ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།
ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གོ་དོན་ཕྱོགས་མཚོན་ཉུང་གསལ་གོ་བདེར་བརྗོད་པ། རྒྱལ་ཚབ་པདྨ་རྣམ་རྒྱལ།
༄༅། །ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གོ་དོན་ཕྱོགས་མཚོན་ཉུང་གསལ་གོ་བདེར་བརྗོད་པ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། དངོས་གཅིག་དངོས་པོ་ཀུན་ཀྱི་དེ་བཞིན་ཉིད། །འོད་གསལ་སེམས་ཀྱི་རང་བཞིན་འདུས་མ་བྱས། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཁན། །དེ་ལ་ཕྱག་བྱས་དེ་གྲུབ་སྒོ་ཙམ་བརྗོད། །དེའང་ཐེག་པ་ཆེན་པོའི་རིགས་ཅན་སྐལ་བ་མཆོག་དང་ལྡན་པ་དག །ཐེག་པ་ཐུན་མོང་བའི་ལམ་གྱིས་ངེས་པར་འབྱུང་བ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་ལེགས་པར་འབྱོངས་ཤིང་། དབང་བཞིས་རྒྱུད་སྨིན་ཅིང་དམ་ཚིག་དང་ལྡན་པས་ལམ་རིམ་པ་གཉིས་ལ་སློབ་པར་འདོད་པས། སྤྱིར་བསྐྱེད་པའི་རིམ་པ་ལ། ཆོ་གའི་ཁྱད་པར་རྒྱུད་ནས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་སྟེ་ཁྱད་ཆོས་བཞི་ལྡན་དང་། རྫོགས་རིམ་ལའང་། རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་པ། རྣམ་པའི་ཁྱད་པར་ལྷན་སྐྱེས་ཀྱི་བདེ་བ་སྟོང་གཟུགས་དང་ངོ་བོ་གཅིག་ཏུ་གྱུར་པའི་བདེ་སྟོང་ཟུང་དུ་འཇུག་པ་སྟེ་ཁྱད་ཆོས་གསུམ་དང་ལྡན་པ་སོགས་གསར་རྙིང་གི་སྔགས་བླ་མེད་ཀྱི་རྒྱུད་སྡེ་རབ་འབྱམས་དང་། གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་མན་ངག་ལས་ཇི་ལྟར་འབྱུང་བ་བཞིན་དུ་ངེས་རྫོགས་ཀྱི་ལམ་མཚན་ཉིད་པ་དགོས་ནའང་། དེ་ཙམ་མི་ཤེས་ཤིང་ལག་ཏུ་མི་ལོན་པའི་གང་ཟག་ལས་དང་པོ་པས་མོས་བསྒོམ་རྗེས་མཐུན་ཙམ་བྱེད་པ་ལ། ཐུན་མོང་དང་ཁྱད་པར་གྱི་ཆོ་གའི་ཡན་ལག་སྔོན་འགྲོའི་རིགས་རྣམས་སོང་ནས། དངོས་གཞི་བསྐྱེད་རིམ་གྱི་སྐབས། སྦྱང་བྱ་འཆི་བར་སྐྱེ་གསུམ་གྱི་བག་ཆགས་དག་པ་དང་། སྦྱངས་འབྲས་སྐུ་གསུམ་གྱི་ཡོན་ཏན་གཞི་ལ་རྫོགས་པར་བྱེད་ཅིང་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཚུལ་སོགས་ལ་གོ་མྱོང་ཅི་རིགས་དང་ལྡན་པའི་ངང་། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་པ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་སོགས་ཁྲིད་གཞུང་ལས་བསྟན་པ་ལྟར་ལ། དེ་དག་ཀྱང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རིག་རྩལ་མ་འགགས་ལྷ་སྐུ་ཕྱག་རྒྱའི་རྣམ་པར་ཤར་བས། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་གཙོ་འཁོར་ཞལ་ཕྱག་རྒྱན་ཆ་ལུགས་བཞུགས་ཚུལ་སོགས་རང་གི་བློ་ཡུལ་དུ་གསལ་ཅི་ནུས་སུ་བསྒོམ་ཞིང་། དེའང་ལས་དང་པོ་པས་ཐོག་མ་ནས་གཞུང་ནས་བཤད་ཚོད་ལྟ་བུའི་གསལ་སྣང་འབྱུང་མི་ནུས་ཀྱང་། དེས་སྐྱོ་སུན་དང་རེ་དོགས་ཀྱི་བློ་མང་མི་བསྐྱེད་པར་རིམ་གྱིས་ངང་བསྲིང་སྟེ་ཡུན་ཐུང་གྲངས་མང་བའི་ཚུལ་གྱིས་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་བྱིང་རྒོད་ཀྱི་སྐྱོན་བསལ་ནས་བགས་ཀྱིས་འདྲིས་པར་བྱ་ཞིང་། ཅུང་ཟད་གོམས་ན་སྐྱོན་སེལ་བོགས་འདོན་སོགས་བསྐྱེད་རིམ་ལྷ་ཁྲིད་གྱི་གཞུང་སྤྱི་ནས་གསུངས་པ་ལྟར་རང་གི་རྒྱུད་ཚོད་དང་སྦྱར། གང་ལྟར་ཡང་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་འཛིན་མེད་པ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་དབྱེར་མི་ཕྱེད་པའི་བདག་ཉིད། ཟུང་འཇུག་ཆུ་ཟླའམ་འཇའ་ཚོན་ལྟ་བུར་མ་འདྲེས་ཡོངས་རྫོགས་སུ་སེམས་རྩེ་གཅིག་ཏུ་བསྒོམ་པ་ནི་རྣམ་པ་གསལ་བ་དང་། རྟེན་བརྟེན་པ་གཙོ་འཁོར་ཞལ་ཕྱག་རྒྱན་ཆས་སོགས་དེ་ཐམས་ཅད་ཀྱང་ཐ་མལ་རང་མཚན་པ་མ་ཡིན་པར་སངས་རྒྱས་ཆོས་སྐུའི་ཡོན་ཏན་རྣམས་རྟགས་ཀྱི་ཕྱག་རྒྱར་ཤར་བ་སྟེ། དེ་ཡང་གདོད་མའི་རིག་པ་བདེ་གཤེགས་སྙིང་པོ་ཟབ་གསལ་དབྱེར་མེད་འདུས་མ་བྱས་ཆེན་ལ་ཟག་མེད་འབྲས་ཆོས་ཉེར་ལྔ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ཡེ་ནས་འདུ་འབྲལ་སྤངས་པ་ཉིད་རྟགས་ཀྱི་ཕྱག་རྒྱ་དེ་དང་དེར་ཤར་བར་ཤེས་པ་ནི་རྣམ་དག་དྲན་པ་དང་། དེའང་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་ལྟ་བུ་མ་ཡིན་པར་གདོད་མའི་གཤིས་ལུགས་ཀ་དག་སྤྲོས་བྲལ་ཆེན་པོ་འཆིང་གྲོལ་ལས་འདས་པ་ཉིད་རང་བྱུང་གདོད་མའི་མགོན་པོ་ཁྱབ་བདག་བདེ་བ་ཆེན་པོར་ཡེ་ནས་གནས་པ་ལ་དེ་ལྟར་ཡིན་པའི་ངེས་ཤེས་ཟབ་མོ་ཐ་མལ་གྱི་རྐྱེན་གྱིས་མི་འཕྲོག་པར་རྡོ་རྗེ་ལྟར་བརྟན་པ་ནི་ང་རྒྱལ་བརྟན་པ་སྟེ། དེ་གསུམ་དང་ལྡན་ན་ཡང་དག་པའི་ལམ་དུ་འགྱུར་བ་ཡིན་གྱི། དེ་ལས་གཞན་དུ་ཁ་མིག་རྣ་བ་ཅན་རང་མཚན་པར་བསྒོམ་པ་དང་། དག་པའི་སངས་རྒྱས་དབྱིངས་ན་བཞུགས་པའི་ཡེ་ཤེས་གྱི་རྣམ་པར་རང་རྒྱུད་ལ་གསར་དུ་རྒྱས་འདེབས་པ་ཙམ་དང་། མ་ཡིན་པ་ལ་ཡིན་ནོ་སྙམ་པའི་དོན་མི་འགྱུར་གྱི་ང་རྒྱལ་གྱི་རྣམ་པ་ཙམ་གྱིས་ནི་སྔགས་བླ་མེད་ཀྱི་སྐབས་འདིར་ཇི་བཞིན་པར་མི་འགྱུར་རོ། །
དེས་ན་དོན་དམ་བྱང་ཆུབ་སེམས་ཀྱི་རང་རྩལ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་གདན་གསུམ་ཚང་བ་ལྷ་ཡི་འཁོར་ལོར་ཡེ་ནས་གནས་པ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་གནས་ཚུལ་ཡང་དག་དང་མཐུན་པར་བསྒོམ་པ་ནི་དམ་ཚིག་སེམས་དཔའ་དང་། དབྱིངས་ཡེ་དབྱེར་མེད་ཟག་མེད་འབྲས་ཆོས་ལྔ་དང་ཡེ་ནས་འདུ་འབྲལ་སྤང་པ་ལྷག་པ་དོན་དམ་གྱི་བདེན་པ་ཉིད་ཡེ་ཤེས་སྙིང་པོའི་སྲོག་ཏུ་བཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེ་ལྟ་བུའི་ལྷག་པའི་བདེན་པ་གཉིས་པོ་ཡང་སོ་སོ་མ་ཡིན་ཐ་མི་དད་པའི་རང་བཞིན་ཏིང་ངེ་འཛིན་གྱི་ངོ་བོར་སྣང་བ་ནི་ཏིང་འཛིན་སེམས་དཔའ་སྟེ། དེ་གསུམ་ཀའང་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་དབྱེར་མེད་རོ་མཉམ་དུ་རྟོགས་པའི་བློ་ཆེན་རྣམས་ལ་ནི་དབང་བསྐུར་རྒྱས་གདབ་སྤྱན་འདྲེན་སོགས་ཀྱི་སྤྲོས་པ་ཆེར་མ་བྱས་ཀྱང་ཆོག་ལ། དེ་ལྟ་བུའི་བློ་རིག་དང་མི་ལྡན་པར་ལྷ་བདག་ཐ་དད་དུ་འཛིན་པ་རྣམས་ཀྱི་ཞེན་རྟོག་སྦྱང་བའི་སླད་དུ་ནི། དམ་ཚིག་པ་རང་ལྷར་གསལ་བ་ལ། ཡེ་ཤེས་པ་དབྱིངས་ནས་སྤྱན་དྲངས་ཏེ་དབང་བསྐུར་རྒྱས་གདབ་དབྱེར་མེད་དུ་བསྟིམས་པ་དང་། མཆོད་བསྟོད་སོགས་བྱས་ནས་ཏིང་འཛིན་དམིགས་པའི་འཕྲོ་འདུ་དང་བཅས་ཏེ་བཟླས་པ་ལ་འཇུག་པ་སོགས་ཏེ། དེ་ཡང་བླ་མེད་ཐུན་མིན་གྱི་སྐབས་འདིར་མཆོད་པ་སོགས་ཀྱི་ལས་རིམ་ཡང་ཐེག་པ་འོག་མ་རྣམས་ལས་ཁྱད་པར་དུ་གྱུར་པ་སྟེ། དཔེར་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་པོ་ཡང་དབང་བཞིའི་ལམ་ཁྱེར་དང་རྗེས་སུ་འབྲེལ་བ་སྟེ། ཕྱི་ཉེར་སྤྱོད་འདོད་ཡོན་གྱི་མཆོད་པ་རྣམས་ཀྱང་བུམ་དབང་གི་ལམ་ཁྱེར་བསྐྱེད་རིམ་དང་རྗེས་སུ་འབྲེལ་བར་ཕྱི་རོལ་གྱི་ཡུལ་སྣང་གཟུགས་སྒྲ་ལ་སོགས་པ་ཀུན་ཀྱང་སྣང་སྟོང་སྒྱུ་མ་ལྟ་བུ་གཟུགས་རྡོ་རྗེ་མ་སོགས་མཆོད་པའི་ལྷ་མོའི་རྣམ་པར་ཤར་བ་ལ་ཞེན་མེད་སྒྱུ་མའི་རོལ་པས་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ལོངས་སྤྱོད་པས་ཚོགས་གཉིས་མིག་འཕྲུལ་བཞིན་དུ་རྫོགས་པར་བྱེད་པ་དང་། ནང་སྨན་རག་གཏོར་གསུམ་སོགས་དམ་ཚིག་གི་རྫས་ཀྱི་མཆོད་པའང་གཙང་དམེ་བླང་དོར་མེད་པར་ལོངས་སུ་སྤྱོད་པའི་བརྟུལ་ཞུགས་ཀྱིས་རྩ་རླུང་ཐིག་ལེ་དྭངས་མའི་ཁམས་རྣམས་རྒྱས་པར་བྱེད་པས་གསང་དབང་གི་ལམ་གྱི་གྲོགས་སུ་འགྱུར་བ་དང་། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས་ཡབ་ཡུམ་སྙོམས་པར་འཇུག་པ་གསུམ་པའི་དབང་གི་ལམ་ཁྱེར་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་ཀྱི་ཡེ་ཤེས་ཀྱིས་མཚན་རྟོག་དབྱིངས་སུ་གསོད་པར་བྱེད་པ་དང་། ཡང་གསང་དེ་ཁོ་ན་ཉིད་མཆོད་བྱ་མཆོད་བྱེད་ལས་འདས་པ་གདོད་མའི་གཤིས་ལུགས་སྤྲོས་བྲལ་དེ་ཁོ་ན་ཉིད་དབང་བཞི་པའི་ཡེ་ཤེས་དོན་དམ་འོད་གསལ་གྱི་ངོ་བོར་མཉམ་པར་འཇོག་པ་སྟེ། ལམ་གཞན་ལས་བདེ་ཞིང་མྱུར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ཐམས་ཅད་ཀྱང་རང་ལས་སྤྲུལ་ཞིང་རང་ལ་མཆོད་པ་འཕྲུལ་དགའི་ཚུལ་ཏེ་ཐ་དད་ཞེན་འཛིན་དང་བྲལ་བར་གཉིས་མེད་མཉམ་པའི་ངང་དུ་ལོངས་སྤྱད་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྩལ་སྦྱང་བའི་གནད་དོ། །
སྲོག་སྡོམ་གྱི་གཟེར་བཞིར་གསུངས་པ་ནི། ཏིང་འཛིན་ལྷ་ཡི་གཟེར་ནི་གོང་དུ་སྨོས་པ་ལྟར་གསལ་དག་བརྟན་གསུམ་ཚང་བའི་ལྷ་སྐུའི་རྣལ་འབྱོར་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་བསྒོམ་པ་སྟེ་སྔགས་ཀྱི་ཞི་གནས་སྒྲུབ་པའི་སྒོ་བླ་ན་མེད་པའོ། །
སྙིང་པོ་སྔགས་ཀྱི་གཟེར་ནི། རང་དམ་ཚིག་སེམས་དཔའ་ལྷར་གསལ་བའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་ཆ་ལུགས་སྤངས་པ་གསང་བ་སྒྱུ་འཕྲུལ་པའི་ལུགས་ཡོངས་གྲགས་དང་། ཁ་ཅིག་ཏུ་རྒྱན་ཕྱག་མཚན་བསྒོམ་པར་ཡང་གསུངས་པ་ཡོད་དེ། གང་ལྟར་ཡང་དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བཏབ་སྟེ། དམིགས་པ་མ་ཡེངས་པར་སེམས་རྩེ་གཅིག་པས་ཡིད་བཟླས་རླུང་བཟླས་ངག་བཟླས་སོགས་མི་ཚིག་གིས་བར་མ་ཆོད་ཅིང་སྒྲ་ཆེ་ཆུང་མྱུར་བུལ་སོགས་ཀྱི་སྐྱོན་དང་བྲལ་བར་ཆུ་བོའི་གཞུང་བཞིན་དུ་བཟླ་བ་སྟེ་ཡེ་ཤེས་ལྷའི་ཐུགས་སྲོག་གནད་ནས་བསྐུལ་བའི་སྒོ་ཡིན་ལ། སྔགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པར་འཆར་བས་ལས་དང་དངོས་གྲུབ་ཐོགས་མེད་དུ་གྲུབ་པའི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ཡིད་ཆེས་བསྐྱེད་པ་གལ་ཆེའོ། །
འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ནི། སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་ཤེས་པའི་ངང་ནས་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུ་སོགས་ཀྱི་དམིགས་པས་རང་གཞན་གྱི་དོན་གཉིས་ཇི་ལྟར་འདོད་པ་བཞིན་དུ་སྒྲུབ་པའི་དམིགས་པ་ཁ་བསྒྱུར་ཏེ། བྱེ་བྲག་ཞི་རྒྱས་སོགས་ཀྱི་ལས་རབ་འབྱམས་སྒྲུབ་པ་ལ། དོན་གྱི་སེམས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་གཏོང་བའི་སེམས་ཞི་བ་དང་སྤྲོ་བ་སོགས་ལས་གང་དང་གང་སྒྲུབ་འདོད་ཀྱི་བསམ་པས། ཐུགས་སྲོག་སྔགས་ཕྲེང་དང་འོད་ཟེར་སོགས་ཀྱང་ཞི་བ་ལ་དཀར་པོ་བདུད་རྩིའི་རང་བཞིན་དང་། རྒྱས་པ་ལ་སེར་པོ་རིན་པོ་ཆེའི་ཆར་འབེབས་པ་སོགས་ལས་མཐུན་གྱི་དམིགས་པའི་འཕྲོ་འདུས་ཀྱིས་འཇིགས་བརྒྱད་ཞི་བ་དང་འབྱོར་དྲུག་རྒྱས་པ་སོགས་ལས་རབ་འབྱམས་གང་འདོད་དུ་སྒྲུབ་པའི་དམིགས་པའི་བསྒྱུར་སོ་སྟེ། དམིགས་གཏད་གཅིག་ཁོ་ནས་ཐམས་ཅད་སྒྲུབ་ནུས་པ་མ་ཡིན་ནོ། །དེ་དག་ཀྱང་འོད་གསལ་གཉུག་མའི་གཤིས་ལ་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་སོགས་ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་སྒྱུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་རྟོག་མེད་ལྷུན་གྲུབ་ཀྱི་ཚུལ་དུ་འབྱུང་བ་དང་། སྟོང་ཉིད་རྟེན་འབྱུང་དུ་ཤར་བས་ནམ་ཡང་འབྲས་བུ་བསླུ་མེད་ཀྱི་ཚུལ་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་པ་དང་། ལས་རབ་འབྱམས་སྒྲུབ་པའི་གཞི་སྣང་གྲགས་དཀྱིལ་འཁོར་གསུམ་དུ་ཤར་བ་དེ་ཡང་། གདོད་མའི་གསང་ཆེན་བདེ་གཤེགས་སྙིང་པོའམ་གཉུག་མ་ལྷན་སྐྱེས་བདེ་བ་ཆེན་པོའི་རང་མདངས་འགག་པ་མེད་པར་སྣ་ཚོགས་སུ་སྣང་བ་ཡིན་པས་ན། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་ཆོས་ཀུན་གཉུག་མའི་རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་གནས་པ་ལ་དེ་ལྟར་ཡིན་པའི་ངེས་ཤེས་ཀྱིས་གསལ་གདབ་ཙམ་ལས། ངོ་བོར་སྔར་མ་དག་པ་ཞིག་ཕྱིས་ལམ་གྱིས་གསར་དུ་དག་པར་བསྒྱུར་བ་ལྟ་བུར་གོ་བར་མི་བྱའོ། །
དགོངས་པ་མི་འགྱུར་བའི་གཟེར་ནི། སྨོས་མ་ཐག་པ་ལྟར་བསྐྱེད་བཟླས་ལ་སོགས་པ་དེ་ཐམས་ཅད་ཀྱང་འདུས་བྱས་བློས་སྤྲུལ་གྱི་བཀོད་པ་མ་ཡིན་པར་དོན་དམ་ཆོས་ཉིད་དག་མཉམ་ཆེན་པོའི་རང་རྩལ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་ཆེན་པོར་གནས་པ་ལ་བདག་གཞན་དང་། དམ་ཡེ་དང་། བསྒྲུབ་བྱ་དང་། སྒྲུབ་བྱེད་དང་། དག་མ་དག་ལ་སོགས་པ་གཉིས་ཆོས་ཀྱི་མཚན་མ་རྡུལ་ཆ་ཙམ་ཡང་མ་གྲུབ་པས་གཉིས་མེད་མཉམ་པའི་ཀློང་དུ་འཁོར་འདས་ཡེ་སངས་རྒྱས་པར་ལྟ་བས་ཐག་བཅད་ནས་གོམས་ཤིང་འདྲིས་པར་བྱེད་པ་སྟེ། གནས་ལུགས་ཟབ་མོའི་ལྟ་བ་འདི་ལྟ་བུས་ཟིན་ན་ཡེ་ཤེས་འཇིག་རྟེན་གང་སྒྲུབ་ཀྱང་གོལ་བར་མི་འགྱུར་ཞིང་མཆོག་དངོས་གྲུབ་པའི་ཉེ་རྒྱུ་བླ་ན་མེད་པར་འགྱུར་བ་ཡིན་ནོ། །བསྙེན་སྒྲུབ་ཡན་ལག་བཞིར་གསུངས་པ་ནི། གཞི་བསྙེན་སོགས་ཀྱི་སྐབས། ཞག་དང་པོ་སྒྲུབ་རྫས་དང་ཡོ་བྱད་སྟ་གོན་བྱས་ནས་ཆོ་ག་ཚར་གཅིག་གཏོང་བ་བསྙེན་པ། དེ་ནས་སྒྲུབ་པ་ཇི་ཙམ་བྱེད་པའི་ཞག་གྲངས་ཀྱི་ཕྱེད་སྔ་མ་ལ་འོད་ཟེར་དཀར་པོའི་སྤྲོ་བསྡུས་སྡིག་སྒྲིབ་སྦྱོང་བའི་དམིགས་པ་གཙོ་བོར་བྱེད་པ་ཉེ་བསྙེན། དེ་ཕྱིན་ཆད་ཕྱེད་ཕྱི་མ་ལ་འོད་ཟེར་དམར་པོ་སྤྲོ་བསྡུས་དངོས་གྲུབ་རང་ལ་བསྡུ་བའི་དམིགས་པ་གཙོ་བོར་བྱེད་པ་སྒྲུབ་པ། ཞག་ཐ་མ་ལ་འོད་ཟེར་མཐིང་ག་ཚུར་བསྡུ་བས་དངོས་གྲུབ་ལེན་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ཉིད་ཆོ་ག་ཐུན་གཅིག་ལ་སྦྱར་ན་ཏིང་འཛིན་གསུམ་བསྒོམ་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་བསྒོམ་པ་ཉེ་བསྙེན། ཡུམ་བསྒོམས་ཏེ་མཁའ་གསང་བརླབས་པ་དང་འཁོར་གྱི་ལྷ་ཚོགས་ཚང་བར་བསྒོམ་པ་སྒྲུབ་པ། དབང་བསྐུར་རྒྱས་གདབ་སྤྱན་འདྲེན་སོགས་ནས་བཟླས་པ་མཆོད་བསྟོད་སོགས་ཆོ་གའི་ཡན་ལག་གཞན་རྣམས་སྒྲུབ་པ་ཆེན་པོར་ཕུར་པ་རྣལ་འབྱོར་གྱི་རྒྱུད་ལས་གསུངས་སོ། །རྗེས་སྤྱོད་ཚོགས་དང་གཏོར་འབུལ་སོགས་ཀྱི་སྐབས་ཀྱང་། མཆོད་སྦྱིན་གྱི་མགྲོན་མཐའ་དག་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་ཡེ་གདོད་མ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་སྐུར་གཅིག་པས་ད་ལྟ་གཉིས་འཛིན་གྱི་འཁྲུལ་པ་གློ་བུར་བའི་སྦུབས་སུ་ཆུད་མ་ཆུད་ཀྱི་དབང་གིས་སྣང་ཚུལ་དུ་དག་མ་དག་ཅི་ལྟར་དུ་སྣང་རུང་། གནས་ཚུལ་ནས་དེ་ལྟར་མ་ཡིན་ཏེ། དཔེར་ན་འདུས་བྱས་ཀྱི་ཆོས་རྣམས་རྟོགས་རུང་མ་རྟོགས་རུང་རང་གི་ངོ་བོ་སྐད་ཅིག་མའི་ཆོས་ཉིད་ཅན་ཡིན་པ་བཞིན། ཡིན་ཚུལ་ནས་གདོད་ནས་རྣམ་པར་གྲོལ་པའི་ཆོས་ཉིད་རྟགས་ཀྱི་ཕྱག་རྒྱ་གཙོ་འཁོར་སྤྲུལ་པ་བཀའ་སྡོད་ཕོ་ཉ་ཕྱག་བརྙན་གྱི་ཚུལ་སོགས་གང་འདུལ་སྤྲུལ་པའི་རོལ་གར་བསམ་མི་ཁྱབ་པར་སྣང་བས། དོན་ལ་དཀྱིལ་འཁོར་གྱི་ལྷ་ལ་དམན་མཆོག་ཏུ་འཛིན་པའི་འདུ་ཤེས་དང་བྲལ་བའི་ངང་ནས། ཚོགས་གཏོར་སོགས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་ཤ་ལྔ་བདུད་རྩི་ལྔ་སོགས་གསང་སྔགས་ནང་གི་དམ་རྫས་སུ་དམིགས་ནས་ཕུལ་བས་ཀུན་ཀྱང་གཙང་དམེ་བླང་དོར་གཉིས་འཛིན་དང་བྲལ་བར་གཉིས་མེད་མཉམ་པའི་ཀློང་དུ་ལོངས་སྤྱོད་པས་གནས་སྐབས་སུ་རང་གཞན་གྱི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བ་དང་། བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་སེལ་ཞིང་། མཐར་ཐུག་འོག་མིན་གསང་ཆེན་རོལ་པར་ཚོམ་བུ་གཅིག་ཏུ་གྲོལ་བར་བྱེད་པའི་ལམ་གྱི་གྲོགས་མཛད་པར་མོས་པ་དང་། དངོས་གྲུབ་ལེན་པ་སོགས་ཀྱི་སྐབས་ཀྱང་དོན་ལ་ལྷ་བདག་ཐ་དད་དུ་མ་གྲུབ་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་གར་བཞིན་དུ་ལྷ་སྔགས་ཏིང་ངེ་འཛིན་གྱི་དམིགས་པའི་འཕྲུལ་འཁོར་གྱིས་མཆོག་དང་ཐུན་མོང་གི་གྲུབ་པ་མཐའ་དག་ལག་མཐིལ་ན་གནས་པའི་གཏེར་བཞིན་དུ་དངོས་སུ་འབྱིན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་པའི་མཐུ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་བྱ་བ་དང་། མཇུག་བསྡུ་རིམ་གྱི་སྐབས་སུའང་། རང་གཞན་རྣམས་འཆི་བའི་ཚེ་འབྱུང་བའི་ཐིམ་རིམ་གྱི་མཐར་དཀར་དམར་རླུང་གི་བྱེད་པས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་མཐའ་དག་འགག་པའི་ཚེ་འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་སྒྲིབ་གཡོགས་དང་བྲལ་བ་སྟོན་གནམ་དྭངས་པ་ལྟར་མངོན་དུ་འཆར་བ་ཉིད་ལམ་དུ་བྱེད་པའི་ཕྱིར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་འོད་གསལ་དུ་བསྡུས་ནས་མཉམ་པར་འཇོག་པ་དང་། དེ་ལས་ལངས་ནས་ཟུང་འཇུག་འོད་གསལ་གྱི་ལྷ་སྐུར་ལྡང་བའི་ཕྱིར་སྣང་གྲགས་ཀྱི་ཆོས་ཀུན་ལྷ་ཡི་འཁོར་ལོར་གསལ་གདབ་པས་རྟག་ཆད་ཀྱི་མཐའ་བསལ་ཞིང་། ཐེག་ཆེན་བླ་ན་མེད་པའི་ཐབས་མཁས་ཀྱི་སྒོ་སྨོན་ལམ་དང་ཤིས་བརྗོད་སོགས་ཀྱིས་མཐའ་བརྒྱན་ནས། ཐུན་མཚམས་སུའང་ལྷའི་ང་རྒྱལ་ལ་གནས་པའི་སྒོ་ནས་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པ་སོགས་སྦྱོར་རྗེས་ཀྱི་ཆོ་གའི་ཡན་ལག་ཐམས་ཅད་ཚང་ལ་མ་འཁྲུལ་པར་ཉམས་སུ་ལེན་པར་བྱ་བ་གལ་ཆེ་སྟེ་དེ་དག་རེ་རེའང་དགོས་པ་ཁྱད་པར་བ་དང་འབྲེལ་བ་འབའ་ཞིག་ཡིན་པའི་ཕྱིར་རོ། །
དེ་ལྟར་ཉམས་སུ་བླངས་པས་བསྐྱེད་རྫོགས་སམ་ཚོགས་གཉིས་ཟུང་འབྲེལ་དུ་འགྱུར་ཏེ། སྣང་བ་ལྷར་གསལ་བ་ནི་བསྐྱེད་རིམ་ཐབས་ཀྱི་ཆ་སྟེ། དེས་བསོད་ནམས་ཀྱི་ཚོགས་རྫོགས། གཟུགས་སྐུའི་རྟེན་འབྲེལ་སྒྲིག །དེ་ཉིད་ཨ་འཐས་ཞེན་འཛིན་དང་བྲལ་བར་འོད་གསལ་གཉུག་མའི་རང་བཞིན་དུ་ཤེས་པ་ནི་ཤེས་རབ་རྫོགས་པའི་རིམ་པ་སྟེ། དེས་ཡེ་ཤེས་ཀྱི་ཚོགས་རྫོགས། མཐར་ཐུག་ཆོས་སྐུའི་རྟེན་འབྲེལ་སྒྲིག་པར་བྱེད་པ་ཡིན་ནོ། །
གཞན་ཡང་སྣང་བརྟགས་ཀྱི་ཆོས་འདི་ཐམས་ཅད་མ་བརྟགས་ཉམས་དགའ་སྣང་ཙམ་དུ་བདེན་པ་ནི་ཀུན་རྫོབ་བདེན་པ་དང་། དེ་ལ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མ་དམིགས་པའི་གཤིས་ལུགས་སྟོང་པ་ཉིད་ནི་དོན་དམ་བདེན་པ་སྟེ། དེ་གཉིས་ཀྱང་སྣང་སྟོང་ཐ་དད་དུ་མ་གྱུར་པར། གང་སྣང་བཞིན་པའི་གཟུགས་སོགས་ཀྱི་ཆོས་འདི་སྟོང་ཞིང་། སྟོང་བཞིན་པའི་ཆོས་ཉིད་ལས་མ་གཡོས་བཞིན་དུ་རྟེན་འབྱུང་གི་ཆོས་ཀུན་སྣ་ཚོགས་སུ་སྣང་བ་མི་འགག་པ་སྟེ། སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་ཟབ་མོ་ལྟ་བ་ཁས་ལེན་དང་བྲལ་བ་ཉིད་ལེགས་པར་གཏན་ལ་ཕབ་ནས། དེའི་ངང་དུ་བསལ་བཞག་སྤང་ལེན་དང་བྲལ་བར་མཉམ་པར་འཇོག་པའི་སྒོམ་པ་ཉམས་མྱོང་དང་འབྲེལ་བས་སྤྲོས་པའི་མཚན་མ་མཐའ་དག་འགོག་པ་ནི་གཞི་མཐའ་བྲལ་དབུ་མ་ཆེན་པོའི་དགོངས་པར་གནས་ལ། འདི་ལྟར་སྣ་ཚོགས་སུ་སྣང་བ་སེམས་ཀྱི་རང་མདངས་ཡིན་ཞིང་། སེམས་ཉིད་སྟོང་པ་སྐྱེ་མེད་ཀྱི་ངོ་བོའི་འདུག་ཚུལ་ཏེ། གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་ཆོས་ཉིད། དེ་གཉིས་ཡེ་ནས་འདུ་འབྲལ་མེད་པའི་དབྱེར་མེད་མཉམ་པ་ཆེན་པོ་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཟུང་འཇུག་བློ་འདས་ཆེན་པོར་གཏན་ལ་ཕབ་ནས་མ་བཅོས་གཉུག་མའི་ཀློང་དུ་མ་ཡེངས་མི་བསྒོམ་རང་བབས་སུ་འཇོག་པའི་རྣལ་འབྱོར་གྱིས་ཡིད་བྱེད་ཀྱི་མཚན་མ་མཐའ་དག་འགོག་པ་ནི་ལམ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་རྫོོགས་ཤིང་། སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། རིག་རྩལ་འགག་པ་མེད་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་ཏེ། ཡུལ་སྟོང་པའི་དབྱིངས་དང་ཡུལ་ཅན་རིག་པའི་ཡེ་ཤེས་གཉིས་ཡེ་ནས་འདུ་འབྲལ་སྤང་བའི་མཚན་ཉིད་ཅན་གྱི་རིག་སྟོང་ཆོས་ཟད་ཟང་ཐལ་རྗེན་པའི་རང་མདངས་སྐྱོང་བས། རྩོལ་སྒྲུབ་རེ་དོགས་ཀྱི་ཡིད་དཔྱོོད་ཕྲ་མོས་ཀྱང་མ་གོས་པ་ནི་འབྲས་བུ་ཡེ་གྲོལ་རྫོགས་པ་ཆེན་པོ་སྟེ། དེ་ཐམས་ཅད་ཀྱང་བློ་དང་སྒྲ་རྟོག་གི་ཞེན་ཡུལ་དུ་གྱུར་པའི་ཡུལ་དང་ཡུལ་ཅན་ཐ་དད་དུ་འཛིན་པའི་ཆ་ནི་ཀུན་རྫོབ་བདེན་པའི་ཡུལ་ཅན་ཏེ། དེ་ནི་ཇི་ཙམ་དུ་རྣོ་བ་དང་ཟབ་པར་རློམ་ཡང་འདུ་བྱེད་སེམས་ཀྱི་ཀུན་རྟོག་གི་སྤྲོས་པ་ཙམ་ལས་མ་འདས་པས། དེས་གཉིས་འཛིན་གྱི་མཚན་མ་ནམ་ཡང་འགོག་པར་ནུས་པ་མ་ཡིན་ནོ། །
གང་བལྟ་བྱ་དང་རྟོག་བྱེད་རྟོགས་པ་གསུམ་ཐ་དད་དུ་མ་སོང་བར་ངོ་བོ་མཉམ་ཉིད་བརྗོད་བྲལ་དུ་གཏན་ལ་ཕེབས་པས། ངོ་བོ་མཐོང་བྱ་མཐོང་བྱེད་སོགས་ཐ་སྙད་ཀྱི་སྤྲོས་པ་མཐའ་དག་ཆད་པའི་སྨྲ་བསམ་བརྗོད་བྲལ་གྱི་གཤིས་ལུགས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ནི་དོན་དམ་བདེན་པའི་ཡུལ་ཅན་གྱི་ཡེ་ཤེས་ཏེ། བཅོམ་ལྡན་འདས་ཀྱིས་མདོ་ལས། ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པའི། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་དང་། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས་ཀྱང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་གསུངས་པས་མཚོན་ནུས་ལ། དངོས་གནས་འཕགས་རྒྱུད་མཉམ་བཞག་གི་ཡེ་ཤེས་ཀྱིས་བསྡུས་མོད། རྗེས་མཐུན་པ་བརྒྱུད་པའི་མན་ངག་གིས་ཟིན་ཞིང་། བླ་མའི་ཐུགས་རྗེ་དང་རང་གི་མོས་གུས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས། ད་ལྟ་སོ་སྐྱེའི་གནས་སྐབས་ནས་སྒོམ་པ་མེད་པ་མ་ཡིན་ཏེ། ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་བློ་ལ་ཤར་བ་དཔེ་ཆུ་ནང་གི་ཟླ་གཟུགས་ལྟ་བུ་སྟེ། འདི་ལ་དཔེ་ཡི་ཡེ་ཤེས་ཞེས་བྱ། དེ་ཡང་ཆོས་ཉིད་སྤྲོས་བྲལ་ཡིན་པའི་གནད་ཀྱིས་དེའི་དོན་སྤྱི་བློ་ལ་སྣང་བས་བློ་ཡང་སྤྲོས་བྲལ་གྱི་རྣམ་པར་སྐྱེ་བ་ཡིན་ཞིང་། དེ་ཙམ་གྱིས་གང་ཟག་དེ་འཕགས་པར་ཐལ་བའང་མེད་དེ། རང་སའི་སྒྲིབ་པ་མ་སྤངས་པའི་ཕྱིར། དཔེར་ན་གང་ཟག་མཐོང་ལམ་པས་དོན་གྱི་འོད་གསལ་མངོན་དུ་བྱས་ཀྱང་། ད་དུང་སྒོམ་སྤང་གི་དྲི་མ་མ་དག་པས་དེ་སངས་རྒྱས་སུ་མི་འགྱུར་བ་བཞིན་ནོ། །ཆོས་ཉིད་དེ་ཡང་གསར་བྱུང་མ་ཡིན་པར་ཡེ་ནས་གནས་པས་དེ་ཉིད་ངོ་སྤྲད་ནས་གོམས་སུ་འཇུག་པ་ཡོད་པ་ཡིན་ནོ། །
དེ་ཉིད་བསལ་བཞག་སྤང་ལེན་དང་བྲལ་བར་སྐྱོང་བ་མཉམ་བཞག་དང་། རྗེས་ཐོབ་ཚོགས་གཉིས་ཟུང་དུ་འབྲེལ་བའི་བསག་སྦྱང་གི་སྒོ་ཚད་མེད་པ་ལ་སྦྱོར་བས་རིགས་ཁམས་ལ་སྒྲིབ་པའི་དྲི་མ་བྲལ་སྟོབས་ཀྱིས་མཐོང་བ་ཇེ་དག་ཏུ་སོང་ནས་རིམ་གྱིས་ཟུང་འཇུག་འཕགས་པའི་ཡེ་ཤེས་ལ་དངོས་སུ་སྦྱོར་བར་བྱེད་པ་ལ་ངེས་དོན་གྱི་མདོ་རྒྱུད་རྣམས་དགོངས་པ་མཐུན་མོད། སྔགས་བླ་མེད་ཀྱི་སྐབས་འདིར་མདོ་ལམ་ལྟ་བུའི་དཀའ་ཚེགས་ངལ་དུབ་ལ་ལྟོས་མི་དགོས་པར་ཐོག་མ་ནས་ལྟ་བ་རང་བྱུང་གི་ཡེ་ཤེས་ཉིད་ཆོས་ཅན་མཚན་མའི་རྩོལ་སྒྲུབ་ཀྱིས་གསར་དུ་བྱས་པ་མ་ཡིན་པར་ཆོས་ཉིད་འདུས་མ་བྱས་ཀྱི་ངོ་བོར་ཡེ་ནས་གནས་པས་ན། སྲིད་ཞི་ཀུན་ཁྱབ་ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཉིད་འཁོར་འདས་ཀུན་ཀྱི་སྲོག་ཏུ་ཞུགས་པ་དེ་ཉིད་སྨིན་གྲོལ་ཟབ་མོའི་ཐབས་མཁས་ལ་བརྟེན་ནས་བཅར་ཕོག་ཏུ་ངོ་སྤྲད་ནས། དེ་ཉིད་ཀུན་བཟང་ཆོས་སྐུའི་དགོངས་པར་ཐག་བཅད་དེ་སྒོམ་པར་བྱེད་པས་འབྲས་བུ་ལམ་བྱེད་དང་ཐབས་ཀྱི་ཐེག་པར་གྲུབ་པ་ཡིན་ལ། དེ་ལྟར་སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བ་ཀློང་དུ་གྱུར་པས། སྡུག་བསྔལ་བྱང་ཆུབ་དང་ཀུན་འབྱུང་ལམ་བདེན་གྱི་ངོ་བོར་ཤར་བས་མ་དག་རང་མཚན་པ་བཙལ་གྱིས་མི་རྙེད་པའི་བདེ་ཆེན་བྱང་ཆུབ་སེམས་སྤྲིན་དག་པ་རབ་འབྱམས་ལྷའི་འཁོར་ལོར་ཤར་བས་ཐ་མལ་གྱི་མཚན་རྟོག་དབྱིངས་སུ་སྡོམ་པར་བྱེད་པའི་སྒོམ་སྤྱོད་འབྲས་བུའི་ཆོས་ཀུན་ཀྱང་ཐ་དད་དུ་འཛིན་པའི་ཞེན་རྟོག་དང་བྲལ་བར་ཉམས་སུ་ལེན་པའི་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བས་བསྐལ་པ་མང་པོའི་ཚོགས་ཀྱང་དུས་སྐད་ཅིག་མ་རེ་ལ་འདུམ་པར་བྱས་ནས། དབང་རྣོན་སྐལ་བ་མཆོག་དང་ལྡན་པ་རྣམས་སྙིགས་དུས་ཀྱི་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་དངོས་སུ་སྦྱོར་བར་བྱེད་པ་ཡིན་ཞིང་། དེ་ཡང་མ་དག་ལས་རླུང་གིས་བསྐྱོད་པའི་འཁྲུལ་རྟོག་སེམས་ཀྱི་བག་ཆགས་མཐུ་བརྟས་པས། དག་པ་ཡེ་ཤེས་ཀྱི་ཁམས་སྙིང་པོའི་ཚུལ་དུ་བཞུགས་ཀྱང་མངོན་དུ་མ་གྱུར་པ་ནི་གཞི་སེམས་ཅན་གྱི་སྐབས་དང་། གཉེན་པོ་ཡེ་ཤེས་ཀྱི་རང་འོད་སྦྱང་བྱ་འཁོར་བའི་ཆོས་དང་འདྲེས་ནས་སྦྱོང་བྱེད་ལམ་གྱི་རྣམ་པར་ཤར་བས་མ་དག་རླུང་སེམས་རགས་པའི་ཆ་རྣམས་བཅོམ་ནས་ལས་རླུང་དང་ཡེ་རླུང་གི་བྱེད་པ་འགྲན་པའི་སྐབས་སུ་ལམ་རྣལ་འབྱོར་གྱི་སྐབས་དང་། གཉེན་པོ་མཐར་ཕྱིན་ནས་མ་དག་རླུང་སེམས་ཀྱི་འགྱུ་ཆ་ཕྲ་མོ་ཙམ་ཡང་མ་ལུས་པར་ལྷག་མེད་དུ་བཅོམ་ནས། དག་པ་ཡེ་རླུང་དང་ཡེ་ཤེས་ཀྱི་རང་མདངས་འབའ་ཞིག་པ་མངོན་དུ་གྱུར་པའི་ཚེ་མཐར་ཕྱིན་འབྲས་བུའི་སྐབས་ཏེ། གནས་སྐབས་ཀྱི་སྒྲིབ་པ་དག་ཚུལ་དང་ཡོན་ཏན་སྣང་ཚུལ་ལ་ལྟོས་ནས་ཀུན་རྫོབ་ཐ་སྙད་དཔྱོད་པའི་ཚད་མའི་ངོར་རྣམ་པ་གསུམ་དུ་བཞག་མོད། མཐར་ཐུག་དོན་དམ་དཔྱོད་པའི་ངོར་དེ་གསུམ་ཀའང་རང་བཞིན་མཉམ་པ་ཆེན་པོའི་ཀློང་དུ་དབྱེར་མེད་རོ་གཅིག་པས་དག་མ་དག་སོགས་ཀྱི་གཉིས་ཆོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པས་གཉིས་མེད་བྱང་ཆུབ་སེམས་ཀྱི་ཀློང་དུ་འཁོར་འདས་ཡེ་སངས་རྒྱས་པ་ཞེས་བྱ་སྟེ། ལྷུན་རྫོགས་བདེ་བ་ཆེན་པོའི་ས་ལ་ད་ལྟ་ཉིད་ནས་གནས་པར་ཤེས་པར་བྱ་བ་ནི་གནད་གལ་པོ་ཆེ་ཡིན་ནོ། །བཤད་ཡམ་ཚིག་གི་སྦུན་པ་རིང་དོར་ནས། །དོན་གནད་སྙིང་པོར་བསྡུས་པའི་ནས་སྔོན་འདི། །སྐལ་བཟང་དོན་མཐུན་མཆེད་ལ་འབུལ་བགྱི་ན། །ཉམས་མྱོང་ལུས་ཟུངས་གསོས་སུ་བཞེས་པར་རིགས། །ད་རེས་དལ་འབྱོར་གྲུ་བོ་རྙེད་གྱུར་ཅིང་། །བླ་མའི་གདམས་ངག་གྲུ་འཛིན་ཐོབ་དུས་འདིར། །བརྩོན་པས་སྲིད་མཚོ་བརྒལ་ལ་མ་བརྩོན་ན། །མཐའ་མེད་སྡུག་བསྔལ་རྦ་ལ་འཕྱན་ཏ་རེ། །ལང་ཚོའི་མེ་ཏོག་མགུལ་རྒྱན་ཡུད་ཀྱིས་རྙིང་། །བཟློག་མེད་འཆི་བདག་གྲིབ་སོ་མྱུར་དུ་འོང་། །ཚེ་སྲོག་གློག་གི་ཟློས་གར་མི་བརྟན་གཡོ། །མྱུར་བ་མྱུར་བར་བརྩོན་པའི་དཔུང་སྐྱེད་ཅིག །ད་ལྟ་རང་དབང་ཆོས་ལ་སྤྱོད་དུས་འདིར། །དོན་མེད་འཁྲུལ་པའི་བྱ་བ་མ་བཏང་ན། །དོན་ཆེན་དམ་ཆོས་འགྲུབ་དུས་ནམ་ཞིག་ཡོད། །ཕྱིས་ནས་འགྱོད་པའི་དུས་ཤིག་འབྱུང་ཏ་རེ། །ཐོག་མར་དགེ་བ་སྲིད་ལ་རྒྱབ་ཀྱིས་ཕྱོགས། །བར་དུ་དགེ་བ་དབེན་པར་སྒྲུབ་ཚུགས་བརྟན། །ཐ་མར་དགེ་བ་དོན་གཉིས་གཏེར་ཁ་འབྱེད། །བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་དམ་གཙང་རྡོ་རྗེའི་མཆེད་ཟུང་རྩེ་གཅིག་སྒྲུབ་ལ་གཞོལ་འདུན་གྱི་ཐུགས་དམ་གསལ་འདེབས་ཙམ་དུ། དགེ་སློང་རྨོངས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གོ་སླ་གཙོ་བོར་བཟུང་ནས་ཉུང་ངུའི་ངག་གིས་ཡིད་ངོར་གང་དྲན་འཕྲལ་མར་བྲིས་ཏེ་ཕུལ་བའི་དགེ་བས་སྒྲུབ་པའི་རྒྱལ་མཚན་ཡུན་དུ་བརྟན་ཅིང་གྲུབ་གཉིས་ཀྱི་འབྲས་བུ་མངོན་དུ་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་མདྒལཾ།། །།
བསྐྱེད་རྫོགས་ཀྱི་སྤྱི་དོན་ཐབས་ལམ་སྙིང་པོ། རྒྱལ་སྲས་གཞན་ཕན་མཐའ་ཡས།
༄༅། །བསྐྱེད་རྫོགས་ཀྱི་སྤྱི་དོན་ཐབས་ལམ་སྙིང་པོ་ཞེས་བྱ་བཞུགས་སོ། །གཞི་ཡི་དཀྱིལ་འཁོར་རྣམ་བཞིར་ལམ་དུས་ཀྱི། །དཀྱིལ་འཁོར་བཞི་ཡི་རྐྱེན་གྱིས་ཟིན་པ་ལས། །མཐར་ཐུག་འབྲས་བུའི་དཀྱིལ་འཁོར་རྣམ་པ་བཞིར། །སྨིན་མཛད་དཀྱིལ་འཁོར་ཀུན་བདག་བླ་མར་འདུད། །རྡོ་རྗེ་འཆང་དབང་སྒྲུབ་པའི་ཐབས་ཚུལ་གྱིས། །ལམ་ཀུན་རིམ་པ་གཉིས་སུ་སྡུད་མཛད་པའི། །གསང་བདག་དཔའ་བོ་དེ་དང་དེ་ཉིད་ཀྱི། །རྣམ་རོལ་རྡོ་རྗེ་འཛིན་པ་གཉིས་པས་སྐྱོངས། །དེ་ལ་འདིར་སྐལ་པ་དང་ལྡན་པའི་གང་ཟག་ཐེག་པ་མཆོག་གི་བཞོན་པས་རྣམ་པར་གྲོལ་པའི་ཁང་བཟང་དུ་འཇུག་པར་འདོད་པ་དག་གིས་ཐོག་མར་ཤེས་པར་བྱ་བའི་གནས་ནི། གང་ཞིག་རང་གི་འབྲས་བུ་དོན་དུ་གཉེར་བ་ལ་དེ་མེད་ན་མི་འབྱུང་གི་རྒྱུའི་ངོ་བོར་གནས་པ་གཞི་ལམ་གྱི་རྣམ་པར་གཞག་པ་དག་ཉིད་ཡིན་ན། འདིར་ཡང་རེ་ཞིག་དེ་ཉིད་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ཡང་གཞི་དུས་ཀྱི་དཀྱིལ་འཁོར་བཞི་དང་ལྡན་པའི་ཀུན་གཞི་ཉིད་ནི་ཉེར་ལེན་གྱི་རྒྱུ་དང་། དེ་ཉིད་འབྲས་དུས་ཀྱི་སྐུ་བཞིའི་དཀྱིལ་འཁོར་བཞིར་འབྱིན་བྱེད་ཀྱི་ཐབས་སུ་གྱུར་པ་ལམ་དུས་ཀྱི་དཀྱིལ་འཁོར་བཞི་རྗེས་འབྲང་དང་བཅས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ་རྒྱུ་རྣམ་པ་གཉིས་ཀྱི་ངོ་བོར་གནས་སོ། །དེ་ལས་ལྷན་ཅིག་བྱེད་རྐྱེན་ནམ་ལྷན་ཅིག་བྱེད་པའི་རྒྱུའི་ངོ་བོ་ལམ་གྱི་རྣམ་པར་གཞག་པ་ཉིད་འཆད་པ་ལ། སྤྱིར་བཏང་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་གཞག་ཇི་སྙེད་ཅིག་མཆིས་པ་ལས། བྱེ་བྲག་ཏུ་སྙིགས་དུས་ཀྱི་མི་ཚེ་ཐུང་ངུ་གཅིག་ལ་དཀའ་ཚེགས་ཆུང་ངུས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་སྒྲུབ་པར་བྱེད་པའི་ཐབས་སུ་གྱུར་པ་ནི་སྤྱིར་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་དང་། ཁྱད་པར་དུ་གསང་སྔགས་བླ་མེད་ཀྱི་རྒྱུད་ཉིད་ཡིན་ལ། དེ་ཡང་རྒྱུའི་ཐེག་པས་བསྐལ་པ་གྲངས་མེད་གསུམ་མམ་བདུན་ལ་སོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་བསགས་ནས་ཚེགས་ཆེན་པོས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་གསུངས་པ་གང་ཞིག །འདིར་དཀའ་ཚེགས་ཆུང་ངུས་ཚེ་གཅིག་གིས་མཐར་ཐུག་གི་འབྲས་བུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དེ་ཉིད་མངོན་དུ་འཐོབ་པའི་རྒྱུ་མཚན་ཡང་ཅི་ཞིག་ཡིན་སྙམ་པ་ལ། ཁ་ཅིག་ལྷའི་རྣལ་འབྱོར་སྒོམ་དུ་ཡོད་པའི་རྒྱུ་མཚན་ཙམ་གྱིས་ཡིན་ནོ་སྙམ་དུ་སེམས་ན་ཡང་། མི་འཐད་དེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པ་ལས་ཀྱང་ལྷའི་རྣལ་འབྱོར་སྒོམ་པ་ཙམ་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་གསང་སྔགས་ཀྱི་ལམ་འདིར་སེམས་ཀྱི་ཆོས་ཉིད་དམ་སྟོང་ཉིད་རྟོགས་པའི་ཐབས་བསྟན་པའི་རྒྱུ་མཚན་གྱིས་ཡིན་ནོ་ཞེས་ཟེར་ན་ཡང་། མ་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ཐེག་ཆེན་ངེས་དོན་གྱི་མདོ་སྡེ་མཐའ་དག་ལས་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ཚོགས་བསགས་པའི་ཐབས་ཀྱི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པས་ཏེ། དཔེར་ན་རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་བཞུགས་པར་མོས་པ་དང་། དེ་དག་ལ་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་ལྟ་བུ་ཡིད་ཀྱིས་སྤྲུལ་ནས་ཕུལ་བས་བསྐལ་པ་གྲངས་མེད་དུ་མའི་ཚོགས་སྐད་ཅིག་རེ་རེས་ཀྱང་འདུམ་པར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་ནོ་ཞེས་ཟེར་བ་ཡང་མི་འཐད་དེ། དེ་དག་ནི་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་ཀྱང་རྒྱ་ཆེར་བཤད་དེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དང་། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་དང་། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །ཞེས་པ་ལ་སོགས་པ་མང་དུ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་གསང་སྔགས་ནི་འབྲས་བུ་ལམ་བྱེད་ཀྱི་ཐེག་པ་ཡིན་པའི་ཕྱིར་ཚོགས་གཉིས་མ་བསགས་པར་ཡང་ཚེ་གཅིག་གིས་སངས་རྒྱས་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཧ་ཅང་མི་འཐད་དེ། རྒྱུ་མེད་པའི་འབྲས་བུ་འབྱུང་མི་སྲིད་པའི་ཕྱིར་དང་། གལ་ཏེ་འབྲས་བུ་ལམ་དུ་བྱེད་པའི་རྒྱུ་མཚན་གྱིས་འབྲས་བུ་གཞན་ནས་བཙལ་མི་དགོས་པ་ཞིག་ནའང་། གཞི་དུས་སུ་ལམ་དུ་བྱེད་རྒྱུའི་སྐུ་བཞི་ལ་སོགས་པ་དེ་དག་ཉིད་གང་གིས་འབྲས་བུར་སྨིན་པར་བྱེད་པའི་ཐབས་སུ་གྱུར་པ་དེ་ཡང་རྒྱུའི་བྱེ་བྲག་བྱེད་པའི་རྒྱུ་ཞེས་བྱ་བ་ཉིད་ཡིན་ཞིང་། དེ་ཡང་ཚོགས་གཉིས་གང་རུང་ལས་མ་འདས་པའི་ཕྱིར་རོ། །དེས་ན་ལྟ་བ་ངན་པའི་ཐིབ་པོ་མཐའ་དག་ཉེ་བར་བསལ་ཏེ། ཡང་དག་པའི་སྣང་བ་དམ་པ་སྦྱིན་པ་ལ། སྤྱིར་བཏང་ལས་འབྲས་ལ་དགེ་མི་དགེ་ལུང་མ་བསྟན་དང་གསུམ་དུ་ཡོད་པ་ལས། དགེ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་རྒྱུ་དང་བཅས་པ་ཉིད་ཡིན་ལ། མི་དགེ་བ་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཉིད་ཡིན་ཞིང་ལུང་མ་བསྟན་པ་ནི་བདེ་སྡུག་གི་འབྲས་བུ་འབྱིན་པར་མི་བྱེད་པའི་ལས་དང་རྣམ་སྨིན་དག་གོ །དེ་ལས་ལུང་མ་བསྟན་གྱི་ལས་འབྲས་དགེ་བར་བསྒྱུར་བའི་ཐབས་ནི་མདོ་ལམ་ལས་ཀྱང་བཤད་མོད་དེ། མི་དགེ་བའི་ལས་འབྲས་དགེ་བར་སྒྱུར་བའི་ཐབས་ནི་གསང་སྔགས་ཀྱི་གཞུང་ཁོ་ན་ལས་གཞན་དུ་མ་བཤད་ལ། གསང་སྔགས་ལས་དེ་ལྟར་བཤད་པ་དེ་ཡང་ཆོས་ཐམས་ཅད་དག་མཉམ་ཆེན་པོར་རྟོགས་པས་འཁོར་འདས་དབྱེར་མེད་དུ་ལྟ་བ་ལ་བརྟེན་ནས། མཉམ་པའི་སྒོམ་པ་དང་། མཉམ་པའི་སྤྱོད་པ་དག་ལ་རིམ་བཞིན་བསླབས་པས་སྒོ་གསུམ་གྱི་འདུ་བྱེད་མཐའ་དག་ཚོགས་གཉིས་ཀྱི་ལམ་དུ་སྒྱུར་བར་བྱེད་པའི་གནད་འདིའི་ཡིན་ཏེ། དེས་ན་མདོ་ལམ་གྱི་ཚོགས་གསོག་པ་ལ་རྒྱུན་ཆད་དམ་རེས་འཇོག་ཡོད། སྔགས་ལམ་གྱི་ཚོགས་གསོག་པ་ལ་རྒྱུན་ཆད་དམ་རེས་འཇོག་མེད་དེ། ཆོས་ཐམས་ཅད་ལ་བླང་དོར་མེད་པའི་བསམ་སྤྱོད་དང་ལྡན་པས་ལས་གསུམ་གྱི་གནས་སྐབས་མཐའ་དག་དགེ་བའི་ལམ་དུ་བསྒྱུར་བའི་ཕྱིར་རོ། །རྒྱུ་མཚན་འདི་ལ་དགོངས་ནས་ཐབས་ཤེས་ཁྱད་པར་ཅན་གྱིས་མཚན་རྟོག་སྡོམ་པ་ཉིད་སྔགས་སྡོམ་གྱི་ངོ་བོར་ཡང་བཞག་སྟེ། མཉམ་པའི་སྒོམ་སྤྱོད་དག་ཐབས་ཁྱད་པར་ཅན་དང་། མཉམ་པའི་ལྟ་བ་ཤེས་རབ་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། དེ་ཉིད་ཀྱིས་མ་དག་པའི་མཚན་རྟོག་མཐའ་དག་བསྡམས་པ་ན་ཉེས་སྤྱོད་ཉུང་ངུ་ཙམ་ཞིག་ཡུལ་དུས་རེས་འགའ་བ་ཞིག་ཏུ་སྤངས་པ་ལས་ཆེས་ཁྱད་པར་དུ་འཕགས་པར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པའི་ཕྱིར་རོ། །འོ་ན་དེ་ལྟ་བུའི་ཐབས་ཤེས་ཁྱད་པར་ཅན་དེ་གསང་སྔགས་ཀྱི་གཞུང་ནས་ཇི་ལྟར་བཤད་སྙམ་ན། འདི་ལ་རྒྱུད་སྡེ་བཞི་པོ་སོ་སོའི་དགོངས་པ་ཐ་དད་པར་བཤད་དུ་ཡོད་ནའང་། རེ་ཞིག་རྒྱུད་སྡེ་འོག་མ་གསུམ་པོའི་ལམ་གནད་མཐའ་དག་ནི། བླ་མེད་ཀྱི་རྒྱུད་དོན་དུ་འདུ་བའི་ཕྱིར་འདིར་དེ་ཉིད་འཆད་པ་ལ་གསང་སྔགས་བླ་ན་མེད་པ་རྣལ་འབྱོར་ཆེན་པོའི་ལམ་གྱིས་ས་ཐམས་ཅད་དབང་བཞིའི་ཁོང་ནས་འཛིན་དགོས་པ་དང་། དབང་བཞིའི་ར་བ་ལས་ནམ་ཡང་མི་འདའ་བའི་ཚུལ་འདི་ཐོག་མ་ཁོ་ནར་མི་ཤེས་སུ་མི་རུང་སྟེ། འདི་ཁོང་དུ་ཆུད་པར་མ་གྱུར་ན་དབང་བཞིའི་ལམ་ལ་མ་འདུས་པའི་རྣལ་འབྱོར་བླ་མེད་ཀྱི་ལམ་གཞན་ཡང་ཡོད་དམ་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་རོ། །དེས་ན་གསང་སྔགས་བླ་མེད་ཀྱི་ལམ་ཡིན་ན་དབང་བཞི་པོ་གང་རུང་གི་ལམ་ཡིན་པས་ཁྱབ་ཅེས་ཀྱང་བྱ། དེ་ལྟ་བུའི་དབང་བཞིའི་ལམ་དེ་ཡང་སྤྱིར་བཏང་འབྲས་བུ་ལམ་བྱེད་ཡིན་པ་སྨོས་མ་དགོས་ཀྱང་། བྱེ་བྲག་ཏུ་ཁ་ཅིག་ཆོས་གཟུགས་ཀྱི་སྐུ་གཉིས་ལམ་དུ་བྱེད་པའི་སྒོ་ནས་བསྐྱེད་རྫོགས་གཉིས་སུ་བསྡུ་བར་མཛད། ཁ་ཅིག་སྐུ་གསུམ་ལམ་དུ་བྱེད་པའི་སྒོ་ནས་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་བསྡུ་བར་ཡང་མཛད། ཁ་ཅིག་སྐུ་བཞི་ལམ་དུ་བྱེད་པའི་སྒོ་ནས་བསྐྱེད་རྫོགས་ཡན་ལག་བཞིར་དབྱེ་བར་ཡང་མཛད་དེ། དེ་དག་གང་ཡིན་ཡང་སྦྱང་གཞི། སྦྱོང་བྱེད། སྦྱང་བྱ། སྦྱངས་འབྲས་ཏེ་བཞི་བཞི་ཚང་བ་ཞིག་ནི་ཅི་ནས་ཀྱང་དགོས་ལ། དབྱེ་བསྡུའི་རྣམ་གྲངས་དེ་དག་ཀྱང་དགོས་པའི་དབང་གིས་དབྱེ་སྒོ་ཐ་དད་པར་བསྟན་པ་ཙམ་ལས་དབྱེ་ངོ་ནི་གཞན་མ་ཡིན་ཏེ། འདི་ལྟར་བསྐྱེད་རྫོགས་གཉིས་སུ་བསྡུ་བའི་སྐབས་དེར་ཡང་། བུམ་དབང་གི་ལམ་བསྐྱེད་པའི་རིམ་པ་དང་། མཆོག་དབང་གོང་མ་གསུམ་གའི་ལམ་རིམ་པ་གཉིས་ཀྱི་ཟླས་ཕྱེ་བའི་རྫོགས་རིམ་དུ་འཇོག་པར་མཛད་པའི་ཕྱིར་དང་། བསྐྱེད་རྫོགས་གསུམ་དུ་འཇོག་པའི་སྐབས་དེར་ཡང་རིམ་པ་དང་པོ་སྔར་ལྟར་ལས། རིམ་པ་གཉིས་པ་ལ་མཚན་བཅས་དང་མཚན་མ་མེད་པའི་རྫོགས་རིམ་གཉིས་སུ་དབྱེ་བ་སྟེ། གསང་དབང་དང་ཤེར་དབང་གི་ལམ་དག་ནི་མཚན་བཅས་ཀྱི་རྫོགས་རིམ་ཞེས་རྫོགས་རིམ་ཙམ་པོ་དང་། ཚིག་དབང་གི་ལམ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པ་མཚན་མ་མེད་པའི་རྫོགས་རིམ་སྟེ་རྫོགས་པ་ཆེན་པོའི་སྒྲས་བརྗོད་པ་ཉིད་ཡིན་པའི་ཕྱིར་དང་། བསྐྱེད་རྫོགས་ཡན་ལག་བཞིར་དབྱེ་བའི་སྐབས་དེར་ཡང་། བསྐྱེད་རིམ་དབྱིབས་ཀྱི་ལམ་ལ་སོགས་པ་དབང་བཞི་པོའི་ལམ་སོ་སོར་ཕྱེ་ནས་འཇོག་པར་མཛད་པ་ཙམ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དབང་བཞིའི་ལམ་དེ་དག་ཐབས་ཤེས་ཁྱད་པར་ཅན་དུ་འཇོག་པའི་རྒྱུ་མཚན་ཡང་། དཔེར་ན་ཙནྡན་ལས་བྱུང་བའི་མེ་དེ་ནི་མེ་ཕལ་བ་ལས་བདུན་འགྱུར་གྱིས་ཚ་བར་བཤད་པ་ལྟར། ཐབས་ཁྱད་པར་ཅན་ལས་བྱུང་བའི་ཤེས་རབ་དེ་ཡང་ཤེས་རབ་ཁྱད་པར་ཅན་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་གཅོད་པ་ལ་ཆེས་མྱུར་བ་དང་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་མཚན་མ་དང་བཅས་པའི་རྣལ་འབྱོར་རྣམས་ནི་ཐབས་ཁྱད་པར་ཅན་དེ་རིམ་པ་དང་པོ་དང་། རིམ་པ་གཉིས་པའི་ཡང་ཕྱོགས་གཅིག་སྟེ་སྒྱུ་ལུས་སྦྱོར་བ་དང་བཅས་པ་རྣམས་སོ། །
མཚན་མ་མེད་པའི་རྫོགས་རིམ་རྗེས་འབྲང་དང་བཅས་པ་ནི་ཤེས་རབ་ཁྱད་པར་ཅན་ཏེ་འོད་གསལ་རྫོགས་པ་ཆེན་པོ་ཉིད་དོ། །འདིར་ཟུང་འཇུག་ནི་གཞན་མ་ཡིན་ཏེ་འོད་གསལ་ཉིད་ལ་སྣང་སྟོང་ཟུང་འཇུག་གི་འོད་གསལ་གསུམ་དུ་དབྱེ་བའི་རྣམ་གྲངས་ཙམ་ཡིན་པའི་ཕྱིར་རོ། །འདི་དག་སྔགས་རང་ལམ་གྱི་ཞི་ལྷག་གཉིས་དང་། བདེན་པ་གཉིས་ཀྱང་ཡིན་ལ། དེ་བཞིན་དུ་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་བཞག་པ་དེ་ཡང་སྔགས་རང་ལམ་གྱི་བསླབ་པ་གསུམ་ཡིན་པའང་ཤེས་པར་བྱའོ། །དེ་རྣམས་བསྐྱེད་རྫོགས་སུ་འཇོག་བྱེད་ལའང་སྔོན་གྱི་བདག་ཉིད་ཆེན་པོ་རྣམས་གཞིའི་སྒོ་ནས་འཇོག་པར་མཛད་པ་དང་། ལམ་གྱི་སྒོ་ནས་འཇོག་པར་མཛད་པ་དང་། འབྲས་བུའི་སྒོ་ནས་འཇོག་པར་མཛད་པ་སོགས་བཞེད་པ་མི་འདྲ་བ་ཇི་རིགས་སྣང་ན་ཡང་། གོང་དུ་སྨོས་པའི་འབྲས་བུ་ལམ་དུ་བྱེད་པའི་ཚུལ་འདི་ཙམ་ཞིག་ནི་ཀུན་གྱིས་ཐུན་མོང་དུ་ཁས་བླང་བར་བྱ་བ་ཉིད་ཡིན་ནོ། །དེ་ནས་འདིར་དབྱེ་བསྡུ་དེ་དག་ལས་གང་ལྟར་བཞག་ཀྱང་འགལ་བ་མེད་མོད་དེ། རེ་ཞིག་རྒྱུད་སྡེ་རྙིང་མ་ཕལ་ཆེར་ལ་ཡོངས་སུ་གྲགས་པ་བཞིན་འཇུག་སྒོ་དབང་གི་གྲངས་དང་མཚུངས་པར་བསྐྱེད་རྫོགས་ཡན་ལག་བཞི་ཉིད་བརྗོད་པར་བྱ་སྟེ། འདི་ཉིད་ཀྱི་ཁོངས་སུ་གཞན་རྣམས་ཀྱང་ཞར་ལ་འདུ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དབང་བཞི་དང་འབྲེལ་བའི་ལམ་བཞི། ༡ ལྟ་བ་བཞི། ༢ གྲུབ་མཐའ་བཞི། ༣ འདའ་ག་མ་བཞི། ༤ འབྲས་བུ་བཞི་༥སྟེ་ལྔ་བཞི་ཉི་ཤུ་ཐམ་པ་ལ་ལམ་སོགས་ཆོས་ཉི་ཤུ་ཞེས་བྱའོ། །
དེ་ལས་དང་པོ་བུམ་པའི་དབང་གི་ལམ་སོགས་ཆོས་ལྔ་བཤད་པ་ལ་ལྔ་ལས། དང་པོ་བུམ་དབང་གི་ལམ་ནི་བསྐྱེད་རིམ་དབྱིངས་ཀྱི་ལམ་ཞེས་བྱ་སྟེ། སྔ་འགྱུར་རྒྱུད་ལུང་གཉིས་ཀ་ལ་ཁྱབ་པ་དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་བའི་ལེའུ་བཅུ་གསུམ་པ་གྲོལ་ལམ་ལྟ་བའི་བཤགས་པས་ཀུན་གཞི་རྒྱུ་རྒྱུད་ལེགས་པར་གཏན་ལ་ཕབས་ནས། ལེའུ་བཅུ་བཞི་པ་ཐབས་ལམ་དབང་གི་བཤགས་པ་ལས། ཨོཾ། བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ། །བསྐྱེད་རིམ་དབྱིངས་ཀྱི་ལམ་དུ་མ་ཤེས་བཤགས། །ཞེས་གསུངས་ཏེ། དེའི་དོན་ཡང་རང་ཉིད་གཉུག་མའི་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་དབྱེར་མ་མཆིས་པའི་དཔལ་ཧེ་རུ་ཀ་ལ་སོགས་པ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་རྣམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས། དེ་ལ་ཡན་ལག་བརྒྱད་པ་ལ་སོགས་པའི་ཕྱག་མཆོད་འབུལ་བ་སྔོན་དུ་འགྲོ་བས་ཚོགས་ཞིང་རང་ལ་བསྟིམས་ཏེ། ལུས་དཀྱིལ་གྱི་སྲུང་འཁོར་དང་གཞལ་ཡས་ཁང་བསྒོམས་ནས། དེ་ཉིད་ཀྱི་གནས་ལྔར་དུག་ལྔ་དང་། ཕུང་པོ་ལྔ་ལ་སོགས་པ་རྣམ་པར་དག་པ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བསྒོམ་པ་སྟེ། འདིར་ཡང་གཞི་དུས་ཀྱི་སྐྱེ་བའི་རིམ་པ་དང་མུན་པར་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དམ། མངོན་བྱང་ལྔ་བསྐྱེད་ལྟ་བུས་རིམ་གྱིས་བསྐྱེད་ནས་བསྒོམ་དགོས་པའི་ཕྱིར་དང་། ལྷ་སྐུའི་དབྱིབས་དང་ཁ་དོག་སྒོམ་པའི་རྣལ་འབྱོར་ཉིད་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །འདི་ལ་གཞུང་གཞན་ལས་སྙིང་ཁར་ཞི་བའི་དཀྱིལ་འཁོར་དང་། སྤྱི་བོར་ཁྲག་འཐུང་གི་དཀྱིིལ་འཁོར་སྒོམ་པ་སོགས་ལུས་དཀྱིལ་འགོད་ལུགས་འདྲ་མིན་ཅི་རིགས་གསུངས་པ་རྣམས་ཀྱང་འདིར་བསྡུ་བར་བྱ་ཞིང་གནས་ལྔའི་དཀྱིལ་འཁོར་སྒོམ་པ་ཡང་ཐོག་མ་སྙིང་ག་ནས་རིམ་གྱིས་སྒོམ་དགོས་པ་སོགས་རྒྱུ་མཚན་དུ་མ་ཡོད་དོ། །
གཉིས་པ་བུམ་དབང་གི་ལྟ་བ་ནི་ངོ་བོ་ཉིད་གསུམ་ཞེས་བྱ་བ་སྟེ། རྒྱུད་དྲི་མ་མེད་པའི་རྒྱལ་པོ་དེ་ཉིད་ལས། ལུས་སེམས་ཡོད་ན་ཟུང་འཇུག་གནས་པ་ལ། །སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ། །མཉམ་བཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས། །ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། །ཞེས་གསུངས་པ་ལྟར། སྣང་ཕྱོགས་ཀྱི་ངོ་བོ་ཉིད་༡དང་། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་༢དང་། ཟུང་འཇུག་གི་ངོ་བོ་ཉིད་༣དེ་གསུམ་གྱིས་སྒོ་གསུམ་གྱི་སྣང་སྤྱོད་མཐའ་དག་ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕབས་ནས་མཉམ་བཞག་ཏུ་བློ་བྲལ་གྱི་དོན་ལ་སེམས་རྩེ་གཅིག་པ་དང་། རྗེས་ཐོབ་ཏུ་ལྷར་སྣང་སྒྱུ་མ་ལྟ་བུར་ལམ་དུ་བྱེད་པ་གཉིས་རེས་མོས་སུ་བསྒོམས་པས་ནམ་ཞིག་མཉམ་རྗེས་ལ་རེས་འཇོག་མི་དགོས་པར་ཟུང་དུ་འཇུག་པར་འགྱུར་བ་ཡིན་ནོ། །
གསུམ་པ་བུམ་དབང་གི་གྲུབ་མཐའ་ནི། འཁོར་འདས་དབྱེར་མེད་ཅེས་བྱ་བ་སྟེ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་དེ་ཉིད་ལས། ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས། །འབྱུང་བཞིའི་ཆོས་ལ་མངའ་དབང་མ་བརྙེས་པ། །གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་དམ་དེ་བཞིན་ཉིད་ནི་ཆོས་ཀྱི་སྐུ་ཡིན་པར་ཉན་ཐོས་ཀྱི་ཐེག་པ་ཡན་ཆད་ལ་གྲགས་པ་སྟེ། དཔེར་ན་ཤཱ་རིའི་བུ་དང་། རྣ་བ་བྱེ་བ་རི་དྭགས་ཀྱིས་སློབ་དཔོན་གཞན་འཕགས་པ་རྟ་ཐུལ་དང་། ཀ་ཏའི་བུ་ཆེན་པོ་དག་ལ་བརྟེན་ནས་བདེན་པ་མཐོང་བར་གྱུར་པ་ན། དེ་དག་ན་རེ། བདག་ཅག་གི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་མཐོང་ན་གཟུགས་ཀྱི་སྐུ་ནི་མ་མཐོང་བས་མཇལ་བར་འདོད་དོ་ཞེས་སྨྲས་པ་ལྟ་བུ་སྟེ། ཚུལ་འདི་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དབྱེར་མེད་པའི་རྒྱུ་མཚན་གྱིས་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གསུངས། །ཞེས་དང་། དབུ་མ་རྩ་བའི་དེ་བཞིན་གཤེགས་པ་བརྟགས་པ་སྟེ་རབ་བྱེད་ཉེར་གཉིས་པ་ལས་ཀྱང་། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་བའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་སོགས་གསུངས་ཤིང་། རྒྱལ་བའི་ཡུམ་ལས་ཀྱང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་དབྱེར་མེད་པར་གསུངས་པས་སོ། །དོན་འདི་ཙམ་ལ་དགོངས་ནས་མདོ་ལམ་དེའང་འཁོར་འདས་དབྱེར་མེད་དུ་བཤད་པ་ཡོད་དེ། དབུ་མ་རྩ་བའི་མྱང་འདས་བརྟགས་པ་སྟེ་རབ་བྱེད་ཉེར་ལྔ་པ་ལས། འཁོར་བ་མྱ་ངན་འདས་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །རབ་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འོ་ན་སྔགས་ལམ་གྱི་འཁོར་འདས་དབྱེར་མེད་དེ། དེ་ལས་ཅི་ཞིག་གིས་ཁྱད་པར་དུ་འཕགས་སྙམས་པ་ལ། འདི་ནི་དེ་བཞིན་ཉིད་ཆོས་ཀྱི་སྐུར་འཁོར་འདས་དབྱེར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། བདེན་པ་གཉིས་དབྱེར་མེད་པའི་རྒྱུ་མཚན་གྱིས་སྟོང་ཉིད་ཆོས་སྐུ་ཡིན་པ་སྒྲུབ་བྱེད་དུ་བཀོད་ནས་སྟོང་གཞི་ཆོས་ཅན་གཟུགས་ཀྱི་སྐུར་བསྒྲུབས་ཏེ་ཀུན་རྫོབ་ཏུ་ཡང་འཁོར་འདས་དབྱེར་མེད་པར་འདོད་པས་རབ་ཏུ་ཕྱེ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་སྒྱུ་འཕྲུལ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་བདེན་པ་གཉིས་དབྱེར་མེད་པ་ནི། ཤེས་རབ་སྙིང་པོ་ལས། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་སོགས་གསུངས་པའི་དོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཀུན་རྫོབ་ལས་ནི་ལོགས་ཤིག་ཏུ། །དོན་དམ་ཉེ་བར་མ་དམིགས་སོ་ཞེས་དང་། དབུ་མ་རྩ་བའི་འཕགས་པའི་བདེན་པ་བརྟགས་པའི་རབ་བྱེད་ལས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གཞི་གྲུབ་ལ་རྟེན་འབྱུང་གིས་ཁྱབ་ཅིང་རྟེན་འབྱུང་ལ་སྟོང་ཉིད་ཀྱིས་ཁྱབ་པ་དང་། སྟོང་ཉིད་མ་ཡིན་པའི་ཆོས་འགའ་ཡང་མེད་པར་གསུངས་པ་ལྟ་བུའོ། །དེ་ལྟར་ན་སྟོང་ཉིད་ཆོས་སྐུ་ཡིན་པའི་རྒྱུ་མཚན་གྱིས། དེའི་སྟོང་གཞི་ཆོས་ཅན་གཟུགས་ཀྱི་སྐུ་ཡིན་དགོས་པར་འགྱུར་ཏེ། ཆོས་སྐུའི་རྟེན་གཟུགས་སྐུ་ཡིན་པའི་ཕྱིར་དང་། བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ། །འོ་ན་ཆོས་ཅན་གཟུགས་ཀྱི་སྐུ་ཡིན་པར་གསང་སྔགས་ཀྱི་རྒྱུད་ལས་ཇི་ལྟར་བཤད་སྙམ་ན། གསང་བ་འདུས་པ་ལས། གཟུགས་ནི་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་ཉིད། །ཅེས་སོགས་གསུང་པ་དང་མཐུན་པར་སྒྱུ་འཕྲུལ་རྩ་རྒྱུད་ལས། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀི །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས་པ་ལྟར་ཏེ། འདི་ཡང་རྟེན་འབྱུང་གཞན་དབང་གི་ངོས་ནས་བཞག་པ་ཡིན་གྱི། སྣང་ཚད་ཀུན་བཏགས་ཀྱི་ངོས་ནས་བཞག་པ་ནི་མ་ཡིན་ཏེ། དེ་ཉིད་མེད་སྣང་གློ་བུར་བའི་དྲི་མ་ཡིན་པའི་ཕྱིར་རོ། །འོ་ན་སྣང་སྲིད་དག་མཉམ་ཆེན་པོ་ལ་མ་དག་པའི་དྲི་མ་གཞན་ཡང་ཡོད་དམ་ཞེ་ན་མ་ཡིན་ཏེ། འདི་ནི་དོན་ལ་མེད་ཀྱང་འཁྲུལ་ངོར་སྣང་བ་མིག་ཡོར་ལྟ་བུ་སྟེ་བླ་མའི་གདམས་ངག་གིས་ངོ་སྤྲད་པར་བྱ་བ་ཉིད་དང་། སེམས་ཀྱི་འཁྲུལ་པ་ཡང་ཐབས་ཀྱིས་སྦྱང་བར་བྱ་བ་ཉིད་དོ། །དེ་ལྟར་སོ་སོའི་སྐྱེ་བོའི་གནས་སྐབས་སུ་འཁོར་འདས་དབྱེར་མེད་ཀྱི་དོན་སྤྱི་ཙམ་ངེས་པར་གྱུར་ནས། བྱེ་བྲག་ཏུ་རྒྱུ་ལམ་འབྲས་བུའི་ལྷན་སྐྱེས་གསུམ་གྱི་རིམ་པས་སྣོད་བཅུད་གཞལ་ཡས་ཁང་དང་ལྷར་རྟོགས་པ་གྲུབ་མཐའ་སྙོགས་ཏེ་འཕགས་ས་དྲུག་ཏུ་འབྱུང་བཞིའི་ཆོས་ལ་མངའ་དབང་བསྒྱུར་ནས་སྟོང་གསུམ་ཡོང་འབྲུར་ཆུད་པ་ལ་སོགས་པའི་རྫུ་འཕྲུལ་སྟོན་ནུས་པ་སྟེ། ལུས་ནམ་སྨིན་གྱི་ཕུང་པོའི་སྦུབས་ནས་སེམས་ལྷ་སྐུར་ཡོངས་སུ་སྨིན་པས་ན་མ་དག་སྒྱུ་མའི་སྐུ་རྣམ་པར་སྨིན་པའི་རིག་འཛིན་ཞེས་བྱའོ། །
བཞི་པ་བུམ་དབང་གི་འདའ་ཁ་མ་ནི། དེ་ལྟར་གྲུབ་མཐའ་མ་སྙོགས་ན་གོང་དུ་འཕོ་བ་ཞེས་བྱ་བ་སྟེ། སྔར་སྨོས་པའི་དྲི་མེད་རྒྱལ་པོའི་རྒྱུད་དེ་ཉིད་ལས། ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས། །མ་རྟོགས་འཆི་དུས་སྣང་བ་སྒྱུར་བ་དང་། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །འདའ་ཁ་འཆི་དྲོད་ངང་དུ་བཤགས་པར་བགྱི། །ཞེས་གསུངས་པ་ལྟར། སྣང་བ་སྒྱུ་མའི་འདའ་ཁ་མ། །འོད་ཀྱི་གོང་བུའི་འདའ་ཁ་མ། །སྒྲ་ཡི་འཕོ་བའི་འདའ་ཁ་མ་སྟེ་གསུམ་ལས། དང་པོ་ནི། དེ་ལྟར་རིམ་པ་དང་པོའི་ལམ་ལ་སློབ་པའི་གང་ཟག་དེས་ལམ་མཐར་མ་ཕྱིིན་པར་གློ་བུར་དུ་འཆི་ན། དེའི་དུས་སུ་སེམས་ཉིད་ཡེ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་ལ་སྐྱེ་འཆི་རང་མཚན་པ་མེད་པའི་ངེས་པ་དྲངས་ནས། སྣོད་དང་བཅུད་ཀྱི་རྣམ་པ་དབང་པོའི་ཡུལ་དུ་གང་སྣང་བ་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་རྣམ་པར་བསྒྱུར་ནས་དེ་ཉིད་ཀྱི་ཐུགས་ཀར་འཕོ་བའི་འཕེན་པ་དྲག་པོ་གཏོད་པ་ཉིད་ཡིན་ནོ། །འདི་ལ་ཡང་སྦྱོར་བ་ཡོ་བྱད་ཐམས་ཅད་སྤང་དག་བྱས་ནས་ཚོགས་གསོག་པ་དང་། རང་གི་བླ་མ་དང་ཡི་དམ་གྱི་ལྷའི་སྣང་བརྙན་དག་དམིགས་པའི་གསལ་འདེབས་ཀྱི་རྟེན་དུ་བཤམས་པ་དང་། གྲོགས་བློ་མཐུན་གྱི་ཚིག་གིས་གསལ་འདེབས་པ་དག་ཀྱང་འབྱོར་ན་ལེགས་སོ། །གཉིས་པ་ནི་ཉེ་བའི་འཆི་ལྟས་ཐིམ་རིམ་ལ་སོགས་པ་བྱུང་བ་ན་བྱ་སྟེ། དེ་ཡང་སྔོན་འགྲོ་ཚོགས་གསོག་ལ་སོགས་པ་སྔར་བཞིན་བྱས་ཏེ། ལུས་ཙོག་པུ་ལ་སོགས་པར་བཅོས་ནས། རང་གི་སྙིང་ཁའི་ནང་དུ་འོད་ཀྱི་གོང་བུ་མཐེ་བོང་ཙམ་ཞིག་བསྒོམ། དེ་ལས་འོད་གོང་དེ་འདྲ་བ་རེ་རིམ་བཞིན་ཆད་པས་ཐོག་མར་བཤང་གཅི་གཉིས་ཀྱི་སྒོ་དགག །དེ་ནས་ལྟེ་བ་དང་། ཁ་དང་། སྣ་བུག་གཉིས། མིག་གཉིས། རྣ་བ་གཉིས། མཛོད་སྤུ་དང་སྤྱི་གཙུག་གི་བར་གྱི་སྒོ་རྣམས་རིམ་པར་བཀག །དེ་ནས་ལྟེ་བའི་ཐད་ཀྱི་ལུས་ནང་དུ། རླུང་དང་ཟླ་དཀྱིིལ་ལ་གནས་པའི་རང་སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་གཅིག་བསྒོམ་ལ་ཧཱུྃ་དྲག་ལ་རིང་བ་ཉེར་གཅིག་གིས་རླུང་དང་ཟླ་དཀྱིལ་ཧཱུྃ་དང་བཅས་པ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་རིམ་བཞིན་དྲངས་ནས་ཚང་པའི་རྒོ་གསལ་ཏེ་༼སྒོ་བསལ༽སྤྱི་བོར་བླ་མ་དང་ཡི་དམ་དབྱེར་མེད་དུ་བསྒོམས་པའི་ཐུགས་ཀར་འཕངས་ཏེ་མཉམ་པར་བཞག་པས་གྲུབ་མཐའ་སྙོགས་ཏེ་རིག་འཛིན་གྱི་གོ་འཕང་འཐོབ་པར་འགྱུར་རོ། །གསུམ་པ་ནི་གཞན་དེ་དང་འདྲ་བ་ལས། དབང་པོའི་སྒོ་རྣམས་འགོག་བྱེད་ཡི་གེས་བྱེད་པ་དང་། རྣམ་ཤེས་ཧིག་སྒྲ་ཉེར་གཅིག་གིས་འཕེན་པར་བྱེད་པ་ཙམ་གྱིས་ཁྱད་པར་དུ་བྱས་པ་ཡིན་ནོ། །
ལྔ་པ་བུམ་དབང་གི་འབྲས་བུ་ནི། སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་སྒོམ་མ་ཤེས། །སྤྲུལ་སྐུའི་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ཞེས་གསུངས་པ་ལྟར། གཞི་དུས་ཀྱི་དཀྱིལ་འཁོར་བཞི་མཐར་ཐུག་སྐུ་བཞིའི་སྒྲུབ་གཞིར་སྔར་བཤད་པ་ལས། དང་པོ་ལུས་རྩ་ཡི་དཀྱིལ་འཁོར་ཕྲ་རགས་དང་གཙོ་ཕལ་རྣམས་ཡེ་ནས་སྤྲུལ་སྐུའི་རང་བཞིན་དུ་གནས་པ་ཤེས་པར་བྱས་ནས། སྔར་ལྷར་བསྐྱེད་རིམ་དབྱིབས་ཀྱི་ལྷར་སྐུ་རང་གསལ་དུ་བསྒོམས་པས་རྩ་རྣམས་ཀྱི་འགྲོས་ཐིམ། དབྱིབས་ཀྱི་ལམ་དག །ལུས་ཀྱི་སྒྲིབ་པ་མ་ལུས་པ་བྱང་ནས་མཐར་ཐུག་གི་འབྲས་བུ་ལུས་བསྐྱེད་རིམ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤག་རྒྱུད་ལེའུ་བཅོ་ལྔ་པ་འབྲས་བུ་བསྟན་པ་ལས། རྩ་རྣམས་འགྲོས་ཐིམ་དབྱིབས་ཀྱི་ལམ་དག་པ། །ལུས་ཀྱི་སྒྲིབ་བྱང་བསྐྱེད་རིམ་སྤྲུལ་པའི་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བུམ་དབང་གི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་དག་གི་དོན་བསྡུ་བའི་ཕྱིར་ལེའུ་བཅུ་བཞི་པའི་ལུང་སྔ་མའི་འཕྲོ་ལས། ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས། །མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ནུས། །བུམ་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཚངས་པར་གྱུར་ནས་བསྐྱེད་རིམ་དངོས་གྲུབ་སྩོལ། །ཞེས་གསུངས་ཏེ། དེ་ཡང་ལུས་རྩ་ཡི་དཀྱིལ་འཁོར་ཉིད་བུམ་པའི་དབང་གི་སྒྲུབ་གཞིར་ཤེས་པར་བྱས་ནས། མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་བསྐྱེད་རིམ་སྒོམ་པའི་གྲོགས་སུ་བུམ་དབང་གི་དམ་ཚིག་བླ་མ་དང་མཆེད་ལ་གུས་པར་བྱ་བ་ལ་སོགས་པ་རྣམས་མ་ཉམས་པར་བསྲུངས་པས་རྒྱུད་ཡོངས་སུ་དག་པར་གྱུར་པ་ན། ཐུན་མོང་གི་དངོས་གྲུབ་གཙོ་བོར་གྱུར་པའི་དངོས་གྲུབ་རྣམ་པ་གཉིས་ཅི་རིགས་པར་འཐོབ་པར་འགྱུར་བ་ཡིན་ནོ། །
སྤྱི་དོན་གཉིས་པ་གསང་དབང་ལའང་ལམ་སོགས་ཆོས་ལྔ་ལས། དང་པོ་གསང་དབང་གི་ལམ་ནི། །བདག་བྱིན་གྱིས་རློབ་པའི་ལམ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །འཁོར་ལོ་བརྟེན་དང་མ་བརྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམ། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཞེས་གསུངས་པ་ལྟར་ལུས་གནས་ཀྱི་རྩ་ཡིག་ཡེ་ནས་ལོངས་སྐུའི་རང་བཞིན་དུ་གནས་པ་གང་ཞིག །ད་ལྟ་ལམ་གྱི་དུས་སུ་དེ་ཉིད་སྦྱངས་ནས་ཉམས་སུ་ལེན་པའི་གདམས་ངག་ལ། རྩའི་འཁོར་ལོ་ལ་བརྟེན་པའི་གདམས་ངག་གསུམ། རྩའི་འཁོར་ལོ་ལ་མ་བརྟེན་པའི་གདམས་ངག་ལྔ། གཞན་མན་ངག་གི་གནད་ལ་བརྟེན་པའི་གདམས་ངག་གཅིག་སྟེ་བསྡོམས་པས་དགུ་ཡོད་པ་ལས། ལམ་ཉམས་སུ་ལེན་པའི་གནས་སྐབས་ན་འཁོར་ལོ་ལ་མ་བརྟེན་པའི་གདམས་ངག་ཉིད་སྔོན་དུ་ཉམས་སུ་བླང་བར་བྱ་བ་ཡིན་པས་ན་དེ་ཉིད་ཐོག་མར་བརྗོད་པ་ལ། མར་མེ་གསོ་བ། ཚངས་པའི་ཐོག །རྩའི་རྣལ་འབྱོར། སྲུབ་ཤིང་གི་འཁོར་ལོ། ཐིག་ལེའི་རྣལ་འབྱོར་ཏེ་ལྔ་དང་། གཉིས་པ་འཁོར་ལོ་ལ་བརྟེན་པའི་གདམས་ངག་ལ། ལྟེ་བའི་རྩ་འཁོར་གཅིག་པུ་ལ་བརྟེན་པའི་གདམས་ངག་དང་། ལྟེ་བ་དང་སྙིང་གའི་རྩ་འཁོར་ཏེ་གཉིས་ལ་བརྟེན་པའི་གདམས་ངག་དང་། དེའི་སྟེང་དུ་མགྲིན་པ་དང་སྤྱི་བོའི་རྩ་འཁོར་གཉིས་བསྣན་པས་འཁོར་ལོ་བཞི་ལ་བརྟེན་པའི་གདམས་ངག་སྟེ། དེ་ལྟར་གསུམ་དང་། གཞན་མན་ངག་གི་གནད་ལ་བརྟེན་པའི་ཟབ་པ་གཅིག་སྟེ་བསྡོམས་པས་དགུའོ། །འདི་དག་ཇི་ལྟར་བསྒོམ་པའི་ཚུལ་རྣམས་ནི་ཧ་ཅང་མང་བས་མ་སྤྲོས་ལ་ཞིབ་ཏུ་རྟོགས་པར་འདོད་པ་དག་གིས་ནི་གཞུང་དུ་བལྟ་བར་བྱའོ། །གཞན་ཡང་གསང་བའི་གནད་རྣམས་ནི་ཁྱབ་གདལ་དུ་བརྗོད་པར་བྱ་བའང་མ་ཡིན་པས་བླ་མའི་ཞལ་ལས་བླང་བར་བྱའོ། །དེ་ལྟར་གདམས་ངག་དགུས་བདེ་བ་ཉམས་སུ་ལེན་པའི་ལམ་བསྒོམས་པས་བདག་གཞན་གྱི་ཟླས་ཕྱེ་བའི་བདག་གི་ལུས་ལ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རང་ལས་བྱུང་བའི་ཡེ་ཤེས་རྟོགས་པར་འགྱུར་བ་ཡིན་ནོ། །
གཉིས་པ་གསང་དབང་གི་ལྟ་བ་ནི། རང་བྱུང་ཡེ་ཤེས་ཞེས་བྱ་བ་ཡིན་ཏེ། རྒྱུད་སྔ་མ་ལས། ཉོན་མོངས་དང་རྣམ་རྟོག་སྣྲེལ་ཞི་རྣམས། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །སྙིང་ག་རོ་རྐྱང་དབུ་མ་ཟུང་འཇུག་མདོ། །ལྟ་བ་རང་བྱུང་ཡེ་ཤེས་ཀློང་དུ་བཤགས། །ཞེས་གསུངས་པ་ལྟར། ཉོན་མོངས་རང་བྱུང་ཡེ་ཤེས། རྣམ་རྟོག་རང་བྱུང་ཡེ་ཤེས། སྣྲེལ་ཞི་རང་བྱུང་ཡེ་ཤེས། གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་ཏེ། ནང་གསེས་བཞི་ཡོད་པ། དེ་དག་གང་ལས་སྐྱེ་བའི་གནས་ལ་གནད་དུ་བསྣུན་པའི་སྒོ་ནས་ཐིག་ལེ་རྣལ་འབྱོར་བཞི་སྟེ། སྙིང་ཁའི་ཉི་ཟླ་ཁ་སྦྱོར། ལྟེ་བའི་དཔའ་བོ་འབའ་ཞིག །གསང་གནས་བདེ་བའི་ཐིག་ལེ། མཛོ་སྤུའི་སྐྲ་དཀར་ས་བོན་ནོ། །དེ་ལས་དང་པོ་ནི་སྙིང་ཁར་ཉི་ཟླ་ཁ་སྦྱོར་གྱི་ཐིག་ལེ་མཚན་ཉིད་གསུམ་ལྡན་སྒོམ་པའི་ཚུལ་རྣམས་ཡིན་ལ། གཉིས་པ་ནི་ལྟེ་བར་ཐིག་ལེ་མཚན་ཉིད་གསུམ་ལྡན་བསྒོམས་པ་ལ་རོ་རྐྱང་གི་ལམ་ནས་སྟེང་རླུང་མནན་ནས་བསྟིམས་པའི་སྦྱོར་བ་ཉིད་ཡིན་ནོ། །གསུམ་པ་ནི། གསང་བའི་སྦུབས་སུ་ཐིག་ལེ་དམར་པོ་ཆོས་གསུམ་ལྡན་བསྒོམ་སྟེ་འོག་རླུང་ཆེར་བསྐུམ་པའི་སྦྱོར་བས་རླུང་སེམས་དབུ་མར་འཇུག་པའི་ཐབས་སོ། །བཞི་པ་ནི་མཛོད་སྤུར་ཧཾ་ཡིག་འཁྱོག་པོ་འགོ་མཐུར་ལྟ་བསྒོམས་ཏེ་རླུང་འབྱུང་འཇུག་གི་སྦྱོར་བས་ཧཾ་ལས་བབས་པའི་བདུད་རྩིས་ལྕེ་ཆུང་གི་རྒྱབ་རྩའི་སུམ་མདོ་བརྒྱུད་སྙིང་གའི་ཧཱུྃ་ཡིག་ཚིམ་པར་བྱེད་པའི་བར་དུ་བསྒོམ་པའི་གདམས་ངག་གོ །དེ་ལྟར་བཞི་ལ་བརྟེན་ནས། ཡུལ་རྐྱེན་ལ་ལྟོས་པ་དང་། མི་ལྟོས་པ་དང་། མི་གསལ་བ་དང་གསལ་བའི་ཁྱད་པར་གྱིས་རང་བྱུང་གི་ཏིང་ངེ་འཛིན་བཞི་པོ་སྐྱེ་བར་འགྱུར་བ་ཡིན་ནོ། །
གསུམ་པ་གསང་དབང་གི་གྲུབ་མཐའ་ནི། མ་འདྲེས་ལ་ཡོངས་སུ་རྫོགས་པ་ཞེས་བྱ་བ་སྟེ། རྒྱུད་སྔ་མ་ལས། སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ། །འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །ཞེས་གསུངས་པ་ལྟར། རང་སྐལ་གྱི་གཞི་ལ་སྒྲ་དབྱངས་ཐམས་ཅད་ཡེ་ནས་གསུང་རྡོ་རྗེའི་ངོ་བོར་གནས་པའི་ཚུལ་རྣམས་ཤེས་པས་འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དུ་ཆོས་སྟོན་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་ཤེས་ཤིང་གཞན་ལ་འདོམ་པའི་ཚངས་པའི་དབྱངས་ཐོབ་པ་དང་། སོ་སོ་ཡང་དག་པའི་རིག་པ་བཞི་ལ་རང་དབང་ཐོབ་པ་ལ་སོགས་པའི་ཡོན་ཏན་མཐའ་དག་མ་འདྲེས་ལ་ཡོངས་སུ་རྫོགས་པ་རང་བཞིན་གྱིས་འོད་གསལ་བའི་ལྷ་སྐུ་དག་པ་སྒྱུ་མའི་སྐུ་ཚེ་ལ་དབང་བའི་རིག་འཛིན་ཉིད་མངོན་དུ་འཐོབ་པར་འགྱུར་བའོ། །
བཞི་པ་གསང་དབང་གི་འདའ་ཁ་མ་ནི། འོད་གསལ་ཞེས་བྱ་བ་སྟེ། རྒྱུད་དེ་ཉིད་ལས། སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད། །མ་བསྒོམ་རང་ཆས་ཡིན་པར་མ་ཤེས་པས། །འཆི་དུས་རང་གསལ་འབྱུང་བར་མ་འཚལ་བ། །འདའ་ཁའི་གདམས་ངག་འོད་གསལ་ངང་དུ་བཤགས། །ཞེས་གསུངས་པ་ལྟར་གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ནའང་སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད་པའི་རྒྱུ་མཚན་གྱིས། ཆེད་དུ་མ་བསྒོམས་ཀྱང་འཆི་ཁའི་དུས་སུ་འོད་གསལ་ཉིད་རང་ཆས་སུ་འབྱུང་བ་ཡིན་ཏེ། དེ་ཡང་འཆི་ཁ་མའི་རླུང་གིས་རྐྱེན་བྱས་ནས་རྩ་མདུད་ཐམས་ཅད་གྲོལ་ཏེ་རླུང་ཐམས་ཅད་དབུ་མར་ཞུགས་པས་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་སྐྱེ། དེ་སྔར་གྱི་རང་བྱུང་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་ཏེ་རིག་པ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་བའོ། །
ལྔ་པ་གསང་དབང་གི་འབྲས་བུ་ནི། ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མའི་འཕྲོ་ལས། ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །ལམ་དུ་མ་ཤེས་བདེ་བ་མ་བསྒོམས་པས། །གཏུམ་མོའི་དྲོད་ཀྱིས་འབྲས་བུ་མ་ཐོབ་པ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་གཞི་དུས་ཀྱི་དཀྱིལ་འཁོར་བཞི་ལས། ལུས་ལ་གནས་པའི་རྩ་ཡི་གེའི་དཀྱིལ་འཁོར་ཉིད་ཡེ་ནས་ལོངས་སྐུ་ཆེན་པོའི་རང་བཞིན་དུ་གནས་པ་ལ། དེ་ཉིད་ལམ་དུ་ཤེས་པའི་བདེ་བའི་ཐབས་ལ་བརྟེན་ཏེ་བསྒོམས་པས་གཏུམ་མོ་ཡེ་ཤེས་ཀྱི་དྲོད་མཆོག་ཏུ་བསྐྱེད་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་དབང་བསྒྱུར་ཏེ་ཡི་གེའི་འགྲོས་ཐིམ། སྔགས་ཀྱི་ལམ་དག །ངག་གི་སྒྲིབ་པ་མ་ལུས་པ་བྱང་ནས། མཐར་ཐུག་གི་འབྲས་བུ་རྫོགས་རིམ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ལྷུན་གྲུབ་ཉིད་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤགས་ལེ་བཅོ་ལྔ་པ་ལས། ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། །ངག་གི་སྒྲིབ་བྱང་རྫོགས་རིམ་ལོངས་སྤྱོད་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་གསང་དབང་གི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་དག་གི་དོན་བསྡུ་བའི་ཕྱིར་ལེའུ་བཅུ་བཞི་པའི་ལུང་སྔ་མའི་འཕྲོར། གསང་བའི་དབང་གི་གདམས་ངག་ཤེས་གྱུར་ཀྱང་། །རང་གི་བདེ་བ་ལམ་དུ་མ་ལོངས་ཏེ། །གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བ། །གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཏེ། དེ་ཡང་རྩ་ཡི་གེའི་དཀྱིལ་འཁོར་ཉིད་གསང་བའི་དབང་གི་གདམས་ངག་བསྒོམ་པའི་སྒྲུབ་གཞིར་ཤེས་པར་བྱས་ནས་གཞན་རྐྱེན་ལ་མ་ལྟོས་པར་རང་གི་བདེ་བ་ལམ་དུ་བྱེད་པའི་གྲོགས་སུ་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་སོགས། གསང་དབང་གི་དམ་ཚིག་རྣམས་མ་ཉམས་པར་བསྲུངས་པས་དོན་དམ་ཡེ་ཤེས་ཀྱི་གཏུམ་མོའི་དྲོད་རྟགས་ལུས་ལ་ཤར་ཏེ་ཚེ་འདིར་མཆོག་གི་དངོས་གྲུབ་མངོན་དུ་འཐོབ་པར་འགྱུར་བ་ཡིན་ནོ། །
སྤྱི་དོན་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལའང་ལམ་སོགས་ཆོས་ལྔ་ལས། དང་པོ་ཤེར་དབང་གི་ལམ་ནི། དཀྱིལ་འཁོར་འཁོར་ལོའམ། འཁོར་ལོ་ཐབས་ཀྱི་ལམ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། ལུས་ཁམས་བདུད་རྩི་རང་ལ་གནས་པ་ལ། །ཡུམ་བདག་འདོད་པ་བྱིན་རླབས་མཉམ་པ་དང་། །སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུས་རྒྱས་རྣམས། །མ་བསྒོམས་འཁོར་ལོ་ཐབས་ཀྱི་ལམ་དུ་བཤགས། །ཞེས་གསུངས་པ་ལྟར། ལུས་ཀྱི་རྩ་ཡིག་ལ་ཁམས་བདུད་རྩི་ཡེ་ནས་རང་ཆས་སུ་གནས་པ་ཉིད་ལམ་གྱིས་སྦྱངས་ནས་ཉམས་སུ་ལེན་པར་བྱེད་པ་ལ་ལམ་རྒྱས་བསྡུས་གཉིས་ལས། རྒྱས་པ་ལའང་། ལུས་ངག་མཉམ་པ། འདོད་པ་མཉམ་པ། བྱིན་རླབས་མཉམ་པ། རིག་མ་དག་པ། མན་ངག་གི་གནད་ཀྱིས་ཟིན་པ་སྟེ་ལྔ་ལས། དང་པོ་ནི་ཡུམ་དང་བདག་གཉིས་ཀའི་ལུས་ལྷ་དང་ངག་སྔགས་སུ་མཉམ་པའོ། །གཉིས་པ་ནི། ཕན་ཚུན་གཉིས་ཀས་ཐབས་ཟབ་མོ་འདི་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་འཐོབ་པར་བྱའོ་སྙམས་པའི་འདོད་པ་མཉམ་པ་དང་། གསུམ་པ་ནི། མཁའ་གསང་རྡོ་རྗེ་དང་པད་མར་ཕན་ཚུན་བསྣོལ་མར་བྱིན་གྱིས་བརླབས་པར་མཉམ་པའོ། །བཞི་པ་ནི། སྐྱེ་བས་ཐོབ་པའམ་སྦྱངས་པ་ལས་བྱུང་བའི་རིག་མ་དག་པ་སྟེ། དང་པོ་ནི། རི་དྭགས་ཅན་མ་དང་། དུང་ཅན་མ། གླང་པོ་ཅན་མ། རི་མོ་ཅན་མ། སྣ་ཚོགས་ཅན་མ་རྣམས་སོ། །གཉིས་པ་ནི་ཐོས་བསམ་དང་བསླབ་པས་རྒྱུད་ཡོངས་སུ་དག་པ་དང་། དབང་གིས་དག་པ། རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱིས་དག་པ་རྣམས་སོ། །ལྔ་པ་མན་ངག་གི་གནད་ཀྱིས་ཟིན་པ་ནི། དབབ་བཟུང་ལྡོག་ཁྱབ་མི་ཉམས་པར་བསྲུངས་བ་རྣམས་སོ། །གཉིས་པ་ལམ་བསྡུས་པ་ལའང་། ལུས་ཀྱི་འཕྲུལ་འཁོར་འཆོས་པ་ལ་སོགས་པའི་སྦྱོར་བ་དང་། འཛིན་འདྲེན་དགྲམ་པ་ལ་སོགས་པའི་དངོས་གཞི་དང་། རྗེས་བཅད་པའི་གདམས་ངག་རྣམས་གཞུང་ལས་བཤད་པ་བཞིན་ཉམས་སུ་བླངས་པའི་ཐབས་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་ནོ། །
གཉིས་པ་ཤེར་དབང་གི་ལྟ་བ་ནི། དགའ་བཞིའི་ལྷན་སྐྱེས་ཞེས་བྱ་བ་ཡིན་ཏེ། རྒྱུད་སྔ་མ་ལས། བདེ་བ་ཡེ་ནས་རང་ལ་གནས་པ་ལ། །གོ་རིམ་གནས་དང་སྤང་བྱ་ངོ་བོ་ཡི། །བདེ་བ་རྣམ་བཞི་ཉམས་སུ་མ་ལོན་པ། །བདེ་བཞིར་ལྟ་བ་ལྷན་སྐྱེས་ངང་དུ་བཤགས། །ཞེས་གསུངས་པ་ལྟར། ཁམས་བདུད་རྩི་བདེ་བ་ཆེན་པོ་ཉིད་ཡེ་ནས་རང་ལ་གནས་པ་ཐབས་ཟབ་མོས་ཉམས་སུ་བླངས་པས་དགའ་བ་བཞིའི་ཡེ་ཤེས་རྣམས་རིམ་བཞིན་སྐྱེ་བར་འགྱུར་ཏེ། དེ་ལ་དབྱེ་ན། གོ་རིམ་གྱི་དགའ་བ་བཞི་དང་། གནས་ཀྱི་དགའ་བ་བཞི་དང་། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི་དང་། ངོ་བོའི་དགའ་བ་བཞི་སྟེ། ནང་གསེས་ཀྱི་དགའ་བ་བཞི་བཞི་བཅུ་དྲུག་ཡོད་པའི་མཐའི་ལྷན་ཅིག་སྐྱེས་པའི་དགའ་བ་ངོས་ཟིན་པར་བྱས་ནས་ཉམས་སུ་ལེན་པ་སྟེ། འདིར་དགའ་བ་དང་བདེ་བའི་ཁྱད་པར་ནི་ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་ཞེས་དབྱེ་བའམ། ཡང་ན་དེ་གཉིས་མིང་གི་རྣམ་གྲངས་ཙམ་དུ་ཤེས་པར་བྱའོ། །
གསུམ་པ་ཤེར་དབང་གི་གྲུབ་མཐའ་ནི། བདེ་སྟོང་རྒྱ་ཆུང་ཞེས་བྱ་བ་སྟེ། རྒྱུད་སྔ་མའི་མུར། བདེ་བ་རང་ལ་གནས་པར་མ་ཤེས་ཤིང་། །སྡུག་བསྔལ་རྐྱེན་གྱིས་བདེ་བ་མ་བསྒོམས་པས། །བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ལྷན་ཅིག་སྐྱེས་པ་བདེ་བའི་ངང་དུ་བཤགས། །ཞེས་གསུངས་པ་ལྟར། ཡེ་ནས་བདེ་བ་ཆེན་པོ་རང་ལ་གནས་པའི་ཚུལ་རྣམས་ཤེས་པར་བྱས་ནས། སྡུག་བསྔལ་དང་རྐྱེན་གྱི་རྣམ་པ་ཇི་ལྟར་སྣང་བ་ཐམས་ཅད་བདེ་བ་ཆེན་པོར་ལམ་དུ་བྱས་ནས་བསྒོམས་པས་རང་སྐལ་གྱི་ས་གཉིས་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཅི་རིགས་པ་རྣམས་བདེ་སྟོང་དུ་རྟོགས་པ་འབྱུང་སྟེ་ལམ་གོང་མ་ལ་ལྟོས་པའི་བདེ་སྟོང་རྒྱ་ཆུང་བ་སློབ་པའི་ཟུང་འཇུག་གི་ངོ་བོ་ཉིད་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་བྱས་པའོ། །
བཞི་པ་ཤེར་དབང་གི་འདའ་ཁ་མ་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས་པས། །འཆི་དུས་རང་ཉིད་དེར་སྣང་སྔར་མ་གྲུབ། །འཁོར་ལོ་བཞི་ཡི་བདེ་བ་མ་འབྱོངས་པ། །འདའ་ཁ་རྡོ་རྗེ་སེམས་པའི་ངང་དུ་བཤགས། །ཞེས་གསུངས་པ་ལྟར། བདག་ཉིད་ཡེ་ནས་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པར་ཤེས་ནས་བསྒོམས་པས། གལ་ཏེ་གྲུབ་མཐའ་མ་སྙོགས་པར་འཆི་བར་འགྱུར་ནའང་། སྐབས་དེར་འཆི་བའི་རླུང་གིས་རྐྱེན་བྱས་ནས་འཁོར་ལོ་བཞི་ཡི་རྩ་མདུད་རྣམས་དྲལ་ཏེ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་རྣམས་རིམ་གྱིས་ཚོགས་ནས་དབུ་མར་ཞུགས་པས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྡོ་རྗེ་སེམས་དཔའ་སྐྱེ་བར་འགྱུར་བ་སྟེ། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སྟོང་པ་ཉིད་ལ་བྱ། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །ཞེས་གསུངས་པ་ལྟར་ཏེ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་དེ་ཉིད་སྔར་གྱི་བདེ་སྟོང་གི་ལྟ་བ་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་པར་འགྱུར་རོ། །
ལྔ་པ་ཤེར་དབང་གི་འབྲས་བུ་ནི། ཆོས་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི། །ཆོས་སྐུ་དྲི་མ་མེད་པར་གནས་པ་ལས། །མ་ཤེས་མ་རྟོགས་བདུད་རྩི་མ་སྦྱངས་པ། །ཞེས་གསུངས་ཏེ། དེ་ཡང་སེམས་ཀྱི་རྟེན་ནི་བདུད་རྩི་ཐིག་ལེ་ཆེན་པོ་སྟེ། དེ་ཉིད་ཡེ་ནས་ཆོས་སྐུ་དྲི་མ་མེད་པར་གནས་པའི་ཚུལ་རྣམས་ཤེས་ཤིང་རྟོགས་པར་བྱས་ནས་དཀྱིལ་འཁོར་བཞི་ལས་ཁམས་བདུད་རྩིའི་དཀྱིལ་འཁོར་དེ་ཉིད་ལ་གནད་དུ་བསྣུན་པའི་སྒོ་ནས་ལེགས་པར་སྦྱངས་པས་བདུད་རྩི་ཁམས་ཀྱི་འགྲོས་ཐིམ། བཅུད་ཀྱི་ལམ་དག །སེམས་ཀྱི་སྒྲིབ་པ་མ་ལུས་པ་བྱང་ནས། མཐར་ཐུག་གི་འབྲས་བུ་དྭངས་མ་ཆོས་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཉིད་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤགས་ལེ་བཅོ་ལྔ་པ་ལས། བདུད་རྩི་ཁམས་ཀྱི་འགྲོས་ཐིམ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་དག་དྭངས་མ་ཆོས་ཀྱི་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཤེར་དབང་གི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་ཉིད་ཀྱི་དོན་བསྡུ་བའི་ཕྱིར་ལེའུ་བཅུ་བཞི་པའི་ལུང་སྔ་མའི་འཕྲོར། དྲི་ཆེན་དྲི་ཆུ་མང་ས་རཀྟ་ཟིལ། །འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ། །བདེ་བ་མཆོག་བདེ་རྣམ་རྟོག་བྲལ་བདེ་བ། །ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་ཁམས་བདུད་རྩིའི་དཀྱིལ་འཁོར་ཉིད་ཤེར་དབང་གི་ལམ་གྱི་སྒྲུབ་གཞིར་ཤེས་པར་བྱས་ནས་ལྷན་སྐྱེས་སྒོམ་པའི་གྲོགས་སུ། དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔ་དང་། འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ་པོ་བསྟེན་པ་དང་། ཤེས་རབ་ལ་མི་སྨད་པ་ལ་སོགས་པའི་ཤེར་དབང་གི་དམ་ཚིག་རྣམས་མ་ཉམས་པར་བསྲུངས་པས། བདེ་བ་དང་། མཆོག་བདེ་དང་། རྣམ་རྟོག་བྲལ་བདེ་དང་། ལྷན་ཅིག་སྐྱེས་པའི་བདེ་བ་སྟེ། ཡས་བབས་ཐབས་ཀྱི་རང་བཞིན་དགའ་བཞིའི་ཡེ་ཤེས་ཉིད་མཐར་ཆགས་སུ་སྐྱེས་ནས་མཆོག་གི་དངོས་གྲུབ་ལ་སྦྱོར་བར་འགྱུར་བ་ཡིན་ནོ། །
སྤྱི་དོན་བཞི་པ་ཚིག་དབང་ངམ་བདེ་བ་ཆེན་པོའི་དབང་ལའང་ལམ་སོགས་ཆོས་ལྔ་ལས། དང་པོ་དབང་བཞི་པའི་ལམ་ནི་རྡོ་རྗེའི་རྦ་རླབས་ལམ་གསུམ་ཞེས་བྱ་བ་སྟེ། དེ་ཡང་རྒྱུད་སྔ་མ་ལས། ཐབས་དང་ཤེས་རབ་གཉིས་ཀ་རང་གནས་ཀྱང་། །ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད་དག་དང་། །གཉིས་ཀའི་རྒྱུད་ལ་དག་པར་མ་སྦྱོང་པ། །རྡོ་རྗེ་རྦ་རླབས་ལམ་གསུམ་ངང་དུ་བཤགས། །ཞེས་གསུངས་པ་ལྟར། ཐབས་ཡབ་དང་། ཤེས་རབ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་གཉིས་ཀ་རང་ཆས་སུ་ལྷན་ཅིག་གནས་པ་དེས་ཟབ་ལམ་འདི་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། དང་པོ་ལུས་སྦྱང་པ་ལ་སོགས་པ་སྔོན་དུ་འགྲོ་བས་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ཏེ། དངོས་གཞིར་འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས། ངག་གི་རྦ་རླབས་ཞི་དྲག་གཉིས། ཏིང་ངེ་འཛིན་སྒོམ་པ་སེམས་ཀྱི་རྦ་རླབས་ཏེ། སྒོ་གསུམ་རྡོ་རྗེའི་རྦ་རླབས་གསུམ་ཉམས་སུ་ལེན་པ་ལ། ཐབས་ཡབ་ཀྱི་རྒྱུད་དག་པ་དང་། ཤེས་རབ་ཡུམ་གྱི་རྒྱུད་དག་པ་དང་། ཡབ་ཡུམ་གཉིས་ཀའི་རྒྱུད་དག་པ་སྟེ། དག་པ་གསུམ་གྱིས་རྒྱུད་ལེགས་པར་སྦྱང་དགོས་པ་ལས། དང་པོ་ནི། ལུས་ངག་མཉམ་པ་ལ་སོགས་པ་གསུམ་སྔོན་འགྲོ་བས། ཐབས་ཤེས་སྙོམས་པར་ཞུགས་ཏེ། དྭངས་མ་མཆོག་གི་ཟེར་བར་བྱོན་པའི་བར་སྔར་ལྟར་ལས། དེ་ནས་ཁམས་འོད་ཟེར་གྱི་རྣམ་པར་གནས་པ་དེ་ཉིད་རྩ་གཙོ་མོ་གསུམ་དང་འཁོར་ལོ་ལྔར་ལུགས་ལྡོག་ཏུ་སྦྱང་པའི་ཐབས་ཀྱིས། གཡས་གཟུང་བའི་རྦ་རླབས་རེངས་པ། གཡོན་འཛིན་པའི་རྦ་རླབས་རེངས་པ། དབུས་གཉིས་ཀའི་རྦ་རླབས་རེངས་པ་སྟེ་གསུམ་གྱིས་རྣམ་ཐར་སྒོ་གསུམ་དང་། འབྲས་བུ་གསུམ་ལ་སྦྱོར་བའོ། །
གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པར་བྱེད་པའི་ཚུལ་ཡང་། མགྲིན་པ་དང་སྤྱི་བོའི་འཁོར་ལོའི་འོད་ཟེར་སྤྲོ་བསྡུ་བྱེད་ཚུལ་གྱི་ཁྱད་པར་ཅུང་ཟད་ཙམ་རེ་ལས་གཞན་དེ་ཉིད་དང་འདྲའོ། །
གསུམ་པ་ཐབས་ཤེས་གཉིས་ཀའི་རྒྱུད་དག་པར་བྱ་བ་ནི། ཡབ་ཡུམ་སོ་སོའི་དངས་མ་འོད་ཟེར་གྱི་ཕུང་པོར་འབར་བ་ཉིད་ལུགས་ལྡོག་ཏུ་དབུ་མའི་ལམ་བརྒྱུད་དེ་རང་རང་གི་གཙུག་ཏོར་མཆོག་ཏུ་ཐིམ་སྟེ། གཉིས་ཀ་ཡང་སྐུ་ལྔ་ལྷུན་གྱིས་གྲུབ་པར་དྲན་པ་ཙམ་བྱས་ཏེ་ཉམས་གང་སྐྱེས་བྱུང་རྒྱལ་དུ་བསྐྱང་ངོ་། །
གཉིས་པ་དབང་བཞི་པའི་ལྟ་བ་ནི། ཆོས་རྣམས་རྣམ་དག་ཅེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ལུས་ངག་སེམས་དང་ལུས་སེམས་གཉིས་ཀ་ལ། །ཕན་འདོགས་རང་ལ་གནས་པར་མ་ཤེས་པས། །རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་པ་དང་། །དྲི་མ་མེད་པའི་ཡོན་ཏན་མ་ཤེས་པ། །ལྟ་བ་ཆོས་རྣམས་རྣམ་དག་ངང་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་གྱི་དགའ་བ་བཞི་ལ་སྦྱངས་བས་རིམ་བཞིན། ལུས་དང་། ངག་དང་། སེམས་དང་། ལུས་སེམས་གཉིས་ཀ་སྟེ། སྒོ་གསུམ་ཆ་མཉམ་དང་བཅས་པ་ལ་ཕན་འདོགས་པའི་ཡོན་ཏན་རང་ལ་རང་ཆས་སུ་གནས་པ་ཉིད་མངོན་དུ་གྱུར་ཏེ། རྒྱུ་མཐུན་པའི་འབྲས་བུ་ནི་སྐྲ་དཀར་འཇོམས་པ་དང་། འགྲོ་བ་ཀུན་གྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་འགྱུར། རྣམ་སྨིན་གྱི་འབྲས་བུ་ནི་སྟོབས་འཕེལ་ཞིང་མངོན་པར་ཤེས་པ་ཅུང་ཟད་འཆར། སྐྱེས་བུ་བྱེད་པས་ནི་ཁམས་རྣམ་པར་འཕེལ་ཞིང་འཇིག་རྟེན་ཁམས་ཀྱི་རོ་ཐམས་ཅད་ལ་ཅི་རིགས་པར་ལོངས་སྤྱོད་ནུས། དྲི་མ་མེད་པའི་འབྲས་བུར་འཆི་མེད་འགྲུབ་ཅིང་རྫུ་འཕྲུལ་འགྲུབ་པའོ། །དེ་དག་གི་སྐབས་སུ་བདེ་སྟོང་གི་ཏིང་ངེ་འཛིན་ཡང་རིམ་བཞིན་ཆུང་འབྲིང་ཆེན་པོ་ཤིན་ཏུ་ཆེན་པོ་རྣམས་འགྲུབ་པར་འགྱུར་རོ། །
གསུམ་པ་དབང་བཞི་པའི་གྲུབ་མཐའ་ནི། བདེ་སྟོང་རྒྱ་ཆེན་ཞེས་བྱ་བ་སྟེ། རྒྱུད་སྔ་མ་ལས། ལྟ་བ་རང་གནས་ཉམས་སུ་མ་མྱོང་བས། །འཇིག་རྟེན་འདས་པའི་གྲུབ་མཐའི་རྟགས་མ་ཤར། །བདེ་སྟོང་རྒྱ་ཆེའི་གྲུབ་མཐའ་མ་རྟོགས་པ། །འཁོར་འདས་ཆོས་རྣམས་བདེ་སྟོང་གཅིག་ཏུ་བཤགས། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་རང་གནས་ཀྱི་ལྟ་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཉམས་སུ་མྱོང་ཞིང་མངོན་དུ་གྱུར་པས་འཇིག་རྟེན་ལས་འདས་པའི་གྲུབ་མཐའི་བདེ་སྟོང་ཆེན་པོ་རང་སྐལ་གྱིས་ཕྱེད་པ་ལ་འཁོར་འདས་ཐམས་ཅད་བདེ་སྟོང་གཅིག་གི་ངང་དུ་རྟོགས་ཏེ། བླང་དོར་དང་སྤང་ཐོབ་མེད་པར་མི་སློབ་པའི་ཟུང་འཇུག་གི་སས་བསྡུས་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཉིད་མངོན་དུ་བྱས་པའོ། །
བཞི་པ་དབང་བཞི་པའི་འདའ་ཁ་མ་ནི། གསང་ཆེན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་སྟེ། རྒྱུད་སྔ་མའི་འཕྲོར། སྦྱངས་དང་གོམས་དང་ལས་ལ་སྦྱར་དུ་མེད། །མ་རྟོགས་དབང་གིས་སྦྱངས་གོམས་ལས་མ་སྦྱར། སྲོག་རྩོལ་རླུང་ལ་གོམས་པར་མ་གྱུར་བ། །འདའ་ཁ་ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས། །ཞེས་གསུངས་པ་སྟེ། དེ་ཡང་དམ་པའི་དོན་དུ། སྦྱངས་པ་དང་། གོམས་པ་དང་། ལས་ལ་སྦྱར་དུ་མེད་པར་རྟོགས་པས། །ཐ་སྙད་དུ་སྦྱང་གོམས་ལས་ལ་སྦྱར་བ་སྟེ། འདིར་ཡང་སྦྱང་བ་ནི། ཞག་ཉེར་གཅིག་གི་བར་དུ་ཉིན་དང་པོར་རླུང་ཁུག་བཅུ་བདུན་ནས་ཉིན་རེ་བཞིན་རླུང་ཁུག་རེ་སྤར་བས་ཉིན་ཐ་མ་ལ་སྲོག་རྩོལ་གྱི་རླུང་ཁུག་པ་སོ་བདུན་དུ་འགྱུར་རོ། །ཡང་ཉིན་རེ་རླུང་ཁུག་རེ་ཕྲི་བས་ཞག་ཉེར་གཅིག་ན་སྔར་གྱི་ཚད་དུ་འགྱུར་ཏེ་དེ་ལྟར་ཞག་བཞི་བཅུ་རྩ་གཉིས་ལ་རླུང་སྦྱངས་བས། རྒྱུ་བ་གསལ་བ་དང་། རྣམ་པ་ངེས་པ་འབྱུང་ངོ་། །གོམས་པ་ནི། ཧི་ཀ་དང་ཀ་ཏིག་སྦྱོར་བས་སྒྲ་ལ་གོམས་པར་བྱ་བ་དང་། རྩ་གནས་ཀྱི་ཡི་གེ་གསལ་བས་ཡི་གེ་ལ་གོམས་པར་བྱ་བ་སྟེ་གཉིས་སོ། །ལས་ལ་སྦྱར་བ་ལའང་། བདེ་འགྲོ་ལ་སྦྱར་བ། གྲོང་གཞན་ལ་སྦྱར་བ། གླིང་དང་སྐྱེ་གནས་ལ་སྦྱར་བ་དང་། ལམ་ཕྱག་རྒྱ་ཆེན་པོ་ལ་སྦྱར་བ་སྟེ་བཞི་ལས་སྔ་མ་གསུམ་དང་ཡང་ཐུན་མོང་བ་ཡིན་ཞིང་། འདི་དབང་བཞི་པ་རང་གི་ཐུན་མོང་མ་ཡིན་པ་ནི་ཕྱི་མ་འདི་ཉིད་དེ། དེ་ཡང་ཚེ་འདིར་གྲུབ་མཐའ་མ་སྙོགས་པར་འཆི་ན། དེའི་དུས་སུ་ལུས་གནད་སྐྱིལ་ཀྲུང་ལ་སོགས་བཅོས་ཏེ། ལུས་ཀྱི་བུ་ག་རྣམས་ཐུན་མོང་མ་ཡིན་པའི་ཡི་གེས་བཀག་ནས། སྲོག་རྩོལ་འབྱུང་འཇུག་གི་དུས་སུ་རྩ་གནས་ཀྱི་ཡི་གེ་རྣམས་དབུ་མར་བློས་རྩེ་གཅིག་ཏུ་བཅུག་པས། འཆི་ཁར་རང་གིས་རླུང་སེམས་དབུ་མར་ཞུགས་པ་དང་། རྣལ་འབྱོར་པས་དེ་ལྟར་བསྒོམས་པས། སྲོག་རྩོལ་གྱི་རླུང་མཐའ་དག་དབུ་མར་ཟད་དེ་ཐིམ་ནས། ཕྱག་རྒྱ་ཆེན་པོ་བདེ་སྟོང་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་རྟོགས་ནས། སྔར་གྱི་ཉམས་མྱོང་དེ་དང་འདྲེས་པའི་ཚུལ་གྱིས་གྲུབ་མཐའ་སྙོགས་ཏེ་རིག་པ་འཛིན་པར་འགྱུར་རོ། །
ལྔ་པ་དབང་བཞི་པའི་འབྲས་བུ་ནི། ངོ་བོ་ཉིད་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཅེས་བྱ་བ་སྟེ། རྒྱུད་སྔ་མའི་འཕྲོ་ལས། ཡེ་ཤེས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ། །མ་སྦྱངས་གནས་ལུགས་དོན་དུ་མ་རྟོགས་པས། །ལམ་བསྟན་རྡོ་རྗེ་རྦ་རླབས་ལམ་མ་བསྒོམས། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་བཤགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ཡེ་ཤེས་ཀྱི་རྣམ་པར་བཞག་པ་གང་ཇི་སྙེད་པ་ཐམས་ཅད་ཀྱང་དབྱིངས་ངོ་བོ་ཉིད་ཀྱི་སྐུ་འདི་ཉིད་ལ་མ་བརྟེན་པ་ན་འགའ་ཡང་མེད་ལ། དེ་བཞིན་དུ་འདི་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རོ་གཅིག་པའི་རྒྱུ་མཚན་གྱིས་དངོས་པོའི་གནས་ལུགས་དོན་དམ་པའི་བདེན་པ་ཡང་ཡིན་པའི་ཚུལ་རྣམས་རྟོགས་པར་བྱས་ནས། དཀྱིལ་འཁོར་བཞི་ལས་སྙིང་པོ་རླུང་གི་དཀྱིལ་འཁོར་སྦྱོང་བའི་ལམ་དུ་བསྟན་པ་རྡོ་རྗེ་རྦ་རླབས་ཀྱི་ལམ་འདི་ཉིད་བསྒོམ་པས། རླུང་གི་འགྲོས་ཐིམ། མི་ཤིག་རྡོ་རྗེའི་རླུང་གི་ལམ་དག །སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་མ་ལུས་པ་བྱང་ནས་མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་ལྷུན་གྲུབ་ཉིད་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། བཤགས་ལེ་བཅོ་ལྔ་པ་ལས། རླུང་གི་འགྲོས་ཐིམ་མི་ཤིག་རྡོ་རྗེའི་རླུང་། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དབང་བཞི་པའི་ལམ་རྗེས་འབྲང་དང་བཅས་པ་རྒྱས་པར་བཤད་ནས། དེ་ཉིད་ཀྱི་དོན་བསྡུ་བའི་ཕྱིར། ལེའུ་བཅུ་བཞི་པའི་ལུང་སྔ་མའི་མུར། །སྲོག་དང་རྩོལ་བ་ལྔ་ཡི་བདག་ཉིད་ལ། །རྩ་བ་ཕུང་པོ་རྣམ་ཤེས་ཡན་ལག་སོགས། །རླུང་བཅུ་སྲོག་ཤིང་གསུམ་དུ་མ་རྟོགས་པ། །བདེ་བ་ཆེན་པོའི་དབང་གི་ལམ་དུ་བཤགས། །ཞེས་གསུངས་ཏེ། དེ་ཡང་སྙིང་པོ་རླུང་གི་དཀྱིལ་འཁོར་ཉིད་དབང་བཞི་པའི་ལམ་གྱི་སྒྲུབ་གཞིར་ཤེས་པར་བྱས་ནས། དེ་ཉིད་ཡན་ལག་སྲོག་དང་རྩོལ་བ་གཉིས་ལ། བྱེད་ལས་ཀྱི་སྒོ་ནས། གྱེན་རྒྱུ། ཐུར་སེལ། མེ་མཉམ། སྲོག་འཛིན། ཁྱབ་བྱེད་ཀྱི་རླུང་སྟེ། རྣམ་པ་ལྔ་ཡི་བདག་ཉིད་དུ་དབྱེ་བ་ལ་རྩ་བའི་རླུང་ལྔ་ཞེས་གྲགས་ཏེ་བརྟེན་པ་ཕུང་ལྔའི་རྟེན་བྱེད་པའོ། །དེ་བཞིན་དུ་མིག་ཤེས་ལ་སོགས་པ་སྒོ་ལྔའི་རྣམ་པར་ཤེས་པའི་རྟེན་བྱེད་པའི་རྒྱུ་བ་ལ་སོགས་པ་ཡན་ལག་གི་རླུང་ལྔ་དང་། འབྱུང་ལྔའི་རླུང་ལྔ་སྟེ་བཅུ་པོ་ལ་ཡན་ལག་གི་རླུང་བཅུ་ཞེས་གྲགས་སོ། །དེ་ཐམས་ཅད་ཀྱང་རྩ་གཙོ་མོ་གསུམ་མམ་སྲོག་ཤིང་གསུམ་ལ་བརྟེན་པའི་གཟུང་འཛིན་འོད་གསལ་གསུམ་གྱི་རྟེན་པའི་ཆ་ནས་བཞག་པའི་རླུང་གསུམ་དུ་འདུ་སྟེ། དེ་དག་ཀྱང་གཞི་དུས་སུ་སྒོ་གསུམ་དང་། དུས་གསུམ་དང་། ནད་དང་གདོན་གསུམ་གསུམ་ལ་སོགས་པའི་རྟེན་དུ་འགྱུར་ལ། འབྲས་དུས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་། སྐུ་གསུམ་ལ་སོགས་པའི་རྟེན་བྱེད་པའོ། །དེ་ལྟ་བུའི་རླུང་གི་གནས་ཚུལ་རྣམས་ལེགས་པར་རྟོགས་ནས། དེ་ཉིད་སྦྱང་པའི་ཐབས་སུ་གྱུར་པ་རྡོ་རྗེ་རྦ་རླབས་ཀྱི་གདམས་པ་ཟབ་མོ་བསྒོམ་པའི་གྲོགས་སུ་རང་བཞིན་དག་པའི་ཆོས་ལ་སོམ་ཉི་ཟ་བ་དང་། མིང་བྲལ་གྱི་ཆོས་ལ་ཚད་མས་གཞལ་བ་ལ་སོགས་ཚིག་དབང་གི་སྤང་བྱའི་དམ་ཚིག་རྣམས་མ་ཉམས་པར་གསུངས་པས་མས་བརྟན་ཤེས་རབ་ཀྱི་དགའ་བཞི་མཐར་ཕྱིན་ནས་འཁོར་ལོ་ལྔའི་རྩ་མདུད་མཐའ་དག་གྲོལ་ནས་ས་བཅུ་གསུམ་པ་རྡོ་རྗེ་འཆང་གི་སར་སྦྱོར་བར་འགྱུར་བ་ཡིན་ནོ། །
དེ་ལྟ་བུའི་དབང་བཞིའི་ལམ་དེ་གང་ཟག་གཅིག་གིས་ཉམས་སུ་ལེན་ནའང་། གང་ཟག་གི་དབང་པོའི་བྱེ་བྲག་གིས་དབང་སྔ་མ་སྔ་མའི་ལམ་དེ་མཐར་ཕྱིན་ནས་ཕྱི་མ་ལ་རིམ་བཞིན་འཇུག་པའང་ཡོད། སྔ་མ་ལ་བརྟན་པ་ཅི་རིགས་ཐོབ་ནས་ཕྱི་མ་དག་ལ་འཇུག་པའང་ཡོད། སྔ་མ་རྣམས་ལ་ངེས་པ་འདྲོང་ཙམ་རེ་བྱས་ནས་ཕྱི་མ་ལ་འཇུག་པའི་གང་ཟག་ཀྱང་ཡོད་མོད་དེ། སྔ་མ་བོར་ནས་ཕྱིི་མར་འཇུག་པ་ནི་མེད་དེ། རྩིག་རྨང་མ་བཏིང་བའི་ཐོག་ཁར་ཕྱིན་པ་མེད་པ་བཞིན་ནོ། །དེ་ལྟར་རང་གི་རྒྱུད་ཚོད་དང་འབྲེལ་བའི་དབང་བཞིའི་ལམ་གང་ཡིན་ཉམས་སུ་ལེན་པ་ནའང་། མཉམ་གཞག་གི་དམ་ཚིག་ཏུ་དབང་རང་རང་གི་ལམ་དེ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་དང་། རྗེས་སྦྱོར་གྱི་དམ་ཚིག་ཏུ་དབང་རང་རང་གི་ལྟ་བ་སྐྱོང་བ་དང་། གཞན་ཡང་བཟའ་བ་དང་། བསྲུང་བ་དང་། མི་འབྲལ་བའི་དམ་ཚིག་རྣམས་ཀྱང་ཅི་རིགས་པར་ཉམས་སུ་བླངས་ཏེ་བསྲུངས་ཤིང་། གལ་ཏེ་དམ་ཚིག་ཉམས་ན་མཁའ་འགྲོ་ལྔ་ལ་བརྟེན་ནས་གསོ་བ་སྟེ། དེ་ཡང་རྡོ་རྗེ་མཁའ་འགྲོ་ནི་བླ་མ། ཡེ་ཤེས་མཁའ་འགྲོ་ནི་ལོངས་སྐུ། མ་མོ་མཁའ་འགྲོ་ནི་སྤྲུལ་སྐུ། ཤ་ཟ་མཁའ་འགྲོ་ནི་དུར་ཁྲོད་ཀྱི་བདག་པོ་ལ་སོགས་པའོ། །དམ་ཚིག་མཁའ་འགྲོ་ནི་རྡོ་རྗེ་སྤུན་གྲོགས་སོ། །དེ་ལྟ་བུའི་མཁའ་འགྲོ་ལྔ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྒོ་ནས་ཉམས་པ་སྐོང་བའོ། །དེ་ལྟར་དབང་བཞིའི་ལམ་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ཉམས་སུ་བླངས་པ་ལ་བརྟེན་ནས་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་སྐུ་ལྔ་ཡོངས་རྫོགས་རྡོ་རྗེ་འཆང་གི་གོ་འཕང་ཉིད་མངོན་དུ་བྱེད་པ་ཡིན་པས་ན་སྐལ་བ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་མི་གཡེལ་བར་འདི་ཉིད་ཁོ་ན་ཉམས་སུ་བླང་བར་བྱའོ། །དེ་ལྟ་བུའི་ཚུལ་འདི་ཡང་། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་དེ་ཉིད་དང་དཔལ་ཧེ་རུ་ཀའི་གལ་པོ་དང་། མ་མོ་ལམ་རྒྱུད་ལུང་ལ་སོགས་པ་སྔ་འགྱུར་རྙིང་མའི་རྒྱུད་སྡེ་མང་པོ་ཞིག་ལས་རྒྱ་ཆེར་གསུངས་པའི་ཕྱིར་ཞིབ་པར་འཆད་འོས་པ་ཞིག་ནའང་། འདིར་མདོར་བསྡུས་ཏེ་དགོས་ཞེས་ཕེབས་པ་དང་། བཤགས་པའི་རྒྱུད་འདི་ཉིད་སྔ་འགྱུར་རྙིང་མ་པ་ཐམས་ཅད་ལ་ཡོངས་སུ་གྲགས་ཤིང་རྩོད་པ་མེད་པའི་རྒྱུད་སྡེའང་ཡིན་པའི་ཕྱིར། དེ་ཉིད་དངོས་བསྟན་ལྟར་སྙིང་པོ་དྲིལ་ཏེ་བརྗོད་པའོ། །
སླར་ཡང་སྨྲས་པ། དེང་སང་གྲུབ་འབྲས་ཐོབ་རློམ་མང་ན་ཡང་། གྲུབ་པའི་རྒྱུ་རྐྱེན་འཆང་ལ་ཆེས་རྨོངས་པའི། །ཚུལ་འདི་མཐོང་ནས་གྲུབ་པའི་གྲགས་པ་ལ། །གྲུབ་བྲལ་བདག་འདྲས་བ་སྤུ་གཡོ་མ་འདོད། །གང་ཞིག་རྒྱུ་དང་མཚུངས་པའི་འབྲས་འབྱུང་ཞེས། །རྟེན་འབྲེལ་བསླུ་བ་མེད་པའི་ལམ་འདི་ནི། །སྟོན་པ་ཚད་མར་གྱུར་པས་ལེགས་གསུངས་ན། །རྒྱུ་བྲལ་འབྲས་ལ་དཔྱོད་ལྡན་སུ་ཞིག་སྨོན། །ཀྱེ་ཧུད་སྟོན་པ་ཟླ་མེད་དགུང་ལ་གཤེགས། །བསྟན་པ་རིན་ཆེན་ཆུ་ལྷའི་ཕང་བར་ལྷུང་། །བསྟན་འཛིན་རྣམས་ནི་ཚེ་འདིར་གྲགས་པས་བསླུས། །ལུས་མེད་གཡོ་ཅན་ཚོགས་ཀྱི་དགོངས་པ་གྲུབ། །ད་ནི་ཉེས་བརྒྱའི་རྒྱུ་སྐར་རྣམས་བཀྲ་བ། །མི་ཕམ་ཆོས་ཀྱི་ཉི་མ་མ་ཤར་བར། །ཆེན་པོར་གྲགས་པའི་ཟླ་བ་སྟོང་གིས་ཀྱང་། །སྣང་མེད་རུམ་དུ་སྦ་བར་མི་ནུས་སྙམས། །འདི་འདྲའི་ཚུལ་ལ་བསམ་ཚེ་གཅེས་པའི་སྙིང་། །སྒྲེན་མོར་བཏོན་པ་ལས་ཀྱང་ཆེས་ལྷག་པའི། །བཟོད་མེད་གདུང་བའི་ཁུར་ཆེན་བདག་སེམས་ལ། །བཀལ་བའི་ལྕིད་འདིས་འཛིན་མའང་གཡོ་སྙམ་བགྱིད། །དེ་ལྟ་ན་ཡང་ལྷག་བསམ་དགེ་བའི་འབྲས། །བརྒྱ་ཕྲག་བསྐལ་བའི་མཐར་ཡང་འཛད་མེད་ཅེས། །བདེན་པར་སྨྲ་བའི་གསུང་གིས་བདེན་གསུང་ན། །བདག་ནི་ད་དུང་ཐུབ་བསྟན་འཛིན་ལ་སྤྲོ། །སྲས་བཅས་རྒྱལ་བ་ཀུན་དང་རྒྱལ་བའི་བཀས། །བསྟན་པ་རིན་ཆེན་འཛིན་པའི་གཉེར་གཏད་པའི། །མཐུ་ལྡན་བསྟན་སྲུང་དྲེགས་པའི་ཚོགས་རྣམས་ཀྱང་། །བརྩེ་བས་བུ་ལ་མ་བཞིན་དགོངས་ཤིག་ཀྱེ། །ཞེས་བསྐྱེད་རྫོགས་ཀྱི་སྤྱི་དོན་ཐབས་ལམ་སྙིང་པོ་ཞེས་བྱ་བ་འདི་ཡང་གངས་རིའི་ཁྲོད་ཙམ་ན་ཐེག་པ་མཆོག་གི་བསྟན་འཛིན་མཚུངས་ཟླ་དང་བྲལ་བ། མདོ་ཁམས་རྫོགས་ཆེན་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཡང་སྲིད་བཞི་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་འཁོར་ལོའི་མགོན་པོ་༧མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ལམ། མཚན་གཞན་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེ་ཞེས་གྲགས་པའི་མུ་ཁྱུད་ཕྱོགས་ཀྱི་རྭ་བར་འཁོར་བ་དེ་ཉིད་ཀྱི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐྱེད་རྫོགས་ཀྱི་སྤྱི་དོན་ཉུང་ངུ་ཞིག་བྲི་དགོས་ཞེས་རིན་ཐང་ལྕི་བའི་གསུང་ངག་གསེར་གྱི་གཅོད་པཎ་སྤྱི་བོར་བཅིངས་བར་མཛད་པ་ཉིད་འདོར་དུ་ཕངས་ནས། ཆོས་སྨྲ་བའི་བཙུན་པ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པས། ལེགས་བཤད་རྒྱ་མཚོའི་འབྱུང་གནས་དཔལ་སེང་གེའི་ནགས་ཁྲོད་ཐུབ་བསྟན་ཉིན་མོར་བྱེད་པའི་གླིང་གི་མཚམས་མལ་ནས་ཤར་མར་སྤེལ་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག་གུ། དགེའོ།།
