ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།
ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་གསུང་འབུམ་ཐོར་བུ་ལས་བསྐྱེད་རྫོགས་སྒོམ་ཕྱོགས་དྲིས་ལན། རིག་འཛིན་འཇིགས་མེད་གླིང་པ།
༄༅། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་གསུང་འབུམ་ཐོར་བུ་ལས་བསྐྱེད་རྫོགས་སྒོམ་ཕྱོགས་དྲིས་ལན་བཞུགས། དང་པོའི་སངས་རྒྱས་དྲི་མེད་འོད་ཟེར་ལ་ཕྱག་འཚལ་ལོ། །སྒོམ་ཕྱོགས་སྐོར་ལ་དྲན་པས་ནམ་སླེབ་བརྟག་དཔྱད་བསམ་གཞིག་མེད་པར་འདུན་པ་ནམ་གཏད་གནས་བཞིན་རྟོག་པ་ཕྲ་མོ་ལམ་ལམ་ཤར་བ་ཡང་དེ་མ་ཐག་ཞིག་ཀྱང་། དེའི་རྗེས་ཤེས་ལམ་ལམ་ལ་སྟོང་པ་ལོགས་སུ་འཚོལ་དགོས་པའི་དྲན་རིག་ཁོ་རང་དོགས་མ་བདེ་བ་འཆར་ཚུལ། ཐ་མལ་གྱི་རིག་པ་བཟོ་མེད་སྒོམ་ལ་མ་ཤར་ནས་ཅུང་ཟད་ནམ་དྲན་དྲན་གསལ་སྟོང་ཙམ་དུ་འདུག་དགོངས་པའི་འཛིན་སྟངས་ལ་སྒོམ་གྱི་ངོ་བོ་བཅོལ་བའི་སྐྱོན་དུ་གོ་ལགས། དེ་ལ་ནི་རྣམ་རྟོག་མ་ཤར་ན་སྒོམ་བདེ། རྣམ་རྟོག་ཤར་ཚེ་རྣམ་རྟོག་ལ་གྲོལ་མ་གྲོལ་གྱི་བརྟག་དཔྱད་བྱེད་དགོས་པ་ཞིག་གིས་རྐྱེན་བྱས་དྲན་རིག་ཀྱང་དོགས་མ་བདེར་སོང་བ་འདྲ་མོ་ཡོང་། རྫོགས་པ་ཆེན་པོོའི་ཁྱད་ཆོས་དྲན་པས་ནམ་སླེབས་ཚེ་དེ་ག་གཅིག་པོས་ཆོག་པར་བྱས་ནས་དྲན་པའི་རྒྱུན་བསྐྱང་། ཐ་མལ་གྱི་ཤེས་པ་སེམས་ལ་བློས་བྱས་ཀྱིས་བསྒྱུར་བཀོད་སྤུ་ཙམ་མ་སོང་བ་དེ་ཉིད་རང་ཀ་དག་གི་དགོངས་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། ཆོས་ཐམས་ཅད་སྤྲོས་པ་ཉེ་བར་ཞི་ཞིང་ཁས་ལེན་ཐམས་ཅད་དང་བྲལ་བ་མདོ་ལུགས་ལའང་ཡོད་མོད། ད་ལྟའི་ཤེས་པ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བར་སངས་རྒྱས་སུ་འགྲུབ་པར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་ག་ལ་ཡོད། དེས་ན་ཐབས་ཤེས་གཉིས་ཀས་གསང་སྔགས་ཁྱད་པར་འཕགས་ཏེ། ཞེས་ཚུལ་གསུམ་སྒྲོན་མེའི་ལུང་དང་བཅས། ལྟ་བ་ཤེས་རབ་ཀྱི་ཆ་ནས་ཀྱང་བློས་བཅོས་པའི་སྤྲོས་བྲལ་དང་། བློས་མ་བཅོས་པ་ལ་ལྷུན་གྱིས་གྲུབ་པའི་སྤྲོས་བྲལ་གྱི་ཁྱད་གནམ་ས་ལྟ་བུར་བསྟན་པའི་ཕྱིར། ད་སྒོམ་བྱེད་དགོས་སྙམ་པའི་དྲན་པ་སླེབས་མ་ཐག་པའི་རིག་པ་སྐད་ཅིག་མ་དེ་གའི་རྒྱུན་བསྐྱངས་ན་ནོར་འཁྲུལ་དང་གོལ་ཤོར་མེད། འཁོར་བར་འཁྱམས་མཁན་མ་རིག་པ་ཡིན་པས། དྲན་པ་དེ་ངོས་ཟིན་ན་མ་རིག་པ་རང་སངས་ཡིན། དྲན་པ་དེའི་ངང་ནས་རྣམ་རྟོག་ཅི་ལྟ་བུ་ཤར་ཡང་ད་རེས་འདི་འདྲས་འཆར་གྱི་འདུག་བསམ་མཁན་གྱི་དྲན་པ་གཅིག་པོ་དེ་ཀ་ངོས་ཟིན་པར་བྱས་ནས་རྣམ་རྟོག་གི་རྗེས་སུ་འབྲང་བ་དང་། རྟོག་དཔྱོད་གཏང་བ་གང་ཡང་མ་བྱས་པས་རྣམ་རྟོག་རང་གྲོལ་ལ་འགྲོ་བར་མ་ཚད། རྣམ་རྟོག་ཀྱང་ལམ་དུ་ལོངས་པའི་རྒྱུ་མཚན། འོག་འགྱུར་སོང་བའི་རྣམ་རྟོག་ནི་རྡོ་ལ་རི་མོ་བྲིས་པ་དང་འདྲ། དེའི་བག་ཆགས་སྟོབས་སུ་གྱུར་པས་འཁོར་བ་མུ་མཐའ་མེད་པར་ཁྲིད་པ་ཡིན། དྲན་པས་ཟིན་པའི་རྣམ་རྟོག་ཆུ་ལ་རི་མོ་བྲིས་པ་དང་འདྲ། འདྲི་བ་དང་ཞིག་པ་དུས་མཚུངས་པས་ཕྱིན་ཆད་བག་ཆགས་དང་འཁོར་བའི་རྟེན་མི་བྱེད་དེ། སློབ་དཔོན་དགའ་རབ་རྡོ་རྗེའི་རིག་པ་སྤྱི་ལུགས་ལས་ཀྱང་། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གནས་པའི་ཚེ་ན་མཉམ་གནས་བཟང་ངན་མེད། །གྲོལ་བའི་ཚེ་ན་མཉམ་གྲོལ་བཟང་ངན་མེད། །ཅེས་སོ། །ཆོས་སྐད་གཞན་པའི་རང་སྟོང་གཞན་སྟོང་དང་། སྟོང་ཉིད་མེད་དགག་དང་། མ་ཡིན་དགག་དང་། ཟུང་འཇུག་དང་། ལྷན་ཅིག་སྐྱེས་པ་དང་། རྣམ་ཀུན་མཆོག་ལྡན་ལ་སོགས་པའི་ལྟ་སྒོམ་ཟབ་ཟབ་མོ་ལ་སྙེག་པའི་བློས་བྱས་ཀྱི་རང་ལྟ་ཕྱོགས་འཛིན་འདིས་སྨྲ་བསམ་བརྗོད་མེད་ལ་ཤེས་སྒྲིབ་ཀྱི་ལྷན་པ་འདེབས་པ་ཡིན་པའི་ཚུལ་ཐུན་མོང་གི་མདོ་སྡེ་ལས་ཀྱང་། བཅོམ་ལྡན་འདས་གལ་ཏེ་དགྲ་བཅོམ་པ་འདི་སྙམ་དུ། བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན། དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་ལགས་སོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ། །ཞེས་པ་ལྟར་རོ། །དེའི་ཕྱིར་ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱིས་མ་བསླད་པའི་བདེ་གཤེགས་སྙིང་པོའི་རང་བཞིན་མ་འགྱུར་བ་ནི། སྤྲོས་བྲལ་དོ་ཧ་མཁས་པས་སྤངས་པ་ལ་འདུག་པས་ཀ་ནས་དག་པའི་ཤེས་པ་ལ། བསྒྱུར་བཀོད་སྤུ་ཙམ་མ་སོང་བ་འདི་ག་དྲན་པའི་རྒྱུན་གྱིས་བསྐྱངས་པ་དེ་ག་གཅིག་པུས་ཆོག །དེའི་རྒྱུ་མཚན་མདོ་སྡེ་བསྐལ་བཟང་ལས་ཀྱང་། ངོ་བོ་ཉིད་མེད་པར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྐྱེ་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། ཞེས་པས་གསལ་ལ། དེའི་ངང་ནས་རྣམ་རྟོག་ལམ་དུ་ཁྱེར་ལུགས་ཀྱང་གོང་དུ་བསྟན་པ་ལྟར་ཡིན་ཏེ། གནས་ལུགས་མཛོད་ལས། ཕྱི་ཡུལ་ལྔ་དུ་མ་སྣ་ཚོགས་སུ་སྣང་བ་ལ་ནང་དྲན་རྟོག་ཅི་ཤར་ཡང་དུས་དེར་ཡུལ་ལ་ཤར་བ་ངོ་ཤེས། ཤར་བའི་ནུས་པ་རྩལ་རྫོགས། དེ་ག་ལ་བསྡད་པས་རང་ཡལ་རྗེས་མེད་དུ་གྲོལ་བ་ལ་གང་ཤར་ཅོག་གེ་གཞག་པ་དང་། ཡངས་པ་འགྱུར་འཇུག་པ་དང་། སྣང་ཐོག་ཤར་བ་དེ་གློད་པ་གསུམ་གང་རུང་དུ་འགག་བསྡམས་པས་ཆོས་སྐུ་རང་མལ་དུ་ས་ཟིན་པར་བྱེད་པའོ། །དེ་ཡང་ངོ་མ་ཤེས་ན་ཕྱལ་བ་རང་ག །རྩལ་མ་རྫོགས་པར་བལྟས་པས་ཡལ་ན་དེ་བས་ཆེ་བའི་རྐྱེན་མི་ཐུབ། རང་མ་ཡལ་ན་ཐད་ཀར་མ་ཆོད་པ་ལ་སོགས་པའི་ཕྱིར་གནད་འདི་གསུམ་གལ་པོ་ཆེ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་དྲན་པ་ཁོ་ནར་སྒོམ་གྱི་རྟེན་སོ་བྱེད་མིན་མཚམས་ལ། ཀུན་མཁྱེན་གྱིས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་གྱུར་དུས་སུ་ཡེང་མེད་ཡེང་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངེས། །ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པ་ཞུ། །ཞེས་དྲན་པ་ལ་ཁྱད་པར་ཆེ་བ་འདི་གཅིག་པུའི་གནད་རྟོགས་པའང་ཤིན་ཏུ་དཀོན་པར་མཐོང་ལ། དེས་ན་ད་ལྟ་དྲན་པས་དྲན་པ་བརྟན་ཙམ་བྱེད་དགོས་པ་འདི། འདུ་བྱེད་ཀྱི་དྲན་པ་ཡིན་ནོ། །ལྷར་སྣང་དང་ཆོས་ཉིད་ཟུང་དུ་མི་འཇུག་པ་ད་ལྟ་བརྟན་པ་མ་ཐོབ་པའི་ཉམས་ཏེ། ལྷ་དང་སྣང་བ་ཆོས་ཉིད་གསུམ་འདྲེས་པ་རྣམ་སྨིན་རིག་འཛིན་གྱི་གོ་འཕང་ཡིན་གཤིས་ལོ་ཟླ་ཙམ་ལ་ཤར་གྱིས་འབྱུང་བ་དཀའ་བས་ཐུགས་ཞུམ་པ་སྤང་། འོན་ཀྱང་ལམ་ཁྱེར་ལ་ལྷའི་སྣང་ཆ་བཀྲ་གསལ་ལེ་བའི་ངང་ནས་དྲན་པ་བརྗེད་འབྱམས་སུ་མ་སོང་ཕྱིན། སྟོང་ཉིད་ལོགས་སུ་སྒོམ་མི་དགོས། ལྷར་སྣང་གསལ་མཁན་ཁོ་རང་གནས་ལུགས་ཡིན་པའོ། །དེ་བརྗེད་སྐྱེན་པ་འདྲ་མོ་ཡོང་བ་ནི་ད་ལྟ་ལྷག་མཐོང་ཤུགས་ཆུང་བ་ཡིན་མོད། དེ་ལ་རེས་འགའ་ལྷའི་གསལ་སྣང་ལ་ཤུགས་བསྐྱེད། མི་གསལ་བའི་ཚེ་ང་རྒྱལ་དང་དྲན་རིག་ཟུང་སྦྲེལ། རེས་འགའ་དག་དྲན་ལ་ཐུགས་གཏོད་པ་སོགས་དུབ་པ་སྤང་བའི་ཐབས་ལ་འབད། ཤིན་ཏུ་གསལ་དཀའ་ན་བྲིས་སྐུ་ལ་དྲན་པ་མངོན་དུ་གཞག །དེའི་བག་ཆགས་བརྟས་པའི་སྐུ་ལམ་མེ་བ་དེ་ག་མ་བརྗེད་ཙམ་ནས་འོག་འབྱམས་སུ་མ་སོང་ཕྱིན། ལམ་མེ་གསལ་མཁན་ཁོ་རང་དྲན་པའམ་སེམས་ཉིད་ཡིན་པས་སྟོང་པ་ལོགས་སུ་བསྒྲུབ་མི་དགོས། མཐར་ཚོགས་གཉིས་རྫོགས་པའི་འབྲས་བུ་སྒྱུ་མའི་སྐུར་རང་ཤུགས་ཀྱིས་འཆར་འོང་ལགས་ཞུ། ཞེས་ལྕགས་ཟམ་མཆོག་སྤྲུལ་རིན་པོ་ཆེར་ཕུལ་བ། །
༈ ལགས། ཇི་ཕེབས་སྒོམ་ཕྱོགས་སྐོར། རིག་པ་གཏིང་གསལ་དྲི་མེད་དུ་གོམས་པ་ལ་ཞི་ལྷག་ཏུ་དབྱེ་བའང་རྟོག་བཅས་ཀྱི་བསམ་གཏན་ནོ། །མདོ་ཕྱོགས་ནས་ཞི་ལྷག་རྣམ་གྲངས་མང་པོར་དབྱེ་བ་ནི། བྱིས་པ་རྣམས་ཆོས་དབྱིངས་དྲི་མེད་ལ་ཡིད་ཆེས་པར་དཀའ་བས་དེ་དག་དྲང་བའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་ལ་ཀུན་གཞིིར་གདགས་པས་མཚོན་གནས་ལུགས་ཀྱི་མཚན་ཉིད་སོ་སོར་དབྱེ་བའི་དགོངས་པ་ཙམ་དུ་ཟད་ལ། ཀློག་པ་ཐོས་བསམ་པ་ཕལ་ཆེར་ནི། ངོ་བོའི་ཆ་ལ་འདུག་ཚུལ་ཇི་བཞིན་པ་རྒྱུད་ལ་ཉམས་སུ་མ་མྱོང་བཞིན་དུ་ཚིག་གི་ཆ་ལ་རྟོག་པས་སྒྲོ་བཏགས་པས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། རྟོག་དཔྱོད་ཀྱི་ཤེས་རབ་རྫས་འགལ་བའི་ཚུལ། དྲིན་ལན་བསབ་པའི་མདོར། དོན་ལ་གནས་ཀྱི་ཡི་གེའི་རྗེས་སུ་མི་གནས། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་མི་གནས་ཞེས་རྒྱ་ཆེར་གསུངས། ཚོགས་དྲུག་རང་སའི་སྟོང་ཡུལ་གྱི་རྣམ་པ་བློ་དང་མ་འདྲེས་པའི་མཉམ་གཞག་དངོས་བསྟན་ནི། ཆོས་ཉིད་གསལ་ལ་དམིགས་པ་མེད་པ། ངོ་བོས་སྟོང་ལ་ཆད་ལྟ་མ་ཡིན་པ། ལྟ་རྒྱུ་དང་སྒོམ་རྒྱུའི་ཁས་ལེན་ཐམས་ཅད་དང་བྲལ་བ། རང་བཞིན་བག་ལ་ཉལ་དང་ཐ་མལ་ལུང་མ་བསྟན་གྱི་དྲིས་མ་གོས་པ། ཡུལ་གྱི་འཛིན་སྟངས་སམ་ཡིད་ཆེས་ཀྱི་ངེས་ཤེས་དང་བཅས་པའི་ངར་འཛིན་དང་བྲལ་བ་དེ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་བྱ་བ་ལགས་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོ་ནས། བློ་བརྟན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཟག་པ་ཟད་པའི་རྒྱུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། སེམས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བག་ལ་ཉལ་ཀུན་ནས་འཇོམས་པ་དེ་ནི་ཤེས་རབ་ཀྱིའོ། །ཞེས་པས་སོ། །གཞན་སྟོང་ནི་གཙོ་བོར་ཇོ་ནང་པའི་ཆོས་སྐད་དུ་འདུག་ཅིང་བྱམས་ཆོས་བར་པ་གསུམ་གྱི་དགོངས་པ་རང་ལུགས་ཀྱི་དབུ་མར་འདོད་པའི་གཏན་ཚིགས། རྣམ་པར་གཞག་བྱ་འཇོག་བྱེད་མེད། །རྣམ་གཞག་ཐམས་ཅད་རྫུན་པ་ཡིན། །ཞེས་དང་། ཁྱད་པར་དག་པ་ཡེ་ཤེས་ཀྱི་ཀུན་གཞི་འཁོར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པས། གཞན་སྟོང་རྟག་བརྟན་ཐེར་ཟུག་ནི་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་ངོ་བོ་དོན་དམ་པའི་བདེན་པ་ཡིན་ལ། མ་དག་པ་འཁོར་བའི་ཀུན་གཞི་རྣམ་ཤེས་རང་སྟོང་ཡིན་པས་གཞི་མ་གྲུབ་ཀྱང་རྣམ་པར་དཔྱད་ན་དངོས་མེད་ཡིན་པའི་རྒྱུ་མཚན་གྱིས་གཞན་སྟོང་གི་སྒྲུབ་བྱེད་བཀོད་པར་སྣང་ངོ་། །རང་ལུགས་ལ་ཡུམ་ལས་ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་སོགས་སྟོང་ཉིད་བཅུ་དྲུག་ཏུ་གསུངས་པའི་དང་པོ་ཕྱི་སྟོང་པ་ཉིད་ཀྱིས་གཟུང་ཡུལ་སྣང་བ་རང་བཞིན་མེད་པར་བསྟན། ནང་སྟོང་པ་ཉིད་ཀྱིས་འཛིན་བྱེད་ཀྱི་ཤེས་པ་རང་བཞིན་མེད་པར་བསྟན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་པས། རང་སྟོང་གཞན་སྟོང་དུ་འཛིན་པའི་མཁན་པོའམ་ངོ་བོ་ཡང་བརྗོད་བྲལ་ཤེས་བྱའི་ཡུལ་ལས་འདས་པར་རྟོགས་པས་འཁོར་ལོ་བར་མཐའི་དགག་བསྒྲུབ་དང་ཡི་གེ་མང་པོ་སྒོམ་རིམ་གསུམ། ཇོ་གསེར་གཉིས། སྒྲ་ཚད་པ། འབྲས་ཆོས་གཉིས་སོགས་མཐོང་ཡང་བློ་བྲལ་ཉམས་རྟོགས་བཟང་པོས་མ་བསླད། ཐ་མལ་ལུང་མ་བསྟན་གྱིས་མ་བསླུས། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་འོད་གསལ་ཀློང་ཡངས་ཆེན་པོ་གཞི་གནས་ཀྱི་རིག་པ་གདོད་ནས་སངས་རྒྱས་རློན་པར་བཞུགས་པ་འདི་ཁོ་བོའི་རྒྱུད་ལ་ཨོ་རྒྱན་ཡབ་ཡུམ་གྱིས་བྱིན་གྱིས་བརླབས། པཎ་ཆེན་བི་མ་ལས་བརྡས་བརྒྱུད། ཀློང་ཆེན་རབ་འབྱམས་ཀྱིས་དག་ཐེར་མཛད་པ་ནས་བཟུང་གྲུབ་ཆེན་ས་ར་ཧ་པ་དང་མཇལ་ཡང་འདྲི་གཏུག་ཞུ་རྒྱུ་མེད་སྙམ་པའི་ངང་འདི་ཀ་དབུགས་དང་འགྲོགས་པ་ལགས། གང་ཉིད་འཆི་བ་ལ་ཐེ་ཚོམ་དང་བསྡད་པ་ལ་བྲོད་པ་མེད་པའི་གདེང་ཁེལ་བ་དེ་རྗེས་སུ་ཡི་རང་ནའང་། བླ་མ་སྔས་མགོར་གསལ་ནས་རིག་པ་ཐུགས་ཀར་འཕངས་པ་དེ་དུས་མིན་དུ་འཕོས་པའི་ཉེས་པ་དང་། སྐུ་ཚེ་ལའང་ཅུང་ཟད་གཞར་བས་བླ་མ་སྙིང་ག་རང་དུ་གསལ་བ་ལ། དམིགས་གཏད་བྲལ་བའི་རིག་པ་བསྲེས་ནས་མནལ་བ་ཁོ་ན་འོད་གསལ་གྱི་མན་ངག །ཞིང་སྦྱོང་གི་མཆོག་གྱུར་ཡིན་ཏེ། དག་པའི་ཞིང་ཁམས་ཀྱང་རང་སྣང་ལས་གུད་དུ་མ་བཅད་པའི་ཕྱིར་སྐུ་གསུམ་གྱི་སྣང་ཆ་ཐམས་ཅད་རིག་པ་ཁོ་ནའི་འཆར་སྡུད་ཡིན་པ་དགོངས་འཚལ། སྒྲུབ་དབང་དྷརྨ་ཀཱིརྟིའི་མཆིད་ལན།
༈ ཀྱེ་མ། ད་ནི་དུས་ངན་སྙིགས་མའི་དུས། །ཆོས་དྲན་པ་ཉིན་མོའི་སྐར་མ་ཙམ། །ཆོས་པ་རྣམས་ཀྱང་རླུང་གིིས་ཁྱེར། །ལམ་སྟོན་རྣམས་ཀྱང་ཚེ་འདི་སྒྲུབ། །ཡོན་ཏན་ཅན་རྣམས་ཆོས་དང་འགྲས། །དེ་འདྲའི་དུས་ངན་ཤར་ཙ་ན། །ཁྱེད་རང་བསླབ་ཤེས་ཡོན་ཏན་དང་། །དཀོར་ཕྱིར་ཁྱི་ལྟར་མི་རྒྱུག་པར། །བློ་སྣ་བསྟུངས་པ་ངོ་མཚར་ཆེ། །སྟེས་དབང་སྟབས་ལེགས་ཙམ་མིན་པའི། །ཆོས་སྐལ་ལས་ཀྱི་འཕྲོ་ཅན་སྙམ། །རྣལ་འབྱོར་ང་ཡང་གློ་བ་དགའ། །དེ་ཕྱིར་ཞལ་ཏ་ཚིག་གསུམ་ཡོད། །ཇི་ལྟར་དྲི་བའི་སྙིང་པོར། རྫོགས་པ་ཆེན་པོ་ལྟ་བ་ཡེ་གྲོལ་ཡིན་པས་ཐོག་མ་ཉིད་ནས་རིག་པ་བཟོ་མེད་རང་བབས་སུ་གཞག་པའི་རྒྱུན་བསྐྱངས་པ་དེ་ཀ་ནོར་འཁྲུལ་གོལ་ཤོར་ཉུང་བ་ཡིན། དེ་ལྟར་བྱས་ན་རྣམ་རྟོག་འོག་འགྱུར་འགྲོ་རྟགས་ཙམ་འདུག་ཟེར་བ་སྔར་བཤད་པའི་རང་བབས་ཀྱི་རྒྱུན་ལ་ཅུང་ཟད་གནས་འབྱམས་ཀྱི་རིག་ཆ་མ་ཤར་བའི་སྐྱོན་ཡིན། དེའི་ཚེ་རིག་པ་རྟེན་མེད་ཅེར་ཡན་ཁོ་རང་ཐེར་ལ་བཏོན་ནས་བསྐྱངས་ཙ་ན་རྣམ་རྟོག་ངོ་ཤེས་བཞིན་དུ་གྲོལ་འགྲོ་བ་དེ་ཀར་གདའ། བསྐྱེད་རིམ་དང་སྔགས་འདྲེན་པ་སོགས་བྱས་ན་སྒོམ་མི་བདེ་ཞིང་ཡེངས་ཚབས་ཆེ་བ་དེ་ད་ལྟ་ལས་དང་པོ་པ་སེམས་ཉིད་ལས་སུ་མ་རུང་བའི་རྟགས་ཡིན་པས་རིམ་པས་གོམས་ཡོང་། སྒོམ་རྙིང་འགའ་ཞིག་ལ་ལྷག་མཐོང་གི་རྩལ་མ་ཤར་བའི་ཞི་གནས་རྐྱང་པར་ལྷུང་བས་བསྐྱེད་རྫོགས་གཉིས་ཕན་ཚུན་མི་འཁྲུགས་པ་ལྟར་སོང་བའང་ཡོང་སྟེ་ཁྱེད་རང་གི་དེ་དེ་འདྲས་མ་རེད། ལར་སྒོམ་འདི་ཧ་ཅང་གྲིམ་པ་དང་ཧ་ཅང་གློད་པ་གཉིས་ཀ་མ་ཡིན་པའི་དཔེ་གྲིམ་ལྷོད་རན་པ་ལས་འབྱུང་བ་ནི། དོན་འཕགས་པ་ཀུན་དགའ་བོས་གྲོ་བཞིན་སྐྱེས་ལ་བསམ་གཏན་བསླབས་པས་དེ་ཉིད་རེས་འགའ་ནི་གྲིམ། རེས་འགའ་ནི་ལྷོད་པས་བྱ་དཀའ་བར་གྱུར་པ་ན་སྟོན་པའི་དྲུང་དུ་ཞུས་པས། བཀའ་བསྩལ་པ། ཚེ་དང་ལྡན་པ་ཁྱོད་ཁྱིམ་དུ་གནས་པའི་ཚེ་པི་ཝང་སྒྲེང་ཤེས་སམ། གསོལ་པ། དེ་ནི་ཤིན་ཏུ་མཁས་ལགས་སོ། །འོ་ན་ཁྱེད་ཀྱི་པི་ཝང་གི་རྒྱུད་ཧ་ཅང་བསྡམས་པ་ལས་སྒྲ་སྙན་པ་བྱུང་ངམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །འོ་ན་ཧ་ཅང་ལྷོད་པ་ལས་བྱུང་ངམ། དེ་ཡང་མ་ལགས་སོ། །འོ་ན་ཐང་ལྷོད་རན་པ་ལས་བྱུང་ངམ། བཅོམ་ལྡན་འདས་དེ་བཞིན་ལགས་སོ། །འོ་ན་ཚེ་དང་ལྡན་པ་ཁྱོད་ཀྱི་སེམས་ཀྱང་དེ་བཞིན་ཏེ། ཧ་ཅང་གྲིམ་པ་ཡང་མ་ཡིན། ཧ་ཅང་ལྷོད་པ་ཡང་མ་ཡིན། ཞེས་གསུངས་པས། དེས་དགྲ་བཅོམ་ཐོབ་པ་ལྟ་བུ་སྟེ། དོན་ལ་གྲིམ་ལྷོད་ཀྱི་མཚམས་འདིར་ཡོད། ཡེངས་དོགས་བསྒྲིམས་ནས་བཞག་ན་སྒྲིམ་མཁན་དེ་ག་བློའམ་ཆོས་ཉིད་ཀྱི་སྒྲིབ་པ་ཡིན། ཐ་མལ་ལྟར་གང་དགའ་གང་འགྲོར་བཏང་ན་དེའི་རང་བཞིན་རྣམ་རྟོག་དང་མ་རིག་པ་ཁོ་ན་ལས་མི་འདའ་བས། ད་ལྟའི་ཤེས་པ་བཟོ་མེད་ལྷོད་དེ་སྐྱོངས། དེ་ཡུན་རིང་ཙམ་སོང་ཙ་ན་ཡང་མན་ནེ་མུན་ནེ་ཉོག་གེ་བ་ཞིག་ལ་ཤུགས་ཀྱིས་འགྲོ། དེ་ཙམ་བྱིང་བ་ཡིན་པས་གྲུང་ཆ་བཏོན། ཕཊཿརྒྱབ། དེས་གེགས་སེལ། ཡུན་ཐུང་གྲངས་མང་ཟེར་བའི་གནད་ཀྱང་དེ་ལ་ཟེར། གཞན་གྲངས་མང་བ་ལ་དགའ་རྒྱུ་ཅི་ཡོད། མིག་ཀྱང་སྣང་ཐོག་ཏུ་མདུང་ཚུགས་སུ་གཏོད་པ་ལས་རིག་ཐོག་ཏུ་ཅེར་ཡན་དུ་གློད་པ་གནད་ཁྱད་པར་དུ་ཟབ་པ་ཡིན། མོས་གུས་དང་སྙིང་རྗེ་སྐྱེ་དཀའ་བ་འཕགས་པའི་ནོར་ཡིན་པས་བདེན་ཡོང་། སྐྱོ་ཤས་དང་ངེས་འབྱུང་ནམ་འཆི་ཆ་མེད། བདེ་སྡུག་གཏོང་ལེན། ཅིས་ཀྱང་དགོས་མེད་སོགས་ལ་བསླབས་པས་རིམ་པས་ཡོན་ཏན་གོང་འཕེལ་དུ་འགྲོ་ཚུལ་སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལ་ལྟོས། མཆོད་ཕྲེང་གི་ལྷ་མོ་རང་ལས་བྱུང་ཞིང་རང་ལ་ཐིམ་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་རྩལ་སྦྱོང་བའི་རྟེན་འབྲེལ་ཡིན་ནོ། །ཇི་ལྟར་དྲི་བའི་སྐོར། ལྷ་སྐུ་གསལ་པོར་བསྒོམས་ན་ཡིད་ཡུལ་དུ་རྡོས་བཅས་ལྟ་བུར་འགྲོ་ཉེན་དང་། ཡང་སྟོང་པའི་ཉམས་ཀྱིས་གཅུན་ན་སྐུ་རྒྱན་ཆ་ལུགས་མི་གསལ་བའི་སྣང་སྟོང་རྒྱུད་ཐོག་ལ་འགེལ་དཀའ་བ་འདུག་ཟེར་བ། སྤྱིར་ཟུང་འཇུག་གི་ལམ་ལ་བརྟན་པ་མ་ཐོབ་བར་ལ་དེ་བཞིན་ཡོང་བ་བདེན་མོད། བློས་འཆུན་ན་སེམས་གང་དུའང་མ་ཡེངས། མ་འཁྲུལ། བརྗོད་དུ་མེད་པའི་རྩལ་ལམ་མདངས་སམ། གསལ་ཆ་དེ་ག་ལྷ་སྐུར་ཁྲ་ལམ་མེར་གསལ་ཞིང་། དེ་ལྟར་གསལ་བ་ལ་སྒོམ་མཁན་ང་ཡིན། ངས་བསྒོམས་པའི་འབྲས་བུར་ལྷ་འདི་གསལ་ལོ་སྙམ་པ་ལྟ་བུའི་བདེན་འཛིན་ཨ་འཐས་རང་རྒྱུད་པ་མེད་པའི་ངང་དུ་གནས་ན་སྣང་སྟོང་ཟུང་འཇུག་ལོགས་སུ་མེད། བསྐྱེད་རིམ་གྱི་སྣང་ཆ་དེ་གའི་ངང་དུ་རྫོགས་རིམ་གྱི་སྟོང་ཆ་དཔེར་ན། ཆུ་ནང་དུ་ལན་ཚྭ་ཞུ་བ་བཞིན་དུ་དབྱེ་རྒྱུ་མེད་པའི་ཟུང་འཇུག་ལྷུན་གྲུབ་ཆེན་པོའི་གནད་གོ་བ་གལ་ཆེ། དེ་ལྟར་མ་ཡིན་པའི་ཀུན་བརྟགས་ཀྱི་བློས་ལྷའི་རྣམ་འགྱུར་གསལ་པོར་བསྒོམས་རྗེས་སླར་དེ་ཉིད་སྟོང་པ་ཡིན་སྙམ་རྒྱས་འདེབས་བྱས་ན་ཕྱོགས་གཉིས་ཀ་མཚན་མའི་རྣམ་རྟོག་ཡིན་པས་མི་རུང་ལ། འོན་ཀྱང་བསྐྱེད་རིམ་གཙོ་ཆེ་བར་སྟོན་པའི་རྣལ་འབྱོར་རྣམས་སུ་དང་པོ་རྟག་པའི་སྐུར་རྩལ་སྦྱང་བ་ཡང་གསུངས་པའི་ཕྱིར། ཡིད་ཡུལ་དུ་དངོས་མཚན་ཅན་དུ་གསལ་བ་ལྟ་བུ་བྱུང་ན་དེའི་ཚེ། འདི་ལྟ་བུར་གསལ་གྱི་འདུག་བསམ་མཁན་གྱི་འདུ་ཤེས་དེ་གཏད་མེད་དུ་བསྲེས་ལ་རེ་ཞིག་མི་གསལ་དུ་སོང་ཡང་བསྒོམ་བྱ་སྒོམ་བྱེད་ཀྱི་གྲིམས་ཆ་དེ་ལྷོད་དེར་བསྐྱུར་ནས་བསྒོམས་པས་སྣང་སྟོང་གི་རྩལ་འབྱོངས་པ་ཡིན། ལར་བསྐྱེད་རིམ་དང་། མོས་གུས། སྙིང་རྗེ་གང་ལའང་། བརྗོད་དུ་མེད་པ་དེ་ངོ་བོ་སྟོང་པ་ཡིན། བསྐྱེད་རིམ་དུ་སྣང་བའམ། མོས་གུས་སུ་གསལ་བའམ། སྙིང་རྗེར་ཤར་བ་ཐམས་ཅད་ངོ་བོ་སྟོང་པའི་རྩལ་རང་བཞིན་གསལ་བ་ཡིན། དེའི་ངང་ནས་བསྐྱེད་རིམ་གྱི་ཚེ་འོད་ཟེར་སྤྲོ་བསྡུ། མོས་གུས་ཀྱི་ཚེ་དབང་བཞི་ལེན་པ་སོགས་གདུང་བ་དྲག་པོ། སྙིང་རྗེའི་ཚེ་སྨོན་འཇུག་གི་ཕྲིན་ལས་སོགས་དང་། རྫོགས་རིམ་རྐྱང་པའི་ཚེ་དཔེར་བརྗོད་ན། ཆུ་ལ་ཆུ། མེ་ལ་མེ། ཤིང་ལ་ཤིང་། སེམས་ཅན་ལ་སེམས་ཅན་ནོ་སྙམ་པའི་འདུ་ཤེས་གུད་དུ་བཅད་ནས་ཡུལ་ཐོག་ཏུ་འབྱམ་པ་མེད་པས་ཀུན་དང་མ་འདྲེས་བཞིན་དུ་ཀུན་ལ་ཁྱབ་པས་ཐུགས་རྗེ་ཀུན་ཁྱབ་ཅེས། ངོ་བོ་གཅིག་ལ་ཚོགས་པ་གསུམ་གྱི་དེ་ཉིད་ཚང་བའི་གནད་ཤེས་ན་དགེ་སྦྱོར་ཐམས་ཅད་ལ་དམིགས་པ་མེད་པའི་ཤེས་རབ་ཀྱི་རྩིས་ཟིན་ཅིང་། དེ་ཟིན་ན་སྣང་སྟོང་། གསལ་སྟོང་། རིག་སྟོང་ཐམས་ཅད་ཀྱི་གནད་ཤེས་པ་ཡིན་ནོ། །དེ་མཚུངས་མོས་གུས་ལ་ཡང་སྐྱེ་བོ་ཕལ་པ་ལྟར་དྲན་པའི་རྩི་དང་བྲལ་བའི་མོས་གུས་ཁོ་ནའི་རྗེས་སུ་རྟག་བརྟན་གྱི་ཐེར་ཟུག་བྱས་ན་སེམས་ཡེངས་ནས་རང་བཞིན་རྣམ་དག་གི་དྲན་པ་བརྗེད་འགྲོ་བ་ཡིན། རང་བཞིན་རྣམ་དག་གི་དྲན་པ་མ་བརྗེད་ཕྱིན་དམིགས་པ་མེད་པའི་མོས་གུས་སྒོམ་གྱི་ངོ་བོར་ཡོང་བས་དེ་ཀ་ལམ་དུ་ཁྱེར་ནས་སྒོམ་པ་མཆོག་སྟེ་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་བསྐྱེད་པའི་ལམ་ཁྱད་པར་བ་ཡིན་ནོ། །དེ་ལྟར་བསྒོམས་པའི་བར་མཚམས་ཐམས་ཅད་དུ་བླ་མ་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་འཇོག་པ་དོན་དམ་པའི་མོས་གུས་འབྲས་བུ་བླ་ན་མེད་པའི་སྐྱེལ་སོ་ཡིན། དེ་མཚུངས་སྙིང་རྗེ་ལའང་ངོ་བོ་སྟོང་པ་ཉིད་ཀྱི་རྩི་དང་མ་བྲལ་བའི་རྩལ་སྙིང་རྗེར་ཤར་བ་ཞིག་དགོས། སྙིང་རྗེ་རང་མཚན་པར་བསྒོམས་པའི་རྗེས་ལ་སྟོང་པས་རྒྱས་འདེབས་པ་ནི་ཤོར་ས་ཡིན་ནོ། །
༈ སྐྱབས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །མ་མཁའ་འགྲོའི་ཚོགས་རྗེ་པདྨ་འབྱུང་། །དེ་འགྲོ་ངོར་མི་ཡི་རོལ་གར་ཅན། །ཕ་དྲིན་ཅན་བླ་མར་ཕྱག་བགྱིའོ། །ཁྱེད་གསོན་དང་དག་སྣང་དམ་ཚིག་ཅན། །སྤྱིར་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །ལས་སྡུག་བསྔལ་འབའ་ཞིག་མ་ལགས་པ། །སྐྱིད་ཟོས་བདེའི་གོ་སྐབས་ཆེས་དཀོན་ཞིང་། །སྒོས་ངན་སོང་གསུམ་གྱི་སྡུག་བསྔལ་ལ། །མིག་ལྟོས་དང་སྙིང་རྩ་དབང་མེད་འདར། །ཚུལ་དེ་ཕྱིར་དལ་རྟེན་སྟོང་ཟད་དུ། །གཏང་བཟོད་པ་མི་ལུས་དུད་འགྲོའི་སེམས། །དེ་མང་སྟེ་དེ་རྗེས་མ་འབྲང་པར། །ཚེ་ངེས་མེད་དྲི་ཟའི་གྲོང་ཁྱེར་ལ། །ཡིད་རྟག་བརྟན་ཐེར་ཟུག་མ་མཛད་པར། །སྐྱབས་བླ་མ་མཆོག་གསུམ་སྤྱི་བོར་བསྟེན། །དེས་གསུངས་པའི་སྤང་བླང་དོན་ལ་སྦྱང་། །ཆོས་སྙིང་ནས་འདོད་པའི་གང་ཟག་གཅིག །ཡིན་ངེས་ན་རྣམ་གཡེང་འདུ་འཛི་ཡིས། །དགྲ་འདི་སྐོར་ཟོན་བག་འཇུག་པ་དང་། །གྱོང་ལྟོ་གོས་གཏམ་ལ་མ་བསྐུར་ན། །ངས་བྱའོ་སྙམ་པའི་འོག་གྲབས་ཀྱི། །ཡིད་སྨོན་གྱི་ངང་དུ་མི་ཚེ་ཟད། །དགྲ་འཆི་བ་བཙན་ཐབས་སུ་འོང་ཉེན་གདའ། །དེ་གཙོ་བོར་སྙིང་ལ་གཅགས་པའི་ངོས། །སྒོམ་བྱེད་དོ་སྙམ་པའི་སྡུག་བཙིར་དང་། །སྒོམ་མི་དགོས་སྙམ་པའི་བློས་བཏང་སོགས། །སེམས་བཟོ་བཅོས་ཐམས་ཅད་རང་སར་ཞོག །དེ་བཞག་པས་ཡོད་མེད་བློ་འདས་ཀྱི། །དོན་ལྟ་བའི་རང་ངོ་རྗེན་པར་མཐོང་། །སྤྱིར་དུས་དང་རྣམ་པ་ཐམས་ཅད་དུ། །དྲན་རིག་ལ་དོ་གལ་མ་བྱས་ན། །ཞི་གནས་ཀྱིས་རང་ཞལ་མཐོང་དུས་མེད། །བློས་ཆེད་དུ་བཟོས་པའི་ལྟ་སྒོམ་དེ། །གཤིས་ཇི་ལྟར་བཟང་ཡང་རྣམ་རྟོག་ཡིན། །ཁྱེད་དེ་ཕྱིར་རང་སེམས་མ་བཅོས་པའི། །རྒྱུན་རྩེ་གཅིག་སྐྱོང་བར་སྙིང་རུས་བསྐྱེད། །སྐབས་དོན་ལ། རང་སེམས་ལ་བཅོས་བསྒྱུར་བཟོ་བཅོས་གང་ཡང་མ་བྱས་པར་སེམས་ཁོ་རང་གིས་ཁོ་རང་ངོ་ཤེས་ཙམ་རིག་ཙམ་པའི་ངང་དུ་འཇོག་པ་དེ་ལས་ལྷག་པ་བྱ་རྒྱུ་གང་ཡང་མེད། དེ་ལྟར་བཞག་པས་ཀྱང་མི་སྡོད་པར་འགྱུ་བ་བན་བུན་དུ་ཤར་བ་བྱུང་ན། གང་ཤར་གྱི་རྣམ་རྟོག་དེ་ལ་འཇིག་རྟེན་ཕལ་བ་ལྟར་འདི་ནི་འདིའོ། །དེ་ནི་དེ་འདྲ་ཞིག་གོ་བསམ་པ་ལྟ་བུའི་རྗེས་སྙོགས་བརྟག་དཔྱད་བསམ་གཞིག་གང་ཡང་མི་བྱེད་པར། ཤར་མཁན་དེ་གང་ན་འདུག །གང་འདྲ་ཞིག་ཡིན་ཁ་ནང་དུ་བསློགས་ནས་བལྟས་པས་རྣམ་རྟོག་ལ་དང་པོ་བྱུང་བའི་ཁུངས་མེད། ད་ལྟ་གནས་པའི་ས་མེད། ཐ་མར་འགྲོ་བའི་ཡུལ་མེད་པས་རང་སྟོང་གཞི་མེད་རྩ་བྲལ་དུ་འགྲོ་བ་ཡིན། མདོར་ན་དགའ་སྡུག་བཏང་སྙོམས་ལུང་མ་བསྟན་གྱི་རྣམ་རྟོག་ཇི་འདྲ་ཞིག་འཆར་ཡང་གང་ཤར་ངོས་ཟིན་ཞིང་། བརྗེད་འབྱམས་འོག་འགྱུར་མ་ཤོར་བར་བྱ། དགའ་སྡུག་ལ་སོགས་པའི་རྩིས་བཞག་གང་ཡང་མ་གཏང་བར་རང་ཐོག་ཏུ་བཞག་པས་ཅི་ཞིག་ན་གནས་པ་ལ་རང་དབང་ཐོབ། ལྷག་མཐོང་གི་རྩལ་ཐོན་པས་སྒོམ་ལ་ཡར་སྐྱེད་འབྱུང་བ་ཡིན། དེའི་ཚེ་བློ་ཚོད་རྒྱུད་ཚོད་ལ་དཔགས་པའི་བོགས་འདོན་བླ་མ་ལྟ་དགོངས་ཀྱི་མཁྱེན་པ་ཅན་ལ་ཞུས་པས་ཆོག །ལར་རྟོགས་པ་དང་མ་རྟོགས་པ་གཉིས་ཀྱི་ས་མཚམས་ལ་ལག་པའི་ལྟོ་རྒྱབ་ཙམ་ལས་མེད་པས། རང་ངོ་རང་གིས་ཤེས་པ་ལ་སྒོམ་ཟེར། མ་ཤེས་པ་ལ་འཁྲུལ་པ་ཟེར། ཐུགས་དམ་པ་དང་འཇིག་རྟེན་པའི་རྣམ་རྟོག་ཤར་ལུགས་ལ་ཁྱད་མེད་ཀྱང་རྣམ་རྟོག་ལ་བདག་རྐྱེན་སྤྲོད་མི་སྤྲོད་ཀྱིས་ཁྱད་པར་ཡོད། འཇིག་རྟེན་པ་རྣམས་སེམས་ལ་གང་ཤར་ལ་བདག་རྐྱེན་སྤྲོད། འདི་བྱས་ན་ཡོང་། འདི་མ་བྱས་ན་མི་ཡོང་། འདི་ལ་འདི་བྱེད། སྔོན་ལ་དེ་བྱས་ན། རྗེས་ལ་འདི་ཡོང་བསམ་པ་དེ་སྦུགས་ལ་བསྐྱིལ། ཁ་ལ་བཏོན། ལག་པར་བླངས་པས་ཆགས་སྡང་རྨོངས་གསུམ་གྱི་ངང་དུ་འཁྲུལ་པ་ལུ་གུ་རྒྱུད་དུ་སོང་སྟེ། དེའི་བག་ཆགས་ཨ་འཐས་པས་འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་མོད། ཐུགས་དམ་པས་གང་ཤར་རང་ཐོག་ཏུ་གཞི་རྩ་བཅད། ཤེས་པ་ལུང་མ་བསྟན་ཐེར་ལ་བཏོན། སྐྱོན་ཡོན་གང་གིས་ཀྱང་མ་བསླད་པའི་ད་ལྟའི་རིག་པ་རྗེན་པ་འདི་ཉམས་སུ་བླངས་པས། དགོངས་པ་ཀློང་དུ་གྱུར་ཙ་ན་མྱ་ངན་ལས་འདས་པའི་ས་ལ་སླེབས་པ་ཡིན། དེ་ལྟ་བུ་དོན་དུ་གཉེར་བ་ལ་འཇིག་རྟེན་མི་ཁྱུ་ནས་བུད། བློ་བླ་མ་དང་དཀོན་མཆོག་ལ་གཏད་དེ་གཞན་གྱི་ཁ་ལ་མི་ཉན། རང་ཚོད་རང་གིས་བཟུང་སྟེ་གྲུབ་ཐོབ་གོང་མའི་རྣམ་ཐར་ལ་བལྟ། རྐྱེན་ངན་དང་ནད་གདོན་བྱུང་ན་སྒྲིབ་པའི་བུད་ཤིང་དུ་བསམས་ཏེ་ལས་ངན་ཟད་པ་ཡིན་སྙམ་ནས་དགའ་བ་བསྒོམ། ཟས་གོས་གང་བྱུང་ཙམ་ལ་བློ་ཕུགས་གཏོད་པ་ལས་ལྟོ་ཕྱིར་ཆོས་བློས་མི་གཏང་། དགའ་བོ་དང་སྐྱིད་པོ་བྱུང་ཡང་དེ་ཉིད་རྟག་པ་མེད་ཅིང་མདང་གི་རྨི་ལམ་དང་འདྲ་བས་འདོད་ཡོན་སྒྱུ་མར་སྦྱང་། དེ་ལྟ་བུའི་ཕོ་ཚུགས་ཀྱིས་གཡའ་ཁྲོད་དང་གངས་ཁྲོད་ལ་སོགས་པར་སྒྲུབ་པའི་སྲོག་མཁར་བཙུགས་ནས་གྲུབ་ཐོབ་གོང་མའི་རྣམ་ཐར་འཁྱོངས་ཏེ་སྐྱེ་འཆིའི་འདུ་ཤེས་ཟད་པ་ཙམ་མ་བྱུང་ཡང་། འཆི་ཁར་འགྱོད་པ་མེད་པ་ཞིག་ངེས་པར་ཡོང་དགོས་པ་ཆོས་བྱས་པའི་དོན་རྡོ་ལགས། ཞེས་རང་བྱུང་པདྨའི་གསུང་གི་སྒྲུབ་གནས་དབང་ཆེན་ཕོ་བྲང་འོག་མིན་རང་བྱུང་གི་བྱ་སྐྱིབས་འདུ་འཛིས་དབེན་པའི་མཚམས་མལ་ནས་རྣལ་འབྱོར་པ་མཁྱེན་བརྩེའི་འོད་ཟེར་གྱིས་རིག་འཛིན་ལྷུན་འགྲུབ་ལ་གདམས་པ་དགེ་བར་གྱུར་ཅིག །
༈ བཟོ་མེད་ལྷིང་པ་རྒྱ་ཡན་ཅོག་བཞག་ཀློང་། །འཁོར་འདས་གཉིས་མེད་བྱ་རྩོལ་བློ་འདས་ཀྱི། །རིག་པ་ལྟ་སྒོམ་སྤྱོད་པ་ལས་འདས་པའི། །གཉུག་མའི་གཤིས་ལ་བླང་དོར་མེད་པར་འདུད། །སེམས་ཀྱི་འཇོག་སོ་ནི། ད་ལྟའི་ཐ་མལ་གྱི་ཤེས་པ་རང་འགྲོས་བཅོས་བསླད་དང་བྲལ་བ་གསལ་རིག་རྗེན་པ་བརྗོད་བྱས་གཏན་ལ་མི་ཕེབས་པ་འདི་ཀ་ཡིན། འདི་ཉིད་དུས་རྟག་པར་མ་བརྗེད་ཙམ་དུ་སྐྱོང་བ་ལ་སྒོམ་ཟེར། འདི་བརྗེད་ན་སྒོམ་མེད། མ་བརྗེད་ན་སྒོམ་ཡོད། མཐར་ཐུག་གི་འཇོག་སོ་ལག་བཅངས་འདི་ཀ་ཡིན་ཏེ་ཀུན་མཁྱེན་གྱིས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས་པའི་ཕྱིར་རོ། །འདི་ལས་ལྷག་པའི་སྒོམ་གནས་ཉམས་དགའ་སྤྲོ་ཅན་དང་། གསལ་ཉམས་ཞེན་པ་ཅན་དང་། མི་རྟོགས་པ་ནག་ཡོར་ཡོར་སོགས་ཅི་བྱུང་ཡང་གོལ་ས་དང་ཤོར་ས་ལས་མ་འདས། དེ་བཞིན་དུ་སྒོམ་བྱེད་དོ། །སེམས་གནས་འདུག་གོ །འདི་ག་རང་ཡིན་ནོ་བསམ་པའི་ངེས་ཤེས་ཐམས་ཅད་ཀྱང་བློའི་ཤུན་པ་ཡིན་པའི་རྒྱུ་མཚན་སྔ་མའི་འཕྲོར། སྒོམ་ཡུན་རིང་ཡང་ཞེན་བློ་མ་ཞིག་ན། །ངལ་བ་དོན་མེད་རབས་ཆད་ཁེ་གྲགས་འདྲ། །ཞེས་པས་ཤེས་སོ། །དེའི་ཕྱིར་ད་ལྟའི་ཤེས་པ་བཅོས་བསླད་བསམ་བརྗོད་དང་བྲལ་བ་འདི་དུས་རྟག་པར་དྲན་མཁས་ན་སྒོམ་ཟེར། རིག་པ་ཟེར། ཀ་དག་ཟེར། འདི་མ་དྲན་ན་འཁྲུལ་པ་ཟེར། མ་རིག་པ་ཟེར། སེམས་ཟེར། འཁོར་འདས་གཉིས་རིག་མ་རིག་ཙམ་ལས་གཞན་ཅི་ཡང་མིན། དེ་ལྟར་དུ་སྒོམ་དུས་རྣམ་རྟོག་ཟི་སྤིར་གྱིས་གནོད་པ་བྱུང་ན། རྣམ་རྟོག་རང་ཡང་སྒོམ་ལས་མ་འདས་པས་རྣམ་རྟོག་དེ་འོག་འགྱུ་ཁེར་རྐྱང་མ་ཡིན་པར་ཁོ་རང་གིས་ཁོ་རང་ངོ་ཤེས་ན་དེ་ལ་རྣམ་རྟོག་སྒོམ་ཤར་ཟེར། ཡིན་ཡང་དང་པོའི་རིང་ཡེངས་མ་ཡེངས་ཀྱི་སོ་མཚམས་ཕྱེད་པར་ཤིན་ཏུ་དཀའ་བས་ཐོག་མ་ནས་རྣམ་རྟོག་ལམ་ཁྱེར་མི་བྱེད་ཅིང་། གང་ཤར་ལ་ཅེར་གྱིས་བལྟས་ནས་དེ་ལ་བརྟག་དཔྱད་དང་བསམ་གཞིག་ཅི་ཡང་མི་བྱེད་པར་རིག་པ་རང་ཚོ་ཟིན་ནས་འཇོག །དེ་ལ་བརྟན་པ་ཐོབ་ཙ་ན་གནས་ཐོག་ནས་རྣམ་རྟོག་ལྷང་གིས་ཤར་བ་ཞིག་འབྱུང་། དེའི་ཚེ་ལྷག་མཐོང་གི་རྩལ་ཤར་བ་ཡིན་པས་གནས་འགྱུ་དབྱེར་མེད་ལ་སྔར་གྱི་ཆེར་དེ་ལྟ་བས་རྒྱས་འདེབས་དེ་ཡང་མི་བྱེད་པར་འཛིན་མེད་ཁོང་གྲོལ་དུ་བསྐྱང་ངོ་། །དེ་ཙམ་གྱིས་ཞི་ལྷག་ཟུང་འབྲེལ་གྱི་བདེན་པ་ཐུན་མོང་བ་མཐོང་ལ་ཐུག་པའི་གེགས་སེལ་བོགས་འདོན་གྱི་བསྡོམས་ཚིག་བསྟན་ཟིན་ཏོ། །ཨེ་མ་ནམ་འཆི་ངེས་མེད་ནམ་མཁའི་གློག་དང་འདྲ། །དགྲ་གཉེན་ངེས་མེད་སྟོན་ཀའི་སྤྲིན་དང་འདྲ། །འདུས་པ་མི་རྟག་ཚོང་འདུས་འགྲོན་པོ་འདྲ། །མི་རྟག་རྟག་པར་མ་འཛིན་ལྷ་ཆོས་རེམས། ༡ །ཚེ་འདིའི་ཁེ་གྲགས་ཟས་ནོར་ལོངས་སྤྱོད་ཀྱི། །བསླུས་པ་མ་གཏོགས་ཕན་ཆེར་བཏགས་པ་མེད། །འདོད་ཡོན་སྣང་བ་སྒྱུ་མ་ལྟ་བུ་ལ། །བདེན་ཞེན་འཆིང་བའི་རེ་དོགས་ཕྲ་སར་ཆོད། ༢ །དཀར་ནག་ལས་འབྲས་ཤིན་ཏུ་དབང་བཙན་པས། །མྱོང་འགྱུར་ཐམས་ཅད་རང་གི་གཉའ་བར་འབབ། །དེ་ཕྱིར་སྡིག་སྤོང་དགེ་བསྒྲུབ་བླང་དོར་ལ། །ཤེས་བཞིན་དྲན་པས་བརྟགས་ནས་སྙིང་པོ་ལེན། ༣ །སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་དང་། །བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ལ། །བློ་སྙིང་བྲང་གསུམ་ཐོད་ལ་གསོལ་བ་ཐོབ། །སྙིང་པོ་བཛྲ་གུ་རུ་ཡིག་དྲུག་ཆོངས། ༤ །སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་ཉིད་ལ། །ཐ་མལ་རང་དགར་ལྟ་བའི་དངོས་ཞེན་སྤང་། །བསྐྱེད་རིིམ་བཟླས་བརྗོད་ཚེས་བཅུའི་དུས་མཆོད་ལ། །ཆག་མེད་དམ་བཅའི་རི་མོ་བརྟན་པར་ཟུང་། ༥ །མ་བྱས་ལྷུན་གྲུབ་རང་ལུས་དཀྱིལ་འཁོར་ན། །རིག་རྩལ་ཞི་ཁྲོའི་ལྷ་ཚོགས་འབྲལ་མེད་ཕྱིར། །བཟའ་བཏུང་ཚོགས་ཀྱི་འཁོར་ལོར་མོས་ལ་འབུལ། །དེ་ཡིས་ལོག་འཚོའི་ཟས་ཀྱི་ཉེས་པ་འགག །༦ །བཟང་ངན་སྐྱིད་སྡུག་ལེགས་ཉེས་འཆི་བ་སོགས། །ཐམས་ཅད་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཏེ། །ཀ་དག་བྱ་རྩོལ་བྲལ་བའི་དབྱིངས་ཆེན་པོར། །རོ་གཅིག་གཉུག་མའི་ངང་ལ་བསྐྱུར་ནས་ཞོག །༧ །རྒྱུད་སྡེ་རྒྱ་མཚོའི་དྭངས་བཅུད་ཡོ་ག་གསུམ། །དེ་ཡི་བསྐྱེད་རིམ་ལམ་ཁྱེར་དེ་ལ་ཚང་། །ལེ་ལོ་ཕྱི་བཤོལ་སྤངས་ལ་རྡོ་རུས་གཏུགས། །པདྨ་འོད་དུ་འཛོམ་པའི་སྨོན་ལམ་ཐོབ། ༨ །ད་ནི་མི་སྡོད་དབེན་པར་སྒོམ་དུ་འགྲོ། །ཆགས་སྡང་སྒྲོག་ལས་གྲོལ་བའི་བྲག་ཕུག་ན། །སྣང་སེམས་དབྱེར་མེད་དག་པའི་ཐིག་ལེ་དང་། །བློ་ཟད་ཆོས་ཟད་དངོས་གྲུབ་ཡོད་དོ་སྐད། ༩ །འདི་ནི་གངས་རིའི་ཁྲོད་ཀྱི་སྒྲུབ་པ་པོ། །ཤེས་རྒྱུད་མཁའ་ལྟར་དག་པའི་བྱ་བྲལ་བ། །ལྟོས་མེད་ཅི་དགར་སྤྱོད་པའི་གཉའ་ཡངས་པོས། །དག་སྣང་དཀར་བའི་ཚོམ་བུར་སླར་ཡང་གདམས། ༡༠ །ཞེས་པའང་གསར་བུ་བ་རྣམས་ལ་ཉམས་ཁྲིད་དམར་བཅངས་ཀྱི་རྒྱབ་སྐྱོར་དུ་གདམས་པའོ། །
༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཚེ་འདི་སྐྱིད་ཀྱང་དེ་རིང་ཉིན་གང་ཙམ། །ཕྱི་མའི་སྣང་བ་མི་རིང་སང་བཞིན་འོང་། །བར་དོའི་འཁྲུལ་སྣང་དོ་ནུབ་རྨི་ལམ་ཚུལ། །ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབུངས། །སང་བྱ་གནངས་བྱས་མི་ཚེའི་བསྲེག་བརྡར་བྱེད། །ཆོས་ལ་འཇུག་ཁར་གེགས་ནི་ཅིར་ཡང་བརྫུ། །གཏན་འདུན་སློབ་མཁན་བླ་མ་མ་གཏོགས་པ། །སུ་ཡང་མི་འབྱུང་བློ་སྣ་ཕྲལ་དུ་བསྟུང་། །དྲག་ཞན་མཆོག་དམན་ཐམས་ཅད་ཤི་བ་ལས། །མ་འདས་དེ་ལ་ཕན་པ་ཆོས་ལས་མེད། །འཆི་བ་བཙན་ཐབས་བྱུང་ན་འགྱོད་ཀྱང་ཕྱིས། །དེ་རིང་ཉིད་ནས་རི་ཁྲོད་དབེན་གནས་སྙོགས། །ད་ནི་དུས་ངན་སྙིགས་མའི་མཐའ་ལ་ཐུག། །མི་འདོད་སྡུག་བསྔལ་ཐམས་ཅད་ཐོག་ཏུ་བབས། །སེམས་ཅན་ཀུན་ལ་བདེ་སྐྱིད་མི་འདུག་པས། །གཏན་བདེའི་འབྱུང་གནས་དམ་པའི་ལྷ་ཆོས་འབུངས། །ཚེ་འདི་རིང་ཡང་ལོ་བརྒྱའི་ཁོངས་སུ་མཛད། །ཤི་བས་མི་ཆོག་ངན་སོང་སྡུག་བསྔལ་འཇིགས། །བསྐལ་བར་བསགས་པའི་ལས་འབྲས་རྗེས་ལ་འབྲེང་། །དེ་ལ་ཕན་པའི་མན་ངག་ལྷ་ཆོས་མཛོད། །རི་ཁྲོད་བས་མཐར་གོམ་བདུན་བོར་ན་ཡང་། །ཕན་ཡོན་དཔག་མེད་རྒྱལ་བ་ཉིད་ཀྱིས་གསུངས། །སྒྲུབ་པར་གཞོལ་ན་ཚེ་གཅིག་ལུས་གཅིག་ལ། །མངོན་སངས་རྒྱ་བ་གསང་སྔགས་ཁྱད་ཆོས་ཡིན། །སྙིང་རུས་གནད་དུ་སྨིན་པ་ཁྱོད་ཀྱིས་མཛོད། །གདམས་ངག་ཟབ་དགུའི་བདུད་རྩི་ཁོ་བོས་སྟེར། །ཚེ་དང་སྒྲུབ་པ་མཉམ་པའི་རྟེན་འབྲེལ་ཞིག །འགྲིག་ན་ཕྱི་མའི་འགྲོ་ས་པདྨས་སྟོན། །སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་དེ། །བོད་འབངས་ཁ་བ་ཅན་གྱི་ལྷ་སྐལ་ཡིན། །གསོལ་འདེབས་ནུས་ན་མི་བསླུའི་ཐ་ཚིག་ཡོད། །བློ་སྙིང་བྲང་གསུམ་ཐོད་ལ་གསོལ་བ་ཐོབ། །བདག་འདྲ་རྨོངས་ཀྱང་བརྒྱུད་པ་བཟང་པོའི་བུ། །འཇིག་རྟེན་སྣང་བ་རྨི་ལམ་སྒྱུ་མར་མཐོང་། །དབེན་གནས་རི་ཁྲོད་འགྲིིམ་པ་ཆོས་ལུགས་ཡིན། །བདག་རྗེས་འབྲངས་ལ་དལ་རྟེན་དོན་ཡོད་མཛོད། །ཅེས་ཆོས་ལ་མོས་པའི་བློ་ཅན་དབུ་ཚལ་སྐོར་ལམ་རྒྱབ་པའི་མི་རྒན་དབང་འདུས་ལ་བྱ་བྲལ་མཁྱེན་བརྩེའི་འོད་ཟེར་གྱིས་འོག་མིན་རྡོ་རྗེའི་བྲག་ཏུ་གདམས་པའོ། །
༈ ཨེ་མ་ཧོ། །བཀའ་དྲིན་འཁོར་མེད་རྒྱལ་སྲས་པད་འབྱུང་དང་། །ཡེ་ཤེས་ཌཱཀྐིའི་གཙོ་མོ་མཁའ་ཆེན་བཟའ། །བི་མ་བཻ་རོ་རྗེ་འབངས་ལོ་པཎ་གྱི། །བཀའ་དྲིན་བསམ་བཞིན་འཁོར་ཐབས་མ་མཆིས་སོ། །ཁྱོད་ཀྱི་སྙན་དབང་ཆུ་སྐྱེས་པདྨོའི་དབུས། །ཙིཏྟ་དམར་པོའི་འདབ་སྟོང་རབ་བཀྲོལ་བའི། །གཏམ་གསུམ་བདུད་རྩིའི་ཐིགས་པ་སྒྲོན་པ་ཡིན། །འདུ་ཤེས་རྣལ་མར་ཞོག་ལ་གསོན་དང་ཞུ། །དལ་འབྱོར་རིན་ཆེན་ཐོབ་པ་ད་རེས་ཙམ། །ཉིན་སྐར་མཚན་མོའི་ཉི་མ་ཇི་བཞིན་དུ། །མི་སྲིད་པ་ཞིག་རྙེད་ཀྱང་ཆུ་བུར་དང་། །ནམ་མཁའི་གློག་བཞིན་ཤིན་ཏུ་ཡ་མ་བརླ། །ངེས་པར་འཆི་བ་མི་རྟག་མ་དྲན་ན། །ཆོས་ཀྱི་དྲན་བསྐུལ་ལྕག་འདེབས་མི་འབྱུང་བས། །སྟོད་སྨད་ཀུན་ཏུ་ཤི་བའི་མི་རོ་ལ། །གཟིགས་ནས་དུས་བཞིར་འཆི་བ་དྲན་པ་གཅེས། །ཟང་ཟིང་ལོངས་སྤྱོད་ཕུན་སུམ་ཚོགས་ན་ཡང་། །འཆི་ཚེ་ཁྱེར་དབང་ཡོད་པ་ལྟ་ཞོག་གི །རང་གི་སྙིང་ལྟར་གཅེས་པའི་དངོས་པོ་ཡང་། །དགྲ་ཡི་དྭངས་མས་སྤྱོད་པ་མ་གཟིགས་སམ། །སང་དང་འཇིག་རྟེན་ཕྱི་མའི་བར་ལག་ན། །དབུགས་ཀྱི་འབྱུང་འཇུག་ཙམ་ལས་མི་འདུག་པས། །བྲལ་སྣང་སྲིད་པའི་བདེ་ལ་མ་ཞེན་པར། །ངེས་འབྱུང་རྒྱུད་ལ་བསྐུལ་ནས་རི་ཁྲོད་འགྲིམས། །ཕྱི་ཡི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་། །ནང་གི་དགྲ་གཉེན་བར་མའི་འགྱུར་ལྡོག་དང་། །གསང་བར་རྣམ་རྟོག་འཕྲོ་འདུའི་འགྱུར་ལྡོག་གསུམ། །གཟིགས་དང་ལྟད་མོ་ཆེན་པོ་འདི་ན་སྣང་། །འཁོར་འདས་ལེགས་ཉེས་ཐམས་ཅད་སེམས་ཀྱིས་བྱས། །བདེ་དང་སྡུག་བསྔལ་ལས་ལ་བརྟགས་གྱུར་ན། །གང་ལ་ཞེན་པའི་ཕྱི་ལ་མི་ཚེ་ཟད། །དལ་འབྱོར་རིན་ཆེན་སྟོང་ཟད་བྱེད་པ་མང་། །དགྲ་གཉེན་བར་མ་གསུམ་གྱི་རྣམ་རྟོག་ཀྱང་། །ཐ་མལ་སྐྱེ་བོའི་ངོ་ཁར་ཆགས་སྡང་ཆེ། །ཆོས་པས་བྱུང་གནས་འགྲོ་གསུམ་བརྟག་ཤེས་ན། །བདེན་པར་གྲུབ་པ་རྡུལ་ཙམ་ཡོད་མ་ཡིན། །ཚེ་འདི་ནམ་འཆི་ཆ་མེད་ཡིན་པ་ལ། །རྟག་ཆགས་ཞེན་པར་བཟུང་བས་གཏན་འདུན་ཉེས། །སྐྱིད་སྡུག་དགྲ་གཉེན་རྣམ་རྟོག་ཡལ་བཅུག་ན། །སྐྱིད་པོའི་རྩ་བ་མ་བྱས་ལྷུན་གྲུབ་ཡིན། །བྲག་ཕུག་རང་ཤོང་ས་ཕུག་སྐྱིལ་ཆུང་སོགས། །སྡེ་དགོན་འདུ་འཛིས་དབེན་པའི་གནས་ཤིག་ཏུ། །སྐྱོ་ཤས་ངེས་འབྱུང་ངམ་ངམ་ཤུགས་ལ་འཆར། །དེ་ཕྱིར་བས་མཐའི་ཕན་ཡོན་བསམ་མི་ཁྱབ། །ཆོས་བརྒྱད་འདུ་འཛིས་རྒྱགས་པའི་སྒྲོབ་བརྗིད་དང་། །སྲིད་བདེའི་འཆིང་བར་ཞེན་པའི་འུད་གོག་འདིས། །ཐར་ལམ་དམྱལ་བར་འདྲེན་པའི་ཕོ་ཉ་བྱེད། །དབེན་གནས་རྫ་ཆུ་བསིལ་བའི་ཡོན་ཏན་སོམས། །ཀྱེ་ཧོ་དེ་རིང་རིག་པའི་ཁྱེའུ་ཆུང་། །སྐྱོ་ཤས་ངེས་འབྱུང་བསིལ་བུས་རབ་བསྐུལ་བས། །གྲུབ་ཐོབ་གོང་མའི་རྣམ་པར་ཐར་པ་དྲན། །འཇག་ཚོ་གཞོན་པའི་མི་ཚེ་བུད་པས་འགྱོད། །ད་ནི་སྙིགས་མའི་ལོག་སྤྱོད་འགྲོ་ཀུན་གྱི། །རྒྱུད་ལ་ཞུགས་ནས་ཆོས་བྱར་མི་ཁོམ་པས། །ཕལ་ཆེར་ངན་སོང་བསྒྲུབ་པའི་སོ་ནམ་སྤེལ། །འདི་ཀོ་བསམ་བཞིན་སྙིང་རླུང་གཅོང་གིས་ཟིན། །ཀྱི་ཧུད་སོ་དཀར་མི་ཚེ་ཡད་ཡུད་ལ། །སོང་བས་ད་ནི་འཆི་ལ་ཇེ་ཉེར་སོང་། །ཤི་ཚེ་དམ་པའི་ལྷ་ཆོས་མ་གཏོགས་པ། །གཞན་གྱིས་ཕན་པ་མེད་པས་སེམས་པ་སྐྱོ། །ཨ་ཧོ་བདག་ལ་མོས་པའི་མཆེད་གྲོགས་ཀུན། །ཚེ་འདིའི་ལེགས་ཉེས་མཐའ་དག་ཆམ་གྱིས་བསྐྱུར། །ན་དགའ་ཤི་སྐྱིད་གང་བྱུང་དེས་ཆོག་བློས། །བས་མཐའི་ནགས་ཁྲོད་འགྲིམ་པར་ད་ནི་སྤྱོན། །འཇིག་རྟེན་སྣང་སྲིད་དྲི་ཟའི་གྲོང་ཁྱེར་འདྲ། །དེ་ལ་ཞེན་པས་འཆིང་བ་མཚང་རེ་ཆེ། །རྟོག་མེད་སྤྲོས་བྲལ་གཞི་གྲོལ་གཉུག་མའི་ངང་། །གློད་དང་གཏན་འདུན་འགྲུབ་པར་ང་རང་ཤེས། །བསྟན་པའི་བདག་པོ་ཤཱཀྱ་སེང་གེ་དང་། །བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །བཀའ་དྲིན་མཚུངས་མེད་སློབ་དཔོན་ཆེན་པོ་ལ། །བློ་སྙིང་བྲང་གསུམ་གཏོད་དང་བསམ་དོན་འགྲུབ། །ཡོན་ཏན་འབྱུང་གནས་སུམ་ལྡན་བླ་མ་དེ། །རྒྱལ་ཀུན་འདུས་པར་རྒྱལ་བས་ལན་བརྒྱར་བསྔགས། །གསོལ་འདེབས་མོས་གུས་ནུས་ན་བྱིན་རླབས་འཇུག །ཐུགས་རྒྱུད་རྟོགས་པ་འཕོས་ཚེ་འཚེངས་པ་ཡིན། །སྣ་ཚོགས་བྲག་རིའི་བ་གམ་བརྗིད་ཆགས་ཤིང་། །ལྕུག་ཕྲན་ལུ་གུ་རྒྱུད་དུ་ཡོངས་འབྲེལ་ལ། །བྱ་དང་རི་དྭགས་རྩེད་འཇོར་རོལ་པའི་གནས། །དེ་རུ་གཤེགས་ལ་ཟབ་མོའི་ཏིང་འཛིན་སྒོམས། །བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་གདལ་བས། །སེམས་ཅན་ཀུན་ཀྱང་ཐམས་ཅད་མཁྱེན་པའི་རྒྱུ། །རིག་དང་མ་རིག་གཉིས་ཀྱི་ལྟོ་རྒྱབ་ལས། །མེད་དོ་ད་ནི་ཟག་མེད་འོད་གསལ་སྒོམས། །དེ་སྐད་ཀློང་གསལ་རིག་པའི་གསལ་མདངས་ལ། །ཤར་བ་ཇི་བཞིན་ཡི་གེར་འགོད་དགོས་ཞེས། །ཙནྡྲའི་མཚན་ཅན་དེ་ཡིས་བསྐུལ་བ་བཞིན། །འོག་མིན་ལྗོན་ཤིང་བསིལ་གྲིབ་ལ་བརྟེན་བྲིས། །དགེ་བས་འགྲོ་ཀུན་བློ་ཁ་དམ་ཆོས་ལ། །འགྱུར་བར་དུས་གསུམ་རྒྱལ་བས་བྱིན་གྱིས་རློབས། །
༈ ཨེ་མ་ཧོ། བཟོ་མེད་ལྷུག་པ་ཁ་ཡན་རང་གའི་གཤིས། །བླང་དོར་བརྗོད་བྲལ་གཏིང་གསལ་བུམ་པའི་སྐུ། །གུ་ཡངས་རང་གྲོལ་དྲི་མེད་འོད་ཟེར་ལ། །བློ་འདས་དྲན་པའི་རྒྱུན་གྱིས་ཕྱག་བགྱིའོ། །སྒོམ་དོན་གྱི་སྙིང་པོ་དཔེ་དང་ཚིག །ངོས་བཟུང་དང་བྲལ་བ་ཡིན་ནོ་ཞེས། །ས་སྟེང་ལ་རླུང་ལྟར་གྲགས་མོད་ཀྱི། །དྲན་རིག་ལ་བཅོས་བསྒྱུར་མེད་པ་གནད། །བྱིིང་རྒོད་ཀྱི་རྐྱེན་སེལ་མ་ལགས་པ། །རིག་པ་ལ་རྒྱ་སྐྱེད་ནང་འགུགས་སོགས། །བློས་བྱས་ཀྱི་ལྟ་བ་ཡིན་པའི་ཕྱིར། །སྤྲོ་བསྡུ་དང་འཛིན་ཞེན་གང་དགར་ཐོང་། །དྲན་ཙམ་ལས་སྐྱོད་རྒྱུ་མེད་པ་སྐད། །ཕྱག་རྫོགས་ཀྱི་ལྟ་སྒོམ་ཡིན་མོད་ཀྱང་། །དྲན་རིག་ལ་འཛིན་ཞེན་ཞུགས་པ་ན། །འདི་ཉིད་ཀྱིས་སྒོམ་ཆེན་ཕལ་ཆེར་བསླུ། །བརྗོད་མེད་ཀྱི་ཤེས་པ་ཡེ་འབྱམས་ལ། །ཡིན་མིན་གྱི་ཐེ་ཚོམ་ཟ་བ་དེ། །ཐོས་པ་ལ་ཐག་ཆོད་མེད་པས་ལན། །ཁ་ཡན་དུ་ཐོང་ལ་རང་བབས་ཞོག །གང་ཤར་གྱི་རྣམ་རྟོག་ཐམས་ཅད་ལ། །ཆེད་འཛིན་གྱིས་རྒྱང་སོ་བྱ་མ་དགོས། །ཤར་མཁན་གྱི་རིག་སྟོང་རྗེན་པའི་ཀློང་། །ཡིན་མིན་གྱི་སྤུ་རིས་མ་འབྱེད་ཅིག །བདེ་གསལ་དང་མི་རྟོག་གསུམ་གྱི་ཉམས། །རྩེ་གཅིག་གི་བློ་ཤུན་ཁོ་ན་ཡིན། །འདོད་གཟུགས་ཀྱི་ས་བོན་ལས་མི་འདའ། །འཛིན་ཞེན་གྱིས་མ་བསླད་ཤིན་ཏུ་གཅེས། །ཤར་གྲོལ་གྱི་ཡིན་ལུགས་རིག་པའི་ཚེ། །ལྷག་མཐོང་གི་རྒྱང་སོ་ཚུགས་པ་ཡིན། །འདི་ཉིད་ལ་གཤིས་ཤོར་གྱི་གོལ་ས་ལྡང་། །གཏད་མེད་ཀྱི་ངང་ནས་འཇུར་དྲན་གློད། །ལས་དང་པོའི་དུས་སུ་དྲན་པ་གཙོ། །དྲན་པ་ལ་བཅོས་བསྒྱུར་མི་དགོས་ཚེ། །གཟུང་དྲན་འདིས་ཐུགས་དམ་བཅོམ་པ་མང་། །མ་བསྒོམས་པར་རིག་པ་དབྱིངས་སུ་བསྒྱུར། །སྒོམ་བྱེད་དང་ཡིན་མིན་ཤན་འབྱེད་ཀྱི། །ཤེས་པ་དེ་ཁུངས་མེད་བརྗོད་བྲལ་དུ། །མ་སོང་བར་མོས་དཔྱོད་ཁོ་ན་ལས། །ཡང་དག་གི་བདེན་པ་མཐོང་བ་མིན། །འཕྲོ་གནས་ཀྱི་སྤུ་རིས་ཡོད་ཕྱིན་ཆད། །ཤེས་སྒྲིབ་ཀྱི་གོལ་ས་ལྡན་པའི་ཕྱིར། །ལྟ་སྒོམ་གྱི་ཞེན་པ་ཁོང་གྲོལ་དུ། །མ་སོང་བར་སྙིང་ལ་རྡོ་རུས་གཏུགས། །དོན་གྱི་འཇོག་སོར། རིག་པ་ཕྱིར་རྒྱ་བསྐྱེད་པ་དང་། ནང་དུ་བསྡུ་བའི་ཤེས་པ་གཉིས་ཀ་གཏད་མེད་རང་བབས་སུ་བསྐྱུར་ལ་དྲན་ཙམ་པའི་བྱར་མ་ཡེངས་པའི་ངང་ནས་དྲན་མཁན་ཁོ་རང་ལས་ལྷག་པའི། བདེ་གསལ་གསལ། སྟོང་ཆམ་ཆམ། དགའ་ཡལ་ཡལ། འདི་ཡིན་པ་འདུག །འདི་མིན་པ་འདུག་བསམ་པའི་རྟོག་དཔྱོད་ཐམས་ཅད་གཡས་མེད། རྩིས་མེད། ལྟོས་མེད་ཁོ་ནར་བསྐྱུར་ཐོང་། ད་བསྒོམ་བྱའོ། །བྱས་སོ། །བྱེད་དོ། །སྐྱེས་སོ། །འཛིན་པ་མི་འདུག་གོ །འདི་ག་ཡིན་ནོ་སྙམ་པའི་དྲན་རྒྱུན་ལྷང་ངེ་བ་ཞིག་ཡོད་ཀྱང་། གོལ་ས་ཁོ་ན་ལས་མ་འདས་པས་དབྱིངས་རིག་ཆམ་བརྡལ་གྱི་ངང་ནས་ཡིན་མིན་གྱི་འཛིན་སྟངས་ཞིག་པའི་གུ་ཡངས་རང་བབས་ཀྱི་ཤེས་པ་ལྟ་སྒོམ་ལས་འདས་པ་ཞིག་དགོས། ནམ་རྟོག་རིག་རིག་ཁྱུག་ཁྱུག་གིས་སྐྱོང་སྒོམ་དཀའ་བ་འདུག་སྐད་པ་དེ་རྣམ་རྟོག་ཁོ་རང་ཆོས་ཉིད་དུ་མ་ཤེས་པའི་སྐྱོན་ཡིན་པས་སྐྱོང་མི་དགོས། སྒོམ་མི་དགོས། རྣམ་རྟོག་དེ་གའི་ཐོག་ཏུ་ཤེས་པ་སྤུ་མ་བརྗེ་བ་མདོག་མ་བསྒྱུར་བར་ཞོག་དང་རྗེས་མེད་རྩིས་མེད་དུ་འགྲོ་བ་ཡིན། གཙོ་བོར་ཐུགས་དམ་གྱི་རིགས་འདི་བླ་མའི་བྱིན་རླབས་ཁོ་ན་ཞུགས་པ་ལས་བླ་མའི་རྟོགས་པ་རང་རྒྱུད་ལ་འཕོས་ན་དགོངས་བརྒྱུད་ཀྱི་འཕོ་བ་ཐོབ་པ་ཡིན་པས་བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན་པ་གལ་ཆེ། །
༈ ཕ་ཨོ་རྒྱན་རྗེ་ལ་སྙིང་ནས་འདུད། །ལམ་མཆོག་གསང་བླ་མེད་རྫོགས་པ་ཆེའི། །དོན་གཉུག་སེམས་འཛིན་སྟངས་ཞིག་པའི་ཀློང་། །གཞི་ཀ་དག་བཙན་ས་ཟིན་པར་ཤོག། ཁྱེད་ཀྱིས་དྲི་བ་གཉིས་པའི་དོན། །རང་བབས་ཤེས་པ་སྤང་བླང་དང་། །བྲལ་ཐབས་མ་མཆིས་རིག་ཁྱུག་གི །རྣམ་རྟོག་རང་ཤར་རང་གྲོལ་ལས། །རྒྱུན་ཆད་མེད་ཅིང་ཚོར་མཁན་གྱི། །ཤེས་པའི་ངོ་བོ་ཁོ་རང་ཡང་། །ངོ་ཤེས་ཙམ་ནས་བརྗོད་བྲལ་སྟོང་། །འདི་ཡིན་མེད་པ་འདུག་པ་ལས། །སྒོམ་རྒྱུ་གང་ཡང་མི་འདུག་ཅེས། །སམ་ཊར་རི་མོར་བྲིས་པ་འབྱོར། །རང་བབས་ཤེས་པ་སྤང་བླང་དང་། །ནམ་ཡང་བྲལ་ཐབས་མི་འདུག་ཚེ། །མཚན་མོའི་གཉིད་ལ་ཇི་ལྟར་འདུག །རྣམ་རྟོག་རང་ཤར་རང་གྲོལ་ལ། །རྒྱུན་ཆད་མེད་པ་ངོ་མཚར་ཆེ། །རང་ཤར་རང་གྲོལ་སྐད་པ་དེ། །སྒོམ་ཆེན་ཡོངས་ལ་གྲགས་ཆེ་མོད། །དེ་ཕྱིར་འདི་ལ་རྣམ་གྲངས་མང་། །རྣམ་རྟོག་ཐོལ་སྐྱེས་ཕྲལ་དུ་རིག །རིག་ཙམ་ཉིད་ནས་སྟོང་པ་རུ། །འདུག་གམ་ཡང་ན་རིག་མཁན་དང་། །རྣམ་རྟོག་གཉིས་པོ་དང་པོ་ནས། །དབྱེར་མེད་ཤར་ནས་དབྱེར་མེད་དུ། །གྲོལ་ནས་སྟོང་པར་འགྲོ་འདུག་གམ། །ཡང་ན་ཤར་དང་མ་ཤར་གྱི། །སྤུ་རིས་འབྱེད་པའི་མཁན་པོ་དེ། །མེད་བཞིན་རང་རིག་ཐ་མལ་གྱི། །རིག་པ་ཟང་ཐལ་ཆེན་པོའི་ངང་། །གནས་འཕྲོའི་ཐ་སྙད་བྲལ་བ་ཞིག །འདུག་གམ་དེ་ཡི་གནས་ལུགས་སྨྲོས། །ལར་སྒོམ་ལ་སྐྱོང་རྒྱུ་མེད་པ་དེ། །གཞི་གཉུག་མའི་རང་འགྲོས་ལོས་མོད་ཀྱང་། །རྒྱུ་མ་རིག་གསུམ་གྱི་སྒྲིབ་པ་འདིས། །དོན་ཡིན་ལུགས་ཀྱི་རང་ཞལ་འགགས་པ་མང་། །ལར་སེམས་དང་རིག་པ་མ་ཕྱེད་ཅིང་། །སྒོམ་སྟོང་གསལ་གྱི་འཛིན་སྟངས་མ་ཞིག་ན། །དེ་རྗོགས་པ་ཆེན་པོའི་ཀ་དག་མིན། །དེ་ཡིན་མིན་ཐེག་མཆོག་མཛོད་ལ་དྲིས། །དུས་སྙིགས་མའི་སྣང་ཚུལ་གད་མོ་བྲོ། །ཉམས་རྟོགས་པ་གཉིས་ཀྱི་ལ་ཤན་རྣམས། །སྐབས་མ་ཕྱེད་དྲན་པ་རྒྱུན་ཆགས་ལ། །ཨ་འཐས་ཀྱི་སྟོང་སྦོས་ཁྱེར་བ་མང་། །དེ་ཅི་ཕྱིར་ཞེ་ན་གྲོལ་ཐིག་ལས། །དྲན་པ་རང་གྲོལ་ཐིག་ལེའི་ངངཿ ཁྱབ་གདལ་ནམ་མཁའི་ཁོར་ཡུག་ལཿ དྲན་པས་བཟུང་དང་མ་བཟུང་མེདཿ དྲན་པའི་སྒྲོག་གིས་བཅིངས་པ་བཤགསཿ ཞེས་ཀུན་བཟང་ཡེ་གྲོལ་དགོངས་པ་བཤད། །ཁྱོད་རྣམ་རྟོག་རང་ཤར་རང་གྲོལ་ལ། །དུས་རྒྱུན་ཆད་མེད་དང་རིག་ཁྱུག་གིས། །སྐབས་འགའ་ལ་སྐྱོང་སྒོམ་དཀའ་བའི་ཚིག། །དོན་སྔ་ཕྱི་མི་མཚུངས་དེར་གཞིགས་ན། །ཅི་བརྫུའམ་ཅོ་འདྲིའི་རི་མོ་ལགས། །བདག་ཅུང་ཟད་ཐོས་པས་ཐེ་ཚོམ་ཆོད། །དོན་ཡིན་ལུགས་བསམས་པས་གནད་དོན་རིག །ཚེ་ལྟོས་མེད་དུ་བསྒོམས་པས་བདེན་པ་མཐོང་། །ཚུལ་འདི་འདྲར་སྐྱོ་འཇིགས་བག་ཚ་མེད། །ཅི་ད་དུང་གོ་མྱོང་རྟོགས་གསུམ་གྱི། །ཉམས་དྲི་མེད་འདོད་ན་སྤྲོས་པས་ཆོག །རྩེ་གཅིག་སྟོང་ཕྱོགས་ཀྱི་གོ་བའི་ཀུན་རྟོག་རྟེན་ཅིང་འབྲེལ་འབྱུང་ལས་ཤར་བའི་དྲི་བ་དམིགས་བསལ་གྱི་སྐབས་དོན་ལ། ལུས་ཀྱི་མཚམས་ཁང་དུ་སེམས་ཀྱི་སྒྲུབ་པ་པོ་ཞེས་པའི་ཡིན་ཚུལ། ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་རྣམ་པར་རྟོག་པ་སྣ་ཚོགས་པའི་ལས་ཀྱིས་གཡེང་དུ་མི་འཇུག་པར་དྲན་རིག་ཡེང་མེད་རང་གྲོལ་དུ་བསྟན་པ་ལ་དེ་སྐད་དུ་བརྡ་ཆད་བཞག་པ་སྟེ། དེའི་རྒྱུ་མཚན་ལུས་མཚམས་ཁང་དུ་བཞག་ཀྱང་འོད་གསལ་དྲན་པའི་རྩིས་མ་ཟིན་ན་སེམས་ཀྱི་དྲན་རྟོག་སྣ་ཚོགས་པས་ཡུལ་བགྲོད་པར་འགྱུར་ཏེ་སྙིང་པོ་ཅི་ཡང་མེད་པ་བཙོན་པ་ཁྲི་མུན་དུ་བཅུག་པ་ལྟ་བུ་ལས་མ་འདས་པའི་ཕྱིར་རོ། །ཡང་ལྷ་བྲིས་འབུར་སེམས་མེད་ལ་སེམས་སུ་བཏགས་པ་ཞེས་ཟེར་བ། ལྷ་རབ་གནས་ཚུལ་མཐུན་གྱིས་ཟིན་པའི་བྱིན་ལྡན་ཞིག་ཡིན་ཕྱིན་ཆད་དེ་ལ་སེམས་ཞེས་སྣང་བ་དཀར་དམར་དུ་འབྱེད་པའི་ཀུན་རྟོག་རགས་པ་མེད་ཀྱང་། སེམས་ཅན་གྱི་ཁམས་ལས་ཆེས་ཁྱད་པར་དུ་འཕགས་པ་རྟོག་པ་དང་བྲལ་བའི་ཡེ་ཤེས་ཐུགས་རྗེ་ཆེན་པོ་གདུལ་ཡུལ་ལ་འཆར་བའི་ནུས་པ་ཚད་མེད་པས་བོད་ཀྱི་གཙུག་ལག་ཁང་རྣམ་གསུམ་ལ་སོགས་པས་མཚོན་ཏེ་རྟེན་གསུམ་ཁྱད་པར་ཅན་ལས་དཀར་པོ་རྣམ་པར་འཕེལ་བའི་གཟུགས་སྐུ་ལ་ཡེ་ཤེས་འདྲེས་པ་ལས་བྱུང་བ་ཤེས་པར་བྱ། ཡང་ཐུགས་དམ་སྒོམ་ཕྱོགས་ལ་བྱ་རྒྱུ་མེད་བཞིན་ཆེད་དུ་བྱས་པ་ཐུགས་དམ་ལ་དགེ་མཚན་ཅི་ཡོད་སྐད་པ། གནས་ལུགས་ཀྱི་བཞུགས་ཚུལ་གོམས་པས་གཤིས་ཐོག་ཏུ་འབེབས་དགོས་པའི་མཚན་ཉིད་ལ་རྨོངས་པ་སྟེ། ཉོན་མོངས་དང་མ་རིག་པའི་སྒྲིབ་བྱེད་ཀྱི་ངོ་བོའི་བཞུགས་ཚུལ་ལ་སྒྲིབ་པའི་ཉེས་སྐྱོན་འགེགས་ཕྱིར་དེ་གའི་ངང་དུ་དྲན་པ་བརྟན། འདུས་བྱས་ཀྱི་དགེ་བས་ཚོགས་བསགས། རང་བཞིན་མེད་པས་རྩལ་སྦྱང་བ་སོགས་བྱ་རུ་ཡོད་དེ། ཨོ་རྒྱན་ཆེན་པོས། སྒོམ་དུ་མེད་ཀྱང་རྩལ་སྦྱང་བསྒྲུབ་ཏུ་ཡོད། །ཅེས་གསུངས་པའི་ཕྱིར་རོ། །སྔོན་འགྲོའི་སྐབས་སུ། སྐྱབས་འགྲོ་ལ་མཚོན་ན། སྐྱབས་ཡུལ་ཚོགས་ཞིང་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཚད་མེད་པ་མངའ་བ་གཞིར་བཞག་ནས། བསྐྱབ་བྱ་རང་ཉིད་ཐ་མལ་པའི་རྣམ་པ་ཅན་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་། སེམས་ཅན་ལ་སྙིང་རྗེ་བ། དཀོན་མཆོག་གི་ཡོན་ཏན་ལ་དད་པ་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་། ཐུན་མཇུག་ཏུ་བསྐྱབ་བྱ་སྐྱོབ་བྱེད་གཉིས་སུ་མེད་པའི་ངང་དུ་མཉམ་པར་འཇོག་པ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་བྲལ་ཐོབ་དང་བསླུ་བ་མེད་པ་ཡིན་ནོ། །དེ་ལྟར་མ་གོ་བར་ཐོག་མ་ནས་བསྐྱབ་བྱ་སྐྱོབ་བྱེད་མེད་པར་འདོད་ན་གྲངས་ཅན་མུ་སྟེགས་ཀྱི་གྲུབ་མཐར་གོལ་ལ། མཐར་སྐྱབས་ཡུལ་རང་སེམས་སུ་མ་ཤེས་ན་རྟག་བཅས་སུ་གོལ་བའི་ཕྱིར་གནད་གཉིས་སུ་ཕྱེད་པ་ཡིན་ནོ། །བསང་གསུར་སོགས་བདག་བསྐྱེད་དམིགས་བསལ་ཡོད་རིགས་མ་གཏོགས་མེད་པ་རྣམས་ལ་རང་ཡི་དམ་གང་བྱེད་དུ་གསལ་བ་དེ་གས་འཐུས་པ་སྤྱི་ཁྱབ་ཡིན། སྨོན་ལམ་འདོན་པ་སོགས་ཁ་ཏོན་གྱི་རིགས་ལ་དྲན་རིག་རང་བཞིན་མེད་པར་རྟོགས་པའི་ཁྱབ་གདལ་གྱི་དྲན་པའི་རྩིས་ཟིན་པའི་ངང་ནས་རྗེས་ཐོབ་ཀྱི་མདངས་ཚིག་ཕྱིར་གཞོལ་བས་འབྲས་བུ་མངོན་དུ་འགྱུར་བ་ཆོས་ཉིད་ཡིན། གཏོར་མ་ལ་མདུན་བསྐྱེད་ཁ་ཅིག་ལྷར་ཤེས་པ། མཆོད་པའི་ཚེ་འདོད་ཡོན་དུ་ཤེས་པ། དངོས་གྲུབ་ལེན་པའི་ཚེ་བྱིན་རླབས་སུ་ཤེས་པ་ལྟ་བུས་མཚོན་སྐབས་སོ་སོའི་དབྱེ་བ་ཕྱེད་པའི་ཤེས་པ་སུམ་ལྡན་དུ་འགྱུར་དགོས་པ་གསང་སྔགས་རྙིང་མའི་རང་སྐད་ཡིན་ལ། དེ་ཡང་བསྙེན་སྒྲུབ་ཀྱི་ཁྱད་པར་དང་། ཞི་དྲག་གི་ངེས་པ་སོགས་ཅུང་ཟད་དབྱེ་བ་བྱར་ཡོད་དོ། །དེས་མཚོན་ནས་སྨན་རཀ་སྦྲན་པ་ལའང་འབགས་བཙོག་སྦྱང་བ་དང་། བགེགས་བསལ་བ་དང་། མཆོད་པར་འབུལ་བ་དང་། ཆན་ལ་ཕབས་བཏབ་པ་བཞིན་དུ་ཐུགས་དམ་རྒྱུད་བསྐུལ་དུ་འགྱུར་བ་སོགས་དགོས་པ་སྣ་ཚོགས་དང་ལྡན་པ་ཁོ་ནའོ། །ཡང་མཆོད་བསྟོད་རྣམས་ལྷས་ལྷ་ལ་བགྱིས་པ་ལྟ་བུ་ནི་ཤིན་ཏུའང་ཡིན་ཏེ། མ་དག་པའི་སྣོད་བཅུད་དག་པའི་སྣོད་བཅུད་དུ་སྦྱངས། དག་པའི་སྣོད་བཅུད་སྤྲུལ་པའི་བསྐྱེད་རིམ་དུ་བསྒྱུར་བ་ལ་མཆོད་པ་བྱེད་མཁན་རང་རྒྱུད་པ་ག་ན་ཡོད། བསྐྱེད་བྱ་སྐྱེད་བྱེད་ངོ་བོའི་ཆ་ནས་སྲིད་ཞི་ཁྱབ་གདལ་དུ་མཉམ་ཡང་། གདོད་སྐྱེ་གནས་རྣམ་པ་བཞིའི་བར་སྲིད་ལ་འཇུག་པ་རྣམས་བསྐྱེད་རིམ་གྱི་ལམ་ནས་སྦྱང་ཞིང་གནས་སྐབས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་སྟོབས་ཀྱིས་ཀྱང་ལྷའི་ངོ་བོར་གྲུབ་པ་ཡིན་ཏེ་གཞན་ནས་བྱུང་བ་ནི་མེད་དོ། །དེའང་དཀྱིལ་འཁོར་སྒྲུབ་མཆོད། བསྐྱེད་རིམ། བཟླས་བརྗོད། མཆོད་བསྟོད་ལ་སོགས་པས་བསོད་ནམས་ཀྱི་ཚོགས་རྫོགས། དེའི་རང་བཞིན་སྟོང་ཉིད་ཀྱི་ངང་ལས་འདའ་བ་མེད་ཅིང་མཐའ་གྲོལ་གྱི་ལྟ་བས་རྒྱས་ཐེབས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན་ནོ། །
༈ བླ་མ་ལ་ཕྱག་འཚལ་ལོ། །ཡང་ཅིག་ལན་དུ་འདི་སྐད་སྨྲ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །བསྒྲུབ་ལ་བྱིན་རླབས་ཆེ་ཆུང་དང་། །ཐུགས་རྗེ་ཉེ་རིང་ཡོད་མིན་ཏེ། །དེ་ཀུན་བླ་མའི་རྟེན་འབྲེལ་ལ། །བརྟེན་ནས་འབྱུང་ཕྱིར་རྒྱུད་ལུང་དང་། །མན་ངག་ཀུན་ནས་བླ་མ་ཉིད། །བསྒྲུབ་ལས་ཟབ་པ་མེད་ཅེས་གསུངས། །གཅིག་ཏུ་བསྒྲུབ་ན་བླ་མའི་སྐུ། །ཡི་དམ་ཐུགས་ནི་མཁའ་འགྲོར་གསལ། །ཡང་ན་ངོ་བོ་བླ་མ་ལ། །རྣམ་པ་ཡི་དམ་ཉིད་དུ་བསྒྲུབ། །བཟླས་བརྗོད་མཁའ་འགྲོར་ཤེས་པར་བྱ། །ཅི་ལྟར་བྱས་ཀྱང་འགལ་བ་མེད། །རྟེན་འབྲེལ་མོས་པའི་ཁྱད་པར་ཡིན། །བསྙེན་དང་སྒྲུབ་པ་ལས་སྦྱོར་གསུམ། །བསྙེན་པས་རྒྱུད་ལ་བྱིན་རླབས་འཇུག །སྒྲུབ་པས་དངོས་གྲུབ་ཆེན་པོ་ཐོབ། །ལས་སྦྱོར་ཐུགས་རྗེ་རོལ་པའི་རྩལ། །དཔེར་ན་སོ་ནམ་བྱེད་པ་ལ། །ཕྲུ་སློག་མ་བྱས་ས་མི་དུལ། །ས་བོན་མ་བཏབ་འབྲས་མི་འབྱུང་། །རྔོད་འཐག་མ་བྱས་བཟར་མི་བཏུབ། །དེ་བཞིན་སེམས་དཔའ་རྣམ་གསུམ་ནི། །བདག་ཉིད་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བཅུག །ཐུགས་སྲོག་ཡིག་འབྲུ་ཏིང་འཛིན་སེམས། །འོད་ཟེར་སྤྲོ་བསྡུའི་དགོས་པ་ནི། །ཐུགས་རྗེས་དབྱིངས་ནས་བསྐུལ་བ་དང་། །ཚོགས་གཉིས་ས་བོན་འདེབས་པ་དང་། །རིག་པའི་རྩལ་སྦྱོང་བྱེད་པ་དང་། །དྲེགས་པ་གནད་ལ་བོར་བ་སོགས། །ཞི་རྒྱས་དབང་དྲག་མཆོག་དང་ལྔའི། །དགོས་པ་སྣ་ཚོགས་ཉིད་དུ་གྲུབ། །བླ་སྒྲུབ་མ་ངེས་ཐ་དད་པར། །སྤྱི་བོ་སྙིང་ག་ནམ་མཁའ་སོགས། །བསྐྱེད་ཚུལ་མ་ངེས་སྣ་ཚོགས་པའི། །རྒྱུ་མཚན་སྤྱིར་བཏང་ཉིད་དུ་ནི། །སྤྱི་བོར་བསྐྱེད་པས་བྱིིན་རླབས་འཇུག །དང་པོའི་ལས་ཅན་འཁྲིད་ཕྱིར་རོ། །སྙིང་གར་བསྒོམས་པས་ཡེ་ཤེས་འབར། །དངོས་གཞིའི་ཉམས་ལེན་མན་ངག་མཐིལ། །ནམ་མཁར་བསྐྱེད་པའི་རིམ་པ་ལ། །དགོས་པ་ཁྱད་པར་དམིགས་བསལ་གྱིས། །དབྱེ་བ་རང་སྐབས་ཕྱེད་པར་བྱ། །བླ་མ་དང་ནི་ཨོ་རྒྱན་རྗེ། །གཉིས་མེད་གཅིག་ཏུ་བསྲེ་ལུགས་ནི། །ལྔ་བརྒྱ་ཐ་མའི་དུས་ཀྱི་ཚེ། །ང་ཉིད་རྡོ་རྗེ་སློབ་དཔོན་གྱི། །གཟུགས་སུ་སྤྲུལ་ནས་འགྲོ་དོན་བྱེད། །ཅེས་པའི་ལུང་ལ་སོགས་པ་ཡི། །ཚིག་ལ་དཔྱད་ཅིང་དོན་ལ་བསམ། །ངོ་བོ་རྩ་བའི་བླ་མ་ལ། །རྣམ་འགྱུར་ཨོ་རྒྱན་ཆེན་པོར་གསལ། །དགོངས་པ་གཉིས་མེད་བརྗོད་བྲལ་ལོ། །གསང་སྔགས་ཟབ་མོའི་དཀྱིལ་འཁོར་ལས། །གཏོར་མ་མཆོད་པའི་ཡོ་བྱད་དང་། །དབྱངས་རོལ་ལ་སོགས་སྤྲོས་བཅས་ཀྱི། །རིམ་པ་བཤད་པ་མཐའ་དག་ལ། །དགོངས་གཞི་དགོས་པ་དཔག་ཏུ་མེད། །གསང་སྔགས་ཐབས་ཀྱིས་ཆེ་བའི་ཕྱིར། །འདོད་པའི་ཡོན་ཏན་མི་སྤང་ཞིང་། །རྩ་གསུམ་དམ་ཅན་དགྱེས་པ་བསྐང་། །གདུལ་བྱའི་སྣང་བ་བསྒྱུར་བ་དང་། །གསང་བ་བོན་དུ་མི་གྱེར་སོགས། །རྟེན་འབྲེལ་དགོས་པ་མཐའ་ཡས་མོད། །འོན་ཀྱང་གཙོ་བོར་དོན་དམ་པའི། །བསྐྱེད་རྫོགས་མན་ངག་མེད་བཞིན་དུ། །གླུ་ཤོན་བྲོ་གར་ལ་འགྲན་པའི། །འབག་འཆམ་བླུན་པོའི་མགོ་བསྐོར་ལ། །དགོས་ཆེད་ཡོད་པ་མ་ཡིན་ཏེ། །སྙིགས་མ་ལྔ་བདོའི་དུས་རྟགས་ལ། །ཆོ་ག་དབྱངས་དང་རོལ་མོ་ཡི། །སྒྲ་ལ་རེ་ཞེས་པདྨས་བཤད། །དེ་ཕྱིར་བྱེ་བྲག་ཕྱེད་པར་བྱ། །སྤྱིར་གྱི་ཁ་ཏོན་མཐའ་དག་ལ། །འཇམ་མཉེན་ཡིད་ལ་འཇུག་པ་ཞིག །དགོས་ཀྱང་གསོལ་འདེབས་རྒྱུད་བསྐུལ་དང་། །ངེས་འབྱུང་གདུང་བའི་དབྱངས་ལ་སོགས། །སྐད་གསེང་མཐོན་པོར་སྒྲོག་བྱེད་ན། །སྣང་བ་འགྱུར་ཅིང་དམིགས་པ་གསལ། །སྤྱི་ལ་བག་ཆགས་གསལ་དག་སྙན། །དེ་ལས་གཞན་དུ་མ་ཡིན་ནོ། །སྒོ་གསུམ་དཀྱིལ་འཁོར་རྣམ་གསུམ་སྟེ། །ལུས་ལྷ་ངག་སྔགས་སེམས་ཆོས་ཉིད། །དེ་ཡི་གཤིས་ལ་རྩལ་སྦྱངས་པས། །རབ་ནི་རགས་པ་ཐ་མལ་ལུས། །དྭངས་མ་ཡེ་ཤེས་ལྷ་ཡི་སྐུར། །གནས་འགྱུར་ཞིང་ཁམས་བགྲོད་པ་ཡོད། །འབྲིང་གིས་ལུས་ལ་ཐ་མལ་དུ། །འཛིན་པའི་ཞེན་པ་ཡོངས་དག་ནས། །རང་སྣང་ལྷ་སྐུར་སྨིན་པ་ཡིས། །ཐ་མལ་བཀོད་པ་མ་འགྱུར་ཀྱང་། །སྒྱུ་མའི་ལུས་རྟེན་བོར་མ་ཐག །ས་ཚྭ་བརྐོས་ཕོར་ཕྱུང་བ་ལྟར། །བར་དོར་ལྷ་ཡི་སྐུ་རུ་སྨིན། །རྣམ་པར་སྨིན་པའི་རིག་འཛིན་ཟེར། །ཐ་མས་དེ་ལྟར་མ་གྲུབ་ཀྱང་། །བསྐྱེད་རིམ་བསྒོོམས་ཤིང་སྔགས་བགྲངས་པས། །ལུས་ངག་སྒྲིབ་པ་རྣམ་སྦྱོང་ཞིང་། །ནད་གདོན་གཡུལ་ལས་རྒྱལ་བ་སོགས། །ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཡང་ཅིག་ཁྱེད་ལ་འདི་སྐད་སྨྲ། །དེ་ལྟར་བསྐྱེད་རྫོགས་བསྒོམས་གྱུར་ཀྱང་། །ནམ་ཞིག་ལུས་རྟེན་དང་བྲལ་ཚེ། །ལུས་ནི་དུར་ཁྲོད་དབེན་པར་བོར། །ངག་ནི་ན་བུན་ལྟ་བུར་ཡལ། །སེམས་ཉིད་དངོས་མེད་རྩ་བྲལ་ལ། །བསད་བརྡུངས་བཅད་པས་མི་གནོད་ཅིང་། །མེར་བསྲེགས་ཆུར་བསྐྱུར་གང་གིས་ཀྱང་། །དེ་ལ་སྡིག་པ་མི་འདུག་པས། །བསྐྱེད་དང་རྫོགས་པའི་བྱེད་པ་ཡིས། །དགོས་པ་མེད་སྙམ་དོགས་པ་ན། །སེམས་ལ་མ་རིག་ལས་ཉོན་དང་། །སྡིག་པས་གོས་པའི་བག་ཆགས་ཀྱིས། །འཁོར་བར་བསྐྱུར་བ་མ་གོ་བར། །སྟོང་ཕྱོགས་དངོས་པོའི་བཞུགས་ཚུལ་གྱི། །བབས་ལ་རིག་པས་གཞིག་པ་ཡིས། །གོ་ཡུལ་ཙམ་དུ་སོང་གིས་དོགས། །ཅི་ཕྱིར་དོ་ནུབ་ཉལ་བ་ན། །རྨི་ལམ་འཁྲུལ་པ་འདུག་མི་འདུག །འདུག་ན་ལུས་ཀྱིས་འདིར་ཉལ་ནས། །རྨི་ལམ་དེ་ཡིས་ལུང་པ་དང་། །བྱ་བྱེད་འགྲོ་འདུག་སྨྲ་བ་དང་། །བདེ་དང་སྡུག་བསྔལ་ལ་སོགས་པའི། །བྱེད་པོ་དེ་ནི་སུ་ཡིས་བྱས། །དེ་ཕྱིར་བག་ཆགས་ལ་བརྟེན་ནས། །ཡ་གི་སྲིད་པའི་རྩེ་མོ་ནས། །མ་གི་དམྱལ་ཁམས་བཅོ་བརྒྱད་ཚུན། །མེད་བཞིན་ལས་ཀྱི་འཁྲུལ་ངོར་སྣང་། །བདེ་དང་སྡུག་བསྔལ་སྣ་ཚོགས་སྤྱོད། །དེ་ཕྱིར་བག་ཆགས་ལ་བརྟེན་ནས། །མེད་བཞིན་སྣང་བའི་འཁྲུལ་སྣང་འདི། །སྦྱང་ཕྱིར་བསྐྱེད་རྫོགས་མན་ངག་བྱུང་། །བག་ཆགས་དབྱིངས་སུ་ཟད་པའི་ཚེ། །སེམས་ཉིད་འོད་གསལ་སྟོང་པ་ལ། །འཁོར་འདས་གཉིས་ཀའི་མིང་མེད་པས། །ལུས་ངན་ལེན་པར་མི་འགྱུར་ཞིང་། །དེ་ཚེ་སེམས་ལ་གཅད་གཏུབ་དང་། །མེར་བསྲེག་ཆུར་བསྐྱུར་བྱེད་མཁན་དང་། །བྱེད་བྱ་མྱོང་མཁན་མེད་པ་ཡིན། །དགོངས་པའི་བཙན་ས་ཟིན་གྱུར་པས། །ཁོང་ལ་ཀུན་བཟང་ཡབ་ཡུམ་ཟེར། །དེ་ལ་དོན་གྱི་སངས་རྒྱས་ཟེར། །དེ་ལ་ཐོག་མའི་མགོན་པོ་ཟེར། །དེ་ལ་སྤངས་རྟོགས་མཐར་ཕྱིན་ཟེར། །དེ་ལས་མི་སྨྲ་ཨེ་མ་ཧོ། །ཞེས་དད་ལྡན་མ་ཎི་བྷ་དྲ་ལའོ། །
༈ བླ་མ་སངས་རྒྱས་དངོས་སུ་མཐོང་ཞིང་། །གདམས་ངག་བདུད་རྩིའི་སྙིང་པོར་གོ་ལ། །འཁོར་བ་དུག་སྦྲུལ་ནག་པོར་མངོན་པའི། །སློབ་མའི་ཡོན་ཏན་ཀུན་ཚང་ཁྱོད་ལ། །ཚོགས་དྲུག་གེགས་སེལ་གནད་ཀྱི་མན་ངག །ལྷུག་པར་བཤད་ཀྱིས་ཡིད་ལ་ཟུང་དང་། །མཛེས་དང་མི་མཛེས་དགའ་དང་མི་དགའ། །སྙན་དང་མི་སྙན་ཞིམ་དང་མི་ཞིམ། །བསུང་དང་མི་བསུང་འཇམ་དང་མི་འཇམ། །ཚོགས་དྲུག་ཡུལ་ཕྱིར་ཤོར་བའི་རྐྱེན་དུ། །གོ་བས་གྲུབ་པ་མེད་པར་ཤེས་ཤིང་། །མྱོང་བས་རང་གྲོལ་ཆེན་པོར་དག་འགྲོ། །རྟོག་པས་ཡེ་སྟོང་གཞི་མེད་རྩ་བྲལ། །མཛེས་པོ་ཐམས་ཅད་མིག་གི་གཟུང་ཡུལ། །མཛེས་པར་ཆགས་མཁན་མིག་གི་རྣམ་ཤེས། །དགའ་བོ་ཐམས་ཅད་ཡུལ་གྱི་འཆར་སྒོ། །དགའ་བར་འཛིན་མཁན་ཀུན་གཞིའི་རྣམ་ཤེས། །སྙན་པོ་ཐམས་ཅད་ཕྱི་ཡི་གྲག་པ། །སྙན་པར་འཛིན་མཁན་རྣ་བའི་རྣམ་ཤེས། །ཞིམ་པོ་ཐམས་ཅད་བཟའ་བཏུང་རོ་མཆོག །ཞིམ་པར་འདོགས་མཁན་ལྕེ་ཡི་རྣམ་ཤེས། །བསུང་པོ་ཐམས་ཅད་དྲི་ཡི་བྱེ་བྲག། །བསུང་པོར་འཛིན་མཁན་སྣ་ཡི་རྣམ་ཤེས། །འཇམ་པོ་ཐམས་ཅད་གོས་སོགས་རེག་བྱ། །འཇམ་པོར་ཞེན་མཁན་རེག་བྱའི་རྣམ་ཤེས། །ཚོགས་དྲུག་ཅེས་བྱ་དེ་ལ་ཟེར་བས། །དེ་ཉིད་མ་སྤངས་རང་གྲོལ་རྟོགས་ན། །རིག་པའི་གཤིས་ལ་དེ་དག་མ་གྲུབ། །འཁོར་འདས་བཟང་ངན་བདེ་སྡུག་ལེགས་ཉེས། །དུ་མ་རོ་གཅིག་ཆེན་པོར་ལོས་འགྲོ། །རོ་གཅིག་ཟེར་ན་དེ་ལ་ཐོགས་ཤིག །མཛེས་པོར་མཐོང་ན་ཆགས་སེམས་སྐྱེ་ཞིང་། །མི་མཛེས་མཐོང་ན་སྡང་སེམས་འཆར་བའི། །ཆགས་སྡང་སེམས་ལ་གཏད་སོ་འདུག་པས། །རང་ངོ་ཤེས་ཀྱང་རྗེས་ཤེས་ཡིན་ནོ། །ད་དུང་གཏད་མེད་རང་གྲོལ་སྦྱོངས་ཤིག །དེ་བཞིན་སྙན་དང་མི་སྙན་ལ་སོགས། །ཚོགས་དྲུག་སེམས་ལ་རིག་པས་ལྟོས་ལ། །མཐའ་གྲོལ་ཀློང་ཡངས་ཆེན་པོའི་གཤིས་སུ། །མི་ཚེའི་ཉི་མ་ཟད་དུ་ཆུག་ཅིག །ཆགས་སྡང་ཡུལ་མེད་རྩ་བྲལ་རྟོགས་ཤིང་། །རྐྱེན་ངན་ཆོས་སྐུར་ལམ་ལམ་འཆར་ན། །སྒོམ་མེད་རྒྱལ་པོའི་ཁྲི་ལ་འཛེགས་པས། །གང་ཟག་དེ་ལ་སྐྱབས་སུ་མཆིའོ། །དོན་དུ་ཚེ་འདིའི་ཁེ་གྲགས་གཉེར་ལ། །སྒོམ་དུ་བདེ་གསལ་མི་རྟོག་སྐྱོང་བའི། །གྲུབ་ཐོབ་དེ་འདྲ་མངའ་ཐང་ཆེ་ཡང་། །གཞོན་པའི་ཡིད་སེམས་བ་སྤུ་མི་འགུལ། །ཆགས་མེད་རང་གྲོལ་ཆོས་མེད་རྣལ་འབྱོར། །བློ་བདེ་གུ་ཡངས་རྒྱུན་ཆད་མེད་པས། །གནད་ཀྱི་མན་ངག་གསེར་གྱི་ཡང་ཞུན། །དད་ལྡན་ཁྱོད་ལ་བརྩེ་བས་གདམས་སོ། །དགེ་བས་ཉོན་མོངས་རང་གྲོལ་གྱུར་ཅིག །ཁྱེད་རང་གི་ཐོད་རྒལ་ཉམས་ལ་ལྷ་སྐུ་འཆར་གྱི་འདུག་གསུང་པ་དེ་ཉིད་མང་ཉུང་ཇི་ལྟར་འདུག་ཀྱང་མངོན་དགའ་ལ་སོགས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་ཐག་རྦད་ཀྱིས་ཆོད་ལ། རང་གི་རིག་པ་འོད་གོང་གི་རྣམ་པར་སྙིང་དབུས་ནས་འཐོན། རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོ་ནས་འཐོན་ཏེ་ལྷ་སྐུའི་ཐུགས་ཀར་འཕོས་ལ། ལྷ་དང་རང་སེམས་གཉིས་སུ་མེད་པའི་ངང་ལ་མཐོང་བྱ་མཐོང་བྱེད་ཀྱི་གཉིས་འཛིན་དང་བྲལ་ནས་རང་བབས་སུ་སྒོམ་པ་ཞུ། འདི་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་མན་ངག་བཤད་དུ་ཕངས་པ་ཞིག་ཡིན་པ་གསང་རྒྱ། །
༈ སྟོང་པ་ཆེད་དུ་མ་བསྒོམས་ཤིང་། །དྲན་མེད་འོག་འགྱུར་མ་སོང་བའི། །ཧྲིག་གེ་རིག་པའི་དྲན་པ་འདི། །བརྗོད་མེད་བློ་ལས་འདས་པ་ཡོད། །དེ་ལ་ལྟ་བ་ཟེར་བ་ཡིན། །དེ་ཉིད་དུས་དང་རྣམ་པ་ཀུན། །དྲན་ཙམ་རིག་ཙམ་བྱེད་པ་ལ། །སྒོམ་པ་ཞེས་བྱའི་མིང་དུ་བཏགས། །དམིགས་པས་སྒོམ་རྒྱུ་སྤུ་ཙམ་མེད། །དོན་ལ་ལྟ་སྒོམ་དབྱེར་མེད་ཡིན། །སྤྱོད་པ་རྣམ་གྲངས་མང་ན་ཡང་། །ཆོས་དང་མཐུན་པ་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་ཡི་གེ་འདི། །མཁའ་སྤྱོད་རིག་འཛིན་སྒྲོལ་མ་ཡི། །ཐུགས་ལ་བསྟིམ་ཞིག་ས་མ་ཡ། །
༈ ཨ་ད་ལྟའི་ཤེས་པ་བཟོ་མེད་འདི། །ངེས་པ་དོན་གྱི་ཀུན་ཏུ་བཟང་། །སྒོམ་དུ་མེད་ལ་ཡེངས་སུ་ཕངས། །རང་སོར་ཞོག་ཅིག་སྙིང་གི་བུ། །ཉམས་དང་རིག་པ་ཤན་ཕྱེད་པའི། །དྭངས་གསལ་དྲན་པ་བརྗོད་མེད་འདི། །ཀ་དག་དོན་གྱི་གནས་ལུགས་ཡིན། །ཞེ་འདོད་སྤོངས་ཤིག་སྙིང་གི་བུ། །གཏམ་དང་སྙན་གྲགས་མཐུ་རྩལ་སོགས། །བྱང་ཆུབ་བསྒྲུབ་པའི་བདུད་གཅོད་ཡིན། །རི་སུལ་མི་མེད་ལུང་སྟོངས་སུ། །འཇའ་ལུས་སྒྲུབས་ཤིག་སྙིང་གི་བུ། །སྙིང་གཏམ་ཚིག་གསུམ་མ་ཞེས་བྱ་བ་འདི་ཡང་རྡོ་བོད་མཚམས་མོག་པ་ལྷ་རྩེའི་ནགས་ཁྲོད་དུ་རྫོགས་ཆེན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་སྨྲས་པའོ། །
བསམ་མེད་རང་གྲོལ་རྫོགས་པ་ཆེན་པོ་ལ། །གཏད་མེད་རྒྱ་ཡན་ཡེ་གྲོལ་གཉུག་མ་ཡི། །དམིགས་མེད་བློ་འདས་ཆེན་པོར་ཕྱག་བགྱིའོ། །བརྗོད་མེད་ལྷུན་འབྱམས་དགོངས་པའི་གསང་མཛོད་ཕྱེ། །ཁྲིམས་མེད་ཁ་ཡན་མཁྱེན་བརྩེའི་འོད་ཟེར་གྱི། །ཆོས་མེད་ཆོས་གཏམ་རང་བབས་རྗེན་པའི་གཏམ། །བྱར་མེད་དགོངས་པའི་གསང་མཛོད་ཁ་ཕྱེ་ནས། །བརྗོད་མེད་དོན་ལ་བརྗོད་བྱས་ཁ་གསག་བྱེད། །ད་ལམ་སམྦྷོ་ཊར་དྲི་ཚིག་བསྲིངས་པའི་སྐབས་དོན་ལ། བླ་མ་སྤྱི་བོ་ནམ་མཁའ་སོགས་ལ་བསྐྱེད་ཀྱང་རང་སེམས་དང་དབྱེར་མེད་ཡོད་པ་ཆད་ལྟར་མ་གོལ་ལམ། ཞེས་པ་སྤྱིར་བླ་མ་སྒོམ་པ་གཅིག་པུར་མ་ཟད་བསྐྱེད་རིམ་ཐམས་ཅད་རང་སེམས་ཀྱི་གདངས་ཙམ་དུ་འཆར་བའི་དོན་ལ་སྒོམ་མཁན་ཟུང་འཇུག་ཏུ་མ་ཤེས་ན་ཡ་བྲལ་ནི་ཤིན་ཏུ་རྨོངས་པ་སྟེ། དེས་ན་རང་སེམས་དང་དབྱེར་མེད་དེ་གའི་ངང་ནས་གདངས་མོས་གུས་སུ་ཤར་བ་དེ་ཁོ་ན་བླ་མ་ཆོས་སྐུའི་ཞལ་མཇལ་བ་ཡིན་པས་ནོར་འཁྲུལ་དུ་དོགས་པར་མི་བྱ། ལྷག་དོན་གོ་ཉམས་དང་ཕོ་ཚོད་སོགས་མ་ཡིན་པར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་གཞི་ཐོག་ཏུ་འཁྱོལ་པའི་ཚེ་བླ་མ་གཟུགས་སྐུར་བལྟ་བ་ལ་གོལ་ན་མོས་གུས་ལམ་དུ་མ་ལོངས་པ་ཡིན། ཆད་ལྟ་ནི་མུ་སྟེགས་རྒྱང་འཕེན་པ་ལས་འབྲས་མི་བདེན། མེ་ཤི་བའི་དུད་པ་བཞིན་སོང་ཟེར་བ་ལྟ་བུའམ། བླུན་སྒོམ་ཁ་ཅིག་ཆོས་ཐམས་ཅད་རྟོག་པས་སྟོང་པར་སྦྱངས་པ་དེ་ལ་ཟེར་བ་ཡིན། ཡང་སྒོམ་དངོས་གཞིའི་སྐོར་ཤར་གྲོལ་གྱི་བག་ཆགས་མཚན་མོ་སྐབས་སུ་འདུག་སྐད་པ། འདི་ལ་ནོར་ས་ཡོད་པས་ཉིན་སྣང་ལ་ཅུང་ཟད་དྲན་པའི་གཉེན་པོས་བཅིངས་དྲགས་པའི་རྟགས་ཡིན། འདིའི་བག་ཆགས་ཆེར་བརྟས་པ་ལས་སྒོམ་ཉིན་མཚན་འདྲེས་པར་རློམ་པ་མང་པོ་མངོན་ཏེ་ཡ་ཆ། རྟོག་པ་སྔ་མས་ཕྱི་མ་དགུག་པའི་ཉམས་ཤུགས་ལ་འཆར་ཉེན་སྲིད་བྱས་པ་ད་ལམ་བཅར་རྒྱག་ངོས་ཟིན་འདུག །ཡང་དེང་སང་གི་ཤེས་པ་སྤྲོ་བསྡུ་མ་དགོས་པའི་བློ་ཡུལ་ལས་འདས་པ་འདུག་སྐད་པ་ཀུན་མཁྱེན་བླ་མ་པྲཛྙཱ་རསྨིས། འབྲལ་མེད་ཉམས་མྱོང་དེར་གནས་ངེས་ཤེས་དང་། །ཤུགས་འབྱུང་མྱོང་བྱ་བྲལ་བའི་སྟོང་པ་གཉིས། །འཁྲུལ་མེད་མ་ནོར་བ་ཞིག་གནད་དུ་ཆེ། །ཡིད་ལ་མི་བྱེད་ཡང་དག་དྲན་པ་དང་། །ཡིད་དང་རྟོག་མེད་ཧད་པོར་ལུས་པ་གཉིས། །འཁྲུལ་མེད་མ་ནོར་བ་ཞིག་གནད་དུ་ཆེ། །རྩོལ་མེད་རང་ཤར་རང་ཞལ་བལྟ་བ་དང་། །བློས་བྱས་ཆེད་འཛིན་ཕྲ་མོའི་རྒྱས་འདེབས་གཉིས། །འཁྲུལ་མེད་མ་ནོར་བ་ཞིག་གནད་དུ་ཆེ། །ཞེས་གསུངས་པ་ལྟར་རིག་པ་ཐ་མལ་བསྒྱུར་བཀོད་སྐྲ་རྩེ་ཙམ་ཡང་མ་སོང་ལ། དེར་འཛིན་གྱི་གཉེན་པོ་འདི་ལྟར་ཡིན་པ་འདུག་སྙམ་མཁན་ཡང་དག་པའི་དྲན་ཤེས་དབྱིངས་ཀྱི་ངང་དུ་རིག་པའི་གཟེར་ཐེབས་པ་ཞིག་འདུག་ན་དེ་ལས་ལྷག་པ་མི་དགོས། ལར་ཇི་སྐད་དུ། སྒོམ་ཆེན་སྒོམ་གྱིས་མ་བསླུས་ན། །གཞན་གྱིས་བསླུ་བར་མི་འགྱུར་རོ། །ཞེས་པ་ལྟར་བརྟན་པ་ཅུང་ཟད་ཐོབ་ནས་དྲན་རིག་འཇུར་དྲན་གྱི་གཉེན་པོ་འདི་གས་རང་ཞལ་འགེབས་པ་མང་བས་རང་སར་གློད། མ་བསྒོམས་པར་བསྐྱུར། མ་བྱེད་པར་ཞོག །མ་བལྟ་བར་ཐོང་། དེ་ཐམས་ཅད་ལ་ཤུགས་འབྱུང་ཡང་དག་གི་དྲན་པས་ཟིན་པར་གྱིས། ཨ་ལ་ལ་གནད་ཡོད་དེ། རིག་པ་ཀློང་ནས་གྲོལ་ན་ཇི་ལྟར་བྱས་ཀྱང་གཉའ་ཡངས། དབྱིངས་རིག་ཆམ་བརྡལ་ལ་སོང་བས་བློ་བདེ། གང་ཤར་ཡེ་ཤེས་ཀྱི་འཁོར་ལོར་ཤར་བ་འདི་གད་མོ་བྲོ། ཁྲིམས་མེད་ཁ་ཡན་དུ་སྡོད་པ་འདི་ཧམ་པ་ཆེ། ཀུན་ཏུ་བཟང་པོ་ལ་ཞལ་ཕྱག་ཡོང་བ་རྫུན་དུ་བས། གཞི་དབྱིངས་སུ་གཞི་སྣང་ཐིམ་པས་ལྟད་མོ་ཆེ། བྱ་བྱ་དང་བྱེད་བྱེད་ཀྱི་ཁེངས་པ་བསྐྱུངས་ལ་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་གོ །ཕཊ༔ ཅེས་འོག་མིན་རྡོ་རྗེ་བྲག་ནས་སོ། །
༈ དེ་གར་ཁྱེད་རང་ཐུགས་དམ་གོང་འཕེལ་མཚམས་རྒྱ་དམ་པར་ཡོད་པ་ནས་གནས་ཚུལ་རྟེན་ལྡན་འབྱོར་བ་སེམས་སྤྲོ་རྗེས་སུ་ཡི་རང་ངོ་། །ཇི་སྐད་ཟེར་བ་བཞིན་སྣང་བ་ལ་རིག་པས་རྒྱས་བཏབ་སྟེ་ཐེ་ཚོམ་མེད་པའི་ཉམས་ཤར་བ་དེ་བློས་བརྟགས་ཀྱི་སྒོམ་ཡིན་མོད། ད་དེ་འདྲ་མི་དགོས་པར་བལྟ་བྱ་དང་ལྟ་བྱེད་གཉིས་མེད་དུ་སོང་བ་དེ་བསྒོམ་བྱ་མ་འཁྲུལ་པ་ཡིན། སྣང་བ་རིག་པའི་རྩལ་ཡིན་པ་ཨ་ཅང་ཆེ། སྣང་བ་མི་དགོས་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རིག་པའི་གདངས་ལས་འགྲོ་ས་མེད། དེ་ཡང་ཐུགས་དམ་སྐྱོང་བའི་ངོ་བོ་ལ་གཉིས་འཛིན་རགས་པ་མ་བྱུང་ཡང་འདི་ག་ཡིན་འདུག་སྙམ་པའི་ཡིད་ཆེས་སྐྱེ་བ་ནི་མྱོང་ཞེན་ཤེས་བྱའི་སྒྲིབ་པ་ཡིན་པས་འདི་འདྲ་སྤང་བ་ནི་དཀའ་ལས་ཅི་ལས་ཆེ། ཨོ་རྒྱན་ཆེན་པོས། ས་ལམ་དྲོད་རྟགས་རེ་བས་བཅིངས༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང་༔ སྨིག་རྒྱུའི་ཆུ་ཡིས་རང་ཉིད་བསླུས༔ ཞེས་གསུངས་པའི་ཕྱིར་རོ། །ད་དོན་གྱི་སྙིང་པོར། སེམས་ལ་མིང་འདོགས་ཐམས་ཅད་དང་བྲལ་བར་ཤུགས་འབྱུང་གི་རིག་པ་ཞིག་འདུག་སྐད་པ་དེ་ཀ་ཟ་ཉལ་འགྲོ་འདུག་གང་གི་ཚེའང་། བཅོས་མེད་ལྷད་མེད་དུ་བྱུང་ན་དེ་ཀས་འཐུས། རླུང་བཟུང་སྐོར་ཐུན་གཅིག་ལ་ཆ་བཞག་པའི་བར་རླུང་རྒྱུན་འཛིན་འདི་ཤིན་ཏུ་ཟབ་པ་ཡིན་པས་དེ་གཙིགས་མཛོད། སྙན་བརྒྱུད་ལྟ་བུའི་མན་ངག་དམིགས་བསལ་ཅན་གྱིས་རླུང་སེམས་དབུ་མར་བསྡུ་བ་ཡིན་ན་མ་གཏོགས་གཞན་མ་རྫོགས་ཆེན་རང་ལུགས་ལ་རྩོལ་མེད་ཀྱི་ངང་དུ་བར་རླུང་བསྐྱིལ་བས་ཡེ་ཤེས་ཀྱི་རླུང་གིས་ཐམས་ཅད་ལ་རང་དབང་ཤུགས་ཀྱིས་བསྒྱུར་བ་གསུངས་ཕྱིར་ཀུན་མཁྱེན་ཆེན་པོས་ཀྱང་། ཁོ་བོ་ཅག་ཁ་སྣའི་རླུང་བཟུང་བས་བྱང་ཆུབ་ཐོབ་པར་མི་འདོད། ཁ་སྣའི་རླུང་ནི་སྦུད་པའི་སྒང་སྟོང་དང་འདྲ་ཞེས་གསུངས་པ་ཡང་གནད་འདི་ལ་དགོངས། འོན་ཀྱང་སྦྱོར་བ་བཞི་ལྡན་གྱི་རླུང་བཟུང་དུས་ཁབ་མིག་ཏུ་སྐུད་པ་འཛུད་འཛུད་ལྟ་བུའི་ཤེས་པ་བཞུར་ལ་མ་གཅུར་བར་སེམས་ཡེངས་ན་སྲོག་རླུང་སོགས་ཀྱིས་གེགས་ཆེ་བས་སེམས་ལ་ཞོག །སྒྲུབ་པ་ལ་ཧུར་བསྐྱེད་སྙིང་རུས་བྱས་པ་རྗེས་སུ་ཡི་རང་། ད་དུང་རྟོགས་པ་ཤར་བ་དང་སྒྲིབ་པ་དག་པ་ལ་བླ་མ་ལ་མོས་གུས་བྱེད་པ་ལས་བོགས་ཆེ་བ་མི་ཡོང་བས་རྩ་བའི་བླ་མ་དང་ཨོ་རྒྱན་ཆེན་པོ་དབྱེར་མེད་དུ་ཤེས་པར་བྱས་ནས་བླ་སྒྲུབ་ལ་འབུངས། །
༈ ཁྱེད་ཀྱི་ཐུགས་དམ་སྐོར། སྔོན་ཆད་སྐྱོང་དཀའ་བ་ནི་ད་ལྟའི་ཐ་མལ་གྱི་རིག་པ་སྒོམ་ལ་མ་ཤར་བའི་སྐྱོན་དང་། བདེ་བ་དང་འབྲལ་མི་ཕོད་པ་ནི་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་བའི་བདེ་ཉམས། སེམས་ནང་དུ་བཀུག་ནས་སྐྱོང་བ་ལ་ད་འདི་ཡིན་འདུག་སྙམ་པ་ཕྱི་རབས་པ་རྣམས་ཀྱི་སྒོམ་ལྕགས་ཀྱུ་མ་ཞེས་པ་དང་ཆ་མཚུངས་པ་སོགས་དེ་དག་ཐམས་ཅད་ལྟ་བ་ཡང་དག་པ་མ་ཡིན། ད་ཆ་དེ་དག་མེད་པའི་ཤུགས་རྒྱག་མི་དགོས་པར་རང་བབས་སུ་དྲན་པ་ཞིག་ལས་སྒོམ་རྒྱུ་མེད་པ་ཞིག་འདུག་སྐད་པ་ལམ་གྱི་སྒོམ་པ་ནོར་འཁྲུལ་མེད་ཙམ་ཡིན། ལས་རླུང་ཅུང་ཟད་མགོ་ནོན་པའི་རྩེ་གཅིག་གི་ཤེས་པ་ཟེར་བ་དེ་ཡིན་བྱར་རུང་། འདི་ལ་སྒོམ་རྒྱུ་མེད་པས་སྒོམ་མེད་འདི་ཀ་ཡིན་འདུག་སྙམ་པའི་རང་མཐོང་སྐྱེ་བ་སོགས་འབྱུང་ཉེན་ཆེ་བས་བློས་ལྟ་བ་མཐོ་དམན་གྱི་ཚད་མི་འཇོག་པར་ད་དུང་དེ་གའི་གཤིས་སུ་ཟ་ཉལ་འགྲོ་འཆག་ཐམས་ཅད་དུ་མ་བརྗེད་ཙམ་གྱིས། དོན་གྱི་སྙིང་པོར། ད་ལྟའི་དྲན་པ་སྐྱེ་འགག་གནས་གསུམ་དང་བྲལ་བར་རྫོགས་པ་ཆེན་པོའི་དགོངས་པ་ཡེ་གྲོལ་དུ་ཡོད་ཅིང་། དེ་ལས་ལྷག་པའི་ཐུགས་དམ་གསལ་གསལ་པོ། བདེ་བདེ་པོ། ཆམ་ཆམ་པོ། འདི་ཡིན་འདུག་སྙམ་པའི་བློས་སྟངས་གཅོད་རྒྱུ་ཞིག་བྱུང་ཕྱིན་ཆད་རྫོགས་པ་ཆེན་པོའི་དགོངས་པ་མ་ཡིན། འོད་གསལ་གྱི་རྒྱུད་སེང་གེ་རྩལ་རྫོགས་ལས། མུ་མཐའ་མེད་པར་རྩོལ་བ་གང་ཡིན་པ། །བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ་སྟེ་རྙེད་པ་མིན། །མི་རྙེད་དོན་འདི་ཉིད་ལ་སུས་ཀྱང་བཅོས་མི་སྲིད། །ཤེས་བྱ་སྤྲོས་མེད་འདི་ལ་ཕ་མཐའ་མི་སྲིད་དོ། །ཞེས་གསུངས། འདིིའི་ཚེ་བོགས་མོས་གུས་ཀྱིས་འདོན་དགོས་པས་ཐུན་བཞིར་བླ་མའི་རྣལ་འབྱོར་ལ་རྩལ་འདོན་ཞིང་། དེ་ཡང་སྙིང་ཁོང་རུས་པའི་གཏིང་ནས་བླ་མ་སངས་རྒྱས་སུ་མཐོང་བའི་དད་པ། བདེ་སྡུག་བཟང་ངན་ཐམས་ཅད་ཁྱེད་རང་ཁོ་ན་མཁྱེན་ནོ་སྙམ་པའི་བློ་ལིང་བསྐྱུར་གྱིས་ཁྱེད་ཤེས། མོས་གུས་བཟོད་མེད་དུ་འབར་ཞིང་ལུས་རྔུལ་བ་དང་མཆི་མ་རང་སར་ཐོན་ནུས་པ་སོགས་ཀྱིས་གསོལ་བ་སྙིང་ཁོང་རུས་པའི་གཏིང་ནས་མ་བཏབ་ན། ཁ་ཏོན་ཚིག་ཤར་རེ་ཙམ་གྱིས་བྱིན་རླབས་ཀྱི་འཕོ་བ་རྒྱུད་ལ་ཐོབ་མི་ནུས་པས་གནད་དེ་ལྟ་བུའི་གསོལ་འདེབས་རེམ། དབང་བཞི་བླང་། རང་དང་བླ་མའི་དགོངས་པ་དབྱེར་མེད་དུ་བསྲེས་པའི་ངང་ལ་དྲན་པ་རང་བབས་མཐའ་བྲལ་དུ་གློད། དེ་ལྟར་བགྱིས་པས་ཅི་ཞིག་ན་གསལ་སྟོང་གི་ཉམས་ཤེས་བྱའི་སྒྲིབ་པ་ནང་མཚང་ཅན་གྱི་ཤུབས་ནས་དོན་ཏེ། ཚིག་དང་དཔེས་མི་མཚོན་པའི་མཐའ་བཞིའི་སྤྲོས་པ་དབྱིངས་སུ་ཟད་པའི་དགོངས་པ་རྒྱུད་ལ་སྐྱེས་པ་དང་དུས་མཚུངས་པར་ལམ་རྟགས་ཀྱི་ཡོན་ཏན་ནམ་མཁའ་ལས་ཁ་ཆར་བབས་པ་བཞིན་དུ་འབྱུང་བ་ཡིན་པས་ཐུགས་ལ་ཞོག །ཅེས་ཕྲིན་ལས་ལའོ། །
༈ ཇི་ལྟར་སྒོམ་གྱི་སྐོར། དྲན་པ་ཤུགས་ཆེ་ལ་རྣམ་རྟོག་ཤུགས་ཆུང་བ་དེ་གསལ་ཉམས་ཡིན། དེ་བྱུང་སྐབས་མིག་ས་ལ་ཕབ་ལྷོད་དེ་ཞོག །ཡང་རེས་འགའ་དྲན་པ་དང་རྣམ་རྟོག་གཉིས་ཀ་ཤུགས་ཆུང་ཆུང་ཡོད་པ་མི་རྟོག་པའི་ཉམས་ཡིན། དེའི་སྐབས་མིག་བར་སྣང་ལ་ཧར་རེ་བཞག །རླུང་རོ་འབུད། ད་ལྟའི་ཤེས་པ་སྐད་ཅིག་མ་ཡེ་རེ་སྐྱོང་། ཡང་རྣམ་རྟོག་ཐོ་ལོང་ཀོ་ལོང་དྲན་པའི་གཡའ་ཙམ་མེད་པ་འདུག་ཟེར་བ་རྣམ་རྟོག་སྒོམ་དུ་མ་ཤར་བར་གནས་འགྱུ་སོ་སོར་ཡ་བྲལ་བའི་སྐྱོན་ཡིན། དེ་སྐབས་རྣམ་རྟོག་འདི་འདྲ་འཆར་གྱིན་འདུག་བསམ་མཁན་དེ་ག་དྲན་པ་ཡིན་པས་གང་ཤར་གྱི་རྗེས་མ་འབྲངས་བར་རྣམ་རྟོག་ཤར་ས་དེ་ཀའི་ངོ་བོ་གཅུར་གྱིས་བསྒྲིམས་ལ་འཛིན་མེད་དུ་ལྷོད་དེ་ཞོག །དོན་དུ་གོང་གི་འཆར་སྒོ་དེ་ཚོ་གང་ཤར་ཡང་ད་ལྟའི་དྲན་པ་སྐད་ཅིག་མ་གྲུང་ཆ་དང་ལྡན་པ་འདི་ཀ་ཧུར་ཕྱུང་ལ་སྒོམ། རྣམ་རྟོག་ལ་སྐྱོན་དུ་བལྟ་བ་དང་། གནས་པ་ལ་ཡོན་ཏན་དུ་བལྟ་བ་གང་ཡང་མ་བྱེད་པར་གནས་ན་གནས་པའི་ངོ་བོ་བརྗོད་མེད་གསལ་ཧུ་རེ། འགྱུ་ན་འགྱུ་བ་ངོ་ཤེས་པའི་རང་ངོ་རྗེན་ལྷང་ངེར་ཞོག །ཐོད་རྒལ་གྱི་འཆར་སྒོ་རྫོགས་ཆེན་གྱི་ཁྱད་ནོར་ཡིན་ཡང་དགའ་སྤྲོ་དང་ཐིག་ལེ་ལུག་རྒྱུད་ལ་ཆེད་འཛིན་མ་ཞུགས་པའི་ངང་ནས་སྒོམ་གྱི་དམིགས་རྟེན་ལྟ་བུར་གྱིས་ལ་མཐོང་རྒྱུ་དང་མཐོང་མཁན་གཉིས་མེད་དུ་སྐྱོངས། རྨི་ལམ་བཟང་ངན་ཇི་ལྟ་བུ་ཤར་ཡང་གཡས་མེད་དུ་སྐྱུར། དུས་རྟག་པར་འཁོར་བ་ལ་ཞེ་ལོག་གེ སེམས་ཅན་ལ་སྙིང་རྗེ་དུང་ངེ་། བླ་མ་ལ་མོས་གུས་ལྷང་ངེ་དང་མ་བྲལ་བ་གྱིས། ད་ལྟ་ཕན་བླ་མའི་རྣལ་འབྱོར་གྱི་བཟླས་པ་འབུམ་ཕྲག་བརྒྱ་སྐོར་སོང་འདུག་པ་དགའ་རབ་ཡིན། འབུམ་ཕྲག་བརྒྱ་དང་ཁ་བསྐང་སོང་མཚམས་སྒྲུབ་ཡིག་བསྐུར་ཆོག་པ་བྱེད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན་བདེ་བའི་གོ་སྐབས་མི་འདུག་པས་རང་རེ་གུ་རུའི་སྒྲུབ་གནས་སུ་མཚམས་སྒྲུབ་ལ་གནས་པ་སུ་ལས་ཀྱང་བསོད་ནམས་ཆེ་བས་དགའ་བ་བསྒོམ་ལ་དལ་འབྱོར་དོན་དང་ལྡན་པ་མཛོད། ཅེས་པདྨ་ཆོས་འཛོམ་ལའོ། །
༈ ཐུགས་དམ་སྒོམ་ཕྱོགས་སྐོར། ཇི་སྐད་གསུངས་པ་བཞིན། རིག་པ་བཅོས་མེད་ལས་ལྷག་པ་མེད། ཤེས་པ་ལས་རླུང་གིས་བསྐྱོད་པ་ལས་རྣམ་རྟོག་ཤར་བ་ཡིན་ཚེ། ཤར་ཕྲལ་ཉིད་དུ་ངོས་གཟུང་མེད་པར་ཡལ་ན་དེ་ཀ་རང་གིས་ཆོག་པ་ཡིན། ལར་གནས་པ་ལ་དགའ་བ་དང་མ་གནས་པ་ལ་སྡུག་པ་བྱས་ན་ནོར་མི་བཏུབ། རིག་པ་རང་བབས་སུ་བཞག་པའི་ཐོག་ནས་གནས་འགྱུ་ཐམས་ཅད་འོག་འབྱམས་ལུང་མ་བསྟན་དུ་མ་སོང་བར་ཁོ་རང་གིས་ཁོ་རང་ངོ་ཤེས་པ་ལྟ་བུ་ཞིག་འདུག་ན་དེས་ཆོག །འདི་གནས་འགྱུ་ལ་དྲན་པ་གཞུར་པོས་བརྟག་དཔྱད་བྱེད་པ་དང་མ་ནོར་བ་ཞིག་དགོས། ཞེས་ལྗང་རྩེ་མ་ཎི་བྷ་དྲ་ལའོ། །
༈ བསྙེན་སྒྲུབ་ཀྱི་དྲི་བའི་ཆ་ལ། བཟླས་པའི་དུས་ལྷ་སྐུ་རང་ལ་སེམས་འཛིན་པའི་ངང་ལ་རིག་པ་གློད་ནས་བསྒོམས་ན། དང་པོར་ལྷ་སྐུའི་གསལ་སྣང་ལ་ཅུང་ཟད་གནས་ཀྱང་མཇུག་ཏུ་གསལ་སྣང་ཞིག་ནས་གསལ་སྐྱོར་བྱས་ཀྱང་འཆར་དཀའ་བ་ཞིག་འདུག་སྐད། སྤྱིར་བསྐྱེད་རིམ་ལ་རིག་འཛིན་གོང་མས། ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ། ལྷ་སྐུ་ཞལ་ཕྱག་དང་བཅས་པ་སྤྲུལ་པའི་བསྐྱེད་རིམ་ཞེས་གསུངས་པས་རྟོག་པ་ཀློང་དུ་གྱུར་མཁན་ཡིན་ན་ཀུན་བརྟགས་བློས་བྱས་ཀྱི་བསྐྱེད་རིམ་ལ་མ་ལྟོས་པར། གདོད་ནས་ལྷུན་གྲུབ་འདུས་མ་བྱས་པའི་བསྐྱེད་རིམ་རང་ཤར་ལྷུན་རྫོགས་ཀྱི་ངང་དུ་རྣམ་བཞིའི་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བ་ཡིན་ཡང་། རང་རེ་ལས་དང་པོ་པ་ཡིན་ཚེ་སྟོང་ཉིད་ཤེས་རབ་ཀྱི་གསལ་སྣང་ཐབས་ཀྱི་ཆ་ལྷ་སྐུར་ཝལ་ལེ་འཆར་བ་ལ་ཡུན་ཅི་གནས་སྒོམ་ཞིང་། དེ་ལྟར་མི་འཆར་བའི་ཚེ་ལྷ་སྐུའི་བརྡ་དོན་གྱི་དག་པ་དྲན་པ་དང་། ང་རྒྱལ་ལ་འཇོག་པ་རེས་འཇོག་སྤེལ་མར་བསྒོམས་པས་ཅི་ཞིག་ན་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔའི་རྩལ་རྫོགས་ནས་དྲན་རྫོགས་ཀྱི་ལྷ་སྐུར་ལྡང་ནུས་པ་འོང་། དེ་ཡང་ད་ལྟ་ཞག་གཅིག་ཞག་གཉིས་ཟླ་གཅིག་ཟླ་གཉིས་ལ་བཙན་ཐབས་སུ་ཨེ་ཡོང་སྙམ་པའི་རེ་བ་བྱེད་མི་ཉན། སེམས་ཉིད་ལྷ་སྐུར་སྨིན་པ་ན་རྣམ་སྨིན་གྱི་རིག་འཛིན་ཐོབ་པ་རྒྱུད་འགྲེལ་ཆེན་པོ་རྣམས་ནས་གསུངས་ཕྱིར་རོ། །ད་ལྟ་འགའ་ཞིག་གིས་བསྐྱེད་རིམ་གཏན་ཆགས་ཡོང་ཁུལ་བྱེད་པ་ལར་མི་བདེན་པས་ལྷ་མི་གསལ་སྙམ་པའི་སྒྱིད་ལུག་བྱེད་མི་དགོས་ཏེ། བཀའ་བརྒྱད་ཡོངས་འདུས་ལས། དང་པོ་ལྷ་ཡི་རྣམ་པ་སྒོམ། །རྣམ་པ་སེམས་སུ་ཤར་ཙམ་ན། །ཐ་མལ་རྟོག་པ་འཇིག་པར་འགྱུར། །བར་དུ་ལྷ་ཡི་མོས་པ་སྒོམ། །མོས་གུས་བརྟན་པར་འགྱུར་ཙམ་ན། །རང་དབང་རང་གིས་ཐོབ་པར་འགྱུར། །མཐར་ནི་ལྷ་ཡི་བྱིན་རླབས་སྒོམ། །བྱིན་རླབས་ནུས་པས་གཞན་སྣང་བསྒྱུར། །རང་རིག་དོན་དང་མཇལ་བར་འགྱུར། །ཞེས་གསུངས་པས་ད་ཆ་དོན་གྱི་སྙིང་པོར་ཡོ་ག་འོག་མ་རྣམས་སུ་དམིགས་རྟེན་ལ་སོགས་པས་སེམས་འཇུར་ཐབས་མང་པོ་གསུངས་ཀྱང་རང་རེ་རྫོགས་པ་ཆེན་པོའི་ལྟ་བ་བསྐྱང་རྒྱུ་ཡོད་པའི་ཁུངས་ཡིན་ཙ་ན། ལྟ་བ་བརྗོད་མེད་བློ་འདས་དེ་ཉིད་ཀྱི་གསལ་སྣང་ལྷ་སྐུར་འཆར་ཐུབ་པ་དེ་སྲིད་དུ་སྒོམ། དེས་ཁམས་དུབ་པ་ལྟར་བྱུང་ན་སྔར་བཤད་པ་ལྟར་ང་རྒྱལ་ལ་སེམས་བཟུང་སྟེ་འོག་འགྱུ་རྒྱ་འབྱམས་སུ་མ་ཤོར་བའི་ངང་ལ་ཞོག །དེ་ག་རེས་མོས་བྱས་པས་འཐུས། ཡང་འོག་འགྱུ་ངོས་མི་ཟིན་འདུག་ཟེར་བ་ལོས་བདེན། འོག་འགྱུ་ངོས་ཟིན་པ་ལ་ལྷག་མཐོང་གི་རྩལ་རྫོགས་པ་དགོས། དེ་ལ་འོག་འགྱུའི་རྗེས་ལ་འབྲང་མི་འབྲང་གི་རྣམ་རྟོག་ལུ་གུ་རྒྱུད་ཕུབ་མའི་འོག་གི་ཆུ་དོང་ལྟ་བུ་དེ་རང་སར་བསྐྱུར་ལ་འོག་འགྱུ་ཤར་མཁན་ཁོ་རང་ཤེས་ཙམ་རིག་ཙམ་པའི་ངང་དུ་རང་ཚོ་བཟུང་ཅི་ཐུབ་གྱིས་དང་། འོག་འགྱུ་རང་གྲོལ་དུ་འགྲོ་བ་ཡིན། འདི་ལ་ཤིང་རྟ་ཆེན་མོས། སེང་གེ་ལ་རྡོ་འཕངས་པ་དང་། ཁྱི་ལ་རྡོ་འཕངས་པའི་དཔེ་བརྗོད་ལུང་འདྲེན་མཛད་པ་ཤིན་ཏུ་ཡིན་ཏེ། གང་ཞེ་ན། སེང་གེ་ལ་འཕངས་ན་རྡོ་རང་སར་བཞག་སྟེ་རྡེག་མཁན་ལ་མཆོངས་པས་ཕྱིན་ཆད་རྡོ་ཕོག་པའི་ཐེས་མེད། ཁྱི་ལ་འཕངས་ན་རྡེག་མཁན་བཞག་སྟེ་རྡོའི་རྗེས་ལ་རྒྱུགས་པས་ད་དུང་རྡོ་གྲངས་མེད་འཕོག་པ་དང་འདྲ། རྣམ་རྟོག་ལ་བལྟ་བ་དང་། རྣམ་རྟོག་ཤར་མཁན་ལ་བལྟ་བ་གཉིས་ཁ་ཕྱི་བལྟས་ནང་བལྟས་ཀྱི་ཁྱད་དེ་ལྟ་བུ་ཡོད། ཡང་ཚོགས་དྲུག་གི་སྣང་བ་ཐད་ཀར་ཁྱེར་ལུགས་མ་གོ་ཟེར་བ་ཡང་བདེན་ཏེ། དེ་ལ་ཚོགས་དྲུག་ཅེས་པ་སྒོ་ལྔ་དང་ཡིད་ཀྱི་རྣམ་ཤེས་བཅས་དྲུག་ལ་ཟེར། དཔེར་ན་རྣ་བའི་རྣམ་ཤེས་ཀྱི་སྒྲ་ལྷང་ལྷང་ཐོས་པ་ན་སྒྲ་དེ་ལ་བརྟག་དཔྱད་དང་བསམ་གཞིག་གང་ཡང་མི་བྱེད་པར་སྒྲ་ཐོས་མཁན་རང་རིག་ལྷན་སྐྱེས་ཀྱི་ངང་དུ་སྐྱེ་བ་མེད་པར་རྟོག་པ་ལ་ཐད་ཀར་འཁྱེར་བ་ཟེར། དེས་གཞན་ལའང་རིགས་འགྲེ། འདི་ནི་ལེའུ་བདུན་མའི་འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི། །སོགས་ཀྱི་དོན་ལ་བརྟགས་པས་ཤེས་སོ། །འོ་ན་ཚོགས་དྲུག་ཅེས་པའི་ཡོད་ལུགས་ཀྱིས་རྣམ་ཤེས་དྲུག་ཡོད་དམ་སྙམ་ན་མ་ཡིན་ཏེ། ཀུན་གཞིའི་རྣམ་ཤེས་གཅིག་པོ་དེ་དབང་པོའི་ཡུལ་སོ་སོའི་རྩ་ནང་དུ་རླུང་ཡོད་པས་ཁྲིད་དེ་སེམས་ཀྱིས་རྟ་བྱས་ནས་ཐོས་པ་ལ་སོགས་པའི་བྱ་བ་བྱེད་དེ། དཔེར་ན་ཁང་པ་བུག་པ་ལྔ་ཡོད་པ་ཞིག་ཏུ་སྤྲེའུ་གཅིག་བཅུག་ན། སྤྲེའུ་དེས་བུག་པ་ཐམས་ཅད་ནས་མགོ་རྡོག་ཙམ་རེ་བྱས་པ་ལ་སྤྲེའུ་དུ་མར་འཁུལ་ཀྱང་དོན་ལ་སྤྲེའུ་ལྔ་མི་དགོས་པའམ། ཡང་ན་ཁང་པ་དེའི་ནང་དུ་མེ་སྒྲོན་ཆེན་པོ་གཅིག་སྦར་ན་བུག་པ་ལྔ་ཁར་མེ་ཇི་བཞིན་པ་མངོན་པ་ཡིན་གྱིས་དེ་ལ་མེ་ལྔ་མི་དགོས་པའི་དཔེས་ཤེས་པར་བྱའོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པོའི་ཆོ་འཕྲུལ་ཡིན་པ་གོ་བར་བྱོས་ཤིག་དང་། དེ་ལྟར་བྱས་པས་དེ་ལ་བཅས་བཅོས་མེད་པར་བཞག་ཚེ་ཚོགས་དྲུག་ལྷུག་པའི་དྲན་པའམ། ཐད་ཀར་འཁྱེར་ཤེས་པ་ལ་ཚེགས་མེད་པ་ཡིན་ནོ། །རྒྱུ་མཚན་འདི་ལ་དཔྱད་ན་འཕྱིས་ཀྱི་གང་ཟག་ལྟ་སྒོམ་མཐོན་པོར་རློམ་པ་རྣམས་ཀྱང་གང་ཡང་མ་ཕྱིན་པར་གོ་ལགས། ཞེས་ཝ་གིནྡྲ་དྷརྨ་ཀཱིརྟི་ལ་གདམས་པའོ། །
༈ ལོ་གཅིག་འབག་བསྙེན་བྱས་པ་བས༔ ཟླ་གཅིག་སྨྲ་བཅད་བྱས་པ་མཆོག༔ ཅེས་ཨོ་རྒྱན་ཆེན་པོས་གསུངས་མོད། སྤྱིར་ངག་བྱིིན་རླབས་དང་། གྲག་སྟོང་སྔགས་སྒྲར་ཤེས་པ་སོགས་གསང་སྔགས་ཀྱི་ལམ་ཁོག་ཡངས་པོ་ཡིན་ཡང་། ལས་དང་པོའི་རིང་དེ་དེ་བཞིན་ནོ་སྙམ་པའི་རྒྱས་འདེབས་ལས། འཁྲུལ་སྣང་ཡེ་ཟད་ཆེན་པོའི་ས་ལ་སླེབ་པའི་རང་བཞིན་ལྷུན་གྲུབ་ཀྱི་གྲག་སྟོང་སྔགས་སུ་ལམ་ལམ་བཅོས་བསྒྱུར་མེད་པར་གོ་བའི་གདེང་ཚད་མེད་ཕྱིར། མི་ཚིག་གིས་བསྒྲིབས་པས་སྔགས་ཀྱི་ནུས་པ་འཕྲོག་པ་སོགས་གེགས་སྐྱོན་མང་པོ་འབྱུང་བའི་སོ་མཚམས་ཕྱེད་པ་ཞིག་དགོས་པར་གོ་ལགས། ཞེས་པ་འདི་སྦྱོར་སྤྲུལ་རིན་པོ་ཆེས་ངག་གྲག་སྟོང་སྔགས་སུ་གོ་ཕྱིར་སྨྲ་བ་གཅོད་མི་དགོས་པ་འདྲ་ཕེབས་པའི་ལན་དུ་ཕུལ། །
༈ ལར་སྤྲོས་བཅས་ཀྱི་དགེ་སྦྱོར་སྤྲོས་མེད་ཀྱི་སྐབས་ཆག་ཀྱང་དགའ་རབ་ཨེ་ཡོད་ཕེབས་པ། སྤྲོས་མེད་ཀྱི་ཡིན་ལུགས་ཇི་བཞིན་དུ་རྟོགས་པ་དེས་རྣམ་གཡེང་ཟླ་གྲོགས་སོགས་སྤངས་ནས་ཕུར་ཚུགས་སུ་སྒོམ་ལ་གནས་པ་ལྟ་བུ་ཡིན་ན་ནི། རྫོགས་ཆེན་ནས་བྱ་བ་དགུ་ཕྲུགས་སུ་གཏང་བར་གསུངས་པ་དང་། དེ་མཚུངས་རྗེ་མི་ལས་ཀྱང་། དྭགས་པོ་ལྷ་རྗེ་ལ། ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་གི་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །མ་བཅོས་གཉུག་མའི་ངང་ལ་ཞོག། །ཅེས་གསུངས་པ་ལྟར་ལས་རླུང་ཁ་ཡན་དུ་མི་འཆོར་བའི་ཕྱིར་སྒོ་གསུམ་རྩོལ་མེད་ཁོ་ནར་འཇོག་པ་བོགས་ལོས་ཆེ་ཡང་། རང་རེ་སྙིགས་དུས་ཀྱི་ཆོས་པ་ཟླ་གྲོགས་དང་མོལ་མཆིད་ཚེ་འདིའི་རྣམ་གཡེང་དང་བསྟུན་དགོས་པ་ལྟ་བུས་ནི་དགེ་སྦྱོར་དེ་དག་སྤོང་བཞིན་དུ་འཕྲོས་གཏམ་སོགས་སྤང་བར་མ་ནུས་ན་དམ་བཅའ་དང་འགལ་ཞིང་མི་ཚེ་རེ་སྦུག་ཏུ་དོན་མེད་ལ་ཟད་ཀྱིས་དོགས་པས། དོན་དམ་ནམ་མཁའ་ལྟ་བུའི་དོན་འཕྱུགས་པ་མེད་པའི་ངང་ནས་ཀུན་རྫོབ་སྒྱུ་མ་ལྟ་བུའི་རོལ་པར་དགེ་སྦྱོར་ཡང་སྤང་བར་མི་བྱ་སྟེ། ཇོ་བོ་རྗེས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་བྱ། །ཞེས་གསུངས། དོན་དུ་དགེ་སྦྱོར་མཚན་བཅས་འདི་དག་ནི་ཀུན་རྫོབ་ཡིན། ཕན་གནོད་མེད་སྙམ་པའི་བློ་ཡོད་ནས་མ་བྱས་པར་བཞག་ན་ནི། སྟོང་ཕྱོགས་ཀྱི་གོ་བས་ཐབས་ཁྱད་དུ་བསད་ནས་སྟོང་པར་སྦྱངས་པ་ཡིན་ཕྱིར་མི་རུང་ངོ་། །ཡང་དགེ་སྦྱོར་བྱས་ཀྱང་བྱས་པའི་དགེ་རྩ་ལ་ཧུར་ཐག་བཏང་བ་ཡིན་སྙམ་པ་ཡང་མི་སྐྱེ་ལ། ཆད་ཀྱང་ཆད་སོང་སྙམ་པའི་སྣང་བ་གང་ཡང་མེད་པར་རིག་པ་ཟང་ཐལ་ཡུག་འབྱམས་ལྟ་བུར་གྱུར་སྐབས་ནི། ཇི་སྐད་དུ་རྫོགས་ཆེན་ནས། ཉམས་ལ་རྟོགས་པར་མ་ཞེན་ཅིག །རྟོགས་ནས་ཉམས་ལ་མ་ཞེན་ཅིག །ཅེས་གསུངས་པ་ལྟར། དོན་དམ་བཞག་ནས་ཀུན་རྫོབ་དང་དུ་བླངས་པ་ལྟ་བུ་ཡིན་པས་རང་གི་དགོངས་པ་མཐོ་དམན་དང་སྦྱར་ཤེས་པ་དགོས་ཏེ་རེ་ཞིག་བཞག །
༈ ཇི་ལྟར་སམྦྷོ་ཊའི་ནང་གི་རྨི་ལྟས་སྔ་ཕྱི་བློར་ངེས། ད་ཆ་རྨི་ལྟས་བཟང་ངན་ཡི་གེར་འགོད་པ་འདི་ཡང་རྨི་ལམ་ལ་མངོན་ཞེན་སྐྱེས་ཏེ་བདུད་འཇུག་པའི་སྒོ་ཡིན་པས་ད་ནས་བཟུང་ལེགས་ཉེས་ཅི་བྱུང་ཡང་བདེན་མེད། ཞེན་མེད། སྣང་མེད། ཁྱབ་གདལ་རང་དུ་བཞག་པ་གལ་ཆེ། དེའི་རྒྱུ་མཚན། རྨི་ལམ་སྔ་མ་ལ་ཚེའི་རིག་འཛིན་ཐོབ་བོ་ཟེར་བ་དང་། རྗེས་མ་ལ་དོ་ནུབ་ཁྱོད་ཀྱི་ཚེ་ཟད་ཟེར་བ་གོ་མི་མཚུངས་པ་དེ་ཀས་ཤེས། དེ་ཡང་ཚེའི་རིག་འཛིན་ནི་སྔགས་ལུགས་ཀྱི་རིག་འཛིན་རྣམ་པ་བཞི་ལས། ཆོས་མཆོག་ཆེན་པོ་མཐར་ཕྱིན་ནས་མཐོང་ལམ་བསྒོམས་ཏེ་སྐྱེ་ཤིའི་མིང་ཡང་ཟད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལྟ་བུ་ཡིན་པ་ལ། ད་ལྟ་རང་ཅག་ཚོགས་སྦྱོར་གཉིས་ཀྱིས་བསྡུས་པའི་བསྐྱེད་རྫོགས་ལ་གོམས་པ་ཐོབ་པ་རྣམ་སྨིན་གྱི་རིག་འཛིན་ཙམ་ཡང་མ་ཐོབ་པར་མངོན་གྱུར་དུ་གསལ་བས་རྨི་ལམ་དུ་ལུང་སྟོན་མཁན་དེ་ཀ་འཇིག་རྟེན་གྱི་ཌཱཀྐི་མར་ངེས། ཅིའི་ཕྱིར་ན་རིག་འཛིན་བཞི་པོའི་རྣམ་དབྱེ་ཁོ་རང་གིས་མ་ཕྱེད་པའི་ལུང་སྨྲས་ཟིན་པའི་ཕྱིར་རོ། །གང་ཞེ་ན་སྣང་བ་དགྲར་ལངས་པ་མ་ཡིན་ཏེ་ཡེེ་ཤེས་སྒྲིབ་བྲལ་དུ་གཟིགས་པའི་མངོན་མཁྱེན་ནི། ཤཱཀྱ་ཐུབ་པ་དང་། སློབ་དཔོན་པདྨ་སོགས་དུས་གསུམ་མཁྱེན་པ་རྣམས་ལས་གཞན་ལ་མེད་དེ། དེའི་རྒྱུ་མཚན་སྡེ་སྣོད་དང་རྒྱུད་སྡེའི་གཞུང་ཆེན་པོ་རྣམས་ཀྱིས་ཤེས་ལ་ད་ལྟ་རྟོགས་པ་ཀློང་དུ་གྱུར་པ་ལྟ་ཅི། ཞི་གནས་མཚན་མ་མེད་པའང་རྒྱུད་ལ་མ་སྐྱེས་པའི་གང་ཟག་ཆེ་ཆུང་མ་ངེས་པ་དག་གིས་ལུང་བསྟན་ཡིན་ཟེར་མང་པོ་ཞིག་བཤད་ཡོད་འདུག་པ་ཡང་ན་ལྷ་འདྲེའི་ཆོ་འཕྲུལ་རྫས་སྦྱོར་ལ་སོགས་པའི་མཐུར་ངེས། གལ་ཏེ་ཐུགས་དམ་གྱི་མྱོང་བ་ཅུང་ཟད་ཡོད་ཀྱང་དགོངས་པ་ཚོ་མ་ཟིན་པའི་རིགས་ཅན་ཕལ་ཆེར་དང་། གཞི་ཕུན་སུམ་ཚོགས་པ་ཙམ་ཡིན་དུ་སྲིད་ཀྱང་བསྐྱེད་རྫོགས་ལ་བརྟན་པ་མ་ཐོབ་པ་ཕལ་ཆེ་བ་ནི། ཡུལ་ཅན་གྱིས་རྩ་ཁམས་དྭངས་པའི་རྩལ་སྣང་ར་རི་ཡུལ་ལ་ཤར་བ་རེ་གཉིས་བདེན་བདེན་ཡིན་ཡིན་འདྲ་མོའི་རློམ་སེམས་སྐྱེས་པའི་ཚེ་མཁའ་འགྲོ་མས་བར་ཆད་བརྩམས་ནས་བདེན་པ་དང་མི་བདེན་པའི་ལུང་བསྟན་མང་པོ་ཡོང་པར་བཤད་དེ། རྫོགས་པ་ཆེན་པོའི་རྒྱུད་རིག་པ་རང་གྲོལ་ལས། དེ་ནས་ཡང་མཁའ་འགྲོ་མའི་ཆ་བྱད་དུ་ཞུགས་ནས། རིགས་ཀྱི་བུ་ངས་ཁྱོད་ལ་ལུང་བསྟན་གྱིས་དེ་ནི་ཡང་དག་པ་མ་ཡིན་ནོ། །དེ་ནི་ལོག་པ་ཁོ་ནའོ། །འདི་ལྟར་བྱས་ན་རིགས་ཀྱི་བུ་ཁྱོད་གྲོལ་བར་འགྱུར་ཞེས་ལུང་སྟོན་པ་ནི། བདུད་ཡིན་པར་ཤེས་པར་བྱའོ། །དེའི་དུས་སུ་རང་གི་དེ་ཉིད་མ་ཡེངས་པར་བྱའོ། །གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་བྱའོ། །ཞེས་དང་། བཀའ་བརྒྱད་ཡོངས་འདུས་ལས། ལུས་ལ་བདེ་བ་ལ་སོགས་འབྱུང་། །ངག་ལ་བདེན་ཐོབ་ཆོས་སྨྲ་འབྱུང་། །སེམས་ལ་མངོན་ཤེས་ལ་སོགས་འབྱུང་། །ཕྱི་རུ་བྱིན་རླབས་ལུང་སྟོན་འབྱུང་། །དེ་དག་དམ་པས་དགོངས་སྤྱོད་དུ། །བཟུང་ན་ཉམས་ཀྱི་བདུད་དུ་འགྱུར། །ཞེས་དང་། གང་ལ་ཆེད་དུ་འཛིན་པ་དེ། །བདུད་རྣམས་ཀུན་གྱི་དཔྱིད་ཡིན་ཏེ། །ཞེས་དེ་ལ་བདེན་པར་བརྩི་ཞིང་རློམ་སེམས་དང་བཅས་ཡ་མཚན་དུ་བརྩི་བ་ལ་ཟེར་ནའང་བྱེད་མཁན་མང་ངོ་། །དེ་སྐད་དུ་བྱང་གཏེར་ཐུགས་སྒྲུབ་ཀྱི་ཉམས་རྟགས་གསལ་བའི་སྒྲོན་མེ་ལས་ཀྱང་། མཁའ་འགྲོ་བདག་གིས་དབང་དུ་མ་འདུས་ཤིང་། བདག་མཁའ་འགྲོ་མའི་དབང་དུ་ཤོར་བས། དུས་མ་ཡིན་པའི་སྨྱོན་སྤྱོད་དང་། བརྟུལ་ཞུགས་བྱེད་པ་དང་། དུས་རྟག་ཏུ་དྲན་པའི་རྩིས་མ་ཟིན་པར་འགྲོ་བ་དང་། རྒོད་ཅིང་སེམས་བསྡད་སར་མི་སྡོད་པར་ལུས་ངག་ཡིད་གསུམ་གྱིས་སྤྱོད་པ་ལོག་པ་སྣ་ཚོགས་བྱེད་པ་འབྱུང་ངོ་། །དེ་ནི་རང་མཁའ་འགྲོ་མའི་དབང་དུ་ཤོར་བ་ཡིན་པས། དུས་འཕྱིས་འཇིག་རྟེན་མཁའ་འགྲོ་མས་དབང་བྱས་ཏེ་ལོག་པའི་ལུང་བསྟན་ཕྲ་མོས་བསམ་པ་ཕྲ་མོ་འགྲུབ། མངོན་ཤེས་ཕྲ་མོ་འབྱུང་། ལོག་འཚོ་སྣ་ཚོགས་སྤྱོད་ཅིང་ལོག་པའི་ལམ་དུ་ཁྲིད་པས། རང་བླ་མ་ལ་གསོལ་བ་དྲག་ཏུ་བཏབ། གནས་ལུགས་ལ་བློ་གཞག །སྣང་བ་རང་སྣང་ཁ་འཁྱེར་དུ་མི་གཏང་ངོ་། །ཞེས་གསུངས་པས་ཤེས་ལ། ལར་རྟོག་པ་ཀློང་དུ་གྱུར་པའི་རིགས་ཅན་ཞིག་མིན་ཕྱིན་ཆད་མངོན་ཤེས་མི་དགོས་རྡོ་ལ་ཞབས་རྗེས་འཇོག་ཤེས་པ་བྱུང་ཡང་དཔྱད་པར་བྱ་སྟེ། ཟོག་གམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སུ་ཤེས་པའི་ཚུལ། དུས་གསུམ་མཁྱེན་པས། གྲུབ་ཐོབ་མང་སྟེ་རྟོགས་ལྡན་ཉུང་། །རྟོགས་པ་མེད་པའི་གྲུབ་ཐོབ་དེ། །གྲུབ་རྟགས་མང་ཡང་འཁོར་བའི་རྒྱུ། །ཞེས་པ་ལ་སོགས་ཏེ་བརྗོད་བྱ་ཟད་མི་ཤེས་པ་ཡོད་དོ། །ཁོ་བོ་ལའང་སྔར་རྩེ་གཅིག་ཆེན་པོའི་ཉམས་ཀྱི་ཡུལ་སྣང་ལ་འཆར་སྒོ་གང་ཡང་བྱུང་སྟེ་བདེན་འཛིན་མེད་པར་བཞག་པས་སྤྲོས་བྲལ་མངོན་དུ་གྱུར་པ་ནས་བཟུང་། ཡུལ་སེམས་རིས་མེད་དུ་དག་པས་ཞལ་སྟོན་མཁན་གྱི་ལྷ་དང་། ལུང་སྟོན་མཁན་གྱི་འདྲེ་སོགས་གང་ཡང་མི་འདུག་སྟེ། ང་ལ་ཞལ་གཟིགས་ལུང་བསྟན་མེད་སྙམ་པའི་ཡི་མུག་མི་སྐྱེ་ཞིང་གཞན་གྱི་ཅ་ཅོའི་མཚང་ཤེས་པའི་བློ་བདེ་བ་ཞིག་རྒྱུན་དུ་ཡོད་པ་ལགས། །
༈ རྣམ་རྟོག་ཐོལ་སྐྱེས་རིག་ཙམ་དེ་གའི་མོད་ལ་རྣམ་རྟོག་ཤར་མ་ཤར། གནས་མ་གནས་གང་ཡང་ཟེར་དུ་མེད་པ་ཞིག་འདུག་སྐད་པ་སྟོང་འབྱམས་ལུང་མ་བསྟན་དང་མ་ནོར་བར་རིག་པ་ཁོ་རང་ཞེན་མེད་ཧུ་རེ་བར་འདུག་ན་རྟོགས་པའི་ལྷག་མཐོང་དུ་ཐག་ཉེ། ད་དུང་དེ་གའི་མུ་ལས་རྣམ་རྟོག་དེ་ལ་བརྟག་དཔྱད་ཀྱིས་སྟོང་པར་རྒྱས་འདེབས་དང་། དྲན་རྒྱུན་གྱི་མུས་འཐུད་རྣམ་རྟོག་ཕྱི་མ་བསྒུག་པ་ལྟ་བུའི་ཉམས་ཤིག་འཆར་ཉེ་སྲིད་པས་དེ་དག་གང་ཡང་མི་བྱ་བར་རང་བབས་ཁ་ཡན་དུ་གློད་ལ་བཅོས་མེད་ཀྱི་དྲན་པ་རྟེན་མེད་དུ་སྐྱོངས། ལར་གཉུག་མའི་ཡིན་ལུགས་རང་ལ་ཡོད་ཀྱང་ཡིན་ཚུལ་ལ་གནས་པ་དང་འཁྲུལ་འབྱམས་སུ་ཤོར་བ་གཉིས་བསྐལ་པ་ནས་ཚེ་རབས་ཀྱིས་གོམས་ཤུགས་ཁྱད་པར་ཤོར་བས་རང་ངོ་རང་གིས་བསྒྲིབས་པའི་ཕྱིར། ཚོགས་ལམ་པས་གོ སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་ཞེས་པའི་ཕྱིར་རྒྱུད་ལྡན་གྱི་བླ་མ་དང་། མན་ངག་ཚད་ལྡན་གྱི་བཤད་པ་ལྟ་བ་ལུང་རིགས་དང་འབྲེལ་བ། དང་། རང་གིས་སྒོམ་པ་ཉམས་མྱོང་དང་འབྲེལ་བ། རྟོགས་ཚད་ནང་ནས་ཤར་བ་གསུམ་འགལ་འདུ་ཅན་མ་ཡིན་པ་དེ་ཆོས་ཉིད་རྣལ་མ་ཡིན། བླུན་པོ་ཁ་ཅིག །ཤེས་རབ་རྣམ་པ་གསུམ་གྱིས་བཏང་བའི་རྗེས་སུ་འབྲངས་ཏེ་རྒྱུད་དང་མན་ངག་རྣམས་ལ་སྦྱོང་བརྡར་མི་དགོས། ང་རྒྱལ་སྐྱེ་རོགས་ཡིན་ཟེར་ནས་མིག་རུ་ཟང་ཟང་ཞིག་ལ་སྦུབས་འཚོལ་མོད་དེ། སྟོན་པ་སངས་རྒྱས་ལའང་མཁྱེན་པ་གཉིས་ཀྱི་ཡོན་ཏན་ལས་ནི་ཅང་མི་མངའ། ཀུན་མཁྱེན་ཀློང་ཆེན་པ་ལ་སོགས་ཏེ་མཁས་གྲུབ་ཐམས་ཅད་ཀྱིས་ཀྱང་རང་གི་ཇི་ལྟ་བའི་མཁྱེན་པ་གཟིགས་ནས་དེའི་དོན་གཞན་ལ་ཇི་སྙེད་པའི་མཁྱེན་པས་འདོམས་པའི་ནུས་པ་ཐོན་ནས་བསྟན་པའི་བྱ་བ་མཛད་པ་མ་གཏོགས། རྩལ་བཤད་དང་ཕོ་ཚོད་ཀྱིས་བསྟན་བཅོས་རྩོམ་པར་མི་གདའ། རོང་པ་རྫོགས་ཆེན་པ་ཇི་སྐད་གསུངས་པ་ལྟར་སྙིགས་མའི་དུས་ཀྱི་སྒོམ་ཆེན་པར་རློམ་པ་རྣམས་ཀྱིས་རྒྱུད་དང་མན་ངག་རྣམས་དགྲ་ལྟར་སྤངས། དེ་ལས་ཟབ་ཟབ་མོ་ཞིག་ཡོད་པའི་ཁུངས་བྱས། རྫོགས་པ་ཆེན་པོའི་ལྟ་བ་ཐུན་མོང་མ་ཡིན་པའི་གནད་ཆ་ཙམ་ཡང་མ་རྟོགས། ཡིད་དཔྱོད་དང་ཕོ་ཚོད་ཁོ་ནར་སྐུ་ཚེ་མཐར་བསྐྱེལ་བྱེེ། ད་ཧྲིལ་གྱིས་དྲིལ་ན། ད་ལྟའི་ཤེས་པ་སྐྱོན་ཡོན་གང་གིས་ཀྱང་མ་བསླད་པའི་རང་བབས་ལྷུག་པ་འདི་ཀ་རྫོགས་པ་ཆེན་པོའི་ཀ་དག་གི་ངོ་བོར་མ་བྱས་ལྷུན་གྲུབ་ཏུ་ཡོད། གང་ཟག་སྦྱངས་པ་ཅན་ཐོས་གྲོལ་གྱི་ཅིག་ཆར་བ་རེ་རེ་ཙམ་མ་གཏོགས་གཞན་ལ་འདི་ངོ་སྤྲད་ཀྱང་ཤེས་བྱའི་སྒྲིབ་པས་བསླད་དེ་སྒོམ་གོ་ཆོད་པ་མི་སྲིད་པས་བདེ་གསལ་མི་རྟོག་པའི་ཕྲང་ལ་བཤར་དགོས་པ་རང་མང་། འོན་ཀྱང་ཅི་ཞིག་ན་ཉམས་གསུམ་གྱི་ཤུབས་ནས་དོན་དེ་སྤྲོས་བྲལ་བསམ་མེད་ཚུལ་བཞིན་དུ་རྟོགས་འོང་བ་ཡིན། ཁྱེད་རང་ཡང་ད་ལྟའི་བབས་དྲན་པ་མ་ཡེངས་པའི་ངང་ནས་རྣམ་རྟོག་ཐོལ་ཤར་རྗེས་ཐོབ་བརྗོད་དུ་མེད་པ་ཞིག་འདུག་ན་སྐྱོན་ཤོར་མདོག་མ་ཁ་ཡང་། དྲན་པའི་རྒྱུན་དང་། རྣམ་རྟོག་རང་ངོ་ཤེས་པ་འདི་ལ་ཉམས་དང་རྟོགས་པ་གཉིས་སུ་ཡོད་པས། དྲན་པ་ཡང་རྩོལ་བྱས་འཇུར་དྲན་མ་ཡིན་པར་ཡང་དག་རྩོལ་མེད་ཡེ་བབས་ཀྱི་དྲན་པ། དེ་བཞིན་རྣམ་རྟོག་རང་ངོ་ཤེས་པ་ཡང་ཆེད་འཛིན་གྱིས་རྟོག་དཔྱོད་མ་ཡིན་པར་ལྷག་མཐོང་གི་ཡེ་ཤེས་ཟང་ཐལ་ཤེལ་གོང་ལྟ་བུ། མདོར་ན་སྒོམ་བློ་ཏིལ་གྱི་ཤུན་པ་ཙམ་མེད་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་པ། ལྟ་བ་མཐོན་པོས་ཕན་མ་བཏགས། རྣམ་རྟོག་ངན་པས་གནོད་མ་བསྐྱལ། ངེས་ཤེས་ཀྱི་བློ་དང་བྲལ་བ་ཞིག་ཏུ་ལ་བཟློས་པའི་ཚེ་སྒོམ་བདག་པོའི་ལག་ཏུ་འཁྱོལ་བ་ཡིན་ཏེ། ཀུན་ཏུ་བཟང་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ཀློང་ཆེན་པས། མ་བཅོས་ལྷུག་པ་ཡེ་གྲོལ་ཟང་ཀ་མ། །ཅོག་བཞག་ཅེར་མཐོང་བསམ་ཡུལ་འདས་པ་ནི། །སོ་མ་གཉུག་མ་ཅི་བཞིན་ཆོས་ཉིད་དང་། །ཡེ་བཞིན་རྣམ་དག་ཕྱོགས་ལྷུང་ཀུན་དང་བྲལ། །དུས་བཞི་འཕོ་འགྱུར་མེད་པའི་དོན་ལ་ཞོག །རེ་དོགས་ཆེད་འཛིན་ཞིག་ན་རྣལ་མའི་དོན། །སུས་ཀྱང་བཅོས་སུ་མེད་ཀྱི་གཞི་བྲལ་དང་། །དམིགས་བསམ་གདོད་ནས་དག་པར་ཤེས་པར་བྱ། །གནས་ལུགས་ཡེ་གཞི་ལྷུན་གྲུབ་བཅོས་བསླད་མེད། །མཁའ་ལྟར་རྣམ་དག་ཕྱོགས་ལྷུང་ཀུན་དང་བྲལ། །དེ་ཉིད་རྟོགས་པ་རྣལ་འབྱོར་ལམ་གྱི་གཞི། །ཕྱོགས་བྲལ་ནམ་མཁའ་དྲྭ་བས་གུད་མ་བཅད། །མ་རྟོགས་སྐྱོན་རྣམས་སོ་སོར་བཟུང་ལས་བྱུང་། །དེ་བས་བསམ་འདས་ཕྱམ་བརྡལ་མཁྱེན་པར་མཛོད། །ཅེས་གསུངས། མདོར་ན་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་སྐབས་སུ་བཅོས་མེད་ཀྱི་ཐ་མལ་ཤེས་པ་འདི་ཀ་བདེ་བར་གཤེགས་པའི་སྙིང་པོ། སྐྱོན་ཀ་ནས་དག་ཅིང་ཡོན་ཏན་ལྷུན་གྲུབ་ཏུ་མཆིས་པ་ཡིན་པས་འདི་ཉིད་ངོ་འཕྲོད་ཕྱིན་ཆད་ནས་ཀུན་གཞི་ལུང་མ་བསྟན་ལྷན་སྐྱེས་ཀྱི་མ་རིག་པ་དང་། རིག་པ་ཡུལ་ཕྱིར་འབྲང་བ་ཀུན་བརྟགས་ཀྱི་མ་རིག་པ་གཉིས་ཀྱིས་དབང་དུ་སྐད་ཅིག་ཀྱང་མི་གཏང་བར་ཡེ་བབས་ཀྱི་རྒྱུན་སྐྱོང་བ་ལ་སྒོམ་གྱི་མིང་བཏགས་པ་ཙམ་མ་གཏོགས་ཡིད་ལ་བྱེད་པའི་སྒོམ་རྒྱུ་རྡུལ་ཙམ་ཡོད་ཕྱིན་ཆད་གོལ་ས་དང་། ནོར་ས་དང་། ཤོར་ས་ཁོ་ན་ཡིན་ཏེ། ཀུན་མཁྱེན་གྱིས། གཉུག་མའི་སེམས་ལ་སྒྲིན་པོའི་གཟེབ་བསྐུར་ཏེ། །བཅོས་ཤིང་བཅོས་ཤིང་སྙིང་པོའི་དོན་ལ་བསྒྲིབ། །དེ་བས་གཟེབ་བྲལ་གླེན་སྣང་ལྷོད་ཡོད་པ། །མི་རྟོག་ཆོས་ཉིིད་ཡངས་བའི་ངང་དེར་ཞོག །ཅེས་གསུངས་པས་གོ་ལ། ཡང་རིག་པ་འཐོམས་པ་ལྟ་བུ་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་བ་སྙོམས་འཇུག་གི་ཏིང་འཛིན་ལྟ་བུའི་གེགས་སེལ་ལ། ཤེས་པ་ནམ་མཁར་གཏད་དེ་དབྱིངས་སྟོང་པ་ཉིད་དང་། རིག་པ་བརྗོད་དུ་མེད་པ་བསྲེ་ཞིང་རླུང་རོ་འབུད། རླུང་ཕྱིར་འཛིན། བདེ་གསལ་མི་རྟོག་པ་གསུམ་སྐུ་གསུམ་གྱི་བསྒྲུབ་གཞི་བྱང་ཆུབ་ཀྱི་ལམ་ཙམ་ལས་འབྲས་བུ་དངོས་མ་ཡིན་པས་དེ་དག་ནམ་ཤར་ལ་ཕཊ་དྲག་པོ་རེ་རྒྱག་དེའི་རྗེས་ལ་ཤེས་པ་གཏད་མེད། ཁུངས་མེད། ཧད་དེ། ཕྱད་དེ། ངོས་གཟུང་བདེན་འཛིན་ལས་གྲོལ་བ་ཞིག་འཆར། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་འདི་ཁོ་ན་ལ་སྒོམ་གྱི་བློ་ཕུགས་འཆའ་བ་གནད་ཀྱི་སྙིང་གཏམ་སངས་རྒྱས་ལག་བཅངས་སུ་བཤད་པ་ཡིན་ནོ། །ཨེ་མ་རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །བློས་བཏགས་བྱ་རྩོལ་གཟེབ་ཀྱིས་མ་བཅིངས་པར། །ཕྱོགས་ཡན་ཡངས་པའི་ཀློང་དུ་གློད་ཤེས་པས། །ལྟ་སྒོམ་སྤྱོད་པའི་སྒྲོ་བཏགས་མིང་འདོགས་ཟད། །མ་བཅོས་སྤྲོས་བྲལ་གདོད་མའི་གནས་ལུགས་ལ། །ཀུན་བཟང་དགོངས་པ་ཡོད་པ་ད་གཟོད་གོ །ཡིན་མིན་དགག་བསྒྲུབ་ཕྱོགས་ཆའི་འཛིན་སྟངས་ཀུན། །བློ་འདས་རྫོགས་པ་ཆེན་པོའི་ངང་དུ་ཟད། །གངས་ཅན་འདི་ན་གྲུབ་པའི་མཐའ་མང་ཞིང་། །རང་རང་ཕྱོགས་སྔའི་མཐའ་བཀག་མཐུན་འཇུག་གཏམ། །གླེང་ཡང་ཡིད་དཔྱོད་སྒྲོག་ལས་གྲོལ་བའི་གནད། །ཆོས་ཉིད་མངོན་སུམ་མཐོང་བས་སྐལ་པ་བཟང་། །སྐྱེ་འགྲོའི་ཚེ་སྲོག་གློག་གམ་ཆུ་བུར་བཞིན། །ཤིན་ཏུ་མི་རྟག་ཡ་མ་བརླར་གྱུར་ཀྱང་། །རྟག་འཛིན་འདོད་པས་ངན་སོང་ལྷུར་ལེན་ཚོར། །བསམས་ཀྱང་རང་ཅག་དལ་འབྱོར་དོན་དང་ལྡན། །འཇིག་རྟེན་མི་ཡི་ཁྱུ་རུ་མ་འགྲེ་ཞིང་། །འཁོར་དང་ཟང་ཟིང་འབྱོར་པས་ཕོངས་ན་ཡང་། །འདི་ན་རྒྱལ་སྲས་སྤྱོད་པར་བསླབས་པ་དེས། །འོ་ཅག་མཆེད་གྲོགས་སྣང་བ་ཅི་ལས་བདེ། །སྔོན་བྱོན་འཕགས་པའི་རྣམ་འཕྲུལ་གྲུབ་བརྙེས་ཀྱིས། །མཛད་ཕྲིན་ནམ་མཁའི་ཕ་མཐར་བརྡལ་བ་ལ། །སྐྱིད་འདོད་ཆོས་བརྒྱད་བྱ་བའི་སྒྲ་མི་འཇུག །འཁོར་འདས་བྲག་ཕུག་ནང་ནས་རུ་ཤན་གྱིས། །གང་ཤར་རང་གྲོལ་བློ་བདེ་གུ་ཡངས་ངང་། །ཕྱི་ཚིགས་རེ་དོགས་དགྲ་བོ་ཕ་མཐར་བསྐྲད། །སྣང་བ་གདོང་འདེད་འུར་གཏུམ་རྦད་དྲགས་ཀྱིས། །སྤྲང་པོའི་འདུན་མ་ཆོས་ཉིད་ཀློང་དུ་ཟད། །བསམ་བཞིན་བློ་བདེ་བུ་ལས་སྐྱིད་པ་མེད། །འུ་ཅག་ཉམས་རྩལ་རྫོགས་པའི་ཁྱུང་ཕྲུག་ཡིན། །སྒྱུ་མའི་འདུ་བྱེད་བཏང་བ་དེ་མ་ཐག །གདོད་མ་གཞི་ཡི་ཀློང་དུ་འཕུར་ནས་འགྲོ། །
༈ བླ་མ་ལ་ཕྱག་འཚལ་ལོ། །དགེ་སློང་བཟོད་པའི་མཚན་ཅན་གྱིས་ཟུར་གསལ་ཕེབས་དོན། ཁོ་བོ་དང་རྨི་ལམ་དུ་མཇལ་ཞིང་ཉམས་ཀྱི་བོགས་འདོན་བྱུང་ཚུལ་སྐོར། སྤྱིར་རྨི་ལམ་འཁྲུལ་པའི་རང་གཟུགས་ལ་བདེན་འཛིན་ཆེར་མི་སྲིད་མོད་ཀྱང་། རྣམ་པ་ཀུན་ཏུ་དགེ་བའི་ལྷག་བསམ་ཅན་གང་ཉིད་ཡོན་གནས་ཀུན་ལ་དག་པའི་སྣང་བ་ཆེས་དཀར་བ་ཞིག་འདུག་པས་ཐུགས་རྗེ་ཡུལ་ལ་ཤར་བ་ཡིན་ཤས་ཆེ། དེ་ཡང་ནང་དོན་སྐོར་གྱི་འཇོག་སོ་སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་འཁོར་ལོར་ཤེས་པ་མ་ཧཱ་ཡོ་ག་སྟེ། གསང་སྔགས་སྤྱི་སྐད་ལྟར་ན་རྣལ་འབྱོར་བླ་ན་མེད་པ་མན་ཆད་ཀྱི་བསྒོམ་བྱ་སྟེ། དེ་ལྟ་ནའང་བསྐྱེད་རིམ་གྱི་སྙིང་པོ་ཞེན་མེད་ཁོ་ན་གཙོ་ཆེ་བ་ལ་སྣང་སྟོང་འཇའ་ཚོན་ལྟ་བུའི་ཐ་སྙད་བཏགས། རྫོགས་རིམ་ལ་མཚན་བཅས་དང་མཚན་མེད་གཉིས་ཀྱི་ཕྱི་མའི་གནས་ལུགས་ལ། ཁྱེད་རང་ཆོས་རྗེ་ས་སྐྱ་པའི་རྗེས་འབྲང་གི་ཆོས་སྐད་ལའང་ཚར་པ་ཆོས་རྗེས། སྐྱེ་འགག་གནས་གསུམ་བྲལ་བ་གདོད་མའི་གཤིས། །སྟོང་གསལ་བརྗོད་དུ་མེད་པ་གཉུག་མའི་ངང་། །ཞེས་བཤད་པའི་གཉུག་མའི་ངོས་འཛིན་བློ་ལས་འདས་པའི་ཐ་མལ་གྱི་དྲན་པ་གཟུང་འཛིན་གྱི་ཡུལ་དུ་མ་ཤོར་བ་ཞིག་ལ་འདོད་པ་ལགས། དེ་ཡང་རིལ་འཛིན་དང་རྗེས་གཞིག་ལ་བརྟེན་པ་ལམ་འབྲས་ལྟ་བུའི་བསྐྱེད་རྫོགས་རིམ་འཇུག་ཅན་དང་། མཁའ་སྤྱོད་སྐོར་གསུམ་ལ་སོགས་ཏེ་གསེར་ཆོས་སུ་འདོགས་པའི་སྙན་བརྒྱུད་རླུང་སེམས་དབུ་མར་བསྡུ་བའི་རྫོགས་རིམ་ཀུན་ཀྱང་ལམ་དུས་སུ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འབྲེལ་དུ་བསགས་ལུགས་འདོད་པ་ཐ་དད་པ་ཙམ་ལས་འབྲས་བུ་དག་པ་གཉིས་ལྡན་གྱི་གོ་འཕང་བསྒྲུབ་བྱའམ། གཉེར་བྱ་ཁོ་ནའི་ཕྱིར་ཕྱག་རྫོགས་དབུ་གསུམ། ཞི་བྱེད་གཅོད་ཡུལ་ལམ་འབྲས་ལ་སོགས་པ་ཐམས་ཅད་འབྲས་བུའི་གྲོལ་ས་མི་མཐུན་པ་མེད་མོད། འོན་ཀྱང་གནས་སྐབས་ཀྱི་འཇུག་སྒོ་ལ་ཀུན་རྫོབ་དང་། དོན་དམ། སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་སོགས་ཀྱིས་ལམ་ཐད་དྲང་དུ་སྟོན་མིན་གྱི་མྱུར་བུལ་ལ་ལྟོས་ནས་ལམ་ཟབ་ཁྱད་བཞག་པའི་ཕྱིར། ངེད་ཅག་རྫོགས་ཆེན་པའི་རང་སྐད་ཀྱི་གྲུབ་མཐའ་ལའང་ཀ་དག་དང་། ལྷུན་གྲུབ་ཐོད་རྒལ་གཉིས་སུ་འཆད་པ་ལ་ཟབ་ཁྱད་བྱར་ཡོད་ཅིང་། དེའང་དུས་ཀྱི་འཁོར་ལོ་ལ་སོགས་ཏེ་གསང་སྔགས་གསར་མའི་རྒྱུད་སྡེ་ནས་ལུགས་འདིའི་ཐོད་རྒལ་དང་ཆ་འདྲ་བའི་ཐིག་ལེ་ཐིག་ཕྲན། དུ་བ་འཇའ་ཚོན་ལ་སོགས་པའི་རྟགས་བཅུའི་ངེས་པ་འཆད་ཀྱང་རྩོལ་བ་དང་བྱ་རྩོལ་མེད་པའི་ཁྱད་པར་ཡོད་ཅིང་བྱེ་བྲག་ཏུ་ཤེས་ཉམས་དང་། སྣང་ཉམས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བའི་རྣམ་གཞག་ཡོད་ཀྱང་འདིར་དབུ་མའི་ལམ་དུ་བཞག་ནས། དོན་གྱི་འཇོག་སོར། གསལ་བ་དང་། སྟོང་པ་དང་། ཟུང་འཇུག་གསུམ་ཡ་མ་བྲལ་བའི་ཆོས་སྐད་ཀྱང་རིག་ཐོག་ཏུ་གོ་བས་དཔྱད་པའི་ཡིན་ལོ་ཙམ་ལ་མི་རེ་བར་གྲུབ་མཐའ་ངོ་བོ་ཉིད་གསུམ་གྱི་དགོངས་པ་ད་ལྟའི་ཤེས་པ་དྲི་མེད་གཅེར་ཡན་ལྷུན་གྲུབ་རང་གནས་ཆེན་པོ་ལ་རྡོ་རུས་སིང་སྟེ་ཐུག་པ་ཞིག་དགོས་ལགས་ཏེ། ཀུན་མཁྱེན་གྱིས། རིག་པ་མཐའ་གྲོལ་རྟེན་མེད་མ་ཤེས་པར། །རླུང་སེམས་ཉམས་ལ་གནས་ལུགས་དོན་དུ་ཞེན། །ཆགས་སྲེད་ཞེན་པས་ཉོན་མོངས་ཕྱི་ཕྱིར་འཕེལ། །ལམ་གོལ་དམན་པར་ཞུགས་ལ་སེམས་འདི་སྐྱོ། །ཞེས་གསུངས་པའི་ཕྱིར་སྟོང་ཉིད་བསམ་དུ་མེད་པ་བླ་མ་མཚན་ལྡན་གྱི་དགོངས་བརྒྱུད་ཀྱི་འཕོ་བ་ཐོབ་པའི་རྟེན་ཅིང་འབྲེལ་འབྱུང་ལ་ངེས་པར་ལྟོས་པ་གལ་ཆེ་ཞིང་། བློས་བསྒྲུབ་པའི་ཟུང་འཇུག་གིས་ཆོས་སྐད་ལ་ཡིད་མི་རྟོན་པ་ཞིག་ལ་ཐུགས་རྩེ་གཏོད་པར་ཞུ། ཞེས་ས་སྐྱ་པའི་དགེ་བཤེས་དག་སྣང་ཅན་ཞིག་གིས་ཟུང་འཇུག་གསུམ་དང་རྫོགས་པ་ཆེན་པོ་གནད་ཨེ་གཅིག་གསུངས་པ་ལ་སྨྲས་པའོ། །
