་མཇུག །སྐ་རག་གི་སྒྲོག་ལུགས། ལྷམ་སྒྲོག་གི་དམ་ལྷོད་ཡན་ཆད་ལེགས་པར་བསླབ། སུ་དང་མི་མཉམ་པ་མེད་པ། མཉམ་གཉིས་གོང་གི་རྒྱལ་པོ་ལྟ་བུ་མས་བསླབ། ཆུང་ཕུད་བུ་ཙམ་པ་ཆེན་པོ་གཡག་ཙམ་གྱི་བར་དུ། ཉ་ཀ་བ། བ་སྤུ་སྡོང་པོའི་མ་སོང་བར་བསྐྱེད་པའི་དྲིན་དྲན། གཉིས་པ་ཆོས་ཀྱི་ལུགས་ལ། མ་སེམས་ཅན་མེད་ན། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡུལ་མེད། བར་དུ་རྒྱལ་སྲས་ཀྱི་སྤྱོད་པ། སྦྱིན་པ་སྦྱིན་ཡུལ། ཚུལ་ཁྲིམས་སྲུང་ཡུལ། བཟོད་པ་བསྒོམ་པའི་ཡུལ་དུ་གྱུར་པ་དང་། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡང་མ་སེམས་ཅན་གྱི་དྲིན་ཡིན་པས། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སངས་རྒྱས་དང་སེམས་ཅན་གཉིས་དྲིན་མཉམ་པར། གསུམ་པ་དྲིན་གཟོ་འདོད་ནི། དེ་ལྟར་དྲིན་གྱིས་བསྐྱངས་བའི་མ་རྒན་དེས་དྲིན་ཆེན་པོ་དེ་ཙམ་གྱིས་བསྐྱང་ན། རང་གི་ཕར་དྲིན་ཅི་ཡང་མ་སོད་དྲིན་ལན་ལོག་མཇལ་ཁོ་ན་ལས་མ་བྱས་པས། ད་དྲིན་ལན་གཅིག་བསད་དགོས་སྙམ་ནས། སེམས་ཅན་ཐམས་ཅད་མའི་ཡུལ་དུ་སྙོམས་ཤིང་དྲིན་ལན་གཟོ་འདོད་པ་ཞིག་གི་བར་དུ་བཏང་སྙོམས་བསྒོམ་པ་ཡིན། བཞི་པ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བསྒོམ་པ་ལ། མ་རྒན་གྱིས་བདེ་བ་འདོད་དམ་སྡུག་བསྔལ་འདོད་སྙམ་ན། བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་དགྲ་མི་ཤ་བོ་འཇོམས་པ་བཞིན་དུ་མི་སྒྲུབ། སྒྲུབ་ཀྱང་མི་ཤེས། ཚུལ་བཞིན་དུ་སྟོན་པའི་དགེ་བའི་བཤེས་གཉེན་དང་ཡང་བྲལ་བས། བདེ་བ་རྒྱུ་འབྲས་གཉིས་དང་མི་ལྡན་པར་གྱུར་པའི་མ་རྒན་སེམས་ཅན་འདི་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པ་ཞིག་ངས་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ། དཀོན་མཆོག་ལ་གསོལ་བ་འདེབས་པ་སྟེ་བྱམས་པ་བསྒོམ་པ། ཡང་མ་རྒན་གྱིས་མེ་སྟག་ལྟུང་བའམ། ཚེར་མ་ཟུག་པ་ཙམ་གྱིས་མཚོན་འཁོར་བའི་སྡུག་བསྔལ་ཕྲ་མོ་ཚུན་ཆད་མི་འདོད་ཀྱང་། ལུས་ཀྱིས་ལས་ན་མི་དགེ་བ་ལས། ངག་གིས་བཤད་ན་མི་དགེ་བ་བཤད། སེམས་ཀྱིས་བསམ་ན་མི་དགེ་བ་བསམས་ནས། ཞེ་འདོད་དང་ལག་ལེན་ཕྱིན་ལོག་ཏུ་གྱུར་པ་སྡུག་བསྔལ་བདེན་པས་དངོས་སུ་གནོད། ཀུན་འབྱུང་བདེན་པས་བརྒྱུད་དེ་གནོད་ནས། ཚེ་འདིའི་སྡུག་བསྔལ་གྱི་སྐྱེལ་མ་བྱས། ཕྱི་མའི་སྡུག་བསྔལ་གྱི་བསུ་མ་བྱས། བར་དོའི་སྡུག་བསྔལ་གྱིས་མཚམས་སྦྱར་བའི་མ་དྲིན་པོ་ཆེ། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་གྱུར་ཅིག །བྲལ་ན་ཅི་མ་རུང་། བྲལ་བ་ཞིག་ངས་བྱ་སྙམ་ནས། ཀྱེ་མ་ཀྱི་ཧུད་སོགས། བླ་མ་རྒྱལ་བ་སོགས། དཔའ་བོ་ཁྱོད་ལ་སོགས་ཀྱིས་དཀོན་མཆོག་ལ་གསོལ་བ་འདེབས་པ་རྣམས་སྙིང་རྗེ་ཚད་མེད་ཡིན། མ་རྒན་ལ། ད་ལྟ་བདེ་ཞིང་སྐྱིད་པ་རིགས་དང་ཡོན་ཏན་གྱི་འབྱོར་བ་ཡོད་པ་རྣམས་ལ་དམིགས་ནས། དེ་རྣམས་མ་ཉམས་མ་གོད་པར། མངོན་མཐོ་ནས་སངས་རྒྱས་ཀྱི་བར་གྱི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །མ་བྲལ་ན་ཅི་མ་རུང་། མི་འབྲལ་བར་བདག་ངས་བྱ་སྙམ་ནས། དཀོན་མཆོག་ལ་གསོལ་བ་འདེབས་པ་རྣམས་དགའ་བ་ཚད་མེད་བསྒོམ་པ་ཡིན་པས། དེ་རྣམས་ཟུར་དང་པོའི་ཁོངས་སུ་ཚད་མེད་བཞི་བསྒོམ་ཚུལ་ཡིན། གཉིས་པ་ཟུར་ཕྱི་མ་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པ་ནི། མ་རྒན་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་གང་ལ་བཀོད་ན། རྣམ་པ་ཐམས་ཅད་མཁྱེན་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས། ད་ལྟ་དེའི་ནུས་པ་མི་འདུག་པས་དཔེར་ན་མ་ལག་རྡུམ་མའི་བུ་ཆུས་ཁྱེར་བ་དང་འདྲ་བས། བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པར་བྱ། བསམ་པ་དེ་སེམས་བསྐྱེད་མཚན་ཉིད་པ་ཡིན། གཞན་གཉིས་དབྱེ་བ་ཙམ་ལས་མཚན་ཉིད་པ་མ་ཡིན་ནོ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དགེ་རྩ་འདི་སྒྲུབ་སྙམ་པའི་སྦྱོར་བ་སེམས་བསྐྱེད་དམ་པ་དེས་དགེ་རྩ་ཐམས་ཅད་ཟིན་དགོས། བར་དུ་དངོས་གཞི་དམིགས་མེད་དམ་པ། རིག་སྟོང་ལྗེན་པའི་ཡེ་ཤེས་མི་གཡོ་གསུམ་གྱིས་བསྒོམ་པས། གྲོལ་པའི་རིག་པ་ཆོས་སྐུ་ངོས་ཟིན་པའི་ངང་ནས་རྩལ་གྱི་རྣམ་རྟོག་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་བཞིན་རང་བྲལ་ལམ་རང་ཞིག །རང་དག །རང་ཆད། རང་གྲོལ་ཆེན་པོར་ཉམས་སུ་བླང་། རྗེས་དགེ་རྩ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བཟླུམ་སྟེ་རང་གཞན་སེམས་ཅན་ཐམས་ཅད་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བར་བྱའོ། །བསྔོ་བའི་ཚུལ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་དང་སྲས་འཇམ་དཔལ་དབྱངས་རྣམས་ཀྱིས་འཁོར་གསུམ་ཡོངས་དག་གི་བསྔོ་བས་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་འཇམ་དཔལ་དཔའ་བོས་སོགས་དང་། དུས་གསུམ་གཤེགས་པའི་སོགས་ཀྱིས་བསྔོའོ། །ཞེས་པའང་རྒྱ་རི་སྐལ་བཟང་ཉི་མའི་ངོར་པདྨ་ལས་འབྲེལ་རྩལ་གྱིས་དབེན་ཁྲོད་ལྗོན་པ་ལུང་གི་དགའ་ཚལ་ནས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །མངྒ་ལམ།

ཀུན་སློང་བཅོས་ཐབས། ཀུན་མཁྱེན་ངག་གི་དབང་པོ།

༄༅། །ཀུན་སློང་བཅོས་ཐབས་བཞུགས་སོ། །རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ཨ་ཁུ་འབིས་ལི་མའི་རྒྱུད་ལ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་ནས་ཅི་བྱེད་བྱང་ཆུབ་ཀྱི་ལམ་དུ་འགྲོ་བར་བྱིན་གྱིས་རློབས། དང་པོ་རང་གི་སེམས་རྒྱུད་འདི་ལ་བརྟགས་ནས་དགེ་བ་གནད་དུ་འགྲོ་བར་མ་བྱུང་ན་ལྟར་སྣང་གི་ཆོས་པ་རང་གཞན་མགོ་བསྐོར་བའི་བླ་མ་ཡིན་ཟེར་བའི་བན་མ་ཧོར་ཞིག་གིས་མི་ཚེ་གྲོང་ཆོག་ལ་བཅད་ནས་འཆི་ཁར་བྲང་ལ་སེན་མོ་བཏབ་ནས། ཆོས་མེད་ལག་སྟོང་དུ་འགྲོ་བའི་གོ་སྐབས་འཆར་བར་གྱུར་ཏ་རེ། དེས་ན་དང་པོ་རང་གི་ཀུན་སློང་ལ་བརྟག་དགོས་དེ་ལ་གསུམ། མི་དགེ་བའི་ཀུན་སློང་། ལུང་མ་བསྟན་པའི་ཀུན་སློང་། དགེ་བའི་ཀུན་སློང་གསུམ། དང་པོ་ལ་གཉིས། འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཀུན་སློང་གཉིས་ལས། དང་པོ་ནི། ཚེ་འདིའི་ནད་ཞི་བ་དང་གདོན་ཞི་བ། རྒྱལ་པོའི་ཆད་པ་ཞི་བ་དང་། མུ་གེའི་འཇིགས་པ་ཞི་འདོད་ཀྱིས་ཀུན་ནས་བསླངས་ཏེ། དམ་པའི་ཆོས་སྒྲུབ་ན་ཚེ་འདིའི་འཇིགས་པ་དེ་དག་ཞི་ན་མ་གཏོགས་འབྲས་བུ་ཅུང་ཟད་འབྱུང་རྒྱུ་མེད་པས་དེ་སྤངས་དགོས། ལེགས་སྨོན་གྱི་ཀུན་སློང་ནི། འཕགས་པ་ཀླུས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །སྙན་དང་མི་སྙན་གྲགས་དང་མ་གྲགས་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པས་མགོ་སྙོམ་མཛོད། །ཅེས་པའི་འཇིག་རྟེན་ཚེ་འདིའི་རྙེད་བསྟོད་སྙན་གྲགས་བཞི་པོ་བསྒྲུབ་བྱར་བྱེད་ན་དེའི་མི་མཐུན་པའི་ཕྱོགས་བཞི་པོ་སྤང་བྱར་བྱེད་ནས། དང་པོ་ནས་ཆོས་བཙོང་ཞིག་ལ་ཁ་ས་འཐེན་ནས་ཚེ་འདི་སྒྲུབ་པའི་བསམ་པས་ཀུན་ནས་བསླང་ཏེ། ཉན་འཆད་སྒོམ་སྒྲུབ་གང་བྱེད་ཐམས་ཅད་ལེགས་སྨོན་གྱི་ཀུན་སློང་ཡིན། དེ་ལ་མིང་ཞིག་བཏགས་ན་གསར་མས་མཚན་མའི་རྣམ་པར་གཡེང་བ་དང་། བཀའ་བརྒྱུད་དང་རྙིང་མས་ཆོས་ལྟར་བཅོས་པ་ཟེར་ཏེ། མཉམ་མེད་དྭགས་པོས་ཆོས་ཆོས་བཞིན་དུ་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་གསུངས་པ་བཞིན། རང་རྒྱུད་ངན་པ་བོང་ཤ་ལྟ་བུ་དེ་དག་དམ་པའི་ཆོས་ཀྱི་རི་དྭགས་ཀྱི་སྤུ་དང་རྔ་མ་བཙུགས་ནས་འཚོང་བ་བཞིན། དམ་པའི་ཆོས་ཕག་གཡར་ནས་ཆོས་ཀྱིས་ཚེ་འདི་སྒྲུབ་པ་དང་། འཇིག་རྟེན་རྒད་པོ་ཞིག་གིས་མེ་མདའ་ཞིག་བཟུང་ནས་ཚེ་འདི་སྒྲུབ་པ་རྒྱག་པོ་གཅིག་པས་ད་དུང་དམ་པའི་ཆོས་ཀྱིས་ཚེ་འདི་སྒྲུབ་པས་ཐབས་སྡུག་སྟེ་སྟོན་པ་ཐུགས་རྗེ་ཅན་གྱིས་བསྐལ་པ་གྲངས་མེད་མང་པོར་བསགས་པའི་དམ་པའི་ཆོས་དམར་དེ་དང་འཇིག་རྟེན་པའི་ནོར་གྱི་ཟོང་གཉིས་བརྗེས་པ་དེ་ལས་བསྟན་པའི་བླ་བཙོང་། དཀོན་མཆོག་གི་རྐང་འདྲེན། དགེ་འདུན་གྱི་རྒབ་སྡུད་པ་པོ་ཡིན་ཏེ། ས་ཆེན་གྱིས། ཚེ་འདི་ལ་ཞེན་ན་ཆོས་པ་མིན་གསུངས་པས་སྤང་དགོས། གཉིས་པ་ལུང་མ་བསྟན་པའི་ཀུན་སློང་ནི། མི་དྲེད་ཀྱིས་མིའི་ལད་མོ་བྱེད་པ་བཞིན་ཚེ་འདི་ཕྱི་གང་གི་འབྲས་བུ་ལ་གཏད་སོ་མེད་པར་རང་བཞིན་ཆོས་ཞུ་དར་སྒྲུབ་དར་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཉན་འཆད་བསྒོམ་བསྒྲུབ་གང་བྱེད་ན་འབྲས་བུ་ཅུང་ཟད་ཙམ་ཡང་མེད་པས་དེ་བཅོས་དགོས། གསུམ་པ་དགེ་བའི་ཀུན་སློང་ལ་གསུམ། སྐྱེས་བུ་ཆུང་ངུའི་ཀུན་སློང་དང་། སྐྱེས་བུ་འབྲིང་གི་ཀུན་སློང་། སྐྱེས་བུ་ཆེན་པོའི་ཀུན་སློང་གསུམ་ལས། དང་པོ་ནི། ངན་སོང་གསུམ་པོ་སྡུག་བསྔལ་གྱི་རང་བཞིན་མེའི་འོབས། སྲིན་མོའི་གླིང་། སྤུ་གྲིའི་སོ་ལྟ་བུར་སྡུག་བསྔལ་དུ་མཐོང་། མཐོ་རིས་ལྷ་མིའི་གོ་འཕང་ཐོབ་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་ཡ་ཀི་འོད་གསལ་རྫོགས་པ་ཆེན་པོའི་བར་གང་ཉམས་སུ་བླངས་ཀྱང་མཐོ་རིས་ཐོབ་པའི་རྒྱུ་ལས་མི་འཕགས་ཏེ། བསམ་པ་དེ་ལྟ་བུའི་ཀུན་ནས་བསླངས་ཏེ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་བསྲུང་། ཆོས་གོས་རྣམ་པ་གསུམ་པོ་གྱོན་ནས་འདུག་ཀྱང་བསམ་པ་རྒད་པོ་ལས་མ་འཕགས་པས། རྒད་པོ་སྡོམ་ལྡན་རྒད་པོ་ཆོས་གོས་ཅན་གཅིག་ལས་ལམ་ཞུགས་མཚན་ཉིད་པ་མིན། དེས་ན་བསམ་པ་དེས་ཀུན་ནས་བསླངས་ཏེ་བསྐྱེད་རིམ་གྱི་ལྷ་ཞི་བ་རང་རྒྱུད་པས་འདོད་ཁམས་ཀྱི་ལྷ། ཁྲོ་བོ་རང་རྒྱུད་པས་འདོད་ཁམས་ཀྱི་བདུད་དང་རུ་ཏྲར་སྐྱེ། ལྷུན་གྲུབ་ཐོད་རྒལ་གྱིས་གཟུགས་ཁམས་ཀྱི་ལྷ། ཀ་དག་ཁྲེགས་ཆོད་ཀྱིས་གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ། དེ་ཡང་ཚོགས་བསགས་སྒྲིབ་སྦྱོང་ཞིག་གིས་མ་ཁྱོག་ན་བྱི་བ་དང་དྲེད་མོ་སོགས་སུ་སྐྱེ་བས་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་ཞེས་པས་དེ་སྤང་དགོས་སོ། །གཉིས་པ་སྐྱེས་བུ་འབྲིང་གི་ཀུན་སློང་ནི། རང་འདོད་ཡིད་བྱེད་ཀྱི་ཀུན་སློང་གིས་ཀུན་ནས་བསླངས་ཏེ་རང་ཉིད་གཅིག་པུ་འཁོར་བ་འདི་ལས་ཐར་ནས་ཉན་རང་དགྲ་བཅོམ་པའི་གོ་འཕང་ཐོབ་འདོད་ཀྱི་བསམ་པ་དེ་ཡིན། རང་འདོད་ལ་ཞེན་ན་སེམས་བསྐྱེད་མིན་ཞེས་པས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་འབྲས་བུའི་ཡོན་ཏན་མེད་པས་དེ་སྤང་དགོས། གསུམ་པ་སྐྱེས་བུ་ཆེན་པོའི་ཀུན་སློང་ནི། རྒྱལ་ཚབ་མ་ཕམ་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས་ཟུར་གཉིས་སམ་དོན་གཉིས་དང་ལྡན་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཡིན་ཏེ་ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་བསམ་པ་ཡིན། ཟུར་ཕྱི་མ་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བསམ་པ་དེ་ཡིན་ཏེ། དེས་ན་སྔོན་གྱི་བཀའ་གདམས་པ་གོང་མ་དག་གི་ཞལ་ནས་རང་འདོད་ཡིད་བྱེད་གྱི་བསམ་པ་འདི་ལ་འགོང་པོ་ཞེས་དང་། གཞན་ཕན་བྱང་ཆུབ་ཀྱི་སེམས་འདི་ལ་འགོང་པོ་འགོང་རྫོང་གི་ཆོ་ག་ཞེས་གསུངས་ལ། རྒྱལ་སྲས་ཞི་བ་ལྷས། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་དོན་སྒྲུབ་པ་དང་། །ཐུབ་པས་གཞན་དོན་མཛད་པ་ཡི། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་པས་སྐྱོན་ཡོན་བསམ་པར་བྱའོ། །འདི་སྙིང་ཐག་པ་ནས་མ་བསམ་ན་བྱང་ཆུབ་སེམས་དཔར་བཏགས་ཀྱང་ཅི་ཡང་མི་འོང་བས། དེས་ན་བསམ་དགོས་པས། མར་ཤེས་པ། དྲིན་དྲན་པ། དྲིན་བཟོ་འདོད་ཀྱི་རྟོགས་པ་བསྐྱེད། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བསམ་པ་བསྐྱེད་པའོ། དང་པོ་ནི། མར་ཤེས་པ་ལ་རང་གི་མ་རྒན་དེ་ཕུང་ཁམས་སྐྱེ་མཆེད་ཇི་ལྟར་བར་བསྒོམ་ལ་འདི་ལྟར་ནམ་མཁའི་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་སྣང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་འདི་རྣམས་ཀྱིས་ཐོག་མ་མེད་པའི་དུས་ནས། ཕ་དང་མ་དང་། གཉེན་དང་མཛའ་བཤེས་མ་བྱས་པའི་སེམས་ཅན་མེད། ཁྱད་པར་སྙིང་ཉེ་བའི་དབང་དུ་བྱས་ན་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད། མ་བྱས་པ་དེ་ཡང་ལན་གཅིག་ཙམ་མ་ཡིན་པར་མ་ལན་གྲངས་བསམ་གྱིས་མི་ཁྱབ་པ་བྱེད་དེ། འདི་ལྟར་འཁོར་བ་ཐོག་མ་མེད་པ་ནས་འཁོར་བ་འདིར་འཁོར་བས་ལྷ་དང་དམྱལ་བ་ཕལ་ཆེར་མ་གཏོགས་མ་མེད་པར་མི་སྐྱེ། ཐམས་ཅད་མངལ་ནས་སྐྱེ་བ་ཤ་སྟག་པས་མ་ལན་གྲངས་བསམ་གྱིས་མི་ཁྱབ་པར་བྱས་པ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུ་དྲིལ་ཀྱང་ས་ཡིས་ལོང་མི་འགྱུར། །ཞེས་གསུངས་སོ། གཉིས་པ་དྲིན་དྲན་པ་ནི། འཇིག་རྟེན་ལུགས་ཀྱིས་དྲིན་དྲན་པ་དང་། ཆོས་ཀྱི་ལུགས་ཀྱིས་དྲིན་དྲན་པ་གཉིས་ལས། དང་པོ་ལ། ལུས་བསྐྱེད་པ་དང་། སྲོག་སྦྱིན་པ་དང་། ཡོ་བྱད་བསྟབས་པ་དང་། འཇིག་རྟེན་བསྟན་པའི་དྲིན་རྣམས་སོ། དང་པོ་ནི། དྲི་ཟ་ཉེ་བར་ལེན་པའི་རྣམ་པར་ཤེས་པ་དེ་མའི་མངལ་དུ་ཞུགས་པས་ཟླ་དགུ་ངོ་དང་བཅུའི་བར་དུ་མངལ་དུ་བཟུང་། ཁ་ཟས་ཀྱི་དྭངས་མ་བུའི་ལྟེ་བ་ནས་བརྒྱུད་དེ་ལུས་བསྐྱེད་། གཉིས་པ་ནི། ཕྱིར་བཙའ་བའི་དུས་ན། གསོན་པོ་རེད་བྱས་ན་མགོ་མི་ཁྱོག །ཤི་བོ་རེད་བྱས་ན་དབུགས་མ་ཆད་པ་ཉ་རེ་ཉོ་རེ་ཕུ་བུ་ཙམ་པ་དེ། དྲིན་མོ་ཆེ་ཨ་མར་བུ་སྐྱེ་བྱུང་སྙམ་པའི་དགའ་བ་ཆེན་པོ་དང་བཅས་ནས། འཆི་རྒྱུ་འཆི་མ་བཅུག་པར་སོར་མོ་བཅུའི་ཁ་ལ་གཡེང་། འཛུམ་པའི་མིག་གིས་བལྟས། སྙན་པའི་ངག་གིས་བོས། བརྩེ་བའི་སེམས་ཀྱིས་བསྐྱངས་པའི་དྲིན་དྲན། གསུམ་པ་ནི། བར་དོའི་སེམས་ཅན་སྔ་བལྟས་བྱེད་ན་དང་པོ་གང་དུ་ཐོན་ཡོད་མི་ཤེས། ཕྱི་བལྟས་ཤིག་བྱེད་ན། གང་ནས་འོང་མི་ཤེས་པའི་སྤྲང་རྒན་ཞིག་ཡིན་པས་མ་དྲིན་མོ་ཆེ་དེས་ཁ་ཟས་མེད་ཟས་དང་སྤྲད། ལག་ནོར་མེད་ནོར་དང་སྤྲད། རྒྱབ་གོས་མེད་གོས་དང་སྤྲད་དེ་ཟས་ཀྱི་དང་པོ་མངར་བའི་ནུ་ཞོ་བསྣུན། གོས་ཀྱི་དང་པོ་ཤ་དྲོད་ལ་བཅར། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོག །ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་བའི་དྲིན་ཆེན་ཡིན་པའི་དྲིན་དྲན། བཞི་པ་འཇིག་རྟེན་བསྟན་པ་ནི། ཟ་མི་ཤེས་པ་ལ་ཟ་ལོབ་བསླབ། འགྲོ་མི་ཤེས་པ་ལ་འགྲོ་ལོབ། གྱོན་མི་ཤེས་པ་ལ་གྱོན་ལོབ་བསླབ། སྨྲ་མི་ཤེས་པ་ལ་སྨྲ་ལོབ་སློབ། འཇིག་རྟེན་འདིས་སུ་དང་མི་མཉམ་པ་མེད་པ་དང་མཉམ་པར་བྱེད། མཉམ་གཉིས་གོང་གི་རྒྱལ་པོ་དེ་མ་རྒན་གྱི་དྲིན་ཡིན་པས་དེ་ཐམས་ཅད་སྙིང་ནས་དྲན་དགོས། དྲིན་གཟོ་འདོད་ཀྱི་རྟོགས་པ་བསྐྱེད་པ་ནི། ད་སྔ་ཕན་ཆོད་མ་རྒན་གྱིས་ཁེ་དང་རྒྱལ་ཁ་བུ་ལ་བྱིན། གྱོང་དང་བུབ་ཁ་མ་རང་གིས་ལེན་པ་བདེ་སྐྱིད་བདེ་བའི་དངོས་པོའི་ཤས་ཐམས་ཅད་བུ་ལ་བྱིན། སྡུག་བསྔལ་ཀྱི་ཤས་ཐམས་ཅད་མ་རང་གིས་བླངས་ནས་མས་བུའི་སྐྱིད་སྡུག་ལ་བལྟས་པས་ད་རེས་བུ་ངའི་རེས་ལ་བབ་པས་ཁེ་དང་རྒྱལ་ཁ་མ་ལ་བྱིན། གྱོང་དང་བུབ་ཁ་ཐམས་ཅད་རང་གིས་ལེན་བསམ་དུ་བསྒོམས། བཞི་པ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བསྒོམ་པ་ནི། མ་དྲིན་མོ་ཆེ་འདིས་འདོད་རྒྱུ་ཅི་འདོད་གིན་ཡོད་གི་བསམ་ན། འདོད་རྒྱུ་བདེ་བ་འདོད། མི་འདོད་རྒྱུ་སྡུག་བསྔལ་མི་འདོད་ཀྱང་། བདེ་བའི་རྒྱུ་དགེ་བ་དང་ཡང་དག་པའི་ལམ་བཅུ་བསྒྲུབ་མི་ཤེས། གལ་སྲིད་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་ནི་མེད། ཚུལ་བཞིན་བཀའ་ནི་མི་སྒྲུབ། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་ལ་འཆོལ་ཉོག་ཏུ་སྤྱད་དེ་སྡུག་བསྔལ་བདེན་པས་དངོས་སུ་གནོད། ཀུན་འབྱུང་བདེན་པས་བརྒྱུད་དེ་གནོད་པས་སྡུག་བསྔལ་རྒྱུ་འབྲས་གཉིས་པོ་དེ་དང་བྲལ་བར་གྱུར་ཅིག་སྙམ་དུ་སྨོན་པ་དང་འབྲེལ་བ་དང་། བྲལ་ན་ཅི་མ་རུང་སྙམ་པའི་འདུན་པ་དང་འབྲེལ་བ་དང་། བྲལ་བ་ཞིག་ངས་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བའོ། །སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བའི་ཆེད་དུ་དཀོན་མཆོག་ལ་གསོལ་བ་འདེབས་པའོ། །དེ་རྣམས་ནི་ཟུར་དང་པོ་སྙིང་རྗེས་སེམས་ཅན་ལ་དམིགས་པའོ། །གཉིས་པ་ཟུར་ཕྱི་མ་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པ་ནི། གདམ་ང་ཞིག་བྱེད་ན། མཐོ་རིས་ལྷ་མིའི་གོ་འཕང་ལ་བཀོད་ན་ཡང་དེ་སྔོན་དེ་འདྲ་བའི་གོ་འཕང་མང་པོ་ཐོབ་ཀྱང་མ་རྟག་པས་དེ་ལ་བཀོད་ཀྱང་ཕན་མེད། ཉན་རང་དགྲ་བཅོམ་པའི་གོ་འཕང་ལ་བཀོད་ཀྱང་དེ་ཡར་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་བ་ཡིན་ཀྱང་། བྱང་སེམས་ཀྱི་ས་དང་སངས་རྒྱས་ཀྱི་འབྲས་བུའི་ཡོན་ཏན་ཐམས་ཅད་མེད་པས་དེ་ལ་བཀོད་ཀྱང་ཕན་མེད། དེས་ན་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས་སྙམ་དུ་ཤེས་རབ་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཀྱི་བསམ་པ་བསྐྱེད་དོ། དེ་ལྟར་དང་པོ་རང་གི་རྩ་བའི་མ་ལ་བསྐྱེད། དེ་ནས་ཕ་ལ་བསྐྱེད། དེ་ནས་ཤ་ཉེ་སྤུན་ཟླ་ལ་བསྐྱེད། དེ་ནས་ཡུལ་འཁོར་དང་ནམ་མཁའི་མཐའ་ཁྱབ་ལ་བསྒོམ་དགོས་སོ། ཨོ་དེ་ལྟར་བློ་སྦྱོང་བའི་སྒོ་ནས་རང་འདོད་ཡིད་བྱེད་ཀྱི་བསམ་པ་འདི་ལ་དུས་ནམ་ཡིན་ཡང་སྐྱོན་དུ་བལྟས་ནས། ཕྲིན་ལས་རྣོ་སོ་དྲག་སྔགས་ཀྱི་ནུས་པ་ཐམས་ཅད་བདག་འཛིན་གྱི་འགོང་པོ་འདིའི་སྟེང་དུ་ཁ་ཕྱུང་ལག་ཕྱུང་བྱེད་དགོས། དེ་མིན་པའི་ཆོས་པ་བཟང་པ་རང་གཞན་ལ་ཕན་པའི་བླ་མ་ཆེན་པོ་འོང་དཀའ། གལ་སྲིད་ཚེ་ཕྱི་མའི་རྒྱུ་འབྲས་གར་ལ་མི་ལྟ་བའི་འདི་སྣང་ཚེ་འདིའི་འདུག་ཆུས་ལ་བློ་ཕུག་གཏད། ཅི་བྱེད་ཚེ་འདིའི་སྣོན་མའི་བླ་མར་འགྲོ་བས་རྒྱུ་མཚན་དེས་ན་དང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སྲོག་བསྡོས་ལ་བཏང་། དེ་ནས་ཚེ་འདི་ལ་བློའི་ཞེན་པ་གཏིང་ནས་ལོག་པ་ཞིག་དགོས། དེ་ནས་རྒྱུ་འབྲས་ཀྱི་བླང་དོར་ལ་མིག་འབྲས་བཞིན་གཟབ་དགོས། དེ་ནས་དམ་པའི་ཆོས་ལ་ཤ་སྤར་འཐམ་པ་ཞིག་དགོས། བདག་འཛིན་ལ་དགྲ་ལྟར་བལྟ་དགོས། བྱང་ཆུབ་ཀྱི་སེམས་ལ་ཡིད་བཞིན་གྱི་ནོར་བུ་བས་གཅེས་སྤྲས་བྱེད་དགོས། དེ་མིན་བྲི་ཚོད་མི་འདུག་ལག་པ་ན་བས་སྨྱོ་འོ་འབིས་ལི་མ་༼ ཧོར་པོ་པད་ལྷུང་འདོམ་ཐོག་བསམ་གཏན།མཆན། ༽ད་ནི་སྨྱོ་འོ་དེ་ཚེ་འདི་སྣང་ལ་གྱིས། དྲང་པོ་དེ་དམ་པའི་ཆོས་ལ་ཐོན། དེ་ཚོ་ཉན་ན་གནའ་སྔ་མོའི་ཆོས་པ་སོ་སོའི་ལམ་དང་མཐུན་འོང་གི ད་ལྟའི་ཆོས་པ་ཚོས་ཅི་ལབ་ལབ་ལ་ཐོང་། མཁན་པོའི་མིང་གིས་བ་དན་ལྷབ་ལྷུབ་ཏུ་གཡོ་བའི་ངག་དབང་དཔལ་བཟང་གིས་བྲིས་པ་དགེའོ། ཁ་དགེ། སྣ་དགེ།