༈ ཐུབ་བསྟན་སྙིང་པོ་བསྡུས་པའི་ངག །ནུབ་མེད་དཔལ་གྱི་རྒྱ༵ལ་མཚ༵ན་རྩེར། །མཆོད་འདིས་སྲིད་ཞིའི་དཔ༵ལ་བཟ༵ང་པོ༵། །འགོག་མེད་ཕྱོགས་བརྒྱར་འབར་གྱུར་ཅིག །ཅེས་པའང་བཙུན་པ་གཞན་ཕན་པས་སོ།། །།
བསྙེན་སྒྲུབ་ཀྱི་བསླབ་བྱ་ཞལ་ལུང་བདུད་རྩིའི་ཐིགས་པ། གཏེར་ཆེན་འགྱུར་མེད་རྡོ་རྗེ།
༄༅། །བསྙེན་སྒྲུབ་ཀྱི་བསླབ་བྱ་ཞལ་ལུང་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །འགྱུར་མེད་གདུང་བའི་སེམས་ཀྱི་ལྕགས་ཀྱུ་ཡིས། །མཆོག་གི་གོ་འཕང་རབ་ཏུ་སྒྲུབ་པའི་ཕྱིར། །གྲུབ་རིགས་རྒྱལ་མཚན་དབེན་པར་འཛུགས་འདོད་ན། །ཞལ་ལུང་བདུད་རྩིའི་ཐིགས་པ་འདི་ཐུངས་ཤིག །དེ་ཡང་ཐར་པ་བླ་ན་མེད་པའི་ལམ་གྱི་རིམ་པ་གང་ལ་འཇུག་ཀྱང་འདྲ་སྟེ། སྔོན་འགྲོ་འཁོར་བའི་ལས་སྣང་བཟང་ངན་ཀུན་ལ་ཞེན་པ་ལོག་པས་ངེས་འབྱུང་གི་བློ་དང་ལྡན་པ། དངོས་གཞི་དག་སྣང་མོས་གུས་ཀྱི་གཞི་བཟུང་སྟོང་ཉིད་སྙིང་རྗེའི་རྩལ་སྦྱངས་ཏེ་ཡིད་ཆེས་གསུམ་གྱིས་སྒོམ་སྒྲུབ་ལ་བརྩོན་པ། སྒྲུབ་པ་དེའི་རིང་ལ་རྐྱེན་བཟང་ངན་ཇི་ལྟར་བྱུང་ཡང་བར་གཅོད་དུ་ངོ་ཤེས་པས་འཆི་བ་སྲོག་ལ་ཐུག་ཀྱང་རྐྱེན་དབང་དུ་མི་གཏོང་སྙམ་པའི་ཞེ་གདིང་གི་གཏིང་ཚུགས་པ། རྗེས་བདེན་གཉིས་ཟུང་འཇུག་གི་བསྔོ་སྨོན་གྱི་རྒྱས་འདེབས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་འཇུག་པ་ལ་མེད་དུ་མི་རུང་བའི་༼མ་ཡིག་ཏུ་མི་གསལ༽ལ། སྤྱིར་མཚམས་ལ་འཇུག་པའི་རིམ་པ་སོགས་སྒོས་ཆོས་རྣམས་བསྙེན་ཡིག་མ་བུ་དང་མན་ངག་སོགས་ལས་ཤེས་པར་བྱ་ཞིང་། བྱེ་བྲག་གི་བསླབ་བྱ་ནི་ནང་མཚམས་བཅད་ནས་དབུ་བཟུང་ཇི་སྲིད་མ་རྫོགས་བར་དུ་དམིགས་འོག་ཏུ་ཡོད་པའི་མཚམས་གཡོག་དགོས་ངེས་ལས་ངོ་གསར་དང་མི་འཕྲད། དམིགས་འོག་ཏུ་མ་ཆུད་པའི་དངོས་པོའི་རིགས་གཏོང་ལེན་མི་བྱ། སྒྲུབ་པ་པོའི་ལུས་ངག་ཕྱི་རོལ་པས་མཐོང་ཚོར་མི་བྱ། རང་ཉིད་ཀྱིས་ཀྱང་ཕྱི་རོལ་གྱི་ཡུལ་སྣང་ལའང་བལྟ་རུ་མི་རུང་ཞིང་། ཕྱི་རོལ་པས་རང་ཉིད་མཐོང་ན་གསང་སྒོ་བརྡོལ་བ་དང་། རང་གིས་ཕྱི་རོལ་དུ་བལྟ་བའི་གཡེང་ཤོར་ན་གསང་སྒོ་ཤོར་བ་ཞེས་ཟེར་ཏེ་དོན་ལ་དམ་ཚིག་ལས་འགལ་བས་འབྲས་བུ་མི་འབྱིན། ཕྱི་རོལ་དུ་བལྟ་བ་སྤང་བའི་དགག་བྱ་འདི་ནི་བསྙེན་མཚམས་དུས་མ་ཟད་ཁྲིད་སྐྱོང་བདེ་མཚམས་ཀྱི་སྐབས་སུའང་སྤང་བ་ཤིན་ཏུ་གཅེས་ཏེ། དཔེར་ན་དགེ་སྦྱོར་སྐྱོང་དུས་སྐྱེས་པ་བུད་མེད་སོགས་ཡུལ་གང་རུང་ཞིག་མཐོང་དུས་མིག་ཡིད་དེའི་རྗེས་སུ་ཤོར་བས་དུག་ལྔ་སོགས་ཉོན་མོངས་པའི་རྟོག་པ་རང་ཤུགས་སུ་སྐྱེས་ནས་བསམ་གཏན་སྐད་ཅིག་མ་ལ་ངེས་པར་འཕྲོག་པས། དེ་དག་ལ་དྲན་འདུན་དྲག་པོས་རྟོག་ཞིབ་འཇུག་དགོས། གཞན་ཡང་རྒྱུན་དུ་ཁ་ཕོར་དང་གོས་སྟན་སོགས་གཅིག་པ་བྱེད་མུས་ཡིན་ཡང་བསྙེན་པའི་རིང་མི་བསྲེ་བར་གཙང་སྦྲ་བྱ། གདན་མི་སྤྲུག་ཅིང་དྲོད་མ་ཡལ་བ་བྱེད། སྔས་བླ་མར་མོས་ལ་མི་འགོམ། སྐྲ་སེན་དང་ཁ་སྤུ་མི་བྲེག །མཚོན་རྩེ་ཁ་ལ་མི་འཇུག་ཅིང་ལུས་ཀྱི་ཆ་ཤས་གང་དུ་ཡང་མཚོན་ཁ་མི་བཏབ། ཁ་བཤལ་བ་སོགས་ཁྲུས་མི་བྱ། སྔགས་ནུས་འཇོམས་པའི་ཟས་ཀྱི་སྤང་བྱ་ནི། དུག་རིགས་འདྲེས་པའི་བཟའ་བཏུང་ཉམས་གྲིབ་དང་འདྲེ་ཅན་གྱི་ཁ་ཟས། སྒོག་ཙོང་དང་ལ་ཕུག་ལྒ་གཡེར། དམར་ཚྭ། ཟ་ཐུག །ཁུར་བ། ལྕེའི་དབང་པོ། ཤ་ཆང་སོགས་ཀྱིས་ནུས་པ་འགྱངས་པར་བཤད། འོན་ཀྱང་བག་མེད་མ་ཡིན་པར་བྱིན་གྱིས་བརླབས་ནས་ཤ་ཆང་སོགས་ཁ་ཟས་བཅུད་ཅན་བསྟེན་དགོས་ཏེ། དེའི་དགོས་པ་གང་ཞེ་ན། ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་ལ་འཇུག་སྐབས་འདིར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ལ་རྗེས་ཆགས་བདེ་བ་ཆེན་པོས་རྒྱས་ཐེབས་དགོས་ཤིང་། མཉམ་རྗེས་ཐམས་ཅད་དུ་བདེ་སྟོང་གི་ངར་མདངས་མ་ཞིག་པ་མེད་ཐབས་མེད་པས། དེ་སྐྱེ་བའི་རྒྱུ་ཀུན་རྫོབ་རྒྱུའི་ཐིག་ལེའི་འཕེལ་འགྲིབ་ལ་ལྟོས་ནས་རྗེས་སུ་འགྲོ་དགོས་པས་རྒྱུད་ནས་ཀྱང་། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་པ་སོགས་ཤ་ཆང་ལ་ལོངས་སྤྱད་པ་ལ་ཉེས་པ་མེད་པ་མ་ཡིན་ཡང་གསང་སྔགས་ཀྱི་ཉམས་ལེན་གྱི་གཙོ་བོ་མཐར་ཐུག་པ་བདེ་སྟོང་གི་ཡེ་ཤེས་ལ་རང་བྱན་ཆུད་དགོས་པས་དེ་ལ་རེ་ནས་ཤ་ཆང་བླང་བྱ་དང་། ཐིག་ལེ་ཉམས་པའི་རྐྱེན་ཐམས་ཅད་སྤང་བྱར་གསུངས་པ་དེ་བས་ན་ཐིག་ལེ་ཉམས་པ་ཁྱད་དུ་མི་གསོད་པའི་ཁར་རྨི་ལམ་བག་ཆགས་སོགས་སུ་འཕོ་བའི་རིགས་བྱུང་ནའང་། རྫས་བསྲུང་མན་ངག་སོགས་ལས་འབྱུང་བ་བཞིན་སྲུང་ཐབས་བྱས་ལ་འཕོ་མེད་དུ་འཆིང་བ་གལ་ཆེ། ལར་ནས་གསང་སྔགས་པར་ཁས་ལེན་ནས་ཤ་ཆང་སོགས་ལ་བག་མེད་དུ་ལོངས་སྤྱོད་ཅིང་། མིག་འབྲས་ལྟར་བསྲུང་རྒྱུའི་ཐིག་ལེ་སྤངས་ན། སྤང་བླང་གོ་འཛོལ་དུ་གྱུར་ནས་རྩ་བའི་དམ་ཚིག་ཉམས་པས་སྔགས་ལ་ནུས་པ་ནམ་ཡང་མི་བསྐྱེད་དོ། །ཐོ་རེངས་ཀྱི་དུས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། ཐུན་མགོར་ངག་དང་ཕྲེང་བ་བྱིན་བརླབས་དང་བསྐྱེད་བྱ་སོགས་འཁོལ་དུ་བཀོད་པའི་ནང་ལྟར་བྱེད་ཅིང་། བྱིན་བརླབས་བགྱིས་པའི་ཕྲེང་བ་དེ་མི་ལག་མི་འགྲིམས། མོ་དང་གྲངས་རྩིས་དང་ས་རྗེན་དང་ནམ་མཁར་འཕང་བ་སོགས་སྤངས། གྲིབ་མ་ལའང་འགོམ་ཡུགས་མི་བྱ་ཞིང་། ལུས་ཀྱི་དྲོད་དང་མ་བྲལ་བར་བཅང་། ཐུན་ཚུགས་པའི་བདག་བསྐྱེད་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་བསྟིམས་བགྱིས་པ་ནས་ཐུན་མཇུག་གི་སྡུད་རིམ་མ་གྲུབ་བར་དུ་ཁམས་གསེང་ལ་འགྲོ་བ་སོགས་ཀྱིས་མཚོན་ལྡང་བའི་རིགས་གཏན་ནས་མི་བྱེད། འཛབ་ལ་ཐུག་པ་ནས་བཟླ་ལུགས་ཀྱང་ལྷ་ཞི་བའི་དུས་སུ་ཤུབ་བུར་གོང་བས་ཐོས་ཙམ་དུ་བཟླ། རྒྱས་པ་ལ་རྐང་པས་ཐོས་ཙམ་དུ་བཟླ། དབང་ལ་གྲོགས་ལ་སྙིང་གཏམ་འཆད་པ་ལྟར་གཞན་གྱིས་ཐོས་ཙམ་དུ་བཟླ། དྲག་པོར་གནམ་ལྕགས་ཀྱི་ཐོག་བབས་ལྟར་ཁོང་ཤུགས་བསྐྱེད་དེ་བཟླ། བཟླ་ཚུལ་དེ་དག་གང་ཡིན་ཡང་དལ་བུལ་རན་པས་ལྷག་ཆད་མེད་པར་མི་ཚིག་སོགས་ཀྱིས་བར་མི་གཅོད་པར་ཆུ་བོའི་རྒྱུན་བཞིན་གཉིད་རྨུགས་དང་མ་འདྲེས་པར་རིག་པའི་ངར་ཆ་དང་བཅས་ཏེ་བཟླ། སྣབ་དང་མཆིལ་མ་ཡང་མགྲིན་པར་མི་བསྐྱིལ། འོག་སྒོ་ནས་དྲི་ངན་ཤོར་ན་ཐུན་དེའི་སྔ་རོལ་དུ་བཟླས་པ་ཇི་ཙམ་སོང་ཡང་གྲངས་ལ་མི་གཏོང་། ཧ་དྲི་དང་སྒྲེགས་པ་ཤོར་ན་ཕྲེང་བའི་འཁོར་མཚམས་གང་སླེབས་སུ་གྲངས་སུ་མི་གཏོང་བར་མདོ་འཛིན་ནས་བསུས་ཏེ་འདྲེན། བཟླས་དམིགས་དང་བསྐྱེད་རིམ་རེ་མོས་ཀྱིས་གསལ་འདེབས་ཤིང་། དེ་ཡང་ལྷའི་སྣང་ཆ་གསལ་མ་ཐེབས་ན་བསྐྱེད་རིམ་གྱི་གོ་མི་ཆོད། ང་རྒྱལ་མེད་ན་ཐ་མལ་གྱི་སྣང་ཞེན་མི་ལྡོག །དག་པ་དྲན་པ་མེད་ན་ལྷ་ཞི་བ་བསྒོམས་ཀྱང་རྒྱལ་འགོང་དང་དྲག་པོ་བསྒོམས་ན་རུ་ཏྲར་གོལ་འགྲོ། བཟླས་དུས་མིད་པ་རྒྱུན་གཅོད་ངེས་པར་དགོས་ནའང་གང་ཟག་འགའ་ཁྲག་རླུང་ཤས་ཆེ་བའི་རིགས་ལ་དམིགས་པ་འཇུར་བའི་རླུང་སྟོད་དུ་འཚངས་ཤིང་གྲེ་བ་སྐམ་ནས་བསྐྱེད་བཟླས་བྱེད་དུ་མི་སྟེར་བའི་ཚེ་བཏུང་བ་སོགས་ལོངས་སྤྱོད་དགོས་པ་བྱུང་ཚེ། སྤྱད་བྱའི་བཟའ་བཏུང་གང་ཡིན་དེ་བདུད་རྩིར་བྱིན་གྱིས་བརླབས། སྤྱོད་ཡུལ་གྱི་དཀྱིལ་འཁོར་ལེགས་པར་གསལ་བཏབ། སྔགས་བཟླ་འཕྲོས་སྣ་བུག་ཏུ་ཕུས་བཏབ་པ་ལ་སྣ་སྒོའི་རླུང་ལས་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་མོས་ལ་ཕྲེང་བའི་འཁོར་མཚམས་ནས་བཟའ་བཏུང་བདུད་རྩིའི་ཚོགས་མཆོད་དུ་ཕུལ་ཏེ། དེ་འཕྲལ་བཟླས་པར་འཇུག་པ་ལས་བག་མེད་བཟའ་བཏུང་གང་དགར་མི་སྤྱོད། སྔགས་བཟླ་འཕྲོ་བཞག་ནས་དཔེ་ཆ་བལྟ་བ་ཡི་གེ་འབྲི་བས་མཚོན་ལུས་ངག་ཡིད་གསུམ་གྱིས་གཡེང་ཤོར་བའི་རིགས་མི་བྱེད། ཐུན་གྲོལ་ཁར་སླེབས་པ་ན་སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལྡང་བ་སོགས་བསྙེན་ཡིག་མན་ངག་སོགས་སུ་བཤད་པ་ལྟར་བགྱིས་ཏེ་སྤྱོད་ལམ་ལ་འཇུག་ཅིང་མཉམ་བཞག་དུས་ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་། རྗེས་ཐོབ་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་འབའ་ཞིག་ཏུ་འཆར་བ་ལ་བསླབ་ཅིང་། ལེ་ལོ་དང་སྙོམ་ལས་ཀྱི་དབང་དུ་མི་གཏོང་བར་བརྩོན་འགྲུས་དང་འདུན་པ་དྲག་པོས་རིག་པའི་དྭངས་སྙིགས་ཕྱེད་པར་བྱས་ཏེ་དྲན་པའི་བྱ་ར་དང་མ་བྲལ་བའི་སྒོ་ནས་བསགས་སྦྱངས་སོགས་སྒྲིགས་ཆགས་ཀྱི་དགེ་སྦྱོར་གཞན་བྱེད་སྤྲོ་ནའང་ཐུན་མཚམས་ངལ་གསོའི་སྐབས་འདིར་བྱ་ཞིང་། ཁམས་སེང་དུ་འགྲོ་བ་སོགས་སྟན་ལས་འཕག་དུས་སྟན་ཁར་ཕྲེང་བ་ལ་རྡོ་རྗེའི་མདུད་པ་བྱས་པའམ་རྡོ་རྗེ་གང་རུང་རེས་འཇོག །སྲོད་ཐུན་གྲོལ་རྗེས་མཆོད་པ་ཞལ་གསོ་ཞིང་སྲུང་འཁོར་བསྐྱར་ནས་བསྒོམས། སྒྱུ་ལུས་མཆོད་སྦྱིན་དང་ཕྱིར་བཟློག་སོགས་སྦྱོར་ཐུབ་ན་ལེགས་ཤིང་། ཉལ་ཁར་ཉིན་དེའི་བསྙེན་པའི་བསྲུང་མཚམས་ལས་ཕྲ་མོ་ཞིག་འགལ་བ་བྱུང་ཡང་ཞག་ཏུ་མི་འགྲོག་པར་རྩ་གསུམ་ལ་བཤགས་པ་བྱས་ཏེ་ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བའི་གསོལ་བ་དྲག་ཏུ་གདབ། རྣམ་དཀར་གྱི་ཕྱོགས་རྣམས་རློམ་སེམས་དང་བྲལ་བས་རྫོགས་བྱང་དུ་བསྔོས་ཏེ་གནས་ལུགས་འཛིན་མེད་ཀྱི་རང་ངོ་བསྐྱངས། ཉལ་དུས་ཉལ་བའི་རྣལ་འབྱོར་དང་མི་བྲལ་བར་བྱ། དེ་ལྟར་ཡང་འོ་སྐོལ་གྱི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞལ་སྔ་ནས། འགྲོ་འདུག་ཉལ་དང་སྤྱོད་ལམ་ཐམས་ཅད་ཀུན༔ དེ་ལྟར་ལྟ་བའི་བྱ་ར་མ་ཡེངས་ན༔ ང་ཉིད་པདྨ་འབྱུང་གནས་ཐུགས་ཀྱི་སྲས༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ༔ ཕྱི་ནང་ཟས་ནོར་མི་དང་ལྷ་འདྲེ་འདུ༔ བླ་མེད་བྱང་ཆུབ་གོ་འཕང་མྱུར་དུ་ཐོབ༔ ལྟ་བས་མ་ཟིན་བསྒྲུབས་ཀྱང་དོན་མེད་པས༔ ལྟ་བའི་བྱ་ར་གཅེས་སོ་རིགས་ཀྱི་བུ༔ ཞེས་འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་དུ་ལྟ་བའི་བྱ་ར་དང་མ་བྲལ་བ་དང་། རྣམ་རྟོག་གི་འཛིན་པ་ནང་ནས་རང་གྲོལ་དུ་མ་གྱུར་བར་དུ་ཕྲ་ཞིབ་ཀྱི་སྤང་བླང་བསྲུང་སྡོམ་རྣམས་མ་ནོར་ཁོང་དུ་ཆུད་པའི་སྒོ་ནས་ནམ་ཡང་མི་འདའ་བར་ཉམས་སུ་བླངས་པས་གནས་སྐབས་སུ་མི་ནོར་དབང་དུ་འདུ་ཞིང་། ལྷ་འདྲེས་ལས་ཀུན་སྒྲུབ་པ་དང་ཡི་དམ་གྱི་ཞལ་མཐོང་གསུང་སྒྲོག་ཅིང་། ཉམས་རྟོགས་ཀྱི་རྩ་བ་ཁོང་ནས་རྒྱས་ཤིང་རྩ་བ་གསུམ་དང་རྟག་ཏུ་མི་འབྲལ་བར་མཐར་ཐུག་མཆོག་གི་གོ་འཕང་འགྲུབ་པ་ལ་དཀའ་ཚེགས་མེད་ཅིང་། ལྟ་བས་མ་ཟིན་པ་དང་བསྙེན་པའི་བསྲུང་མཚམས་ལས་འགལ་ན་བསྐལ་པ་བརྒྱར་འབད་ཀྱང་ངལ་བ་དོན་མེད་དུ་འགྱུར་བར་མ་ཟད། མི་ཤེས་པ་འབྱུང་སྟེ་ཡེ་ཤེས་ཀྱི་ལྷ་ལ་འཛིན་རྟོག་གི་སྤྲོས་པ་མི་མངའ་ཡང་བཀའ་སྲུང་འཁོར་གཏོགས་ཀྱི་དྲེགས་པ་རྣམས་མི་གཡེལ་རྐྱེན་ཅུང་ཟད་མཐོང་བ་ཙམ་ལ་འཁོན་འཛིན་གྱིས་འཕྲལ་འཕྲལ་བཀའི་ཆད་པ་བྱུང་ནས་སྒྲུབ་པ་མཐར་མི་འཁྱོལ་བ་དང་རིག་པ་ལ་སྨྱོ་འབོག་གི་སྟངས་བབས་ངེས་ཅན་དུ་འབྱུང་བས་ན། ལས་དང་པོ་པའི་རིང་ལ་ཕྲ་ཞིབ་ཀྱི་སྤང་བླང་ལ་སྙིང་པོ་དྲག་པོས་གཟབ་པ་གཅེས་སོ། །དེ་ལྟར་བགྱིས་པས་ནམ་ཞིག་ནས་ཕྲ་རགས་ཀྱི་བླང་དོར་གང་ལའང་དགག་སྒྲུབ་བྱ་རྩོལ་ལས་འདས་པ་མི་རྟོག་པའི་ཡེ་ཤེས་གསལ་བརྟན་ཁྱད་པར་ཅན་ཞིག་མ་བཙལ་རང་ཀློང་དུ་གྱུར་པ་ཡོང་ཞིང་། དེ་ཡང་ཕྲ་རགས་ཀྱི་འདོར་ལེན་བསྲུང་མཚམས་ཀྱི་གནད་འགག་ཅི་ཡང་ཧ་མ་གོ་བའི་རྣམ་རྟོག་མ་སྐྱེས་པའི་རྟོག་མེད་དེ་ནི་མ་ཡིན་ནོ། །གཞན་ཡང་རྟགས་དང་ཆོ་འཕྲུལ་འཚུབ་ལྷོངས་སོགས་བཟང་ངན་ཇི་ལྟར་ཤར་ཡང་དགག་སྒྲུབ་རེ་དོགས་ཀྱི་མཚན་མའི་འཛིན་པ་མི་བྱ་ཞིང་། བདུད་ཀྱིས་ལྷར་བརྫུས་ནས་བར་གཅོད་འབྱུང་བའང་སྲིད། གལ་ཏེ་རང་བློས་མི་ཆོད་པའི་མཚན་མའི་རིགས་བྱུང་ཡང་བླ་མ་དམ་པ་དང་། ཉམས་མྱོང་ཅན་གྱི་དགེ་རྒན་ལ་དོགས་འདྲི་བྱ་ཞིང་སུ་བྱུང་ལ་མི་སྒྲོག་པར་གསང་བ་གཅེས། ཟབ་ལམ་རྩ་སྒྲུབ་ལས་ཀྱང་། རྟགས་དང་ཆོ་འཕྲུལ་མཚན་མ་སོགས༔ བཟང་ངན་བྱེ་བྲག་ཅིར་ཤར་ཡང༔ གང་ལའང་དགའ་དང་མི་དགའ་བའི༔ མཚན་མའི་འཛིན་པ་མི་བྱའོ༔ ཞེས་པ་ལྟར་རོ། །སྒྲུབ་པ་ཐོན་ཁར་སླེབས་པ་ན་ཕྱི་ནང་གི་ཐོ་རིམ་པར་གྲོལ་ནས་སྒྲུབ་ཁང་དུ་ཉེ་འཁོར་མཆེད་གྲོགས་སོགས་དང་འཕྲད་ཅིང་རིམ་གྱིས་ཕྱི་རོལ་དུ་བག་སེང་བ་ལས། ཞག་ཁ་ཡར་ཐག་རིང་དུ་མི་འགྲོ་བར་སྤྱོད་ལམ་ལ་གཟབ། ལར་ནས་ལམ་ཟབ་མོ་ཉམས་སུ་ལེན་སྐབས་འདིར། འཚེ་བའི་རྐྱེན་མང་བས་ལུས་ལ་འབྱུང་བཞིའི་ནད་དྲག་པོས་བཏབ་ནས་གློ་བུར་དུ་སྨན་པ་དང་གྲོགས་སོགས་མཚམས་ནང་དུ་འབོད་དགོས་པ་ཡང་སྲིད་པས། དེས་ན་བྱ་བྱེད་སྤྲོ་བསྡུ་གང་ཡང་རྣམ་རྟོག་གི་རྗེས་སུ་འབྲངས་བས་དང་པོར་མཚམས་ལ་འཇུག་སྐབས་ནས་བཞེད་མཐུན་གྱི་སྨན་པ་དང་གྲོགས། དངོས་ཆས་ཀྱང་དགོས་པ་བྱུང་ན་ཇི་སྙེད་ཅིག་གཏོང་ལེན་བྱེད་སྙམ་པའི་དམིགས་འོག་ཏུ་ཆུག་པ་དགོས་ཤིང་། ཕྱིས་དེ་དག་གཏོང་དགོས་བྱུང་ཚེ་མཚམས་ལ་ཧར་གྲོལ་གྱི་བར་ཆད་མི་འཇུག་པའི་དགོས་པ་ཡོད་པས་སོ། །སྨྲས་པ། དབེན་པར་ཡི་དམ་ལྷ་དང་མཉམ་སྦྱར་ནས། །མཆོག་ཐུན་དངོས་གྲུབ་རེ་བའི་རྟོག་གེ་འགའ། །བླ་མའི་ལུང་དང་དགེ་རྒན་ཆེར་མ་བསྟེན། །ཕྲ་ཞིབ་སྤངས་བླངས་མ་ཤེས་ཅི་དགར་སྤྱད། །རགས་པའི་ཡིག་ནག་གཙོ་ལ་སློབ་དཔོན་བཅོལ། །ཅི་ཤར་བསྒོམས་ཤིང་གང་དྲན་ལག་ཏུ་ལེན། །དམ་ཚིག་བསྲུང་སྡོམ་གནད་འགག་མི་ལྡན་པས། །རྩ་གསུམ་བསྐལ་པར་སྒྲུབ་ཀྱང་ཞལ་མ་མཐོང་། །དེ་བས་ཡི་མུག་སྐྱེས་ཏེ་སོམ་ཉི་ཞུགས། །འདི་བྱ་འདི་བྱེད་ཡི་དམ་སྤོང་ལེན་དྲན། །ཡིད་མ་ཆེས་པས་དངོས་གྲུབ་སྤྲིན་བཞིན་དེངས། །བཀའ་བསྲུང་འཁྲེལ་བས་མི་དགེའི་ཆད་པ་བྱུང་། །ཕྱིན་ཆད་གང་བརྩམ་ལམ་དུ་ཅི་ཕྱིར་འགྲོ། །དེ་འདྲའི་སྒྲུབ་པ་བྱེད་དེ་དོན་རེ་ཆུང་། །བློ་གྲོས་ནོར་ལྡན་འགྱུར་མེད་མཆོག་གྲུབ་པ། །ཞལ་ལུང་བཅའ་སྲང་ཐིགས་འདི་མ་འདས་ན། །གང་སྒྲུབ་ལྷ་དེ་མི་འགྱངས་འགྲུབ་ངེས་པས། །དབེན་པར་རང་ཚུགས་བཟུང་བའི་གཅེས་ནོར་མཛོད། །ཅེས་བསྙེན་སྒྲུབ་ལ་ཉེ་བར་མཁོ་བའི་སྤངས་བླངས་ཐོར་བུ་གསལ་བར་བཀོད་པ་འདི་ནི་དད་འདུན་གྱི་མཐུ་གྲུབ་པ་ཕོ་ལྷ་བ་སྡེ་པ་འགྱུར་མེད་མཆོག་གྲུབ་ཀྱིས་རཏྣ་གཉིས་པའི་དོང་རྩེ་བཅུ་ཕྲག་གསུམ་དང་། གོས་ཡུག་ལེ་གན་གྱི་མཎྜལ་དང་བཅས་མོས་གདུང་ཆེན་པོས་བསྐུལ་མ་མཛད་པར་བརྟེན་ཞི་བའི་བདེ་འབྲས་སྒྲུབ་པའི་བཞེད་ལྡན་བློ་དམན་དུ་མར་ཕན་པར་སེམས་ཏེ་སྙོམ་ལས་སྤྱོད་པ་འགྱུར་མེད་རྡོ་རྗེས་དབོ་ཟླའི་དམར་ཕྱོགས་སུ་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ།། །།
བསྙེན་སྒྲུབ་རྒྱུན་གྱི་ཁ་སྐོང་ཁྱེར་བདེ་རྫས་གཅིག་ལ་བརྟེན་པའི་ལས་བཞིའི་མེ་མཆོད་ནོར་བུ་སྣ་ཚོགས་མདོག་ཅན། ཀོང་སྤྲུལཡོན་ཏན་རྒྱ་མཚོ།
༄༅། །བསྙེན་སྒྲུབ་རྒྱུན་གྱི་ཁ་སྐོང་ཁྱེར་བདེ་རྫས་གཅིག་ལ་བརྟེན་པའི་ལས་བཞིའི་མེ་མཆོད་ནོར་བུ་སྣ་ཚོགས་མདོག་ཅན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། རིག་སྟོང་ཟུང་འཇུག་རྩ་གསུམ་ལྷ། །རྟོགས་གྲོལ་དུས་མཉམ་ལྟ་བའི་ཕྱག །གཉིས་མེད་ངང་དུ་འཚལ་ནས་འདིར། །བྱ་སླ་དོན་ཆེའི་མན་ངག་དགོད། །འདིར་རྩ་གསུམ་ཆོས་སྲུང་བཅས་པའི་བསྙེན་སྒྲུབ་གང་གི་སྐབས་སུའང་སྔགས་ཀྱི་ལྷག་ཆད་སོགས་ཉམས་ཆགས་སྐོང་ཞིང་ནུས་རྩལ་མྱུར་ཏུ་འབྱིན་པའི་མན་ངག་ཁྱད་པར་ཅན་རྒྱུན་གྱི་སྲེག་བླུགས་རྫས་གཅིག་ཁོ་ནར་བརྟེན་པའི་ཚུལ་བརྗོད་པ་ལ་གཉིས། སྤྱི་དང་བྱེ་བྲག་གི་ལག་ལེན་ནོ། །དང་པོ་སྤྱིར། བགེགས་ཞི་བ་ལ་ཡུངས་ཀར། ཚེ་རྒྱས་པ་ལ་དཱུརྺ། དབང་དང་དྲག་པོའི་བསྒྲུབ་བྱ་དམིགས་བསལ་ལ་དེ་དག་གི་རཱུ་པ་ཁྱད་པར་རྫས་དང་སྦྱར་བས་མཚོན། ལས་གང་ལ་ཆེད་དུ་དམིགས་པའི་སོ་སོའི་བསྲེག་རྫས་འདུ་བྱས་ཏེ་སྔགས་དང་ཤམ་བུའང་དེ་མཚུངས་སྐབས་སྦྱར་དགོས་ཀྱང་འདིར་ཁ་སྐོང་སྤྱི་རྒྱུག་ཙམ་བཤད་ན། བསྙེན་སྒྲུབ་གང་བྱེད་ཀྱང་ཐུན་གྱི་དངོས་གཞི་གྲོལ་ནས་ཐུན་མཚམས་ལྷའི་ང་རྒྱལ་ལ་གནས་པས་རང་གི་མདུན་དུ་རྩིགས་ཐབས་ཆུང་ངུ་ཆེད་དུ་བཅོས་པའམ། མེ་སྣོད་གང་ཡང་རུང་བར། མེ་ཁྲོལ་བླུགས་པ་དང་། བསྲེག་རྫས་ཉིད་སྣོད་གཙང་མར་བཀོད་དོ། །གཉིས་པ་བྱེ་བྲག་ལ་ཞི་རྒྱས་དབང་དྲག་བཞིའི་དང་པོ་ཞི་བ་ནི། སྡིག་སྒྲིབ་ཞི་བའི་ཁོང་དུ་ཐམས་ཅད་འདུས་པས་ཏིང་ཕོར་སོགས་སུ་ཏིལ་བཤམ། མེ་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་དཀར་གསལ་འབར། །དེ་དབུས་ཆེ་གེའི་འདིར་སྤྱི་ལ་རྩ་གསུམ་དང་བྱེ་བྲག་བླ་མ་སོགས་ལྷ་སོ་སོ་ཁ་བསྒྱུར། དཀྱིལ་འཁོར་ལྷ་ཚོགས་རྣམས། །དཀར་གསལ་ཞི་འཛུམ་འོད་ཟེར་དཀར་བོ་འཕྲོ། །ཕྱག་མཚན་རྡོ་རྗེ་བདུད་རྩིའི་བུམ་པ་བསྣམས། །རྒྱན་ཆས་ཡོངས་རྫོགས་དམ་ཡེ་དབྱེར་མེད་པ། །ཞི་བའི་ཕྲིན་ལས་མཛད་ལ་དགྱེས་པས་བཞུགས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་། །ཁྱད་པར་སྔགས་ཀྱི་ལྷག་ཆད་ནོར་འཁྲུལ་སོགས། །རྡོ་རྗེ་དམ་ལས་འགལ་བའི་ནོངས་པ་ཀུན། །སྣ་སྒོའི་རླུང་དང་ལྷན་ཅིག་ཏིལ་ལ་ཐིམ། ཞེས་རླུང་འབུད། དེ་ཉིད་ཟག་མེད་བདུད་རྩིའི་རྒྱུན་གྱུར་པ། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ་བ་ཡིས། །ཡེ་ཤེས་མཆོག་གི་དགྱེས་པའི་གཟི་བྱིན་བསྐྱེད། །བྱིན་རླབས་མེ་འོད་ཟླ་བའི་མདངས་ཅན་འཕྲོས། །རྟོག་སྒྲིབ་བག་ཆགས་ལྷག་མེད་བསྲེགས་པར་གྱུར། །རྩ་གསུམ་སྤྱི་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿལྷ་སོ་སོའི་སྙིང་པོའི་ཤམ་དུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། །སྒྲུབ་པ་པོའི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གྲངས་ཇི་ལྟར་རིགས་པ་ཕུལ་ལ་མཐར་རླུང་ནང་དུ་རྔུབས་པ་དང་ལྷན་ཅིག །མེ་ནང་ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས། །རླུང་གི་སྦྱོར་བས་སྣ་སྒོ་ནས་དྲངས་ཏེ། །ལྟེ་འོག་གཏུམ་མོའི་མེ་དང་གཉིས་མེད་གྱུར། །དེ་ལས་མེ་འབར་ལུས་ཀྱི་ནང་ཀུན་གང་། །རྩ་ཁམས་སྙིགས་མ་ཐམས་ཅད་ལྷག་མེད་བསྲེག །དྭངས་མ་བདེ་ཆེན་བདུད་རྩིར་ཞུ་བ་ཡིས། །ཕུང་ཁམས་སྐྱེ་མཆེད་རང་བྱུང་དཀྱིལ་འཁོར་ལ། །ཟག་མེད་བདེ་བས་ཤིན་ཏུ་དགྱེས་པར་གྱུར། །ཅེས་ནང་གི་སྲེག་བླུགས་དང་སྦྲེལ་ལ་དབྱིངས་རིག་ཟུང་འཇུག་གི་དགོངས་པ་བསྐྱང་། ཞི་བའི་སྨོན་ལམ་དང་ཤིས་བརྗོད་བྱའོ། །དམིགས་བསལ་བགེགས་དང་བར་ཆད་ཞི་བར་འདོད་ན། རྫས་ཡུངས་ཀར་བཤམ། ལྷ་བསྐྱེད་སྔར་ལྟར་ལ། དགྱེས་པས་བཞུགས། ཞེས་པའི་འཕྲོས་སུ། བསྲེག་རྫས་ཟག་མེད་བདུད་རྩིའི་རྒྱུན་གྱུར་པ། སོགས་ནས། རྟོག་སྒྲུབ་བག་ཆགས་ཞེས་པའི་མལ་དུ། གདོན་བགེགས་བར་ཆད་མ་ལུས་བསྲེགས་པར་གྱུར། །ཅེས་བསྒྱུར། ལྷ་སྔགས་ཤམ་དུ་ཨོྃ་སརྦ་ཨརྠ་སིདྡྷཱ་ཡ་སྭཱ་ཧཱ། གདོན་བགེགས་འབྱུང་བོ་རྐྱེན་ངན་བར་གཅོད་ཐམས་ཅད་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། མཐར་ལྷ་རང་ལ་བསྟིམ། ནང་གི་སྦྱིན་སྲེག་གང་ལྟར་བྱས་ཀྱང་ཆོག །བྱད་ཁ་རྦོད་གཏོང་སོགས་ལའང་ཚིག་དང་དམིགས་པ་བསྒྱུར་པས་ཆོག་གོ བསྙེན་སྒྲུབ་སོགས་གང་གི་སྐབས་སུའང་དོ་གལ་ཆེ་བ་་དམ་གྲིབ་སྦྱོང་བྱེད་གཏེར་གསར་ཐུགས་སྒྲུབ་ལས་འབྱུང་བ་ནི། སྨེ་བ་བརྩེགས་པ་ལ་བརྟེན་ནས༔ དམ་ཚིག་ཉམས་གྲིབ་སྦྱོང་བ་ནི༔ ཞི་བའི་ཐབ་ཏུ་བུད་ཤིང་བརྩིག༔ མེ་སྦར་བསང་ཆུས་ལེགས་པར་གཏོར༔ སྟོང་བའི་ངང་ལས་སྐད་ཅིག་གིས༔ ཡེ་ཤེས་མེ་ཕུང་ཆེར་འབར་དབུས༔ ཧཱུྃ་ལས་ཁྲོ་རྒྱལ་སྨེ་བ་བརྩེགས༔ དུད་ཁའི་མདོག་ཅན་ཁྲོ་བའི་ཉམས༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཞབས་གཉིས་དོར་སྟབས་པད་ཉིར་བཞེངས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསམ༔ རང་གི་སྐྲ་སེན་གོས་དུམ་སོགས༔ དམ་ཚིག་ཉམས་ཆགས་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་འདུས་པར་མོས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཞལ་དུ་ཕུལ་བས་ལྷག་མེད་བཞེས༔ དགྱེས་ཚིམ་འོད་ཟེར་འབར་བ་ཡིས༔ བདག་གི་མི་མཐུན་ཀུན་སྦྱང་བསམ༔ ཏིལ་དང་ཡུངས་ཀར་ཅུང་ཟད་བཅས༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ སརྦ་པཱ་པཾ་སརྦ་ཀརྨ་ཨཱ་བ་ར་ཎ་བྷིསྨི་ཀུ་རུ་སྭཱ་ཧཱ༔ སྐབས་སུ་ལས་སྔགས་འདི་ཡང་སྤེལ༔ ཨོཾ་མ་ཎི་ངྷ་རི་ཧྲྀ་ད་ཨ་ནུ་པཱ་ཤ་ངྷ་རི་ཧྲྀ་ད་ཧཱུྃ་ཕཊ༔ ལྷ་ཉིད་འོད་ཞུ་རང་ལ་ཐིམ༔ ཡེ་ཤེས་མེ་ཡིས་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ ལྷག་མེད་ཉིད་དུ་བསྲེགས་པར་བསམས༔ མེ་ལ་གོམ་པ་ལན་དགུ་བྱ༔ ཐལ་བས་སཱཙྪ་གདབ་པའམ༔ ཡང་ན་ཆུ་བོ་ཆེན་པོར་བསྐྱལ༔ འདིས་ནི་དམ་ཚིག་ཉམས་ཆག་དང༔ ཉམས་གྲིབ་ཚེ་གེགས་མ་ལུས་ཞི༔ བསོད་ནམས་འབྱོར་བ་ཐོབ་པར་འགྱུར༔ ཅེས་སོ། །
༈ གཉིས་པ་རྒྱས་པ་ལའང་སྤྱི་འགྲོས་ནི། ཟས་མཆོག་ལ་རིན་ཆེན་འབྲུ་སྨན་དར་ཟབ་གང་འཛོམས་བསྲེས་པ་བཤམས་ལ། ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ༔ མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་སེར་གསལ་འབར། །དེ་དབུས་ཆེ་གེའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །སེར་གསལ་སྒེག་ཉམས་འོད་ཟེར་གསེར་མདོག་འཕྲོ། །ཕྱག་མཚན་ནོར་བུའི་རིན་ཆེན་འབར་བ་བསྣམས། །རྒྱན་ཆས་ཡོངས་རྫོགས་དམ་ཡེ་དབྱེར་མེད་པ། །རྒྱས་པའི་ཕྲིན་ལས་མཛད་ལ་དགྱེས་པས་བཞུགས། །བསྲེག་རྫས་ཟག་མེད་བདུད་རྩི་སེར་པོའི་རྒྱུན། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཕུལ་བ་ཡིས། །ཡེ་ཤེས་མཆོག་གི་དགྱེས་པའི་གཟི་བྱིན་བསྐྱེད། །འོད་ཟེར་ཉི་མའི་མདངས་ཅན་བདག་ལ་ཞུགས། །སྔགས་ཀྱི་ཡེ་ཤེས་ཡོན་ཏན་རབ་རྒྱས་གྱུར། །ལྷ་སྔགས་ཤམ་དུ། ཨོཾ་སརྦ་སམྤ་དེ་སྭཱ་ཧཱ། སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་སྔགས་ཀྱི་ཡེ་ཤེས་ཐམས་ཅད་པུཥྚིང་ཀུ་རུ་ཨོཾ། ཞེས་དང་། ཨོཾ་ཨཱ་ཧཱུྃ། སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིང་ཀུ་རུ་ཨོཾ། ཞེས་པས་ཀྱང་གྲངས་ཅི་འགྲུབ་ཕུལ། རྗེས་ཞི་བའི་སྐབས་ལྟར་རོ། །བྱེ་བྲག་ཏུ་ཚེ་སྒྲུབ་གཙོ་བོར་བྱེད་སྐབས་བསྲེགས་རྫས་དཱུརྺ་དང་། ཚིག་རྐང་ཐ་མ་ལ། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཅེས་དང་། ལྷ་སྔགས་ཤམ་དུ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་སྦྱར། ཉམས་རྟོགས་རྒྱས་པར་འདོད་ན། ཆང་ལ་ཆོས་སྨན་སྦྱར་བའི་ཟས་མཆོག་ཕུལ། དེའི་སྔགས་སྔར་བཞིན་ལ། སྒྲུབ་པ་པོའི་ཉམས་དང་རྟོགས་པའི་ཡེ་ཤེས་ཐམས་ཅད་པུཥྚིང་ཀུ་རུ་ཨོཾ། ཞེས་སྦྱར་རོ། །
༈ གསུམ་པ་དབང་ནི། བསྲེག་རྫས་ཏིལ་མར་དང་སྦྱར་བའི་ཟས་མཆོག་དང་སོ་བ། ཁྱད་པར་རྫས་པདྨ་རཀྟའམ་ཟླ་མཚན། སིནྡྷུ་ར། མེ་ཏོག་དམར་པོ། ལན་ཚྭ། ཐམས་ཅད་མྱོས་བྱེད་ཀྱིས་སྦགས་པའམ་མ་འཛོམས་ན་མེ་ཏོག་དམར་པོ་ཆང་དང་ལན་ཚྭས་བྲན་པ་བཤམས་ལ་ནང་མཆོད་འཐོར། ཨོཾ་ཨཱཿཧཱུྃ། མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་དམར་གསལ་འབར། །དེ་དབུས་ཆེ་གེའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །དམར་འཚེར་ཆགས་ཉམས་འོད་ཟེར་དམར་བོ་འཕྲོ། །ཕྱག་མཚན་པདྨའི་ལྕགས་ཀྱུ་ཞགས་པ་བསྣམས། །རྒྱན་ཆས་ཡོངས་རྫོགས་དམ་ཡེ་དབྱེར་མེད་པ། །དབང་གི་ཕྲིན་ལས་མཛད་ལ་དགྱེས་པས་བཞུགས། །བསྲེག་རྫས་བདེ་ཆེན་བདུད་རྩི་དམར་བོའི་རྒྱུན། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཕུལ་བ་ཡིས། །ཟག་མེད་བདེ་བས་རབ་ཚིམ་རྗེས་ཆགས་གཡོས། །འོད་དམར་ལྕགས་ཀྱུའི་དབྱིབས་ཅན་མཁའ་ཁྱབ་འཕྲོས། །སྔགས་ཀྱི་ཡེ་ཤེས་མཐུ་སྟོབས་ནུས་པའི་རྩལ། །འཁོར་འདས་སྣང་སྲིད་བདག་གི་དབང་འདུས་གྱུར། ལྷ་སྔགས་ཤམ་དུ། ཨོཾ་སརྦ་སམྤ་དེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། མཆོག་ཐུན་དངོས་གྲུབ་སྔགས་ཀྱི་ཡེ་ཤེས་ཁམས་གསུམ་སྣང་སྲིད་ཐམས་ཅད་སྒྲུབ་པ་པོའི་དབང་དུ་གྱུར་ཅིག་པ་ཤང་ཀུ་རུ་ཧོཿཞེས་དང་། ཨོཾ་ཨཱཿཧཱུྃ་སརྦ་ལོ་ཀ་པ་ཤང་ཀུ་རུ་ཧོཿཞེས་པས་ཀྱང་ཇི་ཙམ་ནུས་པ་འབུལ། དབང་དུ་བསྡུ་བྱ་དམིགས་བསལ་ཡོད་ན། དེའི་མིང་གི་མཐར། སྒྲུབ་པ་པོའི་དབང་དུ་སོགས་སྤེལ་ཚིག་སྦྱར་རོ། །
༈ བཞི་པ་དྲག་པོ་ནི། བསྲེག་རྫས་སྤྱིར་ཡུངས་ཀར་དུག་ཁྲག་གིས་སྦགས་པ་དང་། བྱེ་བྲག་མངོན་སྤྱོད་གཙོར་བཏོན་པའི་རིགས་ལ་ལིང་ཆུང་ཤ་དུམ་ཁྲག་ཐིག་སྦྱར་བ་སོགས་བསྡོགས་ལ། ནང་མཆོད་འཐོར། ཨོཾ་ཨཱཿཧཱུྃ། མེ་ཉིད་ངོ་བོ་གདོད་ནས་གོས་དཀར་མོ། །རྣམ་པ་ཡེ་ཤེས་མེ་ཕུང་དམར་ནག་འཚུབས། །དེ་དབུས་ཆེ་གེའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །རབ་ཁྲོས་གཏུམ་རྔམས་འོད་ཟེར་མཐིང་ནག་འཁྲུགས། །རལ་གྲི་ཕུར་བུ་ལས་སོགས་མཚོན་ཆ་བསྣམས། །འབར་བའི་ཆས་ལྡན་དམ་ཡེ་དབྱེར་མེད་པ། །དྲག་པོའི་ཕྲིན་ལས་མཛད་ལ་རིངས་པར་བཞུགས། །བསྲེག་རྫས་དགྲ་བགེགས་ཤ་ཁྲག་བདུད་རྩིའི་རྒྱུན། །ཞལ་དུ་ཕུལ་བས་རྔམས་པའི་སྟབས་ཀྱིས་བཞེས། །སྐུ་ལས་མེ་མཚོན་ཁྲོ་ཆུང་ཐོག་རྒོད་འཕྲོས། །བར་གཅོད་བྱེད་པའི་དགྲ་བགེགས་དམ་སྲིའི་ཚོགས། །མིང་ཡང་མེད་པར་རྡུལ་བཞིན་བརླག་པར་གྱུར། ལྷ་སྔགས་ཤམ་དུ། སརྦ་ཤ་ཏྲུན་བིགྷྣན་ད་ཧ་ད་ཧ་ཧཱུྃ་ཕཊ། སྒྲུབ་པ་པོ་ལ་གནོད་ཅིང་བར་དུ་གཅོད་པའི་དགྲ་བགེགས་ལོག་འདྲེན་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་པས་འབུལ། འདི་ནི་དྲག་པོ་སྤྱིའི་འགྲོས་ཙམ་ཡིན་ཞིང་སེང་གདོང་མ་དང་ཆོས་སྐྱོང་འགའ་ཞིག་ལ་དམིགས་སུ་བསལ་བ་ཡོད་ཀྱང་འདིར་ཡི་གེས་འཇིགས་ནས་མ་སྤྲོས་སོ། །ཚུལ་མིན་སྤྲོས་པ་རྒྱས་ཀྱང་ངལ་བར་ཟད། །རྣལ་འབྱོར་ལྡན་པས་ཕྱི་ནང་སྲེག་བླུགས་ཀུན། །འདིས་འགྲུབ་ཕྱིར་ན་ལག་ལེན་གསལ་བྱས་པས། །དུས་ཞབས་སྒྲུབ་པོའི་དགའ་སྟོན་བཅས་སུ་ཤོག །ཅེས་པའང་ཉེ་བར་མཁོ་ཞིང་ཁྱེར་བདེའི་ལག་ལེན་མགོ་རྐང་ཚང་བའི་ཡིག་ཆ་ཁུངས་ཐུབ་མ་མཐོང་བས། དགོངས་འདུས་རྣམ་པ་གསུམ་གྱི་དགོངས་པ་གོང་བསྒྲིགས་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
སྤྲོས་མེད་རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་ཉི་མའི་མདངས་འོད། ཧ་ཡཱ་གྲི་བ་ནཱ་ཐ།
༄༅། །སྤྲོས་མེད་རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་ཉི་མའི་མདངས་འོད་བཞུགས་སོ། །ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི། སྤྲོས་མེད་རྫས་གཅིག་ལ་བརྟེན་ནས་སྡིག་སྒྲིབ་བར་ཆད་སྦྱང་བ་ནི། མདུན་དུ་མེ་དང་། ཏིལ་ནག་པོ་འདུ་བྱས་ལ། བདག་གཞན་དམིགས་ཡུལ་ཐམས་ཅད་ཀྱི། །སྡིག་སྒྲིབ་བག་ཆགས་རྣམ་སྨིན་ཀུན། །བསྡུས་ནས་ཏིལ་ལ་ཐིམ་པར་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད། རང་མདུན་མེ་དཀྱིལ་རྡོར་སེམས་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས། །རྒྱན་ལྡན་སྐྱིལ་མོ་ཀྲུང་གིས་བཞུགས། །ཞལ་དུ་སྡིག་སྒྲིབ་ཕུལ་བས་བསྲེགས། ཨོཾ་བཛྲ་ས་ཏྭ་ཧཱུྃ། སརྦ་པ་པཾ་ད་ཧ་ན་ཤནྟིང་ཀུ་རུ་སྭཱ་ཧཱ། བརྒྱ་རྩ་སོགས་ཅི་འགྲུབ་འབུལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པ་ནི། རིགས་འདུས་མངའ་བདག་ཧེ་རུ་ཀ །རབ་དཀར་རྡོ་རྗེ་དྲིལ་བུ་འཛིན། །ལས་སྒྲུབ་སྦྱོང་བའི་མཐུ་སྟོབས་ཅན། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །བདག་འཛིན་འཆིང་བའི་བག་ཆགས་དང་། །རྣམ་སྨིན་དུག་ལྔའི་འབྲས་བུ་ཀུན། །མ་ལུས་ཡེ་ཤེས་མེས་བསྲེགས་ནས། །བྱང་ཞིང་དག་པར་མཛད་དུ་གསོལ། །མདུན་གྱི་རྡོར་སེམས་རང་ལ་ཐིམ། །ཀ་དག་ཆོས་དབྱིངས་དོན་རྟོགས་ནས། །མྱུར་ཏུ་སངས་རྒྱས་སར་འགོད་ཤོག །ཅེས་པ་འདི་ཡང་དད་ལྡན་འགའ་ཞིག་གིས་བསྐུལ་ངོར་རིག་སྔགས་འཆང་བ་ཧ་ཡཱ་གྲི་བ་ནཱ་ཐས་སྦྱར་བ་མངྒ་ལཾ། །
བསྐྱེད་རིམ་སྤྱིའི་རྣམ་ངེས་དང་བསྙེན་སྒྲུབ་མཚམས་ཀྱི་སྤྱི་གནད་མདོར་བསྡུས་པ་རབ་གསལ་ནོར་བུའི་སྒྲོན་མེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
༄༅། །བསྐྱེད་རིམ་སྤྱིའི་རྣམ་ངེས་དང་བསྙེན་སྒྲུབ་མཚམས་ཀྱི་སྤྱི་གནད་མདོར་བསྡུས་པ་རབ་གསལ་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། །རྣམ་དག་ཡེ་ཤེས་འཁོར་ལོས་མ་དག་པའི། །སྣང་ཞེན་གཅོད་མཛད་རྩ་གསུམ་རྒྱལ་བའི་ལྷ། །རང་རིག་ཡེ་ཤེས་སུམ་ལྡན་ངོ་བོ་རུ། །འབྲལ་མེད་བསྙེན་ནོ་འཁྲུལ་རྟོག་དབྱིངས་སུ་སོལ། །ཐོས་ཆུང་སྔགས་པ་དམུས་ལོང་མིག །འབྱེད་བྱེད་གདམས་ཟབ་གཅེས་བཏུས་དབྱིག །ནོར་བུའི་སྒྲོན་མེ་འདི་སྦར་གྱིས། །ལམ་ནོར་གཡང་ལས་ལྡོག་པར་འཚལ། །
དེ་ལ་བསྐྱེད་རྫོགས་ཀྱི་རྣམ་བཤད་གོ་དོན་གྱི་རིམ་པ་ནི་མཁས་པ་རྣམས་ཀྱིས་བཤད་པའི་བསྟན་བཅོས་དག་ལས་རྟོགས་པར་བྱ་དགོས་ཤིང་། འདིར་མང་དུ་མ་ཐོས་པའི་སྔགས་པ་ལས་དང་པོ་པ་བསྙེན་སྒྲུབ་འདོད་པ་ལ་ཉེ་བར་མཁོ་བ་ཅུང་ཟད་བཤད་པ་ལ་གཉིས། བསྐྱེད་རིམ་སྤྱིའི་གནད། བསྙེན་སྒྲུབ་ཀྱི་ལག་ལེན་ནོ། །དང་པོ་ལ་ལྔ། བསྐྱེད་རིམ་དགོས་པའི་རྒྱུ་མཚན། མོས་སྒོམ་དམིགས་པའི་གནད། ཡན་ལག་བཟླས་པའི་རྣལ་འབྱོར། ཐུན་མཚམས་བྱ་བའི་རིམ་པ། ངེས་རྫོགས་འབྲས་བུ་བཅས་སྨོས་པའོ། །
དང་པོ་ནི། དཔེར་ན་ཞིང་ས་དུལ་བ་ལ་ས་བོན་སྐྱོན་མེད་པ་བཏབ་ནས་དྲོད་དང་ཆུ་ལུད་ཀྱིས་བསྐྱེད་སྲིང་ཞིང་ལོ་དགྲ་སྲུང་ན་ཐེ་ཚོམ་མེད་པར་འབྲས་བུ་སྨིན་པས་ལུས་སྲོག་འཚོ་བའི་བཅུད་དུ་བྱེད་པ་བཞིན། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་རྣམས་ཀྱིས་ཐོག་མ་ཁོ་ནར་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་འཁོར་བའི་སྣང་ཚུལ་ལ་བློ་ལྡོག་སྟེ་ཁ་ཙམ་མིན་པར་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་བློས་སྒྲིབ་སྦྱོང་དང་ཚོགས་བསག་གི་རིམ་པས་རྒྱུད་ལེགས་པར་སྦྱོང་ཞིང་ས་དུལ་བ་དང་འདྲ་བ་གཞིར་བྱས། ཐུན་མོང་ཐེག་པའི་ལྟ་སྤྱོད་ཚུལ་བཞིན་དུ་བསླབས་ཀྱང་སངས་རྒྱས་འཐོབ་པ་ལ་བསྐལ་བ་གྲངས་མེད་དུ་མར་འགོར་ཞིང་། ཚེ་གཅིག་གམ་སྐྱེ་བ་བདུན་དང་བཅུ་དྲུག་ཚུན་ཆད་ལ་སངས་རྒྱས་ངེས་པར་འཐོབ་པའི་གནད་ནི་རྡོ་རྗེ་ཐེག་པ་བླ་མེད་ཁོ་ན་ལ་ཡོད། དེའི་ལམ་གྱི་གཞིའམ། རྩ་བ་ནི་དབང་བསྐུར་བ་ཁོ་ན་ཡིན་ཞིང་ས་བོན་སྐྱོན་མེད་པ་བཞིན་མེད་ན་མི་འབྱུང་བའི་རྒྱུར་གྲུབ་པས་ཅལ་སྒྲོག་རྗེས་སུ་མི་རྒྱུག་པར་ལེགས་པར་བརྟག་པའི་བླ་མ་མཚན་ལྡན་ལས་དབང་བཞི་ཚད་ལྡན་གྱིས་རྒྱུད་སྨིན་པར་བྱ་དགོས། དེ་ཉིད་ཐོབ་པ་ཁོ་ནས་མི་ཆོག །དབང་དོན་གྱི་ཡེ་ཤེས་གོང་འཕེལ་དུ་སྐྱོང་བས་སྐྱེད་སྲིང་ཞིང་དམ་ཚིག་སྤུ་ཙམ་ཡང་མི་ཉམས་པར་བྱེད་པ་གཙོས་ལམ་གྱི་བར་ཆད་སྲུང་ན་དངོས་གྲུབ་རྣམ་པ་གཉིས་ཀྱི་འབྲས་བུ་ངེས་པར་འབྱིན་པ་ནི་རྒྱུད་དང་མན་ངག་ཉམས་མྱོང་སྟེ་ཚད་མ་གསུམ་གྱིས་གྲུབ། དེའང་བླ་མེད་ཀྱི་དབང་ཐམས་ཅད་བུམ་གསང་ཤེར་ཡེ་ཚིག་དབང་བཞིར་རིགས་ངེས་ཤིང་། དེ་བཞིའི་ཡེ་ཤེས་སྐྱོང་བ་རིམ་པར་བསྐྱེད་རིམ། རང་ལུས། གཞན་ལུས། རྫོགས་རིམ་རྣམས་གཙོ་བོར་བསྒོམ་དགོས་ཤིང་། རྫོགས་རིམ་གྱི་མངོན་རྟོགས་ཁྱད་པར་ཅན་སྐྱེད་པ་ལའང་ཐོག་མར་བསྐྱེད་རིམ་ལ་བརྟེན་ནས་སེམས་དུལ་བར་བྱེད་དགོས་པ་སོགས་སྔ་མ་སྔ་མའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་ཕྱི་མ་རྣམས་ལ་རིམ་གྱིས་འཇུག་ཏུ་རུང་བ་ལས། དབང་རྣོན་ཁ་ཅིག་མ་གཏོགས་ཐོག་མ་ཉིད་ནས་རྫོགས་རིམ་ལ་ཞུགས་ཀྱང་ལམ་གྱི་མངོན་རྟོགས་ཇི་བཞིན་པ་རྒྱུད་ལ་སྐྱེ་བར་མི་འགྱུར་ཏེ། གསང་སྙིང་ལས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་ནི། །སྔགས་དང་ཕྱག་རྒྱ་རབ་བརྟེན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་སོ། །དེས་ན་དང་པོར་རྟོག་སྒོམ་ལ་ལམ་བྱེད་ལྔའི་གནད་ཡོད་པས་དངོས་གྲུབ་ངེས་པར་ཐོབ་པ་སྔོན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་བཤད་དེ། བྱང་རྩེའི་རིམ་ལྔའི་ཁྲིད་ཡིག་ལས། རྟོག་སྒོམ་འདི་ཐམས་ཅད་ལ་ར་གདུང་རྐྱང་གི་ཟམ་པ་ལ་འགྲོ་བ་ལྟར་གཅིག་གི་སྟེང་ནས་གཅིག་ཁྲིག་ཁྲིག་པ་རྟོག་པ་གཞན་གྱིས་བར་མ་ཆོད་པ་ཞིག་གནད་དུ་ཆེ། ཞེས་དང་། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་ཚུལ་ལྔ་ཡོད་དེ། མོས་པ་ལམ་བྱེད་ནི། འགུགས་གཞུག་ལ་སོགས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སྐྱེའི་རྒྱུད་ལ་འཇུག་པ་མིན་ཡང་དེར་མོས་པ་བྱེད་པ་ལྟ་བུ། བྱིན་རླབས་ལམ་བྱེད་ནི། དེ་ལྟར་ཡང་ཡང་བསྒོམས་པས་རྒྱུད་ལ་བྱིན་རླབས་ངང་གིས་འཇུག་པ། རྣམ་པ་ལམ་བྱེད་ནི། དེ་བཞིན་གཤེགས་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བྱིན་རླབས་མདོག་དབྱིབས་ཅན་མིན་ཡང་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་དང་། བདག་གི་ལས་ཉོན་སྡིག་སྒྲིབ་ཀཾ་དང་དྲི་མའི་རྣམ་པར་བསྒོམ་པ་ལྟ་བུ། ངོ་བོ་ལམ་བྱེད་ནི། རང་སེམས་ངོ་བོ་སྤྲོས་ཀུན་བྲལ་བ་ཡིན་པ་ལ་ཡིན་ཐོག་ཏུ་འཇོག་པའམ། འཁོར་བ་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ་ལྟ་བུ། འབྲས་བུ་ལམ་བྱེད་ནི། ལན་གཅིག་ཐོབ་རྒྱུ་སྐུ་དང་ཡེ་ཤེས་མཛད་པ་བཅས་ད་ལྟ་ཉིད་ནས་བློས་སྒོམ་པ་སྟེ། དེའང་ཞེན་པས་འཇུག་ཅིང་འབྲེལ་བས་མི་བསླུ་བ་ཞེས་བྱ་བ། སངས་རྒྱས་ཀྱི་ཐུགས་རྗེ་ལ་སོགས་པ་དེ་དག་ཡིག་འབྲུ་ཕྱག་མཚན་སོགས་སུ་ཞེན་པས་དེ་བསྒོམ་པ་ལ་འཇུག་ཅིང་། ཞུགས་ནས་ཡང་ཡང་བསྒོམ་པས་སྒྲུབ་པ་པོའི་རྒྱུད་ལ་བྱིན་རླབས་བསླུ་བ་མེད་པར་འཇུག་པ་ནི་ཆོས་ཉིད་དོ། །ཞེས་གསུངས། གཞན་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ནས། དུས་ཀྱི་ཐ་མ་ལ་གསང་སྔགས་ཚིག་གིས་བསྒྲིབས་ནས་དོན་མི་གོ་བས་བྱིན་རླབས་འགྲིབ། གྲུབ་པ་ཐོབ་པ་ཉུང་། གསང་སྔགས་ཀྱི་ཆོས་ནུབ་ལ་ཉེ་བའི་དུས་ཤིག་འོང་བར་གསུངས་པ་དེང་སང་ཡིན་ཏེ། ཐམས་ཅད་སྔགས་ལ་ཞུགས་པར་རློམ་ཡང་གཟུང་བ་རྣམ་པ་ལྔས་བཅིངས་པ་ཁོ་ན་མང་། དེས་ན་གོ་རྒྱུའི་དོན་དེ་གང་ཡིན་ན་གསང་སྔགས་ཞེས་པ་དེ་བསྐྱེད་རྫོགས་གཉིས་ཡིན་གྱི་གྱེར་མོ་བཤམ་བཀོད་ཛབ་བཟླས་སོགས་བསྐྱེད་རིམ་གྱི་ཡན་ལག་ཙམ་ལས་དངོས་གཞི་མིན། དེང་སང་ཕལ་མོ་ཆེས་འདོན་བཟླས་ཀྱི་གྲངས་ཁོ་ན་ལ་གསང་སྔགས་ཉམས་སུ་ལེན་པར་རློམས་ནས་བསྒོམ་དོན་ཆེད་དུ་མི་གཉེར་བ་དང་། འགའ་ཞིག་གིས་ཅུང་ཟད་བསྒོམས་པར་རློམས་ནས་ཡིད་ཡུལ་དུ་གསལ་ཙམ་པའི་བསྐྱེད་རིམ་དང་། གསལ་རིག་ཟུང་འཇུག་ཉིད་མ་བཅོས་པར་བཞག་པས་ཆོག་པའི་གོ་མྱོང་ཙམ་ལ་རྫོགས་རིམ་དུ་གདེངས་བཅས་ནས་སྤྲོས་བཅས་ཀྱི་རིམ་པ་ཁྱད་དུ་གསོད་པ་དང་། ཤིན་ཏུ་མ་གོ་བ་ཁ་ཅིག་བཤམ་བཀོད་དང་དབྱངས་རོལ་ཙམ་ལ་ཡིད་ཀྱི་གཏད་སོ་འཆའ་བ་སོགས་ཡོ་ག་རྣམ་གསུམ་གྱི་བསྟན་པ་འཇིག་པའི་སྔ་ལྟས་གདོད་མའི་མགོན་པོས་ལུང་བསྟན་པ་ཇི་སྙེད་དར་སྲོལ་ཆེ་བ། སྤྱིར་རྒྱལ་བ་རྡོ་རྗེ་འཆང་ཐབས་མཁས་ཤིང་གདུལ་བྱའི་རྒྱུད་ཚོད་ཐམས་ཅད་མཁྱེན་པས་གང་འདུལ་གྱི་མཛད་པས་སྒོ་ཐམས་ཅད་ནས་ཐར་པར་དཀྲི་བའི་ཕྱིར་སོ་སོའི་དེ་ཡང་ངོ་མཚར་བ་ཡིན་མོད་ཀྱི། དེ་ཙམ་ལ་སྔགས་སུ་རློམ་ན་ར་གན་གསེར་དུ་བཟུང་བ་དང་མཚུངས་པས་གསང་སྔགས་ཉམས་སུ་ལེན་འདོད་ན་སྤྲོས་བཅས་པས་བསྐྱེད་རིམ་དང་། སྤྲོས་མེད་པས་རྫོགས་རིམ་ཁོ་ན་ལ་ནན་ཏན་བྱེད་དགོས། ཆོ་གའི་འགྲིགས་དང་སྔགས་བཟླ་བ་སོགས་སྒྲུབ་པ་ཆེན་པོའི་སྐབས་མ་གཏོགས་གཞན་དུ་དབང་པོས་གང་ལྕོགས་རེས་ཆོག་གི དེ་ཁོ་ན་གཙོ་བོར་བྱ་མི་དགོས། དཔེར་ན་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱིས་བསྐྱེད་རྫོགས་ཀྱི་མན་ངག་སྣ་རེ་ལ་སེམས་འཛིན་ལོ་གྲངས་སུ་མཛད་པས་རྒྱུད་ནས་བཤད་ཚོད་ཀྱི་ཡོན་ཏན་སྐྱེས་ཤིང་གྲུབ་པ་ཐོབ། རང་རེ་བོད་ཀྱི་ཡུལ་དུ་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་ཐེམ་ལ་ཁད་དང་། དུང་ཕྱུར་ཁ་གྲངས་མང་པོ་བཟླས་ཀྱང་ངག་གི་བདེན་པ་ཚད་ལྡན་ཞིག་འགྲུབ་པའི་ངེས་ཏིག་མེད་པ་འདི་གསང་སྔགས་ཉམས་སུ་ལེན་པར་རློམས་ཀྱང་གནད་དུ་མ་སོང་བའི་རྟགས་ཡིན་པས། རྒྱུན་ཁྱེར་ཁྱུག་ཙམ་ཡན་ཆད་ལ་སོ་སོའི་སྒོམ་དོན་དང་ར་འཕྲོད་པ་ཞིག་ཅི་ནས་གལ་ཆེའོ། །
གཉིས་པ་མོས་སྒོམ་དམིགས་པའི་གནད་ནི། དེའང་སྦྱང་གཞི་སེམས་ཅན་ཀུན་ཀྱི་རྒྱུད་ལ་རང་བཞིན་གྱིས་བཞུགས་པའི་བདེ་གཤེགས་སྙིང་པོ་ཡོན་ཏན་ཀུན་ཚང་གི་སངས་རྒྱས་དེ་ཉིད། སྦྱང་བྱ་གཟུང་འཛིན་འཁྲུལ་པ་གློ་བུར་བ་སྤྲིན་ལྟ་བུས་བསྒྲིབས་པ་ལ། སྦྱོང་བྱེད་གཞི་འབྲས་དང་རྣམ་པ་མཐུན་པའི་སྔགས་ཀྱི་ཐབས་མཁས་ཁྱད་པར་ཅན་བསྒོམས་པས། སྦྱངས་འབྲས་གཞི་ལ་བཞུགས་པའི་རང་བཞིན་རྣམ་དག་མངོན་དུ་གྱུར་བའི་གོ་དོན་ཆགས་པ་ཞིག་གིས་ཁྱད་པར་བཞི་ལྡན་གྱི་བསྐྱེད་རིམ་གསལ་དག་བརྟན་གསུམ་གྱི་ཚད་རིམ་པར་མཐར་ཕྱིན་པའི་བར་བསྒོམ་པ་ནི་ངེས་རྫོགས་ཀྱི་བསྐྱེད་རིམ་མཚན་ཉིད་པ་སྟེ་ད་ལྟ་ནི་སྲིད་པ་ཙམ་མོ། །སྟན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་ཀྱི་ཆོ་ག་ཆ་ཚང་ཉམས་སུ་ལེན་ཏེ་སོ་སོའི་སྐབས་སུ་བབ་པའི་ཏིང་ངེ་འཛིན་མོས་པ་ལམ་བྱེད་ཁྱུག་ཙམ་རེ་ལས་གསལ་སྣང་རིམ་ཅན་དུ་བསྒྲུབ་མི་ནུས་པ་ནི་མོས་བསྒོམ་གྱི་བསྐྱེད་རིམ་རྗེས་མཐུན་པ་སྟེ་དེང་སང་འདི་ཉིད་མང་ངོ་། །དེའང་ལས་དང་པོ་པས་སྔོན་དུ་མོས་སྒོམ་དང་བསྙེན་པ་བྱ་བ་ཤིན་ཏུ་གལ་ཆེ་ཞིང་དབང་རྣོན་དང་ལས་འཕྲོ་ཅན་རེ་རེ་ཙམ་ལས་དེ་ཁོ་ནས་བསྐྱེད་རིམ་གྱི་གསལ་སྣང་མི་འགྲུབ། དེ་མ་འགྲུབ་ན་བསྐྱེད་བཟླས་ཀྱི་འབྲས་བུ་མི་འབྱིན་པས་སླར་ངེས་རྫོགས་ལ་ཅིས་ཀྱང་འབད་དགོས་སོ། །དེས་ན་དང་པོ་མོས་སྒོམ་ལྟར་ན། སྤྱིར་ཐེག་ཆེན་ཐུན་མོང་བའི་བསམ་སྦྱོར་ཚད་ལྡན་རྒྱུད་ལ་མ་སྐྱེས་ན་སྔགས་ཀྱི་སྒོར་གཏན་ནས་འཇུག་མི་རུང་ཞིང་། ཞུགས་སུ་ཟིན་ཀྱང་རུ་ཏྲ་སྲིན་པོ་ཡི་དྭགས་ཆེན་པོ་སོགས་ཀྱི་རྒྱུ་སྔགས་ལོག་ཏུ་འགྲོ་བས། ཐོག་མར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཟུང་འཇུག་གི་གོ་འཕང་ལ་བཀོད་འདོད་ཀྱི་བྱང་ཆུབ་སེམས་བློ་བཅོས་མ་མ་ཡིན་པས་ཟིན་པ། བར་དུ་སྒོམ་སྒྲུབ་ཅི་བྱེད་རང་དོན་ཡིད་བྱེད་དང་གཏན་ནས་མ་འདྲེས་པ། ཐ་མར་དགེ་རྩ་ཐམས་ཅད་ནུས་ན་འཁོར་གསུམ་ཡང་དག་གི་བསྔོ་བ། མི་ནུས་ན་རྒྱལ་བ་སྲས་བཅས་ཀྱི་མཛད་པའི་རྗེས་སུ་སློབ་པར་བསྔོ་བ་བཅས་རིམ་གཉིས་གང་ལའང་མེད་དུ་མི་རུང་བའི་གལ་བོ་ཆེ་ཡིན་པར་ཤེས་པར་བྱས་ནས། གང་ལ་འཇུག་པའི་གཞི་ནི། བསྐྱེད་ཚུལ་སྤྱིར་དབང་རྟུལ་ལ་ལྟོས་ཏེ་སྦྱང་བྱ་ཕ་མའི་འདུ་འཕྲོད་རགས་པ་ལ་བརྟེན་པའི་མངལ་སྐྱེས་དང་སྒོང་སྐྱེས། སྦྱོང་བྱེད་མ་ཧཱ་ཡོ་གའི་དགོངས་པས་མངོན་བྱང་ལྔ་དང་ཆོ་ག་གསུམ་གྱིས་བསྐྱེད་པ། དབང་འབྲིང་ལ་ལྟོས་ཏེ་སྦྱང་བྱ་དྲོད་གཤེར་ལ་བརྟེན་པའི་སྐྱེ་གནས་སྦྱོང་བྱེད་ཨ་ནུ་ཡོ་གའི་དགོངས་པ་མཚན་ནམ་སྙིང་པོ་བརྗོད་པ་ཙམ་གྱིས་དབྱིངས་ཡེ་གཉིས་མེད་ཀྱི་སྐུར་ལྡང་པ། དབང་རབ་ལ་ལྟོས་ཏེ་སྦྱང་བྱ་རྫུས་སྐྱེས་སྐད་ཅིག་གིས་ལུས་སུ་གྲུབ་པའི་སྐྱེ་གནས། སྦྱོང་བྱེད་ཨ་ཏི་ཡོ་གའི་དགོངས་པ་སྐད་ཅིག་དྲན་རྫོགས་སུ་གདོད་ནས་ལྷུན་གྲུབ་ཀྱི་ལྷར་གསལ་བ་རྣམས་སུ་ཡོད་ལ། ཐམས་ཅད་ཀྱང་གཞུང་ནས་ཇི་སྐད་གསུངས་པའི་ཆོ་གའི་གོ་རིམ་དང་དམིགས་པའི་རིམ་པ་ནོར་འཁྲུལ་མེད་པར་ཤེས་ཤིང་གསལ་ཐེབས་ན། སྦྱང་བྱ་འཁོར་བའི་སྐྱེ་འཆི་དང་རྣམ་པ་མཐུན་པས་དེ་དག་སྦྱང་ཞིང་དག །སྦྱངས་འབྲས་མྱང་འདས་དང་བཞུགས་ཚུལ་མཐུན་པས་སྐུ་གསུམ་གྱི་ས་བོན་གསོས་འདེབས་ཏེ་འབྲས་བུ་གཞི་ལ་རྫོགས། ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་སྟེ་ལས་དང་པོ་པ་ལ་ཐབས་མཁས་ཁྱད་པར་ཅན་ཡིན་ནོ། །ཇི་ལྟར་སྒོམ་པའི་ཐབས་ནི། མོས་སྒོམ་གྱི་སྐབས་འདིར་ཕྲིན་ལས་ཀྱི་སྒྲོམ་དུ་གཞུག་པ་ཁོ་ན་མང་ཞིང་དེའང་གཙོ་ཆེ་བའི་དབང་དུ་བྱས་ནས་མ་ཧཱ་ཡོ་གའི་ལུགས་ཉིད་ཁྱབ་ཆེ་བས་དེ་དག་སོ་སོའི་དམིགས་པའི་གནས་དང་གོ་དོན་ཤེས་པ་ཅི་ནས་གལ་ཆེའང་འདིར་ཡི་གེས་འཇིགས་ནས་མ་སྤྲོས་ལ། སྤྱིར་ཕྲིན་ལས་ཀྱི་རིམ་པ་ཐམས་ཅད་ཀྱང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྡུས། སྔོན་འགྲོའི་ཐོག་མར་ནང་པ་སངས་རྒྱས་པའི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཏུ་གྱུར་པ་སྐྱབས་འགྲོ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སངས་རྒྱས་སྒྲུབ་པ་ལ་མེད་ན་མི་འབྱུང་བའི་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཉིས་ནི་ལས་རིམ་རྒྱས་བསྡུས་གང་ལའང་མེད་ཐབས་མེད་ཅིང་། བགེགས་བསྐྲད་སྲུང་འཁོར་བར་གཅོད་སེལ་བ་དང་། ཚོགས་བསགས་བྱིན་འབེབས་མཆོད་བརླབ་སོགས་མཐུན་རྐྱེན་སྒྲུབ་བྱེད་ཀྱི་ཡན་ལག་ཡིན། དེ་དག་ཀྱང་རྟེན་འབྲེལ་འགྲོས་མཚུངས་དབང་གིས་སྦྱང་བྱ་འཁོར་བའི་དུས་ཇི་ལྟ་བར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་། ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱོང་ཞིང་སྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་གསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུར་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །
གཉིས་པ་དངོས་གཞི་ལའང་བསྐྱེད་རིམ་དངོས་དང་། དེ་རྫོགས་བྱེད་ཀྱི་ཡན་ལག་གཉིས་སུ་ཡོད། དང་པོ་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་གསུམ་ལས།
དང་པོ་ནི། དེའང་སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་ལ་སྦྱོང་བར་བྱེད་པའི་ལམ་གྱི་གནད་ཚང་བས། སྦྱངས་འབྲས་སྐུ་གསུམ་འགྲུབ་རུང་གི་རྟེན་འབྲེལ་བསྒྲིག་ནུས་པ་སོགས་དཀྱིལ་འཁོར་བསྒོམ་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་གལ་པོ་ཆེའི་ཏིང་ངེ་འཛིན་གསུམ་ལས། དེ་ཏིང་སྟོང་པ་ཆེན་པོ་ནི། ཐོས་བསམ་ལས་བྱུང་བའི་གོ་བའི་ལྟ་བ་ཡོད་ན་དེ་ཀས་སྟོང་ཉིད་རྒྱས་འདེབས་སུ་བསྒོམ། བསྒོམས་བྱུང་ལྷག་མཐོང་ཚད་ལྡན་ཡོད་ན་དེ་ཀས་གཤིས་ཐོག་འཇོག །གང་ཡང་མེད་ན། བདག་གཞན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཟུང་འཛིན་མཚན་མའི་མཐའ་ལས་འདས་པ་ནམ་མཁའི་དབྱིངས་ལྟ་བུའོ་སྙམ་དུ་ངེས་ཤེས་བསྐྱེད་ལ་མཚན་འཛིན་གང་ཡང་མི་དམིགས་པར་སྟོང་ཕྱལ་གྱིས་བཏང་། འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་ང་རྒྱལ་བཟུང་། འདིས་མར་འཁོར་བའི་དྲི་མ་འཆི་སྲིད་དང་རྟག་ལྟ་གཟུགས་མེད་ཀྱི་ཁམས་སྦྱང་ཞིང་དག་པར་བྱེད། ཡར་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་ཐེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །ལམ་གོང་མ་རྫོགས་རིམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཀུན་ཏིང་སྙིང་རྗེ་སྒྱུ་མ་ནི། གནས་ལུགས་དེ་ལྟར་མ་རྟོགས་འཁྲུལ་བར་གྱུར་པའི་སེམས་ཅན་རྣམས་ལ་སྟོང་ཉིད་དེའི་རང་རྩལ་འགག་པ་མེད་པ་ཀུན་ཁྱབ་ཐུགས་རྗེ་ཆེན་པོ་ནམ་མཁའི་འཇའ་ཚོན་ལྟར་སྒྱུ་མ་ལྟ་བུའི་ཡུལ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ། བར་དོ་དག་པ་ལོངས་སྐུའོ་སྙམ་པའི་ང་རྒྱལ་བྱེད། འདིས་བར་སྲིད་དང་ཆད་ལྟ་གཟུགས་ཁམས་དག་པར་བྱེད། འབྲས་བུ་ལོངས་སྐུར་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་བའི་སྨིན་བྱེད་དོ། །རྒྱུ་ཏིང་ཕྱག་རྒྱའི་རྣལ་འབྱོར་རྩ་བའི་ཐབས་སམ་རྒྱུ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རྒྱུ་ལས་རང་གི་རིག་པ་ཉིད་ཡི་གེ་ཨཱཿཧཱུྃ་ཧྲཱི༔ སོགས་སོ་སོའི་ས་བོན་དུ་སྣང་བ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ། སྐྱེ་བ་གནས་སུ་དག་པ་སྤྲུལ་སྐུའོ་སྙམ་པའི་ང་རྒྱལ་བསྐྱེད། འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་དང་འདོད་ཁམས་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་བདེ་བ་དང་རླུང་སེམས་ལས་བྱུང་བའི་ལྷ་སྐུར་ལྡང་པའི་གཞི་འདིང་བས་སྨིན་བྱེད་དུ་འགྱུར་རོ། །
གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། སྣོད་ཆགས་པའི་རྗེས་སུ་བཅུད་རིམ་པར་ཆགས་པའི་ཞེན་པ་སྦྱང་བ་དང་། སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་རྣམ་པར་དག་པ་དེར་འཚང་རྒྱ་བ་དང་། རྫོགས་རིམ་སྐུ་རྡོ་རྗེས་རྩ་རགས་པ་དག་པར་བྱས་ནས་གསུང་ཐུགས་གཉིས་ཀྱིས་དེ་ལ་བརྟེན་པའི་རླུང་སེམས་དག་པར་བྱེད་པའི་སྨིན་བྱེད་དུ་འགྱུར་བས་གོ་རིམ་ངེས་པ་ཅན་དུ་བསྒོམ་དགོས་ལ། བསྐྱེད་ཚུལ་དངོས་ལ་འཇིག་རྟེན་ཆགས་རིམ་དང་བསྟུན་ནས་འབྱུང་བཞི་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་པདྨ་ཉི་མ་སྣ་ཚོགས་རྡོ་རྗེའི་གདན་དང་བཅས་པར་བསྒོམ། འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་ང་རྒྱལ་སྐྱེད། འདི་རྣམས་ཀྱིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་བཅས་པ་དྲུག་པོ་དེ་སྦྱོང་། འབྲས་དུས་སུ་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཁམས་ཡུམ་ལྔའི་མཁའ་མཚོན་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་མ། པད་ཉི་དང་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ། དེ་རྣམས་མཉེན་ཞིང་དུལ་བའི་གཞི་འདིང་བའོ། །དེའི་སྟེང་གཞལ་ཡས་ཁང་ལ་མདོ་དང་སྒྱུ་འཕྲུལ་སོགས་རྒྱུད་སྡེ་དང་བཀའ་བརྒྱད་སོགས་སྒྲུབ་སྡེ་རྣམས་ལས་རྣམ་བཞག་དང་སྒོས་ཆོས་ཐ་དད་པ་མང་ཡང་། སྤྱི་ཙམ་དུ། ཁོར་ཡུག་འོག་གཞི། ལོགས། ཐོག་འབུབས། སྒོ། རྟ་བབས་དྲུག །ལོགས་ལ་རྩིག་པ། འདོད་སྣམ། ཕ་གུ། དྲྭ་ཕྱེད། བྱ་འདབ། ཤར་བུ། པུ་ཤུ་བདུན། ཐོག་འབུབས་ལ་སྟེང་འོག་བར་གསུམ། རྟ་བབས་ལ་རྒྱུ་འབྲས་དབྱེ་བ་བརྒྱད་གཉིས་བཅུ་དྲུག་རྣམས་སུ་རགས་པར་མཚན་ཉིད་ཐམས་ཅད་ཚང་བས་དེ་ལྟ་བུའི་གཞལ་ཡས་ཁང་དང་། དེའི་ནང་དུ་པདྨ་ཟླ་བ་ཉི་མ་སོགས་ལྷའི་གདན་རྣམས་བསྒོམ། ཡུལ་དང་ཁང་ཁྱིམ་སོགས་རྣམ་པར་དག་པ་སངས་རྒྱས་རང་སྣང་གི་ཞིང་དང་གཞལ་ཡས་ཁང་ངོ་སྙམ་པའི་ང་རྒྱལ་བཟུང་། འདིས་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་དང་། གདན་པད་ཟླ་ཉི་མས་མའི་མངལ་ལ་ཁུ་ཁྲག་དང་བཅས་པ་དང་། གནས་ལུས་ལ་སྲེད་ལེན་གྱི་བག་ཆགས་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་སྒྲུབ་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གི་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་། གདན་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་སྟེ། འབར་འཛག་གི་ཞུ་བདེས་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་འདིང་བའོ། །བརྟེན་པ་ལྷའི་དཀྱིལ་འཁོར་བསྒོམ་པ་ལ། ལས་དང་པོ་པ་ལ་བསྔགས་པ་སྒོང་སྐྱེས་སྦྱོང་བྱེད་སྤྲོས་བཅས་རྒྱས་པ་ཆེན་པོ་ནི། བདག་གི་སྲས་སུ་གཞན་བྱ་བ་དང་གཞན་གྱི་སྲས་སུ་བདག་བྱ་བ་གཉིས་ལ་རྒྱུད་སྡེ་སྒྲུབ་སྡེའི་ལུགས་སྲོལ་གཉིས། དབང་པོ་དང་སྤྲོས་པ་འབྲིང་གི་དབང་དུ་བྱས་ནས་གལ་པོའི་དགོངས་པ་ལྟར་ཆོ་གའམ་མངོན་བྱང་བཞི། ཕ་རྒྱུད་སྤྱི་ལྟར་རྡོ་རྗེའི་ཆོ་ག་གསུམ། མ་རྒྱུད་ལྟར་མངོན་བྱང་ལྔ་བསྐྱེད། དབང་རབ་སྤྲོས་མེད་ལ་ལྟོས་ནས་ཡོ་ག་གོང་མ་གཉིས་ཀྱི་བསྐྱེད་ཚུལ་རྣམས་སོ་སོའི་སྐབས་སུ་བབ་པ་ལྟར་བསྒོམ་ཞིང་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བསྐྱེད། དེ་དག་རེ་རེ་བཞིན་སྨོས་ཀྱིས་མ་ལོངས་ཤིང་ཆོ་ག་གསུམ་བསྐྱེད་ལ་མཚོན་ན། རྒྱུའི་ས་བོན་གདན་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་ག །དེ་ཞུ་བ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་ག །དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལྷའི་སྐུར་གསལ་བ་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། འདིས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་ཤེས་པ་ཞུགས་པ། ཕ་མའི་འདུ་འཕྲོད་ཀྱི་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ། རླུང་བཅུས་ལུས་རིམ་གྱིས་གྲུབ་པས་དབང་པོ་རྣམས་རྫོགས་ནས་བཙས་པ་སྦྱོང་། འབྲས་བུ་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་ནས་ལྷུམས་སུ་ཞུགས་དང་། བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་ས་བོན་ཕྱག་མཚན་ནི་རླུང་སེམས་དྷཱུ་ཏིར་ཐིམ་པ། སྤྲོ་བསྡུ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་མི་འགྱུར་བའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་གཞི་འདིང་བའོ། །དེ་ནས་གཙོ་འཁོར་ཡོངས་སུ་རྫོགས་པ་ཚུལ་བཞིན་དུ་བསྐྱེད་པས་བྱིས་པ་དེ་མའི་མངལ་དུ་སྐྱེ་བ་གྲུབ་ནས་རིམ་གྱིས་སྒོ་གསུམ་གྱི་ནུས་རྩལ་ནར་སོན་པ་སྦྱོང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་བརྙེས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་ཁུ་རྡུལ་རླུང་གསུམ་འགག་པའི་དྭངས་མ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །
གསུམ་པ་བྱིན་རླབས་དབང་བསྐུར་བ་ནི། དམ་ཚིག་གི་འཁོར་ལོ་གསལ་ལ་མ་འདྲེས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བར་གྱུར་བ་དེ་དག་གི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ལྷའམ་དེ་དག་གི་ངོ་བོ་ཡི་གེ་གསུམ་གསལ་བར་བལྟས་ཏེ། ལུས་ངག་ཡིད་གསུམ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་རྫོགས་པའི་ང་རྒྱལ་བརྟན་པོར་བྱ། དེ་ནས་མགོ་བོའི་གནས་ལྔར་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་རྒྱུན་གྱིས་དབང་བསྐུར་ཞིང་རིགས་ལྔས་རྒྱས་བཏབ་ལ་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་བའི་ང་རྒྱལ་འཛིན། འདིས་བྱིས་པ་དེའི་རྩ་ཁམས་འཕེལ་བས་ཉོན་མོངས་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་དེ་སྦྱོང་། འབྲས་བུ་སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་རྟེན་འབྲེལ་སྒྲིག །དེས་དགའ་བཞིའི་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བའོ། །
གཉིས་པ་དེ་ཉིད་རྫོགས་བྱེད་ཡན་ལག་རྣམས་ཀྱི་ཐོག་མ་ཡེ་ཤེས་པ་གཞུག་པ་ནི། དོན་དམ་པར་རང་ལུས་ཀྱིས་མཚོན་པའི་སྣང་བའི་འཁོར་ལོར་དམ་ཚིག་སེམས་དཔའ། སེམས་ཉིད་དམ་རིག་སྟོང་གི་ཡེ་ཤེས་སེམས་དཔར་གདོད་ནས་འབྲལ་མེད་ཀུན་ཁྱབ་ཏུ་བཞུགས་ཀྱང་ཚུལ་བཞིན་མ་རྟོགས་པས་གནས་སྐབས་གཉིས་འཛིན་གྱི་དྲི་མ་སྦྱང་བའི་སླད་དུ། དམ་ཚིག་སེམས་དཔའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཆོས་ཀྱི་དབྱིངས་དང་རང་བཞིན་ལྷུན་གྲུབ་ཀྱི་གནས་རྣམས་ནས་ཆོས་ཀྱི་སྐུ་ལས་གཟུགས་སྐུའི་རྣམ་པར་བཞེངས་ཏེ་སྐད་ཅིག་གིས་བྱོན་ནས་ཐིམ་སྟེ་གཉིས་སུ་མེད་པར་གྱུར་པར་བསམ། འདིས་བྱིས་པ་དེ་རང་དང་རིགས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་བའི་ཞེན་པ་སྦྱོང་། འབྲས་བུ་འཚང་རྒྱ་བའི་ཚེ་སངས་རྒྱས་ཐམས་ཅད་ཡེ་ཤེས་མཉམ་པ་ཉིད་དུ་འགྱུར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །དེ་ལྟར་སྤྱན་དྲངས་པའི་ལྷ་ཚོགས་རྣམས་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ་ལ་ཀུན་རྫོབ་དང་དོན་དམ་རྟོགས་པས་ཕྱག་འཚལ། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས། ཕྱི་ཆུ་གཉིས་ཉེར་སྤྱོད་རྫས་རྟགས་རིན་ཆེན་བདུན་ལ་སོགས་པ། ནང་འདོད་ཡོན་ལྔ་དང་དུར་ཁྲོད་དྲག་པོའི་ཉེར་སྤྱོད། ནང་མཆོད་ཁྱད་པར་ཅན་སྨན་རཀ་གཏོར་གསུམ། གསང་བ་སྦྱོར་སྒྲོལ་གྱི་བརྟུལ་ཞུགས། དེ་ཁོ་ན་ཉིད་ཀྱི་ལྟ་བའི་ངང་དུ་མཆོད་ཅིང་ཆེ་བའི་ཡོན་ཏན་ལ་བསྟོད་དེ་མཆོད་ལྷ་བསྡུ། འདི་དག་གིས་བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་དོན་གྱི་སྤྱད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པར་འགྱུར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །སྐབས་འདིར་དམིགས་པའི་གཙོ་བོར་ལྷའི་སྣང་ཞེན་ལ་ཡུན་རིང་དུ་བསླབ་ཅིང་ང་རྒྱལ་བརྟན་པོ་བསྐྱེད། ལྷ་སྐུ་རང་གི་རིག་རྩལ་དུ་ཐག་ཆོད་ཅིང་ཐམས་ཅད་འཛིན་མེད་གཉུག་མར་ལ་བཟླ། གསལ་སྣང་གོམས་ནས་དམིགས་པ་ཏིང་ངེ་འཛིན་གྱི་འཕྲོ་འདུ་བཅས་བཟླས་པའི་རིམ་པ་སྐབས་དང་བསྟུན་པར་བྱ། དེས་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱིངས་སུ་རྫོགས་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་བའོ། །
གསུམ་པ་རྗེས་ཀྱི་བྱ་བ་ལ། ཚོགས་ཀྱི་འཁོར་ལོ་འགྲུབ་དཀའ་ཡང་ཏིང་ངེ་འཛིན་ཟབ་མོ་དང་ལྡན་པས་ཚོགས་མཆོད་ཙམ་ཕུལ་བ་ལའང་ཕན་ཡོན་ཚད་མེད་པར་གསུངས་ཤིང་། ཚོགས་མཆོད་ལན་གཅིག་གིས་ཟླ་བ་དེའི་རིང་གི་ཉམས་ཆག་ཐམས་ཅད་བྱང་བར་བཤད་པས་བསྙེན་སྒྲུབ་གྲུབ་པའི་སྐབས་ཁོ་ནར་མ་ཟད་དུས་བཟང་སོགས་སུ་གྲུབ་ན་ལེགས་ཤིང་། དེས་ཚོགས་རྫས་རྣམས་སྦྱང་རྟོགས་སྦར་གསུམ་གྱིས་བདུད་རྩིར་བྱིན་རླབས་ལ་ཚོགས་ཞིང་གསར་དུ་སྤྱན་འདྲེན་པའམ། མདུན་བསྐྱེད་རང་ལ་དམིགས་ཏེ་ཚོགས་ཕུད་འདོད་ཡོན་ལྔའི་སྤྲིན་ཆེན་པོ་རུ་སྤྲོས་ཏེ་མཆོད། བར་པ་བདུད་རྩི་ལྔར་དམིགས་ལ་སྐོང་ཞིང་ཉམས་ཆག་བཤགས། ཚོགས་ཐ་མ་འདུ་བར་འོས་མིན་སོགས་བསྒྲལ་བྱའི་རྟེན་བྱས་ཏེ་ཚེ་ཁྲུས་དགོངས་པས་བསྒྲལ་ཞིང་བསྟབ། དམ་རྫས་རྣམས་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལོངས་སྤྱད། ལྷག་མ་བདུད་རྩི་འདོད་ཡོན་གྱི་ཕུང་པོར་དམིགས་ནས་ཕོ་ཉ་རྣམས་ལ་སྦྱིན་པའོ། །དེ་ནས་ཕྲིན་ལས་ལ་ཐུགས་དམ་བསྐུལ་ཅིང་བཀའ་སྲུང་ལ་གཏོར་མ་ཕུལ་ཏེ་ཆད་མདོའི་ཐ་ཚིག་བསྒྲག །བོད་ཁམས་སྐྱོང་བའི་གཡར་དམ་ཅན་བརྟན་མ་རྣམས་བཤལ་ཆུས་བརྔན་ཏེ་ལས་སླར་མི་ལྡོག་པའི་ཕྱིར་རྡོ་རྗེའི་བྲོས་རྒྱས་གདབ། བསྙེན་སྒྲུབ་མཐར་ཕྱིན་པ་ན་དངོས་གྲུབ་བླང་། གཏང་རག་མཆོད་བསྟོད་ཕུལ་ལ་ནོངས་པ་ཐམས་ཅད་བཤགས། ཐུན་ཐམས་ཅད་ཀྱི་མཐར་ཡང་བསྐྱེད་པའི་གསལ་སྣང་རྫོགས་རིམ་འོད་གསལ་དུ་བསྡུ་བར་བྱ་སྟེ། རང་གི་སྙིང་གའི་འོད་ཀྱིས་ཕྱི་རོལ་དག་པའི་སྣོད་བཅུད་སྣང་བ་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་ཡང་ནང་གི་སྣོད་རིམ་བཞིན་སྲུང་འཁོར་དུར་ཁྲོད་སོགས་གཞལ་ཡས་ཁང་དང་། དེའང་ལྟེ་བའི་གདན་གྱི་བར་དུ་བསྡུས་པ་འཁོར་རྣམས་ལ་ཐིམ། བཅུད་ལྷའི་འཁོར་ལོ་ཀུན་ཀྱང་གཡོན་བསྐོར་དུ་རིམ་གྱིས་འོད་དུ་ཞུ་ནས། འཁོར་རྣམས་བདག་ཉིད་གཙོ་བོ་ཡབ་ཡུམ་དང་། ཡུམ་ཡབ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའ་ཐུགས་སྲོག་ས་བོན་ལ་ཐིམ། ས་བོན་དེའང་གྱེན་རྫོགས་སུ་ཡལ་བས་བདག་དང་གཞན་དུ་མ་གྲུབ་པའི་སྟོང་པ་ཉིད་དེ། གང་དུའང་མི་དམིགས་ཤིང་ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་མཐོང་བས་སྤྲོས་པ་དང་བྲལ་བའི་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་རྟག་མཐའ་བསལ། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དྲན་རིག་ཡི་དམ་ལྷའི་སྐུར་ལངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་སྦྱངས་པས་ཆད་མཐའ་བསལ་ནས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱོར། འདིས་འདུ་བྱེད་ཀྱི་ཐ་མལ་འཇིག་ཅིང་ལྡང་བ་སྦྱོང་སྟེ་སྣོད་བཅུད་སྲུང་འཁོར་གཞལ་ཡས་ཁང་རྣམས་ལྷ་དམ་ཚིག་སེམས་དཔའ་ལ་བསྡུ་བ་རགས་པ་ཐིམ་པ། སེམས་དཔའ་སུམ་བརྩེགས་ས་བོན་ལ་བསྡུ་བའི་བར་སྣང་གསུམ། དེ་ཡང་བསྡུ་བ་འོད་གསལ་ཏེ་འཁོར་བར་སྐྱེ་བ་ལ་སླར་ཡང་འཆི་བ་དང་དེ་ལས་བར་སྲིད་དུ་ལྡང་བ་སྦྱོང་། འབྲས་དུས་སུ་གཟུགས་སྐུ་ཆོས་ཀྱི་སྐུའི་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་ཆད་པར་འཆར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་དུས་དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་འདིང་བར་བྱེད་དོ། །དེ་ནས་འཁོར་གསུམ་ཡོངས་དག་གི་བསྔོ་བས་རྒྱས་འདེབས། ཐེག་ཆེན་ཐུན་མོང་དང་ཐུན་མིན་གྱི་སྨོན་ལམ་གདབ། བཀྲ་ཤིས་པའི་ཚིག་བཅད་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱ་བ་བཅས་ཀྱིས་ཕྲིན་ལས་རིམ་པ་སྤྱི་འགྲོ་འགྲུབ་བོ། །དེའང་ལས་དང་པོ་པས་སྔོན་འགྲོ་སྐྱབས་སེམས་ནས་བཟུང་། ཉེར་བསྡུས་བསྔོ་སྨོན་གྱི་བར་རེ་རེ་ནས་ཞིབ་ཏུ་གསལ་བཏབ་ནས་བསྒོམ། དེའང་ཆོ་གའི་ཡན་ལག་རྣམས་དུམ་བུར་བཅད་ནས་སོ་སོའི་གསལ་སྣང་འདོན། བྱིང་རྒོད་ཀྱི་དབང་དུ་མི་བཏང་བར་བསྒོམ་བྱ་དེ་ཉིད་ལ་བློས་བར་མ་ཆད་དུ་འཇུག་པ་ལ་བསླབ་དགོས། སྤྱིར་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པ་ཡིས་ཀུན་སྲོག་ཐོབ། །ཅེས་སོགས་གསུངས་པ་ལྟར་བསྐྱེད་རིམ་སྤྱིའི་ཆིངས་སུ་སྲོག་སྡོམ་གཟེར་བཞིས་གདབ་པ་གལ་ཆེ་སྟེ། དེའང་སྐུ་ཕྱག་རྒྱའི་གསལ་སྣང་གིས་ཡུལ་གསུམ་གྱད་དུ་གྱུར་པ་ཏིང་ངེ་འཛིན་དམིགས་པའི་གཟེར། གསུང་ཐུགས་སྲོག་སྔགས་འཁོར་ལ་སེམས་རྩེ་གཅིག་ཏུ་གཏད་པ་སྙིང་པོ་སྔགས་ཀྱི་གཟེར། ཐུགས་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་རང་སེམས་དང་གཉིས་སུ་མེད་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ལས་བསྒྲུབ་བྱའི་ལྷ་རྟག་རྟག་པོ་གུད་ན་མེད་པར་ཤེས་པ་དགོངས་པ་མི་འགྱུར་བའི་གཟེར། ཕྲིན་ལས་རྣམ་བཞི་སོགས་དམིགས་པའི་ལྡེ་ཁ་གང་ལ་གང་དགོས་སུ་སྒྱུར་བ་འཕྲོ་འདུ་སྣ་ཚོགས་པའི་གཟེར་བཞིའི་མན་ངག་གནད་ཐོག་ཏུ་ཁེལ་ན་སྐུ་དངོས་སུ་མཐོང་། ངག་ལ་བདེན་པ་འགྲུབ། ཆོས་ཉིད་ལ་རང་དབང་ཐོབ་སྟེ་གསང་བ་གསུམ་གྱི་སྲོག་འཕྲོག །རིག་པའི་རྩལ་འབྱུང་། ཕྲིན་ལས་རང་དབང་བསྒྱུར་བར་གསུངས་སོ། །དེ་ལ་མོས་སྒོམ་གྱི་སྐབས་འདིར་གསལ་སྣང་ཇི་བཞིན་པ་འགྲུབ་དཀའ་ཡང་། ཐོག་མ་ནས་བློ་མ་དྲེད་པ་གལ་ཆེ་བས་ཐ་མལ་གྱི་འཁྲུལ་སྣང་གཅོད་པའི་ཕྱིར་རྣམ་པ་གསལ་བ་ནི། མངོན་རྟོགས་འདོན་སྐབས་གཤར་སྒོམ་དང་། བཟླས་པའི་སྐབས་སུ་བྱིང་རྒོད་ལེ་ལོར་མ་ཤོར་བར་ཞིབ་པར་གསལ་གདབ་སྟེ། དེའང་ལྷ་གཙོ་འཁོར་ཅན་རྣམས་ལ་དང་པོ་གཙོ་བོ་གཅིག་པུའི་གསལ་སྣང་དང་ང་རྒྱལ་ཤུགས་དྲག་ཏུ་བསྐྱེད། ཅུང་ཟད་སེམས་ཟིན་པ་ན་སྤྱན་ནས་བཟུང་སྐུའི་ཆ་ཤས་རེ་རེ་ནས་གསལ་སྣང་མཐར་འདོན། རིམ་གྱིས་ཕྱག་མཚན། རྒྱན་དང་ན་བཟའ། སྐུའི་ཉམས་འགྱུར། གསུང་གི་གདངས་སྐད། ཐུགས་ཀྱི་དགོངས་པ། ཡེ་ཤེས་ཀྱི་འོད་ཟེར་དང་མེ་ཕུང་། གདན་བརྩེགས་མ་སོགས་ལ་སེམས་བཟུང་། སྐབས་རེར་བརྗོད་ཚིག་གི་སྒོ་ནས་གསལ་སྣང་འདོན། རེས་འགའ་དམིགས་པ་རྩེ་གཅིག་པས་སེམས་བཟུང་། གཙོ་བོ་ལ་སེམས་ཟིན་ནས་འཁོར། གཞལ་ཡས་ཁང་། སྲུང་འཁོར་རྟེན་དང་བརྟེན་པར་བཅས་ནང་ནས་ཕྱི། ཕྱི་ནས་ནང་དུ་གསལ་འདེབས་ཤིང་སེམས་བཟུང་། དེས་སྐྱོ་ན་རྟག་པར་ལྟ་བའི་ཞེན་འཛིན་དགག་པའི་ཕྱིར་རྣམ་དག་དྲན་པ་སྟེ་ནུས་ན་སོ་སོའི་མངོན་རྟོགས་དང་བསྟོད་པ་སོགས་ནས་འབྱུང་བ་ལྟར་རེ་རེ་བཞིན་ཡིད་ལ་བྱ། ཐམས་ཅད་མི་ནུས་ན་མདོར་བསྡུས་ཙམ་མམ། ཡང་ན་དག་དྲན་རྗེས་མཐུན་ནི། སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་སྐུ་ཉག་གཅིག་ཡིན། ཆོས་སྐུ་ལ་ཞལ་ཕྱག་སོགས་མཚན་མ་རྡུལ་ཙམ་མེད་ཀྱང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་ཞལ་ཕྱག་རྒྱན་ཆའི་རྣམ་པར་ཤར་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་སྒྱུར་བ་ཡིན། རང་རྒྱུད་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་བསྒོམ། ཐ་མལ་གྱི་བདག་འཛིན་དགག་པའི་ཕྱིར་ང་རྒྱལ་བརྟན་པ་སྟེ། ལྷ་གསལ་རུང་མ་གསལ་རུང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡི་དམ་ལྷ་གང་ཡིན་པ་དེ་ངའོ་སྙམ་པའི་ལྷའི་ང་རྒྱལ་ལ་རྟག་ཏུ་གནས་པ་ཤིན་ཏུ་གལ་ཆེ། མི་གསལ་བཞིན་དུ་འཁྲུལ་རྟོག་ལ་འཁྲུལ་རྟོག་གི་ལྷན་པ་འདེབས་པ་ལས་དོན་གྱི་གནད་དུ་འདི་ཟབ་པས་ནན་ཏན་དུ་བྱའོ། །རྩལ་སྦྱང་བའི་ཕྱིར་སྣང་སྲིད་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་གང་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ། ངོ་བོ་སྟོང་པ། རང་བཞིན་བདེ་བ། རྣམ་པ་གསལ་བ་ཡང་ཡང་བསླབ། ཁྱད་པར་དུ་ལྟ་དགོངས་ཀྱི་གཟེར་ནི་ཤིན་ཏུ་གཅེས་ཏེ། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས༔ དུར་ཁྲོད་འདྲེ་ངན་བསྒྲུབས་གྱུར་ཀྱང༔ མཆོག་དང་ཐུན་མོང་འབྲས་བུ་གང༔ ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང༔ དེ་ཉིད་མ་རྟོགས་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབས་གྱུར་ཀྱང༔ གནས་སྐབས་ལྡན་འབྲས་ཕྲ་འུ་ལས༔ ཡང་དག་འབྲས་བུ་སྲིད་མཐའ་ཙམ༔ ཞེས་གསུངས་པས་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བཏགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད། ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ངང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པས་སླར་སྟོང་པས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་ཡང་སྐྱེ་འགག་གནས་གསུམ་གྱི་མཐའ་ཐམས་ཅད་དང་བྲལ་བས་ཅི་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་བཞག་གི་ཆོས་སྐུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་ཀྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་ལས། སྣང་གྲགས་གསལ་ཆའི་གདངས་ཀུན་བསྐྱེད་རིམ་སྟེ། །ཨ་འཐས་འཛིན་ཞེན་སྤང་པ་རྫོགས་རིམ་ཉིད། །ཡེ་ནས་དབྱེར་མེད་ཡིན་ལ་ཡིན་བཞིན་ཀློང་། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཡེངས་མེད་འབུངས། །ཞེས་གསུངས་པ་ལྟ་བུའི་གནད་གསང་མ་རྟོགས་ན་ནམ་དུ་ཡང་བསྐྱེད་རྫོགས་ལ་མཚན་རྟོག་གི་གོལ་ས་ཆོད་པའི་དུས་མེད་པས་རབ་རྟོགས་པ། འབྲིང་ཉམས་མྱོང་། ཐ་མ་གོ་བ་ཕྱིན་ཅི་མ་ལོག་པས་ངེས་ཤེས་རྙེད་པ་ཙམ་ཅི་ནས་གལ་ཆེའོ། །དེ་ལྟར་བསྐྱེད་རྫོགས་ཚད་ལྡན་ལ་སྨིན་སློབ་བྱེད་ན་ཐོག་མར་ཐུན་ཚད་ཀྱང་། གྲོལ་ཐིག་དགོངས་པ་རང་གྲོལ་ལས། ཐུན་གཅིག་ལྷ་ལ་སེམས་གཏད་བསྒོམ༔ ཐུན་གཅིག་གསང་སྔགས་བཟླས་པར་བྱཿ ཐུན་གཅིག་རླུང་དང་འགྲོ་འོང་བསྟུནཿ ཐུན་གཅིག་མངོན་སུམ་གནད་ལ་དབབཿ ཅེས་གསུངས་པ་ལྟར་བྱ་བ་གནད་དུ་ཆེའོ། །འདི་ལྟར་བསྒོམས་པས་ཐོག་མར་ཡིད་ཀྱི་ཡུལ་དུ་རྟེན་དང་བརྟེན་པའི་གསལ་སྣང་མ་འདྲེས་པར་སྐད་ཅིག་གིས་འཆར་ཞིང་ཡུན་རིང་དུ་སེམས་ཟིན། བར་དུ་རླུང་སེམས་ལྷ་སྐུ་ལ་ཟིན་པས་སྟོང་གཟུགས་ཀྱི་ལྷ་སྐུ་དབང་པོའི་མངོན་སུམ་མཐོང་། མཐར་རླུང་སེམས་ལྷ་སྐུར་སྨིན་པས་རགས་པའི་ལུས་རྟེན་རེས་འགའ་ལྷར་ཤར་བ་སྟེ། དེ་ལྟ་བུའི་གསལ་བ་གསུམ་ཚད་དུ་ཕྱིན་ནས་རིང་པོར་མི་ཐོགས་པ་རྣམ་པར་སྨིན་པའི་རིག་འཛིན་འཐོབ་པར་འགྱུར་བ་ཡིན་ནོ། །གཞན་ཡང་རྒྱལ་སྲས་རིན་ཆེན་རྣམ་གྱི་རྒྱལ་གསུང་ལས། བསྐྱེད་བཟླས་རྫོགས་གསུམ་ཀུན་ལ་གཅེས་པའི་དམིགས་པའི་མདོ་འགག་ནི། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་སེམས་ཀྱི་རྩལ་སྣང་ཙམ་སྟེ། སེམས་ཉིད་གདོད་ནས་ལྷ་སྐུར་དག་པས་རང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་ཉིད་མེད། སེམས་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་ཞེན་བྲལ་དུ་ལྷག་གིས་ཤེས་པའི་མོས་པ་བརྟན་པོ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཡིན་ལ། དེ་ཡང་སྔར་ལྷའི་རྣམ་པ་ལ་གསལ་སྣང་ཐོབ་ཟིན་པ་ཡིན་ན་སྐབས་འདིར་ཞལ་ཕྱག་སོགས་ཀྱི་རྣམ་པ་ཆེད་དུ་མ་བསྐྱེད་ཀྱང་། གང་སྣང་རྟོག་ཚོགས་ཀྱི་ལྡོག་ཆ་སོ་སོ་ལྷ་དེ་དང་དེའི་རང་བཞིན་དུ་ཤེས་པའི་མོས་པས་ལྷའི་གསལ་སྣང་རང་ཤར་དུ་འདྲེན་ནུས་ཤིང་། གཞན་དུ་སྔར་བསྐྱེད་རིམ་ལ་གསལ་སྣང་མ་ཐོབ་ན་མཉམ་བཞག་གི་དུས་སུ་མ་ཟད་རྗེས་ཐོབ་ཀྱི་གནས་སྐབས་ཀུན་ཏུའང་གང་ཤར་གྱི་སྣང་བ་དེ་ཀ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པར་སྒོམ་པ་དག་ལམ་དུ་ཁྱེར་བས། སྣང་བ་ཐམས་ཅད་རང་སྣང་རང་ཤར། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མའི་ཡོ་ལང་། སྣང་སྟོང་ཞེན་བྲལ་གྱི་ལྷ་སྐུ་དག་པ་རབ་འབྱམས་ཀྱི་འཁོར་ལོར་འཆར་ཞིང་མོས་པ་བརྟན་པོར་བྱུང་ན་གོམས་པའོ། །དེ་བཞིན་དུ་ཟིན་པ་དང་མ་ཟིན་པའི་སྒྲ་གང་ལྟར་སྣང་ཡང་། ཐམས་ཅད་གྲགས་སྟོང་ཞེན་བྲལ། དེ་ག་རླུང་སྔགས་གཞོམ་མེད་ཡི་དམ་གྱི་གསུང་། གསུང་སྔགས་ཀྱི་འཁོར་ལོ་བརྗོད་མེད་ཀྱི་རང་སྒྲ་རྣམ་པ་ཐམས་ཅད་པའི་སྒྲ་སྐད་དུ་ཤེས་པའི་མོས་པ་ལམ་དུ་ཁྱེར་ཞིང་། ཡིད་ལ་དྲན་རྟོག་ཅི་བྱུང་ཡང་དེ་ཀའི་རང་ཞལ་ལ་ཅེ་རེ་བལྟས་པས་གསལ་རིག་ངོས་བཟུང་དང་བྲལ་བའི་ཟུང་འཇུག་དེ་ཀ་ཡི་དམ་གྱི་ཐུགས་གཉིས་མེད་རང་བྱུང་གི་ཡེ་ཤེས་ཏེ། ཡེ་ཤེས་དེའང་མཁྱེན་པ་གཉིས་ལྡན་དུ་ཤེས་པའི་མོས་པ་བརྟན་པོས་རང་གསལ་འཛིན་མེད་ཀྱི་ངང་དེར་ཆམ་ཆམ་བསྐྱུར་ནས་བསྲེ་ཞིང་། མདོར་ན་མཉམ་རྗེས་ཀུན་ཏུ་ཅིར་སྣང་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ཤེས་པས་རང་སེམས་ལས་ལོགས་སུ་མི་བཙལ་ཞིང་། སེམས་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་བདེ་ཆེན་རང་ཤར་ལ་བསླབ་པར་བྱ་བ་ཡིན་ནོ། །ཞེས་འབྱུང་ངོ་། །
གསུམ་པ་བསྐྱེད་རིམ་གྱི་ཡན་ལག་བཟླས་པའི་རྣལ་འབྱོར་ལའང་། སྔགས་བཟླ་བའི་དགོས་པ་ནི། ཇི་སྐད་དུ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་པས་ལྷའི་གསལ་སྣང་གི་ཏིང་ངེ་འཛིན་གྱི་མེ་ངར་མ་ལ་བཟླས་བརྗོད་རླུང་གི་རྩོལ་བས་བསྐྱོད་པ་ལས་ནུས་པའི་མེ་ལྕེ་འབྱིན་ཏེ་སེམས་ཀྱི་དྲི་མ་སྦྱོང་། ངག་ལ་ནུས་པ་འབར། རང་ལས་རྒྱུད་གཞན་དུ་སྣང་བའི་ལྷའི་ཐུགས་རྒྱུད་སྐུལ་བར་བྱེད་པའོ། །བཟླ་ཡུལ་ཕྲེང་བ་ནི། རབ་རིན་པོ་ཆེ། འབྲིང་ཤིང་འབྲས། ཐ་མ་ས་རྡོ་ལས་བྱུང་བ། ཞི་བར་དུང་ཤེལ། རྒྱས་པར་གསེར་དང་མུ་ཏིག །དབང་ལ་བྱི་རུ་ཙནྡན་དམར་པོ་པདྨའི་སྙིང་པོ་སོགས། དྲག་པོ་ལ་ལྕགས་དང་གཡུ་ཕྲེང་སེང་ལྡེང་སོགས། གཟི་མཆོང་བ་སོ། ལས་སྣ་ཚོགས་འགྲུབ་ཅིང་ཐོད་ཕྲེང་གིས་དྲག་པོའི་མཁའ་འགྲོ་དབང་དུ་སྡུད་པར་གསུངས། སྤྱིར་ཡི་དམ་ཞི་བའི་རིགས་ལ་བོ་དྷི་ཙི་དང་། ཁྲོ་བོ་ལ་རུ་རཀྴ་ཤིས་པ་དང་། བོ་དྷི་ཙི་ཡིས་གྲངས་མེད་འགྱུར། །ཞེས་པས་དེ་ཉིད་ལས་དང་དངོས་གྲུབ་ཐམས་ཅད་ལ་མཆོག་ཏུ་འགྱུར་རོ། །ཕྲེང་ཐག་ཀྱང་བུ་མོ་ལང་ཚོ་རྒྱས་ཤིང་སྐྱེས་པའི་སྐྱོན་གྱིས་མ་གོས་པ་གཟུགས་མཛེས་པས་བཀལ་བའི་ཕྲེང་ཐག་གསུམ་ལྔ་དགུ་བསྒྲིལ་གང་རིགས་མདོ་འཛིན་སུམ་བརྩེགས་ཅན། གཞན་གྱིས་ལོངས་མ་སྤྱད་པ་བ་བྱུང་རྣམ་ལྔས་བཀྲུས་ཤིང་དྲི་བཟང་གིས་བྱུག་པས་དེ་ཉིད་ཐོག་མར་བྱིན་གྱིས་བརླབ་པར་བྱ་སྟེ། དེའང་སོ་སོའི་གཞུང་ལ་དམིགས་བསལ་ཡོད་ན་དེ་ལྟར་དང་། སྤྱི་ཙམ་དུ། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཕྲེང་བ་ལག་པ་གཡོན་དུ་བསྐྱིལ༔ མདོ་འཛིན་སྟེང་དུ་ཡོད་པར་བྱ༔ ཞེས་པ་ལྟར་བྱས་ལ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ༔ གཡོན་པའི་མཐིལ་དུ་ཟླ་བ་ལ་ཨཱཿམཚན་པར་གྱུར༔ ཨོཾ་སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང༔ མདོ་འཛིན་གཙོ་བོ་ཡབ་ཡུམ་ལ༔ ཕྲེང་བ་འཁོར་གྱི་རྣམ་པས་བསྐོར༔ གནས་གསུམ་འབྲུ་གསུམ་མཚན་པ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཛཿཧཱུྃ་བཾ་ཧོཿ གཉིས་མེད་གྱུར༔ ཨརྒྷཾ་སོགས་ཀྱིས་མཆོད༔ སོ་སོའི་བསྟོད་པ་ཤྭ་ལོ་ཀ་གཅིག་ཙམ་གྱིས་བསྟོད། ལྷ་ཚོགས་ཐམས་ཅད་བཟླ་བྱའི་ཡིག་འབྲུའི་རྣམ་པར་ཆར་ལྟར་བབས་ནས་ཕྲེང་བ་ལ་ཐིམ་པར་མོས་ལ། རྩ་སྔགས་དང་ཨོཾ་རུ་ཙི་པྲ་མརྟ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་བ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླ། ལྷ་རྣམས་འོད་ཞུ་ཕྲེང་བར་གྱུར༔ ཆོས་དབྱིངས་ཀུན་ཁྱབ་རྩ་གསུམ་ལྷ༔ གདོད་ནས་ཕྲེང་བའི་ངོ་བོར་ཤར༔ ཐབས་ཤེས་སོར་མོའི་སྦྱོར་བ་ཡིས༔ བགྲང་བ་ཙམ་གྱིས་མཆོག་ཐུན་དངོས༔ ཐོགས་མེད་འགྲུབ་པའི་མཐུ་ཅན་གྱུར༔ ཅེས་མོས་ལ་སླར་རྩ་སྔགས་མཐར་དབྱངས་གསལ་རྟེན་སྙིང་བཏགས་པ་གང་འགྲུབ་མེ་ཏོག་ལ་བསྔགས་ཏེ་གཏོར་ཞིང་ཤིས་པ་བརྗོད་པས་ཕྲེང་བ་དེ་ལ་བཟླས་པ་གྲུབ་ཚད་འབུམ་འགྱུར་འགྲོ་བར་གསུངས། ཕྲེང་བ་དེའང་དྲོད་དང་མ་བྲལ་བར་བཅང་པ་དང་གཞན་ལ་མི་བསྟན། དམ་ཚིག་མི་གཅིག་པ་སོགས་གཞན་ལག་མི་འགྲིམ། ཁྱད་པར་ཁྱི་དང་བྱི་ལ་བུད་མེད་ཀྱིས་མ་རེག་ཅིང་སུས་ཀྱང་མ་འགོམ་པར་བྱ། ས་རྗེན་དུ་མི་གཞག །བཟླས་པ་མི་བྱ་དུས་མི་འདྲེན། མི་གཙང་བའི་ཕྲེང་བ་མི་བཅང་བ་སོགས་ཀྱི་དམ་ཚིག་བསྲུང་། བཟླས་པའི་ཐོག་མར་ཡང་། བསྒྲུབ་བྱ་གང་ཡིན་གྱི་ལྷ་རྣམས་སྔགས་སོ་སོའི་རྣམ་པ། ལས་མཐུན་གྱི་ཁ་དོག་ཅན་ཆར་བབས་པ་ལྟར་ཕྲེང་བ་ལ་ཐིམ་པར་བསམས་ལ་འབྲུ་གསུམ་ཅི་འགྲུབ། དབྱངས་གསལ་ལན་གསུམ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་སྭཱ་ཧཱ། ཞེས་སམ། སྭཱ་ཧཱའི་ཚབ་ཏུ་ཧཱུྃ་ཕཊ་སྦྱར་བའང་ཡོད་པ་དང་། ཨོཾ་ཀི་རི་ཀི་རི་རི་ནུ་ཧྲི་ནེ་སྭཱ་ཧཱ། ཞེས་པ་ལན་བདུན་རེ་བཟླས་པ་ཧས་བཏབ་ན་བཟླས་པ་བྱེ་བ་ཕྲག་བརྒྱར་འགྱུར་བར་གསུངས། གཞན་ཡང་ཆོས་དབང་རིན་པོ་ཆེའི་གསུངས་ལས། དགེ་སྦྱོར་བཟླས་པ་གང་བྱེད་ཀྱི་སྔོན་དུ། ཨོཾ་རུ་རུ་རུ་རུ་པདྨ་ཨ་མོ་གྷ་སིདྡྷི་ཧཱུྃ། ར་ས་ཧ་རི་ནི་ས་ཧྲཱྀ་ཏ་ཙ་པ་ལ་ནུ་རུ་ཧྲྀ་ད་སྭཱ་ཧཱ། ཞེས་པ་ལན་གཅིག་བཟླས་པས་འཕགས་པ་མྱུར་དུ་འབྱོན་ཅིང་མཁའ་འགྲོ་རྣམས་རང་དབང་མེད་པར་འདུ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ཕྲེང་བ་དེ་ཉིད་དུས་རྒྱུན་དུ་ལག་པ་གཡོན་པ་ཁོ་ནས་འདྲེན། དྲག་པོའི་ལས་འགའ་ཞིག་གི་སྐབས་སུ་གཡས་པའི་མཐེབ་སྲིན་སྦྱར་བས་འདྲེན་པར་བཤད་པ་ལས། ལག་གཡས་ཀྱིས་ནམ་ཡང་མི་འདྲེན། གཡོན་པའི་མཐེབ་སྲིན་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་ཕྲེང་རྡོག་རེ་རེ་བཞིན་ཡི་དམ་གྱི་ལྷ་བཀུག་ནས་རང་ལ་ཐིམ་པར་བསྒོམ་མོ། །བཟླས་པའི་སྐབས་སུ། སེམས་རྣམ་པར་གཡེང་བས་ཇི་ཙམ་བཟླས་ཀྱང་ངག་སྒྲིབ་ཅུང་ཟད་སྲབ་པ་ཙམ་ལས་འདོད་པའི་དངོས་གྲུབ་མི་འགྲུབ་སྟེ། ཨུ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་གཡེང་པར་གྱུར་ན་ནི༔ བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པ་ལྟར་གཙོ་བོ་ཏིང་འཛིན་ལ་སེམས་རྩེ་གཅིག་ཏུ་གནས་པའི་ངང་སྔགས་སྒྲ་ཆེ་ཆུང་རིང་ཐུང་མྱུར་བུལ། སྔགས་འབྲུ་ལ་ཆད་ལྷག་དང་ཀློག་པའི་སྒྲ་གདངས་ནོར་བ་སོགས་ཀྱི་སྐྱོན་སྤང་ཞིང་། མི་ཚིག་གིས་བར་དུ་ཆོད་པ་སོགས་སེལ་མ་ཞུགས་པ་དང་། རྫུན་དང་ངག་འཁྱལ་སྨེ་ཅན་གྱི་ཟས་སོགས་ངག་གི་ནུས་པ་ཉམས་པའི་རྒྱུ་སྤང་ཞིང་ལན་ཚྭ་སོགས་སྤང་མི་ནུས་ནའང་གཉེན་པོའི་བྱིན་རླབས་མན་ངག་ལས་འབྱུང་བ་ལྟར་བྱ་དགོས་ཀྱི་འཁོར་འདས་དབྱེར་མེད་ཀྱི་རྟོགས་པ་ཀློང་དུ་མ་གྱུར་བཞིན་དུ་ཐབས་ཁྱད་པར་ཅན་གྱི་རྒྱུ་འབྲས་ཁྱད་དུ་གསོད་པ་ནམ་ཡང་མི་བྱ་བར་དགོངས་འདུས་སོགས་གཞུང་ཆེན་པོ་རྣམས་དང་འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡི་གེ་སོགས་ལ་ཞིབ་མོར་རྟོག་ཅིང་ལག་ཏུ་ལེན་པར་གལ་ཆེ། འདིར་ནི་ཡི་གེས་འཇིགས་པས་མ་སྤྲོས་སོ། །བཟླས་དམིགས་རྣམས་ཀྱི་ཐོག་མར་བཟླ་བའི་གཞི་འགོད་པ་ནི། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པའམ་འོད་ལྔའི་ཐིག་ལེའི་ཀློང་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲ་བའམ་རང་སྤྲུལ་སྐུའི་ཐུགས་ཀར་སྤྲུལ་གཞི་ལོངས་སྐུའི་རྣམ་པ། འགའ་ཞིག་ཏུ་རྒྱན་དང་ཕྱག་མཚན་སྤངས་པ། དེའི་ཐུགས་ཀར་རིགས་སོ་སོའི་ཕྱག་མཚན་རྡོ་རྗེ་ལྟ་བུ་འགྲེང་སྟབས་སུ་འཁོད་པའི་ལྟེ་བར་ཉི་ཟླ་བརྩེགས་པའམ། ཞི་བར་ཟླ་བ། ཁྲོ་བོར་ཉི་གདན་སྲན་མ་བཀས་པ་ཙམ་གྱི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་དང་ཧྲིཿསོགས་སོ་སོའི་ས་བོན་གྱེན་འགྲེང་འོད་འབར་བ་ལྷའི་ཞལ་བསྟན་ཕྱོགས་ལྟར་གནས་པའི་མཐའ་བསྐོར་དུ་མདུན་ནས་བརྩམས་ཏེ་བཟླ་བྱའི་སྔགས་ཕྲེང་སྤུས་བྲིས་པ་ལྟ་བུ་མགོ་མཇུག་ཐད་ཀར་འགྲིག་པར་བཀོད། ཁ་ཅིག་གིས་ཡིག་གཟུགས་ལཉྩ་སོགས་སུ་བསྒྱུར་བར་སྨྲ་བ་ནི་གནད་དོན་མ་གོ་བའི་བབ་ཅོལ་ཏེ། ངེས་དོན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པ་ནི་དོན་ལ་རྟོན་པ་ཁོ་ན་ཡིན་པ་མ་ཟད་སངས་རྒྱས་ཀྱི་ཐུགས་རྗེ་ནི་མོས་པ་གང་ལ་ཡོད་པ་དེ་ལ་འཇུག་པ་ལས་ཚིག་དང་ཡི་གེའི་རྗེས་སུ་འབྲང་བ་མ་ཡིན་པས་ཡུལ་སོ་སོའི་སྐད་ཀྱིས་དོན་གོ་བ་ཉིད་གཙོ་བོར་ཡིན་པའི་ཕྱིར། བོད་ཡིག་ཉིད་ངོ་བོ་གསུང་རྡོ་རྗེ་རྣམ་པ་སྔགས་འབྲུར་ཤར་བར་མོས་པས་ཆོག་གོ །བཟླས་པའི་ཏིང་འཛིན་ལ་རྣམ་གྲངས་མང་ཡང་སྤྱི་ཁྱབ་ཛཔ྄་ཀྱི་དགོངས་པ་རྣམ་པ་བཞིར་གྲགས་ཆེ་སྟེ། དང་པོ་བསྙེན་པའི་ཡན་ལག་བཀོད་པའི་བཟླས་པའམ་ཟླ་བ་སྐར་ཕྲེང་ལྟ་བུ་ནི། ས་བོན་དང་སྔགས་ཕྲེང་འོད་འཕྲོ་བ་ལ་ཡང་ཡང་སེམས་བཟུང་། ལྷ་ཐམས་ཅད་དང་ཞལ་ཐམས་ཅད་ནས་སྔགས་སྒྲ་སྒྲོག་པར་མོས་ལ་གསལ་ཐེབས་པ་ན། སྔགས་འབྲུ་རྣམས་རང་སྒྲ་དང་བཅས་གདན་ལས་ཅུང་ཟད་འཕགས་ཏེ་ཐོག་མར་འོད་ཟེར་འཁོར། དེ་ནས་དལ་བུས་འཁོར། རིམ་གྱིས་ཇེ་མགྱོགས་མི་མངོན་པར་ཀྱི་ལི་ལི་འཁོར་བ་ལ་སེམས་གཏད་པ་དང་། འོད་ཟེར་གྱིས་ལུས་ཀྱི་ནང་གང་། མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་བསལ་བར་མོས་པའོ། །
གཉིས་པ་ཉེ་བར་བསྙེན་པ་མགལ་མེ་འཁོར་བ་ལྟ་བུའམ་ཁྱོགས་ཀྱི་བཟླས་པ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། རང་སྒྲ་དང་བཅས་བར་མ་ཆད་པར་བྱུང་། ཡེ་ཤེས་སེམས་དཔའི་ཞལ་དང་དམ་ཚིག་པའི་ཞལ་བརྒྱུད་ཡུམ་ཞལ་དུ་ཞུགས། ཐུགས་རྒྱུད་བསྐུལ། སྐུའི་ནང་བརྒྱུད་པདྨ་ནས་བྱུང་སྟེ་རྡོ་རྗེའི་སྦུབས་ནས་བདེ་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བདེ་ཕྲིལ་ཕྲིལ་བྱུང་བ་ཐུགས་ཀའི་ས་བོན་ལ་ཐིམ་པས་མཆོག་གི་དངོས་གྲུབ་ཐོབ་པར་མོས་པ་ནི་ཡེ་ཤེས་ཀྱི་བཟླས་པ་སྟེ་ཐིག་ལེ་བརྟན། གསལ་ཉམས་སྐྱེ། ཐུར་སེལ་དབུ་མར་ཐིམ་པར་བྱེད། རྒྱུན་རིང་ན་རླུང་སྟོད་དུ་འཆུགས་པའི་གེགས་འབྱུང་བ་སྲིད་དོ། །ཡང་སྔགས་ཕྲེང་ཕྱི་རོལ་ནས་བྱུང་སྟེ་རང་གི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་སོན་པ་དབུ་མའི་ལམ་ནས་སྟེང་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་རང་གི་ཞལ་དུ་ཞུགས་སྙིང་གའི་ས་བོན་ལ་ཐིམ། དེ་ལས་སྔགས་ཕྲེང་བྱུང་སྟེ་འཁོར་བ་བར་མ་ཆད་དུ་བསྒོམ་པ་ནི་དོ་ལིའམ་ཁྱོགས་ཀྱི་བཟླས་པ་སྟེ་མི་རྟོག་པའི་ཉམས་སྐྱེ། སྲོག་རླུང་དབུ་མར་ཐིམ། སྟོད་འཚང་གི་གེགས་སེལ། རྒྱུན་རིང་ན་ཐིག་ལེ་ཉམས་པ་དང་དམིགས་པ་གསལ་ཆ་ཆུང་བ་འགྱུར་ཉེན་ཡོད་པས། དེ་གཉིས་སོ་སོར་སྤེལ་ནས་བསྒོམ་ན་ལེགས་པའི་ཕྱིར། སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བར་བསྒོམ་པར་བཞེད་དོ། །དེ་གཉིས་ཀ་ལ་འཁོར་ལོའི་བཟླས་པ་ཞེས་བྱ་སྟེ་མདུན་བསྐྱེད་ལ་དམིགས་ན་བདག་མདུན་གྱི་བར་དུ་སྤྲོ་བསྡུ་བྱའོ། །
གསུམ་པ་སྒྲུབ་པའི་ཡན་ལག་རྒྱལ་པོའི་ཕོ་ཉ་ལྟ་བུའམ་སྤྲོ་བསྡུའི་བཟླས་པ་ནི། བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བ་འཕྲོས་པའི་རྩེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་སོ་སོར་ཐོགས་པ་རྣམས་ཀྱིས། ཉེར་སྤྱོད་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་བདུན་སོགས་ཕྱིའི་མཆོད་པ། རྡོ་རྗེའི་འདོད་ཡོན་ལྔ། སྨན་གཏོར་རཀྟ་ནང་གི་མཆོད་པ། སྙོམས་འཇུག་དགའ་བཞིའི་རོལ་མོ་སྤེལ་བ་སྦྱོར་བ་དང་། བསྟན་དགྲ་བསྒྲལ་བའི་ཤ་ཁྲག་བདུད་རྩིར་སྤེལ་ནས་སྟོབ་པ་སྒྲོལ་བ་སྟེ་གསང་བའི་མཆོད་པ། འཁོར་གསུམ་ཀ་དག་གི་ལྟ་བས་རྩིས་ཟིན་པ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཁའ་ཁྱབ་ཀྱི་རྩ་གསུམ་རྒྱལ་བ་སྲས་བཅས་མཆོད་པར་དམིགས། གསལ་མི་ཐེབས་ན་འོད་ཟེར་ཁ་དོག་ལྔ་ལྡན་མཆོད་ཡུལ་གྱི་དབང་པོ་ལྔ་སོ་སོར་རེག་པ་ཙམ་གྱིས་དགྱེས་པ་སྐོང་བའི་ནུས་པ་ཅན་འཕྲོས་པས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཐུགས་མཉེས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་རམ། འོད་ཟེར་དཀར་དམར་མཐིང་གསུམ་ཆར་བབས་པ་ལྟར་བྱོན་ནས་རང་གི་སྒོ་གསུམ་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཚོགས་གཉིས་ཡོངས་སུ་རྫོགས། དབང་བཞི་ཆིག་རྫོགས་སུ་ཐོབ་པར་བསམ་པ་ནི། བདག་དོན་བྱིན་རླབས་བསྡུ་བའི་བཟླས་པ་སྟེ་དང་པོའི་སྐབས་སུ་འདི་ལ་གནད་དུ་བསྣུན་པས་སྒྲིབ་པ་དག་ཅིང་བྱིན་རླབས་འཇུག་པའི་སྟོབས་ཆེ་བ་ཡིན་ནོ། །ཡང་འོད་ཟེར་འཕྲོས་ཏེ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་ལས་ཉོན་གྱི་སྡིག་སྒྲིབ་དང་སོ་སོའི་སྡུག་བསྔལ་ཐམས་ཅད་སྐད་ཅིག་ལ་སྦྱངས། ཉན་རང་བྱང་སེམས་རྣམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས། ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གནས་བསྒྱུར་བར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། ཕྱི་མ་འདི་ལ་འོད་ཟེར་གྱི་ཚབ་ཏུ་ལྷ་སྐུ་ནམ་མཁའ་གང་བ་སྤྲོས་པ་རྣམས་ཀྱིས་སེམས་ཅན་ཀྱི་དོན་བྱས། སླར་འདུས་པ་སྙིང་གའི་ས་བོན་ལ་ཐིམ་པའི་སྤྲོ་བསྡུ་དབུགས་འབྱིན་འཇུག་དང་སྦྱར་བའང་ཡོད་དེ་སྔ་འགྱུར་གྱི་ལུགས་སུ་ཁྲོ་བོའི་བཟླས་པར་འཇོག་དགོས། སྤྲོ་བསྡུའི་བཟླས་པ་དེ་རྣམས་ནི་དམ་ཚིག་གི་བཟླས་པ་ཞེས་བྱའོ། །
བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་པ་ལྟ་བུ་ནི། ལྷ་སྔགས་ལས་སྤྲོས་པའི་འོད་ཟེར་གྱིས་སྣོད་གཞལ་ཡས་ཁང་། བཅུད་ལྷའི་འཁོར་ལོ། སྒྲ་གྲགས་སྔགས་ཀྱི་རང་བཞིན། དྲན་རྟོག་ཡེ་ཤེས་ཀྱི་རོལ་པར་བསྒྱུར་བར་མོས་ལ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི་བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །ཛཔ྄་དགོངས་བཞི་པོ་འདི་རིམ་ཅན་དུ་སྦྱོར་བ་དང་། གང་ཡང་རུང་བ་རེ་ཟུང་སྦྱོར་བ་སོགས་ཡོད་པ་ལས་རང་གཞུང་དངོས་བསྟན་ལྟར་སྦྱར་བ་གལ་ཆེའོ། །བཟླ་ཚུལ་གཞན་ཡང་སྐད་གསང་མཐོན་པོར་བཟླ་བ་དང་། མཆུ་དང་ལྕེ་རྩེ་འགུལ་ཙམ་གྱིས་ཤུབ་བུར་བཟླ་བ་དང་། རླུང་བཟུང་སྟེ་སྔགས་ཀྱི་གཟུགས་དང་སྒྲ་ལ་སེམས་གཏད་པ་འགོག་བཟླས་དང་། རླུང་འཛིན་པ་ཙམ་ཡང་མི་བྱ་བར་ཡིད་ཁོ་ནས་སྔགས་ཀྱི་གཟུགས་སམ་སྒྲ་གདངས་དྲན་པ་ཡིད་བཟླས་དང་། ས་བོན་ནཱ་ད་ལས་དབུགས་ཕྱིར་དབྱུང་བ་དང་ལྷན་ཅིག་ཧཱུྃ་གི་སྒྲས་སྐུའམ་འོད་ཟེར་སྤྲོས་ཏེ་དོན་གཉིས་བསྒྲུབས། ནང་དུ་འཇུག་པའི་ཚེ་ཨོཾ་གྱི་སྒྲས་ཚུར་བསྡུས། གནས་པའི་ཚེ་ཨཱཿའི་སྒྲས་ནཱ་ད་ལ་ཐིམ་པའམ། ཡང་ན་རང་སྔགས་ལ་སྦྱར་བ་ནི་རྡོ་རྗེའི་བཟླས་པའོ། །གཞན་ཡང་སྤྲོ་བསྡུའི་བཟླས་པ་གཞིར་བྱས་པ་ལ་ངག་བཟླས་རྣམས་དང་སྦྱར་བ་ནི་ཕྱིའི་བཟླས་པ། ཡིད་བཟླས་དང་སྦྱར་བ་ནི་ནང་གི་བཟླས་པ། དོ་ལིའམ་ཁྱོགས་བཟླས་དང་སྦྱར་བ་གསང་བའི་བཟླས་པ། ཀ་དག་གི་དབྱིངས་ལས་རིག་རྩལ་ཆུ་ཟླ་ལྟ་བུའི་སྤྲོ་བསྡུ་དང་སྦྱར་བ་དེ་ཁོ་ན་ཉིད་ཀྱི་བཟླས་པ་བཞི་དང་། དེ་རེ་རེ་ལའང་འོད་ཟེར་དཀར་པོ་བ་ཐག་འཛིངས་པ་ལྟ་བུ་སྤྲོས་ཏེ་དོན་གཉིས་སྒྲུབ་པ་བསྙེན་པ། དཀར་སེར་མགལ་མེ་ཀླད་སྐོར་ལྟ་བུ་ཉེ་བསྙེན། དམར་རྔམས་མགར་གྱི་ཚྭ་ཚྭ་ལྟ་བུ་སྒྲུབ་པ། ནག་རྩུབ་ཐོག་ཆར་འབེབས་པ་ལྟ་བུའི་སྤྲོ་བསྡུ་སྒྲུབ་པ་ཆེན་པོ་རྣམས་སུ་སྦྱར་བའང་བཤད་དོ། །བསྙེན་སྒྲུབ་མཐར་ཕྱིན་ནས་ལས་སྦྱོར་གྱི་བཟླས་པའི་ཏིང་འཛིན་ནི། བླ་སྒྲུབ་རྣམས་སུ་སྤྱི་བོར་ཞི་བ། མགྲིན་པར་རྒྱས་པ། སྙིང་ཁར་མཆོག །ལྟེ་བར་དབང་། གསང་བར་དྲག་པོའམ། མགྲིན་པར་དབང་། ལྟེ་བར་རྒྱས་པ་སྟེ་གནས་ལྔར་སྐུའམ་ས་བོན་སྔགས་འཁོར་དང་བཅས་པ་ལས་སོ་སོའི་ལས་མཐུན་གྱི་ཁ་དོག་ཅན་གྱི་སྐུའམ་འོད་ཟེར་སྤྲོ་བསྡུས་ནད་གདོན་འཇིགས་བརྒྱད་ཞི། འབྱོར་དྲུག་ཡེ་ཤེས་རྒྱས། ཁམས་གསུམ་མོས་བཞི་སྡུད། གཟུང་འཛིན་དགྲ་བགེགས་བཅོམ་པ་སོགས་ཐུན་མོང་ཕྲིན་ལས་བཞི། ཁྱད་པར་མཆོག་གི་དངོས་གྲུབ་སྒྲུབ་པར་བསམ་པ་དང་། སྤྱི་ཁྱབ་ཏུ་ཞི་བར་སྔགས་ཕྲེང་འོད་ཟེར་དཀར་པོ། རྒྱས་པར་སེར་པོ། དབང་ལ་དམར་པོ། དྲག་པོར་ནག་པོ། མཆོག་ལ་མཐིང་ཁའི་སྤྲོ་བསྡུས་ལས་སྒྲུབ་པ་དང་། འགའ་ཞིག་ཏུ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་སྒོ་བ་བཞི་ལྟ་བུ་ཕོ་ཉའི་ལྷ་རྣམས་བསྐུལ། དེ་རྣམས་ལས་འོད་ཟེར་རམ་ཡང་སྤྲུལ་ཕོ་ཉ་སྤྲོས་ཏེ་ཕྲིན་ལས་རྣམས་སྒྲུབ་པར་དམིགས་པ་སོགས་སོ་སོའི་ལུགས་ལྟར་སྐབས་ཕྱེད་པ་དགོས། ཡང་གསར་མའི་བདེ་མཆོག་གི་ལུགས་ལྟར་ཁྱོགས་བཟླས་ཀྱི་སྔགས་འགྲོ་ཚུལ་ཞི་བ་ལ་ལྷོད་ཅིང་དལ་གྱིས་འགྲོ་བ། རྒྱས་པ་ལ་རྨ་བྱའི་སྒྲོ་ཆུན་ལྟ་བུ། དབང་ལ་ལུ་གུ་རྒྱུད། དྲག་པོར་ཐག་པ་བསྒྲིལ་བའི་ཚུལ་གྱིས་འགྲོ་བ་རྣམས་སྦྱོར་བའང་ཁ་ཅིག་གིས་བཞེད་དོ། །བཟླས་པའི་ཚད་ལ་གསུམ། མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་དུ་རྟགས་ཐོན་པ། དུས་བསྙེན་ཟླ་དྲུག་སོགས་རང་རང་གཞུང་ནས་བཤད་ཚོད། གྲངས་བསྙེན་ནི། དཀྱིལ་འཁོར་གྱི་གཙོ་བོའི་སྔགས་འབྲུ་རེ་ལ་འབུམ་ཕྲག་རེ། འཁོར་གྱི་ལྷ་རྣམས་གཙོ་བོའི་བཅུ་ཆ་རེ། ཀུན་ལ་འབུམ་གྱི་རྗེས་སུ་ཁྲི་རེ། ཁྲིའི་རྗེས་སུ་སྟོང་སྟེ་རང་རང་གི་བཅུ་ཆ་ཁ་སྐོང་དུ་བཟླ། ཡང་ཡི་གེ་བཅོ་ལྔ་མན་ཆད་ལ་འབྲུ་འབུམ། སུམ་ཅུ་ཡན་ཆད་ལ་ཁྲིའི་ཚད་ཡིན་པར་ཡང་བཤད། ཐམས་ཅད་ཀྱང་རྫོགས་ལྡན་ལ་གྲངས་དངོས་བསྟན། སུམ་ལྡན་གྱི་དུས་སུ་ཉིས་འགྱུར། གཉིས་ལྡན་གྱི་དུས་སུ་སུམ་འགྱུར། རྩོད་ལྡན་གྱི་སྐབས་འདིར་བཞི་འགྱུར་བཟླ་དགོས་པ་གསུངས་སོ། །དེ་ལྟར་སྔགས་སྟོང་ཕྲག་རེའི་མཚམས་སུ་མཆོད་བསྟོད་བྱེད་པ་ལ་བསྟོད་ཚིགས་འབུལ་བ་ཞེས་གྲགས་ཤིང་མི་འགྲུབ་ན་བཟླས་པ་གྲུབ་པའི་འཇུག་ཏུ་མཆོད་བསྟོད་བྱ། དབྱངས་གསལ་ལ་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ཞེས་སྦྲེལ་བ་ཞབས་བཏགས་མར་གྲགས་པ་དང་ཡིག་བརྒྱ་ལན་གསུམ་བརྗོད་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་བསྐང་། ཡེ་དྷར་གྱིས་བརྟན་པར་བྱེད་དོ། །གཞན་ཡང་སློབ་དཔོན་ཆེན་པོའི་ཞལ་ནས། སྔགས་བཟླ་པའི་ཚེ་མཚོན་རྩེ་ཁར་མི་བཅུག །མཆིལ་མ་ཕྱིར་མི་འདོན་ལྷའི་དྲན་པ་གཟུང་། སྟོང་པའི་རྒྱས་གདབ། ལྷ་ཡིན་ནོ་བསམ་པ་ནི་དོན་སྤྱི་ཡིན། སེམས་ཉིད་ལྷའི་ངོ་བོར་ཧྲིལ་སོང་ནས་ལྷ་དང་རིག་པ་དབྱེར་མེད་པ་ནི་དོན་རང་མཚན་ནོ། །ཞེས་སོགས་ཀྱང་གསུངས་སོ། །ཡང་བྱིང་བའི་དུས་སུ་ཛཔ྄་དབྱངས་བྱ་ཞིང་དལ་བུས་འཆག །རྒོད་པའི་དུས་སུ་བྲིས་སྐུ་སོགས་ལ་ལྟ་ཞིང་སེམས་འཛིན། སྒོ་ལྔའི་ཤེས་པ་ཡུལ་སྣང་ལ་ཆམ་མེར་གློད་ནས་ངལ་གསོ་བ་སོགས་ཁམས་དང་བསྟུན་པ་གནད་ཡིན་ནོ། །ཐུན་མཚམས་སུའང་དགོས་མེད་ཀྱི་གཏམ་མི་སྨྲ་ཞིང་ལྷ་སྐུར་ལམ་གྱིས་ལངས་ནས་སྔགས་ཡང་ཡང་བཟླས་པས་ངག་ནུས་བསྐྱེད་པ་དང་། བྱིན་རླབས་རྒྱུན་ཆགས་སུ་འབྱུང་བའི་དགོས་པ་ཡོད་ཅིང་བསྙེན་པའི་གྲངས་ལ་ནི་མི་བརྩི། སྔགས་བརྒྱ་སྟོང་ཙམ་གྱི་མཐོ་དམན་ལ་ངེས་ཅན་གྱི་སྒྲིག་མ་མི་བྱེད་ཕར་འགྲོ་གང་ཆེ་བྱའོ། །འདི་དག་གིས་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱངས་སུ་རྫོགས་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་བ་ཡིན་ནོ། །
