ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།
སྤྱི་དོན་མདོར་བསྟན་པ།
༄༅། །ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
དོན་གཉིས་ལྷུན་གྲུབ་སྟོན་པ་རྫོགས་སངས་རྒྱས། །
བདེན་གཉིས་ངོ་བོ་གསུང་རབ་དམ་པའི་ཆོས། །
ཚོགས་གཉིས་ཞིང་མཆོག་རིག་གྲོལ་འདུས་པའི་སྡེ། །
རིན་ཆེན་རྣམ་གསུམ་གཏན་གྱི་སྐྱབས་སུ་བསྙེན། །
མི་དབང་རྒྱལ་པོའི་རིན་ཆེན་དབུ་རྒྱན་ཞེན་ལོག་རལ་གྲིའི་སོ་ཡིས་གཏུབས། །
སེར་སྐྱའི་ཡུལ་གྱི་ཕུན་ཚོགས་སྡེ་བཞི་མཆིལ་མའི་ཐལ་བ་བཞིན་དུ་དོར། །
འཚེ་མེད་ཞི་བའི་ཆོས་སྒྲ་སྙན་མོ་དྲང་སྲོང་ལྷུང་བའི་ནགས་ནས་བསྒྲགས། །
ཁྱེད་ལ་འདུད་དོ་བདེན་པའི་ལམ་སྟོན་ཤཱཀྱའི་རྒྱལ་སྲས་དོན་ཀུན་གྲུབ། །
ཕྱོགས་དུས་རྒྱལ་བའི་གསང་གསུམ་ཡེ་ཤེས་དམར་སེར་ཐིག་ལེའི་ཧྲཱིཿཡིག་ནི། །
ལྷོ་ནུབ་འོ་མའི་དྭངས་མཚོར་འཕོས་པའི་དབང་མདོག་པདྨའི་ཟེའུ་འབྲུ་ལས། །
བདེ་སྟོང་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་འཇམ་དཔལ་བློ་ལྡན་མཆོག་སྲེད་རྩལ། །
རབ་འབྱམས་ལྷ་ཡི་སྤྲོ་བསྡུའི་བྱེད་པོ་ཧེ་རུ་ཀ་པས་བདག་སྐྱོངས་ཤིག །
ནང་དབྱིངས་གདོད་མའི་རྩལ་སྣང་མ་འགག་པ། །
རྟག་ཁྱབ་མཛད་པ་ཆུ་ཟླའི་རོལ་གར་གྱིས། །
ཞིང་འདིར་གདོད་མའི་མགོན་པོའི་སྐུར་སྣང་བའི། །
དྲི་མེད་འོད་ཟེར་ཞབས་ལ་མགོས་ཕྱག་འཚལ། །
བེེཌཱུར་ཞུན་མའི་ཕབས་ཀྱིས་བྲན་པའི་མཁྱེན་རབ་རལ་གྲིའི་འཕྲུལ་འཁོར་གྱིས། །
ཀུན་རྨོངས་མུན་པའི་སྲོག་ལ་ཟ་བའི་ལི་ཁྲིའི་ལང་ཚོར་འཕོས་པའི་ལྷ། །
བསིལ་ལྗོངས་ཞིང་དུ་གཤེས་གཉེན་ཚུལ་བཟུང་འཇམ་མགོན་བླ་མ་ཨ་ཛི་ཏའི། །
རྡུལ་བྲལ་ཞབས་ཀྱི་པདྨོའི་ཅོད་པན་དད་གསུམ་སྤྱི་བོའི་རྒྱན་དུ་ལེན། །
ཁྱབ་བདག་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི། །
མ་འགག་ལྷུན་གྲུབ་སྒྱུ་འཕྲུལ་རོལ་བའི་གར། །
གསང་ཆེན་རྒྱུད་ཀྱི་བཀའ་བབས་མ་ནི་ཀ །
ཐུབ་བསྟན་ཆོས་འཕེལ་མཆོག་ལའང་ཕྱག་བགྱིའོ། །
ཆོས་བརྒྱད་འཁྲུལ་བའི་རྫུན་རིས་མཐའ་དག་ཆོས་ཟད་གཉུག་མའི་ཀློང་དུ་བསྡུས། །
ཆོས་མཐུན་སྒྲུབ་གནས་དབེན་པའི་རི་ནས་སྨིན་གྲོལ་བདུད་རྩིའི་སྒོ་ཆེན་ཕྱེས། །
ཆོས་ཉིད་འོད་གསལ་སྙིང་པོའི་དོན་ལ་ཉམས་དང་རྟོགས་པ་མཐར་སོན་པའི། །
ཆོས་ཀྱི་རྗེ་བོ་དཔ༵ལ་ལྡ༵ན་བླ་མ་རྡོ༵་རྗེ༵་འཆང་དངོས་དེ་ལ་འདུད། །
བཅོས་མིན་ངེས་འབྱུང་རླན་གྱིས་བཟུང་བའི་འདུལ་ཁྲིམས་རི༵ན་ཆེ༵ན་ལྷ་ཡི་ཤིང་། །
རྗེས་ཆགས་བརྩེ་བའི་ཡལ་ག་བརྐྱངས་ཤིང་རིམ་གཉིས་ལྟ་བའི་ལྕུག་ཕྲན་གཡོ། །
ཉམས་རྟོགས་བཟ༵ང་པོ༵འི་ལོ་འབྲས་དུད་པའི་ཡོན་ཏན་ཡོངས་འདུས་དྲི་བསུང་དེས། །
གདུལ་བྱའི་ལྷ་ཚོགས་དབང་མེད་འགུག་པའི་མཚན་སྙན་གླིང་བཞིའི་མཁའ་རུ་འཕུར། །
མགོན་པོ་གང་གི་གསང་གསུམ་རོལ་བའི་རྣམ༵་པ༵ར་ཐ༵ར་བ༵་མ་དྲོས་ཀློང་། །
མ༵དོ་ཙ༵མ་ཛ་ཧུའི་ལྟོ་བར་བཀོ༵ད་པ༵་ཡིད་འཕྲོག་ཚངས་པའི་རལ་ལྷུང་མ། །
མཚུ༵ངས་མེ༵ད་རིགས་བདག་སྨྲ་བའི་ཉི་མ་རྗེ༵་བཙུ༵ན་བླ༵་མ༵འི་ཞ༵ལ་ལུ༵ང་བཞིན། །
གདུལ་བྱའི་དཔལ་དུ་དེང་འདིར་འདྲེན་པས་སྐལ་བཟང་ཚོགས་ཀྱིས་རྣ་བ་བློགས། །
བརྒྱད་གཉིས་ལོངས་སྤྱོད་འཁོར་ལོའི་སྐྱེད་ཚལ་དུ། །
བདེ་སྟོང་གར་གྱིས་རྩེན་པའི་ཚངས་སྲས་མ། །
རིང་ནས་ཡིད་ལ་འདྲིས་པའི་མཛའ་བཅུགས་དེས། །
དགྱེས་ཆགས་བཞད་པའི་འཛུམ་དཀར་ད་ཁྲོལ་ཅིག །
བརྒྱུད་གསུམ་བླ་མའི་ཐ་ཚིག་ལ་གནས་པའི། །
སྡེ་གསུམ་སྣང་སྲིད་དྲེགས་པའི་ཚོགས་རྣམས་ཀྱིས། །
སྒྲིབ་བྲལ་མཁྱེན་པའི་སྤྱན་གྱིས་ཉེར་དགོངས་ཏེ། །
འཁྲུལ་མེད་བཀའ་ཡིས་གནང་བ་བསྩལ་དུ་གསོལ། །
དེ་ཡང་རང་ཅག་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་སྐྱབས་གཅིག་འཁོར་ལོའི་མགོན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧མཁན་ཆེན་དཔལ་ལྡན་རྡོ་རྗེ་ཞེས་མཚན་ཐོས་པ་ཙམ་གྱིས་ཀྱང་ཕན་བདེའི་གཏེར་ཆེན་པོ་ལ་འགོད་པར་བྱེད་པའི་དམ་པ་གང་གི་ཕྱི་ནང་གསང་གསུམ་གྱི་རྟོགས་བརྗོད་རྒྱ་མཚོ་ཆེན་པོ་ལྟ་བུ་ལས་འདིར་ཕྱི་ཡི་རྣམ་པར་ཐར་བ་མདོ་ཙམ་ཞིག་གདུལ་བྱའི་སློབ་བུ་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་རྣམས་དང་མགོན་པོ་མཆོག་ལ་ཡང་བཀའ་འདྲི་ཅི་རིགས་བྱས་པའི་གསུང་ཟིན་གྱི་དུམ་བུ་རྣམས་གོང་བསྒྲིགས་ཏེ་སྤྲོ་བ་ལ།
སྤྱི་དོན་མདོར་བསྟན་པ་དང་། སྐབས་དོན་རྣམ་ཐར་དངོས་ལ་འཇུག་པ། སྤྱི་སྡོམ་ཉུང་ངུས་མཇུག་བསྡུ་བ་སྟེ་གསུམ་ལས། དང་པོ།
ཇི་སྐད་དུ། ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་འབུམ་དུ་བསྒོམས་པ་བས། །བླ་མ་དྲན་པའི་བསོད་ནམས་ཆེ། །ཞེས་པ་ལྟར་བླ་མ་ནི་གསར་རྙིང་གི་རྒྱུད་སྡེ་རྣམས་ལས་དཀོན་མཆོག་བཞི་པ་དང་དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ཡང་ཡང་གསུངས་ཤིང་། ཁྱད་པར་དུ་མན་ངག་རྫོགས་པ་ཆེན་པོའི་ལུགས་ལ་ནི་ཉམས་རྟོགས་ཀྱི་ཡོན་ཏན་ཅི་སྐྱེས་ཐམས་ཅད་རྐྱེན་བླ་མ་གཅིག་པུ་ལ་རག་ལས་པས་རྟག་ཏུ་བླ་མ་དྲན་པ་དང་། དད་པ་དང་མོས་གུས་གཙང་མས་དེ་ཡི་ཐུགས་རྒྱུད་བསྐུལ་དགོས་པར་གསུངས་ན་དེ་དག་ཀུན་གྱི་སྒོ་གཅིག་པུ་ནི་དེའི་ཡོན་ཏན་ཤེས་པ་ལ་རག་ལས་ཤིང་། དེ་ཡང་ནང་དང་གསང་བའི་རྣམ་པར་ཐར་བ་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་དང་སར་གནས་ཀྱི་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་དམན་པ་རང་ལྟ་བུའི་སྤྱོད་ཡུལ་དུ་མི་འགྱུར་པ་སྨྲོས་མ་དགོས་པས་ཇི་བཞིན་བརྗོད་པའི་རྔོ་མི་ཐོགས་ནའང་། སྤྱིར་མདོ་རྒྱུད་རྣམས་ལས་རིགས་དང་མཚན་མ་སོགས་ལ་བརྟེན་ནས་དམ་པ་དང་དམ་པ་མིན་པའི་རྣམ་བཞག་ཅི་རིགས་གསུངས་པ་དང་སྒོ་བསྟུན་ནས་མགོན་པོ་གང་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལྟ་བུས་རྗེས་སུ་དཔག་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞིག་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་སྙིགས་མ་ལྔ་ལྷག་པར་བདོ་བའི་དུས་ཀྱི་མར་གཤམ་འདིར་རང་ཅག་གདུལ་བྱ་རྣམས་ཀྱི་དོན་དུ་བསམ་བཞིན་དུ་དགེ་བའི་བཤེས་གཉེན་མཆོག་གི་སྐུ་སྐྱེ་བཟུང་པ་ཞིག་ཡིན་པར་ངེས་ལ། དེ་ཡང་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུར་ཤེས་སོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་པ་ལྟར་ལ། ཁྱད་པར་དུ་སྙིགས་མ་ལྔ་བདོ་བའི་དུས་འདིར་ལམ་སྟོན་དགེ་བའི་བཤེས་གཉེན་རྣམས་ནི་སྟོན་པ་མཆོག་ཉིད་ཀྱི་སྤྲུལ་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མདོ་སྡེ་རྣམས་ལས་མང་དུ་གསུངས་ཏེ། ཇི་སྐད་དུ། ཕལ་བོ་ཆེའི་མདོ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ལ་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །ཅེས་དང་། མྱང་འདས་ཆེན་པོའི་མདོ་ལས། ང་ནི་འདི་ནས་མྱ་ངན་འདའ། །ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །སྨྲེ་ངག་མ་འདོན་ཀུན་དགའ་བོ། །མ་འོངས་སྙིགས་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། ཆུ་ཀློང་རོལ་བའི་མདོ་ལས། ལྔ་བརྒྱའི་ཐ་མར་གྱུར་བའི་ཚེ། །ང་ཉིད་སློབ་དཔོན་ཚུལ་དུ་གནས། །ཞེས་པ་སོགས་ཀྱིས་མཚོན་ནས་ཡང་ཡང་གསུངས་ཤིང་། དེ་ཡང་གདུལ་བྱའི་འགྲོ་བ་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་རྒྱུ་ཚོགས་ཤིང་སངས་རྒྱས་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེའི་རྐྱེན་འཛོམས་ན་རྒྱལ་བའི་ཕྲིན་ལས་གྱི་འཇུག་པ་འགོག་མེད་དུ་སྣང་ཞིང་གཟུགས་སྐུ་གཉིས་ཀྱི་སྒྱུ་འཕྲུལ་གྱི་རོལ་པ་ལྷུན་གྲུབ་ཏུ་འབྱུང་བ་ནི་དུས་ལས་ཡོལ་མི་སྲིད་དེ། འདུལ་བ་ལུང་ལས། རྒྱ་མཚོ་ཆུ་སྲིན་གནས་དེ་ནི། །དུས་ལས་གལ་ཏེ་ཡོལ་སྲིད་ཀྱང་། །གདུལ་བ་ཡི་ནི་བུ་རྣམས་ལ། །སངས་རྒྱས་དུས་ལས་འདའ་མི་མཛད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་མཆོག་རྣམས་ཀྱི་མཛད་པའི་རྣམ་ཐར་གྱི་ཆ་ཤས་ཕྲ་མོ་རེ་འཆང་བ་དང་། འབྲི་བ་དང་། ཀློག་པ་དང་། འཆད་པ་སོགས་བྱ་བ་ཅུང་ཟད་ཙམ་རེ་བྱས་པ་ཡང་ཕལ་བའི་དགེ་བ་གང་གིས་ཀྱང་འགྲན་མི་ནུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་པ་དང་། གཞན་མ་དད་པ་དག་དད་པར་འགྱུར་བ་དང་། དད་པ་རྣམས་ཀྱང་མོས་གུས་བླ་ལྷག་ཏུ་འཕེལ་བ་སོགས་ཀྱི་དགོས་པ་ཡོད་དེ། ཇི་སྐད་དུ། དྲི་མེད་གྲགས་པས་ཞུས་པའི་མདོ་ལས། རབ་འབྱོར་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། རབ་འབྱོར་གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་བའི་ཕྱེད་ཙམ་སྟོན་ན། དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་དང་། གཞོན་ནུ་ལུང་བསྟན་གྱི་མདོ་ལས། གཞོན་ནུ་སློབ་དཔོན་གྱིས་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་བཤད་པ་ལ་བརྩོན་ཅིག །ཅེས་དང་། འཕགས་པ་གཎྡི་རྒྱས་པའི་མདོ་ལས། སློབ་དཔོན་མཚན་ཉིད་སུས་བཤད་པ། །བསོད་ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡིས་བསྲུང་ལ་བར་ཆད་མེད། །ཅེས་དང་། ཕལ་བོ་ཆེའི་མདོ་ལས། གང་གི་རྣམ་ཐར་འདི་དག་ཐོབ་གྱུར་ན། །ཡིད་ཆེས་འཛིན་ཅིང་འཇིག་རྟེན་སྒྲོག་པ་ནི། །ངོ་མཚར་རྨད་ཀྱི་ཆོས་དང་ལྡན་གྱུར་ཏེ། །མི་ཡུལ་ཀུན་ལ་དེ་འདྲ་དཀའ་བ་ཡིན། །ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རེ་ཞིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་ནས་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་པ་སོགས་དང་། ཡོན་ཏན་མཛོད་རང་འགྲེལ་ལས། འདི་ལྟར་བླ་མ་ནི་ཟབ་མོའི་མདོ་སྡེ་དང་། རྒྱུད་སྡེ་ཐམས་ཅད་ནས་སངས་རྒྱས་ཀྱི་སྤྲུལ་བར་གསུངས་ན། དེའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་བ་ལ་བསླབས་པས་སངས་རྒྱས་ཀྱི་རྣམ་པར་ཐར་བ་ལ་བསླབ་པར་འགྱུར་བའི་ཕྱིར། བདག་གིས་ཀྱང་དེ་ཁོ་ན་ཉིད་འདྲ་བ་ཞིག་བྱའོ་སྙམ་པས་ཐོས་པ་དང་བསམ་པ་དང་སྒོམ་པའི་བྱ་བས་དུས་འདའ་བར་བྱེད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བླ་མས་གདམས་པ་ཉམས་སུ་ལེན་པ་ལ་ཞུགས་པ་དེའི་ལྷག་པའི་བསམ་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པ་བཅུ་ཡོངས་སུ་སྦྱོང་། དབང་པོ་དེ་སྙེད་ཅིག་འཕེལ། བྱིན་རླབས་དེ་སྙེད་ཅིག་འབྱུང་། སྒྲིབ་པ་དེ་སྙེད་ཅིག་དག །བདུད་དེ་སྙེད་ཅིག་ལས་འདའ། ཆོས་ཀྱི་སྒོ་དེ་སྙེད་ཅིག་ལ་འཇུག །ཚོགས་དེ་སྙེད་ཅིག་རྫོགས། སྤྱོད་པ་དེ་སྙེད་ཅིག་རྣམ་པར་དག །སྨོན་ལམ་དེ་སྙེད་ཅིག་འགྲུབ། ཡོན་ཏན་དེ་སྙེད་ཅིག་ཐོབ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། བླ་མ་ལ་རག་ལས་ཤིང་བླ་མ་ལས་འབྱུང་བའོ། །ཞེས་དང་། བཀའ་བརྒྱུད་གསེར་ཕྲེང་ལས་ཀྱང་། རྒྱལ་བ་སྲས་དང་བཅས་པ་རྣམས་དང་། དེ་ཡི་སྤྲུལ་བ་བཀའ་བརྒྱུད་རིན་པོ་ཆེ་དང་། གཞན་ཡང་སྐྱེས་མཆོག་དམ་པ་སྤྲུལ་བའི་སྐུ་རྣམས་ཀྱི་རྣམ་ཐར་དང་། ཕྲིན་ལས་མཛད་པ་ངོ་མཚར་ཆེ་བ་རྣམས་ལན་རེར་ཐོས་པ་ཙམ་གྱིས་ཀྱང་ལས་ངན་སྡིག་སྒྲིབ་དཔག་ཏུ་མེད་པ་འདག་ཅིང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་ལ་དཀར་པོའི་ས་བོན་ཐེབས་ཤིང་བླ་མ་རྣམས་ཀྱི་ཞབས་དྲུང་དུ་སྐྱེས་ནས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་འགྱུར། སྡུག་ཁུར་དང་དཀའ་སྤྱད་ནུས་ཤིང་བློ་སྟོབས་དང་གོ་བ་ཤུགས་ཀྱིས་སྐྱེ། མང་དུ་ཐོས་ཤིང་ཡིད་ལ་འཇགས་པར་གྱུར་ན་ཆོས་རྣམ་ཐར་གྱིས་བསྟན་པ་ཡིན་པས་སྤང་བླང་རྣམས་ཤེས་ཤིང་། ལམ་མ་ནོར་བར་འགྱུར་ཏེ། རྒྱུད་ལ་དད་པ་མེད་པ་རྣམས་ལ་དད་པ་སྐྱེ་བར་འགྱུར། དད་པ་ཡོད་པ་རྣམས་ཀྱང་གོང་དུ་འཕེལ་ལ། ཞེན་ལོག་དང་། བརྩོན་འགྲུས་དང་། ཤེས་རབ་ལ་སོགས་པ་ཡང་ཤུགས་ཀྱིས་སྐྱེ་བར་འགྱུར། མོས་གུས་ཀྱི་གདུང་བ་སྐྱེས་ན་དོན་བརྒྱུད་ཀྱི་བྱིན་རླབས་ཞུགས་ནས་ཉམས་དང་རྟོགས་པ་མ་སྐྱེས་པ་རྣམས་ལའང་རྩོལ་མེད་དུ་སྐྱེ་ཤིང་། སྐྱེས་པ་རྣམས་གོང་ནས་གོང་དུ་བོགས་ཐོན་པར་འགྱུར། བྱང་ཆུབ་སེམས་དཔའི་མཛད་པ་ངོ་མཚར་ཅན་དེ་ལྟ་བུ་བདག་གིས་ཀྱང་བྱེད་པར་གྱུར་ཅིག་སྙམ་པ་བྱུང་ན། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་རྒྱུད་ལ་སྐྱེ་ཞིང་། དགེ་བ་སྟོབས་ཆེན་པོ་རྣམས་ལ་རྗེས་སུ་ཡི་རང་སྐྱེས་ན། བསོད་ནམས་མཉམ་དུ་ཐོབ་པར་བཤད་ཅིང་། མཛད་པ་ངོ་མཚར་བ་དང་། ཆོས་ཀྱི་གཏམ་ཟབ་མོ་རྣམས་ཐོས་པས་འཕྲལ་དུ་ཡང་ཆགས་སྡང་མི་དགེ་བ་དང་། སྡུག་བསྔལ་རྣམས་འགག་ཅིང་། དགའ་སྤྲོ་དང་དཀར་པོའི་དགེ་བ་རྣམས་འཕེལ་བར་འགྱུར། ལོག་རྟོག་ཅན་འགའ་ཞིག་གིས་སྨོད་ཅིང་སྐུར་བ་འདེབས་ན་ཡང་། སེམས་དཔའ་ཆེན་པོ་རྣམས་ཀྱིས་རྗེས་སུ་འཛིན་ཅིང་། གདུལ་བྱར་གྱུར་ནས་འཁོར་བ་མཐའ་ཅན་དུ་བྱེད་དོ། །མདོར་ན་རང་གཞན་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བས་ན། འདི་རྣམས་མཐོང་བ་དང་། ཐོས་པ་དང་། དྲན་པ་ཙམ་ཡང་དོན་ཡོད་པར་བྱེད་པས་ན། འབྲི་བ་དང་། འཆང་བ་དང་། ཀློག་པ་དང་། འཆད་པ་དང་། ཉན་པ་དང་། བསམ་ཞིང་ཡིད་ལ་འཛིན་པ་དང་། དོན་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་ཞིང་དད་གུས་ཁྱད་པར་ཅན་བསྐྱེད་པར་བྱའོ། །ཞེས་སོགས་གསུངས་པ་ལྟ་བུ་ཡིན་པས་བླང་དོར་གྱི་མིག་ཕྱེ་ཤིང་ཡང་དག་པའི་ཆོས་ཀྱི་ལམ་དྲི་མ་མེད་པ་བསྟན་ཏེ་ཕན་བདེའི་གཏེར་ཆེན་པོ་ལ་འགོད་པར་བྱེད་པའི་བླ་མ་མཆོག་ནི་འདུལ་བ་སོ་ཐར་གྱི་ལམ་ནས་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པའི་དགེ་སྦྱོང་ཉིད་དུ་འཛིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ནི་སྨོན་དང་འཇུག་པའི་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མིན་དུ་མངའ་ཞིང་ཐབས་ཤེས་ཀྱི་ཉམས་ལེན་ཡ་མ་བྲལ་བའི་བརྩེ་བ་སྙིང་རྗེ་ཆེན་པོའི་མངའ་བདག་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དངོས་ཉིད་དུ་མོས་པ་དང་། གསང་སྔགས་ཕྱི་ནང་གི་ཐེག་རིམ་དག་ལས་ནི་རིམ་གཉིས་ཀྱི་ལམ་ལ་དྲོད་ཐོབ་པའི་སྔགས་འཆང་རིག་པ་འཛིན་པའི་སྐྱེས་བུ་རུ་མཐོང་བ་དང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལ་ནི་ཟབ་རྒྱས་ཀྱི་གདམས་པ་གནང་བའི་བླ་མ་དེ་ནི་གོང་གི་ཕྱི་ནང་གསང་གསུམ་གྱི་ཐེག་པ་དག་ལས་གསུངས་བའི་བརྟན་མཁས་ཀྱི་དགེ་སྦྱོང་དང་ལམ་རིམ་བགྲོད་ཀྱི་བྱང་འཕགས། གསང་སྔགས་ཕྱི་ནང་གི་ལམ་ལ་ལྟ་སྒོམ་སྤྱོད་གསུམ་དག་པའི་རིག་འཛིན་ཞིག་ཏུ་འཛིན་པ་ལྟ་ཅི་ཐ་ན་ལམ་མས་སྦྱང་གི་སངས་རྒྱས་ཤིག་ཀྱང་མིན་པར་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་དངོས་ཡིན་པར་གསུངས་པས་དེའི་མཛད་པའི་རྣམ་ཐར་དག་ལ་འབྲི་ཀློག་སོགས་བྱེད་པ་ནི་བསྐལ་བ་བྱེ་བ་ཕྲག་དུ་མར་བསགས་པའི་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཞིག་མངོན་དུ་གྱུར་པ་ཡིན་མོད། འོན་ཀྱང་ཨ་ཕའི་ཁ་ཕོར་གཙང་ཞེན་གྱི་ལྟ་བས་ཕྱོགས་འཛིན་གྱི་འཐེན་ཁྱེར་སོགས་ཆགས་སྡང་དངོས་ཀྱི་བསམ་པས་ལྟ་ཅི་ཐ་ན་ཞབས་ཏོག་སོགས་ལ་དམིགས་ནས་འུད་བརྗོད་དང་སྒྲོ་འདོགས་ཅུང་ཟད་རེ་བྱེད་ཤོར་ཡང་བླ་མའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་དག་ལ་མེད་པར་སྐུར་བ་བཏབ་པའི་ཉེས་དམིགས་དང་མཚུངས་པར་བཀའ་གདམས་ཆོས་སྐོར་ལས་འབྱུང་བ་དང་། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲགས་པས་བླ་མ་ཟོག་པོར་བཏང་། །ཞེས་པ་ལྟ་བུའི་ཚིག་དོན་ཡིད་ལ་ངེས་བཞིན་དུ་འབྲི་ཁུལ་བྱས་པ་ཡིན་ཞིང་། ཁྱད་པར་དུ་རྣམ་ཐར་འདིའི་ཕལ་མོ་ཆེ་ནི་རྗེ་གང་ལ་བཀའ་འདྲི་ཞུས་པའི་གསུང་ཟིན་གྱི་དུམ་བུ་རྣམས་གོང་བསྒྲིགས་པ་ཡིན་པས་རང་རྣམ་ཞིག་དང་གཉིས་སུ་མ་མཆིས་པས་སྒྲོ་སྐུར་གྱིས་གོས་མེད་ལ། གཞན་དག་ཀྱང་ད་ལྟ་དངོས་སུ་བཞུགས་པའི་མགོན་པོ་གང་གི་སློབ་ཆེན་རྣམས་དང་དྲུང་ན་མོ་དག་གི་ཞལ་ནས་ཐོས་པ་འབའ་ཞིག་ཡིན་པས་བདེན་དཔང་རི་འདྲ་བ་དག་བཞུགས་བཞིན་དུ་རང་བཟོའི་རྣམ་ཐར་ཞིག་མི་བསྐྲུན་པ་སུས་ཀྱང་ཤེས་པས་ཀློག་པ་པོ་དག་གིས་ཐེ་ཚོམ་གྱི་ནེམ་འགྲོས་མི་དགོས་པར་ཐུགས་ཡིད་ཆེས་པའི་སྒོ་ནས་རྣམ་ཐར་འདི་ཉིད་འཆད་ཉན་དང་ཐོས་བསམ་བྱེད་འོས་སུ་མཆིས་སོ། །འོན་ཀྱང་རྩོམ་པ་པོ་རང་གི་ཤེས་ཡོན་གྱི་ཉམ་ཤིན་ཏུ་ཕྲ་དྲགས་པ་དང་། མགོན་པོ་གང་གི་གསང་གསུམ་གྱི་ཡོན་ཏན་དཔང་ཤིན་ཏུ་མཐོ་དྲགས་པའི་དབང་གིས་བླ་མ་འདི་ལ་ལྟོས་པའི་རྣམ་ཐར་ཞིག་ནི་ཡོང་མེད་ངེས་པས་འདི་ཡང་ཀློག་པ་དག་གི་ཐུགས་སུ་ངེས་འཚལ་ཞེས་ཞུ་བར་བྱས་སོ། །
ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ལས་སྤྱི་དོན་མདོར་བསྟན་པའི་སྐབས་དེ་རེ་ཞིག་རྫོགས་པར་བྱས་སོ།། །།
གཉིས་པ་རྣམ་ཐར་དངོས་ལ་འཇུག་པ་ལ།
དང་པོ། སྐུ་འཁྲུངས་ཤིང་གཞོན་ནུའི་མཛད་པ་བསྐྱངས་ཚུལ་སོགས་ཀྱི་སྐོར།
གཉིས་པ། རྫ་སྟོད་ལྕང་མ་ལུང་གི་རི་ཁྲོད་དུ་ཕེབས་ནས་རབ་ཏུ་བྱུང་ཞིང་བླ་མ་བསྟེན་ཏེ་ཐོས་བསམ་མཛད་ཚུལ་སོགས་ཀྱི་སྐོར།
གསུམ་པ། རང་ཡུལ་དུ་ཕེབས་ཤིང་དུས་འགྱུར་གྱི་ཁྲོད་དུ་སྙིང་པོའི་ཉམས་ལེན་ལ་གཞོལ་ཞིང་ལྗགས་རྩོམ་ཅི་རིགས་གནང་བ་སོགས་ཀྱི་སྐོར།
བཞི་པ། ཡང་དར་བསྟན་པའི་ཉི་མ་སླར་ཡང་གསལ་བའི་དུས་སུ་སྐལ་ལྡན་སྨིན་གྲོལ་གྱི་ལམ་ལ་བཀོད་ཚུལ་ཏེ་ཕྲིན་ལས་རྣམ་པ་བཞིའི་མཚོན་བྱེད་རྩ་བའི་ས་བཅད་ཆེན་པོ་བཞིས་ཆིངས་ཀྱིས་བཅིངས་ཏེ་འགོད་པའོ། །
དང་པོ། སྐུ་འཁྲུངས་ཞིང་གཞོན་ནུའི་མཛད་པ་བསྐྱངས་ཚུལ་སོགས་ཀྱི་སྐོར།
གདོད་ནས་འཕོ་མེད་གཉུག་མའི་གཞི་དབྱིངས་སུ། །
སྐྱེ་མེད་ཆོས་སྐུའི་གཏན་སྲིད་ཟིན་ན་ཡང་། །
ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བས། །
སྐྱེ་བའི་མྱུ་གུ་བཟུང་ལ་གསོལ་བ་འདེབས། །
ཞིང་འདིའི་གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར། །
མཚན་དཔེ་ཟླ་བའི་རང་ཞལ་ངོམ་པའི་ཚེ། །
སྲིད་པའི་ཆོས་ལས་ངེས་པར་འབྱུང་བའི་རྐྱེན། །
ཐུགས་ངལ་ཅི་རིགས་གནང་ལའང་གསོལ་བ་འདེབས། །