༈ སྤྲོས་བྲལ་འགྱུར་མེད་བདེ་ཆེན་གྱི། །ངོ་བོའི་བཞུགས་ཚུལ་ཇི་ལྟ་བ། །ཚིག་སྤྱོད་གྱི་ནར་མ་གྱུར་པས། །གཤིས་ཀྱི་རང་བཞིན་ཇི་སྙེད་ཀྱི། །ཤེས་བྱས་རྣམ་དཔྱད་སྟོང་ཉིད་འདི། །སྟོན་མཆོག་རྫོགས་པའི་སངས་རྒྱས་ཀྱིས། །འཁོར་ལོ་ཐ་མར་བཞག་པ་དེ། །དེ་ཕྱིར་ངེས་དོན་དབུ་མ་ཆེ། །རྫོགས་པ་ཆེན་པོར་སངས་རྒྱས་པའི། །གྲུབ་མཐའ་ཇི་བཞིན་འདོམ་པ་ལ། །མ་རིག་ལྟ་བ་མཆོག་འཛིན་གྱི། །བདུད་ལས་རྣམ་རྒྱལ་རྒྱལ་དབང་མཆོག། །ཀུན་མཁྱེན་ངག་གི་དབང་པོའི་ཞབས། །སྙིང་གི་ཐིག་ལེར་རོ་གཅིག་ཤོག །འདི་ན་གང་ཞིག་ཡེངས་པ་ན། །ཐ་མལ་ཉིད་དུ་རྣམ་རྟོག་ལ། །དྲན་པའི་རྩི་དང་མ་བྲལ་ཚེ། །གསལ་ལ་སྟོང་པའི་འཛིན་སྟངས་ཀློང་། །རྟོག་ཚོགས་ནུབ་མེད་ཡལ་བ་གང་། །དཔྱིད་ཀའི་དུས་ཀྱི་ཆུ་བྲན་ལྟར། །ནུབ་འཁྱགས་ཉིན་མོ་ཞུ་བའི་དཔེས། །མཚོན་པར་ནུས་ཀྱི་ཡིད་དཔྱོད་ལམ། །འདི་ནི་བློ་དང་བཅས་པ་ཡིས། །འདུ་བྱེད་དྲན་པའི་ངང་སྒོམ་ལ། །སྒོམ་ཡུན་ཐུངས་པའི་མཚན་ཉིད་ལས། །རང་སའི་ལམ་ལ་གོལ་འཕྱུག་མེད། །འོན་ཀྱང་རྣམ་རྟོག་གང་ཤར་ལ། །སྔོན་བསུ་རྗེས་གཅོད་མི་བྱ་བར། །ཤར་མཁན་རང་སངས་རྗེན་པའི་ཀློང་། །ཤེས་པ་རང་ས་ཟིན་པ་གནད། །རེས་འགའ་ལུས་གནད་ལྟ་སྟངས་བཅས། །མིག་གི་རྗེས་སུ་སེམས་ཕྱོགས་ཏེ། །ཡུན་དུ་བསྲིངས་པའི་གནས་སྐབས་ན། །སྔོན་ལ་གནས་ཉམས་ལམ་མེ་ལ། །ཕྱི་ནས་ཝལ་ལེར་རྨུགས་པའི་ངང་། །དྭངས་ཆ་དེ་ཡང་འཐུམས་འགྲོ་ལ། །གཉིད་ཀྱང་མགྲོན་དུ་འགུགས་བྱེད་པ། དེ་ནི་རིག་པ་གཅུར་གཅུར་ནས། །གནས་ཉམས་འབའ་ཞིག་སྒོམ་དུ་ཞེན། །ཞི་གནས་རྐྱང་པར་ལྷུང་བའི་ཉམས། །རྫོགས་ཆེན་རང་བབས་ཡེ་གྲོལ་ལ། །བསྐྱར་གྲོལ་བསྒོམས་པས་ཕུང་པ་ཡིན། །འོན་ཀྱང་རང་བབས་ཤེས་པ་ལ། །རྩོལ་བའི་དྲན་པ་འདུ་བྱེད་པ། །འདི་ནི་འདི་ཀའི་གནས་སྐབས་ན། །སྒོམ་གྱི་ངོ་ཏིར་ཡོད་ལགས་པས། །དེར་འཛིན་གཉེན་པོས་སྤངས་པ་ཡི། །ལྡོག་སྒོམ་རྩལ་གྱིས་རྒྱས་བཏབ་ན། །གཉེན་པོའི་ཕྱོགས་སུ་ཤོར་ཏ་རེ། །དེ་ཕྱིར་འདུ་བྱེད་དྲན་པ་འདི། །ཆོས་ཉིད་དྲན་འདིའི་མཚན་ཉིད་ཞིབ་པར་ཤེས་པར་འདོད་ན་ཁོ་བོས་བྱས་པའི་དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ་ལ་བལྟའོ། །པར་གྲོལ་བའི་ཐབས། །བསྐྱེད་དང་རྫོགས་པའི་རིམ་པ་དང་། །ཁྱད་པར་མོས་གུས་སྙིང་རྗེ་གཉིས། །བཅོས་མིན་རྒྱུད་ལ་ཤར་ཤར་དགོས། །དེ་ལ་གོ་མྱོང་མི་མཐུན་པ། །ཐོས་པ་ཕུན་སུམ་ཚོགས་པ་དང་། །མན་ངག་དམ་པས་ཟིན་པ་དང་། །གོམས་པ་གདེང་དུ་མ་གྱུར་གསུམ། །འགལ་བ་ལྟག་སྤྲོད་འཛོམ་པ་ལགས། །ཡང་གཅིག་ཕེབས་སྒོ་གཉིས་པའི་ལན། །མཉམ་གཞག་སྐྱོན་མེད་ཁོ་ན་ནི། །ཕུང་པོ་ལྔ་བྲལ་ཉིད་ལ་ཟེར། །རྫོགས་པའི་སངས་རྒྱས་དགོངས་པ་ཡིན། །སྒོ་ལྔའི་རྣམ་ཤེས་གནས་འགྱུར་པས། །རྗེས་མཐུན་གདགས་སུ་རུང་བ་ནི། །འཕགས་པའི་ཡེ་ཤེས་ཉིད་ལ་བརྗོད། །སྒོམ་ཆེན་རྣམ་པའི་མཉམ་གཞག་ནི། །ཕྱོགས་མཐོང་རང་སའི་སྒྲིབ་པ་ཅན། །ཉོན་མོངས་ཉེ་བར་ལེན་པའི་སེམས། །མངོན་གྱུར་མེད་ཀྱང་ཡུལ་རྐྱེན་དང་། །ཕྲད་ཚེ་ལྷན་སྐྱེས་ནད་རོ་ལྡང་། །དེ་ཕྱིར་དུ་མ་རོ་གཅིག་དང་། །རོ་གཅིག་དུ་མར་མ་ཤར་ཚུན། །རྐྱེན་སྣང་བདེ་སྡུག་རགས་པ་ཀུན། །ཅིག་ཆར་ཆོམས་པ་ག་ལ་ཞིག །འདི་ཙམ་གོ་བའི་སྒོམ་ཆེན་ཀྱང་། །གངས་རིའི་ཁྲོད་ན་དེང་དཀོན་ན། །བགྲོ་གླེང་བྱེད་པ་སྐལ་པ་བཟང་། །དེ་བཞིན་རྗེས་ཐོབ་ལམ་འཁྱེར་ཚུལ། །རྣམ་ཤེས་དྲུག་དང་ཀུན་ཉོན་ཡིད། །བརྒྱད་པོའི་དྲི་མ་རྣམ་བྱང་བའི། །རྗེས་ཐོབ་འཕགས་པའི་ཡེ་ཤེས་ཏེ། །ཚོགས་དྲུག་རང་སའི་ཡུལ་ཤར་ཚེ། །དེ་ཉིད་སྒོམ་དང་བསྲེ་བའི་ཚུལ། །གང་ཞིག་བྱ་དང་བྱ་བའི་ཡུལ། །དེ་ལ་མངོན་པར་སེམས་བཞག་ན། །སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་པའི་དོན་དང་འགལ་ཏ་རེ། །ཅི་ཕྱིར་གཟུང་ཡུལ་སྣ་ཚོགས་ལ། །འཛིན་པས་འཆིང་བར་ཤིན་ཏུ་གོལ། །ལྕགས་ཀྱུ་དང་ནི་གླང་པོ་བཞིན། །ཡེ་ཤེས་ཆོམས་པོར་འདི་ཉིད་ཆེ། །དཔེར་ན་ལམ་གྱི་བཞི་མདོ་རུ། །བྱ་མཁན་ཤིང་ལ་རྩེ་བ་དེའི། །ཡུལ་ལ་དམིགས་པའི་རྟེན་བྱས་ན། །རྩལ་གྱི་ངོ་བོ་བསླུ་བའི་ཚུལ། །ལག་པ་ལྷུང་བའི་འཕྱར་དར་བཞིན། །ལྷན་ཅིག་སྐྱེས་པའི་མ་རིག་པས། །རང་ངོའི་དྲན་པ་ཉམས་བྱེད་ཅིང་། །ཡུལ་ཐོག་ཤོར་འབྱམས་མཐུ་བརྟས་པས། །འཁོར་བའི་ས་བོན་རྒྱུན་ཆགས་ལ། །ཀུན་བརྟགས་གདོན་ཆེན་ལྡང་བ་ཡིན། །དེ་ཕྱིར་ཤར་སར་མི་བལྟ་ལ། །ཤར་མཁན་གཞི་མེད་རྩ་བྲལ་གྱི། །རིག་པ་རང་སངས་རྗེན་པའི་ངང་། །ཡུལ་ལ་ཞེན་པ་རྣམ་དག་པས། །སྣང་བ་ཡེ་ནས་ཡོད་མ་མྱོང་། །འདི་ལ་མཉམ་རྗེས་དབྱེར་མེད་ཟེར། །ཞེས་མཁྱེན་རབ་ཀྱི་དབང་ཕྱུག་ལྕགས་ཟམ་སྤྲུལ་པའི་སྐུ་མཆོག་དམ་པའི་མཆིད་ལན་དུ་རིག་པ་རང་བཞིན་གྱིས་འཛིན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་གཡོར་པོ་ཆེའི་གྲོང་ཁྱེར་དུ་བྲིས་ནས་ཕུལ་བ་ལགས། །
༈ དྲན་པ་ཀློང་ཆེན་རབ་འབྱམས་ནི། །བདེ་གཤེགས་ཀུན་གྱི་ཐུགས་ཀྱང་ཡིན། །རིག་པ་དྲི་མེད་འོད་ཟེར་ལ། །འདུ་འབྲལ་མེད་པར་ཕྱག་བགྱིའོ། །ལར་སངས་རྒྱས་རྣམས་ཀྱི་ཐུགས་རྣམ་པར་མི་རྟོག་པ་དང་། བདེ་གཤེགས་སྙིང་པོ་ལ་སོགས་པ་ཆོས་སྐད་མང་པོས་གྲུབ་པའི་མཐར་བཞག་པ་ཐམས་ཅད་ཀྱི་ངོ་བོ་ལམ་གྱི་གནས་སྐབས་འདིར་ཁོ་བོའི་བླ་མ་པདྨ་ལས་གྲོལ་གྱི་བཞེད་པས་ཆོས་ཐམས་ཅད་དྲན་པ་རྣམ་པ་དྲུག་ཏུ་རྫོགས་པའི་སྒོ་ནས་སྙན་བསྐུལ་ཞུ་བ་ལ། མཉམ་གཞག་གི་ངོ་བོ་ཤེས་པ་མདུང་ཚུགས་ཀྱིས་བསྐྱང་བ་ནི་རེ་ཞིག་སེམས་མི་ཡེངས་པའི་གཉེན་པོ་འདུ་བྱེད་ཀྱི་དྲན་པ་བྱ་བ་ཡིན། འདི་ལ་གཏད་མེད་ཀྱི་དྲན་པ་མཚན་ཉིད་པ་མི་གནས་ལགས། འོན་ཀྱང་དྲན་རིག་འདི་ཐ་མལ་ལུང་མ་བསྟན་འཇིག་རྟེན་པའི་སེམས་བརྗེད་འབྱམས་རྨོངས་གསུམ་གྱི་གཉེན་པོ་ཡིན་པས་སྒོམ་པའི་འདུན་པ་དྲག་པོ་འདི་མ་བརྗེད་མ་ཡེངས་པ་འདུག་གམ་མི་འདུག་གཉིད་དུ་སོང་ནས་རང་དབང་མི་འདུ་བའི་སྐབས་མ་གཏོགས། གཞན་ཇ་ཧུབ་སྔོན་མ་དང་ཕྱི་མའི་སྲུབས་ལའང་བརྟག་དགོས་པ་ཡིན། དེ་ལྟར་བརྟག་པའི་དྲན་པ་དེ་སླེབ་ཕྱིན་ཆད་དྲན་ཐོག་ཏུ་རང་སར་ཅོག་གེ་འཇོག་པ་ལས་ལྷག་པའི་སེམས་ལ་སེམས་ཀྱིས་བལྟ་ཞིང་གཅུར་བ་དང་བརྟག་དཔྱད་མང་པོ་བྱ་བ་ནི། ཀློག་པ་ཐོས་བསམ་པ་ཁ་ཅིག་གི་གྲུབ་པའི་མཐའ་ཡིན་སྲིད་དོ། །སྤོང་བ་བསམ་གཏན་པ་རྣམས་ནི་འཆིང་བའི་ཐག་པ་རང་དུ་འདུག་ལགས། འོ་ན་གང་ཡང་མ་བྱས་པར་འབད་མེད་དུ་གྲོལ་ལམ་སྙམ་ན། སེམས་ཅན་ཕལ་པས་ཆོས་ཉིད་རང་ལ་གནས་ཀྱང་དེའི་བཞུགས་ཚུལ་མི་ཤེས་པར་འཁོར་བ་ལུ་གུ་རྒྱུད་དུ་འཁྲུལ་པ་ཡིན། སྒོམ་ཆེན་པའི་སེམས་ཀྱི་གནས་ལུགས་ཡོད་མེད་མུ་བཞི་དང་བྲལ་བར་མཚན་ལྡན་གྱི་བླ་མས་ངོ་སྤྲད་པའི་ཡེ་བཞག་རང་བབས་ཀྱི་གནས་ལུགས། ཕྱི་རོལ་གྱི་ཡུལ་དང་མ་འདྲེས། ནང་དུ་གཅུར་བ་ཡང་མ་ཡིན། བར་དུ་སྒོམ་འཛིན་གྱི་གཉེན་པོས་མ་བསླད་པར། གདོད་ནས་རང་བཞིན་རྣམ་དག་ཏུ་ཡོད་པའི་རང་གནས་ཀྱི་རིག་པ་བློ་བྲལ་གྱི་རྒྱུན་བསྐྱངས་པ་ལ་བསྒོམ་བྱ་མ་འཁྲུལ་པའི་རྫོགས་པ་ཆེན་པོ་ཟེར་བ་ཡིན། དེ་གོམས་པ་སྟོབས་སུ་གྱུར་པ་ལས་སྒོམ་འཛིན་གྱི་ཤེས་སྒྲིབ་དག་ནས་སྤྲོས་བྲལ་ཀླུངས་སུ་ཕེབས་པའི་ཚེ་གཏད་མེད་མཚན་ཉིད་པ་དེ་འོང་བ་ཡིན། དེང་སང་སྒོམ་ཆེན་པ་ཕལ་གྱིས་མིག་ཐོག་ཏུ་སེམས་གཅུན། སེམས་ཐོག་ཏུ་སྟོང་པའི་ཁུར་བཀལ། རྣམ་རྟོག་ཤར་གྲོལ་གནས་གསུམ་ལ། །བསྲུང་བྱ་བྱེད་པ་ལྟ་བུ་ནི། །སྐྱེ་འགག་གྲངས་སུ་འདེབས་པའི་བསམ་གཏན་ཞེས་བྱ་སྟེ་ལམ་རྣལ་མ་དང་མ་འབྲེལ་ལོ། །ལར་གནས་པ་སྒོམ་དུ་འདོད། མ་གནས་པ་འཁྲུལ་པར་བལྟ། གསལ་བ་ཡེ་ཤེས་སུ་འཛིན། སྟོང་པ་ཆོས་ཉིད་དུ་རེ་བ་རྣམས་ལ་སྒོམ་གྱི་མུ་གེ་ལྡང་བ་ཡིན་པས། གནས་ན་གནས་ཐོག་ཏུ་རང་ཚོ་འཛིན་ཞིང་དེའི་གོལ་ས་གནས་པའི་ངོ་བོ་ལ་བསྒྲིམས་ཏེ་མི་བལྟ། འགྱུ་ན་འགྱུ་ཐོག་ཏུ་རང་ངོ་རིག་ཅིང་དེའི་ཤོར་ས་བརྟག་དཔྱད་ཀྱིས་རྗེས་མི་འཐུད། དེ་དག་གང་ཡང་མ་ཡིན་པའི་ལུང་མ་བསྟན་གྱི་གཉེན་པོར་དྲན་རིག་གཞུ་བདུངས་པ་ལྟ་བུ་དགོས། ལར་དྲན་པས་ཟིན་པའི་སྐད་ཅིག་མ་དང་པོ་འདི་ལ་སྤྲོས་བྲལ་རང་གནས་ཀྱི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཡོད་པས་གསེར་སྲང་སྟོང་རི། གཞན་བདེ་འབོལ་འབོལ་དང་། གསལ་ཧྲིག་ཧྲིག །སྟོང་ཆམ་ཆམ་ལ་སོགས་པ་རྣམས་ལྟ་བ་ལ་ཉམས་ཞེན་གྱི་ཐུམས་བཏང་བ་ཞེས་བྱ་སྟེ་དེས་རྐྱེན་མི་ཐུབ། འོན་ཀྱང་ལས་དང་པོ་པ་ནི་གོམས་པ་སྟོབས་སུ་མ་གྱུར་པས་ལྟ་བ་ལས་ཉམས་ཞེན་རང་ཤུགས་ཆེ་བ་ཡོང་བས། དཀོར་གྱི་ལྷོངས་ལ་སོགས་པ་ཡུལ་སྣང་སྣ་ཚོགས་ཀྱི་རྐྱེན་ལས་ཁྲོ་ཆགས་རྨོངས་གསུམ་གྱི་ཉོན་མོངས་པ་རགས་པ་ཤར་བའི་ཚེ། དེའི་ཐད་ཀ་ན་རིག་པ་མ་གཏོགས་གཞན་གང་ཡང་མེད་པས་ཉོན་མོངས་པ་དེ་ཀའི་རང་ཞལ་ལྟ་བ་ཞེས་བྱ་སྟེ། དེའི་རང་བཞིན་ལ་རྟོག་དཔྱོད་འཛིན་ཞེན་གྱི་རྣམ་རྟོག་རང་སར་བཅད། མིག་ནམ་མཁའ་ལ་ལྟ་སྟངས་ཧྲིག་གེ་བསྒྱུར་བ་དང་ལྷན་ཅིག་རྣམ་རྟོག་དེ་ཤར་ས་ལ་མི་བལྟ་བར་ཤར་མཁན་ལ་བལྟས་པས་རང་ཡལ་རྗེས་མེད་དུ་འགྲོ་བ་ཡིན། དེ་ལ་ཤར་ས་དང་ཤར་མཁན་གྱི་ཁྱད་ནི། ཤར་ས་ཡུལ་ཡིན་ལ། ཤར་མཁན་ཡུལ་ཅན་ཏེ་རིག་པའི་འཛིན་ཆ་ཡིན་ནོ། །ཡང་དྲན་པ་བརྟེན་ཀྱང་མི་ཐུབ་པ་འདྲ་བ་ནི། ཉོན་མོངས་པ་དང་རྣམ་རྟོག་གི་རང་བཞིན་ལ་རྟག་ཏུ་གོམས་ཆེས། དེའི་གཉེན་པོ་དང་ཆོས་ཉིད་ཀྱི་རྩལ་སྦྱོང་ལ་མ་འདྲིས་ཤིང་ཤེད་མ་སྐྱེ་བ་ལས་ཤིན་ཏུ་དང་པོ་པའི་རྟགས་ཡིན་པས་བརྩོན་འགྲུས་བསྐྱེད་དོ། །མཚན་མོའི་རྣལ་འབྱོར་ལ་ཤེས་བྱ་བུམ་འཇུག་གི་སྐབས་བླ་མ་སྙིང་གར་བསྒོམས་པས་གཉིད་བསྲབས་པ་ནི་དོན་གྱིས་ཡིན་ཏེ། གཉིད་ནི་གཏི་མུག་གི་རང་བཞིན་ཡིན་པས་བག་མེད་པ་དང་མ་རིག་པའི་ནང་དུ་འཇུག་པ་བདེ་ལ། བླ་མའི་གསལ་སྣང་ནི་དྲན་རིག་གི་རྩལ་ལས་བསྐྱེད་དགོས་པས་དེ་གཉིས་རྫས་འགལ་བ་ཡིན་ཕྱིར། བསྐྱེད་རྫོགས་ཀྱི་ལམ་ལ་ཞུགས་ཕྱིན་ཆད་ནས་གཉིད་ལ་སོགས་ཉོན་མོངས་པ་རྣམས་ཤུགས་ཀྱིས་བསྲབས་ན་དེ་ཉིད་དེའི་ཡོན་ཏན་དུ་འགྲོ་དགོས་པའི་ཕྱིར་རོ། །བསྙེན་པའི་དུས་ཚེས་བཅུ་སོགས་ལ་ཆོ་ག་གཞན་བཏང་བ་ལ་འགལ་བ་ཡོད་ཅེས་ཟེར་བའང་། ཡི་དམ་ལ་སྤོང་ལེན་གྱི་དོགས་པ་ངན་པ་ནི་ཤར། བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང་། །ཞེས་པ་དེའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་རྨོངས་པ་རྣམས་ལ་དེའང་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལས་གྱེས་པའི་གོ་དོན། མ་ཧཱ་ཡོ་ག་ནི་བསྐྱེད་རིམ་གྱི་སྐབས་སུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནས་རིམ་པར་བྱང་ཆུབ་སེམས་སྣང་སྒྱུ་མའི་ལྷ་སྐུར་རྫོགས་པའི་ཆོས་ཉིད་གཅིག་པུ་ཉིད་གང་ལ་གང་འདུལ་རིགས་དང་ཡེ་ཤེས་ཐ་དད་པའི་ཆོ་གས་སད་པའི་དབྱིངས་འཇལ་མ་ནུས་པར། ཡི་དམ་གྱི་ལྷ་རང་རྒྱུད་པར་བཟུང་བས་ནོངས་པ་སྟེ། དོན་འདི་ལྟ་བུ་བློར་མི་ཆུད་པ་དག་གིས་བསྐྱེད་རྫོགས་ཀྱང་རེ་ཞིག་གཟུགས་བརྙན་ཙམ་ཡིན་པས། དེ་དང་དེའི་ལས་འབྲས་ཀྱང་རྣམ་རྟོག་གི་རྗེས་སུ་འབྲང་ཉེ་ལ། སངས་རྒྱས་ཐམས་ཅད་ངོ་བོ་གཅིག་ལ་རྣམ་པ་གང་ལ་གང་འདུལ་དུ་ཤར་བའི་གོ་དོན་ལྷོངས་པ་དག་ལ་ཉེས་པ་དེ་ཤེས་བྱ་ལ་མི་སྲིད་དོ། །ཡང་ཐུན་མཇུག་ཏུ་རྫོགས་རིམ་བསྡུ་བ་ནི་རྟག་ལྟ་གཞིག་པའི་ཉེར་བསྡུ་ཡིན་པས་ངེས་པར་དགོས་ལ། ཆོ་ག་མཚན་ཉིད་པ་ཐམས་ཅད་ལ་དེ་ཁའི་རྗེས་སུ་ཆད་ལྟ་གཞིག་པའི་གཉུག་མའི་ལྷར་སྣང་ཡང་ཡོང་བས། བསྐྱེད་རིམ་འབའ་ཞིག་ལ་སློབ་པ་རྣམས་ལྷར་སྣང་དེ་དང་མ་བྲལ་བའམ། ཡང་ཆབ་གཏོར་སོགས་ཞི་བའི་ང་རྒྱལ་དགོས་པ་རྣམས་ལ་དེ་ཀ་གནས་འགྱུར་གྱི་ཚུལ་དུ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ཉིད་ལེགས། གདམས་ཕྲན་འགའ་ཞིག་གི་བཞེད་པར་གཙོ་བོ་རབ་ཏུ་བརྟན་པའི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀ་སོགས་ཀྱི་བྱ་བ་ལ་འཇུག་ཟེར་བ་དེ་སྣང་བ་རྟེན་དང་བརྟེན་པར་རྫོགས་པའི་གསལ་སྣང་ལ་སློབ་པའི་གེགས་སུ་འགྱུར་བའི་ཀུན་འབྱུང་གི་བསྐྱེད་རིམ་ཉི་ཚེ་བའོ། །ཡང་གཞན་གྱི་ཐུགས་དམ་སྐྱབས་འོག་ཏུ་ཆུད་པའི་གསོལ་བ་འདེབས་པ་དེ་ལ། བདག་ཉིད་ཆེན་པོའི་རྣམ་ཐར་ལྷུར་མཛད་པས་ཁྱབ་སྟེ། དམ་པའི་སྐྱེས་བུ་ལ་རང་བཞིན་བཟང་པོའི་རྣམ་ཐར་མངའ་ནའང་། ཐོས་པ་ཕུན་སུམ་ཚོགས་པའི་གྲུབ་མཐས་བློ་ཁྱད་པར་ཅན་དུ་བཅོས་ནས་ཅི་མཛད་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཐབས་སུ་འགྱུར་བ་ཞིག་བྱུང་ན་སེམས་ཅན་ཐམས་ཅད་རང་བཞིན་གྱི་སྐྱབས་འོག་ཏུ་ཚུད་པ་ཡིན་ཏེ། གང་ཞིག་སེམས་ཅན་ཐམས་ཅད་བྱིས་པའི་གྲོགས། །དེ་དང་ཕྲད་ཅིང་འདྲིས་པ་ཙམ་ལ་ཡང་། །འཁོར་བར་དགའ་བའི་གཏམ་དང་མི་དགེའི་ཆོས། །ཞར་གྱིས་འགོ་བ་ཆོས་ཉིད་ཡིན་པའི་ཕྱིར། །དེ་ལ་སྣ་ཚོགས་གཏམ་དུ་བསྲེ་བ་དང་། །རྩེད་འཇོ་ག་ཞ་བཞད་གད་ལ་སོགས་པ། །བྱིས་དང་འགྲོགས་པའི་ཉེས་དམིགས་བསམ་ནས་སྤང་། །ཕྱོགས་དང་ཕྱོགས་སུ་ཡང་ཡང་རྒྱུ་བ་དང་། །ཡུལ་དང་གནས་ལ་སྤྱན་རས་བཙའ་བ་འདིས། །རྣམ་པར་གཡེང་ཞིང་དམ་པའི་ངང་ཚུལ་ལས། །ཉམས་པར་བྱེད་པས་སྒོམ་ཞིང་ཟུངས་ཐུབ་པའི། །བརྟུལ་ཞུགས་བརྟན་པོ་འདི་ལ་རབ་འདྲིས་འཚལ། །རྒྱལ་བའི་གསུང་དང་དགོངས་འགྲེལ་བསྟན་བཅོས་རིགས། །ཚིགས་སུ་བཅད་པ་བཞི་པའི་རས་མ་ཞིག །སྲང་མདོར་ཕྲད་ཀྱང་དེ་ཡིས་ཚིག་དོན་ལ། །ཤེས་བྱས་རབ་ཏུ་གཞིག་པའི་ཐོས་པ་བསྐྱེད། །གང་ཞིག་འདི་ན་ཐོས་དང་མི་ལྡན་ན། །དེ་ཡིས་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཀུན། །ལོ་ཏོག་བཟང་པོ་ཆུ་ཡིས་སྤངས་པ་བཞིན། །ད་ལྟ་ཡོད་པའི་འཕྲོ་ལ་ཉམས་ཉེས་འགྱུར། །ཁྱད་པར་བདག་ཅག་རྣམས་ཀྱི་གྲུབ་པའི་མཐའ། །ཤིང་རྟ་གསུམ་དང་མཛོད་ཆེན་རྣམ་པ་བདུན། །སྡོམ་པ་གསུམ་གྱི་རྣམ་པར་ངེས་པ་ལ། །ཡང་ཡང་དཔྱོད་ཅིང་གཞིག་པའི་མཐུ་སྟོབས་བསྐྱེད། །དེ་ལྟར་ཐོས་དང་བསམ་པའི་ཡོན་ཏན་གྱིས། །ཡང་དག་དང་ནི་ལྟར་སྣང་འབྱེད་པ་ཡི། །བློ་གྲོས་ཐོགས་པ་མེད་པའི་མཐུ་ཐོབ་པས། །ལམ་ངན་ལམ་ལོག་གོལ་སར་འཁྱམས་མི་འགྱུར། །གང་ན་བདེ་གཤེགས་རྣམས་ཀྱིས་གཤེགས་པའི་ཤུལ། །ཐོས་བསམ་འབྲས་བུ་སྒོམ་པའི་ཡོན་ཏན་གྱིས། །མྱུར་དུ་སངས་རྒྱས་ས་ལ་གཤེགས་པའི་སླད། །རྟག་ཏུ་དབེན་པར་རིམ་གཉིས་ཉམས་བཞེས་བརྩོན། །དེ་ཡང་ཐེག་པ་ཆེན་པོའི་ལམ་མཆོག་ནི། །སྙིང་རྗེ་ཆེ་དང་ཤེས་རབ་ཁྱད་པར་ཕྱིར། །རྟག་ཏུ་བྱང་ཆུབ་སེམས་ཀྱི་ཡོན་ཏན་དང་། །ལྟ་བ་ཟབ་མོའི་གནད་ལ་གོམས་འཚལ་ལོ། །དེ་ལྟར་གོམས་པས་བདག་ཉིད་སྐྱེས་བུ་མཆོག །ཚིག་ཙམ་མིན་པའི་གོ་འཕང་ལ་སོན་པས། །བར་ཆད་རྐྱེན་གྱིས་བརྫི་བ་མ་ལགས་ཤིང་། །གཞན་དོན་ཉིད་ཀྱང་རྩོལ་བ་མེད་པར་འབྱུང་། །སྐྱབས་སུ་འོས་པ་རྣམས་ལ་སྐྱེ་བོ་དག །སྤྱི་བོས་བཏུད་ནས་དད་པས་མཆི་བ་ཡིས། །ཡིད་ལ་སྨོན་པའི་འདོད་པ་འགྲུབ་བྱེད་པའི། །རྒྱུ་འབྲས་འདི་ལ་བྱེད་པོ་གཞན་ཡོད་མིན། །དེ་ལྟ་ན་ཡང་དམིགས་རྣམ་ཕྱེད་པའི་སླད། །སེམས་བསྐྱེད་དང་ནི་སྐྱབས་སུ་འགྲོ་བ་དང་། །འོད་ཟེར་སྤྲོ་བསྡུ་བསྔོ་བ་སྨོན་ལམ་སོགས། །གང་ལའང་འདུན་པའི་བྱེ་བྲག་བསྒྱུར་བ་ནི། །ཤིང་རྟ་མཁན་གྱི་འཕང་ལོའི་རྒྱུ་ཐབས་བཞིན། །དེ་བཞིན་གདོན་གྱིས་མནར་བའི་སྐྱེ་བོ་ལ། །བཀའ་བསྒོའི་ཚེ་ཡང་གདོན་དང་ནད་པ་གཉིས། །ཕན་ཚུན་གནོད་བྱ་གནོད་བྱེད་ལས་ངན་གྱིས། །བསྐྱེད་པའི་རྒྱུ་འབྲས་རྟེན་དང་བརྟེན་པ་ཅན། །གཉིས་ཀར་རབ་ཏུ་སྙིང་རྗེ་ཆེན་པོའི་གདངས། །ཚད་མེད་བཞི་ཡིས་བློ་ནི་རབ་སྦྱངས་པས། །གདོན་གྱི་སེམས་ཀྱང་རང་བཞིན་དུལ་འགྱུར་ཅིང་། །བྱང་ཆུབ་སེམས་ཀྱི་ནུས་པའི་མཐུ་བརྟན་པོས། །གདོན་ལ་ཁྲོ་དང་ནད་པར་ཆགས་མིན་པར། །གར་དགུའི་རྣམ་རོལ་གཉེན་པོ་སྟོབས་ཀྱི་ལྷའི། །གསལ་བརྟན་གཟི་བྱིན་དྲག་སྔགས་དམོད་པའི་དབལ། །མ་བཟོད་གདོན་རྣམས་རང་བཞིན་མེད་པའི་དབྱིངས། །དེངས་པའི་མོད་ལ་བདག་གཞན་གདོན་གསུམ་པོ། །མི་དམིགས་སྟོང་པ་ཉིད་ཀྱི་ངང་ལ་འཇོག །གནད་དོན་འདིར་རྨོངས་མངོན་པའི་ང་རྒྱལ་གྱིས། །བསྐྱེད་རིམ་རང་རྒྱུད་སྡང་མིག་གཡོ་བ་ཅན། །དེ་ལ་ཕྲ་མོའི་གདོན་དག་འབྲོས་སྲིད་ཀྱང་། །མ་རུངས་དྲེགས་པས་སླར་ལ་བདག་ཉིད་བསླུ། །དེ་ཕྱིར་སྙིང་རྗེ་རྔམ་དང་ཞི་བ་ནི། །འབར་བའི་ཁྲོ་ཆེན་རྣམས་ཀྱི་ཐུགས་ཀྱི་ཉམས། །ཡིན་པར་ཤེས་པའི་སྔགས་པ་ཡོད་སྲིད་ན། །དེ་ལ་གདོན་ཀྱང་ཉན་པ་ཆོས་ཉིད་ཡིན། །ཡང་འདིར་གསོན་བྱང་སྲེག་པའི་སྐབས་དོན་ལ། །རྒྱུད་ནས་བཤད་པའི་ས་ཟིན་མ་མཐོང་ཡང་། །སེམས་ཅན་རྣམས་ཀྱི་བསམ་པའི་ཁྱད་པར་ལས། །ཕན་གནོད་ལས་འབྲས་དེ་དང་དེར་འགྲུབ་པས། །དམ་པས་སྲོལ་བཏོད་དགག་པར་ཡང་མི་བྱ། །དོན་གྱི་སྒྲིབ་སྦྱོང་རྣམ་པ་མཐའ་ཡས་པས། །དེ་ཉིད་ཁོ་ན་དོན་དུ་གཉེར་བའང་མིན། །འོན་ཀྱང་གཞན་གྱི་བསམ་པའི་བྱེ་བྲག་དང་། །མཐུན་པར་འཇུག་པའང་རྒྱལ་བའི་ཕྲིན་ལས་ཕྱིར། །དེ་དང་དེ་ཡི་ཁ་བསྒྱུར་ལྷན་ཐབས་ནི། །གནས་ལུང་སྙིང་རྗེའི་ཕོ་ཉ་ཉིད་དུ་གསལ། །ཞེས་པའང་སྤྲུལ་པའི་སྐུ་པདྨ་ཆོས་འབྱོར་རྒྱ་མཚོའི་དྲིས་ལན་དུ་རྫོགས་ཆེན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུའོ། །
༈ རིགས་ཀྱི་བུ་ཉོན་ཅིག །མི་ལུས་ལན་ཅིག་ཐོབ་པ་འདི་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལས་ལྷག་གོ །དམ་པའི་ཆོས་དང་མཇལ་བ་ནི་ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན་ནོ། །འདི་གེགས་དབང་དང་། རྐྱེན་དབང་དུ་མི་ཤོར་བའི་ཐབས་དང་། ཚོགས་གསོག་སྒྲིབ་སྦྱོང་། བོགས་འདོན་གྱི་ཆེད་དུ་རྒྱལ་བས་ཞབས་ཀྱིས་བཅགས་པའི་གནས་གངས་རི་ཏི་སེ། བལ་ཡུལ་ཤིང་ཀུན། བྱ་རུང་ཁ་ཤོར་རྣམས་ཀྱིས་མཚོན་བལ་བོད་རྒྱ་མཚམས་ཀྱི་གནས་ཆེན་དང་གནས་ཕྲན་བྱིན་རླབས་ཅན་ཐམས་ཅད་དུ་རིག་པ་གཏད་མེད། སྐྱིད་སྡུག་རོ་སྙོམས། ན་དགའ་ཤི་སྐྱིད། རེ་དོགས་ཆམ་བརྡལ་གྱི་ངང་ནས་བྱ་རྒོད་རྙི་ལས་ཤོར་བ་བཞིན་དུ་དེངས་ཤིག །དགེ་སྦྱོར་གྱི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བླ་མའི་རྣལ་འབྱོར། ལྟ་བ་བློ་འདས་ཀྱི་དྲན་པའི་རྩི་དང་མ་བྲལ་བ་གསུམ་ལ་འབུངས་ཤིག །ལ་ཆུ་འཕྲང་གསུམ་གྱི་དཀའ་སྤྱད། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། གློ་བུར་ཡེ་འདྲོག །གཞན་གྱིས་རྙེད་འཚོལ། འཕྲོག་ཆོམ་རྡེག་བཙོག །ཚིག་རྩུབ་མཚང་འབྲུ་ལ་སོགས་ཅི་ལྟ་བུ་བྱུང་ཡང་། བཟོད་པའི་གོ་གོན། གནོད་ལན་ཕན་པས་འཇལ། དྲན་དང་ཤེས་བཞིན་གྱི་བག་ཡོད་བརྟེན་ཅིག །འཇིག་རྟེན་པ་རྣམས་ཚེ་འདིའི་དོན་ཙམ་ལའང་ལུས་སྲོག་འབེན་ལ་འཛུགས། དཀའ་སྤྱད་ཁུར་བོར་འཁྱེར། ཚ་གྲང་བཀྲེས་སྐོམ་གཏམ་ངན་ན་ཚ་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད། ཚེ་ཕྱི་མ་དམྱལ་གནས་སོགས་ངན་སོང་གི་སྡུག་བསྔལ་བཟོད་པར་དཀའ་བ་ལ་འགྲོ་བའི་རྒྱུ་མཚན་ཤེས་བཞིན་དུ་སྦྲང་བུ་མེ་འོད་ལ་མཆོངས་པ་བཞིན་ལས་མཐའ་ལོག་པའི་བྱ་བ་ལ་བརྩོན་པ་བསྐྱེད་ན། ཆོས་ཀྱི་ཕྱིར་དུ་འབད་པའི་ན་ཚ་སྡུག་བསྔལ་སྲོག་ལ་འབབ་པ་བྱུང་ཡང་བསྐལ་བར་བསགས་པའི་སྡིག་སྒྲིབ་འདག་ཅིང་། བསོད་ནམས་དཔག་ཏུ་མེད་པ་སྐྱེ་བ་ཡིན་པས་དེ་དག་ལ་བྱས་ཡུས་དང་རེ་དོགས་ཀྱི་འཕྲིག་མ་ཚུད་པ་གྱིས་ཤིག །རྣམ་པར་རྟོག་པ་ནི་རི་མོ་མཁན་དང་འདྲ་བས་ད་ལྟ་རང་དགེ་བའི་རྣམ་པ་ཅན་དུ་ཡོད་འཕྲོ་ལ། སྔོན་གྱི་ལས་དང་། འཕྲལ་རྐྱེན་སྣ་ཚོགས། ཡུལ་སྣ་ཚོགས་པའི་རྟེན་འབྲེལ། དཀོར་གྱི་ལྷོངས། གྲོགས་ངན་གྱི་རྒྱུ་རྐྱེན་ལས་སྐད་ཅིག་ཙམ་ལ་ལྷས་བྱིན་གྱི་བརྟུལ་ཞུགས་འཛིན་པ་ལ་ཚེགས་མེད་དེ། སྐྱེས་རབས་ལས། གང་ཚེ་ཐར་པའི་ལམ་མཆོག་གསལ་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྔུ་ལྡང་གྱུར་ཏེ། །རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་པ། །དེ་ལ་དགྲ་བྱེད་མང་འདི་ཆོས་ཉིད་ཡིན། །ཞེས་གསུངས་པ་འདི་དྲན་པར་བྱས་ནས། བླ་མའི་དྲུང་དུ་ཁས་བླངས་པའི་དམ་བཅའ་ཡལ་བར་མ་འདོར་ཞིག །གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་མི་ཐོབ་དམ་ཚིག་གཅིག་པོ་ལ་རགས་ལས་སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །པས་སྔོན་ཆད་རང་རྒྱུད་ཉམས་ཆག་ཉེས་ལྟུང་གིས་སྦགས་འདུག་ན་སྙིང་ཐག་པ་ནས་འགྱོད་སེམས་དྲག་པོས་བཤགས་པ་གྱིས་ཤིག །དྲིན་ཁྱེད་རང་ལ་ཆེ་བ་ཡིན་ནོ། །ལུས་ངག་གི་མི་དགེ་བ་བདུན་སེམས་བསྐྱེད་དང་རྟོགས་པ་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་གྱི་དོན་དུ་གནང་བ་ཡིན་པས་ད་ལྟ་དེའི་དུས་ལ་མ་བབ། སྤྱིར་མི་དགེ་བ་བཅུའི་རྣམ་རྟོག་སྐྱེས་ཙམ་ཉིད་ནས་དེ་ལ་དགྲ་བཞིན་དུ་བྱོལ་ཞིག །བྱེ་བྲག་ཏུ་ནོར་རྫས་ལ་གསོག་འཇོག་དང་བདག་འཛིན་སྤོངས་ཤིག །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཁྲེལ་ཡོད་དང་ངོ་ཚས་དམ་ཚིག་དང་སྡོམ་པ་སྲུངས་ཤིག །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གནོད་པ་ལ་ལན་དང་ཁོང་ཁྲོ་མི་བྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དྲན་པར་གྱིས་ཤིག །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིད་དང་སྙོམ་ལས་མི་དང་འཕྲད་ན་དགའ་ཚོར་སྐྱེ་བ་དེ་ཆོས་ལ་ལེ་ལོའི་གདོན་ཡིན་པས། ད་ལྟ་རང་འཆི་ནད་ཀྱིས་ཐེབས་ན་གདེང་ཅི་ཞིག་འདུག་བརྟགས་ལ་ཆོག་ཤེས་མེད་པའི་དགེ་སྦྱོར་ལ་བརྩོན་ཅིག །དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བསྐྱེད་རྫོགས་ཟབ་མོ་དང་སེམས་རྒྱུད་བསྲེས་ནས་ཐ་མལ་དུ་ནམ་ཡང་མ་ལུས་པ་གྱིས་ཤིག །དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཤིས་ཐོག་ཏུ་ངོ་སྤྲད་པའི་ལྟ་བ་ཕྱི་རུ་ལྟ་སྟངས་ཀྱིས་མ་འཇུན། སྟོང་ལྟའི་གོལ་ས་ཞིག་འདུག་གོ ནང་དུ་གཉེན་པོས་མ་འཆིང་། རྟག་ལྟའི་གོལ་ས་ཞིག་འདུག་གོ གོ་བས་ཨོ་སོབ་མ་བྱེད། རྣམ་རྟོག་དང་རྐྱེན་ངན་དྲག་པོའི་ཐོག་ཏུ་རིག་པ་རྗེན་པ་དེ་བཞག་པས་བློ་བྲལ་གྱི་ཤེས་པ་ལ་འཁུ་འཕྲིག་མི་འདུག་ན་ཨ་ལ་ལ་ཧོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཞན་ཁྱེད་རྣམ་པའི་ཐུགས་དམ་འདི་ད་ལྟ་རང་ལྟ་བ་མི་འདྲ། ཉམས་ཡིན་ལས་ཆེ། ཉམས་ལ་ལྷ་མཐོང་འདྲེ་མཐོང་མངོན་ཤེས་ཕྲན་བུ་འདྲའང་ཡོང་སྟེ་དེས་རང་མཐོང་སྐྱེས། བློ་ལད། རྐྱེན་མི་ཐུབ། བར་ཆད་འཇུག །བདུད་སྡིག་ཅན་གྱིས་བསླུ་བྲིད་ཅིར་ཡང་བརྫུ་བ་དེ་མ་གོ་བའི་ཚེ། ངས་ཁྱེད་རྣམ་པ་ལ་ཕན་གདགས་སུ་མི་བཏུབ། ལྷོངས་ཚད་མཐར་ཕྱིན་པ་དེ། བླ་མ་དང་ཆོས་ལ་ལོག་ལྟ་སྐྱེ་བ་དེ་ཡིན་པར་བཤད་པས། འགལ་རྐྱེན་དེ་རྣམས་ཀྱི་རྒྱུ་མཚན་ལེགས་པར་སྙིང་ལ་ཕུར་ལ་བླ་མ་དང་ཐུགས་ཡིད་འདྲེས་པ་ཞིག་གྱིས་ཤིག །ཐུགས་ཡིད་འདྲེས་པ་ཟེར་བ་དེ་བཟའ་ཚང་ལྟ་བུར་སྙིང་ཉེ་བ་གཅིག་པུ་ལ་མི་ཟེར། མོས་གུས་དང་དམ་ཚིག་རྣམ་པར་དག་པས་བླ་མའི་སྤངས་རྟོགས་ཀྱི་ཡོན་ཏན་སློབ་མའི་རྒྱུད་ལ་འདྲེས་པ་ཞིག་དགོས་སོ་ལགས། དེའི་ཕྱིར་བཟང་བརྫུ་དང་སྤོམ་ཡོར་ཆོས་བརྒྱད་དང་མ་འདྲེས་པར་ལོ་གསུམ་གྱི་བར་དུ། གནས་གང་གཉན་བྱིན་རླབས་གང་ཆེར། དགེ་སྦྱོར་གང་འཕེལ་གྱི་ཁེབས་བརྩིས་ལ་རོ་སྙོམས། ཤེས་རྒྱུད་ཆོས་དང་འདྲེས་ངེས་སུ་མཛད་འཚལ། ཞེས་པའང་ལ་ལ་དག་བོགས་འདོན་གྱི་སྤྱོད་པ་ལ་དེངས་སུ་བཅུག་པའི་ཚེ་རྫོགས་ཆེན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་རྗེས་སུ་གདམས་པའོ། །
༈ བུ་ཉོན་དང་འཇིགས་མེད་ཀུན་གྲོལ་བ། །ཡིན་མིན་དང་བྲལ་བ་ལྟ་བའི་གདེང་། །ངེས་ཤེས་དེ་རང་སའི་སྒྲིབ་པ་ཡིན། །སྤྲོས་བྲལ་ལ་སྤར་ཚོད་མ་བྱེད་པར། །བློ་བྲལ་ལ་སྤར་འཛིན་གྱིས་ཤིག་ཨང་། །ཕྱི་ཡུལ་སྤྲིན་དང་ཁུ་རླངས་ཀྱིས། །ནང་གི་ཤེས་པ་རྨོངས་འགྱུར་ཅིང་། །ཡུལ་ལ་དགའ་གདུང་རྒྱས་པའི་གདོན། །སྟོང་ཉིད་ཀྱི་ལྟ་བས་མི་ནོན་ན། །རོ་གཅིག་རྒྱ་མཚོའི་མཐའ་ལས་རིང་། །རྟག་ཏུ་སྒོམ་ཡུན་སྲིངས་ཤིག་ཨང་། །ཡུལ་གྱི་རྐྱེན་དང་ཡུལ་ཅན་སེམས། །ཕན་ཚུན་རྟེན་དང་བརྟེན་པ་ཡི། །འབྲེལ་པའི་རྩ་བ་ཆོད་པའི་ཚེ། །ཆགས་སྡང་ཡུལ་ལ་མི་གནས་པས། །སྒོམ་ཉམས་ཟད་སར་སྐྱོལ་ཅིག་ཨང་། །ལྟ་བ་ཉམས་དང་མ་འདྲེས་པའི། །ཅིར་ཡན་རང་གནས་ཆེན་པོ་ལ། །དྲན་སྣང་ཡེ་ཤེས་རྩིས་ཐེབས་དུས། །ཉམས་ཀྱིས་སྒོམ་ཆེན་བསླུ་བས་ན། །བདེ་གསལ་ལ་བསྟི་སྟང་མ་བྱེད་ཨང་། །ཆོས་ཀྱི་ཚིགས་བཅད་ཐོས་པ་དང་། །སྣང་བ་རྨི་ལམ་ཡ་མཚན་ཅན། །བྱིན་རླབས་ཞུགས་པའི་རྟགས་ཡིན་ཡང་། །སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། །སྟོང་ཉིད་ཟོལ་མར་འགྲོ་བས་ན། །མོས་གུས་ལམ་དུ་འཁྱེར་ཅིག་ཨང་། །གཅིག་པུར་བྱ་བ་རབ་བཏང་ནས། །སྒྲུབ་ཚུགས་ཟིན་པའི་གནས་ཐོབ་པ། །དེ་བས་ཆེ་བའི་བསོད་ནམས་ནི། །སྟོང་གསུམ་འདི་ན་མི་རྙེད་པས། །གསོལ་བ་སྙིང་ནས་བཏབ་པས་ཆོག། །ང་དང་མཇལ་བར་མ་རིང་ཨང་། །མཐུན་འཇུག་ཐག་པས་བཅིངས་པ་ཡི། །འགྲོ་དོན་བདུད་ཀྱི་ལས་ཡིན་པས། །ཞེན་པ་ནང་ནས་གྲོལ་ཙ་ན། །ཅི་བྱས་གཞན་ཕན་འགྲོ་བ་ཡི། །ཕྲིན་ལས་མི་འདོད་ཤུགས་ལ་འབྱུང་། །གཞན་གྱི་ཕྱེ་གཏོར་མ་འགམ་ཨང་། །ལྟ་བའི་ངོ་བོ་སྤྲོས་བྲལ་ཡིན། །སྒོམ་པའི་ངོ་བོ་དྲན་པ་ཡིན། །ལྟ་སྒོམ་དུ་མ་རོ་གཅིག་ཏུ། །འདྲེས་པའི་ས་མཚམས་ཕྱེད་པའི་ཕྱིར། །རྟོགས་པའི་འདྲ་འབག་བཀོད་པ་ཡི། །དྲན་པའི་གཏམ་འདི་ཟུང་ཞིག་ཨང་། །མདོར་ན་མང་དུ་སྨོས་ཅི་དགོས། །སྤྲོས་བྲལ་རོ་གཅིག་སྒོམ་མེད་རྣམས། །ཆ་ལ་བཏགས་པའི་ཉམས་ཡིན་པས། །ཀུན་གཞིའི་རྣམ་པར་ཤེས་པ་སོགས། །ཡེ་ཤེས་ལྔ་རུ་གནས་འགྱུར་དང་། །དག་པའི་གྲུབ་མཐའ་མ་སྙོགས་པར། །པཎྜི་ཏ་ཡི་དཔྱད་སྒོམ་དང་། །སྒོམ་ཆེན་རྣམ་པའི་མཉམ་གཞག་གཏམ། །ཚིག་དང་དོན་དུ་འབྱོར་དཀའ་ཞིང་། །ཡུལ་དང་ཉོན་མོངས་མི་གྲོལ་བས། །སྒོམ་ཡུན་མི་ཚེར་སྲིངས་ཤིག་ཨང་། །འཆི་ཁར་ལྷག་པར་དགོས་སོ་ཨང་། །བར་དོར་དེ་བས་གཅེས་སོ་ཨང་། །དེ་སྐད་པདྨ་འོད་གླིང་ནས། །སྟོན་པས་ལེགས་པར་གསུངས་པ་ཡི། །རྣམ་ཐར་སྒོ་གསུམ་རྫོགས་པ་ཆེའི། །ངོ་བོར་མྱོང་བ་འདྲེས་ཙམ་དེས། །སྤྱི་བརྟོལ་གཏམ་ལ་རྒྱབ་བསྟན་ནས། །བུམ་ཐང་ཐར་བའི་བྲག་བསྟེན་པའི། །སློབ་མ་དྲང་སྲོང་ཁྱོད་ལ་གདམས། །ཕ་རྗེས་བུ་ཡིས་ཟིན་པར་ཤོག །ཡང་རྨི་ལམ་དུ་དངོས་དང་འཕྲད། །ཞི་གནས་ལྷག་མཐོང་དང་མངོན་སུམ་གྱི་ངོ་སྤྲོད་གསུངས་པའི་རྗེས། དོན་དམ་ངོ་བོ་ཨོཾ་ཨཱཿཧཱུྃ། །ཡི་གེ་གསུམ་གྱི་རྣམ་པར་གནས། །དེ་ལ་བསམ་བརྗོད་སྤྲོས་པ་བྲལ། །ཞེས་གསུངས་པའི་དོན་འགྲེལ་དགོས་སྐད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཀུན་རྫོབ་བདེན་པའི་ངོ་བོ་རུ། །དབང་བསྐུར་རྒྱས་གདབ་བྱིན་རློབས་ཀྱི། །མཚོན་བྱ་ཡི་གེ་གསུམ་དུ་གནས། །དེ་ཉིད་དོན་དམ་བདེན་པའི་ངོར། །གསང་བ་བསམ་གྱིས་མི་ཁྱབ་པ། །ཚིག་དང་ཡི་གེ་དཔེ་ལས་འདས། །བསམ་བརྗོད་སྤྲོས་པ་བྲལ་བར་བཞུགས། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀུན། །བདེན་པ་གཉིས་ལ་མ་འདུས་མེད། །མོས་གུས་དམ་ཚིག་དག་པ་ལ། །བླ་མའི་གསུང་གི་རྗེས་གནང་ཐོབ། །ཡང་དབང་ཆོག་བཤུ་བའི་སྐབས། དགོངས་པས་བརྒྱུད་པའི་ཆོས་དཀའ་འདིར། །ཤོག་དྲིལ་ཁ་དོག་རྣམ་ལྔ་ལས། །བཞི་ནི་ཀློང་ཆེན་སྙིང་ཐིག་སྟེ། །གཉིས་ནི་ད་དུང་གཏན་མ་ཕེབས། །ཞེས་གསུངས་བྱུང་བས་གཏན་ལ་འབེབས་རྒྱུ་བཏང་སྙོམས་སུ་མི་བཞུགས་པ་མཁྱེན་སྐད་པ། ཉིད་ལ་ཡན་ལག་ལྔ་པའི་བསོད་ནམས་ཐོབ་མོད། གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལྟར་རྟེན་འབྲེལ་མཐའ་དག་ཚོགས་ན། རིགས་ལྔ་ཡེ་ཤེས་ལྔའི་ཤོག་དྲིལ་ལས་མུ་མཐའ་མེད་པའི་གཏེར་སྨྱོན་གྱི་གནད་བྱང་མཆི་སྟེ། གནས་དུས་ཀྱི་རྟེན་འབྲེལ་རྣམ་པ་སྣ་ཚོགས་ཤར། །ཆོས་དང་ཆོས་མིན་ཕྱེད་དཀའ་གསེར་དང་བོང་བ་མཉམ། །ཐེ་ཚོམ་གནས་འགྱུར་མང་བའི་གདུལ་བྱའི་སྤྱོད་པས་སྐྱོ། །ཕ་རབས་བུ་ཡིས་ཟིན་ན་འདི་གས་ཆོག་པ་ཡོད། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བརྟན་སྙན་ཚིག་ཅན་དགོས་ཟེར་བ། སྙན་ཚིག་ནི་རབ་བཏགས་ཁོ་ན་ལ་ཤུགས་ཀྱིས་བསྟན་དགོས་ན། ཤེས་ལྡན་ལ་མི་མཛེས་ཤིང་གདོང་པགས་འཐུག་པའི་རྟགས་སུ་མཆི། སྟོན་པ་སེར་སྐྱ་ན་བཞུགས་པའི་ཚེ། ཤཱཀྱའི་རིགས་བརྒྱུད་བཤད་ན་མུ་སྟེགས་པ་རྣམས་བདག་ཉིད་ལ་བསྟོད་ཀྱི་ཤེས་པའི་གནས་ཡོད་ཀྱིས། མཽངྒལ་གྱི་བུའི་ནུས་པས་དེ་སྟོན་དུ་གཞུག་གོ་སྙམ་སྟེ། མཽངྒལ་གྱི་བུ་ང་རྒྱབ་བསྙུན་པས་རེ་ཞིག་དེ་བསལ་གྱི། ཁྱོད་ཀྱིས་ཤཱཀྱའི་རིགས་བརྒྱུད་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག །ཅེས་བདག་ཉིད་ཀྱི་བསྔགས་པ་གསུང་བར་མ་སྤོབས། ཚིག་སྦྱོར་ཤེས་ནས་སངས་རྒྱས་བྱང་སེམས་ལ་བསྟོད་ན་བདེ་གཤེགས་དུས་མཁྱེན་ལྟར་རང་གིས་རྩོམ་པས་དོན་ཡོད་བྱས་པར་འགྱུར། བློ་གསལ་ཁྱོད་ཚིག་སྦྱོར་བཟང་པོ་ལ་མོས་པར་འདུག་པས་བསྟོད་ཚོགས་འགའ་ཞིག་བསྐུར་ཡོད། ངེད་ལ་རིང་འཚོ་དགོས་ཟེར་བ་མང་དུ་བྱུང་ཡང་མོས་པ་ཡོད་ན་མིང་སྒྲ་གསུམ་ཚང་བའི་ཤློ་ཀ་གཅིག་པོ་གསོལ་འདེབས་དང་བརྟན་བཞུགས་ཐམས་ཅད་ལ་བསྒྱུར་ཆོག་པ་དེ་ག་ལ་ཡི་དམ་དུ་གཟུང་བར་བསྐུལ་བ་ཡིན་ནོ། །ཞེས་པའང་མོན་བུམ་ཐང་ཐར་བའི་བྲག་ཏུ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་བྱ་བྲལ་ལ་པདྨ་འོད་གླིང་ནས་གདམས་པའོ། །
༈ སྒོམ་པའི་ཤེས་རབ་ལ་མྱོང་བ་ཅུང་ཟད་ཡོད་པ་ལ་གདམས་པ། རྟོག་མེད་རང་གསལ་ཡུལ་དང་མ་འདྲེས་པ་ཙམ་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱང་ཡིན་པས། དེའི་ངང་ལས་མཐོང་ཡུལ་གཟུགས་སུ་འཆར་བ་སོགས་དབང་པོའི་ཤེས་པ་ལྔ་ལས་རང་ལོག་པ་དང་། དགག་བསྒྲུབ་ཆགས་སྡང་དུ་རྟོག་པ་ཉོན་མོངས་པའི་ཡིད་ལས་འདས་པ་དང་། དེའི་མཚན་ཉིད་ལ་འདི་ལྟར་ཡིན་ནོ་བའི་ངེས་ཤེས་རང་སའི་སྒྲིབ་པ་དང་བྲལ་བ་གསུམ་ཚང་ན་རྒྱལ་བས་གསུངས་པའི་སོ་སོར་རྟོག་པའི་ཤེས་རབ་དངོས་གནས་དེ་ཡིན་པ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་མཚང་རིག་པ་ཡིན། ད་ལྟ་ལྟ་བའི་གནས་ཚུལ་གླེང་བ་རྣམས་གཟུགས་ལ་སོགས་པའི་དེར་འཛིན་རགས་པ་དང་བྲལ་ཡང་གཟུགས་སྟོང་ཡུལ་གྱི་རྣམ་པས་བློ་ལ་འདྲེས་ཤིང་། བློ་ཡུལ་གྱི་ཆོས་ཉིད་ལ་རོ་མྱོང་བའི་ངེས་ཤེས་ཀྱི་འཛིན་སྟངས་འདྲེས་པས་ལྟ་བ་མཆོག་འཛིན་གྱི་ཤེས་བྱའི་སྒྲིབ་པ་སྤང་དཀའ་བ་དང་འགྲོགས། གངས་རིའི་ཁྲོད་ན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ལམ་ནས་དངོས་གྲུབ་བརྙེས་པའི་སྤོང་བ་བསམ་གཏན་པ་འཁྲུལ་མེད་ཀུན་གྱི་ལྟ་བ་ལོག་པའི་ལམ་དུ་སུན་དབྱུང་ནས་འཛིན་སྟངས་དང་མི་འགལ་བ་སོ་སོར་རྟོག་པའི་ཤེས་རབ་ཏུ་སྨྲ་བ་སྣང་སྟེ། རྒྱལ་བའི་ཡུམ་དང་། དེའི་དགོངས་པ་གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་སོ་སོར་རྟོག་པའི་ཤེས་རབ་མཚན་ཉིད་སྒོམ་སྟོབས་ཀྱིས་ཉམས་སུ་མྱོང་བའི་རྒྱ་བོད་ཀྱི་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་ལྟ་བ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ནོ། །དེ་དག་ཐོས་པའི་ཤེས་རབ་ལ་དཔྱད་པ་མ་ཞུགས་པའི་གླེན་པ་གོམས་པའི་བསམ་གཏན་ཡིན་སྙམ་ན། རྔོག་ལོ་ཆེན་པོའི་རིག་གྲྭར་ཤིང་རྟ་ཆེན་པོའི་གྲུབ་པའི་མཐའ་ལ་དོ་ཟླ་སྤངས་པའི་མཁྱེན་རབ་ཐོབ་ལ། བོད་དུ་གསར་བྱུང་གི་གྲུབ་པའི་མཐའ་དེ་དང་དེ་དག་ལའང་གློ་བ་ཤིན་ཏུ་བྱང་བའི་མཐར། དབེན་པ་འབའ་ཞིག་ཏུ་སྒོམ་བྱུང་གི་ཤེས་རབ་ལ་མྱོང་བ་བརྟན་ནས་ཡི་དམ་གྱི་ལྷ་ལས་ཀྱང་ལྟ་བ་མ་འཁྲུལ་པའི་དབུགས་འབྱིན་ཐོབ་པ་རྗེ་བཙུན་ཤནྟ་པུ་རི་པས། ཆོས་ཀུན་ཡེ་ནས་མེད་པའི་སྟོང་སྐད་ཀྱིས། །སྦྱིན་སོགས་སྤྱོད་པ་ཕལ་ཆེར་ཁྱད་བསད་ནས། །ལྟ་སྤྱོད་ཟུང་དུ་མ་འབྲེལ་ཆོས་ལུགས་ཤིག །སྔོན་དུས་བྱུང་མོད་དུས་འདིར་སུན་དབྱུང་ཟིན། །སྤྱོད་པ་མཆོག་ཏུ་འཛིན་པའི་བརྟུལ་ཞུགས་ཀྱིས། །སྟོང་ཉིད་ཟབ་མོའི་ལམ་ལ་སྐུར་བ་འདེབས། །འབྲས་དུས་སྐུ་གཉིས་ཟུང་འཇུག་ཐོབ་འདོད་ན། །རྒྱུ་དུས་ལྟ་སྤྱོད་ཟུང་འབྲེལ་ཉམས་སུ་མྱོང་། །སྟོང་པར་འཛིན་པའི་རྟག་འཛིན་རྟོག་པ་དང་། །གསལ་ཆ་དོར་བའི་འཛིན་མེད་ལྟ་བ་གཉིས། །མཆོག་འཛིན་མང་ཡང་མཐར་ལྟའི་གཡང་དུ་ལྷུང་། །ལུང་རིགས་མྱོང་བའི་ཡིད་ཆེས་བྲལ་བ་ཡི། །སྤྲོས་བྲལ་ལྟ་བའི་གྱ་ཚོམ་སྨྲ་བ་དག །རྒྱུ་འབྲས་ཆོས་ཀུན་སྟོང་པར་བལྟ་བ་ཡི། །སྤྲོས་བྲལ་ལྟ་བ་ཚུ་རོལ་མཛེས་པའང་སྨྲ། །གང་ཤར་སེམས་སེམས་ཉིད་སེམས་སྣང་གི་ཁྱད་པར་མ་ཕྱེད་པ། སུ་ལྟ་བས་གྲོལ་འདོད་ནི། །སྣོད་དང་བཅུད་ཀྱི་འཇིག་རྟེན་མ་ལུས་པ། །རྟག་བདག་གཅིག་པུ་དག་གི་རང་བཞིན་དུ། །འདོད་པའི་མུ་སྟེགས་གསལ་བ་ཅིས་མི་གྲོལ། །སྒྱུ་མར་ལྟ་བ་མུ་སྟེགས་བྱེད་ལའང་ཡོད། །མཐོང་བའི་ལམ་གྱུར་རྣམ་འགྱུར་སྒྱུ་མའི་དངོས། །གཙོ་བོའི་ངང་དུ་རྣམ་འགྱུར་ཀུན་ཐིམ་པས། །དེ་ལ་གྲངས་ཅན་ལུགས་ཀྱི་ཐར་པ་ཟེར། །སྤྲོས་བྲལ་འདི་པ་ཁོ་ནའི་ཁྱད་ཆོས་མིན། །ཆོས་ཀུན་གདོད་ནས་རང་བཞིན་རྣམ་དག་དང་། །བླང་བྱ་དོར་བྱའི་སྤྲོས་པ་ཀུན་བྲལ་བ། །ལྟ་བའི་ཡུལ་དུ་ཚངས་པ་བ་ཡང་འདོད། །མཐའ་བྲལ་ལྟ་བའང་ཕྱི་ནང་གཉིས་ཀ་འདོད། །རིག་བྱེད་མཐའ་བྲལ་བསྒྲུབ་པའི་མཐུན་དཔེར་ནི། །རྨི་ལམ་དྲི་ཟའི་གྲོང་ཁྱེར་འཛིན་པ་སོགས། །དེ་འདྲའི་རྣམ་གཞག་རིག་བྱེད་པ་ཡང་སྨྲ། །སྟོང་པ་ཉིད་དང་སྤྲོས་ཀུན་བྲལ་བ་དང་། །གཉིས་མེད་བདེ་བ་ཟབ་ལམ་མཆོག་ཡིན་ཞེས། །ཐོས་ཆུང་གང་དག་མཆོག་ཏུ་འཛིན་ན་ཡང་། །དབང་ཕྱུག་པས་ཀྱང་དེ་ཀུན་གསལ་བར་འདོད། །རང་བཞིན་མ་གྲུབ་འཛིན་མེད་མི་རྟོག་ཅིང་། །ཅིར་ཡང་མ་གྲུབ་དྭངས་ལ་འགག་མེད་པའི། །ལྟ་བའི་ཉམས་ལེན་ཞང་ཞུང་བོན་ལའང་ཡོད། །ལམ་གནད་འཁྲུལ་པས་གྲོལ་བ་ག་ལ་འགྱུར། །བདག་མེད་ལྟ་བ་ཐལ་རང་ལུགས་སོ་ཞེས། །འཆད་བྱེད་དེ་དག་ཐོས་པའི་རྣ་བ་བྲལ། །དེ་ཉིད་ཐེག་ཆེན་ཁོ་ནའི་ཁྱད་ཆོས་མིན། །དངོས་སྨྲའི་གཞུང་ལས་རང་རྒྱུད་བདེན་མེད་བཤད། །གང་ཤར་རང་སེམས་མདོ་སེམས་ཐུན་མོང་བ། །གཟུང་འཛིན་འགོག་པ་རྣམ་རྫུན་དབུ་མའི་ལུགས། །གཉིས་མེད་ཡེ་ཤེས་བདེན་གྲུབ་འགོག་པ་ཡི། །ལྟ་བའི་རྣམ་གཞག་དབུ་མ་ཆེན་པོར་འདོད། །འདུས་བྱས་མི་རྟག་ཕུང་སོགས་བདག་མེད་དུ། །ལྟ་བའི་རིམ་པས་འཇིག་ཚོགས་སྤོང་མི་ནུས། །འཛིན་སྟངས་འགལ་ཕྱིར་མ་རིག་འཇོམས་ནུས་པས། །དེ་དག་ནང་ནས་སྟོང་ཉིད་ལྟ་བ་མཆོག །མན་ངག་ལུགས་ལའང་བདག་དང་རྣམ་རིག་སོགས། །ཕྱི་ནང་འཆོལ་བའི་ལག་ལེན་མང་མོད་ཀྱི། །ད་ལྟ་བོད་ན་གྲགས་པའི་སེམས་འཚོལ་གཅིག །བསམ་གཏན་དཀྲོག་པའི་རྣམ་གཡེང་ཆོས་སུ་མཐོང་། །གང་ཤར་སེམས་དང་སེམས་ཉིད་རང་ལུས་ཀྱི། །ཕྱི་ནང་ཀུན་ལ་རྣམ་པར་བཙལ་བ་ན། །བཙལ་བས་མ་རྙེད་ཡུལ་ཅན་ཤེས་རབ་སོགས། །གནས་སྐབས་ཤིག་ཏུ་ལྟ་བར་འདོད་ན་ཡང་། །བློས་བྱས་གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །གཉུག་མའི་ཡེ་ཤེས་རང་ངོ་འཕྲོད་པ་ཡི། །ཤེས་པ་གསལ་དྭངས་རྟོག་མེད་ཡེ་ཤེས་དེ། །སྒྲུབ་བརྒྱུད་ཀུན་གྱི་བསྟན་པའི་གཙོ་བོ་ཡིན། །རྗེས་ཐོབ་དུས་སུ་ཐ་སྙད་དེ་ལྟ་ནའང་། །མཉམ་གཞག་དུས་སུ་མཐའ་བྲལ་ནམ་མཁའི་དབྱིངས། །བལྟ་བྱ་ལྟ་བྱེད་སྒྲ་རྟོག་འཇུག་ཚུལ་ཡིན། །ངེས་པའི་དོན་དུ་ཆུ་དང་དབའ་རླབས་བཞིན། །ཞེས་གསུངས་པས་གོ་ལ། འདིར་རང་བཞིན་འོད་གསལ་བའི་སོ་སོར་རྟོག་པའི་ཤེས་རབ་ནི་གང་ཡིད་ལ་བྱར་མེད་པ་དང་དྲན་པ་མེད་པས་ཀྱང་སེམས་མེད་པའི་གནས་སྐབས་ལྔ་ལྟར་མ་སྤངས་ལ། མ་སྤངས་པའི་ཁས་ལེན་ལ་རོ་མྱང་པའི་འཛིན་སྟངས་ལ་སོ་སོར་རྟོག་པའི་ཤེས་རབ་ཏུ་མིང་སྙན་པོར་བཏགས་པའི་ཤེས་བྱའི་སྒྲིབ་པའང་མཚན་ཉིད་སྒོམ་སྟོབས་ཀྱིས་དག་པས་གླེན་པ་གོམས་པའི་ཡིད་ལ་བྱེད་པ་མེད་པ་དང་། དྲན་པ་མེད་པའང་མ་ཡིན་པས་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ཀྱིས་མ་གྲུབ་པའི་བརྗོད་བྲལ་དབུ་མ་ཆེན་པོའི་ལྟ་བ་ལུང་རིག་དང་འབྲེལ་བ་ཉིད། མན་ངག་རྫོགས་པ་ཆེན་པོའི་སྒོམ་པ་ཡིད་བྱེད་དང་བྲལ་བས་སྐྱོང་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ནི་སངས་རྒྱས་ཐམས་ཅད་ཀྱི། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ལ། །ཅི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་དང་། ཨ་ཏི་ཤས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་ཅི་ཡང་མ་གཟིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ། །ཞེས་པ་ལ་སོགས་ཅིག་ཆར་འཇུག་པའི་གྲུབ་མཐའ་ཁས་བླང་པ་ཡིན་ནོ། །ཞེས་པའང་མདོ་ཁམས་པ་དགེ་སློང་གཅོད་པ་ཅན་བཞིས་བསྐུལ་ཞིང་དྲིས་པའི་ངོར་ལྔ་བརྒྱའི་ཐ་མ་ལ་གངས་རིའི་ཁྲོད་ན་རང་བཞིན་རྫོགས་པ་ཆེན་པོའི་གྲུབ་མཐའ་འཛིན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་གདམས་པའོ། །
༈ སྐྱབས་བསླུ་མེད་ཀྱི་མགོན་པོ་ཨོ་རྒྱན་རྗེ། །དྲིན་འཁོར་མེད་རྒྱལ་བ་ཀློང་ཆེན་པ། །དུས་རྟག་པར་སྙིང་ལ་འདུ་འབྲལ་མེད། །དེ་རིང་སྤྱི་བོའི་རྒྱན་དུ་བཞུགས། །དབུས་གཡོན་རུའི་རི་སུལ་གྱི་རྣལ་འབྱོར་དང་། །བྱང་ས་མཐར་སྐྱེས་པའི་ཨ་དྲག་པ། །སྔར་གོ་ཐོས་མེད་ལ་ཕྲད་པ་འདི། །ཚེ་སྔོན་གྱི་ལས་འབྲེལ་ཅིག་ཡིན་ལས་ཆེ། །དོན་རིག་ཐོག་ཏུ་ཉམས་རྟོགས་ཤན་ཕྱེད་པའི། །ངའི་དམ་ཆོས་རྫོགས་པ་ཆེན་པོ་འདི། །མི་ཁྱོད་ལ་སྦ་བསྲི་མེད་པར་བསྟན། །རིག་པ་ཅེར་མཐོང་དུ་མཁྱེན་ལགས་སམ། །ཁྱོད་གཅིག་ཏུ་མི་ལུས་རིན་ཆེན་ཐོབ། །གཉིས་སུ་དམ་པའི་ཆོས་དང་མཇལ། །གསུམ་དུ་མན་ངག་ཐོས་པ་འདི། །ད་ལོང་ཡོད་དུ་ཕྱི་ཐལ་བྱས་ན་ཕངས། །མི་མང་པོའི་གསེབ་ཏུ་ཆགས་སྡང་འཕེལ། །ཡུལ་གྱི་སྣང་བ་བསླུ་བྲིད་མཁས། །བསམ་པ་བཟང་པོའང་རྐྱེན་གྱིས་འགྲིབ། །བློ་ཐག་ཆོད་ལ་དབེན་པར་སོང་། །གནས་གང་དུ་སླེབས་པ་ཙམ་གྱིས་ཀྱང་། །དལ་འབྱོར་རྙེད་དཀའ་འཇིག་སླ་དང་། །ལས་འབྲས་ཀྱི་བླང་དོར་ཤུགས་ལ་འབྱུང་། །འཁོར་འདས་ཀྱི་སྐྱོན་ཡོན་མཚང་རིག་པ། །རང་གཅིག་པུར་བསྡད་པའི་ཡོན་ཏན་ཡིན། །ངན་སོང་གི་སྡུག་བསྔལ་ལྟ་ཅི་སྨོས། །ཁོང་འཇིག་རྟེན་པའི་དཀའ་ལས་ཙམ་མཐོང་ཡང་། །ཆོས་མི་བྱེད་པའི་རང་དབང་ག་ལ་ཡོད། །རང་ཞི་བདེ་དོན་གཉེར་དང་མ་ནོར་བ་གཅེས། །དཀོན་མཆོག་ལ་སྙིང་ནས་བློ་ཁེལ་བ། །ཀུན་རྫོབ་ཀྱི་སྐྱབས་འགྲོའི་མདོ་འགག་ཡིན། །སྐྱབས་ཡུལ་རང་སེམས་སུ་རྟོགས་ཙ་ན། །ཆོས་ཉིད་ཀྱི་བདེན་པ་མཐོང་བ་ལགས། །ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་སེམས། །སྙིང་རྗེ་མེད་ན་ཉན་རང་དུ་གོལ། །གཞན་དོན་དུ་ལུས་སྲོག་འདོར་ཕོད་པ། །དེ་སྲིད་དུ་སེམས་བསྐྱེད་དང་མི་འབྲལ་འཚལ། །སྙིང་རྗེ་མེད་པའི་སྟོང་ལྟ་དང་། །བསྐྱེད་རྫོགས་བཟླས་བརྗོད་ཀྱིས་ལམ་མི་ཆོད། །མོས་གུས་མེད་པའི་བླ་སྒྲུབ་ཀྱང་། །ཉམས་རྟོགས་སྐྱེ་བ་ལ་ཕན་རྒྱུ་ཆུང་། །མོས་གུས་ཀྱི་བླ་མ་དབང་དུ་འདུ། །ཐུགས་ཡིད་གཅིག་ཏུ་འདྲེས་ཙ་ན། །བླ་མའི་རྟོགས་པ་སློབ་མ་ལ་འཕོ། །རང་བྱུང་ཡེ་ཤེས་བློ་ལས་འདས། །སྣང་བའི་བདེན་ཞེན་མ་ལོག་ན། །འཁོར་འདས་རུ་ཤན་འབྱེད་པ་དང་། །སྟོང་པའི་ཉམས་ལ་ཞེན་གྱུར་ན། །གསལ་ཆ་ལྷ་སྐུར་བལྟ་བ་ཟབ། །རིག་པ་གཤིས་ཐོག་ཏུ་མ་ཕེབས་ན། །ཚིག་དོན་གོ་བ་སྤྲོས་པ་ཡིན། །ཡིད་ལ་བྱེད་པ་རྣམ་རྟོག་ལགས། །བལྟ་བྱ་ལྟ་བྱེད་དེ་སྲིད་དུ། །གནས་ལུགས་རྟོགས་པ་ངས་མ་མཐོང་། །ཀུན་འབྱུང་སྒོམ་པའི་སྒོམ་ཆེན་ལ། །རྫོགས་ཆེན་གྱི་ལས་འཕྲོ་གཅིག་མེད་ཀྱིས་དོགས། །དེ་བས་གནད་དོན་འདི་ཉོན་ཅིག །ཅེར་གྱིས་ཟིན་པའི་རིག་པ་ལ། །ངོ་བོ་ངོས་གཟུང་ཐ་སྙད་མེད། །ཡོད་དང་མེད་པའི་མཐའ་ལས་གྲོལ། །ཡིན་དང་མ་ཡིན་གཉིས་སུ་མེད། །དྭངས་ལ་ཡུལ་མེད་ཟང་ཐལ་ལེ། །གསལ་ལ་འཛིན་མེད་རྗེན་ལྷག་གེ །རང་བཞིན་མེད་ལ་མ་འཁྲུལ་བ། །ལྟ་བ་ཡིན་པ་མཁྱེན་པར་མཛོད། །དེ་ལྟར་རྟོགས་པའི་ཆོས་ཉིད་ལ། །བཅོས་བསླད་མེད་པའི་དྲན་པ་ནི། །བྱིང་རྒོད་མེད་པར་རང་གསལ་ལ། །སྒོམ་པའི་ཐ་སྙད་ཙམ་དུ་བཏགས། །ཅིག་ཅར་བ་ལ་རླུང་སེམས་ཀྱིས། །སྤུར་བའི་སེམས་རྒྱུན་མ་མཆིས་པས། །རིག་པ་ཅེར་ཡན་ཤེས་པས་ཆོག །རིམ་གྱིས་པ་ནི་བློ་དངོས་ཀྱི། །ཞི་ལྷག་ཟུང་འབྲེལ་སྒོམ་པ་གནད། །ཤེས་པ་རྩེ་གཅིག་ཞི་གནས་ལ། །རང་བཞིན་ཤེས་པ་ལྷག་མཐོང་ཡིན། །རྣམ་པ་དཔྱོད་ན་དེ་ཡི་སྐྱོན། །ཚོགས་དྲུག་འགགས་པའི་དྲན་མེད་དང་། །དྲན་ཀྱང་ཡུལ་སྣང་འགགས་པ་ནི། །ཞི་གནས་རྐྱང་པར་གོལ་བ་སྟེ། །སྐྱེ་མཆེད་མུ་བཞིའི་སེམས་ཡིན་ནོ། །གསལ་སྟོང་ཙམ་དུ་ངོས་ཟིན་ཡང་། །རིག་པའི་རང་བཞིན་བློ་འདས་ཀྱི། །སྤྲོས་བྲལ་ཆེན་པོར་མ་རྟོགས་ན། །གཟུགས་ཁམས་བསམ་གཏན་ཉིད་དུ་གོལ། །དེ་ཕྱིར་དབང་པོ་མ་འགགས་ལ། །ཤེས་པ་ཡུལ་དང་མ་འདྲེས་ན། །དབང་སྐྱེས་བློ་ཡི་རྣམ་པ་མེད། །ད་ནི་སེམས་ལས་འདས་པ་ཡི། །རིག་པ་བློ་འདས་ཆེན་པོ་སྟེ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གཤེགས་ཤུལ་ཡིན་ནོ་སྙིང་ལ་ཕུར། །དེ་ཚེ་རྣམ་རྟོག་ཅི་ཤར་ཡང་། །རྗེས་སུ་མི་འབྲང་སྤང་མི་བྱ། །དགག་དང་བསྒྲུབ་པ་གཉིས་ཀ་མིན། །ཤར་ས་སྐྱེ་མེད་བློ་བྲལ་གྱི། །རང་བཞིན་ཉིད་ལས་མ་གཡོས་ན། །ཆུ་དང་རླབས་བཞིན་རོ་གཅིག་འགྱུར། །དེ་ལ་ཤར་གྲོལ་རིས་མེད་ཟེར། །དེ་ལྟར་གོམས་ན་སྣང་སེམས་གཉིས། །ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དུ་མ་རོ་གཅིག་འདྲེས་གྱུར་ནས། །ལས་དང་བག་ཆགས་ཁུངས་སྟོངས་ཤིང་། །གཟུང་འཛིན་གཉིས་མེད་ཆོས་སྐུའི་ཞལ། །ད་ལྟ་ཉིད་དུ་མཐོང་འགྱུར་བ། །རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །འདི་དོན་རྟོགས་ནས་ཚེ་གཅིག་ལ། །གྲོལ་བའི་འབྲས་བུ་ཐོབ་པར་ཤོག །ཅེས་པའང་འབྲི་གུང་ཡང་རི་སྒར་པ་དཀོན་མཆོག་ཆོས་དར་གྱིས་བསྐུལ་བའི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ལྷས་པདྨ་འོད་གླིང་དུ་སྙིང་གཏམ་དུ་གདམས་པའོ། །
༈ རྒྱལ་བ་གཉིས་པའི་ཞབས་ལ་འདུད། །ཁྱེད་ལྷོ་རྒྱུད་ནས་བྱོན་པའི་བུ་སློབ་གཉིས། །འགྲོ་ཁའི་ཞལ་གདམས་སྙིང་ལ་ཕུར། །ལར་དལ་རྟེན་ཙམ་ཐོབ་པ་མང་ལགས་ཏེ། །འབྱོར་བའི་ཁྱད་པར་ཚང་བ་ནི། །ཆོས་པའི་ཁྲོད་ནའང་ཉུང་བ་འདིར། །དཔྱད་ནས་ཆོས་ལ་བརྩོན་འགྲུས་ཀྱི། །བསྐུལ་མ་ཞར་དང་ཞོར་ལ་མཛོད། །སྙིགས་མའི་དུས་ཀྱི་བསྟན་པ་ཡང་། །སྡེ་དང་དཔུང་དང་གཟི་བརྗིད་ལ། །རེ་བ་འདི་ནི་སྐྱོ་བའི་གནས། །དེ་ཕྱིར་རང་རེ་དབེན་པ་ལ། །སྤྲོ་བ་གཅིག་པུའང་ཚེ་སྔོན་གྱི། །ལེགས་སྨོན་སྔོན་དུ་སོང་བའི་ཕྱིར། །རང་རྒྱུད་ཆོས་དང་ཅི་འདྲེས་མཛོད། །ཚེ་འདི་འབའ་ཞིག་དོན་གཉེར་བཞིན། །ཆོས་བརྒྱད་སྒྲུབ་པའི་ཐོས་བསམ་དང་། །སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཀྱང་། །ཐར་པའི་རྒྱུ་རུ་མི་འགྲོ་བས། །ཆོས་ཀྱི་གནད་འགག་ཤེས་ཀྱང་འཚལ། །ངེས་འབྱུང་བློ་དང་མ་འབྲེལ་ན། །བཙུན་ཚུགས་ལྟར་སྣང་མཛེས་ཁྲིགས་དང་། །དབེན་པར་རི་ཚུགས་ཟིན་པ་ཡང་། །མངོན་པའི་ང་རྒྱལ་སྐྱེད་པའི་རྒྱུ། །དེ་ཕྱིར་རྣམ་པ་ཐམས་ཅད་དུ། །གོང་མའི་ཡོན་ཏན་དཔེར་བཞག་ནས། །རང་རྒྱུད་ཆོས་དང་འདྲེས་མ་འདྲེས། །འདི་ལ་རྟོག་དཔྱོད་མཛོད་ཅིག་ཨང་། །བྱ་བ་ཅི་བྱེད་གཞན་ཕན་དང་། །འབྲེལ་བའི་སེམས་ཀྱིས་མ་ཟིན་ན། །སྙིང་རུས་ཆེ་ཡང་ཐེག་དམན་གོལ། །དེ་ཕྱིར་བྱང་ཆུབ་སེམས་གཉིས་ལ། །ཆོས་དོན་གནས་པ་མཁྱེན་པར་མཛོད། །དབེན་པར་ཆོས་བཞིན་སྤྱད་ན་ཡང་། །ཉམ་ཆུང་གྱུར་ན་སུན་འབྱིན་ཞིང་། །གཞན་ཕན་འགྲུབ་ན་གཉའ་གནོན་པའི། །རིགས་འདི་དེང་སང་མང་བའི་ཕྱིར། །དེ་ལ་ལོག་སྒྲུབ་བཟོད་པ་ཡི། །སྙིང་སྟོབས་གོ་ཆ་བགོ་དགོས་སོ། །ཚེ་ནི་མི་རྟག་མགྲོན་པོ་འདྲ། །བློ་ནི་འགྱུར་བཅས་ཤིང་ཁའི་བྱ། །དེ་བཞིན་དགྲ་གཉེན་ཕྱོགས་རིས་ཀྱང་། །ཡིད་བརྟན་མེད་པའི་གནས་ཚུལ་ལ། །རྟག་བརྟན་ཐེར་ཟུག་སྤོངས་ཤིག་ཨང་། །གཞན་གྱིས་བསྙེན་བཀུར་བྱུང་བའི་ཚེ། །མངོན་པའི་ང་རྒྱལ་སྐྱེས་དོགས་དང་། །སེམས་ཅན་གཞན་དོན་འགྱུར་སྲིད་ན། །བློ་སྣ་ཧ་ཅང་གཏུམ་མ་དྲག །འོན་ཀྱང་སྙིང་རྗེ་རྒས་པ་ནི། །ཞེ་སྡང་འགྱུར་བའི་དཔེ་ཚུལ་འདི། །ལེགས་པར་བརྟགས་ནས་ཆོས་ལམ་དང་། །མཐུན་པའི་དམ་བཅའ་འབྲལ་མི་བྱ། །ཀུན་ཏུ་འགྱུར་བ་མེད་པ་ནི། །རིག་པའི་དེ་བཞིན་ཉིད་ཡིན་པས། །གནས་ཚུལ་གཤིས་ལ་ཕེབས་པའི་ཚེ། །གང་ལྟར་བྱས་ཀྱང་ཉམ་ང་མེད། །ཁོ་བོ་རང་ལོ་དྲུག་པ་ནས། །སངས་རྒྱས་བསྟན་པའི་སྒོ་རུ་ཞུགས། །ཞུགས་ཙམ་ཉིད་ནས་སྐྱོ་ཤས་དང་། །ངེས་འབྱུང་སྙིང་རྗེ་ལྡན་མོད་ཀྱང་། །བློ་དང་ཆོས་སུ་འདྲེས་པ་ནི། །ཉི་ཤུ་རྩ་ལྔ་ལོན་ལོན་མེད། །རྩ་ལྔའི་ལོ་ལ་ཞི་གནས་ཀྱི། །འཇོག་ཚུལ་ཅུང་ཟད་ཤེས་ན་ཡང་། །ཉི་ཤུ་རྩ་བརྒྱད་ལོན་གྱི་བར། །འཇིག་རྟེན་པ་ཡི་བསམ་གཏན་ལས། །རིག་པའི་དེ་ཉིད་དངོས་མ་མཐོང་། །དེ་ལྟའི་དུས་ནའང་སེམས་ཉིད་ཀྱི། །གནས་འགྱུ་རང་གྲོལ་ཤེས་པ་ལས། །འདི་ལས་ལྷག་པའི་གནས་ལུགས་ནི། །རྟོགས་སུ་མེད་སྙམ་ཡོད་པའི་ཕྱིར། །དེ་ཀ་ཤེས་བྱའི་སྒྲིབ་པ་ནི། །ཆེ་ཤོས་ཉིད་དུ་སྣང་བའི་མཚང་། །ཀུན་མཁྱེན་ཉིད་དང་མཇལ་ནས་རྟོགས། །བསྒོམ་བྱ་སྒོམ་བྱེད་ངེས་བྲལ་བའི། །རྟོགས་པ་རྒྱུད་ལ་སྐྱེས་པའི་ཚེ། །རེ་དོགས་རང་བཞིན་མེད་པར་ཡལ། །ཆོས་རྣམས་ཀུན་གྱི་དེ་ཉིད་ཤེས། །བླང་དོར་མེད་པའི་སྤྱོད་པ་བསྐྱངས། །སྒྲོ་སྐུར་བྱུང་ཡང་ཉམ་ང་མེད། །གཞན་ཕན་འབའ་ཞིག་རྒྱུད་ལ་འཆར། །དེ་ཚེ་ཁྱོད་ཅག་དང་བཅས་པའི། །སློབ་མ་ཆོས་དོན་གཉེར་བ་ཡང་། །དབུས་གཙང་ཁམས་གསུམ་ཀུན་ནས་འདུས། །ཀུན་ལ་ཕན་སེམས་འབའ་ཞིག་བྱས། །སྐྱིད་ལ་སོས་དལ་རྣལ་འབྱོར་ང་། །ད་ལྟ་ཤི་ཡང་མི་འགྱོད་ཙམ། །དེ་ཕྱིར་ཁྱེད་ཅག་དད་ལྡན་ཡང་། །ཕ་རྗེས་བུ་ཡིས་ཟིན་པར་མཛོད། །ཅེས་པའང་ལྷོ་རྒྱུད་འབྲུག་པའི་ཕྱོགས་ཀྱི་སྙིང་གི་བུ་སློབ་ཝང་འཇིགས་མེད་ཀུན་གྲོལ་དང་། རིན་ཆེན་རྡོ་རྗེ་དེངས་ཁར་ཞལ་གདམས་ཤིག་བསྐུལ་བའི་དོན་དུ་རིག་འཛིན་འཇིགས་མེད་གླིང་པས་སོ། །
༈ བདེ་གཤེགས་སྙིང་པོ་ཟེར་བ་དེ། །མ་བཅོས་སྤྲོས་བྲལ་གྱི་ལྟ་བ་ཡིན། །དེ་སེམས་དང་སེམས་བྱུང་གི་བག་ཆགས་གློ་བུར་བ་དང་འདྲེས་པས་སེམས་ཅན་དུ་སོང་བ་ལ་འཁོར་བར་འཁྱམས་པ་ཟེར། དེའི་ཡིན་ལུགས་བླ་མས་ངོ་སྤྲད། དབང་བསྐུར་ནས་རྒྱུད་བྱིན་གྱིས་བརླབས་པ་དེ་སྒྲིབ་གཡོགས་བསལ་བ་ལྟ་བུ་ཡིན། སེམས་ངོ་འཕྲོད་པ་དེ་དྲན་པས་བསྐྱང་དགོས་པས་སྙིང་གར་བླ་མ་དང་དྲན་པ་གཉིས་མེད་གཅིག་ཏུ་དྲན་ཤེས་ན་དེ་ལ་མོས་གུས་ལམ་དུ་ལྷོངས་པ་ཟེར། མོས་གུས་ལྷང་ངེ་བ་དེ་ཀ་མ་བརྗེད་ཕྱིན་སྟོང་སང་ངེ་བ་ཞིག་དེའི་ཟླ་ལ་མི་དགོས། མོས་གུས་དང་དེའི་གྲོགས་བརྩོན་འགྲུས་ཡོད་པའི་མི་ལ་བླ་མའི་གདམས་ངག་དྲན་པ་དྲན་པ་ཞེས་བྱ་བ་དེ་ཡང་ཡོད། དེ་བྱུང་ན་དང་པོར་དང་བའི་དད་པས་བྱིན་རླབས་འཇུག་ཅིང་། དེས་སྒྲིབ་པ་དག་པའི་རྒྱུ་བྱེད། འཆི་ཀའམ། བར་དོ་ལ་སོགས་སྡུག་ཐུག་པའི་སྐབས་སུའང་བླ་མ་དྲན་ཡོང་པས་དེ་ཙ་ན་དད་པས་ཁམས་གསོས་པ་ཞེས་པ་དེ་རྒྱུད་ལ་ཁེལ་ཡོང་། དེའི་ཚེ་ན་སེམས་ཅན་གཞན་གནས་ལུགས་མ་རྟོགས་པ་དང་། སྐྱེས་བུ་དམ་པ་ལ་མི་བརྟེན་པ་རྣམས་སྡུག་བསྔལ་གྱི་རྒྱུ་འབྲས་ལས་ལྡོག་མི་ཤེས་པ་རྣམས་ལའང་སྙིང་རྗེ་དབང་མེད་དུ་སྐྱེ། དེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་ཕྲལ་ཕྲལ་རྫོགས་ནས་འབྲས་བུའི་བདག་ཉིད་བློ་འདས་ཀྱི་དྲན་པ་ཡེང་མི་ཤེས་པ་ཞིག་ནང་ནས་འཆར། དེ་གའི་ངང་ལ་གཞག་པས་ས་ལམ་གྱི་ཡོན་ཏན་ཐ་སྙད་ཙམ་དུ་སོང་ནས་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ནས་བསྒོམ་བྱ་སྒོམ་བྱེད་མེད་པའི་རྟོགས་པ་གཤིས་ཐོག་ཏུ་ཕེབས་པ་ལ་ཐུགས་ཡིད་འདྲེས་པ་ཟེར། སྙིང་གཏམ་ཡིན་ནོ། །
༈ བསླབ་བྱ་སྙིང་གི་མུན་སེལ། དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས། །གཅིག་བསྡུས་རིག་འཛིན་པདྨ་ཀཱ་ར། །གངས་རིའི་ལྗོངས་ཀྱིས་རེ་ལྟོས་འཆའ་ས། །ཁྱེད་ལ་གུས་པས་གསོལ་བ་འདེབས་སོ། །རྗེས་འཇུག་བུ་ལ་ཐུགས་རྗེས་གཟིགས་ཤིག །བག་ཡོད་དད་ལྡན་ནོར་བུའི་མཚན་ཅན། །གྱ་གྱུའི་འདུ་ཤེས་རྣལ་མར་ཞིག་ལ། །བརྩེ་གདུང་གུས་པའི་འདུན་པ་དྲག་པོས། །བྱ་བྲལ་ཁོ་བོའི་ངག་ལ་ཉོན་དང་། །ཐོག་མཐའ་མེད་པའི་འཁོར་བའི་རྒྱ་མཚོར། །སྐྱུར་མཁན་མ་རིག་བདག་འཛིན་ཡིན་ནོ། །ང་མེད་ཅིག་ལ་ང་ཡིར་བཟུང་ནས། །རིག་པ་ཡུལ་གྱི་རྐྱེན་ལ་ཤོར་བས། །ལས་ལུས་བླངས་ཏེ་དུཿཁས་མནར་རོ། །ཚེ་འདིའི་བྱ་བ་རྨི་ལམ་སྒྱུ་མ། །ཤིན་ཏུ་མི་རྟག་རྩྭ་ཟིལ་གློག་དང་། །ཆུ་བུར་ལྟ་བུར་ཡ་མ་བརླ་ཡང་། །རྟག་པར་བཟུང་ནས་གཅེས་སྤྲས་བྱས་པས། །ལས་ཉོན་སྡིག་སྒྲིབ་གཉའ་བར་ཞོན་འདུག །སོ་དཀར་གཞོན་པའི་མི་ཚེ་ཡད་ཡུད། །མ་ཚོར་ངང་ལ་ཟད་ནས་གདའ་བས། །འཆི་བདག་བདུད་པོ་ནམ་ཡོང་མེད་པ། །དུར་ཁྲོད་ཤི་བའི་རོ་ལ་གཟིགས་དང་། །ཅུང་ཟད་འཚོ་རིང་བགྱི་བ་མཐའ་དག །ངན་འགྲོ་འཁོར་བ་སྡུག་བསྔལ་བསྒྲུབ་གཞི། །དགྲ་གཉེན་མི་རྟག་ནམ་མཁའི་འཇའ་ཚོན། །ངན་སྤྱོད་མི་རུང་སྣ་དགུ་དར་བས། །སྙིགས་མའི་ལུང་བསྟན་ཐོག་ཏུ་བབས་འདུག །ཅིས་ཀྱང་དགོས་མེད་འཆི་བ་སོམས་ཤིག །དུས་ངན་ལོ་རེ་ལོ་རེར་འབྱོན་འདུག །མི་སྤྱོད་ཟླ་རེ་ཟླ་རེར་འགྱུར་ཅིང་། །འཆི་བདག་ཞག་རེ་ཞག་རེར་ཉེ་བས། །འཁོར་བ་འདི་ལ་ཆགས་དགོས་མི་འདུག །ཕ་གཞིས་འཛིན་ལ་སྙིང་སྟོབས་བསྐྱེད་ཀྱང་། །བསྐལ་པར་བསགས་པའི་སྡིག་ལྟུང་མི་འདག །གཉེན་བཤེས་བུ་ལ་དུང་སེམས་ཆེ་ཡང་། །ལམ་སྣ་མི་འདྲེན་འཁོར་བའི་གཏིང་རྡོ། །འདི་འདྲ་མཁྱེན་ནས་ཟས་གཙང་སྲས་པོས། །འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་བཞག་ནས། །ནགས་ཁྲོད་དབེན་པར་ཆོས་ལ་བྲོས་སོ། །འཆི་བ་མི་དྲན་རང་རྒྱུད་གྱོང་པོའི། །འདུས་བྱས་དགེ་རྩ་མིག་རུ་ཟང་ཟང་། །བྱས་ཀྱང་ང་རྒྱལ་འཁོར་བའི་རྒྱུ་ལས། །དུག་ལྔའི་གཉེན་པོར་སོང་བ་མ་ལགས། །ད་ལྟ་གསོན་དུས་ལྷ་ཆོས་མེད་པའི། །ཤི་ནས་རོ་ལ་བྱང་ཆོག་དབང་བསྐུར། །ཕན་ཕན་འདྲ་ཡང་ཆུས་ཁྱེར་གླིང་ལ། །རགས་རྒྱགས་བཞིན་དུ་འཕྱིས་ནས་མི་འདུག །མི་ཁོམས་བརྒྱད་དུ་སྐྱེ་བ་བླངས་ན། །ཆོས་དང་ལས་འབྲེལ་ཡོད་པ་མ་ལགས། །གངས་ཅན་མུན་གླིང་དམ་ཆོས་དར་བའི། །དཀའ་ལས་ཙམ་བྱུང་མཁྱེན་པ་ལགས་སམ། །ལམ་གྱི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད། །ཁ་ཏོན་བྱས་པ་གཅིག་པོས་མི་ཆོག །དེ་ཡི་སྤང་བླང་བསླབ་བྱའི་ཚོགས་ལ། །ཕྲ་ཞིབ་འཛེམ་པ་དོན་གྱི་སྙིང་པོ། །འཇིག་རྟེན་དཔོན་དང་ལྷ་འདྲེ་ཆེན་པོས། །འཁོར་བའི་སྡུག་བསྔལ་སྐྱོབ་པ་མ་ལགས། །མཆོག་གསུམ་རྩ་གསུམ་སྐུ་གསུམ་རྒྱ་མཚོར། །ཁྱེད་ཤེས་དད་པས་བློ་རྩེ་ཐོད་ཅིག །ཕ་མར་མ་གྱུར་སེམས་ཅན་མེད་པ། །རྒྱལ་བས་གསུང་རབ་ཀུན་ཏུ་བསྔགས་མོད། །དེ་ཕྱིིར་ངན་སེམས་འབུར་འཇོམས་བཏང་ནས། །དགྲ་གཉེན་བར་མར་ཕན་སེམས་སྒོམས་ཤིག །སྔོན་བྱོན་རྒྱལ་དང་གྲུབ་ཐོབ་གོང་མས། །ལུས་སྲོག་གཞན་དོན་བྱིན་པར་ནུས་མོད། །སོ་སོ་སྐྱེ་བོས་དེ་ལྟར་དཀའ་ཡང་། །བཟོད་པ་བསྒོམས་ལ་ཕྱི་ཐག་སྲིངས་ཤིག །མི་དཔོན་ཆེན་པོའི་སྡེ་རིས་ཐམས་ཅད། །ཉམ་ཆུང་འབངས་ལ་ཉལ་ཐག་གཅོད་ལ། །སྙིང་བརྩེའི་སེམས་དང་བྱམས་སྐྱོང་མི་འདུག །རང་དཔེ་ལོང་ལ་གཞན་གནོད་སྤོངས་ཤིག །སྡིག་སྒྲིབ་ཉེས་ལྟུང་འཁོར་བའི་ས་བོན། །བྱས་དང་དེ་བཞིན་བསམ་གྱིས་མི་ཁྱབ། །སྟོབས་བཞིའི་མན་ངག་གནད་དུ་ཆུད་པས། །ཡིག་བརྒྱའི་གཉེན་པོས་མཐའ་འདེད་ཐོང་ཞིག །སངས་རྒྱས་ཐོབ་ལ་ཚོགས་གཉིས་བསགས་དགོས། །དེ་ཡི་གནད་ཟབ་མཎྜལ་འབུལ་བ། །ཡིན་གྱིས་སེར་སྣའི་མདུད་པ་ཁྲོལ་ལ། །དབང་ཟབ་ལོངས་སྤྱོད་ཆོས་ཕྱིར་ཕུལ་མཛོད། །དད་པ་མེད་ན་བྱིན་རླབས་མི་འཇུག །དམ་ཚིག་ཉམས་ན་དངོས་གྲུབ་མེད་པས། །རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མར། །ངོ་ལྐོག་མེད་པའི་གསོལ་འདེབས་རེམས་ཤིག །བསྐྱེད་རིམ་བསྒོམ་པ་གཟུགས་སྐུའི་ཉེ་ལམ། །རྫོགས་རིམ་བསྒོམ་པ་ཆོས་སྐུའི་ངོ་བོ། །ཡ་བྲལ་མ་ཡིན་སྙན་བརྒྱུད་བཞིན་དུ། །ཨ་འཐས་གཉིས་སྣང་ཟུང་འཇུག་སྒོམས་ཤིག །མདོ་སྔགས་རབ་འབྱམས་ཆོས་སྒོ་མཐའ་དག །རྒྱལ་བས་གདུལ་བྱའི་བློ་ངོར་བསྟན་མོད། །ལོག་ལྟ་ཅན་གྱི་རྗེས་སུ་འབྲངས་ནས། །ཆོས་ལ་གཤེ་བའི་ལས་ངན་སྤོངས་ཤིག །སེམས་ཀྱི་བྱུང་གནས་འགྲོ་གསུམ་བརྟགས་པའི། །མ་གྲུབ་སྟོང་སྐད་ཧར་པོ་འདི་ཀོས། །ལས་འབྲས་ཁྱད་གསོད་རྟེན་བྱེད་མང་པས། །སྟོང་ཉིད་རྒྱུ་འབྲས་ཤར་བར་མཛོད་ཅིག །དང་པོའི་ལས་ཅན་ཇི་ལྟར་བཟང་ཡང་། །ཉོན་མོངས་རང་གྲོལ་ཤིན་ཏུ་དཀའ་བས། །བདེ་སྡུག་བཟང་ངན་དགྲ་གཉེན་ཤར་ཚེ། །དེ་ལ་བྱུང་གནས་འགྲོ་གསུམ་ཚོལ་ཞིག །བཟང་པོར་ཤར་ཡང་སེམས་ཀྱི་ཆོ་འཕྲུལ། །ངན་པར་ཤར་ཡང་ཤེས་པའི་རང་གདངས། །དཔྱད་ན་ངོས་གཟུང་མེད་པ་ལགས་པས། །བདེན་འཛིན་འཆིང་བའི་ཞགས་པ་ཁྲོལ་ཞིག །ཁྱད་པར་དུག་ལྔའི་རྣམ་རྟོག་རགས་ཚེ། །དེ་ཀོ་སེམས་དང་ལྷན་སྐྱེས་ལགས་པས། །སྔོན་བསུ་རྗེས་དཔྱོད་བརྟག་དཔྱད་སྤངས་ནས། །དྲན་པ་རང་ལོག་ངོ་བོར་ལྟོས་ཤིག །ལེགས་ཉེས་བཟང་ངན་ཅི་བྱུང་ཐམས་ཅད། །བྱུང་རྒྱལ་མི་གཏོང་གཉེན་པོས་མི་འཇུན། །རང་ངོ་ལྷིང་པའི་ངོ་བོར་བཞག་ན། །དེ་ལ་དེ་དག་གྲུབ་པ་མ་ལགས། །མཆོད་སྦྱིན་རྒྱ་མཚོའི་དགེ་རྩར་འབད་ཅིང་། །ལྟ་རྟོག་རང་གི་སེམས་ལ་བཏང་ནས། །བླ་མས་བསྒོས་པའི་དམ་བཅའ་བསྒྲུབས་ན། །སྐྲ་གཅོད་མིང་བསྒྱུར་དགོས་པ་མ་ཡིན། །སྒོམ་པའི་རྩ་བ་དྲན་པ་ལགས་ཤིང་། །མཉམ་གཞག་རྗེས་ཐོབ་ངོ་བོས་བསྐྱངས་ན། །ལས་དང་བག་ཆགས་ལྕགས་ཟད་བརྡར་ཟད། །གྱུར་ནས་དྲན་མཁན་ཆོས་སྐུར་གྲོལ་ལོ། །དེ་སྐད་རྒྱ་ཆེའི་ངག་གིས་བཀྲལ་ཡང་། །ཚིག་གི་མཐའ་ལ་ཟད་པ་མེད་པས། །དོན་གྱི་སྙིང་པོར་བྱས་པའི་ཆོས་ཀུན། །ཉོན་མོངས་གཉེན་པོར་ཁྲིལ་གྱིས་འགྲོ་ཞིང་། །ཤི་ཡང་འགྱོད་མེད་སྣང་བློ་བདེ་བའི། །གདེང་ཞིག་སེམས་ལ་ཁེལ་བ་དགོས་སོ། །ད་རེས་དམ་པའི་ལྷ་ཆོས་མེད་ན། །ཕྱི་ནས་འདི་འདྲ་རྙེད་པ་མ་ཡིན། །འཁོར་བའི་སྡུག་བསྔལ་བཟོད་ཐབས་གར་ཡོད། །ཉེ་འཁོར་ལོངས་སྤྱོད་སྐྱིད་པོའི་མལ་ནས། །མར་གྱི་གསེབ་ནས་སྤུ་བཏོན་ཇི་བཞིན། །ངུ་སྔངས་མཆི་མའི་རྒྱངས་གླུ་ལེན་ཞིང་། །འཕྲང་རིང་བར་དོའི་གཅོང་རོང་འགྲིམ་དུས། །ཤིན་ཏུ་འགྱོད་པའི་དུས་ཤིག་འོང་ངེས། །དེ་ལ་དགོངས་ནས་ཁོ་བོའི་སྙིང་གཏམ། །ཚིག་ཙམ་ཡི་གེའི་ལམ་དུ་མ་བཞག །ཞེ་ནས་སྐྱོ་ཤས་ངེས་འབྱུང་བློ་ཡིས། །རྒྱུད་ལ་བཅག་འདེབས་ནན་ཏན་མཛོད་དང་། །ཟློས་པའི་གཏམ་ལ་ཁྱེད་ཀྱིས་གསན་ན། །ལས་དང་རྒྱུ་འབྲས་བདེན་པ་ཆེ་བས། །ཕྱི་མའི་སྐྱིད་སྡུག་ང་རང་ཤེས་སོ། །དེ་སྐད་སྒྲུབ་གནས་འདི་ཡི་ནུབ་ཕྱོགས། །གཙང་སྟོད་རྒྱལ་བརྩེའི་འཛིན་མའི་ཆ་ནས། །དད་ལྡན་སྔགས་སྐྱོང་ཁྱིམ་བདག་ཤྲཱི། །བྷ་དྲའི་མིང་གིས་འཕྲིན་ཡིག་ལམ་ནས། །ཆེད་དུ་བསྐུལ་ཚེ་དུས་མཐའི་ལྡོམ་པོ། །བློ་བདེ་གུ་ཡངས་བྲག་ཕུག་བྱ་བྲལ། །ཀློང་ཆེན་མཁྱེན་བརྩེའི་འོད་ཟེར་དེ་ཡིས། །འོག་མིན་དཔལ་གྱི་བསམ་ཡས་མཆིམས་ཕུའི། །དབེན་པའི་ནགས་ཁྲོད་བྲག་རིའི་བ་གམ། །ལྗོན་པའི་བསིལ་གྲིབ་ཏིང་འཛིན་གསང་ཕུག །བྱ་ཚོགས་མང་པོ་གླུ་དབྱངས་བསྒྱུར་ཞིང་། །བུང་བ་མང་པོ་འཕུར་ལྡིང་གཡོ་ལ། །ལྕུག་ཕྲན་ར་བས་ཡོངས་སུ་བསྐོར་བའི། །ལྭ་ཝའི་ལྡིང་གུར་དཀར་པོའི་འོག་ནས། །གང་ཤར་ཇི་བཞིན་ཐང་མར་གདམས་སོ། །དགེ་བས་མ་རྒན་འགྲོ་བ་མཐའ་དག །དུཿཁར་སྤྱོད་པའི་གདུང་བ་ཞི་ནས། །རྣམ་བྱང་མཆོག་ལ་འཁོད་པར་གྱུར་ཅིག །
༈ དགེ་རྒན་ཏིང་འཛིན་ལ་གདམས་པ། ཁྱོད་རྡོ་ཡུལ་ཆོས་མི་དྲན་པའི་ས་ཆ་ནས་དམ་པའི་ཆོས་དང་མཇལ་བ་འདི་བསོད་ནམས་ཆེ་བའི་ཚད་ལ་ཐུག །ད་མི་ཚེའི་ལྷག་མ་འདིར་ཆོས་སྒྲུབ་པའི་གེགས་ཆེ་ཤོས་སྦྱིིན་བདག་ལ་ངོ་འཛིན་མ་ཆེ། སྐུ་རིམ་དང་གྲོང་ཆོག་ལ་མ་དགའ། རང་མཐོང་དང་ང་རྒྱལ་མ་ཆེ། དབེན་པའི་རི་ཁྲོད་གཅིག་ཏུ་ས་བཟུང་ནས་ད་ལྟ་རང་ཤི་བ་ཤར་ན་གདེང་ཅི་འདུག །འགྱོད་པ་དང་འཚེར་སྣང་ཨེ་ཡོད། བར་དོར་བཙན་ས་ཨེ་ཟིན་ལྟ་རྟོག་ལེགས་པར་མཛོད། སེམས་རང་ངོ་ཤེས་པ་གཅིག་པུས་མི་ཆོག །དེའི་རྒྱུན་ནམ་ཉིན་ལྟོས་མེད་ཆུ་བོའི་རྒྱུན་ལྟར་སྐྱོང་དགོས། འཁོར་བ་ཐོག་མ་མེད་པ་ནས་འཁྲུལ་པའི་བག་ཆགས་དང་། ད་ལྟ་སེམས་ལ་རང་བཞིན་མེད་པར་གོ་བའི་ཉམས་གཉིས་ཤེད་བསྡུར་བས་ག་ལ་མཉམ། དེ་མ་མཉམ་པས་ད་ལྟ་དྲན་པས་ཟིན་རུང་ལ་ད་ལྟ་རང་འཁྲུལ་འགྲོ་བ་འདི་བྱུང་བ་ཡིན། འཁྲུལ་ཚད་འཁོར་བ། དྲན་ཚད་ལམ། རྟོགས་ཚད་མྱང་འདས་ཡིན་པས་ད་ལྟ་དྲན་པ་ལ་ལམ་གྱི་རྩ་བར་གཟུང་། དྲན་པ་མེད་ལ་འཁྲུལ་པ་མེད་པའི་ཚེ་མྱང་འདས་ཀྱི་དགོངས་པ་ལོན་པ་ལགས། ལར་དེ་ཙམ་ལའང་ཡ་མི་ཆ། གཟུགས་མེད་བཞི་དང་། བསམ་གཏན་བཞི་དང་། འགོག་པའི་གཅིག་སྟེ་སྙོམས་འཇུག་དགུའི་སེམས་དང་འཛོལ་ས་ཆེན་པོ་ཡོད་པས་ཐོས་པ་མེད་པའི་སྒོམ་ཆེན་ཀུ་སུ་ལུ་པ་རྣམས་སེམས་ཅན་ལ་སྙིང་རྗེ་བསྒོམས་པས་བསོད་ནམས་ཀྱི་ཚོགས་རྫོགས། བླ་མ་ལ་མོས་གུས་བསྐྱེད་དེ་ཐུགས་ཡིད་འདྲེས་པའི་ངང་ལ་མཉམ་པར་གཞག་ན་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་དོན་དམ་པའི་བདེན་པ་མ་འཁྲུལ་བ་རང་བྱུང་དུ་འཆར་དགོས་པས་དེ་གཉིས་དང་མ་བྲལ་བ་མཛོད། དེ་སྐད་དུ་ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་འདི་སེམས་ལ་ཞོག །
༈ བླ་མ་རྗེ་ལ་ཕྱག་འཚལ་ལོ། །རིག་འཛིན་འཇིགས་མེད་གླིང་པ་ལ། །ཧོར་པས་ཞལ་གདམས་ཞུའོ་ཟེར། །ཧོར་ལ་རྣམ་པ་མང་མོད་དེ། །མདའ་གཞུ་འཛོམ་པ་ཤིན་ཏུ་ཉུང་། །ཁྱོད་ཀྱི་གཞུ་འདི་དལ་རྟེན་ལ། །མདའ་ནི་འབྱོར་པའི་ཆོས་བཅུ་ཡིན། །མདའ་གཞུ་ཐབས་ཤེས་འབྲེལ་དུས་འདིར། །འཁོར་བའི་རི་དྭགས་ཆམ་ལ་ཕོབ། །བློ་སྣ་ཆོས་ལ་འགྱུར་བ་འདི། །རི་དྭགས་མཐའ་ལ་གཅུར་བ་འདྲ། །བློ་རྩེ་གཅིག་ལ་མ་གཏད་ན། །སེམས་ཀྱི་རྟ་རྒན་ཅོལ་ཆུང་འདི། །གྲོང་ཡུལ་འགྲིམ་ཉེན་ཡོད་དོ་ཨང་། །ཕྱི་མར་ཕན་པ་དམ་ཆོས་ཡིན། །ཆོས་ལ་ངོ་ལྐོག་བྱེད་པ་དང་། །སྡིག་པའི་གྲོགས་པོའི་དབང་སོང་ན། །རང་ཕུང་རང་གིས་བྱེད་དོ་ཨང་། །བླ་མས་ཁྲིད་ལ་བཤར་བའི་ཚེ། །འཁོར་བའི་ཉེས་དམིིགས་ལ་སྐྱོ་ཡང་། །རང་ཡུལ་གྱི་དགྲ་གཉེན་མཐོང་བའི་ཚེ། །མི་འགྱུར་དགུ་འགྱུར་སྤོངས་ཤིིག་ཨང་། །དེ་ལྟར་རང་དོན་སྒྲུབ་པའི་སྐབས། །གཞན་ཕན་སེམས་ཀྱིས་སྨོན་པས་ཆོག །ཟང་ཟིང་ཆེད་དུ་བཙལ་ནས་ནི། །རྣམ་གཡེང་རྒྱ་ལ་མ་འཛུལ་ཨང་། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་སོགས། །གཅིག་གི་གྲོགས་སུ་གཅིག་དགོས་པས། །ཐམས་ཅད་ཁྱད་དུ་མ་བསད་པར། །རྒྱུད་ལ་འདྲེས་པར་གྱིས་ཤིག་ཨང་། །ཁྱད་པར་མེད་དུ་མི་རུང་བ། །བྱང་ཆུབ་སེམས་གཉིས་བསྐྱེད་པ་དང་། །བླ་མའི་མོས་གུས་མ་བྲལ་བ། །ཆོས་དོན་ཡིན་པར་ཟུང་ཞིག་ཨང་། །དེ་ལ་ཀུན་རྫོབ་བྱང་ཆུབ་སེམས། །གཞན་ཕན་བསམ་པ་བཟང་པོ་ཡིན། །སྙིང་རྗེ་མེད་པའི་ཆོས་སྐད་འདིས། །ཉན་རང་ཕྱོགས་སུ་གོལ་ལོ་ཨང་། །སྙིང་རྗེ་རྒྱུད་ལ་སྐྱེས་ཙ་ན། །སྟོང་ཉིད་འཆར་བའི་སྔ་ལྟས་ཡིན། །དེ་ཉིད་གོལ་སར་མི་འགྲོ་བ། །བླ་མའི་བྱིན་ལ་རག་གོ་ཨང་། །བྱིན་རླབས་ཆེ་ཆུང་ཡོང་བ་དེ། །མོས་གུས་ཆེ་ཆུང་ཡོད་པས་ལན། །རྟོགས་པར་ལྡན་པའི་བླ་མ་དང་། །ཐུགས་ཡིད་འདྲེས་པ་དགོས་སོ་ཨང་། །ཐུགས་ཡིད་འདྲེས་པ་སྐད་པ་དེ། །ངོ་འཛིན་ཟོལ་སྦྱོར་ཙམ་གྱིས་མིན། །ཅི་གསུང་དང་དུ་ལེན་ནུས་ན། །ཉམས་རྟོགས་ནང་ནས་ཤར་ཡོང་ཨང་། །སྐྱིད་ན་བླ་མའི་ཐུགས་རྗེར་སྒོམས། །སྡུག་ན་རང་གི་ལས་ངན་ཡིན། །ལས་ངན་ཟད་ཐབས་མོས་གུས་ཀྱིས། །ལྷོངས་ཚེ་ལོག་ལྟ་མ་སྒོམ་ཨང་། །ཐག་རིང་བགྲོད་པའི་དཀའ་ལས་ལ། །བསམས་ནས་རང་སེམས་ལྟ་རྟོག་ཐོང་། །ལམ་ཕྲང་གཤག་པའི་སྡུག་ཡུས་ལ། །བསམས་ནས་དགོན་པར་བཙན་ས་ཟུང་། །སེམས་འཚོལ་བྱེད་པའི་དཀའ་ལས་ལ། །བསམས་ནས་རིག་པ་ཅེར་འདེད་ཐོང་། །ངན་སོང་འགྲོ་བའི་སྡུག་ལུགས་ལ། །བསམས་ནས་ལས་འབྲས་དཔང་པོར་ཞོག །ཡི་དམ་གུ་རུ་ཞི་དྲག་སྒོམས། །དེ་ཡང་རང་གཟུགས་བསྒྱུར་བ་ཙམ། །ཀུན་འབྱུང་ཡིན་གྱི་བསྐྱེད་རིམ་མིན། །སྟོང་པའི་གསལ་སྣང་ལྷར་ཤར་དགོས། །འགྲངས་ལྟོགས་སྙོམས་པའི་དུས་ཚོད་ལ། །གཏུམ་མོ་བསྒོམ་ལ་རིག་པ་སྒྲིམས། །བར་རླུང་ཐུན་མཚམས་ཀུན་ཏུ་སྒོམས། །དྲན་པའི་རྟེན་ཀྱང་དེ་ལ་ཆོལ། །དགོན་པར་མཚམས་ལ་སྡོད་ཙ་ན། །མི་དང་མ་ཕྲད་ངག་མ་གཏང་། །ཕལ་ཆེར་བྱིས་དང་སྡིག་གྲོགས་ཕྱིར། །གེགས་དང་གོལ་ས་དེ་ལས་འབྱུང་། །རྣམ་པ་ཀུན་ཏུ་ཁ་ཉུང་ཞིང་། །ཀུན་དང་འགྲོགས་སུ་བདེ་བར་བྱ། །འཁོན་གྱི་རྩ་བ་ངག་ཡིན་ལ། །འཁྲུལ་དང་རྣམ་རྟོག་རྒྱུ་ཡང་འདི། །དེ་ཕྱིར་ལུས་ནི་མཚམས་ཁང་སྟེ། །མཚམས་ནི་དྲན་པ་སྐྱོང་བ་ཡིན། །རྣམ་རྟོག་རང་ཤར་རང་གྲོལ་ནས། །ཧ་ཅང་རིང་བ་མ་ཡིན་ན། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །བཟོད་ཐོབ་བདེ་གཤེགས་སྙིང་པོའི་ཞལ། །མངོན་སུམ་བཞུགས་དང་མཇལ་ནས་ཀྱང་། །འཁོར་བ་དོང་ནས་སྤྲུགས་པར་སྨོན། །ཞེས་རྒྱ་བོད་མཚམས་ནས་ལྷགས་པའི་ཧོར་པ་བསྟན་དར་ལ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ ཁྱོད་ཕ་མའི་གཅེས་ཕྲུག་བྱས། བླ་མའི་དབོན་པོར་སྐྱེས་པ་དེ་ལ་རྟེན་འབྲེལ་གཉིས་ཡོད། བསོད་ནམས་དེ་ལམ་དུ་སོང་ན་ཆུང་དུས་ནས་སྐྱིད་ཚར། ཆོས་དང་རང་ཤུགས་སུ་མཇལ་བས་གོ་བཅད། རྗེ་བཙུན་གྲགས་པ་དང་ས་པཎ་ཁུ་དབོན། ཟུར་ཆུང་དང་གསང་བདག་སྒྲོ་ཕུག་པ་ཕ་བུ་ཡིན་པ་ལྟ་བུ་ཡོང་། ལམ་དུ་མ་སོང་ན་སྐྱིད་པོ་བྱུང་བ་དེ་ངན་ལངས་ཨང་མི་ཁུག་པའི་རྒྱུ། ཆུང་དུས་ནས་གྲྭ་སར་ཞུགས་པ་དེ་ངེས་འབྱུང་དང་དག་སྣང་གི་གེགས་སུ་སོང་། དགེ་བའི་བཤེས་གཉེན་དང་ཉེ་དུར་བྱུང་བ་དེ་མིག་འདྲིས་དང་བརྙས་ཐབས་ཀྱི་རྒྱུར་སོང་ནས་ཡོན་ཏན་སྣ་གཅིག་ཀྱང་མི་སྐྱེ་བ་དེ་བྱུང་བ་མང་བས་རྒྱུད་སྡེ་རྣམས་ནས་ཕ་བུའི་བླ་སློབ་དང་། གཉེན་བཤེས་ཀྱི་བླ་སློབ་བཀག་པའི་དགོངས་པ་དེ་ཡིན། རིགས་རུས་དང་ཆོ་འབྲང་གཅིག་ཀྱང་སེམས་རྒྱུད་ཐ་དད་པ་ཡིན་པ་ལྷས་བྱིན་དང་བཅོམ་ལྡན་འདས་ལྟ་བུའི་ཁྱད་པར་ཤེས་པར་གྱིས་ལ་བླ་མ་ཕྲིན་ལས་འོད་ཟེར་གྱི་ངག་ལ་ཉོན། བཅོམ་ལྡན་འདས་དང་ཀུན་དགའ་བོའི་རྣམ་ཐར་སྐྱོངས་ཤིག་གུ། །
༈ མི་ལུས་ཐོབ་པའི་དཀའ་ལུགས་ལ། །བསམས་ནས་དམ་ཆོས་ཁོ་ན་མཛོད། །ཆོས་བཞིན་སྤྱོད་པའི་ཉུང་ལུགས་ལ། །བསམས་ནས་ཆོས་བརྒྱད་ཆམ་ལ་ཕོབ། །བླ་མ་མཇལ་བའི་དཀོན་ལུགས་ལ། །བསམས་ནས་མན་ངག་ཐོབ་པར་མཛོད། །དལ་བ་ཐོབ་པ་མང་ལགས་ཏེ། །འབྱོར་པ་ཚང་བ་ཉུང་ལགས་སོ། །དལ་འབྱོར་མིན་པའི་ལུས་རྟེན་གྱི། །ཆོས་དེ་གཟུགས་བརྙན་ཁོ་ན་ཡིན། །བླ་མ་རྗེ་དང་མཇལ་བ་དེ། །སྔོན་དུ་ལེགས་སྨོན་སོང་བའི་རྟགས། །མང་པོ་ཚོགས་པའི་གྲྭ་ཚོགས་ཁྲོད། །ཆགས་སྡང་ཆོས་སུ་འཁྲུལ་ཉེན་ཡོད། །དེ་བས་གོང་མའི་རྣམ་ཐར་ལ། །བསམས་ནས་མི་ལུས་དོན་ལྡན་མཛོད། །ཅེས་པའང་ལྷོ་བྲག་བདུད་འཇོམས་གླིང་ཨེམ་ཆི་ཅན་གྱི་ངོར་རྫོགས་ཆེན་པ་འཇིགས་མེད་གླིང་པས་སོ། །
༈ འཇིགས་མེད་ཕྲིན་ལས་འོད་ཟེར་ལ་གདམས་པ། སྐྱེ་འགག་གཉིས་མེད་ཞེས་པ་འདི་ནང་པ་སངས་རྒྱས་པའི་ལུགས་སུ་ཆོས་ཉིད་ཀྱི་གནས་ལུགས་གཏན་ལ་འབེབས་པའི་ཚིག་བླ་དྭགས་སུ་སྣང་ཡང་ཕལ་གྱི་དེའི་དོན་ཐ་སྙད་ཙམ་དུ་འཛིན་པ་ལས་གཤིས་ཐོག་ཏུ་རང་གི་ངོ་བོས་ཉམས་སུ་མ་མྱོང་བ་མང་། དེ་ལ་སྐྱེ་བ་མེད་པ་ནི་བློ་རྩལ་གྱིས་བཞག་པའི་མེད་དགག་ཙམ་མ་ཡིན་པར་འཇོག་ཡུལ་རང་ངོ་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་སྨྲ་བསམ་བརྗོད་འདས་སོ། །འགག་པ་མེད་པ་ནི་ཆོས་ཉིད་རང་གསལ་བའི་གདངས་མི་ཤེས་པས་འཁོར་འདས་ཀུན་ཏུ་འགྲོ་བའི་ཁྱབ་བྱེད་ཅན། མ་ཡིན་དགག་གི་རྣམ་པར་རིག་བྱའི་གཉིས་མེད་དང་། ཟུང་འཇུག་ལ་སོགས་པའི་སྒྲོ་བཏགས་ཀྱི་བློ་དང་མ་འདྲེས་པའོ། །དེང་སང་གི་སྤོང་བ་བསམ་གཏན་པ་རྣམས་ནི་གསལ་བས་སྟོང་པ་སྒྲུབ། སྟོང་པས་གསལ་བ་ལ་རྒྱས་བཏབ་པས་སྐྱེ་འགག་གཉིས་པོའང་དབྱེན་ལ་སྦྱར། ཀློག་པ་ཐོས་བསམ་པ་རྣམས་ནི་ཞི་གནས་ལྷག་མཐོང་ཐུན་གཅིག་ཀྱང་རང་ཉམས་སུ་མི་མྱོང་བའི་གོ་ཡུལ་དང་། མཉམ་གཞག་རྗེས་ཐོབ་ལ་ཕོ་ཚོད་ཀྱིས་དཔྱད་པ་བྱེད་པས་ཆོས་ཉིད་བསམ་བརྗོད་ལས་འདས་པ་བསམ་ཡོད་བརྗོད་ཡོད་དུ་སོང་། འགའ་ཞིག་གིས་བསམ་བརྗོད་ལས་འདས་པ་གཉིད་འཐུག་དང་འདྲ་ཟེར་བ་བྲིས་འདུག་ཀྱང་། རང་རེས་ཐོས་བསམ་མཛད་པ་ལ་རྗེས་སུ་ཡི་རང་སྟེ། བསམ་གྱིས་མི་ཁྱབ་པའི་དོན་ལ་སྒོམ་པའི་ཤེས་རབ་ཀྱི་ཆོས་མིག་རྡུལ་བྲལ་ཐོབ་པའི་གེགས་བྱས་པ་དེ་མ་རིག་པར་འདུག་གོ དེས་ལྟ་སྒོམ་གྱི་དབྱིངས་འཇལ་ལུགས་ཤེས་པར་བྱས་ནས། ཁྱེད་རང་ལ་སྔར་བླ་མ་རྣམ་པས་སེམས་ངོ་བསྟན་ཚུལ་དེ་ཚོ་སེམས་ཡིན་ཡང་ཡེ་ཤེས་མིན། མིང་བཞི་འདུས་པའི་ཕུང་པོས་སྐྱེ་འགག་གྲངས་སུ་བཏབ་པའི་བསམ་གཏན་འདྲ་ཅོག་པ་ཡིན། འོན་ཀྱང་ལས་དང་པོ་པ་དང་། སྒོམ་ཉམས་མཐུ་ཆུང་བ་རྣམས་ལ་དེ་ག་ལས་གདམས་ངག་འདེབས་མི་ཤེས་པ་ཡོད། ཙ་རིར་སྣང་སེམས་ཞག་གསུམ་འདྲེས་ཚུལ་དེ་གནས་བསྐོར་གྱིས་སྡིག་སྒྲིབ་དག་པས་རླུང་སེམས་དར་ཅིག་དབུ་མར་ཞུགས་པའི་གསལ་ཉམས་ལས། ལྟ་ཐོག་ནས་འདྲེས་པ་ག་ལ་ཡིན། ད་དུས་སྣང་བ་དང་སྣང་ཡུལ་ཙམ་ཡང་ཕྱེད་པ་མི་འདུག་པ་ཡོན་ཏན་རིན་པོ་ཆེའི་མཛོད་ལ་གཟིགས། ངས་སྟོང་ཉིད་རྟོགས་སོ་སྙམ་པ་དང་། ངའི་སྒོམ་ལྟ་བུ་སུ་ལ་ཡོད་སྙམ་པའི་ཚེ་ཉམས་ཀྱིས་རྟོགས་པའི་རང་ཞལ་བསྒྲིབས་པའི་ཚུལ། ཐེག་དམན་གྱི་ལྟ་བ་ལའང་ངས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ་སྙམ་ན། དེ་ཀ་དེའི་སྒྲིབ་པར་འགྱུར་བར་གསུངས་པས་སོ། །དེ་ནས་གངས་སྟོངས་སུ་འཇིགས་སྐྲག་གི་རྐྱེན་ལས་མཐར་གྱི་འཇིགས་པར་སྣང་བ་དང་། འཇིགས་པར་འཛིན་བྱེད་གཉིས་སུ་མེད་པ་ལ། འཇིགས་སྐྲག་གི་རྣམ་པ་མ་འགགས་པར་ཤར་བ་ན་རྐྱེན་དྲག་པོ་དེ་ལམ་དུ་བསླངས་པས་དབང་ཤེས་ཐ་མལ་ལས་ལོག་པའི་བསམ་གཏན་རྣལ་མའི་ཕྱོགས་མཐོང་བ་ཡིན། གངས་རིའི་ཁྲོད་ན་འདི་ཙམ་ལ་ཆོས་ཉིད་བདེན་པ་རྣལ་མ་མཐོང་བར་བརྩི་བ་ཡང་སྣང་སྟེ། དེས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ད་དུང་མ་རྟོགས་པས་ང་དང་ཁྱོད་ཀྱི་ཁྱད་པར་ལ་ལྟོས། ད་ལན་གྱི་ཞུ་བའི་སྙིང་པོར་ཡེངས་མ་ཡེངས་ཀྱི་དོགས་སེལ་ལ། ཡེངས་པ་དེ་ཀ་ཡུལ་ཡིན་པའི་ཕྱིར་བཤེས་སྤྲིང་དུ་ཡུལ་གྱི་ཉེས་དམིགས་དེ་ཙམ་གསུངས་པ་ལས་འདི་ནི་དམིགས་པའི་ཡུལ་ཤིན་ཏུ་ཕྲ་བ་ལ་ངོས་འཛིན་དགོས་པས་མ་ཡེངས་པའི་དུས་ཡུལ་ཡོད་པ་ག་ལ་སྲིད། ཡེངས་ཡུལ་སྣང་བའི་ཆ་ལ་ཡུལ་ཅན་རྣམ་ཤེས་ཚོགས་བརྒྱད་ཀྱིས་ཉེར་ལེན་བྱས་པས་འཁོར་བ་ཞེས་པའི་བཙོན་དོང་འདིར་ཆགས་སོ་ཅོག་ལ་སོ་སོ་སྐྱེ་བོ་ཞེས་བྱ་ལ། ཡེངས་ཡུལ་ཆོས་ཉིད་དུ་སོང་བ་ནི་འཕགས་པ་སྟེ། རྒྱ་གར་ན་སློབ་དཔོན་ཀླུ་སྒྲུབ་རྩོད་པ་མེད་པས་སློབ་དཔོན་འཕགས་པ་ཞེས་ཀུན་གྱིས་སྒྲོག་ལ། བོད་ཡུལ་འདིར་ནི་ཚོགས་ལམ་གྱི་སྣ་མ་ཟིན་པའི་གང་ཟག་ལའང་སྐྱེས་བུ་དམ་པ་དང་། སངས་རྒྱས་འཕགས་པར་སྒྲོག་པ་ངོ་མཚར་ཆེའོ། །ད་བཅར་གྱིས་དྲིལ་ན་དབང་ཤེས་ཐ་མལ་ལས་ལོག་པའི་གང་ཟག་ཅིག་ལ་འཁོར་འདས་ལག་པའི་ལྟོ་རྒྱབ་ལྟ་བུ་ལས་མེད་པས་རིག་མ་རིག་གི་ཁྱད་པར་ཙམ་ཡིན། འོན་ཀྱང་ད་ལྟ་རླུང་སེམས་ཀྱིས་བསླད་པ་དང་བཅས་སངས་རྒྱས་ཀྱི་སྤངས་རྟོགས་ནི་བལྟར་མི་མངོན་པས་བདེ་གཤེགས་སྙིང་པོའི་ཆོས་ཉིད་མཐོང་བ་ཞེས་བྱ་ལ། སྣང་སེམས་རང་རྒྱུད་དུ་འཛིན་པའི་ལྟ་སྒོམ་ནི་ཇི་ལྟར་བཟང་ཡང་དེའི་རིག་ཆ་ཡང་རྣམ་ཤེས་ཚོགས་བརྒྱད་དང་བཅས་པའི་འདུས་བྱས་ཡིན་པས་མྱ་ངན་ལས་འདས་པའི་བདག་ཉིད་དུ་མི་གཟུང་ཞིང་། ཚོགས་ལམ་གྱི་དྲན་པ་ཉེར་གཞག་དང་ཕྱོགས་མཐུན་པ་ཡིན་ནོ། །གོ་མྱོང་འདི་ཙམ་ཆགས་པའི་སྒོམ་ཆེན་བྱུང་ན་ཡེངས་མ་ཡེངས་ཟེར་བ་འདི་ཡང་ངོ་བོའི་བཞུགས་ཚུལ་ལ་དམིགས་གཏད་ཡོད་པའི་གཏམ་ཡིན་པས་བྱང་ཆུབ་ཆེན་པོའི་ཡན་ལག་བློ་འདས་ཀྱི་དྲན་པ་ལ་འཇུར་དྲན་གྱིས་བསླད་པ་མ་འཇུག་ཅིག །འདི་ལུང་མ་བསྟན་གྱི་གེགས་བལྟར་མི་མངོན་པ་གཅིག་དང་མི་ནོར་བའི་ཕྱིར་སྙོམས་འཇུག་དགུའི་ནང་གསེས་བསམ་གཏན་གྱི་རང་བཞིན་རྣམ་མཁྱེན་ཤིང་རྟ་ལ་ལེགས་པར་བསྟན་ཡོད་པས་དེ་ཉིད་ལ་བསམ་པའི་ཤེས་རབ་ཀྱིས་དཔྱོད་ཅིང་ཁྱད་པར་ཀུ་སུ་ལུའི་འཇོག་སྒོམ་ལ་གཞོལ་བའི་དུས་ན་བླ་མའི་མོས་གུས་ཁོ་ན་ལ་བརྟེན་ནས་གྲོལ་བའི་ཚུལ། ཀུན་དགའ་བོ། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་པས་ཟབ་མོའི་དེ་ཁོ་ན་ཉིད་གཟིགས་པ་བླ་མ་ལ་མོས་གུས་དང་། ཐུགས་ཡིད་འདྲེས་པའི་ཐབས་ལ་འབད་ཅིང་། དེའི་གྲོགས་སུ་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྒོམ་ལ་འཇུག་པའི་སྤྱོད་པ་ལ་སློབས་ཤིག །དེས་ཚོགས་རྫོགས་ཤིང་། སྒྲིབ་པ་འདག །མོས་གུས་དེ་ཉིད་ཀྱིས་མཚམས་སྦྱར་ནས་བླ་མའི་རྟོགས་པ་སློབ་མ་ལ་འཕོས་པའི་ཚེ་དོན་དམ་པའི་ཐུགས་ཡིད་འདྲེས་པ་ཞེས་པ་དེ་ཁྱོད་ཀྱི་རྒྱུད་ལ་སྨིན་པར་གྱུར་ཅིག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ། །
༈ སངས་རྒྱས་ལ་ཕྱག་འཚལ་ལོ། །གྲྭ་སར་ཞུགས་ནས་ལྟོ་རྒྱབ་དོན་གཉེར་བའི། །ལེགས་སྨོན་ཁྲིམས་ཀྱིས་ཕྱི་མའི་དོན་མི་འགྲུབ། །ད་ལྟའི་མུ་བཞིན་ངེས་འབྱུང་སྐྱོ་ཤས་ཀྱིས། །རང་རྒྱུད་བསྐུལ་ལ་དལ་འབྱོར་རྙེད་དཀའ་སོམས། །རྟག་པར་ནམ་འཆི་ཆ་མེད་དྲན་གྱུར་ན། །ཆོས་ལ་བརྩོན་འགྲུས་ཞར་དང་ཞོར་གྱིས་འབྱུང་། །གྲྭ་གཞོན་གཟན་ཤམ་གཅུ་བའི་བྲེལ་སྤོང་ལ། །གཅིག་པུར་བློ་སྦྱོང་ངང་ནས་དགེ་སྦྱོར་རེམས། །གཞན་ལ་མེད་པའི་རིང་ལུགས་ཡིན་ནོ་ཞེས། །ཆོས་དང་སེམས་སུ་འཛོལ་བའི་ང་རྒྱལ་དང་། །ཆོ་ག་དབྱངས་ལ་རེ་བའི་སྦྲམ་བརྗིད་ཀྱིིས། །ས་ལམ་བགྲོད་པར་དཀའ་བས་གནས་ལུགས་སྐྱོངས། །གནས་ལུགས་དེ་ཡང་སྟོང་ལྟ་རེངས་པོ་དང་། །ཐ་སྙད་ཚིག་ལ་འཁྲུལ་བས་མི་རྟོགས་ཀྱིས། །བླ་མར་མོས་གུས་ལྕགས་ཀྱུས་དྲངས་པ་ཡི། །ཡོངས་གྲུབ་དྲན་པའི་རྩི་དང་མ་བྲལ་མཛོད། །དེ་ཉིད་ལམ་དུ་སོང་ན་སྙིང་རྗེ་དང་། །མོས་གུས་ཤུགས་ལ་འཆར་ཞིང་ཞེན་ལོག་གིས། །དྲངས་པའི་ལམ་རྟགས་ཡོན་ཏན་ཤུགས་ལ་འཆར། །དེ་སྐད་རྒྱང་རྩེ་བརྩེ་ཆེན་ཆོས་སྡེ་ནས། །དད་གུས་ལྡན་པའི་དགེ་འདུན་མིང་ཅན་གྱིས། །བསྐུལ་ངོར་པདྨ་འོད་ཀྱི་གླིང་དེ་ལས། །ཀློང་ཆེན་སྒྱུ་མའི་རྣལ་འབྱོར་དེ་ཡིས་སྤྲིང་། །
༈ སངས་རྒྱས་ལ་ཕྱག་འཚལ་ལོ། །དབང་ཕྱུག་ལང་ཚོར་ལྡན་པའི་ལུས་རྟེན་ཡང་། །དལ་བརྒྱད་འབྱོར་པའི་ཡོན་ཏན་རྫོགས་པ་དཀོན། །དེ་ཕྱིར་འཁོར་གསུམ་སྟག་ཆས་མཛེས་པ་ལས། །རྒྱལ་བའི་བསྟན་ལ་ཞུགས་པ་བསོད་ནམས་ཆེ། །མྱུ་གུ་གསར་པ་ལྟ་བུའི་ན་ཚོད་ལ། །ཡི་གེ་འབྲི་ཀློག་ཁ་ཏོན་འཛིན་པ་སོགས། །ཆོས་སྤྱོད་བཅུ་ལ་འབད་པས་མ་སྦྱངས་ན། །ལང་ཚོ་ཡོལ་བའི་དུས་ན་འགྱོད་ཀྱང་འཕྱིས། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འཇིགས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བའི། །ནག་པོའི་རྩ་ལག་ཆང་ལ་དད་ཆེས་ན། །ལེགས་པའི་ཡོན་ཏན་ཐམས་ཅད་འགྲིབ་པས་སྤངས། །གཉིད་དང་སྙོམས་ལས་ལེ་ལོ་སྡིག་པའི་གྲོགས། །ཐོས་ཆུང་ང་རྒྱལ་ལྷ་མཐོང་འདྲེ་མཐོང་དང་། །ཕྱོགས་རིས་བདག་བསྟོད་གཞན་སྨོད་ལྷུར་བྱེད་པ། །དམ་པའི་རྣམ་ཐར་འཇིག་པའི་ཐོ་བ་ཡིན། །མདོར་ན་དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ། །དགེ་བའི་བཤེས་གཉེན་བརྟེན་པའི་བར་རྣམས་ཀྱིས། །ཆོས་དང་རང་རྒྱུད་ཞུས་དག་ཕེར་མཛད་ནས། །བསྐྱེད་རྫོགས་ཟབ་མོའི་དོན་ལ་གཅིག་ཏུ་སྒྲིམས། །དེ་ཡང་དམ་བཅའ་ཀླུངས་སུ་ཕེབས་པའི་ཕྱིར། །ཟླ་རེའི་ནང་དུ་བདུན་ཕྲག་རེ་ཡི་མཚམས། །ངག་བཅད་དཀའ་ཐུབ་བཟོད་ལ་བསླབས་གྱུར་ན། །ཆེར་སོན་གོམས་ནས་བརྟུལ་ཞུགས་ལྡན་པར་འགྱུར། །རྟག་ཏུ་ངེས་འབྱུང་རྒྱུད་ལ་བརྟེན་མཛད་ནས། །གཞན་ཕན་བྱང་སེམས་ངང་རྒྱུད་རིང་བ་དང་། །དེ་ཡི་གྲོགས་སུ་ཕ་རོལ་ཕྱིན་པ་དྲུག །བསྙེན་ཞིང་དྲན་པའི་རྩི་དང་མ་བྲལ་མཛོད། །སེམས་ངོ་འཕྲོད་ཀྱང་དྲན་པས་མ་བསྐྱངས་ན། །འཁོར་བའི་ས་བོན་རྣམ་རྟོག་མི་ཟད་ཅིང་། །ཆགས་སྡང་རྨོངས་གསུམ་རྒྱུན་མི་འཆད་པ་ཡི། །དལ་འབྱོར་མི་ལུས་དོན་མེད་ཟད་ཉེན་ཡོད། །བླ་མར་བཏགས་ཀྱང་དམ་པའི་སེམས་མེད་ན། །དཀོར་གྱི་ནུས་པས་རང་རྒྱུད་ཆུད་འཛའ་བས། །རྟག་ཏུ་རང་རྒྱུད་ཡོན་ཏན་ལྡན་ནམ་མིན། །བརྟག་དཔྱད་སྒོ་ནས་བླང་དོར་གནས་ལ་སྒྲིམས། །དེ་ལྟར་མང་དུ་སྨོས་པའི་སྙིང་པོ་ཡང་། །ཐོས་བསམ་ལེ་ལོའི་དབང་དུ་མ་སོང་དང་། །ཐེག་ཆེན་ལམ་གྱི་ངོ་བོ་སྙིང་རྗེ་དང་། །དྲན་དང་ཤེས་བཞིན་ལྡན་པས་ཁྱོད་ལ་སྲུངས། །དཔལ་སྡིངས་སྐུ་སྐྱེ་རིན་པོ་ཆེར་བསླབ་བྱ་ནང་མའི་ཚུལ་དུ་གདམས་པ་རིག་འཛིན་འཇིགས་མེད་གླིང་པས་སོ། །
༈ སྟོང་ཆེན་རབ་འབྱམས་ལས། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །ཞེས་སོགས་ཀྱི་ཤིས་བརྗོད་ཅིག་གསུངས་པ་དེ་ལ། འགྲོ་བ་ཤིག་དང་། མི་འགྲོ་བ་སྲོ་མ་ཡིན་ཟེར་བས་མཚོན། སོ་སོ་སྐྱེ་བོའི་ཕོ་ཚོད་ལ་རྒྱུ་མཚན་ཅི་ཡོད། དེ་ལྟ་ན་མིང་བཞི་ཕལ་ཆེར་དང་བྲལ་བའི་གཟུགས་སམ། གཟུགས་དང་བྲལ་བའི་མིང་བཞི་འདུས་པ་ཅན་བར་སྲིད་དང་། གཤིན་རྗེའི་འཇིག་རྟེན་དང་། གཟུགས་མེད་ཀྱི་ལྷ་དང་། ངན་སོང་གི་ནང་ནའང་ཡོད་པས་དེ་ཀུན་ཀྱང་འགྲོ་བ་དྲུག་གི་སྒྲས་བསྡུས་པས་མི་འགྲོ་བའི་ཐ་སྙད་ག་ལ་རུང་། རྒྱལ་བའི་བཀའ་དང་བསྟན་བཅོས་ཚད་མའི་ལུང་ནི་སྔར་མ་རྙེད། རིག་པས་དཔྱད་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཞེས་པ་ལྟར། འགྲོ་བ་ནི་སྲོག་དང་རླུང་གི་བདག་ཉིད་ཅན་ཕུང་པོའི་རིགས་འདྲ་གནས་པའི་རྟེན་འདོད་གཟུགས་གཉིས་སུ་དྲོད་དང་རྣམ་ཤེས་ཀྱིས་རྟེན་བྱེད་ལ། གཟུགས་མེད་དུ་རྣམ་ཤེས་ཁོ་ནའི་རྟེན་ཅན་མཐའ་དག་དང་། མི་འགྲོ་བ་ནི་སྲོག་དང་རླུང་གི་གཡོ་བ་བྲལ་བའི་འཁོར་འདས་གང་རུང་ལ་བརྗོད་ན་ལེགས་ཏེ་མདོ་དེ་ཉིད་ལས། ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་ཐོབ་པ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །ཞེས་པ་འདིས་ངེས་པའི་དོན་གྱི་དབྱིངས་གཞལ་ནས། རེ་ཞིག་དྲང་བའི་དོན་དུ་ཕྱི་ནང་གི་འབྱུང་བ་ཆེན་པོ་རྣམས་འཁྲུགས་པར་གྱུར་པ་དང་། རྟེན་ཅིང་འབྲེལ་འབྱུང་ལོག་པ་ལས་སེམས་ཅན་རྣམས་ལ་མི་མཐུན་པ་སྟེར་བས་ན། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །ཞེས་པ་ལྟར་རྟེན་དང་བརྟེན་པའི་བདག་ཉིད་གཉིས་ཀ་བདེ་བར་ཤིས་པ་བརྗོད་པའོ། །ཞེས་པའང་རྒྱ་དྲུང་བྱང་ཆུབ་རྒྱལ་མཚན་དང་། མདོ་ཁམས་པ་གཉིས་ཀྱིས་ནན་ཏན་དྲིས་པའི་ལན་དུ་གང་ཟག་རྫོགས་པ་ཆེན་པོ་ཨ་བྷ་ཡ་དྭཱི་པས་སོ། །
༈ གང་མཚན་དཔལ་གྱི་དུམ་བུའི་ཨུཏྤལ་ལ། །ངང་ཚུལ་བྱང་ཆུབ་རྒྱལ་མོའི་རྣ་ལུང་དུ། །སེམས་བསྐྱེད་སྨོན་པས་དཔྱངས་པའི་དགེ་མཚན་གྱིས། །བརྒྱད་གཉིས་འཇིགས་པའི་ཚ་གདུང་བཅིལ་བར་མཛོད། །སྡུག་བསྔལ་བདེན་པའི་རང་གཟུགས་སྲིད་བཅས་ཀྱི། །ཤེས་པས་བདེ་གཤེགས་སྙིང་པོ་དཀྲིས་གྱུར་ཀྱང་། །ཆོས་ཉིད་སྟོང་གསལ་མཐའ་དབུས་བྲལ་བ་ལ། །གོས་པ་སྤངས་པ་དྲན་རིག་ཡེ་ཤེས་ཡིན། །མངོན་མཐོའི་རི་དབང་རྩེ་མོར་སོན་པ་ཡང་། །ལེགས་བྱས་མིག་སྟོང་བགྲད་པའི་གཟུགས་ཡིན་ན། །གཞན་ལ་དངོས་སུ་ཕན་པ་མ་མཆིས་ཀྱང་། །དེ་ཡི་སེམས་ཀྱིས་འཇུག་པའི་སྦྱོར་བར་བརྩོན། །སེམས་ཅན་བསམ་པ་མི་མཐུན་ཐ་དད་པས། །འགྲོ་འདི་རྣམ་པ་སྣ་ཚོགས་བྱས་པའི་ཕྱིར། །གང་ལ་བརྟེན་པའི་ཡུལ་རྐྱེན་ཐ་དད་པའང་། །རྨི་ལམ་བཞིན་དུ་རང་བཞིན་མེད་པར་སྒོམ། །ཁྱད་པར་སྔོན་འདས་རྟོག་པའི་རྗེས་དཔྱོད་དང་། །ཕྱིན་ཆད་སྔོན་བསུའི་ཀུན་འབྱུང་བརྒྱ་ཕྲག་གིས། །ཉེར་ལེན་ཕུང་པོའི་སྡུག་བསྔལ་འདུ་བྱེད་པས། །རང་བཞིན་མེད་པའི་ཆོས་ཉིད་དྲན་པ་སྐྱོངས། །བསྐྱང་ཞེས་བྱ་བ་རྟོག་པའི་བླ་དྭགས་ཏེ། །ཅེར་གྱིས་བལྟས་པའི་རིག་པ་གཟོ་མེད་ནི། །མ་མཐོང་བ་ཡི་མཐོང་བ་ཆེན་པོ་སྟེ། །རྟོག་པའི་ཕུང་པོ་བརྒྱ་ཕྲག་ཡོད་ཀྱང་འཇིག །སྐྱེ་བ་མེད་པས་རྟག་པའི་མཐའ་བསལ་ལ། །རང་གསལ་འགག་མེད་ཆད་པའི་མཐའ་ལས་གྲོལ། །རྟག་ཆད་གཉིས་མེད་ངེས་པའི་དེ་ཉིད་ནི། །བདེ་གཤེགས་སྙིང་པོའི་བཞུགས་ཚུལ་དྲན་པས་སྐྱོངས། །ཆོས་དང་ཆོས་ཀྱི་རྣམ་གཞག་མང་ལགས་ཀྱང་། །ངན་འགྲོ་འགོག་ཅིང་མཐོ་རིས་དམ་པའི་སྐས། །བསོད་ནམས་ཚོགས་དང་ཡེ་ཤེས་སྣང་བའི་མཛོད། །རྒ་ཤིའི་རྩ་བ་གཅོད་པ་བྱང་སེམས་བསྐྱེད། །ཀུན་རྫོབ་རྟེན་འབྲེལ་བདེན་པ་མི་འགོག་པས། །གུ་རུ་ཡབ་ཡུམ་བསྐྱེད་རིམ་བཟླས་བརྗོད་དང་། །ཚོགས་གཏོར་མེ་མཆོད་རྒྱུན་མི་འཆད་པ་དང་། །དུས་ཁྲིམས་ཡན་ལག་བརྒྱད་པའང་རྟག་ཏུ་བསྟེན། །ཁྱད་པར་ཐེག་པ་ཆེན་པོའི་ལྟ་སྤྱོད་ནི། །ཁྱིམ་ན་གནས་ཀྱང་བརྟེན་གོམས་བྱར་ཡོད་པས། །རྟག་ཏུ་བསོད་ནམས་འཕེལ་བའི་བསགས་སྦྱང་དང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒོམ་འཚལ་ལོ། །དེ་སྐད་རིག་འཛིན་མཁྱེན་བརྩེའི་ལྷས། །ལྷ་ལྕམ་ངང་ཚུལ་རྒྱལ་མོ་ལ། །སྙིང་ནས་བརྩེ་བའི་སེམས་ཀྱིས་གདམས། །བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །
༈ རྨོངས་དང་མ་རིག་གཉིས་པའི་སྣ་ཞགས་ནི། །མཁྱེན་རབ་གདོང་ལྔས་གཟིར་བའི་གདན་ཁྲི་ལ། །ཇི་ལྟ་ཇི་སྙེད་གཟིགས་པའི་ཟུར་ཕུད་ཅན། །འཇམ་དཔལ་སྨྲ་བའི་སེང་གེས་བྱིན་གྱིས་རློབས། །བདེ་བ་ཆེན་པོའི་ཡེ་ཤེས་ནི། །མཆོག་ཏུ་འགྱུར་བ་མེད་པ་སྟེ། །རྣམ་པ་ཀུན་གྱི་མཆོག་ལྡན་ཡང་། །རང་སེམས་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ལས་གཞན་འཁོར་བ་ནི། །སྡུག་བསྔལ་བདེན་པའི་མངོན་རྟོགས་ཅན། །སྡུག་བསྔལ་དེ་ཡང་རང་རྒྱུད་དུ། །གྲུབ་པ་མིན་པའི་རང་མཚང་ནི། །སེམས་ཀྱི་གནས་ལུགས་རྟོགས་ལས་སོ། །སེམས་ལ་བརྟགས་ན་ངོས་གཟུང་མེད། །ངོས་གཟུང་མེད་དེ་དྲན་པའི་རྩིས། །རྟག་ཏུ་ཡེང་མེད་མ་བསྐྱངས་ན། །ཡེངས་ཚད་ཀུན་གཞི་ལུང་མ་བསྟན། །དེ་ཡི་ངོ་བོ་མ་རིག་པ། །མ་རིག་ལས་ནི་རྣམ་ཤེས་སྐྱེ། །དེ་ལས་ཡུལ་དུ་གཟུང་བ་དང་། །ཡུལ་ཅན་འཛིན་པའི་བློ་སྐྱེས་པས། །ཉེ་བར་ལེན་པའི་ཕུང་པོ་ལྔ། །འཁོར་བའི་རང་བཞིན་ཉིད་དུ་གྲུབ། །དེ་ཕྱིར་རྟོག་པ་གང་ཤར་ཡང་། །ཤར་བའི་ཡུལ་ལ་མི་དཔྱོད་པར། །ཤར་མཁན་ཉིད་ལ་ཚུར་བརྟགས་ན། །རང་བཞིན་མེད་པ་ཆོས་ཀྱི་སྐུ། །ཐོས་པའི་ཤེས་བྱས་ཟབ་གསལ་དང་། །ངོ་བོ་ཉིད་གསུམ་སྤྲོས་བྲལ་སོགས། །བསམ་བྱང་རིག་པས་དཔྱད་དྲགས་ན། །སྒོམ་པའི་ཤེས་རབ་བློ་དང་འདྲེས། །བློ་ནི་དོན་དམ་བདེན་པ་དང་། །འགལ་བ་ཞི་བའི་ལྷ་ཡིས་མཁྱེན། །དེ་ཕྱིར་བླ་མ་ས་སྐྱ་པས། །ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལམ་མཐོ་རིས་མེད། །གཉིས་ཀར་འཛིན་པ་མི་རིག་པས། །གཉིས་མེད་ངང་ལ་གང་དགར་ཞོག །གསུང་འདི་བདེན་པ་གཟིགས་པ་ཡི། །མངོན་རྟགས་ཞལ་ནས་བྱོན་པ་ལགས། །ཞེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་ས་སྐྱ་གོང་མ་ལ་ཕུལ། །
༈ སྟོན་པ་སངས་རྒྱས་སྤྱི་བོས་མཆོད། །གང་གི་འབྲས་བུ་ཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཏེ། །བསོད་ནམས་ཚོགས་ལ་སྨོན་འཇུག་སེམས། །དམ་པའི་ནང་ནས་དམ་པ་ལགས། །ཡེ་ཤེས་ཚོགས་ལ་སྟོང་ཉིད་ཀྱི། །ལྟ་བ་བློ་ལས་འདས་པ་ཡང་། །ཧྲིག་གིས་རིག་པའི་དྲན་པ་ནི། །ཚོོགས་བརྒྱད་བློ་དང་མ་འདྲེས་པ། །གདོད་ནས་དག་པའི་ངང་སྒོམ་ལ། །ཡེ་གྲོལ་ཡིན་ཕྱིར་དཔྱད་སྒོམ་གྱི། །ཡང་གྲོལ་ལྷན་ཐབས་མི་བསྣན་འཚལ། །སྡེ་སྣོད་མཁྱེན་པས་མི་ཆོག་གི །འཆི་ཁར་བློ་གདེང་ཁེལ་བ་གཅེས། །ཉེས་སྤྱོད་སྣ་གཅིག་སྡོམ་གཟུགས་ཙམ། །བྱང་ཆུབ་སེམས་དང་འབྲལ་མི་འཚལ། །སྦྱིན་སོགས་ཕ་རོལ་ཕྱིན་པ་ལྔ། །ཤེས་རབ་དོན་དུ་གསུངས་པ་དེ། །ཁྱེད་ཀྱི་ཐུགས་ལ་ཆུབ་པའི་ཕྱིར། །དོན་དམ་འདུས་མ་བྱས་པའི་སེམས། །ཆོས་ཉིད་དྲན་པ་ཉེར་གཞག་ལ། །མཉམ་པར་བཞག་ན་བདག་ཅག་དང་། །གང་ཉིད་འདུ་འབྲལ་མེད་པ་ལགས། །དཔལ་ལྡན་ས་སྐྱའི་མཁན་ཆེན་ཁྲི་ཐོག་པ་ཨ་ནནྟའི་ཞལ་སྔ་ལ་རིག་འཛིན་འཇིགས་མེད་གླིང་པས་སོ། །
༈ རྙོག་བྲལ་ཆུ་སྐྱེས་དྲང་སྲོང་ཕུར་བུས་སྤུན་ཟླར་བོས་པས་རྒྱལ་ཁབ་ཆེན་པོའི་མཁར་གནས་ཤིང་། །རྙེད་ལ་བརྐམ་པའི་སྟོན་པ་མིན་ཡང་ངེས་འབྱུང་བྱང་སེམས་དྲི་བཞོན་འགྱེད་པའི་ཆོ་ག་མཁན། །རྣམ་རིག་གཙུག་ལག་ཆུ་གཏེར་ལས་བརྒལ་ལེགས་སྦྱར་བང་རིམ་ཀུན་གྱི་རྩེར་ཕྱིན་ང་ལས་ནུ། །གང་ལ་ཐུགས་ཡིད་འདྲེས་པའི་མེ་ཏོག་དེ་རིང་གཏོར་བས་དུས་གསུམ་ཀུན་ཏུ་སྟན་གཅིག་ཤོག། །སྐུ་འཚོ་དགེ་བ་རྣམ་བྱང་གི་ཕྱོགས་ལ་འདུན་པའི་རིང་ནས་ཕྱག་བྲིས་ལེ་ཚན། དངུལ་སྲང་ཉི་ཤུ་རྩ་ལྔ་བཅས་ཉམས་མེད་དུ་འཕྲོད་པས་ངོས་མཇལ་ལྟ་བུའི་སྤྲོ་བ་ཐོབ། འདིར་ཡང་ན་ཚོད་ཐལ་བས་དབང་པོ་ལྡོངས་པ་ཙམ་ལས་བྱང་ཆུབ་ཀྱི་སེམས་གཉིས་མ་ཉམས་ཤིང་གཞན་ཕན་གྱི་སྨོན་འཇུག་སྟབས་ཅིག་པར་གནས། ཆེད་དུ་དམ་པ་བྱིན་པ་ནི། གང་དངོས་ལེགས་སྨོན་སྔོན་དུ་སོང་བས་ད་རེས་ཀྱི་སྲིད་པར་རྣམ་པར་དཔྱོད་པའི་བློ་དང་ལྡན་པས་ཕྱི་ནང་རིག་པའི་དེ་ཁོ་ན་ཉིད་བལྟ་བའི་མིག་བུ་བྱེ་ཞིང་། དམ་པའི་དམ་པ་སོ་ཐར་གྱི་ངོ་བོ་ངེས་འབྱུང་། ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས། ངོ་བོ་ཉིད་ཀྱི་འབྲས་བུ་སྟོང་པ་ཉིད་ཀྱི་ལྟ་བ་གསུམ་ལ་མི་འཕྲོག་པའི་དད་པ་དང་། ངེས་ཤེས་སྐྱེས་པ་དེ་ཁྱིམ་ན་གནས་ཀྱང་དམ་པའི་ཆོས་དང་འབྲེལ་ཞིང་། བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པ་ཡིན་པས་རྗེས་སུ་ཡི་རང་། འབྱུང་འགྱུར་གྱི་ཆ་ལའང་། ཐེག་པ་ཆེན་པོའི་སྡེ་སྣོད་ལ་སྔར་བཞིན་བློ་སྦྱོང་། སྟོང་ཉིད་ཀྱི་ངོ་བོ་ལ་སྟོང་པར་མ་འཛིན། དང་པོའི་ངོ་སྤྲོད་ཀྱི་གསལ་ཧྲིག་རྗེན་པ་ཞེས་པའི་གོ་མྱོང་ཡང་གློད། སྒོམ་རྒྱུ་མེད་ལ། ཡེང་དུ་གཏན་ནས་མེད་པའི་དྲན་པ། སོ་མ། ངང་བཞག །རང་བབས། བློའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་རང་བཞིན་ཡོངས་གྲུབ་ཆེན་པོའི་དགོངས་པ་སྟེ། ང་ཉིད་ཀྱི་ཞལ་སྐྱིན། བླ་མ་སྔས་མགོ ཁྲིད་ཡིག་ཡེ་ཤེས་བླ་མའང་ཕུལ་ཡོད་པ་འདི་ལ་ཐུགས་དམ་དུ་མཛད་པ་ནས། སླད་དུའང་། དགེ་བའི་གསུང་འོས་སྔར་བཞིན་ནང་མར་ཞུ་འཚལ། རྟེན་སྲུང་ངམ། སངས་རྒྱས་གསེར་ཐུབ་ཀྱི་རིང་བསྲེལ་བཅས་ཡོད། སྡེ་དགེའི་དྲུང་ཡིག་ལའོ། །
༈ བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ཁྱོད་ལས་སྐྱེས། །སློབ་ལམ་བཞི་ཡི་རྩ་བ་དང་། །སློབ་པ་མིན་པའི་འབྲས་བུའོ། །ཚེ་འདིའི་བྱ་བ་ལེགས་ཉེས་དང་། །དགོན་གནས་འཛིན་པའི་ཆགས་སྡང་དང་། །རྙེད་འཚོལ་སྙན་གྲགས་སྒྲུབ་པ་ཀུན། །བྱང་ཆུབ་ལམ་གྱི་བགེགས་ཡིན་པས། །ངེས་འབྱུང་སྐྱོ་ཤས་བསྐྱེད་འཚལ་ལོ། །སང་བྱ་གནངས་བྱའི་དལ་ཁོམ་གྱིས། །དལ་རྟེན་རིན་ཆེན་ཆུད་འཛའ་བས། །འགྲོ་འདུག་སྤྱོད་ལམ་ཐམས་ཅད་ལ། །དགེ་བའི་ཆོས་རྣམས་སྡུད་པ་གཅེས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ལ་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་སྨོན་དང་འཇུག་པའི་སེམས། །དོན་དམ་སྟོང་ཉིད་སྤྲོས་དང་བྲལ། །རང་སེམས་གདོད་ནས་མ་བཅོས་པ། །དྲན་པའི་རྒྱུན་གྱིས་ལ་བཟླ་བའི། གནས་ལུགས་རྟོགས་པར་མ་གྱུར་ན། །སྟོང་པ་སྒོམ་པ་ཆད་ལྟ་དང་། །གསལ་བ་སྒོམ་པ་རྟག་ལྟ་ལགས། །མཐའ་བརྒྱད་སྤྲོས་བྲལ་བློས་བཅོས་ནས། །དབུ་མར་འདོད་པའི་ཟུང་འཇུག་ཙམ། །མུ་སྟེགས་ཚངས་པའི་རྗེས་འབྲང་ལའང་ཡོད། །དེ་བས་ཅེར་གྱིས་བལྟས་པ་ཡི། །རིག་པ་བསམ་བརྗོད་འདས་པ་འདི། །དྲན་པའི་རྒྱུན་གྱིས་བསྐྱངས་ན་ལེགས། །དེ་ཙམ་བློ་རུ་མ་ཆུད་ན། །གསལ་ལ་སྟོང་པའི་ཞི་གནས་དང་། །དེ་ཉིད་རང་ངོ་རང་ཤེས་ཀྱི། །ལྷག་མཐོང་དྲན་པས་བསྐྱངས་བྱས་ན། །ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་ལས། །བྱིིས་པ་ཉེར་སྤྱོད་བསམ་གཏན་དེ། །དོན་རབ་འབྱེད་པར་གནས་འགྱུར་ནས། །ཆོས་མིག་རྡུལ་བྲལ་རིམ་གྱིས་ཐོབ། །དེ་ཡི་ཐབས་སུ་མོས་གུས་དང་། །སྙིང་རྗེ་སྒོམ་པ་ཁྱད་པར་འཕགས། །བསྐྱེད་རྫོགས་ལམ་གྱི་སྲོག་ཤིང་ཡིན། །སྣང་ཆ་ལྷ་སྐུར་གསལ་པ་དང་། །སྒྲ་གྲག་སྔགས་སུ་ལམ་དུ་ཁྱེར། །དྲན་པ་རང་གྲོལ་དེ་བཞིན་གཤེགས། །རྗེས་ཐོབ་ཀུན་ལ་རང་གི་རྒྱུད། །ཆོས་དང་འདྲེས་མིན་ཞུ་དག་མཛོད། །རང་འདོད་གཏིང་ནས་ཟད་པའི་ཚེ། །གཞན་དོན་བྱ་བའི་དུས་ཡིན་གྱི། །དེ་ལས་གཞན་དུ་སྒར་སྐོར་དང་། །སྲོག་ཆགས་གསད་པའི་ལོངས་སྤྱོད་ལས། །དབང་བཞི་མ་ཎི་བུམ་སྒྲུབ་སོགས། །དགེ་སྡིག་གང་འགྲོ་མི་ཤེས་པས། །སྔོན་བྱོན་བྱང་ཆུབ་སེམས་དཔའ་དང་། །ཀློང་ཆེན་རབ་འབྱམས་རྣམ་ཐར་སྐྱོངས། །རང་དོན་ཚགས་སུ་ཚུད་པའི་ཚེ། །གཞན་དོན་ཤུགས་ལ་འགྲུབ་པ་འདི། །ཐུབ་པ་ཆེན་པོའི་རིང་ལུགས་ཡིན། །ཞེས་པའང་ཟེ་ཆེན་སྐུ་སྐྱེ་རིན་པོ་ཆེར་རིག་འཛིན་འཇིགས་མེད་གླིང་པས་སོ། །
༈ ཞི་བ་དམ་པ་ཆོས་སྐུའི་དབྱིངས་ལ་འདུད། །སྐྱེས་ནས་རྒ་ན་འཆི་བའི་འཁྲུལ་འཁོར་ལ། །སྤྱོད་འདི་འཁོར་བའི་འཁོར་ལོ་ཡིན་པའི་ཕྱིར། །སྡུག་བསྔལ་བདེན་པའི་གནས་ལ་སྐྱོ་བར་མཛོད། །འཁོར་བར་འཁྱམ་དང་གྲོལ་བའི་མདོ་འགག་ནི། །རིག་དང་མ་རིག་གཉིས་ལས་གཞན་མེད་པས། །རྟག་ཏུ་དྲན་དང་ཤེས་བཞིན་རིག་པའི་གདངས། །མཉམ་གཞག་རྗེས་ཐོབ་ཀུན་ཏུ་འདྲེས་པར་མཛོད། །ཤེས་པ་ཡུལ་ལ་མི་རྟོན་རྩེ་གཅིག་ལ། །གསལ་སྟོང་བློ་འདས་དྲན་པ་སྤྲོས་བྲལ་དང་། །བླང་དོར་དགག་བསྒྲུབ་མེད་པ་རོ་གཅིག་སྟེ། །སྒོམ་མེད་ཡེངས་སུ་མེད་པ་ཆོས་སྐུའི་ཞལ། །དེ་ལྟ་མོད་ཀྱི་བློ་ཡིས་དཔྱད་བཟོད་པའི། །གོ་མྱོང་རྟོགས་པ་མཐའ་དག་ལམ་བདེན་ཕྱིར། །འདུས་བྱས་ཉིད་དེ་དོན་དམ་བདེན་པ་ནི། །འཕགས་ལམ་རྫོགས་པ་ཆེན་པོ་མན་ངག་སྡེ། །གང་ཞིག་སེམས་དང་སེམས་བྱུང་ལས་འདས་པའི། །ཡང་དག་ལྷན་ཅིག་སྐྱེས་པའི་བདེ་ཆེན་ནི། །བྱང་ཆུབ་སེམས་དང་མོས་གུས་ཁོ་ན་ལས། །ཐབས་གཞན་དག་གིས་རྙེད་པ་མ་ཡིན་ནོ། །གྲོང་ཁྱེར་རྩྭ་ཅན་དང་ཉེ་བའི་ཡུལ་ནས་འཚོ་བྱེད་དགེ་སློང་བདེ་ལེགས་དབང་ཕྱུག་གི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ དྲན་པ་བརྟེན་པའི་སོ་བཙུགས་སྐབས། ངོས་གཟུང་དང་ཁྱབ་པ་གང་ཡང་མེད་པའི་ཧང་ཧང་པོ་དེ་ལ་རིག་པའི་དྭངས་ཆ་འདུག་ཕྱིན་དྲན་མེད་ཧད་པོའི་ལྷད་ཡོད་མི་སྲིད། འོག་འགྱུ་རྗེས་ལ་ཚོར་བའི་ཡེངས་མ་ལམ་དང་། བོག་པ་ལྟ་བུའི་ཚོགས་དྲུག་གི་དྭངས་ཆ་འགགས་པ་མི་འདུག་ཕྱིན། བསམ་རྒྱུ་མེད་པ་དེ་ཀ་སྤྲོས་བྲལ་གྱི་གཤིས་ལུགས་ཡིན་ཚུལ་མདོ་ལས། བསམ་དུ་མེད་པའི་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །བསམ་དུ་མེད་པའི་ཉམས་མྱོང་འབྱུང་། །ཞེས་པའི་དོན་གོ་བདེ་བར་བརྗོད་ན་ཆོས་ཉིད་གཟིགས་པ་མི་ལས། །བསམ་རྒྱུ་མེད་པར་སྒོམ་ཤེས་ན། །ཉོན་མོངས་གྲི་ཟད་བརྡར་ཟད་ཡིན། །བསམ་བློ་མང་པོ་སྐྱེས་ཕྱིན་ཆད། །ཇི་ལྟར་བསྒོམས་ཀྱང་གྲོལ་མི་ནུས། །ཞེས་གསུངས་པས་བསམ་མནོ་མེད་ཚད་དྲན་མེད་ག་ལ་ཡིན། །འོན་ཀྱང་རྣལ་འབྱོར་ཀུ་སུ་ལུ་པ་རྣམས་ཀྱི་ལུང་འདི་ཚིག་མི་བཙུན་པས། རྟོག་དཔྱོད་ལ་བསམ་གཏན་དུ་འདོད་པའི་རྟོག་གེ་བ་རྣམས་ཡིད་མི་ཆེས་ཤིང་ད་དུང་ཆོས་ཉིད་དེ་ཡང་རིིགས་ཤེས་ཀྱིས་དཔྱད་ནས། རྣམ་དཔྱོད་ནི་ཤེས་བྱ་ཡིན་ཏེ་སོ་སོར་རང་རིག་བདེན་པ་གཟིགས་པ་རྣམས་ཀྱི་ཡུལ་དུ་རུང་བའི་ཕྱིར་རོ་ཟེར་ཡང་དེ་ནི་བློས་བསམས་པའི་སྤྲོས་པ་ལ་སོ་སོ་རང་རིག་ཏུ་མིང་བཏགས་ནས་ཁ་ཕྱིར་བལྟས་ཀྱི་བསམ་ཤེས་རྣམ་པར་རྟོག་པ་དང་རྫས་མི་འགལ་བ་ལས་ཅུང་ཟད་ཀྱང་མ་འཕགས་པའི་ཕྱིར་རོ། །དེས་ན་ལས་དང་པོ་པའི་གནས་སྐབས་འདིར་རིག་པ་དྭངས་ཆ་ཡོད་པའི་རྒྱུན་ལ་དྲན་པ་བརྟེན་ཐུབ་ན་དེ་ལ་ནོར་འཁྲུལ་མི་སྲིད། དེ་ཡང་སྒོམ་འཛིན་གྱི་རྣམ་རྟོག་ཅན་ཕལ་ཆེར་ལ་རང་ཤུགས་ཀྱི་བློ་ལྷན་སྐྱེས་རང་ཉིད་ནི་དངོས་འཛིན། སེམས་ནི་ང་དང་ང་ཡིར་བ་ཡིན་ཕྱིར། དེ་ཉིད་གཏན་ནས་མེད་པ་ལྟ་བུའི་ཉམས་འཆར་ན་སྟོང་ཉམས་ཤས་ཆེ་བ་ཡིན་པས། དེ་ལྟའི་སྟོང་འཛིན་ལ་གྲིམས་ཆ་མ་གནང་བར་དྲན་རྒྱུན་རང་བབས་ལ་འཇོག་པ་ཞུ། ལར་ཕ་དམ་པས། ང་གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་འཇོག་པ་ཡིན། །མང་པོའི་གསེབ་ཏུ་འདུག་ཙ་ན། །གང་ཤར་དབང་པོར་བལྟ་བ་ཡིན། །ཞེས་པ་འདི་གནད་ཟབ་མོ་ལགས་པས་སྤྱོད་ལམ་གྱི་ཚེ་ཡེངས་ཚབས་ཆེ་བ་ཆོས་ཉིད་བཅས་དྲན་པ་འཇུར་དྲན་ལོག་གེ་བ་བོགས་ཆེ་བ་ཡོད་ཞིང་། དབེན་པའི་དུས་སེམས་ལ་བཅོས་བསླད་དང་། ཞི་གནས་ལྷག་མཐོང་གི་གོ་བ་ལ་བྱ་མ་ཤོར་བར་རང་བབས་ཀྱིས་དྲན་རྒྱུན་ལ་འཇོག་པ་སྒྲུབ་རྒྱུད་ཀྱི་བསྟན་པའི་འཇོག་སྒོམ་ཟབ་མོ་ལགས། དགོན་རྩེ་སྤྲུལ་སྐུ་རིན་པོ་ཆེར་གདམས་པའོ། །
༈ སེམས་འཚོལ་དང་གསུང་རབ་ནས་བཤད་ཚོད་ཀྱིས། །ལྟ་སྒོམ་བཟང་པོའི་གོ་ཡུལ་དེ། །ལྷན་པ་དང་འདྲ་བས་གོག་གིས་དོགས། །དེས་ན་ད་ལྟ་རང་བབས་སུ། །ལྷོད་དེ་བཞག་པའི་དྲན་པ་འདི། །ལྟ་བ་ཡིན་པར་ངོས་བཟུང་ནས། །དེ་ཡི་ངང་དུ་མི་སྒོམ་ཞིང་། །མི་ཡེང་རིག་ཙམ་གྱི་དྲན་རྒྱུན་འདི། །ཆུ་བོའི་རྒྱུན་བཞིན་མ་ཡེངས་མཛོད། །ཆུ་བོ་ཆང་སར་ས་བརྐོས་བཞིན། །དྲན་པ་མེད་ཚད་འཁྲུལ་པ་དང་། །ལམ་གྱི་བར་ཆད་ཡིན་པར་རུ། །ངེས་པ་བསྐྱེད་ཅིག་མདོ་སྨད་པ། །ཞེས་རྫོ གས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ བླ་མ་རྒྱལ་བའི་དབང་པོ་མཆོད། །མཚན་བརྗོད་ན་ཀུན་མཁྱེན་ངག་གི་དབང་། །སྙིང་དབུས་ན་ཡིད་ཆེས་ཀྱི་དད་པ་དང་། །འབྲལ་མེད་འགྲོགས་པ་ངོ་མཚར་ཆེ། །ཉན་མཁན་ཡོད་མིན་ཇི་ལྟར་ཡང་། །ཞལ་གདམས་ལ་ནན་བསྐྱེད་མཛད་མཁན་འདུག །ང་མིག་འགྲིབས་ན་སོ་རྒས་པ་ལ། །རེ་ཆེ་དང་ཨུ་ཚུགས་མ་མཛད་ཨང་། །གནས་སྐོར་དང་ཡུལ་ལྗོངས་བགྲོད་པ་དེ། །ཁྱེད་ཨ་ཁུ་ཁམས་པའི་སྲོལ་ལགས་ཀྱང་། །ཡུལ་ངན་དང་རྐྱེན་ངན་འཛོམ་ཙ་ན། །རོ་སྙོམས་ཤིག་ནུས་པ་ཡོད་ལས་ཆེ། །སྟོན་དཔྱིད་བསིལ་དྲོད་སྙོམས་སྐབས་ན། །རས་གོས་ཀྱིས་སྣང་བ་བདེ་མདོག་ཁ། །ལོ་གསར་སྒང་གི་ལྷགས་པ་ཡིས། །ཅོག་བུ་ལ་དད་པ་ལྡོག་ཉེན་ཡོད། །དངུལ་ཨམ་ཕྲག་ཏུ་སྦས་ནས་བཅུད་ལེན་དང་། །ལྷ་ཁང་ལ་སྟོང་མཇལ་ཞལ་ཟས་ལེན། །དེ་འདྲའི་དཀའ་སྤྱད་སྙིང་རུས་ལས། །བཟོད་པའི་དཀའ་ཐུབ་བྱས་ན་ལེགས། །མགྲོན་གཉེར་གྱི་ཞུ་སྒུགས་སྙིང་ཐག་རིང་། །གདན་ཁྲི་ལ་རྟེན་ཁེབས་གཡོགས་ས་ནས། །དོན་དབང་ཐོབ་པའི་ངེས་པ་མེད། །ཤཱཀྱ་ཐུབ་པའི་སྙེམས་ཆུང་ལ། །ལྟོས་ནས་བྱང་ཆུབ་སེམས་འབྱོངས་ཤིང་། །བསྐྱེད་རྫོགས་གདེང་ལྡན་གྱི་སྐྱེས་བུ་ལ། །བསྙེན་ནས་རང་སེམས་ཀྱི་རྩ་བ་ཆོད། །མངའ་ཐང་ཆེ་ཚད་ཀྱི་སྒོ་དཀྲོགས་ནས། །ཆོས་འབྲེལ་ཞུ་ཞུ་དེ་གནས་སྐབས་སུ། །དག་སྣང་ཆེ་མདོག་ཁ་ལགས་ཀྱང་། །གཅིག་མགོ་མཐོན་པའི་གཉིས་གསུམ་དང་། །དམ་ཆོས་ལ་སྤོང་ལེན་གྱིས་སྡིག་པ་གསོག །དེ་བས་ཡིད་ཆེས་གཅིག་ལ་དྲིལ། །གནས་རི་དང་སྒྲུབ་གནས་ཚོ་ངོ་མཚར་ཡང་། །དེ་ན་ཡོད་པའི་བྲག་སྐྱིབས་དང་། །ས་རྡོ་ཆུ་ཤིང་ལོངས་སྤྱད་པས། །མཆོག་གི་དངོས་གྲུབ་ག་ལ་ཐོབ། །སྒྲུབ་ཚུགས་བཟུང་བའི་རང་སེམས་ལ། །བརྟན་པ་ཐོབ་པའི་ཤུལ་ཙམ་ཕྱིར། །འགལ་རྐྱེན་མེད་པའི་གནས་བཟང་དུ། །ས་ཚུགས་ཐུབ་ན་མི་ལེགས་སམ། །སྔོན་རྒྱ་བལ་ཀུན་སངས་རྒྱས་ཀྱི་བསྟན་པས་གང་། །ད་སྡིག་སྤྱོད་དང་ཀླ་ཀློས་བཀབ་པ་ཡིས། །སེམས་ཅན་གྱི་བདེ་སྐྱིད་ཉམས་ལུགས་ལ། །བསམས་ནས་ངེས་འབྱུང་དང་བརྩོན་འགྲུས་བསྐྱེད། །བོད་གངས་ཅན་ན་དམ་ཆོས་དར་ཟེར་ཡང་། །བླ་མ་རྣམས་སྡེ་དཔོན་གྱི་ལད་མོ་བྱེད། །སྲིད་འབྱོར་གྱིས་དྲེགས་ཤིང་ཆོས་ལས་ཉམས། །དད་གཤིན་གྱི་རྫས་ལ་གཟི་བྱིན་སྒྲུབ། །དགེ་བཤེས་དང་ཆོས་པ་ཚོ་ཧོར་འདྲར་སྨོན། །དེས་ཁྱིམ་པ་ཚོ་གཏིང་ནས་སུན་ཕྱུང་སྟེ། །བསྙེན་བསྐུར་ཡང་ཁྲལ་འཇལ་གྱི་གནས་སུ་བལྟ། །ཕན་ཚུན་མ་དག་པའི་སྦྱིན་འབྲས་ལ་སྤྱོད། །སྒོམ་ཆེན་ཚོ་གཏི་མུག་ལ་སྒོམ་དུ་རེ། །བླ་མ་ལས་ཡོན་བདག་ལ་དད་པ་ཆེ། །གཉིད་ཆང་གིས་བྱང་ཆུབ་ཀྱི་སེམས་བཅོམ་ནས། །ལྷག་མཐོང་གི་ཡོན་ཏན་ག་ལ་འཆར། །འདི་གཞན་སྐྱོན་བལྟ་བའི་མེ་ལོང་མིན། །རང་ལའང་དེ་བཞིན་ཡོད་སྙམ་བདོག །བླང་དོར་ལ་གུས་པ་བསྐྱེད་པའི་ཕྱིར། །རང་བཞིན་སྲོང་བོར་བརྗོད་པ་ཡིན། །ད་དོན་གྱི་འཇོག་སོ་བཤད་ཀྱིས་ཉོན། །རྟག་པར་བྱང་ཆུབ་སེམས་གཉིས་སྒོམས། །ཆོག་ཤེས་ལ་སྦྱིན་པའི་ཕ་རོལ་གནས། །དེ་ཡི་ངོ་བོ་གཏོང་སེམས་ཡིན། །དཀོན་ཅོག་མ་ཁྲེལ་ན་ཚུལ་ཁྲིམས་ཡོད། །དྲན་རིག་མ་ཉམས་པ་བཟོད་པའི་མཆོག །ཀུན་གྱི་གྲོགས་སུ་བརྩོན་འགྲུས་དགོས། །སྣང་ཞེན་ལྷར་སྒོམ་བསམ་གཏན་དེ། །འཛིན་ཞེན་རང་གྲོལ་ཤེས་རབ་བོ། །དེ་ལ་བསམ་དང་བསམ་བྱེད་མེད། །ཐ་མལ་མ་ཡིན་ངེས་ཤེས་བྲལ། །མྱ་ངན་འདས་ཞི་དམ་པའོ། །འདི་ནི་ཀུན་ལ་བརྗོད་མི་བྱ། །སེམས་ཀྱི་དམ་པར་ཟུང་ཞིག་གུ། །ཨ་བྷཱ་ཡ་དྭཱི་པས་སོ། །
༈ བརྗོད་བྲལ་བློ་ལས་འདས་པ་དེ། །གཤིས་ཀྱི་བཞུགས་ཚུལ་ཡིན་མོད་ཀྱང་། །བལྟར་མི་མངོན་པའི་ཤེས་སྒྲིབ་ནི། །ཟད་དང་མི་སྐྱེ་ཤེས་པ་ཡི། །ཆོས་ཉིད་མངོན་དུ་མ་བྱས་པར། །ཡོད་པས་རྟོགས་སོ་སྙམ་པ་ཡི། །ངེས་ཤེས་ཞེ་འདོད་སྤོངས་ཤིག་ཨཾ། །སྤོང་བ་ཞེས་པའང་བླ་དྭགས་ཏེ། །སྤང་བླང་དགག་སྒྲུབ་རང་ས་རུ། །ཞིག་པའི་རིག་པ་བློ་འདས་ལ། །ལྟ་སྒོམ་སྤྱོད་པའི་མིང་མེད་པས། །རྒྱ་ཡན་ཞེན་པས་མ་བཅིངས་ཤིང་། །ལུང་མ་བསྟན་གྱི་གོལ་ས་ལས། །འདས་པའི་ངང་སྒོམ་སྐྱོངས་ཤིག་གུ། །བལྟ་རུ་མེད་པ་ངོ་བོའི་གཤིས། །ཡིན་ཡང་ལམ་རྟགས་ཡོན་ཏན་གྱི། །རྩེ་མོ་མཁྱེན་པ་ཉིས་ལྡན་དང་། །ཁྱེད་ཅག་ད་ལྟ་མི་མཛའ་བས། །རྗེས་ཐོབ་ཐམས་ཅད་མོས་གུས་དང་། །སྙིང་རྗེས་རང་རྩལ་སྦྱོངས་ཤིག་གུ། །འདི་ཡང་ཁམས་རྫ་ཆུ་ཁ་པ་བློ་ལྡན་གྱིས་བསྒོམ་བྱ་སྒོམ་བྱེད་མི་འདུག་ཟེར་བ་ལའོ། །
༈ ཀ་དག་གི་དོན་རྟོགས་ཚུལ་ཇི་བཞིན་པར་ངེས་པས་དེས་ཆོག །ཐོད་རྒལ་འདི་རྩ་དྭངས་དང་། སྔོན་གོམས་ཅན་སོགས་ལ་མ་ངེས་པར་འཆར་བས་ལམ་རྟགས་དང་འབྱོར་དཀའ་བ་ཡོད་ཀྱང་། ཐ་མལ་གྱི་སྣང་ཆ་འདག་པ་ལ་འདི་ཤུགས་ཆེ་བས་ཞེན་པ་མེད་པའི་ངང་ནས་སྣང་རིག་ཟུང་འབྲེལ་ཞེན་མེད་དུ་སྐྱོངས། །རྨི་ལམ་ལ་ཡུལ་ཁྱིམ་མཐོང་ནས་དཔྱད་རེས་འགག་འགྲོ་བ་ནི་སྣང་ཕྱོགས་ཤས་ཆེ་བའི་དྲན་པ་རྒྱུན་ཆགས་ཀྱིས་དབུ་མར་རླུང་འདུས་པའི་སྟོབས་ལས་བྱུང་། སྒྲོན་མ་བཞི་པོའི་ངོས་འཛིན་ཐེག་མཆོག་མཛོད་རང་ཟབ། ངེད་ཀྱི་རྣམ་མཁྱེན་ཤིང་རྟའི་སྨད་ནའང་ཞིབ་པར་གསལ། སྟོང་སྒྲོན་གོ་འབྱེད་པའི་ཆ་ལ་བཏགས་ན་སླར་མཐོང་རྒྱུ་ག་ལ་སྲིད། ལུ་གུ་རྒྱུད་དེ་སྐུར་སྨིན་པ་ཡིན་ན་འབྲས་བུའི་ཚེ་ས་བོན་ག་ལ་ཡོད། རྫོགས་ཆེན་ནས་རྨི་ལམ་ལ་སོགས་པའི་ཆོས་དྲུག་གཙོ་བོར་མི་བྱེད། ཆོས་ཉིད་རྐྱང་པར་འདེད་པས་གོམས་སྟོབས་ཅན་ལ་བཅད་དཀྲུགས་རྣམ་རྟོག་གི་ལྷན་པ་ཡིན། རྨི་ལམ་གོམས་ཚད་རབ་བརྗེད་པ་ཞེས་བྱ་བ་དེ་སྔོན་གོམས་དང་ཉིན་སྣང་གི་བག་ཆགས་ཀྱིས་གོས་པ་སྤངས་པ་ལ་བཏགས། འཇིག་རྟེན་ན་དེ་རིང་འདི་བྱ་སྙམ་པའི་དྲན་པས་གསོས་བཏབ་ན་འཁྲུལ་སྣང་དེ་སྟོབས་སུ་གྱུར་ནས་འཁྲུལ་པའི་བྱ་བ་ལག་ཐོག་ཏུ་ཁེལ་བ་དང་མཚུངས། བརྗེད་ན་བྱ་བ་དེ་གཏན་མའི་བྱེད་པ་དཔེར་བྱས་པ་ཡིན་གྱིས། དོན་ལ་འཇིག་རྟེན་གྱི་བྱ་བ་བརྗེད་པ་ནི་རེ་ཞིག་གཏི་མུག་གིས་བཀབ་པས་བག་ལ་ཉལ་མི་ལྡོག །འདི་ནི་བག་ལ་ཉལ་རྩ་བ་སྟོངས་པས་ངོ་བོ་ཕྱེད་པ་དགོས། ཅིར་ཡང་མི་རྟོག་འཐུག་པོ་དང་། །སད་པར་སླ་བ་སྲབ་མོ་སྟེ། །ཉམས་ཀྱི་འོད་གསལ་དཔྱད་རིས་འགྲོགས། །རྟོགས་པའི་འོད་གསལ་ཚད་དུ་ཕྱིན། །བྱ་བ་དགུ་ཕྲུགས་སུ་ཡུན་བསྲིང་ནུས་ན་རླུང་རང་འགགས་ནུས་པ་ཆེ་བས་རྩ་རླུང་ཐིག་ལེའི་འབད་རྩོལ་ཨར་གཏད་ཀྱི་ཟློག་སྒོམ་ཡིན་ནོ། །དཔེར་ན་ཡང་ཏི་ནག་པོའི་མུན་ཁྲིད་ཀྱི་མཐོང་སྣང་འཆར་བདེ་བ་ལ་སངས་རྒྱས་མཐོང་ངོ་ཟེར་ཡང་བཅུད་ལེན་གྱིས་རྩ་དྭངས་པ་དང་། མུན་པའི་རྐྱེན་གྱིས་གསལ་སླ་བས། དུས་དེར་ལྷ་ཁང་མཐོང་ཡང་ཕྱིས་མི་བརྟེན་པ་དང་འདྲ། ཉམས་ལེན་རེས་འགའ་བས་བཙན་ཐབས་སུ་འཆར་བར་འདོད་ན་རྩ་རླུང་ཐིག་ལེ་མྱུར་བ་ཡིན་ཡང་། རྫོགས་ཆེན་རང་ལུགས་ལ་དེ་གཙོ་བོར་མི་བྱེད་པ་མཛོད་ཚོར་གཟིགས། མཛོད་བདུན་འདྲ་བའི་ལམ་གནད་རྒྱ་བོད་གཉིས་ཆར་དུ་མ་དར་བ་ལ་ངེས་ཤེས་རྙེད་པར་མཛོད། ཁམས་རྒྱ་རོང་རི་ཁྲོད་པ་དཔལ་ལྡན་རྒྱ་མཚོ་ལ་གདམས་པའོ། །
༈ བླ་མ་རྗེ་ལ་ཕྱག་འཚལ་ལོ། །ཁྱོད་དམ་པའི་ཆོས་ལ་བློ་ཕྱོགས་ནས། །སྒོམ་སྒྲུབ་ལ་མོས་པ་སྐྱེས་པའི་ཐོག །བདུད་ཀྱི་འཇུག་སྒོ་ཆེས་མང་བས། །གྲོགས་ངན་དང་སྣང་བ་ཡུལ་རྐྱེན་གྱིས། །འགྱུར་བ་ལ་རིག་པ་སྒྲིམས་ཤིག་ཨང་། །སུ་དང་འགྲོགས་ཀྱང་རང་ཚོད་བཟུང་། །ཁྱད་པར་སྨྲ་བ་མང་པོ་ནི། །དྲང་གཏམ་ཡིན་ཡང་གཞན་སྣང་ལ། །འཆར་སྒོ་སྣ་ཚོགས་ཡོང་བ་འདི། །ཆགས་སྡང་གི་རྩ་བ་ཡིན་པས་ན། །རྒྱུས་མེད་དང་ལྐུགས་པའི་ངང་ཚུལ་བཟུང་། །རྟག་པར་ལས་འབྲས་ལ་བརྩི་བཞག་དང་། །ཕན་སེམས་བསམ་པ་བཟང་པོའི་ངང་། །རྩྭ་རིའི་རོང་ནགས་འགྲིམ་དུས་སུ། །དྲན་པ་ཡེང་མེད་ཁོ་ནའི་ཐོག །སྐྱིད་སྡུག་དང་འཁུ་འཕྲིག་ཆགས་སྡང་གི །རྣམ་རྟོག་ཀུན་རང་སར་རྩ་གདར་ཆོད། །ཡུལ་སྣང་སྒྱུ་མ་དང་རྨི་ལམ་ལྟའི། །ངང་ནས་རོ་སྙོམས་ལ་ཧུར་ཐག་ཐོང་། །ད་ལྟ་རང་ཤི་ཡང་རང་སེམས་ལ། །སྐྱེ་འཆི་མ་གྲུབ་པའི་ངོ་བོར་ལྟོས། །དེ་གནས་ཆེན་འགྲིམ་པའི་དགོས་པ་ཡིན། །རྗེས་ཐོབ་ཏུ་སྨོན་ལམ་རྒྱ་ཆེར་ཐོབ། །འགྲོ་ཁའི་ཞལ་གདམས་སྙིང་ལ་ཕུར། །པདྨ་བསམ་གཏན་རོང་བསྐོར་ལ་འགྲོ་ཁར་འཇིགས་མེད་གླིང་པས་སོ། །
༈ རྒྱལ་བ་ཀློང་ཆེན་རབ་འབྱམས་མཆོད། །སངས་རྒྱས་བསྟན་པའི་སྒོར་ཞུགས་ནས། །ཚུལ་གནས་ཐོས་བསམ་སྒོམ་བརྩོན་པ། །བྱང་ཆུབ་སེམས་དཔའི་གཞུང་ལམ་ཀྱང་། །སྙིགས་མ་ལྔ་བདོའི་གནས་སྐབས་འདིར། །ཐོས་ན་དམ་ཆོས་ཐོས་པ་དང་། །བསམས་ན་སྒྲ་ཚད་རྟོག་གེ་ལས། །ནང་གི་རིག་པ་ཤེས་པ་དཀའ། །དོན་འགྱུར་ཤེས་པའི་སྒྲ་ནི་དཀོན། །བྱིངས་རྐྱེན་རྣམ་དབྱེའི་མཚམས་སྦྱོར་ཡང་། །སྐད་དོད་དང་བྲལ་ཚེ་ཟད་ལས་ཆེ། །ཚད་མ་ཡང་ནི་ཐ་སྙད་ཙམ། །ཐ་སྙད་ཇི་བཞིན་ཤེས་པ་ལ། །སྐྱེས་ཐོབ་དབང་པོ་རྣོན་པོ་དགོས། །འཕགས་ཡུལ་ཡིན་ན་མུ་སྟེགས་ཀྱི། །རྒོལ་བ་མང་བས་འདི་གཉིས་དགོས། །བོད་དུ་དེ་འདྲའི་རེ་བ་མེད། །རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས། །ཡིན་པས་དེ་ལ་ཐོས་བསམ་མཛོད། །དེ་ཡང་རང་འདོད་གཞུང་མང་བས། །དེ་དག་དགག་བསྒྲུབ་ཆགས་སྡང་རྒྱུ། །དེ་བས་རང་སྡེའི་གྲུབ་མཐའ་ནི། །ཡིད་བཞིན་མཛོད་དང་གྲུབ་མཐའ་མཛོད། །གཉིས་ལ་རྟོག་དཔྱོད་ཆེར་མཛད་ནས། །སེམས་ཉིད་ངལ་བསོ་རྩ་འགྲེལ་དང་། །སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་རྣམས། །ཐོས་བསམ་གཉིས་ཀྱི་མཐིལ་དུ་བྱ། །དེ་ཡི་རྒྱབ་ཏུ་ཡོན་ཏན་མཛོད། །རྩ་འགྲེལ་ལ་གཟིགས་རང་གཞན་གྱི། །གྲུབ་མཐའ་སྤྱི་དང་རིམ་གསུམ་གྱི། །བཀའ་འཁོར་དགོངས་པ་ཤེས་པ་ཡིན། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ལ་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་སྨོན་འཇུག་གཉིས་ལ་འདུ། །དོན་དམ་རྫོགས་པ་ཆེན་པོའི་ཞལ། །དྲན་པའི་བྱ་རས་ཡེངས་མེད་སྐྱོངས། །དེ་ཡི་གྲོགས་སུ་མཛོད་དྲུག་ལྟོས། །དབང་ལུང་རྒྱུན་ལ་མདོ་སྒྱུ་སེམས། །རྒྱུད་འབུམ་ལ་སོགས་བཀའ་མའི་རྒྱུན། །སྙིང་ཏིག་ཡ་བཞི་སྒྲུབ་སྡེ་བརྒྱད། །ཡོད་ན་སྔ་འགྱུར་བསྟན་པ་ཡོད། །མེད་ན་དེ་ཉིད་ཉམས་པའི་རྟགས། །ཡིན་པས་རང་སྡེའི་སྲོལ་འབྱེད་ལ། །ཀུན་མཁྱེན་རྗེ་དང་རོང་ཟོམ་ཞབས། །མངའ་རིས་པཎ་ཆེན་ཤེས་རབ་འོད། །འགྲན་ཟླ་བྲལ་བའི་མཁས་གྲུབ་ཡིན། །དེ་དག་གཞུང་ལ་གུས་པ་བསྐྱེད། །མདོར་ན་ཐོས་བསམ་སྒོམ་པ་གསུམ། །ཇི་ལྟར་མཛད་ཀྱང་བསྟན་པ་དང་། །སེམས་ཅན་ལ་སྨན་བློ་ཡོད་ན། །བྱས་ཚད་ཚོགས་གཉིས་རྫོགས་པའི་རྒྱུ། །འགྲོ་དོན་འཁོར་བ་དོང་སྤྲུགས་ཡིན། །བླ་མ་རྣམས་ཀྱི་སྐུ་ཚེའི་རྒྱུན། །དཀོར་དང་ལོག་འཚོས་བསྲུང་བ་ལ། །བག་ཟོན་མཛད་ནས་འཇིག་རྟེན་གྱི། །ཆོས་བརྒྱད་རྨི་ལམ་ལྟ་བུར་གཟིགས། །དེ་ཡི་མཛད་ཕྲིན་མཐའ་རྒྱས་འགྱུར། །སྙིང་གཏམ་ཉུང་ངུར་བསྡུས་པ་འདི། །ཉི་གྲགས་གསུམ་པའི་ཐུགས་ལ་བསྟིམ། །