བཞི་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི། སྤྱིར་དབང་བཞི་སོ་སོའི་ཉམས་ལེན་གྱི་སྐབས་དང་བསྟུན་པའི་ལམ་ཁྱེར་གྱི་རིམ་པའང་དེ་ལྟར་བྱ་དགོས་མོད། འདིར་བུམ་དབང་བསྐྱེད་པའི་རིམ་པ་དང་གཙོ་བོར་འབྲེལ་བའི་དབང་དུ་བྱས་ཏེ་འཆད་པ་ལ་བདུན།
དང་པོ་ཉལ་བའི་རྣལ་འབྱོར་ལའང་། སྒྲུབ་པ་པོ་གང་ལ་བརྩོན་པའི་རྣལ་འབྱོར་གྱི་རིམ་པ་གཉིས་ཏེ་སྟོང་པ་དང་བདེ་བའོ། །དང་པོ་ནི་སྙིང་གའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་རང་ལུས་ཐུགས་སྲོག་ལ་རིམ་པར་བསྡུས་ཏེ་དེ་ཉིད་སྟོང་པའི་དབྱིངས་སུ་ཞུགས་པ་ལ་བློ་བཞག་ནས་སེང་གེའི་སྟབས་ཀྱིས་ཉལ་ལོ། །གཉིས་པ་ནི་གདན་གཞལ་ཡས་ཁང་སོགས་མི་བསྡུ་བར་འཁོར་རྣམས་གཙོ་བོའི་ཐུགས་སྲོག་ལ་བསྡུ། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས། བདེ་བ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར་པ་ལ་སེམས་བཟུང་ངོ་། །
གཉིས་པ་ལྡང་པའི་རྣལ་འབྱོར་ལའང་གཉིས་ཏེ་སྟོང་པའི་ངང་ལས་ལྡང་བ་ནི། གཉིད་སད་མ་ཐག་རྩ་སྔགས་སམ་ས་བོན་བརྗོད་པས་འོད་གསལ་གྱི་ངང་ལས་སྐད་ཅིག་གིས་ཡི་དམ་ལྷའི་སྐུར་ལྡང་། ཐུགས་སྲོག་ལས་འོད་འཕྲོས། སླར་ཡང་སྔགས་བརྗོད་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་གསལ་ཞིང་རང་དང་གཟུགས་ཀྱི་སྐུ་སྣོད་བཅུད་ཐམས་ཅད་ཕྲིན་ལས་འཇུག་པའི་ཡུལ་དུ་བསམས་ནས་ལྡང་བའོ། །བདེ་བའི་ངང་ནས་ལྡང་བ་ནི། རང་བཞིན་གྱི་ངང་ནས་སྐྱོད་བྱེད་ཀྱི་མཁའ་འགྲོ་ལྔ་བྱོན་ནས་བརྡས་བསྐུལ་ཞིང་། འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པའི་ཚུལ་གྱིས་རྣལ་འབྱོར་པ་ལངས་ལ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་སྣོད་གཞལ་ཡས་ཁང་དང་། བཅུད་ཀྱི་ལྷ་ཐམས་ཅད་སྔར་ལྟར་རྫོགས་པར་བལྟ། གཞན་ཡང་ལངས་མ་ཐག་པར་རླུང་རོ་ལན་གསུམ་མམ་དགུ་དབྱུང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཉམས་ཆགས་འགལ་འཁྲུལ་ལ་སོགས་པའི་ཉེས་ཚོགས་ཐམས་ཅད་ཀཾ་ནག་པོ་ལས་བྱུང་བའི་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས། ཉོན་མོངས་པའི་རླུང་དང་བསྡོངས་ཏེ་སྣ་སྒོར་སང་སང་ཐོན། མདུན་དུ་ཡེ་ཤེས་ཀྱི་མེས་སྦྱངས་བར་མོས་ལ། ཨོཾ་ཨཱ༔ ཧཱུྃ་ན་མོ་གུ་རུ་ཡ༔ བུདྡྷཱ་ཡ༔ དྷརྨཱ་ཡ༔ སཾགྷཱ་ཡ༔ མ་མ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཀརྨ་པཱ་པཾ་ད་ཧ་ན་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་གསུམ་ཡན་གང་འགྲུབ་བརྗོད། ངག་བྱིན་རླབས་ཤིན་ཏུ་གལ་ཆེ་བས་བླ་མ་དགོངས་འདུས་ཀྱི་བཟླས་བརྗོད་ནུས་པ་སྟོབས་འབྱིན་ལྟ་བུ་འགྲུབ་ན་མཆོག་ཏུ་འགྱུར། ཡང་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་མན་ངག་ཆེས་ཟབ་པ་ནི། བདག་གི་ལྕེ་སྟེང་རཾ་ཡིག་དམར་པོ་ལས། །མེ་འབར་བསྲེགས་ནས་འོད་ཀྱི་རྣམ་པའི་ངང་། །མི་ཤིགས་མི་ཚུགས་སྲ་བརྟན་ཕ་ལམ་གྱི། །རྒྱ་གྲམ་དམར་པོ་དྭངས་གསལ་ལྟེ་བའི་སྦུགས། །དབྱངས་གསལ་མདོག་དཀར་མུ་ཏིག་ཕྲེང་ལྟར་བསྐོར། །རྒྱ་གྲམ་ཐ་མར་ཡེ་དྷར་དཀར་པོས་བསྐོར། །སྔགས་ཕྲེང་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ། །འོད་དམར་ཚུར་བཀུག་རྡོ་རྗེ་སྔགས་ཕྲེང་ལ། །ཐིམ་པས་དབྱེར་མེད་གཅིག་གྱུར་ངག་སྒྲིབ་སོགས། །དག་ནས་གསུང་གི་དངོས་གྲུབ་ཐོབ་པར་བསམ། །ཞེས་དམིགས་པ་དང་བཅས། །ཨོཾ་ཨཱཿ་ཧཱུྃ་མགོར་བཏགས་པའི་དབྱངས་གསལ་གསུམ་མམ་བདུན། རྟེན་འབྲེལ་སྙིང་པོ་བརྒྱའམ་ཉེར་གཅིག་བཟླས་པས་ངག་མནན་སོགས་ངག་སྐྱོན་ཐམས་ཅད་སྐད་ཅིག་གིས་སངས་ཤིང་ནུས་པ་མྱུར་དུ་སྐྱེད་པ་སོགས་ཕན་ཡོན་ཆེན་པོར་གསུངས་སོ། །
གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། ཆབ་ལྡན་གྱི་ཁྲུས་བུམ་དུ། རྣམ་འཇོམས་རྨེ་བརྩེགས་བདུད་རྩི་འཁྱིལ་པ་སོགས་བསྐྱེད་བཟླས་སྤྱི་དང་ཁྱད་པར་ཡི་དམ་གང་ཡིན་དཀར་པོ་དག་བྱེད་བདུད་རྩིའི་ཁྲུས་བུམ་བསྣམས་པའི་སྐུ་དང་། བུམ་པ་ནས་བདུད་རྩིའི་རྒྱུན་བབས་ཁྲུས་ཆབ་དང་འདྲེས། མཐར་ལྷ་ཡང་འོད་དུ་ཞུ་ཆུ་དང་དབྱེར་མེད་དུ་གྱུར་བར་མོས་ལ་ཡིད་དམ་སྔགས་གཤམ་དུ། ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། བཏགས་པ་ཅི་འགྲུབ་བཟླ། རང་གི་སྙིང་གའི་ཧྲཱིཿལས་འོད་འཕྲོས་པས། རིགས་ལྔ་འཁོར་བཅས་སྤྱན་དྲངས། ཉེར་སྤྱོད་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་། ཡེ་ཤེས་ཀྱི་བདུད་རྩི་སྤྱི་བོར་བླུགས་པས་ཕྱི་ནང་གི་དྲི་མ་ཐམས་ཅད་དག་ནས། ཡེ་ཤེས་ཀྱི་བདུད་རྩིས་ལུས་མེར་གྱིས་གང་བར་བསམས་ལ་བཏུང་བ་དང་ཁྲུས་བྱ། གཞན་ཡང་ལག་པ་གཡོན་པར་མེ་ཏོག་གི་ཕྲེང་བ་ཐོགས་པ་སྤྱི་བོར་བཞག་ཅིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནི་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་བཟླས་པས། མི་མཐུན་ཕྱོགས་ངན་ཐམས་ཅད་ལས་སྲུང་བར་འགྱུར་བའང་དགོངས་འདུས་ལས་བཤད་དེ་ཞར་བྱུང་ངོ་། །
བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། རྒྱས་པར་དགོངས་འདུས་འཚོ་བ་ཟས་ཀྱི་རྣལ་འབྱོར་དང་གྲོལ་ཏིག་ཨ་ནུའི་རྣལ་འབྱོར་སོགས་ལྟར་བྱ། བསྡུ་ན་བདག་ཉིད་ལྷའི་ང་རྒྱལ་དུ་གསལ་བས་ལག་པ་གཡས་དགང་གཟར། གཡོན་བླུགས་གཟར། ཁ་ཐབ་ཁུང་དུ་ལྷུན་གྱིས་གྲུབ་པ་ལ། ལྟེ་བར་གཏུམ་མོའི་མེ་སྦར་བས་ལུས་ཐམས་ཅད་གང་། མེའི་ནང་དུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཆོས་སྐྱོང་སྲུང་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་གསལ་གདབ་ལ། མཆོད་པ་འབུལ་བའི་བསམ་པས་བཟའ་བཏུང་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ཆགས་ཞེན་སྲེད་པ་དང་བྲལ་བས་ལོངས་སྤྱོད། ལྷག་མ་རྣམས་ཀྱང་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ། ཨོཾ་ཨུཙྪིཥྚ་བ་ལིངྟ་བྷཀྵ་སི་སྭཱ་ཧཱ། ཞེས་སེ་གོལ་སྒྲ་དང་བཅས་པས་སྦྱིན་པར་བྱ། གུང་ཚིགས་ཚུལ་བཞིན་བྱེད་པ་པོས་ནི་ཕུད་འབུལ་བ་སོགས་མདོ་སྔགས་གང་རུང་གི་ལུགས་དང་བསྟུན་པར་བྱའོ། །
ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། ཐུན་མཚམས་ཐམས་ཅད་དུ་སྣོད་གཞལ་ཡས་ཁང་། བཅུད་ཐམས་ཅད་ལྷ་དང་ལྷ་མོ། གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་འོད་གསལ་ཡེ་ཤེས་ཀྱི་རང་བཞིན་ལས་མི་འདའ་ཞིང་། སྤྱོད་ཡུལ་གྱི་སྣང་བ་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟ་བུར་ཞེན་ཆགས་མེད་པར་ཆོས་ཉིད་ལ་ཆོས་ཉིད་སྤྱོད་པའམ། ཡང་ན་ཅི་བྱས་ཐམས་ཅད་བླ་མའི་རིམ་གྲོ་དང་སེམས་ཅན་གྱི་དོན་ལ་འཇུག་པའི་མོས་པ་བྱ། དོན་མདོར་བསྡུ་ན། བླ་མ་སངས་རྒྱས་དངོས་སུ་བལྟ་བ། གདམས་ངག་བདུད་རྩིར་བལྟ་བ། དམ་ཚིག་སྲོག་ཏུ་བལྟ་བ་གསུམ་དང་མ་བྲལ་བ་ཞིག་དགོས་སོ། །
དྲུག་པ་དུས་གནད་ཀྱི་རྣལ་འབྱོར་ནི། ཐོ་རངས་སྔ་དྲོ་ཤེས་པ་གྲུང་ཐོན་པའི་དུས། སྲོད་ཉལ་ཁ་འཆི་བ་དང་ཆོས་མཐུན་པའི་དུས། ཉོན་མོངས་དང་རྣམ་རྟོག་དྲག་པོར་སྐྱེ་བ་བར་ཆད་ཀྱི་ས་བོན་ལྡང་བའི་དུས། མི་རྟོག་པའི་ཏིང་ངེ་འཛིན་རང་བཞིན་གྱིས་སྐྱེ་བ་ཡེ་ཤེས་སད་པའི་དུས། འཆི་ཁ་མ་དང་། བར་དོར་རྣམ་རྟོག་སྐད་ཅིག་མས་ཡར་མར་གྱི་ཤན་འབྱེད་པའི་དུས་བཅས་དྲུག་པོ་ལ་སྐྱོན་ཡོན་གཉིས་ཀའི་སྟོབས་ཤིན་ཏུ་ཆེ་བས་རྣམ་རྟོག་དང་ལེ་ལོའི་གཞན་དབང་དུ་མི་བཏང་བར་ལམ་ལ་གནད་དུ་བསྣུན་དགོས་པས། བསྐྱེད་རིམ་པས་གཙོ་ཆེར་ལམ་བསྒྱུར་བའི་གནད་ཀྱིས་བཟུང་སྟེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་བལྟས་ལ་ཡེངས་མེད་ཀྱི་དྲན་པ་བརྟེན་དགོས་སོ། །
བདུན་པ་རྗེས་ཆགས་ཀྱི་རྣལ་འབྱོར་ལ་གཉིས་ཏེ་ཁྱད་པར་བ་ནི་ཟབ་ལམ་པའི་སྤྱོད་ཡུལ་ལོ། །འདིར་ཐུན་མོང་ཡིད་རིག་ལ་བསྟེན་ན་བསྟོད་པའི་མཐའ་སོགས་སུ་བདག་ཉིད་ཡི་དམ་གྱི་ལྷ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་བྱིན་རླབས་དང་། ཡབ་ཡུམ་གྱི་གནས་གསུམ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། བདེ་བ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་གསུམ་དང་ལྡན་པའི་ངང་ནས་ཆགས་པའི་བློ་དང་བྲལ་བས་སྙོམས་པར་འཇུག་པར་མོས་ཤིང་། དེ་ལས་བྱུང་པའི་བདེ་བས་ལུས་ཐམས་ཅད་ཁྱབ་ཅིང་རྩ་ཁམས་དང་ལུས་དཀྱིལ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཉེས་ཤིང་ཚིམ། ངོ་བོ་སྟོང་པར་བསམ་པས་བདེ་སྟོང་ཟུང་འཇུག་གི་ཏིང་འཛིན་བསྐྱེད་པར་བྱའོ། །དེ་ལྟར་གཙོ་བོ་ལྷའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམ་ཞིང་གྲངས་དུས་མཚན་མའི་བསྙེན་པ་ཚུལ་བཞིན་བྱས་པས་བགེགས་དང་བར་ཆད་ཞི་བ་དང་། ལྷ་མཉེས་པས་རྒྱུད་བྱིན་གྱིས་རློབ་པ་དང་། ཚོགས་གཉིས་དང་ཁྱད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་དང་། གཞི་ལམ་འབྲས་གསུམ་གྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཤིང་རྒྱུད་སྨིན་པ་དང་། ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷས་རྗེས་སུ་འཛིན་པ་དང་། གནས་སྐབས་སུའང་ལས་དང་དངོས་གྲུབ་ཀྱི་ཁྱད་པར་རབ་འབྱམས་མཐའ་ཡས་པ་ལ་དབང་བ་དང་། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་གྱི་ལས་ལ་དབང་བ་སོགས་དགོས་པ་ཆེན་པོ་ཡོད་པས་གསང་སྔགས་ཀྱི་སྒོར་ཞུགས་ཕྱིན་འདི་ཙམ་ཡང་ཉམས་སུ་ལོན་པར་བྱའོ། །
ལྔ་པ་ངེས་རྫོགས་འབྲས་བུ་དང་བཅས་པ་ནི། ད་ལྟ་ལག་ཏུ་ལེན་པ་དཀོན་ཀྱང་སྐལ་ཅན་མཐའ་མ་བཀག་པ་དང་མི་ཤེས་སུ་མི་རུང་བས། ཉང་གཏེར་བླ་མ་དམར་ཁྲིད་ཀྱི་མཚོ་རྒྱལ་ཞུས་ལན་དང་། ཆོས་དབང་བཀའ་བརྒྱད་མ་ཧཱའི་སྒོམ་ཁོག །བླ་མ་དགོངས་འདུས་ཞལ་གདམས་དམར་ཁྲིད་ལས་འབྱུང་བ་རྣམས་ཚིག་དོན་མཚུངས་ཤིང་། དེའང་དབང་རྟུལ་ལས་དང་པོ་པའི་དབང་དུ་བྱས་ཏེ་འཆད་པ་ལ་བདུན། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དང་དཔྲལ་བ། ལྷ་ལམ་དུ་བསླངས་བ། ལྷ་དང་བསྲེ་བ། ལྷ་དོན་ལ་སྦྱར་བ། ལྷ་ལམ་དུ་ཁྱེར་བའོ། །དང་པོ་ལྷ་ལ་སེམས་བཟུང་བ་ལ་གསུམ། གསལ་བར་བྱ་བ་དང་། བརྟན་པར་བྱ་བ་དང་། ཡུན་རིང་བར་བྱ་བའོ། །
དང་པོ་ནི། བླ་མའི་མན་ངག་ཐོབ་ནས་བླ་མས་སློབ་མ་ལ་བྱིན་རླབས་དང་བགེགས་སྲུང་བ་བྱས་ལ། སློབ་མ་ཁམས་སྙོམས་པའི་དུས་སུ་ཁམས་གསོ་བའི་ཟས་བཅུད་ཅན་བསྟེན། སྟོན་དང་དགུན་ལྟ་བུ་ཁམས་དྭངས་པའི་དུས་སུ་ཉམས་མྱོང་ཅན་གྱི་བླ་མའི་སྤྱན་སྔར་བསྒོམ། དེ་ཡང་རབ་ཏུ་དབང་པོ་རྣོ་ན་དམིགས་རྟེན་གཞན་མེད་པར་ཐོག་མར་ལྷའི་དབུ་ནས་སྐུའི་ཆ་ཤས་སོ་སོར་རིམ་པས་གཅིག་ལ་སེམས་བཟུང་སྟེ་གསལ་ཐེབས་པ་དང་ཅིག་ཤོས་བསྒོམ་པའམ། བློ་ཆེན་ཐོག་མ་ནས་ཡོངས་རྫོགས་ལ་བཟུང་ཡང་ཆོག་སྟེ། ཐུན་ཆུང་གྲངས་མང་བ་ཁམས་མི་སུན་པར་བསྒྲིམས་ཏེ་བསྒོམས་པས་དབང་པོ་རབ་ཀྱིས་ཞག་གསུམ། འབྲིང་གིས་བདུན་ནམ་བཅུ་གཅིག་ཐ་མས་ཟླ་བ་གཅིག་གིས་བརྟན་པ་ཐོབ་པར་གསུངས་ཀྱང་དེང་སང་དེ་ལྟ་བུའི་རིགས་ཅན་དཀོན་ཞིང་དབང་རྟུལ་ཤས་ཆེ་བས་བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས་ཏེ་མདུན་དུ་ཡི་དམ་ལྷའི་བྲིས་སྐུ་ལེགས་པ་ཞིག་བཀྲམ་ལ་མཆོད་པ་བཤམས་ནས་ཐོག་མར་ཅི་ཡང་མི་བསམ་པར་མི་རྟོག་པའི་ངང་ལ་ཅུང་ཟད་བཞག །དེ་ནས་སྐུ་ཐང་དེའི་དབུ་ནས་མར་ཞབས་ཀྱི་བར་དུ་བལྟ། ཞབས་ནས་དབུའི་བར་མས་རིམ་གྱིས་བལྟ། ཡང་སྐུ་རིལ་པོ་སྤྱི་ཁྱབ་ཏུ་བལྟ། སྐབས་སུ་མི་རྟོག་པར་བཞག་སྟེ་ངལ་གསོ། དེ་ལྟར་ཡང་ཡང་བྱ་བས་ཉིན་གཅིག་འཁྱོངས་བར་བྱས་ལ། དེའི་ནུབ་མོ་གཉིད་ཚིམ་པར་ལོག །ནམ་ལངས་ནས་སྔར་བཞིན་བསྒོམ། ནུབ་མོ་ལྷ་མི་བསྒོམ་པར་མི་རྟོག་པའི་ངང་ལ་བཞག །དེ་ལྟར་བྱས་པས་མ་བསྒོམས་པའི་དུས་སུ་ཡིད་ལ་ལྷའི་སྐུ་བཀྲ་ལམ་གྱིས་འབྱུང་སྟེ། དེ་བྱུང་ན་དམིགས་རྟེན་དེ་མེད་པར་ཡིད་ཡུལ་དུ་བསྒོམ། གལ་ཏེ་མ་བྱུང་ན་སྐུ་ལ་བསྒྲིམས་ཏེ་བལྟས་རྗེས་མིག་བཙུམ་ལ་ལྷའི་སྐུ་སྔར་ལྟར་ཨེ་གསལ་བལྟ། དེ་ཡང་མོག་མོག་པོར་མི་གསལ་ན། ཡང་མིག་ཕྱེ་སྟེ་སྐུ་ལ་བལྟས་ལ་གསལ་བཏབ་སྟེ། རྣམ་པ་ཝལ་ལེ་གསལ་བ་ལས་རྣམ་རྟོག་གི་འགྱུ་བ་གཞན་བཅད་ལ་མ་ཡེངས་པར་བསྒོམ། དེ་ཡང་བློ་ཤིན་ཏུ་ཆུང་ན་ཐོག་མར་བྲིས་སྐུའམ་འབུར་སྐུ་ལྡེར་བཟོ་ལྟ་བུ་གདོས་བཅས་ཀྱི་སྐུའི་རྣམ་པ་འདྲ་བ་ལས་མ་ཤར་ཡང་དེ་ག་ལ་བསྒོམ། དེ་གོམས་ནས་དྭངས་གསལ་སྒྲིབ་ཐོགས་མེད་པ་འཇའ་ཚོན་ལྟ་བུ་དང་། དེ་ཡང་སྣང་ཙམ་ལས་ངོ་བོ་ལ་བལྟ་དུས་ངོས་བཟུང་མེད་པ་སྒྱུ་མ་ལྟ་བུར་སྦྱང་། བློ་ཆེ་ན་དང་པོ་ནས་གཟུགས་བརྙན་ལྟ་བུ་སྣང་སྟོང་གཉིས་མེད་དུ་བསྒོམ་པར་བྱ་སྟེ་ས་བཅད་དང་པོ་ལྷ་གསལ་བ་བྱའོ། །
གཉིས་པ་བརྟན་པར་བྱ་བ་ནི། སྒོམ་ཉམས་ལྔ་དང་སྦྱར་དགོས་ཏེ། གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་ཏེ་ལྔའོ། །དེ་ལ་དང་པོ་གཡོ་བའི་ཉམས་ནི། དེ་ལྟར་བསྒོམ་པའི་ཚེ་སེམས་མི་གནས་པར་རྣམ་རྟོག་མང་དུ་འགྱུ་འཕྲོ་བྱེད་པ་སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་རྟོག་པ་འཕྲོ་མི་ཆོད་པར་གཅིག་ཤུལ་གཅིག་ནོན་དུ་སྐྱེ་བ་འབྱུང་སྟེ། སྔར་རྣམ་རྟོག་ངོས་མི་ཟིན་ཐ་མལ་པར་ཤོར་བ་དགྲ་ངོ་མི་ཤེས་པ་ལྟ་བུ་ལ། འདིར་དགྲ་ངོས་ཟིན་པ་ལྟ་བུ་སེམས་ཅུང་ཟད་གནས་ཤིང་ཟིན་པར་ཉེ་བ་རི་གཟར་གྱི་འབབ་ཆུ་ལྟ་བུ་སྟེ་གཡོ་བའི་ཉམས་ཞེས་བྱའོ། །དེ་ནས་སྒྲིམ་ལྷོད་སྤེལ་མ་རྒྱུན་མཐུད་དེ་འབད་ནས་བསྒོམ་པས་རྣམ་རྟོག་ཇེ་ཉུང་དུ་སོང་བའི་རྟགས་སུ་ལྷའི་སྐུའི་དབྱིབས་དང་སྐུ་མདོག་གཉིས་དུས་གཅིག་ཏུ་སེམས་ལ་ཝལ་ཝལ་འཆར་ན། གསལ་ཞིང་བརྟན་པ་ཐོབ་པ་རྫིང་གི་ཆུ་འཁྱིལ་བ་ལྟ་བུ་སྟེ་ཐོབ་པའི་ཉམས་ཞེས་བྱའོ། །དེ་ནས་ཀྱང་བསྒོམས་པས་ལྷའི་སྐུ་ཡིད་ལ་འཆར་བ་དེ་གྱང་ལོགས་སམ། རི་རྩེ་དང་རི་ལྡེབས་ལྟ་བུ་ཐག་རིང་ཐུང་ཉེ་འགྱངས་གང་དུ་གསལ་བཏབ་ཀྱང་ཁྱད་མེད་དུ་གསལ་ཐེབས་པ་དང་། ཡུན་ཡང་ཐུན་གྱི་སུམ་ཆའམ་ཐུན་ཕྱེད་ཙམ་དུ་རྣམ་རྟོག་རགས་པ་མི་འགྱུ་བར་གནས་ཐུབ་ན་ཆུ་ཀླུང་སྟེ། རྒྱུག་ཆུ་དལ་གྱིས་འབབ་པ་ལྟ་བུ་སྟེ་གོམས་པའི་ཉམས་ཞེས་བྱའོ། །དེ་ནས་ཀྱང་བསྒོམས་པས་ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རགས་པ་ཐམས་ཅད་ཝལ་ལེར་གསལ་ཞིང་རྣམ་རྟོག་གཞན་གྱིས་བསྐྱོད་མི་ནུས་པར་ཐུན་རེ་རེ་ཙམ་འཁྱོངས་པར་འབྱུང་བ་ནི་བརྟན་པའི་ཉམས་ཞེས་བྱ་སྟེ། དཔེ་རྒྱ་མཚོ་རླབས་དང་བྲལ་བའམ་རི་རབ་ལྟ་བུའོ། །དེ་ནས་ཀྱང་བསྒོམས་པས་མཐར་ལྷའི་སྤྱན་གྱི་དཀར་ནག་རྫི་མ་བ་སྤུ་ཡན་ཆད་དངོས་སུ་མཐོང་རྒྱུ་དང་རེག་རྒྱུ་ཡོད་པ་ལྟར་གསལ་བ་དང་། དེ་ཡང་ཉིན་མཚན་ནམ་འདོད་ཀྱི་བར་འཁྱོངས་པ་ནི་མཐར་ཕྱིན་པའི་ཉམས་ཏེ། འདི་ལ་ས་ལེ་སིང་ངེ་། ལྷག་གེ ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་གྱད་དུ་འགྱུར་བར་གསུངས་ཤིང་། གཞན་དུ་རེག་མཐོང་གི་མཚན་མ་རྙེད་པ་ཞེས་བཤད་པ་དེའོ། །དེ་ཡང་ལྷ་སྐུ་མི་གསལ་བའི་དུས་སུ་དེ་ཀའི་འཕྲོ་ལ་ཨུ་ཚུགས་ཀྱིས་རྒྱུན་རིང་བསྐྱངས་ན་ཁམས་འཁྲུག་ཅིང་སུན་སྣང་སྐྱེ་སྟེ། སླར་བསྒོམ་སྙིང་མི་འདོད་པ་འབྱུང་ཞིང་བསྒོམ་ལ་བོགས་སྐྱེད་མི་འབྱུང་། སླར་རྣམ་རྟོག་འཕྲོ་རྐྱེན་བྱེད་པས་སྤྱིར་ཐུན་ཆུང་ལ་གྲངས་མང་བ་དང་། ལྷ་སྐུ་གསལ་བདོ་བའི་སྒང་ལ་འཕྲོ་བཅད་དེ་བསྒོམས་པས་སླར་ཕྱི་རེས་བསྒོམ་སྙིང་འདོད་པ་འབྱུང་། ཐུན་མཚམས་རྒྱུན་མི་རིང་བར་དེ་མ་ཐག་ཡང་བསྒོམ་པ་ལ་འཇུག །དེ་ཡང་གཉིད་སད་མ་ཐག་གི་གཉིད་ཀྱི་གཟིམ་སངས་པ་ཟ་ཟི་ཉག་ཉོག་གི་སྐབས་དང་། ཉིན་པར་ལྟོ་འགྲང་བ་དང་ར་བཟི་བ་སོགས་ཀྱིས་ཁམས་ཉོག་པའི་དུས་དང་། ས་རབ་རིབ་དང་གནས་ཁང་དཀར་རིབ་ནག་རིབ་ཏུ་མི་བསྒོམ། ཉིན་མོ་ཉི་མདངས་གསལ་བ་ནམ་མཁའ་དྭངས་པའི་དུས་དང་། མཚན་མོ་མར་མེའི་འོད་ཡོད་པ་སོགས་བྱིང་འཐིབ་མི་འབྱུང་བའི་དུས་སུ་བསྒོམ། མཚན་མོ་གཉིད་བཅག་ན་ཉིན་པར་ཁམས་ཉོག་སྟེ། གནད་དུ་མི་འགྲོ་བས་ཉལ་དུས་གཉིད་ཚིམ་པར་ལོག །ཉིན་མོ་ཐུན་ཆུང་བརྒྱད་ཙམ་བཅད་དེ་བསྒོམ། ཐུན་འཇོག་དུས་བཙན་ཐབས་སུ་འཕྲོ་བཅད་དེ་ཧར་ལངས་བྱས་ན་བསྒོམ་འཆོར་བས་དལ་བུས་སྒོམ་གསལ་བ་རང་གི་སྒང་ལ་དེ་མ་ཤོར་བར་བྱས་ལ་ཐུན་མཚམས་ལ་འཇུག །གསལ་བཏབ་མ་ཐག་ཝལ་གྱིས་ཡོང་ན་མཚན་མོར་ཡང་སྲོད་ཐོ་རངས་ལ་སྒོམ་པས་ཆོག །སྤྱིར་མ་སུན་ཞིང་སྣ་མ་འགྲས་ཙམ་དུ་ལྷ་སྐུའི་ཆ་ཤས་ཡིད་གང་གསལ་བ་གཅིག་ལ་སེམས་གཏད་ལ་དེ་བརྟན་ན་སྐུ་རྫོགས་པར་གསལ་བ་ལ་བསླབ་སྟེ་བརྟན་པར་བྱའོ། །
གསུམ་པ་ཡུན་བསྲིང་བར་བྱ་བ་ནི། དེ་ལྟར་གསལ་ཞིང་ཅུང་ཟད་བརྟན་པ་ན་བསྒོམ་པའི་ཐུན་ཚོད་ཁྲིགས་ཆགས་སུ་གཅོད་པ་གལ་ཆེ་སྟེ། ཕྱིའི་ཐུན་ཚོད་ཉིན་མོ་ཡིན་ན་ཐུར་ཤིང་གི་གྲིབ་མ་ལྟ་བུས་ཉི་གྲིབ་གཞལ་ཏེ་གྲངས་བརྩི། མཚན་མོ་ལྟ་བུ་དང་ནང་གི་ཐུན་ཚོད་དབུགས་འགྱུར་བའི་གྲངས་ཀྱིས་བཟུང་སྟེ། ཐུན་ཚོད་རེ་ལ་དབུགས་ཕར་གཏོང་ཚུར་རྔུབས་ཀྱི་ཁུགས་པ་ཉིས་སྟོང་བདུན་བརྒྱ་རེ་འབྱུང་ཞིང་། ཉིན་ཞག་ཕྲུགས་རེ་ལ་ཐུན་ཚོད་བརྒྱད་རེ་འབྱུང་བས་ནམ་ཟླ་དུས་བཞིའི་དབང་གིས་ཉིན་མཚན་རིང་ཐུང་ལ་དཔགས་ཏེ་ཉིན་བཞི་དང་མཚན་བཞིར་བགོས་ཏེ་ཆ་དབྱེ་ཞིང་ཚད་ལ་ཕབ་སྟེ་བསྒོམ་པས་ཁམས་མི་འཁྲུགས། བསྒོམ་པའི་ཚད་ཟིན། ཏིང་འཛིན་བོགས་ཆེ། ཡུན་རིང་དུ་གནས་པར་འགྱུར། གྲངས་ཀྱང་ངག་གིས་མི་འདྲེན་པར་ཡིད་ཀྱིས་ཕྲེང་བ་ལ་བགྲང་། ཐུན་ཚོད་བརྒྱད་པོའང་གཉིས་གཉིས་སུ་བཅད་དེ་ཐུན་ཆུང་བཅུ་དྲུག་ཏུ་བགོས་པ་ཉིན་མོ་གྲིབ་ཚོད་ཀྱིས་གཞལ་ཏེ་གྲིབ་ཚོད་རེ་རེ་བསྒོམ། རེ་རེ་ངལ་གསོ། དེ་ཡང་ཐུན་བརྒྱད་བསྒོམ། བརྒྱད་ངལ་གསོ་བ་ལྟ་བུ་སྤེལ་མར་བྱ། དེ་ལ་བརྟན་ན་ཐུན་ཆུང་གཉིས་གཉིས་བསྲིངས་ཏེ་བསྒོམ། དེ་ནས་རིམ་གྱིས་ཉི་མ་རེ་དང་ཉིན་ཞག་ཕྲུགས་རེ་དང་ཟླ་བ་ཕྱེད་ལ་སོགས་པར་བསྒོམ་ནུས་པ་འབྱུང་ངོ་། །མདོར་ན་ཐུན་རིང་ཐུང་ཇི་ལྟར་ཡང་མ་སུན་ཅིང་ལྷ་སྐུ་གསལ་ལ་མི་རྟོག་པ་དེའི་ངང་ལ་ཡུན་བགས་ཀྱིས་བསྲིངས་ཏེ། དེ་ནི་ལྷ་གསལ་བ་ཡུན་རིང་བར་བྱ་བའོ། །དེ་ཡན་ཆད་ནི་དོན་ཚན་དང་པོ་ལྷ་གསལ་བར་བྱ་བའི་ཐབས་སོ། །
རྩ་བའི་གཉིས་པ་འགྱུར་བའི་སྐྱོན་བཅོས་པ་ལ་གཉིས། སྐྱོན་ངོས་གཟུང་བ་དང་། དེ་བཅོས་པའོ། །སྐྱོན་ངོས་གཟུང་བ་ལ་གཉིས། སྤྱིའི་སྐྱོན་དང་། ཁྱད་པར་གྱི་སྐྱོ ན་ནོ། །
དང་པོ་སྤྱིའི་སྐྱོན་ནི་བདུན་ཏེ། དམིགས་པ་བརྗེད་ངེས་པ་ཞེས་བསྒོམ་རྒྱུའི་དམིགས་པ་གང་ཡིན་འཕྲལ་འཕྲལ་བརྗེད་དེ་བསྒོམ་དུས་བསྒོམ་ལུགས་མི་ཤེས་པ་དང་། ལེ་ལོ་ཞེས་པ་སྙོམས་ལས་དང་རྒྱུ་ངན་གྱིས་སླར་བྱས་པས་ཆོག་སྙམ་ཕྱི་བཤོལ་དུ་བཞག་སྟེ་བསྒོམ་གཅོག་པ་དང་། དོགས་པ་ཞེས་པ་བསྒོམས་ཀྱང་མ་བྱུང་དོགས་པས་ཐེ་ཚོམ་ཟོས་ནས་མི་བསྒོམ་པ་དང་། བྱིང་བ་ཞེས་པ་རང་བཞིན་ཤུགས་ཀྱིས་རྐྱེན་ལ་མ་ལྟོས་པར་ཤེས་པ་ལ་གསལ་ཆ་མེད་པར་བྱིང་རྨུགས་སུ་ཤོར་བ་དང་། ཁ་ཟས་དང་གོས་དང་གནས་མལ་དང་གྲིབ་རྐྱེན་སོགས་ཀྱིས་བྱིང་བ་དང་། རྒོད་པ་ཞེས་པ་རྣམ་རྟོག་འཕྲོ་རྒོད་སྣ་ཚོགས་རྐྱེན་མེད་པར་རང་བཞིན་དུ་ཤར་བ་དང་། ཆེད་དུ་མ་བཅོས་ཀྱང་རྐྱེན་གྱིས་འཕྲོ་བ་དང་། ཆེད་གཏད་བཅོས་ཏེ་རྣམ་རྟོག་འཕྲོ་བཅུག་པ་ལྟ་བུ་དང་། རྩོལ་བ་ཞེས་པ་ལྷ་གསལ་ཞིང་སེམས་གནས་བཞིན་དུ་ད་དུང་ཧ་ཅང་དེ་བས་གསལ་ཞིང་གནས་པ་ཞིག་འདོད་དེ་རིག་པ་གཅུན་པས་སྤན་སྤུན་དུ་སོང་སྟེ་རླུང་ལྡངས་ཏེ་འཕྲོ་རྐྱེན་བྱེད་པ་དང་། མི་རྩོལ་བ་ཞེས་པ་བསྒོམ་ལ་ཆོག་ཤེས་ཏེ་མི་བསྒོམ་པ་དང་བྱིང་རྒོད་སོགས་འབྱུང་དུས་འགོག་པའི་རྩོལ་བ་མི་བྱེད་པའོ། །འདི་དག་ཐུན་མོང་གི་གཞུང་བྱམས་ཆོས་སོགས་སུ་ཏིང་ངེ་འཛིན་བསྒོམ་པའི་གེགས་ཉེས་པ་ལྔ་ཞེས་གསུངས་པ་དང་དབྱེ་བསྡུའི་ཁྱད་པར་ཙམ་མ་གཏོགས་དོན་འདྲའོ། །
གཉིས་པ་ཁྱད་པར་གྱི་སྐྱོན་ནི་བཅུ་གཉིས་ཏེ། ལྷ་སྐུ་མི་གསལ་བར་རབ་རིབ་བྱེད་པ་དང་། མོག་མོག་པོ་དང་། གྲིབ་མ་ཕོག་པ་ལྟ་བུར་བཀྲག་མདངས་མི་གསལ་བ་དང་། སྐུ་ཚད་ཆེན་པོ་བསྒོམ་དུས་ཆུང་ངུར་འགྱུར་བ་སོགས་སྐུ་ཚད་འགྱུར་བ་དང་། རྒྱན་ཅན་བསྒོམ་དུས་རྒྱན་མེད་དུ་འཆར་བ་ལྟ་བུ་ཆ་ལུགས་འགྱུར་བ་དང་། ཞལ་རས་དུད་འགྲོའི་གདོང་བརྙན་དུ་བསྒོམས་པ་མིའི་གདོང་དུ་འགྱུར་འགྲོ་བ་ལྟ་བུ་དབྱིབས་འགྱུར་བ་དང་། ལྷ་གཅིག་བསྒོམ་པ་གཉིས་སུ་འགྱུར་འགྲོ་བ་ལྟ་བུའི་གྲངས་འགྱུར་བ་དང་། ཐོག་མར་བཞུགས་པ་བསྒོམ་པ་བཞེངས་པར་སོང་བ་ལྟ་བུ་བཞུགས་ཚུལ་འགྱུར་བ་དང་། སྒྲོལ་མ་ལྟ་བུ་བསྒོམ་ན་ལྗང་གུའི་ཁ་དོག་ཙམ་ལས་སྐུའི་བཟོ་དབྱིབས་མེད་པ་ཁ་དོག་འབའ་ཞིག་ཏུ་སྣང་བ་དང་། སྐུའི་དབྱིབས་ཤར་ཡང་ཁ་དོག་བསྒོམ་པ་ལྟར་མི་འཆར་བ་གང་མིན་དུ་འགྲོ་བ་དབྱིབས་འབའ་ཞིག་ཏུ་སྣང་བ་དང་། ཐོག་མར་གསལ་ཡང་དེ་མ་ཐག་རིམ་གྱིས་མི་གསལ་བར་འགྲོ་བ་རིམ་པར་ནུབ་པ་དང་། རྒྱན་ཆ་ལུགས་ཕྱག་མཚན་སྐུའི་ཆ་ཤས་སོགས་མ་ཚང་བར་འཆར་བ་ནི་མ་རྫོགས་པ་སྟེ་བཅུ་གཉིས་སོ། །
གཉིས་པ་སྐྱོན་དེ་རྣམས་བཅོས་པ་ནི། སྤྱིའི་སྐྱོན་བདུན་གྱི་ལོག་གནོན་གྱི་གཉེན་པོ་ནི་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པ་ཡིན་ཏེ། འདི་ནི་ཐུན་མོང་བའི་གཞུང་ལས་འབྱུང་བ་དང་མིང་དོན་གཉིས་ཀ་མཚུངས་སོ། །དེ་ཡང་དམིགས་པ་བརྗེད་ངེས་པའི་གཉེན་པོར་དམིགས་པ་དེ་ལ་ཐོག་མར་ཡུན་རིང་དུ་འདྲིས་པར་བྱས་རྗེས་དེ་མི་བརྗེད་པར་བྱའོ་སྙམ་དུ་དྲན་པ་བརྟེན། ལེ་ལོའི་གཉེན་པོར་ཏིང་ངེ་འཛིན་བསྒོམ་པའི་ཕན་ཡོན་ལ་སེམས་དང་བའི་དད་པ་དང་། དེ་བསྒྲུབ་པ་ལ་འདུན་པའི་འདུན་པ་དང་། ཕན་ཡོན་མཐོང་བས་སྤྲོ་ཤུགས་བསྐྱེད་དེ་རྩོལ་བའི་བརྩོན་འགྲུས་རྣམས་བསྒོམ། དོགས་པའི་གཉེན་པོར་རྟོགས་པའི་གདིང་བསྐྱེད་དེ་ཐེ་ཚོམ་མེད་པའི་ངེས་ཤེས་བསྟེན། བྱིང་བའི་གཉེན་པོར་སེམས་ཡི་ཤི་བ་བསལ་ཏེ་སྒོམ་གྱི་ཕན་ཡོན་ལ་བྲོད་པ་དང་། སྒོམ་ལ་བྲོད་ཁ་བསྐྱེད་དེ་ཤེས་པ་གཟེངས་བསྟོད་སྤྱོད་ལམ་ཁྲུས་བྱ་ཞིང་། རྩོལ་བཅག་བྱ། གོས་སྲབ་ཏུ་གཏོང་། ས་བསིལ་བ་དང་། སྣང་གཡེལ་ཆེ་སར་སྡོད། རྒོད་པའི་གཉེན་པོར་འཁོར་བའི་ཉེས་དམིགས་བསྒོམས་ལ་སྐྱོ་ཤས་བསྐྱེད། སེམས་དྲན་པའི་ཐག་པས་བཅིངས་ཏེ་དམིགས་པའི་སྡོང་པོ་ལ་བཏགས་ཞེས་པ་ཡེངས་སུ་མི་འཇུག་པར་དྲན་པས་བཟུང་ལ་དམིགས་པ་ཡང་ཡང་གཅུར། བྱིང་རྒོད་གཉིས་ཀ་ལ་མ་བྱུང་གོང་ནས་བྱུང་མ་བྱུང་ཚོར་བའི་ཤེས་བཞིན་གྱི་བྱ་ར་བསྟེན། རྩོལ་བའི་གཉེན་པོར་འདུ་བྱེད་བཏང་སྙོམས་ཞེས་པ་རྩོལ་བ་གློད་དེ་རང་བབས་སུ་བཞག །མི་རྩོལ་བའི་གཉེན་པོར་བརྩོན་འགྲུས་ཀྱི་གཉེན་པོ་གསལ་གདབ་བོ། །ཁྱད་པར་གྱི་སྐྱོན་བཅོས་པ་ལ། རབ་རིབ། མོག་མོག །གྲིབ་མ་ལྟར་སྣང་བ་གསུམ་ལ་སྟོང་ཉིད་མི་རྟོག་པ་བསྒོམ་ཞིང་སྒོ་གསུམ་མ་བཅོས་པར་ལས་མེད་དུ་ཅི་གནས་བཞག་རྗེས་བྲིས་སྐུ་ལ་ཞིབ་ཏུ་བལྟས་ལ་བསྒོམ། ཡང་མི་རྟོག་པ་བསྒོམ་པ་སོགས་སྤེལ་མར་བྱ། སྐུ་ཚད། ཆ་ལུགས། བཞུགས་ཚུལ། དབྱིབས་འགྱུར་ལྡོག་བྱེད་པ་ལ། སྐུ་དེ་གདོས་བཅས་འཇིམ་སྐུ་ལྷ་ཁང་གོག་པོའི་ལྡེར་བཟོ་ལྟ་བུ་ཤིན་ཏུ་ཆེ་བ། ཤངས་ཀྱི་བུ་གའི་ནང་དུ་ཕུག་རོན་འཚངས་ཏེ་ཕར་འགྲོ་ཚུར་འགྲོ་བྱེད་པ། ཕྱག་ཞབས་སོགས་ལ་བྱ་དང་བྱེའུ་འབབ་པ་དང་། རི་དྭགས་ར་ལུག་སོགས་ཀྱིས་རྡུང་ཁ་རྩེད་མོ་བྱེད་པ། སྐུའི་ཆ་ལ་བྱ་བྲུན་དང་བག་ཟན་ཞེས་པ་སྐྱོ་རལ་ཁལ་ལེ་བ་ཞིག་ཏུ་བསྒོམ། གྲངས་འགྱུར་བ་ལ། དང་པོར་གཅིག་གམ་གཉིས་སམ་གྲངས་སུ་བཅད་པ་ལྟར་བྱ། ཁ་དོག་འབའ་ཞིག་ཤར་ན་དེ་བཞག་ལ་དབྱིབས་ཀྱི་རྣམ་པ་ཡང་ཡང་གསལ་གདབ། འགའ་ཞིག་ལ་རང་གི་གཟུགས་ཁམས་ཁྲག་མཁྲིས་སོགས་ཤས་ཆེ་ཆུང་གི་དབང་ལས་ཁྲག་ཤས་ཆེ་བ་ལ་དམར་པོ་དང་། མཁྲིས་ཤས་ཆེ་བ་ལ་སེར་པོ་རྐྱང་བ་འཆར་བ་ལྟ་བུའང་སྲིད་པས་ནད་ཀྱི་འཕྲུལ་ཡིན་མིན་བརྟགས་ལ་ནད་བཅོས་བྱ། ༼འདིར་དབྱིབས་འབའ་ཞིག་ཏུ་སྣང་བའི་བཅོས་དམིགས་ལ་མེད་ཀྱང་མི་ཚང༽ རིམ་པས་ནུབ་པ་ལ་སྐུའི་དབུ་ཞལ་རས་ཕྱག་ཞབས་ལྟ་བུའི་སྐུའི་ཆ་ཤས་གཙོ་ཆེ་བ་རྣམས་ཡང་ཡང་ངེས་ངེས་སུ་གསལ་བཏབ་སྟེ་ཁོག་བསྲང་། མ་རྫོགས་པའི་སྐྱོན་ལ་བྲིས་འབུར་གྱི་སྐུ་འདྲར་བལྟས་ལ་ཡོངས་རྫོགས་ཝལ་གྱིས་ཡང་ཡང་བསྒོམས་ལ་འབད་པའམ། ཡང་ན་ཆ་ཤས་གང་མ་རྫོགས་པ་དེ་ཀ་ལ་དམིགས་ཕུག་སྟེ་ཡང་ཡང་གསལ་འདེབས་པ་ནི་སྐྱོན་བཅུ་གཉིས་བཅོས་པ་སྟེ། དོན་ཚན་གཉིས་པ་འགྱུར་བའི་སྐྱོན་བཅོས་ཐབས་སོ། །
དོན་ཚན་གསུམ་པ་ལྷ་དཔྲལ་བ་ནི། དེ་ལྟར་སྐྱོན་དེ་དག་མ་སེལ་གྱི་བར་དུ་མི་རྟོག་པ་བསྒོམས་པས་ཤེས་པ་ཐང་ཆད་པ་ངལ་སོས་ཤིང་སེམས་དྭངས་སྙིགས་ཕྱེད་ནས་ལྷ་གསལ་བར་འགྱུར་བས་ལྷ་དང་མི་རྟོག་པ་སྤེལ་མར་བསྒོམ། ལྷ་སྐྱོན་མེད་དུ་གསལ་ཐེབས་ནས་ཆེད་དུ་མི་རྟོག་པ་བསྒོམ་མི་དགོས་པས་ལྷ་ཁོ་ན་བསྒོམས་ཏེ་ལྷ་དཔྲལ་བ་ཞེས་བྱའོ། །དོན་ཚན་བཞི་བ་ལྷ་ལམ་དུ་བསླང་བ་ནི། དེ་ལྟར་ལྷའི་སྐུ་སྐྱོན་དང་བྲལ་བར་གསལ་ཐེབས་ན་ལྷ་དེ་རེས་འགའ་བཞེངས་པར་བསྒོམ། རེས་འགའ་བཞུགས་པར་བསྒོམ། རེས་འགའ་གཟིམས་པར་བསྒོམ། རེས་འགའ་སྤྱིའུ་ཚུགས་སུ་བསྒོམ། དེ་བཞིན་དུ་གན་རྐྱལ། ཁ་སྦུབ། ཐག་རིང་བ། ཉེ་བ། རི་བོའི་ཁོང་གསེང་། ཐང་གི་དཀྱིལ། རྡོའི་དཀྱིལ། ཆུའི་གཏིང་སོགས་གང་དུ་བསྒོམ་མམ་ཇི་ལྟར་བསྒོམ་ཡང་སྐྱོན་མེད་དུ་གསལ་ཞིང་མི་བདེ་བ་མེད་ན་ལྷ་ལམ་དུ་བསླངས་པ་ཡིན་ནོ། །
དོན་ཚན་ལྔ་པ་ལྷ་བསྲེ་བའམ་ལྷ་རང་དང་བསྲེ་བ་ཞེས་བྱ་བ་ནི། དེ་ཡན་ཆད་ཀྱི་དམིགས་པ་དེ་རྣམས་ལྷའི་སྣང་བ་ལ་གོམས་སུ་གཞུག་ཅིང་བྱང་ཆུབ་པའི་ཕྱིར་ལྷ་མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམ་པ་ཡིན་ལ། དེ་ནས་ལྷ་ལམ་དུ་ལྷོངས་ཤིང་བྱང་བར་གྱུར་པ་དེ་མདུན་དུ་གསལ་བཏབ་སྟེ། དེ་རང་ལ་བསྟིམས་པས་རང་དེ་དང་མཚུངས་པའི་ལྷ་སྐུ་ཡོངས་རྫོགས་གསལ་ལ་མ་འདྲེས་པར་གྱུར་བར་བསྒོམ་སྟེ། གཙོ་རྐྱང་ངམ་འཁོར་ཅན་གཞལ་ཡས་ཁང་དང་བཅས་པ་སོགས་གང་མོས་སུ་གསལ་གདབ་པ་ཡང་ཡང་བྱ་སྟེ། སྔོན་མ་ལ་གོམས་པ་དེས་འདིར་དཀྱིལ་འཁོར་བསྒོམ་པའང་དཀྱུས་ལས་སླ་བ་ཡིན་ནོ། །
རྩ་བའི་དྲུག་པ་ལྷ་དོན་ལ་སྦྱར་བ་ནི། བདག་གི་རྣམ་རྟོག་གི་རྩོལ་བས་བསྐྱེད་དེ་བདག་ཉིད་ལྷའི་སྐུར་བསྒོམ་པ་དེ་གསལ་ཞིང་བརྟན་པར་གྱུར་པ་ན། དེ་ཉིད་གདོས་བཅས་ལྟ་བུ་མ་ཡིན་པ་ཆུ་ནང་གི་ཟླ་གཟུགས་སམ། བར་སྣང་གི་འཇའ་ཚོན་ལྟ་བུར་སྣང་ལ་རང་བཞིན་མེད་པ་སྟེ་སྣང་བའི་དངོས་པོར་གྲུབ་ཀྱང་རེག་པའི་ཡུལ་དུ་མ་གྲུབ་པ་ཐོགས་མེད་དུ་བསྒོམ། དེ་ནས་དེ་བརྟན་པ་ན། འདི་ལྟར་སྣང་བའི་ལྷ་འདི་གང་ནས་འོང་། ངོ་བོ་ཇི་ལྟར་གནས་ཞེས་དཔྱད་པ་ན། ཕྱི་རོལ་གྱི་ཡུལ་གང་ནས་ཀྱང་མ་འོང་། གང་དུའང་མི་གནས། གང་དུའང་མི་འགག །རང་སེམས་ཀྱི་སྣང་བ་ལྷར་ཤར་བ་ཙམ་སྟེ། སེམས་ཚོགས་དྲུག་ཡུལ་དུ་སྣང་བའི་འཇུག་ཤེས་དྲུག་དང་། དེ་གང་ལས་འཆར་བའི་གཞི་ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་དེ། རྣམ་ཤེས་ཚོགས་བརྒྱད་པོ་ལྷའི་སྐུ་དང་ཡེ་ཤེས་སུ་སྣང་བ་དེ་ཉིད་དོན་ལ་གཞི་དབྱིངས་ཀུན་གཞི་ཡེ་ཤེས་རང་བྱུང་གི་རིག་པ་བྱང་ཆུབ་ཀྱི་སེམས་གདོད་མའི་སངས་རྒྱས་ཆོས་ཀྱི་སྐུའམ་དོན་དམ་པའི་ལྷར་གྲུབ་པ་དེའི་རྩལ་ལམ་གདངས་ལས་སྒྲིབ་གཡོགས་ཀྱི་ཚུལ་དུ་ཤར་བས་དེའི་ངོ་བོ་ཉིད་དེ་དེ་ལས་ལོགས་སུ་མེད་ལ། ད་ལྟ་ལྷར་སྣང་བ་འདི་ཡང་རྣམ་པ་ཡིད་ཀྱིས་བསྒོམས་པའི་མཐུ་ལས་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་སྣང་ཡང་བཙལ་ན་རང་བཞིན་མི་རྙེད་པས་འདི་ཞེས་བརྟག་ཏུ་མེད་ཅིང་བསྟན་དུ་མེད་པ་དོན་དམ་པའི་རང་བཞིན་ནི་ཆོས་སྐུའོ། །ཞེས་དྲན་པར་བྱེད་པའོ། །དེ་ལྟ་བུའི་རྣལ་འབྱོར་པའི་སྒོམ་པའི་དམ་ཚིག་དྲུག་ལ་གནས་པ་གལ་ཆེ་སྟེ། མན་ངག་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་སུ་བལྟ་བའི་མོས་གུས་ཀྱི་གདུང་བ་རྒྱུན་མི་ཆད་པ་དང་གཅིག །ཏིང་ངེ་འཛིན་བསྒོམ་པའི་མཐུན་ཕྱོགས་གྲོགས་སུ་འགྱུར་བ་རྣམས་བསྒྲུབ་པ་དང་གཉིས། མི་མཐུན་པའི་ཕྱོགས་འགལ་རྐྱེན་རྣམས་འདོར་བ་དང་གསུམ། འགྲོ་འཆག་ཉལ་འདུག་སོགས་སྤྱོད་ལམ་ཀུན་ཏུ་བསྒོམ་བྱའི་ཏིང་ངེ་འཛིན་ཡིད་ནས་ཡལ་བར་མི་འདོར་བ་དང་བཞི། ཡི་དམ་གང་བསྒོམ་པ་དེ་མི་སྤངས་ཤིང་དེ་ཉིད་བསྒོམ་བསྒྲུབ་མཐར་དབྱུང་བ་དང་ཡི་དམ་གྱི་ལྷ་ལ་སྤང་ལེན་མི་བྱ་བར་ལྷ་གང་བསྒོམ་ཡང་སངས་རྒྱས་ཐམས་ཅད་དགོངས་པ་རོ་གཅིག་ཏུ་རྟོགས་པས་གཅིག་བསྒོམ་ཡང་སངས་རྒྱས་ཐམས་ཅད་བསྒོམ་པ་ཡིན། སངས་རྒྱས་ཀྱང་རང་གི་སེམས་རྟོགས་པ་ལས་ལོགས་ནས་བསྒོམ་དུ་མེད། ཡི་དམ་གྱི་ལྷ་ཡང་རང་སེམས་ཀྱི་སྣང་བ་ཡིན་པས་ལོགས་ནས་བསྒྲུབ་རྒྱུ་དང་བསྒོམ་རྒྱུ་གཅིག་ཀྱང་མེད། མདོར་ན་སངས་རྒྱས་ཐམས་ཅད་ཡི་དམ་གྱི་ལྷ་ལ་འདུས། ཡི་དམ་གྱི་ལྷ་མང་པོ་བསྒོམ་ཡང་རང་སེམས་ཀྱི་སྣང་བ། གཅིག་བསྒོམ་ཡང་རང་སེམས་ཀྱི་སྣང་བ་ཡིན་སྙམ་དུ་ཤེས་པ་དང་ལྔ། རང་གི་བསྒོམ་བྱའི་ཡི་དམ་གྱི་ལྷ་དང་སྒོམ་དོན་དང་སྤྱོད་པ་རྣམས་སྣོད་མིན་ལ་ཤིན་ཏུ་གསང་ཞིང་སྦ་བ་དང་དྲུག་སྟེ། དམ་ཚིག་དེ་རྣམས་ལ་གནས་པར་བྱའོ། །དེ་དག་ནི་ལྷ་དོན་ལ་སྦྱར་བ་ཞེས་བྱའོ། །
དོན་བདུན་པ་ལྷ་ལམ་དུ་ཁྱེར་ཞིང་བསྒྲུབ་པ་ནི། དེ་ལྟར་གསལ་སྣང་ཐོབ་ཅིང་བསྐྱེད་རིམ་བརྟན་པ་དེས་རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་སྒྲུབ་པའི་དཀྱིལ་འཁོར་བཤམ་ཞིང་ལས་གཞུང་བསྲངས་ཏེ་སྒོམ་བཟླས་མཆོད་བསྟོད་ཚོགས་ལ་སོགས་པ་སྒྲུབ་ཚུལ་གཞུང་བཞིན་བགྱིས་པའི་རྟགས་ནི། ལྷ་ལ་སེམས་ཟིན་པས་དབང་པོའི་ཤེས་པ་རྣམས་ཡུལ་ལ་འཕྲོ་བའི་རྒྱུན་ཁེགས་ཏེ། དབང་ཤེས་ཀྱི་བཞོན་པའི་རླུང་རྣམས་ནང་དུ་ལྡོག་ཉེ་བའི་ལྟས་སུ། དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེ། ནམ་མཁའ་ལྟ་བུ་སྟེ་མཚན་རྟགས་ལྔ་ཉམས་ཀྱི་ཚུལ་དུ་འཆར་བ་དང་། རྨི་ལམ་དུ་སངས་རྒྱས་བྱང་སེམས་མཐོང་བ་དང་ཆོས་ཐོས་པ་སོགས་མཆོག་གི་ལྟས་ལྔ། སྤྱི་མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྡིག་སྒྲིབ་བག་ཆགས་དག་པ། འཇིགས་པ་བྲལ་བ། ས་ཐོབ་པ། ས་ནོན་པ། རྒྱལ་བའི་སྲས་སུ་འགྱུར་པ། ཆོས་ལ་དབང་ཐོབ་པ། བདེན་པ་མཐོང་བ། ལུང་བསྟན་འབྱུང་བ་བཅས་བཟང་པོའི་ལྟས་བརྒྱད་འབྱུང་བ་དང་། ལྷ་བསྒོམ་པའི་ཚེ་སྐུ་གསུང་ཐུགས་ཀྱི་སྤྱོད་ཡུལ་རགས་པ་མཐོང་བ་སོགས་སྦྱོར་བ་ཕྱིའི་དྲོད། དབུགས་རྒྱུ་བ་དང་ལུས་ཡོད་དུ་མི་ཚོར་བ་སོགས་མཚན་མ་ནང་གི་དྲོད། སྙིང་རྗེ་དང་ཡེ་ཤེས་རང་གསལ་བ་གསང་བ་རང་བཞིན་གྱི་དྲོད་གསུམ་ཐོབ། ལྷའི་གཟུགས་བརྙན་འཛུམ་པ། སྒྲ་འོད་དྲི་ཞིམ་འབྱུང་བ། མར་མེ་རང་འབར། བནྡྷ་རང་འབར་སོགས་ཕྱིའི་རྟགས། སྙིང་རྗེ་དད་གུས་ཆེ་བ། ཕྱོགས་རིས་ཆགས་སྡང་ཆུང་བ། རེ་དོགས་མེད་པ་སོགས་ནང་གི་རྟགས་རྣམས་འབྱུང་བར་འགྱུར་ལ། བྱུང་ཡང་ང་རྒྱལ་དང་འཛིན་ཞེན་མེད་པར་བསྒོམས་པས། ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞི་རིམ་པར་ཐོབ། མངོན་ཤེས་དྲུག་དང་ཆོ་འཕྲུལ་བཞི་ལ་མངའ་བརྙེས། མཐར་ཐུག་རྫོགས་པའི་སངས་རྒྱས་སྐུ་གསུམ་གོ་འཕང་ལ་སྦྱོར་བར་འགྱུར་རོ། །དེ་དག་གིས་བློ་དམན་ཉེར་མཁོ་མདོར་བསྡུས་པ་སྟེ་བསྐྱེད་རིམ་སྤྱིའི་ཁོག་ཁྲོལ་བ་དང་སོ་སོའི་བསྒོམ་དོན་རྒྱས་པ་གཞན་ལས་རྟོགས་པར་བྱ་དགོས་སོ། །
༈ རྩ་བའི་གཉིས་པ་བསྙེན་སྒྲུབ་སྤྱིར་གཅེས་པའི་ལག་ལེན་ནི། དེའང་གནས་དུས་གང་ཟག་ཡོ་བྱད་སྒྲུབ་པའི་ཐབས་བཅས་ཕུན་སུམ་ཚོགས་པ་ལྔས་བསྙེན་སྒྲུབ་ཀྱི་གཞི་བཟུང་དགོས་ཏེ།
དེ་ལ་དང་པོ་གནས་ནི། གོང་མས་བྱིན་བརླབས་ཤིང་བཀྲ་ཤིས་པ་འཛོམ་ན་རབ། མ་འཛོམ་ཡང་ཕྱི་རོལ་ས། ནང་སྒྲུབ་ཁང་། གསང་བ་སྡོད་མལ་བཅས་ལ་ས་དགྲའི་སྐྱོན་མེད་པ་དང་། ཁྱད་པར་སྡེ་འཁྲུགས། རྨེ་ཡུགས། སྡོམ་ཤོར། དམ་ཉམས་སོགས་ཀྱིས་མ་འབགས་པ། གདོན་ཆེན་མ་རུངས་པ་ནག་ཕྱོགས་ཀྱིས་བདག་ཏུ་མ་བཟུང་བ། གཙང་ཞིང་དབེན་ལ་མི་དང་མི་མ་ཡིན་གཅན་གཟན་སོགས་ཀྱི་བར་ཆད་མི་འབྱུང་བ་ཞིག་བསྟེན་དགོས་སོ། །
གཉིས་པ་དུས་ནི། སྤྱིར་ར་བ་བཞི། ཉི་མ་བྱང་བགྲོད། ཟླ་བ་ཡར་ངོ་། བྱེ་བྲག་ལས་སོ་སོ་གཙོ་བོར་བྱེད་སྐབས་དབྱར་སྟོན་དགུན་དཔྱིད་ཀྱི་ར་བ་བཞི་ལ་རིམ་བཞིན་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པར་བསྔགས་ཤིང་། དེ་དག་གང་ལའང་གཟའ་སྐར་སྦྱོར་བྱེད་འཕྲོད་སྦྱོར་དགེ་ཞིང་ཤིས་པ། དྲག་པོའི་ལས་གཙོར་བཏོན་པའི་རིགས་ལ་ཉི་མ་ལྷོ་བགྲོད་དང་མར་ངོའི་འཕྲོད་སྦྱོར་རྩུབ་པ་སོགས་གོང་སྨོས་རྣམས་ལས་ལྡོག་པ་དགོས་ལ། ཐུན་གྱི་ཐོག་མ་ཉི་མ་རི་སྐེད་ལ་ཤར་བའམ་སྔ་དྲོ་དང་། མཁའ་འགྲོ་འདུ་བའི་དུས་མཚན་ཕྱེད་ལ་འཛིན་པའང་ཡོད་ཅིང་། ཉི་མ་ནུབ་པར་གྱུར་བ་ན། །ལྷ་ཡང་བྱིན་གྱིས་རློབ་ཕྱིར་འདུ། །ཞེས་པས་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་སོགས་ཀྱི་དགོངས་ཐུན་ནམ་སྲོད་ཐུན་ནས་འཇུག་པ་ཤས་ཆེ་བ་ཡིན་ནོ། །
གསུམ་པ་སྒྲུབ་པ་པོའི་གང་ཟག་ནི། ཁྱད་པར་གྱི་ཆོས་དྲུག་དང་ལྡན་པ་ཞིག་ངེས་པར་དགོས་ཏེ། དེའང་དད་པ་ཆེན་པོས་དཀར་པོའི་ཆོས་ལ་འཇུག་ནུས་པ། མོས་གུས་ཆེན་པོས་བླ་མ་སངས་རྒྱས་སུ་མཐོང་བ། དབང་བཞི་ཐོབ་པས་མན་ངག་གི་སྣོད་དུ་རུང་བ། དམ་ཚིག་ཆེ་བས་སྒྲུབ་པའི་གཞི་ཐེངས་པ། ཤེས་རབ་ཆེ་བས་ངེས་པའི་དོན་གོ་ནུས་པ། ལྟ་བའི་གདེང་དང་ལྡན་པས་ཉམ་ང་དང་འཁུ་འཁྲིགས་མེད་པའོ། །དེ་དང་མི་ལྡན་པས་གསང་སྔགས་སྒྲུབ་ཀྱང་མི་འགྲུབ་པ་མ་ཟད་རང་ཕུང་གི་རྒྱུར་འགྱུར་རོ། །
བཞི་པ་ཡོ་བྱད་རྫས་ནི། འཚོ་བ་ཟས་བཟའ་བཏུང་གི་རིགས་མཚམས་ཀྱི་རིང་འདང་ངེས་པ་འབྱོར་ན་འཐེབ་འཁྲོལ་ལྡབ་འཕར། གོས་བརྗེ་བཀྲོལ་འཐེབ་བཅས། ནད་རྐྱེན་ཟློག་པའི་སྨན་སྔགས་རྟེན་འབྲེལ། དགྲ་ཟློག་མཚོན་ཆ། བགེགས་ཟློག་གུ་གུལ་ཡུངས་ཐུན་ཕུར་བུ། སྒྲུབ་པའི་རྟེན་རྫས་སོ་སོའི་གཞུང་ལས་ཇི་སྐད་བཤད་པ་ཚད་ལྡན་དང་། མཆོད་པའི་རྫས་ཕྱི་ནང་གསང་བ་རྣམས་རྒྱུ་གཙང་ཞིང་དག་ལ་ཅི་འབྱོར་སེར་སྣས་མ་འཕྲིས་པ་རྣམས་ཚོགས་པ་དགོས་སོ། །
ལྔ་བ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་ཉམས་སུ་ལེན་པ་སྟེ། དེའང་ལམ་རིམ་ཡོངས་རྫོགས་ལ་སྦྱར་བ་དང་། ཆོ་ག་ཆ་ཚང་བ་གཅིག་ལ་སྦྱར་བ་དང་། སྦྱོར་དུས་ཀྱི་ཡན་ལག་གཞི་དང་། དཀྱིལ་འཁོར་གང་ཡང་རུང་བའི་མངོན་རྟོགས་ཀྱི་སྐབས་སུ་གསུངས་པ་བཞིན་བསྐྱེད་གཞིའི་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་པ་ནི་བསྙེན་པ། དེ་ལས་བདག་ཉིད་ལྷའི་ང་རྒྱལ་ལ་ཞུགས་པ་ནི་ཉེ་བར་བསྙེན་པ། ཡུམ་དང་བཅས་པའི་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་སྒྲུབ་པ། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་རྒྱས་གདབ་ལ་སོགས་པ་ནི་སྒྲུབ་པ་ཆེན་པོར་བཤད་པ་སོགས་རྣམ་གྲངས་མང་ཡང་། ཕྲེང་བ་ལས། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་ནས་བསྙེན་པས་ཚོགས་གསོག་ཅིང་། །བགེགས་ཀྱི་རྣམ་པ་ཉམས་བཞེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །དེ་ཕྱིར་རིམ་གཉིས་དེ་ཉིད་རིག །དབེན་པར་ཡང་དག་གནས་ནས་ནི། །ལྷ་ཡི་འཁོར་ལོ་བསྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླ། །ཞེས་སོགས་ཀྱིས་བསྟན་དོན་ཐོག་མར་བྱ་དགོས་པའི་བསྙེན་པ་ནི། ཡུལ་གྱི་རྒྱལ་པོ་ལྟ་བུ་ལ། དང་པོ་མཇལ་ཁ་ཞུས་ཏེ་འདྲིས་འདོགས་པ་ལྟ་བུ་དང་། སྒྲུབ་པ་ནི། འདྲིས་ཐོག་ནས་སྤྱན་སྦྱངས་ཆེར་སོང་བ་ན་ས་རིས་སོགས་རང་གང་འདོད་ཀྱི་ཞུ་དོན་འཛུགས་པ་ལྟ་བུ་དང་། སྒྲུབ་པ་ཆེན་པོ་ནི་ས་རིས་ཀྱི་བཀའ་ཤོག་གམ་ཞལ་བཞེས་གནང་སྟེ་དོན་གྲུབ་ནས་དེ་ཡི་དགའ་སྟོན་བྱེད་པ་ལྟ་བུ་ཡིན་པར་བཤད་དོ། །དེས་ན་དེ་ལྟ་བུའི་དོན་ཅན་གྱི་ད་ལྟ་རྩ་བའི་བསྙེན་པའམ་གཞི་བསྙེན་དུ་གྲགས་པ་སྟེ། དེ་ཉིད་ལག་ཏུ་ལེན་པའི་ཚུལ་ཡང་ཐོག་མར་བསྙེན་པ་ལ་འཇུག་ཉེ་བའི་གོང་དུ་དཀོན་མཆོག་གི་རྟེན་ལ་མཆོད་འབུལ། མདོ་རྒྱུད་གསུང་སྒྲོག །དགེ་འདུན་ལ་བསྙེན་བཀུར། སཱཙྪ་འདེབས་པ། སྲོག་བླུ། ཉེ་འདོན། མཁའ་འགྲོ་ཆོས་སྲུང་གཏོར་འབུལ་དང་གསོལ་སྐོང་། བསང་བརྔན་གསེར་སྐྱེམས། ཆུ་སྦྱིན་དང་ལན་ཆགས་གཏོར་མ། རླུང་བསྐྱེད་དང་ལམ་འཕྲང་བཅོས་པ། ཕྱག་བསྐོར་མཎྜལ། ཚོགས་སྐོང་དང་རྡོར་སེམས་སྒོམ་བཟླས། བདག་འཇུག་བླང་བ་བླ་མའི་རྣལ་འབྱོར་སོགས་ཉིན་ཁ་ཤས་ལ་ཅི་འགྲུབ་བྱས་པས་བར་ཆད་མི་འབྱུང་བ་དང་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །འདི་རྣམས་རྒྱབ་སྐྱོར་དགེ་བའི་དཔུང་སྐྱེད་ཡིན་པས་འབྱོར་སྤྲོས་ཆུང་ཞིང་ལོང་ཁྱབ་མེད་ལ་མ་འགྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་གསང་སྔགས་ལམ་རིམ་ལས། མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ། །ཞེས་པས། ཐོག་མ་ནས་བློ་མ་དྲེད་པ་གལ་ཆེ་སྟེ། དེའང་རང་འགྲེལ་ལས། དགྲ་གཉེན། ནོར་ཟས། གཟུང་འཛིན། ཆགས་སྡང་། ཉོན་མོངས། རྣམ་རྟོག་ལ་སོགས་པའི་ཕྱོགས་སུ་ཤོར་ན། ངན་དྲེད་དུ་སོང་བས་དོན་མི་འགྲུབ། སྒྲུབ་པའི་དུས་ན། འབྲི་བ། ཀློག་པ། འཛིན་པ། བསམ་མནོ་བརྩམས་པ་ལ་སོགས་པའི་བློར་སོང་ན། བཟང་དྲེད་ཡིན་པས་མི་འགྲུབ། དེས་ན་དེ་གཉིས་ཀ་དང་བློ་མ་དྲེད་པར། གང་སྒྲུབ་པ་དེ་ཉིད་ལ་ཤེས་པ་རྩེ་གཅིག་ཏུ་ཕུར་ཚུགས་སུ་དྲིལ་ཏེ། ལྟོགས་མོད། འཁྱག་མོད། ཤི་མོད། ཆད་མོད། བསམ་པའི་སྡུག་བསྲན་བསྐྱེད། དཀའ་ཐུབ་ཀྱིས་རྡེ་བཙུགས་ནས་སྙིང་རུས་ཆེན་པོས་སྒྲུབ་པ་འདི་མཐར་འདོན་དགོས་སྙམ་པའི་སྒོ་ནས་དམ་བཅའ་མཐར་འདོན་པར་བྱ། དེའང་དང་པོ་འཇུག་པའི་དུས་སུ་སྐྱབས་འགྲོ་བྱ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལྷའི་ང་རྒྱལ་དང་ལྡན་པར་བྱས་ལ། གཏོར་མ་གསུམ་བཤམས་ཏེ། དང་པོ་བླ་མ་དཀོན་མཆོག་ལ་ཕུལ་ལ་གསོལ་བ་གདབ། བར་པ་ཆོས་སྐྱོང་ལ་ཕུལ་ལ་བར་ཆད་མ་གཏོང་ཞིག་པར་ཕྲིན་ལས་བཅོལ། ཐ་མ་གཞི་བདག་ལ་ཕུལ་ལ་གནས་པོ་ཞུ། དེ་ནས་རང་དང་གནས་དང་གནས་བདག་གསུམ་ག་མི་དམིགས་པའི་ངང་ལ་བཞག་གོ །དེ་ནས་མཚམས་བཅད་དེ། སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩིག །བར་ཆད་མི་འབྱུང་བའི་རྟེན་འབྲེལ་ཡིན། མལ་འོག་ཏུ་ས་དཀར་པོའི་གཡུང་དྲུང་རིས་བྱ། སྡོད་ཚུགས་པའི་རྟེན་འབྲེལ་ཡིན། ཞེས་གསུངས་པ་ལྟར་ཐུན་ལ་འཇུག་ཀ་མར་གཏོར་འབུལ་རྣམས་འགྲུབ་ན་ལེགས། སྤྱི་འགྲོའི་གཞི་བདག་དང་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་ཚུལ་བཞིན་བྱ། ཐོ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་པ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོ་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤཔྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་འབར༔ ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབ། ཐོ་བསང་སྦྱང་། སྟོང་པའི་ངང་ལས་ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ་རྣམས་སུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཨོཾ་དྷྲྀ་ཥྚ། རཥྚཱ་ཡ་སྭཱ་ཧཱ། ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བཻ་རུ་བཱཀྵཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་གཏོར་མ་དབུལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱོགས་བཞིའི་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་དང་སྔར་གྱི་སྔགས་མཐར། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། སྒྲུབ་ཁང་གི་ཕྱོགས་སོ་སོར་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་ཏེ་བསྲུང་བར་བསམ། དེ་ནས་སྲུང་འཁོར་བརྟན་པོར་བསྒོམ་ལ། བྱ་བྱེད་ལས་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་དུ་འགྱུར་ཏེ་སྲུང་བ་རྣམས་ཀྱི་ནང་ནས་མཆོག་གོ །འདི་ནི་མཚམས་འགྲོལ་རྒྱུའི་ནུབ་ཐ་མའི་ཆོ་ག་མ་གཏོགས་མི་བསྡུ་ཞིང་། ཐུན་མགོ་ཐམས་ཅད་དུའང་གསལ་འདེབས་རེ་བྱ་སྟེ། བར་ཆད་མི་འཇུག་པའི་དགོས་པ་ཡོད་དོ། །འདི་སྐབས་མི་འཕྲད་ཀ་མེད་ཀྱི་མི་དང་མཐུན་རྐྱེན་ཟས་གོས་སྨན་པས་མཚོན། རྒྱུ་འགྲུལ་གཞན་ནས་འོང་དགོས་པ་ཐམས་ཅད་དམིགས་རྡེལ་བཞག་ལ་སྲུང་འཁོར་དུ་བཅུག །མཚམས་གཡོག་སྨན་པ་སོགས་ཀྱང་འདིས་མ་བྱུང་ན་འདི་ནས་འབོད་སྙམ་པ་བྱ། དམིགས་འོག་འཇུག་རྒྱུ་ཧ་ཅང་རྒྱ་ཆེས་པ་མི་ལེགས་ཀྱང་གལ་ཆེ་དམིགས་བསལ་བྱུང་ན། འདི་ལྟར་བྱེད་སྙམ་པའི་དོགས་ཟོན་གྱིས་རྒྱ་ཆེ་ཙམ་བཅུག་ན་སླར་མཚམས་མི་རལ་བའི་དགོས་པ་ཡོད་ཅིང་། དམིགས་བསལ་ཁྱད་པར་ཅན་མ་བྱུང་ཕྱིན། དངོས་སུ་གཏོང་ལེན་བྱེད་དུས་རྒྱ་ཆུང་བ་རང་མཚམས་དམ་ཞིང་ལེགས། དེ་ཡང་ལོ་མཚམས་ཙམ་བྱེད་རྒྱུ་ཡིན་ནའང་རེ་ཞིག་བདུན་གསུམ་ཙམ་བྱ་སྙམ་པའི་འཕེན་པ་གཏོང་ཞིང་མི་གཞན་ལ་ཡང་དེ་ལྟར་འཆད། རིམ་གྱིས་སྤར་ནས་ཡུན་བསྲིང་ན་བར་ཆད་ཆུང་བས་འགྲུབ་ན་ཡུན་རིམ་པར་བསྲིང་ཞིང་དང་པོའི་དམ་བཅའ་ཐུང་སེ་བ་བྱ། དམ་གཙང་རེ་གཉིས་མ་གཏོགས་པ་སུ་ལའང་ལྷ་འདིའི་མཚམས་བྱེད་རྒྱུ་ཡིན་པའི་འཕྲོས་པ་མི་བྱེད་པ་གལ་ཆེ། ཡང་ལམ་རིམ་སྔར་གྱི་འཕྲོས་ལས། དེ་ནས་སྡུག་བསྲན་དང་། སྙིང་རུས་དང་། གོ་ཆ་དང་འདུན་པ་བསྐྱེད་ལ་མཚམས་དམ་པོར་བཅད་པས་བར་ཆད་མི་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན་ནོ། །ཉིན་མོ་སྣང་བ་བཟོ་མེད་ལྷུག་པར་བཞག །སྲོད་ལ་རིག་པ་གཟེངས་བསྟོད། མ་བྱིང་མ་རྨུགས་པར་སིང་ངེ་ཡེ་རེ་བཞག་གོ །ནམ་གུང་གཉིད་དང་ཆོས་ཉིད་བསྲེས་ལ་རྟོག་མེད་དུ་ཉལ། ཐོ་རངས་དྲན་པ་གསལ་བཏབ་ལ་ལྷའི་ང་རྒྱལ་གྱིས་ལྡང་། ལུས་ལྷར་སྐུར་བསྒོམ། ངག་སྔགས་བགྲང་། སེམས་སྤྲོས་བྲལ་ལ་བཞག །དམ་བཅའ་ཡུན་ཐུང་ལ་གྲངས་མང་བར་བསླབ་བོ། །ཞེས་དང་། སྒྲུབ་པ་མ་ཐོན་བར་དུ་གཞན་དོན་མི་བྱ། ཆོས་མི་བཤད། གནས་མི་སྤོ། སྟན་མི་སྤྲུགས། གདོང་དང་ལག་པ་མི་བཀྲུ། སྐྲ་དང་ཁ་སྤུ་མི་བྲེག །རྟགས་ཐོན་པ་དང་དངོས་གྲུབ་བླང་། བཤག་པ་བྱ། གཏང་རག་གཏང་། དགེ་བའི་རྩ་བ་བསྔོ་བ་བྱའོ། །ཞེས་གསུངས་ཤིང་། བླ་མ་དགོངས་འདུས་ཞལ་གདམས་དམར་ཁྲིད་ལས། སྒྲུབ་པ་མ་ཐོན་གྱི་བར་དུ་གཞན་གྱི་གོས་མི་གྱོན༔ གྲིབ་འཇུག༔ སྒྲུབ་པ་གཡེལ་ལ་འཆོར་བ་ཡིན༔ ཟས་བཟའ་ཐལ་ན་ཉོན་མོངས་པའི་དབང་དུ་འགྲོ༔ ངན་ན་ལུས་སྟོབས་ཉམས་ནས་དཀའ་ཐུབ་མི་ཐུབ་པས་བཟང་ངན་སྙོམས་ཤིང་ཚོད་ཟིན་པ་བྱ༔ དམ་ཉམས༔ ཡུགས་ས༔ དམེ་བོ༔ རྐུན་མ༔ སྡོམ་ཤོར་ལ་སོགས་པའི་ཉམས་གྲིབ་ཅན་དང༔ གདོན་ཆེན་གྱི་ལག་ནས་བྱུང་བའི་ཟས་མི་ཟ༔ དེ་ཟོས་ན་སྒྲུབ་པ་ཁ་འགྱང༔ མཐར་མི་ཕྱིན་པ་དང་བར་ཆད་འབྱུང་བ་ཡིན༔ མལ་གྱི་སྟན་མི་སྤོ༔ སྒྲུབ་པ་དང༔ དམ་བཅའི་ཚད་མ་ཐེམས་བར་སྟན་སྤོས་སམ༔ མལ་སྤོས་ན་དྲོད་རྟགས་གཡེལ་བ་དང༔ གློ་བུར་ཡེ་འདྲོག་འབྱུང༔ གཞན་གྱིས་སྲུང་སྐྱོབ་བྱས་ན་ནུས་པ་ཉམས་པས་གཞན་གྱིས་སྲུང་སྐྱོབ་དང་འདྲེ་བརྡུང་མི་བྱ༔ གོས་དྲེག་པ་ཅན་དང་ལུས་མི་བཀྲུ༔ དངོས་གྲུབ་ཡལ་ནས་འགྲོ་བ་ཡིན༔ སྐྲ་སེན་དང་ཁ་སྤུ་བྲེགས་ན་སྔགས་ཀྱི་ནུས་པ་ཉམས་པ་ཡིན་པས་མི་བྲེག༔ མཚམས་ཁང་ནས་ཆོས་མི་འཆད༔ སྒྲུབ་རྟགས་མི་ཐོན་པ་ཡིན༔ དམ་བཅའི་ཁས་ལེན་ཡུན་རིང་པོ་བྱེད་ཅེས་དུས་གཅིག་ལ་མི་བྱ༔ བདུད་འཇུག་པ་ཡིན་པས་བསྲིང་ཞིང་བྱ༔ གཞན་དང་ངག་འདྲེས་ན་སྔགས་གྲངས་སུ་མི་འདོད་པས་སྨྲ་བ་བཅད༔ གསང་སྔགས་དང༔ རྡོ་རྗེ་ཁྲོ་བོའི་བཟླས་པ་རྣམས་གསུང་མཐོན་པོར་བཀླགས་ན་ནུས་པ་ཉམས་ཤིང་མི་མ་ཡིན་ཕྲ་མོ་སྐྲག་ནས་དངངས་ཤིང་བརྒྱལ་བར་འགྱུར་བས་ཤབ་ཤུབ་ཏུ་དག་པར་བཟླ༔ གན་རྐྱལ་དུ་ཉལ་ནས་ཕྲེང་བ་བྲང་གི་སྟེང་དུ་འདྲེན་ཞིང་བཟླས་པ་བྱས་ན༔ རང་གིས་རང་མནན་པ་ཡིན༔ ལར་ཡང་ལུས་དྲང་པོར་གནས་ན་རྩ་དྲང་པོར་གནས༔ དེས་རླུང་དྲང་པོར་རྒྱུ༔ རླུང་རིག་གཉིས་ཟུང་འབྲེལ་ཡིན་པས་རླུང་དྲང་པོར་རྒྱུ་ན་རིག་པ་གང་ལ་གཏད་པའི་དམིགས་པ་དང་ཏིང་འཛིན་ལས་སུ་རུང་བའི་དགོས་པ་ཡོད་པས༔ ལུས་གནད་བསམ་གཏན་གྱི་ཆོས་བདུན་ལ་སོགས་པས་ཤིན་ཏུ་གཟབ་པ་གལ་ཆེ༔ ཕུ་མི་བཏབ༔ མཆིལ་སྣབས་བསད་ཟློག་གི་དུས་མ་གཏོགས་ཕྱིར་མི་འདོར༔ སྔགས་ལ་སེལ་འཇུག༔ ངག་གནོན་དུ་འགྱུར་བས་མཆིལ་སྣབས་འགྲིམ་ལམ་སར་མི་འདོར༔ ཉིན་པར་གཉིད་མི་ཉལ༔ འདི་ལ་སྐྱོན་གྱི་རྣམ་གྲངས་ཤིན་ཏུ་མང་བས་ཅི་ནས་ཀྱང་རྣམ་པ་ཐམས་ཅད་དུ་སྤང༔ སྒྲུབ་པ་མ་ཐོན་གྱི་བར་དུ་བྱ་བྱེད་རྣམ་གཡེང་ལུས་ངག་ཡིད་གསུམ་རབ་ཏུ་འཁྲུག་ཅིང་གཟེང་པའི་ལས་མི་བྱ་བར་གང་ཡིན་པའི་སྒྲུབ་པ་དེ་ཉིད་ལ་འབད་དེ་མཐར་དབྱུང༔ འགྲུབ་རྟགས་བཟང་ངན་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་དགའ་བ་དང་མི་དགའ་བའི་བླང་དོར་གྱི་བརྟག་དཔྱད་གང་ཡང་མི་བྱེད་པར་རྣལ་འབྱོར་པའི་བློ་རང་མལ་དུ་ཕབ་ལ་སྒྲུབ་པ་ནར་གྱིས་བསྲིང༔ དཀའ་ཐུབ་དང་སྒྲུབ་པ་ཐོན་ནས་གཏང་རག་གི་མཆོད་པ་ཡང་རིམ་པར་བཏང༔ མཚམས་གློད་ནས་ཀྱང་ཞག་འགའི་བར་དུ་མཚམས་རྗེས་བསྲུང་ཞིང་གྲོང་ཡུལ་ལ་སོགས་སུ་མི་འཁྱམས༔ རང་གི་མལ་དུ་ཞག་གསུམ་གྱི་བར་དུ་མི་གཞན་མི་ཉལ༔ སྒྲུབ་རྫས་དམ་ཚིག་མི་གཅིག་པའི་མིས་མ་མཐོང་བ་བྱ༔ སྒྲུབ་རྫས་གཞན་ལ་མི་བསྟན༔ དངོས་གྲུབ་ཀྱི་རྫས་མི་ལ་མི་སྦྱིན༔ རང་གིས་ལོངས་སྤྱོད༔ སྒྲུབ་པའི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་ཅི་བྱུང་ཡང་མཚམས་ཧུར་འདོན་མི་བྱ༔ བར་གཅོད་ཀྱི་བདུད་ཡིན་པས་ངོས་བཟུང་ལ་རྐྱེན་ཁར་མི་བཏང༔ ལར་བསྙེན་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས་སྤྱོད་ལམ་གང་བྱུང་བྱུང་མི་བྱ༔ ཟས་ཀྱང་ཅི་རྙེད་རྙེད་མི་ཟ༔ གོས་དྲེག་པ་ཅན་དང་བེམ་པོ་སོགས་གྲིབ་ཅན་མི་གོན༔ གང་བྱུང་བྱུང་དུ་མི་ཉལ༔ ཟག་པ་མིས་མཐོང་བ་དང་འགྲིམ་ལམ་དུ་མི་འདོར༔ བརྟུལ་ཞུགས་ཀྱི་སྤྱོད་པ་དུས་མ་ཡིན་པར་མི་བྱ་བ་སོགས་སྟེ༔ རྣམ་པ་ཐམས་ཅད་དུ་སྤྱོད་ལམ་ཤིན་ཏུ་གཟབ་པ་གལ་ཆེ༔ སྤྱིར་བདེ་བར་འདོད་ན༔ དང་པོར་དཀའ་ཐུབ་ལ་སོགས་པ་བརྟུལ་ཞུགས་ཀྱིས་ཐོག་དྲངས་ནས་ཉིན་ནུབ་ཀྱི་ཆ་བགོས་ཏེ༔ ཉམས་ལེན་སྲང་ལ་གཅུར་ན་བདེ་ཡུན་རིང་བར་ཡོང་བ་ཡིན་པས་སེམས་ལ་ཞོག༔ ཅེས་དང་། ཡང་དེ་ཉིད་ལས། གདམས་པ་མ་ཉམས་པ་དེ་རྒྱུད་ལ་ཉམས་སུ་ལེན་ཙ་ན་རྒྱུན་དུ་ངག་གི་མཚམས་སྨྲ་བ་བཅད་པ་གལ་ཆེ༔ གཡེང་བ་རྣམས་ཀྱི་ནང་ནས་ཆེ་བ་སྨྲ་བ་མང་བ་ཡིན་པས༔ ལོང་གཏམ་དབ་དིབ་དགེ་སྦྱོར་གྱི་སད་ཡིན༔ སྨྲ་བཅད་བྱས་ན་མཚམས་ཀྱི་ནང་ནས་མཆོག་དམ་པ་སྟེ༔ ལུས་ཚོང་འདུས་ན་འདུག་ཀྱང་མི་ལྟོའོ༔ དཀའ་ཐུབ་ཇི་ཙམ་བྱེད་པ་སྨྲ་བཅད་ནུས་ན་ཤིན་ཏུ་ལེགས༔ དེ་ཙམ་མ་འགྲུབ་ཀྱང་དགེ་སྦྱོར་གང་དང་གང་གི་ཐུན་མཚམས་ཀྱི་བར་དུ་སྨྲ་བཅད་ཅི་ནུས་ཀྱང་བྱེད་དགོས༔ གང་བྱེད་པའི་དགེ་སྦྱོར་སྨྲ་བ་བཅད་དེ་གཞན་ཚིག་གིས་བར་མ་ཆོད་པར་བྱས་ན༔ ངག་ལ་ནུས་པ་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན༔ ལར་ཆོས་སྤྱོད་ཀྱི་བྱ་བ་མ་ཡིན་པའི་སྨྲ་བ་མང་བ་ལ་དགོས་པ་མེད་ཅིང༔ སྨྲ་བ་བཅད་ནས་བཟླས་བརྗོད་ལ་སོགས་པ་ངག་གི་སྒོ་ནས་བྱང་ཆུབ་སྒྲུབ་པའི་བྱ་བ་མ་བྱས་ན༔ ལྐུགས་པ་དང་འདྲ་བས་སེམས་ལ་ཞོག༔ ཅེས་གསུངས་པ་དང༔ རཏ་གླིང་རྟ་མགྲིན་གསང་འདུས་ཞལ་གདམས་སྲོག་ཁྱིམ་ལས། རྟེན་འབྲེལ་གནད་ཀྱི་སྤང་བྱ་འདི་ལྟ་སྟེ༔ མལ་སྟན་ནམ་མཁར་སྤྲུགས་དང་འཛིན་གཏོར་ཁྱི་ལ་ཤོར༔ རྭའམ་རུས་པའི་འཕྲེང་འདྲེན་གང་བྱེད་ཀྱང༔ མི་འགྲུབ་ཞུད་པས་སྤང་བ་གནད་ཅིག་ཡིན༔ མདུན་སྐྱེད་རང་ལས་མཐོ་དང་རྫས་མ་ཚང༔ གོང་གནོན་མེད་པས་འགྲུབ་དཀའ་མཁས་པས་སྤང༔ འདི་དག་གཅེས་པས་སྐལ་ལྡན་སྙིང་ལ་ཆོངས༔ གཞན་ཡང་མན་ངག་གནད་བསྡུས་བསྟན་པར་བྱ༔ སེར་བ་མུན་ཁུང་སྒྲུབ་ཅིང་ཁ་ཟས་མངར༔ བཟའ་བཏུང་རླངས་པ་ཅན་ཟོས་གདན་དྲོད་ཡལ༔ ཁྱི་དང་བུད་མེད་འགྲོགས་ན་ཞུད་ནས་འགྲོ༔ ལྟས་ངན་བསྒྲུབ་པར་སྐུ་གསུང་ཐུགས་རྟེན་སྤང༔ མོ་དང་པྲ་སྒྲུབ་ས་རུ་མི་ཤ་རྟ་ཁྲག་སྤང༔ ནོར་སྒྲུབ་བྱེད་དུས་གཏོར་གཞོང་སྣོད་མི་བཤལ༔ ནང་ཁྲོལ་ཤ་རྣམས་གཏོར་མར་བྲན་མི་བྱ༔ མཐུ་ཕྲན་སྒྲུབ་སར་དབང་བསྐུར་ཚེ་སྒྲུབ་སྤང༔ ལྟས་ངན་སྒྲུབ་སར་ངེས་དོན་སྟོང་ཉིད་སྒོམ༔ ཐམས་ཅད་སྒྱུ་མར་ལྟ་བ་སྤང་བར་བྱ༔ ཚེ་གཟུངས་མི་འདོན་སྟན་ཡང་སྤྲུག་མི་བྱ༔ རྭ་དང་རུས་པའི་ཕྲེང་བར་བྱིན་རླབས་ནུས་མི་འབྱུང༔ མདུན་སྐྱེད་རང་ལས་མཐོ་ན་འཁུ་ལྡོག་འབྱུང༔ མནན་པ་བྱེད་ན་མཚོ་དང་སྤང་ཆུ་མིག༔ དེ་རུ་མི་རྐོ་རྒྱབ་ཏུའང་བཞག་པ་མིན༔ ཞེས་སོགས་འབྱུང་བ་རྣམས་ཀྱི་བླང་དོར་གྱི་གནད་དང་ལྡན་པ་དང་། གཞན་ཡང་རྟག་ཏུ་ཐིག་ལེ་མ་ཉམས་པ་གལ་ཆེ་སྟེ་ཉམས་ན་མཁའ་འགྲོ་རྣམས་མི་དགྱེས་ཤིང་ཏིང་ངེ་འཛིན་མི་གསལ། ནུས་པ་ཆུང་བ་སོགས་ཉེས་པ་མང་དུ་བསྐྱེད་པས་ངེས་པར་འཛེམ། ནཱ་རོ་པས། ཁ་མ་བཤལ་བར་སྔགས་ཟློས་སྤང་། གསུངས་པ་བཞིན་གཟུངས་ཆུས་ཁ་ངེས་པར་བཤལ་དགོས། སྒྲུབ་ཁང་དུ་ཁྱི། ཞིམ་བུ། ཡུགས་ས་སོགས་བུད་མེད་གྲིབ་ཅན། མཛེ་བོ། དམེ་ཅན། སྡིག་ཅན་དམ་ཉམས་ཀྱི་རིགས་མི་གཏོང་ཞིང་། ཐོག་སྟེང་དུ་ཡང་འགྲིམ་དུ་མི་འཇུག །མན་ངག་དང་མི་ལྡན་པར་སྒོག་ཙོང་། ལ་ཕུག །ལན་ཚྭ་ཧ་ཅང་ཆེས་པ། མཚོན་རྩེ་ཁ་ནང་དུ་འཇུག་པ། མེ་ལ་ཕུ་འདེབས་པ་སོགས་སྔགས་ཀྱི་ནུས་པ་ཉམས་བྱེད་སྤྱི་དང་། ཁྱད་པར་ལྕེ་ཤ་ངེས་པར་སྤང་། རང་གི་མལ་སར་མི་མི་གཏོང་བ་དང་། སྟན་དྲོན་མོའི་ཁར་གཞན་སྡོད་དུ་མི་འཇུག །གོས་དྲོད་མ་ཡལ་བ་གཞན་ལ་མི་བསྐོན། གཞུ་མི་ཕབ། མདའ་མི་བཅག །མཚོན་ཆའི་རིགས་ལ་འགོམ་པ་དང་། གཅོག་པ་སོགས་བགྱིས་ན་ལྷ་སྲུང་མི་དགྱེས་པས་འཛེམ་དགོས་པ་ཆོས་སྲུང་གི་དམ་ཚིག་གཞན་ནས་ཀྱང་གསུངས། འགྲུབ་ན་གོས་དྲེག་པ་ཅན་དང་བེམ་དུག་ལྕི་པོ་སོགས་གྲིབ་ཅན་གྱི་རིགས་མི་གྱོན་ཞིང་སྣོད་གས་ཆག་བརྡོལ་བ་དྲི་མ་ཅན་སོགས་སུ་ལོངས་མི་སྤྱད། རྟགས་མཚན་ཅི་བྱུང་ཡང་གཞན་ལ་མི་བཤད། དམ་སེལ་དང་གདོན་ཅན་གྱི་རིགས་ལ་སྲུང་འཁོར་དང་འདྲེ་བརྡུང་སྔགས་ཆུ་དང་སྲུང་སྐུད་སྟེར་བ་སོགས་གཏན་ནས་མི་བྱེད། དམིགས་འོག་ཏུ་མ་ཆུད་པའི་མི་ཕར་མ་མཐོང་བ་དང་། དེས་ཀྱང་རང་མ་མཐོང་བར་བྱ། རྒྱུད་ལས་འབྱུང་བའི་སྒྲུབ་པ་ལྷག་པའི་དམ་ཚིག་ཉི་ཤུ་པོ་རྣམས་ཀྱང་ལེགས་པར་བསྲུང་། བསྙེན་བཟླས་ཀྱི་སྐབས་སུ་ཡེངས་འཁྲུལ་སོང་ནས་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཤིང་གསོལ་བ་བཏབ་ནས་བཟླས་པ་སྔ་མར་འཇུག །བགེགས་བསྲུང་བ་དང་། ནད་ཞི་བ་དང་། ལྷོད་པ་དང་། བག་མེད་པ་དང་། ལུས་སེམས་སྐྱོ་བ་དང་། མ་བསྡམས་པ་དང་། མི་གཙང་བ་དང་། རྨི་ལམ་ངན་པ་སོགས་འཕྲལ་རྐྱེན་ཞི་བའི་ཆེད་དང་། ལུས་ངག་ཡིད་ཀྱི་མཚམས་མ་བསྡམས་པར་སྔགས་བཟླས་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་། བསྙེན་པ་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་བརྩི་བར་ལེགས་གྲུབ་ལས་གསུངས། ཡང་བཟླས་པའི་ཕྱེད་གཅིག་ཏུ་བྱས། ཕྱེད་གཞན་དུ་སྤོས་ནས་བཟླས་པ་དང་། བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བསྙེན་པའི་གོ་མི་ཆོད་དོ། །དུས་ལས་འདས་ཞེས་པ་ནི་བསྙེན་སྒྲུབ་ཀྱི་ཐོག་མ་ནས། ཐུན་དྲུག་གམ་ལྔའམ་བཞི་སོགས་གང་བཅད་པ་དེ་ཉིད་བསྙེན་སྒྲུབ་མ་ཐོན་བར་སྒྲིག་ལ་འདེབས་དགོས་ཀྱི་རང་གི་དལ་ཁོམ་དང་བསྟུན་ནས་ཐུན་གྲངས་གང་རུང་བྱས་པས་མི་འཐུས་པར་གསུངས་སོ། །ཡང་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་ལས། རྒྱུན་དུ་རང་ཉིད་ཡི་དམ་ལྷ་དེའི་སྐུ་གསུང་ཐུགས་དངོས་ཡིན་སྙམ་པའི་ང་རྒྱལ་མ་བྲལ་བའི་ངང་། བཟླས་པ་འཕྲེང་སྐོར་རེ་སོང་མཚམས་སུ་སེམས་ཅན་རྣམས་ལ་བཅོས་མིན་གྱི་སྙིང་རྗེའི་ཤུགས་དྲག་པོ་རེ་དང་། བླ་མ་ལ་མོས་གུས་གདུང་བས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་། ཡི་དམ་ལ་ལྷ་མཆོག་ཐུགས་རྗེའི་བདག་ཉིད་ཁྱེད་རང་མཁྱེན་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་བྱེད་པ་རྣམས་བྱིན་རླབས་མྱུར་དུ་འཇུག་པའི་སྒོ་དམ་པ་ཡིན་པར་གསུངས་པ་དང་ལྷག་པར་རྐྱེན་ངན་ལྷོངས་པ་དང་། རེ་དོགས་འཁུ་འཕྲིག་གི་བསམ་པ་ཤར་དུས། ན་ནའང་ན་གོ་ཆོད་ཤི་ནའང་ཤི་གོ་ཆོད། ད་རེས་སྒྲུབ་པ་འདི་མ་ཐོན་གྱི་བར་དུ་རྐྱེན་ངན་བར་ཆད་ཀྱི་དབང་དུ་གཏོང་རེ་ཤིའོ་སྙམ་དུ་ཞེ་དམ་དྲག་པོ་ཡང་ཆགས་མེད་དུ་བྱ་དགོས་པར་གསུངས་ཤིང་། དྲེགས་འདུལ་བསྙེན་ཡིག་ལས། ཐུན་བཞི་མ་ཧ་ཅང་ཐུན་ཁྲིགས་མང་བས་བཟླས་པ་ལ་འགོར་ན་ཐུན་གསུམ་མམ་གཉིས་སུ་དྲིལ་བའི་ཕྱག་ལེན་ཀྱང་ཡོད། དེའི་ཚེ་ཐོར་ཐུན་དང་སྔ་ཐུན་གཅིག་ཏུ་བྱ་ཞིང་། དགོངས་ཐུན་དང་སྲོད་ཐུན་གཅིག་ཏུ་བྱས་པས་བཟླས་པ་མང་དུ་འགྲོ་བའི་དགོས་པ་ཡོད། ཐུན་ཇི་ལྟར་ཐུང་ཡང་བཟླས་པ་འབྲུ་བཅོ་ལྔ་ཚུན་ཅན་སྟོང་ཕྲག་མ་སོང་བས་མི་རུང་། ཐུན་མཚམས་ཇི་ལྟར་རིང་ཡང་ཐུན་གྱི་བཞི་ཆ་ལས་རིང་བ་མི་རུང་བ་ཡང་སྤྱི་ཙམ་དུ་ཤེས་པར་བྱའོ། །ཞེས་འབྱུང་། ཡང་རྒྱལ་སྲས་རིན་རྣམ་ཞལ་ནས། སྤྱིར་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བ་ནི། ཤེས་པ་བྱིང་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་ཅིང་བློ་དཔང་བསྟོད་དེ་སྔགས་སྒྲ་དང་བཅས་པས་བཟླ། ཤེས་པ་ཐམས་ཅད་རྒོད་ནས་དམིགས་པ་མི་གསལ་ན་ཏིང་ངེ་འཛིན་སེམས་དཔའ་ཁོ་ན་ལ་སེམས་བཟུང་སྟེ་ཤུབ་བུར་བཟླ། འཇིག་རྟེན་གྱི་རྣམ་རྟོག་ལ་གཡེངས་ནས་སུན་ཉམས་བྱུང་ན་བླ་མ་གོང་མ་རྣམས་ཀྱིས་བཟོད་སྲན་དཀའ་སྤྱད་ཀྱི་ཚུལ་ལ་གཞིགས་ཏེ་ཧུར་བསྐྱེད། རྩ་ཁམས་དྭངས་པ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན། མྱུར་དུ་འགྲོ་བར་འདུག་སྙམ་པའི་བྲོད་ཁ་མི་བྱ། དེ་ལས་ལྡོག་ནས་གུ་དོག་ཉམས་བྱུང་ན་སྙིང་རུས་ཆེར་བསྐྱེད་ནས་ངལ་བ་མི་བྱ། སྐབས་རེར་ཤེས་པ་ཉོག་ཅིང་ལྕེ་མི་བདེ་ན་ཇ་དཀར་གྱི་བཏུང་བ་སོགས་བརྟེན། གཡེངས་ཞིང་འཕྱོ་ན་རུས་ཐང་དང་བུ་རམ་མུར་བས་ཕན། ཐུན་སྒང་དུ་ཁའི་ཕྱེད་ལག་གིས་བཀག་པའི་གཏམ་བྱ་བ་སྐད་དང་། གཞན་ལ་བྱིན་བརླབ་དང་སྲུང་མདུད་སྟེར་བ་སོགས་མི་བྱ། ཐུན་མཚམས་མ་གཏོགས་བཟའ་བཏུང་དང་འགྲོ་འཆག་མང་པོ་མི་བྱེད། ནང་གི་ཡོ་བྱད་ཀྱི་རིགས་ཀྱང་ཕྱིར་མི་གཏོང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ། མཚམས་ཁང་དུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་མོད། འཇུག་པ་ཡང་སང་ཙམ་ཡོང་རྒྱུའི་དེ་རིང་ལྟ་བུར་ཤེས་པ་གཡེང་ཞིང་ཉོག་པ་སེམས་མི་བདེ་བ་དང་གཉིད་ཡར་བ་སོགས་བྱུང་ནས་སང་ཉིན་མི་དང་ཡོ་བྱད་སོ་མ་བྱུང་ན། དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་ཞག་མ་འདས་པར་ལོངས་མི་སྤྱད། སྤྱིར་ཡང་མཚམས་ཀྱི་མགོ་ལ་ལྷོད་པ། བར་དུ་དམ་པ། རྗེས་སུ་ལྷོད་པར་བྱེད། གང་གི་ཚེ་ཡང་དུས་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུ་གཉེར་ལྟར་སྐྱེས་ན་ཐོལ་སྐྱེས་དེ་ག་དྲན་པས་ཆེར་བཟུང་སྟེ་ཡེངས་མེད་ཀྱི་ངང་ནས་ལྷ་དང་སྔགས་ཀྱི་སྒྲ་ལ་སེམས་གཏད། བདེ་སྡུག་མཐོ་དམན་སྣ་ཚོགས་བྱུང་ན་འཛིན་ཆགས་མེད་པར་ལྷོད་ཀྱིས་གློད། མཚམས་ལ་ཐོག་མར་ཞུགས་ནས་མ་གྲོལ་གྱི་བར་སྐྲ་སེན་མི་འབྲེག །སྟན་མི་སྤྲུགས། ཁ་ལག་མི་བཀྲུ། ཁམས་གསེང་བ་སོགས་ཀྱི་དུས་འཕྲེང་བ་ལ་མདུད་པ་རྒྱབ་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་སྲུང་ཞིང་སྟན་གྱི་དྲོད་མ་ཡལ་བ་བྱེད། བསྙེན་པ་མ་གྲོལ་གྱི་བར་ལྷ་གང་ཡིན་གཞན་སུས་ཀྱང་མ་ཤེས་པར་བྱ་སྟེ། བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད། མཚམས་གྲོལ་ནས་ཀྱང་དམ་ཚིག་གཙང་བའི་མི་རེ་གཉིས་དང་འཕྲད། དེ་ནས་རིམ་བཞིན་ཡངས་པ་བྱས་ཏེ་གྲིབ་དང་བགས་ཀྱིས་འདྲིས་སུ་འཇུག་པ་གལ་ཆེའོ། །ཞེས་གསུངས་པ་དེ་རྣམས་ཀྱིས་མཚམས་ཀྱི་ལག་ལེན་སྤང་བླང་གི་གནད་ཡོངས་སུ་རྫོགས་པ་བསྟན་གྲུབ་པ་ཡིན་ནོ། །བསྙེན་པ་གྲུབ་ནས་ཁ་སྐོང་དུ་སཱཙྪ་གདབ། ཆུ་གཏོར་དང་ཚོགས་སྐོང་བརྒྱ་རྩ་སོགས་བྱེད་པར་བཤད་ཅིང་། ཁྱད་པར་མཚམས་ཁང་དེ་ཉིད་ཁ་སྐོང་བཟླས་པའི་བཅུ་ཆའི་སྦྱིན་སྲེག་ཀྱང་འགྲུབ་ན་ལེགས་ལ། མ་འགྲུབ་ཚེ་སླར་ལོང་སྐབས་དང་བསྟུན་ནས་བགྱིས་པས་ཆོག་གོ །ཐོ་དྲུང་དུ་ཕྱིན་ཏེ་རྒྱལ་ཆེན་ལ་མཆོད་གཏོར་ཕུལ། བསྟོད་པ་བགྱིས་རྗེས་སླར་གྱི་ཕྲིན་ལས་བཅོལ། གཤེགས་གསོལ་བགྱིས་ཏེ་ཐོ་འགྲོལ། མཚམས་གྲོལ་མ་ཐག་མིག་དགྲ་ཕྱོགས་སུ་བལྟས་ལ་ལྟ་སྟངས་བྱས་པས་དེ་མྱུར་དུ་ཐུལ་བའི་དགོས་པ་ཡོད། རྟེན་གསུམ་ལ་ཕྱག་དང་མཆོད་པ་སྤང་སྐོང་ཕྱག་བརྒྱ་པ་བཀླགས་ན་དོན་གཉིས་འགྲུབ་པའི་རྟེན་འབྲེལ། སཱཙྪ་ཆུ་སྦྱིན་བྱས་ན་གཞན་དོན་རྒྱ་ཆེན་འབྱུང་བའི་རྟེན་འབྲེལ། མིག་ཉི་ཟླའི་ཕྱོགས་སུ་བལྟ་བ་ཡང་བྱ་སྟེ། ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡོད་ཅེས་གསུངས་སོ། །ཡིག་ཆ་འདི་སྟེང་འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་བསྙེན་སྒྲུབ་སྤྱི་གཅེས་ཉིད་བསྡེབས་པར་བྱས་ན་སྤང་བླང་གི་གནད་མ་ལུས་པ་རྟོགས་པར་འགྱུར་བ་ཡིན་ནོ། །གྲལ་གཤོག་བསྙེན་སྒྲུབ་མིང་ཙམ་བྱེད་མང་ཡང་། །ཚུལ་བཞིན་ཤེས་ནས་ལག་ཏུ་ལེན་པ་དཀོན། །དེས་ན་སྔགས་སྤྱོད་གསར་བུ་མ་མཐོང་བའི། །གཡང་ལས་སྲུང་བའི་དམིགས་བུ་འདི་རྨད་དོ། །ཡན་ལག་བཞི་ལྡན་བསྙེན་སྒྲུབ་ཚུལ་བཞིན་དུ། །ཉམས་འོག་ཆུད་ནས་ལམ་གྱུར་རིག་འཛིན་བཞིའི། །གོ་འཕང་དཀའ་བ་མེད་པ་ཐོབ་པ་དང་། །ཁམས་གསུམ་དཀྱིལ་འཁོར་གསུམ་དུ་སྒྲོལ་གྱུར་ཅིག །ཅེས་རྩ་གསུམ་སྤྱིའི་བསྙེན་པའི་ཆ་རྐྱེན་དུ་ཉེ་བར་མཁོ་བར་མཐོང་ནས་རྒྱལ་དབང་པདྨའི་སྔགས་རིགས་འཆང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡིག་ཆུང་འདི་རྒྱུད་སྡེ་སོ་སོ་ནས་གསུངས་པ་བཞིན་འབྲི་གུང་པ་ཆོས་ཀྱི་གྲགས་པས་ཟུར་བཀོལ་དུ་བསྒྲིགས་པ། འབྲི་གུང་ཆོས་ཀྱི་གྲགས་པ།
༄༅། །བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡིག་ཆུང་འདི་རྒྱུད་སྡེ་སོ་སོ་ནས་གསུངས་པ་བཞིན་འབྲི་གུང་པ་ཆོས་ཀྱི་གྲགས་པས་ཟུར་བཀོལ་དུ་བསྒྲིགས་པ་བཞུགས་སོ། །བསྙེན་སྒྲུབ་སྤྱི་ལ་གཅེས་པའི་མན་ངག་ནི། དཔལ་ནཱ་རོ་པའི་ཞལ་ནས། བསྙེན་སྒྲུབ་བྱེད་དུས་དམ་ཚིག་ཉམས་པའི་མི་དང་ཁ་འཕྲོ་མི་བསྲེ། སྡིག་ཅན་གྱི་གོས་མི་གྱོན། ཁམས་མི་བདེ་བའི་དུས་ངལ་གསོ། མི་མོས་བཞིན་དུ་ཉལ་སྔགས་མི་བགྲང་། བཟའ་བ་ཟ་ཞིང་སྔགས་མི་བཟླ། བཟའ་བཏུང་དང་བཤང་གཅི་དོར་རྗེས་ཁ་མ་བཤལ་བར་སྔགས་མི་བཟླ། གསལ་ཞིང་སྒྲ་ཆེ་བ་སྤང་། ཞི་བའི་དུས་དྲག་སྔགས་མི་བགྲང་། དྲག་པོའི་དུས་ཞི་བ་སྤང་། རླུང་ཁ་དྲག་པོ་དང་ཆུ་ཆེན་གྱི་འགྲམ་དུ་དྲག་སྔགས་དྲག་ཏུ་མི་བཟླ། ངག་ནུས་མ་རྫོགས་པར་སྐྲངས་པ་དང་ནད་གདོན་ལ་སྔགས་དང་དམིགས་པ་མི་བྱ་སྟེ། བྱ་སྤྱོད་ལ་ཤ་ཆང་སྒོག་ཙོང་བུད་མེད་སྤང་། ནུས་པ་བསྐྱེད་ཕྱིར་སྨྲ་བཅད་གྲངས་དང་བཅས་པ་འདོན། ལོ་གཅིག་འབགས་བསྙེན་བྱས་པ་བས། །ཟླ་གཅིག་སྨྲ་བཅད་བྱས་པས་དགའོ་གསུངས། །ཕ་དམ་པའི་གསུང་གིས། ཡལ་བའི་གནད་ལྔ་ངོ་མ་ཤེས་ན་བསྙེན་སྒྲུབ་དོན་མེད་དུ་འགྲོ། གནད་ལྔ་ནི། ལྷ་སྒོམ་འཕྲོ་བཞག་པས་ལུས་ཀྱི་ལྷ་ཡལ། སྔགས་བཟླ་བའི་ཚེ་མདོ་འཛིན་རྩར་མ་སླེབ་པར་གཏམ་བྱས་པས་སྔགས་ཀྱི་ནུས་པ་ཡལ། བཟླས་པ་བྱེད་དུས་སྤྲོ་བསྡུའི་དམིགས་པ་མ་བྱས་པས་ཏིང་འཛིན་ཡལ། མཚམས་མ་གྲོལ་བར་ངོ་གྲང་དང་འཕྲད་པས་ལྷའི་མཚན་ལྟས་ཡལ། རྟེན་གཏོར་དང་དམ་རྫས་སོགས་མིས་མཐོང་བས་རྫས་ཡལ་ལོ། །གཞན་ཡང་བསྙེན་སྒྲུབ་ཀྱི་སྐབས་རང་གི་གོས་དྲོན་མོ་མི་ལ་མི་སྟེར། ཡི་དམ་སྒོམ་ཞིང་ཏིང་ངེ་འཛིན་གྱི་སྐབས་དགོད་པ་སོགས་ཡེངས་ཐབས་སྤང་། སྔགས་བཟླ་དུས་མེ་ལ་ཕུ་མི་བཏབ། སྔགས་ཚད་དུ་མ་འཁྱོལ་བར་ནད་པ་དང་སེར་བ་ལ་མི་སྔགས། ཉམས་པ་དང་ལྟོ་གོས་མི་བསྲེ། ཕྲེང་བ་བྱིན་རླབས་ཚར་ནས་མི་ལག་མི་བརྒྱུད། དམེ་ཅན་ལ་འཛེམ། ཡུགས་ས་མོའི་ལྟོ་གོས་སྤོང་།མཛེ་ཕོའི་ནོར་ལ་འཛེམ། དཀོན་མཆོག་གི་དཀོར་ལ་མི་འབག །ཡང་དུས་ཚོད་ལྔ་ནི། ཞི་བ་སོགས་སྔ་དྲོ། རྒྱས་པ་དྲོས་ཆེན། དབང་ཉིན་ཕྱེད། དྲག་པོ་སྲོད། བདག་གཞན་གྱི་བར་ཆད་སེལ་ཞིང་རྦོད་གཏོང་ཟློག་པ་དང་གསད་པའི་ལས་རྣམས་ནམ་ཕྱེད་ལ་བྱའོ་གསུངས་སོ། །སློབ་དཔོན་པདྨའི་གསུང་གིས་བོད་ཀྱི་སྔགས་པ་རྣམས་ལ་རྟགས་དང་ཡོན་ཏན་ཚུལ་བཞིན་དུ་མི་འབྱུང་བ་ནི་མཚམས་གསུམ་རལ་བའི་སྐྱོན་ཡིན། མཚམས་གསུམ་ནི། སྐུ་མཚམས་མ་གྲོལ་བར་བསྐང་བཤགས་བྱའོ། གཞན་དང་འཕྲད་པ། གསུང་མཚམས་མ་གྲོལ་བར་ངག་ཤོར་བ། ཡིག་བརྒྱ་དང་ཡི་གེ་གསུམ་བཟླའོ། །ཐུགས་མཚམས་མ་གྲོལ་བར་ཉོན་མོངས་སྟོང་ཉིད་བསྒོམ། དྲག་པོས་བར་ཆོད་པའོ། །དམ་ཚིག་གསུམ་ཉམས་ན་མི་འབྱུང་སྟེ། བསྐྱེད་པའི་སྐུ་མི་གསལ། ཡང་ཡང་གསལ་བཏབ་བོ། །བཟླས་པའི་སྔགས་མ་དག །གྲྭ་ཟུར་མ་ཉམས་པ་དང་ལྷག་ཆད་མེད་པར་བྱ། སྒོམ་པའི་ཏིང་ངེ་འཛིན་དམིགས་པ་རྩེ་གཅིག་ཏུ་བསྒྲིམ། གཡེལ་བའོ། །བསྲུང་བྱ་གསུམ་ཉམས་ན་མི་འབྱུང་སྟེ། ལུས་ཀྱི་བཅུད་བདུད་རྩི་དང་བཅུད་ལེན་ལ་བསྟེན། ཐིག་ལེ་ཉམས་པ། ངག་གི་བཅུད་མཆིལ་མ་དོར་བ་ཨཱ་ཉེར་གཅིག་གིས་བསྲུང་བར་བྱ། ཡིད་ཀྱི་བཅུད་ཏིང་འཛིན་བསྒོམ། རྣམ་རྟོག་རྒྱུན་མ་ཆད་པའོ། །ཡན་ལག་ལྔ་ནི། སྒྲུབ་པ་མ་ཐོན་པར་གནས་མི་སྤོ་སྤོས་ན་སྒྲུབ་པ་ཡུན་བསྲིང་། གདན་མི་སྤྲུག་སྤྲུགས་ན་ཏིང་འཛིན་ཡུན་བསྲིང་། མི་དང་ཁ་འཕྲོ་མི་བསྲེ། བསྲེས་ན་སྔགས་ཁྲི་ཚོ་གཅིག་དེ་འཕྲལ་དུ་འདྲེན། གཏོར་མ་དུས་ལས་མ་ཡོལ་བར་འབུལ། ཡོལ་ན་བསྐང་བཤགས་གཏོར་མ་མང་དུ་འབུལ། འཐབ་འཁོན་མི་བྱ། བྱས་ན་བསྐང་བཤགས་ཚོགས་བརྒྱ་བྱ། གཏོར་ཕུད་ཉམས་སུ་མི་བཅུག །ཉམས་ན་ཕུད་གཙང་མ་བྱ། སྒྲུབ་ཁང་དུ་ཁྱི་ཡུགས་ས་མཛེ་ཕོ་དམེ་ཅན་འོང་མི་བཅུག །སོང་ན་མེས་བདུག་ཁྲུས་བྱ། དེ་ཀུན་ཀྱི་ཟས་སྐོམ་ལ་འཛེམ་ཟོས་ན་གཟུངས་ཆུས་ཁ་བཀྲུ། སྨ་ར་དང་ཨག་ཚོམ་མི་བྲེག །བྲེག་ན་ཡིག་བརྒྱ་བཟླ། རང་གི་ཉལ་མལ་དུ་གཞན་མི་གཏོང་སོང་ན་བསང་དང་ཁྲུས་བྱ། འཕྲེང་རྟེན་མི་ལག་མི་འགྲིམ་འགྲིམས་ན་རུ་རྟ་དང་སྤོས་དཀར་གྱི་ཆུས་བཀྲུ། གཞུ་མི་ཕབ་བདུད་ལ་བཞག །མདའ་མི་བཅག །མཚོན་རྩེ་ཁར་མི་བཅུག །སྤྱིར་སྔགས་བཟླ་བའི་ཚེ། སྐྱོན་བཅུ་སྤངས་དགོས་ཏེ། བཅུ་ནི་སྒྲ་སྐྱོན་ལྔ་ལ་ཆེ་བ་འབྱུང་པོ་དང་སྣོད་མིན་ལ་གོ་བར་མི་བྱེད་ཅིང་ཉམས་ཡལ་གསང་སྒྲོག་འབྱུང་། ཆུང་བ་ཟུར་མི་ཐོན་བྱིན་རླབས་དང་ནུས་པ་ཆུང་། མགྱོག་པ་ལྕེ་དུབ་པས་ཆད་པ་དང་མ་དག་པའི་སྐྱོན་མང་ངོ་། །བུལ་བ་གྲངས་མི་ཐེམས། མེ་མི་ཕུ་པ་སྔགས་ཀྱི་ནུས་པ་གཡེལ་ཞིང་ཉམས་པའོ། །དང་ལྔའོ། །བར་ཆད་ལྔ་ནི། གློ་ལུ་བ། གཏམ་སྨྲ་བ། སྦྲིད་པ། གླལ་བ། གཉིད་ལ་ཤོར་བ། ཡེངས་པ་དང་ལྔའོ། །འདི་ལྔ་ནི་ཏིང་ངེ་འཛིན་གྱི་སྲོག་ཉམས་པའི་སྐྱོན་ཡིན་ནོ། །དེའང་རྔམ་གློག་ལས། སྒྲ་ཆེ་ན་སྐྱོན་ནི་འབྱུང་པོ་དང་། །སྣོད་མེད་ཐོས་འགྱུར་བར་ཆད་འབྱུང་། །ཆུང་བ་སྔགས་ཀྱི་ནུས་པ་མེད། །བུལ་བ་བཟླས་པའི་གྲངས་མི་ཐེམས། །མྱུར་བཟླས་བར་ཆད་སྦྱོར་བ་འབྱུང་། །གློ་དང་སྦྲིད་པ་གཏམ་དང་ནི། །གཉིད་ལ་སོང་སོགས་བར་ཆད་ཀྱིས། །དེར་ནི་ཡི་དྭགས་བདུད་ལ་སོགས། །སྤྲོས་ནས་བར་ཆད་སྒྱུར་བར་བྱེད། །སེམས་ཡེངས་ནུས་པ་མི་འབྱུང་ངོ་། །ཞེས་གསུངས་སོ། །དེས་ན་བསྙེན་སྒྲུབ་ཀྱི་སྔགས་བཟླས་པའི་ཚེ། བཟླས་པའི་འཕྲོ་ལ་གཉིད་བྲོ་བ། གླལ་བ། སྦྲིད་པ། ལུད་པ། འོག་རླུང་། བཤང་བ། གཅི་བ་སོགས་བྱུང་ན་དེ་མ་ཐག་ཕྲེང་བ་བཞག་སྟེ་ཉེ་རེག་བྱ་ཞིང་ཁ་བཤལ་ནས། གོང་གི་དེ་འདྲ་བྱུང་སྐབས་ཀྱི་སྔགས་དེ་བཟླས་པའི་གྲངས་སུ་མི་གཞུག་གོ །དེ་བས་ན་བསྙེན་སྒྲུབ་སྤྱི་ལ་གཉིད་སོགས་བདུན་པོ་བྱུང་སྐབས་ཀྱི་སྔགས་དེ་བཟླས་པའི་གྲངས་སུ་མི་བརྩི་བ་ཡིན་ལགས། ཟླ་གསང་གཞི་བསྙེན་གྱི་དངོས་གྲུབ་སྒྲུབ་ཆེན་གྱི་སྐབས་སུ་ནི་གླལ་སོགས་ཡེ་ནས་མ་བྱུང་བ་ཞིག་དགོས་པ་ཡིན་ནོ། །གཞན་ཡང་བསྙེན་པའི་སྐབས་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཤིང་གསོལ་བ་བཏབ་ནས་བཟླས་པ་སྔ་མ་ལ་འཇུག །བགེགས་སྲུང་བ་དང་། ནད་ཞི་བ་དང་། ལྷོད་པ་དང་། བག་མེད་པ་དང་། ལུས་སེམས་སྐྱོ་བ་དང་། མ་བསྡམས་པ་དང་། མི་གཙང་བ་དང་། རྨི་ལམ་ངན་པ་སོགས་འཕྲལ་རྐྱེན་ཞི་བ་དང་། མཚམས་གསུམ་གོང་དུ་བཤད་པ་ལྟར་མ་བསྒོམས་པར་སྔགས་བཟླས་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་། བསྙེན་པ་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་བརྩི་བར་ལེགས་གྲུབ་ལས་གསུངས་སོ། །ཡང་བཟླས་པའི་ཕྱེད་གནས་གཅིག་ཏུ་བྱས། ཕྱེད་གཞན་དུ་སྤོས་ནས་བཟླས་པ་དང་། བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བཟླས་པའི་གོ་མི་ཆོད་དོ། །དུས་ལས་འདས་པ་ཞེས་པ་ནི། བསྙེན་སྒྲུབ་ཀྱི་ཐོག་མ་ནས་ཐུན་དྲུག་གམ། ལྔའམ། བཞི་སོགས་གང་གཅད་པ་དེ་ཉིད་བསྙེན་སྒྲུབ་མ་ཐོན་བར་སྒྲིག་ལ་འབེབས་དགོས་ཀྱི། རང་གི་དལ་ཁོམ་དང་བསྟུན་ནས་ཐུན་གྲངས་གང་རུང་བྱས་པས་མི་འཐུས་སོ། །གཞན་ཡང་སྲིད་པའི་གཏེར་ཁྱིམ་དང་། རྫོང་འཕྲང་དང་། རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་བསྙེན་སྒྲུབ་ཀྱི་གཞུང་ཆེན་རྣམས་དང་བསྟུན་ཞིང་། བསྙེན་པ་ཐེམས་ཀྱང་རྟགས་མེད་ན་སྔགས་སྡེབ་ཀྱི་གནད་ལ་དབབ་པ་སོགས་མཁས་པས་གནད་དང་ལྡན་པར་གལ་ཆེའོ། །གཞན་ཡང་བསྙེན་སྒྲུབ་ལ་མཁོ་བའི་བགྲང་ཕྲེང་ལའང་རབ་གནས་རྒྱས་པ་ནི་གཞན་ལྟར་བྱ་ལ། འདིར་ཐུན་འགོ་སོ་སོར་བྱ་བའི་བྱིན་རླབས་ནི། ལག་གཉིས་ཐལ་མོའི་བར་དུ་བགྲང་ཕྲེང་རྒྱུ་དང་ཕྲེང་ཐག་སོགས་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པ་ལྟ་བུ་བཟུང་སྟེ། རང་ལྷར་གསལ་བའི་ལག་པ་གཡས་པ་ཨ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་དམར་པོ་འཕྲོ་བ་ཨཱཿས་མཚན་པ། ལག་པ་གཡོན་པ་ཨཿལས་ཟླ་བའི་དཀྱིལ་འཁོར་འོད་ཟེར་དཀར་པོ་འཕྲོ་བ་ཨཱཿས་མཚན་པ། གཡས་པའི་སོར་མོ་རྣམས་རྡོ་རྗེ་དང་གཡོན་པའི་སོར་མོ་རྣམས་པདྨར་གྱུར་པ་༼ ཟླ་ཉི་རྡོ་རྗེ་དང་པདྨ་༽མཉམ་པར་སྦྱོར་བའི་བར་དུ་བགྲང་ཕྲེང་གི་ཐག་པ་དབུས་མ་རྡོ་རྗེ་སེམས་དཔའ། ཕྱོགས་མཚམས་ཀྱི་སྲད་བུ་བརྒྱད་ཉེ་བའི་སྲས་བརྒྱད་དང་། ཕྲེང་རྡོག་རྣམས་རྒྱལ་བ་རིགས་ལྔ་རིགས་དང་ཡུམ་གྱིས་ཟླས་ཕྱེ་བའི་དམ་པ་རིགས་བརྒྱ། མདོ་འཛིན་ཆོས་ཀྱི་ཕུང་པོའི་མཆོད་རྟེན། ཐོག་འཇོག་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་དུ་གྱུར་པར་བསམ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་སེམས་དཔའི་ཚོགས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་དམ་ཚིག་པ་སོ་སོ་ལ་ཐིམ་པར་གྱུར་པར་བསམ་སྟེ། ཨོཾ་པ་དེ་པ་དེ་མ་ཧཱ་པ་དེ་ཛྙཱ་ན་སརྦ་བུདྡྷ་མ་ཡཾ་བྷ་ཝེ་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱཿཁཾ་སྭཱ་ཧཱ། ཞེས་པ་ཅི་འགྲུབ་བཟླ། བུམ་ཆུ་འཐོར་ལ། ཇི་ལྟར་བལྟམས་པ་སོགས་དང་། སརྦ་ཏ་ཐཱ་ག་ཏས་དབང་བསྐུར། ཨརྒྷཾ་སོགས་ཀྱིས་མཆོད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། འདི་ནི་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པའི་བགྲང་ཕྲེང་བྱིན་རླབས་ཏེ་རབ་གནས་བསྡུས་པའང་འདི་ཉིད་ཀྱིས་ཆོག་གོ །ཡང་ན་བླ་མ་དགོངས་འདུས་ནས་བཤད་པ་ལྟར་བྱ་སྟེ། ཕྲེང་བ་ལག་པའི་འཐིལ་གཡོན་དུ་བསྐྱིལ། མདོ་འཛིན་སྟེང་དུ་ཡོད་པར་བྱས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདོ་འཛིན་བསྙེན་སྒྲུབ་གང་བྱེད་པའི་གཙོ་བོ་དང་། ཕྲེང་རྡོག་རྣམས་འཁོར་དུ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་བསྟིམ། མཆོད་བསྟོད་བྱ། ལག་གཡས་མེ་ཏོག་ཐོགས་ནས་ལྷ་སྔགས་དང་། རྟེན་འབྲེལ་སྙིང་པོ་དང་། ཨཱ་དི་ཀཱ་དི་བཟླས་ལ་མེ་ཏོག་འཐོར། ཁྱད་པར་དུ། ཨོཾ་རུ་ཙི་པྲ་མརྟ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླ། སྔགས་འབྲུ་རྣམས་ལས་འོད་ཟེར་ལས་མཐུན་གྱི་ཁ་དོག་ཅན་ཕྲེང་བ་ལྷར་གསལ་བ་ལ་ཐིམ། སླར་ལྷ་རྣམས་ཀྱང་ཕྲེང་བ་ལ་ཐིམ་པར་བསམ། ཤིས་པ་བརྗོད། སྔགས་བཟླ་བའི་ཚེ་ཐོག་མར་འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླ། དེ་ནས་དབྱངས་གསལ་དང་། རྟེན་འབྲེལ་སྙིང་པོ་དང་། གོང་གི་ཕྲེང་བའི་སྔགས་དེ་རྣམས་ཉེར་གཅིག་རེ་བཟླ། དེ་ནས་བཟླས་པ་གང་ཡིན་ལ་འཇུག་གོ །དེའང་དང་པོ་ཕྲེང་བ་མཚན་ཉིད་ཚང་བ་གལ་ཆེ་ལ། རབ་གནས་བྱིན་རླབས་ཚར་ནས་ལུས་དྲོད་དང་མི་འབྲལ་བར་བཅང་བ་སོགས་ཕྲེང་བའི་དམ་ཚིག་རྣམས་ནི་བླ་མ་དགོངས་འདུས་ཀྱི་ཕྲེང་བའི་དམ་ཚིག་དེ་ཉིད་དུ་བཤད་པ་རྣམས་སྲུང་བ་གལ་ཤིན་ཏུ་ཆེ་བར་སྣང་ངོ་། །ཡང་རྡོ་དྲིལ་རྩེ་ལྔ་རྩེ་དགུ་རྣམས་གང་ཡིན་ཡང་། རབ་གནས་རྒྱས་པ་ལྷ་སོ་སོར་རང་རང་པདྨ་སོགས་ལས་བསྐྱེད་པ་སོགས་ལོགས་སུ་ཤེས་ལ། འདིར་བསྡུས་ནས་ཆོ་གའི་སྔོན་དུ་བྱ་བ་ནི། རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་བ་ལས་བྱུང་བའི་ཐབས་བདེ་བ་ཆེན་པོའི་རང་གཞིན་གྱི་རྡོ་རྗེ་རུ་གྱུར། དྲིལ་བུ་ཨཿལས་རྡོ་རྗེ་སྙེམས་མ་ཞུ་བ་ལས་བྱུང་བའི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་དྲིལ་བུར་གྱུར། ཐལ་མོ་ཨཱ་དི་ཀཱ་དིས་ཡོངས་སུ་གང་བ་ལས་ལག་གཡས་གཡོན་ཉི་མ་དང་ཟླ་བར་གྱུར་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧིཿཧི་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་གཡས་པའི་ཐེ་བོང་དང་མིང་མེད་ཀྱིས་རྡོ་རྗེ་སྙིང་གར་བཟུང་། ཨོཾ་བཛྲ་གྷཎྜ་ཧཱུྃ། ཞེས་གཡོན་པའི་ཐེ་བོང་དང་མིང་མེད་ཀྱིས་བླངས་ནས་དྲིལ་བུ་དཀུ་གཡོན་པར་བཟུང་། སླར་རྡོ་རྗེ་སྔར་ལྟར་ལ་དྲིལ་བུ་རང་གི་ཕྱོགས་མཚམས་བརྒྱད་དུ་ལྕེ་བརྒྱད་བསྐྱོད་ནས་དཀྲོལ་ཞིང་། ཨོྃ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་ས་ཏྭ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱཿ ཞེས་དཀྲོལ། དེ་ནས་ཕྲིན་ལས་གང་ཡིན་ལ་འཇུག་གོ །ཡང་རྗེ་དམ་པ་རྒྱ་གར་གྱི་མན་ངག་ཁྱད་པར་ཅན་ཁ་ཟས་ལ་བརྟེན་ནས་སྔགས་ཀྱི་ནུས་པ་ཉམས་པ་གསོ་བ་ནི། ལྕེ་ཡི་ཤ་ཟོས་པས་སྔགས་ཀྱི་ནུས་པ་གཏན་ནས་བརླགས་པས་ནམ་དུའང་སྤང་བར་བྱའོ། །ལན་ཚྭས་ཞག་བདུན་ནུས་པ་འཕྲོག །དེ་ལ་ཀ་ཁ་ག་གྷ་ང་ཉེར་གཅིག །སྒོག་སྐྱས་ཞག་དགུའམ་བརྒྱད། ཙོང་དམར་གྱིས་ཞག་བདུན་ནམ་བརྒྱད། སྒོག་སྔོན་གྱིས་ཞག་གསུམ་མམ་ལྔ། རི་སྒོག་རྣམས་ཀྱིས་ཞག་གཅིག་གི་ནུས་པ་འཕྲོག །དེ་རྣམས་ལ་ཙ་ཚ་ཛ་ཛྷ་ཉ་ཉེར་གཅིག །ལ་ཕུག་གིས་ཞག་དགུ། དེ་ལ་ཊ་ཋ་ཌ་ཌྷ་ཎ་ཉེར་གཅིག །ཟྭ་ཚོད་ཀྱིས་ཟླ་བ་ཕྱེད། དེ་ལ་པ་ཕ་བ་བྷ་མ་ཉེར་གཅིག །ལག་ལེན་ནི། ཟས་ལ་སོགས་པ་དེ་རྣམས་ཟོས་ཟིན་ནས་ཁ་ཆུས་གཤལ། རང་རང་གི་སྔགས་ཉེར་གཅིག་རེ་བཏབ་ནས། ལན་ཚྭ་ཤར། སྒོག་པ་ལྷོ། ལ་ཕུག་ནུབ། ཟྭ་ཚོད་བྱང་དུ་གསུམ་ཙམ་འཕང་། ལན་ཚྭ་མ་གཏོགས་གཞན་རྣམས་གཏུན་ཁུང་དུ་བརྡུངས་ལ་འཕང་། དེ་རྣམས་གང་ཡང་ཟིན་པའི་རྗེས་སུ་རང་རྡོ་རྗེ་རྣལ་འབྱོར་མར་ཡུད་ཙམ་བསྒོམ། དེའི་རྟིང་ཁ་ཆུས་བཤལ། དེ་ནས་སྒོམ་བཟླས་ལ་ཞུགས་པས་ཟས་ལ་སོགས་ཀྱིས་ཉེས་པ་མི་འབྱུང་ཞེས་གསུང་པ་ཡང་གནད་ཆེ་ལ་ཟབ་བོ། །འདི་ལ་འདྲ་མིན་འགའ་ཞིག་འབྱུང་ཡང་འདི་ཉིད་ཟབ་པར་མཆིས་སོ། །ཡང་ཕ་དམ་པའི་གསུང་གིས། བཟླས་བརྗོད་དང་བསྐྱེད་རྫོགས་དགེ་སྦྱོར་གྱི་ཐོག་མར། ཨོཾ་ན་མ་སམྦྷ་ར་སམྦྷ་ར་བི་མ་ན་ས་ར་མ་ཧཱ་ཛ་ཝ་ཧཱུྃ། ཞེས་བདུན་བརྗོད་པས་བཟླས་སྒོམ་གང་བྱས་འགྱུར་ཆེ་བར་གསུངས། ཡང་བཟླས་པའི་ཐོག་མར། ལག་པ་གཡས་ཉི་མར་ཀཱ་དི་དམར་པོ། གཡོན་ཟླ་བར་ཨཱ་དི་དཀར་པོ་བསམས་པའི་བར་དུ་བགྲང་ཕྲེང་བསྐྱིལ་ནས་ཐལ་མོ་སྦྱར། ཨོྃ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡ་ཧཱུྃ་ཕཊ། ཅེས་བདུན་ཡན་ཆད་བཟླས་ནས་ཕྲེང་བ་ལ་ཕུ་བཏབ་པས་བཟླས་བརྗོད་གང་བྱས་གྲངས་མེད་པར་འགྱུར་བར་གསུངས་སོ། །ཨོཾ་སྨ་ར་སྨ་ར་བི་མ་ན་སྐ་ར་མ་ཧཱ་ཛ་ཝ་ཧཱུྃ། ཞེས་པ་ཆོས་སྤྱོད་ཀུན་ཀྱི་སྔོན་དུ་བཟླས་ན་བྱེ་བ་འགྱུར་དུ་རྒྱལ་བས་གསུངས། ཞེས་བཀའ་གདམས་གླེགས་བམ་ལས་ཇོ་བོས་གསུངས། །
༈ ཡང་སློབ་དཔོན་པདྨས་མཛད་པའི་མན་ངག་ལྟ་བའི་རྫོང་འཕྲང་ལས། སྤྱིར་གང་ཟག་ལ་ཆོས་མི་འགྲུབ་པའི་རྒྱུ་དགུ་ཡོད། སྒོམ་སྒྲུབ་གཡེལ་བའི་རྒྱུ་དགུ བསྒྲུབ་ཀྱང་མི་འགྲུབ་ལ་འབྲས་བུ་མེད་པའི་རྒྱུ་དགུ སྲུང་མས་འཁུ་ལྡོག་བྱེད་པའི་རྒྱུ་དགུ དྲག་བྱེད་བསྒྲུབ་ཀྱང་མི་འགྲུབ་པའི་རྒྱུ་དགུ བསོད་ནམས་འཛད་པའི་རྒྱུ་དགུ དངོས་གྲུབ་ཡལ་བའི་རྒྱུ་དགུ ནུས་པ་མི་སྐྱེ་བའི་རྒྱུ་དགུ བྱིན་རླབས་མེད་པའི་རྒྱུ་དགུ་རྣམས་ཡོད་དོ། །དང་པོ་ཆོས་མི་འགྲུབ་པའི་རྒྱུ་དགུ་ནི། དད་པ་ཆུང་བ་ཆེ་དགོས། ཤེས་རབ་ཆུང་བ་ཆེ་དགོས། བརྩོན་འགྲུས་ཆུང་བ་ཆེ་དགོས་དང་གསུམ། དཔེ་ཆ་འབྲི་མི་ནུས་པ་ནུས་དགོས། ལྷ་མཆོད་མི་ནུས་པ་ནུས་དགོས། རྒྱུ་ཡི་ཞབས་ཏོག་མི་ནུས་པ་ནུས་དགོས་དང་གསུམ། རྣམ་རྟོག་མི་ཐུབ་པ་ཐུབ་དགོས། ལྟོ་མི་ཐུབ་པ་ཐུབ་དགོས། འདོད་ཆགས་མི་ཐུབ་པ་ཐུབ་དགོས་དང་དགུའོ། །གཉིས་པ་སྒོམ་སྒྲུབ་གཡེལ་བའི་རྒྱུ་དགུ་ནི། མེ་དང་ཉི་མ་གཉིད་དང་གསུམ་མི་བརྟེན། ཁ་འཆལ་དལ་གཏམ་རྩེད་མོ་གསུམ་མི་བྱའོ། །མགོ་སྔས་རྒྱབ་རྟེན་མགོ་བཏུམ་གསུམ་དང་དགུའོ། །འདི་རྣམས་བྱས་ན་མི་གསལ་བས་མི་བྱའོ། །གསུམ་པ་བསྒྲུབས་ཀྱང་མི་འགྲུབ། ལས་ལ་འབྲས་བུ་མེད་པའི་རྒྱུ་དགུ་ནི། ཟས་ངན་ཙག་ཙོག་ཟ་བ་དང་། མཛེ་ཡུགས་དང་དམ་ཉམས་ལ་སོགས་ཀྱི་གོས་ངན་སྐྱེ་བོས་གྱོན་པ་དང་། གཙང་སྦྲ་མི་བྱེད་པ་དང་གསུམ། མཚམས་ལྷོད་པ་དང་། བ་ལིཾ་ངན་པ་དང་། འཕྲལ་ཀྱི་ལས་ཀྱི་བརྩོན་འགྲུས་ཆུང་བ་དང་གསུམ། ལུས་ལྷ་རུ་བྱིན་གྱིས་མི་རློབ་པ་དང་། ངག་བཟླས་བརྗོད་རྒྱུན་ཆད་པ་དང་། སེམས་ཏིང་ངེ་འཛིན་ཞན་ཅིང་འོད་ཟེར་སྤྲོ་བསྡུ་མི་བྱེད་པ་དང་དགུའོ། །བཞི་བ་སྲུང་མས་འཁུ་དོག་བྱེད་པའི་རྒྱུ་དགུ་ནི། བུད་མེད་ཅོ་འཛིང་བྱུང་བ་དང་། རང་གི་ཆུང་མ་སོགས་སྒྲུབ་ཁང་ནང་དུ། སྐྱེ་བོ་གྲི་འཛིང་བྱུང་བ་དང་། རང་གི་འཁོར་གཡོག་སོགས། །དཔའ་གཉིས་ནང་དུ་ཁ་འཐབ་བྱུང་བ་དང་། མི་ངན་པའི་སྟེང་དུ་ཕྲིན་ལས་དྲག་པོ་བྱས་པ་དང་། དུས་ཀྱི་བ་ལིཾ་ཆག་ཚོགས་ཀྱི་འཁོར་ལོ་དང་སྐོང་གི་བཤགས་པ་མི་བྱེད་པ་དག་ཀྱང་པ་དང་། གློ་བུར་དུ་དོན་མེད་བྲེལ་བའི་ལས་བྱས་པ་དང་། རང་ལ་རྨ་མེད་པ་རྨ་བྱུང་བ་དང་། བར་སྐབས་སུ་དགྲ་ནོར་བླངས་པ་དང་། དམ་ཚིག་ཉམས་ཆག་མ་བསྐང་བ་དང་དགུའོ། །ལྔ་བ་དྲག་བྱེད་བསྒྲུབས་ཀྱང་མི་འགྲུབ་པར་འགྱུར་པའི་རྒྱུ་དགུ་ནི། སྒྲུབ་ཁང་ནང་དུ་བུད་མེད་བཙག་བཙོག་འོང་བ་དང་། དམེ་ཅན་བཙག་བཙོག་འོང་བ་དང་། སྐྱེ་བོ་སྡིག་ཅན་མི་བསྟེན་འོང་བ་དང་། སྣོད་སྟོང་ཅན་དང་། སྤྱད་ནག་ཅན་དང་། ངོ་གྲང་ཅན་གསར་བ་འོང་བ་དང་། སྐར་ཁུང་ནས་ནང་དུ་བལྟ་ས་ཡོད་པ་དང་། ཐོག་སྟེང་དུ་མི་གཙང་བ་བཙག་བཙོག་འདྲེ་ཅན་འགྲིམ་པ་དང་། བུད་མེད་མི་གཙང་བ་ཡུགས་ས་བྱེ་བྲལ་ནལ་མ་སོགས་དང་དགུའོ། །དྲུག་པ་བསོད་ནམས་འཛད་པའི་རྒྱུ་དགུ་ནི། རྡོ་རྗེ་སློབ་དཔོན་མི་བཀུར་བ་དང་། ཡི་དམ་ཀྱི་འཛབ་བསྙེན་ཆག་པ་དང་། སྲུང་མའི་བ་ལིཾ་ཆག་པ་དང་། དཀོན་མཆོག་ལ་མཆོད་པ་ཆག་པ་དང་། མཆེད་གྲོགས་རྣམས་ལ་མི་གདུང་བ་དང་། ཕྱིའི་འབྱུང་པོ་ལ་གཏོར་མ་མི་སྦྱིན་ཞིང་ཆོས་སྐྱོང་སྤྱི་ལ་བ་ལིང་མི་གཏོང་བ་དང་། ཆོས་ལ་ཡིད་མི་ཆེས་ཤིང་ཕྱིའི་རིམ་གྲོ་མི་བྱེད་པ་དང་། ནང་གི་མཚན་མ་ལ་མི་བརྟག་པར་མོ་རྩིས་བྱེད་པ་དང་། སྐྱེ་བོའི་མཐའ་རྒྱ་སྐྱོང་ཞིང་ལྷ་ཆོས་ཀྱི་མཐའ་རྒྱ་མི་བསྲུང་བ་དང་དགུའོ། །བདུན་པ་དངོས་གྲུབ་ཡལ་བའི་རྒྱུ་དགུ་ནི། སྒྲུབ་པ་ཅི་བྱས་ཀྱང་དེའི་དུས་སུ་ལྷའི་མིང་དང་། སྔགས་དང་འགྲུབ་པའི་རྟགས་གཞན་ལ་བཤད་པ་དང་། གཞན་ལ་དབང་བསྐུར་བྱེད་པ་དང་། བྱིན་རླབས་བྱེད་པ་དང་། གཞན་གྱི་རིམ་གྲོ་བྱེད་པ་དང་། སེར་བ་བསྲུང་བ་དང་། གཞན་ལ་ལྷའི་སྙིང་པོ་སོགས་བཟླས་བྱའི་སྔགས་བཟློ་བ་དང་། གདམས་ངག་ཟབ་པ་གཞན་ལ་བཤད་པ་དང་དགུའོ། །བརྒྱད་པ་ནུས་པ་ཉམས་པའི་རྒྱུ་དགུ་ནི། ལུས་བསྐྱེད་རིམ་ཉམས་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཉམས་པ་དང་། ཆོས་སྐུ་བྱང་ཆུབ་ཀྱི་སྒོམ་ཉམས་པ་དང་། ཡན་ལག་བདུན་པ་ཆག་པ་དང་། སྔགས་བཟླས་བརྗོད་རྒྱུན་ཆད་པ། དྲག་པོ་ཕྲིན་ལས་ཀྱི་རྒྱུན་ཆད་པ། སྣང་བ་དབང་དུ་བསྡུ་བའི་ཏིང་ངེ་འཛིན་གྱི་རྒྱུན་ཆད་པ། དོན་མེད་དུ་ཕྲིན་ལས་བསྐུལ་ཞིང་ལས་ལ་སྦྱོར་བ་དང་། སྡིག་ཅན་གྱི་དགྲ་བོ་སྒྲོལ་བའི་ཏིང་ངེ་འཛིན་གཡེལ་བ་དང་དགུའོ། །དགུ་བ་བྱིན་རླབས་མེད་པའི་རྒྱུ་དགུ་ནི། གུ་རུ་ལ་བཤགས་པ་མི་བྱེད་པ། ཞབས་ཏོག་མི་བྱེད་པ། མི་བཀུར་བ། བསྟོད་པ་མི་བྱེད་པ། ཕྱག་མི་འཚལ་བ། ལྷ་སྲུང་ཁྱད་དུ་གསོད་ཅིང་བཤགས་པ་མི་བྱེད་པ། ཡོན་ཏན་མི་བརྗོད་པ། རྒྱུན་དུ་མི་གདུང་ཞིང་མི་བརྩེ་བ། ཁྲོ་བ་དང་དགུའོ། །དེ་ལྟར་དགུ་དགུ་དགུ་འདི་རྣམས་ནི་སྔགས་འཆང་རྣལ་འབྱོར་པ་རྣམས་ལ་མེད་ཀ་མེད་ཡིན་ནོ། །ཡང་མདོ་སྡེ་བྱེ་བ་ལས། དགེ་སྦྱོར་བསྙེན་སྒྲུབ་གང་བྱེད་ཀྱི་འགོར། ཨོཾ་སམྦྷ་ར་སམྦྷ་ར་མ་ཧཱ་ཛ་བྷྲུྃ་ཧཱུྃ་ཕཊ་སྭཱ་ཧྭཱ། ཞེས་ལན་བདུན་དང་། མཐར། ཨོྃ་དྷུ་རུ་དྷུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ན་དགེ་སྦྱོར་སོགས་གང་བྱས་ཀྱང་བྱེ་བར་འབུམ་འགྱུར་དུ་གསུངས་སོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧྭཱ། ཞེས་པ་དང་། ཨོཾ་ཧ་ནུ་བྷ་ཤ་བྷ་ར་ཧྲྀ་ད་ཡ་སྭཱ་ཧཱ། ཞེས་པ་འདི་ཉིད་ཆོས་སྤྱོད་གང་བྱས་ཀྱི་མཐར་། ལན་བདུན་བདུན་བརྗོད་ན་གྲངས་མེད་པར་འགྱུར་བ་གསུངས་སོ། །
༈ ཡང་ཡོངས་བསྔོ་འཁོར་ལོའི་མདོ་ནས། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བདུན་བཟླས་འཕྲེང་བར་བཏབ་སྟེ་བཟླས་ན་བྱེ་བར་འགྱུར་བར་གསུངས་སོ། །ཡང་པདྨ་འབྱུང་བའི་རྒྱུད་ནས། ཨོཾ་ཧྲཱིཿཔདྨ་ནཱིརྟཱི་ཤྭ་རཱི་ཧཱུྃ། འདི་བརྒྱའམ་ཉེར་གཅིག་བརྗོད་ནས་བཟླས་ན་གང་བྱེད་བྱེ་བ་དུང་འགྱུར་བར་གསུངས་སོ། །ཡང་གཏེར་སྟོན་དྲི་མེད་རྡོ་རྗེའི་ཟབ་གཏེར་ཟ་ཡིག་ནོར་བུའི་བང་མཛོད་ལས། སྐར་མ་རྒྱལ་དང་ལྡན་པའི་དུསཿ གི་ཝཾ་ཁ་ཆེའི་ཆུ་བྱུག་ལཿ ཨྸྸྒྶཿ ནངས་རེ་མོས་ལྡན་བུ་ཡིས་འདི་ཡི་ཞལ་ཤེས་འོག་ཏུ་ཡོད། བསྟེནཿ སྔགས་ཀྱི་ནུས་པ་དུང་ཕྱུར་འགྱུརཿ ཡི་དམ་ལྷ་ཡིས་བྱིན་གྱིས་རློབཿ ཉམས་གྲིབ་བར་ཆད་ཀུན་དང་བྲལཿ མཚོ་རྒྱལ་ཙིཏྟའི་དཀྱིལ་དུ་སྦོསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨྠྀིཿ ཅེས་པ་གཏེར་སྟོན་དྲི་མེད་རྡོ་རྗེའི་ཟབ་གཏེར་ཟ་ཡིག་ནོར་བུའི་བང་མཛོད་ནས་ཕྱུང་བའོ། །ཟ་ཡིག་འདི་ཟོས་ནས་སྔགས་བཟླས་བའི་ཚེ་ཡ་སོ་རྣམས་དཔའ་བོ་དང་མ་སོ་རྣམས་དཔའ་མོར་བསམ། སྔགས་བཟླས་པ་ཙམ་གྱིས་དེ་རྣམས་སྐུས་གར་མཛད། གསུང་གིས་སྔགས་བཟླས། ཐུགས་ཀྱིས་ཕྲིན་ལས་གང་ཡིན་འགྲུབ་པར་བསམ་ཞིང་བཟླས་པས་ངེས་པར་དུང་ཕྱུར་ལ་སོགས་སུ་འགྱུར་ཞེས་ཡིག་ཆུང་དང་བཅས་ཟབ་པའི་མཐར་ཐུག་གོ །ཡང་འགྱུར་ཁྱད་ཆེ་བའི་དུས་བཟང་ནི། རྒྱ་རྩིས་གསར་མ་ཕུག་ལུགས་ཀྱི་ཧོར་ཟླ་བཞི་བའི་ཚེས་བདུན་ལ་སངས་རྒྱས་བལྟམས་པ་དང་། བཅོ་ལྔ་ལ་སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་དང་གསུམ། དྲུག་པའི་ཚེས་བཞི་ལ་ཆོས་འཁོར་བསྐོར་། བཅོ་ལྔ་ལ་ལྷུམས་སུ་ཞུགས་པ་གཉིས། དགུ་བའི་ཚེས་ཉེར་གཉིས་ལ་ལྷ་ལས་བབས། དང་པོ་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ནོ། །ཡང་རྒྱ་རྩིས་རྙིང་མ་བླ་མ་དགོངས་འདུས་ལས། ཆོ་འཕྲུལ་ཆེན་པོ་ནི་རྒྱ་རྩིས་གསར་མ་དང་འདྲ་ལ། ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་མངོན་པར་སངས་རྒྱས་པ་དང་། ཚེས་བརྒྱད་ལ་བལྟམས་པ་དང་། ཟླ་བ་འདིའི་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས་པའི་དུས་ཆེན་གསུམ། ཟླ་བ་ལྔ་པའི་ཚེས་བཞི་ལ་ཆོས་ཀྱི་འཁོར་ལོ་སྐོར། བདུན་པའི་ཚེས་བཅོ་ལྔ་ལ་ལྷ་ལས་བབས། འགའ་ཞིག་གིས་ཉི་ཤུ་ལའང་འདོད། ཟླ་བ་འདི་ལ་ཆོ་འཕྲུལ་ཆུང་བར་ཡང་གྲགས་སོ། །དེ་ལྟ་བུ་དུས་ཆེན་རྣམས་ལ་དགེ་སྒྲུབ་བྱས་པའི་འགྱུར་ཁྱད་ནི། ཇི་སྐད་དུ། དེ་ལྟར་དུས་ཆེན་རྣམ་བཞི་ལ། །ལྷག་བསམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྷག་པའི་བསམ་པ་ནི་གཡོ་དང་སྒྱུ་མེད་པའི་བསམ་པ་ལ་ཟེར་བ་ཡིན་གསུངས་སོ། །དག་པས་ནས་ཕུལ་གང་། །སྦྱིན་པར་བཏང་ན་ནས་ཕུལ་ནི། །ས་ཡ་ཕྲག་བརྒྱར་འགྱུར་བའི་ཕྱིར། །ནས་ཁལ་བརྒྱད་འབུམ་སུམ་ཁྲི་དང་། །སུམ་སྟོང་སུམ་བརྒྱ་སུམ་ཅུ་གཉིས། །བྲེ་དྲུག་ཕུལ་བཞིའི་འགྱུར་ཁྱད་ནི། །འབྱུང་བར་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་སོ། །གཞན་ཡང་། ཇི་སྐད་དུ། ཉི་མ་ཟླ་བ་གཟས་ཟིན་དང་། །ཡ་མཚན་ཆེ་ལྟས་བྱུང་བ་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་འབྲི་བར་བྱ། །ཞེས་སོགས་གསུངས་སོ། །གཞན་ཡང་གཟའ་འཛིན་ཉི་འཛིན་ནི། ཉི་མའི་མདོ་ལས། བྱེ་བ་འབུམ་འགྱུར་དང་། ཟླ་འཛིན་ལ་ནི་ཟླ་བའི་མདོ་ལས། བྱེ་བ་བདུན་འགྱུར་དུ་གསུངས་ལ། དུས་ཆེན་རྣམས་སུ་གཟའ་འཛིན་བྱུང་ན་འགྱུར་ཁྱད་སྔ་མའི་སྟེང་དུ་གཟའ་འཛིན་གྱི་འགྱུར་ཁྱད་རྣམས་འབྱུང་བ་ཡིན་ནོ། །ཡང་རྒྱལ་བ་ཡང་དགོན་པས་སྔགས་བཟླ་བའི་སྔ་རོལ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ་། ཞེས་པ་བདུན་དང་། རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་ཕྲེང་བ་བྱིན་གྱིས་བརླབས་ནས་བཟླས་པ་ལ་འཇུག །ཕྲེང་བ་ས་རྗེན་ལ་རེག་ཏུ་མི་གཞུག །མི་ལག་མི་བརྒྱུད། གསང་བའི་ཕྲེང་བ་མི་ལ་མི་སྟོན་པ་ཡིན་ནོ། །ཕྲེང་ཐག་དགུ་སྒྲིལ། མདོ་འཛིན་ཉིས་བརྩེགས་བྱའོ། །ཕྲེང་བ་གཅིག་ལ་མི་འདྲ་བ་མང་པོ་བརྒྱུས་ན་རྟེན་འབྲེལ་ལ་མི་ཤོང་། ཕྲེང་བ་ལ་མགྲོན་བུ་བཏགས་ན་ཆས་ཀ་ལ་གཟན། བཟླས་པ་ཅི་ཙམ་བྱེད་པའི་རིང་མི་ཚིག་གིས་བར་མ་ཆོད་པར་བྱ། ཁྱད་པར་བསྙེན་པའི་དུས་མི་ཚིག་གིས་བར་མ་ཆོད་པར་བྱ་། མི་ཚིག་གིས་བར་ཆོད་ན་དེ་བཟླས་པའི་གྲངས་སུ་མི་བརྩི། བདུད་རྩིའི་རིལ་བུ་ལྕེ་ཐོག་ཏུ་བཞག །མཆིལ་མ་ཕྱིར་མི་འདོར། མཚོན་རྩེ་ཁར་མི་འཇུག །གཞན་ལ་བྱིན་རླབས་བྱེད་པ་དང་། སེར་བ་སྲུང་བ་སོགས་ལྷག་པའི་ལྷའི་རྩ་སྔགས་ཀྱིས་མི་བྱེད་པ་ཡིན། ཡི་དམ་གཙོ་བོ་འདི་ལ་བྱེད་གསང་དགོས་པ་ཡིན། སྔགས་བཟླས་པའི་མཇུག་ཏུ། ཨོཾ་ཨ་ཨཱ་ནས་ཧ་ཀྵ་སྭ་ཧཱ་འགྲུབ་པར་གྱུར་ཅིག་ཅེས་ལན་གསུམ་བཟླས་པས་སྔགས་མྱུར་དུ་འགྲུབ་པ་དང་ཆད་ལྷག་གི་ཁ་སྐོང་བ་ཡིན་ནོ། །ཡི་དམ་མང་པོ་ཡོད་ན་ལྷ་གཅིག་ཏུ་བསྡུ་བའི་མན་ངག་ནི། ཐོག་མར་རང་གི་རྩ་བའི་ཡི་དམ་དེ་ཡི་མངོན་རྟོགས་བསྒོམ། བཟླས་པ་ཚར་བ་དང་། དེའི་ཐུགས་ཀ་ནས་འོད་འཕྲོས་པས་ཡི་དམ་གཞན་དེ་སྤྱན་དྲངས་རང་ལ་བསྟིམ། དེའི་བཟླས་པ་བྱ། དེ་ལྟ་བུ་ཡི་དམ་ཡོད་ཚད་ལ་བྱ། ཚར་བ་དང་བུམ་པ་གཅིག་ནས་ནོར་བུ་དུ་མ་འདོན་པ་བཞིན་ལྷ་ཐམས་ཅད་རང་གི་ཞལ་ལམ་ཐུགས་ཀ་ནས་རིམ་གྱིས་བཏོན་ལ་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་གཏོར་འབུལ་བསྟོད་ནས་གཤེགས་སུ་གསོལ། རང་རྩ་བའི་ཡི་དམ་གྱི་ངང་ནས་སྤྱོད་ལམ་བྱའོ། །འདི་ནི་ལྷ་ཐམས་ཅད་གཅིག་ཏུ་བསྡུ་བའི་མན་ངག་ཡི་དམ་ཐམས་ཅད་ཀྱི་བྱིན་རླབས་དང་སྔགས་ཐམས་ཅད་ནུས་པ་གཅིག་ཏུ་འདུ། དངོས་གྲུབ་མྱུར་དུ་འཐོབ་པའི་གདམས་པའོ། །ཇི་སྐད་དུ། བདེ་གཤེགས་གཅིག་སྒོམ་རྒྱལ་བ་ཀུན་ཀྱི་ངང་། །ཞེས་པའི་དོན་ནོ། །འདི་ཌོཾ་བྷི་པའི་མན་ངག་གོ་ཞེས་རྒྱལ་བ་ཡང་དགོན་པས་གསུངས་སོ། །