སྙིང་པོའི་ལྷ་ཆོས་བྱེད་པར་གདམས་པ། མཁས་དབང་དགེ་འདུན་ཆོས་འཕེལ།

༄༅། །སྙིང་པོའི་ལྷ་ཆོས་བྱེད་པར་གདམས་པ་བཞུགས་སོ། །གང་ལ་བརྟེན་ན་བསླུ་བ་མ་མཆིས་པའི། །སྐྱབས་གནས་རིན་ཆེན་གསུམ་གྱི་ཐུགས་རྗེའི་མཐུས། །དོན་མེད་འཁོར་བའི་འཁྲུལ་སྣང་ཀུན་ཞི་ནས། །བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ཅི་ལ་བསམས་ཀྱང་འཇིག་རྟེན་བྱ་གཞག་ལ། །ཡང་སྒོས་སྙིང་པོ་ཏིལ་ཙམ་མི་འདུག་པས། །ཡུན་ཐུང་ཚེ་འདིའི་བློ་སྣ་བསྒྱུར་བྱས་ཏེ། །ད་ནི་སྙིང་པོའི་ལྷ་ཆོས་བྱེད་པར་བྱ། །དར་མའི་ན་ཚོད་དབྱར་གྱི་མེ་ཏོག་ཙམ། །མཛེས་པའི་བཀྲག་མདངས་དགུན་གྱི་འཛའ་ཚོན་ཙམ། །མི་ཡི་ཚེ་ལ་ཡུན་ལོང་མི་འདུག་པས། །ད་ནས་སྙིང་པོའི་ལྷ་ཆོས་བྱེད་པར་བྱ། །སྡུག་པའི་དུས་སུ་སྐྱིད་པའི་ཐབས་ལ་རེ། །སྐྱིད་པའི་དུས་སུ་སྡུག་བསྔལ་ཡོང་གིས་དོགས། །རེ་དོགས་འཕྲང་ལས་ཐར་དུས་མི་འདུག་པས། །ད་ནི་སྙིང་པོའི་ལྷ་ཆོས་བྱེད་པར་བྱ། །གཅེས་པར་བསྐྱངས་ཀྱང་ནད་དང་གཅོང་གི་གཞི། །རྒྱན་གྱིས་མཛེས་ཀྱང་མི་གཙང་རང་བཞིན་ཉིད། །མི་རྟག་ལུས་ལ་སྙིང་པོ་མི་འདུག་པས། །ད་ནི་སྙིང་པོའི་ལྷ་ཆོས་བྱེད་པར་བྱ། །ཕྱུག་པོ་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད། །དབུལ་བོ་དབུལ་བོའི་ས་ནས་སྨྲེ་ངག་འདོན། །མི་རེའི་སེམས་ལ་སྡུག་བསྔལ་ཁུར་བོ་རེ། །འཁོར་བའི་གནས་ན་བདེ་བའི་སྐབས་མ་མཆིས། །སྤྱིར་ན་ཕྱི་རོལ་བདེ་སྡུག་སྣང་བ་ཀུན། །རང་གི་སེམས་ཉིད་གཅིག་པོའི་ཆོ་འཕྲུལ་ཏེ། །ནང་གི་གཟུགས་བརྙན་ཕྱི་རུ་འཆར་བ་ལས། །ཕྱི་ཡི་རྣམ་པ་ཚུར་ལ་འོངས་པ་མིན། །དེ་ལྟར་ལེགས་པར་གོ་ནས་དཔྱད་པ་ཡིས། །ཀུན་གཞི་སེམས་ཀྱི་རྩ་བ་ཆོད་པའི་ཚེ། །སྣང་བའི་ན་བུན་འདི་ཡི་ཕ་རོལ་ན། །ཆོས་ཉིད་དོན་གྱི་ནམ་མཁའ་དངོས་སུ་བཞུགས། །ཡོད་ཅེས་བྱ་བ་འདི་ཡང་བཅོས་མ་སྟེ། །མེད་ཅེས་བྱ་བ་འདི་ཡང་བཅོས་མ་ཉིད། །དེ་འདྲའི་བཅོས་མ་ཀུན་གྱིས་མ་བསླད་པ། །སེམས་ཀྱི་རང་བཞིན་རྫོགས་པའི་སངས་རྒྱས་ཡིན། །ཡིན་མིན་རྣམ་རྟོག་ཆུ་ཡི་གཉེར་མ་བཞིན། །གཅིག་རྗེས་གཅིག་གིས་མཐུད་དེ་འགྲོ་བ་འདི། །གཏོད་མེད་ངང་དུ་ལྷོད་ཀྱིས་ཞིག་པའི་ཚེ། །ཆོས་དབྱིངས་གདོད་མའི་རྒྱ་མཚོར་སླེབས་པ་ལགས། །མདོར་ན་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཏེ། །སེམས་ནི་སྟོང་བ་གཞི་མེད་རྩ་བྲལ་ཉིད། །གཞི་མེད་ཆོས་ལ་བདག་ཏུ་བཟུང་བ་ཡིས། །ཁྱོད་དང་ང་ཡང་འཁོར་བའི་གནས་སུ་འཁྱམས། །ད་ནི་སྣང་བའི་རྗེས་སུ་མ་འབྲང་བར། །སྣང་མཁན་ཁོ་ལ་ཅེར་གྱིས་བལྟས་པའི་ཚེ། །བརྗོད་དུ་མེད་པའི་རང་ངོ་མཐོང་འགྱུར་བས། །སངས་རྒྱས་ཐོབ་པའི་ལམ་དེ་ཐག་མི་རིང་། །དེ་ལྟར་རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱིས། །མྱུར་དུ་རང་སེམས་སྟོང་པའི་རྩད་ཆོད་དེ། །ཀ་དག་རྫོགས་པ་ཆེན་པོའི་རྒྱལ་ས་ནས། །མཐའ་མེད་འགྲོ་བའི་དོན་ཆེན་བྱེད་པར་ཤོག །ཅེས་པ་འདི་ཡང་སྙིང་པོའི་ཆོས་ལ་ཕྱོགས་པ་སྒྲོལ་མ་གཡང་འཛོམས་ཀྱི་ངོར་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའོ། །

ཚེ་མི་རྟག་པ་སྟོན་པའི་སྐྱོ་གླུ་ལྷུང་ལྷུང་འབབ་པའི་ཕུ་ཆུའི་དབྱངས་སྙན། ཆོས་རྗེ་ཡིད་བཞིན་ནོར་བུ།

དྷཱིཿ ཚེ་མི་རྟག་པ་སྟོན་པའི་སྐྱོ་གླུ་ལྷུང་ལྷུང་འབབ་པའི་ཕུ་ཆུའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །དྷཱིཿ ལྷ་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུ་ཡི་བྱེད་པོ། །རྗེ་བཀའ་དྲིན་འགྲན་བྲལ་མི་ཕམ་ནི་ཆོས་རྗེ། །སྙིང་ཆུ་སྐྱེས་འཛུམ་པའི་གདན་བཟང་ལ་བཞུགས་དང་། །ངག་མ་བཅོས་ཉམས་གླུ་ཐར་ཐོར་དུ་སྨྲའོ། ༡ །དབྱར་དྭངས་གཞུང་རྩི་ཤིང་མེ་ཏོག་གི་འཇོ་སྒེག །ཉམས་དགའ་བ་ལྷ་ཡི་ཡུལ་ལྗོངས་ལྟར་ཡོད་ཀྱང་། །དགུན་སེར་བུ་སྐྱ་བོ་བསུ་མ་ལ་ཐོན་དུས། །སེམས་སྐྱོ་ཤས་སྐྱེ་བའི་སྣོན་མ་རུ་ཤར་འདུག ༢ །བཀོད་ལེགས་པ་མེ་ཏོག་སྣ་ཚོགས་ཀྱི་ཚལ་ན། །ངག་སྙན་འགྱུར་འགྲན་པ་མཛེས་སྡུག་གི་རྐང་དྲུག །ཁོ་ཡུན་རིང་ཉམས་དགའི་རྩེད་འཇོ་ལ་སྤྲོ་ཡང་། །ཚེ་སྔོན་མའི་ལས་སྣང་བཟློག་ཐབས་རང་མི་འདུག ༣ །ནགས་ལྗོན་པའི་ཁྲོད་ནས་ཁུ་བྱུག་གི་སྐད་སྙན། །ཡིད་དབང་མེད་འགུགས་པའི་མཆོད་རྫས་ཤིག་ཡོད་དེ། །སྟོན་འགོ་མ་ཚེས་དུས་བསམ་མནོ་ཞིག་མཛོད་དང་། །ཚེ་མི་རྟག་སྟོན་པའི་བཤེས་གཉེན་དེ་མིན་ནམ། ༤ །ཆར་ཟིམ་བུས་བསྐྱེད་བསྲིངས་འཇའ་ཚོན་གྱི་ལང་ཚོ། །དགུང་ཆུ་འཛིན་མདུན་ན་མཛེས་མཛེས་ལྟར་སྣང་ཡང་། །དེ་འཕྲལ་དུ་གར་སོང་ཆ་མེད་དུ་གྱུར་ལ། །བསམ་ཤེས་ན་མི་རྟག་མངོན་སུམ་དུ་གསལ་འདུག ༥ །སྟོན་སྤྲིན་དཀར་ཕུང་པོ་གངས་རི་བཞིན་བརྩེགས་པ། །ཁོ་མི་བརྟན་མཁའ་ལ་རྗེས་མེད་དུ་ཡལ་འདིས། །ཚེ་འདི་སྣང་བདེ་ལ་ཡིད་རྟོན་ནི་མེད་ཅེས། །ཡིད་སྐྱོ་ཤས་ཅན་ལ་འདོམ་པ་རང་ཡིན་སྙམ། ༦ །གཏོས་རྒྱ་ཆེ་སྲ་བརྟན་སྟོང་གསུམ་གྱི་བཀོད་པ། །མཐར་མི་རྟག་མེ་ཆུ་རླུང་གསུམ་གྱིས་འཇིག་ན། །མི་རེ་ཟུང་གིས་སྒྲུབ་ཁང་ཁྱིམ་དང་ར་བ། །དོན་འདི་ལ་ཡིད་རྟོན་མེད་ངེས་སུ་ལོས་ཤེས། ༧ །ཚེ་བསྐལ་པར་ཐུབ་པ་རྫུ་འཕྲུལ་གྱི་བདག་པོ། །ཟས་ཏིང་འཛིན་སྤྱོད་པའི་ལྷ་མཆོག་དང་དྲང་སྲོང་། །དགྲ་འཆི་བདག་གནས་ལས་གཟུར་ཐབས་ཤིག་མེད་ན། །རང་འཆི་སྙམ་མེད་འདི་འདང་ལོག་རང་ལོས་ཡིན། ༨ །སྔོན་གླིང་བཞིའི་ཕུན་ཚོགས་མཐའ་དག་ལ་དབང་བའི། །རྗེ་འཁོར་སྒྱུར་ཟེར་བའི་གྲགས་ཆེན་འགའ་ཡོད་ཚོད། །དུས་དེང་སང་བསམ་ཚེ་མིང་ཙམ་ལས་མེད་ན། །བདག་ཉམ་ཆུང་ལུས་ལ་སྙིང་པོ་རང་མེད་ངེས། ༩ །དོན་སྤངས་རྟོགས་མཐར་སོན་རྒྱལ་བ་དང་སྲས་བཅས། །གྲངས་མང་བ་ལྷ་ལམ་སྐར་ཚོགས་ལྟར་བྱོན་ཀྱང་། །ཚུལ་མི་རྟག་མྱ་ངན་འདའ་ཚུལ་རང་བསྟན་པའི། །དཔེ་འདི་ཡང་མི་རྟག་གསལ་འདེབས་སུ་གོ་བྱུང་། ༡༠ །ཞིང་དག་པ་བསམ་ཡས་དབུ་རྩེ་ཡི་གླིང་དུ། །མགོན་མཁན་སློབ་ཆོས་རྒྱལ་སྟོན་འཁོར་གྱི་སྣང་བ། །སྐབས་དེ་དུས་བསམ་ན་སྤྲོ་མོ་ཞིག་ཡོད་དེ། །དུས་ད་ལྟ་བསམས་ན་སྐྱོ་ཤས་ལས་ཅི་ཡོད། ༡༡ །གཞུང་དཔྱད་གསུམ་དག་ལ་ཐོས་བསམ་ཞིག་མེད་ན། །སེམས་ཚོད་འཇོག་ཙམ་གྱིས་འཁོར་རྩ་ནི་མི་ཆོད། །སྐུ་བགྲེས་དུས་གཟའ་དགུའི་མགོ་འཛིན་དུ་གྱུར་ཏེ། །འཆི་རན་དུས་ཨ་ཁུ་ཆོས་མེད་དུ་འཁྱམ་འགྲོ། ༡༢ །ཆོས་མདོ་སྒྱུ་སེམས་གསུམ་ཉམས་བཞེས་དེ་བོར་ནས། །དབྱངས་འབུད་རྡུང་དཀྲོལ་གསུམ་ཟབ་ཆོས་སུ་རློམ་སྟེ། །དཀོར་ནག་པོའི་ཟས་ལ་ངོམས་མེད་དུ་སྤྱོད་ན། །ལུས་ཐིམ་རིམ་ཐོན་དུས་རང་སྐྱོན་དེ་ངོམ་ཡོང་། ༡༣ །ཐུགས་རྣམ་དཔྱོད་རབ་ཡངས་གྲྭ་ས་ཡི་བཙུན་ཆུང་། །འཆད་རྩོད་པའི་གྲགས་སྙན་ཐུགས་དབུས་ལ་མཛའ་ཡང་། །དབུ་དུང་ལྟར་དཀར་དུས་དགེ་བཤེས་ཐོབ་སྲིད་མོད། ཁྱེད་འདི་སྣང་བདེ་བ་ཡུན་ཐུང་ལས་མི་གདའ། ༡༤ །ལམ་བསླབ་གསུམ་ཡོན་ཏན་རྩིས་ཆུང་ལ་བཞག་ནས། །ཚེ་འདི་དོན་གཉེར་བ་བན་གཟུགས་ཀྱི་ཁྲམ་པ། །འཆིའི་ནངས་པར་ཞེ་འདོད་མཐར་འཁྱོལ་ཞིག་མིན་ཡང་། །དགྲ་གཤིན་རྗེའི་ཁྲིམས་ལ་ཕྱིར་བསྣུར་ནི་མི་ཡོང་། ༡༥ །མགོའི་སྐྲ་དཀར་སྒྱུ་ལུས་གོག་པོ་ཡི་རྒན་པོས། །ལོ་མང་པོའི་འདུག་ཆུས་ཡིད་ཡུལ་ལ་བཀོད་མོད། །ཁྱོད་སྣུམ་ཟད་མར་མེའི་དཔེ་ཟླ་ལ་འགྲིག་ཕྱིར། །ཤི་བར་དོའི་ལམ་རྒྱགས་སྒྲུབ་རན་ནི་མིན་ནམ། ༡༦ །གཟུགས་ལང་ཚོས་ཁེངས་པའི་ན་ཆུང་ནི་ཕོ་མོ། །འཆི་སྙམ་པ་ཡིད་ལ་འཆར་ཚོད་ཅིག་མིན་ཡང་། །དུས་ནམ་ཡོང་མི་ཤེས་གཤིན་རྗེ་ཡི་ཕོ་ཉས། །སྐེ་ཞགས་པས་སྡོམ་དུས་འགྱོད་ཆེན་ཞིག་ཡོད་གྲགས། ༡༧ །སེམས་ཕན་ཚུན་མཛའ་བ་ན་མཉམ་གྱི་གཞོན་ནུས། །ཚིག་གསང་གཏམ་རི་མོ་སྙིང་དབུས་སུ་འབྲི་བཞིན། །འབྲལ་མི་ཕོད་ཚེ་གང་འགྲོགས་འདོད་ཅིག་ཡོད་དེ། །ཚེ་རིང་ཐུང་ཇི་འདྲ་རང་རེས་ནི་མི་ཤེས། ༡༨ །དཔེ་ན་ཉིན་རྒྱུ་ནོར་རིགས་རྒྱུད་ཀྱིས་འབྱོར་རྣམས། །དུས་ད་ལོར་མང་པོ་ཉམ་ཐག་ཏུ་གྱུར་པའི། །ཚུལ་འདི་ཀོ་ཡིད་ཀྱི་མེ་ལོང་དུ་ཤར་ཚེ། །ཡོངས་ཟག་བཅས་ཆོས་ལ་སུན་པ་ཞིག་སྐྱེས་བྱུང་། ༡༩ །སོ་སུམ་ཅུའི་དུང་ཕྲེང་སོ་སོ་རུ་གྱེས་ཏེ། །ལུས་པགས་པའི་གཉེར་མ་ལམ་འཕྲང་བཞིན་ངོམ་འདིས། །ཁྱོད་མི་འགྱང་འཆི་ཞེས་བརྡ་ཆོས་ཤིག་སྟོན་ཀྱང་། །དེ་མི་གོ་རང་རེ་བ་གླང་དངོས་མིན་ནམ། ༢༠ །ལོ་གཅིག་སོང་སང་ཕོད་ད་ཚོད་ཀྱི་བར་ལ། །མི་མང་པོས་གཤིན་ལམ་འགྲིམ་ངེས་ཤིག་ཡིན་ན། །རང་དེའི་ནང་མེད་ཅེས་བརྗོད་ཐག་ནི་མི་ཆོད། །དོན་དེ་ཕྱིར་ཕྱི་མ་ཐག་རིང་ཞིག་མ་རེད། ༢༡ །ད་ལོ་བརྒྱ་སོང་དུས་ས་སྟེང་གི་སྐྱེ་དགུ། །མི་གཅིག་ཀྱང་མི་ལྷག་འཆི་ངེས་ཤིག་ཡིན་ན། །ཡུན་ཐུང་བ་རྨི་ལམ་ལྟ་བུ་ཡི་འཁྲུལ་སྣང་། །ཚེ་འདི་དོན་གཉེར་ལ་སྙིང་པོ་ཞིག་འདུག་གམ། ༢༢ །རང་ཆུང་ངུའི་དུས་ཀྱི་ན་མཉམ་གྱི་སྙིང་གྲོགས། །དེ་ཕལ་ཆེར་ཡུལ་གཞན་ངེས་མེད་དུ་འཁྱམས་ཐལ། །མང་ཆེ་བས་བར་དོ་འགྲིམ་དགོས་ཤིག་བྱུང་ན། །བདག་གཅིག་པུ་མི་ལྷག་ཁོ་ཐག་དེ་ཆོད་བྱུང་། ༢༣ །ཁྲིམས་བཟོད་དཀའི་འཆི་བདག་བང་ཆེན་དེ་ཐོན་དུས། །རྫོང་མི་ཤིགས་ལྕགས་མཁར་སྒོ་མེད་དུ་གབ་ནས། །དཔའ་འགྲན་མེད་མཚོན་ཐོགས་འབུམ་ཕྲག་གིས་བསྲུངས་ཀྱང་། །ཡུན་ཆུ་ཚོད་ཙམ་ལ་སྡོད་ཐབས་ནི་མེད་འདྲ། ༢༤ །ཁྱོན་སྲིད་གསུམ་འགེངས་པའི་ནོར་རྫས་ཤིག་བདོག་ཀྱང་། །གཤིན་ལས་མཁན་ཚོགས་ཀྱིས་ལྐོག་འབུལ་ནི་མི་ལེན། །སྟོང་གསུམ་ལ་དབང་བའི་ཚངས་དབང་ཀུན་ཚོགས་ཀྱང་། །འཆི་མི་དགོས་བློ་ཐབས་རྡུལ་ཆ་ཙམ་མེད་ངེས། ༢༥ །གཟུགས་མཛེས་པ་མཁའ་དབྱིངས་འཇའ་ཚོན་བཞིན་བཀྲ་ཞིང་། །སེམས་འགུགས་པའི་སྒྱུ་རྩལ་བརྒྱ་ཕྲག་ལ་མཁས་ཀྱང་། །སྲོག་འཕྲོག་པ་གཤིན་རྗེའི་སྡེ་ཆེན་གྱི་དམག་གི། །ལུས་བ་སྤུ་ཙམ་ཡང་གཡོ་ཐབས་ནི་མི་འདུག ༢༦ །ནད་ཡོད་མེད་སྐྱེ་བོ་མང་པོ་ཞིག་ཤི་ལ། །སེམས་རྣལ་དུ་ཕོབ་ལ་བསམ་མནོ་ཞིག་ཐོངས་དང་། །རང་ངེས་པར་འཆི་བའི་སྐུལ་མ་དངོས་ལགས་ན། །བློ་ཕྱི་ཐག་མ་རིང་ཐར་ལམ་ལ་བརྩོན་རན། ༢༧ །སྡེ་ཁྲི་སྐོར་མང་པོའི་མགོ་འཛིན་གྱི་དཔོན་ཡང་། །འཆི་རན་དུས་མི་གཅིག་ཁྲིད་དབང་ནི་ལྟ་ཅི། །ཟས་ཁམ་གཅིག་འཁྱེར་བའི་དབང་ཆ་ནི་མེད་ཕྱིར། །ཕན་ངེས་པའི་དམ་ཆོས་ཕྱི་བཤོལ་དུ་མ་འཇོག ༢༨ །ཚེ་འདི་སྣང་ཟད་པའི་ལས་སྣང་གི་དུཿཁ། །གཉེན་མཛའ་གྲོགས་མང་ཡང་བགོ་སྐལ་ནི་མི་ལེན། །མིག་མཆི་མས་བཀང་ཡང་བྱ་ཐབས་དང་བྲལ་ཕྱིར། །ད་མ་འདུག་འཆི་ཆོས་བསྒྲུབ་པ་ལ་འབད་རན། ༢༩ །བསམ་ཤེས་ན་སྣང་ཞིང་སྲིད་པ་ཡི་ཆོས་ཀུན། །ཚེ་མི་རྟག་སྟོན་པའི་དཔེ་ཆ་རང་ཡིན་ཕྱིར། །ངག་མ་བཅོས་གཏམ་ལ་ཟད་མཐའ་ནི་མེད་མོད། །གླུ་མཆོད་སྤྲིན་དེ་ཙམ་གྲོགས་ཁྱེད་ལ་འབུལ་ལོ། ༣༠ །ང་གསོན་དང་ཡིད་མཐུན་སྙིང་སྡུག་གི་གྲོགས་པོ། །སྤྱིར་འཁོར་བའི་ཆོས་ལ་ཡིད་རྟོན་ཞིག་མེད་ཕྱིར། །དུས་ནམ་ཡང་མི་འགྱུར་ཟག་མེད་ཀྱི་བདེ་འབྱོར། །ད་མ་གཡེལ་སྒྲུབ་ལ་གོ་ཆ་དེ་བགོ་རན། ༣༡ །བདག་ད་ནས་ནམ་མཁའ་ཇི་སྲིད་ཀྱི་བར་ལ། །ཕ་འཇམ་མགོན་བླ་མ་སྤྱི་བོ་རུ་མཆོད་བཞིན། །མ་ཉམ་ཐག་འགྲོ་ལ་ཟབ་ཆོས་ཤིག་འདོམས་པའི། །མགོན་འཇམ་དཔལ་དཔའ་བོའི་སྙིང་སྟོབས་ལ་སྨོན་ནོ། ༣༢ །ཞེས་ཚིགས་བཅད་མཚན་བཟང་སོ་གཉིས་གྱི་གྲངས་ལྡན་འདི་ནི་སྙིང་གྲོགས་ཨོ་ཌི་ཡ་ནས་ཡང་ཡང་བསྐུལ་བའི་ལྷན་ཅིག་བྱེད་པའི་རྐྱེན་དང་རང་སེམས་ཧ་ཅང་སྐྱོ་བའི་ཉེར་ལེན་གྱི་རྒྱུ་ཚོགས་ཟུང་དུ་ཚོགས་ཚེ་ཡིད་ལ་ཤར་བ་བཞིན་རབ་རྒྱལ་ཤིང་འབྲུག་ཟླ༡ཚེས༢༧ལ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྤེལ་བ་དགེ་ལེགས་འཕེལ།

ངེས་འབྱུང་བསྐུལ་བའི་གཏམ་ཐར་ལམ་གསལ་བའི་སྣང་བྱེད། ཨ་རིག་པཎ་ཆེན་པདྨ་ཚེ་དབང་།

༄༅། །ངེས་འབྱུང་བསྐུལ་བའི་གཏམ་ཐར་ལམ་གསལ་བའི་སྣང་བྱེད་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། །བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་གྲུ་གཟིང་གིས། །འགྲོ་ཁམས་སྲིད་པའི་འཇིགས་ལས་སྒྲོལ་བ་ལ། །གཅིག་ཏུ་དཔའ་བའི་རྣམ་འདྲེན་བཞི་བ་དང་། །དབྱེར་མེད་རྩ་བརྒྱུད་བླ་མར་གུས་པས་འདུད། །བདག་ནི་སྔོན་བསགས་བཙན་པོའི་ལས་ཤུགས་ཀྱིས། །མཐའ་མེད་སྲིད་པའི་མཚོ་ལ་འཁྱམས་འཁྱམས་ནས། །ད་རུང་འདི་སྣང་སྲིད་པའི་བསླུ་བྲིད་ལ། །ཞེན་ཆགས་མཚོ་ཆེན་ཁོང་ནས་རྡོལ་བཞིན་དུ། །བདག་འཛིན་རྨོངས་བའི་སྨག་རུམ་སྟུག་པོ་ཡིས། །བར་མེད་ཀུན་ནས་མནར་བཞིན་དུག་ལྔ་ཡིས། །ཁོལ་བོར་དལ་མེད་རྒྱུ་བས་གདུང་བ་ལ། །ཀྱེ་ཧུད་སྲས་བཅས་རྒྱལ་བའི་ཐུགས་རྗེས་གཟིགས། །ཕྱི་ཚུལ་ཆོས་པར་འཆོས་ཀྱང་ནང་མ་ཐུལ། །སྡོམ་གསུམ་རྒྱུད་ལ་བླངས་ཀྱང་བསྲུང་མཚམས་ལྷོད། །ཆོས་ལ་ཉན་བཤད་བགྱིས་ཀྱང་ཆོས་བརྒྱད་ཆེ། །འདི་འདྲའི་ཚུལ་གྱིས་གཏན་འདུན་ཅི་ལྟར་འགྲུབ། །སྐད་ཅིག་མི་སྡོད་གཡོ་བའི་རང་སེམས་འདི། །གཅིག་རྗེས་གཉིས་མཐུད་སྣ་ཚོགས་ཀུན་རྟོག་ཚུལ། །སྤོས་རྒྱའི་རི་མོ་བཞིན་དུ་བཀྲམ་པ་ཡིས། །མཐའ་མེད་སྲིད་པའི་གཟེབ་ཏུ་འཆིང་ལ་ལྟོས། །ལྟར་སྣང་བསྟན་དོན་སྒྲུབ་མདོག་རང་དོན་ཤོར། །གཞན་རྒྱུད་འདུལ་རློམས་རང་རྒྱུད་རྭ་བཞིན་གྱོང་། །མཐོང་རྩིས་འགའ་ཡིས་བྱས་ལ་ཡིན་རློམས་སྐྱེས། །དོན་ལ་རང་ཚུལ་རི་མོའི་སྣང་བྱེད་མཚུངས། །ཐུན་མོང་ཤེས་བྱའི་གནས་ལ་ཅུང་ཟད་སྦྱངས། །ཐུན་མིན་སྡེ་སྣོད་ཕྱོགས་ཀྱང་ཐོས་མོད་ཀྱང་། །འདུན་མའི་རྩ་བ་ཚེ་འདིའི་ཕྱོགས་སུ་ཤོར། །དམ་པའི་ཆོས་ཀྱང་སྲིད་པའི་སྣོན་མར་བྱས། །གོང་ལ་ངོས་འཛིན་བྱེད་པའི་བྱ་བ་དང་། །ཐད་ཀའི་གྲྭ་སྡེ་ཡུལ་མའི་ངོ་བསྲུང་དང་། །དམའ་བའི་གནས་རྣམས་ཨེ་མགུའི་རེ་དོགས་ཀྱི། །བྱ་བས་བྲེལ་བ་འདི་ཀོ་ངལ་བའི་རྒྱུ། །ད་ནི་སྙིགས་མའི་རང་གཤིས་དར་དྲག་པས། །གཡོ་རྒྱུའི་བསམ་པ་རང་འདོད་ཞགས་པ་ཡིས། །གཞན་སེམས་བསླུ་བའི་གཏམ་དང་སྤྱོད་ཚུལ་འདིས། །ཅོལ་ཆུང་སྣང་བ་འབྲིད་པའི་ཚུལ་ལ་ལྟོས། །ངོས་ནས་དགའ་བའི་ཚིག་གིས་བསུ་བཞིན་དུ། །གུས་པའི་རྣམ་འགྱུར་དུད་པའི་སྙེ་མར་མཚུངས། །ལྐོག་ནས་ཕལ་ཆེར་རེངས་པའི་རྭ་བཞིན་ཏུ། །སྙད་འདོགས་ཡ་གའི་རུ་རྩེ་ཀུན་ནས་གཟེང་། །སྔོན་དུས་ཕུན་ཚོགས་དཔལ་དང་འབྱོར་བ་ཡིས། །མངོན་འཕགས་སྐྱེ་དགུས་བཀུར་འོས་མཆོག་རྣམས་ཀྱང་། །མ་རུང་དུས་ཀྱི་དུཿཁས་གཙེས་པ་ཡིས། །མི་བརྟན་འདུས་བྱས་རང་མཚང་ངོམས་འདིར་སོམས། །སྲ་བརྟན་ཆེ་བརྗིད་མཛེས་པའི་ཕོ་བྲང་དང་། །རྣམ་མང་ནོར་དབྱིག་མཛོད་ལ་དབང་སྒྱུར་ཞིང་། །ཆེར་རློམ་དྲེགས་པའི་རུ་མཚོན་འཕྱར་བ་རྣམས། །མིང་གི་ལྷག་མར་གྱུར་པས་ཡིད་བརྟན་མེད། །སྣོད་ཀྱི་དཔལ་ཉམས་འབྱུང་བ་ཆ་མི་སྙོམས། །བཅུད་ཀྱི་འགྲོ་བས་སྡིག་ལས་ཧབ་ཐོབ་བྱེད། །གཤིས་ངན་རང་སེམས་འདི་སྣང་ཞེན་པས་བཅིང་། །ཚུལ་འདིར་བསམ་ན་བློ་སེམས་སྐྱོ་བའི་གནས། །ཕྱི་སྣོད་འབྱུང་བའི་དངོས་པོ་མི་བརྟན་འགྱུར། །དུས་བཞིའི་ཡོ་ལང་རིམ་བཞིན་འཕེལ་བས་འགྱུར། །བཅུད་ཀྱི་འགྲོ་བ་སྐྱེ་འཆི་རྒ་བས་འཇིག །སྣང་བའི་དངོས་ལ་ཡིད་བརྟན་གནས་འགའ་མེད། །སྔར་དུས་ཕུན་ཚོགས་དངོས་པོའི་དཔལ་ཀུན་ཉམས། །དཔང་གྱུར་དམ་པའི་སྐྱེ་བོ་ཕལ་ཆེར་ཟད། །སྙིགས་མའི་རང་རྟགས་བདོ་བས་ཆོས་སྲིད་འཇིག །ད་ནི་སྙིགས་མ་ལས་ཀྱང་ཡང་སྙིགས་དུས། །དལ་བའི་རྟེན་བཟང་མི་ཡི་ལུས་མཆོག་འདི། །ཕྱི་ནས་འབྱུང་བ་རྒུད་པས་ཀུན་ནས་མནར། །ནང་དུ་ལས་ཉོན་ཁུར་ཆེན་བརྩེགས་པས་མནར། །ཚེ་མཐའ་གཏུགས་པས་གཤིན་རྗེའི་གྲོང་སྒོར་སླེབས། །སྲིད་པ་འདི་ན་རྣམ་གསུམ་དུཿཁ་ཡི། །ཀུན་ནས་མནར་བས་བདེ་བའི་གོ་སྐབས་མེད། །ད་དུང་གཏིང་ཟབ་སྡུག་བསྔལ་རྒྱ་མཚོའི་ནང་། །མཐའ་མེད་འཁྱམས་ན་ཐར་བའི་དུས་སྐབས་ཅི། །ལུགས་གཉིས་བྱ་བ་རབ་བཀྲ་དབང་པོའི་གཞུ། །ལག་ཏུ་བླངས་ནས་ལོངས་སུ་སྤྱོད་སྙམ་ཡང་། །ཟིན་པའི་དུས་སྐབས་མེད་པའི་ཚུལ་བསམ་ནས། །རང་གར་བག་ཕེབས་སྡོད་ལ་འདུན་པ་དྲིལ། །ངེས་འབྱུང་བསམ་པ་ཐར་ལམ་འཇུག་པའི་སྒོ། །སྲིད་པའི་སྐྱོན་མཚང་གཏིང་ནས་མཐོང་བ་ཡིས། །མེ་ཡི་རྔུབ་དང་དུག་ཆེན་ཟས་བཞིན་དུ། །ཤེས་ནས་ཞེན་ལོག་བསམ་པ་ཀུན་ནས་སྐྱེད། །ཞི་བསིལ་བདུད་རྩིའི་འབྱུང་གནས་དབེན་པའི་གནས། །རྣམ་གཡེང་ཆགས་སྡང་འདུ་འཛིའི་རྙོགས་པ་བྲལ། །སྔོན་བྱོན་མཁས་གྲུབ་དམ་པའི་བསྟི་གནས་དེར། །ལེགས་པའི་ཡོན་ཏན་སྣ་ཚོགས་ངང་གིས་འབྱུང་། །དེ་ན་གོང་འོག་འཚོ་སྲུང་བྱ་བྱེད་མེད། །འདི་སྣང་ཆོས་བརྒྱད་འཆིང་ཐག་ངང་གིས་སློད། །གལ་ཆེན་ཕྱི་མའི་དོན་མཆོག་སེམས་པ་ལ། །གཡེང་སྐྱོན་མེད་པས་གཏན་འདུན་རིམ་གྱིས་འགྲུབ། །བཟོད་མེད་འཁོར་བའི་སྡུག་བསྔལ་གཡུལ་ཆེན་ལས། །སྒྲོལ་བའི་དེད་དཔོན་བསླུ་མེད་མཆོག་གསུམ་ལ། །རྨད་བྱུང་ཡོན་ཏན་ཁྱད་པར་ཤེས་པ་ཡིས། །བློ་བཀལ་ལིང་གིས་སྙིང་ནས་སྐྱབས་སུ་བརྟེན། །རང་ཉིད་གཅེས་འཛིན་བློ་ངན་ཤུགས་དྲགས་པས། །གཞན་ཕན་བསམ་པ་འབྱུང་བ་ཅིས་ཀྱང་དཀའ། །མར་ཤེས་དྲིན་དྲན་བྱམས་དང་སྙིང་རྗེ་ལ། །ནན་ཏན་བློ་སྦྱོང་ཐེག་ཆེན་ལམ་གྱི་གཞི། །རྣམ་དག་འདུལ་ཁྲིམས་ཡན་ལག་བརྒྱད་པའི་ཆབ། །ཉེས་ལྟུང་རྙོག་པའི་སྐྱོན་གྱིས་མ་བཀྲུགས་པར། །བག་ཡོད་བློ་ཡིས་ལེགས་པར་བརྟེན་ནུས་ན། །ཡོན་ཏན་ལུས་ཟུངས་རྒྱས་པས་གཅེས་སྤྲས་འཚལ། །བདག་སོགས་གངས་ལྗོངས་འགྲོ་བ་མཐའ་དག་གིས། །སྐྱབས་མཆོག་ཐུགས་རྗེས་ཕྲིན་ལས་རྨད་བྱུང་བ། །མཚོ་འཁྲུངས་རྒྱལ་བར་དུས་ཀུན་གདུང་ཤུགས་ཀྱིས། །ཐུགས་རྒྱུད་བསྐུལ་ཞིང་དོན་གཉིས་འགྲུབ་པར་སྨོན། །ཀུན་ནས་མ་དུལ་རང་རྒྱུད་ཐ་རྒོད་གཞིར། །སྨིན་གྲོལ་བདུད་རྩིའི་གྲུ་ཆར་འབེབས་བཞིན་དུ། །བརྩེ་ཆེན་ཐུགས་རྗེའི་ཞགས་པས་མི་གཏོང་བའི། །སྐྱབས་མཆོག་བླ་མ་བསྒྲུབ་འདི་ཆོས་ཀྱི་གནད། །སོར་བྱང་སྔགས་ཀྱི་སྡོམ་དང་དམ་ཚིག་གནས། །འགལ་ཉམས་འདས་རལ་བཟླས་ཉམས་ལ་སོགས་པའི། །ཉེས་ལྟུང་མུན་པ་འཇོམས་ལ་ཆེས་དཔའ་བའི། །གསང་ཆེན་རིགས་གཅིག་ལྷ་སྔགས་འདི་ཡང་གཅེས། །རྒྱ་ཆེན་ཤེས་བྱ་གྲངས་མང་རྟོགས་པར་དཀའ། །ཆོས་ཚུལ་རྣམ་གྲངས་མཐའ་དག་བློས་མི་ལྕོགས། །ཆོས་ཀྱི་སྙིང་པོ་རང་སེམས་འདུལ་བ་འདི། །སྲས་བཅས་རྒྱལ་བའི་གསུང་གི་ཡང་སྙིང་ལགས། །འདི་སྣང་ཆོས་ལ་ཞེན་ཆགས་གཅོད་པ་དང་། །མ་གྱུར་འགྲོ་ལ་ཕན་སེམས་བཟང་པོ་དང་། །སྙིང་རྗེས་དྲངས་བའི་བྱང་ཆུབ་སེམས་མཆོག་གིས། །རང་སེམས་ཐ་རྒོད་འདི་ཉིད་འདུལ་ལ་འབད། །ཕྱི་ནས་ཆོས་པའི་ཨོ་ཟོབ་གྲགས་འུར་སོགས། །མེད་ཀྱང་གཉོམ་ཆུང་ཁས་ཞན་སྤྱོད་ལམ་གྱིས། །ལྐོག་ནས་རང་སེམས་འདུལ་བའི་ཉམས་ལེན་ཞིག །ཡོད་ན་ཆོས་ཀྱི་རྩ་བ་དེ་ཡིན་གསུངས། །རྗེ་ཁྱོད་སྔོན་ནས་དམ་པའི་ངང་ཚུལ་ལྡན། །ཐར་ལམ་དེད་དཔོན་བཤེས་གཉེན་མགོན་གྱིས་ཟིན། །ཉམས་ལེན་གདམས་པའི་གནས་ཀྱང་མང་ལྡན་པས། །དགོས་དོན་སྙིང་པོ་གཅིག་ཏུ་དྲིལ་ན་ལེགས། །ཆོས་ཚུལ་ཀུན་གྱི་ཡང་བཅུད་སྙིང་པོ་དང་། །བཀའ་བབ་རྣམ་བཞིའི་གདམས་པའི་ཡང་རྩེ་ནི། །ཐེག་པའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ཞེས། །རང་གྲོལ་རྟོགས་པའི་གནད་ལྡན་སྙིང་ཐིག་མཆོག །ཡིན་པར་གསུངས་པ་ཐུགས་ལ་ངེས་པ་ལྟར། །ཆོས་དང་གང་ཟག་གཞན་ལ་མི་ལྟོས་པར། །རྨད་བྱུང་དོན་བརྒྱུད་རྒྱལ་ས་ཟིན་གྱུར་ནས། །དོན་གཉིས་མཐར་ཕྱིན་འགྱུར་བར་སྙིང་ནས་སྨོན། །དེ་ལྟར་ཆོས་མཐུན་གྱི་ཚིག་འཕྲེང་འགའ་ཞིག་རང་བློས་སྡེབ་པ་འདི་རང་རྒྱུད་ན་མེད་པའི་ཁ་བཤད་འདི་འདྲ་འབྲི་བར་མི་འོས་པ་ཤེས་མོད། ལུང་རྟོགས་ནོར་བུའི་མཛོད་འཆང་མ་བཞིན་ཐུགས་བརྩེས་རྗེས་སྐྱོང་མཛད་པའི་དམ་པའི་སྐྱེས་བུ་རྒྱལ་བསྟན་གསལ་བའི་སྣང་བྱེད་ཆེན་པོ་གང་གི་བཀའ་གསུང་ཡལ་བར་འདོར་མ་ཕོད་པར་པདྨ་ཚེ་དབང་ལྷུན་གྲུབ་བམ་དགེ་ལེགས་ཆོས་འཕེལ་དུ་འབོད་པས་བྲིས་པ་དགེ་བར་གྱུར་ཅིག། །།

མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་མཆོག་གི་ཞལ་གདམས།

༄༅། །མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་མཆོག་གི་ཞལ་གདམས། དེང་སང་སྙིགས་མ་ལྔ་བདོ་བའི་དུས་ཚོད་རེད། སྔོན་ཨོ་རྒྱན་ཆེན་པོ་བྱོན་དུས་ནས་སྙིགས་མ་ལྔ་བདོ་བའི་དུས་གསུངས་ནི་རེད། དེང་སང་ད་སྙིགས་མའི་ནང་གི་སྙིགས་མ་རེད་ནི་ཆ་གས་དཀོན་མཆོག་གསུམ་ལ་ཉིན་མཚན་མེད་པར་གསོལ་བ་ཐོབ་མ་གཏོགས་དཀའ་མོ་ཡིན་ནི་རེད། ཆོས་ཀྱི་བར་ཆད་འདི་ཕྱི་ནང་གང་ཡིན་ན་ཆེ་ནི་རེད། ཕྱི་འབྱུང་བཞིའི་བར་ཆད་དང་། ནང་དགོན་པ་དང་གཉེན་ཉེ་སོགས་ཀྱི་བར་ཆད་ཆེ་ནི་རེད་ནི་བན་ཆུང་ཆ་གས་གཟབ་དགོས། བན་རྒན་འདི་ལ་བཤད་ཚོད་ཟིག་ཡོད་གི་མ་བསམ་ཁ་དྲོ་བཀྲ་ཤིས་སེམས་ལ་གཟུང་རོགས། །

༈ དུས་རྒྱུན་དུ་ཡོན་ཏན་གྱི་གཞི་རྟེན་ཚུལ་ཁྲིམས་སྡོམ་པ་འདི་རང་སེམས་མི་ཁྲེལ་བ་ཞིག་དང་། གཞན་སེམས་ལ་ཐེ་ཚོམ་སྐྱེ་མི་དགོས་པའི་སྤྱོད་པ་གཙང་མ་ཡོད་དགོས། འདི་མེད་ན་སྣོད་མེད་པའི་ཆུ་ལྟ་བུ་ཡིན་པས་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང་ཀླུ་སྒྲུབ་ཀྱིས་ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང་། ཕྲན་ཚེགས་ལས། ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཏིང་ངེ་འཛིན་དང་ངེས་འབྱུང་ཐོབ། །ཞེས་དང་། ཞི་བ་ལྷས། འཇིག་རྟེན་མ་དད་གྱུར་པ་གང་། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་གསུངས་པ་ལྟར་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཞིག་དགོས། ཁྱད་པར་དུ་དགེ་ཚུལ་སློང་ཞིག་ཡིན་ཕྱིན་ཆད་བུད་མེད་བསྟེན་པ་ཕར་ཞོག །ཨ་ནེ་སྲིང་མོ་ཡིན་ཀྱང་ཕྱོགས་ཙམ་དུ་ཡང་གཅར་མི་ཉན། གཞན་མ་དད་པ་བསྐྱེད་པའི་རྒྱུར་འགྲོ་ཤས་ཆེ། བུད་མེད་གཞོན་ནུ་བཙུན་པའི་དགྲ། །ཞེས་དང་། བཞོན་པ་མལ་སྟན་སྔས་དག་ནི། །བུད་མེད་དག་དང་གཅིག་མི་བྱ། །གསུངས་པ་ལྟར། ཨེ་འདི་ནི་ཤཱཀྱའི་རྗེས་འཇུག་ཞིག་ཡིན་ཚར་དུས་ཉེ་མི་ཉེའི་བུད་མེད་དང་འགྲོགས་འདྲིས་བྱེད་མི་ཉན། སྡོམ་པ་དངོས་མ་ཉམས་ཀྱང་སྡོམ་པ་ཁ་ན་མ་ཐོ་བ་ཅན་དུ་འགྱུར་འགྲོ་ནི་རེད། སྔགས་ཀྱི་སྐབས་ན་ཐབས་གྲོལ་གཉིས་ཀའི་ནང་ནས་གྲོལ་ལམ་སྙོག་དགོས་རབས། འོད་གསལ་སྙིང་པོ་དང་། དབུ་མ་རྒྱན། གཞུང་སྤྱིའི་དཀའ་གནད་རྣམས་ཀྱི་སྐབས་ན་བཤད་ཡོད་རྒྱུ་འདི་རྣམས་དུས་ནམ་ཡང་དྲན་དགོས། དེའི་སྟེང་དུ་འདོད་པ་ལ་བློ་ཅུང་ཟད་རེ་ལོག་ཨེ་ཐུབ་བལྟ་དགོས་ནི་རེད་མི། འདོད་པ་ལ་བློ་མ་ལོགས་ན་འཇིག་རྟེན་འཁོར་བ་པ་དང་ཁྱད་ཡོད་ཡོད་ནི་མ་རེད། ཚུལ་ཁྲིམས་མེད་ན་ཡོད་ཏན་ལ་གཞི་རྟེན་མེད། སྙིང་རྗེ་དང་ཕན་སེམས་མེད་ན་བྱང་སེམས་ཀྱི་རྩ་བ་མེད། ཀུན་ལའང་དག་སྣང་ཅུང་ཟད་ཅིག་མེད་ན་སྔགས་ཀྱི་དམ་ཚིག་མེད། མདོར་ན་བ་ཐུལ་མཁན་པོས། བལྟ་དགོས། བསྲུང་དགོས། མཐུན་དགོས་གསུངས་པ་དང་ཀུན་དཔལ་གྱིས། དང་པོར་ཚིག་ཤེས། དེ་ནས་དོན་བསྒོམ། དེ་ནས་རྣམ་པ་ལ་དབང་ཅུང་ཟད་རེ་ཨེ་འབྱོར་བལྟ་དགོས་མི། ཚིག་སྟོང་དང་གོ་བ་སྐམ་པོ་གཉིས་ཀྱིས་ཅི་ཡང་ཕན་ཐོགས་ནི་མ་རེད་གསུངས་པ་ལྟར་རེད། མདོར་ན་ཁྱོད་ཚོས་དམ་པའི་ཆོས་གང་བསྒྲུབས་ཀྱང་། རང་རྒྱུད་འདུལ་བའི་གཉེན་པོ་མ་གཏོགས། དགྲ་འདུལ་གཉེན་སྐྱོང་། ཆགས་སྡང་ཆོས་བརྒྱད། ང་རྒྱལ་དང་ངོམ་ཆོས་ཕྲག་དོག་དང་ཟུར་ཟ། གཞན་ལ་འགྲན་སེམས་ཀྱིས་རྩོད་པ། ལོག་འཚོའི་དཀོར་མང་བསྡུ་བའི་གཡོ་ཐབས་སོགས་རང་དོན་ཕུགས་སུ་བཅིངས། གཞན་དོན་ཁ་རུ་འབྱིན་པའི་ཆོས་གཟུགས་དག་གི་ལད་མོ་མི་བྱེད་པར། ཆོས་ལ་འཇུག་པའི་དོན་པོ་ཁྱེད་རྣམས་ཀྱིས་མི་ཚེ་ཐུང་ངུ་འདི་ལ་ཚད་ཤིང་རིང་པོ་ཞིག་མི་བཞག་རྒྱུ་དང་རྟོག་གེ་མཁས་གྲགས་ཅན་ཞིག་ཨེ་ཡོང་གི་རེ་བ་མི་བྱེད་པར། གང་ཤེས་རྒྱུད་ལ་སྦྱོར་བའི་ཉམས་ལེན་གཙོ་བོར་མཛད་དེ་ནམ་ཞིག་དབུགས་སྣེ་རིང་ཐུང་གི་མཚམས་ལ་སླེབས་དུས་ཕན་ངེས་པའི་གཏད་སོ་ཞིག་ཡོད་ངེས་བྱེད་པ་ནི་ངའི་རེ་བ་ཡིན་ཁ་དགེ་བཀྲ་ཤིས།། །།

༈ ཡང་ལ་ལས་ཁོས་དབུ་མའི་ལྟ་བ་རྟོགས་ཡོད་ལ་བ། རྫོགས་ཆེན་རྟོགས་ཡོད་ལ་བ། ཁོ་མཁས་མཚར་བསམ་ནི་ཆ་གས་འདང་རྒྱོབས་དང་ཨུ་ཆ་གས་ཚད་མ་མངོན་པ་ཡན་ཆད་བློ་སྦྱོང་སྔགས་རྫོགས་མན་ཆད་ན་རང་རྒྱུད་འདུལ་བྱེད་ཀྱི་གདམས་པ་ད་མང་པོ་ཚོར་མྱོང་ནི་རེད་ད། དེ་འདྲའི་རྟོགས་ལྡན་བླ་མ་མཚར་པོ་ཞིག་ཨེ་ཡིན་ན་བསམ་གི །ངོ་མ་ཡིན་ན། གཡས་ནས་སྟ་རེས་ཤ་བཅད་ནི་དང་། གཡོན་ནས་ཙན་དན་གྱི་ལྡེ་གུས་བྱུགས་པ་མཉམ་ཡོད་ན། དབུ་རྫོགས་ཤེས་པའི་རྟོགས་ལྡན་རེད་ཏ། ཨེ་དཀའ། བླ་མ་མཁན་པོ་མཁས་པ་གོ་གནས་ཅན་དང་འདི་ཚོ་ཚིག་ངན་གྱི་སྨད་ར་ཞིག་གི་ཟུར་ཙམ་ཞིག་བསྟན་ཀྱང་དཔལ་སྤྲུལ་སྔོན་འགྲོའི་སྐབས་ན་ཡོད་རྒྱུ་བོ། ང་ལ་བརྙས་བཅོས་བྱས་བྱུང་ཟེར་ནས་ངོ་དམར་པོ་འགྱུར། སྣང་བ་ཁོང་ནས་འཁྲུགས། གཞན་ཕལ་བ་དང་མི་འདྲ་བའི་རྣམ་འགྱུར་ངོམ་ཡོང་གི་འདུག་རྒྱུ་འདི་ཆོས་གནད་ལ་མ་ཐེབས་ནི་རེད། ལྟ་བ་མཐོ་ཟེར་རྒྱུ་དེ་འཛིན་པ་ཐམས་ཅད་དང་བྲལ་ནས་ཆགས་པ་མེད་པར་དགྲ་གཉེན་ལ་ཉེ་རིང་མེད་པ་ཡངས་ཁྲོལ་ལེ་ཞིག་དགོས་རེད། བླ་མ་སེར་མོ་ཆ་ག་ལྟ་བ་མཐོ་མི་མཐོ་དང་ཆོས་པ་བཟང་མི་བཟང་། རྐྱེན་ཅུང་ཟད་རེ་ཐུག་དུས་ཤེས་ནི་རེད། དཔེར་ན་གྱོད་ཁ་མཆུ་དང་བཤད་པ་ཅུང་རེ་ཡོད་དུས། ང་ཁྱོད་ཟེར་ནས་ཕུ་ཐུང་དཔུང་རྩར་བརྫེས་ནས་མི་ནག་རྒད་པོ་ཆ་གའི་རྗེས་ཞེན་ནས་རྒྱུག་གི་ཡོད་དུས། ལྟ་བ་མ་ཡོད་ཚར་ནི་རེད་གོ། བླ་མ་མ་བཟང་ཚར་ནི་རེད། སེར་མོ་མ་བཟང་ཚར་ནི་རེད། ལྟ་མཚང་སྤྱོད་པས་ཕུད་ཟེར་ནི་རེད། དམན་པ་སྤྲང་པོ་ཞིག་ལ་བརྙས་བཅོས་ཅུང་ཟད་རེ་བྱས་བཏང་ན་ཡང་དེ་ཙམ་སྤྲོ་མི་ལང་། ཚིག་ཙམ་རེ་ཤེས་ཀྱང་རྒྱུད་ལ་མ་འབྱོར་བ་དང་། ཐོབ་གོ་ས་མཁས་བཙུན་སོགས་ཀྱི་རྩི་སྒོ་ཅུང་ཟད་ཡོད་པ་རྣམས་ལ་ང་རྒྱལ་ཆེན་པོ་ཡོད་འདུག་པས་ལན་པ་རེད་ཨ། དེ་དུས་སུ། ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེ་ཀོ་སུ་ལ་བདེ། །ཟེར་བ་དེ་ཐ་ན་ཡང་དྲན་དགོས་ནི་རེད། ངོ་མས་ལྟ་བ་མཐོན་པོ་མཁས་བཙུན་བཟང་གསུམ་མཚན་ཉིད་དང་ལྡན་ཞིག་ཡིན་ན། རབ་མཉམ་ཉིད་ངང་ལས་རྟོག་དཔྱོད་གཏན་ནས་མི་བྱེད་པ་དང་། འབྲིང་ཡིན་ན་ཡང་ལན་སྙིང་རྗེ་ཆེན་པོ་སྒོམ་པ། ཐ་ན་ཡང་སྤྱོད་འཇུག་བཟོད་ལེའུ་གཅིག་དྲན་དགོས་ནི་ཨི་མི་ཡིན། ཁ་ལ་སྟོང་ཉིད་སེམས་ལ་བདག་འཛིན། ཁ་ལ་སྙིང་རྗེ་ཞེ་ལ་རང་དོན། དེ་འདྲའི་ཆོས་པ་ཅང་ཉན་ནི་མ་རེད། །

༈ བླ་མ་སེར་མོ་མཐོ་དམན་སུ་ཡིན་ཀྱང་རང་རྒྱུད་ལ་བརྟག་རྒྱུ་འདི་གལ་ཆེ། ང་དམ་ལྡན་ཡིན་སྙམ་ནས་ང་རྒྱལ་བྱས་པས་མི་འོང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་བཟུང་རྩ་བ་དང་ཡན་ལག་གི་དམ་ཚིག་ཤིན་ཏུ་སྲུང་དཀའ་བ་དང་ཉམས་ན་ཉེས་པ་ཆེ། ད་ལྟའི་དུས་འདིར་མི་སྐྱ་ཕོ་མོ་ཡན་ཆད

་དབང་རེ་ཐོབ་མ་མྱོང་བ་མེད། དེས་ན་གསང་སྔགས་ཀྱི་སྒོར་མ་ཞུགས་པ་མེད། གསང་སྔགས་ཀྱི་སྒོར་ཞུགས་ནས་བཟུང་། དམ་ཚིག་མ་བསྲུང་ན་དམྱལ་བ་དང་། བསྲུངས་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གཉིས་ལས་འགྲོ་ས་གཞན་མེད་པ། སྦྲུལ་སྙུག་དོང་དུ་བཅུག་པ་ལྟ་བུར་ཡར་ཁ་དང་མར་ཞབས་གཉིས་ལས་འགྲོ་ས་གཞན་པ་མེད་པ་བཞིན་ནོ། །དེས་ན་གཞན་དམ་ཚིག་ཡོད་མེད་མ་བལྟས་གོང་རང་རྒྱུད་ལ་དམ་ཚིག་ཡོད་མེད་བལྟ་རྒྱུ་གལ་ཆེ་ནི་རེད་བསམ་གི་བན་དེ་ཆ་གས་སེམས་ལ་རེ་ཟུང་། རང་མཚང་རང་གིས་བྲིས་ཏེ་གཞན་ལ་དག་སྣང་སྦྱངས་ན་དགའ་ནི་རེད།

ཨ་རིག་མཁན་ཆེན་བསོད་ནམས་ཚེ་རིང་གི་ཞལ་གདམས།

༄༅། །ཨ་རིག་མཁན་ཆེན་བསོད་ནམས་ཚེ་རིང་གི་ཞལ་གདམས། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད། །སྐྱབས་གཅིག་བསླུ་མེད་མཚོ་སྐྱེས་རྡོ་རྗེའི། །ཡང་དག་གྲོགས་མཆོག་ཁྱེད་ལ་རྟག་ཏུ། །ཐུགས་རྗེས་ཕྱག་གིས་སྐྱོབ་པར་མཛོད་ཅིག །དུག་ལྔའི་རང་གཟུགས་སོ་སྐྱེས་ང་འདྲའི། །གཏམ་ལ་ཆོས་ཀྱི་རེ་བ་མ་མཛད། །ཆོས་ཀྱི་སྤྱན་ལྡན་ཤྲི་རྒྱལ་པོས། །སྔ་འགྱུར་བཀའ་གཏེར་རྒྱབ་དུ་བོར་ནས། །སོ་སྐྱེས་ཉིང་འཁྲུལ་གཏམ་ལ་རེ་བ། །རང་གི་ཆོས་སྐལ་ཆད་པའི་རྟགས་གསུངས། །དེ་ལ་དགོངས་ནས་དམ་པ་རྣམས་ཀྱིས། །བསླུ་མེད་གསུངས་ལ་ཐོས་བསམ་མཛོད་དང་། །ཡང་དག་ལམ་ལ་ངེས་པ་འགྲོ་བའི་། །ད་ལྟ་བསྐལ་བ་ལྡན་པའི་གནས་འདིར། །སྐྱིད་པའི་ཆོས་ཀྱི་ཉི་མ་འཆར་ལ། །ནམ་ཡང་མུན་པའི་གླིང་དུ་མ་སྙེགས། །ཐོས་པའི་དོན་རྣམས་ཡིད་ལ་བྱེད་ནས། །བསམ་པའི་ངེས་ཤེས་ཡང་ཡང་རྙེད་པ། །དེ་དོན་ཞི་བའི་ནགས་སུ་སོང་ནས། །སྙིང་ནས་དབྱེར་མེད་རོ་གཅིག་སྒོམ་མཛོད། །སངས་རྒྱས་གཉིས་པ་དབྱིག་གཉེན་ཞབས་ཀྱིས། །བསྟན་པའི་སྙིང་པོ་ལུང་དང་རྟོགས་པ། །འདི་ཉིད་ཁོ་ན་སྔགས་པ་མཛད་པའི། །སྡེ་དགོན་ལ་ཞེན་ང་འདྲ་མ་མཛད། །ཞེན་པའི་ཕྲེང་ཐག་སྙིང་ནས་ཆོད་ཚེ། །སྒོམ་པའི་ཡེ་ཤེས་གཅིག་ཆར་སྐྱེ་ལ། །དཀའ་ཚེགས་མི་དགོས་ངེས་ཤེས་ཀྱིས་དྲངས། །དེ་ཡི་ངང་ལ་ཡིད་ནི་རྩེ་གཅིག །གནས་པ་འདི་ནི་བསམ་གཏན་ངོ་བོ། །དེ་ཉིད་ཤེས་རབ་སྟོང་གསལ་བརྗོད་མེད། །དེ་ཀའི་ངང་ལ་སྒོམ་པ་མཛོད་གཅིག །ཐོས་བསམ་སྒོམ་པའི་གཏམ་བསྡུས་འདི་ནི། །རང་ལ་མེད་ཀྱང་བླ་མ་དམ་པའི། །ཞལ་གསུང་ཡི་གེའི་ལམ་དུ་བྲིས་ནས། །ཁྱེད་ངོར་མི་ལྡོག་ཙམ་དུ་ཉུང་ངུ་། །ཉོན་མོང་རང་གཟུགས་བསོད་ཚེས་བྲིས་སོ། །ཅེས་པའང་ཞལ་གདམས་འདི་ནི་ཞེ་ཆེན་རི་ཁྲོད་དུ་སྐུ་མཚམས་བཞུགས་སྐབས་མཁན་པོ་མགུ་ཚེ་འམ་ཚུལ་ཁྲིམས་རྡོ་རྗེ་ལ་གདམས་པའོ། །

༈ པདྨ་བིདྷྱ་དྷ་ར་ལའོ། །

སྐུ་གསུམ་བདག་ཉིད་བླ་མ་མཁྱེན། །འཁྲུལ་སྣང་དག་པར་བྱིན་གྱིས་རློབས། །རྒྱལ་བས་གསུངས་བའི་ཆོས་སྒོ་ཀུན། །འཁྲུལ་སེམས་འདུལ་བའི་ཆེད་དུ་གསུངས། །ཡེ་སྟོང་གདོད་མའི་རང་བཞིན་ལས། །བློ་བུར་མ་རིག་སེམས་སེམས་བྱུང་། །འདི་ཉིད་མ་བཏུལ་འཁོར་བར་འཁྱམས། །ལས་སྣང་སྡུག་བསྔལ་བསམ་མི་ཁྱབ། །སྐྱོབ་བྱེད་བསླུ་མེད་དཀོན་མཆོག་གསུམ། །ཡིད་ཆེས་དད་པས་སྐྱབས་འགྲོ་བྱ། །ཕ་མར་གྱུར་བའི་སེམས་ཅན་ཀུན། །བཟོད་མེད་སྙིང་རྗེས་ཀུན་སློང་བས། །རྣམ་མཁྱེན་གོ་འཕང་ལ་འགོད་ཕྱིར། །ཚེ་འདིར་སངས་རྒྱས་བསྒྲུབ་པར་བྱ། །དམ་བཅའ་དེ་དང་འགྲོགས་ནས་ནི། །འཇིག་རྟེན་ཆོས་བརྒྱད་རོ་སྙོམས་ནས། གཅིག་པུར་དབེན་གནས་སྒྲུབ་ལ་བརྩོན། །དེ་ཡང་བཀའ་དྲིན་སུམ་ལྡན་གྱི། །བླ་མར་གུས་བསྐྱེད་གསོལ་བ་བཏབ། །བླ་མའི་ཐུགས་དང་རང་གི་སེམས། །ཟབ་གསལ་དབྱེར་མེད་རོ་གཅིག་ངང་། །མ་ཡེངས་མི་འཁྲུལ་མ་བཅོས་པར། །གཞི་མེད་རྩ་བྲལ་ནམ་མཁའི་ངང་། །སྐྱོན་ཡོན་འཕོ་འགྱུར་བྲི་གང་བྲལ། །རྩལ་ལས་ཤར་བའི་ཕྱི་ནང་ཀུན། །དབྱིངས་སྣང་རྒྱན་གྱི་ངོ་བོར་གནས། །བཟོ་བཅོས་འཛིན་ཞེན་མ་བསླད་པར། །རང་བབས་སྤྲོ་བསྡུ་བྲལ་བར་ཞོག།དེ་སྐད་རང་ལ་མེད་པའི་གཏམ། །ལྔ་རིག་སྨྲ་བའི་བན་ཆུང་ལ། །མིག་གི་རབ་རིབ་དང་བཅས་པས། །རྒན་པོའི་གུས་པས་ཕུལ་བ་དགེ །

ཐ་མལ་ཤེས་པ་བཟོ་མེད་འདི་ལ། །གཉིས་འཛིན་དམ་པོའི་མདུད་པས་མ་བཅིང་། །གང་ཤར་རྒྱ་ཡན་གཉུག་མའི་ཆོས་སྐུར། །འདི་ཀའི་ངང་དུ་བཙན་ས་གཟུང་མཛོད། །ངེས་པར་རང་ལ་ཉམས་མྱོང་མེད་ཀྱང་། །སྔ་འགྱུར་རིག་འཛིན་བརྒྱུད་པའི་དྲིན་ལས། །རི་མོའི་མར་མེ་བཞིན་དུ་གོ་བས། །མིག་གི་རབ་རིབ་འདི་ལ་མ་འཛེམ། །པདྨ་བིདྷྱཱ་དྷ་ར་ཁྱེད་ལ། །སྤྲོ་བཞིན་དད་པས་བྲིས་པ་དགེའོ། །ཕུག་ཁང་མཁན་ཆེན་བླ་མ་བསོད་ནམས་ཚེ་རིང་ཞལ་གསུངས།

༈ རྒྱུན་གྱི་ཉམས་ལེན་ཁྱེར་བདེ་ཞལ་གསུང་མ་བཞུགས། རང་གི་ཉམས་ལེན་དུ་སྐད་གཅིག་ཙམ་ཡང་དྲན་མ་མྱོང་བའི་ནེ་ཙོའི་ཆོས་བཤད་ལྟ་བུའི་རྡོ་རྗེ་གསུམ་གྱི་ལམ་ཁྱེར་མདོར་བསྡུས་སུ་སྨྲ་ན། དང་པོ། སྣང་བ་སྐུ་ཡི་ལམ་ཁྱེར་ནི། ཕྱི་ཡི་གཟུགས་སུ་སྣང་བའི་དངོས་པོ་ཐམས་ཅད་བཟང་ངན་ཇི་ལྟ་བུ་ཡིན་ཀྱང་དགག་སྒྲུབ་གང་ཡང་མི་བྱེད་པར་བཞག་ན། གཟུང་འཛིན་གྱི་སླད་པ་དང་བྲལ་བའི་ཆོས་ཉིད་དོན་གྱི་ལྷའི་སྐུ་སྟེ་རྣམ་རྟོག་གིས་བཅོས་མའི་སྐུ་ལས་ཁྱད་པར་དུ་འཕགས་པར་བཤད་ལ། འོན་ཀྱང་དག་མཉམ་གྱི་ངེས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ལྷར་སྣང་ལའང་རྒྱུན་དུ་བསླབ་དགོས་པར་སེམས་སོ། །གཉིས་པ། གྲགས་པ་སྔགས་སམ་གསུང་གི་ལམ་ཁྱེར་ནི། རྣ་བའི་ཡུལ་དུ་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་སྙན་པ་དང་མི་སྙན་པ་ལ་སོགས་པ་གང་ཐོས་དང་།རང་གི་སྨྲས་པའི་བརྗོད་པ་བཟང་ངན་ཐམས་ཅད་རྗེས་དཔྱོད་མེད་པར་རང་སོར་བཞག་ན་གྲགས་སྟོང་སྐྱེ་མེད་དོན་གྱི་གསུང་མཆོག་ཡིན་པས་ཐུན་དང་ཐུན་མཚམས་ཐམས་ཅད་དུ་སྙིང་པོའི་བཟླས་པ་ལས་མི་མདའ་བར་གསུང་ཤིང་། ཡང་སྐྱོན་བཅུ་དག་པའི་སྙིང་བོའི་བཟླས་པ་ཅི་ནུས་སུ་འབད་པར་བྱའོ། །གསུམ་པ། དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་ནི། སེམས་ལ་དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་ཚོགས་གང་ཤར་ཐམས་ཅད་ལ་སྤང་བླང་དང་རྩིས་གདབ་གང་ཡང་མི་བྱེད་པར་རང་བབས་སུ་ལྷོད་དེ་བཞག་ན་རྩོལ་མེད་ཆོས་སྐུའི་དགོངས་པར་ངང་གིས་གནས་པ་ཡོན་པས། རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བར་བྱའོ། །ཞེས་མཁན་རིན་པོ་ཆེ་བསོད་ནམས་ཚེ་རིང་མཆོག་གི་ཞལ་རྒྱུན་ཡིག་ཐོག་ཏུ་བཀོད་པའོ།།