༈ པདྨའི་ཞབས་ལ་ཕྱག་འཚལ་ལོ། །སྙིགས་མ་ལས་ཀྱང་ཆེར་སྙིགས་དུས། །ཆོས་ལ་བློ་སེམས་ཕྱོགས་པ་འདི། །རིན་ཐང་བྲལ་བའི་མི་ལུས་ཡིན། །རྟག་ཏུ་སྐྱོ་ཤས་ངེས་འབྱུང་བསྐུལ། །མང་པོའི་གསེབ་ཏུ་ཆགས་སྡང་འཕེལ། །བས་མཐར་བསྡད་ན་ཡོན་ཏན་སྐྱེ། །དེ་ཕྱིར་དབེན་པའི་རི་ཁྲོད་དུ། །སྡོད་ལ་སེམས་ལ་ལྟད་མོ་ལྟོས། །ཀུན་གཞི་མ་རིག་མཐུས་བསླད་པས། །ཚོགས་བརྒྱད་འཁོར་བའི་ཚང་ཚིང་སྐྱེས། །དེ་དག་ཆེས་ཆེར་འཕེལ་བ་ལས། །འཁོར་བ་སྡུག་བསྔལ་ནགས་ཁྲོད་འཐུམས། །ད་ནི་ངེས་འབྱུང་རླུང་གིས་བསྐྱོད། །སྟོང་ཉིད་སྙིང་རྗེའི་མེ་ཆེན་སྦོར། །དྲན་པའི་གཡབ་མོས་གཡབ་བྱས་ནས། །སེམས་དང་སེམས་བྱུང་ཚང་ཚིང་བསྲེགས། །འཁོར་བའི་ཕ་མཐའ་གཞལ་མི་བཟོད། །དེ་ལས་དབུགས་འབྱིན་ཆོ་ག་མཁན། །བསྟན་པ་རིན་ཆེན་ནུབ་ལ་ཉེ། །དེ་ལ་སོམས་ནས་ཆོས་ལ་འབུངས། །བླ་མ་མཇལ་བས་མི་ཆོག་གིས། །མོས་གུས་རིན་ཆེན་སྲོག་ཏུ་གཟུང་། །གདམས་པ་ཐོབ་པས་མི་ཆོག་གིས། །རྒྱུད་ལ་ཡོན་ཏན་སྐྱེས་སྐྱེས་འབུངས། །ཁྱིམ་པ་རྣམས་ཀྱི་དཀའ་ལས་དང་། །སེམས་ཅན་སྤྱི་ཡི་འཁྲུལ་ལུགས་ལ། །བསམས་ནས་སེམས་ངོ་སྤྲད་པ་དེ། །སྐད་ཅིག་མ་ཡེངས་དྲན་པས་སྐྱོངས། །བདུད་ཀྱི་འཇུག་སྒོ་ཆོས་པར་མང་། །སྐྱོན་ཡང་ཡོན་ཏན་བརྫུ་བ་ཡོད། །དེ་ཕྱིར་གྲོང་ཆོག་རྙེད་འཚོལ་གྱིས། །སྒོམ་ཆེན་བསླུས་པ་མཁྱེན་པར་མཛོད། །ཆོས་རབ་འབྱེད་པའི་བློ་གྲོས་ཀྱིས། །དཔྱད་པ་དྲང་པོར་བཤད་པའི་ཚེ། །བླུན་པོའི་ཁྲོད་དུ་གྱེར་བ་ན། །ཆགས་སྡང་འཕེལ་བས་ཁ་ཚུགས་སྡོམས། །གདམས་ངག་གཞན་ལ་ངོམས་པ་དང་། །ཡིན་ལུགས་སྲོང་པོར་བརྗོད་པའི་ཚིག །ཕྱོགས་རིས་ཅན་གྱི་ཕྲག་པ་རུ། །མི་ཤོང་བློ་གྲོས་ཟབ་པར་མཛོད། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །གཉིས་ལ་འདུས་ན་དེ་ཉིད་དང་། །བྲལ་བའི་དཀའ་སྤྱད་སྡུག་ཡུས་ཀྱང་། །བྱང་ཆུབ་ལམ་དུ་འགྲོ་བར་དཀའ། །དེ་ཕྱིར་ཀུན་ལ་ཕན་སེམས་དང་། །འབྲེལ་བར་བསྐྱེད་རྫོགས་ཟུང་འཇུག་གི །གཞུང་ཤིང་ཕྱིན་དྲུག་ལམ་ཡིན་པ། །ཤེས་ན་མ་ནོར་ལམ་ཆེན་ཡིན། །མདོར་ན་མང་དུ་སྨོས་ཅི་དགོས། །སངས་རྒྱས་ཚོགས་གཉིས་འབྲས་བུ་ཡིན། །དེ་ལྟར་ཡིན་པས་སྦྱོར་དངོས་རྗེས། །གསུམ་གྱི་ཡན་ལག་ཀུན་ལ་ཡོད། །ཐེག་པའི་རྩེ་མོ་ཐམས་ཅད་ནས། །རྒྱུ་འབྲས་སྤང་བླང་དགག་བསྒྲུབ་དང་། །བྲལ་བར་བཤད་པའི་དགོངས་པ་ནི། །ལྟ་བའི་གོ་འཕང་སྙེག་པ་ཡིན། །སྤྱོད་པས་ལྟ་བའི་ལ་ཟློས་ན། །ལྟུང་བྱེད་ཆེན་པོར་གྱུར་ཏ་རེ། །རྟོགས་པ་ཀླུངས་སུ་ཕེབས་པའི་ཚེ། །ཆོས་བརྒྱད་མྱ་ངན་འདའ་བའི་ཕྱིར། །དེ་ཕྱིར་སྤྱོད་ལམ་རྣམ་བཞི་ཀུན། །དྲན་པའི་རྒྱུན་དང་མ་བྲལ་མཛོད། །དྲན་རིག་ཡེ་ཤེས་ལ་གོམས་ན། །ང་དང་ཁྱོད་ལ་འདུ་འབྲལ་མེད། །སྐྱེ་དང་ཚེ་རབས་ཐམས་ཅད་དུ། །འབྲལ་བ་མེད་པའི་རྟེན་འབྲེལ་ནི། །ཐུགས་ཡིད་འདྲེས་པའི་རང་བཞིན་གྱི། །དེ་ཉིད་ཡིན་ནོ་སྙིང་ལ་ཆོངས། །མདོ་ཁམས་རུ་དམ་པ་འཇིགས་མེད་བློ་གསལ་ཅན་གཉིས་ལ་རིག་འཛིན་འཇིགས་མེད་གླིང་པས་ཐོལ་སྐྱེས་བཟོ་མེད་དུ་གདམས་པའོ། །
༈ ཀོང་པོ་རྒོད་ཚང་སྤྲུལ་སྐུའི་ཆེད་དུ་བསྐུལ་མ་བྱུང་བའི་བསླབ་བྱ། སྐྱེས་བུ་དམ་པ་ལྟ་ཅི་སྨོས། །དམན་པ་རྣམས་ལའང་མཆོག་དམན་གྱིས། །བྱེ་བྲག་ཡོན་ཏན་ཁོ་ནས་འབྱེད། །དེ་ཕྱིར་རིག་པ་ཉིད་ལ་བརྩོན། །འདུལ་བ་ལུང་ལས་ཀྱང་། དང་པོར་ཡི་གེ་བསླབས་ཏེ། ཞེས་པ་ལྟར་ཡི་གེ་འབྲི་ཀློག་གཉིས་ནན་ཏན་དང་། དེའི་བརྡ་དག་གི་གནས་དག་ཡིག་མཁས་པའི་ངག་གི་སྒྲོན་མ་སོགས་ཚད་མར་གྱུར་པ་དང་། སུམ་རྟགས། ལི་ཤིའི་གུར་ཁང་སོགས་བརྡ་གསར་རྙིང་གི་བྱེ་བྲག་སྟོན་པའི་གཞུང་། །བསྟན་བཅོས་དང་རྗོད་བྱེད་མཛེས་པར་བྱེད་པ་སྙན་དངགས་རྩ་འགྲེལ། བླང་དོར་གྱི་གནས་གསལ་བར་སྟོན་པའི་རྩིས་གཞུང་རྒྱ་མཚོ། སྒྲ་རིགས་པ་ལ་སོགས་ཏེ་ཐ་སྙད་ཀྱི་གཞུང་། རང་གི་བློ་གྲོས་མཐུ་ཆེན་པོར་བྱེད་པ་སྔོན་བྱུང་དེབ་ཐེར་གཏམ་རྒྱུད། ཆོས་འབྱུང་། རྣམ་ཐར་གྱི་རིགས་ལའང་ཞར་བྱུང་དུ་འདྲིས་པར་བྱས་པའི་རྗེས། སངས་རྒྱས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བའི་གཞུང་འཐོར་བ་སྡུད་པར་བྱེད་ཅིང་། གབ་པ་གསལ་བར་བྱེད་པའི་གྲུབ་པའི་མཐའ་སྤྱི་དང་། ཁྱད་པར་སྡེ་སྣོད་གསུམ་ནས་རང་བཞིན་རྫོགས་པ་ཆེན་པོའི་བར་གྱི་རྒྱ་བོད་མཁས་གྲུབ་སོ་སོའི་བཞེད་གཞུང་རྗེན་པར་སྟོན་ཅིང་། ནོར་འཁྲུལ་ལམ་ངན་མི་བསྲུན་པའི་ཉེས་པ་ཅིིག་ཆར་བསལ་བར་བྱེད་པ་རྒྱལ་བ་ཀློང་ཆེན་པའི་གཞུང་ལུགས་ཆེན་མོ་སེམས་ཉིད་ངལ་བསོ་རྩ་འགྲེལ་གྱིས་མཚོན་ཤིང་རྟ་གསུམ་དང་། གྲུབ་པའི་མཐའ་དང་ཡིད་བཞིན་རིན་པོ་ཆེའི་མཛོད་ལ་སོགས་པ་རྣམ་པ་བདུན་རྩ་འགྲེལ་དང་བཅས་པ་ལ་བསམ་བྱུང་གི་ཤེས་རབ་། རྣམ་པར་དག་པས་ཡོངས་སུ་བློ་གྲོས་ཀྱི་འདུན་ཁང་མཛེས་པར་བྱས་ནས། རྡོ་རྗེ་ཐེག་པའི་དབང་ལུང་ཁྲིད་གསུམ་གྱི་ལམ་མུ་མཐའ་མེད་པ་ལ་ཉན་ཞིང་ཐོས་པ་ལྷུར་བྱེད་པ་ནི། སྐྱེས་རབས་ལས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པའི་དོན་ཡིན་ལ། དེ་ལྟར་ཐོས་པའི་འབྲས་བུ་མཐར་ཕྱིན་པ་གང་ཡིན་པ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས་ཚུལ་ཁྲིམས་རྣམ་པར་དག་པའི་རྟེན་ལ་ཤེས་རབ་རྣམ་པ་གསུམ་གྱི་ཕྱི་མཐའ་ནང་དུ་ཡང་དག་འཇོག་གི་སྤངས་རྟོགས་ཕུན་སུམ་ཚོགས་པ་རྫོགས་པའི་སངས་རྒྱས་ཀྱི་དགོངས་པའི་ཀློང་དུ་བཙན་ས་ཟིན་ནས་རང་གཞན་གྱི་དོན་ཡོངས་སུ་གྲུབ་པར་བྱེད་པའོ། །ས་བཀའ་རྙིང་གསུམ་མི་ཟེར་ཏེ། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས། །སྒམ་པོའི་བརྒྱུད་འཛིན་ཡོངས་ལ་གྲགས། །དེ་ལྟར་སྨྲ་བའི་རྒྱུ་མཚན་ཡང་། །ལྷ་རྗེ་དང་པོར་བཀའ་གདམས་ཀྱི། །དགེ་བའི་བཤེས་གཉེན་ཉིད་ཡིན་ཏེ། །ཕྱི་ནས་མི་ལས་ཕྱག་རྒྱ་ཆེ། །བསྟན་པས་དེ་གཉིས་ཟུང་འབྲེལ་ལ། །གདགས་པའི་མིང་གི་བརྡ་ཆད་ཀྱི། །གྲུབ་མཐའ་ཡིན་པར་ཁོ་བོ་གོ །ལར་ནི་ཚད་མ་བཞི་ལྡན་གྱི། །གཞན་ལུགས་ཚད་མ་མིན་པར་བཏང་། །དབྱིངས་ལ་དཀར་ནག་མི་སྲིད་ཀྱང་། །རང་ལུགས་རྟོགས་པ་དཀར་པོ་ཡིས། །གཞན་གྱི་རྟོགས་པ་ནག་པོར་བཏང་། །གཞུང་ལུགས་གདམས་པར་ཤར་རོ་ཞེས། །མན་ངག་བརྫུན་མ་ཡིན་པར་སྒྲོག །ཨ་ཅང་བསྟན་པ་རང་ས་ལ། །ཆེ་བ་བརྗོད་པ་ཡིན་མོད་ཀྱི། །ཁོ་བོ་ཀུན་གཟིགས་པད་དཀར་དང་། །དཔྱོད་ལྡན་སངས་རྒྱས་རྡོ་རྗེ་ལ། །མཆོག་ཏུ་དང་ཞིང་ཤིན་ཏུ་རངས། །དེ་ཕྱིར་དེ་འདྲ་མི་འཚལ་ཡང་། །བདག་ལ་གཉེར་ཁ་ཡོད་སྲིད་ན། །རྒྱལ་དབང་ཆོས་རྗེ་མན་ཆད་ལ། །དཀར་བརྒྱུད་ཅེས་བྱ་བྲིས་གྱུར་ན། །རིག་པས་འཐད་ཅིང་ལུང་གིས་འགྲུབ། །ཅི་ཕྱིར་དང་པོ་བཀའ་གདམས་ལ། །དཀར་ཞེས་གཞན་གྱིས་སྒྲོག་མི་འདོད། །ཕྱི་ནས་རྒྱལ་དབང་ཆོས་རྗེ་ཡི། །ལུང་ལ་དབང་པོ་བྱས་པའི་ཕྱིར། །འཚོ་བྱེད་དྲན་པའི་དབང་པོ་ལ། །རྩེད་མོ་དེ་འདྲ་ཟེར་སྙིང་འདོད། །ཆོས་ནི་ཚིག་ལ་མི་རྟོན་པར། །དོན་ལ་རྟོན་པ་ཡང་དག་ཕྱིར། །འདི་ལ་ངག་བཀྱལ་ཚིག་རྩུབ་ཀྱི། །ཉེས་པར་མཐོང་ན་མི་འཆབ་བོ། །
༈ བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཉོན་དང་རྣམ་པར་རྒྱལ་བ་གང་། །འཇིག་རྟེན་ལས་ལ་ཆགས་པ་ནི། །འཆི་བ་མ་དྲན་ཉིད་ལས་བྱུང་། །དེ་ཕྱིར་ཆོས་ཀྱི་བསྐུལ་མ་རུ། །ནམ་འཆི་ངེས་མེད་སྒོམས་ཤིག་གུ། །རང་དང་གཞན་གྱི་བདེ་སྡུག་ཀུན། །ལས་དང་ལས་ཀྱི་འབྲས་བུས་བྱས། །གཞན་ལ་སྡུག་ཡུས་ཚོང་རྒྱུ་མེད། །ལས་འབྲས་དཔང་པོར་ཞོག་ཅིག་གུ། །ཤེས་རབ་ཆེན་པོས་ཆོས་ཤེས་ཀྱང་། །ཤེས་རབ་འཆལ་ན་ངན་འགྲོར་འགྲོ། །ངེས་འབྱུང་རྒྱུད་ལ་མ་འབྲལ་བས། །རྟག་ཏུ་དབེན་པར་སྡོད་ཅིག་གུ། །ཐེག་པ་ཆེན་པོའི་རྩ་བ་ནི། །བྱང་ཆུབ་སེམས་མཆོག་ཁོ་ན་ཡིན། །སྙིང་རྗེས་སེམས་ཅན་དབང་སྡུད་པའི། །ཕན་སེམས་རྒྱུད་ལ་སྦྱོར་ཅིག་གུ། །དཀའ་སྤྱད་སྙིང་རུས་བརྒྱ་སྤྱད་ཀྱང་། །མོས་གུས་ཆེན་པོས་བླ་མའི་ཐུགས། །དབང་དུ་འདུས་པར་མ་གྱུར་ན། །རྟོགས་པ་རྒྱུད་ལ་མི་སྐྱེ་བས། །དད་གུས་མགྲོན་པོར་བོས་ཤིག་གུ། །རི་ཁྲོད་དབེན་པར་བསྡད་ཡུས་ཀྱིས། །རང་རྒྱུད་ཞི་བདེར་འགྲོ་ཉན་ཡོད། །ད་ལྟ་ཤི་ན་གདེང་ཅི་འདུག །ལྟོས་ལ་བརྩོན་འགྲུས་བསྐུལ་ཤིག་གུ། །མཐོང་ལམ་རྒྱུད་ལ་མ་སྐྱེས་པར། །དད་རྫས་གཤིན་དཀོར་མིག་མཐོང་སོགས། །སྒོམ་ཆེན་འབུབས་པའི་འཕྲང་ཡིན་པས། །འཇིག་རྟེན་མཐུན་འཇུག་ཞོག་ཅིག་གུཙ། །གཅིག་པུར་བསྒྲུབ་ཚུགས་ཟིན་པའི་ཚེ། །བར་ཆད་བདུད་ནི་ཅི་ཡང་བརྫུ། །བདག་བསྟོད་བྱ་གཏོར་མ་འགམ་པར། །གོང་མའི་ཡོན་ཏན་སོམས་ཤིག་གུ། །ཡུལ་གྱི་རྐྱེན་ནི་མཐུ་ཆེ་བས། །སྙན་གྲགས་ལོངས་སྤྱོད་བསོད་ནམས་དང་། །བཟའ་བཏུང་ཡིད་མཐུན་གྲོགས་སུ་བརྫུ། །ཀུན་ལ་འཁྲི་བ་ཆོད་ཅིག་གུ། །གཟུ་བོར་གནས་པའི་སྐྱེ་བོ་དང་། །ཆོས་དང་མཐུན་པའི་གྲོགས་པོ་དང་། །ཕྲག་དོག་མེད་པའི་མི་དཀོན་པས། །རང་ཉིད་གཅིག་པུར་འདུག་ཅིག་གུ། །དཀའ་ཐུབ་བྱེད་པ་ལེགས་མོད་ཀྱི། །དེ་བས་ཆང་མི་འཐུང་བ་དགའ། །དྲན་པ་ཉམས་དང་ཚུལ་ཁྲིམས་ཀྱི། །ཆོམ་པོར་ཤེས་པར་གྱིས་ཤིག་གུ། །སྒོ་ལ་འདམ་སྦྱོར་ངོ་མཚར་མོད། །དེ་བས་ཁ་ལ་རང་སྦྱར་ཟབ། །སྨྲ་བ་མཁས་དང་མི་མཁས་པས། །ཆགས་སྡང་འབྱུང་བར་སོམས་ཤིག་གུ། །སྐྱབས་འགྲོ་བྱེད་པ་ངོ་མཚར་མོད། །དེ་བས་སྐྱིད་སྡུག་ལེགས་ཉེས་ཀུན། །དཀོན་མཆོག་མཁྱེན་པའི་སེམས་གཙོ་བས། །དད་པ་རེས་འཇོག་སྤོངས་ཤིག་གུ། །བཤགས་པ་བྱེད་པ་ངོ་མཚར་མོད། །དེ་བས་གནོང་འགྱོད་དྲག་པོ་དགའ། །སྟོབས་བཞི་མཐའ་དག་ཚང་བ་ཡིས། །ཉེས་ལྟུང་ཆམ་ལ་ཕོབ་ཅིག་གུ། །མཆོད་སྦྱིན་བྱེད་པ་ལེགས་མོད་ཀྱི། །དེ་བས་འདོད་པ་ཆུང་བ་དགའ། །བརྐམ་ཆགས་ཡུལ་ནས་འདོར་བ་ཡི། །གསོག་སེམས་ཞེན་པ་ཆོད་ཅིག་གུ། །གསོལ་འདེབས་རྒྱང་འབོད་ལེགས་མོད་ཀྱི། །དེ་བས་དད་པ་ཡོད་ན་དགའ། །དད་པས་སྣང་བ་འགྱུར་བའི་ཚེ། །བླ་མ་མདུན་ན་བཞུགས་འདུག་གུ། །མངོན་རྟོགས་བསྒོམས་པ་ལེགས་མོད་ཀྱི། །དེ་བས་བསྐྱེད་རིམ་གསལ་བ་དང་། །སྦྱང་གཞི་སྦྱོང་བྱེད་ཤེས་པ་དགའ། །བསྐྱེད་རྫོགས་ཟུང་དུ་སྦྱོར་ཞིག་གུ། །གནས་ལུགས་སྒོམ་པ་ལེགས་མོད་ཀྱི། །དེ་བས་མ་བཅོས་གཉུག་མ་ཡི། །གཤིས་ལ་རྟག་ཆད་མི་མངའ་བས། །སྤྲོས་བྲལ་རང་མལ་ཞོག་ཅིག་གུ། །ཐོད་རྒལ་ལྟ་བ་ལེགས་མོད་ཀྱི། །དེ་བས་རང་གདངས་ལྷུན་གྲུབ་དང་། །ལུག་རྒྱུད་མངོན་ཞེན་མ་ཆེ་བར། །རིག་པ་ཨར་ཐད་གཏོད་ཅིག་གུ། །གཞན་དོན་མངོན་གྱུར་ལེགས་མོད་ཀྱི། །དེ་བས་སེམས་བསྐྱེད་བཟུང་བ་དགའ། །དགེ་བ་བྱས་ཚད་གཞན་དོན་དུ། །འགྱུར་བའི་སྨོན་ལམ་ཐོབ་ཅིག་གུ། །མདོར་ན་རང་འདོད་མེད་པ་དང་། །རང་སྐྱོན་ཤེས་ཤིང་ང་རྒྱལ་མེད། །ཀུན་ལ་དག་སྣང་འབྱོངས་པདང་། །དམའ་ས་འཛིན་ཞིང་ཕན་སེམས་ཆེ། །ཆོས་བརྒྱད་སེམས་བྲལ་བྱ་བ་བཏང་། །ན་དགའ་ཤི་སྐྱིད་རི་ཁྲོད་འགྲིམ། །བླ་མས་ཅི་གསུང་བཀའ་སྒྲུབ་ཅིང་། །རང་དང་སྡིག་གྲོགས་དབང་མི་གཏོང་། །དེ་ལྟར་བགྱིས་ན་ཉམས་རྟོགས་དང་། །ཡོན་ཏན་མེད་དོ་ཟེར་ན་ཡང་། །བར་དོར་ཞིང་ཁམས་བགྲོད་པ་ལ། །བསླུ་བ་མེད་པ་རྒྱལ་བའི་བཀའ། །ང་དང་དུས་གསུམ་དུས་མེད་དུ། །ཡང་ཡང་འཕྲད་ཅིང་འདུ་འབྲལ་མེད། །སྙིང་གཏམ་སེམས་ལ་ཞོག་ཅིག་གུ། །འཇིགས་མེད་རྣམ་རྒྱལ་ལོ་གསུམ་གྱི་སྒྲུབ་པ་ལ་དེངས་པར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ དགོན་རྩེ་སྤྲུལ་སྐུ་རིན་པོ་ཆེ་ནས་དྲན་པ་སྐྱོང་ཚུལ་གྱི་དྲི་བ་ཐ་དད་པ་ལས། སྤྱིར་དྲན་པ་ཟེར་བ་ལ་རྫས་ཐ་དད་པ་ཡོད་པས་གཞུང་ལུགས་ཆེན་པོའི་དགོངས་པ་ལམ་ལྔ་ས་བཅུའི་སྐབས་ཀྱང་དྲན་པའི་ཐ་སྙད་ཀུན་ཏུ་འགྲོ་བ་ནི་ཚོགས་ལམ་དྲན་པ་ཉེར་གཞག་ལྟ་བུས་མཚོན་པའི་ཕྱིར་རོ། །དེ་ཡང་འདྲི་བ་དང་པོའི་དོན་ལྷའི་བསྐྱེད་རིམ། བླ་མའི་མོས་གུས། སྐྱོ་ཤས་ངེས་འབྱུང་གི་དྲན་པ་ནི། འདུ་བྱེད་ཀྱི་དྲན་པ་ཞེས་བྱ་བ་བསྐྱེད་རིམ་ཡིན་ན་སྣང་ཆ་ལ་གཟུགས་སུ་རྟོགས་པའི་དྲན་པ། དེ་བཞིན་དུ་མོས་གུས་ལ་འདུ་ཤེས་དང་འདུན་པ། སྐྱོ་ཤས་ངེས་འབྱུང་ལ་རྣམ་ཤེས་ཀྱིས་བསྐྱེད་པའི་ཚོར་བ་སྣ་ཚོགས་ཀྱི་དྲན་པ་སོགས་ཐ་དད་ཀྱང་། དོན་ཕུང་པོ་ལྔའི་རང་བཞིན་གྱི་འཇུར་དྲན་ཁས་འདའ་ས་མེད་ཅིང་ལས་དང་པོའི་རིང་འཇུར་དྲན་དེ་ཀ་མེད་དུ་མི་རུང་བ་ཡིན་ཏེ། དཔེར་ན་སླེབ་སར་མ་ཕྱིན་ཕར་ལམ་འདོར་དུ་མི་རུང་བ་བཞིན་ནོ། །དྲི་བ་གཉིས་པའི་དོན་རེས་འགའ་ཡུལ་ལ་ཡེངས་དུས་ང་ཡེངས་འདུག་སྙམ་ནས་ཚུར་སླན་ནས་མ་བཅོས་པར་འཇོག་རྒྱུ་འདྲ་བ་དེ་སྟོང་འཛིན་གྱི་འདུ་ཤེས་ཀྱི་དྲན་པ་ཡིན་ནོ། །ཡང་ཡེངས་པ་ཚོར་ཙམ་དེ་ཁས་ཆོག་ན་སྒོམ་ལ་ཁ་མ་ཕྱོགས་པའི་ཕལ་པ་དང་ཁྱད་པར་མེད་འདྲ་གསུངས་པ། ཁྱད་པར་ཤིན་ཏུ་ཆེ་སྟེ། སེམས་བྱུང་གནས་འགྲོ་གསུམ་ལ་བརྟེན་ནས་སྐྱེ་འགག་མེད་པར་གོ་མྱོང་གིས་ངོ་འཕྲོད་པ་དག་དང་། ཕལ་བ་སེམས་དངོས་ཅན་དང་དངོས་མེད་གང་དུ་ཡང་ཧ་མ་གོ་བའི་ལུང་མ་བསྟན་གཉིས་མི་མཚུངས་ཏེ། ཕལ་པ་རྣམས་ནི་བྱ་བ་ངན་ཞེན་དེ་ཉིད་ལས་གཡོས་ཏེ་ད་དུང་ཡང་འཁྲུལ་ཉིང་འཁྲུལ་དུ་གྱུར་པ་ལ་ཡེངས་པའི་ཐ་སྙད་བརྗོད་ཀྱང་ཁོང་གིས་མ་ཡེངས་པའི་གནས་སྐབས་སུ་འདོད་པ་དེ་ཀ་རྣམ་ཤེས་ཚོགས་བརྒྱད་ཀྱི་གཞན་དབང་འབའ་ཞིག་ལ་སྤྱོད་པས་ཆོས་ཉིད་དང་རྫས་འགལ་བ་ཡིན། སེམས་ངོ་མཐོང་བ་དེས་ནི་རིག་པ་དྭངས་གསལ་རེ་ཞིག་ཚོགས་དྲུག་གི་ཡུལ་ལ་ཡེངས་ཀྱང་དྲན་པས་ཟིན་པ་ཙམ་ནས་སེམས་གསལ་སྟོང་ཙམ་དུ་གནས་པ་ཞིག་དང་། ཡང་གཟུང་དྲན་ལ་ཧ་ཕྱད་དེ་གནས་པ་ཞིིག་དང་། ཡང་སྒོ་ལྔའི་གདངས་མ་འགགས་ལ་ཡིད་ཀྱི་རྣམ་ཤེས་ཀྱིས་ཅིར་ཡང་མི་རྟོག་པའི་འཆར་ཚུལ་གསུམ་ཡོང་བའི་ངང་དུ་དྲན་པ་བརྟེན་ན་དེ་གསུམ་གྱིས་ཀྱང་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་སྐྱེ་བའི་རྟེན་བྱེད་དོ། །འདི་ལ་དེང་སང་སྒོམ་ཉམས་ཡོད་པར་རློམ་པ་ཐམས་ཅད་ནས་དྲན་པ་དེ་ཆོས་ཉིད་དུ་ངོ་སྤྲོད་པ་ཡོད་ཀྱང་དབང་པོ་དང་དབང་ཤེས་འབྲེལ་བས་སྒོ་ལྔའི་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལས་སླར་ལོག་སྟེ་ཡིད་ཀྱི་རྣམ་ཤེས་གསལ་ལ་མི་རྟོག་པ་ཙམ་ཡིན་ཏེ། ཏིང་ངེ་འཛིན་གྱི་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བརྟན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་པ་ཞེས་བྱ། །མྱང་ངན་འདས་པ་ཉིད་མི་འགྱུར། །ཞེས་སོ། །དེས་ནི་སྲིད་རྩེའི་སྙོམས་འཇུག་ཐོབ་པའི་རྒྱུ་ཙམ་ལས་དོན་རབ་འབྱེད་པའི་བསམ་གཏན་གྱི་རྒྱུར་མི་འགྲོ་བའི་ཕྱིར་རོ། །གལ་ཏེ་དེ་རྨུགས་པའམ་བྱིངས་ན་ཀུན་གཞིའི་རྣམ་ཤེས་ལུང་མ་བསྟན་དུ་འགྲོ། དེ་ལ་རིག་པའི་དྭངས་ཆའམ་ལྷག་མཐོང་བསྐྱེད་ན་སོ་སོ་རང་རིག་གི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་ཉིད་མཐོང་བ་ཡིན་པས་དེའི་ཐབས་སུ་བསོད་ནམས་ཀྱི་ཚོགས་ལ་འབད་དགོས་པས་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ནས་ཀྱང་། སྔོན་འགྲོའི་ཆོས་རྣམས་ནན་ཏན་དུ་གསུངས་པ་ཡིན། དྲི་བ་གསུམ་པའི་དོན། རེས་ཡེངས་པ་ཚོར་ཙམ་དེ་ཁ་ལ་རང་ཆས་ཡོང་བ་ནི་སྐྱོང་ཚུལ་མ་ནོར་བ་ཡིན་ཡང་། སླར་དེ་ལ་ཡང་བསྐྱར་ཚོར་མཁན་ལ་བརྟག་དགོས་པ་ནི་རྟོག་གེའི་དཔྱད་སྒོམ་གྱིས་དྲན་རྒྱུན་རང་བབས་ལ་བློ་བཟོའི་གནོད་པ་བསྐྱལ་བ་ཡིན་པས་མི་རུང་སྟེ། དམ་པས་སེམས་མ་བཅོས་པར་ཅོག་གེ་ཞོག །བཅོས་ན་རྟ་བབས་ནས་བོང་བུ་ལ་ཞོན་པ་ཡིན་གསུངས་པ་སོགས་གྲུབ་ཆེན་རྣམས་ཀྱི་དགོངས་པ་འདི་ལ་མཐུན་ནོ། །ལ་ལའི་ལུགས་ལ་འདི་ལ་ཆེ་ཐང་དུ་བྱེད་པ་ནི་བསམ་གཏན་དང་པོ་ཉེར་བསྡོགས་ལ་ནན་གྱིས་འཇུག་པ་ཙམ་ཞིག་གོ །དྲི་བ་བཞི་པའི་དོན། རྗེས་ལ་ཅི་ཡང་མེད་པའི་ཕྱལ་ཕྱལ་དུ་སོང་བ་ལ་ངེས་ཤེས་སྐྱེས་ནས་ཀ་དག་གི་དགོངས་པ་འདིར་འདུག་སྙམ་པ་ནི་གོ་མྱོང་གི་སྒྲིབ་པ་ཆེན་པོ་ཡིན་ཏེ། ཅི་ཡང་མི་འདུག་སྙམ་པ་དེ་ནི་སྟོང་འཛིན་དང་། ངེས་ཤེས་རྙེད་པ་དེ་ནི་རྟག་འཛིན་གྱི་ཤེས་སྒྲིབ་སྤང་དཀའ་བ་ཡིན་ན། ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང་། གང་དག་ང་ཉིད་དགྲ་བཅོམ་པའོ་སྙམ་ན་དེས་དགྲ་བཅོམ་པ་མ་ཐོབ་པར་གསུངས་པས་མཚོན་ནས། རང་བབས་ཀྱི་ཡེ་སྒོམ་ལ་ཡང་སྒོམ་གྱིས་བཅོས་བསླད་མེད་པའི་རྒྱུན་ལ་ཡེངས་སུ་མེད་ཅིང་སྒོམ་རྒྱུའང་འདི་ཞེས་དམིགས་གཏད་མེད་པ་དེ་ཆོས་ཉིད་ཀྱི་དྲན་པ་ཡིན་པས་དེ་ཀའི་རྒྱུན་བསྐྱང་ངོ་། །ཡང་མ་ཡེངས་པའི་དུས་ན་དྲན་རྒྱུན་ནམ་གསལ་ཆའི་གདངས་མ་ནུབ་པ་དང་། ཡེངས་ན་ཚོར་ཙམ་ནས་ཡེངས་མཁན་སྟོར་བ་དེ་ནི་དྲན་སྣང་ཡེ་ཤེས་སུ་འཆར་བའི་མགོ་རྩོམ་པ་ཡིན་པས་དེ་ཀའི་རྒྱུན་ལ་རང་བཞིན་ལྷུན་གྲུབ་ཀྱིས་བརྩོན་པའི་ངང་མདངས་བསྐྱངས་ན་ཡེངས་ཡུལ་ཆོས་ཉིད་དུ་སོང་བས་མཉམ་རྗེས་ཐམས་ཅད་སྒོམ་དུ་ཤར་ཏེ་ཐེ་ཚོམ་དང་ཡིན་མིན་གྱི་འཆིང་བ་ཐམས་ཅད་རང་གྲོལ་ཏུ་སོང་སྟེ་དབུ་མ་ཆེན་པོའམ་ཕྱག་རྒྱ་ཆེན་པོའམ་རྫོགས་པ་ཆེན་པོའི་འཁྱེར་སོ་ཐ་དད་པ་ཆོས་ཉིད་གཅིག་ཏུ་འདྲེས་པའི་ནམ་མཁའི་རྣལ་འབྱོར་ཞེས་བྱ་བ་དེ་འབྱུང་སྟེ། ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཕྱིར་ནམ་མཁའ་ལྟ་བུའོ། །ཞེས་སོ། །དྲི་བ་ལྔ་པའི་དོན། མཉམ་གཞག་གི་སྟེང་དུ་དྲན་པ་མི་འཇོག་པའི་དོན་ནི། སྒོམ་པ་ཡིད་ལ་བྱར་མ་མྱོང་བའི་ཀློག་པ་བ་དང་། གླེན་པ་བསྒོམ་པའི་སྤོང་བ་པ་མང་པོས་ཡོད་མེད་མཐའ་བྲལ་དུ་གོ་བས་བསྒྲུབས་པ་དེ་མཉམ་གཞག་གི་དོ་ཏིར་བྱས། དེའི་རྒྱུན་དྲན་པས་བསྐྱངས་པས་ཉམས་ལེན་ཆ་གཉིས་སུ་སོང་སྟེ་ཕྱུགས་མ་དང་སྐྱོང་བྱེད་དམ། ལྷས་བྱིན་རེ་ལྡེ་ལ་འདུག་པའི་དཔེས། འཇིག་ཚོགས་ཀྱི་ལྟ་བ་བཤད་པའི་དོན་དང་ཉེ་བར་སོང་བས། མདོར་ན་བསྐྱང་བྱ་སྐྱོང་བྱེད་དང་། དྲན་བྱ་དྲན་བྱེད་དང་། བསྒོམ་བྱ་སྒོམ་བྱེད་ཡོད་པ་དེ་སྲིད་དུ་བློའི་འཛིན་སྟངས་དང་མ་བྲལ་བའི་ཡིད་དཔྱོད་ཀྱི་ལྟ་སྒོམ་ལས་མི་འདའ་བའི་ཚུལ་སྤྱོད་འཇུག་ལས་ཀྱང་། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཉིད་ཡིན་ཕྱིར། །ཞེས་གསུངས་པས་ཤེས་སོ། །རྒྱུ་མཚན་དེས་རྫོགས་པ་ཆེན་པོ་ནི་འཕགས་པའི་ལམ་ཡིན་པས་ས་དང་པོའི་ཡེ་ཤེས་ཅེར་མཐོང་དུ་གཟིགས་པ་རྣམས་ལས་སོ་སོ་སྐྱེ་བོའི་སྤྱོད་ཡུལ་དུ་མི་སྣང་ན། ད་ལྟ་ལམ་བདེན་ལ་འཇུག་པའི་དུས་ཡེངས་ཡུལ་ཆོས་ཉིད་དུ་འཆར་བ་དང་། ཆོས་ཟད་མཚོན་བརྗོད་ལས་འདས་པའི་གོ་མྱོང་ལ་བྱ་མ་ཤོར་བར་ལས་དང་པོ་པས་འདུ་བྱེད་ཀྱི་དྲན་པ་དང་། ཅིག་ཅར་བ་དང་གོམས་པ་སྔོན་སོང་གི་རིགས་ཅན་རྣམས་དྲན་བྱ་དང་དྲན་བྱེད་རྫས་ཐ་མི་དད་པའི་བློ་འདས་ཀྱི་དྲན་པ་ལ་རིག་རྒྱུ་དང་རྒྱུའི་སྒྲོ་བཏགས་མེད་ཅིང་བརྒྱལ་བའམ་གཉིད་འཐུག་ལྟ་བུའི་དྭངས་ཆ་འགགས་པ་ཡང་མ་ཡིན་པའི་ཆོས་ཉིད་རང་བཞིན་གྱི་དྲན་པའམ་མ་ཡེངས་མའི་སྒོམ་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བ་ནི་དྲན་པའི་མདོ་འགག་དམ་པ་སྟེ། དེ་ལྟར་གོམས་པ་ཀློང་དུ་གྱུར་པའི་ཚེ། སྒོ་ལྔའི་རྣམ་ཤེས་ཡེ་ཤེས་སུ་གནས་འགྱུར་ནས་དྲན་པའི་རྩ་བ་དང་ཆོས་ཉིད་ཟད་པའི་དགོངས་པ་མངོན་དུ་གྱུར་པའོ། །ཞེས་པའང་རིག་འཛིན་འཇིགས་མེད་གླིང་པས་མྱོང་ཐོག་ནས་སྐད་ཅིག་ལ་སྨྲས་པའོ། །
༈ ནགས་ཤོད་སྒོམ་ཆེན་ཆུ་སྐྱེས་དེའི། །འཕྲིན་ཡིག་རྟེན་བཅས་འཕྲོད་པས་སྤྲོ། །མཐའ་ལ་མི་གནས་དབུ་མའི་དོན། །མཐོང་ལམ་ཕྱག་རྒྱ་ཆེན་པོ་རུ། །རྒྱལ་བས་གསུངས་ན་དེ་དག་དོན། །མ་བཅོས་མཉམ་པར་གཞག་དེ་ལ། །མན་ངག་རྫོགས་པ་ཆེན་པོར་གྲགས། །དེ་དག་རྣམས་ཀྱི་གྲུབ་པའི་མཐའ། །རྟོག་གེས་གཞལ་དང་མྱོང་བས་འཇལ། །ལ་སོགས་ཆོས་ཀྱི་ཁ་འཛིན་ཅན། །ཐམས་ཅད་བློ་ཡི་རྗེས་འགྲོ་ན། །བློ་ནི་ཀུན་རྫོབ་རྣམ་གྲངས་པའི། །དོན་དམ་དབྱེ་བས་ཅི་ཞིག་བྱ། །དམིགས་གཏད་སྙམ་བྱེད་མེད་པའི་ངང་། །ཡེང་དང་ལུང་མ་བསྟན་མེད་ན། །ཕྱག་རྫོགས་དབུ་གསུམ་རོ་མཉམ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་ཞེས། །ཚོགས་པ་གཅིག་ལ་མིང་གསུམ་དུ། །བཏགས་པས་རྟག་ཆད་མཐའ་སྤོང་བ། །དང་པོ་གཉིས་ཀྱི་བརྗོད་དོན་དང་། །ཕྱི་མ་སེམས་ཅན་དུས་ན་རྩལ། །སངས་རྒྱས་དུས་ན་ཐུགས་རྗེ་ཡིན། །དེ་ཉིད་དྲན་པས་སྐྱོང་བའི་ཚེ། །དང་པོ་བློ་དྲན་མཐུ་ཆེ་བས། །གྲིམས་ཆ་གློད་ལ་རང་བབས་ཀྱི། །ཡེ་སྒོམ་ལས་ལྷག་ཡང་སྒོམ་སྤང་། །མཐར་གྱིས་བློ་འདས་དྲན་པར་འགྱུར། །སེམས་ཅན་གསར་སྐྱེ་ཡོད་མེད་ནི། །ཀུན་གཞི་ལས་ནི་ཡིད་ཤེས་དང་། །ཡིད་ལས་ཚོགས་དྲུག་སྐྱེ་བའི་ཕྱིར། །ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པས་གསར་སྐྱེ་འདུ་ན་ཡང་། །ཀུན་གཞི་གཅིག་ལ་འཁྲུལ་གྲོལ་གྱི། །ཆ་གཉིས་སྲིད་པས་གསར་སྐྱེ་མིན། །དོན་འདི་མཁྱེན་པ་ཀུན་མཁྱེན་ལས། །མེད་ཕྱིར་ཐེག་མཆོག་མཛོད་ལ་གསལ། །ཐ་མལ་སྣང་ཆ་ཐོད་རྒལ་དང་། །མི་མཚུངས་གཞན་དབང་འདྲ་མཉམ་ལ། །དག་དང་མ་དག་ཁྱད་པར་ཆེ། །ཆོས་ཉིད་བར་དོ་འཆར་མི་འཆར། །གཉིས་སུ་ཡོད་ན་སྤྱི་ཚན་ལ། །སྐུ་གསུམ་འཆར་གཞི་ཡོད་པ་རྫུན། །དེས་ན་འཆི་སྲིད་ཆོས་སྐུ་དང་། །བར་དོ་ལོངས་སྤྱོད་རྫོགས་སྐུ་རུ། །ལྡང་ཚུལ་རང་ཤར་བཅོས་མའི་ཁྱད། །སྤྱང་ཀི་ཤི་བའི་གསོབ་དང་ནི། །བྱིའུ་གསོན་མ་ལ་བརྟེན་ནས། །སློང་བ་རྟེན་དང་རྟེན་བཤད་གཉིས། །འགལ་ཀྱང་སློང་ལ་མཐུན་པར་འདྲ། །རིག་པ་སྐུ་གསུམ་རང་ཆས་ཀྱི། །བདག་ཉིད་ཡིན་ཕྱིར་ཀ་དག་ལ། །བརྟེན་ནས་ཆོས་སྐུའི་སར་ཕྱིན་ཀྱང་། །སྣང་ཆ་ལོངས་སྐུར་འཆར་བ་དེ། །ལམ་སྣང་ཉིད་དུ་དག་བྱའི་ཕྱིར། །ཐོད་རྒལ་བསྒོམས་པས་ཚེ་འདི་ལ། །དང་པོས་སེམས་ཉིད་རྡུལ་ཕྲན་དང་། །ཕྱི་མས་རགས་ལུས་རྡུལ་ཕྲན་དུ། །དེངས་པ་རྫོགས་ཆེན་ཁྱད་ཆོས་ཡིན། །འོན་ཀྱང་ཀ་དག་མ་རྟོགས་པའི། །ཐོད་རྒལ་དངོས་པོར་འཛིན་པ་དེས། །ལོངས་སྐུའི་གྲུབ་མཐའ་མི་སྙོགས་པས། །འཁྲུལ་སྣང་ངེས་དོན་འཛིན་པ་སྤོངས། །དེ་ཕྱིར་སྐུ་དང་ཐིག་ལེ་སོགས། །ཉམས་ཀྱི་འཆར་ཚུལ་གང་དང་གང་། །གོམས་འདྲིས་མེད་པའི་ཕལ་པ་ལའང་། །འབྱུང་བ་ཡོད་དེ་རྩ་ཁམས་ཀྱི། །རྟེན་འབྲེལ་ཙམ་དུ་ཤེས་བྱས་ནས། །ངོ་བོ་ཀ་དག་ཆོས་ཟད་ཀྱི། །བདེན་པ་དབྱེར་མེད་ཤེས་པར་མཛོད། །སྲུང་དམ་རྟེན་བཅས་འཆི་མེད་ལྗོངས། །པདྨ་འོད་ཀྱི་གླིང་ནས་ཕུལ། །
༈ པདྨའི་ཚལ་དུ་ངང་པ་དེངས་པ་བཞིན། །པུཎྡ་རི་ཀ་རང་ཚལ་དེངས་པའི་གཏམ། །སྨོན་པའི་བདོག་པ་གསེར་གྱི་སྐྱེས་དང་བཅས། །འཕྲོད་པས་ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱས། །ནགས་ཀྱི་རིན་ཆེན་ནགས་སུ་གནས་པ་བཞིན། །འདུ་འཛིའི་གནས་དང་ཆེན་པོའི་ངོ་སྲུངས་ལ། །བརྩོན་པ་ལྷོད་དེ་ཡང་དག་བལྟ་བའི་ཞལ། །དུས་གསུམ་དུས་མེད་ངང་དུ་བརྩོན་པར་མཛོད། །འཁོར་འདས་བདེ་གཤེགས་སྙིང་པོར་རོ་གཅིག་ན། །ང་ཉིད་དྲན་པའི་མོས་གུས་བླ་མའི་ཞལ། །དུས་གསུམ་འདུ་འབྲལ་མེད་པའི་ངང་དུ་ཞོག །དམ་མདུད་ལྷ་རྫས་བཟང་པོའི་རྟེན་བཅས་ཕུལ། །
༈ བདེ་གཤེགས་རྣམས་ལ་ཕྱག་འཚལ་ལོ། །མི་ལུས་རིན་ཆེན་རྙེད་པ་འདི། །ནོར་བུ་རྙེད་པའི་དོ་མ་ཡིན། །སྐྱོ་ཤས་མེད་པའི་མི་རྣམས་ཀྱིས། །སྟོང་ཟད་བྱས་པ་མཐོང་ལགས་སམ། །བླ་མ་དམ་པ་མཇལ་བ་འདི། །རྒྱལ་སྲིད་ཐོབ་པའི་དོ་མ་ཡིན། །མོས་གུས་མེད་པའི་མི་རྣམས་ཀྱིས། །མཉམ་གྲོགས་བྱས་པ་མཐོང་ལགས་སམ། །སེམས་བསྐྱེད་སྡོམ་པ་ཞུས་པ་འདི། །སྡེ་དཔོན་ཐོབ་པའི་དོ་མ་ཡིན། །སྙིང་རྗེ་མེད་པའི་མི་རྣམས་ཀྱིས། །འུར་རྡོར་འཕངས་པ་མཐོང་ལགས་སམ། །རྒྱུད་སྡེའི་དབང་བསྐུར་ཐོབ་པ་འདི། །འཁོར་ལོས་སྒྱུར་བའི་དོ་མ་ཡིན། །དམ་ཚིག་མེད་པའི་མའི་རྣམས་ཀྱིས། །ཆུ་ལ་བསྐུར་བ་མཐོང་ལགས་སམ། །སེམས་ཉིད་རང་ངོ་མཐོང་བ་འདི། །སངས་རྒྱས་མཐོང་བའི་དོ་མ་ཡིན། །སྙིང་རུས་མེད་པའི་མི་རྣམས་ཀྱིས། །འཁྲུལ་དུ་བཅུག་པ་མཐོང་ལགས་སམ། །དལ་བ་ཁྱོད་ལ་ཚང་ཚར་གྱིས། །འབྱོར་པ་ཉམས་སུ་མ་འཇུག་ཨང་། །བླ་མ་ཙམ་པ་མང་མོད་ཀྱིས། །སྤངས་རྟོགས་ལྡན་པ་དཀོན་ནོ་ཨང་། །བསམ་པ་བཟང་བ་མང་མོད་ཀྱི། །སྨོན་འཇུག་ཤེས་པ་ཉུང་ངོ་ཨང་། །དབང་བསྐུར་ཐོབ་པ་མང་ལགས་ཏེ། །དོན་དབང་ཐོབ་པ་དཀོན་ནོ་ཨང་། །སེམས་ངོ་འཕྲོད་པ་མང་ལགས་ཏེ། །རིག་པ་ཅེར་མཐོང་དཀོན་ནོ་ཨང་། །ཆོས་ལ་དད་པ་མང་ལགས་ཏེ། །བརྩོན་འགྲུས་ཡོད་པ་ཤིན་ཏུ་དཀོན། །བརྩོན་འགྲུས་མེད་པའི་གང་ཟག་ལ། །ཤེས་རབ་དང་ནི་དབང་འབྱོར་སྟོབས། །གང་གིས་སྐྱོབ་པར་མི་ནུས་ཏེ། །གྲུ་གཟིངས་ཡོད་པའི་དེད་དཔོན་ལ། །སྐྱ་བས་རྡུགས་པ་ཇི་བཞིན་ནོ། །ཐུབ་པས་དངོས་སུ་གསུངས་པ་དང་། །རྡོ་རྗེ་འཆང་དུ་བསྟན་གསུངས་པའི། །མདོ་སྔགས་ལམ་གྱི་རིམ་པ་ཀུན། །ཕ་རོལ་ཕྱིན་དྲུག་ཉིད་དུ་འདུ། །ཀུན་གྱི་གྲོགས་གྱུར་བརྩོན་འགྲུས་ཡིན། །ཀུན་གྱི་གེགས་གྱུར་ཆགས་སྡང་དང་། །སེར་སྣ་ནོར་འདོད་ང་རྒྱལ་ལྔ། །སྤངས་ལ་ཡེངས་མེད་དྲན་པ་སྐྱོངས། །ཚེ་འདིར་བཙན་ས་ཟིན་པར་གྱིས། །ཁྱེད་ཡུལ་མཐའ་ཁོབ་སྐྱེ་འགྲོ་ལ། །བསམ་པ་བཟང་པོ་ཁོ་ན་ཡིས། །དགེ་སྡིག་ལས་འབྲས་འདོར་ལེན་ཤོད། །སེམས་བསྐྱེད་ལྡན་ན་སེམས་ཅན་གྱི། །དོན་དུ་མི་འགྱུར་མི་སྲིད་ཅིང་། །ཁྱད་པར་བཻ་རོ་ཙ་ན་དང་། །ང་ཡི་ཐུགས་བསྐྱེད་སྨོན་པའི་མཐུས། །ཡུལ་དེར་ཆོས་ལ་འགོད་པར་ཤོག །ཅེས་པདྨ་འོད་གླིང་པས་སོ། །
༈ དང་པོ་བྱུང་གནས་འགྲོ་གསུམ་དང་། །གནས་འགྱུ་རིག་གསུམ་ལ་སོགས་པའི། །གོ་བ་ཐོས་བསམ་ལས་བྱུང་བའི། །སྒོམ་གྱི་གཟུགས་བརྙན་ཡིན་པས་ན། །ད་ནི་ཧྲིག་གེ་དྲན་པ་ཡི། །ངང་དུ་མ་ཡེངས་མ་སྒོམ་པར། །ཤེས་པ་རང་སར་ཞོག་ཅིག་ཨང་། །རྣམ་པ་ཀུན་ཏུ་སེམས་བསྐྱེད་དང་། །བླ་མར་མོས་གུས་བསོད་ནམས་ཚོགས། །དེ་གཉིས་མེད་ན་བག་ཆགས་དང་། །ལས་དབང་རྣམ་སྨིན་མི་ལྡོག་པས། །དྲན་ཤེས་ཀྱི་ནི་རྗེས་ཐོབ་ཀུན། །དེ་ལ་ཟླ་སྒྲིལ་མཛོད་ཅིག་ཨང་། །སྟོང་པར་བལྟ་དང་གསལ་ཉམས་ལ། །ཞེན་པ་གོང་མའི་ལྷ་ལའང་ཡོད། །བརྗོད་མེད་གོ་བསམ་མ་བསླད་པར། །རང་བབས་གཤིས་ལ་ཞོག་ཅིག་ཨང་། །ཞེས་པདྨ་ཆོས་གྲགས་ལ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་གདམས་པའོ། །
༈ རྒྱལ་བ་པདྨ་འབྱུང་གནས་མཆོད། །སྤྱིར་མི་ལུས་ཐོབ་པའི་དཀའ་ལས་སོམས། །སྒོས་ཆོས་དང་མཇལ་བའི་དཀའ་ལུགས་སོམས། །ཡང་དགོས་སུ་དམག་ཇག་ལ་དཔའ་ཉམས་སུ། །སྒོམ་པའི་རྡོ་རོང་ལྕགས་གསུམ་ནས། །བོད་གངས་ཅན་དུ་སླེབ་པ་སྟེས་དབང་མིན། །སྔོན་གྱི་ལེགས་སྨོན་བཟང་པོས་བྱས། །ལས་འབྲས་གོ་བའི་དཀའ་ལས་ལ། །གཞན་ལ་མགོ་བསྐོར་མ་བྱེད་ཅིག །བཤེས་གཉེན་ཚད་ལྡན་དང་འཕྲད་པ་དཀའ། །ཅི་གསུང་ཚད་མར་བཟུང་ན་ལེགས། །བསགས་ཀྱང་འཆི་དུས་འཁྱེར་དབང་མེད། །ནོར་ལ་བརྐམ་ཆགས་སྤངས་ན་ལེགས། །སྡིག་པའི་གྲོགས་པོས་དགེ་སྦྱོར་སྤུར། །གྲོགས་མཆེད་ཡིན་ཡང་བྱོལ་ན་ལེགས། །དགེ་བའི་གྲོགས་པོ་གསེར་ལས་དཀོན། །གཞན་ཕྱོགས་ཡིན་ཡང་གཉེན་དུ་ཁུག །རང་ཕྱོགས་གཞན་ཕྱོགས་ཨ་མ་འཐས། །ཆོས་མཐུན་མི་དང་འགྲོགས་ན་དགའ། །གྲོང་ཆོག་དང་དཀོར་ལ་ཞེན་ཆེས་ན། །ཚེ་ལ་གློ་བུར་དང་རྐྱེན་ངན་ཡོང་། །སྙིང་རུས་དེ་ཆོས་ཀྱི་ཕྱོགས་སུ་གྱིས། །གཞན་དཀའ་ལས་ཁུར་ཀྱང་སྡུག་ཉོས་ཡིན། །ཆོས་བརྫུ་དང་བཟང་བརྫུར་ཞེན་ཆེས་ན། །རང་ཁྲོམ་པར་འགྲོ་བའི་ཉེས་དམིགས་སོམས། །སེམས་བསྐྱེད་བཟང་པོ་འདི་ཆོས་པའི་རྒྱན། །འདི་ཡོད་ན་བསོད་ནམས་ཞོར་ལ་གསོག །སེམས་ཅན་ཕ་མར་ཤེས་ཙ་ན། །གཞན་ཕན་ཞར་དང་ཞོར་ལ་འགྲུབ། །ཟང་ཟིང་ལ་རྩོལ་བསྒྲུབ་མང་ཙ་ན། །ལག་ཐོག་ཏུ་འབྱོར་པ་དཀའ་མོ་གདའ། །ཆོག་ཤེས་རྒྱུད་ལ་སྐྱེས་ཙ་ན། །ཟས་ནོར་མ་བསྒྲུབས་ཀྱང་ཤུགས་ལ་འབྱུང་། །དེ་ལྟར་བྱས་ཀྱང་མ་བྱུང་ན། །ཡི་དྭགས་སུ་སྐྱེ་བའི་ལས་འབྲས་ཟད། །རྒྱུ་འབྲས་ལ་རྩིས་གྲུབ་གཏོང་ཤེས་ན། །དགོང་ལྟོ་བཅག་པའི་ཡུས་མི་དགོས། །རང་སེམས་ལ་བལྟ་རྟོག་གཏོང་ཤེས་ན། །ཡོན་ཏན་མེད་ཀྱང་འཆི་ཁར་བྲོད། །བླ་མའི་མོས་གུས་དང་མ་བྲལ་ན། །ང་དང་འདུ་འབྲལ་ག་ལ་ཡོད། །དབང་བཞི་གནས་གསུམ་ནས་ལེན་ཤེས་ན། །བུམ་ཆུ་འཐུང་བ་ལ་དགའ་མི་དགོས། །གཉིད་དུས་བླ་མ་སྙིང་གར་བསྒོམས། །དེ་གའི་ངང་ལ་མ་ཡེངས་ན། །ཆོས་དྲུག་གི་དམིགས་པ་མང་མི་དགོས། །རྣམ་རྟོག་ཤར་ཚད་ངོས་ཟིན་ན། །རྟོགས་པ་མཐོ་མཐོ་ལ་སྙེག་མི་དགོས། །ཤར་མཁན་རང་ཚོ་ཟིན་པས་ཆོག །རང་སེམས་ལ་བཅོས་བསླད་མ་བྱས་ན། །དབུ་མའི་ལྟ་བ་ལ་སྨོན་མི་དགོས། །སྤྲོས་བྲལ་གྱི་རྒྱུས་ཡོད་ང་ལ་ཡོད། །མོས་གུས་ཀྱི་ས་ལམ་བགྲོད་པ་འདི། །གསང་སྔགས་ཀྱི་ཐབས་ལམ་ཆིག་ཆོད་ཡིན། །བར་དོ་དང་པོ་ཤར་ཙ་ན། །བདེ་གཤེགས་སྙིིང་པོ་དང་མཇལ་བར་མཛོད། །བློ་ཚོད་དང་མཐུན་པའི་སྙིང་གཏམ་འདིས། །ཀུན་ལ་ཕན་པར་གྱུར་ཅིག་གུ། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ། །ཞེས་པ་འདི་རྡོ་བ་༼ནོ་བ་༽ཀུན་བཟང་ཡེ་ཤེས་ལ་གདམས་སྐད། །
༈ ཆོས་སྐུ་རྡོ་རྗེ་འཆང་ཆེན་དེ། །འོག་མིན་གནས་སུ་ལོངས་སྤྱོད་རྫོགས། །སྤྲུལ་སྐུས་འགྲོ་དོན་མཛད་པ་ལ། །པདྨ་རྒྱལ་པོ་ཞེས་སུ་གྲགས། །དེ་ཡི་ཐུགས་རྗེ་བྱིན་རླབས་ལས། །བདག་ལ་སྤངས་རྟོགས་ཡོན་ཏན་གྱི། །རྟེན་འབྲེལ་བསྒྲིག་པར་དབང་བསྐུར་བ། །དྲི་མེད་འོད་ཟེར་སྤྱི་བོས་མཆོད། །ཁམས་འདུས་དད་པས་གསོ་ནུས་ཤིང་། །རྐྱེན་ངན་གཉེན་པོས་ཐུབ་པ་དང་། །ཅི་གསུང་ཚད་མར་སྒྲུབ་པ་ལ། །ལས་ཅན་གྱི་སློབ་མ་མི་ཟེར་རམ། །སྐྱེ་བ་དུ་མའི་ཕ་རོལ་ནས། །ལས་ཀྱི་འབྲེལ་བས་མཚམས་སྦྱར་བའི། །འཇིགས་མེད་ཕྲིན་ལས་འོད་ཟེར་ཁྱོད། །ཕན་ཚུན་མཐོང་ཐོས་འབྱུང་དཀའ་བའི། །ས་ཐག་རིང་པོ་དེ་ནས་སྙེག །ཟབ་ལ་རྒྱ་ཆེའི་ཆོས་ཀྱི་མཛོད། །ཐོབ་པར་དཀའ་བའི་སྐྱེས་ཁུར་ནས། །རང་གི་ཡུལ་ལ་ཕྱོགས་པ་འདི། །རྒྱ་མཚོར་དོན་གྲུབ་དེད་དཔོན་འདྲ། །ལས་དང་འབྲེལ་པ་མེད་སྲིད་ན། །ཡུལ་ཕྲན་གཅིག་ཏུ་གནས་བཅས་ཀྱང་། །ང་ཉིད་གཞན་ཕན་ལྷུར་བྱེད་པའི། །བྱང་ཆུབ་སེམས་དཔར་ག་ལ་མཐོང་། །སྐལ་བ་ངན་པའི་སློབ་མ་ཕལ། །རང་དོན་ཚགས་སུ་ཚུད་པའི་མཐར། །ཕྲིན་ལས་བསྒྲུབ་ལ་བསྙེལ་བའི་བློས། འབྲོས་པ་དག་དང་ཁྱོད་མི་འདྲ། །ཟན་གཡང་ཆོས་འཁོར་བཞེངས་པའི་ཚེ། །ཕ་བུའི་དམ་ཚིག་འབྲེལ་བའི་ཚུལ། །གནད་བྱང་ཐུགས་ཀྱི་སྒྲོམ་བུ་དང་། །མཐུན་པའི་དག་སྣང་ཁྱོད་ལའང་ཤར། །ཁྱོད་ཉིད་ཆུང་ངུར་གྱུར་དུས་ནས། །ང་ཉིད་དབེན་པར་བརྟེན་པ་ཡི། །མངོན་རྟོགས་ཇི་བཞིན་མཇལ་གྱུར་ནས། །གཏེར་གྱི་ལུང་བསྟན་ཐོབ་པ་དེ། །ད་ལྟ་བཀའ་གཏེར་ཆོས་ཀྱི་མཛོད། །ཁྱོད་ལ་བསྐུར་ནས་མཐར་འཁོབ་ཏུ། །བསྟན་པ་སྤེལ་བའི་ལུང་བསྟན་ཡིན། །གནས་ལུགས་འཁྲུལ་པར་མ་སོང་ཕྱིན། །ཚེ་མཚམས་ཀྱི་ཁྲིགས་བཅད་མ་དགོས་ཀྱང་། །དོན་མཐུན་སྤྱོད་པས་སྒྲུབ་བརྒྱུད་ཀྱི། །བསྟན་པའི་མིག་ལྟོས་ལ་ཕན་ཕྱིར། །མང་པོའི་འདུ་ཚོགས་ལས་བྱོལ་ཏེ། །གཙོ་བོར་དབེན་གནས་བརྟེན་པ་དང་། །གཞན་རྒྱུད་དགེ་ལ་སྦྱོར་ནུས་ཤིང་། །ཆོས་ཀྱི་གཞན་ཕན་འགྲུབ་པའི་ཚེ། །ཞི་བདེ་མཆོག་འཛིན་ཀྱང་མ་ཡིན་པར། །རང་གཞན་དོན་གཉིས་མཉམ་སྒྲུབ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །རྟག་ཏུ་བླ་མའི་སྒྲུབ་པ་དང་། རྒྱ་འདྲེའི་གཉེན་པོར་དཔལ་ཕུར་གཉིས། །ཚེ་འཕྲང་ཞེ་དགུ་ང་གསུམ་ལ། །ཚེ་སྒྲུབ་སྲོག་སྦྱིན་སྒྲོལ་དཀར་འབུངས། །བསྟན་པ་སྒང་གི་ཕྱོགས་སུ་དར། །གཞན་ཕན་རོང་ཡུལ་དག་ཏུ་ཆེ། །ཟང་ཟིང་འདུས་ན་སྦྱིན་བསྲེག་དང་། །ཆུ་གཏོར་འབུམ་ཐེར་ཚོགས་བརྒྱར་འབད། །སློབ་མ་འདུས་ན་སྒྲུབ་སྡེར་བསྐྱིལ། །ཆེན་པོའི་ངོ་ལེན་དོན་ཆུང་ཡང་། །དགེ་བར་འགྱུར་དང་བསྟན་པ་ལ། །ཕན་པར་གྱུར་ན་སུན་མ་དབྱུང་། །མདོར་ན་དམ་པས་ཟིན་པ་ནི། །རྒྱལ་སྲིད་ཐོབ་པའི་དོ་མ་ཡིན། །བསམ་རྒྱུ་ཆོས་ལས་མེད་པ་འདི། །མི་ལུས་ཕལ་གྱིས་དོ་མ་ཡིན། །སེམས་བསྐྱེད་ཁོ་ན་གཙོར་འདོན་པ། །ཆོས་ལུགས་ཕལ་གྱིས་དོ་མ་ཡིན། །རང་བཞིན་ངང་སྒོམ་ལ་གནས་པ། །ལྟ་བ་ཕལ་གྱི་དོ་མ་ཡིན། །ང་དང་ཁྱོད་ལ་འདུ་འབྲལ་མེད། །ཐུགས་ཡིད་འདྲེས་པའི་བདེན་པ་དང་། །དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །རྩ་བ་གསུམ་གྱི་ནུས་མཐུ་དང་། །ཆོས་སྐྱོང་སྲུང་མའི་ཕྲིན་ལས་ཀྱིས། །ཆོས་བཞིན་སྒྲུབ་ལ་འགལ་རྐྱེན་དང་། །བར་གཅོད་མིང་ཡང་མེད་པར་ཤོག །རང་གི་དོན་དུ་ས་ལམ་གྱི། །སྤངས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ། །ཆོས་ཀྱི་བརྒྱུད་པ་ཟིན་ནས་ཀྱང་། །གཞན་དོན་བསྟན་པའི་ཞབས་ཏོག་དང་། །ནམ་མཁས་གར་ཁྱབ་སེམས་ཅན་ལ། །ཕན་པ་རྒྱ་ཆེན་འགྲུབ་པར་ཤོག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ། །
༈ སྤྲུལ་པའི་རྗེ་འབངས་ལོ་པཎ་ལ། །དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །ཆོས་འཁོར་དཔལ་གྱི་བསམ་ཡས་ཀྱི། །བར་ཁང་གཡུ་གཅལ་བཀྲམ་པ་རུ། །བླ་མ་གསང་བ་འདུས་པ་ཡི། །དཀྱིལ་འཁོར་དམ་པ་ཞལ་ཕྱེ་ནས། །འདུས་པ་བརྒྱ་ཕྲག་གཉིས་ལྡང་བར། །དབང་བསྐུར་དམ་པ་བྱས་པའི་ཚེ། །སྣང་བ་བདེ་སྟོང་རྟོག་བྲལ་གྱི། །ངང་ལ་གཡོས་པ་མེད་ཙ་ན། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། །བསྐྱར་ཤོག་དཀར་པོ་ཕུལ་བ་ལ། །རི་མོའི་བརྗོད་པ་འདི་ལྟར་ཤར། །མདོ་ཁམས་སྨད་ནས་བྱོན་པའི་ཤུལ། །སྐྱེ་མེད་ཡི་གེའི་སྒྲ་ལྡན་གྱི། །ཡུལ་ནས་དཀར་དམར་ཐབས་ཤེས་སུ། །འབྲེལ་བའི་ས་ཞག་ངོ་མཚར་ཅན། །ཆེད་དུ་བཟུང་བའི་སྨན་འདམ་དང་། །ར་ས་འཕྲུལ་སྣང་ལས་འོངས་པའི། །སློབ་དཔོན་ཆེན་པོའི་སྐུ་པར་གཉིས། །ཁོ་བོའི་ལག་ཏུ་ཚོགས་པ་ལས། །གཅིག་ལས་དུ་མར་འཕེལ་བའི་སྐུ། །གྲངས་མེད་ཏ་ལ་ལ་བྱོན་པས། །བསྟན་པ་མདོ་ཁམས་སའི་ལྟེ་བར། །དར་བའི་རྟེན་འབྲེལ་རང་བཞིན་ཚོགས། །ས་འདི་རང་བཞིན་འཇམ་ཞིང་དེས། །སེམས་བསྐྱེད་དམ་པའི་ཕྲིན་ལས་ནི། །དེ་དང་མཐུན་པས་འཇུག་པའི་རྟགས། །ཁ་དོག་དཀར་དམར་གཉིས་སུ་སྲིད། །ཐབས་ཤེས་ཟུང་འབྲེལ་དོན་དམ་སེམས། །བྱང་ཆུབ་སེམས་གཉིས་གང་ཞིག་ལ། །མ་ལུས་ཆོས་གཞན་ཡོད་མིན་པས། །འགྲོ་དོན་བསྟན་པའི་ཕྲིན་ལས་ཀུན། །དེ་ཉིད་སྒོ་ནས་འབྱུང་བ་ཡིན། །ས་བོན་ཧོར་གྱི་ཡུལ་དུ་བྱུང་། །མྱུ་གུ་དབུས་གཙང་ལྗོངས་སུ་སྐྱེས། །གཞན་ཕན་ཁམས་དང་མོན་ལ་སྤྱོད། །མ་འོངས་འདས་དང་ད་ལྟར་ཀུན། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །
༈ ནད་དོ་ཅོག་གི་རྩ་བ་མ་རིག་པ། །དྲུངས་ནས་འབྱིན་པ་རིག་པའི་ཡེ་ཤེས་ཏེ། །གསོ་དཔྱད་ཕལ་པའི་བརྟུལ་ཞུགས་ལས་བརྒལ་བ། །སྨན་པ་མཆོག་གི་བདག་ཉིད་ཁྱོད་ལ་འདུད། །དེ་ལ་ལུས་འདི་ཡོད་ཕྱིན་ཆད། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅན་ཡིན་པས། རླུང་དང་། མཁྲིས་པ་དང་། བད་ཀན་ཏེ་འདུ་བ་གསུམ་ཆ་མཉམ་པའི་ཚེ་ནད་ཀྱི་རང་བཞིན་བག་ལ་ཉལ་ཏེ་ནད་ཀྱི་རྣམ་པར་མ་གྱུར་པ་ལྟར་ཡོད་ཀྱང་། དེ་གསུམ་ཆ་མ་སྙོམས་པ་ལས་ལྡན་པ་དང་། འདུས་པ་ལ་སོགས་པའི་ནད་ཀྱི་རྣམ་པར་གྱུར་པ་སྟེ། དེ་ཡང་གཟུགས་འདི་ཡོད་པར་བརྟེན་ནས་ན་ཚའི་སྡུག་བསྔལ་ཚོར་བས། དེ་ཡང་འདི་ལྟར་ནའོ་སྙམ་བྱེད་ནི་ཚོར་བའི་ཕུང་པོ། དེ་ང་ནད་འདི་འདྲ་བ་ཞིག་གིས་ན་བཞིན་པ་ཡིན་ནོ་སྙམ་ནས་ཟུག་གཟེར་ལ་རྒྱུན་ཆགས་སུ་རྟོག་པ་ཞུགས་པ་ནི་འདུ་ཤེས་ཀྱི་ཕུང་པོ། སྔོན་གྱི་ལས་རྣམ་པ་སྣ་ཚོགས་དང་། ཟས་གོས་སྨན་དཔྱད་ལོག་པ་ལས་སླར་ནད་དེ་འཕེལ་བའི་རྒྱུར་འགྲོ་བ་ནི་འདུ་བྱེད་ཀྱི་ཕུང་པོ། དེ་ཐམས་ཅད་ལ་ཁྱབ་བྱེད་ཆེན་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ད་ཁྱོད་སྒོམ་ཆེན་པ་སེམས་ངོ་འཕྲོད་པ་ཡིན་པས་སེམས་ལ་བྱུང་གནས་འགྲོ་གསུམ་བརྟགས་པས་མ་རྙེད་ཅིང་གང་དུའང་མ་གྲུབ་པ་དེའི་ཕྱིར་ན། ནད་ལའང་བྱུང་གནས་འགྲོ་གསུམ་བརྟགས་ཏེ། གང་དུ་ཡང་མ་གྲུབ་པའི་ངང་དུ་རིག་པ་རྗེན་པར་བསྐྱངས་པས་ངའོ་སྙམ་པའི་ལུས་དང་། ང་ཡིར་འཛིན་པའི་སེམས་གཉིས་ཀ་མེད་ན་གཟུགས་ཀྱི་ཕུང་པོར་རྟོག་པ་འགག་འགྲོ་བས་ནད་དེ་ཡང་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན། དེ་བཞིན་དུ་ང་འདི་འདྲ་བ་ཞིག་གིས་ན་བ་ཡིན་ནོ་སྙམ་ནས་ཕར་མ་བརྟགས་པར། ན་མཁན་གྱིས་སེམས་ལ་ཚུར་དཔྱད་པས་ན་ཚ་ཟུག་གཟེར་དུ་མངོན་བྱེད་ཀྱི་ཚོར་བའི་ཕུང་པོ་འགགས་ཏེ་སེམས་སྟོང་ཉིད་དུ་འགྲོ་བ་ལ་ན་རྒྱུ་ཅི་ཡོད། དེ་ལྟར་འགགས་པས་ཟུག་གཟེར་རྒྱུན་ཆགས་ཀྱི་ཁུར་སེམས་ལུས་གཉིས་ཀྱི་ཐོག་ཏུ་ལེན་པའི་འདུ་ཤེས་ཀྱི་ཕུང་པོ་རྒྱུན་ཆད་འགྲོ་བ་ཡིན། ཀུན་འབྱུང་བ་དང་། དེ་ལས་བསྐྱེད་པའི་རྣམ་རྟོག་སྣ་ཚོགས་ཀྱི་རྩ་བ་ཆོད་པས་འདུ་བྱེད་ཀྱི་ཕུང་པོ་དེ་ཡང་རང་འགགས་ནས་སླར་ན་བའི་རྒྱུ་མེད། དེ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་རྣམ་པར་ཤེས་པ་ནི་རྣམ་རྟོག་ཁོ་ནའི་རྗེས་སུ་འགྲོ་ཞིང་མ་རིག་པའི་གཞན་དབང་ཅན་ཡིན་པས་ཤེས་པ་རྟོག་མེད་རིག་པ་རང་གསལ་ཆེན་པོ་ལ་འཁོར་བ་དང་མྱང་འདས། བདེ་བ་དང་སྡུག་བསྔལ་གང་ཡང་ཡོད་པ་མིན་ན་ན་བ་ཞེས་བྱ་བ་ཤེས་བྱ་ལ་སྲིད་པ་མིན། དེ་སྐད་དུ་རྒྱུད་བླ་མ་ལས། འཕགས་པས་རྒ་དང་ན་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་སོ། །དེའི་དོན་འཕགས་པ་རྣམས་ལའང་ལུས་རྟེན་བཟུང་ཕྱིན་ཆད་གཞན་སྣང་ཙམ་དུའང་སྐྱེ་རྒ་ན་འཆི་མི་འབྱུང་ཞེས་གསུང་པ་མ་ཡིན་ཏེ། བདེན་པ་གཟིགས་པའི་རང་ངོའི་མཉམ་གཞག་གི་ངོ་ན་ཕུང་པོ་ལྔ་དང་བྲལ་ཞིང་། རྗེས་ཐོབ་ལའང་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་དྲི་མས་མ་གོས་ཤིང་འཁོར་བའི་ཆོས་རྣམས་དང་ལྷན་ཅིག་མི་གནས་པས་དེ་ལྟར་གསུངས་པ་ཡིན། དེ་ལྟར་ནའང་སོ་སོ་སྐྱེ་བོ་ལ་དེ་འདྲའི་རེ་བ་ཅི་ཡོད། འོན་ཀྱང་སེམས་ངོ་འཕྲོད་ཅིང་སྟོང་པ་ཉིད་ཀྱི་ཕྱོགས་འཛིན་པ་ཙམ་གྱིས་ཀྱང་དངོས་འཛིན་འཇིག་པ་ལ་ཁྱད་པར་ཤིན་ཏུ་ཆེ་བས་སེམས་ཀྱི་ཐོག་ཏུ་ན་ཚའི་ཁུར་མི་འགེལ་བར་ནད་ཐོག་ཏུ་རིག་པ་རྗེན་པར་སྐྱོངས། ད་ལྟ་ཤི་ནའང་ཤི་བ་ནི་ཀུན་གྱི་ལམ་པོ་ཆེ་ཡིན། རང་དམ་པའི་ཆོས་ལ་བློ་ཁ་ཕྱོགས། ཕ་ཡུལ་སྤངས། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་དམ་ཆོས་ཐོས། རོ་སྙོམས་ཀྱི་གནད་གསང་ཤེས་པས་འགྱོད་པ་མེད། གལ་ཏེ་འཇིག་རྟེན་ཕ་རོལ་ཏུ་སོང་ཡང་རྨོངས་པ་གང་དག་ཚེ་འདིའི་དོན་ཙམ་ལ་མཚོན་ཆ་སྣ་ཚོགས་ཀྱི་ཆད་པ་ལའང་འཇིགས་པ་མེད་པར་མེ་ཆུ་གཅན་གཟན་གྱི་དབང་དུ་འགྲོ་བ་ཡོད་ན་ང་རེ་དགའ་བ་ཡིན་སྙམ་དུ་རིག་པ་གཟེངས་བསྟོད། ལས་མྱོང་བས་འདག་པ་ཆོས་ཉིད་ཡིན་པས་སྐྱེ་བ་སྔ་མ་ཚོར་ངན་སོང་དུ་སྐྱེ་འགྱུར་གྱི་ལས་ཚབས་པོ་ཆེ་བསགས་པ་ཡང་ད་རེས་ལུས་རྟེན་ཁྱད་པར་ཅན་འདིའི་ཐོག་ཏུ་སྨིན་པས་ལན་གྲངས་གཞན་ལ་མྱོང་འགྱུར་རྩ་བ་ཆད་དེ། ཕྱི་མ་བདེ་འགྲོ་ཁྱད་པར་ཅན་གྱི་ལུས་ལ་བྱང་ཆུབ་བསྒྲུབ་པའི་རྟེན་འབྲེལ་འཛོམ་པས་ངན་པ་འདི་བླ་མའི་ཐུགས་རྗེ་ཡིན། ཆོས་ཀྱི་བྱིན་རླབས་ཡིན། སྒྲུབ་པའི་ལྷོངས་ཡིན། ཤཱཀྱ་ཐུབ་པ་ཐོ་རེངས་འཚང་རྒྱ་ཁར་བདུད་ཀྱི་དམག་དཔུང་བྱུང་བ་དང་འདྲ་བས་ང་རེ་དགའ་སྙམ་དུ་རོ་སྙོམས་ལ་འབུངས་ཤིག །ཅེས་པའང་མདོོ་ཁམས་པ་འཇིགས་མེད་ཐར་པ་ནད་དྲག་པོས་མནར་བའི་ཚེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ དཔལ་ཚེ་རིང་ལྗོངས་ཀྱི་བཅའ་ཡིག་བསྟན་པའི་བདག་པོ་དོན་ཀུན་གྲུབ་པ་ལ་ཕྱག་འཚལ་ལོ། །དཔལ་ཚེ་རིང་ལྗོངས་ཀྱི་སྒྲུབ་སྡེར་ཞུགས་པ་རྣམས་ནས་དགོངས་པར་མཛད་པའི་བཅའ་ཡིག་འདུས་པའི་སྡེ་དང་ངང་པ་ཁྱུས་འཚོ་ཞེས་སྒྲིག་རྣམ་གཞག་ཁོ་ནར་བསྟེན་དགོས་པས། དང་པོར་བསྟན་པའི་སྒོར་ཞུགས་པའི་བསམ་པ་ངེས་འབྱུང་གིས་ཀུན་ནས་བསླངས་པའི་བློ་མཁྲིས་ནད་ཅན་གྱི་མདུན་སར་བཙོ་ཟན་བྲིམས་པ་ལྟ་བུ་ཞིག་བྱུང་ན་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཆ་ལས་ལྡོག་པས་ལྟར་སྣང་གི་གཟུགས་བཙུན་ལས་ཆེས་ལྷག་པ་ཡིན། དེ་མ་བྱུང་ན་ཚེ་འདི་པའམ། ཁྱིམ་གྱི་ཉེས་དམིགས་བརྒྱ་ཕྲག་གི་དབུས་སུ་ལྷུང་བ་ལ་ཚེགས་མེད་པས་རྟག་པར་གང་ལའང་དགོས་མེད་ཞེན་ལོག་གི་བློ་དང་ལྡན་པའི་ངོས། རྒྱུད་དུལ་ཞིང་ཁོང་འཇམ་པ་ཤིང་བལ་རྡོག་པས་བརྫིས་པ་ལྟར་འཇམ་ནུ་རུ་རུ་གྱུར་པ་ཞིག་ཅི་ནས་ཀྱང་དགོས། དེ་མ་བྱུང་ན་ནང་དུ་རང་གི་ལྷག་པའི་བསམ་སྦྱོར་ཆུད་འཛའ། ཕྱི་རོལ་དུ་གཞན་ཡིད་དང་བ་མི་འདྲེན། ཁྱིམ་པ་སུན་འབྱིན་གྱིས་ཉེས་པ་བསྐྱེད་པ་ཡིན། རང་གི་ཁོང་མ་ཞིག་པའི་བསམ་པ་ཚེར་མའི་ནགས་ཚལ་ལྟ་བུ་ཕྲག་དོག་དང་ཀོ་ལོང་གིས་རྒྱུད་མ་རུངས་པར་བྱས་པས་མཆེད་གྲོགས་ཕན་ཚུན་དུ་སེལ་འཇུག །ཕོག་ཐུག་གི་གཏམ་དང་སྐྱོན་འདོགས་པ་ལ་དགའ་ཞིང་། ཆུ་སྐྱར་ཉེའུ་སྒུག་པ་བཞིན་གཞན་གྱི་སྐྱོན་རྟོག་ཇི་ལྟ་བུ་ཞིག་རྙེད་ན་བསམ་པ་འདི་དུས་སྙིགས་མའི་དགོན་ཁྲོད་ཆེ་ཆུང་གང་ནའང་འདུག་པས་ཉེས་པ་ཐམས་ཅད་བསྐྱེད་པའི་རྩ་བ་ཡིན་པས་རང་གཞན་སུ་འདྲའི་ཐད་དུའང་དག་སྣང་འབའ་ཞིག་སྦྱང་བ་ལ་བསླབ་དགོས། དེ་ནས་བསྟན་པར་ཞུགས་པའི་དགོས་པའམ། དོན་པོ་ནི། དམ་པའི་ཆོས་འདུལ་བ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པས་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་བསླབ་པ་ལ་གུས་ཤིང་། སྡོམ་པ་དམ་ཚིག་གཙང་བ་དང་། ཐུགས་དམ་འཕེལ་བ། བྱ་བ་བཏང་བ་དག་ལ་རག་ལས་པས། རྩ་བ་བཞི་དང་འགལ་བའི་ལས་བྱེད་ན་བསྟན་པའི་ཆོམ་པོར་འགྱུར་བས་ཕྱིར་དེངས་ཤིག །དེ་ཕྱིན་ལྷག་མ་རྣམས་ལ་འདུལ་བའི་གནང་བཀག་བརྩི་བ་ལྟ་བུ་བྱ་བྲལ་གྱི་སྡེ་ལ་སྤར་དུ་མ་ཁེབས་ཀྱང་ཉེས་པ་མེད་ཀྱིས། བསྟན་པའི་མིག་ལྟོས་ལ་གནོད་པའི་ཆས་དང་སྤྱོད་ལམ་ཡ་མ་ཟུང་། ཆང་བག་མེད་མི་འཐུང་བས་མཚོན་བླང་དོར་གྱི་གནས་རྣམས་དོན་གྱི་ཚང་བ་རི་ཆོས་དང་ཞལ་གདམས་རྣམས་ཀྱི་དོན་ལྷུར་ལེན་དགོས་སོ། །འདིར་ཞུགས་པ་རྣམས་མདུན་མའི་སྒོ་འགེགས་ཀྱིས་གཟུགས་བཙུན་ཙམ་མིན་པས་ཐར་པ་དོན་གཉེར་དགོས་པའི་རྩི་ཁ་བླངས་ཤིང་རང་བློས་དང་ཏུ་བླངས་པ་འབའ་ཞིག་ཡིན་པས། སྟོན་བསོད་སྙོམས་རན་པ་ནས་ཕྱི་མཐའ་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལྔ་ཚུན་ལྟོ་གོས་མཐུན་རྐྱེན་བསྒྲུབ་པའི་གནང་ཆེན་དམིགས་བསལ་ཡིན་ལ། དེེ་ཕྱིན་ཉེ་ལྟོས་སར་ན་ཤི་རྐྱེན་དབང་གིས་མཚོན་དགོས་དོན་དམིགས་བསལ་སླད་དུ་འགྲོ་དགོས་ངེས་ལ་དགོངས་པ་ཞུ་ཞིང་། གཞན་མ་མཚམས་དང་བསླབ་གཉེར་སོགས་ཆོས་སྤྱོད་བཅུས་དུས་འདའ་བར་བྱེད་པ་ལས། འཇིག་རྟེན་གྱི་ཕེར་རྒྱ་དང་། བལ་ཕྲུག་གི་ལག་ལེན་སོགས་བྱེད་ས་མེད། ལར་དངོས་ཀྱི་རིང་ལུགས་འཛིན་པ་ཀུན་བསྟན་པའི་མིག་རྐྱེན་འདི་གཅེས་པར་འཛིན་པ་ལས། ཞིག་པོ་དང་། ཐོ་ཅོའི་ཀུན་ཏུ་སྤྱོད་པས་ནམ་ཡང་བསྒྱིངས་པར་མི་བྱའོ། །སྙིང་པོར་དྲིལ་པའི་བཅའ་སྒྲིག་གི་རྣམ་གཞག་འདི་དགའཇིག་རྟེན་པ་རྣམས་ཕྲལ་སྡུག་བསྔལ་ཆེ་ལ་ཕུགས་སྙིང་པོ་མེད་པའི་བྱ་བ་ལའང་འབད་རྩོལ་དང་དུ་ལེན་ན། རང་ཅག་རྣམས་སྟོན་པས་བཅས་པའི་ཆོས་ཁྲིམས་ཀྱི་ཀུན་ཏུ་སྤྱོད་པ་ལ་བསླབ་ཏུ་ཡོད་པ་ཤིན་ཏུའང་བསོད་ནམས་ཆེན་པོར་གྱུར་པ་ཡིན་པས་སྒྲིག་རྣམས་གཙོ་བོར་རང་འཁུར་དང་། དེ་ཕྱིན་གཏོང་མཁན་གྱིས་མ་གཏང་བ་དང་། འཁུར་མཁན་གྱིས་མ་ཁུར་བ་ཉེས་པ་འདྲ་རུང་བཤད་པས་གཏོང་འཁུར་རྣམ་དག་གཡོ་སྒྱུ་མེད་པ་ཀུན་གྱི་དབུ་སྔས་སུ་བསླན་པ་ཞུ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །
༈ རྫོགས་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་ནས། ཇི་ལྟར་སྒོམ་ཕྱོགས་སྐོར་གྱི་དྲི་བ་ཟུར་གསལ་ལ། སེམས་ངོ་བོ་ངོས་གཟུང་གང་དུའང་མ་གྲུབ་ཅིང་། ཚོགས་དྲུག་ཡུལ་ལ་རྟོག་དཔྱོད་བྱེད་མཁན་ཐམས་ཅད་ཁོ་རང་ལས་མ་འདས་གསུངས་པ། དེ་ལྟར་ཡིན་པ་གཞིར་བཅས་ཀྱང་། །ངོ་བོ་ངོས་གཟུང་མེད་པ་དེ་ཀ་ཡི། །རྩལ་སྣང་ཡུལ་ཤོར་ཡུལ་དང་ཡུལ་ཅན་བཟོས། །དེ་ལས་ཐམས་ཅད་སྐྱེ་ཞིང་མཆེད་པས་ན། །ཀུན་འབྱུང་འཁོར་བའི་རྒྱུ་འབྲས་འདི་བྱུང་ངོ་། །དེ་ཡང་བདག་ཉིད་གཅིག་པའི་མ་རིག་པས། །རྒྱུ་བྱས་ཀུན་ཏུ་བརྟགས་ལས་གཟུང་འཛིན་སྐྱེས། །དེ་ཉིད་ངོ་བོར་མ་གྲོལ་བར་དག་ཏུ། །སྒོམ་གྱི་གཟུགས་བརྙན་ཡིན་ཡང་དྲན་པ་དགོས། །རྒྱ་ཆད་ཕྱོགས་ལྷུང་མེད་ན་སངས་རྒྱས་ཏེ། །ཁྱབ་གདལ་གོ་ཡུལ་ཤོར་ན་གཟུགས་ཡུལ་ལ། །ཁྱབ་སྙམ་དེ་གས་སྣང་བའི་ཕྱོགས་སུ་ཤོར། །རང་བཞིན་རྫོགས་པ་ཆེན་པོའི་བཞུགས་ཚུལ་ནི། །ངོ་བོ་ཀ་དག་ཡིན་པས་རང་བབས་ངང་། །ཧྲིག་གི་རིག་པའི་ཤེས་པ་དེ་ཉིད་ལ། །ཅེར་གྱི་དྲན་པའི་ངང་དྭངས་སོ་མ་དེར། །བཅས་བཅོས་ཡིད་གཉིས་ངེས་ཤེས་མ་སྐྱེས་པར། །མི་སྒོམ་མ་ཡེངས་དྲན་པའི་ཞལ་རས་སྐྱོངས། །སྐྱོང་ཞེས་བྱ་བའང་བླ་དྭགས་ཙམ་ཡིན་ཏེ། །ཆོས་ཉིད་རང་བཞིན་གང་དུའང་མ་གྲུབ་པའི། །དོན་ལ་ཡིད་ཆེས་གོ་བའི་བྱ་མ་ཤོར། །ལྟ་སྒོམ་བཟང་པོའི་ཞབས་ཏོག་མ་བྱས་པར། །རང་བབས་འཇོག་ལ་ཐ་མལ་ཤེས་པར་གྲགས། །མདོར་ན་དང་པོའི་ལས་ཅན་ཐམས་ཅད་ལ། །དྲན་པ་སྒོམ་ཡིན་དེ་ཉིད་གཅུར་དྲགས་ན། །བཟུང་དྲན་དེ་ཀས་ཆོས་ཉིད་ལ་བསྒྲིབ་པས། །སྒོམ་དུ་ཅུང་ཟད་མེད་ལ་ཡེངས་སུ་ཕངས། །མི་སྒོམ་མི་མནོ་མི་དཔྱད་མི་བསམ་པ། །ཆོས་ཉིད་དྲན་པའི་ངོ་བོར་མཁྱེན་པར་མཛོད། །དེང་སང་སྒོམ་ཆེན་རྒན་པོའི་ངག་འགྲོས་ནི། །བསྒོམ་བྱ་སྒོམ་བྱེད་བསྐྱང་བྱ་སྐྱོང་བྱེད་ལས། །འདས་ནས་ལོ་མང་སོང་ཞེས་སྒྲོག་པ་ཡང་། །རྐྱེན་དང་ཕྲད་ཚེ་ཆུ་དང་འོ་མ་བཞིན། །དངོས་པོའི་རང་མདོག་ལྷུག་པར་སྟོན་པ་མང་། །སྒོམ་པ་གོ་ཡུལ་ཆགས་པ་ཡིན་མོད་ཀྱི། །ཆོས་ཉིད་གཤིས་སུ་ཕེབས་པ་ག་ལ་ཡིན། །དེ་ཕྱིར་དྲན་པ་ཉིད་ལའང་དྲན་ལུགས་དྲུག །ཀུན་མཁྱེན་ཆེན་པོས་གསལ་བར་ཕྱེ་བ་བཞིན། །ད་ལྟ་རང་བབས་དྲན་པའི་རྒྱུན་བསྐྱང་ན། །རྣམ་རྟོག་སྒོམ་ཤར་དེ་ནས་ཡེངས་ཡུལ་ཀྱང་། །ཆོས་ཉིད་ཆེན་པོར་ཤར་ཚེ་ཆོས་ཟད་ཀྱི། །རྟོགས་པ་ཀློང་གྱུར་ཀུན་བཟང་དགོངས་ཀློང་འདྲེས། །དེ་ལྟའི་ཚད་དུ་བསྐྱོལ་བ་མཛད་པ་ཞུ། །དགོན་གནས་འཛིན་སྐྱོང་སྤེལ་བའི་རྣམ་གཡེང་ཡང་། །སྒོམ་གྱི་གེགས་སུ་ཆེ་བའི་གསུང་གཅོང་ནི། །ངེས་པར་བདེན་མོད་དེ་ཡི་རྒྱུ་མཚན་ཡང་། །སྟོན་མཆོག་དང་པོར་རྒྱལ་པོའི་ཁབ་ཏུ་སྐྱེས། །སྐྱེས་མ་ཐག་ནས་ངེས་འབྱུང་འབའ་ཞིག་ལ། །ཐུགས་གཞོལ་ཁྱིམ་ནས་དཀའ་ཐུབ་གནས་སུ་གཤེགས། །བསྐལ་པར་གོམས་པའི་བསམ་གཏན་དེ་ཉིད་ལའང་། །བསྟེན་གོམས་ལོ་མང་མཛད་པའི་ཚུལ་བསྟན་ན། །གངས་ཅན་འདི་ན་ཆེན་པོར་གྲགས་པ་རྣམས། །ཁྱིམ་ཆུང་གནས་ནས་ཁྱིམ་ཆེན་གནས་སུ་སྙེག །བྱིས་དང་སྡིག་གྲོགས་མང་པོས་མཐའ་བསྟེན་ཞིང་། །འཇིག་རྟེན་རྙེད་པ་མཁྱེན་དང་མི་མཁྱེན་སོགས། །ཆོས་བརྒྱད་ཁོ་ནར་སློབ་པས་གནས་སྐབས་ན། །སྟེས་དབང་ཙམ་གྱི་ངེས་འབྱུང་སྐྱོ་ཤས་དང་། །འཆི་བས་འཇིག་པའི་དགེ་སྦྱོར་རེས་འཇོག་གི །ཡང་དག་སྙིང་པོའི་དོན་མཆོག་རྙེད་དཀའ་ཕྱིར། །སྔོན་བྱོན་མཆོག་གཟིགས་གྲུབ་བརྙེས་ཐམས་ཅད་ཀྱང་། །ཉམ་ཆུང་ཚུལ་གྱིས་དབེན་པར་བསྒྲུབས་པ་ལས། །དངོས་གྲུབ་ཐོབ་པ་མང་ལ་རབ་གཟིགས་ནས། །ད་ནི་འདུ་འཛིའི་སྒོ་བརྒྱ་འབྱེད་པ་ཡི། །སྐུ་གསུང་ཐུགས་རྟེན་བཞེངས་དང་འཁོར་སློབ་སྐྱོང་། །ཆོ་ག་སྒྲུབ་མཆོད་འཛུགས་སྤེལ་རྒྱུན་རྣམས་ཀྱང་། །སྔོན་ཆད་གྲུབ་རྣམས་བསྟན་པའི་ཞབས་ཏོག་སྟེ། །སྤྲོས་ལ་དགའ་བའི་སྐྱེ་བོ་མང་ཡོད་ཕྱིར། །གང་ལ་གཉེར་དུ་གཏད་ནས་དམ་པ་ཉིད། །དགོན་གནས་འཛིན་ལ་ཆེ་ཐང་ཐུགས་མི་བསྐྱེད། །དེ་ཡིས་ཞི་བདེའི་ཕྱོགས་སུའང་མི་ལྷུང་ཞིང་། །ནང་དུ་ཡང་དག་འཇོག་གི་བསམ་གཏན་ནི། །གོམས་པ་ཆེར་འགྲོ་ལྷག་མཐོང་མཆོག་ལ་སྦྱོར། །དེ་སྐད་སྙིང་ནས་གདམས་པའི་ཞུ་འཕྲིན་འདི། །ཉིད་ཀྱི་དགོངས་པ་ཇི་ལྟར་གཏད་པ་བཞིན། །རེ་བ་ཡོངས་སུ་བསྐང་བའི་མཐུ་ཐོབ་ནས། །རྫོགས་ཆེན་བསྟན་པ་དར་བའི་བཀྲ་ཤིས་ཤོག །ཅེས་པའང་རྫོགས་ཆེན་སྤྲུལ་པའི་སྐུ་ངེས་དོན་བསྟན་འཛིན་བཟང་པོའི་བཞེད་པ་བཞིན་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ ཀ་དག་བདེན་པ་གཟིགས་ལ་ཁྱེད་སྨོན་ན། །ཁ་རག་སྒོམ་ཆུང་དམ་པའི་རྣམ་ཐར་གཟིགས། །ག་ལ་བ་དེར་མཐུན་པར་འཇུག་པའི་སེམས། །ང་ཡིར་འཛིན་པའི་འདུ་ཤེས་ལས་སྐྱེ་བོ། །ཅ་ཅོ་མེད་པའི་ཐོ་ཡིག་གཞི་མཛད་ནས། །ཆ་མེད་ཡ་མེད་གཅིག་པོར་བཞུགས་པ་ལ། །ཇ་ཞལ་ཙམ་འཛིན་རིན་ཆེན་གསལ་བ་ཡང་། །ཉ་རྒྱས་ཟླ་བ་ལྟ་བུའི་དག་སྣང་ཤར། །ཏ་ཐཱ་ག་ཏའི་བསྟན་ཞབས་སྡུད་སྐབས་འདིར། །ཐ་དད་གནས་སྒོ་འབྱེད་དང་ཞིག་གསོས་སོགས། །ད་གདོད་རང་ཉིད་འཆིང་བའི་རྒྱུ་ཡིན་པས། །ན་འཆི་ནམ་ཡོང་མི་ཤེས་དོན་ལ་གཟིགས། །པཱ་ར་མི་ཏའི་སྙིང་པོ་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པ་ཀུན་གྱི་སྲོག་ཤིང་སྟེ། །བ་མིན་བ་ཡི་ཁྱུ་མཆོག་ཅང་ཤེས་བཞིན། །མ་གྱུར་འགྲོ་བ་ཀུན་ལ་ཕན་སེམས་སྒོམས། །ཙ་ན་ཤི་ཡོང་མི་ཤེས་མ་བསམས་ན། །ཚ་བ་ཚ་ཁར་འགྲོ་ལྟའི་ངང་རིང་འདིས། །ཛ་དྲག་འཆི་བ་ཐོག་བབ་བྱུང་དུས་སུ། །ཝ་སྐྱེས་གལ་དུ་ཚུད་ལྟའི་ཚོར་བ་མྱོང་། །ཞ་རེངས་གཏོང་བའི་ས་བདག་འཁྲུགས་འགྱུར་ཅིང་། །ཟ་མའི་དོན་དུ་སྲོག་ལ་འཚེ་དགོས་པའི། །འ་འུར་སྤྱོད་པ་ཨར་པོ་ཡོར་ཆེན་འདི། །ཡ་མཱནྟ་ཀ་འབོད་པའི་ཕོ་ཉ་ཡིན། །ར་རྒོད་ནགས་སུ་ཡན་པ་ཇི་བཞིན་དུ། །ལ་མེད་འཕྲང་མེད་ཐ་མལ་ཤེས་པ་སྐྱོངས། །ཤ་ཁྲག་གཡོས་སུ་སྦྱར་བའི་བུམ་སྒྲུབ་ཀྱང་། །ས་བཅུའི་དབང་ཕྱུག་ཁྲེལ་བ་མི་ཤེས་སམ། །ཧ་ཅང་བློ་སྣ་ཐུང་བའི་གཏམ་མ་ཡིན། །ཨ་ཏི་ཁྲེགས་ཆོད་དོན་ལ་སྒོམ་པའི་ཚེ། །ཡིད་དང་ཆོས་སུ་འཛིན་པའི་རྟོགས་ཚོགས་ལ། །མངོན་པར་ཤེས་པའི་འཕྲང་དང་ལྷ་མིན་གྱི། །འཇུག་སྒོ་གེགས་ཀྱི་ལུང་བསྟན་འབྱུང་སྲིད་པ། །རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་གཟིགས། །ཅེས་པའང་མདོ་ཁམས་པ་ས་རའི་མིང་ཅན་གྱིས་ལྷ་ཁང་བཞེང་པ་དང་གནས་སྒོ་འབྱེད་པ་སོགས་ཀྱི་རྨི་ལམ་ལུང་བསྟན་བྱུང་བ་ཇི་ལྟར་འགབ་ཀྱི་ལན་དུ་སྨྲས་པའོ། །
༈ རང་བཞིན་ངང་རྒྱུད་དགེ་བའི་དགེ་རྩེ་བ། །ཚེར་མའི་ཁྲོད་ནས་སྨྱུག་གསར་ལྡུམ་བུ་བཞིན། །ཁམས་པའི་དབུས་ན་འཇམ་ཞིང་དེས་པ་དེ། །ཚེ་སྔོན་ལེགས་སྨོན་སོང་བ་ཡིན་ལས་ཆེ། །ང་ཉིད་དང་པོར་དབེན་པ་བསྟེན་པའི་ཚེ། །ངེས་པར་འཇའ་ལུས་འགྲུབ་པ་བྱེད་སྙམ་ལས། །ཡོན་ཏན་ཤེས་དང་སློབ་མ་བསྡུ་སྙམ་པའི། །རེ་དང་སྤོབས་པ་མེད་ཀྱང་སེམས་བསྐྱེད་དང་། །སྒོམ་བྱུང་ལས་སྐྱེས་གཞན་དོན་ཤུགས་ལས་འགྲུབ། །ཁྱེད་ཀྱང་བློ་རྒོད་ཅན་གྱི་གང་ཟག་རིགས། །འདྲ་བ་མིན་ཡང་བདུད་ཀྱི་འཇུག་སྒོ་ནི། །རང་དོན་མ་གྲུབ་གཞན་དོན་ལ་རིངས་པའི། །ཕྱེ་གཏོར་འགམ་ཞིང་དཀོར་རྫས་ལོག་འཚོ་ལ། །སྤྱོད་པ་འདི་ཀོས་བླ་སྒོམ་ཕལ་ཆེར་བསླུ། །འགྲོ་དོན་སེམས་བསྐྱེད་སྨོན་པའི་བྱེད་ལས་ཕྱིར། །ཞིང་སར་ས་བོན་བཏབ་པ་ཇི་བཞིན་དུ། །ཚོགས་ཤིང་དུས་ལ་བབས་ཚེ་མི་འདོད་བཞིན། །འབྱུང་བ་ཡོད་པ་དེ་ནི་དམ་པའི་ལུགས། །ཚིག་སྐམ་རེ་ཤེས་དབང་ལུང་ཅུང་ཟད་ཐོབ། །ཡིད་དཔྱོད་རྟོགས་པའི་འདྲ་འབག་སྐྱེས་པ་ལ། །རང་མཐོང་དང་འདྲེས་སེམས་སྐྱེས་དགྲར་ལངས་ཀྱི། །བདུད་ཀྱི་འཇུག་སྒོ་ངོས་མི་ཟིན་པ་མང་། །སྔོན་ཆད་འཕགས་ཡུལ་རྒྱན་དྲུག་མཆོག་རྣམས་དང་། །གྲུབ་བརྒྱ་རྗེ་འབངས་ཉེར་ལྔ་ཟུར་ཆེ་ཆུང་། །ཇོ་བོ་རྗེ་དང་བཀའ་གདམས་བཀའ་བརྒྱུད་པ། །ཀུན་མཁྱེན་ཆེན་པོ་སོགས་ཀྱི་རྣམ་ཐར་ལ། །ཆོས་བརྒྱད་འདུག་གམ་མི་འདུག་གཞིག་པ་མཛོད། །འཁོར་བར་ངེས་འབྱུང་གཏིང་ནས་མ་སྐྱེས་པར། །ཆོས་ཀྱི་གཟུགས་བརྙན་ཆོས་སུ་སྒོམ་ན་ཡང་། །ཐར་པ་མིན་པའི་ཕྱོགས་ལ་འགྲོ་བ་ཡིན། །དེ་ཕྱིར་རང་འདོད་གཏིང་ནས་མ་ཟད་པར། །གཞན་དོན་ལྟར་སྣང་ཙམ་ཡིན་དེ་ཡི་ཕྱིར། །རྣམ་པ་ཀུན་ཏུ་ནམ་འཆི་ཆ་མེད་དང་། །ངེས་འབྱུང་ཡང་དག་དྲན་པའི་དོན་ལ་སྒྲིལ། །རྩོལ་བ་མེད་པར་གཞན་དོན་འགྲུབ་པའི་ཚེ། །ཞི་བདེར་མ་གཞོལ་བྱང་ཆུབ་སེམས་གཉིས་སྒོམས། །ལོག་སྒྲུབ་བཟོད་པའི་སྙིང་སྟོབས་མ་བསྐྱེད་ན། །བྱང་ཆུབ་སེམས་ལ་ཀུན་དཀྲིས་འབྱུང་ཉེ་བས། །རྒྱལ་སྲས་དམ་པའི་རྣམ་ཐར་དོན་ལ་སྨོན། །ལ་ཆུ་འཕྲང་ལ་དཀའ་བ་སྤྱད་པ་ཡི། །བྱས་ཡུས་བླ་མའི་དྲུང་དུ་སྤུངས་བྱེད་པ། །ཁྱེད་མིན་ཨ་ཁུ་ཁམས་པའི་སྲོལ་ལགས་ཀྱང་། །མོས་གུས་དཀར་པོ་ཆིག་ཐུབ་ཡོད་ལས་ཆེ། །མོས་གུས་ཡོད་ན་ང་དང་དུས་གསུམ་དུ། །འདུ་འབྲལ་མེད་པའི་དད་པས་ཁམས་གསོས་ཤིང་། །གཉེན་པོས་རྐྱེན་ཐུབ་བྱུང་ན་སྒོམ་ཆེན་གྱི། །ཡང་རྩེ་ཡིན་ཕྱིར་ཞལ་གདམས་སྙིང་ལ་ཕུར། །
༈ སངས་རྒྱས་ལ་ཕྱག་འཚལ་ལོ། །ལམ་བདེན་འདུས་བྱས་ཆོས་ཀྱིས་ཁ་དྲངས་ནས། །འགོག་བདེན་ཡང་དག་ངོ་བོ་ཉིད་མེད་དོན། །སྟོན་པ་འཁོར་ལོ་གསུམ་ཀའི་ཁྱད་ཆོས་ཀྱང་། །སྡུད་པ་ཚིགས་སུ་བཅད་པའང་རྫོགས་ཆེན་ཡིན། །འདི་ལྟར་མ་རྟོག་མངོན་པའི་ང་རྒྱལ་ཅན། །ཆོས་ལ་ཕྱོགས་རིས་བདག་བསྟོད་གཞན་སྨོད་ཀྱིས། །ཆོས་ལྟར་བཅོས་ནས་བསྟན་པ་དཀྲུག་བྱེད་ཅིང་། །ལྷས་བྱིན་རྣམ་ཐར་འཛིན་པའི་རྗེས་མ་འཇུག །ཁོམ་ལྡན་མང་སྟེ་ལོག་ལྟས་མི་ཁོམ་བྱེད། །རང་གཞན་འབྱོར་པ་ལྔ་ཕྲག་གཉིས་སོ་སོའི། །དང་པོ་གསུམ་ལས་ཐ་མ་གཉིས་གཉིས་ནི། །འདུ་འབྲལ་བྱེད་པ་འདི་ལ་ལེགས་པར་སོམས། །འཆི་ལ་འཇིགས་ལྟ་དུད་འགྲོས་ཀྱང་ཤེས་མོད། །ཚེ་འདིའི་འཚོ་རྩིས་ཆགས་སྡང་འདུ་འཛི་ཡི། །འོག་ནས་མི་ལྷོངས་ཆོས་ཕྱིར་ལེ་ལོ་ཅན། །གླེན་པ་ཅང་ཤེས་བརྫུ་བ་མཁྱེན་པར་མཛོད། །གཞན་དག་སྤྱོས་དང་བསྡིགས་ནས་འཕྲོག་བྱེད་ཅིང་། །གཡོ་སྒྱུས་བླངས་དང་ཆོས་ལྟར་བཅོས་པ་ཡི། །མི་ཆོས་བླ་མས་བསྒྲུབས་པའི་ནོར་རྫས་ཀྱིས། །དགེ་བ་བསྒྲུབ་པའང་ལས་འབྲས་ཆད་ལྟ་ཡིན། །ཚུལ་ཁྲིམས་ཕྱི་མོ་མི་དགེ་བཅུ་སྤང་ལས། །ལོག་སྟེ་གནང་བཀག་ཕྲ་མོའི་བཅས་པ་ལས། །གུས་གུས་ལྟར་བཅོས་ཤེས་རྒྱུད་རེངས་པ་ཡི། །དགེ་སྦྱོང་གཟུགས་ལས་ཁྱིམ་པ་གཟུར་གནས་དགའ། །སྡུག་བསྔལ་འགྱུར་དང་ཁྱབ་པ་འདུ་བྱེད་ཀྱིས། །བཙོན་རར་བཅིངས་པའི་འགྲོ་བ་འདི་དག་ནི། །ད་དུང་སྐྱེ་རྒ་ན་འཆིའི་འཁོར་ལོ་དང་། །ཉེར་ལེན་ཕུང་པོའི་སྡུག་བསྔལ་འདོར་མི་བརྩོན། །ཀྱེ་མ་ཀྱེ་ཧུད་གཟུགས་ཀྱི་ཕུང་པོ་འདི། །གྲུབ་པ་ཙམ་ནས་ཚ་གྲང་བཀྲེས་སྐོམ་དང་། །ནད་གདོན་གནོད་པ་སྣ་ཚོགས་རྟེན་གྱུར་ལ། །ཚོར་བས་དེ་དང་དེ་ཡི་རང་བཞིན་ཤེས། །འདུ་ཤེས་ཀྱིས་ནི་སྡུག་བསྔལ་ཉམས་སུ་མྱོང་། །འདུ་བྱེད་ལས་དེ་རྒྱུན་ཆགས་ས་བོན་བྱེད། །དེ་ཀུན་རྣམ་པར་ཤེས་པ་ལས་བྱུང་ན། །རྣམ་ཤེས་ཡེ་ཤེས་ཁམས་སུ་བསྒྲུབ་པའི་ཕྱིར། །བྱུང་གནས་འགྲོ་གསུམ་བརྟགས་ནས་སེམས་ཀྱི་མཚང་། །རྫུན་ལས་རྫུན་ཆེན་གྱུར་པ་རྟིབ་ནས་སླར། །རྟག་ཏུ་མ་ཡེངས་དྲན་པ་བརྟེན་བྱས་ན། །རང་རིག་སྐྱེ་མེད་དོན་དང་མཇལ་བར་འགྱུར། །ད་ནི་བསྟན་པའི་སྙིགས་མར་ཐུག་པ་དེས། །འཕགས་པའི་ཡུལ་ཡང་སྡིག་སྤྱོད་ཀླ་ཀློས་བཀབ། །འཚེ་བ་ཆོས་སུ་སྨྲ་བའི་ཆོས་ལུགས་དར་། །བོད་ཀྱང་དེ་ལ་སྨོད་བཞིན་དེ་སྤྱོད་བརྩོན། །དགེ་སྦྱོང་གཟུགས་ཀྱིས་རྒྱལ་པོའི་མངག་གཞུག་དང་། །འདྲེན་པའི་ཚུལ་གྱིས་དགོན་གནས་སྲིད་སྡེར་གཏོང་། །སྒོམ་ཆེན་གཟུགས་ཀྱིས་ཆོས་ལ་ཐོབ་བརྩི་ཞིང་། །སྒྲུབ་ལ་གཡེལ་བ་འདི་ལ་འཇིགས་པར་མཛོད། །སྡོམ་གསུམ་ཐོབ་པས་མི་ཆོག་གནང་བཀག་སྒྲུབས། །དབང་བསྐུར་ཐོབ་པས་མི་ཆོག་བསྐྱེད་རྫོགས་སྒོམས། །སེམས་ངོ་ཤེས་པས་མི་ཆོག་དྲན་པ་སྐྱོངས། །ད་ལྟ་ཤི་ན་བར་དོར་ཨེ་གྲོལ་གཟིགས། །བསྟན་པ་རིན་ཆེན་ནུབ་ལ་ཉེ་སྐབས་འདིར། །སོས་དལ་ལེ་ལོ་སྤོངས་ལ་ད་རེས་ཀྱི། །རྟེན་འདིར་བཙན་ས་ཟིན་པར་མ་མཛད་ན། །ཕྱི་ནས་ངན་འགྲོར་འཁྱམ་ལ་འཇིགས་པར་མཛོད། །བལྟར་མི་མངོན་པ་འདོད་ལྷའི་ཕྲིན་ལས་ནི། །སྐྱེས་བུའི་སྙིང་ལ་འཁྲི་ཤིང་ལྟར་གྱུར་པས། །བླ་མ་བསྟེན་ཅིང་ཆོས་ལམ་ཞུགས་བྱས་ཀྱང་། །ལེགས་སྨོན་ཙམ་ལས་ཆོས་མཐར་ཕྱིན་པ་དཀོན། །དེང་སང་འདི་ན་སྐལ་ངན་སློབ་མ་དག །རིང་ནས་བླ་མ་ལ་བསྙེན་ཆོས་ལ་བརྐུ། །ཅི་གསུང་བསྒྲུབ་ཟེར་རང་ཉམས་དབང་དུ་གཏོང་། །ལོ་གསུམ་དམ་བཅའ་ཟླ་གསུམ་ལ་གྲོལ་ནས། །རང་རྫུན་རང་ལ་གཏོང་བ་གཟིགས་ལགས་སམ། །ཡུལ་གྱི་རྐྱེན་ནི་དུག་ལས་མཐུ་ཆེ་ཞིང་། །བྱིས་དང་སྡིག་པའི་གྲོགས་ཀྱིས་མཐའ་བསྐོར་བས། །དེ་རིང་སྐྱེས་པའི་ངེས་འབྱུང་སང་ཉིན་ཡལ། །དེ་བཞིན་མོས་གུས་སྙིང་རྗེའང་རྟག་མི་ཐུབ། །འདི་ལ་རིམས་ནད་བཞིན་དུ་འཇིགས་པར་མཛོད། །མདོར་ན་འདི་ལས་མང་དུ་སྨོས་ཅི་དགོས། །འཁྲིད་དུས་བཤད་པའི་ཞལ་གདམས་ལས་ལྷག་པ། །མི་འབྱུང་དེ་ལ་ཡི་དམ་བརྟན་པའི་སེམས། །དད་ལྡན་སངས་རྒྱས་བཟང་པོའི་སྙིང་ལ་ཕུར། །ཞེས་པའང་སྡེ་དགེ་མཆོད་དཔོན་ལའོ། །
༈ གསལ་སྟོང་ཤེས་བྱས་དཔྱད་བཟོད་ཤེས་བྱེད་ཀྱི། །རིག་པ་སྐྱོང་བ་བྱིས་པ་ཉེར་སྤྱོད་ཀྱི། །བསམ་གཏན་ཉིད་ཀྱང་ཚོགས་དང་སྦྱོར་བའི་ལམ། །འཕགས་པའི་ལམ་གྱི་རྟེན་གཞི་ཉིད་ཡིན་པས། །མ་བཅོས་དྲན་པ་བློ་འདས་སྨྲ་བསམ་དང་། །བརྗོད་པ་བྲལ་བ་ཀློང་དུ་མ་གྱུར་པར། །ཚོགས་ཀྱི་དབུས་ལས་བྱོལ་ཞིང་དབེན་པ་བསྟེན། །བསོད་ནམས་ཡེ་ཤེས་དོན་ལ་འབད་པར་འཚལ། །བསྒོམ་བྱ་སྒོམ་བྱེད་མེད་པ་དེ། །སྟོང་པའི་རང་མཚང་ཡིན་མོད་ཀྱང་། །རྐྱེན་ངན་རླུང་འཚུབས་ལངས་ཙ་ན། །རེ་དོགས་ཆོམ་རྐུན་ལྡང་ཉེན་ཡོད། །ཉིན་མོ་རྩ་རླུང་འཁྲུགས་པ་སྤང་། །གཉིད་དུ་འགྲོ་ཁར་ཤེས་པ་གྲིམས། །སྙིང་དབུས་ཐིག་ལེ་དཀར་པོ་ལ། །རིག་པ་ལྷོད་དེ་གཏད་པ་ནི། །རྨི་ལམ་ཟིན་པའི་མན་ངག་གོ །མུན་ཁང་དང་དཀའ་ཐུབ་ཀྱི་རྐྱེན་ལ་བརྟེན་ནས་རླུང་སེམས་ཨར་ལ་གཏད་པའི་ཞག་བདུན་སངས་རྒྱས་ལས། མཛོད་བདུན་དང་སྙིང་ཏིག་ཡ་བཞིའི་དགོངས་བཅུད་ཡེ་ཤེས་བླ་མ་ལ་གཟིགས། ཀཿཐོག་དགེ་རྩེ་རིན་པོ་ཆེར་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ། །
༈ བཅོས་བསླད་མེད་པའི་དྲན་པ་ལ། །ཡེངས་མ་ལམ་གྱི་ཆོམ་རྐུན་ལྡང་། །བསྒོམ་བྱ་སྒོམ་བྱེད་མེད་པ་ལའང་། །རྐྱེན་ངན་བྱུང་ཚེ་རྟོག་རོ་ལྡང་། །དེ་ཕྱིར་ཆོས་ཉིད་དྲན་པའི་ངང་། །གཟུང་འཛིན་རྩ་བ་ཆོད་པ་གཅེས། །ཤེས་རབ་ཕ་རོལ་ཕྱིན་པའི་དོན། །སྟོང་པར་རྟོགས་པས་འཁོར་བའི་མཐའ། །གཅོད་ཀྱང་ཉན་ཐོས་འགོག་པ་སྟེ། །དམིགས་པ་མེད་པའི་སྙིང་རྗེ་དང་། །འབྲེལ་ན་ཐེག་པ་ཆེན་པོ་ཡིན། །སྙིང་རྗེ་དེ་ཡང་དམིགས་བཅས་སུ། །བསྒོམ་ན་ཚངས་པའི་གནས་པ་སྟེ། །མངོན་མཐོའི་རྒྱུ་ལས་ངེས་ལེགས་རིང་། །དེ་ཕྱིར་རང་བཞིན་མ་གྲུབ་པའི། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ནི། །འཕགས་པའི་བདེན་པ་མཐོང་བའི་ཚེ། །ཡོད་ཀྱིས་གཞན་དུ་མོས་དཔྱོད་ཡིན། །ད་ནི་གསལ་སྟོང་བསྒོམ་བྱ་རུ། །བྱས་ནས་དྲན་པས་སྐྱོང་དེས་ཅི། །གསལ་སྟོང་བསྐྱུར་ལ་ཆོས་ཉིད་ཀྱི། །དྲན་པ་གཅིག་པོས་ཆོག་པར་མཛོད། །རྗེས་ཐོབ་སེམས་ཅན་འདི་ཙམ་ཞེས། །དམིགས་པ་མེད་པའི་བྱང་ཆུབ་སེམས། །རང་བཞིན་ལྷུམས་ཞུགས་ངང་ལ་ཞོག །མདོར་ན་མང་དུ་སྨོས་ཅི་དགོས། །ལམ་བདེན་འདུས་མ་བྱས་པའི་དབྱིངས། །མཉམ་པ་ཉིད་དུ་མ་གྱུར་བར། །ལས་འབྲས་བརྩི་ཞིང་དགེ་སྦྱོར་བརྩོན། །བཤགས་རྒྱུད་འབུམ་དང་ས་ཚྭ་འབུམ། །སྲོག་བསླུ་བརྒྱ་དང་མ་ཎི་དུང་། །བརྒྱད་སྟོང་བསྐལ་བཟང་སྒྲོག་ལ་འབད། །ཀཿཐོག་ཕྱག་ཚ་སྐུ་སྐྱེ་ལ་རང་བྱུང་རྡོ་རྗེས་སོ། །
༈ པདྨ་ལས་གྲོལ་ཞབས་ལ་འདུད། །བུ་ཉོན་དང་འཇིགས་མེད་བློ་གསལ་བ། །ཁྱོད་དལ་འབྱོར་ཚང་བའི་ལུས་རྟེན་ཐོབ། །ཕྲལ་བྱུང་དང་རྐྱེན་གྱི་མི་ཁོམ་སྤངས། །ཆོས་བསྒྲུབ་པའི་རྟེན་འབྲེལ་ཚོགས་དུས་འདིར། །ད་ནི་དབེན་པར་སྒྲུབ་ལ་བརྩོན། །ཆུང་དུས་སུ་གྲྭ་ས་འགྲིམ་པ་དེས། །སྤྱོད་ལམ་དང་འདྲི་ཀློག་འདོན་ཁྲིགས་ཤེས། །གར་འཆམ་དང་དབྱངས་རོལ་བྲི་ཐིག་སོགས། །བསྟན་པའི་མིག་རྒྱན་ཙམ་ཡིན་མཆི་ཡང་། །མང་པོ་ཚོགས་པའི་ཁྱུ་གསེབ་ཏུ། །ཆགས་སྡང་གི་རླུང་འཚུབས་ཆོས་བརྒྱད་ལྡང་། །ཁྱོད་ལས་ང་མཁས་ཀྱིས་མཐོ་ནོན་དང་། །དཀོར་ལ་ཟ་འོས་ཀྱི་བུ་ལོན་གསོག །དེ་ལ་སོགས་པའི་དགེ་སྐྱོན་རྣམས། །རང་སེམས་ལ་རི་མོར་བྲིས་པའི་ཕྱིར། །ད་ནི་དབེན་པའི་ནགས་སུ་སོང་། །དེ་ན་ཚོང་དང་སོ་ནམ་དང་། །ལས་སྣེ་དང་གཏོང་སྒོའི་འདུ་འཛི་མེད། །ཁྱོད་ལས་ང་བཟང་གི་ཆགས་སྡང་བྲལ། །བྱ་དང་རི་དྭགས་འགྲོགས་ན་བདེ། །སྨན་ལྗོངས་ཀྱི་དུས་བཞིའི་འགྱུར་ལྡོག་གིས། །བདག་ཉིད་ལ་མི་རྟག་རྒྱུད་བསྐུལ་བྱེད། །དེ་ལྟ་བུ་ཡི་དབེན་གནས་སུ། །དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ། །འཆི་བ་འོད་གསལ་ཆོས་སྐུའི་བར། །ཁྲིད་དུ་འདོམས་པ་ཞལ་གདམས་ཡིན། །ཁྱད་པར་དང་པོའི་ལས་ཅན་རྣམས། །བློ་ལྡོག་བཞི་ལ་གནད་དུ་བསྣུན། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ཡི་ངོ་བོ་སྨོན་འཇུག་གཉིས། །སྨོན་པ་ཚད་མེད་རྣམ་བཞི་དང་། །འཇུག་པ་ཕྱིན་དྲུག་ལ་སྤྱོད་པ། །སངས་རྒྱས་རྣམས་ཀྱི་གཞུང་ལམ་ཡིན། །དེ་འདྲའི་ལམ་གནད་མི་ཤེས་ན། །སྟག་དོམ་འཕར་བ་དྲེད་རྣམས་ཀྱང་། །ནགས་ན་གནས་ཀྱི་དེ་དང་མཚུངས། །དེས་ན་སྨོན་སེམས་བཟང་པོའི་ངང་། །དམན་པའི་ས་བཟུང་ང་རྒྱལ་བཤིག །གཏོང་སེམས་གོམས་པ་སྦྱིན་པ་ཡིན། །དམ་སྡོམ་ལ་གུས་ཚུལ་ཁྲིམས་ཏེ། །དཀའ་བ་དང་ལེན་གཞན་གནོད་བཟོད། །སྙོམ་ལས་གཉིད་སྤོང་བརྩོན་འགྲུས་ཡིན། །རིམ་གཉིས་སྒོམ་པ་བསམ་གཏན་ལ། །ལྷག་མཐོང་རྩིས་ཟིན་ཤེས་རབ་སྟེ། །རྟག་ཏུ་དྲན་པའི་གཏམ་དོན་སྐྱོངས། །དྲན་པ་མེད་ན་སྒོམ་ལྟ་ཅི། །མངོན་མཐོའི་བདེ་བའང་ཉམས་འགྱུར་ན། །ངེས་ལེགས་བསྒྲུབ་ལ་སྨོས་ཅི་དགོས། །དེ་བས་སེམས་དང་རིག་པའི་ཁྱད། །སེངྒེ་རྩལ་རྫོགས་ལྟར་ཕྱེ་ལ། །བློ་དང་སྙམ་བྱེད་བྲལ་བའི་དབྱིངས། །ཐད་ཀའི་རིག་པ་རྒྱ་ཡན་ལ། །སྒོམ་མེད་ཡེང་དུ་མེད་པར་ཞོག །རང་དོན་གདེང་དུ་མ་གྱུར་བར། །གྲོང་ཆོག་མདོས་གཏོར་ཟོར་ཡས་དང་། །གཞན་གྱི་ཚོགས་དཔོན་ཁ་བཤད་སོགས། །བདུད་ཀྱི་བྱིན་རླབས་རྟགས་ཡིན་པར། །ངེས་པའི་དབང་པོ་རྣོན་པོ་ལ། །གེགས་དང་གོལ་སས་གླགས་མི་རྙེད། །རྙེད་བཀུར་བྱུང་བས་མི་ཆོག་གིས། །རང་རྒྱུད་འདོད་པས་གཟིར་མིན་ལྟོས། །འཁོར་སློབ་འདུས་པས་མི་ཆོག་གིས། །རང་རྒྱུད་ཆོས་དང་འདྲེས་མིན་ལྟོས། །རང་འདོད་གཏན་ནས་ཟད་པའི་ཚེ། །འགྲོ་དོན་བྱུང་ན་རན་པ་ཡིན། །དེ་ཚེ་སྐྱོ་དང་ཞི་བདེ་ལ། །གཞོལ་ན་ཉམས་པ་ཆེན་པོ་ཡིན། །མདོར་ན་བྱང་ཆུབ་སེམས་དམ་པས། །ཟིན་པའི་གཞན་ཕན་རྗེས་ཐོབ་དང་། །འབྲེལ་བར་སྤྱད་དུ་རུང་བའི་ཕྱིར། །བདེན་གཉིས་ཟུང་འཇུག་དམ་པའི་དོན། །ཁྱོད་ཀྱི་རྒྱུད་ལ་གནས་ནས་ཀྱང་། །བདག་གི་ཐུགས་དང་རོ་གཅིག་ཤོག །ཅེས་པའང་འཇིགས་མེད་བློ་གསལ་འོད་ཟེར་ལ་གདམས་པ་རིག་འཛིན་འཇིགས་མེད་གླིང་པས་སོ། །
༈ འཇིགས་མེད་ཆོས་ལྡན་ཉོན། །རྟག་ཏུ་དབེན་པར་སྡོད། །སྙིང་རྗེ་ཕན་སེམས་སྒོམས། །ལས་འབྲེས་ལ་ཞིབ་ཚགས་མཛོད། །ནམ་འཆི་ཆ་མེད་སྒོམ། །རྣམ་རྟོག་སྔ་ཕྱིའི་བར། །གསལ་ཧྲིག་ལ་ལྟ་བ་དེ། །ཐོག་མའི་སྐྱོང་ཚུལ་ཡིན། །ད་ནི་དྲན་འཛིན་གྱི། །ཤེས་པ་སླེབས་མ་ཐག །སྟོང་དང་མི་སྟོང་དང་། །གསལ་གསལ་རྗེན་རྗེན་ལ། །སྒོམ་དུ་ཞེན་པ་སྤོངས། །དྲན་ཙམ་དེ་ག་ལ། །མ་ཡེངས་མི་བསྒོམ་པ་ཟབ། །དེ་ལས་གང་ཤར་ཡང་། །ཤར་བའི་འཕྲོ་མ་འཐུད། །ཤར་མཁན་གྱི་སེམས་ལ་ལྟོས། །རང་ས་རུ་ལྷོད་དེ་ཞོག། །སྒོམ་གྱི་མདོ་འགག་ཡིན། །རྒྱལ་བའི་མྱུ་གུས་སོ། །
༈ བཻ་རོས་གདུལ་ཞིང་རྒྱལ་རོང་བ། །རྟག་ཏུ་འཆི་བ་དྲན་བྱས་ནས། །ཕྱི་མའི་འགྲོ་ས་ལེགས་པར་སོམས། །ལས་འབྲས་སྤང་བླང་ལ་སྤྱད་པས། །བདེ་འགྲོར་འགྲོ་ཞིང་སྟོང་ཉིད་ཀྱི། །ལྟ་བ་རྟོགས་ལས་སངས་རྒྱས་ཐོབ། །སྟོང་པ་བསྒོམས་པས་མི་ཆོག་གིས། །གསལ་སྟོང་ཟུང་འཇུག་རང་བབས་ལ། །དྲན་པའི་སོ་བ་ཡེང་མེད་ནས། །སྒོམ་པ་མ་ཡིན་ཡེང་དུ་མེད། །མ་ཡེངས་མི་བསྒོམ་སྒོམ་པའི་དོན། །དེ་ཉིད་གོམས་ན་ཉོན་སྒྲིབ་དང་། །ཤེས་སྒྲིབ་རང་སངས་འགྱུར་བ་ཡིན། །དེ་ཡི་དོན་དུ་ཚོགས་གསོག་དང་། །སྒྲིབ་སྦྱོང་རྣམ་པ་ཀུན་ཏུ་འབུངས། །མདོར་ན་ཁྲིད་བཤད་ལས་ལྷག་པའི། །ཞལ་གདམས་མི་དགོས་སྙིང་ལ་ཕུར། །ཞེས་རྒྱལ་རོང་པ་བསོད་ནམས་བཀྲ་ཤིས་ལ་གདམས་སོ། །
༈ པརྞ་ཤ་བ་རི་ལ་འདུད། །ཁྱོད་ནི་ཅུང་ཟད་བྲོ་འཚལ་ན། །བླ་མ་དཀོན་མཆོག་བཀའ་དྲིན་གྱིས། །སྔོན་གྱི་ལས་ངན་སློང་པ་ཡིན། །བདེ་སྡུག་གཏོང་ལེན་སྙིང་ཐག་པས། །བྱས་ན་རྐྱེན་ཡང་ཆོས་ཡིན་པས། །ཁྱོད་ཀྱིས་བྱ་བ་དོན་ལྡན་འགྱུར། །རྟག་ཏུ་སྙིང་གར་བླ་མ་སྒོམས། །མོས་གུས་གདུང་བས་གསོལ་བ་ཐོབ། །སེམས་ཉིད་སྟོང་པ་ཉིད་ཡིན་པས། །སྟོང་བ་མ་བསྒོམས་དངོས་པོ་མིན། །སྟོང་དང་མི་སྟོང་ལས་འདས་པའི། །ཤེས་པ་མ་བཅོས་སོར་གཞག་དང་། །དྲན་པ་བརྟན་ལ་དྲན་རྒྱུན་སྐྱོངས། །འགྲོ་འདུག་སྤྱོད་ལམ་ཅི་བྱེད་ཀྱང་། །དྲན་པ་ལས་ལྷག་སྒོམ་མི་དགོས། །ནད་ཀྱང་མྱུར་དུ་དེངས་འགྲོ་ཞིང་། །སྐྱབས་འཇུག་བྱེད་དོ་སྙིང་ལ་ཕུར། །ཆབ་མདོ་རབ་རྒྱས་སམ་འཇིགས་མེད་པ་ལ་རང་བྱུང་རྡོ་རྗེས་སོ། །
༈ ཆབ་མདོ་རབ་རྒྱས་སེམས་ལ་ཕུར། །རྟག་ཏུ་འཆི་བ་མི་རྟག་སྒོམས། །བླ་མ་དཀོན་མཆོག་བློ་གཏད་བྱ། །སྔར་བྱས་སྡིག་ལ་འགྱོད་ཚངས་དང་། །རྟག་ཏུ་བྱང་ཆུབ་སེམས་གཉིས་སྒོམས། །བསམ་པ་བཟང་ལ་དགའ་བ་སྒོམས། །བསམ་ངན་སྐྱེས་ན་བཤགས་པར་འབད། །རང་སེམས་སྟོང་པ་ཉིད་ཡིན་ཡང་། །སྟོང་རྐྱང་བསྒོམས་ན་ཆད་ལྟར་འགྲོ། །དངོས་པོ་མ་ཡིན་གསལ་ལ་སྟོང་། །གསལ་སྟོང་ཡིན་ནོ་སྙམ་པའང་སྤོངས། །དྲན་པ་ཧྲིག་གིས་སླེབས་པའི་ངང་། །མ་ཡེངས་མི་བསྒོམ་ལྟ་བའི་མཆོག །རྣམ་རྟོག་བཟང་ངན་ཅི་ཤར་ཡང་། །ཤར་བའི་ཡུལ་ལ་རྗེས་མ་འབྲེང་། །ཤར་མཁན་ལ་ལྟོས་རང་གྲོལ་ཡིན། །དེ་ལས་མང་དུ་བཤད་མི་དགོས། །ས་མ་ཡ། །
༈ དངོས་པོ་སྒོམ་པ་ལྟ་ཅི་སྨོས། །སྟོང་པ་སྒོམ་པའང་མ་ཡིན་ཏེ། །ད་ལྟའི་རིག་པ་བཅོས་མེད་འདི། །དྲན་པས་སྐྱོངས་ཤིག་རིགས་ཀྱི་བུ། །ཞེས་ལྷོ་གནས་མདོ་པ་ལ་གདམས་པའོ། །
༈ བླ་མ་རྗེ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ། །སྟོང་པ་ཉིད་ལ་གནས་ཀྱི་བར། །ཐམས་ཅད་ཞལ་གདམས་ཁོ་ན་ཡིན། །འོན་ཀྱང་ཁྱོད་ཀྱི་རེ་བའི་དོན། །ཅུང་ཟད་བཤད་ཀྱིས་དོན་ལ་སྦྱོར། །བྱང་ཆུབ་སེམས་ཀྱིས་མ་ཟིན་པའི། །དགེ་སྦྱོར་ཐམས་ཅད་འདྲ་ཅོག་ཡིན། །སེམས་བསྐྱེད་འབུམ་ཐེར་གསོག་པ་ལས། །སྙིང་རྗེ་རྒྱུད་ལ་སྐྱེས་པ་དགའ། །སྟོང་ཉིད་བསྒོམས་པས་མི་ཆོག་གིས། །སྟོང་འཛིན་བློ་དང་བྲལ་བ་དགོས། །སྒོམ་རྒྱུ་མེད་པའི་དོན་རྟོགས་ཀྱང་། །ཡེང་བ་མེད་པར་མ་བསྐྱངས་ན། །ལུང་མ་བསྟན་པའི་ཆོམ་རྐུན་དང་། །ལྷན་ཅིག་སྐྱེས་པའི་མ་རིག་པས། །སྔོན་ཡང་བདེ་གཤེགས་སྙིང་པོ་བསྒྲིབས། །ད་ཡང་འབྱུང་ལ་ཚེགས་མེད་པས། །ཀུན་ཏུ་བཟང་པོའི་ཆོས་དྲུག་གི །དོན་དང་འདུ་འབྲལ་མེད་པར་མཛོད། །ཅེས་རིག་འཛིན་ལྷུན་གྲུབ་ལའོ། །
༈ འཁོར་བ་འདི་ན་དཀོན་པ་དེ། །དལ་འབྱོར་ཚང་བའི་ལུས་རྟེན་ཡིན། །སྐྱེས་པ་ཙམ་ནས་འཆི་བདག་གི །ཁ་རུ་ཚུད་པ་མ་མཐོང་ངམ། །ལས་འབྲས་བླང་དོར་ཁྱད་གསད་ན། །འཁོར་བའི་སྡུག་བསྔལ་གཟིགས་ལགས་སམ། །བདེ་སྡུག་མཐོ་དམན་སྣ་ཚོགས་འདི། །རང་གིས་བྱས་ཀྱིས་སྟེས་དབང་མིན། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་དང་བྲལ་བའི་དགེ་སྦྱོར་ཀུན། །རྣམ་གཡེང་ཆེ་ལ་ས་ཆོད་ཆུང་། །སེམས་ཅན་ཕ་མར་ཤེས་ལགས་སམ། །རྟག་ཏུ་རང་གི་སེམས་ལ་ལྟོས། །བལྟས་པས་མི་མཐོང་གཞི་རྩ་བྲལ། །མེད་ཅེས་སྟོང་པར་བལྟ་བ་དེ། །ཆད་ལྟའི་གཡང་ས་ཆེན་པོ་ཡིན། །དེ་ཕྱིར་ཡོད་དང་མེད་པ་དང་། །སྒོམ་དང་མི་སྒོམ་བློའི་རི་མོ། །ཤིག་ལ་མ་བཅོས་གཉུག་མའི་མཚང་། །འཇུར་དྲན་ལས་འདས་ཡང་དག་གི །དྲན་རིག་སྨྲ་བསམ་བརྗོད་མེད་ལ། །དགོངས་པའི་བཙན་ས་ཟིན་པར་གྱིས། །དེ་ནི་ང་ཡིན་དེ་རྟོགས་ནི། །ང་དང་ཁྱོད་ལ་འདུ་འབྲལ་མེད། །ཧོར་བྲག་འགོ་བ་འཇིགས་མེད་རྣམ་གྲོལ་ལ་རང་བྱུང་རྡོ་རྗེས་སོ། །
༈ ཨེ་མ་ཧོ། གང་ལ་བརྟེན་པས་གནས་སྐབས་མཐར་ཐུག་ཏུ། །ལེགས་པར་འཚེངས་པ་འུ་ཅག་སྐྱབས་ཀྱི་མཆོག །རིས་བྲལ་བསྟན་པའི་སྲོག་ཤིང་དྲིན་ཅན་རྗེ། །རྫོགས་པའི་སངས་རྒྱས་བཞད་པར་ངེས་པས་འདུད། །གཞུང་ལུགས་དཀའ་གནད་འགྲོལ་བའི་མཐུ་ཞན་ཡང་། །བརྩོན་པའི་སྟོབས་ཀྱིས་དྲངས་པའི་སྒོམ་ཆུང་ཚིག། །ཚོག༵ས་གཉིས་ཆུ་གཏེར་འཕེ༵ལ་བའི་རྒྱ༵་མཚོ༵འི་ཀློང་། །ཐོལ་སྐྱེས་ཚིག་གི་ལྦུ་ཕྲེང་རྒྱན་འདི་ལོངས། །ཨེ་མ་ཤིན་ཏུ་རྙེད་དཀའ་དལ་བའི་རྟེན། །ད་རེས་རྣམ་དཀར་དགེ་བའི་རྒྱུས་བསྐྱེད་པ། །ཡད་ཡུད་རྣམ་གཡེང་བསིར་བུས་ཁྱེར་བ་ན། །འབྲས་མེད་སྤུན་པར་འཆོར་རོ་གྲོགས་པོ་པ། །འཇིགས་སླ་སྙིང་པོས་དབེན་པའི་མི་ལུས་འདི། །དོན་མེད་འདི་སྣང་བྱ་བས་དུས་ཡོལ་ན། །ཁ་ཅང་དོན་གྱི་གླེན་པ་མདོ་མེད་པོ། །རང་གིས་རང་ཉིད་བསླུས་སོ་གྲོགས་པོ་པ། །ངེས་པར་བདེན་པ་མི་རྟག་འཆི་བ་སྟེ། །མིག་མཐོང་བས་ཀྱང་གསལ་བའི་གཟུགས་གྲུབ་ཏུ། །དགྲ་གཉེན་བར་མ་རྒན་གཞོན་ངེས་མེད་དུ། །འདས་གྲོངས་ཚུལ་འདི་དགོངས་སམ་གྲོགས་པོ་པ། །ཅི་སྟེ་མཚན་དཔེས་སྤྲས་པའི་རྒྱལ་བའི་སྐུ། །འཇིགས་ཚུལ་སྟོན་ན་འུ་ཅག་ཉམས་ཆུང་ལུས། །ཆུ་བུར་འདྲ་བ་ནམ་ཞང་གཏོལ་མེད་པས། །རྟག་འཛིན་ཨ་འཐས་མ་བྱེད་གྲོགས་པོ་པ། །ཡེ་ཤེས་སྤྱན་གྱིས་སྐྱེས་ནས་མ་ཤི་བའི། །ཡིད་ཅན་གཅིག་ཀྱང་གཟིགས་པར་མ་གསུངས་ན། །རང་ཅག་ངེས་པར་འཆི་བར་ཐག་ཆོད་ཀྱང་། །ནམ་འཆིའི་དུས་བཏབ་མེད་དོ་གྲོགས་པོ་པ། །སང་བྱེད་ཕྱིས་བྱེད་བྱ་བའི་འཕྲོ་མང་པོ། །དོ་ནུབ་མི་རྟག་འཆི་བས་བཅད་གྱུར་ན། །འཇིག་རྟེན་ཕྱི་མར་ཕན་པའི་རྒྱགས་ཕྱེ་ཞིག །ཚགས་སུ་གྲུབ་པ་ཨེ་ཡོད་གྲོགས་པོ་པ། །དེ་ལྟར་འཆི་ཚེ་བསགས་པའི་ནོར་རྫས་དང་། །འདུས་པའི་གཉེན་བཤེས་ཀུན་གྱིས་མི་བསྟང་བ། །མང་དུ་ཅི་འཚལ་མདང་སུམ་ཚད་གྲུབ་ཏུ། །གཟིགས་པ་འདི་ཀ་ལགས་སོ་གྲོགས་པོ་པ། །ཤི་ནས་གར་སྐྱེ་རང་དབང་དང་བྲལ་ཞིང་། །ལས་རླུང་ཤུགས་ཁྱེར་གཞན་དབང་ཅན་ཡིན་ན། །ངན་སོང་གནས་སུ་སྐྱེས་ན་ཅི་ཚུགས་བྱ། །མི་སྐྱེའི་བློ་གདེང་ཨེ་ཡོད་གྲོགས་པོ་པ། །དཀའ་བས་འབད་ཀྱང་ཟིན་མེད་ངལ་བའི་ལས། །འདི་སྣང་ཞེན་པའི་རྡོས་ཐག་ཁད་ཀྱིས་ཆོད། །ནམ་གཞག་གཏན་འདུན་སྙིགས་དུས་ཚེ་ཐུང་འདིར། །འགྲུབ་ན་གྲུང་པོ་ཟེར་རོ་གྲོགས་པོ་པ། །ལོ་ཟླ་ཞག་མས་ཚེ་འདིའི་སྣང་བ་གཏུམས། །དོན་མེད་བྱ་བས་སྒྱུ་ལུས་ཨ་ཐང་ཆད། །བྱས་པ་རྗེས་མེད་ཆུ་ཡི་རི་མོ་འདྲར། །ཤེས་ན་ཅང་པོ་ཟེར་རོ་གྲོགས་པོ་པ། །ཨ་ཨེ་ད་ནི་མི་རྟག་སྲིན་པོ་ཡི། །མཆེ་བར་ཚུད་པའི་ཚེ་ལྷག་ཉུང་ཟད་འདི། །རྣམ་གཡེང་སད་སུད་དག་གིས་དུས་འདས་ན། །ཤི་ཚེ་འགྱོད་ཀྱང་འཕྱིས་སོ་གྲོགས་པོ་པ། །དེ་ལ་ཕན་པའི་གདམས་ངག་བསམ་འདས་པ། །བརྗོད་པ་ཡི་གེས་འཇིགས་པས་སྐབས་འདི་རུ། །དགོས་དོན་སྙིང་པོར་དྲིལ་བའི་ཟབ་གནད་འདི། །དཀར་པོ་ཆིག་ཐུབ་ལགས་སོ་གྲོགས་པོ་པ། །དེ་ཡང་སྐད་ཅིག་རང་གི་སྤྱི་བོ་རུ། །གསང་བདག་བཞད་པ་རྡོ་རྗེ་ལམ་གྱིས་བསྒོམ། །རྟོགས་པའི་ཡེ་ཤེས་བསྐྱེད་པར་གསོལ་བ་བཏབ། །དབང་བཞི་བླངས་ནས་བླ་མ་སྙིང་དབུས་དྲང་། །དེ་ལ་ཡེངས་མེད་ཤེས་པ་ཧྲིག་གེར་བལྟ། །བློ་ངན་ལང་ཤོར་རྟོག་པ་འཚུབས་པ་ཞི། །གནས་ཆ་བདེ་གསལ་མི་རྟོག་ཞི་གནས་འཆད། །དེ་རྗེས་གུ་རུའི་སྐུ་ལས་འོད་ཟེར་འཕྲོས། །བདག་གཞན་སྒྲིབ་གཉིས་སྦྱངས་མཐར་སྣོད་བཅུད་ཀུན། །དྭངས་ཤེལ་ཧས་བཏབ་ལྟ་བུར་འོད་གསལ་བསྡུས། །སྨྲ་བསམ་བརྗོད་མེད་ངང་དུ་ཆམ་གྱིས་སྐྱུར། །ལྷོད་ཀྱིས་གློད་པས་བདེ་སྡུག་ཡུལ་སྣང་ནི། །ཅི་ཤར་དེ་གའི་རང་ངོར་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་ཡུལ་སྣང་གསལ་སྟོང་དུ། །རྗེན་པར་འཆར་བ་ལྷག་མཐོང་ངོ་བོ་ཡིན། །དེ་ལྟར་རྣམ་རྟོག་གང་ཤར་རང་ངོ་ནི། །ཤེས་ལས་གཞན་པའི་སྒོམ་རྒྱུ་ཅི་ཡང་མེད། །སྒོམ་མེད་ངང་ནས་ཡེང་མེད་ཤིན་ཏུ་གཅེས། །སྐྱོང་ལུགས་དང་པོར་ཐུན་དུ་བཅད་ནས་བསྒོམ། །བར་དུ་སྤྱོད་ལམ་དང་བསྲེ་ལྷག་པར་དུ། །རྐྱེན་ངན་གང་བྱུང་ལམ་དུ་ཁྱེར་བཞིན་བསྒོམ། །བདེ་སྡུག་ན་ཚ་འཇིགས་སྐྲག་ཅི་བྱུང་ཡང་། །དེ་ཡི་ངོ་བོར་མདུང་ཚུགས་བལྟས་པ་ཡིས། །གསལ་སྟོང་རྗེན་པར་འཆར་དེའི་མདངས་མ་ཡལ། །གསལ་ལེ་ཧྲིག་གེར་སྐྱོང་བ་མཉམ་གཞག་དང་། །གང་ཤར་རྨི་ལམ་སྒྱུ་མར་རྒྱས་འདེབས་པ། །རྗེས་ཐོབ་དག་ཏུ་འདོད་ཀྱང་དང་པོའི་སྐབས། །རྣམ་རྟོག་དག་དང་དེ་ལ་ལྟ་མཁན་གཉིས། །སོ་སོར་འབྱུང་འདྲ་རིམ་གྱིས་གོམས་པ་དང་། །གཉིས་མེད་རིག་པ་རང་སོ་ཟིན་པ་ཡིས། །གནས་འགྱུ་འདེམ་ཀ་མེད་པའི་སྒོམ་ཆེན་པ། །འཁྲུལ་ཞིག་རང་གྲོལ་བཙན་ས་ཟིན་པ་ཡིན། །འདི་དོན་རྟོགས་ལ་ལྟ་བ་དེ་ཉིད་ལ། །མཉམ་པར་འཇོག་པ་སྒོམ་པ་དེའི་རྩི་ཡིས། །ཟིན་ལ་སྤྱོད་པའི་ཐ་སྙད་འབྱེད་ན་ཡང་། །རྒྱུན་དུ་མོས་གུས་བསག་སྦྱང་མགོ་ལྟར་གཅེས། །ཞེན་ལོག་རྐང་པ་བྱམས་དང་སྙིང་རྗེ་གཉིས། །ཡན་ལག་ལྟ་བུར་མེད་ཐབས་མེད་པ་ཡིན། །དེ་ལྟར་ཆོས་ཀུན་སེམས་ཀྱི་ཆོ་འཕྲུལ་དུ། །རྟོགས་ཚེ་ངན་སོང་སྡུག་བསྔལ་གང་དུ་མྱོང་། །ས་ལམ་དྲོད་རྟགས་རེ་དོགས་རིག་ངོར་རྫོགས། །འོད་གསལ་སྔར་འདྲིས་མ་བུ་འཕྲོད་པས་ན། །སྒྱུ་ལུས་ཞིག་ཚེ་འཚེར་བག་ཅི་ལ་ཡོང་། །མདོ་རྒྱུད་མན་ངག་ཀུན་གྱི་ཞལ་ཕྱེ་ཡང་། །དགོས་པའི་དོན་པོ་འདི་ལས་མ་མཆིས་པས། །ཚིག་འདི་བློར་བཟུང་དོན་འདི་སྙིང་ལ་ཆོངས། །ཉམས་ཉམས་ངེས་ཤེས་ནང་ནས་འབར་ཏེ་མཆི། །དེ་ལྟར་སེམས་ལ་སྨན་པའི་མཆིད་གྲོས་དང་། །རྗེས་སུ་འབྲེལ་བའི་མཉམ་གཞག་བསྐྱང་ཚུལ་གྱི། །མན་ངག་འདི་ཀོ་ཐ་སྙད་ལ་ཞེན་པ། །ནམ་མཁའི་མཐའ་འཚོལ་རྟོག་གེས་གཞལ་བྱ་མིན། །ཡང་དག་དོན་གྱི་རྣལ་འབྱོར་མཛད་བཞེད་ན། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །དེ་ལྟའི་དགེ་ཚོགས་རྨད་བྱུང་འོད་པོ་ཆེ། །རྣམ་དག་གྲུབ་པ་འཕེ༵ལ་བའི་རྣལ་འབྱོར་པས། །རྒྱ༵་མཚོ༵འི་གོས་ཅན་བར་དུ་ཁྱབ་གྱུར་ཏེ། །ངེས་དོན་བསྟན་པའི་སྙིང་པོ་རྒྱས་ཕྱིར་བསྔོ། །སྤེལ་བྱེད་སྙན་ངག་སྡེབ་སྦྱོར་བློའི་མཐུ་དམན། །ཚིག་སྟོབས་ལོག་པ་ཡོད་སྲིད་དོན་གྱི་ཆ། །བརྒྱུད་ལྡན་མན་ངག་ཇི་བཞིན་འགལ་མེད་དུ། །བསྡེབས་འདི་སྙིང་པོའི་དོན་ལ་ཆེད་གཞོལ་བའི། །རང་དང་ལྟ་སྤྱོད་མཐུན་པ་མ་གཏོགས་པ། །གཞན་མཐོང་བདག་གིས་བདེན་གཏམ་བརྗོད་གྱུར་ཀྱང་། །མཁྲིས་ནད་ཅན་གྱིས་དུང་དཀར་སེར་མཐོང་དང་། །རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་འཛག །རླུང་ནད་ཅན་ལ་ག་བུར་བླུད་མཚུངས་པས། །རྒྱ་མཚོའི་སྙིང་རྡོ་བཞིན་དུ་སྦ་བར་ཞུ། །ཞེས་པའང་འཕྱོང་རྒྱས་ཞོལ་ཁང་གཞིས་ཀའི་ཉེ་འདབས་དྲི་ལྡན་སེ་བའི་ཚལ་ཁྲོད་སྐྱོ་གྲོགས་འཇོན་མོང་གི་མགྲིན་དབྱངས་རྣ་བའི་བཅུད་དུ་ལེན་པའི་ཕྱོགས་བྲལ་བས་ཐུན་དབར་ལ་དཀྱུས་ཐོག་གཅིག་གིས་ངེས་པར་གང་ཤར་ཐོལ་ཐོལ་འཁྱུག་འཁྱུག་དུ་སྤེལ་བའོ། །
༈ ཕ་འཇི༵གས་མེད༵་རྒྱལ་པོ་ཨོ་རྒྱན་རྗེ། །ཕྲིན༵་ལས༵་ཉི་མའི་འོད༵་ཟེར༵་ཅན། །མཐའ་འཁོབ་ཏུ་སྲིད་པ་བཟུང་ན་ཡང་། །མཚན་ལྡན་གྱི་བླ་མའི་བཀའ་བཞིན་བསྒྲུབས། །མོས་གུས་ལ་ལྟེམ་བརྐྱང་མ་མཆིས་པས། །བྱང་ཆུབ་སེམས་གཉིས་ལ་ཕ་ཕོགས་ཐོབ། །རྟོག་གེ་དང་ཆོས་བརྒྱད་ལ་མ་འདྲིས་ཀྱང་། །རང་བཞིན་ལྷུམས་ཞུགས་ཀྱི་གཞན་ཕན་བྱུང་། །ལར་བསམ་པ་བརྒྱ་ཡི་རྗེས་མི་འགྲོ། །མ་བསམ་པ་སྟོང་གི་དོན་འགྲུབ་པ། །མཁའ་འགྲོ་ཆོས་སྐྱོང་གི་ཕྲིན་ལས་ཡིན། །སྣང་བ་བདེན་མེད་དུ་རྟོགས་ཙ་ན། །གར་བཞུགས་བདེ་བ་ཆེན་པོའི་ཞིང་། །རི་བོ་རྩེ་ལྔའི་རྡོས་བཅས་ལ། །ངོ་མཚར་གསར་པ་མེད་དོ་ཨང་། །སྡུག་བསྔལ་བདེན་པའི་རང་གཟུགས་ནི། །འཁོར་བའི་མཚན་ཉིད་ཡིན་པའི་ཕྱིར། །མཐོ་དམན་འབྱོར་རྒུད་ཆགས་སྡང་དང་། །ནད་འཁྲུག་མུ་གེ་ལ་སོགས་པ། །སྡུག་བསྔལ་བརྒྱད་དང་གསུམ་གྱིས་གཟེར། །དེ་ཕྱིར་དེ་ལས་གྲོལ་བའི་ཕྱིར། །ཕུང་པོ་ལྔ་ཡི་རྫུན་ཕུགས་རྟིབ། །ཚོགས་བརྒྱད་རང་གྲོལ་མཁྱེན་པར་མཛོད། །དེ་ལྟ་མོད་ཀྱི་ད་ལྟའི་དུས། །ཕུང་པོ་ཟག་པས་བཅིངས་བའི་ཕྱིར། །ཆོས་སྤྱོད་དབང་པོ་ཐུལ་བ་དང་། །གཞན་ཕན་འགྲུབ་པའི་སྐྱེས་བུ་རྣམས། །ཇི་ཙམ་འཚོ་བ་དེ་སྲིད་དུ། །དོན་གཉིས་འགྲུབ་པའི་མཐུ་ཆེ་བས། །འཆི་བ་བསླུ་ཞིང་སྲོག་བསྲུང་བྱ། །རྒྱལ་བ་ཐུགས་རྗེ་ཅན་དེ་ཡིས། །མདོ་སྔགས་ཐེག་པ་བསམ་ཡས་སུ། །བསྟན་པ་ལྟ་སྤྱོད་ཐ་དད་ཅིང་། །འགྲོ་བའི་ཁམས་དང་འཚམས་པའི་ཆོས། །རྣམ་པ་སྣ་ཚོགས་འབྱུང་བ་དེ། །རྒྱལ་བའི་ཕྲིན་ལས་ཆེན་པོ་ཡིན། །གདུལ་ཐབས་མཁས་པ་མ་ཤེས་པར། །མདོ་ལ་དད་ན་སྔགས་ལ་གཤེ །སྔགས་ལ་དད་ན་འདུལ་བ་སྤོང་། །བསྟན་པའི་ཆུ་འགོ་ཐ་དད་ལ། །ཕྱོགས་ལྷུང་ཕྲག་དོག་ཀུན་དཀྲིས་ཀྱིས། །སྐུར་འདེབས་བྱེད་པའི་སྡིག་ཏོ་ཅན། །རྒྱ་བོད་གཉིས་ཅར་དུ་བྱུང་ཞིང་། །ཁྱད་པར་མཐའ་འཁོབ་སྐྱེ་བོ་རྣམས། །གླེན་པ་ཨུ་ཚུགས་ཅན་ཡིན་པས། །ཆོས་ཀྱི་གཟུགས་ཅན་འགའ་ཞིག་གིས། །ཕྲ་མ་སྔ་བཙན་རྗེས་འབྲངས་ནས། །སེམས་ཅན་སྡུག་ལ་སྦྱོར་བའི་དམག །དྲངས་ནས་གཙུག་ལག་ཁང་མེར་བསྲེགས། །འཕགས་པ་བསད་ཅིང་དགེ་འདུན་འཇོམས། །ཆོས་ལ་ཕྱོགས་རིས་འབྱེད་ཅིང་སྡང་། །དེ་ཡི་རྒྱུ་མཐུན་འབྲས་བུ་ཡིས། །རང་སྲིད་བརླག་ཅིང་ཤི་མ་ཐག །ངན་འགྲོར་འགྲོ་བ་མང་བྱུང་ན། །དེ་ལས་ལྡོག་སྟེ་བསྟན་པའི་གཞུང་། །བདེན་རྣམ་གཉིས་ཀྱི་འཁོར་ལོ་དང་། །བྱང་ཆུབ་སེམས་ཀྱི་མཐུ་བསྟན་པ། །བྱ་བའི་ནང་ནས་རླབས་པོ་ཆེ། །འགྲུབ་པ་ཆོས་རྒྱལ་ཡབ་སྲས་ཀྱི། །སྨོན་ལམ་དུས་སུ་སྨིན་པ་ཡིན། །དགའ་བ་སྒོམས་ཤིིག་རིགས་ཀྱི་བུ། །ཕྱི་མའི་མཐར་ཡང་བསྟན་པའི་རྒྱུན། །ནུབ་པ་མེད་པའི་སེམས་བསྐྱེད་ལ། །མཉམ་གཞག་ནམ་མཁའི་ངང་སྒོམ་དང་། །རྗེས་ཐོབ་རྨི་ལམ་སྒྱུ་མ་ལྟས། །བསྡུ་དངོས་བཞི་ཡི་ཕྲིན་ལས་ལ། །སྙིང་སྟོབས་མ་ཆུང་ཨ་ལ་ལ། །སྔོན་སྨོན་བཟང་པོའི་ནུས་སྟོབས་ཀྱིས། །ཚེ་འདི་འམ་ནི་ཕྱི་མའི་དུས། །ངེས་པར་མཇལ་བའི་རྟེན་འབྲེལ་རྒྱུན། །ཐེག་མཆོག་རྒྱ་མཚོར་འདྲེས་པར་ཤོག །
༈ མཚུར་ཕུ་གདན་ཚབ་པའི་དྲི་ལན། །རྒྱལ་བའི་ཆོས་སྒོ་མཐའ་ཀླས་ཀུན། །སྡེ་སྣོད་གསུམ་དང་སྔགས་སུ་འདུས། །གང་ཡང་ཐེག་ཆེན་གཞུང་ལམ་དུ། །ངེས་དོན་དགོངས་པ་གཅིག་ཏུ་འབབ། །དེ་ལ་དབུ་སེམས་གྲུབ་མཐའ་གཉིས། །ཁས་ལེན་སོ་སོར་ཡོད་སྲིད་ཀྱང་། །སེམས་ཙམ་ལམ་བདེན་བྲལ་བྱ་དང་། །ཐལ་འགྱུར་འགོག་བདེན་བྲལ་འབྲས་ཡིན། །བོད་འདིར་བློ་ཡིས་གཟུང་བ་ཡི། །གྲུབ་མཐའི་མིང་འདོགས་མང་མོད་དེ། །དེ་དག་ཀུན་ཀྱང་རང་གཞུང་སྒྲུབ། །གཞན་གཞུང་དགག་ལ་གཙོར་བྱེད་དེ། །རླུང་སེམས་དབུ་མར་ཞུགས་པའི་ཚེ། །ཆོས་མིག་རྡུལ་བྲལ་ཐོབ་འགྱུར་བས། །ལྟ་སྒོམ་སྤྱོད་པའི་ཁས་ལེན་བྲལ། །ཕྱག་རྒྱ་ཆེན་པོ་གསང་སྔགས་སྤྱིའི། །བདེན་མཐོང་མིང་ལ་བཀའ་བརྒྱུད་པ། །རྣལ་འབྱོར་བཞི་པའི་སྒོམ་རིམ་སོགས། །ཁོལ་བུར་བཟུང་བ་རྒ་ཤིའི་སྨན། །རྫོགས་པ་ཆེན་པོ་སྐྱེ་འགག་དང་། །འཁོར་འདས་བདེན་ཞེན་ཆོས་ཀྱི་དབྱིངས། །རྫོགས་པ་བརྗོད་བྲལ་བློ་ལས་འདས། །ལམ་འབྲས་བསྐྱེད་རིམ་ལམ་བྱས་ནས། །རྫོགས་རིམ་འབྲས་བུར་འདོད་པའི་དོན། །གྲུབ་མཐའ་ངོ་བོ་ཉིད་གསུམ་སྨྲ། །སྐྱེས་བུ་གསུམ་གྱི་རྣམ་གཞག་ནི། །རྒྱལ་བའི་གཞུང་ལམ་ཉིད་ཡིན་ཡང་། །ཇོ་བོས་དུས་བཏོན་དགའ་ལྡན་པས། །རང་ལུགས་ཁོ་ནར་དམ་འཆའ་བྱེད། །སྒྲོལ་བའི་མགོན་པོའང་གཞན་སྟོང་གི །གྲུབ་མཐའི་ཞོར་ལ་དེ་བཞིན་སྨྲ། །དགེ་ལྡན་ཤིང་རྟ་རྣམ་གཉིས་ཀྱི། །རིང་ལུགས་དངོས་ལས་གཞན་མིན་ཞེས། །བོད་ཀུན་ལྟ་སྒོམ་ནོར་བར་སྒྲོག །ངས་ནི་བསླབ་གཉེར་མ་བྱས་ཏེ། །བྲག་ཕུག་ཡུན་རིང་བརྟེན་པ་ཡིས། །དེ་ཀུན་འདོད་ཞེན་ལམ་བདེན་ལ། །བློ་ཡིས་བཏགས་པའི་ཆོས་སུ་གོ །ལྟ་བ་རང་བཞིན་སྐྱེ་མེད་ངང་། །སྒོམ་པ་རང་གྲོལ་འགག་མེད་ཀློང་། །སྤྱོད་པ་ཚོགས་ལམ་ཉེས་སྤྱོད་སྡོམ། །སྦྱོར་བའི་ལམ་དུ་དགེ་ཆོས་སྡུད། །མཐོང་ལམ་ཐོབ་ནས་སེམས་ཅན་དོན། །གཙོ་བོར་བྱ་ཞེས་གསུང་ན་ཡང་། །ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་གྱི། །དགེ་སྦྱོང་ཀླ་ཀློའི་ཆོས་ལུགས་སྐྱོང་། །དེ་ཡི་རྣམ་གཞག་རང་ས་རུ། །བརྗོད་ན་ཕོག་ཐུག་ཆེས་པའི་ཕྱིར། །བསྟན་པའི་གཞུང་ལམ་རྐང་བཙུགས་ནས། །ལུང་དང་རིག་པ་གཏན་ཚིགས་ཀྱིས། །ཡོན་ཏན་མཛོད་ཀྱི་གཞུང་བརྩམས་ནས། །འགྲེལ་པ་བདེན་རྣམ་ཤིང་རྟ་གཉིས། །ཤོག་གྲངས་སྟོང་དུ་ཉེ་བ་བརྩམས། །འདི་ལ་གཟིགས་ནས་དགག་སྒྲུབ་ཀྱི། །སྤོབས་པ་ཐོབ་ནས་གསུང་འཚལ་ལོ། །མཚུར་ཕུ་གདན་ཚབ་པས་བོད་ཀྱི་ཆོས་ལུགས་ཐ་དད་པའི་ལྟ་སྒོམ་སྤྱོད་འབྲས་ཇི་ལྟར་ཡིན་ཞེས་དྲིས་པའི་ལན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ རང་བབ་སྨྲ་བསམ་བརྗོད་མེད་ལྟ་བ་ཡིན། །གསལ་སྟོང་ཉམས་ཀྱིས་སྒོམ་ཆེན་བསླུས་པ་མང་། །རང་གསལ་མ་སྐྱེས་མི་འགག་སྒོམ་པ་ཡིན། །རྟོག་དཔྱོད་ཚེར་མས་བསམ་གཏན་དཀྲོགས་པ་མཐོང་། །སོ་སོ་རང་རིག་ཡེ་ཤེས་མ་འཁྲུལ་ན། །སྤྱོད་ལམ་ཇི་ལྟར་བྱས་ཀྱང་ལམ་དུ་འགྲོ། །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ ལྟ་སྒོམ་སྤྱོད་པའི་གནད་གོ་བདེ་བར་བཞུགས། ལྟ་བ་དྲི་མེད་ནམ་མཁའི་ཀློང་། །སྒོམ་པ་ཉི་མའི་འོད་ཟེར་ཤར། །སྤྱོད་པ་དུས་ཚོད་དང་འབྲེལ་བའི། །བློ་གྲོས་མཆོག་ལྡན་དེ་ལ་འདུད། །ལྟ་བ་ཐོས་པས་གཏན་འབེབས་ཚེ། །ལུང་དང་རིག་པའི་བཤད་སྦྱར་དགོས། །སྒོམ་པ་མྱོང་བས་གཏན་འབེབས་ཚེ། །སེམས་དང་རིག་པའི་ལ་ཤན་ཕྱེ། །སྤྱོད་པ་ཚུལ་ཁྲིམས་རྣམ་པ་གསུམ། །ལམ་ལྔའི་རྒྱུད་ཚོགས་དག་དང་སྦྱོར། །ད་ནི་དེ་དག་གི་དོན་སྒོམ་ཚེ་ཀུ་སུ་ལུ་པ་ཐོས་པ་ཉུང་ངུ་དག་གིས་གོ་བདེ་བར་བཤད་ན། ལྟ་བ་ཟེར་བ་དེ་རང་གི་སེམས་ལྷོད་དེ་བཞག་ཙ་ན། འདི་ཡིན་དང་འདི་མིན་གྱི་རྩིས་གདབ་མེད་ལ། གཉིད་དུ་སོང་བའམ་བརྒྱལ་བ་ལྟ་བུ་ཡང་མ་ཡིན་ལ། རིག་པ་དྭངས་པ་ལ་ངོ་བོ་ཉིད་མེད་པ། གུ་ཡངས་པ་ལ་ཐ་མལ་དུ་མ་ཤོར་བ། ཚིག་གིས་སྨྲ་རུ་མི་བཏུབ། བློས་བསམ་དུ་མེད། གྲུབ་མཐའི་ཁས་ལེན་གྱི་བརྗོད་བྱས་མ་ཐུག་པ་འདི་ལྟ་བ་ཡིན། དེའི་ངང་དུ་མ་ཡེངས། མི་སྒོམ། རང་ངོ་ཤེས་པ་ལ་ཤེས་སོ་སྙམ་པའི་བཅོས་བསླད་མ་ཞུགས་པ་དེ་དྲན་པའི་རྒྱུན་གྱིས་སྐྱོང་བ་ལ་སྒོམ་པ་ཟེར། སྤྱོད་པ་ནི་བཟང་པོ་ལ་དགའ་ནས་བསྒྲུབ་ཏུ་མེད། ངན་པ་ལ་སྐྱོ་ནས་དགག་ཏུ་མེད་རང་བབ་ཤུགས་འབྱུང་བླང་དོར་མེད་པ་དེ་ཡིན་ཡང་དང་པོའི་ལས་ཅན་གྱིས་དེ་ལམ་དུ་ཅང་མི་ལྷོངས་པས་ལས་འབྲས་ལ་གུས་པ་མི་ལྷོད། ཨ་འཐས་ཀྱང་མི་བྱེད། བྱམས་དང་སྙིང་རྗེ་ལ་སོགས་པའི་ཚད་མེད་བཞི་པོ་བྱང་ཆུབ་སེམས་ཀྱི་རྒྱུ་མ་ནོར་བ་ཡིན་པས་རྗེས་ཐོབ་ཏུ་དེ་དང་མ་བྲལ་བ་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་ཡིན། རྣམ་རྟོག་སེམས་ཀྱི་རང་རྩལ་ཡིན་པས་ཤར་བ་དག་ཀྱང་མི་དགག །དེའི་རྗེས་སུ་ཡང་མི་མནོ། མི་བསམ། དེ་ལ་བརྟག་དཔྱད་མི་བྱེད། ཤར་ཁུངས་ལ་བལྟས་པས་སྐྱེ་བ་མེད་པ་ཟེར་ཏེ་སྟོང་པའི་ངང་ནས་ཤར་བ་ཡིན་ཕྱིར་སྤྲིན་ནམ་མཁའ་ལ་དེངས་པ་བཞིན་རང་མལ་དུ་འགྲོ། ཤར་བའི་ཡུལ་ལ་ཕར་བལྟས་ན་ཕུང་པོ་ལྔ་དང་ཚོགས་དྲུག་གི་རྗེས་སུ་འགྲོ་བས་འཁྲུལ་པའི་གཞི་རྩ་མི་ཆོད། འུབ་ཀྱིས་དྲིལ་ན། སྒོམ་ཆེན་རབ་ཀྱིས་དྲན་པ་གཅིག་པུས་ལྟ་སྒོམ་སྤྱོད་པ་གསུམ་ཀའི་གོ་ཆོད་པ་མཛོད། འབྲིང་གིས་གསལ་སྟོང་གི་ངོ་བོ་དྲན་པའི་བྱ་རས་སྐྱོངས། ཐ་མ་ལས་དང་པོ་པ་རྣམས་ནི། ང་མ་ཡེངས་པ་བྱེད་སྙམ་པའི་ངང་ནས་གསལ་སྟོང་དེ་ལྟ་བ་ཡིན། དེ་མ་བརྗེད་པའི་དྲན་པ་དེ་སྒོམ་པ་ཡིན། ཚུལ་འཆོས་དང་ངོ་ལྐོག་མེད་པའི་བྱ་བ་ལ་འཛིན་པ་མ་ཞུགས་པ་དེ་སྤྱོད་པ་ཡིན། རང་ངོ་ཤེས་པ་ལྟ་བ་ལགས། བརྗེད་པ་མེད་ན་སྒོམ་པ་ལོས་ལགས། ཆོས་དང་མཐུན་པ་སྤྱོད་པ་ཡིན། ཞེས་པའང་། འབྲི་གུང་ཐིལ་དུ་རི་པ་རྣམས་ལ་ཕན་པའི་སེམས་ཀྱིས་རྒྱུད་ཚོད་དང་མཐུན་པར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ མཚང་འདོན་གྱི་ཞལ་གདམས་བཞུགས། ཕ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། །མ་མཁའ་འགྲོའི་གཙོ་མོ་ལྷ་ལྕམ་གཉིས། །སྲས་གྲུབ་ཐོབ་རྗེ་འབངས་ཉེར་ལྔ་ལ། །ཡིད་དད་བརྒྱའི་སྒོ་ནས་གསོལ་བ་འདེབས། །སྔོན་བསྐལ་པ་སྲིད་པའི་དང་པོ་ལ། །གླིང་བཞི་རི་རབ་ལྷ་གནས་སོགས། །གཞོམ་གཞིག་བྲལ་བ་ཆགས་ན་ཡང་། །མཐར་མེ་བདུན་ཆུ་གཅིག་གིས་ཡུད་ཙམ་ལ་འཇིག །དགོན་སར་འདེབས་པའི་དཀའ་ཚེགས་ལས། །བྲག་ཕུག་ལ་ཐིག་ཚགས་བྱས་ན་བདེ། །ཀ་བཞི་གདུང་བརྒྱད་ཀྱི་བདག་པོ་རྣམས། །ལུང་སྟོངས་སུ་འཆི་བ་མ་མཐོང་ངམ། །ནམ་འཆི་ཆ་མེད་འདི་བསམས་ཙ་ན། །གཏན་དུ་སྡོད་རྩིས་ཀྱི་ཕོ་རྒོད་ཚོ། །བསམ་པ་ལ་ཁར་ལུས་བཞིན་དུ། །ཕུང་པོ་དུར་ཁྲོད་སླེབས་པ་སྐྱོ། །སྐྱིད་སྡུག་ལས་འབྲས་ཀྱིས་བསྐོས་པ་ལ། །རྣམ་བཀྲ་སྐོར་ཕྱོགས་ཀྱི་ཕེར་ཡོང་འདིར། །བློ་གཏད་ཨ་འཐས་སུ་བྱེད་པ་རྣམས། །འཁྲུལ་པའི་ནང་ནས་འཁྲུལ་ཚབས་ཆེ། །མི་ལུས་ལན་ཅིག་རང་ཐོབ་པ་འདིར། །བློ་ཁ་ཆོས་སུ་མི་བསྒྱུར་བར། །འཇིག་རྟེན་འཁྲུལ་བའི་གྲགས་རྗེས་ལ། །རོ་མཆོད་བྱེད་པའི་སྨྱོ་ལུགས་ལ་ཨང་། །མུ་སྟེགས་གྲུབ་མཐའ་བཟང་ཤོས་རྣམས། །མི་དགེ་བཅུ་ལ་ཤིན་ཏུ་འཛེམ། །བོད་ཀྱི་ཆོས་པར་རློམ་པ་རྣམས། །སྲོག་གཅོད་ལ་བརྔམས་པའི་འཇིགས་ལུགས་ཨང་། །ཁམས་པ་རྣམས་དཀོན་མཆོག་ལ་དད་བྱེད་ཀྱང་། །རྔོན་པ་དང་ཨར་ཇག་ལ་ཅང་མི་སེམས། །མཐའ་འཁོབ་ཏུ་སྐྱེས་པས་ལན་ཟེར་ཏེ། །དབུས་པའི་སྙིང་ཁམས་ཀྱིས་ཆོག་པ་ཨང་། །སྡིག་ཅན་ཚོ་བླ་མས་སྐྱོབ་ཟེར་ནས། །ཤི་དུས་སུ་རྟ་ནོར་འབུལ་ན་ཡང་། །ས་བཅུའི་དབང་ཕྱུག་ཅིག་ཡིན་ན་ལས། །ང་འདྲ་ལ་རེ་བ་མ་མཛད་ཨང་། །དམ་པ་ཆོས་ཀྱི་སྒོར་ཞུགས་ནས། །མཚན་ལྡན་གྱི་བླ་མ་མི་བསྟེན་པར། །སྡིག་ཅན་གྱི་ཧོར་འདྲར་རྒྱུག་པ་དེ། །བདུད་ཀྱི་མགོ་བོ་བསྐོར་བ་ལགས། །གཞོན་དུས་བསླབ་གཉེར་བྱས་བྱས་ནས། །བློ་གྲོས་ཁྱིམ་པའི་འཚོ་འཛིན་དུ། །ཤར་ནས་རྒས་ཁར་འགྱོད་པ་ཡི། །དགེ་བཤེས་དེའི་ལས་མཐའི་ལོག་ལུགས་ཨང་། །རི་ཁྲོད་དབེན་པ་བརྟེན་ན་ཡང་། །སྤངས་རྟོགས་དང་སེམས་བསྐྱེད་མེད་བཞིན་དུ། །གྲོང་ཆོག་དང་དབང་བསྐུར་གྱི་འགྲོ་དོན་འདི། །ལྷ་བུའི་བདུད་ཀྱིས་བསླུས་པ་ལགས། །བང་མཛོད་ཀྱི་འབྲུ་དང་གསེར་དངུལ་ལ། །བརྩིས་བཤར་དང་འཕེལ་སྐྱེད་བྱེད་བྱེད་ནས། །མཆོད་སྦྱིན་གྱི་ཕྱོགས་ལ་འཇུངས་པ་འདིས། །ཡི་དྭགས་ཀྱི་ས་བོན་འདེབས་པ་ལགས། །རང་ཉིད་འབའ་ཞིག་སྲུང་བྱེད་ཅིང་། །སྤྱི་ཚིགས་དང་ལར་དོན་ལ་མི་བསམ་པར། །ཕོ་རྒོད་ཀྱིས་ཁྲོམ་ཐོག་ཆོད་ཟེར་བ། །མ་རབས་ཀྱི་ནང་ནས་ཐ་ཤལ་ལགས། །གཟི་བྱིན་དང་རྒྱན་གོས་ལྷུར་བྱེད་ཅིང་། །དམན་པ་ལ་སྡང་ཞིང་ཆེན་པོར་སྙེག །ཚེ་འདི་འབའ་ཞིག་དོན་གཉེར་བའི། །བཤེས་གཉེན་དེ་སྡིག་པའི་གྲོགས་པོ་ལགས། །འབངས་ཀྱི་སྐྱིད་སྡུག་མ་ཤེས་ཤིང་། །ཡོང་སྒོ་ལ་ཁྲག་བཙིར་རྣག་བཙིར་བྱེད། །བཟེད་ཁུར་དང་ངོ་བསྟོད་ཀྱི་ཕྱོགས་སུ་ལྷུང་། །ལས་ངན་གྱིས་བསྐོས་པའི་དཔོན་པོ་ལགས། །དཀོན་ཅོག་གི་དཀོར་དང་འདུ་བ་འཕྲོག །སྒྲུབ་མཆོད་དང་ཇ་ཚུལ་གྱི་སྤྱང་ཀི་བྱེད། །རང་ཁྱིམ་དང་གཉེན་བཤེས་ཀྱི་ཕྱོགས་སུ་སྤུངས། །སྤྱང་གྲུང་འཛོམ་ནའང་ལྐུགས་པ་ལགས། །ཀུན་སློང་ངན་པའི་ཁ་ཏོན་ལ། །བརྩོན་ཡང་ཚོགས་གྲལ་དུ་ཁ་རོག་སྡོད། །ངག་འཁྱལ་གྱི་གཏེར་ཁ་བྱེ་བ་འདི། །ཆོས་དྲེད་ཀྱི་སྟ་གོན་རྩོམ་པ་ལགས། །བྱང་ཆུབ་ཀྱི་སེམས་དང་བསྐྱེད་རྫོགས་དོན། །གོ་ཡུལ་ཙམ་དུའང་མ་ཆགས་པར། །སྐད་རོ་དང་དབྱངས་རོལ་ལ་སྒྲུབ་མཆོད་དུ། །རློམ་པའི་ང་རྒྱལ་དང་འཁྲུལ་ལུགས་ཨང་། །རྒྱལ་བའི་བཀའ་ལ་གསུང་སྒྲོག་དང་། །ཆོས་སྤྱོད་གཟུངས་སྔགས་བརྩོན་པ་ལས། །གཏོར་རྒྱག་དང་འབག་འཆམ་ལ་དད་བྱེད་པའི། །འཇིག་རྟེན་རྨོངས་པའི་ལྐུགས་ལུགས་ཨང་། །ངེས་འབྱུང་གི་བློ་སྣ་ཐུང་ན་ཡང་། །གཞན་ཕན་གྱི་སེམས་བསྐྱེད་དང་བྲལ་བ་ཡི། །དཀའ་སྤྱད་དང་སྡུག་ཁུར་གྱིས་ཐང་ཆད་པའི། །ཐེག་དམན་གྱིས་ས་ཆོད་ཆུང་ལགས་ཏེ། །རང་གཞན་གྱི་བྱ་བྱེད་ནོར་བ་རྣམས། །དྲང་པོར་སྨྲས་པའི་གསལ་འདེབས་འདི། །ཆོས་སྐྱོབ་ཟེར་བའི་སྒོམ་ཆེན་གྱིས། །ངན་སོང་དུ་མི་གཏོང་རོགས་ཞུ་ཟེར་ནས། །རེ་བ་ཆེན་པོ་བྱེད་པའི་ལན། །རང་བྱུང་རྡོ་རྗེས་སྨྲས་པའོ། །
༈ ཡོད་མེད་རྟག་ཆད་འདི་ནི་བློ་ཡིས་བཏགས། །འགྲོ་འོང་སྨོན་འཇུག་མི་གནས་ཆོས་ཉིད་ངང་། །ལམ་བདེན་རང་བཞིན་མ་མཆིས་ནམ་མཁའ་ཆེ། །ཀློང་ཆེན་རབ་འབྱམས་རྫོགས་པ་ཆེན་པོར་འདུད། །སྐྱེ་བ་མེད་ལས་སྐྱེས་པས་སེམས་ཅན་འཁྲུལ། །སྐྱེས་ཙམ་ཉིད་ནས་རང་བཞིན་མེད་རྟོགས་ན། །འགག་པ་མེད་པ་ཆོས་སྐུའི་རང་ཞལ་ལ། །འཁོར་བའི་དུས་ནའང་འཆིང་གྲོལ་གཉིས་སུ་མེད། །དབེན་པར་ཚོགས་གཉིས་གོམས་པའི་རྒྱུ་མཐུན་ལས། །ལས་རླུང་ཅུང་ཟད་འགགས་ཏེ་ལྟ་སྒོམ་དང་། །སྤྱོད་པའི་གོ་མྱོང་གཤའ་མ་སྐྱེས་ན་ཡང་། །ཇི་སྲིད་བློ་ཡི་འཇུག་པ་མ་ཟད་པར། །དེ་སྲིད་ལམ་བདེན་རྐྱེན་གྱི་གཞན་དབང་ཅན། །དེ་ལྟ་ན་ཡང་ད་ལྟའི་གོ་མྱོང་ལ། །ནོར་འཁྲུལ་མ་མཆིས་དེ་ལ་དགའ་བྲོད་དང་། །ངེས་ཤེས་སྐྱེ་བའི་ཤེས་སྒྲིབ་སྦྱང་དཀའ་བས། །སྒོམ་ཡུན་བསྲིང་བ་རྒྱལ་བའི་གཤེགས་ཤུལ་ཡིན། །བསམ་གཏན་ཤེས་རབ་ཞི་གནས་ལྷག་མཐོང་ལ། །ཡུལ་དང་ཡུལ་ཅན་ཉིད་དུ་ངོས་འཛིན་པ། །ཚོགས་དྲུག་ཡུལ་དང་དབང་ཤེས་མ་ཕྱེད་པའི། །ཆོས་སྐད་གླེན་པ་ཡིན་པར་མཁྱེན་པར་མཛོད། །མདོར་ན་སྒོམ་ཉམས་ཅན་ལ་སྨོས་ཅི་དགོས། །ལྟ་བའི་གོ་བ་རྟོག་གེ་སྨྲ་བས་ཀྱང་། །ཚིག་ཏུ་བརྗོད་པ་བཙན་པར་སྨྲ་མོད་ཀྱི། །ཉམས་སུ་རྨི་ལམ་དུ་ཡང་མ་མྱོང་མཐོང་། །གང་ཕྱིར་ཐོས་པ་ཚིག་གི་རོ་ཡིན་ལ། །བསམ་པའི་ཤེས་རབ་རྟོགས་དཔྱོད་ཚེར་མ་ཅན། །གཉིས་ཀ་བློ་ཡིན་བློ་ནི་འདུས་བྱས་ཕྱིར། །རྣམ་པར་མི་རྟོགས་ཞི་ལ་ཡོངས་མི་ཉེ། །དབེན་པ་ཅན་ལའང་བསམ་གཏན་སྐྱེས་མང་ཡང་། །མཐོང་སྤངས་སྒོམ་སྤངས་སྒྲིབ་གཉིས་སྤོང་དཀའ་ཞིང་། །ཡུལ་དང་དུག་མཚུངས་བསླུ་བའི་མཐུ་ཆེ་བས། །ཕྱི་མའི་མུར་ཐུག་དྲན་པའི་ཉིང་མཚམས་སྦྱོར། །སྤང་བྱ་ཟད་ན་རྟོགས་བྱའི་མཐར་ཕྱིན་ཚེ། །ཇི་ལྟའི་ལྟ་བ་མངོན་སུམ་གྱུར་པའི་རྟགས། །ཇི་སྙེད་མཁྱེན་པ་དབྱར་གྱི་ཆུ་ཀླུང་བཞིན། །འབྱུང་བ་སངས་རྒྱས་རྣམས་ཀྱི་ཁྱད་ཆོས་ཡིན། །ཞེས་ཞབས་དྲུང་ཡང་སྟེང་པ་འཇིགས་མེད་དཔལ་ཆེན་གྱིས་སྒོམ་ཕྱོགས་དྲིས་ལན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྨྲས་པའོ། །
༈ ལྷ་ལྕམ་ངང་ཚུལ་མའི་དོགས་སེལ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་མདོ་སྔགས་གཉིས་སུ་འདུས། མདོ་ལམ་དུ་བསྐལ་པ་གྲངས་མེད་བསྒུག་དགོས། སྔགས་ལམ་དུ་ཚེ་གཅིག་ལ་སོགས་པར་གྲོལ་པ་ཡིན། གྲོལ་བའི་རྒྱུ་ཡང་སྔགས་ལམ་ཐབས་མང་ཞིང་ཟབ་པ་ཡིན། དེ་ཇི་ལྟར་ཡིན་ན། སྔགས་སུ་མདོ་ལམ་ལ་མེད་པའི་དབང་དང་བསྐྱེད་རྫོགས་ལ་སོགས་ཐབས་ལ་མཁས་པའི་ལམ་མྱུར་ལ་ཟབ་པ་མང་། དེ་ལ་དང་པོར་དབང་ཐོབ་པས་སྒྲིབ་པ་དཔག་ཏུ་མེད་པ་འདག །ས་ལམ་གྱི་ཡོན་ཏན་སྐྱེ་བའི་ས་བོན་འདེབས་པ་ཡིན། དེ་ཡང་བུམ་དབང་གི་ལམ་བསྐྱེད་རིམ་ཡིན། གསང་དབང་གི་ལམ་རླུང་སྔགས་བཟླས་བརྗོད། ཤེར་དབང་གི་ལམ་ཡབ་ཡུམ་སྙོམས་འཇུག་ལ་སོགས་པའི་ཐབས་ལམ། ཚིག་དབང་བཞི་པའི་ལམ་སྟོང་ཉིད་སྒོམ་པ་ཡིན། དེ་ལ་བསྐྱེད་རིམ་བསྒོམས་པས་བསོད་ནམས་ཀྱི་ཚོགས་རྫོགས་པས་སྣོད་ཀྱི་འཇིག་རྟེན་འདི་གཞལ་ཡས་ཁང་དུ་གསལ། རང་དང་བཅས་པའི་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷའི་རྣམ་པ་འབའ་ཞིག་ཏུ་བསྒོམས་ནས་ཐ་མལ་གྱི་སྣང་ཞེན་དགག་དགོས། རྫོགས་རིམ་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན། རྫོགས་རིམ་ལ་མཚན་བཅས་དང་མཚན་མེད་གཉིས་ལས། གསང་དབང་དང་ཤེར་དབང་གི་ལམ་རླུང་སེམས་དབུ་མར་འཛུད་ཐབས་དམིགས་གཏད་ཅན་ཐམས་ཅད་མཚན་བཅས་ཀྱི་རྫོགས་རིམ་ཡིན། རང་སེམས་ལ་བཅོས་བསླད་དང་བསྒྱུར་བཀོད་མ་བྱས་པར་མ་ཡེངས་ཙམ་ལ། སྒོམ་རྒྱུ་མེད་པའི་ངང་དུ་དྲན་པ་ཆུ་བོའི་རྒྱུན་བཞིན་བརྟེན་པ་དེ་མཚན་མེད་ཀྱི་རྫོགས་རིམ་ཡིན། བསྐྱེད་རྫོགས་གཉིས་ཟུང་འཇུག་སྒོམ་ལུགས། རང་སེམས་མ་བཅོས་པའི་ཚེ་ངོ་བོ་ངོས་བཟུང་ལས་འདས་པ་དེ་རྫོགས་རིམ། དེའི་དྭངས་ཆའི་གསལ་ཆ་དེ་ལྷའི་རྣམ་པར་ཤར་བ་ལ་བསྐྱེད་རིམ་ཟེར། དེ་གཉིས་ཡ་བྲལ་མིན་པ་ཟུང་འཇུག་གི་ལམ་ཟེར་བ་ལགས། ལས་དང་པོའི་རིང་བསྐྱེད་རྫོགས་ཟུང་འབྲེལ་བསྒོམས་པ་བོགས་ཆེ། དེ་ཡི་ཡན་ལག་ཏུ། ཚོགས་གཏོར། སྦྱིན་སྲེག །བདག་འཇུག་གམ་དབང་བཞི་བླང་བ་སོགས་བྱ། འཁོར་བའི་འཁྲུལ་སྣང་བསྐྱེད་རྫོགས་ཟུང་འཇུག་གིས་དག་པར་སྦྱངས་བས་བར་དོ་ལོངས་སྐུར་གྲོལ་བ་ལགས། ཅུང་ཟད་བརྟན་པ་ཐོབ་ནས་ད་ལྟའི་ཤེས་པ་བཟོ་མ་བཅོས། འཁྲུལ་པས་མ་བསླད། ཕྱིའི་ཡུལ་དང་མ་འདྲེས། ནང་དུ་སྣ་མ་བསྐྱིལ་བའི། སོ་མ། ངང་དྭངས། རྒྱ་ཡན། མ་བསྒོམས། མ་ཡེངས། ལྷུག་པ། ཅོག་གེ་བཞག་པའི་རྒྱུན་དྲན་པས་བསྐྱང་བ་འདི་དབང་བཞི་པའི་དོན་གྱི་ཡེ་ཤེས་སངས་རྒྱས་ཆོས་སྐུའི་ཞལ་ལྟ་བ་ཡིན། འདི་གོམས་ན་དབུགས་ཆད་པའི་རྗེས་ཀྱི་བར་དོ་དང་པོ་ལ་འཚང་རྒྱ་བར་ཐེ་ཚོམ་མེད། རྫོགས་པ་ཆེན་པོའི་ལམ་འདི་ཡིན། འཁྲིད་ཡིག་ཡེ་ཤེས་བླ་མ་ནས་བཤད་པའི་འཁོར་འདས་རུ་ཤན་འབྱེད་པ་སོགས་ཉིན་ལྟར་མི་དགོས། སྐབས་སྐབས་སུ། འཁྲུལ་སྣང་ཨ་འཐས་ཀྱི་རྫུན་རྟིབ་ཕྱིར་བྱས་པས་དགེ་སྦྱོར་ལ་བོགས་ཆེ། རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་བར་དོར་གྲོལ་བའི་གདམས་པ་རྣམས་ཐུགས་ལ་ངེས་པར་མཛད་པས་ཆོག །སྐབས་གང་བབས་སུ་བསྐྱེད་རིམ། རྟག་པར་དྲན་པ་མ་བརྗེད་པ་དེ་ཆོད་ཆེ་ཤོས་ཡིན། མཁའ་འགྲོའི་བདག་འཇུག་ལེན་ན་དཀྱིལ་འཁོར་བཀྲམ་ནས་བདག་མདུན་ཆོ་ག་གཅིག་གིས་བསྐྱེད། བཟླས་པའི་མགོར་བདག་མདུན་སོ་སོར་ཕྱི་ཛབ་ཁང་དབྱེ་སྟེ། བཟླས་པ་དང་བདག་འཇུག་ལེན་པ་སོགས་བྱེད། རྒྱུན་དུ་མདུན་བསྐྱེད་མི་དགོས། གཏོར་མ་མཆོད་རྫས་འདོད་ཡོན་དུ་གསལ། ཚོགས་ལ་སོགས་པའི་དངོས་གྲུབ་ལེན་སྐབས། གཏོར་མ་སྐད་ཅིག་གིས་ལྷར་བསྐྱེད་ནས་དངོས་གྲུབ་ལེན། དེ་ནས་རང་ལ་བསྟིམ། སྦྱིན་སྲེག་སྐབས། མདུན་བསྐྱེད་མེ་དང་ལྷ་གཉིས་མེད་དུ་བསྐྱེད་ནས་བསྲེག་རྫས་འབུལ། །
༈ ཞལ་གདམས་བླང་དོར་མེ་ལོང་བཞུགས། རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་། །ནུས་པའི་རང་གཟུགས་ཨོ་རྒྱན་རྗེ། །རིགས་ཀྱི་བུ་མོ་ངང་ཚུལ་མའི། །ཐུགས་རྒྱུད་རྟག་ཏུ་བྱིན་གྱིས་རློབས། །རིགས་ཅན་ལྔ་ལས་གྱེས་པ་ཡི། །རྩ་འདབ་སྐྱོན་སྤངས་ཤེས་རབ་མའི། །ཡོན་ཏན་བརྒྱད་ལྡན་དད་གཏོང་གིས། །ནོར་གྱིས་ལྷག་པར་ཕྱུག་པ་ཁྱོད། །སྙིང་ལ་རི་མོ་རྟག་ཏུ་བྲིས། །གང་ཞིག་འཁོར་བ་ཡིན་ཕྱིན་ཆད། །གནས་རིགས་མཐོ་དམའི་ཁྱད་པར་ལས། །སྡུག་བསྔལ་བདེན་པས་མ་གཟིར་བ། །སངས་རྒྱས་བྱོན་ཀྱང་ཡོངས་མི་མངའ། །དེ་ལྟ་མོད་ཀྱི་རང་སེམས་ཀྱི། །གནས་ལུགས་རྟོགས་པའི་གང་ཟག་གིས། །རང་གི་རང་བཞིན་ལ་བརྟགས་ནས། །ངོ་བོ་ཉིད་མེད་སྟོང་པའི་རྩལ། །བདེ་སྡུག་བཟང་ངན་ཅི་ཤར་ཡང་། །ནམ་མཁའི་དབྱིངས་ལས་ལྷོ་སྤྲིན་ལྟར། །བྱུང་ཡང་སེམས་ཀྱི་ངང་ལས་བྱུང་། །སེམས་དེ་ཡོད་མེད་བརྟག་དཔྱད་ལས། །འདས་པའི་རང་གསལ་རྗེན་པའི་གཤིས། །བཅོས་བསླད་མེད་པར་བསྐྱངས་གྱུར་ན། །ཉེ་བར་ལེན་པའི་རྣམ་རྟོག་ཀུན། །རང་རྒྱུད་ཅན་དུ་མི་འཆར་བར། །རང་ཤར་རང་གྲོལ་ཐོབ་ཤོར་མེད། །དེ་ཚེ་འཁོར་འདས་ཆོས་རྣམས་ཀུན། །དྲན་རིག་གཅིག་པུའི་ངང་དུ་རྫོགས། །དེ་ཡང་མཉམ་གཞག་རློམ་པ་ཕལ། །སྟོང་པ་ཉིད་དོ་སྙམ་པའི་བློ། །ལྟ་བ་ཟབ་མོར་འཁྲུལ་གྱུར་ནས། །དེ་ཉིད་འཇུར་དྲན་ཐག་པས་འཆིང་། །བལྟ་བྱ་ལྟ་བྱེད་མེད་པའི་བློས། །ཤེས་བྱའི་སྒྲིབ་པ་སྤང་མི་ནུས། །དེ་ཕྱིར་བློ་ལས་འདས་པ་ཡི། །རིག་པ་རྗེན་པར་བསྐྱངས་བྱས་ན། །ང་དང་ཁྱེད་ལ་འདུ་འབྲལ་མེད། །རྗེས་ཐོབ་ཀུན་ཏུ་མོས་གུས་དང་། །སྨོན་འཇུག་སེམས་གཉིས་འབྲལ་མི་བྱ། །རྒྱལ་པོའི་སྲིད་ཀྱི་བྱ་བ་ཡང་། །རྨི་ལམ་སྒྱུ་མ་ལྟ་བུར་སྦྱོངས། །ལྷ་སྲས་འདི་ལ་ཞབས་བརྟན་གྱི། །གཙོ་བོར་གཞན་ལ་འཚེ་བ་སྤོངས། །གྲིབ་ལ་འཛེམ་ཞིང་སྲོག་བསླུ་དང་། །ལོ་ལོ་བཞིན་དུ་ཆབ་གཏོར་འབུམ། །སྒྲོལ་བསམ་འུར་འདོན་རྣམ་རྒྱལ་མའི། །འབུར་སྐུ་སྟོང་ཕྲག་དེ་ཉིད་ཀྱི། །མཆོད་རྟེན་ནང་གཟུངས་ཅན་བཞེངས་ན། །མཛད་ཕྲིན་སྐུ་ཚེ་རྒྱས་པ་འོང་། །བཀྲ་ཤིས་དགེ་བའི་ཞུ་མཆིད་འདི། །སྙིང་པོར་དྲིལ་ཏེ་སེམས་ལ་གདམས། །
༈ སངས་རྒྱས་གཉིས་པ་ཨོ་རྒྱན་རྗེ། །ཡེ་ཤེས་ལུས་ཅན་བི་མ་ལ། །གང་དང་གཉིས་མེད་ཀུན་མཁྱེན་རྗེ། །སྙིང་གི་དབུས་ན་འདུ་འབྲལ་མེད། །སྙིང་གཏམ་ཚིག་གསུམ་བཤད་ཀྱིས་ཉོན། །དུས་ངན་གྱི་དགོན་པའི་ཁ་འཛིན་འདི། །རྣམ་གཡེང་ཆེ་ལ་ས་ཆོད་ཆུང་། །གཞན་དབང་དང་ཆོས་ལྟར་བཅོས་པ་འདིས། །ནམ་ཕུགས་སུ་བསླུའོ་བདེན་པར་བརྟེན། །འཕྲལ་བྱུང་དང་རིས་ཆད་མི་ཁོམ་པ། །འདི་ལ་རྟོགས་དཔྱོད་མ་གཏང་ན། །བཟང་བརྫུ་དང་ཆོས་བརྫུའི་སྤོམ་ཡོར་གྱིས། །དལ་རྟེན་ལ་སྟོང་ལོག་བྱེད་པས་ན། །རང་རྒྱུད་ལ་རྟོགས་དཔྱོད་མཛོད་ཅིག་ཨང་། །ཤེས་རབ་ཀྱི་གཞི་མ་ཡོད་གྱུར་ཀྱང་། །ལེ་ལོ་དང་སྙོམ་ལས་ཚར་བཅད་དེ། །བརྩོན་འགྲུས་ཀྱི་གོ་ཆ་མ་གྱོན་ན། །ཐོས་བསམ་སྒོམ་གསུམ་མི་འབྲེལ་ཨང་། །ཐོས་བསམ་ཆེ་བས་མི་ཆོག་གི །སྒོམ་པས་རང་རྒྱུད་མ་གྲོལ་ན། །འཆི་ཁར་ལག་སྟོང་ཡོང་ཉེ་བས། །སྟོན་ཆེན་གྱི་ལད་མོ་མ་མཛད་ཨང་། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །སེམས་ཅན་ལ་སྙིང་རྗེ་མ་བསྒོམས་ཤིང་། །གཞན་དོན་གྱི་ཕྲིན་ལས་རྒྱུན་བཅད་ན། །ཐེག་ཆེན་གྱི་གཟུགས་བརྙན་འཁྱམས་སོ་ཨང་། །རྟག་ཏུ་རི་ཁྲོད་དབེན་པར་བཞུགས། །དགོན་པའི་ཁ་འཛིན་གཞན་ལ་ཆོལ། །འདུ་འཛི་དང་ནོར་རྫས་ལ་སྲེད་པ་སྤོངས། །གང་བྱུང་དེས་ཆོག་པར་མཛོད་ཅིག་ཨང་། །མཉམ་གཞག་ནམ་མཁའ་ལྟ་བུ་དེ། །དྲན་རིག་སོ་མའི་དབྱིངས་ན་ཡོད། །སྣང་གྲག་རིག་པ་ལྷ་སྔགས་དང་། །ཏིང་འཛིན་དེ་དང་བསྲེས་ཤོག་ཨང་། །རྒྱལ་བའི་གཞུང་ལམ་མ་ནོར་བ། །ཀུན་མཁྱེན་མཛོད་དང་སྙིང་ཏིག་བཞི། །དེ་ཡི་དགོངས་པ་མ་བླངས་ནས། །རྨོངས་ཞེན་གྱི་མུན་ཐོར་འཁྱམས་སོ་ཨང་། །ཆེན་པོའི་ངོས་འཛིན་དང་སྙན་གྲགས་སོགས། །བདུད་ཀྱི་མདའ་ལྔ་ཡིན་པས་ན། །བློ་ཐག་བཅད་དེ་དྲན་རིག་ལ། །ཡེང་མེད་ཀྱི་སོ་པ་ཚུགས་ཤིག་ཨང་། །མདོར་ན་མང་དུ་སྨོས་ཅི་དགོས། །ཞེན་ལོག་དང་སྙིང་རྗེ་མོས་གུས་གསུམ། །ཕྱིིན་དྲུག་དང་བསྐྱེད་རྫོགས་ཀྱི་སྲོག་ཤིང་ཡིན། །སྒྲུབ་པ་མཐའ་རུ་ཐོན་པ་ལ། །ཆོས་བརྒྱད་ཀྱི་རྣམ་རྟོག་ཞིག་པ་དགོས། །སེམས་དང་སེམས་རིག་ཕྱེས་ཤིག་ཨང་། །སྤ་གྲོ་གནས་ཀྱི་བླ་མ་ལ། །རིག་འཛིན་འཇིགས་མེད་གླིང་པས་གདམས་པའོ། །