༈ པཎ་ཆེན་ཤཱཀྱ་ཤྲྰིས། དུས་མཆོད་ཆེན་པོ་བཞི་ལ་ནི། །བྱེ་བ་ཕྲག་བརྒྱའི་འགྱུར་དུ་གསུངས། །ཞེས་སོ། །རྡོ་རྗེ་རྩེ་མོའི་རྒྱུད་ལས། རུ་རཀྴ་ཡིས་བྱེ་བ་གཉིས། །པདྨས་བྱེ་བ་བརྒྱད་དུ་འགྱུར། །པུ་ཏྲོ་ཛི་བ་བོད་སྐད་ལ་བུའི་འཚོ་བ་ཟེར། སྐད་དོད་འདི་ཟུར་ཆག་པ་དེང་སང་བོ་དྷི་ཙིར་གྲགས་ཞེས་སྐྱོ་སྟོན་གྱིས་གསུངས།ཀས་གྲངས་མེད་དོ། །ཞེས་སོ། །ནོར་བུ་རྒྱས་པ་གཞལ་མེད་ཁང་གི་གཟུངས་ལས། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ། འདི་བགྲང་ཕྲེང་ལ་ལན་བདུན་བཏབ་ལ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བྱེ་བ་ཕྲག་བརྒྱ་སྟོང་བཟླས་པར་འགྱུར་རོ། །ཞེས་གསུངས། སྲིད་པའི་གཏེར་ཁྱིམ་དུ་སྒྲུབ་པ་གང་བྱེད་ཀྱང་གཞན་གྱི་ཕྱེ་ཕུད་བསྲུང་། འབག་བཙོག་རྣམས་བསྲུང་། དམེ་ཡུགས་མི་གཙང་བ་རྣམས་བསྲུང་། གཞན་དང་ཁ་མི་བསྲེ། ནང་དུ་འཁོན་མི་བྱ། རངགི་གོས་མི་ལ་མི་བསྐོན། རང་གི་ལུས་དང་ཕོར་སྡེར་མི་བཀྲུ། ཡུགས་ས་མོ་དང་ལྷན་ཅིག་མི་ཉལ། སྐྲ་དང་སེན་མོ་མི་བྲེག །གདན་མི་སྤྲུག །ཁྱི་ཕག་མི་གཏང་། ཁྱི་ལ་ཟན་ཟ་འཕྲོ་མི་སྟེར། སྨྲ་བཅད་དམ་དུ་བྱ། མཚམས་གཡོག་བུད་མེད་ལ་མི་འཆོལ། གྲིབ་ལ་འཛེམ་པར་གཅེས་སོ། །རྩ་བའི་བླ་མ་མ་གཏོགས་གཞན་ལ་ཕྱག་མི་འཚལ། རང་གི་གྲིབ་མ་ལ་འགོམ་དུ་མི་བཅུག །དམ་ཚིག་འདི་རྣམས་བསྲུང་ན་མཐུ་དང་ནུས་པ་ལྡན་པར་འབྱུང་ངོ་། །ཞེས་གསུངས་འདུག་གོ །ཡང་བླ་མ་དགོངས་པ་འདུས་པའི་ཨོ་རྒྱན་གྱི་ཞལ་གདམས་དམར་ཁྲིད་དོན་བསྡུས་ཐུགས་ཀྱི་ཕྲེང་བར་དེའང་སྒྲུབ་པ་མ་ཐོན་གྱི་བར་དུ་གཞན་གྱི་གོས་མི་གྱོན༔ གྲིབ་འཇུག༔ སྒྲུབ་པ་གཡེལ་ལ་འཆོར་བ་ཡིན༔ ཟས་བཟང་ཐལ་ན་ཉོན་མོངས་པའི་དབང་དུ་འགྲོ༔ ངན་ན་ལུས་སྟོབས་ཉམས་ནས་དཀའ་ཐུབ་མི་ནུས་པས་བཟང་ངན་སྙོམས་ཤིང་ཚོད་ཟིན་པར་བྱ༔ དམ་ཉམས༔ ཡུགས་ས༔ དམེ་བོ༔ རྐུན་མ༔ སྡོམ་ཤོར་ལ་སོགས་པའི་ཉམས་གྲིབ་ཅན་དང༔ གདོན་ཆེན་གྱི་ལག་ནས་བྱུང་བའི་ཟས་མི་ཟ༔ དེ་ཟོས་ན་སྒྲུབ་པ་ལ་ཁ་འགྱང༔ མཐར་མི་ཕྱིན་བར་ཆད་འབྱུང་བ་ཡིན༔ མལ་གྱི་སྟན་མི་སྤོ༔ སྒྲུབ་པ་དང་དམ་བཅའི་ཚད་མ་ཐེམས་པར་སྟན་སྤོས་མལ་སྤོས་ན་དྲོད་རྟགས་གཡེལ་བ་དང༔ གློ་བུར་ཡེ་འདྲོག་འབྱུང༔ གཞན་གྱི་སྲུང་སྐྱོབ་བྱས་ན་ནུས་པ་ཉམས་པས་གཞན་གྱི་སྲུང་སྐྱོབ་དང་འདྲེ་བརྡུང་མི་བྱ༔ གོས་དྲེག་པ་ཅན་དང་ལུས་མི་བཀྲུ༔ དངོས་གྲུབ་ཡལ་ནས་འགྲོ་བ་ཡིན༔ སྐྲ་སེན་དང་ཁ་སྤུ་བྲེག་ན་སྔགས་ཀྱི་ངར་ཉམས་པ་ཡིན་པས་མི་བྲེག༔ མཚམས་ཁང་ནས་ཆོས་མི་འཆད༔ གྲུབ་རྟགས་མི་ཐོན་པ་ཡིན༔ དམ་བཅའི་ཁས་ལེན་ཡུན་རིང་པོར་བྱེད་ཅེས་དུས་གཅིག་ལ་མི་བྱ༔ བདུད་འཇུག་པ་ཡིན་པས་བསྲིང་ཞིང་བྱ༔ གཞན་དང་ངག་བསྲེས་ན་སྔགས་གྲས་སུ་མི་འདོད་པས་སྨྲ་བ་བཅད་ནས་བཟླ༔ གསང་སྔགས་དང༔ རྡོ་རྗེ་ཁྲོ་བོའི་བཟླས་པ་རྣམས་སྐད་གསང་མཐོན་པོར་བཀླགས་ན་ནུས་པ་ཉམས་ཤིང་མི་མ་ཡིན་ཕྲ་མོ་སྐྲག་དངངས་ཤིང་བརྒྱལ་བར་འགྱུར་བས་ཤབ་ཤུབ་ཏུ་དག་པར་བཟླ༔ གན་རྐྱལ་དུ་ཉལ་ནས་ཕྲེང་བ་བྲང་གི་སྟེང་དུ་འདྲེན་ཞིང་བཟླས་པ་བྱས་ན་རང་གིས་རང་མནན་པ་ཡིན༔ ལར་ཡང་ལུས་དྲང་པོར་གནས་ན་རྩ་དྲང་པོ་གནས༔ དེས་རླུང་དྲང་པོར་རྒྱུ༔ རླུང་རིག་གཉིས་ཟུང་འབྲེལ་ཡིན་པས་རླུང་དྲང་པོར་རྒྱུ་ན༔ རིག་པ་གང་ལ་གཏད་པའི་དམིགས་པ་དང་ཏིང་ངེ་འཛིན་ལས་སུ་རུང་བའི་དགོས་པ་ཡོད་པས༔ ལུས་གནད་བསམ་གཏན་གྱི་ཆོས་བདུན་ལ་སོགས་པ་ཤིན་ཏུ་གཟབ་པ་གལ་ཆེ༔ མེ་ལ་ཕུ་མི་བཏབ༔ མཆིལ་སྣབས་གསད་ཟློག་གི་དུས་མ་གཏོགས་པ་ཕྱིར་མི་འདོར༔ སྔགས་ལ་སེལ་འཇུག༔ ངག་གནོན་དུ་འགྱུར་བས་མཆིལ་སྣབས་འགྲིམ་ལམ་དུ་མི་འདོར༔ ཉིན་པར་གཉིད་མི་ཉལ༔ འདི་ལ་སྐྱོན་གྱི་རྣམ་གྲངས་ཤིན་ཏུ་མང་བས་ཅི་ནས་ཀྱང་རྣམ་པ་ཐམས་ཅད་དུ་སྤང༔ སྒྲུབ་པ་མ་ཐོན་གྱི་བར་དུ་བྱ་བྱེད་རྣམ་གཡེང་ལུས་ངག་ཡིད་གསུམ་རབ་ཏུ་འཁྲུགས་ཤིང་གཟིང་བའི་ལས་མི་བྱ་བར་གང་ཡིན་པའི་སྒྲུབ་པ་དེ་ཉིད་ལ་རབ་ཏུ་འབད་དེ་མཐར་དབྱུང༔ འགྲུབ་རྟགས་བཟང་ངན་ཆོ་འཕྲུལ་གྱི་རྣམ་པ་ཅི་བྱུང་ཡང་དགའ་བ་དང་མི་དགའ་བའི་བླང་དོར་གྱི་བརྟག་དཔྱད་གང་ཡང་མི་བྱེད་པར་རྣལ་འབྱོར་པའི་བློ་རང་མལ་དུ་ཕབ་ལ་སྒྲུབ་པ་ནར་གྱིས་བསྲིང༔ དཀའ་ཐུབ་དང་སྒྲུབ་པ་ཐོན་ནས་གཏང་རག་གི་མཆོད་བསྟོད་ཀྱང་རིམ་པས་གཏང༔ མཚམས་ཀློད་ནས་ཀྱང་ཞག་འགའི་བར་དུ་མཚམས་རྗེས་སྲུང་ཞིང་གྲོང་ཡུལ་ལ་སོགས་སུ་མི་འཁྱམ༔ རང་གི་མལ་དུ་ཞག་གསུམ་གྱི་བར་དུ་མི་གཞན་མི་བསྙལ༔ སྒྲུབ་རྫས་དམ་ཚིག་མི་གཅིག་པའི་མིས་མི་མཐོང་བར་བྱ༔ སྒྲུབ་རྫས་གཞན་ལ་མི་སྟོན༔ དངོས་གྲུབ་ཀྱི་རྫས་མི་ལ་མི་སྦྱིན༔ རང་གིས་ལོངས་སྤྱོད༔ སྒྲུབ་པའི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་ཅི་བྱུང་ཡང་མཚམས་ལས་ཧར་འདོན་མི་བྱ༔ བར་གཅོད་ཀྱི་བདུད་ཡིན་པས་ངོས་བཟུང་ལ་རྐྱེན་ཁར་མི་གཏང༔ ལར་བསྙེན་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས་སྤྱོད་ལམ་གང་བྱུང་བྱུང་མི་བྱ༔ ཟས་ཀྱང་ཅི་རྙེད་རྙེད་མི་ཟ༔ གོས་དྲེག་པ་ཅན་བེམ་པོ་ལ་སོགས་གྲིབ་ཅན་མི་གྱོན༔ གར་ཐོད་ཐོད་དུ་མི་ཉལ༔ ཟག་པ་མིས་མཐོང་བ་དང༔ འགྲིམ་ལམ་དུ་མི་དོར༔ བརྟུལ་ཞུགས་ཀྱི་སྤྱོད་པ་དུས་མ་ཡིན་པར་མི་བྱ་བ་ལ་སོགས་པ་སྟེ༔ རྣམ་པ་ཐམས་ཅད་དུ་སྤྱོད་ལམ་ཤིན་ཏུ་གཟབ་པ་གཙོ་ཆེ༔ སྤྱིར་བདེ་བར་འདོད་ན༔ དང་པོ་དཀའ་ཐུབ་ལ་སོགས་པ་བརྟུལ་ཞུགས་ཀྱིས་ཐོག་དྲངས་ནས་ཉི་ནུབ་ཀྱི་ཆ་དགོས་ཏེ༔ ཉམས་ལེན་སྲང་ལ་གཅུར་ན་བདེ་ཡུན་རིང་བར་ཡོང་བ་ཡིན་པས་སེམས་ལ་ཞོག༔ ཅེས་དང་། ཡང་དེ་ཉིད་ལས། གདམས་པ་མ་ཉམས་པ་དེ་རྒྱུད་ལ་ཉམས་སུ་ལེན་ཙ་ན་རྒྱུན་དུ་ངག་གི་མཚམས་སྨྲ་བ་གཅད་པ་གལ་ཆེ༔ གཡེང་བ་རྣམས་ཀྱི་ནང་ནས་ཆེ་བ་དེ་སྨྲ་བ་མང་བ་ཡིན་པས༔ ལོང་གཏམ་ལྡབ་ལྡིབ་དགེ་སྦྱོར་གྱི་སད་ཡིན༔ སྨྲ་བཅད་བྱས་ན་མཚམས་ཀྱི་ནང་ནས་མཆོག་དམ་པ་སྟེ༔ ལུས་ཚོང་འདུས་ན་འདུག་ཀྱང་མི་ལྟོའོ༔ དཀའ་ཐུབ་ཇི་ཙམ་བྱེད་ཀྱང་སྨྲ་བཅད་ནུས་ན་ཤིན་ཏུ་ལེགས༔ དེ་ཙམ་མ་འགྲུབ་ཀྱང་དགེ་སྦྱོར་གང་དང་གང་གི་ཐུན་ཚད་མ་ཐེམས་ཀྱི་བར་དུ་སྨྲ་བཅད་ཅི་ནས་ཀྱང་བྱེད་དགོས༔ གང་བྱེད་པའི་དགེ་སྦྱོར་ལ་སྨྲ་བ་བཅད་དེ༔ གཞན་ཚིག་གིས་བར་མ་ཆོད་པར་བྱས་ན༔ ངག་ལ་ནུས་པ་འབྱུང་ཞིང་མྱུར་དུ་འགྲུབ་པ་ཡིན༔ ལར་ཆོས་སྤྱོད་ཀྱི་བྱ་བ་མ་ཡིན་པའི་སྨྲ་བ་མང་བ་ལ་དགོས་པ་མེད་ཅིང༔ སྨྲ་བ་བཅད་ནས་བཟླས་བརྗོད་ལ་སོགས་པ་ངག་གི་སྒོ་ནས་བྱང་ཆུབ་སྒྲུབ་པའི་བྱ་བ་མ་བྱས་ན༔ ལྐུགས་པ་དང་འདྲ་བས་སེམས་ལ་ཞོག༔ ཅེས་གསུངས། ཡང་དེ་ཉིད་ལས༔ བཟླས་པའི་གྲངས་ཀྱི་ཐུན་ཚད་བཟུང་བ་འདིའང་གལ་ཆེ་སྟེ༔ དེའང་བཟླས་པ་བྱེད་པའི་ཐུན་ཚད་གསུམ་མམ་བཞིར་ཞག་རེ་ལ་ཐུན་བྱས་ལ། བཟླས་རྐང་རིང་ཐུང་གི་ཚད་དང་བསྟུན་ནས༔ ཉིན་ཁྲི༔ མཚན་ཁྲི༔ ཉིན་སྟོང༔ མཚན་སྟོང༔ ཉིན་ལྔ་བརྒྱ་མཚན་ལྔ་བརྒྱ་ལ་སོགས་པ་སྟེ༔ མཐར་ཐུག་ཀྱང་ཉིན་བརྒྱ་མཚན་བརྒྱ་རེ་དམ་བཅའ་བྱས་ཏེ༔ དེ་མ་འགྲུབ་ཀྱི་བར་དུ་ངག་གཅད་ལ་མི་ཚིག་གིས་བར་མ་ཆོད་པར་བྱས་པས་བར་གཅོད་མི་འབྱུང༔ བསྐྱེད་རྫོགས་ཟུང་དུ་འབྲེལ་ཞིང་བསྙེན་སྒྲུབ་ཆུ་བོའི་གཞུང་བཞིན་དུ་འབད་པ་འདི་ཉིད་གདམས་པ་ཉམས་ལེན་ཕྱིན་ཅི་མ་ལོག་པའི་ཁྱད་ཆོས་ཡིན་ནོ༔ སྒྲིབ་པ་སྦྱོང་བ་དང༔ ཚོགས་གསོག་པ་དང༔ བར་གཅོད་སེལ་བར་འདོད་པ་དང༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་འདོད་པ་ལ་སོགས་པའི་ཡིད་སྨོན་ཐམས་ཅད་ཀྱང་བསྐྱེད་རྫོགས་ཟུང་འབྲེལ་བསྙེན་སྒྲུབ་ཀྱིས་བདེ་བླག་ཏུ་འགྲུབ་པ་ཡིན༔ བསྙེན་སྒྲུབ་ཐམས་ཅད་ཀྱི་ནང་ནས་ཀྱང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་པོ་འདི་ལ་མ་འདུས་པ་མེད་པས་འདི་ལ་གཡར་དམ་དུ་བྱ་བའམ༔ བཟླས་སྔགས་ཐམས་ཅད་ཀྱི་དབུ་ལ་བཏགས་པས་བྱིན་རླབས་ཤིན་ཏུ་ཆེའོ༔ ལར་ཐིགས་པ་བསགས་པས་ཀྱང་རྒྱ་མཚོར་འགྱུར་བ་ཡིན་ན༔ མཆུ་མི་སྡོད་པར་སྔགས་འབྲུ་རེ་རེ་ཙམ་ནས་ཀྱང་རྒྱུན་དུ་གསོག་པ་གལ་ཆེ་ཞིང༔ དུས་ཚོད་གཅིག་ནས་འགྲུབ་རྒྱུ་ཞིག་འབྱུང་བས་སེམས་ལ་ཞོག༔ ཅེས་གསུངས། ཡང་འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་གཉིས་པར། དང་པོ་རུ་རཀྴ་རབ་ཡིན། ཨིནྡྲ་རཀྴ་ཉིད་འབྲིང་ཡིན། ཐ་མ་བོ་དྷི་ཙི་ཡིན་ལ། གཞན་ཡང་འབྲས་བུ་ཡོད་པའི་ཤིང་ལས་རྗེས་སུ་མཐུན་པ་པའོ། །ཞེས་དང་། དེ་ཉིད་ལས། ན་མཿསརྦ་བུངྡྷ་ནཱཾ། ཨ་ཙིནྟ་བུངྡྷ་རཱུ་པི་ཎི། ཏདྱ་ཐཱ། ཨོཾ་ཀུ་རུ་ཀུ་རུ་སརྦ་ཨཪྠ་ན་སཱ་ངྷ་ཡ། སརྦ་དུཥྚཱཾ་བི་མོ་ཧ་ནི་ག་ག་ན་བ་ལམྦེ། བི་ཤོ་ངྷ་ཡ་སྭ་ཧཱ། སྔགས་འདིས་ཕྲེང་བ་ཐམས་ཅད་བྱིན་བརླབ་བྱའོ། །སྦྱང་བ་དང་དགུག་པ་དང་བསླང་བ་དང་བཏུལ་བ་ལ་སོགས་པའི་ལས་བྱའོ། །ཞེས་དང་། དེ་ཉིད་ལས། ཆུ་བོ་དག་ནི་དྲི་མེད་པའི། །ཆུ་གཙང་དག་གིས་ཁྲུས་བྱ་ཞིང་། །ཕྲེང་བ་རྗེས་སུ་བླངས་ནས་ནི། །བ་ཡི་རྣམ་ལྔས་རབ་ཏུ་བཀྲུ། །དྲི་ཞིམ་དག་གི་རྫས་བྱུགས་ནས། །རབ་ཏུ་སྔགས་ལ་འབད་པ་ཡིས། །ཉེ་རེག་བྱས་ནས་བཟླས་པར་འཇུག །ཅེས་ཐོག་མ་ཉིད་ནས་ཆུ་གཙང་གིས་རང་གི་ལུས་ཁ་ལག་བཀྲུས་ནས། དེ་རྗེས་ཕྲེང་བ་བའི་རྣམ་ལྔས་བཀྲུས། དྲི་བཟང་བྱུགས་ལ་གོང་གི་ཕྲེང་བ་ལྷག་གནས་ཀྱི་སྔགས་བརྒྱའམ་ཉེར་གཅིག་སོགས་བཟླས་ལ་ཕྲེང་བ་ལ་བཏབ། དེའི་རྗེས་རང་ལ་ཉེ་རེག་བྱས་ནས་བཟླས་པ་གང་བྱེད་ལ་འཇུག་པར་གསུངས་སོ། །ཡང་དེ་ཉིད་ལས། རུ་རཀྴ་དང་བོ་ངྷི་ཙི། །ཨིནྡྲ་རཀྴའི་འབྲས་བུ་ཉིད། །རྟག་ཏུ་ལུང་ཏང་མཛེས་པ་དང་། །གཞན་ཡང་འབྲས་བུ་ཡོད་པ་དག །འབད་པ་ཡིས་ནི་ཕྲེང་བ་བྱ། །ཞེས་སོ། །འཇམ་དཔལ་དབྱངས་ལ་ལྷག་པའི་ལྷར་འཛིན་པ་དག་གིས་ནི་ཕྲེང་བ་ལྷག་གནས་འདི་ཉིད་སྐབས་སུ་བབས་པར་མངོན་ནོ། །ཡང་བསྙེན་སྒྲུབ་ལས་སྦྱོར་གྱི་སྐབས་ངག་སྨྲ་བཅད་དགོས་པའི་རྒྱུ་མཚན་ནི། ཟླ་གསང་རྩ་རྒྱུད་ཀྱི་ཡང་གསང་དྲག་པོའི་ལེའུ་བཅུ་གསུམ་པ་ལས། རྣལ་འབྱོར་ནང་ལ་གཏམ་ཟེར་ན། །ལག་གི་བརྡ་ཡིས་སྟོན་པར་བྱ། །སྐོམ་དང་ཟ་བར་འདོད་པའི་ཚེ། །ལག་གི་བརྡ་ཡིས་བླང་བར་བྱ། །སྨྲས་ན་རྣལ་འབྱོར་རང་དོན་ཟད། །དེ་ཡི་ཕྱིར་ན་ལག་བརྡ་བྱ། །ཞེས་གསུངས་པའི་ཕྱིར་རོ། །
༈ ནཱ་རོ་པས་མཛད་པའི་སྔགས་ཀྱི་མན་ངག་ནི། རྒྱ་གར་སྐད་དུ། ཡོ་ག་མནྟྲོ་པ་དེ་ཤ བོད་སྐད་དུ། རྣལ་འབྱོར་པས་སྔགས་བཟླ་བའི་མན་ངག །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གང་ཞིག་རྣལ་འབྱོར་པ་རྣམས་ཀྱིས། །སྔགས་ཀྱི་ནུས་པ་སྐྱེ་འདོད་པས། །སྔགས་ཀྱི་སྤྱོད་ལམ་ཤེས་བྱ་སྟེ། །རྣལ་འབྱོར་སྔགས་པས་སྔགས་བགྲང་ཚེ། །དམ་ཚིག་ཉམས་པའི་མི་དག་དང་། །ནམ་ཡང་ཁ་འཕྲོ་མི་བསྲེ་ཞིང་། །སྡིག་པ་ཅན་གྱི་གོས་མི་གྱོན། །ཁམས་མི་བདེ་བའི་སྐབས་སུ་ནི། །ངལ་གསོ་ཁམས་བསང་ཆོས་ཉིད་བསྒོམ། །དད་པ་མེད་དང་ལེ་ལོ་སྤང་། །མི་མོས་ཉལ་སྔགས་བཟླ་བ་དང་། །བཟའ་བ་ཟ་ཞིང་སྔགས་ཟློས་སྤང་། །བཏུང་བ་འཐུང་ཞིང་སྔགས་ཟློས་སྤང་། །ཁ་མ་བཤལ་བར་སྔགས་ཟློས་སྤང་། །བསམ་པ་མེད་པར་སྔགས་ཟློས་སྤང་། །ལྷ་མ་གསལ་བ་སྔགས་ཟློས་སྤང་། །གཉིད་ཀྱི་དབང་དུ་གྱུར་བ་སྤང་། །གསལ་ཞིང་སྔགས་སྒྲ་ཆེ་བ་སྤང་། །ཞི་བའི་དུས་སུ་དྲག་པོ་སྤང་། །དྲག་པོའི་དུས་སུ་ཞི་བ་སྤང་། །དབང་གི་དུས་སུ་ཞི་བ་སྤང་། །སྔགས་བཟླས་གཞན་དུ་སྤེལ་བ་སྤང་། །སྒྲུབ་སྔགས་འཇོམས་ཤིང་བཟླ་བ་སྤང་། །རླུང་ཁ་ཆེན་པོ་ཆུ་ཆེན་འགྲམ། །དྲག་སྔགས་ཟབ་མོ་མི་བཟླའོ། །སྔགས་ཀྱི་ཡིག་འབྲུ་འཕྱར་བ་སྤང་། །སྒྲ་ངན་ནད་ལ་སོགས་པ་ལ། །ནུས་པ་ཡོངས་རྫོགས་དམིགས་པ་ཡང་། །སྣོད་མིན་དག་ལ་སྤེལ་མི་བྱ། །གསང་སྔགས་གྲོང་ཡུལ་དག་ཏུ་སྤང་། །ཀྲྀ་ཡ་ལ་སོགས་སྔགས་རྣམས་དང་། །འབྲས་བུ་དམན་པའི་སྔགས་ལ་སོགས། །ཕ་མ་གཉིས་མེད་མ་གཏོགས་རྒྱུད། །གཞན་ལ་ཤ་ཆང་བུད་མེད་དང་། །སྒོག་པ་སོགས་སྤང་གཙང་སྦྲ་བྱ། །འཕྲལ་གྱི་ནུས་པ་འདོད་པ་ལ། །སྨྲ་བཅད་གྲངས་དང་བཅས་པ་འདོན། །བླ་མེད་དངོས་གྲུབ་འདོད་པ་ལ། །གཞུང་བཞིན་རྟགས་རྫོགས་བར་དུ་འདོན། །ཕྱག་རྒྱ་ཆེན་པོ་འདོད་པ་ལ། །དེ་ཉིད་གསུམ་གསལ་ཡུན་དུ་འདོན། །ནུས་པ་མྱུར་དུ་སྐྱེ་འདོད་ན། །སྨྲ་བ་བཅད་པས་དངོས་གྲུབ་འཕེལ། །ལོ་གཅིག་རང་གར་བཟླས་པ་བས། །ཟླ་གཅིག་སྨྲས་བཅད་ནུས་པ་ཆེ། །ཡུལ་དུ་ལོ་གཅིག་བསྒྲུབ་པ་བས། །དབེན་པར་ཞག་གཅིག་བསྟེན་པ་ལེགས། །སྒྲུབ་པ་སྔགས་ཀྱི་རྣལ་འབྱོར་པས། །གདམས་ངག་ཉེར་གཅིག་འདིར་ལྡན་ན། །ཚེ་འདིར་མཆོག་དང་ཐུན་མོང་འགྲུབ། །སྔགས་བཟླ་བའི་མན་ངག་སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བྱང་པུཥྤ་ཧ་རིའི་དགོན་པར་བསྒྱུར་ཅིང་ཞུས་ཏེ་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པའོ། །
༈ གཞན་ཡང་འདི་ལྟ་སྟེ། ནུས་པ་མི་འཛད་པར་བྱེད་ན་གང་བསྒྲུབ་ཀྱི་སྔགས་ཤམ་དུ་རྟེན་འབྲེལ་སྙིང་པོ་བཏགས་ནས་བདུན་ཕྲག་གཅིག་སྒྲུབ་བོ། །ཡང་གཞན་ལ་དབང་བསྐུར་མང་པོ་བྱས་པའམ། སྲུང་བ་བྱས་སམ། ཟློག་པ་བྱས་སམ། འདྲེ་རྡུང་བྱས་པ་སོགས་ཀྱིས་ནུས་པ་ཉམས་འགྲོ་བས་དེ་གསོ་ན། ཡི་དམ་ལྷའི་བསྙེན་པ་སོར་ཆུད་ཐབས་ལ། བུམ་ཆུ་རྟེན་འབྲེལ་སྙིང་པོའི་གཟུངས་སྒྲུབ་བྱས་ལ་ཁྲུས་བྱའོ། །ཡང་དུས་མིན་འཆི་བ་ཟློག་པ་དང་། སྔགས་ཀྱི་ནུས་པ་མི་ཡལ་ཞིང་བྱིན་རླབས་ཆེ་བར་བྱེད་འདོད་ན། སྒོམ་སྒྲུབ་ཐམས་ཅད་ཀྱི་ཐོག་མར་ཨཱ་དི་ཀཱ་དི་ཚར་གསུམ་བཟླས་རྗེས་སྒོམ་སྒྲུབ་ལ་འཇུག །ཐུན་མཐར་རྟེན་འབྲེལ་སྙིང་པོ་གསུམ་མམ། ལྔ་འམ། བདུན་བཟླས་ན། ནུས་པ་བརྟན་པའི་རབ་གནས་སུ་འགྲོ་བ་ཡིན་ནོ། །ཡང་གྲངས་ནི། བརྒྱ་རྩ་གསོག་ན་གཅིག་མ་ཚང་བའམ། སྟོང་རྩ་ལ་བརྒྱ་མ་ཚང་བའམ། ཁྲི་ཕྲག་ལ་སྟོང་མ་ཚང་བ་སོགས་ནི་རྒྱུན་ཆད་པ་ཞེས་ཤིན་ཏུ་ངན་པས་གྲངས་ལས་ལྷག་གམ་མ་ཆད་པ་ཤིས་སོ། །ཡང་སྔགས་རྣམས་བཟླ་བའི་དུས་ཀྱི་ཚེ། །ཉལ་ནས་མ་ཡིན་ལངས་ནས་མིན། །རྒོད་ཅིང་མ་ཡིན་འཆག་ཅིང་མིན། །བཟའ་བཏུང་དང་ནི་བསྲེས་པ་དང་། །འབགས་ཆབ་མ་བླང་བཟླ་བ་མིན། །གོས་གདན་སྤྲུག་སོགས་བྱ་བ་མིན། །ཞེས་སོ། །ཡང་ཐུན་སོ་སོའི་མཐར། བདག་གིས་ཐུན་འདི་ལ་བསྙེན་གྲངས་བརྒྱ་སྟོང་སོགས་ཆེ་གེ་མོ་བཏོན་པའི་དགེ་བའི་རྩ་བ་འདི་ལྷག་པའི་ལྷ་མཆོག་ཆེ་གེ་མོ་ཁྱེད་ལ་འབུལ་བར་བགྱིའོ། །དེ་ཕུལ་བའི་མཐུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པ་དང་། ས་མཆོག་རྡོ་རྗེ་འཛིན་པའི་གོ་འཕང་ཐུན་མོང་ཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་ད་ལྟ་ཉིད་དུ་འགྲུབ་པ་མཛད་དུ་གསོལ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་ཆེན་པོས་བདེན་པ་འདི་འགྲུབ་པར་གྱུར་ཅིག །ཅེས་དང་། རྟེན་འབྲེལ་སྙིང་པོ་ཅི་འགྲུབ་བཟླའོ། །ཡང་སྔགས་ཕྲེང་རྡོག་གི་གྲངས་སུ་བརྩི་བའི་སྐབས། མི་དང་གཏམ་ཤོར་ན་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། སྦྲིད་པ་བྱུང་ན་བཅུ། གླལ་ན་ལྔ། མཆིལ་མ་དོར་ན་གཅིག་རྣམ་གྲངས་སུ་མི་བརྩི་བར་སླར་ལྡོག་གོ །ཡང་རྟེན་གཏོར་ཁྱི་ལ་ཤོར་བ་དང་། །མལ་གདན་ནམ་མཁའི་མཐོངས་སུ་སྤྲུག །རྭ་དང་རུས་པའི་ཐོད་ཕྲེང་མ་གཏོགས།ཕྲེང་བ་བགྲང་། །འདི་ནི་ལྷ་སྒྲུབ་ཞུད་པས་སྤོངས། །ཞེས་ཀྱང་འབྱུང་ངོ་། །ཡང་ཇོ་བོ་རྗེ་དཔོན་སློབ་ནི། དུས་ཆེན་བཞི་བོ་གང་རུང་དེས། །དགེ་བ་འབུམ་དུ་རྒྱལ་བས་གསུངས། །ཤེར་སྙིང་ཚར་གཅིག་བཏོན་པ་ན། །འབུམ་ཚར་ཉི་ཤུ་བཏོན་པར་འགྱུར། །ཚུལ་ཁྲིམས་ལྡན་པའི་དགེ་སློང་ནི། །གཅིག་ལ་གདུགས་ཚོད་བཤོས་དྲངས་ན། །དགེ་སློང་ས་ཡ་ཕྲག་བརྒྱ་ལ། །འཚོ་བ་ཕུལ་བའི་བསོད་ནམས་འཐོབ། །ཅེས་གསུངས། པཎ་ཆེན་ཤཱཀྱ་ཤྲཱིས་ནི། །དུས་ཆེན་བཞི་དང་ཐ་མལ་པའི། །ཁྱད་པར་སིལ་བུ་མྱང་འདས་ལས། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །ཉི་མ་གཟའ་ཡིས་ཟིན་པའི་དུས། །བྱེ་བ་དང་ནི་འབུམ་འགྱུར་ཏེ། །ཟླ་བ་བྱེ་བ་བདུན་འགྱུར་རོ། །དུས་ཆེན་བཞི་པོར་ཉི་ཟླ་བཟུང་། །དེ་དག་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་སོ། །ཆག་ལོ་ཙཱ་བས། དུས་ཆེན་བཞི་ལ་ནས་རྡོག་གཅིག་སྦྱིན་པ་བཏང་ན། ནས་རྡོག་ས་ཡ་ཕྲག་བརྒྱར་འགྱུར། །དེ་ནས་ཁལ་དུ་བསྡོམས་ན། ཁལ་བདུན་བརྒྱ་དང་བྲེ་བཅུ་བདུན་ཕུལ་བཞི་ཁྱོར་བ་བཞི་འོང་། ཞེས་གསུངས་སོ། །ཡང་མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་པོས། ལྷ་གང་ཡིན་ཡང་ཆོ་གའི་མགོ་མཇུག་ཚང་བ་སྒྲུབ་རྗེས། བགྲང་ཕྲེང་ལས་ཐུན་རང་རང་གི་ལུགས་ཀྱི་གསུང་རྡོ་རྗེར་བསྐྱེད་ལ་ཡེ་ཤེས་པ་བཞུགས་ནས་བཟླས་པའི་མཐར་ཐུག་པ་བྱས་རྗེས་ལྷ་ཡོངས་སུ་གྱུར་པ་བགྲང་ཕྲེང་གི་རྣམ་པའམ། གཤིན་རྗེ་ལ་སོགས་ལ་ཁྲག་འཛག་པའི་མགོ་བོར་བལྟས་ལ། རང་རང་གི་སྤྲོ་བསྡུའི་དམིགས་པ་ཇི་ལྟར་བཤད་པ་ལྟར་གསལ་བཞིན་པའི་སྨྲ་བཅད་བྱས་པའི་བཟླས་པ་ཇི་ཙམ་གྲུབ་པ་རྣམས་ནི་བསྙེན་པའི་གྲངས་སུ་བརྩི་བས་གྲངས་འཛིན་ལ། ཐུན་མཚམས་དང་། བཟའ་བཏུང་དང་། གཏམ་གླེང་བ་སོགས་དང་། འགྲོ་བའི་ཚེ་བཟླས་པའི་སྔགས་རྣམས་བསྙེན་པའི་གྲངས་སུ་མི་བརྩི་བར་གསུངས། འོན་ཀྱང་བར་ཆད་སྲུང་བ་དང་། ངག་ནུས་པ་སྐྱེད་པ་དང་། ལྷའི་ཐུགས་རྒྱུད་བསྐུལ་བ་དང་། ཆད་ལྷག་གི་ཁ་འགེངས་པ་སོགས་ཀྱི་སླད་དུ་བཤང་གཅི་འདོར་སྐབས་ཚུན་ཆད་དུ་སྔགས་བཟླ་བ་གལ་ཆེ་ལ། དེ་རྣམས་བསྙེན་གྲངས་སུ་ནི་མི་བརྩི་བར་གསུངས་པ་ནི་ཤིན་ཏུ་ལེགས་ལ། ཡང་བླ་མ་འགའ་ཞིག་ཡི་དམ་བདེ་མཆོག་ལྟ་བུར་བསྒོམས་ནས་སྔགས་དགྱེས་རྡོར་ལྟ་བུ་བཟླ་བ་ནི། ཆེས་ཤིན་ཏུ་མི་འཐད་ལ། དེས་ཐམས་ཅད་འགྲེལ་བར་འདུག་ཅིང་དེ་སོགས་འགའ་ཞིག་གསུངས་ནོར་འདུག་གོ །ཡང་སློབ་དཔོན་པདྨས་མཛད་པའི་མན་ངག་གསེར་ཕྲེང་དུ། བསྙེན་པ་ཉེ་སྙིང་དྲོད་ཚད་ཐོབ། །བསྙེན་པའི་གྲངས་ནི་ས་ཡ་གཅིག་ཡིན། བྱེ་བ་བཅུ་ལ་ཟེར་བ་འདུག །དུས་བདུན་ཕྲག་བདུན་པ་གསུམ་ཟེར་བ་ཡིན། རྟགས་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་གསུངས་སོ། །ཚད་དུ་མ་ཕྱིན་སྐྱོན་ཡིན་ཏེ། །ཚད་ལས་འཕགས་པ་ཡོན་ཏན་ཡིན། །བསྙེན་པ་རྫོགས་ནས་སྒྲུབ་པ་བརྩམ། །གྲངས་ནི་ཁྲི་ཡིན་དུས་ཞག་གཅིག །མཚན་མ་གསུམ་ཐོན་སྟོབས་ལྡན་པ། །སྒྲུབ་པའི་དྲོད་ཚད་ཡིན་པར་བཤད། །ཕྲིན་ལས་ཞི་རྒྱས་དབང་དང་དྲག །གསད་གསོད་དབབ་བཅད་ལ་སོགས་པ། །གང་བྱེད་སྒྲུབ་པ་ཆེན་པོ་ཡིན། །ཞི་བས་ཚེ་རིང་ནད་མེད་འགྱུར། །རྒྱས་པར་སྦྱར་བས་ཕུན་སུམ་ཚོགས། །དབང་གིས་ཁམས་གསུམ་དབང་དུ་སྡུད། །དྲག་པོས་དགྲ་བགེགས་འདུལ་བར་བྱེད། །མཚན་མ་བླ་རྟགས་དབང་མེད་དུ། །དགུག་གསོད་གཅོད་པ་སྲོག་གི་རྟགས། །འབྱུང་བ་གཡོ་དང་ཐོག་སེར་དང་། །ཆོ་འཕྲུལ་ལྟས་ངན་ལ་སོགས་པ། །མངོན་སུམ་ཉམས་དང་རྨི་ལམ་སྣང་། །འདི་ཉིད་རྟགས་སུ་ཤེས་པར་བྱ། །ཞི་བ་དག་ལ་གྲངས་མང་ཡང་། །ཟུག་རྔུ་མེད་ཅིང་གནོད་མི་འགྱུར། །རྒྱས་པའི་ལས་ལ་གྲངས་མང་ཡང་། །གནོད་དང་ཉེས་པ་མེད་པ་ཡིན། །དབང་དུ་སྡུད་དང་དྲག་པོའི་སྔགས། །ཚད་ལས་འདས་ན་སྔགས་པ་དག །ཚེ་ཐུང་ནད་མང་དགྲ་བགེགས་འབྱུང་། །གསོད་སྔགས་ཚད་ལས་འདས་པ་ན། །སྔགས་པ་དུས་མིན་འཆི་བར་འགྱུར། །ཐོག་སེར་དབབ་པའི་སྔགས་ལ་ནི། །ཚད་ལས་འདས་ན་ཡུལ་ཁམས་ཕུང་། །གཟིར་མནན་སྔགས་ནི་ཚད་འདས་ན། །སྔགས་བདག་ནུས་པ་བཅོམ་པའི་ཕྱིར། །དམ་ཚིག་ཉམས་ནས་ལས་མི་འགྲུབ། །ལྟས་ངན་དབབ་སྔགས་ཚད་འདས་ན། །ལྟས་ངན་བདག་གི་འཁོར་ལ་འོང་། །དེ་ཕྱིར་དྲོད་ཚད་བརྟག་པ་གཅེས། །ནང་དང་གསང་བ་ཡང་གསང་གཏེར། །གྲངས་དུས་མཚན་མ་གོང་མ་བཞིན། །དེས་ཀྱང་གལ་ཏེ་མ་འགྲུབ་ན། །སྤོགས་ཆོག་སྤོགས་པའི་ལས་རྣམས་ཀུན། །རིམ་པ་བཞིན་དུ་མཁས་པར་བྱ། །དེས་ཀྱང་མ་འགྲུབ་གནད་ལ་དབབ། །ཟློག་ཅིང་གནད་དབབ་དཀྲུག་ཅིང་བསད། །གཟིར་གནོན་ལ་སོགས་ཅི་རིགས་བྱ། །དེ་ནས་བདག་ཉིད་དམ་ལྡན་པས། །ཐ་མལ་མི་ལྡང་ཡི་དམ་གྱི། །རྒྱུད་ཀྱི་ཏིང་འཛིན་གསལ་བྱ་ཞིང་། །སྣང་སྟོང་དབྱེར་མེད་བསྒོམ་པར་བྱ། །འདས་དང་མ་འདས་སྲུང་མ་ལ། །མཆོད་དང་བསྐང་དང་བསྟོད་པ་དང་། བསྙེན་སྒྲུབ་ལས་རིམ་གཙོར་བྱེད་པའི། །སྔགས་པས་རྒྱུན་དུ་འདི་ལྟར་བྱ། །སྔོན་དུ་ཡི་དམ་རྒྱུད་བཞིན་བསྒྲུབ། །རྗེས་སུ་ལས་མཁན་བསྒྲུབ་པར་བྱ། །སྲོག་སྙིང་ཚད་དང་ལྡན་པར་བཟླ། །ཕྲིན་ལས་གང་བྱེད་ལས་མཁན་བསྐུལ། །རང་ཉིད་ཡི་དམ་རྒྱུན་དུ་བསྒོམ། །རྟག་ཏུ་དེ་ལྟར་བསྒྲུབ་པར་བྱ། །མཐུ་དང་བྱིན་རླབས་དཔག་ཏུ་མེད། །སྔགས་དང་སྒོམ་པའི་དངོས་གྲུབ་ཐོབ། །ཕྱི་ནང་གསང་བ་ཡང་གཏེར་གྱི། །གསང་ཆེན་གྱི་ནི་སྒྲུབ་པའོ། །ཞེས་གསུངས་འདུག་པ་རྣམས་སྔགས་པ་ལ་ཤིན་ཏུ་གལ་ཆེ་བར་སྣང་བས་ཁོལ་བུར་བྲིས་པ་ཡིན་ནོ། །འདི་རྣམས་འབྲི་གུང་པ་སྐྱུ་རའི་སྔགས་རྒན་ཆོས་ཀྱི་གྲགས་པ་ཞེས་འབོད་པ་རིམ་པ་གཉིས་ལ་གཙོ་བོར་འཛིན་པ། དེང་སང་གི་བན་སྔགས་རྣམས་ལྟར། གྲོང་ཆོག་དང་ཟོལ་ཟོག་ལ་མི་ལྟ་བ་དེས། རྒྱུད་བསྟན་བཅོས་རྣམས་བལྟས་པས་ཉེར་མཁོ་འདུག་པ་རྣམས་ཁོལ་བུ་ཟིན་བྲིས་ཐུན་དུ་བསགས་ནས་བྲིས་པ་ཡིན་ནོ། །སརྦ་མངྒ་ལཾ།། །།
བཀའ་བསྟན་མན་ངག་ཟབ་མོའི་མཁའ་དབྱིངས་ལས། །བསྙེན་སྒྲུབ་སྤྱི་གཅེས་དགོས་འབྱུང་འོད་ཟེར་འཕྲོས། །ཚུལ་གནས་ཐོས་བསམ་སྒོམ་པའི་བློ་གྲོས་ཅན། །སྐལ་ལྡན་པདྨོའི་ཚོགས་ཀྱི་གཉེན་དུ་མཆོག །ཆོས་མཐུན་སྐུ་གཤེགས་ཡེ་ཤེས་ལྷུན་གྲུབ་ཀྱི། །དགོངས་རྫོགས་སླད་དུ་ཚུལ་ཡེའི་དད་གདུང་གིས། །མཆོད་སྦྱིན་སྤེལ་དགེས་རྒྱལ་བསྟན་རིན་པོ་ཆེ། །མི་ཉམས་ཕྱོགས་དུས་ཀུན་ཏུ་དར་བ་དང་། །དེ་འཛིན་སྐྱེས་ཆེན་སྐུ་ཚེ་མཛད་འཕྲིན་རྒྱས། །གནས་སྐབས་འགྲོ་རྣམས་བདེ་སྐྱིད་དཔལ་ལ་སྤྱོད། །རིང་མིན་ཚོགས་གཉིས་རྒྱ་མཚོའི་རླབས་ཆེན་གྱིས། །མཐར་ཐུག་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །སརྦ་མངྒ་ལཾ། །
བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས། མཁར་སྤྲུལ་བསྟན་པའི་ཉི་མ།
༄༅། །བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས་ཞེས་བྱ་བཞུགས་སོ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །རིགས་བརྒྱའི་ཁྱབ་བདག་དཀྱིལ་འཁོར་འཁོར་ལོའི་མགོན། །འགྲོ་ལ་ཕན་བདེའི་མཆོག་སྩོལ་ཡིད་བཞིན་དབང་། །མཚུངས་མེད་དྲིན་ཆེན་བླ་མར་ཕྱག་བགྱིའོ། །བགྲངས་ཡས་གདུལ་བྱའི་ཞིང་གི་མཁའ་ཁྱབ་ཏུ། །རླབས་ཆེན་ཐུགས་རྗེའི་སྤྲིན་ཕུང་གཡོ་བ་ལས། །ངེས་གསང་བདུད་རྩིའི་ཆོས་ཆར་འབེབས་མཛད་པའི། །ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས་ལ་འདུད། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཉེ་ལམ་ནས། །ཐབས་ཤེས་ཟུང་འབྲེལ་རིམ་གཉིས་གཤོག་རླབས་ཀྱིས། །སྐུ་བཞིའི་རྒྱལ་སར་མྱུར་དུ་བགྲོད་འདོད་པའི། །སྐལ་བཟང་སྐྱེ་བོའི་དགའ་སྟོན་འདིར་གསལ་བྱ། །དེ་ལ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་པ་དག་གིས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ། རྟེན་གྱི་གང་ཟག་ཐུན་མོང་གི་བློ་སྦྱོང་རྣམས་ཀྱིས་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་ནན་ཏན་གྱིས་བསྐྱེད་ནས། མཚན་ལྡན་གྱི་བླ་མ་ལས་དབང་བཞི་ལེགས་པར་ནོད་ཅིང་། དད་པ་དང་དམ་ཚིག་ལ་གནས་པས་ལམ་འདི་ལ་འཇུག་གོ །
དེ་ལ་ཡང་སྦྱོར་བ་དང་། དངོས་གཞི་དང་རྗེས་གསུམ་ལས། །དང་པོ་ནི། གསལ་བཀྲ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་བས་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར། གང་དུ་སྒྲུབ་པའི་གནས་ནི། ལས་དང་པོ་པ་རྣམས་འདུ་འཛི་བྲེལ་གཡེང་དང་ཆགས་སྡང་འཕེལ་བའི་གནས་ལས་རྒྱང་བསྲིང་བར་བྱ་དགོས་ཏེ། ལྷག་བསམ་བསྐུལ་བ་ལས། གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ལ་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཏུ་གནས་པར་མི་བྱའོ། །ཞེས་གསུང་ཤིང་། དེ་ཡང་དགེ་འདུན་སྡེ་འཁྲུག་བྱེད་པའི་དགོན་གནས་རྣམས་སུ་ནི་སྔར་ཡོད་ཀྱི་དགེ་རྩ་ཉམས་ཤིང་། ཕྱིས་སྐྱེ་དཀའ་བ་དང་། ས་རིམ་པ་བདུན་གྱི་བར་ཚིག་སྟེ་སྣོད་བཅུད་ཀྱི་ལེགས་ཚོགས་ཐམས་ཅད་ཉམས་པ་དང་། ཁྱད་པར་སྒྲུབ་འབྲས་རྟགས་དང་ཡོན་ཏན་གང་ཡང་སྐྱེ་དཀའ་བར་གསུངས་པས་སྤང་བར་བྱ་ཞིང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་གནས། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་ཡོན་ཏན་ལྔ་ལྡན་ནམ། དུས་འཁོར་རྩ་རྒྱུད་ལས། གང་དུ་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་ཡང་དག་བརྩམ། །ཞེས་རྒྱལ་པོ་ཆོས་ལྡན་དང་། གཞི་བདག་དཀར་ཕྱོགས་ཀྱི་དགེ་བསྙེན་གནས་པ་དགྲ་རྐུན་དང་རྩོད་པ་མེད་པ་སྟེ་སྤྱི་དང་། ཁྱད་པར་དུ་པད་སྡོང་བརྩེགས་པའི་རྒྱུད་ལས། སྤྱི་དང་བྱེ་བྲག་གང་ལ་ཡང་། །གནས་དང་ཡུལ་དང་ཉེ་བའི་གནས། །རྒྱལ་བས་ཞབས་བཅག་བཀྲ་ཤིས་པ། །ཡིད་དང་མཐུན་པ་མཆོག་ཏུ་གཅེས། །ཞེས་པས་གནས་ཡུལ་བྱིན་ཅན་དང་། ཨོ་རྒྱན་ཆེན་པོ་སོགས་གྲུབ་ཐོབ་གོང་མའི་སྒྲུབ་གནས་རྣམས་ནི་མཆོག་ཏུ་བསྔགས་པ་ཡིན་ཏེ། དགོངས་འདུས་ལས། ཕལ་བའི་གནས་སུ་ལོ་གཅིག་བསྒྲུབ་པ་བས། །འདི་དག་རྣམས་སུ་ཞག་གཅིག་བསྒྲུབ་ཐག་ཉེ། །ཞེས་དང་། སྒྲུབ་གནས་དེ་ཡང་གནམ་སའི་དབྱིབས་ཁ་དོག་སོགས་དཔྱད་ཀྱི་བྱེ་བྲག་རྣམས་ལས་བཞི་སོ་སོ་དང་མཐུན་པའི་དམིགས་བསལ་ཡང་གསུངས་སོ། །དེ་ཙམ་མ་འགྲིགས་ན། བསམ་གཏན་ངལ་གསོ་ལས། མདོར་ན་གནས་གང་དང་པོ་ཉམས་དགའ་བ། །འདྲིས་ཤིང་མི་དགའ་དངོས་གྲུབ་ཆུང་བའི་གནས། །དང་པོར་འཇིགས་ལ་མི་དགའ་འདྲིས་ཤིང་དགའ། །བྱིན་ཆེན་དངོས་གྲུབ་མྱུར་ལ་བར་ཆད་མེད། །དེ་ལས་གཞན་ཀུན་བར་མ་ཕན་གནོད་མེད། །ཅེས་པས། འདྲིས་ཤིང་དགའ་བ་དང་། བསམ་གཏན་ལ་ཚེར་མ་མེད་པའི་གནས་ཞེས་པ། དབེན་ཞིང་ཉམས་དགའ་ལ་ཡིད་དང་རྗེས་སུ་མཐུན་པ་གལ་ཆེ་སྟེ། དགོངས་འདུས་ལས། ཡིད་མཐུན་བྱུང་ན་གྲོང་ཁྱེར་ཡིན་ཡང་རུང་། །ཞེས་དང་། བསྡུས་རྒྱུད་ལས། གང་དུ་སེམས་ནི་རབ་ཏུ་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པར་བྱའོ་མི་ཡི་བདག་པོ་ཀྱེ། །ངེས་པར་འཇམ་པའི་མལ་སྟན་དག་དང་གདན་ལ་ཉེ་བར་འདུག་ནས་སྔར་བརྗོད་བསྲུང་བ་བྱས་ནས་ནི། །ཞེས་གསུངས་པ་ལྟར་རོ། །དུས་ནི། པད་སྡོང་བརྩེགས་པའི་རྒྱུད་ལས། ར་བ་བཞི་ཡི་ཡར་ངོ་དག །བཀྲ་ཤིས་དགེ་ལེགས་འབྱུང་བར་བྱེད། །ཉ་དང་གནམ་སྟོང་ཚེས་བརྒྱད་ཉིད། །ལྟས་བཟང་བཅས་ཏེ་སྒྲུབ་པ་འཕེལ། །ཞེས་པས་སྒྲུབ་ཆེན་གྱི་དུས་ནི་དེ་རྣམས་དགེ་ཞིང་། གཞན་ཡང་། རྒྱུ་སྐར་རྒྱལ་སོགས་ཡིད་སྨོན་འགྲུབ། །གཟའ་དར་ཟླ་བ་ཡར་གྱི་ངོ་། །ཞེས་དང་། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པར་བླང་བར་བྱ། །ཞེས་སོ། །དེ་ཡང་རྟོག་མེད་གདེངས་ལྡན་གྱི་གང་ཟག་ལ་གནས་དུས་ཀྱི་ཁྱད་པར་མེད་ཀྱང་། ལས་དང་པོ་པས་གཟའ་སྐར་དུས་ཚེས་སོགས་ལས་བཞི་དང་མཐུན་པའི་རྟེན་འབྲེལ་ལེགས་ཕྱོགས་སུ་བསྒྲིགས་པ་ལ་དགོས་འབྲས་ཁྱད་པར་ཅན་ཡོད་པར་གསུངས་ཏེ། རྔམ་གློག་ལས། འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་དེ། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །གང་ལྟར་ཡང་རྒྱབ་རིམ་གྱི་དཔུང་སྐྱེད་ཕྱིར། སྲོག་བསླུ་ཉེའུ་འདོན་པ། ལམ་འཕྲང་བཅོས་པ། ས་ཚཱ་གཏོར་མ། བརྒྱ་བཞི་སོགས་མཆོག་སྦྱིན་དང་། འབུམ་སྡེ་ལྔའམ། དཀོན་བརྩེགས། མྱང་འདས། ཡུམ་རྒྱས་པ། ཕལ་ཆེན། ལང་གཤེགས་རྣམས་དང་དེ་ལྔ་ལས་བསྡུས་པ། ལྟུང་བཤགས། འདའ་ཀ་ཡེ་ཤེས། ཤེར་སྙིང་། བཟང་སྤྱོད། རྣམ་འཇོམས། སྡུད་པ་སོགས་བཀའ་ཀློག་པ། ཁྱད་པར་དྲག་པོའི་སྦྱིན་སྲེག་སོགས་དགེ་བའི་རྒྱབ་དཔུང་ཅི་འགྲུབ་བྱ་ཞིང་སྒྲུབ་པའི་གྲོགས་དང་འཚོ་ཆས། སྒྲུབ་རྫས་ལ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཀྱང་འདུ་བྱའོ། །དེ་དག་གི་ཚུལ་ཞིབ་པར་མན་ངག་མཛོད་སོགས་ལས་རྟོགས་པར་བྱའོ། །དེ་ནས་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་ན་བཀྲམ། མཆོད་པ་ཡ་ཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་ཤིང་ཡིད་དུ་འོང་བས་སྣང་བ་ལ་བག་ཕེབས་ཤིང་བྱིན་ཆགས་པར་བྱ། གནས་ཁང་གསར་པ་ཡིན་ན་བདག་བསྐྱེད་སྔོན་དུ་འགྲོ་བ་ཅན་གྱི་ས་ཆོག་དགོས། རྙིང་པ་ལ་མི་དགོས། དེ་ནས་ཕྱི་རོལ་དུ་བླ་གབ་མེད་པའི་སར་སྡེ་བརྒྱད་སྤྱི་དང་བྱེ་བྲག་གནས་གཞིའི་ས་བདག་སོགས་ལ་དམིགས་ནས་འཁོར་འདས་སྤྱི་གསོལ་ཆེན་མོ་ལྟ་བུའམ། ཆ་གསུམ། སྡེ་བརྒྱད་མཆོད་པ། བསང་རྔན་སོགས་རྒྱས་བསྡུས་ཇི་ལྟར་རིགས་པ་བཏང་ནས་སྒྲུབ་པའི་སྡོང་གྲོགས་བྱེད་པའི་ཕྲིན་ལས་བཅོལ། སྐབས་འདིར་བགེགས་སྐྲོད་དང་མཚམས་གཅོད་རྒྱལ་ཐོ་འཛུགས་པ་རྣམས་བྱས་ཀྱང་ཆོག །དཀྱིལ་འཁོར་དང་ཞལ་སྤྲོད་དུ་རང་གི་གདན་གྱི་འོག་ཏུ་འབྲུ་དཀར་རམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུསྡོད་ཚུགས་པའི་རྟེན་འབྲེལ་དུ་མཆན་བྲི། སྤྲོ་ན་རྩྭ་ཀུ་ཤའམ་དུར་ཝའི་རྩ་བ་ཕྱི་དང་རྩེ་མོ་ནང་བསྟན་དུ་བཏིང་བའི་ཁར་མལ་སྟན་བཤམ། དེ་ཡང་གདན་གྱི་རྒྱབ་ཅུང་ཟད་མཐོ་བ་ལེགས་ཞེས་བཤད་དོ། །སྐབས་འདི་དག་གི་ཚེ་མཆོད་གཏོར་སོགས་ཀྱང་། རྒྱུ་བཟང་བ། དངོས་གཙང་བ། བཀོད་ལེགས་པ་རྣམས་གལ་ཆེ་བར་གསུངས་པས། གཏོར་མའི་རྒྱུ་དེ་ཉིད་ཀྱང་ལོག་འཚོས་བསྒྲུབས་པ་དང་། ངན་སྙིགས་སོགས་མ་ཡིན་པའི་རྒྱུ་བཟང་པོའི་ཕུད་ལ། གཙང་སྦྲ་ལྡན་པས་དང་པོ་དཀར་གསུམ་ཅུང་ཟད་བསྲེས་ནས་ལྷ་བཤོས་བྱ། གཏོར་ཟན་ལ་དམ་སེལ་མེད་པའི་བདུད་རྩིའི་ཕུར་མ་དང་ཆང་། དཀར་གསུམ་མངར་གསུམ་རྣམས་བསྲེས་ལ་སྐ་སླ་རང་གི་ཟ་ཚོད་རན་པ་ཙམ་དུ་བྱ་ཞིང་རང་གཞུང་གི་སྒྲུབ་གཏོར་མཚན་ཉིད་ལྡན་པར་བཟོ། འབྲི་སྨུག་དང་དཀར་པོ་གང་འོས་བྱུགས། གཏོར་མའི་དབྱིབས་གང་ཡང་ཟུར་རང་ལ་མི་བསྟན། དཀར་རྒྱན་དང་བཟའ་བཅའ་སྣ་ཚོགས་པས་བརྒྱན་གཏོར་གདུགས་རང་མདོག་ཅན་བཅས་ཀྱི་གཡས་གཡོན་དུ་སྨན་རཀ་རྫས་ལྡན། གཞན་ཡང་དམ་ཅན་ཆོས་སྐྱོང་གཏེར་སྲུང་གཞི་བདག་དང་བཅས་པའི་གཏོར་མ་གང་འོས། ཚོགས་ཀྱི་ཡོ་བྱད་སོགས་སྐབས་ཐོབ་བཞིན་འདུ་བྱའོ། །གཏོར་མ་ལ་གཟུངས་གཞུག་འཇོག་པར་སྤྲོ་ན། རྒྱ་ཤོག་ལ་དྲི་བཟང་དང་མཚལ་སྣག་གང་རུང་གིས་ལྷ་གཙོ་འཁོར་གྱི་རྩ་སྔགས་སྦྲེལ་གཤམ་དུ་ནམ་མཁའ་མཛོད་ཀྱི་སྔགས་བྲི། འཕགས་པའི་ལྷ་ཚོགས་འཁོར་དང་བཅས་པས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། ཅེས་པའི་འཕྲོར་ཡེ་དྷར་ཚར་གཅིག་བྲིས་ཏེ་དབུ་ནས་ཡིག་ངོ་ནང་བསྟན་དུ་དྲིལ་ཏེ་མགོ་མཇུག་མ་ལོག་པར་དར་ལྷའི་མདོག་མཚུངས་ཀྱིས་དྲིལ་ནས་སྙུགས་སྦུབས་སམ་ཟངས་སྦུབས་སུ་བཅུག་སྟེ་འཛུད། བྱེ་བྲག་རྒྱས་པར་སྤྲོ་ན། རྟེན་གཏོར་ནི་གཏོར་མ་དེ་ཉིད་ལྷར་བསྐྱེད་དེ་ཇི་སྲིད་བར་དུ་མཆོད་པས་སྟོབ་སྟེ་འཇོག་པ་དང་། རྟགས་གཏོར་ནི་ལོ་ཟླའི་དུས་ཚིགས་ངེས་པའི་བར་སྤྱན་རྟེན་མཆོད་པའི་ཚུལ་ཏེ། འདི་ལ་དབྱེ་ན་གཉིས་ལས་སྒྲུབ་གཏོར་རམ་མཆོད་གཏོར་ནི་ལྷ་རྣམས་ལ་མཆོད་འབུལ་གྱིས་བཞེས་པ་སྟོབ་རྒྱུའི་ཚུལ་དང་། བསྐང་གཏོར་ནི། འདོད་ཡོན་ལོངས་སྤྱོད་སྣ་ཚོགས་ཀྱི་མཆོད་རྫས་སྤྱན་གཟིགས་ཀྱི་ཚུལ་དང་། ཐུན་གཏོར་རམ་རྒྱུན་གཏོར་ནི་གློ་བུར་ལས་བཅོལ་གྱི་ཆེད་དུ་ཆོ་གའི་ཐུན་མཐར་བརྔན་གྱི་ཚུལ་དུ་འཕྲལ་ལ་འབུལ་རྒྱུ་ལྟ་བུ་ལ་བྱའོ། །འདི་ལ་གཏའ་གཏོར་ནི་ལས་མ་གྲུབ་བར་དུ་བཟུང་ནས་གྲུབ་ཚེ་མཆོད་རྒྱུ་སྟེ་ལས་མི་འགྱང་བར་མྱུར་བའི་ཆེད་ཡིན་ནོ། །དེ་ཡང་བྱ་བཏང་སྤྲོས་མེད་ཀྱིས་ནི་བཟའ་བཅའ་སྣ་ཚོགས་པའི་ཕུད་ཙམ་ལ་བརྟེན་ཀྱང་རུང་ངོ་། །གཞན་ཡང་གཏོར་མ་ལ་ཤེས་པ་གསུམ་ལྡན་ནམ་བཞི་ལྡན་ཞེས་སྐབས་ཐོབ་ཀྱི་དམིགས་པའི་འཕྲུལ་ནི་ཤེས་དགོས་ཏེ། དགོངས་འདུས་ལས། གཏོར་མ་ལ་ཡང་མཚོན་བྱེད་བཞི༔ བྱིན་རླབས་དབང་དུས་བླ་མའམ༔ ཡི་དམ་ཌཀྐི་ལ་སོགས་དམིགས༔ དེ་བཞིན་དངོས་གྲུབ་འདོད་པ་ཡིས༔ བདུད་རྩིར་དམིགས་རོལ་གང་འདོད་འབྱུང༔ བགེགས་ཀྱི་སྦྱོར་བ་བཤིག་པའི་ཚེ༔ རྣོ་ངར་ལྡན་པའི་མཚོན་ཆར་དམིགས༔ མཆོག་དང་ཐུན་མོང་བསྐང་ཚེ་ནི༔ འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན༔ བསྐང་བའི་རྫས་རྣམས་སོ་སོར་དམིགས༔ གང་ཡང་ལས་ཀྱི་སྦྱོར་བས་ཤེས༔ ཞེས་དང་། དེ་བཞིན་དུ་སྒྲུབ་པའི་ཚེ་ཡང་། བཀའ་བརྒྱད་ཀྱི་མན་ངག་གཅེས་པའི་ལྡེ་མིག་ལས། ལག་ལེན་ཤེས་པ་བཞིར་བསྟན་ཏེ༔ བ་ལིང་གཏོར་མ་ཆེན་པོ་ཉིད༔ མཆོད་པར་ཤེས་དང་ལྷར་ཤེས་དང༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་པས། ལས་བྱང་སྐབས་སུ་མཆོད་པར། བཟློག་པའི་དུས་སུ་ལྷར། ཆད་ཐོའི་མདོའི་སྐབས་དམག་དཔུང་། འཕང་བའི་ཚེ་གཏོར་མའི་ཡེ་ཤེས་པ་རང་ལ་བསྡུ། གཏོར་མའི་དམ་ཚིག་པ་མཚོན་ཆ་མེ་དཔུང་དུག་རླངས་ཁྲོ་ཆུ་སོགས་སུ་ཤེས་ནས། མེ་དཔུང་གི་ནང་དུ་དགྲ་སྡེ་ཡུལ་མཁར་བཅས་གསལ་བ་ལ་འཕང་ངོ་། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་དབང་པོ་རབ་རྣམས་ལ་ཕྱི་མི་ཟད་རྒྱན་གཏོར། འཇིག་རྟེན་གཏོར་སྣོད། སེམས་ཅན་གཏོར་རྒྱུ་སོགས། ནང་ཕུང་པོ་སྣོད། ཤ་རུས་གཏོར་རྒྱུ་སོགས། གསང་བ་རང་བཞིན་སྟོང་པ་སྣོད། སྣང་བ་གཏོར་མ། ཞེས་གསུངས་པ་རྣམས་ཀྱི་བྱེ་བྲག་ཀྱང་ཤེས་པར་བྱའོ། །དེ་ནས་རྟེན་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་ཉིས་རིམ་གྱི་གོང་མར་འབྲུ་ཚོམ་ལ་རང་གཞུང་བཞིན། སྨན་གཏོར་རཀྟ་སྒྲུབ་རྫས་སོགས་ཐམས་ཅད་བཤམས། སྟེགས་འོག་མར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་སྦྲེང་ཚར་དུ་བཤམས། བསྙེན་རྐྱང་གི་སྐབས་འདིར་དེ་ཙམ་གྱིས་ཆོག །གཞན་ཡང་ཕྱི་མཆོད་ཨརྒྷཾ་སྟེ་མཆོད་ཡོན་ནི་ཞལ་སྐྱེམས་ཏེ་བཏུང་བར་བྱ་བའི་ཆུ་གཙང་དྭངས་བསིལ་མངར་བ། འབྲས་ཡོས། དྲི་བཟང་པོའི་སྤོས། མེ་ཏོག་དཀར་པོ། ཀུ་ཤ་ཏིལ་དཀར་རྣམས་བཏབ་ཅེས་གསང་སྔགས་ལམ་རིམ་ལས་བཤད་ཅིང་། དེ་རྐྱེན་གྱིས་བསྒྱུར་བ་ནི། ལ་ཞིག་དཀར་པོའི་ལྦུ་བ། གུརྒཾ་ཤིང་སྤྱི་བཞུར། རྒྱ་སྐྱེགས་ཀྱི་མེ་ཏོག །ཡུར་བ་དང་རམ་ཕྱེ་བསྲེས་པའམ། མེ་ཏོག་ཤང་དྲིལ་སྡོང་བུའི་ཁུ་བ་སོགས་ཀྱིས་ཁ་དོག་བསྒྱུར་བ་ལ་ནི་རྐྱེན་གྱི་མཆོད་པ་ཞེས་སུ་དགོངས་འདུས་རྣམ་བཤད་ལས་ཀྱང་གསུངས་ཤིང་། དེ་ཡང་ཨོ་རྒྱན་ཡུལ་གྱི་བྱང་ཕྱོགས་རི་བོ་དཔལ་ལྡན་ཞེས་བྱ་བའི་ངོས་ལ་ཡན་ལག་བརྒྱད་ལྡན་གྱི་ཆུ། དྲི་མ་མེད་པས་གཙང་བ། མ་རྙོག་པས་དྭངས་པ། ངད་དང་ལྡན་པས་བསིལ་བ། ཟུག་རྔུ་མེད་པས་འཇམ་པ། དྲི་དང་ལྡན་པས་བསུང་བ། རོ་མཆོག་དང་ལྡན་པས་ཞིམ་པ། གདུང་བ་སེལ་བས་ངོམ་པ། ལུས་ལ་ཕན་པས་བདེ་བ་སྟེ། དེ་ལྟ་བུའི་ཆུ་དེ་རྩོལ་སྒྲུབ་དུ་མས་བླངས་ནས་ཆོས་སྟོན་ཆེན་པོའི་ཚེ་སྔོན་དུ་འགྲོ་བར་ཕུལ་བ་དང་ཆོས་མཚུངས་པར་གསུངས་སོ། །ཞབས་བསིལ་ནི། ཕྱག་ཞབས་བཀྲུ་བའི་ཆུ་གཙང་། མེ་ཏོག་ནི་ཆུ་དང་ཐང་ལས་སྐྱེས་པ་སོགས་དུག་རིགས་མ་ཡིན་པ་དང་། རིན་པོ་ཆེ་དང་དར་ཟབ་སོགས་ཀྱིས་བཅོས་པ་ཡང་རུང་། བདུག་སྤོས་ནི། ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་ཞིམ་པོའི་རིགས་དང་། ཡང་བླ་མ་དགོངས་འདུས་ལས་འབྱུང་བའི་ཚུལ་བཞིའི་སྦྱར་སྤོས་ནི། ཤིང་ཚྭ་ཆུའི་ཚུལ༔ སྤོས་དཀར་ཐལ་གྱི་ཚུལ༔ ལི་ཤི་སྡོར་གྱི་ཚུལ༔ སྤང་སྤོས་ཚྭའི་ཚུལ༔ དེ་རྣམས་སྦྱར་བ་ལ་སྦྲང་བུར་གྱིས་ཁ་ཚར་བཏབ༔ ཁུ་བ་ཆང་ལ་བྱས། སུག་སྨེལ་གྱིས་ཕབ་བཏབ་པས་འགྲུབ་བོ། །སྣང་གསལ་ནི་རིན་པོ་ཆེ་དང་འབྲུ་མར་སོགས་ཀྱི་སྒྲོན་མེ་དང་། དྲི་ཆབ་ནི་སྤྱིར་དྲི་ཆུ་སྒྲུབ་ཚུལ་ནི། དུས་འཁོར་ལས། དུང་སོགས་གསེར་གྱི་སྣོད་དང་ཡང་ན་དངུལ་གྱི་རང་བཞིན་དག་ཏུ་དྲི་ཡི་ཆུ་ནི་བསྒྲུབ་པར་བྱ། །ཞེས་གསུངས་པ་བཞིན་བུ་སྟོན་རིན་པོ་ཆེས་བཀྲལ་བ་ལྟར་ན། དུང་ཉ་ཕྱིས་གསེར་དངུལ་དག་གི་སྣོད་དུ། སུག་སྨེལ། ཤིང་ཚྭ། བ་ལེ་ཀ་ཙནྡན་རྣམས་ཞོ་གཉིས་ཐུམ་པུར་བཅིང་སྟེ། ཆུ་གཙང་བྲེ་བརྒྱད་ལ་བཅུག་ནས་བཞི་གསུམ་སྐམ་སྐམ་གྱི་བར་བསྐོལ་པས། དེའི་ལྷག་མ་དྲི་ཆུར་འགྱུར་ཏེ། དེ་ནས་སྒྲུབ་ཅིང་གཞག་པར་བྱའོ། །ཞེས་གསུངས་པ་ལྟར་རམ། ཡང་ན་གུརྒཾ། ག་བུར། ཙནྡན། ཛ་ཏི། སིལླ་རྣམས་བསྐོར་ཀྱང་འདྲའོ། །དེ་ཙམ་མ་འབྱོར་ན་དྲི་བཟང་པོས་སྦགས་པའང་རུང་ངོ་། །ཞལ་ཟས་ནི་རོ་བཅུད་གྱ་ནོམ་པ་དང་ལྡན་པའི་བཟའ་བཅའ་སྣ་ཚོགས་པའམ། དཀར་གསུམ་མངར་གསུམ་བསྲེས་པའི་ཟླུམ་བཤོས་དཀར་པོའོ། །དེ་ཡང་མཆོད་མགོ་ནི། འཇིགས་གླིང་གིས་མཆོད་རྫས་རྣམས་ནི་ཐབས་དང་། སྣང་བ་དང་བདེ་བའི་ཆ་སྟེ། བླ་ན་མེད་པ་མ་ཡིན་ལ། མཆོད་ཡུལ་རྒྱལ་བ་སྲས་བཅས་རྣམས་ནི་རྣམ་པར་གྲོལ་བ་ཤེས་རབ་ཀྱི་ཆར་བཞུགས་པ་ལ། གཡོན་ཕྱོགས་ཤེས་རབ་ཀྱི་ཕྱོགས་ལ་མཆོད་མགོ་གཏོད་པ་ལེགས། ཞེས་དང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་བདག་མདུན་གང་ཡིན་ཡང་། མཆོད་ཡུལ་དེ་ལ་ལྷ་མོ་རྣམས་ཞལ་ཕྱོགས་པ་ཡིན་པས་མཆོད་མགོ་ནི་འབུལ་ཡུལ་དེ་ཉིད་ཀྱི་གཡོན་ཕྱོགས་ནས་བརྩམ་མོ། །ཞེས་གསུངས་སོ། །བདག་བསྐྱེད་ཞི་མཆོད་རྐྱང་པ་ཅན་ལ་མཆོད་གཏོར་གྱི་གཡོན་ནས་མཆོད་མགོ་བརྩམ་དགོས་ཞེས་གླིང་སྤྲུལ་གྱིས་གསུངས་སོ། །ཡང་གསར་མ་པ་ཀུན་དང་རང་ཕྱོགས་ཕལ་ཆེར་བས་ནི། བདག་མདུན་གང་ཡིན་ཡང་གཡས་ཕྱོགས་ནི་གྲལ་མགོ་ཡིན་པས་མཆོད་མགོ་ཡང་གཡས་ནས་བརྩམ་དགོས་ཞེས་ཀྱང་གསུངས་སོ། །ཡང་བསྙེན་སྒྲུབ་སྦྲགས་མ་ལྟ་བུ་མདུན་བསྐྱེད་ཡོད་ཚེ་བདག་བསྐྱེད་ཀྱི་མཆོད་པའི་རྒྱབ་མདུན་གང་བདེར། ཚོན་དཀྱིལ་གཉིས་གང་རུང་ངམ། ཚོམ་བུ་ཙམ་ལ་བརྟེན་ཀྱང་རུང་སྟེ། སྒྲུབ་རྫས་རྣམས་གཞུང་བཞིན་བཤམས་པའི་མཐར། ཞི་མཆོད་ཀྱི་ཚེ། བགེགས་མི་འཇུག་པའི་ཆེད་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམ་སྟེ། ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ་སོགས་གཡས་བསྐོར་གྱིས་བཤམས། དྲག་མཆོད་དགོས་ཚེ་ཤར་ལྷོ་ནས་མཚམས་འཛིན་གྱིས་ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་དྲག་བཤོས་རྣམས་ཤར་ནས་རིམ་པས་གཡོན་སྐོར་གྱིས་བཤམ་མོ། །ཕྱི་རོལ་དུ་རྒྱན་གྱི་བྱེ་བྲག་ཅི་འབྱོར་པས་བསྐོར་ཞིང་། སྟག་ལྤགས་སོགས་ཀྱི་རྒབ་དཀྲིས་བྱ། ཡང་ན་སྟབས་བདེར། མདུན་བསྐྱེད་ཀྱི་གཡས་ནས་བརྩམ་སྟེ་ཞི་མཆོད་དང་། གཡོན་ནས་བརྩམ་སྟེ་དྲག་མཆོད་རྣམས་སྦྲེང་ཚར་དུ་བཤམ་པའི་བར་དུ་རྒྱུན་གཏོར་བཤམ་མོ། །དེ་ཚེ་སྨན་རཀ་སོགས་ཕྱི་ནང་གི་མཆོད་པ་རྣམས་ཀྱང་བབས་ཆོལ་གྱིས་འདྲེས་པར་མི་བྱ་སྟེ། ཨོ་རྒྱན་ཆེན་པོས། མདོར་ན་འོག་མའི་མཆོད་པ་རྣམས་ཀྱི་ཟེར་གོང་མ་ལ་ཕོག་པས་སྐྱོན་དུ་མི་འགྱུར་ཞིང་། གོང་མའི་མཆོད་པ་རྣམས་ཀྱི་ཟེར་འོག་མ་ལ་ཕོག་པས་ཐུན་མོང་གི་མཆོད་པ་ཕྱི་ཨརྒྷཾ་ལ་དགའ་བ་རྣམས་ཀྱིས་མི་ཐོབ་པ་ལ་སོགས་པ་རྣམས་ཀྱི་དོན་དུ་ཤེས་པར་བྱའོ། །ཞེས་གསུངས་ཤིང་། ཡང་གཏོར་མ་དང་མཆོད་པ་རྣམས་བཤམ་མ་ཐག་བྱིན་རླབས་མ་བྱས་ན་ཡོན་ཆབ་ལ་དྲི་ཟ་ཉེ་བར་འཁོར་དང་། མེ་ཏོག་ལ་མེ་ཏོག་ཚེ་རྒྱལ། བདུག་སྤོས་ལ་ནག་པོ་དྲི་ལྡང་། སྣང་གསལ་ལ་གྲིབ་གནོན་རྐུན་པོ། དྲི་ཆབ་ལ་རྟུག་པའི་དྲི་འཕྲོག །ཞལ་ཟས་ལ་ལོག་འདྲེན་གདོང་བརྒྱ་པ་ཞེས་བྱ་བའི་བགེགས་འཇུག་པར་གསུངས་པས་ཆབ་གཙང་གིས་བྲན་ཏེ་བྱིན་རླབས་བསྡུས་ཙམ་བྱ། དེ་ནས་ལོང་སྐབས་དང་བསྟུན་ཏེ་ཞག་གྲངས་ཇི་ལྟར་རིགས་པར་སྔོན་འགྲོ་རྣམས་སྦྱང་དགོས་ཏེ། ཐར་པའི་ལམ་གྱི་རྩ་བ་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་སྐྱེ་བའི་ཐབས་སུ་བློ་ལྡོག་གི་ཆོས་བཞི་དང་། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་ཐབས་སུ་ཚད་མེད་བཞིས་བློ་སྦྱོང་བ་རྣམས་རྒྱུད་ལ་འབྱོང་བ་ངེས་ཤེས་སྐྱེ་བར་བྱ། གཞན་ཡང་གནོད་བྱེད་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པར་བསམ་ན་སྐྱེལ་མ་དགྲ་ལ་བཅོལ་པ་ཡིན་པས་བར་ཆད་མི་འོང་བར་གསུངས། མདོར་ན་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་དང་། ཁྱད་པར་ནང་གི་འགལ་རྐྱེན་སེལ་ཕྱིར་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་བསག་པ་མཎྜལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་རྣམས་ལ་གནད་དུ་བསྣུན་པར་བྱའོ། །གང་ལྟར་ཡང་དང་པོ་སྒྲུབ་པའི་དབུ་འཛུགས་པའི་དུས་ནི། ཕྱི་ཐུན་ནམ། སྲོད་ཐུན་གྱི་སྔ་ལོགས་སུ། སྤྲོ་ན་བུམ་ཆུས་ཁྲུས་བྱ་ཞིང་གཙང་སྦྲ་ལ་གནས་པས་སྟན་ལ་འདུག །རླུང་རོ་བསལ་ནས་ལུས་སེམས་རྣལ་དུ་ཕབ། ཀུན་སློང་གསལ་གདབ་ཚིག་བདུན་གསོལ་འདེབས་ལན་གསུམ་གྱིས་རང་གི་སྤྱི་བོར་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཨོ་རྒྱན་རྡོ་རྗེ་འཆང་ལ་རིག་འཛིན་བརྒྱུད་པས་བསྐོར་བ་སྤྱན་དྲངས་ཏེ་བརྒྱུད་པའི་གསོལ་འདེབས་མོས་གུས་གདུང་ཤུགས་དང་ལྡན་པས་བགྱིས་མཐར་རང་ལ་བསྟིམ་ཞེས་རྡོ་བྲག་རིག་འཛིན་པས་གསུངས། དེ་ནས་རང་གི་སྙིང་གར་གཉུག་མ་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས། ངོ་བོ་རང་གི་རྩ་བའི་བླ་མ་དེ་ཉིད་ཡིན་པ་ལ། རྣམ་པ་རྒྱུད་སྡེ་གང་ཡིན་དེའི་ལྷ་དེ་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་དང་། བརྒྱུད་པའི་བླ་མ་མཁའ་འགྲོ་ཆོས་སྐྱོང་རྣམས་དང་བཅས་ཏེ། སྐྱབས་ཡུལ་མ་ལུས་པས་བསྐོར་བ་ཐམས་ཅད་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་གསལ་གདབ་ལ། །བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་རྣམ་ནན་ཏན་དུ་བྱ་བ་ཀུན་རྫོབ་དང་། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་བཞག་པ་དོན་དམ་པའི་སྐྱབས་འགྲོ་ཡིན་ནོ། །སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་བའི་ཆེད་དུ། ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བྱའོ་སྙམ་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅིར་ཡང་མ་གྲུབ་ཅིང་ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་སེམས་བསྐྱེད་དེ། ཚུལ་དེ་དག་ལ་ནན་ཏན་དུ་བྱ། སྐྱབས་སེམས་སོགས་ཀྱི་དམིགས་རྣམ་རྒྱས་པ་ནི་གཞན་ནས་ཤེས་པར་བྱའོ། །དེ་ནས་བསགས་སྦྱང་སྤེལ་གསུམ་གྱི་སྒོ་ཐམས་ཅད་ཡན་ལག་བདུན་དུ་བསྡུས་ཏེ་ཚོགས་བསགས་ཀྱི་འདུན་པ་ལ་སྦྱོང་། མཐར་ཚོགས་ཞིང་རྣམས་རང་ལ་བསྟིམས་ཏེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་དལ་ཅིག་ངལ་གསོ། སྐབས་འདིར་སྤྲོ་ན་རང་ཉིད་གཉུག་མའི་ལྷར་གསལ་བས་རྡོར་དྲིལ་དང་། བསང་ཆུ་སོགས་བྱིན་རླབས་ཀྱི་ཚུལ་གཞན་ནས་འབྱུང་བ་ལྟར་བྱ། དེ་ནས་ཕྱི་རོལ་དུ་ཕྱིན་ཏེ་རང་ཉིད་ལྷར་གསལ་བས་དཀར་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ། སྒོ་དྲུང་དུ་བགེགས་གཏོར་ཤ་ཁྲག་སྒོག་ཙོང་སོགས་ཀྱིས་བརྒྱན་པ་བཤམས་ལ། རང་ཉིད་རྟ་མཆོག་ཧེ་རུ་ཀཿསོགས་ཕྲིན་ལས་ཀྱི་ལྷ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གསལ་བའི་ང་རྒྱལ་གྱིས་གཏོར་མ་ལ་དམིགས་ནས་འབྲུ་གསུམ་བརྗོད་པས། ཨོཾ་གྱིས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས་དག་པར་བྱས། ཨཱཿཡིས་རྫས་རྣམས་མང་པོར་སྤེལ་བས་མཐའ་མེད་དུ་འཕེལ་ཞིང་རྒྱས་པར་བྱས། ཧཱུྃ་གིས་གང་འདོད་ཀྱི་དངོས་པོ་ལྟར་འཆར་པའི་འདོད་ཡོན་ཕུན་སུམ་ཚོགས་པར་བྱས་ལ། ཧོ་ཡིས་དེ་ཡང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་ཁྲོ་བོ་ཌཀྐི་ར་ཛ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་གཡས་ཐོ་བ་དང་གཡོན་ལྕགས་ཀྱུ་འཛིན་པ་གྲངས་མེད་པ་སྤྲོས་པས། ལོག་འདྲེན་བགེགས་དང་འབྱུང་པོ་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུག་ལ། བཀའ་བསྒོ་ཞིང་གཏོར་མ་བྱིན་ཏེ་རང་གནས་སུ་གཏོང་། བསྒོ་བའི་བཀའ་ལ་མི་ཉན་པར་བར་གཅོད་རྩོམ་པའི་རིགས་ཐམས་ཅད་ཁྲོ་མཚོན་མེ་དཔུང་གི་དབལ་ཟེར་གྱིས་སྐད་ཅིག་ཉིད་ལ་བསྡིགས་བསྐྲད་བརླག་པར་བསམ་ཞིང་། ལས་བྱང་གི་བགེགས་སྐྲོད་རྣམས་བྱ། གུ་གུལ་གྱིས་བདུག །དྲག་སྔགས་དང་ཡུངས་ཐུན་གྱིས་བྲབ་ཅིང་མི་དམིགས་པས་རྒྱས་གདབ། སྐབས་འདིར་དམ་སྲི་མནན་པ་གྲུབ་ན་མཆོག་ཏུ་ཤིས་པར་ཡང་གསུངས་སོ། །དེ་ནས་ཕྱི་རོལ་དུ་གོམ་པ་བདུན་བཅུའི་སའམ། ཡང་ན་སྒོ་ཟུར་དུ་ཐོ་ཆུང་དཀར་པོ་བར་ཆད་མི་འབྱུང་བའི་རྟེན་འབྲེལ་རྩིག་པ་ལ། རྒྱལ་ཆེན་བཞིའི་མཚན་སྔགས་དང་འདོད་གསོལ་བྲིས་པ་བཙུགས་ནས། དེ་ལ་རྒྱལ་ཆེན་དྲངས་བསྟིམ་བགྱིས་ཏེ། མཆོད་བསྟོད་དང་ཕྲིན་ལས་བཅོལ་ཞིང་ཞལ་ཕྱིར་གཟིགས་ཏེ། དགྱེས་བཞིན་བཞུགས་པས་འཁོར་ཡུག་ཐམས་ཅད་རྒྱལ་ཐབས་བཞིའི་གུར་གྱིས་བར་མཚམས་མེད་པར་བཅིངས་ནས་སྲུང་བའི་ལས་མཛད་པར་བསམ་ལ་ཕྱི་མཚམས་བཅད། སྐབས་འདིར་དམ་སྲི་མནན་པ་དང་། སྒོ་བྱང་ཕུར་གདབ་སོགས་ནི་སྒྲུབ་ཆེན་གྱི་དུས་མ་གཏོགས་བསྙེན་རྐྱང་ལྟ་བུ་ལ་མི་དགོས། དེ་ནས་ནང་དུ་ལོག་ནས་སྒོ་བསྡམས་ལ་རྣམ་གཡེང་དང་རྒྱུ་འགྲུལ་སྤངས་ཏེ། སྲུང་བའི་གུར་ཁང་ཡང་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། འཁོར་ཡུག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་ར་བ་ཟླུམ་སྐོར་ཡངས་ཤིང་རྒྱ་ཆེ་ལ་དཔངས་མཐོ་བ། ཀུན་ཀྱང་བར་མཚམས་མེད་པར་རྡོ་རྗེ་ཕྲ་མོས་གཏམས་ཏེ་ཞུ་ལུགས་སུ་འབྲེལ་བ་ཞུན་ཐེབ་པ་ལྟ་བུའི་ཕྱི་རོལ་ཏུ། རྡོ་རྗེའི་ཐག་པ་བསྣོལ་ཞིང་སྦྲེལ་བས་རྒྱ་ཆིངས་སུ་བཅིང་པའི་དྲྭ་བས་གཡོགས་པ། རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་དང་། རྐེད་པར་རྡོ་རྗེའི་ཕྲེང་བས་དཀྲིས་པ། དེ་ཐམས་ཅད་ཀྱང་ཁ་དོག་སྔོན་པོ་ཕྱི་དབྱིབས་ལྕགས་རྨོགས་ཁ་སྦུབས་པ་ལྟ་བུ་ལས་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་ཕྱོགས་ཀུན་ཏུ་འཕྲོ་བར་བསམ་ལ། བཛྲ་རཀྵ་སོགས་སྲུང་སྔགས་བརྗོད་པས་བརྟན་ཅིང་ནུས་ལྡན་དུ་བསམ། ཡང་སྒོང་དབྱིབས་དང་། གུར་ཁྱིམ་ལྟ་བུའི་བཞེད་ཚུལ་ཡང་སྣང་ཡང་། སྲུང་གུར་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་ཐམས་ཅད་གོ་མཚམས་མེད་པས་ན་དོན་གྱིས་གནད་གཅིག་གོ །ཡང་དེའི་ཕྱི་རོལ་དུ་ཁྲོ་ཆུང་དང་མཚོན་ཆ་སྣ་ཚོགས་ཆར་སྤྲིན་ལྟར་འཁྲིགས་ཤིང་མེ་ཆུ་རླུང་གསུམ་གྱི་གུར་ཁང་དང་། ཡང་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་མེ་དཔུང་འབར་བའི་ཀློང་ན་བྷྲཱུྃ་ལས་འཁོར་ལོ་རྩིབས་བཅུ་མུ་ཁྱུད་ལྟེ་བ་དང་བཅས་པ་ཁོང་སྟོང་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་རྩིབས་ནང་བཅུ་ལ་པད་ཟླ་ཉི་མའི་གདན་ལ་ཧཱུྃ་བཅུ་ལས་ཁྲོ་བོ་བཅུར་བསྐྱེད་པ་དང་། ཡང་སྲུང་བའི་འཁོར་ལོ་སྦུབས་སྟོང་གི་ནང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྷ་རྣམས་ནང་གི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བར་སྒོམ་པ་སོགས་གསུངས་ཀྱང་། ཆོ་ག་རང་རང་གི་ཚིག་ཟིན་ལྟར་གྱིས་ཆོག་གོ །དེ་ལྟར་སྲུང་བའི་འཁོར་ལོས་མཚམས་བཅད་པས་བགེགས་དང་ལོག་འདྲེན་ཐམས་ཅད་ཉེ་མི་ནུས་པའི་ནང་དུ་བདག་དང་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ། མཚམས་གཅོད་ཀྱི་ཚིག་རྣམས་བརྗོད་པར་བྱ་ཞིང་ནང་མཚམས་བཅད། དེ་ནས་གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོའི་རྣམ་རྟོག་མནན་པར་བྱ། །ཞེས་པ་ལྟར། གཟོད་མ་ནས་གཟུང་འཛིན་གྱི་འཁྲུལ་པས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ་ཀུན་བརྟགས་གློ་བུར་གྱི་གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱི་སྲུང་འཁོར་ཏེ། དེ་ལྟར་མི་རྟོག་པས་རྒྱས་གདབ་ལ་གསང་མཚམས་བཅད། སྐབས་སུ་འཕྲད་དགོས་པ་རྣམས་སྲུང་འཁོར་དུས་དམིགས་འོག་ཏུ་ཚུད་པར་བྱ། དེ་ལས་གཞན་པའི་ངོ་སར་དང་མི་འཕྲད་ཅིང་ཀ་ཅའི་གཏོང་ལེན་སོགས་མི་བྱ། ཡང་བཀའ་བརྒྱད་རྣམ་བཤད་ལས། ཕྱི་མཚམས་ནི་རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་དཀར་སེར་དམར་ལྗང་བཞི་སྒྲུབ་ཁང་གི་ཕྱོགས་བཞིར་སྤྲོས་པ་ལས་རྒྱལ་ཆེན་བསྐྱེད་བསྟིམ་སོགས་མཐར་ནུབ་རེ་བཞིན་མཆོད་པ་དང་། ནང་མཚམས་ནི་རྒྱུའི་ཧེ་རུ་ཀའི་རིག་རྩལ་ལས་ཆུ་ལས་ཆུ་བུར་ལྟར་མེ་ཀློང་ནས་ཁྲོ་ཚོགས་འཕྲོས་པའི་སྤྲུལ་པ་དང་། དེ་ལས་ཡང་སྤྲུལ་དང་། དེ་ལས་སུམ་སྤྲུལ་གྱི་ཁྲོ་ཚོགས་དཔག་མེད་འཕྲོས་པའི་མཚམས་རྔམས་ཀྱིས་བགེགས་བསྐྲད་ཅིང་ཆོས་ཉིད་སྟོང་པའི་ངང་དུ་འཇོག་པ་དང་། གསང་མཚམས་ནི། རང་ཉིད་ལྷར་གསལ་བའི་སྒོ་གསུམ་ལས་རྡོ་རྗེ་སྔོན་པོའི་ཚ་ཚ་འཕྲོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྲུང་འཁོར་གྱིས་གཏམས་པར་གསུངས་སོ། །གང་ལྟར་ཡང་། སྲུང་འཁོར་འདི་མཚམས་གྲོལ་བའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་ཐུན་ཐམས་ཅད་ཀྱི་མགོར་གསལ་གདབ་རེ་བྱའོ། །ཡང་མཆོད་པ་བཤམ་བཀོད་དང་བསང་སྦྱང་སོགས་སྐབས་འདིར་བྱེད་པའི་ཕྱག་བཞེས་ཀྱང་སྣང་ངོ་། །དེ་ལྟར་ནང་མཚམས་བཅད་ནས་བཟུང་། ལུས་མཚམས་མི་ཡིས་མ་མཐོང་བ་དང་། ངག་མཚམས་ཐ་མལ་གྱི་སྨྲ་བ་གཅོད་པ་དང་། ཡིད་མཚམས་ཆགས་སྡང་ཉོན་མོངས་པའི་ངན་རྟོག་གི་རྗེས་སུ་མི་འབྲང་བར་དྲན་ཤེས་བག་ཡོད་གསུམ་དང་མ་བྲལ་བའི་སྒོ་ནས་དགེ་སྦྱོར་གནད་དུ་འགྲོ་བའི་ཕྱིར། ཐོར་ཐུན་དང་སྔ་ཐུན། ཕྱི་ཐུན་དང་སྲོད་ཐུན་ཏེ་ཐུན་བཞི་ཁྲིགས་ཆགས་སུ་གཏོང་བ་ཡིན་ནོ། །དེ་ནས་བྱིན་འབེབས་ནི། ཁྱད་པར་གྱི་སྦྱར་སྤོས་དང་དབྱངས་རོལ་བཅས་ཏེ་མོས་གུས་དྲག་པོས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་བས། རང་བཞིན་གྱི་དབྱིངས་ནས་མཁྱེན་བརྩེ་ནུས་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་འོད་དང་འོད་ཟེར། འཇའ་སྤྲིན་མེ་ཏོག་ཐིག་ལེ་ལ་སོགས་པའི་རྣམ་པར་སད་ནས། བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་གཟི་བྱིན་ནུས་བཅུད་དང་ལྡན་པར་བསམ་མོ། །དབང་རབ་རྣམས་ཀྱིས་ནི། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབས་པའོ། །མཆོད་རྫས་བྱིན་རླབས་ནི། སྤྱིར་མདོ་ལྟར་ན། དངོས་འབྱོར་གྱི་མཆོད་པ་ཐམས་ཅད་གཟུངས་སྔགས་དང་རིག་སྔགས་དང་། མོས་པའི་སྟོབས་དང་། བདེན་པའི་སྟོབས་བརྗོད་པས་བྱིན་གྱིས་བརླབས་ཤིང་སྤྲུལ་བར་གསུངས་ལ། སྔགས་སུ་སྐྱབས་འགྲོ། ལྷ་སྔགས། ཏིང་འཛིན། ཕྱག་རྒྱ་སྟེ་ལྔ་དང་ལྡན་པས་བྱིན་གྱིས་རློབ་པར་གསུངས་པས། རང་ཉིད་ལྷའི་ཐུགས་ཀ་ནས་ཡི་གེ་རྃ་ཡྃ་ཁྃ་གསུམ་རིམ་པར་འཕྲོས་ཏེ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། མཆོད་རྫས་རྣམས་ཀྱི་མ་དག་པའི་དངོས་འཛིན་གྱི་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ། སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། ཨོཾ་ལས་བྱུང་བའི་ལྷ་རྫས་ཀྱི་མེ་ཏོག་སོགས་ཐུན་མོང་ཕྱི་ཡི་ཉེར་སྤྱོད་ལྔ་དང་། དུག་ལྔ་ཡེ་ཤེས་ལྔའི་རང་རྩལ་རང་བྱུང་དབང་པོ་ལྔའི་མེ་ཏོག་སོགས་ཁྱབ་པར་ནང་གི་ཉེར་སྤྱོད་དུར་ཁྲོད་དྲག་པོའི་མཆོད་པ་སོགས་གང་ཡིན་ཡང་སྲིད་ཞིའི་འདོད་ཡོན་གྱི་རྣམ་པར་མ་ཚང་བ་མེད་པ། དེ་དག་རེ་རེ་ལས་ཀྱང་མཆོད་རྫས་སོ་སོར་ཐོགས་པའི་ལྷ་མོ་རེ་རེས་ལས་ཀྱང་དཔག་མེད་འཕྲོ་བ་སྣང་སྟོང་དབྱེར་མེད་ཡེ་ཤེས་ཀྱི་མཆོད་རྫས་སུ་བརླབ་པའམ། ཡང་ན་པུཿདྷུཿགཿ ནཿསོགས་མཆོད་རྫས་རང་རང་གི་མིང་ཡིག་དང་པོ་ཡོངས་སུ་གྱུར་པའི་འཕྲོ་འདུ་ལས་མཆོད་རྫས་སོ་སོ་ཐོགས་པའི་ལྷ་མོ་རེ་རེ་ལས་ཀྱང་དཔག་མེད་འཕྲོ་བ་སྣང་སྟོང་དབྱེར་མེད་ཡེ་ཤེས་ཀྱི་མཆོད་རྫས་སུ་བརླབས་པའོ། །འབྲུ་གསུམ་དང་ཨརྒྷཾ་སོགས་ཀྱི་སྔགས་སྤེལ་བས་ནི། རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བྱིན་གྱིས་བརླབས་པའི་དོན་ནོ། །དེས་ནི་ལྷ་མཉེས་པར་བྱ་བ་དང་། རང་ཉིད་ཀྱིས་འདོད་ཡོན་གྱི་རང་བཞིན་ཤེས་པའི་སྒོ་ནས་ལོངས་སྤྱད་པས་འབྲས་དུས་སུ་ལོངས་སྤྱོད་ཡོངས་སུ་དག་པ་འགྲུབ་པའི་འབྲས་བུ་ལམ་བྱེད་དུ་འགྱུར་བའི་ཆེད་དོ། །
ནང་མཆོད་སྨན་རག་གཏོར་གསུམ་གྱི། དང་པོ་སྨན་ནི། ཡྃ་རྃ་ཀྃ་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་འམ་བྷྲཱུྃ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་ཤ་ལྔ་དང་བདུད་རྩི་ལྔ་ནི་དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་གླང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ་སྟེ་ཀླད་པ། ནུབ་ཏུ་རྟ་ཤ་དང་རྡུལ། བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་རིམ་པར་ཧྲཱི་པཱྃ་ཧཱུྃ་ལཱྃ་ཏྲཱྃ་མྃ་ཨྃ་མུྃ་ཨཱ་ཏྃ་དེ་རྣམས་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་དུ་གྱུར་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་ཐོད་པ་གང་། མཐར་ལྷ་རྣམས་ཀྱང་འོད་དུ་ཞུ་ནས་རྫས་ལ་ཐིམ་པས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་ཞིང་། ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་བསམ་མོ། །དེ་ཡང་དགོངས་འདུས་ལས། འོག་གི་རླུང་གཡོས་མེ་སྦར་ཐོད་པ་དྲོས༔ རྫས་ཁོལ་རླངས་པའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཡེ་ཤེས་བདུད་རྩི་བཀུག་ཅིང་ནང་དུ་བསྟིམ༔ ལྷ་དང་དམ་རྫས་ཡེ་ཤེས་བདུད་རྩིའི་ཚོགས༔ གཉིས་སུ་མེད་པར་འདྲེས་ཤིང་དཀར་དམར་འཁྱིལ༔ ལྷ་ལ་ཕོག་ན་དགྱེས་པ་སྐོང་བའི་རྫས༔ མཆེད་ལ་ཕོག་ན་དངོས་གྲུབ་འབྱུང་བའི་བཅུད༔ དགྲ་ལ་ཕོག་ན་སྲོག་རྩ་གཅོད་པའི་མཚོན༔ བགེགས་ལ་ཕོག་ན་རྡུལ་དུ་རློག་པའི་ཐུན༔ གང་ལ་ཕོག་ཀྱང་དོན་གྲུབ་བདུད་རྩིར་དམིགས༔ ཞེས་གསུངས་པ་ལྟར་རོ། །སྤྱིར་བདུད་རྩི་ལྔ་ནི་གསར་རྙིང་འདྲ་བས། ཤ་ལྔ་ནི་རྙིང་ལུགས་ལྟར་ན། སེངྒེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང་། །མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ། །ཞེས་དང་། གསར་ལུགས་ལ། མི་དང་བ་ལང་ཁྱི་གླང་རྟ་ཤ་རྣམས་ལ་དངོས་གྲུབ་མྱུར་དུ་འགུགས་པའི་ལྕགས་ཀྱུ་ལྔ་དང་། བདུད་རྩི་ལྔ་ལ་དངོས་གྲུབ་གསལ་བར་བྱེད་པའི་སྒྲོན་མ་ལྔར་གསུངས་སོ། །རཀྟ་ནི་བྷནྔྷ་རློན་པ་སྐྲ་དང་བཅས་པའི་སྣོད་ཡངས་ཤིང་རྒྱ་ཆེན་པོའི་ནང་དུ། ཁམས་གསུམ་གྱི་ཞེན་ཆགས་ཀྱི་རྟོག་པ་ཐམས་ཅད་ཁྲག་གི་རྣམ་པར་བསྡུས་ཤིང་འཁྱིལ་བའི་དབུས་སུ། རཀྟའི་ལྷ་མོ་གིརྟི་མ་དམར་མོ་གཅེར་བུ་གྲི་ཐོད་ཅན་གྱི་བྷ་ག་ནས་རཀྟའི་རྒྱུན་བབས་པས་ཐོད་པའི་རྫས་དང་དབྱེར་མེད་དུ་འདྲེས་ཤིང་གང་བའི་མཐར་ལྷ་ཡང་འོད་དུ་ཞུ་ནས་ཐིམ་པས། ངོ་བོ་ཆགས་མེད་བདེ་བ་ཆེན་པོ་རཀྟའི་རྒྱ་མཚོའི་རྦ་རླབས་འཕྱོ་ཞིང་འདོད་ཡོན་གྱི་སྤྲིན་འཕྲོ་བར་བསམ་མོ། །གཏོར་མ་ནི། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཟའ་བཅའ་སྣ་ཚོགས་པའི་གཏོར་མ་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར་པ་ལས་ཕྱི་ནང་གསང་བའི་མགྲོན་སོ་སོ་དགྱེས་སྐོང་གི་མཆོད་རྫས་ཐོགས་པའི་ལྷ་མོ་གྲངས་མེད་པས་སྤྲིན་འཕྲོ་བར་བསམ་ཞིང་། མཆོད་རྫས་དེ་དག་ཀྱང་མིང་རྐྱང་བཏགས་ཡོད་ཙམ་དུ་ཤེས་པར་བྱའོ། །དེ་ཡན་ཆད་ནི་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོའི་རིམ་པ་རྣམས་སོ། །
གཉིས་པ་དངོས་གཞིའི་རིམ་པ་ལ། སྤྱི་དོན་བསྡུས་ཏེ་བསྟན་པ་དང་། གཞུང་དོན་རྒྱས་པར་བཤད་པའོ། །དང་པོ་ལའང་། རྒྱུད་སྡེའི་དགོངས་པ་སོ་སོ་དང་སྦྱར་ཏེ་དང་། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་དང་སྦྱར་ཏེ་དང་། དབང་པོའི་རིམ་པ་དང་སྦྱར་ཏེ་ལྷ་སྒོམ་ཚུལ་རྣམས་ལས། དང་པོ་ནི། རྒྱུད་ལས། རྫོགས་པའི་རིམ་པ་འདོད་པ་ཡི། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨིང་ནས་བརྩིག །ཅེས་དང་། གསང་བདག་ཞལ་ལུང་ལས། མདོར་ན་མ་དག་པའི་སྣང་བ་དག་པའི་སྣང་བར་བསྒྱུར་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་བསྐྱེད་རིམ་དེ་བདེ་སྟོང་གི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་མཚན་བཅས་རྩ་རླུང་ཐིག་ལེ་དང་། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ནི་རྫོགས་རིམ་སྟེ། ཞེས་གསུངས་ཤིང་། སྔ་མ་བསྐྱེད་རིམ་ལ་ཡང་། ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ། ལྷ་སྐུ་ཞལ་ཕྱག་དང་བཅས་པ་སྤྲུལ་བའི་བསྐྱེད་རིམ་རྣམས་ལས། འདི་ཕྱི་མ་ལྟར་བཤད་པ་ལ། མཚན་ཉིད་ནི། དེ་གང་ཞིག །ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་ལྷ་སྐུ་སྣང་སྟོང་བསྐྱེད་རིམ་གྱི་མཚན་ཉིད། དེ་ཡང་ཁྱད་ཆོས་བཞི་ལྡན་ཏེ། རྗེ་བཙུན་ཀུན་དགའ་སྙིང་པོས། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་པའོ། །ཞེས་གསུངས་ཤིང་དེ་ཡང་ཕྱི་རྒྱུད་སྡེ་གསུམ་ལྟར་ན། སེམས་ཉིད་ངལ་གསོ་ལས། བྱ་བས་རང་ཉིད་དམན་ལ་ལྷ་ཉིད་མཆོག །རྗེ་ཁོལ་ཚུལ་དུ་སྒྲུབ་པས་དངོས་གྲུབ་ལེན། །སྤྱོད་པས་ལྷ་དང་རང་ཉིད་མཉམ་པར་བལྟ། །རང་ཉིད་དམ་ཚིག་མདུན་དུ་ཡེ་ཤེས་ལྷ། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ལེན་པ་ནི། རྣལ་འབྱོར་དངོས་གཞིར་གཉིས་སུ་མེད་པ་ལ། །སྦྱོར་རྗེས་ལྷ་ནི་དགུག་གཤེགས་གཉིས་སུ་བྱེད། །ཆུ་ལ་ཆུ་བཞག་གཉིས་མེད་དངོས་གྲུབ་ལེན། །ཞེས་པས། དེ་ལ་བྱ་རྒྱུད་ཙམ་པོ་རྣམས་སུ་ནི་རང་ཉིད་ལྷར་བསྐྱེད་པ་མེད་ཀྱང་ཁྱད་པར་བ་རྣམས་སུ་ལྷ་ཡེ་ཤེས་པ་རྒྱལ་པོ་ལྟར་བྱས་ཏེ། རང་དམ་ཚིག་པ་འབངས་ཀྱི་ཚུལ་གྱིས་གཙང་སྦྲ་སོགས་ཕྱིའི་བྱ་བ་གཙོ་བོར་གྱུར་པས་དངོས་གྲུབ་ལེན་པར་འདོད་དེ། རིགས་ཐམས་ཅད་པའི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་སྐུར་བལྟས་ལ། །རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། །སྔགས་བསྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླངས། །ཞེས་སོ། །སྤྱོད་པའི་རྒྱུད་དུ་ནི། ལྟ་བ་ཡོ་ག་ལྟར་དང་སྤྱོད་པ་ཀྲཱི་ཡ་ལྟར་ཆ་མཉམ་པའི་སྒོ་ནས་རང་དམ་ཚིག་སེམས་དཔར་བསྐྱེད་པའི་མདུན་དུ། ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་ཀྱི་ཚུལ་དུ་བསྐྱེད་ནས་དངོས་གྲུབ་ལེན་ཏེ། རིགས་གསུམ་སྤྱིའི་རྒྱུད་ལས། སྤུན་ནམ་གྲོགས་པོའི་ཚུལ་ཙམ་དུ། །དངོས་གྲུབ་དམ་པ་བླང་བར་བྱ། །ཞེས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ནི། བདག་ལྷར་བསྒོམ་པ་ལ་ཡེ་ཤེས་པ་དགུག་བསྟིམ་གྱིས་གཉིས་སུ་མེད་པར་བྱས་ཏེ། མཆོད་བསྟོད་བཟླས་པ་སོགས་ཀྱི་མཐར་དངོས་གྲུབ་བླངས་ནས་གཤེགས་སུ་གསོལ་བ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླངས། །ཞེས་སོ། །ནང་རྒྱུད་གསུམ་གྱི་སྒོམ་ཚུལ་ནི། སེམས་ཉིད་ངལ་གསོ་ལས། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཀུན་ཀྱང་ཆོས་ཀུན་ཡེ་ནས་མཉམ་པ་ཉིད། །ཡིན་པར་ཤེས་པའི་ཚུལ་གྱིས་ཉམས་སུ་ལེན། །ཞེས་པས། མ་ཧཱ་ཡོ་གར་ཏིང་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་གཙོ་བོར་བྱེད་པའི་སྒོ་ནས་ལྷ་རྟོག་དབྱེར་མེད་དུ་སྒོམ་པའོ། །ཨ་ནུ་ཡོ་གར་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པ་ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པའི་རྩལ་ལྷ་སྐུར་འཆར་བར་འདོད་དེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང་། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་དང་། ཀུན་འདུས་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །ཞེས་གསུངས་པ་ལྟར་རོ། །ཨ་ཏི་ཡོ་གར་ནི། སྣང་བ་ཡབ། སྟོང་པ་ཡུམ། རིག་པ་སྲས་སུ་གསུངས་པ་ལྟར། ཀ་དག་ཁྲེགས་ཆོད་ཀྱི་དབྱིངས་ནས་ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ། རིག་རྩལ་ལྷ་སྐུའི་ཚོམ་བུ་རྟེན་འབྱུང་མ་འགག་པར་རང་ཤར་བའི་ཚུལ་གྱིས། ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷའི་གསལ་སྣང་ལ་སེམས་འཛིན་པ་སྟེ། མན་ངག་སྙིང་ཐིག་གི་ལུགས་ཀྱི་མངོན་རྟོགས་ཕལ་ཆེར་བཞིན་ནོ། །ཡང་བཀའ་བརྒྱད་རྣམ་བཤད་ལས། མ་ཧཱ་ཡོ་གས་སྣང་སྲིད་ལྷའི་དཀྱིལ་འཁོར་ཕྱི་དཀྱིལ་དུ་བསྒོམ། ཨ་ནུ་ཡོ་ག་ལྟར་ན་དེ་དག་ཐམས་ཅད་ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་ཚང་བར་རྫོགས། ཨ་ཏི་ཡོ་གས་ཐམས་ཅད་སེམས་ཀྱི་དཀྱིལ་འཁོར་དུ་རྫོགས་པའོ་གསུངས། སྔགས་ཕྱི་ནང་གི་ཁྱད་པར་གཞན་ཡང་། དགོངས་འདུས་ལས། ཕྱི་བ་ལ་ལྷ་ཕོ་རྐྱང་མོ་རྐྱང་རྫོགས་རིམ་ཡིག་འབྲུའམ་ཐིག་ལེ། ནང་པ་ལ་ལྷ་ཡབ་ཡུམ་རྫོགས་རིམ་ཕྱག་རྒྱ། རྒྱན་ཡང་ཕྱི་བའི་ལྷ་ལ་རིན་པོའི་ཆེའི་རྩེ་ཕྲན་ཡོད། ནང་པ་ལ་རུས་རྒྱན་ཡོད། ཕྱི་བ་ལ་དཀར་གསུམ་མཆོད། ནང་པ་ལ་ཤ་ལྔ་བདུད་རྩི་ལྔ་མཆོད། ཕྱི་པ་ལ་རིན་པོ་ཆེའི་སྣོད། ནང་པ་ལ་ཀ་པཱ་ལ། ཕྱི་ནང་ཐུན་མོང་དུ་གཏོར་མ། སྦྱིན་སྲེག་རབ་གནས། ཚ་ཚ་བུམ་སྒྲུབ་རྣམས་འདྲའོ། །ཞེས་དང་། རྒྱུད་འགྲེལ་ལས། འཁོར་བའི་ཆོས་ཉི་ཤུ་ལ་ཐབས་ཀྱིས་ཟིན་ནས་སྤྱོད་ནུས་པ་ནི་སྔགས་ནང་པ་ཞེས་གསུངས་སོ། །འཁོར་བའི་ཆོས་ཉི་ཤུ་ནི། སྤྱད་བྱ་ལྔ། མི་སྤང་ལྔ། དང་བླང་ལྔ། འདོད་ཡོན་ལྔ་སྟེ། ཉི་ཤུ་པོ་ཡིན་པར་ལམ་རིམ་འགྲེལ་པ་འགྲོ་བློའི་མུན་སེལ་ལས་གསུངས་སོ། །
གཉིས་པ་ནི། འཁོར་བའི་ཆོས་སྣ་ཚོགས་པར་སྣང་བ་འདི་དག་སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་འཆར་བའི་ཕྱིར། འཁོར་བའི་ཆོས་ཀྱི་གཙོ་བོ་ནི་སྐྱེ་གནས་བཞི་ཡིན་པས། དེའི་བག་ཆགས་སྦྱོང་པ་དང་སྒོ་བསྟུན་ནས་བསྐྱེད་རིམ་སྒོམ་ཚུལ་བཞིར་གསུངས་ཏེ། རྒྱུད་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པ་ལྟར་བཞི་ལས། སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ལ། སྤྱིར་རྒྱུད་སྡེ་དང་སྒྲུབ་སྡེའི་ལུགས་འདྲ་མིན་མང་དུ་གསུངས་ནའང་། འདིར་སྒྲུབ་སྡེ་བཀའ་བརྒྱད་ཀྱི་ལུགས་ལྟར་བསྡུས་ཙམ་ནི། སྒོ་ང་ལས་སྐྱེ་བ་རྣམས་ལན་གཉིས་སུ་སྐྱེ་བ་ལྟར། སྐྱབས་སེམས་སྔོན་དུ་འགྲོ་བས་རང་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས་མདུན་མཁར་དཀྱིལ་འཁོར་གྱི་ལྷ་སྤྱན་དྲངས་ཏེ། མཆོད་བསྟོད་གསོལ་གདབ་རྒྱུན་བཤགས་རྣམས་ཀྱི་མཐར་བསྡུ་རིམ་གྱི་སྟོང་པའི་ངང་ལ་དལ་ཅིག་མཉམ་པར་འཇོག་པ་ནི། ཁྱད་པར་གྱི་ཆོས་བསྡུས་པའི་ཚུལ་དང་། དེ་ནས་རྒྱས་པའི་ཚུལ་བདག་སྲས་དང་གཞན་སྲས་ལྟར་བསྐྱེད་པ་སྟེ་བཀའ་བརྒྱད་ལས། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། ས་བོན་ལས་ནི་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང་། ཕྱོགས་བཅུའི་བདེ་གཤེགས་བཀུག་ནས་ཡུམ་གྱི་མཁར་བསྟིམ་པ་དང་། སེམས་ཅན་བཀུག་ནས་སྒྲིབ་པ་སྦྱོང་བ་དང་། འཁོར་འདས་གཉིས་སུ་མེད་ལ་ཆེ་བ་བསྐྱེད་པ་དང་། མཁའ་ནས་བཏོན་ཏེ་གདན་ལ་འགོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད། གཙོ་བོ་ཡབ་ཡུམ་འོད་ཞུ་ས་བོན་གྱུར་པ་དང་། དེ་ལས་འབྲས་བུའི་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་ཡབ་ཡུམ་སྐྱེད་མཆེད་རྫོགས་པ་དང་། ཡབ་ཀྱི་རྟོག་པ་ཡི་གེར་གྱུར་པ་དང་ཡུམ་ལས་འོད་འཕྲོས་ལྷ་ལ་ཡབ་ལས་ཐུགས་རྗེའི་དཀྱིལ་འཁོར་འཕྲོ་བར་གསོལ་གདབ་དང་། དཀྱིལ་འཁོར་ཀུན་ཀྱང་རང་བསྟིམ་ནས་གཉིས་མེད་ཀྱི་ང་རྒྱལ་བཟུང་བ་དང་སྙོམ་པར་ཞུགས་ནས་མཁའ་རུ་དཀྱིལ་འཁོར་བསྐྱེད། རྟོག་པ་ཞེ་རིག་པ་གནས་པ་དང་འཕྲོ་བ་ཡེ་ནས་ལྷའི་རང་བཞིན་ཡིན་པས་རྟོག་པ་ཆེ་ལོང་ཙམ་དཔེར་བརྗོད་པ་སྟེ། དངོས་ཀྱི་གྲངས་ངེས་མེད་ཅེས་འཇིགས་གླིང་གསུངས་གཉིས་ལྷར་གསལ་ཕྱིར་གདན་ལ་འཁོད་པ་འདོན་དང་། ཕྱག་རྒྱ་བཞི་ཡིས་བཅིང་སྤྱན་འདྲེན་དབང་བསྐུར་རྒྱས་གདབ་དང་རྒྱས་གདབ་བོ། །ཞེས་པས། བདག་གཞི་དུས་ཀྱི་དེ་བཞིན་གཤེགས་པ་ཡིན་པས་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། དེ་བཞིན་གཤེགས་པའི་རིགས་མི་ནུབ་པར་བྱ་བའི་ཕྱིར་གཞན་གྱི་སྲས་སུ་བདག་བྱ་བ་ཡིན་ཞེས་རོང་ཟོམ་ཆེན་པོས་བཞེད་ལ། འདི་དག་བསྒོམ་ཚེ་གོ་རིམ་མེད་པར་གསུངས་སོ། །ཡང་རྡོ་བྲག་རིག་འཛིན་རྗེའི་བཀའ་བརྒྱད་རྣམ་བཤད་ལས། ཡུམ་གྱི་མཁའ་གསང་དུ་བྱང་སེམས་དཀར་དམར་འདྲེས་པ་གྱེན་དུ་ལྡོག་སྟེ་ཡབ་ཀྱི་ཐུགས་ཀར་གནས་པ་ཧཱུྃ་བརྒྱད་དུ་གྱུར་པ་དཔལ་བརྒྱད་ཀྱི་ས་བོན་དུ་བྱས་ཏེ་ཕྱིར་སྤྲོ་བསྡུ་ལས་སྐྱེད་པ་ལ་བདག་སྲས་དང་དཔལ་སོ་སོའི་སྦྱོར་མཚམས་མཁའ་གསང་ལས་ཉི་མ་དང་ཟེར་བཞིན་དུ་རང་རང་གི་སྲས་བཞི་སྤྲོས་པ་ལ་གཞན་སྲས་ཞེས་བྱའོ། །ཞེས་གསུངས་སོ། །མངལ་སྐྱེས་སྦྱོང་བྱེད་འབྲིང་གི་བསྐྱེད་རིམ་ལའང་གསུམ་ལས། བསྡུས་པ་ནི་ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་སྟེ། སྦྱང་བྱ། བར་སྲིད། མངལ་གནས། བཙའ་བ་གསུམ། སྦྱོང་བྱེད་རྡོ་རྗེ་རྩེ་ལྔ་སོགས་ཕྱག་མཚན་གྱི་རྣམ་པར་བསྒོམ་པས། སྦྱང་བྱའི་ཡིད་ཐུགས་རྡོ་རྗེར་དག །ཕྱག་མཚན་དེ་གནས་འགྱུར་རམ་ཧཱུྃ་ཡིག་སོགས་ཀྱིས་མཚན་པར་བསྒོམས་པས་ངག་གསུང་རྡོ་རྗེར་རྫོགས། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པས་ཡོངས་གྱུར་ལྷའི་སྐུ་རྒྱན་དང་ཆ་ལུགས་སོགས་རྫོགས་པར་བསྒོམས་པས་ལུས་སྐུ་རྡོ་རྗེར་སྨིན་པའོ། །འབྲིང་ནི་མ་རྒྱུད་ལྟར་མངོན་བྱང་བཞི་སྟེ། གལྤོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་བསྡུ་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་གསུངས་པས་དེ་དག་གི་སྦྱང་བྱ་རིམ་པར་འཆི་སྲིད་བར་དོ་དང་བཅས་པ། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ། རླུང་བཅུས་ལུས་རིམ་གྱིས་བསྐྱེད་པ། བཙས་ནས་དབང་པོ་ཡུལ་ལ་སད་པ་རྣམས་སོ། །རྒྱས་པ་ནི་སྦྱང་བྱ་བར་དོའི་ཚོགས་ལམ་རྣམ་ཤེས་མངལ་དུ་འཇུག་ཁ་མ་སྦྱོར་ལམ་ཞུགས་པ་མཐོང་ལམ་ཞུགས་ནས་ཟླ་བཅུར་ལུས་སྒོམ་ལམ་རྫོགས་པ། བཙའ་བ་དང་ལྔ་མི་སློབ་ལམ་པོ་ལམ་ལྔར་སྦྱར་སྟེ། དང་པོ་གསུམ་སྦྱོང་བྱེད་ཏིང་འཛིན་གསུམ་དང་། བཞི་པ་སྦྱོང་བྱེད་མངོན་བྱང་ལྔ་སྟེ། ཀྱེ་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །ལྔ་པ་སྦྱོང་བྱེད་ལྷར་སྣང་ཕྱག་རྒྱ་ཆེན་པོ་རྟེན་དང་བརྟེན་པར་གསལ་བ་སྲོག་སྡོམ་གཟེར་བཞིའི་མན་ངག་གིས་བསྙེན་སྒྲུབ་ཡན་ལག་བཞི་རྫོགས་ནས་ཆོ་གའི་བསྡུ་རིམ་གྱི་བར་རོ། །དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་བསྡུས་པ་ནི། སྦྱང་བྱ་དྲོད་གཤེར་ལ་བརྟེན་ནས་ལུས་རྫོགས་པ་བཞིན་དུ། སྦྱོང་བྱེད་ཉི་ཟླའི་སྟེང་དུ་ཡིག་འབྲུ་ཡོངས་སུ་གྱུར་པ་ལས་ལྷ་སྐུ་རྫོགས་པར་བསྒོམ་པའོ། །བརྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་ཤིན་ཏུ་བསྡུས་པ་ནི། སྙིང་པོ་བརྗོད་པ་ཙམ་གྱིས་སྐད་ཅིག་གིས་བསྐྱེད་པ་སྟེ། རང་ཤར་ལས། ཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །ཞེས་པས། དབང་རབ་རྣམས་ཀྱིས་སེམས་ཉིད་གདོད་མའི་ལྷ་སྐུར་མེ་ལོང་གི་གཟུགས་བརྙན་ལྟར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའོ། །དེ་དག་ལས་མངལ་སྒོང་གཉིས་སྦྱོང་བྱེད་ནི་མ་ཧཱ་ཡོ་ག་ལྟར་དང་། དྲོད་གཤེར་ནི་ཨ་ནུ་དང་། རྫུས་སྐྱེས་སྦྱོང་བྱེད་ནི་གཙོ་བོ་ཨ་ཏི་ཡོ་ག་ལྟར་རོ། །དེ་དག་གི་ཚེ་འཁོར་བ་དང་རྣམ་པ་མཐུན་པའི་སྲིད་པ་སྦྱངས་ཤིང་དག །མྱང་འདས་དང་བཞུགས་ཚུལ་མཐུན་པའི་འབྲས་བུ་གཞི་ལ་རྫོགས། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ནི་སྤྱིའི་གོ་བའོ། །དེ་ལྟར་གཙོ་ཆེར་ལས་དང་པོ་བ་སོགས་ཀྱི་བསྐྱེད་ཚུལ་རྒྱས་བསྡུས་ཀྱི་ཁྱད་པར་དེ་དག་གིས། སྐྱེ་གནས་བཞི་སོ་སོ་སྦྱོང་ཚུལ་ཡང་གཙོ་བོར་སྟོན་པ་ཡིན་གྱི། དོན་ལ་བཞི་ག་སྦྱངས་པ་ལ་ཁྱད་མེད་དོ། །གསུམ་པ་ནི། དགོངས་འདུས་ལས། དབང་པོ་རབ་ཀྱིས་མ་བཅོས་རང་བྱུང་ཡེ་གསལ་ལྷུན་གྲུབ་སྤྲོས་བྲལ་རྣམ་པར་དག་པ་ལྷའི་ངོ་བོར་ཤེས། འབྲིང་གིས་འདུས་བྱས་མཚན་མ་ཅན་མ་ཡིན་པར་ཐུགས་རྗེ་རང་བྱུང་གི་རྩལ་རྩ་ཁམས་དག་པ་གསལ་འཚེར་གྱི་ལྷར་ཤེས། ཐ་མས་གཟུགས་སྣང་ཐམས་ཅད་ལྷ་དང་ལྷ་མོ་མི་རྟོག་པའི་ངང་ཆུ་ལས་ཉ་འཕར་བའི་ཚུལ་ཅན་དང་། དད་དམ་དག་པས་མངོན་བྱང་ལྔ་དང་། ཏིང་འཛིན་གསུམ་གྱི་སྒོ་ནས་གསལ་བར་བསྐྱེད། ཅེས་དང་། པད་སྡོང་བརྩེགས་པའི་རྒྱུད་ལས་ཀྱང་། དབང་པོ་རབ་འབྲིང་ཐ་མ་སོ་སོ་ལ་གསུམ་རེ་དབྱེ་བས་དགུ་ཕྲུགས་སོགས་ཀྱི་སྒོ་ནས་རྒྱས་པར་གསུངས་པ་རྣམས་ཀྱང་གཞུང་དེ་དག་ལས་རྟོགས་པར་བྱའོ། །
གཉིས་པ་གཞུང་དོན་ལ། མཉམ་བཞག་གི་རྣལ་འབྱོར་དང་། རྗེས་ཐོབ་ཀྱི་རྣལ་འབྱོར་གཉིས། དང་པོ་ལ་སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་གྱི་རྣལ་འབྱོར་དང་གསུམ། དང་པོ་ལའང་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་བརྟན་པར་བཞུགས་པ། ཕྱག་འཚལ་མཆོད་བསྟོད་བྱ་བ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་དང་ལྔ་ལས། དང་པོ་ནི་མ་ཧཱ་ཡོ་ག་ཡན་ཆོད་ལ་ཏིང་འཛིན་གསུམ་གྱི་བསྐྱེད་ཚུལ་གསུངས་ཏེ། དེ་ལ་ཐོག་མར་རང་སེམས་ཁོང་ཀློད་དེ་འཁྲུལ་རྟོག་གི་རྗེས་སུ་མི་འབྲང་བར་རང་སེམས་རིག་སྟོང་བསམ་བརྗོད་ལས་འདས་པའི་ཆོས་ཉིད་སྤྲོས་བྲལ་གྱི་ངང་ལ་དལ་ཅིག་མཉམ་པར་འཇོག་པ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། སྟོང་པ་ཆེན་པོའི་རྣལ་འབྱོར་ཏེ་རྡོ་རྗེ་ལྟ་བུ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་ཀྱང་བྱ་ལ། རྟག་མཐའ་བསལ་ཞིང་། གཟུགས་མེད་ཁམས་ཀྱི་བག་ཆགས་དང་། འཆི་སྲིད་ཆོས་སྐུར་སྦྱངས་ཤིང་དག་པར་བྱེད་ཕྱིར་རིག་པའི་ངོ་བོ་བསམ་གྱིས་མི་ཁྱབ་པའི་ཆ་ནས་བཞག་པའོ། །སྐབས་འདིར་སྔར་གྱི་སྲུང་གུར་ཡང་མི་དམིགས་པར་འཇོག་པ་ཡིན་གྱི་གཏན་མེད་ནི་མིན་པར་ཤེས་དགོས་སོ། །སྟོང་གསལ་དེའི་ངང་ལས། རང་གནས་ཀྱི་ཡེ་ཤེས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཅུང་ཟད་ཅིག་བསྒོམ་པ་ནི། ཀུན་སྣང་གི་ཏིང་ངེ་འཛིན། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། དཔའ་བར་འགྲོ་བ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་ལ། ཆད་མཐའ་བསལ་ཞིང་། གཟུགས་ཁམས་ཀྱི་བག་ཆགས་དང་བར་སྲིད་བཅས་གནས་འགྱུར་ལོངས་སྐུར་རྫོགས་པར་བྱེད་ཕྱིར་རིག་གདངས་ཐུགས་རྗེའི་རང་བཞིན་གོ་མ་འགགས་པའི་ཆར་བཞག་གོ །རྟོག་མེད་ཀྱི་ངང་ལས་སྙིང་རྗེ་དེས་འཕེན་བྱེད་བྱས་ནས། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་དང་ཧྲཱིཿལ་སོགས་པའི་རྣམ་པར་རྟེན་མེད་པའི་ནམ་མཁའ་སྟོང་པའི་དབྱིངས་ན་ལམ་མེར་གནས་པ་ལ་སེམས་བཟུང་བ་ནི། རྒྱུའི་ཏིང་ངེ་འཛིན་ཕྱག་རྒྱ་གཅིག་པའི་ནང་ཚན་རྒྱུའི་ཡེ་ཤེས་སེམས་དཔའ་ཕྲ་བ་ཡིག་འབྲུ་ལ་བསླབ་པ་སྟེ། སྒྱུ་མ་ལྟ་བུ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་ལ། བདག་ལྟ་མཚན་འཛིན་གྱི་དྲི་མ་དང་། འདོད་ཁམས་ཀྱི་བག་ཆགས་སྦྱངས་ཤིང་། སྐྱེ་བ་སྤྲུལ་པའི་ལྷ་སྐུར་སྨིན་པར་བྱེད་པས་རིག་རྩལ་ཡུལ་ལ་ཤར་བའི་ཆ་ནས་བཞག་པའོ། །དེ་ལྟར་ཡང་། དེ་ཏིང་གི་ངོ་བོ་ནི་རང་རིག་ཆོས་སྐུ་དང་། ཆོས་སྐུའི་ངང་ལས་གཟུགས་སྐུ་གཉིས་འབྱུང་བའི་འབྲས་བུ་ལམ་དུ་བྱེད་དོ། །དེ་ལས་རྟེན་དང་བརྟེན་པའི་ལྷ་ཚོགས་བསྒོམ་པ་ནི་རགས་པ་ལྷ་སྐུ་ལ་བསླབ་པ་དང་། དེ་ལས་གྲངས་དང་ཞལ་ཕྱག་སོགས་སྤྲོས་ཏེ་སྒོམ་པ་ནི། ཕྱག་རྒྱ་སྤྲོས་བཅས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞིའོ། །སྦྱོར་ལམ་དུ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཉེ་རྒྱུ་ལ་བརྟེན་ནས་རིམ་གྱིས་རིག་འཛིན་བཞིའི་གོ་འཕང་བགྲོད་པ་ཡིན་ནོ། །སྐབས་འདི་དག་ཏུ། སྭ་བྷ་ཝ་སོགས་ཀྱི་སྔགས་འབྱུང་བ་ཡོད་པས། དེའི་སྔགས་དོན་ནི། རང་བཞིན་རྣམ་པར་དག་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ངའོ། །ཞེས་དེ་ཏིང་གི་དོན་དང་། མ་ཧཱ་ཤཱུནྱ་ཏའི་སྔགས་དོན་ནི། སྟོང་པ་ཉིད་ཆེན་པོ་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ཞེས་སྟོང་པ་ཉིད་ཆེན་པོས་དེ་ཏིང་དང་ལྷག་མས་ཀུན་སྣང་དང་། རྒྱུའི་ཏིང་གི་དོན་སྟོན་ཏོ། །