མགོ་ཚྭ་མཁན་ཆེན་དཔལ་ལྡན་རྡོ་རྗེའི་ཞལ་གདམས།

༄༅། །མགོ་ཚྭ་མཁན་ཆེན་དཔལ་ལྡན་རྡོ་རྗེའི་ཞལ་གདམས། ན་མོ་གུ་རུ། སྐྱབས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་སྤྱི་དཔལ། །མགོན་གདོད་མའི་སྟོན་པ་རྒྱལ་ཀུན་གྱི་མེས་པོ། །རྗེ་གསུམ་ལྡན་རྡོ་རྗེ་འཛིན་པ་རུ་བཞུགས་པའི། །སྐྱབས་བླ་མ་རིག་འཛིན་དབང་རྒྱལ་དེ་མཁྱེན་ནོ། ༡ །བདག་སྙིགས་མ་ལྔ་ཡི་མར་གཤམ་དུ་སྐྱེས་ཏེ། །ལས་མི་དགེ་བསགས་པའི་རྣམ་སྨིན་གྱི་འབྲས་བུ། །ལྷ་མ་སྲིན་སྡེ་བརྒྱད་གདུག་རྩུབ་ཀྱི་ཆོ་འཕྲུལ། །ནད་མུ་གེ་མཚོན་ཆའི་བསྐལ་པ་ཡིས་མནར་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ལས། །དཔལ་རྫོགས་ལྡན་གསར་བའི་ཉིན་བྱེད་ཀྱི་སྣང་བས། །ཕྱོགས་ཐ་གྲུ་ཀུན་ལ་ཁྱབ་པ་ཞིག་མཛོད་ཤོག ༢ །དུས་སྙིགས་མའི་སྐྱེ་བོ་བདག་ཅག་གི་བྱ་སྤྱོད། །ལས་སྡིག་པ་མི་དགེ་ཁོ་ན་ལས་མ་འདས། །དཔེ་བཞག་ན་ཤ་ཟ་སྲིན་པོ་ཡི་གྲོང་ཁྱེར། །གནས་འདི་རུ་འཕོས་པ་ལྟ་བུ་ཞིག་གྱུར་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུ་ཡིས། །ལས་མི་དགེ་སྡིག་པའི་བསམ་སྦྱོར་དེ་ཞི་ཞིང་། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག ༣ །དུས་དེང་སང་སྐྱེ་བོ་མ་རབས་ཀྱི་སྤྱོད་པ། །སྡིག་ཤ་ཆང་ཟས་ལ་བག་མེད་དུ་རོལ་ཏེ། །ཚོང་རྫུན་དང་གཡོ་སྒྱུས་མགོ་སྐོར་ལ་རེམ་ཞིང་། །དགྲ་ཇག་པ་རྐུན་མས་ས་སྟེང་འདི་གང་ཚེ། །བུས་མོས་གུས་གདུང་ཤུགས་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །ལས་མི་དགེ་སྡིག་པའི་བསམ་སྦྱོར་དེ་ཞི་ནས། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག ༤ །བདག་འདི་སྣང་འཁོར་བའི་བྱ་བ་ལ་ཞེན་ནས། །རྟེན་དལ་འབྱོར་དོན་མེད་སྟོང་ཟད་ལ་ཤོར་སོང་། །དགྲ་མི་རྟག་འཆི་བ་སྐད་ཅིག་ལ་མ་དྲན། །ལས་སྡིག་པ་མི་དགེ་འཆོལ་ཉོག་ཏུ་སྤྱོད་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །ལས་སྡིག་པ་མི་དགེའི་བསམ་སྦྱོར་དེ་ཞི་ཞིང་། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག ༥ །བདག་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཞུགས་ཏེ། །གོས་དམར་སེར་རྟགས་ཀྱི་རྒྱལ་མཚན་དེ་འཆང་བཞིན། །ལམ་བསླབ་པ་གསུམ་གྱི་ཉམས་ལེན་དེ་དོར་ནས། །ཚོང་བུན་སྐྱེད་ཁྱིམ་པའི་འཚོ་འཛིན་གྱིས་བྲེལ་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །ལས་སྡིག་པ་མི་དགེའི་བསམ་སྦྱོར་དེ་ཞི་ཞིང་། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག ༦ །རྗེ་རྒྱལ་བའི་བསྟན་པ་མ་ཉམས་པར་གནས་ཤིང་། །རང་ལྷ་ཆོས་སྒྲུབ་པའི་མཐུན་རྐྱེན་དེ་འཛོམ་བཞིན། །ཆོས་བསྐྱེད་རྫོགས་རྫོགས་ཆེན་ཉམས་ལེན་དེ་ཕར་ཞོག །ལམ་ཐུན་མོང་སྔོན་འགྲོའི་སྦྱང་བ་ཙམ་མེད་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །སེམས་རྣམ་གཡེང་བག་མེད་ལེ་ལོ་དང་བྲལ་ནས། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག ༧ །སེམས་བརྩེ་བས་ལན་གྲངས་དཔག་མེད་དུ་བསྐྱངས་པའི། །མ་སེམས་ཅན་འཁོར་བའི་ཁྲི་མུན་དུ་ཚུད་དེ། །བཟོད་དཀའ་བའི་སྡུག་བསྔལ་དྲག་པོ་ཡིས་མནར་ན། །དེ་སྐྱོབ་པའི་ནུས་མཐུ་བདག་ཅག་ལ་མེད་པས། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །མ་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། །གནས་བདེ་ཆེན་དག་པའི་ཞིང་ཁམས་ལ་དྲོངས་མཛོད། ༨ །སེམས་རྣམ་རྟོག་མ་རིག་དགྲ་ནང་གི་དགྲ་ཆེན། །དགྲ་འདི་ཡིས་འཁོར་བའི་རྒྱ་ནང་དུ་བཅུག་ནས། །ཡེ་ཐོག་མའི་དུས་ནས་ད་ལྟ་ལ་ཐུག་ཀྱང་། །དུས་ད་རུང་འདི་ཡིས་ཐར་བ་ཞིག་མི་སྟེར། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ཡིས། །སེམས་རྣམ་རྟོག་གཞི་མེད་རྩ་བྲལ་དུ་རྟོགས་ཏེ། །ལམ་མ་བཅོས་ཅོག་བཞག་རང་བབས་ལ་གནས་ཤིང་། །བུའི་སྣང་སེམས་འཛིན་པ་རང་སར་དུ་གྲོལ་བར། །དུས་ད་ལྟ་ཉིད་དུ་བྱིན་གྱིས་རང་རློབས་ཤིག ༩ །ཕྱི་ཡུལ་གྱི་སྣང་བ་སྣ་ཚོགས་པ་འདི་ཀ །ནང་འཛིན་པའི་རྟོག་པས་ཐ་དད་དུ་བལྟས་ཚེ། །དགྲ་གཉེན་གྱི་སྣང་བ་སྣ་ཚོགས་འདི་ཤར་ཏེ། །ཆགས་སྡང་གི་རྟོག་པ་བར་མེད་དུ་སྐྱེས་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ཤིག ༡༠ །ཕྱི་སྣང་བ་མེད་སྣང་སྟོང་གཟུགས་སུ་གོ་ཞིང་། །ནང་འཛིན་པའི་ཤེས་པ་སྐྱེ་མེད་དུ་རྟོགས་ཏེ། །བར་གཟུང་འཛིན་འབྲེལ་བའི་འཁྲུལ་རྟོག་གི་རྩ་བ། །དུས་ད་ལྟ་ཆོད་པར་བྱིན་གྱིས་རང་རློབས་ཤིག །ཡུལ་དག་པའི་སྣང་བ་མཚན་འཛིན་གྱིས་བསྒྲིབས་ཤིང་། །ནང་འཛིན་པའི་ཤེས་པ་འཁྲུལ་རྟོག་གིས་བསླད་དེ། །སྒོ་ལུས་ངག་ཡིད་གསུམ་ཐ་མལ་དུ་བཟུང་བས། །གནས་ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་གྲུབ་བོ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ཡིས། །གཟུགས་སྣང་ཚད་སྣང་སྟོང་ལྷ་སྐུ་རུ་མཐོང་བཞིན། །སྒྲ་གྲག་ཚད་གྲག་སྟོང་སྐྱེ་མེད་དུ་གོ་སྟེ། །སེམས་དྲན་རྟོག་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོར། །དུས་ད་ལྟ་རྟོགས་པར་བྱིན་གྱིས་རང་རློབས་ཤིག །ཆོས་ཟབ་མོ་འོད་གསལ་རྫོགས་ཆེན་གྱི་དགོངས་པ། །སེམས་མ་བཅོས་རིག་སྟོང་ཀ་དག་གི་གཤིས་ལུགས། །དབྱིངས་སྐྱེ་བ་མེད་པ་ཆོས་སྐུ་ཡི་ཀློང་དུ། །བདག་ཚེ་འདིར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །ལགས་ཉིད་ཀྱི་བཀའ་མ་བཅག་ཙམ་དུ་དེ་འདྲའི་ཉུང་བསྡུས་ཤིག་བྲི་མདོག་བྱས་ཡོད་ཨི་ལོ་མི་ཤེས་དཔལ་ལྡན་ནས་མཁན་ཐུགས་མཆོག་ལ་ཕུལ་བའོ། །

༈ སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཚེ་འདི་སྣང་འཁོར་བའི་བྱ་བ་ལ། །བློ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །དགྲ་མི་རྟག་འཆི་བདག་གཤིན་རྗེ་དེ། །ནམ་སླེབ་པ་སུས་ཀྱང་མི་ཤེས་པས། །དུས་ད་ལྟ་རང་དབང་ཡོད་དུས་འདིར། །ཚེ་ཕྱི་མའི་རྒྱགས་ཕྱེ་གྲབས་སུ་གྱིས། །ལས་དགེ་བ་སྒྲུབ་ན་བདེ་བ་དང་། །སྡིག་པས་སྡུག་བསྔལ་མྱོང་བའི་ཚུལ། །རྗེ་རྒྱལ་བས་མདོ་སྡེ་དག་ལས་གསུངས། །དོན་དེ་ཕྱིར་དགེ་སྡིག་བླང་དོར་གྱིས། །རྟེན་དལ་འབྱོར་ཚང་བ་མི་ཡི་ལུས། །དུས་ད་རེས་ལན་གཅིག་ཐོབ་དུས་འདིར། །ལས་མི་དགེ་སྡིག་ལ་མ་བཀོལ་ཞིག །དུས་རྟག་ཏུ་བྱམས་དང་སྙིང་རྗེ་དང་། །བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་གྱིས། །འདི་ཐེག་ཆེན་ཆོས་ཀྱི་རྩ་བ་ཡིན། །མེད་ཐབས་མེད་དོ་རྡོ་རྗེའི་མཆེད། །སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ་ལ། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །མ་མཁའ་མཉམ་སེམས་ཅན་ཐམས་ཅད་དང་། །ལྷན་གཅིག་ཏུ་སྐྱབས་སུ་འགྲོ་བར་གྱིས། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །ལས་བྱས་ཤིང་བསགས་པའི་སྡིག་སྒྲིབ་ཀྱིས། །གནས་ལུགས་ཀྱི་རང་ཞལ་སྒྲིབ་པས་ན། །གཉེན་པོ་སྟོབས་བཞི་འདི་གལ་རེ་ཆེ། །བསོད་ནམས་ཀྱི་ཚོགས་ཆེན་མ་རྫོགས་ན། །སྟོང་ཉིད་ཀྱི་ལྟ་བ་མི་རྟོགས་པས། །ཡར་དཀོན་མཆོག་ཞིང་ལ་མཆོད་པ་དང་། །ངན་སློང་ལ་སྦྱིན་པ་ཅི་ནུས་གྱིས། །ཚུལ་ཁྲིམས་ཀྱི་ས་གཞི་གཙང་མ་ལ། །ཡོན་ཏན་གྱི་མེ་ཏོག་བཀྲ་ཞིང་རྒྱས། །རྣམ་མཁྱེན་གྱི་འབྲས་བུ་སྨིན་ངེས་པས། །ཚུལ་ཁྲིམས་འདི་མིག་བཞིན་སྲུང་བར་འཚལ། །ཞེ་སྡང་གི་མེ་དཔུང་དྲག་པོ་འདིས། །རང་རྒྱུད་ཀྱི་དགེ་རྩ་སྲེག་པ་དང་། །ན་རག་ཀི་གནས་སུ་འཚེད་ངེས་པས། །བྱམས་པའི་ཆུ་རྒྱུན་འདི་ཡང་ཡང་སྟེན། །ཁམས་གསུམ་གྱི་གཡང་ས་ངམ་གྲོག་ལ། །རྣམ་གཡེང་གིས་ཡུན་རིང་འཁྱམས་འཁྱམས་ནས། །ཐར་བ་ཡི་ས་རུ་མ་བསླེབས་པས། །ད་བརྩོན་འགྲུས་རྟ་ཕོ་ཞོན་པ་གཅེས། །སྐྱེ་རྒ་ན་འཆི་ཡི་ཆུ་བོ་ལ། །ཐོག་མེད་དུས་ནས་བྱིང་བྱིང་ནས། །ཐར་བའི་སྐམ་སར་མ་ཕྱིན་པས། །བསམ་གཏན་གྱི་གྲུ་གཟིངས་བསྟེན་པ་གཅེས། །གཏི་མུག་གི་མུན་པ་འཐིབ་པ་ལ། །ཤེས་རབ་ཀྱི་སྒྲོན་མེ་མ་སྦར་ན། །དགེ་སྡིག་ལ་བླང་དོར་མི་ཤེས་པས། །ཐོས་བསམ་སྒོམ་པ་འདི་གལ་རེ་ཆེ། །མཚན་ལྡན་གྱི་བླ་མ་དམ་པ་ཡི། །བྱིན་རླབས་སྙིང་ལ་མ་ཞུགས་ན། །གནས་ལུགས་ཀྱི་རྟོགས་པ་མི་སྐྱེ་བས། །བླ་མ་ལ་མོས་གུས་བྱེད་པ་གཅེས། །སྟོང་ཉིད་ཀྱི་ལྟ་བ་མ་རྟོགས་ན། །ཀུན་རྫོབ་ཀྱི་དགེ་རྩ་གང་བསྒྲུབས་ཀྱང་། །འཁོར་བ་ཡི་རྒྱུ་ལས་མི་འདའ་བས། །རང་སེམས་ཀྱི་གཤིས་ལུགས་རྟོགས་པ་གཅེས། །ཉོན་མོངས་ཀྱི་དགྲ་དཔུང་འཇོམས་པའི་ཚེ། །ཤེས་རབ་སྟོང་ཉིད་ཀྱི་རལ་གྲི་ལ། །ཐབས་སྙིང་རྗེ་ཆེན་པོའི་ངར་ཞིག་བླུད། །ངེས་འབྱུང་གི་སྒྱུ་རྩལ་གོམས་པ་གཅེས། །སྣང་སྲིད་ཀྱི་ཆོས་རྣམས་ཐམས་ཅད་ལ། །མཚན་འཛིན་གྱི་རྟོག་པས་མི་བསླད་པར། །ཀུན་རྫོབ་ཏུ་དག་པ་ཆེན་པོ་དང་། །དོན་དམ་དུ་མཉམ་པའི་རྒྱ་ཡིས་ཐོབ། །ཕྱི་སྣང་བའི་ཡུལ་ལ་ཕར་ཞིག་ལྟོས། །ཕྱི་སྣང་བ་མེད་སྣང་སྟོང་པའི་གཟུགས། །ནང་འཛིན་པའི་སེམས་ལ་ཚུར་ཞིག་ལྟོས། །ནང་འཛིན་པ་གཞི་མེད་རྩ་བ་བྲལ། །དེ་གཉིས་ཀྱང་དོན་ལ་ཐ་མི་དད། །དཔེ་བཞག་ན་ཆུ་དང་ཟླ་གཟུགས་འདྲ། །ཕྱི་སྣང་བ་སྒྱུ་མ་སྨིག་རྒྱུ་འདྲ། །སྣང་བཞིན་པའི་དུས་ན་བདེན་པ་མེད། །ནང་འཛིན་པ་བར་སྣང་སེར་བུ་འདྲ། །སྐྱེ་བཞིན་པའི་དུས་ན་ངོ་བོས་སྟོང་། །ནང་འཛིན་པ་བྱུང་གནས་འགྲོ་གསུམ་གྱིས། །རྩད་བཅད་ཀྱང་བརྟགས་པས་ཁོ་མ་རྙེད། །མེད་བཞིན་དུ་རྟོག་པ་སྣ་ཚོགས་འཆར། །ཤར་བ་དང་གྲོལ་བ་དུས་མཉམ་ཡིན། །ཕྱི་སྣང་བས་ཕན་གནོད་གཉིས་མི་བྱེད། །སྣང་བ་ལ་བརྟག་དཔྱད་བྱེད་མི་དགོས། །ཞེན་རྟོག་འདིས་སྲིད་པར་འཆིང་བས་ན། །འཛིན་པ་འདི་རྩད་གདར་གཅོད་པ་གཅེས། །འཁོར་བ་ཡི་སྡུག་བསྔལ་སྣ་ཚོགས་འདི། །སེམས་མ་དག་པ་ལས་སྣང་བ་ཡིན། །སྐུ་གསུམ་གྱི་ཞིང་གི་བཀོད་པ་དེ། །སེམས་དག་པའི་སྣང་བ་སྣ་ཚོགས་ཡིན། །མདོར་བསྡུ་ན་ཐུན་གྱི་ཐོག་མ་ལ། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། །དེའི་རྗེས་སུ་བླ་མའི་རྣལ་འབྱོར་སྒོམས། །དབང་བླང་མཐར་ཐུགས་ཡིད་དབྱེར་མེད་བསྲེས། །སེམས་མ་བཅོས་སྤྲོས་བྲལ་གདོད་མའི་ཀློང་། །དབྱིངས་སྐྱེ་བ་མེད་པའི་ངང་དུ་ཞོག །རྩལ་འགགས་མེད་རྟོག་པ་སྣ་ཚོགས་ལ། །སེམས་གཉུག་མའི་རང་ས་ཟིན་པ་ན། །རྩལ་འཁྲུལ་རྟོག་ཆོས་ཀྱི་དབྱིངས་སུ་གྲོལ། །གཞི་གདོད་མའི་གནས་ལུགས་མངོན་དུ་འགྱུར། །དཔལ་ཀུན་བཟང་ཆོས་སྐུའི་དགོངས་པ་བརྙེས། །བྱམས་སྙིང་རྗེ་བྱང་སེམས་རྒྱུད་ལ་སྐྱེ། །གནས་ཁམས་གསུམ་འཁོར་བ་དོང་ནས་སྤྲུག །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །ཞིང་བདེ་བ་ཅན་དུ་འདྲེན་པར་ནུས། །ཚུལ་དེ་ལྟར་སྨྲས་ལ་དགེ་རྩ་ཞིག །མཆིས་སྲིད་ན་མར་གྱུར་སེམས་ཅན་ཀུན། །གཞི་གདོད་མའི་མགོན་པོའི་དགོངས་ཀློང་དུ། །དུས་ད་ལྟར་གྲོལ་བའི་རྒྱུ་རུ་བསྔོ། །ཚིག་འདི་ལ་སྙན་ཆ་ཅུང་ཟད་ཙམ་མེད་མོད། །དོན་ཆོས་དང་མཐུན་པའི་སྐད་ཆ་ཞིག་ཡིན་སྙམ། །ཆོས་ཡང་དག་དོན་དང་ཨེ་མཐུན་རེ་གཟིགས་མཛོད། །ཕྱོགས་ཙམ་རེ་མཐུན་ན་རང་རྒྱུད་ལ་སྦྱོར་ཅིག །དཔལ་ལྡན་རྡོ་རྗེ་ནས་འཛར། ཀརྨ་འགྱུར་མེད་ལ་སྤྲོད། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འབྲུ་འགྲེལ་མཁས་གྲུབ་དམ་པའི་ཞལ་རྒྱུན་ཐེག་ཆེན་ལམ་བཟང་། རྒྱལ་སྲས་འགྱུར་མེད་རྡོ་རྗེ།

༄༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འབྲུ་འགྲེལ་མཁས་གྲུབ་དམ་པའི་ཞལ་རྒྱུན་ཐེག་ཆེན་ལམ་བཟང་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། མདོ་སྔགས་ཆོས་ཚུལ་ཟབ་རྒྱས་མ་ལུས་པ། །ཀུན་མཁྱེན་ཡོན་ཏན་རྒྱ་མཚོའི་མཛོད་འཛིན་པ། སྨྲ་བའི་དབང་ཕྱུག་ཤྲཱིཿརྒྱལ་པོ་དང༌། །དྲི་མེད་ཀློང་ཡངས་ཞབས་ལ་ཕྱག་འཚལ་ལོ། །དེ་ལ་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་འདི་ཉིད་འཆད་པར་བྱེད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་གསུམ་གྱི། དང་པོ་ལ་མཚན་དོན་དང༌། འགྱུར་ཕྱག་གཉིས། དང་པོ་མཚན་དོན་ནི། སྤྱིར་རྒྱ་གར་དུ་ཡོངས་སུ་གྲགས་པའི་སྐད་བཞི་ཞེས། ལེགས་སྦྱར་སཾ་སྐྲྀ་ཏའི་སྐད། པྲ་ཀྲྀ་ཏ་བརྡ་སྦྱོར་འཕྲལ་གྱི་སྐད། ཨ་ཝ་བྷྲཾ་ཤི་ཏ་གསང་བ་བརྡའི་སྐད། པི་ཤཱ་ཙི་ཤ་ཟའི་སྐད་དང་བཞི་ལས་ལེགས་སྦྱར་གྱི་སྐད་དུ། གཞུང་འདིའི་མཚན། ཨཱ༵རྱ༵་བྷ༵་དྲ༵་ཙ༵རྱཱ༵་པྲ༵་ཎི༵་ངྷཱ༵་ན༵་རཱ༵་ཛ༵། བོ༵ད་སྐ༵ད༵་དུ༵། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། མཚན་གྱི་དོན། རབ་ཏུ་རྒྱས་པ་མངོན་པའི་སྡེ་སྣོད་དུ་གཏོགས་པའི་མདོ་སྡེ་ཡིན་པས་འཕ༵གས་པ༵། འགྲེལ་པ་གཞན་དུ་འཕགས་པའི་གང་ཟག་གི་མཚན་མགོར་སྦྱར་ཏེ་གསུང་ནའང་འདིར་མཁས་པ་ཤྲཱིཿརྒྱལ་པོའི་གསུངས་ལྟར་བཞག །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཞལ་ནས་གསུངས་ཤིང་དེའི་སྤྱོད་པ་ལ་བསླབ་པའི་མདོ་ཡིན་པས་བཟ༵ང་པོ༵་སྤྱོ༵ད་པ༵འི་དོན་ཐམས་ཅད་བསྟན་པ་དེ་བས་གོང་ན་གཞན་སྨོ༵ན་རྒྱུ་མེད་པའི་ལ༵མ་མཆོག །རྗོད་བྱེད་ཚིག །བརྗོད་བྱ་དོན་གྱི་སྒོ་ནས་རྒྱ༵ལ་པོ༵ཞེས་བྱ།

གཉིས་པ། འགྲེལ་གཞན་དུ། ལོ་ཙཱ་བས་འགྱུར་གྱི་སྔ་ལོགས་སུ་འདོད་པའི་ལྷར་ཕྱག་འཚལ་ཞེས་གསུངས་འདུག་ཀྱང༌། ཆོས་འདི་མངོན་པ་ཕྱི་མའི་སྡེ་སྣོད་དུ་གཏོགས་པས་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཡིན་གསུངས། སྲིད་ཞི་གཉིས་ལས་འདས་པས་འཕ༵གས་པ༵། ཉོན་མོངས་པའི་རྩུབ་རེག་དང་བྲལ་བས་འཇ༵མ། ལེགས་པའི་ཡོན་ཏན་ཐམས་ཅད་ལྡན་པས་དཔ༵ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུ་བོ་ཞེས་པ་ནི་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་གཞོ༵ན་ནུ༵ར་གྱུར་པ་དེ་རྒྱལ་སར་བཀོད་པ་ལྟ་བུའམ། སྐྱེ་འཆི་འཕོ་འགྱུར་དང་བྲལ་བའི་གཞོན་ནུར་ལྡན་པ་བཅུ་དྲུག་ལོན་པའི་ལང་ཚོ་ལྟར་གྱུར༵་པ༵འི་ཟུར་ཕུད་ལྔ་ལྡན་དེ་ལ༵་འདུད་པས་ཕྱ༵ག་འཚ༵ལ་ལོ༵། །

གཉིས་པ་ལ་གླེང་གཞི་དང༌། དངོས་གཉིས་ལས། དང་པོ་ནི། དེ་ཡང་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་ལྔ་བཅུ་རྩ་གསུམ་བསྟན་པའི་མཐའ་མ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཇལ་བའི་སྐབས་ནས་འབྱུང་སྟེ། དེ་ལ་སྡོང་པོ་བཀོད་པའི་མདོ་དོན་ཚན་ལྔ་བཅུ་རྩ་གསུམ་ལས། འཕགས་པ་འཇམ་པའི་དབྱངས་ལྷོ་ཕྱོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པས་ཞེས་པ་ནས། ང་གསུམ་པ་ནི། དེ་ནས་གཞོན་ནུ་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་རྗེས་སུ་བསྟན་པའི་ཡོན་ཏན་གྱི་ཚུལ་རྒྱ་མཚོས་ཀུན་ནས་རྒྱས་པའི་བློ་གྲོས་ཀྱི་སྟོབས་མཐའ་ཡས་པ་དང་ལྡན་པ་འཕགས་པ་ཀུན་ཏུ་བཟང་པོ་ལ་མཆོག་ཏུ་གུས་པ་མངོན་དུ་གྱུར་པའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་བའི་ལྟས་ཆེན་པོ་རྣམས་མཐོང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བའི་སྐབས་བྱེད། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྣང་བ་ཡང་དག་པ་སྐྱེ་བའི་བློ་གྲོས་སྟོབས་མཐའ་ཡས་པའི་མིག་ཐོབ་པར་གྱུར་པ་དེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་སེང་གེའི་ཁྲི་རིན་པོ་ཆེ་པདྨོའི་སྙིང་པོ་ཅན་གྱི་སྟེང་དུ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའི་ཚོགས་རྒྱ་མཚོས་བསྐོར་ཏེ་བ་སྤུའི་བུ་ག་ཐམས་ཅད་ནས་ཞིང་རྣམས་རྒྱ་མཚོའི་དུས་གསུམ་གྱི་བཀོད་པ་མཐའ་དག་གཟུགས་བརྙན་གྱི་ཚུལ་དུ་སྟོན་ཅིང༌། རྒྱལ་བ་ཐམས་ཅད་ཀྱི་དུས་གསུམ་གྱི་མཛད་པ་དང་ཆོས་ཀྱི་མཛོད་ཐམས་ཅད་རྣམ་པར་སྣང་བ་ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པའི་རྣམ་པར་རོལ་བས་བརྒྱན་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དྲུང་དུ་ཇི་ལྟ་བ་བཞིན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་བསམ་གྱིས་མི་ཁྱབ་པའི་རྣམ་པར་རོལ་པ་འདི་ཉིད་རྣམ་པར་རྩེ་བ་ཕྱོགས་བཅུའི་ཞིང་རྣམས་རྒྱ་མཚོའི་རྡུལ་ཕྲ་རབ་རེ་རེ་ལའང་རྣམ་པར་ཐར་པ་འདི་ཉིད་ཀྱི་ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པར་རྒྱས་པར་འགེངས་པའི་རྣམ་པར་རོལ་པས་ཀུན་ཏུ་བརྩེ་བ་མངོན་དུ་མཐོང་སྟེ། དེའི་མོད་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམ་པར་དག་པ་བཅུ་ཡང་ཐོབ་པར་གྱུར། དེ་ནས་ཀུན་ཏུ་བཟང་པོས་ཕྱག་གཡས་པ་གཞོན་ནུའི་གཙུག་ཏུ་བཞག་པའི་མོད་ལ་ཏིང་ངེ་འཛིན་གྱི་སྒོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་ཐོབ་པར་མཛད་ནས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དེ་ཇི་ལྟར་མངོན་དུ་མཛད་པའི་ཚུལ་མཚན་ཙམ་ཐོས་པས་ཀྱང་འགྲོ་བ་ཕྱིར་མི་ལྡོག་པར་འགྱུར་བའི་ཡོན་ཏན་བསྔགས་པའི་ཆོས་ཀྱི་རྣམ་གྲངས་བསྟན་ཏེ་གཞོན་ནུ་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པའི་ཡེ་ཤེས་ལ་ཀུན་ཏུ་འཇུག་པས་མཉམ་པ་ཉིད་ཐོབ་པར་གྱུར་པ་ལ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོར་བསྟན་པར་གྱུར་ཏོ་ཞེས་འདི་དག་ནི་སྡོང་པོ་བཀོད་པའི་མདོའི་དོན་བཏུས་པ་ཡིན་ནོ། །

གཉིས་པ་དངོས་ལ། ལམ་འགྲུབ་པའི་རྒྱུ་ཡན་ལག་བདུན་པས་ཚོགས་བསགས་པ་དང༌། སྨོན་ལམ་དངོས་གཞི་གཉིས་ལས། འདི་ལ་དཔེ་དང་བསྡུར་ནས་དཔྱད་དགོས། རྗེས་ཕན་ཡོན་བསྟན་པས་མཇུག་བསྡུ་བ་གསུམ་ལས། དང་པོ་ལའང་བདུན་གྱི། དང་པོ་ཕྱག་འཚལ་བ་ལ། རབ་ལྟ་བ་མཇལ་བའི་ཕྱག །འབྲིང་སྒོམ་པ་གོམས་པའི་ཕྱག །ཐ་མ་མོས་གུས་ཀྱི་ཕྱག་སྟེ་གསུམ་དུ་གསུངས་པ་དེ་ལ་བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་པ་ནི། མོས་གུས་ཀྱི་ཕྱག་ལ། ཕྱག་ཡུལ་ངོས་བཟུང་བ་གྲངས་བགྲང་བ་ལས་འདས་པ་ཇི༵་སྙེད༵་ནམ་མཁའི་མཐའ་ཀླས་པའི་ཞིང་གི་བཀོད་པ་སྟོན་པར་འགྱུར་བ་གང་སུ༵་ད༵ག་འཇིག་རྟེན་གྱི་ཁམས་ཕྱོགས་རེ་བ་དང་དུས་རེ་རེ་བའི་སངས་རྒྱས་མ་ཡིན་གྱི་ཕྱོ༵གས་བཅུ༵འི་འཇི༵ག་རྟེ༵ན་གྱི་ཞིང་ཁམས་རབ་འབྱམས་ན༵་བཞུགས་པའི་འདས་མ་འོངས་ད་ལྟ་དུས༵་གསུ༵མ་གྱི་སངས་རྒྱས་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་ནས་འབྲས་བུ་བདེ་བ་སངས་རྒྱས་ཀྱི་གོ་འཕང་སྤངས་རྟོགས་རྫོགས་གསུམ་གྱིས་གཤེ༵གས་པ༵་སྟོབས་བཅུ་མི་འཇིགས་པ་བཞི་སོགས་ཡོན་ཏན་མཆོག་མངའ་མི༵་ཡི༵་སེ༵ང་གེ༵་ལྟ་བུར་གྱུར་པ་ཀུ༵ན་ལ། འཚལ་མཁན་བད༵ག་གི༵ས་ཡུལ་གོང་དུ་སྨོས་པ་མ༵་ལུས༵་ཤིང་ལུས་པ་མེད་པ་དེ༵་དག༵་གྲངས་སུ་བཅད་པ་མ་ཡིན་པར་ཐ༵མས་ཅད༵་ལ༵། ན་མ་འདུད་པའི་སྒྲ་སྟེ། ཀུན་སློང་ཇི་ལྟར་ན། ལུ༵ས་ཀྱིས་བཏུད་པ་ད༵ང་ང༵ག་གིས་བསྟོད་ཅིང་ཡི༵ད་རབ་ཏུ་དྭ༵ངས་བ༵ས་བྱ་བའི་ཚིག་ཕྱག༵་བགྱི༵འོ༵། །

གཉིས་པ་རྒྱས་བཤད་ལ་གསུམ། དང་པོ་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ་ནི། བསྒོམ་པ་གོམས་པའི་ཕྱག་ཅེས། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ལམ་དུས་སུ་བསམ་པ་བཟ༵ང་པོ༵་ཚད་མེད་བཞི་དང་སྤྱོད༵་པ༵འི་ཕྱོགས་ཕར་ཕྱིན་དྲུག་ལ་སློབ་པའི་སྐབས་གཞན་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྨོ༵ན་ལ༵མ་གྱི་སྟོབ༵ས་དེ་དག༵་གི༵ས་རྒྱལ་བ་རྣམས་ཡིད་ལྟར་མགྱོགས་པས་བྱོན་པར་འགྱུར་བ་དེ་དག་གི་ཐུགས་རྒྱུད་བསྐུལ་ཏེ། ཕྱག་འཚལ་བའི་ཡུལ་ནི། བདུད་བཞིའི་གཡུལ་ལས་རྒྱལ༵་བ༵་སངས་རྒྱས་ཐ༵མས་ཅ༵ད་ཡི༵ད་ཀྱིས༵་གསལ་ལ་སངས་རྒྱས་དེ་རྣམས་ཀྱི་སྤྱན་གྱིས་གཟིགས་ཐུགས་ཀྱིས་དགོངས་ཏེ་མངོ༵ན་སུ༵མ་དུ༵་བཞུགས་པར་དམིགས་ཏེ། དེ་དག་རེ་རེའི་དྲུང་དུ་ཕྱོགས་བཅུའི་ཞི༵ང་གི༵་རྡུ༵ལ་ཇི་སྙེད༵་པ་དེ་སྙེད་དུ་སྤྲུལ་པའི་ལུ༵ས་གུས་པས་ར༵བ་ཏུ་བཏུད༵་པ༵་ཞེས་བརྟུལ་ཞུགས་དང་ལྡན་པ་ཡི༵ས་རང་དང་སེམས་ཅན་ཐམས་ཅད་ཀྱི་བྱ་བྱེད་གཅིག་ཏུ་བྱས་ན་སེམས་ཅན་ཐམས་ཅད་ཀྱིས་ཕྱག་བྱས་པའི་ཕན་ཡོན་ཐོབ་པས། རྒྱལ་བ༵་མ་ལུས་ཀུ༵ན་ལ༵་སྐབས་རེས་འགའ་ཙམ་མ་ཡིན་པར་དུས་མཐའ་ཡས་པར་ར༵བ་ཏུ༵་ཕྱ༵ག་འཚ༵ལ་ལོ༵། །ཞེས་སོ། །སངས་རྒྱས་ཀྱི་རིང་བསྲེལ་གྱི་མཆོད་རྟེན་གཅིག་ལ་ཕྱག་འཚལ་བའི་ཕན་ཡོན་མཐའ་ཡས་ན། འདི་ལྟར་སངས་རྒྱས་ཀྱི་ཞིང་ཇི་སྙེད་ན་ཡོད་པའི་སངས་རྒྱས་ལ། མ་དག་པའི་སེམས་ཅན་གྲངས་ལས་འདས་པས་ཕྱག་འཚལ་བར་དམིགས་ན། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེའི་སྟོབས་དང་གདུལ་བྱའི་དད་པའི་ཁྱད་པར་གདོང་འཛོམ་ནིང་ཕན་ཡོན་མཐའ་ཡས་པ་ཐོབ་པ་སྨོས་ཅི་དགོས།

གཉིས་པ་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བ་ནི། ལྟ་བ་མཇལ་བའི་ཕྱག་ཅེས། ཆོས་ཉིད་ཀྱི་གནས་ལུགས་རྟོགས་པའི་གང་ཟག་གིས་འདི་ལྟར་དམིགས་པ་གསལ་ཐེབས་པས། དངོས་རྡུ༵ལ་ཕྲ་རབ་གཅི༵ག་གི་སྟེ༵ང༵་ན༵་སྤྱི་མང་སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པའི་རྡུ༵ལ་ཇི་སྙེད༵་ཀྱི་གྲངས་དང་མཉམ་པའི་ས༵ངས་རྒྱས༵་བཞུགས་པ་རྣ༵མས་ལ། འཁོར་དུ་ས༵ངས་རྒྱས༵་ཀྱི་སྲས༵་ཞེས་ཤཱཀྱ་ཐུབ་པ་ལྟ་བུ་ལ་མཚོན་ན། སྐུ་སྲས་སྒྲ་གཅན་འཛིན། གསུང་སྲས་ཉན་རང༌། ཐུགས་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས༵་བསྐོར་བའི་དབུ༵ས་ན༵་བཅར་བ་དང་དོག་པ་མེད་པར་མངོན་སུམ་དུ་བཞུ༵གས་པ༵་དེ་ད༵ག་ཇི་ལྟ་བ་དེ༵་ལྟ༵ར་ཆོ༵ས་ཀྱི༵་དབྱི༵ངས་རྣ༵མས་མ༵་ལུས་པ༵་ཐ༵མས་ཅ༵ད་རྒྱལ༵་བ༵་སྲས་དང་བཅས་པ་ད༵ག་གི༵ས་ག༵ང་བ༵ར་མོ༵ས་ཏེ་ཡིད་ཀྱི་དད་པ་རབ་ཏུ་བརྟན་པོས་འདུད་དོ། །

གསུམ་པ་ངག་གི་ཕྱག་ནི། གོང་སྨོས་ཀྱི་རྒྱལ་བ་སྲས་བཅས་དེ༵་ད༵ག་གི་ཡོན་ཏན་ལ་བསྔག༵ས་པ༵་མཚུངས་པ་གསལ་བྱེད་ཀྱི་སྒྲས་བསྟོད་ཡུལ་དེའི་ཡོན་ཏན་མི༵་ཟ༵ད་པ་རྒྱ༵་མཚོ༵་ལྟ་བུ་རྣ༵མས་ལ་བསྟོད་ཚུལ་དབྱང༵ས་ཀྱི༵ཡ༵ན་ལ༵ག་སྟེ་རྒྱ༵་མཚོ༵འི་རྡུལ་ལམ་བྱེ་མའི་གྲངས་ལྟ་བུའི་མཐའ་ཡས་པའི་སྒྲ༵་སྐད་སྣ་ཚོགས་ཀུ༵ན་གྱིས༵། རྒྱ༵ལ་བ༵་མ་ལུས་པ་ཀུ༵ན་གྱི༵་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོ༵ན་ཏ༵ན་ལ་བསྔགས་པ་ར༵བ་ཏུ་བརྗོ༵ད་ཅི༵ང༌། དེ་ལྟར་བདེ༵་བ༵ར་གཤེ༵གས་པ༵་སྲས་དང་བཅས་པ་ཐ༵མས་ཅ༵ད་ལ་བད༵ག་གི༵ས་བསྟོ༵ད་པར་བྱེད་པའོ། །

གཉིས་པ་མཆོད་པ་ལ་གཉིས་ཏེ། དང་པོ་བླ་ན་ཡོད་པའི་མཆོད་པ་ནི། མེ༵་ཏོ༵ག་ཅེས་མི་ཡུལ་དུ་ཆུ་དང་ཐང་ལས་སྐྱེས་པའི་ཁ་དོག་ལེགས་པ། གཟུགས་མཛེས་པ། དྲི་ཞིམ་པ། རོ་མངར་བ་སོགས་དུག་རིགས་མིན་པའི་མེ་ཏོག་དང༌། ལྷ་ཡུལ་གྱི་མེ་ཏོག་མཉྫུ་གོ་ཥ་དང༌། མཉྫུ་གོ་ཥ་ཆེན་པོ་སོགས་ཀྱིས་ཞིང་ཁམས་ཀྱི་ས་གཞི་ཀུན་ལ་སིལ་མ་བཀྲམ་པ། ནམ་མཁའ་ནས་མེ་ཏོག་གི་ཆར་ཆེན་པོ་འབེབས་པ་དང༌། ད༵མ་པ༵་ཞེས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ལས་འཁྲུངས་པའི་པདྨ་དང་པདྨ་ཆེན་པོ་དང་ཨུ་དུམ་ཝཱ་ར་ལ་སོགས་པ་མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པ་དང༌། ཕྲེ༵ང་བ༵་ནི་རིན་པོ་ཆེ་སྣ་བདུན་དང་རིན་ཐང་གཞལ་དཀའ་བའི་རིན་པོ་ཆེ་ད༵མ་པ༵་བརྒྱུས་པའི་ཕྲེང་བས། སྤྲུལ་སྐུ་ཆགས་བྲལ་རྣམས་ལ་ཞིང་ཁམས་དང་གཞལ་ཡས་ཁང་སོགས་བརྒྱན་ཅིང༌། ཆགས་བཅས་རྣམས་ལ་རིན་པོ་ཆེའི་རྒྱན་བརྒྱད་སོགས་ཀྱིས་སྐུ་ལ་བརྒྱན་པར་མོས་པ་དང༵༌། འབུད་དཀྲོལ་བརྡུང་བ་ལ་སོགས་པའི་སིལ༵་ཁྲོལ་སྙ༵ན་པའི་སྒྲ་ཅན་རྣ༵མས་ད༵ང༌། དྲི་ཞིམ་པའི་ག་བུར་དང༌། ཙན་དན་དཀར་པོ་སོགས་ཀྱི་ལྡེ་གུས་བྱུ༵ག་པ༵་རྣམས་མཆོད་ཡུལ་རྣམས་ཀྱི་ཐུགས་དང་མཆན་ཁུང་ལ་བྱུགས་པའི་མོས་པ་དང༌། འགྲོ་བའི་ཚ་གདུང་སྐྱོབ་བྱེད་གསེར་སོགས་རིན་པོ་ཆེའི་གདུག༵ས་དང༌། རིན་པོ་ཆེ་སྣ་ཚོགས་སྤེལ་མའི་གདུགས་མཆོ༵ག་ཏུ་གྱུར་པ་དེ་དག་རྒྱལ་བ་རེ་རེ་བཞིན་དབུ་ལ་མཆོད་ལྷ་དུ་མས་ཐོགས་པ་ད༵ང༌། རྟེན་མེད་ཀྱི་ནམ་མཁའ་ནས་ཀྱང་བརྒྱན་པར་མོས། རིན་པོ་ཆེ་གསེར་ལ་སོགས་པའི་སྣོད་དུ་མ་པདྨས་བརྒྱན་པའི་ཀོང་བུའི་ནང་དུ་འབྲུ་མར་དང༌། རྩི་མར་གྱི་བཅུད་ཀྱིས་བཀང་བའི་མ༵ར་མེ༵་དང༌། སྒྲོན་མེ་མཆོ༵ག་ཉི་ཟླ་ད༵ང་རིན་པོ་ཆེའི་འོད་ཀྱིས་སྟོང་ཁམས་གང་ནུས་པ་དང་མ་རིག་གཏི་མུག་སེལ་བྱེད་ཤེས་རབ་ཆེན་པོ་ནི་མཆོག་སྟེ་ཆོས་ཀྱི་སྒྲོན་མེའི་མཆོད་པ། བདུ༵ག་སྤོ༵ས་སྦྱར་བྱུང་དང་ལྷན་སྐྱེས་ཀྱི་དྲི་ཞིམ་པོ་ཨ་ཀ་རུ་གླང་པོའི་སྙིང་དང༌། ཙན་དན་སྤྲུལ་གྱི་སྙིང་པོ་ཅན་ལ་སོགས་དང༌། ད༵མ་པ༵་ཚུལ་ཁྲིམས་གཙང་མའི་དྲི་ངད་བཟང་པོ་ལྟ་བུ་དང་ལྡན་པ་ཡི༵ས། རྒྱལ༵་བ༵་སྲས་བཅས་དེ༵་ད༵ག་ཐམས་ཅད་ལ༵་ནི༵་རྟག་ཏུ་མཆོ༵ད་པ༵ར་བགྱི༵འོ། །

གཞན་ཡང་སྲབ་འཇམ་ཡང་པ་ལྷའི་གོས་པཉྩ་ལི་ཀ་ལྟ་བུའི་ན༵་བཟ༵འ་རིན་ཐང་བརྗོད་པ་བྲལ་བའི་ད༵མ་པ༵་རྣམ༵ས་ཀྱིས་བཟོད་པ་སྙིང་རྗེའི་འགལ་ཟླ་སྤང་བའི་མཆོག་ཐོབ་ཕྱིར་ཆགས་བྲལ་རྣམས་ལ་ཆོས་གོས་གསུམ་ཆགས་བཅས་ལ་ཆས་གོས་ལྔ་སོགས་ད༵ང༌། དྲི༵་བཟང་པོ་མཆོ༵ག་ད༵ང་ལྡན་པའི་ཡོན་ཆབ་དང༌། ས་གཞིར་ཆག་ཆག་བཏབ་པ་དང༌། སྤོས་དྲི་ཞིམ་པོའི་ཕྱེ༵་མ༵འི་ཚོགས་གཏོར་ཞིང་བདུག་ཏུ་རུང་བ་ཐུམ་པོར་བྱས་པའི་ཕུ༵ར་མ༵་སྤུངས་པ་རི༵་ར༵བ་དང་མཉ༵མ་པ༵་ད༵ང༌། སྤྱིར་མཆོད་རྫས་རྣམས་རྒྱུ་བཟང་སྤུས་གཙང་བཀོད་ལེགས་ཞེས་པ་ལྟར། བཀོ༵ད་པ༵་ཁྱད་པ༵ར་འཕ༵གས་པ༵འི་མཆོ༵ག་ནི་མེ་ཏོག་ལྟ་བུ་རེ་རེ་ལའང་བཀོད་པ་སྣ་ཚོགས་པ་སྟེ། མེ་ཏོག་གི་རང་བཞིན་འབའ་ཞིག་ལས་གྲུབ་པའི། གདུགས་དང་རྒྱལ་མཚན། གཞལ་ཡས་ཁང༌། ཁྲི་སྟན་སོགས་བློས་དཔག་ཏུ་མེད་ཅིང་བསམ་ལས་འདས་པའི་མཆོད་པ་ཀུ༵ན་གྱི༵ས་རྒྱ༵ལ་བ༵་སྲས་བཅས་དེ༵་ད༵ག་ཐམས་ཅད་ལ༵་ནི༵་མཆོ༵ད་པ༵ར་བགྱིའོ། །གཉིས་པ་བླ་ན་མེད་པའི་མཆོད་པ་ནི། སྲིད་ན་དེ་བས་ལྷག་པའི་མཆོད་པ་འབུལ་དུ་མེད་པ་ཟླ་དང་དཔེ་མེད་པའི་མཆོད་པ་ཡིན་པས་མཆོ༵ད་པ༵་ག༵ང་རྣ༵མས་བླ༵་ན་མེད་ཅེས། ཀུན་རྫོབ་ཀྱི་སྒོ་ནས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྟ་བུའི་ཐབས་ཁྱད་པར་ཅན་གྱི་སྒོ་ནས་འཁོར་གསུམ་དམིགས་མེད་ཀྱིས་ཟིན་པའི་སོ་སོའི་བློ་དང་བསྟུན་པས་རྒྱ༵་ཆེ༵་བ༵་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་དང་ཏིང་ངེ་འཛིན་གྱི་མཐུས། བུམ་པ་བཟང་པོ། དཔག་བསམ་གྱི་ཤིང༌། ཡིད་བཞིན་ནོར་བུ། སྒེག་སོགས་འདོད་ཡོན་གྱི་ལྷ་མོ་རྣམས་ཀྱིས་མཆོད་པ། འཕྲོས་དོན་དུ། སེམས་བསྐྱེད་པ། ཆོས་འཛིན་པ། དོན་ཚུལ་བཞིན་སྒྲུབ་པ་རྣམས་བླ་ན་མེད་པའི་མཆོད་པ་ཞེས་ཚད་མེད་པར་མདོ་ལས་བཤད། སྒེག་སོགས་མཆོད་པ་འདིར་མདོ་ལུགས་ཡིན་པས་མི་འཐད་ཟེར་བ་ལ། མདོ་ཕལ་མོ་ཆེར། ལྷའི་བུ་དང་བུ་མོ་མང་པོས་བཅོམ་ལྡན་འདས་ལ་མཆོད་པར་གསུངས་བ་ཡོད་པས་སྒེག་སོགས་བརྒྱད་ཀྱི་མཆོད་པ་མི་འཐད་པའི་རྒྱུ་མཚན་མི་རྙེད་དོ། །ངོ་བོ་ངོས་བཟུང་གི་སྒྲ་མཆོད་སྤྲིན་རྒྱ་ཆེ་བ་དི༵་ད༵ག་གིས་རྒྱལ༵་བ༵་ཐ༵མས་ཅ༵ད་ལ༵་ཡ༵ང་ལྷག་པར་མོ༵ས་པའི་དད་པ་དང༌། བཟ༵ང་པོ༵་སྤྱོད༵་པ་ལ༵་ཕན་ཡོན་མཐའ་ཡས་པ་ཡོད་པར་ཡིད་ཆེས་པའི་ད༵ད་པ༵འི་སྟོབ༵ས་ད༵ག་གིས་ཀུན་ནས་བསླངས་ཏེ། ཡུལ་རྒྱ༵ལ་བ༵་སྲས་བཅས་ཀུན༵་ལ༵་ཕྱ༵ག་འཚ༵ལ་ཞིང་མཆོ༵ད་པ༵ར་བགྱིའོ༵། །

གསུམ་པ་བཤགས་པ་ལ། བཤག་རྒྱུའི་སྡིག་པ་ངོས་བཟུང་བ་ནི། རྒྱུ་དུག་གསུམ་སྟེ་འདོ༵ད་ཆ༵གས་ཞེ༵་སྡ༵ང་གཏི༵་མུ༵ག་གསུམ་གྱིས་ཀུན་ནས་བསླངས་པའི་དབ༵ང་གི༵ས་ནི༵། གསོག་པ་པོ་བདག་སོགས་ཀྱིས་ལུ༵ས་ཀྱི་ལས་གསུམ་ད༵ང་། ང༵ག་གི་བཞི་ད༵ང༌། དེ༵་བཞི༵ན་དུ་ཡིད༵་ཀྱི༵ས་ཀྱ༵ང་གསུམ་སྟེ། རང་བཞིན་དང༌། བཅས་ལྟུང་སོགས་གང་མཆིས་པའི་སྡི༵ག་པ༵་ཐམས་ཅད་བད༵ག་གི༵ས་བགྱི༵ས་པ༵་དང༌། གཞན་ལ་བགྱིད་བཅུག་པ། བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཅི༵་མཆི༵ས་པ༵་དེ༵་ད༵ག་ཐ༵མས་ཅ༵ད་བད༵ག་གི༵ས་མི་གསང་མི་སྦེད་པར་སྡིག་པ་ཆེ་ཆུང་ངོས་བཟུང་བའི་མཐོང་སྡོམ་གྱིས་དོན་སོ༵་སོ༵ར་བཤ༵གས་སོ། །

བཞི་པ་རྗེས་སུ་ཡི་རང་བ་ནི། ཕྱོ༵གས་བཅུ༵འི་ཞིང་ན་བཞུགས་པའི་རྒྱ༵ལ་བ༵་ཀུ༵ན་ད༵ང༌། ས༵ངས་རྒྱ༵ས་དེའི་ཐུགས་སྲ༵ས་བྱང་ཆུབ་སེམས་དཔའ་དང༌། དུར་ཁྲོད་དུ་རུས་གོང་སོགས་ཀྱི་རྐྱེན་གྱིས་དགྲ་བཅོམ་པའི་ཡོན་ཏན་ཐོབ་པ་ར༵ང་རྒྱ༵ལ་རྣ༵མས་ད༵ང༌། གསུང་སྲས་ཉན་ཐོས་ཀྱི་དགེ་འདུན་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་སྟེ་སློ༵བ་པ་ད༵ང༌། མི༵་སློ༵བ་པ་དགྲ་བཅོམ་པ་ད༵ང༌། ཚོགས་སྦྱོར་གཉིས་ཀྱི་ལམ་ལ་ཞུགས་པ་དང་མ་ཞུགས་པའི་འགྲོ༵་བ༵་ཀུ༵ན་གྱི༵ས། འབྲས་བུ་ཡིད་དུ་འོང་བའི་ལས་གང་ལ་དགེ་བའམ་བསོ༵ད་ན༵མས་ཞེས་དེ་ཡི་དངོས་པོ་ག༵ང་ཞིག་བགྱིས་པ་རྣམས་ལ༵་ཡ༵ང་རབ་ཏུ་དགའ་བའི་སེམས་ཀྱིས། དེ༵་ད༵ག་ཀུ༵ན་གྱི༵་དགེ་རྩ་ལ་ཕྲག་དོག་གི་བསམ་པས་ཡིད་དུ་མི་འོང་བ་མེད་པའི་སེམས་དགའ་བ་ཆེན་པོས་རྗེ༵ས་སུ༵་བད༵ག་ཡི༵་ར༵ང་བར་བགྱིའོ། །

ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ག༵ང་རྣ༵མས་ཞེས་སྤྱི་སྒྲའམ་མང་ཚིག་གིས་ཕྱོ༵གས་བཅུ༵འི་འཇི༵ག་རྟེ༵ན་གྱི་ཁམས་ན་མ་རིག་པའི་མུན་པ་མཐའ་དག་བསལ་བའི་སྒྲོ༵ན་མ༵་ཞེས་སྣང་གསལ་ཆེན་པོ་ལྟ་བུའི་སངས་རྒྱས་རྣ༵མས། བྱ༵ང་ཆུ༵བ་སྒྲུབ་པའི་ས་ལམ་རིམ་ནས་རི༵མ་པ༵ར་ལམ་ཆགས་ཐོགས༼ཉོན་ཤེས་ཀྱི་སྒྲིབ་པ་གཉིས༽། མེད་པར་བགྲོད་པའི་ས༵ངས་རྒྱས༵། ཀྱི་ཡེ་ཤེས་ཆགས་ཐོགས་མེད་པ་མངོན་དུ་བྱས་པས་ཤེས་བྱ་ཐམས་ཅད་ལ་མ༵་ཆ༵གས་མ་ཐོགས་པར་སངས་རྒྱས་དངོས་སུ་བརྙེས༵་ནས་གཞན་དོན་དུ་བྱོན་པའི་མགོ༵ན་པོ༵་དེ༵་ད༵ག་ལ་གསོལ་བ་འདེབས་པ་པོ་བད༵ག་གི༵ས་མ་ལུས་མི་ལུས་ལུས་པ་མེད་པ་ཐ༵མས་ཅ༵ད་ལ༵། ཟབ་ཅིང་རྒྱ་ཆེ་བའི་ལུང་རྟོགས་ཀྱི་དམ་པའི་ཆོས་ཀྱི་འཁོ༵ར་ལོ༵་བླ༵་ན༵་མེ༵ད་པ༵་རྒྱུན་མི་ཆད་པར་བསྐོ༵ར་བ༵ར་བསྐུལ༵་བའོ། །

དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་ནི། མཛད་པ་ཕལ་ཆེར་རྫོགས་ནས་ཐ་མའི་མཛད་པ་མྱ༵་ང༵ན་ལས་འད༵འ་བར་སྟོན༵་པའི་སངས་རྒྱས་རྣམས་ཟག་བཅས་ཀྱི་ཕུང་པོ་ལྔ་པོ་སྔར་འདས་ཟིན་ཀྱང་གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་ཕྱིར་མཛད་པ་ཐ་མའི་ཚུལ་སྟོན་པ་གང༵་ཞིག་གཞན་དོན་དུ་བཞེད༵་པ་ཡིན་རུང་དེ༵་དག༵་ལ༵། བདག་སོགས་འགྲོ༵་བ༵་ཀུན༵་ལ༵་མཐར་ཐུག་ཕན༵་པའི་ཞིང༵་དགེ་པའི་ལེགས་ལམ། གནས་སྐབས་སུ་འཇིགས་པ་ཀུན་ལས་སྐྱོབ་ཅིང་བདེ༵་བ༵འི་ཕྱིར༵། གྲངས་བཅད་དུ་མེད་པའི་བསྐ༵ལ་པ༵་ཆེན་པོ་སངས་རྒྱས་ཀྱི་ཞིང༵་གི༵་རྡུལ༵་ཇི་སྙེད༵་ཀྱི་གྲངས་དང་མཉམ་པར་བཞུག༵ས་པ༵ར་ཡ༵ང༌། བྱེད་པ་པོ་བད༵ག་གི༵ས་ལག་གཉིས་ཐ༵ལ་མོ༵་ར༵བ་ཏུ་སྦྱར༵་ཏེ་གསོལ༵་བ༵་འདེབས་པར༵་བགྱིའོ༵། །ཕན་བདེ་འདི་ལ་ཡོངས་གྲགས་དང་འགྲེལ་བ་ཁ་ཅིག་ཏུ་གསན་སྐབས་ཀྱི་ཕན་པ་དང༌། ཐར་ཐུག་གི་བདེ་བ་ཟེར་ཡང་འདིར་ཤྲཱིཿ རྒྱལ་པོའི་གསུང་རྒྱུན་བཞིན་ཡིན་ལ། མཁས་པ་གཞན་དག་གི་འགྲེལ་པར་ཡང་འདི་ལྟར་བཤད་པར་སྣང་ངོ༌། །

བདུན་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་ནི། བསྔོ་རྒྱུའི་དགེ་རྩ་ངོས་བཟུང་བ་གོང་བསྟན་ལྟར། ཡུལ་དམ་པ་རྣམས་ལ་ཕྱ༵ག་འཚ༵ལ་བ༵་ད༵ང༌། མཆོད་པ་གཉིས་ཀྱིས་མཆོ༵ད་ཅིང༵༌། རང་བཞིན་དང་བཅས་ལྟུང་གི་སྡིག་པ་བཤ༵གས་པ༵་ད༵ང༌། གཞན་གྱི་དགེ་རྩ་ལ་རྗེས༵་སུ༵་ཡི༵་རང༵་བ། ཆོས་འཁོར་བསྐོར་བར་བསྐུལ༵་ཞིང༵༌། མྱ་ངན་ལས་མི་འདའ་བར་གསོལ༵་བ༵་ཡི༵ས་ཐོབ་པའི་ཞིང་དང་དངོས་པོ་བསམ་པ་དག་པའི་དགེ༵་བ༵་དང༌། ཚོགས་བསགས་འདིའི་སྐབས་དགེ་བའི་ཕྱོགས་སུ་གྱུར་པའི་བྱ་བ་ཕྲན་བུ་ཡན་ཆད་གང་ཡོད་ལ་ཅུང༵་ཟ༵ད་བད༵ག་གི༵ས་ཞེས་གང་དང་ཅི༵་བས༵གས་པ༵་རྣམས་དང༌། བདག་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་ཐམ༵ས་ཅ༵ད་ཇི་ལྟར་བསྔོ་ན་བད༵ག་གི༵ས་རྫོགས་པའི་བྱང༵་ཆུབ༵་ཆེན་པོ་བླ་ན་མེད་པའི་གོ་འཕང་རིན་པོ་ཆེ་ཐོབ་ཕྱིར༵་འཁོར་གསུམ་དམིགས་མེད་ཀྱི་ཤེས་རབ་ཀྱིས་ཟིན་ཅིང༌། བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པའི་ཐབས་མཁས་ཟུང་དུ་འབྲེལ་བའི་ཆོ་གས་བསྔོ༵་བར་བགྱིའོ༵། །

གཉིས་པ་དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་བཤད་ལ་གཉིས། དངོས་དང༌། སྨོན་ལམ་གྱི་མཐའ་བསྟན་པའོ། །དང་པོ་ལའང་སྤྱི་དོན་བཅུ་དྲུག་སྟེ། བསམ་དག་བྱང་སེམས་མི་བརྗོད་དང༌། །མ་གོས་སྦྱོར་དང་ཕན་བདེ་དང༌། །གོ་ཆ་དང་ནི་སྐལ་མཉམ་འགྲོགས། །བཤེས་བསྟན་སངས་རྒྱས་མངོན་གྱུར་དང༌། །དམ་ཆོས་འཛིན་དང་མཛོད་རྙེད་དང༌། །འཇུག་དང་སྟོབས་དང་སྒྲུབ་དང་ལས། །རྗེས་སློབ་ཀུན་གྱི་འཇུག་སྡུད་དོ། །ཞེས་དང་པོ་བསམ་པ་དག་པའི་སྒོ་ནས་སྨོན་པ་ལ་བཞི་སྟེ། སངས་རྒྱས་མཆོད་པའི་བསམ་པ། དགོངས་པ་ཡོངས་སུ་སྐོང་བ། སངས་རྒྱས་ཀྱི་ཞིང་སྦྱང་བ། སེམས་ཅན་ཕན་གདགས་པ་དང་བཞི། དང་པོ། གསེར་ཐུབ་འོད་སྲུང་ལ་སོགས་འདས༵་པ༵འི་སང༵ས་རྒྱས༵་རྣམ༵ས་དང༌། ད་ལྟར་ཕྱོག༵ས་བ༵ཅུ་ཡི༵་འཇི༵ག་རྟེན༵་གྱི་ཁམས་དག༵་ན༵་ཞེས་ཤར་ཕྱོགས་བཻཌཱུརྱ་སྣང་བའི་ཞིང་ན་སངས་རྒྱས་སྨན་གྱི་བླ་མ། ནུབ་ཕྱོགས་བདེ་བ་ཅན་འོད་དཔག་མེད་སོགས་གང༵་བཞུག༵ས་པ་ཐམས་ཅད་ལ་ཀུན་ཏུ་བཟང་པོའི་རྣམ་ཐར་ལྟ་བུའི་མཆོད་པ་དཔག་ཡས་ཀྱིས་མཆོད༵་པ༵ར་གྱུར༵་ཅིག་པའོ། །

གཉིས་པ། ག༵ང་ཡང༵་མ༵་བྱོན༵་ཞེས་མ་འོངས་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་འགྲུབ་པའི་བསམ་པ་དང༌། སྤྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་ཀྱང༌། ཁྱད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་རྒྱལ་སྲས་སྤྱོད་པ་བསླབ་པས་སངས་རྒྱས་འགྱུར་ངེས་པ་དེ་དང༌། བླ་མ་དགེ་བའི་བཤེས་གཉེན་རྣམས་དགོངས་པ་གཤེགས་ཟིན་པའི་སྤྲུལ་སྐུ་མྱུར་འབྱོན་ཀྱང་ཡིན་གསུངས། འོག་མིན་དུ་སངས་རྒྱས་ཀྱང་གང་འདུལ་གྱི་སྐུར་སྟོན་པའི་དུས་ལ་མ་བབ་པ་དང༌། ས་བཅུའི་རྒྱུན་མཐའི་སེམས་དཔའ་འཚང་རྒྱ་མ་རག་པ་རྣམས་འབད་རྩོལ་མེད་པར་དེ༵་དག༵་ཐམས་ཅད་ར༵བ་ཏུ་མྱུར༵་བར༵་ཞེས་ཡུན་མི་རིང་བར་སྐད་ཅིག་གིས་འབྱོན་པར་བསྐུལ་བ། བྱང་ཆུབ་ཏུ་སྨོན་པའི་འབྲས་བུ་དགོངས་པའི་བས༵མ་པ་རྫོག༵ས་ཏེ་བྱང༵་ཆུབ༵་འགྲུབ་པའི་རྒྱུ་ས་དང་ལམ་གྱི་རིམ༵་པར༵་མཐར་ཆགས་སུ་བགྲོད་ནས་སངས༵་རྒྱས༵་སྤྱོན༵་པར་ཤོག་ཅེས་སོ། །

གསུམ་པ། ཞིང་དག་པར་བསམ་པ་ཕྱོགས༵་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་བ༵ཅུ་ག༵་ལའི༵་ཞེས་པ་བརྡའ་རྙིང་གི་ཚིག་ཕྱོགས་གང་རུང་གི་ཐ་མལ་གྱི་ས་རྡོ་སོགས་མེད་པ་བདེ་བ་ཅན་དང་མཚུངས་པའི་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་སངས་རྒྱས་ཀྱི་ཞིང༵་རྣམ༵ས་ཇི༵་སྙེད༵་པ༵་ཐམས་ཅད། དེ༵་ད༵ག་གྲངས་སུ་བཅད་པ་མེད་པའི་རྒྱ༵་ཆེ༵ར་སྣོད་ཀྱི་འཇིག་རྟེན་ཡོ༵ངས་སུ༵་ད༵ག་པ༵ར་གྱུར༵་ཅིག །དེའི་དབུས་སྤྲུལ་སྐུའི་སངས་རྒྱས་རྣམས་ལ་བྱང༵་ཆུབ༵་ཀྱི་ཤིང༵་ཡོད་པས་ལྗོན་པའི་དབ༵ང་པོ་དག་གི་དྲུ༵ང་དུ་གཤེ༵གས་ནས། དང་པོ་མཉམ་པར་བཞག་མཐར་བདུད་ལས་རྒྱལ༵་བ༵་དང༵༌། དེ་ཡི་འཁོར་ས༵ངས་རྒྱ༵ས་ཀྱི་སྲ༵ས་རྣམས་ཀྱི༵ས་བར་མཚམས་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ༵་ཏུ༵་གང༵་བར༵་ཤོ༵ག་ཅིག་པའོ། །

བཞི་པ། ཕྱོགས༵་བཅུའི༵་སེ༵མས་ཅན༵་གང༵་རྣམས༵་ཞེས་རིགས་དྲུག་གི་སེམས་ཅན་ཇི༵་སྙེད༵་མཆིས་པ༵། དེ༵་དག༵་རྣམས་རྟག༵་ཏུ༵་འགྲོ་བའི་ལས་སྣང་གི་སྡུག་བསྔལ་གྱི་ནད༵་མེད༵་ཅིང་ལུས་སེམས་གཉིས་བདེ༵་བ༵་དང་ལྡན་པར་གྱུར༵་ཅིག །ལྷ་མིའི་འགྲོ༵་བ༵་ཀུན༵་གྱི༵་ཆོ༵ས་ཀྱི༵་དོ༵ན་གཉེར་བའི་བསམ་པ་རྣམས༵་ནི༵། བློ་དང་མི་མཐུན་པ་མེད་པར་ཕན་ཚུན་བློ་མཐུན༵་པར༵་གྱུར༵་ཅིང༵་དེའི་མཐུས་སྦྱིན་སོགས་རེ༵་བ༵འ༵ང་ཡིད་ལ་དོན་སྨོན་གང་ཡོད་འགྲུབ༵་པ༵ར་ཤོ༵ག་ཅིག །

སྤྱི་དོན་གཉིས་པ་བྱང་སེམས་མི་བརྗེད་པའི་སྒོ་ལ་བདུན་ལས། དང་པོ་ཚེ་རབས་དྲན་པ་ནི། སྐྱེ་བ་ཚེ་རབས་ཀུན་ཏུ་བྱང༵་ཆུ༵བ་ཀྱི་སེམས་དང་མི་འབྲལ་བའི་སྨོན་ལམ་དང༌། བྱ་བ་ལ་འཇུག་པ་རྒྱལ་སྲས་ཀྱི་སྤྱོད༵་པ༵་དག༵་ལ་ནི༵་བདག༵་གིས་སྤྱོད༵་ཅིང༵༌། རིགས་དྲུག་གང་དུ་སྐྱེས་ཀྱང་བྱང་ཆུབ་སེམས་རྒྱུད་ལ་ཡོད་པ་དཔེར་གྱད་པཀྵི་ཏའི་ལོ་རྒྱུས་དང་རྒྱལ་བུ་ལྐུགས་འཕྱེ་ལྟ་བུའི་འགྲོ༵་བ༵་ཀུན༵་ཏུ༵་བྱང་ཆུབ་སེམས་དཔའི་མ་ངེས་པའི་སྐྱེ༵་བ༵་རྣམས་དྲན༵་པར༵་འགྱུར༵་བར་སྨོན་པའོ། །

གཉིས་པ་རབ་ཏུ་འབྱུང་བ་ནི། མ་འོངས་པའི་ཚེ༵་རབ༵ས་ཐམས་ཅད་ཀུན༵་ཏུ༵་ཉན་རང་ལྟ་བུའི་སྐྱེ་བ་རྒྱུན་ཆད་མིན་པར་བྱང་ཆུབ་སེམས་ཀྱི་མཐུས་འགྲོ་བའི་དོན་དུ་འཆི༵་འཕོ༵་སྐྱེ༵་བ༵་རྣམས་གྲངས་སུ་བཅད་དུ་ཡོད་པ་མ་ཡིན་པས་ན༵། དེའང་རྟག༵་ཏུ༵་བདག༵་ནི༵་མི་ལུས་གཙང་མ་ལྟ་བུ་ཐོབ་ནའང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ནས་ས་ཐོབ་པའི་ཚེ་མ་གཏོགས་གལ་ཆེ་བས་རབ༵་ཏུ༵་འབྱུང༵་བར༵་ཤོ༵ག་ཅིག །