༈ རིག་པའི་ཐོལ་གླུ་བཞུགས། ཨེ་མ་ཧོ། འོད་གསལ་རྡོ་རྗེ་དྲན་རིག་གཉུག་མའི་གཟུགས། །བཅིང་གྲོལ་རྣམ་དག་རྒྱ་ཡན་གནས་ལུགས་དོན། །མཛུབ་ཚུགས་སྤྲོད་པའི་རྒྱུད་ལུང་མན་ངག་དང་། །རིག་འཛིན་བརྒྱུད་པར་བཅས་རྣམས་སྤྱི་བོས་མཆོད། །ཚེ་འདིའི་བྱ་བཞག་ལེགས་ཉེས་ཀུན། །ཞེ་ནས་མཆིལ་མ་དོར་བ་བཞིན། །སྤངས་ནས་རྩེ་གཅིག་སྒོམ་པ་འདི། །བྱང་ཆུབ་བསྒྲུབ་པའི་གཞི་ལགས་ཀྱང་། །དམུ་རྒོད་ལོག་ལྟའི་སེམས་ཅན་རྣམས། །དེ་ལ་ངོ་མཚར་མི་བྱེད་པར། །རྣམ་གཡེང་ཅན་ལ་ཡིད་སྨོན་བྱེད། །ཨེ་མ། ཁྱོད་བླ་མ་སངས་རྒྱས་དངོས་དང་མཇལ། །སྨིན་གྲོལ་གདམས་པའི་སྙིང་ཁུ་ཐོབ། །ཚེ་འདིའི་བྱ་བཞག་ལིང་ངེར་བསྐྱུར། །མི་དགེའི་འབྱུང་གནས་སྨྲ་བ་བཅད། །ངོ་སྲུང་ཟླ་དགའ་ཟས་འཚོལ་སྤངས། །གང་བྱུང་ན་དགའ་ཤི་སྐྱིད་ལ། །བློ་ཕུགས་གཏད་ནས་འདུག་ཕོད་པ། །ཤིན་ཏུ་ངོ་མཚར་ཆེ་འོ་སྙམ། །རྗེས་སུ་ཡི་རང་གི་ཐལ་མོ་སྦྱར། །ཚེ་བློས་བཏང་གི་བྱ་བྲལ་སྤྲོས་མེད་ལ། །དྲང་དོན་བློ་སྣ་བསྒྱུར་བ་ཡི། །བསླབ་བྱ་ཞལ་ཏ་མ་དགོས་ཀྱང་། །གནས་ལུགས་སྲང་ལ་བཞུར་བའི་ཕྱིར། །ཉམས་རྟོགས་ཟབ་མོའི་བགྲོ་གླེང་བྱེད། །ཨ་ཧོ། ད་ལྟའི་རིག་པ་སོ་མ་ལ། །བློ་ཡིས་སྤུ་ཙམ་མ་བསྒོམས་ཤིག །བསྒོམས་ན་བློས་བྱས་ལྟ་བར་འགྲོ། །མ་བསྒོམས་ལྷོད་དེ་བཞག་པའི་ཚེ། །ཡིད་ཆེས་ཀྱི་རྟོག་དཔྱོད་མ་གཏང་ཞིག །བཏང་ན་གོལ་སར་ཤོར་ཉེན་ཡོད། །རང་ངོ་རང་ཤེས་འདུག་ཙ་ན། །འཇུར་དྲན་གྱི་བྱ་ར་མ་བཀོད་ཅིག །བཀོད་ན་སྒོམ་གྱིས་བསླུ་ཉེན་ཡོད། །གནས་པ་གཏན་ལ་ཕེབས་པའི་ཚེ། །སྟོང་པར་འབྱམས་སུ་མ་འཇུག་ཅིག །ལུང་མ་བསྟན་ལ་སོང་ཉེན་ཡོད། །རྣམ་རྟོག་ཐོལ་གྱིས་ཤར་བའི་ཚེ། །ཅེར་བལྟས་རྒྱས་འདེབས་མ་བྱེད་ཅིག །འཆར་བྱ་འཆར་མཁན་གཉིས་མེད་ཞོག །གནས་འཕྲོར་ལྟོས་ཁྱད་མི་འདུག་ཚེ། །ཉམས་ཞེན་རོ་ལ་མ་ཆགས་པར། །དྲན་ཤེས་ཕྱོགས་ཡན་གཏད་མེད་ཞོག །རེ་དོགས་ཟུག་རྔུ་སྐྱེས་ཙ་ན། །ཆེད་འཛིན་གཉེན་པོས་མ་འཆིང་བར། །དབྱིངས་དང་རིག་པ་བསྲེ་ལ་ཞོག །རྐྱེན་ངན་འུར་ལངས་བྱུང་ཙ་ན། །ཡི་མུག་སྒྱིད་ལུག་མི་བྱ་བར། །བདག་འཛིན་རྩ་བ་ཆོད་ལ་ཞོག །འཆི་བ་བཙན་ཐབས་སུ་བྱུང་ཙ་ན། །ཡིད་སྨོན་རེ་དོགས་མི་བྱ་བར། །རིག་པ་རྗེན་པར་ལྷོད་དེ་ཞོག །རྫོགས་པ་ཆེན་པོ་ཡེ་གྲོལ་ལ། །སྒོམ་རྒྱུ་རྡུལ་ཙམ་མེད་པའི་ངང་། །ཡེང་རྒྱུ་སྤུ་ཙམ་མེད་པར་ཞོག །དྲན་པ་རྒྱུན་ཆགས་འདུག་ན་ཡང་། །དྲན་མཁན་རང་གྲོལ་མ་རྟོགས་ན། །འཇུར་དྲན་ཨ་འཐས་འཆིང་བའི་རྒྱུ། །ཡང་དག་དྲན་པ་གློད་ལ་ཞོག །རྨི་ལམ་དབྱིངས་སུ་མ་དག་ན། །གཉིད་ལ་སྒོམ་བློས་སླེབས་ན་ཡང་། །རྩེ་གཅིག་ཆེན་པོའི་བག་ཆགས་ཡིན། །གཉིད་སྣང་རྩ་བ་ཆོད་ལ་ཞོག །སྐྱེ་མེད་རྒྱ་ཡན་མ་རྟོགས་ན། །སེམས་འཛིན་གནས་འགག་ཟབ་ན་ཡང་། །གཟུགས་མེད་ལྷ་དང་ཁྱད་པར་མེད། །སྒོམ་མཁན་དབྱིངས་སུ་བསྐྱུར་ལ་ཞོག །དགོངས་པ་ཀློང་ནས་མ་གྲོལ་ན། །ལྟ་བ་མཐོན་པོར་རློམ་ན་ཡང་། །རྣམ་རྟོག་ངང་ལས་འདས་པ་མེད། །རྒྱ་ཡན་ལྷུན་འབྱམས་ཆེན་པོར་ཞོག །བདག་མེད་སྤྲོས་བྲལ་མ་རྟོགས་ན། །གནས་འགྱུའི་ཡིན་ལུགས་ཤེས་ན་ཡང་། །སོ་སྐྱེའི་ལམ་ལས་འགྲོ་ས་མེད། །སྒོམ་བློས་སྤྲོས་པ་ཆོད་ལ་ཞོག །དུ་མ་རོ་གཅིག་མ་རྟོགས་ན། །མཉམ་རྗེས་མིང་འདོགས་མཁས་ན་ཡང་། །ཡིད་དཔྱོད་གྲངས་ལས་བརྒལ་བ་མེད། །གང་ཤར་རང་ངོ་ལྷིང་པར་ཞོག །བློ་འདས་སྒོམ་མེད་མ་རྟོགས་ན། །བཏང་སྙོམས་ངང་ལ་སྡོད་ན་ཡང་། །ལུང་མ་བསྟན་ལས་འགྲོ་ས་མེད། །སྐུ་གསུམ་མིང་འདོགས་མེད་པར་ཞོག །རླུང་སེམས་དབུ་མར་མ་འདུས་ན། །སྐབས་ཅིག་བདེན་པ་མཐོང་ན་ཡང་། །རེས་འཇོག་ངང་ལས་འདས་པ་མེད། །འོད་གསལ་ཆོས་སྐུའི་ངང་ལ་ཞོག །དེ་ལས་ལམ་གྱི་གེགས་སེལ་ལ། །གཟུང་འཛིན་བྱུང་ན་ཕཊ་ཀྱིས་གཏོར། །ཐུག་ཕྲད་ཤེས་པ་དེ་རུ་འཆར། །བྱིང་ན་རླུང་རོ་ཕྲུགས་སུ་འབུད། །མིག་ཀྱང་ནམ་མཁའི་ཁམས་སུ་ལྟོས། །གསལ་སྟོང་རྗེན་པ་དེ་རུ་འཆར། །རྒོད་ན་སྙིང་གར་བླ་མ་བསྒོམ། །གསོལ་བ་བཏབ་རྗེས་དབྱེར་མེད་བསྲེ། །མི་རྟོག་རྗེན་པ་ལྷག་གེ་འཆར། །རྨུགས་ན་ཧ་ཞེས་དབྱིངས་རིག་བསྲེས། །མགོ་བོ་སྒྱེེ་ཞིང་ལུས་གནད་བསྲང་། །བདེ་བ་ཆེན་པོའི་ཡེ་ཤེས་འཆར། །རྟག་པར་ནམ་མཁའི་སློང་བྱེད་ཀྱི། །སྐྱོན་བྲལ་མི་རྟོག་དྭངས་པའི་ཚེ། །ལུས་ནི་ཤིང་སྡོང་བཅད་པ་ལྟར། །གན་རྐྱལ་ཉིད་དུ་ཁྲེས་སེ་ཉལ། །ཁ་སྣའི་རླུང་རྣམས་ཧ་ཞེས་འབུད། །དབུགས་ཀྱང་ནང་དུ་མ་བསྡུས་པའི། །ངང་ལ་རིག་པ་ནམ་མཁར་བསྲེ། །རྟོག་བྲལ་ནམ་མཁའི་ངང་ལ་ཞོག །དེ་ལྟར་ཡང་ཡང་བསྒོམས་པ་ཡིས། །བར་དོ་དང་པོའི་འོད་གསལ་དང་། །མན་ངག་འདི་ཉིད་གནད་གཅིག་པས། །དུས་དེར་གྲོལ་བ་ཐོབ་པར་མཛོད། །འོད་གསལ་རྒྱུད་སྡེའི་མན་ངག་བཅུད། །ཀློང་ཆེན་རབ་འབྱམས་དགོངས་པའི་མཛོད། །སྙིང་ལས་གཅེས་པའི་གདམས་པ་འདི། །ཆོས་བརྒྱད་སྤངས་ཏེ་བསྒྲུབ་ལ་བརྩོན། །མོས་གུས་དད་པའི་སྣང་བ་ཅན། །སྐུ་གསུམ་དབྱིངས་རིག་དེས་བསྐུལ་བས། །དཔལ་གྱི་བསམ་ཡས་མཆིམས་ཕུ་ཡི། །འོག་མིན་གསང་ཆེན་ཕུག་པ་རུ། །སྤྲང་པོ་མཁྱེན་བརྩེའི་འོད་ཟེར་གྱིས། །མཉམ་ཉིད་ངང་ནས་ཐོལ་གླུ་གདམས། །དགེ་བས་འཁོར་བ་དོང་སྤྲུགས་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ། །
༈ སེམས་ཉིད་གསལ་སྟོང་ཟུང་འཇུག་ཀྱང་། །དེ་ལྟ་བུ་ཞིག་ཡིན་སྙམ་ནས། །དྲན་པས་འཛིན་ན་རྟག་ལྟར་ཉེ། །སྟོང་དང་མི་སྟོང་གསལ་མི་གསལ། །གཉིས་སུ་མི་འཛིན་ཟུང་འཇུག་ཀྱང་། །བློ་ཡིས་བཅོས་པའི་སྒོམ་ཡིན་པས། །རང་བཞིན་མ་གྲུབ་དྲན་པའི་ངང་། །མྱོང་བ་རྫོགས་པ་ཆེན་པོ་ཡིན། །མདོ་ཁམས་གེ་སར་གླིང་ཚང་སྐུ་སྐྱེ་གཉིས་ལའོ།། །།
༈ དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོར་འདུད། །རྒྱ་རོང་སྐུ་སྐྱེ་རིན་པོ་ཆེས། །ཞལ་གདམས་དགོས་ཞེས་ནན་ཏན་མཛད། །དང་པོ་དལ་འབྱོར་རྙེད་དཀའ་ནས། །རིམ་བཞིན་ཐུན་མོང་སྔོན་འགྲོ་དང་། །ཐུན་མོང་མ་ཡིན་སྒོམ་དོན་སོགས། །བཤད་དེ་ཞལ་གདམས་སུ་མ་དགོངས་སམ། །ད་ལན་ཁྱེད་ཀྱིས་བསྐུལ་བའི་ངོར། །འཁོར་བ་འདི་ལ་སྐྱོ་བ་ཡི། །གནས་སྐབས་དུས་ཀྱི་གཏམ་ཞིག་སྒྲོག །ངེད་ཀྱིས་དབེན་གནས་འབའ་ཞིག་བརྟེན། །ནམ་འཆི་ཆ་མེད་དང་ལས་འབྲས་བསམས། །ད་ལན་རིགས་ཀྱི་བུ་མཆོག་འདི། །འབྲི་གུང་སྤྲུལ་སྐུར་ལས་ཀྱིས་བསྐོས། །ཁོང་ཚོའི་རྟ་རགས་ཀྱི་གསེབ་ཏུ་འོངས། །མདོ་དར་དང་སྒོམ་ཞྭའི་གཟི་བྱིན་ལ། །རློམ་སེམས་དང་མགོ་འཕང་བསྟོད་ན་ཡང་། །སྒར་ས་རུ་གཡག་ལུག་གི་དོན་སྙིང་འདོན། །ངས་རྟག་པར་སེམས་ཅན་གྱི་སྲོག་བསྐྱབས་ཀྱང་། །ད་རེས་རང་མདུན་དུ་སྐྱོབ་མ་ནུས། །རྒྱལ་བ་ཤཱཀྱ་ཐུབ་པ་དང་། །སློབ་དཔོན་སངས་རྒྱས་གཉིས་པ་དང་། །ཇོ་བོ་ཨ་ཏི་ཤ་ལ་སོགས། །བསྟན་པའི་བདག་པོ་དེ་དག་གི །རྣམ་ཐར་ལ་བསམ་བཞིན་དད་གུས་འཕེལ། །བོད་གངས་ཅན་ན་བླ་ཆེན་དུ་རློམ་རྣམས་ཀྱི། །ཐུགས་རྒྱུད་ལ་ཞུ་ཚོད་ག་ལ་ཐིངས། །འཁོར་འབངས་ཀྱི་མཛད་སྤྱོད་ཡ་མཚན་གནས། །དོན་དེ་ཕྱིར་ཁྱེད་ཅག་ཁམས་པ་ཡང་། །སྡེ་སྟོབས་དང་འབུལ་ནོད་ཆེ་ན་ཡང་། །སྒར་སྐོར་དང་མ་ཎི་བུམ་སྒྲུབ་དང་། །བགྲོད་ལམ་གྱི་གྲོ་ག་ཤ་སྟོན་འདིས། །ལས་དཀར་པོ་ལ་འབྲས་བུ་མིག་སྨན་མདངས། །བྱུང་དོགས་པས་སྙིང་གཏམ་དམར་པོར་བཏོན། །སྔོན་རྒྱ་གར་དུ་སངས་རྒྱས་བྱོན་པ་ནས། །འབྲས་བུའི་བསྟན་པ་སྨོས་ཅི་དགོས། །མགོན་པོ་ཀླུ་སྒྲུབ་བྱོན་ཕན་ཆད། །ཐེག་པ་ཆེ་ཆུང་གི་ཀུན་སློང་ལས། །རང་སྡེ་འདུལ་བསྟན་ལ་གནས་པ་ཙམ། །ད་ནི་ལྔ་ཕྲག་ཐ་མ་ཡི། །ཆོམ་པོས་དབུས་གཙང་ཁམས་གསུམ་བཅོམ། །དེ་ཕྱིར་བྱང་ཆུབ་སེམས་གཉིས་དང་། །བྲལ་བའི་བླ་ཚུགས་ལ་མི་བསྙེམས་པར། །རྟག་ཏུ་གཅིག་པུར་ཞི་ལ་གཞོལ། །རང་གཞན་དོན་གཉིས་འགྲུབ་པར་མཛོད། །བུ་རྒྱལ་སྲས་ཉིན་བྱེད་འོད་ཟེར་ཀྱང་། །བློ་ཡོད་བསམ་ཡོད་དུ་ནར་སོན་ཚེ། །འཇིག་རྟེན་མགོན་པོའི་རྣམ་ཐར་གྱིས། །འགྲོ་བ་བདེ་ལ་འགོད་པར་ཤོག །ཅེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་འབྲི་གུང་རྩེ་པ་གཞིས་ཀར་ཐོལ་བྱུང་དུ་སྨྲས་པ་གནས་ལུགས་མ་བཅོས་པའི་ཀློང་དུ་ཨཱ། །
༈ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །སྤངས་རྟོགས་ཀྱི་ཡོན་ཏན་མཉམ་ན་ཡང་། །བོད་འབངས་འགྲོ་ལ་རྒྱལ་གཞན་ལས། །བཀའ་དྲིན་ཆེ་ལྡན་མཚོ་སྐྱེས་རྗེ། །ཡ་གི་ཤེད་སྟེང་ཕྱོགས་ལྷ་ཡུལ་གྱི། །དཔལ་འབྱོར་དང་ལོངས་སྤྱོད་ལ་བལྟས་ཙ་ན། །འཁོར་ལོས་བསྒྱུར་རྒྱལ་ཀྱང་དབུལ་ཕོངས་འདྲ། །དེ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་ཡིན། །བསམ་ཡོད་ཚོ་དེ་ལ་དགོངས་པར་མཛོད། །མི་ལུས་ལ་རྣམ་གྲངས་མང་མོད་དེ། །དལ་འབྱོར་བཅོ་བརྒྱད་ཚང་བའི་སྟེང་། །གཅིག་པུར་རང་རྒྱུད་འདུལ་བ་དེ། །ལྷ་ལས་ལྷག་པའི་ལུས་རྟེན་ཡིན། །ལྟར་སྣང་ཆོས་པའི་གཟུགས་བརྙན་ལ། །ཆོས་སུ་རློམ་པ་བདུད་ཀྱིས་བསླུས། །དཔལ་འབྱོར་ལྷ་ལ་འགྲན་ན་ཡང་། །ཕྲག་དོག་དང་ཆགས་སྡང་གིས་རང་བདེ་འཇོམས། །གནས་ངན་ལེན་གྱི་སེམས་རྒྱུད་དེས། །བདེན་པ་མཐོང་ལའང་བསྒྲིབ་པའི་ཕྱིར། །བསམ་པ་བཟང་པོ་ལ་ནོར་དུ་མཛོད། །ནོར་ཡོད་ཚོ་གློ་བ་དགའ་ལགས་ཏེ། །སེར་སྣ་འདིས་ཡི་དྭགས་ཀྱི་ས་བོན་བྱེད། །ལོ་སྐོར་ལ་ཆུ་ཐིགས་ཙམ་མི་མྱོང་བའི། །སྐྱེ་གནས་དེ་སོམས་ལ་བརྐམ་ཆགས་སྤོངས། །མཆོད་སྦྱིན་གྱི་ཕྱོགས་སུ་སྙིང་སྟོབས་བསྐྱེད། །གཏི་མུག་ལས་དུད་འགྲོའི་གནས་རིགས་ཆགས། །སྲོག་གཅོད་ཀྱི་ལས་འབྲས་སྨིན་ཙ་ན། །ཐ་གུས་བསྡམ་ཞིང་སྙིང་གྲི་གཟེར། །ཨ་ཙི་ཙི་བཟོད་ཐབས་རང་ག་ལ་ཡོད། །འབྲོག་པས་ལས་འབྲས་མི་ཤེས་ཀྱང་། །ཆོས་པ་ཚོ་ཐུགས་རིག་གྲིམས་འཚལ་ལོ། །མ་གི་ཤེད་དམྱལ་ཁམས་བཅོ་བརྒྱད་ན། །བཙོ་སྲེག་དང་ཁྲག་སྦྱོར་རྒྱུན་མི་འཆད། །གཤིན་རྗེ་ཚོ་ཁྲིམས་ལ་བརྣག་པ་མིན། །ཞེ་སྡང་གི་འབྲས་བུ་སྨིན་པ་ལགས། །ངན་སོང་གསུམ་ལས་ཐར་འདོད་ན། །ཉོན་མོངས་དུག་གསུམ་ལ་དགྲ་བཞིན་བྱོལ། །དེ་དག་ཀུན་འབྱུང་གི་རྒྱུས་བསྐྱེད་པའི། །སྡུག་བསྔལ་བདེན་པའི་རྣམ་ཐར་ཡིན། །ཤི་དུས་ལག་སྟོང་དུ་འགྲོ་མཐོང་ཚེ། །ལྷ་ཡུལ་ལ་དབང་ཡང་སྨོན་རྒྱུ་མེད། །ཚེ་འདིའི་བདེ་འབྱོར་རྨི་ལམ་ལྟར། །བལྟས་ནས་སྐྱོ་ཤས་ངེས་འབྱུང་དང་། །ནམ་འཆི་ཆ་མེད་དྲན་བྱས་ནས། །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་དང་། །ཤེས་རབ་ཕ་རོལ་ཕྱིན་སྒོམ་པ། །ལམ་གྱི་བདེན་པ་བསླུ་མེད་ཡིན། །སྒོམ་པའི་འབྲས་བུ་མཐར་ཕྱིན་ཚེ། །འགོག་བདེན་མངོན་སུམ་གྱུར་པ་ལགས། །དབོན་པོ་རིན་ཆེན་གྱི་ངོར། རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །
༈ ཡུལ་དྲུག་རང་གར་འཛིན་པ་སྲིད་པ་འདིའི། །འཆིང་ཞགས་འཕགས་པ་མིན་པས་སྤོང་དཀའ་ན། །ཁྱིམ་དང་རྟེན་ཅིང་འབྲེལ་འབྱུང་ཆེན་པོའི་ཆོས། །རང་ངོས་དོར་ཡང་གཉེན་བཤེས་གདུང་བས་མིན། །གལ་ཏེ་ཁྱོད་ཀྱི་ལེགས་སྨོན་སྟོབས་གྱུར་ནས། །སྲིད་པའི་མུན་ནག་སྟུག་པོ་ལས་འབྲོས་ཤིང་། །གཅིག་པུ་རི་སུལ་དབེན་པར་བསྟི་ནུས་ན། །དེ་ཡི་དོ་ཟླ་འཁོར་ལོས་བསྒྱུར་གྱིས་མིན། །འཇིག་རྟེན་རྨོངས་པའི་ངག་བགྲོས་ཙམ་ལ་ཡང་། །བུ་དང་ཆོས་ནི་གང་ལ་རག་ལས་ཤིིང་། །སྨྲ་བར་བྱེད་ན་ཆོས་སྐལ་ཡོད་མིན་གཏམ། །རང་བློའི་ཉམས་འོག་མ་ཆུད་སྲང་མདའ་ཡིན། །དེ་ཕྱིར་ངེས་པར་ལེགས་པའི་ཡང་དག་ལམ། །འཇུག་ལ་གཉེན་བཤེས་ཕ་མའང་སྡིག་ཏོ་ཅན། །ཉིད་ན་གཞན་དབང་ཡིན་མིན་ཁྱོད་ལ་རག །འཁོར་གསུམ་སྟག་ཆས་དྲུང་འཁོར་འཁྲུལ་སྣང་ཙམ། །སྡིག་སྤྱོད་རྒྱལ་པོའི་བྲན་གཡོག་བསླུ་བ་ཅན། །ས་གཞིས་ཁང་པའི་འཛིན་སྐྱོང་འགྱུར་བའི་ཆོས། །དེ་ལྟར་ཤེས་ན་དབེན་པའི་ཡོན་ཏན་དྲན། །འོན་ཀྱང་དཔལ་འབྱོར་ཅན་ལ་བསྟི་སྟང་བྱེད། །འཁོར་གཡོག་རྟ་དྲེའུ་མང་ལ་གློ་བ་དགའ། །ཆོས་ལྡན་ཉམས་ཆུང་གྱི་ནར་འདོར་བ་འདིའི། །འོག་ནས་མ་ལྷོངས་འཇིག་རྟེན་གྲགས་རྗེས་འབྲང་། །ཞེས་སྙིང་གཏམ་ནང་མར་ཕུལ།། །།
༈ སེམས་ལ་དངོས་པོ་མ་མཆིས་ཀྱང་། །སྟོང་པར་བསྒོམས་ན་གོལ་ས་ཆེ། །གསལ་སྟོང་ཟུང་འཇུག་ཡིན་ན་ཡང་། །ངེས་ཤེས་སྐྱེད་ན་བློ་བྲལ་མིན། །ད་དྲན་པ་དེ་ཡང་ང་ཡེངས་ཡོང་སྙམ་ནས་བསྒྲིམས་བསྒྲིམས། གཅུར་གཅུར་ན་ཕྱག་ཆེན་མི་འགྲུབ། སྲོག་རླུང་འགྲུབ་ཡོང་བས། སེམས་ལ་བཟོ་བཅོས་གང་ཡང་མ་བྱས་པའི་ངོ་བོ་དྲན་པའི་བྱ་རས་སྐྱོངས། དེ་སྒོམ་གྱི་ངོ་ཏི་ཡིན། དེའི་ངང་ནས་བླ་མ་ལ་གསོལ་བ་ཐོབ། སེམས་ཅན་ལ་སྙིང་རྗེ་སྒོམས། དེ་ཡང་ཨ་འཐས་པོ་མ་མཛད། ཅེར་གྱིས་བལྟས་པའི་རིག་པ་ལ་བྱ་རྒྱུ་གང་ཡང་མེད་ཀྱང་ཡེང་དུ་མི་རུང་། དེ་ཡང་མ་ཡེངས་མི་སྒོམ་པ་རྒྱལ་བ་གོང་མའི་གཤེགས་ཤུལ་ཡིན་ནོ། །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་འབྲི་གུང་པའི་སྒོམ་ཆེན་ལ་གདམས་པའོ། །ངེད་ཀྱི་རྟོགས་པ་ཁྱོད་ལ་སྐྱེ་བར་ཤོག །
རྫོགས་པ་ཆེན་པོ་གནས་ལུགས་ཅེར་མཐོང་། རིག་འཛིན་འཇིགས་མེད་གླིང་པ།
༄༅། །རྫོགས་པ་ཆེན་པོ་གནས་ལུགས་ཅེར་མཐོང་ཞེས་བྱ་བ་བཞུགས། ལས་དང་པོ་པ་ལ་འདི་མཁོ། གཞི་རང་གྲོལ་རྫོགས་པ་ཆེན་པོ་ལ། །བློ་འདུད་བྱེད་བྲལ་བས་ཕྱག་བགྱིའོ། །དོན་རང་རིག་བློ་བྲལ་རྫོགས་ཆེན་ཞལ། །དུས་ད་ལྟ་མཐོང་བར་བྱིན་གྱིས་རློབས། །རྫོགས་པ་ཆེན་པོའི་དོན་གྱི་འཇོག་སོ་ནི། ད་ལྟའི་རང་སེམས་བཅོས་མེད་ལྷུག་པར་བསྒྱུར་བཀོད་སྤུ་ཙམ་མ་སོང་བའི་གསལ་རིག་རྗེན་པ་འདི་ཀ་ཡིན། དེ་ཉིད་དུས་རྟག་པར་ཟ་ཉལ་འགྲོ་འདུག་གང་གི་སྐབས་སུ་ཡང་མ་བརྗེད་ཙམ་པའི་དྲན་པས་སྐྱོང་བ་དེ་ལ་སྒོམ་ཟེར་བ་ཡིན་ཀྱང་ཤེས་བྱའི་སྒྲིབ་པ་དང་མ་བྲལ་བར་དུ་བདེ་གསལ་མི་རྟོག་གསུམ་གྱི་ཉམས་དང་མ་འདྲེས་པ་ཞིག་འོང་མི་སྲིད་ཀྱང་དྲན་པས་ཆེད་དུ་གཅུར་བའི་འཇུར་དྲན་མ་ཡིན་པའི་ངོས་ནས་རང་ངོ་རང་ཤེས་མ་བརྗེད་ཙམ་དུ་བསྐྱངས་པས་ཅི་ཞིག་ན་དོན་དམ་སྤྲོས་བྲལ་གྱི་བདེན་པ་དཔེ་དང་ཐ་སྙད་ལས་འདས་པ་ཞིག་འཆར་ནས་ཡོང་། དེ་ཡང་རེ་ཞིག་ལས་དང་པོའི་རིགས་ལ་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་ཡེངས་སུ་བཅུག་ཡོང་བས་རྣམ་རྟོག་བརྟད་འགྲིལ་མང་ཙམ་འོག་འགྱུར་སོང་རྗེས་སྐབས་ཤིག་ན་དྲན་པ་ཧྲིག་གེ་སླེབས་ནས་ང་ཡེངས་འདུག་སྙམ་པའི་འགྱོད་པ་སྐྱེ་ཡང་། དེ་ཚེ་རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་པ་ལ་འགྱོད་པ་སོགས་གང་ཡང་མི་བྱ་བར་དྲན་པ་ཧྲིག་གེ་སླེབས་པ་དེ་ཁའི་ཐོག་ཏུ་རང་བབས་ཀྱི་རྒྱུན་སྐྱོང་རྣམ་རྟོག་ལ་ཆོས་སྐུར་ལྟ་མི་སྤང་ཟེར་བ་གྲགས་ཆེ་ཡང་། ལྷག་མཐོང་གི་རྩལ་མ་རྫོགས་རིང་དེ་ལྟར་བྱས་ན་ཅི་ཡིན་འདི་ཡིན་མེད་པའི་ཟབས་སུ་ཚུད་ངེས་པས་དེས་ན་དང་པོའི་རིང་རྣམ་རྟོག་གང་ཤར་ལ་ཅེར་གྱིས་བལྟས་ནས་བརྟག་དཔྱད་བསམ་གཞིག་གང་ཡང་མི་བྱ་བར་རྣམ་རྟོག་ངོ་ཤེས་མཁན་རང་གི་ཐོག་ཏུ་བྱིས་པའི་རྩེད་མོ་ལ་མི་རྒན་གྱིས་སུན་འབྱིན་སྣང་མེད་བྱེད་པ་བཞིན་དུ་རྩིས་མེད་བདེན་མེད་གཡས་ཆུང་དུ་འཇོག །དེ་ལ་རྒྱུན་རིང་བར་གོམས་ཙ་ན་ཅི་ཞིག་ན་རྣམ་རྟོག་སྒོམ་ལ་ཤར་ནས་གནས་འགྱུ་མཉམ་གྲོལ་དུ་འགྲོ་བ་ཡིན། འདིའི་ཚེ་རྣམ་རྟོག་ངོ་ཤེས་ནས་ཆོས་སྐུར་གྲོལ་བ། རྣམ་རྟོག་ཁོ་རང་ཆོས་སྐུར་གྲོལ་བ། རྣམ་རྟོག་ཕན་མེད་གནོད་མེད་དུ་ཆོས་སྐུར་གྲོལ་བ་སོགས་རིམ་པར་འབྱུང་བ་རྫོགས་པ་ཆེན་པོའི་དགོངས་བརྒྱུད་ཀྱི་ཕ་ཕོགས་ཐོབ་པའི་བཤེས་གཉེན་དམ་པས་སོ་མཚམས་འབྱེད་དགོས་ལ། ཐེག་པ་གཞན་པ་དང་ཡིད་དཔྱོད་པའི་རྣམ་རྟོག་ཆོས་སྐུར་ལྟ་བའི་ལུགས་དང་མི་འདྲ་བའི་གནད་ཆེ་ཤོས་ཞིག་འདི་ན་ཡོད་དེ་མན་ངག་སྡེའི་དགོངས་པ་ཐུན་མོང་མ་ཡིན་པ་ལོན་པའི་ས་གནས་ཀྱི་སེམས་དཔའ་རྣམས་ཀྱིས་གྲུབ་མཐའ་སྙོགས། དེ་ནས་སྤངས་ཐོབ་བྲལ་བའི་སྤྲོས་བྲལ་ནམ་མཁའ་ལྟ་བུ་རྟོགས་པའི་ཚེ་སྒོམ་བྱེད་དང་དྲན་རིག་གི་གཉེན་པོ་གཏད་ཡལ་ལ་སོང་ནས་ཤེས་རྒྱུད་མཁའ་ལྟར་དག་སྟེ་ཐེ་ཚོམ་དང་ཡིན་མིན་གྱི་འཆིང་བ་རང་སར་གྲོལ་བ་ཞིག་འབྱུང་བ་སུས་ཀྱང་མ་བྱས་པའི་རིག་པ་བློ་འདས་ཟང་ཁ་རྒྱ་ཡན་ཆེན་པོར་ལ་བཟླ་བའི་ཚེ་ན། འདི་ཉིད་སངས་རྒྱས་ཀྱི་བདེན་མཐོང་མོས་དཔྱོད་ལས་འཕགས་པ་ཡིན་ངེས་པས་ཁམས་གསུམ་དུ་ལྡོག་པའི་གོལ་ས་ཆོད། འདི་ནས་ཀ་དག་གི་གནས་ལུགས་ཡེ་ཇི་བཞིན་པ་རྟོགས་པ་ཡིན་ཡང་ད་དུང་ཕོ་ཆུག་མ་བསྐྱེད་ན་དག་པའི་ས་གསུམ་ལ་མ་སླེབས་པར་བྲལ་ཐོབ་དང་ལྡོག་པ་ལ་ཚེགས་མེད་པས་ཤེས་སྒྲིབ་དག་པའི་སླད་དུ་དབེན་པ་བསྟེན་དགོས། རྡོ་རུས་གཏུག་དགོས། ཕྱག་རྫོགས་གཉིས་ཀའི་རྒྱུད་དང་མན་ངག་ནས་རིག་པ་གཅིག་ཆོད་རང་གྲོལ་ལ་ས་ལམ་གྱི་རྣམ་གཞག་མ་གསུངས་ཀྱང་། སྔོན་བྱོན་གྲུབ་ཐོབ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ་རྗེས་ཐོབ་ཀྱི་རིག་པའི་རྩལ་ཆེན་རྫོགས་པ་ལ་དགོངས་ནས། རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་སོ་སོར་ཆེ་འབྲིང་ཆུང་གསུམ་གྱི་མིང་བཏགས་ནས་ས་ལམ་གྱི་དོད་པོ་བརྩི་བར་མཛད་པ་བཞིན་ནོ། །ལྷག་དོན་ཕྱི་རབས་པ་དག་སྤྲོས་བྲལ་མཚན་མ་ཅན་དུ་གོལ་བ་དང་། རྩེ་གཅིག་ཆེན་པོའི་བག་ཆགས་ལ་སྒོམ་པ་ཉིན་མཚན་ཁ་སྦྱོར་དུ་རློམ་སེམས་སྐྱེ་བ་སོགས། ཤེས་རབ་རྣམ་པ་གསུམ་གྱིས་བཏང་བར་ཟད་མོད། འདིས་མཚུངས་པར་མཐར་ཐུག་གི་གྲོལ་གཞི་དང་གྲོལ་ས་ཁྱད་ཆོས་དྲུག་ལྡན་གྱི་ཀུན་ཏུ་བཟང་པོའི་དགོངས་པ་ངེས་པར་ཤེས་དགོས་པ་ནི་རྫོགས་ཆེན་གསང་བ་སྙིང་ཐིག་པའི་ཟུར་སྐད་དེ། གནད་འདི་ལྟ་བུ་གོ་བར་བྱེད་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་གསང་མཛོད་རྟོལ་དགོས་པས་ཕྱི་རབས་སུ་དགོངས་བརྒྱུད་ཀྱི་འཕོ་བ་ཐོབ་པའི་དོན་གྱི་རྣལ་འབྱོར་པ་རིམ་པར་བྱོན་པ་དག་ལ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་ཁ་ཆེམས་སུ་བྲིས་ཤིང་ད་ལྟ་བའི་དམིགས་བསལ་དག་པའི་སྣང་བ་ཅན་ཁྱབ་གདལ་ནམ་མཁའི་ཤེས་པས་ཟིན་བྲིས་སུ་བགྱིས་པའོ། །སྣང་བ་ནི་སྐྱེ་མེད་རིག་པ་ནི་ཡེ་གྲོལ། །ཤེས་པ་ནི་ཟང་ཐལ་ཟུང་འཇུག་ནི་སྒྲོ་བཏགས། །ཁྱབ་བརྡལ་གྱི་དྲན་པ་བཟོ་མེད་དུ་ཆམ་ཆམ། །གདོང་འདེད་ཀྱི་སྣང་བ་ཅེར་གྲོལ་དུ་ཐལ་ཐལ། །ཕྱོགས་ལྷུང་ནི་མི་འདུག་རྫོགས་ཆེན་གྱི་ལྟ་བ། །སྣང་སྟོང་དང་ཟུང་འཇུག་མིང་ཚིག་དང་ཐ་སྙད། །ཨ་ཧོ་ཡེ་སྤྲོས་བྲལ་ལ་སྒོམ་རྒྱུ་ནི་མི་གདའ། །སྲ་མཁྲེགས་ཀྱི་རྡོ་གདན་འགྱུར་མེད་ཀྱི་གདེང་ཆེན། །རས་དཀར་གྱི་གུར་ཆུང་འཁོར་བ་ཡི་འཇིགས་སྐྱོབས། །བཟོ་མེད་ཀྱི་མཆེད་ལྕམ་རང་གྲོལ་གྱི་ཚོམ་བུ། །ཨ་ཧོ་ཡེ་སྣང་སེམས་ནི་སུ་འདྲ་ལས་བདེ་འདུག །ལྟ་སྒོམ་ལས་འདས་པ་རྫོགས་ཆེན་གྱི་རྣལ་འབྱོར། །བྱུང་རྒྱལ་གྱི་སྤྱོད་པ་ཚད་ཕེབས་ཀྱི་རིག་མདངས། །སྐྱིད་ཉལ་གྱི་ངང་དུ་སྣང་སེམས་ཁོ་ཁྲལ་ཁྲོལ། །རྟོགས་གྲོལ་ཁོང་ཉམས་ལེན་གྱི་མཐར་ཐུག་རང་ཡིན་ནོ། །ཐབས་ཤེས་ཀྱི་རྐང་པ་འདེགས་འཇོག་ཏུ་བསྒྱུར་ནས། །རི་སུལ་གྱི་དབེན་ཁྲོད་འབད་རྩོལ་གྱིས་སྙོགས་པས། །བྲག་སྐྱིབས་ཀྱི་བསྟི་གནས་རྟོག་བྲལ་གྱི་གནས་སུ། །ནམ་མཁའི་ངང་རྣལ་འབྱོར་ཀློང་ཆེན་དང་མཇལ་ནས། །ཤུགས་འབྱུང་གི་ཉམས་རྟོགས་རྒྱང་གླུ་རུ་བླངས་ཡོད། །ཡེ་གདངས་ལ་བདེ་སྡུག་བླང་དོར་ནི་མ་གྲུབ། །སྣང་བ་ཡི་རྫུན་ཕུག་རིག་སྟོང་གི་ཚད་དུ། །མཉམ་རྫོགས་སུ་ཐིམ་པ་ཀུན་བཟང་གི་དགོངས་ཀློང་། །ཆམ་བརྡལ་གྱི་ཆོས་སྐུའི་རྒྱལ་སྲིད་དང་མཇལ་བྱུང་། །འདིར་འདུས་ཀྱི་སྐལ་ལྡན་མཆེད་ལྕམ་དེ་ཕོ་མོ། །འཁོར་བ་ལ་མ་ཞེན་འཛིན་མེད་ཀྱི་རིག་སྟོང་། །ཆམ་ཡངས་ཀྱི་རང་གཤིས་ལྷུག་པ་རུ་སྐྱོངས་དང་། །གདོད་མ་ཡི་གཞི་དབྱིངས་ལ་མཉམ་གྲོལ་དུ་ཆས་འགྲོ། །ཞེས་རྡོ་རྗེ་གླུ་གར་ཡང་མིག་འཕྲུལ་ལྟ་བུར་བརྩེས་པའོ།། །།
མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། །སྒོམ་པ་མཁྱེན་བརྩེའི་འོད་ཟེར་ཡིན། །སྤྱོད་པ་རྒྱལ་བུ་མྱུ་གུ་ཡིན། །དེ་ལྟར་ཉམས་སུ་ལེན་པ་ལ། །ཚེ་གཅིག་སངས་རྒྱས་ལ་ཐང་མེད། །མིན་ཀྱང་བློ་བདེ་ཨ་ལ་ལ། །ལྟ་བ་ཀློང་ཆེན་རབ་འབྱམས་ནི། །ཚིག་གསུམ་དོན་གྱི་གནད་དུ་བརྡེག །དང་པོ་རང་སེམས་ལྷོད་དེ་བཞག །མི་སྤྲོ་མི་བསྡུ་རྣམ་རྟོག་མེད། །ངང་ལ་ཕྱམ་གནས་ལྷོད་དེའི་དུས། །ཐོལ་བྱུང་གློ་རྡེག་ཕཊ་ཅིག་རྒྱབ། །དྲག་ལ་ངར་ཐུང་ཨེ་མ་ཧོ། །ཅི་ཡང་མ་ཡིན་ཧད་དེ་བ། །ཧད་དེ་བ་ལ་ཟང་ཐལ་ལེ། །ཟང་མ་ཐལ་བྱུང་བརྗོད་དུ་མེད། །ཆོས་སྐུ་རིག་པ་ངོས་ཟུངས་ཤིག །ངོ་རང་ཐོག་ཏུ་སྤྲད་པ་སྟེ་གནད་དང་པོའོ། །
དེ་ནས་འཕྲོའམ་གནས་ཀྱང་རུང་། །ཁྲོའམ་ཆགས་སམ་སྐྱིད་དམ་སྡུག །དུས་དང་གནས་སྐབས་ཐམས་ཅད་དུ། །ངོ་ཤེས་ཆོས་སྐུ་ངོས་བཟུང་ལ། །སྔར་འདྲིས་འོད་གསལ་མ་བུ་སྤྲད། །བརྗོད་མེད་རིག་ཆའི་ངང་ལ་བཞག །གནས་བདེ་གསལ་འཕྲོ་ཡང་ཡང་བཤིག །ཐབས་ཤེས་ཡི་གེ་གློ་བུར་འབེབས། །མཉམ་བཞག་རྗེས་ཐོབ་ཐ་དད་མེད། །ཐུན་དང་ཐུན་མཚམས་དབྱེ་བ་མེད། །དབྱེར་མེད་ངང་དུ་རྒྱུན་དུ་གནས། །འོན་ཀྱང་བརྟན་པ་མ་ཐོབ་བར། །འདུ་འཛི་སྤངས་ནས་སྒོམ་པ་གཅེས། །མཉམ་བཞག་ཐུན་དུ་བཅད་ལ་བྱ། །དུས་དང་གནས་སྐབས་ཐམས་ཅད་དུ། །ཆོས་སྐུ་གཅིག་པོའི་ཡོ་ལང་བསྐྱང་། །དེ་ལས་གཞན་མེད་ཁོ་ཐག་བཅད། །ཐག་གཅིག་ཐོག་ཏུ་བཅད་པ་སྟེ་གནད་གཉིས་པའོ། །
དེའི་ཚེ་ཆགས་སྡང་དགའ་སྡུག་དང་། །གློ་བུར་རྣམ་རྟོག་མ་ལུས་པ། །ངོ་ཤེས་ངང་ལ་རྗེས་མཐུད་མེད། །གྲོལ་ཆའི་ཆོས་སྐུ་ངོས་བཟུང་བས། །དཔེར་ན་ཆུ་ཡི་རི་མོ་བཞིན། །རང་ཤར་རང་གྲོལ་རྒྱུན་ཆད་མེད། །ཅི་ཤར་རིག་སྟོང་རྗེན་པའི་ཟས། །ཅི་འགྱུ་ཆོས་སྐུ་རྒྱལ་པོའི་རྩལ། །རྗེས་མེད་རང་དག་ཨ་ལ་ལ། །འཆར་ལུགས་སྔར་དང་འདྲ་བ་ལ། །གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །འདི་མེད་སྒོམ་པ་འཁྲུལ་པའི་ལམ། །འདི་ལྡན་མ་བསྒོམ་ཆོས་སྐུའི་ངང་། །གདེངས་གྲོལ་ཐོག་ཏུ་བཅའ་བ་སྟེ་གནད་གསུམ་པའོ། །
གནད་གསུམ་ལྡན་པའི་ལྟ་བ་ལ། །མཁྱེན་བརྩེ་འབྲེལ་བའི་སྒོམ་པ་དང་། །རྒྱལ་སྲས་སྤྱི་ཡི་སྤྱོད་པ་གྲོགས། །དུས་གསུམ་རྒྱལ་བའི་ཞལ་བསྡུར་ཀྱང་། །འདི་ལས་ལྷག་པའི་གདམས་ངག་མེད། །རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས། །ཤེས་རབ་ཀློང་ནས་གཏེར་དུ་བླངས། །ས་རྡོའི་བཅུད་དང་འདི་མི་འདྲ། །དགའ་རབ་རྡོ་རྗེའི་ཞལ་ཆེམས་ཡིན། །བརྒྱུད་པ་གསུམ་གྱི་ཐུགས་བཅུད་ཡིན། །སྙིང་གི་བུ་ལ་གཏད་དོ་རྒྱ། །ཟབ་དོན་ཡིན་ནོ་སྙིང་གི་གཏམ། །སྙིང་གཏམ་ཡིན་ནོ་དོན་གྱི་གནད། །དོན་གནད་ཡལ་བར་མ་འདོར་ཅིག །གདམས་ངག་ཟགས་སུ་མ་འཇུག་ཅིག །མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་སོ།། །།
མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་ཀྱི་འགྲེལ་བ། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་ཀྱི་འགྲེལ་བ་བཞུགས་སོ། །མཚུངས་མེད་ཐུགས་རྗེའི་མངའ་བདག་དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །འདིར་ལྟ་སྒོམ་སྤྱོད་པའི་གནད་ཉུང་ངུ་ཉམས་སུ་ལེན་པའི་ཚུལ་འཆད་པར་འདོད་ནས། དང་པོ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པའི་ཕྱིར་དེ་ལ་ཕྱག་འཚལ་བ་ཁོ་ནས་སྐྱབས་གནས་ཇི་སྙེད་པ་ལ་ཕྱག་འཚལ་བར་འགྱུར་བའི་ཕྱིར། བླ་མ་ལ་ཕྱག་འཚལ་ལོ་ཞེས་སོ། །དེ་ནས་བཤད་བྱའི་དོན་ཡང་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་རང་སེམས་དང་དབྱེར་མེད་པར་ཤེས་ནས་ཉམས་སུ་བླང་ན་ལྟ་སྒོམ་སྤྱོད་གསུམ་ཀྱང་དེར་འདུ་བ་ཡིན་པས་ན། ལྟ་སྒོམ་སྤྱོད་གསུམ་རྩ་བརྒྱུད་ཀྱི་བླ་མའི་མཚན་དོན་དང་སྦྱར་ནས་འཆད་པའི་དང་པོ་ནི། དབྱིངས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཀློང་ཆེན་པོ་ན་འཁོར་འདས་ཀྱི་སྣང་བ་རབ་འབྱམས་ཇི་སྙེད་པ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་རྫོགས་པའི་དོན་ཤེས་པ་ནི་ལྟ་བ་ཡིན་པས་ན། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། དེ་ལྟ་བུའི་ལྟ་བ་སྤྲོས་བྲལ་གྱི་རང་བཞིན་མཁྱེན་ཆ་ཤེས་རབ་ལྷག་མཐོང་གིས་གཏན་ལ་འབེབས་ཤིང་སྟོང་ཉིད་དེའང་སྙིང་རྗེའི་བརྩེ་བ་ཆེན་པོའི་ཞི་གནས་ཀྱི་ཐབས་དང་མ་བྲལ་བར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། སྟོང་ཉིད་སྙིང་རྗེ་དང་འབྲེལ་བ་ནི་སྒོམ་པ་ཡིན་པས་ན། སྒོམ་པ་མཁྱེན་བརྩེའི་འོད་ཟེར་ཡིན། །དེ་ལྟ་བུའི་ལྟ་སྒོམ་དང་ལྡན་པའི་ངང་ནས་རྒྱལ་བའི་མྱུ་གུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་དང་མཐུན་པའི་གཞན་ཕན་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་ནི་སྤྱོད་པ་ཡིན་པས་ན། སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པའི་གང་ཟག་དེ་སྐལ་བ་དང་ལྡན་པར་སྟོན་པའི་ཕྱིར། དེ་ལྟར་ཉམས་སུ་ལེན་པ་ལ། །དེའང་གནས་དབེན་པའི་རི་ཁྲོད་བརྟེན་ནས་འཇིག་རྟེན་ཚེ་འདིའི་བྱ་བ་བཏང་སྟེ་རྩེ་གཅིག་ཏུ་ཉམས་སུ་ལེན་ནུས་ན་ཚེ་འདིར་ཀ་དག་གི་གཞི་ཐོག་ཏུ་གྲོལ་བར་འགྱུར་བས་ན། ཚེ་གཅིག་སངས་རྒྱས་ལ་ཐང་མེད། །དེ་ལྟར་མིན་ཡང་དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ལ་བློ་ཁ་ཕྱོགས་པ་ཙམ་ཡོད་ཀྱང་། ཚེ་འདིར་རྐྱེན་ངན་ལམ་དུ་ཁྱེར་ཤེས་པ་དང་། ཚེ་འདིའི་བྱ་བཞག་ལ་རེ་དོགས་མང་པོ་མི་སྐྱེ་ཞིང་ཕྱི་མ་བདེ་བ་ནས་བདེ་བར་འགྲོ་བར་འགྱུར་བས་ན། མིན་ཡང་བློ་བདེ་ཨ་ལ་ལ། །དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་རིམ་བཞིན་འཆད་པ་ལས། དང་པོ་ལྟ་བ་ཉམས་སུ་ལེན་ཚུལ་རྒྱས་པར་འཆད་འདོད་ན། ལྟ་བ་ཀློང་ཆེན་རབ་འབྱམས་ནི། དེ་ཡང་དོན་གདམས་ངག་ཚིག་གསུམ་ཉམས་ལེན་གྱི་གནད་ལ་བརྡེག་པས་འཁྲུལ་པའི་སྲོག་གཅོད་པར་བྱེད་པ་ཡིན་པས་ན། ཚིག་གསུམ་དོན་གྱི་གནད་དུ་བརྡེག །དང་པོ་ལྟ་བ་ངོ་མ་འཕྲོད་པ་ངོ་སྤྲོད་པའི་ཐབས་ལ། སྤྱིར་མཚན་ཉིད་ཐེག་པ་ནས་ལྟ་བ་ལུང་རིགས་ཀྱིས་གཏན་ལ་འབེབས་པ་དང་། གསང་སྔགས་ཐུན་མོང་བ་རྣམས་ཀྱིས་དབང་གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས་བཞི་པའི་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སོགས་ལུགས་མང་ཡང་། འདིར་སྒྲུབ་བརྒྱུད་དམ་པ་རྣམས་ཀྱི་ཕྱག་བཞེས་ལྟར་ན་སེམས་ཀྱི་ཡལ་ས་ངོ་སྤྲོད་པ་སྟེ། དེའང་སེམས་འཁྲུལ་རྟོག་གི་རྦ་རླབས་འཚུབས་པའི་དུས་ན་ཡུལ་གྱི་རྗེས་སུ་འབྲང་བའི་རྣམ་རྟོག་རགས་པ་དག་གིས་སེམས་ཉིད་ཀྱི་རང་ཞལ་བསྒྲིབས་པས་ན་ངོ་སྤྲད་ཀྱང་མི་འཕྲོད་པ་དེའི་ཕྱིར་རགས་པའི་རྣམ་རྟོག་དྭངས་སུ་གཞུག་པའི་ཕྱིར། དང་པོ་རང་སེམས་ལྷོད་དེ་བཞག །འོན་ཀྱང་རང་སེམས་མ་བཅོས་པར་བཞག་པ་ཉིད་འོད་གསལ་བའི་ཡེ་ཤེས་ཡིན་ལ། བཅོས་མའི་ལམ་གྱིས་གནས་ལུགས་མི་རྟོག་པས་ན། མ་བཅོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་མཚོན་པའི་ཕྱིར། མི་སྤྲོ་མི་བསྡུ་རྣམ་རྟོག་མེད། །ལས་དང་པོ་པའི་གནས་སྐབས་ན་སེམས་རང་བཞག་གཉུག་མའི་ངང་བསྐྱངས་ཀྱང་། གནས་ཆ་བདེ་གསལ་མི་རྟོག་སོགས་ཉམས་ཀྱི་ཞེན་པ་དང་བཅས་པའི་ངང་ལས་འདའ་མི་སྲིད་པས་ན། ངང་ལ་ཕྱམ་གནས་ལྷོད་དེའི་དུས། །དེ་ལྟ་བུའི་ཉམས་ཞེན་གྱི་སྦུབས་དང་བྲལ་ནས་རིག་པ་གཅེར་བུ་ཟང་མ་ཐལ་བྱུང་གི་གནས་ལུགས་རྗེན་པར་སྟོན་པའི་ཕྱིར། ཐོལ་བྱུང་གློ་རྡེག་ཕཊ་ཅིག་རྒྱབ། །རྣམ་རྟོག་གི་རྒྱུན་ཐག་གཅོད་པ་དང་། བློས་བྱས་ཀྱི་སྒོམ་པ་འཇིག་པ་ལ་གནད་དུ་ཆེ་བས་ཕཊ་སྒྲ་དེའང་དྲག་ལ་ངར་ཐུང་བ་དགོས་པས། དྲག་ལ་ངར་ཐུང་ཨེ་མ་ཧོ། །དེའི་ཚེ་ན་སེམས་འདི་ཡིན་གྱི་གཟའ་གཏད་ཐམས་ཅད་དང་བྲལ་བ་ནི་གྲོལ་བ་མངོན་དུ་གྱུར་པས་ན། ཅི་ཡང་མ་ཡིན་ཧད་དེ་བ། །དེ་ལྟ་བུའི་གཏད་སོ་དང་བྲལ་བའི་ཆོས་སྐུའི་ངང་ན་ཟང་ཐལ་རྗེན་པའི་རིག་ཆ་སེམས་ལས་འདས་པའི་ཡེ་ཤེས་ཇི་བཞིན་པར་བཞུགས་པས་ན། ཧད་དེ་བ་ལ་ཟང་ཐལ་ལེ། །དེ་ལྟ་བུའི་ཟང་ཐལ་དེ་ཡང་སྐྱེ་འགག་ཡོད་མེད་ལ་སོགས་པའི་མཐའ་ལས་འདས་ཤིང་། ངག་དང་ཡིད་ཀྱི་རྩོལ་རྟོག་གི་ཡུལ་ལས་འདས་པའི་རང་གནས་ཡེ་ཤེས་བརྗོད་བྲལ་གྱི་གནད་ཡིན་པས་ན། ཟང་མ་ཐལ་བྱུང་བརྗོད་དུ་མེད། །དེ་ལྟ་བུའི་གནད་དོན་དེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་རྣལ་འབྱོར་ལམ་གྱི་ཀ་དག་སྤྲོས་བྲལ་དོན་གྱི་ལྟ་བ་ཡིན་པས་འདི་ཁོ་ན་ངོ་མ་ཤེས་ཀྱི་བར་དུ། ཇི་ལྟར་བསྒོམས་ཤིང་ཉམས་སུ་བླངས་ཀྱང་བློས་བྱས་བཅོས་མའི་ལྟ་སྒོམ་ལས་མི་འདའ་བས། རང་བཞིན་རྫོགས་པ་ཆེན་པོའི་ལམ་དང་གནམ་ས་བས་རིང་ཞིང་བསྒོམ་མེད་འོད་གསལ་གྱི་འཁོར་ལོའི་གནད་མེད་པས་ན། འདི་ཁོ་ན་ངོ་ཤེས་པ་དང་པོ་གལ་ཆེ་བས་ན། ཆོས་སྐུའི་རིག་པ་ངོས་ཟུངས་ཤིག །དེ་ལྟ་བུའི་དོན་དེ་ཚིག་གསུམ་གནད་དུ་བརྡེག་པའི་དང་པོ་ཡིན་ཞིང་། ལྟ་བས་ངོ་མ་འཕྲོད་ན་སྒོམ་པས་ངང་སྐྱོང་རྒྱུ་མི་འོང་བས་དང་པོ་ལྟ་བ་ངོ་འཕྲོད་པ་གལ་ཆེ་ལ། དེ་ཡང་རང་གནས་ཀྱི་ཡེ་ཤེས་རང་ལ་གནས་པ་ཉིད་ངོ་སྤྲོད་པ་ཡིན་གྱི་གཞན་ནས་བཙལ་དུ་ཡོད་པ་མ་ཡིན། སྔར་མེད་རྒྱུད་ལ་སྐྱེས་པ་མ་ཡིན་པས་ན། ངོ་རང་ཐོག་ཏུ་སྤྲོད་པ་སྟེ་གནད་དང་པོའོ། །
དེ་ནས་སྒོམ་པས་ཉམས་སུ་ལེན་ཚུལ་རྒྱས་པར་འཆད་པ་ལ་ངང་བཞག་ཆུ་བོའི་རྒྱུན་གྱི་སྒོམ་པ་དུས་དང་གནས་སྐབས་ཐམས་ཅད་དུ་ཡོད་པས་གནས་འཕྲོ་ལ་དགག་སྒྲུབ་མེད་པར་གནས་ན་ཆོས་སྐུ་རང་ངོ་། འཕྲོ་ན་ཡེ་ཤེས་ཀྱི་རང་རྩལ་དུ་སྐྱོང་བས་ན། དེ་ནས་འཕྲོའམ་གནས་ཀྱང་རུང་། །སེམས་རྣམ་རྟོག་གི་རྩལ་ལས་ཀུན་འབྱུང་གི་བདེན་པ་ཁྲོ་ཆགས་སོགས་ཉོན་མོངས་པ་དང་སྡུག་བསྔལ་གྱི་བདེན་པ་སྐྱིད་སྡུག་སོགས་ཚོར་བའི་རོ་མྱོང་གང་སྐྱེས་ཀྱང་རྣམ་རྟོག་དེ་དག་གི་རང་བཞིན་ཆོས་ཉིད་དུ་ཤེས་ན་ཆོས་སྐུའི་ཡོ་ལང་དུ་འགྱུར་བས་ན། ཁྲོའམ་ཆགས་སམ་སྐྱིད་དམ་སྡུག །དེ་ལྟར་མ་ཟད་སྤྱིར་ལྟ་བས་ངོ་འཕྲོད་ཀྱང་སྒོམ་པས་ངང་མ་བསྐྱངས་པར་འཁྲུལ་འབྱམས་ཐ་མལ་དུ་ཤོར་ན་རྣམ་རྟོག་རང་རྒྱུད་པས་འཁོར་བར་འཆིང་ཞིང་། ཆོས་དང་རང་རྒྱུད་སོ་སོར་སོང་ནས་ཐ་མལ་པ་དང་ཁྱད་མེད་པར་འགྱུར་བས་མི་བསྒོམ་པ་རང་བཞག་ཆེན་པོ་དང་ནམ་ཡང་མི་འབྲལ་བ་ཞིག་དགོས་པས་ན། དུས་དང་གནས་སྐབས་ཐམས་ཅད་དུ། །དེ་ལྟར་གནས་འཕྲོ་སོགས་གང་གི་ཚེའང་ཉོན་མོངས་པ་དང་། རྣམ་རྟོག་ཐ་དད་པ་རེ་རེར་གཉེན་པོ་ཐ་དད་པ་རེ་རེས་འདུལ་བ་མ་ཡིན་གྱི་རྣམ་རྟོག་དང་ཉོན་མོངས་གང་སྐྱེས་ཀྱང་གཉེན་པོ་ཆིག་ཆོད་ཀུན་གྲོལ་སྔར་ངོ་སྤྲད་པའི་ལྟ་བ་དེ་གཅིག་པུར་ངོས་འཛིན་པ་ལ་འདུ་བས། ངོ་ཤེས་ཆོས་སྐུའི་ངོས་བཟུང་ལ། །དེ་ཡང་རྣམ་རྟོག་དང་ཉོན་མོངས་པ་གང་སྐྱེས་ཀྱང་དེ་ཉིད་ཆོས་སྐུའི་ཡེ་ཤེས་ལས་ལོགས་ཤིག་མ་ཡིན་གྱི་རྣམ་རྟོག་དེ་དག་གི་རང་བཞིན་ཆོས་སྐུའི་གཞིའི་འོད་གསལ་དངོས་ཡིན་པས་དེ་ངོ་ཤེས་ན། གཞིར་གནས་མའི་འོད་གསལ་ཞེས་བྱ་ལ། སྔར་བླ་མས་ངོ་སྤྲོད་པའི་རང་རིག་འོད་གསལ་གྱི་ལྟ་བ་རང་ངོ་ཤེས་པ་ནི་ཉམས་ལེན་ལམ་གྱི་འོད་གསལ་ཞེས་བྱ་སྟེ། གཞི་ལམ་གྱི་འོད་གསལ་གཉིས་དབྱེར་མེད་དུ་གྱུར་པའི་རང་ངོ་ལ་གནས་པ་ནི་འོད་གསལ་མ་བུ་འཕྲོད་པ་ཞེས་བྱ་བས་ན། སྔར་འདྲེས་འོད་གསལ་མ་བུ་སྤྲད། །དེ་ལྟར་ནམ་ཡང་ལྟ་བ་རང་ངོ་ཤེས་པའི་འོད་གསལ་དེ་དྲན་པར་བྱས་ནས། དེའི་ངང་ལ་བཞག་པ་ལས། རྩལ་གྱི་རྣམ་རྟོག་དང་ཉོན་མོངས་པ་ལ་དགག་སྒྲུབ་སྤང་བླང་གང་ཡང་མི་བྱ་བ་ནི་གནད་ཀྱི་དམ་པ་ཡིན་པས། བརྗོད་མེད་རིག་ཆའི་ངང་ལ་བཞག །དེ་ལྟ་བུའི་ངང་དེ་ཡུན་རིང་དུ་བསྐྱངས་ན་ལས་དང་པོ་པའི་ཚེ་བདེ་གསལ་མི་རྟོག་པའི་ཉམས་ཀྱིས་གཉུག་མའི་རང་ཞལ་འགེབས་པའི་ཉམས་ཀྱི་ཤུན་པ་དང་བྲལ་ནས་རིག་ངོ་རྗེན་ལ་ཕུད་ན་ཡེ་ཤེས་ཁོང་ནས་གསལ་བ་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་བསྒོམ་པ་བཤིག་གྱིན་བཟང་། །ཕུ་ཆུ་དྲག་པོ་བརྡབ་ཀྱིན་བཟང་། །ཟེར་བ་ལྟར་ཡིན་པས་ན། གནས་བདེ་གསལ་སྤྲོ་ཡང་ཡང་བཤིག །དེ་ཡང་ཇི་ལྟར་བཤིག་ཅེ་ན། །གནས་བདེ་གསལ་བའི་ཉམས་སྐྱེ་བདོ་བའི་ཚེའམ། དགའ་སྤྲོ་དང་སྐྱིད་སྣང་སོགས་འཆར་བདོ་བ་དེའི་ཚེ། སྡུད་བྱེད་ཐབས་ཀྱི་ཡི་གེ་ཕ་དང་། གཅོད་བྱེད་ཤེས་རབ་ཀྱི་ཡི་གེ་ཊ་གཉིས་འབྲེལ་བའི་ཕཊ་སྒྲ་དྲག་པོ་ཐོག་ལྷུང་བ་ལྟ་བུས་ཉམས་ཞེན་གྱི་ཤུན་པ་ཐལ་གྱིས་གཏོར་དགོས་ཏེ། ཐབས་ཤེས་ཡི་གེ་གློ་བུར་འབེབས། །དེ་ལྟར་ཉམས་མྱོང་གི་གནད་དང་མ་བྲལ་བའི་བརྗོད་མེད་ཀྱི་རིག་པ་ཟང་ཐལ་ལེ་བ་དུས་དང་རྣམ་པ་ཐམས་ཅད་དུ་སྐྱོང་བ་ལས་མཉམ་གཞག་རྗེས་ཐོབ་ཀྱི་སྒོམ་པ་ཐ་དད་དུ་མེད་པས། མཉམ་གཞག་རྗེས་ཐོབ་ཐ་དད་མེད། །དེའི་ཕྱིར་དུ་ཐུན་གྱི་ངོ་བོའི་སྒོམ་དང་ཐུན་མཚམས་སྤྱོད་ལམ་གྱི་དུས་ཀྱི་སྒོམ་སོ་སོར་མེད་པས། ཐུན་དང་ཐུན་མཚམས་དབྱེ་བ་མེད། །དེ་ལྟར་མི་བསྒོམ་པའི་སྒོམ་པ་ཆེན་པོ། རང་གནས་ཕྱལ་བའི་ཡེ་ཤེས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྒོམ་རྒྱུ་སྤུ་ཙམ་མེད་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་པ་ནི། ཇི་སྐད་དུ། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པའི་དོན་ཡིན་པས། དབྱེར་མེད་ངང་དུ་རྒྱུན་དུ་གནས། །དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་རང་ལམ་སྒྲ་ཇི་བཞིན་པའི་སྣོད་དུ་གྱུར་ཅིང་། ཐོས་གྲོལ་ཅིག་ཆར་བའི་རིགས་ཅན་ཡིན་ན། སྣང་སེམས་གཞི་གྲོལ་ཆེན་པོ། ཅི་ཤར་ཆོས་སྐུའི་ཡོ་ལང་སུ་གྱུར་ནས་བསྒོམ་བྱ་སྒོམ་བྱེད་མེད་ཀྱང་དེ་ལས་གཞན་པའི་རྣམ་རྟོག་འཁྲུལ་པའི་གཞན་དབང་དུ་གྱུར་པའི་སྐལ་དམན་རིམ་གྱིས་པའི་གང་ཟག་རྣམས་བརྟན་པ་མ་ཐོབ་ཀྱི་བར་བསྒོམ་དགོས་པས་ན། འོན་ཀྱང་བརྟན་པ་མ་ཐོབ་བར། །སྒོམ་པ་དེའང་བསམ་གཏན་གྱི་རྒྱུ་ཚོགས་ཚང་བ་ལས། ཉམས་མྱོང་སྐྱེ་བར་འགྱུར་གྱི་འདུ་འཛི་དང་རྣམ་གཡེངས་ཀྱི་ཁྲོད་དུ་ཇི་ཙམ་སྒོམ་ཡུན་བསྲིངས་ཀྱང་ཉམས་མྱོང་མི་སྐྱེ་བས་ན། འདུ་འཛི་སྤངས་ནས་བསྒོམ་པ་གཅེས། །སྒོམ་པའི་ཚེ་ཡང་མཉམ་རྗེས་ཀྱི་ཉམས་ལེན་ཐ་དད་དུ་མེད་ཀྱང་དང་པོ་མཉམ་གཞག་གི་རང་ས་མ་ཟིན་ན་ཉམས་མྱོང་གི་ཡེ་ཤེས་རྗེས་ཐོབ་དང་བསྲེ་མི་ནུས་པས། སྤྱོད་ལམ་རྒྱུན་གྱི་ལམ་ཁྱེར་ལ་འབད་པར་བྱས་ཀྱང་སྤྱི་འབྱམས་གཤིས་ཤོར་གྱི་གོལ་ས་ལྡང་བ་ཡིན་པས་ན། ཉམས་ལེན་ཐུན་དུ་བཅད་ལ་བྱ། །དེ་ལྟར་ཉམས་ལེན་ཐུན་དུ་བཅད་ནས་མཉམ་གཞག་ངོ་བོ་སྐྱོང་བའི་བློ་གཏད་ཁེལ་བ་ལྟ་བུའི་ཉམས་ལེན་ཡོད་ཀྱང་། དེ་རྗེས་ཐོབ་སྤྱོད་ལམ་དང་བསྲེས་ནས་རྒྱུན་དུ་སྐྱོང་མ་ཤེས་ན། གཉེན་པོས་རྐྱེན་མི་ཐུབ་ཅིང་རྣམ་རྟོག་རྐྱེན་གྱིས་ཁྲིད་ན་ཐ་མལ་པར་འཆོར་བས། རྗེས་ཤེས་ཟང་ཐལ་དུ་སྐྱོང་བ་གལ་ཆེ་བས། དུས་དང་གནས་སྐབས་ཐམས་ཅད་དུ། །དེའི་ཚེ་ཡང་སྒོམ་བྱ་གཞན་ཞིག་ཚོལ་མི་དགོས་ཀྱིས། མཉམ་གཞག་ཆོས་སྐུའི་ལྟ་བ་དེ་ཉིད་མ་བྲལ་བའི་ངང་ནས་བྱ་བྱེད་དང་རྣམ་རྟོག་ཐམས་ཅད་རྩིས་མེད་རང་ཡན་དགག་སྒྲུབ་མེད་པར་ཆད་ཆོད་ཡད་ཡུད་དུ་སྐྱོང་བ་ཡིན་པས་ན། ཆོས་སྐུ་གཅིག་པུའི་ཡོ་ལང་བསྐྱང་། །དེ་ལྟ་བུའི་ཉམས་ལེན་ཞི་ལྷག་དབྱེར་མེད་སྤྲོས་བྲལ་གཉུག་མའི་རྣལ་འབྱོར་མ་བཅོས་ལྷན་ཅིག་སྐྱེས་པ་ཆོས་ཉིད་ཀྱི་རང་ངོ་སྐྱོང་བ་དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ། དབང་བཞི་པའི་དོན་གྱི་ཡེ་ཤེས། སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་ཁྱད་ཆོས། རྒྱ་བོད་གསར་རྙིང་གི་གྲུབ་བརྙེས་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱི་དགོངས་པ་རྨ་མེད་པ་ཡིན་པས། ཡིད་ཆེས་ཀྱི་བློ་ཐག་བཅད་ལ། མན་ངག་གཞན་ལ་འགྲམ་ཆུ་མི་ལྡང་བར་མ་བྱས་ན། གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་ཚོལ་བ་ལྟར་བློས་བྱས་བཅོས་མའི་གཟེབ་ཏུ་ཆུད་ནས་གྲོལ་བའི་དུས་མེད་པས་རང་གི་ཉམས་ལེན་ལ་བློ་ཐག་ཆོད་དགོས་པས་ན། དེ་ལས་གཞན་མེད་ཁོ་ཐག་བཅད། །དེ་ལྟར་ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་རྗེན་པ་འཁྲུལ་མ་མྱོང་བའི་སངས་རྒྱས་སུ་བློ་ཐག་བཅད་ནས་དེའི་རྒྱུན་སྐྱོང་བ་ནི་གནད་ཀྱི་གསང་ཚིག་གཉིས་པ་ཡིན་པས་གལ་ཆེ་བས་ན། ཐག་གཅིག་ཐོག་ཏུ་བཅད་པ་སྟེ་གནད་གཉིས་པའོ། །
ད་ནི་དེ་དག་གི་ཚེ་གྲོལ་ལུགས་ཀྱི་གདེང་མེད་ན་སེམས་གནས་ངལ་གསོའི་སྒོམ་ཙམ་ཁམས་གོང་མའི་གོལ་ས་ལས་མི་འདའ་ཞིང་། དེས་ཆགས་སྡང་གི་རྐྱེན་མི་ཐུབ། འདུ་བྱེད་ཀྱི་ལས་རྒྱུན་མི་ཆོད། ཐག་ཆོད་ཀྱི་བློ་གདེང་མི་ཐོབ་པས་དེ་གལ་ཆེ་ལ། དེའང་འདོད་པའི་ཡུལ་ལ་ཆགས་པ་དྲག་པོ་སྐྱེས་པའམ། མི་འདོད་པའི་ཡུལ་ལ་ཞེ་སྡང་དྲག་པོ་སྐྱེས་པའམ། མཐུན་རྐྱེན་དང་ལོངས་སྤྱོད་སོགས་འབྱོར་པས་དགའ་བ། མི་མཐུན་པའི་རྐྱེན་དང་ན་ཚ་སོགས་སྡུག་བསྔལ་གྱི་ཚོར་བ་གང་བྱུང་ཡང་། དེའི་ཚེ་རིག་པའི་རྩལ་ལྷོང་བ་ཡིན་པས། གྲོལ་གཞིའི་ཡེ་ཤེས་ངོས་འཛིན་པ་གལ་ཆེ་བས། དེ་ཚེ་ཆགས་སྡང་དགའ་སྡུག་དང་། །གཞན་ཡང་ཉམས་ལེན་ཤར་གྲོལ་གྱི་གནད་མེད་ན། སེམས་བྱུང་འོག་འགྱུའི་རྣམ་རྟོག་ཅི་སྐྱེས་ཐམས་ཅད་ཀྱིས་འཁོར་བའི་ལས་གསོག་པ་ཡིན་པས་ཕྲ་རགས་ཀྱི་རྣམ་རྟོག་ཅི་སྐྱེས་ཤར་གྲོལ་རྗེས་མེད་དུ་སྐྱོང་བ་གནད་ཡིན་པས་ན། གློ་བུར་རྣམ་རྟོག་མ་ལུས་པ། །དེས་ན་རྣམ་རྟོག་གང་སྐྱེས་པ་ཐམས་ཅད་འོག་འགྱུ་འཁྲུལ་འབྱམས་སུ་མ་སོང་བར་བློས་བྱས་འཇུར་དྲན་མ་ཡིན་པར་རང་བབས་གཉུག་མའི་དྲན་པ་དང་མ་བྲལ་བའི་ངང་ནས། རྣམ་རྟོག་ཅི་ཤར་རང་ངོ་ཤེས་པར་བྱས་ལ། ཤར་གྲོལ་རྗེས་མཐུད་མེད་པའི་ངང་ནས་ཆུ་ལ་རི་མོ་བྲིས་པ་ལྟར་སྐྱོང་དགོས་པས་ན། ངོ་ཤེས་ངང་ལ་རྗེས་མཐུད་མེད། །དེའི་ཚེ་རྣམ་རྟོག་རང་གྲོལ་དུ་མ་དག་ན་རྣམ་རྟོག་ངོ་ཤེས་པ་ཙམ་གྱིས་འཁྲུལ་པའི་ལས་རྒྱུན་མི་ཆོད་པས། ངོ་ཤེས་པ་དང་མཉམ་དུ་རང་ངོ་ཅེར་གྱིས་མཐོང་བས་སྔར་འདྲིས་ཀྱི་ཡེ་ཤེས་དེ་ཉིད་ངོས་བཟུང་ནས་ངང་ལ་བཞག་པས་རྣམ་རྟོག་རྗེས་མེད་དུ་དག་པ་ཉིད་གནད་དུ་ཆེ་བས། གྲོལ་ཆའི་ཆོས་སྐུ་ངོས་བཟུང་བས། །དཔེར་ན་ཆུ་ལ་རི་མོ་ད་ལྟར་བྲིས་པ་ད་ལྟར་ཞིག་ནས། འབྲི་བ་དང་ཡལ་བ་དུས་མཉམ་པ་ལྟར། རྣམ་རྟོག་སྐྱེས་པ་དང་གྲོལ་བ་དུས་མཉམ་དུ་སོང་ནས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་ཡིན་པས། དཔེར་ན་ཆུ་ལ་རི་མོ་བཞིན། །དེས་ན་ཤར་བ་མི་དགག་པར་ཇི་ཤར་ཤར་དུ་བཅུག་ལ། གང་ཤར་གཉུག་མའི་ངང་དུ་དག་པའི་ལམ་ཁྱེར་ཉིད་ཉམས་ལེན་གྱི་གནད་དུ་འཛིན་དགོས་པས་ན། རང་ཤར་རང་གྲོལ་རྒྱུན་ཆད་མེད། དེ་ལྟར་རྣམ་རྟོག་ལ་ཆོས་སྐུའི་རྩལ་སྦྱོང་བས་རྟོག་པ་གང་ཤར་རིག་པའི་རྩལ་སྦྱོང་དུ་འཆར་ཞིང་། དུག་ལྔའི་རྣམ་རྟོག་ཅི་ཙམ་རགས་པར་སྐྱེས་ཀྱང་དེ་ཙམ་གྲོལ་བའི་རིག་པ་གསལ་ངར་དང་ལྡན་པས་ན། ཅི་ཤར་རིག་སྟོང་རྗེན་པའི་ཟས། །རྣམ་རྟོག་གང་འགྱུའི་ཚད་ཐམས་ཅད་རིག་ངོ་ཟང་ཐལ་གྱི་ངང་ལས་རང་རྩལ་དུ་འཆར་བའི་ཚེ་བླང་དོར་མེད་པར་བསྐྱང་བས། ཤར་དུས་ནས་གྲོལ་བར་སྐྱེས་པས་ཆོས་སྐུའི་ཡོ་ལང་ལས་མ་འདས་པས། ཇི་འགྱུ་ཆོས་སྐུ་རྒྱལ་པོའི་རྩལ། །སེམས་རྟོག་མ་རིག་འཁྲུལ་གཟུགས་རིག་པ་ཡེ་ཤེས་ཆོས་སྐུའི་ཀློང་དུ་དག་པས་འོད་གསལ་རྒྱུན་ཆད་མེད་པའི་ཀློང་དུ། རྣམ་རྟོག་འགྱུ་བ་གང་སྐྱེས་རང་ངོ་སྟོང་པས་ན། རྗེས་མེད་རང་དག་ཨ་ལ་ལ། །དེ་ལྟ་བུའི་ལམ་ཁྱེར་ལ་རྒྱུན་རིང་བར་སྒོམ་པའི་ཚེ་རྣམ་རྟོག་སྒོམ་དུ་ཤར། གནས་འགྱུའི་བར་ལག་འགྱེལ་ཤར་བས་གནས་པ་ལ་མི་གནོད་པས། འཆར་ལུགས་སྔར་དང་འདྲ་བ་ལས། དེའི་ཚེ་རྩལ་གྱི་རྣམ་རྟོག་དགའ་སྡུག་དང་རེ་དོགས་སུ་འཆར་ཚུལ་ཐ་མལ་པའི་སྐྱེ་བོ་གཞན་དང་འདྲ་ཡང་། ཐ་མལ་པ་ལ་དགག་སྒྲུབ་ཨ་འཐས་སུ་ཤར་ནས་འདུ་བྱེད་ཀྱི་ལས་གསོག་ཅིང་ཆགས་སྡང་གི་གཞན་དབང་དུ་འགྱུར་བ་ལྟ་བུ་མ་ཡིན་པར་རྣལ་འབྱོར་པ་ལ་ཤར་དུས་ནས་གྲོལ་བར་སྐྱེས་པས་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ། ཐ་མ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུ་སོགས་གྲོལ་ལུགས་ཀྱི་གནད་དང་ལྡན་པས་ན། གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །དེས་ན་ཇི་སྐད་དུ། སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས། །བསམ་གཏན་ལྷ་དང་ཅི་མ་འདྲ། །ཞེས་པ་ལྟར། གྲོལ་ལུགས་ཀྱི་གནད་འདི་ལྟ་བུ་དང་མི་ལྡན་པའི་སྒོམ་སེམས་གནས་ཀྱི་བསམ་གཏན་ཙམ་ལ་གདེང་བཅའ་བ་དག་ཁམས་གོང་མའི་བསམ་གཏན་དུ་གོལ་ལ། གནས་འགྱུ་ངོ་ཤེས་པས་ཆོག་པར་འདོད་པ་རྣམས་ནི་འཁྲུལ་རྟོག་ཐ་མལ་པ་དང་ཁྱད་མེད། སྟོང་ཉིད་དང་ཆོས་སྐུ་ལ་སོགས་བློས་བྱས་ཀྱི་རྒྱས་འདེབས་པ་དག་ཀྱང་རྐྱེན་ངན་དང་འཕྲད་ཚེ་གཉེན་པོའི་རང་མཚང་སྟོན་པས་རང་ཚུགས་མི་ཐུབ་པས་ན། འདི་མེད་སྒོམ་པ་འཁྲུལ་པའི་ལམ། །ཤར་གྲོལ་རང་གྲོལ་ཅེར་གྲོལ་ལ་སོགས་མིང་ཇི་ལྟར་བཏགས་ཀྱང་། རྣམ་རྟོག་རང་གྲོལ་རྗེས་མེད་དུ་དག་པའི་གྲོལ་ཚུལ་འདི་རང་གྲོལ་མངོན་སུམ་དུ་སྟོན་པའི་གནད་དུ་གཅིག་པ་རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་པས་དེ་ལྟ་བུའི་གནད་དང་ལྡན་ན། ཉོན་མོངས་དང་རྣམ་རྟོག་གང་སྐྱེས་ཆོས་སྐུར་ལྷོང་ནས་འཁྲུལ་རྟོག་ཡེ་ཤེས་སུ་དག །རྐྱེན་ངན་གྲོགས་སུ་འཆར། ཉོན་མོངས་ལམ་དུ་བྱེད། འཁོར་བ་མ་སྤངས་པར་གནས་སུ་དག་ནས། སྲིད་ཞིའི་འཆིང་བ་ལས་གྲོལ་ཏེ། བྱར་མེད་རྩོལ་སྒྲུབ་དང་བྲལ་བའི་ངང་དུ་ལ་བཟླ་བས་ན། འདི་ལྡན་མ་སྒོམ་ཆོས་སྐུའི་ངང་། དེ་ལྟ་བུའི་གྲོལ་ལུགས་ཀྱི་གདེང་འདི་མེད་ན། ལྟ་བ་མཐོ་མཐོ་དང་། སྒོམ་པ་ཟབ་ཟབ་ཇི་ལྟ་བུ་རྒྱུད་ན་ཡོད་པར་རློམ་ཡང་། སེམས་ལ་མི་ཕན། ཉོན་མོངས་པའི་གཉེན་པོར་མི་འགྲོ་བས་ཡང་དག་པའི་ལམ་མ་ཡིན་ལ། རང་ཤར་རང་གྲོལ་གྱི་གནད་འདི་དང་ལྡན་ན། ལྟ་བ་མཐོ་མཐོའི་འཛིན་སྟངས་དང་། སྒོམ་པ་ཟབ་ཟབ་ཀྱི་གཏད་སོ་རྡུལ་ཕྲ་རབ་ཙམ་ཡང་མེད་ཀྱང་། རང་རྒྱུད་གཉིས་འཛིན་གྱི་འཆིང་བ་ལས་གྲོལ་བར་མི་འགྱུར་མི་སྲིད་ཅིང་། གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་ལྟར་གནས་འགྱུ་དང་། རྣམ་རྟོག་གང་སྐྱེས་སྒོམ་དུ་ཤར་ནས། འཁྲུལ་བ་རང་མཚན་པ་བཙལ་ཀྱང་མི་རྙེད་པར་འགྱུར་བས་ན། འདི་ཁོ་ན་ཉམས་ལེན་གནད་དུ་འགྲོ་མི་འགྲོའི་ཤན་འབྱེད་པའི་གནམ་ཐིག་ལྟ་བུ་ཡིན་པས། གདེང་གྲོལ་ཐོག་ཏུ་བཅའ་བ་སྟེ་གནད་གསུམ་པའོ། །
དེ་ལྟ་བུའི་གནད་གསུམ་པོ་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་བཞི་ཀ་རིག་པ་ཟང་ཐལ་གྱི་ངང་དུ་ཆིག་ཆོད་དུ་ཁྱེར་བའི་གནད་མ་ནོར་བ་དེ་ཡིན་པས་སྒོམ་པ་དང་སྤྱོད་པའི་མན་ངག་ཀྱང་ཡིན་མོད། འོན་ཀྱང་གཞུང་ལུགས་པ་སྤྱིའི་ཆོས་སྐད་ལྟར་ན་ཤེས་བྱའི་བློ་ཡུལ་ལ་ལུང་རིགས་གཏན་ཚིགས་ཀྱིས་གཞལ་ནས་གཏན་ལ་འབེབས་པ་ལྟར་འདིར་མི་འདོད་པས་མངོན་སུམ་རྗེན་པའི་ཡེ་ཤེས་དེ་ཉིད་ནམ་རྟོགས་ཀྱང་རིག་པ་ཡེ་ཤེས་ཀྱི་ལྟ་བ་ཡིན་ལ། ལྟ་སྒོམ་དུ་མ་རོ་གཅིག་ཡིན་པས་གནད་གསུམ་ག་ལྟ་བའི་ཉམས་ལེན་དུ་བཤད་ཀྱང་མི་འགལ་བས། གནད་གསུམ་ལྡན་པའི་ལྟ་བ་ལ། དེ་ལྟ་བུའི་ཉམས་ལེན་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ཀ་དག་གི་ལམ་གནད་མ་ནོར་བ་ཐེག་པ་རིམ་དགུའི་རྩེ་མོར་གྱུར་པ་དེ་ཉིད་ཡིན་པས། རྒྱལ་པོ་འབྱོན་པ་ན་འཁོར་དཔུང་མེད་པ་མི་སྲིད་པ་བཞིན་དུ་ཐེག་པ་ཐམས་ཅད་ཀྱི་ལམ་གནད་འདིའི་ལམ་སྟེགས་སམ་གྲོགས་སུ་འགྲོ་བ་དང་། དེར་མ་ཟད་ཀ་དག་རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མེའི་རང་ཞལ་འཇལ་བའི་ཚེ་དེའི་རྩལ་བསྒོམས་བྱུང་གི་ཤེས་རབ་ཏུ་འབར་ནས་མཁྱེན་པའི་ཀློང་དབྱར་གྱི་ཆུ་བོ་རྡོལ་བ་ལྟར་དང་། སྟོང་ཉིད་ཀྱི་གཤིས་སྙིང་རྗེ་ཆེན་པོ་ཤར་ནས་བརྩེ་བའི་ཐུགས་རྗེ་རིས་མེད་པར་འཇུག་པ་ནི་ཆོས་ཉིད་ཡིན་པས་ན། མཁྱེན་བརྩེ་འབྲེལ་བའི་སྒོམ་པ་དང་། །དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་གནད་མངོན་དུ་གྱུར་པའི་ཚེ་ལམ་ཕ་རོལ་ཕྱིན་དྲུག་གིས་བསྡུས་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཉི་མ་དང་འོད་ཟེར་ལྟར་རང་རྩལ་དུ་འཆར་ལ། དེ་ལྟ་བུའི་སྤྱོད་པ་བསོད་ནམས་ཀྱི་ཚོགས་དང་འབྲེལ་བས་ཅི་བྱེད་གཞན་དོན་དུ་འགྱུར་ཞིང་ཡང་དག་པའི་ལྟ་བ་ཞི་བདེར་མི་གོལ་བའི་གྲོགས་སུ་འགྱུར་བས་ན། རྒྱལ་སྲས་སྤྱི་ཡི་སྤྱོད་པ་གྲོགས། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་འདིར་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ་ཡིན་པས། དུས་གསུམ་རྒྱལ་བའི་ཞལ་བསྡུར་ཀྱང་། །ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གནད་འབྲས་བུའི་འཐུས་ཀ་འདི་ལས་ལྷག་པ་མེད་པས། འདི་ལས་ལྷག་པའི་གདམས་ངག་མེད། །གདམས་ངག་འདིའི་བརྗོད་བྱའི་དོན་ནི་བརྒྱུད་པའི་མན་ངག་གི་ཉིང་ཁུར་ངེས་ཀྱང་། རྗོད་བྱེད་ཀྱི་ཚིག་ཉུང་ངུ་འདི་ཙམ་གྱི་སྡེབ་སྦྱོར་ཡང་རིག་པའི་རྩལ་ལས་འཆར་དགོས་པས་ན། རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས། །དེ་དག་གི་དོན་རྣམས་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་མྱོང་བ་ཙམ་མེད་ཀྱང་། བླ་མ་དམ་པའི་ཞལ་ལུང་ནོར་བ་མེད་པ་ལས། ཐོས་པའི་ཤེས་རབ་ཀྱིས་སྒྲོ་འདོགས་ལེགས་པར་བཅད་དེ། བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབས་ནས་བཀོད་པ་ཡིན་པས་ན། ཤེས་རབ་ཀློང་ནས་གཏེར་དུ་བླངས། །འཇིག་རྟེན་གྱི་གཏེར་ཕལ་པ་འཕྲལ་གྱི་དབུལ་བ་སེལ་བ་ཙམ་དང་མི་འདྲ་བས། ས་རྡོའི་བཅུད་དང་འདི་མི་འདྲ། །ལྟ་བའི་གནད་གསུམ་པོ་འདི་ཚིག་གསུམ་གནད་དུ་བརྡེག་པ་ཞེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་མྱ་ངན་ལས་འདའ་བའི་ཚེ་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གནང་སྟེ་དགོངས་པ་དབྱེར་མེད་དུ་གྱུར་པའི་མན་ངག་ཡང་དག་ཡིན་པས་ན། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཡིན། །དེ་ལྟ་བུའི་གདམས་ངག་གི་དོན་གནད་དུ་འབྱོར་བས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྐུ་ཚེ་དེ་ཉིད་ལ་ཀ་དག་ཆོས་ཟད་ཀྱི་དགོངས་པ་མངོན་དུ་གྱུར་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེས་རིག་འཛིན་འཇིགས་མེད་གླིང་པ་ལ་ཡེ་ཤེས་ཀྱི་སྐུ་མངོན་དུ་བསྟན་ནས་རིག་འཛིན་བརྡའ་བརྒྱུད་ཀྱི་ཚུལ་དུ་བྱིན་གྱིས་བརླབས། དེས་ཁོ་བོ་ཅག་གི་དྲིན་ཆེན་རྩ་བའི་བླ་མ་ལ་ཞལ་ནས་སྙན་དུ་བརྒྱུད་དེ་གདམས་ངག་གི་ངོ་སྤྲོད་བཏབ་ནས་ཆོས་ཉིད་མངོན་སུམ་དུ་མཇལ་ཏེ། འགྲོ་བའི་དཔལ་མགོན་དུ་བཞུགས་པ་ལས་ཐོས་པའི་གདམས་ངག་ཡིན་པས་ན། བརྒྱུད་པ་གསུམ་གྱི་ཐུགས་བཅུད་ཡིན། །འདི་ལྟ་བུའི་མན་ངག་གསེར་གྱི་ཡང་ཞུན། སྙིང་གི་ཐིག་ལེ་ལྟ་བུ་འདི་ཉམས་སུ་མི་ལེན་པའི་གང་ཟག་ལ་བསྟན་དུ་ཕངས་ཞིང་། གདམས་ངག་སྲོག་ལྟར་བཙའ་ཞིང་། གནད་དོན་ཉམས་སུ་བླང་ནས་ཚེ་གཅིག་གིས་སངས་རྒྱས་བསྒྲུབ་པའི་གང་ཟག་ལ་མི་བསྟན་དུ་ཕངས་པས་ན། སྙིང་གི་བུ་ལ་གཏད་དོ་རྒྱ། །ཟབ་དོན་ཡིན་ནོ་སྙིང་གི་གཏམ། །སྙིང་གཏམ་ཡིན་ནོ་དོན་གྱི་གནད། །དོན་གནད་ཡལ་བར་མ་དོར་ཅིག །གདམས་ངག་ཟགས་སུ་མ་འཇུག་ཅིག །མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་ཅུང་ཟད་བཀྲལ་བ་རེ་ཞིག་རྫོགས་སོ།། །།དགེའོ།།
རིགས་བདག་རྡོ་རྗེ་སེམས་དཔའ་ཉིད་བླ་མའི་སྐུར་བྱོན་པ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་རྫོགས་པ་ཆེན་པོ་ཚིག་གསུམ་གནད་དུ་བརྡེག་པའི་ཞལ་ཁྲིད་གནང་བའི་དྲན་ཐོ་བླ་མའི་ཞལ་ཆབ། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ།
༄༅། །རིགས་བདག་རྡོ་རྗེ་སེམས་དཔའ་ཉིད་བླ་མའི་སྐུར་བྱོན་པ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་རྫོགས་པ་ཆེན་པོ་ཚིག་གསུམ་གནད་དུ་བརྡེག་པའི་ཞལ་ཁྲིད་གནང་བའི་དྲན་ཐོ་བླ་མའི་ཞལ་ཆབ་ཞེས་བྱ་བ་བཞུགས་སོ། །ཤྲཱི་རྒྱལ་པོའི་ཁྱད་ཆོས་འགྲེལ་པ་དང་བཅས་པ་འདི་ཉིད་འཆད་པར་བྱེད་པ་ལ། མཚུངས་མེད་ཐུགས་རྗེའི་མངའ་བདག་དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །
དེ་ལ་འདིར་ཐོག་མར་བླ་མ་ལ་ཕྱག་འཚལ་བའི་རྗེས་སུ་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་ཉམས་སུ་ལེན་པའི་ཚུལ་འཆད་པ་ལ། དང་པོ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པའི་ཕྱིར་དེ་ལ་ཕྱག་འཚལ་བ་ཁོ་ནས་སྐྱབས་ཡུལ་ཀུན་ལ་ཕྱག་འཚལ་བར་འགྱུར་བ་ཡིན་ཏེ། བླ་མ་དེ་ཉིད་ཕྱི་ལྟར་དུ་མཆོག་གསུམ་ཀུན་འདུས། ནང་ལྟར་དུ་རྩ་གསུམ་ཀུན་འདུས། གསང་བ་ལྟར་དུ་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་ཡིན་པས་སྐྱབས་གནས་ཇི་སྙེད་པ་ལ་ཕྱག་འཚལ་བར་གྱུར་པ་ཡིན་པའི་ཕྱིར་ན་ཐོག་མར་བླ་མ་ལ་ཕྱག་འཚལ་ལོ་ཞེས་མཆོད་པར་བརྗོད་པས་མདུན་བསུས་ནས། དེ་ནས་བཤད་བྱའི་དོན་དངོས་ལ་འཇུག་པ་ནི། འདི་ལྟར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པའི་རྩ་བརྒྱུད་ཀྱི་བླ་མ་སྤྱིའམ་རང་ཉིད་ལ་གདམས་ངག་སྟོན་པར་བྱེད་པོ་དེ་ནི་ཀུན་རྫོབ་ཕྱི་ཡི་བླ་མ་ཡིན་ལ། དེས་བསྟན་པའི་གདམས་ངག་ཉམས་སུ་བླངས་པའི་ཚེ་ན་ནང་སེམས་ཀྱི་གནས་ལུགས་ངོ་ཤེས་པ་དེ་དོན་དམ་ནང་གི་བླ་མ་སྟེ། དོན་དམ་ནང་གི་བླ་མ་དེ་ངོ་ཤེས་ན་ཀུན་རྫོབ་ཕྱི་ཡི་བླ་མ་དང་དོན་དམ་ནང་གི་བླ་མ་གཉིས་དབྱེར་མེད་དུ་འདྲེས་པས་བླ་མའི་དགོངས་པ་ཐུགས་སུ་ཆུད་སོང་བ་རེད་དུས། དེའི་ཕྱིར་ན་ད་ལྟ་རྫོགས་པ་ཆེན་པོ་ཚིག་གསུམ་གནད་དུ་བརྡེག་པ་ཟེར་མཁན་དེ་ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ་གྱི་དོན་དེ་མན་ངག་ཟབ་མོ་གཅིག་གི་སྒོ་ནས་ཡིན་དུས། དེ་གནད་དུ་བསྣུན་དུས་སྙིང་ལ་མདུང་བརྒྱབ་ན་མི་དེ་ལམ་སང་ཤི་འགྲོ་གི་རེད། དཔེ་དེ་བཞིན་དུ་ལྟ་སྒོམ་སྤྱོད་གསུམ་གནད་དུ་བརྡེག་ནུས་ན་འཁྲུལ་པའི་སྲོག་རྩ་དེ་ལམ་སང་ཆད་འགྲོ་གི་རེད། དེའི་ལྟ་སྒོམ་སྤྱོད་གསུམ་དེའང་མཚོན་པར་བྱེད་པ་དེ་ལ་རྩ་བརྒྱུད་ཀྱི་བླ་མའི་མཚན་དོན་དང་སྦྱར་ནས་འཆད་པ་ལ། དང་པོ་ལྟ་བ་དེ། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། །གསུང་ལེ་རེད། དེ་ནི་ཀློང་ཆེན་རབ་འབྱམས་གང་རེད་ཟེར་ན། བླ་མའི་མཚན་དོན་དམ་དང་སྦྱར་ཏེ་བཤད་ན་རྫོགས་པ་ཆེན་པོའི་ལྟ་བ་སྒྲ་ཇི་བཞིན་དུ་སྟོན་ནུས་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དང་ལྡན་པའི་ཕྱིར། །གཞུང་ལམ་ལ་ཡང་དེ་སྒྲས་བསྟན། །ཞེས་གསུང་པ་དང་འཚུངས་པས། ཀློང་ཟེར་མཁན་དེ་རྒྱ་ཆེན་པོ་གཅིག་གོ་གི་རེད། རྒྱ་ཆེན་པོ་གང་རེད་ཟེར་ན། ཆོས་ཀྱི་དབྱིངས་ཡོད་པར་རེད་ཟེར་ན་གཟུགས་དབྱིབས་ཁ་དོག་མ་གྲུབ་པ། མེད་པ་རེད་ཟེར་ན་མཁྱེན་ཆ་འགགས་པ་མེད་པ། ཡོད་མེད་གཉིས་ཀ་ལས་འདས་པ་ཞིག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དེ་སངས་རྒྱས་འཕགས་པའི་མཉམ་བཞག་གི་སྤྱོད་ཡུལ་ལོ་སེམས་ཅན་ཐམས་ཅད་ལ་ཁྱབ་བསྡད་ཡོད་རེད། དེ་སེམས་ཅན་དང་སངས་རྒྱས་ཀྱི་བདེ་གཤེགས་སྙིང་པོ་ལ་སེམས་ཅན་དེ་སྡུག་རྒྱུ། སངས་རྒྱས་དེ་བཟང་རྒྱུ་ཡོད་མ་རེད། ངོ་བོ་གཅིག་པ་རེད་དེ། སངས་རྒྱས་ཀྱིས་བདེ་གཤེགས་སྙིང་པོ་ངོ་ཤེས་ཏེ་སངས་རྒྱས་སོང་། །སེམས་ཅན་གྱིས་བདེ་གཤེགས་སྙིང་པོ་ངོ་མ་ཤེས་ཏེ་འཁྲུལ་སོང་རེད་དུས། དེ་གཞི་གཅིག་ལམ་གཉིས་ཟེར་མཁན་དེ་གཞི་གཅིག་བདེ་གཤེགས་སྙིང་པོ་ལ་ཟེར་རེད། ལམ་གཉིས་འཁྲུལ་གྲོལ་འཁོར་འདས་གཉིས་ཟེར་རེད་དུས། དེའི་འཁོར་འདས་གཉིས་ཀ་བདེ་གཤེགས་སྙིང་པོ་གཅིག་གི་ཀློང་དེ་ལ་ཤོང་ཡོད་པའི་ཕྱིར་ན་ཀློང་ཆེན་པོ་དེ་ན། རབ་འབྱམས་ཟེར་མཁན་དེ་བདེ་གཤེགས་སྙིང་པོ་དེའི་མཁྱེན་ཆ་འགག་པ་མེད་པ་ནི་བདེ་གཤེགས་སྙིང་པོའི་རྩལ་དེ་ཕྱི་རོལ་ཏུ་ཤར་འོང་དུས། ཕྱི་རོལ་ཏུ་ཤར་བའི་འཁོར་འདས་ཀྱི་སྣང་བ་དེ་རང་གི་ནང་གི་བདེ་གཤེགས་སྙིང་པོའི་སྣང་བ་ཡིན་པ་མ་ཤེས་ཏེ་སྣང་བ་ཕྱི་རུ་བཟུང་། སེམས་ནང་དུ་བཟུང་བཞག་ན་ཡུལ་ཡུལ་ཅན་གྱི་ཞེན་རྟོག་གིས་ཁམས་གསུམ་འཁོར་བ་ལ་འཁྱམ་འགྲོ་གི་རེད། དེ་ཁམས་གསུམ་འཁོར་བར་འཁྱམ་བྱེད་ཀྱི་རྩ་བ་ལས་དང་ཉོན་མོངས་ཟེར་མཁན་དེ་ཡང་རང་གི་སེམས་འདིའི་སྟེང་དུ་གནས་ཡོད་ཀྱི་རེད། དེ་བདེ་གཤེགས་སྙིང་པོ་དང་ལས་ཉོན་གཉིས་གཅིག་ཨེ་རེད་ཟེར་ན་མ་རེད། བདེ་གཤེགས་སྙིང་པོའི་རྩལ་དེ་ལས། ལས་ཉོན་དེ་ཤར་འོང་རེད་དུས། དེའི་ཕྱིར་ན་ལས་ཉོན་དེ་ད་ལྟ་ཆོས་ཉིད་ཀྱི་དགོངས་པ་མངོན་སུམ་དུ་མ་རྟོག་པའི་སྐབས་འདྲ་ཡིན་ན་བདེ་གཤེགས་སྙིང་པོ་དེ་ཉིད་ཡོད་ཨེ་རེད་ཟེར་ན་ཡོད་རེད། དེའི་ཕྱིར་ན། ལས་ཉོན་དེ་མ་སྤངས་བས་ན་རྫོགས་པ་ཆེན་པོའི་ཁྲིད་ཐམས་ཅད་ཀྱི་ནང་ན་འཁོར་བའི་སྣང་བ་ཐམས་ཅད་མ་སྤངས་ལ་མི་ལྡན་པའི་ཚུལ་དུ་བཞུགས་གསུང་གི་རེད། དེ་གང་རེད་ཟེར་ན་ལས་དང་ཉོན་མོངས་པ་མ་སྤངས་པ་ཡིན་པ་ལ་བདེ་གཤེགས་སྙིང་པོ་དང་རོ་གཅིག་ཏུ་འདྲེས་ཨེ་ཡོད་ཟེར་ན་མེད་རེད་དུས། དེའི་ཕྱིར་ན་འཁོར་བའི་ཆོས་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་དེ་ལ་བརྟེན། མྱ་ངན་ལས་འདས་པ་སངས་རྒྱས་སྐུ་དང་ཡེ་ཤེས་དེ་དཔེར་ན་ཉི་མ་དང་འོད་ཟེར་གཉིས་གཅིག་རེད་མ་གཏོགས་ཐ་དད་མ་རེད་དུས། དེའི་ཕྱིར་ན་སྐུ་དང་ཡེ་ཤེས་ཐམས་ཅད་བདེ་གཤེགས་སྙིང་པོ་རང་གི་ངོ་བོ་རེད། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཉི་མ་དང་ཟེར་བཞིན་དུ་ལྷུན་གྱིས་རྫོགས་བསྡད་ལེ་རེད། དེ་ནི་དེའི་འཁོར་འདས་ཀྱི་སྣང་བ་དེ་ལ་ཕར་དཔྱད་བཞག་ན་འཁོར་བའི་སྣང་བ་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཟེར་མཁན་འདྲ། མྱ་ངན་ལས་འདས་པའི་སྣང་བ་ལ་སྐུ་དང་ཡེ་ཤེས་ཟེར་མཁན་འདྲ། རབ་འབྱམས་ཟེར་དུས་མང་པོ་ཞིག་ཡོད་རྒྱུ་དེ་རེད་དུས། དེ་ཇི་རྙེད་པ་ཐམས་ཅད་བདེ་གཤེགས་སྙིང་པོ་གཅིག་གི་ཀློང་དུ་ཡོད་ཀྱི་རེད། བདེ་གཤེགས་སྙིང་པོ་དེའི་དགོངས་པ་མངོན་དུ་གྱུར་པའི་ཀློང་ནས་གཟིགས་ན་འཁོར་བའི་ཆོས་ཟེར་མཁན་མར་སྡུག་ཅག་སྤང་བྱ་ཞིག །མྱ་ངན་ལས་འདས་པའི་ཆོས་ཟེར་མཁན་བཟང་པོ་བླང་བྱ་ཞིག །སྤང་བླང་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཉིད་དུ་རྫོགས་སྡད་ལེ་རེད། དེའི་འཁོར་འདས་གཉིས་ཀ་དེ་ཆོས་ཉིད་དབྱིངས་ཀྱི་ཀློང་དེ་ན་རྫོགས་ཡོད་པ་དེ་རང་བྱུང་ལྷུན་གྲུབ་ཀྱིས་རྫོགས་སོང་རེད་ཟེར་མ་གཏོགས་པའི་གསར་དུ་འབད་པས་རྫོགས་ཀྱི་མ་རེད་དུས་དེའི་རྫོགས་པ་རྫོགས་ཡོད་པའི་དོན་དེ་བླ་མས་ཀྱང་མར་བསྟན། སློབ་མས་ཀྱང་ཉམས་མྱོང་གི་སྒོ་ནས་ཤེས་འོང་ན། དེ་ལྟ་བ་ཡིན་པས་ན། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། །ཞེས་བསྟན་པ་ཡིན། དེ་ལྟ་བུའི་ལྟ་བ་དེ་མངོན་དུ་བྱས་ནས། སྒོམ་པའི་ངང་སྐྱོང་དུས་དེ་ལ་སྒོམ་པ་ཟེར་རེད། དེ་ཀའི་སྒོམ་པ་དེ་གོང་དུ་ཀློང་ཆེན་རབ་འབྱམས་དེ་ལྟ་བུའི་ལྟ་བ་སྤྲོས་བྲལ་གྱི་རང་བཞིན་དེ་བར་སྣང་སྟོང་པ་དང་བུམ་པ་སྟོང་པ་ལྟ་བུ་མ་རེད། ལྟ་བ་དེ་ལ་འོད་གསལ་གྱི་མཁྱེན་ཆ་ཡོད་ཀྱི་རེད། མཁྱེན་ཆའི་ཤེས་རབ་དེ་ལྷག་མཐོང་ཟེར་གྱི་རེད། ལྷག་མཐོང་གི་སྟོང་པ་ཉིད་ཀྱི་གནས་ལུགས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཟེར་མཁན་འདི་འདྲ་གཅིག་རེད། བསམ་གཏན་ལ་ཕབ་འོང་བས་དེ་སྟོང་ཉིད་དེ་མངོན་དུ་རྟོག་ཐུབ་ཀྱི་རེད། ཤེས་རབ་དེའི་སྟོང་ཉིད་དེ་མངོན་སུམ་དུ་རྟོགས་པ་དེ་རང་གི་དགོངས་པ་ལ་ཚུར་སྦྱར་འོང་དུས་རང་གི་སྟོང་ཉིད་རྟོགས་ནས་སངས་རྒྱས་ཀྱི་གོ་འཕང་ཡར་ཐག་ཉེ་བོ་ལ་སླེབ་ཡོད་པ་དེ་ཤེས། སེམས་ཅན་གཞན་གྱི་སྣང་བ་ཕར་ལྟ་དུས་སྟོང་ཉིད་རང་ལ་གནས་བཞིན་དུ་རང་ལ་ཡོད་པ་མ་ཤེས་ཏེ། དཔེར་ན་གསེར་བུམ་པ་གང་ས་འོག་ཏུ་སྦས་བཞག་པ་དེ་ལ་མི་སྤྲང་པོ་གཅིག་དེར་ཉལ་བསྡད་ཡོད་ན་གསེར་དེས་སྤྲང་པོ་དེ་ལ་ཕན་ཐོགས་ཀྱི་མ་རེད། སྤྲང་པོ་དེས་གསེར་འདི་ན་ཡོད་པའང་ཤེས་ཀྱི་མ་རེད། སྤྲང་པོ་དེ་ནི་ཁ་ཟས་མི་རྙེད་འཁྱམས་བསྡད་ཀྱི་ཡོད་རེད། གསེར་ནི་ས་འོག་ཏུ་བསྡད་བསྡད་རེད། དཔེ་དེ་ལྟ་བུར་སེམས་ཅན་ཀྱིས་ཐམས་ཅད་རང་ལ་ཡོད་པའི་ཆོས་ཉིད་དེ་ངོ་མི་ཤེས་དུས། དེ་ནི་ངོ་ཤེས་པའི་གང་ཟག་དེའི་མར་སེམས་ཅན་ལ་གཟིགས་འོང་ན་སྙིང་རྗེ་ཆེན་པོ་ཞིག་རང་ཤུགས་ཀྱིས་སྐྱེ་མི་ཡོང་བའི་ཐབས་ཡོད་མ་རེད། སྙིང་རྗེ་དེ་སྐྱེ་འོང་དུས་སེམས་ཅན་ལ་དམིགས་འོང་རྒྱུ་དེ་བརྩེ་བ་ཆེན་པོ་རེད་དུས་དེ་ཞི་གནས་རེད། ཞི་གནས་དེ་སྟོང་ཉིད་ཀྱི་ཀློང་ནས་ཤར་འོང་དུས་དེ་ནི་ཐབས་དང་མ་བྲལ་བ་གཅིག་ཏུ་མཉམ་པར་འཇོག །རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་འཇུག་གི་ངོ་བོ། ལྟ་བ་དེ་རྟོགས་འོང་དུས་རྒྱུད་ལ་སྐྱེ་འོང་གི་རེད། དུས་དེའི་ཕྱིར་ན་སྟོང་ཉིད་དང་སྙིང་རྗེ་འབྲེལ་ན་རྒྱུ་མཚན་ཉིད་ཐེག་པའི་ལམ་ནས་ཀྱང་། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་སྙིང་པོ་སྟོང་ཉིད་སྙིང་རྗེ་རེད། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་བྱས་ནའང་སྟོང་ཉིད་སྙིང་རྗེ་གཉིས་པོ་ཟུང་འཇུག་གི་ཚུལ་དུ་ཡོང་གི་རེད། གྲུབ་པའི་དབང་ཕྱུག་ས་ར་ཧས་ཀྱང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་མ་རེད་ན་སངས་རྒྱས་ཀྱི་གོ་འཕང་མི་འཐོབ་གསུང་ལེ་རེད། དེ་ལྟ་བ་ཀློང་ཆེན་རབ་འབྱམས། སྒོམ་པ་ནི་སྒོམ་ངོ་ཤེས་སོང་དེའི་དོན་ཉམས་སུ་ལེན་པའི་སྒོམ་པ་ཡིན་པས་ན་སྒོམ་པ་མཁྱེན་བརྩེའི་འོད་ཟེར་ཡིན། དེ་རིག་འཛིན་འཇིགས་མེད་གླིང་པའི་མཚན་རེད། དེ་ལྟ་བུའི་ལྟ་བའི་དོན་རྟོགས། སྒོམ་པས་ཉམས་སུ་ལེན། ལྟ་སྒོམ་ཟུང་འཇུག་ལྡན་པའི་ངང་ནས། དེའི་ལྟ་བ་རྟོགས། ལྟ་སྒོམ་ཟུང་འཇུག་གི་གང་ཟག་དེའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱེད་ནའང་། སེམས་ཅན་གྱི་དོན་རང་ཤུགས་ཀྱིས་ཆེད་དུ་འབད་པ་མེད་པར་འགྲུབ་འགྲོ་གི་རེད། དེ་འགྲུབ་བྱེད་ཀྱི་རྒྱུ་མཚན་དེ་གང་རེད་ཟེར་ན། གོང་དུ་སྙིང་རྗེ་ཆེན་པོ་ཞིག་ཡོད་པ་དེའི་ནུས་པས་རེད། དཔེར་ན་མདའ་གཅིག་འཕེན་བཞག་ན་མཐེ་བོང་གི་ཤུགས་དེ་མ་ཟད་ཀྱི་བར་དུ་མདའ་དེ་བུད་འགྲོ་གི་རེད་དུས། དཔེ་དེ་བཞིན་དུ་སྙིང་རྗེའི་སྟོབས་ཀྱི་སྒོ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཐམས་ཅད་གཞན་དོན་དུ་རང་ཤུགས་ཀྱིས་འགྲོ་ལེ་རེད། སེམས་ཅན་གྱི་དོན་བྱེད་པའི་གང་ཟག་དེ་ལ་བྱང་ཆུབ་སེམས་དཔའི་མཚན་རྒྱལ་བའི་མྱུ་གུ་ཟེར་ཡོད་རེད། དེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་མྱུ་གུ་རྣམས་ཀྱི་ཚུལ་དང་མཐུན་པ་སྟེ་ཡར་རྫོགས་པ་ཆེན་པོ་སྒོམ་ན་སེམས་ཅན་གྱི་དོན་མི་མཛད་མཁན། སྙིང་རྗེ་མེད་མཁན་ལྟ་བུ་མ་རེད། སེམས་ཅན་གྱི་དོན་རྟག་པར་མཛད་ཡོད་རེད། དེའི་ཚུལ་དང་མཐུན་པས། དེ་སྟོང་ཉིད་སྙིང་རྗེ་དེས་ཟིན་པའི་སྒོ་ནས་གཞན་ཕན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྦྱིན་པ་གཏོང་། ཚུལ་ཁྲིམས་སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་མཉམ་པར་བཞག །ཤེས་རབ་ཀྱིས་གཏན་ལ་ཕེབས་པར་ཉམས་སུ་ལེན་པ་ནི་བྱང་ཆུབ་སེམས་པའི་སྤྱོད་པ་ཡིན་པས་ན། ལྟ་སྒོམ་དེ་དང་འབྲེལ་བའི་སྤྱོད་པ་དེ་རྒྱལ་བའི་མྱུ་གུ་ཡིན་ཟེར་དུས་འཇིགས་མེད་གླིང་པའི་དངོས་སློབ་འཇིགས་མེད་རྒྱལ་བའི་མྱུ་གུ་ཟེར་མཁན་དེ་སྤྱོད་པའི་མཚན་ཟེར་ཡིན་གསུང་། དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ཟེར་མིང་སོ་སོར་བཏགས་ནའང་དོན་གཅིག་རེད། གང་རེད་ཟེར་ན། ཆོས་ཉིད་བདེ་གཤེགས་སྙིང་པོ་རང་ལ་ཡོད་པ་དེ་ཤེས་པ་དེ་ལ་ལྟ་བ་ཟེར། ངོ་ཤེས་པའི་ངང་ནས་བདེ་གཤེགས་སྙིང་པོའི་ཉམས་མྱོང་རྒྱུད་ལ་སྐྱེས་ཏེ་བདེ་གཤེགས་སྙིང་པོའི་སྒྲིབ་པ་སེལ་ནས་ཉམས་མྱོང་ལ་བརྟན་པ་ཅུང་ཟད་ཐོབ་སོང་བ་དེ་ལ་སྒོམ་པ་ཟེར། ལྟ་སྒོམ་གཉིས་དེའི་ངང་ནས་མ་ཡེངས་མ་འཁྲུལ་པའི་ངང་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གང་བྱས་ནའང་དེ་ལ་སྤྱོད་པ་ཟེར། ལྟ་སྒོམ་སྤྱོད་གསུམ་དེ་མིང་སོ་སོར་རེད་མ་གཏོགས་དོན་གཅིག་རེད། དེ་ནི་དེའི་དོན་གཅིག་པ་དེ་ཉམས་སུ་ལེན་པའི་གང་ཟག་དེ་ནི་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་སྣོད་ལྡན་ཡིན་པའི་ཕྱིར་ན་སྐལ་བ་དང་ལྡན་པའི་ཕྱིར། དེ་ལྟར་ཉམས་སུ་ལེན་པ་ལ་གསུངས། དེའི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པ་ལ། ཐོག་མར་ང་ཚོའི་སེམས་དེ་འཁྲུལ་པ་རེད་སོང་ཚེ་དེ་ནི་མི་མང་པོའི་ཁྲོད་ལྟ་བུ་དང་། བྷ་རྫར་༼ཚོང་ཁྲོམ་༽ ལྟ་བུ་ཆགས་སྡང་རྨོངས་གསུམ་གྱི་ལས་ཀ་མང་པོ་བྱས་ན་སེམས་ཀྱི་གནད་དེ་ཤེས་ཀྱི་མ་རེད་དུས། དེ་མ་ཡིན་པའི་གནས་མི་མེད་དབེན་པའི་རི་ཁྲོད་གཅིག་ཏུ་བརྟེན། འཇིག་རྟེན་ཚེ་འདིའི་བདེ་བ་སྡུག་བསྔལ་སྙན་པར་གྲགས་པ་བསམ་བློ་མང་པོ་ཞིག་བཏང་བསྡད་ན། སེམས་དེ་དཀྲུགས་འགྲོ་ནས་བཟུང་སྟེ་ཆོས་ཉིད་ཀྱི་དོན་མ་རྟོགས་པ་རེད་དུས་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས། ད་མི་ཚེ་གཅིག་ཏུ་སྒལ་ཚིགས་བྲག་ལ་སྦྱར་ཏེ་སེམས་ཀྱི་གནས་ལུགས་དེ་ཨེ་ཤེས་ལྟ་གི་ཡིན་བསམ་རྩེ་གཅིག་ཏུ་ཉམས་སུ་ལེན། དེ་ལྟར་ཉམས་སུ་ལེན་ན་བླ་མའི་གདམས་ངག་ཐུན་མོང་མ་ཡིན་པ་ཞིག་ཐོབ་ན་ཚེ་འདིར་ཀ་དག་གཞི་ཐོག་ཏུ་གྲོལ་ཏེ་ལྟ་བ་ཀློང་ཆེན་རབ་འབྱམས་ཀྱི་སྟེང་ལ་སླེབས་འགྲོ་དུས་དེ་ནི་མར་འཁྲུལ་གྱི་མེད་དུས། ཚེ་གཅིག་ཏུ་སངས་རྒྱས་ལ་ཐང་མེད་ཟེར་དུས་ཚེ་གཅིག་སངས་ཨེ་རྒྱས་མི་རྒྱས་ཐེ་ཚོམ་མེད་ཟེར་རེད། ཚེ་གཅིག་སངས་ཨེ་རྒྱས་མི་རྒྱས་ཐེ་ཚོམ་མེད་པ་དེ་ལྟར་ཡིན་ཡང་། དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ལ་གསུངས་ཏེ། ད་དེ་ལྟར་མིན་ཡང་ཚེ་གཅིག་སངས་རྒྱས་ཚེ་དེ་ལ་དཔེར་ན་གྲུབ་ཐོབ་གོང་མ་རྣམས་ལྟ་བུ་ཞིག་མ་བྱུང་ནའང་གོང་དུ་ལྟ་བ་ཀློང་ཆེན་རབ་འབྱམས། སྒོམ་པ་མཁྱེན་བརྩེའི་འོད་ཟེར། །སྤྱོད་པ་རྒྱལ་བའི་མྱུ་གུའི་ཉམས་ལེན་དེ་གསུམ་བླ་མའི་ས་ནས་ཐོས། དཔེ་ཆའི་སྒོ་ནས་གོ་བ་སྐྱེས། རང་གིས་ཀྱང་ཉམས་ལེན་ཆེ་ཚེ་ཆུང་ཚེ་ཞིག་བྱས་བསྡད་ན་བློ་ཁ་ཕྱོགས་པ་ཙམ་ཡོད་ཀྱང་། ཚེ་འདིར་རྐྱེན་ངན་ལམ་དུ་འཁྱེར་ཤེས་པ་དང་ཟེར་དུས། ཚེ་གཅིག་ལ་བཟང་རྐྱེན་གྱི་སྒོ་ནས་སྙན་པ། གྲགས་པ། བསྟོད་པ། རྙེད་པ། བཀུར་བསྟི་དཔལ་འབྱོར་ལྟ་བུ་བྱུང་ནའང་དེ་སྐྱེ་བ་སྔ་མའི་ལས་ངན་འཛད་བྱེད་ཡིན་བསམ་སྟེ་བཟུང་སྟེ། ཁོག་པ་ཆེན་པོ་འདྲ་ཞིག་གི་ལྟ་བ་ནམ་མཁའ་ལ་མདུང་བསྐོར་ཟེར་རྒྱུ་དེ་ནུས་བྱེད་ཡིན་གྱི་རེད་འགྲོ་ཀྱི་ཡིན་དུས། ལམ་དུ་འཁྱེར་ཤེས་པ་དང་། དེ་ནི་ད་ལྟ་འཇིག་རྟེན་ཚེ་འདིར་སྐྱིད་ན་དགའ་བ། བདེ་ན་དགའ་བ། གྲགས་པ་འདྲ་ཞིག་འཕོག་ན་དགའ་བ། དེ་ནི་མ་སྐྱེས་ན་དོགས་པ། དགྲའི་གནོད་འོང་ལེའི་དོགས་པའི་བྱ་བཞག་མང་པོ་ཞིག་གི་རེ་དོགས་མང་པོ་དེ་ཆོས་ཉིད་ཀྱི་དོན་དེ་ལ་མྱོང་བ་ཙམ་ཞིག་སྐྱེས་སོང་ན་མི་སྐྱེ་ཞིང་། ད་ལྟ་རྫོགས་པ་ཆེན་པོའི་ཆོས་ཚུལ་བཞིན་དུ་ཉམས་སུ་བླང་ན་སྐྱེ་བ་གསུམ་ཕན་ཆོད་ནས་སངས་རྒྱས་འགྲོ་ལེ་རེད་དུས། བདེ་ནས་བདེ་བ་རུ་འགྲོ་བར་གྱུར་པས་ན་ཚེ་གཅིག་གི་སྟེང་དུ་རྟོགས་པ་མངོན་སུམ་དུ་མ་གྱུར་ནའང་། གུ་ཡངས་བློ་བདེ་བོ་ཞིག་ཡོང་དུས་དེ་ལ་ངོ་མཚར་སྐྱེ་བས་ཚིམ་བྱས་ཏེ། མིན་ཡང་བློ་བདེ་ཨ་ལ་ལ། །དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་དེ། དང་པོ་ཡར་རྒྱབ་ནས། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། །སྒོམ་པ་མཁྱེན་བརྩེ་འོད་ཟེར་ཡིན། །སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན། །དེ་མདོར་བསྡུས་ཏེ་བསྟན་པ་རེད། ད་ཕར་རིམ་པ་བཞིན་དུ་རྒྱས་པར་འཆད་པ་དེ་ལ། དང་པོ་ལྟ་བ་ཉམས་སུ་ལེན་ཚུལ་རྒྱས་པར་འཆད་པར་འདོད་ན། ལྟ་བ་ཀློང་ཆེན་རབ་འབྱམས་ནི། དཔེར་ན་འདི་ནས་རྡོ་རྗེ་གདན་ལྟ་བུ་ཞིག་ལ་འགྲོ་དགོས་ན། རྡོ་རྗེ་གདན་དེ་ཕྱོགས་གང་ན་ཡོད། ལམ་ཁ་ག་ནས་ཡིན་དེ་ངོ་ཤེས་དགོས་ཀྱི་རེད། དེ་མ་ཤེས་ན་ཕན་གྱི་མ་རེད། ལྟ་བ་ཟེར་མཁན། ཀློང་ཆེན་རབ་འབྱམས་དེ་ཆོས་ཉིད་བདེ་གཤེགས་སྙིང་པོའི་དོན་རང་གི་རྒྱུད་ལ་ཚུར་སྦྱར་དགོས་རེད། རང་གི་རྒྱུད་ལ་སྐྱེ་བ་ཅིག་དགོས་རེད། དེ་སྐྱེ་བར་བྱེད་པ་དེ་ཡི་དོན་གདམས་ངག་ཚིག་གསུམ་ཟེར་དུས་དེ། ངོ་རང་ཐོག་ཏུ་འཕྲོད་པ་ལྟ་བ། ཐག་གཅིག་ཐོག་ཏུ་གཅོད་པ་སྒོམ་པ། གདིང་གྲོལ་ཐོག་ཏུ་བཅའ་བ་སྤྱོད་པ་ཏེ། དེ་ཚིག་གསུམ་ཉམས་ལེན་གྱི་གནད་ལ་བརྡེག་པས། ད་སྔ་ཡན་ཆད་ཁམས་གསུམ་འཁོར་བ་ལ་མོ་ཊའི་༼རླངས་འཁོར༽འཁོར་ལོ་འདྲ་ཅིག་འཁོར་བསྡད་ཡོད་རེད། འདིས་ཚིག་གསུམ་གནད་དུ་བརྡེག་པ་འདི་ཤེས་ན་འཁོར་བ་ལ་མི་འཁོར། འཁོར་བའི་སྲོག་དེ་ཕར་གཅོད་པར་བྱེད་པ་ཡིན་པས་ན་ཚིག་གསུམ་ཟེར་དུས་ལྟ་སྒོམ་སྤྱོད་གསུམ། དོན་གྱི་གནད་དུ་བརྡེག་བརྡེག་པ་སྟེ་མི་གཅིག་གསོད་དགོས་ན་ལག་པ་དེ་བཅད། སོར་མོ་དེ་བཅད། རྣ་མཆོག་བཅད། དེ་འདྲ་བྱས་ན་མི་དེ་ཤི་གི་མ་རེད། སྙིང་དེ་ན་མདའ་འདྲ་གྲི་འདྲ་ཞིག་བརྒྱབ་བཞག་ན་ལམ་སང་ཤི་འགྲོ་གི་རེད། འདིའི་ལྟ་སྒོམ་སྤྱོད་གསུམ་དེ་ཡོད་ན་འཁྲུལ་པ་དེ་ལམ་སང་དག་འགྲོ་གི་རེད་དུས། དེའི་ཕྱིར་ན་ཚིག་གསུམ་དོན་གྱི་གནད་དུ་བརྡེག། དེ་ནི་དང་པོ་ལྟ་བ་ངོ་མ་འཕྲོད་པ་སྤྲོད་པ་ཐབས་ལ་ཟེར། ལྟ་བ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཨེ་ཡོད་ཟེར་ན་ཡོད་ཀྱི་རེད། ད་ལྟ་དཔེར་ན་འབུ་སྲིན་ལྟ་བུ་དང་མ་ཧེ་ཕག་ལ་སོགས་པ་འདི་རྣམས་ཀྱི་རྒྱུད་ལ་ལྟ་བ་ཡོད་ཡོད་ཀྱི་རེད། ལྟ་བ་དེ་ངོ་ཤེས་ཡོད་མ་རེད། དེ་ངོ་མ་ཤེས་དུས་ལྟ་བའི་བེད་སྤྱོད་གཏོང་རྒྱུ་མེད་ལེ་རེད། དེ་ངོ་ཤེས་པ་དེ་སུས་བྱེད་དགོས་ལེ་རེད་ཟེར་ན། བླ་མའི་མན་ངག་གི་སྒོ་ནས་ངོ་སྤྲད་དགོས། དེ་ནི་བླ་མའི་མན་ངག་ཟེར་མཁན་དེ་གང་རེད་ཟེར་ན། མན་ངག་མཐར་ཐུག་དེ་འདི་ལྟ་བུ་རེད་དུས། དེ་ངོ་སྤྲད་པའི་ཐབས་ལྟ་བ་དེ་ལ་སྤྱིར་མཚན་ཉིད་ཐེག་པ་ནས་ལྟ་བ་ལུང་རིགས་ཀྱིས་གཏན་ལ་ཕབ་པ་དང་ཟེར་དུས་བཟུང་སྟེ་ད་ལྟ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཉན་ཐོས་ལ་སོགས་པ་ཡིན་ན་ལྟ་བ་དེ་དང་པོ་ཐོས་པ་རྒྱ་ཆེན་པོ་ཤེར་ཕྱིན། དབུ་མ། མངོན་པ་ལྟ་བུ་ཞིག་ལ་བལྟ། དེའི་རྗེས་སུ་ལྟ་བ་དེ་གཏན་ལ་ཕབ། དེ་འདྲ་བྱེད་ལེ་དེ་ལ་སངས་རྒྱས་ཀྱི་ལུང་ཚད་མ་ཡོད་དགོས་རེད། མཁས་པའི་རིག་པ་ཚད་མ་ཡོད་དགོས་རེད། གཏན་ལ་ཕབས་སྟངས་དེ་འདྲ་མཛད་དགོས་རེད། གསང་སྔགས་ཐུན་མོང་བ་དང་། མ་ཧཱ་དང་། ཨ་ནུ། ཨ་ཏི་ལྟ་བུ་ཡིན་ནས་བཟུང་སྟེ། དེ་ནི་མ་ཧཱའི་སྒོ་ནས་ལྟ་བའི་བསྐྱེད་རིམ་བསྒོམ་པ་ནི། ཞི་གནས་བྱེད། ཨ་ནུའི་སྒོ་ནས་ཡིན་ན་གཏུམ་མོ་སྒོམ་པ། སྒྱུ་ལུས་སྒོམ་པ་ལ་སོགས་པའི་སྒོ་ནས་དབང་གསུམ་པ་དཔེ་ཡི་ཡེ་ཤེས་ལ་བརྟེན་ཏེ་དབང་བཞི་པ་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སོགས་ལུགས་མང་པོ་ཡོད་པ་ཡིན་ནའང་། ད་རེས་ཀྱི་སྐབས་འདི་ལ་དེ་ཐམས་ཅད་བཤད་ཀྱི་མེད་གསུང་ལེ་རེད། རྒྱས་པར་མི་བཤད་རེད། དོན་དུ་སེམས་ཀྱི་གནས་ལུགས་ཁྲིད་བཤད་པ་དེ་ལ་པཎྜ་ཏའི་དཔྱད་སྒོམ། ཀུ་སུ་ལུའི་འཇོག་སྒོམ་སྟེ་གཉིས་ཡོད་རེད། ད་ལྟ་དེ་ཀུ་སུ་ལའི་འཇོག་སྒོམ་རེད། དེའི་ཕྱིར་ན་གནས་ལུགས་ངང་འདིར་སྒྲུབ་བརྒྱུད་དམ་པ་རྣམས་ཀྱི་ཕྱག་བཞེས་ཟེར་རེད། ད་སྔ་ཡན་ཆད་གྲུབ་པ་ཐོབ་པའི་གང་ཟག་ཐམས་ཅད་ཀྱི་ཕྱག་བཞེས་ལྟར་ན། སེམས་ཀྱི་ཡལ་ས་རེད། སེམས་ཀྱི་ཡལ་ས་ངོ་སྤྲད་པ་སྟེ། སེམས་ཟེར་མཁན་དེ་སྟོང་པ་ཉིད་བར་སྣང་གི་འཇའ་དང་། གཏེར་ལྟ་བུ་ཅིག་ཡོད་རེད། དེ་ཕར་ཡལ་སོང་ན་ཆོས་ཉིད་ཀྱི་ཐོག་ལ་སླེབ་མི་འོངས་པའི་ཐབས་ཡོད་མ་རེད། སེམས་ཀྱི་ཡལ་ས་དེ་ཆོས་ཉིད་རེད་དུས་དེ་ངོ་སྤྲད་པ་སྟེ་དེ་ནི་དེ་ངོ་སྤྲད་པ་ལ་ཅི་འདྲ་དགོས་ཟེར་ན། དེ་ཡང་འཁྲུལ་རྟོག་གི་རྦ་རླབས་འཚུབས་པའི་དུས་ན་ཟེར་ཏེ། ད་སེམས་མ་བཅོས་པར་ལྷོད་དེ་མཉམ་པར་ཅིག་བཞག །རང་གི་སེམས་ལ་རང་གི་ཚུར་ཅིག་བལྟས་འོང་ན། རྣམ་རྟོག་འདི་དྲན་དང་འདི་མི་དྲན་མེད་པ་རྒྱ་མཚོའི་རྦ་རླབས་རྒྱབ་སོང་བ་འདྲ་ཡོད་རེད། བར་སྣང་ལ་རླུང་རྒྱུ་བ་འདྲ་ཅིག་རེད་འོང་བའི་དུས་ན། ཡུལ་གྱི་རྗེས་སུ་འབྲངས་པའི་རྣམ་རྟོག་མི་སྐྱེ་བ་ཟེར་དུས། དང་པོ་རྣམ་རྟོག་གཅིག་སྐྱེས་ན་དེའི་རྗེས་སུ་གཅིག་ལས་གཉིས་སྐྱེ། གཉིས་སྐྱེས་ན་གཉིས་ལས་གསུམ་སྐྱེ། དེ་འདྲ་བྱས་སོང་ན་ནི་འཁྲུལ་འགྲོ་གི་རེད། དེའི་རྗེས་སུ་འབྲང་སོང་བ་རེད། དཔེར་ན་འདི་ནས་ངོ་ཤེས་པའི་མི་གཅིག་འཕྲད་དགོས་འདུག་བསམ་དེའི་ངོ་ཤེས་པའི་མི་དེ་དང་འཕྲད་འོང་ན། དེ་ལ་སྐད་ཆ་མང་པོ་ཞིག་བཤད་དགོས་འདུག་བསམ། རྒྱལ་ཁམས་ཀྱི་བདེ་སྡུག་མང་པོ་ཞིག་བཤད་འོང་ན་ད་འདི་བྱས་ན་གྲག་ས་རེད། འདི་མ་བྱས་ན་གྲག་ས་རེད་བསམ། སེམས་ཀྱི་རྦ་རླབས་འཚུབ་འོང་ལེ་རེད། དེའི་རྦ་རླབས་འཚུབ་པའི་དུས་དེ་ལ་ཡུལ་གྱི་རྗེས་སུ་འབྲང་སོང་ཚེ་དེའི་རྣམ་རྟོག་རེད། དེའི་རྣམ་རྟོག་རེད་ཚར་ན་འཁྲུལ་ཚར་རེད། དེའི་རྣམ་རྟོག་དེ་རགས་པ་དག་གི་སེམས་ཀྱི་རང་ཞལ་སྒྲིབ་པས་ཟེར་དུས་ནམ་མཁའ་ནས་སྤྲིན་མང་པོ་ཅིག་འཕྱུར་བསྡད་ན་ནམ་མཁའ་སྒྲིབ་འགྲོ་གི་རེད། ཆུ་དེ་ལ་རྦ་རླབས་མང་པོ་ཅིག་ཡོད་ན་རྒྱ་མཚོ་དྭངས་པ་རེད་ཀྱི་མ་རེད། དེའི་རིགས་བཞིན་འགྲེས་པས་དཔེར་ངོ་སྤྲད་ཀྱང་མི་འཕྲོད་པའི་ཕྱིར་ན། རྣམ་རྟོག་ལ་ཕྲ་བ་དང་རགས་པ་གཉིས་ཡོད་ཀྱི་རེད། རྣམ་རྟོག་རགས་པ་ཟེར་མཁན་དེ་དངོས་སུ་ཞེ་སྡང་ལངས་ནས་དངོས་སུ་མི་ལ་རྡོ་དང་དབྱུག་པ་ལ་སོགས་པ་ཞིག་བརྡེག་དགོས་ཚེ་ལྟ་བུ་དང་། དོན་དུ་ལུས་ངག་གི་རྩོལ་བ་ཆེན་པོ་བྱེད་པ་དེའི་རགས་པའི་རྣམ་རྟོག་དེ་ཕར་མེད་པར་བྱེད་དགོས་རེད། དོན་དུ་རྣམ་རྟོག་སྐྱག་ལང་ལ་ཤོར་བ་དེ་འཁྲུལ་བསྡད་ཡོད་དུས། དེའི་རྣམ་རྟོག་དེ་ཕར་དྭངས་འཇུག་པའི་ཕྱིར་དུ། དང་པོ་རང་སེམས་ལྷོད་དེ་བཞག་གསུང་དུས། དང་པོ་སེམས་མ་བཅོས་ན་བདེ། ཆུ་མ་འགུལ་ན་དྭངས་ཟེར་མཁན་དེ་རེད། སེམས་ཕར་ལྷོད་ཆ་དང་བཅས་པའི་སྒོ་ནས་མ་བཅོས་པར་བཞག །དེ་སྔ་ཡན་ཆད་ཀྱི་འདས་པའི་རྣམ་རྟོག་གི་རྗེས་ལ་མི་འཇུག །མ་འོངས་པ་ངས་འདི་བྱེད། འདི་འདྲ་འོང་གི་བསམ་མི་དྲན། ད་ལྟ་སེམས་མ་བཅོས་པ་ཐད་ཀར་བཞག །དེ་བཞག་ནས་བཟུང་སྟེ། རྣམ་རྟོག་གཉིས་ཀྱི་བར་ལམ་ན། །མི་རྟོག་ཡེ་ཤེས་ཡལ་ཏེ་འགྲོ། །གསུང་། རྗེ་བཙུན་མི་ལས་གསུང་ཡོད་ཀྱི་རེད། དེ་ཡིན་དུས། འོན་ཀྱང་རང་སེམས་མ་བཅོས་པར་བཞག་པ་དེ་ཉིད་རྫོགས་པ་ཆེན་པོའི་གནས་ལུགས་ཟེར་ནའང་འདྲ། བདེ་གཤེགས་སྙིང་པོ་ཟེར་ནའང་འདྲ། དོན་གྱི་འོད་གསལ་ཟེར་ནའང་འདྲ། དེ་རེད། འོད་གསལ་བའི་ཡེ་ཤེས་ཡིན་ལ། འོད་གསལ་བའི་ཡེ་ཤེས་འདི་ལ་འདི་སྟོང་པ་རེད། སྟོང་པ་འདི་འདྲ་ཅིག་ཡོད་དགོས་པ་རེད། འདི་གསལ་བ་རེད། གསལ་བ་འདི་འདྲ་ཅིག་དགོས། ད་ལྟ་ངའི་སྟོང་པ་འདི་རྒྱ་ཆུང་གི་འདུག །འདི་དེ་ཙམ་ཞིག་དགོས། ད་ལྟའི་གསལ་བ་འབུ་སུག་དོག་པོ་འདུག །འདི་ལས་ཡངས་ཙམ་ཞིག་དགོས་བསམ་ན་སེམས་ཕར་སྒྲིབ་འགྲོ་གི་རེད། ད་ལྟ་དཔེར་ན་ཆུ་གཅིག་ཐལ་བས་དཀྲུག་བསྡད་ཡོད་ན་ཆུ་དེ་འགུལ་བསྐྱོད་མ་བྱས་ན་ཐལ་བ་ཐམས་ཅད་རྐུབ་ལ་མར་སྙིགས། ཆུ་དེ་དྭངས་པོ་ཅིག་ལ་ཡར་ཆགས་འགྲོ་གི་རེད། འགུལ་བསྐྱོད་བྱས་བསྡད་ན་ཆུ་དེ་དྭངས་རྒྱུ་ཡོད་མ་རེད། དེའི་ཕྱིར་ན་བཅོས་མའི་ལམ་གྱིས་གནས་ལུགས་མི་རྟོག་པས་ན། སེམས་བཟོ་བཅོས་མང་པོ་བྱས་ན་གནས་ལུགས་མི་རྟོག་པས་མ་བཅོས་པར་བཞག་དགོས་རེད། མ་བཅོས་པར་བཞག་ཚར་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། སེམས་ཀྱི་གནས་ལུགས་ངོ་སྤྲད་རྒྱུ་དེ་རང་དང་མཉམ་དུ་བསྡད་ཁ། དཔེར་ན་ལུས་དང་གྲིབ་མ་བཞིན་དུ་ཡོད་དུས། དེའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་བླ་མས་གསོལ་རས་གནང་བ་འདྲ་ཅིག་མར་ཁ་ལ་བཅུག་འོང་རྒྱུ་གང་ཡང་ཡོད་མ་རེད། སེམས་ཀྱི་གནས་ལུགས་རྟོགས་སོང་ན་སྔ་མའི་སེམས་དེ་མ་ཡིན་པ་ཅིག་འདྲ་མི་འདྲ་ཞིག་རེད་འགྲོ་རྒྱུ་གང་ཡང་ཡོད་མ་རེད། མིག་གིས་མཐོང་རྒྱུ་ཡོད་མ་རེད། དེའི་ཕྱིར་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རང་ལ་མཚོན་པའི་ཆེད་དུ་ཟེར་དུས་རང་ལ་ཡོད་པ་དེ་ངོ་ཤེས་པར་བྱ་བའི་ཆེད་དུ། སེམས་རྟོགས་པ་ལ་དད་པ་མོས་གུས་དགོས་ཀྱི་རེད། སྙིང་རྗེ་དགོས་ཀྱི་རེད་བསམ། རྣམ་རྟོག་མང་པོ་སྤྲོ། བླ་མའི་བཀའ་དྲིན་དྲན། དེ་འདྲ་བྱས་ན་རྣམ་རྟོག་སྤྲོ་བཞག་ལེ་རེད། སེམས་ཀྱི་གནས་ལུགས་སྒོམ་དུས་སྤྲོ་ཉན་མ་རེད། མི་བསྡུ་ཟེར་ནས་བཟུང་སྟེ་འདོད་ཆགས་ཞེ་སྡང་གཏི་མུག་གི་རྣམ་རྟོག་མང་པོ་ཤར་འོང་ན། ཨ་སྒོམ་རྒྱག་མཁན་ལ་ཉོན་མོངས་ཡོད་ཉན་གྱི་མ་རེད། རྣམ་རྟོག་ཕར་བཀག་དགོས་ཀྱི་རེད་བསམ། བཀག་ནའང་ཉན་གྱི་མ་རེད། དེ་ཞོག་ཞོག་དང་རྣམ་རྟོག་མེད་འགྲོ་གི་རེད། དེས་ན་ལས་དང་པོ་པའི་གནས་སྐབས་ན་སེམས་རང་བཞག་ཅེས། སེམས་རང་སར་བཞག་པ་དེ་ལ་མ་བཅོས་གཉུག་མ་ཟེར་རེད། གཉུག་མ་དེའི་ངང་བསྐྱང་བཞག་རྒྱུ་མ་གཏོགས་ལྷ་འདྲ་བསྒོམ་ན་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སྒོམ་རྒྱུ་རེད། གཏུམ་མོ་འདྲ་བསྒོམ་ན་ལུས་ཀྱི་རྩ་དབུ་མའི་སྟོང་ར། ཐིག་ལེ་དཀར་ཆ་དམར་ཆ་ཨ་དང་ཧཾ་ལ་སོགས་པ་མང་པོ་སྒོམ་རྒྱུ་རེད་དེ། དེ་བསྒོམ་དགོས་མ་རེད། སེམས་མ་བཅོས་པར་བཞག་བཞག་དུས་བཟོ་བཅོས་མི་བྱེད་པ་དེ་གཉུག་མ་སྟེ། གཉུག་མ་དེའི་ངང་བསྐྱང་ན་སེམས་དེ་ལྷོད་དེ་གནས་འགྲོ་གི་རེད། སེམས་དེ་ལྷོད་དེ་གནས་འོང་དུས་སེམས་ཀྱི་ཆོས་ཉིད་དེ་ལ་བདེ་བ་གསལ་བ། མི་རྟོག་པ་གསུམ་སྐྱེ་གི་རེད། བདེ་བ་ཟེར་ན་སེམས་བདེ་བོ་ཅིག །གུ་ཡངས་པོ་ཅིག་རེད་འོང་། འདིའི་ངང་ལ་བསྡད་བསྡད་ན་ཡུན་རིང་པོ་ག་ཚོད་བསྡད་ནའང་སུན་པ་མ་རེད། ལྟོ་མ་ཟོས་ནའང་སྡོད་ཐུབ་པ་རེད་བསམ་མཁན་འདྲ་འོང་ན་དེ་བདེ་ཉམས་ཟེར། གསལ་ཆ་ཅིག་ཤར་འོང་དུས་ཁོག་པའི་གཏིང་ནས་ཚུར་གྲུང་ཆ་འདྲ་ཅིག་ཐོན་ཏེ་བཟུང་། རི་བྲག་ལ་ཟང་ཐལ་ཅིག་མཐོང་ས་མ་རེད་ནི། ང་ལ་མངོན་ཤེས་ཀྱང་ཤར་འོང་ས་མ་རེད་ནི་བསམ་མཁན་ཅིག་ཤར་འོང་ན་དེ་ལ་གསལ་བ་ཟེར། རེས་འགའ་རྣམ་རྟོག་གང་ཡང་མི་འཕྲོ་བ་འཇམ་ཏིང་ངེར་ཕར་མཚོ་འཁྱིལ་བསྡད་ཚེ་འདྲ་ཞིག་བྱས་ནས་སྡོད་འགྲོ་རྒྱུ་འོང་གི་རེད། དེ་མི་རྟོག་པ་ཟེར་རེད། བདེ་བ་གསལ་བ་མི་རྟོག་པ་གསུམ་ལ་ཞེན་བཞག་ན་བདེ་བ་ལ་ཞེན་ན་འདོད་ཁམས། གསལ་བ་ལ་ཞེན་ན་གཟུགས་ཁམས། མི་རྟོག་པ་ལ་ཞེན་ན་གཟུགས་མེད་ཁམས་ལ་སྐྱེ་འགྲོ་གི་རེད་དུས། དེ་ཉམས་ཀྱི་ཞེན་པ་དང་བཅས་པའི་ངང་ནས་འདའ་མི་སྲིད་པས་ན། ཉམས་དེ་ལ་ཞེན་ཉན་མ་རེད། ཉམས་ལ་མི་ཞེན་པའི་ཐབས་དེ་ག་འདྲ་བྱེད་དགོས་རེད་ཟེར་ན། ངང་ལ་ཕྱམ་གནས་ལྷོད་དེ་དུས། །ཟེར་དུས་སེམས་མ་བཅོས་པའི་ངང་ལ་ཕྱམ་མེར་གནས་ཏེ་ལྷོད་དེ་བསྡད་བཞག་པའི་དུས་དུ། བདེ་གསལ་མི་རྟོག་པ་གསུམ་གྱི་ཉམས་གང་རུང་ཞིག་ཤར་མི་འོང་བའི་ཐབས་ཡོད་མ་རེད། དེ་ལྟ་བུའི་ཉམས་དེ་ཤར་འོང་ན། ཉམས་ཀྱི་ཞེན་པའི་སྦུབ་དང་བྲལ་ཏེ་རིག་པ་གཅེར་བུ་ཟང་མ་ཐལ་བྱུང་གི་གནས་ལུགས་བསྟན་པའི་ཕྱིར་དུ་ཉམས་གང་ཤར་ཡོད་ནའང་ཉམས་ཀྱི་ངང་ལ་སེམས་གཏད་མཁན་འདྲ་ཞིག་བྱས་ཏེ་ཐོལ་བྱུང་གློ་རྡེག་བྱས་ནས་ཕཊ་དྲག་པོ་ཞིག་རྒྱབ་དགོས་ཟེར་རེད། དེ་ནི་ཕཊ་ཟེར་བ་དེ་གང་རེད་ཟེར་ན་སྔོན་མའི་ཉམས་ཕར་གཏོར་བཞག་རེད། རྣམ་རྟོག་མང་པོ་ཅིག་འཚུབས་བསྡད་ཡོད་ན་རྣམ་རྟོག་དེ་ལ་གཏད་དེ་གཏད་དེ་ཕཊ་རྒྱབ་བཞག་ན་རྣམ་རྟོག་ཤིག་སེ་འཐོར་འགྲོ་གི་རེད། རྣམ་རྟོག་ཤུགས་དྲག་ད་དུང་སྐྱེ་འོང་ན་ཕཊ་ཁ་ཤས་རྒྱབ་བཞག་ན་ཕར་མེད་འགྲོ་གི་རེད་དུས། ཕཊ་རྒྱབ་པ་དེ་རྣམ་རྟོག་གི་རྒྱུན་ཐག་གཅོད་པ་དང་། བློ་བྱས་ཀྱི་སྒོམ་པ་བདེ་གསལ་མི་རྟོག་པའི་ཉམས་ལ་ཕར་བཤིག་བྱེད་ཀྱི་ཐབས་ཡིན་པས་གནད་དེ་ཆེན་པོ་ཅིག་ཡིན་ཟེར། ཕཊ་ཅེས་པ། དེ་ཡང་སྒྲ་ཆུང་ཆུང་ལྟ་བུ་དང་ཕཊ། རིང་པོ་ལྟ་བུ་མིན་པ། ཕཊ་དྲག་པོ་གཅིག་ལ་ངར་ཐུང་བ་ཅིག་དགོས་དུས། དྲག་ལ་ངར་ཐུང་ཨེ་མ་ཧོ། །ཕཊ་བརྗོད་པ་དེ་ཡི་ཚེ་ན་ནི་ནང་སེམས་ཉིད་ཀྱི་ངོ་བོ་ལ་བལྟ་འོང་དུས། སེམས་འདི་དངོས་ཡོད་ཨེ་རེད་ཟེར་ན་གཟུགས་དབྱིབས་ཁ་དོག་མེད་པ། དངོས་མེད་ཨེ་རེད་ཟེར་ན་སྟོང་པ་ཡང་མ་ཡིན་པ། སེམས་ཡོད་ཟེར་ན་ཁ་ཡིས་བརྗོད་རྒྱུ་མིག་གིས་མཐོང་རྒྱུ་མེད་པ། མེད་ཟེར་ན་ནི་མིག་གིས་མཐོང་རྣ་མཆོག་གིས་ཐོས་ཐམས་ཅད་གོ་དེ་ཡོད་པ། ཡོད་མེད་འདི་ཡིན་ཞེས་ཁས་ལེན་རྒྱུ་མེད་པ། དེ་ལ་གཟའ་གཏད་དང་བྲལ་ཟེར་བ་རེད། སྨྱོན་པ་ལྟ་བུ་ཞིག་ཡིན་ན། སྨྱོན་པ་དེ་ལ་ངས་དེ་རིང་ལས་ཀ་འདི་བྱེད་དགོས། ང་འདི་ལྟོག་ཡོང་གི་རེད། འཁྱག་ཡོང་གི་རེད། འདི་བྱས་ན་སྐྱིད་པོ་འོང་གི་རེད་ལ་སོགས་བསམ་པའི་བརྟག་དཔྱད་མང་པོ་ཡོད་མ་རེད། ཁོ་རང་གི་སེམས་ལ་གང་ཤར་བ་དེ་བཅས་བཅོས་བག་ཚ་མེད་པར་བྱེད་གི་ཡོད་པ་རེད། དཔེར་ན་དགུན་ཁ་ལྟ་བུ་ཡིན་ན་ཆུ་ནང་ལ་འཛུལ་གི་རེད། དབྱར་ཁ་ཚད་པའི་ནང་ལྟ་བུ་ཡིན་ན་མེ་ལ་བསྲོ་གི་རེད། དཔེ་དེ་འདྲ་ཞིག་གི་འདི་རྣམ་རྟོག་ཡག་པོ་རེད་འདུག་བསམ་སྟེ། དད་པ་མོས་གུས་སྙིང་རྗེ་རེད་བསམ་རྒྱུའི་ཡར་ལ་དགའ་བའང་མི་བྱེད། ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་རེད་བསམ་ནས་མར་ངན་པ་རེད་ཀྱང་མི་བསམ། དེ་ཐམས་ཅད་ལ་ཕཊ་བརྗོད་པའི་ངང་དུ་འཆམ་མེར་བཞག་བཞག་ན། རྣམ་རྟོག་གིས་འཁྲུལ་མི་འགྲོ་བ་རྣམ་རྟོག་ཕར་རང་ཡལ་དུ་འགྲོ་དུས་རྣམ་རྟོག་དེ་གྲོལ་འགྲོ་ལེ་རེད། གྲོལ་བ་མངོན་དུ་གྱུར་པས་ན། སེམས་མ་བཅོས་པ་རྣམ་རྟོག་གཏོར་ཚར་དུས་སེམས་རྟོག་བྲལ་གྱི་ངོ་བོ་དེ་ཅི་ཡིན་ཟེར་ན་ཅི་ཡང་མ་ཡིན་ཧད་དེ་བ་གཅིག་ཡོད་ཟེར། དེ་ལྟ་བུའི་སེམས་ལ་འདི་ཡིན་དང་། འདི་མིན་གྱི་གཏད་སོ་དང་བྲལ་བ། དཔེར་ན་ལྐུག་པས་བུ་རམ་མྱོང་བ་ལྟ་བུ་གསུང་། མི་ལྐུག་པ་ཅིག་ལ་བུ་རམ་ཞིག་སྦྱིན་ན་ཁ་མངར་གྱི་རེད་དེ། ཁྱེད་ཀྱི་བུ་རམ་ནི་མངར་གྱི་ཨེ་འདུག་ཟེར་ན། ཁོས་ཁས་ཟེར་ཤེས་ཀྱི་མ་རེད། དཔེ་དེ་བཞིན་དུ་རང་གི་སེམས་མ་བཅོས་པའི་ངང་དུ་སེམས་ལ་ཉམས་སུ་མྱོང་བའི་སྐབས་ན་བླ་མས་གསུང་བསྡད་མཁན་སེམས་ངོ་སྒོམ་རྒྱུ་འདི་ཀ་རང་རེད་འདུག་བསམ་མཁན་ཞིག་རེད་ནའང་ལབ་དགོས་ན་ལབ་ཤེས་ཀྱི་མ་རེད། འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུག །ཟེར་མཁན་དེ་རེད། དེ་ཆོས་སྐུའི་ངང་ལ་ཟང་ཐལ་ཟེར་དུས་ཕར་ཐམས་ཅད་ལ་ཁྱབ་སོང་ལེ་འདྲ་ཅིག །རྗེན་པ་ཟེར་དུས་འཁྲུལ་པའི་རྣམ་རྟོག་གིས་མ་གོས་པ། རང་ངོ་རང་གིས་ཤེས་པའི་རིག་ཆ་དེ་སེམས་ལས་འདས་པའི་ཡེ་ཤེས་ཇི་བཞིན་པ་བཞུགས་པས་ན། ཧད་དེ་བ་ལ་ཟང་ཐལ་ལེ། །ཟེར་དེ་ལྟ་བུའི་ཟང་ཐལ་དེ་ཐོག་མ་ཉིད་ནས་རང་གི་སེམས་ལ་ཡོད་དུས་གསར་དུ་སྐྱེས་འོང་བ་མ་རེད། ཡང་ནག་པོ་འདྲ་ཅིག་གིས་ཕར་སྒྲིབ་སོང་ན། ངང་ལ་ཁོ་རང་བསྡད་བསྡད་ཡོད་རེད་མ་གཏོགས་གང་ཡང་འགགས་ཡོད་མ་རེད། དཔེར་ན་མཐའི་རྒྱ་མཚོ་ཆེན་པོ་ལ་ནམ་རྒྱུན་རྦ་རླབས་མང་པོ་ཡོང་གི་ཡོད་རེད། དེའི་ནང་གི་གཏིང་མན་ཆད་ནས་ཞོ་ཆགས་པ་བཞིན་དུ་བསྡད་བསྡད་པ་མ་གཏོགས་གང་ཡང་གཡོ་གི་ཡོད་མ་རེད། དཔེ་དེ་ལྟ་བུའི་སེམས་ལ་ཕར་འགག་འགྲོ་ས་ཡོད་མ་རེད། ཡོད་པ་གཟུགས་དང་དངོས་པོ་ཁ་དོག་མེད་ཅི་ཡང་མེད་པ་ལ་སོགས་པའི་མཐའ་ལས་འདས་ཤིང་། ངག་གིས་བརྗོད་དགོས་ན་བརྗོད་མ་ཤེས་པ། སེམས་ཀྱིས་བསམ་དགོས་ན་བསམ་མ་ཤེས་པ་ཡིན་པས་ཡིད་ཆེས་ཆོས་བརྩོན་འགྲུས་ཀྱི་ཡུལ་ལས་འདས་པ་འདི་རང་ལ་གནས་པའི་ཡེ་ཤེས་བརྗོད་བྲལ་འདིའི་གནད་ཡིན་པས་ན། ཟང་མ་ཐལ་བྱུང་བརྗོད་དུ་མེད། །དེ་ལྟ་བུའི་གནད་དེ་སངས་རྒྱས་ཆོས་ཀྱི་སྐུ་ཞེས་ཟེར། མ་འོངས་པ་ན་རྟོགས་འོང་རྒྱུའི་ཀུན་ཏུ་བཟང་པོ་ཞིག་ཡོད་ཟེར་རྒྱུ་དེ་རེད། དེ་ད་ལྟ་ནས་འཁོར་འདས་གཉིས་ཀ་ལ་གནས་བསྡད་ཡོད་པས་ན་གཞིར་གནས་ཟེར། དེ་ངོ་ཤེས་པ་དེ་ལ་རིག་པ་ཟེར། དེ་རྣལ་འབྱོར་པའི་ལམ་གྱི་ཀ་དག་སྤྲོས་བྲལ་དོན་གྱི་ལྟ་བ་ཡིན་པས་དེ་ངོ་ཤེས་འོང་དུས། དེ་ངོ་ཤེས་པ་དེ་གསར་དུ་ཐོབ་འོང་བ་འདྲ་ཅིག་རེད་དུས་དེ་རྣལ་འབྱོར་པའི་ལམ་གྱི་ཀ་དག་ཟེར། དེ་སྤྲོས་བྲལ་དོན་གྱི་ལྟ་བ་ཡིན་པས་འདི་ཁོ་ན་ངོ་མ་ཤེས་ཀྱི་བར་དུ་གཞན་མ་ཅི་ལྟ་བུ་ཞིག་སྒོམ་བསྡད་ནའང་འདྲ། གཏུམ་མོ་སྒོམ་ནའང་འདྲ། ལྷ་སྒོམ་ན་འདྲ། སེམས་ངོ་སྒོམ་ན་འདྲ། འདིའི་ལྟ་བ་དེ་ངོ་མ་ཤེས་ན་ཕན་ཐོག་ཡོད་མ་རེད་དུས། ཉམས་སུ་བླང་ཀྱང་བློས་བྱས་བཅོས་མའི་ལྟ་སྒོམ་ལས་མི་འདའ་བས་ན། རང་བཞིན་རྫོགས་པ་ཆེན་པོ་དེ་མ་བཅོས་པ་རེད། བཅོས་མའི་ལྟ་སྒོམ་ལས་ལམ་ཐག་གནམ་ས་ལས་རིང་ཞིང་བསྒོམ་མེད་འོད་གསལ་གྱི་འཁོར་ལོ་གནད་མེད་པས་ན་ཟེར་དུས། དེའི་ལྟ་བ་དེ་ངོ་ཤེས་ཚར་ན། དེའི་ངང་དུ་བཞག་བཞག་ན། ད་འདི་སྒོམ་ལེ་ཡིན། འདི་སྒོམ་ལེ་མིན་བསམ་རྒྱུ་ཡོད་མ་རེད། དཔེར་ན་འཁོར་ལོ་འཁོར་ན་འཁོར་ལོ་མི་འཁོར་པ་བར་ཏ་ཡོད་མ་རེད། དཔེ་དེ་ལྟ་བུ་འོད་གསལ་གྱི་གནད་དེ་རྫོགས་པ་ཆེན་པོའི་ལྟ་བ་ངོ་ཤེས་ན་དེ་རེད། དེ་མ་ཤེས་ན་གནས་མེད་པ་ཡིན་པས། དང་པོ་ལྟ་བ་ཁོ་ན་ངོ་ཤེས་པ་གལ་ཆེ་བས་ན། ཆོས་སྐུའི་རིག་པ་ངོས་ཟུངས་ཤིག །ཟེར་བ་དེ་ལྟ་བུའི་དོན་དེ་ཚིག་གསུམ་གནད་དུ་བརྡེག་པའི་དང་པོ། ལྟ་བ་ཀློང་ཆེན་རབ་འབྱམས་ཟེར་མཁན་ངོ་ཤེས་མཁན་དེ་ད་ལྟ་ཞུས་པ་བཞིན་དུ་ཀློང་ཆེན་ཟེར་ན་སྟོང་པ་ཉིད་ཀྱི་དོན་དེ་གོ །རབ་འབྱམས་ཟེར་ན་དེའི་ནང་ན་འཁོར་འདས་ཀྱི་སྣང་བ་ཡོད་པ་གོ །འཁོར་འདས་ཀྱི་སྣང་བ་ཡོད་ནའང་འཁོར་བས་ངན་པ་བྱས་ཡོད་མ་རེད། མྱང་འདས་ཀྱིས་བཟང་པོ་བྱས་ཡོད་མ་རེད། ཆོས་ཉིད་ཁོ་རང་གི་ངོ་བོ་ཡེ་ནས་ལྷུན་རྫོགས་སུ་གནས་པ་ཡིན་པས། ལྟ་བའི་སྒོ་ནས་བླ་མས་སློབ་མར་བསྟན། སློབ་མས་ཉམས་ལེན་བྱས་འོང་དུས་བླ་མས་གསུང་རྒྱུ་དེ་འདི་རེད་འདུག་བསམ་རང་གི་ཁོག་པ་ནས་ཉམས་མྱོང་ཅིག་ཤར་དུས། དེ་རྡོ་རུས་འཕྲོད་ཟེར་བ་དེ་རེད་དུས། དེའི་ངོ་མ་མཐོང་ན་སྒོམ་པས་ངང་སྐྱོང་རྒྱུ་མེད། སྒོམ་རྒྱུ་མེད་པ་རེད། ལྟ་བ་མེད་ན་སྒོམ་པ་བྱེད་རྒྱུ་ཡོད་མ་རེད། དཔེར་ན་པད་ཤག་༼སྒོར་མོ༽མང་པོ་ཅིག་མེད་ན་ཚོང་རྒྱག་རྒྱུ་ཡོད་མ་རེད། དཔེ་དེ་འདྲ་ཡིན་པས་ན། རང་བསྒོམ་པས་ངང་སྐྱོང་བ་མང་བས་དང་པོ་ངོ་ཤེས། དེ་ལྟ་བ་ངོ་འཕྲོད་པ་གལ་ཆེ་ལ་ལྟ་བ་དེ་ཡང་རང་གནས་ཀྱི་ཡེ་ཤེས་རང་ལ་གནས་པ་ཉིད་ངོ་སྤྲོད་པ་ཡིན་གྱི། གཞན་ནས་བླ་མའི་བྱིན་རླབས་ཀྱིས་གསར་དུ་ཐོབ་འོང་རྒྱུ་ལྟ་བུ་དང་། བླ་མ་དང་མ་བྲལ་བས་གནས་འགྱུ་འདྲ་བོ་གསར་དུ་ཡོད་པ་མ་ཡིན་པས། སྔར་མེད་རྒྱུད་ལ་སྐྱེས་པ་མ་ཡིན་ན། ངོ་ཤེས་ཟེར་མཁན་དེ་ལྟ་བ་ཁོ་རང་རྟོགས་སོང་དུས། དཔེར་ན་མི་ཞིག་ངོ་ཤེས་ན་མི་དེ་རྒན་གཞོན་འདི་འདྲ་ཞིག་ཡོད། གདོང་བ་འདི་འདྲ་ཞིག་ཡོད་བསམ་ན་དེ་ལ་ངོ་ཟེར་རེད། དཔེ་དེ་བཞིན་དུ་ལྟ་བའི་ངོ་བོ་དེ། རང་ཐོག་ཏུ་སྤྲད་ཟེར་དུས་རང་ལ་ཡོད་པ་དེ་རང་ལ་ཚུར་ངོ་སྤྲད་བཞག་རྒྱུ་མ་གཏོགས་གཞན་ནས་ཚུར་འཕུར་འོང་ནས་རང་ལ་སྤྲད་བཞག་པ་ལྟ་བུ་མ་རེད་དུས། དེ་རང་ཐོག་ཏུ་ངོ་སྤྲད་ནས་བཟུང་སྟེ་འདི་རེད་འདུག་བསམ་པ་ལག་པ་བརྐྱང་རྒྱུ་ཡོད་པ་འདྲ་ཞིག་རེད་འོང་ན། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །ཟེར་མཁན་དེ་རེད་འགྲོ་ཀྱི་རེད། དེའི་ཕྱིར་ན་དེ་ནི་མན་ངག་གི་གནད་དང་པོའོ། །ཞེས་པ་དེའི་སྒོ་ནས་ལྟ་བ་ཀློང་ཆེན་རབ་འབྱམས་དོན་བསྟན་པའོ། །
༈ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་རིན་པོ་ཆེ་གསལ་བཏབ་ནས་གསན་པར་གནང་བར་ཞུ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། རྫོགས་པ་ཆེན་པོ་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་ཞེས་པ་སྟེ། དོན་དུ་ལྟ་བ་སྒོམ་པ་སྤྱོད་པ་གསུམ་ཡིན་པའི་ཕྱིར་ན། ལྟ་བའི་རང་བཞིན། ངོ་རང་ཐོག་ཏུ་སྤྲོད་པ་དེ་ཉིད་སོང་ཟིན་ཏེ། ད་དེ་རིང་གི་སྐབས་སུ་བབས་པ་ཐག་གཅིག་ཐོག་ཏུ་བཅད་ནས་སྒོམ་པས་ཉམས་སུ་ལེན་པའི་ཚུལ་རྒྱས་པར་འཆད་པ་དེ་ལ་ངང་བཞག་ཆུ་བོ་རྒྱུན་གྱི་ཟེར། རྫོགས་པ་ཆེན་པོའི་རྣལ་འབྱོར་ཟེར་བ་དེ་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་དོན་དེ་མངོན་སུམ་དུ་རྟོགས་སོང་ན། དཔེར་ན་ས་གཞི་ཞིག་ནས་ཆུ་ཆེན་པོ་ཞིག་བབས་ཀྱི་ཡོད་ན་དེའི་ཆུ་བོ་དེ་འབད་པ་མེད་པ་རྒྱུན་མི་ཆད་པ་ཉིན་དང་མཚན་དུ་རྟག་པར་བབས་ཀྱི་ཡོད་རེད། དཔེ་དེ་བཞིན་དུ་རྣལ་འབྱོར་པ་དེ་ལའང་ཉིན་མོའི་སྣང་བ་ཡིན་ནའང་འདྲ། མཚན་མོའི་སྣང་བ་ཡིན་ནའང་འདྲ། འགྲོ་བ་འདུག་པ་ལ་སོགས་པ་སྤྱོད་ལམ་གང་བྱེད་ནའང་། དེའི་ཚེ་ཆོས་ཉིད་གཅིག་གི་ངང་ནས་གཞན་དུ་ཡེངས་རྒྱུ་མ་རེད་དུས་དེའི་ཕྱིར་ན་ཡེངས་རྒྱུ་མེད་པ་དེ་ཉིད་ལ་ངང་བཞག་ཟེར་དུས། ཆོས་ཉིད་ཀྱི་ངང་ལ་བཞག་པ་ནི་ཉིན་མཚན་བྱ་བ་སྤྱོད་ལམ་མཉམ་བཞག་རྗེས་ཐོབ་ཁྱད་མེད་པ་དེ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཟེར་མཁན་དེ་ཡིན། ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་སྒོམ་པ་དེ་རྟོགས་སོང་ན། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཟེར་རྒྱུ་དེ་རེད། དེ་ནི་དུས་དང་གནས་སྐབས་ཐམས་ཅད་དུ་ཡོད་པས་ན། དེ་ཏིང་ངེ་འཛིན་གྱིས་གསར་དུ་ཐོབ་འོང་རྒྱུ་དང་ཡེངས་འགྲོ་དུས་མེད་འགྲོ་བའང་མ་རེད་པས་ངང་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དེ་དུས་རྟག་ཏུ་ཡོད་པ་རེད། དེ་གང་གིས་ངོ་ཤེས་རེད་ཟེར་ན་སེམས་མ་ཡེངས་པ་སེམས་ཀྱི་ངོ་བོར་གནས་པའི་འཕྲོ་དེ་ལ། དེའི་ངང་ནས་སེམས་ཆོས་ཉིད་ཀྱི་ངོ་བོ་དེ་ལ་དད་པ་མོས་གུས་སྙིང་རྗེ་ལྟ་བུ་དང་། རང་གི་སེམས་ཀྱི་གནས་ལུགས་རྟོགས་དགོས་བསམ་སྟོང་པ་གསལ་བ་རིག་པ་ཤུགས་ཆེན་པོ་ཤར་འོང་ན་དེ་ཡག་པོ་རེད་བསམ་ནས་དེ་ལ་འཛིན་པ་བྱས་ནས་ཆེད་དུ་བསྒྲུབ་རྒྱུའང་ཡོད་གི་མ་རེད། ཡང་རྣམ་རྟོག་ཧ་ཅང་མང་པོ་འཁྲུགས་འོང་དུས། ཆོས་ཉིད་ཀྱི་དོན་ངོ་མི་ཟིན་འདུག་བསམ་ན་སེམས་དཔའ་ཆག་ཏེ་ཞུམ་པ་དང་། རྣམ་རྟོག་མང་པོ་འཕྲོ་མི་ཉན་བསམ་ལེ་དང་། བྱིང་རྨུག་ལ་སོགས་པ་བྱེད་མི་ཉན་བསམ། ཆེད་དུ་འགགས་པ་མེད་པ་སེམས་རང་བབས་སུ་གནས་ན་གནས་པའི་ངོ་བོ་དེ་ཆོས་སྐུའི་རང་ངོ་སྟེ། སེམས་རང་བབས་གནས་པ་དེའི་ངང་ནས་གང་འཕྲོ་ནའང་དཔེར་ན་ནམ་མཁའ་ནས་འོད་ཟེར་དེ་ཉིད་ཕོག་འགྲོ་དུས་ཉི་མའི་འོད་ཟེར་དེ་ཉིད་ས་གཞི་ལ་ཁྱབ་ནའང་། ཆུ་ལ་ཁྱབ་ནའང་། རི་རྩེ་ལ་ཁྱབ་ནའང་། ཐམས་ཅད་ཉི་མ་གཅིག་གི་རང་མདངས་རེད་དུས། དཔེ་དེ་བཞིན་དུ་སེམས་ཀྱི་ཆོས་ཉིད་ལ་དགེ་སྡིག་གི་རྣམ་རྟོག་གང་ཤར་ནའང་དེ་འཕྲོ་ན་ཡེ་ཤེས་ཀྱི་རང་རྩལ་དུ་སྐྱོང་བས་ན། དེ་ནས་འཕྲོའམ་གནས་ཀྱང་རྒྱུ། །ཟེར་དུས། ད་ལྟ་སྒོམ་གསར་བ་བྱེད་མཁན་ཕལ་ཆེ་བས་སེམས་གནས་ན་སྒོམ་ཡང་དག་པ་ཡིན་སྣང་ཤར། སེམས་འཕྲོ་ན་སྒོམ་མིན་སྣང་སྐྱེས་ཀྱི་རེད་ཀྱང་། དེ་འདྲ་མ་རེད་འཕྲོ་ནའང་ཡེ་ཤེས་ཀྱི་རང་རྩལ་ཡིན། གནས་ནའང་ཡེ་ཤེས་ཀྱི་རང་རྩལ་ཡིན། འཕྲོ་བ་དེ་ངོས་ཟིན་དགོས་རེད། དེ་ངོས་ཟིན་ན་ཁྱད་པར་གང་ཡང་མེད་པས་ན། དེ་ནས་འཕྲོའམ་གནས་ཀྱང་རུང་། །སེམས་རྣམ་རྟོག་གི་རྩལ་ལས་ཟེར་དུས་སེམས་རྣམ་རྟོག་སྐྱེ་འོང་རྒྱུའི་རྩལ་ལས་ཀུན་འབྱུང་གི་བདེན་པ་ཟེར་དུས་ཀུན་འབྱུང་ནི་ཁམས་གསུམ་འཁོར་བར་མར་འཁྱམ་བྱེད་ཀྱི་རྩ་བ་དེ་རེད། ཀུན་འབྱུང་གི་བདེན་པ་དེ་གང་རེད་ཟེར་ན། ཞེ་སྡང་གི་དབང་གིས་དགྲ་ལ་ཁྲོ་བ་དང་། འདོད་ཆགས་ཀྱི་དབང་གིས་ནོར་དང་ལུས་ལ་སོགས་པ་ལ་ཞེན་ཆགས་སྐྱེ་བ་སོགས་ཉོན་མོངས་པ་དང་། སྡུག་བསྔལ་གྱི་བདེན་པའི་རྒྱུ་རུ་གྱུར་པའི་སེམས་སྐྱིད་པོས་ཟས་ནོར་གོས་ལ་སོགས་པ་དང་། རང་གི་འདོད་དོན་སྒྲུབ་འོང་ཚེ་སྐྱིད་པོའི་སྣང་བ་དང་། སྡུག་བསྔལ་གྱི་ན་ཚ་གདོན་བགེགས་གཏམ་ངན་ལ་སོགས་པ་གང་བྱུང་ཚེ་སྡུག་བསྔལ་བར་སྣང་། དེ་ཚུར་རོ་མཉམ་གནས་ཟེར་དུས་དེ་རིང་ང་སྐྱིད་པོ་འདུག་བསམ་མཁན་དང་། དེ་རིང་ང་ཉོན་མོངས་ཤུགས་དྲག་པོ་སྐྱེ་གི་འདུག་སྙམ་པ་སོགས་སེམས་ལ་གང་སྐྱེས་ཀྱང་རྣམ་རྟོག་དེ་དག་གི་ངོ་བོ་ཅེར་རེ་བལྟ་དགོས་ཀྱི་རེད། རྣམ་རྟོག་དེ་ཤར་མི་ཉན་བསམ་ནས་ཕར་བཀག་ཀྱང་མི་བཀག། དད་པ་མོས་གུས་སྙིང་རྗེ་ཡིན་ན་ཡག་པོ་རེད་བསམ་ཚུར་སྒྲུབ་ཏུའང་མི་སྒྲུབ། རྣམ་རྟོག་ཁོ་རང་གང་ཤར་བ་དེའི་ངོ་བོ་དེ་ལ་བལྟས་བཞག་ན་རྣམ་རྟོག་གི་ངོ་བོ་དེ་སྟོང་པ་ཉིད་རེད། སྟོང་པ་ཉིད་ཀྱི་རང་བཞིན་དེ་ངོ་ཤེས་ན་ཆོས་ཉིད་དེ་ཤེས་དུས། འཕྲོ་ནའང་གནས་ནའང་ཐམས་ཅད་ཆོས་སྐུའི་ཡོ་ལང་ཟེར་དུས་ཆོས་སྐུའི་རང་བཞིན་དུ་འགྱུར་བས་ན་འཕྲོའམ་ཆགས་སམ་སྐྱིད་དམ་སྡུག། དེར་མ་ཟད་སྤྱིར་ལྟ་བས་ངོ་འཕྲོད་ཀྱང་ཟེར་དུས་གོང་དུ་བཤད་པ་ལྟར་དུ་ངོ་རང་ཐོག་ཏུ་སྤྲད་པའི་ལྟ་བའི་ངོ་འཕྲོད་ཀྱང་དཔེར་ན་རྒྱལ་པོའི་བུ་གཅིག་ཡོད་ནས་བཟུང་སྟེ་དེ་ཡར་དགུང་ལོ་ཉི་ཤུ་རྩ་ལྔ་ཙམ་མ་ཕེབས་བར་དུ་ཕྲུ་གུ་ཆུང་ཆུང་འགྲོ་ཐུབ་མིན་ཙམ་གང་ཡིན་ནའང་རྒྱལ་པོའི་རིགས་རེད་དེ། རྒྱལ་སྲིད་བསྐྱངས་ནས་དགྲ་འདུལ་གཉེན་སྐྱོང་བ་བྱེད་ཐུབ་ཀྱི་མ་རེད། དཔེ་དེ་བཞིན་དུ། ཆོས་ཉིད་ཀྱི་ལྟ་བ་ངོ་འཕྲོད་ནའང་སྒོམ་པའི་གདེང་ཐོབ་ནས་ཡར་རྩལ་མ་རྫོགས་ན་ཉོན་མོངས་ཐམས་ཅད་ཕར་དག་ཐུབ་ཀྱི་མ་རེད། ལས་ངན་གྱི་སྒྲིབ་པ་དག་ཐུབ་ཀྱི་མ་རེད། དུས་ངང་མ་འཁྱོངས་ན་འཕྲོ་འབྱམས་ཐ་མལ་དུ་ཤོར་ནས། རྣམ་རྟོག་མང་པོ་སྐྱེས་རྣམ་རྟོག་གཅིག་གི་གཉིས་གཉིས་ཀྱི་གསུམ་སྐྱེ་དུས་རྣམ་རྟོག་ཐ་མལ་དུ་ཤོར་སོང་བ་རེད། རྣམ་རྟོག་ཆོས་ཉིད་ཀྱི་ཡོ་ལང་མ་ཤར་བས་རྣམ་རྟོག་རང་རྒྱུད་པ་ཟེར་དུས་རྣམ་རྟོག་སྟོང་ཉིད་ཀྱི་ངོ་བོ་མ་ཤེས། རྣམ་རྟོག་ཆོས་ཉིད་དུ་མ་གྲོལ། རྣམ་རྟོག་རང་ག་མ་རྒྱུད་པ་ལ་ཟེར། རྣམ་རྟོག་རྒྱུད་པ་དེ་ཡིས་དཔེར་ན་འདོད་ཆགས་སྐྱེ་ན་ཡི་དྭགས་སུ་སྐྱེ་བ། ཁོང་ཁྲོ་སྐྱེ་ན་དམྱལ་བ་རུ་སྐྱེ་བ། གཏི་མུག་སྐྱེ་ན་དུད་འགྲོ་རུ་སྐྱེ་བྱེད་ཀྱི་རྒྱུ་ཡིན་པས་ན་འཁོར་བར་འཆིངས་ཤིང་། ཡུན་རིང་པོ་ཇི་ཙམ་དུ་ལོ་དང་ཟླ་བའི་བར་དུ་བསྒོམ་བསྡད་ནའང་ཆོས་དེས་རང་གི་རྒྱུད་མི་སྨིན་ཏེ་ཆོས་དང་རང་རྒྱུད་གཉིས་གཅིག་ཏུ་འདྲེས་པ་འོང་གི་མ་རེད། དེའི་ཕྱིར་ན་ཁ་རྫོགས་པ་ཆེན་པོ་ཡིན་ན་ཡང་དོན་རྫོགས་པ་ཆེན་པོར་མི་འགྱུར་བས་ཆོས་དང་རང་རྒྱུད་སོ་སོར་བྲལ་ནས་ལོ་མང་པོ་ལ་སྒོམ་བསྡད་ཡོད་ནའང་ཉོན་མོངས་རང་མཚན་དུ་ཤོར་ནས་རྟོགས་ལྡན་རྒན་པོའི་སློབ་གཉེར་ཟེར་བ་དང་། ཞེན་ལོག་རྒས་པའི་གསོག་འཇོག་ཟེར་མཁན་དེ་ལྟ་བུ་རེད་ཀྱི་རེད་དུས་འཇིག་རྟེན་ཐ་མལ་པ་དང་ཁྱད་མེད་པར་འགྱུར་བ་ཡིན་པས། རྒྱུ་མཚན་དེའི་ཕྱིར་ན་རྣམ་རྟོག་གང་ཤར་ཆོས་ཉིད་ཀྱི་རྩལ་ལམ་རོལ་པར་ཤེས་དགོས་ཀྱི་རེད། འོན་ཀྱང་ཆོས་ཉིད་ཀྱི་ངོ་བོ་དེ་ངོས་ཟིན་པ་དེ་ལ་ཆེད་དུ་དམིགས་གཏད་ཅན་གྱི་ལྟ་སྒོམ་ལྟ་བུ་དང་། གཏུམ་མོ་དང་རྩ་རླུང་སྒོམ་པ་ལྟ་བུ་སྒོམ་རྒྱུ་ཡོད་མ་རེད་རྩ་ན། ཆེད་དུ་བསྒོམ་པར་བྱ་བ་མེད་པ་དང་། ཡེང་རྒྱུ་ཡང་ཏིལ་འབྲུ་ཙམ་ཞིག་མེད་པར་ཆོས་ཉིད་རང་བྱུང་གི་ངོ་བོ་ལ་མ་བཅོས་པར་གཉུག་མར་བཞག་བཞག་ན་རང་བཞག་ཆེན་པོ་དང་ནམ་ཡང་མི་འབྲལ་བ་ཟེར་དུས་ཆོས་ཉིད་ཀྱི་ངོ་བོ་དེ་མ་ཡེངས་པ་གཅིག་དགོས་པས་ན་དུས་དང་གནས་སྐབས་ཐམས་ཅད་དུ་ཉིན་དང་མཚན་གྱི་དུས་ཡིན་ནའང་འདྲ། གནས་སྐབས་ཟས་ཟ་ནའང་། གཏམ་བཤད་ནའང་། ཕར་ཚུར་འགྲོ་ནའང་། གནས་སྐབས་ཐམས་ཅད་དུ་དེ་ལྟར་གནས་འཕྲོ་ཟེར་དུས་ཡང་ན་རྣམ་རྟོག་གང་ཡང་མ་དྲན་པ་སེམས་གནས་ཡོད་པ། ཡང་ན་རྣམ་རྟོག་མང་པོ་འཕྲོ་བ་ལ་སོགས་པ་གང་གི་ཚེ། དཔེར་ན་མདོ་ལྟར་རྒྱུ་མཚན་ཉིད་ཐེག་པ་ལྟ་བུ་ཡིན་ན་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོ་རླུང་འབྱུང་ལྡོག་ལ་སོགས་པ་སྒོམ་རྒྱུ་ཡོད་རེད་དེ། དེ་ལྟ་བུ་ཉོན་མོངས་པ་དང་རྣམ་རྟོག་ཐ་དད་པ་རེ་རེ་ལ་གཉེན་པོ་ཐ་དད་པ་རེ་རེས་འདུལ་དགོས་པ་མ་ཡིན། མི་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། རྣམ་རྟོག་དང་ཉོན་མོངས་གང་སྐྱེས་པ་དེ་ཡི་ཚེ་རྣམ་རྟོག་དེའི་གཉེན་པོ་ནི་རྣམ་རྟོག་ཁོ་རང་གི་ངོ་བོ་ཆོས་ཉིད་སྟོང་པ་ཉིད་དེ་རེད་དུས་ཆོས་ཉིད་སྟོང་པ་ཉིད་དེ་གོ་སོང་ན། བརྒྱ་གོ་གཅིག་ཆོད་ཀྱི་གཉེན་པོ་དེ་རེད། དཔེར་ན་མི་དཔའ་བོ་གཅིག་ཡོད་ན་དམག་བརྒྱ་ཡི་གོ་ཆོད་ཀྱི་རེད་དུས། དེ་ལྟ་བུའི་གོ་ཆིག་ཆོད་རྣམ་རྟོག་ཁོ་རང་ངོ་ཤེས་ན་རྣམ་རྟོག་རང་གིས་རང་གྲོལ་འགྲོ་བ་དཔེར་ན་སྦྲུལ་མདུད་རང་སར་གྲོལ་བ་ལྟ་བུ་རེད་དུས་མ་གཞི་རྣམ་རྟོག་དེ་གྲོལ་དགོས་ཀྱི་རེད། གྲོལ་བྱེད་ཀྱི་ཐབས་ལ་ཅི་དགོས་ཟེར་ན། སྔར་ངོ་སྤྲད་པའི་ལྟ་བ་དེ་གཅིག་པུ་ངོས་འཛིན་བྱས་ཏེ་རྣམ་རྟོག་གཅིག་ཤར་འོང་ན་ལྟ་བ་དེའི་ངོ་བོ་ལ་ངང་སྐྱོང་བཞག་ན་ཕར་འཇམ་ཏིང་ངེ་། དཔེར་ན་ཆུ་ཁོལ་མའི་ནང་ལ་ཆུ་གྲང་མོ་ཞིག་བླུག་ཞོག་དང་། ཁོལ་རྒྱུ་ཡོད་མ་རེད། དཔེ་དེ་ལྟ་བུ་རེད་དུས་དེ་ངོས་ཟིན་པ་ལ་འདུ་བས། ཡེ་ཤེས་ཆོས་སྐུ་ངོས་བཟུང་ལ། དེ་ཡང་རྣམ་རྟོག་དང་ཉོན་མོངས་གང་སྐྱེས་ཀྱང་རྣམ་རྟོག་ཉོན་མོངས་དེ་ཕར་བསལ། ཆོས་སྐུ་ཡེ་ཤེས་དེ་ཚུར་ལེན་རྒྱུ་གཅིག་གི་ཕྱི་ནང་གཉིས་ཡོད་མ་བསམ་པར་རྣམ་རྟོག་དང་ཉོན་མོངས་སྐྱེས་པ་དེ་ངོ་བོ་སྟོང་ཉིད་ཡིན་པ་དེ་ཆོས་སྐུའི་ཡེ་ཤེས་ཡིན་པས་ན་ཆོས་སྐུའི་ཡེ་ཤེས་ལས་ལོགས་ཤིག་མ་ཡིན་ཅིང་། རྣམ་རྟོག་དེ་དག་གི་རང་བཞིན་དཔེར་ན་མེ་ཡི་མཚན་ཉིད་ཚ་བ་ཟེར་བ་དེ་ལྟ་བུ་དེ་རྣམ་རྟོག་ཁོ་རང་གི་ངོ་བོ་དང་པོ་སྐྱེ་བ་མེད་པ། བར་དུ་གནས་པ་མེད་པ། མཐར་འགག་པ་མེད་པ་རེ་ཡོང་རྒྱུ་དེ་ཁོ་རང་གི་ཆོས་ཉིད་རེད་དུས། དེ་དག་གི་རང་བཞིན་དེ་ཆོས་སྐུ་གཞི་ཡི་འོད་གསལ་དངོས་ཡིན་པས་སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་ཟེར་འདུག་རྒྱུ་དེ་རེད་དུས། དེ་དངོས་ཡིན་པ་བླ་མའི་མན་ངག་གི་ངོ་འཕྲོད་ན་གཞིར་གནས་མ་ཡི་འོད་གསལ་ཞེས་བྱ་བ་ཡིན་ལ། མ་ཡི་འོད་གསལ་དེ་རེས་འགའ་ངོས་ཟིན་རེས་འགའ་ངོས་མི་ཟིན། དེ་འདྲ་རེད་འདུག་རྒྱུ་དེ་སྔར་བླ་མས་ངོ་སྤྲད་པའི་རང་རིག་འོད་གསལ་གྱི་ལྟ་བ་རང་ངོ་ཤེས་པ་དེ། གཞིའི་གནས་ལུགས་རེད་དེ་ཉམས་སུ་ལེན་པར་བྱེད་པ་ལ་ལམ་གྱི་འོད་གསལ་ཟེར་དུས། འོད་གསལ་ཚང་མ་ཨེ་རེད་ཟེར་ན་མ་རེད། དེ་འོད་གསལ་གྱི་ཆ་ཤས་ཤིག་རེད། དོན་དུ་དེ་ཡིན་ནའང་འོད་གསལ་གྱི་ཆ་ཤས་དེ་ངོ་ཤེས་འགྲོ་དུས་གཞིའི་འོད་གསལ་གྱི་སྟོང་ལ་ཕར་མྱུར་དུ་སླེབ་བྱེད་ཀྱི་རྐྱེན་བྱེད་ཀྱི་རེད། དེ་གཉིས་སྤྱིར་ལམ་གྱི་འོད་གསལ་ཞེས་གཞིར་གནས་མ་ཡི་འོད་གསལ་དང་། སྒོམ་པ་ལམ་གྱི་འོད་གསལ་གཉིས་པོ་དབྱེར་མེད་དུ་གྱུར་པའི་རང་ངོ་ལ་གནས་པ་དེ་ནི་འོད་གསལ་མ་བུ་ངོ་འཕྲོད་པ་ཞེས་བྱ་བ་ཡིན་པས་ན། སྔར་འདྲིས་གསུང་དུས། དང་པོ་ཉམས་མྱོང་གི་སྒོ་ནས་ལྟ་བས་ངོ་ཤེས་ཏེ། ངོ་ཤེས་པ་དེ་ལས་ཐག་གཅིག་ཐོག་ཏུ་བཅད་ནས་སྒོམ་པས་ངང་སྐྱོང་པ་ཡང་ནས་ཡང་དུ་འདྲེས་པ་དེ་ནི་གཞིར་གནས་མ་ཡི་འོད་གསལ་དང་། ཉམས་ལེན་ལམ་གྱི་འོད་གསལ་ཏེ་རོ་གཅིག་ཏུ་འདྲེས་ཏེ་དེ་ཡིན། དེ་ལྟར་ནམ་ཡང་ལྟ་བ་རང་ངོ་ཤེས་པའི་འོད་གསལ་དེ་ལྟ་བ་ཁོ་རང་གི་ངོ་བོ་དེ་ནི་ཉོན་མོངས་སྐྱེས་ནའང་འདྲ། རྣམ་རྟོག་སྐྱེས་ནའང་འདྲ། གཉིད་ཁུག་ནའང་འདྲ། ཟས་ཟོས་ནའང་འདྲ། དེ་རྟག་ཏུ་མ་བརྗེད་པར་དྲན་པར་བྱས་ནས། དེའི་ངང་ལ་བཞག་པས་རྣམ་རྟོག་ཟེར་མཁན་དེ་རིག་པ་དངོས་ཨེ་རེད་ཟེར་ན་མ་རེད། གཞིར་གནས་མ་ཡི་འོད་གསལ་དེ་རིག་པ་དངོས་རེད། རྣམ་རྟོག་དེ་རིག་པའི་རྩལ་རེད། རིག་པའི་རྩལ་དཔེར་ན་ད་ལྟ་གཞིར་གནས་མ་ཡི་འོད་གསལ་ཟེར་མཁན་དེ་འདི་འདྲ་ཞིག་རེད། རྩལ་ཟེར་མཁན་དེ་འདིའི་འོད་ཟེར་འདི་འདྲ་ཞིག་རེད་དུས་རྩལ་རྒྱས། དེའི་ཕྱིར་ན་དེའི་རྩལ་ལས་ཤར་བར་གྱུར་པའི་རྣམ་རྟོག་ལ་མི་ཤར་བ་གཏན་ནས་ཡོད་མ་རེད། ཉོན་མོངས་ཆགས་སྡང་རྨོངས་གསུམ་གང་འཆར་ནའང་དེ་ཉོན་མོངས་རེད་སྡུག་ཅག་རེད་བསམ་པས་དགག་ཀྱང་མི་དགག་ཆེད་དུ་ཡང་འབད་རྩོལ་བྱས་ནས་བཟུང་སྟེ་སྒྲུབ་ཀྱང་མི་སྒྲུབ། སྤང་བླང་གང་ཡང་མི་བྱ་བ་དད་པ་མོས་གུས་བསྐྱེད་ནའང་ཆོས་ཉིད་སྟོང་ཉིད་ཀྱིས་ཕར་སྐྱོང་། ཡང་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྐྱེ་ནའང་ཆོས་ཉིད་སྟོང་པ་ཉིད་ཀྱིས་ཕར་སྐྱོང་། ཟས་ཟ། གཏམ་བཤད། གོས་གྱོན་པ་ལ་སོགས་པ་བསམ་ནའང་ཆོས་ཉིད་སྟོང་པ་ཉིད་ཀྱིས་ཕར་སྐྱོང་བཞག་ན་དེ་ལ་གོམས་སོང་ན་རྣམ་རྟོག་དེ་གྲོལ་འགྲོ་གི་རེད་དུས། གནད་དམ་པ་ཡིན་པས་ན་བརྗོད་མེད་རིག་ཆའི་ངང་ལ་བཞག །དེ་ལྟ་བུའི་ངང་དེ་ཡུན་རིང་པོ་དཔེར་ན་ཐོད་པ་བོར་ཆོག་མ་ཟེར། ཇི་སྲིད་འཚོ་ཡི་བར་དུ་ངས་ཉམས་ལེན་དེ་བྱེད་བསམས་ནས་བཟུང་སྟེ། ལོ་གཅིག་ལ་བྱེད་ཟླ་བ་གཅིག་ལ་བྱེད། ཟླ་བ་ཁ་ཤས་ལ་བྱེད། ལོ་བཅུ་གཉིས་ལ་བྱེད་སོགས་ཡུན་རིང་པོ་མ་རེད་དུས། རྗེ་བཙུན་མི་ལ་རས་པས་ཀྱང་། གྲུབ་རྟགས་མྱུར་དུ་མ་རེད་བར། །སྒོམ་ཡུན་ཤེས་དང་མཉམ་པར་གྱིས། །ཞེས་གསུངས་པ་ལྟ་བུ་རེད་དུས་དེ་ལྟ་བུའི་ངང་ཡང་ནས་ཡང་དུ་བསྐྱངས་ན་ལས་དང་པོ་པའི་ཚེ་དཔེར་ན་ཕྱི་ནང་གི་ཤུན་པ་མང་པོ་བཤུ་རུ་ཡོད་པ་དེའི་ནང་སྙིང་དེ་ལ་མ་ཐུག་བར་དུ་ཉོན་མོངས་པ་ཤར་གྱི་རེད། ཉམས་དེ་ལའང་ཉམས་ཐམས་ཅད་མདོར་བསྡུས་བཞག་ན་བདེ་བའི་ཉམས། གསལ་བའི་ཉམས། མི་རྟོག་པའི་ཉམས་རེད། ཉམས་དེར་ཞེན་སོང་ན། དེའི་ཉམས་དེ་དཔེར་ན་ཤུན་པ་མང་པོ་ཡོད་ན་དེའི་ནང་གི་འབྲས་བུ་ལྟ་བུ་དེ་མངོན་ཐུབ་ཀྱི་མ་རེད་དུས། ཉམས་དེའང་ཆོས་ཉིད་གཉུག་མའི་རང་བཞིན་ལ་སྒྲིབ་འགྲོ་བས་ན་ཉམས་ཀྱི་ཤུན་པ་དེ་འཕྲལ། རིག་པ་རྗེན་ལ་ཕུད་ན་ཉམས་ཀྱིས་བསླུ་ཐུབ་ཀྱི་མ་རེད། ཉམས་ཀྱིས་བསླུ་མ་ཐུབ་ན་རིག་པའི་སྟེང་ལ་སླེབས་འགྲོ་དུས་ཆོས་སྐུ་རྗེན་པ་རེད་དུས་ཤུན་པ་དང་བྲལ་ནས་རིག་ངོ་རྗེན་ལ་ཕུད་པ་ཟེར་བ་དེ་ཡིན་པས་ན། རིག་ངོ་རྗེན་ལ་ཕུད་དུས་ཡེ་ཤེས་དེ་ཁོག་པའི་ནང་ནས་ཚུར་གསལ་འོང་ལེ་རེད་མ་གཏོགས་ད་ལྟ་རིག་པ་གསལ་བོ་དབུ་མ་ལ་སོགས་པ་སྒོམ་པ་ལྟ་བུ་དང་། ཚད་མའི་རྩོད་པ་རྒྱག་པ་ལྟ་བུ་མ་རེད། ཆོས་ཉིད་རང་ངོ་རང་གི་འོད་གསལ་བ་ཡིན་པ་དེ་ཁོག་པའི་ནང་ནས་ཤར་འོང་དུས་དཔེར་ན་ཤེལ་འཇའ་ཤར་མཁན་ཡོད་ན་ཤེལ་དེ་སྒྲོམ་གྱི་ནང་དུ་བཅུག་བཞག་ན་འཇའ་དེ་མངོན་གྱི་མ་རེད། ཤེལ་དེ་ཕྱི་ལ་བསྟན་ནས་ཉི་མའི་ཟེར་ཞིག་འཕོག་སོང་ན་དེ་ལ་འཇའ་མང་པོ་ཤར་བའི་ཚེ་གསལ་བ་ལྟ་བུ་ཡིན་ཏེ། དེ་ཡང་ཇི་སྐད་དུ། རྣལ་འབྱོར་སྒོམ་པ་བཤིག་གིན་བཟང་། །གསུང་དུས་དཔེར་ན་ད་ལྟ་ངས་ཆོས་ཉིད་མངོན་སུམ་དུ་རྟོག་ཡོད་བསམ་རྒྱུའི་ཉམས་ཅིག་སྐྱེ་འོང་ན། དེ་ཤུན་པ་ལྟ་བུ་རེད་དུས་དེ་ཕར་བཤིག་བཞག་ན་དེ་ལས་གཏིང་ཟབ་ཙམ་དེ་ལས་ལྷག་ཙམ་ཞིག་སྐྱེ་འོང་གི་རེད། དཔེ་དེ་བཞིན་དུ་ཉམས་ཀྱི་ཤུན་པ་མང་པོ་ཅིག་བྲལ་དུས་ཆོས་ཉིད་ཀྱི་སྟེང་ལ་སླེབ་འགྲོ་གི་རེད། དཔེར་ན་མཉམ་མེད་དྭགས་པོ་རིན་པོ་ཆེའི་སྐུ་མདུན་ལ་བདེ་གཤེགས་ཕག་མོ་གྲུབ་པ་བཅར་འོང་དུས་ས་སྐྱའི་ལམ་འབྲས་ཡུན་རིང་པོ་བསྒོམས་སྟེ་ས་དང་པོ་ཐོབ་ཡོད་བསམ་རྒྱུའི་ཐུགས་ལ་ང་རྒྱལ་ཆེན་པོ་ཞིག་སྐྱེས་བསྡད་ཡོད་པ་རེད། ཕག་མོ་གྲུབ་པས་རྟོགས་འབུལ་ཞུས་ཏེ་ཁོང་ལ་ཉམས་མྱོང་འདི་ལྟ་བུ་ཡོད། ས་དང་པོའི་རྟོགས་པ་ཡིན་ཞུས་དུས། དྭགས་པོ་རིན་པོ་ཆེས་དེའི་ཉིན་བར་ལན་གང་ཡང་མ་གསུངས་པ་རེད། ཕར་ཕེབས་འགྲོ་དུས་དེའི་ཕྱིར་ཉིན་ནངས་པར་ནམ་ལང་དུས་དྭགས་པོ་རིན་པོ་ཆེའི་ཕག་མོ་གྲུབ་པར་ཤོག་གསུང་སྐད་གཏང་། སྐུ་མདུན་དུ་སོང་དུས་དྭགས་པོ་རིན་པོ་ཆེས་པག་ཅིག་བཞེས་བསྡད་ཀྱི་ཡོད། ཁྱེད་ཁ་སང་གི་ཉམས་ལེན་དེ་ས་དང་པོའི་རྟོག་པ་རེད་བསམ་གྱིན་འདུག་གམ་གསུང་རེད། བསམ་གྱིན་འདུག །ངས་ས་དང་པོའི་རྟོགས་པ་ཡིན་བསམ་ངེས་ཤེས་འདུག་ཞུས་རེད། ཁྱེད་རང་བླ་མ་ཡིན་ཡང་དེ་ལྟ་བུ་ས་དང་པོའི་རྟོགས་པ་རེད་གསུང་ཞལ་བཞེས་གནང་གི་འདུག་གིས་གསུང་། གནང་གི བླ་མས་ཀྱང་དེ་འདྲ་གསུང་གི་འདུག་གསུང་། དྭགས་པོ་རིན་པོ་ཆེས་ཕྱག་ནས་པག་རྡོག་རྡོག་དེ་ཡར་བཟུང་ནས་ཁྱོད་ས་དང་པོ་དེ་དང་། འདིའི་པག་འདི་གཉིས་ང་འདིའི་པག་འདི་དགའ་གསུངས་ནས་དབུགས་དབྱུང་ཞིག་མཛད་འོང་ལེ་རེད། དེའི་དབུགས་དབྱུང་མཛད་འོང་དུས་བཟུང་སྟེ་ས་དང་པོ་ཡིན་བསམ་རྒྱུའི་ང་རྒྱལ་དེ་ཕར་ཞིག་མཁན་འདྲ་ཞིག་རེད་དུས། སྔར་ལས་ལྷག་པའི་ཆོས་ཉིད་ཀྱི་ལྟ་བ་ཞིག་ཐུགས་ནས་འཁྲུངས་དུས་དྭགས་པོ་རིན་པོ་ཆེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ཏེ་མོས་གུས་བཅོས་མ་མ་ཡིན་པར་ཞིག་སྐྱེས་ལེ་རེད། དཔེ་དེ་བཞིན་དུ་རྣལ་འབྱོར་པའི་སྒོམ་དེ་ལ་ཕྱི་ནང་རིམ་པ་མང་པོ་ཞིག་ཉམས་ཀྱི་སྒོ་ནས་འོང་རྒྱུ་ཡོད་རེད། དེའི་ཕྱིར་ན་དེའི་ཉམས་དེ་ཐམས་ཅད་ཕར་དག་ནས་ཉམས་དེ་རེ་རེ་ཤར་འགྲོ་དུས་ཆོས་ཉིད་གདེང་ཇེ་ཟབ་ཀྱི་མཐར་ཐུག་དེ་རྟོགས་སོང་ན་རྫོགས་པ་ཆེན་པོ་ཟེར་ན་དེ་རེད་དུས། དཔེར་ན་ལུང་པའི་ཕུ་ནས་མར་ཆུ་ཞིག་འབབ་འོང་གི་ཡོད་ན་ཆུ་དེ་བྲག་གི་སྟེང་ནས་མར་མཐོ་ས་ནས་འབབ། ཆུ་དེ་མང་པོ་བརྡབ། ཐད་ཀ་ལྟ་བུའི་འོག་ལ་ཆུ་དེ་མང་པོ་ཀན་བཞག་ན་ཆུ་དེ་བཟང་རུ་བཟང་རུ་འགྲོ་གི་རེད། དཔེ་དེ་བཞིན་དུ་རྣལ་འབྱོར་པའི་ཉམས་མང་པོ་དེ་ཕྱི་ནང་མང་པོ་ཞིག་རྫོགས་སོང་ན་ཆོས་ཉིད་གཤིས་ཀྱི་ངོ་བོ་དེ་ན་སླེབས་འགྲོ་གི་རེད་དུས། དེ་ལྟར་ཟེར་བ་ལྟར་ཡིན་པས་ན་སེམས་གནས་ནའང་གནས་པའི་ཆ་དེ་ཕར་བཤིག །ཞི་གནས་ཀྱི་ཉམས་ཟེར་མཁན་དེ་བཤིག་དགོས་ཀྱི་རེད། སེམས་བདེ་མོ་རེད་ནས་བཟུང་སྟེ་འདི་ལྟ་བུའི་ངང་དུ་ཉིན་མཚན་འཁོར་ཡུག་ཏུ་བསྡད་བསྡད་ན་སུན་པ་མི་འདུག་བསམ་འོང་ན། དེའི་ཉམས་དེ་བདེ་བའི་ཆ་ལ་ཞེན་ལེ་རེད། དེའང་ཕར་བཤིག་དགོས་ཀྱི་རེད། གསལ་བའི་ཉམས་བྱས་ན་རི་བྲག་ཟང་ཐལ་དུ་ཤར། མངོན་ཤེས་ཤར། གཞན་གྱི་རྣམ་རྟོག་གང་དྲན་ནའང་ཤེས་བསམ་མཁན་ཞིག་ཡོད་ན་དེ་ཡང་ཕར་བཤིག་དགོས་རེད། དེ་ལྟ་བུའི་ཡང་ཡང་བཤིག །དེ་བཤིག་དུས་དཔེར་ན་བུམ་པ་ཐོ་བས་བཅོམ་པ་འདྲ་ཞིག་བཤིག་རྒྱུ་ཡོད་རེད་ཟེར་ན་ཡོད་མ་རེད། དེ་ཡང་ཇི་ལྟར་བཤིག་ཅེ་ན། སེམས་གནས་པ་ཡིན་ནའང་འདྲ། བདེ་བ་ཡིན་ནའང་འདྲ། གསལ་བ་ཡིན་ནའང་འདྲ། དེའི་ཉམས་སྐྱེས་བསྡད་པའི་ཚེའང་ཟེར་དུས་ཉམས་སྐྱེ་བ་དེའི་སྐབས་ཀྱི་ཚེ་ན་ང་གནས་ཀྱི་འདུག། བདེ་ཀྱི་འདུག། གསལ་གྱི་འདུག་བསམ་རྒྱུའི་དགའ་སྤྲོ་ཆེན་པོ་དང་། ད་ལྟ་དཔེ་ཞུས་པ་ལྟ་བུ་ང་ས་དང་པོའི་རྟོག་པ་ཡིན་བསམ་རྒྱུའི་ང་རྒྱལ་གྱི་རློམ་སེམས་ཆེན་པོ་དང་། གྲུབ་ཐོབ་གོང་མ་རྣམས་དང་རྟོགས་པ་མཉམ་འོང་བསམ་པའི་སྐྱིད་སྣང་ལ་སོགས་པ་འཆར་བ་དེ་ཡི་ཚེ་ན། སྡུད་བྱེད་ཐབས་ཀྱི་ཡི་གེ་ཕ་དང་། གཅོད་བྱེད་ཤེས་རབ་ཀྱི་ཡི་གེ་ཊ་གཉིས་ཟུང་དུ་འཇུག་པར་གྱུར་པའི་ད་ཡར་རྒྱབ་དྲག་ལ་ངར་ཐུང་དེ་རེད་དུས་ཕཊ་སྒྲ་དྲག་པོ་ཐོག་ལྷུང་བ་ཅིག་ཉམས་དེ་ལ་དམིགས་གཏད་བྱས་ཏེ་ཕཊ་དེ་རྒྱབ་བཞག་ན་ཉམས་ཀྱི་ཤུན་པ་ཐར་གྱིས་གཏོར་དགོས་པ་ཡིན། དེ་ཐར་གྱིས་གཏོར་བར་གྱུར་པ་དེ་ལ་ཐབས་ཤེས་ཡི་གེ་གློ་བུར་འབེབས་གསུང་། དཔེར་ན་ད་ལྟ་ཕག་མོ་གྲུབ་པའི་ཐུགས་ཀྱི་ང་རྒྱལ་དེ་དྭགས་པོ་རིན་པོ་ཆེས་དབུགས་ཅུང་བཞེས་འོང་རྒྱུ་དེས་ཕར་བཤིག་སོང་རེད། དཔེ་དེ་ལྟའི་ཉམས་མྱོང་དེ་བཤིག་སོང་ན་དེའི་ཉམས་མྱོང་རྗེན་པའི་སྟེང་ལ་བཤད། དེ་ལྟར་ཉམས་མང་པོ་ཤར་བ་ཕར་བཤིག། དེའི་ཉམས་མྱོང་གི་གནད་དང་མ་བྲལ་པའི་ངང་དུ་གཅིག་བཤིག་གཉིས་བཤིག་བཟང་རུ་བཟང་རུ་འགྲོ་ནས་གདེང་ཐོབ་འོང་གི་རེད། ཉམས་མཐོན་པོ་ལ་ག་ཚོད་ཤར་ནའང་སྟོང་གསུམ་ཐམས་ཅད་ལག་མཐིལ་ལྟར་དུ་གཟིགས་བསྡད་ནའང་དེ་ལ་ཉམས་མཐོན་པོ་ཤར་ནའང་བཤིག་ཚར་ན་དེ་འཛིན་པ་ཡོད་ཀྱི་མ་རེད། ང་རྟོགས་པ་མཐོན་པོ་རེད་བསམ་འཛིན་པ་མེད་ན་བདུད་ཞུགས་ཀྱི་མ་རེད། ན་ཚ་གདོན་བགེག་རྐྱེན་ངན་ལ་སོགས་པ་ག་ཚོད་ཆེ་ནའང་དེ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ཡིན་ངོ་ཤེས་ཚར་ནས་བཟུང་སྟེ། དེའི་ད་ལྟ་འདྲ་ཅིག་ང་ཆོས་སྒྲུབ་མཁན་ཡིན། འདི་ལྟ་བུ་འོང་འོས་མིན། འོང་བབས་མེད། ན་བ་ཚ་བ་བསམ་རྒྱུའི་སྡུག་བསྔལ་ཡོད་ཀྱི་མ་རེད། དེ་ལྟ་བུའི་གནད་དང་མ་བྲལ་བའི། འགྱུར་མེད་ཀྱི་ངོ་བོ་དེ་རིག་པ་ཟང་ཐལ་ལེ་བ་ཟེར་དུས་དཔེར་ན་རི་མཐོན་པོ་གཅིག་གི་རྩེ་ལ་ནམ་མཁའ་ལ་བལྟས་བཞག་ན་དྭངས་སིང་ངེ་འདྲ་ཞིག་ཡོང་གི་རེད་དུས། དེའི་ངོ་བོ་ན་དུས་དང་རྣམ་པ་ཐམས་ཅད་དུ་སྐྱོང་བ་ལ། རྫོགས་པ་ཆེན་པོ་འདི་ལ་མཉམ་བཞག་གི་བསྒོམ་བྱ་རེད་ཟེར་བ་གཅིག །རྗེས་ཐོབ་ཀྱི་བསྒོམ་བྱ་རེད་ཟེར་སོ་སོར་ཡོད་ཀྱི་མ་རེད། མཉམ་བཞག་གི་ལྟ་བ་ལ་ཆོས་ཉིད་ཀྱི་ལྟ་བ་དེ་རེད། རྗེས་ཐོབ་ཀྱི་ལྟ་བ་ལ་ཆོས་ཉིད་ཀྱི་ལྟ་བ་དེ་རེད། དཔེར་ན་རྗེ་བཙུན་མི་ལས། ང་འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་གྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །གསུངས་ལེ་དེ་རེད། དེའི་ཕྱིར་ན་མཉམ་རྗེས་དང་སྒོམ་པ་ཐ་དད་དུ་མེད་པས། མཉམ་བཞག་རྗེས་ཐོབ་ཐ་དད་མེད། དེའི་ཕྱིར་ན་ཐུན་གྱི་ངོ་བོ་སྒོམ་དང་། ཐུན་མཚམས་སྤྱོད་ལམ་གྱི་དུས་སྒོམ་བཟང་ངན་སོ་སོར་མེད་དེ། ཐུན་དང་ཐུན་མཚམས་དབྱེ་བ་མེད། དེ་ལྟར་མི་སྒོམ་པའི་སྒོམ་པ་ཆེན་པོ་རང་གནས་ཕྱལ་བའི་ཡེ་ཤེས་ཆེད་དུ་འབད་རྩོལ་མི་དགོས་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དེ་ལ་སྒོམ་གྱིན་ཡོད་ཟེར་ན་དམིགས་གཏད་ཀྱི་སྒོམ་པ་ཏིལ་འབྲུ་ཙམ་ཞིག་ཡོད་ཀྱི་མ་རེད། བསྒོམ་རྒྱུ་སྤུ་ཙམ་ཡང་མེད་པས་ཡེངས་རྒྱུ་སྐད་ཅིག་ཀྱང་མེད་པས་ན། ཇི་སྐད་དུ། སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བས། །ཟེར་དུས་དེ་ཆོས་ཉིད་ཀྱི་དོན་གྱི་ལྟ་བ་དེ་ངོ་ཤེས་ཚར་ན་དམིགས་གཏད་ཀྱི་སྒོམ་པ་ཞིག་གཏན་ནས་མེད་པས་མི་སྒོམ་ཟེར་མི་སྒོམ་ཐ་མལ་གྱི་ཤེས་པའི་ཏིང་ངེ་འཛིན་དང་འབྲལ་ཨེ་ཡོད་ཟེར་ནའང་འབྲལ་ཡོད་མ་རེད། མི་སྒོམ་གཉུག་མ་ངང་བཞག་གི་དོན་དང་མཉམ་རྗེས་ཀུན་ཏུ་མི་འབྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངང་དུ་རྟག་པར་རྒྱུན་དུ་གནས་པ་ཚུལ་བཞིན་དུ་ཤེས་པར་བྱ་བ་དེའི་དོན་དེ་ཁོག་ཏུ་ཚུད་ནས་དེ་ནི་རང་བཞིན་རྫོགས་པ་ཆེན་པོའི་རང་ལམ་སྒྲ་ཇི་བཞིན་པའི་སྣོད་དུ་གྱུར་པས། དཔེར་ན་གཅན་གཟན་སེང་གེའི་འོ་མ་དེ་གསེར་གྱི་སྣོད་ཅིག་མེད་དུས་འོ་མ་དེ་འཛིན་ནུས་ཀྱི་མ་རེད། ས་ལ་སོགས་པའི་སྣོད་དུ་བླུག་ན་དེ་ཆག་འགྲོ་གི་རེད། དཔེ་དེ་བཞིན་དུ་བཟུང་སྟེ། རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་མན་ངག་བསྟན་འོང་དུས་དེ་ལ་ལོག་ལྟ་དང་ཐེ་ཚོམ་མི་བྱ་བར་ཚུལ་བཞིན་དུ་ཉམས་སུ་ལེན་པའི་སྣོད་དུ་གྱུར་ཞིང་། ཐོས་གྲོལ་ཅིག་ཆར་བའི་རིགས་ཅན་དེ་ཡིན་ནས་བཟུང་སྟེ་གདམ་ངག་ཐོས་པ་མཉམ་དུ་གྲོལ་ཐུབ་མི་ཅིག་ཆར་བའི་རིགས་དེ་ཡིན་ན་ཆོས་ཉིད་ཀྱི་ངོ་བོ་དེ་མངོན་སུམ་དུ་གྱུར་ཏེ་རྟོགས་ཚར་བ་དང་མཉམ་དུ་ཕྱི་སྣང་བ་ཡུལ། ནང་འཛིན་པ་སེམས་གཉིས་ཆགས་སྡང་རྨོངས་གསུམ་ཐམས་ཅད་གཞི་གྲོལ་ཆེན་པོ་རུ་འཆར་ནས་སྣང་བ་ཅི་ཤར་ནའང་ཆོས་སྐུའི་ཡོ་ལང་སྟེ་ཆོས་སྐུའི་རང་བཞིན་དུ་གྱུར་ནས་དངོས་སུ་བསྒོམ་བྱ་སྒོམ་བྱེད་ཀྱི་དམིགས་གཏད་མེད་ཀྱང་། ཆོས་ཉིད་དེའི་གཤིས་དེ་ལས་གཞན་པའི་རྣམ་པར་རྟོག་པ་འཁྲུལ་པའི་གཞན་དབང་དུ་གྱུར་ནས། དབྱེར་མེད་པ་ཡིན་ནའང་དེ་ལས་གཞན་པའི་དཔེར་ན་རྣམ་རྟོག་འཁྲུལ་པའི་དབང་དུ་གྱུར་ན་གསུངས་ཏེ། སངས་རྒྱས་ཀྱི་དཔེར་ན་སྒོམ་ཆེན་ཁྱི་ལྟ་བུ་དང་། སེང་གེ་ལྟ་བུ་གཉིས་ཡོད་གསུང་རེད། ཁྱི་ལྟ་བུ་ཡིན་ན་དཔེར་ན་ཁྱི་ལ་རྡོ་གཞུས་ན་རྡོ་ཡི་རྗེས་སུ་དེད་འོང་ལེ་མ་གཏོགས་རྡོ་འཕེན་པའི་མི་ལ་ཚུར་བལྟ་ཤེས་ཀྱི་མ་རེད། སེང་གེ་ལ་རྡོ་གཞུས་ནས་བཟུང་སྟེ་རྡོ་ཡི་རྗེས་སུ་མི་དེད་པར་རྡོ་འཕེན་མཁན་གྱི་མི་དེ་ག་ན་འདུག་ལྟ་འོང་ན་སེང་གེ་ལ་རྡོ་གཅིག་མ་གཏོགས་གཞུ་ཐུབ་མ་རེད། ཁྱི་ལ་རྡོ་མང་པོ་གཞུ་གི་རེད། དཔེ་དེ་བཞིན་དུ་ད་ལྟ་ང་ཚོ་འདྲ་ཅིག་སེམས་རྣམ་རྟོག་ཤར་བའི་ཚེ་ན་རྣམ་རྟོག་ཡིན་པ་དེ་ལ་མི་བལྟ་བར་རྣམ་རྟོག་གི་རྗེས་ལ་འཇུག་འགྲོ་དུས་རྣམ་རྟོག་གཞན་པས་དབང་དུ་བསྒྱུར་ནས། རིམ་གྱིས་གང་ཟག་འཁྲུལ་པའི་དབང་དུ་གྱུར་ཏེ་ཆོས་ཉིད་གཉུག་མའི་ངོ་བོ་དེ་ཚུལ་བཞིན་དུ་ངོ་མི་ཟིན། ངོས་ཟིན་ནའང་འཁྲུལ་པའི་རྣམ་རྟོག་གིས་སྒྲིབ་འགྲོ་བའི་གང་ཟག་དེ་ལ་ཉམས་ལེན་གྱི་བརྟན་པ་མ་ཐོབ་བར་དུ་སྒོམ་པའི་གནད་དེའང་རང་བཞིན་གྱི་རྣམ་གཡེང་དང་འདུ་འཛི་ཆེན་པོ་ཡོད་པ་གཅིག་ལ་བསྒོམས་ཀྱང་ཕན་གྱི་མ་རེད་དུས་ཏིང་ངེ་འཛིན་ཚུལ་བཞིན་དུ་སྐྱེས་པ་ལ་ནི་རྒྱུ་ཚོགས་ཐམས་ཅད་ཚང་དགོས་ཟེར། དཔེར་ན་མར་མེ་གཅིག་མཆོད་ཡོད་ན་དེ་ལ་རླུང་མེད་པ་དང་། གལ་ཏེ་རླུང་ཡོད་ནའང་ཤེལ་གྱི་ཁང་པ་ལྟ་བུ་ཞིག་གི་ནང་ལ་བཞག་བཞག་ན་དེ་རླུང་དེས་ཤི་ཐུབ་ཀྱི་མ་རེད། དཔེ་དེ་བཞིན་དུ་བཟུང་སྟེ་བསམ་གཏན་རྒྱུད་ལ་སྐྱེ་བའི་རྒྱུ་ཚོགས་ཐམས་ཅད་ཚོགས་སོང་ན་གང་ཟག་གི་རྒྱུད་དེ་ལ་ཉམས་ལེན་ཉམས་མྱོང་དེ་སྐྱེས་འོང་དུས་ཉམས་མྱོང་སྐྱེ་བར་མྱུར་ཞིང་། འདུ་འཛི་དང་རྣམ་གཡེང་གི་ཁྲོད་དུ་ཅི་ཙམ་བསྒོམས་ཀྱང་བརྩོན་ཀྱང་ཉམས་མྱོང་རྒྱུད་ལ་མི་སྐྱེ་བས་ན་འདུ་འཛི་སྤོང་ནས་ཟེར། འཇིག་རྟེན་ཚེ་འདིའི་བྱ་བཞག་ནོར་གསོག་པ། ཚོང་བུ་ལེན་བྱེད་པ། ངོ་ཤེས་མང་པོ་སྒྲིག་པ་ལ་སོགས་པ་སྤངས་ནས་བསྒོམ་པ་གཅེས། དེ་ལྟར་བསྒོམ་པར་གྱུར་པའི་ཚེ་ནའང་། ཁ་སང་གོང་དུ་བཤད་པ་བཞིན་དུ་མཉམ་བཞག་གི་ཉམས་ལེན་དང་། རྗེས་ཐོབ་ཀྱི་ཉམས་ལེན་བཟང་ངན་གཉིས་སུ་ཐ་དད་མེད་ཀྱང་། དང་པོ་མཉམ་བཞག་གི་སྐབས་ནས་རང་ས་ཟིན་ཏེ་ངོ་ལྟ་ས་༼བ༽་དེ་ལ་གདེང་འདྲ་ཞིག་མ་ཐོབ་ན་ཉམས་མྱོང་གི་ཡེ་ཤེས་མཉམ་བཞག་གི་ལྟ་བའི་ཏིང་ངེ་འཛིན་རྒྱུད་ལ་ཡོད་པ་དེ་རྗེས་ཐོབ་ཀྱི་སྐབས་ལ་གཡུག་མི་བཞག་རྒྱུན་དུ་ཡོད་ན་རྗེས་ཐོབ་ཀྱི་ཟ་ཉལ་འགྲོ་འདུག་དང་ངོ་ཤེས་པའི་མི་དང་འཕྲད་པ། སེམས་དགའ་བ། ཡང་མི་འདོད་པའི་མི་དང་འཕྲད་པ་དེའི་སྐད་ཆ་བྱུང་སྟེ་སེམས་མི་དགའ་བ་སྐྱེས་པ་དེ་མཉམ་བཞག་གི་ཉམས་མྱོང་དེ་མར་གསལ་འོང་ན། ཆགས་སྡང་གི་ལས་མི་གསོག་པ་འཁྲུལ་པ་རང་ཞི་རང་གྲོལ་དུ་འགྲོ་གི་རེད། མཉམ་བཞག་དེའི་སྐབས་ལ་སྒོམ་ཡོད་མདོག་འདྲ་ཞིག་བྱས། རྗེས་ཐོབ་ཀྱི་སྐབས་ལ་དེ་ཕར་གཡུག་བཞག་ན། སྤྱོད་ལམ་ཐ་མལ་ཤོར་བའི་སྒོམ་ཆེན་ནི། །ནམ་ཡང་རང་རྒྱུད་གྲོལ་བའི་དུས་མེད་པས། །ཟེར་རེད། དེའི་ཕྱིར་ན་སྤྱོད་ལམ་རྒྱུན་གྱི་ལམ་འཁྱེར་ལ་འབད་པར་བྱས་ནའང་རང་གི་ཅིག་བྱེད་ཀྱི་ཡོད་བསམ་པའི་རློམ་སེམས་ལྟ་བུ་མ་གཏོགས་ཉམས་ལ་མ་ཕན་པ་དེ་ལ་སྤྱི་འབྱམས་གཤིས་ཤོར་ཟེར་བ་དེའི་གཤིས་ཤོར་གྱི་གོམ་པ་ལྡང་བ་ཡིན་པས་ན། ཉམས་ལེན་ཐུན་དུ་བཅད་པ་བྱ། དེ་ལྟར་ཉམས་སུ་ལེན་པ་ཐུན་དུ་བཅད་ནས་མཉམ་བཞག་གི་ངོ་བོ་སྐྱོང་བའི་བློ་གཏད་འཕེལ་བ་ལྟ་བུའི་ཉམས་ལེན་ཡོད་ཀྱང་ཟེར། ཉམས་ལེན་ཐུན་བཏང་སྟེ་སྒོམ་བསྡད་པའི་སྐབས་ཡིན་ན་མཉམ་བཞག་གི་ངོ་བོ་འདི་འདྲ་ཞིག་འདུག་བསམ་ནས་ངོ་ཤེས་པ་ཡོད་ཀྱང་། དེ་རྗེས་ཐོབ་ཀྱི་སྤྱོད་ལམ་དང་བསྲེས་པས་རྒྱུན་དུ་སྐྱོང་མ་ཤེས་ན། དེ་ནམ་ཞིག་རྐྱེན་དང་འཕྲད་ཚེ་ཆོས་པའི་མཚང་རྟགས་སྟོན་ཟེར་མཁན་དེ་རེད་དུས། གཉེན་པོའི་རྐྱེན་མི་ཐུབ་སྟེ་འདོད་པའི་ཡུལ་ལ་ཆགས་པ་དྲག་པོ་སྐྱེ་འོང་བའི་རྐྱེན། དཔེར་ན་ཟས་དང་ནོར་ལ་སྲེད་པ་ལ་སོགས་ཡོད་དེ་མཚན་གཉིད་འགྲོ་བ་ལྟ་བུ་དང་། མི་འདོད་པའི་ཡུལ་ལྡང་བས་ཞེ་སྡང་ལྟ་བུ་སྐྱེས་པའི་ཚེ་ན་རྣམ་རྟོག་རྐྱེན་གྱིས་ཁྲིད་ནས་ཆོས་ཉིད་ཀྱི་ངོ་བོ་དེ་བརླན། གང་ཟག་དེ་ཐ་མལ་པར་འཆོར་ནས་འཆོར་བར་གྱུར་པ་ཡིན་པའི་ཕྱིར་ན་རྗེས་ཐོབ་ཀྱི་ཤེས་པ་དེ་ལའང་མཉམ་བཞག །ཉམས་མྱོང་གི་རྩི་དེ་དང་མ་བྲལ་བས་བཟང་རྐྱེན་ངན་རྐྱེན་ཐམས་ཅད་ལམ་དུ་འཁྱེར་བའི་ཟང་ཐལ་དུ་སྐྱོང་བ་གལ་ཆེ་བ་ཡིན་པས་ན། དུས་དང་གནས་སྐབས་ཐམས་ཅད་དུ། དེ་ཡི་ཚེ་ཡང་རྗེས་ཐོབ་ལས་གྲོལ་བྱེད་ཀྱི་ཐབས་དེ་ལའང་བསྒོམ་བྱ་གཞན་ཞིག་འཚོལ་མི་དགོས་ཀྱི། མཉམ་བཞག་གི་ཆོས་སྐུའི་ལྟ་བ་ཉམས་མྱོང་ཡོད་པ་དེ་རྗེས་ཐོབ་ཀྱི་སྐབས་ལའང་དེ་བརྗེད་འགྲོ་བ་དང་། ཡེངས་འགྲོ་བ་དང་། འཁྲུལ་འགྲོ་བ་ལྟ་བུ་མ་འབྲལ་བའི་ངང་ནས་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་དང་། དགེ་སྡིག་གི་རྣམ་རྟོག་ཐམས་ཅད་མེད་པ་ཡག་པོ་ཞིག་ཤར་ན་འདིའི་འགྲིག་གི་འདུག་བསམ། སྡུག་པོ་རྣམ་རྟོག་མང་བ་ལ་སོགས་པ་བྱུང་ན། ཡང་སྒོམ་ཤེས་ས་མ་རེད་བསམ་སེམས་སྦུ་སུག་དོག་པོ་ལྟ་བུ་དེ་མི་བྱ་བར་ཚུལ་བཞིན་དུ་ཉམས་སུ་ལེན་པ་ཡིན་པ་དགེ་བསམ་༼ཉམས་སུ་ལེན་དགོས་བསམ་༽རྒྱུའི་ངེས་ཤེས་ཐོབ་ནའང་དེ་ལ་རློམ་སེམས་དང་ཆགས་པ་སྤོངས། རང་ཞི་རང་གྲོལ་བྱེད། ཉམས་ལེན་ཉོན་མོངས་དང་རྐྱེན་ངན་ལ་སོགས་པ་མང་པོ་བྱུང་ནའང་དེ་ལ་སྡང་བློ་མི་བྱ་བ་ཆོས་ཉིད་ཀྱི་རོལ་པ་ཤེས་པའི་རྩིས་མེད་རང་ཡན་གྱི་ངང་དུ་དགག་སྒྲུབ་མེད་པ་ཆད་ཆོད་ཡད་ཡུད་གསུང་དུས་དུམ་བུ་དུམ་བུ་བྱས་ནས་ག་ཚོད་སྒོམ་ཐུབ་ཐུབ་བསྒོམ། དེ་འདྲ་བྱས་དུས་ལྟ་བའི་སྐྱོང་བ་ཡིན་པས་ན། ཆོས་སྐུ་གཅིག་པོའི་ཡོ་ལང་བསྐྱང་། །དེ་ལྟ་བུའི་ཉམས་ལེན་དེ་ཉིད་ལ་ཁ་སང་གོང་དུ་བཤད་པ་ལྟར་དུ་ལྟ་བ་ཀློང་ཆེན་རབ་འབྱམས་ཀྱི་སྐོར་དེ་ཉམས་ལེན་བྱེད་ཡུལ་ལྟ་བུ་གྱུར་འགྲོ་དུས། སྒོམ་པ་མཁྱེན་བརྩེའི་འོད་ཟེར་ལ་ཞེས་བརྩེ་བའི་སྙིང་རྗེ་ཆེན་པོ་དང་། མཁྱེན་པའི་ཡེ་ཤེས་གཉིས་སྐྱེས་འོང་རྒྱུ་དེ། བརྩེ་བའི་སྙིང་རྗེ་དེ་ཞི་གནས། མཁྱེན་པའི་ཡེ་ཤེས་དེ་ལྷག་མཐོང་ཡིན་གསུང་། དོན་དུ་རྣམ་གྲངས་ཙམ་དུ་དེ་ལྟར་གསུང་བ་རེད་མ་གཏོགས་གཞི་འབྲས་དབྱེར་མེད་གཞི་ལྷུན་ཟུང་འཇུག་ཏུ་བསྒོམ་པས་དེ་ནམ་ཞིག་སྤྲོས་བྲལ་གཉུག་མའི་རྣལ་འབྱོར་མ་བཅོས་ལྷན་ཅིག་སྐྱེས་པ་ཆོས་ཉིད་ཀྱི་རང་ངོ་མཐོང་སྟེ། དེ་མ་བརྗེད་པར་སྐྱོང་བ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ཐམས་ཅད་ཀྱི་ཉམས་ལེན་གྱི་སྙིང་པོ་དབང་བཞི་པ་དོན་གྱི་ཡེ་ཤེས་དེ་སྔ་ཡན་ཆད་གྲུབ་ཐོབ་རིག་པ་འཛིན་པ་ཐམས་ཅད་ཀྱི་འདི་ཉམས་ལེན་བྱས་ཏེ་སངས་རྒྱས་སོང་བ་རེད། སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་ཁྱད་ཆོས་རྒྱ་བོད་གསར་རྙིང་གི་གྲུབ་བརྙེས་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱི་དགོངས་པ་རྨ་མེད་པའམ་སྐྱོན་མེད་པ་ཡིན་པས་ན་དེ་ཉིད་རང་གི་ཆོས་ཉིད་ཀྱི་གཤིས་ལུགས་སྒྲ་ཇི་བཞིན་དུ་རྒྱུད་ལ་སྐྱེས་པ་ཡིན་པས་ན། དེ་ཡིན་པ་ལ་ཡིན་པར་ཡིད་ཆེས་ཀྱི་བློ་ཐག་རྦད་ཀྱིས་བཅད་ཐུབ་དགོས། ཐག་ཆོད་དེ་མེད་ནས་བཟུང་སྟེ་ཆོས་ཉིད་ཀྱི་རང་ངོ་སྐྱོང་མི་ནུས་པ། རེས་འགའ་བསྐྱེད་རིམ་སྒོམ་མཁན་འདྲ། རེས་འགའ་གཏུམ་མོ་སྒོམ་མཁན་འདྲ། ཡང་རེས་འགའ་ཚོགས་བསག་སྒྲིབ་སྦྱོང་བྱེད་མཁན་འདྲ། དེ་འདྲ་བྱས་བསྡད་ན་ནང་གི་ཡེ་ཤེས་དེ་ལ་ཉམས་མྱོང་བོགས་འཐོན་རྒྱུ་ཡོད་མ་རེད་དུས། མན་ངག་གཞན་ལ་དེ་ལྟར་བྱ་དགོས་བསམ་རྒྱུའི་འགྲམ་ཆུ་མི་ལྡང་བར་མ་བྱས་ན། དཔེར་ན་མི་གླེན་པ་ཞིག་གི་གླང་པོ་ཆེ་ཞིག་ཁྱིམ་དུ་བཞག། མུན་པའི་ནང་ལྟ་བུ་ལ་ཕྱིན་ནས་མ་མཐོང་བས་ངའི་གླང་པོ་ཆེ་བརླགས་སོང་བསམ་སྟེ། ཁོ་ཐག་རིང་པོར་མང་པོ་འགྲོ་དུས་ནགས་ཚལ་གྱི་ནང་ལ་གླང་པོ་ཆེ་བསྡད་ཡོད་དུས་རྗེས་མང་པོ་ཡོད་ཀྱི་རེད། གླང་པོ་ཆེ་དེ་རྣམས་ཀྱི་རྐང་པའི་རྗེས་མཐོང་ཡོང་དུས་དེ་ན་ཡོད་པ་འདྲ་བསམས་ནས་བཙལ་བསྡད་ན་རྙེད་རྒྱུ་ཡོད་མ་རེད། དཔེ་དེ་བཞིན་བློས་བྱས་ཀྱི་སྒོ་ནས་བཅོས་མའི་གཟེབ་ཏུ་ཆུད་སོང་དུས་དཔེར་ན་བྱིའུ་གཅིག་ཡིན་ན་སྨྱུག་མའི་གཟེབ་ཀྱི་ནང་དུ་བཅུག་བཞག་ན། དེའི་བྱིའུ་དེ་གཞན་དུ་འགྲོ་ཤེས་འཕུར་ཤེས་ཀྱི་མ་རེད། དཔེ་དེ་བཞིན་དུ་བློས་བྱས་ཀྱི་བཅོས་མ་དང་བཅས་པ་ནི་འཁྲུལ་པའི་གཟེབ་ཏུ་ཆུད་ནས་ཆོས་ཉིད་ཀྱི་ཀློང་ནས་གྲོལ་བའི་དུས་མེད་པས་ན་རང་གི་ཉམས་ལེན་རིག་པ་རྗེན་ཅེར་དུ་སྐྱོང་བར་གྱུར་པ་འདི་ལ་བློ་ཐག་རྩེ་གཅིག་ཏུ་ཆོད་དགོས་པ་ཡིན་པས་ན། དེ་ལས་གཞན་མེད་ཁོ་ཐག་བཅད། དེ་ལྟར་ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་དེ་ཉིད་སེམས་ཀྱི་འཁྲུལ་པ་དང་ཉམས་ཀྱི་ཞེན་པ་ལ་སོགས་པ་གང་གིས་ཀྱང་མ་བསླད་པར་འཁྲུལ་མ་མྱོང་བའི་སངས་རྒྱས་ནི་གནས་ལུགས་ཀྱི་རང་ངོ་ཤེས་པའི་དོན་གྱི་སངས་རྒྱས་དེ་རང་གི་སེམས་དེ་ཡིན་པར་ངེས་ཤེས་འདྲོང་དགོས་པ་རེད། འདི་ཡིན་གྱི་མ་རེད་མ་འོངས་པ་ན་སངས་རྒྱས་འདྲ་རེད་འོང་། ད་ལྟ་རེད་མི་ཡོང་བསམ་ནས་ཐག་མ་ཆོད་ན་དེ་སངས་རྒྱས་ཡིན་པར་ངེས་ཤེས་འདྲོང་ཐུབ་ཀྱི་མ་རེད་དེ། མིན་ནའང་བླ་མ་དང་གདམས་ངག་གི་ནང་ནས་སངས་རྒྱས་ཡིན་བསམ་གསུངས་འདུག་གེ །སངས་རྒྱས་དེ་སེམས་དེ་ལས་གཞན་ཞིག་མ་ཡིན་པར་ངེས་ཤེས་གཏིང་ནས་སྐྱེས་ཏེ། ཆོས་སྐུ་ཀུན་ཏུ་བཟང་པོ་དེ་རང་གི་རིག་པ་མ་བཅོས་པའི་ངང་འདི་ཡིན་བསམ་ཐག་བཅད་དེ་ཉམས་མྱོང་དེ་ཡི་རྒྱུན་མཉམ་བཞག་རྗེས་ཐོབ་ཉིན་མཚན་དུས་དང་རྣམ་པ་ཀུན་ཏུ་བརྗེད་པ་མེད་པར་སྐྱོང་བ་གནད་ཀྱི་གསང་ཚིག་གཉིས་པ་ཡིན་པས་ཐག་གཅིག་ཐོག་ཏུ་བཅད་ཟེར་མཁན་དེ་རེད། ཆོས་ཉིད་ཀྱི་ལྟ་བ་དེ་འཁོར་འདས་ཐམས་ཅད་ཀྱི་སྲོག་འདྲ་ཞིག་རེད་བསྡད་ཡོད་རེད། དེའི་སྲོག་འདྲ་བོ་དེ་ངོས་ཟིན་ཚར་ན་འཁོར་བ་ལ་རང་གི་ཅི་བསམ་པ་བཞིན་དུ་སྤྲུལ་བསྒྱུར་ཐུབ་ཀྱི་རེད། མྱ་ངན་ལས་འདས་པ་ཐམས་ཅད་ལའང་རང་གི་རིག་པའི་ངང་ལ་རང་ཤུགས་ཀྱིས་རྫོགས། ཡོན་ཏན་ཐམས་ཅད་རང་ཤུགས་ཀྱིས་སྐྱེ་བ། དཔེར་ན་གུ་རུ་རིན་པོ་ཆེ་ལྟ་བུ་ཞིག་རེད་པ་ཡིན་པས་ན། འདི་ལྟ་བུ་ཡིན་ནས་བཟུང་སྟེ་ཡང་ཉན་ཐོས་དང་རང་རྒྱལ་ལྟ་བུ་དང་། རྟོག་གེའི་རིགས་ཐམས་ཅད་ལ་འདི་འདྲ་གོ་སོང་ན་བློ་ཁོག་ཏུ་འགྲོ་གི་མ་རེད་དུས། དེ་རྣམས་ལ་སྦ་བར་བྱ་བ་ཡིན་པའི་ཕྱིར་ན་གསང་ཚིག་ཟེར། ལྟ་བ་ཀློང་ཆེན་རབ་འབྱམས་སོང་ཚར་ཏེ། ད་ལྟ་སྒོམ་པ་མཁྱེན་བརྩེའི་འོད་ཟེར་ཞེས་པ་དེ་བཤད་པ་ཡིན་པས་འདི་ཉམས་ལེན་གནད་དུ་འགྲོ་བ་གལ་ཆེ་བས་ན་ཐག་གཅིག་ཐོག་ཏུ་བཅད་པ་ཞེས་བྱ་བ་དེའི་གནད་གཉིས་པ་བསྟན་པས་སྒོམ་པས་ཉམས་སུ་ལེན་བྱ་ཡིན་ནོ། །
༈ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་གི་ཁྲིད་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་བཅས་པའི་སྒོ་ནས་གསན་པར་གནང་བར་ཞུ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་དེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཉམས་སུ་ལེན་པའི་ལམ་གྱི་གནད་ཐམས་ཅད་ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་གཅད་པ། གདེང་གྲོལ་ཐོག་ཏུ་བཅའ་བ་གསུམ་གྱི་སྒོ་ནས་ལྟ་བ་སྒོམ་པ་སྤྱོད་པ་གསུམ་བསྟན་ཏེ་བསྡུས་པར་གྱུར་པ་ཡིན་པའི་ཕྱིར་ན། ངོ་རང་ཐོག་ཏུ་སྤྲད་པ་དང་། ཐག་གཅིག་ཐོག་ཏུ་བཅད་པ་གཉིས་ཀྱི་ཁྲིད་ཀྱི་རིམ་པ་ཕུལ་ཟིན་ཏེ། དེ་རིང་གི་སྐབས་སུ་བབས་པ་གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་སྤྱོད་པའི་མན་ངག་གཙོ་བོར་བསྟན་པ་ཡིན་ལ། སྤྱོད་པ་ཟེར་མཁན་དེ་གང་རེད་ཟེར་ན། རྣམ་རྟོག་གློ་བུར་གྱི་ཆོས་འདི་ད་སྔ་འཁྲུལ་གྲོལ་ཐམས་ཅད་བྱས་སོང་ཚེ་རེད། རྣམ་རྟོག་དེ་ཆོས་ཉིད་ཀྱི་ཀློང་དུ་གྲོལ་སོང་ན། རྣམ་རྟོག་ཤར་ནའང་ལས་བསགས་ནུས་ཀྱི་མ་རེད་དུས། དེའི་ཕྱིར་ན་ད་ནི་དེ་དག་གི་ཚེ་ན་གྲོལ་ལུགས་ཀྱི་གདེང་ཡོད་ན་རྣམ་རྟོག་ཤར་ཡང་ཉེས་པ་ཡོད་མ་རེད། དེའི་ཕྱིར་ན་གདེང་མེད་ནས་བཟུང་སྟེ་སེམས་གནས་ངལ་གསོའི་སྒོ་ཙམ་ཟེར། ད་ལྟ་རྨོངས་པ་ཕལ་ཆེར་གྱི་ཅི་ཡིན་ན་སེམས་ཀྱི་ངོ་བོ་ཟེར་མཁན་དེ་ལ་རྣམ་རྟོག་མི་འཕྲོ་བ་ཐིབ་བེ་གནས་བསྡད་ན་དེ་ཡག་པོ་ཡིན་རྒྱུ། རྣམ་རྟོག་མང་པོ་ཤར་འོང་ན་སྡུག་པོ་ཡིན་ཟེར་གྱི་རེད་དེ་དེ་མ་རེད། སེམས་གནས་པའི་ངོ་བོ་དེ་ལ་ལྷོད་ཀྱིས་གློད་ནས་བལྟས་བཞག་ན་དེ་ངལ་གསོའི་སྒོ་ཙམ་དེ་ནི་ཁམས་གོང་མའི་ས་ལས་མི་འདའ་བས་ཟེར་དུས། སེམས་གནས་ན་ཁ་སང་གོང་དུ་གསུངས་པ་ལྟར་དུ་བདེ་བ་གསལ་བ་མི་རྟོག་པ་གསུམ་གྱི་ཉམས་མ་གཏོགས་འོང་གི་མ་རེད། དེའི་ཉམས་སེམས་གནས་ཏེ་རྣམ་རྟོག་མེད་པ་ནི་བདེ་གསལ་མི་རྟོག་པའི་ཉམས་ཤར་བ་དེའི་རྟོག་པ་དངོས་གནས་རེད་བསམ་མཆོག་འཛིན་ཞུགས་སོང་ན། བདེ་བ་ལ་མཆོག་འཛིན་ཞུགས་ན་འདོད་ཁམས། གསལ་བ་ལ་མཆོག་འཛིན་ཞུགས་ན་གཟུགས་ཁམས། མི་རྟོག་པ་ལ་མཆོག་འཛིན་ཞུགས་ན་གཟུགས་མེད་ཀྱི་ཁམས་ལ་འགྲོ་གི་རེད་དུས། དེའི་སྐྱེ་བ་ཕྱི་མ་སྐྱེ་བྱེད་སྒོམ་རྒྱུ་མ་གཏོགས་རྫོགས་པ་ཆེན་པོའི་ལམ་གནད་རེད་ཀྱི་མ་རེད་དུས། ཁམས་གོང་མའི་གོང་མ་ལས་མི་འདའ་ཞིང་། དེ་ལྟ་བུའི་སེམས་གནས་པ་བརྟན་པ་ཡོད་ནའང་ཐུ། གློ་བུར་གྱི་སེམས་ཆགས་དགོས་བྱེད་ནོར་དང་ལོངས་སྤྱོད་ལྟ་བུ་ལ་སོགས་པ་དང་། གཉེན་དང་ཕ་མ་ལྟ་བུ་ལ་ཆགས་པ་དང་དགྲ་ལ་སྡང་བ་བྱེད་པ་དེའི་རྐྱེན་དང་རྣམ་རྟོག་རང་ཤར་རང་གྲོལ་དུ་འགྲོ་ཐུབ་ཀྱི་མ་རེད་དུས་རྐྱེན་མི་ཐུབ། རྐྱེན་མ་ཐུབ་པ་དེ་ལ་བརྟེན་ཏེ་དེ་ལས་དགེ་སྡིག་འདུ་བྱེད་པ་ལས་ཅིག་རྒྱུན་མི་ཆད། ཐག་ཆོད་ཀྱི་བློ་གདེང་མི་སྐྱེ། ཆོས་ཉིད་གཉུག་མའི་ངང་དུ་བཙན་ས་མི་ཟིན་པས་ན་དེ་མི་ཐོབ་པས་གྲོལ་ལུགས་དེ་གལ་ཆེ་ལ། དེའི་གྲོལ་ལུགས་དེ་ག་འདྲ་དགོས་ཟེར་ན། འདོད་པའི་ཡུལ་ལ་ཆགས་པ་དྲག་པོ་སྐྱེས་ཏེ། དཔེར་ན་ནོར་དང་ལོངས་སྤྱོད་དང་། ཐོབ་དང་གོ་ས་ལྟ་བུ་ཞིག་ཡིན་ན། ཡིན་གཅིག་མིན་གཉིས་དེ་ཐོབ་དགོས་བསམ་ཉིན་མཚན་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་སྒྲུབ་པ་དེ་ལྟ་བུའི་ཆགས་པ་དྲག་པོ་སྐྱེ་བའི་ཚེ་ནའང་འདྲ། ཡང་ན་མི་འདོད་པའི་ཡུལ་ལ་དགྲ་མིག་གིས་མངོན་སུམ་དུ་བཟུང་སྟེ་མཚོན་དུག་གཏོང་བ་ལྟ་བུའི་འདོད་པའི་ཡུལ་ལ་ཞེ་སྡང་དྲག་པོ་སྐྱེ་བའི་ཚེ་ཡིན་ནའང་འདྲ། དེ་མིན་ན་རང་ལ་ཟས་གོས་ནོར་ལོངས་སྤྱོད་ལ་སོགས་པའི་མཐུན་རྐྱེན་དང་རྒྱུ་འབྱོར་བ་མང་པོ་ལ་སོགས་པའི་སྦྱོར་བ་བྱུང་ན་སེམས་དགའ་བ། མི་མཐུན་པའི་རྐྱེན་གྱི་མི་ཁ་གཏམ་ངན་ན་ཚ་གདོན་བགེགས་བྱུང་ན། སྡུག་བསྔལ་གྱི་ཚོར་བ་གང་བྱུང་ཡང་ཆོས་ཉིད་ཀྱི་ངོ་བོར་ངོས་བཟུང་ན། དེའི་ཚེ་ན་ཞེ་སྡང་སྐྱེས་ནའང་འདྲ། དགའ་བ་སྐྱེས་ནའང་འདྲ། འདོད་ཆགས་སྐྱེས་ནའང་འདྲ། མི་མཐུན་སྡུག་བསྔལ་བྱུང་ནའང་འདྲ། དེའི་ཚེ་རྣམ་རྟོག་སྐྱེ་བ་དེའི་ངོ་བོ་དེ་ངོ་བཟུང་ན། རིག་པའི་རྩལ་དེ་དེ་ན་སླེབས་བསྡད་ཡོད་ཟེར་རེད། རིག་པའི་རྩལ་དེ་སྔོན་ལ་ཕར་འབྱམས་ནས་གཉིད་ཁུགས་སོང་བ་འདྲ་བོ་ཡོད་དུས། ཚུར་ལྷོང་འོང་བ་ཡིན་པས་ན་གྲོལ་ཆའི་ཡེ་ཤེས་ངོས་ཟིན་ཟེར་དུས། རྩལ་དེ་ངོས་ཟིན་ནས་རྩལ་གྱི་རིག་པ་ལ་ཕར་བལྟས་ན་གྲོལ་གཞིའི་ཡེ་ཤེས་དེ་ངོས་ཟིན་འོང་རེད། ད་ལྟ་ཚེ་འདིའི་ཉམས་ལེན་མ་བྱས་པར་བར་དོའི་སྐབས་ལ་སྣང་བ་མང་པོ་ཤར་ཚད་ཐམས་ཅད་ནང་སེམས་ཀྱི་ཆོ་འཕྲུལ་ཡིན་པར་ཤེས་ཏེ་སེམས་ཆོས་ཉིད་ཀྱི་ངང་ནས་གཡོ་མ་ཤེས་ན་བར་དོའི་སྣང་བ་ཐམས་ཅད་རང་ཞི་རང་གྲོལ་དུ་འགྲོ་གི་རེད་དུས། དེའི་ཕྱིར་ན་ད་ལྟ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་གང་སྐྱེས་ནའང་རྟོག་པ་དེ་ཆོས་ཉིད་ཀྱི་རོལ་པའི་རྩལ་ཡིན་པར་ཤེས་ཏེ། ཆོས་ཉིད་ཀྱིས་ངོ་བོ་ལ་ཕར་མཉམ་པར་བཞག་བཞག་ན་ཆོས་ཉིད་ཀྱི་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་དེ་ངོས་ཟིན་ན་གྲོལ་གཞི་རེད། དེའི་གྲོལ་གཞིའི་ཡེ་ཤེས་དེ་ངོས་ཟིན་པ་གལ་ཆེ་བས། དེ་ཚེ་ཆགས་སྡང་དགའ་སྡུག་དང་། གཞན་ཡང་ཉམས་ལེན་ཤར་གྲོལ་གྱི་གནད་མེད་ན་ཟེར་དུས་རྣལ་འབྱོར་ཉམས་ལ་མི་ཤར་དགུ་ཤར། དབྱར་ཁའི་སྤང་ལ་མི་བཀྲ་དགུ་བཀྲ་ཟེར་མཁན་དེ་རེད། རྣལ་འབྱོར་པའི་ཉམས་ལ་མི་ཤར་བ་སྣ་གཅིག་ཡོད་ཀྱི་མ་རེད་དེ། མེད་ནའང་དེ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་གྲོལ་སོང་ན། ཉམས་འཇའ་ཚོན་དང་འདྲ་བའི་ལྟད་མོ་ཡིས། །བློ་བྱིས་པ་དང་འདྲ་བའི་སྒོམ་ཆེན་བསླུ། །ཟེར་རེད། ཉམས་ཀྱི་སྣང་བ་ལ་ཞེན་ཆགས་སྐྱེ་སོང་ན་སྒོམ་ཆེན་འཁྲུལ་འགྲོ་རེད། ཉམས་ཀྱི་སྣང་བར་ཞེན་པ་མ་སྐྱེས་རང་ཤར་རང་གྲོལ་དུ་སོང་ན་ཆོས་ཉིད་ཤར་གྲོལ་གྱི་གནད་དེ་རེད་འོང་གི་རེད། དེའི་གནད་མེད་ན་སེམས་བྱུང་འོག་འགྱུའི་རྣམ་རྟོག་ཅི་སྐྱེས་ཐམས་ཅད་ཀྱི་ཟེར་དུས། རང་གིས་ནི་གཅིག་སེམས་གནས་བསྡད་ཡོད་བསམ་པ་ཞིག་བྱས། འོག་ནས་རྣམ་རྟོག་མང་པོ་ཞིག་འཕྲོ་འགྲོ་དུས་དཔེར་ན་རང་འཐག་བསྐོར་བཞག་དུས་སྟེང་ནས་མར་ཡོས་ག་ཚོད་བླུགས་ནའང་འོག་ནས་ཕྱེ་ཡི་ནང་ན་ཨི་ཁུང་ནང་ནས་མར་བབ་འགྲོ་རྒྱུ་མ་གཏོགས་ཡར་གང་ཡོང་རྒྱུ་ཡོད་མ་རེད། དཔེ་དེ་བཞིན་དུ་རང་གི་སེམས་ཧོབ་སྟེ་བལྟས་ན་སེམས་གནས་བསྡད་ཡོད་བསམ་ལ། འོག་ནས་རྣམ་རྟོག་ཆུའི་གཉེར་མ་ལྟ་བུ་མང་པོ་ཅིག་རེད་འགྲོ་དུས། སྒོམ་དེ་ཕར་མེད་པར་བྱས་འགྲོ་གི་རེད་དུས། ཅི་སྐྱེས་ཐམས་ཅད་ཀྱི་རྣམ་རྟོག་ཕྲ་ཞིང་ཕྲ་བ་མང་པོ་སྐྱེས་པ་དེས་ཆགས་པ་སྡང་བ་ལ་སོགས་པ་འཁོར་བའི་ལས་གསོག་པ་ཡིན་པས་མདོར་ན་ཕྲ་བའི་རྣམ་རྟོག་དང་རགས་པའི་རྣམ་རྟོག་ཅི་སྐྱེས་ནའང་སྐྱེས་མ་ཐག་ཏུ་སྐྱེ་མི་ཉན་བསམ་ཕར་བཀག་དགོས་མ་རེད། རྣམ་རྟོག་ཤར་དགོས་རེད། ཤར་མ་ཐག་ཏུ་རྣམ་རྟོག་གི་ཉམས་དེ་ན་ཡེ་ཤེས་དེ་སླེབས་བསྡད་ཡོད་དུས། ཡེ་ཤེས་ཀྱི་ངོ་བོ་དེ་ངོས་ཟིན་ན་རྣམ་རྟོག་དེ་ཕར་མེད་པར་ཆགས་འགྲོ་གི་རེད། དཔེར་ན་ནམ་མཁའ་ལ་སྤྲིན་པ་ནག་པོ་འཁྲིགས་ན་ནམ་མཁའ་སྡུག་ཏུ་འགྲོ་གི་མ་རེད། འཇའ་ཚོན་ལ་སོགས་པ་ཡག་པོ་ཤར་ན་ནམ་མཁའ་བཟང་དུ་འགྲོ་གི་མ་རེད། དེ་གཉིས་ཀ་རེ་དོགས་ཡོད་མ་རེད། དཔེ་དེ་བཞིན་དུ་དགེ་སྡིག་གི་རྣམ་རྟོག་ཆགས་སྡང་དགའ་སྡུག་གང་སྐྱེས་ནའང་རང་གྲོལ་རྗེས་མེད་དུ་སྐྱོང་བ་གནད་ཡིན་པས་ན་དེ་རེད། གློ་བུར་ཟེར་དུས་རྣམ་རྟོག་སྔོན་ནས་རིག་པ་ཁོ་རང་གི་ངོ་བོ་ལ་ཡོད་ཨེ་རེད་ཟེར་ན་ཡོད་མ་རེད། རྗེས་ནས་ཀྱང་རྣམ་རྟོག་ཡོད་མ་རེད། མེད་ནའང་གློ་བུར་ཐོག་རྒྱག་ཏུ་ཅིག་སླེབ་འོང་བ་དེ་གློ་བུར་ཟེར། དེའི་གློ་བུར་གྱི་རྣམ་རྟོག་མ་ལུས་པ་དེ་ན་རྣམ་རྟོག་གང་སྐྱེས་པ་ཐམས་ཅད་རྣམ་རྟོག་སྐྱེས་པ་ངོ་མ་ཤེས་ན་ནི་འོག་འགྱུ་རེད། རྣམ་རྟོག་གཅིག་གིས་གཉིས་སྐྱེས་གཉིས་ཀྱིས་གསུམ་སྐྱེས་རྣམ་རྟོག་བརྒྱ་ཐམ་པའི་བར་དུ་འཁྲུལ་སོང་ན་དེ་འགྱུ་བ་འཁྲུལ་སོང་རེད་དུས། དེའི་འཁྲུལ་འབྱམས་སུ་མ་སོང་བ། བློ་བྱས་འཇུར་དྲན་མ་ཡིན་པ་ཟེར་ཡང་སེམས་འདི་ཡེངས་མི་ཉན་བསམ་ཧ་ཅང་བསྡམས་ཆེ་སོང་ན་སེམས་སྦུ་སུག་དོག་པོ་རེད་ནས་སྙིང་རླུང་ལ་སོགས་པ་ན་འོང་གི་རེད། དེ་ལྟ་བུའི་འཇུར་དྲན་མ་ཡིན་པ་སེམས་མ་བཅོས་རང་བབས་སུ་བཞག་སྟེ་རང་ངོ་ཤེས་ཙམ་ཞིག་བྱུང་ན་དེ་ལ་གཉུག་མའི་དྲན་པ་ཟེར་རེད། དེའི་གཉུག་མའི་དྲན་པ་དེ་དང་མ་བྲལ་བའི་ངང་ནས་རྣམ་རྟོག་ཅི་ཤར་ཐམས་ཅད་རང་གི་རྣམ་རྟོག་གི་ངོ་བོ་རང་ངོ་ཡིན་པར་ངོ་ཤེས་པར་བྱས་ནས། རྣམ་རྟོག་ཤར་འཆར་བ་དེ་གྲོལ། གྲོལ་ཚར་དུས་རྣམ་རྟོག་གི་རྗེས་མཐུད་ཐུབ་ཀྱི་མ་རེད། བག་ཆགས་ཀྱི་རྗེས་མཐུད་མེད་པའི་ངང་ནས་དཔེར་ན་ཆུ་ལ་རི་མོ་བྲིས་པ་ལྟར་སྐྱོང་དགོས་པས་ན་དེ་ཆུ་ལ་རི་མོ་ཨ་ལྟ་བུ་ཅིག་བྲིས་དང་། མགོ་བྲིས་ཚེ་ཡང་དཔུང་པ་ཞིག་འགྲོ། དཔུང་པ་བྲིས་ཚེ་མགོ་ཞིག་འགྲོ་གི་རེད་དུས། དཔེ་དེ་བཞིན་དུ་རྣམ་རྟོག་དགེ་བ་ཞིག་སྐྱེས་ཡོད་ནའང་དེའི་ངོ་བོ་ཆོས་ཉིད་དུ་དག །མི་དགེ་བ་ཞིག་སྐྱེས་ཡོད་ནའང་ཆོས་ཉིད་ཀྱི་ངོ་བོར་གྲོལ་ཏེ་སྐྱེས་དགོས་པས་ན། ངོ་ཤེས་ངང་ལ་རྗེས་མཐུད་མེད། །དེ་ཡི་ཚེ་ན་རྣམ་རྟོག་གང་སྐྱེས་པ་ཐམས་ཅད་རང་གྲོལ་དུ་ཟེར་དུས་རྣམ་རྟོག་ཁོ་རང་ལ་གཉེན་པོ་རེ་རེ་དགོས་མ་རེད། རྣམ་རྟོག་ཁོ་རང་གི་ངོ་བོ་སྟོང་པ་རེད། དེའི་ངོ་བོ་དེ་ངོ་ཤེས་ན། སྟོང་པ་དེ་ལ་གཟུང་ཐུབ་ན་བཟུང་སྟེ་རྣམ་རྟོག་དེ་གྲོལ་འགྲོ་གི་རེད། དེ་རང་གྲོལ་དུ་དག་འགྲོ་ན་ཆོས་ཉིད་ཀྱི་ལྟ་བ་གདེང་གྲོལ་ཐོག་ཏུ་བཅའ་བ་དེ་རེད་ཀྱི་རེད། རང་གྲོལ་དུ་མ་དག་ན་ནི། དགེ་བའི་རྣམ་རྟོག་འདི་འགྱུ་དང་། སྡིག་པའི་རྣམ་རྟོག་འདི་འགྱུ་ངོ་ཤེས་པ་ཙམ་གྱིས་འཁྲུལ་པའི་ལས་རྒྱུན་མི་ཆད་པས། ངོ་ཤེས་པ་དང་མཉམ་དུ་རིག་པ་རང་ངོ་ཅེར་གྱིས་མཐོང་བ་དང་། རྣམ་རྟོག་གྲོལ་ཚུལ་དེ་ལ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་རྣམ་རྟོག་གྲོལ་བ་དང་གཅིག །སྦྲུལ་མདུད་རང་སར་གྲོལ་བ་ལྟ་བུའི་རྣམ་རྟོག་གྲོལ་བ་དང་གཉིས། ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུའི་རྣམ་རྟོག་གྲོལ་ཚུལ་གསུམ་ཡོད་གསུང་། དེའི་ནང་ནས་སྔར་འདྲིས་ཀྱི་མི་དང་འཕྲད་པ་ཟེར་མཁན་དེ་ག་འདྲ་རེད་ཟེར་ན་སྔར་ནས་ངོ་ཤེས་འདྲིས་སོང་གི་མི་ཞིག་ཡིན་ན། མི་སྟོང་ཕྲག་མང་པོ་གཅིག་གི་འཕྲོས་སུ༼ནང་དུ༽་དེ་གནས་ཡོད་ན། འདི་ངའི་ངོ་ཤེས་དེ་རེད་བསམ་སྟེ་ངོས་ཟིན་འགྲོ་གྱི་རེད། ངོ་ཤེས་ཚར་ན་དེ་ལ་སྐད་ཆ་ལབ་ཀྱི་རེད། གཞན་ལ་བཤད་ཀྱི་མ་རེད། དཔེ་དེ་བཞིན་དུ་ད་ལྟ་ལས་དང་པོ་པའི་སྐབས་སུ་རྣམ་རྟོག་དེ་ངོ་ཤེས་པས་གྲོལ། ངོ་ཤེས་མ་ཐག་ཏུ་ཆོས་ཉིད་ཀྱི་ངང་དུ་གྲོལ་ན་རྣམ་རྟོག་ཆགས་སྡང་གི་རྟོག་པ་སྐྱེས་ནའང་ཆགས་སྡང་གི་རྗེས་མཐུད་དེ་ཡོད་མ་རེད། དད་པ་མོས་གུས་དེ་ཡིན་ན། དེ་ཡི་རྗེས་མཐུད་དེ་མེད་དུས་རྗེས་མེད་དུ་རྟོགས་པ་གཅིག་གནད་དུ་ཆེ་བས་གྲོལ་ཆའི་ཆོས་སྐུ་ངོ་བཟུང་། དཔེར་ན་ཆུ་ལ་རི་མོ་ད་ལྟ་བྲིས་པ་ད་ལྟ་ཞིག་ནས་རི་མོ་བྲི་བ་དང་། རི་མོ་ཡལ་བ་དུས་མཉམ་པ་ལྟར་དུ་རྣམ་རྟོག་སེམས་ལས་སྐྱེས་པ་དང་། རྣམ་རྟོག་གྲོལ་བ་གཉིས་དུས་མཉམ་པ་ལྟར་དུ་རྣམ་རྟོག་སེམས་ལས་སྐྱེས་པ་དང་རྣམ་རྟོག་གྲོལ་བ་དུས་མཉམ་དུ་སོང་ནས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་ཡིན་པའི་ཕྱིར་ན། དཔེར་ན་ཆུ་ལ་རི་མོ་བཞིན་ཞེས་གསུང་། དེས་ན་རྣམ་རྟོག་ཤར་བ་དེ་ལ་རྣམ་རྟོག་ཡོད་མི་ཉན་བསམ་ཕར་བཀག་ཉན་མ་རེད། མི་བཀག་པར་རྣམ་རྟོག་ཅི་ཤར་ཤར་དུ་བཅུག་ལ། ཤར་བའི་ངོ་བོ་དེ་ལ་གཉུག་མའི་དྲན་པས་རྩིས་ཟིན་ན་ཆོས་ཉིད་ཀྱི་ཀློང་དུ་དག་པ་དཔེར་ན་རྗེ་བཙུན་མི་ལ་ལ་ཉ་མ་དཔལ་དར་འབུམ་གྱིས་ཞུས་པ་ལྟ་བུ། སེམས་ཉིད་སྒོམ་དུ་བཏུབ་ལགས་ཀྱང་། །རྣམ་རྟོག་སྒོམ་དུ་མ་བཏུབ་ཞུས་དུས། རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །རྣམ་རྟོག་མེད་པའི་ངང་དུ་ཞོག་གསུང་། རྣམ་རྟོག་གྲོལ་སོང་བའི་ངང་དུ་ཞོག་གསུང་རེད། དེ་ལྟ་བུ་ལམ་འཁྱེར་ཉིད་ཉམས་ལེན་གྱི་གནད་དུ་འཇོག་དགོས་པས་ན་རང་ཤར་རང་གྲོལ་ཏེ་རྣམ་རྟོག་ཁོ་རང་ཤར་ཡང་ག་ནས་ཤར་རེད་ཟེར་ན་ཆོས་ཉིད་ཀྱི་ངང་ནས་ཤར་འོང་རེད། གྲོལ་ཡང་ག་ན་གྲོལ་རེད་ཟེར་ན་ཆོས་ཉིད་ཀྱི་ཀློང་དུ་གྲོལ་རེད། མཐའ་ཡི་རྒྱ་མཚོའི་རྦ་རླབས་དེ་ཚུར་འཕྲོ་འོང་དུས་ཀྱང་རྒྱ་མཚོ་ཁོ་རང་ལས་འཕྲོ་འོང་གི་རེད། ཕར་ཐིམ་ནའང་རྒྱ་མཚོ་ཁོ་རང་ལ་ཐིམ་འགྲོ་བ་ལྟར་རྒྱུན་ཆད་མེད། དེ་ལྟར་རྣམ་རྟོག་ཆོས་སྐུའི་རྩལ་འབྱོང་བས་རྟོག་པ་གང་ཤར་རིག་པའི་རྩལ་སྦྱོང་དུ་འཆར་ཞིང་། དུག་ལྔའི་རྣམ་རྟོག་ཅི་ཙམ་རགས་པ་ཤུགས་ཆེན་པོ་སྐྱེས་ཀྱང་ཉམས་ལེན་གྱི་གདེང་ཐོབ་པའི་གང་ཟག་ཡིན་ན་ག་ཚོད་ཉོན་མོངས་ཤུགས་ཆེན་པོ་ཞིག་སྐྱེས་ནའང་དེའི་ངོ་བོ་དེ་རྟོག་པ་དེའང་ཡར་བོགས་ཐོན་གྱི་རེད། གྲོལ་བའི་རིག་པ་གསལ་ངར་དང་ལྡན་པར་འཆར་བར་གྱུར་པའི་ཕྱིར་ན། ཅི་ཤར་རིག་སྟོང་རྗེན་པའི་ཟས། །ཟེར་དུས། དཔེར་ན་མི་ལྟོག་པ་ཞིག་ཡོད་ན་ཟས་གང་ཟོས་བཞག་ནའང་ཡིད་ཁར་མི་འོང་བ་ཞིག་ཡོད་ཀྱི་མ་རེད། དཔེ་དེ་བཞིན་དུ་རྣམ་རྟོག་བཟང་ངན་གང་ཤར་ནའང་རིག་སྟོང་གི་ཀློང་དུ་གྲོལ་ཐུབ་པ་ཅིག་རེད་སོང་ན། དེ་རྗེན་པའི་ཟས་ཟེར། རྣམ་རྟོག་གང་རྒྱུ་ཚད་ཐམས་ཅད་རིག་ངོ་ཟང་ཐལ་གྱི་ངང་ལས་རིག་པ་རང་རྩལ་དུ་འཆར་བའི་ཚེ་ན་དགེ་བའི་རྣམ་རྟོག་ཡིན་ན་བླང་དགོས་རྒྱུ། སྡིག་པའི་རྣམ་རྟོག་ཡིན་ན་སྤང་དགོས་རྒྱུ་བླང་དོར་མེད་པར་སྐྱོང་བས་ཤར་དུས་གྲོལ་བ་སྐྱེས་པས་ཆོས་སྐུའི་ཡོ་ལང་སྟེ་ངོས་བཟུང་བཞག་ན་དཔེར་ན་སྦྲུལ་ཞིག་ལ་མདུད་པ་བརྒྱབ་ན་སྦྲུལ་གྱི་གཟུགས་པོ་དེ་མཉེན་པའི་དབང་གིས་མདུད་པ་རང་གིས་རང་བཤིག་འགྲོ་བ་མ་གཏོགས། མི་ལྟ་བུ་རོགས་གཞན་གྱིས་བཀྲོལ་དགོས་ཀྱི་མ་རེད། དཔེ་དེ་བཞིན་དུ་རྣམ་རྟོག་ཁོ་རང་ཤར་མ་ཐག་ཏུ་ཆོས་ཉིད་ཀྱི་སྦུབ་དེ་ལ་རྣམ་རྟོག་ཁོ་རང་གི་ཁོ་རང་ཕར་གྲོལ་འགྲོ་ལེ་རེད་དུས་སྦྲུལ་མདུད་རང་སར་གྲོལ་བ་ལྟ་བུ་ཟེར་བ་དེ་ཡིན། དེ་རེད་སོང་ན་རྣམ་རྟོག་ཤར་ཚད་ཆོས་སྐུའི་ཡོ་ལང་ལས་མ་འདས་པས་ཇི་འགྱུ་ཆོས་སྐུ་རྒྱལ་པོའི་རྩལ་སེམས་ཀྱི་རྟོག་པའི་ངོ་བོ་དེ་མངོན་སུམ་མ་རིག་ནས་འཁྲུལ་པའི་གཟུགས་དེ་ཡི་འཁྲུལ་སྣང་མང་པོ་ཡོད་པས་རིག་པ་ཡེ་ཤེས་ཆོས་སྐུའི་ཀློང་དུ་རྣམ་རྟོག་འགྱུ་བ་གང་སྐྱེས་ཐམས་ཅད་ཀྱང་རང་ངོ་སྟོང་པ་ཡིན་པས་ན། རྗེས་མེད་རང་དག་ཨ་ལ་ལ། །ཞེས་གསུང་པ་ཡིན་ནོ། །
༈ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་པར་གནང་བ་ཞུ། གང་གསན་པར་བྱ་བའི་ཆོས་ལ། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་མན་ངག་ཚིག་གསུམ་གྱི་ནང་དུ་གནད་དུ་བསྡུས་པ་ལས། དང་པོ་ལྟ་བ་ངོ་རང་ཐོག་ཏུ་སྤྲོད་པ་དང་། སྒོམ་པ་ཐག་གཅིག་ཐོག་ཏུ་བཅད་པ་གཉིས་སོང་ཟིན་ཏེ། གསུམ་པ་སྤྱོད་པ་གདེང་གྲོལ་ཐོག་ཏུ་བཅའ་བ་ལ། དེ་ལྟ་བུའི་རྣལ་འབྱོར་པ་ཉམས་ལེན་ཡུན་རིང་པོ་སྐྱོང་བའི་ཚེ། ན་ཚ་སྐྱིད་སྡུག་དགའ་སྡུག་བཟང་ངན་ཉམས་རྟོགས་པ་ལ་སོགས་པ་གང་ཤར་ནའང་། དེ་ཐམས་ཅད་ཉམས་ལེན་གྱི་གྲོགས་སུ་ལམ་དུ་འཁྱེར་དགོས་ཀྱི་རེད། དེའི་ལམ་འཁྱེར་ལ་ཡུན་རིང་བར་གོམས་པའི་ཚེ་ན་རྣམ་རྟོག་སྒོམ་དུ་ཤར་ཟེར་དུས་རྣམ་རྟོག་གི་སྒོམ་གྱི་གྲོགས་བྱེད་པ་མ་གཏོགས་རྣམ་རྟོག་གིས་སྒོམ་ཕར་མེད་པར་བྱེད་མ་ཐུབ་པས་ན་སྒོམ་དུ་ཤར། གནས་འགྱུའི་བར་ལག་འགྱེལ་ཟེར་དུས་གནས་པ་དང་། འགྱུ་བ་གཉིས་ཀྱི་བར་ལག་གནས་པ་དེ་ཤུགས་ཆེ་ནས་འགྱུ་བ་རང་དག་ཏུ་འགྲོ་བས་གནས་འགྱུའི་བར་ལག་འགྱེལ་བས་ཤར་བས་གནས་ལ་མི་གནོད་གསུང་དུས། རྣམ་རྟོག་ག་ཚོད་ཤར་ནའང་སེམས་གནས་པའི་ངོ་བོ་ལ་མི་གནོད་པས་ན་ནམ་མཁའ་ལ་སྤྲིན་པ་ག་ཚོད་ཡོད་ནའང་ནམ་མཁའ་རང་འཕོ་འགྱུར་ཡོད་མ་རེད་དུས། དཔེ་དེ་ལྟ་བུ་ཡིན་པས་ན་འཆར་ལུགས་སྔར་དང་འདྲ་བ་གསུང་། རྣལ་འབྱོར་པ་དང་འཇིག་རྟེན་པ་གཉིས་རྣམ་རྟོག་ཤར་ལུགས་ལ་གཅིག་པ་མ་གཏོགས་སོ་སོར་མེད་ན་ཡང་། དེ་ཡི་ཚེ་ན་རྩལ་གྱི་རྣམ་རྟོག་དེ་ལ་འཇིག་རྟེན་པས་དགའ་སྡུག་རེ་དོགས་མང་པོ་བྱེད་པས་ན་འཆར་ཚུལ་ཐ་མལ་པའི་སྐྱེ་བོ་གཞན་དང་འདྲ་གི་རེད། ཐ་མལ་པ་རྣམས་ཀྱིས་རྣམ་རྟོག་ངན་པ་དེ་ཕར་དགག །བཟང་པོ་དེ་ཚུར་སྒྲུབ། དེ་ལ་ཨ་འཐས་སུ་ཤར་ཏེ་བདེན་པར་ཞེན་འགྲོ་དུས། དགེ་སྡིག་གི་འདུ་བྱེད་ཀྱིས་ལས་གསོག་པའི་ཆགས་སྡང་གི་གཞན་དབང་དུ་གྱུར་པ་དེ་ལྟ་བུ་རེད། རྣལ་འབྱོར་པ་ལ་རྣམ་རྟོག་ཤར་ཤར་གི་རེད། ཐ་མ་པ་དང་ཁྱད་མེད་ཤར་གི་རེད་དེ། རྣལ་འབྱོར་པར་རྣམ་རྟོག་ཤར་འོང་བའི་དུས་ནས་རྣམ་རྟོག་ཁོ་རང་གིས་ཁོ་རང་གྲོལ་བ་བྱེད་པ་ཡིན་པའི་ཕྱིར་ན་ཤར་གྲོལ་དུས་མཉམ་དུ་འདྲེས། རྣམ་རྟོག་གྲོལ་ཚུལ་ལའང་དང་པོ་རྣམ་རྟོག་འདི་ཤར། འདི་མི་ཤར་བ་མེད་པས་རྣམ་རྟོག་ངོ་ཤེས། ཤར་དུས་ཤར་བ་རང་གི་ངོ་བོ་དེ་ལ་བལྟས་ནས་རྣམ་རྟོག་སྟོང་པ་ཉིད་ཡིན་པའི་དབང་གིས་རང་ཤར་རང་གྲོལ་དུ་འགྲོ། རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ཟེར་རེད། བར་དུ་རྣམ་རྟོག་ཁོ་རང་ལ་གཉེན་པོ་གཞན་འཚོལ་མི་དགོས་པ་རྣམ་རྟོག་རང་གི་རང་གྲོལ་བ་སྦྲུལ་གཟུགས་པོ་མཉེན་པོ་རེད་སོང་ཚེ་གཟུགས་པོ་མདུད་པ་བྱས་བཞག་ན་ཁོ་རང་གི་མདུད་པ་ཁོ་རང་གིས་བཤིག་ཐུབ་ཀྱི་རེད་དུས། དེའི་ཕྱིར་ན་སྦྲུལ་གྱི་མདུད་པ་ལྟར་ཐ་མ་རྣམ་རྟོག་རང་གྲོལ་བ་དང་། ཐ་མ་ཡིན་ན་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུ་ཟེར། ཁང་པ་སྟོང་པ་གཅིག་གི་ནང་དུ་རྐུན་མ་སོང་ན། ཁང་པ་ནང་ནོར་ཤོར་རྒྱུ་ཡོད་མ་རེད། རྐུན་མ་ལ་ཐོབ་རྒྱུ་ཡོད་མ་རེད། དཔེ་དེ་བཞིན་དུ་རྣལ་འབྱོར་པ་ལ་མར་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྐྱེས་ནའང་འདྲ། ཡར་དད་པ་དང་སྙིང་རྗེ་མོས་གུས་ལ་སོགས་པ་སྐྱེས་ནའང་འདྲ། དེ་ཐམས་ཅད་ཀྱི་ཆོས་ཉིད་རིག་པའི་ངོ་བོ་དེ་ལ་ཕན་གནོད་དང་དགག་སྒྲུབ་གང་ཡང་མེད་པ་ཡིན་པས་ན་གྲོལ་ལུགས་ཀྱི་གནད་དང་ལྡན་པས་ན། གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །རྣམ་རྟོག་ངོ་ཤེས་པ་ཙམ་གྱིས་གྲོལ་ཐུབ་ཀྱི་མ་རེད་དེ། རྣམ་རྟོག་གི་ངོ་བོ་སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་མེད་པ་ཤེས་སོང་ན་རྣམ་རྟོག་དེས་བསླུ་ཐུབ་ཀྱི་མ་རེད་དུས། གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །དེས་ན་ཇི་སྐད་དུ། སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས། །བསམ་གཏན་ལྷ་དང་ཅི་མ་འདྲ། །ཟེར་དུས་བཟུང་སྟེ་སེམས་མི་གཡོ་བ་ཞི་གནས་ལ་སོགས་པ་བསྒོམ་བསྡད་ན་སྒོམ་ཤེས་ཀྱི་རེད་དེ། ཞི་གནས་ལ་གྲོལ་ལུགས་ཀྱི་གདེང་ཡོད་མ་རེད། གྲོལ་ལུགས་ཀྱི་གདེང་མེད་ན་ཁམས་གོང་མ་བསམ་གཏན་གཟུགས་མེད་ཀྱང་ཞི་གནས་ཀྱི་ཏིང་ངེ་འཛིན་ཕར་མནལ་ཕུག་པ་ལྟ་བུ་རེད་འགྲོ་གི་རེད། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཡིན་ན་གྲོལ་ལུགས་ཀྱི་གནད་ཡོད་པ་དེ་ལ་བརྟེན་ཏེ་གཞིར་གནས་ཀྱི་གནས་ཆ་རྒྱ་ཆེན་པོ་ཞིག་མེད་ནའང་། གྲོལ་ལུགས་རང་གྲོལ་གྱི་གནད་ཡོད་པ་དེ་ལ་བརྟེན་ཏེ་འཁོར་བའི་རྩ་བ་ནས་འདོན་ཐུབ་ཀྱི་རེད། དེའི་ཕྱིར་ན་གྲོལ་ལུགས་ཀྱི་གནད་འདི་ལྟ་བུ་དང་མི་ལྡན་པས། ཞི་གནས་ཀྱི་བསམ་གཏན་ཙམ་ལ་ཉིན་མཚན་འཁོར་ཡུག་ཏུ་ཞི་གནས་ཀྱི་ངང་དུ་གཉིད་ཁུག་པ་ལྟ་བུ་བྱུང་ན། དེ་ལྟ་སྒོམ་གྱི་གདེང་ཆེན་པོ་ཡིན་པ་འདུག་བསམ་སྟེ་གདེང་འཆའ་བ་དག་ནི་ཁམས་གོང་མ་ཟེར་དུས། གཟུགས་ཅན་ཁམས་དང་གཟུགས་མེད་ཁམས་ཀྱི་བསམ་གཏན་དུ་གོལ་ལ། གནས་ན་གནས་པའི་རང་ངོ་ཤེས་ཏེ་ཆོས་ཉིད་རྗེན་པ་ལ་ཕུད། འགྱུ་ན་འགྱུ་བའི་རང་ངོ་ཤེས་ཏེ་འགྱུ་བ་རང་དག་ལ་སོང་། དེ་རེད་དགོས་རེད་མ་གཏོགས་པའི་གནས་འགྱུ་ངོ་ཤེས་ཙམ་ཞིག་གིས་ཆོག་པར་འདོད་པ་རྣམས་ནི་འཁྲུལ་རྟོག་ཐ་མལ་པ་དང་ཁྱད་མེད་པས་གནས་འགྱུ་ངོ་ཤེས་པ་ཙམ་གྱིས་ཆགས་སྡང་གི་རྐྱེན་ཐུབ་ཀྱི་མ་རེད། སྟོང་ཉིད་དང་ཆོས་སྐུ་ལ་སོགས་པའི་བློ་བྱས་ཀྱིས་རྒྱས་འདེབས་ཟེར། རྣམ་རྟོག་སྟོང་པ་རེད་ཅེས་ཁྲིད་ཀྱི་ནང་དུ་གསུང་བཞག་དུས་སྟོང་པ་ཡིན་གྱི་རེད་བསམ་པ་ཙམ་ཞིག་གི་མོས་པ་བྱས་བཞག་ན་འདུ་བྱེད་ཀྱི་ལས་མི་གསོག་པ་ཅིག་དང་། བདག་འཛིན་གྱི་གཉེན་པོ་འགྲོ་གི་མ་རེད་དུས། དེའི་ཕྱིར་ན་རྒྱས་འདེབས་པ་དག་ཀྱང་རྐྱེན་ངན་དང་འཕྲད་ཚེ་གཉེན་པོའི་རང་མཚང་སྟོན་ཟེར། དཔེར་ན་རྐྱེན་ངན་དང་འཕྲད་འོང་ན་ཆགས་སྡང་རང་མཚན་དུ་སྐྱེས་འོང་གི་རེད་དུས་རང་མཚང་སྟོན་པས་ན་རང་ཚུགས་མི་ཐུབ་ཅིང་གྲོལ་ལུགས་ཀྱི་གནད་འདི་ལྟ་བུ་མེད་ན་སྒོམ་པ་ཐམས་ཅད་བློས་བྱས་ཡིད་དཔྱོད་ཀྱི་སྒོམ་པ་ཟེར་ན་འཁྲུལ་པའི་ལམ་ཡིན་ཟེར། རྫོགས་པ་ཆེན་པོའི་ལམ་ནི་ཤར་གྲོལ། རང་གྲོལ། ཅེར་གྲོལ་ལ་སོགས་གྲོལ་ཚུལ་གྱི་གནད་མི་འདྲ་བ་དུ་མ་མིང་དུ་བཏགས་ཀྱང་། རྣམ་རྟོག་ཁོ་རང་དོན་དུ་རང་གིས་རང་གྲོལ། གྲོལ་ཚར་དུས་རྣམ་རྟོག་ཆོས་ཉིད་ཀྱི་དབྱིངས་སུ་དག་སོང་དུས་དགེ་སྡིག་གི་རྣམ་རྟོག་ཅི་སྐྱེས་ཡོད་ན་ཡང་དེའི་རྗེས་ཤེས་པ་དེ་ལ་དེའི་འཁྲུལ་བ་དེ་བསྡད་མེད་ན་རྗེས་མེད་དུ་དག་སོང་བ་རེད་དུས་རྗེས་མེད་དུ་དག་པའི་གྲོལ་ཚུལ་འདི་ཡང་རང་གྲོལ་མངོན་སུམ་དུ་རྫོགས་པའི་གནད་གཅིག་ཡིན་པ་རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་པས། དེ་ལྟ་བུའི་མན་ངག་དང་ལྡན་ན་རྣལ་འབྱོར་པ་དེའི་རྒྱུད་ལ་ཉོན་མོངས་དང་རྣམ་རྟོག་གང་སྐྱེས་ཀྱང་། ཉོན་མོངས་ཤུགས་དྲག་པོ་སྐྱེས་ནའང་རྣམ་རྟོག་མང་པོ་ཆུ་བོའི་གཉེར་མ་ལྟ་བུ་ཞིག་བྱུང་ནའང་འདྲ། དེ་ཆོས་སྐུ་དེ་ལ་ཚུར་གསལ་འདེབས་བྱས་ལྷོང་འོང་རྒྱུ་མ་གཏོགས་པའི་ཆོས་སྐུ་ལ་མེད་པར་བྱེད་རྒྱུ་མ་རེད་དུས། ཆོས་སྐུར་ལྷོང་ནས་དེའི་ཆོས་སྐུར་ལྷོང་བ་དེ་ལ་བརྟེན་ཏེ་ཆོས་སྐུ་ཡར་རྩལ་རྫོགས་འོང་དུས་གཟུང་འཛིན་འཁྲུལ་པའི་རྣམ་རྟོག་ཡེ་ཤེས་ཀྱི་རང་བཞིན་དུ་དག། རྣལ་འབྱོར་པ་དེ་ལ་སྐྱིད་སྡུག་ལེགས་ཉེས་གང་བྱུང་ནའང་དེ་ཐམས་ཅད་མེད་པར་ཆོས་ཉིད་སྟོང་པ་ཉིད་ཡིན་པས། སྟོང་པ་ཉིད་ལ། ན་བ། ཚ་བ། དགའ་བ། སྡུག་པ་ཡོད་ཀྱི་མ་རེད་དུས། དེའི་ཕྱིར་ན་སྐྱིད་སྡུག་ལེགས་ཉེས་གང་སྐྱེས་རྣལ་འབྱོར་དེ་ལ་ཡེ་ནས་རྐྱེན་ངན་ཐམས་ཅད་ལམ་གྱི་བོགས་འདོན་གྲོགས་སུ་འཆར་བར་འགྱུར་བ་མ་གཏོགས་མེད། ཉོན་མོངས་པའི་འཆིང་བས་མ་གོས་པ་ལམ་དུ་བྱེད། འཁོར་བ་མ་སྤང་གནས་སུ་དག་སྟེ་ཇི་སྲིད་སྲིད་ཞིའི་འཆིང་བ་ལས་གྲོལ་ཏེ་ཟེར་དུས། ཁམས་གསུམ་འཁོར་བའི་གཟུང་འཛིན་རྩད་མི་ཆོད་གསུང་ནས་སྲིད་པ་ལ་མི་གནས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཉན་ཐོས་དང་། རང་རྒྱལ་ལྟ་བུ་མ་ཡིན། སྲིད་ཞིའི་འཆིང་བ་ལས་གྲོལ་ཏེ་བྱར་མེད་རྩོལ་གྲུབ་དང་བྲལ་བའི་ངང་དུ་ལ་བཟླ་འོང་བ་དེ་གཅིག་པས་ན། འདི་ལྡན་མ་སྒོམ་ཆོས་སྐུའི་ངང་། །གསུང་། གྲོལ་ལུགས་ཀྱི་གནད་འདི་དང་ལྡན་ན་རྣལ་འབྱོར་པ་དེ་ཟ་ནའང་འདྲ། ཉལ་ནའང་འདྲ། བསྡད་ནའང་འདྲ། ཏིང་ངེ་འཛིན་སྒོམ་ནའང་འདྲ་ཐམས་ཅད་ཆོས་སྐུ་གཅིག་གི་ངོ་བོ་མ་གཏོགས་མེད་ཟེར། དེ་ལྟ་བུའི་གྲོལ་ལུགས་ཀྱི་གདེང་མེད་ན། ང་རྫོགས་པ་ཆེན་པོ་ཡིན་བསམ་པའི་ལྟ་བ་མཐོ་མཐོ་བོ་དང་ལོ་དང་ཟླ་བ་མང་པོར་སྒོམ་བཞག་པའི་སྒོམ་པ་ཟབ་ཟབ་མོ་ཇི་ལྟ་བུ་རྒྱུད་ན་ཡོད་པ་ང་རྒྱལ་གྱིས་རློམ་ཀྱང་། རང་གི་སེམས་ལ་མི་ཕན། ཉོན་མོངས་པའི་གཉེན་པོར་མི་འགྲོ་བས་ཡང་དག་པའི་ལམ་མ་ཡིན་ཏེ་བགེགས་དང་གོལ་སར་འཆོར་བ་ཡིན་ལ། དེའི་ཕྱིར་ན་རང་ཤར་རང་གྲོལ་གྱི་གནད་འདི་ལྟ་བུ་དང་ལྡན་ན། དེའི་ཤར་གྲོལ་གྱི་གནད་ཡོད་པའི་གང་ཟག་དེ་ལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་རྟོགས་སོང་སྙམ་པ་དེ་མ་རྟོགས་པའི་རྟགས་སོ། །གསུང་པ་ལྟ་བུ་རེད་དུས། དེའི་ཕྱིར་ན་ངའི་ལྟ་བ་འདི་མཐོན་པོ་ཡིན། རྫོགས་ཆེན་གྱི་ལྟ་བ་རེད། གཞན་ལས་ཁྱད་པར་འཕགས་འདུག་བསམ་རྒྱུའི་འཛིན་པ་ཡོད་མ་རེད་དུས། མཐོའི་འཛིན་སྟངས་དང་། སྒོམ་པ་ཡུན་རིང་པོ་བྱས་ན་སྒོམ་པ་ཟབ་མོ་རེད་བསམ་པའི་གཏད་སོ་རྡུལ་ཕྲ་རབ་ཙམ་མེད་ཀྱང་། སྒོམ་པ་ཚད་ལྡན་རེད་སོང་བའི་དེའི་རྟགས་ལ་རྣལ་འབྱོར་པ་དེ་རང་གི་རྒྱུད་ལ་གཉིས་འཛིན་གྱི་འཆིང་བ་ལས་གྲོལ་བ་མི་འགྱུར་མི་སྲིད་ཀྱི། རིན་པོ་ཆེའི་གསེར་གྱི་གླིང་དུ་ཕྱིན་ན་ས་རྡོ་ཕལ་པ་བཙལ་དགོས་ནའང་གསེར་མ་གཏོགས་གཏན་ནས་རྙེད་ཀྱི་མ་རེད། དཔེ་དེ་བཞིན་ཆོས་ཉིད་རིག་པའི་རང་སོར་ལ་བཙན་ས་ཟིན་སོང་ན། གནས་འགྱུ་དང་རྣམ་རྟོག་གང་སྐྱེས་པ་ཐམས་ཅད་སྒོམ་གྱི་གྲོགས་སུ་ཤར་འགྲོ་དུས་རྣལ་འབྱོར་པ་དེ་ལ་ཉོན་མོངས་ག་ཚོད་ཡོད། འཁྲུལ་པ་ག་ཚོད་ཡོད་ནའང་ཡར་བོགས་འདོན་དུ་འགྱུར་འགྲོ་གི་རེད་དུས། དེ་ནི་འཁྲུལ་པ་རང་མཚན་པར་ཆོས་ཉིད་རང་ཤར་རང་གྲོལ་གྱི་ངོ་བོ་ནས་བྱས་ན་རྣལ་འབྱོར་པ་དེ་ལ་འཁྲུལ་པ་ལས་ངན་འདི་རེད་ཟེར་བཙལ་ཏེ་ཉུག་བསྡད་ནའང་མི་རྙེད་པར་འགྱུར་བས་ན། གདེང་གྲོལ་ཐོག་ཏུ་བཅའ་བ་འདི་ཁོ་ན་ཉམས་ལེན་གནད་དུ་འགྲོ་མི་འགྲོའི་ཤན་འབྱེད་ཟེར་དུས་དཔེར་ན་གཟོད་རྙེད་པ་ལྟ་བུ་ཡིན་པའི་ཕྱིར་ན་གནམ་ཐིག་ལྟ་བུ་ཡིན་པས། དེའི་གདེང་གྲོལ་ཐོག་ཏུ་བཅའ་བ་སྟེ་གནད་གསུམ་པའོ། །དེ་ལྟ་བུའི་ལྟ་བ་ཀློང་ཆེན་རབ་འབྱམས་ཀྱི་ངོ་ཤེས། སྒོམ་པ་མཁྱེན་བརྩེའི་འོད་ཟེར་གྱི་ངང་སྐྱོང་། སྤྱོད་པ་རྒྱལ་བའི་མྱུ་གུའི་རང་གྲོལ་དུ་འགྲོ་བའི་གནད་གསུམ་པོ་འདི་ནི། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པ་དེ་ཡང་ལྟ་བ་སྒོམ་པ་སྤྱོད་པ་གསུམ་བཤད། མཚན་ཐ་དད་དུ་བཏགས་པ་ཡིན་ནའང་དོན་རིག་པ་ཟང་ཐལ་གྱི་ངང་དུ་ཚིག་ཆེད་དུ་འཁྱེར་བའི་གནད་དང་མ་ནོར་བ་དེ་ཡིན་པས་སྒོམ་པ་དང་སྤྱོད་པའི་མན་ངག་ཀྱང་ཡིན་པར་གསུངས་ཏེ་ཐམས་ཅད་ཀྱི་ནང་དུ་དཔེར་ན་མི་ལ་གཅེས་པ་སྲོག་ལྟ་བུ་སྒོམ་པ་དང་སྤྱོད་པ་གཉིས་ཀྱི་ལྟ་བ་ཡང་དག་པ་གཅིག་མངོན་དུ་གྱུར་ནས་སྒོམ་པ་དང་སྤྱོད་པ་དགོས་མ་གཏོགས། ལྟ་བ་མེད་ན་སྒོམ་པ་དང་སྤྱོད་པས་ཕན་ཐོགས་པ་མིན་པས། ལྟ་བ་རྒྱས་པར་བཤད་པ་འདིས་སྒོམ་པ་དང་། སྤྱོད་པ་མན་ངག་ཀྱང་ཡིན་མོད། འོན་ཀྱང་གཞུང་ལུགས་པ་སྤྱིའི་ཆོས་སྐད་ལྟར་ཤེས་བྱའི་བློ་ཡུལ་ལ་ལུང་རིགས་གཏན་ཚིགས་ཀྱིས་གཞལ་ནས་གཏན་ལ་ཕབས་པའི་བཤད་པ་རྒྱ་ཆེན་པོ་མི་འདོད་པས་མངོན་སུམ་རྗེན་པར་གསུང་དུས། རིག་པ་དེ་ཉིད་ཁོ་རང་རྣ་བས་ཐོས་པ་ལྟ་བུ་དང་། དཔེ་ཆའི་གོ་སྟོབས་ལྟ་བུ་མ་རེད། རང་གིས་ཉམས་མྱོང་གི་སྒོ་ནས་མངོན་སུམ་དུ་རྟོགས་སོང་རེད་དུས། མངོན་སུམ་རྗེན་པའི་ཡེ་ཤེས་དེ་ཉིད་རྣམ་རྟོག་ཀྱང་རིག་པའི་ཡེ་ཤེས་ཀྱི་ལྟ་བ་ཀློང་ཆེན་རབ་འབྱམས་མངོན་དུ་གྱུར་པ་ཡིན་ལ། ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་རྣམ་གྲངས་དུ་མ་ལས་དབྱེ་ནའང་རིག་པ་གཅིག་ཡིན་པས་ན་གནད་གསུམ་ག་ལ་ལྟ་བའི་ཉམས་ལེན་དུ་བཤད་ཀྱང་མི་འགལ་བས་ན་གནད་གསུམ་ལྡན་པའི་ལྟ་བ་ལ། དེ་ལྟ་བུའི་ཉམས་ལེན་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ཀ་དག་ལམ་གྱི་གནད་མ་ནོར་བ་ཐེག་པ་རིམ་པ་དགུ་ཡི་རྩེ་མོར་གྱུར་པ་དེ་ཉིད་ཡིན་པས་ན། དཔེར་ན་འཇིག་རྟེན་ན་རྒྱལ་པོ་གཅིག་ཡོད་ན་དེ་ལ་འཁོར་དང་གཡོག་པོ་དམག་དཔོན་མེད་པ་མི་སྲིད་པ་ཡིན་ཏེ། ཐེག་པ་ཐམས་ཅད་ཀྱི་ལམ་གནད་འདི་ལམ་སྟེགས་སམ་གྲོགས་སུ་འགྲོ་བ་གསུང་། རྫོགས་པ་ཆེན་པོའི་ལྟ་བ་ཡང་དག་པ་ཞིག་བསྟན་ན། དེ་མན་ཆད་ཀྱི་ཐེག་པ་རིམ་པ་བརྒྱད་ཡོད་པ་ཐམས་ཅད་ཀྱི་རྫོགས་པ་ཆེན་པོའི་གྲོགས་དང་འཁོར་ལྟ་བུ་ཡིན་ལ། དེ་མ་ཟད་ཀ་དག་རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མེ་རང་ཞལ་མཇལ་བའི་ཚེ་ན་ཆེད་དུ་གཞུང་ལུགས་རྒྱ་ཆེན་པོ་ལ་ཐོས་བསམ་མ་བྱས་ཀྱང་རིག་པའི་རྩལ་དེ་བསྒོམས་བྱུང་གི་ཤེས་རབ་ཏུ་འབར་ནས་མཁྱེན་གཉིས་ཀྱི་ཀློང་དབྱར་གྱི་ཆུ་བོ་ལྟ་བུ་རྡོལ་བ་དང་། སྒོམ་པ་མཁྱེན་བརྩེའི་འོད་ཟེར་ཡིན། །ཞེས་པ་ལྟར་སྟོང་ཉིད་མངོན་སུམ་དུ་རྟོགས་ནས་སྟོང་ཉིད་ཀྱི་གཤིས་དེ་སྙིང་རྗེ་ཆེན་པོ་ཡིན་ཏེ། དེའི་སྙིང་རྗེ་ཆེན་པོ་སེམས་ཅན་ཐམས་ཅད་ལ་རང་ཤར་བརྩེ་བའི་ཐུགས་རྗེ་དེ་ལའང་རང་གི་ཕ་མ་སྤུན་མཆེད་ཉེ་རིང་ལྟ་བུ་མཐོང་ན། གནོད་བྱེད་ཀྱི་དགྲ་ལ་མི་སེམས་པ་ལྟ་བུ་མ་ཡིན་པ་ཕྱོགས་རིས་མེད་པར་འཇུག་པ་ཆོས་ཉིད་ཡིན་པས་ན། མཁྱེན་བརྩེ་འབྲེལ་བའི་སྒོམ་པ་དང་། །དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་གནད་མངོན་དུ་གྱུར་པའི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་གཏང་། ཚུལ་ཁྲིམས་སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། མཉམ་པར་འཇོག་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་སྟེ། དཔེར་ན་ནམ་མཁའ་ནས་ཉི་མ་ཤར་འོང་ན་ཉི་མ་ལ་འོད་ཟེར་མེད་པ་གཏན་ནས་སྲིད་ཀྱི་མ་རེད། དེའི་ཆོས་ཉིད་ཀྱི་ལྟ་བ་ཡང་དག་པར་རྟོགས་སོང་ན། སྒོམ་པ་དང་སྤྱོད་པ་ལམ་གྱི་ཡོན་ཏན་ཐམས་ཅད་རང་གསལ་དུ་འཆར་ལ། དེ་ལྟ་བུའི་སྤྱོད་པ་དེས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་དུས་བསོད་ནམས་ཀྱི་ཚོགས་དང་འབྲས་བུའི་རྣལ་འབྱོར་པ་དེའི་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཀྱང་ཡར་སེམས་ཅན་གྱི་དོན་ལ་འགྱུར་ཞིང་། ཡང་དག་པའི་ལྟ་བ་རེད་སོང་ཚེ་དེའི་གནད་ཉན་རང་དགྲ་བཅོམ་པ་ལྟ་བུའི་ཞི་བ་ཕྱོགས་གཅིག་གི་བདེ་བ་ལ་མི་གོལ་པའི་གྲོགས་སུ་འགྱུར་བས་ན། རྒྱལ་བའི་སྲས་པོ་སྤྱི་ཡི་སྤྱོད་པ་སྟེ་གྲོགས་སུ་གྱུར་པ་ཡིན་ལ། དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་དེ་ད་སྔ་བྱོན་ཟིན་པའི་རིག་འཛིན་གྲུབ་ཐོབ། ད་ལྟ་ཞལ་བཞུགས་པ། མ་འོངས་པ་ན་འབྱོན་པར་འགྱུར་བ་རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ་དམར་པོ། དགོངས་པའི་ཕུག་ངོ་མ་མཐར་ཐུག་པ་དེའི་མཐིལ་ཡིན་པས་ན། དུས་གསུམ་རྒྱལ་བའི་ཞལ་བསྡུར་ཀྱང་། །ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ། སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གནད། འབྲས་བུའི་འཐུས་ཀ་ཟེར་དུས་འབྲས་བུ་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགྲོ་བ་བྱེད་པ་གང་ཟབ་པ་ཐམས་ཅད་ཕྱོགས་གཅིག་ཏུ་ཚུར་བསྡུས་བཞག་ཚེ་དེ་ལ་འཐུས་ཀ་ཟེར་རེད། འཐུས་ཀ་འདི་ལས་ལྷག་པ་མེད་པས། འདི་ལས་ལྷག་པའི་གདམས་ངག་མེད། །གདམས་ངག་འདིའི་བརྗོད་བྱའི་དོན་ནི་བརྒྱུད་པའི་མན་ངག་གི་ཉིང་ཁུ་ཡིན། རྗོད་བྱེད་ཀྱི་ཚིག་ཉུང་ངུ་འདི་ཙམ་ཡང་ཚིག་གི་སྡེབ་སྦྱོར་ཡང་དག་པར་རིག་པའི་རྩལ་ལས་འཆར་དགོས་པས་ན། རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས་དེ་དག་གི་གོ་དོན་རྣམས་སྒོམ་པའི་ཤེས་རབ་ཀྱི་རིག་པའི་རྩལ་ལས་ཤར་ཤར་བ་དེ་ཉིད་རྩེ་གཅིག་ཏུ་ཉམས་སུ་མྱོང་བ་ལྟ་བུ་ཙམ་མེད་ཀྱང་། མཚུངས་མེད་བླ་མ་དམ་པའི་ཞལ་ལུང་ནོར་བ་མེད་པས་ཐོས་པའི་ཤེས་རབ་ཀྱིས་ལུང་དང་རིག་པ་ཐམས་ཅད་ཀྱི་བར་ནས་སྒྲོ་འདོགས་ལེགས་པར་བཅད་དེ། བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་བཀོད་པ་ཡིན་པས་ན། ཤེས་རབ་ཀློང་ནས་གཏེར་དུ་བླངས། །སྐྱབས་རྗེ་རྡོ་རྗེ་འཆང་གི་ཞལ་གསུང་དུ་སྦས་ཞེས་གསུངས་པ་ཡོད། མཆན། འཇིག་རྟེན་གྱི་གཏེར་ཕལ་པ་ས་འོག་ནས་གཏེར་བཏོན་ནའང་མི་བདུན་བརྒྱུད་ཚུན་ཆད་དུ། ཕོངས་པ་སེལ་བ་ལ་སོགས་པ་སྟེ་འཕྲལ་གྱི་དབུལ་བ་སེལ་བ་ཙམ་དང་མི་འདྲ་བ། ས་རྡོའི་བཅུད་དང་འདི་མི་འདྲ། །ལྟ་བའི་གནད་གསུམ་པོ་འདི་དག་ཚིག་གསུམ་གནད་དུ་བརྡེག་པ་ཞེས་བྱ་བ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་མྱ་ངན་ལས་འདས་པའི་ཚེ་ནམ་མཁར་འོད་ཕུང་གི་དཀྱིལ་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་གནང་སྟེ་གྲུབ་ཐོབ་ཤྲཱི་སིང་ཧ་ལ་གནང་ནས་འཇམ་དཔལ་བཤེས་གཉེན་དང་དགོངས་པ་དབྱེར་མེད་དུ་གྱུར་ཏེ། མཆོག་དམན་མེད་པའི་མན་ངག་ཡང་དག་པ་ཡིན་པས་ན། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཡིན། །དེ་ལྟ་བུའི་གདམས་ངག་གི་དོན་ཚུལ་བཞིན་དུ་ཉམས་སུ་བླང་སྟེ་ལྟ་སྒོམ་གནད་དུ་འབྱོར་བར་བྱས་ན་བོད་གངས་ཅན་གྱི་ལྗོངས་སུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྐུ་ཚེ་དེ་ཉིད་ལ་ཀ་དག་ཆོས་ཟད་ཀྱི་དགོངས་པ་མངོན་དུ་གྱུར་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་དེ་ཆོས་སྐུའི་བླ་མ་ཡིན། དེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་རིག་འཛིན་འཇིགས་མེད་གླིང་པ་ལ་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་བསྟན་ནས་བྱུང་བར་གྱུར་པ་རིག་འཛིན་བརྡ་བརྒྱུད་ཀྱི་ཚུལ་དུ་བྱིན་གྱིས་བརླབས། དེ་ནས་དཔལ་སྤྲུལ་རིན་པོ་ཆེ་ཁོ་བོ་ཅག་གི་དྲིན་ཅན་རྩ་བའི་བླ་མ་རྒྱལ་བའི་མྱུ་གུ་ལས་ཞལ་ནས་སྙན་དུ་བརྒྱུད་དེ་གདམས་ངག་གི་ངོ་སྤྲོད་བཏབ་ནས་ཆོས་ཉིད་མངོན་སུམ་དུ་མཇལ་ཏེ་འགྲོ་བའི་དཔལ་མགོན་དུ་བཞུགས་པ་ལས་ཚུལ་བཞིན་དུ་ཚིག་དོན་གཉིས་ཀ་ཐོས་པའི་མན་ངག་ཡིན་པས་ན། བརྒྱུད་པ་གསུམ་གྱི་ཐུགས་བཅུད་ཡིན། །འདི་ལྟ་བུའི་མན་ངག་གསེར་གྱི་ཡང་ཞུན་སྙིང་གི་ཐིག་ལེ་ལྟ་བུ་འདི་ཉམས་སུ་མི་ལེན་པའི་གང་ཟག་ལ་བསྟན་ན་གདམས་ངག་འཕྲོ་བརླག་ཏུ་འགྲོ་གི་རེད་དུས་བསྟན་དུ་འཕང་ཤིང་། གདམ་ངག་སྲོག་ལྟར་དུ་བཙའ་བ་ཟེར་དུས་སྲོག་ལྟར་གཅེས་སྤྲས་བྱས་ནས་གནད་དོན་ཉམས་སུ་བླངས་ན་ཚེ་གཅིག་གི་སངས་རྒྱས་འགྲུབ་པའི་གང་ཟག་ལ་ཡང་མ་བསྟན་ན་རང་ལ་ཉེས་པ་ཡོད་ཀྱི་རེད་དུས་མི་བསྟན་དུ་ཕངས་པས་ན། གང་ལ་བསྟན་དགོས་རེད་ཟེར་ན། གོང་དུ་ཞུས་པ་ལྟར་དུ་གདམ་ངག་སྲོག་ལྟར་བཙའ། གནད་དོན་ཉམས་སུ་ལེན་མཁན། སྙིང་གི་བུ་ལ་གཏད་དོ་རྒྱ། །དེ་ལྟ་བུའི་གཏད་པ་འདིས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་ལ་སོགས་པ་ཐམས་ཅད་ཀྱི་ཟབ་དོན་གནད་དུ་གྲུབ་པ་ཡིན་པའི་ཕྱིར་ན། ཕ་ཡི་བུ་ལ་སྙིང་གཏམ་ཡིན། །དེ་ལྟ་བུའི་སྙིང་གཏམ་ཡིན་པའི་ཕྱིར་ན་དོན་གྱི་གནད་འདི་དང་པོ་དཔེ་ཆའི་སྒོ་ནས་གོ་བ་བྱས། དེའི་རྗེས་ལ་ཉམས་མྱོང་གིས་གཏན་ལ་ཕབ། རང་གི་སེམས་བྱུང་དང་ཆོས་གཉིས་གཅིག་ཏུ་འདྲེས་པར་བྱེད་པ་མ་གཏོགས་ཆོས་ཐོས་པ་ཙམ་གྱིས་ཆོག་པར་སེམས་ཏེ་ཉམས་སུ་མི་ལེན་པས་ཆོས་དང་རང་རྒྱུད་ཡ་བྲལ་དུ་གྱུར་པའི་དོན་གནད་ཡལ་བར་མ་དོར་ཞིག །གདམས་ངག་སེང་གེའི་འོ་མ་ལྟ་བུ་འདིའང་བླ་མ་ལས་ཐོབ་པ་བཞིན་དུ་དད་པ་དང་མོས་གུས་གསེར་གྱི་སྣོད་ལྟ་བུ་འདིའི་ནང་དུ་བདག་པོ་སྤྲད་དེ་འཕྲོ་བརླག་མི་འགྲོ་བར་དགོས་པས་ན། གདམས་ངག་ཟགས་སུ་མ་འཇུག་ཅིག །དེ་ཡི་ཕྱིར་ན་ཤེས་བྱའི་ཆོས་ཐམས་ཅད་ལ་མཁས་པའི་མཚན་དུ་དཔལ་སྤྲུལ་རིན་པོ་ཆེ་ཟེར་རེད་དུས། དཔལ་དེ་སཾ་སྐྲྀ་ཏའི་སྐད་དུ་བྱས་ན་ཤྲཱི་དེའི་རྒྱལ་པོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅུང་ཟད་བཀྲལ་བ་རེ་ཞིག་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །ཞེས་པས་བསྟན་ཟིན་ཏོ། །དེ་ལྟར་མཚན་བརྗོད་པར་དཀའ་བའི་དྲིན་ཅན་རྩ་བའི་བླ་མ་དོན་གྱི་སླད་དུ་གསོལ་བ་འདེབས་ན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་ལྷ་དང་བཅས་པའི་འཇིག་རྟེན་ན་ཡོངས་སུ་གྲགས་པ་༧མཁྱེན་བརྩེ་རིན་པོ་ཆེའི་མཆོག་གི་ཞལ་སྔ་ནས་ཞིབ་ཁྲིད་ཇི་ལྟར་ཐོབ་པ་བློ་དམན་བདག་ལྟ་བུ་བླ་མའི་གསུང་གསང་ཡིད་དུ་མི་གནས་ཤིང་བརྗེད་པར་ཕངས་བའི་ཕྱིར་བརྗེད་ཐོ་བགྱིད་ཆོག་པའི་བཀའ་ཡི་གནང་བ་ལེགས་པར་ཐོབ་སྟེ་སྒྲ་འཛིན་འཁོར་ལོའི་འཕྲུལ་ཐབས་ལ་བརྟེན་ནས། རྗེ་ཉིད་ཀྱི་ཞལ་སློབ་རྒྱ་མཚོ་ལྟ་བུའི་ནང་གི་འབངས་ཐ་ཤྲཱི་སེང་བྲག་སྤྲུལ་མིང་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་གྱིས་བྲིས་པས། ནོར་འཁྲུལ་མཆིས་ན་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འཆགས་ཤིང་། དགེ་བས་བདག་སོགས་སེམས་ཅན་ཐམས་ཅད་འོད་གསལ་རྫོགས་པ་ཆེན་པོའི་སྣང་བཞི་མཐར་ཕྱིན་ཏེ་འགྲོ་དོན་ཁམས་གསུམ་འཁོར་བ་དོང་ནས་སྤྲུག་ནུས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།
མཐར་ཐུག་རྫོགས་པ་ཆེན་པོའི་སངས་རྒྱས་པའི་ཐབས་ཟབ་མོ་དགོངས་པ་རང་གྲོལ། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །མཐར་ཐུག་རྫོགས་པ་ཆེན་པོའི་སངས་རྒྱས་པའི་ཐབས་ཟབ་མོ་དགོངས་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །ཨ་བུ་ཧྲལ་པོའི་སྙིང་གཏམ་ཚིག་སུ་བཀོད་པ་ཨི་གོ་ཨི་གོ །ཨེ་མ་ཧོ། རྣམ་དག་ཆོས་སྐུའི་ངང་ལས་མ་གཡོས་ཤིང་། །འཁྲུལ་པའི་རྩ་བ་བཅད་ནས་ཡེ་སངས་རྒྱས། །ཀུན་བཟང་ཁྱེད་ཀྱི་དགོངས་པ་ཇི་ལྟ་བ། །ནོར་མེད་དེ་བཞིན་བདག་གིས་མྱུར་རྟོགས་ཤོག །བུ་སྐལ་ལྡན་བྱང་ཆུབ་ཐོབ་འདོད་ན། །སྤྲང་འཁྱམས་པོ་ཁྱི་རྒན་དཔལ་སྤྲུལ་གྱིས། །དོན་མ་ནོར་སྙིང་གཏམ་ཚིག་གསུམ་བཤད། །བུ་སྙིང་རུས་ཅན་རྣམས་ཉམས་ལེན་ཞུ། །སྟོང་ཉིད་ཆོས་སྐུ་ཞེས་བྱ་བ། བླ་མ་གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་དམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཡི་དམ་ཐམས་ཅད་ཀྱི་སྲོག་རྩ། མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཁྲག །ཆོས་སྐྱོང་ཐམས་ཅད་ཀྱི་རྟེན་གནས། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་ཁུ། གསང་སྔགས་རིག་སྔགས་ཐམས་ཅད་ཀྱི་ཡང་བཅུད། ཕྱག་རྫོགས་དབུ་གསུམ་གཅིག་ཏུ་བསྟན་པ། ཆོས་སྐུ་རང་སེམས་དབྱེར་མེད་ངོ་སྤྲོད་པ། གཅིག་ཤེས་ཀུན་གྲོལ། གཅིག་ཆོག་རྒྱལ་པོ། ཆོས་ཉིད་ཀྱི་ཕྱག་རྒྱ་ཆེན་པོ། ནངས་རྟོགས་ན་ནངས་སངས་རྒྱས། ནུབ་རྟོགས་ན་ནུབ་སངས་རྒྱས་ཞེས་བྱ་བ། མིང་ཆེ་ལ་དོན་ཆེ་བ། འདི་ཉིད་ནི་རང་སེམས་སྟོང་པ་མ་བཅོས། རང་ཤར་ཐོག་ཏུ་བཞག་པ་རང་ལ་ཟེར་བ་ཡིན་ནོ། །རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཡང་དག་པའི་ལྟ་བ་མ་ནོར་བ་ཞིག་རྟོགས་པར་བྱེད་ན་སེམས་མ་བཅོས་སྟོང་པའི་ངང་དུ་གསལ་ལྷང་ངེར་ཞོག །སེམས་འདུག་ན་འདུག་པའི་ཐོག་ཏུ་མ་བཅོས་པར་ཞོག །མ་དྲན་ན་མ་དྲན་པའི་ཐོག་ཏུ་ཞོག །མདོར་ན་སེམས་མ་བཅོས་གང་ཤར་ཐོག་ཏུ་ཞོག །བཅས་བཅོས་དགག་སྒྲུབ་གང་ཡང་མ་བྱེད། ཅི་བྱུང་ན་བྱུང་ཐོག་ཏུ་མ་བཅོས་པར་ཞོག །རང་སེམས་ཚུར་ལ་མ་བཞག །བལྟ་རྒྱུ་ཕར་ལ་མ་བཙལ། ལྟ་མཁན་བསམ་མཁན་སེམས་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །རང་སེམས་ཚུར་ལ་མ་བཞག །བསྒོམ་རྒྱུ་ཕར་ལ་མ་བཙལ། སྒོམ་བྱེད་མཁན་སེམས་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །རང་སེམས་བཙལ་བས་མི་རྙེད། སེམས་ཉིད་ཡེ་ནས་སྟོང་། བཙལ་ཡང་མི་དགོས་འཚོལ་མཁན་དེ་ཉིད་ཡིན། འཚོལ་མཁན་ཁོ་རང་ཐོག་ཏུ་མ་ཡེངས་པར་ཞོག །ཨི་ཤེས་མི་ཤེས་ལྟ་རྒྱུ། བདེན་ཡང་མི་བདེན། ཡིན་ནམ་མ་ཡིན། གང་བྱུང་ན་ཡང་བསམ་མཁན་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །བཟང་ངན་ཡག་བཙོག་དགའ་སྡུག་ཅི་དྲན་བྱུང་ན་ཡང་སྤང་བླང་མི་བྱེད་པར་དྲན་མཁན་ཁོ་རང་ཐོག་ཏུ་མ་བཅོས་པར་ཞོག །འདོད་མི་འདོད་ཅི་བྱུང་ན་ཡང་བྱུང་ཐོག་ཏུ་མ་བཅོས་པར་ཞོག །དེ་ཡང་སྙན་བརྒྱུད་ལས། གཞི་མ་བཅོས་ཕྱག་རྒྱ་ཆེན་པོ་ཡིན། །ལམ་མ་བཅོས་དབུ་མ་ཆེན་པོ་ཡིན། །འབྲས་མ་བཅོས་རྫོགས་པ་ཆེན་པོ་ཡིན། །ཞེས་གསུངས་སོ། །མ་བཅོས་པ་དེ་ཡི་གེགས་སེལ་ཅུང་ཟད་བྱེད་པ་ནི། སེམས་རྩུབ་མོ་མི་དྲན་དགུ་དྲན་བྱུང་བའི་དུས་སུ། ལུས་ངག་ཡིད་གསུམ་ལྷོད་ཤིག་གེར་ཞོག །དེ་ཉིད་ངང་ནས་སེམས་མི་དྲན་དགུ་དྲན་དེ་ལ་ཕྱོགས་འཚོ་གྱིས་ལ་ཡེངས་མ་ཤོར་བའི་ངང་སྡོད། སེམས་ཕྲ་མོ་དྲན་འགྱུ་རིག་ཙམ་མི་རིག་ཙམ་དེ་འདྲ་བྱུང་དུས། རིག་པ་ཧྲིལ་གྱིས་སྒྲིམས་ལ་གསལ་ལྷང་ངེར་ཞོག །སེང་ངེར་ཡེ་རེ་སྡོད། སེམས་བྱིང་རྨུག་འཐིབས་གསུམ་བྱུང་བའི་དུས། བདེ་གསལ་གྱི་ཉམས་ལ་མ་ཆགས་པར་བཅས་བཅོས་མི་བྱེད་པར་རང་སར་ཞོག་ལ་སྡོད། སེམས་དགའ་སྡུག་བྱུང་དུས་རེས་དགའ་དགའ། སྡུག་སྡུག་བྱེད་མཁན་ཁོ་རང་ཐོག་ཏུ་མ་ཡེངས་པར་ཞོག་ལ་སྡོད། དགའ་བྲོད་སྐྱིད་རྒྱག་བཀུར་སྟི་བྱུང་དུས། དགའ་བྲོད་བདུད་ཀྱི་དབང་དུ་སྣང་བ་མཐོ་ལིང་ངེ་འགྲེང་སྟེ་མ་བཏང་བར་མགོ་བོ་ཁུག །སྣང་བ་ཕོབས། ལུས་སེམས་དལ་ཤིག་གེར་སྡོད། ན་ཚ་སྡུག་བསྔལ་རྐུ་འཕྲོག་ཚིག་ངན་སྨད་བརྡུང་རྐྱེན་ངན་མུ་གེ་དེ་རྣམས་བྱུང་དུས་སུ་མགོ་བོ་མ་ཁུག་ངོ་མདངས་མ་ཤོར་བ། མཆི་མ་མ་བཏང་ལ། དགའ་ཡལ་ལེ་སྤྲོ་སེང་ངེར་འཛུམ་མུལ་ལེ་སྡོད། སེམས་ཀྱི་མཚང་བསྟན་པ་ནི། སྒོམ་ཆེན་ཕོ་མོ་ལ་ལས། སེམས་ངོ་ཤེས་རྒྱུ་མ་རེད་བསམ་ནས་སྡུག་སྟེ་མཆིལ་མ་ཤར་ཤར་འབབ་ནས་འོང་སྟེ། སྡུག་མི་དགོས། མི་ཤེས་རྒྱུ་ཅི་ཡང་མེད། སེམས་ངོ་ཤེས་རྒྱུ་མ་རེད་བསམ་མཁན་ཁོ་རང་གི་ཐོག་ཏུ་ཞོག་དང་དེ་རང་ཡིན། སྒོམ་ཆེན་ལ་ལས་སེམས་ངོ་སྲུང་བ་ལ་དཀའ་མོ་གདའ་ཟེར་ཏེ། དཀའ་མོ་ཅི་ཡང་མེད། སྒོམ་མི་ཤེས་པའི་སྐྱོན་ཡིན། སྒོམ་བཙལ་ནི་མི་དགོས། ཉོ་ནི་མི་དགོས། སྒྲུབ་ནི་མི་དགོས། འགྲོ་ནི་མི་དགོས། ལས་ནི་མི་དགོས། རང་གི་སེམས་ལ་གང་བྱུང་གང་ཤར་ངང་དུ་བཞག་པས་ཆོག །རང་གི་སེམས་ནི་ཡེ་ནས་རང་ལ་ཡོད། བོར་རྒྱུ་རྙེད་རྒྱུ། ཡོད་རྒྱུ་མེད་རྒྱུ་ནི་ཅི་ཡང་མེད། ཡེ་ནས་ཡོད་པའི་སེམས་འདི་ནི་དྲན་དུས་དྲན། མི་དྲན་དུས་མི་དྲན་འདུག་མི་འདི་ནི་རང་ཡིན། སེམས་ཁོ་རང་ཅི་དྲན་བྱུང་ན་ཡང་བྱུང་ཐོག་ཏུ་མ་བཅོས་པར་ལྷོད་དེ་མ་ཡེངས་པར་སྐྱོངས་དང་ཆོག །བདེ་མོ་སླ་མོ་ཤུགས་ལ་འོང་བ་ཡིན། ཆོས་ལ་དཀའ་སྣང་བྱུང་ན་རང་སྡིག་སྒྲིབ་ཆེ་བའི་རྟགས་ཡིན། སྒོམ་ཆེན་ལ་ལས། དགོས་པའི་སེམས་རང་ཐོག་ཏུ་མི་བཞག་ནས། མི་དགོས་པའི་སེམས་ཀྱིས་ཕར་བལྟ་ཚུར་ཉུག་མང་པོ་བྱེད་པ་གདའ་སྟེ། ཕར་བལྟ་ཚུར་ཉུག་བྱས་པས་སེམས་མི་རིག་མི་རྙེད་དོན་མ་གོ་པའི་རྐྱེན་ཡིན། ཕར་ལྟ་ཚུར་ཉུག་ཅི་མི་དགོས། ཕར་ལྟ་ཚུར་ཉུག་བྱེད་མི་སེམས་ཁོ་རང་ཐོག་ཏུ་ཞོག་དང་དེ་རང་ཡིན། སྒོམ་ཆེན་ལ་ལས། སེམས་དྲན་ན་དྲན། མི་དྲན་ན་མི་དྲན་པའི་ཐོག་ཏུ་མི་བཞག་ནས། ལོགས་ཤིག་ནས་ཡོང་བསམ་ནས་ཕར་བཙལ་ཚུར་ཉུག་བྱས་པས་སེམས་ངོ་མི་ཤེས་པས། ཕར་བཙལ་ཚུར་ཉུག་བྱེད་མི་དགོས་སེམས་དྲན་ན་དྲན། མ་དྲན་ན་མ་དྲན་ཐོག་ཏུ་ཞོག་དང་དེ་རང་ཡིན། སྒོམ་ཆེན་ལ་ལས། རང་གི་སེམས་སྟོང་པ་ཉིད་ལ་རང་སེམས་ཡིད་མ་ཆེས་ནས། ཨེ་ཡིན་མི་ཡིན་བསམ་ནས་ཐེ་ཚོམ་བྱེད་པ་ཡང་གདའ་སྟེ། དེ་ཡི་དོན་མ་གོ་བའི་སྐྱོན་ཡིན། ཐེ་ཚོམ་བྱེད་མི་དགོས། རང་སེམས་ཡེ་ནས་སྟོང་པ་ཡིན་པས་སྟོང་པའི་ངང་དུ་ཞོག་དང་དེ་རང་ཡིན། ཐེ་ཚོམ་བྱུང་ན་ཐེ་ཚོམ་ཁོ་རང་ཐོག་ཏུ་ཞོག་དང་དེ་རང་ཡིན། སྒོམ་ཆེན་ལ་ལས། དྲན་མཁན་སེམས་ལ་མི་ལྟ་བར། དྲན་པའི་ཡུལ་རྒྱུ་ཟོག་ས་རྡོ་རྣམས་ལ་ལྟ་མི་ཡང་མང་པོ་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། གཉིས་འཛིན་གྱི་ལྟ་བ་ཡིན། དྲན་མཁན་ཁོ་རང་ཐོག་ཞོག་ལ་ལྟོས། སྒོམ་ཆེན་ལ་ལས། སྣང་སེམས་དབྱེར་མེད་དུ་མི་བཞག་ནས། སྣང་བ་རང་འདེད་ཅིང་འགྲོ་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། གཉིས་སྣང་གི་ལྟ་བ་ཡིན། སྣང་བ་ཕར་ལ་མ་འདེད། དངོས་པོ་ཚུར་ལ་མ་བཀུག །སྣང་སེམས་དབྱེར་མེད་དུ་ཞོག །སྒོམ་ཆེན་ལ་ལས་རང་སར་མི་བཞག་ནས། བྱི་ལས་བྱི་བ་སྒུག་པ་ལྟར། རྣམ་རྟོག་ཅི་བྱུང་ལྟ་འདུག་མི་ཡང་གདའ་སྟེ། རྣམ་རྟོག་བྱུང་ན་བྱུང་། མ་བྱུང་ན་མ་བྱུང་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་སེམས་རང་ཐོག་ཏུ་བཞག་མ་ཤེས་ནས། སྔ་མ་དྲན་པའི་རྗེས་སུ་ལྟ་ཞིང་འགྲོ་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། དྲན་པའི་རྗེས་གཅོད་ཡིན། དྲན་པའི་རྗེས་མི་གཅོད་པར་གཅོད་མཁན་ཁོ་རང་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་སེམས་ཅི་གནས་གང་ཤར་ཐོག་ཏུ་མི་བཞག་ནས། སྒོམ་བཟང་པོ་ཞིག་འདོད་ནས་སེམས་གན་བཅར་མདུན་ཚུབས་ཧྲིག་ཧྲིག་མང་པོ་བྱེད་པ་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སེམས་བཅོས་མ་ཡིན་སེམས་བཟོ་བཅོས་གང་ཡང་མི་བྱེད་པ་རང་གནས་ཅི་བྱུང་གང་ཤར་ངང་དུ་ཞོག །སྒོམ་ཆེན་ལ་ལས་གང་དྲན་དྲན་མི་བཅུག་པར་ཤེས་ཕྱུང་ནས་སེམས་བཟུང་འདུག་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སེམས་བཀག་པ་ཡིན། སེམས་གནས་ན་གནས་ཐོག་ཞོག །འགྱུ་ན་འགྱུ་ཐོག་ཞོག །སྒོམ་ཆེན་ལ་ལས་ཁྱད་བསོད་ལྟར་སེམས་ཧང་ཧང་བྱེད་འདུག་མི་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སེམས་ཧང་ལྟས་ཡིན། སྟོང་པའི་ངང་དུ་གསལ་ལྷང་ངེར་ཞོག །སྒོམ་ཆེན་ལ་ལས་སེམས་ཉིད་འདི་སྟོང་པ་ཡིན་བསམ་ནས་སྒོམ་པ་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སྟོང་པ་བཟོ་སྒོམ་ཡིན། སྟོང་པ་ཉིད་ཡིན་བསམ་མཁན་གྱི་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས། བདེ་ཤིག་གེ་སྟོང་སང་སང་གསལ་ཧྲིག་ཧྲིག་བྱུང་དུས་ལྟ་རྩུབ་ཟིང་ཟིང་ན་ཁ་ཁ། སྟོང་འཕྱང་འཕྱང་། ལྟ་རྒྱུ་མེད་པ་དེ་འདྲ་བྱུང་དུས་མི་ལྟ་མཁན་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། སྤང་བླང་ཡིན། སྤང་བླང་གང་ཡང་མི་བྱེད་པར་གང་བྱུང་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་བཟང་པོ་དྲན་བྱུང་དུས་ལྟ། ངན་པ་བཙོག་པོ་དྲན་བྱུང་དུས་མི་ལྟ་མཁན་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། བཟང་ལྟ་ངན་བསྐྱུར་ཡིན། བཟང་ལྟ་ངན་བསྐྱུར་མི་བྱེད་པར་བཟང་ངན་གང་དྲན་བྱུང་ན་ཡང་དེ་ཡི་ཐོག་ཏུ་མ་ཡེངས་པར་ཞོག །སྒོམ་ཆེན་ལ་ལས་སེམས་བདེ་མོ་བྱུང་ན་དགའ། རྣམ་རྟོག་རྒོད་པོ་བྱུང་ན་རང་གི་སེམས་ལ་ཞེ་སྡང་བྱེད་པ་ཡང་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། གང་ཤར་གྱི་ངོ་བོ་སྐྱོང་མ་ཤེས་པའི་སྐྱོན་ཡིན། རྣམ་རྟོག་རྒོད་པོ་བྱུང་དུས་སེམས་གློད་གློད་ངང་ནས་རྒོད་པོ་ཁོ་རང་གི་ཐོག་ཏུ་ཞོག །སྒོམ་ཆེན་ལ་ལས་དགོས་མི་དགོས་མེད་པར་སྒྲིམ་ལྷོད་ཡང་མི་བྱེད་པར་གདའ་སྟེ། དེ་ནི་ཡང་དག་པའི་ལྟ་བ་མ་ཡིན། བཅོས་མ་ཅུང་ཟད་འཕོག་འགྲོ་བ་ཡིན། སེམས་གནས་མ་ཤེས་པའི་སྐྱོན་ཡིན། དགོས་པའི་དུས་སུ་སྒྲིམ་ལྷོད་ཀྱིས། །མི་དགོས་པའི་དུས་སུ་སྒྲིམ་གློད་མི་བྱ་བར་རང་བབས་སུ་གསལ་ལྷང་ངེར་ཞོག །སྒོམ་ཆེན་ལ་ལས་ཟས་སྐོམ་ཞིམ་མངར་གྱི་རོ་དྲན་དུས་སུ་སྒོམ་མི་ཚུག་ནས་ཡར་ལངས་ནས་ཟས་སྐོམ་ཞིམ་མངར་ཅན་ཞིག་ཨེ་ཐོབ་མི་ཐོབ་བྱེད་ནས་ཟས་སྐོམ་ཞིམ་མངར་ལ་ལོངས་སྤྱོད་པ་གདའ་སྟེ། དེ་འདྲ་བྱས་ན་བསམ་གཏན་འཚོ་བ་ཟག་པའི་སྒོམ་ལེགས་པོ་ཞིག་མི་འོང་། ཁ་ཞིམ་ལྟོ་སྐྱིད་ཀྱིས་སྒོམ་ཆེན་སྡུག་བྲེད་ཅན་ཞིག་འོང་། དེ་ཕྱིར་ཟས་སྐོམ་ཞིམ་མངར་གྱི་རོ་ལ་ཆགས་པར་བསམ་གཏན་གྱི་འཚོ་བ་ཟ་དགོས་པ་ཡིན། སྒོམ་ཆེན་ལ་ལས་སྐྱིད་རྒྱག་ལོངས་སྤྱོད་ཆེ་བསྟོད་དེ་འདྲ་བྱུང་དུས། སྒོམ་བྱེད་མི་ཚུག་པ་དགའ་དགའ་སྐྱིད་སྐྱིད་ཆེར་བྱེད། སྡུག་བསྔལ་རྐྱེན་ངན་ན་ཚ་སྨད་བཤའ་ཁ་མཆུ་དེ་འདྲ་བྱུང་དུས་སྒོམ་བྱེད་མི་ཐུབ་ནས། ཁ་ངོ་སྤྲིན་ནག་ལྟར་བསྡུས་ནས་ཁ་ཡིས་སྡུག་རབ་བཤད། མིག་ནས་མཆི་མ་གཏོང་མཁན་ཡང་གདའ་སྟེ། དེ་འདྲ་བྱས་ན་དགའ་སྡུག་རོ་སྙོམ་ཐུབ་པའི་ཆོས་པ་ལེགས་པོ་ཞིག་མི་འོང་། དགའ་སྡུག་ཆོས་བརྒྱད་ཀྱི་དབང་དུ་ཤོར་བའི་ཆོས་མེད། ཐ་མལ་སྡུག་བྲེད་ཅིག་འོང་བ་ཡིན། དེའི་ཕྱིར་དགའ་སྡུག་གང་ཡང་རོ་སྙོམས་ནས་ལམ་ཁྱེར་དགོས་པ་ཡིན་ནོ། །
༈ སེམས་ཀྱི་རྣམ་ཐར་བཤད་པ་ནི། ཨེ་མ་ཧོ། སེམས་ཉིད་ཡེ་ནས་དངོས་པོ་མེད། །བལྟས་པས་མི་མཐོང་སྟོང་པ་འགྱུར། །སྟོང་པ་མ་ཡིན་རིག་ཅིང་གསལ། །རིག་སྟོང་དབྱེར་མེད་མཁའ་ལྟར་ཁྱབ། །བཞག་ཀྱང་གཏད་མེད་ཟང་ཐལ་འགྲོ། །མ་བཞག་འདུག་ཀྱང་རང་སར་འཁོར། །རྐང་ལག་མེད་ཀྱང་ཀུན་ཏུ་རྒྱུག །བཏང་ཡང་མི་འགྲོ་རང་སར་འཁོར། །མིག་ནི་མེད་ཀྱང་ཐམས་ཅད་རིག །རིག་པའི་སྣང་བ་སྟོང་པར་འགྲོ། །སེམས་ཀྱི་ངོ་བོ་འདི་ཞེས་མེད། །མེད་ཀྱང་དྲན་རིག་སྣ་ཚོགས་འཆར། །ཡོད་པ་མ་ཡིན་སྟོང་པར་འགྲོ། །མེད་པ་མ་ཡིན་དྲན་རིག་སྣང་། །སྣང་སྟོང་ཟུང་འཇུག་འོད་ཟེར་འབར། །སྟོང་གསལ་ཆོས་སྐུ་རང་མདངས་གསལ། །ཡེ་ཤེས་ལྔ་ལྡན་རབ་ཏུ་རྒྱས། །ཀ་དག་གནས་ལུགས་ལྷུན་གྲུབ་དང་། །སྐུ་དང་ཞིང་ཁམས་འགག་མེད་འཆར། །འོད་གསལ་མ་བུ་གཅིག་ཏུ་འདྲེས། །སེམས་ཀྱི་གནས་ལུགས་དེ་འདྲ་བ། །རྟོགས་པར་འདུག་གམ་རྟོགས་ལྡན་རྣམས། །ཤེས་པར་འདུག་གམ་ཤེས་ཆེན་རྣམས། །ཉམས་ལེན་མཛོད་ཅིག་རྣལ་འབྱོར་རྣམས། །
༈ འཁྲུལ་པ་རང་གྲོལ་གྱི་གདམས་ངག་ནི། དུག་སྨན་དུ་འགྱུར་བ་ལྟ་བུ་ནི། །སྟོང་པ་ཉིད་ལ་སེར་སྣ་མེད། །འཁྲུལ་པའི་དབང་གིས་སེར་སྣ་ལང་། །མ་འཁྲུལ་སེར་སྣ་ལོང་མཁན་ལྟོས། །ལྟོས་ཤིག་སྐྱོང་ལ་མ་ཡེངས་དང་། །སེར་སྣ་སངས་ནས་སྟོང་པར་འགྱུར། །སྟོང་པའི་ངང་དུ་མ་ཡེངས་ཞོག །དེ་ནི་སེར་སྣ་རྣམ་དག་ཡིན། །སྦྱིན་པ་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་ཆགས་ཞེན་མེད། །འཁྲུལ་པའི་དབང་གིས་ཆགས་ཞེན་ལང་། །མ་འཁྲུལ་ཆགས་ཞེན་ལང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །ཆགས་ཞེན་སངས་ནས་སྟོང་པར་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་ཆགས་ཞེན་རྣམ་དག་ཡིན། །ཚུལ་ཁྲིམས་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །འཁྲུལ་པའི་དབང་གིས་ཁོང་ཁྲོ་ལང་། །མ་འཁྲུལ་ཁོང་ཁྲོ་ལང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །ཁོང་ཁྲོ་སངས་ནས་སྟོང་པར་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་ཁོང་ཁྲོ་རྣམ་དག་ཡིན། །བཟོད་པ་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་ལེ་ལོ་མེད། །འཁྲུལ་པའི་དབང་གིས་ལེ་ལོ་འབྱུང་། །མ་འཁྲུལ་ལེ་ལོ་འབྱུང་མཁན་ལྟོས། །ལྟོས་ཤིག་སྐྱོངས་དང་མ་ཡེངས་དང་། །ལེ་ལོ་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་ལེ་ལོ་རྣམ་དག་ཡིན། །བརྩོན་འགྲུས་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་གཡེང་བ་མེད། །འཁྲུལ་པའི་དབང་གིས་གཡེང་བ་འབྱུང་། །མ་འཁྲུལ་གཡེང་བ་འབྱུང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །གཡེང་བ་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་ལ་མ་ཡེངས་ཞོག །དེ་ནི་རྣམ་གཡེང་རྣམ་དག་ཡིན། །བསམ་གཏན་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་གཏི་མུག་མེད། །འཁྲུལ་པའི་དབང་གིས་གཏི་མུག་ལང་། །མ་འཁྲུལ་གཏི་མུག་འབྱུང་མཁན་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །གཏི་མུག་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་གཏི་མུག་རྣམ་དག་ཡིན། །ཤེས་རབ་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །སྟོང་པ་ཉིད་ལ་རློམ་སེམས་མེད། །འཁྲུལ་པའི་དབང་གིས་རློམ་སེམས་ལང་། །མ་འཁྲུལ་རློམ་སེམས་ངོ་བོར་ལྟོས། །ལྟོས་ཤིག་སྐྱོངས་ལ་མ་ཡེངས་དང་། །རློམ་སེམས་སངས་ནས་སྟོང་ཉིད་འགྱུར། །སྟོང་ཉིད་ངང་དུ་མ་ཡེངས་ཞོག །དེ་ནི་རློམ་སེམས་རྣམ་དག་ཡིན། །ཆོག་ཤེས་དེ་བས་གོང་ན་མེད། །དེ་རྟོགས་རྣལ་འབྱོར་ཨེ་མ་ཧོ། །
༈ ཉོན་མོངས་རང་གྲོལ་གྱི་མན་ངག་ནི། ཉོན་མོངས་ཡེ་ཤེས་བསྒྱུར་བས་ན། །ཡེངས་མེད་ངང་ལ་སྡུག་བསྔལ་མེད། །འཁྲུལ་པའི་དབང་གིས་སྡུག་བསྔལ་འབྱུང་། །མ་ཡེངས་སྡུག་བསྔལ་ངོ་བོར་ལྟོས། །སྡུག་བསྔལ་མེད་ནས་སྟོང་པར་འགྱུར། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་སྡུག་བསྔལ་རྣམ་དག་ཡིན། །བདེ་ཆེན་ཆོས་སྐུ་དེ་ལ་ཟེར། །ཡེངས་མེད་ངང་དུ་ཉོན་མོངས་མེད། །ཡེངས་པའི་སྐྱོན་གྱིས་ཉོན་མོངས་ལང་། །མ་ཡེངས་ཉོན་མོངས་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །ཉོན་མོངས་དེ་ནི་སྟོང་པར་འགྲོ། །སྟོང་པའི་ངང་དུ་མ་ཡེངས་ཞོག །དེ་ནི་ཉོན་མོངས་རྣམ་དག་ཡིན། །སྐྱེ་མེད་ཆོས་སྐུ་དེ་ལ་ཟེར། །ཡེངས་མེད་ངང་ལ་ཞེ་སྡང་མེད། །ཡེངས་པའི་སྐྱོན་གྱིས་ཞེ་སྡང་ལང་། །མ་ཡེངས་ཞེ་སྡང་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །ཞེ་སྡང་མེད་ནས་སྟོང་པར་འགྲོ། །སྟོང་གསལ་ངང་ལ་མ་ཡེངས་ཞོག །དེ་ནི་ཞེ་སྡང་རྣམ་དག་ཡིན། །མེ་ལོང་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་ང་རྒྱལ་མེད། །ཡེངས་པའི་སྐྱོན་གྱིས་ང་རྒྱལ་ལང་། །མ་ཡེངས་ང་རྒྱལ་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །ང་རྒྱལ་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །མཉམ་ཉིད་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་འདོད་ཆགས་མེད། །ཡེངས་པའི་སྐྱོན་གྱིས་འདོད་ཆགས་ལང་། །མ་ཡེངས་འདོད་ཆགས་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །འདོད་ཆགས་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་འདོད་ཆགས་རྣམ་དག་ཡིན། །སོར་རྟོགས་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་ཕྲག་དོག་མེད། །ཡེངས་པའི་སྐྱོན་གྱིས་ཕྲག་དོག་ལང་། །མ་ཡེངས་ཕྲག་དོག་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །ཕྲག་དོག་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་ལ་མ་ཡེངས་ཞོག །དེ་ནི་ཕྲག་དོག་རྣམ་དག་ཡིན། །བྱ་གྲུབ་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་གཏི་མུག་མེད། །ཡེངས་པའི་སྐྱོན་གྱིས་གཏི་མུག་ལང་། །མ་ཡེངས་གཏི་མུག་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །གཏི་མུག་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་གཏི་མུག་རྣམ་དག་ཡིན། །ཆོས་དབྱིངས་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་བྱིང་རྨུག་མེད། །ཡེངས་པའི་སྐྱོན་གྱིས་བྱིང་རྨུག་འཐིབས། །མ་ཡེངས་བྱིང་རྨུག་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །བྱིང་རྨུག་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་བྱིང་རྨུག་རྣམ་དག་ཡིན། །སྟོང་གསལ་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་ལ་འཐོར་རྒོད་མེད། །ཡེངས་པའི་སྐྱོན་གྱིས་འཐོར་རྒོད་ལང་། །མ་ཡེངས་འཐོར་རྒོད་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །འཐོར་རྒོད་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་འཐོར་རྒོད་རྣམ་དག་ཡིན། །འགྱུར་མེད་ཡེ་ཤེས་དེ་ལ་ཟེར། །ཡེངས་མེད་ངང་དུ་དུག་གསུམ་མེད། །ཡེངས་པའི་སྐྱོན་གྱིས་དུག་གསུམ་ལང་། །མ་ཡེངས་དུག་གསུམ་ངོ་བོར་ལྟོས། །ལྟོས་ཤིག་སྒོམས་ལ་མ་ཡེངས་དང་། །དུག་གསུམ་མེད་ནས་སྟོང་གསལ་འགྲོ། །སྟོང་གསལ་ངང་དུ་མ་ཡེངས་ཞོག །དེ་ནི་དུག་གསུམ་རྣམ་དག་ཡིན། །སྐུ་གསུམ་ཡེ་ཤེས་དེ་ལ་ཟེར། །
༈ ངེས་ཤེས་བསྐྱེད་པའི་དོན་དུ་སེམས་ཀྱི་འོང་ལུགས་བཤད་པ་ནི། སྒོམ་ཆེན་གྱི་སེམས་ལ་བར་རེ་ཅི་ཡང་མི་བསམ་པ་འོང་། སྟོང་ཉང་ངེ་འདུག་པ་འོང་། དེ་འདྲ་བྱུང་དུས་བཅས་བཅོས་མི་བྱེད་པར་རང་ཐོག་ཏུ་ལྷང་ངེར་ཞོག །ཐང་རེ་གསལ་ལྷང་ངེར། བདེ་འབོལ་ལེ་འདུག་པའི་དུས་འོང་། དེ་འདྲ་བྱུང་དུས་སེམས་དེ་གསལ་ལྷང་ངེར་ཞོག །ཐང་རེ་སེམས་ནག་ཐམ་ཐམ་སྟོང་ཧང་ཧང་གསལ་མི་ཐུབ་པའི་དུས་འོང་། དེ་འདྲ་བྱུང་དུས་རིག་པ་གསལ་གྱིས་བཏོན་ལ་རྗེན་ཧ་རེ་ཞོག །ཐང་རེ་སྡུག་ཧང་གིས་འོང་། དེ་འདྲ་བྱུང་དུས་སྤྲོ་སིང་ངེར་ལྷོད་ཤིག་གེར་དགའ་ཡ་ལེར་སྡོད། ཐང་རེ་ཡུད་ཙམ་འདུག་ཅིང་ཡུན་རིང་མི་འདུག་པ་ཞི་བི་ཞི་བི་དྲན་འགྲོ་བ་འདྲ་འོང་། དེ་འདྲ་བྱུང་དུས་སེམས་ཁ་སྒྲིམས་ལ་ཁོང་ལྷོད་ལ་ཞོག །ཐང་རེ་སེམས་རིག་ཙམ་མི་རིག་ཙམ་དེ་འདྲ་འོང་། དེ་འདྲ་བྱུང་དུས་སེམས་མར་ལོག་ནང་ནས་སྤུ་བཏོན་པ་ལྟར་གསལ་ཧྲིག་གིས་ཕྱུང་ནས་མ་ཡེངས་པ་ཧུ་རེ་ཞོག །ཐང་རེ་མི་དྲན་དགུ་དྲན་བྱེད་ནས་ཡར་འཕྱང་མར་འཕྱང་བྱེད་ཅིང་ཡུད་ཙམ་འདུག་མི་ཐུབ་པ་ལང་འོང་། དེ་འདྲ་བྱུང་དུས་ལུས་ལྷོད་སེམས་ལྷོད་ཀྱི་ངང་ནས་ཡེངས་མ་ཤོར་བར་ཕྱོགས་འཚོ་ཕྱོགས་སྐྱོང་གྱིས་ལ་ཞོག །ཐང་རེ་བསྒོམ་སྙིང་མི་འདོད་པ་སྙིང་ན་བ་འདུག་མི་ཚུག་པ་དེ་འདྲ་ཡང་འོང་། དེ་འདྲ་བྱུང་དུས་བླ་མ་ལ་གསོལ་བ་ལྷང་ལྷང་བཏབ་ཅིང་སྣང་བ་བདེ་ལྷང་ངེར་སྐྱིད་ལྷང་ངེར་ཞོག །ཐང་རེ་བདེ་བ་དེ་ལྡན་ལྡན་གསལ་བ་དང་དགའ་ལྷག་ལྷག །བྲོ་འཁྲབ་འདོད་པ་ཡང་འོང་། དེ་འདྲ་བྱུང་དུས་རང་སེམས་ལ་འཛིན་པ་མ་ཞུགས་པར་ལྷོད་མེར་རེ་སྡོད། སེམས་ཀྱི་འོང་ལུགས་དེ་རྣམས་ནི་ལས་དང་པོ་པས་གནས་ལུགས་གཏན་ལ་མ་ཕེབས་པའི་དུས་འོང་བ་ཡིན། གཏན་ལ་འབེབས་ཐུབ་པ་རྣམས་ལ་དེ་འདྲ་འོང་རྒྱུ་མེད། དེ་ཡང་ཟུར་ཙམ་བཤད་པར་བྱ་སྟེ། གནས་ལུགས་གཏན་ལ་འབེབས་པའི་དུས། །ལྟ་ཡང་མི་དགོས་འོད་གསལ་རང་བཞིན་འཆར། །སྒོམ་ཡང་མི་དགོས་སེམས་ཉིད་རང་སར་ཟིན། །ཡེངས་ཀྱང་མི་དགོས་སེམས་ཉིད་རང་ཚོད་བཟུང་། །འགྱུ་ཡང་མི་དགོས་དྲན་རིག་མཁའ་ལྟར་ཁྱབ། །བཅས་བཅོས་མི་དགོས་འོད་གསལ་ངང་དུ་གནས། །རང་སེམས་དབྱེར་མེད་འོད་གསལ་ངང་ནས་འདྲེས། །ཡེངས་མེད་རང་སར་ཟིན་ནས་ཀྱང་། །སྟོང་ཉིད་ཆོས་སྐུའི་ངང་ཉིད་ལས། །ལྷུན་གྲུབ་འོད་གསལ་ཤར་བའི་དུས། །རང་སེམས་སངས་རྒྱས་དབྱེར་མི་འབྱེད། །སྐུ་དང་ཞིང་ཁམས་འབྲལ་མེད་འབྱུང་། །རེ་དོགས་བདག་འཛིན་དགའ་སྡུག་མེད། །སྤང་བླང་ཐེ་ཚོམ་སྣ་ཚོགས་བྲལ། །སེམས་གཏན་ལ་ཕབ་ན་དེ་ལྟར་འབྱུང་། །
༈ སྤྱོད་ལམ་རྣམ་བཞི་ཁྱེར་ཚུལ་ནི། སྒོམ་ཆེན་འགྲོ་བའི་དུས་སུ་ནི། །སྨྱོ་མཆོང་རྒྱུག་མཆོང་མི་བྱེད་པར། །ལུས་སེམས་དལ་བའི་ངང་ཉིད་ལས། །རང་སེམས་གཡེལ་མེད་སྲུང་བཞིན་འགྲོ། །སྒོམ་ཆེན་འདུག་པའི་དུས་སུ་ནི། །བསམ་བློ་བགྲང་ཕྲེང་མི་བཏང་བར། །ལུས་གནད་དྲང་པོར་བསྲང་ནས་ཀྱང་། །རང་སེམས་གཅེར་བུ་ཕུད་ནས་སྡོད། །སྒོམ་ཆེན་ཉལ་བའི་དུས་སུ་ནི། །གཏི་མུག་རོ་བཞིན་མི་ཉལ་བ། །ཡེངས་མེད་འོད་གསལ་ངང་དུ་བསྲེས། །སྒོམ་ཆེན་བཟའ་བཏུང་ཟ་བའི་དུས། །བཟའ་བཏུང་བདུད་རྩིར་བྱིན་གྱིས་རློབས། །རང་ལུས་ཞི་ཁྲོའི་ལྷ་ཚོགས་རྣམས། །སེམས་ཉིད་ཡེངས་མེད་ངང་ལ་བཟའ། །འགྲོ་འདུག་ཉལ་བ་ཅི་བྱེད་ཀྱང་། །སྟོང་ཉིད་དབྱེར་མེད་ངང་ནས་གྱིས། །རང་སེམས་སངས་རྒྱས་དབྱེར་མེད་པ། །འཆི་ཁ་མི་འགྱོད་པ་ཞིག་འདོད་ན། འདི་ལྟ་བུ་ཞིག་ཉམས་ལེན་དགོས་པ་ཡིན། མཚན་ཉིད་ལྡན་པའི་བླ་མ་བསྟེན་ཤེས་དགོས། འཇིག་རྟེན་སྤྲོས་དང་བྲལ་བའི་བྱ་བཏང་ཞིག་ནི་དགོས། །སྐད་ཅིག་ཡེང་བ་མེད་པའི་བརྩོན་འགྲུས་ཤིག་ནི་དགོས། །གཅིག་པུར་རི་ཁྲོད་ཐུབ་པའི་སྡུག་བསྲན་ཞིག་ནི་དགོས། །ཟས་གོས་ཞེན་པ་བཅད་པའི་དཀའ་སྤྱད་ཅིག་ནི་དགོས། །གང་ཡང་གཉིས་སྣང་བྲལ་བའི་ལྟ་བ་ཞིག་ནི་དགོས། །ཡེངས་མེད་འོད་གསལ་འཁོར་ཡུག་སྒོམ་པ་ཞིག་ནི་དགོས། །བྱ་རྩོལ་སྤང་བླང་བྲལ་བའི་སྤྱོད་པ་ཞིག་ནི་དགོས། །རང་སེམས་སངས་རྒྱས་དབྱེར་མེད་འབྲས་བུ་ཞིག་ནི་དགོས། །ཆགས་འཛིན་ངོ་ལྐོག་མེད་པའི་དམ་ཚིག་ཅིག་ནི་དགོས། །ཀུན་ལ་འདོད་པའི་རློམ་སེམས་མེད་པ་ཞིག་ནི་དགོས། །དགོས་རབ་ཉམས་ལེན་མཛོད་ཅིག་སྐལ་ལྡན་ཆོས་མཛད་རྣམས། །
༈ ཡང་སྒོམ་གྱི་གྲོགས་གོ་ཆ་བཟང་པོ་ཞིག་འདོད་ན་འདི་ལྟར་མཛོད། གཡོག་འཁོར་མང་པོའི་དཔོན་པོ་བྱེད་པ་སྤང་། །རྒྱུ་ཟོག་མང་པོའི་བདག་པོ་བྱེད་པ་སྤང་། །རྟ་ནོར་མང་པོའི་འཚོ་སྐྱོང་བྱེད་པ་སྤང་། །ཉེ་བ་མང་པོའི་མགོ་འདྲེན་བྱེད་པ་སྤང་། །དགྲ་གཉེན་གཉིས་ལ་ཆགས་སྡང་བྱེད་པ་སྤང་། །ལས་དཀའ་སོ་ནམ་བཟོ་རིགས་བྱེད་པ་སྤང་། །ལོངས་སྤྱོད་ཁེ་གྲགས་འཚོ་སྐྱོང་བྱེད་པ་སྤང་། །ཆེ་ཐབས་གྲགས་ཐབས་མི་ཐབས་བྱེད་པ་སྤང་། །དེ་རྣམས་མ་སྤངས་སེམས་ཉིད་གཡེང་བས་ཁྱེར། །དེ་རྣམས་སྤངས་ན་སེམས་ཉིད་བཙན་ས་ཟིན་ན་སངས་རྒྱས་དངོས། །དེང་སང་དུས་ཀྱི་གནས་སྐབས་ལ། །བླ་མས་སློབ་མཁས་སློབ་མས་སྒོམ་མཁས་ཀྱི། །རང་སེམས་འདི་ནི་རྟོགས་མི་མང་པོའང་གདའ། །ཡང་དག་དོན་ནི་རྟོགས་མི་མང་པོའང་གདའ། །སེམས་ཉིད་ངོ་བོ་སྟོང་གསལ་ནི། །མི་གཅིག་ལ་འཆར་རྒྱུ་ཀུན་ལ་འཆར། །དེ་ཤེས་མི་ཀུན་ལ་དྲིས་དང་གསལ་བ་ཡིན། །མཁས་པ་མང་པོར་དྲིས་དང་ཤེས་ནས་འོང་། །ཐེ་ཚོམ་མེད་པར་གྱིས་ལ་སྒོམས། །
༈ ཡང་སྒོམ་ཆེན་ལ་ཞལ་གདམས་གནད་ཆེ་བ་ཞིག་ཡོད་དེ་བཤད་པར་བྱ། དེང་སང་དུས་ཀྱི་གནས་སྐབས་ལ། །བླ་མ་སློབ་མ་ལ་ལ་ཡིས། །བླ་མས་སློབ་ཉེས་སློབ་མས་བསྒོམ་ཉེས་ཀྱིས་མི་ལོ་བདུན་ཅུ་བརྒྱད་ཅུར་བསྒོམས་ན་ཡང་། རྣམ་རྟོག་མ་སྐྱེས་མི་འོང་མང་པོ་གདའ། །མིན་པ་ཡིན་སྣང་བྱེད་མི་མང་པོ་གདའ། །མི་ཤེས་བླུན་སྒོམ་བྱེད་པ་མང་པོ་གདའ། །དོན་མེད་བརྩོན་འགྲུས་བྱེད་པ་མང་པོ་གདའ། །བླ་མས་སློབ་མཁས་སློབ་མ་སྒོམ་མཁས་ཀྱིས། །རང་ཆེ་མ་བྱེད་མཁས་པ་རྣམས་ལ་དྲིས། །རང་བཟོ་མ་བྱེད་རང་སེམས་ཕུ་ཐག་ཆོད། །རང་མགོ་མ་བསྐོར་ཐེ་ཚོམ་མེད་པར་མཛོད། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།
ངོ་སྤྲོད་གནད་ཀྱི་མེ་བཙའ། རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །ངོ་སྤྲོད་གནད་ཀྱི་མེ་བཙའ་བཞུགས། དུས་དང་རྣམ་པ་ཐམས་ཅད་དུ་བཟང་ངན་གྱི་རྟོག་ཚོགས་གང་ཤར་གྱི་ངོ་བོ་ལ་ཕར་བལྟས་པས་སྟོང་ཞིང་སྟོང་པ་ཉིད་དོ་སྙམ་པའི་བློ་དེ་ཉིད་ལས་མ་འདས་པའི་ངང་གིས་ཡུལ་སྟོང་པ་འཁོར་ཡུག་གི་རང་བཞིན་ཅན་འདྲའི་སྟོང་ཆ་ཆེན་པོ་སྟོང་པའི་ཕྱོགས་ནས་སྣང་བ་གཏད་མེད་རྒྱ་ཡན་ལྷུག་པ་འདྲ་བ་ཞིག་ནམ་ཡང་འདུག་པའི་དུས་སྐབས་སུ་དེ་ཡི་ངང་དུ་མཉམ་བཞག་བྱེད་པ་དེ་ལ་དགོས་པ་ཅི་ཡང་མི་འདུག་སྟེ། སྟོང་ཆ་དེ་ཉིད་ཡོད་ཀྱང་ཆོག་སྟེ་མེད་ཀྱང་ཆོག །དོན་ལ་སྒོམ་པ་ཁ་ཕྱིར་བལྟས་སུ་ཤོར་བའི་སྟོབས་ཀྱིས་ཡུལ་སྟོང་ཕྱོགས་སུ་སྣང་བ་ཙམ་རེ་འདྲའོ། །མདོར་ན་ཁ་ཕྱི་རུ་རྣམ་རྟོག་གི་ཆ་ལ་མི་བལྟ། ཁ་ནང་དུ་ངོ་བོ་རང་རིག་གི་གཤིས་སུ་ལྟོས་ལ་ཡང་ནས་ཡང་དུ་རིག་པ་ཧུར་ཕྱུང་བ་ནི་གནད་ཆེའོ། །ལྟ་སྒོམ་ལ་ཉམས་ལེན་གནད་དུ་དེ་ལྟར་བྱས་ནས་རིག་གདངས་གསལ་བའི་མདངས་ལ་དར་བའི་ཆ་དང་བཅས་པའི་གཤིས་དེར་རྣམ་རྟོག་འཆར་དུ་མེད་པས་བཟང་ངན་གྱི་རྟོག་པ་ལ་རེས་སུ་ཕྱེ་རྒྱུ་མེད་པ་དེའོ། །དེ་སྟོང་ངོ་བསམ་རྒྱུ་སྤུ་ཙམ་མེད་དེ་སྤང་ལ་བེ་ཕུར་བཏབ་པ་བཞིན་དུ་ལྷན་ནེར་སྡོད་ཚུགས་པ་ཞིག་བྱུང་བར་གྱུར་ན་དེ་ནི་གནད་ཆེ་སྟེ། ཤེས་རིག་རང་ཚུགས་ཟིན་པ་མཆོག་ཏུ་ལྷག །ཅེས་གསུངས་པས། དེ་ལྟར་དུ་ངོ་བོ་རང་ཚུགས་སྐྱོང་བའི་མུ་བྱས་པས་མི་ཆོག་པ་ནི་ནམ་ཡང་ཨོམ་ཡོད་དེ། དེས་མི་ཆོག་ན་ནི་ངས་ཅང་མི་ཤེས་སོ། །ལར་ལམ་བསླབ་པ་གསུམ་པོ་ཇི་བཞིན་དུ་གོ་དགོས། དེ་ཡང་གོ་བ་ཙམ་གྱིས་མི་ཆོག་སྟེ་གནད་དུ་ཐེང་དགོས། གནད་དུ་མ་ཐེང་པའི་ཆོས་ཐོས་བསམ་སྒོམ་གསུམ་གྱིས་ཅི་བྱེད་དོན་མེད་དོ། །དེ་ཡང་མདོ་དོན་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པས་རང་རྒྱུད་དོན་ཡོད་དུ་སྡོམ་པར་བྱ་བ་གལ་ཆེས་ཆེ། ནང་པ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་རྩ་བའི་དོན་དམ་གང་ཡིན་པ་དེ་ནི་ལེགས་པར་ངོ་ཤེས་དགོས། དེ་མ་ཤེས་ན་རྒྱལ་བའི་རྗེས་འཇུག་ནི་མིན་པས། དེ་ཤེས་ནས་དོན་གྱི་རྩ་བ་དེ་ཉམས་སུ་བླང་བར་བྱ་དགོས་ངེས། རྣལ་འབྱོར་རང་བཅའ་བ་རྔ་རང་ལྕག་ཟེར་བའི་དཔེ་དོན་ལྟར་ཡིན་པ་ནི་ལོས་གོ །དེ་གོ་ནས་བཟུང་སྟེ་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་འཁོར་བའི་བྱ་བྱེད་ཕལ་ཆེར་ཐམས་ཅད་རྣལ་འབྱོར་པའི་ཐུགས་དམ་མིན་ཏེ་ཉམས་ལེན་གྱི་རྩ་བ་མ་ཡིན་མོད། རྣལ་འབྱོར་པའི་ཉམས་ལེན་ཐུགས་དམ་གྱི་རྩ་བ་གང་ལ་མཛད་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལམ་བསླབ་པ་གསུམ་སྟེ་ལུང་རྟོགས་ཀྱི་ཆོས་རྣམས་ཉམས་ལེན་ཞིབ་ཏུ་མཛད་དགོས། དེ་ཡང་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པ་ལ་ཡིན་པའི་རྟགས་ཡོད་དགོས་པས། གྲུབ་ཐོབ་གོང་མའི་ཉམས་མགུར་དང་རྣམ་ཐར་སོགས་ལ་བལྟས་ཏེ། ལེགས་པར་དེའི་རྗེས་སུ་སྙོགས་པ་ནི་དོན་གྱི་གལ་ཆེའོ། །ཞེས་དཔལ་སྤྲུལ་པས་སོ།། །།
ཉམས་ལེན་གནད་འགག །རྫ་དཔལ་སྤྲུལ་རིན་པོ་ཆེ།
༄༅། །ཉམས་ལེན་གནད་འགག །བླ་མ་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་རྫོགས་པ་ཆེན་པོའི་དོན། །ཡེ་གྲོལ་རང་བཞིན་རྗེན་པར་སྟོན་མཛད་པའི། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་བཅས་རྣམས་དང་། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐྱོན་ཡོན་གྲུབ་བསལ་སྤང་བླང་ལས་འདས་པའི། །ད་ལྟའི་ཤེས་པ་རང་བབ་ལྷུག་པ་ནི། །བཅོས་ཤིང་བསྒྱུར་མེད་རིག་པའི་ཡེ་ཤེས་ཏེ། །ངང་དེར་གནས་ན་ལྟ་བསྒོམ་ཟུང་དུ་འཇུག །བསྒོམ་པ་ཤེས་ཀྱང་གྲོལ་བར་མ་ཤེས་ན། །བསམ་གཏན་ལྷ་དང་འདྲ་བར་གསུངས་པས་ན། །རྟོགས་པའི་གདེངས་ཚད་གྲོལ་ཐོག་བཟུང་བ་གཅེས། །མི་གནས་སེམས་འཛིན་གནས་ཆའི་བསམ་གཏན་གྱིས། །གནས་སྐབས་ཉོན་མོངས་མགོ་བོ་ནོན་གྱུར་ཀྱང་། །རང་གྲོལ་རྟོགས་པའི་གནད་གསང་མ་ཤེས་ན། །རྐྱེན་དང་འཕྲད་ཚེ་རྟོག་པའི་དུག་རོ་སྡང་། །རང་ཤར་རང་གྲོལ་རྟོགས་པའི་གནད་ཤེས་ན། །སྤང་བླང་རྣམ་རྟོག་ཆུ་ཡི་རི་མོ་བཞིན། །འཕྲལ་ལ་སྐྱེ་ཡང་ཚུགས་མི་ཐུབ་པར་འཇིག། །སྐྱེས་གྲོལ་དུས་མཉམ་རང་ཚུག་མི་ཐུབ་པའི། །ངན་རྟོག་སྐྱེས་ཀྱང་ལས་ངན་མི་གསོག་སྟེ། །སྐད་ཅིག་རྟོག་པས་སུ་ལ་ཕན་གནོད་ཡོད། །རང་སར་གྲོལ་བའི་གནད་དང་མི་ལྡན་ན། །འོག་འགྱུའི་རྣམ་རྟོག་ཉོན་མོངས་རྒྱུན་འབྱམས་ལ། །རང་ངོ་ཤེས་ཙམ་དྲན་པས་ཟིན་ན་ཡང་། །བཟང་ངན་རྟོག་པས་རེ་དོགས་བསྐྱེད་པ་ཡིས། །འདུ་བྱེད་ལས་བསགས་འཁོར་བའི་རྒྱུ་རུ་འགྱུར། །དེ་ཕྱིར་སེམས་གནས་ཉམས་མྱོང་སྟོང་ལས་ཀྱང་། །རང་གྲོལ་རིག་པའི་སྐད་ཅིག་གཅིག་ལྷག་པས། །ཡེ་གྲོལ་རང་གྲོལ་ཤར་གྲོལ་ཅེར་གྲོལ་སོགས། །ལྟ་བསྒོམ་སྤྱོད་པའི་གནད་ཀུན་གཅིག་ཡིན་ཕྱིར། །རང་གྲོལ་རྟོགས་པའི་གནད་ལ་གོམས་པར་མཛོད། །གནད་འདི་ཤེས་ན་ལྟ་བསྒོམ་གཞན་མི་དགོས། །བཟང་རྟོག་ཐམས་ཅད་ཞེན་མེད་རྒྱུན་དུ་འཆར། །དགེ་བར་བརྩོན་ཡང་མཆོག་འཛིན་རློམ་སེམས་མེད། །ངན་རྟོག་ཐམས་ཅད་སྦྲུལ་མདུད་བཞིན་དུ་འཇིག །དུག་ལྔ་སྐྱེས་ཀྱང་སྐད་ཅིག་རང་སར་གྲོལ། །བར་མའི་རྟོག་ཚོགས་རང་བཞག་རིག་པའི་ཀློང་། །རང་ཤར་རང་གྲོལ་མཁའ་ལ་བྱ་རྗེས་འདྲ། །འཁོར་བའི་རྩ་བ་འཁྲུལ་པའི་རྣམ་པར་རྟོག །རྣམ་རྟོག་ལམ་ཁྱེར་གྲོལ་བའི་གདེང་ལྡན་ན། །འཁོར་བ་མྱང་འདས་དབྱིངས་སུ་གྲོལ་ཞེས་བྱ། །གྲོལ་ཚད་གདེང་གིས་རྐྱེན་ངན་ལམ་སློང་བའི། །གནད་འདི་མེད་ན་ཁ་ལྟ་སྟོང་སྐད་ཀྱིས། །གོ་ཡུལ་རྟོགས་པའི་ཁོ་བོ་སྨྲ་ན་ཡང་། །རང་གཤིས་ངན་པའི་རང་མཚང་ལྷུག་པར་སྟོན། །དུག་ལྔའི་ཨ་འཐས་ཐ་མལ་པ་ལས་ཐུ། །དེ་འདྲ་གང་ཡིན་གྲོལ་ཚད་མི་ཤེས་སྐྱོན། །དེ་ཕྱིར་ལྟ་བསྒོམ་སྤྱོད་པའི་གནད་འགག་དོན། །གྲོལ་ལུགས་རྟོགས་པའི་གདེང་ཚད་འདིར་ཐུག་པས། །རྐྱེན་དང་བསྲེས་ནས་རྟོགས་པའི་ལམ་ཁྱེར་གཅེས། །དེ་སྐད་རང་གི་རྒྱུད་ལ་ཡོད་མིན་ཡང་། །ཀུན་མཁྱེན་བླ་མ་སངས་རྒྱས་སྐུ་དངོས་དེའི། །གསུང་ལ་བརྟེན་ནས་འཁྲུལ་མེད་བྲིས་པ་འདི། །ཉམས་ལེན་གནད་འགག་ཡིན་གྱིས་ཐུགས་ལ་ཆོངས། །སརྦ་མངྒ་ལཾ།
བླ་མ་རིག་འཛིན་རྒྱ་མཚོ་ལ་གདམས་པའི་གླུ་དབྱངས་མཁའ་འགྲོ་དགྱེས་པའི་གད་མོ། ཁྲག་འཐུང་བདུད་འཇོམས་རྡོ་རྗེ།
༄༅། །བླ་མ་རིག་འཛིན་རྒྱ་མཚོ་ལ་གདམས་པའི་གླུ་དབྱངས་མཁའ་འགྲོ་དགྱེས་པའི་གད་མོ་བཞུགས། ཕ་བླ་མ་ཀུན་བཟང་མཚོ་སྐྱེས་རྗེ། །གནས་མི་འབྲལ་སྙིང་གི་འཁོར་ལོར་བཞུགས། །ཚུར་གསོན་དང་སྔགས་ཀྱི་སྐྱེ་བོ་རྣམས། །ཐབས་བདེ་ཆེན་རིག་པའི་གཞོན་ནུ་དེ། །གྲོགས་ཤེས་རབ་སྟོང་ཉིད་མཛའ་ན་མོ། །ཡེ་གདོད་ནས་སྦྱོར་བ་མངོན་གྱུར་ན། །དོན་འཕོ་འགྱུར་མེད་པའི་བདེ་བ་མྱོང་། །འདི་སྦྱོར་བ་ཀུན་གྱི་རྒྱལ་པོ་ཡིན། །ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དབུས། །རྩ་ཨ་ཝ་དྷུ་ཏིའི་ཁྲི་མུན་དུ། །རླུང་རྣམ་ལྔའི་སྙིང་པོ་བཙོན་དུ་བཟུང་། །ཐབས་བདེ་ཆེན་རྒྱལ་པོ་ཧེ་རུ་ཀའི། །ཡུམ་ཤེས་རབ་གནམ་ཞལ་བདེ་དྲོད་སྦར། །བཅུད་ཐབས་ཤེས་སྙིང་པོ་བདུད་རྩི་ཉིད། །གནས་གྲོང་ཁྱེར་ལྔ་ཡི་བདག་པོར་སྟོབ། །དབང་བཞི་ཡིས་སྒོ་གསུམ་སྨིན་པར་བྱས། །དོན་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། །ཚོགས་རྫོགས་ཤིང་སྒྲིབ་པ་རྣམ་བཞི་དག །མཐར་བརྟན་གཡོ་བཀོད་པ་དང་བཅས་པ། །དབྱིངས་སྐུ་གསུམ་ཀློང་དུ་རྣམ་པར་གྲོལ། །འདི་སྦྱོར་བ་ཐབས་ཀྱི་རྒྱལ་པོ་ཡིན། །ཡང་ཐབས་མཆོག་དཔའ་བོའི་སྟོབས་ཤུགས་ཀྱིས། །དོན་ཞུ་བདེའི་ལམ་ལ་གོམས་པའི་སྟོབས། །ཚུལ་འཛིན་འདྲེན་དགྲམ་པའི་གནད་ལྡན་པས། །བཅུད་བདེ་སྟོང་ཡེ་ཤེས་རོ་ལ་མྱོང་། །ཡེ་དོན་གྱི་འོད་གསལ་རང་ཞལ་མཇལ། །མཐར་དབྱིངས་དག་ཡེ་ཤེས་གཉིས་མེད་དུ། །སངས་མངོན་སུམ་རྒྱས་པ་ཨ་ལ་ལ། །གནད་དེ་ལྟར་ལྡན་ན་མཁའ་འགྲོ་དགྱེས། །སྒོ་རྣམ་གསུམ་རྡོ་རྗེ་གསུམ་དུ་འཕོས། །དཔལ་ཡེ་རིག་ཐབས་ཀྱི་ལྷ་རུ་ལྡང་། །དབྱིངས་སྟོང་ཆེན་མཁའ་འགྲོའི་རྣམ་པར་འཕྲུལ། །དེ་མཉམ་སྦྱོར་བདེ་བ་ཡིད་ཀྱིས་མྱོང་། །ཐུགས་ཡེ་ཤེས་འོད་ཟེེར་བྱང་ཆུབ་སེམས། །ལམ་ཞལ་བརྒྱུད་པདྨོ་རྡོ་རྗེ་ནས། །ཐུགས་སྙིང་པོ་སྔགས་ཀྱི་དབྱངས་སུ་འདྲེན། །དོན་དགའ་བཞི་ཡེ་ཤེས་རོ་ལ་རོལ། །དེ་གོམས་པས་སྦྱོར་བ་ཚད་དུ་ཕེབས། །འདི་རྣལ་འབྱོར་རྣམ་གསུམ་ལམ་རིམ་ཡིན། །སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ཡིན། །ཚུལ་ཉམས་སུ་བླངས་ན་མཁའ་འགྲོ་དགྱེས། །སེམས་ཆགས་པས་འཆིང་བའི་སྐྱེ་བོ་ཡིས། །ལུས་རྣམ་གཉིས་ཐ་མལ་ལས་ལྡོག་ཅིང་། །དོན་རྡོ་རྗེ་གསུམ་གྱི་ངང་དུ་འཕོས། །ཚུལ་སྒྱུ་མ་ལྟ་བུའི་སྦྱོར་བ་ལས། །བཅུད་བདེ་སྟོང་ཡེ་ཤེས་འབར་བ་ཡིས། །གདན་གསུམ་གྱི་དཀྱིལ་འཁོར་མཉེས་ཤིང་མྱོས། །དབྱིངས་གསུམ་དུ་རིམ་བཞིན་བསྲེས་ཏེ་བཞག། །དེས་རྣམ་སྨིན་ངན་པ་རང་མལ་གསོད། །མ་མཁའ་འགྲོ་དགྱེས་པའི་གད་མོ་ཐོན། །ཡང་འཁོར་འདས་སྟོང་ཉིད་ཆེན་པོ་རུ། །རོ་གཅིག་གྱུར་ཆོས་ཉིད་བདེན་པ་མཐོང་། །དོན་ལྟ་བ་རྟོགས་པའི་རྣལ་འབྱོར་གྱིས། །གྲོགས་ཤེས་རབ་མཛའ་ལ་རོལ་པའི་ཚེ། །ལས་བསྐྱོད་པ་དལ་བའི་གནད་ལྡན་པའི། །དོན་བདེ་བས་མྱོང་བ་གསལ་སྟོང་མངོན། །དེ་ལྷང་ངེར་ཤར་བ་ངོས་བཟུང་ན། །དཔེའི་འོད་གསལ་དོན་གྱི་དབྱིངས་སུ་མཇལ། །གཉིས་སྣང་བ་གཉིས་མེད་རོལ་པར་ཞིག །དོན་ཆོས་ཉིད་བདེན་པ་མངོན་མཐོང་ནས། །ཕ་གྲུབ་ཐོབ་གོང་མའི་རྒྱལ་སར་ཕེབས། །མ་མཁའ་འགྲོ་དགྱེས་པའི་གད་མོ་ཐོན། །གནད་དེ་དག་གང་དང་མི་ལྡན་པའི། །དུས་སྙིགས་མའི་སྔགས་རྫུ་སྡོམ་དོར་འགས། །ཁོས་དགོས་པ་ཆེ་ལ་ཐུག་སྐད་ཅེས། །ཚེའི་སྡུག་རོགས་ཚོལ་ནས་བསྡེབས་པ་ལས། །ལས་མར་འདྲེན་དྭ་ཕྲུག་མང་པོ་ཐོན། །ཁོང་སྔགས་སྐྱེས་སྤྱོད་པའི་སྣ་འཆོལ་ནས། །ཕྱུག་རྫི་དང་ཚོང་ཁེ་རྙེད་ལ་རྒྱུ། །སོས་དལ་ཁོམ་མེད་པར་འཁོར་བར་འཆོལ། །རྒྱུད་ཆོས་ལས་ལོག་པའི་སྦྲུལ་གདུག་སེམས། །ཚེ་གཅིག་ལ་ཟང་ཟིང་དོན་གཉེར་བྱེད། །རྒྱུ་ཟས་ནོར་དཀོར་རྙེད་ཐབས་ལ་འབད། །དགུན་གཅིག་ལ་མཚམས་སྒྲུབ་བྱེད་ལོང་མེད། །ལས་དེ་འདྲ་མ་བྱེད་སྔགས་སྐྱེས་རྣམས། །ཚེ་སྒྲུབ་པ་མཉམ་ན་སྔགས་རབ་ཡིན། །ཚེའི་ཕྱེད་ཆ་སྒྲུབ་པ་ཆོས་པ་འབྲིང་། །ཚེའི་གསུམ་ཆ་སྒྲུབ་ལ་དྲིལ་བ་མཐའ། །དེ་མིན་པར་སྔགས་པའི་མིང་མ་འདོགས། །དེ་སེམས་ལ་ཞོག་ཅིག་ཁ་ཆེམ་ཡིན། །ཞེས་ནན་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་འཆོལ་གླུ་བླུངས། དགེའོ། །དགེའོ། །དགེའོ།། །།
༈ ན་མོ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ། །འགྲོ་བའི་དཔལ་མགོན་པདྨ་ཀ་རས་སྐྱོངས། །བདག་དང་བདག་གི་བརྒྱུད་འཛིན་བུ་སློབ་རྣམས། །ཚེ་འདིར་རྣམ་པར་གྲོལ་བའི་ས་ལ་སྐྱོལ། །སྔོན་ཚེ་བསོད་ནམས་བསགས་པའི་རྒྱུ་འབྲས་བུས། །མི་དབང་ས་སྐྱོང་རྒྱལ་པོར་གྱུར་པ་ཁྱོད། །རྩེ་གཅིག་རྣམ་པར་གྲོལ་བའི་ཟབ་ལམ་ལ། །འཇུག་པར་འདོད་ན་འདི་ལྟར་ཐུགས་ཆུབ་མཛོད། །དལ་འབྱོར་ལྡན་པའི་ལུས་རིན་ཆེན་འདི། །བསོད་ནམས་རྒྱ་ཆེར་བསགས་པའི་འབྲས་བུ་སྟེ། །རྙེད་པར་དཀའ་ཚུལ་ད་ལྟའི་ལས་ལ་སྟོས། །མདོ་མེད་ཆུད་ཟོས་མ་བྱེད་སྐལ་ལྡན་བུ། །ཚེ་ནི་མི་རྟག་ཉི་མའི་གྲིབ་སོ་འདྲ། །བཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །ལོངས་སྤྱོད་མི་རྟག་སྒྱུ་མའི་ལྟད་མོ་འདྲ། །འདི་སྣང་མི་རྟག་མདང་གི་རྨི་ལམ་འདྲ། འདྲ་བཞི་ཤེས་ནས་རྟག་འཛིན་ཞེན་པ་ཆོད། །གཅེས་རྒུ་བཟང་རྒུ་དཀོན་མཆོག་ཞིང་སར་ཕུལ། །སྒོ་གསུམ་དལ་མེད་དགེ་ལ་བསྐུལ་མ་མཛོད། །ཤིན་ཏུ་ཉམ་ཐག་བཀྲེས་སྐོམ་གྱིས་གདུང་བའི། །དགུན་དུས་བྱ་ལ་སྦྱིན་པ་ཡང་ཡང་ཐོང་། །མཆོག་དམན་ཀུན་ལ་སྙོམས་པའི་བྱམས་བརྩེས་སྐྱོངས། །རྒྱུ་དེའི་འབྲས་བུ་མངོན་མཐོའི་དཔལ་ཡོན་ཐོབ། །ལས་ངན་བསགས་པའི་འབྲས་བུ་ལུས་ངན་ཐོབ། །སྡུག་བསྔལ་བཟོད་མེད་ཐོག་ཏུ་བབས་པའི་ཚེ། །སུས་ཀྱང་སྐྱོབ་མིན་སྒོས་ཁུར་བྱེད་དགོས་འབྱུང་། །དེ་དོན་བསམ་ནས་ལས་ངན་སྤང་བ་གནད། །ཚེ་གཅིག་སྲིད་པའི་ཡུལ་ལ་མགོ་འཁོར་ནས། །སྡིག་རྒན་འཆི་ཁར་འགྱོད་གྱང་འཕྱིས་པ་ཡིན། །འཁོར་བ་མཐོ་དམན་གང་དུ་སྐྱེས་གྱུར་ཀྱང་། །དུག་སྦྲུལ་ཁྲོད་དང་མེ་ཡི་འོབས་བཞིན་དུ། །སྡུག་བསྔལ་མེད་པའི་བདེ་བ་ཅུང་ཟད་མེད། །དེ་ཕྱིར་གཏན་དུ་བདེ་བའི་གོ་ས་སྙེགས། །མི་བསླུ་ངེས་པ་དཀོན་མཆོག་གསུམ་ཡིན་པས། །རྟག་ཏུ་མི་འབྲལ་སྐྱབས་སུ་བསྟེན་པ་གནད། །དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་ཡིན། །དད་དམ་མོས་གུས་དྲག་པོས་རྟག་བསྟེན་མཛོད། །འགྲོ་དྲུག་སེམས་ཅན་ཕ་མའི་རང་བཞིན་ཏེ། །ཚད་མེད་རྣམ་བཞིས་གཞན་དོན་དང་ལེན་མཛོད། །མཆེད་དང་ལྕལ་དྲལ་ལམ་གྱི་གྲོགས་ཡིན་པས། །བརྩེ་གདུང་རྩི་བཀུར་བྱེད་པ་གནད་དུ་ཤེས། །དེ་དག་ཆོས་པ་ཀུན་གྱི་སྤྱི་ནོར་ཡིན། །ད་ནི་གསང་ཆེན་ངེས་དོན་ལྷུར་ལེན་ལ། །དཔེར་ན་ལྗོན་པའི་རྩ་བ་གཅིག་བཅད་ན། །ཡལ་ག་ལོ་མ་ཁྲི་འབུམ་དུས་གཅིག་སྐམ། །དེ་བཞིན་གཟུང་འཛིན་རྩ་བ་གཅིག་ཆོད་པས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དུས་གཅིག་གྲོལ། །དེ་ལ་དང་པོ་གང་ཟག་བདག་ཅེས་པ། །བདག་ལུས་མེད་ལ་ཡོད་པར་སྣང་ཙམ་གྱིས། །ཡེ་ཤེས་སྒྱུ་མའི་སྐུ་བསླུས་དངོས་པོར་འཁྲུལ། །དེ་ལ་ང་རུ་བཟུང་བའི་འཛིན་པས་བཅིངས། །དེས་འཕྲུལ་ཉི་མ་དང་ནི་འོད་ཟེར་བཞིན། །སེམས་དང་སེམས་བྱུང་འདོད་ཡོན་རྩལ་དུ་ཤར། །གདགས་གཞི་མེད་ལ་མིང་གི་ཐ་སྙད་བརྫོད། །རི་དྭགས་སྨིག་རྒྱུ་ཆུ་རུ་འཁྲུལ་པ་བཞིན། །དངོས་པོ་མེད་ལ་དངོས་འཛིན་ཞེན་པས་བཅིངས། །རྨི་ལམ་སྣང་བའི་སྣོད་བཅུད་འདོད་ཡོན་ལྔ། །སད་མ་ཐག་ཏུ་ཡུལ་མེད་སྟོང་པར་ཡལ། །དེ་བཞིན་ཉིན་སྣང་སྣོད་བཅུད་འདོད་ཡོན་ཀུན། །གཉིད་དང་བརྒྱལ་དང་འཆི་འཕོའི་དུས་ཀྱི་ཚེ། །སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན། །ཡུལ་མེད་ཉིད་དུ་ཞིག་ཅིང་དབྱིངས་སུ་ཡལ། །དེ་དོན་ཞིབ་ཏུ་བརྟག་དཔྱད་གཏན་དབབ་ནས། །དཔེར་ན་རྒྱ་མཚོའི་གཟའ་སྐར་གཟུགས་བརྙན་ཀུན། །ཆུ་ལས་མི་གཞན་ཆུ་རུ་རོ་གཅིག་ལྟར། །སྣོད་བཅུད་སྣང་བ་ཚོགས་དྲུག་ཡུལ་སྣང་ཀུན། །ནམ་མཁའི་རང་བཞིན་ཉིད་དུ་རོ་གཅིག་པའི། །ངང་ཚུལ་ཤེས་ནས་ནམ་མཁའ་ཉིད་དུ་རྟོགས། །ནམ་མཁའ་རྣམ་པར་དག་པའི་དབྱིངས་ཆེན་པོ། །འཁོར་འདས་འུབ་ཆུབ་རྫོགས་པ་ཆེན་པོ་ཉིད། །ཡེ་གཞི་བདེ་གཤེགས་སྙིང་པོར་ལྷུན་གྱིས་གྲུབ། །གནས་ལུགས་ཡིན་ལུགས་རྟོགས་པ་ལྟ་བ་ལགས། །བསྒོམ་བཅོས་འཛིན་སྟངས་གཟེབ་ཀྱིས་བཅིངས་མིན་ཏེ། །གདོད་མའི་ཡེ་གཞི་མངོན་གྱུར་སྒོམ་པའི་མཆོག །སྒོ་གསུམ་བྱ་བ་ཐམས་ཅད་ཆམ་བཞག་ནས། །བྱར་མེད་ངང་གནས་སྤྱོད་པའི་རྒྱལ་པོ་ལགས། །དཔེར་ན་མཁའ་ལ་ཉི་ཤར་ཇི་བཞིན་དུ། །གསལ་སྟོང་འཛིན་པ་བྲལ་བའི་གདིང་ཆེན་གྱི། །རང་ཐོག་རང་གྲོལ་འབྲས་བུའི་རྒྱལ་པོ་སྟེ། །འབྲས་བུ་ཐོབ་ལེན་མེད་དོ་རྒྱལ་པོའི་སྲས། །སྐུ་དང་ཞིང་ཁམས་རང་སྣང་དག་པའི་རྩལ། །ཞིང་ཁམས་གཞན་ན་མེད་དོ་རྒྱལ་པོའི་སྲས། །ཡེ་གཞི་གནས་ལུགས་ཡིན་ལུགས་མ་རིག་བསྒྲིབ། །དེ་ལས་འཁྲུལ་གཞི་མེད་དོ་རྒྱལ་པོའི་སྲས། །གདོད་མའི་ཡེ་གཞི་མངོན་དུ་བྱེད་པ་ལས། །བསྒོམ་རྒྱུ་གཞན་ན་མེད་དོ་རྒྱལ་པོའི་སྲས། །གནས་ལུགས་རྟོགས་ནས་ཡིན་ལུགས་དབང་འབྱོར་ལས། །གྲོལ་ལམ་གཞན་ན་མེད་དོ་རྒྱལ་བོའི་སྲས། །སྲིད་པའི་ཡུལ་དུ་མགོ་བོ་མི་འཁོར་ཞིང་། །རྩེ་གཅིག་སྙིང་པོའི་སྒྲུབ་ལ་གཞོལ་ནུས་ན། །རིང་པོར་མི་ཐོགས་མངོན་འཚང་རྒྱ་བ་ཡི། །མགོན་པོ་འོད་མི་འགྱུར་བའི་ས་རུ་སླེབས། །དེ་ལྟར་རྒན་པོས་འོལ་ཚོད་འདོམས་པའི་གཏམ། །མཐོང་ཐོས་དྲན་རེག་སྐྱེ་འགྲོ་ཕོ་མོའི་ཚོགས། །ཀུན་ཏུ་བཟང་པོའི་རང་ཞལ་མངོན་གྱུར་ཏེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ཤོག །ཅེས་པ་འདི་མི་ཡི་དམ་པ་ས་སྐྱོང་ལྕགས་ལ་རྒྱལ་པོའི་སྲས་པོ་ཕུན་ཚོགས་དབང་ཕྱུག་གིས་བསྐུལ་ངོར་གླིང་པ་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །ཛ་ཡནྟུ།། །།
འཇམ་དབྱངས་ལ་གདམས་པའི་གླུ་དབྱངས་ཉི་མའི་སྙིང་པོ། ཁྲག་འཐུང་བདུད་འཇོམས་རྡོ་རྗེ།
༄༅། །འཇམ་དབྱངས་ལ་གདམས་པའི་གླུ་དབྱངས་ཉི་མའི་སྙིང་པོ་བཞུགས། བདེ་གཤེགས་ཀུན་གྱི་ཕྲིན་ལས་གཅིག་བསྡུས་དཔལ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐལ་ལྡན་ཁྱོད། །ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་ལྟད་མོ་འདྲ། །གྲོགས་དང་ཉེ་དུ་ཚོང་དུས་མགྲོན་པོ་འདྲ། །བྱ་བྱེད་མདོ་མེད་སྨྱོན་པའི་སྤྱོད་པ་འདྲ། །ཞེན་པ་གཏིང་ནས་ཆོད་ཅིག་སྐལ་ལྡན་བུ། །མི་ཚེའི་ལྷག་མ་སྐད་ཅིག་ཙམ་འདི་ལ། །ལུགས་གཉིས་ཆོས་ཚུལ་སྒྲུབ་པའི་དལ་ཁོམ་མེད། །ལྷ་ཆོས་ངེས་པ་ཞིག་ལ་རེམ་མཛོད་ཅིག །གནས་ནི་བཟང་ངན་མེད་པ་ཞིག་ལ་བསྟེན། །ཁ་ཟས་མང་ཉུང་མེད་པར་སྲོག་འཚོ་ཙམ། །གོས་ལ་དྲོ་འཁྱག་མེད་པའི་ལྷག་སྐྱོབ་ཙམ། །བརྟེན་ནས་དབེན་པའི་རི་སུལ་འཛིན་ནུས་ན། །སུ་མ་མགུ་ཡང་རྣལ་འབྱོར་དབང་ཕྱུག་ཡིན། །སྐྱབས་ཀྱི་དམ་པ་བླ་མ་དཀོན་མཆོག་གསུམ། །དུས་རྣམས་ཀུན་ཏུ་མ་བརྗེད་གཙུག་ཏུ་ཁུར། །དམ་ཚིག་དང་ནི་སྡོམ་པའི་ངང་ཚུལ་འདི། །འཆི་བ་སྲོག་ལ་བབས་ཀྱང་མི་ཉམས་སྲུངས། །གཞན་བསླུའི་ཚིག་དང་སྤྱོད་ངན་རྣམ་གཉིས་པོ། །རང་གི་སྒོ་གསུམ་འཆོལ་བའི་རྒྱུ་ཡིན་པས། །དུག་བཞིན་སྤོང་ལ་སྒོ་གསུམ་བརྟན་ཐོབ་མཛོད། །ཆེ་མཐོ་གཞན་གྱིས་བསྟོད་བཀུར་བྱས་ན་ཡང་། །རང་མཐོང་ང་རྒྱལ་དྲག་པོའི་མགོ་འཕང་ཕོབ། །གཞན་གྱིས་གཤེ་སྐུར་སྨ་ཕབ་བྱུང་བའི་ཚེ། །དངོས་གྲུབ་སྔ་ལྟས་ཡིན་ནོ་དགའ་བ་བསྒོམ། །གཞན་སྐྱོན་མང་པོ་མཐོང་ཚོར་བྱུང་བའི་ཚེ། །རང་སྐྱོན་ངོས་བཟུང་གཤེ་སྐུར་འདེབས་པ་སྤོངས། །ཁྲོམ་མང་ལ་སོགས་ལྟད་མོ་མངོན་པའི་ཚེ། །ཉམས་ལེན་གནད་མ་དོར་ཞིག་སྐལ་ལྡན་བུ། །རྐྱེན་ངན་སྡུག་བསྔལ་ཐོག་ཏུ་བབས་པའི་ཚེ། སྒྱུ་མ་རྨི་ལམ་ལྟ་བུའི་གནད་ཀྱིས་ཟུངས། །བདེ་སྐྱིད་དགའ་མགུ་ལྡན་པའི་གནས་སྐབས་སུ། །དེ་ལ་ཞེན་ཆགས་སྤོངས་ཤིག་སྐལ་ལྡན་བུ། །ནམ་ཞིག་འཆི་བ་ཐོག་ཏུ་བབས་པའི་ཚེ། །བློ་ལྷག་འགྱོད་མེད་ཞིག་ལ་རེམ་ཞིག་བུ། །དེ་ལྟར་བཤད་པའི་རྒན་པོའི་འཆོལ་གཏམ་ལ། །མཁས་ཁྱད་སྡེབ་སྦྱོར་ལེགས་པ་མ་མཆིས་ཀྱང་། །རྒྱལ་བ་གོང་མའི་བཤུལ་ལམ་དེར་མདོར་འདུས། །གདམས་པའི་མཆོག་ཏུ་ཟུངས་དང་དོན་ཆེར་གདའ། །