དེ་ཡང་མགོན་པོ་མཆོག་ཉིད་གང་དུ་སྐུ་འཁྲུངས་བའི་གནས་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས། མདོ་ཁམས་སྨད་ཀྱི་ས་ཆ། ཁྲ་མོ་གླིང་དཀར་སྟོད་ཀྱི་ཡུལ་གྲུ། མི་ལ་དགྲ་ལྷས་དཔལ་མགོན་མཛད་ས། ཕྱུགས་ལ་གཡང་གི་རུ་མ་འཁྱིལ་སའི་བྱང་འབྲོག་རྫ་ཆུ་ཁ་བའི་ནང་ཚན། ཁམས་མགོ་ཚྭ་ཉི་མ་རྒྱ་ལོ་སོགས་མཁས་གྲུབ་གསེར་རིའི་ཕྲེང་བ་བར་མ་ཆད་དུ་བྱོན་པའི་ཝ་ཤུལ་གཡང་སྡེ་ཕྱུག་མོ་ཞེས་ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མཛེས་པའི་ཡུལ་སྡེ་འདི་ཉིད་དུ། གང་ལས་སྐུ་འཁྲུངས་བའི་ཡབ་ཡུམ་གཉིས་ནི། ཇི་སྐད་དུ། མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །ཞེས་པ་བཞིན། བོད་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚུན། ཨ་སྤོ་ལྡོང་གི་རྒྱུད་ལ་ལྡོང་དཀར་ནག་ཁྲ་སྨུག་བཞིར་གྱེས་པའི་ནང་གི་ཤར་ཁྲ་མོ་གླིང་དཀར་སྟོད་ཀྱི་མི་སྡེ་མཆེད་པའི་སྨུག་པོ་ལྡོང་གི་རིགས་ཀྱི་གླིང་གེ་རྩེ་བུ་ཡི་རྒྱུད་པ་ལ་དགེ་རྩེ་ཞེས་གྲགས་པའི་རུས་རྒྱུད་ཕུན་སུམ་ཚོགས་པ་འདི་ལ་དུས་རབས་བཅོ་བརྒྱད་པའི་སྐབས་སུ་བྱང་འབྲོག་རྫ་ཆུ་ཁའི་ཡུལ་དུ་དགེ་རྩེ་པན་གྲུབ་དང་། དགེ་རྩེ་དཔལ་འབྱོར་སོགས་དཔའ་སྙིང་གདོས། གཏམ་ཁ་ལྕེ། བཙན་ཁ་ཐབས་སོགས་འགྲན་ཟླ་མེད་པ་སྐོར་ཅིག་བྱུང་བའི་ནང་ཚུན་དགེ་རྩེ་དཔལ་འབྱོར་གྱི་བུ་དགེ་རྩེ་འབྲུག་རྒྱས་དང་། དགེ་རྩེ་འབྲུག་རྒྱས་གྱི་བུ་དགེ་རྩེ་སྐྱབས་ལོའམ་འཇམ་དཔལ་སྐྱབས་ནི་མགོན་པོ་གང་གི་སྐྱེད་ཡབ་ཡིན་ལ། འདི་ནི་མི་གཞི་དར་ལས་འཇམ་པ། མི་ཁོག་ལྷ་ལས་དྲངས་པ། རྒྱུ་འབྲས་མིག་ལྟར་སྲུང་མཁན་གྱི་ཡ་རབས་ཚུལ་མཐུན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཏེ། དགུང་གྲངས་བཅུ་བཞིའི་སྐབས་འབྱོར་བ་ཧ་ཅང་ཞན་པས་ཡུ་ཤུས་ཀུན་རིག་ཚང་ཟེར་བའི་ཁྱིམ་དུད་ཅིག་གི་གཡོག་པོ་བྱས་ཏེ་ཡོད་སྐབས་ཞེ་ཆེན་རྒྱལ་ཚབ་ཀྱིས་མཛད་པའི་སྐྱབས་འགྲོའི་ཕན་ཡོན་ཞིག་བཀླགས་པ་ཐོས་པས་སྐྱབས་ཡུལ་མཆོག་གསུམ་གྱི་ཡོན་ཏན་དང་དེ་ལ་སྐྱབས་སུ་སོང་བའི་ཕན་ཡོན་ཤེས་ཏེ་དེ་ནས་བཟུང་སྐྱབས་འགྲོ་ཁོ་ན་ལ་འབད་པ་མཛད་པས་སྐྱབས་འགྲོ་དུང་ཕྱུར་ལྷག་དང་། མ་ཎི་དུང་ཁ་ཤས་སོགས་འགྲུབ་པ་བྱུང་ཞིང་དུས་འགྱུར་གྱི་འཚུབ་མ་ལྷག་ཏུ་བདོ་བའི་སྐབས་སུ་མུ་གེས་སྲོག་འཕྲོག་པ་ཙམ་རེ་བྱུང་ཡང་སེམས་ཅན་གཅིག་ཙམ་གྱི་སྲོག་ལ་ཡང་རྒོལ་མ་མྱོང་བའི་དམ་པ་དེ་དང་། ཆོ་འབྲང་ནི་ཧོར་གྱི་རིགས་རྒྱུད་དེ་ཧོར་ལྷ་ཕྱུག་ཅེས་མཐུ་རྫུ་འཕྲུལ་ལ་མངའ་དབང་འབྱོར་ཞིང་། རྩལ་གྲུབ་རྟགས་ལ་ཐོགས་རྡུགས་མེད་པ། ཁྱད་པར་རིམ་གཉིས་ཀྱི་ལམ་ལ་ལྟ་སྒོམ་གདེངས་དང་ལྡན་པའི་དབང་གིས་སི་ཏུ་རིན་པོ་ཆེས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀར་དངོས་སུ་མཇལ་བ་དང་། ཉིད་ཀྱི་ཞལ་ནས་ཀྱང་རྩ་བའི་བླ་མ་འཇིགས་མེད་ཆོས་ཀྱི་རྡོ་རྗེས་ཟབ་དོན་རྫོགས་པ་ཆེན་པོའི་རིག་པ་ངོ་སྤྲད་པ་ནས་བཟུང་ཚེ་གཅིག་ལ་འཁྲུལ་མ་མྱོང་། ཞེས་བཀའ་གནང་ཕེབས་པ་སོགས་སྔགས་འཆང་ཕུར་ཐོག་ཡོངས་ཀྱི་གཙུག་རྒྱན་ཏུ་གྱུར་པ་ལྟ་བུ་དེ་དང་རུས་རྒྱུད་གཅིག་པའི་ཡུས་བཟའ་ཞིས་དགའ་ཞེས་ཡ་རབས་གཤིས་བཟང་སོགས་མཛངས་མའི་ཡོན་ཏན་གྱིས་ཕྱུག་ཅིང་། གྲོངས་བའི་ཚེ་ཕུང་པོ་ཚོགས་མགྲོན་དུ་བསྟབས་པའི་སྐབས་སུ་བྱ་རྒོད་ཅིག་གིས་མོ་རང་གི་སྐེད་ཆིངས་དེ་ཉིད་རོ་འདོགས་པའི་ཕུར་བའི་སྐེད་ནས་བཤིག་ཅིང་ལྟེབ་ཆགས་མང་དུ་བྱས་ནས་བཟུང་སྟེ་གནམ་འཕང་བཅད་པ་སོགས་རྟགས་ཁྱད་པར་ཅན་དང་ལྡན་པ་ཟུང་གི་རིགས་ཀྱི་མྱུ་གུ་མིང་སྲིང་བཞིའི་ཐུ་བོ་རུ་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱའི་ཉག་མ་བདུན་འདས་པ་ཆུ་མོ་བྱ་ཡི་ལོ་སྟེ་སྤྱི་ལོ་(༡༩༣༣)ལོའི་དབྱར་དུས་སུ་དབྱིག་གི་རྐས་རིང་མར་གྲགས་པའི་སྤང་ལྗོངས་ཉམས་དགའ་བ་དེ་རུ་མཚན་དཔེའི་མེ་ཏོག་གི་འདབ་མ་བྱམས་དང་སྙིང་རྗེའི་རྩི་དང་མ་བྲལ་བར་རང་ཅག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་མངལ་གྱི་ཆུ་འཛིན་ལས་གྲོལ་བ་ཡིན་ནོ། །
ཚོགས་གཉིས་འོ་མའི་རྒྱ་མཚོ་ལས་བྱུང་བའི། །
མཚན་དཔེའི་ཞལ་རས་མཐོང་གྲོལ་མིག་གི་དཔྱིད། །
བརྩེ་ཆེན་སྙིང་རྗེའི་རྩི་དང་མ་བྲལ་བར། །
འགྲོ་བསོད་ཤར་རིའི་ཕྲག་ནས་ཞིང་འདིར་འཛུམ། །
དེའི་ཚེ་སྐབས་གསུམ་ཡིད་ཀྱི་གྲོང་ཁྱེར་ནས། །
རྣམ་དཀར་ལས་ལ་མོས་པའི་ལྷ་བུ་ཚོས། །
སྟོན་པའི་བསྟན་ལ་སྨན་པའི་སྐྱེས་བུ་ཞིག །
མི་མཇེད་ཞིང་འདིར་འཁྲུངས་ཞེས་སྙན་པ་བསྒྲགས། །
བསྐལ་མང་གོང་ནས་ཚོགས་གཉིས་མཐར་སོན་པས། །
སྐྱེ་འཆིའི་ཆོས་ལས་འདས་པའི་འཕགས་པ་འདིའི། །
མཐའ་མེད་འབྲས་བུའི་ཡོན་ཏན་ཐེག་དཀའ་ཞེས། །
ནོར་འཛིན་བུ་མོས་ངལ་བའི་གདུང་གླུ་ཤོར། །
ལྟེ་མཚལ་དམར་པོའི་ཟེགས་མ་བདུད་རྩིའི་ཆབ། །
རྔམ་པའི་ཧུབ་ཀྱིས་བཞེས་པའི་གསེར་འཛིན་མ། །
དབྱིག་གཞུང་མེ་ཏོག་བཞད་པའི་སྐྱེད་ཚལ་དེར། །
དད་པའི་རྐང་དྲུག་འདི་ཡང་ཐེངས་མང་ཤོར། །
ཞེས་པའང་ཐོལ་བྱུང་དུ་སྨྲས་སོ། །
དེའི་ཚེ་གྲུབ་དགོན་བསྟན་པའི་རྒྱལ་མཚན་གྱི་སྐྱེ་མཐར་གྲགས་པའི་དཔོན་ཚང་ཡོན་ཏན་ཕུན་ཚོགས་མཆོག་བྱོན་ནས་སྐུ་ཁྲུས་གསོལ་ཞིང་། བྱང་ཟང་བྲག་ལྷ་ལྔའི་ཐུགས་གཏེར་གྱི་ཆོས་སྐོར་རྣམས་ལ་བགྲང་བྱ་བཅུ་གསུམ་གྱི་བར་ཏུ་བསྙེན་བསྒྲུབས་མཛད་པའི་སྤྲུལ་བའི་སྐུ་ཡུ་ཤུས་དོན་རིས་ཀྱིས་དཔལ་ལྡན་རྡོ་རྗེ་ཞེས་པའི་མཚན་གྱི་ཅོད་པན་འདི་ཉིད་གསོལ་བར་མཛད་པ་ཡིན་ནོ། །༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ཁོ་བོ་སྐྱེས་པའི་ཚེ། དཔོན་ཚང་ཡོན་རིས་ཞེས་པས་ཁྲུས་བྱས་ཤིང་། བྱང་གཏེར་གྱི་ཆོས་སྐོར་ལ་ལོ་བཅུ་གསུམ་བར་དུ་བསྙེན་ཚད་བཞག་པའི་བླ་མ་ཡུ་ཤུས་དོན་རིས་ཞེས་པ་དེས་དཔལ་ལྡན་རྡོ་རྗེ་ཞེས་པའི་མིང་འདི་བཏགས་པ་རེད། ཕྲན་སྐྱེ་བའི་ལོ་དེར་ངེད་ཚང་ལ་འོ་ཆུར་མར་གསུམ་སོགས་ལོ་གཞན་ལས་ལྷག་པར་འཕེལ་ཞེས་ཟེར་ལ། བདག་ལ་གསལ་བའི་དུས་སུ་ནོར་ནག་བཞི་བརྒྱ་ལྷག་དང་། རྟ་བཅོ་ལྔ་ཙམ་རེ་ཡོད་དར། སྐྱེ་བ་སྔོན་མ་རྣམས་སུ་བླ་མ་དམ་པ་རྣམས་ལ་མཆོད་པ་ཅུང་ཙམ་རེ་ཕུལ་མྱོང་མཁན་ཞིག་ཡིན་ས་རེད། སྔོན་ཆད་ཞེ་ཆེན་ཀོང་སྤྲུལ་ཚང་ཁྲོ་ཤུལ་ཕྱོགས་སུ་ཕེབས་ཚེ་དགེ་རྩེ་ཁྲི་སྐྱབས་ཚང་ཞེས་པའི་ཕྱུག་ཁྱིམ་ཞིག་གི་ནོར་ལ་གཟིགས་ཏེ་ཆུ་མཆོད་བདུན་ཚར་གང་ཙམ་རེ་ཕུལ་བའི་བསོད་ནམས་ཀྱང་འདི་བས་ལྷག་ཅིག་འབྱུང་པ་རེད་ཅེས་གསུངས་ནི་རེད། ང་རང་ལ་རྒྱུ་བསོད་ཅུང་ཡོད་ཀྱང་དེས་ཅི་བྱེད། དེ་བས་ཆོས་བསོད་རེ་ཡོད་ན་དགའ་ཡང་མི་འདུག །ཅེས་ཁོ་བོ་ཅག་ལ་ཞལ་ཏ་ཅི་རིགས་ཕེབས་སོ། །དེ་ནས་བགྲང་བྱ་བཅུ་ཕྲག་ཡས་མས་སུ་གཞོན་ནུའི་རྟུལ་ཞུགས་ཀྱིས་སྐུ་རྩེད་བྱེད་པ་དང་ཕྱུགས་ཀྱི་རྫི་བོར་ཕེབས་པ་སོགས་ཀྱི་མཛད་པ་བསྟན་ཏེ་འདམ་གྱི་སྦུབས་ན་གནས་པའི་པདྨ་བཞིན་དུ་ནང་དུ་སྔོན་སྦྱང་རིགས་ཀྱི་ནུས་པ་སད་ཀྱང་ཕྱི་ཚུལ་ཕལ་བའི་བྱིས་པ་ལྟར་རྩེད་མོ་ལ་དགྱེས་ཤིང་མིང་སྲིང་ཀུན་གྱི་ཐུ་བོ་ཡིན་པས་སྐུ་ན་ཧ་ཅང་ཆུང་དུས་ནས་ཕྱུགས་ལུག་འཚོ་སྐྱོང་གི་སྐུ་ངལ་ཅི་རིགས་གནང་བར་མངོན་ཏེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ངེད་མིང་སྲིང་ཀུན་ཀྱང་ནོར་ལུག་འཚོ་སྐྱོང་སོགས་ཁྱིམ་ཚང་གི་འཚོ་ཚིས་ལ་ཧ་ཅང་བཟང་དར། བདག་ཆུང་དུས་སུ་ནོར་རྫི་རུ་རྒྱུན་དུ་འགྲོ་དགོས་ནི་རེད། དེའི་ཚེ་རི་སྒང་བརྒྱུད་དེ་འགྲོ་བ་ལས་ལུང་ཁོག་ནས་འགྲོ་དགོས་ན་སྐྲག་ནས་འགྲོ་མི་ཕོད་གི་དེ་དུས་ངས་རྩེ་ར་བྱས་དེ་བརྩིགས་པའི་རྡོ་ཁང་དག་ཀྱང་ད་དུང་འབུད་ཁྲ་ཧྭོའི་(རྗེ་ཉིད་དགུང་གྲངས་ཆུང་ངུའི་དུས་སུ་ཕྱུག་རྫི་སོགས་སུ་ཕེབས་མྱོང་བའི་རང་ཡུལ་གྱི་ས་ཆ་ཞིག)སྒང་ན་ཡོད་གི་ཟེར་གི ཞེས་སོགས་ཞལ་འཕྲོས་སུ་ཕེབས། དེ་ནས་དགུང་གྲངས་བཅུ་གཅིག་བཞེས་པ་ཆུ་མོ་ལུག་གི་ལོར་མ་ཡུམ་མཆོག་ཉིད་གློ་བུར་དུ་དུས་ཀྱི་ཆོས་ཉིད་དུ་གྱུར་ཏེ་དགེ་རྩེ་སྐྱབས་ལོ་ཚང་ཞེས་པའི་ཁྱིམ་གཞིས་དེ་ཉིད་སྟོང་ལྷང་ལྷང་དུ་གྱུར་བའི་འདུས་བྱས་མི་རྟག་པའི་རང་བཞིན་སྐྱོ་དུང་ངེ་བ་ཞིག་ཀྱང་སྐུ་སྟེང་དུ་བབས་ཏེ་མ་ཡུམ་འདས་པའི་ཐུགས་མུག་དང་། ནོར་ལུག་འཚོ་སྐྱོང་གི་ངལ་དུབ་གཉིས་མཉམ་དུ་རོལ་ཞིང་། ལོ་གྲངས་བརྒྱད་དགུ་ཙམ་གྱི་སྐུའི་སྲིང་མོ་གཉིས་ཀ་ཡང་ན་ཚོད་ཧ་ཅང་ཆུང་དྲགས་པས་འབྲི་བཞོས་པའི་འོ་མ་འབྲིའི་འོག་ནས་ཚུར་མི་ཐེག་པས་གཞན་གྱིས་རོགས་བྱེད་དགོས་པ་དང་། ཐབ་ནས་ཇ་སྐོལ་ཚེ་ཁོལ་ཡོད་མེད་མི་ཤེས་པས་ལག་པ་ཐུག་ཚེ་ཚ་དྲོད་ཡོད་ན་གསོལ་བར་མཛད་པ་སོགས་སྐུ་ན་མ་སྨིན་པའི་ལྕམ་སྲིང་བཞི་པོས་བྱམས་ཤིང་བརྩེ་བའི་མ་ཡུམ་དྲིན་མོ་ཆེ་དང་བྲལ་བའི་འཚོ་བ་སྐྱོ་ཆད་དེ་བ་ཞིག་ཉམས་སུ་བཞེས་པའི་སྣང་བརྙན་དག་ཡིད་ཀྱི་མེ་ལོང་གི་ངོས་སུ་ལྷང་ངེར་འཆར་ཚེ། བསམ་བཞིན་དུ་སྐུ་སྐྱེ་བཟུང་བའི་ངེས་དོན་དགེ་བའི་བཤེས་གཉེན་འདི་ལྟ་བུས་ཀྱང་འདུས་བྱས་མི་རྟག་པའི་རང་མཚང་དེ་འདྲ་བདག་གིར་བྱེད་དགོས་ན་རང་ཅག་རྒྱུ་ལས་ཉོན་གྱི་གཞན་དབང་དུ་གྱུར་ཅིང་འབྲས་བུ་སྡུག་བདེན་གྱི་དངོས་པོ་ལ་ལོངས་སུ་སྤྱོད་པའི་གང་ཟག་རྣམས་ཀྱིས་ནི་སྐྱོ་སྡུག་གི་འགག་འཕྲང་རིང་མོ་ཞིག་ཅིས་ཀྱང་བརྒྱུད་དགོས་པར་འདུག་གོ་སྙམ་དུ་སེམས་པའི་འདུ་ཤེས་སྐྱོ་དུང་བ་ངེ་ཞིག་ཀྱང་གློ་བུར་ཏུ་སྐྱེས་སོ། །དེ་ནས་མགོན་པོ་མཆོག་ཉིད་དགུང་གྲངས་བཅུ་བཞི་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོར་ཀློག་སློབ་པའི་དགེ་རྒན་དམ་པ་སྒོ་སྤེས་ཨོ་རྒྱན་ཆོས་འཕེལ་མཆོག་ཉིད་རང་དགོན་དུ་ཞགས་བརྒྱའི་བསྙེན་མཚམས་ལ་བཞུགས་ཚེ་སྐུ་མདུན་དུ་ཕེབས་ནས་དགུན་རའི་ཚེས་བཅུ་སྐོར་ནས་ན་མཉམ་གྱི་གཞོན་ནུ་འགའ་དང་ལྷན་དུ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་གཉིས་ཀློག་བསླབས་པར་བྱས་ཤིང་། ལོ་ཕྱི་མའི་དཔྱིད་ཟླ་ར་བའི་ནང་དུ་ཐོག་མར་དགོན་པའི་ཚོགས་བཞུགས་གནང་ཚེ་གྲོང་ཆོག་པ་རྒྱུད་མ་བསྡམས་པ་འགའི་སྤྱོད་པས་ཐུགས་སུན་ཅི་རིགས་བྱུང་ཡོད་པར་སྣང་སྟེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། བདག་ཐོག་མར་དགོན་པའི་ཚོགས་ལ་འདུག་ཚེ་ངེད་ཅག་གྲྭ་ཆུང་རེ་བན་རྒན་རྒས་པ་རེའི་རྩིབ་ནས་བཞག་སྟེ་ཆོ་གའི་ཕྱག་ལེན་གནང་རོགས་བྱས་ཤིང་། བདག་ལ་ཡང་སྒོ་སྤེས་ལུང་རྟོགས་ཀྱིས་ཕྱག་ལེན་མཛད་རོགས་བྱས་ཏེ་ངེད་གཉིས་ཀྱིས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་བཏོན་ནས་ཡོང་སྐབས་དགོན་གྲྭ་ཞུ་བྷེ་ཞེས་པ་དེར་ཡོང་ནས་ཁོང་རྣམ་གཉིས་ཀྱིས་གཏམ་ཉོག་ཏག་ཏག་བཤད་པས་བདག་གིས་ཀྱང་འདོན་པའི་རྒྱུན་ཆད་པས་ཆོ་ག་ཆོས་སྤྱོད་ཀྱི་སྐབས་སུ་ངག་འཁྱལ་སྨྲ་བའི་སྤྱོད་ངན་རྒྱུན་འབྱམས་སུ་སོང་བ་འདི་ཤིན་ཏུ་མི་ལེགས་པར་འདུག །ཅེས་དང་། ཡང་སྐོར་ཞིག་ཚེས་བཅུ་ཞིག་གི་སྐབས་སུ་བདག་ལ་ནི་ཐེར་གཟན་ཐེར་ཤམ་སོགས་གྱོན་པ་ལེགས་པོ་མེད་པས་ངོ་ཚ་ནས་མགོན་ཁང་ནང་དུ་བསྡད་ཀྱང་དགེ་སྐོས་ངག་ཆོས་ཟེར་བ་དེ་འོང་ནས་སྡིགས་མོ་དང་བཅས་མར་ཚོགས་མང་གྲལ་ལ་དེད་ཐལ། ཡང་འདུ་ཁང་ཕུག་གི་མི་མང་པོའི་མིག་ལམ་དུ་མི་བརྒྱུད་པའི་རྩ་གྲལ་གྱི་ནང་དུ་བསྡད་ཀྱང་དགེ་སྐོས་གཅོད་ལི་ཟེར་བ་དེ་འོང་ནས་ཡང་སྡིགས་མོ་དང་བཅས་རྔ་གྲལ་གྱི་ནང་དུ་དེད་ཐལ། དམན་སྡང་གི་བྱ་བ་འདིས་ཉམས་ཆུང་དག་ཧ་ཅང་སྡུག་ལ་གཏད་དར། ཞེས་སོགས་ཞལ་འཕྲོས་སུ་ཕེབས། དེ་ནས་ཕྱིར་རང་ཁྱིམ་དུ་ཕེབས་ནས་ཕྱུགས་ལུག་འཚོ་སྐྱོང་གི་ཞོར་ཏུ་བླ་མ་གསང་བ་འདུས་པ། ཡིད་དམ་དཀོན་མཆོག་སྤྱི་འདུས། ཆོས་སྐྱོང་བསྟན་སྲུང་ཡོངས་རྫོགས་རྣམས་དང་། གསོལ་འདེབས་ལེའུ་བདུན་མ་སོགས་དགོན་གནས་རང་གི་ཆོས་སྤྱོད་ཀྱི་རིམ་པའི་ཕྱག་དཔེ་གང་རྙེད་རྣམས་བརྩོན་འགྲུས་ཆེན་པོས་ཐུགས་འཛིན་མཛད་པར་བྱས་ཏེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། རྗེས་སུ་བདག་ཕྱིར་རང་ཁྱིམ་དུ་འོང་ནས་ནོར་ལུག་གི་རྫི་བོ་བྱེད་ཞོར་ཏུ་གསང་འདུས། སྤྱི་འདུས། རྒྱུན་གསོལ། བསྟན་སྲུང་ཡོངས་རྫོགས་ཕལ་ཆེར་དང་། ཆོས་སྤྱོད་དག་གི་ཡི་གེ་གང་ལོན་རྣམས་འབད་རྩོལ་ཆེན་པོས་བློར་བཟུང་བ་ཡིན། བདག་ལ་བརྩོན་འགྲུས་མི་དམན་པ་ཞིག་ཡོད་དར། ཞེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །
ཚེ་རབས་སྔོན་ནས་བསགས་པའི་བསོད་ནམས་ཀྱིས། །
ཚེ་འདིའི་སྐུ་སྐྱེ་བཟུང་ནས་ད་ལྟའི་བར། །
ཚེ་གཅིག་རྒྱུ་དང་འབྱོར་བས་མ་བཏང་ཞེས། །
བདེན་གསུང་ཚངས་པའི་དབྱངས་སྙན་དུས་སུ་བསྒྲགས། །
བརྩེ་བའི་མ་ལོས་ཕྱི་མའི་ལམ་ཆེན་འགྲིམས། །
གཅེས་པའི་མིང་སྲིང་སྲིད་པའི་གྲོང་དུ་བསྐྱུར། །
འདུ་འབྲལ་སྒྱུ་མའི་བུ་མོའི་གར་སྟབས་འདིས། །
མགོན་པོ་མཆོག་ཀྱང་ཐུགས་སྐྱོའི་ཀློང་དུ་འཕྱན། །
ཡི་གེའི་ཕྱི་མོ་ཀློག་པའི་དུས་ཚིགས་རེར། །
གཞོན་ནུ་དགྱེས་པའི་རྩེད་མོ་མ་བྱས་པར། །
ཨ་མ་ཞིང་འདིར་མེད་པའི་ཐུགས་སྐྱོ་དེས། །
བརྩོན་པའི་གོ་ཆ་བགོ་བའི་རྟུལ་ཞུགས་བཟུང་། །
ནར་མ་སོན་པའི་མིང་སྲིང་བཞི་པོ་དེས། །
སྲིད་པའི་ཞིང་འདིར་མྱོང་བའི་སྐྱོ་གར་དེ། །
དྲན་པའི་མེ་ལོང་ངོས་སུ་འཆར་བའི་ཚེ། །
འདུས་བྱས་སྲིད་པའི་ཆོས་ལ་འཁུན་པ་ཤོར། །
ཞེས་པའང་སྐབས་བསྡུ་བའི་ཚིགས་བཅད་དོ། །
ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ལས་སྐུ་འཁྲུངས་ནས་གཞོན་ནུའི་མཛད་པ་བསྐྱངས་ཚུལ་གྱི་སྐོར་དེ་རེ་ཞིག་རྫོགས་པར་བྱས་སོ།། །།
གཉིས་པ། རྫ་སྟོད་ལྕང་མ་ལུང་གི་རི་ཁྲོད་དུ་ཕེབས་ནས་རབ་ཏུ་བྱུང་ཞིང་བླ་མ་བསྟེན་ཏེ་ཐོས་བསམ་མཛད་ཚུལ་སོགས་ཀྱི་སྐོར།
སྐད་ཅིག་རེར་ཡང་རབ་འབྱམས་གཞུང་ལུགས་ཀུན། །
ཅིག་ཆར་མཁྱེན་ལ་ཐོས་པས་ཅི་བྱེད་ཀྱང་། །
རྣམ་མང་གདུལ་བྱ་བསྡུ་བཞིས་མི་གཏོང་ཕྱིར། །
དམ་ཆོས་ཡོངས་སུ་འཚོལ་ལ་གསོལ་བ་འདེབས། །
དམ་པའི་མགོན་གྱིས་བརྩེ་བས་རྗེས་སུ་བཟུང་། །
ཟབ་རྒྱས་གདམས་པའི་བསྒོ་སྐལ་ལོངས་སུ་སྤྱད། །
རིག་པའི་གཞུང་ལ་མཁྱེན་རབ་ཕྱོགས་མེད་རྒྱས། །
གོང་མའི་རྣམ་ཐར་བསྐྱངས་ལའང་གསོལ་བ་འདེབས། །
རིམ་གྱིས་མགོན་པོ་གང་གི་ཚེ་རབས་མུ་ཏིག་དཀར་པོའི་རིགས་ཀྱི་ཅོད་པན་གྱི་མཛེས་རྒྱན་དུ་གྲུབ་པའི་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི་རྣམ་སྤྲུལ། མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ་ཡོངས་གྲགས་སུ་རྫ་པཱ་ཐུར་བླ་མ་ཐུབ་དགའ་ཡིད་བཞིན་ནོར་བུ་ཞེས་པའི་མཚན་སྙན་དབྱར་རྔའི་རང་སྒྲས་ཕྱོགས་ཀྱི་ཐ་གྲུའི་ཁྱོན་ཀུན་འགེང་བར་བྱེད་པ་དེ་ཉིད། མགོན་པོ་གང་གི་གསེར་སྙན་མདོངས་མཐའི་བུ་མོའི་མཛེས་རྒྱན་དུ་གྱུར་སྐབས། ཚེ་རབས་སྔོན་གྱིས་འབྲེལ་བའི་ལས་སྨོན་དུས་སུ་སྨིན་པས། བཅོས་མིན་དད་གུས་ཀྱིས་ཐུགས་སེམས་གཏིང་ནས་གཡོས་ཏེ། ངེས་པར་དུ་རྗེ་བླ་མ་དམ་པ་དེའི་ཞལ་མཇལ་བ་དང་། རྫ་སྟོད་ལྕང་མ་ལུང་གི་རི་ཁྲོད་དུ་ཕེབས་ནས་མདོ་སྔགས་གཞུང་ལུགས་ཀུན་ལ་ཐོས་བསམ་གནང་བའི་ཐུགས་མོས་སྐོམ་པ་ཆུས་གདུང་བ་ལྟར་འཁྲུངས་ཏེ། མཚན་རྨི་ལམ་གྱི་ནང་ནས་ཀྱང་ཐེངས་འགར་བསླེབས་པའི་གཟིགས་སྣང་བྱུང་བར་མངོན་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། བདག་ལྕང་མ་རི་ཁྲོད་དུ་འགྲོ་དགོས་བསམ་པས་ནམ་རྒྱུན་རྨི་ལམ་དུ་ལྕང་མ་རི་ཁྲོད་དུ་ཐོན་ཞིང་ཕར་ཁའི་ཆུའི་དར་ཆགས་པ་དང་དར་ཤུས་པ་སོགས་ཀྱང་མང་དུ་རྨིས་ཐལ། དེ་ནི་རྗེས་སུ་ལྕང་མ་ནས་ལོ་གྲངས་མང་དུ་འདུག་པའི་རྟགས་རེད་འདུག །ཅེས་གསུངས། དེ་ནས་དགུང་གྲངས་བཅོ་བརྒྱད་བཞེས་པ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་བཞི་འདས་པའི་ལྕགས་ཕོ་སྟག་གི་ལོ་སྟེ་ཕྱི་ལོ་(༡༩༥༠)ལོར། མགོ་ཚྭ་ཉི་མ་རྒྱ་ལོ་དང་མཁན་རྟ་མགྲིན་སོགས་མཁས་གྲུབ་དུ་མ་དང་འགྲོགས་ནས་རང་གི་སྐུ་མཆེད་ཞིང་སྐྱོང་ཚེ་རིང་དང་ལྷན་དུ་རིང་ནས་ཐུགས་ལ་བརྣགས་པའི་དོན་པོ་རྫ་སྟོད་ལྕང་མ་ལུང་གི་དབེན་ཁྲོད་དུ་ཕེབས་པའི་ཉེར་བསྡོགས་བརྩམས་ཚེ། རྗེ་གང་གི་ཁུ་བོ་ཉ་ལོ་ཞེས་པ་དེས་མཁན་ཨོ་རྒྱན་བསྟན་འཕེལ་མཆོག་ལ་ངེད་ཚང་གི་ཞི་ལུ་འདི་ལྕང་མ་རི་ཁྲོད་ལ་འགྲོ་མོས་ཆེ་བས་ད་ལམ་མངག་པ་ཡིན་པས་ཁྱེད་ཀྱིས་ཕྱག་དཔེ་ཅུང་རེ་གཡར་རོགས་ཨེ་བྱེད། ཅེས་ཞུས་ཚེ། བྱང་སེམས་སྤྱོད་འཇུག་ཆེན་པོའི་གླེགས་བམ་གཅིག་བྱིན་པ་ལ་རྟེན་འབྲེལ་གྱི་སྣ་ཁ་ཁྱད་པར་བ་རེ་ཡོད་པར་མངོན་ཡང་འོག་ནས་གསལ་ལོ། །རིམ་གྱིས་དྲིན་ཆེན་གྱི་ཕ་ཡབ་སོགས་ཁྱིམ་མི་ཡོངས་ལ་གྱེས་ཕྱག་ཕུལ་ཏེ། མཚན་དཔེའི་མེ་ཏོག་གི་ལྟེ་མཚལ་བཞེས་པའི་རང་ཡུལ་ཝ་ཤུལ་ལྷ་སྡེ་ནས་རྡོག་ཐོན་བྱས་ཤིང་། རྫ་སྟོད་ཀྱི་ཕྱོགས་སུ་ཕེབས་གནང་མཛད་དེ་རི་ཆུ་ལམ་འཕྲང་དུ་མ་ཞབས་ཐང་གིས་བཅད་པའི་མཐར་དབེན་རི་ལྕང་མ་ལུང་གི་ཆོས་གྲྭའམ་བསམ་གཏན་དར་རྒྱས་གླིང་དུ་འབྱོར་ཞིང་། རིགས་ཀྱི་ཁྱབ་བདག་ཐུབ་དགའ་ཡིད་བཞིན་ནོར་བུའི་མཐོང་གྲོལ་མཚན་དཔེའི་ཞལ་རས་དེ་ཉིད་མངོན་སུམ་དུ་མཇལ་ཞིང་། བརྩེ་བ་ཆེན་པོས་རྗེས་སུ་བཟུང་བར་བྱས་པས་བགྲང་བྱ་བདུན་གྱི་བར་དུ་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་ཆུ་བོའི་རྒྱུན་བཞིན་དུ་གནང་བ་ཡིན་འདུག་ལ། སྤྱིར་དབེན་རི་ལྕང་མ་ལུང་གི་བཀོད་པ་དང་། སྟོན་འཁོར་འདུས་པ་རྒྱ་མཚོའི་མཛད་པའི་རྣམ་ཐར་སོགས་ནི་རྗེ་བླ་མ་མཆོག་གིས་རྒྱུན་མར་གསུང་འཕྲོས་སུ་ཕེབས་གནང་མཛད་པས་སྤྲོས་པ་མང་དུ་མཆིས་མོད་དཀྱུས་ཀྱི་རྣམ་ཐར་གྱི་སྐབས་དོན་ལ་ཅུང་ཟད་སྒྲིབ་དོགས་དང་། ཚིག་ཚོགས་ཀྱི་སྤྲོས་པ་རྫོབ་དྲགས་པར་དོགས་ནས་འདིར་མགོན་པོ་གང་དང་འབྲེལ་ཆེ་བའི་རིགས་འགའ་ཞིག་ལས་གཞན་དག་བསྐྱུངས་པའི་ལས་སུ་བྱས་ལ། དེ་ཡང་དང་པོ་ལྕང་མ་ལུང་གི་ཉིན་རིའི་སྨད་ཞོལ་གྱི་གནས། སྔོན་དབོན་པོ་བསྟན་འཛིན་ནོར་བུ་དང་། ཕྱིས་སུ་ཧ་ཤུལ་ཡེ་ཤེས་རྒྱ་མཚོ། རྗེས་སུ་མགོ་ཚྭའི་ཉི་མ་རྒྱ་ལོ་གསུམ་ཡུན་རིང་དུ་བཞུགས་པའི་གཟིམ་ཆུང་གི་ཤུལ་གྱི་གདན་ས་ཁྱད་པར་ཅན་དུ་རེ་སྦྲ་ཆུང་ངུ་ཞིག་ཕུབས་ནས་བགྲང་བྱ་དུ་མར་བཞུགས་པ་ཡིན་ལ། ཕྱིས་སུ་སྲིབ་རིའི་ངོས་སུ་མཐའ་སྐོར་གྱི་རྩིག་པ་ཅུང་མཐོ་བའི་གཞུགས་མལ་ཞིག་འདོན་བྱའི་སྐལ་བར་ཐོབ་པས་དེ་རུ་ཕེབས་ཤིང་རང་གི་རེ་སྦྲ་ཆུང་ངུ་དེས་ཐོག་ཁེབ་གནང་བས་གདན་གྱི་ས་བྲུས་ཤིང་མཐའི་རྩིག་པ་ཅུང་མཐོ་བས་ཁང་བུ་ཆུང་ངུ་ཞིག་གི་རྣམ་པ་ལྟ་བུར་ཆགས་པའི་གཟིམ་ཆུང་དུ་བཞུགས་པ་ཡིན་འདུག་གོ ༈ །དེ་ཡང་མགོན་པོ་གང་གི་ཞལ་ནས། ང་ལྕང་མ་རི་ཁྲོད་དུ་འགྲོ་ཚེ་བདག་ལོ་བཅོ་བརྒྱད་ཡིན་ལ། ཉི་མ་རྒྱ་ལོ་དང་རྟ་མགྲིན་སོགས་དང་འགྲོགས་ནས་སྤུན་ཞིང་སྐྱོང་ཚེ་རིང་དང་ཕྲན་བུ་གཉིས་འགྲོ་བར་བྱས་ཤིང་། ཉིན་གསུམ་བཞི་ཙམ་ནས་ལྕང་མ་སྒར་དུ་ཐོན་ཐལ། དེའི་ཕྱིར་ཉིན་ཚོགས་འཁོར་གཅིག་ལ་ཐུག་འདུག་པ་དེར་འཚོགས་པས། དེ་དུས་གྲལ་མགོ་ན་ཐུབ་དགའ་ཡིད་བཞིན་ནོར་བུ་བཞུགས་འདུག་པས་ཐོག་མར་ཞལ་མཇལ་བའི་སྐལ་བ་བཟང་པོ་ཐོབ་པ་ཡིན། བདག་གི་རྩིབ་དེ་ན་བན་རྒན་དབུ་སེ་ཡོ་རེ་བའི་དཔོན་རུ་སྡེ་བའི་བླ་མ་བསམ་བཟང་ཞུ་བ་ཞིག་བཞུགས་འདུག །ཅུང་ཙམ་ནས་བཀལ་ཐུག་གི་ཤ་ཁུ་ཞིག་དྲངས་བྱུང་བས་ངས་དེ་སྔོན་བཀལ་ཐུག་མཐོང་མ་མྱོང་བས་ཅི་ཡིན་མ་ཤེས་པར་བླ་མ་དེ་ལ་འདི་ཅི་རེད་ཅེས་ལྐོག་ཤུབ་ཀྱིས་དྲིས་ཚེ། འབུ་ཞིག་རེད་ཅེས་ཞལ་ཀྱལ་གནང་བ་དྲན། ཞེས་དང་། བདག་འདུག་ས་ནི་སྔོན་དབོན་པོ་བསྟན་ལུ་དང་། ཧ་ཤུལ་ཡེ་ཤེས་རྒྱ་མཚོ། ཉི་མ་རྒྱ་ལོ་གསུམ་གྱི་བཞུགས་གནས་ཡིན་པས་གདན་ས་ཁྱད་པར་ཅན་ཡིན་ནི་རེད། ཕྱིས་སྲིབ་ངོས་སུ་ཐོག་ཁེབ་མེད་པའི་ཁང་པ་ལྟ་བུའི་འདུག་གནས་ཤིག་འདོན་བྱའི་སྐལ་བར་ཐོབ་པས་རང་གི་རེ་སྦྲ་ཆུང་ངུ་དེ་ཐོག་ལ་བཀོད་ནས་དེ་རུ་བསྡད་པ་ཡིན། འདུག་གནས་དེ་ནི་སྤྱི་སྦྲ་དང་ཐག་ཤིན་ཏུ་ཉེ་བས་གདུགས་ཚོད་དང་གནས་སྟོང་སོགས་འཚོགས་པ་རྣམས་སུ་ཡོན་བདག་རྣམས་འདུས་ནས་སྒྲུང་ལེན་པ་སོགས་བྱས་ཏེ་འདུ་འཛི་ཅུང་ཙམ་ཡོད་དར། སྐོར་ཞིག་ཡོན་བདག་འགས་ཕན་ཚུན་ལ་རྡ་ར་རྡོ་རྒོད་མེ་འབར་གྱི་གླུ་ལོངས་དང་ཞེས་པའང་ད་དུང་དྲན་གི་འདུག །ཅེས་སོགས་ཞལ་འཕྲོས་སུ་ཕེབས། དེ་ནས་སྲིད་ལས་ངེས་པར་འབྱུང་བའི་བློས་ཐུགས་རྒྱུད་བསྐུལ་ཏེ། གནས་བརྟན་འདུལ་བ་འཛིན་པའི་ཁྱུ་མཆོག་ཐུབ་དགའ་ཡིད་བཞིན་ནོར་བུས་མཁན་པོ་མཛད་ཅིང་། སློབ་དཔོན་བུ་རྒྱུད་ལྷ་བ་སྤྲུལ་སྐུ། དུས་གོ་བ་མགོ་ཚྭ་མཁན་རྟ་མགྲིན། ཁ་བསྐང་པཱ་ཐུར་བཙན་ལོ་བཅས་མཁན་སློབ་གྲངས་ཚང་བའི་དབུས་སུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ནོད་ཚེ་རྗེ་བླ་མ་འདིའི་མཚན་ལ་རིན་ཆེན་བཟང་པོ་ཞེས་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་བསྩལ་བར་མཛད་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། བདག་ལྕང་མ་སྒར་ལ་ཐོན་ནས་ཉིན་རེ་ཟུང་གི་མཚམས་ནས་མཁན་རྟ་མགྲིན་གྱི་བཀས་བསྐུལ་བ་བཞིན་དགེ་ཚུལ་གྱི་སྡོམ་པ་ཞུས་པ་ཡིན། ཐུབ་དགའ་ཡིད་བཞིན་ནོར་བུ་མཆོག་ལ་རྒྱབ་སྤོ་ཐོས་བརྩིགས་ཤིང་། མདུན་རེ་ཕྱར་གྱིས་གཡོག་པའི་གཟིམ་ཆུང་ཐབས་ཆག་ཅིག་ཡོད་དར། དེའི་ནང་ནས་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་དང་། སློབ་དཔོན་ལྷ་བ་སྤྲུལ་སྐུ། དུས་གོ་བ་མཁན་པོ་རྟ་མགྲིན། ཁ་བསྐང་ལ་བཙན་ལོ་ཡོད་གི ཐུབ་དགའ་ཡིད་བཞིན་ནོར་བུ་ཉིད་གཟིམས་མལ་ནས་བཞུགས་ཏེ་སོར་མདོ་སོགས་སྡོམ་པ་འབོགས་བྱེད་ཀྱི་ཆོ་ག་མཐའ་དག་ཐུགས་ཐོག་ནས་གསུངས་པ་གསལ་པོར་དྲན་གི་འདུག །རིན་ཆེན་བཟང་པོ་ཞེས་པའི་ཆོས་མིང་ཡང་ཐུབ་དགའ་ཡིད་བཞིན་ནོར་བུས་བཏགས་པ་རེད། ཅེས་སོགས་ཞལ་འཕྲོས་སུ་ཕེབས་པས། ཕྲན་བུས་ཁྱེད་ཀྱི་ཆོས་མིང་གི་དབུ་ན་ཐུབ་བསྟན་རིན་ཆེན་བཟང་པོ་ཞེས་ཐུབ་བསྟན་བཏགས་པ་ཡོད་དམ་ལགས་ཞུས་ཚེ། རིན་ཆེན་བཟང་པོ་ཟེར་བ་ལས་ཐུབ་བསྟན་ནི་མི་འདུག །དེའི་དུས་ཀྱི་དུས་གོ་བས་བཏད་པའི་ཡི་གེ་ཞིག་ཡོད་ཀྱང་ད་ལྟ་ནི་མི་སྣང་། གལ་ཏེ་ཡི་གེ་དེ་ཡོད་ན་སྡོམ་པ་ཞུས་པའི་ལོ་ཟླ་ཚེས་གྲངས་དག་གསལ་ངེས། ཞེས་ཞལ་ཏ་ཕེབས་པས་དེང་སང་སྔ་འགྱུར་གྱི་རབ་བྱུང་ཕལ་མོ་ཆེའི་ཆོས་མིང་གི་དབུར་ཐུབ་བསྟན་ཞེས་སྨོས་པ་འདི་ཡང་། སྤྱིར་གཞི་ཆོག་རིན་ཆེན་ཐེམ་སྐས་ལས། དཔལ་དང་། གྲགས་པ་དང་། བཟང་པོ་དང་། འོད་སོགས་སྔོན་དང་ད་ལྟར་གྱི་མཁན་པོའི་མིང་གི་མཐའ་ཅན་གང་རུང་དུ་སྤོ་དགོས་པར་གསུངས་པ་ལས་ཐུབ་བསྟན་སྨོས་དགོས་པར་མི་སྣང་ཡང་། ཐུབ་དགའ་ཡིད་བཞིན་ནོར་བུའི་སློབ་མ་དང་སློབ་བརྒྱུད་རྣམས་ཀྱིས་རང་གི་བླ་མའི་མཚན་གྱི་ཆ་ཤས་དང་ཐུབ་བསྟན་རིན་པོ་ཆེའི་རྗེས་འཇུག་གི་རྒྱུ་མཚན་སོགས་ལས་བཏགས་པ་ཡིན་པར་འདུག་གོ། མགོན་པོ་མཆོག་གིས་དགེ་ཚུལ་གི་བསླབ་པ་ནོད་པའི་དུས་ཀྱང་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་ལྔ་འདས་པ་ལྕགས་ཕོ་སྟག་གི་ལོ་སྟེ་རྗེ་ཉིད་དགུང་གྲངས་བཅོ་བརྒྱད་བཞེས་པ་ཕྱི་ལོ་(༡༩༥༠)ལོའི་དགུན་ར་བའི་ནང་ཡིན་པར་གསལ་ལོ། །དེ་ནས་བཟུང་ཐུགས་རྒྱུད་ངེས་པར་འབྱུང་བའི་རླན་དང་མ་བྲལ་བའི་ངང་ནས་སོ་ཐར་གྱི་བསླབ་པ་རིན་པོ་ཆེ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས་ཏེ་དུས་འགྱུར་མ་རུང་བའི་སྐབས་ཀྱང་ཆོས་གོས་འབྲལ་བ་ཙམ་ཡང་མ་བྱུང་བས་ཕྱིས་སུ་འདུལ་བ་འཛིན་པའི་ཚོགས་རྣམས་ཀྱིས་ཆོས་གོས་འབྲལ་སྤང་ཡང་རྗེ་འདི་ཉིད་ཀྱི་མདུན་ནས་མཛད་པ་ལྟ་བུ་ཡིན་ནོ། །དེ་ནས་རིགས་ཀྱི་ཁྱབ་བདག་ཐུབ་དགའ་ཡིད་བཞིན་ནོར་བུ་མཆོག་གི་མདུན་ནས་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཟབ་རྒྱས་ཀྱི་གདམས་པ་མཐའ་དག་ནོད་པའི་ཐོག་མར་དུས་གསུམ་རྒྱལ་བ་རྒྱ་མཚོའི་གཤེགས་ཤུལ་བྱང་སེམས་སྤྱོད་འཇུག་ཆེན་མོའི་ཞལ་ཁྲིད་ཐོབ་པའི་སྐལ་བཟང་མངོན་ཏུ་གྱུར། དེ་ཡང་སྔོན་མགོ་ཚྭ་ཨོ་རྒྱན་བསྟན་འཕེལ་གྱིས་སྤྱོད་འཇུག་གི་ཕྱག་དཔེ་གཅིག་གནང་བ་ཡང་འདི་ལྟ་བུ་ལ་དགོངས་པའི་རྟེན་འབྲེལ་ཁྱད་པར་བ་རེ་ཡོད་སྲིད། རིམ་གྱིས་རྒྱུད་བླ་མའི་མཆན་འགྲེལ་གཞན་དགས་མཛད་པ་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད། ཚུལ་ཁྲིམས་བསྟོད་པའི་མཆན་འགྲེལ། ཡོན་ཏན་མཛོད་སྔགས་རྫོགས་གཉིས། གསང་འགྲེལ་ཕྱོགས་བཅུའི་མུན་སེལ། སྤྱི་དོན་ཡིད་ཀྱི་མུན་སེལ། བསྡུས་དོན་མ་རིག་མུན་སེལ། གསང་བདག་དགོངས་རྒྱན། སྤྱི་དོན་མཛོད་ཀྱི་ལྡེ་མིག །དཔལ་སྤྲུལ་སྤྱོད་འཇུག་སྒོམ་རིམ། མཁན་ཆེན་ཞི་བ་འཚོའི་བླ་མའི་རྣལ་འབྱོར། དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ། དུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་ཚིག་ལྷུག་མ། གསང་སྙིང་ཞག་བཅུ་མ་སོགས་མདོ་སྔགས་གཞུང་ལུགས་རབ་འབྱམས་ཀྱི་ཟབ་གནད་གསང་ཆེན་སྔ་འགྱུར་བའི་མཁས་གྲུབ་གོང་མ་རྣམས་ལས་བརྒྱུད་པའི་ཆོས་སྐོར་མཐའ་དག་བུམ་པ་གང་བྱོས་ཀྱི་ཚུལ་དུ་མནོས་ཤིང་། སྤྱིར་ཐུབ་དགའ་ཡིད་བཞིན་ནོར་བུས་མདོ་སྔགས་ཀྱི་ཆོས་ཚུལ་གང་གསུངས་ཀྱང་དོན་གྱི་གནད་བཀྲལ་ཏེ་འགྲོ་བ་ལས་ཚིག་གི་འབྲུ་འགྲེལ་བའི་སྲོལ་ཆེར་མེད་ཀྱང་། མདོ་ཕྱོགས་ཀྱི་སྤྱོད་འཇུག་དང་། སྔགས་ཕྱོགས་ནས་ཕྱོགས་བཅུའི་མུན་སེལ་གཉིས་ལ་ཚིག་འགྲེལ་གཟབ་ནན་གྱིས་བྱེད་ཀི་ཡོད་པར་སྣང་སྟེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། རིམ་གྱིས་སྤྱོད་འཇུག་གི་མགོ་བཟུང་ནས་ལོ་བདུན་གྱི་ཡུན་ལ་ཐུབ་དགའ་ཡིད་བཞིན་ནོར་བུས་གསུངས་པའི་མདོ་སྔགས་ཀྱི་ཆོས་ཚུལ་ཕལ་ཆེ་བ་བདག་གིས་ལེགས་པར་ཐོབ་པའི་སྐལ་བ་བཟང་པོ་བྱུང་ཡོད། སྤྱིར་ཐུབ་དགའ་ཡིད་བཞིན་ནོར་བུས་གཞུང་གང་གསུངས་ཀྱང་འབྲུ་འགྲེལ་བྱེད་མི་དར་ཡང་སྤྱོད་འཇུག་དང་ཕྱོགས་བཅུ་མུན་སེལ་གཉིས་ལ་ཚིག་འགྲེལ་ཞིབ་ནན་གྱིས་གསུངས་དར། ཞེས་སོགས་ཞལ་འཕྲོས་སུ་ཕེབས། རྗེ་ཉིད་ལྕང་མ་སྒར་དུ་བཞུགས་པའི་དུས་སུ་ཐོས་བསམ་སློབ་གཉེར་གྱི་བྱ་བ་རྟག་ཏུ་གནང་བ་ལས་དགོས་མེད་ཀྱི་རྣམ་གཡེང་ལྟ་ཅི། ཐ་ན་འཚོ་བའི་མཐུན་རྐྱེན་གྱི་ཆེད་དུ་གྲོང་ཆོག་དང་། ཡར་མར་གྱི་དགོན་སྡེ་རྣམས་སུ་ཆོས་ཞུ་བ་དང་མཇལ་སྐོར་ཙམ་ལ་ཡང་མ་ཕེབས་པར་རྟག་ཏུ་གུས་རྟག་གི་བརྩོན་པ་དྲག་པོས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་འཆད་ཉན་ནར་མར་གནང་བ་ཡིན་འདུག་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ཁོ་བོ་ལྕང་མ་སྒར་དུ་ཕེབས་ཚེ་དཔོན་ཚང་གུར་སྐྱབས་ཟེར་བའི་སྤྲུལ་སྐུ་ནམ་འཇིགས་ཀྱི་ཉེ་ཚན་ཞིག་ནད་ཀྱིས་ཉེན་པའི་རིམ་འགྲོ་རུ་བཀའ་འགྱུར་དག་འདོན་གྱི་ཆེད་དུ་ལྕང་མ་སྒར་བ་རྣམས་བྱོན་པས་བདག་ཀྱང་སོང་པ་ཡིན། དེ་ནས་ལོ་ལྔའི་རྗེས་སུ་བདག་རང་ཡུལ་ལ་ཐེངས་གཅིག་འོང་ནས་ཕྱིར་འབྱོར་ཚེ། གཞུང་ཆོས་རྣམས་ཀྱི་དབུ་བཟུང་ཟིན་པ་དང་། མངོན་པ་མཛོད་དང་སྐར་རྩིས་སོགས་ཁྲིད་པའི་བཀའ་དྲིན་གྱིས་བསྐྱངས་བའི་བདག་གི་བླ་མ་རྫ་རྒྱལ་ཐུབ་བེའི་མ་ཡུམ་སྐེ་སྐྲང་གི་ནད་ཀྱིས་གྲོངས་འདུག་པས་ཁོང་གི་ཞལ་ནས། ཁྱོད་ངེས་པར་དུ་བདག་གི་མ་རྒན་གྱི་རོ་སྔས་སུ་བར་དོ་ཐོས་གྲོལ་གྱི་ངོ་སྤྲད་གནང་དུ་ཕེབས་དགོས། བདག་གིས་ཐུབ་དགའ་ཡིད་བཞིན་ནོར་བུ་ལ་ཡང་ཁྱོད་ལ་ནད་མི་བགོ་བའི་ཐུགས་གཏད་ཞུ་འོང་གསུངས་བྱུང་བས། འགྲོ་མོས་གཏན་ནས་མེད་ཀྱང་བླ་མའི་བཀའ་བཟློག་མ་ཕོད་པར་བདག་གཅིག་པུས་ཐོས་གྲོལ་ཆེན་མོའི་ངོ་སྤྲད་དང་ཁྲུས་སྦྱང་སོགས་བྱས་ནས་ཞག་ཉེར་གཅིག་ལ་བསྡད་པ་ཡིན། དེ་གཉིས་མ་གཏོགས་གྲོང་ཆོག་གཅིག་ལ་ཡང་འགྲོ་མ་མྱོང་། ཡར་མར་གྱི་དགོན་སྡེ་རྣམས་སུ་བླ་ཆེན་རེ་བྱོན་ནས་དབང་ལུང་སོགས་གནང་བ་དང་། ཆོས་སྟོན་སྣ་ཚོགས་བྱེད་སར་ལྕང་མ་སྒར་བ་རྣམས་ཀྱི་རེ་ཟུང་བྱོན་གི་འདུག་ཀྱང་ང་ནི་གར་ཡང་འགྲོ་མ་མྱོང་། ཐུ་བེའི་མ་ཡུམ་འདས་པའི་སར་འགྲོ་ཚེ་ཡང་འདུག་མ་མོས་ནས་ཧ་ཅང་དཀའ་ཐལ། ནད་ཀྱིས་ཉེན་དོགས་ཀྱི་སེམས་ཁུར་ཆེ་བས་ནངས་རེར་མིད་པའི་ནང་གནོང་རེ་ཡང་ཡོད་སྣང་འཆར་གི་འདུག །དེ་ནས་ཕྱིར་འོང་བའི་ལམ་ནས་མ་མོའི་ཡ་ཐང་དུ་སྨིག་རྒྱུ་མཐོང་བས་མཚོ་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས་པས་རི་དྭགས་རྣམས་སྨིག་རྒྱུས་བསླུ་འོང་ཟེར་བ་ཡང་དོན་དངོས་རེད་འདུག །བདག་ལྕང་མ་སྒར་དུ་ཐོན་ཚེ་འཇིགས་ཕུན་གྱིས་ཁྱོད་ཀྱི་ངོ་ཡང་ངན་འདུག་གསུངས་བྱུང་། ཞེས་སོགས་ཞལ་འཕྲོས་སུ་ཕེབས་པས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་དང་ཐུགས་ནང་ཤིན་ཏུ་གཤིན་པའི་ནང་འདྲིས་ཀྱི་མཆེད་གྲོགས་ཤིག་ཡིན་པར་ངེས་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། འཇིགས་ཕུན། ཐུབ་བེ། ངེད་ཅག་ན་མཉམ་ཡིན་ལ། ཕན་ཚུན་ནང་ཤིན་ཏུ་མཐུན་པོ་ཡང་ཡིན་དར། དེའི་ནང་ནས་འཇིགས་ཕུན་ངེད་གཉིས་ལྕང་མ་ལ་ཡར་མར་གྱི་ཕེབས་ཚོད་ཀྱང་གཅིག་པ་ཡིན། ལྕང་མ་སྒར་དུ་གནས་སྟོང་སོགས་འཚོགས་ཚེ་འཇིགས་ཕུན་བླ་མ་ཡིན་དར། ངས་འཇིགས་ཕུན་སྐྲག་གི་ཡོད་རྒྱུ་རེད་སྙམ་ནས་ཁྱོད་ཀྱིས་དབང་བཤད་ཚོ་འདོན་རྒྱུ་ཉུང་ཉུང་གྱིས་ཞེས་བཤད་པ་ཡིན། འཇིགས་ཕུན་གྱིས་ཡར་མར་སོགས་ལ་ཕེབས་འབྱོན་གྱི་སྐབས་རྣམས་སུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་ཚུལ་ཁྲིམས་བསྟོད་པ་སོགས་ངག་རྟ་བྱས་ནས་གསུང་དམའ་མོའི་ལེན་བཞིན་ཡོད་དར། ཤར་གྱི་གྲོགས་ལམ་འདི་ལམ་སྣེ་ཚུར་རང་ཕྱོགས་སུ་ཡོང་བ་ལྟ་བུ་ལ་ཟེར་བ་ལས་ལམ་སྣེ་ཕར་ཤོར་བ་ནི་ཤར་ན་ཡོད་ཀྱང་ཡག་ནི་མ་རེད། དེ་བཞིན་བྱང་གི་དགྲ་ལམ་འདི་ཡང་རང་གི་ས་མིག་གི་སྟེང་དུ་བབས་ཡོད་ན་དགྲ་ལམ་རེད་མ་གཏོགས་ལམ་སྣེ་འོག་ཏུ་ཆུད་ན་དགྲ་མགོ་རེ་བས་བཏུམ་པ་ཡིན་པས་དཔལ་བཟང་ནི་རེད་གསུངས་དར། ད་རུང་ཐེག་མཆོག་མཛོད་འདི་ཡང་དག་པ་ཞིག་མ་ཤེས་ན་རྫོགས་པ་ཆེན་པོའི་གྲུབ་མཐའ་རང་རྐང་ཚུགས་པ་ཞིག་ཤེས་ནི་མ་རེད། དེ་བཞིན་དུ་གསང་བདག་ཞལ་ལུང་འདི་ཡག་པ་ཞིག་མ་ཤེས་ན་རྒྱུད་སྡེ་འདི་ཡང་དག་ཅིག་ཤེས་ཐུབ་ནི་མ་རེད་གསུངས་ནས་ཐེག་མཆོག་མཛོད་དང་གསང་བདག་ཞལ་ལུང་གཉིས་ལ་དམིགས་བསལ་གྱིས་ཐུགས་གཙིས་ཆེན་པོ་གནང་དར། ཐེངས་ཤིག་ཁོང་གིས་སངས་རྒྱས་ཀྱི་བསྟན་པ་འདི་རྗེས་སུ་ཀཿཐོག་གི་མཁན་པོ་ཞིག་དང་སྐྱེ་རྒུའི་སྔགས་པ་ཞིག་སྟེ་གཉིས་ཀྱིས་སྤེལ་ཡོང་ནི་རེད། ཅེས་གསུངས་པས་ཀཿཐོག་གི་མཁན་པོ་དེ་འཇིགས་ཕུན་ཁོང་ཡིན་ས་ཡོད་གི ཀཿཐོག་ལ་གསར་རྙིང་གཉིས་ཡོད་པས་དཔལ་ཡུལ་འདི་ཀཿཐོག་རྙིང་མ་ཡིན་ནི་རེད། འཇིགས་ཕུན་ཁོང་གི་དགོན་པ་ཡང་དཔལ་ཡུལ་པ་ཡིན་པས་ཁོང་ཡིན་རྒྱུ་རེད། སྔགས་པ་དེ་དིལ་མགོ་མཁྱེན་བརྩེ་འདྲ་ཡིན་ཤས་ཆེ། ཞེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །གཞན་ཡང་ལྕང་མ་རི་ཁྲོད་དུ་བཞུགས་རིང་ལ་མགོ་ཚྭ་ཨོ་རྒྱན་མགོན་པོ་དང་དཔལ་ཡུལ་དཀོན་མཆོག་སོགས་ལས་འདུལ་བའི་སྐོར། རྩེ་བ་འཇིགས་རྣམ་སོགས་ལས་ཚད་མའི་སྐོར། རྫ་རྒྱལ་ཐུབ་བེ་དང་པཱ་ཐུར་ཚུལ་ལོ་སོགས་ལས་མངོན་པའི་སྐོར། མཁན་པོ་ཚུལ་ཆུང་སོགས་ལས་དབུ་མའི་སྐོར། ར་ཧོར་མཁན་པོ་ཟླ་ཟེར་སོགས་ལས་ཕར་ཕྱིན་གྱི་སྐོར། བུ་རྒྱུད་ལྷ་བ་སྤྲུལ་སྐུ་སོགས་ལས་གསང་སྔགས་ཀྱི་སྐོར། གཞན་ཡང་མཁན་ཚུལ་ལོ་དང་བཙན་ལོ་སོགས་ལས་རྒྱལ་བའི་བཀའ་བསྟན་གཉིས་དང་། མཛོད་ཆེན་བདུན། རྙིང་མ་རྒྱུད་འབུམ་གྱི་པོད་རེ་ཟུང་སོགས་ཀྱི་བཀླག་ལུང་ཞིབ་རྒྱས་སུ་གསན། གཞན་ཡང་བྲིས་གཟུགས། སྐར་རྩིས། སོགས་ཀྱིས་མཚོན་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་མཐའ་དག་ལ་ཐོས་བསམ་གནང་བར་བྱས་ཤིང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་ཀྱང་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་པ་ཡིན་སྟེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། སྐོར་ཞིག་ཐུབ་བེ་ལ་ཞལ་དུ་གསོལ་བའི་ཟས་གང་ཡང་མེད་པར་ཇ་རྐྱང་ཞིག་སྐོལ་ནས་དེ་ཁོ་ན་གསོལ་ནས་བཞུགས་འདུག་པས་ང་ལ་ཆུར་བ་ཉུང་ངུ་ཞིག་ཡོད་པ་ཁོང་ལ་ཕུལ་བ་ཡིན་ཞེས་དང་། ང་ལྕང་མ་ནས་འདུག་རིང་ལ་ཟ་མ་ཧ་ཅང་དཀོན་ནི་རེད། ལོ་ཞིག་ལ་ང་ཅུང་ལྟོགས་གི་ཡང་བསྡད་ཐལ། ཞེས་སོགས་ཞལ་འཕྲོས་སུ་ཕེབས་པས། མཁན་ཐུབ་བེ་མཆོག་ནི་རྫ་རྒྱལ་དགོན་ནས་ཡིན་པས་ལྕང་མ་དང་ཐག་ཧ་ཅང་ཉེ་བས་རང་ཁྱིམ་དུ་འབྱོན་པ་ལ་ཐུགས་ངལ་གང་ཡང་མེད་ལ། མགོན་པོ་མཆོག་ནི་རང་ཡུལ་དུ་ཕེབས་དགོས་ཀྱང་ཉིན་གསུམ་བཞི་ཙམ་རེ་འགོར་འགྲོ་བས་མཐུན་རྐྱེན་བཙལ་སླ་མིན་གྱི་ཁྱད་པར་ཤིན་ཏུ་ཆེ་མོད། ད་དུང་རང་གི་འཚོ་བའི་མཐུན་རྐྱེན་གྱི་ཆུར་བ་ཉུང་ཙམ་དེ་ཡང་ཁོང་ལ་ཕུལ་བ་འདི་ཕལ་བ་དག་གིས་ཅུང་ཟད་བྱེད་དཀའ་བ་ཙམ་དུ་མཆིས་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དད་པ་དང་མོས་གུས་ཀྱིས་དྲངས་བའི་ཐུགས་སྟོབས་དེ་ཉིད། དམ་པའི་སྐྱེས་བུ་རྣམས་ཀྱི་གསང་གསུམ་གྱི་ཡོན་ཏན་དག་གིས་དབང་མེད་དུ་བཀུག་ཚེ་གང་ལ་ཡང་ཆགས་ཞེན་མེད་པར་བུ་དང་ཆུང་མ་རྒྱལ་སྲིད་འབངས་འཁོར་སྤྱན་གྱི་འབྲས་བུ་ཡན་ཆད་ཀྱིས་བླ་མ་མཉེས་པར་བྱེད་ངེས་ན་འདི་ཙམ་ནི་ཅིས་ཀྱང་མཛད་ཆོག་ངེས་སུ་མཆིས་སོ་སྙམ་པའི་ཀུན་རྟོག་ཅིག་ཀྱང་སྐྱེ་བར་བྱས་སོ། །ཁྱད་པར་མགོན་པོ་གང་གིས་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་ཚུལ་གང་ཞིག་ཞུས་པའི་བླ་མ་རྣམས་དང་། སྐལ་བཟང་ཐུགས་མཐུན་གྱི་མཆེད་གྲོགས་ཡོངས་ལ་ཐུགས་གཙིས་བླ་ན་མེད་པ་ཞིག་གནང་པ་ཡིན་ལ། ཐུབ་དགའ་ཡིད་བཞིན་ནོར་བུ་སོགས་ནི་སངས་རྒྱས་དངོས་སུ་མཇལ་འདུག་པས་སྨྲོས་མི་དགོས་མོད། རྫ་རྒྱལ་ཐུབ་བེ་དང་། བུ་རྒྱུད་ལྷ་སྤྲུལ། མཁན་པོ་ཚུལ་ལོ་སོགས་ཀྱང་གངས་རིའི་ཁྲོད་འདིར་འགྲན་པའི་ཟླ་ཐམས་ཅད་བྲལ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་འབའ་ཞིག་ཡིན་པར་ཡང་ཡང་གསུངས་པ་དང་། གཞན་ལྕང་མ་སྒར་གྱི་མཆེད་གྲོགས་སུ་དང་སུ་ཡི་མཚན་ནས་འཛིན་པ་དང་ལོ་རྒྱུས་ཅུང་རེ་སོགས་གསུངས་པའི་ཚེ་ན་ཐུགས་ཧ་ཅང་དགྱེས་པ་དང་ཤིན་ཏུ་དད་གུས་ཀྱི་རྣམ་པས་དེ་དང་དེ་ནི་མཁས་པ་བསམ་གྱིས་མི་ཁྱབ་པ། བཙུན་པ་བློ་ཡིས་མི་དཔོག་པ། ཆོས་བརྒྱད་རོ་སྙོམས་པའི་བྱ་བཏང་དང་། སྦས་པའི་རྣལ་འབྱོར་བ་ཆེན་པོ་ཡིན་ཚུལ་སོགས་གསུངས་པ་ལས་ལྕང་མ་སྒར་ན་བཞུགས་པའི་དཔོན་སློབ་བརྒྱ་ཕྲག་གཉིས་ལ་ཉེ་བ་ཙམ་གྱི་ནང་ན་ཅུང་ཟད་ཐ་ཤལ་གྱི་གང་ཟག་ཅིག་ལྟ་ཅི་ཐ་ན་རང་བཞིན་གྱི་བན་དེ་ཞིག་ཀྱང་མེད་པར་ཐམས་ཅད་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་འབའ་ཞིག་ཡིན་པ་ལྟ་བུའི་གསུང་གི་བདུད་རྩི་འདི་དག་ཕེབས་པའི་སྐབས་སུ། བདག་ལྟ་བུའི་རྒྱུད་ལོག་ལྟས་བསྲེགས་ཤིང་། དད་པ་དང་དག་སྣང་གི་དགེ་བློའི་མྱུ་གུ་བསྐམས་པ་ཞིག་གི་རྒྱུད་ལ་ཡང་བགྲང་བྱ་སྟོང་ལ་ཉེ་བ་ཙམ་གྱི་གོང་དུ་རྭ་སྒྲེང་གི་ཤུག་གསེབ་སོགས་ན་སྤྱོད་ལམ་འཇམ་ལྷོད་དེ་བར་གནས་པའི་འབྲོམ་སྟོན་པ་དང་། དགེ་བཤེས་པུ་ཏོ་བ་སོགས་ཀྱི་རྣམ་ཐར་དེ་དག་ཡིད་ཀྱི་མེ་ལོང་གི་ངོས་སུ་ལྷང་ངེར་དྲན་པ་དང་ཆབ་ཅིག་དད་གུས་ཀྱི་ལྗང་སྨྱུག་ཕྲ་མོ་རེའི་མགོ་ལྕོག་ཀྱང་རྫ་ལྕང་མ་ལུང་གི་ཕྱོགས་སུ་གཡོ་བར་བྱེད་འདུག་གོ། ཐེངས་ཤིག་ཐུབ་དགའ་ཡིད་བཞིན་ནོར་བུས་དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་གསུང་ལ་ཉེ་བའི་སྐབས་སུ་སློབ་འབངས་རྣམས་གདན་ས་དགེ་གོང་དགོན་དུ་མངགས་ཏེ། ཀུན་མཁྱེན་བོད་པ་སྤྲུལ་སྐུའི་མདུན་ནས། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ། ཀུན་སྤང་བྱ་བྲལ་བ་པདྨ་ཆོས་དབྱིངས་ཁྱབ་བརྡལ་སོགས་དང་ལྷན་དུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་གསན་པར་མཛད་ལ། གཞན་ཡང་འདི་སྐབས་ཡས་མས་ཤིག་ལ་སྙིང་ཐིག་ཡ་བཞིའི་དབང་ཡང་གསན་པར་བྱས་པ་ཡིན་འདུག་གོ ༈ །དེ་ཡང་མགོན་པོ་གང་གི་ཞལ་ནས། ཐུབ་དགའ་ཡིད་བཞིན་ནོར་བུའི་དུས་འཁོར་འགྲེལ་ཆེན་གསུངས་ཚེ། ངེད་ཅག་དགེ་གོང་དགོན་པར་བོད་སྤྲུལ་གྱི་སྐུ་མདུན་དུ་དབང་ཞུ་རུ་སོང་བ་ཡིན། མཁན་པོ་འཇིགས་ཕུན། ཆོས་ཁྱབ་རྣམས་ཀྱང་དབང་གྲལ་དུ་བཞུགས་ཡོད་ནི་རེད། དབང་གི་དངོས་སྟ་ཞག་གིས་ཆོད་པར་བྱས་ཏེ་དབང་ཆོག་རྒྱས་པའི་ལུགས་སུ་བྱས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་གནང་མཛད་ཐལ། དབང་གི་བྱིན་འབེབས་ཀྱི་སྐབས་རྣམས་སུ་བོད་པ་སྤྲུལ་སྐུས་སྤྱན་ནམ་མཁའ་ལ་གཟིགས་ནས་སྤྱན་ཆབ་བསིལ་གི་འདུག་དར། དུས་ཕྱིས་སུ་འཇིགས་ཕུན་ཚང་འུ་ཅག་གི་དགོན་ནང་དུ་བྱོན་ཚེ་ངས་ཁོང་ལ་སྔོན་ཆད་དུས་འཁོར་གྱི་དབང་གསུངས་པ་དེའི་ཆོག་འགྲིག་གང་གི་ཐོག་ནས་ཡིན་ཞུས་ཚེ་ཀོང་སྤྲུལ་རིན་པོ་ཆེའི་ཆོག་འགྲིག་གི་ཐོག་ནས་རེད་གསུངས་གི