གསུམ་པ་སྤྱོད་པ་སྤྱི་དང་ཚུལ་ཁྲིམས་དག་པ་ལ་བསླབ་པ་ནི། ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་རྒྱལ༵་བ༵་ཀུན༵་གྱི༵་རྗེས༵་སུ༵་རང་འདོད་མ་ཡིན་པར་གཞན་ཕན་བསམ་པ་བཟང་པོས་སློབ༵་པར་གྱུར༵་ཏེ༵། ཡིད་དུ་མི་འོང་བ་མེད་པའི་བཟང༵་པོ༵་སྤྱོད༵་པ༵་ཕར་ཕྱིན་དྲུག་ཡོང༵ས་སུ༵་རྫོག༵ས་པ་ལ་སློབ་པར་བྱེད༵་ཅིང༵༌། ཉོན་མོངས་པའི་ཚོགས་འདུལ་བ་དང་ཁྱད་པར་དུ་བྱང་སེམས་ཀྱི་ཚུལ༵་ཁྲི༵མས་སོགས་ཀྱི་སྤྱོད༵་པ༵་ཉོན་མོངས་པའི་དྲི༵་མ་མེད༵་པ་རང་ཞི་བདེའི་བསམ་པས་མ་གོས་པས་ཡོང༵ས་སུ་དག༵་པ༵་འཆལ་བའི་ཉེས་པས་རྟག༵་ཏུ༵་སྐྱོན་མེད་པའི་ཚུལ་ཁྲིམས་དེ་ལྟ་བུ་མ༵་ཉ༵མས་པ་འཁོར་གསུམ་འཛིན་པ་དང་བྲལ་བས་སྐྱོན༵་མེད༵་པའམ་མཆོག་འཛིན་སོགས་དང་བྲལ་བ་ཡོན་ཏན་ཀུན་གྱི་གཞིར་གྱུར་པའི་ཚུལ་ཁྲིམས་ལ་སྤྱོད༵་པར༵་ཤོ༵ག་ཅིག་པའོ། །

བཞི་པ་སྣ་ཚོགས་སྐད་ཀྱིས་ཆོས་སྟོན་པ་ནི། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཐོབ་དུས་སྐད་སྣ་ཚོགས་ཤེས་པ་ལྟར༌། གདུལ་བྱ་རྣམས་སྨིན་པར་བྱ་བའི་ཕྱིར་རམ་རྒྱལ་བའི་གསུང་ཚུལ་ལ་འཇུག་པའི་རྟེན་འབྲེལ་དུ། ལྷ༵་ཡི༵་སྐད༵་དང་ཀླུ༵་དང༵་གནོད༵་སྦྱི༵ན་སྐ༵ད་དང་གྲུ༵ལ་བུ༵མ་ད༵ག་ད༵ང་མི༵་ཡི༵་སྐ༵ད་ཐ་དད་པ་རྣ༵མས་ད༵ང༌། དེས་མཚོན་འགྲོ༵་བ༵་ཀུ༵ན་གྱི༵་སྒྲ༵་སྐ༵ད་རྣམས་ཇི༵་ཙ༵མ་ཡོད་དེ་ཙམ་པ༵ར། ཐ༵མས་ཅ༵ད་ཀྱི་སྐ༵ད་དུ༵་བད༵ག་གི༵ས་ཟང་ཟིང་མེད་པའི་ཆོས་ཀྱི་སྤྱིན་པས་དམ་པའི་ཆོ༵ས་བསྟ༵ན་ཏོ༵་སྟེ་སྟོན་པར་ཤོག་ཅིག །

ལྔ་པ་དགེ་ལ་བརྩོན་པ་ནི། དེས༵་ཤིང༵་ནི་འཇམ་པའི་མིང་ལུས་ངག་གིས་བྱམས་པ་ཆེན་པོའི་སྒོ་ནས་ཕ༵་རོལ༵་ཏུ་ཕྱི༵ན་པ་དྲུག་ལ༵་རབ༵་་ཏུ་བརྩོན༵་ཞི༵ང༌། ཞེས་པའོ། །དྲུག་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི། རྒྱུ་ལྔ་པོ་དེ་དག་གིས་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དངོས་གཞི་གནད་ཆེ་བ་ཡིན་པས་དེའི་མཐུས་བྱང༵་ཆུབ༵་ཀྱི་སེམ༵ས་རྣམ་པ་གཉིས་ནི༵་ན༵མ་ཡང༵་སྐད་ཅིག་ཙམ་དུ་བརྗེ༵ད་པར་མ༵་གྱུ༵ར་ཅིག །

བདུན་པ་འགལ་རྐྱེན་དང་བྲལ་བར་སྨོན་པ་ནི། རྣམ་སྨིན་ཡིད་དུ་མི་འོང་བ་བསྐྱེད་པའི་ལས་སྡིག༵་པ༵་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པ་གང༵་རྣམ༵ས་བྱང་ཆུབ་ཀྱི་སེམས་སྒྲིབ་བྱེད་སྡིག་པ་ལ་བཞག་ཆོག་པ་དེ་ལྟར་སྒྲིབ་པས་སྒྲིབ༵་པར༵་གྱུར༵་པ༵་མཐའ་དག༵་སྟེ། དི༵་དག༵་ས་བོན་དང་བཅས་པ་མ༵་ལུས༵་པ་ཐམས་ཅད་སྡིག་པའི་གཉེན་པོ་དགེ་བའི་ལས་ལམ་གྱིས་ཡོང༵ས་སུ༵་བྱ༵ང་བར༵་ཤོག༵་ཅིག །

སྤྱི་དོན་གསུམ་པ་མ་གོས་པའི་སྦྱོར་བའམ་མ་ཆགས་པའི་སྒོ་ནས་སྨོན་པ་ནི། འཁོར་བར་སྐྱེ་བའི་རྒྱུ་ཟག་བཅས་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ལས༵་དང༵༌། ཉོན༵་མོ༵ངས་པ་ཆགས་སོགས་དུག་གསུམ། བདུད་དགའ་རབ་དབང་ཕྱུག་གིས་བར་ཆད་བརྩམས་པ་ཆོས་ཉན་དུས་གཉིད་རྨུག་ལ་སོགས་ཆོས་ཀྱི་འགལ་རྐྱེན་ཕྲ་རགས་ཀུན་བདུ༵ད་ཀྱི༵་ལས༵་རྣམས༵་ཡིན་པས་དེ་ལྟར་ལས་ངན་པ་མི་བསགས་པར་ཉོན་ཤེས་ཀྱི་བདུད་ལས༵་མ་གྲོལ་ན་གཞན་དོན་ཇི་བཞིན་པ་མི་འབྱུང་བས་དེ་ལྟར་གྲོལ༵་ཞི༵ང་འཇིག༵་རྟེན༵་གྱི་འགྲོ་བ༵་ཇི་སྙེད་ཡོད་པ་རྣམས༵་གང་དང་གང་གི་གནས་སུ༵་རྒྱུ་ཡང༵་རུང་སྟེ། ཇི༵་ལྟར༵་སྤྱོད་ཚུལ་ནི། སྟོང་ཉིད་རྟོགས་པའི་མཐུས་ཉོན་མོངས་པ་གང་གིས་མི་གོས་པ་འདམ་སྐྱེས་པ༵དྨོ་ཆུ་ནང་དུ་སྐྱེས་ཀྱང་ཆུས༵་གནོད་པ་མི༵་ཆགས༵་པ༵་བཞིན༵་དུ༵་འཁོར་བར་གནས་ཀྱང་འཁོར་སྐྱོན་གྱིས་མི་གོས་པར་བྱང་ཆུབ་སེམས་དཔའི་མཛད་པ་ཤན་པ་དང་སྨད་ཚོང་ལྟ་བུས་འགྲོ་དོན་བྱེད་པའོ། །ཉི༵་ཟླ༵་ནམ༵་མཁར༵་ཐོགས༵་པ༵་མེད༵་པར་རྒྱུ་བ་ལྟར༵་རྩོལ་རྟོག་མེད་པར་རྩི་ཤིང་སྨིན་པ་ལྟ་བུའི་སྤྱོད་པ་སྤྱད༵་པའམ། ཉི་ཟླ་ལ་སྤྲིན་དང་མུན་པ་ཁུག་སྣ་སོགས་ཀྱིས་མི་གནོད་པའི་དཔེ་ཡང་གསུངས། དོན་གཉིས་མཐར་ཕྱིན་པ་དག་གིས་རང་ལ་སྐྱོན་གང་གིས་མི་གོས་ཤིང༌། གཞན་ཕན་བསྒྲུབ་པ་ལ་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སྤྱད་པ་སྤྱོད་གྱུར་ཅིག །

སྤྱི་དོན་བཞི་པ་སེམས་ཅན་ཕན་བདེ་ལ་འགོད་པའི་སྨོན་ལམ་ནི། སངས་རྒྱས་ཀྱི་ཞིང༵་གི༵་རྒྱ་ཁྱོན༵་དང༵་ཕྱོགས༵་སོགས་སོ་སྐྱེའི་བློས་དཔོག་དཀའ་བ་དེ་ལྟ་བུའི་ཞིང་རྣ༵མས་ཇི༵་ཙམ༵་ཡོད་པར༵། མ་དག་པའི་ཞིང་ཡང་ངན༵་སོང༵་གསུམ་སོགས་གྲངས་ལས་འདས་པ་རྣམས་དག་པའི་ཞིང་དེའི་བྱིན་རླབས་ཀྱིས་སྡུག༵་བསྔལ༵་རྣམས་རབ༵་ཏུ༵་ཞི༵་བར༵་བྱེད༵་པའི་མོས་པ་དང༌། རང་ཡང་ཞིང་མཐའ་ཡས་པ་དེ་རུ་འགྲོ་ལ་སྐུ་ལུས་ཀྱི་འོད་ཟེར་གྱིས་དམྱལ་བ་སོགས་རིགས་དྲུག་གི་སྡུག་བསྔལ་ཞི་བར་འགྱུར་བ་ལ་སྙིང་ནས་བསམ་པར་བྱའོ་ཞེས་ཤྲཱིཿརྒྱལ་པོའི་མན་ངག་ལྟར་ཉམས་སུ་བླངས་ལ། ངན་སོང་གི་གནས་སྟོང་རྟེན་བཟང་རིམ་བརྒྱུད་མཐོ་རིས་ཀྱི་བདེ༵་བ༵་ཕུན་སུམ་ཚོགས་པ་དག༵་ལ༵་འགྲོ༵་བ༵་ཀུན༵་དགོད༵་ཅིང༵༌། དེར་མ་ཟད་འགྲོ༵་བ༵་སེམས་ཅན་ཐམས༵་ཅ༵ད་ལ༵་ནི༵་ཐེག་པ་གསུམ་གྱི་ལམ་བསྟན་པའི་ཆོས་ཀྱིས་ཕན༵་བཏགས་པར༵་སྤྱོད་པ་སྤྱད༵་ནུས་པར་གྱུར་ཅིག །

སྤྱི་དོན་ལྔ་པ་གོ་ཆ་བགོ་བའི་སྨོན་ལམ་ནི། བདག་ལམ་བྱང༵་ཆུབ༵་མཆོག་ཏུ་སེམས་བསྐྱེད་དེ་ཉམས་ལེན་སྤྱོད༵་པ༵་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས༵་སུ༵་རྫོགས༵་པ་ལ་བརྩོན་པའི་གོ་ཆ་བགོ་བར་བྱེད༵་ཅིང༵༌། གཞན་དོན་དུ་སེམས༵་ཅན༵་གང་དག༵་གི༵་སྤྱོད༵་པ་གང་ཡིན་ཀྱང་དེ་དང༵་མཐུན་པས་རབ་ཏུ་འདུལ་བའི་བྱང་ཆུབ་སེམས་དཔའི་མཛད་པ་འཇིག་རྟེན་དང་མཐུན༵་པར༵་འཇུག༵་པ་ནི་ཤཱཀྱ་ཐུབ་པས་ལྷུམས་ཞུགས་དང་བཙུན་མོ་རོལ་བ་སོགས་རང་དོན་མེད་པའི་མཛད་པ་བཅུ་གཉིས་ལྟ་བུའོ། །སྤྱོད་པ་དེ་ལ་འགོད་པའི་གོ་ཆ་བགོ་བར་བྱའོ། །བསམ་པ་བཟང༵་པོ༵་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་པའི་སྤྱོད༵་པ༵་སྦྱིན་སོགས་ཕར་ཕྱིན་ཆོས་ཡང་དག༵་ནི༵་རབ༵་ཏུ་སྟོན༵་ཅིང༵༌། སྤྱོད་པ་དེ་གསུམ་མ༵་འོ༵ངས་པའི་བསྐལ༵་པ༵་ནམ་མཁའི་མཐའ་གཏུགས་པའི་བར་ལྟ་བུ་ཡུན་རིང་པོར་སྐྱོ་ངལ་མེད་པར་ཀུན༵་ཏུ༵་སྤྱོད༵་པར༵་གྱུར༵་ཅིག །བྱང་ཆུབ་སྤྱོད་པ་དང་བཟང་པོ་སྤྱོད་པ་རྣམས་ལན་མང་དུ་བྱུང་བ་དོན་གཅིག་ཏུ་མི་འཆད་པར་སྐབས་ཀྱི་དོན་དང་སྦྱར་དེ་བཤད་ན་འཕགས་ཡུལ་གྱི་མདོ་སྡེ་འཆད་ཚུལ་ཡིན་ཞེས་མཁས་པ་གཞན་གྱིས་གསུངས།

སྤྱི་དོན་དྲུག་པ་སྐལ་མཉམ་གྱི་གྲོགས་དང་འགྲོགས་པའི་སྨོན་ལམ་ནི། བདག༵་གི༵་བྱང་ཆུབ་ཀྱི་རྒྱུར་ཀུན་ཏུ་བཟང་པོའི་སྤྱོད་པའང་ཉམས་ལེན་ཕར་ཕྱིན་དྲུག་དང་མཐུན་པར་སྤྱོད༵་པ་དང༵་མཚུངས༵་པར༵་སྤྱོད་པ་གང༵་སྤྱོད༵་པ༵་ཐམས་ཅད་དང༌། དེ༵་དག༵་དང༵་ནི༵་འདྲ་བའི་གྲོགས་བཟང་པོ་དང་རྟག༵་ཏུ༵་འགྲོག༵ས་པར༵་ཤོག༵་ཅིག །འགྲོགས་ནས་ཀྱང་ལུས༵་དང༵་ངག༵་རྣམས༵་དང༵་ནི༵་སེམས༵་ཀྱིས༵་ཀྱང༵་སྤྱོད༵་པ༵་སྤྱད་ཚུལ་དག༵་དང༵་སྨོན༵་ལམ༵་འདེབས་ཕྱོགས་གཅིག༵་ཏུ༵་བྱས་པ་དཔེར་ཤཱཀ་ཐུབ་སྨན་བླ་འོད་དཔག་མེད་སོགས་ལྟ་བུ། མཐུན་པར་སྤྱད༵་ཅིང་འདེབས་པར་གྱུར་ཅིག་པའོ། །

སྤྱི་དོན་བདུན་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱེད་པ་ནི། བདག༵་ལ༵་ཕན༵་འདོགས་པར༵་འདོད༵་པའི༵་དགེ་བའི་བཤེས་གཉེན་ཞེས་ལམ་དམན་པ་དང་ལོག་པ་ལས་འཛིན་པས་ན་ཡོངས་འཛིན་དགེ་བའི་བཤེས་གཉེན་ཞེས་གྲགས་པའི་གྲོ༵གས་པོ༵་བཟང་པོ་དག༵་གིས། བྱང་ཆུབ་ཀྱི་ལམ་མ་ནོར་བ་བཟང༵་པོ༵་སྤྱོད༵་པའི༵་ཆོས་མ་ལུས་ལག་ལེན་ཏུ་རབ༵་ཏུ་སྟོན༵་ཅིང་འཆད་པར་བགྱིད༵་པ༵་རྣམས༵་གང་ཡིན་པའི་དགེ་བའི་གཤེས་གཉེན་དེ༵་དག༵་རྣམས་དང༵་ཡང༵་རྟག༵་ཏུ༵་འཕྲད༵་པར༵་ཤོག༵་ཅིག །དེ་དང་མཇལ་ནས་བཤེས་གཉེན་དེ༵་དག༵་གི་ཐུགས་བདག༵་གི༵ས་ནམ༵་ཡང༵་སྒོ་གསུམ་གྱི་བྱ་སྤྱོད་ངན་པས་ཐུགས་ཡིད༵་རྒྱབ་ཀྱིས་ཕྱོགས་པ་ཞེས་སུན་མི༵་དབྱུང༵་བ་སྟེ་མཉེས་པ་གསུམ་གྱི་སྒོ་ནས་བསྙེན་པར་ཤོག་ཅིག །

སྤྱི་དོན་བརྒྱད་པ་སངས་རྒྱས་མངོན་གྱུར་ལ་མཆོད་པ་ནི། སངས༵་རྒྱས༵་ཀྱི་སྲ༵ས་བྱང་ཆུབ་སེམས་དཔའ་སོགས་ཀྱིས༵་བསྐོར༵་བའི༵་མགོན༵་པོ༵་ཞིང་རབ་འབྱམས་ན་བཞུགས་པ་རྣམས༵་ཀྱི། སྐུ་མཚན་དཔེའི་དཀྱིལ་འཁོར་མིག་གི་ཡུལ་དུ་མངོན༵་སུམ༵་དུ་མཐོང་ཞིང་དེ་ཡང་སྐྱེ་བ་ནས་ཚེ་རབས་རྟག༵་ཏུ༵་བདག༵་གི༵ས་རྒྱལ༵་བ༵་ཀུན་གྱི་ཞལ་ལ་བལྟ༵་ཞིང༌། དེ་ཡང་སེམས་དྭངས་བ་དང་བཅས་མ༵་འོངས༵་བསྐལ༵་པ༵་ཀུན༵་ཏུ༵་སེམས་མི༵་སྐྱོ་བར༵་སངས་རྒྱས་སྲས་འཁོར་དང་བཅས་པ་དི༵་དག༵་ལ༵་ཡང༵་མཆོ༵ད་པ༵་སྣ་ཚོགས་ཀྱིས་རྒྱ༵་ཆེར༵་མཆོད་པས་མཉེས་པར་བགྱི༵་བར་ཤོག་ཅིག །

སྤྱི་དོན་དགུ་པ་དམ་ཆོས་ཡོངས་སུ་འཛིན་པའི་སྒོ་ནི། མ་འོངས་པ་ན་རྒྱལ༵་བ༵་རྣམས༵་ཀྱི༵་ཞལ་ནས་གསུངས་པའི་དམ༵་པའི༵་ཆོ༵ས་ཇི་སྙེད་པ་ཐམས་ཅད་མི་བརྗེད་པའི་གཟུངས་ཀྱིས་རང་གིས་འཛིན༵་ཅི༵ང༌། གཞན་ལ་བྱང༵་ཆུབ༵་ཀྱི་སྤྱོད༵་པ༵་བསྐལ་པ་ནས་བསྐལ་པའི་བར་དུ་སེམས་ཅན་ཀུན༵་ལ་རབ་ཏུ༵་སྣང༵་བར༵་བྱེད༵་པ་དང༌། དེ་ལྟར་ཀུན་ཏུ་བཟང༵་པོ༵་མཆོད་གི་སྤྱོད༵་པ༵་བསྡུ་དངོས་བཞིའི་སྒོ་རྣམ༵་པར༵་དག་པ་ལ་བརྩོན་པས་དེའི་མི་མཐུན་ཕྱོགས་སྦྱོ༵ང་བ༵ར་འགྱུར་བ༵་ཡང༵་ཤུགས་བསྟན་ཡིན་པས་མ༵་འོང༵ས་བསྐ༵ལ་པ༵་ཀུན༵་ཏུ༵་སྐྱོ་ངལ་མེད་པས་སྤྱད༵་པ༵ར་བགྱི༵འོ་ཞེས་སྨོན་པའོ། །

སྤྱི་དོན་བཅུ་པ་མི་ཟད་པའི་མཛོད་རྙེད་པའི་སྒོ་ནས་སྨོན་པ་ནི། ཉན་རང་གི་བསམ་པ་ལྟ་བུ་མ་ཡིན་པར་གཞན་དོན་དུ་བསམ་བཞིན་སྐྱེ་བ་འཛིན་དགོས་པ་དང་ཁམས་གསུམ་གྱི་སྲིད༵་པ༵་ཐམས༵་ཅད༵་དུ༵་ཡང༵་ལས་དང་སྨོན་ལམ་དང་ཏིང་ངེ་འཛིན་ལ་དབང་འབྱོར་བའི་སྟོབས་ཀྱིས་གནས་རིས་དང་སྤྲུལ་པ་མ་ངེས་པར་འཁོར༵་ཞིང་སྐྱེ་བ༵་ན༵། གནས་སྐབས་ཀྱི་བདེ་བ་སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པའི་རྒྱུ་བསོད༵་ནམ༵ས་དང་མཐར་ཐུག་སངས་རྒྱས་ཀྱི་རྣམ་མཁྱེན་ཐོབ་པའི་རྒྱུ་ཡེ༵་ཤེ༵ས་ཀྱི་ཚོགས་དག༵་ནི༵་མི༵་ཟད༵་པའི་མཛོ༵ད་རྙེ༵ད་ནས། ཐབས་ལ་མཁས་པས་བསྐལ་པའི་ཚོགས་སྐད་ཅིག་ལ་རྫོགས་པས་ཐབས༵་དང༵༌། བླང་དོར་ཤེས་པ་ཀུན་རྫོབ་ཀྱི་ཤེས་རབ། གནས་ལུགས་རྟོགས་པ་དོན་དམ་པའི་ཤེས༵་རབ༵། ས་མ་དྷཱི་ཞེས་མཉམ་པའི་བློ་ལ་འཇུག་པ་ཏིང༵་འཛིན༵་མཐའ་ཡས་པ་དང༌། དེ་ལ་བརྟེན་ནས་སྤྲུལ་པའི་རྣམ༵་ཐ༵ར་སྐད་ཅིག་བསྐལ་པ་བསྐལ་པ་སྐད་ཅིག་ལ་བསྒྱུར་ནུས་པ་དང༵་ཞེས་ཤྲཱིཿ རྒྱལ་པོས་གསུངས་པ་དང༌། གཞན་དུ་རྣམ་པར་ཐར་པ་བརྒྱད་དུ་གསུངས་པའང་འདུག །དེའི་མཐུས་མངོན་པར་ཤེས་པ་ལྔ་སོགས་ཡོན༵་ཏ༵ན་མཐའ་ཡས་པ་ཀུན༵་གྱི༵་མི༵་ཟད༵་པའི་མཛོ༵ད་བརྙེས་པར་གྱུར༵་ཅིག༵་པའོ། །

སྤྱི་དོན་བཅུ་གཅིག་པ་འཇུག་པ་དུ་མའི་སྒོ་ནས་སྨོན་པ་ལ་འཇུག་པ་ལ་བརྒྱད་ལས། དང་པོ་ཞིང་དང་སངས་རྒྱས་བལྟ་བ་ལ་འཇུག་པ་ནི། རྡུལ༵་གཅིག༵་གི་སྟེང༵་ན༵་ཕྱོགས་བཅུའི་རྡུལ༵་སྙེད༵་ཀྱི་སངས་རྒྱས་ཀྱི་ཞི༵ང་རྣམ༵ས་མ་འདྲེས་པར་མཐོང་བར་འགྱུར་ཏེ༵། ཞིང༵་དེ་དང་དེར༵་གྲངས་བས༵མ་གྱིས༵་མི༵་ཁྱབ༵་པའི་སངས༵་རྒྱས༵་རྣམ༵ས་ཀྱང༌། སང༵ས་རྒྱས༵་ཀྱི་ཐུགས་སྲས༵་བྱང་ཆུབ་སེམས་དཔའ་རྣམས་ཀྱིས༵་བསྐོར་བའི་དབུས༵་ན༵་བཞུགས༵་པ༵་ལ༵། དེ་དག་དང་ལྷན་ཅིག་བདག་གིས་བྱ༵ང་ཆུབ༵་ཀྱི་སྤྱོད༵་པ༵་དང་མཚུངས་པར་ཆོས་ཉན་པ་དང་འཛིན་པ་སོགས་སྤྱོད༵་ཅིང༵་སྐུ་ལ་བལྟ༵་བར༵་སོགས་བགྱི༵ས་པ་ལ་སྨོན་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་དུས་རྒྱལ་བའི་ཞིང་གི་བཀོད་པ་དེ༵་ལྟར༵་མ༵་ལུས༵་ཤིང་ལུས་པ་མེད་པ་ཐམས༵་ཅད༵་ཀྱི་ཕྱོགས༵་སུ༵་ཡང༵༌། སྐྲ༵་རྩེ་གཅིག་ཙམ༵་གྱི་ཁྱོན༵་ལ༵་དུས༵་གསུམ༵་དུ་གཤེགས་ཤིང་འབྱོན་པའི་ཚད༵་དེ་སྙེད༵་ཀྱི༵་སངས༵་རྒྱས༵་གྲངས་མི་ཟད་པ་རྒྱ༵་མཚོ༵་ལྟ་བུ་དང༌། རང་རང་གི་ཞིང༵་ཁ༵མས་རྣམས༵་ཀྱང་རྒྱ༵་མཚོ༵་ལྟར་གྲངས་མེད་པ་དང༵༌། ཡུན་རིང་པོ་ལ་མི་སྐྱོ་བར་བསྐ༵ལ་པ༵་རྒྱ༵་མཚོ༵་ལྟ་བུར་དེའི་རྡུལ་གྱི་དཔེ་ལྟར་ཟད་མི་ཤེས་པའི་བར་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད༵་ཅིང༵་རབ༵་ཏུ༵་དེ་ལྟ་བུར་འཇུག༵་པར་སྨོན་པའོ། །སྔར་སངས་རྒྱས་སྲས་ཀྱིས་བསྐོར་བའི་ཞེས་པའི་སྐབས་བྱང་སེམས་སོ་སྐྱེས་མཆོག་གི་སྤྲུལ་སྐུའི་ཞིང་དང་སྐུའི་བཀོད་པ་ལ་བལྟ་བ། འདིར་བྱང་སེམས་འཕགས་པས་ལོངས་སྐུའི་ཞིང་དང་སྐུར་བལྟ་བ་ཡིན་པས་ཁྱད་པར་ཆེའོ། །

གཉིས་པ་སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི། སངས་རྒྱས་གཅིག་གིས་གསུང༵་གཅིག༵་བཀའ་བསྩལ་པ་ལའང་ཡན༵་ལག༵་རྒྱ༵་མཚོ༵འི་རྡུལ་ལྟར་སྒྲ༵་སྐ༵ད་སྣ་ཚོགས་སུ་འགྱུར་བའི་གནད་ཀྱི༵ས། དེ་ཉིད་རྒྱལ༵་བ༵་ཀུན༵་གྱི་གསུང་དབྱང༵ས་ཡན༵་ལག༵་དྲུག་ཅུ་སོགས་རྣམ༵་པར་དག༵་པ༵་ཁྱད་ཆོས་དང་ལྡན་པས། འགྲོ༵་བ༵་མ་ལུས་ཀུན༵་གྱི༵་བསམ༵་པ༵་ཇི༵་བཞིན༵་དེ་དང་མཐུན་པར་སངས་རྒྱས་ཀྱི་གསུང་དབྱ༵ངས་ཀྱིས་སྟོན་པར་འགྱུར་ལ། ཡོངས་གྲགས་བཤད་ཚོད་ལྟར་ན་ལོངས་སྐུས་སྒྲ་སྐད་སྣ་ཚོགས་ཀྱིས་ཆོས་མི་གསུང་བར་འཆད་ཀྱང་འདིར་ལོངས་སྐུའི་གསུངས་སུ་བཞག་པའི་བཞེད་པའང་ཡོད་པས་དེ་ལྟར་ན་བྱང་སེམས་འཕགས་པས་རང་སྟོབས་ཀྱིས་ཐོས་པ་དང༌། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ཐོས་པ་ཡོད་པས་ས་དགུ་པ་ཁོ་ན་ལ་སྦྱོར་མི་དགོས་སོ། །དེ་ལྟར་སངས༵་རྒྱས༵་ཐམས་ཅད་ཀྱི་གསུང༵་མཐའ་ཡས་པ་བདག་གིས་ཉན་ཅིང་དོན་དེ་མ་འཛོལ་བར་སེམས་ལ༵་དུས་རྟག༵་ཏུ༵་འཇུག༵་པར༵་བགྱི༵འོ། །

གསུམ་པ་ཆོས་འཁོར་བསྐོར་བ་ལ་འཇུག་པ་ནི། དུས་གསུམ༵་དུ་གཤེགས༵་ཤིང་འབྱོན་པའི༵་རྒྱལ༵་བ༵་ཐམས༵་ཅད༵་དག༵་གདུལ་བྱ་ལ་ཆོས་ཀྱི་འཁོར༵་ལོའི་་ཚུལ༵་རྣམས༵་རབ༵་ཏུ་བསྐོར༵་བ༵་ཡི༵་གསོལ་བ་བཏབ་པས་སངས་རྒྱས་དེ༵་དག༵་གི༵་ཡང༵་གསུང༵་ཆོས་ཀྱི་སྒྲ་དབྱངས༵་མི་ཟད༵་པར་སྣང་བ༵་རང་རང་སོ་སོར་བློ་མཐུའི་འཇུག་པ་ཡོད་ན་སྐྱེས་བུ་ཆུང་འབྲིང་གི་བློ་མ་ཡིན་པར་སྐྱེས་བུ་ཆེན་པོའི་བློས་བྱང་ཆུབ་སེམས་དཔའི་ལམ་དང་མཐར་ཐུག་སངས་རྒྱས་ཀྱི་སར་འཇུག་པའི་བློ༵་ཡི༵་མཐུ་ཐོབ་པའི་སྟོབས༵་ཀྱིས༵་བདག༵་ཀྱང༵་གསུང་དེ་ལ་རབ༵་ཏུ་འཇུག༵་པར་བགྱིའོ། །

བཞི་པ་བསྐལ་བའི་སྒོ་ནས་འཇུག་པ་ནི། མ༵་འོངས༵་པའི་བསྐལ༵་པ༵་ཇི་སྙེད་པ་ཐམ༵ས་ཅད༵་དུ་སངས་རྒྱས་ཀྱི་སྐུ་དང་གསུང་གི་ཕྲིན་ལས་རྒྱ་མཚོས་ཇི་སྙེད་ལ་འཇུག༵་པ༵་ཆགས་ཐོགས་མེད་པར་ཡ༵ང་སངས་རྒྱས་ཀྱིས་མཁྱེན་པ་དེ་བཞིན་ཏུ་ཡེ་ཤེས་སྐ༵ད་ཅིག་མ་གཅིག༵་གིས༵་བདག༵་ཀྱང༵་འཇུག༵་པར༵་བགྱི༵འོ། །དེས་མཚོན་ནས་གང༵་ཡང༵་བསྐལ༵་པ༵་འདས་མ་འོངས་ད་ལྟ་དུས༵་གསུ༵མ་གྱི་ཚད༵་ཇི་ཙམ་པ་དེ༵་དག༵་ཐམས་ཅད་དུས་སྐད༵་ཅིག༵་མ་གཅིག་གི་ཆ༵་ཤས༵་སུ་འཇུག་ནུས་པའི་སྟོབས་ཀྱིས༵་སྒྲིབ་པ་མེད་པར་དེ་ཐམས་ཅད་ཀྱི་ཡུལ་ལ་ནི༵་ཞུགས༵་པར༵་གྱུར་ནས་བྱང་ཆུབ་ཀྱི་སྤྱད༵་པ་སྤྱོད་པར་གྱུར་ཅིག །

ལྔ་པ་དེ་བཞིན་གཤེགས་པ་ལ་བལྟ་བས་འཇུག་པ་ནི། དུས༵་གསུམ༵་དུ་གཤེགས༵་བཞུགས་འབྱོན་པར་གྱུར་པ༵་མི༵་ཡི༵་སེང༵་གེ༵་སངས་རྒྱས་གང༵་ཡིན་པ་དེ༵་དག༵་ཐམས་ཅད་དུས་སྐད༵་ཅིག༵་གཅིག༵་ལ༵་བདག༵་གིས༵་ཡོངས་སུ་བལྟ༵་ཞིང་རྟག་ཏུ་དེ་ལ་འཇུག་པར་ཤོག་ཅིག་པའོ། །

དྲུག་པ་དེའི་སྤྱོད་ཡུལ་ལ་འཇུག་པ་ནི། དུས་རྟ༵ག་ཏུ༵་སངས་རྒྱས་དེ༵་དག༵་གི༵་མཛད་པ་ནི༵་བསམ་གྱིས་མི་ཁྱབ་པའི་སྤྱོད༵་ཡུལ༵་ཡིན་ལ༵་དེ་ཡང་ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་པ་དང་བྱིན་གྱིས་བརླབས་དང་སྒྱུ་མའི་རྣམ་པར་རོལ་པ་ལས་བྱུང་བའི་མཛད་པའི་སྒོ་བློ་ལས་འདས་པ་ལ་བདག་གིས་སྒྱུ༵་མར༵་གྱུར༵་པ༵འི་གནས་ལ་ངེས་ཤེས་རྙེད་དེ་སྒྱུ་མའི་རྣམ༵་པར་ཐར༵་པ་མངོན་དུ་གྱུར་པའི་སྟོབས༵་ཀྱིས༵་འཇུག༵་པར་བགྱིའོ། །

བདུན་པ་ཞིང་སྒྲུབ་པ་ལ་འཇུག་པ་ནི། མ་འོངས་པ་ན་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་ཞིང་ཇི་ལྟར་སྒྲུབ་ན། ཞིང་སྒྲུབ་པའི་དུས་ས་བརྒྱད་པ་ཡིན་ཏེ། ད་ལྟ་དེ་ལྟར་སྒྲུབ་འདོད་ལ་སྨོན་དགོས་པས། གང༵་ཡང༵་དུས༵་གསུམ༵་དག༵་གི༵་སངས་རྒྱས་ཀྱི་ཞིང༵་བཀོད༵་པ༵་དེ༵་དག༵་མོས་པ་དང་སྨོན་ལམ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ༵་ཕྲན་གཅི༵ག་གི་སྟེང༵་དུ༵་མངོན༵་པར༵་སྒྲུབ༵་ཅིང༌། དེ༵་ལྟར༵་གོང་སྨྲོས་ཀྱི་ཞིང་གཞན་གང་ན་ཡོད་པ་མ༵་ལུས༵་པའི་རྡུལ་རེ་རེ་བཞིན་གྱི་སྟེང་འོག་ཕྱོགས༵་བཅུའི་སངས་རྒྱས་ཀྱི་ཞིང་རྣམས༵་ཐམས༵་ཅད༵་གསལ་བཞིན་དུ༵། རྒྱལ༵་བ༵་དེ་དག༵་གི༵་ཞིང༵་ཁམས་རྣམས༵་ཀྱི་བཀོད༵་པ་ཡིད་དུ་འོང་བ་དང༌། རྒྱན་གྱི་ཁྱད་པར་རྣམ་པ་ཐམས་ཅད་པ་སྐད་ཅིག་གཅིག་གིས་གཞན་ལ་སྟོན་པའི་བྱ་བ་ལ༵་འཇུག༵་པར་གྱུར་ཅིག་པའོ། །

བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་ནི། གང༵་ཡང༵་ནི་སྤྱི་སྒྲ་སྟེ་སྔར་མ༵་བྱོ༵ན་པའི་སངས་རྒྱས་འཇིག༵་རྟེ༵ན་སྣང་བྱེད་ཀྱི་སྒྲོན༵་མ༵་ལྟ་བུར་གྱུར་པ་རྣམས༵། དེ༵་དག༵་རང་རང་གི་མཛད་པ་རིམ༵་པ་མ་འཆོལ་བར༵་འཚ༵ང་རྒྱ༵་ནས་ཆོས་ཀྱི་འཁོར༵་ལོ༵་བསྐོར༵་བ་དང༌། མཐར་མྱ༵་ང༵ན་འདས༵་པ༵་ཡི་ཚུལ་རབ༵་ཏུ༵་ཞི༵་བའི་མཐའ༵་སྟོ༵ན་པར་མཛད་པ་རྣམས་མྱ་ངན་ལས་མི་འདའ་བར་བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས་པ་དང་མགོ༵ན་པོ༵་དེ་དག་ཀུན༵་གྱི༵་དྲུང༵་དུ༵་བདག༵་དུས་གཅིག་ལ་མཆིའོ། ཞེས་སངས་རྒྱས་དེའི་ཕྲིན་ལས་བྱེད་པ་པོར་འགྱུར་བར་སྨོན་པའོ༵། །

སྤྱི་དོན་བཅུ་གཉིས་པ་སྟོབས་ཀྱི་སྒོ་ནས་སྨོན་པ་ནི། ཀུན༵་ཏུ༵་མྱུར༵་བའི༵་རྫུ༵་འཕྲུལ༵་ཞེས་ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས་སྐད་ཅིག་རེ་རེར་ཞིང་ཐ་དད་དུ་བགྲོད་ནུས་པའི་སྟོབ༵ས་རྣམས༵་དང༵༌། སེམས་ཅན་ཐམས་ཅད་ལ་ཀུན༵་ན༵ས་ཕན་པའི་སྒོ༵་ཡི༵་ཞེས་འཇུག་ཚུལ་སོ་སོར་ཐེག་པ་སོ་སོ་ལ་འཇུག་པ་ཐེག༵་པ༵འི་སྟོབ༵ས་རྣམས༵་དང༵༌། ཀུན༵་ཏུ༵་བཟང་པོའི་སྤྱོད་པ་ནི་ཁ་ཚོན་གཅོད་དུ་མེད་པ་མཐར་ཐུག་སངས་རྒྱས་པའི་ཡོན༵་ཏན༵་ཡིན་ཡང་ལམ་པའི་གང་ཟག་གིས་སྦྱིན་སོགས་མི་མཐུན་ཕྱོགས་སྤངས་པའི་སྒོ་ནས་སྤྱོད༵་པའི༵་སྟོབ༵ས་རྣམས༵་དང༵༌། ཀུན་བཟང་སྤྱོད་པ་འདི་ལ་སྨོན་འཇུག་གཉིས། ཡོན་ཏན་དུ་མ་དང་འགྲོགས་པའི་སྙོམས་འཇུག ༩ །ཟད་པར ༡༠ །ཟིལ་གནོན ༨ །མངོན་ཤེས་༦ །སོགས་གཞན་གྱིས་བཞེད། སེམས་ཅན་ཀུན༵་ལ་རབ་ཏུ༵་མཉམ་པ་ཕྱོགས་རིས་ཅན་མིན་པའི་ཐམས་ཅད་ལ་ཁྱབ༵་པ༵་ལྟ་བུའི་བྱམ༵ས་པ༵་སོགས་ཚད་མེད་བཞི་པོ་དག༵་གི༵་སྟོབས༵་དང༌། ཐོག་མཐའ་བར་གསུམ་ཀུན༵་ནས༵་དགེ༵་བའི༵་སྦྱིན་སོགས་དང་རང་དང་གཞན་གྱི་སྐྱེ་བ་ཚེ་རབས་ཐམས་ཅད་དུ་དགེ་བའི་ལས་གང་ཡོད་བསོད༵་ནམས༵་ཀྱི་སྟོབ༵ས་ཡིན་པས་དེ་རྣམས༵་དང༵༌། ཤེས་བྱའི་ཆོས་ཀུན་ཆགས༵་པ༵་དང་ཐོགས་པ་མེ༵ད་པར༵་གྱུར༵་པའི༵་ཡེ༵་ཤེས༵་མངོན་པར་མཁྱེན་པས་སྤང་བླང་དང་བདེ་སྡུག་མཁྱེན་ཀྱང་ཞེན་མེད་ཀྱིས་གཞན་དོན་བརྩོན་པའི་སྟོབས༵་དང༌། སྤྲོས་བྲལ་མངོན་སུམ་མཁྱེན་པའི་ཤེས༵་རབ༵་ཐབས༵་ལ་མཁས་པའི་བྱང་ཆུབ་སེམས་དཔས་བསྐལ་པའི་ཚོགས་སྐད་ཅིག་མར་རྫོགས་པ་དང༵༌། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཏིང༵་ངེ་འཛི༵ན་གྱིས་བསྒྲུབ་དགོས་པས་དེ་ལྟ་བུའི་སྟོབ༵ས་དག༵་གི༵ས་ཏེ། དེ་ལྟར་སྟོབས་དགུ་པོ་དེ་མཐར་ཐུག་གི་འབྲས་བུ་བྱང༵་ཆུ༵བ་མྱུར་བ་ཉིད་དུ་ཐོབ་པའི་སྟོབས༵་ཡེ་ཤེས་ཀྱི་ཁྱད་པར་རྣམས༵་ཡང༵་ད༵ག་པ་ཉིད་དུ་མངོན་དུ་བྱ་ཕྱིར་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལེགས་པར་སྒྲུབ༵་པར༵་བྱེད༵་པར་གྱུར་ཅིག་པའོ། །མི་མཐུན་པའི་ཕྱོགས་ཀྱིས་བརྫི་བར་མི་ནུས་པས་ན་སྟོབས་ཞེས་བྱའོ། །

སྤྱི་དོན་བཅུ་གསུམ་པ་སྒྲུབ་པའམ་གཉེན་པོའི་སྒོ་ནས་སྨོན་པ་ནི། ལས༵་ཀྱི༵་སྟོབ༵ས་རྣམས༵་ཞེས་དགེ་མི་དགེ་མི་གཡོ་བ་བཅས་པའི་རྒྱུས་འཁོར་བར་འཕེན་བྱེད་ཀྱི་ལས་ཡོང༵ས་སུ༵་དག༵་པར་བྱེད༵་ཅིང༵༌། ཕྲ་རྒྱས་བཅུ་སོགས་ཆགས་སྡང་ཉོན༵་མོངས༵་པའི་སྟོབས༵་རྣམས༵་ཀུན༵་ཏུ༵་ཕམ་སྟེ་འཇོམ༵ས་པར༵་བྱེད༵་པ་དང༌། ཉོན་བདུད་གོང་དུ་སོང་ནས། ཕུང་པོ། འཆི་བདག །ལྷའི་བུའི་བདུད༵་གསུམ་གྱི༵་སྟོབས༵་རྣམས༵་གོ་རིམ་བཞིན་བདག་མེད་པར་རྟོགས་པས་ཕུང་པོ་རང་བཞིན་མི་དམིགས་པ་དང༌། སེམས་ཉིད་སྐྱེ་འཇིག་མེད་པ་དང༌། ཡུལ་གྱི་མངོན་ཞེན་དག་པས་བཅོམ་སྟོབ༵ས་མེ༵ད་པར་རབ༵་ཏུ་བྱེད༵་ཅི༵ང༌། ཀུན་ཏུ་བཟ༵ང་པོ༵་ཉིད་ཀྱིས་སྤྱོད༵་པ༵འི་སྒོ་ནི་རང་ངོས་ནས་སྨོན་ལམ། གཞན་དོན་གདུལ་བྱའི་སེམས་ཅན་རྒྱུད་སྨིན་པ། ཞིང་མཐའ་ཡས་པ་སྦྱོང་བ་སོགས་ཀྱི་སྟོབ༵ས་རྣམས་ནི༵་རྫོ༵གས་པ༵ར་བྱེད་ཅེས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་པར་བ༵གྱི་བའོ། །

སྤྱི་དོན་བཅུ་བཞི་པ་ཕྲིན་ལས་ཀྱི་སྒོ་སྨོན་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བདེན་ཞེན་དག་ཕྱིར་ཞིང་སྦྱངས་པ། མཁའ་ཁྱབ་ཀྱི་ཞིང༵་རྣམ༵ས་རྒྱ༵་མཚོ༵་ཡི་རྡུལ་ལྟ་བུ་གྲངས་མེད་པ་ཀུན་ཏུ་རིན་པོ་ཆེའི་ས་གཞི་དང་ལྗོན་ཤིང་མེ་ཏོག་ཆུ་མཚོ་སོགས་རྣམ༵་པར༵་དག༵་པས་བཟང་པོར་བྱེད༵་ཅིང༵༌། བཅུད་ཀྱི་སེམས༵་ཅན༵་རྒྱ༵་མཚོ༵་ལྟ་བུ་དག༵་ནི༵་སྡུག་བསྔལ་དང་ཉོན་སྒྲིབ་སོགས་ལས་རྣ༵མ་པར༵་དགྲོ༵ལ་བར་བྱེད་པ་དང༌། ལུང་རྟོགས་ཀྱི་ཆོས༵་རྣམས༵་རྒྱ་མཚོ༵་ལྟ་བུ་རྣམས་ནི་ཤེས་རབ་ཀྱི་མིག་རྣམ་པར་དག་པས་རབ༵་ཏུ༵་མཐོ༵ང་བར་བྱེད༵་ཅིང༵༌། ཇི་ལྟ་བ་ཆོས་ཉིད་ཀྱི་གནས་ལུགས་རྟོགས་ཤིང་ཇི་སྙེད་ཤེས་བྱའི་ཆོས་ཀྱི་སྤུ་རིས་འབྱེད་པའི་ཡེ༵་ཤེ༵ས་རྒྱ༵་མཚོ༵་ལྟ་བུ་ཐམས་ཅད་ཡུད་ཙམ་གྱིས་རབ༵་ཏུ༵་རྟོག༵ས་པ༵ར་བྱེད༵་ལ། སེམས་ཅན་གྱི་ལས་དང་བྱ་བའི་གྲངས་ཅི་ཙམ་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད༵་པ༵་རྒྱ༵་མཚོ༵་རྣམས་ནི་ལེགས་པར་སྤྱོད་པས་སྐྱོན་རྣམས་རྣམ༵་པར༵་དག༵་པར་བྱེད༵་ཅིང༵༌། བདག་གཞན་གྱི་དོན་ལ་དམིགས་པའི་སྨོན༵་ལམ༵་རྒྱ༵་མཚོ༵་དཔེར་ན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་སྨོན་ལམ་བཏབ་ནས་མཐར་རྫོགས་པ་ལྟ་བུའི་སྨོན་པའི་འབྲས་བུ་མངོན་དུ་བྱས་དུས་ཡོང༵ས་སུ༵་རྫོ༵གས་པར༵་བྱེད༵་ཅིང༌། སངས༵་རྒྱས༵་གྲངས་མེད་རྒྱ༵་མཚོ༵་ལྟ་བུ་རྣམས་ལ་མཆོད་པ་རྣམས་ཀྱིས་རབ༵་ཏུ༵་མཆོ༵ད་པར་བྱེད༵་ཅིང༵༌། དེ་ལྟར་ཞིང་དག་པ་སོགས་ཀྱི་ལས་བདུན་པོ་དེའང་བསྐ༵ལ་པ༵་མཐའ་མེད་རྒྱ༵་མཚོ༵ར་ལྟ་བུ་ལའང་མི༵་སྐྱོ༵་བར་དགའ་བའི་བསམ་པས་སྤྱད༵་པར༵་བགྱི༵་ཞེས་སོ། །

སྤྱི་དོན་བཅོ་ལྔ་པ་རྗེས་སུ་སློབ་པའི་སྒོ་ནས་སྨོན་པ་ལ་གཉིས། དང་པོ་སངས་རྒྱས་ཀྱི་རྗེས་སུ་སློབ་པ་ནི། གང༵་ཡང༵་དུ༵ས་གསུམ༵་དུ་གཤེག༵ས་པའི༵་རྒྱལ༵་བ༵་ཇི་སྙེད་ཅིག་མཆིས་པ་དེ་ཡི༵། ཐོག་མར་བྱང༵་ཆུ༵བ་ཀྱི་སྤྱོད༵་པ༵འི་གནས་ལ་འཇུག་པ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་ཀྱི་བར་སྨོན༵་ལམ༵་གྱི་བྱེ༵་བྲག་བསམ་འདས་བཏབ་པ་རྣམ༵ས། བདག་གིས་ཀུན་ཏུ་བཟང༵་པོ༵་མཆོག་གི་སྤྱོད༵་པ་སྤྱད་པ༵ས་དེའི་མཐུས་བླ་མེད་བྱང༵་ཆུབ་མཆོག་ཏུ་སང༵ས་རྒྱ༵ས་པར་གྱུར་ན༵ས་སོ། །དེ་ལྟར་སྨོན་ལམ་འགྲུབ་པའི་དུས་ནི་མ་འོངས་པ་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སམ་དེ༵་ཀུ༵ན་བདག༵་གི༵ས་ད་ལྟ་ཉིད་ནས་མ༵་ལུས༵་པ་ཡོངས་སུ་རྫོགས༵་པ༵ར་འགྲུབ་པའི་སྨོན་པ་བགྱིའོ༵་ཞེས་སོ། །

གཉིས་པ་སེམས་དཔའ་མཆོག་གཉིས་ཀྱི་རྗེས་སུ་སློབ་པ་ལ་གཉིས། དང་པོ་ཀུན་བཟང་གི་རྗེས་སུ་སློབ་པ་ནི། རྒྱལ༵་བ༵་ཀུན་གྱི༷་སྲས༵་ཀྱི༵་ནང་ནས་མཆོག་ཏུ་གྱུར་པའི་ཐུ༵་བོ༵་པ༵། ན་ཚོད། བསླབ་པ། ཡོན་ཏན། ཡེ་ཤེས་བཞིས་རྒན་པ་ཞེས་ཤྲཱི༵ཿརྒྱལ་པོས་གསུངས། ༼མཆན།༽གང༵་གི༵་མིང༵་ན༵་བྱང་ཆུབ་སེམས་དཔའ་ཀུན༵་ཏུ༵་བཟང༵་པོ་ཞེས༵་བྱ༵་བར་གྲགས་ཤིང༌། ཆོས་ཁམས་རྒྱ་མཚོ་ལྟ་བུ་ཐུགས་སུ་ཆུད་པའི་མཁ༵ས་པ༵་དེ༵་དང༵་མཚུངས༵་པར༵་བྱང་ཆེན་གྱི་སྤྱོད་པ་སྤྱད༵་པའི་ཕྱིར༵། བདག་གིས་ཀྱང་དགེ༵་བ༵་འདི༵་དག༵་ཐམས༵་ཅད༵་རབ༵་ཏུ༵་བསྔོ༵་བར་བྱ་སྟེ། ཚུལ་ཇི་ལྟར་ན། ལུ༵ས་རྣམ་པར་དག་པ་གང་འདུལ་གྱི་གཟུགས་སྟོན་པ་ད༵ང༌། ངག༵་རྣམ་པར་དག་པ་སྒྲ་སྐད་སྣ་ཚོགས་སྟོན་པ་ད༵ང༌། ཡི༵ད་ཀྱང༵་རྣམ་པར་ད༵ག་པས་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་འཇུག་ཅི༵ང༌། སྤྱོད༵་པ༵་རྣམ༵་པར་དག༵་པ་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཀྱིས་བརྫི་བ་མེད་པ། ཞིང༵་རྣམ༵ས་ཡོ༵ངས་སུ་ད༵ག་པ་ད༵ང་ཞེས་དག་པ་སྔ་མ་བཞི་ལ་བརྟེན་ནས་སངས་རྒྱས་ཀྱི་ཞིང་གི་སྣོད་བཅུད་ཀྱི་འབྱོར་བ་རླབས་པོ་ཆེ་རྣམས་སྐད་ཅིག་རེ་རེ་ལ་ཡང་རྣམ་པར་དག་པར་བྱེད་ཅེས་ཤཱཀྱ་བཤེས་གཉེན་གྱིས་བཤད། དེ་ལྟར་དག་པ་ལྔ་པོ་དེ་ཐོབ་པའི་ཆེད་དུ་བསྔོ༵་བ༵་བཟ༵ང་པོ༵་ལ་མཁས༵་པ༵་ཀུན་ཏུ་བཟང་པོས་སྨོན་པ་ཅི༵་འདྲ༵་བ༵་དེ༵་འདྲ༵ར་བད༵ག་ཀྱ༵ང་བྱང་ཆུབ་སེམས་དཔའ་དེ༵་ད༵ང་མཚུངས་པར༵་ཤོ༵ག་ཅིག་ཅེས་པའོ། །

གཉིས་པ་འཇམ་དཔལ་གྱི་རྗེས་སུ་སློབ་པ་ནི། དུས་དང་སྒོ་ཀུན༵་ན༵ས་ཐབས་དང་ཤེས་རབ་ཟུང་འབྲེལ་གྱི་སྒོ་ནས་དགེ༵་བ༵་སྟེ་ཆོས་བཟ༵ང་པོ༵་གང་སྤྱོད་པ་སྤྱད༵་པར་བྱ་བའི༵་ཕྱིར༵་བྱང་ཆུབ་སེམས་དཔའ་འཇ༵མ་དཔ༵ལ་གྱི༵་ནི༵་སྨོ༵ན་ལ༵མ་ཇི་ལྟར་བཏབ་པ་བཞིན་དུ་བདག་གིས་ཀྱང་སྤྱད༵་པ༵ར་བགྱི༵་བར་སྨོན་ཏེ། སངས་རྒྱས་བྱང་སེམས་ཀྱིས་སྨོན་ལམ་དེ་དག་གི་དོན་ལ་མ༵་འོང༵ས་ཕྱི་མའི་བསྐལ༵་པ༵་གྲངས་མེད་ཀུན༵་ཏུ༵་ཐུགས་མི༵་སྐྱོ༵་བ༵ར་དགའ་བ་དང་བཅས་པས་འཇུག་པ་ལྟར། རང་གིས་ཀྱང་དེ་བཞིན་དེ༵་ཡི༵་བཤད་དོན་གྱི་བྱ༵་བ༵་མ༵་ལུས༵་པ་ཐམས་ཅད་རྫོ༵གས་པ༵ར་བགྱི༵་བར་སྨོན་པའོ། །

སྤྱི་དོན་བཅུ་དྲུག་པ་ཀུན་གྱི་མཇུག་སྡུད་པའི་སྒོ་ནས་བསྔོ་བ་ནི། གོང་བཤད་ལྟར་བྱང་ཆུབ་སེམས་དཔའི་སྤྱོད༵་པ༵་རྣམ་པར་དག༵་པ་ལ་ནི༵་མཐའ་འདི་ཞེས་ཚད་ཡོད་པ་མིན་པ་དེ་བཞིན་དུ་ཚ༵ད་བཟུང་དུ་ཡོ༵ད་པར་མ༵་གྱུར༵་ཅིག༵ །རྒྱུ༵་དེ་ལས་བྱུང་བའི་འབྲས་བུ་གཟུངས་སྤོབས་དང་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན༵་ཏན༵་རྣམ༵ས་ཀྱང༵་ཚད༵་འདི་ཙམ་ཞེས་བཟུང༵་དུ་མེ༵ད་པ༵ར་ཤོ༵ག་ཅིག །དེ་ལྟར་སྤྱོད༵་པ༵དང་ཡོན་ཏན་ཚད༵་མེད༵་པ༵་ལ༵་གན༵ས་པར་བྱས་ན༵ས་ཀྱ༵ང༌། སངས་རྒྱས་བྱང་སེམས་དེ༵་ད༵ག་གི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ༵་པ༵་གཞལ་དུ་མེད་པ་ཐམ༵ས་ཅད༵་འཚལ༵་བར༵་བགྱི༵་སྟེ་ཐོབ་པར་ཤོག་ཅེས་སྨོན་པའོ། །དེ་དག་གིས་སྨོན་ལམ་གྱི་རབ་དབྱེ་དངོས་བཤད་ཟིན་ཏོ། །

གཉིས་པ་སྨོན་ལམ་གྱི་མཐའ་བསྟན་པ་ནི། ཕྱི་འབྱུང་ཆེན་ལྟོས་ཀྱི་ནམ༵་མཁ༵འི་མཐ༵ར་ཐུག༵་པར་གྱུར༵་པ༵་གཞལ་དུ་མེད་པའི་ཁྱོན་ཇི༵་ཙམ༵་པ༵ར། དེ་ཐམས་ཅད་སེམ༵ས་ཅ༵ན་གྱིས་ཁྱབ་པས་འགྲོ་བ་མ༵་ལུས༵་པའི་མཐ༵འ་ལ་ཐུག་པ་མེད་པ་ཡང༵་དེ༵་བཞིན༵་ཏེ༵། སེམས་ཅན་ཇི༵་ཙམ༵་ཡོད་པ་དེ་ཙམ་དུ་ལས༵་དང༵་ཉོན༵་མོངས༵་པའི་མཐར༵་ལའང་ཐུག་པ་མེད་པར་གྱུར༵་པ༵་ལྟར། མི་མཐུན་པ་དེའི་གཉེན་པོ་བྱང་ཆུབ་སེམས་དཔའ་བད༵ག་གི༵་སྨོན༵་ལ༵མ་གྱི་མཐ༵འ་ཡ༵ང་ཚད་བཟུང་མེད་པ་དེ༵་ཙམ༵་མོ༵། །

གསུམ་པ་རྗེས་ཕན་ཡོན་བསྟན་པས་མཇུག་བསྡུ་བ་ལ་གཉིས་ཏེ། སྨོན་ལམ་གྱི་ཕན་ཡོན་དང༌། ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་དང་གཉིས་ཀྱི། དང་པོ་ལའང་བསྟན་བཤད་བསྡུ་གསུམ་ལས། དང་པོ་མདོར་བསྟན་པ་ནི། གང༵་ཡ༵ང་ཕྱོག༵ས་བཅུ༵འི་ཞིང༵་རྣ༵མས་རྒྱ་ཆེ་བ་མཐའ༵་ཡ༵ས་པ༵་རྣམས། མཆོད་པའི་ཁྱད་པར་རིན༵་ཆེན༵་སྣ་ཚོགས་པའི་རྒྱན་དུ་མས་བརྒྱ༵ན་ཏེ༵་ཞིང་གི་མཆོག་རྒྱལ༵་བ༵་རྣམས༵་ལ༵་ཕུལ་བ་དང༌། དེར་མ་ཟད་ལྷ༵་ད༵ང་མི༵་ཡི༵་ཡོ་བྱད་ཀྱི་དམ་པ་དབང་པོ་སོ་སོར་བདེ༵་བ༵་སྐྱེད་པའི་ཆ་རྐྱེན་མཆོ༵ག་ཏུ་གྱུར་པའི་གཟུགས་མཛེས། སྒྲ་སྙན། དྲི་ཞིམ། རོ་མངར་བ། རེག་བྱ་འཇམ་པ་སོགས་འདོད་ཡོན་མཐའ་ཡས་པ་རྣ༵མས་ཀྱིས་ཀྱ༵ང་གྲངས་མང་བ་ཕྱོགས་བཅུའི་ཞིང༵་གི༵་རྡུལ༵་སྙེད༵་དང་དུས་རིང་བསྐལ༵་པའི་བར༵་རྒྱུན་ཆད་མེད་པར་ཕུལ༵་བ༵་ལ་བསོད་ནམས་དཔག་ཏུ་མེད་ཀྱང་དེ་བས༵་སྐྱེ་བོ་དག་གིས། གང༵་གི༵་བསྔོ༵་བ༵འི་རྒྱལ༵་པོ་མཆོག་ཏུ་གྱུར་པ་འདི༵་ཐོ༵ས་ཤིང་དོན་གོ་ན༵ས་མཐར་ཐུག་བླ་ན་མེད་པའི་བྱང༵་ཆུབ་མཆོ༵ག་གི༵་རྒྱུ་དང་འབྲས་བུའི་ཚུལ་ལ་ངེས་ཤེས་ཐོབ་པའི་རྗེས༵་སུ༵་ཡི་རང་བས་ར༵བ་ཏུ་མོས༵་ཤིང༵༌། བསམ་སྤྱོད་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ལ་ལན༵་གཅི༵ག་ཙ༵མ་ཡ༵ང་དད༵་པ༵་རབ་ཏུ་བསྐྱེད༵་ཅིང་སྨོན་ལམ་བཏབ་པ༵་ན༵། སྔ་མའི་བསོ༵ད་ན༵མས་ལས་ཀྱང་ཆེར་ལྷག་པ་བསོད་ནམས་ད༵མ་པ༵འི་མཆོ༵ག་ཏུ༵་འདི༵་ཉིད་འགྱུར༵་ཏེ་རྣམས་མཁྱེན་གྱི་གོ་འཕང་མ་ཐོབ་བར་དེའི་དགེ་རྩ་ཟད་པར་མི་འགྱུར་རོ༵། །

གཉིས་པ་རྒྱས་བཤད་ནི། དད་པ་དང་ལྡན་པའི་སྐྱེས་བུ་ག༵ང་གི༵ས་དོན་ཡིད་ལ་བྱེད་པའི་སྒོ་ནས་བཟ༵ང་པོ་སྤྱོད༵་པའི་སྨོན༵་ལ༵མ་འདི༵་བརྩོན་པས་བཏ༵བ་པ༵་དེས༵་ནི་ཕན་ཡོན་བཅུ་གསུམ་རྣམས་ཐོབ་པས། ཕན་ཡོན་དང་པོ། གང་སྨོན་ལམ་འདིའི་ཚིག་དོན་ལ་བསམ་པའི་གང་ཟག་དེས༵་ནི༵་ལས་དབང་གིས་ང༵ན་སོང༵་དུ་འགྲོ་བའི་ལས་ཐམ༵ས་ཅ༵ད་སྤ༵ང་བར་འགྱུར༵རོ། །

གཉིས་པ། གང་ཟག་དེས༵་ནི༵་སྡིག་པའི་གྲོགས༵་པོ༵་ངན༵་པ་དང་མི་འཕྲད་པ༵་དང་འཕྲད་ཀྱང་མྱུར་དུ་སྤ༵ངས་པ༵ར་འགྱུར་བ་ཡིན༵་ནོ། །གསུམ་པ། དེ་ལྟར་ངན་སོང་དང་སྡིག་གྲོགས་སྤངས་པར་མ་ཟད་སངས་རྒྱས་སྣང༵་བ༵་མཐ༵འ་ཡ༵ས་ཀྱི་ཞལ་དེ༵་ཡ༵ང་དེ་ཚེ་འདིར༵་མྱུར་དུ་མཐོང༵་ཞིང་ཤི་མ་ཐག་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །བཞི་པ། སྨོན་ལམ་འདི་ལ་བརྩོན་པ་དེ༵་དག༵་ཐེག་ཆེན་གྱི་ལམ་དང་གནས་གྲོགས་ཡོ་བྱད་སོགས་འཕྲད་པའི་མཐུན་རྐྱེན་ཚང་བ་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པ་ལྟ་བུའི་རྙེད༵་པ༵་ཐམས་ཅད་ཀྱི་མཆོག་རབ༵་ཏུ་རྙེད༵་ཅིང༌། ལྔ་པ། བདག་ལ་ནད་གདོན་དང་རྐྱེན་ངན་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པའི་གྲོགས་སུ་གྱུར་པས་ལུས་སེམས་བ༵དེ་བར༵་འ༵ཚོ་བའི་རྒྱུར་འགྱུར་རོ། །

དྲུག་པ། མི༵་ཚེ༵་འདིར༵་ཡ༵ང་རྒྱལ་བ་སྲས་བཅས་ཀྱི་བྱིན་གྱིས་བརླབས་པས་གང་ཟག་དེ༵་དག༵་འདི་ཕྱིའི་དོན་ཐམས་ཅད་ལེགས༵་པར༵་འགྲུབ་པ་འོང༵་བ་ཡིན་ནོ། །བདུན་པ། དེར་མ་ཟད་བྱང་ཆུབ་སེམས་དཔའ་ཀུན༵་ཏུ༵་བཟང༵་པོ༵་དེ་ཡི་ཡོན་ཏན་དང་རྣམ་འཕྲུལ་སོགས་གང་ཅི་མཆིས་པ་དེ༵་ཡང༵་ཅི༵་འདྲ༵་བ༵ར་སྨོན་ལམ་འདེབས་སོ། །དེ༵་དག༵་དུས་རིང༵་པོར༵་མི༵་ཐོགས༵་པར་དེ༵་བཞི༷ན་ཏུ་འགྱུར༵་རོ། །བརྒྱད་པ། སྐྱེ་བ་སྔ་ཕྱིའི་བར་མཚམས་མེད་པར་དམྱལ་བར་སྐྱེ་བའི་རྒྱུ་མཚ༵མས་མེད༵་ལྔ༵་པོ༵་སྟེ་ཕ་མ་དགྲ་བཅོམ་གསུམ་བསད་པ། དགེ་འདུན་གྱི་དབྱེན། དེ་གཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག༵་གི༵་སྡིག༵་པ༵་རྣ༵མས་དང་དེ་དང་ཉེ་བ་ལྔ་སོགས་སྔར་སྐྱེ་བོ་གང༵་ཞིག་གིས༵་ཉེས་དམིགས་མི༵་ཤེས༵་པའི་དབ༵ང་གིས༵་བྱས༵་པ༵་དག༵་དང༌། ལུས་རྟེན་འདིར་བསགས་པ་བཅས་བྱེད་པ་པོ་དེ༵་ཡིས༵་ཕྱིན་ཆད་བཟ༵ང་པོ༵་སྤྱོད༵་པ༵་འདི༵་ཉིད་སྙིང་ནས་དད་པས་བརྗོད༵་ན༵་མྱུ༵ར་དུ༵་ལས་དེ་དག་མ༵་ལུ༵ས་ཡོངས་སུ༵་བྱ༵ང་བ༵ར་འགྱུ༵ར་བ་ཡིན་ནོ། །དགུ་པ། སྨོན་ལམ་འདེབས་པ་པོའི་གང་ཟག་དེས་མཐོང་ལམ་རྣམ་པར་མི་རྟོགས་པའི་ཡེ༵་ཤེས༵་ཀྱང་འདི་ཡིས་རྟོགས་འོང་ཟེར་བའི་དོན་ད༵ང་ནི༵་ལྡན་པར་འགྱུར་རོ། །

བཅུ་པ། དེའང་ལྟ་ན་སྡུག་པའི་གཟུག༵ས་ཕུན་སུམ་ཚོགས་པ་ད༵ང་མཚ༵ན་དང་དཔེ་བྱད་རྣམ༵ས་ད༵ང་རྒྱལ་རིགས་སོགས་རིག༵ས་རུས་བཙུན་པ་དང༵་ཝརྞ་ཞེས་པའི་སྒྲ་ཁ༵་དོ༵ག་ལ་འཇུག་པས་གཟུགས་བྱད་ཕུན་སུམ་ཚོགས་པའི་ཡོན་ཏན་བྱད་རྣ༵མས་ད༵ང་ལྡ༵ན་པ༵ར་འགྱུ༵ར་བ་ལ་སྨོན་པའོ། །བཅུ་གཅིག་པ། བདུ༵ད་ད༵ང་མུ༵་སྟེ༵གས་སོགས་རྒོལ་བ་མ༵ང་པོ༵ས་ཀྱང་སྨོན་ལམ་འདེབས་མཁན་དེ༵་མི༵་ཐུ༵བ་སྟེ་གླགས་མི་རྙེད་དོ། །བཅུ་གཉིས་པ། ས་འོག་ས་སྟེང་ས་བླར་སྤྱོད་པའི་འཇི༵ག་རྟེན༵་གསུ༵མ་པོ༵་ཀུ༵ན་ན༵འང༵་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་ཅིང་སྨོན་ལམ་འདེབས་པ་པོ་དེ་ལ་ལྷ་མི་ཀུན་གྱིས་གུས་པ་དང་མཆོ༵ད་པ༵ར་འགྱུ༵ར་རོ། །བཅུ་གསུམ་པ། སྨོན་ལམ་འདི་ཡི་དམ་བྱེད་པ་དེ་དག་ས་ལམ་གྱིས་བགྲོད་པ་མྱུར་དུ་མཐར་ཕྱིན་ཏེ་བྱ༵ང་ཆུ༵བ་ཀྱི་ཤིང༵་ཨ་ཤྭ་ཀ་དང་ཀླུ་ཤིང་སོགས་ཤིང་གི་དབ༵ང་པོ་དེའི་དྲུ༵ང་དུ༵་དེ༵་དག་མྱུ༵ར་དུ་འགྲོ༵་ཞིང༌། དེར་སོང༵་ན༵ས་སེ༵མས་ཅ༵ན་ཐམས་ཅད་ལ་ཕ༵ན་པ་བླ་ན་མེད་པ་བྱང་ཆུབ་ཀྱི་གོ་འཕང་ཐོབ་ཕྱིར༵་ཤིང་དྲུང་དེར༵་རྡོ་རྗེ་སྐྱིལ་ཀྲུང་གིས་འདུ༵ག་སྟེ༵་བླ་ན་མེད་པ་བྱ༵ང་ཆུ༵བ་དུ་མངོན་པར་རྫོགས་པར་སང༵ས་རྒྱ༵ས་ནས། ཐེག་གསུམ་ཆོས་ཀྱི་འཁོ༵ར་ལོ༵་ར༵བ་ཏུ༵་བསྐོ༵ར་བའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུ༵ད་ཀྱི་དཔུང་རྣ༵མས་ཞེས་སྡེ༵་དང༵་བཅ༵ས་པ༵་ཐམ༵ས་ཅ༵ད་བཏུ༵ལ་ནས་དོན་གཉིས་མཐར་ཕྱིན་པར་བྱེད་དོ། །