ཨ་ཧོ། སོར་རྟོགས་ཀྱི་ཤེས་རིག་མིག་རྣོན་གྱིས་ལྟོས་དང་། །ངར་འཛིན་གྱི་རྩ་བ་ཡུལ་མེད་དུ་ཤོར་སོང་། །མིང་ཀུན་གྱི་གདགས་གཞིའི་རྩ་བ་ལ་ལྟོས་དང་། མ་གྲུབ་པའི་སྟོང་ཉིད་ངེས་པ་ཞིག་རེད་ན། །སྣོད་བཅུད་དང་འདོད་ཡོན་སྣང་བ་ལ་ལྟོས་དང་། །གཞི་རྩ་དང་བྲལ་བ་ཡུལ་མེད་དུ་ཟང་ཐལ། །དགེ་སྡིག་དང་ལྷ་འདྲེའི་ཕན་གནོད་ལ་ལྟོས་དང་། །བདག་ཡུལ་དང་བྲལ་བའི་སྟོང་ཉིད་ལ་ཧར་སངས། །རེ་དོགས་ཀྱི་ཡུལ་ཆེན་སངས་རྒྱས་དང་སེམས་ཅན། །མ་བྱུང་དང་མི་གནས་གཞི་མེད་དང་རྩ་བྲལ། །འཁོར་འདས་དང་བདེ་སྡུག་གང་ཤར་དང་དག་སྣང་། །ཆོས་ཉིད་ཀྱི་ངང་དུ་བྱང་ཆུབ་ཅིག་རེད་ན། །སྣང་སྲིད་ཀུན་ནམ་མཁར་རོ་གཅིག་ཏུ་ཡེ་སྟོང་། །ནམ་མཁའ་དང་རང་གཞི་མི་གཉིས་པ་ཨི་གོ །ལྟ་བ་ཡི་རྒྱལ་པོ་སྟོང་ཉིད་རང་རྟོགས་ན། །བདག་མེད་ཀྱི་ཤེས་རབ་མངོན་གྱུར་ལ་ཕེབས་འོང་། །སྒོམ་པ་ནི་གཏད་མེད་རྒྱ་ཡན་ལ་སོང་ནས། །འཁོར་འདས་དང་རང་སྣང་དབྱེར་མེད་དུ་རིག་པའི། །རྒྱ་མཚོ་ཡི་གཟའ་སྐར་ཅི་བཞིན་དུ་རྟོགས་ན། །རྫོགས་ཆེན་གྱི་རྒྱལ་པོ་ཁྲི་ཁ་རུ་སླེབས་འདུག །སྤྱོད་པ་ནི་བག་མེད་བདུད་ཡུལ་ལ་མ་ཤོར། །སླུ་མཁན་གྱི་བདུད་ཕོ་ནམ་འབྱུང་ནི་མི་ཤེས། །རང་རྒྱུད་ལ་དྲན་ཤེས་བྱ་ར་རེ་མཛོད་ལ། །གཏན་བདེ་ཡི་འབྲས་བུ་སད་ཐན་ལ་མ་ཤོར། །ཁྲེགས་ཆོད་ཀྱི་ལྟ་སྒོམ་འཁྲུལ་མེད་ཅིག་རྟོགས་ནས། །འདུག་སྟངས་ཀྱི་ཆིངས་གསུམ་སྒོ་གནད་དང་བསྟུན་ནས། །འོད་གསལ་གྱི་དབྱིངས་ལ་ལྟད་མོ་ཞིག་ལྟོས་དང་། །འོད་གསལ་གྱི་ཆོས་ཉིད་མངོན་གསུམ་དུ་མཐོང་འོང་། །སྒོ་གསུམ་ནི་མི་གཡོ་བརྟན་གནས་ཀྱི་ངང་གནས། །དེ་ཉིད་ཀྱི་ངང་དུ་མ་བཅོས་པར་ཡན་པས། །གོང་འཕེལ་གྱི་ཉམས་སྣང་ངེས་པ་རུ་ཐོན་ཚེ། །སྒོ་གསུམ་གྱི་ངང་ཚུལ་སྨྱོན་པ་བཞིན་ཆལ་ཆོལ། །ན་ཚ་དང་ཟུག་རྔུ་སྣ་ཚོགས་སུ་འབྱུང་སྲིད། །སྣོད་བཅུད་ཀུན་འོད་གསལ་དྭངས་མ་རུ་གོ་འཕོས། །དེ་ཉིད་དུ་ཉིན་མཚན་ཁོར་ཡུག་ཏུ་སྤྱོད་པས། །ཚད་ཕེབས་ཀྱི་སྣང་བ་མི་རིང་བར་འབྱུང་ནས། །སྲིད་པ་ཀུན་ལྷ་སྐུའི་རང་བཞིན་དུ་སྨིན་ནས། །གྲུབ་རྟགས་དང་མངོན་ཤེས་རླབས་པོ་ཆེར་དབང་འབྱོར། །དེ་མཐར་ཡང་ཆོས་ཟད་བློ་འདས་ཀྱི་དབྱིངས་སུ། །རྣམ་གྲོལ་གྱི་གདིང་ཐོབ་བུམ་སྐུ་རུ་ལྡང་ནས། །འཇའ་ལུས་ཀྱི་རིག་འཛིན་ཆོས་སྐུ་རུ་དེངས་འགྲོ། །མ་རིག་པའི་མི་རྒན་འོལ་ཚོད་ལ་ལྟོས་དང་། །སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱིས་དཔྱོད་པ། །ནམ་མཁའ་ལ་ཐག་ཚད་བྱེད་པ་དེ་དགོད་བྲོ། །དད་ལྡན་གྱི་སྐྱེས་བུས་ནན་ཆེར་དུ་བསྐུལ་ངོར། །མི་རྒན་གྱི་འཆོལ་གླུ་བདུད་འཇོམས་པས་སྨྲས་སོ། །དགེའོ། །དགེའོ། །དགེའོ། །
༈ མཚོ་སྐྱེས་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །སྣང་བ་བདེ་ཞིང་རྟོག་པ་གསལ་ཧྲིག་གེ །རྣམ་རྟོག་འོག་འགྱུའི་ཉོན་འཁྲུལ་ངང་གིས་ཞི། །ཧད་པོ་མ་ཡིན་ས་ལེར་གནས་པ་དེ། །ཞི་གནས་ཉམས་ཀྱི་མགོ་ཟུག་ལམ་རྟགས་ངེས། །བདེ་གསལ་མི་རྟོག་ཉམས་ནི་གང་སྐྱེས་ཀྱང་། །མ་ཆགས་མི་ཞེན་ཆེད་སྒོམ་དོགས་སྤང་མིན། །བདེ་ན་བདེ་མཁན་གསལ་ན་གསལ་མཁན་དེ། །ངོ་བོ་ཉིད་ལས་རང་བཞིན་སྤྱོད་འདོད་མིན། །བདེ་མཁན་གསལ་མཁན་གནས་མཁན་དེ་ཀ་སྐྱོང་། །གང་ལ་གོལ་བསླུ་མ་གོལ་ལམ་གྱི་གནད། ཕྱི་རུ་འཕྲོ་ཞིང་འཐོར་རྒོད་ངང་སྐྱོང་སེལ། །ནང་དུ་རྨོངས་འཐིབ་རྨུགས་འགྱོད་ཐེ་ཚོམ་ལ། །ཤེས་པ་ཁ་ཡན་ཕཊ་ཀྱིས་སངས་ལ་བསྒོམ། །མཉམ་བཞག་ལྟ་སྟངས་འཛིན་འཆིང་ཤིགས་ལ་ཞོག །མ་ཡེངས་མི་བསྒོམ་ལྷོད་དེ་ཤིག་གེར་ཞོག །རྗེས་ཐོབ་དུས་ཀྱང་དེ་བཞིན་ངང་སྐྱོང་ཞིང་། །ལྟ་སྤྱོད་འགྲོ་འདུག་ལས་ཀ་གང་བྱེད་ཀྱང་། །རང་ངོ་རིག་བཞིན་དྲན་ཤེས་སོ་མ་སྐྱོངས། །ཡོད་མེད་བསམ་པའི་འཛིན་པ་གང་མེད་པས། །མ་ཡེངས་ཡེངས་མེད་བསྒོམ་སྐྱོང་འཛིན་འཆིང་མེད། །དེའི་ངང་མ་ཤོར་ཡིད་ལ་གང་མ་བྱེད། །གོལ་ནོར་ཤོར་ས་གང་ཡང་མེད་ཀྱང་ཐང་། །དགེ་སྡིག་བླང་དོར་མ་ནོར་གནད་གཅིག་གོ །སྤྲང་དྲེད་པོ་བདུད་འཇོམས་རྡོ་རྗེས་དགེ་མ་ཆོས་མཚོའི་ངོར་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་བྲིས། །དགེའོ། །
གྲགས་པ་ལ་གདམས་པའི་གླུ་དབྱངས་འཛིན་པ་རང་གྲོལ། ཁྲག་འཐུང་བདུད་འཇོམས་རྡོ་རྗེ།
༄༅། །གྲགས་པ་ལ་གདམས་པའི་གླུ་དབྱངས་འཛིན་པ་རང་གྲོལ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། སྨོན་ལམ་ལས་ཀྱིས་འབྲེལ་བའི། །སྐལ་བཟང་སྐྱེས་བུ་ཁྱོད་ཉོན། །འཁྲུལ་པ་ཀུན་གྱི་གཞི་རྩ། །ངར་འཛིན་ཤེས་པ་བརྟན་པོ། །གཞི་མེད་རྩ་བྲལ་ངེས་པ། །འདི་ལྟར་སྣང་བའི་ཆོས་ཀུན། །མིང་དངོས་གཞི་རྩ་བྲལ་བའི། །རྟེན་འབྲེལ་སྒྱུ་མའི་རྫུན་རིས། །མེད་བཞིན་སྣང་བ་སྣང་ཆ། །ཐམས་ཅད་སྟོང་པའི་རང་བཞིན། །རྒྱ་མཚོའི་གཟའ་སྐར་ཅི་བཞིན། །འཁོར་འདས་ཆོས་རྣམས་ཐམས་ཅད། །རང་སྣང་སྟོང་བ་རོ་གཅིག །ཡེ་ཡིན་མངོན་གྱུར་ཆེན་པོ། །ལྟ་བ་ཀ་དག་སངས་རྒྱས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས། །ངོ་འཕྲོད་མངོན་གྱུར་ཆེན་པོ། །བསྒོམ་བཅོས་འཛིན་རྩོལ་བྲལ་བ། །བསྒོམ་པ་མ་བསྒོམ་སངས་རྒྱས། །ལྟ་སྤྱོད་གཅིག་ཕྱོགས་གཅིག་ཤོར། །མ་ཡིན་དྲན་ཤེས་བག་ཡོད། །ངང་ལྡན་ཆོས་བཞིན་སྤྱོད་པ། །སྤྱོད་པ་རང་བྱུང་སངས་རྒྱས། །འདི་གསུམ་གཅིག་ཏུ་དྲིལ་བ། །མྱུར་ལམ་ཟབ་གསང་བླ་མེད། །ཉམས་ལེན་གནད་དུ་བསྣུན་ཚད། །སངས་རྒྱས་ས་རུ་ངེས་གྲོལ། །དེ་ཉིད་གཞི་རུ་བཞག་ནས། །སྒོ་གསུམ་ལྷོད་པའི་ངང་ཆགས། །ལྷུན་གྲུབ་ལམ་དུ་བྱ་བ། །འོད་གསལ་འཕོ་བ་ཆེན་པོས། །སྣང་སེམས་ཆོས་ཉིད་རོལ་པར། །བཙན་ཐབས་ཉིད་དུ་འཕོས་ཏེ། །ཚེ་གཅིག་རྫོགས་སངས་རྒྱས་པའི། །འབྲས་བུ་མངོན་དུ་བྱེད་པ། །འཇའ་ལུས་འཕོ་ཆེན་ཐོབ་འགྱུར། །མ་དག་སྙིགས་མའི་བསྐལ་པ། །དྭངས་མའི་དབྱིངས་སུ་འཇིག་ཚེ། །བདེ་དང་སྡུག་བསྔལ་ཉམས་སྣང་། །མ་ངེས་གར་གྱི་རྣམ་འགྱུར། །ཇི་བཞིན་སོ་ཟིན་མེད་པར། །འབྱུང་ལ་བདེན་ཞེན་མེད་པའི། །བདག་མེད་རྟོགས་པའི་ཤེས་རབ། །མངོན་གྱུར་གོལ་ཤོར་སྒོ་གཅོད། །ཡིན་པར་ཤེས་པ་གནད་མཆོག །འོད་གསལ་རྫོགས་ཆེན་སྒོམས་དང་། །ཚེ་འདིར་གྲོལ་བ་ཐོབ་འོང་། །མི་བསླུ་ངེས་པའི་གཏན་ཚིགས། །མ་བརྗེད་སེམས་ལ་ཞོག་ཅིག །མི་རྒན་འཆོལ་བའི་ལབ་མོ། །བདེན་མེད་རྫུན་མེད་དེ་ཡིན་ནོ། །ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གདམས་པའོ། །དགེའོ།། །།
རྒན་པོའི་ཐད་གྲོལ་རིག་པའི་གཏམ། ཁྲག་འཐུང་བདུད་འཇོམས་རྡོ་རྗེ།
༄༅། །རྒན་པོའི་ཐད་གྲོལ་རིག་པའི་གཏམ་བཞུགས། ན་མོ་གུ་རུ་བུདྡྷཱ་ཡ། སེམས་ཉིད་རྒྱ་མཚོ་ལྟ་བུ་ལ། །འཁོར་འདས་གཟུགས་བརྙན་བཀྲ་བཞིན་ལགས། །གཟུགས་བརྙན་རྒྱ་མཚོ་གཅིག་གིས་ཆིངས། །རྒྱ་མཚོ་མངོན་གྱུར་ངང་ལ་ཞོག །སེམས་ཉིད་ནམ་མཁའི་རང་བཞིན་ལ། །སྣོད་བཅུད་མེད་བཞིན་སྣང་བ་སྟེ། །སྣོད་བཅུད་ནམ་མཁའ་གཅིག་གིས་ཆིངས། །ནམ་མཁའ་མངོན་གྱུར་ངང་ལ་ཞོག །སེམས་ཉིད་སྟོང་པ་ཁྱབ་བརྡལ་ལ། །ཆོས་ཀུན་རྟེན་འབྲེལ་སྒྱུ་མར་སྣང་། །ཆོས་ཀུན་སྟོང་ཉིད་གཅིག་གིས་ཆིངས་། །སྟོང་ཉིད་མངོན་གྱུར་ངང་ལ་ཞོག །སེམས་ཉིད་དག་མཉམ་རིག་པ་ལ། །འཁོར་འདས་དག་མཉམ་ཆེན་པོར་རྫོགས། །འཁོར་འདས་རིག་པ་གཅིག་གིས་ཆིངས། །རིག་པ་མངོན་གྱུར་ངང་ལ་ཞོག །སེམས་ཉིད་ཀ་དག་ཆོས་སྐུ་ལ། །སེམས་དང་སྣང་བ་མེད་བཞིན་ཤར། །སེམས་སྣང་ཆོས་སྐུ་གཅིག་གིས་ཆིངས། །ཆོས་སྐུ་མངོན་གྱུར་ངང་ལ་ཞོག །ལྟ་སྒོམ་སྤྱོད་པ་ལོགས་ན་མེད། །རྣམ་རྟོག་འགྱུ་བ་སྐྱེ་འགག་ཅན། །འཚོ་སྐྱོང་བྱས་ཀྱང་ཐོབ་ལེན་མེད། །ཁྱབ་བརྡལ་ཆེན་པོའི་དགོངས་པ་སྐྱོངས། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །སྐལ་བར་ལྡན་ན་ཉམས་སུ་ལོངས་། །བདུད་འཇོམས་པས་སོ།། །།
༈ སྔོན་བྱོན་རྣལ་འབྱོར་དམ་པ་མང་པོ་ཡིས། །ཚེ་དང་སྒྲུབ་པ་མཉམ་སོང་རྟེན་འབྲེལ་འགྲིག །དེ་ཚེ་གནས་དང་བྱིན་རླབས་ཐོབ་ཡོད་དེ། །མདོ་མང་དགོན་གནས་དེ་ཡི་ཉེ་ཚལ་དུ། །སྒོམ་དང་སྒྲུབ་པ་ཉམས་ལེན་ཞིག་ཏུ་རེམ། །ལྷ་ས་བསམ་ཡས་ཡར་ལུང་ཁྲ་འབྲུག་སོགས། །གནས་ཆེན་རྣམས་ཀྱང་གོང་མའི་བྱིན་རླབས་ལས། །ས་དང་རི་ཕུག་བྱིན་ལྡན་ཡོད་མ་ཡིན། །དེ་ཚུལ་སོམས་ལ་གནས་དེར་མཚམས་སྒྲུབ་རེམ། །རྗེ་བཙུན་བཞད་པ་རྡོ་རྗེའི་ཞལ་ན་རེ། །ནམ་མཁའ་སྒོམ་དུ་བདེ་ལགས་ཀྱང་། །ལྷོ་སྤྲིན་བསྒོམ་དུ་ཅུང་མ་བདེ། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ནམ་མཁའ་རང་གི་ངང་ལ་ཞོག །གསུངས་པའི་དོན་དེ་ཡིད་ལ་དྲན་མཛོད་ལ། །ནམ་མཁའི་ངང་མངོན་ཆེན་པོ་རང་ལ་ཞོག །འཁོར་འདས་ཡོངས་ཀྱི་སྤྱི་གཞི་མ་ལགས་སམ། །བསྒོམ་བཅོས་མྱོང་ཞེན་མེད་པར་ཡིད་ཆེས་མཛོད། །རྒྱ་མཚོ་སྒོམ་དུ་བདེ་ལགས་ཀྱང་། །རྦ་རླབས་བསྒོམ་དུ་ཅུང་མ་བདེ། །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །རྒྱ་མཚོ་རང་གི་ངང་ལ་ཞོག །ཅེས་གསུངས་པས། རྒྱ་མཚོའི་གཟའ་སྐར་རྒྱ་མཚོར་མི་གཞན་བཞིན། །སྣང་སེམས་ཐམས་ཅད་ངོ་བོ་ལས་མི་གཞན། །ངོ་བོ་མངོན་གྱུར་ངང་ལ་ཡིད་ཆེས་ནས། །བྱར་མེད་བློ་མེད་སྤྲོས་བྲལ་རྗེན་པར་ཞོག །སེམས་ཉིད་བསྒོམ་དུ་བདེ་ལགས་ཀྱང་། །འགྱུ་བ་བསྒོམ་དུ་ཅུང་མ་བདེ། །འགྱུ་བ་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཉིད་རང་གི་ངང་ལ་ཞོག །ཅེས་གསུངས་པས། སེམས་ཉིད་འཁོར་འདས་སྟོང་ཉིད་ཆེན་པོ་ཉིད། །མངོན་གྱུར་ངང་བཞག་སྒོམ་གྱི་དམ་པ་རུ། །ཤེས་ནས་ཡིད་ཆེས་ངང་དུ་བྱར་མེད་ཞོག །ད་ནི་འོད་གསལ་ཐོད་རྒལ་མྱུར་ལམ་ལ། །བརྟེན་ནས་ཚེ་སྒྲུབ་མཉམ་པ་ཞིག་ཏུ་རེམ། །གོ་གོ་ཤེས་ཤེས་རིག་རིག་མང་ན་ཡང་། འཆི་ཁ་ཕན་པ་ཨེ་བྱུང་རྒྱུད་ལ་བརྟག །ནམ་འཆི་ཚོད་ལ་སེམས་ཀྱིས་ཚད་མི་ཐེམས། །མྱུར་དུ་འཆི་ཆོས་གཤའ་མ་ཞིག་ལ་རེམ། །ཕྱི་ནང་བདེ་སྡུག་རེ་དོགས་ན་ཚ་རྐྱེན། །སྒྱུ་མ་རྨི་ལམ་ལྟ་བུ་ཉམས་ཀྱི་རིས། །བདེན་འཛིན་ཞེན་པ་མེད་པའི་ངང་ལ་ཞོག །མི་ཁྱོད་ཚེ་དང་སྒྲུབ་པ་མཉམ་པ་ཞིག །བྱུང་ན་མངོན་འཚང་རྒྱ་འགྱུར་ཐེ་ཚོམ་མེད། །མི་རྒན་གོམས་པའི་ཉམས་མྱོང་ལབ་མོ་དེས། །ཁྱོད་ཀྱི་རྒྱུད་ལ་ཕན་བདེ་འབྱུང་བར་ཤོག །རིག་འཛིན་རྡོ་རྗེའི་ངོར་བདུད་འཇོམས་པས་སྨྲས་པ་དགེའོ། །
རྫོགས་ཆེན་ངོ་སྤྲོད་སྐལ་ལྡན་སྙིང་ནོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེ།
༄༅། །རྫོགས་ཆེན་ངོ་སྤྲོད་སྐལ་ལྡན་སྙིང་ནོར་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །དེའང་ཨོ་རྒྱན་ཆེན་པོའི་ཞལ་ནས། ཆོས་ཀྱི་རྩ་བ་མ་གཅོད་སེམས་ཀྱི་རྩ་བ་ཆོད། །སེམས་ཀྱི་རྩ་བ་ཆོད་ན་གཅིག་ཤེས་ཀུན་གྲོལ་འགྱུར། །སེམས་ཀྱི་རྩ་བ་མ་ཆོད་ཀུན་ཤེས་གཅིག་སྡུག་གྱུར། །ཞེས་གསུངས་པས། སེམས་དོན་ཉམས་ལེན་དངོས་ལ་འཇུག་པའི་ཚེ། ལུས་དྲང་པོར་བསྲང་། རླུང་རང་བབས་སུ་གློད། མིག་གདངས་ཟུམ་མཉམ་པ་མདུན་གྱི་ནམ་མཁར་ཅེ་རེ་བལྟ། སེམས་ཀྱིས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་རིག་ཀུན་ཏུ་བཟང་པོའི་རང་ཞལ་བལྟ་སྙམ་དུ། རྩ་བའི་བླ་མ་དང་ཨོ་རྒྱན་པདྨ་དབྱེར་མེད་ལ་གསོལ་བ་དྲག་ཏུ་བཏབ། མཐར་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །དེ་ལྟར་བཞག་དུས་རིག་པ་སྟོང་གསལ་དེའི་ངང་དུ་ཡུན་རིང་མི་གནས་པ་སེམས་ཚབ་ཚུབ། ཟང་ཟིང་། བྲང་བྲིང་། སྤྲེའུ་འདྲ་བ་ཞིག་ལངས་ནས་འོང་། དེ་སེམས་ངོ་མ་རེད། རྣམ་རྟོག་ཟེར་བ་དེ་རེད། ཁོའི་རྗེས་སུ་ཤོར་ན་རྣམ་རྟོག་འདིས་མི་དྲན་བསམ་པ་དང་། མི་དགོས་བསམ་པ། མི་བྱེད་བསམ་པ་ནི་གཅིག་ཀྱང་མེད། སྔར་ཡང་འཁོར་བའི་རྒྱ་མཚོའི་ནང་དུ་ནག་ཐིམ་གྱིས་ཁོས་འཕངས་པ་ཡིན། ཕྱིན་ཆད་ཀྱང་འཕེན་ཐག་ཆོད་རེད། ད་ནི་རྣམ་རྟོག་འཁྲུལ་པ་ནག་འབྱམས་འདི་དང་མཚམས་བཅད་ན་དགའ། མཚམས་ཆོད་དུས་རིག་པ་ཁོ་ཅི་འདྲ་ཞིག་འདུག་ཟེར་ན། སྟོང་སང་ངེ་། ཧ་ཆད་དེ། ཡང་ཁྲོལ་ལེ། བདེ་ལྷང་ངེར། དངོས་པོའི་མཚན་མ་ཅན་དུ་གྲུབ་མ་མྱོང་བ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པ། ཡེ་ནས་རང་དང་ལྷན་སྐྱེས་སུ་འབྲལ་མ་མྱོང་བ། བྱ་རྩོལ་བློ་ཡུལ་ལས་འདས་པ་ཞིག་འདུག །ད་འོ་ན། རིག་པ་རང་ངོ་ཤེས་དུས་ཅི་འདྲ་ཞིག་འདུག་ཟེར་ན། རང་རིག་རང་ངོ་ཤེས་ཀྱང་བརྗོད་མི་ཤེས་པ་ལྐུགས་པའི་རྨི་ལམ་ལྟ་བུ། སྐྱོང་མཁན་རང་དང་བསྐྱང་རྒྱུའི་རིག་པ་གཉིས་སོ་སོར་འབྱེད་མི་ཤེས་པ་ཞིག་འདུག །དེ་ལྟ་བུའི་རིག་པ་ཀློང་ཡངས་ཆེན་པོའི་ཐོག་ཏུ་རང་བབས་སུ་རྗེན་ནེར་བཞག་ཙ་ན། སྔར་སྐད་ཅིག་ཙམ་སྡོད་མི་ཐུབ་པའི་མི་དྲན་དགུ་དྲན་མི་བྱེད་དགུ་བྱེད་རྣམ་རྟོག་ཕུང་རྒན་ཁོ་ལ་ཅི་བྱེད་འདུ་བྱེད་མེད་པར་རིག་པ་སྤྲིན་བྲལ་ནམ་མཁའ་ལྟ་བུའི་ཀློང་དུ་རྣམ་རྟོག་འགྱུ་བ་ཡལ་ཤོར། འཐོར་ཤོར། ཞིག་ཤོར་ནས་རྣམ་རྟོག་ཁོའི་དབང་ཤེས་ཐམས་ཅད་རིག་པ་ལ་ཤོར། རིག་པ་རང་གནས་ཆོས་སྐུའི་ཡེ་ཤེས་རྗེན་ལྷང་ངེར་གདའ་ཡི། འོ་ན་དེ་ལྟ་བུའི་རིག་པ་དེ་སུས་ངོ་སྤྲད། ཐག་གང་ལ་གཅོད། གདེང་ཇི་ལྟར་འཆའ་ཟེར་ན། རིག་པ་དང་པོ་བླ་མས་ངོ་སྤྲད་པས་རང་ངོ་རང་གིས་ཤེས་ནས། ངོ་རང་ཐོག་ཏུ་འཕྲོད། འཁོར་འདས་ཀྱི་ཆོས་ཇི་ལྟར་སྣང་ཡང་རིག་པ་རང་གི་རྩལ་ལས་མ་འདས་ན། ཐག་རིག་པ་གཅིག་ཐོག་ཏུ་ཆོད། རྣམ་རྟོག་གང་ཤར་ཐམས་ཅད་རྒྱ་མཚོའི་རྦ་རླབས་རྒྱ་མཚོར་ཐིམ་པ་ལྟར། གདེང་གྲོལ་ཐོག་ཏུ་བཅད་པས། བསྒོམ་བྱ་སྒོམ་བྱེད་ལས་འདས་པ་སྒོམ་འཛིན་གྱི་བློ་དང་བྲལ་བ་ཞིག་གདའ། འོ་དེ་འདྲ་ཡིན་ན་མ་བསྒོམས་ཀྱང་ཆོག་འདུག་མོད་ཟེར་ན། འོ་དེ་འདྲ་ག་ལ་ཡིན། རིག་པ་ངོ་ཤེས་པ་ཙམ་གྱིས་གྲོལ་བའི་ས་ལ་སླེབས་པ་མིན། ངེད་རང་ཚོ་ཚེ་རབས་ཐོག་མེད་ནས་འཁྲུལ་པའི་བག་ཆགས་ཀྱི་སྦུབས་སུ་འཐིམ། སྔར་ནས་ད་བར་རྣམ་རྟོག་ཁོའི་སྐྱག་འོག་ཏུ་མི་ཚེ་འཁྱོལ། འཆི་དུས་གར་འགྲོ་འདིར་འགྲོ་མེད་པར་ལས་ཀྱི་རྗེས་སུ་འབྲངས་ནས་སྡུག་བསྔལ་མྱོང་དགོས་པ་རེད། དེས་ན་ད་ལྟ་རིག་པ་ངོ་འཕྲོད་པ་དེའི་རྒྱུན་བསྐྱངས་ནས་བསྒོམ་དགོས་པ་ཡིན། ཀུན་མཁྱེན་ཆེན་པོས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བཏང་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུང་། སྤྱིར་སྒོམ་པ་ཞེས་པ་འདི། རང་བབས་གཉུག་མའི་དྲན་པས་རྒྱུན་བསྐྱངས་ཏེ་རིག་པ་ཡེངས་མེད་འཛིན་མེད་དུ་བཞག་ནས་གཉུག་མའི་གཤིས་སུ་གོམས་འདྲིས་གཏོང་བ་འདི་ལ་ཟེར། གོམས་འདྲིས་གཏོང་ཚུལ་ཡང་། སྒོམ་པའི་ཚེ་རྣམ་རྟོག་ཤར་ནའང་ཤར་དུ་ཆུག །དགྲ་རུ་བལྟ་མི་དགོས། ཤར་ཐོག་ཏུ་གློད། མ་ཤར་ན་ཨེ་འཆར་མེད། མ་ཤར་བའི་ཐོག་ཏུ་ཞོག །ལར་སྒོམ་གྱི་ཚེ་རྣམ་རྟོག་རགས་པ་ཞིག་ཐོལ་གྱིས་ཤར་བྱུང་ན། དེ་ངོས་ཟིན་སླ་མོད། རྣམ་རྟོག་ཕྲ་མོ་འགའ་ཙམ་ཤར་ཟིན་རྗེས་བར་དུ་ཧ་མ་གོ་བ་ཞིག་ཡོང་། དེ་ལ་རྣམ་རྟོག་འོག་འགྱུ་ཟེར། འདིས་སྒོམ་གྱི་འཇབ་རྐུན་བྱེད་འོང་བས་དྲན་པས་རྒྱང་སོ་འཛུགས་པ་གལ་ཆེ་ཟེར། དྲན་པས་རྒྱུན་འདི་ཟ་ཉལ་འགྲོ་འདུག་མཉམ་རྗེས་གང་གི་སྐབས་སུའང་ཡོད་པ་ཞིག་བྱུང་ན་དེ་ག་རང་ཡིན། སློབ་དཔོན་ཆེན་པོས། བརྒྱ་བཤད་སྟོང་དུ་ལབ་ཀྱང་གོ་བ་གཅིག །གཅིག་ཤེས་ཀུན་གྲོལ་རང་རིག་རང་ངོ་སྐྱོངས། །ཞེས་གསུངས། ཡང་མ་བསྒོམ་ན་གདེང་མི་ཐོབ། བསྒོམ་ན་གདེང་ཐོབ་འོང་ཞེས་པའི་གདེང་དེ་ཇི་ལྟར་ཞིག་ཐོབ་རྒྱུ་ཡོད་ཟེར་ན། དེ་ལྟར་བརྩོན་འགྲུས་དྲག་པོས་བསྒོམས་པས་གོམས་པ་མངོན་དུ་གྱུར་པའི་རང་རྟགས་སུ་གཉིས་སྣང་ཨ་འཐས་ཀྱི་ཞེན་འཛིན་དམ་བྲིང་ངེ་བ་འདི་རིམ་པར་ཇེ་ལྷོད་དང་དགའ་སྡུག་རེ་དོགས་རྩོལ་སྒྲུབ་མང་པོ་འདི་ཇེ་ཉུང་དུ་འགྲོ། བླ་མ་ལ་མོས་གུས་ཇེ་ཆེ་དང་། གདམས་ངག་ལ་སྙིང་ནས་ཡིད་ཆེས་སྐྱེ། ཅི་ཞིག་ན་གཉིས་འཛིན་ཨ་འཐས་ཀྱི་བློ་འདི་རང་ཡལ་ལ་སོང་ནས། གསེར་དང་ས་རྡོ་མཉམ། ཟན་དང་སྐྱག་པ་མཉམ། ལྷ་དང་འདྲེ་མཉམ། དགེ་བ་དང་སྡིག་པ་མཉམ་ཞིང་ཁམས་དང་དམྱལ་བ་མཉམ། འདམ་ཁ་མི་ཤེས་པ་ཞིག་ཡོང་གི་ཡོད་པ་རེད། དེ་འདྲ་མ་བྱུང་གི་བར་གཉིས་སྣང་གི་འཛིན་པ་ཁོའི་ངོ་ལ་དགེ་བའང་ཡོད། སྡིག་པའང་ཡོད། ཞིང་ཁམས་ཀྱང་ཡོད། དམྱལ་བའང་ཡོད། བདེ་སྡུག་ལས་འབྲས་ཐམས་ཅད་བསླུ་བ་མེད་པར་ཡོད་པས་ན། སློབ་དཔོན་ཆེན་པོས། ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས། དེས་ན་ང་རྫོགས་པ་ཆེན་པོ་ཡིན། སྒོམ་ཆེན་ཡིན་ཞེས་ཁ་སྐྱུ་དྲི་བ་ལེ། རྐུབ་རྒྱོབ་དྲི་ཚུབས་སེ་ཉལ་བསྡད་པས་ཡོང་བ་མིན། དད་མོས་དམ་ཚིག་རྣམ་པར་དག་པས་གཞི་བཟུང་། ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་གཞུང་བསྲུང་། དོན་མེད་ཚེ་འདིའི་བྱ་བ་ཐམས་ཅད་ཆམ་གྱིས་བཞག་ནས་བསྒོམ་ནུས་ན་ཟབ་ལམ་རྫོགས་པ་ཆེན་པོའི་ཁྱད་ཆོས་སྐྱེ་བ་ཕྱི་མ་ལ་ལྟོས་མི་དགོས་པར་ཚེ་འདི་ཉིད་ལ་གདོད་མའི་བཙན་ས་ཟིན་ངེས་ཡིན་ནོ། །ཞེས་སྐལ་ལྡན་སྙིང་ནོར་གདམས་ངག་དམར་རྗེན་ལག་བཅིངས་སུ་ཛྙཱ་ནས་སྨྲས་པའོ། །བདག་གི་བླ་མའི་ཞལ་ནས་རྒན་བུ་བདག་ལ། བླ་མ་མ་གཏོགས་བསམ་རྒྱུ་མེད་པ། གསོལ་འདེབས་མ་གཏོགས་འདོན་རྒྱུ་མེད་པ། བྱར་མེད་མ་གཏོགས་སྐྱོང་རྒྱུ་མེད་པའི་ངང་དུ་སྡོད་ཁུལ་ཡིན། ད་ལྟ་གཏད་མེད་རྒྱ་ཡན་གུ་ཡངས་བློ་བདེའི་ངང་དུ་ཡོད་གསུངས། བསམ་དོན་གཏན་འདུན་བསྒྲུབ་པ་ལ། །རྫོགས་ཆེན་གདམས་ཟབ་གཅིག་པུས་ཆོག །གོ་བདེའི་ངག་འཁྲིད་བརྗོད་པ་འདི། །བདུད་འཇོམས་སྨྱོན་པས་བྲིས་ཏེ་སྤྲད། །དགེའོ།། །།
རྫོགས་ཆེན་གསང་སྐོར་མན་ངག་ནམ་མཁའ་གསུམ་ཕྲུག་གི་གདམས་པ་ཤིན་ཏུ་ཟབ་པའི་མཐར་ཐུག །འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
༄༅། །རྫོགས་ཆེན་གསང་སྐོར་མན་ངག་ནམ་མཁའ་གསུམ་ཕྲུག་གི་གདམས་པ་ཤིན་ཏུ་ཟབ་པའི་མཐར་ཐུག་བཞུགས་སོ། །གདོད་མའི་མགོན་པོ་རྩ་བའི་བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ཐིག་ལེ་གསང་སྐོར་གྱི་ཉམས་ལེན་མཐར་ཐུག་པ་ནམ་མཁའ་གསུམ་ཕྲུག་གི་གདམས་པ་ཟབ་མོ་སྟོན་པ་ལ་ས་བཅད་རྣམ་པ་དྲུག་གི་སྒོ་ནས་ཤེས་པར་བྱ་སྟེ།
དང་པོ་ནམ་མཁའ་གསུམ་ངོས་འཛིན་པ་ནི། ཕྱིའི་ནམ་མཁའ་ནི་འབྱུང་བ་ལྔའི་ནང་ཚན་གྱི་ནམ་མཁའ་གློ་བུར་གྱི་དྲི་མས་མ་གོས་པར་དྭངས་གསལ་ལྷུན་འགྲུབ་ཏུ་གནས་པའི་བར་སྣང་སྟོང་ཆ་འདི་ཡིན་ལ། ནང་གི་ནམ་མཁའ་ནི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་དག་པའི་སྣང་འཛིན་པར་བྱེད་པའི་རྩ་མིག་དབང་གི་སྒོ་ནས་སྙིང་དབུས་ཀྱི་རྩ་རྒྱ་མཚོ་གསེར་གྱི་ཉི་མ་དང་འབྲེལ་ནས་སྣང་བའི་ཤེས་པ་སོ་མ་ཡིན་ཞིང་། གསང་བའི་ནམ་མཁའ་ནི། ཡུལ་ཕྱི་ནང་གི་ནམ་མཁའ་གཉིས་ལ་ཁྱབ་བྱེད་ཀྱི་རྟེན་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་གདོད་ནས་རྣམ་དག་འདུས་མ་བྱས་པ་ཆོས་ཉིད་སྟོང་གསལ་སྐུ་དང་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་སྤྲོས་བྲལ་གྱི་ངོ་བོར་བཞུགས་པ་དེ་ཉིད་དོ། །
གཉིས་པ་ཇི་ལྟར་ཉམས་སུ་ལེན་ཚུན་ནི། ཐོག་མར་རང་རིག་ཆོས་སྐུར་ངོ་སྤྲོད་པར་མཛད་པའི་རྩ་བའི་བླ་མ་ལ་བཅོས་མིན་གྱི་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ་ལ་ཐུགས་ཡིད་བསྲེས། རླུང་རོ་གསུམ་ཕྲུགས་སུ་བསལ། ལུས་གནད་གཙོ་བོར་རྣམ་སྣང་ཆོས་བདུན་བཅའ་ཞིང་སྐབས་སུ་སེམས་ཉིད་ངལ་གསོའི་ཚུལ་གྱི་བདེ་ལུགས་སུ་བཞག །སྒོ་གནད་མིག་ཧ་ཅང་བཙུམ་པའང་མ་ཡིན། ཧ་ཅང་གདངས་པའང་མ་ཡིན་པར་རང་བབ་འབྱེད་འཛུམ་བྲལ་ཞིང་ཅུང་ཟད་གྱེན་དུ་ཕྱོགས་པས་མིག་འབྲས་མི་འགུལ་བར་ཕྱིའི་ནམ་མཁའ་ལ་ཅེ་རེ་གཏད། སེམས་གནད་ཤེས་པ་མིག་ལ་གཏད། མིག་ནམ་མཁའ་ལ་གཏད། རྣམ་རྟོག་སྔོན་རྗེས་ད་ལྟ་གང་ལའང་དཔྱད་པ་མེད་པར་རང་བབ་ས་ལེར་བཞག །དེ་ལ་གནས་འཕྲོ་བདེ་རྩུབ་ཇི་ལྟར་ཤར་ཡང་མ་བཅོས་ཅོག་བཞག་གི་ངང་ལས་གཞན་པའི་ཙབ་ཙུབ་སྤངས་ཏེ་རང་ངོ་ཤེས་ཙམ་དེ་ཀ་སྐྱོང་། དེའང་ལུས་གཡོ་མེད་རི་བོ་ཅོག་བཞག །མིག་ཞེན་མེད་རྒྱ་མཚོ་ཅོག་བཞག །སེམས་བསམ་མེད་རིག་པའི་ཅོག་བཞག་སྟེ། ཅོག་བཞག་རྣམ་པ་གསུམ་གྱི་གནད་ལ་བརྟེན་ནས་ཆུ་བོའི་རྒྱུན་བཞིན་འབྲལ་བ་མེད་པར་བསྒོམ་པ་སྟེ། ཇི་སྐད་དུ། བསྒོམ་པ་མ་ཡིན་གོམས་པ་ཡིན། །གོམས་པ་ཀློང་དུ་གྱུར་ན་བསྒོམ་པའི་མཆོག །ཅེས་པ་ལྟར་རོ། །
གསུམ་པ་བོགས་འདོན་པ་ནི། ཉིན་མོ་ནམ་མཁའ་སྔོ་ཐིང་ངེ་བ་ལ་སེམས་གཞག་པ་ལྟར་མཚན་མོའང་དེ་བཞིན་དུ་མདུན་གྱི་ནམ་མཁའི་མུན་ནག་ཐིང་ངེ་བ་ལ་སེམས་གཡོ་མེད་དུ་བཞག །སྤྱིར་ཡང་སྤྲིན་དང་སེར་བུ་མི་སོགས་ཀྱི་རྒྱུ་འགྲུལ་སྒྲ་སྐད་ཀླག་ཅོར་གྱིས་བསྒོམས་མ་བདེ་བའི་ཚེ་དབེན་པའི་གནས་སུ་མུན་པའི་རྣལ་འབྱོར་ལ་བརྟེན་པའང་དོན་གྱིས་ལེགས་ཤིང་། གཞན་ཡང་སྐབས་སུ་ལྟ་སྟངས་གཡས་གཡོན་གྱེན་མཐུར་ཐད་ཀར་རྣམས་སུ་བསྒྱུར། སྤྱོད་ལམ་གང་ཡང་འགྲོ་སྡོད་ཕྱག་བསྐོར་ཁ་ཏོན་གཏམ་སྨྲ་བ་སོགས་ཚོགས་ཀྱི་བྱ་སྤྱོད་སྣ་ཚོགས་དང་དགེ་སྦྱོར་འཇུར་པོ་བྱེད་ཅིང་། དེ་རྗེས་ནམ་མཁའ་གསུམ་དུ་བཞག་ཅིང་བསྐྱངས་བས་ཡུན་མི་རིང་བར་མཉམ་རྗེས་འདྲེས་པས་བོགས་ཐོན་པར་འགྱུར་རོ། །
བཞི་བ་མཉམ་རྗེས་ཀྱི་མཚན་ཉིད་ནི། སྤྱིར་རང་རིག་ངོ་བོ་འོད་གསལ་ངོ་ཤེས་ཙམ་གྱི་ངང་ལ་རང་བབས་སུ་གནས་པ་དེ་མཉམ་བཞག་དང་། དེའི་ངོ་ཤེས་བྲལ་བ་ལ་རྗེས་ཐོབ་ཟེར་ཡང་རྗེས་ཐོབ་བཏགས་པ་པ་ཡིན་ལ། འཕྲོ་བ་གཏད་ཡལ་རང་གྲོལ་ནི་རྗེས་ཐོབ་དངོས་ཡིན་ཞིང་དེ་མ་ཟད་མཉམ་བཞག་གི་ཆ་ཡང་ཡིན་ལ་མཉམ་རྗེས་རོ་གཅིག་ཅེས་བྱ། དེ་ཡང་མ་ཡེངས་པའི་ཁུལ་གྱི་དྲན་པ་ཡལ་ཡུལ་ལ་རྣམ་རྟོག་འོག་འགྱུ་ཟོམ་སྦྲེང་བ་དང་། མི་རྟོགས་བྲང་བྲེང་ལ་ཕྲ་བ་མ་སློང་བ་ནི་མཉམ་བཞག་ཏུ་རློམ་ཡང་ཨ་ཐང་ཆད་དེ་མཉམ་རྗེས་ཚད་མར་གྱུར་པ་མིན། དེས་ན་མཉམ་གཞག་གི་མཚན་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་གསལ་རིག་ཏུ་འཆར་བ། རྗེས་ཐོབ་ཀྱི་མཚན་ཉིད་རྣམ་རྟོག་རང་ཤར་རང་གྲོལ་མཚོ་རླབས་མཚོར་ཞི་བ་ལྟ་བུ་སྟེ། མདོར་ན་མཉམ་གཞག་གཏད་མེད་ནམ་མཁའི་དབྱིངས་ལྟ་བུ་ལ། རྗེས་ཐོབ་སྒྱུ་མ་ལྟ་བུ་རང་བཞིན་གྱི་སྙིང་རྗེ་དང་འབྲེལ་བ་ཞིག་ཤར་ན་མཉམ་རྗེས་རྣལ་མ་ཡིན། དེ་ཡང་འདི་རྣལ་འབྱོར་གྱི་མཚན་ཉིད་དུ་གྱུར་བའི་སྣེ་ཟིན་པའི་མཉམ་རྗེས་ཡིན་ཞིང་། གཞན་ལས་དང་པོ་ནས་རྒྱུན་མཐའི་བར་མཉམ་རྗེས་ཀྱི་དབྱེ་བ་རེ་མཆིས་མོད། གང་ལྟར་རང་རེ་རྣལ་འབྱོར་པ་རྣམས་ཀྱིས་མཉམ་རྗེས་དབྱེར་མེད་ཉིན་མཚན་འཁོར་ཡུག་མ་སོང་བར་དུ་འབད་དགོས་པར་གདའ།
ལྔ་བ་ལམ་གྱི་ཚུལ་ངོ་སྤྲོད་པ་ནི། གནས་པའི་རྐང་ཚུགས་ནས། འགྱུ་རྟོག་བག་གིས་འཕྲི་བ་ནི་ལྟར་སྣང་གི་གནས་པ་ཡིན་ལ། གནས་པ་སྐྱེ་མེད་ལ་འགྱུ་བ་འགག་མེད་དུ་ངེས་ཤེས་གཏིང་ནས་སྐྱེ་ཞིང་གནས་འགྱུར་རོ་མཉམ་པ་ནི་སྒོམ་གཤའ་མ་སྐྱེས་པའི་སྣེ་ཟིན་པ་ཡིན། དེ་ཡང་ད་དུང་གནས་པའི་ཆ་སྟེ་ཤས་ཆེ་ཞིང་གསལ་སྟོང་བདེ་བ་ཡིད་དཔྱོད་དང་དང་བྲལ་བ་ལྟ་བུ་ལ། དོན་བསྒོམ་འདུན་ཡིད་ཤེས་གཉིས་སྣང་གི་ཆ་ཕྲ་མོ་གཡོ་བ་དང་བཅས་ཟག་བཅས་ཀྱི་ཡོན་ཏན་དུ་མ་སྒོ་གསུམ་ལ་བསྐྱེད་ནུས་པ་ནི་གནས་པའི་ཉམས་ཡིན་ལ། དེ་ནས་འོད་གསལ་གྱི་ཞེན་པ་ཞིག་སྟེ་ཡུལ་གཉེན་ཐ་དད་ཀྱི་འཛིན་པ་མེད་པ་ལྟ་བུ་ལ་བྱང་རྨུག་འཕྲོ་རྒོད་ཀྱིས་མི་བརྫི་བར་རྣམ་རྟོག་དྲག་པོ་རང་ངོ་ལ་གསལ་ལྷག་པར་བཏབ་པ་ལྟར་གྱུར་ཅིང་སྟོང་བ་ཉིད་བདེ་བའི་གཤིས་དང་མ་བྲལ་བ་ནི་གཡོ་བའི་ཉམས། རིམ་པར་ཡུལ་གཉེན་ཐ་དད་དུ་འཛིན་པ་མེད་པ་མ་ཟད་སྣང་སེམས་རོ་མཉམ་ནས་བདག་གཞན་གྱི་འཛིན་པ་ཅི་རིགས་དབྱིངས་སུ་ཡལ་ཞིང་ཆོས་ཐམས་ཅད་བདེ་སྟོང་སྒྱུ་མ་ལྟ་བུར་ཤར་ནས་འཁོར་འདས་མ་ལུས་རིག་མདངས་སུ་རྟོགས་པ་ནི་མཉམ་པའི་ཉམས། མཐར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པའི་ཀློང་དུ་ཐིམ་ནས་བྱ་རྩོལ་གྱི་སྤྲོས་པ་ཟད་དེ་ཟབ་ཞི་སྤྲོས་བྲལ་དུ་སྣང་ཞིང་ཅུང་ཟད་ཀྱི་ཟད་པར་ཟིལ་གནོན་ཐོབ་པ་ནི་ལྷུན་གྱིས་གྲུབ་པའི་ཉམས་ཏེ་འཕགས་པའི་གོ་འཕང་དངོས་ཐོབ་པའོ། །གཞན་ཡང་སྣང་བའི་འོད་གསལ་གྱི་ཆ་དུ་བ་སྨིག་སྒྱུ་མཁའ་ནང་ཐིག་ལེ་སོགས་འཁོར་འདས་ཀྱི་གཟུགས་བརྙན་རྣམ་པ་ཐམས་ཅད་པ་འཆར་ཞིང་། དེའང་ཐོག་མར་ཡུལ་ལྟར་དུ་སྣང་བ་དང་། རིམ་བཞིན་ཡུལ་སེམས་རོ་མཉམ་པའི་བློ་དང་། རོ་གཅིག་གི་ངེས་པ་གཏིང་ནས་ཚུགས་པ་དང་། དེ་ལྟར་གྱི་ཡང་ཞེན་པ་སྤངས་ཤིང་དེས་དྲངས་པའི་བདེ་བ་དང་སྟོང་པས་སྒོ་གསུམ་ཡོངས་སུ་སྦྱངས་པས། མཐར་རྩ་ཐིག་རླུང་ཁམས་རྣམ་པར་དག་ནས་མི་འགྱུར་བདེ་ཆེན་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་རོ། །དེ་བཞིན་ཐུན་མོང་མ་ཡིན་པ་སྣང་པའི་འོད་གསལ་ཆོས་ཉིད་མངོན་སུམ་ཐོད་རྒལ་གྱི་འཆར་ཚུལ་འདིར་མ་སྨྲོས་ཏེ། ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ཀྱི་གསང་བ་སྙིང་ཐིག་ཟབ་མོའི་མན་ངག་གི་གཞུང་ལས་ཤེས་པར་བྱོས་ཤིག །
དྲུག་པ་གེགས་བསལ་བ་ནི། ལས་དང་པོ་པས་ལུས་གནད་མ་འབྱོངས་པས་མི་བདེ་བ་དང་། ལྟ་སྟངས་ཀྱིས་མིག་ན་ཞིང་བསྒོམ་སྙིང་མི་འདོད་པ་བྱུང་ན། ཐོག་མར་དལ་བུའི་སྒོ་ནས་ངང་གིས་བསླབ། ཕྱིས་སྒྱིད་ངན་གྱི་དབང་དུ་མ་ཤོར་བར་མི་བདེ་བ་བྱུང་བ་བཟོད་སྲན་བསྐྱེད་དེ་ནན་ཏན་དུ་བསྒོམས་པས་ཅི་ཞིག་ནས་ལུས་གནད་ལྟ་སྟངས་བཅས་འབྱོངས་ཏེ་བདེ་བར་གྱུར། དེ་བཞིན་ཁ་ཅིག་ལ་རྣམ་རྟོག་ཟང་ཟིང་མང་པོ་ཆོད་དུ་མེད་པ་ལྟ་བུས་བསྒོམ་འདོར་སྙིང་འདོད་པའང་འབྱུང་སྲིད་པས། སྔར་འོག་འགྱུ་འབའ་ཞིག་ཏུ་ཤོར་བ་དེ་ངོས་ཟིན་པའི་འགོ་ཚུགས་པར་ཤེས་ནས་ཐུན་ཡུན་ཐུང་ལ་གྲངས་མང་བར་བསྒོམ། ཡང་སྐབས་སུ་འཕྲོ་བ་མེད་པ་ལྟར་བྱིངས་ནས་ལྟ་སྟངས་གྱེན་དུ་གཏོད་ཅིང་ཤེས་པ་ལ་ངར་བཏགས་ཏེ་སྒྲིམ། དེ་བཞིན་དུ་རྟོག་པ་ཧ་ཅང་རྒོད་ན་ལྟ་སྟངས་དམད་ཅིང་ཤེས་པ་གཏིང་ནས་ཀློད། འོན་ཀྱང་ནམ་མཁའ་གསུམ་ཕྲུག་གི་མན་ངག་འདིས་བྱང་རྨུག་གི་གེགས་རང་སར་སེལ་ཞིང་འཕྲོ་རྒོད་ངང་གིས་ཞི་བར་བྱེད་པའི་གདམས་པ་རང་གནད་ཀྱི་ཆེ་བ་ཡིན་པས། ཁོ་གནད་དུ་འགྲོ་བ་ཞིག་སྒོམ་ཤེས་ཚེ་ཁོ་རང་གི་གེགས་རང་སར་སེལ་ནུས་པ་ཡིན། བདེ་གསལ་མི་རྟོག་པའི་མྱོང་བ་གང་ལའང་ཞེན་པ་ཆེ་ཆེས་པོ་མི་བྱེད་པར་རང་བབས་སུ་སྐྱོང་བ་དང་། སྟོང་གཟུགས་ཀྱི་སྣང་བར་ཡང་ཡུལ་འཛིན་བྲལ་བ་ཞིག་དགོས་ལ། གེགས་སེལ་མཐའ་དག་ནི་འདིར་སྨོས་ཀྱིས་མི་ལང་བས། མྱོང་ལྡན་བླ་མའི་ཞལ་ལས་བླང་བར་བྱ་ཞིང་། ཁྱད་པར་གེགས་སེལ་བོགས་འདོན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་ནི་རྩ་བའི་བླ་མ་ལ་མོས་གུས་སྙིང་དཀྱིལ་དུ་ཟུག་ནས་ལྟེམ་རྐྱང་མེད་པའི་གསོལ་འདེབས་བརྩོན་པ་ཁོ་ན་གལ་ཆེ། སྤྱིར་བླ་མ་ལ་མོས་གུས་མ་སྐྱེས་ན་སྒོམ་སྐྱེས་པའི་རེ་ཆེ་བྲལ། ལོག་ལྟ་ཅུང་ཟད་རེ་སྐྱེས་ཀྱང་ངན་སོང་གི་རྒྱུ་དྲག་པོ་འཕེལ་བས་ན། བླ་མའི་མོས་གུས་སྒོམ་གྱི་སྣ་འདྲེན་དང་གཞུང་ཤིང་དུ་ཤེས་པས་ཅི་མཛད་ལེགས་པར་མཐོང་ཞིང་ཅི་གསུང་ཚད་མར་འཛིན་པའི་སྒོ་ནས་ནན་ཏར་མོས་གུས་གསོལ་འདེབས་ལ་འབད། གཞན་ཡང་འགྲོ་བ་ལ་སྙིང་རྗེ་བྱང་ཆུབ་སེམས་དང་མི་འབྲལ་བ་དང་། འཇིག་རྟེན་འདི་སྣང་ལ་ཞེན་ལོག་དང་ཞེ་བཅད་ལྡན་ཞིང་། དམ་པའི་ཆོས་ལ་དཀའ་ཐུབ་ལམ་ཁྱེར་ནུས་པ་ཞིག་ཅིས་ཀྱང་དགོས། དེ་བཞིན་ལྟ་སྒོམ་གྱི་མན་ངག་ཟབ་མོའི་གནད་རྣམས་སྐྱེ་བོ་ཕལ་བ་ལ་ནི་སྨྲོས་ཀྱང་ཅི་འཚལ་ཏེ། བླ་མ་གཅིག་ཅིང་གདམས་པ་ལྷན་ཅིག་ཏུ་ཐོབ་པ་མ་ཡིན་པ་ལ་ཤིན་ཏུ་གསང་དགོས་ཤིང་། སྤྱོད་ལམ་ཀུན་དུ་དགེ་སྦྱོར་ཉམས་ལེན་སྐྱོང་དགོས་པ་གཞིར་བཅས། སྐྱེ་བོའི་ཁྲོད་དུ་ལུས་གནད་ལྟ་སྟངས་སོགས་མངོན་གྱུར་པ་སྤངས་ཤིང་། དུས་ཀུན་རང་སེམས་དམ་པའི་ཆོས་དང་ཞུ་དག་ཕེར་བས་རང་གིས་རང་ལ་མ་ཁྲེལ་བ་ཞིག་དགོས་པ་ཡིན། ཉམས་ལེན་གྱི་གནད་ཐམས་ཅད་དེར་འདུ་བ་ཡིན་ནོ། །ཞེས་པའང་སྐལ་ལྡན་གྱི་སློབ་བུ་འགའ་ལ་ཕན་པའི་ཕྱིར་བཀའ་གསང་རྗོགས་པ་ཆེན་པོའི་ཆོས་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བླ་མའི་མན་ངག་སྙན་བརྒྱུད་ཟབ་པ་ཡི་གེའི་རིས་སུ་བཏབ་པ་སྟེ། གདམས་ངག་ཚུལ་བཞིན་ཐོབ་ཅིང་ཉམས་སུ་ལེན་པའི་གང་ཟག་རྣམས་ལས། དྲེད་པོ་ཁ་ཆོས་མཁན་དང་དམ་ཉམས་ལྟ་ལོག་ཅན་གྱི་དཔེ་འདི་བལྟས་ན་དེའི་སྙིང་ཁྲག་སྲོག་བདག་མ་གཟའ་རྡོར་གསུམ་གྱིས་དཔའ་སྐྱེམས་སུ་རོལ་ཅིག །ས་མ་ཡ། །
ནམ་མཁའ་གསུམ་ཕྲུག་གི་གདམས་པ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
༄༅། །ནམ་མཁའ་གསུམ་ཕྲུག་གི་གདམས་པ། ནམ་མཁའ་གསུམ་ཕྲུག་གི་གདམས་པ་ལ་ཕྱིའི་ནམ་མཁའ་ནི་བར་སྣང་སྟོང་བའི་དབྱིངས་འདི་ག་རེད། ནང་གི་ནམ་མཁའ་ནི་ལུས་གནད་དང་ལྡན་པས་ཕྱིའི་ནམ་མཁའ་ལ་མིག་འབྲས་ཟུག་སོང་བ་ལྟར་གཏད་ནས་བཞག་པས་ནང་སེམས་ཉིད་རྣམ་པར་མི་རྟོག་པའི་ངང་དུ་ལྷན་ནེར་གནས་པ་དེ་རེད། དེ་ནི་གཞིའི་ཕྱོགས་འགོ་ཙམ་རིག་པ་ལས་ད་དུང་ཀུན་གཞིའི་རྣམ་ཤེས་ཀྱི་ངང་ལས་མ་འདས་པས་ན་རིག་པ་དངོས་གནས་དེ་ནི་མིན། ནང་གི་ནམ་མཁར་འཛིན་པའི་བློ་དང་ཉམས་ཞེན་གྱིས་བསླད་ཡོད་པ་རེད། ཕྱིའི་ནམ་མཁའ་སྣོད་བཅུད་དུ་སྣང་བ་འདི་ཐམས་ཅད་གཏོར་མ་སྡེར་དང་བཅས་པ། ཙི་ཙི་ཚང་དང་བཅས་པ་མེད་འགྲོ་དགོས་པ་མ་རེད། ནམ་མཁའ་སོགས་སུ་འཛིན་པའི་བློའམ་གཏད་སོ་དེ་ཞིག་འགྲོ་དགོས་པ་རེད། གསང་བའི་ནམ་མཁའ་ནི་མི་རྟོག་པའི་ངང་དེ་ལས་རིག་པའི་མཁྱེན་ཆ་སད་ནས་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་པ་འོད་གསལ་ཁྱབ་བརྡལ་ཆེན་པོ་རང་ཤར་བའི་ངང་དུ་གནས་པ་དེ་རེད། དེའི་ཚེ་གསང་བའི་ནམ་མཁའ་མངོན་དུ་གྱུར་བ་རེད། སྤྱིར་སོ་སྐྱེ་རང་ག་མའི་དུས་ནས་ཕྱིའི་ནམ་མཁའ་ལ་ཆུ་བུར་མིག་གིས་བལྟས་ནས་མཉམ་པར་བཞག་པས་ནང་དང་གསང་བའི་ནམ་མཁའ་རང་ཤུགས་ཀྱིས་འདྲེན་ནུས་པ་ཡིན་གསུངས། དེས་ན། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་པ། ནམ་མཁའ་མིག་གིས་མཐོང་བ་ཙམ་གྱིས་ཆོག །ཅེས་བསྒོམ་པའི་ཚེ་ན་ཞེས་པས་ཕྱི་དང་ནང་གི་ནམ་མཁའ་བསྟན། ཅི་ཡང་མི་བསྒོམ་པ་ཞེས་པས་ནམ་ཞིག་མི་བསྒོམ་པའི་དུས་གསང་བའི་ནམ་མཁའ་བསྟན་པ་རེད་ཅེས་གསུངས། འདིའང་ཁྲག་འཐུང་བདུད་འཇོམས་གླིང་པའི་ཞལ་རྒྱུན་འཁྲུལ་མེད་བདག་གི་བླ་མའི་སྙན་བརྒྱུད་ཟིན་བྲིས་སུ་བཏབ་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད་གོ་བདེར་བརྗོད་པ་གྲུབ་པའི་བཅུད་ལེན། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
༄༅། །རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད་གོ་བདེར་བརྗོད་པ་གྲུབ་པའི་བཅུད་ལེན་ཞེས་བྱ་བཞུགས་སོ། །བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་དང་བདག་གི་རྗེས་འཇུག་རྣམས་ཀྱི་རྒྱུད་ལ་ཟབ་ལམ་གྱི་རྟོགས་པ་ཕྱིན་ཅི་མ་ལོག་པ་མྱུར་དུ་སྐྱེས་ནས་ཚེ་འདི་ཉིད་ལ་གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་སྔོན་གྱི་སྨོན་ལམ་ལས་འཕྲོ་རྣམ་པར་དག་པས་མཚམས་སྦྱར་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་དང་དེ་སྟོན་པའི་བླ་མ་ལ་སྙིང་ནས་བློ་ཁེལ་ཞིང་ཉམས་ལེན་མཐར་སྐྱེལ་བར་འདོད་པའི་གང་ཟག་སྐལ་བ་ཅན་རྣམས་ཀྱི་འཇུག་སྒོར་རི་ཆོས་གནད་ཀྱི་བསླབ་བྱ་ཡང་གསང་རྫོགས་པ་ཆེན་པོའི་ཉམས་ལེན་དམར་ཁྲིད་ལག་བཅིངས་སུ་གོ་བདེ་བར་འཆད་པ་ལ་སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། སྦྱོར་བ་ཆགས་ཞེན་གྱི་འཁྲི་བ་བཅད་ནས་བློ་ཆོས་ཕྱོགས་སུ་བཀོལ་ཏེ་རྒྱུད་སྦྱོང་ཚུལ། དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ། རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱང་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱིས་བསྡུ་ཚུལ་ལོ། །
དེ་ལས་དང་པོའི་དོན་ཅུང་ཟད་སྨྲ་བར་བྱའོ། །ཀྱེ་མ་འོ་སྐོལ་རྣམས་ཀྱི་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ་འདི་ཀུན་ཏུ་བཟང་པོ་དང་དུས་མཉམ་དུ་དང་པོ་ཉིད་ནས་བྱུང་བ་ཡིན་ཡང་། ཀུན་ཏུ་བཟང་པོས་རང་དུ་མཁྱེན་པས་གྲོལ། རང་རེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བ་མཐའ་མེད་དུ་འཁྱམས། རིགས་དྲུག་གི་ལུས་གྲངས་ལས་འདས་པ་ཞིག་བླངས། བྱས་པ་ཐམས་ཅད་དོན་མེད་དུ་སོང་། ད་རེས་མི་ལུས་བརྒྱ་ལ་ལན་གཅིག་ཐོབ་པའི་དུས་འདིར་འཁོར་བ་ངན་སོང་དུ་མི་སྐྱེ་བའི་ཐབས་ཤིག་མ་འགྲུབ་ན། ཤི་ནས་གར་སྐྱེ་ངེས་པ་མེད་ཅིང་། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས། མི་ལུས་འདི་ཡང་ཐོབ་པས་མི་ཆོག་སྟེ་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་ཆོས་གཤའ་མ་ཞིག་བྱེད་དགོས། དེ་ཡང་འཆི་ཁར་མི་འགྱོད་ཅིང་རང་གིས་རང་ལ་མི་ཁྲེལ་བ་རྗེ་བཙུན་མི་ལ་ལྟ་བུ་ཞིག་དགོས་ཏེ། ང་མི་ལ་རས་པའི་ཆོས་ལུགས་ལ། །རང་གིས་རང་ལ་མ་ཁྲེལ་བ། ཞེས་གསུངས། ཆོས་ལམ་དུ་འཇུག་པ་ལའང་ཆོས་གཟུགས་མཁན་སྤྱི་འགྲེས་ནི་མི་ཆོག་སྟེ། ཚེ་འདིར་ལྟོས་ཀྱི་བྱ་བཞག་འདོད་ཡོན་གྱི་འཁྲི་བ་ཐམས་ཅད་གཅོད་དགོས། དེ་མ་ཆོད་པར་བློས་བསོབ་ཙམ་གྱིས་ཆོས་སྒོར་ལན་གཅིག་ཞུགས་ཀྱང་། ཕ་ཡུལ་ནོར་རྗས་གཉེན་བཤེས་མཛའ་གྲོགས་སོགས་ལ་ཆགས་ན། ཆགས་སེམས་དེས་རྒྱུ་དང་། ཆགས་ཡུལ་དེས་རྐྱེན་བྱས། མཚམས་སྦྱོར་བར་ཆད་བདུད་ཀྱིས་བྱས་ཏེ། སླར་ཡང་འཇིག་རྟེན་ཐ་མལ་པ་དང་འདྲེས་ནས་ལས་མཐའ་ལོག་པར་འགྱུར་བ་ཡིན། དེས་ན་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་འཇིག་རྟེན་ཆོས་བརྒྱད་ལ་མ་ཆགས་པར་རྩེ་གཅིག་ཏུ་ཆོས་ལ་བློས་བསྒྲིལ་བར་བྱ་སྟེ། འཆི་བ་སྙིང་ཟུག་གི་དབེན་གནས་སུ། །ཞེན་པ་གཏིང་ལོག་གི་སྒྲུབ་པ་པོ། །ཚེ་འདི་བློས་བཏང་གི་སྐུ་མཚམས་བཅད། །སེམས་ཆོས་བརྒྱད་ཀྱི་མི་དང་མཇལ་འཕྲད་མེད། །ཅེས་རྒྱལ་བ་ཡང་དགོན་པ་ལྟ་བུ་ཞིག་བྱེད་དགོས། དེ་མིན་ཆོས་བརྒྱད་དང་འདྲེས་པའི་ཆོས་དེ་དུག་དང་འདྲེས་པའི་ཁ་ཟས་བཟའ་བ་དང་མཚུངས་པས་ཕུང་ཚབ་ཤིན་ཏུ་ཆེ། ཆོས་བརྒྱད་དེའང་བསྡུ་ན་རེ་དོགས་གཉིས་སུ་འདུ་ལ་དེ་ཀ་དོན་ལ་ཆགས་སྡང་གཉིས་པོ་ཡིན། ནང་གི་ཆགས་སྡང་ཕྱི་རོལ་རྒྱལ་བསེན་གཉིས་སུ་བརྫུ་བས་བློ་ཆགས་སྡང་དང་མ་བྲལ་གྱི་རིང་ལ་རྒྱལ་བསེན་དང་མི་འབྲལ་བས་བར་ཆད་ལ་ཟད་པ་མི་འོང་། དེས་ན་ཞེ་ཕུག་ཏུ་ཆོས་བརྒྱད་ཚེ་འདིའི་རློམ་ཞེན་ཨེ་འདུག་རང་གིས་རང་ལ་ཡང་ཡང་བརྟགས་ནས་སྐྱེན་དེ་འདོར་བར་ནན་ཏན་བྱ། ཆོས་བརྒྱད་ཞེ་ལ་བཅངས་ནས་ལྟར་སྣང་ཆོས་ལྟར་བཅོས་ཏེ་གཡོ་སྒྱུས་བསྒྲུབས་པའི་ཡོ་བྱད་ཀྱང་ལོག་པའི་འཚོ་བ་ཡིན། ཕ་ཡུལ་སྤངས་བས་ཆོས་ཕྱེད་གྲུབ་ཟེར་བ་ལྟར་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཆ་མེད་ཀྱི་རྒྱལ་ཁམས་འགྲིམ། གཉེན་བཤེས་དང་བཟང་འབྲལ་བྱས་ཏེ་ཆོས་ཀྱི་བཤོལ་འདེབས་ལ་མི་ཉན། ནོར་རྫས་སྦྱིན་པར་བཏང་ནས་འཚོ་བ་བསོད་སྙོམས་གང་བྱུང་ལ་བརྟེན། འདོད་ཡོན་མཐའ་དག་ལང་ཤོར་གྱི་བར་ཆད་དུ་ཤེས་པར་བྱས་ལ་མི་འདོད་པའི་བློ་བསྐྱེད། ནོར་རྫས་ལྟ་བུ་ལའང་བག་ཙམ་གྱིས་ཆོག་ཤེས་པར་མ་བྱས་ན་གཅིག་བྱུང་གཉིས་དགོས་ཀྱི་རིང་ལ་འདོད་ཡོན་བསླུ་བྲིད་ཀྱི་བདུད་འཇུག་པ་ལ་ཚེགས་མེད། གཏམ་བཟང་ངན་གང་ལའང་བདེན་འཛིན་རེ་དོགས་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་རུང་ལབ་ཏུ་ཆུག །མཚན་ལྡན་གྱི་བླ་མ་མ་གཏོགས་བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཡང་མི་ཡོང་བས་རང་ཚོད་རང་གིས་བཟུང་སྟེ་སྣ་ཐག་མི་ལ་མ་ཤོར་བར་བྱ། རྣམ་པ་ཙམ་དུ་ངང་རྒྱུད་རིང་བའི་སྒོ་ནས་ཀུན་གྱི་སྣ་མི་བསྲེག་པར་མཐུན་པས་འགྲོག་ཤེས་པ་དང་། དོན་ལ་སྒྲུབ་པའི་གེགས་སུ་འགྲོ་ན་དྲག་ཞན་སུས་ཀྱང་བསྒུལ་མི་ནུས་པ་ལྕགས་ཀྱི་ཕ་བོང་ལ་དར་ཡུག་བཏགས་པ་འདྲ་ཞིག་དགོས། རླུང་གང་ནས་རྒྱབ་རྒྱབ་ལ་མགོ་གུག་གུག་བྱེད་པ་ལ་ཁའི་འཇག་མ་འདྲ་བའི་མི་གཞི་སླ་མོ་དེས་མི་ཡོང་། སྒྲུབ་པ་ཉམས་ལེན་གང་ཡང་ཐོག་མར་བརྩམས་པ་ནས་མཐར་མ་ཕྱིན་གྱི་བར་དུ། སྟེང་ནས་ཐོག་བབས། འོག་ནས་མཚོ་བརྡོལ། ལོགས་ནས་བྲག་རལ། འཆི་བ་སྲོག་ལ་བབས་ཀྱང་དམ་བཅའ་བཤིག་རེ་སྙམ་དུ་ཞེ་མནའ་བོར་ལ་དེ་ཀ་བཞིན་དུ་མཐར་ཐོན་པའང་བྱེད། ཐུན་ཚོད། གཉིད་ཚོད། ཐ་ན་ཁམས་གསེང་ཟས་ཀྱི་ཚོད་སོགས་དང་པོ་རང་ནས་ལང་ཤོར་ལ་མ་བཏང་བར་རིམ་པས་སྲོལ་དུ་ཚུད་པར་བྱ། ལྷག་པར་སྤྲོས་བཅས་སྤྲོས་མེད་ཀྱི་དགེ་སྦྱོར་གང་ལའང་རེས་འཇོག་སྤངས་ལ་ས་སྟོང་ཐ་མལ་དུ་དེར་གཅིག་ཀྱང་མ་ལུས་པའི་ཉམས་ལེན་བསྟར་རྐང་སྙོམ་པར་བྱེད། མཚམས་ཀྱི་ཚེ་སྦུག་སྒོ་འདག་སྦྱར་རམ་མིན་ཀྱང་གཞན་དང་གདོང་མི་འཕྲད། ངག་མི་གཏོང་། བྱ་ར་མི་བྱེད། སེམས་ཙབ་ཙུབ་ཀྱི་རྣམ་གཡེང་ཐམས་ཅད་ཅམ་གྱིས་བཞག་ནས། རླུང་རོ་དོར། ལུས་གནད་ལེགས་པར་བཅའ། ཡིད་དྲན་རིག་གི་ཐོག་ཏུ་སྤང་ལ་བེ་ཕུར་བཏབ་པ་ལྟར་སྐད་ཅིག་ཀྱང་གཡོ་མེད་དུ་སྡོད་ཚུག་པ་ཞིག་དགོས་ཏེ། ཕྱི་ནང་གསང་བའི་མཚམས་དམ་པ་ལས་རྟགས་དང་ཡོན་ཏན་ཐམས་ཅད་མྱུར་དུ་འབྱུང་བ་ཡིན། ད་རེས་ཁག་ཆེ་བས་ཁོང་དང་འཕྲད། ངག་ཀྱང་བཏང་། དེ་ཕྱིན་ནས་དམ་པོ་བྱའོ་སྙམ་པས་དེ་ལྟར་ཐལ་ན་སྒྲུབ་པའི་གཡང་ཤོར་ནས་ཇེ་ལྷོད་ཇེ་ལྷོད་ལ་འགྲོ། དེས་ན་ཐོག་མ་ཉིད་ནས་སྡོད་ཐག་རྦད་ཀྱིས་བཅད་ན་ཇེ་དམ་ཇེ་དམ་ལ་འགྲོ་ཞིང་སྒྲུབ་པ་བར་ཆད་ཀྱིས་མི་ཁྱེར་བ་ཡིན། གནས་ཀྱི་ཁྱད་པར་མཚན་ཉིད་བརྟག་ཐབས་མང་དུ་འབྱུང་ཡང་སྤྱིར་བཏང་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་གོང་མའི་བྱིན་གྱིས་བརླབས་ཤིང་དམ་སེལ་ཅན་གྱིས་མ་བརྟེན་པ་དང་། ཤིན་ཏུ་དབེན་ཞིང་མཐུན་རྐྱེན་འཛོམ་སླ་བ་སོགས་རང་རང་གི་ཁམས་དང་བསྟུན་པ་འཐད། དུར་ཁྲོད་དང་གཉན་ཁྲོད་སོགས་གཞི་བདག་གདུག་པ་ཅན་གནས་པ་རྣམས་སུ་ཕྱི་ནང་གི་རྟེན་འབྲེལ་འགྲིགས་པ་མྱུར་བས་ནུས་པའི་རྩལ་གྱིས་ཆུན་ན་སྒོམ་ལ་བོགས་དེ་རང་ཆེ། མ་ཆུན་ན་བར་ཆད་ཀྱང་མང་། རྟོགས་པ་ཀློང་དུ་གྱུར་ཚེ་འགལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་བ་ཡིན་པས་དེ་དུས་དུར་ཁྲོད་སོགས་སུ་གསང་སྤྱོད་བྱས་ན་ལྷག་པར་བཟང་། རྒྱུན་དུ་ཕྱི་ནང་གི་འདུ་འཛིའི་བྱ་བ་ཐམས་ཅད་བཏང་སྟེ་བྱར་མེད་དུ་གནས་པ་དོན་གྱི་དབེན་གནས་ཡིན།
རྒྱུད་སྦྱོང་བ་དངོས་ལ། ཐུན་མོང་དུ་བློ་ལྡོག་རྣམ་པ་བཞི་དང་། ཐུན་མིན་སྐྱབས་སེམས་སྒྲིབ་སྦྱོང་ཚོགས་བསགས་རྣམས་ཁྲིད་ཡིག་བཞིན་རེ་རེ་ནས་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་ལ་ཉམས་ལེན་གྱི་སྲོག་ཏུ་བཟུང་ནས་བརྩོན་དགོས། དེ་མ་བྱས་ན་བསྒོམ་སྐྱེ་བ་བུལ། ཅུང་ཟད་སྐྱེས་ཀྱང་གེགས་ལྡང་། རྟོགས་པ་གཤའ་མ་རྒྱུད་ལ་སྐྱེར་མི་བཏུབ་པས་བཅོས་མིན་གྱི་མོས་གུས་དྲག་པོས་གསོལ་བ་བཏབ་པས། ཅི་ཞིག་ནས་ཐུགས་རྒྱུད་ཀྱི་དགོངས་པ་འཕོས་ཏེ་རྟོགས་པ་ཁྱད་པར་ཅན་གྱི་ཚིག་གིས་བརྗོད་དུ་མི་ནུས་པ་རང་གི་ནང་ནས་སྐྱེ་བར་ངེས་ཏེ། བླ་མ་ཞང་རིན་པོ་ཆེས། གནས་པ་བསྐྱང་བ། ཉམས་མྱོང་བསྐྱང་བ། ཏིང་ངེ་འཛིན་བསྐྱང་བ་ལ་སོགས་པ་མང་བར་གདའ་སྟེ། མོས་གུས་ཀྱི་སྟོབས་ལས་བླ་མའི་བྱིན་རླབས་ཀྱིས་རྟོགས་པ་ནང་ནས་སྐྱེ་བ་འདི་དཀོན་པར་གདའ། ཞེས་གསུངས། དེས་ན་རྫོགས་པ་ཆེན་པོའི་དོན་རྒྱུད་ལ་སྐྱེ་བ་སྔོན་འགྲོ་ལ་རག་ལས་པ་ཡིན་པས། རྗེ་འབྲི་གུང་པས། ཆོས་གཞན་དངོས་གཞི་ཟབ་པར་བྱེད་དེ། ངེད་འདིར་སྔོན་འགྲོ་ཟབ་པར་བྱེད། ཅེས་གསུངས་པའི་དགོངས་པའང་དེ་ལྟར་ཡིན་པར་གདའོ། །
གཉིས་པ་དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ནི། ཐོག་མར་ཡིན་ལུགས་ཤེས་པའི་ལྟ་བ་ལ། འདི་ལྟར་རང་གི་སེམས་ཉིད་དོན་དམ་གཤིས་ཀྱི་གནས་ལུགས་དེ་ཐ་སྙད་བློས་བཟོ་བཅོས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བར་རིག་ཐོག་ཏུ་གཏན་ལ་ཕབ་པས། རིག་པ་རང་བྱུང་གི་ཡེ་ཤེས་སུ་རྗེན་པར་ཤར་བ་ལ། ཚིག་གིས་བརྗོད་དུ་མེད། དཔེས་མཚོན་དུ་མེད། འཁོར་བ་ན་ངན་དུ་མ་སོང་། འདས་པ་ན་བཟང་དུ་མ་སོང་། སྐྱེ་མ་མྱོང་། འགགས་མ་མྱོང་། གྲོལ་མ་མྱོང་། འཁྲུལ་མ་མྱོང་། ཡོད་མ་མྱོང་། མེད་མ་མྱོང་། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་། མདོར་ན་ཡེ་ནས་དངོས་པོ་སྤྲོས་པའི་མཚན་མ་ཅན་དུ་ནམ་ཡང་གྲུབ་མ་མྱོང་བས་ངོ་བོ་ཀ་དག་སྟོང་ཉིད་བརྡལ་ཁྱབ་ཆེན་པོ། སྟོང་པའི་མདངས་མ་འགག་པར་འཁོར་འདས་ཀྱི་ཆོས་ཁམས་རྒྱ་མཚོ་ཉི་མ་དང་ཉི་མའི་ཟེར་བཞིན་རང་སྣང་བས་ན་ཅང་མེད་བྱང་ཆད་དུ་སྟོང་མ་མྱོང་བས་རང་བཞིན་ཡེ་ཤེས་ཡོན་ཏན་ལྷུན་འགྲུབ་ཆེན་པོ། དེ་ལྟར་སྣང་སྟོང་ཟུང་དུ་འཇུག་པའི་རིག་པ་སྐུ་གསུམ་གྱི་བདག་ཉིད་གདོད་མ་གཤིས་ཀྱི་གནས་ལུགས་འདི་གའི་ཡིན་ལུགས་ཇི་ལྟ་བ་བཞིན་ངོ་ཤེས་པ་ལ་བློ་འདས་རྫོགས་པ་ཆེན་པོའི་ལྟ་བ་ཟེར། སློབ་དཔོན་ཆེན་པོས། བློ་འདས་ཆོས་སྐུ་དེ་བཞིན་ཉིད། །ཅེས་གསུངས། འོ་སྐོལ་རྣམས་ཀུན་ཏུ་བཟང་པོའི་དགོངས་པ་ལ་མངོན་གསུམ་དུ་སྦར་འཛིན་བྱེད་པ་ལགས་ཏེ་ཨ་རེ་དགའ་ན། རྒྱལ་བས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཕྱེ་བ་ཐམས་ཅད་ཀྱི་མཐར་ཐུགས་རྫོགས་ཆེན་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་དེ་འདི་རང་ཡིན། འདི་ལས་འགྲོ་ས་སྐར་མ་གང་མེད། འདིའི་ཐོག་ཏུ་ཆོས་ཐམས་ཅད་ཀྱི་སྨར་ཐག་གཅོད་དགོས་པ་ཡིན་ནོ། །ད་དེ་ལྟ་བུའི་ལྟ་བ་ལ་ཐེ་ཚོམ་དང་སྒྲོ་འདོགས་ནང་ནས་ཆོད་པར་བྱས་ཏེ་དེའི་རྒྱུན་སྐྱོང་བ་ལ་སྒོམ་པ་ཟེར་བ་ཡིན། གཞན་གཏད་སོ་དང་བཅས་པའི་སྒོམ་པ་ཐམས་ཅད་བློས་བྱས་ཀྱི་རྟོག་སྒོམ་ཡིན་པས་ང་ཅག་དེ་འདྲ་མི་བྱེད། སྔར་གྱི་ལྟ་བ་དེ་ཀ་ཚུགས་མ་ཤོར་བའི་ངང་ལ་སྒོ་ལྔའི་ཤེས་པ་ཐམས་ཅད་རང་བབས་སུ་ཀློད་ནས་ལྷུག་པར་བཞག །འདིའོ་ཞེས་ཆེད་དུ་མི་བསྒོམ། བསྒོམ་ན་བློ་ཡིན་པས་བསྒོམ་རྒྱུ་ཅི་ཡང་མེད། ཡེངས་སུ་སྐད་ཅིག་ཀྱང་མི་འཇུག །རང་ཐོག་ཏུ་འཇོག་པ་དེ་ལས་ཡེངས་ན་འཁྲུལ་བ་དངོས་ཡིན་པས་མ་གཡེངས་པར་བྱ། རྟོགས་པ་ཅི་ཤར་ཡང་འཆར་དུ་བཅུག་ལ། དེའི་རྗེས་སུ་ཡང་མི་འབྲང་། བཀག་ཀྱང་མི་བཀག །འོ་ན་ཇི་ལྟར་བྱ་ཞེ་ན། ཡུལ་གྱི་སྣང་བ་ཅི་ཤར་ཅིར་སྣང་ཐམས་ཅད་བུ་ཆུང་ལྷ་ཁང་ལ་བལྟ་བ་ལྟར་སྣང་ཆ་ལ་འཛིན་པ་མ་ཞུགས་པར་སོ་མར་བཞག་པས་ཆོས་ཐམས་ཅད་རང་ས་རང་ས་ན་བཟོ་མ་ཉམས། མདོག་མ་འགྱུར། བཀྲག་མ་ཡལ་བར་སྣང་ཡང་དེ་ལ་ཞེན་འཛིན་གྱི་རྟོག་པས་མ་བསླད་པས་སྣང་རིག་ཐམས་ཅད་གསལ་སྟོང་གི་ཡེ་ཤེས་རྗེན་པར་འཆར་བ་ཡིན་ནོ། །ལར་ཆོས་ཟབ་ཟབ་དང་རྒྱ་ཆེ་ཆེའི་མིང་བཏགས་མང་པོ་ཞིག་གིས་བློ་དམན་ཀུན་མགོ་འཁོར་ཞིང་འདུག་པས། དོན་རྡོག་རྡོག་ཧྲིལ་ཧྲིལ་མཛུབ་ཚུག་ཏུ་བསྟན་ན། རྟོགས་པ་སྔ་མ་འགགས། ཕྱི་མ་མ་ཤར་བའི་བར་དེར། ད་ལྟའི་ཤེས་པ་སོ་མ་བསྒྱུར་བཀོད་སྤུ་ཙམ་མ་སོང་བའི་གསལ་རིག་རྗེན་ནེ་བ་ཞིག་མི་འདུག་གེ འོ་དེ་ཀ་རིག་པ་རང་གི་བཞུགས་ཚུལ་ཡིན། ཡང་རྟག་པར་དེ་ཁོ་ནའི་ངང་དུ་མི་གནས་པར་རྣམ་རྟོག་ཅིག་ཐོལ་གྱིས་འཆར་གྱི་མི་འདུག་གེ དེ་རིག་པ་དེའི་རང་རྩལ་ཡིན། འོན་ཀྱང་དེ་ལྟར་ཤར་མ་ཐག་ནས་ངོ་མ་ཤེས་པར་རྣམ་རྟོག་རང་རྒྱུད་པར་འབྱམས་ན་འཁྲུལ་པ་ལུ་གུ་རྒྱུད་ཅེས་འཁོར་བའི་རྩ་བ་ཡིན། ཤར་མ་ཐག་ཏུ་ངོ་ཤེས་ཙམ་གྱིས་རྗེས་མཐུད་མེད་པར་རང་ཐོག་ཏུ་ཀློད་དེ་བཞག་ན་རྣམ་རྟོག་གང་ཤར་ཐམས་ཅད་རིག་པ་ཆོས་སྐུའི་ཀློང་དུ་ཕྱམ་ཕྱམ་གྲོལ་བ་འདི་ག་ཁྲེགས་ཆོད་ཀྱི་ལྟ་སྒོམ་གཅིག་ཏུ་དྲིལ་བའི་ཉམས་ལེན་དངོས་གཞི་ཡིན། དགའ་རབ་རྡོ་རྗེས། གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ལས། །རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །ཞེས་གསུངས། འདི་ལ་རྡོ་རུས་གཏུགས་ཏེ་ཉིན་མཚན་ཡེངས་མེད་དུ་བསྒོམ་དགོས་པས་སྟོང་ཉིད་གོ་ཡུལ་དུ་མ་ལུས་པར་རིག་ཐོག་རང་དུ་སྤུངས་ཤིག །
ད་ནི་སྒོམ་པ་དེ་ལ་སྤྱོད་པས་བོགས་དབྱུང་ཞིང་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ལ། གཙོ་བོ་སྔར་བཤད་པ་ལྟར་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་སྐད་ཅིག་ཀྱང་མ་བྲལ་བས་སྙིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་འདི་མོས་གུས་དཀར་པོ་ཆིག་ཐུབ་ཅེས་བྱ་བ་ཡིན་ཏེ་གེགས་སེལ་བོགས་འདོན་གང་ལས་ཀྱང་འདི་ལྷག །ལམ་ཐམས་ཅད་བཙན་ཆོད་དུ་འགྲོ་བ་ཡིན། སྒོམ་སྐྱོན་བྱང་ཞིང་རྨུག་ན་རིག་པ་ཧུར་ཕྱུངས། འཕྲོ་ཞིང་རྒོད་ན་ཤེས་པ་ཁོང་ཀློད། རྒྱུན་དུ་སྒོམ་མཁན་གྱི་དྲན་རིག་ཏུར་ཏུར་པོ་དེས་ཆེད་དུ་གཅུར་བའི་འཇུར་དྲན་མ་ཡིན་པར་རང་ངོ་རང་ཤེས་མ་བརྗེད་ཙམ་པའི་དྲན་པས་ཟ་ཉལ་འགྲོ་འདུག་སྤྱོད་ལམ་མཉམ་རྗེས་གང་གི་སྐབས་སུའང་རྒྱུན་ཆགས་སུ་སྐྱོང་ཞིང་། བདེ་སྡུག་དང་ཉོན་མོངས་པའི་རྟོག་པ་སོགས་གང་ཤར་ཐམས་ཅད་ལ་རེ་དོགས་སྤོང་ལེན་གཉེན་པོས་གཞོམ་པ་སོགས་གཏན་ནས་མི་བྱེད་པར་ཁོ་རང་གི་ངོ་བོ་བདེ་སྡུག་གི་ཚོར་བ་ཇི་ལྟར་འདུག་པ་དེ་ཀ་རྗེན་ནེ། ཧྲིག་གེ ཡེ་རེ་འཇོག་པ་སྟེ། ཐམས་ཅད་ལ་གནད་གཅིག་ལས་མེད་པས་བསམ་བློ་མང་པོས་མགོ་མ་འཁོར། སྤང་བྱའི་རྣམ་རྟོག་དང་ཉོན་མོངས་ཀྱི་སྟེང་དུ་གཉེན་པོའི་སྟོང་ཉིད་ལོགས་སུ་བསྒོམ་མི་དགོས་ཏེ། སྤང་བྱ་ཁོ་རང་རིག་པས་ངོས་ཟིན་པ་དང་མཉམ་དུ་སྦྲུལ་གྱི་མདུད་པ་ཞིག་པ་རང་གྲོལ་དུ་འགྲོ་བ་ཡིན། འོད་གསལ་རྡོ་རྗེ་སྙིང་པོའི་སྦས་དོན་གྱི་མཐར་ཐུག་འདི་ལྟ་བུ་ཕལ་ཆེར་གྱིས་ཚིག་ཏུ་སྨྲ་ཤེས་ཀྱང་ཉམས་སུ་བླང་མ་ཤེས་པར་ནེ་ཙོའི་ཁ་ཏོན་བཞིན་དུ་སོང་ནས་གདའ། འོ་སྐོལ་རྣམས་བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ནོ། །ད་དུང་ལེགས་པར་སོམས་དང་གོ་རྒྱུ་ཡོད་དེ། རང་ཅག་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་ཐུག་གི་བར་དུ་འཁོར་བར་འཆིང་བྱེད་ཀྱི་དགྲ་མི་ཤ་བོ་དེ་གཟུང་འཛིན་གཉིས་པོ་འདི་ཡིན། ད་རེས་བླ་མའི་བཀའ་དྲིན་ལས་རང་གནས་ཀྱི་ཆོས་སྐུ་ངོ་འཕྲོད་པས་དེ་གཉིས་བྱ་སྤུ་མེ་ལ་བསྲེགས་པ་ལྟར་རྗེས་མེད་ཤུལ་མེད་དུ་གཏོང་བ་དེ་སྙིང་ཚིམས་པོ་མིན་ནམ། འདི་ལྟ་བུའི་མྱུར་ལམ་གདམས་ངག་ཟབ་མོ་ཐོབ་ནས་ཉམས་སུ་མ་བླངས་ན་ཡིད་བཞིན་གྱི་ནོར་བུ་རོའི་ཁ་ནང་དུ་བཅུག་པ་དང་འདྲ་སྟེ་རེ་ཕང་། སྙིང་མ་རུལ་བར་ཉམས་སུ་ལོངས་ཤིག །དེ་ཡང་ལས་དང་པོ་པའི་རིགས་ལ་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་ཡེངས་སུ་བཅུག་ཡོང་བས་རྣམ་རྟོག་བརྟད་འགྲིལ་མང་ཙམ་འོག་འགྱུར་སོང་རྗེས་སྐབས་ཤིག་ན་དྲན་པ་ཧྲིག་གེ་སླེབས་ནས་ང་ཡེངས་འདུག་སྙམ་པའི་འགྱོད་པ་སྐྱེ་ཡང་། དེ་ཚེ་རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་པ་ལ་འགྱོད་པ་སོགས་གང་ཡང་མི་བྱ་བར་དྲན་པ་ཧྲིག་གེ་སླེབས་པ་དེ་ཀའི་ཐོག་ཏུ་རང་བབས་ཀྱི་རྒྱུན་བསྐྱང་བ་ཁོ་ནས་ཆོག །རྣམ་རྟོག་ལ་ཆོས་སྐུར་བལྟ་མི་སྤང་ཟེར་བ་གྲགས་ཆེ་ཡང་ལྷག་མཐོང་གི་རྩལ་མ་རྫོགས་རིང་ཆོས་སྐུ་ཡིན་ལོ་ཙམ་གྱི་ངང་ནས་ཞི་གནས་ཧད་པོར་བཞག་ན་ཅི་ཡིན་འདི་ཡིན་མེད་པའི་བཏང་སྙོམས་ལུང་མ་བསྟན་གྱི་སྟབས་སུ་ཚུད་དོགས་ཡོད་པས། དེས་ན་དང་པོའི་རང་རྣམ་རྟོག་གང་ཤར་ལ་ཅེར་གྱིས་བལྟས་ནས་བརྟག་དཔྱད་བསམ་གཞིག་ཅིར་ཡང་མི་བྱ་བར་རྣམ་རྟོག་ངོ་ཤེས་མཁན་རང་གི་ཐོག་ཏུ་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་ལྟར་སྣང་མེད་རྩིས་མེད་གཡས་ཆུང་དུ་འཇོག །དེ་ལྟར་བཞག་པ་ན་རྟོག་མེད་རང་བབས་སུ་གནས་བདོ་བའི་ཆ་དེའང་གློ་བུར་ཐོལ་བྱུང་དུ་བཤིག་པས་སྐད་ཅིག་མ་དེར་སེམས་ལས་འདས་པའི་ཡེ་ཤེས་རྗེན་ལྷང་ངེར་འཆར་བ་ཡིན། ལམ་གྱི་སྐབས་སུ་བདེ་གསལ་མི་རྟོག་གསུམ་གང་རུང་གི་ཉམས་དང་མ་འདྲེས་པ་ཞིག་མི་འོང་ཡང་མཆོག་འཛིན་ཞེན་རློམ་རེ་དོགས་སྤུ་ཙམ་མེད་པར་བཞག་ན་གོལ་ས་དེས་ཆོད། རྒྱུན་དུ་གཡེང་བ་སྤང་སྟེ་དྲན་འདུན་རྩེ་གཅིག་པས་བསྒོམ་པ་གལ་ཆེ། རེས་འཇོག་དང་གོ་ཡུལ་ལ་འབྱམས་ནས་ཞི་གནས་ཕྱོགས་མགོ་ཙམ་ལ་རང་མཐོང་སྐྱེས་ཏེ་ཉམས་མྱོང་ལ་བདར་ཤ་མ་ཆོད་པར་ཁ་ཁྱེར་དང་ཚིག་ཁྱེར་ལ་མཁས་པ་ཙམ་གྱིས་མི་ཕན་ཏེ། རྫོགས་ཆེན་ལས། གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ། །ཞེས་དང་། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །ཞེས་པ་ལྟར་ཡུལ་གྱི་རྐྱེན་བཟང་ངན་ཕྲན་བུ་རེས་ཀྱང་སྒོམ་ཆེན་པ་བསླུས་ནས་རྐྱེན་ཐོག་ཏུ་འཆོལ་བ་མང་། སྒོམ་རྒྱུད་ལ་ཐེབས་ཀྱང་རྒྱུན་དུ་མ་བསྒོམ་ན་གདམས་ངག་ཟབ་མོ་དཔེ་ཆའི་ལོགས་ལ་ལུས་ཏེ་བློ་དྲེད་ཆོས་དྲེད་ཉམས་ལེན་དྲེད་ནས་སྒོམ་གཤའ་མ་སྐྱེ་དུས་མི་ཡོང་། སྒོམ་ཆེན་རྙིང་པ་ཉམས་ལེན་གསར་བའི་ངང་ནས་མགོ་བོ་བ་ཚྭ་ཁ་ལེར་གུམ་ཉེན་ཡོད་པས་ཤིན་ཏུ་གཟབ་དགོས་སོ། །དེ་ལྟར་རྒྱུན་རིང་བར་གོམས་པས་ཇི་ཞིག་ན་མོས་གུས་སོགས་རྐྱེན་གང་ཡང་རུང་བ་ཞིག་གིས་ཉམས་མྱོང་དེ་རྟོགས་པར་ན་འཕར་ནས་རིག་པ་རྗེན་ལྷག་གེར་མཐོང་། མགོ་ཤུབས་ཕུད་པ་བཞིན་གུ་ཡངས་ཕྱ་ལེར་འགྲོ། དེ་ནི་མ་མཐོང་བ་མཐོང་བའི་མཆོག་ཅེས་པ་ཡིན། འདི་ནས་རྣམ་རྟོག་སྒོམ་ལ་ཤར་ཏེ་གནས་འགྱུ་མཉམ་གྲོལ་དུ་འགྲོ་སྟེ། དེ་ཡང་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྤྲུལ་གྱི་མདུད་པ་ཞིག་པ་ལྟ་བུ། ཐ་མ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་རྣམས་རིམ་པར་འབྱུང་ཞིང་། ཆོས་ཐམས་ཅད་རང་རིག་གཅིག་པུའི་ཆོ་འཕྲུལ་དུ་ཐག་ཆོད་པའི་ཡིད་ཆེས་དྲག་པོ་ཞིག་ནང་ནས་སྐྱེ། སྟོང་ཉིད་སྙིང་རྗེའི་རྦ་ཀློང་འཁྲུགས། འཁོར་འདས་གཉིས་ལ་འདམ་ཁ་ཟད། སངས་རྒྱས་དང་སེམས་ཅན་བཟང་ངན་མེད་པར་རྟོགས། ཇི་ལྟར་བྱས་ཀྱང་བློ་བདེ་ཆོས་ཉིད་ཀྱི་ངང་ཁོ་ན་ལས་གཡོ་མི་ཤེས་པས་ཉིན་མཚན་བར་མེད་དུ་འབྱམས་ཀླས་པས་ན། རྫོགས་ཆེན་ནས། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད། །ཅེས་པ་ལྟར་རྣལ་འབྱོར་པ་དེ་ལུས་ཐ་མལ་མི་རུ་སྣང་ཡང་སེམས་ཆོས་སྐུ་བྱ་རྩོལ་དང་བྲལ་བའི་དགོངས་པ་ལ་བཞུགས་པས་ས་ལམ་ཐམས་ཅད་བྱར་མེད་དུ་བགྲོད། མཐར་བློ་ཟད་ཆོས་ཟད་བུམ་པ་ཆག་པའི་ནམ་མཁའ་ལྟར་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས། གདོད་མའི་གཞི་དབྱིངས་ནང་གསལ་གཞོན་ནུ་བུམ་པ་སྐུར་འཁྱིལ་བ་ཞེས་བྱ་བ་ཞིག་ཡོང་རྒྱུ་རེད་པ། འོ་དེ་ནི་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས་ཐོབ་ཏུ་མེད་པའི་འབྲས་བུ་མངོན་དུ་གྱུར་པ་ཞེས་བྱ་བ་ཡིན། ཉམས་དང་རྟོགས་པའི་སོ་མཚམས་དེ་དག་ཀྱང་གོ་རིམ་ཅན་དང་། གོ་རིམ་དང་བྲལ་བ་དང་། གཅིག་ཅར་ཉིད་དུ་སྐྱེ་བའང་འབྱུང་བ་ནི་གང་ཟག་གི་དབང་པོའི་ཁྱད་པར་གྱིས་ཡིན་ཡང་འབྲས་བུའི་དུས་སུ་རྣམ་དབྱེར་མ་མཆིས་སོ། །
སྤྱི་དོན་གསུམ་པ་རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱང་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱིས་བསྡུ་ཚུལ་ནི། དེ་ལྟར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་འབད་དུ་ཟིན་ཀྱང་རྗེས་ཐོབ་སྤྱོད་ལམ་ལ་ཐབས་མི་མཁས་པས་སྡོམ་པ་དང་དམ་ཚིག་ལས་ཉམས་པར་གྱུར་ན། གནས་སྐབས་སུ་ས་ལམ་གྱི་གེགས་དང་བར་ཆད་དུ་འགྱུར་ཞིང་མཐར་ཐུག་མནལ་མེད་པའི་དམྱལ་བར་ལྟུང་ངེས་པའི་ཕྱིར། རྟག་ཏུ་དྲན་ཤེས་ཀྱི་བྱ་ར་དང་མ་བྲལ་བས་སྤང་བླང་ཕྱིན་ཅི་མ་ལོག་པ་ཞིག་ཅི་ནུས་གལ་ཆེ་སྟེ། སློབ་དཔོན་ཆེན་པོས། ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས། དེས་ན་ཧབ་པོའི་བློ་རྩིང་སྤངས་ལ་རྒྱུ་འབྲས་ལ་ཞིབ་པར་སྤྱད། དམ་ཚིག་བཅས་སྡོམ་ཕྲ་ཞིང་ཕྲ་བ་ཡང་མ་ཉམས་པར་སྲུང་ཞིང་ཉེས་ལྟུང་གི་དྲི་མས་མ་གོས་པར་བྱ། གསང་སྔགས་ཀྱི་དམ་ཚིག་ལ་རྣམས་གྲངས་མང་ཡང་བསྡུ་ན་རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུ། བླ་མ་ལ་མིའི་འདུ་ཤེས་སྐད་ཅིག་ཙམ་སྐྱེས་པས་ཀྱང་དངོས་གྲུབ་ལོ་ཟླར་འགྱང་བར་གསུངས། དེ་ཅིའི་ཕྱིར་ཞེ་ན་ཡུལ་གཉན་པའི་གནད་ཀྱིས་ཏེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །ཞེས་སོ། །དེས་ན་གང་སུ་ཡང་རུང་སྟེ་དང་པོར་བླ་མར་མ་བཟུང་བར་དུ་ནི་རང་ཉིད་ལ་རང་དབང་ཡོད་ལ། བླ་མར་བསྟེན་ནས་དབང་དང་གདམས་ངག་གི་འབྲེལ་ཕན་ཆད་དམ་ཚིག་མི་སྲུང་བའི་དབང་མེད་དེ། དབང་བཞིའི་མཇུག་ཏུ་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་བཏུད་དེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ཁས་བླངས་པ་འདིས་རབ་ཉིད་ཇི་ལྟར་ཆེ་ཞིང་བཙན་རུང་བླ་མ་ལ་གཉའ་ཤོར་ཟིན་པ་མ་ཡིན་ནམ། དེ་བཞིན་དུ། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དམ་བཅས་ནས་དེ་ཕན་ཆད་གང་གསུངས་མི་བསྒྲུབ་པའི་དབང་ཨེ་ཡོད། རང་གིས་དམ་བཅས་པ་དེ་མ་སྒྲུབ་ན་མིང་མ་སྙན་ཡང་དམ་ཉམས་ཟེར་བ་ལས་འོས་མ་མཆིས། གཞན་ཡང་བླ་ཆེན་འཁོར་མང་བ། ནོར་ཕྱུག་པ། དབང་བཙན་པ། ཁ་ཐབས་བཟང་བ་རྣམས་ལ་དམ་ཚིག་ལྷག་པོ་བསྲུང་། དམན་ཆ་བཟུང་བའི་བླ་ཆུང་སྤྲང་པོའི་བརྟུལ་ཞུགས་ཅན་རྣམས་ལ་དམ་ཚིག་བསྲུང་མི་དགོས་པར་བཤད་པའང་མེད། གང་ལའང་ཁེ་ཉེན་གྱི་གནད་ཀ་གོ་བ་ཞིག་དགོས་པ་ལས་རྟ་རྒན་འཐོམ་ལངས་པ་བཞིན་བསྡད་པས་ཡོང་བ་མིན། དེ་ལྟར་དམ་ཚིག་བསྲུང་དགོས་པ་དེའང་བླ་མའི་དོན་དུ་འདུག་གམ་རང་གི་དོན་དུ་འདུག་སེམས་རྣལ་དུ་ཕོབ་ལ་བསམ་མནོ་སྨན་འཐག་འཐག་ཐོངས། བླ་མའི་དོན་དུ་འདུག་ན་དེ་རིང་རང་ལ་ཅམ་གྱིས་བཞག་པས་ཆོག་སྟེ། དེ་མིན་རང་མགོར་རང་གིས་ཐལ་བ་འདེབས་མི་རིགས། མཆེད་གྲོགས་ཀྱི་དམ་ཚིག་སྤྱིར་བཏང་དུ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་སོ་ཅོག་ལ་བཟང་པོར་བལྟ་ཞིང་དག་སྣང་སྦྱང་། གྲུབ་མཐའི་ཕྱོགས་ཁྱེར་དང་སྐུར་འདེབས་སོགས་སྤང་། བྱེ་བྲག་ཏུ་བླ་མ་གཅིག་དང་དཀྱིལ་འཁོར་གཅིག་གིས་བསྡུས་ཚད་རྡོ་རྗེའི་སྤུན་གྲོགས་ཡིན་པས་བརྙས་བཅོས་འགྲན་སེམས་ཕྲག་དོག་གཡོ་སྒྱུ་སོགས་སྤངས་ཏེ་སྙིང་ནས་མཛའ་ཞིང་གཅུག་པར་བྱ། སེམས་ཅན་ཐམས་ཅད་བདག་གི་ཕ་མ་དྲིན་ཆེན་ཤ་སྟག་ཏུ་འདུག་པ་ལ་ཨ་ཙ་མ། འདི་རྣམས་འཁོར་བ་ཐར་མེད་ཀྱི་སྡུག་བསྔལ་དྲག་པོས་གཟིར་བ་ལས་བདག་གིས་མ་བསྐྱབས་ན་སུ་ཡིས་སྐྱོབ་སྙམ་དུ་ཤས་མི་བཟོད་པས་སྙིང་རྗེ་བསྒོམ་ལ་བློ་སྦྱོང་། སྒོ་གསུམ་ཅི་ནུས་ཀྱིས་ཕན་པ་འབའ་ཞིག་སྒྲུབ་ཅིང་དགེ་བ་ཐམས་ཅད་གཞན་དོན་དུ་བསྔོ། རྒྱུན་དུ་བསམ་དགོས་རྒྱུ་ཆོས་དང་བླ་མ། སེམས་ཅན་གསུམ་ལས་མེད་པས་བསམ་པ་དང་ལག་ལེན་མ་འཆོལ། རྟགས་དང་མིང་གི་རྟོགས་ལྡན་དང་གྲྭ་པ་རྣམས་ལ་མ་འགྲན་པར་མ་མགལ་ཁ་རུ་ཆུག་ལ་རང་སེམས་ཆུན། འདི་ག་གལ་ཆེ་ཤོས་ཞིག་ཡིན་པས་ལྐུག་བརྫུས་མ་འདེབས། གཞི་ནས་རང་དོན་ཚེ་ཕྱི་མ་ཁོ་ནར་བསམ་ན་ཆོས་ཟེར་བ་དེ་རང་གིས་བྱས་པ་ཞིག་དགོས་རྒྱུ་ལས། ཤི་ཚར་རྟིང་གཞན་གྱིས་བསྒྲུབས་པའི་དགེ་རྩ་ལ་རེ་དགོས་བྱུང་ན་ཕན་པ་དཀའ་བར་མཆིས་སོ། །
དེས་ན་བློ་ཁ་ནང་བཀུག་སྟེ་སྦྱོར་བ་སྙིང་ནས་ངེས་པར་འབྱུང་བའི་བློས་ཚེ་དང་སྒྲུབ་པ་མཉམ་པའི་དྲན་འདུན་བརྩོན་འགྲུས་དྲག་པོས་གཞི་བཟུང་། དངོས་གཞི་ལྟ་སྒོམ་ཟབ་མོའི་ཉམས་ལེན་ལ་གནད་དུ་བསྣུན་ཏེ། རྗེས་ཐོབ་དམ་ཚིག་བསླབ་སྡོམ་གྱི་ཚུལ་ལ་སྤང་བླང་འགལ་མེད་དུ་སྤྱོད་པའི་ལག་རྗེས་སུ་ཡོན་ཏན་རང་དབང་མེད་པར་ནང་ནས་སྐྱེ་སྟེ། རྫོགས་པ་ཆེན་པོ་ནི་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བའི་ལམ་ཡིན་པའི་ཕྱིར་རོ། །དེ་ལ་ཟབ་དྲག་པའི་དབང་གིས་བར་ཆད་ཀྱང་ཡོད་པས་ཁེ་ཆེ་སར་ཉེན་ཆེ་བ་དང་འདྲ། དེའི་རྒྱུ་མཚན་རང་གི་སྔོན་བསགས་ཀྱི་ལས་ངན་ཐམས་ཅད་གདམས་ངག་གི་ནུས་པས་སློང་བའི་རྟགས་སུ་ཕྱི་རོལ་དུ་བདུད་ཀྱི་བར་ཆད་ཆོ་འཕྲུལ་འབྱུང་བའང་། སྒྲུབ་གནས་དེར་ལྷ་འདྲེས་གཟུགས་སྟོན་པ་དང་། མིང་ནས་འབོད་པ་དང་། བླ་མར་བརྫུས་ནས་ལུང་སྟོན་པ་དང་། འཇིགས་སྐྲག་གི་ཆོ་འཕྲུལ་སྣ་ཚོགས་ཉམས་སམ་རྨི་ལམ་དུ་འབྱུང་བ་དང་། དངོས་སུའང་གཞན་གྱིས་བརྡེག་བཙོག་ཇག་རྐུན་ན་ཚ་སོགས་མ་ངེས་པར་འབྱུང་བ་དང་། སེམས་ཐོག་ཏུ་དོན་མེད་པར་སྡུག་བསྔལ་དྲག་པོ་མྱོང་བ་དང་། སྐྱོ་ཞིང་ངུ་སྙིང་འདོད་པ་དང་། ཉོན་མོངས་དྲག་པོ་སྐྱེ་བ་དང་། མོས་གུས་བྱང་སེམས་སྙིང་རྗེ་བྲི་བ་དང་། རྣམ་རྟོག་དགྲར་ལངས་ཏེ་སྨྱོ་གྲབ་བྱེད་པ་དང་། ཕན་གཏམ་ལོག་པར་གོ་བ་དང་། རི་ཁྲོད་དུ་སྡོད་སྙིང་མི་འདོད་པར་དམ་བཅའ་གཏོང་སྙིང་འདོད་པ་དང་། བླ་མ་ལ་ལོག་ལྟ་སྐྱེ་བ་དང་། ཆོས་ལ་ཐེ་ཚོམ་ཟ་བ་སོགས་དང་། གཞན་ཡང་མ་ཉེས་ཁ་གཡོག་དང་། གྲགས་པ་ངན་པ་དང་། མཛའ་བོ་དགྲར་ལངས་པ་སོགས་ཕྱི་ནང་གི་རྐྱེན་མི་འདོད་པ་སྣ་ཚོགས་འབྱུང་བ་སྲིད། འོ་དེ་ཚོ་ལྷོངས་ཚད་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཁེ་ཉེན་གྱི་སོ་མཚམས་འདི་ན་ཡོད། བར་ཆད་དེའང་གནད་ཀྱིས་ཟིན་ན་དངོས་གྲུབ་ཏུ་འགྱུར། དབང་དུ་སོང་ན་གེགས་སུ་འགྱུར། འདི་ལ་དམ་ཚིག་དག་ཅིང་མོས་གུས་ལྟེམ་རྐྱང་མེད་པའི་སྙིང་རུས་ཅན་གྱིས་བླ་མ་ལ་བློ་གཏད། སྙིང་བཅོལ། ཅི་མཛད་ཁྱེད་ཤེས་ཀྱིས་གསོལ་བ་ཕུར་ཚུགས་སུ་གདབ། རྐྱེན་ངན་དེ་འདོད་ཐོག་ཏུ་ཁྱེར་ཏེ་ཉམས་ལེན་ལ་དྲག་ཏུ་འབད་པས། ཅི་ཞིག་ན་རྐྱེན་ཁོའི་ཕོ་ཚུགས་རང་ཞིག་ལ་སོང་ནས་ཉམས་ལེན་ལ་བོགས་ཐོན། སྣང་བ་བན་མ་བུན་དུ་འགྲོ། བླ་མ་དང་གདམས་ངག་ལ་སྔར་བས་ཀྱང་ཡིད་ཆེས་སྐྱེ། ད་ཕྱིན་ལྷོངས་བྱུང་ཡང་ཨའུ་ཙི་སྙམ་པའི་བློ་གདིང་རྙེད་དེ་འོང་། འོ་དེ་ནི་ཚར་ཚད་ཡིན་ཏེ་རྐྱེན་ལམ་དུ་ལོངས་པས་ཚར་ལྷོངས་འགྲིགས་པ་ཡིན། ཨ་ལ་ལ། ཕ་རྒན་ང་རང་ཚོ་ལ་དགོས་རྒྱུ་ནི་དེ་རང་རེད། ཁ་ཟ་འདོད་ལ་སྒྱིད་པ་འདར་ཕྲིལ་ཕྲིལ་ཝ་མི་རོ་ལ་འཇབ་པ་ལྟར་མ་བྱེད་པར་བློ་སྟོབས་སྐྱེད་ཅིག །ཡང་གང་ཟག་བསགས་རྒྱབ་དམན་པ། དམ་སྡོམ་ལྷོད་པ། ལོག་ལྟ་ཆེ་བ། ཐེ་ཚོམ་མང་བ། ཁས་ལེན་མཐོ་ལ་ཉམས་ལེན་ཞན་པའི་སྙིང་ལ་རྟུག་དྲི་ཁ་བ་ཚོས་བླ་མའི་གདམས་ངག་དཔེ་ཁྲིའི་སྟེང་དུ་བཞུགས་སུ་གསོལ། རྐྱེན་ངན་དེ་ལ་ཤི་སྤར་འཐམ་ནས་རྗེས་སུ་འབྲངས་པས་བདུད་ཀྱིས་གླགས་རྙེད་དེ་ངན་འགྲོའི་ལམ་དུ་ཁྲིད་པར་མཆི། ཨ་ཁ་ཁ། དེ་འདྲ་མི་འབྱུང་བར་བླ་མ་ལ་གསོལ་བ་ཐོབ། དེ་ཡང་རྐྱེན་ངན་ལམ་དུ་ལྷོངས་པ་ནི་ཅུང་ཟད་སླ་མོད། བཟང་རྐྱེན་ལམ་དུ་ལྷོངས་པ་འདི་ནི་ཤིན་ཏུ་དཀའ་བས་རྟོགས་པ་མཐོན་པོར་རློམ་པ་དག་ཀྱང་ཚེ་འདི་ཆེ་ཐབས་འབའ་ཞིག་ལྷུར་ལེན་པ་རྣམ་གཡེང་ལྷའི་བུའི་བདུད་ཀྱི་འབངས་སུ་བཀོལ་དོགས་ཡོད་པས་ཤིན་ཏུ་གཟབ་དགོས། ཡར་འགྲོ་མར་འགྲོའི་ས་མཚམས་སྒོམ་ཆེན་སྲང་ལ་འདེགས་ས་འདི་ན་ཡོད་པས་གོ་བར་གྱིས། ནང་གི་རྟོགས་པའི་ཡོན་ཏན་གྱི་རྩལ་ཁ་མ་རྫོགས་བར་དུ་ཉམས་མྱོང་གི་ལོ་རྒྱུས་གང་ཐོད་ཐོད་ལ་བཤད་དུ་མི་རུང་བས་ཁ་ཚུམ། གཞན་ཡང་ལོ་མཚམས་ཟླ་མཚམས་ཀྱི་སྡུག་ཡུས་མ་འདྲེན་པར་མི་ཚེ་ཁོ་ན་ལ་ཚད་བཙུགས་ནས་ཉམས་ལེན་ལ་འབུངས། སྟོང་ཉིད་ཁ་ཁྱེར་གྱིས་བློ་བྲིད་ནས་ཀུན་རྫོབ་རྒྱུ་འབྲས་ཀྱི་དགེ་སྦྱོར་ཁྱད་དུ་མ་གསོད། གྲོང་ཆོག་འདྲེ་འདུལ་སོགས་ལྟོ་ཕྱིར་གྲོང་ཡུལ་དུ་ཡུན་རིང་མ་སྡོད། དོན་མེད་ཀྱི་ལས། དགོས་མེད་ཀྱི་གཏམ། ཕན་མེད་ཀྱི་བསམ་མནོ་རྣམས་ཉུང་དུ་ཆུག །ཟོག་དང་གཡོ་སྒྱུ་སོགས་ཆོས་འགལ་གྱིས་མི་མགོ་མ་བསྐོར། འདོད་ཡོན་ལ་ཞེན་པས་གཞོག་སློང་དང་ཁ་བསགས་སོགས་ཀྱིས་ལོག་འཚོ་མ་སྒྲུབ། ལྟ་སྤྱོད་མི་མཐུན་པ་དང་སྡིག་པའི་གྲོགས་མ་བསྟེན། རང་སྐྱོན་རང་གིས་ཐོན། གཞན་གྱི་སྐྱོན་མཚང་མ་བརྗོད། ཐ་མ་ཁའི་རིགས་ཐམས་ཅད་དམ་སྲིའི་འཕྲལ་དུ་གསུངས་པས་སྙིང་ནས་སྤོངས། ཆང་འདི་དམ་རྫས་སུ་བརྟེན་བྱ་ཡིན་ཀྱང་ར་རོ་བ་ཙམ་དུ་བག་མེད་པར་མ་འཐུང་། དད་ཅན་གྱིས་བཀུར་སྟི་བསྒྲུབ་པ་དང་། དད་མེད་ཀྱིས་སྐུར་འདེབས་ངན་གཤོམ་སོགས་བཟང་འབྲེལ་ངན་འབྲེལ་གང་ཡང་ཁྱད་མེད་དུ་ལམ་དུ་ཁྱེར་ལ་སྨོན་ལམ་དག་པས་རྗེས་སུ་ཟུངས། དུས་ཀུན་ནང་དུ་རིག་པ་དཔའ་མ་ཞུམ་པར་གཟེངས་མཐོ་བའི་ངང་ནས་ཕྱིའི་སྤྱོད་ལམ་དམན་པའི་ས་བཟུང་། ཧྲུལ་པོའི་གྱོན། བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་ཁུར། འཚོ་བ་ངན་ངོན་ལ་བརྟེན་ནས་རི་ཁྲོད་དུ་སྡོད་ཚུགས་ཟུང་། བློ་རྩེ་སྤྲང་པོ་ལ་གཏོད། གྲུབ་ཐོབ་གོང་མའི་རྣམ་ཐར་ལ་ཡང་དཔེ་གྱིས། སྔོན་ལས་ལ་ཁག་མ་འགེལ་བར་ཆོས་མགོ་གཙང་སིང་ངེ་ཐོན་པ་རེ་གྱིས། འཕྲལ་རྐྱེན་ལ་ཁག་མ་འགེལ་བར་རྐྱེན་གང་བྱུང་གི་ཐོག་ཏུ་ཚུགས་ཐུབ་པ་རེ་གྱིས། མདོར་ན་རང་སེམས་དཔང་པོར་བཞག་ནས་མི་ཚེ་ཆོས་ལ་དྲིལ་ཏེ་འཆི་དུས་བློ་ལྷག་མེད་པར་རང་གིས་རང་ལ་མ་ཁྲེལ་བ་ཞིག་གྱིས། ཉམས་ལེན་ཐམས་ཅད་ཀྱི་གནད་ཀ་དེ་ན་ཡོད་དོ། །ནམ་ཞིག་འཆི་བའི་དུས་ལ་བབས་ཚེ་ནོར་རྫས་ཅི་ཡོད་སྤོང་དག་བྱས་ལ་ཁབ་གཅིག་ཙམ་ལའང་ཆགས་ཞེན་མེད་པར་བྱ། དེ་ཡང་རབ་འཆི་ཁར་བྲོད་པ་སྐྱེ་བ། འབྲིང་འཆི་བ་ལ་མི་འཚེར་བ། ཐ་མ་ཤི་ཡང་མི་འགྱོད་པ་བྱ་བ་ཡིན་པས། རྟོགས་པའི་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་སོང་ན་བར་དོ་མེད་དེ་ལུས་རྒྱ་ཞིག་པ་ཙམ་ཡིན། དེ་མིན་བར་དོར་གྲོལ་བའི་བློ་གདེང་འདུག་ན་གང་ལྟར་བྱས་ཀྱང་རུང་། དེ་ལྟར་མེད་ན་སྔར་ནས་འཕོ་བ་ཉམས་འོག་ཏུ་ཚུད་པར་སྦྱངས་ཏེ་དུས་ལ་བབས་པའི་ཚེ་ལས་ལ་སྦྱར་བས་གང་དུ་མོས་པའི་ཞིང་ཁམས་སུ་འཕོས་ནས་དེར་ས་ལམ་གྱི་ལྷག་མ་བགྲོད་དེ་འཚང་རྒྱ་བར་འགྱུར་རོ། །
དེས་ན་རང་རེའི་བརྒྱུད་པ་རིན་པོ་ཆེ་འདི་ལ་སྔོན་བྱུང་གི་ལོ་རྒྱུས་རྙིང་བ་ཙམ་མ་ཡིན་པར། དེང་སང་ཡང་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ལས་རྟོགས་པ་མཐར་ཕྱིན་ཏེ་གདོས་བཅས་འཇའ་ལུས་འོད་ཀྱི་ཕུང་པོར་དེངས་བཞིན་པ་འདི་ག་ལྟར་ལ། ནོར་བུ་བོར་ནས་འཆིང་བུ་མི་འཚོལ་བར་གདམས་ཟབ་མཁའ་འགྲོའི་སྙིང་ཁྲག་འདི་ལྟ་བུ་དང་འཕྲད་པ་ནི་ཤིན་ཏུ་སྐལ་བ་བཟང་བ་ཡིན་པས་སེམས་ཀྱི་དཔང་བསྟོད་དེ་སྤྲོ་བ་བསྐྱེད་ལ་སྒོམས་ཤིག །དཔེ་འདིའང་རྗེས་འཇུག་རྣམས་ཀྱི་སྙིང་ནོར་དུ་ཟུང་ཞིག་དང་ཕན་པ་ཆེན་པོ་འབྱུང་བར་སྲིད་དོ། །ཞེས་པའང་འོག་མིན་པདྨ་འོད་གླིང་གི་སྒོམ་གྲྭ་པ་རྣམས་ཀྱི་རི་ཆོས་ཉམས་ལེན་དུ་དམིགས་པའི་རྒྱུ་བྱས། མི་ཕྱེད་པའི་དད་གུས་ཀྱི་ནོར་ལྡན་སྒྲུབ་བརྩོན་རིག་བཟང་རྡོ་རྗེས་བསྐུལ་བའི་རྐྱེན་བྱས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་གཏམ་བསླབ་བྱ་དམར་ཁྲིད་ཀྱི་ཚུལ་དུ་བརྗོད་པ་སྐལ་ལྡན་རྣམས་ཀྱི་རྒྱུད་ལ་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བའི་རྒྱུར་གྱུར་ཅིག། །།
བླ་མ་ཡེ་ཤེས་རྒྱ་མཚོའི་ངོར་གདམས་པ། རྡོ་གྲུབ་བསྟན་པའི་ཉི་མ།
༄༅། །བླ་མ་ཡེ་ཤེས་རྒྱ་མཚོའི་ངོར་གདམས་པ། ཡེ་ནས་རྣམ་གྲོལ་ལྷུན་གྲུབ་རིག་པའི་གཤིས། །སྤྲོས་པ་ཀུན་གྱིས་ཡུལ་མིན་ཡེ་ཤེས་ཆེ། །སྙིང་དབུས་གཞོན་ནུ་བུམ་སྐུའི་ཏི་ལ་ཀར། །ཡང་དག་གཉུག་མའི་དྲན་པས་ཕྱག་བགྱིའོ། །གང་ཚེ་ནགས་རིའི་ནང་ན་བྱ་ཝང་ལྟར། །སྙིང་ལ་ཀུན་རྨོངས་མུན་ནག་འཐིབ་བཞིན་དུ། །ཆོས་གཏམ་གྲེ་བའི་ནང་ནས་བྲག་ཆ་ལྟར། །འབབ་པའི་སྤྲང་སྨྱོན་གཞོན་ནུ་འཇིགས་མེད་པ། །རིང་ནས་གོམས་པའི་ཆོས་མིན་སྤྱོད་པ་བརྒྱས། །འཆད་རྩོད་རྩོམ་པའི་གློ་ཞབས་རྡོལ་མཐོང་ཡང་། །གསེར་དང་བོང་བ་མཉམ་པའི་ཡེ་རྒྱམ་དེས། །རྟ་ཆད་ལྕག་གིས་གཞུས་འདྲས་བསྐུལ་མ་མཛད། །ཕ་མེས་རིག་འཛིན་བརྒྱུད་པ་བཟང་མོད་དེ། །བུ་ཕྲུག་ཆོས་མེད་སྐལ་བ་ངན་སྟབས་འདིས། །ཁྱེད་ལ་རྒན་ཉམས་དྲང་པོའི་གདམས་པ་ཞིག །ཐུགས་ལ་འཕྲོད་པའི་ཞུ་བྱར་འབུལ་རྒྱུ་མེད། །འོན་ཀྱང་ཁྱོད་ཐུགས་བཞེད་དོན་སྐོང་བ་དང་། །དཔྱིད་ཀའི་ཉི་མ་རིང་པོ་འཕུལ་བའི་ཕྱིར། །བྱུང་རྒྱལ་གཏམ་གྱི་བསླུ་བྲིད་བརྫུས་མ་འདིས། །ནགས་ཀྱི་ནང་ན་འདུ་འཛི་ཡོ་ལང་འགྱེད། །ཀྱེ་ལགས་ཐེག་མཆོག་རྒྱལ་པོའི་ཆོས་སྐད་འདི། །སྒོམ་ཆེན་སྟོང་གི་མདུན་ན་མར་མེ་བཞིན། །ལམ་ལམ་ཉིན་མཚན་མེད་པར་འབར་མོད་ཀྱི། །དངོས་དང་རི་མོའི་རྣམ་འགྱུར་གང་ཡིན་ཨང་། །གང་གིས་འོད་གསལ་གཉུག་མ་མི་ཤེས་པར། །ལྟར་སྣང་རྟོགས་པའི་ཟབ་ཁྱད་སྟོང་བཏོན་ཀྱང་། །ལྷུན་གྲུབ་སྣང་བཞིའི་ས་རྒྱ་མི་ཆོད་པས། །རྫོགས་ཆེན་བཞེད་ན་འོད་གསལ་ངང་སྒོམ་ཞུ། །སྙིང་དབུས་ལྔ་ལྡན་གཞོམ་མེད་ཐིག་ལེ་རུ། །ནང་གསལ་ཁྱད་ཆོས་དྲུག་ལྡན་བུམ་པའི་སྐུ། །ཀློང་ཆེན་དགོངས་པའི་མེ་ལོང་འོད་པོ་ཆེར། །འཆར་བའི་ཉམས་མྱོང་ཐེག་མཆོག་རྒྱལ་པོ་ཡིན། །གཟོད་ནས་ཀུན་རྟོག་སྤྲོས་པའི་མཚན་མ་རྣམས། །རྟོག་མེད་ནམ་མཁའི་རྡོ་རྗེར་རྣམ་གྲོལ་བས། །གཟུང་འཛིན་གཉིས་སུ་མི་དམིགས་བློ་འདས་དབྱིངས། །དེ་ལྟར་ཤེས་ནས་སེམས་རིག་ལ་ཤན་འབྱེད། །ཀུན་ཏུ་བཟང་པོ་གདོད་ནས་སྟོང་པ་ཉིད། །སྟོང་པའི་ནང་ན་ཤིན་ཏུ་སྟོང་པ་སྟེ། །ཐམས་ཅད་སྟོང་པ་ཁྱབ་གདལ་ཆེན་པོའི་ཀློང་། །སྟོང་དང་མི་སྟོང་སྤྲོས་ཀུན་ཞི་བ་ཡིན། །རྒྱུ་དང་མི་རྒྱུ་སྲིད་པའི་དངོས་སྣང་ཀུན། །འོད་གསལ་ཀློང་ན་ཤིན་ཏུ་མ་སྐྱེས་ཏེ། །རིག་རྩལ་རྟོག་པ་སྨིག་རྒྱུའི་ཕུང་པོ་ལྟས། །འགྲོ་དང་འོང་མེད་སྒྱུ་མ་བཞིན་དུ་སྤྲུལ། །མྱ་ངན་འདས་པའི་རྣམ་གྲོལ་ཁམས་མང་ཡང་། །ཆོས་ཉིད་ཀློང་ན་ཡང་དག་གྲུབ་མེད་དེ། །གཉུག་མའི་ཆོས་སྐུ་མ་བཅོས་ཕྱལ་བ་ལས། །འཇུག་ལྡང་གཉིས་མེད་རྨི་ལམ་བཞིན་དུ་སྣང་། །དེ་ལྟར་ཤེས་ནས་ཡེ་གྲོལ་རྫོགས་པ་ཆེ། །གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུའི་ཀློང་། །རྩལ་གྱི་ཀུན་རྟོག་རང་སྟེང་མ་བཞག་ན། །སྲིད་པའི་ལས་སྣང་གཞན་ནས་ཇི་ལྟར་ལྡོག །སེམས་ཀྱི་རྡོ་རྗེ་མ་བཅོས་ཅོག་བཞག་པས། །གློ་བུར་ཉོན་མོངས་ཤུགས་ཀྱིས་ཟིལ་གནོན་ཕྱིར། །མི་སྒོམ་བསྒྱུར་བའི་ཉེ་ལམ་འབའ་ཞིག་གིས། །སྒོམ་པའི་ཡིད་དཔྱོད་རྒྱབ་ཏུ་བོར་ཞེས་གླེང་། །ཕྱི་རུ་ཡུལ་ལྔའི་རྗེས་སྤྱོད་སྤྲིན་བཞིན་དེངས། །ནང་དུ་འཛིན་པའི་རྣམ་རྟོག་མཁའ་ལྟར་དག །གསང་བ་རིག་སྟོང་ཁ་སྦྱོར་གཉུག་མའི་ཡིད། །ཅེར་གྲོལ་རང་བཞིན་མེད་པའི་ངང་འདིར་གཟིགས། །བླང་དང་དོར་མེད་ཀུན་བཟང་དགོངས་པའི་བབ། །ཕྱོགས་མེད་རིས་མེད་མཉམ་ཉིད་ནམ་མཁའ་ཆེར། །སྤང་དང་སྒྲུབ་མེད་རང་བཞིན་བབ་བཞག་ན། །གཟུང་དང་འཛིན་མེད་ཆོས་སྐུའི་དགོངས་པ་རྙེད། །དང་པོ་བལྟར་མེད་འོད་གསལ་ལྟ་བའི་ངང་། །བར་དུ་སྒོམ་མེད་ཅོག་བཞག་འཁྱིལ་བའི་ཀློང་། །ཐ་མ་བྱར་མེད་ཟང་ཐལ་རིག་པའི་གཤིས། །གཏད་མེད་ངང་ལ་ས་ལམ་རྫོགས་པ་ལགས། །སྣང་བའི་དངོས་ཀུན་ཀུན་བྱེད་རིག་པའི་གདངས། །ཆོས་སྐུའི་རང་གདངས་གཞན་ནས་སུས་འགོག་སྟེ། །ཆོས་སྐུའི་ཀློང་དུ་ཆོས་ཅན་ཉེར་ཞི་བས། །རྩོལ་དང་སྒྲུབ་མེད་སྣང་བ་རྒྱ་གྲོལ་ཡིན། །རྟོག་པའི་འགྱུ་དྲན་གཉུག་མའི་ཆོ་འཕྲུལ་ཏེ། །ཀློང་ཆེན་རིག་རྩལ་གཞན་དུ་ཇི་ལྟར་སྤངས། །འཁྲུལ་བའི་ལས་རླུང་དབྱིངས་སུ་ཐིམ་པ་ན། །མ་འཁྲུལ་རིག་པ་ད་གདོད་སྒྲུབ་ཏུ་མེད། །གང་ལྟར་ཤེས་ན་སྲིད་དང་ཞི་བའི་ཁམས། །སྒྲོ་དང་སྐུར་མེད་ཡོངས་སུ་ཤེས་གྱུར་པ། །དེ་ལྟར་ཤེས་ན་རྣལ་འབྱོར་རྒྱལ་པོ་རྣམས། །རྟོགས་པའི་རྡུལ་ཕྲན་བགྲང་དུ་ཅི་སྟེ་འབྱོན། །གང་མ་ཤེས་པས་བསྟན་བཅོས་ཁྲི་བཀླགས་ཀྱང་། །རྡོ་རྗེ་འཛིན་པའི་ངེས་གསང་མི་རྙེད་པ། །དེ་ཉིད་མ་ཤེས་ཀུན་ཤེས་གཅིག་རྡུགས་འདིས། །རྟོག་མེད་རིག་པའི་ཞལ་ངོ་བསྐུངས་ཀྱིས་དོགས། །བྱས་བྱས་ཟིན་པ་མེད་པའི་ལས་རླུང་རྟ། །བསམ་བསམ་འགྲུབ་དུས་མེད་པའི་ཀུན་རྟོག་བློ། །བསྒོམ་བསྒོམ་རྟོགས་དུས་མེད་པའི་ཡིད་དཔྱོད་སེམས། །ཐམས་ཅད་བཞག་སྟེ་འདིར་ཉལ་སྤྲོ་ལ་བཞུགས། །འཕྲོས་དོན་དུ་ཞུ་བ། །ལར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས། །ང་མིག་འགྲིབ་ན་སོ་རྒས་པ་ལ། །རེ་ཆེ་དང་ཨུ་ཚུགས་མ་མཛད་ཨང་། །ཞེས་གསུངས་པ་ཉིད། །ངེད་ནས་ཀྱང་ང་བློ་རྟུལ་ཁ་ལྕེ་ལྐུགས་པོ་ལ། །འོས་མེད་ཀྱི་ཡུས་ཆེ་མི་མཛད་འཚལ། །ཞེས་འདོན་པ་བསྒྱུར་ཆོག་པས་གཏི་ཐུག་གི་བཀའ་གནང་མི་མཛད་པར་ཞུ། །འོན་ཀྱང་རང་གིས་གོ་ཚོད་དང་སེམས་ལ་ཤར་ལུགས་མདོར་བསྡུས་ཙམ་ཞུ་ན། ཀ་དག་ཁྲེགས་ཆོད་ཀྱི་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཧྲིལ་གྱིས་དྲིལ་ན། གཞི་གང་ལ་རྟེན་བཅའ་བ། ལམ་གང་གིས་ཉམས་སུ་བླང་བ། དེ་ལྟར་བསྒོམས་པའི་ལག་རྗེས་འབྱུང་ལུགས་རྣམས་སུ་འདུ་བར་སྣང་ལ། གཞི་ནི་གཉུག་མའི་ཡེ་ཤེས་རང་བྱུང་རིག་པ་ཉིད་ཡིན་ཏེ། ཚིགས་བཅད་སྨྲས་མ་ཐག་པ་རྣམས་སུ་རིག་པའི་ཡིན་ལུགས་མདོ་ཙམ་ཞུས་ཟིན་ལགས། ལམ་ནི་ལྟ་བའི་ཡིན་ལུགས་ཐག་ཆོད་པ་སྔོན་དུ་བཏང་སྟེ་ཐག་ཆོད་ཐོག་དེར་འཇོག་དགོས་པ་ཡིན། །འཇོག་ལུགས་ཀྱང་ཉུང་ལ་གསལ་བར་ཞུས་མ་ཐག་པ་དེ་ཡིན། དོན་རྩར་འོད་གསལ་བའི་ཡེ་ཤེས་དེའི་རྣམ་པ་དེ་ཉིད་མ་བརྗེད་ཙམ་དུ་བསྡད་ན་མ་ཡེངས་མི་སྒོམ་པའི་དོན་ཚང་བ་ཡིན། འོད་གསལ་གྱི་དགོངས་པའི་བབ་ནི། ངོ་བོའི་ཆ་ནས་སྟོང་། རང་བཞིན་གྱི་ཆ་ནས་གསལ། ཐུགས་རྗེའི་གདངས་འགག་མེད་དུ་འཆར་བའི་གནས་ལུགས་སེམས་ཀྱི་རྡོ་རྗེ་ཉིད་དེ། །དེ་ཉིད་དེ་དང་རྣམ་པ་འདྲ་བའི་ལམ་གྱིས་མངོན་དུ་བྱས་ནས། །ཕྱིའི་ཡུལ་དུ་མ་སྤྲོས། །ནང་གི་སེམས་སུ་མ་བཅིང་། བར་གྱི་གནས་ཉམས་ལ་མ་ཞེན་པར། ཧ་རེ། སང་ངེ་ཁྲེས་སེ། སོ་མ་རང་བཞག་ཆེན་པོའི་ཀློང་དུ་བཟོ་བཅོས་མེད་པར་ངང་གིས་གནས་ན་གཟུང་འཛིན་དམིགས་གཏད་ཀྱི་མཚན་མའི་སྤུ་རིས་ཐམས་ཅད་ཆུའི་རི་མོ་ཡལ་བ་ལྟར་རང་གྲོལ་དུ་འགྲོ། སྒོམ་ཆེན་ཟེར་བ་ཁྱིས་རྡོ་བསྙེགས་པ་ལྟ་བུ་ཞིག་མ་ཡིན་པར། རྟོག་ཚོགས་ཅེར་གྲོལ་གྱི་གནད་ལ་མཁས་པས་སེམས་ཀྱི་ཡལ་ས་ཁོ་ནའི་སྟེང་དུ་འཇོག་སྒོམ་བྱེད་པ་ཞིག་གནད་དུ་ཆེ། དེ་ལྟར་བྱས་ན་བཟང་ངན་གྱི་རྟོག་པ་ག་འདྲ་ཞིག་ཤར་ཡང་། དེ་དག་ཐམས་ཅད་རྩིས་མེད་དུ་སོང་ནས་ཐ་མལ་གྱི་ཤེས་པ་འདི་སྒོམ་དུ་ཧྲིལ་གྱིས་འཆར་རྒྱུ་ཡོང་། གཞན་དུ་ན་རྣམ་རྟོག་ཤར་བ་ན་གཡག་སྣ་ཁུ་ཚུར་གྱི་གཉེན་པོས་སླེབས་པ་དང་བསམ་གཏན་གྱི་གནས་ཆ་གྲུང་པོ་ལ་ལྷོད་ཀྱིས་འཇོག་པ་སོགས་ཐུགས་དམ་ཇི་ཙམ་བཟང་ཡང་རང་བཞིན་རྣམ་དག་གི་དྲན་པ་མི་ཟེར་བ་ཡིན། ལར་རྫོགས་པ་ཆེན་པོའི་ལམ་འདིས་བསོད་ནམས་ཀྱི་ཚོགས་འདུམ་ལུགས་ཐམས་ཅད་འོད་གསལ་གཞོན་ནུ་བུམ་སྐུར་གནད་དུ་བསྣུན་པ་ལ་ཐུག་ཅིང་། ཡེ་ཤེས་ཀྱི་ཚོགས་འདུམ་ལུགས་ནི་དེའི་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་མཉམ་བཞག་ལ་ཐུག་ཡོད་པས་དེ་གཉིས་ཐུགས་དམ་གྱི་སྙིང་པོ། ཨོ་སོ་གསུམ་གྱི་མདོ་སོ། ལུང་པ་ཕུ་དགུའི་མདོ་འགགས་སུ་མཁྱེན་པར་མཛོད་ལ། ཡུལ་ཅན་གྱི་རིག་པ་རྗེན་པར་བྱུང་རྗེས་ཡུལ་ཆོས་ཉིད་ཁྱབ་གདལ་ཆེན་པོའི་ངང་ལ་ཀློད་དེ། སྣང་བ་གདོང་འདེད་ཀྱི་ཉམས་ཤིགས་སེ་བའི་རྒྱུན་སྐྱོངས། ཡུལ་དང་ཡུལ་ཅན་བཤད་མ་ཐག་པའི་དོན་ཡང་ནམ་གཉུག་མའི་དྲན་རིག་གི་སྟེང་དུ་སླེབས་ཀྱང་རུང་། དེ་ཉིད་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་ཆོས་ཉིད་ཀྱི་དྲན་པ་ཡེ་སྟོང་བབ་སྟོང་ཆེན་པོ། གཞི་སྟོང་ཡོངས་སྟོང་གི་རང་བཞིན་ལས་སྐད་ཅིག་ཀྱང་གཡོ་མ་མྱོང་བའི་གནད་ཀྱིས། ཁོའི་ངོ་བོ་ལ་དབྱིབས་དང་ཁ་དོག །རྟགས་དང་མཚན་མ། ངོ་བོ་ངོས་བཟུང་ཐམས་ཅད་ལས་འདས་པས་སྨྲ་བསམ་བརྗོད་མེད་ཆེན་པོར་གཉིས་འཛིན་གྱི་ཀུན་རྟོག་རགས་པ་ནུབ་པའི་རྣམ་ལྡན་དུ་འཆར་བ་ལ། དབྱིངས་དང་ཡེ་ཤེས་གཉིས་ཡུལ་ཡུལ་ཅན་དུ་ཐ་སྙད་སྦྱར་བ་ཡིན་གྱི། རྟོག་གེའི་དཔྱད་སྒོམ་ལ་ཡུལ་ཡུལ་ཅན་འཆར་ལུགས་དང་གཏན་ནས་མི་འདྲ་བར་ཤེས་པར་གྱིས་ཤིག །དེ་དག་ཐམས་ཅད་མདོར་བསྡུ་ན་རིག་པའི་ཡིན་ལུགས་ཤེས་པ་དང་གཅིག །ཤེས་ཐོག་དེར་རྩོལ་མེད་ཀྱི་དྲན་པའི་ངང་ལ་གནས་པ་དང་གཉིས། རྟོག་ཚོགས་ཤར་གྲོལ་དུས་མཉམ་ཐད་ཀར་བཅད་པ་དང་གསུམ། ཀུན་ཏུ་རྨོངས་པ་ཆ་དང་བཅས་པའི་ཞེན་ཡུལ་གཞི་མེད་དུ་མཐོང་བའི་སྒོ་ནས་སེམས་ལ་ཕན་པ་དང་བཞི། ལས་རླུང་འཕྲུལ་རྟོག་དང་བཅས་པ་ཡེ་གྲོལ་ཀ་ནས་དག་པའི་ཆོས་ཉིད་དུ་སྦྱངས་པས་རྟོག་པར་མ་འགྱུས་པ་དང་ལྔ་ཤར་བ་དང་གནས་པ་གང་གི་ཚེ་ཡང་རེ་དོགས་མེད་པའི་ཅོག་བཞག་གི་དྲན་པ་མ་ཉམས་པ་དང་དྲུག །ཁྱི་ལྡོམ་སྐོར་འགྲོས་ལ་སོང་བ་ལྟར་ངེས་མེད་ཀྱི་གླེན་སྒོམ་ཨུ་ཚུགས་ཅན་མ་ཡིན་པར་ལྷུན་གྲུབ་ཕྱོགས་མེད་ཀྱི་དགོངས་པ་ཀློང་དུ་གྱུར་པ་དང་བདུན་པོ་དེ་དག་ཏུ་མི་འདུ་བ་མེད་དོ། །ཞེས་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་ཞབས་ཀྱིས་གསུངས་སོ། །
གཞན་ཡང་ལྟ་སྒོམ་གྱི་མན་ངག་སྙིང་བསྒྲིལ་ཚིག་གསུམ་གནད་ལ་འབེབས་པ། ངོ་མཚར་ཚིག་ཆེན་རྣམ་བརྒྱད། རྡོ་རྗེའི་གད་མོ་བཅུ་གཉིས། གྲོལ་ལུགས་གསུམ། ཅོག་བཞག་རྣམ་པ་བཞི། བཞག་ཐབས་ཆེན་པོ་བཅུ་གཉིས་ལ་སོགས་རྒྱ་ཆེར་ན་མཐའ་ཡས་པ་ཞིག་ཡོད་མོད་ཀྱི། མདོ་དོན་གོ་བདེ་བ་ཙམ་ཞིག་བརྗོད་པ་ལགས། སྤྱིར་ཡང་དེང་སང་གི་རྟོགས་ལྡན་པ་རྡོ་རྗེ་ཐེག་པའི་མགོ་མཇུག་ཀྱང་གང་ཡིན་རྔོ་མ་ཐོགས་པ་རྣམས་ཀྱི་ཉམས་མྱོང་འཇང་གི་གཟུགས་པོ་ལྟ་བུ་རྡོ་རྗེ་འཆང་གི་ཉེ་ལམ་མ་ཡིན་པས་མོས་གུས་སྲོག་ཏུ་བཟུང་། དབང་བཞིའི་ཉམས་ལེན་དང་སྦྱར། དམ་ཚིག་ལ་སྙིང་ལྟར་བཙའ། གྲོགས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཕུར་ཚུགས་སུ་བསམ་པའི་སྒོ་ནས་སྐུ་ཚེ་དོན་ཡོད་པར་མཛད་ན་རང་དྲིན་རང་ལ་ཆེ་བ་ཡིན་ནོ། །སྤྲོས་བཤད་ཚིག་གི་ལོ་འདབ་མི་ཆེ་ཡང་། །དོན་བཤད་ཉམས་ལེན་གདམས་པའི་སྙིང་པོ་འདི། །བསྡུས་བཤད་རྒྱལ་བ་ཁ་བཅིང་ཡིག་ཆུང་དུ། །རྡོ་རོང་གོག་པོ་ཁ་ཤད་དེས་བྲིས་སོ། །ཞེས་པའང་བླ་མ་ཡེ་ཤེས་རྒྱ་མཚོའི་ངོར་རྡོ་སྨད་ཀྱི་བནྡྷེ་གཞོན་ནུ་ཆོས་སྨྲ་བ་འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་སུག་ལས་སུ་བགྱིས་པ་དགེ་བར་གྱུར་ཅིག། །
མཁས་པ་མི་བཞིའི་ཐུགས་བཅུད་རྫོང་འཕྲང་གི་བརྗེད་བྱང་རྟོགས་དཀའི་འཕྲང་སྒྲོལ། རྡོ་གྲུབ་བསྟན་པའི་ཉི་མ།
༄༅། །མཁས་པ་མི་བཞིའི་ཐུགས་བཅུད་རྫོང་འཕྲང་གི་བརྗེད་བྱང་རྟོགས་དཀའི་འཕྲང་སྒྲོལ། ཀུན་བཟང་ཆོས་རྗེ་བླ་མ་ལ་ཕྱག་འཚལ་ལོ། །རྫོང་གསུམ་འཕྲང་གསུམ་ཡོད་པ་ལས། རྫོང་དང་པོ་ནི། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཀྱི་རྩ་བ་རིག་པ་བྱང་ཆུབ་ཀྱི་སེམས་སུ་གཏན་ལ་འབེབས་པ་སྟེ། འདི་ལ་ཀུན་གཞི་གནད་ཀྱི་སྟོང་ཐུན་ཟེར། དེའང་སྒྱུ་འཕྲུལ་ལས། འཁོར་བའི་ཆོས་ཐམས་ཅད་ནི་སེམས་རང་སྣང་སྟེ་སེམས་ནི་རིག་པའི་རྩལ་ཙམ་དུ་ཟད་པ་དང་། འདས་པའི་ཆོས་ཐམས་ཅད་ནི་ཡེ་ཤེས་རང་སྣང་སྟེ། ཡེ་ཤེས་ནི་རིག་པ་དེ་མ་རིག་པས་བསླད་པ་དང་བྲལ་བ་ཉིད་ལ་བྱེད་པར་གསུངས་པ་བཞིན་ཤེས་པར་བྱའོ། །ཀུན་གཞི་རྒྱུ་རྒྱུད་མ་ཤེས་པར་བདེ་སྡུག་ལ་བླང་དོར་རེ་བ་ནི་གཟུགས་བརྙན་ལ་མགོ་རྨོངས་པ་ལྟ་བུ་དང་། གཞི་ཐོག་ཏུ་བཙན་ས་འཛིན་པ་ནི་བྱད་བཞིན་ལ་དམར་འཇུས་བྱེད་པ་ལྟ་བའི་ཁྱད་བཞེད་དོ། །
རྫོང་གཉིས་པ། གཞི་རྒྱུད་གཏན་ལ་ཕེབས་པའི་དགོས་པ་གཞི་ཐོག་དེ་ཀ་ནས་འཚང་རྒྱ་དགོས་ཤིང་། དེ་ལ་རིག་པ་དེ་གློ་བུར་གྱི་འཁྲུལ་པས་བསླད་པའི་དབང་དུ་མ་བྱས་ན་ངོ་བོའི་དེ་ཉིད་གདོད་ནས་སྐུ་གསུམ་འབའ་ཞིག་ཏུ་བཞུགས་ཚུལ་ལེགས་པར་རྟོགས་པའི་སྒོ་ནས་འབྲས་བུ་སངས་རྒྱས་ཀྱི་ས་ཐམས་ཅད་རིག་པའི་ཐོག་ཏུ་གཏན་ལ་ཕེབས་པ་ཞིག་དགོས་ཏེ། འདི་ལ་འབྲས་བུ་སྐུ་གསུམ་གཏན་འབེབས་ཟེར།
རྫོང་གསུམ་པ། དེ་ལྟར་རང་བཞིན་གཞིའི་སྐུ་གསུམ་ངོ་འཕྲོད་པ་དེ་ཉིད་འཁྲུལ་པའི་སྣང་ཞེན་གྱིས་མི་འཕྲོག་པའི་ཆེད་དུ། སྣང་བ་སེམས་སུ་ཤེས་པས་གཟུང་ཡུལ་གྱི་འཁྲུལ་པ་རྩད་གཅད། སེམས་སྟོང་པར་ཤེས་པས་འཛིན་སེམས་ཀྱི་འཁྲུལ་པ་རྩད་གཅད། སྟོང་བ་རིག་པ་དང་། རིག་པ་སྐུ་གསུམ་དུ་ཤེས་པས་གཟུང་འཛིན་གཉིས་ཀའི་འཁྲུལ་བ་རྩད་བཅད་དེ། འདིར་སེམས་སྟོང་པ་ཞེས་པའི་སེམས་ཀྱི་ནང་དུ་མ་རིག་པའང་རིལ་ཚང་བས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཞེས་ཀྱང་བསྟན་པར་འགྱུར་རོ། །
མདོར་ན་ཡུལ་སེམས་ཐམས་ཅད་ཀྱི་སྟེང་དུ་རྫོང་གོང་མ་གཉིས་རྩལ་སྦྱངས་ནས་དེ་ཐམས་ཅད་ལ་ཉམ་ང་མེད་པར་བྱེད་པ་སྟེ། འདི་ལ་མ་རིག་སྦུབས་འབྱེད་ཅེས་ཟེར། དེ་དག་ནི་ཆོས་ཐམས་ཅད་ཡེ་སངས་རྒྱས་པར་རྟོགས་པའི་ལྟ་བའི་སྟེང་ན་དགྲ་གསུམ་བདུད་བཞི་གཡང་ས་དྲུག་གཅོད་པར་བྱེད་པ་སྟེ། ལྟ་བའི་རྫོང་ཟེར་བའི་རྒྱུ་མཚན་ཡང་། འདིས་རྣལ་འབྱོར་པ་རྣམས་དགྲ་གསུམ་བདུད་བཞི་སོགས་ལ་མི་འཇིགས་པར་བྱེད་པའོ། །ལྟ་བའི་རྫོང་དེའང་གོ་ཡུལ་ཙམ་གྱིས་མི་ཆོག་སྟེ། སྒོམ་པའི་འཕྲང་ཞེས་པ་ཡེངས་འཁྲུལ་གྱི་དགྲ་མི་ཐར་བའི་ཏིང་ངེ་འཛིན་བྲག་རོང་བགྲོད་དཀའ་ལྟ་བུའི་སྟེང་དུ་ཕུབ་ན། གདོད་མི་འཕྲོག་པའམ་ས་ཟིན་པར་འགྱུར་བ་ཡིན་ནོ། །ལྟ་བའི་རྫོང་དུ་འགྲོ་བ་ལ་སྒོམ་པའི་འཕྲང་བགྲོད་དགོས་ཞེས་པའང་རྫོང་བཙན་པོ་ལྟ་བུའི་ལྟ་བར་སླེབས་པ་ལ། སྒོམ་པའི་འཕྲང་བརྒྱུད་ནས་ཕྱིན་དགོས་ཞེས་པ་ཡིན་གྱི། ལྟ་བ་ཙམ་རྟོགས་པ་ལ་མིན་ནོ། །འདི་ནི་སྤྱི་སྐད་ལ་ལྷག་མཐོང་གི་རྟེན་དུ་ཞི་གནས་དགོས་པ་དང་གནད་འདྲའོ། །
འཕྲང་དང་པོ་བསམ་གཏན་གཅིག་པ་སྒོམ་གྱི་མན་ངག་ཅེས། ལྷར་སྣང་གསལ་བརྟན་གྱི་ཚད་ལ་ཕེབས་པར་བྱས་ནས་ལྷའི་དེ་ཉིད་སྒོམ་པའི་གཞི་འདིང་བ་སྟེ་འདི་ལ་འཕྲང་རྫོང་ཐོག་ཏུ་སྐྱེལ་བ་ཟེར། འཕྲང་གཉིས་པ་བསམ་གཏན་ཉམས་ཀྱི་ཡིག་ཆུང་ཞེས་བྱ་སྟེ། གསལ་བརྟན་ཐོབ་པའི་ལྷའི་དལ་དེ་ཐམས་ཅད་རིག་པ་བྱང་སེམས་ཁོ་ནའི་ཡོ་ལང་དུ་ཤེས་པའི་ངང་ནས་ལྷ་དང་རིག་པ་བསྲེ་བའི་ཚུལ་གྱིས་རིག་ཐོག་ཏུ་མཉམ་པར་འཇོག་པ་ལ་བསླབ་པས། རིག་པ་ཉིད་སྐུ་གསུམ་དུ་རྫོགས་པའི་ཉམས་སམ་མྱོང་བ་བརྟན་པོ་རྙེད་དེ། ལྷ་ལ་གསལ་བརྟན་ཅི་ཙམ་འོང་བའི་ཚོད་དུ་ལྷའི་དེ་ཉིད་ལའང་གསལ་བརྟན་ཐོབ་པར་བྱའོ། །དེས་ན་འཕྲང་དང་པོ་ཏིང་ངེ་འཛིན་དང་། གཉིས་པ་འདི་ཤེས་རབ་ཀྱི་མཐུ་སྒྲུབ་ལུགས་ཀྱིས་བཞག་པ་འདྲ་ཞིག་བཤད། འདི་ལ་ནི་རྫོང་འཕྲང་ཐོག་ཏུ་ཕུབ་པ་ཞེས་བྱའོ། །དེ་ནས་འཕྲང་གསུམ་པ་བསླབ་མཐའ་སྦྱོང་བ་ཞེས་པ། འཕྲང་སྔ་མ་གཉིས་ཀྱི་སྐབས་ཀྱི་ཟབ་གསལ་གཉིས་མེད་ཀྱི་དགོངས་པ་དེ་ཉིད་འགྲོ་དྲུག་གི་ཡུལ་སྣང་རབ་འབྱམས་ཀྱི་སྟེང་དུ་རྩལ་སྦྱངས་ནས་ཅི་སྣང་གང་ཤར་ཐམས་ཅད་དག་མཉམ་གྱི་འཁོར་ལོར་དབང་སྒྱུར་བར་བྱེད་པའོ། །དེའང་སྔར་ཏིང་ངེ་འཛིན་གྱིས་སྒོམ་པའི་སྣང་བ་ལ་ད་ལྟ་མདུན་གྱི་སྣང་བ་འདི་དག་དང་ཁྱད་མེད་པ་ལྟ་བུའི་གསལ་བརྟན་ལས་སུ་རུང་ཡོད་པའི་གནད་ཀྱིས། སྐབས་འདིར་དམྱལ་བ་ནས་ལྷའི་བར་གྱི་གནས་ལུས་སོགས་གང་དམིགས་ཀྱང་མདུན་གྱི་སྣང་བ་ལྟ་བུའི་གསལ་བརྟན་ཚེགས་མེད་དུ་འབྱུང་ལ། དེ་ཀའི་སྟེང་ནས་སྣང་བ་དེ་སེམས། སེམས་དེ་སྟོང་པ། སྟོང་པ་རིག་པ། རིག་པ་སྐུ་གསུམ་དུ་འཆར་བ་ལ་སྦྱང་བས་ལྷ་དང་ལྷའི་དེ་ཉིད་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཏེ། དགྲ་གསུམ་བདུད་བཞི་གཡང་ས་དྲུག་ཐམས་ཅད་ཆོད་ནས། དེ་དག་ལ་འཇིགས་པ་མེད་པའི་གདེང་ཐོབ་པ་ཡིན་ནོ། །དེ་ལྟར་ན་རྫོང་ཕྱུག་པོའི་བང་མཛོད་དང་འདྲ། འཕྲང་དེའི་ལྡེའུ་མིག་དང་དྲ། རག་འཕྲང་ལ་ལས་ཞེས་ཡང་ཡང་གསུང་ཏེ། རྫོང་ནི་བསྒོམ་བྱའམ་འཇུག་ཡུལ་དང་། འཕྲང་ནི་སྒོམ་བྱེད་དམ་འཇུག་བྱེད་དུ་བསྟན་པ་སྒྱུ་འཕྲུལ་བའི་ཤེས་འཇུག་གི་མཚན་ཉིད་གཉིས་དང་ཚུལ་འདྲ་བ་ཡིན་ནོ། །རྫོང་འཕྲང་འདིའི་རྫོགས་རིམ་གྱི་འགྲོས་ནི་རྫོགས་ཆེན་སེམས་ཕྱོགས་ཁོ་ནར་སྣང་ཞིང་། རིག་པ་རང་ཤར་གྱི་མན་ངག་ལས། སྟོང་གཟུགས་འབྲི་གུ་ཏིའི་ལམ་ནས་འཆར་བའི་མན་ངག་ཀྱང་བཤད་པ་ལྟར། འཕྲང་གཉིས་པ་འདིའང་འཕྲང་དང་པོར་ལྷ་སྔགས་ཀྱི་རྣལ་འབྱོར་གཉིས་བརྟན་པ་དེ་ལ་གཞི་བྱས་ཏེ། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རྫོགས་ཆེན་ཁྲེགས་ཆོད་ཀྱི་བཞག་ཐབས་ལྟར་སྐྱོང་བ་རང་ལ་བཞེད་དམ་སྙམ་སྟེ། བཤད་པའི་རྣམ་གྲངས་གཞན་བྱས་ནའང་ཆོག་ཙམ་སྣང་བས་ཞིབ་ཏུ་དཔྱད་པར་བྱའོ། །
གཞུང་འདིར་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཔའ་བོའི་རྒྱལ་སྲིད་སྒྲུབ་པའི་མན་ངག །ས་བཙན་སར་རྫོང་བཙན་པོ་བཟུང་ནས་ཡུལ་ཁམས་ལ་དབང་སྒྱུར་བའི་ཚུལ་དུ་བསྟན་པ་ལས། ཡུལ་ཁམས་དབང་དུ་བསྡུ་བ་ལྟ་བུ་དངོས་ནི་སྲོག་གི་གདམས་པ་གསུམ་སྟེ། དང་པོ་སྲོག་གི་ཐ་རམ་ཞེས་པ་སྲོག་གཏན་ལ་འབེབས་པ་ནི། འཁོར་ལོའི་རིགས་ཀྱི་ཨོཾཿདང་། རྡོ་རྗེ་ཧཱུྃཿསོགས་ཡེ་ཤེས་པའི་དང་། གཤིན་རྗེའི་ཡཿདང་། མ་མོའི་མཿཡིག་སོགས་འཇིག་རྟེན་པའི་སྲོག་ཡིག་དང་། དེ་དག་གི་མིང་སྔགས་རྣམས་ཀྱང་སྲོག་ཏུ་ཤེས་པར་བྱའོ། །འདིའི་གནད་རྣམས་གཞན་དུ་ཤེས།
གཉིས་པ་ཐ་རམ་འབྱེད་པའི་ལྡེ་མིག་ཅེས་སྲོག་འཕྲོག་ཐབས་ཀྱི་སྐོར་ལ། སྲོག་འདྲེན་གྱི་དམིགས་གནད་དང་ལྡན་པར་སྔགས་བཟླས་པས་ལྷ་སྲིན་གནས་ནས་དགུག་པ་སྔགས་ཀྱིས་འཕྲོག་ཚུལ། ཡེ་ཤེས་ལྷ་དང་བཀའ་སྡོད་ཀྱི་སྐུ་གསལ་བར་དམིགས་ནས་མཐོང་ཁོལ་མངོན་དུ་བྱ་བ་ཏིང་ངེ་འཛིན་གྱིས་འཕྲོག་ཚུལ། ལྷ་འདྲེའི་སྣང་ཆ་རང་སེམས་སྟོང་གསལ་གྱི་ཆོ་འཕྲུལ་དུ་ཤེས་པས་དབང་དུ་བྱ་བ་ལྟ་བས་འཕྲོག་ཚུལ་ཏེ་གསུམ་ཡོད། སྔགས་ཀྱིས་འཕྲོག་སྐབས། བསྙེན་དུས་ཉེར་མ་བཏུབ་ན་རེངས་པ་ཁུགས་སུ་གཞུག་པ། རྦད་དུ་འགྲོར་མ་བཏུབ་ན་འཁྱིལ་བ་ལམ་དུ་གཞུག་པ། བསད་དུས་ལས་མ་འགྲུབ་ན་ལོག་རྡུགས་མཐའ་ལ་གཏད་པ་ཞེས་གསུངས་པ་རྣམས་ནི་ཉང་གི་གཏེར་ཁྱིམ་སོགས་ལྟར་བྱ། ལར་བླ་མ་མཉེས་ན་དམ་ཅན་མ་བསྒྲུབ་ཀྱང་འདུ། ཡི་དམ་གྱི་བསྙེན་པ་ཐེམ་ན་ཕྲིན་ལས་མ་བཅོལ་ཡང་བྱེད་པར་གསུངས་པས་བླ་མ་དང་ཡེ་ཤེས་ལྷ་ལ་དབང་ཐོབ་པར་བྱ་བ་ནི་བཀའ་སྡོད་ཀྱི་སྲོག་ཐོབ་པའི་མན་ངག་ཆེན་པོའོ། །
གསུམ་པ་མཚན་བསྒྱུར་བ་ནི། ལྷ་འདྲེ་ཆུང་ངུ་ཞིག་གི་སྲོག་ཐོབ་ཀྱང་དེ་ལས་བྱིན་རླབས་དང་དངོས་གྲུབ་ཆེ་ཞིང་མང་བ་འབྱུང་བའི་ཐབས་མཁས་ཀྱི་གནད་ནི། སེམས་ཅན་གྱི་སྲོག་སངས་རྒྱས་སུ་མཚན་བསྒྱུར་ནས་སྒྲུབ་པ་ཡིན་ཏེ་༼བདག་ཉིད་ལྷར་སྒོམ་པའང་སེམས་ཅན་གྱི་སྲོག་སངས་རྒྱས་སུ་མཚན་སྒྱུར་བ་རང་ཡིན་ནོ།།༽སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་ཁྱབ་པའི་ཆོས་ཀྱི་དབྱིངས་དང་། ཆོས་དབྱིངས་ཀྱིས་མ་ཁྱབ་པའི་ལྷ་འདྲེ་གང་ཡང་མེད་པས། གང་དང་གང་ལ་སངས་རྒྱས་སུ་དམིགས་པ་དེ་དང་དེ་ནས་རྒྱལ་བ་དང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་རྡོལ་ཏེ་འོང་བ་ཡིན་ནོ། །དེར་ཡང་མ་ཟད་ཕན་བྱེད་ཀྱི་ལྷ་གནོད་པའི་འདྲེར་མཚན་བསྒྱུར་ནས་དགྲ་བགེགས་ཚར་གཅད་པ་དང་། དེ་ལས་བཟློག་སྟེ་མཚན་བསྒྱུར་ནས་ཕན་འདོགས་པ་མང་དུ་བཤད་དོ། །མདོར་ན་འཇིག་རྟེན་དྲེགས་པའི་སྲོག་འཕྲོག་པ་ལའང་སྲོག་སྡོམ་གཟེར་བཞི་རང་མེད་དུ་མི་རུང་སྟེ། སྔགས་ཀྱི་གཟེར་མ་ཐེབས་ན་རང་རྒྱུད་པ་གནས་ནས་མི་ཁུག །ཏིང་ངེ་འཛིན་གྱི་གཟེར་མ་ཐེབས་ན་གཟུགས་དངོས་སུ་མི་མཐོང་། །དགོངས་པའི་གཟེར་མ་ཐེབས་ན་གྲུབ་ཀྱང་ཀོ་ལོང་དང་བར་ཆད་མང་ཞིང་དངོས་གྲུབ་ཀྱི་ཚན་ཆུང་། འཕྲོ་འདུའི་གཟེར་མ་ཐེབས་ན་གང་འདོད་ཀྱི་ཕྲིན་ལས་ལ་སྦྱར་དུ་མེད་པར་གསུངས་སོ། །དེ་ལྟར་རྫོང་འཕྲང་སྲོག་གསུམ་གྱི་གནད་འདི་ལ་ལེགས་པར་སྦྱངས་ན་རྒྱལ་བའི་བསྟན་པ་སྲུང་བ་དང་། བསྟན་པའི་དོན་བྱ་བ་ལ་རྡོ་རྗེའི་རྣམ་པར་ཐར་པའི་དབང་དང་ལྡན་པ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ནས་དོན་གཉིས་ཀྱི་དགའ་སྟོན་རྒྱས་པར་འགྱུར་བ་ཡིན་ནོ། །ཞེས་པའང་རྡོ་རྗེའི་མིང་ཅན་གྱིས་ཐོར་བཏབ་པ་དགེ།། །།
དད་ལྡན་སློབ་མ་འགྱུར་མེད་རྡོ་རྗེའི་ངོར་གདམས་པ། རྡོ་གྲུབ་བསྟན་པའི་ཉི་མ།
༄༅། །དད་ལྡན་སློབ་མ་འགྱུར་མེད་རྡོ་རྗེའི་ངོར་གདམས་པ། དྲི་མེད་མཁྱེན་པའི་ཆུ་གཏེར་ལས། །སྙན་བརྒྱུད་བསྟན་པའི་ཆུ་ཀླུང་འབེབས། །ཐེག་མཆོག་རྡོ་རྗེའི་ཆུ་དབང་ཆེ། མཁྱེན་བརྩེའི་འོད་ཟེར་ཞབས་ལ་འདུད། འདིར་ངེས་གསང་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་གནད་སྙིང་པོར་དྲིལ་བ་དྲན་པ་དྲུག་གི་རྣམ་བཞག་ཏུ་བསྡུས་ཏེ་འཆད་པ་ལ།
སྤྱི་སྡོམ་དང་བྱེ་བྲག་བཤད་པ་གཉིས་ལས། དང་པོ་ནི། ཀུན་མཁྱེན་བླ་མས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པའི་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་འགྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངེས། ཆོས་ཟད་དུས་ན་མཚན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། །ཞེས་སོ། །
གཉིས་པ་ལ། འདུ་བྱེད་ཀྱི་དྲན་པ། ཆོས་ཉིད་ཀྱི་དྲན་པ། རྗེས་སྣང་གི་དྲན་པ། མངོན་སུམ་གྱི་དྲན་པ། སྤྱོད་ཡུལ་གྱི་དྲན་པ། ཆོས་ཟད་ཀྱི་དྲན་པ་སྟེ་དྲུག་ལས། དང་པོ་ནི། སློབ་དཔོན་ཆེན་པོ་བི་མ་ལས། གྲོལ་ལུགས་རྣམ་པ་གསུམ་བཤད་པའི། དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་གསུངས་བའི་དོན་དང་གཅིག་པ་སྟེ། འདི་ལ་སྤྱིར་སྔགས་བླ་མེད་ཀྱི་བསྐྱེད་རིམ་སྔོན་སོང་ཡིན་ན། དེ་ལས་ལོགས་སུ་ཞི་གནས་སྒྲུབ་མི་དགོས་མོད་དེ། འོན་ཀྱང་རྣམ་པ་ཀུན་ཏུ་བསྐྱེད་རིམ་ལ་མ་བརྟེན་པར་རྗོགས་རིམ་སྒོམ་ཚུལ་གཏན་ནས་མེད་པ་མིན་ཏེ། ཀ་དག་གི་རིག་པ་རྗེན་དེད་འབའ་ཞིག་པས་ཀྱང་འོད་གསལ་མངོན་དུ་འགྱུར་བར་ཐེག་པའི་རྒྱལ་པོ་འདིའི་ལུགས་ལ་གྲགས་པའི་ཕྱིར་རོ། །དེའང་དང་པོ་རྣམ་རྟོག་གི་རྒྱུ་བ་ཧ་ཅང་རགས་ཆེས་པས་ཏིང་འཛིན་ལ་བློ་ལས་སུ་མི་རུང་བའི་རིགས་ཁ་ཅིག །སེམས་དང་རིག་པའི་ལ་ཤན་ཉམས་མྱོང་གི་སྟེང་ནས་མྱུར་བར་མི་ཕྱེད་དེ། སེམས་དང་རིག་པའི་དྭངས་ཆ་མཐར་གཏུག་ན་རིག་པ་ཡིན་ལ། དེ་རྗེན་ལ་འབྱིན་པ་སེམས་རྙོགས་པ་ཅན་ལ་ཤིན་ཏུ་དཀའ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་ཐོག་མར་རིག་ངོ་བསྐྱང་བའི་སྔ་ལོགས་སུ་སེམས་ངོ་ལ་བལྟ་བ་འདི་གནད་ཆེ་བས། གནས་འགྱུ་རིག་གསུམ་ལ་ཤན་ཕྱེས་ཏེ། འགྱུ་བ་ཞེས་པ་བཟང་ངན་གྱི་རྟོག་པ་ཕྲ་རགས་གང་ཡང་རུང་སྟེ་འཕྲོ་བའི་ཆར་གཏོགས་རྣམས་ཡིན། གནས་པ་ཞེས་པ་སེམས་ས་ལེ་ཧྲིག་གེ་བའི་ངོ་བོ་ལ་བྱིང་རྒོད་མ་ཞུགས་པ་དེ་ཡིན། རིག་པ་ཞེས་བྱ་བ་གནས་པའི་རྒྱུན་སྐྱོང་བ་ན་འགྱུ་བའི་གཞན་དབང་བཙན་ནམ་མི་བཙན་རྟོག་བྱེད་ཀྱི་ཤེས་རིག་དེ་ཡིན། ལར་ཤེས་པ་སྤྲོ་བའི་དུས་སུ་བསྡུས་ཏེ་འགྲོ་བ་དང་། རྟོག་པ་བསྡུས་ན་འཕྲོ་རྒོད་དུ་འགྲོ་བ་གཉིས་ཀ་སྤྱིར་བཏང་དུ་ཏིང་འཛིན་གྱི་གེགས་ཡིན་པས། འགྱུ་བ་བཟང་ངན་ཐམས་ཅད་གནས་པའི་ངང་གཅིག་ཏུ་ལྷོད་དེ་འཇོག་པ་ཞིག་དགོས་རྒྱུ་ཡིན། དེའང་བྱིང་བའི་དུས་སུ་སེམས་ཀྱི་གསལ་ཆ་བགྲུངས་པ་དང་རྒོད་པའི་དུས་སུ་སེམས་ཁོ་རང་གི་ངོ་བོ་ལ་ཅེར་གྱིས་བལྟ་བ་སོགས་གེགས་སེལ་གྱི་མན་ངག་ནི་ཤིན་ཏུ་གལ་ཆེ་སྟེ། གཞན་ན་དུ་བྱིང་བ་ཕྲ་མོ་བསགས་དྲགས་པས་ཀྱང་ཞི་གནས་དང་འཁྲུལ་ཚབས་ཆེས་ཆེ་བ་ཞིག་འོང་བའི་ཕྱིར་རོ། །མདོར་ན་སེམས་དམིགས་ལས་སུ་རུང་བའི་ཤིན་སྦྱངས་དང་འབྲེལ་བ་ཡང་དག་པའི་ཏིང་ངེ་འཛིན་ནི་ལེ་ལོ་དང་བྱིང་རྒོད་སོགས་བསམ་གཏན་གྱི་ཉེས་པས་མ་བསླད་པའི་ཤེས་རིག་གི་རང་ཚུགས་མ་ཤོར་བ་ཉིད་ཀྱིས་ཕྱེ་ཞིང་། དེའང་སྐྱོང་ཚུལ་གྱི་གཙོ་བོ་སེམས་ཁོ་རང་གི་ངོ་བོ་མ་བརྗེད་པའི་ངང་ལ་གནས་པ་འདི་ཡིན་ལ་དེ་འདྲའི་སྐྱོང་ལུགས་ནི་དྲན་པ་འབའ་ཞིག་གཙོ་ཆེ་བའི་སྒོ་ནས་འཇོག་དགོས་ཏེ། སེམས་ངོ་བོ་མི་བརྗེད་པ་ནི་དྲན་པའི་ར་བ་ལས་འདའ་བ་མེད་པའི་ཕྱིར་རོ། །དེ་ལ་འདུ་བྱེད་ཀྱི་ཐ་སྙད་སྦྱར་བ་ནི། དེ་སྒོམ་པ་ན་ཏིང་ངེ་འཛིན་ལ་རྩོལ་བ་མ་ཉམས་པ་ཁོ་ན་ཞིག་སྙིང་པོར་འདུག་པའི་ཕྱིར་རོ། །དེ་ལྟར་ན་འདུ་བྱེད་ཀྱི་དྲན་པ་ཞེས་བྱའོ། །
གཉིས་པ་ནི། འདུ་བྱེད་ཀྱི་དྲན་པས་བློ་ལས་སུ་རུང་བར་གྱུར་པ་ན་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱིས་གྲོལ་ལུགས་གཉིས་པ་རྣམ་རྟོག་སྦྲུལ་གྱི་མདུད་པ་ཞིག་པ་ལྟ་བུའི་མན་ངག་ལ་བརྟེན་ནས་སེམས་ལས་འདས་པའི་རིག་པ་ལམ་དུ་བྱ་སྟེ། དེ་ལ་ནི་རྟོག་གེས་དཔྱད་ར་དང་སྟོང་ཉིད་ཀྱི་དཔྱད་སྒོམ་རྐྱང་པ་ཙམ་ཞིག་གིས་མི་ཆོག་པས། སངས་རྒྱས་སྒྲུབ་པའི་ལམ་མྱུར་བའི་ནང་ནས་མཐར་ཐུག་པ་ཞིག་ཡོད་པ་དེ་ཉིད་ཁོ་ན་ལ་ཆིག་སྒྲིལ་བྱ་བ་ཡིན་ནོ། །དེའང་མཉམ་པར་འཇོག་ས་ཤ་སེལ་རུས་སེལ་ཞིག་ལ་སྟོང་ཉིད་ལས་ལྷག་པ་མེད་མོད་ཀྱི། འཇོག་བྱེད་ཀྱི་ཐབས་ལ་ནི་རྡོ་རྗེ་ཐེག་པ་བླ་མེད་ཤིན་ཏུ་འཕགས་ཏེ། རྒྱུད་ལས། གང་ཕྱིར་དམ་པའི་བདེ་བས་ཁྱོད། །ཚེ་འདི་ཉིད་ལ་རབ་འགྲུབ་འགྱུར། ཞེས་གསུངས་པ་ལྟར་རང་བཞིན་ལྷན་ཅིག་སྐྱེས་པ་ཡེ་གྲོལ་ཐོག་མའི་མགོན་པོ་ཉིད་མངོན་དུ་བྱས་པ་ལ་བརྟེན་ནས་སྐད་ཅིག་རེ་རེས་ཀྱང་བསྐལ་པ་མང་པོའི་ཚོགས་ཀྱི་དོད་ཐུབ་ཡོང་བས། སྤྱིར་སྔགས་བླ་མེད་ཀྱི་རིམ་པ་གཉིས་ནས་ཡོངས་སུ་གྲགས་པའི་མཆོག་ཏུ་འགྱུར་མེད་ཀྱི་ཡེ་ཤེས་ཉིད་ཟབ་མོའི་ཕྱོགས་ཐུན་མོང་མ་ཡིན་པ་དང་། དེ་མངོན་དུ་བྱ་ལུགས་ཀྱང་དང་པོ་བླ་མེད་ཀྱི་སྔགས་ལམ་དུ་ཞུགས་ནས་རིག་པ་རྗེན་འདེད་འབའ་ཞིག་ཏུ་གཏོང་བའི་ཉམས་ལེན་བསྟན་བྱའི་གཙོ་བོར་མཛད་པ་ནི་རྫོགས་པ་ཆེན་པོའི་གཞུང་གི་ཚོགས་ཁོ་ནར་ཟད་པའི་ཕྱིར་ལམ་གྱི་གནད་ཤེས་ནས་མྱོང་བ་འདོན་དགོས་སོ། །འདོན་ལུགས་དངོས་ནི། སྔར་བླ་མས་ངོ་སྤྲད་པའི་རིག་པ་དེ་ཉིད་ཉམས་ལེན་གྱི་དངོས་གཞིར་བཞག་སྟེ་དེ་ཀའི་ངང་ལ་བཟོ་བཅོས་མེད་པར་ཕྱམ་གྱིས་བཞག་པས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པ་ཙམ་དང་པོ་ནས་མ་བྱུང་རུང་། དེ་དག་ཐམས་ཅད་རྩིས་མེད་དུ་སོང་ནས་ནད་ཆེན་པོས་གཟིར་བའི་མི་ལ་ཟ་འོག་གི་ལྟད་མོ་ཇི་ལྟར་བསྟན་ཡང་བློའི་འཛིན་སྟངས་སྡུག་བསྔལ་གྱིས་ནོན་པའི་ཕྱིར་དེ་ལ་བལྟ་རྟོག་མི་གཏོང་བ་བཞིན་དུ། བློའི་འཛིན་སྟངས་འོད་གསལ་གྱི་རྣམ་པས་འཕྲོག་པ་དུང་དུང་བ་ཞིག་ཡོང་རྒྱུ་ཡིན། དེའང་རིག་པ་རྒྱུན་སྐྱོང་ཟེར་བ་བླ་མས་ངོ་སྤྲོད་པའི་ཡེ་ཤེས་དེ་ངའོ་སྙམ་པ་དང་སྔར་གྱི་ངོ་སྤྲོད་བཏབ་ལུགས། བསམ་མནོ་བཏང་བ་ལྟ་བུ་ཞིག་མིན་གྱི་ཀུན་རྟོག་བརྒྱད་ཅུ་ལས་རླུང་བག་ཆགས་དང་བཅས་པའི་མཐར་ཐུག་གི་ཡལ་ས་ངོས་བཟུང་ནས་དེའི་རྣམ་པ་མ་བརྗེད་ཙམ་དུ་བསྡད་ན་ཁྲེགས་ཆོད་ཀྱི་སྒོམ་ཐམས་ཅད་ཀྱི་སྙིང་རྡོ་དེ་ཀ་རང་ཡིན། དེ་ལྟར་རིག་ངོ་མ་བརྗེད་པའི་དྲན་པ་ལ་ཆོས་ཉིད་ཀྱི་དྲན་པ་ཟེར་བའི་གནད་ནི། སྤྱིར་རྒྱུད་སྡེ་མང་པོ་ནས་འོད་གསལ་དོན་དམ་བདེན་པའི་ཐ་སྙད་སྦྱར་བ་ཆེས་མང་ཞིང་དེའི་དོན་ཡང་། དོན་གྱི་འོད་གསལ་མ་མཐོང་བར་རིག་སྟོང་ཁ་སྦྱར་དཔྱིས་ཕྱིན་པ་ཞིག་མི་འོང་ཡང་། ཁོ་རང་གི་ངོ་བོ་ཡེ་ནས་སྟོང་གསལ་བརྗོད་དུ་མེད་པའི་རྣམ་པ་ཅན་ཡིན་པ་ལྟར། འདིར་ཡང་རྒྱུ་མཚན་དེ་ཉིད་ཀྱི་སྒོ་ནས་ཆོས་ཉིད་དུ་བཏགས་པའི་ཁྱད་པར་སྟོང་ཉིད་བཅུ་དྲུག་སོགས་ཕྱེ་བའི་རྣམ་པའང་སྟོང་གཞིའི་སྟེང་ནས་ཡིན་པ་ལྟར། འདིར་ཡང་སྟོང་ལུགས་དབུ་མའི་གཞུང་ནས་བཤད་ཚུལ་དང་ཁྱད་མེད་མོད་ཀྱི། སྟོང་གཞི་རིག་པ་ཡིན་པའི་སྒོ་ནས་དེའི་སྟོང་ཉིད་ཀྱང་ཁྱད་པར་བ་ཞིག་འཇོག་རྒྱུ་ཡོད་དེ། སེམས་ཅན་དང་སངས་རྒྱས་འཕགས་པ་གཉིས་ཀྱི་སྟོང་ཉིད་ལ་སྟོང་ལུགས་འདྲ་ཡང་སྟོང་གཞི་མི་འདྲ་བའི་སྟེང་ནས་ངོ་བོ་ཉིད་སྐུ་ཡིན་མིན་གཉིས་འོང་བ་བཞིན་ནོ། །དེ་ཕྱིར་དེ་འདྲའི་འོད་གསལ་གྱིས་སེམས་སྟོང་གཞིར་བྱས་པའི་ཆོས་ཉིད་ཀྱི་ངང་མ་བརྗེད་པའི་དྲན་པ་ཡིན་པའི་ཕྱིར་བརྡ་ཆད་དེ་ལྟར་མཛད་དོ། །
གསུམ་པ་ནི། མཉམ་བཞག་ཏུ་རིག་ངོ་དེ་ལྟར་སྐྱོང་བར་མ་ཟད་རྗེས་ཐོབ་ཏུའང་ཡུལ་དྲུག་ཤེས་དབང་དང་བཅས་པ་སྤྲོས་པའི་མཐའ་ཀ་ནས་དག་པ་འོད་གསལ་གྱི་སེམས་སམ་ཀུན་ཏུ་བཟང་པོ་གཞི་གྲོལ་གཉུག་མའི་སྐུ་ལས་མ་གཡོས་བཞིན་དུ་རིག་པའི་རྩལ་དེ་ལྟར་ཤར་བ་ལ་ངེས་པ་དྲངས་ཏེ་ལྷུན་གྲུབ་ཀྱི་གདངས་དག་པ་རབ་འབྱམས་ཀྱི་ལམ་ཁྱེར་ལ་སྒྲིལ་ལུགས་ཀུན་མཁྱེན་བླ་མ་གཉིས་པའི་སྒོམ་ཕྱོགས་དྲིས་ལན་སྐོར་དུ་གསལ་བ་བཞིན་ཉམས་སུ་བླང་། འདིར་ཡང་སྤྱིར་ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་གིས། ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཆོས་ཐམས་ཅད་རིག་པ་རྗེན་པར་རྟོགས། །ཞེས་གསུངས་པ་ལྟར་གནད་གོ་ན་རྫོགས་ཆེན་ཁྲེགས་ཆོད་ཀྱི་ལམ་ཕལ་མོ་ཆེ་སྣང་ཤེས་གཞི་གྲོལ་གྱི་གོ་དོན་ལ་ཐུག་པ་ཡིན་ཏེ། འཇིག་རྟེན་ན་བརྟན་པ་དང་གཡོ་བའི་སྣང་ཆ་ཐམས་ཅད་ལས་ལས་བྱུང་ཞིང་ལས་ཀྱི་རྩ་བ་སེམས་ཡིན་ལུགས་ནི་ཁམས་གསུམ་ན་སེམས་གཙོ་བོར་ཟླ་བའི་ཞབས་ཀྱིས་འཇུག་འགྲེལ་དུ་སྒྲུབ་ཅིང་། འདིར་ནི་དེ་ཙམ་གཞིར་བཞག་ཏུ་མ་ཟད་ཁམས་གསུམ་ན་གཙོ་བོར་གྱུར་པའི་སེམས་དེའང་རླུང་གི་བཞོན་པ་ཅན་དང་། རླུང་ཐམས་ཅད་ཀྱི་སྐྱེད་སྡུད་བྱ་བ་མཐར་ཐུག་དུར་ཁྲོད་ཕུང་པོའི་བར། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་གཟུང་འཛིན་རྩལ་དུ་ཤར། །ཞེས་སེམས་ཀྱི་བདག་པོའམ་བསྐྱེད་གཞིའི་མཐར་ཐུག་འོད་གསལ་གྱི་ཡེ་ཤེས་ཡིན་པར་གསུངས་པ་ལྟར། རིག་པ་ཉིད་ལ་ཐུག་ལུགས་ཀྱི་གོ་བ་ཞིབ་ཏུ་སྦྱར་བ་ན། དེང་སང་གི་བླུན་སྒོམ་མ་རྟོགས་རྟོགས་བརྫུའི་རིགས་ཕལ་ཆེར་རིག་པའི་རྩལ་ཞེས་པའི་གོ་དོན་མཐར་ཐུག་རྣམ་རྟོག་ལ་ཕོ་གྲི་མོ་མདུང་གིས་ངན་སྐྱེལ་མི་བྱེད་ཙམ་ལས་ཅི་ཡང་མེད་པར་གྲུབ་མཐའ་འཆའ་བ་རྣམས་ཀྱི་རྫུན་རྐུབ་རྡོལ་བ་ཡིན། དེ་ལྟར་རྗེས་སྣང་གི་སྤྱོད་ཡུལ་ཐམས་ཅད་རིག་རྩལ་སྒྱུ་མའི་རྣལ་འབྱོར་དུ་ཁྱེར་བ་ནི། དེའི་ཚུགས་མི་འཆོར་བའི་ཁྱབ་གདལ་གྱི་དྲན་པའི་ངང་བསྐྱང་ན་སླར་དེ་ཉིད་ལ་བརྟེན་ཏེ་མཉམ་བཞག་གི་རིག་པ་འདྲེན་ནུས་ཚུལ་ནི་རྒྱུད་སྡེ་འདིར་མ་ཟད་རྣལ་འབྱོར་ཆེན་པོའི་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་ཤིན་ཏུ་གསལ་བར་བཤད་དོ། །
བཞི་པ་ནི། གྲོལ་ལུགས་གསུམ་གྱི་རྣམ་གཞག་ཀྱང་རྫོགས་ཆེན་སྒོམ་པའི་དུས་ལ་ལྟོས་ནས་ཡིན་གྱིས། རྟོགས་པའི་དུས་ཀྱི་དབང་དུ་བཤད་པ་མིན་ནོ། །དེའི་རྒྱུ་མཚན་རྫོགས་པ་ཆེན་པོའི་བསམ་གྱིས་མི་ཁྱབ་པའི་རིག་པ་ནི་ཀུན་རྟོག་གི་མཚན་མ་མ་ཟད་སྣང་བ་གསུམ་གྱི་སེམས་ལས་ཀྱང་རྣམ་པར་གྲོལ་བའི་འོད་གསལ་ཡིན་པར་ཐེག་པའི་རྒྱལ་པོ་འདིའི་དོན་གྱི་ཤིང་རྟ་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞབས་ཀྱང་བཤད་དེ། སྐུ་གསུམ་ཞིང་སྦྱོང་དུ་སྣང་གསུམ་འཆར་ལུགས་བཤད་ནས། མཐར་དོན་གྱི་འོད་གསལ་གྱི་རྣམ་པ་བསྟན་པའི་དེ་མ་ཐག་པར། དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་ཀློང་། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །ཅེས་སོགས་བརྗོད་ཀྱིས་མི་ལང་བ་ཞིག་བཤད་པ་ཡིན་ཏེ། དེ་ལྟར་འོད་གསལ་འཆར་བ་དང་རྫོགས་ཆེན་མངོན་སུམ་རྟོགས་པ་དོན་གཅིིག་ཏུ་དགོས་ཤིང་། རླུང་དབུ་མར་མ་ཞུགས་ཀྱི་རིང་ལ་དེ་མི་འོང་བར་ཀུན་མཁྱེན་གྱིས། གཟུང་འཛིན་གྱི་ལས་རླུང་དབུ་མ་རུ་ཚུད་པས་རྫོགས་ཆེན་ཁོས་བསླུས་ཡོང་བསམ་པ་རང་མི་གདའ། ཞེས་སོགས་གསུང་། དེ་ཙ་ན་རླུང་དབུ་མར་འདུ་ཤུགས་ཅུང་དྲག་པ་ནས་བརྩམ་སྟེ། མཉམ་བཞག་གི་དངོས་གཞིར་ལས་རླུང་དང་། དེ་ལ་བརྟེན་པའི་རྣམ་རྟོག་གི་རྒྱུ་བ་རྣམས་རང་འགགས་སུ་འགྲོ་བ་ཡིན་ན། གྲོལ་ལུགས་གསུམ་ནི་རྣམ་རྟོག་མ་ནུབ་པའི་ཐད་ནས་ཉམས་ལེན་སྐྱོང་ལུགས་སུ་འདུག་པའི་ཕྱིར་རོ། །
རྫོགས་ཆེན་མངོན་སུམ་དུ་མཐོང་བ་རྫོགས་པ་ཆེན་པོའི་སྦྱོར་ལམ་ནས་འོང་ཞིང་། རྫོགས་ཆེན་སྒོམ་པ་ཚོགས་ལམ་ནས་ཡོད་པ་དང་། རྣམ་རྟོག་ལ་འདོར་ལེན་གཙོ་བོར་མི་བྱེད་པར་འཇོག་པ་ཕྱི་མ་དང་། དེའི་སྟོབས་ཀྱིས་སྔ་མའི་དྲོད་ཚད་ཀྱང་ཞར་ལ་འབྱུང་བ་སོགས་རྡོ་རྗེའི་ལམ་འདིའི་འགྲོ་ཕྱོགས་ཙམ་ཡང་མ་མཐོང་བའི་སྒོམ་ཆེན་པ་ཁ་ཅིག་ལ། ངེད་ཀྱི་ཀུན་རྟོག་དབྱིངས་སུ་ནུབ་པའི་ཉ
མས་ལེན་གྱི་གནད་ལབ་པ་ཡང་སྔོན་མེད་བྱ་རོག་དཀར་པོ་མཐོང་གིན་གདའ་སྟེ། འོན་ཀྱང་གཡག་སྣ་ཁུ་ཚུར་གྱི་གཏམ་སྨྱོ་འགྲོས་མར་བཤད་པ་ཡིན་ལགས། དེ་ལྟར་ཚུལ་འདིས། ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །ཞེས་པའང་རྫོགས་པ་ཆེན་པོའི་འོད་གསལ་གྱི་སེམས་དེ་ཉིད་ལྷག་གེར་མཐོང་བ་ན་ཡེངས་ཡུལ་གྱི་ཡུལ་དྲུག་དང་ཡེངས་མཁན་གྱི་གཉིས་འཛིན་ཐམས་ཅད་ལས་རླུང་ཟད་པའི་ལག་རྗེས་སུ་རང་དྭངས་ཆེན་པོར་ཐལ་བའི་དོན་ཡིན་གྱི་ཡེངས་མི་དགོས་པའི་བརྟན་ཆ་ཙམ་ཞིག་བསྟན་པ་མིན། འདི་ལ་ནི་ཇི་སྲིད་དུ་རླུང་གི་གཡོ་བ་ལ་བརྟེན་ནས་མཉམ་བཞག་གི་རིག་པ་རྩལ་གྱི་རྣམ་པར་རྟོག་པ་སྣང་གསུམ་དང་བཅས་པས་རང་ཞལ་བསྒྲིབས་ཏེ། རྣལ་འབྱོར་པས་ཉམས་མྱོང་རང་མལ་ནས་བསླང་བར་མ་གྱུར་པ་དེ་སྲིད་དུ་སེམས་ཀྱི་རྡོ་རྗེའི་ངང་མ་ཤོར་བ་ཉིད་ལ་དྲན་པའི་ཐ་སྙད་བཞག་གིས། དྲན་ལུགས་སྔ་མ་རྣམས་དང་ཡེ་མི་མཐུན་པར་ཤེས་དགོས་སོ། །
ལྔ་པ་ནི། མཉམ་བཞག་གི་ཉམས་ལེན་དེ་དང་རྗེས་ཐོབ་ཀྱི་སྣང་ཆ་གཉིས་ནུས་པ་བསྲེས་ཏེ། སྣང་རིག་འོད་གསལ་གྱི་གདངས་སུ་རྟོགས་པའི་མྱོང་བ་ལ་རྩལ་འདོན་བྱ་བ་སྟེ། འདི་དང་ས་བཅད་གསུམ་པ་གཉིས་པོ་ཕྱོགས་མཚུངས་ཡང་། སྔ་མ་ནི། རིག་ངོ་སྒོམ་པའི་དུས་སུ་ཐུན་མཚམས་ཀྱི་ཉམས་ལེན་སྐྱོང་ལུགས་དང་། འདི་ནི་མྱོང་སྟོབས་ཀྱིས་རིག་པ་འདྲེན་ནུས་པའི་ས་མཚམས་ནས་རྗེས་སྣང་ལམ་ཁྱེར་བྱ་ལུགས་ཡིན་པས། དེ་གཉིས་མཉམ་བཞག་ཏུ་རླུང་དབུ་མར་ཞུགས་མ་ཞུགས་ཀྱི་སྟེང་ནས་ཉམས་ལེན་ལ་ངར་ཆེ་ཆུང་གི་ཁྱད་ཐང་ཆེན་པོ་འོང་བ་བཞིན་དུ། རྗེས་སྣང་དུའང་ནུས་པ་བསྲེ་ལུགས་ལ་ཁྱད་ཆེན་པོ་ཞིག་འོང་ངོ་། །