དེ་ལྟར་དུས་འཁོར་གྱི་དབང་ཐོབ་པ་རེད། ཅེས་གསུང་འཕྲོས་སུ་ཕེབས། ཡང་འདི་སྐོར་ཞིག་སྟེ་མགོན་པོ་གང་ཉིད་དགུང་གྲངས་ཉེར་གཉིས་བཞེས་པའི་སྐབས་སུ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་དྲུང་དུ་ཕེབས་ནས་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཞུས་པས་སྤྲོས་མེད་རིག་པའི་རྩལ་དབང་ལ་བསྟེན་ནས་རང་གནས་དོན་གྱི་ཡེ་ཤེས་ངོ་སྤྲད་ཅིང་། གཞན་ཡང་འཇམ་དཔལ་གསང་བ་འདུས་པའི་དབང་དང་། ཐོད་རྒལ་ཟླ་དྲུག་མ་དང་ཐོད་རྒལ་ཞག་བརྒྱ་མའི་ཁྲིད། སྒེའུ་གཏེར་དྲུག་ཁྲིད་ཀྱི་སྐོར་སོགས་ཟབ་རྒྱས་གདམས་པའི་བདུད་རྩི་མང་པོ་བསྩལ་ནས་རྗེས་སུ་བཟུང་ཞིང་། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གསུང་ཆོས་ཡོངས་རྫོགས་ཀྱི་བཀའ་ལུང་ཁྱོད་ལ་གཏད་པ་ཡིན་ཞེས་གླེགས་བམ་མཆོད་སྟེགས་སུ་བཀོད་ནས་བདེན་གསུང་ཚངས་པའི་དབྱངས་ཀྱིས་རྒྱས་བཏབས་ནས་གཏད་རྒྱ་མཛད། ཐེངས་ཤིག་ཕུག་ཁང་མཁན་གྲགས་རྒྱམ་དང་ལྷན་དུ་ཟླ་བ་གཅིག་གི་ཡུན་ལ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་སྨིན་ཁྲིད་ཟབ་རྒྱས་སུ་མནོས་ཞིང་། འདི་ཡས་མས་སུ་རྫ་རྒྱལ་དགོན་དུ་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མདུན་ནས་འགྲོ་དྲུག་རང་གྲོལ་གྱི་དབང་ཡང་གསན་པ་ཡིན་འདུག་གོ ༈ །དེ་ཡང་མགོན་པོ་གང་གི་ཞལ་ནས། བདག་ལྕང་མ་ན་ཡོད་དུས་སུ་སྤྲུལ་སྐུ་ནམ་མཁའ་འཇིགས་མེད་ཀྱི་སྐུ་དྲུང་དུ་ཐེངས་དུ་མར་འགྲོ་མྱོང་། བདག་གི་སེམས་ཁྲིད་ཀྱང་ཐོག་མར་མགོན་པོ་ཁོང་ལས་ཞུས་པ་ཡིན། བླ་མ་སྒེའུ་གཏེར་གྱི་གསུང་ལས་བར་དོ་དྲུག་ཁྲིད་དང་། འཇམ་དཔལ་གསང་བ་འདུས་པའི་དབང་ཡང་དངོས་སུ་ཐོབ་པ་ཡིན། འཇམ་དཔལ་གསང་བ་འདུས་པ་ལ་ཉམས་བཞེས་མཛད་པས་དགེ་རྩེ་ཀུན་དཔལ་མཆོག་མཁས་པའི་རྣམ་དཔྱོད་ཀྱི་རྩེར་ཕྱིན་སོང་བ་རེད། ངས་ནི་ཡི་གེ་མ་ལོན་པས་བསྙེན་སྒྲུབ་མཛད་རྒྱུ་ཅང་མ་ལོན། ཐོད་རྒལ་ཟླ་དྲུག་མ་དང་། ཐོད་རྒལ་ཞག་བརྒྱ་མ་སོགས་ཁོང་གི་མདུན་ནས་ཐོབ་པ་ཡིན། ཐེངས་གཅིག་སྤྲུལ་སྐུ་ནམ་འཇིགས་ཀྱིས་བླ་མ་སྒེའུ་གཏེར་གྱི་གསུང་ཆོས་ཡོངས་རྫོགས་མཆོད་སྟེགས་སུ་བཀོད་ནས་དེང་ཕྱིན་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གསུང་ཆོས་ཡོངས་རྫོགས་ཁྱོད་ལ་བཀའ་གཏད་ལུང་གཏད་བྱས་པ་ཡིན་གསུངས་ནས་ཐུགས་བསྐྱེད་དང་སྨོན་ལམ་མང་དུ་གནང་ཐལ། ཡང་སྐོར་ཞིག་གྲགས་རྒྱམ་ངེད་གཉིས་ཀྱིས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་ཞུས་ནས་ཟླ་བ་གཅིག་གི་བར་དུ་བསྡད་པ་ཡིན། ཁོང་གི་ཞལ་ནས་ཁྱེད་གཉིས་དཔེ་ཆ་བ་ཡིན་པས་དེས་རུ་ཤན་གྱི་གོ་ཆོད་རྒྱུ་བྱེད་གསུངས་གི ཕྱི་དྲོ་ངེད་གཉིས་ཀྱིས་ཁྲོས་མའི་ལུས་སྦྱིན་དབྱངས་རྟ་བྱས་ཏེ་བཏོན་ཚེ། ངེད་གཉིས་ཀྱང་ངག་སྙན་མོ་མེད་པས་མཚམས་རེར་ཅུང་ཟད་རེ་དགོད་ཀྱང་ཤོར་བྱུང་། ཉིན་གཅིག་ནམ་མཁའ་འཇིགས་མེད་ཀྱི་ཞལ་ནས་བདག་གིས་ལྷ་བཙུན་ནམ་མཁའ་འཇིགས་མེད་དང་། མགོ་ལོག་གི་མཁར་རེའི་ནམ་མཁའ་འཇིགས་མེད། ད་ལྟའི་རང་སྟེ་ནམ་མཁའི་མཚན་ཅན་གྱི་སྐྱེ་བ་གསུམ་ལེན་མྱོང་བ་དྲན་གི་འདུག །ཅེས་དང་། ཡང་བདག་ལ་ཁྱོད་ཀྱིས་སྡོམ་པ་ཤོར་གི་མ་འཇུག་དང་ཉམས་ལེན་ཤེས་འོང་ནི་རེད་གསུངས་གི ཞེས་སོགས་ཕྱི་ནང་གསང་གསུམ་གྱི་དགོངས་གནད་དང་ལྡན་པའི་གདམས་པ་མང་དག་ཅིག་ཀྱང་ཞལ་འཕྲོས་སུ་ཕེབས། དེ་ལྟར་འོད་གསལ་ཨ་ཏི་ཡོ་གའི་ཟབ་དོན་གྱི་གདམས་ཁྲིད་འགའ་ཞུ་བའི་ཆེད་དུ། རྫ་རྒྱལ་དགོན་དུ་སྤྲུལ་སྐུ་ནམ་མཁའ་འཇིགས་མེད་ཀྱི་སྐུ་དྲུང་དུ་ཐེངས་ཁ་ཤས་ཕེབས་པ་ཙམ་མ་གཏོགས། བགྲང་བྱ་བདུན་གྱི་ཡུན་ལ་དབེན་རི་ལྕང་མ་ལུང་གི་ཆོས་གྲྭ་ནས་ཐུབ་དགའ་ཡིད་བཞིན་ནོར་བུ་གཏན་གྱི་སྐྱབས་གནས་སུ་བསྟེན་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱུན་ཆགས་སུ་གནང་བ་ཡིན་ལ། ཐུབ་དགའ་ཡིད་བཞིན་ནོར་བུས་ཀྱང་། མགོན་པོ་མཆོག་འདིར་ཐུགས་འདང་ཆེན་པོས་བསྔགས་བརྗོད་ཐེངས་དུ་མར་གནང་བ་དང་། རྗེ་ཉིད་ཀྱི་ཆོས་གོས་བཟོར་བཅུག་པ། འབྱུང་འགྱུར་མཁྱེན་པའི་ཞལ་ཏ་སོགས་ཀྱང་ཅི་རིགས་གསུངས་ཡོད་པར་ངེས་ལ། དེ་ཡང་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞལ་ནས་དཔལ་ལྡན་ནི་རྟོགས་ལྡན་ཡིན་ནི་རེད་ཅེས་ཐེངས་དུ་མར་ཞལ་འཕྲོས་སུ་ཕེབས་པ་དངོས་སུ་ཚོར་མྱོང་ཞེས་འཇུ་ཉུང་བླ་མ་དཀོན་བསྟན་གྱིས་གསུངས་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ཉིན་གཅིག་ཐུབ་དགའ་ཡིད་བཞིན་ནོར་བུས་ང་ལ་ཁོང་གི་ནབ་ཆོས་འདི་ཅུང་ཟད་རལ་འདུག་པས་འདི་ཚེམས་ཤོག་གསུངས་གི བཟོ་གྲུབ་མི་ཤེས་མཁན་ཞིག་ལ་ངའི་སྡུག་ཅིག་ལྕང་མ་སྒར་ན་ཕལ་ཆེར་ཡོད་རྒྱུ་མ་རེད། ཅི་ལ་དགོངས་ནི་ཡིན་མི་ཤེས་ང་ལ་ཚེམས་ཤོག་གསུངས་གི ངས་ཉིན་དཀར་བཟོས་ཤིང་དགོང་མོ་ཁོང་ལ་ཕུལ་ནས་འབྲལ་སྤང་མི་འབྱུང་བར་བྱས་ནས་ཉིན་གསུམ་བཞི་ཞིག་ལ་བཟོས་པ་ཡིན། ཞེས་དང་། སྐོར་ཞིག་རྩེ་བའི་ཕྱོགས་ནས་ལས་བཟོ་པ་བོས་ནས་ལྕང་མའི་འདུ་ཁང་བསྐྱར་བཟོ་བྱས་ཞིང་། འདུ་ཁང་གི་མདུན་ནས་ཅོག་ཁྲིའི་རྣམ་པ་ལྟ་བུ་ཞིག་ཀྱང་བརྩིགས་པ་ཡིན། ཉིན་གཅིག་དེ་རལ་འདུག་པས་ཐུབ་དགའ་ཡིད་བཞིན་ནོར་བུའི་ཞལ་ནས། རྗེས་སུ་འུ་ཅག་གནས་འདི་ན་མེད་དུས་ཀྱང་ཅོག་ཁྲིའི་རྣམ་པ་འདི་ཡོད་སྣང་ཤར་ཡང་དེའི་སྔོན་ནས་ལོག་ཐལ་གསུངས་པས་དེ་ནི་མི་རིང་བར་ཐུབ་དགའ་ཡིད་བཞིན་ནོར་བུས་ཞིང་བརྗེས་ཤིང་ངེད་ཅག་སོ་སོར་འཐོར་བའི་དུས་འགྱུར་གྱི་འཚུབ་མ་སོགས་ལ་དགོངས་ནི་ཡིན་ས་ཡོད་ཀི ཞེས་སོགས་ཞལ་འཕྲོས་སུ་ཕེབས། ལྕང་མ་སྒར་ན་དབྱར་གནས་ཀྱི་ལྗོངས་རྒྱུ་དང་ལོ་སར་གྱི་དུས་ཙམ་མ་གཏོགས་བག་ཡངས་དུས་སྟོན་གྱི་རིགས་ཆེར་གནང་སྲོལ་མེད་ལ། དབྱར་གནས་ཀྱི་ལྗོངས་རྒྱུ་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་བག་ཡངས་ཀྱི་ལས་སུ་གནང་བ་ལྟར་འདི་དུས་སུ་ལྕང་མ་སྒར་བ་རྣམས་རྫ་ཆུའི་འགྲམ་རྒྱུད་དུ་ཕེབས་ནས་སྐུ་རྩེད་ཅི་རིགས་གནང་གི་ཡོད་པར་བརྟེན་མགོན་པོ་མཆོག་གིས་སྔོན་ཆད་བྱིས་པའི་དུས་སུ་རྟ་གོང་ནས་གྱེན་དུ་བཞེངས་དེ་རྟ་རྒྱུགས་བྱེད་ཐུབ་པ་སོགས་སྐུ་རྩལ་ཧ་ཅང་ཆེ་ཞིང་། འདི་དུས་སུ་ཡང་རེ་ཕྱར་རེ་མནབས་ནས་སྟག་གི་མཆོངས་སྟངས་ཀྱིས་ཆུ་ཕྲན་དག་ལ་ཕར་ལྡིང་ཚུར་མཆོངས་སོགས་གནང་བས་སྐུ་རྩལ་ཆེ་བའི་ཚད་དུ་གླེང་བར་མངོན་ཏེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། སྔོན་ཆད་ལྕང་མ་སྒར་ན་ད་ལྟ་དང་འདྲ་བར་རྣམ་ཐར་འཁྲབ་པ་སོགས་རྩེད་མོ་མང་པོ་བྱེད་རྒྱུ་མེད་མོད་དབྱར་གནས་ཀྱི་མཇུག་ཏུ་རྫ་ཆུའི་འགྲམ་ནས་ཉིན་གསུམ་ལ་ལྗོངས་རྒྱུ་བྱེད་དར། དེའི་ཚེ་གླིང་ཡག་བསམ་འགྲུབ་དང་ངེད་གཉིས་ལས་ལྷག་པའི་རྩལ་ཆེན་ཞིག་ལྕང་མ་སྒར་ན་ཡོད་མི་དར་ཡང་ད་ནི་བན་རྒན་མལ་སའི་ནང་ནས་ཡར་ལངས་དགོས་ན་ཡང་གཞན་ལ་རྟེན་དགོས་པ་འདི་འདྲ་རེད། སྔོན་ཆད་བདག་གི་མིག་ཀྱང་ཧ་ཅང་རྣོ་ནི་རེད། ཉིན་གཅིག་ལྕང་མ་སྒར་གྱི་བཞོན་ཟོག་རྣམས་ཇག་པས་དེད་ཐལ། ངེད་ཅག་གིས་པཱ་ཐུར་མའི་ས་རྔ་སྐེ་འགབ་མའི་མགོ་ནས་བལྟས་པས་དགེ་མང་གི་ས་སྐམ་ཆེན་ནང་གི་ཆུ་ནག་ཁ་ནས་ཡར་དེད་འགྲོ་གི་ཡོད་པ་ང་གཅིག་པུས་རིག་གི་དེ་འདྲའི་མིག་གསལ་ནི་རེད། འོན་ཀྱང་ད་ནི་རང་གི་ཕོར་ཁ་ཙམ་ཡང་མཐོང་དཀའ་བས་འདི་ནི་འདུས་བྱས་མི་རྟག་པའི་རང་བཞིན་མངོན་དུ་གྱུར་པ་རེད། ཅེས་སོགས་ཞལ་འཕྲོས་སུ་ཕེབས། དེ་ལྟར་དབེན་གནས་ལྕང་མ་ལུང་གི་ཆོས་སྒར་ནས་སྐལ་བཟང་ཡིད་མཐུན་གྱི་མཆེད་གྲོགས་རྣམས་དང་ལྷན་དུ་ཐོས་བསམ་ཆུ་བོའི་རྒྱུན་བཞིན་དུ་གནང་བའི་སྐབས་ཤིག་ལ། ཇི་སྐད་དུ། ཀློང་ཆེན་རབ་འབྱམས་བཟང་པོའི་ཞལ་ནས། བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ། །མི་འབྲལ་འགྲོག་པར་འདོད་ཀྱང་འབྲལ་བར་ངེས། །ཞེས་གསུངས་པ་ལྟར། འདྲེན་མཆོག་འཁོར་ལོའི་མགོན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་མཆོག་གིས་སྙུན་གཞི་བཞེས་ཚུལ་བསྟན་པས་ཞབས་བརྟན་གྱི་ཆེད་དུ་མགོན་པོ་གང་ཉིད་རང་ཡུལ་དུ་ཚེ་ཐར་སློང་བར་ཕེབས་ཤིང་། རང་སྡེའི་ཁྱིམ་ཚང་རྣམས་ལ་ཡང་སྒོ་ཁེར་ཉུལ་གྱིས་ཚེ་ཐར་བསླངས་བས་སྐབས་དེ་དུས་ལ་ལྟོས་པའི་ཚེ་ཐར་ཡང་འབོར་ཆེན་ཙམ་གྲུབ་ནས་ཡར་ཕེབས་ཚེ། བུ་རྒྱུད་ལྷ་བ་སྤྲུལ་སྐུས་ངེས་པར་དུ་བསྙེན་རྫོགས་སྒྲུབ་དགོས་ཞེས་བཀའ་ཕེབས་པ་ལྟར། ཐུབ་དགའ་ཡིད་བཞིན་ནོར་བུས་གློ་བའི་སྙུན་གཞི་བཞེས་པའི་དབང་གིས་མཁན་པོ་བྱེད་མ་ཐུབ་ཀྱང་ལས་གྲལ་དུ་བཞུགས་པ་དང་། མཁན་ཚུལ་ལོས་མཁན་པོས་བྱས་ཏེ་མཁན་སློབ་གྲངས་ཚང་བའི་དབུས་སུ་ཚིགས་ཕྱི་མ་དགེ་སློང་གི་བསླབ་པ་ནོད་ནས་བསྙེན་པར་རྫོགས་པར་བྱས་ཞིང་། རིམ་གྱིས་ཐུབ་དགའ་ཡིད་བཞིན་ནོར་བུ་མཆོག་གིས་རྟག་འཛིན་ལོག་རྟོག་གི་འཁྲི་བ་གཅོད་པའི་ཕྱིར་དུ་སྐུ་འདའ་པའི་ཐུགས་སྣ་བཟློག་ཏུ་མེད་པར་མགོན་པོ་གང་ལ་བརྩེ་བ་ཆེན་པོས་གཟིགས་ནས་ཕྱིན་ཆད་ཁོང་གི་སྤྲུལ་སྐུ་རེད་ཟེར་མཁན་བྱུང་ན་མིན་པར་ཁྱེད་ཀྱིས་ཐག་གཅོད་དགོས་གསུངས་ནས་བཅོལ་གདམས་བྱས་ཤིང་ཡུན་མ་རིང་བར་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི་རྣམ་རོལ། གསང་ཆེན་སྒྱུ་འཕྲུལ་དྲྭ་བའི་ཁྱབ་བདག་དེ་ཉིད་ཀྱི་མཐོང་གྲོལ་མཚན་དཔེའི་ཞལ་རས་ཀྱི་བཀྲག་མདངས་བསྡུས་པ་དང་ཆབ་ཅིག་བརྩེ་ཆེན་ཐུགས་ཀྱི་འཇུག་པ་ཡང་ཆོས་དབྱིངས་གདོད་མའི་ཀློང་དུ་རེ་ཞིག་ངལ་གསོས་པར་གྱུར་ཏོ། །༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ཐུབ་དགའ་ཡིད་བཞིན་ནོར་བུས་སྙུན་གཞི་བཞེས་ཚེ་བདག་རང་ཡུལ་དུ་ཚེ་ཐར་སློང་བར་འོང་བ་ཡིན། དུད་ཚང་རྣམས་སྒོ་ཁེར་ཉུལ་གྱིས་ཚེ་ཐར་བསླངས་བས་སུམ་བརྒྱ་བཞི་བརྒྱ་ཙམ་ཞིག་འགྲུབ་ཐལ། དེ་ནས་ཡར་སོང་པ་ཡིན། ལྷ་བ་སྤྲུལ་སྐུས་ཡིན་གཅིག་མིན་གཉིས་དགེ་སློང་ཞུས་གསུངས་གི