གསུམ་པ་དོན་བསྡུ་བ་ནི། ག༵ང་ཡ༵ང་བཟ༵ང་པོ༵་སྤྱོད༵་པ༵འི་སྨོ༵ན་ལ༵མ་འདི༵་ཡི་དོན་དང་ཚིག་རྣམས་གླེགས་བམ་དུ་བྲིས་པ་ལུས་ལ་འཆ༵ང་བ༵་ད༵ང་ནི༵་གཞན་ལ་སྟོན༷་ཏ༵མ་རང་གི་ཁ་དོག་དུ་ཀློག༵་ན༵་དང་གཞན་ལ་ཡ༵ང་ཀློག་ཏུ་བཅུག་པ་ཡི། དགེ་བ་དེ༵་ཡི༵་རྣ༵མ་པ༵ར་སྨིན༵་པ༵འ༵མ་བས༵མ་གྱིས་མི༵་ཁྱ༵བ་པ་སངས་རྒྱས་ཉིད་ཀྱིས་མཁྱེན་པ་ལས་ཉན་རང་འཕགས་པ་ལ་སོགས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་ལྟར་རྣམ་མཁྱེན་བྱ༵ང་ཆུ༵བ་སྒྲུབ་པའི་ལམ་མཆོག༵་འདི་ལ༵་སོ་སྐྱེ་རྣམས་ཀྱིས་ཐེ་ཚོམ་མམ་སོམ༵་ཉི༵་མ༵་བྱེད༵་ཅིག་ཅེས་པའོ། །

གཉིས་པ་ཕན་ཡོན་གྱི་སྨོན་ལམ་ཉིད་བསྔོ་བ་ལ་ལྔ་ལས་དང་པོ། འཕགས་པ་འཇ༵མ་དཔ༵ལ་ནི་ཤེས་བྱའི་ཆོས་ཀུན་ཇི༵་ལྟ༵ར་བཞིན་མངའ་བ་མཁྱེན༵་ཅི༵ང་གཞན་དོན་དུ་བྱང་ཆུབ་ཀྱི་སེམས་དཔ༵འ་བ༵་ཆེན་པོ་དེ་ད༵ང༌། བྱང་ཆུབ་སེམས་དཔའ་ཀུ༵ན་ཏུ༵་བཟ༵ང་པོ༵་དེ༵་ཡ༵ང་ཡོན་ཏན་དེ༵་ཁོ་ན་བཞི༵ན་ཏེ་དེ༵་ལྟར་སེམས་དཔའ་དེ༵་དག༵་ཀུ༵ན་གྱི༵་རྗེས༵་སུ༵་བད༵ག་ཀྱང་ཞུགས་ནས་དེ་དང་འདྲ་བར་སློབ༵་པར་འདོད་ཅི༵ང་འདུད་པ་འདི་ལྟར་བཟང་སྤྱོད་ཀྱི་སྨོན་ལམ་བཏབ་པ་ལས་བྱུང་བའི་དགེ༵་བ༵་ཅི་མཆིས་པ་འདི༵་ད༵ག་ཐམ༵ས་ཅ༵ད་འཁོར་གསུམ་ཡོངས་དག་ཆེན་པོས་ར༵བ་དུ༵་བསྔོ༵་བར་བགྱིའོ། །

གཉིས་པ་རྒྱལ་བའི་བསྔོ་བ་ལ་འཇུག་པ་ནི། དུ༵ས་གསུ༵མ་གྱི་བདེ་བར་གཤེག༵ས་པ༵་རྒྱ༵ལ་བ༵་སྲས་དང་བཅས་པ་ཐ༵མས་ཅ༵ད་ཀྱི༵ས་མགྲིན་གཅིག་ཏུ་བསྔོ༵་བ༵་ག༵ང་ལ༵་མཆོག༵་ཏུ༵་བསྔ༵གས་པ༵་ནི་སྟོང་ཉིད་སྙིང་རྗེ་དང་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་འཁོར་གསུམ་འཛིན་པ་བྲལ་བའི་བསྔོ་བ་དེས༵་ནི་མཆོག་དང་ལྡན་པར་དེ་ལྟར་བད༵ག་གི༵་དགེ༵་བ༵འི་རྩ༵་བ༵་འདི༵་དག་ཀུ༵ན་ཀྱ༵ང༌། ཀུན་ཏུ་བཟ༵ང་པོ༵་མཆོག་གི་སྤྱོད༵་པ་སྤྱད་པའི་སྒོ་ནས་ཐམས་ཅད་རྣམ་མཁྱེན་ཐོབ་ཕྱི༵ར་ར༵བ་ཏུ༵་བསྔོ༵་བ༵ར་བགྱི༵འོ། །

གསུམ་པ། སྨོན་ལམ་གྱི་འབྲས་བུ་མངོན་གྱུར་དུ་བསྔོ་བ་ནི། ནམ་ཞིག་བད༵ག་ནི༵་འཆི༵་བ༵འི་དུ༵ས་བྱེ༵ད་པར་གྱུ༵ར་པ༵་ན༵་ལས་ཉོན་གྱིས་སྒྲིབ༵་པ༵་ཐམ༵ས་ཅ༵ད་སྨོན་ལམ་འདིའི་མཐུས་དེ་ད༵ག་ནི༵་རྒྱང་རིང་དུ་དོར་བ་ལྟ་བུའི་ཕྱིར༵་བས༵ལ་ཏེ༵། དབང་པོས་མངོན༵་སུ༵མ་སངས་རྒྱས་སྣ༵ང་བ༵་མཐ༵འ་ཡ༵ས་གཙོ་འཁོར་དང་བཅས་པ་དེ༵་མཐོང༵་ན༵ས། སྐད་ཅིག་ལ་བདེ༵་བ༵་ཅ༵ན་གྱི༵་ཞིང༵་དེ༵ར་ར༵བ་ཏུ༵་འ༵གྲོ་ཞིང༌། དེ༵ར་སོང༵་ན༵ས་ནི༵་པདྨོ་མཆོག་ལས་བརྫུས་ཏེ་བྱང་ཆུབ་སེམས་དཔར་སྐྱེས་ཏེ་སྨོ༵ན་ལ༵མ་འདི༵་དག་བཏ༵བ་པའི་འབྲས་བུ་དེ་མངོན་སུམ་དེ་མངོན་དུ་གྱུར་ནས་ཀྱ༵ང་རང་གཞན་གྱི་དོན་ཐ༵མས་ཅ༵ད་མ༵་ལུ༵ས་པར་མངོ༵ན་སུམ་ཏུ༵་འགྱུ༵ར་བའམ་འགྲུབ་པ༵ར་ཤོག༵་ཅིག །དེ་ལྟར་མངོན་དུ་གྱུར་ནས་སྨོན་ལམ་དེ༵་ད༵ག་གི་དོན་མ༵་ལུ༵ས་པ་བད༵ག་གིས༵་ཡོང༵ས་སུ༵་བཀ༵ང་བ་སྟེ་རྫོགས་པར་བྱས་ནས་འཇི༵ག་རྟེ༵ན་ཏེ་འཁོར་བ་ཇི༵་སྲི༵ད་མ་སྟོང་གི་བར་དུ་སེམ༵ས་ཅ༵ན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕ༵ན་པ་སྒྲུབ་པ༵ར་བ༵གྱིའོ་ཞེས་པའོ། །

བཞི་པ། སངས་རྒྱས་ལས་དངོས་སུ་ལུང་བསྟན་ཐོབ་པར་བསྔོ་བ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱ༵ལ་བ༵འི་སངས་རྒྱས་འོད་དཔག་ཏུ་མེད་པའི་དཀྱིལ༵་འཁོར༵་ཞེས་གཙོ་འཁོར་གྱི་རྣམ་པར་བཞུགས་པའི་གནས་སྨོན་ལམ་གྱི་མཐུ་ལས་གྲུབ་པའི་བཟ༵ང་ཞི༵ང་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པས་ཉམས་དག༵འ་བ༵་དེར༵་རིན་ཆེན་སྣ་བདུན་གྱིས་པ༵དྨོ༵་ད༵མ་པ༵་ཤིན༵་ཏུ༵་མཛེས༵་པའི་ཟེའུ་འབྲུའི་ཁང་པ་ལ༵ས་བརྫུས་ཏེ་སྐྱེ༵་ནས་སྣ༵ང་བ༵་མཐ༵འ་ཡ༵ས་ཞེས་བདུད་ལས་རྒྱ༵ལ་བ༵ས་ན་སངས་རྒྱས་དེའི་ཞལ་མངོ༵ན་སུ༵མ་དུ༵་བསྟན་ནས། ཕྱག་གཡས་མགོར་བཞག་སྟེ་རིགས་ཀྱི་བུ་ཁྱོད་ཞིང་འདི་ལྟ་བུར་འཚང་རྒྱ་བར་འགྱུར་རོ་ཞེས་ལུ༵ང་བསྟ༵ན་པ༵་ཡ༵ང་བད༵ག་གིས༵་དེར༵་ཐོབ༵་པར་ཤོག༵་ཅིག་ཅེས་དང༌།

ལྔ་པ་ལུང་བསྟན་ཐོབ་ནས་སེམས་ཅན་ལ་ཕན་པར་སྒྲུབ་པར་བསྔོ་བ་ནི། བདེ་བ་ཅན་གྱི་ཞིང་དེར༵་ནི༵་བད༵ག་གི༵ས་ལུ༵ང་བསྟ༵ན་དེ་ལྟ་བུ་ར༵བ་ཏུ་ཐོབ༵་ན༵ས་སྤྲུ༵ལ་པ༵་མ༵ང་པོ༵་བྱེ༵་བ༵་ཕྲ༵ག་བརྒྱ༵་ལ་སོགས་པ་མཐའ་ཡས་པ་ཡི༵ས་གཞན་དོན་ལ་བློ༵་གཅིག་ཏུ་གཞོལ་ཞིང་ཐབས་དང་ཤེས་རབ་ཕ་རོལ་དུ་ཕྱིན་པ་ཡི༵་སྟོ༵བས་ཀྱིས༵་ཕྱོག༵ས་བཅུ༵་ཡི་འཇིག་རྟེན་གྱི་ཁམས་རྣ༵མས་སུ༵་ཡ༵ང་སེམ༵ས་ཅ༵ན་མཐའ་ཡས་པ་རྣ༵མས་ལ༵་ངན་སོང་སོགས་ཀྱི་སྡུག་བསྔལ་ལས་བསྐྱབས་ནས་བླ་ན་མེད་པའི་གོ་འཕང་ལ་འགོད་པའི་བར་གྱིས་ཕ༵ན་པ༵་མ༵ང་པོ༵་འཁོར་བ་མ་སྟོང་བར་བགྱི༵་བར་ཤོག་ཅིག །

རྒྱ་བོད་ཀྱི་དཔེ་འགར་འབྱུང་བའི་ཚིགས་བཅད་གསུམ་གྱི་དོན་ལ་ཡང་སྨོན་ལམ་བཏོན་པ། བསྔོས་པ། དགེ་རྩ་ཕྱིར་བསྔོ་བ་སྟེ་གསུམ། དང་པོ། བཟ༵ང་པོ༵་སྤྱོ༵ད་པ༵འི་སྨོན༵་ལ༵མ་འདི་རང་གིས་བཏོན༵་ཏམ་གཞན་ལ་འདོན་ཏུ་བཅུག་པ༵་ཡི༵། དགེ༵་བ༵་ཅུ༵ང་ཟ༵ད་བད༵ག་གི༵ས་ཅི༵་བས༵གས་པ༵་དེ༵་ནི༵་ཕྱོགས་བཅུའི་འགྲོ༵་བ༵འི་སེམས་ཅན་མ་ལུས་པའི་ཡིད་ལ་སྨོན༵་པའི་ལ༵མ་རྣམ་པར་དགེ༵་བ༵་དེ་རྣ༵མས་ཐམས་ཅད་ཡུན་རིང་པོར་མི་ཐོགས་པར་སྐ༵ད་ཅི༵ག་གཅི༵ག་གིས༵་འབད་རྩོལ་མི་དགོས་པར་ཐམ༵ས་ཅ༵ད་འབྱོར༵་ཞིང་འགྲུབ་པ༵ར་ཤོག༵་ཅིག་པའོ། །

གཉིས་པ། ག༵ང་ཡ༵ང་ཀུན་ཏུ་བཟ༵ང་པོ༵་སྤྱོ༵ད་པ༵་སྤྱད་པའི་སྨོན་ལམ་འདི༵་འདོན་པ་དང་སེམས་པའི་དགེ་རྩ་བླ་མེད་བྱང་ཆུབ་དུ་བསྔོས༵་པར་གྱུར་པ༵ས་དེ་ཡི་བསོད༵་ན༵མས་འཇིག་རྟེན་པའི་དགེ་རྩ་གཞན་ཏུ་གྱུར་པས་ན་ཕན་ཡོན་མཐ༵འ་ཡ༵ས་པ་ལྟ་བུའི་ད༵མ་པ༵་ག༵ང་ཐོ༵བ་པ་དེ༵ས། འགྲོ༵་བ༵་ཀུན་ལས་ཉོན་གྱིས་སྡུ༵ག་བསྔ༵ལ་ཆེན་པོ་འི་ཆུ༵་བོར༵་རབ་ཏུ་བྱི༵ང་བ༵་རྣ༵མས་ཏེ་ནུབ་པར་གྱུར་ནས་རྒུད་ཅིང་ཉམ་ཐག་པར་གྱུར་པ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་དེ་ལས་མྱུར་དུ་ཐར་ནས་མགོན་པོ་འོད༵་དཔ༵ག་མེད་པ༵འི་ཐུགས་རྗེ་དང་སྨོན་ལམ་ལས་གྲུབ་པའི་གན༵ས་ར༵བ་བདེ་བ་ཅན་གྱི་ཞིང་དེར་རབ་དུ་ཐོབ༵་པ༵ར་ཤོ༵ག་སྟེ་སྐྱེ་བར་གྱུར་ཅིག་པའོ། །

གསུམ་པ། ལོ་ཆེན་བཻ་རོ་ཙ་ནའི་འགྱུར་སྨོན་ནི། བཟང་པོ་སྤྱོད་པའི་སྨོ༵ན་ལ༵མ་གྱི་རྒྱ༵ལ་པོ༵་འདི༵་དག༵་ནི་མཆོག༵་གི༵་གཙོ༵་བོ་རྣམ་མཁྱེན་བླ་ན་མེད་ཀྱི་བྱང་ཆུབ་འགྲུབ་པ་དང༌། མཁའ་ལྟར་མཐ༵འ་ཡ༵ས་པའི་འགྲོ༵་བ༵་སེམས་ཅན་ཀུ༵ན་ལ༵་གནས་སྐབས་དང་མཐར་ཐུག་གི་ཕ༵ན་བདེ་སྟེར་བར་བྱེ༵ད་ཅིང༵་འཕགས་པ་ཀུ༵ན་ཏུ༵་བཟ༵ང་པོ༵ས་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྤྱོད་པ་མཆོག་གིས་ཚིག་ཟབ་རྒྱས་ཀྱིས་མཛེས་པར་བརྒྱ༵ན་པ༵འི་གཞུ༵ང་འདི་ལས་ཇི་སྐད་འབྱུང་བ་དེ་ཁོ་ན་བཞིན་གྲུ༵བ་པར་གྱུར་ཏེ༵། དགེ་དེས་ཕྱོགས་བཅུའི་ཞིང་ཀུན་གྱི་ང༵ན་སོ༵ང་གི་གན༵ས་རྣ༵མས་གང་ཡོད་པ་མ༵་ལུ༵ས་པ་སྟོ༵ང་པར་ཤོ༵ག་ཅིག་པའོ། །

གསུམ་པ་མཇུག་གི་དོན་ནི། འཕ༵གས་པ༵་བཟ༵ང་པོ༵་སྤྱོ༵ད་པ༵འི་སྨོ༵ན་ལ༵མ་གྱི༵་རྒྱ༵ལ་པོ༵་རྫོ༵གས་སོ༵། །ཞེས་པ་ལྟར་བཤད་པ་མཐར་ཕྱིན་པའི་དོན་ནོ། །

སྨྲས་པ། སྡོང་པོ་བཀོད་པའི་མདོ་སྡེ་ལས་བྱོན་པའི། །བཟང་པོ་སྤྱོད་པའི་སྨོན་ལམ་རྒྱལ་པོ་འདི། །ཟབ་རྒྱས་གནད་ཀུན་ཇི་བཞིན་རྟོགས་དཀའ་བས། །ཚིག་འགྲེལ་བྲི་བའི་སྤོབས་པ་བདག་ལ་མེད། །སྐྱེས་སྦྱངས་ཤེས་རབ་མཆོག་གི་མིག་ཟུམ་པ། །སྙན་ངག་སྡེབ་སྦྱོར་རིགས་ལམ་བརྩོན་པ་ཞན། །ཐོས་བསམ་བསྒོམ་པའི་ལམ་གྱི་ཡོན་ཏན་དམན། །དེས་ན་རང་སྐྱོན་མཐོང་བཞིན་སྡོད་ལེགས་ཀྱང༌། །ཡང་ཡང་སྔ་ཕྱི་དུ་མར་མཆེད་གྲོགས་འགས། །བཀའ་ནན་བསྩལ་པ་ལྡོག་པར་མ་ནུས་པས། །ཀུན་སློང་ངན་པའི་དུག་ཆུས་མ་རྙོགས་ཙམ། །མཁས་མཆོག་འཇིགས་མེད་ཆོས་ཀྱི་དབང་པོ་ཡི། །གསུང་རྒྱུན་གྲུབ་དབང་དམ་པའི་བཀའ་དྲིན་གྱིས། །ཆོས་སྐུའི་རིང་བསྲེལ་མིག་གི་བདུད་རྩིར་བཞུགས། །གཞན་ཡང་འགྲེལ་པ་དུ་མའི་གནད་བསྡུས་དང༌། །གསུང་བཤད་རྒྱས་བསྡུས་མང་ཐོས་གང་ཟིན་རྣམས། །ཚིག་གི་སྦྱོར་སྒྲོས་གལ་ཆེན་མ་བྱས་པར། །སྤར་མའི་འབྲུ་རྣམས་ཤར་དེད་གླེན་གཏམ་འདིས། །རང་འདྲའི་སྐལ་མཉམ་འགའ་ལ་ཕན་སྙམ་བྲིས། །ནོར་འཁྲུལ་གང་ཡོད་རྒྱལ་བ་སྲས་བཅས་ཀྱི། །སྤྱན་སྔར་འཆགས་སོ་འདི་ཕྱིའི་སྒྲིབ་མ་གྱུར། །དགེ་ཚོགས་མཁའ་ཁྱབ་མ་རྒན་འགྲོ་ལ་བསྔོ། །ཞེས་བཟང་སྤྱོད་འདི་ལ་འཕགས་བོད་ཀྱི་འགྲེལ་པ་མང་དུ་བཞུགས་བཞིན་བླུན་པོས་བསྟན་བཅོས་བརྩམ་པ་བསྟན་པའི་ཞབས་འདེགས་འོང་དཀའ་བ་སྙིང་ནས་ཤེས་རུང༌། སྔར་མཆོག་སྤྲུལ་དམ་པ་འགས་སྐྱབས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་རྒྱུན་རིག་འཛིན་སྣ་ཚོགས་རང་གྲོལ་གྱི་གསུངས་རྣམས་གོ་སླ་ཞིང་བྲི་རོགས་གསུངས་ཀྱང་བཏང་སྙོམས་སུ་ལུས། སླར་རིག་འཛིན་བླ་མའི་ཐུགས་ཟིན་སློབ་བུ་དམ་པ་གུ་རུ་ཛྙཱ་ནས་མུ་དྲས་ལྷ་རེག་བཅས་ཁོང་དང་རྗེའི་ཞལ་སློབ་སྡེ་སྣོད་འཛིན་པ་ཤཱ་ས་ནའི་མཚན་ཅན་གཉིས་ཀྱིས་ཟིན་བྲིས་བཅས་བསྩལ་ནས། རང་གཞན་གྱི་ཟིན་ཐོ་གང་ཡོད་ཕྱོགས་གཅིག་ཏུ་བཀོད་དགོས་ཞེས་ཕེབས་པ་སྐྱབས་རྗེ་བཀའ་དྲིན་ཅན་ཁོང་ལ་དཔལ་སྤྲུལ་རིན་པོ་ཆེའི་རྟོན་པ་བཞི་དང་འབྲེལ་བའི་སྒོ་ནས་ཟབ་མོའི་མནོག་ཆོས་སུ་བསྩལ་བ་ཡིན་ཞེས་གསུངས་པའི་ཞལ་རྒྱུན་དང་ཕྱག་བྲིས་ཟིན་ཐོ་གནང་བ་ལ་གཞི་བྱས་གཞུང་གི་ཚིག་འབྲུ་རྣམས་ནོན་པ་ཡང་བསྐྱར་ལྟ་བུའི་བརྗོད་པ་ལས་བསྡུ་བ་སོགས་བརྗོད་ཚིག་གཙང་བ་ཆེད་དུ་མ་གཉེར་བར་དེ་འཕྲལ་ས་སྟག་ལོ་དབོ་ཟླའི་ཚེས་བཅུ་གསུམ་ཉིན་ལ་མཚན་དང་མཆོད་བརྗོད་ཙམ་བྲིས། ཚེས་བཅོ་ལྔའི་ཉི་དྲོས་ལ་མཐར་ཆགས་སུ་གྲུབ་པར་བགྱིས་པ་འདིའང་བཀྲ་ཤིས་དགེ་འཕེལ་གླིང་ནས་ཐེག་ཆེན་མཆོག་གི་ལམ་ལ་མོས་སྤྱོད་པོ་རིག་འཛིན་འགྱུར་མེད་རྡོ་རྗེ་པས་བྲིས་པའོ།། །།

༄༅། །ན་མོ་གུ་རུ། བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །བཅོས་མའི་ཚུལ་སྤངས་དྲང་ཞིང་བདེན་པའི་གསུངས། །ཚུལ་འཆོས་མི་མངའ་ཚུལ་དང་མཐུན་པའི་སྐུ། །ཐུབ་པ་དྲང་སྲོང་ཆེན་པོ་ལ་ཕྱག་འཚལ། །ཐུབ་པ་དེ་སྲས་བདེན་པའི་དོན་གཟིགས་པའི། །བདེན་གསུངས་མངའ་བ་བདེན་ཚིག་གྲུབ་པའི་ཚོགས། །ཐེག་པ་གསུམ་གྱི་ཐར་པའི་ལམ་ཞུགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་པ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་པའི་ལམ་ལ་དང་པོ་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་འགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང་། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །བཅོས་མ་སྤང་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང་། །བཅོས་བསླད་བྲལ་བའི་མཉམ་གཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། །གསོན་པའི་ཚེ་ན་བསམ་པ་ངན་པ་མེད། །འཆི་བའི་ཚེ་ན་གནད་གཅོད་སྡུག་བསྔལ་མེད། །ཤི་ནས་འཁྲུལ་སྣང་འཇིགས་སྐྲག་མེད་པར་ཤོག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན། །ངེས་འབྱུང་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས། །ཇི་ལྟར་རིག་པ་ཇི་བཞིན་རྒྱུད་སྐྱེས་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཉི་མ་མཚན་དཔེའི་ཞལ་མཐོང་ཞིང་། །དམ་ཆོས་ཉི་མ་སྙིང་གི་བདུད་རྩིར་སྤྱོད། །དགེ་འདུན་ཉི་མ་ཐར་པའི་གྲོགས་གྱུར་ནས། །མཆོག་གསུམ་ཉི་མའི་འོད་དང་མི་འབྲལ་ཤོག །སྒྲུབ་པ་པོ་ཉི་མའི་ཐུགས་བཞེད་བཞིན་བཙུན་གཟུགས་དཔལ་དགེས་བྲིས་པའོ། །དགེའོ། །

༈ ཕྱི་སྣོད་པདྨ་འོད་ཀྱི་ཞིང་དུ་གྱུར། །ནང་བཅུད་འགྲོ་ཀུན་རིག་འཛིན་ཚོམ་བུར་སད། །བརྟན་གཡོ་མཐའ་དག་དག་པ་ཆེན་པོར་ཤར། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་མངོན་གྱུར་ཤོག །ཐེག་མཆོག་ངེས་དོན་ཟབ་མོའི་དགོངས་དོན་རྟོགས། །སྙིང་བརྩེ་བྱང་ཆེན་ཕར་ཕྱིན་སྤྱོད་ལ་དབང་། །བདུད་ཀྱིས་མི་ཐུབ་ནུས་སྟོབས་ཡོངས་སུ་རྫོགས། །མཚོ་སྐྱེས་རྒྱལ་བའི་ཕྲིན་ལས་བྱེད་པོར་ཤོག །

༈ ཕུན་ཚོགས་རྣམ་དཀར་ལེགས་བྱས་འོད་སྣང་འབར། །ཕན་བདེ་རིན་ཆེན་བྱེ་བའི་གཏེར་གྱིས་ཕྱུག །དྲི་མེད་རྒྱལ་བསྟན་པད་ཚལ་ཀུན་ནས་རྒྱས། །དུས་ཀུན་དགེ་ལེགས་སྣང་བས་ཤིས་གྱུར་ཅིག །

༈ བརྒྱུད་གསུམ་བླ་མས་བྱིན་རླབས་གྲུ་ཆར་འབེབས། །ཡི་དམ་རྒྱ་མཚོའི་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཚོགས་ཌཱ་ཀིའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །དགེ་ལེགས་སྣང་བས་ས་གསུམ་འགེངས་གྱུར་ཅིག །ཅེས་ཤྭ་ལོ་ཀ་བཞི་འདི་ཉིད་ཀུན་གཟིགས་མཁན་ཆེན་པདྨ་ཚེ་དབང་མཆོག་གི་ཞལ་གསུང་ངོ་། །

༈ རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་པས་སོ། །

༈ རྒྱ༵ལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱ༵ལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱ༵ལ་དབང་པདྨའི་རིང་ལུགས་སྔ་འགྱུར་བའི། །རྒྱ༵ལ་བསྟན་ཉིན་མོར་རྒྱས་པའི་བཀྲ་ཤིས་ཤོག །

༈ བསྟན༵་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན༵་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན༵་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན༵་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

མཇུག་གཏམ།

ཐེངས་འདིའི་དཔེ་ཚོགས་ཀྱི་པོད་བརྒྱད་པོ་ནི་སྔོན་ཆད་བསྒྲིགས་པའི་དེབ་གསུམ་གྱི་སྟེང་དུ་དོན་གཉེར་མཁན་རྣམས་ཀྱི་ཐུགས་རེ་དང་དགོས་མཁོ་དངོས་ལ་གཞིགས་ནས་གསབ་སྣོན་བགྱིས་པ་ཡིན་ལ། དེ་ཡང་ཆོས་དད་མི་དམངས་དཀྱུས་མའི་བླང་དོར་དང་ཉེར་མཁོ་ལ་དམིགས་ནས་ཞལ་འདོན་དང་ཉེར་མཁོའི་བསླབ་བྱའི་སྐོར་གྱི་དེབ་གཅིག ཐེག་ཆེན་ཐུན་མོང་གི་ལམ་ལ་སློབ་པའི་རིགས་ལ་དམིགས་ནས་བྱང་སེམས་བློ་སྦྱོང་སྐོར་གྱི་དེབ་གཉིས། གསང་བ་སྔགས་ཀྱི་ཉམས་ལེན་སྒྲུབ་འཕྲིན་ཕྱག་བཞེས་དོན་དུ་གཉེར་བའི་ཚོགས་ལ་དམིགས་ནས་སྒྲུབ་སྡེ་སྤྱི་ལ་ཉེར་མཁོའི་སྐོར་གྱི་དེབ་གཉིས་དང་། སྨིན་གླིང་རྡོར་སེམས་སྐོར་གྱི་དེབ་གཅིག ཐུན་མིན་ངེས་གསང་སྙིང་པོའི་དོན་གྱི་རང་ཞལ་འཚོལ་བའི་དམ་པ་དག་ལ་མཁོ་བའི་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་གྱི་དེབ་གཉིས་བཅས་བསྡུས་ཡོད།

དཔེ་ཚོགས་འདི་དག་དག་ཞུས་བྱེད་སྐབས་ཐོག་མར་མ་དཔེ་འཚོལ་སྡུད་དང་བསལ་འདེམས་བྱས་ཤིང་གཏན་ལ་ཕབ། བར་དུ་མི་རེས་དེབ་རེ་འགན་ཁུར་བའི་འཆར་འགོད་བཞག་ནས་མ་དཔེ་དང་ཞིབ་བསྡུར་ནན་ཏན་བྱས། ཐ་མར་ལས་མི་རྣམས་མཉམ་འཛོམས་ཀྱིས་དེབ་རེ་རེ་བཞིན་མ་དཔེ་དང་བསྡུར་ནས་དག་ཞུས་ཚར་གཅིག་བྱས་པ་དང་། དེ་ལས་ཆོས་ཚན་འགའ་རེ་ནི་མ་དཔེ་མི་འདྲ་བ་གཉིས་ནས་གསུམ་བར་ཡང་ཡང་བསྡུར་བ་ཡོད་ལ། མཐར་ཡང་དེབ་དག་རེ་རེ་བཞིན་ཚེག་ཤད་ཀྱི་ནོར་བ་དང་དཀར་ཆག་གི་གོ་རིམ་སོགས་ལ་ཆེད་དམིགས་ཀྱིས་བསྡུར་ཞུས་བྱས་པ་ཡིན་ལ། ཞུ་བསྡུར་བྱེད་སྐབས་ཀྱི་ཐོག་མཐའ་ཀུན་ཏུ་མ་དཔེ་རྙིང་བ་ཚད་ལྡན་ཡོད་པའི་ཆོས་ཚན་དག་ནི་བརྡ་སྤྲོད་ཀྱི་སྦྱོར་སྟངས་ཚུན་ཆད་མ་དཔེ་དང་བསྟུན་གང་ཐུབ་བྱས་ཡོད་པ་དང་། དོན་མ་གོ་བ་དང་ཡི་གེ་མི་གསལ་བ། ཐེ་ཚོམ་ཆེ་བ་རྣམས་ལ་བགྲོ་གླེང་དང་དཔྱད་བསྡུར་བློ་འདྲི་སོགས་ཀྱི་ལམ་ནས་ཐག་གཅོད་གང་ཐུབ་བགྱིས་ཡོད། མདོར་ན་ང་ཚོས་གང་ནུས་གང་ཐུབ་ཀྱིས་ཞུ་དག་གཟབ་གཟབ་བྱས་ཁུལ་ཡིན་མོད། ངེད་ཅག་ལ་ཡོན་ཚད་དང་ཉམས་མྱོང་དམའ་ཞིང་ཁོམ་ལོང་ཉུང་བ་དང་། ཡིག་ཚོགས་འབོར་ཆེ་བ་དང་། མ་དཔེ་ཚད་ལྡན་ལོན་དཀའ་བ༼ཆོས་ཚན་ལ་ལར་མ་དཔེ་ཡིད་རྟོན་ཕེར་བ་གཏན་ནས་ལོན་མ་ཐུབ༽ སོགས་ཀྱིས་ད་དུང་ནོར་བ་དང་འཕྱུག་པ་གང་མང་ཡོད་ངེས་ཡིན་པས། དོན་གཉེར་ཅན་གྱི་ཐོས་བསམ་སྒོམ་སྒྲུབ་གནང་བའི་སྐྱེས་བུ་རྣམས་དང་། མཁྱེན་སྤྱན་ལྡན་པ་དག་ལ་བཟོད་གསོལ་ཞུ་བ་དང་ལྷན་དུ། སླད་མར་ཡང་ལམ་སྟོན་དང་ནོར་བཅོས་གང་མང་གི་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་ཞུ།

སྤྱི་ལོ་༢༠༡༩ ཟླ ༦ ཚེས ༡༥ལ།

བྱང་སེམས་བློ་སྦྱོང་གི་རིམ་པ་གཞན་ཕན་ཟླ་བའི་འོད་ཟེར།

སྤྱིའི་འགན་འཛིན་དང་འཆར་འགོད་པ། འཇིགས་མེད་རྡོ་རྗེ།

རྩོམ་སྒྲིག་འགན་ཁུར་པ། དགེ་ལེགས་ནོར་བུ།

མ་དཔེ་འཚོལ་སྡུད་པ། ནམ་མཁའ་སྐྱབས། འཇིག་མེད་ཕུར་བ།

ལག་བསྟར་རྩོམ་སྒྲིག་པ། ཐུབ་བསྟན་བཤད་སྒྲུབ།

དཔེ་བསྡུར་ཞུ་དག་པ། ནམ་མཁའ་སྐྱབས། ཕུར་རྣམ། དཀོན་མཆོག་བཀྲ་ཤིས།

རྩིས་འཕྲུལ་ལག་བསྟར་པ། ཀུན་བཟང་སྒྲོལ་མ།

Pecha page