དྲུག་པ་ནི། རྫོགས་པ་ཆེན་པོའི་ལམ་ལྔའི་རྣམ་གཞག་ཡང་ཡིག་ནམ་མཁའ་ཀློང་ཡངས་སུ་ཇི་སྐད་བཤད་པའི་ནང་མཐོང་ལམ་གྱི་རྟོགས་པ་མངོན་དུ་གྱུར་ཕན་ཆད་དྲན་པ་འདི་ཉིད་འོང་བ་བཤད་པར་སྣང་ལ། དེའི་ཚུལ་ཡང་སྤྱིར་རྫོགས་པ་ཆེན་པོ་མཐོང་མ་མཐོང་དང་། རྫོགས་ཆེན་ལྷུན་གྲུབ་ཀྱི་རིག་པ་ཆོས་ཉིད་ཟབ་མོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་མ་མཐོང་ལ་ཁྱད་པར་ཆེན་པོ་ཡོད་དེ། སྔ་མ་འདི་སྦྱོར་ལམ་དང་། ཕྱི་མ་མཐོང་ལམ་ནས་འབྱུང་བའི་ཕྱིར་ཏེ། ལམ་ལྔའི་རྣམ་གཞག་རགས་པ་ཙམ་རེ་ཆགས་ཀྱང་འདི་འདྲའི་གོ་བ་ནི་ཤིན་ཏུ་སླ་མོད་དེ། དེང་སང་ནི་རིག་སྟོང་ཁ་སྦྱར་གྱི་འབྲུ་དོན་འདི་ཙམ་ཡིད་ངོར་འཆར་བ་ཉུང་བས་སོ། །དེའི་ཕྱིར་འོད་གསལ་གྱི་རིག་པ་འཁྲུལ་རྟོག་ཐམས་ཅད་ཀྱིས་མ་བསླད་པའི་ཕྱིར་རྟོག་མེད་ནམ་མཁའ་ལྟ་བུའི་ཐ་སྙད་སྦྱར་བ་ནི་ཕྱོགས་སྔ་མར་ཡང་ཡོད་མོད་ཀྱི་དེ་ཉིད་བསམ་གྱིས་མི་ཁྱབ་པའི་མཐའ་བྲལ་སྟོང་པ་ཉིད་གཉིས་སྣང་ཕྲ་མོ་ཡང་ནུབ་པའི་ཡེ་ཤེས་ཀྱི་ངོ་བོར་སོན་པ་ནི་ཕྱོགས་ཕྱི་མ་ཁོ་ན་ལ་གཞག་དགོས་པས་མཚོན་བརྗོད་ལས་འདས་ལུགས་ཁྱད་པར་བ་ཞིག་ཡིན་ནོ། །དེ་དག་གི་རྣམ་གཞག་རྒྱ་ཆེར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྗེས་འབྲང་དང་བཅས་པའི་གསུང་རབས་ཀྱི་ཕུང་པོ་མཐའ་ཡས་པ་ཞིག་རྒྱབ་ཆོས་སུ་བྱར་ཡོད་མོད་དེ་རེ་ཞིག་བཞག་གོ །
སྤྱིར་ཆོས་ཟད་ཅེས་པ་སྣང་བཞིའི་ནང་ཚན་གྱི་དེ་དང་། སྐབས་འདིའི་དེ་ལ་ཁྱད་པར་ཡོད་པའི་ཕྱོགས་བཟུང་ན་སྣང་བཞིའི་ནང་ཚན་གྱི་ཚད་ཕེབས་ཀྱང་དེར་འདུ་ལ། དེ་གཉིས་ལ་ཁྱད་པར་མེད་པའི་ཕྱོགས་བཟུང་ན་ཚད་ཕེབས་དང་། མཐར་ཐུག་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཉིས་ཕྱོགས་མཐུན་དུ་བསྡུ་བ་སོགས་ཤེས་པར་བྱའོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་དག་གིས། དང་པོ་ཞི་གནས་བསྒྲུབ་ཚུལ། བར་དུ་འོད་གསལ་སྒོམ་ལུགས། ཐ་མ་རྫོགས་ཆེན་འཆར་ལུགས། དེ་ལས་འབྲས་བུ་འགྲུབ་ཚུལ་ཏེ། ཐེག་པའི་རྒྱལ་པོ་འདིའི་ལམ་འབྲས་བུ་དང་བཅས་པ་ཞིག་བསྡུས་པར་གྱུར་པ་ཡིན་ནོ། །ཐེག་མཆོག་རྨད་བྱུང་རྒྱལ་པོའི་གཏམ། ཟིལ་བའི་ནང་ནས་ཟིལ་པ་དང་། །དུམ་བུ་ལས་ཀྱང་དུམ་བུ་ཞིག །བྲིས་འདིས་འཇིག་རྟེན་དགེ་བྱེད་ཤོག །ཅེས་པའང་དད་ལྡན་གྱི་སློབ་མ་འགྱུར་མེད་རྡོ་རྗེའི་ངོར་སྤྲང་པོའཇིགས་མེད་པས་ཇ་བར་ཞིག་ལ་ཤར་མར་བྲིས་པ་དགེ་ཞིང་བཀྲ་ཤིས་སོ། །དགེའོ།། །།
རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་ཚུལ། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ།
༄༅། །རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་ཚུལ། སྤྱིར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ཡོད་པ་ལས། དང་པོ་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་དེ་ལ། རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟག་པ་དང་གསུམ་ཡོད་པ་ལས། དང་པོ་རྩད་བཅད་པ་ནི། རྐུན་པོ་ངོས་འཛིན་ལྟ་བུའི་མན་ངག་ཁམས་གསུམ་འཁོར་བའི་འཁོར་རྩ་ངོས་ཟིན་དགོས་པ་ཡིན། འདིའི་སྐབས་སུ་དེང་སང་གི་ཁྲིད་མཁན་ཕལ་ཆེར་གྱི་སློབ་བུ་རྣམས་ལ་ཁྱོད་ཀྱི་ལུས་ངག་ཡིད་གསུམ་གཙོ་གང་ཆེ་དཔྱོད་ཀྱིས་ཟེར། དེས་ཀྱང་ཁ་ཁ་རྒྱུག་མཆུ་མཆུ་རྒྱུག་ཙམ་གྱིས་ཁོས་ཅིག་བསམ་འདུག་གི་ཐོག་མར་འཁྲུལ་མཁན་སོགས་སེམས་ཡིན་པས་སེམས་གཙོ་ཆེ་ཟེར། ཡང་དེ་ལ་ཁྱོད་ཀྱི་སེམས་ལ་ཁ་དོག་དང་དབྱིབས་གཟུགས་སོགས་ཡོད་མེད་དང་བྱུང་གནས་འགྲོ་གསུམ་ལ་རྟོག་དཔྱོད་ཀྱིས་དང་ཟེར། དེས་ཀྱང་ཅི་ཡང་མེད་གི་ཟེར་བ་ཙམ་ན་ཁྱོད་ཤེས་ཡོད་གི་ད་མ་བཅོས་པར་ཞོག་ལ་ཨ་གཏད་སོགས་སུ་ལྟོས་ནས་བསྒོམ་ཟེར་ན་འང་། དེ་འདྲ་འཆད་པ་ལ་ཕྱི་སྒོ་ཕྱི་ནས་བསྡམ། ནང་སྒོ་ནང་ནས་བསྡམས་སྟེ་གསང་རྒྱ་དམ་པོར་བྱེད་མི་དགོས་དེ་ཕྱག་རྫོགས་དབུ་གསུམ་གང་གི་ཡང་ལུགས་མ་རེད། དེ་ལྟ་བུ་ཞིག་ཇོ་རྒན་མ་ཞིག་གིས་ཀྱང་ཤེས་ནུས་པས་དེ་ཙམ་སྟོན་པའི་ཆེད་རྡོ་རྗེ་འཆང་བྱོན་ཡང་མི་དགོས་པའི་སྲོལ་ངན་དེ་ཕྱིན་ཆད་སྣུབ་ཐུབ་དགོས་གསུངས། རང་ལུགས་ལ་གང་ཟག་གི་བདག་འཛིན་འཁོར་རྩར་བཞེད་པས་བློ་ཕྱིན་ཅི་ལོག་གི་ངོར་ཕུང་པོ་ལྔའམ་ལུས་ངག་ཡིད་གསུམ་ལ་བདག་གམ་ངར་སྣང་ངོ་། །དེ་ལ་བདག་ཏུ་འཛིན་པའམ་ངར་འཛིན་པར་བྱེད་པའི་དེ་ཉིད་དགག་བྱའི་སྣང་ཚུལ་ངེས་པ་ཟེར་བ་ཡིན་པས་གང་ཟག་གི་བདག་འཛིན་འཁོར་རྩར་བཞེད་པ་ཡིན། ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་ཡིན་པར་འདོད་དོ། །རྒྱལ་ཚབ་བྱམས་པས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་པ་དེ་མདོ་ནས་སྔགས་ཀྱི་བར་དུ་དེ་ལྟར་ཁས་ལེན་པ་ལས། གཞན་དུ་སྒྱུར་མི་དགོས། གཞན་གྱི་ལྷན་པོ་རྒྱག་མི་དགོས། གཞན་དང་བསྲེ་མི་དགོས་བསྲེ་ན་མི་འགྲིགས་ཏེ། ཇི་ལྟར་མི་འགྲིག་ན། ཕྱི་རབས་པ་དག་གིས་དགག་བྱ་ལ་བདེན་གྲུབ་སྦྱར་ནས་དེ་ཉིད་དགག་བྱ་ངེས་པར་བཞེད་ནས་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པས་ཆོས་ཀྱི་བདག་འཛིན་ཡང་འཁོར་རྩར་བཞེད་པས་གང་ཟག་གཅིག་གིས་བློ་ངོར་འཁོར་རྩར་འདོད་ཚུལ་མི་འདྲ་བ་གཉིས་བཟུང་མི་བདེ་བས་མི་འགྲིག །གཞན་ཡང་རང་ལུགས་ལ་ཉན་རང་གིས་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པར་མ་རྟོགས་པར་འདོད་པ་དང་། གཞན་གྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པར་འདོད་པ་སོགས་ཡིན་པས་དེ་གཉིས་བསྲེ་ན་མི་འགྲིག་པས། དཔེར་ན་གྲོ་མ་དང་མར་ཁུ་བསྲེས་པ་ལྟ་བུའི་གཅིག་ལ་གཅིག་གིས་ཕན་ཐོག་པ་གཅིག་གྲོགས་གཅིག་གིས་བྱེད་པ་ཞིག་ཡིན་ན་བསྲེ་ཆོག་པ་ལ་དེ་མིན་པས་བསྲེ་མི་དགོས། དཔེར་ན་རང་ལུགས་ལ་ངེས་ཤེས་གཏིང་ནས་སྐྱེ། ཕུ་ཐག་ནང་ནས་ཆོད་པར་བྱེད་པ་གལ་ཆེ། གཞན་ལུགས་ལ་ཡང་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་དད་པ་དག་སྣང་བྱེད་པ་གལ་ཆེ་བས་དེ་ནི་སྐྱེ་བོ་ཡ་རབས་ཀྱི་ལུགས་ཡིན་གསུངས། སྤྱིར་བོད་འདིར་གྲུབ་མཐའ་ཉི་ཚེ་ཞིག་དང་བདུན་ཡོད་པས་དེ་དག་ཐམས་ཅད་ལ་རང་རང་གི་ལམ་ནས་རྣམ་གྲོལ་བྱང་ཆུབ་སྒྲུབ་པའི་ལམ་ཚང་ལ་མ་ནོར་བ་རེ་ཡོད་པ་ཡིན་པས་དེ་རྣམས་ཕན་ཚུན་བསྲེ་མི་དགོས་གསུངས།
༈ གཉིས་པ་མཚང་བཙལ་བ་ནི། བདག་འཛིན་དེས་ཇི་ལྟར་འཛིན་ན་རིལ་པོ་གཅིག་བདེན་དུ་འཛིན། དེ་ཉིད་ལྡོག་བྱེད་གཅིག་གི་གཉེན་པོ་དུ་མ་ཡིན་པས་ཕུང་པོ་ལྔ་དང་། དེ་ཡང་གཟུགས་ཀྱི་ཕུང་པོ་ལྟ་བུ་ལ་མཚོན་ན་རྡུལ་ཕྲན་ཆ་མེད་དུ་བཤིག་ན་གཅིག་ཡིན་པ་དང་འགལ་ལ་བདེན་པའི་གཉེན་པོ་རྫུན་པ་དང་མི་རྟག་པ་ཡིན་པས་སྐད་ཅིག་སྐད་ཅིག་གིས་འགྱུར་བའི་བདག་ཉིད་ཅན་དེ་ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་དང་། རགས་པ་རྒྱུན་གྱི་མི་རྟག་པ་ཡིན་པས་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལས་བདེན་པར་གྲུབ་པ་མེད་པའི་ཕྱིར་ན་དེ་ལྟར་རྟོགས་ཚེ་བདག་འཛིན་རང་ལོག་ཏུ་འགྲོ་བས་གང་ཟག་གི་བདག་མེད་རྟོགས་པ་རེད། ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པའི་སྐབས་འདིར་སེམས་གཙོ་ཆེ་བར་འདོད་ཀྱང་། ཞིབ་པར་བརྟགས་ན་ལུས་ཀྱང་གཙོ་ཆེ་སྟེ། སངས་རྒྱས་ཀྱི་བསྟན་པའི་སྒོར་འཇུག་པ་ལ་སོར་བྱང་སྔགས་གསུམ་མིན་པའི་སྒོར་འཇུག་ཚུལ་མེད་པས་དེས་ན་དང་པོར་སོ་སོར་ཐར་པའི་སྡོམ་པ་རྒྱུད་ལ་སྐྱེ་བ་ལ་གླིང་གསུམ་ཀྱི་སྐྱེས་པ་བུད་མེད་དང་། དེའི་ནང་ནས་ཀྱང་འཛམ་བུའི་གླིང་གི་ལུས་རྟེན་ཁྱད་པར་ཅན་དགོས་ཏེ། གཞན་ལྷ་དང་། ཀླུ་དང་། ནམ་མཁའ་ལྡིང་སོགས་ལ་མི་སྐྱེ། སངས་རྒྱས་དངོས་སུ་བྱོན་ཀྱང་ཕན་པའི་ཐབས་མེད། ལྷ་དང་ཀླུ་ལ་སོགས་པ་ལ་བྱང་སེམས་ཀྱི་སྡོམ་པ་ཙམ་སྐྱེ་བ་ཡོད་ཀྱང་སེམས་ཁོ་ནས་མི་ཡོང་ལུས་ངག་ཡིད་གསུམ་ཚོགས་དགོས། སྔགས་བླ་མེད་ཀྱི་སྒོར་འཇུག་པ་ལ་ཁམས་དྲུག་ལྡན་གྱི་མིའི་ལུས་རྟེན་ཞིག་མིན་ན་དབང་བཞིའི་སྣོད་དུ་མི་རུང་སྟེ་མཚུངས་ལྡན་གྱི་རྒྱུ་མེད་པའི་ཕྱིར། དེ་བཞིན་ཏུ་དལ་འབྱོར་བཅོ་བརྒྱད་ཚང་བ་ལ་ཡང་ལུས་གཙོ་ཆེ་སྟེ་དཔེར་ན་བྱིས་པ་བཙས་མ་ཐག་པ་ཞིག་ལ་མིག་དང་རྣ་བ་གཉིས་ཀ་མེད་ན་མཐོང་ཐོས་གང་ཡང་མེད་པས་ཆོས་དང་འཇིག་རྟེན་གཉིས་ཀྱི་བྱ་བ་ཅུང་ཟད་ཙམ་ཡང་བསྒྲུབ་མི་ཤེས་པས་ལུས་ཀྱང་གཙོ་ཆེ་སྟེ། དེ་བཞིན་ཏུ་ངག་ཀྱང་གཙོ་ཆེ་བར་གསུངས་ཏེ་སྤང་བླང་གི་གནས་སྟོན་པ་ལ་ངག་མཚན་ཉིད་ཚང་བ་སྨྲ་ཤེས་ཤིང་བརྡ་འཕྲོད་པ་ཞིག་ངེས་པར་དགོས་ཏེ། དེ་མེད་ན་དུད་འགྲོའི་སྒྲ་སྐད་ཙམ་གྱིས་མི་ཕན། ལུས་ངག་ཡིད་གསུམ་ལ་བརྟེན་ནས་འབྱུང་སྟེ། ལུས་ཀྱི་བྲང་དང་མིད་པ་ལྕེ་དང་སོ་རྐན་སོགས་ལ་བརྟེན་ཏེ་སེམས་ཀྱིས་ཀུན་ནས་བསླངས་སྟེ་རླུང་གི་རྟ་ལ་ངག་ཡི་གེ་ཕྲེང་བ་ལ་བརྟེན་པ་ཚིག་དོན་ཐམས་ཅད་འབྱུང་བས་ངག་གཙོ་ཆེ། སེམས་རྣམ་ཤེས་ཚོགས་བརྒྱད་དང་འཁོར་སེམས་བྱུང་ལྔ་བཅུ་དང་བཅས་པ་དེ་མེད་ན་རོ་རེད། ཐོག་མར་འཁོར་བར་སྐྱེ་བ་པོ་སེམས་རེད་ལུས་ངག་གཉིས་འདོར་ལེན་བྱེད་འགྲོ་ནི་རེད། བདག་འཛིན་མ་རིག་འཁྲུལ་བའི་དབང་གིས་སྣང་། སྣང་བ་ལྟར་ཏུ་ཞེན། ཞེན་པ་ལྟར་ཏུ་ཨ་འཐས་བདེན་འཛིན་གྱིས་བདག་དང་བདག་གིར་འཛིན་པའམ་ང་དང་ང་ཡི་བར་འཛིན་པ་སོགས་འབྱུང་བ་ཡིན་པས་ཕྱུག་དང་ཕྱུག་རྫི་ལྟ་བུའི་ཚུལ་ཀྱིས་བདག་གིར་འཛིན་པའམ་ང་ཡི་བར་འཛིན་ནི་རེད། སྤྱིར་འཁོར་བ་ཡ་མཐའ་ཐུག་མེད། སྐྱེ་བ་ཡ་མཐའ་ཐུག་མེད། འཁྲུལ་བ་ཡ་མཐའ་ཐུག་མེད་ནས་ཐ་མ་དེ་རང་ད་ལྟ་ལ་མ་ཐུག་གི་བར་དུ་སྲིད་པ་འཁོར་བ་འདིར་འཁྱམས་ནི་རེད། དེའི་གནས་སྐབས་ནའང་འཁྱམ་པ་པོའི་གང་ཟག་དེ་ལ་མ་དག་འཁོར་བའི་གནས་ན་ལུས་ངག་ཡིད་གསུམ་མི་ཚང་བའི་སེམས་ཤིག་མེད། གང་དུ་འཁྱམས་པའི་གནས་དེ་ལ་རིག་དྲུག་འཁོར་བའི་གནས་རིས་དྲུག་ཡོད་པས་ལུས་ཀྱང་ཐ་དད་དོ། །འདོད་ཁམས་ཀྱི་ལུས་ནི་གདོས་བཅས་ཤ་ཁྲག་གི་ལུས། གཟུགས་ཁམས་རྣམས་སུ་དྭངས་མ་འོད་ཀྱི་ལུས། གཟུགས་མེད་ན་ཏིང་ངེ་འཛིན་ཡིད་རིག་གི་ལུས་ཡོད་པར་ཐེག་ཆེན་པའི་བཞེད་པ་ལྟར་ལུས་ངག་ཡིད་གསུམ་ཚོགས་པ་ལ་བརྟེན་ནས་ལས་བསགས། ལས་ཀྱི་དབང་གིས་ཁམས་གསུམ་འཁོར་བར་སྐྱེ་ནི་རེད་མ་གཏོགས་ལས་མ་བསགས་པར་སེམས་རྐྱང་བ་འཁོར་བར་སྐྱེ་བ་མི་སྲིད་དོ། །དཔེར་ན་ལས་མ་བསགས་པར་སེམས་ཁོ་ན་སྔུན་ནས་ཉ་ལྕགས་ཀྱུས་འདྲེན་པ་ལྟ་བུའི་ཁྲིད་འོང་མཁན་ཞིག་དང་། རྗེས་ནས་ཤ་བ་ཁྱིས་དེད་པ་ལྟ་བུའི་དེད་འོང་མཁན་གཏན་ནས་ཡོད་པ་མིན། ལས་འབའ་ཞིག་གིས་བྱེད་པ་ཡིན་ཏེ། འཇིག་རྟེན་ལས་ཀྱིས་བྱས་ཤིང་ལས་ཀྱིས་སྤྲུལ། །ལས་ནི་ཀུན་བྱེད་རི་མོ་མཁན་དང་མཚུངས། །ཞེས་ཟག་བཅས་ཀྱི་ལས་དེ་ལ་དགེ་མི་དགེ་མི་གཡོ་བའི་ལས་དང་གསུམ་ཡོད། དེ་གང་བསྒྲུབ་ཀྱང་ལུས་ངག་ཡིད་གསུམ་ཚོགས་པ་ལ་བརྟེན་དགོས། སེམས་རྐྱང་བས་མི་འགྲུབ། དག་པ་སངས་རྒྱས་ཀྱི་ཞིང་ན་སྐུ་གསུང་ཐུགས་གསུམ་མི་ཚང་བའི་ཐུགས་རྐྱང་བ་ཞིག་མི་སྲིད་པས་དེ་ལྟར་ལུས་ངག་ཡིད་གསུམ་སྒྱེད་པུ་སུམ་ཚུག་ལྟ་བུ་ཡིན་པས་གཙོ་གང་ཆེ་ངོས་ཟིན་དཀའ་ནའང་མདོ་ནས་སྔགས་ཀྱི་བར་དུ་སེམས་འདི་གཙོ་ཆེ་བར་གསུངས་ཡོད་པས་དཔྱད་སྒོ་ཙམ་ཞིག་བཏོད་ནས་ད་རང་རང་གིས་བརྟགས་ཤིང་དཔྱད་ནས་ལུང་རིགས་མན་ངག་རྣམས་དང་མི་འགལ་བ་ཞིག་ངེས་ཤེས་གཏིང་ནས་འདྲོང་བ་ཞིག་མ་སྐྱེ་ན་རྣམ་པ་མི་དག་ནི་རེད་གསུངས།
༈ གསུམ་པ་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་ནི། ཁྲེགས་ཆོད་ཡེ་བབ་སོར་བཞག་དང་དེའི་ཡང་ཡིག་སོགས་སྔོན་བྱོན་གྱི་རིག་འཛིན་བརྒྱུད་པའི་གསུངས་སྲོལ་མང་པོ་ཡོད་ཀྱང་། སྐབས་འདིར་རྡོ་གྲུབ་རིན་པོ་ཆེའི་ཞལ་ནས་ཉག་བླ་རིན་པོ་ཆེ་ལ་གསུངས་པ་ལྟར་འཆད་པ་ལ། ཆོས་ཐམས་ཅད་ཡུལ་དང་ཡུལ་ཅན་གཉིས་སུ་བསྡུ་ནི་རེད། དཔེར་ན་ཤེས་བྱའི་ཆོས་ཐམས་ཅད་བདེན་པ་གཉིས་སུ་བསྡུས་ནས་བསྟན་པ་ལྟར་ཡུལ་ཐམས་ཅད་བྱུང་ས་གནས་ས་འགྲོ་ས་གསུམ་དུ་བསྡུས། ཡུལ་ཅན་ཐམས་ཅད་བྱུང་མཁན་གནས་མཁན་འགྲོ་མཁན་གསུམ་དུ་བསྡུས་པ་ཡིན་ལ། དང་པོ་བྱུང་ས་བརྟག་པའི་ཚེ་གཞི་ཞིག་ལ་སྦྱར་དགོས་པས། དཔེར་ན་མདུན་གྱི་ཀ་བ་ལྟ་བུ་དམིགས་ཚེ། ཀ་འཛིན་མིག་ཤེས་ཀྱིས་སྐད་ཅིག་དང་པོ་ཀ་བའོ་སྙམ་པའི་ཚེ་ངའི་ཤེས་པ་འདི་ཀ་བ་ལས་བྱུང་བ་ཡིན་ནམ་མིན་སྙམ་ནས། དེའི་ཚེ་ཡུལ་ཅན་ལ་མི་དཔྱོད་པར་ཡུལ་ལ་དཔྱད་ནས་ཀ་བ་རང་གི་ངོ་བོ་ཡེ་ནས་སྟོང་བཞིན་དུ་སྣང་ཆ་མ་འགགས་པར་སྣང་བ་དང་། སྣང་བཞིན་དུ་ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བའི་བདག་ཉིད་དུ་གནས་པ་ཡིན་ཏེ། སྣང་བའི་སྣང་ཚུགས་མ་ཤོར་བཞིན་དུ་སྟོང་། སྟོང་པའི་སྟོང་ཚུགས་མ་ཤོར་བཞིན་སྣང་བའི་སྣང་སྟོང་ཟུང་འཇུག་གི་བདག་ཉིད་དུ་ངེས་དགོས། གཞན་གྱིས་ཀ་བ་རང་གི་ངོ་བོས་མི་སྟོང་ཀ་བ་བདེན་གྲུབ་ཀྱིས་སྟོང་པར་འདོད། དེས་ན་བདེན་གྲུབ་ཤེས་བྱ་ལ་མི་སྲིད་པ་དང་། དོན་དམ་དཔྱོད་པའི་ངོར་མི་སྟོང་བ་གཉིས་སྣང་སྟོང་ཟུང་འཇུག་དང་ཐབས་ཐབས་བྱུང་དང་། ཆོས་ཉིད་ཆོས་ཅན་དུ་འབྲེལ་བ་མེད་དོ། །བདེན་གྲུབ་ཤེས་བྱ་ལ་མི་སྲིད་པས། དེས་སྟོང་པའི་སྟོང་ཉིད་ཀྱང་མི་སྲིད་དེ། རྟ་བ་ལང་གིས་སྟོང་ཟེར་བ་ལྟ་བུ་ཡིན། གལ་ཏེ་སྲིད་ན་ཡང་སྣང་སྟོང་ཟུང་འཇུག་མི་རུང་སྟེ། ངོ་བོ་ཐ་དད་འདོད་པའི་སྣང་སྟོང་ཟུང་འཇུག་སྐུད་པ་དཀར་ནག་སྦྲེལ་བ་བཞིན་དུ་མི་སྲིད་པའི་ཕྱིར་རོ། །སྤྱིར་མདོ་ལངྐར་གཤེགས་པ་ན། སྟོང་ཉིད་ཐ་ཤལ་བ་ཞིག་དང་བདུན་གསུངས་ཡོད་པས་གཅིག་གཅིག་གིས་སྟོང་པ་དང་། མོ་གཤམ་བུས་སྟོང་པ་དང་། རི་བོང་རས་སྟོང་། དབུལ་བོ་ནོར་གྱིས་སྟོང་བ་སོགས་སྟོང་ཉིད་ཐ་ཤལ་བ་ཡིན་པས། འདི་ལྟ་བུ་ནི་ཐར་འདོད་ཀྱི་སྐྱེས་བུས་ཉམས་སུ་བླང་བྱའམ་བསྒོམ་བྱ་མིན་ནོ། །ཀ་བ་དོན་དཔྱོད་ཀྱི་ངོར་མི་སྟོང་པར་བདེན་གྲུབ་ཀྱིས་སྟོང་པར་འདོད་པས་ནི། བདེན་གྲུབ་སོགས་ཞིག་སྣང་སྐྱེ་ཡོད་ཀྱང་མ་སྟོང་བར་ཀ་བ་བདེན་གྲུབ་རྟག་བརྟན་ཐེར་ཟུག་གི་རྣམ་པར་ཡོད་གི་གསུངས་སོ། །
བླ་མ་རྒྱ་སྡེ་བས། ཀ་བ་རང་གི་ངོ་བོས་སྟོང་པར་བཞེད་ཀྱང་སྟོང་ཉིད་སྤྲོས་བྲལ་ཡིན་པར་བཞེད་པས་སྣང་ཆ་སྤངས་པའི་སྟོང་ཆ་དེ་སྤྲོས་བྲལ་ཡིན་པར་གོ་རྒྱུ་མེད། དེའི་རྗེས་འབྲང་རྣམས་ཀྱིས་མི་ཕམ་ལ་སྣང་སྟོང་ཟུང་འཇུག་ནམ་དུ་ཡང་ཡོད་དགོས་ན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་ཀ་བ་སྐྱ་ཤིང་གི་རྣམ་པར་ཡོད་དགོས་སོ་ཟེར་ན་ཡང་། དངོས་སུ་དེ་ལ་ལན་གསུངས་མེད་ཀྱང་རང་ལུགས་འདོད་ཚུལ་གྱིས་ཁེག་པ་ཡིན་གསུངས། ཡུལ་ཅན་ལ་དཔྱད་ཚེ་མིག་ཤེས་ལྟ་བུ་ལ་མཚོན་ན་ཡུལ་གསལ་ཞིང་རིག་པའི་ཆ་དེ་འོད་གསལ་གཉུག་མའི་ཡེ་ཤེས་ཀྱི་འབྲས་རྟགས་ཕྱི་ལ་ཤར་བ་ཡིན་པས། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་གསུངས་པ་ཡིན་ཏེ། མ་གོ་བ་གོ མ་ཤེས་པ་ཤེས། མ་རྟོགས་པ་རྟོགས་པར་བྱེད་པ་ཟེར་ནི་རེད་མ་གཏོགས་མར་མེ་ལྟ་བུ་གསལ་གར་བཞག་ནི་འདྲ་འདྲ་ཞིག་ཡོད་ནི་མ་རེད། དབྱིངས་སྤྲོས་བྲལ་སྟོང་ཆེན་གྱི་འབྲས་རྟགས་ཕྱི་ལ་ཤར་བས་ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བ། དབྱིངས་ཡེ་ཟུང་འཇུག་གི་ཆ་ནས་ཤར་བའི་འབྲས་རྟགས་སུ་དེ་གཉིས་ཟུང་འཇུག་དབྱེར་མེད་ཀྱི་བདག་ཉིད་ཅན་ཡིན་པས་འདི་ནི་སེང་གེ་དཀར་མོའི་བུ་རྒྱུད་ལྟ་བུ་ཡིན་གསུངས། དེས་ན་རྡོ་གྲུབ་རིན་པོ་ཆེས་དབྱིངས་ཡེ་ཟུང་འཇུག་འདི་ཆོས་ཐམས་ཅད་ཀྱི་དབུས་ན་གནས་ཡོད། སྲོག་ཏུ་ཞུགས་ཡོད། ཕྱག་རྒྱས་བཏབ་ཡོད་གསུངས་པས་ན་ད་ལྟའི་སྣང་བ་འདི་དག་ཐམས་ཅད་བདེ་གཤེགས་སྙིང་པོའམ་གཉུག་མའི་འོད་གསལ་གྱི་བར་ན་གཅིག་གིས་ཀྱང་ཆོད་ཡོད་ནི་མ་རེད་ཕྱག་གི་མཛུབ་མོ་བགྲངས་ཏེ་འདིའི་འབའ་རི་འབུ་ར་ཀ་སི་ཀོ་སེ་འདི་ཅིག་ཡིན་ནི་རེད་གསུངས་ཏེ་བཞད་སོང་གསུངས་སོ། །
རྡོ་གྲུབ་རིན་པོ་ཆེས་སྦྱོར་དངོས་རྗེས་གསུམ་ཞིག་ཚང་དགོས། དེ་ཚང་ན་ལོ་གསུམ་བར་དུ་བྱུང་གནས་འགྲོ་གསུམ་ཀྱི་ལྟ་བ་འདི་བསྒོམ་ནུས་ན་དངོས་གཞི་ཁྲེགས་ཆོད་སོགས་བསྒོམ་རྒྱུ་མ་བྱུང་བར་ཤི་སོང་ན་བར་དོར་གྲོལ་ཐུབ་གསུངས་ནི་རེད། འདི་ནི་ཤིན་ཏུ་ཡག་སྟེ། འདི་འདྲ་གོ་རྒྱུ་ཞིག་ཡོད་ནི་མ་རེད། གང་ཟག་དེས་བར་དོའི་སྣང་ཆ་ཐམས་ཅད་སྣང་སྟོང་ཟུང་འཇུག་ལ་སོགས་པར་ངེས་པས་མཉམ་བཞག་གི་རང་དུས་དེར་མཐའ་བཞིའི་འཛིན་པ་དང་། རྟག་ཆད་དུ་འཛིན་པ་དང་། ཆོས་དང་བདག་འཛིན་སོགས་གང་ཡང་མི་འཛིན། འདི་ནི་ལམ་ཞུགས་ཀྱང་ཡིན་རྫོགས་པ་ཆེན་པོ་ཡང་ཡིན། མདོར་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དབྱིངས་ཡེ་ཟུང་འཇུག་གམ་སྣང་སྟོང་ཟུང་འཇུག་མིན་པ་གཅིག་ཀྱང་མེད། མ་དག་འཁོར་བའི་གནས་ན་གང་སྣང་གི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་མིན་པ་གཅིག་ཀྱང་མེད། མཐར་ཐུག་འབྲས་བུའི་དུས་ན་གདོད་མའི་སྟོང་ཆེན་ཀྱི་དབྱིངས་ལས་ཤར་བའི་སྣང་ཆ་ཞིང་སྐུ་སོགས་ཡེ་ཤེས་རང་སྣང་གི་བཀོད་པ་མཐའ་ཡས་པར་སྣང་བ་ཡིན་གསུངས། རྣལ་འབྱོར་ལམ་པའི་གནས་སྐབས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་ཡེ་ཟུང་འཇུག་མངོན་སུམ་དུ་རྟོགས་ནས་རྗེས་ཐོབ་ཏུ་གང་སྣང་སྣང་སྟོང་ཟུང་འཇུག་དུ་བན་བུན་ཤིག་ཤིག་ཏུ་ཤར་ཐུབ་པ་ཡིན་གསུངས། བླ་མ་ཉག་བླས་རྡོ་གྲུབ་རིན་པོ་ཆེ་ལ་སྐབས་འདིའི་བྱུང་གནས་འགྲོ་གསུམ་གྱི་ལྟ་བ་དང་། དབུ་མའི་ལྟ་བ་གཉིས་ལ་མཐོ་དམན་ཡོད་དམ་མེད་ཞུས་ཚེ། མཐོ་དམན་ལོས་ཡོད་དབུ་མ་མདོ་རེད། དེ་ཡན་ཆད་ན་སྔགས་ཀྱི་རྒྱུད་སྡེ་གསུམ་ཡོད། དེ་ཡན་ན་ཡང་སྔགས་ནང་རྒྱུད་སྡེ་གསུམ་དེའི་ནང་ནས་ཀྱང་ཐེག་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཡིན་པས་ཁྱད་ལོས་ཡོད། གཏེར་སྟོན་ཚང་ཁྱད་གཞིའི་སྟེང་ནས་ཁྱད་ཆོས་ཆེན་པོ་ཞིག་འཇོག་རྒྱུ་ཡོད་ནི་རེད་གསུངས། འོ་ན་འཛིན་སྟངས་ཡོད་དགོས་སམ་མི་དགོས་ཞུས་ཚེ་དེ་དགོས་ན་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ་མ་རེད་བརྩིགས་པ་རེད་གསུངས། བླ༷་མ༵་ལུང༵་རྟོག༵ས་ཚང་གིས་ནི་འཛིན་སྟངས་ཡོད་དགོས་གསུངས་ནི་ཡིན་ཞུས་ཚེ། འོ་གསུངས་པ་ཡིན་གསུངས། བླ་མ་ཉག་བླས་རིན་པོ་ཆེས་འཛིན་སྟངས་མེད་གསུངས་པ་ཡིན། བླ་མ་ལུང་རྟོགས་སང་གིས་ཡོད་དགོས་གསུངས་ནི་ཡིན་བླ་མ་སང་ཁྱེད་ཀྱིས་གང་ལྟར་བཞེད་པ་ཡིན་གསུངས་པས་ཁོང་གིས་འཛིན་སྟངས་འཇོག་ནི་མིན་ཞུས།
༈ དེ་ན་ཁྱད་གཞིའི་སྟེང་གི་ཁྱད་ཆོས་ཇི་ལྟར་ཡོད་ལགས་ཞུས་ཚེ། སྣང་སྟོང་ཟུང་འཇུག་ངེས་པའི་ངེས་ཤེས་མར་མེ་ལྟ་བུའི་སྟེང་ནས་མཉམ་བཞག་ལ་ལྷོད་སེ་བཞག་པའི་དུས་དེར་མཐའ་བཞིའི་འཛིན་སྟངས་གང་ཡང་མེད་པས་དེའི་འབྲས་རྟགས་ལ་ངོ་བོའི་དབྱིངས་ལ་ཤར་ཆ་འགག་མེད་དུ་འཆར་ཐུབ་པ་འདི་དབུ་མ་ལ་མེད་པའི་ཁྱད་ཆོས་ཡིན། སྤྱིར་ཁྲེགས་ཆོད་ཀྱི་ལམ་ཤར་གྲོལ་དུས་མཉམ་ཡིན་པས་དེ་དུས་ཤེས་རྒྱུད་ལ་བྱུང་གནས་འགྲོ་གསུམ་གྱི་ལྟ་བས་ཁྱབ་ཡོད་པའི་འབྲས་རྟགས་སུ་གཉེན་པོ་གཞན་བརྟེན་མི་དགོས་པར་རང་གྲོལ་དུ་འགྲོ་བ་འདི་དབུ་མ་ལ་མེད་པའི་ཁྱད་ཆོས་ཡིན། སྤྱིར་ཁྲེགས་ཆོད་ཀྱི་ལམ་ཤར་གྲོལ་དུས་མཉམ་ཡིན་པས་འདི་དངོས་གཞིའི་ཤར་གྲོལ་མཚན་ཉིད་པ་མིན་ཡང་ཤར་གྲོལ་ཀྱི་མགོ་འདི་ནས་རྩོམ་པ་ཡིན་པའི་གནད་ཀྱིས་འདི་ཁྲེགས་ཆོད་ཀྱི་སྔོན་འགྲོར་འགྲོ་བའི་རྒྱུ་མཚན་དེ་ལྟར་ཡིན་གསུངས། གཞན་ཡང་བྱུང་གནས་འགྲོ་གསུམ་བརྟག་ཚུལ་ནི། བློ་བུར་འཁྲུལ་བའི་སྣང་བ་འདི་ཐོག་མའི་གཞི་དུས་ན་མེད་པས་བྱུང་སའི་གནས་ཀྱིས་སྟོང་། བར་དུ་གནས་ས་ཡང་མེད་དེ་གློ་བུར་གྱི་མགྲོན་པོ་ལྟ་བུ་ཉག་གཅིག་ཡིན་ཏེ། དཔེར་ན་མིག་ནད་ཅན་གྱིས་ནམ་མཁར་སྐྲ་ཤད་མཐོང་བ་དང་། མཁྲིས་ནད་ཅན་གྱིས་དུང་སེར་པོར་སྣང་བ་དང་། ཆུ་ཆབ་རོམ་གྱིས་བསྡམས་པ་བཞིན་དུ་གློ་བུར་གསར་བྱུང་གི་བདག་ཉིད་ཡིན་པས་གནས་པའི་ངོ་བོ་སྟོང་། མཐར་ཕྱིན་འབྲས་དུས་ན་མེད་པས་འགྲོ་སའི་ཡུལ་གྱིས་སྟོང་བ་ཡིན་ནོ། །རོང་ཀློང་མི་ཕམ་སོགས་ཀྱི་བཞེད་པ་ལྟར། སྣང་བ་ལྷར་བསྒྲུབ་པ་དང་། ཡུལ་ཅན་ཡེ་ཤེས་སུ་བསྒྲུབ་པའི་སྐབས། ཐ་སྙད་ཚད་མ་དེ་ལ་ཚུར་རོལ་མཐོང་བ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་དང་། དག་པའི་གཟིགས་པ་ལ་བརྟེན་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་གཉིས་ལས། དང་པོ་དེ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་སོགས་ཀྱི་ངོར་མ་དག་པའི་སྣང་བ་ལས་དག་པར་སྣང་མི་ནུས་ལ།
གཉིས་པ་ནི། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་གཉིས་སྣང་མཐའ་དག་ནུབ་པའི་ཚུལ་གྱིས་ཡུལ་ཡུལ་ཅན་དུ་འཛིན་པའི་གཟུང་འཛིན་སོགས་གཏན་ལོག་ཏུ་སོང་བ་དང་། རྗེས་ཐོབ་ཀྱི་སྐབས་ནའང་སྣང་བ་བདེན་མེད་དུ་འཆར་བ་དང་། ས་བརྒྱད་པའི་གནས་སྐབས་ན་རྗེས་ཐོབ་ཏུ་སྣང་སྲིད་དག་པ་རབ་འབྱམས་ཤར་ཐུབ་པའང་ཡོད། ཁྱད་པར་སངས་རྒྱས་ཀྱི་དག་པའི་གཟིགས་ངོར་ཆུའི་རྡུལ་ཕྲ་རབ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་སྟོན་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པར་གཟིགས་པ་ནི་གནས་ལུགས་མཐར་ཐུག་གི་གཟིགས་པ་ཚད་མ་ཡིན་པས་ན་ད་ལྟའི་སོ་སྐྱེ་འཁྲུལ་བའི་སྣང་བ་འདི་དག་ཐམས་ཅད་ཚད་མ་ཡང་དག་མིན་པར་རྫུན་པ་བསླུ་བའི་ཆོས་ཅན་ཡིན་པར་མཐར་ཐུག་གི་ཚད་མ་དེ་དག་གིས་རྟོགས་ཐུབ་པར་གསུངས་པའོ། །
༈ རིག་པ་ཡིན་པའི་རྟགས་སུ་རྟོག་པ་རང་རྒྱུད་པ་གཅིག་འཆར་ནི་མ་རེད་གསུངས།
༈ གོལ་ས་ཐམས་ཅད་དང་སེམས་གྱི་དྲི་མ་ཙམ་ཡོད་རུང་ནི་མ་རེད་གསུངས། རྣམ་རྟོག་ཐམས་ཅད་རིག་པའི་རྣམ་ལྡན་དུ་འཆར་དགོས་གསུངས། དཔེར་ན་ཉི་མ་ཤར་ན་མུན་པ་འཐིབ་ལོང་མེད་པ་བཞིན་དུ་རིག་པ་ཁོ་རང་ཤར་དུས་རྣམ་རྟོག་ཐམས་ཅད་རིག་པའི་རྣམ་ལྡན་དུ་ཤར་འགྲོ་ནི་རེད་གསུངས།
༈ དྲན་ཤེས་བསྟེན་ཚུལ་ནི། དྲན་པ་རྙེད་ན་སྒོམ་རྙེད། དྲན་པ་སྟོར་ན་བསྒོམ་སྟོར། དྲན་ཤེས་ཞེས་པ་ནི་གོ་བཞིན་ཤེས་བཞིན་པ་དེའི་ངང་ནས་དྲན་ཤེས་བསྟེན་གྱི་རེད་གསུངས།
༈ མཉམ་བཞག་ལ་ལྷོད་ཡོད་དགོས་དེའི་ངང་ནས་རྩལ་གང་ཤར་བག་ཆགས་གསོག་ལོང་མེད་པར་གྲོལ་བས་རྗེས་ཐོབ་ཟེར། སྤྱོད་ལམ་གྱི་སྐབས་རིག་པ་བསྒྲིམ་དགོས་གསུངས་པས་སོ། །མི་ཕམ་པས། མན་ངག་བྱིས་པའི་རྩེད་མོ་འདྲ། །བསྒོམ་པ་རི་རྒྱལ་རྒྱ་མཚོ་བཞིན། །ཞེས་གསུང་།
༈ ཡེ་གཞི་འཕོ་འགྱུར་མེད་པ་གདོད་མའི་ངངཿ བློ་འདས་སྤྲོས་བྲལ་ཀ་དག་བླ་མ་ལཿ འཁྲུལ་མེད་རང་རིག་ངང་ནས་གསོལ་བ་འདེབསཿ ཚེ་འདིར་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབསཿ ཞེས་སོཿ ཡེ་ནས་འཁྲུལ་མེད་རིག་པ་སྟོན་མཛད་པའིཿ གདོད་མའི་མགོན་པོ་ཡེ་སངས་རྒྱས་དེ་ལཿ བཀའ་དྲིན་དྲན་པའི་ངང་ནས་གསོལ་བ་འདེབསཿ སྣོད་བཅུད་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབསཿ རིག་སྟོང་ཆོས་སྐུའི་བླ་མ་ཡིསཿ རིག་པའི་བུ་ཡི་བཞེད་དོན་བྲིསཿ སྔགས་ཀྱི་སྲུང་མས་བྱ་ར་གྱིསཿ དམ་ཉམས་ལག་ཏུ་མ་ཤོར་བྱོསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ
རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས་ཐོད་རྒལ་བྱིན་འབེབས་ཡེ་ཤེས་སྣང་བ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཐོད་རྒལ་བྱིན་འབེབས་ཡེ་ཤེས་སྣང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་ཉིད་ཀུན་ཏུ་བཟང་པོར་བསྒོམ༔ ལུས་ཀྱིས་བཞུགས་སྟངས་གཙོ་བོར་བཅའ༔ ཡིད་ཀྱིས་མངོན་སུམ་བཞིན་དམིགས་ལ༔ ཡང་ནས་ཡང་དུ་འདི་ལྟར་བྱ༔ ན་མོ་གུ་རུ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ༔ རིགས་ལྔ་གངས་ཆེན་ལོངས་སྤྱོད་རྫོགས་པའི་སྐུ༔ ཡོངས་རྫོགས་རྡོ་རྗེའི་བླ་མ་རིན་པོ་ཆེ༔ ཡེ་ཤེས་སྤྱི་ཕུད་ཐིག་ལེ་ཉག་གཅིག་ལས༔ གཞན་དུ་མ་གྲུབ་ཐུགས་རྗེ་ཡེ་འབྲེལ་གྱི༔ རང་བཞིན་གཅིག་གྱུར་ཆོས་ཉིད་བདེན་སྟོབས་དབྱིངས༔ ལྷར་སྣང་ཆེན་པོར་བཞེངས་ནས་བརྟན་བཞུགས་ཟོལ༔ སྐལ་ལྡན་ལས་ཅན་དམ་པའི་རིགས་མཆོག་གིས༔ མི་གཅོག་མེད་པར་ཟབ་མོ་ལ་བཟོད་ན༔ ཐུགས་རྗེ་ཆེ་རྣམས་དུས་ལས་མི་ཡོལ་བར༔ བྱིན་རླབས་མངོན་རྟགས་ད་ལྟ་བསྟན་དུ་གསོལ༔ རྫོགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་༔ དགའ་རབ་ཤྲཱི་སེང་འཇམ་བཤེས་བི་མ་ལ༔ ཛྙཱ་ན་སུ་ཏྲ་ཨོ་རྒྱན་པདྨ་འབྱུང༔ རིག་འཛིན་བརྡ་བརྒྱུད་འཇའ་ལུས་གྲུབ་པའི་ཚོགས༔ ཐུགས་རྗེའི་ཤུགས་ཀྱིས་བདག་རྒྱུད་བཟུང་ནས་ཀྱང༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ ཏིང་འཛིན་བཟང་པོ་ལྷུན་རྒྱལ་སེང་གེ་དབང༔ ཞང་སྟོན་ཡབ་སྲས་གུ་རུ་ཇོ་འབེར་ཞབས༔ འཁྲུལ་བ་དབྱིངས་གྲོལ་སེང་གེ་རྒྱབ་པ་སོགས༔ འཇའ་ལུས་རྡོ་རྗེའི་སྐུ་མཆོག་བརྙེས་པ་རྣམས༔ ཐུགས་རྗེའི་ཤུགས་ཀྱིས་བདག་རྒྱུད་བཟུང་ནས་ཀྱང༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ མེ་ལོང་རྡོ་རྗེ་ཀུ་མ་ར་ཛ་དང༔ ཀློང་ཆེན་རབ་འབྱམས་པདྨ་བདུད་འཇོམས་གླིང༔ ཀ་བཞི་གདུང་བརྒྱད་སྐུ་གསུང་ཐུགས་ཀྱི་སྲས༔ ག་ག་ཨ་བྷྱེ་རྣམས་ལ་གསོལ་བ་འདེབས༔ ཐུགས་རྗེའི་ཤུགས་ཀྱིས་བདག་བརྒྱུད་བཟུང་ནས་ཀྱང༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ ཡི་དམ་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་དང༔ མཁའ་འགྲོ་སྐུ་གསུམ་ཁྲོས་མ་མཚོ་རྒྱལ་ཡུམ༔ ཟག་ཕུང་འོད་སྐུར་དེངས་བ་མནྡ་ར༔ རྡོ་རྗེའི་ལང་ཚོ་མངོན་གྱུར་རིག་འཛིན་ཚོགས༔ ཐུགས་རྗེའི་ཤུགས་ཀྱིས་བདག་རྒྱུད་བཟུང་ནས་ཀྱང༔ མ་དག་སྙིགས་མའི་རྣམ་སྨིན་སྐྱེས་ཀྱི་ལུས༔ འཇའ་ལུས་རྡོ་རྗེ་གྲུབ་པར་མཛད་དུ་གསོལ༔ གྲུབ་ནས་གཞོན་ནུ་བུམ་སྐུར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པ་རུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་བྱིན་རླབས༔ བྱོན་དེ་དར་དཀར་ཕྲ་ལ་འཁྲིལ་ནས་ཞུགས༔ རྩ་རླུང་ཐིག་ལེ་ཡི་གེའི་འགྲོས་ཐིམ་ནས༔ སྐུ་བཞིའི་དབྱིངས་སུ་སྐད་ཅིག་གོ་འཕོས་ཏེ༔ མ་དག་བསྐལ་བ་དབྱིངས་ཆེན་ལོངས་སྤྱོད་རྫོགས༔ རང་སྣང་ལྷུན་སྡུག་བཀོད་པར་ཞིག་ནས་ཀྱང་༔ སྤྲུལ་པའི་རྣམ་པ་ཐམས་ཅད་པ་ཡིས་སུ༔ རྩོལ་མེད་འགྲོ་ལ་ཕན་པ་འབྱུང་བ་རུ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ མྱུར་བ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ གདན་ཐོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ སྐད་ཅིག་ཉིད་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃཿམ་ཧཱ་གུ་རུ་དྷརྨ་ཀཱ་ཡ་དེ་ཝ་ཊཱཀྐི་ནི་སརྦ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ སིདྡྷི་ཕ་ལ་ཨོཾ་ཧཱུྃ་ཧོ༔ ཞེས་མཐར༔ ཨཱ༔ སྐྱེ་མེད་ཆོས་སྐུ་བྱང་ཆུབ་སེམས༔ མཚན་དཔེ་འདུ་འབྲལ་མེད་པ་ཡི༔ ཐུགས་རྗེའི་མཁྱེན་ཆ་སྤྲུལ་པའི་སྐུ༔ མངོན་པར་བྱང་ཆུབ་བདེ་ཀློང་འཁྱིལ༔ འདི་ན་དུས་གསུམ་སངས་རྒྱས་བཞུགས༔ རྣམ་པར་རྟོག་པ་ཀུན་བྲལ་བ༔ ཡེ་ནས་རང་ཤར་ཆེན་པོ་ཉིད༔ མ་སྤྲོས་མ་བསྡུས་ཏིང་འཛིན་བཟང་༔ གསང་སྔགས་མགོན་པོ་མཐར་ཕྱིན་ཏེ༔ སངས་རྒྱས་ཀུན་དང་མངོན་སུམ་གཅིག༔ མཚན་མ་མེད་ལ་ཆད་པ་མིན༔ དག་མཉམ་དབྱིངས་ལ་བདག་འདུད་དོ༔ ཅེས་བརྗོད་པས་སྙིང་ཀའི་གཞི་དཀྱིལ་ལ་ཐིམ་པས་རབ་ཏུ་རྒྱས་པའི་འོད་ཟེར་ལམ་དང་འབྲས་བུའི་དཀྱིལ་འཁོར་སྨིན་པ་མཐར་ཐུག་པར་མོས་ལ་གཉིས་སུ་མེད་པའི་ཡེ་ཤེས་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་གོ༔ ཞེས་ཀྱང་རང་སློབ་ན་ཐ་ནས་བསྐུལ་ངོར་ག་གཱ་པས་སོ། །དགེའོ། །
ཐོད་རྒལ་གསོལ་འདེབས་བྱིན་རླབས་གཟེར་བུ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅༔ ཐོད་རྒལ་གསོལ་འདེབས་བྱིན་རླབས་གཟེར་བུ་བཞུགས་སོ༔ ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ དགའ་རབ་དཔའ་བོ་ཆེན་པོ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ པཎ་ཆེན་མཉྫུ་མི་ཏྲ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རིག་འཛིན་ཤྲི་སེངྷ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ གྲུབ་ཐོབ་ཆེན་པོ་བརྒྱད་རྩ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ གཏེར་སྟོན་ཆེན་པོ་བརྒྱ་རྩ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ འཇའ་ལུས་གྲུབ་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རིིག་འཛིན་བདུད་འཇོམས་རྡོ་རྗེ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ འཇའ་ལུས་དབང་ཕྱུག་ལྔ་བརྒྱ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བརྒྱུད་ལྡན་རྡོ་རྗེའི་གསང་འཛིན་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ཡི་དམ་ཞི་ཁྲོ་རྒྱ་མཚོ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ལུང་རྟོགས་དམ་ཆོས་བརྒྱད་ཁྲི་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བསྟན་པ་བཙས་ཀྱི་བུ་གསུམ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ དམ་གཙང་རྡོ་རྗེའི་མཆེད་ལྕམ་ལ་གསོལ་བ་འདེབས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་སྒྱུ་མའི་སྐུ་ལ་ཐིམ་ནས་ཀྱང༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ སྣང་བ་ཡེ་ཤེས་མདངས་སུ་གསལ་བ་ཡི༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ དྲན་རིག་ཤེས་རབ་གདངས་ཀྱི་བརྟན་གྲོལ་ཏེ༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རྟག་ཏུ་ཡུལ་གསལ་ཐུགས་རྗེའི་ཟེར་ཐག་གི༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བདག་གཅིག་མཐུ་ཡིས་འཁོར་བ་དོང་སྤྲུགས་ནས༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ ཀུན་ཏུ་བཟང་པོའི་རྗེས་སུ་སློབ་གྱུར་ཏེ༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ རྡོ་རྗེ་འཆང་ཆེན་གོ་འཕང་ཐོབ་ནས་ཀྱང༔ འོད་གསལ་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས༔ མི་རིང་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས༔ ད་ལྟ་གདན་ཐོག་འདི་རུ་བྱིན་གྱིས་རློབས༔ སྐད་ཅིག་ཉིད་ལ་ཐུགས་རྗེས་བྱིན་གྱིས་རློབས༔ རགས་ལུས་འཕྱང་རྒྱ་འོད་གསལ་སྦུབས་ཞུགས་ཏེ༔ རིན་ཆེན་སྦུབས་ལ་བརྟན་པར་བྱིན་གྱིས་རློབས༔ གཞི་ཡི་ཀུན་བཟང་བདག་ཉིད་རྡོ་རྗེར་ལྡན༔ ལམ་གྱི་ཀུན་བཟང་འཁོར་ལོ་ལྷུན་གྲུབ་ནས༔ འབྲས་བུའི་ཀུན་བཟང་འཕོ་ཆེན་ཡེ་ཤེས་གཟིས༔ མ་རིག་མུན་ཁམས་ཡེ་ཤེས་མཁར་གསལ་ཤོག༔ ལྟ་བའི་འོད་གསལ་རྫོ༵གས༷་པའི་སྐུ་འབར་ནས༔ བསྒོམ་པའི་འོད་གསལ་སྨི༵ན༷་པའི་རྩལ་སྟོབས་རྒྱས༔ ད༵ག་པ་དོན་གྱི་འོད་གསལ་ཆེན་པོ་རུ༔ ཧེ་རུ་ཀ་དཔལ་ངང་དུ་འབྱམས་ཀླས་ཤོག༔ ཅེས་བརྗོད་བྱིན་རླབས་ཡེ་ཤེས་འཕོ༔ ཅེས་ཀྱང་འོད་གསལ་རྡོ་རྗེའི་ངོར་ག་གཱས་སོ། །བཀྲ་ཤིས་ཤོག །
རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས་ཐོད་རྒལ་བྱིན་འབེབས་དངོས་གྲུབ་ཆར་འབེབས། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅༔ རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཐོད་རྒལ་བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ཐོག་མར་བླ་མའི་རྣལ་འབྱོར་དང༔ དབང་བཞི་བླང་བ་བཅས་གྲུབ་ནས༔ རང་ལུས་མཁའ་འགྲོའི་སྐུར་གསལ་ལ༔ བྱིན་ཆེན་འབེབས་པ་འདི་ལྟར་བྱ༔ ཨོཾ་ཨཱཿཧཱུྃ༔ ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང༔ རིགས་ལྔ་རིགས་བརྒྱ་གསང་ཆེན་རིགས་གཅིག་དང༔ རྒྱུད་དང་སྒྲུབ་སྡེ་ཕྱི་ནང་གསང་བའི་ལྷ༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ སྐུ་གསུམ་མཁའ་འགྲོ་མ་རྒྱུད་གསང་བའི་དབྱིངས༔ ཁྱད་པར་འོད་གསལ་རྫོགས་ཆེན་བརྒྱུད་པ་ཡི༔ རྩ་བརྒྱུད་བླ་མ་རིག་འཛིན་རྒྱ་མཚོའི་ཚོགས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ཡང་གསང་ཐིག་ལེ་ཉག་གཅིག་གདམ་པའི་མཛོད༔ ཀུན་བཟང་རྡོར་སེམས་དགའ་རབ་འཇམ་བཤེས་དང༔ ཤྲཱི་སེང་ཡེ་ཤེས་མདོ་དང་བི་མ་ལས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ པདྨ་འབྱུང་གནས་ཏིང་འཛིན་བཟང་པོ་དང༔ ལྡང་མ་ལྷུན་རྒྱལ་སེང་གེ་དབང་ཕྱུག་ཞབས༔ རྒྱལ་བ་ཞིང་སྟོན་མཁས་པ་ཉི་འབུམ་གྱིས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ གུ་རུ་ཇོ་འབེར་སེང་གེ་རྒྱབ་པ་དང༔ མེ་ལོང་རྡོ་རྗེ་ཀུ་མ་ར་ཛ་ཆེ༔ ཀུན་མཁྱེན་ཆོས་རྗེ་མངོན་རྫོགས་སངས་རྒྱས་དཔལ༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ཁ་བསྐང་། འཇིགས་མེད་གླིང་བ་ཕྲིན་ལས་འོད་ཟེར་དཔལ༔ རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་དང༔ བདེ་ཆེན་རྡོ་རྗེ་ཀུན་བཟང་ཆོས་ཀྱི་གྲགས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ འཇིགས་མེད་སྒྲ་དབྱངས་ནམ་མཁའ་འཇིགས་མེད་པ༔ གཏེར་སྟོན་བརྒྱ་རྩ་གྲུབ་ཆེན་བརྒྱད་ཅུ་གཉིས༔ གཞན་ཡང་ཕྱོགས་བཅུའི་སངས་རྒྱས་སྲས་འཁོར་བཅས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ཁྱད་པར་ཨོ་རྒྱན་བླ་མ་དངོས་བརྟེན་པ༔ ཉེ་བརྒྱུད་བྱིན་རླབས་མཛོད་ལྡན་བདུད་འཇོམས་གླིང༔ ཀ་བཞི་གདུང་བརྒྱད་འཇའ་ལུས་ལྔ་བརྒྱ་ཡིས༔ དེང་འདིར་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབས༔ ལུས་ལ་རྡོ་རྗེ་སྐུ་ཡི་དབང་བྱིན་ཕོབས༔ ངག་ལ་རྡོ་རྗེ་གསུང་གི་དབང་བྱིན་ཕོབས༔ ཡིད་ལ་རྡོ་རྗེ་ཐུགས་ཀྱི་དབང་བྱིན་ཕོབས༔ མ་དག་སྣང་བ་དག་པ་རབ་འབྱམས་ཀྱི༔ དཀྱིལ་འཁོར་ཆེན་པོར་བྱིན་ཆེན་དབབ་ཏུ་གསོལཿ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབསཿ ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས༔ རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས༔ ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ མཐར་ཐུག་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ༔ མཛད་པ་ཕྲིན་ལས་དང་བཅས་མངོན་གྱུར་ནས༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་རུ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ མྱུར་བ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ གདན་ཐོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་ནས༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ཅེས་གསོལ་བ་ཕུར་ཚུགས་སུ་གདབ་པས་རྒྱལ་བ་སྲས་བཅས་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཏེ་མདུན་གྱི་ནམ་མཁར་བྱོན་པར་བསམ༔ བླ་མ་རྒྱལ་བ་སྲས་དང་བཅས༔ འོད་ཕུང་ལྔ་ཡི་རོལ་བར་ཞུ༔ རྒྱང་ཞགས་སྒོ་ནས་རབ་ཞུགས་ཅིང༔ འོད་རྩ་ཀ་ཏིའི་ལམ་ནས་བྱོན༔ སྙིང་དབུས་གཞི་ཡི་སྒྲོན་མ་ལ༔ ཆུ་ལ་ཆུ་བཞག་བཞིན་ཏུ་ཐིམ༔ བདག་རྒྱུད་རང་བཞིན་སངས་རྒྱས་ཏེ༔ རྟོགས་པ་མངོན་གྱུར་ཆོས་སྐུ་རུ༔ སངས་ནས་ཆོས་གཟུགས་ཡོན་ཏན་ཀུན༔ མངོན་གྱུར་སྐལ་བ་རྒྱུད་ལ་བཞག༔ གནས་ལུགས་དོན་དམ་སྒྲུབ་པ་ཡིས༔ ཤེས་ཐོབ་གྲོལ་མཐོང་གདེང་ལྡན་པའི༔ ལ་ཟླའི་ཆོས་ཉིད་ཆེན་པོར་རོལ༔ ཞེས་བཟླས་པའི་དོན་པོར་འོད་གསལ་ཐིག་ལེའི་སྒྲུབ་པ་ལ་འབད་དོ༔ དེས་ནི་སྒོ་གསུམ་རྡོ་རྗེ་ཡི༔ གྲོང་འཕོ་མྱུར་ལམ་མཐའ་རུ་ཕྱིན༔ གོལ་ཤོར་བདུད་ཀྱི་གཡུལ་ལས་རྒྱལ༔ ཚེ་འདིར་ཡེ་ཤེས་བླ་མ་ཐོབ༔ ཅེས་པ་འདི་ཡང་ཀུན་བཟང་བསྟན་འཛིན་ལ་སོགས་སློབ་བུ་འགའ་ཡི་བསྐུལ་བ་དོན་ཡོད་པའི་ཕྱིར་དུ་ག་ག་ཨ་བྷྱེས་སྤེལ་བ་བཀྲ་ཤིས་པར་གྱུར་ཅིག། དགེའོ། །སརྦ་མངྒ་ལཾ། །
ཁྲེགས་ཆོད་ཀྱི་གཟེར་ཡིག་གནད་གྱི་མེ་བཙའ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །ཁྲེགས་ཆོད་ཀྱི་གཟེར་ཡིག་གནད་གྱི་མེ་བཙའ་བཞུགས་སོ། །ཁྲེགས་ཆོད་ཀྱི་གནད་དུ་ཐོག་མར། ཕྱི་ནང་སྣོད་བཅུད་ཐམས་ཅད་སེམས་ཀྱིས་བཟོས་པའི་འཁྲུལ་སྣང་། མེད་པ་སྟོང་གཟུགས། རབ་རིབ་དང་སྐྲ་ཤད། སྒྱུ་མའི་དཔེ་བཅུ་ལ་སོགས་པ་ལྟར་སྣང་སྟོང་ཟུང་འཇུག་ཕྱི་ནང་བདེན་གྲུབ་ཀྱི་དངོས་པོ་མེད་པར་ཐག་ནང་ནས་ཆོད་དགོས། དེ་ལྟར་བཟོ་བྱེད་ཀྱི་མཁན་པོ་སེམས་ཉིད་ཀྱང་། བྱུང་གནས་འགྲོ་གསུམ་གྱི་ཡུལ་དང་མཁན་པོས་སྟོང་བས། གཟུགས་དབྱིབས་ཁ་དོག་སོགས་མཚན་མ་ཐམས་ཅད་དང་བྲལ་བར་བརྟགས་དཔྱད་གོམས་འདྲེས་མི་དམན་པར་ཐག་ནང་ནས་ཆོད་པ་ཞིག་དགོས། འོན་ཀྱང་སྟོང་ཉིད་ཆད་མཐའ་རུ་མ་ལྷུང་བར་རང་མདངས་འགགས་མེད་ལ། ངོ་བོ་སྟོང་པ་དང་ཡེ་ནས་ཟུང་དུ་འཇུག་པའི་སྣང་སྟོང་རིས་མེད་མཉམ་པ་ཆེན་པོ། ངོས་བཟུང་གི་མཚན་མ་ཐམས་ཅད་ལས་འདས་པ། གཡོ་བྱེད་རྣམ་རྟོག་གི་རླུང་རང་སར་དྭང༵ས་པ༵། དམིགས་གཏད་གཟུང་འཛིན་ཆེད་དུ་བློས་བྱས་ཐམས་ཅད་དང་བྲལ་ཞིང་། རྟོག་བྲལ་རང་གསལ་ཟང་ཐལ་རྗེན་པའི་ཡེ་ཤེས་སུ་ཤར་བ་ཉིད་ནི། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པ་མ་འཁྲུལ་བ་རང་ལ་གནས་པའི་དེ་བཞིན་ཉིད་ཅེས་བྱའོ། །དེ་ངོ་ཤེས་ནས་དེའི་ངང་ལས་བློ་དང་ཡིད་དཔྱོད་ཀྱིས་མ༵་བཅོ༵ས། ཚོགས་དྲུག་གི་ཡུལ་ལ་ཕྱིར་མ༵་ཡེ༵ངས། འགྱུར་༼འགྱུ་༽ བྱེད་གཟུང་འཛིན་གྱི་རྣམ་པར་རྟོག་པས་མ༷་བསླད༷། ནང་སེམས་གནས་ཀྱི་ངོ་བོ་ལ་འདི་དང་འདིའོ་སྙམ་ནས་ཆེད་དུ་མ༵་བཟུ༵ང་། རྣམ་རྟོག་སྐྱོན་དུ་བལྟས་ནས་དགག་པར་རྩོམ་པའི་རྩོལ་བ་སྤངས་བས་མ༵་དག༵ག །སྣང་སྟོང་ཞི་ལྷག་ཕྱོགས་རེ་ནས་བཞག་པས་བསྒོམ་པའི་འོད་གསལ་བ་མ༵་བསྒྲུབ༷་པའི་གནད་ཀྱི་གཟེར་བུ་ཆེན་པོ་དྲུག་གིས་མངོན་སུམ་རང་ཐོག་ལས་མི་འཁྱུག་པར་གདམས་པའི་ལ་བཟློ་བའམ་ཐག་གཅིག་ཐོག་ཏུ་བཅད་པ་སྒོམ་པའི་གནད་ཟིན། རྗེས་ཐོབ་ཀྱི་དུས་སུ་རྣམ་རྟོག་གང་ཤར་ཐམས་ཅད་ངོ་བོ་ཡེ་སྟོང་འཆིང་བྱེད་མེད་པར་ཡེ་ནས་གྲོལ་བར་ཤེས་པའི་གདེངས་དང་ལྡན་པའམ། སྣང་ཆ་ཅེར་གྲོལ་ཚུགས་ཐུབ་ཏུ་གྲུབ་པ་མེད་པར་ཤེས་པའི་གདེངས་དང་། གྲོལ་བྱེད་ཀྱི་གཉེན་པོ་གཞན་མ་དགོས་པར་བཞག་པས་རང་གྲོལ་དུ་འགྲོ་བ་ཤེས་པའི་གདེངས་དང་། འོད་གསལ་རིག་སྟོང་ཐིག་ལེ་ཉག་གཅིག་གི་ངང་ལ་བཞག་པས་ཀུན་གྲོལ་བར་ཤེས་པའི་གདེངས་གང་རུང་གིས་སྤྱོད་པས། མཉམ་རྗེས་ཀྱི་དགོངས་པ་དབྱེར་མེད་དུ་འདྲེས་ནས་གདེངས་གྲོལ་ཐོག་ཏུ་འཆོས་པར་འགྱུར་རོ། །དེ་ལྟ་བུའི་ལྟ་བསྒོམ་སྤྱོད་པའི་གནད་ཀྱིས་གཞི་ཇི་བཞིན་པ་མངོན་དུ་གྱུར་ནས། རང་ཐོག་རང་ས་ཟིན་ཅིང་། རང་ལ་རང་གདེངས་ཐོབ་པས་གཞི་ཉིད་འབྲས་བུར་སྨིན་པའི་སངས་རྒྱས་སྐུ་གསུམ་ཕྱིར་མི་ལྡོག་པའི་ཚད་དང་ལྡན་པར་འགྱུར་རོ། །ཁྲེགས་ཆོད་ཀྱི་གཟེར་ཡིག་འཇིགས་དགའི་ངོར་ག་ག་ཨ་བྷྱེས་སོ། །
ཀ་དག་ཁྲེགས་ཆོད་ཀྱི་གཟེར་ཡིག་སྙིང་པོའི་དོན་བསྡུས། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །ཀ་དག་ཁྲེགས་ཆོད་ཀྱི་གཟེར་ཡིག་སྙིང་པོའི་དོན་བསྡུས་བཞུགས་སོ། །རང་བྱུང་རིག་པའི་ཡེ་ཤེས་ནི། །སྤྲོས་བྲལ་དོན་གྱི་ཀུན་ཏུ་བཟང་། །དེ་ལ་གུས་པས་ཕྱག་འཚལ་ནས། །སྙིང་པོའི་དོན་བསྡུས་འདི་བསྟན་ནོ། །ཞེས་སྨྲས་ནས། ད་སེམས་རིག་གི་ཤན་འབྱེད་པ་ནི། ལར་རང་སེམས་མ་བཅོས་པར་བཞག་པས། གཤིས་ཀྱི་གནས་ལུགས་ངང་དངས་རང་གསལ་བ་དེ་ཉིད། རིག་པ་སྤྲོས་བྲལ་ཀུན་ཁྱབ་བརྡལ་བའི་ཆོས་ཉིད་ཆེན་པོ་ཡིན་ཏེ། སེམས་ལ་གཟུང་འཛིན་ཡོད། རིག་པ་ལ་གཟུང་འཛིན་མེད། སེམས་ཀྱིས་ཡུལ་ལ་སེམས། རིག་པས་ཡུལ་ལ་མི་སེམས། སེམས་ལ་སྐྱེ་འགགས་ཡོད། རིག་པ་ལ་མེད། སེམས་ལ་རྒྱ་ཆད་ཕྱོགས་ལྷུང་ཡོད། རིག་པ་ལ་མེད། སེམས་ལ་བྱིང་རྒོད་འཐིབ་གསུམ་ཡོད། རིག་པ་ལ་མེད། སེམས་མ་རིག་པའི་རྩ་བ་ཅན། རིག་པ་ཡེ་ཤེས་ཆོས་སྐུ་སྤྲོས་བྲལ་གྱི་རྩ་བ་ཅན། །སེམས་ཁ་ཕྱིར་བལྟས། རིག་པ་ནང་གསལ་ཆེན་པོ། སེམས་འཕྲལ་ཤེས། རིག་པ་རང་གསལ་ཡེ་ཤེས་ཆེན་པོའི་ཁྱད་ཡོད་དོ། །འོ་ན་ཀུན་གཞི་དང་ཆོས་སྐུ་ལ་ཁྱད་ཅི་ཡོད་ཅེ་ན། ཆོས་སྐུ་སྟོང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞིག་གོ །ཀུན་གཞི་མ་རིག་པས་བསླད་པ་ཅན་སེམས་ཀྱི་རྩ་བའོ། །དེ་ཡང་ལུང་མ་བསྟན་པ་གནས་དོན་ལུས་གསུམ་དུ་བག་ཆགས་པའོ། །སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པའོ། །ཁ་ཕྱིར་བལྟས་ཞིག་གོ །གཏི་མུག་གིས་ས་བ་ཞིག་གོ །འཛིན་པ་མེད་ཟེར་ཡང་དམིགས་པ་དེ་མཐར་གཏུག་ན་འཛིན་པ་ལས་མ་འདས་སོ། །ཆོས་སྐུ་ནི་ཟང་ཐལ་སྒྲིབ་པ་བྲལ་བ། ཡེ་ཤེས་ཀྱིས་རང་རྩལ་མ་འགགས་པ་ཞིག་གོ །ཤེས་རབ་ཀྱི་རོལ་བ་འཕྱོ་བ། བག་ཆགས་བསྲེག་པའི་མེ་ལྟ་བུ་དང་། རིག་གེ་རྗེན་ནེ་པ་ཞིག་དུ་གནས་སོ། །ཡང་ཐ་མལ་དུ་ཡོད་དུས་སེམས་གསལ་སེང་ངེ་བ་ཞིག་ལ། རྟོག་པ་མ་འགྱུའི་བ་ཞིག་ཡོད་པ་དེ་ཀུན་གཞིའི་རྣམ་ཤེས་ཞེས་བྱའོ། །མུ་སྟེགས་པ་བདག་ཤེས་རིག་གི་སྐྱེས་བུ་དེ་དེ་ཡིན། དེ་བས་ན་སེམས་གསལ་ལ་རྟོག་བྲལ་ངས་ཤེས་ཟེར་མཁན་དེ་དེ་དང་འདྲའོ། །ཡང་གང་ལྟར་ཡང་རིག་ཆ་དེ་ངོ་མ་ཤེས་ན་སྒོམ་མིན། རིག་པའི་གསལ་ཆ་བཏོན་པས་གཟུང་འཛིན་དུ་སྟིས་ཕུར་བཏོན་པས་ལྐོགས་འགྱུ་དེ་མ་གོའོ། །ཡང་རིག་པ་སྟོང་པ་སྤྲོས་བྲལ་ལོ་ཞེས་ཀྱང་། ཡིད་ཀྱིས་མྱོང་ན་སྤྲོས་པ་མ་བྲལ་ལོ། །མ་མྱོང་ན་ནི་ཅི་ཡང་མི་ཤེས་པ་དེས་ཀྱང་ལུང་མ་བསྟན་དུ་འབྱམས་པ་ཡིན་ནོ། །དེ་བས་ན་ཡེ་ནས་དབྱིངས་རིག་གི་རོ་དང་མ་བྲལ་བ་ཞིག་ཡིན་ལ། ཡང་ཡིད་རྟོག་བཅས་ཀྱི་དཔྱད་པས་ཟིན་པ་དེ་ལ་རྣལ་འབྱོར་མངོན་སུམ་མི་བྱའོ། །བློའི་བསམ་བརྗོད་མེད་པར་གནས་པ་ལ་རོ་མྱོང་མཚུངས་ལྡན་གྱི་ཚོར་བ་གཟུགས་ཁམས་སྨད་པ་ལ་ཡོད་པ་རྣམས་ནི་དེང་སང་གི་སྒོམ་ཆེན་པའི་ཁྱད་ཆོས་དེ་འདྲ་མིན་པར། རིག་པའི་ངོ་བོ་སྟོང་བ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་གེ་རྗེན་ནེ་བ་དེ་སྤྲུལ་སྐུ་ཕྱོགས་ལྷུང་དང་བྲལ་བའི་དགོངས་པའོ། །དེ་ལ་མ་ཡེངས་པར་བལྟ་བས་ལྟ་བ། བསྒོམ་བློའི་རྩོལ་ཞེན་གྱིས་མ་བསླད་པས་བསྒོམ་པ། རྣམ་རྟོག་གིས་མ་བསྐྱོད་པར་བཞག་པས་དུས་གསུམ་ཡིད་ཀྱིས་འབྲེལ་ཐག་ཆོད་པ་ལ་ཕོག་པས། དེ་ཉིད་ལས་མ་ཡེངས་པར་བཞག་པས་བྱར་མེད་རང་གྲོལ་གྱི་དགོངས་པ་མངོན་དུ་འགྱུར་བ་ཡིན་ནོ། །དེ་བས་ན་ད་ལྟར་གྱི་ཤེས་པ་ཟེར་བ། རྣམ་པ་གསལ་བ་ཞེས་པ་ཐམས་ཅད་ཀྱང་གནས་ལུགས་ཡང་དག་གི་དོན་ག་ལ་ཡིན། ཁྱེད་ཀྱིས་འོད་གསལ་ལ་ཉིན་མཚན་མེད་པར་སྐྱོངས་དང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་རྡོ་རྗེ་འཆང་གིས་བསླུ་བར་མི་འགྱུར་བའི་གཏན་ཚིག་གོ །ཡང་ཡེངས་བརྗེད་འཁྲུལ་འབྱམས་སུ་ཤོར་ན་རྣམ་རྟོག་འཁྲུལ་འབྱམས། འབྱམས་ཡུལ་ཅི་ཡང་མེད་དོ། །ཆོས་ཉིད་དུ་མ་གྲོལ་བ་ཞིག་མེད་པས་སོ། །དེ་ལྟར་ཉམས་སུ་ལོངས་དང་འདི་ལས་ཟབ་པ་མེད་དོ། །རྣམ་རྟོག་ཤར་དུས། ངོ་ལ་མི་ལྟ་བ། ངང་ལ་མི་བསྒོམ། སྔོན་བསུ་རྗེས་དཔྱོད་སོགས་ཅི་ཡང་མི་བྱེད་པར་སྔར་གྱི་རིག་པ་དེའི་ངང་དུ་བཞག་པས་རྐྱེན་སྣང་དང་རྣམ་རྟོག་ཐམས་ཅད་རང་ཡལ་རྗེས་མེད་དུ་དག་པ་སྟེ། རང་གྲོལ་མཉམ་པ་ཆེན་པོའི་དགོངས་པ་ཡིན་པས་དེ་རུ་ལ་བཟླ་བ་དང་། རྣམ་རྟོག་དེའི་རང་བཞིན་ཕྱིར་སྣང་ཚུལ་གྱིས་སྐྱོན་ལྟར་སྣང་ཡང་། གནས་ཚུལ་ལ་ཐད་ཀ་ན་རིག་པ་ལས་ཅི་ཡང་མེད་པས་སྐྱོན་དུ་བལྟ་མི་དགོས་ཏེ། ངོ་བོ་ཡེ་གྲོལ་དུ་ཡོད་པས་སོ། །དེ་སྐད་དུ་ཡང་ཆོས་ལིས་བསྐུལ་ངོར་ག་གཱས་སོ། །
འོད་གསལ་ཐོད་རྒལ་གྱི་བསྡུས་དོན་རིན་ཆེན་གཟེར་ཡིག །དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །འོད་གསལ་ཐོད་རྒལ་གྱི་བསྡུས་དོན་རིན་ཆེན་གཟེར་ཡིག་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། དེ་ལ་དང་པོ་རུ་ཤན་བྱེད་པ་ལ། །བྱང་ཆུབ་སེམས་བསྐྱེད་གཞི་བདག་མགྲོན་རིགས་དང་། །བགེགས་མགྲོན་བརྔན་ནས་བསྲུང་འཁོར་བསྒོམ་པ་དང་། །དེ་ནས་འགྲོ་དྲུག་ལུས་ངག་ཡིད་སྤྱོད་དང་། །སངས་རྒྱས་ཉིད་ཀྱི་སྐུ་གསུང་ཐུགས་སྤྱོད་བྱ། །རྐང་མཐིལ་དམྱལ་བའི་ས་བོན་དུ་ནག་པོ། །གསང་གནས་ཡི་དྭགས་ས་བོན་པྲེ་ཐལ་སྐྱ། །ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །སྙིང་ཁར་མི་ཡི་ས་བོན་ཎྀ་༼ནྲི་དཔྱད།༽ ལྗང་ཁུ། །མགྲིན་པར་ལྷ་མིན་ས་བོན་སུ་སེར་པོ། །སྤྱི་བོར་ལྷ་ཡི་ས་བོན་ཨ་དཀར་པོ། །རང་མདོག་ཐིག་ལེའི་དཀྱིལ་ན་བསྒོམ་པ་ལ། །རིགས་དྲུག་ལས་ཉོན་སྡིག་སྒྲིབ་འདུས་པར་བསམ། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿ དམར་པོ། །སྙིང་ཁར་ཧཱུྃ་མཐིང་རྣམས་ལས་འོད་དཀར་དམར། །མཐིང་གསུམ་འཕྲོས་པས་ས་བོན་བག་ཆགས་བསྲེགས། །དེ་ནི་ཕྱི་ཡི་རུ་ཤན་དབྱེ་བའོ། །འབྲུ་གསུམ་རྡོ་རྗེའི་བཟླས་པ་འབུམ་བདུན་བཟླ། །ནང་གི་རུ་ཤན་ལུས་ཉིད་རྡོ་རྗེ་ནི། །ཡར་རྩེ་སྐུ་གསུམ་མར་རྩེ་ངོ་བོ་དང་། །རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན། །སྐེད་པ་ཐབས་ཤེས་ཟུང་འཇུག་མཚོན་པ་ལས། །མེ་སྟག་འཕྲོས་པས་གདོན་བགེགས་ཚར་བཅད་དེ། །རྡོ་རྗེ་ལང་འདུག་སྐོར་གསུམ་ཉམས་སུ་བླང་། །ངག་གིས་ཧཱུྃ་བརྗོད་སྙིང་ཁའི་ཧཱུྃ་འཕྲོས་པས། ཁམས་གསུམ་སྣོད་བཅུད་ཧཱུྃ་དུ་ཞུ་བར་བསམ། །ཚུར་འདུས་བུ་ག་དགུ་ནས་ཞུགས་པ་ཡིས། །ལུས་ནང་ཐམས་ཅད་ཧཱུྃ་གིས་གང་བར་བསམ། །དེ་ནས་ཧཱུྃ་འཕྲོས་རི་བྲག་ཐམས་ཅད་འབིག །ཚུར་འདུས་རང་ལུས་གོལ་རྩེ་མེད་པར་འབིག །མདུན་དུ་ཤིང་བཙུགས་སྙིང་ཀའི་ཧཱུྃ་ལས་ནི། །ཧཱུྃ་གི་ཐག་པ་ཤིང་ལ་དཀྲིས་པར་བསམ། །ཤིང་རྩེར་ཧཱུྃ་ཞིག་ལང་ལ་སེམས་ལ་གཏོད། །མཐར་ནི་གཅིག་ཐིམ་གཉིས་ཐིམ་སྙིང་ཀར་བསྡུ། །དེ་ནས་ཧཱུྃ་ཞིག་རིགས་དྲུག་གནས་སུ་སོང་། །རིགས་དྲུག་སྡུག་བསྔལ་སྦྱངས་ནས་ཞིང་ལྔར་བཀོད། །རྒྱལ་བ་རིགས་ལྔར་དབང་ཞུས་ལུང་བསྟན་ཐོབ། །ཉན་ཐོས་བྱང་སེམས་ཁྲོ་བོའི་ལྟ་སྟངས་ཀྱིས། །བལྟས་ནས་རུ་ལུ་སོགས་བརྗོད་བྱ་བ་ཀུན། །དགུ་སྤྲུགས་བཏང་བའི་རིམ་པ་དང་བཅས་པ། །དེ་དག་སྔོན་འགྲོ་དེ་ནས་དངོས་གཞི་ནི། །སེམས་ཀྱི་བྱུང་གནས་བཙལ་ནས་སྟོང་བར་ཤེས། །དེ་ནས་ལུས་ཀྱིས་ཙོག་པུར་བྱས་ནས་སུ། །ལག་པའི་སོར་བསྣོལ་པུས་མོར་འཁྱུད་པ་དང་། །དེ་ལས་ལག་གཉིས་མཆན་ཁུང་རེག་པ་དང་། །ལག་རྒྱབ་ཁུ་ཚུར་ལྐོག་མར་བཏེགས་པ་གསུམ། །དེ་གསུམ་དུས་སུ་ལྟ་སྟངས་སྣ་རྩེར་ཕབ། །དེ་དག་སྤྲུལ་སྐུའི་བཞུགས་སྟངས་གཟིགས་སྟངས་སོ། ཁ་སྦུབས་ལག་མཐིལ་འགྲམ་པ་སྐྱོར་བ་དང་། །མིག་གཉིས་ཐད་བལྟ་ལོངས་སྤྱོད་རྫོགས་པའོ། །རྐང་བ་མདུན་སྤྲད་དབུས་སུ་ཁུ་ཚུར་བཙུགས། །སྒལ་ཚིགས་དྲང་བསྲང་མིག་ནི་གྱེན་ལ་བལྟ། །ཆོས་ཀྱི་སྐུ་ཡི་བཞུགས་སྟངས་གཟིགས་སྟངས་སོ། །ཀུན་ལ་རླུང་གནད་མཆུ་སོ་མ་རེག་པར། །རླུང་ནི་དལ་བས་ཕྱི་རུ་རིང་བ་ཞིག །ཁ་ནས་གཏོང་ཞིང་མིག་གིས་ཕྱེད་བཙུམ་བལྟ། །ཡུལ་ནི་ཉི་ཟླ་མར་མེ་སྐུ་གསུམ་རྟེན། །དེ་ལ་བརྟེན་པ་ཙིཏྟ་ཤ་ཡི་སྒྲོན། །ཡེ་ཤེས་བཞུགས་གནས་སྙིང་གི་རྩེ་མོ་ནས། །སོར་བཞིའི་མཚམས་ནས་རྩ་བ་གཅིག་པ་ལས། །རྩེ་མོ་གཉིས་ཅན་སྒལ་ཚིགས་བརྒྱུད་པ་སྟེ། །དཀར་འཇམ་རྩ་ཡི་སྒྲོན་མ་དེའི་རྩ་སྣ། །མིག་གི་དཀྱིལ་ཟུག་རྒྱང་ཞགས་ཆུ་ཡི་སྒྲོན། །དེ་ནི་སྣོད་ཀྱི་སྒྲོན་མ་རྣམ་གསུམ་མོ། །དེ་ནས་བཅུད་ཀྱི་སྒྲོན་མ་རྣམ་གསུམ་ནི། །ནམ་མཁར་བལྟས་ན་སྔོ་ནག་ཉི་ཟླ་ལ། །བལྟས་ན་ཁ་དོག་ལྔ་ལྡན་རབ་རིབ་འཆར། །དེ་ནི་རྣམ་དག་དབྱིངས་ཀྱི་སྒྲོན་མའོ། །དེ་ནང་ཐིག་ལེ་ཁ་དོག་ལྔ་ལྡན་པ། །ཀོར་མོའི་གཟུགས་ཏེ་ཐིག་ལེ་སྟོང་སྒྲོན་ནོ། །བར་མཚམས་ལུག་རྒྱུད་ཐིག་ལེ་འབྲེལ་ཞིང་འཁྱོག །ཤེས་རབ་རང་བྱུང་གདངས་ཡིན་སེམས་ཀྱི་དངོས། །སྟོང་གསལ་རིག་པ་ཤེས་རབ་རང་བྱུང་གི །ངོ་བོ་ཡིན་ནོ་ཡུལ་ཀུན་ཤེས་བྱེད་པ། །ཤེས་རབ་རང་བྱུང་སྒྲོན་མའི་རྩལ་ཡིན་ནོ། །མ་ཡེངས་རྣམ་རྟོག་མི་འགྱུ་དེ་ལ་བལྟ། །དེ་ལྟར་བལྟས་ན་སྣང་བཞི་རིམ་གྱིས་རྫོགས། །མཚན་མོའི་ཉམས་ལེན་སྦ་བསྡུ་དག་སྦྱོར་ནི། །ལུས་ནང་དབུ་མའི་ཡར་སྣེ་ཧཾ་ཡིག་དང་། །མར་སྣེ་ཨ་ཐུང་གསལ་བཏབ་ཨ་ལས་མེ། །འབར་བས་སྤྱི་བོའི་ཧཾ་ལ་རེག་པ་ན། །ཧཾ་ལས་བདུད་རྩི་བབས་པས་མེ་གསོས་བྱས། །མེ་ཉིད་ཆེར་མཆེད་ལས་ཉོན་བག་ཆགས་བསྲེགས། །འོད་ལུས་དབུས་སུ་དབུ་མ་གསལ་བཏབ་བྱ། །མེ་འོད་ཀྱིས་ཁྱབ་བསམ་ཞིང་འོད་ལ་ནི། །སེམས་གཏད་པ་ཉིད་འོད་གསལ་སྦ་བའོ། །དེ་ལ་སེང་གེའི་ཉལ་སྟབས་བཞུགས་སྟངས་དགོས། །ཡང་ན་སྣ་རྩེར་ཐིག་ལེ་ཞིག་གསལ་ལ། །ལུས་ཉིད་འོད་ཞུ་དེ་ལ་ཐིམ་པར་བསམ། །སླར་ཡང་ལུས་དབུས་དབུ་མའི་ནང་ཉིད་ཀྱི། །སྙིང་ག་སྤྱི་བོ་གཉིས་སུ་ཨ་གཉིས་གསལ། །དེ་གཉིས་བར་དུ་ཨ་དཀར་བཅུ་དགུ་ནི། །འོད་ཟེར་ཉི་མ་འབུམ་དང་འདྲ་བར་སྒོམ། །སྤྱི་བོ་ནས་བཟུང་ཨ་རྣམས་མས་ཐིམ་དུ། །སྙིང་ཀའི་ཨར་བསྡུ་དེ་ལ་ཐམས་ཅད་ཀྱི། །འོད་དང་ཟེར་འབར་བསམ་པས་གཟི་བརྗིད་ཀྱིས། །དབུ་མའི་ནང་ཀུན་རབ་ཏུ་གང་བར་བསམ། །འོད་དེར་ཤེས་པ་གཏད་དེ་གཉིད་པར་བྱ། །དེ་ཡི་འདུག་སྟངས་གླང་ཆེན་ཉལ་སྟབས་སོ། །དེ་ནི་ཤེས་བྱ་བུམ་པར་བསྡུ་བའོ། །
ཐོ་རངས་ལངས་ནས་རླུང་རོ་གསུམ་བསལ་ཏེ། །དམར་ནག་དཀར་ནག་ཁམ་ནག་རྣམ་པ་རུ། །དུག་གསུམ་ལས་བྱུང་སྡིག་སྒྲིབ་དག་པར་བསམ། །དེ་ནས་སྙིང་ཀའི་ཨ་ལས་སྨིན་མཚམས་སུ། །ཨ་མཐིང་ཞིག་གསལ་དེ་ལས་འོད་འཕྲོས་པས། །སྣོད་བཅུད་འོད་ཞུ་འོད་མཐིང་རྣམ་པར་གང་། །དེ་ནི་ནམ་མཁའི་འབྱུང་བ་དག་སྦྱོར་རོ། །ཡང་ཅིག་ཨ་དཀར་ཆུ་ཡི་རང་བཞིན་ལ། །འོད་འཕྲོས་སྣོད་བཅུད་འོད་དཀར་རྣམ་པར་ཞུ། །གསུམ་པ་ཨ་སེར་འོད་ཀྱིས་སྣོད་བཅུད་སྦྱངས། །བཞི་པ་ཨ་དམར་འོད་ཀྱིས་སྣོད་བཅུད་སྦྱངས། །ལྔ་བ་ཨ་ལྗང་འོད་ཀྱིས་སྣོད་བཅུད་ཞུ། །འོད་ཟེར་དཀར་སེར་དམར་ལྗང་མཐིང་ནག་གི །འོད་ཀྱིས་འཁོར་འདས་ཁྱབ་ནས་བརྡལ་བསམ་ལ། །དེ་ཡི་བཞུགས་སྟངས་དྲང་སྲོང་ཙོག་པུར་གནས། །བར་སྐབས་འཆི་སྦྱངས་དབེན་པའི་གནས་ཉིད་དུ། །སེང་གེ་ཉལ་སྟབས་བྱས་ནས་འཆི་བའི་དུས། །གཉེན་བཤེས་ཀུན་གྱིས་མཐར་བསྐོར་འོ་དོད་འབོད། །བསམ་ཞིང་ང་ནི་ཅི་ལ་ཡང་མི་ཆགས། །ནམ་མཁའ་རྣམ་པར་དག་པའི་དབྱིངས་ཉིད་དུ། །ང་ནི་མྱ་ངན་འདའ་བསམ་མིག་གིས་ནི། །བར་སྣང་ལམ་བྱེད་དབྱིངས་རིག་བསྲེ་བའོ། །ཡང་ན་གླང་ཆེན་ཉལ་སྟབས་བྱས་ནས་སུ། །མངོན་དགའ་དཔལ་ལྡན་སྟུག་པོ་བཀོད་པ་དང་། །བདེ་བ་ཅན་དང་ལས་རབ་རྫོགས་པ་རུ། །རྡོ་རྗེ་སེམས་དཔའ་རིན་འབྱུང་སྣང་མཐའ་ཡས། །དོན་གྲུབ་རྣམ་སྣང་བཞུགས་པའི་ཞབས་དྲུང་དུ། །ད་ནི་འདའ་སྙམ་དབྱིངས་ཐིག་མངོན་དུ་བྱ། །སླར་ཡང་རང་བཞིན་སྤྲུལ་པའི་ཞིང་ལྔ་གསལ། །ད་ནི་འཆི་བས་ཅི་ལ་མི་ཆགས་པར། །རང་བཞིན་སྤྲུལ་པའི་ཞིང་ལ་འགྲོ་སྙམ་ནས། །དབྱིངས་ཐིག་མངོན་བྱེད་དྲང་སྲོང་ཙོག་པུར་འདུག །དེ་ལྟར་གནད་བསྣུན་ཉིན་མཚན་ཁ་སྦྱོར་ནས། །ཟླ་བ་དྲུག་ན་ཆོས་ཉིད་མངོན་སུམ་མཐོང་། །རིག་པ་གཅེར་ལྡང་ལུས་ནི་རུས་སྦལ་བཞིན། །ངག་ནི་ལྐུགས་པ་སེམས་ནི་གར་གཏད་སྡོད། །ཉམས་སྣང་གོང་འཕེལ་དབྱིངས་ཐིག་སྐུ་རུ་སྨིན། །ཤེས་ཉམས་སྣང་ཉམས་རྟགས་གསུམ་སྒོ་གསུམ་འཆར། །རིག་པ་ཚད་ཕེབ་ཚོམ་བུ་གཅིག་ཏུ་འཆར། །སྒོ་གསུམ་རྟགས་ཐོབ་འོད་ཟེར་ཚེ་དབང་ཐོབ། །སླར་ཡང་ཆོས་ཟད་བློ་ཟད་དབང་ཡུལ་ཟད། །སྒོ་གསུམ་རྟགས་ཐོན་གདེངས་བཞི་ཐོབ་ནས་ཀྱང་། །སྐྱེ་འཇུག་ལ་དབང་སེམས་ཅན་སུམ་སྟོང་འདྲེན། །སླར་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཉིད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་ནས། །གཞོན་ནུ་བུམ་སྐུ་ནང་གསལ་ཆེན་པོ་རུ། །སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་གསུམ་དང་ལྡན། །མཛད་པ་གཞན་ངོར་སྐུ་གསུམ་ལུགས་འབྱུང་བ། །ལོ་ནི་གསུམ་བདུན་བཅུ་གཉིས་དབང་ཁྱད་ཀྱིས། །མངོན་རྫོགས་སངས་རྒྱས་འཇའ་ལུས་འོད་སྐུར་འགྲུབ། །རྟེན་ལ་ཁྱད་མེད་རྡོ་རྗེའི་ཚིག་ཆེན་ཡོད། །ཡལ་བར་མ་དོར་སྐལ་བཟང་རིགས་ལྡན་མ། །ཞེས་ཀྱང་ག་གཱས་སོ། །
ཐོད་རྒལ་བསྡུས་དོན། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
ཐོད་རྒལ་བསྡུས་དོན་ནི། གཞི་ཐོག་རང་ལ་སྒྲོན་མ་དྲུག་གནས་པ་སྟེ། དེ་ཡང་སྙིང་ནི་ཙིཏྟ་ཤ་ཡི་སྒྲོན་མ། དེའི་རྩེ་ནས་མིག་ཏུ་འབྲེལ་བའི་རྩ་ནི་དཀར་འཇམ་རྩའི་སྒྲོན་མ། མིག་ནི་རྒྱང་ཞགས་ཆུའི་སྒྲོན་མ། ཐད་ཀའི་བལྟས་ན་འདི་འཛིང་བསྣོལ་དུ་ཡོད་པ་དྲྭ་བ་དྲྭ་ཕྱེད་ཀྱི་རྣམ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ། དེའི་དཀྱིལ་གྱི་ཐིག་ལེ་ཟླུམ་པོ་ནི་སྟོང་བའི་སྒྲོན་མ། དེས་ན་དྲྭ་ཕྱེད་ཀྱི་རྣམ་པ་མུ་ཏིག་བལྟར་ལ་བརྒྱུས་པ་འདྲ་བ་དེ་རྡོ་རྗེ་ལུ་གུ་རྒྱུད་དམ་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན། དེ་དག་ལ་མིག་ཕྱེད་བཙུམ་གྱིས། རྟེན་ཉི་ཟླ་ལ། རླུང་ཁ་ནས་བཏང་། འདུག་སྟངས་དྲང་སྲོང་གིས་བཞག་པ་ནི་གནད་དོ། །ཁྱད་པར་དུ་ཡང་ནུབ་དུས་སུ་ཐིག་ལེ་སྟོང་སྒྲོན་ཞིག་སྙིང་ནང་དུ་དམིགས་ནས་འཕོ་ལུང་གི་དཔག་ཚད་ལྔ་བརྒྱའི་སྟེང་གི་ཕྱོགས་བཅུར་སྤྲུལ་པའི་སྐུའི་ཞིང་ན་བཞུགས་པའི་གཙོ་བོའི་ཐུགས་ཀར་བསྟིམས། སླར་ཡང་གཙོ་བོ་འོད་ཞུ་ཐིག་ལེར་གྱུར་བ་མར་བྱུང་སྟེ་བདག་གི་སྙིང་ཀར་བརྟེན་༼གཏིམ་དཔྱད༽ པས་རྡོ་རྗེ་ལྟ་བུའི་ཚེ་ལ་དབང་བར་བསམ་པས་འོད་ཟེར་གྱིས་ལུས་ནང་ཐམས་ཅད་གང་བར་བསམ་མོ། །བར་སྐབས་འཆི་སྦྱངས་སུ་ང་ནི་འཆི་བའི་དུས་ལ་བབས་པས་ཅིས་ཀྱང་མི་ཕན་ཅི་ལའང་མི་ཆགས་བསམ་ནས་རྣམ་ཤེས་བསྲེ་འཕོ་བྱ་ཞིང་དབྱིངས་ཐིག་གི་ངང་དུ་བདག་འཕོའོ་སྙམ་དུ་འདུན་པ་གཏད་པ་དང་ཆབ་གཅིག་མཉམ་པར་ཡང་ཡང་བཞག་གོ །དེས་བར་དོ་གཉིས་པ་ལ་གྲོལ་བ་ཐོབ་པར་འགྱུར་རོ། །ཞེས་ཀྱང་འདི་འདྲ་དགོས་ཞེས་བསྐུལ་བས་འཕྲིན་ཆོས་ཀྱི་ངོར་ག་གཱས་སོ། །
ཐོད་རྒལ་གྱི་གནད་དྲུག །དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །ཐོད་རྒལ་གྱི་གནད་དྲུག་ནི། ལུས་གནད་སྐུ་གསུམ་གྱི་བཞུགས་སྟངས་ལ་གནས་པར་བྱ་བ་དང་། ངག་གནད་བརྗོད་མེད་ཀྱི་འཁོར་ལོ་ལ་གནས་པར་བྱ་བ་དང་། སེམས་གནད་གཟུང་འཛིན་གྱི་རྣམ་རྟོག་དང་བྲལ་བའི་ངང་ནས་དབྱིངས་ཐིག་ལ་གཏད་པ་དང་གསུམ་མོ། ཡང་སྒོ་གནད་གཟིགས་སྟངས་གསུམ་ལས་མི་གཡོ་བས། ཡུལ་གནད་ཉི་ཟླ་མར་མེ་མན་ཤེལ་ནམ་མཁའ་ལ་གཏད་པ་དང་། རླུང་གནད་མཆུ་སོ་ཅུང་ཟད་མ་རེག་པའི་བར་ནས་འབྱུང་འཇུག་བྱེད་པ་དང་དྲུག་གོ །དེ་ལྟར་གནད་དྲུག་ལས་མ་འདས་པར་ཉམས་སུ་བླང་བྱའི་རྩ་བ་སྒྲོན་མ་དྲུག་སྟེ། སྙིང་ཙིཏྟ་རིན་པོ་ཆེ་ཤའི་སྒྲོན་མ་ཡེ་ཤེས་གནས་པ་རྩ་བའི་གནས་སོ། །དེའི་ནང་ན་གསེར་གྱི་རྩ་ཆེན་ཡོད་པ་དང་། །དེའི་ཡར་སྣ་དབུས་སྟོང་པ་རང་གྲོལ། གཡས་དར་དཀར་སྣལ་མ། གཡོན་ཕྲ་ལ་འཁྲིལ། གསེར་གྱི་རྩ་ཆེན་མར་དུ་༼སྣ་དཔྱད།༽སྲོག་རྩ་ལ་ཟུག་པ་རྣམས་ནི་ཡེ་ཤེས་ཀྱི་རང་མདངས་སྐུ་འོད་ཡེ་ཤེས་རྒྱུ་བའི་ལམ་ཡིན་པས་དཀར་འཇམ་རྩའི་སྒྲོན་མ། །དར་དཀར་དང་ཕྲ་ལ་འཁྲིལ་གཉིས་ཀྱི་རྩ་སྣ་ཡེ་ཤེས་འཆར་བའི་སྒོ་རྒྱང་ཞགས་ཆུ་ཡི་སྒྲོན་མ་སྟེ་སྣོད་ཀྱི་སྒྲོན་མ་གསུམ། །དབྱིངས་རྣམ་དག་གི་སྒྲོན་མ་འཇའ་ཚོན་སྣ་ལྔའི་རང་བཞིན་གྱེན་བསྒྲེངས་དང་རྩིབ་ཤར་དུ་སྣང་བ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་རིས་འོད་ལྔའི་མུ་ཁྱུད་དང་། ཤེས་རབ་རང་བྱུང་ངམ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་ཕྲེང་ངམ་ལྕགས་ཐག་བསྐྱངས་བ་ལྟ་བུ་གསུམ་ནི་བཅུད་ཀྱི་སྒྲོན་མ་གསུམ་ཞེས་བྱའོ། །དེ་ལྟ་བུའི་བཅུད་ཀྱི་སྒྲོན་མ་ཡུལ་དུ་སྣང་བ་ལ་མ་ཡེངས་ཞིང་རྣམ་རྟོག་མེད་པའི་ངང་ནས་བལྟས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དུས་གཅིག་ཏུ་མཐོང་བ་ཡིན་པས། འདིས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཞིང་། འདི་ལས་ལྷག་པའི་གདམས་ངག་ནི་སངས་རྒྱས་སྟོང་གིས་བཙལ་ཀྱང་རྙེད་གནས་མེད་དོ། །ཐོད་རྒལ་གནད་བསྡུས་ཀུན་བཟང་བསྟན་འཛིན་ངོར་ག་གཱས་སོ། །
༈ དུས་མཐར་གདབས་པ་དངཿ རྒྱུན་དུ་སྦྱངས་པཿ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་འཕོ་བའི་ཐབས་བློ་ལ་བཟུང་བདེ་བ་གནད་ལས་གནད་བསྡུས་པ་ནིཿ ལྟ་བ་རྒྱས་འདེབས་ཀྱི་དབང་དུ་བྱས་ནཿ ཁྱེད་ཀྱི་ད་ལྟའི་སེམས་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་གཞི་ཡི་འོད་གསལ་དངོས་ཡིན་པསཿ དེའི་ངང་ལས་མ་ཡེངས་པར་ཡང་ནས་ཡང་དུ་མཉམ་པར་ཞོག་ལཿ ཡང་སྐབས་སུཿ ད་ཅི་ང་ཤི་བའི་དུས་སུ་བར་དོ་དང་པོའི་འོད་གསལ་ཡང་འདི་དང་འདྲ་ལཿ ད་དུང་འདི་བས་བརྒྱ་སྟོང་གྲངས་མེད་ཡིད་ཀྱིས་གསལ་བ་དངཿ བརྟན་པ་དངཿ དག་པ་སྟེཿ སེམས་ཀྱི་སྒྲིབ་གཡོགས་ཐམས་ཅད་བྲལ་བ་ཞིག་འཆར་ཡོང་ངེས་པ་ཡིན་པསཿ དེ་ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེསཿ སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ས་ཡིན་པས་ངོ་ཤེས་པར་བྱས་ལཿ དེའི་ངང་དུ་འཕོའོ་སྙམ་པའི་འདུན་པ་དུང་དུང་རེ་གྱིས་ལཿ སེམས་ཀྱི་ངོ་བོའི་ཐོག་ཏུ་མཉམ་པར་ཡང་ཡང་ཞོག་ཅིགཿ གལ་ཏེ་རྣམ་རྟོག་རྒོད་ནས་ཡེ་མི་གནས་པར་འདྲ་ནཿ ཁྱོད་རང་གི་རྩ་བའི་བླ་མ་མཆོག་གང་ཡིན་དེ་སྤྱི་བོར་བསྒོམ་ལཿ ལུས་ཐ་མལ་གྱི་དབུས་སུ་རྩ་དབུ་མ་མཐིང་ཀ་གསལ་བའི་དབུསཿ སྙིང་ཀའི་ཐད་དུཿ རིག་པ་རྡོ་རྗེ་ཚོན་གང་བ་ལྟེ་བ་ན་ཧཱུྃ་ཡོད་པ་ཞིག་དུ་སོམ་ལཿ ཧིག་བརྩེགས་པ་ཅི་ནུས་ཀྱིས་བླ་མའི་ཐུགས་ཀར་འཕོས་ཏེཿ ཐུགས་རྣམ་མཁྱེན་གྱི་ཡེ་ཤེས་དང་དབྱེར་མེད་པར་འདྲེས་པར་མོས་ལ་ཡང་སེམས་ངོ་ལ་ལྟོསཿ ཡང་ཐོད་རྒལ་གྱི་དབྱིངས་ཐིག་མར་མེ་ཞིག་སྔུན་དུ་བཞག་ལ་བསྒོམས་ནསཿ འདི་རང་སྣང་ལོངས་སྐུའི་སྣང་བ་དངོས་ཡིན་པསཿ བདག་འདིར་འཕོ་སྙམ་པའི་དབྱིངས་ཐིག་གི་ངང་དུ་རིག་པ་རྡོ་རྗེ་ཧཱུྃ་མཚན་ཅན་འཕོ་བ་དངཿ ཡང་ན་དཔག་ཚད་ལྔ་བརྒྱའི་སྟེང་དུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བླ་མ་བཞུགས་པའི་ཐུགས་ཀརཿ ང་སྲིད་པ་བར་དོ་ལ་འཁྱམས་འདུག་པས་འཕོ་དགོས་སྙམ་ནས་འཕེན་པ་གང་ལ་ཡང་བླ་མའི་གསོལ་འདེབས་དྲན་པའི་ཧིཀ་གིས་སྦྱང་བ་ལས་ལོགས་སུ་འཕོ་བ་གཅིག་ཀྱང་མི་དགོས་པར་ཐམས་ཅད་དེར་འདུས་སོཿ དེ་ལྟར་གྲངས་མང་བསྐྱལ་བས་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འགྲོ་བར་གདོན་མི་ཟའོཿ འདི་ཀུན་ལ་ཤིན་ཏུ་མཁོཿ གལ་ཆེ་ཆེཿ འདི་ཁོ་ནའོཿ འདི་ཁོ་ནའོཿ འདི་ཁོ་ནའོཿ ག་གཱས་སོ། །
ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས་བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་ནོར་བུའི་ཕྲེང་བ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལསཿ བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོཿ ན་མོ་གུ་རུ་པདྨ་ཀཱ་ར་ཡེཿ འདིར་གནད་ལས་གནད་དུ་བསྡུས་པ་ནིཿ ཐོག་མར་བར་དོ་དང་པོ་སྐྱེ་གནས་བར་དོ་སྦྱོང་བའི་སྒྱུ་ལུས་དང་བསྐྱེད་རིམ་གཉིས་ལསཿ སྒྱུ་ལུས་ལཿ ལུས་སྒྱུ་མ་ལྟར་སྦྱང་བཿ ངག་བྲག་ཆ་ལྟརཿ སེམས་ན་བུན་ལྟར་སྦྱང་བ་གསུམ་ལསཿ དང་པོ་ནིཿ མེ་ལོང་དྭངས་བ་ཞིག་མདུན་དུ་བཤམས་ནསཿ གཟུགས་གཞན་མི་མཐོང་བར་དེ་ལ་བལྟས་ནསཿ ཅི་ཞིག་ན་ཕྱི་ནང་ཐམས་ཅད་དུ་བཙལཿ རང་གི་ལུས་ལ་ཡང་དེ་དང་འདྲ་བར་བློ་སྦྱངསཿ ཡང་བྲག་ཆ་དེ་བྲག་གི་ཕྱི་ནང་ཐམས་ཅད་ལ་བཙལཿ རང་གི་ངག་ཀྱང་དེ་ལྟ་བུར་བཙལ་ནས་འདྲེས་པར་སྦྱངསཿ ཡང་ནམ་མཁའི་སྤྲིན་གྱི་བྱུང་གནས་འགྲོ་གསུམ་དང་སེམས་ཀྱི་བྱུང་གནས་འགྲོ་གསུམ་མཉམ་པར་བཙལ་ཏེ་མཉམ་པར་སྦྱངསཿ དེ་དག་ལ་མཉམ་རྗེས་བསྲེ་ཕྱིརཿ རྗེས་ཐོབ་ཐམས་ཅད་སྒྱུ་མའི་དོན་དེ་གསུམ་གྱི་འདུན་པ་རྒྱུན་བསྲིང་ངོཿ གཉིས་པ་ནིཿ ང་ལྷ་ཡིན་བསམ་ནས་ཡི་དམ་གྱི་འདུན་པ་བྱཿ ཀུན་བཟང་ཡབ་ཡུམ་ཟུང་འཇུག་རྒྱན་མེད་གཅེར་བུའམཿ སྤྲོ་ཞིང་ནུས་ན་ཞི་ཁྲོ་ཡོངས་རྫོགས་ཀྱི་སྐུ་བསྒོམ་མོཿ དེ་ཡང་སྣང་སྟོང་སྒྱུ་མ་ལྟ་བུའི་དྲན་པ་བྱ་བས་རྣམ་དག་དྲནཿ ཆ་ལུགས་འདི་ལྟ་བུའོ་བསམ་པ་ལས་མ་ཡེངས་པས་རྣམ་པ་གསལ་བཿ ཕྱི་ནང་གི་ཆོས་ཐམས་ཅད་ལྷ་དང་ཞིང་ཁམས་སུ་ཤེས་པསཿ གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱི་འཛིན་པ་སྦྱོང་ངོཿ
༈ གཉིས་པ་རྨི་ལམ་བར་དོ་སྦྱོང་བ་ནིཿ ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་པ་ལྟ་བས་ཐག་བཅད་དེཿ འདུན་པས་རྨི་ལམ་གཟུང་ཕྱིར་ཉིན་མོ་དུས་ཀུན་ཏུ་རྨི་ལམ་ངོ་ཤེས་པར་བྱ་བསམ་པའི་བློ་བརྟན་ནསཿ རྨི་ལམ་དུ་ཡང་དེ་འདྲ་འབྱོང་བ་ལཿ བར་ཞིག་ན་ཉིན་སྣང་ལ་བདེན་འཛིན་དགག་སྒྲུབ་མ་ཤོར་ན་རྨི་ལམ་དང་བར་དོ་དེ་འདྲ་ལཿ བར་ཞིག་ན་རྨི་ལམ་གྱི་དུས་ན་ཐོག་བརྫིས་བྱ་ནུས་པ་ན་བར་དོ་ཆོད་པར་འགྱུར་རོཿ ཁྱད་པར་དུ་ཉལ་ཁ་སྒོམ་བསྐྱེད་རིམ་འོད་གསལ་ལ་སོགས་གནས་པའི་འདུན་པ་རྨི་ལམ་དང་ཡང་འདྲེའོཿ ཡང་ན་སྙིང་ཁར་བླ་མའི་ཐུགས་ཀར་ཨཱཿཡིག་དཀར་པོ་ལ་སེམས་བཟུང་བས་རྨི་ལམ་འོད་གསལ་དུ་འཆར་ཞིང་ཟིན་པར་གསོལ་བ་བཏབཿ གཉིད་ཁར་ཡང་ཡང་འདུན་པ་བསྒྱུར་རོཿ དེའི་སྲབ་མའི་འོད་གསལ་གྱི་སྣང་བ་མཐོང་བ་དངཿ བདེ་གསལ་མི་རྟོག་པ་འཆར་ལཿ འཐུག་པོའི་འོད་གསལ་རང་བཞིན་བརྒྱད་ཅུ་འགག་ནསཿ གཉིད་འཐུག་གཏི་མུག་གི་སྐྱོན་དང་བྲལ་བའི་རང་བཞིན་དོན་གྱི་འོད་གསལ་འཆར་བ་ཟིན་པར་འགྱུར་རོཿ ཁྱད་པར་ཁྲེགས་ཐོད་ཀྱི་འོད་གསལ་གྱི་ངང་མ་ཤོར་པས་ཟིན་པ་ཐབས་ལམ་རྨད་བྱུང་ངོཿ
༈ གསུམ་པ་བསམ་གཏན་བར་དོ་ཟིན་ཕྱིརཿ རྟེན་ཤིང་བུ་རྡེའུ་ལ་སོགས་པ་ལ་གཏད་པ་དངཿ སྐུ་གསུང་ཐུགས་རྟེན་དངོས་ལ་གཏད་པ་དངཿ སྐུ་གསུང་ཐུགས་རྟེན་བསྒོམ་ལཿ ལུས་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པས་གནས་ནས་མིག་མི་འགུལ་བར་བརྟན་པོསཿ སེམས་གནས་ཆའི་བསམ་གཏནཿ གསལ་ཆའི་ལྷག་མཐོང་ངམ་རང་བཞིན་མེད་པར་ཤེས་པའི་ངང་ལས་མ་ཡེངས་པས་ཞི་ལྷག་ཟུང་འཇུག་གོཿ དེ་ལྟ་བུའི་སྐྱོན་བསལ་བའི་ཕྱིརཿ བྱིང་ན་ལྟ་སྟངས་སྟོད་ནས་འཁྱག་སར་བསྒོམཿ རྒོད་ན་ཕབ་ལ་དྲོ་སར་བསྒོམ་མོཿ ཁྱད་པར་དུ་ལུས་དབུས་སུ་རྩ་གསུམ་འཁོར་ལྔ་གསལ་བས་སྣ་བུག་གཡསཿ གཡོནཿ མཉམ་པར་རླུང་དུག་གསུམ་བསལ་ལཿ རང་ལྷར་གསལཿ འབྲུ་གསུམ་རྡོ་རྗེའི་བཟླས་པས་ངག་བྱིན་གྱིས་བརླབསཿ དེ་ནས་མདུན་དུ་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབསཿ ཁམས་གསུམ་སྣོད་བཅུད་ཀྱི་བཅུད་དང་དྭངས་བྱིན་ནམ་མཁའི་རླུང་གི་རྣམ་པར་སྣ་བུག་ནས་དྲངས་ནས་དབུ་མ་ལ་བཙུད་པས་ལས་རླུང་དབུ་མར་ཚུད་པར་བསམཿ ཕྱིར་རླུང་དུག་གི་རྣམ་པར་འཕང་བ་སྒྲོག་མདོའི་ཨ་ཤད་ལས་མེ་འབར་བ་གཏུམ་མོཿ ཐིག་ལེ་སྤྱི་བོ་ནས་བབས་པ་འཁོར་ལོ་ལྔར་ཁྱབ་པསཿ གནས་ལྔར་རིགས་ལྔ་མཆོདཿ དབང་ལྔ་ཐོབཿ དགའ་བཞི་དང་སྟོང་བཞི་ལ་སོགས་པ་མངོན་དུ་གྱུརཿ སྒྲིབ་བཞི་དགཿ ཡེ་ཤེས་ལྔ་མངོན་དུ་གྱུར་བར་བསམ་པ་ཐིག་ལེའི་རྣལ་འབྱོར་རོཿ དེ་ཡིས་བདེ་གསལ་རྣམ་པར་མི་རྟོག་པའི་ཏིང་འཛིན་བསམ་གཏན་ཐོབ་བོཿ
༈ བཞི་པ་འཆི་ཁ་བར་དོ་སྦྱོང་བ་ལཿ ད་ལྟ་དཀར་དམར་ནག་པོ་དངཿ ཉིན་མཚན་བར་གསུམ་དང་ཉི་ཟླ་མུན་པ་སོགས་ལ་བར་དོའི་འདུ་ཤེས་བཞག་ལ་ངོ་ཤེས་པར་བྱཿ དཀར་དམར་ལ་སོགས་པའོ་བསམ་ནས་འཕོ་བ་སྦྱངསཿ དེ་ཡང་བསྐྱེད་རིམ་ལ་གོམས་པས་ལྷ་སྐུ་ལཿ རྫོགས་རིམ་པས་འོད་གསལ་ལཿ རྫོགས་ཆེན་པས་ཀ་དག་ལའམཿ རིག་པ་རྡོ་རྗེ་ཧཱུྃ་མཚན་ཅན་སྤྱི་བོ་ནས་རང་བཞིན་སྤྲུལ་སྐུའི་ཞིང་ལྔའམ་སྤྱི་བོ་བླ་མ་ལཿ ཐོད་རྒལ་བས་དབྱིངས་ཐིག་ལ་དམིགས་ནསཿ སྒྱུ་ལུས་བས་རླུང་སེམས་ཀྱི་ཐིག་ལེ་འདུ་ཤེས་བཞི་ལྡན་གྱིས་འཕོའོཿ གསལ་འདེབས་པ་ནི་སོ་སོ་ལྟར་རོཿ
༈ ལྔ་པ་ཆོས་ཉིད་བར་དོ་སྦྱོང་བ་ནིཿ ཞི་ཁྲོ་དབྱིངས་ཐིག་སོགས་ཀྱི་བཟོ་སྤྲུལ་སྐུ་ལ་ཤེལ་མིག་སྦྱར་བས་བལྟས་ཏེ་རང་སྣང་སྐུ་གསུམ་གྱི་བར་དོ་དངོས་ཡིནཿ ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོས་སྦྱང་བ་དངཿ ཡང་ནཿ གདམས་ངག་གི་སྦྱང་བ་ནིཿ ཁྲེགས་ཆོད་དང་ཐོད་རྒལ་ཏེཿ དང་པོ་ནིཿ ད་ལྟའི་རང་གི་སེམས་འདི་ཉིད་སྣ་ཚོགས་སུ་སྣང་ཡང་ཡོད་པ་ལྟར་བཟུང་ནས་དགག་སྒྲུབ་སྤང་ལེན་སྣ་ཚོགས་སུ་བྱས་ཀྱངཿ ངོ་བོ་ལ་བལྟས་ན་བྱུང་གནས་འགྲོ་གསུམཿ གཟུགས་དབྱིབས་ཁ་དོགཿ ཕྱི་ནང་བར་གསུམཿ ངོས་བཟུང་གི་ཆོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་ལཿ སྟོང་བ་བྱིང་ཆད་དུ་མ་སོང་བས་རང་བཞིན་རང་གསལཿ གསལ་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་བདེན་པ་དབྱེར་མེད་ཆེན་པོཿ སེམས་ཀྱི་གནས་ལུགས་རང་བཞིན་གྱི་བབས་ནི་གཞི་ཡིན་ལཿ བློས་དགག་སྒྲུབ་སྤང་བླང་འཛིན་སྟངས་ཐམས་ཅད་བོར་བའི་བྱར་མེད་དུ་བཞག་དུསཿ དེའི་གཤིས་ཐོག་ཏུ་སླེབས་པ་ཡིན་པས་བསྒོམ་པ་ངང་བཞག་རྒྱ་ཡན་ཆེན་པོ་སྟེཿ བཞག་ཐབས་ནིཿ ཕྱི་སྣང་བ་ལ་མི་འཛིན་མི་དགག་པས་སྣང་བ་ཅེར་བཞགཿ ནང་ཤེས་པ་བྱིང་རྨུག་འཐིབ་གསུམ་གྱི་སྐྱོན་དང་བྲལ་བའི་ངང་དྭངས་རང་སངས་རྒྱ་མཚོ་ཅོག་བཞགཿ རྣམ་རྟོག་གི་རླུང་གིས་མི་བསྒུལ་བས་རི་བོ་ཅོག་བཞགཿ ངོ་བོ་ངོས་བཟུང་དགག་སྒྲུབ་སྤང་བླང་མེད་པའི་ཆོས་ཉིད་ཀྱི་རྗེས་སུ་འཇོག་པའི་ཅོག་བཞག་བཞིའིཿ རྣམ་རྟོག་གི་ངོ་བོ་སྤྲོས་པའི་མཐའ་༼གྲོལ༷་༽ཐམས་ཅད་ལས་གྲོལ་བར་ཡེ༵་༼གྲོལ༷༽ནས་སངས་རྒྱས་པ་དངཿ སྐྱེས་པ་ལ་གཉེན་པོ་མི་དགོས་པར་༼རང༷་གྲོལ༷་༽ མཐོང་ཡལ་༼ཅེར༷་གྲོལ༷་༽ཆེན་པོར་རང་གྲོལ་བའི་གནདཿ ཡུལ་སེམས་ཀྱི་བར་དུ་རིག་པ་གཅིག་གི་ངང་དུ་༼གཅིག་གྲོལ་༽ཅོག་གེར་བཞག་པས་ཐམས་ཅད་དུས་གཅིག་༼ཡོངས༷་གྲོལ༷་༽ལ་ཟིན་པའོཿ ཡང་ལུས་ཀྱི་འདུག་སྟངས་དངཿ མིག་གི་ལྟ་སྟངས་ཀྱིས་སྣང་སེམས་ཀྱི་འཛིན་པ་དབྱིངས་སུ་རང་ཡུལ་ཆེན་པོར་རྒྱས་ཐེབ་ཅིངཿ གལ་ཏེ་ཡུལ་སེམས་ལ་བཟུང་འཛིན་སྐྱེས་ན་ཡང་དགག་སྒྲུབ་མི་བྱེད་པར་རིག་པ་ཐོག་བབས་སུ་ཡུལ་ལ་དབབ་ནསཿ རང་གནས་ཡེ་ཤེས་ཀྱི་ངང་ལས་མི་འདའ་བའི་ཏིང་འཛིན་གསུམ་གྱི་གནད་ཚང་ལཿ སྣང་སེམས་རིག་གསུམ་སྤྲོས་བྲལ་དུ་ཤེས་པའི་གདེང་གིས་ཟིལ་གནོན་གསུམ་གྱི་གནད་ཚང་བའོཿ
༈ གཉིས་པ་ཐོད་རྒལ་ནིཿ གཞི་དབྱིངས་རིག་རང་གི་སྙིང་ནང་ན་ཡེ་ཤེས་སུམ་བརྩེགས་ཀྱི་ཚུལ་དུ་ཡོད་པ་དངཿ ལམ་རྩ་ནང་དུ་ཤར་བའིཿ འབྲས་བུ་ཉི་ཟླ་མར་མེ་མན་ཤེལ་ནམ་མཁའ་ལྔའི་ཡུལ་ལ་ཆོས་ལོངས་སྤྲུལ་གསུམ་གྱི་ལྟ་སྟངས་གྱེན་དང་ཟླུམ་པོ་སྣ་རྩེར་ཕབས་པ་གསུམཿ མངོན་བྱང་གཡསཿ རྡོ་རྗེ་གཡོན་དུ་མནན་པའི་ཕྱེད་བཙུམ་གྱིསཿ བཞུགས་སྟངས་སེངྒེཿ གླང་ཆེནཿ དྲང་སྲོང་གིས་སྒོ་གསུམ་མི་འགུལ་བར་སྡོད་ཅིངཿ རླུང་གནད་མཆུ་སོ་མ་རེག་པའི་བར་ནས་ཡུད་ཙམ་ཕྱིར་རིང་པའིཿ རིག་གནད་དབྱིངས་ཀྱི་དབུས་སུ་སེམས་མི་རྟོག་པར་ལུག་རྒྱུད་བཙོན་དུ་བཟུངཿ དབྱིངས་གནད་ཕྱོགས་བཞི་དབུས་ལྔ་གང་ལ་འཆར་བདེ་བ་དེར་ཁྲིད་ཅིང་བལྟས་པསཿ དབྱིངས་མཐིང་ཀ་དངཿ ཁ་དོག་སྣ་ཚོགས་པའི་འཇའ་ཚོན་དུཿ ཐིག་ལེ་ཕྱི་ནང་རིམ་པ་ལྔར་འཁོར་བའི་སྟོང་སྒྲོན་རྨ་བྱའི་སྒྲོ་ཐིག་ལྟ་བུ་དངཿ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཆུན་འཕྱང་གི་ཚུལ་དུ་ཡོད་པ་རྣམས་ནང་གི་དབྱིངས་ཐིག་གི་འོད་གདངསཿ སྒོ་འོད་ཀྱི་རྩ་སྣ་རྒྱང་ཞགས་ཆུའི་སྒྲོན་མ་ལས་ཐོན་ཏེ་འཆར་བ་ལཿ མིག་རྒྱ་མཚོ་ཅོག་བཞག་ལྟ་སྟངས་ལས་མི་གཡོ་བརཿ ལུས་རི་བོ་ཅོག་བཞག་བཞུགས་སྟངས་དངཿ སེམས་སྣང་བ་ཅེར་བཞག་འོད་སྣང་ལ་སྤུ་རིས་མི་འབྱེད་པར་རང་སར་བཞག་པསཿ ངོ་བོ་སྤྲོས་པ་གང་དུ་ཡང་མ་གྲུབ་པའི་རིག་པ་ཅོག་བཞག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་འཆར་བ་ཡུལ་དང་བཅས་པ་ལཿ དངོས་པོར་མི་འཛིན་པའི་ལྟ་བཿ ངང་ལས་མི་འདའ་པའི་བསྒོམ་པཿ རང་སར་བཞག་པའི་སྤྱོད་པཿ འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སུ་ཤེས་པའི་ངེས་ཤེས་རྒྱུན་དུ་བྱེད་པའི་རྣལ་འབྱོར་བཞིས་ཉམས་སུ་བླང་བར་བྱའོཿ
༈ དྲུག་པ་སྲིད་པ་བར་དོའི་ཉམས་ལེན་ནིཿ ཉིན་མཚན་ཉི་ཟླ་སོགས་གཡང་ས་གསུམ་དུ་འདུན་པས་སྦྱངས་པ་དངཿ གྲགས་པ་ཐམས་ཅད་སྒྲ་བཞིར་འདུན་པས་སྦྱངས་པ་དངཿ དྲན་བསམ་ཐམས་ཅད་སྲིད་པ་བར་དོའི་སྣང་བར་འདུན་པས་སྦྱངས་ཤིངཿ འཇིགས་སྐྲག་དགའ་དངོས་ཀྱི་གཟུགས་ཐམས་ཅད་ལ་ཆགས་ཞེན་མཁན་པོ་བདག་ཡུལ་དང་བཅས་པ་སྙེམས་བྱེད་དང་ཕུང་པོའི་བདུད་དུ་ཤེས་ཤིང་འཁྲི་བ་བཙན་ཐབས་སུ་བཅདཿ སྤངས་ལེན་འདོད་སྡང་གི་རྣམ་རྟོག་ཐམས་ཅད་ཉོན་མོངས་པའི་བདུད་དང་ལྷ་བདུད་ཀྱི་གཡབ་མོར་ཤེས་པས་འཁྲི་བ་བཙན་ཐབས་སུ་གཅོད་པ་དངཿ བརྟུལ་ཞུགས་ཐུག་ཕྲད་ཐོག་བབས་རང་གྲོལ་དུ་རྩལ་སྦྱངས་བའམཿ ཡང་ན་ང་ཤི་འདུག་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་འགྲོའོ་སྙམ་པའི་འདུན་པ་དུང་དུང་ངེ་བའི་ངང་ནས་འཕོ་བའི་སྦྱོར་བ་དྲག་པོ་སྦྱར་བས་གྲོལ་བ་ཐོབ་པར་གདོན་མི་ཟའོཿ ཡང་ཉམས་ལེན་ཉིན་མཚན་ཁ་སྦྱོར་དུ་འདོད་པསཿ རང་གི་སྙིང་ནང་དུ་རྣམ་ཤེས་ཐིག་ལེ་སྟོང་སྒྲོན་དུ་གསལ་བཿ ཧིཀ་གིས་རང་བཞིན་སྤྲུལ་སྐུའི་ཞིང་ལྔར་བླ་མ་རྒྱལ་བ་རིགས་ལྔའི་ཐུགས་ཀར་བསྟིམས་པ་དངཿ ཐུགས་ཡེ་ཤེས་ལྔའི་རང་བཞིན་འོད་ཀྱི་ཐིག་ལེ་སླར་བྱུང་ནས་རང་གི་སྙིང་ཀར་གནས་པའི་འོད་ཀྱིསཿ ལུས་དང་སྣང་བ་ཐམས་ཅད་ཁྱབ་པ་ལ་འདུན་པ་བཟུང་ནས་གཉིད་འོད་གསལ་དུ་སྦ་ཞིང་ཤེས་བྱ་བུམ་པར་བསྡུ་བར་འགྱུརཿ ནང་མོ་སད་དུས་དེ་ལས་ཐིག་ལེ་གཉིས་པ་ཞིག་སྣ་རྩེར་ཆད་ནསཿ ཕྱི་རོལ་གྱི་འབྱུང་ལྔ་འོད་དུ་ཞུ་བ་སྣ་རྩེའི་ཐིག་ལེ་ལ་ཐིམ་པར་མོས་པས་དེ་ལ་སེམས་བཟུངཿ འབྱུང་ཁམས་དག་སྦྱོར་དུ་ཡང་འགྱུར་རོཿ དེ་ལྟར་མན་ངག་ཀུན་ཀྱི་གནད་འདུས་པཿ ཚིག་ཉུང་གོ་སླ་ཤིན་ཏུ་ཁྱེར་བདེ་འདིཿ གང་ན་པདྨའི་ཐུགས་རྗེའི་ཉེར་འཚོ་བཿ ག་ག་ཨ་བྷྱེའི་དུས་བབས་ཕྲིན་ལས་ཏེཿ མ་གྱུར་འགྲོ་བའི་ཉེར་འཚོར་འགྱུར་བར་ཤོགཿ འདི་འདྲ་འབྲི་དགོས་བླ་མའི་བཀའ་ཕེབས་ནསཿ བཟོ་རིག་འདུ་བྱེད་ཀརྨའི་མིང་གིས་སོཿ ཞེས་རང་གི་ཚེ་རབས་སྔོན་ནས་བླ་མར་གྱུར་པ་སྟུག་རྒྱ་སྤྲུལ་སྐུའི་བཀའ་མ་ལྡོག་བར་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །
ཚིག་གསུམ་གནད་བརྡེགས་ཀྱི་བསྡུས་དོན་པུཎྜ་རི་ཀའི་ཕྲེང་བ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །ཚིག་གསུམ་གནད་བརྡེགས་ཀྱི་བསྡུས་དོན་པུཎྜ་རི་ཀའི་ཕྲེང་བ་བཞུགས་སོ། །དེ་ཡང་བདུད་རྩི་བཅུད་ཐིག་ལས། ང་ཡི་དགུ་རྩེ་སྤྱི་ཏི་འདིར། །སྤྲོས་པ་རང་གི་ཐོག་ཏུ་བཅད། །རང་ངོ་རང་གི་ངང་ལ་སྤྲད། །རང་གདེངས་རང་གྲོལ་ཐོག་ཏུ་བཅའ། །ཞེས་པས་ན་རང་གི་སེམས་རང་བབས་སུ་རྟོག་གཉིས་གཟུང་འཛིན་བཏང་སྙོམས་དཔྱད་རྒྱས་མ་བསླད་པར་བཞག་པས། རང་གསལ་འཛིན་མེད་སྟོང་བ་ཉམས་སུ་མྱོང་བའི་རིག་གེ་སེང་ངེ་བ་དེ་ཆོས་སྐུ་གཞི་ལྡན་གྱི་དགོངས་པ་རང་ལ་ཡོད་པ་ཉིད་ཡིན་པས་དེ་ལས་གཞན་དུ་ཚོལ་མི་དགོས་པས་ངོ་རང་ཐོག་ཏུ་སྤྲད་པ་ཟེར་རོ། །ཡང་དེའི་ངོ་བོ་ལ་ཡོད་མེད་མཐའི་དངོས་པོ་གང་གིས་ཀྱང་མ་རེག་པའི་དབུ་སེམས་སྔགས་ཀྱི་དབང་བཞི་བའི་ཡེ་ཤེས་ཚོགས་གཉིས་མཉམ་རྫོགས་ཀྱི་ཕྱག་རྒྱ་ཆེན་པོར་ཤེས་པས་བློས་སྤྲོས་པའི་གཟུང་འཛིན་མཐའ་དག་རང་བཞག་ན་ཡེ་ཤེས་ཆེན་པོ་གཅིག་གི་ཐོག་ཏུ་ཐག་ཆོད་གདེངས་ལྡན་དུ་བཞག་གོ །ཡང་རིག་པའི་རང་གདེངས་རྣམ་རྟོག་སྣང་ཞེན་གྱི་ཚོགས་ཐམས་ཅད་བཅས་བཅོས་སྤང་བླང་བསྒྱུར་བཀོད་སྦྱོང་གཞིག་རང་ལུགས་གང་དུའང་མི་བྱེད་པར་འགྱུ་བ་གསལ་དག་ཏུ་རང་གྲོལ་བར་སྔ་ཕྱི་བསུ་གཅོད་བག་ཆགས་ཀྱི་མཐའི་འཕྲང་ལ་མི་བཤར་བར་གཏོང་ངོ་། །དེའི་གཞི་འབྲས་དབྱེར་མེད་རང་གནས་ཆེན་པོ་མངོན་དུ་འགྱུར་བའོ། །དེའི་དུས་སུ་འཛིན་པས་ཕྱོགས་དང་འཁྲུལ་པ་རྩིས་གདབ་ཕྲན་གྱི་ཟུག་རྔུ་ཡང་གོལ་སྒྲིབ་འཁྲུལ་པར་འཕྱན་པས། དགོངས་པ་དམིགས་མེད་ཀྱི་ངང་ལ་སླར་བརླན་པས་སྤྲོས་སྐྱོན་ཐམས་ཅད་དུས་གཅིག་ཏུ་ཆོད་དོ། །དེ་སྐད་རིམ་པར་གསལ་ཕྱེས་མགོ་རྨོངས་ལ། །གནད་བསྡུས་ཙམ་གྱིས་ཤེས་རབ་སྒྲོག་ཡིན་ཡང་། །སྨོན་བཞིན་ག་ག་རྒྱལ་པོས་རེ་བ་བསྐང་། །འདིས་ཀྱང་ཕན་པ་རྒྱ་ཆེར་འགྲུབ་གྱུུར་ཅིག །ཕྱུག་རྡིས་ལ་ཕུལ།
༈ སྣང་མཆེད་ཐོབ་གསུམ་ཡིན་ལགས། སྔོན་ནམ་མཁའ་སྟོང་པ་རྟེན་མེད་དུ་སྣང་ཟེར་བ་དེ་དོན་ལ་ཀུན་གཞི་མཚན་ཉིད་ཅི་ཡང་མི་སེམས་པས་སྟོང་ཧད་དེ་ལ་ཟེར། ནམ་མཁའ་རྟེན་མེད་ཀྱི་ཁམས་གསུམ་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ལྟར་ཆགས་ཟེར་བ་དེ་ནི་ལས་རླུང་གཡོ་བ་ཉིད་ཡིན། དེའི་སྟེང་དུ་ཞི་བ་གསལ་དག་གི་རྒྱ་མཚོ་ནི་ཀུན་གཞིའི་རྣམ་ཤེས་ཡིན། དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་ནི་ཉོན་ཡིད་ཡིན་ནོ། །ཀུན་རྫོབ་ལ་མེ་ཡོད་ཟེར་བ་ཡིད་དྭངས་གསལ་ཀྱི་ཆ་ཡིན་ནོ། །དེ་ནི་དོན་གྱི་བསྐལ་བ་ཆགས་ཚུལ་དང་འཁོར་བ་ལུགས་སུ་འབྱུང་ཚུལ་ཡིན་ནོ། །ལུགས་སུ་ལྡོག་ཚུལ་ནི། ཀུན་རྫོབ་ལ་སྔོན་མེས་ཞེ་དགུ་ཆུས་ལན་བདུན་རླུང་གིས་ལན་གཅིག་སོགས་གཏོར་ཟེར་བ་སྲིད་ཀྱང་དོན་ལ་རྣམ་ཤེས་སྣང་བ་ལ་ཐིམ་ཚེ་དམར་ལམ་འཆར་བ་ལ་མེས་ཞེ་དགུ་དང་། སྣང་བ་མཆེད་པ་ལ་ཐིམ་ཚེ་དཀར་ལམ་སྣང་བ་ལ་ཆུས་ལན་བདུན་དང་། མཆེད་པ་ཉེར་ཐོབ་ལ་ཐིམ་ཚེ་ནག་ལམ་འཆར་བ་ལ་རླུང་གིས་ལན་ཅིག་གཏོར་བ་ཞེས་བརྗོད་པ་ཡིན་ནོ། དེ་ལྟར་ལུགས་སུ་ལྡོག་ནས་སྲིད་རྩེ་རུ་འཕེན་པ་ལྟ་བ་ཡིན་ནོ། །བྲི་བ་རྒན་པོ་སྦ་ཁས་བྲིས། །མཁོ་བ་འཕྲིན་ཆོས་ཁྱོད་ལ་མཁོ། །སྒོམ་པ་འཆི་ཁའི་གདམས་ངག་ཡིན། །གྲོལ་གྱུར་བ་ལ་ཐེ་ཚོམ་མེད། །དགེའོ། །
༈ འོ། ཁྱོད་ལ་ཞལ་གདམས་ཤིག་དགོས་ན། རང་གི་ཚེ་ལ་ངེས་པ་མེད་པར་འཆི་བ་ལས་མ་འདས་པའི་ངང་ཚུལ་ལ་བསམ་ཏེ་མི་རྟག་པ་བསྒོམ་ཞིང་ངེས་པར་རྒྱུད་ལ་སྐྱེས་པ་ཞིག་མཛོད། དེ་ལྟར་འཆི་བའི་འོག་ཏུ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། འཁོར་བའི་སྡུག་བསྔལ་སྤྱི་དང་རིགས་དྲུག་སོ་སོའི་སྡུག་བསྔལ་ཡོད་ཚུལ་རྣམས་གོ་ལོ་ཐོས་ལོ་ཙམ་དུ་མ་སོང་བར་ཐར་འདོད་ཀྱི་བློའམ་ངེས་འབྱུང་ཡང་དག་པ་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ། དེའི་རྒྱུ་སྡིག་པ་ཡིན་པའི་ཕྱིར་ན་སྤོང་ཅི་ནུས་སུ་བྱེད། གཏན་བདེ་འགྱུར་བ་མེད་པ་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཐོབ་བྱེད་ཟག་བཅས་དང་ཟག་མེད་ཀྱི་དགེ་རྩ་ཅི་འགྲུབ་ལེ་ལོ་དང་སྙོམ་ལས་མེད་པར་བྱེད། ཁྱད་པར་དུ་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་། ཏིང་ངེ་འཛིན་གྱི་བསླབ་པས་ངང་བསྐྱང་། དེ་དང་ལྡན་པའི་ངང་ནས་བསྒོམ་ལ་འཇུག་པར་བྱ་སྟེ། ལྟ་བས་ང་བདག་དང་ཡུལ་སེམས་སུ་སྣང་བ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ། བསྒོམ་པས་དེས་སྟོང་ཉིད་ཡིན་པའི་ངེས་ཤེས་ཀྱི་ངང་དང་མ་བྲལ་བར་རྒྱུན་བསྲིངས་ནས་སྐྱོང་། སྤྱོད་པས་སྟོང་ཉིད་རྟོགས་པའི་ཆ་རྐྱེན་དུ་འགྱུར་བའི་ཕྱིར་ན། རྟག་ཏུ་ཆོས་སྤྱོད་ལ་དུས་འདའ་བར་བྱས་ཏེ་བརྩོན་འགྲུས་བརྩམས། ཐམས་ཅད་ལའང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། མཇུག་བསྔོ་བ་དམ་པས་ཟིན་པར་བྱའོ། །ཁྱད་པར་དུ་རང་གི་དབང་དང་ཆོས་དྲིན་ཆེན་པོ་དང་ཟབ་མོ་གང་ལ་ཆོད་པའི་བླ་མ་དེ་ཉིད་བཟང་ངན་ཇི་ལྟར་སྣང་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་དེའི་རྒྱུད་ལས་འབྱུང་བའི་ཕྱིར་ན། ཆོས་དྲིན་མ་ཆོད་པའི་བླ་མ་བཟང་གདམ་བྱས་ཀྱང་འབྲེལ་བ་མེད་པས་དེ་ལ་བརྟེན་ནས་བྱིན་བརླབས་འཇུག་མི་སྲིད་དེ། དེའི་ཕྱིར་ན་དྲིན་ཆེན་བླ་མ་གང་ཡིན་དེ་སྤྱི་བོའི་གཙུག་ཏུ་བསྒོམ་ལ་དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ་བ་ནི། ལྟ་སྒོམ་ཐམས་ཅད་ལམ་དུ་འགྲོ་བ་དང་། ཆོས་ལ་བར་ཆད་མེད་པ། བདུད་ཀྱིས་གླགས་མི་རྙེད་པ། ནད་གདོན་དང་རྐྱེན་ངན་སེལ་བ། བྱིན་རླབས་དངོས་གྲུབ་འབྱུང་བ། དབང་བཞི་ཡོངས་སུ་རྫོགས་ཤིང་དམ་ཚིག་ཉམས་ཆགས་སྦྱོང་བར་བྱེད་པ། གོལ་ཤོར་ནོར་གསུམ་གྱི་འཕྲང་དང་བྲལ་བ་ཡིན་པས་ན་ཐུགས་ཡིད་བསྲེས་ལ་ཅི་གནས་སུ་ཞོག་དང་། འཆི་ཁར་ཡང་བླ་མའི་སྣང་བ་ཤར་ནས་ཐུགས་ཡིད་བསྲེས་པས་བསྲེ་འཕོ་ཟུང་འཇུག་ཏུ་སངས་རྒྱས་པའི་གནད་ཟབ་མོ་བསྐྱེད་རིམ་དང་རྫོགས་ཆེན་ཀུན་ཀྱི་གནད་གཅིག་ཏུ་དྲིལ་བ་འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་མྱུར་དུ་ཐོབ་པའི་གདམས་པ་ཟབ་མོ་ཡིན་ནོ། །སྟོང་སྤྲུལ་ཕྱག་རྒྱའི་ངོ་སྐལ་དུ་ག་གཱས་སོ། །
སེམས་དོན་མདོར་བསྡུས་བདུད་རྩིའི་བཅུད་ཐིགས། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅། །སེམས་དོན་མདོར་བསྡུས་བདུད་རྩིའི་བཅུད་ཐིགས་བཞུགས་སོ། །འོ་ཁྱོད་ཀྱི་ད་ལྟའི་སེམས་ལ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གཞན་དུ་གྲུབ་པ་མེད་པར་སེམས་ཀྱི་འཁྲུལ་སྣང་ཡིན་པར་བློ་ཐག་མ་ཆོད་ཀྱི་བར་དུ་དཔྱད། དེའི་སེམས་ཙམ་མན་ཆད་ཀྱི་གྲུབ་མཐའ་རྫོགས་པ་ཡིན་ནོ། །དེ་ནས་སེམས་དེ་ཡང་ཇི་འདྲ་ཡོད་ལྟོས་དང་ཅི་ཡང་མ་མཐོང་བ་ནི་ངོ་བོ་སྟོང་པའི་ཡེ་ཤེས་ཞེས་བྱ། དེས་དབུ་མ་མན་ཆད་ཀྱི་གྲུབ་མཐའི་དོན་རྟོགས་པའོ། །ངོ་བོ་སྟོང་བཞིན་པའི་སེམས་ཉིད་གསལ་སེང་ངེ་བ་འདི་རང་བཞིན་འོད་གསལ་བ་ཞེས་བྱའོ། །གསལ་སྟོང་དབྱེར་མེད་པའི་ཡེ་ཤེས་ཀུན་མཁྱེན་ཀུན་གཟིགས་ཤེས་རབ་ཀྱི་ཆ་ནས་ཐུགས་རྗེ་ཀུན་ཁྱབ་ཅེས་བྱའོ། །གསལ་རིག་སྟོང་གསུམ་འདུ་འབྲལ་མེད་པ་དེ་ནི་གཞི་རྒྱུད་སྐུ་གསུམ་ལྷུན་གྲུབ་ཅེས་བྱ་བ་ཡིན། དེའི་ངང་མངོན་དུ་བྱ་བའི་རྒྱུན་བསྐྱངས་ཏེ་འཁྲུལ་རྟོག་གཟུང་འཛིན་ཐ་མལ་གྱིས་མ་རྙོག་པར་ཆེད་དུ་འཛུར་བས་མ་བཅིངས་བར་བཞག་པ་ནི་མཉམ་བཞག་དམིགས་གཏད་དང་བྲལ་བའི་བསྒོམ་པ་ཡིན་ནོ། གལ་ཏེ་རྟོག་པ་སྐད་ཅིག་ཆ་མེད་བྱུང་ཞིག་དུ་ཤར་ཀྱང་དགག་བསྒྲུབ་སྤང་བླང་དང་བྲལ་བའི་ཆོས་ཉིད་དུ་ཤེས་པའི་ངང་ནས་རྗེས་མཐུད་མེད་པར་གནས་ལུགས་བསྐྱངས་བས་རང་རྒྱུད་འཛིན་ཞེན་གྱིས་མི་འཆིངས་བ་ནི་རང་གྲོལ་ཞེས་བྱ་སྟེ། རྗེས་ཐོབ་རྩལ་སྦྱོང་གི་དགོངས་པའོ། དེ་ནས་སྤྱོད་དུ་མེད་པ་མཉམ་བཞག་གི་སྤྱོད་པ་དང་། སྤྱོད་དུ་ཡོད་པ་རྗེས་ཐོབ་ཀྱི་སྤྱོད་པ་གཉིས་སུ་དུས་ཚོད་དང་བསྟུན་དེ་སྤྱད་དོ། །འབྲས་བུ་ནི་རང་ངོའི་སྐུ་གསུམ་ཡེ་ཤེས་དང་བཅས་པ་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་དང་བྲལ་དེ་མངོན་དུ་གྱུར་ནས་མཛད་པའི་ཕྲིན་ལས་ཕྱོགས་མེད་དུ་རྒྱས་པའོ། །ཞེས་ཀྱང་ཐུབ་བསྟན་ངོར་ག་གཱས་སོ། །དགེའོ། །
སེམས་དོན་གནད་ཀྱི་མེ་ལོང་། དཔལ་སྤྲུལ་ནམ་མཁའ་འཇིགས་མེད།
༄༅༔ སེམས་དོན་གནད་ཀྱི་མེ་ལོང་བཞུགས་སོ༔ འོ་ཁྱེད་ཀྱི་ཕྱིའི་ཆོས་ཐམས་ཅད་སེམས་སྣང་རྨི་ཡུལ་ལྟ་བུར་ཐག་ཆོད་ཅིག༔ དེ་ནས་སེམས་ཁོ་རང་གི་ངོ་ལ་ལྟོས་ཤིག༔ བལྟས་པས་མ་མཐོང་བ་ནི་ཆོས་སྐུ་ངོ་བོ་སྟོང་པ་ཉིད་ཡིན་ནོ༔ སྟོང་བཞིན་དུ་མ་འགགས་པ་ནི་ལོངས་སྐུ་རང་བཞིན་གསལ་བ་ཡིན་ནོ༔ སྟོང་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་ཤེས་ཀུན་རིག་གི་བདག་ཉིད་དེ་སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཡིན་ནོ༔ རང་ལ་སྐུ་གསུམ་ལྷུན་གྲུབ་ཏུ་དེ་ལྟར་ཡོད་པ་ནི་གཞི་ཡིན་ནོ༔ དེ་ལྟ་བུའི་གཞི་ཡོད་མེད་ཀྱི་མཐའ་བྲལ་ཆེན་པོ་མ་ཤེས་པའི་གཟུང་འཛིན་ཕྱིར་བལྟས་སུ་གཡེངས་བས་ནི་སེམས་ཅན་ཐམས་ཅད་འཁྲུལ་བ་ཡིན་ནོ༔ ཤེས་ནས་ཀུན་ཏུ་བཟང་པོ་གྲོལ་བ་ཡིན་ནོ༔ ད་ལྟ་ལྟ་བས་ཤེས༔ བསྒོམ་པས་ངང་དུ་གནས་ནས་སྣང་བ་ལ་ཞེན་ཆགས་གཟུང་འཛིན་དུ་མ་ཤོར་བ་ནི་ལམ་ཡིན་ནོ༔ དེ་མངོན་དུ་གྱུར་ཏེ་སྐུ་དང་ཡེ་ཤེས་ཕྲིན་ལས་མཐར་ཕྱིན་པ་ཐོབ་པ་ནི་འབྲས་བུ་ཡིན་ནོ༔ འདི་ལས་གཞན་མེད་དོ༔ ཞེས་ཀྱང་དཔལ་བཟང་ངོར་ག་གཱས་སོ། །
སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིགས། སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོ།
༄༅། །སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིགས་བཞུགས་སོ། །མཚུངས་བྲལ་རིག་འཛིན་བླ་མ་དམ་པ་མཆོག་གི་གསུང་ཤོག་ནང་དངོས་ངན་ཕྲན་ལ་ལུགས་གཉིས་ཀྱི་བགྱི་འོས་དགོས་རིགས་རེ་ཡོད་ན་ཞུ་འཛར་རེ་བསྐུར་གསུངས་ཐད། སྤྱིར་བཏང་འཇིག་རྟེན་གྱི་ལུགས་རང་རེ་རྣམས་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཡིན་སྟབས་ཀྱིས་ཆེ་བཞག་ཆུང་བསྐྱུར་ལ། བློ་ཕུག་གཏད་པ་ལས་ཁུར་ཐང་ཆེར་མེད་པ་གཞིར་བཞག་ནས་འཕྲལ་གྱིས་རང་གཞན་གང་ཐད་ལ། ཕན་འདོད་ཀྱི་བསམ་པ་བཟང་པོ་གཡོ་ཟོལ་མེད་པའི་བདེན་དྲང་གི་སྒོ་ནས་བྱ་བ་གང་ལ་ཡང་། ཡུལ་དུས་གནས་སྐབས་དང་བསྟུན་ཞིང་ཚོད་ཟིན་ཆོག་ཤེས་དང་། འཁོས་ཆུང་བག་ཡོད་སོགས་ལ་ཐུགས་གཞོལ་མཛད་ཐུབ་པ་རེ་བྱུང་ན། འཕགས་པ་དགྱེས་པའི་ཞབས་ཏོག་དང་རང་རྒྱུད་དག་ཅིང་། འགྲོ་བའི་མོས་སྣང་དགེ་བར་འགྱུར་བ་སོགས། ལེགས་པའི་དོན་ཐམས་ཅད་འགྲུབ་པ་རྟེན་འབྲེལ་བསླུ་མེད་ཀྱི་ཆོས་ཉིད་ཡིན་པ་དགོངས་བཞིན་པ་ལ་ཡང་དང་པས་བསྐུལ་བ་ལགས། དམ་པ་ཆོས་ཀྱི་ལུགས་ལ་རང་དོན་དུ་བསྟན་པའི་སྙིང་པོ་སྒྲུབ་པ་ལྷུར་ལེན་གཙོ་བོར་བྱ་ཞིང་། བསྒྲུབ་ཚུལ་ལ་ཡང་རང་དོན་ཁྱད་དུ་བསད་ནས། གཞན་ཕན་བྱང་ཆུབ་ཀྱི་སེམས་བགྲོད་པ་གཅིག་པུའི་ལམ་འདིས་གཞི་བཟུང་ནས། བསྒྲུབ་བྱའི་ཆོས་ཐེག་ཆེན་མདོ་སྔགས་སྤྱི་དང་། བྱེ་བྲག་ཐུབ་པའི་བསྟན་པ་རིན་པོ་ཆེའི་སྙིང་པོ། མྱུར་ལམ་རྫོགས་པ་ཆེན་པོའི་མཐར་ཐུག་ཡང་གསང་སྙིང་ཐིག་སྨིན་གྲོལ་ཟབ་མོའི་ཡང་སྙིང་ཀ་ལྷུན་གཉིས་ཐབས་ཤེས་ཟུང་འཇུག་གི་ལམ་མཐར་ཐུག་ཡིན་པར་ངེས་པའི་དོན་གནད་མཉམ་བཞག་བསྒོམ་མེད་རང་བཞག་ལ། སྙོམས་པར་འཇུག་པའི་དུས་འདའ་བ་དང་། རྗེས་ཐོབ་ཏུ་སྣང་སྤྱོད་ཐམས་ཅད་དག་པ་རབ་འབྱམས་ཀུན་བཟང་བདེ་བ་ཆེན་པོའི་ཆོ་རོལ་གྱི་ངང་ནས། ཐུགས་རྗེ་ལྷུན་གྲུབ་ཀྱི་རྩལ་ཤེས་རབ་ཟབ་མོ་སྟོན་པའི་བསྟན་པའི་རྣམ་བཞག་དང་ཟབ་གནད་ཀུན། ཐོས་བསམ་གྱི་ཤེས་རབ་ཟབ་མོའི་རྩལ་ཡང་ཡང་སྦྱངས་ནས། སྒོམ་བྱུང་གི་ཤེས་རབ་རྩོལ་མེད་དུ་འབྱུང་ཐུབ་པ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་བྱེད་ལས་རིས་མེད་ཀྱི་ཉམ་ཐག་གི་འགྲོ་བ་རྣམས་སྙིང་རྗེ་ཆེན་པོས་ཡོངས་སུ་མ་བཏང་བ་མ་བུ་ལྟ་བུ། ཐབས་ལ་མཁས་པས་གང་མཛད་པ་ཐམས་ཅད་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་སོགས། མདོར་ན་ལམ་འོག་མས་རྩོལ་བས་བསྒྲུབ་པའི་ས་ལམ་གྱི་ཡོན་ཏན་སྤངས་རྟོགས་ཀུན་ཐེག་མཆོག་རྒྱལ་པོ་འདིའི་ལུགས་ལ་རྩོལ་བ་མེད་པར་ལྷུན་གྲུབ་ཏུ་འབྱུང་དགོས་པ་འདི་གནད་ཐུན་མོང་མ་ཡིན་པ་སྐལ་ལྡན་ཤེས་རབ་ཅན་འགའི་ཡུལ་ལས་གཞན་ཕལ་མོ་ཆེ་ལ་ལྐོག་གྱུར་དུ་སོང་བ་འདི་མངོན་སུམ་ལགས་པས་ན། རང་གཞན་ཀ་དག་རྐྱང་རྐྱང་པོའི་ལམ་ལ་བློ་ཕུགས་འཕྲལ་དུ་མི་གཏོད་པར། ཀ་དག་སྟོང་པ་ཆེན་པོའི་རྩལ་གདངས་ལྷུན་གྲུབ་རྟེན་འབྲེལ་ཟབ་མོ་འདི་ཁྱད་དུ་མི་གསོད་པར་ས་ལམ་གྱི་ཡོན་ཏན་སྤངས་རྟོགས་ཐམས་ཅད་རྩལ་སྣང་ལྷུན་འགྲུབ་འདིའི་སྟེང་ནས་ཁྱད་པར་ཕྱེ་ཐུབ་པ་དང་། ལམ་ཟབ་མོ་ཐབས་ཤེས་ཟུང་འཇུག་ལས་ཡ་བྲལ་དུ་མ་སོང་བ་སྟོན་པའི་བསྟན་པ་རིན་པོ་ཆེའི་ཐེག་པའི་བབས་དང་མི་འགལ་ཞིང་། ལུང་རིག་རྣམ་དག་གིས་གྲུབ་པ་སྔོན་གྱི་དམ་པ་སྤྱི་དང་། ཁྱད་པར་རང་རེའི་རིག་འཛིན་གོང་མས་ཚད་མར་གྱུར་པའི་རྣམ་ཐར་ཁོ་ན་དཔང་དུ་བཞག་ཅིང་རྗེས་སུ་སློབ་པ་ལས། སྙིགས་དུས་ཀྱི་བྱིས་པ་རྨོངས་པ་ལམ་ཉི་ཚེ་དུམ་ཆོད་ཀྱི་གཟུགས་བརྙན་ལ་མཆོག་འཛིན་དང་ཁ་ཕོ་བཏོན་ནས་རང་རྒྱུད་ཆུད་ཟོས་ལས་གང་དུ་མ་ཕྱིན་ཅིང་། གཞན་ལམ་རྣམ་དག་ལ་ཞུགས་ཤིང་ཟུང་འཇུག་ཟབ་མོའི་དྲང་ལམ་འཁྱོགས་པོར་ལྟ་བའི་ལད་མོ་གཏན་ནས་མི་མཛད་པར་ཞུ། སྔ་ཕྱི་ཀུན་ལ་ཡང་ནས་ཡང་དུ་ལན་སྟོང་དུ་རང་གིས་གང་ཤེས་ཟབ་གནད་གབ་སྦས་མ་བྱས་པར། ཕན་འདོད་ཀྱི་སེམས་ཀྱིས་མ་ལོངས་པར་ཞུས་པ་རྣམས་ཐུགས་བཞག་མཛད་པ་ལས་རང་དོན་ལ་དེ་ཙམ་ལས་གཞན་ཞུ་འོས་ད་སྐབས་བྲེལ་བས་མ་འབྱོར་ལགས། གཞན་དོན་ཁོ་ན་སྙིང་རྗེ་ཆེན་པོའི་དངོས་སམ་བརྒྱུད་ནས་མཛད་པ་རྒྱལ་སྲས་རིག་པ་འཛིན་པ་རྣམས་ཀྱི་ལུགས་སྲོལ་ཡིན་པ་གཞིར་བཅས། དེ་ཡང་རང་དོན་ཆོས་བརྒྱད་ཀྱི་ཞེན་འཁྲིས་དང་མ་འདྲེས་པར་ལྷག་བསམ་དག་པས་མཚམས་སྦྱར་ནས། ཉམ་ཐག་འགྲོ་བ་རིས་མེད་ཡིད་རྟོན་ཅིང་དད་པ་ཅན་ནམ་ལོག་ལྟ་ཅན་གང་སུ་ལ་ཡང་ཐ་ན་སངས་རྒྱས་རྣམས་ཀྱི་མཚན་སྔགས་དང་མ་ཎི་འདྲེན་ལུགས་ཚུན་གྱིས་ཐར་པའི་ས་བོན་ཐེབས་ངེས་སོ། །ཐབས་ལ་མཁས་པ་མི་དམན་པ་དང་། ཁྱད་པར་དུ་གདུལ་བྱ་དད་པ་ཅན་ཆོས་ཀྱི་སྣོད་དུ་གྱུར་པའི་གང་ཟག་མཆོག་དམན་ཐར་བ་དོན་གཉེར་ཅན་སློབ་མར་འོང་ངེས་རེ་བྱུང་ན་དེ་དག་གི་རྒྱུད་རིམ་གྱིས་ཐར་པའི་ལམ་ལ་མཐར་ཆགས་སུ་བསླབ་པ་གལ་ཆེ་བས། ཚེ་འདི་བློས་ཐོངས་ཐབས་སོགས་སྐྱོ་ཤས་དང་ངེས་འབྱུང་རྒྱུད་ལ་སྐྱེ་ངེས་དང་། ཁྱད་པར་ཐེག་ཆེན་གྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་གཞི་ཟིན་ངེས་པ་རེ་ཤིན་ཏུ་གལ་ཆེ། དེ་ནས་སེམས་བསྐྱེད་རྒྱུད་ལྡན་དེས་འབྲས་བུ་རྡོ་རྗེ་ཐེག་པར་འཇུག་པ་ལ་དང་པོ་བླ་མ་སངས་རྒྱས་རྡོ་རྗེ་འཆང་དངོས་སུ་ངེས་པའི་དད་མོས་ཀྱི་སྒོ་ནས་ཞིང་མཆོག་དེ་ལ་བརྟེན་ནས་དབང་ཐོབ་དམ་ཚིག་རྣམ་པར་དག་པས་བསག་སྦྱང་གནད་དུ་འགྲོ་ངེས་པ་རེ་ལ་གཞོལ་བ་ལྷུར་ལེན་པ་འདིས་ཆོས་ཀྱི་གཞི་ཚུགས་ཤིང་། ཆོས་སེམས་བརྟན་པོ་རྒྱུད་ལ་ཁེལ་ངེས་པ་རེ་མཛད་དགོས་པ་ནི་གལ་ཤིན་ཏུ་ཆེ་ལགས། དེ་མ་ཡིན་པར་ལམ་འོག་མ་ལ་བློ་ཁ་མི་ཕྱོགས་པར་བློ་མ་འབྱོངས། རྒྱུད་མ་སྦྱངས། བསག་སྦྱང་སྣ་གཅིག་ཙམ་མ་བྱས་པར། ཁ་ལྟ་མཐོན་པོའི་ཟེར་སྒྲོས་ཀྱིས་བྲིད་ནས། དངོས་གཞི་ཟབ་མོ་སྟོན་མདོག་བྱས་རུང་། གང་ཟག་དེའི་རྒྱུད་ལ་ཚུལ་དང་མཐུན་པའི་ལམ་རྟགས་སྣ་གཅིག་ཀྱང་མེད་པར་ཐ་མལ་བ་དང་ཁྱད་པར་མེད་བཞིན། ད་དུང་བསགས་སྦྱངས་དང་ཐོས་བསམ་སོགས་ལ་རེ་མི་དགོས་མདོག་གིས་རྒྱབ་བསྟེན་ཞིང་ད་ལྟ་ནས་སངས་རྒྱས་ཚར་སོང་བ་ལྟ་བུའི་མངོན་པའི་ང་རྒྱལ་སོགས་ཉོན་མོངས་པའི་སྣོན་མར་སོང་བའི་ཆོས་གཟུགས་དེ་འདྲ་རང་རེ་རྙིང་ཕྱོགས་སྟོད་སྨད་ཀུན་ན་མང་རབས་ཤིག་འདུག་པ་མངོན་སུམ་དུ་གཟིགས་ནས། དེ་འདྲའི་ལམ་སྲོལ་ངན་པའི་རྒྱུན་བཞག །དེ་འདྲ་རང་རེའི་ཆོས་ལུགས་ལ་གཏན་ནས་མི་མཛད་པར་སྔོན་གྱི་དམ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་སོགས་ཀྱི་ལུགས་སྲོལ་དྲི་མ་མེད་པ་ལ་གཞི་མཛད་ནས། ལམ་གནད་འབྲེལ་ཆགས་པ་རེ་ལ་དགོངས་ཕྱོགས་མི་ལྷོད་པར། གང་ཟག་རེ་རེ་ཙམ་ལ་ཡང་ཐོག་མཐའ་བར་གསུམ་གྱི་ལམ་གནད་ཐམས་ཅད་ཚང་ལ་མན་ངག་མྱོང་ཐོག་ཏུ་ཁེལ་བའི་སྲོལ་བཟང་པོ་རེ་ཅི་ཚུགས་བྱེད་པ་དང་། ཁྱད་པར་དེང་སང་སྔོན་འགྲོས་རྒྱུད་མ་སྦྱངས་པར་དངོས་གཞི་ལ་འཇུག་སྔ་བྱེད་པ་འདི་ཀུན་མཁྱེན་ཆེན་པོའི་བསམ་གཏན་ངལ་གསོ་ན་ལམ་གནད་འཆུག་པ་ཡིན་ཚུལ་སོགས་གསུངས་པ་འདི་ཐུགས་ལ་བཅག་ནས་ལག་ལེན་རྩིང་པོ་མི་མཛད་པ་ཤིན་ཏུ་གལ་ཆེ། ཁྱད་པར་སྔགས་སྤྱི་དང་སྒོས་གསང་སྔགས་བླ་མེད་ནང་རྒྱུད་གསུམ་གང་ལ་འཇུག་ཀྱང་དང་པོའི་འཇུག་སྒོ་དངོས་ནི་དབང་བསྐུར་བ་ཡིན་ཞིང་། དེ་ཉིད་སྔགས་ཀྱི་སྡོམ་ཆོག་ཡིན་པས་ཐོག་མར་ཆོ་ག་ཡང་དག་ཚང་པའི་སྒོས་དབང་བཞི་ཀ་ལེགས་པར་བསྐུར། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམ་པར་དག་པས་གཞི་བཟུང་ནས། གདམས་ཁྲིད་ཟབ་མོ་བཏབ་ན་སྨིན་གྲོལ་གྱི་ལམ་གནད་ཟིན་ཅིང་། བསྟན་པའི་མིག་སྲོལ་ཡང་མི་ཉམས་པ་དང་། རང་གཞན་གྱི་རྒྱུད་ཆུད་མི་ཟ་བ་སོགས་དགོས་གནད་ཆེན་པོ་ཡོད་པས་དེ་ལྟར་མཛད་ཐུབ་པ་དང་། གལ་ཏེ་དབང་བསྐུར་མེད་པར་གདམས་ཁྲིད་ཟབ་མོ་བཏབ་རུང་། དཔོན་སློབ་གཉིས་ཀ་ལ་ཉེས་པ་ཚད་མེད་ཅིང་། ལམ་རྟགས་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མི་སྐྱེ་བར་ལམ་གང་བསྒོམ་ལ་སྐྱེད་ཅུང་ཟད་མེད་པ་སོགས་རྡོ་རྗེ་འཆང་གི་བཀས་ཆོད་པ་འདི་ལ། ཚུར་མཐོང་གི་བློས་ཚད་གཞལ་དུ་མེད་ངེས་པ་ཡིན་པས། དེ་ལྟར་དགོངས་ཆུབ་མི་དམན་པར་ལག་ལེན་ལ་ཐེབ་པ་རེ་གལ་ཆེ། དེ་ལྟར་སྔོན་དུ་བགྱི་འོས་རྣམས་ལེགས་པར་གྲུབ་སྟེ་གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་དངོས་གཞི་ཐུན་མོང་པ་བསྐྱེད་རྫོགས་སོགས་ལ་ཇི་ལྟར་རིགས་པ་སྐབས་དང་སྦྱར་ནས་ཁྲིད། ཁྱད་པར་ཐེག་མཆོག་རྫོགས་ཆེན་ལ་མོས་དད་ལས་འཕྲོ་ཡོད་པའི་གང་ཟག་ཁྱད་པར་ཅན་རེ་ཟུང་རེ་བྱུང་ན། དངོས་གཞི་ཐུན་མོང་མ་ཡིན་པ་ཀ་ལྷུན་གཉིས་ཀྱི་དང་པོ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་ཟབ་མོ་སྔོན་དུ་འདེབས་པ་ལ། ཁྲིད་ཚུལ་མང་ཡང་། རྒྱལ་བའི་དབང་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཀའ་སྲོལ་གྱི་མན་ངག་ཡང་ཏིག་རིན་པོ་ཆེ་གསུམ་གྱི་སྨིན་གྲོལ་གནད་ཅུང་ཟད་རེ་ཐོབ་པའི་ལུགས་སྲོལ་བཟང་པོ་འདི་མི་ཉམས་པར་བྱ་བ་དང་། ཁྱད་པར་དུ་སྙིགས་དུས་ཀྱི་འགྲོ་བ་སྐལ་བ་ཅན་འགའ། བཀའ་སྲོལ་འདིའི་ལུགས་ཀྱིས། ཐེག་པ་མཆོག་ལ་ངེས་པར་འགོད་པར་མཛད་པ་ལ་ཟླ་དང་བྲལ་བའི་རིག་འཛིན་འཇིགས་མེད་གླིང་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་མན་ངག་གནད་དུ་དྲིལ་ནས་འདེབས་ཚུལ་ལ། སྔོན་འགྲོ་སེམས་ཀྱི་ཁུང་བུ་གཞིག་པ། དངོས་གཞི་རིག་པ་རང་ངོ་སྤྲོད་པ། རྗེས་སྣང་ཉམས་ཀྱི་སྐྱོང་ཚུལ་བསྟན་པ་དང་གསུམ་དུ་འགག་དྲིལ་ནས་ཁྲིད་ཚུལ་ལ། དང་པོ་ཐབས་ཤེས་སྤྱིའི་དབང་དུ་བྱས་ནས། ཟབ་མོའི་རྟོགས་པ་སྐྱེ་བའི་ཐབས་མཐར་ཐུག་པ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྟེན་པའི་མོས་གུས་གནད་དུ་བསྣུན་པ་གལ་ཆེ་བས་བླ་མ་ཆོས་སྐུ་རུ་ཤེས་པའི་མོས་གུས་གནད་དུ་འགྲོ་བ་དང་བསྟུན། རྣམ་དཔྱོད་ཀྱི་ཤེས་རབ་བམ་ཡིད་དཔྱོད་ཀྱི་ཤེས་རབ་དྲི་མ་མེད་པས་དཔྱད་ནས་ངེས་པ་དྲངས་པའི་ལྟ་བ་དེས། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ལྟ་བ་རྣམ་དག་མྱོང་ཐོག་ཏུ་ཁེལ་དགོས་པ་ནི། ཁྲིད་ཚུལ་འདི་དག་གི་ལུགས་མ་ནོར་པ་ཡིན་པས། དེའི་ཚུལ་ཧྲིལ་གྱིས་དྲིལ་ན་བཞིར་འདུ་སྟེ། དེ་ཡང་སེམས་ཀྱི་རྩད་བཅད་པ། དེའི་མཚང་བཙལ་པ། སེམས་ཀྱི་བྱུང་གནས་འགྲོ་གསུམ་མམ། སྐྱེ་འགགས་གནས་གསུམ་ལ་སྤྱིར་བཏང་པ། ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བྱེ་བྲག་ཏུ་བརྟགས་ཏེ་གནས་ལུགས་གཏན་ལ་དབབ་པ་དང་བཞི་ལས།
དང་པོ་ནི་རང་གི་སྒོ་གསུམ་པོ་འདིའི་ནང་ན། འཁོར་འདས་ཀྱི་བྱ་བ་བྱེད་ཅིང་བདེ་སྡུག་མྱོང་མཁན་སུ་ཡིན། ལུས་ངག་གཉིས་བེམ་པོ། སེམས་ཤེས་རིག་དང་གསུམ་པོ་འདི་སོ་སོས་བྱེད་དམ། ལྷན་ཅིག་ཚོགས་པས་བྱེད། དེའི་ནང་ནས་གཙོ་གང་ཆེ་སེམས་འདིའི་འཁོར་དུ་ཉོན་མོངས་པ་དང་ལས་བསགས་ཚུལ་དེས་འབྲས་བུ་བདེ་སྡུག་ཏུ་སྣང་ཚུལ་སོགས་དང་། མྱང་འདས་ཀྱི་རྒྱུ་ངེས་འབྱུང་བྱང་སེམས་རིམ་གཉིས་སོགས་ལམ་དང་འབྲས་བུ་བྱང་ཆུབ་གསུམ་གྱི་མྱང་འདས་ཀྱི་གོ་འཕང་ཐོབ་མཁན་སོགས་སེམས་ཀྱིས་བྱེད་ཅིང་། ལུས་ངག་གཉིས་དེའི་གྲོགས་སུ་འགྱུར་ཚུལ་སོགས་ཞིབ་པར་དང་པོ་གོ་བརྡ་སྤྲད། དེ་ནས་ཡང་ཡང་བརྟག་དཔྱད་ཞིབ་ཏུ་བྱེད་བཅུགས་པས་ངེས་པར། འཁོར་འདས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པའི་ངེས་ཤེས་འདྲོང་ཁོ་ཐག་ཆོད་ཚེ། དེ་ཉིད་གཞི་མེད་རྩ་བྲལ་དུ་གཞིག་ན་བདག་འཛིན་ཐམས་ཅད་རྩ་བྲལ་དུ་འགྲོ། དཔེར་ན་ཤིང་སྡོང་གི་རྩ་བ་ཆོད་པ་དང་། མྱུ་གུའི་རྒྱུ་ས་བོན་གཞོམ་པ་ལྟར་འགྲོ་བ་འདིའི་ལུགས་ཀྱི་རྩད་བཅད་པ་མདོ་འགགས་ཡིན་པས་ཤིན་ཏུ་ཐེབས་པ་གལ་ཆེ། འདི་ལ་མདོ་རྒྱུད་ཀྱི་ལུང་མང་ཡང་སྐབས་དང་བསྟུན་པར་བྱ། དེ་རྩད་བཅད་པ་ཡིན། །
དེ་ནས་གཉིས་པ་སྒོ་གསུམ་གྱི་མཚང་བཙལ་བ་ལ། འདི་ནས་བཟུང་སེམས་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་དུ་ངེས་ཤེས་འདྲེན་པ་ཡིན་པས། དེའི་ཚུལ་མ་བརྟགས་མ་དཔྱད་པའི་དུས་སྒོ་གསུམ་པོ་འདི་བསྡོམས་ནས་རྟག་གཅིག་རང་དབང་ཅན་དུ་བཟུང་ནས་འདུག་པ་འདི་ལ་བརྟག་ཚུལ་ནི། འདི་གསུམ་གཅིག་གམ་ཐ་དད་གང་ཡིན། གཅིག་ཡིན་ན་ལུས་ངག་བེམ་པོ་མཐོང་ཐོས་སུ་རུང་བ་ལྟར་སེམས་ཤེས་པ་དེ་ཡང་མཐོང་ཐོས་སུ་རུང་དགོས། ཡང་ན་སེམས་མཐོང་ཐོས་སུ་མི་རུང་བ་ལྟར་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་བའི་མཚམས་ལོན་ངེས་བྱ་བའི་རིག་པ་གཉིས་པོ་འདིས་འདྲི་རྩད་ཞིབ་ཏུ་བྱ། དེ་གསུམ་གཅིག་མ་ཡིན་པར་ངེས་ནས་ཐ་དད་པ་ཡིན་པར་གོ་ཚེ། དེ་གསུམ་ཐ་དད་ན། ལུས་ངག་གཉིས་བེམ་པོ། མི་རྟག་པ་དུ་མ། རང་དབང་མེད་པར་རྐྱེན་དབང་ཅན། ཞིབ་ཏུ་ཤེས་རབ་ཀྱིས་གཞིགས་ཏེ་རྡུལ་དུ་རིམ་གྱིས་བསིལ། དེ་ཡང་རྡུལ་ཕྲ་རབ་ཏུ་གཞིག་ཅིང་། རྡུལ་དེ་ལའང་ཕྱོགས་ཆས་གཞིག་ན། ལུས་ངག་གཉིས་གཞི་མེད་ནམ་མཁའ་ལྟ་བུའི་ངེས་པ་རྙེད་ཚེ་ཐ་དད་རྒྱུའི་ཕྱོགས་གཅིག་མེད་པར་ཁོ་ཐག་ཆོད་པ་ཡིན་པས་དེ་ལྟར་ཞིབ་ཏུ་བརྟགས་བཅུག །དེ་ནས་སེམས་ཀྱི་ཕྱོགས་ལ་བརྟགས་ཏེ། སེམས་མི་ཤེས་རྒུ་ཤེས་ཀྱི་ཤེས་པ་རིག་རིག་པོ་འདི་མི་རྟག་པ། དུ་མ་རང་དབང་ཅན་མེད་པར་ཡུལ་བཟང་ངན་བར་བའི་རྐྱེན་ཁར་ལ་རག་ལས་པས་ན་གཞན་དབང་ཅན་ཡིན་ཚུལ་སོགས་བརྡ་སྤྲད། དེ་ལྟར་ཞིབ་ཏུ་བརྟགས་བཅུག་པས་སེམས་ཀྱི་རྣམ་རྟོག་བཟང་ངན་ཐམས་ཅད་མི་རྟག་པ། དུས་གསུམ་གྱི་རྟོག་པ་སོ་སོར་ངེས་པའི་ཚེ། འདས་པའི་རྟོག་པ་འགགས་ཟིན་པའི་ཕྱིར་བདེན་པར་མ་གྲུབ། མ་འོངས་པའི་རྟོག་པ་མ་སྐྱེས་པའི་ཕྱིར་མ་གྲུབ། ད་ལྟའི་རྟོག་པ་སྐད་ཅིག་ཏུ་མི་སྡོད་པར་རང་ཡལ་དུ་འགྲོ་བ་མངོན་སུམ་གྱིས་ངེས་པས་མ་གྲུབ་པ་རྣམས་ལ་ངེས་ཤེས་ལྷག་པར་སྐྱེས་ཚེ། སྒོ་གསུམ་པོ་འདི་གཅིག་དང་ཐ་དད་དུ་བློས་རློམ་པ་ཙམ་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱི་ཡུལ་ན་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པར་ཁོ་ཐག་ཆོད་ཅིང་། མ་བརྟགས་ཙམ་དུ་མེད་སྣང་སྟོང་གཟུགས་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་ལ་ངེས་པ་རྙེད་པ་དེའི་ཚེ། མཚང་བཙལ་བས་སྒོ་གསུམ་གྱི་མཚང་མ་རྙེད་པར་གཞི་མེད་སྟོང་པའི་ངེས་ཤེས་ལྷག་པར་འདྲོངས་ཚེ་དཔྱད་པ་ཐེབས་པ་ཡིན། །
དེ་ནས་གསུམ་པ་སེམས་ཀྱི་བྱུང་གནས་འགྲོ་གསུམ་ལ་སྤྱིར་བརྟག་པ་ནི། དང་པོ་རང་རེས་མ་བརྟགས་མ་དཔྱད་པའི་དུས། སེམས་རྟོག་འདི་རྣམས་བྱུང་གནས་འགྲོ་གསུམ་མམ། སྐྱེ་འགག་གནས་གསུམ་གྱི་ཕྲེང་བ་ཤ་ར་ར་འགྲོ་བ་ཞིག་ནི་མངོན་སུམ་དུ་ཡོད་འདུག་པས། འདི་འདི་ལྟར་བདེན་པར་གྲུབ་བམ་མ་གྲུབ་ཅེས་དཔྱད་པར་བྱ་སྟེ། དཔྱད་ཚུལ་ལ་བྱུང་ས་དང་བྱུང་མཁན་ནམ། སྐྱེ་བའི་རྒྱུའམ་སྐྱེས་པའི་འབྲས་བུ། གནས་ས་དང་གནས་མཁན། འགྲོ་ས་དང་འགྲོ་མཁན་སྟེ། བྱུང་ས་གནས་ས་སོགས་ཡུལ་གསུམ་པོ་ནི་ཕྱི་གཟུང་བའི་ཡུལ་དང་། བྱུང་མཁན་གནས་མཁན་སོགས་ནི་ཡུལ་ཅན་འཛིན་པའི་སེམས་སྟེ། དོན་ལ་གཟུང་འཛིན་ནམ། སྣང་སེམས་དང་སྣང་རྟོག་ཤེས་བྱ་ཤེས་བྱེད་ཀྱི་བློ་ཐམས་ཅད་དོན་གཅིག་པས་དེ་ཉིད་ལ་ཞིབ་ཏུ་དཔྱད་པ་སྟེ། དང་པོ་བྱུང་སའི་ཡུལ་ལམ་སྐྱེ་བའི་རྒྱུ་ནི། དངོས་པོ་ཡོད་པ་ཞིག་ལས་སྐྱེའམ་བྱུང་། དངོས་མེད་ཞིག་ལས་བྱུང་ངམ། དང་པོ་ལྟར་ན་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ལ་སྣོད་བཅུད་གཉིས་ལས། སྣོད་ཀྱི་འཇིག་རྟེན་ནི་འབྱུང་ལྔ་ལས། འབྱུང་བ་བཞི་ནི་རྡུལ་དུ་སོ་སོར་བཤིགས་ཚེ་ཅི་ཡང་མ་གྲུབ་ལ། ནམ་མཁའ་ལ་ནི་རྡུལ་རྫས་སུ་མེད་པས་ཡིད་ཀྱི་རློམ་པ་ལས་གཞི་མ་གྲུབ། བཅུད་ཀྱི་འགྲོ་བ་ནི་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སྔར་ལྟར་བརྟག་ཏུ་བཅུག་པས་མ་གྲུབ་ཚེ། སྤྱིར་བྱུང་སའམ་སྐྱེ་བ་མེད་པར་ཐག་ཆོད་ངེས་བྱས་ཏེ་ཐག་ཆོད་ཚེ། བྱེ་བྲག་ནི། ཕྱིའི་ཡུལ་ལྔ་དང་། ནང་གི་དབང་པོ་ལྔ་དང་། དེ་དག་གི་བར་རྣམས་སུ་བྱུང་སའམ་སྐྱེ་ས་བརྟག །དེ་ལ་ཡུལ་དང་དབང་པོ་གཉིས་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་རྡུལ་གྱི་བྱེ་བྲག་ཡིན་པས། ཕྱིའི་ཡུལ་ལྔ་སོ་སོར་ཞིབ་ཏུ་ཕྱེས་ནས་གཟུགས་སོགས་རེ་རེ་ནས་རྡུལ་དུ་བཤིགས་ཏེ་གཞི་མེད་དུ་དཔྱད་དུ་བཅུག་པས་ཡུལ་མ་རྙེད་ཚེ། ནང་དབང་པོ་ལྔ་སོ་སོར་དབང་རྟེན་དང་། དབང་པོ་རྣམས་ཞིབ་པར་རྡུལ་དུ་དཔྱད་ཅིང་། ཁྱད་པར་ལུས་ཀྱི་དབང་རྟེན་ཕྱི་ཁོག་འདིའི་ཡན་ལག་ལྔ་སོགས་ཕྱི་ནང་གི་ཆ་ཐམས་ཅད་ལ་སོ་སོར་ཞིབ་ཏུ་དཔྱད་ཅིང་། མཐར་རྡུལ་ཕྲ་རབ་ཏུ་གཞིག་ཚུལ་སྔར་བཞིན་ལ། རྡུལ་དེ་ཡང་ཤར་ཕྱོགས་སོགས་ཀྱི་ཕྱོགས་ཆས་ཕྱེས་ཏེ། བཏགས་པས་གཅིག་ཙམ་དུ་ཡང་མ་གྲུབ་ན། དུ་མ་ལྟར་ཅི་སྨོས་ཞེས་ཐག་ཆོད། ཡུལ་དབང་གཉིས་གཞི་མེད་དུ་གྱུར་པ་ན་ཕ་མ་མེད་པས་བུ་མེད་པ་ལྟར་སེམས་བྱུང་སའི་ཡུལ་ལམ་བྱུང་ས་མེད་པར་ཐག་ཆོད། ད་རུང་ཡུལ་དབང་གཉིས་ལ་མི་ལྟོས་པར་དེ་དག་གི་བར་རམ། གཞན་གང་ནས་བྱུང་ངམ་སྐྱེ་ས་བརྟགས་པས་བྱུང་ས་མ་རྙེད་ཚེ། ཡང་སེམས་ལས་སེམས་བྱུང་ངམ་བརྟགས་ཏེ། འདས་པ་འགགས་ཟིན་པས་བྱུང་ས་མེད། མ་འོངས་པ་མ་སྐྱེས་པས་བྱུང་ས་མེད། ད་ལྟའི་རྟོག་པ་བརྟག་ན་བྱུང་ས་མི་སྲིད། རྟག་པ་ལས་མི་རྟག་པའི་སེམས་བྱུང་མི་སྲིད། ད་ལྟའི་རྟོག་པ་སྐད་ཅིག་གཉིས་པར་མི་སྡོད་པར་མི་རྟག་པ་ལ། བྱུང་ས་མི་སྲིད་དེ་མི་རྟག་པ་ལ་རྫས་སུ་གྲུབ་པ་མེད་པའི་ཕྱིར། དངོས་མེད་ལས་སེམས་རྟོག་དངོས་པོ་བྱུང་མི་སྲིད་དེ། རྒྱུ་མེད་ལས་སེམས་བྱུང་བའམ་སྐྱེ་བའི་རྒྱུ་མེད་པས། དེ་ལྟར་ཞིབ་ཏུ་དཔྱད་པས་ཤེས་བྱའི་རྒྱུའམ་བྱུང་ས་མ་རྙེད་ཚེ། བྱུང་མཁན་གྱི་སེམས་སྐྱེ་བའམ་བྱུང་ས་མེད་པ་ཤུགས་ཀྱིས་གོ་མོད་ཀྱང་། ད་དུང་ཡང་བྱུང་བའི་སེམས་ཤིག་ཡོད་སྲིད་སྙམ་ན་དེ་ལ་འགྲོ་དྲུག་རང་གི་དབྱིབས་སམ། གྲུ་བཞི་ཟླུམ་པོ་སོགས་དང་། ཁ་དོག་དཀར་དམར་སོགས་དངོས་མཚན་ཇི་ལྟར་གྲུབ་ཡང་ཡང་བརྟག་ཏུ་བཅུག་པས། སེམས་སྐྱེ་བ་མེད་པར་ཁོ་ཐག་ཆོད་ངེས་བྱུང་ཚེ་བྱུང་ས་དང་འབྱུང་མཁན་མེད་པར་ངེས་པ་གཏིང་ནས་འདྲོང་པ་འབྱུང་ལ། དེས་གནས་ས་དང་འགགས་ས་མེད་པའང་ཤུགས་ཀྱིས་ཆོད་འགྲོ་རུང་། ད་དུང་གནས་སའི་རྟེན་དང་། བརྟེན་པའི་སེམས་ཇི་ལྟར་ཡོད་སྔ་མའི་བྱུང་ས་བརྟགས་པ་ཇི་ལྟ་བ་བཞིན་སོ་སོར་ཕྲལ་ནས་ཞིབ་ཏུ་བརྟག་བཅུག་པས། རྟེན་དང་བརྟེན་པ་མེད་པར་ཁོ་ཐག་ཆོད་ཚེ་ཡང་། དེ་བཞིན་དུ་འགག་པ་དང་འགག་མཁན་གྱི་སེམས་དེ་ཇི་ལྟར་ཡོད་ལུགས་གོང་བཞིན་སོ་སོར་ཕྲལ་ནས་ལེགས་པར་བརྟགས་པ་ཡང་ཡང་ཞིབ་ཏུ་བྱས་པས། འགག་སའི་ཡུལ་དང་འགག་མཁན་མེད་པར་ཁོ་ཐག་ཆོད་ངེས་པ་འབྱུང་བ་དགོས། བརྟག་ཚུལ་དེ་རྣམས་ཐམས་ཅད་ལ་དང་པོ་གོ་བརྡ་ལེགས་པར་སྤྲད་ནས། དེ་ནས་ཞག་ཁ་ཤས་རེའི་བར་དུ་དལ་མོས་ཡང་ཡང་ཞིབ་ཏུ་ཤེས་རབ་ཀྱིས་བརྟག་བཅུག་ཚེ། ངེས་པར་སེམས་འདི་ལ་སྐྱེ་འགགས་གནས་གསུམ་གྱི་ཡུལ་དང་ཡུལ་ཅན་ནམ། ཤེས་བྱའི་ཡུལ་དང་ཤེས་བྱེད་ཀྱི་སེམས་སྟེ། གཟུང་འཛིན་གཉིས་སོགས་གཞི་མེད་རྩ་བྲལ་ནམ་མཁའ་ལྟར་སྟོང་ཞིང་། སྟོང་བཞིན་འཆར་ཚུལ་སྐྱེ་འགག་གནས་གསུམ་ལྟར་སྣང་བ། སྒྱུ་མའམ་རྨི་ལམ་གྱི་ཤེས་པ་ལྟར་བདེན་མེད་སྟོང་ཡལ་དུ་ངེས་ཤེས་འདྲོང་པ་ཞིག་བྱུང་ཚེ། གཟུང་འཛིན་བདེན་མེད་དུ་རྟོགས་པའི་གོ་བ་རྣལ་མ་སྐྱེས་པ་ཡིན་པས། བློས་བྱས་ཀྱི་ལྟ་བའམ། ཡིད་དཔྱོད་ཀྱི་ལྟ་བ་དང་། དེ་ལ་དམིགས་ནས་སྟོང་པ་བློས་བྱས་ཀྱི་བསྒོམ་པ་སོགས། དོན་ལ་རྟོག་དཔྱོད་སེམས་ཀྱི་ཡུལ་ཅན་གྱི་བློ་ངོའི་རི་མོ་ཙམ་ཡིན་ཡང་། དངོས་འཛིན་ཨ་འཐས་ཀྱི་ཞེན་པ་རང་རྒྱུད་པ་ལ་ཕན་ངེས་ཡིན། དེ་ནི་འདིའི་ལུགས་ཀྱི་སེམས་ཀྱི་ཁུང་བུ་བཤིགས་པའི་དོན་གཟུང་འཛིན་རང་སྟོང་དུ་ངེས་པ་ཙམ་ལ་གོ་དགོས། གཟུང་འཛིན་ནམ་ཤེས་བྱ་དང་ཤེས་པ་བདེན་མེད་དུ་ངེས་པའི་བློ་དེ་གཡོ་བ་སེམས་ཀྱི་བྱ་བྱེད་དང་བཅས་པ་ཡིན་པས་ཇི་ལྟར་བསྒོམས་ཀྱང་། བློའི་རྩོལ་བ་ཅན་སྟོང་ཉམས་ཤས་ཆེ་ཞིང་དྲན་པས་འཛིན་རྩོལ་ཁོ་ན་ཅན་ཡིན་པས་བློ་བྲལ་གྱི་གནས་ལུགས་དང་ཁྱད་ཤིན་ཏུ་ཆེ་བས་ཕལ་ཆེར་འདི་ནས་ལྷག་སོང་བ་འདྲ་བས་ངོ་སྤྲོད་སོགས་ཇི་ལྟར་བྱས་རུང་ཡབ་ཡོབ་ལས་ཁོ་ཐག་ཆོད་ངེས་ཤིག་གཏན་ནས་འོང་དཀའ་བས་ན་དགོངས་གཞིག་ཞིབ་མོར་མཛད་དགོས། དེ་ལྟར་ངེས་པ་ན། །