གཉིས་པ་ལ་རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི་གསང་སྔགས་ལམ་གྱི་ཊཱིཀྐ་དང་གསང་བ་འདུས་པའི་བསྐྱེད་རིམ་དང་། བདེ་གཤེགས་ཀུན་འདུས་ཀྱི་བསྙེན་ཡིག་ཟུར་འདེབས་རྣམས་ལས་མཐུན་པར་གསུངས་པ་ལྟར་སྲུང་པའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་ནམ་མཁར། སྔར་གྱི་རྒྱུ་ཏིང་གི་ས་བོན་དེ་ལས་ཨེ་ཡྃ་རྃ་བྃ་ལྃ་སུྃ་བྷྲཱུྃ་རྣམས་རིམ་པ་བཞིན་ཆད་པ་ལས་འོད་ཟེར་འབར་ཞིང་འཕྲོས་པས་འབྱུང་ལྔའི་གཟུང་འཛིན་གྱི་ཞེན་རྟོག་སྦྱངས། འབྱུང་ལྔའི་དྭངས་བཅུད་ཡེ་ཤེས་ལྔའི་ཡོན་ཏན་དུ་གནས་པ་བསྡུས་ཏེ་ཐིམ་ནས་ཞུ་བ་ལས། རྟོག་བྲལ་རང་གི་སེམས་དབུགས་ཁྲག་ཤ་རུས་དྲོད་དང་ཕྱི་ནང་གིའབྱུང་ལྔ་རྣམ་པར་དག་པ་ཡུམ་ལྔའི་མཁའ་ཀློང་རིམ་པ་བཞིན་གསལ་གདབ་སྟེ། དེའི་ཚུལ་ཡང་། ཨེ་ཡིག་ཡོངས་སུ་གྱུར་པས་དངོས་འཛིན་ཐམས་ཅད་སྦྱངས་ཏེ་སྟོང་དབྱིངས་ནམ་མཁའི་རང་བཞིན་མཐིང་ག་གྲུ་གསུམ་ནམ་མཁའ་གྲུ་གསུམ་ཁ་དོག་དཀར་པོ་དང་། འབྱུང་བ་གཞན་ལ་འོད་ཟེར་གྱིས་མཐའ་སྐོར་བ་ཡང་བཤད་དོ། །གྱིས་རྣམ་ཐར་སྒོ་གསུམ་གྱི་སྟོང་ཉིད་དང་། བྷ་གའི་དབྱིབས་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་ཅིང་། རྒྱ་ཁྱོན་ཚད་མེད་པའི་གདེངས་ཀ་གྱེན་དུ་བསྟན་པ་ལྟ་བུའི་དབྱིབས་ཁ་དོག་ཅན་ནི་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ་བཞུགས་པའི་དོན་དང་། དེའི་སྟེང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་ནག་རྒྱ་གྲམ་གྱི་རྣམ་པ་འོད་ཟེར་ལྗང་ནག་གིས་བསྐོར་བ་དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འོད་ཟེར་དམར་པོས་བསྐོར་བ། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་འོད་ཟེར་དཀར་པོས་བསྐོར་བ། དེའི་སྟེང་དུ་ལྃ་ལས་གསེར་གྱི་ས་གཞི་སེར་པོ་གྲུ་བཞི་པ་འོད་ཟེར་སེར་པོས་བསྐོར་བ། དེ་ཡང་རི་རབ་མན་ཆད་ཀྱི་འབྱུང་རིམ་རྣམས་ནམ་མཁའི་ནང་དུ་ཡོད་པར་བཞེད་པའང་སྣང་ངོ་། །དེའི་སྟེང་དུ་སུྃ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་བཞི་པའི་སྟེང་དུ། མེ་དཔུང་འབར་བའི་ཀློང་ན་རྡོ་རྗེའི་ས་གཞིར་རྭ་གུར་བླ་བྲེ་སོགས་སྲུང་བའི་འཁོར་ལོ་སྔར་གྱི་སྲུང་འཁོར་དང་འདི་མི་གཅིག་གསུངས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་དུར་ཁྲོད་བརྒྱད། དེའི་ནང་དུ་ལྕགས་རི་འཁོར་ཡུག་གི་ཁྱམས་དང་། པདྨ་སྟོང་བརྡལ་བའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ས་བོན་བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་ལས་འཕྲོས་པའི་འོད་ཟེར་གྱིས་འཁོར་བའི་ཡུལ་དང་ཁང་ཁྱིམ་སོགས་ཀྱི་ཞེན་རྟོག་སྦྱངས། འདས་པའི་ཞིང་དང་གཞལ་ཡས་ཁང་གི་ཡོན་ཏན་དང་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཞུ་བ་ལས་རང་གི་གནས་ཁང་རྣམ་པར་དག་པའི་ངོ་བོ་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་པ། ཆོས་ཉིད་སྤྲོས་བྲལ་མཚོན་པའི་ལྟེ་བ་ཟླུམ་པོ་བདེན་བཞིའི་གྲུ་ཆད་དང་བདེན་གཉིས་ཟུང་འཇུག་གི་བར་ཁྱམས་འཁོར་བ། ཡེ་ཤེས་རེ་རེ་ལའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པས་གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ་གྲུ་ཆད་ལས་ཕྱིར་འཕྱར་བའི་རིན་པོ་ཆེའི་གློ་འབུར་རིགས་བཞིའི་ཁ་དོག་ཅན་གྱིས་མཛེས་པ། རྣམ་ཐར་བཞིའི་སྒོ་བཞིའི་སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོགས་ཀྱིས་མཛེས་པ་ཐེག་བརྒྱད་བགྲོད་པའི་རྟགས་སུ་སྒོ་ཕུག་གི་ཕྱི་ནང་གཉིས་ན་ཐེམ་སྐས་བཞི་རེ་སྟེ་རྒྱུའི་རྟ་བབས་བརྒྱད་དང་། དེའི་གྲུབ་མཐའི་ཡོན་ཏན་རྫོགས་པའི་རྟགས་སུ་སྒོ་ཁང་གི་སྟེང་ན་རྒྱན་གྱི་རྣམ་པར་ཏོ་ར་ན་ཞེས་པ་འབྲས་བུའི་རྟ་བབས་བརྒྱད་དེ། རྟ་རྐང་ཆུ་སྐྱེས་སྒྲོམ་ཟར་ཚགས། སྣམ་འཕྱོང་ཆུན་འཕྱང་། ཤར་བུ་མདའ་ཡབ་རྣམས་བརྩེགས་པའི་བྱ་འདབ་ཀྱི་རྩེར་ཁྱུང་མགོས་བརྒྱན་པ། སྒོ་ཁང་གི་སྟེང་ན་པདྨ་ལ་གནས་པའི་ཆོས་འཁོར་གྱི་རྩེར་གདུགས་དང་། གཡས་གཡོན་དུ་རི་དྭགས་གཉིས་ཀྱིས་མཛེས་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རིན་པོ་ཆེའི་རྩིག་པ་རིམ་པ་ལྔ་སྦྲགས་ཀྱི་སྟེང་ན་མུ་ཏིག་གི་དྲ་བ་དྲྭ་ཕྱེད་དཔྱངས་བའི་སེང་མགོས་བཏེགས་པའི་རིན་པོ་ཆེའི་ཕ་གུ། དེའི་སྟེང་ན་བྲེ་ཕུལ་གྱི་སྣམ་བུར་རིན་པོ་ཆེའི་དྲ་བ་དྲྭ་ཕྱེད་། དེའི་ཕྱི་ངོས་ནས་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་དུ་ལན་ཀན་ནམ་པུ་ཤུ་སྟེ་མདའ་ཡབ་ཀྱིས་མཛེས་པ། དེའི་ཁར་ཟུར་དང་ཕྱོགས་རྣམས་སུ་བུམ་པ་ལ་གནས་པའི་གདུགས ༤། འཕན ༨། རྒྱལ་མཚན ༨། ལ་སོགས་པའི་རྒྱན་སྣ་ཚོགས་ཕྱོགས་ཀུན་ཏུ་འཁྲིགས་པ། འདོད་ཡོན་མ་སྤང་རྒྱན་དུ་ཤར་བས་འདོད་སྣམ་ལ་མཆོད་པའི་ལྷ་མོ་མང་པོས་མཆོད་རྫས་ཐོགས་པས་སྤྲིན་དཔུང་བཞིན་གཏིབ་པས་རྒྱུན་མི་ཆད་པར་མཆོད་པ་དེ་རྣམས་ཀྱང་ཕྱི་ནང་ཀུན་ཏུ་མི་སྒྲིབ་པར་ཟང་ཐལ་དུ་གསལ་བ། ཆོས་དབྱིངས་ཡེ་ཤེས་མཐའ་ཐུག་པ་མེད་པའི་བརྡར་དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་ཤིང་ལྟར་མི་མངོན་པ། དབུས་ཀྱི་རྩེ་མོའི་ཏོག་ནས་གསེར་གྱི་ཐ་གུ་རྟ་བབས་ཀྱི་འཁོར་ལོའི་སྟེང་གི་གདུགས་ཀྱི་རྩེ་མོའི་བར་འཐེན་པ་ལ་གསེར་གྱི་དྲིལ་བུ་གཡེར་ཁ་ཟ་ར་ཚགས། ལྡ་ལྡི། རིན་པོ་ཆེའི་ཙོང་ཙོང་། ཉི་ཟླའི་ཚར་ཚར། རྔ་ཡབ་ནོར་བུའི་རྒྱན་ཅན་སོགས་ལྷ་དང་མི་ཡི་རྒྱན་དུ་མ་དཔྱང་བ་ལས་སྒྲ་སྙན་པར་སྒྲོག་པ། དབང་པོ་ལྔ་དང་སྟོབས་ལྔ་མཚོན་ཞིང་། གཞན་ཡང་སྒོ་རྒྱན་དང་ཕྱི་རོལ་གྱི་རྒྱན་ཏ་ལ་དང་དཔག་བསམ་གྱི་ཤིང་རྒྱན་ལྡན་ཁྲུས་རྫིང་ལྷ་མོས་མཛེས་པ་དང་། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རྣམས་ཕྱོགས་རེ་ན་གཉིས་གཉིས་ཏེ་བརྒྱད་བརྒྱད་རྣམས་སོ། །ཡང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་རྒྱ་གྲམ་གྱི་ལྟེ་བར་བྷྲཱུྃ་ལས་གཞལ་ཡང་ཁང་བསྐྱེད་ནས་སླར་ཕྱིའི་འཁོར་ཡུག་གི་པདྨ་རྡོ་ར་དུར་ཁྲོད་མེ་རི་རྣམས་རིམ་པས་བསྐྱེད་ཅེས་གོ་རིམ་མ་ངེས་པར་ཡང་གསུངས་སོ། །ཁྲོ་བོའི་ཁྱད་པར་ལ། རཀྟའི་རྒྱ་མཚོ། ཞིང་ཆེན་གྱི་ས་གཞི། ཀེང་རུས་ཀྱི་རི་རབ། ཡེ་ཤེས་ཀྱི་མེ་དཔུང་གི་ཀློང་ན། སྣ་ཚོགས་རྡོ་རྗེའི་རྒྱ་གྲམ་གྱི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་བསེ་ཁྱམས་ཁྲག་ཁྱམས་གང་རིགས་དང་ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིགས་པ་ལ་གནམ་ལྕགས་ཀྱི་གཟེར་བུས་བཏབ་ཅིང་རཀྟས་སྤྱིན་ཐབས་སུ་སྦྱར་བ། རྩིག་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་དང་། བྲེ་ཕུལ་གྱི་སྣམ་བུར་སྦྲུལ་དང་སོར་མོ་དང་ཐོད་ཕྲེང་གི་དྲ་བ་དྲྭ་ཕྱེད། དྲྭ་ཕྱེད་རྣམས་ཀྱི་སྣེ་ལ་སྙིང་ཐུར་བསྟན་དུ་དཔྱང་པ་ཙིཏྟའི་ཕོ་ལོང་དང་རྐང་ལག་གི་ཤར་བུ། སྒལ་རྩིབས་ཀྱི་མདའ་ཡབ། རུས་སྦལ་མ་ཐེམ། ཆུ་སྲིན་ཡ་ཐེམ། སྦྲུལ་ནག་གི་སྐྱེས་བུ་སྟེ་སྒོའི་གཡས་གཡོན་གྱི་རུ་ཤིང་། ཞིང་གི་སྒོ་གླེགས། རྟ་བབས་རྩེར་ཆོས་འཁོར། གཡས་གཡོན་དུ་ཆུ་སྲིན་གྱི་ཕྲུ་གུ་དང་། སྟེང་ན་ཞིང་གདུགས་དང་། ཞིང་ལྤགས་ཀྱི་ཐོག་ཕུབ། ཉི་ཟླའི་མཐོང་དཀར་དང་བཅས་པའི་དབུས་ཕྱུར་བུར་ལྷ་ཆེན་པོའི་ཐོད་པ་སྦུབས་པའི་སྟེང་ན་ཙིཏྟའི་ཏོག་གིས་བརྒྱན་པ་སྟེ་འཇིགས་ཤིང་རྔམ་པའོ། །གཞན་ཡང་གཞལ་ཡས་ཁང་གི་དབྱིབས་སོགས་ཕྱོགས་གཅིག་ཏུ་མ་ངེས་ཏེ། འཁོར་ལོ་སྡོམ་ཆེན་གྱི་དཀྱིལ་འཁོར་ཟླུམ་པོ་སྒོ་བརྒྱད་དང་། ཡང་དག་ཟླ་གམ་སྒོ་གཅིག་དང་། མ་རྒྱུད་ཕལ་ཆེར་ཆོས་འབྱུང་གི་རྣམ་པ་དང་། པདྨ་འདབ་བརྒྱད་སོགས་མ་ངེས་པ་མང་པོར་གསུངས་སོ། །གཞལ་ཡས་ཁང་གི་དབུས་དང་ཕྱོགས་མཚམས་ཀྱི་ལྷ་གནས་རྣམས་སུ་གདན་གྱི་ཁྱད་པར་ཡང་། གདུལ་བྱའི་རེ་བ་སྐོང་བའི་བརྡར། མི་འཇིགས་སེང་གེ་དང་། སྟོབས་གླང་པོ་སོགས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་། འཁོར་བའི་སྐྱོན་གྱིས་མ་གོས་པའི་རིན་པོ་ཆེའི་པདྨ་དང་། ཟེའུ་འབྲུ་ཁེབ་པའི་ཐབས་ཤེས་ཉི་ཟླ་སོགས་སྐབས་ཐོབ་ལྟར་དང་། ཁྲོ་བོ་ལ་བྱོལ་སོང་གཙོ་བརྒྱད་དང་། རཱུ་ཊ་ཕོ་མོའམ། ཏི་ར་སྟེ་བམ་རོ། པད་ཟླ་ཉི་མ་སོགས་སོ་སོ་གཞུང་ཚིག་གི་བསྟན་དོན་ལྟར་གང་འོས་སུ་བསྐྱེད་དོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། དགོངས་འདུས་ལས། གཞལ་ཡས་ཁང་ནི་ཕྱི་ནས་རིམ་པས་བསྐྱེད་ལ། ལྷ་རྣམས་ནི་ནང་ནས་རིམ་པས་བསྐྱེད་དོ། །ཞེས་གསུངས་པ་ལྟར། སྔར་གྱི་རྒྱུའི་ཡི་གེ་དེ་དབུས་ཀྱི་གདན་ལ་བབས་པ་དེ་ཡོངས་སུ་གྱུར་པ་ལས་སམ། ཡང་ན་ཡི་གེ་དེ་ཉིད་གཙོ་བོའི་གཡས་པའི་ཕྱག་མཚན་ལ་ཐུགས་སྲོག་གི་ཡི་གེས་མཚན་པ་གྱུར་ནས། འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷའི་སྐུ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བ་སོགས་ཆོ་ག་རང་རང་གི་བསྐྱེད་ཚུལ་དང་མཐུན་པར་གཙོ་འཁོར་ཡོངས་རྫོགས་རིམ་བཞིན་དུ་བསྐྱེད་པར་བྱའོ། །དེ་ཡང་སྤྲོས་པས་མི་ལྕོགས་པའམ་གསལ་མ་ཐེབས་ན་གཙོ་འཁོར་རགས་པ་ཙམ་མམ་གཙོ་བོ་གཅིག་པུ་གསལ། འཁོར་རྣམས་མོས་བསྐྱེད་བྱ། ཐ་ན་ཐུགས་སྲོག་གཅིག་པུ་གསལ་ཞིང་བརྡའ་དོན་འཕྲོད་པར་བྱས་ཀྱང་དངོས་གྲུབ་འབྱུང་བར་མ་ཧཱའི་སྒོམ་ཁོག་ལས་གསུངས་ཤིང་། རྒྱུད་ལས། སོ་སོའི་འཁོར་ཚོགས་རྒྱ་མཚོ་གཞན། །རང་བཞིན་དག་གིས་གནས་པ་ལ། །སྐུ་མདོག་ཕྱག་མཚན་གསལ་མི་དགོས། །སྐད་ཅིག་རྫོགས་པའི་ཚུལ་གྱིས་བསྐྱེད། །ཅེས་དང་། རྒྱལ་པོ་སྤྱན་དྲངས་ན་འཁོར་རང་བཞིན་གྱིས་འོང་བ་དང་འདྲ་སྟེ་གཙོ་བོ་བསྐྱེད་པས་འཁོར་རྣམས་རང་བཞིན་གྱིས་གནས་པར་བསྐྱེད་དོ། །ཞེས་བདེ་འདུས་སྒོམ་རིམ་ལས་གསུངས་སོ། །གནས་གསུམ་བྱིན་གྱིས་བརླབས་པ་ནི། དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་དུང་ཁང་ན་འཁོར་ལོ་དཀར་པོའི་གདན་ལ་ཨོཾ་དཀར་པོ། མགྲིན་པའི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་ཀྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་སྙིང་གི་མདུན་དུ་ཉི་མ་ལ་ཧཱུྃ་མཐིང་ག་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གསལ་གདབ་བོ། །ཡང་སྐབས་འགར་འབྲུ་གསུམ་པོ་དེ་ལས་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པ་ལོངས་སྐུའི་ཆས་ཅན་གྱིས་རྒྱས་གདབ་པར་མོས་ཏེ། སྔགས་རྒྱ་གནས་སོ་སོར་འཇོག་ཅིང་རྡོ་རྗེ་གསུམ་གྱི་ང་རྒྱལ་བྱ་བ་ཡང་ཞེས་འབྱུང་ངོ་། །དེ་ནས་དབང་སྐུར་ནི་རང་གི་སྙིང་གའི་ས་བོན་ནམ་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བདེ་བར་གཤེགས་པ་ཐམས་ཅད་དབང་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་མདུན་མཁར་སྤྱན་དྲངས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད་པས། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་དག་ནས། ཆུ་ལུད་པ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས། རང་རིགས་ཀྱི་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་ཏེ་འགྲོ་བའི་དོན་ལ་དཔའ་བསྐྱེད་པར་བསམ། ཕུང་པོ་ལྔ་དག་པ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱ། རིགས་ལྔའི་དབང་རྒྱ་གནས་སོ་སོར་འཇོག་ཅིང་དབང་སྔགས་བརྗོད་པའོ། །དེ་ཡང་ཞི་བ་ལ་རིན་པོ་ཆེའི་དབུ་རྒྱན་དང་། ཁྲོ་བོ་ལ་ཐོད་པའི་དབུ་རྒྱན་གྱི་ཁང་བུ་ལ་བརྟེན་ནས་རིགས་ལྔ་སྒོམ་པར་ཞལ་ལུང་ལས་གསུངས་ཤིང་། ཁྲོ་ཞལ་ཉེར་གཅིག་ལྟ་བུར་ཡང་ཐོད་སྐམ་གྱི་ཁང་བུ་རིན་པོ་ཆེའི་ཟེ་སྲོག་དང་བཅས་པ་རིགས་ལྔའི་སངས་རྒྱས་ཀྱི་བཞུགས་གནས་ཡིན་པའི་ཕྱིར་དབུ་རེ་རེ་ལ་ཐོད་སྐམ་ལྔ་ལྔས་བརྒྱན་པ་དགོས་གསུངས་སོ། །སྐབས་འགར་དེ་ནས་གནས་གསུམ་བྱིན་གྱིས་རློབ་པ་དང་། ཡང་དབང་བསྐུར་བ་མི་དགོས་པ་སོགས་ཡོད་པས་རང་གཞུང་དང་འབྱོར་བ་དགོས་སོ། །གསུམ་པ་སྤྱན་འདྲེན་པ་ནི། དེ་ལྟར་རང་གི་སྙིང་གའི་ཧཱུྃ་ཡིག་ལས་འོད་ཟེར་དམར་པོའི་རྩེ་མོ་ནང་དུ་ཅུང་ཟད་གུག་པ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་མཁའ་ཁྱབ་ཀྱི་ཞིང་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྲུང་མ་དང་བཅས་པ་ཆོས་སྐུ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་བཞུགས་པ་དེ་དག་གི་ཐུགས་རྒྱུད་བསྐུལ་བས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་དབང་གིས་གཟུགས་སྐུའི་རོལ་བར་བཞེངས་ནས་འབྱོན་མ་རག་པར་བསམ་པ་ནི། སྙན་གསན་དབབ་པ་སྟེ་འཇིག་རྟེན་ན་རྒྱལ་པོ་སྤྱན་དྲངས་པའི་ཐོག་མར་སྙན་གསན་འབེབས་དགོས་པ་བཞིན། དམ་ཚིག་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུར་གནས་སུ་བྱ་བའི་ཆེད་དུ་སྲི་ཞུ་གུས་པའི་སྒོ་ནས་ཚུལ་མཐུན་པའོ། །དེ་ཡང་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་ཞུགས་ཤིང་མི་ཕྱེད་པའི་དད་པ་དང་ལྡན་པ་ན། རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གྱིས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་མོས་ཤིང་བསྐྱེད་པའི་གནས་སུ་སྐད་ཅིག་གིས་འབྱོན་པར་འགྱུར་བ་ཆོས་ཉིད་ཡིན་པས། མོས་གུས་ཀྱིས་གདུང་བ་བསྐྱེད་ཅིང་། སྤོས་བཏུལ་དབྱངས་རོལ་དང་བཅས་པས་སྤྱན་འདྲེན་གྱི་ཚིག་རྣམས་སྙན་པར་བརྗོད་པས། རྟེན་གཞལ་ཡས་ཁང་སྲུང་བའི་གུར་ཁང་དང་བཅས་ཏེ། བརྟེན་པ་ཞི་ཁྲོའི་ལྷ་ཚོགས་གང་ཡིན་ཡང་། བདག་དམ་ཚིག་པས་དཀྱིལ་འཁོར་བསྐྱེད་པའི་ལྷ་ཚོགས་དང་འདྲ་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ། ཡེ་ཤེས་སྒྱུ་མའི་རྣམ་རོལ་ཁ་བ་བུ་ཡུག་འཚུབ་པ་ལྟར་དཔག་ཏུ་མེད་པ་བྱོན་ནས་མཁྱེན་བརྩེ་ནུས་གསུམ་གྱི་གཟི་བྱིན་གྱི་ཕུང་པོར་དམ་ཚིག་གི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་མེ་རི་འདབ་འབྱོར་ཙམ་དུ་སྤྲིན་འཁྲིགས་པ་ལྟར་བསམ་མོ། །ཡང་བཀའ་བརྒྱད་རྣམ་བཤད་ལས། དམ་ཚིག་པའི་ཐུགས་སྲོག་ལས་འོད་ཟེར་གྲངས་མེད་པའི་རྩེ་ལས་ལྷ་མོ་ལྕགས་ཀྱུ་མ་སོགས་སྤྲོས་ཏེ་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། ཛཿཞེས་ལྕགས་ཀྱུ་མའི་ཚོགས་ཀྱིས་ཉེ་བར་བཀུག་སྟེ་ཤར་སྒོ་ནས་བྱོན། ཧཱུྃ་ཞེས་ཞགས་པ་མའི་ཚོགས་ཀྱིས་རྟེན་བརྟེན་པ་གཙོ་འཁོར་སོ་སོ་ལ་དབྱེར་མེད་དུ་བསྟིམ། བྃ་གྱིས་ལྕགས་སྒྲོག་མས་དམ་ཡེ་གཉིས་མེད་མི་འབྲལ་བར་བྱས། ཧོཿས་དྲིལ་བུ་མས་དམ་ཚིག་པ་དེ་དག་ཡེ་ཤེས་པའི་ངོ་བོར་རོ་མཉམ་སྟེ་དགྱེས་པ་བསྐྱེད་ཅེས་དང་། ཡང་སྐབས་འགར། ལྕགས་ཀྱུ་མས་ཐུགས་དམ་བསྐུལ། ཞགས་པ་མས་སྤྱན་དྲངས། ལྕགས་སྒྲོག་མས་གནས་ནས་བསྐྱོད། དྲིལ་བུ་མས་དགྱེས་པར་བསྐྱེད་དེ་མདུན་མཁར་སྤྱན་འདྲེན་པར་ཡང་གསུངས་སོ། །བཞུགས་སུ་གསོལ་བ་ནི། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་ཐམས་ཅད་བདག་དམ་ཚིག་པའི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གསོལ་བ་བཏབ་པས་དགྱེས་ཤིང་བརྩེ་བས་མཚོ་ལ་ཁ་བ་བབས་པ་བཞིན་དུ་རྟེན་དང་བརྟེན་པ་སོ་སོ་ལ་དེ་ལྟར་དུ་རང་ལ་ཐིམ་པས་དམ་ཡེ་གཉིས་མེད་དུ་གྱུར་པར་བསམ་མོ། །དེ་ཡང་ཞལ་ལུང་ལས། ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གྲུབ་པ་ནི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ་དེ་གཉིས་གདོད་ནས་དབྱེར་མེད་པ་ནི་དམ་ཡེ་གཉིས་མེད་དུ་བྱས་པའི་དོན་ནོ། །ཞེས་དང་། འཇིགས་མེད་གླིང་པས། དེ་ལྟར་ཡང་དམ་ཡེ་གདོད་ནས་དབྱེར་མེད་པ་གསལ་འདེབས་པའི་ཕྱིར་སྤྱན་འདྲེན་པ་ཡིན་གྱི་གཅིག་ལ་གཅིག་བཅུག་པ་ལྟ་བུ་ནི་མིན་པར་ཤེས་དགོས་སོ། །ཞེས་དང་། རྩེ་ལེས་ཀྱང་། དེ་ནས་སྤྱན་དྲངས་པ་ཡང་ཕྱི་རོལ་ནས་མི་གཅིག་པ་ཞིག་སྤྱན་དྲངས་ནས་འབྱོན་རྒྱུ་ཡོད་པ་ལྟ་བུ་མ་ཡིན་ཏེ། མ་དག་པའི་འཁྲུལ་སྣང་སྦྱོང་ཕྱིར་ལྷ་སོ་སོའི་མཚན་དང་བཞུགས་གནས་སོགས་ཐ་དད་ནས་སྤྱན་འདྲེན་པའི་ཚིག་ངག་ནས་བརྗོད་ཀྱང་དོན་དུ་རང་རིག་གི་བྱང་ཆུབ་ཀྱི་སེམས་ཀྱི་རོལ་པའི་ཆོ་འཕྲུལ་སྣང་སྲིད་ཀུན་ལ་མ་ཁྱབ་པ་མེད་ཕྱིར། རང་ཤེས་རིག་པའི་དམ་ཚིག་ཡེ་ཤེས་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དུ་སྤྱན་དྲངས། ཞེས་གསུངས་པ་ལྟར། ཡེ་ནས་དམ་ཡེ་དབྱེར་མེད་པའི་རང་བཞིན་མ་རྟོགས་པའི་ངོར་གསལ་འདེབས་པའི་ཕྱིར་གདུལ་བྱ་དམན་པའི་བློ་དང་བསྟུན་པའམ། དག་པའི་ཞིང་ལ་ཚོགས་གཉིས་གསོག་པའམ་རིག་རྩལ་སྦྱངས་ཤིང་ཡེ་ཤེས་ལྷ་ལ་རས་ཆོད་དེ་དབང་མི་ཟ་བའི་ཕྱིར་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་ཚུལ་མ་འགགས་པའི་ངོར་བརྡ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ་ཡིན་ནོ། །དེ་ཡང་དངོས་གྲུབ་མ་ཐོབ་བར་དུ་བཞུགས་པར་བསྒོམ་པ་ནི་རིང་མཐའ་འམ་བདག་དོན་གྲུབ་པའི་ཚད་དང་། རྡུལ་ཚོན་ལྟ་བུར་གཤེགས་གསོལ་མ་གྲུབ་པ་དང་རས་བྲིས་སོགས་འབྱུང་བཞིའི་གནོད་པས་མ་ཞིག་བར་དེ་སྲིད་རྣམས་ཀྱི་དོན་ཡང་ཤེས་དགོས་པར་གསུངས་སོ། །སྐབས་འདིར་ཛཿཧཱུྃ་བྃ་ཧོཿཞེས་འབྱུང་བ་ནི་ཛཿས་དམ་ཚིག་པ་ལ་ཡེ་ཤེས་པ་བཀུག་པ་དང་། ཧཱུྃ་གིས་གཉིས་མེད་དུ་བསྟིམ་པ་དང་། བྃ་གྱིས་འདོད་པ་མ་གྲུབ་ཀྱི་བར་དུ་མི་གཤེགས་པར་བཅིང་པ་དང་། ཧོཿས་དགྱེས་བཞིན་དུ་བཞུགས་པར་བསམ་མོ། །ཡིག་འབྲུའི་དོན་ནི། བྱོན་ཅིག །བཞུགས་ཤིག །མ་གཤེགས་ཤིག །དགྱེས་བཞིན་དུ་བཞུགས་ཤིག་ཅེས་དམ་ཡེ་དབྱེར་མེད་དུ་བསྲེས་ཏེ་བརྟན་པར་བྱ་བའི་དོན་ནོ། །བཞི་པ་ཕྱག་འཚལ་བ་ནི། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པ་ནི་ལྟ་བ་མཇལ་བའི་ཕྱག་སྟེ་བསྐྱེད་རྫོགས་ཆེན་མོ་ལས། འདོད་ཡོན་གྱི་ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གཞལ་ཡས་ཁང་གི་སྒོ་བཞི་ནས་དམ་ཚིག་ཡེ་ཤེས་འདུ་འབྲལ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཞེས་དང་། མ་ཧཱ་སྒོམ་ཁོག་ལས། བདག་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་དོན་གྱི་ཕྱག་འཚལ་ཞེས་གསུངས་པ་ལྟར་སྣང་སྲིད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་རང་བྱུང་ཡེ་ཤེས་ཆེན་པོར་ངོ་ཤེས་པའི་དོན་ལ་ཡིད་ཆེས་བསྐྱེད་པ་ནི་དོན་གྱི་ཕྱག་ཁྱད་པར་བ་ཡིན་ལ། ཐུན་མོང་བརྡ་ཙམ་དུ་ལྷ་རྣམས་ཀྱི་ཡོན་ཏན་དྲན་པས་གུས་པའི་ཡིད་ཀྱིས་ཕྱག་མཆོད་སོགས་བྱ་བ་ནི། འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་འདོད་ཡོན་ལ་རྩེ་ཞིང་རོལ་བ་བཞིན་དུ། བདག་ཉིད་གཙོ་བོའི་ཐུགས་ཀ་ནས་རིག་པའི་ལྷ་མོ་བཞི་ཐོན་པས། སྒོ་བཞི་ནས་ཨ་ཏི་པུ་ཧོ་ཞེས་དམ་ཚིག་ཡེ་ཤེས་འབྲེལ་བའི་བརྡ་ཕྱག་བཟང་ངན་མེད་པར་བཙལ་བས་དཀྱིལ་འཁོར་བའི་ལྷས་ཀྱང་པྲ་ཏི་ཛ་ཧོ་ཞེས་ཕྱག་ལན་གནང་བར་བསམ་སྟེ། སླར་རང་གི་ཐུགས་ཀར་བསྡུ་ཞིང་གཉིས་མེད་བདེ་བའི་ཉམས་དང་ལྡན་པར་བསམ་མོ། །ཡང་མདུན་བསྐྱེད་ཡོད་པའི་ཚེ་བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞི་བྱུང་བས་མདུན་བསྐྱེད་ལ་ཕྱག་བྱ་ཞིང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་དེ་ལྟར་ལྷ་མོ་བཞི་བྱུང་བས་ཕྱག་ལན་མཛད་པར་བསམ་ལ། མཐར་རང་རང་གི་ཐུགས་ཀར་བསྡུའོ། །ཞེས་འཇིགས་གླིང་གསུངས་སོ། །ཡང་ན་ཕྱག་ནི་ལུས་ངག་ཡིད་གསུམ་གུས་པར་འདུད་པ་ཙམ་ཡིན་པས་འཚལ་ཡུལ་དང་འཚལ་མཁན་དམིགས་བསལ་ཐ་དད་མི་དགོས་ཞེས་དཔལ་སྤྲུལ་གསུངས་སོ། །མཆོད་པ་ལ་ཕྱི་ནང་ཐུན་མོང་གི་མཆོད་པ་ནི། རང་གི་ཐུགས་ཀ་ནས་གཟུགས་རྡོ་རྗེ་མ་ལ་སོགས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས། དེ་དག་གི་ལག་ན་ཉེར་སྤྱོད་བདུན། འདོད་ཡོན་ལྔ་སོགས་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ཤིང་། གླུ་དབྱངས་རོལ་གར་དང་བཅས་ཏེ། མཆོད་པའི་ཟེགས་མ་རེ་རེ་ལའང་འདོད་དགུའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་སྤྲོས་པས་དཀྱིལ་འཁོར་གྱི་ལྷ་གཙོ་བོར་གྱུར་པའི་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་དམ་ཅན་ཆོས་སྐྱོང་སོགས་ལྷ་རྣམས་ཀྱི་དགྱེས་པ་སྐོང་བར་བསམ་ཞིང་། བྱེ་བྲག་ཏུ་ཡན་ལག་བརྒྱད་ལྡན་གྱི་མཆོད་ཡོན་ཞལ་དུ། དྭངས་བསིལ་ཡིད་འོང་གི་ཆུ་ནི་ཕྱག་ཞབས་བསིལ་བྱེད་དུ། ལྷ་རྫས་མེ་ཏོག་གི་ཕྲེང་བ་སྤེལ་ལེགས་པ་ནི་དབུ་ལ། ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་ཞིམ་པོའི་བདུག་སྤོས་ནི་ཤངས་ལ། རིན་པོ་ཆེ་དང་རྩི་མར་སོགས་ཀྱི་སྒྲོན་མེ་ནི་སྤྱན་ལ། ཙན་དན་དང་གུར་གུམ་སོགས་ཀྱི་དྲི་ངད་ལྡན་པའི་སྨན་ཆབ་ནི་སྐུ་ལ། རོ་བརྒྱ་བཅུད་ལྡན་གྱི་ཞལ་ཟས་ནི་ལྗགས་ལ། འབུད་དཀྲོལ་བརྡུང་བ་སོགས་སྙན་འཇེབས་རོལ་མོའི་སྒྲ་དབྱངས་ནི་སྙན་གྱི་དབང་པོ་རྣམས་ལ་འབུལ་ཞིང་། མཐར་ལྷ་མོ་རྣམས་ཀྱང་གནས་དེ་དག་ཏུ་ཐིམ་པར་བསམ་མོ། །དེ་ཡང་འཇིགས་གླིང་གིས་དེ་ལྟར་མཆོད་བསྟོད་རྣམས་ལྷས་ལྷ་ལ་བགྱི་བ་ལྟ་བུ་ནི་ཤིན་ཏུའང་ཡིན་ཏེ། མ་དག་པའི་སྣོད་བཅུད་དག་པའི་སྣོད་བཅུད་དུ་སྦྱངས། དག་པའི་སྣོད་བཅུད་སྤྲུལ་པའི་བསྐྱེད་རིམ་དུ་བསྒྱུར་བ་ལ་མཆོད་པ་བྱེད་མཁན་རང་རྒྱུད་པ་ག་ལ་ཡོད། ཅེས་གསུངས་སོ། །ཡང་ན་འདོད་སྣམ་ལ་འཁོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བ་ཡིན་ཞེས་དཔལ་སྤྲུལ་གསུངས་ཤིང་། དེའང་བྱ་འདབས་ཀྱི་འོག་དྲ་བ་དྲྭ་ཕྱེད་ཀྱི་གསེབ་ནས་མཆོད་པ་འབུལ་བ་ཡིན་ཞེས་པད་ཕྲིན་གསུངས་སོ། །མདོར་ན་གང་ལྟར་ཡང་འདྲ་ནའང་། ཚུལ་དེ་དག་ཀུན་ཀྱང་ལྷན་ཅིག་ཏུ་གྲུབ་ན་ལེགས་མོད། ཡང་མདུན་བསྐྱེད་ལྟ་བུའི་ཚེ་ན་མཆོད་པའི་ལྷ་མོ་རྣམས་ལྷ་ཚོགས་ཀུན་ཀྱི་གནས་སོ་སོར་ཐིམ་ཞིང་། སླར་ཡང་ཚུར་བྱུང་ནས་སྐྱེས་ལན་གྱི་ཚུལ་དུ་རང་གི་གནས་སོ་སོར་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་མོ། །ཞེས་རྒྱུད་ལས་གསུངས་སོ། །དེ་ཡང་མཆོད་པ་རྣམས་བཀོད་ལེགས་མཛེས་པ་བཤམས་པ་ནི་རྫས་ཀྱི་མཆོད་པ། དེ་ཉིད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་དམིགས་པ་ནི་ཏིང་ངེ་འཛིན་གྱི་མཆོད་པ། འབུལ་ཚིག་སྙན་པར་བརྗོད་པ་ནི་དབྱངས་ཀྱི་མཆོད་པ། ལུས་གུས་པས་ཕྱག་རྒྱ་པད་ཀོར་གྱིས་འབུལ་བའི་བརྡ་སྤྲོད་པ་ནི་ཕྱག་རྒྱའི་མཆོད་པ། འབུལ་ཚིག་གི་སྔགས་ཨརྒྷཾ་སོགས་ནི་སྔགས་ཀྱི་མཆོད་པ་དང་ལྔའོ། །ཞེས་དགོངས་འདུས་ལས་གསུངས་སོ། །དེ་ལྟར་འདོད་ཡོན་ལྔ་དབང་པོ་ལྔར་ཕུལ་བས་ཞེན་མེད་ཀྱི་ཉམས་སྐྱེས་པར་བསམ་མོ། །དབང་པོ་རབ་ཀྱིས་ཅིར་སྣང་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོར་སྤྲོས་ཏེ་རང་ཤར་རང་གྲོལ་དུ་འབུལ་བར་གསུངས་སོ། །ནང་མཆོད་ལ་སྨན་ནི་རྩ་བ་བརྒྱད་དང་ཡན་ལག་སྟོང་རྩ་སྦྱར་བའི་དམ་རྫས་ཁྱད་པར་བ་དེ་ནི་ཆོས་ཐམས་ཅད་བླང་དོར་མེད་པར་མཉམ་པ་ཉིད་དུ་རྟོགས་པ་ལས་བྱུང་བས། གཉིས་འཛིན་རྣམ་རྟོག་གི་བདུད་སེལ་པའི་རྩི་སྟེ། གྲུབ་པ་བཞི་དང་ཡིན་པ་གསུམ་གྱི་རང་བཞིན་བླ་ན་མེད་པའི་སྨན་ཆེན་པོ། མཐེབ་སྲིན་ཉི་ཟླའི་ག་འུས་བཅུས་ཏེ་གཏོར་བས་བདུད་རྩིའི་ཟེགས་མ་ལྷ་རྣམས་ཀྱི་ཞལ་དུ་ཐིམ་པས་བདེ་བ་ཆེན་པོའི་རོས་ཚིམ་པར་བསམ་པ་སྟེ། མ་ཧཱ་སྒོམ་ཁོག་ལས། རང་གི་ཐུགས་ཀ་ནས་ལྷ་མོ་མང་པོ་སྤྲོས་ཏེ་ཀ་པཱ་ལ་བདུད་རྩིས་གང་བ་ནས་ལྷ་མོའི་མཐེབ་སྲིན་ཉི་ཟླའི་སྐྱོགས་ཁ་སྦྱོར་གྱིས་བཅུས་ཏེ་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་ལྗགས་ལ་མཆོད་པས་མཉེས་ཏེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆར་དུ་དབབ་པར་བསམ། ཞེས་པས་རང་གི་གཡས་ཀ་པཱ་ལ་འཛིན། གཡོན་མཐེབ་སྲིན་ཉི་ཟླའི་སྐྱོགས་སུ་བསམ་པས་འཐོར་ཞིང་། ཐུགས་ཀ་ནས་སྤྲུལ་བའི་ལྷ་མོ་རྣམས་ཀྱིས་ཀྱང་དེ་ལྟར་མཆོད་པར་བསམ་མོ། །དང་པོ་དཀྱིལ་འཁོར་སྟེང་གི་ཆའི་བླ་མ་བརྒྱུད་པ་རྣམས་དང་། དེ་ནས་དཀྱིལ་འཁོར་བར་རྣམས་རིམ་པས་སོ། །དེ་ཡང་བྱང་གཏེར་ཐུགས་སྒྲུབ་ལས། བདག་ལ་ཕོག་པས་དམ་ཚིག་ཉམས་སྒྲིབ་དག༔ རྫས་ལ་གཏོར་བས་མ་དག་སྐྱོན་རྣམས་སྦྱངས༔ བགེགས་ལ་ཕོག་པས་བདུད་དང་དམ་སྲི་བསྐྲད༔ ཅེས་པ་ལྟར་རོ། དེ་ནས་ཀྱང་སྔ་མ་ལས། དེ་ནས་བདུད་རྩི་ལ་བརྟེན་ཏེ་དངོས་གྲུབ་བླངས། ཚིག་གིས་བསྐུལ་ཏེ། བདུད་རྩིའི་ནང་དུ་དངོས་གྲུབ་ཀྱི་སྙིང་པོ་ཨོཾ་ཨཱཿཧཱུྃ་གསུམ་བསམ་སྟེ་མཐེབ་སྲིན་ཉི་ཟླའི་ག་འུས་བཟུང་སྟེ་སྤྱི་གཙུག་མགྲིན་པ་སྙིང་ཁར་བསྟིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །ཞེས་པས་མཐར་རང་གི་ལྕེར་རེག་སྟེ་གནས་གསུམ་དུ་ཆགས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །སྐབས་འདིར་འགའ་ཞིག་ནས་བདུད་རྩི་གསང་ནན་ཞེས་འབྱུང་བ་ནི། གསང་བ་བདུད་རྩིའི་མཆོད་པ་སླར་ཡང་ནན་ཏན་གྱིས་འབུལ་བའི་དོན་ཡིན་པར་གསུངས་སོ། །གཏོར་མཆོད་ནི། རིན་པོ་ཆེ་སོགས་ཀྱི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཟའ་བཅའ་སྣ་ཚོགས་པའི་གཏོར་མ་རོ་མཆོག་བརྒྱ་ལྡན་འདོད་དགུའི་ཕུང་པོར་སྤུངས་པ་ལས་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་ཕུལ་བས། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུ་དང་རྡོ་རྗེ་རྩེ་གསུམ་པའི་རྣམ་པ་ལས་བྱུང་བའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་དྲངས་ཏེ་གསོལ་བས་དགྱེས་པར་བསམ་ཞིང་། མཐར་ལྷ་མོ་རྣམས་རང་ལ་ཐིམ་པར་བསམ་མོ། །དེ་ཡང་ཡུལ་ལྔའི་བཟའ་བ་དང་རྣམ་ཤེས་ཀྱི་བཏུང་བ་ཐམས་ཅད་འོད་གསལ་གྱི་ཀློང་དུ་རོལ་བའི་དོན་ཡིན་པར་གསུངས། རཀྟའི་མཆོད་པ་ནི། སྲིད་པའི་སྡུག་བསྔལ་གྱི་རྩ་བ་དུག་ལྔ་དང་སེར་སྣ་སྟེ་ཉོན་མོངས་རྒྱུ་དྲུག་ཁྲག་གི་རྣམ་པར་བསྡུས་པ་ཆགས་མེད་བདེ་བ་ཆེན་པོའི་ཀློང་དུ་ཕུལ་བས། གདུལ་དཀའི་འགྲོ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་ཁམས་གསུམ་ཁྲག་གི་རྒྱ་མཚོ་དགྲ་བགེགས་དམ་སྲིའི་ཤ་ཁྲག་ལྷག་མེད་དུ་བཞེས་ནས་འཁོར་བའི་གནས་སྟོངས་སྟེ་ཕྱིར་མི་ལྡོག་པ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བར་བསམ་མོ། །གསང་མཆོད་ལ་སྦྱོར་མཆོད་ནི་སྣང་བ་ཡུལ་ཅན་ཐབས་ཡབ་ཀྱི་རང་བཞིན་དང་། ཡུལ་སྟོང་པ་ཉིད་ཤེས་རབ་ཡུམ་གྱི་རང་བཞིན་ཏེ། དེ་གཉིས་ཟུང་འཇུག་དབྱེར་མི་ཕྱེད་པ་ནི་ཐམས་ཅད་ཡེ་སྦྱོར་ཆེན་པོ་ཡིན་ལ། དེ་ལྟར་མཉམ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་རོས་དཀྱིལ་འཁོར་ཐམས་ཅད་ཚིམ་པར་བྱེད་པ་སྟེ། དེ་ཤེས་བྱེད་ཡབ་ཡུམ་ཞལ་སྦྱོར་རྣམས་རང་རང་སྙོམས་པར་འཇུག་པ་དང་། ལྷ་མོ་རྐྱང་པ་རྣམས་རིགས་བདག་གམ་ཡབ་སྦས་པའི་ཕྱག་རྒྱ་ཁ་ཊཱཾ་ཀར་བསྒྱུར་བ་དང་སྙོམས་པར་ཞུགས་པའི་ཞུ་བདེ་ཁྱད་པར་ཅན་ཡས་བབ་མས་བརྟན་རིམ་པར་རྫོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་བློ་བཞག་ནས། བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བསམ་ཞིང་ལྷ་ཐམས་ཅད་ཀྱི་རྗེས་ཆགས་དང་དབྱེར་མེད་པའི་ང་རྒྱལ་བྱེད་པའོ། །སྒྲོལ་མཆོད་ནི། བསྒྲལ་བྱ་བདག་ལྟའི་མཚན་ཉིད་ཅན་གྱི་གཟུང་བ་དང་འཛིན་པའི་རྣམ་རྟོག་ཡིན་ལ་དེས་འཁོར་བར་འཕེན་ཏེ་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པ་ལ་བར་དུ་གཅོད་པའི་དགྲ་ཡིན་ཞིང་། དེ་གང་གིས་སྒྲོལ་ན་འཛིན་རྟོག་དང་བྲལ་བའི་ཡེ་ཤེས་ཀྱི་མཚོན་ཆས་རང་རྒྱུད་ཀྱི་གཉིས་འཛིན་ཞེན་རྟོག་དང་བཅས་པ་སྐྱེ་བ་མེད་པའི་དབྱིངས་སུ་སྒྲོལ་བ་ནི་ཐམས་ཅད་ཡེ་སྒྲོལ་ཆེན་པོའི་དོན་ཡིན་ལ་དེའི་ངང་ལས་ཞིང་བཅུས་བསྡུས་པའི་སེམས་ཅན་ལས་ངན་གྱི་རྒྱུ་བསགས་པ་རྣམས། དེའི་འབྲས་བུ་སྡུག་བསྔལ་བཟོད་པར་དཀའ་བ་ལས་སྒྲོལ་བའི་ཕྱིར་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། བདག་དང་བསྒྲལ་བྱ་ངོ་བོར་བདེན་པར་མ་གྲུབ་པའི་སྒྱུ་མ་དང་མིག་ཡོར་ལྟར་རྟོགས་པའི་སྒོ་ནས་བསྒྲལ་ཞིང་རྟོག་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག་པས་འཁོར་འདས་མཉམ་པ་ཉིད་ཀྱི་ཀློང་དུ་རོ་གཅིག་པར་བསམ་པའོ། །ཡང་བཀའ་བརྒྱད་རྣམ་བཤད་ལས་ནི། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་དཔག་མེད་སྤྲོས་ཏེ། ངར་འཛིན་གྱི་རྟོག་གཟུགས་དང་གཉིས་འཛིན་དགྲ་བགེགས་སུ་ཤར་བ་རྣམས་མཚོན་ཆ་སྣ་ཚོགས་ཀྱིས་བསྒྲལ་ཏེ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས། ང་བདག་རང་བཞིན་མེད་པར་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་མོ། །ཞེས་དང་། དུག་ལྔའི་མཆོད་པ་ནི་ཉོན་མོངས་ཡེ་ཤེས་ལྔར་ལམ་དུ་ལྷོང་ཞིང་འཁོར་བ་སྟོངས་པར་བསམ། དུག་གསུམ་ཤ་ཁྲག་རུས་གསུམ་གྱི་རྣམ་པར་ཕུལ་བས་སྐུ་གསུམ་དུ་གྲོལ་བར་བསམ་མོ། །ཞེས་ཀྱང་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་མ་ནས་འཁོར་འདས་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པས། འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོའི་དོན་ལ་དྲན་པ་ཉེ་བར་འཇོག་པའོ། །ཡང་སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད་ཅེས་པ་ནི། གཟུགས་སྣང་སྐུ། སྒྲ་གྲག་གསུང་། དྲན་རྟོག་ཐུགས། ཟུང་འཇུག་ཡེ་ཤེས་ཀྱི་ཕྱག་རྒྱའོ། །བསྟོད་པ་ནི་རྡོ་རྗེའི་གླུ་དབྱངས་ཀྱིས་མཆོད་པ་སྟེ། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བ། སྐུ་གསུམ་ཡེ་ཤེས་ལྔ་ལྡན་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གཟུགས་སྐུའི་རྣམ་རོལ་གྱི་བརྡའ་རྟགས་དང་སྤངས་རྟོགས་ཕུན་སུམ་ཚོགས་པའི་བདག་ཉིད་སྟོབས་སོགས་ཡོན་ཏན་རྒྱ་མཚོའི་རྣམ་གྲངས་ལ་མོས་ཤིང་དད་པའི་བསྔགས་བརྗོད་ཀྱིས་འགྲོ་དོན་ལ་བསྐུལ་ཕྱིར་བསྟོད་དབྱངས་སྒྲོག་པར་བསམ་ཞིང་། བསྟོད་ཡུལ་དང་བསྟོད་མཁན་འདུ་འབྲལ་མེད་པར་ཤེས་པས་བསྟོད་པར་བྱའོ། །གཞན་ཡང་གཞལ་ཡས་ཁང་གི་འོག་གཞི་འཁོར་ལོའི་ཕྱི་རོལ་འཁོར་ཡུག་གི་ཁྱམས་མུ་ཁྱུད་ཆ་ཕྲན་གཅིག་པུའི་སྟེང་ནས་ཚངས་པ་དང་བརྒྱ་བྱིན་སོགས་ལྷ་ཆེན་པོ་རྣམས་དང་། གཟའ་ཀླུ་རྒྱུ་སྐར་སོགས་དྲེགས་པ་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་བསྟོད་པར་བསམ་མོ། །བསྟོད་པ་འདི་རྣམ་དག་དྲན་པའི་དོན་ཡིན་པས་ལྷ་རང་མཚན་པ་མེད་པའི་དོན་ལ་ངེས་ཤེས་འདྲོང་པར་བྱའོ། །ཞེས་འཇིགས་གླིང་གསུངས་སོ། །འདི་སྐབས་སོགས་སུ་གོ་རིམ་དང་དམིགས་སྐོར་རྣམས་ལ་འདྲ་མིན་སྣ་ཚོགས་འབྱུང་ཡང་གང་ལྟར་ཡང་འགལ་བ་མེད་དེ། རྒོད་ཚང་པས་དམིགས་པ་གཅིག་བསྒོམས་ཚར་ནས་གཞན་སྒོམ་ཐབས་མེད་པ་ལྟ་བུ་མ་ཡིན་ཏེ། ཐམས་ཅད་སེམས་ཀྱི་རྣམ་རོལ་ཡིན་པ་ལ། འདི་དང་མི་འགྲིག་པར་འདུག་སྙམ་པ་ལྟ་བུའི་གུ་དོག་པ་བྱར་མི་རུང་བ་ནི་སྤྱི་ཡི་གནད་ཆེ་ཤོས་ཡིན། ཞེས་གསུངས་ཤིང་། །འཇིགས་གླིང་གིས་ཀྱང་དེས་ན་ཨ་འཐས་ཀྱི་མཚན་མར་གོལ་ནས་ཐུག་རེག་ཕོག་གི་དོགས་པ་དང་། དེ་དང་དེ་མཉམ་པོར་མི་འཁྲུག་སྙམ་པ་དང་གཅིག་ཟིན་ནས་གཅིག་འཇོག་པ་ལྟ་བུའི་ཐེ་ཚོམ་རྣམས་མི་དགོས་པར་གསུངས་སོ། །ལྔ་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ལ། རྣམ་པ་གསལ་བ་ང་རྒྱལ་དང་མ་བྲལ་བ་གནད་ང་རྒྱལ་བརྟན་པ་ལྟ་བས་ཟིན་པ་གལ་ཆེ། རྣམ་དག་དྲན་པ་ཨ་འཐས་སུ་མི་གོལ་བའི་ཆེད་ཡིན། དང་གསུམ་མོ། །དེ་ལས་སྔ་མ་ནི་བསྐྱེད་རིམ་གྱི་ཁྲིད་དངོས་ཡིན་ལ། ཕྱི་མ་གཉིས་ནི་འགལ་སྤོང་མཐུན་སྒྲུབ་ཀྱི་སྒོ་ནས་ཡན་ལག་ལྟ་བུར་ཤེས་དགོས་སོ་ཞེས་རྒྱལ་སྲས་གཞན་ཕན་པས་གསུངས་སོ། །དེ་ལ་དང་པོ་རྣམ་པ་གསལ་བ་ནི་སྤྱིར་སྨིན་སློབ་ཀྱི་དབང་དུ་བྱས་ན། བཟོ་བོ་མཁས་པས་བྱས་པའི་བྲིས་སྐུ་མཚན་ཉིད་ལྡན་པའི་མདུན་དུ་མཆོད་པ་བཤམས། སྔོན་འགྲོ་རྣམས་རྒྱས་བསྡུས་ཇི་ལྟར་རིགས་པ་བཏང་། དེ་ནས་བླ་མ་དགོངས་འདུས་ལས་གསུངས་པ་བཞིན། འཇམ་དབྱངས་མཁྱེན་བརྩེའི་ཞལ་རྒྱུན་ལྟར་ན། རང་གི་སྤྱི་བོར་སེང་གེའི་ཁྲི་པདྨ་ཉི་ཟླའི་གདན་ལ། བླ་མ་རྡོ་རྗེ་འཆང་སྐྱབས་གནས་ཀུན་འདུས་སུ་གསལ་བ་ལ་མོས་གུས་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ཡང་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ཡང་དག་པར་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། བླ་མ་དགྱེས་ཤིང་འཛུམ་པའི་མདངས་ཀྱིས་འོད་དམར་པོར་ཞུ་སྟེ་རང་གི་སྤྱི་གཙུག་ནས་ཐིམ་པར་མོས་ལ་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་དལ་ཅིག་ངལ་གསོ། དེ་ནས་མདུན་གྱི་ཐང་སྐུ་ལ་བལྟ། ཡང་མིག་བཙུམ་ལ་དེའི་ཐད་ཀར་དེ་འདྲ་ཞིག་ཨེ་གསལ་བལྟ་བ་རེས་མོས་བྱས། མིག་བཙུམ་ཡང་དེ་འདྲ་ལམ་ཙམ་གསལ་ན་རང་གི་ལུས་ལ་སྤོས་ཏེ་སྒོམ་པ་རྣམས་རེས་མོས་ཀྱིས་འབད། གོམས་ནས་ཆེ་ཆུང་མང་ཉུང་གཙོ་འཁོར་སོགས་ལ་རྩལ་སྦྱངས། དེ་ལྟར་སྐུ་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་གསལ་འདེབས་པའམ། ཡང་ན་སྐུ་དང་རྒྱན་གྱི་ཆ་ཤས་རེ་རེ་ནས་རིམ་པར་གསལ་བ་རེས་མོས་སུ་སློབ། གང་ལྟར་ཡང་ཐོག་མར་གཙོ་བོ་ཁོ་ན་ལ་སེམས་བཟུང་སྟེ་དེ་ཡང་དབུ་རྒྱན་གྱི་རྩེ་ནས་པདྨའི་གདན་གྱི་བར་གྱི་སྐུ་མདོག་ཞལ་ཕྱག་རྒྱན་དང་ན་བཟའ་སྤྱན་གྱི་དཀར་ནག་ཕྱག་ཞབས་ཀྱི་རི་མོ། མཚན་དཔེའི་རྣམ་འགྱུར་འོད་ཟེར་གྱི་འཕྲོ་འདུ་སོགས་ཆ་ཕྲ་མོ་ནས་གསལ་ཆ་བཏོན་ཏེ། དེ་ཡང་རས་བྲིས་ལྟ་བུ་ལེབ་ལེབ་པོ་དང་། ལྡེར་པོ་ལྟ་བུའི་གདོས་བཅས་ཅན་གྱི་བེམ་པོ་ལྟར་དང་། འཇའ་ཚོན་ལྟ་བུའི་སེམས་མེད་རྣམས་མ་ཡིན་པར་མདུན་རྒྱབ་གཡས་གཡོན་དཀུ་སྐབས་ཕྲ་སྦོམ་སོགས་སྐབས་ཕྱེ་བ་ལ། ནང་ཁྲོལ་གདོས་བཅས་སོགས་སྤངས་པའི་དྭངས་མ་འོད་ཀྱི་ལུས་མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་དང་ལྡན་པའི་ལྷ་དངོས་སུ་བྱོན་པ་ལྟ་བུ་ཞིག་ལ་བསླབ། དེ་ལ་སེམས་ཟིན་ནས་རིམ་བཞིན་འཁོར་དང་། གཞལ་ཡས་ཁང་དང་ཞིང་གི་བཀོད་པ་དང་སྲུང་བའི་འཁོར་ལོ་ཚུན་ཆད་ཀྱི་གསལ་སྣང་བཏོན་ཏེ། རེས་རྣམ་པ་སྤྱི་ལ་སེམས་བཟུང་། རེས་བྱེ་བྲག་ལ་སེམས་བཟུང་སྟེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡིད་ངོར་བཀྲ་ལམ་གྱིས་འཆར་བ་ལ་སློབ་པ་རྣམ་པ་གསལ་བ་ཞེས་བྱ། དེ་ཡང་བསྐྱེད་རིམ་གྱི་དོན་པོ་ལྷ་ལ་སེམས་འཛིན་པའི་ཞི་གནས་སྒྲུབ་པའི་ཐབས་ཁྱད་པར་ཅན་ཡིན་པས་རྣམ་པ་གསལ་བ་ལ་རིག་པ་གཅུར་ནས་བསྒོམ་པ་གལ་ཆེ། དེ་ལ་གོམས་པས་ཉམས་ལྔ་པོ་རིམ་གྱིས་སྐྱེ་བ་ཡིན་ནོ། །སྐབས་འདིར་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་སོགས་ཆོ་ག་རང་གཞུང་ལྟར་ཤེས་དགོས་ལ། སྤྱི་འགྲོས་ཀྱི་རྣམ་བཤད་འགའ་ཞིག་ནི། རྔམ་གློག་ལས། དེ་ལྟར་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་དང་ལྡན་པ་སྟེ། །མཉེན་དང་ལྕུག་དང་འཁྲིལ་བག་དང་། །ལྡེམ་བག་ཆགས་དང་གཞོན་ཚུལ་དང་། །གསལ་དང་འཚེར་དང་ལྷུན་སྡུག་དང་། །གཟི་བྱིན་འབར་བ་རབ་ཏུ་གནས། །ཞེས་པ་ལྟར། ཞི་བ་ལ་ཚུལ་དགུ་སྟེ་ང་རྒྱལ་གནས་སུ་དག་པས་སྐུ་ཤ་མཉེན་པ། ཞེ་སྡང་དག་པས་དཀུ་སྐབས་ཕྱེད་ཅིང་འཚམས་པས་ལྕུག་པ། འདོད་ཆགས་དག་པས་སྐུ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་པ། ཕྲག་དོག་དག་པས་སྐུ་དྲང་ཞིང་ལྡེམ་པ། གཏི་མུག་དག་པས་སྐུ་གཞོན་ཤ་ཆགས་པ། མ་རིག་པ་སྤངས་པས་སྐུ་གཙང་ཞིང་གསལ་བ། ཡེ་ཤེས་རྒྱས་པས་བཀྲག་ཅིང་འཚེར་བ། མཚན་དཔེ་རྫོགས་པས་བརྗིད་ཅིང་ཡིད་དུ་འོང་པས་ལྷུན་སྡུག་པ། ཆེ་བའི་ཡོན་ཏན་གྱིས་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བྱིན་ཆེན་པོ་དང་ལྡན་པ་སྟེ། སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་། ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །དེ་ཡང་གསལ་ཞིང་དག་པའི་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་བའི་ཀློང་ན་བཞུགས་ཤིང་། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་དང་། འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་དེ་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་པའོ། །དེ་ལ་དར་གྱི་ཆས་གོས་ལྔ་ནི། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། །ཚི་གུ་ཞེས་པ་དམར་སྨུག་ལ་བཤད་པའང་སྣང་ངོ་སྟེ་སྣ་ཚོགས་པའི་སྨད་དཀྲིས། སེར་པོའི་སྐུ་རགས་སམ་ཆོས་གོས། ལྗང་གུའི་གར་གྱི་ཕུ་དུང་ཞེས་པ་སྟོད་ཁེབས་ལྟ་བུ་ལ་ཕུ་དུང་ཐུང་ངུ་ཡོད་པ། རིགས་ལྔའི་དབུ་རྒྱན་གྱི་འོག་ཏུ་དར་སྣ་ཚོགས་པའི་ཅོད་པཎ་དང་། དར་མཐིང་ཁྲའི་ཅོད་པཎ་ལྟག་པ་ནས་ཕྱིར་འཕྱང་བའི་ཟི་ལྡིར་རྣམས་སོ། །འགའ་ཞིག་ཏུ་སྐུ་རགས་སམ་ཆོས་གོས་ཞེས་པ་དོར་ནས་ཅོད་པཎ་དང་ཟི་ལྡིར་གཉིས་སོ་སོར་བགྲང་བར་སྣང་ངོ་། །རྒྱན་བརྒྱད་ནི་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སྐ་རགས། ཕྱག་གདུབ། ཞབས་གདུབ། དོ་ཤལ་ལམ་མཆོད་ཕྱིར་ཐོགས་ཞེས་པ་རིན་པོ་ཆེའི་ཕྲེང་བ་ལྟེ་འོག་ཡན་འཁོར་བ། སེ་མོ་དོ་ཞེས་པ་ནུ་མའི་བར་སླེབ་པའི་དོ་ཤལ་ཐུང་བ་རྣམས་སོ། །ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་བྱེད། དབུ་རྒྱན། དོ་ཤལ། གདུ་བུ། སྙན་ཆ། དཔུང་རྒྱན། སེ་མོ་དོ། མེ་ཏོག་གི་ཕྲེང་བ་སྟེ་རིན་པོ་ཆེའི་རྒྱན་བདུན་ནོ། །ཁྲོ་བོ་ལ་གར་གྱི་ཉམས་དགུ་སྟེ། གལ་པོ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱིས་འགྱིངས་པའོ། །ཞེས་པ་ལྟར། ཞལ་ལུང་ལས། །ཆགས་ཉམས་ཀྱིས་སྒེག་པ། །ཁྲོ་ཉམས་ཀྱིས་དཔའ་བ། །རྨོངས་ཉམས་ཀྱིས་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། ཧ་ཧ་དང་ཧི་ཧི་སོགས་བཞད་པའི་གད་མོ་འབྱིན་པས་དགོད་པ། ཟུངས་ཤིག་དང་རྒྱོབ་ཅིག་ལ་སོགས་འཇིགས་པའི་ང་རོ་སྒྲོག་པས་གཤེ་བ། དེ་དག་ཀྱང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་གདངས་དང་ལྡན་པས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ། རྨོངས་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུང་བའི་སེམས་ཅན་ཁྲོ་བས་འདུལ་ཕྱིར་རྔམ་པ། ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པས་ཞི་བ་དང་། ཐུགས་ཀྱི་ཉམས་གསུམ་སྟེ་གར་དགུ་དང་ལྡན་པའོ། །གཞན་ཡང་བཀའ་བརྒྱད་རྣམ་བཤད་ལས་ནི། ཐེག་དམན་ལས་དབུགས་འབྱིན་པས་དགོད་ཅིང་། ཆོས་ཉིད་ངང་གིས་ཁྲོས་པས་དྲག་པོའི་ཉམས་དང་། ཐུགས་རྗེ་མྱུར་བས་རྔམ་པ། སེམས་ཅན་གྱི་དོན་ལ་ཆགས་པས་གཤེ་བ། ས་ལམ་ཆིག་ཆོད་དུ་སྟོན་པས་གཏུམ་པ། ཐེག་པ་འོག་མ་ལས་འཕགས་པས་སྒེག་པ། གང་ལ་གང་འདུལ་དུ་སྟོན་པས་དཔའ་བ། ཐུགས་ཆོས་ཉིད་དུ་ཞི་བ། ལོག་ལྟ་ཚར་གཅོད་པས་འཇིགས་པ། འགྲོ་དོན་ལ་ཐུགས་རྩེ་གཅིག་པས་སྙིང་རྗེའི་རང་བཞིན་ཅན་ཏེ་དགུའོ། །ཞེས་གསུངས་ཤིང་། དགོད་ཁྲོ་གཉིས་གཅིག་ཏུ་བསྡུ་བར་མཛད། རྒྱན་ཆས་ཀྱི་རིམ་པ་ལ། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་དཔལ་གྱི་ཆས་བརྒྱད་ནི། རྒྱུད་ལས། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་སློག་པ་རིག་བདག་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་དང་། གཡུང་ཊཱིཀ་ཏུ། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བསྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་དང་། བདེ་འདུས་ལས། རྒྱལ་བྱེད་ལྕགས། བསེ་ཁྲབ་དབང་། གཅན་གཟན་གཟིག །སྤྲུལ་པ་རྡོ་རྗེ། གདུག་པ་སྦྲུལ། དཔའ་བོ་སྟག །གཟི་མདངས་ཞིང་ལྤགས། ངར་མ་ཟལ་ཁྲབ། རྩལ་ཆེན་སེང་གེ གཏུམ་པ་དོམ་གྱི་ཆས་དང་བཅུའོ། །ཡང་ཁྱད་པར་ཅུང་ཟད་མི་འདྲ་བ་གཞན་ཡང་། རྟ་མགྲིན་ཁམས་གསུམ་རོལ་པའི་དགོས་དབང་ལས། དཔའ་བོ་ཏིང་འཛིན་རྣོན་པོ་སྟག་གི་ཆས། །གནོད་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས། །དབང་གི་བསེ་ཁྲབ་དམར་པོ་གཟི་བརྗིད་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་རྒྱན་གྱི་ཆས། །དབང་ཕྱུག་ཟ་བྱེད་ཏིང་འཛིན་མཆེ་བའི་ཆས། །རྡོ་རྗེའི་སློག་པ་མཐིང་ག་ལེ་བརྒན་ཆས། །སྡུད་བྱེད་གཅན་གཟན་གཏུམ་པ་གཟིག་གི་ཆས། །ཞེས་རྣམ་ཐར་བརྒྱད་དུ་གསུངས་སོ། །དུར་ཁྲོད་ཆས་བརྒྱད་ལས། བགོ་བའི་གོས་གསུམ་ནི། སྟོབས་བཅུས་གཏི་མུག་འཇོམས་པའི་བརྡར་གླང་ཆེན་གྱི་སྟོད་གཡོགས། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཀྱི་སྐེད་ཆིངས། དཔའ་བརྟུལ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བའོ། །གདགས་པའི་རྒྱན་གཉིས་ལས། སྦྲུལ་རྒྱན་ནི་ཀླུ་རྒྱལ་རིགས་དཀར་པོའི་སྐྲ་ཆིངས། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེ་རིགས་དམར་པོའི་སེ་མོ་དོ་དང་མགུལ་ཆུ། དམངས་རིགས་ལྗང་གུའི་སྐ་རགས་དང་དོ་ཤལ། གདོལ་བ་ནག་པོའི་གདུ་བུ་རྣམས་སོ། །ཐོད་རྒྱན་ནི། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ། ཚལ་བུའི་དཔུང་རྒྱན་རྣམས་སོ། །བྱུག་པའི་རྩི་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་གཉིས་སྣའི་ཟོར་དང་འབུར་གསུམ་དུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་གསུམ་མོ། །ཡང་ན་མཁུར་ཚོས་དཔྲལ་ཀོས་བཞིར་རཀྟའི་ཐིག་ལེའམ། སྨིན་མཚམས་སུ་རཀྟའི་ཐིག་ལེ། ཨོལ་ཀོར་ཞག་གི་ཟོ་རིས་ཞེས་ཀྱང་བཤད། དེ་བརྒྱད་ཀྱི་ཁར་ཡེ་ཤེས་ཀྱི་མེ་དཔུང་དང་། རྡོ་རྗེའི་གཤོག་པ་གཉིས་བསྣན་པས་དཔལ་གྱི་ཆས་བཅུའོ། །སྙན་གོང་གཡས་གཡོན་ན་ཉི་ཟླའི་འོད་ཟེར་འཕྲོ་བ་ནི་གསལ་བའི་ཆས་གཉིས་སོ། །ཐབས་གཙོ་བོའི་དབང་ལས་རུས་པའི་རྒྱན་དྲུག་ནི། སྤྱི་བོར་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ་ལས་རུས་པའི་དྲ་མིག་སོ་གཉིས་འཕྱང་འཕྲུལ་དང་བཅས་པ། མགྲིན་པར་རུས་པའི་དྲ་མིག་བཅུ་དྲུག་གི་མགུལ་རྒྱན། རྒྱབ་མདུན་སེ་རལ་ཁ་རུས་ཕྲེང་བརྒྱ་རྩ་གཉིས་གཤིབ་ཀྱི་དོ་ཤལ་ལམ་ག་ཤ་སྐུ་སྨད་སྟག་ཤམ་གྱི་སྟེང་དུ་རུས་པའི་དྲ་མིག་རེ་བཞི་ཡོད་པའི་འོག་པག་སྟེ་སྐ་རགས། ཕྱག་ཞབས་ཀྱི་མཁྲིག་མར་རུས་པའི་ཕྱག་གདུབ་དང་། ཞབས་གདུབ་སྟེ་དྲུག་གམ། ཡང་ན་གདུ་བུ་གཉིས་གཅིག་ཏུ་བརྩིས་ན་སྙན་རྒྱན་དང་དྲུག་སྟེ་ཕར་ཕྱིན་དྲུག་གོ །ཡང་ན་ཕྲག་པ་གཡས་གཡོན་དུ་རུས་པའི་ནོར་བུ། ནུ་མར་རུས་པའི་པདྨ། རྒྱབ་གཞོང་རུས་པའི་རྡོ་རྗེ། སོག་པར་རུས་པའི་འཁོར་ལོ། སྐེད་པར་རུས་པའི་དཔལ་བེའུ། ལྟེ་བར་རུས་པའི་རྒྱ་གྲམ་དང་དྲུག་གོ །ཞེས་ཀྱང་འབྱུང་ངོ་། །ཤེས་རབ་གཙོ་བོའི་དབང་དུ། རུས་པའི་ཕྱག་རྒྱ་ལྔ་ནི། དོ་ཤལ་ཕྲི་ལྷག་རྣམས་ཏེ་ཡེ་ཤེས་ལྔའོ། །སྐ་རགས་དང་། ཞབས་གདུབ་ལས་དཔྱང་བའི་གཡེར་ཁའི་ཕྲེང་བ་རྣམས་ནི་རྟེན་འབྲེལ་བཅུ་གཉིས་སྟོན་པའམ། གསུང་རབ་ཡན་ལག་བཅུ་གཉིས་སོ། །དྲག་པོའི་རྒྱན་ཆས་དེ་དག་ཀྱང་སྔོན་ཧེ་རུ་ཀས་རཱུ་ཊ་བསྒྲལ་ནས་དེའི་ཆས་རྣམས་རང་གི་དཔའ་རྟགས་སུ་བཞེས་པ་སྟེ་ཆས་བརྒྱད་དོ། །གཞན་ཡང་རྒྱན་དེ་དག་གི་ཁར། ཨུཏྤལ་དང་ཉི་ཟླའི་སྙན་གོང་བརྒྱན་པ་དང་། གསང་ཁེབས་དར་སྣ་ལ་ཕུར་པ་གསུམ་འཕྱང་ཞིང་སྟ་ཟུར་གཉིས་ནས་དར་དཔྱང་གསུམ་གསུམ་འཕྱང་བ། ཆུ་སྲིན་ཁས་དཔུང་ཁེབས་ལྟ་བུ་དང་སྐུ་སྨད་བརྒྱན་པ་སོགས་དང་། གཡས་གཡོན་རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་བརྐྱང་པའི་དཔུང་ཁ་གཡས་སུ་བྱ་ཁྱུང་དཀར་པོ་དང་གཡོན་ཁར་བྱ་ཁྱུང་ནག་པོ་ལྡིང་བ་སོགས་འདྲ་མིན་དུ་མ་གསུངས་སོ། །སྤྱིར་ཞི་བ་ལ་ཁྲོ་བོའི་རྒྱན་རྣམས་མི་ཚུད་ལ། ཁྲོ་བོ་ལ་ཞི་བའི་རྒྱན་རྣམས་མ་བཀག་པར་ཡང་གསུངས་ཤིང་། སྐུ་མདོག་དང་ཞལ་ཕྱག་རྒྱན་ཆས་སོགས་ལ་འདྲ་མིན་ཅུང་ཟད་འབྱུང་ནའང་། ཐུགས་རྗེ་དང་མཛད་པ་ལ་ཕྱོགས་རིས་མེད་པས་གདུལ་བྱའི་ཇི་ལྟར་མོས་པ་བཞིན་སྣང་དུ་རུང་བ་ཡིན་པས་གང་ལྟར་ཡང་འགལ་བ་མེད་ཀྱང་ཆོ་ག་རང་རང་གི་སྐབས་ཐོབ་བཞིན་ཤེས་པ་གལ་ཆེའོ། །ཡང་ལྷ་བསྐྱེད་ཀྱི་སྐབས་འདིར་སྒྱུ་འཕྲུལ་ལྟར་ན་ཕྱག་རྒྱ་གཅིག་པའི་ལྷ་རེ་རེ་ལའང་། སྙིང་གར་ཡེ་ཤེས་སེམས་དཔའ་རང་འདྲ་རྒྱན་མེད་དང་། དབུ་རྒྱན་གྱི་ལྷ་རིགས་ལྔ་དང་། གནས་གསུམ་དུ་བྱིན་རླབས་ཀྱི་ལྷ་ལོངས་སྐུའི་ཆས་ཅན་གསུམ་དང་ལྷག་པའི་ལྷ་དགུ་རྩ་ལྷ་དང་བཅུའོ། །ཡང་ན་དབུ་རྒྱན་ནི་རིགས་བདག་གཅིག་གིས་བསྡུས་པའི་ཕྱིར་གཅིག་ཏུ་བརྩིས་པས་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པའི་ལྷ་སྐུ་ཞེས་གསུངས་སོ། །ཆོ་ག་སྤྱི་ལྟར་ན། བདག་གི་དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། གསང་སྔགས་ཀྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། འཕྲོ་འདུའི་དེ་ཁོ་ན་ཉིད་དང་སྔགས་ཀྱི་ཡན་ལག་ལྔ་ཞེས་གསུངས་སོ། །ཞི་ཁྲོའི་རྣམ་འགྱུར་དང་རྒྱན་ཆས་སོགས་གསལ་ཐེབ་པ་ལས་ཐུན་མོང་གི་ཡོན་ཏན་ཐམས་ཅད་འབྱུང་བར་གསུངས་ཏེ། སློབ་དཔོན་ཆེན་པོས་གདན་ཆེ་ལ་བརྟན་པས་ཚེ་རིང་བ། ཞབས་བགྲད་ཁམ་ཆེ་བས་སྡོད་ཚུགས་པ། སྐུ་ལང་ཚོ་རྒྱས་ཤིང་ཡིད་དུ་འོང་བས་ནད་ཉུང་ཞིང་ཁམས་བཟང་བ། ཕྱག་མཚན་གསལ་བས་བསམ་པ་འགྲུབ་པ། རྒྱན་ཚང་བས་འབྱོར་བ་དང་ལྡན་པ། ཞལ་དང་མཆེ་བ་སྐུ་མདོག་རྣམས་གསལ་བར་བསྒོམས་པས་ཐམས་ཅད་བཀའ་ཉན་ཅིང་སྣང་བ་དབང་དུ་འདུ་བའི་རྟེན་འབྲེལ་ལོ། །ཞེས་གསུངས་སོ། །དེ་ཡང་གཙོ་བོར་གཤིས་མ་བཅོས་པའི་གདངས་ཀྱི་སྣང་ཆ་ལྷའི་སྐུར་ལམ་མེར་འཆར་བ་ནི་གསལ་སྣང་མཚན་ཉིད་པ་ཡིན་པར་གསུངས་པས། གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་ཀྱང་། གཙོ་བོ་ཉིད་ཀྱི་འགག་མེད་ཡེ་ཤེས་ཀྱི་སྒྱུ་འཕྲུལ་བདེ་གསལ་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ལས་འབྱུང་བ་ཁོ་ན་ལས་གཞན་དུ་མ་གྱུར་ཅིང་། བསྐྱེད་པ་དེ་རྣམས་ཀྱང་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བའམ་དྭངས་པའི་མཚོ་ནང་དུ་གཟའ་སྐར་ཤར་བ་ཇི་བཞིན་སྣང་ལ་བདེན་པར་མ་གྲུབ་ཅིང་རྣམ་པ་ཐམས་ཅད་པར་འཆར་བའི་ཆོས་ཉིད་ཀྱི་རྟེན་ཅིང་འབྲེལ་འབྱུང་དྲན་བཞིན་པ་ལ་གནས་པ་གལ་ཆེ། ཞེས་གསུངས་སོ། །གཉིས་པ་ང་རྒྱལ་བརྟན་པ་ནི། བསྒོམ་བྱའི་ལྷ་དེ་ཉིད་ཀྱང་ཡིད་ངོར་གསལ་བའི་དམིགས་རྟེན་ལྟ་བུ་ཙམ་མ་ཡིན་པར། བསྒོམ་བྱའི་ལྷར་སྣང་དང་སྒོམ་མཁན་ཐ་དད་མེད་པར་ཡི་དམ་གྱི་ལྷ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་གྱི་འཛིན་སྟངས་དང་མ་བྲལ་བ་ལ་བསླབ་པས་བར་ཆད་ཀྱིས་མི་ཚུགས་ཤིང་བདག་འཛིན་འཇིག་པའི་དགོས་པ་ཁྱད་པར་བ་ཡོད་དེ། དགོངས་འདུས་ལས། ཀུན་བཏགས་མཉམ་རྗེས་མེད་པ་ལ༔ ང་རྒྱལ་བརྟན་པ་གནད་ཆེ་སྟེ༔ དེ་ཡང་གསལ་རུང་མ་གསལ་རུང༔ ལྷ་རང་ཡིན་ནོ་སྙམ་བྱ་ཞིང༔ ཐ་མལ་སྣང་ཞེན་མེད་པར་བྱ༔ ཞེས་དང་། རྩེ་ལེས། སྣོད་བཅུད་གཟོད་ནས་དག་པའི་ལྷ་སྔགས་སུ། །ཡིན་ཚུལ་ཇི་བཞིན་ཤེས་པ་མེད་ཐབས་མེད། །ཅེས་དང་། སེམས་ཉིད་ངལ་གསོ་ལས། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་པས། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུག་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་གསུངས་པ་ལྟར། སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་དང་། ཕྲ་བའི་ལུས་ངག་ཡིད་གསུམ་ཉིད། སྦྱངས་འབྲས་རྒྱལ་བའི་སྐུ་གསུམ་དང་། རྡོ་རྗེ་གསུམ་གྱི་རང་བཞིན་དུ། ཡེ་ནས་གནས་པར་ཐག་བཅད་ནས། གློ་བུར་གྱི་སྒྲིབ་པ་སྦྱང་པའི་ཕྱིར། སྦྱོང་བྱེད་ཏིང་འཛིན་གསུམ་དང་གསལ་བ་གསུམ་གྱི་ལམ་འཁྱེར་དང་མ་བྲལ་བར། སྣང་གྲག་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་རྒྱས་འདེབས་པ་ལ་ང་རྒྱལ་བརྟན་པ་ཞེས་བྱ་བར་གསུངས་སོ། །གསུམ་པ་རྣམ་དག་དྲན་པ་ནི། གསལ་བརྟན་གྱི་ཉམས་སྐྱེས་པ་ན་གཞི་འབྲས་སྦྲེལ་བའི་དག་པ་དྲན་པས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་སྨིན་པ་ལ་བསླབ་པར་བྱ་སྟེ། དེ་ལྟར་གསལ་བ་དེ་ཡང་དངོས་པོ་རང་མཚན་ཅན་དུ་བདེན་པར་མི་ཞེན་པར་དོན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མདོག་དབྱིབས་ཞལ་ཕྱག་སོགས་ཀྱི་སྤྲོས་པ་མི་མངའ་ཡང་། སངས་རྒྱས་རང་སྣང་གི་ཡོན་ཏན་རྣམས་གདུལ་བྱའི་བློ་ངོར་མཚོན་བྱེད་ཀྱི་བརྡ་རྟགས་སུ་རྟེན་དང་བརྟེན་པའི་རྣམ་པ་སྣ་ཚོགས་པར་ཤར་བ་ཡིན་པས། དེ་ལ་རྟེན་གཞལ་ཡས་ཁང་གི་དག་པ་མདོ་ཙམ་ནི་སྔར་སྨོས་པ་ལྟར་རོ། །བརྟེན་པ་ལྷའི་དག་པ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་བརྡར་ཞལ་གཅིག །ཞལ་གསུམ་ནི་རྣམ་ཐར་གསུམ་མམ་སྐུ་གསུམ། ཕྱག་གཉིས་ཐབས་དང་ཤེས་རབ། ཕྱག་བཞི་ཚད་མེད་བཞི། ཕྱག་དྲུག་ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གམ། ཕར་ཕྱིན་དྲུག །ཞབས་བཞི། བསྡུ་དངོས་བཞི། ཞབས་གཉིས་ཚུལ་ཁྲིམས་དང་ཏིང་འཛིན། སྐྱིལ་ཀྲུང་ནི་སྲིད་ཞི་མཉམ་ཉིད། བཞེངས་སྟབས་ནི་འགྲོ་དོན་ལ་གཡེལ་བ་མེད་པ། སྤྱན་གསུམ་ནི་དུས་གསུམ་གཟིགས་པ། མཆེ་བ་བཞི་ནི་སྐྱེ་བ་བཞི་རྩད་ནས་གཅོད་པ། ཡབ་ཡུམ་ནི་ཐབས་ཤེས་ཟུང་འཇུག་ཡུམ་དེ་ཡང་མཚན་མའི་རྟོག་པའི་སྒྲིབ་གཡོགས་དང་བྲལ་བ་མཚོན་བྱེད་སྐུ་གཅེར་བུ་མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་དར་ལ་བབས་པ། དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཞི་ལྷག་ཟུང་འཇུག་ཏུ་ཤེས་བྱེད་མཁའ་གསང་མཉམ་པར་སྦྱོར་བ། སྐུ་མདོག་ཀྱང་དཀར་པོ་ནི་སྐྱོན་གྱིས་མ་གོས་པ། སེར་པོ་ནི་ཡོན་ཏན་རྒྱས་པ། དམར་པོ་ནི་ཐུགས་རྗེས་ཆགས་པ། ལྗང་གུ་ནི་ཕྲིན་ལས་ཐོགས་མེད། ནག་པོ་ནི་ཆོས་ཉིད་མི་འགྱུར་བའོ། །ཕྱག་མཚན་ཀྱང་། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ། ཉོན་མོངས་གཅོད་པའི་འཁོར་ལོ། ཡོན་ཏན་དགོས་འདོད་ཀུན་འབྱུང་བའི་རིན་པོ་ཆེ། སྐྱོན་གྱིས་མ་གོས་པདྨ། ཕྲིན་ལས་ཐོགས་མེད་སྣ་ཚོགས་རྡོ་རྗེ། ཀུན་རྟོག་གཅོད་པ་གྲི་གུག །མི་རྟོག་ཡེ་ཤེས་བདེ་བ་སྐྱོང་བ་ཀ་པཱ་ལ། བདུད་བཞི་བཅོམ་པ་ཁྲག་གིས་གང་བ། སྐྱེ་ཤི་རྩད་ནས་གཅོད་པ་རལ་གྲི། དུག་གསུམ་རྩད་གཅོད་ཁ་ཊྭཱཾ་ག་སོགས་དང་། རྒྱན་ཆས་ཀྱི་དག་པ་ཡང་མདོ་ཙམ་སྔར་སྨོས་པ་ལྟར་རོ། །དེ་ལྟར་རྟགས་བསྟོད་ལ་སོགས་ཀྱི་དོན་བཞིན་སྣང་སྲིད་ལྷའི་འཁོར་ལོ་སོ་སོར་དག་པ་ནི་ཆོས་ཅན་ལྷ་དང་ལྷ་མོའི་དག་པ་ཞེས་བྱ་ལ། ལྷ་ཡབ་ཡུམ་མཉམ་སྦྱོར་གྱི་དམིགས་པ་གསལ་འདེབས་པའམ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པའི་ཚེ། རྫོགས་རིམ་གྱིས་ལུས་ལ་གནད་དུ་བསྣུན་པས་བདེ་ཆེན་ཆ་མཐུན་ཙམ་ཤར་བས་ཀྱང་བསྐྱེད་རིམ་ལ་རྒྱས་འདེབས་པ་སྟེ་གང་ལྟར་ཡང་རྗེས་ཆགས་བདེ་བ་ཆེན་པོའི་རྩིས་ཟིན་པར་བྱེད་པ་ནི་རང་རིག་བདེ་ཆེན་གྱི་དག་པ་དང་། སྣང་ཆ་སྒྱུ་མ་ལྟ་བུ་ལ་སྤྲོས་བྲལ་གྱི་ལྟ་བས་རྒྱས་བཏབ་སྟེ་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དག་པའོ། །ལྷའི་རྣམ་པ་དེ་ཤར་ཙམ་ནས་དག་པ་དེ་དང་དེའི་ངོ་བོར་འདུ་ཤེས་པ་བཅོས་མིན་དུ་འབྱུང་ན་གོམས་ཤིང་ལོབས་པ་ཡིན་ནོ་ཞེས་འཇམ་དབྱངས་མཁྱེན་བརྩེས་གསུངས་སོ། །དེ་ཡང་ལས་དང་པོ་བས་དེ་ཙམ་མི་ནུས་པས། ལྷའི་གསལ་སྣང་ཐེབས་ཙམ་གྱིས་མཐར་དེ་དག་ཀྱང་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མཚོན་བྱེད་ཀྱི་བརྡ་རྟགས་སུ་ཤར་བ་ཡིན་ནོ་སྙམ་པའི་མོས་གུས་ལ་གནས་པས་དག་དྲན་རྗེས་མཐུན་པར་འགྱུར་ཞིང་། ལྷ་རང་རྒྱུད་དུ་འཛིན་པའི་གོལ་ས་ལས་ལྡོག་པ་ཡིན་ནོ། །མདོར་ན་གཟུགས་ཀྱི་སྐུར་སྣང་ཡང་། ཆོས་སྐུའི་རང་བཞིན་ལས་མ་འདས་པར་སྣང་སྟོང་སྒྱུ་མའི་རོལ་པར་རྩལ་སྦྱོང་བ་ལ་རྣམ་དག་དྲན་པ་ཞེས་བྱའོ། །དེ་དག་ཐམས་ཅད་ཀྱི་སྐབས་སུ་བསྐྱེད་རིམ་ལ་བརྟེན་ནས་ཐ་མལ་གྱི་སྣང་ཞེན་སྦྱངས་བ་ལམ་བསྒོམ་པའི་དོན་འབྲས་ཡིན་པས། དེ་ལ་སྣང་བ་ནི་རང་གི་དབང་པོ་ལྔའི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་ཡིད་ཡུལ་དུ་ཆོས་ཁམས་ཀྱི་རྣམ་རྟོག་སྣང་བ་དེ་ཡིན་པས། དེ་སྦྱོང་བྱེད་དུ་རྣམ་པ་གསལ་བ་གསུངས་ཏེ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་སྒྲ་གྲག་སྔགས་ཀྱི་རང་བཞིན་དུ་གསལ་ནས། སེམས་ཡུལ་ལ་མི་འཕྲོ་བ་དེ་ཡིན། ཞེན་པ་ཞེས་པ་ལ་བདག་ཏུ་ཞེན་པ་དང་། དངོས་པོར་ཞེན་པ་གཉིས་ཡོད་པས། དང་པོ་བདག་ཏུ་ཞེན་པ་ནི། ཐོག་མ་མེད་པའི་དུས་ནས་ངའོ་སྙམ་པའི་ངར་འཛིན་འདི་ཡིན་པས་དེའི་གཉེན་པོར་ང་རྒྱལ་བརྟན་པ་གསུངས་ཏེ། ངའམ་བདག་ཐ་མལ་དུ་འཛིན་པ་དོར་ནས་ཡི་དམ་གྱི་ལྷ་ཡིན་ནོ་སྙམ་པའི་ངེས་ཤེས་བརྟན་པོ་བྱེད་པ་དེ་ཡིན། རྣམ་པ་གསལ་བ་དང་རྣམ་དག་དྲན་པ་འདི་གཉིས་ལས། ང་རྒྱལ་བརྟན་པ་འདི་གལ་ཆེ་སྟེ། རང་ངེས་པར་ལྷ་ཡིན་པའི་ངེས་ཤེས་མེད་ན་རྣམ་པ་གསལ་ཡང་རྒྱུད་ཐ་མལ་པ་ཡིན་པས་དོན་མེད། རང་ངེས་པར་ལྷ་ཡིན་པའི་ང་རྒྱལ་ཡོད་ན་བདག་འཛིན་འཇིག་ཅིང་རྣམ་པའང་ཤུགས་ཀྱིས་གསལ་འོང་བ་ཡིན། དངོས་པོར་ཞེན་པ་ཞེས་པ་དེ། སྣོད་བཅུད་དུ་ཞེན་པས་བདེན་བདེན་རྟག་རྟག་ཏུ་ཞེན་པའི་ཨ་འཐས་ཆོས་ཀྱི་བདག་ཟེར་བ་དེ་ཡིན་པས་དེའི་གཉེན་པོར་རྣམ་དག་དྲན་པ་གསུངས་ཏེ། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་རང་བཞིན་གཞལ་ཡས་ཁང་དང་། ལྷ་དང་ཞལ་ཕྱག་སོགས་བརྡའ་དང་རྣམ་པ་ཙམ་ཡིན་པས། དོན་ལ་བདེན་གྲུབ་ཏུ་འཛིན་པའི་ཞེན་པ་སྦྱངས་བ་ཡིན་པས། འདི་གསུམ་གལ་ཆེ་བས་རེ་མོས་ཀྱིས་བློ་སྦྱོང་། འདི་རྣམས་མཚན་ཉིད་ཐེག་པ་ལྟར་སྣང་བའི་གཉེན་པོར་རྡུལ་ཕྲན་དུ་བསིལ་བ་སོགས་དང་། བདག་གི་གཉེན་པོར་བདག་མེད་པ་བསྒོམ་པ་སོགས་སྤང་གཉེན་འགལ་བར་སྤྱོད་པ་མ་ཡིན་པར་གསང་སྔགས་ཐབས་མཁས་པའི་ཁྱད་པར་གྱིས་དཔེར་ན་རྣ་བར་ཆུ་སོང་བ་ཆུ་བླུགས་ནས་འདོན་པ་དང་། མེས་ཚིག་པའི་ཟུག་རྔུ་སླར་མེ་ལ་བསྲོ་བ་ལྟར། འཁྲུལ་སྣང་གི་གཉེན་པོར་ལྷ་སྣང་དང་། བདག་ཏུ་ང་རྒྱལ་བའི་གཉེན་པོར་ལྷའི་ང་རྒྱལ་བསྐྱེད་པ་སོགས་རྣམ་རྟོག་གི་གཉེན་པོར་རྣམ་རྟོག་བསྒོམ་པས། མ་དག་པའི་རྣམ་རྟོག་མེད་པར་བྱེད་པ་སྔགས་ཀྱི་ཐབས་མཁས་ཡིན་པས། ཐབས་བསྐྱེད་པའི་རིམ་པ་ཟེར་བའི་དོན་ཡང་དེ་ཡིན་ནོ། །རྣམ་རྟོག་དང་ཉོན་མོངས་མི་སྤོང་ཟེར་བའང་འདི་ལྟ་བུ་ལ་ཟེར་བ་ཡིན་གྱི། རང་བཞིན་ཐ་མལ་གྱི་རྣམ་རྟོག་དང་ཉོན་མོངས་མི་སྤང་བ་མིན་པར་ཤེས་དགོས་སོ། །དེ་ལྟར་བསྒོམ་པའི་ཚེ་ཤེས་པ་མི་གསལ་བ་དང་། བྱིང་ཞིང་འཐིབ་པ་དང་། བསྒོམ་སྙིང་མི་འདོད་པ་སོགས་བྱུང་ན་ཤེས་པ་ཧུར་འདོན་བློའི་ཤོང་ཡངས་བསྐྱེད་ལྷའི་རྣམ་པ་སྐུ་མདོག་ཕྱག་མཚན་ལྟ་བུའི་ཕྱོགས་སུ་ཤེས་པ་གུད་དུ་མི་གཅོད་པར། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་འོད་དང་ཟེར་གྱི་རང་བཞིན་བཀྲ་ལམ་ལམ། གཡོ་འགུལ་ཤིག་ཤིག །སྒྲ་གྲག་སྔགས་ཀྱི་རང་བཞིན་དུ་འུར་ཏིང་ཏིང་། དྲན་རྟོག་ཆོས་ཉིད་ཀྱི་རང་བཞིན་དུ་ཕྱ་ལ་ལ་བཏང་སྟེ་ཧཱུྃ་གླུ་ལེན་ཞིང་ཤེས་པ་རྒྱ་བསྐྱེད། དཔངས་བསྟོད། རྟོག་ཚོགས་དུམ་བུར་རྦད་རྦད་བཅད། ཧ་ཅང་གནས་ན་མི་གནས་ན། གསལ་ན་མི་གསལ་ན་སྙམ་པའི་གུ་དོག་སྤངས་ཏེ་ཡངས་ཁྲོ་ལེར་བསྒོམ། ཡང་ཤེས་པ་ཧ་ཅང་རྒོད་པ་དང་འཕྲོ་བ་རྒྱ་འབྱམས་ན། བསྙེན་པ་སོགས་བཟླ་བ་ཅུང་ཟད་མཚམས་བཅད། རླུང་རོ་འབུད། ཤེས་པ་ལྷོད་ཀྱིས་ཀློད་ནས་རང་ངོ་ལ་ཅེར་གྱིས་བལྟ། དེའི་ངང་ནས་ཐུགས་སྲོག་ས་བོན་ལ་དམིགས་པ་གཅུན་ཏེ་སེམས་གཏད་ནས་བསྒོམ། ཧ་ཅང་དམིགས་པ་སོགས་ཨེ་གསལ་རེ་དོགས་ཆེ་བས་གུ་དོག་དང་། གསལ་མ་གསལ་མེད་པར་ཁ་ཁྲལ་འཇལ་བ་ལྟ་བུའི་གུ་ཡངས་གཉིས་ཀ་མི་བྱ་བར་གུ་ཡངས་དོག་ཚོད་ཟིན་པར་བྱ། སྐབས་སྐབས་སུ་དེ་ལྟར་ལྷ་བསྒོམ་པ་དང་། རྣམ་པ་གསལ་མི་གསལ་སོགས་ཀྱི་བྱེད་པོ་ཁོ་རང་གི་ངོ་ལ་ཁ་ཚུར་ལོག་ནས་བལྟ། དེ་ཡང་བལྟ་བྱ་དང་ལྟ་མཁན་ལ་སོགས་པའི་རྟོག་པ་ཕྲ་མོ་དེ་རྒྱ་ཁྲོ་ལེར་བཏང་ནས། གང་ཡིན་དང་འདི་ཡིན་མེད་པའི་ཤེས་པ་ཧ་ཆད་དེ་བ་དེའི་ངང་བསྐྱང་། དེ་ལྟར་དགོངས་པ་མི་འགྱུར་བ་ཆོས་ཉིད་ཀྱི་གཟེར་དང་ཏིང་འཛིན་ལྷའི་གཟེར་གཉིས་རེས་མོས་དང་ཟུང་འཇུག་བློས་གང་འཆུན་བྱེད་ཅིང་། དེ་དག་ཀུན་གྱི་དུས་སུ་བཟླས་པ་སྔགས་ཀྱི་གཟེར་རྩ་བསྙེན་རྒྱུན་ཆད་མེད་པར་བཟླ། ཐུན་འཇོག་ཁ་དང་། བསྙེན་མཚམས་གྲོལ་ཁ་རྣམས་སུ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་འོད་ཟེར་སྤྲོ་བསྡུ་སོགས་བསྙེན་ཡིག་རྣམས་ནས་བཤད་པ་ལྟར་བྱེད་པ་ནི། སྲོག་སྡོམ་གཟེར་བཞི་ཞེས་སྔ་འགྱུར་རྙིང་མའི་ཆོས་སྐད། ཨོ་རྒྱན་སངས་རྒྱས་གཉིས་པའི་མན་ངག་ཐུན་མོང་མ་ཡིན་པ་ཡིན་པས་ཅིས་ཀྱང་གལ་ཆེ་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས་པ་ལྟར་ཏེ། རྒྱུད་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་པས༔ དུར་ཁྲོད་འདྲེ་ངན་བསྒྲུབ་གྱུར་ཀྱང༔ མཆོག་དང་ཐུན་མོང་འབྲས་བུ་གང༔ མི་འདོད་རང་བྱུང་ལྷུན་གྲུབ་འབྱུང༔ དེ་ཉིད་མ་རྟོགས་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབ་གྱུར་ཀྱང༔ གནས་སྐབས་བདེ་འབྲས་ཕྲ་མོ་ལསཿ ཡང་དག་འབྲས་བུ་སྲིད་མཐའ་ཙམཿ ཞེས་གསུངས་སོ། །དེ་ཡང་སྔ་འགྱུར་ལྟར་ན་བདུན་ཏེ། གསང་རྫོགས་མ་ཧཱ་ལྷ་ཁྲིད་ལས། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དཔྲལ་བ། ལྷ་ལམ་དུ་སློང་བ། ལྷ་དང་རང་སེམས་བསྲེ་བ་ལྔའི་ཁོང་ནས་ཉམས་ལྔ་མངོན་དུ་བྱེད་པ་ན་སྔོན་འགྲོའི་ས་བཅད་ལྔ་དང་། ལྷ་དོན་ལ་སྦྱོར་བ་ནི་ཏིང་འཛིན་གསུམ་གྱིས་དྲངས་པའི་བསྙེན་སྒྲུབ་ཡན་ལག་བཞི་འབྲེལ་གྱི་ལམ་ལ་སློབ་པ་སྟེ་དངོས་གཞིའི་ས་བཅད་དང་ལྷ་ལམ་དུ་ཁྱེར་བ་ནི། ཤེས་བྱ་བཅུ་དང་དམ་ཚིག་དྲུག་སོགས་རྗེས་ཀྱི་ས་བཅད་གཅིག་དང་བདུན་ནོ། །དང་པོ་ནི། ལྷའི་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ལུགས་སོགས་རྫོགས་པར་གསལ་བ་ལ་སྒོ་ལྔ་སྡུད་ཅིང་སེམས་གཞན་དུ་མ་ཡེངས་པར་བསྒོམ་པས། འགྱུ་དྲན་གྱི་རྟོག་པ་སྔར་ལས་ཤིན་ཏུ་འཚུབ་པར་འགྱུར་བ་ནི། གཡོ་བའི་ཉམས་ཏེ། དཔེར་ན་འབབ་ཆུ་དྲག་པོའི་འོག་ཏུ་ཉ་སྲམ་སོགས་ཀྱང་མི་མཐོང་ལ། དལ་གྱིས་འབབ་པའི་འོག་ཏུ་རྡེའུ་ཕྲ་མོ་ཚུན་ཆད་མཐོང་བ་ལྟར་སེམས་ཅུང་ཟད་གནས་པའི་འགོ་རྩོམ་པའི་རྟགས་སོ། །སླར་རྣམ་རྟོག་རིམ་གྱིས་ཞི་ནས་ལྷ་བཀྲ་ལམ་མེར་འཆར་བ་ནི་ཐོབ་པའི་ཉམས་སོ། །གཉིས་པ་ནི། དམིགས་པ་བརྗེད་དང་ལེ་ལོ་དང་། །མ་གྲུབ་དོགས་དང་བྱིང་བ་དང་། །རྒོད་དང་ཆོག་མི་ཤེས་པ་རྩོལ། །མ་གསལ་ལུས་སོགས་སྐྱོན་བདུན་ནོ། །ཞེས་དང་། རབ་རིབ་མོག་མོག་གྲིབ་མ་ཅན། །སྐུ་ཡི་ཚད་དང་ཆ་ལུགས་དང་། །དབྱིབས་དང་གྲངས་དང་བཞུགས་ཚུལ་དང་། །ཁ་དོག་འབའ་ཞིག་དབྱིབས་འབའ་ཞིག །རིམ་པར་ནུབ་དང་རྣམ་འགྱུར་ཆ། །མ་རྫོགས་འགྱུར་བའི་སྐྱོན་བཅུ་གཉིས། །ཞེས་གསུངས་པ་ལྟར། སྤྱི་དང་། བྱེ་བྲག་གི་སྐྱོན་དེ་རྣམས་ཀྱི་དབང་དུ་མི་གཏོང་བར་ལྷའི་སྐུ་མདོག་ཞལ་ཕྱག་སོགས་གང་མི་གསལ་བ་དེ་ཆེད་དུ་གསལ་བཏབ་སྟེ་བསྒོམ་པའོ། །གསུམ་པ་ནི། ཐུན་རེར་ལྷ་ལ་སེམས་གཏད་དེ་མ་ཡེངས་པར་ནན་གྱིས་བསྒོམ། ཐུན་རེར་སྒོམ་མཁན་གྱི་རང་ངོ་ལ་བལྟས་ཏེ་ཡིན་ལུགས་སྐྱོང་བ་རེས་མོས་སུ་བྱེད་པའོ། །བཞི་པ་ནི། ལྷའི་ཆེ་ཆུང་དང་རྣམ་འགྱུར་སོགས་མང་པོ་བྱས་ནས་བསྒོམ་པས་ལྷར་སྣང་རྒྱུན་དུ་འཆར་བ་ནི་གོམས་པའི་ཉམས་ཆུ་ཀླུང་ལྟ་བུའོ། །ལྔ་པ་ནི། བསྒོམ་བྱའི་ལྷ་དང་སྒོམ་བྱེད་ཀྱི་མཁན་པོ་གཉིས་སུ་མེད་པའི་ངང་ལ་མཉམ་པར་བཞག་པས་ལྷའི་གསལ་སྣང་དང་མི་འབྲལ་བ་ནི་བརྟན་པའི་ཉམས་རི་རབ་ལྟ་བུའོ། །སྐབས་འདིར་གསལ་བའི་ཚད་བཞི་ནི། ལྷ་གང་ཡིན་དེའི་སྐུའི་སྣང་ཆ་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པ་གསལ་བས་ས་ལེ། དེ་ཡང་རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་ལྟ་བུ་མ་ཡིན་པར་གསལ་སྟོང་སེང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སིང་ངེ་། དེ་དག་ཀྱང་སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར་བ་སྤུའི་ཁུང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས། དབང་ཤེས་དང་བཅས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེར་བཞུགས་པས་ན་ལྷག་གེ །དེ་ལྟ་བུའི་ལྷ་དེ་ཡང་དེ་ལྟར་ཡིན་ནོ་དང་ཡོད་དོ་སྙམ་པའི་རྗེས་དཔག་གི་བློ་རྟོག་མ་ཡིན་པར། ཡིད་ངོར་ན་མངོན་སུམ་ལྟ་བུ་བཀྲ་ལྷང་ངེར་འཆར་བས་ལྷང་ངེ་བ་དང་བཞིའོ། །བརྟན་པའི་ཚད་བཞི་ནི། བརྗེད་ངས་དང་ལེ་ལོ་སོགས་སྤྱིའི་སྐྱོན་གྱིས་མི་གཡོ་བ། རབ་རིབ་དང་མོག་མོག་སོགས་བྱེ་བྲག་གི་སྐྱོན་གྱིས་མི་འགྱུར་བ། དེ་ཡང་ཡུན་ཐུང་ངུ་ཙམ་མ་ཡིན་པར་ཉིན་དང་མཚན་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོས་ཀྱང་མི་བརྫི་བར་གསལ་བས་ན་མངོན་པར་མི་འགྱུར་བ། སྐུ་མདོག་དང་ཞལ་ཕྱག་འབྱོན་བཞུགས། འོད་ཟེར་སྤྲོ་བསྡུའི་རྣམ་པ་ལ་སོགས་པ་གང་ལྟར་བསྒོམ་ཡང་དེ་ལྟར་འབྱོང་བ་ནི་རབ་ཏུ་བརྟན་པར་གྱུར་པའམ་ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ། དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་གྱད་དུ་མ་གྱུར་བར་བསྒོམས་པས། གང་སྣང་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འཆར་བ་ནི་མཐར་ཕྱིན་པའི་ཉམས་སྣང་བ་ལྷའི་འཁོར་ལོ་ཞེས་བརྟན་པ་ཡོངས་སུ་ཐོབ་པའི་ཚད་དོ། །དྲུག་པ་ནི། ཏིང་འཛིན་གསུམ་དང་འབྲེལ་བའི་སྲོག་སྡོམ་གཟེར་བཞིའི་མན་ངག་གིས་བསྙེན་སྒྲུབ་ཡན་ལག་བཞི་འབྲེལ་གྱི་ལམ་ལ་སློབ་པ་སྟེ། བསྙེན་པའི་ཡན་ལག་ཏིང་འཛིན་གྱི་གཟེར། ཉེ་བསྙེན་གྱི་ཡན་ལག་སྙིང་པོ་སྔགས་ཀྱི་གཟེར། སྒྲུབ་པའི་ཡན་ལག་དགོངས་པ་མི་འགྱུར་བའི་གཟེར། སྒྲུབ་པ་ཆེན་པོའི་ཡན་ལག་འཕྲོ་འདུའི་གཟེར་རྣམས་སོ། །དེ་ཡང་གཉིས་འཛིན་གྱི་ཆ་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་གཅིག་ཏུ་སྡོམ་པའི་གཟེར་བུ་ལྟ་བུ་ཡིན་པས། དེ་ལ་ཏིང་འཛིན་གྱི་གཟེར་ནི། ཏིང་འཛིན་གསུམ་གྱི་སྒོ་ནས་སྣོད་བཅུད་ལྷའི་དཀྱིལ་འཁོར་སྣང་སྟོང་སྒྱུ་མ་ལྟ་བུར་བསྒོམས་ནས། དབང་བསྐུར་རྒྱས་གདབ་སོགས་ཡན་ལག་ཚང་བར་བྱས་པས། མར་འཁོར་བའི་དུས་ཀྱི་སྐྱེ་གནས་བཞིར་སྐྱེ་བའི་ལུས་ཀྱི་བག་ཆགས་སྦྱངས་ཤིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་སྐུའི་གསང་བ་སྤྲོས་པ་ལས་འདས་ཀྱང་། གང་འདུལ་གྱི་རྣམ་རོལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་རྩ་ཁམས་དག་པ་ལྷར་སྦྱངས་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ། །སྙིང་པོ་སྔགས་ཀྱི་གཟེར་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་བ་ལ་སེམས་གཏད་དེ་བཟླས་པ་བྱས་པས། མར་འཁོར་བའི་དུས་སུ་འཁྲུལ་སྣང་ངག་གི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་གསུང་གི་གསང་བ་སྒྲ་ཚིག་ལས་འདས་ཀྱང་། ཐེག་པ་བསམ་གྱིས་མི་ཁྱབ་པར་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་དུས་སུ་ངག་རླུང་གི་རང་བཞིན་སྙིང་པོ་སྔགས་སུ་སྦྱངས་པས། ཕ་རྒྱུད་ལྟར་རླུང་ལ་བརྟེན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོའོ། །དགོངས་པ་མི་འགྱུར་བའི་གཟེར་ནི། ལྷ་སྔགས་གང་གི་ཚེ་ཡང་ཐ་དད་གཉིས་ཆོས་སུ་འཛིན་པ་ཐམས་ཅད། དག་མཉམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཡེ་སངས་རྒྱས་པའི་ཆོས་ཉིད་བློ་འདས་ཀྱི་དོན་ལ་གནས་པས། མར་འཁོར་བའི་དུས་ཀྱི་ངན་སེམས་བག་ཆགས་དང་བཅས་པའི་ཆ་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་ཐུགས་ཀྱི་གསང་བ་བསམ་བརྗོད་ལས་འདས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་གྱི་དུས་སུ་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཉིད་ལ་གོམས་པས་བདེ་གསལ་མི་རྟོག་པ་སྟོང་པ་ཉིད་ཀྱི་རྫོགས་རིམ་བསྒོམ་པའི་སྨིན་བྱེད་དུ་འགྲོའོ། །འཕྲོ་འདུ་དམིགས་པའི་གཟེར་ནི། སྣོད་བཅུད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་ལས་མ་གཡོས་པའི་ངང་ནས། སྐུ་དང་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས་པས་དོན་གཉིས་ཀྱི་བྱེད་པ་མཆོག་གི་དངོས་གྲུབ་དང་། གནས་སྐབས་འོད་ཟེར་དཀར་པོས་ཞི་བ་དང་། སེར་པོས་རྒྱས་པ་སོགས་ཕྲིན་ལས་བཞི་དང་། ཐུན་མོང་གི་གྲུབ་པ་བརྒྱད་སོགས་བསྒྲུབས་པས། མར་འཁོར་བའི་དུས་ན་སྒོ་གསུམ་གྱི་འཁོར་བའི་བྱ་བཞག་གི་རྣམ་པ་སྦྱངས་ཤིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཕྲིན་ལས་གཞི་ལ་རྫོགས། བར་ལམ་དུས་སུ་དམིགས་བཅས་ཐུན་མོང་གི་ལམ་དང་དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་སྣང་སྲིད་འོད་སྐུར་སྦྱོང་བའི་སྨིན་བྱེད་དུ་འགྲོའོ། །དེ་ལ་དགོངས་པ་མི་འགྱུར་བའི་གཟེར་ནི་ལྟ་བ་ཡིན་པས་གཞི། ཏིང་ངེ་འཛིན་ལྷའི་གཟེར་ནི་སྒོམ་པ། སྙིང་པོ་སྔགས་ཀྱི་གཟེར་ནི་སྒོམ་པའང་ཡིན་ལ་ཤུགས་ཀྱིས་སྤྱོད་པའང་ཡིན་པས་ལམ། འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་ནི་སངས་རྒྱས་ཀྱི་ཕྲིན་ལས་ད་ལྟ་ནས་བྱེད་པའི་འབྲས་བུ་ཡིན་པས། ལྟ་སྒོམ་སྤྱོད་འབྲས་སམ། གཞི་ལམ་འབྲས་བུ་ཐ་མི་དད་པར་དབྱེར་མེད་ཟུང་འཇུག་གི་ལམ་ལ་སློབ་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དེ་ཡང་གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོས་འཁོར་འདས་མཉམ་ཉིད་དུ་རྟོགས་པས་སྲིད་ཞི་གཉིས་ཀའི་སྲོག་ལ་དབང་བསྒྱུར་ཞིང་། ལམ་སྒོམ་པ་ལྷ་སྔགས་ཀྱི་འཁོར་ལོས་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་རང་དབང་ཞིང་། དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པས་ཐབས་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྲོག་ལ་རང་དབང་བ་སྟེ། རེ་རེའང་གནད་ཀྱི་ཁྱད་པར་དུ་མ་དང་ལྡན་ཞིང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གནད་ཐམས་ཅད་འདིར་འདུ་ལ། ཁྱད་པར་དུ་དགོངས་པ་མི་འགྱུར་བའི་གཟེར་ནི། གཞན་གསུམ་གྱི་སྲོག་ཀྱང་སྡོམ་པས་ན་ཤིན་ཏུ་གལ་ཆེ་བར་དཔལ་སྤྲུལ་གསུངས་སོ། །དེ་ལྟར་ཡང་རྒྱུད་ལས། སྲོག་སྡོམ་གཟེར་བཞིས་མ་ཐེབ་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །ཞེས་ཡུག་པ་ནི་རྐང་པའི་བརྡ་ཆད་དེ་གཟེར་བཞིའི་གནད་དང་མ་ལྡན་ན། དོན་མེད་པར་རྐང་པས་འགྲོ་ཚགས་ཆེ་ཡང་ངལ་བ་ཙམ་དུ་ཟད་པའི་དཔེར་གསུངས་སོ། །བདུན་པ་ནི་འོག་ཏུ་འཆད་དོ། །སྤྱིར་བསྙེན་སྒྲུབ་ཡན་ལག་བཞི་པོ་འདི་ལ། སྒྲུབ་པའི་དུས་སུ་བསྙེན་སྒྲུབ་ཡན་ལག་བཞི། བསྐྱེད་རིམ་སྡུད་པའི་ཆིངས་སུ་བཤད་པའི་བསྙེན་སྒྲུབ་ཡན་ལག་བཞི། རྫོགས་རིམ་སྡུད་པའི་ཆིངས་སུ་བཤད་པ་དང་། བསྐྱེད་རྫོགས་གཉིས་ཀ་སྡུད་པའི་ཆིངས་སུ་བཤད་པའི་བསྙེན་སྒྲུབ་ཡན་ལག་བཞི་རྣམས་སུ་ཡོད་པ་ལས་འདི་སྒྲུབ་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ཡིན་ཅིང་། དེ་ལ་ཡང་བསྙེན་པ་དང་སྒྲུབ་པ་གཉིས་སུ་དབྱེ་བས་བསྙེན་པའི་ཡན་ལག་བཞི་ཡོད་པས་འདིར་བཤད་པའི་བསྙེན་སྒྲུབ་ཡན་ལག་བཞི་པོ་ནི། སྒྲུབ་པའི་དུས་ཀྱི་བསྙེན་པའི་བསྙེན་པ། བསྙེན་པའི་ཉེ་བསྙེན། བསྙེན་པའི་སྒྲུབ་པ། བསྙེན་པའི་སྒྲུབ་ཆེན་ཡིན་པར་ཤེས་པར་བྱའོ་ཞེས་མཁན་རིན་པོ་ཆེ་པད་རྡོས་གསུངས་སོ། །ཡང་རྒྱུད་འགྲེལ་ལས། ལམ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ནི། ཀུན་ཏིང་ནི་བསྙེན་པ། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན། ཚོམ་བུ་ཚོགས་སྒྲུབ་ནི་སྒྲུབ་པ། དེ་འབྲས་རིག་འཛིན་བཞི་ཐོབ་མ་རག་པ་ནི་སྒྲུབ་ཆེན་ནོ། །སྦྱོར་བའི་དུས་ཀྱི་བཞི་ནི། ཡུམ་བཙལ་ཏེ་ཆས་སུ་བཅུག་པ་བསྙེན་པ། དེ་བྱིན་གྱིས་རློབ་པ་ཉེ་བསྙེན། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ། ལྡོག་བཀྲམ་གྱི་དགོངས་པ་ནི་སྒྲུབ་ཆེན། སྒྲུབ་པའི་དུས་ཀྱི་བཞི་ནི། ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་ལ་འཇུག་པར་མ་ཐོག་པ་ནི་བསྙེན་པ། ཞུགས་ནས་ཟླ་ཕྱེད་ཡན་ཆད་ཉེ་བསྙེན། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་ལེན་པ་སྒྲུབ་ཆེན་ནོ། །ཞེས་གསུངས་ཤིང་། ཡང་སྒྲུབ་ཆེན་དུས། ཞག་དང་པོ་ལ་སྒྲུབ་རྫས་སོགས་སྟ་གོན་བྱས་ནས་ཆོ་ག་ཚར་གཅིག་གཏོང་བ་བསྙེན་པ། དེ་ནས་སྒྲུབ་པ་ཇི་ཙམ་བྱེད་པའི་ཞག་གྲངས་ཀྱི་ཕྱེད་ཚུན་ཆད་འོད་ཟེར་དཀར་པོའི་སྤྲོ་བསྡུས་སྡིག་སྒྲིབ་སྦྱོང་བའི་དམིགས་པ་གཙོ་བོར་བྱེད་པ་ཉེ་བསྙེན། དེ་ཕྱིན་ཆད་འོད་ཟེར་དམར་པོའི་སྤྲོ་བསྡུས་མཆོག་ཐུན་མོང་གི་དངོས་གྲུབ་རང་ལ་བསྡུ་བའི་དམིགས་པ་གཙོ་བོར་བྱེད་པ་སྒྲུབ་པ། ཞག་ཐ་མ་ལ་དངོས་གྲུབ་ལེན་པ་སྒྲུབ་ཆེན་ནོ། །ཆོ་གའི་ཐུན་གཅིག་དང་སྦྱར་ན། ཏིང་འཛིན་གསུམ་སྒོམ་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་བསྒོམ་པ་ཉེ་བསྙེན། འཁོར་གྱི་ལྷ་ཚོགས་ཚང་བར་བསྒོམ་པ་སྒྲུབ་པ། དབང་སྐུར་རྒྱས་གདབ་སྤྱན་འདྲེན་སོགས་ནས་བཟླས་པ་མཆོད་བསྟོད་སོགས་སྒྲུབ་པ་ཆེན་པོའོ། །ཡང་ན་གཙོ་བོ་ལ་སེམས་བཟུང་བ་བསྙེན་པ། གཙོ་འཁོར་ཡོངས་རྫོགས་ཉེ་བསྙེན། བཟླས་བརྗོད་བརྩོན་པ་སྒྲུབ་པ། འོད་ཟེར་སྤྲོ་བསྡུ་སྒྲུབ་ཆེན་ནོ། །ཞེས་ཀྱང་འབྱུང་ངོ་། །དེ་རྣམས་ལ་ཁྱད་པར་ཅུང་ཟད་རེ་སྣང་བས་འཕྲོས་དོན་དུ་བཀོད་པ་ཙམ་མོ། །མདོར་ན་ཡུལ་གཉན་པོ་ལ་འདྲིས་གདགས་པ་ལྟ་བུའི་དཔེས་མཚོན་ནས། བསྙེན་བྱའི་ཡེ་ཤེས་པ་དེ་ཉིད་རང་རྒྱུད་ལ་ཉེ་བར་བྱེད་པ་བསྙེན་པ། དེ་ལ་ཐུགས་ཡིད་འདྲིས་པར་བྱེད་པ་ཉེ་བསྙེན། ཡེ་ཤེས་རང་དབང་དུ་བྱེད་པ་སྒྲུབ་པ། གཞན་དོན་གཙོ་བོར་གྱུར་པའི་ཕྲིན་ལས་རྣམ་པར་བཞི་བསྒྲུབ་པ་ནི་སྒྲུབ་ཆེན་ནོ། །ཞེས་འཇིགས་གླིང་གསུངས་པ་ལྟར་རོ། །གཞན་ཡང་ཚོགས་བསགས་སྐོང་ཆོག་སོགས་དང་འབྲེལ་སྐབས་དང་། སྒྲུབ་པ་དང་སྒྲུབ་ཆེན་གྱི་ཚེ་མདུན་བསྐྱེད་དགོས་ཤིང་། བདག་མདུན་ཐ་མི་དད་ནི་གདོད་ནས་རང་བཞིན་ཡོངས་གྲུབ་ཀྱི་དཀྱིལ་འཁོར་སྣོད་བཅུད་དག་པ་རབ་འབྱམས་རྒྱལ་བའི་ཞིང་ཁམས་བསམ་ཡས་ལྷུན་གྲུབ་ཏུ་གནས་པ་གསལ་འདེབས་པ་སྟེ། རིག་པ་རང་སྣང་གི་ངོ་བོར་བདག་མདུན་གཅིག་ཐ་དད་མེད་པར་རང་བཞིན་དབྱེར་མེད་དུ་སྒོམ་པའོ། །གསར་ཕྱོགས་ན་ལྭ་བ་པའི་གཞུང་དང་། དཔལ་འཛིན་གྱི་དགྲ་ནག་དཀྱིལ་ཆོག་ཏུའང་དེ་ལྟར་ཡོད་པར་གསུངས་སོ། །གཞན་དོན་དུ་དབང་བསྐུར་གནས་འདྲེན་སོགས་ཀྱི་ཚེ་བུམ་བསྐྱེད་ཀྱང་དགོས་པས། དེ་ལྟར་བདག་མདུན་བུམ་གསུམ་ཆོ་ག་གཅིག་གི་ཁོང་ནས་མཉམ་དུ་བསྐྱེད་པ་ནི། གསང་སྔགས་རྙིང་མའི་ལུགས་བླ་མེད་རྒྱུད་ཁོ་ནའི་ཁྱད་ཆོས་ཡིན་པར་ཡང་གསུངས་ཤིང་། དེ་ཡང་ཆོ་གའི་སྐབས་སུ་འཇུག་པ་གཅིག་པས་བདག་མདུན་ཐ་མི་དད་དུ་བསྐྱེད་ནས་བསྟོད་པའི་མཇུག་ཏུ་བྷྲཱུྃ་བི་ཤྭ་སོགས་ནས་ཕཊ་ཛཿ ཞེས་བརྗོད་པས། ཕཊ་ཀྱིས་བདག་བསྐྱེད་དམ་ཚིག་གི་འཁོར་ལོ་ལས། མདུན་བསྐྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེ་ནས་མདུན་དུ་ཕར་སྤྲོས་པ། ཛཿས་མེ་རི་འདབ་འབྱར་གྱི་ཚུལ་དུ་བརྟན་པར་བྱ་བ་སྟེ། དཔེར་ན་བཞིན་གཅིག་གི་དཀྱིལ་འཁོར་མེ་ལོང་གཉིས་སུ་སོ་སོར་སྣང་བ་ལྟར་ཀུན་ཀྱང་ངོ་བོ་གཅིག་ལ་ཡེ་ཤེས་ཀྱི་རོལ་པ་མེ་ལོང་དང་གཟུགས་བརྙན་བཞིན། སྲུང་འཁོར་གཅིག་གི་ནང་འབྱུང་བ་རིམ་བརྩེགས་དང་བཅས་ཏེ་གཞལ་ཡས་ཁང་གཉིས་ཀའི་འཁོར་ཡུག་གི་མེ་རི་འདབ་འབྱར་གྱི་ཚུལ་དུ། བདག་མདུན་ཅིག་ཅར་དུ་གསལ་གདབ་ཅེས་སྨིན་གླིང་གཏེར་ཆེན་གསུངས་ཤིང་། དེ་བཞིན་དུ་ཡེ་ཤེས་ཀྱི་རོལ་པ་གཅིག་ལས་བདག་མདུན་གཉིས་སུ་མ་ཟད་སྤྲུལ་པའི་དཀྱིལ་འཁོར་མང་པོའི་སྤྲོ་བསྡུ་གྱེར་བསྒོམ་གཅིག་གིས་བྱ་བར་བཤད་པ་སོགས་ཀྱི་རྒྱུ་མཚན་མང་དུ་འབྱུང་བའི་ཕྱིར་རོ། །ཞེས་རིག་འཛིན་རྗེས་ཀྱང་གསུངས་སོ། །དེ་ཚེ་བུམ་པ་ནི་མདུན་བསྐྱེད་ཀྱི་ཤར་ཁྱམས་ཀྱི་བར་སྣང་ལ་བསྐྱེད་ཅིང་། ལས་བུམ་ནི་འཕྲལ་དགོས་དུས་བདག་གི་མདུན་དུ་བསྐྱེད་དོ། །དེ་ཡང་རྣམ་བུམ་གཞལ་ཡས་ཁང་དུ་བསྐྱེད་པ་ཤས་ཆེ། མི་བསྐྱེད་པའི་ཕྱོགས་ལའང་བུམ་ནང་པདྨ་སོགས་ཀྱི་གདན་ལ་ཆོ་ག་གསུམ་གྱིས་བསྐྱེད། ལས་བུམ་ཕལ་ཆེར་དེ་ལྟར་དང་། ལས་བུམ་གྱི་ལྷ་མི་ཞུ་བའི་ལུགས་ཀྱང་ཡོད་དེ། དེ་ཚེ་བགེགས་བཟློག་པའི་ཕྲིན་ལས་གསོལ་བའོ། །དམ་ཡེ་གཉིས་མེད་ཞུ་བ་ནི་བླ་མེད་ལུགས་སོ། །ཡང་ན་ཆགས་མེད་ཀྱིས་ནི་བདག་བསྐྱེད་ཀྱི་འཁོར་ཡུག་གི་དུར་ཁྲོད་ཀྱི་ནང་དུ་མདུན་བསྐྱེད་བསྒོམ་ཞིང་། བདག་བསྐྱེད་ཀྱི་སྲུང་འཁོར་རྡོ་ར་དང་མེ་རི་ནི་གུར་ཕུབ་པ་ལྟ་བུའི་ནང་། མདུན་བསྐྱེད་ཀྱི་རྡོ་ར་མེ་རི་ནི་ལྕགས་རི་ལྟ་བུ་ཧད་པོར་བསྒོམ་གསུངས་སོ། །ཡང་བདག་མདུན་ཆོ་ག་ཐ་དད་པས་སོ་སོར་རིམ་གྱིས་བསྐྱེད་པ་ནི་གསར་ལུགས་སོ། །དེ་ལ་བདག་མདུན་ཐ་དད་དུ་བསྒྲུབ་ཚེ་བདག་བསྐྱེད་ཉེར་བསྡུའི་ན་དཱ་ཤིན་ཏུ་ཕྲ་བ་དེ་ཉིད་མཉམ་པར་བཞག་པའི་སྟོང་ཉིད་དང་། མདུན་བསྐྱེད་ཀྱི་དེ་ཏིང་མཚམས་སྦྱར་བར་གསུངས། གཞན་ཡང་བདག་བསྐྱེད་ཁོ་ནའི་དུས་སྒྲུབ་རྟེན་གྱི་གཙོ་བོ་ནི། སྤྱིར་རང་གི་ཕུང་ཁམས་སྐྱེ་མཆེད་རྣམས་ཡིན་ཅིང་། ལྷ་བསྐྱེད་དུས་ཡང་གཟུགས་ཕུང་རང་གཞལ་ཡས་ཁང་ཡིན་པ་ལ། དེ་ལྟར་གསལ་འདེབས་པ་ཡིན་གྱི། བཟོ་དབྱིབས་བསྒྱུར་ནས་གཞལ་ཡས་ཁང་དུ་བསྒོམ་དགོས་པ་ལྟ་བུ་ཡང་མིན་པར་གསུངས་སོ། །དེ་ལྟར་བདག་མདུན་གང་གི་ཚེ་ཡང་བསྐྱེད་རིམ་དངོས་གཞིའི་སྐབས་རྣམས་སུ། དེ་བཞིན་ཉིད་ཏིང་ཉམས་ལེན་གྱི་ངང་ནས་ཀུན་སྣང་སྙིང་རྗེའི་འཕེན་པ་དང་གཉིས་པོ་མ་བྲལ་བར། བསྐྱེད་རིམ་ལྷའི་གསལ་སྣང་ཅི་ཐོན་དགོས་རྒྱུ་ལས། དེ་ཏིང་དང་། ཀུན་སྣང་སྔ་སོར་སྒོམ་ཙམ་བྱས་ནས་སྐྱུར་འཇོག་མི་ཆོག་སྟེ། དེ་ཏིང་དང་ལྷའི་གསལ་སྣང་མ་བྲལ་བ་དེ། གསལ་སྟོང་ཟུང་འཇུག་གམ། ཟབ་གསལ་དབྱེར་མེད་དམ། བསྐྱེད་རྫོགས་ཟུང་འཇུག་ཡིན། དེ་སྙིང་རྗེའི་འཕེན་བྱེད་དང་མ་བྲལ་བ་དེ་ཐེག་ཆེན་ལམ་གྱི་དངོས་གཞི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཟེར་བ་དེ་ཡིན་པས། དེ་ཏིང་ཀུན་སྣང་གཉིས་པོ་འདི་ལས་གལ་ཆེ་བ་མེད་དེ། སྐུ་གཉིས། ཚོགས་གཉིས། བདེན་གཉིས། ཐབས་ཤེས་རྣམས་ཟུང་དུ་འཇུག་པ་སྔགས་ཀྱི་མྱུར་ལམ་ཟབ་མོའི་ཁྱད་ཆོས་སུ་ཤེས་པར་བྱའོ། །དེ་ལྟར་མ་ཤེས་པར་བསྐྱེད་རིམ་རྐྱང་པ་དངོས་མཚན་དུ་བཟུང་ནས། གསལ་སྣང་དང་ང་རྒྱལ་ཇི་ཙམ་བརྟན་ཡང་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་སྟེང་། འཁོར་བར་འཆིང་བའི་སྒྲིབ་པ་རྔམས་པོ་ཆེ་ཡིན་ཏེ། བྱང་སེམས་ཀྱིས་མ་ཟིན་པའི་ལྷ་བསྒོམ་པ་ལ་གདུག་འདྲེ་རྣམས་ཀྱང་བློ་སྦྱངས་པ་ཡོད་ཅིང་། ཞི་བ་རང་རྒྱུད་པར་བཟུང་ནས་བསྒོམ་པས་གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དང་། ཁྲོ་བོ་རང་རྒྱུད་དུ་བསྒོམ་པ་རྒྱ་གར་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་ཞིག་ལ། དབུ་དགུའི་རྣམ་པའི་ལྦ་བ་དགུ་བརྩེགས་དང་། མཆེ་བ་བྱུང་བ་སོགས་བཞིན་ལྷ་གང་བསྒོམ་གྱི་རྣམ་པ་ཅན་གྱི་འདྲེ་དང་གཤིན་རྗེར་སྐྱེ་བར་འཇམ་དཔལ་རྩ་རྒྱུད་དུ་གསུངས་ཤིང་ལྷ་ཁྲོ་ཆགས་ཀྱི་ཉམས་ཅན་བསྒོམ་པས་ཆགས་སྡང་ཆེར་འགྲོ་བ་སོགས་ཡང་དག་གི་ལམ་དུ་མི་འགྱུར་བ་ལ་ངེས་ཤེས་འདྲོང་དགོས་སོ། །དེས་ན་རབ་ལྟ་བ་གྱད་ཀྱི་ལྷ། རྟ་མགྲིན་ནག་པོའི་རྒྱུད་ལས། སེམས་ཉིད་སྐྱེ་མེད་སྟོང་གསལ་འདི། །ཡེ་ནས་རང་བཞིན་ལྷ་ཡི་སྐུ། །དམ་ཚིག་ཡེ་ཤེས་གཉིས་མེད་ལ། །བསྐྱེད་རིམ་རྒྱས་གདབ་མི་འཚལ་ཏེ། །དྲན་པ་ཙམ་གྱི་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །ཞེས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ལྷ་ཚོགས་ཡང་སྤྲུལ་སུམ་སྤྲུལ་སོགས་མཁའ་མཉམ་དུ་སྤྲོས་ཏེ་བསྐྱེད་པ་སྟེ། གསང་འདུས་རྩ་རྒྱུད་ལས། གྱད་ཀྱིས་ཆོད་པའི་ལྟ་བ་ཡིས། །སྣང་སྲིད་དཔལ་ཆེན་སྐུ་རུ་བསྒོམ། །ཞེས་སོ། །འབྲིང་གཉེན་པོ་སྟོབས་ཀྱི་ལྷ། ཐ་མ་གོང་གནོན་ཡེ་ཤེས་ཀྱི་ལྷ་ཞེས་གསུངས་པའི་དོན་ལ་འབྱོར་བ་གལ་ཆེ་ཞིང་། དེ་བཞིན་དུ་ཕྲིན་ལས་ཐམས་ཅད་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཏེ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚན་མ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་གསུངས་པ་ལྟར་ཡིན་པས། བསྐྱེད་རིམ་གསལ་འདེབས་ཀྱི་ཆོ་གའི་ཚིག་རྣམས་རིམ་པར་འདོན་སྐབས་སུ་གཞན་དུ་མི་གཡེངས་པར། དལ་བུའི་ཚིག་རེ་རེ་བཞིན་དམིགས་འདོན་ཡ་མ་བྲལ་བ་བྱ། སྐབས་སུ་ཡེངས་ཤོར་ན་ཡང་བསྐྱར་མགོ་ནས་ཕྱིར་ལོག་རྒྱབ། དེ་ལྟར་བྱས་ན་ཕྱིན་ཆད་ཡེངས་མི་འཆོར་བ་ལའང་ཕན་པར་གསུངས་སོ། །དེ་ལྟར་གསལ་དག་བརྟན་པའི་བསྐྱེད་རིམ་དེ་ཉིད་རྩེ་གཅིག་ཏུ་བསྒོམས་པས་སྐྱོ་བར་གྱུར་ཚེ་བཟླས་པ་ལ་འཇུག་པ་ཡིན་ཏེ། གསང་རྒྱུད་རིན་པོ་ཆེ་འབྲུག་སྒྲ་ལས། དད་པ་དམ་ཚིག་ལྡན་པ་ཡིས། །མཆོག་དོན་སྒྲུབ་འདོད་རྣལ་འབྱོར་པས། །ཡེ་ཤེས་ལྷ་དང་དབྱེར་མེད་དུ། །བསྲེ་བར་འདོད་ན་སྔགས་ལ་བརྩོན། །ཞེས་གསུངས་པ་ལྟར། །སྤྱི་དོན་གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ། སྤྱིའི་གོ་བ་ནི། འདིས་སྦྱང་བྱ་མ་དག་འཁྲུལ་པའི་ངག་ཚིག་གི་སྒྲ་དོན་དེར་འཛིན་གྱི་བག་ཆགས་དང་བཅས་པ་ཡིན་ལ། སྦྱོང་བྱེད་ངག་བཟླས་གཙོ་ཆེ་བའི་དབང་དུ་བྱས་ན། སྔགས་ཀྱི་སྒྲ་རྣམས་ཡང་དང་ཡང་དུ་བསྐྱར་ཞིང་བཟླས་པས། སྦྱངས་འབྲས་གསུང་རྡོ་རྗེའི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པའི་རྟེན་འབྲེལ་བསྒྲིག་པའོ། །ཁྱད་པར་གྱི་དགོས་པ་ནི། དཔེར་ན་མིའི་མིང་ནས་བོས་པས་རང་དང་ཉེ་བར་འོང་བ་ཆོས་ཉིད་ཡིན་པ་བཞིན་དུ་ཡེ་ཤེས་པའི་ལྷ་རྣམས་འབོད་པའི་དོན་ཡང་ཡིན་ཏེ། དགོངས་འདུས་ལས། བྱ་བ་སྒྲུབ་འདོད་དེ་གྲོགས་བཙལ་བ་ལྟ་བུ་ནི་ལྷ་དང་། ཀྱེ་གྲོགས་ཆེ་གེ་མོ་ཞེས་པ་ལྟ་བུ་མིང་ནས་འབོད་པ་ནི། སྔགས་སོ་ཞེས་དང་། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ཀྱིས་སྙན་གསན་དབབ་པ་ཡིན། །ཞེས་སོ། །ངོ་བོ་ནི། སངས་རྒྱས་རྣམས་ཀྱི་གསུང་རྡོ་རྗེའི་ཡེ་ཤེས་ཀྱི་རིགས་སྔགས་དེ་དང་རྣམ་པ་མཚུངས་པ་ཐ་མལ་པའི་ཡིག་འབྲུའི་རྣམ་པར་བསྒོམ་ནས། ཡེ་ཤེས་ཀྱི་རིག་སྔགས་སུ་མོས་པས་ཡང་ཡང་བསྐྱར་ཟློས་བྱ་བ་ནི་འཛབ་སྟེ་བཟླས་པའི་ངོ་བོ་འོ། །དེ་ལྟར་ལྷ་ལ་གསལ་སྣང་ཐེབས་ཚེ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པ་ལྟ་བུ་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བའི་ནང་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕྱག་མཚན་གྱི་ཁོང་སེང་དུ། ཉི་ཟླ་རྐྱང་པའམ་བརྩེགས་མའི་གདན་སྲན་མ་བཀས་པ་ཙམ་གྱི་སྟེང་དུ། ཏིང་འཛིན་སེམས་དཔའ་རྩ་བའི་ཐུགས་སྲོག་ཧྲཱིཿཧཱུྃ་སོགས་ལྷའི་ཁ་དོག་དང་མཚུངས་པ་སྤུས་བྲིས་པ་ཙམ་དུ་ཕྲ་བ། མར་མེ་ལྟར་གསལ་ཞིང་འཚེར་བ་ལངས་སྟབས་སུ་ལྷའི་ཞལ་ངོ་བསྟན་ཕྱོགས་ལྟར། ཡིག་ངོ་ལེབ་ཕྱོགས་མདུན་བསྟན་དུ་གསལ་གདབ་བོ། །དེ་ལ་དམ་ཚིག་སེམས་དཔའ་ནི་རགས་པ་གནས་སྐབས་པའི་ལུས་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་ཕྲ་བ་གཉུག་མའི་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་དུ་གནས་པའི་རླུང་འོད་ཟེར་ལྔ་པ་དང་ཆོས་མཐུན། ཏིང་འཛིན་སེམས་དཔའ་ནི་ཤིན་ཏུ་ཕྲ་བའི་སེམས་དང་ཆོས་མཐུན་ཅིང་རང་འདྲའི་ཡེ་ཤེས་སེམས་དཔའ་ཞེས་པ་ནི་རིགས་ཀྱི་བདག་པོའི་རིགས་ཅན་དུ་འདྲ་བ་ཡིན་གྱི། སྐུ་མདོག་ཕྱག་མཚན་སོགས་དམ་ཚིག་པ་རང་འདྲ་བའི་དོན་མིན་པར་གསུངས་སོ། །སེམས་དཔའ་སུམ་བརྩེགས་ཀྱང་སྣོད་ལ་བཅུད་བཅུག་པ་ལྟ་བུའི་རྟོག་ངན་སྤོང་དགོས་པར་ཡང་གསུངས་ཤིང་། འགའ་ཞིག་ལས་སེམས་དཔའ་སུམ་བརྩེགས་ཡོད་མེད་སྣ་ཚོགས་སྣང་བས་ཆོ་ག་རང་གཞུང་གི་སྐབས་བཞིན་ཤེས་པར་བྱའོ། །དེ་ཡང་སྐུ་རྒྱུད་ལས། རང་ལས་བྱུང་ཞིང་རང་ཉིད་དང་། དམ་ཚིག་གཅིག་ཏུ་གནས་པའི་ཕྱིར། །དམ་ཚིག་སེམས་དཔའ་ཞེས་བྱའོ། །ཞེས་པས་རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་བསྐྱེད་ཅིང་། དེ་ལས་མི་འདའ་བས་ན་དམ་ཚིག་ལྷར་གསལ་ཞིང་ཐ་མལ་གྱི་ལོག་ལྟ་མེད་པས་ན་སེམས་དཔའ་ཞེས་བྱའོ། །ཡང་དེ་ལས། ཡེ་ནས་ཤེས་རིག་རྒྱལ་པོར་སྣང་། །དེ་ཕྱིར་ཡེ་ཤེས་སེམས་དཔའ་འོ། །ཞེས་དང་། གསེར་ཕྲེང་ལས། ཡེ་ནས་གནས་པའི་དོན་གང་ཞིག །མ་ནོར་ཤེས་ཕྱིར་ཡེ་ཤེས་བརྗོད། །ཅེས་པས། ཡེ་ནས་སྐུ་གསུམ་རང་ཆས་སུ་གནས་པའི་དོན་ཤེས་པས་ན་ཡེ་ཤེས་དང་གཉིས་འཛིན་གྱི་ལོག་ལྟ་མེད་པས་ན་སེམས་དཔའ་ཞེས་བྱ་ཞིང་། སེམས་མི་གཡོ་བར་རྩེ་གཅིག་ཏུ་གནས་པའི་ཐབས་སམ་རྟེན་ཡིན་པས་ན་ཏིང་འཛིན་དང་། བྱིང་རྨུགས་སོགས་སྐྱོན་གྱིས་བརྫི་མི་ནུས་པས་ན་སེམས་དཔའ་ཞེས་བྱའོ། །ཞེས་པདྨ་མ་ཏིས་གསུངས་སོ། །ཡང་ཆགས་མེད་ཀྱིས་ནི་ཐུགས་སྲོག་གི་ཡིག་ངོ་གདོང་མདུན་བསྟན་དུ་བཞེད་ཀྱང་རྗེ་བླ་མའི་དགོངས་པ་ནི་སྔ་མ་ལྟར་རོ། །ཐུགས་སྲོག་དེའི་མདུན་ནས་བརྩམས་ཏེ། བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར་དགོས་པ་རྣམས་ནི་སྔགས་ངོ་ཕྱིར་བསྟན་དང་། ཕྱི་ནས་བཀླག་ཕྱོགས་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་གཡོན་དུ་བཀོད་པ་ཕྲེང་བ་ལྟར་འཁོར་བའི་མགོ་འདྲེན་ཨོཾ་ལྟ་བུ་དང་། ཧྲཱི་ཧཱུྃ་སོགས་མཇུག་གི་སྔགས་འབྲུ་ཐུག་པ། དེ་ཡང་རིང་བའི་རིགས་ལ་མདུན་ནས་ཡིག་མགོ་བརྩམ་པའི་སྔགས་ངོ་མགོ་ནང་དང་སྔགས་མཇུག་ཕྱི་རོལ་ཏུ་ཐད་ཀར་འགྲིག་པའི་རིམ་པ་གཉིས་གསུམ་སྦྲུལ་འཁྱིལ་བ་ལྟ་བུར་བསྒོམ་ལ། བཟླ་བའི་དུས་གཡས་སུ་བཀླག་ཐབས་སུ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡོན་དུ་འཁོར་དགོས་པ་རྣམས་ནི། ཐུགས་སྲོག་གི་མདུན་ནས་སྔ་མ་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་སྔགས་ངོ་ནང་དུ་བལྟ་བ། ནང་ནས་བཀླག་ཕྱོགས་གཡས་སྐོར་དུ་བཀོད། སྔགས་རིང་བ་རྣམས་ནི་སྐོར་ལུགས་སྔ་མ་ལྟར་བྱ། བཟླ་བའི་དུས་གཡོན་འཁོར་དགོས་པ་ཡིན་ཞེས་ཟུང་འཇུག་སྙེ་མར་གསུངས། དེ་ཡང་ལྷ་ཡབ་ཀྱི་རིགས་རྣམས་ལ་གཡས་འཁོར་དང་། ཡུམ་རྣམས་ལ་གཡོན་འཁོར་ལྟ་བུ་ཤས་ཆེ་ཡང་ངེས་པ་མེད་པས་རང་གཞུང་གི་དགོངས་པ་དང་འབྱོར་བ་དགོས་སོ། །གཞན་ཡང་སྲུང་ཟློག་གི་དམིགས་གནད་སོགས་ནི་སྐབས་ཐོབ་བཞིན་ཤེས་པར་བྱའོ། །དེ་ཡང་ཐུགས་སྲོག་ས་བོན་དང་སྔགས་ཕྲེང་རྣམས་ཅི་ཙམ་ཕྲ་བ་དེ་ཙམ་དུ་སེམས་ཟིན་པ་ལ་ཕན་པར་གསུངས་སོ། །དེ་ལྟར་འཛབ་དགོངས་གསལ་གདབ་པ་ལ། ཐོག་མར་འགོག་བཟླས། དེ་ནས་ཡིད་བཟླས་དང་། ངག་བཟླས་རྣམས་རིམ་བཞིན་བྱ་སྟེ། ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས་སྲོག་རྩོལ་སྡོམ་པའི་སྦྱོར་བས་བར་རླུང་འཇམ་ཞིང་རན་པར་ཁམས་ལ་མི་གནོད་པ་ཙམ་དུ་བཟུང་ལ། རླུང་ཕྱིར་འབྱུང་བ་ནི། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་འོད་ལྔའི་ཟེར་ཐག་སྣལ་མ་བརྐྱང་པ་ལྟ་བུ་སྣ་བུག་གཉིས་ནས་ཕྱིར་ཐོན་ཏེ་སྣང་སྲིད་ཐམས་ཅད་དག་པའི་འཁོར་ལོར་སྦྱངས། ནང་དུ་རྔུབ་པ་དང་བརྟན་གཡོའི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལྟེམ་གྱིས་ཞུ་ནས་འོད་ལྔའི་རྣམ་པར་སྣ་བུག་གཉིས་ནས་སླར་ཞུགས་ཏེ། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམ་སྟེ། ནང་དུ་གནས་པའི་ཚེ་བར་རླུང་བཟུང་ལ། རིག་པ་སྔགས་ཕྲེང་དང་དབྱེར་མེད་དུ་བསྲེ་བ་ལ་བསླབ་པར་བྱ་བ་ནི་འགོག་བཟླས་སོ། །དེ་ནས་སྔགས་ཕྲེང་ལས་རང་སྒྲ་གྲགས་པའི་སྒྲ་གདངས་ལ་ཤེས་པ་གཏད་ནས་རྩ་སྔགས་ཆད་ལྷག་མ་སོང་བར་ཡིད་བཟླས་ཁོ་ན་བྱ། དེ་ནས་ངག་བཟླས་བྱ་བ་ནི། རྔམ་ཀློག་ལས། སྒྲ་ཆེན་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པས་མིན། ཡེངས་པ་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་གསུངས་པ་ལྟར་གྱི་སྐྱོན་བཅུ་སྤང་བར་བྱ་ལ། དེ་བཞིན་དུ་དགོངས་འདུས་ལས་ཀྱང་། སྔགས་ངག་ནས་བརྗོད་པའི་ཚེ། ཧ་ཅང་རིང་ན་དབུགས་ཀྱིས་མི་སྐྱོལ་ཞིང་སྐད་འགགས་པས་སྤང་། ཧ་ཅང་ཐུང་ན་དབུགས་ཆད་དེ་ཚེ་ལ་གཟན་པའམ་ཁ་དོག་མི་གསལ་བས་སྤང་། དྲག་ན་ཁམས་ལ་གཟན་པའམ། རྩུབ་ན་མི་མ་ཡིན་ལ་ཕོག་ཐུག་དང་བརྒྱལ་བས་སྤང་། ཞན་ན་སྔགས་ལ་ངར་མི་ཐོན་ཅིང་ནུས་པ་མྱུར་དུ་མི་འབྱུང་བས་སྤང་། དལ་ན་གྲངས་ཉུང་བས་སྤང་། བྲེལ་ན་སྒྲོས་མི་ཐོན་ཅིང་ཆད་ལྷག་འགྲོ་བས་སྐྱོན་དྲུག་སྤངས་ལ་བཟླ་བར་གསུངས་ཤིང་། ཡང་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས། རི་སྒོག་གིས་ཞག་དགུ ལྕེ་ཡིས་ཉེར་གཅིག་ལྒ་གཡེར་ཟ་ཐུག་གིས་ཞག་གསུམ། བྱིན་གྱིས་མ་བརླབ་པའི་ཤ་ཆང་གིས་ཞག་ལྔ་ཉམས་པ་དང་། རྫུན་དང་ཕྲ་མ་ལ་སོགས་པ༔ ངག་གི་མི་དགེའི་ལས་རྣམས་ཀྱིས༔ སྔགས་ཀྱི་ནུས་པ་གཏན་བརླག་གམ༔ མཐར་ཡང་ཡུན་རིང་འགྱང་བར་འགྱུར༔ ཕུས་གདབ་འཇིག་རྟེན་བྲེ་མོ་ཡིས༔ སྔགས་ཀྱི་ནུས་པ་ཉམས་པས་སྤོང༔ ཞེས་གསུངས་པས། སྤྱི་དང་བྱེ་བྲག་གི་སྐྱོན་དེ་རྣམས་སྤངས་ལ་གསལ་དག་སྙན་པའི་གདངས་དང་བཅས་པས་བཟླའོ། །དེ་ཚེ་ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར་བ་ལ་ཡིད་གཏད་དེ་བཀླག་པའི་ཚུལ་གྱིས་བཟླ་བ་ནི། བཀོད་པའི་བཟླས་པའམ། ཟླ་བ་སྐར་ཕྲེང་ལྟ་བུའི་འཛབ་དགོངས་བཀླག་པའི་ཚུལ་གྱིས་སོ། །བསྙེན་པའི་ཡན་ལག་ཡིན་ནོ། །ཡང་འགའ་ཞིག་ཏུ་བཀོད་པའི་བཟླས་པའམ། གདན་ལས་འཕགས་ཏེ་རང་སྒྲ་དང་བཅས་འཁོར་བ་ལ་སེམས་གཏད་དེ་བཟླ་བ་ནི། ཟླ་བ་སྐར་ཕྲེང་ལྟ་བུར་གསུངས་ཀྱང་རྒྱུད་དང་བླ་མའི་དགོངས་པ་ནི་སྔ་མ་ལྟར་རོ། །ཉེ་བར་བསྙེན་པ་མགལ་མེའི་འཁོར་ལོ་ལྟ་བུའི་འཛབ་ནི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ། ཡིག་འབྲུ་རྣམས་ལངས་ཐབས་གཅིག་གི་ཞབས་སུ་གཅིག་གི་དབུ་ཚུད་པ། གཅིག་རྗེས་གཅིག་ནོན་ལུ་གུ་རྒྱུད་ཀྱི་ཚུལ་དུ་རེག་ལ་མ་འབྱར་ཞིང་བར་མ་ཆད་པའི་ཕྲེང་བ་འཕྲོས་ཏེ། སྔགས་ཀྱི་རང་སྒྲ་དང་བཅས། ཡེ་ཤེས་པ་དང་དམ་ཚིག་སེམས་དཔའི་ཞལ་ནས་རིམ་པར་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་ནང་བརྒྱུད། མཁའ་གསང་དང་ནོར་བུའི་ལམ་ནས་བརྒྱུད་དེ་བདེ་ཆེན་བྱང་སེམས་ཀྱི་ངོ་བོར་ཐུགས་སྲོག་ལ་ཐིམ་པས། མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང་། སླར་ཡང་སྔ་མ་ལྟར་བར་མ་ཆད་དུ་འཁོར་བར་བསམ་ལ་བཟླའོ། །ཡང་སྔགས་ཕྲེང་རྣམས་ཕྱི་རོལ་ནས་རང་གི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས། ངྷཱུ་ཏིར་བརྒྱུད་དེ་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་པ་སྙིང་གའི་ས་བོན་ལ་ཐིམ། ཡང་དེ་ལས་སྔར་ལྟར་བྱུང་། ལྷ་མོའི་པདྨར་ཞུགས་ཤིང་འཁོར་བ་སོགས་ནི་དོ་ལི་སྟེ་ཁྱོགས་ཀྱི་བཟླས་པའོ། །ཐུན་རེར་དེ་གཉིས་སྤེལ་དགོས་པར་གསང་སྔགས་ལམ་རིམ་ལས་གསུངས། ཡང་ན་དམ་ཡེ་ཕྱེ་ལ་བདག་ཉིད་ཀྱི་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ལྟེ་བ་ནས་ཐོན་ཏེ་བདག་གི་ལྟེ་བར་ཞུགས་ཤིང་འཁོར་བར་བསམ་མོ། །ཡང་སྐབས་འགར་སྔགས་ཀྱི་འོད་ཟེར་འཁོར་བ་ལས་སྔགས་ཕྲེང་འཁོར་བར་མ་བཤད་པའང་ཡོད་དོ། །མདུན་བསྐྱེད་ཡོད་པ་རྣམས་ལ་འཛབ་དགོངས་འདི་བཞིན་སྦྱར་ཞིང་བདག་མདུན་བར་དུ་འོད་ཟེར་སྤྲོ་བསྡུ་དགོས་སོ། །སྒྲུབ་པ་ལ་རྒྱལ་པོའི་ཕོ་ཉ་ལྟ་བུའི་འཛབ་དགོངས་ནི། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། རིམ་བཞིན་འཁོར་རྣམས་ཀྱི་ཐུགས་བརྒྱུད་བསྐུལ་བ་སོགས་དང་། ཡང་སྔགས་ཕྲེང་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས། སངས་རྒྱས་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བས་ཚོགས་གཉིས་རྫོགས། དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱུང་བ་བདག་ལ་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞི་མངོན་དུ་བྱས་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་བཟླས་པའོ། །ཡང་འོད་ཟེར་འཕྲོས་པས་མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ཉོན་སྡུག་བསྔལ་བག་ཆགས་ཐམས་ཅད་སྦྱངས་ནས། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པའོ། །ཡང་འོད་ཟེར་སྤྲོ་བ་དང་མཉམ་དུ་ལྷ་སྐུ་དག་སྤྲོ་ཞིང་འཇུག་པའི་རླུང་གིས་ཚུར་སྡུད་ཚེ་སྙིང་གའི་ས་བོན་ལ་ཐིམ་པ་ཡང་ཡོད་ཅིང་། འདི་ལ་ཁྲོ་བོའི་བཟླས་པར་ཡང་བཤད་དེ། ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་། །ཞེས་གསུངས་པ་ལྟར་རོ། །སྒྲུབ་ཆེན་བུང་བ་ཚང་ཞིག་ལྟ་བུའི་འཛབ་ནི། ལྷ་དང་སྔགས་ཕྲེང་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས། འགྲོ་དྲུག་གི་སྒྲིབ་པ་སྦྱངས་ཤིང་དག་ནས། སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་ཡི་དམ་ལྷའི་དཀྱིལ་འཁོར་དུ་གྱུར། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་བུང་བ་ཚང་ཞིག་པ་ལྟར་དི་རི་རི་སྒྲོག་ཅིང་། སེམས་ཀྱི་དྲན་རྟོག་ཐམས་ཅད་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆོས་སྐུའི་རོལ་པ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི། བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །ཡང་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱིར་བཏང་གི་ཚེ། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་བྱུང་བ་གཙུག་ཏོར་དང་། མཛོད་སྤུ་དང་ལྗགས་དང་ཐུགས་ཀའི་དཔལ་བེའུ་དང་། བ་སྤུའི་ཁུང་བུ་སོགས་ནས་ཐོན་ཏེ། སྟོང་གསུམ་འཇིག་རྟེན་གྱི་ཁམས་འདིས་མཚོན་པའི་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་ཁྱབ་པར་སྤྲོས་པས། འོད་ཟེར་གྱི་སྣེ་ལས་མཆོད་པའི་སྤྲིན་ཕུང་དང་། བསྟོད་པའི་གླུ་དབྱངས་དང་། མེ་ཏོག་དང་སྤོས་ཆུའི་ཆར་ཆེན་པོ་བབས་པས་བྱང་ཆུབ་སེམས་དཔའ་ཁྱེའུ་དང་བུ་མོའི་གཟུགས་ཅན་བསམ་གྱིས་མི་ཁྱབ་པ་བྱུང་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་ཅིང་བསྟོད་ནས། འགྲོ་བའི་དོན་དུ་ཐུགས་རྒྱུད་བསྐུལ་བས། ཐམས་ཅད་ཀྱང་ཡི་དམ་གྱི་སྐུ་ཆེ་ཆུང་དང་རྣམ་འགྱུར་མ་ངེས་པ་སྣ་ཚོགས། གང་ལ་གང་འདུལ་གྱི་རོལ་བར་བཞེངས་ནས། ཐམས་ཅད་ཀྱི་སྐུའི་ལྟེ་བ་དང་། གསང་གནས། སྟ་ཟུར་གཉིས། པུས་མོའི་ལྷ་ང་། ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སོགས་ལས་སྐུ་དང་འོད་ཟེར་སྔགས་ཀྱི་རང་སྒྲས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བཀང་སྟེ་ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་འཁྲུལ་སྣང་བག་ཆགས་དང་བཅས་པ་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སྦྱངས་ནས། ཐམས་ཅད་ཡི་དམ་གྱི་སྐུར་གྱུར་ཏེ་སྔགས་ཀྱི་རང་སྒྲ་བུང་བ་ཚང་ཞིག་པ་བཞིན་སྒྲ་དི་རི་རི་སྒྲོག་པར་བསམ། ཡང་འོད་ཟེར་རྣམས་ཚུར་འདུ་བ་དང་ལྷན་ཅིག་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་དང་། སྣོད་བཅུད་དག་པའི་འཁོར་ལོར་གསལ་བ་ཐམས་ཅད་སྐུ་དང་། ཡིག་འབྲུ། ཕྱག་མཚན། འོད་ཟེར་གྱི་རྣམ་པར་འདུས་ཏེ་རྩ་བའི་དཀྱིལ་འཁོར་དང་གཙོ་བོའི་བ་སྤུའི་བུ་ག་ནས་ཞུགས་ཏེ་ཐུགས་སྲོག་ལ་ཐིམ་པར་བསམ་ཞིང་འཁོར་འདས་བདག་གཞན་དུ་འཛིན་པའི་རྟོག་པ་ཐམས་ཅད་རིག་པའི་ཡེ་ཤེས་ཀྱི་ངང་དུ་རོ་མཉམ་དབྱེར་མེད་དུ་བསྲེ་ཞིང་། ལྷ་དང་སྣང་བ་ཆོས་ཉིད་གསུམ་གཅིག་ཏུ་འདྲེས་པའི་གནད་ལ་གོམས་པར་བྱའོ། །ཞེས་མཁན་པད་རྡོར་གསུངས་པ་ལྟར་རོ། །གཞན་ཡང་ལས་བཞི་སོ་སོའི་སྐབས་ཀྱི་དམིགས་པའི་བྱེ་བྲག་ནི་རང་གཞུང་ལྟར་རོ། །མདོར་ན་སྐུ་ཕྱག་རྒྱ་གསལ་བའི་ཏིང་ངེ་འཛིན། གསུང་ཆོས་རྒྱ་གསང་སྔགས་དག་པར་བཟླ་བ། ཐུགས་དམ་རྒྱ་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་གསུམ་དང་ལྡན་པར་བྱའོ། །དེ་ལྟར་འཛབ་དགོངས་བཞི་པོ་ཆོ་ག་གཅིག་ལ་སྦྱར་དགོས་པའི་ངེས་པ་མེད་ཀྱང་གཙོ་ཆེར་རང་གཞུང་གི་བཟླས་དམིགས་སྐབས་ཀྱི་དངོས་བསྟན་གང་ཡིན་པ་དེ་ཉིད་སྦྱར་བས་ཆོག་གོ །གང་ལྟར་ཡང་སྔགས་བཟླ་བའི་ཚེ་སྔགས་འབྲུ་རྣམས་ཀྱང་རང་སྒྲ་དི་རི་རི་སྒྲོག་པ་དང་། ལྷ་ཚོགས་རྣམས་ཀྱང་ཞལ་ནས་སྔགས་ཀྱི་སྒྲ་འུར་དིར་གསུངས་ཤིང་སྣོད་བཅུད་སྐྱེ་འགྲོ་རྩི་ཤིང་ལ་སོགས་པ་ཐམས་ཅད་ཀྱང་ལྷའི་རང་བཞིན་དུ་གྱུར་ནས་སྔགས་ཀྱི་སྒྲ་འུར་དིར་རི་སྒྲོག་པར་བསམས་པ་ཕན་ཡོན་དང་ནུས་པ་ཆེ་བ་ཡིན་ཞེས་དཔལ་སྤྲུལ་གསུངས་སོ། །ལས་དང་པོའི་རིགས་ཐོག་མར་སྔགས་ཕྲེང་ལ་སེམས་གཏད་ནས་བཟླ། རང་ལྷ་ཡིན་པའི་ང་རྒྱལ་བྱ། སྔགས་ཕྲེང་སྐོར་རེའི་མཚམས་སུ་ལྷ་གསལ་འདེབས་བསྐྱར། དེ་ལ་གོམས་ནས་རིམ་པས་འོད་ཟེར་སྤྲོ་བསྡུ་སོགས་ལ་སློབ་བོ། དེ་ལྟར་བསྙེན་པ་ཐེམ་ནས་བསྒྲུབ་པའི་དམིགས་བཟླས་རྣམས་བྱའོ། །དེ་ཡང་། ཡང་དག་ཐིག་ལེ་གཅིག་པའི་མན་ངག་ལས། ཐུན་གཅིག་ལྷ་ལ་སེམས་གཏད་སྒོམ༔ ཐུན་གཅིག་གསང་སྔགས་བཟླས་པ་བྱ༔ ཐུན་གཅིག་རླུང་དང་འགྲོ་འོང་བསྟུན༔ ཐུན་གཅིག་མངོན་སུམ་གནད་ལ་དབབ༔ མ་བཅོས་རིག་པ་ཀུན་ཏུ་བཟང༔ ཞེས་གསུངས་སོ། །ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླས༔ གཞན་དུ་ཡེངས་པ་གྱུར་པས་ནི༔ བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་དང་། གསུང་རྒྱུད་ལས། གཉིད་རྨུགས་འདྲེས་པས་བཟླས་པ་ནི༔ བགེགས་ཀྱི་བར་ཆད་འཇུག་པའི་རྒྱུ༔ ལོག་པའི་བསམ་པས་བཟླས་པ་ནི༔ བྱང་ཆུབ་ལམ་དུ་འགྲོ་མི་སྲིད༔ ཅེས་དང་། པད་སྡོང་བརྩེགས་པའི་རྒྱུད་ལས། ཏིང་འཛིན་སྔགས་དང་བཟླས་བརྗོད་གསུམ༔ གཅིག་མདངས་གཅིག་གིས་བསྐྱེད་པའི་ཕྱིར༔ གསལ་དག་བརྗོད་པ་གཙང་བ་གཅེས༔ དེ་འབྲས་ཅི་འདོད་དངོས་གྲུབ་འབྱུང༔ ཞེས་སོགས་གསུངས་པ་ལྟར་ལྷ་བསྒོམ་པ་དང་སྔགས་བཟླ་བ་གང་གི་སྐབས་སུ་ཡང་དྲན་ཤེས་དང་མ་བྲལ་བ་གལ་ཆེ་སྟེ། དགོངས་འདུས་ལས། སྤྱོད་ལམ་ལེགས་ལེགས་ཉེས་སྤྱོད་པས༔ ཕུབ་མ་ཞབས་སུ་ཆུ་བཅུས་བཞིན༔ རང་འཁྲུལ་མ་ཚོར་ཉེན་ཡོད་པས༔ སྐབས་སྐབས་དབང་པོ་ནང་དུ་གཏད༔ ལེགས་ཉེས་གཞིག་འདྲལ་ལམ་ལ་བལྟ༔ ཐུན་ཆུང་གྲངས་མང་ཕྱི་ནང་བསྟུན༔ ཡང་དག་གནས་ལུགས་ངང་ལ་བཞག༔ ཅེས་གསུངས་པ་ལྟར་རོ། །བཟླ་ཚུལ་གཞན་ཡང་ལམ་རིམ་ལས། སྐྱོན་བཅུ་སྤངས་ལ་རྣམ་གསུམ་གྱིས༔ བཟླས་པ་གྲངས་བཞིན་རྫོགས་པར་བྱ༔ ཞེས་པས། སྐྱོན་བཅུ་ནི་གོང་དུ་སྨོས་པ་ལྟར་རོ། །རྣམ་པ་གསུམ་ནི། གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱི་བཟླ་ལུགས་སོ། །དེ་ལ་གསལ་བ་གསུམ་གྱི་བཟླ་ཚུལ་ནི། གང་ལས་སྤྲོ་བསྡུའི་གནས་བདག །གང་ལ་སྤྲོ་བའི་ཡུལ་མདུན། གང་སྤྲོ་བ་བར་གྱི་འོད་ཟེར་འཕྲོ་འདུ་གསལ་བའོ། །དེ་ཡང་ལམ་རིམ་ལས། ཡེ་ཤེས་མདུན་དུ་ལྷགས་པ་ལ། །བཟླས་པ་གསལ་བ་གསུམ་གྱིས་བྱ། །ཞེས་པས། ཕཊ་ཛཿས་མདུན་གྱི་ནམ་མཁར་ཡེ་ཤེས་སེམས་དཔའ་རྟེན་དང་བརྟེན་པར་བཅས་པ་ཕྱེ་ལ། བདག་དམ་ཚིག་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་ཕར་སྤྲོ་བ་དང་། ཚུར་སྡུད་པའི་འཕྲོ་འདུ་འགལ་མེའི་འཁོར་ལོ་ལྟ་བུ་དང་། སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་བསམ་ལ་གྲག་སྟོང་དབྱེར་མེད་ཀྱི་ངང་ནས་བཟླས་པ་བྱའོ། །ཕྱི་ནང་གསང་གསུམ་གྱིས་བཟླ་བ་ནི། ཕྱི་ལྟར་ན་དམ་ཡེ་ཕྱེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་དུ་ཞུགས། གསང་བའི་རྡོ་རྗེ་ནས་རྡོ་རྗེར་འཁོར་བའི་ཚུལ་གྱིས་བཟླའམ། ཡང་ན་འོད་ཟེར་ཕར་འཕྲོས་པས་སྒྲིབ་པ་སྦྱང་བར་བསྐུལ་ཞིང་། ཚུར་འདུས་པས་སྒྲིབ་པ་བྱང་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །ནང་ལྟར་ན་ཡེ་ཤེས་སེམས་དཔའ་འབྱེད་དམ་མི་འབྱེད་ཀྱང་རུང་སྟེ། འོད་ཟེར་ཕར་འཕྲོས་པས་དངོས་གྲུབ་བསྐུལ་ནས་ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསམ་པའོ། །གསང་བ་ལྟར་ན། ཕར་མི་སྤྲོ་བར་ཚུར་དངོས་གྲུབ་སྡུད་པ་ཁོ་ནའམ། ཡང་ན་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། མཁའ་གསང་ནས་ཚུར་འཁོར་བ་ལ་དམིགས་པའོ། །ཕྲ་མོ་གསུམ་གྱིས་བཟླ་ཚུལ་ནི། སྤྲོ་བསྡུའི་ཚེ་ཡིག་འབྲུ་དང་ཕྱག་མཚན་སྐུ་ཕྲ་མོའི་འཕྲོ་འདུའམ། རྡོ་རྗེའི་བཟླས་པ་བྱེད་པའོ། །གཞན་ཡང་ངག་གི་བཟླས་པ། གཟུགས་ཀྱི་བཟླས་པ། རྣལ་འབྱོར་གྱི་བཟླས་པ། རྡོ་རྗེའི་བཟླས་པ་དང་བཞི་ལས། དང་པོ་ནི་སྤྲོ་བསྡུའམ། དམ་ཚིག་གི་དང་། ཁྱོགས་ཀྱི་དང་། ཁྲོ་བོའི་བཟླས་པ་སྟེ་སྔར་སྨོས་པའི་འགལ་མེའི་འཁོར་ལོ་སོགས་ངག་བཟླས་ཀྱི་འཛབ་དགོངས་རྣམས་སོ། །གཟུགས་ཀྱི་བཟླས་པ་ནི། ལྷའི་རྣམ་པ་དྲན་པའོ། །རྣལ་འབྱོར་གྱི་བཟླས་པ་ནི། དེ་ཁོ་ན་ཉིད་ཙམ་ལ་སེམས་པའོ། །རྡོ་རྗེའི་བཟླས་པ་ནི་བཞི་སྟེ། དགོངས་པ་ལུང་སྟོན་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་འབྲུ་གསུམ་ངག་ཏུ་བཟླ་བ་བརྗོད་བཅས་རྡོར་བཟླས། ཡི་གེ་གསུམ་གྱི་དབྱིབས་དང་ཁ་དོག་གི་རྣམ་པར་བསྒོམ་པ་དམིགས་པ་རྡོར་བཟླས། རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་གྱི་གདངས་སུ་མོས་པས་རླུང་སྔགས་དབྱེར་མེད་དུ་ཤེས་ནས་བཟླ་བ་བརྡར་གྱུར་རྡོར་བཟླས། རླུང་གི་འགྲོ་འོང་གནས་གསུམ་དང་སྒོ་གསུམ་ཕྱག་རྒྱ་ཆེན་པོ་དབྱེར་མེད་དུ་ཤེས་པས་མིང་ཚིག་བརྗོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དོན་དམ་རྡོ་རྗེའི་བཟླས་པའོ། །སྐབས་འདིར་སྔགས་ཀྱི་བགྲང་ཕྲེང་ཀྱང་། སློབ་དཔོན་ཆེན་པོས། རྒྱུ་ནི་རབ་ལ་རིན་པོ་ཆེ༔ འབྲིང་པོ་ཤིང་གི་འབྲས་བུ་སྟེ༔ ཐ་མ་ཤིང་དང་ས་རྡོ་དང༔ སྨན་གྱི་ལྡེ་གུའི་ཕྲེང་བའོ༔ ཞེས་སོགས་དང་། རྒྱུ་དང་ཁ་དོག་གི་དབྱེ་བས་ལས་བཞི་སོ་སོ་ལ་ཤེས་པའི་བྱེ་བྲག་ཀྱང་གསུངས་ཤིང་། ཁྱད་པར་དུ། བོ་དྷི་ཙི་ནི་ཀུན་ལ་ཤིས༔ ཞེས་དང་། གྲངས་འགྱུར་ཁྱད་ཀྱང་། བོ་དྷི་ཙི་ནི་གྲངས་མེད་དོ༔ ཞེས་གསུངས་ཤིང་། ཞི་ཁྲོ་གང་ལའང་ཤིས་པ་ཉིད་དེ་མཆོག་ཏུ་བསྔགས་སོ། །བཅང་དུ་མི་རུང་བ་ནི། མཚམས་མེད་ཀྱི་ལས་བྱས་པ། བཤན་པ། དམ་ཉམས། དམེ་བོ། ཡུགས་ས། རྐུན་མ་སོགས་ཀྱི་ལག་ལས་བྱུང་བ་དང་། གཞན་ལས་འཕྲོག་པ་དང་། ལྷ་ལ་གཞན་གྱིས་ཕུལ་བ་དང་། ལྷའི་རྒྱབ་ནས་བཀྲོལ་བ་དང་། གྲངས་མ་འགྲིགས་པ། མེས་ཚིག་པ། དུད་འགྲོས་འགོང་པ། བྲ་བྱིས་ཟོས་པ་སོགས་ཀྱིས་སྔགས་ལ་དམ་སེལ་འཇུག་པར་གསུངས་པས་སྤང་བར་བྱ་ཞིང་། རྒྱུར་རུང་བ་དེ་ཉིད་ཆུས་བཀྲུ་ཞིང་། བ་བྱུང་དང་དྲི་བཟང་བྱུག་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས་ཤིང་། རང་ཤར་ལས། ཕྲེང་ལུང་གསུམ་མམ་དགུ་སྒྲིལ་བྱ༔ སྐུ་གསུམ་རིགས་ལྔ་ཐེག་དགུར་བརྗོད༔ མདོ་འཛིན་སུམ་བརྩེགས་སྐུ་གསུམ་མོ༔ ཞེས་པ་ལྟར་ཕྲེང་ཐག་ཀྱང་ལས་བཞི་དང་མཐུན་པའི་སྲད་བུ་དང་། དྲག་པོ་ལ་རྒྱུ་མ་སྒྲིལ་པ་དང་། རྒྱུས་པ་སོགས་ཀྱང་གསུངས་ཤིང་དེ་ཡང་དགོངས་འདུས་ལས། ཀུན་ཀྱང་ཕྲ་སྦོམ་ཕྲེང་བ་ཡི༔ མིག་དང་བསྟུན་ལ་རན་པར་བྱ༔ ཡངས་པ་མ་ཡིན་དོག་པ་མིན༔ རིང་བ་མ་ཡིན་ཐུང་བ་མིན༔ ཧ་ཅང་དོག་ན་ལས་མི་འགྲུབ༔ ཡངས་ན་གསེབ་ཚང་བར་ཆད་འཇུག༔ རིང་ན་ལྷ་འགྱང་བསྒྲུབ་པ་གཡེལ༔ ཧ་ཅང་ཐུང་ན་ཚེ་ལ་གཟན༔ མཐུད་མ་ཅན་དང་མདུད་པ་ཅན༔ ཕྲ་སྦོམ་མ་སྙོམས་གོད་ཁ་འབྱུང༔ དེ་སོགས་རྣམ་དབྱེ་ཤེས་པར་བྱ༔ ཞེས་དང་། གལ་ཏེ་ཐག་པ་ཆད་གྱུར་ན༔ ཞག་བར་མ་ཆོད་མྱུར་དུ་བསབ༔ ཅེས་སོ། །སྲད་བུར་ཇི་ལྟར་བརྒྱུད་ཚུལ་ནི། སམ་མྦྷུ་ཊི་ལས། ཨཱ་ལི་ཀཱ་ལི་ས་བོན་ཉིད༔ ཧཱུྃ་གིས་སྲད་བུས་བརྒྱུ་བར་བྱཿ ཞེས་དང་། ཕྲེང་ཐག་ཡི་དམ་གྱི་གཙོ་བོ་ལ་ཕྲེང་བ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བར་བསམ་ཞིང་ཧཱུྃ་གི་གླུ་ལེན་པ་དང་མཉམ་དུ་རྒྱུ་བར་གསུངས་ཤིང་། དགོངས་འདུས་ལས། སྣ་ཚོགས་ལས་ཀྱི་ཕྲེང་བ་ལ༔ མདོ་འཛིན་སྐུ་གསུང་ཐུགས་ཀྱི་རྒྱ༔ ཞེས་པས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མཚོན་བྱེད། སྟེང་མ་སྔོན་པོ། བར་མ་དམར་པོ། འོག་མ་དཀར་པོ་བྱ་བར་གསུངས་སོ། །དེ་ལྟ་བུའི་ཕྲེང་བ་མཚན་ཉིད་དང་ལྡན་པ་དེ་རབ་གནས་བྱ་བར་གསུངས་པས་དེའི་ཚུལ་ནི། དགོངས་འདུས་རྣམ་བཤད་ལས། ལག་གཡོན་པའི་ནང་དུ་ཕྲེང་བ་སྦྲུལ་འཁྱིལ་བ་ལྟར་བསྐྱིལ་བའི་དབུས་སུ། མདོ་འཛིན་ཙོག་པུར་ཡོད་པ་བྱས་ལ་འདི་ཉིད་ལས་བཤད་པ་ལྟར་ཐོག་མར་ལག་པ་བྱིན་རླབས་བྱ་སྟེ་ངག་ཏུ། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ། གཡོན་པའི་མཐིལ་དུ་ཟླ་བ་ལ་ཨཿས་མཚན་པར་གྱུར། ཅེས་བརྗོད་ཅིང་བསམ། དེ་ནས་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་སྭ་བྷ་ཝ་སོགས་ཀྱི་ཕྲེང་བ་ཐ་མལ་དུ་འཛིན་པའི་རྟོག་པ་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་། །སྐད་ཅིག་དྲན་རྫོགས་མདོ་འཛིན་ཡི་དམ་གཙོ། །ཕྲེང་བ་འཁོར་གྱི་རྣམ་པར་གྱུར་པས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་གྱི་ས་བོན་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ནས། །ཛཿཧཱུྃ་བྃ་ཧོས་གཉིས་སུ་མེད་པར་བསྟིམ། །རྡོ་རྗེས་ཆོས་བདུན་ངང་དུ་ལྷུན་གྱིས་གྲུབ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་སྲས་འཁོར་བཅས། །གདོད་ནས་ཕྲེང་བའི་ངོ་བོར་ཤར་བ་ལས། །ཡིན་ལ་ཡིན་པར་གོ་བའི་ངེས་ཤེས་ཀྱིས། །ཐབས་ཤེས་སོར་མོའི་སྦྱོར་བས་སྙིང་པོའི་སྔགས། །བགྲང་བ་ཙམ་གྱིས་འཇིག་འདས་དངོས་གྲུབ་ཀུན། །ཐོགས་མེད་འགྲུབ་པའི་ནུས་མཐུ་ཅན་དུ་གྱུར། །ཞེས་བརྗོད་ཅིང་རྩ་སྔགས་ཀྱི་མཐར་རྟེན་འབྲེལ་སྙིང་པོ་དང་། ཨ་དཱི་ཀ་དཱི། སྦྲེལ་བ་གང་མང་བཟླས་པས་མེ་ཏོག་ལ་བསྔགས་ཏེ་འཐོར། ཁྱད་པར་རང་གཞུང་ནས་བཤད་པའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླ་ཞིང་། ཐམས་ཅད་ལ་དམིགས་པའི་ཁྱད་པར་ནི། བསྒྲུབ་བྱའི་ལྷ་དེ་དག་ཡིག་འབྲུ་དེ་དག་གི་རྣམ་པར་ལས་མཐུན་གྱི་ཁ་དོག་ཅན་དུ་ནམ་མཁའ་ནས་ཆར་འབབ་པ་བཞིན་དུ་བྱུང་ནས་ཕྲེང་བ་ལ་ཐིམ་པར་བསམ་ལ། ཨོཾ་རུ་ཙི་པྲ་མར་ཏ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱཧཱ། ཞེས་བཟླས་རྗེས་ཤིས་པ་བརྗོད། དེ་ནས་ལས་ལ་སྦྱོར་བའི་ཚེ། ཐོག་མར་འབྲུ་གསུམ་བརྒྱ་རྩ་བརྒྱད་དང་། དེ་ནས་ཨ་དཱི་ཀ་དཱི་དང་རྟེན་སྙིང་། ཕྲེང་བ་བྱིན་རླབས་ཀྱི་སྔགས་ཉེར་གཅིག་ལ་སོགས་བཟླས་རྗེས་བཟླས་པ་གང་ཡིན་ལ་འཇུག་པར་གསུངས་ཤིང་། དེ་དག་རྣམས་གཞུང་གི་དགོངས་པ་འཁྲུལ་མེད་དུ་བསྡེབས་པ་ཡིན་ནོ། །དེ་ལྟར་ཚུལ་བཞིན་བྱས་པའི་ཕྲེང་བ་དེ་ལ་བགྲང་བའི་སྔགས་གང་ཡིན་འབུམ་འགྱུར་དུ་འགྲོ་བར་གསུངས་ཤིང་། གཞན་ཡང་འདི་ཉིད་ལས། སྐབས་སྐབས་རབ་གནས་བསྐྱར་ན་བཟང༔ ཞེས་གསུངས་པ་ལྟར། སྐབས་སུ་བྱིན་རླབས་བསྐྱར་བ་ཡང་མན་ངག་ཡིན་ནོ། །ཞེས་གསུངས་པ་ལྟར་ཐུན་མགོར་ཕྲེང་བ་བྱིན་རླབས་འདི་ལྟར་བྱའོ། །བགྲང་ཚུལ་ཡང་། དྲག་འདུལ་གནམ་ལྕགས་འཁོར་ལོ་ལས། བགྲང་ཕྲེང་སྣ་ཚོགས་ཕྲེང་ཐག་ལུ་གུ་རྒྱུད༔ མཐེ་བོང་ཛཿལས་འོད་ཟེར་ལྕགས་ཀྱུ་ཡིས༔ ལྷ་ཉིད་དགུག་ཅིང་ལྟེ་བ་སྙིང་གར་བསྐྱིལ༔ ཞེས་དང་། ཨོ་རྒྱན་ཆེན་པོས། ཞི་བ་ལ་ནི་སྙིང་གར་བགྲང༔ རྒྱས་པ་ལྟེ་བའི་ཐད་དུ་སྟེ༔ དབང་ལ་ཕྲེང་བ་གསང་གནས་ཐད༔ དགུག་པའི་འདུན་པས་འདྲེན་པར་བྱ༔ དྲག་པོར་སྐྱིལ་ཀྲུང་བསྣོལ་མཚམས་ཀྱི༔ པུས་མོའི་སྟེང་དུ་བགྲང་བར་བཤད༔ སྣ་ཚོགས་ལས་ལ་གང་བདེར་བྱ༔ ཞེས་དང་། ཞི་བའི་སྔགས་རྣམས་འདྲེན་པའི་དུས༔ མཛུབ་མོའི་སྟེང་ནས་འདྲེན་པར་བྱ༔ དེ་བཞིན་རྒྱས་པ་གུང་མོའི་སྟེང༔ དབང་ལ་སྲིན་ལག་དྲག་པོ་ལ༔ མཐེའུ་ཆུང་སྟེང་ནས་འདྲེན་པ་སྟེ༔ ཀུན་ཀྱང་གཡོན་པ་ཀུན་ཉིད་དེ༔ གཡས་ཀྱི་ལག་པས་མི་འདྲེན་ཞིང༔ ཞེས་དང་། སྐབས་འགར་ལག་པ་གཉིས་ཀས་མཉམ་དུ་འདྲེན་པ་དང་། དྲག་པོ་ལ་གཡས་པའི་མཐེབ་སྲིན་གྱིས་བགྲང་བ་དང་ཟློག་སྔགས་ལྟ་བུ་ལ་ཕྱིར་འཕེན་གྱིས་བགྲང་ཚུལ་ཡང་གསུངས་སོ། །ལས་བཞི་སྤྱི་ཁྱབ་ཏུ་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་བཞག་ནས་མཐེ་བོང་ལྕགས་ཀྱུའི་རྣམ་པས་བགྲང་བ་ཉིད་འཇུག་པ་བདེ་ཞིང་ལེགས་པ་ཉིད་དོ། །བཅང་བའི་དམ་ཚིག་ཀྱང་སློབ་དཔོན་ཆེན་པོས། ཚུལ་དང་ལྡན་པའི་ཕྲེང་བ་གཅིག༔ ལུས་དང་གྲིབ་ལྟར་མི་འབྲལ་འགྲོགས༔ ཕྲེང་བའི་དམ་ཚིག་རྩ་བ་ཡིན༔ ཡན་ལག་དམ་ཚིག་མང་བཤད་ཀྱང༔ མདོར་བསྡུས་འདི་ལྟར་ཤེས་པར་བྱ༔ ཕྲེང་བ་གཞན་ལ་མི་བསྟན་ཅིང༔ ལུས་ཀྱི་དྲོད་དང་མ་བྲལ་ན༔ གང་བསྒྲུབ་མྱུར་དུ་འགྲུབ་པར་འགྱུར༔ དེ་བཞིན་གཞན་གྱི་ལག་མི་འགྲིམ༔ ཁྱད་པར་དམ་ཉམས་གྲིབ་ཅན་དང༔ རང་དང་དམ་ཚིག་མི་གཅིག་པའི༔ མི་ཡི་ལག་ཏུ་མི་འགྲིམ་གཅེས༔ བཟླས་པ་བྱེད་དུས་འདྲེན་པ་ལས༔ དུས་མིན་ལག་ལ་འདྲེན་པ་མིན༔ མི་ཡི་བརྩི་སླད་བཤར་མི་བྱ༔ རབ་གནས་མི་ལྡན་ཕྲེང་བ་ནི༔ ནམ་ཡང་བཅང་བར་མི་བྱ་ཞིང༔ རབ་གནས་ལྡན་པའི་ཕྲེང་བ་དེ༔ ལས་གཞན་མི་བྱ་གསང་བར་བྱ༔ ས་ལ་མི་བཞག་ཡལ་མི་དོར༔ ཕྲེང་བ་བསླད་ཅན་ཞེས་བྱ་བ༔ རིགས་མི་མཐུན་རྣམས་བསྡེབ་མི་བྱ༔ ཞེས་གསུངས་ཤིང་། སྔགས་བགྲང་བའི་ཚེ། མི་གཏམ་ཤོར་ན་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆི་མ་དོར་ན་གཅིག་རྣམས་མི་བརྩི་བར་སྔགས་རིགས་པ་རྣམས་གསུངས་སོ། །དེ་ཡང་དང་པོ་ལྷར་སྣང་གསལ་བ། དེ་ནས་སྔགས་ཕྲེང་གསལ་བ། དེ་ནས་འཕྲོ་འདུ་བྱ་བ་སོགས་སྔ་མ་སྔ་མ་རྣམས་ལ་གསལ་སྣང་གི་བརྟན་པ་མ་ཐོབ་བར་ཕྱི་མ་ཕྱི་མ་རྣམས་མི་བྱ་བར་གནད་ཆེའོ། །དེ་ནས་ཐུན་བསྡུ་བ་ནི་བསྙེན་པའི་ལྷག་ཆད་ཁ་སྐོང་ཕྱིར། དབྱངས་གསལ། ཡིག་བརྒྱ། ཡེ་དྷར་བཅས་ལན་གསུམ་རེ་བཟླས་མཐར་མཆོད་བསྟོད་བྱ་སྟེ། སྒོམ་དོན་ནི་སྔར་བཤད་པ་ལྟར་དང་། དེ་ཡང་མ་ཧཱ་སྒོམ་ཁོག་ལས། སྐུ་བསྐྱེད་རིམ་ལྷག་ཆད་ཀཱ་ལིས་བསྐང་། །གསུང་སྔགས་ཚིག་ལྷག་ཆད་ཨཱ་ལིས་བསྐང་། །ཐུགས་འཕྲོ་འདུའི་ལྷག་ཆད་ཡིག་བརྒྱས་བསྐང་། །ཞེས་དང་། བླ་མ་དགོངས་འདུས་ལས། ཨོཾ་གྱིས་མགོ་དྲངས་པའི་དབྱངས་གསལ་གྱི་མཐརཿ འགྲུབ་པར་གྱུར་ཅིག་སྭཱ་ཧཱ་ཞེས་བརྗོད་པས་ལྷག་ཆད་ཁ་སྐོང་ཞིང་མྱུར་དུ་འགྲུབ་པ་དང་བྱིན་རླབས་ཆེ་བར་གསུངས་སོ། །དེ་ཡང་སྒྲུབ་པའི་སྐབས་སུ་ལྟས་བཟང་བྱུང་ན་དེ་མ་ཐག་ཏུ་དངོས་གྲུབ་མ་བླང་ན་ཡལ་ཉེན་ཡོད་པས་བཟླས་པའི་རྗེས་འབྲེལ་དུ་སྐབས་འདིར་རྒྱུན་གྱི་དངོས་གྲུབ་བླངས་དགོས་པར་གཞུང་དུ་མ་ནས་གསུངས་ཤིང་མཐར་ཕྱིན་པའི་ཚེ་ཐོ་རངས་སྐྱ་རེངས་ཤར་དུས་ལྷག་པར་ངེས་པར་དངོས་གྲུབ་བླང་ངོ་། །འདིའི་སྒོམ་དོན་ནི་འོག་ནས་འཆད་དོ། །དེ་ནས་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། བཟོད་གསོལ་ནི་བདག་ཅག་གིས་མི་ཤེས་པ་དང་བག་མེད་པ་སོགས་ལས་དང་པོ་བའི་དབང་གིས། ཏིང་ངེ་འཛིན་མ་གསལ་བ་དང་། བཟླས་བརྗོད་གྲངས་ཉུང་བ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ། མཆོད་རྫས་ཡོ་བྱད་མ་འབྱོར་ཞིང་ལེ་ལོས་གཡེང་བ་སོགས། གསང་སྔགས་ཟབ་མོའི་ཆོ་ག་སྤྱད་ཉེས་པར་གྱུར་པའི་འགལ་འཁྲུལ་ཐམས་ཅད་གནོང་ཞིང་འགྱོད་པ་དྲག་པོས་བཤགས་པར་བགྱི་ན་བཟོད་པར་མཛད་དེ་ཚངས་པ་དམ་པ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པ་བཟླས་པས་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་བསམ་མོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། སྒྲུབ་པའི་སྐབས་ལྟ་བུ་མདུན་བསྐྱེད་ཡོད་ཚེ་མདུན་གྱི་ཡེ་ཤེས་པ་རྣམས་ནི། རྟེན་ཡོད་ན་དེ་ལ་བརྟན་བཞུགས་བྱ། མེད་ན་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ་ནས་དམ་ཚིག་པ་ཐམས་ཅད་བདག་བསྐྱེད་ལ་བསྡུ། བདག་བསྐྱེད་ཁོ་ནའི་དུས་སུ་བདག་གི་ཡེ་ཤེས་པ་ནི་ནམ་ཡང་གཤེགས་པ་མ་ཡིན་པས། ཉེར་བསྡུའི་ཚིག་གིས་གསལ་གདབ་སྟེ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་ཡང་མཐའ་ནས་རིམ་གྱིས་ཚུར་འདུས་ཏེ་འཁོར་གྱི་ལྷ་ཚོགས་ལ་ཐིམ། འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་རིམ་བཞིན་སྔགས་འཁོར་དང་ཏིང་འཛིན་སེམས་དཔའ་ཐུགས་སྲོག་ས་བོན་ལ་ཐིམ་པར་བསམ་སྟེ། དེ་ལ་སེམས་བཟུང་ཞིང་། དེ་ཇེ་ཕྲར་གྱེན་རྫོགས་ནཱ་དའི་བར་ཡལ་བས་དམིགས་པ་མེད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་ཇི་གནས་སུ་མཉམ་པར་བཞག་པས་རྟག་མཐའ་བསལ་ལོ། །ཡང་ན་འཇའ་ཚོན་ནམ་མཁར་ཡལ་བ་ལྟར་འཇའ་ཡལ་ལམ། གང་ལྟར་བསྡུས་ཀྱང་འདྲ་སྟེ། སྔ་མ་ལ་རྗེས་གཞིག་དང་། ཕྱི་མ་ལ་རིལ་འཛིན་ཟེར་བ་ཡིན་པས། ལས་དང་པོའི་ཚེ་སྔ་མ་ལྟར་རྗེས་གཞིག་བྱེད་པ་གལ་ཆེ་བར་གསུངས་སོ། །དེ་ལྟར་ཡང་ཆོས་དབྱིངས་ལས་བསྐྱེད། ཆོས་དབྱིངས་ལ་གནས་ལོངས་སྤྱོད། ཆོས་དབྱིངས་སུ་ཐིམ་པས་ན་སྣང་སྟོང་འགལ་མེད་ཀྱི་དོན་ལ་ངེས་ཤེས་འདྲོངས་དགོས་པ་ཡིན་ནོ། །དེ་ཡང་ཀུན་མཁྱེན་ཆེན་པོས། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོག་པ་སྟེ། །རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤངས། །གང་ལའང་སྣང་སྟོང་བདེན་ཞེན་མེད་པ་ནི། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །ཞེས་པ་ལྟར། སྣོད་བཅུད་རང་མཚན་དུ་འཛིན་པ་ཐ་མལ་གྱི་ཞེན་རྟོག་གི་གཉེན་པོ། ལྷར་སྣང་སྒྱུ་མའི་སྣང་ཞེན་དེ་འོད་གསལ་གྱི་དབྱིངས་སུ་བསྡུ་བ་ལ་རྫོགས་རིམ་ཞེས་བྱ་སྟེ། འཆི་སྲིད་ཆོས་སྐུར་སྦྱོང་བའི་ཉམས་ལེན་གྱི་གནད་ཡིན་པས་འདོར་དུ་མི་རུང་ངོ་། །དེ་ནས་དེ་ལས་ལྡང་བ་ནི། བསྡུ་ལྡང་འདི་རྒྱུད་སྡེ་འོག་མ་གསུམ་ལ་མེད། རྩ་སྔགས་ཚར་གཅིག་བརྗོད་པའི་རྐྱེན་གྱིས་རྗེས་ཐོབ་སྒྱུ་མའི་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣམ་པར་ལྡང་བས་ཆད་མཐའ་བསལ་ནས་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་མཚན་པས་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་རློབས། ཡང་སྐབས་འགར་སྤྱི་བོར་ཧཾ་བཀོད་ལ་དེ་ཞུ་བའི་རྒྱ་གྲམ་གྱིས་གོ་བགོ མཛུབ་རྩེ་ལ་ཁྲོ་བོ་གཉིས་བསྐྱེད་དེ་ལུས་སྲུང་། དབུ་རྒྱན་དང་ཅོད་པཎ་བཅིང་སྟེ་ཤིན་ཏུ་བརྟན་པར་བྱ་བའང་གསུངས། གང་ལྟར་ཡང་སྲུང་བའི་འཁོར་ལོ་གསལ་གདབ་པ་ནས། བསྔོ་སྨོན་བཀྲ་ཤིས་ཀྱི་བར་བྱའོ། །དེ་ཡང་བསྐྱེད་རིམ་སྐབས་འདིར་གཞལ་ཡས་ཁང་གདན་བཅས་ཐམས་ཅད་རང་གི་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེའི་བཞུགས་ཚུལ་དང་བསྟུན་ཏེ་གཞི་འབྲས་ཀྱི་དག་པ་སྦྱོར་ཚུལ་མ་འཁྲུལ་བར་ཉམས་སུ་བླངས་པས། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་རྣམས་རྒྱུད་ལ་སྐྱེ་བའི་དགེ་རྩ་རྣམས་ཡོངས་སུ་སྨིན་པར་འགྱུར་བ་སྟེ་གཞི་འདིང་བ་ཡིན་པས། དམིགས་རྣམ་རེ་རེ་བཞིན། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་རྣམས་སོ་སོར་ངེས་པར་བྱས་ནས། དག་རྫོགས་སྨིན་གསུམ་སྦྱོར་ཤེས་པ་ནི་གལ་ཆེ་ཡང་། དེ་དག་ཞིབ་པར་ནི་གཞན་ནས་ཤེས་པར་བྱའོ། །
གཉིས་པ་རྗེས་ཐོབ་ཀྱི་རྣལ་འབྱོར་ནི་སྔར་གྱི་ས་བཅད་བདུན་པ་ལྷ་ལམ་དུ་ཁྱེར་བ་ཉིད་ཡིན་ཏེ། དེ་ཡང་ཇི་སྐད་དུ། རྗེས་ཐོབ་སྒྱུ་མ་སྨིག་རྒྱུ་དང་། །རྨི་ལམ་གཟུགས་བརྙན་ཆུ་ཟླ་བཞིན། །མིག་ཡོར་བྲག་ཆ་དྲི་ཟའི་གྲོང་། །ཆུ་བུར་སྤྲུལ་བ་ཇི་བཞིན་སྤྱོད། །ཅེས་ཤེས་བྱ་བཅུ་དང་། བླ་མ་ཡི་དམ་མི་སྤང་ཞིང་། །བླང་དོར་མ་ནོར་ཏིང་ངེ་འཛིན། །སྒོམ་དོན་སྤྱོད་པ་གསང་དང་དྲུག །བསྐྱེད་པའི་རིམ་པའི་དམ་ཚིག་ཡིན། །ཞེས་དམ་ཚིག་གི་གནས་དྲུག་སྟེ། དེ་དག་ལ་བླང་དོར་མ་ནོར་བར་བྱ་བ་དང་། གཞན་ཡང་གདན་གསུམ་ལྷའི་དཀྱིལ་འཁོར་དུ་ཤེས་པས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བར་དག་སྣང་ལ་བསླབ་པར་བྱའོ། །གདན་གསུམ་ནི་རྒྱུ་དུས་ཀྱི་ཕུང་པོ་ལྔ་དང་། འབྱུང་བ་ལྔ་ནི་འབྲས་དུས་ཀྱི་རིགས་ལྔ་ཡབ་ཡུམ་བཅུ་སྟེ། ཕུང་ཁམས་གཤེགས་པ་གཤེགས་མའི་གདན་དང་། མིག་རྣ་བ་སྣ་ལྕེ་བཞིའི་རྣམ་ཤེས་དག་པ་ས་སྙིང་། ནམ་སྙིང་། སྤྱན་གཟིགས། ཕྱག་ན་རྡོ་རྗེ་སྟེ་ནང་གི་སེམས་དཔའ་བཞི་དང་། དེའི་དབང་པོ་བཞི་དག་པ་བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ་ཏེ་ཕྱི་སེམས་བཞི་དང་། གཟུགས་སྒྲ་དྲི་རོ་སྟེ་ཡུལ་བཞི་དག་པ་སྒེག་ཕྲེང་གླུ་གར་ཏེ་སྒེག་བཞི་དང་། འདས་མ་འོངས་ད་ལྟ་མ་ངེས་པ་སྟེ་དུས་བཞི་དག་པ། པུཥྤེ་མ་སོགས་ནང་སྒེག་བཞི་སྟེ་སྐྱེ་མཆེད་སེམས་དཔའ་སེམས་མའི་གདན་དང་། ལུས་ཀྱི་རྣམ་ཤེས་དབང་པོ་རེག་བྱ་རེག་ཤེས་བཞི་དག་པ། གཤིན་རྗེ་གཤེད་སྟོབས་པོ་ཆེ། རྟ་མགྲིན་བདུད་རྩི་འཁྱིལ་བ་སྟེ་སྒོ་བ་བཞི་དང་། རྟག་ཆད་བདག་མཚན་བཞི་དག་པ་ལྕགས་ཀྱུ་མ་སོགས་ཡུམ་བཞི་སྟེ། ལུས་དབང་ངམ་ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་ཞེས་ལྷ་སོ་བཞིའོ། །གདན་ཞེས་པའང་འོག་གི་གདན་ལྟ་བུ་མ་ཡིན་པར། ལྷ་ཐམས་ཅད་གདན་འཛོམ་པའི་དོན་ཡིན་ཞེས་པདྨ་ཕྲིན་ལས་གསུངས་སོ། །སེམས་དཔའ་སེམས་མ་དེ་དག་ཀྱང་དག་འབྲས་ཀྱི་ངོས་ནས་བཞག་པའི་སངས་རྒྱས་ཡིན་གྱི། ས་བཅུའི་བྱང་སེམས་ལྟ་བུ་ལ་འཁྲུལ་བར་མི་བྱའོ། །དེ་ལྟར་ཐུན་མཚམས་ཀྱི་བྱ་བར་འགྲོ་འདུག་ཟ་འཆག་གི་སྤྱོད་ལམ་གང་གི་ཚེ་ཡང་ང་རྒྱལ་དང་མ་བྲལ་བའི་སྒོ་ནས། ཞིང་སྦྱོང་བ་དང་། འདོད་ཡོན་ཚོགས་སུ་བསྒྱུར་བ་དང་། ཕྱག་སྐོར་བཟླས་པ་སོགས་ཆོས་སྤྱོད་བཅུའི་བྱ་བ་དང་སེམས་ཅན་གྱི་རྒྱུད་སྨིན་པ་སོགས་ཀྱི་ཐབས་སུ་གང་འགྱུར་བྱ་བ་ལས་སྒོ་གསུམ་ཐ་མལ་དུ་མ་ཤོར་བ་བྱ་དགོས་ཏེ། ཐུན་མཚམས་རྣམས་སུ་རྣམ་རྟོག་རྒྱ་འབྱམས་སུ་ཤོར་ན་ཐུན་ཡང་ལད་འགྲོ་ཞིང་། ཐུན་མཚམས་སུ་ངེས་འབྱུང་སྐྱོ་ཤས་སོགས་བསྐྱེད་དེ། ཐུན་ལ་འཇུག་ཁར་ཤེས་པ་སྐྱོ་ཆད་དེ་ཡོད་ན་ཐུན་དེ་ཡང་གོ་ཆོད་ངེས་ཤིག་འོང་ཞིང་། དེས་སྤྲོ་བ་སྐྱེས་ནས་ཐུན་རྗེས་མ་རྣམས་ཀྱང་རིམ་པས་ཡོན་ཏན་ཡར་ལྡན་དུ་འགྲོ་བར་གསུངས་སོ། །གཞན་ཡང་ཟས་གོས་སྤྱོད་ལམ་སོགས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཡང་། དྷརྨ་ཤྲཱིས་ནང་གི་ཆོས་སྤྱོད་ལས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ནས་ཐུན་གཞན་རྣམས་ཀྱི་ཚེ་ཡང་། ཚོགས་ཞིང་རྣམས་སྲུང་འཁོར་གྱི་ནང་གི་ནམ་མཁར་སྤྱན་དྲངས་ཤིང་། གསོལ་འདེབས། སྐྱབས་སེམས་ནས་བཟུང་མཇུག་བསྡུ་ལྡང་སོགས་དང་བསྔོ་སྨོན་བཀྲ་ཤིས་ཀྱི་བར་དཀྱུས་བཞིན་བྱའོ། །བསྙེན་ཡིག་ཁ་ཅིག་ལས། ཐུན་ཕྱི་མ་རྣམས་ལ་བགེགས་བསྐྲད་སྲུང་འཁོར་སོགས་དོར་ནས། མཆོད་པ་བྱིན་རླབས་ནས་འཇུག་པ་དང་། ཐུན་མཐར་བསྡུ་རིམ་མི་བྱེད་པའམ། བྱེད་ཀྱང་སྲོད་ཐུན་གྱི་མཐའ་ལས་མི་བྱེད་པ་སོགས་ཡོད་ཀྱང་། འདི་ལྟར་བྱས་ན་ལེགས་ཏེ། རྒྱུ་མཚན་བསྙེན་པའི་སྐབས་འདིར་བསྐྱེད་རིམ་གྱི་ཆོ་ག་སྐྱེ་འཆི་བར་དོ་གསུམ་སྦྱོང་བའི་གདམས་པ་ཆ་ཚང་ལ་བློ་སྦྱོང་བའི་ཕྱིར། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སོགས་བསོད་ནམས་ཀྱི་ཚོགས་དང་། སྭ་བྷཱ་ཝས་སྟོང་པར་སྦྱངས་པ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཀྱི་རང་འབྲས་ཟུང་འཇུག་གི་བསྐྱེད་རིམ་ལྷའི་ཕྱག་རྒྱར་སྨིན་ཚུལ་ལྟར་སློབ་དགོས་པ་དང་། ཐུན་མཚམས་ཀྱི་ཉུ་ལེ་སྐྲོད་པ་དང་བར་ཆད་སྲུང་བ་སོགས་ཀྱི་དགོས་པ་ཡོད་པར་གསུངས་སོ། །རྒྱུན་དུ་གཞི་བགེགས་ཀྱི་གཏོར་མ་བསྔོ་རྒྱུ་ཡོད་ན་སྔ་ཐུན་གྱི་མགོར་བྱ། མེད་ཀྱང་ཆད་སྐྱོན་དུ་མི་འགྱུར། སྲོད་ཐུན་ལ་གཏོར་བསྔོ་དང་། ཚོགས་བསྐང་རྒྱས་བསྡུས་འཚམས་པ་རེ་གཏོང་། སྤྱིར་ཚོགས་སྐོང་གི་དུས་གནད་སྲོད་དང་མཚན་མོའི་ཆ་ངེས་པར་ཡིན་པས་དེ་ལྟར་བྱ་བའམ། སྟབས་བདེ་བ་སོགས་ཀྱིས་ཕྱི་དྲོའི་ཐུན་ལ་བྱས་ཀྱང་འགལ་བ་མེད་དོ། །གལ་ཏེ་རྒྱུན་པར་མ་འཛོམ་ན་ཡང་བསྙེན་པའི་ཐོག་མཐའ་དང་། དུས་ཆེན་རྣམས་སུ་བྱས་པས་འཐུས་སོ། །ཆད་བརྟན་ནི་རྒྱུན་པར་མེད་ཀྱང་རུང་ངོ་། །གང་ལྟར་ཡང་སྲོད་ཐུན་གྱི་རྗེས་སུ་ཀུ་སུ་ལུའི་ཚོགས་བསགས་ཀྱི་མཐར། ཉལ་བའི་རྣལ་འབྱོར་ནི། མགོ་བྱང་ཁ་ནུབ་རྒྱབ་ཤར་དུ་བསྟན་ཏེ། གཞོགས་གཡས་པ་འོག་ཏུ་བསྟན་ལ་ལག་གཡས་འགྲམ་འོག་ཏུ་བཅུག་སྟེ་སྲིན་མཛུབ་ཀྱིས་སྣ་བུག་གཡས་པ་དགག །ལག་གཡོན་བརླ་སྟེང་བརྐྱང་པ་སེངྒེའི་ཉལ་སྟབས་བྱས་ཏེ། དགེ་བའི་བྱ་བ་ལ་སྣང་བ་དང་ལྡང་བའི་འདུ་ཤེས་ཀྱིས། སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་སྙམ་པས་ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་དུ་བློ་བཞག་ནས་ཉལ། ནང་ལྟར་ན་བསྡུ་བྱའི་དཀྱིལ་འཁོར་གསལ་གདབ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་མ་དག་པའི་སྣོད་བཅུད་ཐམས་ཅད་རྟེན་ལ་ཐིམ། དེ་རིམ་བཞིན་ཐུགས་སྲོག་ནཱ་དའི་བར་བསྡུ། དེ་ཡང་མི་དམིགས་པའི་དབྱིངས་སུ་བསྡུ་ལ། བསམ་མེད་ཀྱི་ངང་ནས་གཉིད་ལོག་པར་བྱ་ཞིང་དེར་གཉིད་མ་བྱུང་ན་ཡང་ཡང་བསྐྱར་བས་ཆོག་གོ །གསང་བ་ལྟར་ན་ནམ་གུང་ཤེས་བྱ་བུམ་པར་དྲིལ་བ་ནི་སྙིང་པདྨ་དམར་པོ་འདབ་མ་བཞི་པ་ཅུང་ཟད་ཁ་ཟུམ་པའི་ནང་དུ། ཨ་ཡིག་སྐྱེ་མེད་ཀྱི་དོན་མཚོན་བྱེད་ཀྱི་ཨ་ལ་རིང་ཆ་དང་ཚེག་དྲག་མེད།དཀར་པོ་འོད་འབར་བ་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་སེམས་གཏད་དེ། སྙིང་ཁར་རླུང་ཁ་སྦྱོར་དུ་བཟུང་བ་ལ་ལུས་སྟོད་སྨད་འདུས་པ་ལྟར་མོས་ནས་ཉལ་བའི་རྨི་ལམ་མེད་པར་གཉིད་གསལ་སྟོང་རྣམ་པར་མི་རྟོག་པའི་འོད་གསལ་དུ་འཆར་རོ། །ཞེས་དྷརྨ་ཤྲཱིས་གསུངས་པ་ལྟར་རོ། །དེ་ནས་ཐོར་ཐུན་ལ་བབས་པའི་ཚེ། ནམ་མཁའ་ནས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་དྲིལ་གཡེར་གྱི་སྒྲ་དང་བཅས་ཏེ། འོད་གསལ་ལས་གཟུགས་སྐུར་བཞེངས་ཤིག་པའི་གླུས་བསྐུལ་ཏེ་སད་པར་བསམ་ལ་རྗེས་ཐོབ་ཀྱི་ལྷ་སྐུར་ལྡངས་ནས་རླུང་རོ་བསལ། ཀུན་སློང་གསལ་གདབ། ངག་བྱིན་རླབས་ནས་བླ་མའི་རྣལ་འབྱོར་དབང་བཞི་བླངས་པའི་མཐར་ཐུག་གི་བར་བྱས་རྗེས། ཐོར་ཐུན་དཀྱུས་བཞིན་གཏོང་ངོ་། །ཚུལ་དེ་ལྟ་བུའི་སྒོ་ནས་བསྙེན་པ་མ་ཚར་གྱི་བར་དུ། ཐུན་བཞི་ཁྲིགས་ཆགས་སུ་གཏོང་བ་ཡིན་ནོ། །ཐུན་ཚད་ནི་འཇམ་དཔལ་རྩ་རྒྱུད་ལས། སེ་གོལ་བརྒྱ་ཡི་ཚོགས་དག་ལ། །རྩ་རྒྱུན་གཅིག་ཏུ་བསྟན་པ་ཡིན། །རྩ་རྒྱུན་བཞི་ལ་ཆུ་ཚོད་བསྟན། །ཆུ་ཚོད་བཞི་ལ་ཐུན་ཞེས་བྱ། །ཐུན་བཞི་ལ་ནི་ཉིན་པར་ཏེ། །མཚན་མོ་དག་ཀྱང་དེ་བཞིན་བསྟན། །དེ་ལྟར་བརྒྱད་དང་ལྡན་པ་ལ། །ཉིན་མཚན་དུ་ནི་རབ་ཏུ་བརྟགས། །མིག་གི་འབྱེད་འཛུམ་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟགས། །སྐད་ཅིག་བཅུ་ཞེས་བཤད་པ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟགས། །ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པས་ནི་ཡོངས་སུ་བརྟགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བསྙེན་པའི་ཚད་ལ་གསུམ་སྟེ། གྲངས་བསྙེན་ནི་གྲངས་འདི་ཙམ་ཞིག་བཟླ་སྙམ་པའི་བར་དེ་སྲིད་དམ། གཙོ་བོ་ལ་སྔགས་ཉུང་ན་འབྲུ་འབུམ་དང་། རིང་ན་འབུམ་ཕྲག་གཅིག་སྤྱིར་བཏང་ཡིན་ཞིང་། དམིགས་བསལ་རང་གཞུང་ནས་འབྱུང་བ་ལྟར་དང་། འཁོར་རྣམས་ལ་རྩ་སྔགས་དེའི་བཟླས་གྲངས་ཀྱི་བཅུ་ཆ་རེ་བཟླ་བར་བཤད་དོ། །དུས་བསྙེན་ནི་སྡོམ་འབྱུང་ལས། རྫོགས་ལྡན་དུས་ན་གཅིག་བཟླས་པ། །གསུམ་ལྡན་དུས་ན་ཉིས་འགྱུར་བཀླག །གཉིས་ལྡན་དུས་ན་སུམ་འགྱུར་བཤད། །རྩོད་དུས་བཞི་འགྱུར་དུ་ནི་བཟླ། །ཞེས་དང་། ཡང་ན་ལོ་གཅིག་གམ། ཟླ་བ་དྲུག་དང་གསུམ་སོགས་ཞག་གྲངས་ཇི་ཙམ་པར་བསྙེན་འདོད་པ་ལྟར་རོ། །རྟགས་བསྙེན་ནི་དངོས་ཉམས་རྨི་ལམ་གང་རུང་ལ་འགྲུབ་པའི་རྟགས་མཚན་མ་མཐོང་གི་བར་རོ། །དེ་ལ་རྟགས་མཚན་ཀྱང་རང་གཞུང་ནས་གསུངས་པ་ལྟར་དང་། ཁྱད་པར་དུ་ཨོ་རྒྱན་ཆེན་པོས། ཉམས་དགའ་བག་དྲོ་རིག་པ་དྭངས༔ ཉམས་རྟོགས་འཕེལ་ཞིང་ལུས་སེམས་བདེ༔ ཁྱད་པར་རྗེས་ཀྱི་ཤེས་རྒྱུད་ལ༔ རྟོགས་པ་འཆར་ཞིང་བརྩོན་འགྲུས་ལྡན༔ འཇིག་རྟེན་ཆོས་ལ་བློ་མི་འཇུག༔ ཅེས་སོགས་གསུངས་ཏེ། ངེས་འབྱུང་དང་སྐྱོ་ཤས། དད་མོས་དང་དག་སྣང་། སྙིང་རྗེ་དང་བྱང་སེམས་སོགས་ལམ་གྱི་ཡོན་ཏན་གོང་འཕེལ་དུ་འགྱུར་ཞིང་ཆགས་སྡང་སོགས་ཉོན་མོངས་པ་རྣམས་རིམ་པས་འགྲིབ་པར་འགྱུར་བ་ན། དངོས་ཉམས་རྨི་ལམ་གྱི་རྟགས་གཞན་རྣམས་ཀྱང་ཡང་དག་པ་ཡིན་ཞིང་། དེ་ལས་ལྡོག་པར་འདུག་ན་ཞལ་གཟིགས་དང་ལུང་སྟོན་པ་སོགས་ཀྱང་བདུད་ཀྱིས་བསླུ་བ་ཡིན་པར་གསུངས་པས་ཤེས་པར་བྱ་ཞིང་། རྟགས་ལ་དགའ་སྡུག་དང་། རེ་དོགས་མི་བྱ་བའང་གལ་ཆེའོ། །གཞན་ཡང་པད་སྡོང་བརྩེགས་པའི་རྒྱུད་ལས། དེ་ཕྱིར་ལྷ་དང་བླ་མ་ཉིད༔ གྲུབ་ནས་མཉེས་པར་བྱ་བ་དང༔ མ་མོ་ཌཱ་ཀི་བྲན་ཁོལ་བཅས༔ ཐུགས་དམ་སྐོང་ནས་ལས་ལ་སྦྱར༔ ཞེས་གསུངས་པས། གྲུབ་པའི་མཚན་མ་མ་མཐོང་བར་ལས་སྦྱོར་བརྩམས་ཀྱང་དོན་མེད་པའང་ཤེས་པར་བྱའོ། །ཡང་སྲོད་ཐུན་ནམ་ཕྱི་དྲོའི་ཐུན་ལ་སྲུང་མའི་སྐོང་གསོལ་གཏོང་བའི་ཚེ་ནི། བཀའ་སྲུང་རྣམས་གཞལ་ཡས་ཁང་གི་ཕྱི་སྐོར་དུ་བསྐྱེད་པའམ། ཡང་ན་རང་ཉིད་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀར་གསལ་ཞིང་ཕྱིའི་འཁོར་ཡུག་གི་དུར་ཁྲོད་དུ་འཁོད་པས་མདུན་མཁར་བཀའ་སྲུང་རྣམས་བསྐྱེད་ཅིང་གསོལ་མཆོད་བྱ། ཆད་བརྟན་གྱི་དུས་སུ་ཡང་དེ་ལྟར་རོ། །ཆོས་སྐྱོང་གི་རྗེས་ཆོག་ནི་ཐུན་གཏོར་ཕུལ་མཐར་གཤེགས་བསྡུ་བྱས་ཀྱང་ཆོག་ལ། ཆོ་གའི་མཇུག་ཆོག་གིས་འཐུས་རྒྱུ་བྱས་ཀྱང་རུང་ངོ་། །དེ་ལྟར་ཡང་སྡོམ་པའི་རྒྱུད་ལས། དེ་ལྟ་བུ་ཡི་དུར་ཁྲོད་དུ། །གནོད་སྦྱིན་རོ་ལངས་སྲིན་པོ་དང་། །ཧེ་རུ་ཀ་ཡི་གཟུགས་བསྒོམས་ནས། །དེར་ནི་གཏོར་མ་སྦྱིན་པ་སྟེ། །ཞེས་དང་། དུས་ནི་མངོན་བརྗོད་ལས། ཆོ་ག་འདི་ཡི་རིམ་པ་ཡིས། །ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་དང་། ལྷོ་ཕྱོགས་ཁ་བལྟས་གནས་པ་ཡིས། །མཚན་ཕྱེད་དུས་སུ་གཏོར་མ་སྦྱིན། །ཞེས་སོ། །དེ་ཚེ་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ། བསད་པ་ལས་ཀྱི་གཏོར་མ་ནི་ཞལ་དུ་བསྟབས་པས་ཆོམ་ཆོམ་དུ་གསོལ་བ་ཡིན་གྱི་འོད་ཀྱི་སྦུ་གུ་ལས་འདྲེན་པ་མ་ཡིན་ནོ། །ཐུན་བར་དུ་འབུལ་པ་ཡིན་ན་ནི་ཐུན་མཚམས་ཀྱི་ལྷ་དེས་ཆོག་གོ །གཏོར་མ་རྣམས་གཏོང་དུས་གྲལ་ལས་ཅུང་ཟད་བསྒུལ་ལམ་སྐྱོད་དེ། མཐར་སློབ་དཔོན་གྱིས་ལག་པས་བཏེགས་པའི་བརྡའ་བྱ་ཞིང་མེ་ཏོག་འཐོར་ནས་སྒྲུབ་ཁང་གི་ཡང་ཐོག་གམ་ཕྱི་རོལ་བྱང་ཤར་དུ་གཏོར་སྟེགས་ལ་འཇིག་འདས་ཀྱི་ཁྱད་པར་ལྟར་ཞལ་ཕྱིར་བསྟན་ནམ་གཙོ་ཆེར་ནང་བསྟན་གང་འོས་ཀྱིས་འབུལ་ལོ། །མངོན་སྤྱོད་དུས་ཟོར་དུ་འཕེན་ཚུལ་མན་ངག་ལྟར་རོ། །ཁྱད་པར་དུ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་གསང་ལམ་མཐར་ཐུག་པའི་ཐབས་མཁས་ལ་བརྟེན་ནས་ཚོགས་གཉིས་མྱུར་དུ་འདུམ་པར་འདོད་པས་ཉེ་བར་བརྩམ་པའི་ཡན་ལག་ཁྱད་པར་ཅན་ནི་ཚོགས་ཀྱི་འཁོར་ལོ་སྟེ། དེ་ལ་གང་འཚོགས་པའི་དབྱེ་བ་ནི། སྒྱུ་དྲའི་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་འདུས་པ་ཐབས་ཤེས་མ་འབྲེལ་ན་དཔའ་བོ་དཔའ་མོའི་སྟོན་མོར་གྲགས་ཤིང་རྗེས་མཐུན་ཙམ་ཡེ་རྒྱ་ལ་བརྟེན་པའི་ཐབས་ཤེས་གྲངས་མཉམ་པ་ཙམ་ལ་བྱའོ། །དེ་ལྟར་ཡང་ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དམ་པ་འདུས་པ་ནི་སྐལ་ལྡན་མི་ཡི་ཚོགས། བཟའ་བཏུང་གོས་རྒྱན་བྲོ་གར་གླུ་ཚིག་སྦྱོར་སྒྲོལ་གྱི་ཡོ་བྱད་ལྔ་ལ་སོགས་པ་ཚོགས་པ་ནི། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། རྟེན་དང་བརྟེན་པར་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྲུང་མ་དང་བཅས་པ་དངོས་གྲུབ་ཀྱི་རྟེན་དུ་གཟུགས་བརྙན་བཀོད་ཅིང་སྒོམ་པ་ནི་དགྱེས་ལྡན་ལྷའི་ཚོགས་ཏེ་གསུམ་གྱི་སྟེང་དུ། དེ་དག་ལ་མ་འགག་པར་སྤྱད་པས་བསོད་ནམས་དང་། སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ནི་ཚོགས་ཆེན་པོ་སྟེ་བསྣན་པས་བཞིའོ། །དེ་ནས་དམ་སེལ་མེད་པའི་འདུས་པ་རྡོ་རྗེའི་མཆེད་ལྕམ་རྣམས་ཀྱང་། ཤགས་དང་ཀུ་ཅོ་སོགས་བག་མེད་པ་སྤངས་ལ་རིག་པ་བརྟུལ་ཞུགས་ཀྱི་ཉམས་དང་ལྡན་པས། གྲལ་ཕྱག་དཀྱིལ་འཁོར་དང་ཚུལ་ཕྱག་ནི་རྒན་པ་ལ་སྔོན་དུ་འགྲོ་བས་གདན་ལ་འཁོད་ཅིང་། ཀུན་འདུས་ལས། ཁ་ན་མ་ཐོར་བཅས་པ་དང་། །ཉམས་པ་ལས་བྱུང་ཉེས་དང་བཅས། །མ་དག་པ་ཡི་ཡོ་བྱད་རྣམས། །གདུག་ཅན་འཕང་དུ་འོང་བ་ལྟར། །ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །སྐལ་བར་བཤུགས་ཏེ་སྤང་བར་བྱ། །ཞེས་པས། ཚོགས་རྫས་སུ་མི་འོས་པ་ལོག་འཚོ་སོགས་ཀྱི་རིགས་དང་མ་དག་པའི་ཡོ་བྱད་རྣམས་སྤངས་ཤིང་། ཚོགས་མ་མཆོད་གོང་ནས་ཟ་ཤོར་བ་ལྟ་བུ་ཕུད་ཉམས་པ་དང་། ལྷག་མར་ཕྲི་བ་ལ་ཚོགས་ཀྱི་སྤྱང་ཀི་ཞེས་གསུངས་པས་བླང་དོར་མ་འཛོལ་བར་བྱ། ཤ་ལྔ་དང་བདུད་རྩི་ལྔའམ། ཤ་ཆང་ནི་མེད་དུ་མི་རུང་བས་ཅི་འབྱོར་བསགས། གཞན་ཡང་གལ་པོ་ལས། རྡོ་རྗེ་ཚེ་དང་གལ་ཕྱིས་དང་། །འཇམ་དེས་ཟླ་ཕྲམ་ཟླ་རྒྱས་དང་། ཚེ་ཁྲིད་ཛ་གད་ཛ་གྲི་དང་། །བྲན་མོ་ཤམ་མོ་ཀུན་ཏུ་རྒྱུ། །ཨ་མྲ་རྒུན་འབྲུམ་ཨ་ག་རུ། །ན་ལིང་གེ་རྒྱས་ལ་སོགས་དྲངས། །ཞེས་གསང་བའི་མིང་ནས་སྨོས་པ་རྣམས་ཀྱང་། སྣང་བ་ཐབས་ཆེན་ཚེ་མཆོག་དང་། །སྟོང་པ་ཤེས་རབ་གལ་ཆེན་པོ། །གཉིས་མེད་མཐུན་སྡེབ་ཐུགས་ཀྱི་རྫས། །ཞེས་ཚེ་ནི་འབྲས་ཕྱེ་སོགས་དང་། གལ་ནི་ཆང་སོགས། མཐུན་སྡེབས་ནི་དེ་གཉིས་ཀྱིས་ཟན་དུ་བྱས་པའོ། །ཡང་ན་རྡོ་རྗེ་ཚེ་སྟེ་ཟན། གལ་ཕྱིས་ཏེ་སྤོད་སྣ་ཚོགས་ཀྱི་གཡོས། གཞན་འཇམ་དེས་སམ་ཟླ་བ་དཀར་བ་ནི་འོ་མའམ། ཡང་ན་མར་ཟླ་ཕྲོམ་ཀྱང་མར་རམ་ཡང་ན་ཐུད་དང་ཁྲུམ། ཟླ་རྒྱས་ཞོ་དང་འཁུར་བ། ཚེ་ཁྲི་སྐྱུར་པོ། མ་དཱ་ནའམ། དཔའ་བྱེད་དང་། ཛ་གད་ནི་ཆང་། བ་ལའམ། ཛ་ཀྲི་དང་། མཾ་ས་ནི་ཤ བྲན་མོ་ཚོད་མ། ཤམ་མོ་སེང་པོ། ཀུན་ཏུ་རྒྱུ་ཚྭ། གཡོན་ཅན་སྒོག་པ། ཨ་མྲ་མི་ཤ། རྒུན་འབྲུམ་གླང་ཤ ཨ་ག་རུ་རྟ་ཤ ན་ལི་བ་གླང་ཤ གེ་རྒྱས་ཁྱི་ཤ་རྣམས་སོ། །མདོར་ན་ཤོ་མང་ཤིང་ཏོག་སོགས་བཟའ་བཅའ་བཏུང་བའི་རིགས་ཐམས་ཅད་ལས་ཅི་འབྱོར་བསགས་ལ། དེ་ཡང་ཇོ་བོ་རྗེས་བོད་ལ་བསོད་ནམས་མི་འོང་གཏོར་ཟན་སླ་མོ་བྱེད་པར་འདུག །ཅེས་གསུངས་པ་ལྟར། ཚོགས་ཟན་དེ་ཡང་རང་གི་ཟ་ཚོད་རན་པ་ཙམ་ལས་སླ་མོ་བྱ་མི་རུང་བར་གསུངས་ཤིང་ཚོགས་རྫས་རྣམས་སྒྲེ་བོར་མི་འཇོག་ཅིང་། ཚོགས་གདན་ཞིང་ངམ་གཅན་གཟན་གྱི་ལྤགས་པའམ་བྲིས་པའི་ཁར་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་སོགས་སུ། བཟའ་བ་གཡས་དང་། བཏུང་བ་གཡོན་དུ་བཤམས་ཏེ། ཚོགས་ཆང་བྲན། དེ་ནས་བསང་ཆུའམ། ཆབ་གཙང་གིས་བྲན། དེ་ནས་ནང་མཆོད་ཀྱི་བདུད་རྩི་བྲན་པས་བསང་ལ། བགེགས་བསྐྲད་དེ། ཉེས་སྐྱོན་སྦྱངས་ཤིང་བྱིན་གྱིས་བརླབས་སོ། །འོན་ཀྱང་ཕྱི་མཆོད་རྣམ་ལྔ་དང་། རཀྟ་ལིང་ག་རྣམས་ལ་ནང་མཆོད་མི་འཐོར་བར་གསུངས་སོ། །དེ་ཡང་ཚོགས་ལ་ཆང་ཆུ་བྲན་པ་ནི་སྨིན་གླིང་ཕྱག་བཞེས་ཁུངས་ཐུབ་ཡིན་མོད། དེ་ཀཿཐོག་དགེ་རྩེ་རིན་པོ་ཆེས་ནི་ཆང་ཆུ་ཕལ་བ་བྲན་པ་ནི་དགོས་པ་ཆུང་བར་གསུངས་སོ། །འོན་ཀྱང་རྡོ་བྲག་རིག་འཛིན་རྗེས་དྲི་ཆབ་དང་བདུད་རྩི་ཚོགས་ལ་བྲན་དུས། དྲི་ཆབ་དང་བདུད་རྩི་ལས་ཁྲོ་བོ་རྨེ་བརྩེགས་སོགས་ཀྱི་ཚོགས་སྤྲོས་ཏེ་བགེགས་ཐམས་ཅད་བསྐྲད་པར་བསམ། རྃ་ཡྃ་ཁྃ་གིས་དངོས་པོར་ཞེན་པའི་གཟུང་འཛིན་བག་ཆགས་བསྲེག་གཏོར་བཀྲུ་ཞེས་གསུངས་པ་ལྟར། གསང་བ་ནི་ལས་སྔགས་ཀྱིས་བགེགས་བསལ་བ་དང་སྦྱང་པ་ནི་ཤུནྱ་ཏ་སོགས་སྔགས་ཀྱིས་ཐ་མལ་གྱི་སྣང་ཞེན་སྦྱངས་པའོ། །དེས་མཚོན་ནས་སྤྱིར་གཏོར་མ་སོགས་ལ་སྨན་རག་སྦྲན་པའང་། འབག་བཙོག་སྦྱང་བ་དང་བགེགས་བསལ་བ་དང་། མཆོད་པ་འབུལ་བ་དང་བྱིན་གྱིས་རློབ་པ་དང་། ཆན་ལ་ཕབ་བཏབ་པ་བཞིན་དུ་ཐུགས་དམ་རྒྱུད་བསྐུལ་དུ་འགྱུར་བ་སོགས་དགོས་པ་སྣ་ཚོགས་དང་ལྡན་པ་ཁོ་ནའོ། །ཞེས་འཇིགས་གླིང་གསུངས་སོ། །དེ་ནས་སྣོད་ཉི་ཟླར་བཅུད་ཞལ་ཟས་ལ་འབྲུ་ལྔ་བཀོད་དེ། འབྲུ་གསུམ་སོགས་ཀྱི་སྔགས་རྒྱས་སྦྱངས་སྤེལ་བསྒྱུར་ཏེ་འདོད་ཡོན་གྱི་ཕུང་པོར་བྱིན་གྱིས་བརླབས། དེ་ཡང་འཇིག་རྟེན་ཁམས་ཀྱི་འདོད་ཡོན་གྱི་བཅུད་ཐམས་ཅད་བདག་གི་འོད་ཟེར་གྱིས་བསྡུས་ཏེ་ཚོགས་རྫས་ལ་བསྟིམ་པ་ནི་གནད་ཡིན་པར་གསུངས་སོ། །སྤྱིར་ཚོགས་དང་གཏོར་མ་སོགས་ནི་ཐུན་མཚམས་ཀྱི་ལྷས་ཕུལ་ཀྱང་རུང་ལ། སྲོད་ཐུན་མ་བསྡུས་པར་གཏོང་ན། གཙོ་བོའི་ཐུགས་ཀ་ནས་རང་འདྲ་ལས་ཀྱི་ལྷ་ཐོན་ནས་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་འཁོད་དེ། ཚོགས་དང་གནས་འདྲེན་སོགས་བྱ་བའམ། ཚོགས་ཞིང་སྤྱན་དྲངས་པའང་གཏོར་མ་ལྷར་གསལ་བ་ལ་བསྟིམ་མོ། །ཡང་ན་ལས་ཀྱི་ལྷ་དེ་ཉིད་ཕྱིའི་འཁོར་ཡུག་གི་བྱང་ཤར་གྱི་དུར་ཁྲོད་དུ་འཁོད་ལ། དེར་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་བཅུའི་ཞིང་ནས་སྤྱན་དྲངས་པའི་མགྲོན་ཐབས་ཀྱི་ལྷ། རྩ་གསུམ་སྲུང་མ་དང་བཅས་པའི་ཚོགས་ཞིང་རྣམས་མཁའ་ཁྱབ་ཏུ་སྤྲིན་ཕུང་ལྟར་སད་པར་བསམས་ལ། གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབས། །ཞེས་ཚོགས་ཕུད་རྣམས་ཆ་གསུམ་དུ་སྤྲོ་གསུངས་པ་དང་། ཡང་བཞི་རུ་གསུངས་པའང་སྣང་བས། གང་ལྟར་ཡང་། དང་པོ་ཕུད་མཆོད་ཀྱི་ཚེ། འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བས་མཆོད་སྤྲིན་སྣ་ཚོགས་བསམ་གྱིས་མི་ཁྱབ་པས་ཚོགས་ཞིང་རྣམས་མཆོད་ཅིང་དགྱེས་པ་བསྐྱེད་པས་ཚོགས་གཉིས་རྫོགས་པར་བསམ་མོ། །བར་བ་བཤགས་པའི་ཚེ། ཤ་ལྔ་བདུད་རྩི་ལྔ་སོགས་རྣམ་པ་དམ་ཚིག་གི་རྫས་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཕུལ་ནས། དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་བཤགས་པར་གསོལ་བས་དགྱེས་ཤིང་བརྩེ་བས་དགོངས་ཏེ། ཉེས་ཚོགས་ལྷག་མེད་དུ་བྱང་ནས། ཡེ་ཤེས་ཀྱི་ལྷ་དང་འཁོན་བཅུག་དག་པར་བསམ་མོ། །ཐ་མ་ལིང་ག་ཟུར་བ་མེད་ན་བྱིན་རླབས་ཀྱི་གོང་དུ་བཅད་ན་ནི་དེར་ཟད་ལ། མིན་ན་ཚོགས་ཟན་གྱི་རྒྱབ་ངོས་ནས་བཅད་པ་ཁ་གྱེན་བསྟན་དུ་བཤམས་ལ། དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ཏེ་དགྲ་བགེགས་འགུགས་འཆིང་བསྡོམ་མྱོས་བྱས་མཐར། རྣམ་ཤེས་སྤར་བའི་སྙིགས་མའི་ལུས་རྟེན་ཁྲོ་ཚོགས་ཀྱིས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པར་བསམ་ཞིང་། བདུད་རྩི་བྲན་ལ་བསྟབ་པར་བྱའོ། །ཕུད་བཤགས་བསྒྲལ་བ་གསུམ་གར་བདུད་རྩི་བྲན་ནས་གཏོར་མར་འབུལ་རྒྱུ་ཡིན་ཡང་། སྟབས་མི་བདེ་ན་འབུལ་ཚུལ་དང་མོས་པ་བྱ་ཞིང་མདུན་ཕྱོགས་སུ་གོ་རིམ་ལྟར་བསྒྲིགས་ན་གང་བདེར་བཞག་མཐར་དངོས་གྲུབ་ཏུ་རོལ་པའམ། ཡང་ན་གཙང་ལྷག་ཁར་བསྣན་ནས་ལྷག་གཏོར་དུས་མཆོད་སྲོལ་ཀྱང་སྣང་བས་གང་བདེར་བྱའོ། །ཡང་ཚོགས་ཕུད་ཀྱི་སྔོན་དུ་བསྐང་བ་གཏོང་སྲོལ་སྣང་རུང་། རྡོ་བྲག་རིག་འཛིན་རྗེས་བར་བ་བཤགས་པའི་རྗེས་འབྲེལ་དུ་བསྐང་བ་གཏོང་བར་གསུངས་པ་ལྟར་རམ། ཡང་ན་སྨིན་གླིང་ཕྱག་སྲོལ་ལྟར་སྐབས་འདིར་གཏོང་བ་འཐད་པར་མངོན། དེ་ཡང་ཚོགས་མཆོད་ནི་བཟའ་བཏུང་གི་མགྲོན་ཐབས་ལྟ་བུ་དང་། བསྐང་བ་ནི་དངོས་རྫས་ཀྱི་འབུལ་ནོར་སྟོབ་པའི་ཚུལ་ལྟ་བུ་ཡིན་ཞེས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ། །དེ་ནས་ཆ་བཞི་པ་གནམ་ཕུད་ནི། ཚོགས་རྫས་བཤམས་པར་སྨན་རཀ་བྲན་ལ་གཙང་རིས་ཀྱི་མགོན་པོ་སོགས་ལ་མཆོད་པའམ་ཡང་ན་མགྲོན་རིགས་སྤྱི་ལ་ཐུན་མོང་དུ་དམིགས་པས་ཕྱི་རོལ་དུ་གཙང་སར་འབུལ་ལོ། །དེ་ནི་ཀུན་རྫོབ་དོན་དམ་ཟུང་འཇུག་ཏུ་བསྐང་བའི་དོན་ཡིན་པར་གཏེར་མ་འགའ་ནས་གསུངས་པ་སྣང་ལ། བཀའ་གཏེར་སྤྱིའི་འགྲོས་སུ་ཆ་བཞི་པ་ནི་གཙང་ལྷག་ཟུར་དུ་བཞག་པ་ལ་མཛད་དོ། །གང་ལྟར་ཡང་ཚོགས་ཐ་མའི་རྗེས་སུ་དབང་རབ་གནས་སྦྱིན་སྲེག་སྐོང་བཤགས་སོགས་ལས་རབ་འབྱམས་ཐམས་ཅད་འདིར་བྱ་བར་གསུངས་སོ། །ཆ་ལྔ་པ་ནི། ལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས་རྣམས་བསྣོལ་ཏེ་སློབ་དཔོན་ལ་ཕུལ། སློབ་དཔོན་གྱིས་པད་ཀོར་སྔོན་དུ་འགྲོ་བས་རྩེ་གསུམ་རྒྱས་ལེན་ཅིང་། དེ་ནས་གྲལ་མགོ་ནས་རིམ་པས་འདུས་པ་ཀུན་ལ་བྲིམ། ཐམས་ཅད་ཀྱིས་ཤ་ལྔ་བདུད་རྩི་ལྔར་མོས་བཞིན་ནང་གི་སྦྱིན་སྲེག་གིས་རོལ། དེའི་ཚུལ་ནི་ཁ་ཐབ་ཁུང་། ལྕེ་འཇིག་རྟེན་མེ་ལྷ། ལག་པ་དགང་བླུགས། བཟའ་བཏུང་བསྲེག་རྫས་འདོད་ཡོན་ལྷ་མོས་ལུས་དཀྱིལ་ཞི་ཁྲོའི་ལྷ་ཚོགས་ཚིམ་པ་དྲུག་ལྡན་དུ་མཆོད་ཅིང་། གནས་དྲུག་གི་རིགས་དྲུག་ས་བོན་ཡང་ཚོགས་བདུད་རྩིའི་འོད་ཟེར་གྱིས་སྦྱངས་ཏེ་ལས་རྒྱུན་བཅད་པར་བསམ་ཞིང་སྨོན་ལམ་གདབ། དེ་ནས་འདུས་པ་རྣམས་ཀྱི་ལྷག་རོལ་གསོག་འཇོག་མེད་པར་གྲལ་མཇུག་ནས་ཡར་བསྡུ་ཞིང་། གལ་པོ་ཆེ་ལས། ལྷག་མའི་དཀྱིལ་འཁོར་བྱང་ཤར་མཚམས། །ཞིང་ལྤགས་རཀྟའི་ཟླ་གམ་ཨེ། །ཞེས་པས་དཀྱིལ་འཁོར་གྱི་བྱང་ཤར་རམ་ལྷོ་ནུབ་ཏུ་ཞི་བ་ལ་དྲིའི་མཎྜལ་ཟླུམ་པོ་དང་། ཁྲོ་བོ་ལ་ཞིང་ལྤགས་ལ་ཆོས་འབྱུང་དང་ཟླ་གམ་བྲིས་པའི་ཁར། སྔར་གྱི་ཚོགས་ཕུད་ཆ་བཞི་པ་གཙང་ལྷག་ལ་བསྒྲལ་བའི་ཕྱེད་ཆ་བསྣན་པ་དང་། བཙོག་ལྷག་བཅས་གོང་འོག་གི་ཚུལ་དུ་བཤམས་ལ། ཕུད་ཀྱིས་ཡར་གྱི་གནས་བདུན་མཆོད། དཔལ་ཆེན་པོ་དང་རྣལ་འབྱོར་པའི་བཙོག་ལྷག་གིས་མར་གྱི་གནས་བདུན་མཆོད། ཅེས་གསུངས་པས། ལྷག་མའི་དཀྱིལ་འཁོར་ཕྱི་ཁྱམས་མཐིང་ནག་གྲུ་གསུམ་འབྱམས་ཀླས་པའི་ནང་དུ་གཞལ་ཡས་ཁང་སྒོ་དང་བཅས་པར། རིགས་ལྔ། གནས་ཡུལ། སྒོ་མ་སྟེ་ཡར་གྱི་གནས་བདུན་ཞེས། ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་བསྐྱེད། ལྷག་གཏོར་ཟླ་བ་ལ་གནས་པའི་ཨོཾ་གྱི་འཕྲོ་འདུས་གསང་བའི་ལོངས་སྤྱོད་འདོད་ཡོན་བདུད་རྩིའི་ཕུང་པོར་བརླབ། མཁའ་འགྲོ་གིང་ལང་སོགས་མར་གནས་བདུན་པོར་བཅས་ཏེ་སྙན་གསན་དབབ་ལ་སྤྱུགས་པའི་སྒྲ་དང་འདོད་རྒྱལ་རྒྱས་སྤྱན་དྲངས་ནས་ཕྱི་ཁྱམས་གྲུ་གསུམ་པའི་ནང་དུ་བྱ་ནག་ཐང་ལ་བབས་པ་ལྟར་ཐིབས་ཀྱིས་བྱོན་པར་བསམ། ཧེ་རུ་ཀའི་རྡོ་རྗེའི་ཁྱུང་གཤོག་རྒྱས་ཟིལ་གྱིས་མནན། པདྨའི་སྔགས་རྒྱས་གདན་འབུལ། རྟ་གདོང་གི་སྔགས་རྒྱས་དབང་དུ་བྱ། ཡུལ་གོང་མར་གྱུར་པ་ཞི་ཁྲོའི་ལྷ་ཚོགས་ཀྱི་མགྲོན་རྣམས་རིགས་སོ་སོའི་ཚོམ་བུ་ལྔར་བཞུགས་པ་སྤྱི་ལ་གཙང་ལྷག་རྨད་བྱུང་མཆོད་གཏོར་དུ་འབུལ། སྨན་རཀ་ཀྱང་སྦྲེངས། དང་པོ་ཕུད་ཀྱིས་མི་མཆོད་དུ་ཞི་ཁྲོའི་ལྷ་ཚོགས་ཕུད་ཀྱི་བདག་པོ་ཡིན་པས་ཐོག་མར་མཆོད་དགོས་ལ། ཞེས་གཙང་ལྷག་གིས་ཡར་གྱི་གནས་བདུན་ཆིག་དྲིལ་དུ་མཆོད་པའི་དོན་དང་། བར་དུ་གཉིས་མེད་གཅིག་ཏུ་མི་རོལ་དུ། མ་མོ་མཁའ་འགྲོ་ཚོགས་ལ་དགྱེས་པས་དེ་དང་ལྷན་གཅིག་ཏུ་ཚོགས་ལ་རོལ་བར་བྱ་བ་དང་། ཐ་མ་ལྷག་མས་མི་བསྐང་དུ་ལྷག་མའི་བདག་པོ་རྣམས་མཆོད་པའི་ཕྱིར་ཏེ། དེ་ལྟར་རིམ་པ་གསུམ་དུ་མི་བསྲེ་རྒྱུ། འཇིག་རྟེན་གྱི་ཆོས་ལྟར་རྗེ་དང་འབངས་ཀྱི་ཁྱད་ཆེ་ཕྱིར་དང་། མཐར་གཉིས་མེད་གཅིག་ཏུ་མི་བསྲེ་རྒྱུ་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་འབྲས་དབྱེར་མེད་དུ་གཅིག་པའི་ཕྱིར་རོ། །ཞེས་རྒྱུ་མཚན་བསྒྲགས་པས་ངེས་ཤེས་བསྐྱེད། དེ་ནས་བཙོག་ལྷག་གི་མཆོད་པ་ནི། བྱེ་བྲག་ཕུད་གཏོར་དམེ་གཏོར་དུ་མར་བླུགས་ཏེ་ཕུད་ལྷག་མཚམས་སྦྱར། དེ་ཡང་ཞི་རྒྱས་དབང་གསུམ་ལ་མར་བསྲེ། དྲག་པོ་ལ་ཡར་བསྲེ་ཞེས་ཀྱང་གསུངས་སོ། །སློབ་དཔོན་ལྟ་དགོངས་དང་ལྡན་ན་གཙོ་བོའི་ང་རྒྱལ་ལ་གནས་པས་ཡ་རྐན་རྟ་མགྲིན་དང་། མ་རྐན་རྣལ་འབྱོར་མར་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩི་དབབ་པར་མོས་པས་དམ་ཚིག་བསྲེ་ཕྱིར་ཁ་ཕྲུ་གདབ། དཀྱུས་མ་ལ་སྨན་རཀ་འཐོར་བས་ཆོག་ཅིང་བྱིན་གྱིས་བརླབས། དུས་མཚན་དང་གདོང་ཐུག་བསྲུང་ཕྱིར་མེ་སྒྲོན་གཟུགས། མར་གནས་རྣམས་ཀྱི་མཚན་ནས་སྨོས་ཏེ་མཆོད་ཅིང་། ཕྲིན་ལས་བཅོལ། དེ་རྣམས་ཀྱིས་དམ་ཚིག་རྗེས་སུ་དྲན་ཏེ་བདག་གཙུག་གི་ནོར་བུ་ལྟར་འཁུར་ནས་ཅི་བཅོལ་ཐོགས་མེད་དུ་བསྒྲུབ་པར་བསམ་ཞིང་མཐར་ལས་རྡོར་གྱིས་ཞྭ་ལྷམ་བཅས་ཏེ། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུའི་སར་སྲིན་མོ་ཟ་ལམ་ཡིན་པས་དེར་བསྐྱལ་ལ་གཏོར་གཞོང་བཤལ། བཤལ་ཆུ་བསྔོ་རྒྱུའི་སྲོལ་འདི་མི་དགོས་པར་གསུངས། མཐར་ཡར་གནས་ཀྱི་རིགས་ལྔ་རང་ལ་བསྡུ། མགྲོན་གཞན་གཤེགས་ཤིང་དལ་བསྡུའོ། །ཡང་འདྲ་མིན་ཅུང་ཟད། ཡང་དག་དཀྱིལ་ཆོག་ལས། ལྷག་གཏོར་ཡར་གྱི་གནས་བདུན་གྱི་ལྷར་བཀྲ་ལམ་གྱིས་གསལ་བར་དམིགས། གཏོར་མའི་ལྷ་ཚོགས་ལས་མཆོད་སྤྲིན་སྣ་ཚོགས་སུ་ཤར་བས་ལྷ་རྣམས་མཆོད་པར་བསམ་ཞིང་། གཏོར་མའི་ལྷ་རྣམས་རང་ལ་བསྟིམ་ནས་གཏོར་མ་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ། དེ་ནས་མར་གནས་བདུན་པོ་སྤྱན་དྲངས་ལ་རིགས་ཀྱི་ཚོམ་བུ་ལྔར་མཆོད་ཅིང་། དམེ་གཏོར་ལ་ཁ་ཕྲུ་གདབ་ནས་བསྔོ་བར་གསུངས། ཡང་ཞི་བའི་སྐབས་སུ། ལྷག་དཀྱིལ་གདན་དང་བཅས་པའི་ནང་གི་དབུས་དང་ཕྱོགས་བཞིར་རིགས་ཀྱི་ཡབ་ལྔ་བསྐྱེད་ཅིང་། གཏོར་མར་བྱིན་གྱིས་བརླབས། མཁའ་འགྲོ་སུམ་ཅུ་རྩ་གཉིས་སྤྱན་དྲངས་ཏེ་རིགས་ལྔ་ལ་འཁྲིལ་བར་བསམ་ཞིང་། མེ་ཏོག་སོགས་ཀྱིས་མཆོད་ནས་གཏོར་མ་ཕུལ། དེ་ནས་མར་གནས་ལ་བསྔོ་ཚུལ་ཡང་གསུངས་སོ། །གཏེར་ཕྱོགས་འགའ་ནས་མར་གནས་ལ་བསྔོ་ཚུལ་ཙམ་ལས་མི་འབྱུང་བའང་སྣང་ངོ་། །གང་ལྟར་ཡང་སྒྲུབ་པ་ཞག་གྲངས་ལྟ་བུའི་ཚེ་དཀྱིལ་འཁོར་གྱི་བྱང་ཤར་དུ་ལྷག་བཙོན་གཏའ་མར་འཛིན་པ་ནི་ལས་མྱུར་བའི་ཆེད་དུ་ཡིན་ནོ། །སྐབས་འདིར་ཡར་གནས་བདུན་ནི། གལ་པོ་ལས། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་མོ་ཀཽ་རི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་ཏེ། །ཞེས་དང་། མར་གནས་བདུན་ནི། རྫུ་འཕྲུལ་མཁའ་ལ་འགྲོ་བ་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལིངྒ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་ཀྱིས་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་རྣམས་ཏེ། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན། །ཉི་ཤུ་རྩ་བརྒྱད་ཕུད་ལྷག་གཉིས་ལ་དབང་། །ཞེས་སོ། །དམིགས་བསལ་ཚོགས་བརྒྱ་གྲངས་བསགས་ལྟ་བུའི་ཚེ་ནི། བྱིན་རླབས་ནས་བཟུང་ལྷག་མའི་མཐར་ཐུག་གི་བར་བསྐྱར་ཟློས་བྱ་བ་ཡིན་ཀྱང་། དྲང་བ་ནི་རྗེས་སུ་ལན་གཅིག་ཏུ་བྱས་པས་འཐུས་སོ། །ཡང་སྨིན་གླིང་ཕྱག་སྲོལ་ལྟར་ན་དྲང་བའང་སློབ་དཔོན་ལ་འབུལ་ཚུལ་དང་། བཞེས་པའི་མོས་པ་བྱས་མཐར། དེ་མ་ཐག་ལྷག་མ་དང་ལྷན་དུ་བསྔོ་ཚུལ་གྱི་ཕྱག་བཞེས་ཀྱང་སྣང་ལ། དེ་ལྟར་དྲངས་བའང་གྲངས་བསགས་ན་ལེགས་ཞེས་ཀོ་ཤའི་དགེ་བཤེས་གསུངས་སོ། །དེ་ལྟ་བུའི་ཚོགས་འཁོར་དེ་ནི་ཚིམ་པ་དྲུག་ལྡན་དུ་གསུངས་ཏེ། ཚོགས་ཞིང་རྣམས་མཆོད་པས་ཚིམ་པ་དང་། རྣལ་འབྱོར་པ་རྣམས་རྡོ་རྗེའི་བཟའ་བཏུང་གིས་ཚིམ་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་བདུད་རྩིའི་དྭངས་མས་ཚིམ་པ་དང་། ལུས་དཀྱིལ་གྱི་ལྷ་བདེ་སྟོང་གི་ཡེ་ཤེས་ཀྱིས་ཚིམ་པ་དང་། ཕྱི་ནང་གི་མཁའ་འགྲོ་རྣམས་གླུ་དབྱངས་ཀྱིས་ཚིམ་པ་དང་། དྲེགས་པ་ལས་བྱེད་ཀྱི་འབྱུང་པོ་རྣམས་གཏོར་མས་ཚིམ་པ་དང་དྲུག་ལྡན་ནོ། །ཞེས་འཇིགས་གླིང་གསུངས་སོ། །མཐར་ཚོགས་མགྲོན་འཇིག་རྟེན་པ་གཤེགས། ཡེ་ཤེས་པ་རང་ལ་བསྡུ་ཞིང་། རང་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ་མོ། །ཡང་ན་ཆོ་གའི་རྗེས་ཆོག་དུས་ལྷན་ཅིག་གཤེགས་བསྡུ་བྱས་ཀྱང་རུང་ངོ་། །ཕན་ཡོན་ནི། རྡོ་རྗེའི་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་གྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་དང་། གཞན་ཡང་ཇི་སྐད་དུ། དམ་ཚིག་ཉམས་པའི་སྐྱོན་སེལ་ཞིང་། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་ལ། །འདོད་པའི་དོན་རྣམས་སྒྲུབ་བྱེད་ཅིང་། །དགེ་བའི་ཚོགས་རྣམས་སྡུད་པ་གང་། །ཟོས་པས་དངོས་གྲུབ་འགྱུར་བ་ཉིད། །ལྷག་པའི་ལྷ་ཡང་ཚིམ་པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་ཐོབ་བྱེད་པ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིས། །རིམ་གྱིས་འདོད་པའི་འབྲས་བུ་འབྱིན། །ཞེས་སོགས་མཐའ་ཡས་ཤིང་། མདོར་ན་བསྒྲུབ་བྱ་རྣམས་མཉེས་ཤིང་། སྒྲུབ་པ་པོའི་ཚོགས་གཉིས་རྫོགས་པ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ནས། ཧེ་རུ་ཀ་དང་སྐལ་པ་མཉམ་པར་འགྱུར་བའོ། །གཞན་ཡང་སྐབས་འདིར་བསྒྲལ་ལས་ཀྱི་དམིགས་དོན་ཅུང་ཟད་འཕྲོ་བ་ལ། སྤྱིར་བསྒྲལ་བྱ་མཆོག་ཆེན་མཆོག་ཕྲན་ལ་བཞེད་ཚུལ་མང་ཡང་། སྤྱི་ཙམ་ལ་མཆོག་ཆེན་བཀྲ་ཤིས་དག་པའི་ཞིང་ནི་སྐྱེ་བ་བདུན་པའི་མི་དང་། མཆོག་ཕྲན་སྙིང་རྗེའི་ཞིང་ནི། ཞིང་བཅུ་དང་། ཉམས་པ་བདུན་དུ་གཏོགས་པའི་དགྲ་བགེགས་ཡིན་ལ། དེ་ལ་ཞིང་བཅུ་ནི། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །ཞེས་སོ། །ཉམས་པ་བདུན་ནི། དམ་ལས་ཉམས་པས་སློབ་དཔོན་མཆེད་ལ་བརྙས། །བཀའ་ལས་ཉམས་པས་ལས་འབྲས་ཁྱད་དུ་བསད། །དོན་ལས་ཉམས་པས་བདེན་གཉིས་ཁྱད་པར་ལྟ། །ལས་ཀྱིས་ཉམས་པས་ཉེས་མེད་རྣམས་ལ་འཛུགས། །མཚན་མས་ཉམས་པས་ཆོས་ལ་ཕྱོགས་རིས་བཟུང་། །འདོད་པས་ཉམས་པས་ཁྲེལ་མེད་འཕྲོག་བཅོམ་བྱེད། །ལོག་པས་ཉམས་པས་སེམས་ཅན་སྡུག་ལ་སྦྱོར། །ཞེས་པ་ལྟར་རོ། །དེ་ལྟ་བུའི་དགྲ་བགེགས་གང་ཡིན་དེ་དམིགས་པའི་རྟེན། ཟན་ལིང་ཉ་བོ་མཚན་ཉིད་ལྡན་པ་འཁོར་བ་རུ་ལོག་གི་རྟེན་འབྲེལ་དུ། མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་གན་རྐྱལ། ཡང་ན་འཁོར་འདས་ལ་མདུན་རྒྱབ་ཚུལ་དུ་མགོ་བོ་རྒྱབ་དང་། གདོང་པ་རང་ལ་བསྟན་ཏེ་རཀྟ་བྲན། རང་ཉིད་སྲུང་བའི་རྫོང་མཁར་དུ་ཞུགས། བཟློག་པ་རྡོ་རྗེའི་དཔུང་བཤམས་ནས། ལུས་ལྷ་སྐུ། ངག་བརྗོད་བྲལ། སེམས་སྐྱེ་མེད་དུ་དཔའ་བ་སྟེ་དཔའ་གསུམ། ལྟ་བ་མཐའ་བྲལ། སྒོམ་པ་བློ་འདས། སྤྱོད་པ་ཤུགས་འབྱུང་གི་གདེངས་ཏེ་གདེངས་གསུམ། རིག་པ་མདུང་ལས་རྣོ་བས་ཕྱིའི་དྲེགས་པ་འབིག་པ། རིག་པ་གསེག་བརྡར་ལྟ་བུའི་ནང་གི་ཉོན་མོངས་གཅོད་པ། །རིག་པ་རླུང་ཤུགས་ལྟ་བུའི་རྣམ་རྟོག་སྤྲིན་ཕུང་གཏོར་བའི་ངར་གསུམ་དང་དགུ་པོ་ཚང་བར་ཧཱུྃ་དགུས་ཆེ་བ་བསྐྱེད་ནས་ཕྲིན་ལས་བསྐུལ་ཞིང་། གཟིར་བྱ་དགྲ་བགེགས་གང་ཡིན་དངོས་སུ་གསལ་བ་ལ་འགུགས་བསྟིམ་བགྱིས་ཏེ། ལྟ་བ་ཆོས་ཉིད་ཀྱི་རྫོང་། སྒོམ་པ་ཏིང་འཛིན་གྱི་འཕྲ༷ང་། སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པས་སྒྲོལ་བའི་ལས་ལ་འཇུག་སྟེ། རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཞེས་པ་ལྟར། གཞི་ཡི་ཀུན་སློང་སྙིང་རྗེ་དང་། དུས་ཀྱི་ཀུན་སློང་ཞེ་སྡང་བར་མ་ཆད་པའི་ངང་ནས། མི་ལྡོག་པའི་གནད་རང་ཉིད་ཧེ་རུ་ཀར་གསལ། མི་སྡུག་པའི་གནད་ཕུར་བུ་སྲས་མཆོག་ཏུ་གསལ། མི་འབྱམས་པའི་ཕྱིར་ལིངྒ་གཟས་པོ་དངོས་སུ་གསལ་ལ།
ཚེ་ཁྲུས་ནི། དམིགས་བྱའི་སྙིང་ནང་དུ་རྣམ་ཤེས་སྲོག་གི་དངོས་པོ་ལ། ཕུར་བུ་བསྒྲིལ་ཞིང་དེ་ལས་བྱུང་བའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་ཕུར་བུ་ལ་ཐིམ་པས་སྲིད་པ་གསུམ་ཡང་བརླག་པར་ནུས་པའི་མཐུ་ལྡན་དུ་བསམ་ལ་བླ་གནས་དང་བསྟུན་ནས་དབང་པོའི་སྒོ་རྣམས་སུ་རིམ་པར་བཏབ་རྗེས། ཁོའི་སྙིང་གར་བསྣུན་པས་ཁོའི་སྙིང་ནང་ན་ཁྲག་གི་དྭངས་མ་བྱེའུ་ལེབ་མའི་མགོ་ཙམ་གྱི་དབུས་ན། ཚེ་རྟེན་ཨ་དཀར་པོ་འོད་ཀྱི་རང་བཞིན་ཐིག་ལེའི་ནང་དུ་རྣམ་ཤེས་ཀྱི་རྟེན་སྲོག་ཡིག་ཎྲི་ལྗང་ཁུ་ཡོད་པ་དེ་ལ་ཕུར་བུའི་རྩེ་མོར་ཧཱུྃ་གསུམ་དང་། དེའི་འོག་ཏུ་ཕཊ་གསུམ་གསལ་བ་དེ་དག་གི་སྙིང་ཁའི་ཚེ་རྟེན་ལ་བཏབ་པས་ཎྲི་ཨར་བཅས་ལྗང་ཁུ་ཡོད་པ་དེ་ལ་ཕུར་རྩེར་དཀར་ཡེར་གྱིས་འདུས་པ་དེ། ཕུར་རྩེ་ཚུར་བསྟན་པས་ཨ་དེ་ཉིད་རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས། རང་ཉིད་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ་པ་ནི་ཚེ་ལུང་ངོ་། །སྲོག་ཡིག་ཎྲི་དེ་ཕུར་རྩེའི་ཧཱུྃ་གསུམ་ལ་ཐིམ་པས། འོག་གི་ཕཊ་གསུམ་གྱིས་འཕང་བས་འོག་མིན་དུ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་པས། ཧཱུྃ་གསུམ་པོ་དེའི་ནང་ནས་ཀུན་གཞིའི་ཧཱུྃ་སྔོན་པོ་དེ་ཐུགས་སྲོག་གི་ཧཱུྃ་དང་བཅས་འོད་དུ་ཞུ་ནས། ཉོན་ཡིད་ཧཱུྃ་དམར་པོ་དང་བཅས་པ་མགྲིན་པའི་ཨ་ལ་ཐིམ། ཨ་དང་ཡིད་ཤེས་ཀྱི་ཧཱུྃ་དཀར་པོ་གཉིས་སྤྱི་བོའི་ཨོཾ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་གཅིག་ཏུ་འདྲིལ་བ་སྒལ་ཚིགས་རྟ་ལ་བརྒྱུད་དེ་ཡུམ་གྱི་མཁར་བབས་པས་རྒྱལ་བའི་སྲས་སུ་སྐྱེས་པར་བསམ་པ་ནི་ཁྲུས་ལུང་དང་གནས་ལུང་ཡིན་ནོ། །དེ་ནས་སྙིགས་མའི་ལུས་རྟེན་ཕོའི་རྐང་པ་གཡས་ནས་དང་། མོའི་རྐང་པ་གཡོན་ནས་རིམ་པས་གཏུབས་ཏེ་བདུད་རྩིས་བྲན་ལ་ཟ་བྱེད་པདྨའི་གིང་ཕོ་མོ་སྤྲུལ་པར་བཅས་པས་བསྒྲལ་མཆོད་རྣམས་སྟངས་སྟབས་གར་དང་བཅས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་བསྟབས་པས་དགྱེས་པའི་སྐན་སྒྲ་དང་བཅས་ཏེ་ཧབ་དིར་གྱིས་ཆོམ་ཆོམ་དུ་རོལ་པར་བསམ་ལ། ཆ་གཅིག་བཟློག་གཏོར་ལ་བསྟབ། ཆ་གཅིག་བཟློག་བསྐུལ་ཚེ་འབུལ། ཆ་གཅིག་ལྷག་གཏོར་གཙང་དམེ་ལ་བསྲེ་ཞེས་སྨིན་གླིང་གཏེར་ཆེན་གསུངས་པ་ལྟར་བྱའོ། །དེ་ལྟར་ཚེ་བཅུད་ཀྱིས་བདག་འཚེང་། རྣམ་ཤེས་སྤར་བས་དགྲ་འཚེང་། ཤ་ཁྲག་བསྟབས་པས་ལྷ་སྟེ། འཚེང་བ་གསུམ་གྱི་བསྒྲལ་འབྲས་དང་ལྡན་པས། ལྷ་རྟེན་ལུས་སེམས། ཤ་རུས་ཏེ། ཁ་སྦྱོར་གསུམ་པོ་དབྱེ་བ་ནི། བསད་པའི་ལས་ཀྱི་ཆོ་གའོ། །དེ་ལྟ་བུའི་མངོན་སྤྱོད་ཕྲིན་ལས་ཀྱི་གཙོ་བོ་སྲུང་ཟློག་བསད་གསུམ་གྱི་མཐའ་ནི། སྲུང་བ་ལ་མནན་པ། ཟློག་པ་ལ་འཕང་བ། བསད་པ་ལ་བསྲེག་པས་མཐའ་བསྡུ་བར་བྱ་ཞེས་ཀོང་སྤྲུལ་གསུངས་སོ། །དེ་ལྟར་ཚོགས་བསྐང་སོགས་མཇུག་ཆོག་རྒྱས་པར་སྦྲེལ་ཚེ་སྐབས་འདིར་སྲུང་མའི་ཐུན་གཏོར་འབུལ་བ་ཡིན་ནོ། །དེ་ཚེ་རྩ་གསུམ་དང་ནོར་ལྷ་མ་གཏོགས་པའི་འབུལ་གཏོར་རྣམས་བསྒུལ་ཞིང་སྨན་རཀ་བྲན། གཏོར་གཞོང་ཡེ་ཤེས་བནྡྷའི་ནང་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་དམིགས། བཀའ་སྲུང་རྣམས་སྐད་ཅིག་གིས་གཡག་རྒོད་འདྲོགས་པ་བཞིན་བྱུང་ནས་ལག་ན་རིན་པོ་ཆེའི་གཞོང་པ་ཐོགས་ནས་གཏོར་མ་བླངས་ཏེ་དགྱེས་ཚིམ་བཀྲག་གཟི་མདངས་དང་ལྡན་པར་བསམ་ཞེས་རྡོ་བྲག་རྗེས་གསུངས། འགྱུར་མེད་རྡོ་རྗེས་འགུགས་གཞུག་མཐར་དགྲ་བགེགས་ཀྱི་ཤ་ཁྲག་གཏོར་མ་ལ་ཐིམ་ནས་བདུད་རྩིར་བྱས་པ། དམ་ཅན་རྣམས་ཀྱིས་ལྷག་མ་མེད་པར་ཧབ་དིར་གྱིས་གསོལ་བར་བསམ་མོ་ཞེས་གསུངས་སོ། །དེ་ནས་བསྐུལ་བའི་དུས་གཏོར་མ་ལྷར་གསལ་བ་ལ་སྨན་རཀ་བྲན་པས་ཐུགས་རྒྱུད་བསྐུལ་ཏེ། ཆོས་སྐུ་ཞི་བ་ཆེན་པོའི་དབྱིངས་ནས། འགྲོ་བའི་དོན་ཕྱིར་གཟུགས་སྐུ་ཁྲོས་པའི་ཚུལ་གྱིས་བཞེངས་ནས་ཕྲིན་ལས་གཡེལ་བ་མེད་པའི་ལས་ལ་རྔམ་ཞིང་རངས་པར་བསམ་མོ། །ཆད་ཐོའི་སྐབས་སུ་ཡང་སྨན་རཀ་བྲན་པས་བྱིན་གྱིས་བརླབས་ཤིང་། རྒྱུན་པར་ནི་ཕོ་མོ་མ་ནིང་གི་རྒྱུད་གསུམ་གྱི་དམ་ཅན་རྣམས་ལ་གཏོར་འབུལ་གྱི་ཚུལ་དུ་མཆོད། དམིགས་བསལ་དྲག་པོའི་དུས་ཟོར་དུ་འཕང་ངོ་། །གཏོར་གཞོང་བཤལ་ཆུ་བརྟན་མའི་གཏོར་མར་བྲན་ལ། ཐུགས་ཀའི་འོད་ཟེར་གྱིས་བསྟན་མ་བཅུ་གཉིས་སྒྲུབ་ཁང་གི་ཕྱི་རོལ་དུ་སྤྱན་དྲངས་ལ་མཐུན་རྫས་ཀྱིས་མཉེས་པར་བྱས་ནས། ལས་རྡོར་གྱིས་གོམ་པ་བདུན་ཅུའི་སར་ཕྱིན་ཏེ་གཏོར་མ་གཤེགས་ལ། མགྲོན་རྣམས་རང་གནས་སུ་གཏོང་། གྲལ་མཐར་གཏོར་གཞོང་ཁ་སྦུབ་ལ། སྣོད་ཀྱི་འཇིག་རྟེན་ཨེ་གྲུ་གསུམ་དུ་དགྲ་འདྲེ་མནན་ལ། གཏོར་གཞོང་རི་རབ་ཀྱི་སྟེང་དུ་བཅུད་ཀྱི་སེམས་ཅན་རྟ་མཆོག་ཧེ་རུ་ཀར་གསལ་བས་རྡོ་རྗེའི་བྲོ་བརྡུང་སྟེ་དགྲ་བགེགས་ཀྱི་ཉོན་མོངས་པ་གཏན་ནས་བརླག་པར་བསམ་པས་ལས་ཀྱི་མཐའ་སྡུད་བྱ་བ་ཡིན་ནོ། །གཞན་ཡང་འཕྲོས་དོན་ཕྲན་བུ་རྣམས་ནི། དགོངས་འདུས་ལས། སྒྲུབ་པ་མ་ཐོན་པར་གཞན་གྱི་གོས་མི་གྱོན་སྒྲུབ་པ་གཡེལ། གདོན་ཅན་ལག་གི་ཟས་ཟོས་ན་ཁ་འགྱང་། གདན་མི་སྤོ་དྲོད་རྟགས་ཡལ། གཞན་ལ་སྲུང་སྐྱོབ་བྱས་ན་ནུས་པ་ཉམས། གོས་རྙིང་པ་དང་ལུས་བཀྲུས་ན་དངོས་གྲུབ་ཡལ། སྐྲ་སེན་བྲེག་ན་སྔགས་ཀྱི་ངར་ཉམས། གཞན་དང་ངག་བསྲེས་ན་སྔགས་གྲངས་སུ་མི་འགྲོ། ཁྱད་པར་དམ་ཉམས་སྡིག་ཅན་དང་གྲིབ་ཅན་སོགས་ལ་ངག་མི་བསྲེ། སྐད་གསང་མཐོན་པོར་བཟླས་ན་ནུས་པ་ཉམས་ཤིང་འབྱུང་པོ་ཕྲ་མོ་བརྒྱལ་བས་ཤུབ་བུར་བཟླ། གན་རྐྱལ་གྱིས་བྲང་སྟེང་ཕྲེང་བ་མི་བགྲང་། ཕུས་མི་གདབ། མཚམས་ཁང་དུ་ཆོས་བཤད་ན་གྲུབ་རྟགས་མི་ཐོན། དམ་བཅའ་རིང་པོ་བྱས་ན་བར་ཆད་ལྡང་བའི་ཐུང་ངུས་ཡུན་བསྲིང་། མཆིལ་སྣབས་བསད་བཟློག་གི་དུས་མ་གཏོགས་ཕྱིར་མི་དོར། སྔགས་ལ་སེལ་འཇུག །འགྲིམ་ལམ་དུ་མི་དོར། ངག་ནོན་འགྲོ། ཉིན་པར་མི་གཉིད་སྐྱོན་མང་། ཟག་པ་མིས་མཐོང་བ་དང་འགྲིམ་ལམ་དུ་མི་དོར། སྒྲུབ་རྫས་གཞན་ལ་མི་བསྟན། དངོས་གྲུབ་ཀྱི་རྫས་མི་སྦྱིན། ཚར་ནས་གཏང་རག་མཆོད། མཚམས་ཧར་འདོན་མི་བྱ། རྣམ་གཡེང་དང་སྒོ་གསུམ་འཁྲུགས་ཤིང་གཟིང་བའི་ལས་མི་བྱ་སྟེ། ཐ་མལ་གྱི་བྱ་བས་གཡེངས་བ་ནི་ངན་དྲེད་དང་། དགེ་སྦྱོར་ཕྱོགས་གཞན་ལ་གཡེང་བའང་བཟང་དྲེད་དུ་གསུངས་སོ། །ཡང་སྔགས་བཟླ་དུས་ལྕེ་མ་བདེ་ན། ཁྲུས་དང་གཙང་སྦྲ་དག་པའམ། ལྕེའི་བད་ཀན་ལེགས་པར་བཞར་ནས། པི་པི་ལིང་ངམ་ན་ལེ་ཤམ་གྱི་ཕྱེ་མ་ཐུན་རེ་བླུགས་ལ་སྲིན་ལག་གིས་ལྕེའི་སྟེང་གི་ཟུར་ཐམས་ཅད་ལ་ཁྱབ་པར་བྱུག །དེ་འདྲ་ནངས་མ་འགར་བྱས་པས་ཕན་པར་འགྱུར་རོ། །རྒྱུན་པར་མཆོད་པ་རྣམས་ཁ་གསོ་དགོས་པ་ལས་མི་བརྗེ་བར་བྱ། དུས་ཆེན་རྣམས་སུ་མཆོད་པ་རྙིང་པ་རྣམས་ཕྱིར་མི་འདོར་བར་ཕྱོགས་གཅིག་ཏུ་བསྡུས་ཏེ་གསར་དུ་བརྗེ་བར་ཡང་མཛད། གཏོར་མ་དང་མཆོད་པ་རྣམས་བཤམས་མ་ཐག་བྱིན་བརླབས་མ་བྱས་ན་བགེགས་འཇུག་པས་ཆབ་གཙང་གིས་བྲན་ཏེ་བྱིན་གྱིས་བརླབས། རང་དང་གཏོར་མའི་བར་མ་ཆོད་པར་བྱ་ཞིང་། རྒྱང་རིང་དང་། སྟེགས་མེད་དང་། ཡོན་པོ་དང་། གོང་འོག་གི་གོ་རིམ་འཆོལ་བ་སོགས་མི་བྱ། རྩར་སྣོད་སྟོང་མི་བཞག །དཔའ་གཏོར་དེ་སྒྲུབ་པའི་གཏོར་མ་བཟུང་བས་ལྷ་དང་དངོས་གྲུབ་འདུ། སྲུང་མའི་རྒྱུན་གཏོར་ནི་ནངས་མོ་བཟུང་ལ་དགོང་མོ་བཏང་བས་ལས་མྱུར་དངོས་གྲུབ་སྟེར། དུས་གཏོར་དང་བསྐང་གཏོར་མ་ཆགས་པས་བསམ་པ་འགྲུབ། གཏོར་མ་གཏོང་དུས་ཞལ་ཕྱིར་མི་སྟོན། ཕྱི་རོལ་གཏོར་སྟེགས་ལ་ཞལ་ནང་བསྟན་དུ་འབུལ། གཏོར་གཞོང་ཡང་ཁ་ཕྱིར་མི་སྟོན་ཅིང་བསྒྲུབ་པ་མ་ཐོན་བར་དུ་མི་བཤལ། བཟློག་གཏོར་སོགས་དྲག་གཏོར་གྱི་ཞལ་ཕྱིར་སྟོན་ཅིང་ཟོར་དུ་འཕང་བས་དགྲ་བགེགས་ཐུལ། སྤྱིར་ཞི་བའི་གཏོར་མ་ཟོར་དུ་མི་འཕེན། རྒྱས་པ་དང་དབང་གི་གཏོར་མ་རིང་དུ་མི་བསྐྱལ། ལམ་ཞུགས་བར་ཆད་སེལ་ཕྱིར་འགྲོ་ཕྱོགས་སུ་གཏོར། གླུད་དང་འཆི་བསླུ་ལན་ཆགས་སོགས་ཀྱི་གཏོར་མ་ཕྱོགས་བཞིར་གཏོང་ཞིང་གཏོར་གཞོང་ཡང་བཤལ། བསྐྲད་པ་གེགས་སེལ་གྱི་གཏོར་མ་རྒྱང་བསྲིང་། ཁྱད་པར་སྲུང་མའི་མཆོད་གཏོར་སོགས་ནི་བསང་མཆོད་ལྟ་བུའི་མེ་ནང་དུ་འབུལ་བ་ཤིན་ཏུ་ཟབ། མིན་ཡང་མི་ཁྱི་ཕག་གསུམ་གྱི་ཟག་རྫས་མེད་པའི་གཙང་སར་བསྐྱལ་ལ་བཤལ། ཁྱི་དང་བྱི་བ་སོགས་མཆེ་དུག་ཅན་ལ་མི་སྟེར། གཞན་གྱི་ཆས་གཏོང་ལེན་མི་བྱ། གལ་ཏེ་ནང་དུ་འོང་དགོས་ན་ཕྱི་རོལ་དུ་ཞག་གིས་བར་ཆོད་པར་བྱ་ཞིང་རིམ་པས་འཇུག །དེ་ཚེ་སྔ་རོལ་དུ་རྨི་ལམ་སྣ་ཚོགས་འོང་ན་འཁྲུལ་སྣང་ཡིན་པས་ཏིང་འཛིན་གཟེར། རྗེས་སུ་བྱུང་ན་གྲིབ་ལྷོང་ཡིན་པས་ཡི་གེ་བརྒྱ་བར་འབད། ཅེས་སོགས་ཀྱང་གསུངས་སོ། །ཡང་ཆོ་གའི་གཞུང་འགའ་ནས་འབྱུང་བའི་སྔགས་དོན་ཆ་ཤས་ནི། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་བ་བཟང་པོ་རྣམས་དང་ལྡན། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་དང་། །སྭཱ་ཧཱ་ཞེས་ནི་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་ཐམས་ཅད་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་དང་། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །གདུག་པ་སྔགས་ཀྱིས་གསོད་བྱེད་ཅིང་། །སྲིད་པའི་ཞགས་པ་གཅོད་པར་བྱེད། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་སོ། །ཚིག་གི་ཐོག་མར་ཧཱུྃ་དང་བྷྱོ་ནི་སྲོག་སྔགས་ནས་འབོད་པའི་དོན་ཡིན་ནོ། །ཨེ་ནི་འདིར། ཨ་ར་ལི་ནི་རོལ་པ། ཧྲིཾ་ཧྲི་ནི་འདུས་ཤིག་པའི་བརྡའ་སྐད་དོ། ཨེ་ཧྱ་ཧི་ནི་ཚུར་བྱོན་ཚུར་བྱོན། ས་མ་ཡ་ཧྲིཾ་ཧྲིཾ་ཛཿཛཿ ནི་དམ་ཚིག་ལ་དགོངས་ཏེ་བྱོན་བྱོན། ཏིཥྛ་ནི་བརྟན་པར། ལྷན་ནི་བཞུགས་ཤིག་པའོ། །ཨོཾ་ཨཱཿཧཱུྃ་སྐུ་གསུང་ཐུགས་མཉེས་པའི་མཆོད་རྫས། སརྦ་པཉྩ་ཨ་མྲྀ་ཏ་ཐམས་ཅད་བདུད་རྩིར་ལྔ། ཧཱུྃ་ཡེ་ཤེས་ལྔར། ཧྲཱིཿདངོས་གྲུབ་སྡུད་པ། ཋ་ཐམས་ཅད་སངས་རྒྱས་པའོ། །ཨེ་དམ་ནི་འདི། བ་ལིངྟ་གཏོར་མ། ཁ་རཾ་སྟོབ་པའམ། འབར་བའི་ཞལ་དུ། ཁཱ་ཧི་གསོལ་ཅིག་པའོ། །མ་ཧཱ་བ་ལིངྟ་གཏོར་མ་ཆེན་པོ། ཏེ་ཛྭ་བ་ལིངྟ་གཟི་བརྗིད་ཀྱི་གཏོར་མ། བཱ་ལ་བ་ཏྱཱ་སྟོབས་ཀྱི་ཞལ་ཟས། གུ་ཧྱ་ས་མ་ཡ་སྭཱ་ཧཱ་གསང་བའི་དམ་ཚིག་ལེགས་པར་སྦྱིན་པའོ། །མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི་ཁྲག་ཆེན་གྱི་མཆོད་པ་གསོལ་ཅིག་པའོ། །ས་པཱ་རི་ཝ་ར་འཁོར་དང་བཅས་པ། ཨརྒྷཾ་ནི་མཆོད་ཡོན། པྲ་ཏིཙྪ་ནི་སོ་སོར་བཞེས། པཱུ་ཛ་མཆོད་པ། མེ་གྷ་སྤྲིན། ས་མུ་དྲ་རྒྱ་མཚོ། སྥ་ར་ཎ་འཕྲོ་བ། ས་མ་ཡ་དམ་ཚིག་གམ། དུས་ལའང་འཇུག །ཤྲཱི་ཡེ་བཞིན་དུ་བཞེས། ཨཱཿདང་ཧཱུྃ་ནི་གསུང་དང་ཐུགས་ཀྱི་ས་བོན། སྭཱ་ཧཱ་ནི་དབུགས་འབྱིན་པའི་དོན་ནོ། །པྲ་ཏིཙྪ་ཟུར་ཆགས་པ་པྲ་ཏི་ཛ་ཡེ་ནི་སོ་སོའི་བཞེད་པ་ལྟར་གསོལ་ཅིག་པའོ། །བོ་ངྷི་ཙིཏྟ་བྱང་ཆུབ་སེམས། མ་ཧཱ་སུ་ཁ་བདེ་བ་ཆེན་པོ། དྷརྨ་དྷརྟུ་ཆོས་ཀྱི་དབྱིངས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྡ་ལི་ཧ་ན་ཧ་ན་ཧཱུྃ་རྡོ་རྗེ་བདུད་རྩི་འཁྱིལ་བ་བསྣུན་བསྣུན། སརྦ་ཤ་ཏྲུཾ་དགྲ་ཐམས་ཅད། མ་ར་ཡ་རྦད་སོད་ཅིག་པའོ། །ཨ་ཧོ་སུ་ཁ་མཉམ་པའི་བདེ་བ། ཡང་ན་ཨ་སྐྱེ་མེད་ཧོ་དགྱེས་པའམ་དགྱེས་པར་མཛོད་ཅིག་པའོ། །ཨ་རྩིག་ཁྲོས་པ། ནི་རྩིག་རབ་ཏུ་ཁྲོས་པ། ཡང་ཨ་བ་བྷྲམ་ཤའི་སྐད་དུ། ཨ་ལི་བཟའ་བ། ཨུ་ལི་བཏུང་བ། ཏ་ལི་བཅའ་བ། ཏ་པ་ལི་བགོ་བའོ། །ཏེ་ཏེ་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ་ནི་གླུ་བྲོ་གར་གྱི་དོན་ཡིན་པར་གསུངས་སོ། །ཀཱ་ཡ་ཝཀ་ཙིཏྟ་སིདྡྷི་ཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྡུས་ཤིག་པའོ། །སརྦ་སིདྡྷི་ཕ་ལ་ཧུྃ་ཨཱ་ནིཿདངོས་གྲུབ་ཐམས་ཅད་ལེགས་པར་བསྡུས་ཏེ་སྕོལ་ཅིག་པའོ། །
༈ གཞན་ཡང་དགེ་སྦྱོར་འགྱུར་ཆེ་བའི་དུས་ཁྱད་པར་ཅན་གྱི་ཟླ་བ་བཞི་ནི། དུས་འཁོར་ལྟར་ན་དགུན་ཟླ་ཐ་ཆུང་མཆུ་ཟླ། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཆེན། དཔྱིད་ཐ་ས་ག་ཟླ་བ་ཧོར་ཟླ་བཞི་པའི་ཚེས་བདུན་ལ་བལྟམས་པ་དང་། བཅོ་ལྔ་ལ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པའི་དུས་ཆེན། དབྱར་འབྲིང་ཆུ་སྟོད་ཟླ་བ་ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཆོས་འཁོར་བསྐོར་བ་དང་། བཅོ་ལྔ་ལ་ལྷུམས་སུ་ཞུགས་པའི་དུས་ཆེན། སྟོན་འབྲིང་དབྱུག་པ་ཟླ་བ་ཧོར་ཟླ་དགུ་པའི་ཉེར་གཉིས་ལ་ལྷ་ལས་བབས་པའི་དུས་ཏེ། དེ་དག་གི་ཟླ་བ་རིལ་པོ་དུས་ཆེན་ཡིན་ནོ། །ཡང་དཔྱིད་འབྲིང་ནག་པ་ཟླ་བ་ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་དུས་འཁོར་གསུངས་པ་དང་། བཅོ་ལྔ་ལ་ཤེར་མདོ་སོགས་རྒྱུད་མང་པོ་གསུངས་པའི་དུས་སོ། །རྒྱུན་པར་ཉ་སྟོང་ཚེས་བརྒྱད་གསུམ་རྣམས་ནི། སྣང་མཐའ། ཤཱཀྱ་ཐུབ་པ། སྨན་བླ་རྣམས་ཀྱི་དུས་ཆེན་ཞེས་གསུངས་སོ། །ཡང་ཀུན་མཁྱེན་ཀློང་ཆེན་པའི་གསུང་ལྟར་ལོ་ཆེན་དྷརྨ་ཤྲཱིས། ཕྱི་ལྟར་ན་ཚེས་བརྒྱད། བཅུ་བཞི། བཅོ་ལྔ། གནམ་སྟོང་རྣམས་ལ་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཛམ་གླིང་དུ་ཉུལ་བའི་དུས་བཟང་པོ་དང་། ནང་ལྟར་ན་སྔགས་གཞུང་ལས། ཡར་ངོའི་ཚེས་བརྒྱད་དང་། བཅུ་བཞི་བཅོ་ལྔ་གསུམ། མར་ངོའི་ཉི་ཤུ་ལྔ། ཉེར་དགུ། གནམ་སྟོང་གསུམ་སྟེ། དེ་དག་གི་ཚེ་ཕྱིའི་གནས་སུ་མཁའ་འགྲོ་རྣམས་རྒྱུ་ཞིང་། ནང་དུ་རྩ་རླུང་གི་རྒྱུ་བ་ཁྱད་པར་ཅན་གྱི་དུས་དང་། ཁྱད་པར་ཚེས་བཅུའི་ཉིན་མོ་དང་། ཉེར་ལྔའི་མཚན་མོ་སྒྲུབ་པ་པོའི་གནས་སུ་མཁའ་འགྲོ་གྲུབ་པ་ཅན་རྣམས་འདུ་བས། ལས་གང་བརྩམ་ཀྱང་འགྲུབ་པའི་ཕྱིར་དུས་དེ་རྣམས་སུ་འབད་དོ། །ཞེས་སོ། །ཡང་ཧོར་ཟླ་དྲུག་པའི་ཚེས་བཅུ་ལ་ཨོ་རྒྱན་ཆེན་པོ་དྷ་ན་ཀོ་ཤའི་མཚོ་ལས་འཁྲུངས་པ་དང་། བཅུ་པའི་ཚེས་བཅུ་ལ་བོད་དུ་བྱོན། བཅུ་གཅིག་པའི་ཚེས་བཅུ་ལ་སྲིན་ཡུལ་དུ་གཤེགས་པའི་དུས་སོ། །
དོན་གསུམ་པ་རྗེས་ཀྱི་ཆོ་ག་ནི། སྒྲུབ་པ་ཐོན་པའི་ཚེ་དུས་ཤིས་པའི་ཉིན་སང་ལྟ་བུ་ལ་གྲོལ་རྒྱུའི་དོ་ནུབ་ཀྱི་ཕྱི་ཐུན་མགོར་མཆོད་གཏོར་གསར་པ་དང་། གཞན་མཆོད་རྫས་ཚོགས་ཀྱི་ཡོ་བྱད་སོགས་བཟང་ཞིང་གྱ་ནོམ་པ་བཤམས། ཚོགས་དང་བསྐང་བཤགས་སོགས་རྒྱས་པར་གཏོང་། ཕྱི་ཉིན་གྱི་ཐོར་ཐུན་ལ་སྔ་བར་ལངས་ཏེ། ཆོ་ག་གཞན་དཀྱུས་ལྟར་བཏང་ནས་ཚོགས་བསྐང་དང་གཏོར་བསྔོ་བྱས་རྗེས། ཆོས་སྐྱོང་གཏོར་མ་རྒྱུན་བཞག་རྣམས་མེ་ལ་འབུལ་བའམ། གཙང་སར་གཤེགས་ནས། ཆད་བརྟན་གཏོར་བྲོ་བཅས་བྱ་ཞིང་། དེ་ནས་དངོས་གྲུབ་ལེན་པའི་ཚེ་མཆོད་པ་རྣམས་ཁ་གསོ། རང་གི་མདུན་དུ་ཀ་པཱ་ལ་ཆང་དང་ཆོས་སྨན་དཀར་ཆོལ་གྱིས་གང་བ་བཤམས། རྒྱུན་བཞག་གི་སྣང་གསལ་སྦར་ཏེ། བགེགས་གཏོར་བསྔོ་ཞིང་བགེགས་སྐྲད་སྲུང་འཁོར་བརྟན་པར་བསྒོམ། མཆོད་པ་བྱིན་གྱིས་བརླབས། བྱིན་འབེབས་ཀྱི་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འབྲུ་གསུམ་དང་། བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ་གཏོར་མ་དང་བདུད་རྩི་ལ་ཆར་བཞིན་དབབ་ཅིང་ཐིམ་པར་བསམ་ལ། གཙོ་འཁོར་ཡོངས་རྫོགས་ཀྱི་བསྙེན་པའི་མཐར། ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ཅི་རིགས་སུ་བཟླས་མཐར། ནམ་ཐོ་རངས་ཀྱི་དུས་སུ་རྩ་དབུ་མ། རླུང་ཡེ་ཤེས། ཁམས་བདེ་ཆེན། སེམས་གཉིས་མེད་ཡེ་ཤེས་སུ་འཆར་སྟེ། སྟོན་པ་སངས་རྒྱས་པའི་དུས་དེར་ཕྱི་ནང་གསང་བ་གསུམ་གྱི་རྟེན་འབྲེལ་གང་བསྒྲིགས་འགྲིག་སླ་བར་སློབ་དཔོན་ཆེན་པོས་གསུངས་པ་ལྟར། སྐྱ་རེངས་ཤར་བའི་དུས་ལ་བབ་པ་ན། མཆོད་གཏོར་རྙིང་པ་སྐད་ཅིག་གིས་ལྷར་བསྐྱེད་པའམ། ཡང་ན་སྐབས་འདིར་ཡེ་ཤེས་ཀྱི་འཁོར་ལོ་ལོགས་སུ་ཕྱེས་ནས་གཏོར་མ་དང་དབྱེར་མེད་དུ་བྱས་ཏེ་ལྷར་ཤེས་པ་དེ་ཉིད་དབང་དང་དངོས་གྲུབ་ཞུ་བའི་ཡུལ་དུ་བྱས་ཏེ། ཐོག་མར་མཆོད་བསྟོད་བྱ། སྤྱི་བཤགས་ཡེ་ཤེས་སྐུ་མཆོག་དང་། རང་གཞུང་གི་བཤགས་ཚིག་རྣམས་ཀྱི་མཐར། ཡི་གེ་བརྒྱ་པ་ཉེར་གཅིག་བཟླས་པས་འཁོན་བཅུག་སྦྱངས་ཤིང་དམ་ཚིག་ཉམས་ཆག་བཤགས་ཏེ་དངོས་གྲུབ་ཀྱི་སྣོད་རྒྱུད་དག་པར་བྱ། དེ་ནས་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་ཅི་རིགས་དང་། གཏོར་མ་ལག་ཏུ་ཐོགས་ལ་དངོས་གྲུབ་བསྐུལ་བའི་ཚིག་རྣམས་བརྗོད་ཅིང་མོས་གུས་དྲག་པོས། བདག་དང་ཚེ་རབས་སྔོན་ནས་འབྲེལ་བའི་ཡི་དམ་གྱི་ལྷ་མཆོག་ཁྱེད་ཉིད་ད་ལྟ་ཡང་བསྙེན་ཅིང་བསྒྲུབ་པའི་དམ་ཚིག་གི་མཐར་སོན་ཏེ། སྒྲུབ་པའི་ཞག་གྲངས་ཐེབ་ནས་ནམ་ཡང་ལངས་བར་ཉེ་བས། དངོས་གྲུབ་སྩོལ་བའི་དུས་ལ་ད་ལྟ་བབས་པ་ལགས་ན། སྔོན་གྱི་ཐུགས་དམ་ཇི་བཞིན་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཚད་མེད་པའི་སྒོ་ནས། འགལ་རྐྱེན་མི་མཐུན་པའི་ཕྱོགས་ཞི་བ་དང་། ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་སྤེལ་བ་དང་། སྲིད་ཞིའི་དཔལ་འབྱོར་དབང་དུ་འདུ་བ་དང་། དགྲ་བགེགས་བདུད་སྡེའི་འཚེ་བ་ཐམས་ཅད་ཚར་གཅོད་པ་སྟེ། ཕྲིན་ལས་བཞི་བསྡུས་པའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པ་སོགས་ཐུན་མོང་དང་། ཁྱད་པར་དོན་དུ་གཉེར་བྱའི་གཙོ་བོ། སྤངས་རྟོགས་མཐར་ཐུག་པའི་འབྲས་བུ་དོན་གཉིས་ལྷུན་གྱིས་གྲུབ་པའི་བདག་ཉིད། ཡི་དམ་ལྷ་མཆོག་ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་དབྱེར་མི་ཕྱེད་པའི་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བླ་ན་མེད་པ། དུས་ལས་མི་ཡོལ་བར་བདག་ལ་ད་ལྟ་ཉིད་དུ་བསྩལ་དུ་གསོལ། ཞེས་བསམ་ཞིང་། མོས་གུས་ཀྱི་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱུང་ནས་བདག་ཉིད་ཀྱི་གནས་གསུམ་དུ་ཐིམ་པས་འདོད་པའི་དངོས་གྲུབ་ཐམས་ཅད་ཐོབ་པ་བསམ་ལ། གཏོར་མ་གནས་གསུམ་དུ་གཏུག་ཅིང་དབང་བཞི་བླངས། དེ་ནས་གཏོར་མའི་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ་ལ། གཏོར་རྫས་བདུད་རྩིར་བཏབ་སྟེ་བཏུང་བར་བྱ་ཞིང་། ཡི་དམ་གྱི་ལྷ་དང་སྐལ་བ་མཉམ་པའི་ངེས་ཤེས་དང་ལྡན་པར་བྱའོ། །ཡང་མདུན་བསྐྱེད་ཡོད་ཚེ། བདག་གི་ཡེ་ཤེས་པ་ལོགས་སུ་ཕྱེ་མི་དགོས་ཤིང་། དངོས་གྲུབ་ཀྱི་རྫས་ལག་ཏུ་ཐོགས་ལ། མདུན་བསྐྱེད་ཀྱི་ལྷ་ཚོགས་རྗེས་ཆགས་ཀྱི་སྦྱོར་བའི་བདེ་བའི་སྒྲས་བསྐུལ་ཏེ། མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་འདུས་ཤིང་བྱང་སེམས་བདུད་རྩིའི་ངོ་བོར་ཞུ་ནས་ཆར་བཞིན་བབས་ཏེ་སྐུའི་ཆ་ཤས་ཀུན་ནས་མཚོ་ལྟར་འཁྱིལ་བའི་གནས་སོ་སོ་ནས། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དང་། ཟག་མེད་བདེ་ཆེན་གྱི་རང་བཞིན་བྱང་སེམས་འཇའ་འོད་ཁ་དོག་ལྔ་ལྡན་གྱི་རྣམ་པར་གཏོར་མ་དང་གཉིས་སུ་མེད་པར་བདག་བསྐྱེད་ཀྱི་གནས་བཞིར་ཐིམ་པས། དབང་དང་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ནས་རྫས་ལ་རོལ། དེ་ནས་གཏང་རག་གི་མཆོད་བསྟོད་བྱ། སྐབས་འདིར་བསྙེན་པའི་ཁ་སྐོང་ཞི་བའི་སྦྱིན་སྲེག་ཏུ། རྫས་རྣམས་རྩ་བསྙེན་ཁོ་ནས་འབུལ་ཞིང་། མཚམས་ཀྱི་འདོད་གསོལ་ལ། ཏིང་འཛིན་མ་གསལ་ཞིང་། ཆོ་ག་མ་དག་པ་དང་། སྔགས་དང་ཕྱག་རྒྱ་ནོར་ཞིང་ལྷག་ཆད་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བརྗོད་པ་ཙམ་ཁྱད་པར་རོ། །དེ་ལྟར་དུ་བསྙེན་པའི་བཅུ་ཆའི་གྲངས་རྫས་སྔགས་ཀྱིས་སྦྱིན་སྲེག་བྱ་བ་ནི་བོགས་འབྱིན་པའི་སླད་དུ་སྟེ། རྒྱུད་སྡེ་གོང་འོག་ཀུན་ནས་གལ་ཆེ་བར་བསྔགས་པས་འདོར་དུ་མི་རུང་ངོ་། །དེ་ནས་སྡུད་རིམ་གྱི་ཚེ་ཡང་། སྲུང་འཁོར་ནས་བསྡུ་ཞིང་། རྗེས་ཆོག་ཚང་བར་བྱས་ཏེ། ནང་མཚམས་གྲོལ་བའོ། །དེ་ནས་ཞག་གསུམ་དང་བདུན་སོགས་ཅི་རིགས་སུ་ཐུན་མ་ཆགས་ཙམ་དང་། ཚོགས་བསྐང་གསོལ་སོགས་གཏང་རག་གི་ཚུལ་དུ་ཅི་ནུས་དང་། བསྔོ་སྨོན་མཚམས་སྦྱོར་སོགས་ལ་འབད་ཅིང་། ཕྱི་མཚམས་གྲོལ་ཚེ་རྗེས་ཐོབ་ལྷ་ལྡང་གོ་བགོ་ལུས་སྲུང་བཅས་གྲུབ་མཐར། སྒོ་མཚམས་སུ་ཕྱིན་ཏེ། རྒྱལ་ཐོའི་མདུན་དུ་དཀར་གཏོར་གསེར་སྐྱེམས་བཤམས་ནས་གཏང་རག་གི་མཆོད་བསྟོད་དང་། གཤེགས་གསོལ་བྱ་ཞིང་ཐོ་བསྡུ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་ལྡན་པ་རེ་གཉིས་དང་རིམ་གྱིས་འཕྲད་པ་སོགས་གསང་བ་སྤྱིའི་ལུགས་བཞིན་ཤེས་པར་བྱའོ། །གྲུབ་ན་བླ་གབ་མེད་པར་བསང་མཆོད་རྒྱག་རྔན་སོགས་གནས་གཞིའི་བདག་པོ་སྤྱི་དང་བྱེ་བྲག་ལ་མཆོད་སྦྱིན་དང་ངན་སློང་ལ་སྦྱིན་པ་སོགས་ཀྱིས་མཚོན་ཆོས་སྟོན་ཇི་ལྟར་འོས་པའང་བྱའོ། །ཡང་བསྙེན་ཡིག་ཁ་ཅིག་ཏུ། དངོས་གྲུབ་ཀྱི་རྫས་རྣམས་ཆ་བཞིར་བགོས་ཏེ། བླ་མ་དང་། རིག་པ་འཛིན་པ་རྣམས་དང་། བདག་དང་། དམ་ཚིག་གཅིག་པའི་གྲོགས་རྣམས་ཀྱིས་རོལ། ནམ་ལངས་ནས་རྒྱུན་གཏོར་སྲུང་མའི་གཏོར་ཆོག་སོགས་བྱ། ལྷག་མ་བཙོན་འཛིན་བྱས་པའང་འདིར་གཏོང་། སྒྲུབ་གཏོར་ཆ་གསུམ་ལས། ཆ་གཅིག་སྒྲུབ་ཁང་དུ་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་གི་རྫས་སུ་འབུལ། ཆ་གཅིག་གཏོར་མ་གཞན་དང་བསྲེས་ནས་ཕྱིར་བསྒྱུར་ཏེ་ཐ་ཚིག་བསྒྲགས་ཤིང་བསྟན་མ་སྐྱོང་། བསྡུ་རིམ་སོགས་ནས་ཤིས་པ་བརྗོད་པར་བྱ། དེ་ནས་ཁ་སྐོང་གི་སྲེག་བླུག །ཐོ་འགྲོལ་གནས་སྲུང་རྣམས་རིམ་པས་བྱ་བར་གསུངས་པས། གོ་རིམ་དེ་དག་ལས་སྟབས་གང་བདེ་བྱས་པས་ཆོག་གོ །དེ་ནས་བསྔོ་བ་ནི། དེ་ལྟར་ཐུན་རེ་ལ་ཆོ་ག་ཚར་གཅིག་གི་བསོད་ནམས་ཀྱང་བསྐལ་ཆེན་གཅིག་གི་ཡུན་ལ་ཚོགས་གཉིས་སྒྲུབ་པ་དང་མཉམ་པ་ནི་གསང་སྔགས་ཐབས་མཁས་པའི་ཁྱད་ཆོས་ཡིན་པས། དེ་ལྟར་སྔོན་སོང་གི་དགེ་རྩ་དེས་མཚོན་ཏེ། དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པས་བྱང་ཆུབ་ཏུ་བསྔོ་བ་ནི། བསྔོ་ཚུལ་རྣམ་པར་དག་པ་ཡིན་ཀྱང་། ལས་དང་པོ་བའི་ཚེ་དེ་འདྲའི་བསྔོ་བ་དུག་མེད་ནི་འོང་དཀའ་བས། དེ་དང་རྗེས་མཐུན་ཙམ་དུ། ཇི་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་བཞིན་དུ། བདག་གིས་ཀྱང་དེ་ལྟར་དུ་བསྔོ་བར་བགྱིའོ་སྙམ་པས། བསྔོ་བའི་ཚིག་རྣམས་བརྗོད་པ་ནི་དགེ་རྩ་མི་འཛད་ཅིང་གོང་དུ་སྤེལ་བའི་ཐབས་ཁྱད་པར་ཅན་ཡིན་ནོ། །སྨོན་ལམ་ནི། ཐེག་པ་མཆོག་གིས་ལམ་གྱི་དོན་དུ་གཉེར་བྱའི་འབྲས་བུ་མཐར་ཐུག་པ་ནི་གཞན་ཕན་གྱི་ཕྲིན་ལས་ཉིད་ཡིན་པས། དེ་ལྟར་ཡིད་ལ་རེ་བའི་སྨོན་པ་ལྟར་ངག་ཚིག་གི་ལམ་དུ་འདྲེན་པ་སྟེ། སྨོན་ལམ་གྱི་ཚིག་རྒྱས་བསྡུས་གང་རིགས་བརྗོད་ཅིང་། ཚིག་གིས་རྗེས་སུ་བློ་གཞོལ་བས་བསྟན་འགྲོར་སྨན་པའི་ལྷག་བསམ་གྱི་སྒོ་ནས། གནས་སྐབས་དང་། མཐར་ཐུག་གི་ཕན་བདེ་རྒྱ་ཆེ་ཞིང་རྒྱུན་མི་ཆད་པའི་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་ཇི་ལྟར་བགྱིས་པ་དེ་ལྟར་དུ་འགྲུབ་པ་ནི། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་བསླུ་བ་མེད་པ་ཡིན་ནོ། །བཀྲ་ཤིས་ནི། དེ་ལྟར་མཆོག་གསུམ་རྩ་གསུམ་གྱི་ལྷ་ཚོགས་བསྙེན་ཅིང་བསྒྲུབ་པའི་བྱིན་རླབས་ཐུགས་རྗེ་བདེན་མཐུས་མི་མཐུན་ཉེས་ཚོགས་ཐམས་ཅད་ཞི་ཞིང་། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་དགེ་མཚན་རྣམ་པར་བཀྲ་བས་སྣོད་བཅུད་ཐམས་ཅད་མཛེས་ཤིང་། ཕན་བདེ་དགེ་ལེགས་ཀྱི་ཤིས་པའི་དཔལ་ཕུན་སུམ་ཚོགས་པར་ཤོག་ཅིག་སྙམ་པས། བཀྲ་ཤིས་རྟེན་འབྲེལ་གྱི་ཚིག་རྣམས་བརྗོད་པ་དང་མཉམ་དུ། སྟེང་གི་ནམ་མཁར་རྒྱལ་བ་སྲས་དང་བཅས་པས་དེ་ལྟར་རྡོ་རྗེའི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་ཅིང་། མེ་ཏོག་གི་ཆར་ཕྱོགས་ཀུན་ནས་འབེབས་ཤིང་། དེ་དག་ཀྱང་བདག་གནས་ཡོ་བྱད་སོགས་ལ་ཐིམ་པས་གཟི་མདངས་ཡོན་ཏན་དང་ལྡན་པར་བསམ་ལ། མེ་ཏོག་འཐོར་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ལེགས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་སྦྱང་གཞི་བདེ་གཤེགས་སྙིང་པོ་རིགས་སམ་ཁམས་ཞེས་གྲགས་པ་ལ། སྦྱང་བྱ་གློ་བུར་གྱི་དྲི་མ་མཐའ་དག །སྦྱོང་བྱེད་རིམ་གཉིས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས། སྦྱངས་འབྲས་གཞི་ལ་ཇི་ལྟར་བཞུགས་པའི་ཡོན་ཏན་རྣམས་མངོན་དུ་བྱེད་པ་སྟེ། དེ་ལ་ཐབས་ཏིང་ངེ་འཛིན་རེ་རེ་ནས་གོ་རིམ་ལྟར་མཐར་ཕྱིན་དུ་བསླབ་པས། ཟག་བཅས་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་དང་། ཟག་མེད་རིག་འཛིན་རྣམ་བཞི་རིམ་པས་བགྲོད་ཚུལ་ནི། ངེས་རྫོགས་སམ་མངོན་གྱུར་གྱི་ཚུལ་དུ་ཉམས་སུ་ལེན་པ་སྟེ་སྨིན་སློབ་ཞེས་བྱ་ལ། འོན་ཀྱང་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ན་ཡང་། རྣམ་པ་ཙམ་སྒོམ་པ་སྲུང་འཁོར་ནས་བརྩམ། མཇུག་གོ་བགོ་ལུས་སྲུང་བར་བསྐྱེད་རིམ་གྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་ཐུན་རེ་བཞིན་བློ་ནུས་དང་སྦྱར་ཏེ་མོས་པ་ཙམ་རེ་བསྒོམ་པ་ནི་མོས་སློབ་ཡིན་ནོ། །དེ་ཡང་ཨོ་རྒྱན་ཆེན་པོས། །ལྟ་བ་ལུང་རིག་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། གསང་སྔགས་དབང་དང་འབྲེལ་བ། བྱིན་རླབས་མོས་གུས་དང་འབྲེལ་བ། ཉམས་མྱོང་རྟོགས་པ་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། དངོས་གྲུབ་དམ་ཚིག་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ། གདམས་ངག་བླ་མ་དང་འབྲེལ་བ་སྟེ་དགུ་ལྡན་གྱིས་ཉམས་སུ་བླང་བར་གསུངས་ཤིང་། བྱེ་བྲག་ཏུ། རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་བསྒྲིགས་དང་འབྲེལ་བ། ཆོག་བསྒྲིགས་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་མན་ངག་དང་འབྲེལ་བའི་སྒོ་ནས། ཡི་དམ་གྱི་ལྷ་གང་བསྒྲུབ་པ་དེ་ཉིད་རྒྱལ་བ་རབ་འབྱམས་ཀྱི་ངོ་བོ་ཡིན་པའི་ངེས་ཤེས་དང་ལྡན་པས་སྤང་བླང་མི་བྱ་བར་འབད་དགོས། དགོངས་འདུས་ལས། རྒྱལ་བ་གཅིག་བསྒྲུབ་ཐམས་ཅད་མ་སྒྲུབ་འགྲུབ༔ དེ་ཕྱིར་སྤང་ལེན་མེད་པར་གཅིག་ལ་འབད༔ སྤང་ལེན་བློ་ཡིས་མང་པོ་བརྩམས་གྱུར་ཀྱང༔ གཅིག་ཀྱང་མི་འགྲུབ་ཨ་ཐང་ཆད་པའི་རྒྱུ༔ ཞེས་དང་། ཁྱད་པར་ཡི་དམ་གྱི་ལྷ་དེ་ཡང་བཀའ་དྲིན་སུམ་ལྡན་གྱི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཐེ་ཚོམ་མེད་པར་དད་པ་དང་མོས་གུས་བསྐྱེད་པ་གལ་ཆེ་སྟེ། རྒྱུད་ལས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་དང་། དཔལ་སྤྲུལ་རིན་པོ་ཆེས། ཆོས་རྣམས་ཀུན་གྱི་སྒོ་འབྱེད་ཅིང་། །ཉམས་ལེན་ཀུན་གྱི་གེགས་སེལ་བ། །གདམས་ངག་ཀུན་གྱི་བོགས་འདོན་པ། །མོས་གུས་ཡིན་ཞེས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དུ་བསྙེན་སྒྲུབ་ཟབ་མོ་ལ་ཚུལ་བཞིན་དུ་ཞུགས་པ་ན། སྤྱིར་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་སེམས་ཅན་གྱི་ཁམས་ལ་འཇུག་ཚུལ་ཀྱང་། རྟག་པ་རྒྱུན་གྱི་ཐུགས་རྗེ་དུས་ལས་མི་ཡོལ་བ་ཆུ་བོའི་རྒྱུན་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་རྩོལ་རྟོག་མེད་པར་ངང་གིས་འབྱུང་བ་ཉི་མའི་འོད་ཟེར་ལྟ་བུ། བསྐུལ་ཞིང་གསོལ་བའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་ནོར་སློང་པ་ལྟ་བུ། གདུལ་བྱ་ཡུལ་དང་འཕྲད་པའི་ཐུགས་རྗེ་བུ་ཆུང་གཡང་ཁར་རྒྱུག་པ་ཕ་མས་མཐོང་བ་ལྟ་བུ་ཡིན་པར་རྒྱུད་ལས་གསུངས་པས་ན། རྒྱལ་བ་སྲས་དང་བཅས་པས་སྲས་དང་སྤུན་དུ་དགོངས་ཤིང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གྲོགས་དང་རྗེ་དཔོན་དུ་མཐོང་ནས་བྱིན་གྱིས་རློབ་པའི་དུས་ཁྱད་པར་བ་ཡིན་པས། སྐབས་འདི་ལྟ་བུ་ནི་སྙིང་ནས་གདུང་ཤུགས་དྲག་པོས་བསྐུལ་ཞིང་གསོལ་བ་བཏབ་པ་ན། དངོས་གྲུབ་རྣམ་གཉིས་མི་སྩོལ་བའི་དབང་མེད་དེ་རྒྱུ་རྐྱེན་ཚོགས་པའི་འབྲས་བུ་བཞིན་ནོ། །དེ་ཚེ་ཐུན་མོང་གི་དངོས་གྲུབ་ལ། ཆུང་ངུ་ནི་ཕྲིན་ལས་བཞི་སྟེ། དེ་ལ་འཇིགས་བརྒྱད་ཞི་བ་ནི། མེ་ཆུ། སེངྒེ། གླང་ཆེན། སྦྲུལ། ཤ་ཟ། ལྕགས་སྒྲོགས། རྐུན་བུ་དང་བརྒྱད་དམ། ཡང་ན། ནད་དང་མུ་གེ མེ་ཆུ། དམག་མཚོན་ཆ། རྒྱལ་པོའི་ཆད་པ། དུས་མིན་འཆི་བ་དང་བརྒྱད་ཞི་བའོ། །འབྱོར་བ་དྲུག་རྒྱས་པ་ནི། ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་རྣམས་རྒྱས་པའོ། །མོས་པ་རྣམ་བཞིའི་དབང་ནི། བདག་ཕ་མར་མཐོང་བས་བྱམས། བླ་མར་མཐོང་བས་གུས། རྒྱལ་པོར་མཐོང་བས་སྐྲག །གྲོགས་པོར་མཐོང་བས་བརྩེ་བའོ། །དྲག་པོས་ཚར་གཅོད་ལ། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་རྣམས་སོ། །དེ་ཡང་ཕྲིན་ལས་བཞི་དང་། དྲག་པོའི་ནང་གསེས་བཞི་སོ་སོར་བགྲང་བས་ལས་ཆེན་བརྒྱད་ཅེས་བྱའོ། །འབྲིང་གྲུབ་པ་བརྒྱད་ནི། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་པ་ལྟར་རོ། །ཆེན་པོ་དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཇི་སྐད་དུ། གཟུགས་ཕྲ་རགས་པ་ཡངས་པ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་དང་ནི་འདོད་དགུར་བསྒྱུར། །ཞེས་པ་ལྟར་རོ། །མཆོག་གི་དངོས་གྲུབ་ལ། ཁྱད་པར་གྱི་ཕྲིན་ལས་བཞི་ནི། ལས་ཉོན་དང་ཀུན་གཞིའི་སྒྲིབ་པ་ཞི་བ། ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དབང་དུ་བྱེད་པ། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བ་དང་། དབང་དང་མངོན་ཤེས། གཟུངས་སྤོབས་ལ་སོགས་པ་ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་ལ་དབང་འབྱོར་ཞིང་། གནས་སྐབས་སྦྱོར་ལམ་དུ་སྒྱུ་མའི་སྐུ་རྣམ་སྨིན་རིག་འཛིན། མཐོང་ལམ་དུ་འོད་གསལ་གྱི་སྐུ་ཚེ་དབང་རིག་འཛིན། སློབ་པའི་ཟུང་འཇུག་ཕྱག་ཆེན་རིག་འཛིན་རྣམས་དང་། མཐར་ཐུག་མི་སློབ་པའི་ཟུང་འཇུག་ལྷུན་གྲུབ་རིག་འཛིན་རྣམས་ཏེ། དཔལ་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད་། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགག་པ་མེད། །ཅེས་གསུངས་པ་ལྟར། ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བརྙེས་ནས་དོན་གཉིས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པ་ཉིད་དོ། །
སྨྲས་པ། མཁས་པའི་གཞུང་དང་གྲུབ་པའི་མན་ངག་སྟེ། ཟབ་དང་རྒྱ་ཆེའི་ལེགས་བཤད་ཆུ་བོའི་གཏེར། །ལུང་རིགས་བྱེ་བའི་རླབས་ཕྲེང་གཡོ་བ་ཅན། །བློ་དམན་ཡིད་ཀྱིས་གཏིང་དཔོག་ནུས་མིན་ཀྱང་། །རང་དང་སྐལ་མཉམ་འགའ་ལ་ཕན་འདོད་ཀྱིས། །དམ་པའི་ཞལ་ལུང་བདུད་རྩིའི་ཟེགས་མ་ཙམ། །མོས་ཤིང་དད་པས་ཕྱོགས་སུ་བསྡུས་པ་ལ། །ནོངས་པར་གྱུར་གང་བརྒྱུད་གསུམ་བླ་མར་བཤགས། །འདིར་འབད་དགེ་ཚོགས་ཡིད་བཞིན་དབང་པོའི་སྤྲིན། །མ་ལུས་སྐྱེ་དགུའི་བླ་ན་རྟག་འཆར་ཞིང་། །ཕན་བདེའི་གྲུ་ཆར་རྒྱུན་མི་ཆད་འབྱུང་བས། །དོན་གཉིས་འབྲས་བུ་ཕུན་ཚོགས་འགྲུབ་གྱུར་ཅིག །ཅེས་པའང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་ངོར། རང་འདྲའི་བློ་དམན་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། རྩོལ་བྲལ་གྱི་མཁས་གྲུབ་དུ་མས་མཛད་པའི་བསྙེན་ཡིག་འགའ་ཞིག་དང་རྗེ་བཙུན་བླ་མ་མཆོག་གི་ཞལ་ལུང་དང་བཅས་ཕྱོགས་གཅིག་ཏུ་བསྡུས་ཏེ། རྨོངས་བརྟུལ་སྤྲུལ་མིང་པ་ཀུན་མཁྱེན་བསྟན་པའི་ཉི་མས། རང་གནས་བསམ་གཏན་གྱི་ཁང་བུ། ངེས་པ་དོན་གྱི་དགའ་ཚལ་ཆོས་འཁོར་རྣམ་རྒྱལ་གླིང་དུ་ཟིན་བྲིས་སུ་བཏབ་པ་སུ་ཤྲི་ཡནྟུ། །དགེའོ།། །།
དེ་ལྟར་བསྐྱེད་རྫོགས་ཟབ་མོའི་ཟིན་བྲིས་མཆོག །སྤར་དུ་བསྒྲུབས་པའི་དགེ་འབྲས་ཅི་མཆིས་པ། །མ་ལུས་འགྲོ་བའི་ཚོགས་ལ་ཡོངས་བསྔོས་པས། །ཀུན་མཁྱེན་རྒྱལ་བའི་གོང་འཕང་ཐོབ་པར་ཤོག །ཅེས་པ་འདི་ཡང་རྣམ་དཀར་སྒྲུབ་པ་པོ་མཁན་ཟུར་ཐུབ་བསྟན་སྙན་གྲགས་ཀྱིས་སྤར་བྱང་སྨོན་ཚིག་ཏུ་སྦྱར་བ་དགེ །སརྦ་མངྒ་ལཾ། །
༈ མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ་ནི། རབ་བྱུང་བཅུ་བཞི་པའི་ནང་མདོ་ཁམས་གཡུ་ཁོག་མཁར་བ་བའི་ཁྱིམ་དུ་སྐུ་འཁྲུངས། རོང་ཐ་རྒྱལ་སྲས་རྡོ་རྗེ་མགོན་པོ་དང་། ཀུན་བཟང་དཔལ་འབྱོར་རྒྱ་མཚོ་གཉིས་ལས་གཏེར་ཆེན་ཆོས་རྒྱལ་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་གསན། ཀཿཐོག་དང་རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཀློང་སྙིང་སྔོན་འགྲོ་དང་། དངོས་གཞིའི་ཆོས་སྐོར། བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་ཟབ་ཆོས་དཔག་མེད་གསན་བསམ་ཉམས་བཞེས་མཛད། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། སི་ཏུ་ཆོས་ཀྱི་བློ་གྲོས། ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇམ་མགོན་མི་ཕམ། ཞིང་སྤྲུལ་གསུམ་པ་སོགས་ལས་བཀའ་གཏེར་ཆོས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལེགས་པར་མནོས། རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། ཀཿཐོག་མཁན་ཆེན་རྡོ་རྗེ་དཔལ་ལས་བསྙེན་པར་རྫོགས་ཞེས་པ་ཡང་སྣང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སློབ་བུ་ཉི་མ་རྣམ་གསུམ་སྟེ། ཀུན་མཁྱེན་བསྟན་པའི་ཉི་མ། ལུང་རྟོགས་བསྟན་པའི་ཉི་མ། མདོ་སྔགས་བསྟན་པའི་ཉི་མ་ཞེས་བསྟན་པའི་ཉི་མའི་མཚན་ཅན་གསུམ་གྱི་ཡ་གྱལ་དུ་གྲགས། ཉག་རོང་སྤྱི་ཁྱབ་པ་དང་། དཔལ་སྤྲུལ་རིན་པོ་ཆེ་སོགས་ཀྱི་བཀའ་གསུང་ལྟར་ཉག་རོང་ལྕགས་མདུད་རུ་ནང་དུ་ཉག་རོང་གི་དགོན་པ་ཡོངས་རྫོགས་འཚོགས་པའི་སྤྱིའི་དགོན་དུ་ཕེབས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་སྲོལ་བཙུགས་ཤིང་ཟབ་ཆོས་དུ་མ་འཆད་ཁྲིད་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ལོར་རྨེ་བ་རུ་ཕེབས་ནས་རྨེ་བ་དགོན་སོག་ཐང་དུ་སྤོས། སོག་བཀྲ་ཤིས་ཆོས་དར་གླིང་ཞེས་བཏགས། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་ཕྲིན་ལས་ཀྱི་སྤྲུལ་པར་གྲགས། གདན་ས་དེར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་མཐར་དགོངས་པ་དབྱིངས་སུ་བསྡུས། རྗེ་འདི་ཉིད་ཀྱི་གསུང་ཆོས་བསྐྱེད་རིམ་གྱི་ཟིན་བྲིས་མན་ངག་ཀུན་བཏུས་ཀྱི་རྩོམ་དཔེ་དེང་སང་ཡང་མཁར་བ་བླ་བྲང་དུ་ཡོད། གཞུང་འདི་ཕྱིས་སུ་རྫོགས་ཆེན་དུ་མཁན་ཐུབ་སྙན་གྱིས་གཟིགས་པས་ད་སྔོན་རྫོགས་ཆེན་གདན་ས་འདི་ནས་མ་དགོན་གྱི་ཆོས་དང་ཕྱག་སྲོལ་བུ་དགོན་དུ་སྤེལ་བ་ཡིན་ཀྱང་། བུ་ཆོས་མ་ལ་དར་བའི་ལེགས་བཤད་འདི་ཙམ་ཡིན་སོགས་བསྟོད་བསྔགས་དང་བཅས་སྤར་བྱང་སྨོན་ཚིག་མཛད་ཅིང་ཤིང་པར་དུ་བརྐོས་འདེབས་མཛད་ནས་འཛིན་གྲྭའི་སློབ་ཚན་གྲས་སུ་བཙུད། གཞན་འཕོ་བ་དང་། གཡུ་ཁྲོམ་བསང་མཆོད་སོགས་བཞུགས། ཕྱིས་སུ་རྫོགས་ཆེན་མཁན་ཐུབ་སྙན་གཡུ་ཁོག་ཏུ་ཕེབས་སྐབས་ཆེད་དུ་མཁར་བ་བླ་བྲང་དུ་བྱོན་པ་སོགས་མཛད་དོ། །
སྒྲུབ་ཆེན་གྱི་ཞལ་བཀོད་གདམས་པ་ནོར་བུའི་ཕྲེང་བ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །སྒྲུབ་ཆེན་གྱི་ཞལ་བཀོད་གདམས་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། རྡོ་རྗེའི་ཡེ་ཤེས་གྲུབ་པའི་གཟི་བྱིན་གྱིས། །འགྲོ་བློའི་སྣང་ཞེན་འཁྲུལ་རྩ་དྲུང་ཕྱུང་ནས། །གྲུབ་གཉིས་འདོད་དགུའི་སྣང་བ་མཆོག་སྦྱིན་པ། །བླ་མ་ལྷག་པའི་ལྷ་ཡིས་རྟག་ཏུ་སྐྱོངས། །ཞེས་མཆོད་པར་བརྗོད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ། དེ་རིང་གི་ཞལ་བཀོད་གདམས་པ་འདི་ལ་ཇི་སྐད་དུ། ཡིད་ཆེས་ངེས་པ་སྦྱིན་པའི་ཕྱིར། །ཐོག་མར་བརྒྱུད་པའི་ལོ་རྒྱུས་བཤད། །ཉམས་ལེན་སྲང་དུ་འཛུད་པའི་ཕྱིར། །སྟོང་ཐུན་སྙིང་པོར་དྲིལ་ཏེ་བཤད། །བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་ཕྱིར། །རྒྱུན་གྱི་བསླབ་སྤྱོད་བསྡུས་ཏེ་བཤད། །ཅེས་པ་ལྟར་གསུམ་ལས།
དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། གསང་ཆེན་སོགས་ལྟར། སྤྱིར་གདུལ་བྱའི་བློ་རིམ་དང་མཐུན་པའི་ཐེག་པ་ཆེ་ཆུང་གི་བབ་དང་། གསར་རྙིང་གི་རྒྱུད་སྡེའི་དགོངས་པའི་གླེང་གཞིའི་འཆད་ཚུལ་ཇི་སྙེད་ཅིག་མཆིས་ནའང་། འདིར་སྔ་འགྱུར་ཐུན་མིན་གྱི་དབང་དུ་སྤྱིར་བརྒྱུད་པ་གསུམ་དང་བྱེ་བྲག་ཏུ་དྲུག་དང་བདུན་དགུ་སོགས་ཡོད་པ་ལས། དང་པོ་བཀའ་གཏེར་ཐུན་མོང་གི་བརྒྱུད་པ་གསུམ་ནི། དེ་ཡང་ཡེ་ཤེས་རང་སྣང་འོག་མིན་གྱི་གནས་སུ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་གི་སྒོ་ནས་མངོན་པར་བྱང་ཆུབ་སྟེ་རྒྱུད་དོན་མངོན་དུ་བརྙེས་ནས་རང་རྩལ་རོལ་པའི་འཁོར་གྱི་རྣམ་པ་རིགས་ལྔའི་སེམས་དཔའ་འཇོམས་པ་སོགས་ཐམས་ཅད་པ་རྒྱལ་བ་གཅིག་གི་ཐུགས་བདེ་སྟོང་གི་རོལ་མོར་སྣང་བ་ཉིད་ཀྱི་ཕྱིར་རྒྱུད་དོན་བརྙེས་པ་དང་། ནང་དབྱིངས་གདོད་མའི་བུམ་སྐུའི་ཞིང་ཁམས་སུ་འཕོ་འགྱུར་མེད་པར་བཞུགས་ནས་གཞི་སྣང་ཡེ་ཤེས་ཆེན་པོའི་སྣང་ཆར་རང་བྱུང་བས་ལྷུན་སྟུག་པོ་བཀོད་པར་སྟོན་པ་རིགས་དྲུག་པའི་མཚན་དཔེར་ཤར་པའི་རིགས་ལྔའི་ཚོམ་བུ་ལ་དུས་བཞི་མཉམ་པ་ཉིད་ཀྱི་ངང་དུ། ཆོས་ཟབ་གསང་སྣང་བ་གསུམ་གྱི་འཁོར་ལོ་བརྡའ་ཚིག་རང་མཚན་ལས་འདས་པའི་གསུང་གིས་བསྒྲོ་བ་མཛད་དེ། ཉིད་ལས་མི་གཞན་པའི་རིགས་གསུམ་སེམས་དཔའ་དང་རིགས་ལྔའི་མཁའ་འགྲོ་རྣམས་ལ་བསྟན་པ་མི་ནུབ་པའི་བཙས་སུ་གཏད་པ་ནི་རྒྱལ་བ་དགོངས་བརྒྱུད་དོ། །འདི་ལ་ཡང་གཉིས་སུ་མེད་པ་དང་ལྷན་གཅིག་པའི་འཁོར་ལ་བརྒྱུད་ཚུལ་སོགས་ཡོད་ཀྱང་སྤྱི་རྣམ་ཙམ་མོ། །
གཉིས་པ་སེམས་དཔའ་རིགས་བརྒྱུད་དམ་བརྡའ་བརྒྱུད་ལ། རིག་འཛིན་མི་མ་ཡིན་པ་དང་མི་ལ་བརྒྱུད་ཚུལ་གཉིས་ལས་དང་པོ་ནི། དེ་ལྟར་རྒྱལ་བ་རིགས་དྲུག་པ་ཉིད་རིགས་གསུམ་སེམས་དཔའི་སྐུར་བཞེངས་ནས་ལྷའི་ཡུལ་དུ་འཇམ་དཔལ་གཞོན་ཚུལ་མཛེས་པའི་སྐུ་ཅན་གྱིས་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད། སྤྱན་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པས་ཀླུ་རྒྱལ་མགྲིན་ནག་ལ་བཤད། ཕྱག་རྡོར་འཇིགས་གཟུགས་བསྡིགས་པའི་ཉམས་ཅན་གྱིས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ། ལྷ་ཀླུ་གནོད་སྦྱིན་གྱི་ཡུལ་དུ་དར་རྒྱས་སུ་གྱུར་ཏོ། །དེ་ནས་མི་ཡུལ་དུ་ཇི་ལྟར་བྱུང་ན། དགོངས་པ་ལུང་སྟོན་གྱི་མདོ་དང་སྡོམ་འབྱུང་གི་རྒྱུད་ལས་གསང་སྔགས་འབྱུང་བར་ལུང་བསྟན་པ་ལྟར་མཆོག་གི་སྤྲུལ་སྐུ་འཇིག་རྟེན་ན་མི་སྣང་ནས་ལོ་ཉེར་བརྒྱད་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ནས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ཏེ། རང་རང་གི་རྫུ་འཕྲུལ་གྱིས་རི་མ་ལ་ཡ་ཡི་རྩེར་འདུས་ཏེ་ཕྱོགས་བཅུའི་བུདྡྷ་ཡིད་ལ་བྱས་ནས་གདུང་ཚིག་ཉེར་གསུམ་༼༧དགོངས་འདུས་ལེའུ་གསུམ་པ་ལྟར།་མཆན།༽བཏོན་པས་སྟོན་པ་ཀུན་ཏུ་བཟང་པོ་ཉིད་སླར་ཡང་གསང་བདག་གི་སྐུར་བཞེངས་ནས་སྔར་འོག་མིན་དུ་གསུངས་པའི་གསང་སྔགས་རྣམས་སླར་ཡང་བསྐྱར་བཟློས་ཀྱི་ཚུལ་དུ་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ་གསུངས་སོ། །དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་ཤོག་བུ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ་མི་ཟད་པ་ནམ་མཁའ་མཛོད་ཀྱི་རྒྱ་༼འདི་ཚངས་དབྱངས་འབྲུག་སྒྲའི་འཇོག་མཚམས་ལྟར་རོ། །མཆན།༽ བདུན་གྱིས་བཏབ་བོ། །རྒྱ་བདུན་ནི། གཞི་རྒྱུ་དགོངས་སྣོད་གནས་བསྲུང་བདག་རྒྱུད་འཛིན། ཞེས་སོ། །གསུམ་པ་གང་ཟག་སྙན་བརྒྱུད་ནི། དེའི་ཚེ་དེའི་བྱིན་བརླབས་ཀྱིས་ས་ཧོ་རིིའི་རྒྱལ་པོ་ཛ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་བ་ནི། ཇི་སྐད་དུ། སྐུ་གསུང་ཐུགས་རྟེན་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བསྒྲོ་བ་བྱས་པ་དང་། །ཀུན་གྱི་དམ་པར་བསྒྲགས་པ་དང་། མཆོད་པ་ཆེན་པོ་བྱས་པ་དང་། རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པ་ལྟར། དེ་དང་མཐུན་པའི་རྒྱལ་པོའི་ཁང་སྟེང་དུ་ཕྱག་རྡོར་གྱི་སྐུ་ཁྲུ་གང་བ་དང་། སརྦ་བུདྡྷ་ཡོ་གི་ལ་སོགས་པའི་མ་ཧའི་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་ཆར་བབས་ཤིང་། དེ་དང་དུས་མཚུངས་པར་ཀྲི་ཡ་རྣམས་ཝ་ར་ན་སིར་བབས། ཨུ་པ་ཡ་རི་བོ་བྱ་རྐང་ཅན་དང་བསིལ་ཚལ། ཡོ་ག་མེ་རི་འབར་བ། ཨ་ནུ་སིངྒའི་ནགས་ཚལ་དུ་བབས། ཨ་ཏི་རྣམས་ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་དུ་བབས་ནའང་། གཞན་ནི་གླེགས་བམ་དངོས་དང་། ཨ་ཏི་ནི་དེ་ལྟར་ཡང་མ་ལགས་ཏེ་འོག་ཏུ་འཆད་དོ། །དེ་ལས་རྒྱལ་པོ་ཛས་གསོལ་བ་བཏབས་པས། རྡོ་རྗེ་སེམས་དཔའི་ཞལ་མཐོང་གི་ལེའུ་རྟོགས་ཏེ་སྐུ་དང་གསུང་རྒྱུད་ལ་བརྟེན་ནས་བསྒྲུབ་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བས་གླེགས་བམ་གྱི་དོན་མ་ལུས་པ་མཁྱེན་ཀྱང་། ཕྱི་རབས་ཀྱི་དོན་དུ་ཚིག་བརྒྱུད་མ་ལུས་པ་སླར་ཡང་ལི་ཙ་བཱི་ནས་གསན་པར་གྲགས་སོ། །དེ་ནས་རྒྱལ་པོ་ཛས་ཀུ་ཀུ་རཱ་ཛ། དེས་རོ་ལངས་བདེ་བ། དེས་དགའ་རབ་རྡོ་རྗེ། དེས་པྲ་ཆེན་ཧསྟི། དེས་ཨོ་རྒྱན་ཆེན་པོ་ལ་བརྒྱུད་པ་དང་། གཞན་ཡང་ཀུ་ཀུ་རཱ་ཛས་སིངྷ་རཱ་ཛ། དེས་ཨུ་པ་རཱ་ཛ། དེས་སྲས་མོ་ཀོ་མ་དེ་བྱི། དེས་སྒེག་རྡོར། དེས་སངས་རྒྱས་གསང་བ། དེས་བི་མ་ལ་དང་། པད་འབྱུང་ལ་བརྒྱུད་པ་དང་། ཨོ་རྒྱན་གྱིས་ནི་རྒྱལ་པོ་ཛ་དངོས་ལས་ཀྱང་གསན་པར་གྲགས་སོ། །ཨ་ནུའི་རྒྱུད་རྣམས་ཀྱང་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ་གསང་བདག་གིས་དབང་བསྐུར་ཞིང་བསྟན་ནའང་ཚིག་བརྒྱུད་ལི་ཙ་བཱི་ནས་བླངས་ཏེ། དེས་རང་གི་སྲས་ཤཱཀྱ་སུ་ཏྲི། དེས་ཀུ་ཀུ་རཱ་ཛ། དེས་རོ་ལངས་བདེ་བ། དེས་པྲ་བྷ་ཧསྟི། དེས་ཨོ་རྒྱན་ཤཱཀྱ་སེང་གེ་ལ་བཤད་དེ་རིམ་པར་དར་རོ། །ཨ་ཏི་ཡོ་ག་ནི་ཇི་སྐད་དུ། ཉོན་མོངས་༡རྒྱུད་དྲག་ནུས་མཐུ་༢ཞན། །ལས་ཀྱིས་ཚེ་ཐུང་༣བཀའ་དོན་སྟོར༤། །བསྟན་སྙིང་གྲུབ་མཐའ་ངན་པས་༥བསྒྱུར། །གཉེན་པོས་མི་ནོན་སྒྲུབ་ཚུགས་༦ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་སྙིང་པོའི་བསྟན་པ་འབྱུང་བའི་དུས་དྲུག་ལ་བབས་པའི་ཚེ་རྡོ་རྗེ་སེམས་དཔའི་སློབ་མ་ལྷའི་བུ་ཀུན་དགའ་སྙིང་པོ་ཉིད་བསམ་བཞིན་དུ་དགའ་རབ་རྡོ་རྗེའི་སྐུར་བཞེངས་ཏེ་འོག་མིན་དུ་རྡོ་རྗེ་སེམས་དཔའ་ལ་རྫོགས་པ་ཆེན་པོའི་དབང་དང་གདམས་ངག་རྫོགས་པར་ཞུས་ཏེ། རི་མ་ལ་ཡའི་རྩེ་མོར་མཁའ་འགྲོ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་གཉིས་ཀྱིས་ཞུས་ཏེ་ལོ་གསུམ་དུ་ཡི་གེར་བཀོད་ནས་མཁའ་འགྲོ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་སུ་གསོལ་ཞིང་། སློབ་དཔོན་དགའ་རབ་རྡོ་རྗེ་ཉིད་དུར་ཁྲོད་བསིལ་པའི་ཚལ་དུ་མཁའ་འགྲོ་ཉི་མའི་འོད་ཟེར་སོགས་ལ་ཆོས་སྟོན་ཅིང་བཞུགས་ནས་འཇམ་དཔལ་བཤེས་གཉེན་ལ་བཤད། དེས་ཤྲཱི་སིངྷ། དེས་ཛྙཱ་ན་སཱུ་ཏྲ་དང་བི་མ་ལ་བཤད། དེ་ནས་དགའ་རབ་དང་ཤྲཱི་སེང་སོགས་ནས་ཨོ་རྒྱན་ཆེན་པོས་ཞུས། འདིའི་དགོངས་བརྒྱུད་ནི་སྔ་མ་དང་གཅིག་ལ་དགའ་རབ་ནས་ཨོ་རྒྱན་གྱི་བར་བརྡའ་བརྒྱུད་དོ། །ཉང་བན། ལྡང་མ། ལྕེ་བཙུན། ཞིང་སྟོན། ཉི་འབུམ། ཇོ་འབེར། སེངྒེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མ་ར། ཀློང་ཆེན་སོགས་དང་ད་ལྟའི་བར་སྙན་བརྒྱུད་དོ། །གཞན་ཡང་སྒྲུབ་སྡེའི་བཀའ་མ་རྣམས་ནི་རིག་འཛིན་བརྒྱད་ཀྱིས་རང་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་སོ་སོར་སྒྲུབ་པས་ཟུང་འཇུག་གི་གོ་འཕང་བརྙེས་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་རྒྱ་ཆེར་བཤད་དོ། །གཏེར་མའི་ཕྱོགས་ནི་འོག་མིན་གསང་བ་མཆོག་གི་གནས་སུ་ཀུན་བཟང་ཧེ་རུ་ཀའི་འཁོར་རང་རིག་གི་ཚོམ་བུ་ལ་དུས་ཐོག་མེད་མཉམ་པ་ཉིད་དུ། ཆོས་ཉིད་རྡོ་རྗེའི་རང་སྒྲས་བདེ་འདུས་སྤྱི་དགོས་ཀྱི་རྒྱུད་ཡན་ལག་དང་བཅས་པ་གསུངས་པ་རྣམས་གསང་བདག་གིས་ཐོག་མར་ངག་ཏུ་བསྡུས་ཤིང་། དེ་ནས་གླེགས་བམ་ལ་བཀོད་ཅིང་དགོངས་འགྲེལ་མཛད་དེ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་རིན་ཆེན་སྣ་བརྒྱད་ཀྱི་སྒྲོམ་དུ་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། ཕྱིས་བཀའ་བབས་ཀྱི་རིག་འཛིན་བརྒྱད་ཀྱིས་སྒོས་རྒྱུད་རྣམས་བཏོན་ཀྱང་། སྔར་རྒྱ་མ་ཁྲོལ་བའི་རིན་ཆེན་སྣ་བརྒྱད་འདུས་པའི་སྒྲོམ་བུ་བདེར་འདུས་ཚོམ་བུ་གཅིག་དུ་སྒྲུབ་པའི་རྒྱུད་ལུང་མན་ངག་རྣམས་པདྨ་ཀཱ་རས་སྤྱན་དྲངས་ཤིང་ཕན་ཚུན་དུ་ཆོས་ཀྱི་སྐྱེས་འགྲུལ་༼འབུལ་དཔྱད།༽ རེས་ཀྱིས་གནང་ཞིང་ཨོ་རྒྱན་ལ་ཧེ་རུ་ཀ་དང་གསང་བདག་གིས། གསང་རྒྱུད་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་གྱུར་བའོ། །དེ་ནས་བོད་དུ་ཇི་ལྟར་དར་ན་གཞན་ཡང་ཆོས་རྒྱལ་ཆེན་པོས་འཕགས་ཡུལ་གྱི་པཎ་གྲུབ་ཐམས་ཅད་བོད་དུ་སྤྱན་དྲངས་ནས་ལོ་ཙ་མང་པོ་དང་བཅས་གཞི་འགྱུར་དང་རྩལ་འགྱུར་གྱིས་རྒྱ་ཆོས་མ་ལུས་པ་བོད་དུ་བསྒྱུར་ཞིང་། པཎ་གྲུབ་རྣམས་ཀྱིས་རྫུ་འཕྲུལ་དང་དབང་འབྱོར་ཆེན་པོས་ཨོ་རྒྱན་དང་མཁའ་འགྲོའི་ཡུལ་སོགས་ནས་གསང་རྒྱུད་བཞུགས་པ་མ་ལུས་པ་བླངས་ཏེ་རྗེ་འབངས་འཁོར་བཅས་ལ་བཤད་བཀའ་དང་སྒྲུབ་བརྒྱུད་ཀྱི་སྲོལ་བཙུགས་ཏེ་འཁོར་ལོ་གཉིས་ལྡན་གྱི་བྱ་བས་དར་ཞིང་རྒྱས་པར་མཛད་པ་ལས་ནང་རྒྱུད་བླ་ན་མེད་པའི་བརྒྱུད་པའི་བཀའ་སྲོལ་དྲུག་ཏུ་བཞེད་དེ། དང་པོ་ཨོ་རྒྱན་གྱི་ལྟ་འཕྲེང་དང་གདམས་སྐོར་སོགས་གསུངས་ནས། ཉང་། སྤང་། འཁོན། གནུབ། རྨ་སོགས་ལ་གནང་། སླར་གདམས་སྐོར་གཏེར་དུ་སྦས་པ་ལས་བརྒྱུད་དོ། །གཉིས་པ་ནི། བཻ་རོས་གཡུ་སྒྲ་སྤམ་༼སྤང་དཔྱད།༽རྒན་སོགས་ལ་སེམས་ཀློང་གསུངས། གསུམ་པ། བི་མ་ལས་ཏིང་འཛིན་བཟང་པོ་སོགས་ལ་མན་ངག་སྡེ། བཞི་བ་སངས་རྒྱས་ཡེ་ཤེས་ཀྱིས་འདུས་མདོ་དང་གཤེད་སྐོར། ལྔ་བ་ནམ་སྙིང་གིས་ཧཱུྃ་ཀར་ལས་ཡང་དག་གི་ཆོས་སྐོར་རྣམས་གསན་ཞིང་བབས་པ་དང་། མ་ཧཱ་རྣམས་དེ་དག་ཐམས་ཅད་ལས་བརྒྱུད་དེ། རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས། བར་དུ་གནུབས། ཐ་མ་ཟུར་ལ་བབས་པ་སོགས་ཆོས་བརྒྱུད་མཐའ་ཡས་པ་རོང་ཟོམ་ཆེན་པོ། ཀུན་མཁྱེན་བསམ་ཡས་པ། མངའ་རིས་པཎ་ཆེན། རྡོ་བྲག་པདྨ་ཕྲིན་ལས། སྨིན་གླིང་སྐུ་མཆེད། འཇིགས་མེད་གླིང་བ་ནས་རྗེ་བླ་མའི་བར་དུ་སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་དེ་འཆད་སྤེལ་རྩོམ་པའི་རྒྱུ་ལས་བསྟན་པའི་སྲོག་མཐུད་དེ་རྒྱས་པར་མཛད་པ་དང་། དྲུག་པ་ནི། དུས་ཕྱིས་རྗེ་འབངས་རྣམས་ཀྱི་སྤྲུལ་བ་སྐལ་ལྡན་གྱི་སྐྱེས་བུ་རིམ་པར་བྱོན་ནས་གཏེར་དུ་སྦས་པའི་ཟབ་ཆོས་རྣམས་སྤྱན་དྲངས་ཏེ། བོད་ཁམས་ཕན་བདེ་ལ་བཀོད་པ་ཡིན་ནོ། །
གཉིས་པ་གཏེར་གྱི་དགོས་ཆོས་ཀྱི་བརྒྱུད་པ་ནི། ལར་སྔ་མ་གསུམ་གྱི་སྟེང་དུ། དྲུག་དང་། བདུན་དང་། དགུ་སོགས་འཆད་ཚུལ་མང་ཡང་། བསྐང་བཤགས་ལས། མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབང་། །ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལས། །མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་རྡོལ། །གཏད་རྒྱ་སྨོན་ལམ་དབང་བརྒྱུད་ཐུགས་དམ་བསྐངས། །ཞེས་པ་ལྟར་གཏེར་སྟོན་སྤྲུལ་བའི་སྐུ་རྣམས་ལ་སྔོན་རབས་དང་ད་ལྟ་ཅི་རིགས་པར་ཡང་བརྒྱུད་པ་སྔ་མ་གསུམ་གཞིར་བཞག་གི་སྟེང་དུ། གཏེར་ཐོན་པའི་སྐུ་ཚེ་དེ་ལ་གུ་རུའི་འོད་གསལ་གྱི་དགོངས་པ་ཐོད་རྒལ་དུ་སྙིང་ལ་བབས་པ་དགོངས་བརྒྱུད། བརྡའི་གཏེར་རིགས་རྙེད་ནས་གུ་རུས་ཕྱི་དུས་སུ་བརྡ་དབང་འདི་ལྟར་བསྐུར་ཞེས་གནང་བ་ཐོབ་པས་བག་ཆགས་སད་པ་བརྡ་བརྒྱུད། ཤོག་སེར་གྱི་བརྡ་ཁྲོལ་བ་སྙན་བརྒྱུད་ཁྱད་པར་བ་ཉིད་དོ། །དེའི་སྟེང་དུ་ཕྱིས་དུས་ཀྱི་སྐྱེ་བ་དེ་༡བཀ༵འ་བབ༵ས་ཀྱི་སྐྱེས་བུར་ལུ༵ང་བསྟན་པའི་གསང་སྔགས་ཀྱི་བབས་སོར་རྟེན་འབྲེལ་མཐུ་ཆེན་བསྒྲིགས་པ་དང་། མཚོན་བྱ་དོན་གྱི་མན་ངག་སྐལ་ལྡན་མཆོག་གི་སྙིང་ལ་སྨོན༵་ལ༵མ་༢དབ༵ང་བསྐུར༵་གྱི་རྒྱས་གདབ། མཚོན་བྱེད་༣བརྡའི་༼དཔེར་ཤོག་སེར་ཚིག་བརྒྱུད། མཆན།༽ རྒྱུད་མཁའ་འགྲོ་དམ་ཅན་མངོན་ཤེས་མངའ་བ་ལ་གཉེར་དུ་གཏད༤། ཆོས་དེ་འཆད་སྤེལ་བྱེད་པའི་བཀའ་བབས་ཆོས་བདག་ལུང་བསྟན་པ་སྟེ། རིམ་བཞིན་གཏེར་རྙེད་པའི་སྔོན་གྱི་རྒྱུ་དང་། ད་ལྟར་གྱི་རྐྱེན་དང་རྙེད་པ་དོན་ལྡན་དུ་འགྱུར་བའི་སྒོ་སྟེ་རྣམ་པ་གསུམ་དང་། དེ་ཉིད་ཉམས་སུ་བླངས་པས་གྲུབ་འབྲས་མངོན་དུ་འབྱིན་པ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་སྟེེ་བདུན་ནོ། །
༈ ཁྱད་པར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཕྱི་རབས་བསྟན་པའི་འཕེལ་འགྲིབ་མཐུད་པའི་ཕྱིར་རྒྱུད་ལུང་མན་ངག་སྒྲུབ་སྡེ་དང་བཅས་པ་གཅུས་དཀྲུགས་གབ་པའི་གནད་བསལ་ཏེ། བདུད་རྩི་རོ་སྡེབ་ནུས་སྡེབ་ཏུ་མཛད་ཅིང་། རྒྱུད་སྒྲུབ་ཐབས་དང་ཆོག་འགྲིགས་སུ་བྱས་ནས་རྗེ་འབངས་ཐམས་ཅད་ལ་དབང་བཀའ་མན་ངག་དང་བཅས་པ་གནང་ཞིང་། སླར་ཡང་རང་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་སོ་སོ་དང་སྔོན་གྱི་ལས་འཕྲོ་གང་ཡོད་ཀྱི་བཀའ་བབས་ལུང་བསྟན་ཅིང་། གཏད་རྒྱ་སྨོན་ལམ་དབང་བསྐུར་དང་བཅས་པ་མཛད་དེ་མཆོག་གི་གླིང་བ་བཅུ་གཅིག་སོགས་རིམ་པར་བྱོན་པ་ལས། ཁྱད་པར་དུ་ཀུན་མཁྱེན་འཇིགས་མེད་གླིང་བ་ནི། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་ཀྱི་སྤྲུལ་བ་ཡིན་པས། མངའ་བདག་གི་སྐུ་སྤྲུལ་ཉིང་རལ་། གསུང་སྤྲུལ་ཆོས་དབང་། ཐུགས་སྤྲུལ་མངའ་རི་པཎ་ཆེན། ཡོན་ཏན་བཀྲ་ཤིས་སྟོབས་རྒྱལ། ཕྲིན་ལས་རྒྱལ་མཆོག་ལྔ་བ་རྣམས་དང་། གཞན་ཡང་ལྷ་རྗེ་ལུང་བསྟན་པ་ལ། སངས་རྒྱས་བླ་མ། རྒྱ་ལོ་ཙ་བ། ཉི་མ་སེང་གེ ཨོ་རྒྱན་གླིང་བ། ལྷ་ལྕམ་ལུང་བསྟན་པ་ལས། པདྨ་ལས་འབྲེལ་རྩལ་དང་། ཀློང་ཆེན་པ། འཛམ་གླིང་རྡོ་རྗེ། འཇིགས་མེད་གླིང་བ་སྟེ། མདོར་ན་སངས་རྒྱས་བླ་མ་ནས། འཇིགས་མེད་གླིང་བའི་བར་གཏེར་སྟོན་བཅུ་གསུམ་གྱི་སྐུ་སྐྱེ་བ་བཞེས་པར་ཐང་ཡིག་ལས། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱུང་། །ཞེས་སོགས་ཨོ་རྒྱན་ཆེན་པོའི་ལུང་གིས་བསྔགས་པ་དང་། དངོས་གནས་འཁྲུལ་བ་མེད་པའི་ཚུལ། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། །ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན། །འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་། །ཞེས་དང་། རིག་འཛིན་འཛམ་གླིང་རྡོ་རྗེའི་གཏེར་ལུང་ལས། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང་། །བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ། །ཞེས་ལུང་བསྟན་པ་ལྟར་གྱི་ཚད་མའི་སྐྱེས་བུར་གྲུབ་པ་དང་། ཁྱད་པར་དུ་རྗེ་འབངས་ཀྱི་དུས་སུ། ཨོ་རྒྱན་གྱིས་གང་གསུང་གི་དབང་དང་བཀའ་ཆོས་ཐམས་ཅད་མངའ་བདག་ལ་བརྙེས་པའི་གནད་ཀྱིས་གཏེར་ཁ་ཐམས་ཅད་ལ་དབང་བསྒྱུར་བ་དང་། ཀུན་གྱི་ཡང་སྙིང་བླ་མེད་སྙིང་ཐིག་གསང་བའི་གཏེར་ཁ་ལ་དབང་བ་དང་། མཁྱེན་བརྩེ་ཉིད་ལ་བཀའ་གཏེར་སྒྲུབ་སྡེ་ཐམས་ཅད་ཀྱི་རིང་བརྒྱུད་ཀྱང་ཟམ་མ་ཆད་པར་ཡང་མངའ་བ་ཡིན་ལ། ལྷག་པར་ཉེ་བརྒྱུད་ཀྱང་ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་ཞལ་ལན་གསུམ་གཟིགས་ཏེ། བརྒྱུད་གསུམ་ཅིག་ཆར་དུ་རྫོགས་པར་མཛད་ཀྱང་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་ལག་རྗེས། ཇི་སྙེད་མཁྱེན་པའི་ཀློང་རྡོལ་ཏེ། བཀའ་གཏེར་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་བཞུགས་པ་དང་། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡའ་རིས་མངོན་སུམ་དུ་སྤྲད་པས་ཟབ་མོའི་ཆོས་གཏེར་ལ་དབང་བསྒྱུར་ཏེ། ལས་ཅན་གྱི་གཏེར་སློབ་རིག་འཛིན་བྱང་ཆུབ་རྡོ་རྗེ་དང་། འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་ལ་གནང་ཞིང་། དེ་དག་ལས་མི་འགྱུར་ནམ་མཁའི་རྡོ་རྗེས། འཁྲུལ་ཞིག་ཆེན་པོ་ཀུན་བཟང་བདེ་ཆེན་རྡོ་རྗེ་དང་པདྨ་བདེ་ཆེན་བཟང་པོ་གཉིས་དང་། དེ་དག་གིས་བདག་ཅག་གི་འདྲེན་སྟོན་རྗེ་དཔོན་དམ་པ་གནས་བརྟན་དོན་གྱི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་མཚན་བརྗོད་པར་དཀའ་ནའང་། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཀུན་བཟང་ཆོས་གྲགས་དཔལ་བཟང་པོ་ཉིད་ལ་བསྩལ་ཞིང་། དེ་ལས་བདག་ཅག་གིས་བཀའ་དྲིན་རྗེས་སུ་ཐོབ་པ་སྟེ། མདོར་ན་ཁོ་བོ་མ་གཏོགས་བརྒྱུད་པ་དེ་དག་ཐམས་ཅད་སངས་རྒྱས་མི་གཟུགས་སུ་བྱོན་པས་སོ་སྐྱེས་ཀྱི་བསླད་མ་ཞུགས་ནའང་གཞན་ངོར་རྒྱུད་སྡེའི་གནས་ལ་སྦྱངས་བས་མཁས་པའི་གོ་འཕང་བརྙེས། འཁོར་ལོའི་ལྷ་ལ་བསྙེན་སྒྲུབ་ཐང་བས་རིམ་གཉིས་ཀྱི་དྲོད་ཚད་ཐོབ་པས་རྣལ་འབྱོར་དབང་ཕྱུག་གི་ཕྲེང་བ་བར་མ་ཆད་པར་བརྒྱུད་པ་ལས་ད་ལྟའི་བར་དུ་དབང་གི་ཆུ་བོ་མ་ཉམས། བཤད་པའི་སྒྲོན་མེ་མ་ནུབ། མན་ངག་གི་རྣོ་སོ་མ་རྟུལ། བརྒྱུད་ཐག་ཉེ་ཞིང་བརྒྱུད་པ་བར་མ་ཆད་པའི་ཕྱིར་དང་། དམ་ཉམས་ཀྱི་སེལ་དང་། གཟུ་ལུམ་ཅན་གྱི་བསླད་མ་ཞུགས། བྱིན་རླབས་ཀྱི་གཟི་མདངས་མ་ཡལ་བས་བརྒྱུད་པ་གཙང་ཞིང་བར་མ་ཆད་པར་བྱོན་པའོ། །
གཉིས་པ་སྟོང་ཐུན་སྙིང་པོར་དྲིལ་ཏེ་བཤད་པ་ལ། ཇི་སྐད་དུ། གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། རྒྱུད་དོན་གསང་བའི་སྒྲུབ་ཆེན་ལ། །བཞི་སྟེ་ཕུན་ཚོགས་ལྔས་གཞི་གཟུང་། །སྟ་གོན་རིམ་པས་སྒྲོམ་དུ་གཞུག །དངོས་གཞི་བསྙེན་བསྒྲུབ་གཞུང་བསྲང་ཏེ། །མཐའ་རྒྱས་ཆོ་གས་རྗེས་བསྐྱང་ངོ་། །ཞེས་པ་ལྟར་གསུམ་ལས་དང་པོ་ནི། རྡོ་རྗེ་ལས་རིམ་ལས། ཕུན་སུམ་ཚོགས་པ་ལྔ་གཞི་ལ། ཞེས་པས་བསྒྲུབ་པའི་གནས་ཕུན་སུམ་ཚོགས་པ་༡ནི། སྤྱིར་གནས་ཚུལ་གྱི་དབང་དུ་རང་ཉིད་ཀྱིས་གནས་སུ་འཛིན་པའི་ལོག་རྟོག་གང་དུ་དག་པའི་དུས་སུ་གནས་མ་དག་པ་ཞིག་གཏན་ནས་མི་སྲིད་དེ། དོན་གྱི་འོག་མིན་ཆེན་པོ་ཡིན་པའང་། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་སོ། །འོན་ཀྱང་དེ་ལྟར་མ་རྟོགས་པ་དབང་བཙན་དུ་བྱས་ན། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་པས་དོན་ལ་གནས་པ་དང་། ཁྱབ་བདག་རྒྱལ་བའི་མྱུ་གུ། འཇམ་དབྱངས་ཆོས་ཀྱི་དབང་པོ། དུས་གསུམ་སངས་རྒྱས་ཀུན་བཟང་བདེ་ཆེན་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་ནོར་བུ། འཇམ་དཔལ་དགྱེས་པའི་རྡོ་རྗེ། སྲིད་པ་ཐ་མ་པ་ཡོན་ཏན་རྒྱ་མཚོ། མཉམ་མེད་ཀུན་བཟང་ཆོས་གྲགས་སོགས་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་དངོས་གྲུབ་བརྙེས་པས་དགེ་མཚན་བཀྲ་ཤིས་པའི་འབྱུང་གནས་སུ་གྱུར་བ་དང་། དེང་དུས་ཙ་ན་གངས་ཅན་ཙམ་གྱི་ས་བཀའ་རྙིང་གསུམ་ལ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་འབྱུང་ཁུངས་སུ་གྱུར་བས་དོན་གྱི་མ་དགོན་དངོས་གནས་པར་གྱུར་བ། རིག་འཛིན་རྩལ་འཆང་གི་ཟམ་མ་ཆད་པ་ཕུན་ཚོགས་ནོར་བུའི་གླིང་གི་གཙུག་ལག་ཁང་མདོ་རྒྱུད་མན་ངག་ནས་བཤད་བའི་སྒྲུབ་གནས་ཀྱི་མཚན་ཉིད་ཐམས་ཅད་ཚང་བའོ། །དུས་ཕུན་སུམ་ཚོགས་པ་༢ནི། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལ། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །སྦྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། །མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོར་གང་གྱུར་ལ། །མྱུར་དུ་འབད་བས་མཆོད་པར་བྱ། །ཞེས་དང་། ཀུན་སྤྱོད་ཀྱི་རྒྱུད་ལས། དགུན་འབྲིང་ལ་སོགས་ཟླ་བ་ཡིས། །བཅུ་བ་ལ་ནི་རབ་ཏུ་མཆོད། །ཅེས་པས་བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་ཉིད་ཀྱིས་ཆོ་འཕྲུལ་ཆེན་པོ་སྟོན་པའི་དུས་ཆེན་དང་། གུ་རུ་ཉིད་ཀྱིས་ཨོ་རྒྱན་གྱི་རྒྱལ་སྲིད་སྤངས་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་པའི་མཚན། པདྨ་ཐོད་ཕྲེང་དུ་གྲགས་པའི་དུས་དང་། ཁྱད་པར་ཞི་བའི་ཕྲིན་ལས་འགྲུབ་པའི་འཕེལ་ཕྱོགས་ཀྱི་དུས་ཆེན་ནོ། །སྟོན་འཁོར་ཕུན་སུམ་ཚོགས་པ་༣ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བརྟེན། །ཞེས་མཚན་ཉིད་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དང་། འཁོར་ནི་གསང་སྙིང་ལས། སྟོན་པ་མཆོད་བརྩོན་རྟོག་པ་བསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པ་ལྟར། སྤྱིར་ཡོན་ཏན་དྲུག་དང་ལྡན་ཞིང་། ཁྱད་པར་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བས་རྡོ་རྗེའི་མིང་གིས་ལས་སོ་སོར་མངའ་གསོལ་པའི་རྡོ་རྗེའི་རྒྱལ་ཚབ། རྒྱས་འདེབས། མངོན་ཤེས་པྲ་བརྟགས། ཉུལ་བསྐྲོད། ཐུན་མཚམས་པ། ཚོགས་བསྐུལ་པ། ཕྲིན་ལས་པ། རྡུལ་ཕྱགས་པ། བྱན་ཕོ། བྱན་མོ། ཕྱི་ནང་བརྡ་སྦྱོར་བ། ལས་ཀྱི་རྡོ་རྗེ། སྦྱོར་བའི་སྒྱུ་རྩལ་ལ་མཁས་པའི་ལས་ཆོས་དམ་ཚིག་ཕྱག་ཆེན་གྱི་གཟུངས་མ་གྲངས་སྤྲད་པ་སྟེ། མེད་དུ་མི་རུང་བ་རང་རང་གི་ལས་ལ་དབང་བསྒྱུར་བ་དག་གཞིར་བཞག་གི་སྟེང་དུ། སྔར་སྔགས་ལ་མ་ཞུགས་པ་དེར་འདུས་པ་རྣམས་ཀྱི་རྒྱུད་སྣོད་རུང་དུ་བྱེད་པའི་ཕྱིར་དཀྱིལ་འཁོར་གཙོ་བོའི་དོན་དབང་ངམ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དམ་བསྲེ་བསྩལ་བ་ལ། བཀའ་མ་དག་གི་བསྙེན་དབང་ཟེར། བདེར་འདུས་སོགས་གཏེར་མ་རྣམས་སུ་སྙིང་པོ་སྒྲུབ་དབང་དུ་བཏགས། དེ་ནས་བསྒོམ་བཟླས་ཀྱི་ལུང་ཕོག་ནས་སྒྲུབ་པ་ལ་ཞུགས་པས་གསང་སྒྲོགས་སུ་མི་འགྱུར་བའི་ཕྱིར་འདིར་དམ་བསྲེ་ཉིད་བྱས་པས་དེར་འདུས་པ་ཀུན་ཀྱང་གྲོགས་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཆོས་ཕུན་སུམ་ཚོགས་པ་༤ནི། ༼ བསྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་སྟེ། མཆན། ༽ སྔར་སྨོས་པ་ལྟར་གྱི་རྗེ་བཙུན་འཇམ་དབྱངས་དང་། འཕགས་པ་སེམས་ཉིད་ངལ་གསོ། མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྤྲུལ་བའི་ཟློས་གར་དུ་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་གཏེར་ཆེན་འཇིགས་མེད་གླིང་བའི་དགོངས་གཏེར་ནམ་མཁའ་མཛོད་གྱི་ཆོས་སྡེ་ལས་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་མན་ངག་གི་འཐུས་ཁ་ཚང་ལ་མ་ནོར་བར་སྟོན་པས། ཚད་མ་བཞི་དང་། གསང་སྔགས་ཆུ་བོ་བཞི་དང་། འབྲེལ་བ་བཞི་ལྡན་ཆེན་པོ་ལ་བླ་རྫོགས་ཐུགས་གསུམ་ཆ་ལག་དང་བཅས་པ་བཞུགས་པ་ལས། འདིར་བླ་མ་རིག་འཛིན་འདུས་པའི་སྒོ་ནས་མཆོག་སྒྲུབ་གྱི་ནང་ཚན། རྡོ་རྗེ་སེམས་དཔའ་སྨན་སྒྲུབ་གྱི་ཆར་གཏོགས་མྱོང་གྲོལ་རིལ་བུའི་སྒོ་ནས་མཆོག་སྒྲུབ་པ་ནི་སྐབས་སུ་བབས་པའི་དོན་ནོ། །ཡོ་བྱད་ཕུན་སུམ་ཚོགས་པ་༥ནི། གསང་སྙིང་ལས། ཆོ་ག་ལྔ་ནི། ཞེས་པ་ལྟར་དང་། ལམ་རིམ་ལས། གོས་བརྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་བཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་པ་ལྟར། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པ་རྫས་ཀྱི་ཡོ་བྱད་དམ། ཀུན་མཁྱེན་ལུགས་དགེ་བའི་བཤེས་གཉེན་གྱིས་ཟིན་པ། དབང་ཐོབ་པ། སྡོམ་ལ་གནས་པ། སྒྲུབ་པའི་མན་ངག་ལ་མཁས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ་ཆོ་ག་ལྔ། གནས་ཡིད་མཐུན། གྲོགས་མཚན་ཉིད་ཚང་བའོ། །༼དཔྱད། ༽ ལོག་འཚོ་མེད་པའི་འཚོ་བ། དངོས་གྲུབ་ཀྱི་རྫས་ཚང་བ། དམ་ཚིག་གིས་རྫས་ཚོགས་པ་དེ་ཡོ་བྱད་ལྔ། བདག་གི་ལྷས། བཟླས་བརྗོད་ཀྱི། གསང་སྔགས་ཀྱི། འཕྲོ་འདུ། དེ་ཁོ་ན་ཉིད་དེ་ཡན་ལག་ལྔ་ཚང་བའམ། ཡང་ཁ་ཅིག་གི་ལྟར། སྟོང་ཆེན། ཀུན་སྣང་། ཡིག་འབྲུ། སྐུ་ཡོངས་རྫོགས་ཏེ་ཆོ་ག་ལྔ། བཟའ་བཏུང་། བྲོ་གར། གོས་རྒྱན། ཨ་ལི། ཀ་ལི་སྟེ་ཡོ་བྱད་ལྔ། ཡན་ལག་ལ་ལྷ་བཅུའི་དཀྱིལ་འཁོར་བསྐྱེད་པ། རྟོགས་པའི་ཡན་ལག་ལྷ་ཞེ་གཉིས་སུ་ཤེས་པ། ལྷ་རེ་རེ་ཡང་ཞེ་གཉིས་སུ་དབྱེ་བ། དེ་དག་གི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། རིགས་ལྔའི་དབང་བསྐུར་བ་སྟེ་སྔགས་ཀྱི་ཡན་ལག་ལྔར་ཡང་འདོད་དོ། །དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་ནས། གཉིས་པ་དངོས་གཞི་སྟ་གོན་གྱི་སྒྲོམ་དུ་བཅུག་པ་ལ། སྔོན་འགྲོའི་ཆོ་ག་དང་། དངོས་གཞིའི་ལས་རིམ་གཉིས་ལས། དང་པོ་ལ། ས་བརྟགས། བསླང་། སྦྱངས། དབང་དུ་བྱེད་པ། བསྲུང་བ་དང་ལྔའི་ཆོ་ག་སྔོན་དུ་འགྲོ་བར་བྱེད་པ་དག་གོ །གཉིས་པ་དངོས་གཞིའི་ལས་རིམ་ལ་དགུ་སྟེ། མཚམས་བཅད་སྟ་གོན་བརྟེན་བཅའ་དང་། །རྒྱན་བཀོད་འཇུག་དང་མངའ་གསོལ་དང་། །བསྲེ་བསྣན་བྱིན་རླབས་བྱིན་དབབས་སོ། །ཞེས་པ་ལྟར། ཚུལ་བཞིན་དུ་བགྱིས་པ་དག་གི་སྟ་གོན་མཐར་ཕྱིན་གྲུབ་ནས། གསུམ་པ་དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲང་བ་ལ། སྤྱིར་དབྱེ་བ་མང་ཏེ། ཇི་སྐད་དུ། དེ་ཡང་ལམ་བསྒྲུབ་སྦྱོར་བ་ཡིས། །ཞེས་པ་སོགས། ལམ་དུས་དང་། སྦྱོར་དུས་དང་། བསྒྲུབ་དུས་ཀྱི་བཞི་བཞིར་སྦྱར་བ་སོགས་ཡོད་ཀྱང་། འདིར་བསྒྲུབ་ཆེན་གྱི་བབ་དང་འབྲེལ་ཞིང་། རྒྱུན་ཆགས་སུ་དགོས་པ་ཙམ་བཤད་ན། སྒྲུབ་བྱང་ལས། རིམ་པ་ཤོམས་དང་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བརྗོད་པ་ཡིན། །གསང་སྒོར་ཞུགས་ནས་བྱིན་ལྡན་པ། །ཉེ་བའི་བསྙེན་པ་ཞེས་སུ་བརྗོད། །གར་ཡང་བར་ཆད་མི་གཡེལ་བར། །དམ་པའི་གཞུང་གཉིས་འཛིན་པས་ན། །སྒྲུབ་པ་ཞེས་སུ་བརྗོད་པ་ཡིན། །རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བ། །སྒྲུབ་པ་ཆེན་པོ་དེ་བརྗོད་དོ། །ཞེས་པ་ལྟར། ཐོག་མར་ས་ཆོག་རྣམས་དང་། ཕྱི་མཚམས་རྒྱལ་ཆེན་བཞིའི་ཐོ་བཙུགས། ནང་མཚམས་འབར་བ་ལྟ་བས་བཅད། བར་མཚམས་དམ་སྲི་མནན་ནས་ཐོ་བྱང་གདགས་པ་སོགས་བསྙེན་པའི་ཡན་ལག་ཐིག་རྡུལ་ཚོན། རྒྱན་བཀོད་བྱིན་དབབས། མཆོད་རྫས་བྱིན་རླབས་སོགས་ཉེ་བསྙེན། དེ་ནས་དུས་བཞིའམ་དྲུག་དུ་ཕྲིན་ལས་གཞུང་བསྲང་ནས། གསལ་བ་གསུམ་ལྡན་གྱིས་འཛབ་བཟླས་གཙོ་བོར་སྟོན་པའི་ཚོགས་མཆོད། ཉུལ་སྐྲོད་སོགས། ཞག་དྲུག་བདུན་དུ་བྱེད་པ་སྒྲུབ་པ། ནུབ་ཐ་མ་ལ་སྲོད་ལ་ལྷ་ལས། ནམ་གུང་དགྲ་ལས། ཐོ་རངས་ཕྱག་རྒྱ་ལས་དངོས་གྲུབ་བླང་བ་དང་། གཞན་ལ་དབང་བསྐུར་བྱེད་པ་སྒྲུབ་ཆེན་དང་འབྲེལ་བ་དང་། གཞན་ཡང་གཞི་བསྙེན་སོགས་ཆོ་ག་གཅིག་གི་དབང་དུ་བྱས་ནས། ཕུར་བ་གསང་རྒྱུད་ལས། ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྷར་བསྐྱེད་ཉེ་བསྙེན་ཏེ། །ཡུམ་བསྐྱེད་སྒྲུབ་པར་ཤེས་པར་བྱ། །གཞན་རྣམས་སྒྲུབ་པ་ཆེན་པོའོ། །ཞེས་དང་ཡང་ཐུན་དང་པོ་ལ་ལྷ་གང་ཡིན་དེའི་ང་རྒྱལ་བྱ་བ་གཞིར་བཞག་ནས་སྒྲུབ་པའི་དབུ་བཙུགས་པ་བསྙེན་པ། ཅི་ཙམ་བསྒྲུབ་པའི་ཞག་གྲངས་ཕྱེད་ཚུན་ཆད་ཉེ་བསྙེན། དེ་ནས་ནུབ་ཐ་མ་མ་གཏོགས་པའི་བར་དངོས་གྲུབ་བསྐུལ་ཞིང་བསྡུ་བ་བསྒྲུབ་པ། ཐ་མ་ལ་དངོས་གྲུབ་བླང་བ་སྒྲུབ་ཆེན་རྣམས་ཏེ། དེ་ལ་དང་པོ་གཉིས་སུ་བདག་མདུན་གསལ་བ་གསུམ་ལྡན་གྱི་བར་དུ་འོད་ཟེར་དཀར་པོའི་འཕྲོ་འདུས་རྒྱུད་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བ་སྐུ་དང་། སྒྲུབ་པའི་དུས་སུ་འོད་ཟེར་དམར་པོའི་སྤྲོ་བསྡུས་དངོས་གྲུབ་བསྐུལ་བ་གསུང་དང་། ཐ་མ་ལ་ཕར་མི་སྤྲོ་བར་འོད་ཟེར་མཐིང་ཀའི་རྣམ་པར་དངོས་གྲུབ་བསྡུ་བ་འབའ་ཞིག་བྱ་བ་སྒྲུབ་ཆེན་གྱི་ཡན་ལག་སྟེ་ཐུགས་ཀྱི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །དེ་སྐད་དུ་ལམ་རིམ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷར་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་བསྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མར་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བླང་བ་སྒྲུབ་ཆེན་པོ། །ཞེས་ཟླ་བ་གཅིག་ལ་དཔེར་བརྗོད་ནས་གསུངས་གཞན་འཛབ་དགོང་གི་བསྙེན་སྒྲུབ་ཡན་ལག་བཞི་ནི་དེར་ཤེས་སོ། །དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིའི་ཚུལ་བཞིན་དུ་སྒྲུབ་པས། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཐུག་མི་སློབ་པའི་ཟུང་འཇུག་གི་མ་ཧཱ་གུ་རུ་ཆེན་པོའི་གོ་འཕང་བདེ་བླག་ཏུ་འགྲུབ་པའི་དུས་བསྟན་པའང་། གསང་སྙིང་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གི །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་གྲུབ་པ་ནི། །ཞེས་གསུངས་སོ། །མོས་བསྒོམ་ཙམ་གྱི་ཕན་ཡོན་ཡང་བྱང་གཏེར་ལས། ལན་གསུམ་སྒྲུབ་པས་དངོས་གྲུབ་རྣམ་གཉིས་ཐོབ། །རིག་འཛིན་ས་ལ་ཐེ་ཚོམ་ཡོད་རེ་ཀན། །ཞེས་སོ། །ཞར་ལ་དེ་དག་ཀུན་གྱི་དུས་སུ་མེད་དུ་མི་རུང་བའི་སྤྱིར་གཅེས་འགའ་ཞིག་གདམས་ན། བསླབ་པའི་མཐའ་བཅུས་གསང་སྔགས་ཀྱི་ཆོས་ལ་འཇུག་དགོས་ཏེ། དེ་ཡང་སྒོ་དབང་གིས་ཕྱེ། སྲོག་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལམ་ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ། རྒྱུད་ཐོས་པས་གྲོལ། སྒོ་ཀུན་ནས་བསྡུར། ཤེས་བྱ་ཕྱོགས་མེད་དུ་བསླབ། དགོས་དོན་དུ་མ་རོ་གཅིག་དུ་བསྡུ་བའོ། །ཞེས་གསུངས་ཀྱང་དེ་དག་ལས་ཀྱང་ཐོག་མར་དབང་ཐོབ་པ་གལ་ཆེ་བས་ན་ཇི་སྐད་དུ། དབང་མ་ཐོབ་ན་དངོས་གྲུབ་མེད། །ཕྱེ་མ་བཙིར་བས་མར་མི་འབྱུང་། །ཞེས་མ་ཐོབ་པའི་སྐྱོན་དང་། དབང་བསྐུར་ཡང་དག་རྒྱུན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་ཞིང་། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམ་པར་ཡང་སངས་རྒྱས་ཐོབ། །ཞེས་སོགས་ཕན་ཡོན་གསུང་བས་ན་དབང་བཞི་རྫོགས་པར་ཐོབ་པ་གཞིར་བཞག་ནས། དེའི་སྲོག་ཏུ་དམ་ཚིག་བསྲུང་དགོས་ཏེ་རྡོ་རྗེ་ཐེག་པའི་ས་ལམ་ཐོག་མཐའ་བར་གསུམ་དུ་དམ་ཚིག་ལ་བརྟེན་ནས་བསྒྲོད་དགོས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །ཐེག་པ་མཆོག་ནི་གོང་དུ་འཕེལ། །ཞེས་དང་དམ་ཚིག་བཀོད་པའི་རྒྱུད་ལས། འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་པས་དེས་ན་རྩ་བ་དང་ཡན་ལག་གི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་མིག་གི་འབྲས་བུ་ལྟར་བཙའ་དགོས་ཤིང་། ཁྱད་པར་དུ་སྒྲུབ་ཆེན་གྱི་སྐབས་སུ། ཡོངས་རྫོགས་ཆེན་པོའི་རྒྱུད་ལས། བླ་མ་བཀུར་ཞིང་གསུང་མི་བཅག །ཐུན་བཞིའི་རྣལ་འབྱོར་ཡན་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤང་། །མཆེད་ལྕམ་རྣམས་ལ་གདུང་སེམས་བསྐྱེད། །སེམས་ཅན་རྣམས་ལ་སྙིང་རྗེས་སྐྱོངས། །ང་རྒྱལ་རློམ་སེམས་ཞེ་སྡང་སྤངས། །འདོད་ཆགས་ཕྲག་དོག་ཁར་མི་བཏང་། །གསང་སྔགས་ལྟ་སྤྱོད་ཟུང་དུ་འབྲེལ། །རྫོགས་བསྙེན་སྒྲུབ་པ་མཐའ་རུ་དབྱུང་། །ལེ་ལོ་གཉིད་དང་ཆང་དབང་སྤངས། །ཞེས་གསུངས་པ་ལྟ་བུའི་བྱེ་བྲག་ཏུ་གནད་གལ་པོ་ཆེ་དག་ཀྱང་བསྲུང་བར་བྱ། མ་བསྲུང་བའི་ཉེས་པའང་གསང་རྙིང་ལས། ཉམས་གྱུར་ཉེས་པ་བརྗོད་མི་ལང་། །ཞེས་རྩ་བ་ཉམས་ན་རིགས་ཆད་པ་དང་། ཡན་ལག་ཉམས་ན་སྒྲུབ་པ་ཐམས་ཅད་ལོག་པར་འགྱུར་བ་སོགས་གསུངས་པ་ལྟར་རོ། །ལྟ་བ་ནི་དག་པ་གསུམ་དང་། མཉམ་པ་བཞི། རྟོགས་པ་བཞི་ལ་སོགས་པའི་གཏན་ཚིག་གིས་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུ་ཆེན་པོ་བློའི་སྤྱོད་ཡུལ་དང་བྲལ་བ་གཏན་ལ་ཕབས་ནས་འཁོར་འདས་རང་སེམས་སུ་ཐག་བཅད་པ་དང་། སྤྱོད་པ་ནི། མཐའ་བཅུ་ལ་གནས་པར་གསུངས་པ་བསྡུ་ན་ལས་དང་པོ་བ་དགེ་སྦྱོང་གཞོན་ནུ་ལྟ་བུའི་སྤྱོད་པ་བག་དང་ལྡན་པར་སྤྱོད་པ་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་པར་དུ་ནི། །ཁ་ན་མ་ཐོ་རྡུལ་ཙམ་མེད། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །རྟོགས་པ་རྐྱེན་ཐུབ་ཀྱི་དུས་སུ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། རྟོགས་པ་ལ་བྲི་གང་མེད་པའི་དུས་སུ་འདོད་ཡོན་གང་དགར་སྤྱོད་ཅིང་། གཞན་ཕན་བྱེད་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་སྟེ་ཐབས་ལམ་བརྟུལ་ཞུགས་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་དག་ཚུལ་བཞིན་ཏུ་སྤྱོད་དོ། །ཏིང་ངེ་འཛིན་ལ་མང་དུ་ཡོད་ཀྱང་། མཁན་ཆེན་རིན་པོ་ཆེས་འདིའི་མཇུག་གི་ཡིག་ཆུང་ལས་གལ་ཆེ་བར་གསུངས་བ་སྲོག་སྡོམ་གཟེར་བཞི་ནི་སྐབས་སུ་བབས་པ་སྟེ། ཡོངས་རྫོགས་ཆེན་པོའི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་སྒྲུབ་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབ་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་། །དྲང་དོན་རྫུན་གྱི་འཕྲུལ་འཁོར་ཡིན། །ཡོངས་རྫོགས་དཔལ་ཆེན་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་ཕྲན་སྟོང་གི་ཉི་མ་ཀུན། །མ་བཟུང་བར་ཡང་སྟོང་སྲོག་ཐོབ། །དེའི་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་གསུངས་པས་བསྐྱེད་རྫོགས་ཐམས་ཅད་ཀྱི་སྲོག་ནི་འདི་ལ་འདུས་ཤིང་སྒོ་གསུམ་བྱ་བ་དང་བཅས་པ་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་རང་བཞིན་དུ་སྡོམ་པར་བྱེད་པའི་གཟེར་བུ་ལྟ་བུ་ཡིན་པའི་ཕྱིར་རོ། །
༈ དེ་ལ་ཏིང་ངེ་འཛིན་ལྷའི་གཟེར་ནི། བསྡུ་ན་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པའི་བསྐྱེད་རིམ་ལ་ཉམས་ལྔ་མཐར་ཕྱིན་པའི་ཏིང་འཛིན་གྱིས་བཞག་པས་གསལ་བརྟན་གྱི་ཚད་བརྒྱད་ཐོབ་པ་དང་། དེ་སྟོབས་སུ་གྱུར་ནས། ཡིད་དང་དབང་པོ་རེག་པའི་ཡུལ་གསུམ་གྱད་དུ་གྱུར་པའི་བསྐྱེད་རིམ་ལ་བཞག་པའོ། །དེ་ལ་ལྷའི་དེ་ཁོ་ན་ཉིད་ཅེས་ཀྱང་བྱའོ། །སྙིང་པོ་སྔགས་ཀྱི་གཟེར་ནི་ལྟ་བ་དོན་དམ་པར་མ་སྐྱེས་པ་དང་། རང་བཞིན་མ་འགགས་པར་སྔགས་སུ་གསལ་བ་དང་། ཐུགས་རྗེ་གང་འདུལ་གྱི་སྒོར་ཤར་བའི་སྔགས་ཀྱིས་འགྲོ་བའི་དོན་གཉིས་འགྲུབ་པ་སྟེ། ཡི་གེ་སྐུ་གསུམ་གྱི་རང་བཞིན་དུ་སངས་རྒྱས་པ་ཚུལ་བཞིན་དུ་ཤེས་པས་བསྒྲུབ་ན་འབྲས་བུ་བདེ་མྱུར་དུ་འཐོབ་པ་དང་གཅིག །ཡང་རང་སྣང་མ་འགགས་པའི་སྒོ་སྔགས་སུ་ཤར་བ་ཙམ་ནས་ངོ་བོ་སྤྲོས་མཚན་གང་དུའང་མ་གྲུབ་པ་དང་། རང་རིག་བདེ་གཤེགས་སྙིང་པོའི་དབྱིངས་ཀྱི་གཟུགས་བརྙན་ལྷ་དང་སྔགས་སུ་ཤར་བར་མཉམ་པ་དང་། དེས་ན་ལྷ་སྔགས་ཆོས་ཉིད་དབྱེར་མེད་པའི་རང་བཞིན་ཅན་གྱི་སྔགས་བཟླས་པས་ལྷ་འགྲུབ། ལྷ་བསྒོམ་ནའང་སྔགས་གྲུབ། དེ་གཉིས་ཀྱིས་ཆོས་ཉིད་མངོན་དུ་འགྱུར་བའང་ངོ་བོ་བདག་གཅིག་གི་འབྲེལ་བའི་གནད་ཀྱིས་ད་ལྟ་ལྷ་ཉིད་སྔགས་སུ་འཕྲུལ་བ་བསྒྲུབ་བས། ཕྱིས་སྔགས་ཉིད་ལྷར་བཞེངས་ནས་འགྲུབ་པའི་ནུས་མཐུ་དང་ལྡན་པའི་དོན་ཀྱང་དེ་ཡིན་པས་ན་རྒྱུད་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་ན། །དེ་གཉིས་དབྱེ་བར་མི་བྱའོ། །ཞེས་སོ། །ཡང་སྔགས་ཀྱི་ངོ་བོ་སྟོང་ཆེན་མཉམ་པ་ཉིད་དུ་གྲུབ་པ་ནི་ཆོས་ཉིད་ངོ་བོའི་གྲུབ་པ་དང་། ཡི་གེ་སོ་སོའི་ངོ་བོ་ཐུན་མིན་གྱི་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པས་ཆོས་ཅན་རང་བཞིན་གྱི་ཆོས་ཀུན་ལ་མངའ་དབང་འབྱོར་བའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྔགས་སུ་རྣམ་པར་འཕྲུལ་བར་བསྟན་པས་བྱིན་གྱི་རླབས་ཀྱིས་གྲུབ་པ། སྔགས་དེ་དག་ལ་དངོས་གྲུབ་བསྒྲུབ་པའི་ནུས་པ་ཐོགས་མེད་མི་བསླུ་བར་ཡོད་པ་ནི་ནུས་པའི་མཐུས་གྲུབ་པ་སྟེ། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཆེན་༼དཔྱད༽རེད་པ་གང་གྱུར་བ། །ཞེས་པའི་ཚུལ་གསུམ་གྱིས་སྔགས་ལ་ངེས་པ་ཐོབ་པ་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །ལྟ་བ་དེའི་གཞི་བཟུང་ནས་བློ་ཐེ་ཚོམ་དང་བྲལ་བས་བསྒྲུབ་ན་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པ་ཡིན་ལ་གཞན་དུ་ནི་ལྷ་འགྲུབ་པ་སྲིད་མཐའ་མ་ཁེག་ཙམ་དུ་སྔོན་གྱི་གྲུབ་པ་དག་གིས་བཞེད་པ་ལྟར་རོ། །བཟླ་ཚུལ་ནི་ལམ་རིམ་ལས། སྐྱོན་བཅུ་སྤངས་ཤིང་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་བཤད་དེ་རྣམ་གསུམ་ནི་གསལ་བ་གསུམ་དང་། རྡོ་རྗེ་གསུམ། ཕྲ་མོ་གསུམ་གྱི་བཟླ་ལུགས་སྐབས་བབས་གཞུང་འབྲེལ་གྱི་སྒོ་ནས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་སྔགས་སུ་ཤར་བའི་གསང་སྔགས། རིགས་སྔགས། གཟུངས་སྔགས། འབོད་སྔགས་ཐམས་ཅད་ངོ་བོ་ཉིད་གཅིག་ཏུ་གུ་རུ་སིདྡྷི་ཤེས་པ་བརྒྱད་ལྡན་དུ་དྲིལ་ཏེ་བཟླའོ། །དེ་ལའང་དབྱངས་བཟླས། ཤུབ་བཟླས། ཡིད་བཟླས། འགོག་བཟླས། རྡོར་བཟླས་སོགས་ཡོད་ཀྱང་། སྐབས་སུ་བབས་པ་དབྱངས་བཟླས་ལའང་དྲུག་དུ་འདྲེན་ཚུལ་ཡོད་ཀྱང་འདིར་ཚངས་པའི་དབྱངས་ཀྱི་འདྲེན་སྟངས་སུ་བཟླ་བ་ལ་ཡི་གེའི་སྐྱེ་གནས་དང་། སྒྲའི་འབྱིན་ཚུལ། ལྕེ་མཆུའི་བྱེད་རྩོལ་མ་ལོག་ཅིང་སྐྱོན་བཅུ་སྤང་བས་བཟླ་བར་བྱ་སྟེ། སྐྱོན་བཅུ་ནི། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོག་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་བས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་སོ། །དེ་ལ་སྒྲ་དོན་ཤན་སྦྱོར་ཤེས་ན་དོན་གྱི་གཟུངས་འགྲུབ་པའི་ཕུན་སུམ་ཚོགས་པས་འདིར་སིདྡྷི་ནི། རྡོ་རྗེའི་བླ་མ་པདྨས་དངོས་གྲུབ་སྩོལ་ཞེས་པའོ། །འོན་ཀྱང་སྔོན་གསང་སྔགས་གསུངས་པ་པོས་གང་ལྟར་གསུངས་པ་དེ་ལྟར་བྱིན་གྱིས་བརླབས་ཡོད་པས་དེ་ལྟར་བཟླ་བ་ལས་གཞན་དུ་བསྒྱུར་ནས་བཟླས་ན་དངོས་གྲུབ་མེད་པས། དེ་རང་སོར་བཞག་ནས་བཟླའོ། །ཡང་སེམས་རྣམ་པར་གཡེངས་བས་བསྐལ་བར་བཟླས་ཀྱང་ངག་སྒྲིབ་སྲབ་ཙམ་ལས་འབྲས་བུ་ཆེར་མི་འབྱུང་བས་རྩེ་གཅིག་པས་ཏིང་ངེ་འཛིན་ལ་མཉམ་པར་བཞག་དགོས་ཏེ། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་བར་གྱུར་ན་ནི། །བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་སོ། །བཟླས་དམིགས་ནི་དེ་ཡང་བསྙེན་པའི་སྐབས་སུ་དེའི་ཡན་ལག་བཀོད་པའི་བཟླས་པ་ཟླ་བ་སྐར་ཕྲེང་ལྟར་བཟླའོ། །ཉེ་བསྙེན་གྱི་སྐབས་སུ་དེའི་ཡན་ལག་ཏུ། མགལ་མེ་དང་། ཁྱོགས་དང་། དོ་ལིའི་བཟླས་པ་ལྟར་བཟླ། སྒྲུབ་པའི་དུས་སུ་དེའི་ཡན་ལག །རྒྱལ་པོའི་བཀའ་ཆེམ་ལྟ་བུ་དང་། སྒྲུབ་ཆེན་གྱི་དུས་སུ་དེའི་ཡན་ལག་བུང་བ་ཚང་ཞིག་ལྟར་དུས་དང་སྦྱར་ནས་བཟླའོ། །དེའི་བཟླ྄༵ས་བརྗོད༵་ཀྱ྄ི༵་དེ་ཁོ༵་ན༵་ཉ྄ིད་བསྟན་ཟིན་ནས། ད་ནི་བད༵ག་གི༵་དེ༵་ཁོ༵་ན༵་ཉི༵ད་དགོངས་པ་མི་འགྱུར་བའི་གཟེར་ནི། སློབ་དཔོན་སངས་རྒྱས་གསང་བས། བདག་གི་དེ་ཁོ་ན་ཉིད་ནི་རིག་པས་དཔྱད་པའི་སྟོང་པ་ཙམ་ལ་མི་བྱ་ཡི་བདག་གི་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཐོབ་ན་སངས་རྒྱས་སུ་འགྱུར་བས་དེ་འཛིན་ཞེས་གསུངས་ཏེ། དེ་ལ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་མ་འགགས་པའི་རྩལ་དང་རོལ་བར་ཤར་བ་ལས་གཞན་རང་རྒྱུད་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བའིི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །དེས་ན་སེམས་ཀྱི་རྡོ་རྗེ་རིག་པའི་ཡེ་ཤེས་ཀྱི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་ཤར་གྲོལ་སྤྲུལ་སྐུ་སྟེ། སྐུ་གསུམ་དང་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་སངས་རྒྱས་པ་ཉིད་དཀྱིལ་འཁོར་ཀུན་གྱི་སྒྲུབ་གཞི་ཡིན་ཏེ། སྒྱུ་འཕྲུལ་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་དང་། བརྟགས་གཉིས་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་སོ། །དེ་ལྟ་བུའི་མི་འགྱུར་བའི་བདེ་ཆེན་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འདུ་འབྲལ་མེད་པ་ནི་ལྷ་ཐམས་ཅད་ཀྱི་ངོ་བོ་ཡིན་པས། གལ་བོ་ལས། བདེ་སྟོང་ཟུང་འཇུག་ཆེན་པོ་ནི། །ཧེ་རུ་ཀ་ཡི་རང་བཞིན་ཡིན། །ཞེས་དང་། ཧེ་བཛྲ་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་སོ། །དེའི་རྩལ་ལས་ཤར་བའི་འདྲེ་དང་ལྷ་དང་སྔགས་སུ་སྣང་བ་ཐམས་ཅད་སྣང་སྟོང་རོ་མཉམ་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཉིད་ལས་གུད་ན་བསྒྲུབ་བྱ་སྒྲུབ་བྱེད་དག་མ་དག་གཉིས་ཆོས་ཀྱི་རྟོག་འཛིན་ཐམས་ཅད་གཉིས་མེད་མཉམ་པ་ཉིད་ཀྱི་ཀློང་། སྤྲོས་བྲལ་ཟབ་མོ་བརྒྱད་ལྡན་དུ་རྟོགས་པའི་ལྟ་བའི་གདེངས་དང་མ་བྲལ་བའི་ངང་ནས་སྒྲུབ་པས། འདྲེ་སྒོམ་ཀྱང་ལྷ་འགྲུབ་པའི་མན་ངག་གྱ་ནོམ་ལྷར་ཞེན་གྱི་མཚན་མ་འཇོམས་པའི་ཐོ་ལུམ། ཐུགས་འོད་གསལ་གྱི་རྣལ་འབྱོར་བསྐྱེད་རྫོགས་ཐམས་ཅད་ཀྱི་སྲོག་བླ་ན་མེད་པ་ནམ་ཡང་གལ་ཆེ་བའི་གནད་ཀྱི་གཟེར་བུ་སྟེ། དཔལ་ཆེན་ཞལ་ལུང་ལས། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཀྱང་རུ་ཏྲ་ཡང་། །ལོགས་སུ་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་བ་ཆོས་ཀྱི་སྐུ། །གསལ་ལ་མ་འདྲེས་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་བའི་སྐུ། །སྣང་བ་ཡབ་ལ་སྟོང་བ་ཡུམ། །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ། །འགྱུ་དྲན་རྣམ་རྟོག་བསམ་ཡས་ཀྱང་། །ཡོངས་སུ་རྫོགས་པ་དཔལ་གྱི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རང་བཞིན་ཉིད་ལས་གཡོས་པ་མེད། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་སྒྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ། །ཞེས་དང་། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས། །དུར་ཁྲོད་འདྲེ་ངན་བསྒྲུབས་གྱུར་ཀྱང་། །མཆོག་དང་ཐུན་མོང་འབྲས་བུ་གང་། །ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང་། །དེ་ཉིད་མ་རྟོགས་ཨ་འཐས་བློས། །ཡེ་ཤེས་སེམས་དཔའ་བསྒྲུབས་གྱུར་ཀྱང་། །གནས་སྐབས་བདེན་འབྲས་ཕྲན་བུ་ལས། །ཡང་དག་འབྲས་བུ་སྲིད་མཐའ་ཙམ། །ཞེས་སོ། །༼ འཕྲོ་འདུའི་དེ་ཁོ་ན་ཉིད། མཆན། ༽ འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ནི། གོང་གི་སྐར་ཕྲེང་མ་གཏོགས་པའི་བཟླས་དམིགས་རྣམས་ཀྱང་འདིར་གཏོགས་ལ། ཁྱད་པར་དུ་ལྷའི་ཐུགས་ཀ་ནས་དུས་དང་བསྟུན་པའི་འོད་ཟེར་དཀར་དམར་མཐིང་ཀའམ་སྣ་ལྔ་སོགས་འཕྲོས་ཏེ། ཞི་རྒྱས་དབང་དྲག་ཐུན་མཆོག་གི་དངོས་གྲུབ་སྒྲུབ་པའི་འཕྲོ་འདུས་མདེ་ཁ་བསྒྱུར་བའོ། །དེའི་དགོས་པ་ནི་རྒྱུད་ལས། འཕྲོ་འདུ་སྣ་ཚོགས་གཟེར་མེད་ན། །དམིགས་གཏད་གཅིག་གིས་དོན་མི་འགྲུབ། །འཕྲོ་འདུ་ལས་ཁ་བསྒྱུར་ཤེས་ན། །ཐེའུ་རང་ཐ་ཆུང་ཞིག་གིས་ཀྱང་། །ཕྲིན་ལས་ཐོགས་མེད་ལས་ཀུན་འགྲུབ། །ཅེས་སོ། །ཡང་དེ་དག་གི་དོན་མདོར་བསྡུ་ན་གསལ་བརྟན་དག་གསུམ་ལྡན་པའི་བསྐྱེད་རིམ་གྱི་ལྷའི་སྐུ་ལ་སེམས་རྩེ་གཅིག་དུ་འཇོག་པ་ནི་ཏིང་ངེ་འཛིན་ལྷའི་གཟེར་དང་། གཉུག་མའི་ཡེ་ཤེས་གཞོམ་མེད་སྔགས་ཀྱི་དེ་ཁོ་ན་ཉིད་དུ་ངེས་པའི་ངང་ནས་སྔགས་བཟླ་བ། སྙིང་པོ་སྔགས་ཀྱི་གཟེར། ལྷ་སྔགས་རིག་པའི་རང་རྩལ་དུ་ཤེས་ཤིང་རིག་པ་ཆོས་ཟད་ཀ་དག་གི་དགོངས་པ་ལས་མི་གཡོ་བ་དགོངས་པ་མི་འགྱུར་བའི་གཟེར། འོད་ཟེར་སྤྲོ་བསྡུ་སྤྱི་དང་བྱེ་བྲག་ཐུན་མཆོག་གི་ཕྲིན་ལས་རབ་འབྱམས་བསྒྲུབ་པའི་མདེ་ཁ་བསྒྱུར་བ་ནི་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཏེ་ལྟ་སྒོམ་སྤྱོད་གསུམ། སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་རྣལ་འབྱོར་ཀྱང་ཡིན་ནོ། །
ད་ནི་གལ་ཆེ་ཤོས་ཀྱི་རྩ་བ་དེ་དག་ཐུགས་ལ་བཅངས་ཏེ། དེ་དག་ལ་སྒྲོ་འདོགས་ཡོངས་སུ་ཆོད་ཅིང་སྒྲུབ་ཚུལ་གྱི་རྣམ་པ་ལ་མི་རྨོངས་མི་འཁྲུགས་པའི་ཕྱིར་ཤེས་བྱ་ཕྱོགས་མེད་ལ་སྦྱངས་ཤིང་དེ་དག་གི་སྙིང་པོ་གཅིག་དུ་བསྡུས་ནས་དེ་རྒྱུད་ཐོག་ཏུ་བསྐོར་ནས་གཞན་ལ་སྐྱོན་རྟོག་གི་མིག་སྒོར་མི་འགྲོ་བ་ཞིག་ཨེ་ཐོན་བལྟ་བ་དང་། དེ་དག་ཀུན་གྱི་གནད་རྫོགས་པའི་རྒྱུད་སྒྲུབ་ཐབས། སྒྲུབ་ཐབས་ཆོག་འགྲིགས། ཆོག་འགྲིགས་ཕྱག་བཞེས། ཕྱག་བཞེས་མན་ངག་དང་འབྲེལ་བའི་སྒོ་ནས་བསྒྲུབ་པར་བྱ་བའོ། །ལས་མཐའ་རྒྱས་ཀྱི་ཆོ་གའི་མཇུག་བསྐྱང་བ་ནི། ལས་བྱས་པ་རྣམས་དོན་ཡོད་པར་བྱ་ཕྱིར་མར་མེའི་སྨོན་ལམ། ཐོ་བྱང་བསྡུ་བ། དཀྱིལ་འཁོར་བསྡུ་ཞིང་། རྡུལ་ཚོན་ཆུར་གཤེགས་པ། སྨོན་ལམ། བཀྲ་ཤིས་ཡན་བྱ་བའོ། །གསུམ་པ་དེ་ལྟ་བུའི་སྒྲུབ་པ་ཉམས་སུ་ལེན་པའི་སྐབས་སུ་རྒྱུན་གྱི་སྤྱོད་པ་རང་གཞན་གྱི་ལུས་སུ་སྣང་བ་སྐུ་ལྔ། ཟིན་མ་ཟིན་གྱི་སྒྲ་སྐད་ཐམས་ཅད་གསུང་ལྔ། དྲན་རྟོག་ཐམས་ཅད་ཐུགས་ལྔ། འདོད་ཡོན་དང་གནས་ཡུལ་ཐམས་ཅད་ཡོན་ཏན་ལྔ། ཕྱག་རྒྱ་བྲོ་གར་ལ་སོགས་ལས་སུ་བྱ་བ་ཐམས་ཅད་ཕྲིན་ལས་ལྔའི་རང་བཞིན་དུ་བལྟ་བས་སྣང་སྤྱོད་ཐམས་ཅད་དཀྱིལ་འཁོར་གསུམ་དུ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པར་བྱ་དགོས་ཏེ། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ། །རྐང་བའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །ཅེས་དང་། སྨིན་གཏེར་གྱིས། སྣང་གྲགས་རིགས་གསུམ༴ དེ་དག་ནི་གཙོ་བོར་བསྐྱེད་རིམ་གྱི་ངོ་སྐལ་ཡིན་ལ། གཞན་ཡང་རྫོགས་རིམ་དང་ཟུང་དུ་འཇུག་པའི་ཤེས་པ་བཅུ་ལྡན་འཇིགས་གླིང་གིས་གསུངས་བ་ལྟ་བུའི་སྒོ་ནས་གནས་དགོས་སོ། །འདིར་མ་ཟད་བླ་མེད་གྱི་དབང་ཐོབ་པའི་རྣལ་འབྱོར་བས་རྟག་ཏུ་དག་སྣང་འདི་ལ་མ་གནས་ན་རྩ་ལྟུང་ཆེན་པོ་ཡིན་པས་ཐུགས་ལ་བཅང་བ་དང་། གཞན་ཡང་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་གྱི་བསླབ་སྡོམ་ལ་གནས་པ་གཞིར་བཞག་གི་སྟེང་དུ། སྔགས་ཆོག་འདི་ལྟ་བུའི་དུས་སུ་རྡོར་དྲིལ་ནི་ངེས་པར་ཡོད་དགོས་ཏེ། དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་དང་ལྷའི་བླ་རྡོ་གསང་སྔགས་པ་རྣམས་ཀྱི་འབྲལ་སྤང་། རྡོ་རྗེ་རིགས་ཀྱི་དམ་ཚིག་གིས་བཅིང་བའི་ཕྱག་རྒྱ་ཡིན་ཞིང་། འདིས་བསྐུལ་བས་གསང་སྔགས་ཐམས་ཅད་འགྲུབ་ཅིང་ཆོ་གའི་ལྷག་ཆད་སྐོང་བར་བྱེད་པས་མེད་དུ་མི་རུང་བའང་རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་དྲིལ་བུ་དཀྲོལ་བ་ཡིས། །ཆོ་ག་ཆད་དམ་ལྷག་ཀྱང་རུང་། །འགྲུབ་འགྱུར་ཉེས་པ་མི་འབྱུང་ངོ་། །ཞེས་དང་། དཔལ་མཆོག་ལས། བསྒྲུབ་པའི་ཆོ་ག་ཐམས་ཅད་ལ། །རྡོ་རྗེ་དྲིལ་བུས་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་ཚང་ཡང་། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་དང་། བདུད་རྩི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལས། ཆོས་ཉིད་རང་རྟགས་སྲོག་འཁོར་ལོ། །རྡོ་རྗེ་དྲིལ་བུ་ཡང་དག་བཟུང་། །ཞེས་སོ། །ཡང་བཞུགས་ཚུལ་ཀྱང་དྲང་པོ་བཞི་ལྡན་དུ་བཞུགས་པས་རླུང་སེམས་ཡེ་ཤེས་སུ་རྒྱུ་བས་བསྐྱེད་རྫོགས་འགྲུབ་པ་དང་། ཉམས་ཆགས་སྐོང་བ་གནས་ལུགས་རྟོགས་པ་ལ་སོགས་པའི་ཡོན་ཏན་ཡོད་པས་ཀློང་གསལ་ལས། ལུས་དྲང་བས་ནི་རྩ་དྲང་ཞིང་། །རྩ་ལས་རླུང་དང་དེ་ལས་སེམས། །དེ་ལས་ཡེ་ཤེས་མངོན་དུ་འགྱུར། །ཞེས་དང་། ཐར་མདོ་ལས། དྲང་པོར་འདུག་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །དེས་ན་ལུས་ཚུགས་བཟུང་སྟེ་བཞུགས་པ་ལས། གློ་ཕབས་པ་དང་། ཉལ་འཁྲིས་སོགས་མི་བྱ་ཞིང་ཁྱད་པར་དུ་ཞལ་མར་གྱུ་ནས་མི་སྐྱ་ཕོ་མོ་ཕར་མཇལ་ནས། བལྟ་དགོད་མིག་བརྡ་མཆུ་ཚུགས་སོགས་བྱས་ནས་ཁྱིམ་པས་དད་པ་ལོག་པར་བྱེད་པ་དང་། གཞན་ཡང་དམ་ཚིག་གི་རྫས་རྣམས་དང་གྲོགས་རྣམས་ལ་འཕྱ་བ་དགོད་པ་ཤགས་དང་། གྲལ་སོགས་རྩོད་པ་དང་ངག་འཆལ་རྩེད་མོ་རྣམ་གཡེང་ཆགས་སྡང་འཐབ་དཀྲོལ་འཁོན་ཞེ་བཞག །གཞན་ཡང་གྲལ་ནས་མ་རབས་སྤྲང་བོའི་སྤྱོད་པ། ཕོར་བས་ས་བརྡུང་བ་སོགས་མི་བྱེད་དེ། རིན་ཆེན་ཕྲེང་བ་ལས། བཟླས་པ་བྱེད་ཚེ་ལོང་གཏམ་ཀྱལ་ཀ་དང་། །ཁྲོ་དང་འཐབ་དང་ཤགས་དང་འཇུག་འཛིན་དང་། །ཞུམ་དང་ལྷག་པའི་ང་རྒྱལ་རྣམ་པར་སྤངས། །སྒྲ་དང་རྣམ་རྟོག་སྤྲོས་པ་རྣམ་པར་བཅད། །ལྷ་དང་སྔགས་ལས་གཞན་ལ་མི་བསམ་མོ། །ཞེས་སོ། ཡང་གྲལ་དུ་འཚོགས་དུས་བརྡ་དང་བརྡ་ལན་ལྷ་དང་བླ་མ་ལ་གྲལ་ཕྱག །བསླབ་པ་རྒན་རིམ་ལ་ཚུལ་ཕྱག་ཆབ་ལེན་ལྷམ་ཕུད་སོགས་ཆོས་འདུལ་བ་ནས་ཇི་སྐད་གསུངས་བ་རྣམས་ཚུལ་བཞིན་མཛད་པ་དང་། ཁྱད་པར་དབྱངས་ཁ་འགྲིགས། ཕྱག་རྒྱ་ལག་འགྲིགས། རྒྱབ་གོས་འགྲིགས། འབུད་བརྡུང་དཀྲོལ་འགྲིག་སོགས་བྱེད་པ་ཚུལ་བཞིན་དུ་དགོས་ཏེ། འདི་དག་ཀྱང་མཛེས་འདོད་སྙན་འདོད་ཙམ་ཞིག་མིན་པར་དགོས་པ་ཆེན་པོ་ཡོད་དེ། བཅོམ་ལྡན་འདས་ཀྱི་སྦྱིན་བདག་དད་པར་བྱ་བ་དང་། དཀོན་མཆོག་མཆོད་དོན་དུ་དབྱངས་ཀྱི་ང་རོ་བྱ་བར་གསུངས་ཏེ། འདུལ་བ་ལུང་ལས། སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་དང་རྒྱུན་ཆགས་གསུམ་པ་འདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ། །ཞེས་དང་། འདུལ་བ་སུམ་བརྒྱ་བ་ལས། ཆོས་སྒྲོག་བྱེད་པའི་གླུ་ནི་ཉེས་པ་མེད། །སྟོན་པའི་ཡོན་ཏན་བརྗོད་པའང་དེ་བཞིན་ནོ། །དམ་ཆོས་ཆེད་དུ་གླུ་ནི་མི་ཤེས་ན། །དབེན་པར་སོང་སྟེ་རབ་ཏུ་བསླབ་པར་བྱ། །ཞེས་དང་། གུ་རུའི་བཀའ་ལས། གཏེར་དུ་སྦས་པའི་གསང་སྔགས་ཆོ་ག་རྣམས། །བོན་གྱེར་མི་བྱ་ཚིག་དང་དོན་དུ་སྡེབས། །འུར་ཀློག་མི་བྱ་སྙན་པའི་དབྱངས་ཀྱིས་བརྗོད། །ཅི་ཕྱིར་ཞེ་ན་གསང་སྔགས་གྱེར་ཞིང་སྒོམ། །ཞེས་དང་། རྒྱུད་ལས། ཆེན་པོ་དྲུག་ལ་མ་གྱེར་ན། །ཡོ་ག་དབྱངས་ཀྱི་བསྟན་པ་ནུབ། །ཅེས་པས་ང་རོ་བཞི། ཡན་ལག་བཅུ་གཉིས། སྤེལ་མས་སྦྱོར་བ་བསམ་ཡས། ལེན་ཚུལ་བཅུ་གཉིས། སྐྱོན་དྲུག་སྦྱངས་བ་བྱང་འདྲེན་གྱི་རྩ་ནས་བསླབས་ཏེ་ཤེས་པར་བྱས་ལ། དེར་འཁྲི་ཞིང་ཁ་གཅིག་ནས་བུད་པ་ལྟ་བུ་ཞིག་དགོས་སོ། །དེ་བཞིན་དུ་རོལ་མོ་ཡང་བརྡུང་ཚུལ། སྤྱིར་གྱི་རོལ་མོ་གང་དཀྲོལ་ཡང་། །དམ་དུ་བཟུང་བར་མི་བྱ་ཞིང་། །བྲང་ལག་མི་སྦྱར་མན་ངག་ཡིན། །ཞེས་སོགས་ལྟར་སྒྲ་ཐབས་ཀྱི་རྣམ་དབྱེ་མཁས་པའི་འདྲེན་བཅུ་གཉིས་ལ་སྦྱར་དགོས་ཤིང་རྔ་ཐབས་ཡང་སྐྱོན་བཞི་སྤངས་ནས་ཚུལ་བརྒྱད་ལྡན་དུ་བརྡུང་བར་ཁྲོ་བོ་སྟོབས་རྒྱུད་ལས། ཧཱུྃ། ཞི་བའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དལ་ལ་ལྷོད་པས་བརྡུང་། །རྒྱས་པའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་གསལ་ལ་འཁྲོལ་བར་བརྡུང་། །དབང་གི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་སྙན་ལ་འཇེབས་པར་བརྡུང་། །དྲག་པོའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དྲག་ལ་མྱུར་བར་བརྡུང་། །ཞེས་སོགས་གསུངས་པ་ལྟར་ཕྱག་ལེན་མ་འཕྱུག་པར་བྱ། གཞན་ཡང་དབྱངས་རོལ་དུང་རྒྱག་སོགས་གང་ལ་ཡང་སྔར་ཡོད་ཚུགས་ལྡན་ལས་བློ་བཟོས་འདྲ་འབུད་སོགས་བྱས་ན། བྱིན་རླབས་དང་དགོས་པ་ཅི་ཡང་མེད་པས་གང་ཡིན་གྱི་ལད་མོ་དང་བཅོས་བསྒྱུར་མི་བྱ། ཕྱག་རྒྱ་ནི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་བ་ལས་མི་འདའ་བར་རྒྱས་བཏབ་པས་མཐར་ཐུག་མངོན་སངས་རྒྱས་པའི་ཕན་ཡོན་ཡོད་དེ། རྒྱས་པ་ལས། འདའ་དཀའ་ཇི་བཞིན་མི་ཤིགས་པའི། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོའི་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཞེས་གྲུབ་པ་བཞི་ལྡན་དུ་ཡོད་པ་ལ་བཅས་བཅོས་ག་ལ་ཉན་དེ་འགྲིགས་གལ་ཆེ་ཡང་རྒྱབ་གོས་འགྲིགས་ལའང་དགོས་པ་ཆེ་སྟེ། དད་ལྡན་དྭངས་བ་འདྲེན་པའི་མིག་རྒྱན་ཡང་ཡིན་ལ། རང་ལུས་ལྷ་སྐུ་ཡིན་པ་དང་། དུས་མཆོད་འདི་ལྟ་བུའི་དུས་མཆོད་པའི་ཕྱག་རྒྱར་འགྱུར་བའི་ཕྱིར་རྒྱུད་ལས། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་སོ། །གཞན་ཡང་འཆམ་བྲོ་གར་བསྟོད་གླུ་ཚོགས་གླུ་སོགས་ཀྱི་དགོས་པ་ཙམ་བསམ་གྱིས་མི་ཁྱབ་སྟེ་རྒྱུད་ལས། བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །དེས་ན་གལ་ཆུང་ཁྲལ་སྤྱོད་ལྟ་བུ་མི་བྱེད་པར་རྟོགས་ལྡན་རང་བཅའ། བ་རྔ་རང་ལྕག་ཟེར་བ་ལྟར་ཚུལ་བཞིན་སྤྱོད་ན་རང་དྲིན་རང་ལ་ཆེ་ཞིང་འདི་ཕྱི་གཉིས་སྐྱིད་ཅིག་འོང་བས་ཐུགས་ལ་བཅག་འཚལ། གཞན་ཡང་དུས་རྣམས་ཀུན་ཏུ་སྤང་བྱ་ཁྱིམ་པ་སུན་འབྱིན་གྱི་བྱ་བ་ཁྱིམ་རྟགས་སྐྱ་བཅས་༼ ཆས་དཔྱད་༽ བྱེད་པ། བཤས་ཉོ་ཚོང་། འཁྲིག་ཚིག་འཆལ་བར་སྒྲོག་པ། འཁྲིག་སྤྱོད་མངོན་དུ་བྱེད་པ། མནའ་ཆེན་སྐྱེལ་བ། ལྐུག་ཆེན་འཇོག་པ། རྐུ་བྱེད་པ། གྲི་རིང་ཐུང་དྲང་བ། ཆང་ཁ་དུད་སྣ་དུད། ཐག་འཐག་བལ་བྲེག་རྩིད་འབལ་རྩྭ་ཐུ་སོགས་བྱེད་པ་ཐོས་ཚེ་ཉེས་ཆད་ཀྱང་ཡོད་ངེས་ཡིད་འཇགས་དགོས།
༈ ད་ནི་དེ་ལྟར་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལ་ཞུགས་པའི་ཕན་ཡོན་སྔོན་བྱུང་གི་དུས། ལྷ་གྲགས་ལྡན་ཕྱོགས་སྐྱོང་ཚོམ་བུ་འབུམ་དང་བཅས། གནོད་སྦྱིན་ཀུན་ཏུ་བཟང་པོ་ཚོམ་བུ་འབུམ་དང་བཅས། ཀླུ་རྒྱལ་མགྲིན་ནག་ཚོམ་བུ་འབུམ་དང་བཅས། རྒྱལ་པོ་ཛཿ ཚོམ་བུ་འབུམ། ཨིནྡྲ་བོ་དྷི་བར་མ་ཚོམ་བུ་ཁྲི། ཀུ་ཀུ་རཱ་ཛ་སྟོང་ལྔ་བཅུ། སེངྷ་རཱ་ཛ་སྟོང་། ཨུ་པ་རཱ་ཛ་བརྒྱ། སྲས་མོ་ཀོ་མི་འཁོར་ཚོམ་བུ་ལྔ་བཅུ་དང་བཅས་མངོན་པར་སངས་རྒྱས་པ་ཡིན་པས་ན་འདི་ལྟར་མོས་བསྒོམ་ཙམ་གྱིས་ཚོམ་བུར་འདུས་པའི་སྒོ་ནས་སྒྲུབ་ཀྱང་དབང་པོ་རབ་ཚེ་འདིར། འབྲིང་བར་དོ། ཐ་མའང་སྐྱེ་བ་བདུན་ཚུན་ཆད་ལ་རིག་འཛིན་གྱི་ས་ལ་གནས་པར་གསུངས་ཏེ། གསང་འདུས་ལས། ཡང་ཅིག་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །འབྲེལ་བ་སྣ་གཅིག་ཐོགས་ནའང་། དེ་ཉིད་ལས། རྩེ་གཅིག་བསྒོམ་པའི་སྐལ་མེད་ན། །མཐོང་ངམ་ཐོས་སམ་རེག་པ་ཡིས། །བྱང་ཆུབ་ལམ་ལ་བསྒྲོད་པར་འགྱུར། །ཞེས་དང་རྡུལ་ཚོན་བྲིས་པ་ཙམ་གྱི་ཕན་ཡོན་ཡང་། དེ་ཉིད་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག །ཐིག་དང་རྡུལ་ཚོན་འབྲི་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ཀུན། །རིན་ཆེན་བདུན་བྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ཅེས་དང་། འཚོགས་དང་དཀྱིལ་འཁོར་མཇལ་བ་ཙམ་གྱི་ལས་འབྲེལ་བཞག་ཀྱང་བསོད་ནམས་འདི་ལྟ་བུ་ཡོད་དེ། སྒྱུ་མ་ཆེན་པོའི་རྒྱུད་ལས། །མཐོང་བ་དང་ནི་ཞུགས་པ་ཡིས། །དེ་ཀུན་སྡིག་ལས་རྣམ་པར་གྲོལ། །ཞེས་སོ། །དཀྱིལ་འཁོར་ཀུན་ལས་ཀྱང་ལམ་ཟབ་བླ་མའི་སྒྲུབ་པ་ནི་ཁྱད་པར་དུ་འཕགས་ཏེ། ཆུབ་པར་རོལ་པའི་རྒྱུད་ལས། གང་གིས་བསྐལ་པར་བྱེ་བ་རུ། །ལྷ་ཡི་སྐུ་ནི་བསྒོམ་པ་བས། །མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་དང་། ཆེ་བ་རང་གནས་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །འདི་ཡིས་འགྲུབ་བོ་སྐལ་ལྡན་བུ། །ཞེས་པ་དང་། ཁྱད་པར་དུ་བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཡིན་པ་དང་། བླ་མ་ཐམས་ཅད་དེའི་རྣམ་རོལ་ཡིན་པ་དང་། གུ་རུ་ཉིད་ནི་ཆོས་སྐུའི་དུས་ན་ཀུན་བཟང་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་དང་། རྡོ་རྗེ་འཆང་། སྤྱན་རས་གཟིགས། སྤྲུལ་སྐུ་མདོ་ལྟར་རྒྱལ་བ་ཤཱཀ་ཐུབ། སྔགས་ལྟར་གུ་རུ་པད་འབྱུང་ཡིན་ཏེ། ཇི་སྐད་དུ། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་། །སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ། །རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་རྣམས། །དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ། །ཅེས་དང་། སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད། །རི་བོ་ཏཱ་ལར་མགོན་པོ་སྤྱན་རས་གཟིགས། །དྷ་ན་ཀོ་ཤར་པདྨ་འབྱུང་གནས་དཔལ། །མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་ན་ཡང་། །དོན་ལ་དབྱེར་མེད་སོ་སོར་ཐ་མི་དད། །ཅེས་དང་། བཅོམ་ལྡན་འདས་ཀྱིས། དྷ་ན་ཀོ་ཥའི་མཚོ་གླིང་དུ། །ང་ལས་ལྷག་པའི་སྤྲུལ་སྐུ་འབྱུང་། །ཞེས་གསུངས་པས་ཕྱི་ལྟར་སྟོན་པ་དང་ཉེ་སྲས་བརྒྱད་ནང་ལྟར་གུ་རུ་དང་མཚན་བརྒྱད་གསང་པ་ལྟར་ཆེ་མཆོག་དཔལ་དགུ། ཡང་གསང་ཡེ་ཤེས་ཀློང་དགུའི་རང་བཞིན་ལྷར་ཤར་བ་ཡིན་ལ་གཞན་ཡང་འཁོར་བའི་ཆོས་རྣམ་པ་ཉི་ཤུ་བྱང་ཆུབ་པའི་རང་མདངས་ལྷའི་རྣམ་པར་འཕྲུལ་བ་འཕྲུལ་མཚན་ཉི་ཤུ་དང་། འཛམ་གླིང་བྱེ་བ་ཕྲག་བརྒྱར་པད་འབྱུང་བྱེ་བ་ཕྲག་བརྒྱ་དང་། རིགས་དྲུག་འདུལ་བའི་གུ་རུ་ཐུབ་པ་དྲུག་ལ་སོགས་པར་ལྷུན་གྱིས་གྲུབ་པར་ལྷ་འདི་གཅིག་སྒྲུབ་ན་དཀྱིལ་འཁོར་ཀུན་འགྲུབ་པའི་དོན་ལ་ངེས་ཤེས་བསྐྱེད་པར་བྱ་སྟེ། བཀྲ་ཤིས་ཁུ་བྱུག་རོལ་པའི་རྒྱུད་ལས། ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཉིད་དུ་གསལ། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་དང་། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་བསྒྲུབ། །ང་འགྲུབ་སངས་རྒྱས་ཐམས་ཅད་འགྲུབ། །ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། །ང་ནི་བདེ་གཤེགས་འདུས་པ་ཡིན། །ཞེས་གསུངས་པ་ལ་སོགས་པའི་དོན་ལ་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བའི་སྒོ་ནས་མོས་པ་བླ་ལྷག་ཏུ་བསྐྱེད་དེ་སྒྲུབ་པ་སོགས་ཀྱི་དོན་ལ་འཇུག་འཚལ། བཀྲ་ཤིས་གང་ཞིག་རང་བྱུང་པདྨ་འབྱུང་། །མ་ལུས་ཀུན་གྱི་སྙིང་ལ་རྟག་བཞུགས་པའི། །བདེན་པ་དེའི་ཀོ་མཐའ་ཡས་འགྲོ་བའི་ཁམས། །འབྲེལ་འདིས་བྱང་ཆུབ་འབྲས་བུའི་རྒྱུད་སྨིན་ཤོག །ཅེས་ཀྱང་སྐྱབས་མགོན་བླ་མ་མཆོག་གི་སྤྲུལ་པའི་སྐུས་འདི་འདྲ་ཞིག་དགོས། རྒྱས་དགོས། ལུང་འདྲེན་མང་དགོས་གསུངས་པའི་བཀའ་མ་ཐེག་པར་ཀུན་བཟང་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོས་མཆོད་པ་གྲོང་སྔགས་རྒན་པོས་སོ། །འདི་བསྡུ་ན་བརྒྱུད་པ་གཞན་རྣམས་ཀྱི་བླ་མའི་མཚན་ཙམ་བརྗོད་ཀྱང་མ་བརྗོད་ཀྱང་། སྙིང་ཐིག་གི་བརྒྱུད་པ་ཙམ་དང་ཕུན་ཚོགས་ལྔ་དང་། གཟེར་བཞི་བསྡུས་པ་མཇུག་བསྐྱང་བ་ཡན་ཆད་ཀྱིས་ཆོག་ལགས། དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །
བཟླས་ཆོག་རྡོ་རྗེའི་གོ་ཁྲབ་བཞུགས། དཔའ་བོ་ལས་རབ་རྩལ།
༄༅། །བཟླས་ཆོག་རྡོ་རྗེའི་གོ་ཁྲབ་བཞུགས། གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ རྒྱ་གར་མཁས་པ་པདྨ་འབྱུང་གནས་ཀྱིས༔ རྗེ་འབངས་དག་པའི་འཁོར་ལ་གདམས་ངག་གནང༔ བཟླས་ཆོག་རྡོ་རྗེའི་གོ་ཁྲབ་ཟབ་མོ་འདི༔ གསང་བའི་གཏེར་གནས་རྣམས་སུ་རྒྱ་ཡིས་བཏབ༔ ལས་འཕྲོ་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཤོག༔ ལྔ་བརྒྱའི་དུས་ཀྱི་ཐ་མར་སླེབ་པའི་ཚེ༔ འགྲོ་བ་མི་རྣམས་སྡིག་སྤྱོད་བསོད་ནམས་ཟད༔ ཆར་ཆུ་མི་སྙོམས་འབྲས་བུ་དུས་མི་སྨིན༔ དེ་དུས་སྤྱོད་ངན་མི་རུང་སྣ་ཚོགས་བྱེད༔ སྡེ་བརྒྱད་འབྱུང་པོ་འཁྲུག་ཅིང་གཟའ་ཀླུ་དར༔ སྔར་མེད་རིམས་ནད་མིང་མི་ཐོགས་པ་དང༔ སྨན་པས་ངོ་མི་ཤེས་ཤིང་བཅོས་མི་ལེན༔ དེ་དུས་ནད་བརྒྱ་སྔགས་གཅིག་ཟབ་མོ་འདི༔ སྲིད་པ་གསུམ་ན་དཀོན་པའི་ཡིད་བཞིན་ནོར༔ གནོད་བྱེད་ཐམས་ཅད་ཐེམས་བུས་བཀག་དང་མཚུངས༔ བདེན་རྫུན་ལག་ཏུ་ལོངས་ལ་ལྟོས་དང་གསལ༔ དཀོན་མོད་རྒྱལ་ཁམས་མི་ལ་དྲི་དང་གསལ༔ རྒྱ་གར་རྒྱ་ནག་ཁ་ཆེ་ཨོ་རྒྱན་སོགས༔ འཛམ་གླིང་ཉུལ་ཡང་འདི་འདྲ་རྙེད་མི་སྲིད༔ ཉི་ཟླའི་འོག་དང་ས་སྟེང་ཇི་སྙེད་དང༔ རྡོ་རྗེ་གདན་གྱི་དབུ་བྱས་འཛམ་གླིང་གི༔ མཁའ་འགྲོའི་གསང་མཛོད་ཐམས་ཅད་དཀྲུགས་བྱས་ཀྱང༔ འདི་འདྲའི་གདམས་པ་གར་ཡང་ཡོད་མི་སྲིད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ཟབ་ཟབ༔ ཨཾ་ཐཾ༔ འདི་ལ་ལྟ་བསྒོམ་དམིགས་པའི་སྤྲོ་བསྡུ་མེད༔ བསྲུང་ཆ་གང་ཡང་མི་དགོས་འཇུག་པ་བདེ༔ སྟེང་འོག་བར་གདོན་ཀུན་གྱིས་མི་ཚུགས་པའི༔ རྡོ་རྗེའི་གོ་ཁྲབ་འདི་ལ་ཡི་དམ་བྱ༔ དང་པོར་ངག་བཅད་ཞག་འདུན་ཅི་ནུས་བགྲང༔ ཐ་མ་ཞག་གསུམ་ཅི་ནུས་བཟླ་བ་གཅེས༔ བརྒྱ་རྩ་རེ་ལ་རྒྱུན་གྱི་ཡི་དམ་ཟུངས༔ གཞན་དོན་བྱེད་ན་ཁྲུས་དང་སྔགས་ཆུ་ཡིས༔ སོས་པར་མི་འགྱུར་གང་ཡང་ཡོད་མ་ཡིན༔ དངོས་གཞི་མན་ངག་རྩ་བའི་སྔགས་འདིའོ༔ ཨོཾ་པདྨ་ཤ་བ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏཏྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ སྔགས་གྲངས་ཐེམ་གྲོང་ཁྱེར་སུམ་ཅུ་ཐམ་པ་ལ༔ ན་རོ་ཀླད་ཀོར་གཅིག་དང་གི་གུ་བཞི༔ འགྲེང་བུ་གཅིག་དང་རིང་ཆ་བཞི་ཡིས་ཚང༔ གཅེས་ཕྱིར་ལྷག་ཆད་བྱུང་དོགས་གྲངས་སུ་བཏབ༔ སམ་ཡཱ༔ རྒྱ་རྒྱ་རྒྱ༔ དམ་མེད་ལ་སྦས་རྒྱ༔ དེ་ལྟར་ཡོན་ཏན་བརྒྱ་ལྡན་གསང་བའི་སྔགས༔ འབྱུང་བ་ལྔ་ཡི་གཟའ་ནད་རིགས་གྱུར་དང༔ འོག་གདོན་ས་བདག་ཀླུ་གཉན་ཐམས་ཅད་ལ༔ ཁྱད་པར་སྔགས་ཤིང་དྲན་ཆོག་ཐེང་ཆོག་ཡིན༔ བཙན་དུག་སྦྱར་དུག་དུག་རིགས་ཡིན་ནོ་ཅོག༔ གག་པ་ལྷོག་པ་སོགས་ཀྱང་། གཟེར་ཐུང་འགོ་བའི་ནད༔ ཕོ་ལྷོག་དམར་ཤལ་འབྲུམ་བུའི་རིགས་ཀུན་དང༔ ཕོ་གླང་སྐྲན་དང་དམུ་ཆུ་མཛེ་ནད་དང༔ ཤུ་བ་མེ་དབལ་བས་བལྡག་གཡེན་པ་དང༔ རྨ་དང་འབྲས་ཆུ་གཉན་དང་ཆུ་བུར་སྐྲངས༔ ལིང་ཐོག་ཤ་འཛེར་ཤུ་ཐོར་ལིང་རོ་སོགས༔ མིག་ནད་སྣ་ཚོགས་ནད་རིགས་སྣ་ཚོགས་ལ༔ སྔགས་ཆུ་བཏབ་པས་མི་སོས་གང་ཡང་མེད༔ ཀུན་ལ་བསྔགས་ཤིང་ཡོན་ཏན་བསམ་མི་ཁྱབ༔ ཕྱི་ཡི་ནད་རིམས་རིགས་སམ་གདུག་པ་ཐམས་ཅད་ལ༔ སྔགས་འདི་བརྒྱབས་པས་མི་སོས་གང་ཡང་མེད༔ སོ་ཡི་ནད་སོགས་རུས་ནད་ཐམས་ཅད་ལ༔ ཚྭ་ཆུར་སྔགས་བཏབ་བྱིན་པས་མི་སོས་མེད༔ དེ་བཞིན་ཚད་པའི་ནད་རིམས་ཐམ་ཅད་ལ༔ གངས་ཀྱི་ཆུ་ལ་བཟླས་ནས་སྦྱིན་པར་བྱ༔ གྲང་བའི་ནད་རིགས་ཀུན་ལ་ཆང་ལ་བསྔགས༔ གློ་བུར་ནད་རིགས་ཐམས་ཅད་ཡུངས་ཀར་བསྔགས༔ སྔགས་བཟླས་བཏབ་པས་མྱུར་དུ་གྲོལ་བར་ངེས༔ མི་གཙང་ནད་རིམས་གྱུར་རིགས་སམ་པ་ཐམས་ཅད་ལ༔ བུམ་ཆུར་བུལ་དོག་སྔགས་བཟླས་ནད་པ་བཀྲུ༔ དེ་དག་རྣམས་ཀྱིས་མི་སོས་གང་ཡང་མེད༔ འགོས་ནད་ཀུན་ལ་མི་ཕན་གང་ཡང་མེད༔ ཡང་ནི་གཉན་འབུར་ཐམས་ཅད་འཇོམས་པ་ལ༔ བུར་རྒོད་གར་ཆང་བསྲེས་ལ་སྔགས་ཀྱིས་བརླབས༔ ལྟོ་སྟོང་བཏུངས་པས་མཆོག་ཏུ་ཕན་པར་འགྱུར༔ དམུ་ཆུའི་ནད་ལ་ཟབ་པོ་རང་ཚྭ་ཆུར་བསྔགས་པ་ཡིན༔ མི་རྟ་ཆུ་བསྡོམ་ཆུ་ནད་རིགས་རྣམས་ལ༔ སྦྲུལ་ཤ་དྲོད་སྨན་རྒྱ་ཚྭ་སྦྱར་བར་བསྔགས༔ ཆང་བསྐོལ་མར་ཁུ་བསྐོལ་བ་བཏབ་ལ་གཏོང༔ ཆུ་ནད་འབམ་རིགས་གསུམ་ལ་ལ་ཁུར་བཟླས༔ མཁྲིས་ནད་ཀུན་ལ་འབྲས་ཐང་སྔགས་བཟླས་བརྟེན༔ སྨུག་པོ་ཁྲག་ནད་སྐྱུགས་ནད་བྱུང་བ་ལ༔ འབྲོང་གི་སྙིང་ཁྲག་སྲན་ཙམ་ཆུར་སྦྱངས་ནས༔ སྔགས་ཀྱི་དྲོད་ལྡན་བཏུང་བས་མཆོག་ཏུ་ཕན༔ མཁན་པའི་རྩ་བ་ལོ་མར་སྔགས་བཟླས་ནས༔ སྣ་རུ་བརྫངས་བས་སྣ་ཁྲག་གཅོད་པར་བྱེད༔ མར་ཆང་ཆ་སྙོམས་གུར་གུམ་བཅས་ལ་བཟླས༔ དྭངས་མ་དཀར་དམར་འཛག་པ་གཅོད་ལ་ཟབ༔ གཞན་ཡང་གཅིག་ཆོག་སྔགས་འདིའི་ནུས་པ་བསྟན༔ ལྷ་ཡི་བཀའ་ཆད་གཟའ་ཡི་གཟེར་བུ་ཐུབ༔ རྒྱལ་པོའི་ཆོ་འཕྲུལ་གཉན་གྱི་གདུག་རྩུབ་ཐུབ༔ ལྷོག་པ་དཀར་ནག་ས་བདག་གནོད་པ་ཐུབ༔ བཙན་གྱི་གདོན་དང་ལྷ་སྲིན་སྡེ་བརྒྱད་ཐུབ༔ མ་མོའི་དལ་ཡམས་དམུ་དང་མ་སང་ཐུབ༔ ཐེའུ་རང་སྲིས་རྐུན་བརྟན་མའི་གདོང་ཐུག་ཐུབ༔ སྔགས་པའི་རྦོད་ཟོར་སྤར་ཁ་དགྲ་གཤེད་ཐུབ༔ ལོ་འབྱུང་མི་མཐུན་སྨེ་བའི་བཞི་གཤེད་ཐུབ༔ ལྟས་ངན་བརྒྱད་ཅུ་གློ་བུར་བདུན་བརྒྱ་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་མ་ལུས་དང༔ ནད་རིམས་བཞི་བརྒྱ་རྩ་བཞི་བགེགས་ཀྱི་རིགས༔ སྟོང་ཕྲག་བརྒྱད་ཅུའི་ཚོགས་བཅས་གནོད་པ་དང༔ མི་མཐུན་ཕྱོགས་ངན་གང་ཡང་འདི་ཡིས་ཐུབ༔ གཉན་སར་དཔང་བཙུགས་མནའ་ཡི་ཉེས་པ་དང༔ ཕོ་འདྲེ་མོ་འདྲེ་མ་ལུས་ས་བདག་དང༔ སྲོད་ཐོར་རྒྱུ་དུས་གཙུག་ལག་ངན་པ་སོགས༔ འདི་ཡིས་མི་ཐུབ་བྱ་བ་གང་ཡང་མེད༔ སྲ་མཁྲེག་རྡོ་རྗེ་འབར་བའི་བྲག་དང་མཚུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ མཐིང་ཤོག་དག་ལ་གསེར་གྱི་དབུ་ཅན་བྲིས༔ རང་སྔགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ བསྲུང་བྱར་བཏགས་ན་ཁམས་གསུམ་སྔགས་པ་ཡིས༔ ཕུར་ཐོགས་ངན་སྔགས་མཐུ་ཡིས་ཚུགས་མི་སྲིད༔ འཆི་བ་མེད་པ་ཚངས་པའི་ཚེ་དང་ལྡན༔ གཞན་ཡང་ཡོན་ཏན་གོང་དང་འདྲ་བ་ཉིད༔ སྲུང་བའི་མཆོག་གྱུར་རྡོ་རྗེའི་གོ་ཆ་ཡིན༔ བཟློག་པའི་མཐར་ཐུགས་མཚོན་ཆའི་འཁོར་ལོ་ཡིན༔ སྔགས་བཟློག་ཡོངས་ཀྱི་མཐར་ཐུག་འདི་མེད་ན༔ གཞན་ལ་གདིང་འཆའ་སྙིང་མེད་བེམ་པོ་འདྲ༔ འདི་དང་ལྡན་ན་མི་དེ་རྡོ་རྗེའི་སྐུ༔ གནད་ཀྱི་མན་ངག་སྙིང་དང་མིག་འདྲ་བ༔ རང་ལ་ཅི་རི་གཅིག་ཆོག་འདི་ལ་རི༔ བསྒྲུབ་པའི་མཐུ་རྩལ་ནུས་པ་ཐོགས་མེད་འབྱུང༔ ཤི་དུས་འཇའ་དང་རིང་བསྲེལ་གདུང་རྣམས་འབྱུང༔ ཕྱི་མ་ཨོ་རྒྱན་མཁའ་སྤྱོད་ཞིང་དུ་སྐྱེ༔ བཀའ་བསྒྲུབ་དགྱེས་པའི་ཡོན་གྱིས་མི་བསླུ་བར༔ ཁ་གསག་སྟོང་ཞུས་ཅན་ལ་ཨ་ཐཾ་རྒྱ༔ སྡིག་ཅན་དམ་ཉེས་ལག་འགྲིམ་ཀུན་ལ་སྤེལ༔ ཚེ་འདིར་མཁའ་འགྲོ་ཆོས་སྐྱོང་བཀའ་ཆད་འོང༔ ཤི་ནས་རྡོ་རྗེ་དམྱལ་བར་སྐྱེས་ཏ་རེ༔ འདི་སྤྱོད་འགྲོ་ལ་བྱམས་དང་སྙིང་རྗེར་ལྡན༔ བླ་མ་ལ་གུས་ཡང་དག་སྲི་ཞུ་བསྐྱེད༔ གདམས་པར་ཡིད་གཉིས་ཐེ་ཚོམ་སེལ་མི་གཞུག༔ བློ་གཏད་ཐུབ་པའི་བུ་ལ་བཀའ་རྒྱས་ཐོབ༔ ཕྲིན་ལས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ བཛྲ་ས་མ་ཡཱ༔ གུ་ཧྱ༔ ཨྠི། མནྟྲ། བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔགས་སྨྱོན་དཔའ་བོ་ལས་རབ་རྩལ་གྱིས་དག་པར་བྲིས་པ་དགེའོ། །ཞེས་པ་འདི་ནི་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གཏེར་ཁ་ནས་བྱུང་བ་ལགས་ཏེ། གཞན་རྡོ་རྗེ་གླིང་པ་སོགས་ཀྱི་གཏེར་ཁ་དུ་མ་ནས་བྱུང་བ་རྣམས་ཚིག་མང་ཉུང་ཅི་རིགས་འདུག་ཀྱང་དོན་གཅིག་པར་བྱོན་པ་ལས། འདིར་ལས་རབ་རྩལ་གྱི་གཏེར་མ་འདི་ཚིག་དོན་ལེགས་འདུས་སུ་བཞུགས་པས་དེ་ཉིད་གཙང་མར་བཀོད་པའོ། །གཏེར་སྟོན་འདིའི་ཞལ་ཤེས་ལས། སྟེང་གདོན་ལ་ཕྱག་རྡོར། རྒྱལ་བསེན་ལ་གུར་དྲག །དུག་ལ་རྨ་བྱ་ཆེན་མོ། ནད་གདོན་སྤྱིར་སྨན་བླར་རང་ཉིད་གསལ་བའི་སྐུ་ལས་བདུད་རྩི་བབ་སྔགས་ཆུ་ནུས་ལྡན་དུ་གྱུར་བར་དམིགས་ཞེས་གསུངས། གཞན་ཡང་རྡོར་གླིང་གི་གཏེར་ཁར་སྔགས་འདི་ཡི་ལས་ཚོགས་རྟོགས་པ་བསྐྱེད་པ་དང་། ནོར་སྒྲུབ་པ་སོགས་མང་པོ་ཡོད་པ་རིན་ཆེན་གཏེར་མཛོད་དུ་ཡང་བཞུགས་པ་ལགས་སོ། །མངྒ་ལཾ། །
རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། རིག་འཛིན་འཇིགས་མེད་གླིང་བ།
༄༅། །རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ་བཞུགས། དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །པདྨ་འབྱུང་གནས་ཐུགས་རྗེའི་བདག །མཐོན་མཐིང་རལ་བའི་ཅོད་པན་རྩེར། །བཞུགས་ལ་བདག་རྒྱུད་བྱིན་གྱིས་རློབས། །ཁྱེད་དད་པ་དམ་ཚིག་དང་ལྡན་ཞིང་སྙིང་ནས་ཆོས་དོན་དུ་གཉེར་བ་རྣམས་གསན་པར་ཞུ། ཐོག་མཐའ་མེད་པའི་འཁོར་བ་ནས་ལས་ངན་གྱིས་རྒྱུ་བྱས། རྐྱེན་ངན་གྱི་དབང་དུ་ཤོར། གང་ནས་བསམ་ཀྱང་ཡ་ང་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་རིགས་དྲུག་བཙོན་པ་ཁྲི་མུན་དུ་བཅུག་པ་ལྟ་བུའི་གནས་སུ་ཁོར་ར་ཁོར་ཡུག་ཏུ་སྤྱོད་དགོས་པ་ཅི་ཡིས་ལན་མནོ་བསམ་ལེགས་པར་ཐོང་། ད་ལྟ་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། རྐྱེན་མི་འདོད་པ་ཕྲན་བུ་ལའང་བག་ཚ་ནས་བློ་མ་བདེ་སིང་སིང་། སྣང་བ་ཐམས་ཅད་དོགས་པར་འཆར་ནས་ཡི་ག་འཆུས་པ་འདྲ་ན་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུས་ཨ་ཙ་མ། ད་དེ་དག་ལས་ཐར་བའི་ཐབས་ནི་གཏན་གྱི་འདུན་མ་དམ་པའི་ཆོས་ཁོ་ན་བསྒྲུབ་པ་ལས་གཞན་ཅི་ཡང་མ་ཡིན། སྣང་བ་སྒྱུ་མ་ཡིན་ཟེར། ཉིན་མོར་རྟ་ཞོན། ཆང་བཏུང་། རྩེད་འཇོ་ལ་རོལ། དགོངས་མོ་རས་གཟན་གྱོན། སྦུད་པའི་དགང་སྟོང་འདྲ་བའི་རླུང་ཕིང་ཕིང་། ཌ་དྲིལ་ཁྲོལ་ཁྲོལ་གཅིག་པོས་སངས་མི་རྒྱ། འཁོར་བ་ལ་འཁྱམས་པའི་རྩ་བ་བདག་འཛིན་ཡིན་ཏེ། བཤེས་སྤྲིང་ལས། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱིད་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་པའི་བདག་འཛིན་ལ་མདོར་བསྡུ་ན། ཡུལ་མཁར་དང་ནོར་རྫས་ལ་ཞེན་ཅིང་ཆགས་ནས་ཆོས་ལ་ཕྱི་བཤོལ་བྱེད། ཁབ་དང་སྐུད་པ་རྙེད་ཀྱང་ལྷ་གསོལ། སྙུང་བུ་དང་ལྷམ་སྒྲོག་བོར་ཡང་སྙིང་འཁུམ་པ་དེ་ཚོ་ཕྱི་ཡི་བདག་འཛིན་ཡིན། ཆོས་ལ་ཕྱོགས་རིས་བཅད། རང་ཕྱོགས་ལྷ་རུ་མཐོང་། གཞན་ཕྱོགས་འདྲེ་རུ་འཛིན། རང་རྒྱུད་ཀྱི་ཡོན་ཏན་ལ་རྟོག་དཔྱོད་མི་གཏང་བར་ཤཱཀྱ་ཐུབ་པའི་གྲལ་མགོར་སྡོད་རྒྱུ་བྱུང་ཡང་ང་རང་ཨ་ཐོབ་ཡིན་བསམ་བྱེད་པ་དེ་ཚོ་ནང་གི་བདག་འཛིན་ཡིན། བསྐྱེད་རིམ་དངོས་ཞེན་ཅན། སེམས་བསྐྱེད་ཕྱོགས་རིས་ཅན། རྫོགས་རིམ་དམིགས་གཏད་ཅན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཁ་ནས་ཟེར་རུང་སྟོང་པའི་ངོ་བོ་ལ་འདོད་སྲེད་ཅན་སྒེག་མོའི་ལུས་ལ་ཆགས་པ་བཞིན་དམ་སྲིང་ངེ་། ཐོམ་ཡོ་རེ་བལྟ་ཞིང་། ང་འདྲའི་ཐུགས་དམ་སུ་ལ་ཡོད་སྙམས་ནས་འདྲི་ས་དང་གླེང་ས་མེད་པས་མི་ཚེ་དོན་མེད་ལ་འཛད་པ་དེ་ཚོ་གསང་བའི་བདག་འཛིན་ཡིན། དེ་ཁྱེད་རྣམས་ལ་དྲང་པོར་གླེང་ན། ཡུལ་དང་ནོར་རྫས་ལ་སྲེད་པ་གཏིང་ནས་སྤངས་པ་ཞིག་བྱུང་ན་ཆོས་ཕྱེད་ཚར་བ་ཡིན། ངས་དང་པོར་ངེས་དོན་གྱི་སྒོར་ཞུགས་པ་ཙམ་ནས་བདག་འཛིན་མཆིལ་མའི་ཐལ་བ་བཞིན་དུ་འབོར་ནུས་པ་ཡོད་དེ། གནས་ལུགས་བཙན་ས་ཟིན། འཁོར་སློབ་འདུ་བའི་སྒོ་ཚུགས། གཞན་དོན་ནུས་པའི་ཁུངས་སུ་གྱུར་པ་ནས། གདུལ་བྱ་ཐབས་ཀྱིས་འདུལ་བའི་དགོངས་གཞི་དང་དགོངས་པ་མཐའ་ཡས་པ་བྱུང་ནས། འཕྲལ་གྱི་ཉེ་བར་སྤྱད་པ་འགའ་ཙམ་བདག་གིར་བཟུང་བ་ལས་གཏིང་ནོར་ཡིན་ཟེར། ན་ན་དགོས་ཟེར། ཤི་ན་སྤྱོད་ཟེར་བའི་ཕྱི་ཚིགས་རེ་དོགས་ལྷུར་ལེན་ཙམ་མ་བྱས་པར་གཙོ་བོར་དཀོན་མཆོག་ལ་མཆོད་པ། སེམས་ཅན་གྱི་སྲོག་བསླུ་བ། དགེ་འདུན་ལ་བསྙེན་བཀུར་བ། ཞར་ལ་ངན་སློང་ལ་སྦྱིན་པ་སོགས་ཤི་གསོན་གྱི་དངོས་པོ་གནས་མ་ཡིན་པར་ཆུད་འཛའ་བ་དང་། བུང་བའི་ཚང་གསོག་གསོག་བྱས་པ་མེད། མཛོད་རྒྱབ་ཁུར་མ་ཡིན་པ་ངེད་རང་ལ་བཅར་བ་རྣམས་ཞེ་མི་ཁྲེལ་པ་ཡིན་མོད། འཆི་བ་ཀུན་ལ་ཡོད་པས་ཐུགས་ལ་དགོངས་པར་མཛོད། ཆོས་ལ་ཕྱོགས་རིས་མེད་པས་ཐམས་ཅད་ལ་དག་སྣང་སྦྱང་ཅི་ཐོབ་ཞུས། ལྟད་མོ་ཀུན་ལ་བལྟས་པས་རང་ས་རང་ས་ན་ཟབ་པ་འདྲ་བ་རྐྱང་པ་འདུག་སྟེ་ལྟ་བ་རྫོགས་པ་ཆེན་པོས་ཆོག་པར་བྱུང་། རྩ་ལྟུང་དབྱིངས་ལ་བཞག་པ་ཡིན། ད་ཉམས་ལེན་གྱི་སྔོན་འགྲོ་དེ་དག་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བའི་སྟོང་སྐད་ཀྱིས་ཁྱད་དུ་མི་གསོད་པ་གཞིར་བཞག་ནས། དངོས་གཞིའི་སྐབས་དོན་ལ། མི་མེད་ཀྱི་ལུང་པར་བཤེས་མེད་རིག་པའི་གྲོགས་དང་འགྲོགས་ནས་གནས་ལུགས་མ་བཅོས་པའི་རྒྱུན་སྐྱོང་བར་དམ་བཅའ་བཟུང་། བཟང་ངན་དང་རེ་དོགས་ཀྱི་གཏམ་ལ་བདེན་འཛིན་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་ལབ་ཏུ་བཅུག །མི་ལུས་ཐོབ་པའི་དཀའ་ལུགས། ཆོས་དང་མཇལ་བའི་ཁག་ལུགས། མཚན་ལྡན་གྱི་བླ་མ་དཀོན་ལུགས། བདུད་ཀྱི་འཇུག་སྒོ་མང་ལུགས། ཚེ་ལ་ནམ་འཆི་མེད་ལུགས། འཇིག་རྟེན་ཁྱིམ་པའི་མནར་སྤྱོད་དང་སྡུག་བསྔལ་རྣམས་ལེགས་པར་བསམས་ནས་འཁོར་བ་ལ་སྐྱུགས་ལོག་པ་མཁྲིས་ནད་ཀྱིས་གདུངས་པ་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་དགོས། དེ་ལྟར་མ་ཡིན་པའི་གཏོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་གི་སྟ་གོན་བྱེད་ཕན་ཆད་ཆོས་མ་བྱས་གོང་དུ་བདུད་འགྲུབ་ཚར་བ་ཡིན། ལར་མིག་རུ་ཟང་ཟང་དང་། རྟོགས་པ་མཐོ་མཐོ་མོའི་ཆོས་སྐད་བྱས་ཀྱང་བདག་འཛིན་དང་སྐྱིད་འདོད་ཀྱི་འགོང་བོ་མ་ཐུལ་ན་རྟགས་སྤྱོད་པས་སྟོན། ཚད་རྨི་ལམ་གྱིས་བཟུང་ཟེར་བ་ཡིན་པས་གོ་དགོས། སྡེ་དཔོན་ཆེན་པོས་ཕོག་ཟ་བ་འདི་ཡང་། གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། །ཟེར་བ་ལྟར་དེ་ཚོའི་ནོར་དང་ཟང་ཟིང་གི་འབྱུང་ཁུངས་ལ་བསམ་མནོ་ལེགས་པར་བཏང་ན་རང་གི་དགེ་སྦྱོར་ལ་ཡར་སྐྱེད་འཕེལ་བ་ལྟ་ཞོག །དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲག་ན་ཐར་པའི་སྲོག་རྩ་གཅོད། །ཅེས་པ་ལྟར་མཐར་དམྱལ་བའི་གཏིང་རྡོ་ཆེན་པོར་མི་འགྱུར་བའི་ངེས་པ་མི་འདུག་པ་ལ་ལེགས་པར་གཞིགས་ཏེ་འཚོ་བ་བསོད་སྙོམས་ཙམ་ལ་བརྟེན་ནས་མིའི་ངོས་བཟུང་སྤང་། རྒྱལ་བ་གོང་མས་ལྟོ་ཚད་ལ་ཕབ། གཉིད་སྲང་ལ་བཅུར། རིག་པ་ཞུར་ལ་དྲངས། གསུངས་པ་ལྟར་ལྟོ་ཆས་འདི་ཡང་བཟའ་ཆེ་ན་ཉོན་མོངས་པ་ཤུགས་ཀྱིས་ལྡང་། ལྡེངས་ཚོད་ཀྱིས་མ་ལྡེངས་པས། རྔ་བརྡུང་། གླུད་གྱེར། གཏོ་ཡས་ལ་མགོ་འཁོར། འདི་མ་བྱས་ན་ལྟོ་མི་འདུག་ཟེར། སྲང་ཁའི་ཁྱི་ལས་ཀྱང་བྲེལ་ཚུབས་ཆེ་བར་སོང་གིས་དོགས་པས་ཚོད་ཟིན་པར་བྱ། ཆང་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། ཕོར་པ་གང་ལས་མང་བར་མི་འཐུང་། ཤ་སྤོང་མ་ནུས་ན་རན་པར་བཟའ་ཞིང་ཟས་ཀྱི་རྣལ་འབྱོར་ལ་སྤྱོད་ཚུལ་ཁོ་བོའི་སྤྱོད་ཡུལ་ལམ་ཁྱེར་ལྟར་བྱ། གཏན་གྱི་དགེ་སྦྱོར་བྱེད་ལུགས་ལ་མཚོན་ན། གང་ཟག་དབང་པོ་རབ་འབྲིང་དང་། སོ་སོའི་འཁོས་བབས་ཀྱིས་གཅིག་ལ་ཚད་བཟུང་དཀའ་ཡང་། ཧ་ལམ་ངེད་ཀྱིས་དཔལ་གྱི་རི་བོར་ལོ་གསུམ་དང་ཟླ་བ་ལྔའི་བར་ལ་དཔེ་བྱས་ན། ཐོ་རེངས་ཕྱི་མཐའ་བྱས་པའི་གཉིད་ནམ་སད་ལ་མལ་ནས་ཧར་གྱིས་ལངས། རླུང་རོ་དགུ་ཕྲུགས་སུ་བུས་པས་རླུང་ཁམས་དྭངས་སྙིགས་ཕྱེད་པར་ཡོང་། དེ་ནས་སྔོན་འགྲོ་ཐོན་རྗེས་གསོལ་འདེབས་དྲག་པོ་གདུང་ཤུགས་མཆི་མ་ཐོན་པ་རེ་བྱས། ཐུན་མོང་མ་ཡིན་པའི་གྲོལ་ཐིག་སྙན་བརྒྱུད་རླུང་གི་རྫོགས་རིམ་ཚ་རྟིང་བར་ཐུན་གཅིག་ཏུ་བསྒོམ་པས་དང་པོ་རླུང་གི་ཟུག་གཟེར་ལ་སྙིང་རུས་བསྐྱེད་དགོས་པ་བྱུང་སྟེ། རེ་ཞིག་ནས་གེགས་རྣམས་ངང་གིས་སངས། རླུང་རང་མལ་དུ་ཚུད། གཡས་གཡོན་གྱི་འཕོ་བ་དང་ཕྱེད་བཅས་སོ་གཉིས་ཀྱི་གནད་ཐིངས། ཉི་མ་རིང་ཐུང་གི་ལྡོག་པ་ཤེས། སྲོག་ཐུར་གཅིག་ཏུ་འདྲེས། བུམ་ཆེན་རིལ་བ་ཞབས་ཚགས་ཅན་མིག་གིས་བལྟར་ཡོད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རྟགས་ཀྱང་མངོན་དུ་གྱུར་པ་འབྱུང་བ་འདི་ཡིན་པས་རླུང་ཡུན་ཐུང་ལ་དམིགས་པ་མི་གསལ་བ་ཞིག་བསྒོམས་པ་ལ་བྱས་ཡུས་མི་ཆེ་བ་གལ་ཆེ། དེ་ནས་ཚ་རྟིང་གི་ཆར་ཇའམ་ཐུག་པ་གང་རིགས་བཏུང་། གསུར་བསྔོ་བྱས། དེ་མ་ཐག་བསྙེན་བསྒྲུབ་ཀྱི་ཐུན་ལ་ཞུགས། དེ་ཡང་བསྐྱེད་རིམ་གྱི་ངོ་བོ་ཞེན་པ་མེད་པ། རང་བཞིན་ཞལ་ཕྱག་གསལ་བ། ཐུགས་རྗེ་འོད་ཟེར་སྤྲོ་བསྡུའི་དམིགས་པ་གསལ་པ་ལ་དྲན་པ་གཅིག་ཏུ་གཞུར་བས་བསྐྱེད་རྫོགས་ཀྱི་རྩལ་འབྱོངས་པ་མ་གཏོགས། དེང་སང་ཁ་ཅིག་ལྟར་མོས་པ་ལམ་ཁྱེར་ཉར་ཉོར་རང་གི་ཁམས་ཀྱིས་གང་ལྕོགས། རྒན་བུ་མ་ཎི་འདྲེན་འདྲེན་བྱས་པས་ཡོང་བ་མེད། དེ་ལྟ་བུའི་ཐུན་དེ་ཉིད་གུང་ཡོལ་བ་ཙམ་ལ་གྲོལ། ཆུ་གཏོར་གཏོང་། ལྟུང་བཤགས། བསམ་ལྷུན། གཙུག་ཏོར་རྣམ་རྒྱལ། ཡེ་ཤེས་སྐུ་མཆོག་སོགས་ཆོས་སྤྱོད་གཟུངས་སྔགས་སྨོན་ལམ་གྱིས་མཐའ་བརྟེན་དང་བཅས་པ་སོང་རྗེས། དཔེ་ཆ་ཤོག་བུ་བརྒྱད་ཙམ་རེ་མྱུར་པོར་འབྲི་རྒྱུ་ཡོད་ན་དང་། དམིགས་བསལ་མེད་སྐབས་ཐོད་རྒལ་སྒོམ། དེ་ནས་གུང་ཚིགས་ཟ་བའི་ཚེ། ཤ་ལ་གཟུངས་སྔགས་ཁྱད་པར་ཅན་མང་པོ་བཏབ། སྙིང་རྗེ་བསྐྱེད། སྨོན་ལམ་བཏབ་རྗེས་ཕུང་ཁམས་ལྷར་གསལ་བས་ཟས་ཀྱི་རྣལ་འབྱོར་ལ་སྤྱད། ཡོན་སྦྱོང་གི་མདོ་འདོན། དེ་ནས་ཕྱག་བརྒྱ་ཕྲག་གཉིས་གསུམ་རེ་བཙལ་བ་དང་སྦྲགས། མདོ་སྔགས་ཀྱི་སྨོན་ལམ་སོགས་བཏབ་བོ། དེ་མ་ཐག་མལ་དུ་ཞུགས་ཡི་དམ་ཀྱི་སྒོམ་བཟླས་ཁོ་ན་ལ་བརྩོན་པས། ཡི་དམ་རིགས་མི་འདྲ་བ་མང་པོའི་བསྙེན་པ་ཚད་དུ་ལོངས་པ་བསམ་ལས་འདས་པར་སོང་། སྲོད་ཚོགས་རེ་གཏོང་། གཏོར་བསྔོ་བྱས། རྗེས་ཆོག་རྣམས་དང་། རྫོགས་རིམ་བསྡུས། འོད་གསལ་ཟིན་པའི་གསོལ་འདེབས་གདུང་ཤུགས་ཆེ་བ་རེ་དང་། བསམ་པ་ལྷུན་འགྲུབ་མ་དང་རང་གཞན་ཀུན་ལ་ཕྱོགས་རིས་མེད་པའི་སྨོན་ལམ་དོས་དྲག་པ་རེ་བྱས། རླུང་ཐུན་མཚམས་པ་གཅིག་བསྒོམ་རྗེས་གཉིད་ཀྱི་རྣལ་འབྱོར་ལ་ཞུགས། སད་རེས་འཁྲུལ་པ་རྒྱ་འབྱམས་སུ་མ་བཏང་པར་རྩེ་གཅིག་འདུན་པའི་ཞུར་ལ་དྲངས་པས་བོགས་ཤིན་ཏུ་ཐོན་པ་བྱུང་། མདོར་ན་ལོ་གསུམ་འདིའི་རིང་ཟས་ལ་མང་ཉུང་མེད། གོས་རས་གཟན་གཅིག་ཁོ་ནས་འཁྱོལ་བ་བྱས། བུག་སྒོར་ངག་ཚིག་གཅིག་ཀྱང་བཏང་བ་མེད། ནང་ན་མཚམས་གཡོག་ཡོད་སྐབས་ཀྱང་ཤོག་སྒོ་ཕྱི་ནང་གིས་མཚམས་ཆོད་པའི་བུག་སྒོ་ནང་མ་ལས་འདས་པ་མེད། འཁོར་བ་ལ་ངེས་འབྱུང་དང་། སྐྱོ་ཤས། ནམ་འཆི་ཆ་མེད་ཀྱི་བློ་དུང་ངེ་སྐྱེས་པས། ངག་འཁྱལ་དང་རང་བཞིན་གྱི་འཕྲོས་གཏམ་སོགས་ཕྲན་བུ་ཙམ་ཡང་ལབ་པ་མེད་པས། ངོས་ཀྱི་རྗེས་སུ་འཇུག་པ་རྣམས་མཚམས་གྱི་མིང་བཏགས། སྒོ་དྲུང་དུ་ཐོ་བརྩིགས། རྣམ་རྟོག་རྒྱ་འབྱམས་སུ་བཏང་། ཕྱི་རོལ་ཏུ་ཐག་ཟེར་ན་བྱ་ར། ཅ་ཅོ་སྒྲོག་ན་རྣ་ཉན། བུག་སྒོར་མི་དང་འཕྲད་ན་རྒྱ་བོད་ཧོར་གསུམ་གྱི་གཏམ་བརྗོད་གླེང་བ་སོགས་ཚོགས་དྲུག་ཡུལ་ཕྱིར་སོང་བ། མཚམས་ཀྱི་གཡང་ཤོར་བ། སྣང་བ་ཡུལ་ཕྱིར་འབྲངས་པ། དངོས་གྲུབ་ཕྱི་ལ་ཡལ་བ། བར་ཆོད་ནང་དུ་འགུགས་པ། བློ་ལང་ཤོར་དུ་ཐལ་བའི་ངང་ལ་ལོ་མཚམས་ཟླ་མཚམས་ཀྱི་ཞག་གྲངས་རྫོགས། ཤེས་རྒྱུད་སྔར་ལས་སྤུ་གང་གིས་བཟང་དུ་མ་སོང་པར། མཚམས་ཐ་མལ་དུ་གྲོལ་བ་དེ་ནམ་ཡང་མ་བྱེད་པར། སྙིང་ལ་རུས་པ་བསྐྱེད་ལ། ན་རུང་། ཚ་རུང་། ཤི་རུང་། མཚམས་བྱས་རུང་། བསྐྱེད་རིམ་སྒོམ་རུང་། རྫོགས་རིམ་སྒོམ་རུང་། ཡི་གེ་འདྲི་རུང་། ཆོས་སྤྱོད་འདོན་རུང་། ཅི་བྱེད་ཀྱང་། རང་སེམས་ཀྱི་ངོ་བོ་བརྗོད་དུ་མེད་པ། བློས་བཏང་བ་མ་ཡིན། ཧ་ཅང་བཅུར་བ་མ་ཡིན། ཧ་ཅང་གློད་པ་མ་ཡིན་པ། སྒོམ་རྒྱུ་མེད་ལ་ཡེངས་སུ་སྤུ་ཙམ་མེད་པ། ད་ལྟའི་ཤེས་པ་ལ་བསྒྱུར་བཀོད་དང་བཅོས་སླད་མ་བྱས་པ་འདི་དང་མ་བྲལ་བར་གྱིས་ཤིག །འདི་དང་བྲལ་ན་རྣམ་རྟོག་ལ་ཅི་ཤར་ཆ་མེད་པ་ལ་བདག་སྤྲད་པས་སྒོམ་ཆེན་པ་བློ་རྒྱ་ཆེ་རུ་སོང་། ཆོས་ལ་རྒྱུས་ཡོད། བླ་མ་ལ་ངོས་འཛིན། མཆེད་གྲོགས་ལ་སྐྱོན་བརྗོད། ཕྱུག་བསྲེལ་འདུ་ལོངས་བསྒྲུབ། མི་བྱེད་དགུ་བྱེད་ཅིག་གི་སྟེང་དུ་འཁྱོལ་བའི་ཚེ། སྐྱེ་བོ་ཀླད་མེད་ཚོས་སྐུ་བསོད་ཆེ་ཟེར། འགྲོ་དོན་རྒྱས་ཟེར། རྩེ་གཏོར་འགམ་པ་ནི་བར་ཆོད་ཀྱི་བདུད་ཞུགས་པའི་རྟགས་མཐར་ཕྱིན་པ་ཡིན་པས། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་སྟོངས་ལ་གཏད་ཅེས། ཇོ་བོ་བཀའ་གདམས་པའི་གཏད་ས་བཞི་པོ་འདི་ཆོས་པ་ཀུན་ཀྱིས་སྤྱི་ནོར་དུ་བྱས་པས་བདུད་ཀྱིས་གླགས་མི་ཁེལ་བ་ཡིན་ལ། གཞན་ཡང་ཉམས་རྟོགས་དང་རྨི་ལམ་གཞན་ལ་བཤད་པ་ཆོས་གཏམ་དང་མཚམས་སྒྲུབ་ཀྱིས་སྡུག་ཡུས་འདྲེན་པ། དམ་ཚིག་མི་གཅིག་པ་ལ་གྲུབ་མཐའ་ཆོས་བརྒྱུད་ཀྱི་མཚང་བརྗོད་པ་སོགས་དངོས་གྲུབ་ཡལ་ཞིང་རང་མཚང་སྟོན་པའི་རྒྱུ་ཡིན་པས་དམའ་མོའི་ས་བཟུང་། ཀུན་དང་མཐུན་པར་བྱ། ཧྲུལ་པོའི་གོས་གྱོན། སྣང་བ་གཏད་མེད་དུ་བཏང་། གཏིང་ནས་འཆི་བདག་གཤིན་རྗེའི་རྒྱལ་པོ་ལ་ཡང་མི་འཇིགས་པ་ལ། ལྟར་སྣང་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་ལས་ཀྱང་དུལ་བས་གཞན་སྣང་དགེ་ལ་འགྱུར་ནུས་པ་ཞིག་དགོས། མདོར་ན་ཆོས་རྣམ་དག་བྱེད་པ་ལ་མཚན་ལྡན་གྱི་བླ་མ་མ་གཏོགས། བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུའི་ཁ་ལ་ཡང་མི་ཉན་པར་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་དགོས། མཚམས་དང་སྒྲུབ་པ་ལ་གནས་པའི་ཚེ་དམ་བཅའ་རིས་སུ་མ་བོར་བ་སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་བྱུང་ཚེ་སེམས་ལ་འཕྲིག་མི་ཚུད་པ་སྨྱོན་པ་འུར་ལངས་པ་ལྟ་བུ་ཞིག་དགོས། མི་མང་དང་ལྷན་ཅིག་གནས་པའི་ཚེ་དྲན་པ་ཐ་མལ་དུ་མ་ཡེངས་པར་མ་གསར་གཅེས་ཕྲུག་དང་བྲལ་བ་ལྟ་བུ་ཞིག་དགོས། ལྷ་སྐུ་དང་དག་དྲན་སྒོམ་པའི་ཚེ་སྣང་སྲིད་དག་པ་རབ་འབྱམས་སུ་བསླབ་པ་ཞིག་དགོས། རླུང་དང་རྫོགས་རིམ་སྒོམ་པའི་ཚེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་གྲིམས་ཆ་བག་ཡངས་སུ་མ་སོང་བ་ཞིག་དགོས། འཆི་བ་ཐོག་བབས་སུ་བྱུང་ཡང་སྐྱོ་སུན་དང་བློ་ལྷག་མེད་པ་བྱ་རྒོད་གནམ་འཕང་གཅོད་པ་ལྟ་བུ་ཞིག་དགོས། དགོས་པ་བདུན་དང་ལྡན་པ་ཞིག་བྱུང་ན་རྒྱལ་བ་གོང་མའི་གྲུབ་མཐའ་སྙོགས་ཤིང་བདག་གི་བསམ་པ་རྫོགས་པ་ལགས་སོ། །ཁྱོད་ཀྱིས་མི་ལུས་ཐོབ་པ་དོན་དང་ལྡན་ནོ། །དམ་པའི་ཆོས་སྒོར་ཞུགས་པ་ལ་འབྲས་བུ་བྱུང་ངོ་། །ཨ་ལ་ལ་ཧོ། ཞེས་པ་འདི་ཡང་དད་པ་མོས་གུས་ཀྱི་སྒོ་ནས་གསང་སྔགས་ཀྱི་སྣོད་མཆོག་ཏུ་གྱུར་པ་གཅོད་པའི་དབང་ཕྱུག་འཇའ་ལུས་རྡོ་རྗེའི་ངོར་རྫོགས་ཆེན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་སྙིང་གཏམ་ཉམས་མྱོང་གི་སྒོ་ནས་བཤད་པ་ཀུན་གྱིས་དབུ་སྔས་སུ་གླན་པར་ཞུ།། །།
དུས་མཐའི་སྔགས་བཙུན་རྣམས་ལ་སྙིང་གཏམ་དུ་བགྱིས་པ་ནོར་བུའི་ཕྲེང་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །དུས་མཐའི་སྔགས་བཙུན་རྣམས་ལ་སྙིང་གཏམ་དུ་བགྱིས་པ་ནོར་བུའི་ཕྲེང་བ་བཞུགས། གང་ཞིག་དྲན་པས་དོན་ཀུན་ཡིད་བཞིན་དུ། །གྲུབ་པ་རིན་ཆེན་གསུམ་གྱི་འབྱུང་གནས་མཆོག །ཡེ་ཤེས་སྒྱུ་མའི་སྐུ་ཅན་འཇམ་པའི་དབྱངས། །སྙིང་གི་འོ་མཚོར་རྟག་ཏུ་དགྱེས་པར་རོལ། །འདི་ན་བློ་ཡི་མིག་ལྡན་སྐྱེ་བོའི་ཚོགས། །ཐོས་པའི་ལམ་ཞུགས་དོན་མཆོག་ལྷུར་ལེན་ཀྱང་། །སྙིགས་ལྔའི་ཁུར་གྱིས་ལྷག་པར་མནར་གྱུར་བས། །འདོད་པའི་གནས་སུ་བདེ་བླག་ཕྱིན་པར་དཀའ། །ནམ་མཁའ་མེད་པར་གྱུར་ཀྱང་གསང་སྔགས་ཀྱི། །དངོས་གྲུབ་མེད་མི་སྲིད་ཅེས་རྒྱལ་བས་གསུངས། །གང་ལ་དད་པའི་ཡིད་འགྱུས་ཙམ་ཞིག་ཀྱང་། །ཆུད་མི་ཟ་བ་ཡི་དམ་ལྷ་མཆོག་ཡིན། །འོན་ཀྱང་དད་དང་དམ་བཅའ་བརྟན་པོ་གཞན། །ཀུན་སྤངས་རྩེ་གཅིག་དབེན་པའི་རི་ངོགས་སུ། །སྔགས་སྒྲུབ་པ་ཡི་ཚུལ་ལ་ཞུགས་རྣམས་ཀྱིས། །བགྲང་བྱ་ཆུ་ཡི་གཉེར་མ་མང་འདས་ཀྱང་། །འདི་གྲུབ་འབྲས་བུའི་མངོན་རྟོགས་སོར་མོའི་རྩེར། །ངོམ་པའི་ངང་ཚུལ་འཛིན་པར་མ་མཐོང་ཞིང་། །རང་ཉིད་ལོ་ཟླར་བརྩོན་ཀྱང་ཅི་ཞིག་ནས། །ཡི་ཆད་འབྲས་བུ་ཕྱི་དུས་རེ་བ་རྣམས། །ལྷ་སྔགས་ཐབས་ཚུལ་བསླུ་བ་མི་སྲིད་ན། །སྒྲུབ་ལ་དངོས་འབྲས་མི་འབྱིན་ཅིས་ལན་ཞེས། །གཟུ་བོས་དཔྱོད་དང་དུས་ཀྱིས་མནར་བ་རྣམས། །ཚུལ་བཞིན་སྒྲུབ་པའི་སྐལ་བ་དམན་འདིས་ནོངས། །བྱིས་པའི་ཚེ་ན་རྣམ་གཡེང་རྦ་ལ་འཕྱོ། །གཞོན་པའི་དུས་ན་འདོད་པའི་ཁོལ་པོར་འཕྱན། །གློག་འདྲའི་ལང་ཚོ་ཡུད་ཀྱིས་འགྱུར་བ་ན། །རྒ་བའི་ཆད་པས་ལུས་སེམས་མགོ་འཕང་སྨད། །བླང་དོར་དམིགས་བུ་གཙུག་ལག་ཤེས་པར་དཀའ། །ཅུང་ཟད་ཤེས་ཀྱང་དེ་དོན་ལག་ལེན་དཀའ། །ཤེས་ནས་བགྱིད་སྙམ་ན་ཡང་ཚད་ལྡན་ཞིག །ལམ་དུ་སོན་པ་ཉིན་མོའི་སྐར་མ་འདྲ། །ལྟ་བའི་སྙིགས་མ་ཤིན་ཏུ་བདོ་བ་ཡི། །ཚང་ཚིང་འཐུག་པོའི་ནགས་ཁྲོད་ཟད་པ་མེད། །ཡང་དག་དམིགས་རྣམས་ཕྱེས་ནས་བློ་མཆོག་རྣམས། །གང་ནས་གཤེགས་པའི་ལམ་བཟང་རྙེད་པར་དཀའ། །རྒྱལ་བའི་ཤུལ་ལམ་འདི་ཞེས་མངོན་རློམས་ཀྱིས། །བཟུང་བ་བྱིས་པའི་སྤྱོད་ཡུལ་ལ་ཞེན་པ། །ཅི་ཙམ་གོམས་ཀྱང་ཡིད་ཆེས་དད་པའི་གདེང་། །སོ་མི་ཐུབ་ཅིང་ཡིད་གཉིས་དྲ་བ་འཕེལ། །དོན་ལ་ངེས་པའི་མན་ངག་རྣམ་བྲལ་བའི། །ལྟ་དང་བསྒོམ་པ་སྒྲུབ་པའི་གཟུགས་བརྙན་ཕལ། །ཡིན་ཡིན་མཛེས་མཛེས་འདྲ་ཡང་གྲུབ་དོན་གྱིས། །རྣམ་པར་དབེན་པ་རི་མོའི་མར་མེ་བཞིན། །ཁྱད་པར་བྱིས་པའི་སྤྱོད་ཡུལ་ལས་འདས་པ། །ཟབ་མོའི་ཡེ་ཤེས་ལྡན་པས་གང་མཐོང་དོན། །དོན་བརྒྱུད་མན་ངག་ལྡན་པས་རྟོགས་འགྱུར་གྱི། །ལོང་བ་བརྒྱུད་པས་འུར་གྱིས་སྲིད་མཐར་མིན། །ལྟ་བ་རྙོགས་མར་བཅས་པའི་སྐྱོན་དག་གིས། །ལམ་ལ་ཡིད་ཆེས་དྲང་པོ་མི་རྙེད་ཅིང་། །སྒོམ་སྤྱོད་སྒྲུབ་པའི་གནས་སྐབས་མཐའ་དག་ཀྱང་། །ཚད་དང་མི་ལྡན་རྙོགས་མ་ཅན་དུ་བྱེད། །དེ་ཕྱིར་ལྟ་བའི་རབ་རིབ་སྦྱང་བའི་ཕྱིར། །བརྒྱུད་ལྡན་བླ་མའི་མན་ངག་བདུད་རྩིའི་བཅུད། །དད་པའི་སྙིམ་པས་རྟག་ཏུ་འཐུང་གྱིས་ལ། །ཡིད་ཆེས་མྱོང་བས་ཐེ་ཚོམ་མུན་པ་སེལ། །ཉོན་མོངས་སྙིགས་མ་བདོ་བའི་འཐོར་རླུང་གིས། །ཡིད་ཀྱི་ཆུ་གཏེར་རྟག་ཏུ་དཀྲུགས་པ་ཡིས། །རྦ་རླབས་མེད་པའི་བསམ་གཏན་དྭངས་པའི་གནས། །འབད་པས་བཙལ་ཀྱང་བདེ་བླག་ཐོབ་པར་དཀའ། །གཡོ་བའི་སེམས་ཀྱིས་གང་ལ་དམིགས་བྱས་ཀྱང་། །ཆུ་ཡི་རི་མོ་བཞིན་དུ་སོ་མི་ཐུབ། །རྩེ་གཅིག་འདུན་པས་མ་བཟུང་འལ་འོལ་དུ། །འཕྱན་པས་ལས་ཀྱི་འབྲས་བུ་ཤིན་ཏུ་འགྱངས། །དམན་པའི་དུས་འདིར་བདེ་བའི་འབྱོར་བ་ཉུང་། །སེམས་ཅན་སྙིགས་མ་ལུས་ཞན་སེམས་གཤིས་ངན། །མིི་སྲུན་གྱ་གྱུ་རྣམ་པར་འཚེ་ཞིང་གཡོ། །སྣོད་བཅུད་གང་ལ་བསམས་ཀྱང་མྱ་ངན་མང་། །དེ་ཕྱིར་འགྱོད་དང་རེ་དོགས་སྣ་ཚོགས་ཀྱི། །རྟོག་པའི་རྦ་རླབས་འཁོར་མོ་ཡུག་ཏུ་འཕྱན། །ཕལ་ཆེར་བསོད་ནམས་ཆུང་ངུར་སྐལ་མཉམ་པའི། །དུས་ངན་དེ་ལ་རེ་འདོད་རྫོགས་པར་དཀའ། །དེ་ཕྱིར་སྙིགས་མས་དད་སོགས་དབང་པོ་ལྔ། །རྙོགས་མར་བྱས་ཤིང་སྐལ་བ་དམན་པའི་ཕྱིར། །ཤེས་ནས་བཟང་པོའི་ལམ་སྲོལ་འཇུག་འདོད་ཀྱང་། །རང་དབང་མེད་པར་ལོག་ལམ་ཤུགས་ཀྱིས་འགྲོ། །སྐྱེ་དགུའི་ནང་སེམས་དགེ་བའི་དབང་བྱས་ཚེ། །བཟང་པོའི་དུས་ཞེས་དཀར་ཕྱོགས་དབུ་འཕང་མཐོ། །ལེགས་བྱས་ལས་ལ་སྤྱོད་རྣམས་ངོ་མཐོ་ཞིང་། །ལེགས་པར་སྨོན་པའི་འབྲས་བུ་སྟོབས་དང་ལྡན། །དུས་ཀྱི་སྙིགས་མར་དེ་ལས་གོ་ལྡོག་ཏུ། །འབྱུང་བར་རྒྱལ་བས་གསུངས་ཕྱིར་དུས་ངན་གྱིས། །མནར་བ་རང་ལ་ལེ་ལན་མཐོང་ནས་སུ། །ལྷ་སྔགས་གནས་ལ་ཐེ་ཚོམ་བསྲིང་བར་གྱིས། །ཤེས་ཤིང་ཅུང་ཟད་བརྩོན་པ་ལྷུར་བྱེད་ཀྱང་། །གདུག་པའི་སྦྲུལ་ཁྲོད་ནོར་བུའི་འོད་དང་ནི། །རླུང་གསེབ་མར་མེ་བཞིན་དུ་སྟོབས་ཆུང་བའི། །ངང་ཚུལ་མཐོང་ནས་དད་དང་བརྩོན་པའི་སྟོབས། །བརྒྱ་ཕྲག་འགྱུར་དུ་བསྐྱེད་ན་དུས་དམན་ཀྱང་། །རྒྱུ་རྐྱེན་ཚོགས་པའི་འབྲས་བུ་མི་བསླུ་བས། །རིག་སྔགས་གྲུབ་པ་མཆོག་གི་དགའ་སྟོན་གང་། །ཡིད་ཀྱི་དཔལ་དུ་ཉེ་བར་ཁུག་པར་འགྱུར། །དེ་སླད་དད་པ་རི་དང་འདྲ་བ་ཡིས། །བརྩོན་པ་ཆུ་བོའི་རྒྱུན་ལྟར་རབ་བསྐྱེད་ལ། །བསོད་ནམས་རྒྱ་མཚོ་ལྟ་བུར་བསགས་ནས་ནི། །ལྷ་སྔགས་གཅེས་པའི་སྲོག་ལྟར་བསྟེན་པར་མཛོད། །རྒྱལ་བར་དཀའ་བ་གཡོ་བའི་ཀུན་རྟོག་སྟེ། །རྙེད་པར་དཀའ་བ་ཏིང་འཛིན་བཟང་པོ་ཡིན། །རྒྱུན་ཆགས་ལོ་ནས་ལོ་རུ་ལེགས་བརྩོན་ན། །རྟོག་པའི་དགྲ་ཆོམ་བསམ་གཏན་གཏེར་ཀྱང་རྙེད། །ལུས་ངག་བརྩོན་པ་ལོ་ཟླར་བསྲིང་ནུས་ཀྱང་། །རྩེ་གཅིག་ཡིད་ལ་རྒྱུན་ཆགས་འཇུག་བྱེད་དཀོན། །ལོ་མང་དབེན་པར་བསྒྲུབས་ཀྱང་སྔར་བཞིན་དུ། །སེམས་ལ་སྐྱེད་བྲལ་དེ་ལས་མདོ་མེད་སུ། །དེ་ཕྱིར་འལ་འོལ་བྱིས་པའི་བྱེ་རི་ལྟར། །མ་བྱེད་སྙིང་ནས་སྙིང་ལ་རུས་པ་བསྐྱེད། །རྒྱལ་པོ་ལྟ་བུ་ཡིད་ལས་གཙོར་ཐོན་ལ། །རྒྱུན་ཆགས་བརྩོན་པས་ལས་རུང་སེམས་སུ་མཛོད། །མིན་ལ་ཡིན་མདོག་སྒྲུབ་དང་ཕྲིན་ལས་ཀྱི། །བྱས་སོ་གྲུབ་བོ་སྙམ་པའི་མངོན་རློམ་དེས། །མཁོ་བའི་དུས་སུ་རལ་གྲི་ཕྱུང་བརྡེག་བཞིན། །འདོད་པའི་འབྲས་བུ་གྲུབ་པར་མི་འགྱུར་བས། །ཡུན་རིང་བྱས་ལ་མ་བསགས་འལ་འོལ་གྱི། །ལས་འདི་ཞོག་ལ་ལུང་དང་མན་ངག་བཞིན། །འདུན་པ་དྲག་པོས་རྒྱུན་ཆད་མེད་པར་ནི། །མངོན་རྟགས་ལག་རྩེར་འཛིན་པར་འབོད་ཅིག་ཨང་། །ཡུན་རིང་བརྡར་བས་གཙུབ་ཤིང་གཙུབ་གཏན་གཉིས། །ཟད་ཀྱང་མེ་ཡི་བྱ་བ་དངོས་སུ་མིན། །བར་མེད་དྲག་ཏུ་བརྡར་བས་དོན་གྲུབ་པའི། །དཔེ་འདི་ལྟོས་ལ་ལས་ཀྱི་སྦྱོར་བ་རྩོམ། །རིག་སྔགས་སྦྱོར་བས་ནམ་ཡང་མི་བསླུ་བས། །བཟླས་པའི་གྲངས་བཞིན་ནུས་པ་སྟོབས་འཕེལ་ནས། །ཤིན་ཏུ་དཀའ་བའི་གནས་ཀྱང་ཅི་ཞིག་ན། །ཡིད་བཞིན་འདོད་དགུར་བྱེད་ལ་ཡིད་གཉིས་བྲལ། །ཕྲ་མོའི་མེ་ཡིས་ནགས་ཚལ་མི་འཇོམས་ཀྱང་། །ཆེས་ཆེར་འཕེལ་ན་ནགས་ཀྱི་ཚང་ཚིང་སྙེད། །མེ་ཡི་གྲོགས་སུ་འགྱུར་ལ་སོམ་ཉི་ཅི། །དཔེ་འདི་ལྟོས་ལ་སྔགས་ཀྱི་བརྩོན་པ་བསྐྱེད། །རྫས་སྔགས་དམིགས་པ་རྩེ་གཅིག་ཆུན་དྲིལ་བའི། །ཆོ་གའི་ཡན་ལག་རྫོགས་པར་མ་བྱས་ཤིང་། །འབྲས་བུའི་བར་དུ་བརྩོན་པའི་ཁུར་ལྷོད་པའི། །སྔགས་ཀྱི་ལས་དེས་འབྲས་བུ་ཕྱི་དུས་འགྱངས། །འཇིག་རྟེན་མཐུ་ཆེན་དྲེགས་པ་གང་རུང་ཞིག །མཐོང་ཁོལ་དངོས་སུ་འབྱུང་བའི་ལས་སྒྲུབ་པས། །གནས་སྐབས་ཞི་སོགས་གང་འདོད་སྒྲུབ་ནུས་ན། །ཡེ་ཤེས་ལྷ་ལ་ནུས་ཐོབ་སྨོས་ཅི་དགོས། །ཕྲལ་གྱི་ལས་ལ་སྔགས་ཀྱི་ནུས་པ་ནི། །མཐོང་བའི་ཡུལ་དུ་མངོན་སུམ་མ་གྱུར་བར། །མི་གཏོང་གང་དེས་སྔགས་ཀྱི་ཡོན་ཏན་རྣམས། །རིམ་བཞིན་འདོད་རྒུར་བྱེད་ལ་སོམ་ཉི་བྲལ། །མྱོང་བའི་རྒྱུན་བྲལ་རང་གིས་ཉམས་མ་བླང་། །མང་མང་ཡིག་ཚོགས་མཁོ་འདོད་ཀྱིས་བསྡུས་ཀྱང་། །གཅིག་ཀྱང་ཉམས་སུ་ཕན་པ་མ་བྱུང་བའི། སྙིགས་དུས་སྔགས་འཛིན་རྣམས་ཀྱི་ཚུལ་ལ་ལྟོས། །འདོད་པའི་མེ་ཡིས་ནང་ནས་ཚིག་གྱུར་ཀྱང་། །ན་ཆུང་སྙིང་རྩ་བསྒུལ་ཙམ་མི་ནུས་པར། །རྫུན་དང་ནོར་གྱིས་འགུག་པའི་མཐུ་ཟད་ན། །ཐབས་བྲལ་ཡི་ཆད་སྐྱེ་དེ་ནུས་ལྡན་ནམ། །སྙིགས་མའི་སྐྱེ་བོ་སྣ་ཚོགས་མནར་བའི་རྐྱེན། །རླུང་ལྟར་འཚུབས་པ་ལས་ཀྱི་མཐུ་ཡིན་ཀྱང་། །དགྲ་ལ་གང་བྱུང་བདག་གི་མཐུར་རློམས་པའི། །ཤེས་མེད་རང་མཐོང་ཅན་ཚོ་དུས་གང་དུ། །ངེས་པར་དགྲ་ཡིས་སྙིང་རྗེའི་ཡུལ་བྱས་ཚེ། །འཁྲུལ་མེད་མངོན་རྟགས་དང་བཅས་དགོས་དུས་ལ། །མངོན་སྤྱོད་མཐུ་ཡིས་སླེབས་པ་ཉིན་སྐར་ཙམ། །འདིས་མཚོན་སྔགས་ཀྱི་ལས་རྣམས་ཚུལ་བཞིན་དུ། །གྲུབ་པའི་རང་གདིང་རྙེད་དམ་མ་རྙེད་པའི། །འཁྲུལ་མེད་མངོན་རྟགས་རང་གི་མངོན་སུམ་ལ། །ཚད་བཟུང་ཡིན་རློམ་རང་མགོ་མ་བསྐོར་བར། །སྔགས་ཀྱི་སྦྱོར་བ་གནད་དུ་ཚུད་ཅིག་ཨང་། །ལས་ཕྲན་ཕལ་ལ་ཞག་གསུམ་བདུན་ཡིན་ཏེ། །དེ་ལས་ལྔ་འགྱུར་ཡང་ན་སུམ་ལོག་གམ། །བཞི་འགྱུར་ཙམ་ཡིན་དེ་ལས་འདའ་བ་དཀོན། །དེ་བར་ཆེས་ཆེར་མི་བརྩོན་ལས་སྒྲུབ་ཅིང་། །སྔགས་ཀྱི་ལས་ཕྲན་ཚུལ་བཞིན་གྲུབ་པ་ནའང་། །སྔགས་ལ་ཡིད་ཆེས་སྐྱེ་ཞིང་སྤྲོ་བ་འཕེལ། །དེ་ཡི་དབང་གིས་གང་སྒྲུབ་འབྲས་བུ་བཅས། །ནུས་པའི་ཉམས་རྙེད་སྔགས་ཀྱི་དགའ་སྟོན་མྱོང་། །སྣ་ཚོགས་ལས་ལ་ཞུགས་ཀྱང་གང་རུང་གཅིག །མཐར་མ་ཐོན་དེས་གང་སྒྲུབ་ཐེ་ཚོམ་སྐྱེ། །ཞུམ་བཅས་ངང་ནས་སྔགས་མཆོག་ནོར་བུའི་གླིང་། །བརྟེན་བཞིན་དོན་གྱིས་དབུལ་བས་མི་ཚེ་འདའ། །སྦྱོར་བ་བསམ་པ་བཟང་པོས་གཞི་བཟུང་ལ། །དངོས་གཞི་ཤེར་ཏིང་ཟབ་མོས་གནད་དུ་གཅུན། །གྲོགས་སུ་དམ་ཚིག་སྲོག་ལྟར་བསྲུངས་བ་ན། །སྔགས་ཀྱི་སྦྱོར་བ་ཆུད་མི་ཟ་བ་ཡིན། །དང་པོར་མན་ངག་གནས་ལ་ཐེ་ཚོམ་བཅད། །བར་དུ་ལྷོད་མེད་བརྩོན་པས་ཉམས་སུ་བླངས། །ཐ་མ་གྲུབ་འབྲས་བསྟན་འགྲོའི་གསོས་སུ་བཤམས། །འདི་ནི་སྔགས་གྲུབ་དམ་པའི་སྤྱོད་པ་ཡིན། །དུས་མཐར་རྐྱེན་ངན་བར་ཆད་མང་བ་དང་། །ཉོན་མོངས་རགས་ཚེ་ལྷག་པར་འགྲུབ་པ་དང་། །བྱིན་རླབས་མྱུར་ཁྱད་ཆེ་ཕྱིར་ཁྲོ་བོ་ཡི། །དྲག་སྔགས་བསམ་མི་ཁྱབ་པའི་མན་ངག་རྣམས། །གཉེན་པོ་གཞན་གྱིས་སྐྱོབ་པར་དཀའ་བ་ཡི། །དུས་མཐའི་རྗེས་འཇུག་དམན་ལ་དགོངས་ནས་སུ། །ལྷུན་གྲུབ་རིག་འཛིན་པདྨ་སམ་བྷ་བའི། །དམིགས་མེད་སྙིང་རྗེ་ཆེན་པོའི་རྩལ་ལས་བྱུང་། །ཕས་རྒོལ་གཞོམ་པར་ཆེད་དུ་བཤམས་པ་ཡི། །དྲག་སྔགས་དཔུང་གི་བཀོད་པ་བཞི་ལྡན་འདི། །རྒྱལ་དབང་རིག་འཛིན་ཆེན་པོའི་ཕ་ཕོག་ཡིན། །སྙིང་སྟོབས་ལྡན་པས་དང་དུ་ལོངས་ཤིག་ཨང་། །ཚུལ་བཞིན་དྲག་པོའི་སྔགས་ལ་སྤྱོད་པ་རྣམས། །བར་ཆད་ཉུང་ཞིང་ལམ་གྱི་བགྲོད་པ་མྱུར། །དངོས་གྲུབ་ཐོགས་མེད་དམ་ཅན་བྲན་དུ་འདུ། །མཐུ་དང་ནུས་པའི་རྩལ་ཤུགས་ངང་གིས་རྫོགས། །འདི་ན་བསོད་ནམས་དམན་པས་དད་པ་དང་། །ཤེས་རབ་ཞན་ཅིང་ཕྲག་དོག་ང་རྒྱལ་སོགས། །ལྷག་པར་བདོ་བས་རིག་འཛིན་བརྒྱུད་པའི་ལུགས། །ཁྱི་བཞིན་ཁྱད་དུ་གསོད་པ་མ་མཐོང་ངམ། །ཐེག་ཆེན་བསྟན་པ་བསྣུབ་པའི་དམ་ཉམས་འདི། །ཞི་བའི་ཐབས་ཀྱིས་ཅིས་ཀྱང་མི་ཐུལ་བས། །སྔགས་ཀྱི་སྦྱོར་བས་བསྒྲིམས་ཏེ་བསད་བྱས་ན། །བླ་མེད་བྱང་ཆུབ་ཐོབ་ཅེས་རྒྱུད་ལས་གསུངས། །སྙིགས་མའི་རང་མདངས་མི་དང་མི་མིན་ཚོགས། །ཤིན་ཏུ་གདུག་པ་གདུལ་བར་དཀའ་བའི་ཕྱོགས། །ཇི་ཙམ་འཕེལ་བ་དེ་ཙམ་དྲག་པོའི་སྔགས། །སྟོབས་དང་ལྡན་པ་མེ་དང་བུད་ཤིང་བཞིན། །འདི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་ཚོགས། །སྙིང་རྗེར་ལྡན་པས་ཐབས་ཀྱིས་མ་བསྒྲལ་ན། །མུ་མེད་ངན་འགྲོར་འཁྱམས་པ་ཡ་ང་བས། །སྙིང་རྗེས་སྒྲོལ་བ་སྙིང་རྗེའི་ནང་ན་མཆོག །དེ་ཕྱིར་སྙིང་རྗེ་ལས་ཀྱང་སྙིང་རྗེ་ཅན། །གང་གིས་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ལས་ངན་རྒྱུ་འབྲས་མྱུར་དུ་འཇོམས་པ་ཡི། །ལྷ་དང་སྔགས་ལ་ནུས་པ་རྙེད་པར་བྱོས། །གིང་བརྒྱད་དྲེགས་པ་མཆོད་ཅིང་བརྟེན་པ་དང་། །སྒྲུབ་ཅིང་རྦད་པས་ལས་ལ་མངོན་སུམ་དུ། །ངོ་མཐོན་རྟགས་དང་བཅས་ཏེ་རྒྱུ་བ་ཡི། །གདེང་རྙེད་བར་དུ་དང་པོར་ཅིས་ཀྱང་འབད། །རིག་འཛིན་རྒྱལ་པོས་བརྩེ་བས་འདི་ལྟར་དུ། །སློབ་དཔོན་དགྲ་མནན་མི་འདྲ་བརྒྱ་རྩ་མཛད། །མཐུ་གཏད་བུ་ལོན་བཞིན་དུ་བསྙེག་དུས་འབྱུང་། །བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམས། །སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན། །དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམས། །ལྷ་འདྲེ་མ་རུང་ཡིད་ཀྱི་གཟུགས་ཅན་ལ། །ཤ་ཡི་མི་ངན་མཐིལ་བརླག་གཏོང་བྱེད་ན། །སངས་རྒྱས་བསྟན་པ་དཀར་འབྱམས་རྒྱས་པར་འགྱུར། །སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲ། །སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབ། །ལས་སུ་མཐུ་བསྒྲུབ་བྲན་དུ་ལྷ་འདྲེ་བཀོལ། །ནོར་དུ་རྫས་སོགས་མཚོན་དུ་ཀླུ་གཏད་རྒྱོབ། །སྲིད་དུ་ལིང་ག་ཆོས་ལ་མནན་པ་གྱིས། །ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན། །གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོས། །མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིས། །ཞེས་གསུང་གདམས་པའི་བདུད་རྩི་སྙིང་ལ་བཅངས། །རང་དོན་ཆེད་ཆེར་གཉེར་བའི་ཁོང་སྐྲན་བཅས། །འདི་ཕྱིའི་ཕུང་ཁྲོལ་སྒྲུབ་པ་མ་ཡིན་པར། །རླབས་ཆེན་བསྟན་འགྲོའི་དོན་གང་ཕུག་བཞག་སྟེ། །དུས་བབ་གཉེན་པོའི་ངང་ཚུལ་ངོ་ཤེས་ནས། །དྲག་པོའི་ཕྲིན་ལས་གནམ་ལྕགས་འབར་བ་ཡིས། །གདུག་ཅན་བསྟན་པའི་དགྲ་དཔུང་གཞོམ་པར་བྱ། །འཕྲོ་འདུས་དོན་གཉིས་སྒྲུབ་ཅིང་སྣང་སྲིད་ཀུན། །དག་མཉམ་བདེ་བ་ཆེན་པོར་བློ་བཞག་སྟེ། །གསང་སྔགས་བཟླས་པ་གཅིག་པུས་བྱམས་སོགས་དང་། །རིན་ཆེན་སེམས་གཉིས་སྦྱིན་སོགས་ལམ་གྱི་ཚུལ། །མ་ཚང་མེད་པའི་གནད་ལ་བློ་འབྱོང་ཞིང་། །ལྷ་ཉིད་སྔགས་སུ་ཤར་བའི་ཐབས་མཁས་ལ། །བརྟེན་ཕྱིར་རྡོ་རྗེ་ཐེག་པའི་ཉམས་ལེན་གནད། །དབང་ཐོབ་སེམས་དཔའི་རྗེས་སུ་འགྲོ་བའང་ཡིན། །དོན་བརྒྱུད་དགོངས་པའི་བདུད་རྩི་མི་མྱང་ཞིང་། །དཔང་གྱུར་ལུང་དོན་རྟོག་གེའི་རང་བཟོས་དཀྲུགས། །མྱོང་བྲལ་ཚིག་གི་སྦུན་པ་བསགས་བསགས་ནས། །འཕགས་པའི་རིང་ལུགས་བསྟན་རྙིང་གྲུབ་པའི་མཐའ། །ཡོད་ཡོད་འདྲ་ཡང་དོན་ལ་མེད་ངེས་པའི། །སེང་གེའི་གསོབ་བཞིན་ཕྱི་ཡི་ཚུལ་འཆོས་དང་། །རྣམ་ཤེས་སྤྱོད་ཡུལ་ཚིག་གི་སྤྲོས་པས་བསྒྱུར། །ཆགས་སྡང་དུག་མདས་སངས་རྒྱས་བསྟན་པ་བསྣུབ། །བསྟན་ཞབས་ཀླ་ཀློས་སྡུད་པའི་དུས་འདི་ན། །ཉོན་མོངས་ཤུགས་དྲག་གཉེན་པོ་འབྱོང་དཀའ་ཞིང་། །ཚེ་ཐུང་རྐྱེན་མང་བཀའ་ཡི་དོན་སྟོར་བས། །རྩོལ་བའི་ལམ་ལ་ཅི་ཙམ་གོམས་བྱས་ཀྱང་། །འཕགས་པའི་དགོངས་དོན་མི་རྙེད་ལམ་མིན་དུ། །འཕྱན་པ་མང་ཕྱིར་སྙིང་པོའི་མན་ངག་གིས། །རྩོལ་མེད་ལམ་གྱི་གསང་གནད་ཟིན་པ་ན། །ལྟ་བའི་རྫོང་ཟིན་ཚེ་འདིར་གདེང་ཐོབ་ཅིང་། །སྒྲུབ་པ་དོན་ཡོད་ལས་ཀྱི་འབྲས་བུ་འབྱིན། །དུས་ཀྱི་མཐར་ཡང་གསང་སྔགས་ཆེ་བ་མཐོང་། །བཟང་པོའི་གསེར་བཞིན་སྙིང་པོའི་བསྟན་པ་ཡི། །རང་གཟུགས་བསྒྲིབ་ཀྱང་མི་ཁེགས་ཉི་མ་བཞིན། །དེ་ཕྱིར་ཤིན་ཏུ་སྙིགས་མའི་དུས་འདི་ན། །རྒྱལ་ཀུན་ཕྲིན་ལས་དུས་ངན་སྙིགས་མའི་སྐྱབས། །མགོན་པོ་མཚོ་འཁྲུངས་རྒྱལ་བའི་ཞབས་པད་ནི། །གཙུག་ཏུ་བཀོད་ནས་དེ་ཡི་བསྟན་པ་ཡི། །གཞུང་དང་སྒྲུབ་ཐབས་བསྐྱེད་རྫོགས་མན་ངག་ལ། །ཚད་མར་འཛིན་པ་ཁོ་ན་དོན་བཅས་ཕྱིར། །བདག་ཤེས་སྐལ་བཟང་རྣམས་ཀྱིས་ལེགས་སོམས་ལ། །རང་རློམས་རྟོག་གེར་འགྲམ་ཆུ་མི་ལྡང་ཞིང་། །ཡིན་རློམས་གསར་ཆོས་མང་ལ་ཡིད་སྨོན་མེད། །ཡིན་ངེས་རིག་འཛིན་བརྒྱུད་པའི་བཀའ་གཏེར་ལ། །ཡིད་ཆེས་གཏིང་ཚུགས་བསྙེན་སྒྲུབ་མཐར་འདོན་མཛོད། །དེ་ལྟར་མཛད་ན་རང་རློམས་རྟོག་གེའི་ཚོགས། །སྨྲ་ལྕེ་རྣོ་རྣོ་བྱས་ཀྱང་ལྕེ་སྟོང་ལ། །ཡིན་རློམས་གསར་ཆོས་མང་ལ་འདི་ཟབ་ཅེས། །ངེས་ངེས་བསྟོད་ར་མང་ཡང་ལག་སྟོངས་པའི། །གཞན་ཚུལ་མཐོང་ནས་རིན་ཆེན་ཕ་ཕོག་ཀྱིས། །རང་ལག་བཀང་བའི་དགའ་སྟོན་མྱོང་བའི་ཚེ། །བདེ་སྐྱིད་ནམ་མཁའི་ཁོངས་སུ་མི་ཤོང་བའི། །རང་རྟགས་བཞད་པ་བརྒྱད་ཀྱི་འབྲུག་སྒྲ་ཡིས། །ཕས་རྒོལ་བསྔངས་ཤིང་སྐལ་བཟང་རྨ་བྱ་དགའ། །ཨེ་མ་འདི་ལྟར་ལེགས་པར་བརྗོད་པ་འདི། །ཆགས་པས་མ་ཡིན་སྡང་བས་མ་ཡིན་ལ། །ཚིག་ལ་འཆེལ་བས་སྙན་པར་སྤྲོས་པ་མིན། །དོན་ལ་ལེགས་སེམས་སྙིང་ཡོད་འགའ་མཆིས་ན། །སྙིང་ལ་སྙིང་གི་གཏམ་དུ་བསྒྲགས་པ་སྟེ། །སྙིང་གི་བུ་དང་འདྲ་བའི་སྔ་འགྱུར་པ། །བདག་ལ་དགའ་བ་གང་དག་འདི་ཟུང་ཞིག །གང་ལ་འདི་དོན་འཐད་པ་ངའི་སློབ་མ། །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་འཁྲིགས་ཤིང་། །སྙིང་པོའི་ཆོས་ཀྱི་འབྲུག་སྒྲོག་རྩ་གསུམ་ལྷའི། །དངོས་གྲུབ་ཆར་འབེབས་དམ་ཅན་ཕྲིན་ལས་ཀྱི། །གློག་དམར་དང་བཅས་འདི་འཛིན་ཤིས་གྱུར་ཅིག །འཆི་མེད་པདྨའི་ཚལ་ན་རྐང་དྲུག་ཚོགས། །པདྨའི་གེ་སར་བདུད་རྩིའི་བཅུད་མྱོང་བས། །མཆོག་གི་དཔྱིད་གྲུབ་བདེ་བའི་གླུ་དབྱངས་སྒྲོག །ཕྱོགས་ལས་རྣམ་རྒྱལ་མཁའ་ལ་ལྡིང་གྱུར་ཅིག །རབ་ཚེས་ཐམས་ཅད་འདུལ་ཞེས་མེ་མོ་ཕག་ལོའི་མགོ་ཟླའི་ཚེས་མིག་ཟུང་གྲངས་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས་མཚན་མོ་སྒྲོན་མེའི་འོད་ལ་ཤར་མར་དཀྱུས་གཅིག་ཏུ་བྲིས་པ་དགེའོ། །འདི་ནི་ཁོ་བོའི་བརྩེ་བ་ཆེན་པོའི་རང་རྟགས་ཀྱི་ཚིག་ཟོལ་མེད་ཡིན་པས་བློ་གྲོས་དང་ལྡན་པས་ཤེས་ཤིང་གཅེས་སྤྲས་སུ་བྱ་བར་རིགས་སོ། །མངྒ་ལམ། དགེའོ། །
སྒྲུབ་བརྩོན་རྣལ་འབྱོར་རྣམས་ལ་གཏམ་དུ་བྱ་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །སྒྲུབ་བརྩོན་རྣལ་འབྱོར་རྣམས་ལ་གཏམ་དུ་བྱ་བ། ཨ་ཧོ། གཉུག་མ་བདེ་བ་ཆེན་པོའི་ནམ་མཁའ་འདི། །དམ་པར་མི་ཆེ་གཞན་ལ་མི་ཆུང་ཡང་། །ཐུན་མོང་མ་གྱུར་སྐལ་དམན་སྐལ་བ་ཆད། །སྐལ་བཟང་རྣམས་ནི་རང་ཁྱིམ་འདི་ན་བདེ། །རྣམ་པར་རྟོག་པ་ནམ་མཁའི་བསེར་བུ་འདི། །རང་གར་བསྐྱུར་ན་མི་ཕན་མི་གནོད་ཀྱང་། །ང་དང་ངའི་ཞེས་རྨི་ལམ་ཉོ་ཚོང་འགྲིམ། །དོན་མེད་ཤ་ཐང་ཆད་པ་ཀྱེ་མ་འཁྲུལ། །རྒྱལ་བསྟན་སྙིང་པོ་གསང་སྔགས་ཟབ་མོའི་ཆོས། །ཁྱད་པར་མ་བཅད་ཀུན་གྱི་ཕ་ཕོག་ཀྱང་། །བློ་ཆུང་སྐལ་བ་ངན་རྣམས་རྒྱབ་ཀྱིས་ཕྱོགས། །བློ་ལྡན་སྐལ་བ་བཟང་རྣམས་འདི་ལ་མོས། །རིག་སྔགས་ཡིད་བཞིན་ནོར་བུའི་གཏེར་ཆེན་འདི། །བརྩོན་པས་བསྒྲུབས་ན་སུས་ཀྱང་འགྲུབ་སྲིད་ཀྱང་། །རྒུད་པས་མནར་བའི་ལྕེ་ལ་ཡོང་མ་བབ། །རྒུད་པ་ཟད་འདོད་རྣམས་ཀྱིས་རྟག་ཏུ་བཟླ། །མདོ་རྒྱུད་རིན་ཆེན་གླིང་བཟང་བཀོད་པ་འདི། །ཐོས་བསམ་མིག་གིས་བལྟས་ན་སུས་ཀྱང་མཐོང་། །འོན་ཀྱང་སྐལ་དམན་རྣམས་ཀྱིས་མིག་མི་རྩོལ། །སྐལ་བཟང་སྐྱེ་བོ་ཡ་མཚན་ལྟད་མོར་གཡེངས། །དཀོན་མཆོག་ཡིད་བཞིན་ནོར་བུའི་རྒྱལ་པོ་ལ། །གསོལ་བ་བཏབ་ན་དགོས་འདོད་སུ་ལའང་སྩོལ། །འོན་ཀྱང་སྐལ་བ་དམན་རྣམས་རེ་རྩོལ་བྲལ། །སྐལ་བཟང་རྣམས་ཀྱིས་རྟག་ཏུ་ཡིད་ཆེས་བྱེད། །བསམ་བཟང་བཅུད་ཀྱིས་ལེན་པའི་སྨན་མཆོག་འདི། །ཁོང་དུ་བཟུང་ན་སུ་ལའང་ཕན་སྲིད་ཀྱང་། །ཉེས་པས་མནར་བའི་སེམས་ལ་ཡོངས་མ་བཟུང་། །ལེགས་ཚོགས་འཕེལ་འདོད་རྣམས་ཀྱི་སྙིང་ལ་འཁྱིལ། །བསམ་ངན་གདུག་པ་ཧ་ལའི་ཡལ་འདབ་འདི། །ཁོང་དུ་སོང་ན་སུ་ཡང་མནར་བྱེད་ཀྱང་། །སྙིགས་མའི་སྐྱེ་བོ་ཕལ་གྱི་སྙིང་ལ་ཟུག །བདག་ལེགས་འདོད་པ་རྣམས་ཀྱིས་སྤང་བར་བརྩོན། །ཤེས་རབ་སྦྱོང་ཞིང་བརྩོན་པ་འཕེལ་བྱེད་ལ། །དད་པ་བྱ་ཞིང་སྨོན་ལམ་ལེགས་པར་གདབ། །མན་ངག་འཚོལ་ཞིང་སྙིང་པོའི་དོན་ལ་སྒོམ། །མི་དེ་བདེ་བ་མཆོག་གི་རྒྱལ་སྲིད་ཐོབ། །གཡེངས་བའི་ཁྱིམ་ན་ན་ཆུང་རོ་ལ་གཡེམ། །ཟས་མང་ཟ་ཞིང་གཏམ་མང་སྨྲ་བྱེད་ཅིང་། །ཆགས་སྡང་དུག་ཆུས་རྒྱུན་པར་མྱོས་བྱས་པའི། །བློ་ངན་རྣམས་ལ་བདེ་བ་ཇི་ལྟར་ཡོད། །བསམ་གཏན་ཁྱིམ་ན་ལྷན་སྐྱེས་མཛེས་མས་མཆོད། །ཆོས་དོན་ཟས་ཀྱིས་ལུས་རྒྱས་རིག་སྔགས་བཟླ། །ཆགས་བྲལ་ཞི་བ་བདུད་རྩིས་ཡིད་སིམ་པ། །བློ་བཟང་རྣམས་ནི་རྟག་ཏུ་བདེ་བས་འབྱོར། །ཀྱེ་ཧོ་སྙིང་ལ་མི་བདེའི་ཟུག་རྔུ་ནི། །རྣམ་རྟོག་གདོན་ཡིན་སྙིང་དུ་མ་བཟུང་བར། །ནམ་མཁའི་དབྱིངས་སུ་ཕྱལ་ལེ་དལ་གྱིས་ཐོང་། །དེ་ནས་བདེ་བའི་ཉི་མ་སྤྲིན་མེད་འཆར། །འདི་དང་གཏན་གྱི་བདེ་བའི་འབྱུང་གནས་ནི། །རང་སེམས་གཉུག་མ་ཆོས་སྐུའི་རྒྱལ་ཐབས་ཡིན། །དེ་ལ་རྟག་ཏུ་འདྲིས་ན་དངོས་གྲུབ་མཆོག །དེ་བས་རང་སེམས་མེ་ལོང་རྟག་ཏུ་ལྟོས། །ནམ་མཁའི་དཔལ་མོར་ཡིད་ཀྱི་ཁྱེའུ་ཆུང་རོལ། །རྣམ་རྟོག་རྐུན་བུ་གར་སོང་མེད་པར་བཏང་། །བྱ་ལམ་རྗེས་མེད་འདི་ལ་དགའ་བ་རྣམས། །བདེ་ཆེན་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །མི་ཟད་གཏེར་ཆེན་ཡིད་ཀྱི་ནང་ན་གདའ། །རྨི་ལམ་ཐང་ལ་འགྲིམ་པས་དེ་མི་མཐོང་། །བྱ་བ་ཀུན་སྤང་སོས་དལ་རྣལ་འབྱོར་པས། །ཡིད་ལས་ཡིད་ཀྱི་གཏེར་ཆེན་རྙེད་པར་འགྱུར། །མེ་སྤྲེལ་ཟླ་༢ཚེས་༣༠ལ་མི་ཕམ་པས་སོ། །
དགེ་སྦྱོང་རྣམས་ལ་གཏམ་དུ་བྱ་བ་སྒྱུ་མའི་ལམ་ཁྱེར་གནད་འདུས། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །དགེ་སྦྱོང་རྣམས་ལ་གཏམ་དུ་བྱ་བ་སྒྱུ་མའི་ལམ་ཁྱེར་གནད་འདུས་བཞུགས། དྲན་པས་འཁྲུལ་སྣང་འཁོར་བའི་མུན་སེལ་བ། །འཇམ་དཔལ་ཉིན་མོར་བྱེད་པས་དགེ་ལེགས་སྩོལ། །དེང་སང་དུས་ངན་སྡུག་བསྔལ་སྣ་ཚོགས་བདོ། །སྐྱེ་བོ་རྣམས་ཀྱང་མི་དྲང་ཆགས་སྡང་ཆེ། །ཅི་ལ་བསམས་ཀྱང་ཡིད་སྐྱོ་མང་དུས་འདིར། །གང་དུ་བསྡད་ཀྱང་མཐུན་རྐྱེན་འབྱོར་དཀའ་ལ། །གང་ལྟར་བྱས་ཀྱང་སྐྱེ་བོ་མི་མགུ་ཞིང་། །གང་ལྟར་བསམས་ཀྱང་དགེ་སྦྱོར་མི་འཕེལ་བས། །ཕྱི་རོལ་དངོས་ལ་བསམ་དཔྱོད་མི་མང་བར། །རང་སེམས་འདུལ་ཞིང་སྒྱུ་མའི་ལམ་ཁྱེར་ལ། །ཉམས་ལེན་གནད་དུ་བསྣུན་པ་ཁོ་ན་གལ། །མིག་གིས་གང་མཐོང་གཟུགས་བརྙན་ལྟ་བུ་སྟེ། །བརྟགས་ན་གཞི་མེད་མ་བརྟགས་ཉམས་དགར་སྣང་། །རྟོག་པ་དེ་རྗེས་འབྲང་ན་ཆགས་ཤིང་འཆིང་། །རང་དགར་བསྐྱུར་ན་ཕན་གནོད་ཅི་ཡང་མེད། །དེ་བས་གཟུགས་སུ་སྣང་ངོ་ཅོག་ཀུན་ལ། །སྒྱུ་མ་རྨི་ལམ་ལྟ་བུའི་བློ་བཞག་ནས། །བྱུང་ཡང་མི་དགའ་འགག་ཀྱང་མི་སྡུག་པར། ཕན་གནོད་རྩིས་གདབ་བྲལ་བར་བོར་ལ་ཐོང་། །རྣ་བས་གང་ཐོས་བྲག་ཆ་ལྟ་བུ་སྟེ། །བརྟགས་ན་གཞི་མེད་མ་བརྟགས་ཉམས་དགར་སྣང་། །དེ་བས་རྣ་བས་ཐོས་ཚད་གཏམ་རྣམས་ལ། །སྒྱུ་མ་རྨི་ལམ་ལྟ་བུའི་བློ་བཞག་ནས། །བཟང་བརྗོད་དགའ་དང་ངན་བརྗོད་མི་དགའ་མེད། །ཕན་གནོད་རྩིས་གདབ་བྲལ་བར་བོར་ལ་ཐོང་། །ཡིད་ལ་གང་ཤར་བར་སྣང་སྨིག་རྒྱུ་འདྲ། །བརྟག་ན་གཞི་མེད་མ་བརྟག་ཉམས་དགར་སྣང་། །དེ་བས་ཡིད་ལ་གང་ཤར་རྣམ་རྟོག་ལ། །སྒྱུ་མ་རྨི་ལམ་ལྟ་བུའི་བློ་བཞག་ནས། །བཟང་རྟོག་དགའ་དང་ངན་རྟོག་མི་དགའ་མེད། །ཕན་གནོད་རྩིས་གདབ་བྲལ་བར་བོར་ལ་ཐོང་། །དེས་མཚོན་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྒྱུ་མ་རྨི་ལམ་ཇི་བཞིན་བདེན་གྲུབ་མེད། །རྟོག་པའི་དབང་གིས་ཕན་གནོད་རེ་དོགས་འཁྲུལ། །ད་ནི་རྟོག་མེད་བླང་དོར་མེད་པར་ཞོག །སྣང་བ་འདི་ཀུན་སྣང་བའི་དུས་ཉིད་ན། །བདེན་བདེན་ཡོད་ཡོད་ལྟ་བུར་མངོན་ན་ཡང་། །སྐད་ཅིག་མི་རྟག་གློག་དང་སྤྲིན་ལྟ་བུར། །རིམ་པས་འགྱུར་ཞིང་ཐ་མར་འགག་པ་སྟེ། །ཕྱི་ཡི་ཆགས་གནས་འཇིག་དང་ནམ་ཟླའི་དུས། །ནང་གི་རྒན་གཞོན་དར་རྒུད་བདེ་སྡུག་སོགས། །ངེས་མེད་གཡོ་བ་འདི་དོན་ལེགས་བསམས་ནས། །རྟག་འཛིན་བདེན་འཛིན་མ་ཆེ་སྒྱུ་མར་ལྟོས། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །རང་གཞན་བདེ་སྡུག་ཅི་སྣང་སྒྱུ་མ་འདྲ། །གར་སོང་མེད་དེ་དེང་སང་ཕན་གནོད་བྲལ། །ད་ལྟ་མ་འོངས་སྣང་ཚད་དེ་དང་འདྲ། །ལེགས་པར་དཔྱད་ན་འཁོར་འདས་བདེ་སྡུག་གི །སྣང་བ་སྣ་ཚོགས་མི་འདྲ་ཅི་སྣང་ཡང་། །རྟོག་པའི་དབང་གིས་བཞག་པ་ཙམ་ཞིག་ལས། །ངོ་བོ་ཉིད་མེད་སྒྱུ་མ་རྨི་ལམ་འདྲ། །དེ་དོན་ཤེས་ནས་དོན་མེད་རང་སྡུག་གི །འབྱུང་གནས་རྣམ་པར་རྟོག་པའི་མཚང་མཐོང་སྟེ། །དགའ་སྡུག་རེ་དོགས་སྤོང་ལེན་རྩོལ་བ་བརྒྱ། །ཆུ་ལ་རི་མོ་བཞིན་དུ་གཞིག་དེ་སྐྱིད། །ཐོག་མེད་འཁྲུལ་བའི་གཞན་དབང་སོང་སོང་བས། །རེ་ཞིག་བསྒོམས་ཀྱང་ཇི་བཞིན་འཕྱོང་དཀའ་ཡང་། །མ་བརྗེད་གོམས་ན་གོམས་པ་ཇེ་ཆགས་ནས། །འདི་ལྟར་རྟེན་འབྱུང་སྣང་བ་བསླུ་མེད་རྣམས། །སྣང་ཡང་ནམ་མཁའི་ངང་ན་སྨིག་རྒྱུ་བཞིན། །སེམས་ཉིད་གཉུག་མའི་ཀློང་ན་རྩལ་སྣང་དུ། །འཁོར་འདས་སྒྱུ་མའི་སྣང་བ་སྣ་ཚོགས་སྟོན། །རྟོག་པས་མ་བཅིང་རང་སར་རང་གྲོལ་ཡིན། །གྱུར་མེད་གཤིས་ཀྱི་གནས་ལུགས་རིག་པའི་ངང་། །འགྱུ་བའི་རྩལ་སྣང་རང་གྲོལ་ཝ་ལེ་བ། །རང་བྱུང་ཤེས་རབ་མིག་ལྡན་རྣལ་འབྱོར་ལ། །འཇིགས་དང་སྡུག་བསྔལ་མུན་པ་རྩད་ནས་མེད། །ཨེ་མ་ཧོ། འཇམ་དཔལ་གཞོན་ནུ་སྙིང་ལ་ཡེ་གནས་པའི། །བྱིན་རླབས་རྡོ་རྗེ་སྒྱུ་མའི་ཆོ་འཕྲུལ་གྱིས། །གདམས་པ་འདི་ཡིས་སྐལ་ལྡན་སྐྱེ་བོ་ཀུན། །རང་ཤར་རང་གྲོལ་དགོངས་པ་མཐོང་གྱུར་ཅིག །ས་ཕག་ཟླ་༨ཚེས་༡༣ལ་རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་དུ་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ་མདྒ་ལཾ།། །།
གར་དབང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་སྙིང་པོ་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་ཚུལ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།
༄༅། །གར་དབང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱི་སྙིང་པོ་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་ཚུལ་བཞུགས་སོ། །ན་མོ་ཀྵ་ར་བཛྲ་ཡ་ཤ་ར་ཎ་གཙྪ་མིཿ འདིར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་སྟན་ཐོག་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་པའི་ཚུལ་ནི། རྙེད་དཀའི་རྟེན་མི་ལུས་རིན་པོ་ཆེ་ཐོབ་ཀྱང་མི་རྟག་པའི་དྲན་ཤེས་དང་། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་པས་འཁོར་བའི་སྡུག་བསྔལ་བསམས་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་རྡོ་རྗེ་འཆང་དམར་བོའི་རྣམ་པ་ཅན་སྐྱབས་གནས་ཀུན་གྱི་ངོ་བོར་མོས་ལ། ཅི་མཛད་ཁྱེད་རང་ཤེས་སོ་སྙམ་པའི་བློས་འགེལ་གྱི་སྐྱབས་འགྲོ་དང་། མ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོད་པའི་སེམས་བསྐྱེད། རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཀུན་གོ་གཅིག་ཆོད་ཡིན་པ་ལ་ཡིན་པར་བློ་ཐག་བཅད་ནས་བློ་མོས་གུས་ཀྱི་འཕྲོགས་པའི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་རྗེས་བླ་མ་རང་གི་སྤྱི་བོ་ནས་ཐིམ་པའི་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་མོས་པའི་ངང་ལ་མཉམ་པར་འཇོག་པ་སྟེ་སྔོན་འགྲོའོ། །
དངོས་གཞི་ལ་གཉིས་ལས། དང་པོ་བསྐྱེད་རིམ་ནི། ལུས་གནད་རྣམ་སྣང་ཆོས་བདུན་བཅའ། མིག་གི་བལྟ་སྟངས་ཆེ་རེ་གཡོ་མེད་དུ་བཞག །སེམས་གནད་རང་ལུས་ཐ་མལ་གྱི་སྣང་བ་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྦྱངས་ཏེ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཡབ་ཡུམ་གྱི་སྐུ་འཇའ་ཚོན་ལྟར་སྒྲིབ་ཐོགས་མེད་པའི་རྣམ་པར་ལམ་གྱིས་བསྒོམས་པའི་ཡབ་ཀྱི་སྐུའི་དབུས་སུ་དྷཱུ་ཏི་ཕྱི་དཀར་ལ་ནང་དམར་པ་ཚངས་བུག་ནས་གསང་གནས་ཀྱི་བར་ཤེལ་གྱི་ཀ་བ་བཙུགས་པ་ལྟར་དྲང་ཐལ་ལེར་གནས་པའི་གཡས་གཡོན་དུ་རོ་མ་ཁྲག་དང་རྐྱང་མ་ཁུ་བས་གང་བ་གཉིས་ཡས་སྣ་སྨིན་མཚམས་ནས་སྣ་བུག་ཏུ་ཟུག་ཅིང་། མས་སྣ་ལྟེ་འོག་སོར་བཞིའི་ཐད་ནས་དྷཱུ་ཏིར་ཚུད་པ། དེ་ལས་སྤྱི་མགྲིན་སྙིང་ག་ལྟེ་བའི་འཁོར་ལོ་བཞིའི་རྩ་འདབ་རྣམས་གསལ་ཐེབས་ན་སྨོས་མ་དགོས། མ་ཐེབས་ན་འཁོར་ལོ་སོ་སོའི་ཐད་ཀར་རོ་རྐྱང་གཉིས་དྷཱུ་ཏིར་ཐིམ་ནས་སྦུབས་འབྲེལ་བར་སྒོམ་པ་ཙམ་གྱིས་དགོས་པ་འགྲུབ། དེ་ལྟར་རྩ་འཁོར་རྣམས་གསལ་ཐེབས་པ་དང་། གཡས་རོ་མ་ལས་རྡུལ་གྱི་དྭངས་མ་ཡར་སོང་བ་སྤྱི་བོའི་འཁོར་ལོའི་ལྟེ་བ་ནས་དྷཱུ་ཏིའི་ནང་དུ་ཚུད་པ་ཐུར་དུ་བབས་པ་དང་། གཡོན་རྐྱང་མ་ལས་ཁུ་བའི་དྭངས་མ་ཐུར་དུ་སོང་བ་དྷཱུ་ཏིའི་མས་སྣ་ནས་ཚུད་པ་གྱེན་དུ་འཕྱུར་བ་གཉིས། སྙིང་གའི་འཁོར་ལོའི་ལྟེ་བར་སོན་པ་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་རླུང་སེམས་མི་ཤིགས་པའི་དྭངས་མ་ཧྲཱིཿཡིག་དམར་གསལ་འབར་བ། དེ་གསུམ་བཞུ་བ་གཅིག་ཏུ་འདྲིལ་བའི་འོད་ཀྱི་གོང་བུ་ལས་འོད་ཟེར་སྣ་ལྔ་མཁའ་ཁྱབ་ཏུ་སྤྲོས་པས་རྒྱལ་བ་མཆོད་ཅིང་སྣོད་བཅུད་དག་པའི་འཁོར་ལོར་སྦྱངས་པ་ཚུར་འདུས་ཏེ་ཐིམས་པ་ཡོངས་སུ་གྱུར་པ་ལས་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཨུཏྤལ་དམར་པོ་ཁ་བྱེ་བའི་གེ་སར་ཟེ་ཕོལ་དང་བཅས་པའི་དབུས་སུ་ཏིང་འཛིན་སེམས་དཔའ་ཧྲཱིཿདམར་པོ་ཡུངས་འབྲུ་ལྟར་ཕྲ་ཞིང་འབར་བ་རྣམས་གསལ་བཏབ་ལ་མཉམ་པར་བཞག །དེས་སྐྱོ་ན་སྙིང་གའི་ཧྲཱིཿལས་འོད་ཟེར་དམར་པོ་སོར་གཅིག་ཙམ་འཕྲོས་པའི་རྩེ་མོ་བུན་བུན་ཡལ་འགྲོ་པ་ལ་དམིག་པ་རྩེ་གཅིག་པས་ཡིག་བཅུའི་ཡིད་བཟླས་བྱའོ། །
གཉིས་པ་རྫོགས་རིམ་ལ་གསུམ་ལས། སྐུ་རྡོ་རྗེའི་རྣལ་འབྱོར་ནི། སྙིང་གའི་ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་དང་བཅས་པ་གནས་དེ་ཉིད་དུ་འཇའ་ཡལ་བ་ལྟར་མི་དམིགས་པར་སྦྱངས། རླུང་རོ་བསལ་ཏེ། སྟེང་རླུང་འཇམ་པོ་རང་བབས་སུ་བརྔུབས་པས་གཡས་གཡོན་རོ་རྐྱང་གི་ལམ་ལས་རྡུལ་དང་ཁུ་བའི་དྭངས་མ་གཉིས་ཐུར་དུ་སོང་བ་རོ་རྐྱང་གི་མར་སྣེར་སླེབས་པ་དང་། འོག་རླུང་འཇམ་པོར་དྲངས་པས་དྷཱུ་ཏིའི་མས་སྣ་དུང་ཅན་མའི་སྣ་ནས་ཁམས་ལྔའི་རླུང་གི་དྭངས་མ་འཇའ་ཚོན་ལྟར་བཀྲ་བ་མདུང་ཚུགས་སུ་ལངས་པ་རོ་རྐྱང་གི་མས་སྣར་སླེབས་པ་ན། ཁུ་རྡུལ་རླུང་ལྔ་དང་བཅས་ལྷན་ཅིག་ཏུ་དྷུ་ཏིའི་ནང་དུ་བརྒྱུད་གྱེན་དུ་སོང་ལྟེ་བའི་འཁོར་ལོའི་དབུས་སུ་སོན་པ་གཅིག་ཏུ་འདྲིལ་བའི་ཐིག་ལེ་དམར་སྐྱ་དྭངས་ཤིང་འཚེར་བ་ཙ་ན་ཀ་སྟེ་སྲན་ཆུང་གི་འབྲུ་ཙམ་པའི་དབུས་སུ་སེམས་ཀྱི་དྭངས་མ་ཧྲཱིཿཡིག་དམར་པོ་ཕྲ་ཞིང་འབར་བའི་རྣམ་པར་གསལ་བཏབ་ལ། དབུགས་རང་སར་བཞག །སེམས་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ཏེ་རླུང་དང་སེམས་དང་ལྟེ་བའི་ཐིག་ལེ་འདྲེས་པ་ལྟར་བྱས་པས་ཐིག་ལེའི་རྣམ་པ་ལམ་མེ་བ་དེ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ་ཧ་ཅང་མི་སྒྲིམ་ཧ་ཅང་མི་གློད་པར་མ་བཅོས་གཉུག་མའི་ངང་ལ་ཤིགས་སེ་འཇོག་པའོ། །
གཉིས་པ་གསུང་རྡོ་རྗེའི་རྣལ་འབྱོར་ནི། ལྟེ་བའི་མི་ཤིགས་པའི་ཐིག་ལེར་སེམས་ཟིན་པ་ན། འོག་རླུང་བསྐུལ་བའི་རྐྱེན་གྱིས་ཐིག་ལེ་དེ་ཉིད་སྙིང་གའི་འཁོར་ལོའི་ལྟེ་བར་དྲངས་ཏེ་པདྨའི་ཟེའུ་འབྲུར་བུང་བ་ལྡིང་བ་ལྟར་ཧྲཱིཿའི་སྒྲ་སྒྲོག་བཞིན་དུ་འདར་འཕྲིལ་ལི་ལི་གནས་པར་བསམས་ལ་རླུང་རོ་བསལ་ཏེ། རླུང་ལྡང་འཇུག་གནས་གསུམ་རང་བབས་ཀྱི་རྒྱུ་བ་ལ་སེམས་གཏད་དེ་ཁུག་པ་རེ་ལ་གྲངས་རེར་བགྲངས་པའི་ཉེར་གཅིག་ཙམ་ཞིག་བཟླས་པས་རླུང་མི་འཁྲུག་པར་རང་བབས་ཀྱི་རྒྱུ་བ་ངོས་ཟིན་པ་དང་། རླུང་ལྡང་འཇུག་གནས་གསུམ་པོ་ཧཱུྃ་ཨོཾ་ཨཱཿའི་སྒྲ་གདངས་སུ་མོས་པས་རླུང་སྔགས་དབྱེར་མེད་དུ་ཤེས་པའི་སྒོ་ནས་ཧཱུྃ་ཞེས་ཕྱིར་འཕང་བའི་ཚེ་སྙིང་གའི་ཐིག་ལེ་ལས་འོད་ཟེར་ཁ་དོག་ལྔ་ཟེར་གྱིས་འཕྲོས་པས་དབུ་མའི་ལམ་བརྒྱུད་སྨིན་མཚམས་ཀྱི་ཐད་ནས་སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་ཐོན་པ་སྣོད་བཅུད་ཐམས་ཅད་ལ་ཁྱབ་སྟེ་ཐམས་ཅད་མེར་ཁྱེམས་ཀྱིས་སྦྱངས། ཨོཾ་ཞེས་རླུང་ནང་དུ་འཇུག་པའི་ཚེ་སྣོད་བཅུད་འོད་ཀྱི་རྣམ་པར་བཞུ་ལུགས་སུ་སྦྱངས་པ་དེ་གཉིས་ཚུར་འདུས་པ་དྷཱུ་ཏིའི་ལམ་བརྒྱུད་སྙིང་གའི་ཐིག་ལེ་ལ་སིབ་ཀྱིས་བསྟིམས་ཤིང་། རླུང་གི་སྒྲ་ཨཱཿཞེས་པའི་གདངས་སུ་མོས་པའི་ངང་ལ་གནས་པར་བསམས་ནས་སྐད་ཅིག་ཀྱང་མ་ཡེངས་པར་བཟླས་པར་བྱའོ། །
གསུམ་པ་ཐུགས་རྡོ་རྗེ་ནི། དེའི་ངང་ལས་ལྟེ་བའི་འཁོར་ལོའི་དབུས་སུ་རྡུལ་ཏེ་ཁམས་དམར་ཆའི་དྭངས་མ་ཐིག་ལེ་དམར་པོ་ཚ་ལ་རྩུབ་པ་འབར་བ་ཡུངས་ཀར་གྱི་འབྲུ་ལྟར་ཕྲ་བ་ཞིག་བསྒོམས་ལ་རླུང་ཕྱིར་ལྡང་བ་དང་བསྟུན་ལྟེ་བའི་ཐིག་ལེ་ལས་གཏུམ་མོའི་མེ་ཚ་ཞིང་རྣོ་བ་འཁྱུག་གིས་འབར་བ་དྷཱུ་ཏིའི་ལམ་བརྒྱུད་སྙིང་གའི་ཐིག་ལེར་རེག་པས་དེ་ལས་མུ་མེད་པའི་འོད་ཟེར་འཕྲོས་པས་རང་ལུས་ཀྱི་ཕྱི་ནང་དང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་མུན་ནང་དུ་སྒྲོན་མེ་བཏེགས་པ་ལྟར་ལྷག་གིས་གསལ་བར་བྱས་ནས་རླུང་ནང་འཇུག་དང་བསྟུན་འོད་ཟེར་དེ་རྣམས་གཞིའི་ཐིག་ལེར་འུབ་ཀྱིས་བསྡུས། ཡང་རླུང་ལྡང་བ་ན་སྙིང་གའི་ཐིག་ལེ་ལས་སྔར་བཞིན་འོད་ཟེར་གཉིས་པ་སྤྲོས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་མེར་ཁྱེམས་ཀྱིས་བསྲེགས་ཤིང་བཞུ་ནས་ནང་འཇུག་དང་བསྟུན་འོད་ཟེར་སྔར་བཞིན་གཞི་ལ་བསྡུ། ཡང་རླུང་ལྡང་བ་ན་སྙིང་གའི་ཐིག་ལེ་ལས་སྔར་བཞིན་འོད་ཟེར་གསུམ་པ་སྤྲོས་པ་སྔར་སྣོད་བཅུད་འོད་ཀྱི་རྣམ་པར་བཞུ་བའི་བཅུད་ཀྱི་དྭངས་མ་དེ་ཐམས་ཅད་རླུང་ནང་འཇུག་དང་བསྟུན་ཏེ་བསྡུས་པ་རང་ལུས་ལ་བཞུ་ལུགས་སུ་ཐིམ་པས་རང་ལུས་ལྷ་སྐུའི་རྣམ་པ་ཡང་མེ་ལོང་གི་རླངས་ཡལ་བ་ལྟར་མཐའ་ནས་རིམ་བཞིན་འདུས་པ་ནང་གི་ཐིག་ལེ་ངྷཱུ་ཏི་ལ་ཐིམ། དྷཱུ་ཏི་སྙིང་གའི་མི་ཤིགས་པའི་ཐིག་ལེར་ཐིམ། དེ་ཡང་རང་སེམས་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་ལ་བསྡུས་པ་དེ་ཉིད་ཤིན་ཏུ་ཕྲ་བར་གྱུར་པ་ལ་སེམས་ཡུན་རིང་དུ་བཟུང་། ཧྲཱིཿཡང་མི་དམིགས་པའི་དབྱིངས་སུ་སྦྱངས་ཏེ་འོད་གསལ་སྟོང་པ་ཉིད་ལ་མཉམ་པར་བཞག །དེ་ལྟར་རང་ངོ་ཤེས་པའི་ཚུལ་གྱིས་རང་བཞིན་ངོས་བཟུང་ལ་འོད་གསལ་དུ་དྭངས་པའི་མི་རྟོག་པའི་ངང་དེ་ག་ལ་ཡུན་རིང་དུ་བསྐྱང་མཐར་སེམས་ཀྱི་གསལ་ཆ་ངོས་བཟུང་ནས་དེ་ཉིད་ཆུ་ལས་ཉ་ལྡང་བ་ལྟར་སྐད་ཅིག་གིས་དཀྱིལ་འཁོར་གྱི་ལྷར་གསལ་བཏབ་སྟེ། ལྷ་སྐུ་སྣང་ཙམ་ལས་ངོས་བཟུང་མེད་པར་རང་ངོ་ཤེས་པའི་ཚུལ་གྱིས་ཡང་ནས་ཡང་དུ་བསྒོམ་མོ། །རྗེས་ཐོབ་ཀུན་ཏུ་གང་སྣང་ཐམས་ཅད་ལ་མཉམ་གཞག་གི་ཉམས་བཟང་པོའི་རྩིས་བཟུང་ནས་སྒྱུ་མ་རྨི་ལམ་ལྟར་བླང་དོར་མེད་པར་ལམ་དུ་འཁྱེར་ཞིང་ཐུན་ལས་ལྡང་། མཐར་དགེ་བ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་བསྔོ་བར་བྱའོ། །དེ་ལྟར་གར་དབང་ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཐུན་རེར་སྟན་ཐོག་གཅིག་མའི་དམིགས་པ་ཚང་བར་ཆག་མེད་མོས་སྒོམ་བྱེད་འདོད་པ་རྣམས་ལ་ཕན་ཕྱིར་འདི་ལྟར་རྩ་ཐོར་བྲིས་ཤིག་ཅེས་བླ་མ་དམ་པའི་སྐུའི་སྲས་མཆོག་མཁྱེན་བརྩེ་ནུས་པའི་བདག་ཉིད་རྒྱལ་བའི་རྒྱལ་ཚབ་ཆེན་པོ་གང་གིས་བཀའ་ལུང་ཕེབས་པ་དང་། རང་གི་གཅུང་རྗེ་དབོན་ཨཱ་ནནྟ་ཤི་ལའི་གསུང་གིས་ཀྱང་བསྐུལ་བ་ལྟར་དགེ་སློང་རྒན་པོ་དྷརྨཱ་ཤྲིས་ས་ག་ཟླ་བའི་ཚེས་བཞིའི་ཐུན་མཚམས་གཅིག་ལ་རྫོགས་པར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །དཔལ་ལྡན་བླ་མ་གང་གི་དྲུང་དུ་ལུང་ཁྲིད་ཐོབ་པའི་ཉིན་དེ་གར་བྲིས་པ་འདིས་ཀྱང་འགྲོ་བ་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་རྟག་ཏུ་ལོངས་སྤྱོད་པར་གྱུར་ཅིག་གུ སརྦ་ཛ་ག་ཏཾ།
རྡོ་རྗེ་གསུམ་གྱི་ལམ་ཁྱེར་མདོར་བསྡུས། ཐུབ་བསྟན་ཆོས་འཕེལ།
༄༅། །རྡོ་རྗེ་གསུམ་གྱི་ལམ་ཁྱེར་མདོར་བསྡུས་བཞུགས། རང་གིས་ཉམས་ལེན་དུ་སྐད་ཅིག་ཙམ་ཡང་དྲན་མ་མྱོང་བའི་ནེ་ཙོའི་ཆོས་བཤད་ལྟ་བུའི་རྡོ་རྗེ་གསུམ་གྱི་ལམ་ཁྱེར་མདོར་བསྡུས་སུ་སྨྲ་ན། དང་པོ། སྣང་བ་སྐུ་ཡི་ལམ་ཁྱེར་ནི། ཕྱི་ནང་གི་གཟུགས་སུ་སྣང་བའི་དངོས་པོ་ཐམས་ཅད་བཟང་ངན་ཇི་ལྟ་བུ་ཡིན་ཀྱང་དགག་སྒྲུབ་གང་ཡང་མི་བྱེད་པར་བཞག་ན་གཟུང་འཛིན་གྱི་བསླད་པ་དང་བྲལ་བའི་ཆོས་ཉིད་དོན་གྱི་ལྷའི་སྐུ་སྟེ་རྣམ་རྟོག་གིས་བཅོས་མའི་སྐུ་ལས་ཁྱད་པར་དུ་འཕགས་པར་བཤད་ལ། འོན་ཀྱང་དག་མཉམ་གྱི་ངེས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ལྷར་སྣང་ལའང་རྒྱུན་ཏུ་བསླབ་དགོས་པར་སེམས་སོ། །གྲགས་པ་སྔགས་སམ་གསུང་གི་ལམ་ཁྱེར་ནི། རྣ་བའི་ཡུལ་དུ་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་སྙན་པ་དང་མི་སྙན་པའི་ལོག་པའི་རྣམ་པ་གང་ཐོས་པ་དང་རང་གིས་སྨྲས་པའི་བརྗོད་པ་བཟང་ངན་ཐམས་ཅད་ལ་རྗེས་དཔྱོད་མེད་པར་རང་སོར་བཞག་ན་གྲགས་སྟོང་སྐྱེ་མེད་དུ་རང་སར་གྲོལ་བ་སྐྱེ་མེད་དོན་གྱི་གསུང་མཆོག་ཡིན་པས་ཐུན་དང་ཐུན་འཚམས་ཐམས་ཅད་དུ་སྐྱེ་མེད་སྙིང་པོའི་བཟླས་པ་ལས་མི་འདའ་བར་གསུང་ཤིང་། ཡང་སྐྱོན་བཅུའི་དག་པའི་སྙིང་པོའི་བཟླས་པ་ལ་ཅི་གནས་སུ་འབད་པར་བྱའོ། དྲན་རྟོགས་ཐུགས་ཀྱི་ལམ་ཁྱེར་ནི། སེམས་ལ་དགེ་མི་དགེ་ལུང་མ་བསྟན་གྱི་རྟོགས་ཚོགས་གང་ཤར་ཐམས་ཅད་ལ་སྤང་བླང་དང་རྩིས་གདབ་གང་ཡང་མི་བྱ་བར་རང་བབས་སུ་ལྷོད་དེ་བཞག་ན་རྩོལ་མེད་ཆོས་སྐུའི་དགོངས་པ་ངང་གི་གནས་པས་དེ་ལ་རྒྱུན་གྱི་ཉམས་ལེན་ལ་སྙིང་པོར་དྲིལ་བར་བྱའོ། །ཞེས་པའང་ཐུབ་བསྟན་ཆོས་འཕེལ་བས་སོ། །
གསང་བ་སྔགས་ཀྱི་དམ་ཚིག་གི་རིམ་པ་མདོར་བསྡུས་པ། ཆོས་རྗེ་གཙང་སྟོན་པ།
༄༅། །གསང་བ་སྔགས་ཀྱི་དམ་ཚིག་གི་རིམ་པ་མདོར་བསྡུས་པ་ཆོས་རྗེ་གཙང་སྟོན་པས་མཛད་པ་བཞུགས་སོ། །ཨོཾ་སྭ་སྟི། རང་བྱུང་ཡེ་ཤེས་མཐའ་བྲལ་ནམ་མཁའ་ལ། །ཡོན་ཏན་ཟད་མེད་ཡིད་བཞིན་རིན་ཆེན་བཞིན། །འཛིན་པ་བྲལ་བའི་ཐུགས་རྗེ་ཆེན་པོ་ཡིས། །འགྲོ་རྣམས་སྒྲོལ་མཛད་རྗེ་བཙུན་རྣམས་ལ་འདུད། །སྤྱིར་གསང་སྔགས་ཀྱི་དམ་ཚིག་ལ་བསམ་གྱིིས་མི་ཁྱབ་ཀྱང་མདོར་བསྡུ་ན་དོན་བཅུ་སྟེ། ངོ་བོ་དང་། རྣམ་གྲངས་དང་། བསྲུང་ཐབས་དང་། ཉམས་རྒྱུ་དང་། ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་དང་། ཉམས་པའི་སྐྱོན་དང་། མ་ཉམས་པའི་ཡོན་ཏན་དང་། ཉམས་ན་བསྐང་བའི་ཐབས་དང་། དམ་ཚིག་གི་དཔེ་དང་། མདོ་ཆོས་ཉིད་དུ་བསྡུ་བ་དང་བཅུའོ། །
དེ་ལ་དང་པོ་ངོ་བོ་ནི། དམ་ཚིག་དཔག་ཏུ་མེད་ཀྱང་རྩ་བ་ཡན་ལག་གཉིས་སུ་འདུས། དེ་ལ་ཡན་ལག་གི་དམ་ཚིག་ཀྱང་རྩ་བའི་དམ་ཚིག་བཞིར་འདུས། དཔེར་ན་འབྱུང་བཞི་ནམ་མཁའི་ཁོང་དུ་འདུས་པ་དང་འདྲ་བར། རྩ་བ་བཞི་ལ་སོགས་པ་ཀུན་ཀྱང་སེམས་ཉིད་མཉམ་པ་ཉིད་ཆོས་སྐུའི་ནང་དུ་ཆུ་ནང་གི་ཟླ་བ་ལྟར་དབྱེར་མེད་པར་རྟོགས་པ་ནི་དམ་ཚིག་གི་ངོ་བོའོ། །
གཉིས་པ་རྣམ་གྲངས་ནི། བསྲུང་བའི་ཐབས་སུ་བཤད་པས་འདིར་མ་བརྗོད་དོ། །
གསུམ་པ་བསྲུང་བའི་ཐབས་ལ། རྩ་བ་དང་། ཡན་ལག་གི་དམ་ཚིག་གཉིས་སོ། །དེ་ཡང་རྩ་བའི་དམ་ཚིག་ལ་བཞི་སྟེ། བྱང་ཆུབ་སེམས་དང་སྐུ་གསུང་ཐུགས་སོ། །བྱང་ཆུབ་སེམས་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། ཕུང་པོ་ཁམས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རྟོགས་ནས། དེ་ཡང་སེམས་ཉིད་དང་དབྱེར་མེད་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུར་གྲུབ་པར་རྟོགས་པ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་མ་རྟོགས་ཤིང་བསྐུར་རམ་མ་མོས་ན་ཉམས་པའོ། །སྐུ་ཡི་དམ་ཚིག་ལ་གཉིས་ཀྱི། དང་པོ་སློབ་དཔོན་དྲུག་ནི། སྤྱིའི་སློབ་དཔོན། སྐྱབས་འགྲོ་ཐུན་མོང་བ་ཡན་ཆད་རྒྱུ་མཚན་ཉིད་ཀྱི་ཆོས་ཞུས་པའོ། །དེ་ནི་དཔེར་ན་སྤྱིར་རྒྱལ་ཁྲིམས་ལ་གནས་པའི་རྒྱལ་པོ་ཙམ་དུ་བཀུར་རོ། །འདྲེན་པའི་སློབ་དཔོན་ནི། དཔེར་ན་རྒྱལ་བུ་རྒྱལ་སར་བཏོན་པས་དྲིན་ཆེན་གྱི་ཁུ་བོ་ཙམ་དུ་བཀུར་རོ། །དམ་ཚིག་དབོག་པ་དང་དབང་བསྐུར་བའི་སློབ་དཔོན་ནི། མས་བུ་བསྐྱེད་པ་དང་འདྲ་བར་བུ་གཅིག་པའི་མ་ཙམ་དུ་བཀུར་རོ། །ཆག་ཉམས་སྐོང་བའི་སློབ་དཔོན་ནི། རྒྱལ་བུ་རྒྱལ་ཁྲིམས་ལ་ཐུག་ནས་ཕས་བཏོན་པ་དང་འདྲ་བར་ཕ་བཟང་པོ་ཙམ་དུ་བཀུར་རོ། །ཤེས་རྒྱུད་གྲོལ་བའི་སློབ་དཔོན་ནི། ཐོས་པས་རང་རྒྱུད་གྲོལ་བ་ཡིན་ཏེ། མིག་གིས་ཕྱི་ནང་མཐོང་བ་དང་འདྲ་བར་མིག་ཙམ་དུ་བཀུར་རོ། །མན་ངག་གི་སློབ་དཔོན་ནི། བསྐྱེད་རྫོགས་ཀྱི་གདམས་ངག་དབོག་པ་ཡིན་ཏེ། གདམས་ངག་མེད་ན། ཆོས་ཤེས་ཀྱང་འབྲས་བུ་མི་ཐོབ་པས་སྙིང་དང་འདྲ་སྟེ་ཡན་ལག་གང་གིས་ཀྱང་འཆི་བར་མི་ནུས་པས་སྙིང་ཙམ་དུ་བཀུར་རོ། །གཉིས་པ་མཆེད་ལ་རྣམ་པ་བཞི་སྟེ། སྤྱི་ཡི་མཆེད་ནི། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པས་སྤྱི་ཚན་བཟང་པོ་ཙམ་དུ་བཀུར་རོ། །རིང་བའི་མཆེད་ནི་ཆོས་སྒོར་ཞུགས་པ་ཐམས་ཅད་ཡིན་ཏེ་ནང་ཚན་བཟང་པོ་ཙམ་དུ་བཀུར་རོ། །ཉེ་བའི་མཆེད་ནི། གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཡིན་ཏེ་ཕ་སྤུན་མཐུན་པོ་ཙམ་དུ་བཀུར་རོ། །འདྲིས་པའི་མཆེད་ནི། སློབ་དཔོན་གཅིག་ལས་དབང་དང་གདམས་ངག་ལྷན་གཅིག་ཏུ་ཞུས་པ་ཡིན་ཏེ། སྤུན་མཐུན་པོ་ཙམ་དུ་བཀུར་རོ། །སློབ་དཔོན་དང་མཆེད་ཀྱི་དཔེ་བཅུ་པོ་དེ་ཡང་འཇིག་རྟེན་གྱི་དམན་པ་དང་ཆ་ཞེན་པ་ལྟར་མ་ཡིན་པར། དེ་བས་ལྷག་པར་བཟང་བར་བལྟ་ཞིང་བཀུར་རོ། །སློབ་དཔོན་དང་མཆེད་ཀྱི་དམ་ཚིག་ཐུན་མོང་དུ་བསྲུང་བའི་ཐབས་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་སྟེ། ལུས་ཀྱི་སྒོ་ནས་ཟས་དང་ནོར་ལོངས་སྤྱོད་ཐམས་ཅད་འབུལ་བ་ཡང་། གསང་བའི་སྙིང་པོ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཞེས་དང་། དགོངས་པ་འདུས་པ་ལས་ཀྱང་། དམ་པའི་རིགས་སུ་གྱུར་པ་ན། །རྗེས་ཀྱི་རིགས་དང་འཐད་པའི་ཡོན། །ནོར་གྱི་དབྱིག་དང་ན་བཟའི་མཆོག །རྩི་མཆོག་འཚོ་བའི་ཟས་མཆོག་རྣམས། །འབུལ་ལ་གསོལ་བས་མཉེས་པར་བྱ། །དེས་ནི་ནད་དང་དབུལ་ལ་སོགས། །བཀྲེས་དང་ཚ་བའི་སྡུག་བསྔལ་གྱིས། །ནམ་ཡང་འདེབས་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཟས་ནོར་ལ་སོགས་པ་ཐམས་ཅད་ཀྱང་སྦུར་མ་ལྟར་ཕངས་པ་མེད་པར་འབུལ་ལོ། །ཞབས་འབྲིང་ཡང་གཤེགས་བཞུད་ལ་སོགས་པ་བླ་མ་ཅི་ལྟར་མཉེས་པ་ལྟར་བྲན་གྱི་ཐ་མལ་ལྟར་བྱའོ། །ངོ་སོའམ་དྲིན་ཆེ་བ་ལྟར་མི་བསམ། བླ་མའི་རིགས་དང་འཁོར་ལ་སོགས་པ་ཀུན་ཀྱང་དེ་དང་མཚུངས་ཏེ། ཟས་ནོར་ལ་སོགས་པ་མི་བླང་བ་དང་། ཤིན་ཏུ་གདུང་བར་བྱའོ། །ངག་གི་སྒོ་ནས་བླ་མ་དང་གྲོགས་པོའི་སྐྱོན་སྦ་བ་དང་། ཡོན་ཏན་བསྒྲག་པ་དང་། རྒྱུ་མཚན་འདི་འདྲ་ཞེས་ཚུལ་ཡང་བསྒྲགས་པ་མ་ཡིན་ན། སྐྱོན་དང་བསྐུར་པ་ལ་སོགས་པ་ནི་འཇིག་རྟེན་བྲེ་མོའི་གཏམ་དུ་ཡང་བརྗོད་པར་མི་བྱའོ། །ཡིད་ཀྱི་སྒོ་ནས་གཡོ་སྒྱུ་དང་ཕྲག་དོག་དང་། ངན་དང་། དཔྱ་སེམས་དང་། ནོར་ལ་བརླམ་པ་ལ་སོགས་པ་སེ་གོལ་ཙམ་གྱི་ཡུན་དུའང་བྱ་བ་མ་ཡིན་ནོ། །དེ་ཡང་ཕྲ་རྒྱས་ལས། ཆགས་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ལྕི་བར་སེམས། །ཕ་མ་ཡི་དམ་འདྲ་བར་སེམས། །རྟག་ཏུ་གདུང་བ་རྒྱུན་མི་བཅད། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་གསུངས་པས་མཉེས་པའི་ཐབས་སུ་ཟས་ནོར་དང་ལུས་འབུལ་བ་དང་། དད་པ་ཤེས་རབ་དང་སྒྲུབ་པ་ལ་སོགས་པ་ཅི་བྱས་ཀྱང་བླ་མ་དང་གྲོགས་པོ་མཉེས་པར་བྱེད་ཅིང་། བཀའི་མཐིལ་གཅོག་པ་ལྟ་ཇི་སྲིད་། ཟུར་ཡང་མི་གཅོག་པའི་རྣལ་འབྱོར་བ་ནི་སངས་རྒྱས་ཀུན་ཀྱི་རྒྱུན་ལ་ཞུགས་པས་འཁོར་བར་མི་ལྡོག་པར་རྒྱལ་བ་ཀུན་ཏུ་བཟང་པོས་གསུངས་སོ། །དེ་ཡང་དམ་ཚིག་བཀོད་པ་ལས། དམ་ཚིག་མ་ཉམས་པར་སྲུང་ན། །ཀུན་བཟང་ང་དང་སྐལ་བ་མཉམ། །ཞེས་གསུངས་སོ། །བཀའ་བཅག་ཀྱང་མི་སྟོ་བའི་སྐབས་ནི། བདུད་དང་བར་ཆད་སློབ་དཔོན་གྱི་ཆ་བྱད་དུ་བྱུང་བ་དང་། སློབ་དཔོན་སྨྱོས་པ་དང་། ཆང་དང་གདོན་དབང་དུ་སོང་བ་དང་། ལོག་པའི་ལམ་ལ་འགོད་ཅིང་དགེ་བའི་གེགས་བྱེད་ནས་སྡིག་པའི་ལས་ལ་བསྐུལ་བ་དང་། བཀའ་བདེན་པ་མི་སྟོན་ཅིང་མུ་སྟེགས་དང་ལོག་པའི་ཆོས་སྟོན་པར་བྱེད་ན་བཀའ་བཅག་པ་ནི་མི་སྟོ་སྟེ་གནས་སྐབས་བཞིའོ། །གྲོགས་པོ་ཡང་དཀར་པོ་ལ་སྨོད་ཅིང་ནག་པོ་ལ་བསྟོད་པ་དང་། བཀའ་དང་དམ་ཚིག་ལ་འགལ་ཞིང་མཆེད་ལ་བརྩེ་གདུང་མེད་ཅིང་འཁུ་བ་དང་། དད་པ་ཅན་གྱི་ཚོགས་གཅོག་ཅིང་། དགེ་བ་ཅན་གྱི་ཐུགས་དཀྲུགས་པ་དང་། ཆོས་ལ་མི་དད་ཅིང་དགེ་འདུན་ལ་མི་མོས་ན་བཀའ་བཅག་ཀྱང་མི་སྟོ། དེ་བས་ཞིབ་པར་བླ་མ་ལྔ་བཅུ་པ་ལ་སོགས་གཞུང་གཞན་དུ་རྒྱས་པར་བལྟའོ། །
དེས་སྐུའི་དམ་ཚིག་བསྲུང་ཐབས་སོ། །གསུང་གི་དམ་ཚིག་ལ་སྔགས་གསུམ་མུ་དྲ་རྣམ་པ་བཞི་སྟེ། རྒྱུ་མ་ནོར་བ་རྩ་བའི་སྔགས་ཡི་དམ་ལྷའི་སྙིང་པོ་དང་། བསྐྱེད་པ་རྐྱེན་ཀྱི་སྔགས་ལྷའི་སྐུ་བསྐྱེད་པའི་སྔགས་དང་། བསྐུལ་བ་ལས་ཀྱི་སྔགས་ཕྲིན་ལས་ཀྱི་སྔགས་ཐམས་ཅད་དོ། །ཕྱག་རྒྱ་རྣམ་པ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ་ཡི་དམ་གྱི་ལྷ་བསྒོམ་པ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་སྔགས་དང་བཟླས་བརྗོད་ལ་སོགས་པ་ཐམས་ཅད་དང་། ཐུགས་དམ་ཚིག་གི་ཕྱག་རྒྱ་ཐུགས་ཀར་བསྒོམ་པ་དང་། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་ཏིང་ངེ་འཛིན་གྱི་འགྲོ་དོན་བྱེད་པ་ལ་སོགས་པ་ཐམས་ཅད་དོ། །རྫོགས་རིམ་ལྟར་ན། སྣང་བ་ཐམས་ཅད་སྐུ་ཕྱག་རྒྱ་ཆེན་པོ། དེ་རང་བཞིན་མེད་པ་གསུང་ཆོས་ཀྱི་ཕྱག་རྒྱ། དེ་དབྱེར་མེད་ཐུགས་དམ་ཚིག་གི་ཕྱག་རྒྱ། དེའི་ངང་ལ་བྱ་བ་བྱེད་པ་མི་འགགས་པ་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྔགས་གསུམ་དང་། དབྱེར་མེད་པ་དུས་གསུམ་དང་སྤྱོད་ལམ་བཞིར་ཡང་དང་ཡང་དུ་ཏིང་ངེ་འཛིན་དང་སྔགས་ཀྱི་བཟླས་པ་བྱེད་པ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་གཟུངས་ཀྱིས་ཟིན་པ་ཡིན་པས། བྱང་ཆུབ་ཀྱི་གཟུངས་ལ་ཞུགས་ཞེས་བྱའོ། །དེ་ལྟ་བུ་ལ་རབ་རྒྱུན་ཆད་མེད་པ། འབྲིང་ཉིན་དུས་དྲུག་དང་མཚན་དུས་དྲུག་དང་། ཐུན་བཞི་དང་། ཐུན་གསུམ་དང་། ཐ་མ་ཉིན་ལན་གཅིག་མཚན་ལན་གཅིག་ལ་སོགས་པར་བརྩོན་འགྲུས་བསྐྱེད་དེ་འབད་ལ་ཉམས་སུ་བླང་ངོ་། །གཞན་ཡང་དེའི་ཡན་ལག་ཏུ་ཚོགས་དང་གཏོར་མ་ལ་སོགས་པ་ཡང་ཅི་ལྟར་འབུངས་ལ་གཞུང་བཞིན་དུ་བགྱིའོ། །དེ་ལྟར་མི་བྱེད་པར་ཡལ་བར་དོར་ནས་གཡེངས་བ་ལ་ཤོར་ན་བྱང་ཆུབ་ཀྱི་ས་བོན་བརླག་པ་ཡིན་ནོ། །དེ་ནི་གསུང་གི་དམ་ཚིག་གོ །ཐུགས་ཀྱི་དམ་ཚིག་ནི། གསང་བའི་མན་ངག་གི་དོན་རྣམ་པ་བཅུའོ། །ལྟ་བ་ཟབ་མོ་མན་ངག་གི་དོན་གསང་བ་དེའི་རྗེས་སུ་ཞུགས་པའི་སྤྱོད་པ་ཟབ་མོ་གསང་བ་དང་། ཡི་དམ་གྱི་ལྷ་དང་། གསང་མཚན་དང་། དབང་དང་སྒྲུབ་པའི་དུས་ཀྱི་གཟུངས་མ་དང་། རྨི་ལམ་དང་། ཡོན་ཏན་དང་། གྲུབ་རྟགས་ལ་སོགས་པ་ཅི་བྱུང་བ་ཐམས་ཅད་གསང་ངོ་། །གཞན་ཡང་སྒྲུབ་པའི་གནས་དང་། ནམ་སྒྲུབ་པའི་དུས་དང་། རྫས་དང་ལག་ཆ་ཅི་དགོས་ཐམས་ཅད་ཤིན་ཏུ་གསང་ངོ་། །གཞན་ཡང་གསང་བར་འོས་པ་ནི། །དཀོན་མཆོག་ལ་བསྔོས་པའི་ཕུད་དང་། ནང་པའི་གཏོར་མ་དང་། ཚོགས་མཆོད་དང་། བྷནྡྷ་མཚན་ལྡན་དང་། ལྷའི་རྟེན་གྱི་ཕུར་པ་དང་། ཡང་དག་གི་བསྒྲུབ་པ་ལ་དགོས་པའི་ཀོང་བུ་དང་། བམ་གྱི་དབང་པོ་ལྔ་དང་། གསང་སྔགས་ལ་དགོས་པའི་དམ་རྫས་ལ་སོགས་པ་ཀུན་གསང་ངོ་། །གསང་བར་གཉེར་གཏད་པ་ནི། གྲོགས་པོའི་སྤྱོད་པ་ངན་པ་དང་། མཚང་དང་། སེམས་ཅན་གྱི་ངན་སྤྱོད་དང་། སེམས་ཅན་ལ་གནོད་པའི་སྤྱོད་རིགས་རྒྱ་དང་རྙི་དང་ས་མདའ་ལ་སོགས་པ་ཐམས་ཅད་ནི་གསང་བ་བླ་མེད་པ་བྱང་ཆུབ་ཀྱི་རྒྱུ་ཡིན་ནོ། །གཞན་ཡང་སློབ་དཔོན་དང་། གྲོགས་པོའི་གསུང་གསང་བ་ཐམས་ཅད་ཀྱང་གསང་ངོ་། །དེ་ལྟར་མ་གསང་ནས་བཟླས་ན་སེམས་ཅན་གསང་སྔགས་ལ་མི་མོས་ཏེ། ལོག་ལྟ་སྐྱེ་སྟེ་སྡིག་ཆེའོ། །དེ་བས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཉམས་པས། །གསང་ཕྱིར་མན་ངག་སྣ་ཚོགས་གསང་། །ཞེས་གསུངས་པ་དང་། གསང་ན་དངོས་གྲུབ་མི་ཉམས་པ་དང་། རང་གཞན་གྱི་དོན་ཐམས་ཅད་འགྲུབ་བོ། །གསང་བའི་ཡུལ་ཡང་། བསྒྲལ་བའི་ཞིང་བཅུ་དང་། མ་སྨིན་པ་དང་། དམ་མ་འདྲེས་པ་དང་། དམ་འདྲེས་ཀྱང་ཉམས་པ་དང་། འཚོགས་པ་ལ་གསང་ངོ་། །དེ་ཡང་ལུས་ཀྱི་སྦས་བ་དང་། ངག་གིས་རྡོ་རྗེའི་ལྕེ་ཡོད་ཀྱང་མི་བརྗོད་པ་དང་། སེམས་ཀྱིས་བསྟན་པར་མི་བསམ་པ་དང་། དེ་ལྟ་བུས་ཤིན་ཏུ་གསང་བར་གདམས་པའོ། །དེ་ཡང་ས་མ་ཡ་བཀོད་པ་ལས། ཀུན་བཟང་བཀའ་དང་ངེས་པའི་ལུང་། །གསང་བ་བཅུ་པོ་གཙོ་པོ་དག །མན་ངག་གཞན་ལ་མི་སྤེལ་བ། །དེ་ཡང་ལུས་ངག་སེམས་རྣམས་ཏེ། ལུས་ཀྱི་སྤྱོད་པ་བརླངས་པོ་སྤང་། །ངག་གིས་རྡོ་རྗེའི་ལྕེ་ཡོད་ཀྱང་། །བརྗོད་པ་དག་ཏུ་བྱ་བ་མིན། །ཞེས་སོ། །འོ་ན་ཡེ་མི་བཤད་དམ་ཞེ་ན། ཡང་དེ་ཉིད་ལས། དབང་བསྐུར་གནང་བ་གང་ཐོབ་པ། །སྣོད་དང་ལྡན་པའི་སྐྱེས་བུ་ལ། །ཐབས་ཀྱིས་སྨྲ་བ་གང་བྱེད་པ། །འདི་ནི་བསྲུང་བའི་རིམ་པ་སྟེ། །དངོས་གྲུབ་འབྲས་བུ་ཆུད་མི་ཟ། །ཞེས་གསུངས་སོ། །དེ་ནི་རྩ་བའི་དམ་ཚིག་གི་རྣམ་པ་བཞིའོ། །ཡན་ལག་གི་དམ་ཚིག་རྣམ་པ་གཉིས་ཏེ། ཐུན་མོང་དང་ཁྱད་པར་ལ་རྣམ་པ་ལྔ་སྟེ། སྤྱད་པའི་དམ་ཚིག་ལྔ་དང་། མི་སྤང་བའི་དམ་ཚིག་ལྔ་དང་། དང་དུ་བླང་བའི་དམ་ཚིག་ལྔ་དང་། ཤེས་པར་བྱ་བའི་དམ་ཚིག་ལྔ་དང་། བསྒྲུབ་པར་བྱ་བའི་དམ་ཚིག་ལྔའོ། །སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། སྒྲོལ་བ་དང་། སྦྱོར་བ་དང་། མ་བྱིན་པར་བླངས་པ་དང་། རྫུན་སྨྲ་བ་དང་། ངག་བརླངས་པའོ། །སྒྲོལ་བ་ལ་བདུན་ནི། རང་བཞིན་ལྟ་བའི་སྤྱོར་སྒྲོལ་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པར་རྟོགས་པ་ནི་སྦྱོར་བ་སྟེ། །དངོས་པོ་དང་མཚན་མར་མི་གནས་པས་སྒྲོལ་བའོ། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ནི། དེ་ལྟ་བུ་དོན་རྣལ་འབྱོར་པའི་བློ་ལ་སྦྱོར་ཙ། རྣམ་རྟོག་དང་དངོས་འཛིན་མི་གནས་པས་སྒྲོལ་བའོ། །དབང་པོ་ཡུལ་གྱི་སྦྱོར་སྒྲོལ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་དུ་སྦྱོར་བས་འཇིག་རྟེན་གྱི་དངོས་འཛིན་མི་གནས་པས་ན་སྒྲོལ་བའོ། །ཐབས་ཆེན་པོའི་སྦྱོར་སྒྲོལ་ནི། སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་ནས་སེམས་ཉིད་ཟག་མེད་དུ་སྦྱོར་བའོ། །མངོན་ཕྱུང་ཕྲིན་ལས་ཀྱིས་སྒྲོལ་པ་ནི། དེང་སང་རྣལ་འབྱོར་པ་ལྟ་སྤྱོད་སྒོམ་གསུམ་ཚད་དུ་ཕྱིན་ནས་ཡུལ་བསྒྲལ་བའི་ཞིང་བཅུ་ལ་གསང་སྔགས་ཀྱི་ཕྲིན་ལས་བྱེད་ནས་ཕུང་པོ་གདོས་པོ་ཅན་དུ་བསྒྲལ་ནས་སེམས་ཟག་པ་མེད་པ་ལ་སྦྱོར་བའོ། །དེ་ཡང་ཡུལ་བསྒྲལ་བའི་ཞིང་བཅུ་ལྟ་བུ་ལ་བྱེད་པ་དང་། སེམས་ཀྱིས་གཞན་ལ་སྙིང་བརྩེ་བ་དང་། བསྟན་པའི་ཆེད་དུ་བྱེད་པ་དང་། དངོས་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་དུ་སྐྱོལ་བས་བྱེད་པ་དང་། དེ་ལྟར་བྱེད་ན་སྒྲོལ་བའི་དམ་ཚིག་སྟེ། དེ་བསྒྲལ་བས་ཁོའི་འབྲས་བུ་རྫོགས་པ་དང་། སེམས་བདེ་བ་དང་། བསྟན་པ་རྒྱས་པ་དང་། བྱང་ཆུབ་འཕེལ་བར་འགྱུར་རོ། །དེ་ལྟར་བསྒྲལ་བའི་དགོས་ཆེད་ཀྱང་། ལྷ་མཉེས་བདག་གི་དམ་སྐོངས་ཤིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གིས་བསགས་མེད་ངན་སོང་ལ། །བདེ་ལམ་འདི་ལས་གཞན་མེད་དོ། །ཐབས་ཀྱི་སྤྱོད་པས་འཆིང་གྱུར་ན། །བྱང་ཆུབ་སེམས་དཔའ་འདུལ་དབང་གིས། །རྔོན་དང་སྨད་འཚོང་སྟོན་པའང་ལྷུང་། །ཁེ་དང་སྤྱོད་པ་དེ་མེད་ཕྱིར། །ཐབས་ཆེན་ལམ་ལ་གནས་པ་ཡི། །སྐྱེས་བུ་ཀུན་ཀྱིས་བྱ་བར་འབྱུང་། །ཞེས་གསུངས་པས་རེ་ཆ་དང་ཁེ་དང་ཟས་ནོར་དང་། འདོད་པའི་ཕྱིར་བྱས་ན་ཉམས་པའོ། །མུ་སྟེགས་དང་ཕྲ་མེན་གྱིས་སྦྱོར་བར་མི་ནུས་སོ། །དེ་ལྟ་བུ་ཀུན་ཀྱང་རྒྱུད་ལུང་གི་དོན་གོ་བས་ཏིང་ངེ་འཛིན་གྱིས་ཉམས་སུ་ལེན་པ་གལ་ཆེའོ། །སྦྱོར་བའི་དམ་ཚིག་ནི། དབང་དང་སྒྲུབ་པའི་དུས་ཀྱི་ཕྱག་རྒྱ་ལམ་དུ་ཁྱེར་པའོ། །དེ་ཡང་ཞེན་པ་དང་དངོས་འཛིན་གྱིས་བྱས་ན་ཉམས་པའོ། །རྫུན་དུ་སྨྲ་བའི་དམ་ཚིག་ལ་བཅུ་བདུན་ཏེ། ལྟ་བའི་རྫུན་གསུམ་ནི། ལུས་ངག་ཡིད་གསུམ་རང་བཞིན་གྱིས་མ་གྲུབ་པར་རྟོགས་ཙ། དངོས་པོ་ཐམས་ཅད་རྫུན་དུ་སོང་བའོ། །གནོད་བའི་རྫུན་བཞི་ནི། ཡུལ་དཀོན་མཆོག་གསུམ་ལ་གནོད་པ་དང་། སློབ་དཔོན་དང་གྲོགས་པོ་དང་། སེམས་ཅན་ཐམས་ཅད་གནོད་པ་སྤོང་བའི་ཐབས་སུ་རྫུན་གྱི་རྣམ་པ་ཅི་སྨྲས་ཀྱང་དམ་ཚིག་དང་ལྡན་པར་འགྱུར་རོ། །གསང་བའི་རྫུན་བཅུ་ནི། གསང་བའི་མན་ངག་རྣམ་པ་བཅུ་ལ་སོགས་པ་ཐུགས་ཀྱི་དམ་ཚིག་གི་སྐབས་སུ་བཤད་པ་ཐམས་ཅད་དང་། གསང་བའི་དོན་ཐམས་ཅད་ལ་གསང་བའི་ཕྱིར་རོ། །རྫུན་དུ་སྨྲ་བ་ནི་རྫུན་དུ་སྨྲ་བའི་དམ་ཚིག་ཅེས་བྱའོ། །དེ་ལྟར་མ་ཡིན་པར་གཞན་གནོད་པར་སྨྲ་ན་ཉམས་པའོ། །མ་བྱིན་པ་ལེན་པའི་དམ་ཚིག་ནི། བསྒྲལ་བའི་ཞིང་བཅུ་ལ་མ་བྱིན་པར་ལེན་ཐབས་ནི་ཚར་གཅོད་པའོ། །གཞན་ཡང་གཟུངས་མ་མཚན་དང་ལྡན་པ་དང་། བྷནྡྷ་མཚན་དང་ལྡན་པ་དང་། གསང་སྔགས་བྱིན་རླབས་ཅན་གྱི་རྫས་དང་། ཆོས་ཟབ་མོ་དང་། དེ་ཀུན་ཞིང་ངན་པའི་སྣོད་དུ་འདུག་ན་བླང་ངོ་། །གཞན་ས་འོག་གི་གཏེར་དང་། ཕྱུག་པོ་སེར་སྣ་ཅན་གྱི་ནོར་ཡང་བླངས་ལ་བླ་མ་དཀོན་མཆོག་གི་ཕྱོགས་སུ་བཏང་ངོ་། །དེ་ཡང་དམ་ཚིག་བཀོད་པ་ལས་སེར་སྣས་བཅིངས་པའི་ཡོ་བྱད་དང་། དངོས་གྲུབ་ཀྱི་རྫས་ཐ་མལ་པས་འཆང་བ་རྣམ་པ་རྣམས་བླངས་ལ་བྱིན་རླབས་ཀྱི་རྟེན་དུ་བྱ་བ་ནི་དམ་ཚིག་གོ །རང་རྒྱལ་དུ་གཞན་གྱི་ཡོ་བྱད་འཕྲོག་པ་ནི་ཉམས་པའོ། །ཞེས་པས། རང་འདོད་ཀྱི་ཆེད་དུ་བྱས་ན་ཉམས་པའོ། །ངག་བརླངས་པོའི་དམ་ཚིག་ནི། བསྒྲལ་བའི་ཞིང་བཅུ་ལ་འཐབ་པ་ནི་ཚར་གཅོད་པའི་དམ་ཚིག་གོ །སློབ་བུའི་སྣོད་བཅོས་པ་དང་། གཞན་དག་ཆོས་ལ་གཟུད་པའི་སླད་དུ་གཤེ་བ་དང་། གསང་སྔགས་ཀྱི་བར་དུ་གཅོད་པའི་འབྱུང་པོ་ལ་ཕྲིན་ལས་བྱེད་པ་ནི་ངག་བརླང་པོའི་དམ་ཚིག་གོ །དེ་ལྟ་བུའི་དམ་ཚིག་ནི་སྤྱོད་པའི་དམ་ཚིག་ལྔའོ། །མི་སྤང་པའི་དམ་ཚིག་ལ་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔའོ། །ཡང་དག་པའི་དུག་ལྔ་ནི། གོང་གི་སྦྱོར་བའི་དམ་ཚིག་དང་། འདོད་ཡོན་རང་རིག་ཡེ་ཤེས་སུ་ཤར་བས་མི་སྤང་བ་དང་། ཞེ་སྡང་ཞིང་བཅུ་ཐུགས་རྗེས་བསྒྲལ་བས་མི་སྤང་བ་དང་། ཐེག་པ་འོག་མ་ལ་མི་འཐབ་ཅིང་ནང་དུ་ཞུགས་པའི་ཕྲག་དོག་དང་། ཡང་དག་པའི་དོན་རྟོགས་པའི་ང་རྒྱལ་དང་། ཕྱི་ནང་གི་ཆོས་ཐམས་ཅད་རིས་སུ་མི་ཕྱེད་པའི་གཏི་མུག་གོ །ལོག་པའི་དུག་ལྔ་ནི། ཉོན་མོངས་པའི་དུག་ལྔ་སེམས་ཀྱི་ཆོས་ཉིད་རྟོགས་པས་མི་སྤོང་བའོ། །དེ་ལྟར་མ་བྱས་ནས་རང་རྒྱལ་དུ་བྱས་ན་ཉམས་པའོ། །དང་དུ་བླང་བའི་དམ་ཚིག་ལྔ་ནི། བདུད་རྩི་རྣམ་པ་ལྔ་ཐབས་ཁྱད་པར་ཅན་གྱིས་ཉམས་སུ་ལེན་པའོ། །དེ་ལྟར་མི་བྱེད་ནས་བབ་ཅོལ་དུ་སྤྱད་ན་ཉམས་པའོ། །ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། ཕུང་པོ་ལྔ་ལ་སོགས་པ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་རྟོགས་ནས་ཉམས་སུ་ལེན་པའོ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། དེ་ལྟ་བུའི་དོན་རྟོགས་ཤིང་ཉམས་སུ་བླངས་པས་སྤྱོད་ཡུལ་ཡེ་ཤེས་སུ་ཀ་ནས་དག་པའོ། །དེ་དག་ནི་ཐུན་མོང་མ་ཡིན་པའི་དམ་ཚིག་བསྲུང་བའི་ཐབས་སོ། །ཐུན་མོང་གི་དམ་ཚིག་ལ་གཉིས་ཏེ། བདག་དོན་ཉི་ཤུ་གཅིག་སྟེ། རྒྱན་འགྱེད་པ་དང་། ལུས་མཛེས་པར་བྱེད་པ་དང་། དམག་དང་ཚོང་ལ་སོགས་པའི་འཚོགས་པར་འགྲོ་བ་དང་། ཆང་དང་། ལུས་ངག་ཡིད་གསུམ་གྱི་བྱེད་སྤྱོད་སྣ་ཚོགས་ཀྱི་སེམས་ཀྱི་ཁེངས་པ་དང་། རྟོགས་པ་མཐོ་དམན་དང་། དབང་གྲངས་མང་ཉུང་དང་། བསླབ་པ་མཐོ་དམན་གྱི་ཕྱག་ལེན་པ་དང་། ཆེ་ངག་དང་། དགེ་བ་ལ་སྨོད་པ་དང་། སྡིག་པ་ལ་བསྟོད་པ་དང་། ལེ་ལོ་ཆེ་བ་དང་། སེར་སྣ་ཆེ་བ་དང་། གཉིད་དང་གཡེངས་བ་དང་། ཁྲོ་གཏུམ་ཆེ་བ་དང་། རང་རྒྱུད་ཞེ་སྡང་ཆེ་བས་གཤིས་བསྒྱུར་དཀའ་བ་དང་། བླ་མ་དང་གྲོགས་པོའི་བཀའ་གཅོག་པ་དང་། བག་མེད་པའི་སྤྱོད་པ་དང་། དམ་བཅའ་དོར་བ་དང་། ཆོག་མི་ཤེས་པ་དང་། ཆོས་དང་འཇིག་རྟེན་གྱི་ངོ་བོ་ལ་དགའ་བའོ། །གཞན་དོན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཕྱིའི་ཆོས་སྤྱོད་བཅུ་དང་། ཕྲིན་ལས་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། ཐེག་པ་རིམ་པ་དགུ་ལ་སོགས་པས་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྲོ་བར་ཉམས་སུ་བླང་ངོ་། །དེ་ལས་གོལ་བའི་མུ་སྟེགས་དགུ་དང་། དེ་ལ་སོགས་ཏེ་སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་བར་ཉམས་སུ་བླང་ངོ་། །དེ་ནི་ཐེག་པ་ཕྱི་ནང་ཐུན་མོང་གི་དམ་ཚིག་གོ །དེ་ལྟར་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་རྣལ་འབྱོར་པས་དྲན་པ་དང་། ཤེས་བཞིན་མ་ཡེངས་པར་ཉམས་སུ་བླང་བར་བྱའོ། །མཐོང་ལམ་ཕྱིན་ཆད་ནས་ངོ་བོ་ཉིད་ཀྱི་རྒྱུད་ལ་རང་ལྡན་ནོ། །རྩལ་ཆེན་རྫོགས་པའི་མཐར་ལམ་པ་ལ་མཐར་ཕྱིན་པའོ། །དེ་ནི་བསྲུང་ཐབས་ཀྱི་རིམ་པའོ། །
བཞི་པ་དེ་དག་གི་ཉམས་རྒྱུ་ནི། མི་ཆོས་བློན་པོའི་ལས་བྱེད་པ་དང་། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། ཆོས་བྱེད་གཞན་ལ་ཟུར་ཟ་བ་དང་། ཁེ་དང་དྲེགས་པའི་འདུ་བ་བསྟན་པ་དང་། ཟས་ནོར་ལ་ཆགས་སེམས་ཆེ་བ་དང་། རང་གཞན་གྱི་ཕྱིར་ཕྱོགས་རིས་ཆེ་བ་དང་། ཆང་དད་ཆེ་བ་དང་། རང་མཐོང་དང་། ལྟ་སྤྱོད་སྙོམ་ལས་སུ་གཏོང་ནས་ང་རྒྱལ་བ་དང་། ཆོས་ལ་ཕྱོགས་རིས་ཆེ་བ་དང་། ངོམ་སྐྱེན་པ་དང་། གསང་མི་ཐུབ་པ་དང་། ལེ་ལོ་ཆེ་བས་བསྒྲུབ་མི་ནུས་པ་དང་། གཙང་རྨེ་ཆེ་བ་དང་། སྒྲོ་བསྐུར་ལ་དགའ་བ་དང་། གྲོང་གི་ཉམས་ལེན་ལ་དགའ་བ་དང་། འཁོར་བའི་རིགས་རྒྱུད་དང་བསོད་ནམས་འཕེལ་ན་དགའ་བ་དང་། གཅིག་པུར་གནས་མི་ཚུགས་ཤིང་མང་པོ་འཕེལ་ན་དགའ་བའོ། །དེ་དག་ནི་དམ་ཚིག་ཉམས་པའི་རྒྱུ་སྟེ་སྤང་ན་ཉམས་པ་མི་འོང་ངོ་། །
ལྔ་པ་ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་ནི། ཡ་ངའི་འགོ་ནད་སྣ་ཚོགས་པ དང་། དགྲ་ལ་མཐུ་མི་འབྱུང་བ་དང་། བགེགས་ལ་བྱིན་རླབས་མེད་པ་དང་། འཁོར་དང་ལོངས་སྤྱོད་ཡིད་དུ་འོང་བ་དང་བྲལ་བ་དང་། རང་ལ་ཉེས་པ་མེད་པར་གཞན་གྱི་ཁས་ཕོག་པ་དང་། ཅི་བསམ་པའི་ལས་ལ་འབྲས་བུ་མེད་པ་དང་། ཡིད་དུ་མི་འོང་བ་སྣ་ཚོགས་འབྱུང་ངོ་། །སྐུའི་དམ་ཚིག་ཉམས་པའི་རྟགས་སུ། འཇིག་རྟེན་འདིར་ཡང་མཛེ་ཤུ་དང་ནད་སྣ་ཚོགས་འབྱུང་ནས་སྐྱེ་བོ་ཡོངས་དང་ཉེ་དུ་ལ་སོགས་པ་ཀུན་ཀྱིས་སྤང་ནས་འགྲོགས་པའི་དབང་མེད་དོ། །མི་རྣམས་ཀྱི་སྤང་ནས་དུས་མ་ཡིན་པར་འཆིའོ། །གསུང་གི་དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདི་ལ་འབྱུང་བ་ནི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་གླགས་འཚོལ་བ་དང་། ནད་རིགས་བཞི་བརྒྱ་རྩ་བཞིས་སྐབས་ཚོལ་བ་དང་། ཡེ་འགྲོགས་སུམ་བརྒྱ་དྲུག་ཅུས་བར་དུ་གཅོད་པ་དང་། ལྐུགས་ཤིང་དབང་པོ་ཉམས་ནས་ནད་སྣ་ཚོགས་འབྱུང་ཞིང་གསང་བའི་བཀའ་མི་ཐུབ་པ་དང་། བར་ཆོད་ཀྱི་བགེགས་ཀྱིས་གློ་བུར་དུ་འཆིའོ། །ཐུགས་ཀྱི་དམ་ཚིག་ཉམས་པའི་སྔ་རྟགས་ནི། ཚེ་འདིར་ཡང་མཐུ་དང་རྫུ་འཕྲུལ་ཆུང་ཞིང་སྨྱོ་བ་དང་། འབོག་པ་དང་། གླལ་བ་དང་། དབང་པོའི་ཉམས་མི་གསལ་བའོ། །ཞེས་ས་མ་ཡ་བཀོད་པ་ལས་བྱུང་ངོ་། །དམ་ཚིག་ཉམས་པའི་སྔ་རྟགས་ཚེ་འདིར་མ་བྱུང་ན། གལ་ཏེ་ཉམས་པའི་རྟགས་མེད་ན། །ལེགས་པར་སྣང་བ་མི་རུང་སྟེ། །བདེ་བ་ཟད་བྱས་གཏན་དུ་སྡུག །ཅེས་སོ། །གལ་ཏེ་མ་ཉམས་པ་ལ་ཉམས་པའི་རྟགས་བྱུང་ན། སྔོན་གྱི་རྣམ་སྨིན་ཟད་གྱུར་པས། །བསྐང་གསོའི་ལས་ལ་བརྩོན་པར་བྱ། །ཞེས་གསུངས་པས་བརྩོན་པར་བྱ། །
དྲུག་པ་ཉམས་པའི་སྐྱོན་ཚེ་ཕྱི་མ་ལ་འབྱུང་བ་ནི། །བྱང་ཆུབ་སེམས་ཀྱི་དམ་ཉམས་ན། །བསྐལ་པར་དགེ་བ་ཅི་བསགས་ཀྱང་། །གཞི་རྟེན་མེད་ནས་འཁོར་བ་ལས་ཐོན་མེད་དོ། །སྐུའི་དམ་ཚིག་ཉམས་ན། གོང་དུ་གསུངས་པའི་སྡུག་བསྔལ་རྣམས་བྱུང་ནས་བསྐལ་བ་ཆེན་པོ་གཅིག་ཏུ་དམྱལ་བར་སྐྱེའོ། །གསུང་གི་དམ་ཚིག་ཉམས་ན་གོང་དུ་གསུངས་བའི་སྡུག་བསྔལ་རྣམས་བྱུང་ནས་ལྷ་དང་མཁའ་འགྲོ་གཡེལ་ནས་བསྐལ་པ་ཆེན་པོ་གཉིས་སུ་དམྱལ་བར་སྐྱེའོ། །ཐུགས་ཀྱི་དམ་ཚིག་ཉམས་ན། སྨྱོ་འབོག་ལ་སོགས་པའི་སྡུག་བསྔལ་བྱུང་ནས་ཚེ་ཐུང་བསྐལ་པ་ཆེན་པོ་གསུམ་དུ་དམྱལ་བར་སྐྱེའོ། །ཡན་ལག་གི་དམ་ཚིག་ཉམས་ན་འཁོར་དང་ལོངས་སྤྱོད་ཡིད་དུ་འོང་བ་དང་བྲལ་བ་དང་། དངོས་གྲུབ་ལ་སོགས་པ་གཏན་དུ་མི་འབྱུང་བ་དང་། ངན་སོང་རྣམ་པ་གསུམ་དུ་སྐྱེ་བར་འགྱུར་རོ། །རྩ་བ་དང་ཡན་ལག་ཀུན་ཉམས་ན། རྡོ་རྗེ་དམྱལ་བར་སྐྱེ་སྟེ་སྡུག་བསྔལ་ནི་དམྱལ་ཁམས་བཅོ་བརྒྱད་གཞན་དུས་གཅིག་ཏུ་བསྡོངས་ཀྱང་རྡོ་རྗེ་དམྱལ་བའི་ཆར་མི་ཕོད། བསྐལ་བ་ཆེན་པོ་ཐེར་འབུམ་དུ་གནས་ཏེ། དེ་ཡང་གཏོར་རྒྱུད་ལས། ལྕགས་ཀྱི་རི་རབ་ཆེན་པོ་ཚད་ལྡན་བརྒྱ་རིམ་པ་བཞིན་དུ་བྱ་རེག་འཇམ་གྱི་ལྤགས་པས་དྲུད་ནས་ཟད་པ་ནི་རྡོ་རྗེ་དམྱལ་བའི་ཚེ་ཚད་དོ། །ཞེས་གསུངས་སོ། །དེ་ཡང་འཕགས་པའི་ཐུགས་རྗེ་ལས། །གོལ་བས་བསྡོང་ཟླ་མེད་པ་ནི། །སངས་རྒྱས་སྟོང་གི་འོད་ཟེར་དང་། བྱང་ཆུབ་སངས་རྒྱས་ཕྲིན་ལས་ནི། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །ཞེས་གསུངས་པས་ཐོན་ཤིན་ཏུ་དཀའོ། །
བདུན་པ་མ་ཉམས་པའི་ཡོན་ཏན་ནི། སྐུའི་དམ་ཚིག་མ་ཉམས་ན། ལུས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། ནད་མེད་པ་དང་། གཞོན་ཤིང་ལང་ཚོ་དར་ལ་བབས་པ་དང་། ཡན་ལག་ལྷག་ཆད་མེད་པ་དང་། དབང་པོ་ཉམས་པ་མེད་པ་དང་། ཚེ་རིང་བ་དང་། ལོངས་སྤྱོད་པ་དང་། འབྱོར་བ་འཕེལ་བ་དང་། འཁོར་མ་དང་མཁའ་འགྲོས་བཀའ་བཞིན་བྱེད་པ་དང་། སྲིད་གསུམ་དུ་དབང་བསྒྱུར་བ་དང་། མཐུ་དང་རྫུ་འཕྲུལ་དཔག་གིས་མི་ལང་བ་དང་། མན་ངག་གི་དོན་རྟོགས་པར་འགྱུར་བ་དང་། རིག་འཛིན་རྣམ་པ་གསུམ་གྱི་དངོས་གྲུབ་ཐོབ་པ་དང་། ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་མོ་གསུངས་སོ། །ཞེས་གསུངས། གསུང་གི་དམ་ཚིག་བསྲུང་བའི་ཡོན་ཏན་ནི། ཡེ་ཤེས་ཀྱི་ལྷ་མཉེས་པ་དང་། དེས་བར་ཆད་བྲལ་ནས་རིགས་རྒྱུད་འཕེལ་བ་དང་། བྱིན་རླབས་བསམ་མི་ཁྱབ་པས་གཞན་དོན་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པར་འགྱུར་བ་དང་། མདོར་ན་ཅི་དང་ཅི་བསམ་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས་སྐྱོ་དུབ་མེད་པ་དང་། དོན་དེ་ཉིད་ཀྱིས་བསྐྱེད་རྫོགས་ཀྱི་དོན་མཐར་ཕྱིན་པ་དང་། དགོངས་པ་དེ་ཉིད་ཀྱིས་མངོན་དུ་འགྱུར་ཏེ། ཡེ་ཤེས་ཀྱི་ལྷ་རྣམས་ཀྱིས་དབང་བསྐུར་བར་འགྱུར་རོ། །ཡན་ལག་གི་དམ་ཚིག་མ་ཉམས་ན། ཐེག་པའི་དོན་རྟོགས་པ་དང་། དངོས་གྲུབ་རྣམ་གཉིས་འགྲུབ་པ་དང་། སེམས་ཅན་གདུལ་བྱའི་དོན་རྣམས་འགྲུབ་པ་དང་། ལྟ་སྤྱོད་ཡ་ཆར་མ་གྱུར་ཏེ་གསང་སྔགས་ནང་པར་ཆུད་པ་དང་། ཐེག་པ་ཕྱི་ནང་མ་འདྲེས་པས་བཀའི་བྱིན་རླབས་དུས་སུ་འགྲུབ་པ་དང་། བསྲུང་བའི་ལྷ་རྣམས་ཀྱིས་སྐྱོབ་པ་དང་། ཟབ་མོའི་ཆོས་མྱུར་དུ་རྟོགས་ཤིང་རྣལ་འབྱོར་སྤྱོད་པ་རླན་གྱིས་ཟིན་ནས་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཉན་ཐོས་ཀྱི་འདུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་ཀུན་ཀྱང་དེ་ལྟར་བསྲུང་ན་ཡོངས་སུ་རྫོགས་པར་འགྲུར་རོ། །
བརྒྱད་པ་ཉམས་ན་བསྐང་བའི་ཐབས་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་ན། བླ་མ་དགོངས་ཉམས་དང་ལྡན་པ་ལས་དབང་བླངས་ལ་ཉམས་སུ་བླང་བྱའོ། །སྐུའི་དམ་ཚིག་ཉམས་ན། བླ་མ་དང་གྲོགས་པོ་གང་ལ་ཉམས་པ་དེ་ལ་ཟས་ནོར་དང་བདོག་པ་ཐམས་ཅད་འབུལ་ནས་ཞེ་ཐག་པ་ནས་བཤགས་པར་བྱའོ། །བླ་མས་ཀྱང་གནང་བར་བྱའོ། །མ་རྙེད་ན་དེ་དང་མཉམ་པ་བརྒྱ་ལ་བཤགས་པར་བྱའོ། །དེ་ཡང་མ་རྙེད་ནས་དེ་དང་མཉམ་པ་གསུམ་ལ་སྦྱིན་བསྲེགས་དང་། ཚོགས་མཆོད་དང་། བསྐང་བ་ལ་སོགས་ནུས་ཚད་དུ་བྱའོ། །ཚེ་གཅིག་ཏུ་དཀའ་བ་སྤྱོད། བདོག་པ་ཐམས་ཅད་འབུལ་ལོ། །དེ་ནས་དཔང་པོས་ཀྱང་ཚངས་པ་སྦྱིན་པར་བྱའོ། །ཚིག་ཏུ་བཤགས་དོན་དུ་མི་བཤགས་ན་མི་བྱང་བར་བཤད་དོ། །གསུང་གི་དམ་ཚིག་ཉམས་ན། བཟླས་པ་ལྡབ་ཏུ་བྱ། བསྒྲུབ་པ་ཆེན་པོ་གསུམ་གྱི་བསྐང་བར་བྱའོ། །ཐུགས་ཀྱི་དམ་ཚིག་ཉམས་ན། ཐམས་ཅད་སེམས་ཉིད་ཀྱི་རང་བཞིན་དུ་རྟོགས་ན་བསྐང་བར་འགྱུར་རོ། །ཡན་ལག་གི་དམ་ཚིག་ཉམས་ན་གང་ཉམས་པ་དེ་སོར་ཆུད་པར་བྱའོ། །གལ་ཏེ་སློབ་དཔོན་དང་གྲོགས་ཀྱི་བཤགས་པ་མི་གནང་ན། གལ་ཏེ་གུས་པས་མི་ལེན་ན། །གཉིས་ཀ་རྡོ་རྗེའི་དམྱལ་བར་སྐྱེ། །ཞེས་གསུངས་སོ། །
དགུ་བ་དཔེ་བསྟན་པ་ནི། དམ་ཚིག་ཐམས་ཅད་ས་གཞི་བཟང་པོ་ལྟ་བུ་དང་། བསྲུང་མ་ཐུབ་པའི་དཔེ་སོ་མཚམས་ཀྱི་མཁར་བཟུང་བ་དང་། བསྲུང་བ་ལ་ཡོན་ཏན་འབྱུང་བའི་དཔེ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་།
ཆོས་ཐམས་ཅད་དམ་ཚིག་ཏུ་འདུས་པའི་དཔེ་ནམ་མཁའ་ལྟ་བུ་དང་། བསྲུང་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་གཅོད་པའི་དཔེ་མཚོན་རྣོན་པོ་ལྟ་བུ་དང་། དུས་གསུམ་གྱི་རྒྱལ་བའང་དམ་ཚིག་ལས་འབྱུང་བའི་དཔེ་ཕ་མ་ལྟ་བུ་དང་།
བསྲུང་ན་དངོས་གྲུབ་འབྱུང་བའི་དཔེ་རྒྱ་མཚོའི་རླབས་ལས་ནོར་བུ་འབྱུང་བ་ལྟ་བུ་དང་། ཁྱད་པར་དུ་མི་གསོད་པར་བག་དང་ལྡན་པར་བསྲུང་དགོས་པའི་དཔེ་མེ་དཔུང་ལྟ་བུ་དང་། བསྲུང་ན་འཁོར་བའི་སྡུག་བསྔལ་སེལ་བའི་དཔེ་རྩི་སྨན་ལྟ་བུ་དང་། བསྲུང་བ་ལ་ལེགས་ཉེས་ཤིན་ཏུ་ཆེ་བའི་དཔེ་རྒྱལ་པོའི་ཁྲིམས་ལྟ་བུ་དང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་མཐར་མ་ཕྱིན་གྱི་བར་དམ་ཚིག་མ་ཉམས་པར་བསྲུང་བའི་དཔེ་རྒྱ་མཚོ་ནོར་ལེན་ཚོང་དཔོན་ལྟ་བུའོ། །
བཅུ་པ་དམ་ཚིག་གི་མདོ་ཆོས་ཉིད་དུ་བསྡུ་བ་ནི། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་གསུངས་པས། དམ་ཚིག་ཐམས་ཅད་ཀྱི་དཔེ་རྒྱ་མཚོའི་ནང་གི་གཟའ་སྐར་དང་འདྲ་བར་སེམས་ཉིད་དབྱེར་མེད་ལྷུན་གྱིས་གྲུབ་པར་རྟོགས་ན་དམ་ཚིག་ཐམས་ཅད་དེར་འདུས་སོ། །དེ་ནི་ཆོས་ཉིད་ཀྱི་སྲོག་དམ་ཚིག །དམ་ཚིག་གི་སྲོག་ལུང་། ལུང་གི་སྲོག་མན་ངག་ཅེས་གསུངས་སོ། །མན་ངག་གི་སྲོག་ནི་བསྒོམ་པ་ཡིན་ཏེ། བསྒོམ་པའི་སྲོག་ནི་མ་ཡེངས་པ་ཡིན་པས་སྤྱོད་ལམ་དུས་རྒྱུན་ཆད་མེད་པར་བསྒོམ་ན་དགོངས་པ་ཀློང་དུ་གྱུར་ནས་མངོན་པར་སངས་རྒྱས་སོ། །དེ་ནི་མདོ་ཆོས་ཉིད་དུ་བསྡུ་བའོ། །དམ་ཚིག་དེ་རྣམས་རྒྱུད་ལ་ལྡན་ཚུལ་ནི། དང་པོ་རྣལ་འབྱོར་པ་རྣམས་ཀྱིས་གཉེན་པོའི་སྒོ་ནས་སྲུང་ཞིང་མ་ཉམས་པ་དང་བཅས་པས་ནན་ཏན་དུ་བྱའོ། །ས་ཐོབ་ནས་ཆེད་བྱས་མེད་པར་བསྲུང་བ་ལ་ངོ་བོ་ཉིད་ཀྱིས་མི་ལྟ་བ་སྟེ་ངོ་བོ་ཉིད་ཀྱིས་བསྟན་ནོ། །ཉམས་པ་དང་བྲལ་བ་ནི། རྩལ་ཆེན་རྫོགས་པའི་མཐར་ལམ་བར་དུ་ངོ་བོ་ཉིད་ཀྱིས་སྟོབས་སུ་འགྱུར་རོ། །གསང་སྔགས་དམ་ཚིག་བསྡུས་པའི་དོན། །ཅུང་ཟད་བྲིས་པའི་བསོད་ནམས་དེས། །རྣལ་འབྱོར་དམ་དང་ལྡན་གྱུར་ཏེ། །འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །ཤཱཀྱའི་དགེ་སློང་ཆེན་པོ་ཀཿཐོག་པ་རྡོ་རྗེ་རྒྱལ་མཚན་གྱིས་ཡི་གེར་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །
ཕྲ་མོ་བཅོ་ལྔ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །ཕྲ་མོ་བཅོ་ལྔ་ནི། དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་ཚོགས་མཆོད་རྒྱུན་མི་བཅད་པ་རྣམ་པ་དྲུག་དང་། བུད་མེད་མི་སྨད་ཅིང་ཁྲོ་བར་མི་བྱ་ཕུང་པོ་མི་སྨད་དཀྱིལ་འཁོར་དང་ཡི་དམ་སྔགས་བཟླ་ཕྱག་རྒྱ་བཞི་ལྡན་བརྟེན་པ་དང་། དད་པ་ཅན་གྱི་ཚོགས་གཉིས་མི་བཅག །དགེ་ལྡན་གྱི་སེམས་མི་དཀྲུག །སོར་བྱང་སོགས་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་ལ་གནས་པར་བྱའོ། དེ་ཆེན་པོ་བརྒྱད་ལ་འདུས་ཚུལ་ནི། དཀོན་མཆོག་གསུམ་དང་བླ་མ་དང་མཆེད་རྣམས་ནི་ངོ་བོར་བསྟན་ལ། ཡི་དམ་དཀྱིལ་འཁོར་ཕུང་པོ་མཁའ་འགྲོ་རྣམས་དཀོན་མཆོག་གསུམ་ལ་འདུས། ཕྱག་རྒྱ་ཡང་དེར་འདུས། ཚོགས་མི་བཅག་པ་ནི་དགེ་བཅུར་འདུས་ལ། སེམས་མི་དཀྲུག་པ་མི་དགེ་བཅུ་སྤོང་ལ་འདུས་པ་ཡིན་ནོ། །ཞེས་ཀུན་མཁྱེན་གྱི་གསུང་གི་གནད་བསྡུ་ན་དེ་ལྟར་ལ། ཁོ་བོ་ནི། སྡོམ་དང་དམ་ཚིག་ནི་མི་དགེ་བཅུ་དང་དགེ་བཅུ་གཉིས་སྤང་བླང་ལ་འདུས་སོ་སྙམ། དེ་ཡང་རྩ་གསུམ་ནི་ནང་གི་དཀོན་མཆོག་ཡིན་པའི་ཕྱིར་དང་། ཕུང་ལྔ་དག་མཉམ་གྱི་སྐུ་གསུམ་གཞིའི་དཀྱིལ་འཁོར་དེ་གསང་བའི་དཀོན་མཆོག་དང་། མཆེད་ལྕམ་ནི་དགེ་འདུན་དུ་འདུ་ལ། དེས་ན་ཕྲ་མོ་བཅོ་ལྔ་བོ་ཆེན་པོ་བརྒྱད་ཀྱི་བྱེ་བྲག་ཕྲ་ཞིབ་དུ་བཀྲལ་བར་ཟད་པས་དེ་བསྲུང་བའི་ཁོང་དུ་ལྡན་པར་རིགས་སོ། །
བརྟུལ་ཞུགས་ཉེར་གསུམ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །བརྟུལ་ཞུགས་ཉེར་གསུམ་ནི། སྲོག་ལ་བབས་ཀྱང་བླ་མ་དང་མཆེད་ལ་དམ་ཚིག་བསྲུང་༼ཝ་ལྟ་བུའི་བརྟུལ་ཞུགས་༽ཐོགས་པ་མེད་པའི་ཤེས་རབ་ཀྱིས་ཤེས་བྱ་ཀུན་ལ་ཞུགས་ཤིང་བསྲུང་མཚམས་ཤེས་ནས་མཐར་ཕྱིན་པའི་གང་ཡང་སྐད་ཅིག་གིས་འགྲུབ་པར་བྱ་བ་དང་། ༼ཅང་ཤེས་༽ལུས་ཀྱི་རྩལ་གྱིས་གར་དང་ཕྱག་རྒྱ་འཁྲུལ་འཁོར་བརྩོན་པ་༼གྱི་ལིང་༽ གདུག་པ་དང་གདུལ་བྱ་འདུལ་ཞིང་ཚར་བཅད་པ་༼གླང་ཆེན་༽ལྟ་སྤྱོད་ཏིང་འཛིན་གྱིས་སྟོབས་དང་ལྡན་པས་ཞིང་བཅུ་བསྒྲལ་ནས་གནས་སྤར་པ་༼སྟག་༽ལྟ་བས་དབྱིངས་ཡེ་དབྱེར་མེད་དུ་རྟོགས་པའི་གནམ་འཕང་ཆོད་པ་རྣལ་འབྱོར་མཆོག་གི་སྤྱོད་པ་ཕྱོགས་ལྷུང་མེད་པ་༼ཁྱུང་༽མངོན་སྤྱོད་ཀྱི་ལས་ལ་སྦྱོར་བས་ཕ་རོལ་ཚར་གཅོད་པ་དང་༼དོམ་༽ཉམས་ལེན་ལས་བློ་སླར་མི་ལྡོག་བར་བརྟན་པ་༼གསེར་༽འཁོར་འདས་སོགས་གང་ལའང་རིས་སུ་མི་འབྱེད་པ་དང་། ༼ལྐུགས་༽ཏིང་འཛིན་རྒོད་བྱིང་གི་དབང་དུ་མི་འགྱུར་བའི་བརྟུལ་ཞུགས་དང་༼རི་རབ་༽གང་ལའང་སྤང་ལེན་རྣམ་རྟོག་མེད་པའི་སྤྱོད་པ་༼ནམ་མཁའ་༽ ཁྲོ་བོའི་བཟླས་པས་དགྲ་བགེགས་འཇོམས་པ་༼ཐོག་ཆེན༽བར་དུ་གཅོད་པ་འཇོམས་པ་༼ལག་ན་རྡོ་རྗེ་༽དམ་ཚིག་གི་སྤང་བླང་ལ་བག་ཟོན་བྱ་བ་༼བྱ་རོག་༽ཡིན་པའི་དོན་ལ་ངེས་པའི་སྲན་ཚུགས་པ་ཅི་ལའང་མི་ལྟ་བ་དང་༼གླང་ཆེན་ཆུར་འཇུག་ལྟར་༽གྲོགས་སྤོང་གཅིག་པུར་དོན་ཆེན་བསྒྲུབ་པ་དང་༼སེང་གེ་གྲོགས་མེད་ལྟར་༽བླ་མ་མཆེད་དང་དབྱེན་གྱིས་མི་ཚུགས་པར་བརྩེ་གདུང་གི་འགྲོགས་བདེ་བ་༼ངང་བ་ཕོ་མོ་ལྟར་༽ཕྱག་རྒྱ་སྒྱུ་མའི་དཀྱིལ་འཁོར་བསྒོམས་ནས་དེ་ལའང་མི་གནས་པར་ཐབས་མཁས་པའི་དོན་བྱེད་པ་༼སྒྱུ་མ་མཁན་གྱིས་བྱས་པའི་གཟུགས་ལྟར་༽ཁ་ཟས་བླང་དོར་མེད་པས་༼ཕག་ལྟར་༽ཞིང་བཅུ་སྒྲོལ་ཞིང་ཞལ་དུ་གསོལ་བ་༼ལྕེ་སྤྱང་༽ལྟར་ཐུགས་རྗེ་ཆེན་པོའི་ཡུད་ལ་དོན་མཛད་པ་༼གློག་༽ བླ་མ་དང་མཆེད་ཀྱི་དཀོར་ལ་འཛེམས་ཤིང་གདུལ་བྱར་གྱུར་བའི་རྫས་མ་བྱིན་པ་བླང་བ་༼བྱ་རྒོད་༽དགོངས་པ་མཉམ་པའི་གཞི་ལས་མ་གཡོས་པར་གདུལ་བྱ་ཐབས་ཀྱིས་འདྲེན་པ་༼རྒྱལ་བོ་ལྟར་༽གཞན་ཡང་མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་སྟེ་ལྷག་པའི་དམ་ཚིག་བཞི། རྩ་བ་སྐུ་གསུང་ཐུགས་གསུམ་དང་། ཡན་ལག་དམ་ཚིག་ཉེར་ལྔ་སྟེ། རྣལ་འབྱོར་ཆེན་པོ་དང་མཐུན་པས་ཐུན་མོང་གི་ཉེར་བརྒྱད། གཉིད་དང་མྱོས་འགྱུར་སྤངས་པ་གཉིས། གསང་སྔགས་བརྡ་སྐད་ཀྱི་སྨྲ་བ། ལེ་ལོའི་བདུད་གཞོམ་པ་སྟེ་སྤྱོད་ལམ་རྒྱུན་གྱི་དམ་ཚིག་བཞི་དང་། ལྟ་སྒོམ་སྤྱོད་གསུམ་བཅོས་མ་རང་གར་ཤོར་བའི་དགྲ། ལྟ་དམན་སྤྱོད་རྩང་འཆལ་བའི་དགྲ། རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ལྟུང་བའི་དགྲ། ཚོད་ཡོད་ལེ་ལོས་འབྲས་བུ་འཕྲོག་པའི་དགྲ་སྟེ། དགྲ་བཞི་གཞོམ་པ་དང་། རྣམ་རྟོག་འདུ་འཛི་ལེ་ལོ་ཚིག་རྩུབ་ཁྲོ་གཏུམ་སྟེ་བདུད་ལྔ་སྤངས་བ། སྣོད་རྣམ་དག་འོག་མིན། འདོད་ཡོན་མཆོད་པའི་ཡོ་བྱད། བཅུད་ལྷའི་དཀྱིལ་འཁོར། ཉོན་མོངས་ཡེ་ཤེས་ཆེན་པོར་རྟོགས་པ་སྟེ་དམ་ཚིག་བཞིའོ། །ག་གཱས་སོ། །
རྩ་བའི་དམ་ཚིག་གསུམ་དང་ཡན་ལག་ཆེན་པོ་བརྒྱད་དང་། ཕྲ་མོ་བཅོ་ལྔའི་བསྲུང་མཚམས་ཀྱི་མདོ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །རྩ་བའི་དམ་ཚིག་གསུམ་དང་ཡན་ལག་ཆེན་པོ་བརྒྱད་དང་། ཕྲ་མོ་བཅོ་ལྔའི་བསྲུང་མཚམས་ཀྱི་མདོ་བཞུགས་སོ། །ཁྱེར་སོའམ་དཀྱིལ་འཁོར་གསུམ་དང་མི་འབྲལ་བ་ནི་རྩ་བའི་དམ་ཚིག་མདོར་བསྡུས་པ་ཡིན་ལ། དཀོན་མཆོག་གསུམ་ལ་མཆོད་བཀུར་རྒྱུན་མི་བཅད། སློབ་དཔོན་མི་སྨད། མཆེད་ལ་མི་འཁྲོ། སེམས་ཅན་ལ་མི་འཚེ་ཞིང་བྱམས་པ་བསྒོམ། མི་དགེ་བཅུ་སྤང་། དགེ་བཅུ་བསྒྲུབ། ཕ་མ་བཀུར། གསང་བ་མི་འཆལ་ལོ། །ཕྲ་མོ་བཅོ་ལྔ་ནི། དཀོན་མཆོག་གསུམ་དང་། རྩ་གསུམ་ལ་མཆོད་པ་སྟེ་དྲུག །བུད་མེད་ལ་མི་སྨོད། མཆེད་ལ་མི་འཁྲོ། ཕུང་བོ་མི་སྨད། ཡི་དམ་གྱི་ལྷ་དང་། སྔགས་དང་། ཕྱག་རྒྱ་བརྟེན་པ་དང་། དད་ཅན་གྱི་ཚོགས་མི་བཅག །དགེ་ལྡན་གྱི་སེམས་མི་དཀྲུག །སྡོམ་དང་དམ་ཚིག་ལ་གནས་པ་སྟེ་བཅོ་ལྔའོ། །དེ་ཆེན་པོ་བརྒྱད་ལ་བསྡུ་ཚུལ་ཀྱང་། དཀོན་མཆོག་ཕྱི་ནང་ངོ་བོ་དབྱེར་མེད་ལ། གྲོགས་མཆེད་ནི་དགེ་འདུན། ཕུང་པོ་དང་སྔགས་ནི་ལྷ་ཡིན་ལ། བུད་མེད་དང་ཕྱག་རྒྱ་ནི་མཁའ་འགྲོར་འདུ། ཚོགས་ནི་དགེ་བཅུ། སེམས་མི་དཀྲུག་པ་ནི་མི་དགེ་སྤང་བ་ལ་འདུའོ། །འདི་བསྲུང་བས་དམ་ཚིག་ཐམས་ཅད་རྣམ་པར་དག་གོ །འདི་ཡང་ག་གཱས་སོ། །
སྡོམ་པ་གསུམ་གྱི་གསོ་སྦྱོང་གི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
༄༅། །སྡོམ་པ་གསུམ་གྱི་གསོ་སྦྱོང་གི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ། །ན་མོ་གུ་རུ་ཡེ། དེའང་སྡོམ་པ་གསུམ་གྱི་ཉམས་ལེན་གནང་བཀག་གི་ཚུལ་ལས་ཉམས་པ་བྱུང་བ་རྣམས་སྦྱོང་ཞིང་ཡེ་ཤེས་ཡོན་ཏན་སླར་གསོ་བའམ་སྤེལ་བའི་ཐབས་ལ་འབད་པ་ནི་ལམ་ལ་ཞུགས་པའི་གང་ཟག་རྣམས་ཀྱི་ཉམས་སུ་བླང་བྱའི་གཙོ་བོར་གྱུར་པ་ཡིན་ལ། དེའི་ཚུལ་ཡང་ཤིན་ཏུ་མང་བར་མཆིས་པ་ལས་འདིར་སྤྲོས་མེད་རྒྱུན་གྱི་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་ལ། རྟེན་གྱི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་བཤམ། བླ་མ་ཐུབ་བའི་དབང་པོ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་དུ་བཞུགས་པའི་དྲུང་དུ་གསོ་སྦྱོང་གི་བྱ་བ་ལ་འཇུག་པར་མོས་པས། ཐོག་མར་སོ་ཐར་དང་བྱང་སེམས་ཐུན་མོང་གི་ཉེས་ལྟུང་སྦྱོང་བའི་ཕྱིར། བྱང་ཆུབ་ལྟུང་བཤགས་ཚང་བར་བརྗོད་པའི་རྗེས་སུ་ཐེག་པ་ཆེ་ཆུང་གཉིས་ཀའི་དབང་དུ་བྱས་ཏེ་ཞི་གནས་གསོ་སྦྱོང་བྱ་སྟེ། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཞེས་དང་། སྤྲོ་ན། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར་། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷུ་ཥི་ཏེ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ལན་ཉེར་གཅིག་སོགས་གང་འགྲུབ་བཟླས་མཐར། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་དང་། རྒྱལ་བ་ཀུན་ཀྱི་རྗེས་སུ་སློབ་གྱུར་ཏེ། །སོགས་ནས། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ། དེ་ནས་སྨོན་འཇུག་བྱང་སེམས་ཀྱི་གསོ་སྦྱོང་གི་སླད་དུ། ཐོག་མར། ཇི་སྙེད་སུ་དག་སོགས་ནས། ཕྱིར་བསྔོའོ་བར་གྱི་ཡན་ལག་བདུན་པས་ཚོགས་བསགས་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་བྱང་སྡོམ་བསྐྱར་དུ་བླངས་པས་སྔར་གྱི་སྡོམ་རྒྱུན་ཁ་གསོས་ལ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་ད་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་བལྟས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་བདེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་ཀྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་དང་། སྤྲོ་ན། ན་མཿསྟྲཻ་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱསྟི་དྷརྨ་ཏཱ་ད་ལི་ནཱཾ། ཨ་ས་མ་ས་མ་ས་མནྟ་ཏོ། ནནྟཱ་བཱསྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུངྔྷ་ངྷརྨ་ཏེ། ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝན། མ་ཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་སཱ་ག་རེ་སྭ་ཧཱ། ཞེས་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཉེར་གཅིག་སོགས་ཅི་ནུས་བཟླ། དེ་ནས་སྔགས་ཀྱི་གསོ་སྦྱོང་ལ། ཐོག་མར་ཉམས་ཆག་སྦྱོང་བའི་ཆེད་དུ། གནས་ཡུལ་བདེ་ཆེན་འབར་བའི་ཕོ་བྲང་དབུས། །རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །དཀར་གསལ་འཛུམ་ལྡན་རྡོ་རྗེ་དྲིལ་ཕྱག་ཅན། །ལོངས་སྐུའི་ཆས་རྫོགས་སྙེམས་མ་ཡུམ་དང་སྦྱོར། །པད་ཟླར་སྐྱིལ་ཀྲུང་འཇའ་ལུས་སྒྱུ་མའི་སྐུ། །འོད་གུར་ཀློང་ན་དགྱེས་པས་དགོངས་ཏེ་བཞུགས། །ཞེས་མདུན་མཁར་རྡོ་རྗེ་སེམས་དཔའ་བསྒོམ་པ་ལ་དམིགས་རྟེན་བཅས་ཏེ། ཨོཾ། ཡེ་ཤེས་སྐུ་མཆོག་སོགས་བརྗོད་མེད་དོན་བཤགས་ཀྱི་མཐར་ཡི་གེ་བརྒྱ་པ་ཉེར་གཅིག་སོགས་གང་འགྲུབ་བཟླས་པས་ཉམས་ཆག་སྦྱངས་ནས། བླ་མ་རྡོར་སེམས་སྐུ་ཡི་གནས་བཞི་ལས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར། །ཞེས་ལམ་དུས་ཀྱི་དབང་བླངས་པས་རྒྱུ་དུས་ཀྱི་དབང་གི་ཡེ་ཤེས་གསོས་བཏབ་ལ། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་སྡོམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་ལན་གསུམ་གྱིས་སྔགས་སྡོམ་ལས་མི་འདའ་བའི་དམ་བཅའ་བླངས་མཐར། བླ་མ་རྡོར་སེམས་འོད་ཞུ་རང་ལ་ཐིམ། །རིག་སྟོང་དོན་གྱི་རྡོར་སེམས་རང་ཞལ་བལྟ། །ཞེས་མཉམ་པར་བཞག །དེ་ནས་རྗེས་ལ། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་སོགས་སྔགས་ཀྱི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཟབ་མོས་རྒྱས་གདབ་པས་གྲུབ་བོ། །ཞེས་སྡོམ་པ་གསུམ་གྱི་ཉམས་ལེན་གསོ་སྦྱོང་གི་ཚུལ་རྒྱས་པ་ལག་ཏུ་མི་ལོན་ཅིང་བསྡུས་པའི་གནད་དོན་བསྡུ་བར་མ་ཤེས་པ་རྣམས་ཀྱི་འཇུག་སྒོར་ཅུང་ཟད་ཕན་དུ་རེ་བས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྱེར་བདེ་དོན་ཚང་དུ་བསྡེབས་པ་དགེ །
སྨོན་ལམ་རྡོ་རྗེའི་རྒྱ་མདུད། གཏེར་ཆེན་འགྱུར་མེད་རྡོ་རྗེ།
༄༅། །སྨོན་ལམ་རྡོ་རྗེའི་རྒྱ་མདུད་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ། །
མཇུག་གཏམ།
ཐེངས་འདིའི་དཔེ་ཚོགས་ཀྱི་པོད་བརྒྱད་པོ་ནི་སྔོན་ཆད་བསྒྲིགས་པའི་དེབ་གསུམ་གྱི་སྟེང་དུ་དོན་གཉེར་མཁན་རྣམས་ཀྱི་ཐུགས་རེ་དང་དགོས་མཁོ་དངོས་ལ་གཞིགས་ནས་གསབ་སྣོན་བགྱིས་པ་ཡིན་ལ། དེ་ཡང་ཆོས་དད་མི་དམངས་དཀྱུས་མའི་བླང་དོར་དང་ཉེར་མཁོ་ལ་དམིགས་ནས་ཞལ་འདོན་དང་ཉེར་མཁོའི་བསླབ་བྱའི་སྐོར་གྱི་དེབ་གཅིག །ཐེག་ཆེན་ཐུན་མོང་གི་ལམ་ལ་སློབ་པའི་རིགས་ལ་དམིགས་ནས་བྱང་སེམས་བློ་སྦྱོང་སྐོར་གྱི་དེབ་གཉིས། གསང་བ་སྔགས་ཀྱི་ཉམས་ལེན་སྒྲུབ་འཕྲིན་ཕྱག་བཞེས་དོན་དུ་གཉེར་བའི་ཚོགས་ལ་དམིགས་ནས་སྒྲུབ་སྡེ་སྤྱི་ལ་ཉེར་མཁོའི་སྐོར་གྱི་དེབ་གཉིས་དང་། སྨིན་གླིང་རྡོར་སེམས་སྐོར་གྱི་དེབ་གཅིག །ཐུན་མིན་ངེས་གསང་སྙིང་པོའི་དོན་གྱི་རང་ཞལ་འཚོལ་བའི་དམ་པ་དག་ལ་མཁོ་བའི་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་གྱི་དེབ་གཉིས་བཅས་བསྡུས་ཡོད།
དཔེ་ཚོགས་འདི་དག་དག་ཞུས་བྱེད་སྐབས་ཐོག་མར་མ་དཔེ་འཚོལ་སྡུད་དང་བསལ་འདེམས་བྱས་ཤིང་གཏན་ལ་ཕབ། བར་དུ་མི་རེས་དེབ་རེ་འགན་ཁུར་བའི་འཆར་འགོད་བཞག་ནས་མ་དཔེ་དང་ཞིབ་བསྡུར་ནན་ཏན་བྱས། ཐ་མར་ལས་མི་རྣམས་མཉམ་འཛོམས་ཀྱིས་དེབ་རེ་རེ་བཞིན་མ་དཔེ་དང་བསྡུར་ནས་དག་ཞུས་ཚར་གཅིག་བྱས་པ་དང་། དེ་ལས་ཆོས་ཚན་འགའ་རེ་ནི་མ་དཔེ་མི་འདྲ་བ་གཉིས་ནས་གསུམ་བར་ཡང་ཡང་བསྡུར་བ་ཡོད་ལ། མཐར་ཡང་དེབ་དག་རེ་རེ་བཞིན་ཚེག་ཤད་ཀྱི་ནོར་བ་དང་དཀར་ཆག་གི་གོ་རིམ་སོགས་ལ་ཆེད་དམིགས་ཀྱིས་བསྡུར་ཞུས་བྱས་པ་ཡིན་ལ། ཞུ་བསྡུར་བྱེད་སྐབས་ཀྱི་ཐོག་མཐའ་ཀུན་ཏུ་མ་དཔེ་རྙིང་བ་ཚད་ལྡན་ཡོད་པའི་ཆོས་ཚན་དག་ནི་བརྡ་སྤྲོད་ཀྱི་སྦྱོར་སྟངས་ཚུན་ཆད་མ་དཔེ་དང་བསྟུན་གང་ཐུབ་བྱས་ཡོད་པ་དང་། དོན་མ་གོ་བ་དང་ཡི་གེ་མི་གསལ་བ། ཐེ་ཚོམ་ཆེ་བ་རྣམས་ལ་བགྲོ་གླེང་དང་དཔྱད་བསྡུར་བློ་འདྲི་སོགས་ཀྱི་ལམ་ནས་ཐག་གཅོད་གང་ཐུབ་བགྱིས་ཡོད། མདོར་ན་ང་ཚོས་གང་ནུས་གང་ཐུབ་ཀྱིས་ཞུ་དག་གཟབ་གཟབ་བྱས་ཁུལ་ཡིན་མོད། ངེད་ཅག་ལ་ཡོན་ཚད་དང་ཉམས་མྱོང་དམའ་ཞིང་ཁོམ་ལོང་ཉུང་བ་དང་། ཡིག་ཚོགས་འབོར་ཆེ་བ་དང་། མ་དཔེ་ཚད་ལྡན་ལོན་དཀའ་བ༼ཆོས་ཚན་ལ་ལར་མ་དཔེ་ཡིད་རྟོན་ཕེར་བ་གཏན་ནས་ལོན་མ་ཐུབ༽ སོགས་ཀྱིས་ད་དུང་ནོར་བ་དང་འཕྱུག་པ་གང་མང་ཡོད་ངེས་ཡིན་པས། དོན་གཉེར་ཅན་གྱི་ཐོས་བསམ་སྒོམ་སྒྲུབ་གནང་བའི་སྐྱེས་བུ་རྣམས་དང་། མཁྱེན་སྤྱན་ལྡན་པ་དག་ལ་བཟོད་གསོལ་ཞུ་བ་དང་ལྷན་དུ། སླད་མར་ཡང་ལམ་སྟོན་དང་ནོར་བཅོས་གང་མང་གི་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་ཞུ།
སྤྱི་ལོ་༢༠༡༩ ཟླ ༦ ཚེས ༡༥ལ།
གསང་ཆེན་སྔ་འགྱུར་པའི་སྒྲུབ་སྡེ་སྤྱི་ལ་ཉེར་མཁོའི་ཆོས་སྐོར་མན་ངག་གཏེར་གྱི་བང་མཛོད།
སྤྱིའི་འགན་འཛིན་དང་འཆར་འགོད་པ། འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་འགན་ཁུར་པ། དགེ་ལེགས་ནོར་བུ།
མ་དཔེ་འཚོལ་སྡུད་པ། ནམ་མཁའ་སྐྱབས། འཇིག་མེད་ཕུར་བ།
ལག་བསྟར་རྩོམ་སྒྲིག་པ། ཐུབ་བསྟན་བཤད་སྒྲུབ།
དཔེ་བསྡུར་ཞུ་དག་པ། འཇིག་མེད་ཕུར་བ། ཕུར་རྣམ། དཀོན་མཆོག་བཀྲ་ཤིས།
རྩིས་འཕྲུལ་ལག་བསྟར་པ། ཀུན་བཟང་སྒྲོལ་མ།