དེ་ནས་བརྟག་པ་བཞི་པ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་ཏེ་གནས་ལུགས་གཏན་ལ་དབབ་པ་འདི་ཐུན་མོང་མ་ཡིན་པ་འདིའི་ལུགས་ཀྱི་ཁྱད་ཆོས་ཡིན་པས་འདི་ཤིན་ཏུ་གལ་ཆེ་བས་ཤེས་རབ་ཀྱིས་བརྟག་ཚུལ་ནི། སྔ་མའི་བྱུང་ས་དང་འབྱུང་མཁན་སོགས་མེད་པར་ཤེས་ཤིང་ངེས་པ་དེ་ནི་རྟོག་དཔྱོད་ཀྱི་སེམས་ཟེར་བས་དེས་གཞི་མེད་རྩ་བྲལ་དུ་ཤེས་པས་མི་ཆོག །ད་ནི་དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་དུས་གསུམ་གྱི་སྐྱེ་འགག་ཅན་དེ་མིན་པའི་གང་ཡང་ཤེས་མཁན་གོ་མཁན་རྟོག་མེད་དུ་གནས་པའི་སེམས་ཀྱི་གཤིས་སམ། བབས་སམ་ངོ་བོ་ཟེར་བ་ཞིག་ཁ་ནང་དུ་ལོག་ནས་རང་བབ་ལ་ཞོག་ལ་ཡང་ཡང་ལྷོད་ལ་ལྟོས། དེ་ལ་མ་འཛིན་མ་བཅོས་ཡངས་ལ་བོར་ལ་ཞོག །ཅེས་ཡང་ཡང་བརྡ་སྤྲད། དེས་ཀྱང་དེ་ལྟར་བརྟགས་པས་ཅི་ཞིག་ན་དུས་གསུམ་གྱི་རྟོག་པ་དང་མ་འདྲེས་པའི་ཐ་མལ་གྱི་ཤེས་པ་རང་བབ་ཏུ་འདུག་པ། བཟོ་བཅོས་དང་རྩོལ་བ་མི་དགོས་པ། སྨྲ་བསམ་བརྗོད་མི་ཤེས་པ་འདྲ་བོ་ཞིག་འདུག་ཟེར་བྱུང་ན་ཅུང་ཟད་གོ་བའི་མགོ་བརྩམས་པ་ཡིན། ཡང་གང་ཟག་གི་ཁྱད་པར་གྱིས་དེ་ལྟར་ཡང་ཡང་དཔྱད་བཅུག་ཀྱང་སྔར་གྱི་དཔྱད་པ་ཁ་ཕྱིར་ལྟས་དེ་ལ་གཡེང་བའམ། མིན་ཀྱང་རྐྱེན་གང་གིས་ཁ་ནང་ལོག་གི་ཤེས་པ་རང་བབ་ལ་བློ་མི་འཇུག་པའང་སྲིད་པས་ན། དེ་འདྲ་དེ་ལ་བླ་མའི་མདུན་དུ་སེམས་རང་བབས་ལ་བཞག་བཅུག་ནས་ཅུང་ཟད་བཞག་ལ། ག་རེ་ད་ལྟ་ཁྱོད་ལ་རྣམ་རྟོག་འདུག་གམ་མི་འདུག་དྲི་ན་རྟོག་མེད་ཀྱི་ཤེས་པ་འདི་ཡེ་རེ། རྩོལ་མེད་བཅོས་མེད་དུ་འདུག་གམ། འདུག་ཟེར་ན་དེ་ལ་སེམས་ཀྱི་གཤིས་སམ་ངོ་བོ་དེ་མ་ཡིན་ནམ། ཞེས་དེ་ལྟར་ཐབས་དུ་མས་ཡང་ཡང་ཞིབ་ཏུ་ཕབ་ནས་བརྟག་བཅུག །འདི་སྐབས་རྣམས་སུ་བླ་མ་སངས་རྒྱས་དངོས་སུ་ཤེས་པའི་མོས་གུས་གནད་དུ་འགྲོ་བ་ནི་གལ་ཆེ་བས་ཡང་ཡང་བརྡ་སྤྲད། དེ་ལྟར་བརྟག་ཚུལ་དུ་མས་ཡང་ཡང་བལྟས་པས། གང་ཟག་དེ་ཡི་རྣམ་རྟོག་དང་མ་འདྲེས་པའི་ཐ་མལ་གྱི་ཤེས་པ་བཟོ་བཅོས་མི་དགོས་པའི་རང་བབས་ཤིག་ཡོད་པ་དང་། བཟང་ངན་སོགས་ཀྱི་རྟོག་པ་གློ་བུར་པ་ཞིག་ཡོད་པ་དང་གཉིས་པོ་ཤན་ལེགས་པར་ཕྱེ་མ་ཐུབ་བར་དུ་ཡང་ཡང་བརྟག་བཅུག །དེ་གཉིས་ཤན་ཕྱེ་ཐུབ་པ་དང་དེར་མི་བསྐྱུར་བར། ད་ནི་ཁྱོད་ལ་སེམས་ཀྱི་ངོ་བོ་ཞིག་དང་། ཤར་བའི་རྟོག་པ་གློ་བུར་བ་ཞིག་དང་གཉིས་ངེས་པར་འདུག་ཟེར་བ་དེ་བདེན་ནམ། བདེན་ཟེར་ན། ད་ནི་ངོ་བོ་དེ་ལ་བྱུང་གནས་འགྲོ་གསུམ་དང་། ཕྱོགས་དང་མཐའ་དབུས་སྐྱེ་འགག་གནས་གསུམ་གྱི་ཆ་ཕྱེ་རྒྱུ་དང་། ངོ་བོ་ལ་འཕོ་འགྱུར་རམ། བཟང་ངན་ནམ། བཏང་བཞག་སོགས་ཇི་ལྟར་འདུག་གམ་ཡང་ཡང་བརྟག་བཅུག་པས། དེ་ལྟར་གང་ཡང་མི་འདུག་པས་ངོ་བོ་དེ་ནི་དྭངས་ཕྱིན་པ་ཤེས་རིག་བཀྲ་བ། རྟོག་པའི་ཟུག་རྔུས་མི་གནོད་པ། ཡངས་ལ་ཕྱལ་བ། ཕྱོགས་མེད་ཡན་པ། གཏད་སོ་དང་བྲལ་བ་ཞིག་ངེས་པར་འདུག་ཟེར་བ་མ་བྱུང་གི་བར། མི་ཉག་པར་ག་ལེར་བརྟགས་བཅུག་པས། ཇི་ལྟར་བརྟགས་པ་དེ་ལྟར་ཤོང་ཡངས་ཇེ་བརྟན་ལ་འགྲོ་ངེས་པ་རེ་འོང་དགོས། དེ་ནས་སླར་ཡང་ད་ནི་ཁྱེད་ཀྱིས་ཤར་བའི་རྟོག་པ་བཟང་ངན་ཐམས་ཅད་དེ་སྔར་མེད་གསར་དུ་བསྐྱེད་ཆོག་སྟེ། ཡུལ་བླ་མ་དང་དགྲ་སོགས་ལ་དམིགས་ནས་དད་པ་དང་ཞེ་སྡང་གསར་དུ་བསྐྱེད་ཆུག །དད་སྡང་སོགས་གསར་དུ་བསྐྱེད་པ་དེ་བློས་རང་གི་སེམས་ཐོག་ནས་ངེས་པར་བརྟགས་གཞིག་ཆོག་པ། འདུས་བྱས་གློ་བུར་བ། སྟོང་ཡལ་བདེན་མེད་དུ་འཇའ་ལྟར་ཡལ་འགྲོ་བ་ཞིག་ཨེ་ཡིན་ལེགས་པར་ཡང་ཡང་ལྟོས་ཞེས་བརྟག་བཅུག་པས་དེ་ལྟར་ངེས་པར་རེད་ཟེར་བའི་ཐག་ཆོད་ན། ད་ནི་སེམས་ཀྱི་ངོ་བོ་ཟེར་བའི་ཤེས་པའི་རང་བབས་དེ་སྔ་མ་ལྟར་སྔར་མེད་གསར་བསྐྱེད་པའི་ཡུལ་ལམ་རྒྱུའམ་རྐྱེན་ལྟ་བུ་རེས་བསྐྱེད་པ་ཞིག་ཨེ་ཡིན་དང་། ངོ་བོ་དེ་རང་གི་བློས་ཕར་བཏང་བཤིག་དང་། མེད་དུ་བཏང་ཨེ་ཐུབ་ཡང་ཡང་ལྟོས་ཞེས་ཞིབ་ཏུ་བརྟག་བཅུག་པས། ངོ་བོ་དེ་ནི་གསར་དུ་བསྐྱེད་པའི་རྒྱུ་རྐྱེན་གང་ཡང་མི་འདུག །བློས་གཏང་བཤིག་ཇི་ལྟར་བྱས་རུང་བཏང་དང་བོར་དུ་བྱེད་ཐབས་མི་འདུག་ངེས་པ་རེད་ཟེར་བ་བྱུང་ན་བདར་ཤ་ཅུང་ཟད་རེ་ཆོད་པ་འདྲ་བས། དེ་ལྟར་མ་བྱུང་བར་བརྟག་དཔྱད་ནན་དུ་བྱ་བཅུག །དེ་ནས་སེམས་ཀྱི་ངོ་བོ་དེ་དང་། ཤར་བའི་རྟོག་པ་དེ་གཅིག་གམ། ཐ་དད་ཇི་ལྟར་འདུག་བརྟགས་ཏེ། སྔ་མ་ལྟར་ན་ངོ་བོ་འཕོ་འགྱུར་མེད་པ་ལྟར་རྟོག་པའང་འཕོ་འགྱུར་མེད་དགོས། ཡང་ན་རྟོག་པ་འཕོ་འགྱུར་བྱེད་པ་བཞིན་ངོ་བོ་ཡང་འཕོ་འགྱུར་དུ་བྱེད་དགོས་པས་ཇི་ལྟར་རེད་བརྟག་བཅུག་པས། གཅིག་མིན་པར་ཐག་ཆོད་བྱུང་ནས་ཐ་དད་རེད་སྙམ་ཟེར་ན། ཐ་དད་ན་ངོ་བོ་དང་ཤར་བའི་རྟོག་པ་གཉིས་གཅིག་ལ་གཅིག་ལྟོས་སམ། མི་ལྟོས་ན་ངོ་བོ་མེད་ཚེ་ཤར་བའི་རྟོག་པ་ཡོད་ཨེ་སྲིད་བརྟགས། ངོ་བོ་མེད་ན་ཤར་རྟོག་ཡོད་མི་སྲིད་པ་དཔེར་ན་ཆུ་མེད་ན་རླབས་མེད་པ་ལྟར་རེ་སྙམ་ཟེར་ན། འོ་ན་ཤར་བའི་དུས་གསུམ་གྱི་རྟོག་པ་དེ་གཏན་ནས་མེད་ཅིང་མ་གྲུབ་ན་ངོ་བོ་དེ་ཡོད་ཨེ་ཆོག་བརྟག་བཅུག་པས་རྟོག་པ་མེད་ཀྱང་ངོ་བོ་ཡོད་ཆོག་པ་དཔེར་ན་རླབས་མེད་པའི་ཆུ་ཡོད་ཆོག་པ་དང་འདྲ་བར་འདུག་ཟེར་ན། ངོ་བོས་ཤར་བའི་རྟོག་པའི་གོ་ཨེ་བཀག་བལྟ་བཅུག །རྟོག་པ་དེས་ངོ་བོ་ལ་ཕན་གནོད་ཨེ་འདུག་བརྟག་བཅུག་པས། ངོ་བོ་དེ་ཤར་བས་གོ་མི་བཀག །ཤར་བ་བཟང་ངན་གྱི་རྟོག་པས་ངོ་བོ་ལ་ཕན་གནོད་མི་འདུག་པའི་ཐག་ཆོད་པ་བྱུང་ན། དེ་ནས་ངོ་བོ་དང་རྟོག་པ་གཉིས་ལ་བཟང་ངན་ཨེ་འདུག་བལྟ་བཅུག །བཟང་ངན་མེད་དེ་ཆུ་དང་རླབས་ལྟར་འདུག་ཟེར་ན། ངོ་བོ་ནམ་མཁའ་འམ་ཆུ་ལྟ་བུ་དེ་ལས་ཤར་བའི་འཁོར་འདས་སྤང་གཉེན་བཟང་ངན་གྱི་རྣམ་རྟོག་སྤྲིན་དང་ཆུ་རླབས་བཞིན་དུ་ངོ་བོ་དེ་ལས་བྱུང་། དེ་ལ་གནས་དེར་ཐིམ་པ་དང་འདྲ་བར་ངོ་བོ་ཤར་བའི་སྣང་རྟོག་ཐམས་ཅད་ལ་བཟང་ངན་དང་། དབྱེ་བསལ་ཨེ་འདུག་བལྟ་བཅུག་པས། ངེས་པར་བཟང་ངན་མེད་པར་འདུག་ཟེར་ནས་ཁོ་ཐག་ཆོད་ངེས་ཤིག་ཤིན་ཏུ་གལ་ཆེ་བས། དེ་ལྟར་མ་ཤེས་བར་དུ་བརྟག་བཅུག །དེ་ལྟར་ཡང་ཡང་བརྟགས་པས་ངོ་བོ་དང་རྩལ་རྟོག་འཁོར་འདས་སྤངས་གཉེན་གྱི་སྣང་རྟོག་ཐམས་ཅད་བཟང་ངན་མེད་ཅིང་རོ་མཉམ་པ་ལ་ངེས་ཤེས་གཏིང་ནས་སྐྱེས་པ་བློ་གཞན་གྱིས་མི་འཕྲོག་པ་ཞིག་བྱུང་ཟེར་བ་མ་བྱུང་བར་དུ་བརྟག་པ་གལ་ཆེ། དེ་ནས་ངོ་བོ་ཐ་མལ་གྱི་ཤེས་པ་རྟོག་པས་མ་བསླད་པ་དེ། དུས་གསུམ་གྱི་རྟོག་པས་དེ་ཡུལ་དུ་བྱར་ཆོག་གམ་མི་ཆོག་བརྟག་བཅུག །ངོ་བོ་དེ་དུས་གསུམ་གྱི་རྟོག་པས་ཡུལ་དུ་བྱེད་མི་ཤེས་པ་ངེས་པར་རེད་ཟེར་བ་བྱུང་ན། སེམས་རྣམ་རྟོག་གིས་མ་ཤེས་མ་མཐོང་ན་དེ་སུས་ཤེས་བརྟགས་པས། ངོ་བོ་རང་གིས་རང་ཤེས་པར་འདུག་ཟེར་ན། ཇི་ལྟར་འདུག་སྟེ་ངོ་བོ་ལ་ཤེས་བྱ་ཤེས་བྱེད་གཉིས་འདུག་གམ་བརྟག །ངོ་བོ་ལ་ཤེས་བྱ་དང་ཤེས་བྱེད་གཉིས་སུ་གཏན་ནས་མི་འདུག་ཀྱང་། ཇི་ལྟར་བྱས་ཀྱང་གཉིས་སུ་མེད་པའི་ཚུལ་གྱིས་ཤེས་པ་ཞིག་ནི་ངེས་པར་རེད་ཟེར་བྱུང་། ཐ་མལ་གྱི་ཤེས་པ་ཐེར་ལ་བུད་པ། བློས་བཟོ་བཅོས་དང་གཏན་ནས་བྲལ་བ། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ལ་ངེས་པར་གཏིང་ཚུགས་པ་ཞིག་བྱུང་ཚེ་དམ་པ་གོང་མ་རྣམས་ཀྱིས་སློབ་མ་ལ་ཁྲིད་ཐེབས་པའམ། གནས་ལུགས་ལ་མཁྲེགས་ཚུད་པས། ད་ནི་བློས་བྱས་ཀྱི་ལྟ་བའམ། ཡིད་དཔྱོད་ཀྱི་ལྟ་བའི་དཔྱད་པ་རྫོགས་ནས་མངོན་སུམ་གྱི་ལྟ་བའི་མགོར་སླེབས་པར་འདུག་པས། ད་གཟོད་ངོ་སྤྲོད་བྱེད་རན་པར་འདུག་གསུངས་པའི་ཐོག་ཏུ་ཐོན་པ་ཡིན་ནོ། །དེ་ལྟར་གོང་དུ་བཤད་པའི་ཤེས་རབ་ཀྱིས་དཔྱད་ཚུལ་དེ་རྣམས་གལ་ཆུང་དང་དོན་མེད་དུ་མི་བསམ་པར་དེ་ཐམས་ཅད་དུམ་ཆོད་བྱས་ནས་བརྟག་ཚུལ་གོ་བརྡ་འཕྲོད་ངེས་བྱས་ཏེ་ག་ལེར་ཡུན་རིང་དུ་བརྟག་དཔྱད་བྱེད་བཅུག་དགོས། ཙབ་ཙོབ་ཏུ་ཉག་ལང་ནས་ཕྱོགས་མགོ་རེ་སྣ་ཟིན་པ་དང་། དེས་མགུ་ནས་ངོ་སྤྲོད་དང་ཕྱལ་གདལ་སོགས་ཀྱི་བརྗོད་སྒྲོས་དང་བསྒོམ་མདོག་ལ་སྙིང་རུས་སྡུག་སྲན་བྱེད་བཅུག་རུང་ཕྱི་ལྡང་དང་ཐེ་ཚོམ་སོགས་མི་རེད་པ་ཐམས་ཅད་འབྱུང་འོང་བ་ཡིན་པས་ཐུགས་དཔྱད་ལེགས་པར་ཐོངས། ལར་ཐམས་ཅད་ལ་ཕྱིར་ལྡང་སོགས་མི་རེད་པ་འོང་ཟེར་པའི་རྒྱུ་ཐམས་ཅད། གཅིག་ཏུ་སྔོན་འགྲོ་ཕྱི་ནང་དང་བསགས་སྦྱང་མོས་གུས་སོགས་གནད་དུ་མ་སོང་། གཉིས་སུ་གསང་སྔགས་ཀྱི་འཇུག་སྒོ་དབང་གིས་རྒྱུད་མ་སྨིན། གསུམ་དུ་གོང་གི་ཤེས་རབ་ཀྱིས་དཔྱད་པ་གནད་དུ་མ་སོང་སྟེ་གདར་ཤ་མ་ཆོད་པ་ལས་བྱུང་བ་ཡིན་པས། སློབ་མ་ལ་ཡི་ཆད་དང་བཀའ་བཀྱོན་ཚ་དྲག་ཅན་སོགས་བྱས་པ་ཁོ་ནས་གཏན་མི་འོང་བས། སློབ་མ་སྙིང་རྗེས་རྗེས་སུ་བཟུང་ནས་ཅུང་ཟད་རེ་ཙམ་ཡང་ཨེ་ཕན་གྱི་རེ་བ་ཡོད་པས་འདི་ཚོ་ཐུགས་གཏིང་ལ་ཞོག་ཅིག་དེས་སྔོན་འགྲོའི་དཔྱད་པ་རྫོགས་ནས། །
གཉིས་པ་དངོས་གཞི་རིག་པ་རང་ངོ་སྤྲོད་པ་ལ། སྤྲོ་ན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་བཏང་། སྤྲོས་མེད་བྱེད་ན་བླ་སློབ་གཉིས་ཀས་བརྒྱུད་པའི་གསོལ་འདེབས་དང་མོས་གུས་གནད་འགྲོ་བྱ། བླ་མས་དགོངས་པ་གཏད། སློབ་མས་ལུས་སེམས་ཀློད་ལ་སྔར་གྱི་ཤེས་པ་བཟོ་བཅོས་མེད་པར་ཅུང་ཟད་བཞག་བཅུག །དེ་ནས་ངོ་སྤྲོད་ལ། དང་པོ་སྤྲོད་རྒྱུའམ་སྤྲད་བྱ་ངོས་བཟུང་། སྤྲད་ཚུལ་ཤན་ཕྱེད། ངོ་སྤྲད་དངོས་ཐེབ་པར་གདབ་པ་དང་གསུམ་ལ་འདུ་བས། དེ་གསུམ་ཅུང་ཟད་བསྡུས་ཏེ་བསྟན་པ་ལ། ཁྱོད་ལ་ངོ་སྤྲད་རྒྱུའམ་སྤྲད་བྱ་ནི་ཆོས་ཐམས་ཅད། གནས་ལུགས་མཐར་ཐུག་པ་སེམས་ཀྱི་ཁམས་སམ། རིགས་སམ་བདེ་གཤེགས་སྙིང་པོའམ་རྒྱུད་སྡེ་རྣམས་ནས་གཞི་རྒྱུད་དམ་རྫོགས་ཆེན་ལྟར་ན་གཞིར་གནས་ཀྱི་ཡེ་ཤེས་སམ། ཡོངས་སུ་གྲགས་པ་ལྟར་ན་དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར་བ། སེམས་དང་སེམས་ཉིད་གཉིས་ཀྱི་ཟླས་ཕྱེས་པའི་སེམས་ཉིད། རྣམ་ཤེས་དང་ཡེ་ཤེས་ཀྱི་ཟླས་ཕྱེས་པའི་ཡེ་ཤེས་ཟེར་བ་དེ་ངོ་སྤྲད་རྒྱུ་ཡིན། སྤྲད་ཚུལ་ཤན་འབྱེད་པ་ནི། རྫོགས་ཆེན་ལྟར་ན་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་སོགས་མང་དུ་ཡོད་ན་ཡང་། དེ་ཐམས་ཅད་ཀྱི་གནད་འགག་སེམས་དང་རིག་པའི་ཤན་འབྱེད་འདི་ལ་ཐུག་པ་ཡིན། དེ་ནི་སྔོན་ནས་ཤན་འབྱེད་པའི་དུས་གསུམ་གྱི་རྟོག་པས་མ་བསླད་པའི་ཤེས་པ་བཟོ་བཅོས་དང་བཏང་བཞག་བྲལ་བའི་ངོ་བོ་འདི་ལ་རིག་པའི་ཡེ་ཤེས་ཟེར་བ་ཡིན། བཟང་ངན་གྱི་རྟོག་པ་གློ་བུར་བ་འདི་ལ་སེམས་སམ་རྣམ་ཤེས་ཟེར་བ་ཡིན་པས་དེ་ནི་ཁྱོད་ཀྱིས་སྔ་ནས་ཤན་ཕྱེས་ཟིན་པ་ངེས་སམ་ཞེས་བརྡ་སྤྲད། ངོ་སྤྲོད་དངོས་ཐེབས་པར་གདབ་པ་ནི། འདིའི་ལུགས་ལ་དབང་བཞི་པ་ཚིག་དབང་ཟེར་བ་དེ་ཡིན། དེ་ནི་གནད་གསུམ་དུ་འདུ་སྟེ། དང་པོ་སེམས་ཉིད་རིག་པའི་ཡེ་ཤེས་ཆོས་སྐུ་ཟེར་ཚུལ་དེ་ལ་གསུམ་ཡོད། གཞི་གནས་ཀྱི་ཡེ་ཤེས་དེ་ལ་གཞིའི་ཆོས་སྐུ་དང་། ད་ལྟའི་རྟོག་པས་མ་བསླད་པའི་རིག་པའི་ཡེ་ཤེས་ཟང་ཐལ་འདི་ལ་ལམ་གྱི་ཆོས་སྐུའི་ཡེ་ཤེས་ངོ་སྤྲོད་པ་ཟེར། ཟུང་འཇུག་ཡེ་ཤེས་ཆེན་པོ་འདི་རྩལ་རྫོགས་ཏེ། རླུང་སེམས་མ་དག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་བྲལ་ནས། དག་པ་གཉིས་ལྡན་གྱི་འབྲས་བུའི་དུས་ན་ཟག་མེད་ཆོས་ཀྱི་སྐུ་སྟོབས་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དེ་ལ་འབྲས་བུའི་ཆོས་སྐུའི་བརྡ་མཛད་པས། དེ་གསུམ་ཟུང་འཇུག་རིག་པའི་ཡེ་ཤེས་འདིའི་ངོ་བོ་ལས་ཐ་དད་པ་དང་། གཞན་མིན་པས་རིག་པ་ཟང་ཐལ་རྗེན་པ་འདི་ཆོས་སྐུའི་ངོ་བོའི་གནས་ལུགས་སམ། དོན་དམ་བདེན་པའམ། ཀ་དག་སྟོང་པ་ཆེན་པོ་ཡིན་པས་དེ་ལྟར་ངོ་ཤེས་དགོས། དེ་ནི་དངོས་གཞི་རིག་པ་ངོ་སྤྲོད་པ་ཟེར་བའི་གནད་ཡིན། དེ་ནས་གཉིས་པ་ནི། སྔར་གྱི་སེམས་ཟེར་རྒྱུའི་སྣང་རྟོག་བཟང་ངན་དེ་ཐམས་ཅད་སེམས་ཉིད་རིག་པའི་ཡེ་ཤེས་སྒྲིབ་པའི་དྲི་མ་རྟོག་སྒྲིབ་ཟེར་བ་སྐྱོན་གྱི་ཆ་ནས་ངན་པ་དེ་ཡང་། དེ་ནི་སྐྱོན་ཡོན་ཏན་དང་། ལྟས་ངན་གཡང་། བར་ཆོད་དངོས་གྲུབ། སྲིད་ཞིའི་སྣང་རྟོག་ཐམས་ཅད་རིག་པའི་ཡེ་ཤེས། ཆོས་སྐུའི་རང་རྩལ་ལམ་རོལ་བ་ཆེ་བའི་རྒྱན་ནམ་ཐུགས་རྗེ་ལྷུན་གྲུབ་ཀྱི་འཆར་ཚུལ། ཀུན་རྫོབ་དག་པ་རབ་འབྱམས་ཏེ། དེ་ཡང་རིག་པའི་རྩལ་གདངས་རྩ་ཐིག་རླུང་གསུམ་ཕྲ་རགས་ཇི་སྙེད་པ་དང་། འགྲོ་དྲུག་གི་ལུས་ཀྱི་བྱེ་བྲག་ལྟར་སྟོང་གཟུགས་སུ་ཤར་བ་ཐམས་ཅད་སྣང་སྟོང་སྐུ། རིག་པའི་ཡེ་ཤེས་ཀྱི་གདངས་སྒྲ་ལྟར་གྲགས་པ་ཐམས་ཅད་གྲགས་སྟོང་གསུངས། ཡེ་ཤེས་ཀྱི་རྩལ་སེམས་དང་སེམས་བྱུང་གི་རྟོག་པ་ཇི་སྙེད་པ་ཐམས་ཅད་དྲན་རྟོག་ཐུགས་ཀྱི་བྱེ་བྲག་སྟེ། མདོར་ན་འཁོར་བའི་རྒྱུ་ཀུན་འབྱུང་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ལྔའི་བྱེ་བྲག་ལས་ཐམས་ཅད་ཟག་མེད་ཀྱི་ལས་འབྲས་བུ་ཁམས་གསུམ་འཁོར་བར་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་མྱང་འདས་ཀྱི་ལམ་གྱི་བྱེ་བྲག་ཉམས་དང་རྟོགས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་རང་རྩལ། འབྲས་བུ་བྱང་ཆུབ་གསུམ་གྱི་གོང་གི་ཡོན་ཏན་གྱི་བྱེ་བྲག་ཐམས་ཅད་རིག་པའི་ཡེ་ཤེས་ཀྱི་རྣམ་འགྱུར། དེ་ཡང་དད་པ་དང་ལོག་ལྟ་སྙིང་རྗེ་དང་ཞེ་སྡང་། རང་དོན་ཡིད་བྱེད་དང་གཞན་ཕན་བྱང་སེམས། སྦྱིན་པ་དང་སེར་སྣ་སོགས་འཁོར་འདས་སྤང་གཉེན་གྱི་ཆོས་སུ་སྣང་བ་ཐམས་ཅད་རིག་པ་ཆོས་སྐུའི་རང་རྩལ། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་ཡིན་པས་བཟང་ངན་དང་བླང་དོར་མེད་པ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་ངོ་འཕྲོད་པར་བྱ་དགོས། གསུམ་པ་ནི། དེ་ཡང་རིག་པ་དོན་དམ་བདེན་པ་ཆོས་སྐུ་དང་། དེའི་འཆར་ཚུལ་འཁོར་འདས་སུ་སྣང་བའི་རྟེན་འབྱུང་ལྷུན་གྲུབ་ཀྱི་སྣང་བ་ཐམས་ཅད་ཀུན་རྫོབ་དག་པ་སྟེ། དེ་གཉིས་ཆུ་དང་རླབས་བཞིན་ཆོས་སྐུའི་ངོ་བོར་རོ་གཅིག་ཅིང་སོ་སོ་མ་ཡིན་ཐ་མི་དད་པར་ཟུང་འཇུག་དབྱེར་མེད་ཆེན་པོར་ངོ་སྤྲོད། དེ་ལྟར་ངོ་སྤྲོད་མྱོང་ཐོག་ཏུ་མ་ཁེལ་བར་དུ་ལན་མང་དུ་བསྐྱར་ནས་ཡང་ཡང་གདབ་པས་སློབ་མའི་མོས་གུས་དང་། བླ་མའི་བྱིན་རླབས། ངོ་སྤྲོད་གདབ་ཚུལ་ཐམས་ཅད་ཀྱི་རྟེན་འབྲེལ་བསླུ་བ་མེད་པའི་སྟོབས་ཀྱིས་ལས་འཕྲོ་ཅན་ཡོད་ན་སྲིད་ཞི་རོ་མཉམ་དུ་རྟོགས་ནས་བར་མེད་ཕྱམ་གདལ་ལྟ་སྒོམ་གཅིག་ཆོད་དུ་འགྲོ་བའང་སྲིད། དེ་ཙམ་མ་བྱུང་ན་ཡང་། སེམས་རིག་རོ་མཉམ་ཞིང་གཉིས་སུ་མེད་པའི་དོན་ལ་བློ་གཞན་གྱིས་མི་འཕྲོག་པ་ཞིག་བྱུང་ན་ངོ་སྤྲོད་ཐེབས་ཟེར་དགོས། ད་དུང་གནད་དུ་དྲིལ་ནས་བཤད་ན་རིག་པ་ཆོས་སྐུའི་ངོ་བོ། སེམས་ཀྱི་སྣང་རྟོག་ཐམས་ཅད་ཆོས་སྐུའི་རང་རྩལ། དེ་གཉིས་དབྱེར་མེད་ཟུང་འཇུག་དབྱེ་བསལ་མེད་པ་ཆུ་དང་རླབས་ལྟར་མྱོང་ཐོག་ཏུ་ཁེལ་བར་ངོ་སྤྲད་དགོས། དེ་ལྟར་ངོ་མ་འཕྲོད་ན་རིག་པ་ཆོས་སྐུ་ཟེར་པའི་བཟང་པོ་ཞིག་དང་། སེམས་རྟོག་སྒྲིབ་པར་བྱེད་པའི་ངན་པར་བཞག་པས། གནས་ལུགས་ལ་བཟང་ངན་མེད་ཅིང་སྲིད་ཞི་གཉིས་མེད་རྟོགས་པ་ལ་རྒྱབ་ཀྱིས་ཕྱོགས་ནས། གཉིས་འཛིན་རང་རྒྱུད་པའི་རེ་དོགས་ཀྱིས་འཆིང་ཞིང་ཐ་མལ་པ་དང་ཁྱད་པར་མེད་པ་འོང་ཉེན་ཡོད་པས་གཟབ་དགོས། ཡང་སེམས་རིག་གཉིས་མེད་མྱོང་ཐོག་ཏུ་ངོ་མ་འཕྲོད་པར་གོ་ཡུལ་དུ་སོང་ན་ཁ་ལྟ་མཐོ་ཞིང་སྤྱོད་པ་རྩིང་པའི་སྣོན་མར་འགྲོ་ཉེན་ཡོད་པས་གཟབ་དགོས། ལར་ད་ལྟའི་དུས་ན་བླ་མའི་གདམས་ངག་ཁྱད་པར་ཅན་གྱིས་སེམས་རིག་ཤན་འབྱེད་པའི་གནད་ཁྲིད་མཁན་ཡང་ཉིན་སྐར་བས་དཀོན། སློབ་མ་མོས་གུས་ཅན་སེམས་རིག་ཤན་ཕྱེས་ནས་ཁྲིད་ཐེབས་ཡོད་པའང་དེ་བས་དཀོན། བླ་མས་སེམས་རིག་གཉིས་སུ་མེད་པའི་ངོ་སྤྲོད་གནད་ལ་ཕབ་ནས། སློབ་མའི་མྱོང་ཐོག་ཏུ་ཐད་ཀར་ངོ་འཕྲོད་པ་དེ་བས་དཀའ་བས་ཤིན་ཏུ་གཟབ་དགོས། ཁྱད་པར་དུ་སེམས་དང་རིག་པ་འདི་གཉིས་ཀྱི་ཁྱད་སྲིད་པའི་རྩ་བ་རྣམ་རྟོག་སེམས་ཀྱི་བྱེ་བྲག །མྱང་འདས་ཆེན་པོ་ཞི་བ་ཆོས་སྐུའི་ངོ་བོ་རིག་པའི་ཡེ་ཤེས་ཏེ། གནས་ལུགས་ལ་འདི་གཉིས་ལ་ཁྱད་པར་ཏིལ་འབྲུ་ཙམ་མེད་པར་གཉིས་མེད་མཉམ་པ་ཆེན་པོར་རྟོགས་པ་ཞིག་ཁྲིད་ཚུལ་འདིའི་ལུགས་ལ་ངེས་པར་འོང་དགོས་པས། ཡང་ཡང་ཞིབ་ཏུ་གོ་བརྡ་འཕྲོད་ངེས་པའི་ཕྱིར་མི་ལྡོག་པའི་ངོ་སྤྲོད་ཐེབས་པ་གལ་ཆེ། དེ་ལྟར་མ་རེད་ན་ཆེན་པོའི་སྦོམ་ཁྲིད་ལྟར་སྣང་བ་ལས་མི་འོང་པས་ཐུགས་གཟབ་མཛོད་ཞུ། །
སྤྱིར་བཏང་ངོ་སྤྲོད་སྐབས་འདིར་ཞིབ་པར་བརྗོད་ན་སེམས་རིག་དབྱེར་མེད་ཆེན་པོ་འདིར་མདོ་སྔགས་ཀུན་གྱི་ལྟ་བའི་དོན་ཐམས་ཅད་ཆུ་བརྒྱ་ཟམ་གཅིག་འོག་ཏུ་ཚུད་པ་ལྟ་བུ་ཞིག་ལ་འགག་བསྡོམ་དགོས་པས། མདོར་བསྡུ་ན་ཟུང་འཇུག་རིག་པ་ཡེ་ཤེས་ཀྱི་ཕྱོགས་དོན་དམ་བདེན་པ་དང་། ཤེས་རབ་ཕར་ཕྱིན་སྤྲོས་བྲལ་དབུ་མ་ཆེན་པོ། དོན་དམ་བྱང་ཆུབ་སེམས། ཕྱག་རྒྱ་ཆེན་པོ། འོད་གསལ་སྒྱུ་འཕྲུལ་བས་ལྷག་པའི་དོན་དམ་དཀོར་བདུན། ཨ་བུའི༼ཨ་ནུའི༽་དབྱིངས་ཡེ་ཟུང་འཇུག །རྫོགས་པ་ཆེན་པོའི་ཡེ་ཤེས་གསུམ་ལྡན་ནམ། རང་བྱུང་གི་ཡེ་ཤེས་སོགས་དང་། ལྷ་དང་བླ་མ་མཁའ་འགྲོ་མཆོག་གསུམ་སོགས་ཐམས་ཅད་ཀྱི་ངོ་བོ་ནི་དེ་ཡིན་ལ། དེའི་རྩལ་ལམ་འཆར་ཚུལ་གྱི་ངོས་ནས་ཀུན་རྫོབ་བདེན་པ་ཀུན་རྫོབ་བྱང་སེམས། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཏེ། དག་པ་རབ་འབྱམས་ལྷུན་འགྲུབ་ཀྱི་འཆར་ཚུལ་ཏེ། སྣང་ཕྱོགས་སེམས་དང་ཡེ་ཤེས་ཟུང་འཇུག་དབྱེར་མེད་ཆེན་པོ་བདེན་གཉིས་རོ་གཅིག་པ་རྒྱལ་བའི་དགོངས་དོན་མཐར་ཐུག་རིག་འཛིན་རྣམས་ཀྱི་དགོངས་པའི་མཐིལ་ཡིན་པས། འདི་ལས་གཞན་ན་ལྟ་བ་ཟབ་ཟབ་པོ་ཞིག་གཏན་ནས་མེད་པར་ཐག་ཆོད་དགོས། དེ་ལྟར་ཐག་མ་ཆོད་ན་ལྟ་དོན་ཆོས་ཉིད་མངོན་སུམ་མཐོང་བ་ལ་ཡིད་མི་ཆེས་པར། བློས་བྱས་ཡིད་དཔྱོད་ཀྱི་ལྟ་བ་སོགས་ལ་གཡེངས་ནས་རང་ལུགས་དྲི་མ་མེད་པ་ལ་རྒྱབ་བསྟན་ནས། གཞན་ཟེར་གྱི་ཁ་རྒྱུག་ལ་ཞེན་ནས་ཆོས་སྤོངས་སོགས་ཀྱི་ཉེས་པ་བསྐྱེད་པས་ན་རང་དང་སློབ་མར་གྱུར་པ་རྣམས་ཀྱི་ཐུགས་ལ་ངེས་པ་གལ་ཆེ། འདི་ནི་གསང་སྔགས་བླ་མེད་ཡན་ཆོད་ཀྱི་ལྟ་དོན་དངོས་ཡིན་པས་མངོན་སུམ་གྱི་ལྟ་བ་ཟེར་བ་ཐུན་མོང་མ་ཡིན་པ་དེ་ཡིན་ནོ། །སྤྱིར་ལྟ་བ་ཟེར་བ་དེ་སེམས་བྱུང་ཤེས་རབ་ཀྱིས་ཤེས་བྱའི་ཆོས་ཀྱི་གནས་ལུགས་བདེན་གཉིས་སུ་ངེས་པས་བློ་མི་བསླུ་པ་ཞིག་ལ་ཟེར་བས། འདིའི་ལུགས་ཀྱི་ཡིད་དཔྱོད་ཀྱི་ལྟ་བ་ཟེར་བ་དང་དོན་འདྲ། དེས་དངོས་གཞིའི་ལྟ་དོན་ངོ་སྤྲོད་པའི་ཚུལ་ལོ། །
གསུམ་པ་རྗེས་སུ་ཉམས་ཀྱིས་སྐྱོང་ཚུལ་བསྟན་པ་ནི། དབང་པོ་ཡང་རབ་རྩོལ་མེད་རང་བཞག་གི་སྒོམ་པ་སྟོན་པ་ཡིན། དེ་ཡང་འདི་ནི་ལྟ་ཐོག་ཏུ་སྒོམ་པ་བཙལ་བའི་ལུགས་ཡིན། དེ་ལ་བསྒོམ་དགོས་མི་དགོས་གཉིས་སུ་ཡོད་པ་ལས། དབང་པོ་ཡང་རབ་ཁ་ཅིག་ནི་རིག་སྟོང་ཟུང་འཇུག་ཆེན་པོར་ངོ་འཕྲོད་པ་དང་མཉམ་དུ་རྩལ་སྣང་འཁོར་འདས་ཀྱི་སྣང་རྟོག་ཐམས་ཅད་ཡེ་ཤེས་ཆེན་པོ་དང་རོ་གཅིག་ཏུ་གྱུར་ནས། འཁྲུལ་བ་གཞི་ལ་ལྡོག་ནས་ཉིན་མཚན་སོགས་བར་མེད་ཕྱམ་གདལ་འོད་གསལ་ཆེན་པོའི་ངང་ལས་ཡེངས་འཁྲུལ་གྱི་སྐབས་དང་བྲལ། འཕྲོ་གནས་གཉིས་མེད་དུ་སངས་ནས་འཁྲུལ་མི་ཤེས་པར་གྱུར། རྩལ་གྱི་ཤེས་རབ་དང་སྙིང་རྗེ་སོགས་ས་ལམ་ཐམས་ཅད་ཅིག་ཆོད་དུ་རྫོགས་པ་དེ་ལྟར་ངེས་པར་གྱུར་ན། ཅིག་ཆར་བ་རབ་མཆོག་དངོས་རྫོགས་པ་ཆེན་པོའི་གདུལ་བྱ་ཐུན་མོང་མ་ཡིན་པ་ཡིན་པས་དེ་འདྲ་སྲིད་མཐའ་མ་བཀག་ཙམ་ལས། ཨུ་དུཾ་ཝ་རའི་མེ་ཏོག་བས་དཀོན། དེང་སང་མྱོང་ཐོག་ཏུ་མ་ཁེལ་བའི་ཅིག་ཆར་བ་ཟེར་བའི་ཁ་ལྟ་ཅན། གདམ་ངག་གི་རྒྱུས་མེད་པའི་མངོན་པའི་ང་རྒྱལ་ཅན་ངོ་ཚ་མེད་པ་དུ་མ་ཡོད་པ་རྣམས་ནི་སྙིང་རྗེའི་གནས་སུ་མཆི། མདོར་ན་ལྟ་སྒོམ་ཅིག་ཆོད་དུ་སོང་ཞིང་། ས་ལམ་ཅིག་ཆོད་དུ་གྱུར་པ་ཞིག་ནི་ངེས་པར་དགོས་པས་ཤན་ཕྱེ་བ་ཤིན་ཏུ་གལ་ཆེ། དེ་ནས་བསྒོམ་དགོས་པའི་ལུགས་ནི་ཐེག་མཆོག་རྒྱལ་པོ་འདིའི་ལུགས་ཐུན་མོང་མ་ཡིན་པ་ནི། བློས་བྱས་ཀྱི་ལྟ་སྒོམ་སྤྱོད་པ་སོགས་རྩོལ་བས་བསྒྲུབ་པ་རྣམས་སེམས་ཀྱི་སྤྱོད་ཡུལ་ཡིན་པས། འདིའི་ལུགས་ཀྱི་གོལ་སྒྲིབ་ཡིན་པ་ཤེས་དགོས། འདིར་གོང་དུ་ངོ་སྤྲད་པ་ལྟར་བློ་བྲལ་སེམས་ལས་འདས་པའི་རིག་པའི་ངོ་བོ། ཐད་ཀར་ངོ་འཕྲོད་པ་དེ་ལྟ་བ་ཡིན། དེའི་རང་བབ་ལྷུན་གྲུབ་ཀྱི་སྒོམ་པའམ། རིག་པ་རང་བབ་ཀྱི་བསམ་གཏན་དེ་རྩོལ་མེད་རང་བཞག་གི་དྲན་པས་མཉམ་པར་འཇོག་དགོས། མཉམ་པར་འཇོག་དགོས་པའི་རྒྱུ་མཚན་ནི། སེམས་རྟོག་མ་རིག་འཁྲུལ་འབྱམས་བླང་དོར་རེ་དོགས་སོགས་གཉིས་སྣང་གི་དབང་དུ་རིག་པ་རྐྱེན་ཁར་འཆོར་བ་འདི་རོ་མཉམ་ཞིང་དབྱིངས་སུ་ནུབ་ནས། ས་ལམ་གྱི་སྤངས་རྟོགས་མཐར་མ་ཕྱིན་གྱི་བར་དུ་དབེན་པའི་ནགས་ཁྲོད་བསྟེན་པ་སོགས་བསམ་གཏན་གྱི་རྒྱུ་ཚོགས་ཚང་བའི་སྒོ་ནས་བརྩོན་པ་ཤུགས་བསྐྱེད་ཏེ་ཉམས་ལེན་ཐུན་དུ་བཅད་ནས་བསྒོམ་དགོས་ངེས་པ་ཡིན། ད་ལྟ་མཆོག་དམན་ཀུན་གྱིས་གདམ་ངག་ཟབ་མོའི་ལག་ལེན་ཆད་ཅིང་རྒྱུས་མེད་པས་ཚོད་དཔོག་བྱས་ནས། ལྟ་རྒྱུ་སྒོམ་རྒྱུ་ཅི་ཡང་མེད། ཡེངས་མ་ཡེངས་འཁྲུལ་མ་འཁྲུལ་མེད། ཐམས་ཅད་ཁོ་རང་གི་བབ་གཤིས་ཡིན་ཟེར་ནས། རང་གཞན་གཉིས་ཀས་མཉམ་བཞག་ཐུན་གཅིག་མི་བཅད་པར། ཕྱི་ནང་གི་གཡེངས་པ་ཁོ་ནས་དུས་འདའ་བ་མང་བས་འདིས་ལམ་གནད་ནོར་ཞིང་མི་ཤེས་པར་འཕྱན་པ་ཡིན་པར་གོ་དགོས། འདིའི་ལུགས་ལ་བློས་བྱས་ཀྱི་ལྟ་སྒོམ་སོགས་མི་དགོས་ཟེར་བ་ཡིན། རང་ལུགས་ལ་སྒོམ་དགོས་ཏེ་སྤང་བྱ་དག་ཅིང་རྩལ་གྱི་ཡོན་ཏན་དང་ས་ལམ་ཐམས་ཅད་ངེས་པར་རྫོགས་དགོས། སྔོན་གྱི་རིག་འཛིན་གོང་མ་ཚད་མར་གྱུར་པ་རྣམས་ཀྱི་ས་ལམ་གྱི་ཡོན་ཏན་དང་སྤང་རྟོགས་ཀྱི་ཁྱད་པར་ལ་ལྟོས་དང་གསལ། དེང་སང་ནི་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་ས་ལམ་གོང་མའི་ཡོན་ཏན་སོགས་ཕར་ཞོག །སེམས་རིག་ཤན་ཕྱེ་ནས་རིག་པ་རང་བབ་ཀྱི་སྒོམ་པའི་ལག་རྗེས་ལས་བྱུང་བའི་ཚོགས་ལམ་ཙམ་གྱིས་རྩལ་གྱི་ཡོན་ཏན་ཤེས་རབ་དང་སྙིང་རྗེ་སོགས་ཡོད་པ་ཉིན་སྐར་ལས་ཀྱང་དཀོན་པ་འདི་ཚོ། གང་ལྟར་ཡང་ལམ་གནད་འཆུག་པའི་རྟགས་ཚད་མངོན་སུམ་པ་ཡིན་པར་འདུག་པས། ཡང་ཡང་ཐུགས་དཔྱད་མཛོད་ལ་ཁྲིད་དེ་ལུགས་ཐོབས་མཛོད། །
ད་ནི་སྒོམ་ཚུལ་ཅུང་ཟད་སྟོན་ཏེ། དེ་ལ་མཉམ་རྗེས་གཉིས་ལས། དང་པོ་མཉམ་པར་འཇོག་ཚུལ་ནི། ཐུན་གྱི་སྔོན་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་ཐུགས་ཡིད་བསྲེ་བ་གནད་དུ་འགྲོ་བར་བྱ། དེ་ནས་ལུས་གནད་ཆོས་བདུན་སོགས་གང་བདེ་བྱ། རླུང་གནད་རླུང་ཁ་ནང་ནས་འབྱུང་འཇུག་ཤིན་ཏུ་དལ་བ་ཁམས་དང་འཕྲོད་པར་བྱ། ལས་རླུང་ཁ་ནས་འདོན་པ་འདིའི་ལུགས་ལ་ཤིན་ཏུ་གལ་ཆེ། རྒྱུ་མཚན་ནི་རླུང་གིས་རྩལ་བསྐྱེད་པའི་རྟོག་པ་དེ་རླུང་དང་བྲལ་བས་རྟོག་པ་འགག་སྟོབས་ཆེ་ཞིང་། མཐར་ལས་རླུང་དབུ་མར་དག་པ་སོགས་ཀྱི་དགོས་པ་ཡོད། སེམས་གནད་ནི། སྔར་ངོ་སྤྲད་པའི་སེམས་དང་བྲལ་བའི་ལྟ་བ་རིག་པ་ཟང་ཐལ་དེ་དང་། མེ་དང་ཚ་བ། ཆུ་དང་བརླན་བཞིན་དུ་རིག་པ་རང་བབ་ཀྱི་བསམ་གཏན་ཤུགས་འབྱུང་དུ་ཡེ་ནས་གནས་པ་དེ་གོང་བཤད་བཞིན་དུ་རྩོལ་མེད་ཀྱི་དྲན་པའམ། གཉུག་མའི་དྲན་པའམ། ཆོས་ཉིད་ཀྱི་དྲན་པ་ཟེར་བ་རིག་པའི་ངོ་བོའི་རྩལ་ལས་གཞན་མ་ཡིན་པ་དེས་མི་འཛིན་མི་བཅོས་མི་བསྡུ་མི་སྤྲོ་བར་ཁ་ཡན་རང་བབས་སུ་བཞག་པས། སེམས་ཀྱི་བྱུང་ཚོར་གྱི་རྟོག་པ་ཕྲ་རགས་ཐམས་ཅད་རིམ་གྱིས་ཀ་དག་གི་དབྱིངས་སུ་གྲོལ་ཞིང་ནུབ་ནས། རྟོག་པ་ཁྲོག་གིས་ཆད་ཅིང་དག་ནས་མི་རྟོག་པར་ཁྲོལ་གྱིས་སོང་ནས། རིག་པ་དྭངས་སིང་ངེ་བ་སྟོན་གནམ་གཡའ་དག་པ་ལྟ་བུ། ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་དང་པོ་མཚོ་ནང་དུ་གཟའ་སྐར་ཤར་བ་ལྟ་བུ། ཕྱིའི་མཉམ་བཞག་ཀློང་དུ་ཕེབ་དུས་དེ་ཡང་འགགས་ཤིང་ཡལ་ནས་དམིགས་མེད་སྤྲོས་བྲལ་གྱི་དབྱིངས་སུ་ཞུགས་པ་དེ་ལ་རྫོགས་པ་ཆེན་པོ་སོགས་ཀྱི་མཉམ་བཞག་དངོས་ཟེར་བ་ཡིན། ལས་དང་པོ་པ་རྣམས་ཀྱིས་ཅུང་ཟད་རིག་ཆ་བཏོན་ནས་ཧར་སངས་སུ་བཞག །རྟོག་པ་ཕྲ་རགས་ཅུང་ཟད་འགགས་པ་ཡུན་ཐུང་རུང་རིམ་གྱིས་རྩོལ་བ་གོམས་པར་བསླབ། དེས་ཡུན་ཐུང་གྲངས་མང་བར་དུམ་ཆོད་བྱས་ནས་སྒོམས་དང་བཟང་འགྱེས་སུ་བྱ་གསུངས། མཉམ་བཞག་དེ་དག་གི་དུས་ན་བྱིང་རྒོད་སོགས་ཀྱི་སྐྱོན་གང་བྱུང་རུང་ཐམས་ཅད་རིག་པའི་རང་རྩལ་གྱི་འཆར་ཚུལ་ཆུ་དང་རླབས་ལྟ་བུ་མཉམ་པའི་ལྟ་དོན་དྲན་པར་བྱ་ཞིང་། གཉེན་པོ་གཞན་ཡེ་མི་བསྟེན་པར་དགོངས་པ་དང་བསྲེ་བའམ། ཡང་ན་ཉམས་བཤིགས་ཚུལ་མང་ཡང་། སྒོམ་བློ་དེ་བོར་ལ་བཞག །བཤིགས་ལ་བཞག །བཏང་ལ་བཞག །ཕྲོལ་ལ་བཞག །ཡེངས་འཁྲུལ་གྱི་དོགས་ཟོན་གཏན་ནས་མི་བྱ་བར་ཡེངས་ལ་བོར། ཤོང་ཡངས་ལ་བཏང་། རིག་པ་དྭངས་ཕྱིན་ཅིང་། ཇེ་བརྟན་ཇེ་ཡངས་ལ་སོང་ན་རྟོགས་པའི་ངོ་བོའི་ཉམས་བཟང་བ་ཟེར་པ་ཡིན་པས་ཤིན་ཏུ་ཟབ། ཉམས་བཤིགས་ཚུལ་གཞན་ཞལ་ལས་ཤེས། དེ་ལྟར་ཡང་ཡང་ཐུན་དུ་བཅད་ནས་དེང་སང་དུམ་ཆོད་ལ་བསླབ་པས་རིམ་གྱིས་གོམས་པ་བརྟན་པ་བཞིན། རླུང་སེམས་དབུ་མར་ཐིམ་པའི་རྟགས། སྒོམ་ཁང་དུ་རྟགས་བཅུའི་སྟོང་གཟུགས་རྩོལ་མེད་དུ་འཆར་བ་སོགས་ཡོང་རབ་གོང་མ་རྣམས་ཀྱིས་གསུངས་འདུག་དེ་ནི་མཉམ་བཞག་ཡིན།
དེ་ནས་རྗེས་ཐོབ་ལ་བཟང་ངན་གཉིས་ཡོད་པའི། དང་པོ་ནི་འདིའི་ལུགས་ལ་ཀ་དག་སྟོང་པ་ཆེན་པོ་རིག་པའི་ངོ་བོ་ལ་གྲོལ་བའམ། སེམས་ཀྱི་ཡལ་ས་ཡང་ཟེར། བཟང་ངན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་དེའི་ངང་དུ་ལན་ཚྭ་ཆུ་ལ་ཐིམ་པའམ། རླབས་རྒྱ་མཚོ་ལ་ཐིམ་པ་ལྟར་རང་ཡལ་རྗེས་མེད་དུ་ཐད་ཀར་ཆོད་ན་ཁྲེགས་ཆོད་ཀྱང་ཟེར། འཁྲུལ་ཞིག་དང་རྩལ་གྱི་རྣམ་རྟོག་ཤར་གྲོལ་དུ་ཞིག་པའང་གསུངས་པས་གྲོལ་ལུགས་འདིའི་གནད་ཤིན་ཏུ་གལ་ཆེ། རང་གྲོལ་ཅེར་གྲོལ་སོགས་སྔར་གསུངས་ཀྱང་ལམ་དུ་འཁྱེར་ཚུལ་རིག་པ་ཀ་དག་གི་ངོ་བོ་འདི་ལས་རྩལ་བཟང་ངན་གྱི་སྣང་རྟོག་ཐམས་ཅད་འདི་ལས་ཤར། འདིའི་ངང་དུ་གནས། དབྱིངས་འདིའི་ངང་དུ་གྲོལ་བའི་ལམ་ཁྱེར་ལ་ཚུལ་བཞིན་དུ་བསླབ། འདི་ནི་འཁྲུལ་སྣང་དབྱིངས་སུ་ནུབ། རྐྱེན་སྣང་གྲོགས་སུ་འཆར། ཉོན་མོངས་ལམ་དུ་འཁྱེར་བའི་གནད། གདེང་གྲོལ་ཐོག་ཏུ་བཅའ་བ་འདི་ལ་ཐུག་སྟེ། གྲོལ་ལུགས་ཀྱི་གནད་འདི་ནི་རྫོགས་པ་ཆེན་པོ་འདི་ཁོ་ནའི་ལུགས་ཐུན་མོང་མ་ཡིན་པ་ཡིན། ལམ་འོག་མ་རྩོལ་བཅས་པ་རྣམས་ལ་འདིའི་གནད་གཏན་ནས་མེད་གསུངས། མདོར་ན་གྲོལ་བ་རིག་པའི་ཚུགས་མ་ཤོར་བར་རང་བབས་སུ་བཞག་པའི་མཐུས་རྩལ་གང་ཤར་ཐམས་ཅད་རང་ཡལ་རྗེས་མེད་དུ་ས་ལ་ལ་ཞིག་པ་ལ་གྲོལ་བའི་གནད་ཟེར་བ་ཡིན། རྩལ་གྱི་སྣང་རྟོག་བཟང་ངན་དེ་ངོ་ཤེས་རྩལ་རྫོགས། རང་གྲོལ་དུ་བརྟན་པ་ཐོབ་པར་བྱ་བ་རྣམས་ཀྱི་གནད་རྣམས་ཞལ་ལས་ཤེས་པར་བྱ། གྲོལ་ལུགས་འདི་ནི་འདིའི་ལུགས་ཡིན་ལ། ལྟ་སྒོམ་སྤྱོད་གསུམ་ནང་ནས་སྤྱོད་པ་ཟེར་བ་ཡིན། རྗེས་ཐོབ་ཀྱང་ཡིན། རྗེས་ཐོབ་ལ་རྩལ་སྦྱོང་དགོས། རང་གི་རྒྱུད་ཚོད་དང་བསྟུན་ཏེ། མཉམ་བཞག་ངོ་བོ་ལ་བརྟན་པ་ཐོབ། རིམ་བཞིན་རིག་པའི་ངོ་བོའི་ངང་ནས་རྩལ་དད་པ་དང་ངེས་འབྱུང་བྱང་སེམས་དག་སྣང་སོགས་ལ་ཡང་ཡང་སྦྱངས། ཁྱད་པར་ཆོས་ཀྱི་ཚིག་དོན་གདམས་ངག་གི་གནད་དོན་རྣམས་ལ་ཡང་ཡང་རྩལ་སྦྱངས། ཐེག་ཆེན་གྱི་རྩ་བ་བྱང་སེམས་དང་། དེའི་རྩ་བ་སྙིང་རྗེ་ཆེན་པོ་ལ་གནད་དུ་བསྣུན་པ་གལ་ཆེ། དེ་ལྟར་སྦྱངས་པའི་རིམ་པ་དེས་ངོ་བོ་རྩལ་གཉིས་གཅིག་གྲོགས་གཅིག་གིས་བྱས་ནས་ལས་སུ་རུང་ན་རྗེས་ཐོབ་བཟང་པོ་ཡང་སྐྱེ། མཉམ་རྗེས་ངོ་བོ་གཅིག་པའང་གསུངས། ཁྱད་པར་སྤྱོད་ལམ་སོགས་རྐྱེན་སྣང་ཐམས་ཅད་ལ་ལམ་ཁྱེར་བྱ་བ་འདི་གལ་ཆེ་བ་སོགས་ཞལ་ལས་ཤེས་དགོས། རྗེས་ཐོབ་ལ་རྩལ་སྦྱང་སྐབས་ཀྱི་དྲན་པ་འདི་ལ་འདུ་བྱེད་ཀྱི་དྲན་པ་ཟེར། སེམས་རྟོག་གི་བྱེ་བྲག་ཡིན་པས་གོང་མ་དང་ཁྱད་ཆེ་བ་ཤན་ཕྱེ་དགོས། དེ་ནས་རྗེས་ཐོབ་ངན་པ་རྒྱ་ཡན་ཐ་མལ་བ་ནི། རིག་པའི་ངང་ཤོར། གྲོལ་ལུགས་ཀྱི་གནད་དང་བྲལ། ཁ་ཕྱིར་ལྟས་ཀྱི་སྣང་རྟོག་ཐ་མལ་དུ་གཡེངས་ཤིང་འཁྲུལ་འབྱམས་སུ་སོང་ནས་ལས་ཉོན་རང་རྒྱུད་པ་ལ་ཞེན་པ་དེ་ཡིན། འདི་ནི་སྣང་ཚུལ་ཀུན་རྫོབ་བདེན་པ། གནས་ལུགས་དང་དབྱེར་མེད་པར་མ་གྱུར་པ་མ་རྟོགས་པའི་དུས་དང་ཁྱད་མེད་ཡིན་པས་འདིའི་ངོར་རྒྱུ་འབྲས་བླང་དོར་སྤང་བླང་དགག་སྒྲུབ་ཐམས་ཅད་རང་སར་ཡོད་པ་ཡིན་པས། རྒྱུ་འབྲས་ཁྱད་དུ་མི་གསོད་པར་སྣང་ཙམ་བཏགས་པ་ཙམ་གྱི་རྟེན་འབྲེལ་བསླུ་མེད་ལ་ཡིད་ཆེས་བསྐྱེད་པ་ཤིན་ཏུ་གལ་ཆེ། རྒྱ་ཡན་ཐ་མལ་བ་ཕྲ་རགས་འདི་དག་དབྱིངས་སུ་མ་ནུབ་བར་དུ་བསྒོམ་དགོས་ངེས་པ་ཡིན། འདི་ཉིད་དག་ཐབས་ནི་གོང་གི་མཉམ་བཞག་དང་རྗེས་ཐོབ་ཀྱི་གྲོལ་ལུགས་ལ་རག་ལས་པས་ཁྲིད་ཐེབས་པ་གལ་ཆེ་བས་ཐུགས་ལ་ཆོངས། དེས་དངོས་གཞིའི་ཁྲིད་ལྟ་སྒོམ་སྤྱོད་གསུམ་གྱི་གནད་སྤྱི་ཁོག་ཙམ་སོང་ངོ་། །
༈ ཉེ་བར་མཁོ་བའི་འཕྲོས་བསྡུས་པ་ནི། ལྟ་བ་ངོ་སྤྲད་པ་དེ་གལ་ཆེ་བས་ཡང་ཡང་ཐེབས་པར་བྱ། སེམས་རིག་རོ་མཉམ་གཉིས་སུ་མེད་པའི་དོན་ཐོབ་དགོས། གང་ན་ཡང་གཉིས་བཅས་ཀྱི་ཞི་ལྷག་ཐུན་མོང་པ་བསྒོམ་པ་མང་རུང་། གཉིས་མེད་མཉམ་པ་ཆེན་པོའི་ལྷག་མཐོང་ཁྱད་པར་ཅན་གླེང་པ་ཙམ་བྱེད་པ་ཉིན་སྐར་ལས་དཀོན་པས། གཉིས་སུ་མེད་པའི་དོན་འདི་ཤིན་ཏུ་ཟབ། ཁྱད་པར་སྙིང་ཐིག་གི་ལུགས་འདིའི་མཐར་ཐུག་གི་ལྟ་བའི་སྐྱེལ་སོ་རིག་པའི་ཡེ་ཤེས་ཟང་ཐལ་ལེ་བ་དེ་ངེས་དོན་མཐར་ཐུག་གི་ལྟ་བ་ཡིན་པར་ཤེས་པ་གལ་ཆེ། སྒོམ་པ་ཡང་རིག་པ་རང་བབས་ཀྱི་བསམ་གཏན་འདུ་བྱེད་ཀྱི་དྲན་པའི་འཛིན་རྩོལ་དང་བྲལ་བ་འདི་གནད་དུ་ཐེབས་དགོས། འདིའི་དོན་ལ་བཞག་ཐབས་ཅོག་བཞག་བཞི་དང་། མི་གཡོ་གསུམ་ལྡན་སོགས་སྐབས་དང་བསྟུན། རང་བབས་ཀྱི་བསམ་གཏན་དང་བློས་བྱས་ཀྱི་སྒོམ་པའི་ཁྱད་ནི་ཕྱེ་བ་གལ་ཆེ། ཁྲེགས་ཆོད་འདིའི་བོགས་འདོན་ནམ་མཁའ་སུམ་སྤྲུགས་དང་། རིག་པའི་ངོ་བོ་ཉམས་གོང་བཞིན་བཤིགས་ཚུལ་དང་། དགག་སྒྲུབ་ཀྱི་རྟོག་པའི་ཟུག་རྔུས་གཙེས་པ་ན་རྟོག་པ་དེ་རྣམས་བོར་ལ་བཏང་། བཤིག་ཏུ་བཏང་ནས་བཤིག་པ་གལ་ཆེ། འདིའི་ལུགས་ལ་གནས་པ་མི་སྒྲུབ་རྟོག་པ་མི་དགག་མཉམ་པ་མི་བསྒྲུབ་ཟེར་བ་ཡིན་པས་བསྒོམ་མདོག་བརྒྱ་བྱེད་པ་ལས། ཉམས་སྐོར་གཅིག་བཤིགས་པ་ཆོད་ཆེ་བས་ཐེབས་པར་གདབ་དགོས། འདིའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་གེགས་དང་གོལ་སྒྲིབ་ཐམས་ཅད་འཁོར་འདས་སྤང་བླང་དགག་སྒྲུབ་སོགས་གཉིས་འཛིན་ཕྲ་རགས་ཀྱི་ཞེན་འཛིན་འདི་ཡིན་པས། དེ་ཐམས་ཅད་རང་རིག་ཡེ་ཤེས་ཆེན་པོ་དང་སྣང་རྟོག་ཐམས་ཅད་གཉིས་མེད་རོ་མཉམ་དུ་ཤེས་པའི་ལྟ་བ་དང་། གྲོལ་ལུགས་ཀྱི་གནད་ཀྱིས་ཐམས་ཅད་ཕྱམ་མཉམ་དུ་འགྲོ་བ་ཞིག་བྱུང་ན་གེགས་རང་ཞི་ལ་འགྲོ་བར་གསུངས་པས་དེ་ཐེབས་པ་གལ་ཆེ། དེ་ཡང་ལྟ་བ་དང་སྒོམ་པའི་གོལ་ས་ཆོད་མ་ཆོད་ནི། ལམ་གྱི་ཡོན་ཏན་རང་རྒྱུད་ལ་སྐྱེས་མ་སྐྱེས་འདི་བརྟགས་པར་གལ་ཆེ། ལྟ་བ་རྟོགས་པ་དང་སྒོམ་པ་མཉམ་བཞག་ཇི་ལྟར་གོམས་པ་ལྟར་རྗེས་ཐོབ་ཏུ་རྩོལ་བས་བསྐྱེད་པ་ལྟར་མ་ཡིན་པར་ངང་ངམ་ཤུགས་འབྱུང་ལྷུན་གྲུབ་ཀྱི་ཚུལ་དུ་དད་པ་དང་ངེས་འབྱུང་། བྱམས་དང་སྙིང་རྗེ། བྱང་སེམས་དང་དག་སྣང་། མོས་གུས་དང་ཤེས་རབ་སོགས་དང་། ཁྱད་པར་ཤེས་རབ་དང་སྙིང་རྗེ་གཉིས་པོ་འདི་ལོ་ཟླ་ཞག་གི་རིམ་པ་བཞིན་དུ། སྣང་བའང་ཇི་ལྟར་རིམ་པ་བཞིན་གོང་འཕེལ་དུ་བྱུང་ན་ལྟ་སྒོམ་རྣམ་དག་གོལ་ས་ཆོད་པའི་རྟགས་བསླུ་མེད་ཡིན། འདི་རྣམས་མ་བྱུང་བར་མི་ཡེངས་པ་དང་ཉོན་མོངས་ཀྱི་ཤུགས་ཆུང་བ་མངོན་ཤེས་སོགས་ཡོན་ཏན་ལྟར་སྣང་བ་ཇི་ལྟར་ཡོད་ཀྱང་ལམ་གྱི་གོལ་ས་མ་ཆོད་པའི་རྟགས་ཡིན། ཁྱད་པར་ཐེག་པ་མཆོག་འདིའི་ཁྱད་ཆོས་ཀ་དག་སྟོང་པ་ཆེན་པོ་མིན། ཀ་དག་ནི་མདོ་སྔགས་སྤྱིའི་ལུགས་ཀུན་ལ་ཡོད། འོན་ཀྱང་ཀ་དག་ངོ་སྤྲོད་ལུགས་སོགས་ཀྱི་ཁྱད་འདི་ཉིད་མྱུར་ཞིང་ཐབས་མང་ཞིང་གྲོལ་ལུགས་སོགས་ཀྱིས་ཁྱད་པར་དུ་འཕགས། འདིའི་ཁྱད་ཆོས་ནི་ཐུགས་རྗེ་ལྷུན་གྲུབ་ཀྱི་འཆར་ཚུལ་རྟེན་འབྱུང་ཟབ་མོ་འདིར་ས་ལམ་དང་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ངང་ངམ་ཤུགས་འབྱུང་རྩོལ་མེད་དུ་འབྱུང་དགོས་པ་འདི་ཁྱད་ཆོས་ཐུན་མོང་མ་ཡིན་པར་ཤེས་པ་གལ་ཆེ། དེ་ཡང་འདི་ལྟར་ཡིན་ཏེ། མཉམ་རྗེས་ལ་གོ་རིམ་བཞི་རོ་མཉམ་གྱི་ངོས་ནས་དད་དང་ལོག་ལྟ། སྙིང་རྗེ་དང་ཞེ་སྡང་སོགས་སྤང་གཉེན་ཐམས་ཅད་རང་རིག་ཡེ་ཤེས་གཅིག་གི་ངོ་བོ་དང་། རང་རྩལ་གཉིས་ཁྱད་མེད་དབྱེར་མེད་པར་སོང་ན་ཡང་། དད་དང་ལོག་ལྟ་གཉིས་སོགས་སྤང་གཉེན་གྱི་རྩལ་ཐམས་ཅད་ལྷན་ཅིག་ཏུ་ཡར་འཕེལ་དུ་འགྲོ་མི་སྲིད་པ་ཆོས་ཉིད་ཡིན་ཏེ། དང་པོ་སྣང་ཚུལ་གྱི་སྤང་བྱ་ལོག་ལྟ་སོགས་དང་ཉོན་མོངས་ཕྲ་རགས་ཐམས་ཅད་གྲོལ་ལུགས་ཀྱི་གནད་ཀྱིས་ཇེ་ཉུང་ཉེ་ཆུང་དུ་སོང་ནས་མཐར་བག་ཉལ་དང་བཅས་པ་ལྷག་མ་མ་ལུས་པ་དག །སྤང་བྱ་དག་རིམ་པ་ལྟར་གཉེན་པོ་ངེས་འབྱུང་དང་བྱང་སེམས་སོགས་ལམ་ཐུན་མོང་པའི་ཡོན་ཏན་ཐམས་ཅད་ངང་ངམ་ཤུགས་ཀྱིས་ཟླ་བ་ཡར་ངོས་ལྟར་གོང་འཕེལ་དུ་འགྲོ་བ་དང་། དེ་ནས་ཐུན་མིན་འཕགས་པའི་སློབ་ལམ་གྱི་ཡོན་ཏན་ཐམས་ཅད་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་ནས། ཕྱིས་ཆོས་ཟད་བློ་ཟད་དུ་དག་འགྲོ་བ་ནི་ཆོས་ཉིད་ཡིན། དེ་ཡང་ལམ་འོག་མའི་མཐོང་སྒོམ་གྱི་སྤང་བྱ་དག་ཚུལ་དང་། གོང་མ་གསང་སྔགས་པའི་རླུང་སེམས་ཀྱིས་དག་ཚུལ་རྣམས་གནད་འདི་དང་འདྲ། འོག་མའི་རྩོལ་བས་སྦྱངས་པའི་ས་ལམ་གྱི་ཡོན་ཏན་དང་འདིའི་རྩོལ་མེད་རང་རྩལ་ལྷུན་གྲུབ་ཀྱིས་ས་ལམ་དག་ཡོན་ཏན་རྫོགས་ཚུལ་རྣམས་འདྲ་ཡང་ལམ་ལ་མྱུར་བུལ་གྱི་ཁྱད་ཆེ། འདིར་ལམ་གྱི་ངོ་བོ་སེམས་ལས་འདས་པའི་ཡེ་ཤེས་ལ་གནད་དུ་བསྣུན་ནས་རྩོལ་མེད་ལྷུན་གྲུབ་ཏུ་ས་ལམ་རྫོགས་པ་ཉི་ཟླའི་བགྲོད་པ་བས་ཀྱང་མྱུར་བས། མྱུར་དུ་གྲོལ་བའི་ལམ་གནད་འདི་ལ་ཐུག་པ་ཡིན་པས་འདི་ལྟར་ཤེས་པ་ཤིན་ཏུ་གལ་ཆེ། དེ་ལྟར་ལམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་རྣམས་བསྒྲུབ་པ་ལྷུར་བླངས་ནས། མཉམ་བཞག་ཡུན་རིང་དུ་གོམས་པ་ལས་འབྱུང་ཞིང་། བསྒོམ་པ་དེ་མ་ཐག་ཏུ་མི་འོང་ཡང་། སེམས་རིག་པའི་ཤན་ལེགས་པོ་ཕྱེ་ཐུབ་པའི་ངོ་སྤྲོད་གནད་དུ་ཐེབས་ན་དང་པོ་ནས་ཅུང་ཟད་རེ་འོང་། དེ་ནས་གོང་འཕེལ་དུ་འགྲོ་བ་ཞིག་ངེས་པར་དགོས། འདི་ཚོ་མི་ཤེས་པ་ད་ལྟ་ཕལ་ཆེར་གྱིས་རྫོགས་ཆེན་ལུགས་ལ་ས་ལམ་གྱི་ཡོན་ཏན་སྤངས་རྟོགས་ཅི་ཡང་ཡོད་པར་རང་སྟོབས་ཀྱིས་མི་ཤེས། གཞན་གྱིས་ཟེར་མཁན་ཡང་དཀོན་ལ། གལ་སྲིད་ཚུལ་བཞིན་སྨྲ་བ་རེ་བྱུང་ན་ཡང་དེ་ཚོ་དྲང་དོན་ཡིན། ངེད་ཚོའི་ངེས་དོན་ལུགས་འདི་ལ་དེ་འདྲ་ཅི་ཡང་མི་དགོས་ཟེར་ནས་ཁྱད་དུ་གསོད་པ་མང་པོ་སྔ་ཕྱི་རྣམས་སུ་བྱུང་བ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་དེ་ཚོ་ལམ་ལོག་པ་ཕྱི་རོལ་བ་ཆད་ལྟ་བ་དང་འདྲ་སྟེ། འདིའི་ཚུལ་ལ་ཡོན་ཏན་ཐམས་ཅད་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བ་ཆོས་ཉིད་ཡིན་ཚུལ་གསུངས་པ་འདི་ཚོ་གནད་ཟབ་མོ་ཡིན། དེ་ཡང་ཀ་དག་སྟོང་པ་ཆེན་པོའི་ངོས་ན་དགེ་སྡིག་རྒྱུ་འབྲས་ས་ལམ་རང་བཞིན་བཅུའི་རྩོལ་བ་སོགས་མེད་དེ། དོན་དམ་བདེན་པའི་ངོར་ཡིན་རུང་། སྟོང་ཉིད་དེའི་འཆར་ཚུལ་ལྷུན་གྲུབ་རྟེན་འབྱུང་བསླུ་མེད་དུ་སྣང་ཚུལ་ཀུན་རྫོབ་ཀྱི་ངོར། འདི་ན་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་ཚུལ་དུ་ཡོད་པས་འདིའི་ཚུལ་ནི་སྟོན་པ་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ནས་རྣམ་པར་བཞག་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པར་ཤེས་ན་བསྟན་པ་ཐམས་ཅད་འགལ་མེད་དུ་མཐུན་ཞིང་ལུང་རིག་རྣམ་དག་གིས་གྲུབ་པ་ཡིན་པས། རང་གཞན་ཀུན་གྱིས་གཅེས་ནོར་དུ་བྱེད་པའི་རྒྱུན་བཞག་རེ་ལ་ཐུགས་གཞོལ་བར་ཞུ། །
ད་ནི་ཁྲེགས་ཆོད་ཀྱི་དོན་ཐམས་ཅད་གནད་དྲིལ་ན་གོང་ལྟར་ལས། ཁྱད་པར་སེམས་རིག་ཤན་ཕྱེས་ནས་བློ་བྲལ་གྱི་རིག་པ་ཆོས་སྐུ་དང་། སེམས་ཀྱི་སྣང་རྟོག་ཐམས་ཅད་ཆོས་སྐུ་ངོ་བོའི་རང་རྩལ། དེ་གཉིས་དབྱེར་མེད་ཆེན་པོར་མངོན་སུམ་དུ་རྟོགས་ནས་ལྟ་སྒོམ་ཅིག་ཆོད་དུ་སོང་ངམ། མ་སོང་ཡང་ངོ་སྤྲོད་ཐེབས་ནས་རྗེས་ཤེས་ཡེངས་འཁྲུལ་དང་བཅས་པ་ཡོད་དུས་འདིར་སྒོམ་པ་གཅེས། དེ་ཡང་རིག་པ་རང་བབས་ཀྱི་བསམ་གཏན་རིག་རྩལ་ཆོས་ཉིད་ཀྱིས་དྲན་པས་ཤུགས་འབྱུང་དུ་མཉམ་པར་བཞག །དེ་ཚེ་གང་ཤར་གྱི་སྣང་རྟོག་བཟང་ངན་ཐམས་ཅད་བཀག་འབྲང་མེད་པར་རང་ཡལ་ཀ་དག་ཏུ་གྲོལ་བ་ནམ་བསྒོམ་བསྒོམ་དུས་འོང་། རྗེས་ཐོབ་དུས་དེ་ཙམ་མི་འོང་བར་ཡང་འཁྲུལ་ཆེ་རུང་དྲན་པས་ཟིན་སླ། འདིའི་ལྟ་སྒོམ་འདི་ནི་འོག་མ་དག་ལ་ལྟོས་ན་མཐོ་ཡང་། རྫོགས་ཆེན་ལུགས་འདིར་རང་ལུགས་ཀྱི་ལམ་ལྔའི་ནང་ཚན་འདི་ཚོགས་ལམ་ངེས་པ་ཡིན། འདི་ལ་ཀུན་མཁྱེན་གྱིས་ངོ་སྤྲོད་གནད་དུ་ཐེབས་ན། གང་ཤར་ཆོས་ཉིད་དུ་གྲོལ་ནས། འོད་གསལ་མ་བུ་འདྲེས་པས་ཐར་པའི་ལམ་སྣ་ཟིན་ངེས་ཡིན་པས། རང་ལུགས་ཀྱི་ཚོགས་ལམ་ཡིན། འདི་འཕགས་པའི་ལམ་གྱི་ཡེ་ཤེས་ཀྱི་རྒྱུ་ཡིན་པས་འདི་ལ་བརྩོན་པ་ལྷུར་བླངས་ནས་བསྒོམ་པས་ཚེ་འདིར་ལམ་གོང་མའི་ས་ལམ་རྫོགས་གསུངས། འདི་ཡུན་རིང་དུ་གོམས་པས་རྗེས་ཐོབ་དད་དང་ངེས་འབྱུང་། སྙིང་རྗེ་ཤེས་རབ་བྱང་སེམས་སོགས་རྩོལ་མེད་དུ་ཤུགས་ཀྱིས་ཅུང་ཟད་འབྱུང་གསུངས། དེ་ནས་ལམ་གྱི་ཆ་རྐྱེན་མོས་གུས་དང་བསགས་སྦྱང་སོགས་དང་། ཁྱད་པར་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་གནད་དུ་འགྲོ་བས་ཐུགས་ཡིད་བསྲེ་བ་ཟབ། དེ་ནས་གོང་བཞིན་མཉམ་རྗེས་ཡུན་བསྲིངས་ནས་གོམས་པ་ལས། བརྟན་པ་ཇེ་ཐོབ་ཏུ་སོང་ནས་མཉམ་བཞག་གི་དུས་གང་ཤར་གྱི་སྣང་རྟོག་ཐམས་ཅད་རང་གྲོལ་དུ་སོང་ནས་མཉམ་བཞག་དངོས་ཀྱི་སྟེང་དུ་ཕེབས་ནས། རྟོག་པ་ཕྲ་རགས་ཐམས་ཅད་རང་གྲོལ་དུ་ཇི་ལྟར་སོང་བ་བཞིན། རྩལ་སྐྱེད་བྱེད་ཀྱི་ལས་རླུང་ཡང་རིམ་གྱིས་འོད་གསལ་དབུ་མའི་དབྱིངས་སུ་དག་རིམ་བཞིན་རྩལ་གྱི་ཡོན་ཏན་སྦྱོར་ལམ་སོགས་ནས་ས་ལམ་གྱི་ཡོན་ཏན་གོང་མར་བགྲོད། རླུང་སེམས་ཇི་ལྟར་འོད་གསལ་དུ་དག་རིམ་བཞིན་དུ་ལས་དང་ཡུལ་སྣང་ཐམས་ཅད་བདེན་མེད་ཆུ་ཟླ་ལྟར་གྱུར་ནས་སྣང་བ་ལ་རང་བྱན་ཚུད་པའི་མགོ་བརྩམ། རྗེས་ཐོབ་ཏུ་རིམ་གྱིས་ཤེས་རབ་སྙིང་རྗེ་སོགས་དང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་འཕགས་ལམ་གྱི་ཡོན་ཏན་ཐམས་ཅད་རང་ངོར་སྣང་ཞིང་། གཞན་ངོར་ཡང་ཇི་ལྟར་རིགས་པ་འབྱུང་ངམ་སྙམ། དེ་ཡང་རིག་པའི་ངོ་བོ་ཤེས་རབ་ཕར་ཕྱིན་ནམ་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་པའི་གནད་ཀྱིས་སྒོམ་བྱུང་གི་ཤེས་རབ་ཆོས་རབ་རྣམ་འབྱེད་མཆེད་ནས་ཤེས་བྱ་ཕལ་ཆེར་མཁྱེན་པ། རིག་པའི་ངོ་བོ་ཐུགས་རྗེ་ཀུན་ཁྱབ་ཀྱི་རྩལ་ལས་རྩོལ་མེད་ཀྱི་སྙིང་རྗེ་བྱ། སེམས་སོགས་བྱང་ཆོས་རྣམས་ལྷུན་གྲུབ་ཏུ་འབྱུང་། དེ་ལྟར་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་སེམས་གཉིས་སོགས་རྩལ་གྱི་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་འབྱུང་བ་ནི་ཕྱག་རྫོགས་དབུ་གསུམ་གྱི་དངོས་གཞིའི་ཡོན་ཏན་ཡིན་པ་འདྲ་ལ། སྔགས་བླ་མེད་ཀྱི་འཁོར་ལོ་ལྔའི་རྩ་མདུད་གྲོལ་ནས། ས་ལམ་གྱི་ཡོན་ཏན་སྐྱེ་བར་གསུངས་པ་དང་གནད་གཅིག །དེ་ལྟར་མཉམ་བཞག་ཁོ་ན་ལ་ལ་བཟླས་པས། རྣལ་འབྱོར་བ་དེ་འབྱུང་བའི་གནོད་པ་དང་བྲལ་བ་སོགས་རང་གཞུང་འདིར་ཇི་ལྟར་གསུངས་བ་ལྟར་འོང་དགོས། དེ་ནས་ཟད་པའི་མགོ་བརྩམས་ཏེ། ནམ་ཞིག་ན་ཀ་དག་སྟོང་པ་ཆེན་པོའི་ངང་དུ་ལུས་རྡུལ་ཕྲན་དུ་དེངས། སེམས་དང་སེམས་བྱུང་གི་རྒྱུ་བ་བག་ཆགས་དང་བཅས་པ་ཆོས་ཉིད་དུ་དེངས་ནས་སྒྲིབ་པ་བག་ཆགས་དང་བཅས་པ་ལྷག་མེད་དུ་སྤངས་ནས་དག་པ་གཉིས་ལྡན་ཆེན་པོའི་འབྲས་བུ་ཚེ་འདིར་མངོན་དུ་གྱུར་ཏེ། ཀ་དག་ཆོས་སྐུའི་དབྱིངས་ནས་ལྷུན་གྲུབ་གཟུགས་སྐུ་ཕྲིན་ལས་དང་བཅས་པས། འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བ་རྣལ་འབྱོར་གྱི་དབང་ཕྱུག་སྤྲང་རྒན་མི་ཕམ་པ་དང་། གྲུབ་བརྒྱའི་སྤྱི་དཔལ་བླ་མ་རིན་པོ་ཆེ་པདྨ་བདུད་འདུལ་ལྟ་བུ་ནི་ཀ་དག་ཁྲེགས་ཆོད་ཀྱི་སྒོ་ནས་རབ་ཚེ་འདིར་གྲོལ་ཟེར་བ་ཡིན། འདིས་ལུས་སེམས་ཀ་དག་ཆེན་པོར་དེངས་པས། ལྷུན་གྲུབ་ཀྱི་གདངས་འོད་སྐུ་འཕོ་བ་ཆེན་པོའི་སྐུ་མི་འབྱུང་གསུངས། དེ་ལྟར་ཚེ་འདིར་གྲོལ་བ་མ་བྱུང་ཡང་། བར་དོར་ཆེད་འཛིན་རྨི་ལམ་དབྱིངས་སུ་ནུབ། ཉིན་མཚན་འོད་གསལ་དུ་འདྲེས། སྐྱེ་འཆི་ལ་རང་དབང་ཐོབ་པ་ན། ལུས་སེམས་ན་བུན་ལྟར་མ་དེངས་ཡང་འཆི་སྲིད་ཆོས་སྐུ་རུ་སངས་རྒྱས་ཟེར་བ་དེ་འོང་། འདི་ཙམ་ཡང་ཉིན་སྐར་ལས་དཀོན། གདམས་ཁྲིད་ཐོབ་ཚད་པོ་དེ་འདྲ་མིན་པས་དགོངས་གཞིག་ཞིབ་མོ་རང་མཛོད། དེ་མན་གྱིས་ཉམས་ལེན་ལ་གོམས་པ་ཇི་ལྟར་ཐོབ་རིམ་བཞིན། བར་དོར་དཔེ་དོན་གྱི་འོད་གསལ་དང་སྒྱུ་ལུས་དང་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ཐུབ་མི་ཐུབ་དང་། རང་བཞིན་སྤྲུལ་སྐུའི་ཞིང་དང་། སྐྱེ་བ་གོང་འཕེལ་དུ་སོང་ནས་རིམ་གྱིས་གྲོལ་བའང་འཕྲོས་སུ་ཤེས་པར་བྱའོ། །དེ་དག་གིས་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་མདོར་བསྡུས་ཏེ་ཕྱོགས་ཙམ་བསྟན་པ་ཡིན་པས་ཡང་ཡང་དགོངས་ཆུབ་ཞུ། །
དེ་ནས་ལྷུན་གྲུབ་ཕྱོགས་མདོ་ཙམ་བསྡུ་ན། ཡང་གསང་སྙིང་ཐིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་པས། ཀ་དག་ལས་འཕགས་ཆོས་བདུན་སོགས་གསུངས་པའི་གནད། ཀ་དག་ཁྲེགས་ཆོད་ལ་རིག་པའི་ངོ་བོ་ངོ་སྤྲད་ནས་དེ་ལ་གོམས་པ་མཐར་ཕྱིན་ནས་ལུས་སེམས་དྭངས་པ་སོགས་གོང་ན་གསལ་བ་ལྟར་ལ། འདིར་ཁྱད་པར་གྱི་སྔོན་འགྲོ་སོགས་ཚད་དུ་ཕྱིན་པ་བསྒོམ་དགོས། ཀ་དག་རིག་པའི་ངོ་བོ་ལེགས་པར་གོ་འཕྲོད་པར་བྱས། མ་འཕྲོད་ཀྱང་རུང་། འདིའི་ཐུན་མོང་མ་ཡིན་པའི་གནད་རྩལ་དུ་བཏོན་ན་གསུམ་སྟེ། རྡོ་རྗེའི་ལུས་ཀྱི་ཀུན་རྫོབ་རྒྱུའི་རྩ་ཐིག་རླུང་ལ་རྟེན་བྱས། བརྟེན་པ་དོན་དམ་ཡེ་ཤེས་རྩ་ཐིག་རླུང་གསུམ་གྱིས་བྱེད་པ་དང་། འཆར་གཞི་ཡུལ་གྱི་གནད་སོགས་གནད་གསུམ་གྱིས་གཟེར་ནས། འོད་རྩ་ཆུའི་སྒྲོན་མ་ལས་རིག་གདངས་ལུ་གུ་རྒྱུད་སོགས་མངོན་སུམ་མཐོང་བས་བདེན་པ་མཐོང་བ་ཡང་གསུངས། འདིར་རིག་གདངས་གཙོ་བོ་ལྔ་ཚན་ལྔའི་ངོ་སྤྲོད་ཀྱི་རྩལ་དབང་ཐེབས་པ་གལ་ཆེ། དོན་ལ་འདི་རིག་གདངས་ལྷུན་གྲུབ་ཀྱི་སྣང་བ་ངོ་སྤྲོད་པ་ཡིན། དེ་ནས་ཆོས་ཉིད་མངོན་སུམ་དུ་མཐོང་ནས་ལམ་སྣང་བཞི་བགྲོད། དེ་ཡང་རིག་གདངས་སྣང་བའི་འོད་གསལ་འདིའི་སྟོབས་ཀྱིས་སྟོང་པ་ཀ་དག་གི་འོད་གསལ་ངེས་པར་འདྲེན་ཐུབ་དགོས། རྒྱུ་མཚན་ཐབས་ལམ་ཡིན་པའི་ཕྱིར། འདི་ལ་ཆུ་བུར་མིག་གིས་མཐོང་ན་རིམ་གྱིས་ཟད་ཚུལ་བསྟན། ཀ་དག་ངོ་བོ་ཤེས་རབ་སྒྲོན་མ་མཚན་ཉིད་པ་ངོ་སྤྲད་ནས་ངེས་པར་ངོ་འཕྲོད་ཅིང་གནས་པ་བརྟན་ཅིང་གྲོལ་བའི་གདེངས་ཐོབ། འཕགས་པའི་ལམ་དང་མཉམ་པས་དེའི་གདེང་ལ་གོམས་པ་ནི། གཙོ་བོ་ཤེས་རབ་ཀྱི་མིག་གིས་མཐོང་ན་སྣང་བཞི་ཅིག་ཆར་དང་། ཐོད་རྒལ་སོགས་སུ་ཟད་ཟེར་བ་ཡིན་ནམ་སྙམ་པས་ད་དུང་ཞིབ་མོར་དཔྱད་དགོས། དེ་ཡང་ཉམས་གོང་འཕེལ་སྐབས། སྣང་ཉམས་དང་ཤེས་ཉམས་ཕྱེ་བ་འདི་གོང་གི་སེམས་རིག་ཤན་ཕྱེ་བ་ལ་གནད་ཐུག་པས་རིག་གདངས་ལ་སྣང་ཉམས་བསླུ་མེད་དང་། སེམས་ཉམས་ལ་ཤེས་པ་དགའ་བདེ་སོགས་ཀྱི་ཉམས་འཇིག་རྟེན་པ་དང་འདས་པ་གཉིས་ལས། འཇིག་རྟེན་པའི་སེམས་ཉམས་ཞེན་པ་ཅན་དོན་ལ་གོལ་སྒྲིབ་ཡིན། འདས་པ་རིག་རྩལ་གྱི་ཉམས་ཞེན་མེད་ལ་ཁྱད་པར་ཤེས་རབ་དང་སྙིང་རྗེ་སོགས་གོང་དུ་འཕེལ་བ་འདི་ཀ་ལྷུན་གཉིས་ཀ་ལ་གོ་རྒྱུ་ཟབ་མོ་ཡིན། སེམས་ཀྱི་རྟ་རླུང་གི་དྭངས་སྙིགས་ལས་སྙིགས་མའི་ཉམས་ལྷ་མཐོང་འདྲེ་མཐོང་སོགས་མ་དག་པ་དང་། དྭངས་མའི་ཉམས་ལས་རླུང་རྟགས་སྟོང་གཟུགས་རྟགས་བཅུ་སོགས་ཀྱི་ཁྱད་ཕྱེ་དགོས། སྣང་ཉམས་བསླུ་མེད་གོང་དུ་འཕེལ་རིམ་བཞིན་སྣང་བཞི་བགྲོད་ཚུལ་ཡིན། མཐའ་རྟེན་རྟགས་ཚད་རྣམས་དེ་དང་འདིའི་ཐད་སྦྱར་བ་གལ་ཆེ། དེ་ལྟར་གོམས་པས་ཆོས་ཟད་བློ་ཟད་དུ་སོང་བ་དང་། ལུས་རྡུལ་ཕྲན་དུ་དེངས་པ། སེམས་ཆོས་ཉིད་དུ་དྭངས་པ་དོན་གཅིག་ནའང་ཁྲེགས་ཆོད་ལ་གོང་བཤད་ལྟར་འོད་ལུས་མེད། ཐོད་རྒལ་ལ་ལུས་སེམས་ཕྲ་རགས་དྭངས་རྒྱབ་ཀ་དག་གི་གདེངས་ལྷུན་གྲུབ་འོད་སྐུ་འཕོ་བ་ཆེན་པོ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་དང་ཁྱད་མེད་པ། སྐྱེ་འཇུག་ལ་རང་དབང་ཐོབ་པ་དེ་ངེས་པར་འོང་དགོས། འདི་ལ་བཞེད་ཚུལ་གཞན་ཡོད་པས་ད་དུང་དཔྱད། འཕོ་སྐུ་གྲུབ་པ་འདི་ནི་ཡང་གསང་སྙིང་ཐིག་གི་ཁྱད་ཆོས་མདོ་རྒྱུད་ཐམས་ཅད་ཀྱི་ལམ་ལས་ཁྱད་པར་དུ་འཕགས་པར་གསུངས་པ་ཡིན། རང་ལུགས་ལ་ཡང་གསང་བླ་མེད་འོད་གསལ་སྙིང་ཐིག་གི་གྲུབ་མཐའ་ཚད་མར་འཛིན་པར་ཁས་འཆེ་ན་འདི་དག་གི་གནད་ཤིན་ཏུ་ཟབ་པ་རྣམས་ཤེས་དགོས། གོང་བཤད་བཞིན་ཀ་དག་ཙམ་ལ་དེ་འདྲའི་ཁྱད་ཆོས་མི་འདུག་ལགས། དོན་ལ་གཞིར་གནས་ཀྱི་ཡེ་ཤེས་ཀ་ལྷུན་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་གཞོན་ནུ་བུམ་སྐུར་གྲགས་པ་དེ། བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཟེར་བ་དེ་ཡིན། འདིར་ཀ་དག་གི་ཡེ་ཤེས་ངོ་སྤྲད་པ་དེ་ལ་ཁྲེགས་ཆོད་དང་། ལྷུན་གྲུབ་བདེ་བ་ཆེན་པོའི་གདངས་མངོན་སུམ་དུ་མཐོང་བར་ངོ་སྤྲད་པས་ལམ་སྣང་བཞིའི་བགྲོད་པ་ཐོད་རྒལ་ཡིན། དེ་གཉིས་ཀ་ཐོད་རྒལ་ལ་ཟུང་དུ་འཇུག་པར་ཡོད་པས་ལམ་མྱུར། ཀ་དག་ཁྲེགས་ཆོད་ལས་མེད་ཀྱང་སྣང་རྟོག་གི་རྩལ་འདིས་ལྷུན་གྲུབ་ཀྱི་གོ་ཆོད་པར་གསུངས། འབྲས་དུས་ཀ་དག་ཆོས་སྐུ། ལྷུན་གྲུབ་བདེ་ཆེན་གྱི་གདངས་རང་སྣང་གི་ལོངས་སྐུ་སོགས་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡང་གསང་བ་སྙིང་ཐིག་གི་ཁྱད་ཆོས་མྱུར་ལམ་ཟབ་མོའི་གནད་རྣམས་ཡིན། དེ་ལྟར་སྣང་བཞི་རིམ་བགྲོད་ཚེ་ན་ཆོས་ཉིད་མངོན་སུམ་དང་ཉམས་སྣང་གི་སྣེ་ཅི་རིགས་ཟིན་པའི་རྟགས་ཚད་ལྡན་ན་རང་བཞིན་སྤྲུལ་ཞིང་དང་། ཀ་དག་འདྲེས་གོམས་ཆེ་བ་ཡོད་ན་འཆི་སྲིད་ལ་གྲོལ་བ་སྟེ། ཉམས་སྣང་གོང་འཕེལ་དང་རིག་པ་ཚད་ཀྱི་མགོ་ཟིན་པའི་རྟགས་ཚད་ལྡན་ན་འཆི་སྲིད་དང་ཆོས་ཉིད་གང་རུང་དུ་གྲོལ། རིག་པ་ཚད་དུ་ཕྱིན་ན་རབ་འདི་དང་འཆི་སྲིད་ལ་སངས་རྒྱ་པར་གསུངས། དེ་ཚེ་མཐའ་གཅིག་ཏུ་མ་ངེས་པས་དགོངས་དཔྱད་མཛོད། དེས་ལྷུན་གྲུབ་འཕྲོས་དོན་དང་བཅས་པའི་གནས་ཕྱོགས་ཙམ་སོང་བ་ལགས། ཡང་གསང་བླ་མེད་ཀྱི་ལུགས་འདིར་དབང་ཐོབ་ནས། ཀ་ལྷུན་གཉིས་ཀ་རྣལ་འབྱོར་བའི་དོན་ཁྲིད་ཟབ་མོ་ལྟར་ཁྲིད་ཤེས་ན། དབང་པོ་རྣོ་རྟུལ་དང་ཤེས་རབ་ཆེ་ཆུང་དང་། ལས་ལ་བཟང་ངན་མེད་པར་རང་གནས་ཡེ་ཤེས་ཀྱི་ངོ་བོ་ངོ་འཕྲོད་ནས་གྲོལ་བར་གསུངས་པས་ན། དད་ཅན་སྐལ་ལྡན་ཡོད་ན་རིམ་གྱིས་སྟོན་པ་གནད་དུ་ཆེ། ཁྱད་པར་དུ་ཐོད་རྒལ་འདི་ལ་ཁྱད་པར་གྱི་སྔོན་འགྲོ་སོགས་མ་སོང་བ་དང་། སྣོད་མ་བརྟགས་པར་མི་ཆེན་དང་བླ་ཆེན་སོགས་ཀྱི་ངོར་སྟོན་སྔ་བྱེད་མི་ཉན། རང་གཞན་གཉིས་ཀ་ཕོངས་བ་ལས་མི་འོང་པས་གཟབ། སྣོད་ལྡན་དད་ཅན་རེ་ཟུང་ལ་ཁྲེགས་ཆོད་ཀྱི་ཁྲིད་ཐོག་མཐའ་ཚང་བ་རེ་བསྟན་ན་བཟང་ངམ་སྙམ། དེ་ལྟར་དུ་ཀ་ལྷུན་གཉིས་ཀྱི་གནད་དེ་རྣམས་དད་ལྡན་སྐལ་བ་ཅན་དག་ལ་སྟོན། དད་མེད་ལོག་ལྟ་ཅན་ལ་རླུང་ཕྱོགས་ཙམ་ཡང་མི་སྟོན་པར་བྱ་བ་ནི་རིག་འཛིན་བླ་མ་དམ་པའི་དམ་རྒྱ་ལས་མི་འདའ་བར་ཤིན་ཏུ་གསང་བར་བྱའོ། །དེ་ལྟར་བཤད་པ་ཐམས་ཅད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུངས་སོགས་དང་། བཀའ་དྲིན་འཁོར་མཐའ་དང་བྲལ་བའི་འཁོར་ལོའི་དབང་ཕྱུག་གི་གསུང་རང་གིས་གང་ཟིན་གྱི་གནད་གབ་སྦས་མེད་པར་ཞུས་པ་ཡིན་ལགས། འདི་ལ་ཞིབ་པར་གཟིགས་ནས་འདིའི་གནད་དོན་ཐམས་ཅད་ཀུན་མཁྱེན་བླ་མའི་མཛོད་བདུན་དང་ཡང་ཏིག་གསུམ་སོགས་དང་ཞིབ་པར་ཡང་ཡང་བསྡུར་ནས། རང་བློར་ངེས་པ་དང་། གཞན་ལ་ཚུལ་བཞིན་སྟོན་པ་གལ་ཆེ་ལགས། དམ་པ་ཉིད་ཀྱིས་གདུལ་བྱ་མཆོག་དམན་དད་ཅན་སུ་རྗེས་སུ་བཟུང་རུང་། སྔོན་འགྲོ་དང་དངོས་གཞི་ཐམས་ཅད་ཆ་ཚང་པ་གནད་ཟིན་པའི་ལམ་བཟང་པོའི་སྲོལ། སྔ་ན་མེད་པའི་ཟབ་ཁྲིད་རེ་ལ་ཐུགས་གཞོལ་ནས། མགོ་མེད་མཇུག་མེད་དུ་དུམ་ཆོད་ཀྱི་སྲོལ་ངན་རྒྱུན་བཞག་མི་མཛད་པར་སྙིང་ནས་ཞུ་བ་ལགས། དེ་ལྟར་བློ་ངོར་གང་ཤར་བཤད་ཡམ་ཟབ་དོན་གྱི་ཚིག་དོན་འགལ་བར་གྱུར་པ་ཐམས་ཅད་བླ་མ་དང་མཁའ་འགྲོ་ཆོས་བདག་རྣམས་ཀྱི་སྤྱན་སྔར་བཟོད་པར་གསོལ་ན་བཟོད་པ་དམ་པར་མཛད་དུ་གསོལ། ཡི་གེ་འདི་གཞན་ལ་སྟོན་པ་དང་། དཔེ་ངན་རྒྱུན་འབྱམས་སོགས་གཏན་ནས་བྱེད་མི་ཉན། ཉིད་ཀྱི་ཐུགས་གསོས་རེ་དང་། གཞན་ལ་ཁྲིད་ལུང་རེ་ལ་ཕན་འདོད་ཡིན་པས། གསང་བར་གཉེར་གཏད་པ་དེ་ཡལ་བར་མི་དོར་བར་མཁྱེན་མཁྱེན་མཁྱེན་ཞུ། ལེགས་པར་བཤད་པ་འདི་ལ་དགེ་བ་མཆིས་ན་དེ་དག་གིས་འགྲོ་རྣམས་བྱང་ཆུབ་ཆེན་པོ་ཐོབ་པ་དང་། རྒྱལ་བསྟན་སྤྱི་དང་ཁྱད་པར་ཐེག་མཆོག་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་སུ་འགྱུར་བ་དང་། བསྟན་འཛིན་དམ་པ་རྣམས་ཀྱིས་བསྟན་འགྲོ་ལ་ཕན་པའི་ཐུགས་བཞེད་འགྲུབ་པ་དང་། ཞབས་པད་བསྐལ་བརྒྱར་འཕེལ་པའི་རྒྱུར་གྱུར་ཅིག །དེ་ལྟར་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་སྨོན་ན་བླ་མ་ལྷ་དང་མཁའ་འགྲོའི་མཐུན་གྱུར་གནང་པར་མཛོད་ཅིག །སརྦ་མངྒ་ལམ། འདི་ཉིད་ཀུན་མཁྱེན་ཡབ་སྲས་ཀྱི་དགོངས་པ་དཔལ་སྤྲུལ་རིན་པོ་ཆེའི་མན་ངག་ཆིག་བརྒྱུད་སྨྱོ་ཤུལ་ལུང་རྟོགས་རྒྱ་མཚོས་ཉག་བླ་རང་རིག་ལ་གདམས་པའི་མན་ངག་སྙིང་གི་ཡང་ཐིག་ཡིན་ནོ། །ཨི་ཐི།།
ངེས་གསང་རྫོགས་པ་ཆེན་པོའི་གནད་དོན་རྗེན་ཅེར་སྟོན་པ་ཕ་ཅིག་རྡོ་རྗེ་འཆང་གི་ཞལ་ལུང་། ཨ་རིག་མཁན་ཆེན་པདྨ་ཚེ་དབང་།
༄༅། །ངེས་གསང་རྫོགས་པ་ཆེན་པོའི་གནད་དོན་རྗེན་ཅེར་སྟོན་པ་ཕ་ཅིག་རྡོ་རྗེ་འཆང་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞ་ཡ། དེ་ཡང་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས་གསུངས་ན། དང་པོ་གཞི་ལས་གཞི་སྣང་ཤར་ནས། ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་བའི་གནས་སྐབས་ན། ཀུན་ཏུ་བཟང་པོ་གཞི་སྣང་ཤར་བའི་སྟེང་ནས་གྲོལ། སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་ནས་འཁྲུལ་བ་ཡིན། དེ་འདྲ་མིན་ན་རྫོགས་ཆེན་པ་རང་གི་དཔྱད་དུས། དཔེར་ན། ཚད་མ་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར། རང་ལ་ཐབས་དང་ཐབས་བྱུང་གི་འགོག་ལམ་དེ་ལྐོག་གྱུར་ཡིན་ན། དེ་གཞན་ལ་ཇི་བཞིན་རང་སྟོབས་ཀྱིས་སྟོན་མི་ནུས་སོ། །དེའི་ཕྱིར་སངས་རྒྱས་སེམས་ཅན་གཉིས་ཀྱི་སྔོན་དུ། ཐོག་མ་ཉིད་ནས་ཁྱད་ཆོས་དྲུག་ལྡན་གྱི་ངོ་བོར་གྲོལ་བའི་སངས་རྒྱས་ཞིག་ཡོད་དགོས། གལ་ཏེ་མེད་ན་སངས་རྒྱས་སེམས་ཅན་གཉིས་ལས་སེམས་ཅན་སྔ། དེ་སྔ་ན་ཐམས་ཅད་འཁྲུལ་བ་ཡིན་མཉམ་འདྲ་བས་སུ་ཞིག་གིས་ལམ་སྟོན། དེས་ན་སངས་རྒྱས་གཅིག་ཀྱང་མི་འབྱུང་ངོ་། །ཁྱད་ཆོས་དྲུག་ནི། གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་གྲོལ་བ། རང་སར་གནས་པ། ངང་ལས་མི་གཡོ་བ་དང་དྲུག་གོ །
༈ ཀུན་ཏུ་བཟང་པོ་གཞི་སྣང་གི་སྟེང་ནས་ཁྱད་ཆོས་དྲུག་གིས་མངོན་པར་རྫོགས་པར་སངས་རྒྱས་དུས་དེར། དབྱིངས་ནང་གསལ་དུ་སྐུ་གསུམ་ཀྱི་འཆར་གཞི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པ་ཡིན། དཔེར་ན་ཤེལ་འོད་ནང་དུ་ཐིམ་པ་ལྟ་བུ་སྟེ། དེ་ཡང་ཤེལ་ཉིད་ཉི་མའི་རྐྱེན་གྱིས་སྐབས་ལ་ལ་ན་ཤེལ་འོད་ཕྱིར་འཕྲོ་ཞིང་། རྐྱེན་དང་མ་འཕྲད་པའི་སྐབས་ཤེལ་འོད་དངོས་སུ་མི་མཐོང་ཡང་མེད་སོང་བ་མ་ཡིན། གལ་ཏེ་མེད་སོང་ནི་ཡིན་ན་ཕྱིས་རྐྱེན་དང་འཕྲད་ཀྱང་སྣང་རྒྱུ་མེད་མོད་དེ་འདྲ་མ་ཡིན་ནོ། །དེ་བཞིན་དབྱིངས་ཕྱི་གསལ་དུ་འཆར་བ་ལས། རང་སྣང་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པར་འཆར་ཞིང་། དེ་ལས་གཞན་ས་བཅུའི་རྒྱུན་མཐའ་ལ་གནས་པའི་ངོ་ཁར་གཞན་སྣང་ངམ་ཕྱེད་སྣང་། དེ་ལ་གནམ་ཟླ་ལས་ཆུ་ཟླ་ལྟར་རང་བཞིན་སྤྲུལ་པའི་ཞིང་དང་། མ་དག་འགྲོ་བའི་ཁམས་སུ་ཐུབ་པ་དྲུག་སོགས་སྣང་བ་ཡིན། དབྱིངས་ཕྱི་གསལ་དང་ནང་གསལ་ནི་དཔེར་ན་བཅོ་ལྔའི་ཟླ་བ་དང་གནམ་གང་གི་ཟླ་བ་ལྟར་རོ། །སྤྱིར་ཀུན་ཏུ་བཟང་པོ་ཁོང་ངོ་མ་ནི་ཞལ་ཕྱག་མཚན་མའི་ཆོས་སུ་གྲུབ་པ་དེ་འདྲ་ཞིག་མིན་པར་ཤེས་དགོས་གསུངས། །
༈ ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཞལ་སྔ་ནས། སྤྱིར་རྫོགས་པ་ཆེན་པོའི་གདུལ་བྱ་ལ། སྣང་བ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ཡོད་ཀྱང་ཕྱི་མ་འདི་རེ་ཟུང་ལས་ཤིན་ཏུ་དཀའ་གསུངས། དེས་ན་སྔ་མའི་དབང་དུ་བྱས་ནས་རིམ་གྱིས་པའི་ཁྲིད་གདབ་དགོས། ཐོག་མར་སྒོ་གསུམ་གཙོ་དེད་བྱ། དེ་རྗེས་བྱུང་གནས་འགྲོ་གསུམ་ཀྱི་ངར་འཛིན་རྩད་གཅོད་ཤིན་ཏུ་ཞིབ་མོ་དགོས། དེ་རྗེས་ཨ་དཀར་ལ་སེམས་བཟུང་བ་ལྟ་བུ་མཚན་བཅས་ཞི་གནས། དེ་རྗེས་བླ་མ་མཁྱེན་ཞེས་ཞལ་ཕྱག་སོགས་གསལ་མི་དགོས་པར་དེའི་ངང་བསྐྱང་བ་དེ་ནི་མཚན་མེད་ཀྱི་ཞི་གནས་ཡིན་པས་དེ་རྣམས་ནན་ཏན་དང་། ཡེ་ཤེས་བླ་མའི་གཞུང་ནས་གསུངས་པའི་རུ་ཤན་འདི་རྣམས་གལ་ཆེ་བས་སྔོན་དུ་འགྲོ་དགོས། རིགས་དྲུག་བསྲེག་སྦྱང་སོགས་རབ་ལོ་རེ་རེ་བཞིན་སོང་ན་གལ། འབྲུ་གསུམ་བཟླས་པ་འབུམ་བདུན་ལ་མི་ཐུབ་རྒྱུ་ཡང་མི་འདུག །ཁྱད་པར་དུ་སེམས་བྱུང་གནས་འགྲོ་གསུམ་ཀྱི་ཕུ་ཐག་ནང་ནས་ཆོད་པ་ཞིག་གལ་ཆེ་གལ་ཆེ། སྤྱིར་གང་ཟག་གི་ཁམས་དབང་སྣ་ཚོགས་པ་ཡོད་པས་མཐའ་གཅིག་ཏུ་ངེས་པ་མེད་ཀྱང་བློ་མཆོག་ཅིག་ཆར་བ་ཤིན་ཏུ་དཀོན་ཏེ། མི་ཕམ་རིན་པོ་ཆེས། དེ་འདྲ་བརྒྱ་ལམ་རེ་འགའ་ཙམ། །ཀུན་གྱིས་དེ་ལྟར་རྟོགས་མི་ནུས། །གསུངས་པ་ལྟར་རོ། །
༈ དེ་ལ་མཚན་ཉིད་ཐེག་པའི་ལམ་ནས་ལྟ་བ་ཆེས་མཐོ་བ་དབུ་མ་ཐལ་འགྱུར་བའི་ལུགས་ལ་ཡང་། སྣང་བ་སེམས་སུ་མི་བཞེད་པར་གཞི་ནས་སྣང་བ་ཞིག་མ་གྲུབ་པར་གཏན་ལ་དབབ་པ་ལྟར། འདིར་གསང་བ་རྫོགས་ཆེན་པའི་ལུགས་ལ་འཁྲུལ་སྣང་ཐམས་ཅད་གཞི་མེད་རྩ་བྲལ་མཁའ་ལ་སྐྲ་ཤད་དང་། དུང་སེར་འཛིན་ལྟར་གཏན་ནས་ཡོད་མ་མྱོང་བས་ཐོག་མ་ཉིད་ནས་གཞི་མེད་ཧར་སང་ཆེན་པོར་གསུངས་པ་ཡིན་ཀྱང་། སྣང་བ་སེམས་སུ་ངོ་སྤྲད་སོགས་གསུངས་པ་རྣམས་གདུལ་བྱ་དྲངས་པའི་དོན་ཙམ་མོ། །སྤྱིར་ཀུན་མཁྱེན་གྱི་གསུངས་རྣམས་ན་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་ཕྱེས་ནས་རྣམ་བཞག་ཞིབ་མོར་གསུངས་ཡོད་དོ། །
༈ སྤྱིར་ཀུན་གཞི་ཟེར་བ་ནི། ཡེ་སྟོང་རྩ་བྲལ་དུ་ཐག་མ་ཆོད་ནས་རང་གར་བཏང་སྙོམས་ལུང་མ་བསྟན་ཀྱི་ངང་ལ་གནས་ནས་ཡོད་ཚུལ་མེད་ཚུལ་གང་ཡང་མ་ཤེས་ཤིང་འདི་ཡིན་འདི་མིན་གྱི་དབྱེ་བསལ་མེད་པར་ཅི་ཡང་མི་བསམ་པ་དེ་འདྲ་ཞིག་ལ་ཟེར་རོ། །
༈ སེམས་རིག་ཤན་འབྱེད་སོགས་ཀྱི་སྐབས་ན། སེམས་ནི་ཆུ་ཐིགས་ས་ལ་ལྷུང་བ་ལྟར་ཡུལ་སྣང་འདྲེས་ནས་ཡུལ་གྱི་སྐྱོན་གྱིས་གོས་པར་འགྱུར་ལ། རིག་པ་ནི་དངུལ་ཆུ་ས་ལ་ལྷུང་བ་ལྟར་རྡུལ་གྱིས་མི་གོས་པར་ཡུལ་མེད་རང་གསལ་ཆེན་པོ་ཡིན། སེམས་བུ་ཆུང་ལྟར་གང་ཡང་མི་བསམ་པར་གནས་པ་ཀུན་གཞི་དང་། སྐྱེ་མེད་རང་གསལ་དུ་ཟང་ཐལ་གྱི་ངོ་བོ་རྗེན་པར་ཤར་བ་ནི་རིག་པ་ཡིན་གསུངས། དཔེར་ན་ཆབ་རོམ་མ་ཡིན་པའི་ཆུ་ཞིག་མེད་ཀྱང་ཆབ་རོམ་ཆུ་མ་ཡིན་པ་ལྟར། ཀུན་གཞི་དང་སེམས་དེ་ཉིད་ཆོས་སྐུ་མ་ཡིན་ལ་སེམས་ཀྱི་རང་གཤིས་ལས་གཞན་པའི་ཆོས་སྐུ་ཞིག་ཀྱང་མེད་པས་འདི་གཉིས་ལག་པའི་ལྟོ་རྒྱབ་ལྟར་ཡིན་ནོ། །
༈ དེ་ཡང་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི། སེམས་རང་བབས་སུ་བཞག་སྟེ་སྣང་བ་ལ་བཟོ་བཅོས་གང་ཡང་མི་བྱེད་པར་ངོ་ཤེས་ཙམ་ཤེས་མཁན་ཁོ་རང་ཡུལ་མེད་དུ་སོང་ཞིང་དེའི་ངང་མ་བོར་བ་ཙམ་ཞིག་དངོས་གཞིའི་ངོ་སྤྲད་ཡིན། སེམས་ཉིད་ཞེས་པ་སེམས་ཀྱི་ཆོས་ཉིད་ནི་རིག་པ་ཡིན། དེ་ལས་གཞན་དུ་སེམས་ཀྱི་ཆོས་ཉིད་ཞེས་བྱ་བ་ག་ཤེད་ན་རྟོགས་དཀའ་བ་དེ་འདྲ་ཞིག་བཙལ་མི་དགོས། སེམས་ཀྱི་ཆོས་ཉིད་རང་བབས་སུ་བཞག་པས་སེམས་མ་བཅོས་པ་དེ་ཉིད་ཡེ་སྟོང་རྩ་བྲལ་ཆེན་པོར་གནས་པ་དེ་ལས་གཞན་ཞིག་མེད། དེའི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་དེ་སྐུ་གསུམ་གྱི་རང་བཞིན་ད་ལྟ་རང་གི་སེམས་ཉིད་དམ་རིག་པ་དེ་ཡིན་ནོ། །འཇམ་མགོན་བླ་མས། སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །ཞེས་གསུངས་པ་ལྟར་ཧ་ཅང་གི་སླ་ཆེ་བས་གཞན་སུ་ཡིད་མི་ཆེས་པ་ལྟ་བུ་ཞིག་ཡིན་མ་གཏོགས་རྒྱང་ཞིག་ན་མི་རྟོགས་པར་འདུག་རྒྱུ་ཞིག་ཡོད་པ་མ་ཡིན། སེམས་ཉིད་ཁོ་རང་རང་བབས་སུ་བཞག་ན། ཁོའི་རང་གཤིས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མཐའ་གང་དུ་ཡང་མི་གནས་པ་ཟང་ཐལ་རིག་པ་རྗེན་པ་སྐུ་གསུམ་གྱི་རང་བཞིན་ཞེས་བྱ་བ་ཡིན་ནོ། །ཟང་ཐལ་རིག་པ་རྗེན་པ་ཞེས་ཉམས་རྟོགས་སོགས་གང་ལ་ཡང་ཆེད་གཏད་དང་ཞེན་འཛིན་གྱི་བསླད་པས་བཟོ་མ་བཅོས་པར། རིག་པ་སྐད་ཅིག་མ་རང་བབས་སུ་བཞག་པས་གྲོལ་བ་གཞན་ནས་བཙལ་མི་དགོས་སོ། །སེམས་ཉིད་ཀྱི་རང་གཤིས་མངོན་དུ་གྱུར་པའི་སྐབས་ན་སངས་རྒྱས་དང་སེམས་ཅན་ཟེར་བའི་ཐོབ་བྱ་དང་དོར་བྱ་ཞིག་ཡེ་ནས་རང་གྲོལ་དུ་སོང་བའོ། །མདོར་ན་གང་སྣང་ལ་བཟོ་མི་བཅོས་པར་རང་བབས་སུ་བཞག་པས་གཞག་བྱ་དང་འཇོག་བྱེད་ཐམས་ཅད་དང་བྲལ་བ་དེའི་ངང་མ་བོར་བ་ཙམ་ཞིག་ལ་སྒོམ་པ་ཞེས་གྲགས་སོ། །
༈ ཡང་བློ་མ་བཅོས་པར་འཇོག་པའི་སྐབས་ན། །གསལ་རིག་འགགས་མེད་ཡེ་རེ་མེ་རེ་བ། །ཞེས་གསལ་རིག་ཙམ་རྒྱུན་མི་ཆད་ཀྱང་། མཐའ་དབུས་ཕྱོགས་ཆ་མ་གྲུབ་ཟང་ཐལ་ལེ། །གསུངས་པ་ལྟར་དེའི་ངོ་བོ་མཐའ་གང་དུ་ཡང་མི་གནས་པ་ཟང་ཐལ་རིག་པ་རྗེན་པ་ཡིན་ཡང་། རང་གི་བློས་ཡོད་མེད་བཟང་ངན་སོགས་ཀྱི་མཐའ་ལས་འདས་པ་ཞིག་རེད་བསམ་ནས་ཆེད་འཛིན་དང་གཏད་སོ་བྱུང་ན། །འཛིན་པ་བྱུང་ན་ལྟ་བ་མིན། །གསུངས་པ་ལྟར་རོ། །དགེ་མི་དགེ་སོགས་དབང་པོ་དྲུག་གི་ཡུལ་དུ་གང་ཤར་ཀུན་རང་གྲོལ་ཡིན་ལ། གྲོལ་ཞེས་བརྡར་བཏགས་རང་ཡལ་རྗེས་མེད་ཙམ། །གསུངས་པས་དཔེར་ན་ཆུ་ལ་རི་མོ་འབྲི་བ་དང་ཡལ་བ་དུས་མཉམ་པ་ལྟར། རྟོག་པ་གང་སྐྱེས་ཀྱང་སྐྱེ་བ་དང་གྲོལ་བ་དུས་མཉམ་ཡིན། བཟང་ངན་བར་མའི་རྣམ་རྟོག་གང་ཤར་ཡང་རིག་པ་རང་གི་ངོ་བོ་ལ་ཕན་གནོད་དང་གོས་པ་གང་ཡང་མེད་དེ་མེ་ལོང་གི་ངོར་གཟུགས་ལེགས་ཉེས་གང་ཤར་ཡང་མེ་ལོང་ལ་གོས་པ་མེད་པ་ལྟར་ཡིན་ནོ། །
༈ རིག་འཛིན་གོང་མ་རྣམས་ཀྱི་ཉམས་ལེན་སྙིང་པོར་དྲིལ་ན། འདིར་རྫོགས་པ་ཆེན་པོ་དོན་གྱི་འཇོག་སོ་ནི། ད་ལྟའི་རང་གི་ཐ་མལ་གྱི་ཤེས་པ་འདི་ལ། བཅོས་བསྒྱུར་དང་སྤང་བླང་། དགག་སྒྲུབ་དང་རེ་དོགས་སོགས་གང་ཡང་མི་བྱེད་པར། དྲན་ཙམ་རིག་ཙམ་དེའི་ངང་གདངས་མ་ཤོར་བར་ཧ་གོ་ཙམ་གོ་བྱ་གོ་བྱེད་ཐམས་ཅད་དང་བྲལ་བའི་རིག་པ་བརྗོད་མེད་བློ་འདས་དེ་ཀའི་ངང་སྐྱོང་ན་དེ་ལས་གཞན་ན་སྒོམ་ཟེར་རྒྱུ་ཞིག་ཅི་ཡང་མེད་དེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། ད་ལྟའི་ཤེས་པ་བསྒྱུར་བཀོད་མ་བྱས་པའི། །ཐ་མལ་ཤེས་པ་དྲན་རིག་སྐད་ཅིག་མ། །མ་དོར་ཙམ་གྱི་རང་ཚུགས་མ་ཤོར་ན། །གོལ་ས་མེད་དོ་ཨི་གོ་སྙིང་གི་བུ། །ཞེས་གསུངས་པ་དང་། ཀུན་མཁྱེན་བླ་མས། མཚན་ཉིད་བློ་བྲལ་ཡུལ་མེད་རང་གསལ་བ། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །ཅེས་སོ། དེ་ལ་ང་ཡེངས་འདུག་བསམ་པ་ངོ་ཤེས་མ་ཐག་བདེ་འབོལ་འབོལ། གསལ་ལྷང་ལྷང་གང་ཡང་མེད་ཀྱང་ཡེངས་པ་ཚོར་ཙམ་དེ་ཀའི་ངང་བསྐྱང་བ། དེ་ལས་གཞན་པའི་ཉམས་ལེན་ཞིག་མི་དགོས། ཡེངས་པ་ཚོར་ཙམ་དེ་ཀའི་ཤེས་པ་དེ་རང་ཚུགས་མ་ཤོར་བ། གཞི་མེད་ཧར་སང་ཆེན་པོ་ཡིན་པས་དེ་ཀའི་ངང་ལ་འཇོག་དགོས་གསུངས་པ་ལྟར་རོ། །ལས་དང་པོའི་སྐབས་ན་ཉོན་མོངས་པ་དང་རྣམ་རྟོག་གང་སྐྱེས་པ་ཐོལ་གྱིས་ངོས་བཟུང་ལ་རྗེས་སུ་མི་འབྲང་བར་རང་སར་བཞག་དགོས། སྤྱིར་ཅེར་བལྟས་འདི་ཡང་དག་པའི་དོན་ལ་ཅུང་མི་ཉེ་བ་ཡིན། སྒོམ་པ་རབ་དང་བློ་རབ་རྣམས་ཀྱི་གང་སྐྱེས་པ་དེའི་ཚུགས་མི་ཐུབ་པར་རང་ཡང་ཆོས་ཉིད་ཡིན་པས་བལྟ་བའི་ཐབས་མི་དགོས་སོ། །
༈ སྤྱིར་སེམས་དང་རྣམ་རྟོག་གདོད་ནས་སྐྱེ་བ་མེད་པའི་གཞི་མེད་རྩ་བྲལ་དུ་ངེས་ཤེས་རྣལ་མ་སྐྱེ་བ་ཞིག་ཤིན་ཏུ་གལ་ཆེ། ཉམས་ལེན་ལ་ངོས་བཟུང་དང་དམིགས་གཏད་ཡོད་ཚར་དུས་རྫོགས་ཆེན་གྱི་ལམ་མིན། སྟོང་ཉམས་དང་གསལ་ཉམས་སོགས་ཉམས་གང་ཤར་ན། བདེན་མེད་རྩིས་ཆུང་དུ་བཞག་ན་ཕར་དྭངས་འགྲོ་བ་ཡིན། ད་ལྟ་རང་གི་སེམས་འདི་སྐྱེ་སྣང་འགག་སྣང་གནས་སྣང་ཤར་བ་དང་། ཡིན་མིན། བཟང་ངན་ཐེ་ཚོམ་སོགས་རྣམ་རྟོག་འདི་ནི་སྒོམ་ཀྱི་སྐྱོན་ཡིན་ནོ། །སེམས་འདི་བྱུང་གནས་འགྲོ་གསུམ་གྱི་གཞི་མེད་དུ་གཏན་ལ་ཕབ་ནས། ད་སྐྱེ་འགག་ཅན་ཞིག་མེད་པར་ཁོ་ཐག་ཆོད་དེ་གཞི་མེད་རྩ་བྲལ་དུ་རྟོགས་དུས་སེམས་ཀྱི་གཤིས་སམ་རིག་པའི་སྟེང་དུ་སླེབས་པ་ཡིན། སེམས་གཞི་མེད་རྩ་བྲལ་མྱང་འདས་ཀྱི་རྫོང་ཆེན་གསུངས་པ་ལྟར་རོ། །
༈ སྤྱིར་སེམས་ལམ་བྱེད་དང་ཡེ་ཤེས་ལམ་བྱེད་གཉིས་ཀ་ཁྱད་ཆེ་བ་ཡིན། རྣམ་རྟོག་གིས་རྣམ་རྟོག་འཚོ་ན་སེམས་ལམ་བྱེད་དང་། རྣམ་རྟོག་ཁོ་གཞི་མེད་རྩ་བྲལ་དུ་སོང་ན་རིག་པའམ་ཡེ་ཤེས་ལམ་བྱེད་ཡིན་ནོ། །
༈ དེ་ཡང་དུས་རྒྱུན་དུ་དུས་གསུམ་ཀྱི་རྟོག་པའི་རྗེས་སུ་མི་འབྲང་བར། ད་ལྟའི་ཐ་མལ་གྱི་ཤེས་པ་སྐད་ཅིག་མ་དེ་ཉིད་ཀློད་དེ་མ་ཡེངས་ལ་མི་སྒོམ་པ་ཙམ་དུ་བསྐྱང་། རྣམ་རྟོག་འགྱུ་ཡང་དེ་ལ་དགག་སྒྲུབ་སོགས་མི་བྱེད་པར་བལྟ་བྱའི་ཡུལ་ལྟ་བྱེད་ཀྱི་སེམས་རང་བབས་སུ་བཞག་ན་རང་ཡལ་རྗེས་མེད་ལ་འགྲོ་བས་དེ་ཀའི་དུས་ན་བཅས་བཅོས་དང་དགག་སྒྲུབ་སྤྲོ་བསྡུ་ཐམས་ཅད་བསྐྱུར་ནས་ཧ་གོ་ཙམ་རིག་ཙམ་དེའི་རང་ཚུགས་མ་ཤོར་བ་དགོས། ཆུ་དང་རིག་པ་བཞག་ན་དྭངས། །ཞེས་པ་ལྟར། གནས་ལུགས་ཀྱི་ངང་ལ་བཞག་པས་ཐམས་ཅད་རང་གྲོལ་དུ་འགྱུར་བ་ཡིན། གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱིས། ནམ་དྲན་ལ་ཡང་འཇོག་མ་བྱས་ན། །གཉུག་མའི་རང་ས་ཟིན་པར་གོ །ཞེས་ནམ་དྲན་ལ་ཡང་འཇོག་མ་བྱས་ན་གསུངས་པས། ང་ཡེངས་འདུག་བསམ་ཚེ། རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་འདུག་སྙམ་པའི་འགྱོད་པ་སོགས་གང་ཡང་མི་བྱེད་པར་ངང་མ་བོར་བ་ཙམ་གྱི་ངང་ལ་གནས་ན་དེ་ལས་གཞན་གང་ཡང་མེད་དོ། །ཀུན་མཁྱེན་བླ་མས། རྣམ་རྟོག་སྐྱེས་ཚེ་ཅེར་གྱིས་བལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །བསྒོམ་དུ་མེད་ལ་བསྒོམ་དུ་བྱེད་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང་། གུ་རུ་རིན་པོ་ཆེས། རྟོག་པ་རགས་པས་ནང་དུ་མཁན་པོ་ཚོལ། །ཆེད་དུ་སྤང་བླང་མི་དགོས་རང་སར་ཞོག །གསུངས་པ་ལྟར་རོ། །སྤྱིར་ལྟ་བ་རི་བོ་ཅོག་བཞག །སྒོམ་པ་རྒྱ་མཚོ་ཅོག་བཞག །སྤྱོད་པ་མན་ངག་ཅོག་བཞག །འབྲས་བུ་རིག་པ་ཅོག་བཞག །ཅེས་བཞིར་གསུངས་མོད། དོན་ལ་ད་ལྟའི་ཤེས་རིག་འདི་ལ་བཟོ་བཅོས་དང་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སར་བཞག་དུས། འདི་ཞེས་ངོས་བཟུང་གང་ཡིན་མེད་པ་གསལ་རིག་འགག་མེད་མཐའ་དབུས་ཐམས་ཅད་བྲལ་བ་ཟང་ཐལ་ལེ་བ་ཞིག་ཡོད་པ་དེའི་རྒྱུན་བསྐྱང་ན་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་དེ་ལས་གཞན་ན་གང་ཡང་མེད་ལ། ཆོས་སྐུའི་རིག་པ་ངོས་ཟུང་ཞིག །གསུངས་པ་ལྟར་རོ། །ཅོག་བཞག་བཞི་བོ་འདི་རྣམས་ཀྱང་དོན་ལ་རིག་པའི་ཡེ་ཤེས་གཅིག་གི་ངང་བསྐྱང་བ་ལ་གནད་འདུས་པ་ཡིན་ནོ། །སྤྱིར་རྫོགས་ཆེན་རང་ལམ་ནས། འཕྲོ་བ་མི་དགག །གནས་པ་མི་བསྒྲུབ། བཟུང་བ་དང་འགྱུ་དྲན་གྱི་ཡུལ་ལས་འདས་པའི་འཕྲོ་གནས་གཉིས་མེད་ཀྱི་རིག་པ་དྭངས་ལ་མི་གཡོ་བའི་ངང་ལ་འཇོག་གོ །རིག་པ་ལ་གནས་ཆ་དང་དྭངས་ཆ་གཉིས་ལས་གནས་ཆ་བཞག་ནས་དྭངས་ཆ་སྐྱོང་དགོས་པར་སྨིན་གླིང་གཏེར་ཆེན་དང་། རིག་འཛིན་འཇིགས་མེད་གླིང་པ། མཁན་ངག་ཆུང་རིན་པོ་ཆེ་སོགས་ཀྱི་ཞལ་གསུངས་ལྟར་རོ། །གལ་ཏེ་གནས་ཆ་བསྐྱང་ན་ཟོ་བ་ལ་ཟོ་དྲེག་ཆགས་པ་བཞིན། ཉམས་ཞེན་ཀྱི་དངོས་པོ་ལ་འཛིན་པ་རེ་ཞུགས་ནས་ཕར་སྒྲིབ་འགྲོ། བདེ་ཉམས་འདོད་ཆགས། གསལ་ཉམས་ཞེ་སྡང་། མི་རྟོག་པའི་ཉམས་གཏི་མུག་དང་མཐུན་པ་ཡིན་པས་འབྱམས་འགྲོ། དེ་དག་ལ་ཞེན་པས་རིམ་བཞིན་འདོད་ཁམས། གཟུགས་ཁམས། གཟུགས་མེད་དུ་གོལ་འགྲོ། དེས་ན་རིག་པའི་དྭངས་ཆ་ནི། རིག་པ་དྭངས་སལ་ལེ་ཟང་ཐལ་རྗེན་པ་དེའི་ངང་མ་བོར་བ་སྤྱོད་ལམ་ཐམས་ཅད་དུ་བྱས་ན་དེ་ཀས་ཆོག་གོ །སྟོང་དུས་ནས་སྣང་། སྣང་དུས་ནས་གསལ། གསལ་དུས་ནས་གཞི་མེད་ཧར་སང་ཆེན་པོ་ཡིན་པས་དེའི་སྟེང་དུ་མ་བཅོས་པར་ཝལ་ལེར་བཞག་དགོས། ཕ་དམ་པས། མ་བཅོས་པར་ཞོག །བཅོས་ན་རྟ་ལས་བབས་ནས་བོང་བུ་ཞོན་པ་དང་འདྲ་གསུངས་པས་བཅོས་ནས་སྒོམ་ན་ཡུལ་དང་མི་མཐུན་པས་ལོག་ཤེས་སུ་འགྱུར་རོ། །
༈ ད་སྔོན་གཏི་མུག་ལུང་མ་བསྟན་ཀྱི་ངང་ཁོ་ཐག་མ་ཆོད་པར་ཤེས་པ་མུན་ཐོམ་མེར་གནས་པ་ལ། ད་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་ནས་ཁོ་ཐག་ཆོད་དགོས། བླ་མ་རྣམས་ཀྱིས་གསུངས་པས་ཕྱི་རོལ་དུ་ཡེངས་ཙམ་ཚོར་བའི་ངང་དུ་ལྷོད་ཀྱིས་འཇོག །སེམས་འདི་ལ་སྣ་ཚོགས་པའི་ཀུན་རྟོག་འཆར་ཡང་ཧ་གོ་ཙམ་ངོ་ཤེས་ཙམ་གྱི་ངང་ལ་ལྷོད་ཀྱིས་འཇོག་པ་གནད་ཆེ། བྱིས་པའི་རྩེད་མོ་ལ་མི་རྒན་ཡེངས་པ་ལྟར། ཧ་མ་གོ་ན་འཁྲུལ་བ་རྒྱ་འབྱམས་སུ་འགྲོ། ངོ་ཤེས་ནས་རྣམ་རྟོག་གྲངས་སུ་འདེབས་ན་གོལ་བ་ཡིན། འཇིགས་མེད་གླིང་པས། ངེས་ཤེས་ནང་ནས་སྐྱེས། ཤེས་མཁན་ཡུལ་མེད་དུ་སོང་གསུངས་པ་ལྟར་རོ། །རང་ངོ་ཤེས་ཞེས་པ་གཞི་མེད་རྩ་བྲལ་དུ་ཁོ་ཐག་ཆོད་པ་དེ་ཡིན་པས་གོམས་འདྲིས་བྱེད་པ་ཤིན་ཏུ་གལ་ཆེ། སྒོམ་ཟེར་བ་ནི་འདི་ཡིན་ཞེས་ངོས་བཟུང་མི་དགོས། དཔེར་ན་ང་ཡིན་ང་ཡིན་ཞེས་མི་དགོས་པ་ལྟར་ཡིན་ནོ། །
༈ དེ་ཡང་གོང་མ་རྣམས་ཀྱིས་བསྒོམ་རྒྱུ་ཞིག་མེད་ཀྱང་གོམས་རྒྱུ་ཞིག་ཡོད་པར་གསུངས་ལ། ཀུན་མཁྱེན་བླ་མས་ཀྱང་། རིག་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །གསུངས་པས་རིག་པ་ངོ་འཕྲོད་ཀྱང་གོམས་པ་ཡུན་རིང་མ་ཐུབ་ན་རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ་བར་གསུངས་པས། རང་ངོ་རང་ཤེས་མ་བརྗེད་ཙམ་བསྐྱང་བ་གལ་ཆེ། །
༈ སྐད་ཅིག་དང་པོ་ལ་རྫོགས་པ་ཆེན་པོ་ཡེ་བབས་ཀྱི་དགོངས་པ་ཡོད་ཅེས་གསུངས། །
༈ ལུས་སྐྱིལ་མོ་ཀྲུང་ལེགས་པར་བཅའ་ཞིང་མི་གཡོ་བའི་ཆོས་བདུན་དང་ལྡན་པས། མིག་བར་སྣང་ལ་ཧ་རེ་གཏད་ནས་རླུང་མཆུ་སོ་མ་རེག་པར་གཏོང་བ་གནད་དམ་པ་ཡིན་གསུངས། ཀུན་མཁྱེན་བླ་མས། མི་བསྒོམ་ན་མི་བསྒོམ། བསྒོམ་ཕན་ཆད་མིག་མི་འགུལ་བ་གནད་ཆེ་ཡང་ཡང་གསུངས་པ་ཡིན། རླུང་གནད་ནི། ཨ་ནུ་མན་ཆད་ནས་རླུང་སྣ་ནས་ཚུར་དྲངས་ནས་རླུང་ནང་དུ་འཛིན་པ་དཔེ་རྐྱལ་སྟོང་ལྟ་བུ་ཡིན་ལ། རྫོགས་ཆེན་པས་རླུང་ཁ་ནས་མཆུ་སོ་མ་རེག་ཙམ་དལ་བུས་ཕར་གཏོང་བ་ཡིན། རླུང་གི་རྟ་བྱས་ནས་རྣམ་རྟོག་འཆར་འོང་བས་རླུང་ཅི་གནས་ཀྱིས་ཕྱིར་འཛིན་པ་གནད་ཡིན་པར་གསུངས། །
༈ ཀུན་མཁྱེན་བླ་མས། སྣང་བའི་ཡུལ་གྱི་ཕན་གནོད་གཉིས་སུ་མེད། །དེར་འཛིན་ཞེན་པས་སྲིད་པར་འཆིང་བས་ན། །སྣ་ཚོགས་སྣང་ལ་བརྟག་དཔྱད་མི་དགོས་པས། །འཛིན་པའི་སེམས་ཀྱི་རྩ་བ་ཆོད་པར་མཛོད། །ཅེས་དང་། ཏེ་ལོ་པས། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །གསུངས་པ་ལྟར་རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྣང་བས་མི་འཆིང་ལ་ཞེན་པ་མེད་པ་གལ་ཆེ་གསུངས། །
༈ ཐོད་རྒལ་སྐབས་ཁྲེགས་ཆོད་ཀྱི་གདེངས་མ་ཤོར་བའི་ངང་ནས་བལྟ་བ་ཤིན་ཏུ་གལ་ཆེ། དེ་མིན་བྱིས་པས་འཇའ་ཐིག་ལ་འཚར་སྣང་བྱེད་པ་དང་འདྲ་གསུངས། །
༈ སྤྱིར་ཁྲིད་ཡིག་ཡེ་ཤེས་བླ་མ་དང་འདིའི་རྒྱབ་ཆོས་སྐོར་རྣམས་དང་། ཀུན་མཁྱེན་བླ་མའི་མཛོད་བདུན་དང་། ཤིང་རྟ་སྐོར་གསུམ། ཀུན་མཁྱེན་མི་ཕམ་རིན་པོ་ཆེས་གཉུག་སེམས་སོགས་ན་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་གནད་གསལ་བར་བསྟན་ཡོད་པས་དེའི་སྐོར་ལ་གཟིགས་རྒྱུ་གལ་ཆེ། སྔོན་བླ་མ་གྲུབ་ཐོབ་དང་། སློབ་མ་ལས་ལྡན་ནང་འཛོམ་པས་རིག་པ་ཅར་ཕོག་གི་ངོ་སྤྲད་གནང་བ་དེ་འདྲ་ཡོད་ཀྱང་། དེང་སང་ཡིད་དཔྱོད་སེམས་ཀྱི་གྲུབ་མཐའ་རྫོགས་ཆེན་དུ་སྨྲ་བའི་དུས་འདིར་ཐོས་པས་སྒྲོ་འདོགས་གཅད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་ཀུན་མཁྱེན་བླ་མས་ཡང་ཡང་གསུངས་པ་ལྟར་རོ། །ཞེས་གསུངས་སོ། །དེ་ལྟར་གོང་གི་གདམས་པ་དེ་རྣམས་དཀྱུས་གཅིག་ཏུ་གསུངས་པ་དེ་འདྲ་མ་རེད། སྐབས་སྐབས་སུ་འཕྲོས་དོན་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ཡིན། དངོས་གཞི་ངོ་སྤྲོད་ལྟ་བུ་ཤིན་ཏུ་གལ་ཆེ་བ་བསྐྱར་ཟློས་བྱས་ནས་གསུངས་པ་ཡོད་ཀྱང་དེ་བཞིན་བཀོད་ཡོད་ལ། གོང་འོག་རེ་བསྒྲིགས་པ་དང་ཕྲི་སྣོན་ཕྲན་བུ་རེ་མ་བྱས་ཐབས་མེད་རྣམས་མི་ཤེས་ཤེས་མདོག་བྱས་ཡོད། དོན་གྱི་གནད་གསང་ཕ་ཅིག་བླ་མའི་གསུང་སྒྲོས་འཁྲུལ་བ་མེད་པར་བཀོད་པ་ལགས་སོ། །ཞེས་གསང་བ་མན་ངག་གི་ཁྲིད་ཀྱི་ཟིན་བྲིས་འདི་ནི་༧ཀུན་གཟིགས་མཁན་ཆེན་དགེ་ལེགས་ཆོས་འཕེལ་དཔལ་བཟང་པོ་མཆོག་གིས་རྫོགས་སྤྲུལ་བདུན་པ་༧འཇིགས་མེད་བློ་གསལ་དབང་པོ་ལ་ཁྲིད་ཡིག་ཡེ་ཤེས་བླ་མ་གསང་ཆོས་སུ་གནང་བའི་སྒྲ་ཕབ་འཁོར་ལོ་ལས་བཙུན་གཟུགས་ཐ་ཤལ་བ་འཇིགས་བྲལ་པདྨ་རིག་འཛིན་ནས་སུག་བྲིས་བགྱིས་པས་སྐྱེ་དང་ཚེ་རབས་ཀུན་དུ་ངེས་དོན་རྫོགས་པ་ཆེན་པོའི་བསྟན་པའི་གདུལ་བྱར་འགྱུར་བའི་རྒྱུར་གྱུར་ཅིག། །།
འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར། ཆོས་རྗེ་ཡིད་བཞིན་ནོར་བུ།
༄༅། །འཇམ་དཔལ་ཞི་སྒྲུབ་ཀྱི་ཆ་ལག་ཁྲིད་ཡིག་སངས་རྒྱས་ལག་སྟེར་ཞེས་བྱ་བ་བཞུགས་སོ། །རིག་སྟོང་གདོད་མའི་མགོན་པོ་འཇམ་པའི་དབྱངས། །འདུ་འབྲལ་མེད་པར་རྟོགས་པས་ཕྱག་འཚལ་ཏེ། །གནད་ཀྱི་མན་ངག་སྙིང་གི་བུ་ལ་གདམ། །དེས་ཀྱང་ཡལ་བར་མ་དོར་ཉམས་སུ་ལོངས། །དེ་ཡང་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཐོག་མ་ཁོ་ནར་འདི་ལྟར་བསམ་པར་བྱ་སྟེ། ད་རེས་རྒྱུ་དཔེ་གྲངས་གསུམ་གང་ནས་བསམས་ཀྱང་རྙེད་པར་དཀའ་ཞིང་། སྐྱེས་བུ་གསུམ་གྱི་གོ་འཕང་གང་བསྒྲུབས་ཀྱང་འགྲུབ་པར་ནུས་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མ་ཟད་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དང་འཕྲད་དེ་ཟབ་མོའི་ཆོས་ཀྱི་གདམས་པ་སྟོན་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར་དམ་པའི་ལྷ་ཆོས་སྒྲུབ་པ་ལ་ཐང་ལྷོད་མི་བྱ་སྙམ་དུ་དམ་བཅའ་ཡང་ཡང་བྱ། ལུས་རྟེན་དེ་ཡང་ངེས་པར་འཆི་བ། ནམ་འཆི་ཆ་མེད། འཆི་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པའི་ཚུལ་ལ་བསམས་ནས་མྱུར་བ་ཉིད་དུ་དགེ་བ་སྒྲུབ་པར་དམ་བཅའ་ནན་པོ་བྱ། ཤི་ནས་མེད་དུ་མི་འགྲོ་བར་ལས་དཀར་ནག་གི་རྗེས་སུ་འབྲངས་ཏེ་བདེ་སྡུག་བསླུ་མེད་དུ་མྱོང་དགོས་ཤིང་། ཁྱད་པར་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱ་ཆེ་ཞིང་རྒྱུན་རིང་བ་བཟོད་མི་ནུས་པའི་ཚུལ་བློ་ལ་ངེས་པར་བྱས་ཏེ་འཁོར་བ་མཐའ་དག་ལས་གྲོལ་བར་ནུས་པའི་ཆོས་རྒྱ་ཆེན་པོ་ཞིག་སྒྲུབ་པར་དམ་བཅའ། དེ་ལྟར་དམ་བཅའ་གསུམ་པོ་དེ་ཡང་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བླ་མ་དང་ཡི་དམ་ལ་གསོལ་བ་དྲག་ཏུ་གདབ་པར་བྱའོ། །
དེ་ནས་ལམ་ཐམས་ཅད་ཀྱི་གཞི་རྟེན་ནང་པ་སངས་རྒྱས་པའི་གྲལ་དུ་འཛུད་པར་བྱེད་པ་ནི་སྐྱབས་སུ་འགྲོ་བ་འདི་ཁོ་ན་ཡིན་པས་ན་འདི་ལྟར་བསྒོམ་པར་བྱ་སྟེ། རང་མདུན་ནམ་མཁར་འཇའ་འོད་སྤྲིན་དཀར་གྱི་བཀོད་པ་ཤིན་ཏུ་མཛེས་པའི་ཀློང་ན་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་རྒྱན་ཆ་ལུགས་སྒྱུ་འཕྲུལ་གྱི་བཀོད་པ་ཐམས་ཅད་གཞུང་བཞིན་གསལ་ལ། དུས་ད་ནས་བྱང་ཆུབ་སྙིང་པོའི་བར་དུ་ཁྱེད་ཁོ་ན་ལ་བརྟེན་ཏེ་ཅི་གསུང་གི་བཀའ་ཉམས་སུ་བླངས་ནས་རང་དང་ལྟ་སྤྱོད་མཐུན་པའི་གྲོགས་རྣམས་དང་ལྷན་ཅིག་ཏུ་མགོན་པོ་ཁྱེད་དང་སྐལ་བ་མཉམ་པར་མ་གྱུར་གྱི་བར་དུ་འབད་པར་བྱ་སྙམ་དུ་དམ་བཅའ་བ་མདོ་དང་ཐུན་མོང་དང་། རང་རིག་ཀ་དག་ཆེན་པོ་ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ་ཤེས་པའི་ངང་སྐྱོང་བ་ཐུན་མིན་རང་ལམ་གྱི་སྐྱབས་འགྲོའི་འདུན་པ་དང་མ་བྲལ་བའི་ངང་ནས། གཞི་དབྱིངས་ཀ་དག༴ སོགས། སྐྱབས་སུ་མཆི། །ཞེས་ཅི་མང་བསགས།
སླར་ཡང་སེམས་བསྐྱེད་པ་ནི། སྡུག་བསྔལ་མུ་མཐའ་མེད་པ་ལ་ཁོར་མོར་སྤྱོད་པའི་སེམས་ཅན་རྣམས་སྡུག་བསྔལ་དེ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཤུགས་དྲག་པོ་མིག་ནས་མཆི་མ་ཐོན་གྱི་བར་ལ་བསྒོམ། འགྲོ་ཀུན་སྒྲོལ་ནུས་པ་སངས་རྒྱས་ཀྱི་གོ་འཕང་དམ་པ་བདག་གིས་བསྒྲུབ་པར་བྱ། དེ་ཉིད་ཡུན་རིང་པོའི་ཚེགས་ལ་མི་ལྟོས་པར་བདེ་མྱུར་དུ་འགྲུབ་པའི་ལམ་ནི་འོད་གསལ་རྫོགས་པ་ཆེན་པོ་ཁོ་ན་ཡིན་པས་ཉམས་སུ་བླང་བར་བྱའོ་སྙམ་དུ་མཐའ་གྲོལ་ཅོག་གཞག་གི་ངང་ལ་གནས་བཞིན་དུ། གློ་བུར་འཁྲུལ་སྣང༴ སོགས། སེམས་བསྐྱེད་དོ། །ཞེས་ཅི་མང་བསགས་མཐར། སྐྱབས་ཡུལ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་དང་སེམས་ཅན་རྣམས་ལ་ཕོག །སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་སྦྱངས། རང་ལུས་ཀྱང་འོད་དུ་ཡལ་ཏེ་སྐྱབས་ཡུལ་ལ་ཐིམ་པར་བསམས་ལ་འཛིན་མེད་དུ་མཉམ་པར་གཞག་གོ །
བླ་མའི་རྣལ་འབྱོར་ནི་བླ་མ་སྔར་ལྟར་དུ་གསལ་ལ། ད་ནས་ཚེ་རབས་ཀུན་ཏུ་སྐྱབས་གནས་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ལས་གཞན་པའི་རེ་ས་རྨི་ལམ་དུ་ཡང་མི་འཚོལ་ཁྱེད་ཁོ་ན་སྐྱབས་གནས་སུ་བསྟེན་ནས་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་མཐའ་དག་ཁྱེད་ལ་འབུལ། ཐོག་མེད་ནས་བསགས་པའི་སྡིག་ལྟུང་མ་ལུས་པ་མཐོལ་ཞིང་བཤགས་ན་བདག་གི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། འོད་གསལ་རྫོགས་པ་ཆེན་པོའི་ལམ་མཐར་ཕྱིན་ཏེ་འདྲེན་མཆོག་ཁྱེད་ཀྱི་གོ་འཕང་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གཏི་མུག་མུན་སེལ་བ། །འཇམ་པའི་དབྱངས་ལ་གསོལ་བ་འདེབས། །ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་མཐར། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་གྱུར། མཐར་བླ་མའང་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ལ་བློ་འདས་གཉུག་མའི་ངང་དུ་མཉམ་པར་གཞག །སླར་དེ་ལས་ལྡང་བ་ན་སྣང་སྲིད་བླ་མའི་ངོ་བོར་མོས་ལ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །
དེ་ནས་རྫོགས་རིམ་ནི། རང་ལུས་ཐ་མལ་དུ་གནས་པའི་དབུས་དྲང་པོར་དབུ་མ་སྔོ་བསངས་མདའ་སྨྱུག་ཙམ་ཡར་སྣེ་སྤྱི་བོ་དང་མར་སྣེ་ལྟེ་འོག་ཏུ་ཟུག་པ། གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་མར་སྣེ་དབུ་མ་དང་ཡི་གེ་ཆ་ཡི་དབྱིབས་སུ་འབྲེལ་བ། ཡར་སྣེ་སྣ་བུག་གཉིས་ལ་ཟུག་པར་བསྒོམས་ལ་རླུང་རོ་བསལ། རླུང་ཚུར་བརྔུབས་པ་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་བརྒྱུད་དེ་ལྟེ་འོག་རྩ་གསུམ་འདུས་མདོར་གཏུམ་མོ་ཡེ་ཤེས་ཀྱི་མེ་རྩ་བ་བརྟན་པ། རྩེ་མོ་རྣོ་བ། རེག་བྱ་ཤིན་ཏུ་ཚ་བ་ནས་འབྲུ་ཙམ་ལ་ཕོག་པས་མེ་ལྕེ་ཆེར་འབར། ཟག་བཅས་ཀྱི་ལུས་རྩ་རླུང་ཐིག་ལེ་དང་བཅས་པ་ལྷག་མེད་དུ་བསྲེགས་ཏེ་མི་དམིགས་པར་ཡལ། སྟོང་པའི་ངང་ལས་རང་ཉིད་འཇམ་དཔལ་རྡོ་རྗེའི་སྐུ་ཕྱི་ནང་ཟང་ཐལ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་ལྟེ་བའི་ཨ་ཐུང་དང་བཅས་པ། དབུ་མའི་ཡར་སྣེར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དྲན་པ་ཙམ་གྱིས་བདེ་སྟོང་སྐྱེད་ནུས་པ་ཧཾ་ཡིག་དཀར་པོ་མགོ་ཐུར་ལ་བསྟན་པ་གསལ་བཏབ་ལ། སྣ་ནས་རླུང་བརྔུབས་པ་ལྟེ་བའི་ཨ་ཤད་ལ་ཕོག །དེ་ལས་མེ་ལྕེ་རྒྱ་ཁབ་ཙམ་ཡར་སོང་། སྤྱི་བོའི་ཧཾ་ལ་ཕོག་པའི་ཐིགས་པ་མེ་ལ་ཕོག་སྟེ་མེ་ལྕེ་ཆེར་འབར་བས་བདུད་རྩི་རྟག་ཏུ་བབས། མེ་དང་ཐིག་ལེ་བྲོས་དེད་ཀྱི་ཚུལ་དུ་འཁོར་ལོ་བཞི་རིམ་བཞིན་གང་བས་དགའ་བ་བཞི་དང་སྟོང་པ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། བདེ་སྟོང་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་ངང་ལ་ཅི་གནས་སུ་བཞག་མཐར་དགེ་བསྔོ་བྱ།
དེ་ནས་རྫོགས་པ་ཆེན་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ་གསུམ། དང་པོ་སྒོ་གསུམ་གྱི་སྣ་འཁྲིད་པ་ལུས་ངག་ཡིད་ཀྱི་སྔོན་འགྲོ་སྟེ། འདི་ལའང་གསུམ་ལས། ཐོག་མར་རང་ལུས་རྡོ་རྗེ་སྔོན་པོ་མེ་ཡི་ཚ་ཚ་འཕྲོ་བ་ཅན་དུ་བསྒོམས་ལ། རྡོ་རྗེའི་འདུག་སྟངས་ཡུན་རིང་པོར་བྱས་པས་ལུས་དབང་མེད་དུ་འགྱེལ། རྣམ་རྟོག་གི་འཕྲོ་བ་རྒྱུན་ཆད་པར་གྱུར་ཚེ་རང་བབས་སུ་བཞག་ལ་ངལ་གསོ། དེ་ལྟར་ཡང་ཡང་བྱ།
གཉིས་པ། སྙིང་ནང་དུ་གཞིར་གནས་ཀྱི་རིག་པ་ཧཱུྃ་སྔོན་པོའི་རྣམ་པར་གནས་པ་ལས་ཧཱུྃ་ཡིག་ཕྲ་མོ་གྲངས་མེད་པ་གཅིག་རྗེས་གཅིག་མཐུད་དུ་འཕྲོས། རི་གླིང་ཁང་ཁྱིམ་སོགས་ལ་ཕོག་པས་ཐམས་ཅད་ཧཱུྃ་འབའ་ཞིག་ཏུ་གྱུར། སླར་ཕྱིའི་ཧཱུྃ་རྣམས་རང་གི་ལུས་ལ་ཞུགས། རང་ལུས་ཀྱང་ཧཱུྃ་དུ་གྱུར། མཐར་ཧཱུྃ་མཐའ་དག་དབྱིངས་སུ་ཡལ་བར་བསམ་ལ་རང་བབས་སུ་ངལ་གསོ། དེ་ཐམས་ཅད་ཀྱི་ཚེ་ཧཱུྃ་གླུ་སྙན་ལ་རིང་བ་བྱ།
གསུམ་པ། འཁོར་འདས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཐག་བཅད། སེམས་ཁོ་རང་གང་ལས་བྱུང་། གང་ལ་གནས། གང་དུ་འགྲོ་དཔྱད་པས་བེམ་པོ་རྣམས་ནི་རགས་པ་རྡུལ་ཕྲན། རྡུལ་ཕྲན་ཆ་མེད། ཆ་མེད་གཞི་མེད་དུ་གཏན་ལ་ཕབ་པས་སྐྱེ་འགག་གནས་པ་མེད་པར་ཐག་ཆོད། སེམས་ནི་དབྱིབས་དང་ཁ་དོག་སྒྲ་དང་དྲི་རོ་རེག་བྱ་གང་ཡིན་བརྟགས་ན་གང་དུའང་མ་གྲུབ། གསལ་རིག་ཙམ་པོའང་ངག་གིས་བརྗོད་པ་ཙམ་མ་གཏོགས་བདེན་པར་ངེས་པའི་གཏད་སོ་ཅན་ཞིག་རྙེད་པའི་ཐབས་མེད་པས་བདེན་ཞེན་གྱི་ཁང་བུ་བཤིགས་ལ་བདག་མེད་ཀྱི་དོན་ལ་ངེས་པ་འདྲོང་བར་བྱའོ། །
གཉིས་པ་སྐུ་གསུམ་གྱི་སྣ་འཁྲིད་པ་འབྱུང་བཞིའི་རྣལ་འབྱོར་ནི། ས་ཆུ་མེ་རླུང་གི་སྒྲ་ལ་སེམས་ཐིམ་འགྲོ་བ་ལྟར་གཏད་ལ་བཞག་པས་འཛིན་རྟོག་གང་ཡང་མི་འཕྲོ་བ་ལྟར་གྱུར་དུས། དེའི་ངང་དུ་རང་བབས་སུ་གློད་ལ་སེམས་ཀྱི་རང་བཞིན་ཇི་འདྲ་ཡིན་ངོས་ཟིན་པར་བྱའོ། །གསུམ་པ་རིག་པའི་སྣ་འཁྲིད་པ་འཁོར་འདས་རུ་ཤན་ནི། འགྲོ་དྲུག་གི་བསམ་སྤྱོད་བརྗོད་པ་ཐམས་ཅད་བྱུང་རྒྱལ་དུ་མངོན་དུ་བྱས་ལ་འཕྲོ་བདོ་བ་ན་ཕཊ་སྒྲ་དྲག་པོ་རེས་འཕྲོ་བཅད་ལ། ཤེས་པའི་ངོ་ལ་བལྟས་པས་གཞི་མེད་རྩ་བྲལ་ལ་ངེས་པ་མ་རྙེད་བར་དུ་ཡང་ཡང་སྦྱང་། མཐར་སྒོ་གསུམ་གཡོ་མེད་དུ་རྣལ་དུ་ཕབ་ལ་སེམས་གནས་པའི་ངོ་བོ་ལ་རང་བབས་སུ་བལྟས་པས་མི་རྟོག་ཆོས་སྐུའི་ལྟ་བ་ལ་ངེས་པ་འདྲོང་བར་འགྱུར་རོ། །དེ་ནས་ཉན་ཐོས་ལྟར་སྤྱོད་པ་ཞི་བ། བྱང་སེམས་ལྟར་སྤྱོད་ལམ་འབྲིང་པོ། ཁྲོ་བོ་ལྟར་སྤྱོད་པ་དྲག་པོ་དང་བསྲེས་ལ་སྔོན་འགྲོའི་དུས་སུ་རྒྱུད་ལ་འབྱོར་པའི་ཞི་ལྷག་ལམ་དུ་བཅུད་དེ་སོར་གཞུག་པར་བྱའོ། །
གཉིས་པ་དངོས་གཞི་ཀ་དག་ཁྲེགས་ཆོད་ནི། རང་གི་སེམས་འདི་མ་བཅོས་རང་སར་བཞག་ལ། རང་གཤིས་ལ་བབས་ཀྱིས་བལྟས་ཚེ། ཡེ་སྟོང་རྩ་བྲལ་ཟང་ཐལ་ལེ་བ། ཕྱི་ནང་མཐའ་དབུས་དང་བྲལ་བ། རང་གདངས་འགག་པ་མེད་པ། འགྱུ་དྲན་གྱི་རྣམ་རྟོག་ཐམས་ཅད་དང་བྲལ་བ། བརྗོད་མེད་ཀྱི་དོན་ལ་ཁོ་ཐག་ཆོད་པས་དུས་གསུམ་རྒྱལ་བའི་ཐུགས་དང་མ་དག་སེམས་ཅན་གྱི་སེམས་ལ་བཟང་ངན་མེད་པར་རིག་སྟོང་ཡེ་ཤེས་དེའི་ཀློང་དུ་འུབ་ཆུབ་པར་ངོ་ཤེས་པ་ལྟ་བ་རི་བོ་ཅོག་གཞག་ཅེས་བྱའོ། །ལྟ་བ་དེའི་རང་ངོ་ཤེས་བཞིན་རང་བབས་སུ་བཞག་ཚེ་ཡོད་མེད་ཡིན་མིན་དུ་འཛིན་པའི་དམིགས་གཏད་ཀྱི་བསྒོམ་བྱ་གང་ཡང་མེད་ལ། དགག་སྒྲུབ་རྟོག་དཔྱོད་ཀྱི་བསླད་དང་བྲལ་བས་ཡེངས་པ་མེད་པར་ཆོས་ཉིད་བབས་ཀྱི་བསམ་གཏན་དང་རང་ངོ་རང་གསལ་གྱི་ལྷག་མཐོང་ཟུང་ངུ་འཇུག་པ་སྒོམ་པ་རྒྱ་མཚོ་ཅོག་གཞག་ཅེས་བྱའོ། །སྒོམ་པའི་རྒྱུན་སྐྱོང་བ་དེའི་ཚེ་ཚོགས་དྲུག་གི་སྣང་ཤེས་གང་ཤར་ཐམས་ཅད་ལ་བཅོས་བསྒྱུར་སྤང་བླང་མི་བྱ་བར་རིག་སྟོང་གཉུག་མའི་རང་ཚུགས་མ་ཤོར་བར་བྱས་པས་རྩལ་སྣང་གང་གིས་ཀྱང་ཕན་གནོད་མེད་པ་རྦ་རླབས་རྒྱ་མཚོར་ཐིམ་པ་ལྟར་འགྱུར་བ་སྤྱོད་པ་སྣང་བ་ཅོག་གཞག་ཅེས་བྱའོ། །དེ་ལྟར་གོམས་ཚེ་དང་པོ་རིག་པ་ངོ་ཤེས་ཚེ་རྣམ་རྟོག་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ། བར་དུ་རྩལ་རྫོགས་ཚེ་རྟོག་ཚོགས་གང་གིས་ཀྱང་ཕན་གནོད་མེད་པ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུ། མཐར་བརྟན་པ་ཐོབ་ཚེ་མ་དག་པའི་ཆོས་བཙལ་ཀྱང་མི་རྙེད་པ་རང་བཞིན་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པས་གསེར་གླིང་དུ་ས་རྡོ་མི་རྙེད་པ་ལྟར་གྱུར་པ་འབྲས་བུ་རིག་པ་ཅོག་གཞག་ཅེས་བྱའོ། །
གསུམ་པ་རྗེས་ལྷུན་གྲུབ་ཐོད་རྒལ་ནི། རིག་པ་འོད་གསལ་བའི་སྦུབས་ཡིད་དཔྱོད་བློ་ཡིས་བཞག་པ་མིན་པར་མངོན་སུམ་དུ་མཐོང་བར་བྱ་བའི་ཆེད་དུ་ལུས་གནད་སྐུ་གསུམ་གྱི་བཞུགས་སྟངས་གང་རུང་ལྡན་པས་ངག་གནད་སྨྲ་བ་བཅད་ལ་རླུང་དལ་བུར་ཁ་ནས་གདོན། སེམས་གནད་ཁྲེགས་ཆོད་ཅོག་གཞག་ཤེས་རབ་རང་བྱུང་གི་སྒྲོན་མའི་ངང་ནས་ཡུལ་གནད་ནམ་མཁའ་རྐྱེན་བྲལ་དང་ཉི་ཟླ་མར་མེ་སོགས་ལ། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟས་པས་སྣང་བའི་གནད་དབྱིངས་རྣམ་དག་གི་སྒྲོན་མ་མཐིང་དབྱིངས་ཁྱབ་པ་ཆེན་པོ་འོད་ལྔའི་མུ་ཁྱུད་ཅན་དང་། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་ཐིག་ཟླུམ་ཕྱི་ནང་རིམ་པ་མང་པོ་ཅན་གྱི་དབུས་སུ། རིག་གདངས་ལུ་གུ་རྒྱུད་གསེར་གྱི་སྐུད་པ་དུ་མ་ལ་ཤེལ་ཕྲེང་གིས་བརྒྱན་པ་ལྟ་བུ་དེ་གཡོ་འགུལ་མེད་པར་བཙོན་དུ་བཟུང་ལ། རླུང་མིག་ཡིད་གསུམ་དེར་ཐིམ་འགྲོ་བ་ལྟར་གཏད་ལ་ཡིད་དཔྱོད་མཚན་མའི་རྟོག་ཚོགས་གང་ཡང་མེད་པར་ཡུན་རིང་དུ་གོམས་པས་དབྱིངས་ཐིག་རིག་པ་རྣམས་གསལ་བར་མཐོང་བ་ཆོས་ཉིད་མངོན་སུམ། དེ་དག་ཇེ་གསལ་ཇེ་བརྟན་ཇེ་རྒྱས་སུ་མཆེད་དེ་འོད་སྣང་དཔག་ཏུ་མེད་པར་སྣང་བ་ཉམས་གོང་འཕེལ། དབྱིངས་སྣང་ཞིང་ཁམས་སུ་དག་ཐིག་ལེ་གཞལ་ཡས་ཁང་དུ་རྫོགས། རིག་པ་སྐུར་སྨིན་ནས་དག་པ་འབའ་ཞིག་གི་གདངས་མངོན་དུ་གྱུར་པ་རིག་པ་ཚད་ཕེབས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་མུ་མེད་པའི་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་གཞོན་ནུ་བུམ་སྐུའི་ཀློང་དུ་བཙན་ས་ཟིན་ཏེ་མི་སྣང་བར་གྱུར་པ་ཆོས་ཉིད་ཟད་སའོ། །སླར་ཡང་གདུལ་བྱའི་ཞིང་དུ་སྐུ་གསུམ་གྱི་བཀོད་པ་ཅིར་ཡང་ངོམ་པར་འགྱུར་བ་ནི། ལེགས་སྨོན་ཟུང་དུ་ཚོགས་པའི་རང་འབྲས་བསླུ་བ་མེད་པ་ཡིན་ནོ། །ཚེ་འདི་ལ་བརྟན་པ་མཆོག་མ་ཐོབ་ན་འཆི་ཁར་རང་སེམས་ཨ་དཀར་པོ་སྙིང་གར་གནས་པ་རླུང་གིས་བསྐྱོད་དེ་སྤྱི་གཙུག་ན་བཞུགས་པའི་བླ་མའི་ཐུགས་ཀར་ཐིམ། བླ་མའང་ཇེ་མཐོ་ཇེ་མཐོར་བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་མོས་ལ་རང་སེམས་བླ་མའི་ཐུགས་དང་དབྱེར་མེད་དུ་མཉམ་པར་བཞག་ལ་འཕོ་བར་བྱའོ། །ཆོས་ཉིད་བར་དོའི་སྣང་བ་སྒྲ་འོད་ཟེར་གསུམ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གང་ཤར་ཡང་རང་སྣང་དུ་ངོ་ཤེས་པར་བྱས། ཤེས་ཐོག་དེར་ཅོག་གཞག་ལྟ་བས་བཙན་ས་བཟུང་ལ་གནས་པར་བྱ། རྩལ་སྣང་ཐམས་ཅད་གཞི་ཀློང་དུ་མ་ཐིམ་བར་དུ་གནས་པ་ལས་སླར་མི་ལྡོག་པར་བྱའོ། །སྲིད་པ་བར་དོའི་སྣང་བ་རྨི་ལམ་ལྟར་ཤར་དུས་ལྷ་དང་བླ་མ་ལ་མོས་གུས་རྩེ་གཅིག་ཏུ་བྱས་ལ། འཆི་ཁ་བར་དོའི་མན་ངག་གནད་དུ་བསྣུན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བར་འགྱུར་རོ། །དེ་ལྟར་ཁྲིད་ཡིག་སངས་རྒྱས་ལག་སྟེར་འདིའི། །སྙིང་པོའི་གནད་རྣམས་རིག་སྟོང་ཀློང་ནས་རྡོལ། །ཚིག་ཚོགས་ཕལ་ཆེར་རྟོག་དཔྱོད་བློ་ཡིས་བཟོས། །འོན་ཀྱང་དང་པོའི་ལས་ཅན་འགའ་རེ་ལ། །ཕན་པ་ཅུང་ཟད་སྲིད་སྙམ་ཡི་གེར་བཀོད། །དགེ་འདིས་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །ཕྱམ་གཅིག་གདོད་མའི་དབྱིངས་སུ་དབུགས་དབྱུང་ཤོག །ཅེས་འཇམ་དབྱངས་སྤྲུལ་པའི་ཞིང་མཆོག་རི་བོ་རྩེ་ལྔའི་ཡང་དབེན་ཨ་སུ་རའམ་སྲེད་མེད་བུའི་བྲག་ཕུག་ཏུ་ངག་དབང་བློ་གྲོས་མཚུངས་མེད་པས་སྔ་དྲོའི་ཐུན་གསེང་དུ་ཡི་གེར་བཀོད་པ་དགེའོ།། །།
རྫོགས་ཆེན་ལམ་ལ་བསྔགས་པའི་གདམས་པ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །རྫོགས་ཆེན་ལམ་ལ་བསྔགས་པའི་གདམས་པ་བཞུགས་སོ། །འཇམ་དཔལ་གཞོན་ནུའི་ཞབས་ལ་ཕྱག་བགྱིས་ནས། །གནད་ཀྱི་གལ་མདོ་ངེས་པའི་གཏམ་ཞིག་བརྗོད། །ཆོས་ལམ་ཞུགས་ནས་ཆོས་ཀྱི་བྱ་བ་ལ། །འབད་པ་བྱེད་པའི་རྣལ་འབྱོར་ཕོ་མོ་གསོན། །ལུས་སེམས་མི་རྟག་ལ་ཁའི་ན་བུན་འདྲ། །འཇིགས་ཆེན་འཆི་བ་ནམ་འབྱུང་ཆ་མེད་དེར། །ཕན་པའི་ཉེར་བསྡོགས་བྱ་བ་མང་མོད་ཀྱི། །རང་སེམས་འོད་གསལ་གོམས་ལས་མཆོག་གཞན་མེད། །སེམས་ཉིད་རིག་སྟོང་གཉུག་མ་རྒྱ་ཡན་བབ། །ཐག་ཆོད་གནད་འདི་གསང་སྔགས་ལམ་ཀུན་ཀྱི། །སྐྱེལ་སོ་མཐར་ཐུག་རྣལ་འབྱོར་དགོངས་པའི་མཐིལ། །ཡང་དག་ཉམས་ལེན་བྱེད་ན་འདི་བཞིན་གྱིས། །རང་རིག་གཉུག་མའི་བབ་ལ་གནས་བཞིན་དུ། །མངོན་སུམ་འོད་གསལ་རང་གནད་གོམས་བྱས་ན། །སྐྱེ་ཤི་བར་དོའི་འཕྲེང་ཆེན་གཅིག་ཅར་ཆོད། །འཆི་བའི་གྲབ་མ་བྱེད་ན་འདི་སྒོམས་ཤིག །ཞག་བདུན་བསྒོམས་ཀྱང་ལས་རླུང་འཕྲུལ་འཁོར་ལྷོད། །ལོ་ཟླར་མཐུད་ན་མི་འགྱུར་གཏན་སྲིད་ཟིན། །ལྷ་སྔགས་ཚོགས་གཉིས་ཀུན་ཀྱང་ངང་གིས་རྫོགས། །འདི་ཤེས་ལམ་གཞན་འབད་པ་དེས་ཅི་བྱ། །སྣང་སེམས་གཞི་ཡི་རྩལ་དུ་ལམ་སློང་ན། །སྲིད་གསུམ་འཇིགས་པ་མཐའ་དག་དེ་ཡིས་ཆོམས། །རྨི་ལམ་དགྲ་ལས་གཡུལ་འགྱེད་གྲབ་མས་ཅི། །རང་སྣང་འཇིགས་པ་སེལ་བའི་ཐབས་གཞན་དམན། །རྒྱུ་འབྲས་རྟེན་འབྲེལ་ཆོས་འདི་མི་བསླུ་ཡང་། །རྟེན་འབྱུང་སྣ་ཚོགས་བྱེད་པོ་སེམས་ཉིད་ཡིན། །སེམས་ཀྱི་རྒྱལ་པོ་རང་སར་རང་གྲོལ་ན། །བྱ་བྱེད་གཞན་ལ་རེ་ལྟོས་ཅི་ཞིག་དགོས། །གང་གིས་ཡང་དག་ཆོས་ཀྱི་དོན་རྟོགས་ཚེ། །ཐེག་པའི་རྣམ་གྲངས་རྒྱ་མཚོའི་གྲུབ་མཐའ་ཀུན། །མཁྱེན་པའི་བློ་དང་གཞན་ཕན་བརྩེ་བའི་ཤུགས། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་འགྱུར། །ལམ་འདིས་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འབད་མེད་འགྲུབ་པ་རྒྱལ་པོ་ཆེ་བཞིན་ཏེ། །འབད་པ་བརྒྱ་ཕྲག་བསྟེན་པའི་ལམ་གཞན་གྱི། །དེ་དག་ལག་མཐུས་བསྒྲུབ་པ་བཞིན་དུ་ཆུད། །དེ་བས་བདེ་ཞིང་མྱུར་ལ་ཆོད་ཆེ་བའི། །ལམ་གྱི་ནང་ན་རྨད་བྱུང་མཐར་ཐུག་པ། །རྒྱལ་བ་རིག་འཛིན་བརྒྱུད་པའི་བཀའ་དྲིན་ལས། །ཉིན་མོར་བྱེད་པ་བཞིན་དུ་གསལ་མོད་ཀྱི། །ཡང་དག་ཚོགས་བསགས་ཟབ་མོའི་བློ་གྲོས་ཅན། །མཆོག་གི་སྐལ་བ་ཆེ་དང་ལྡན་གྱུར་པ། །འགའ་དང་འགའ་ཡི་སྤྱོད་ཡུལ་ཙམ་ཞིག་ལས། །སྐལ་དམན་ཕལ་ཆེར་འདི་ལས་ཕྱི་ཕྱོགས་འགྱུར། །དེ་ལྟ་བས་ན་ལམ་གྱི་སྙིང་པོ་ཡི། །ཁྱད་པར་ཤེས་ནས་ནན་ཏན་བསྒྲུབས་པའི་འབྲས། །རང་རྒྱུད་རྨད་བྱུང་ཆོས་ཀྱི་འབྱོར་བ་ཡིས། །འབྱོར་འགྱུར་སླད་དུ་མི་འབད་བློ་ལྡན་སུ། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་རྒྱ་མཚོའི་རླབས། །མཐོང་བས་སྐྱོ་ན་རང་སེམས་གཉུག་མ་རུ། །ངལ་གསོས་དོན་གྱི་དེ་ཉིད་མཐོང་བྱོས་དང་། །བདེ་བ་ཆེན་པོའི་དབུགས་ཆེན་ངེས་པར་འབྱིན། །སྣ་ཚོགས་ཕན་དང་བདེ་བའི་དངོས་གྲུབ་སྒོ། །ཇི་སྙེད་བསྒྲུབ་པར་འདོད་པའི་སེམས་སྐྱེས་ན། །འཕྲལ་དང་ཡུན་གྱི་བདེ་བའི་དངོས་གྲུབ་ཆར། །སེམས་ཉིད་དབྱིངས་སུ་རྩོལ་མེད་འབེབས་འདིར་བཞུགས། །འཁྲུལ་སྣང་ལུ་གུ་རྒྱུད་འདིས་འགྲོ་ཀུན་བསླུས། །མ་འཁྲུལ་རང་རིག་དབྱིངས་སུ་གང་གོམས་པ། །རྣམ་གྲོལ་མཐར་ཐུག་མཆོག་གི་གོ་འཕང་རྙེད། །དེ་བས་སེམས་ཉིད་དབྱིངས་སུ་གཏན་སྲིད་ཟུང་། །མ་ཡེངས་བྱར་མེད་རིག་པའི་རང་བབ་ལ། །དྲན་པ་རྒྱུན་ཆགས་འཇུག་པ་འདི་ཙམ་གྱིས། །དགྲ་གསུམ་གསོད་དང་བདུད་བཞི་འཇོམས་པ་དང་། །འགྲོ་དྲུག་འཁོར་བའི་གཡང་ས་ལེགས་ཆོད་ཀྱང་། །རྣམ་རྟོག་བར་སྣང་བསེར་བུ་ལ་ལོང་པོས། །དོན་མེད་རྨི་ལམ་ཐང་དུ་འཁྲིད་པའི་འཕྲུལ། །ཤེས་ནས་རང་དབང་རང་སོ་མ་ཟིན་པར། །འབད་པ་ཁོ་ན་གདམས་པའི་དོན་པོ་ལགས། །དེ་ལྟར་ཤེས་ནས་ལེགས་པར་སྐྱོང་མཛོད་དང་། །ཞག་དང་ཟླ་བའི་ཆ་ཡིས་ཁྱོད་འཕེལ་ལ། །ངེས་པ་དོན་གྱི་རྩ་གསུམ་དགྱེས་པའི་བྱིན། །སྙིང་ལ་ལེགས་ཞུགས་འཇིགས་མེད་བདེ་ཆེན་འཐོབ། །ཅེས་ཤིང་འབྲུག་ཟླ༨ཚེས༣ལ་མི་ཕམ་འཇམ་དཔལ་དགྱེས་པས་འཕྲལ་བྲིས་མངྒ་ལཾ།། །།
འཇམ་དཔལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
༄༅། །འཇམ་དཔལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་ཞེས་བྱ་བ་བཞུགས། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ། །འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱི་ངང་། །བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག །ཡེ་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་། །དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །སྤྲོས་ཤིང་དཔྱད་པ་ཀུན་རྟོག་སྣོན་མ་སྟེ། །བཙལ་ཞིང་སྒྲུབ་པ་རང་ཉིད་ངལ་བའི་རྒྱུ། །དམིགས་ཤིང་བསྒོམས་པ་ཕྱིར་ཞིང་འཆིང་བའི་གཟེབ། །ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག །བསམ་བརྗོད་བྲལ་ལ་མཐོང་བ་གང་མེད་ཀྱང་། །མ་མཐོང་ལྷག་མར་གྱུར་བ་གང་ཡང་མེད། །རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན། །མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཤོག །སྤྲོས་ཀུན་ཀ་ནས་དག་ཕྱིར་ཡོད་མཐའ་སྤངས། །རིག་གདངས་ལྷུན་གྱིས་གྲུབ་པས་མེད་མཐའ་བྲལ། །གཉིས་སུ་བརྗོད་ཀྱང་རྟོག་པའི་འཇུག་ཚུལ་ཙམ། །དབྱེར་མེད་བརྗོད་བྲལ་མཉམ་པའི་དོན་མཐོང་ཤོག །འདི་ན་མཛུབ་མོའི་ཟླ་བ་ཇི་བཞིན་དུ། །དང་པོར་ཡིད་དཔྱོད་ཚིག་གིས་མཚོན་བྱས་ཀྱང་། །ཆོས་ཉིད་རང་བབས་ཡིད་དཔྱོད་ཡུལ་ལས་འདས། །རང་གིས་རང་ལ་བླན་ཏེ་མཐོང་བར་ཤོག །འདི་ལ་བསལ་བར་བྱ་བ་མ་མཐོང་ཞིང་། །བཞག་སྟེ་བསྒྲུབ་པར་བྱ་བ་མ་དམིགས་པས། །དགག་སྒྲུབ་རྩོལ་བས་མ་བསླད་ཆོས་ཉིད་ངང་། །ལྷུན་གྱིས་གནས་པའི་དོན་ལ་འཇུག་པར་ཤོག །ཤེས་བྱའི་གཞི་དང་བགྲོད་པར་བྱེད་པའི་ལམ། །ཐོབ་བྱ་འབྲས་བུའི་ཆོས་སུ་བཏགས་པ་ཡང་། །རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་འདྲ། །བྱར་མེད་དོན་ལ་ལྷུན་གྱིས་གནས་པར་ཤོག །འཁྲུལ་བས་སྒྲོ་བཏགས་མ་དག་འཁོར་བའི་ཆོས། །དེ་ལས་ལོག་པ་དག་པའི་སྣང་བ་ཡང་། །ལྟོས་ནས་བཏགས་པ་རྣམ་པར་སྤྲོས་པའི་ཆོས། །སྤྲོས་མེད་གཤིས་ལ་མི་གནས་མཐོང་གྱུར་ཅིག། །བློ་བྲལ་ཆོས་ཉིད་གཤིས་ཀྱི་བཞུགས་ཙུལ་ལ། །ལྟ་དང་སྒོམ་པས་སླད་ཀྱིན་རྟོག་པས་སྒྲིབ། །ཐ་མལ་གཤིས་སུ་སོན་ལ་ལྟ་སྒོམ་བྲལ། །རྣལ་མའི་དོན་ལ་བབ་ཀྱིས་གནས་གྱུར་ཅིག །གང་ལ་དམིགས་པར་བྱ་བ་ལྟ་བའི་དུག །གང་ཞིག་རྩོལ་བས་ཟིན་པ་སྒོམ་པའི་སྐྱོན། །གང་ལ་བླང་དོར་བྱ་བ་སྤྱོད་པའི་འཕྲང་། །ཟུག་རྔུ་ཀུན་བྲལ་ཆོས་ཉིད་མཐོང་བར་ཤོག །སྤྲོས་པའི་གཟེབ་ཏུ་མ་ཚུད་རིག་པའི་གདངས། བློ་བྲལ་མངོན་སུམ་མཐོང་ལ་ཡིད་དཔྱོད་ཀྱི། །ཞགས་པས་མཁའ་ལ་མདུད་པ་མི་འདོར་བར། །རང་བཞག་རྣལ་མའི་དོན་ལ་མཁས་གྱུར་ཅིག །དེ་ཚེ་རང་རིག་གཞོན་ནུ་བུམ་པ་སྐུའི། །མཁྱེན་ཆ་རང་འོད་གསལ་བ་འཇམ་པའི་དབྱངས། །ཤེས་རབ་རང་བྱུང་སྒྲོན་མེའི་སྣང་བ་ཡིས། །སྒྲིབ་པའི་མུན་པ་འཐིབ་པོ་འཇོམས་གྱུར་ཅིག །མ་བཅོས་འདུས་མ་བྱས་པའི་ཆོས་ཉིད་ལ། །བཅོས་མའི་ལམ་གྱིས་གསར་དུ་བསྒྲུབ་མེད་པས། །རྒྱུ་ལས་མ་བྱུང་མཐར་ཐུག་འབྲས་བུའི་དོན། །རང་ལ་ཡེ་ནས་གནས་པ་མཐོང་བར་ཤོག །ཡིད་དཔྱོད་ཚིག་སྤུན་པ་འཁྲུལ་བའི་ལམ། །ཇི་ལྟར་བརྗོད་ཀྱང་རྟོག་པའི་དྲྭ་བ་སྟེ། །ལུང་ལས་མ་བྱུང་རང་གིས་རིག་བྱ་བའི། །མན་ངག་ཟབ་མོ་སྙིང་ལ་བསྒོམ་པར་ཤོག །གཟུང་འཛིན་སེམས་ནི་ངོ་བོ་ཉིད་ཀྱིས་འཁྲུལ། །གང་ལྟར་དམིགས་པ་དེ་བཞིན་ཉིད་དུ་མིན། །སེམས་ལས་མ་བྱུང་རང་བྱུང་ཡེ་ཤེས་སྐུ། །ངེས་པ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག །རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཐམས་ཅད། །མཉམ་པ་ཉིད་གྱུར་ཐིག་ལེ་ཉག་གཅིག་ལ། །འཁོར་འདས་རེ་དོགས་ཞིག་པའི་ངང་ཚུལ་དུ། །མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །འདི་ལྟར་ལུས་དང་ཡུལ་དུ་སྣང་བ་ཡང་། །རབ་རིབ་བཞིན་དུ་རྟོག་པའི་དབང་གིས་སྣང་། །མི་རྟོག་ཡེ་ཤེས་ཆེན་པོའི་རང་མདངས་ཀྱིས། །ཆོས་ཟད་གདོད་མའི་དབྱིངས་སུ་སྦྱང་གྱུར་ཅིག །དེ་ཚེ་མཁའ་དང་མཉམ་པའི་ཡེ་ཤེས་སྐུ། །ཕྱོགས་དུས་མུ་མཐའ་སྲིད་དུ་འགྲོ་ཀུན་གྱི། །ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར། །སྒྲིབ་བྲལ་འབྲས་བུའི་མཐར་ཐུག་ཐོབ་པར་ཤོག །ཅེས་པ་འདི་ནི་ཛྙཱ་ན་ཊཱ་ཀི་ནཱི་ཝ་ར་ཧིའི་རྣམ་པར་འཕྲུལ་པར་ཡོངས་སུ་གྲགས་པ་རྗེ་བཙུན་མ་བདེ་སྐྱོང་ཡེ་ཤེས་དབང་མོས། རབ་ཚེས་མེ་ཁྱི་ཟླ་༣ཚེས་༤ཀྱི་དུས་དགེ་བར་བཀྲ་ཤིས་པའི་ལྷ་རེག་དང་། ཤེལ་དཀར་ཕྲེང་བ་རིན་པོ་ཆེའི་རྒྱན་ལྡན་བཅས་བཀའ་ཡི་བསྐུལ་བས་རྐྱེན་བྱས་ནས། ཚེས་དེ་ཉིན་ལ་མི་ཕམ་འཇམ་དཔལ་དགྱེས་པའམ། འོད་གསལ་རྡོ་རྗེ་ཞེས་བྱ་བས་རྫོགས་པར་བྲིས་པ་སྟེ། རྫོགས་པ་ཆེན་པོའི་གྲུབ་མཐའི་རང་སྐད་ཐུན་མིན་རང་རྐང་ཚུགས་བར་གང་ཤར་དུ་སྨྲས་པའི་དགེ་བས་འགྲོ་ཀུན་གདོད་མའི་མགོན་པོ་འཇམ་དཔལ་གཞོན་ནུའི་གོ་འཕང་ཐོབ་པར་གྱུར་ཅིག །
མཇུག་གཏམ།
ཐེངས་འདིའི་དཔེ་ཚོགས་ཀྱི་པོད་བརྒྱད་པོ་ནི་སྔོན་ཆད་བསྒྲིགས་པའི་དེབ་གསུམ་གྱི་སྟེང་དུ་དོན་གཉེར་མཁན་རྣམས་ཀྱི་ཐུགས་རེ་དང་དགོས་མཁོ་དངོས་ལ་གཞིགས་ནས་གསབ་སྣོན་བགྱིས་པ་ཡིན་ལ། དེ་ཡང་ཆོས་དད་མི་དམངས་དཀྱུས་མའི་བླང་དོར་དང་ཉེར་མཁོ་ལ་དམིགས་ནས་ཞལ་འདོན་དང་ཉེར་མཁོའི་བསླབ་བྱའི་སྐོར་གྱི་དེབ་གཅིག །ཐེག་ཆེན་ཐུན་མོང་གི་ལམ་ལ་སློབ་པའི་རིགས་ལ་དམིགས་ནས་བྱང་སེམས་བློ་སྦྱོང་སྐོར་གྱི་དེབ་གཉིས། གསང་བ་སྔགས་ཀྱི་ཉམས་ལེན་སྒྲུབ་འཕྲིན་ཕྱག་བཞེས་དོན་དུ་གཉེར་བའི་ཚོགས་ལ་དམིགས་ནས་སྒྲུབ་སྡེ་སྤྱི་ལ་ཉེར་མཁོའི་སྐོར་གྱི་དེབ་གཉིས་དང་། སྨིན་གླིང་རྡོར་སེམས་སྐོར་གྱི་དེབ་གཅིག །ཐུན་མིན་ངེས་གསང་སྙིང་པོའི་དོན་གྱི་རང་ཞལ་འཚོལ་བའི་དམ་པ་དག་ལ་མཁོ་བའི་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་གྱི་དེབ་གཉིས་བཅས་བསྡུས་ཡོད།
དཔེ་ཚོགས་འདི་དག་དག་ཞུས་བྱེད་སྐབས་ཐོག་མར་མ་དཔེ་འཚོལ་སྡུད་དང་བསལ་འདེམས་བྱས་ཤིང་གཏན་ལ་ཕབ། བར་དུ་མི་རེས་དེབ་རེ་འགན་ཁུར་བའི་འཆར་འགོད་བཞག་ནས་མ་དཔེ་དང་ཞིབ་བསྡུར་ནན་ཏན་བྱས། ཐ་མར་ལས་མི་རྣམས་མཉམ་འཛོམས་ཀྱིས་དེབ་རེ་རེ་བཞིན་མ་དཔེ་དང་བསྡུར་ནས་དག་ཞུས་ཚར་གཅིག་བྱས་པ་དང་། དེ་ལས་ཆོས་ཚན་འགའ་རེ་ནི་མ་དཔེ་མི་འདྲ་བ་གཉིས་ནས་གསུམ་བར་ཡང་ཡང་བསྡུར་བ་ཡོད་ལ། མཐར་ཡང་དེབ་དག་རེ་རེ་བཞིན་ཚེག་ཤད་ཀྱི་ནོར་བ་དང་དཀར་ཆག་གི་གོ་རིམ་སོགས་ལ་ཆེད་དམིགས་ཀྱིས་བསྡུར་ཞུས་བྱས་པ་ཡིན་ལ། ཞུ་བསྡུར་བྱེད་སྐབས་ཀྱི་ཐོག་མཐའ་ཀུན་ཏུ་མ་དཔེ་རྙིང་བ་ཚད་ལྡན་ཡོད་པའི་ཆོས་ཚན་དག་ནི་བརྡ་སྤྲོད་ཀྱི་སྦྱོར་སྟངས་ཚུན་ཆད་མ་དཔེ་དང་བསྟུན་གང་ཐུབ་བྱས་ཡོད་པ་དང་། དོན་མ་གོ་བ་དང་ཡི་གེ་མི་གསལ་བ། ཐེ་ཚོམ་ཆེ་བ་རྣམས་ལ་བགྲོ་གླེང་དང་དཔྱད་བསྡུར་བློ་འདྲི་སོགས་ཀྱི་ལམ་ནས་ཐག་གཅོད་གང་ཐུབ་བགྱིས་ཡོད། མདོར་ན་ང་ཚོས་གང་ནུས་གང་ཐུབ་ཀྱིས་ཞུ་དག་གཟབ་གཟབ་བྱས་ཁུལ་ཡིན་མོད། ངེད་ཅག་ལ་ཡོན་ཚད་དང་ཉམས་མྱོང་དམའ་ཞིང་ཁོམ་ལོང་ཉུང་བ་དང་། ཡིག་ཚོགས་འབོར་ཆེ་བ་དང་། མ་དཔེ་ཚད་ལྡན་ལོན་དཀའ་བ༼ཆོས་ཚན་ལ་ལར་མ་དཔེ་ཡིད་རྟོན་ཕེར་བ་གཏན་ནས་ལོན་མ་ཐུབ༽ སོགས་ཀྱིས་ད་དུང་ནོར་བ་དང་འཕྱུག་པ་གང་མང་ཡོད་ངེས་ཡིན་པས། དོན་གཉེར་ཅན་གྱི་ཐོས་བསམ་སྒོམ་སྒྲུབ་གནང་བའི་སྐྱེས་བུ་རྣམས་དང་། མཁྱེན་སྤྱན་ལྡན་པ་དག་ལ་བཟོད་གསོལ་ཞུ་བ་དང་ལྷན་དུ། སླད་མར་ཡང་ལམ་སྟོན་དང་ནོར་བཅོས་གང་མང་གི་རྒྱབ་སྐྱོར་གནང་བའི་རེ་བ་ཞུ་ཞུ།
སྤྱི་ལོ་༢༠༡༩ ཟླ ༦ ཚེས ༡༥ལ།
ཟབ་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་གཅེས་བཏུས་རིག་འཛིན་བླ་མའི་ཐུགས་བཅུད།
སྤྱིའི་འགན་འཛིན་དང་འཆར་འགོད་པ། འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་འགན་ཁུར་པ། དགེ་ལེགས་ནོར་བུ།
མ་དཔེ་འཚོལ་སྡུད་པ། ནམ་མཁའ་སྐྱབས། འཇིག་མེད་ཕུར་བ།
ལག་བསྟར་རྩོམ་སྒྲིག་པ། ཐུབ་བསྟན་བཤད་སྒྲུབ།
དཔེ་བསྡུར་ཞུ་དག་པ། ཕུར་རྣམ། དཀོན་མཆོག་བཀྲ་ཤིས།
རྩིས་འཕྲུལ་ལག་བསྟར་པ། ཀུན་བཟང་སྒྲོལ་མ།