དེ་ནས་ཚུལ་ལོའི་མདུན་ནས་བསྙེན་རྫོགས་བསྒྲུབས་པ་ཡིན། ཐུབ་དགའ་ཡིད་བཞིན་ནོར་བུ་ཡང་ལས་གྲལ་དུ་བྱོན་ཡོང་ཐལ། དེ་ནས་ཐུབ་དགའ་ཡིད་བཞིན་ནོར་བུའི་སྙུན་གཞི་རིམ་གྱིས་ཇེ་ཐུ་རུ་སོང་བས་ཉིན་གཅིག་བདག་ལ། ཨེ་དཔལ་ལྡན། ཕྱིན་ཆད་ངའི་སྤྲུལ་སྐུ་རེད་ཟེར་མཁན་རེ་ཡོད་ན་མིན་ཟེར་ནས་ཐག་གཅད་ཐུབ་དགོས་གསུངས་ནས་ཕྱག་གཡོན་པ་ཡར་བཏེགས་ནས་ནན་ཏན་གྱི་གསུང་འདྲ་གནང་ཐལ། མཐར་གསུང་ངག་ཀྱང་བསྡམས་ཚུལ་མཛད་པས། ཉིན་གཅིག་ངེད་ཅག་འཁོར་སློབ་ཉུང་ཤས་ཤིག་སྐུ་མདུན་དུ་ཡོད་ཚེ། ལྐོག་ཤུབ་ཀྱིས་དུར་ཁྲོད་བརྒྱད་གང་རེད་གོ། གསུངས་བྱུང་བས་སྤྲུལ་ཨ་འགྱུར་གྱིས། འོག་མིན་གནས་དང་བདེ་ཆེན་དུར་ཁྲོད་དང་། །ལྷུན་གྲུབ་བརྩེགས་དང་པདྨ་བརྩེགས་ལ་སོགས། །ཞེས་པའི་ལེའུ་བདུན་མའི་ཚིག་དེ་སྙན་གསན་ཕུལ་ཞིང་། རྡོར་སེམས་ཀྱི་དཀྱིལ་ཐང་རྙིང་བ་མཐའ་ན་དུར་ཁྲོད་བརྒྱད་བྲིས་ཡོད་པ་ཞིག་འདུག་པས་དེ་གཟིགས་འབུལ་ཞུས་པས་ཐུགས་ཧ་ཅང་སྤྲོ་སྤྲོ་གནང་ཐལ། ཡང་ཁོང་ནམ་མཁའ་ལ་སྐོར་དང་གསུངས་པས། ཁོང་ཉིད་ཀྱི་ནབ་ཤམ་གྱི་ཐོག་ཏུ་བཞུགས་སུ་གསོལ་ནས་ངེད་ཅག་གིས་མཐའ་ནས་བཟུང་སྟེ་བར་སྣང་ལ་བསྐོར་བས་ཐུགས་དགྱེས་ཚུལ་མཛད་དེ་དགེ་མང་མཁན་པོ་དབང་སྡེས་ལ་ཁྱེད་ཅག་གིས་ཚོགས་ཤ་དེ་ལོན་ཨེ་ཐལ་གོ། ཞེས་གསུངས་བྱུང་བས་ཁོང་ཉིད་ལ་ཚོགས་འཁོར་ཞིག་སྐོར་གི་ཡོད་པའི་གཟིགས་སྣང་བྱུང་ཡོད་དམ་སྙམ། དེ་ནས་མི་རིང་བར་ཐུབ་དགའ་ཡིད་བཞིན་ནོར་བུ་འདས་ཐལ། འདའ་བའི་ཚེ་ཡང་ཕྲན་སྐུ་དྲུང་དུ་ཡོད་མོད་རང་བཞིན་གྱི་མི་ཕལ་བ་ཞིག་དང་འདྲ་བར་འདས་སོང་བ་ལས་དམིགས་བསལ་གྱི་འདའ་ཚུལ་གང་ཡང་མཇལ་མ་བྱུང་། ཞེས་སོགས་ཞལ་འཕྲོས་སུ་ཕེབས་པས། སྤྱིར་རང་ལྟ་བུ་ཞིག་ཡིན་ན་རང་གི་བླ་མ་དེའི་འདའ་ཚུལ་ཀྱང་ཁྱད་ཆོས་ཅན་ཞིག་ཏུ་བསྒྱུར་ཅི་ཐུབ་དང་། མིན་ཡང་རང་བཞིན་གྱི་མི་སྐྱ་ཕོ་མོ་ཞིག་དང་འདྲ་བར་གཤེགས་ཐལ་ཟེར་མི་ཐུབ་པ་ལྟ་བུར་སྣང་མོད། དེ་ནི་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་མེད་པ་དང་། རྣམ་ཐར་ལ་སྒྲོ་འདོགས་ཀྱི་སྐྱོན་ཕྲ་མོ་བགོས་པ་ཡིན་པར་ད་གཟོད་རྟོགས་ཏེ། མགོན་པོ་གང་གིས་ཁོང་ཉིད་ཐུབ་དགའ་ཡིད་བཞིན་ནོར་བུ་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ཅེས་ཕྲན་ལ་ཡང་གསུངས་མྱོང་བས། རང་གི་བླ་མ་དེ་སངས་རྒྱས་དངོས་སུ་མཐོང་ཚར་ཕྱིན་བླ་མ་ལ་གྲུབ་རྟགས་ཡོད་མིན་དང་འདས་རྟགས་ཆེ་མིན་སོགས་ལ་དོ་སྣང་གང་ཡང་མི་བྱེད་པར་མ་ཚད་བླ་མའི་རྣམ་ཐར་ལ་སྒྲོ་སྐུར་གྱི་ཆ་ཕྲ་མོ་ཙམ་ཡང་གོས་སུ་མི་འཇུག་པའི་ཡོན་ཏན་འདི་གཅིག་པུ་ཡང་ཐ་མལ་བ་རང་ལྟ་བུའི་ནི་བློ་ཡུལ་ལས་འདས་པ་ལྟ་བུར་འདུག་གོ། དེ་ནས་འདས་མཆོད་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་པས་བུ་རྒྱུད་ལྷ་བ་སྤྲུལ་སྐུའི་གཙོས་ནས་འཁོར་སློབ་རྣམས་ཀྱིས་གདན་ས་སྔར་བཞིན་སྐྱོང་རྒྱུ་བྱས་ཚེ་མགོན་པོ་མཆོག་འདིས་ནི་མངོན་པ་མཛོད་སོགས་འཆད་ཁྲིད་གནང་བཞིན་ཡོད་པས་བུ་རྒྱུད་ལྷ་སྤྲུལ་སོགས་ཀྱིས་ལྕང་མ་སྒར་དུ་བཞུགས་ནས་གདན་ས་སྐྱོང་དགོས་ཚུལ་ནན་ཏན་གྱིས་གསུངས་ཀྱང་རང་དགོན་གྱི་བཤད་གྲྭའི་མཁན་པོ་མཁན་རྟ་མགྲིན་ཡིན་པས་ཁོང་གིས་ངེས་པར་དུ་རང་ཡུལ་ལ་ཕེབས་དགོས་པར་གསུངས་བས་རེ་ཞིག་རང་དགོན་དུ་བྱོན་ཞིང་རྗེས་སུ་ལྕང་མ་ལ་ཡར་འོང་རྒྱུའི་ཞལ་བཞེས་གནང་སྟེ་རིམ་གྱིས་རྫ་སྟོད་ལྕང་མ་ལུང་གི་དབེན་རི། ཕ་གཅིག་དྲིན་ཆེན་བླ་མའི་གདན་ས། བགྲང་བྱ་བདུན་གྱི་ཡུན་ལ་ཐོས་བསམ་རྒྱུན་ཆགས་སུ་གནང་ཞིང་། གཞོན་ནུའི་བློ་གྲོས་ཀྱི་ན་ཚོད་སྨིན་པར་བྱས་པའི་ཕ་ཁྱིམ་དངོས་དེ་ཕྱིར་མིག་གི་ཀློང་ནས་བསྐྱུར་ཏེ་ཐུགས་སེམས་སྐྱོ་དུང་ངེ་བ་ཞིག་གི་ངང་ནས་རང་ཡུལ་དུ་ཕེབས་པ་མིན་ནམ་སྙམ་མོ། །༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ཐུབ་དགའ་ཡིད་བཞིན་ནོར་བུས་ཞིང་བརྗེས་ནས་འདས་མཆོད་རྣམས་ལེགས་པར་གྲུབ་རྗེས་ལྷ་བ་སྤྲུལ་སྐུས་བདག་ལ་ལྕང་མ་ནས་འདུག་དགོས་གསུངས་ཀི མཁན་རྟ་མགྲིན་གྱིས་ངེས་པར་དུ་རང་ཡུལ་གྱི་བཤད་གྲྭའི་ནང་དུ་ཕེབས་དགོས་གསུངས་པས་ངེད་ཅག་རང་དགོན་གྱི་གྲྭ་བ་ལྕང་མ་ན་ཡོད་ཚད་ཚང་མ་མཁན་རྟ་མགྲིན་གྱི་སློབ་མ་དང་མཆེད་གྲོགས་ཡིན་པས་ཁོང་གི་བཀའ་བཟློག་མ་ནུས་པར་ལོ་གསུམ་གྱི་རྗེས་སུ་ཕྱིར་ལྕང་མ་ལ་ཡོང་རྒྱུའི་ཁས་ལེན་བྱས་ནས་ངེད་ཅག་ཚང་མ་རང་དགོན་དུ་ཡོང་བ་ཡིན། ཞེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །
ས་བརྒྱད་པ་ལ་གནས་པའི་སེམས་དཔས་ཀྱང་། །
མེ་སོགས་སྤུ་གྲིའི་སོ་ཡང་ཡོངས་བརྒལ་ཏེ། །
རྣམ་དག་ལྷ་ཆོས་བཙལ་བའི་ཚུལ་གཟིགས་ཏེ། །
མཚན་ལྡན་བླ་མ་བསྟེན་པའི་ཐུགས་བློ་འཁྲུངས། །
དེའི་ཚེ་དཔལ་ལྡན་དང་པོའི་སངས་རྒྱས་མཆོག །
མི་ཡི་གར་ཏུ་རོལ་བ་མུ་ནེའི་མཚན། །
གྲགས་སྙན་དབྱར་རྔ་བཞད་པའི་སྒྲ་དབྱངས་དེས། །
གསེར་སྙན་མདོངས་མཐའི་བུ་མོ་མྱོས་པར་བྱས། །
ཨེ་མ་སྔོན་འབྲེལ་ལས་ཀྱི་ན་བུན་སྤྲིན། །
གློ་བུར་ཐུགས་མོས་རླུང་གིས་བསྐྱོད་མ་ཐག །
གསེར་ཞལ་སྤྲིན་པ་དཀར་པོའི་ལང་ཚོ་དེ། །
རྫ་སྟོད་ལྕང་ལུང་དབེན་པའི་རི་ལ་བྲིས། །
མཚན་ལྡན་བླ་མའི་གདམས་པ་བདུད་རྩིའི་ཆབ། །
ཐུགས་ཀྱི་ཡོལ་གོར་སྐྱིལ་དང་ཆབ་གཅིག་ཏུ། །
གུས་རྟག་སྙེལ་བ་མེད་པའི་བརྩོན་པ་དེས། །
རྒྱ་ཆེན་རིག་གཞུང་སྟོང་གི་གླེགས་བམ་ཕྱེས། །
དཀར་ནག་ཡི་གེའི་གཟུགས་རིས་བསླབས་པ་ནས། །
སྒྱུ་འཕྲུལ་གསང་བའི་སྙིང་པོའི་ཐོས་བསམ་བར། །
ལུང་རིགས་འཕྲུལ་ལ་དྲངས་བའི་རྩེ་འཇོ་ལས། །
རབ་འབྱམས་གཞུང་ལུགས་མཁྱེན་པའི་བློ་གྲོས་རྒྱས། །
འཇིགས་མེད་ཡང་དར་བསྟན་པའི་ཉི་གཞོན་དང་། །
ཕན་བདེའི་གྲིབ་བསིལ་སྙིལ་པའི་ཟླ་གཞོན་ཟུང་། །
ཐུགས་ནང་གཅིག་ཏུ་གཤིན་པའི་ལྷ་ལམ་ནས། །
མཚན་དཔེའི་འོད་སྟོང་འཕྲོ་ས་ལྕང་མ་ལུང་། །
ཁྱད་པར་ཡང་གསང་ཨ་ཏི་ཡོ་ག་ཡི། །
སྙན་རྒྱུད་མ་དང་མཁའ་འགྲོའི་ཐུགས་ཀྱི་བཅུད། །
ཁྲག་འཐུང་དཔའ་བོ་བཞད་པའི་ལྗགས་རྩེ་ལས། །
སྣང་བཞིའི་རྩལ་ཆེན་རྫོགས་པའི་གསོས་སུ་བཞེས། །
གསང་གསུམ་ཡོན་ཏན་འབྲས་བུས་དུད་པ་དང་། །
ཅི་གསུང་བཀའ་ལས་འགོང་པ་མི་སྲིད་པས། །
ཐུབ་བསྟན་མཚན་གྱི་ཐུགས་སྣང་ཆེར་འཕྲོག་ནས། །
འབྱུང་འགྱུར་ལས་ཀྱི་མཛད་པ་ཕྱག་ཏུ་གཏད། །
ཆེར་སྙིགས་ལྔ་བདོའི་རྒུད་པ་འཇོམས་པའི་ཕྱིར། །
ཤམྦྷ་ལ་རུ་ལྷ་གཅིག་ཕེབས་པའི་ཚེ། །
ཕ་ཁྱིམ་ལྕང་མ་ལུང་གི་ཆོས་གྲྭ་དེར། །
གྱེས་ཁའི་ཕྱིར་མིག་འཕང་བའི་མཛད་པ་བསྟན། །
ཞེས་པའང་སྐབས་བསྡུ་བའི་ཚིགས་བཅད་དོ། །
ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ལས་རྫ་སྟོད་ལྕང་མ་ལུང་དུ་ཕེབས་ཞིང་རབ་ཏུ་བྱུང་སྟེ་བླ་མ་བསྟེན་ནས་ཐོས་བསམ་མཛད་ཚུལ་གྱི་སྐོར་དེ་རེ་ཞིག་རྫོགས་པར་བྱས་སོ།། །།
གསུམ་པ། རང་ཡུལ་དུ་ཕེབས་ཤིང་དུས་འགྱུར་གྱི་འཚུབ་མའི་ཁྲོད་སོགས་སུ་སྙིང་པོའི་ཉམས་ལེན་ལ་གཞོལ་ཞིང་ལྗགས་རྩོམ་ཅི་རིགས་གནང་བ་སོགས་ཀྱི་སྐོར།
ཟག་མེད་ཡེ་ཤེས་མཆོག་གི་ཕུང་པོ་ལ། །
ཀུན་བརྟགས་གཡོ་བའི་རྐྱེན་གྱིས་མི་གོས་ཀྱང་། །
བསླུ་མེད་ལས་ཀྱི་འབྲས་བུ་སྟོན་པའི་ཕྱིར། །
སྐུ་ངལ་ཅི་རིགས་གནང་ལ་གསོལ་བ་འདེབས། །
མི་བསྲུན་དཔུང་གི་ཤེད་མོང་ཆེར་ངོམ་ནས། །
འཇིགས་རུང་ཁྲོས་པའི་རུ་དར་གཟེངས་ན་ཡང་། །
རྒྱལ་སྲས་དཔའ་བོའི་སྙིང་སྟོབས་མཆོག་འབར་བས། །
སྙན་བརྒྱུད་གདམས་པས་མྱོས་ལའང་གསོལ་བ་འདེབས། །
དེ་ནས་རང་ཡུལ་དུ་ཕེབས་པའི་ཟླ་འགའི་རྗེས་ནས་རྫ་རྒྱལ་དགོན་དུ་བྱོན་ནས་སླར་ཡང་གྲུབ་དབང་ནམ་མཁའ་འཇིགས་མེད་མཆོག་ལས་རྗེ་ཉིད་ཀྱི་ཟབ་གཏེར་གྱི་ཆོས་སྐོར་ཕལ་ཆེར་གྱི་དབང་ལུང་དང་། གཞན་ཡང་ཟབ་རྒྱས་སྨིན་གྲོལ་གྱི་གདམས་པ་མང་དུ་གསན་པར་བྱས་ཤིང་། ཐུགས་དགོངས་དབྱེར་མེད་ཆོས་ཀྱི་དབྱིངས་སུ་འདྲེས་ནས་ཕྱིར་ཕེབས་པའི་ལམ་བར་དུ། རང་ཡུལ་གྱི་སྐྱ་སེར་འགས་ཁོང་ཅག་སྤྲུལ་སྐུ་ནམ་འཇིགས་ཀྱི་མདུན་དུ་ཞུ་སྣ་བྱེད་རོགས་ཞུས་པས། དེ་དག་ལ་གྲོགས་བྱས་ཏེ་ཚུར་ཕུག་ཁང་དགོན་དུ་བྱོན། སྐུ་གདུན་དུ་གཅར་བས་སྤྲུལ་བའི་སྐུ་ནམ་འཇིགས་རིན་པོ་ཆེས་ཐུགས་བརྩེ་ཡང་ཡང་གནང་ཞིང་། སླད་ཀྱི་ཆར་ཡང་ཞལ་མཇལ་ཡོང་བའི་ཞལ་ཏ་བཟང་པོ་ཅི་རིགས་དང་ཕྱག་རྟགས་སོགས་སྐྱེས་སུ་གནང་ཞིང་བླ་སློབ་འབྲལ་མི་ཕོད་པ་ལྟ་བུའི་སྒོ་ནས་རྗེ་ཉིད་ཚུར་རང་ཡུལ་དུ་ཕེབས་པ་ཡིན་འདུག་གོ ༈ །ཡང་མགོན་པོ་གང་གི་ཞལ་ནས། ང་སྤྲུལ་སྐུ་ནམ་འཇིགས་ཀྱི་སྐུ་མདུན་དུ་ཐེངས་རྗེས་མ་སོང་ནས་དབང་ལུང་ཁྲིད་གསུམ་མང་དུ་ཞུས་པ་ཡིན། དེ་ནས་ཁོང་ཡུམ་སྲས་ཕུག་ཁང་ཚེས་བཅུར་བྱོན་པས་བདག་ཀྱང་ཚུར་རང་ཡུལ་དུ་འོང་བའི་ལམ་ནས་རང་སྡེའི་སྐྱ་སེར་འགའ་དང་འཕྲད་པས་ཁོང་ཅག་སྤྲུལ་སྐུ་ནམ་འཇིགས་ཀྱི་སྐུ་མདུན་དུ་ཁྲིད་རོགས་བྱེད་དགོས་ཟེར་བས་དེ་དག་ལ་རོགས་བྱས་ཏེ་ཕྱིར་ཕུག་ཁང་དགོན་དུ་སོང་བ་ཡིན། ཁོང་ཚོ་ལ་མཇལ་ཁ་གནང་ཚར་བའི་ཕྱིན་ཉིན་བདག་སྐུ་དྲུང་དུ་གཅར་བས་སྤྲུལ་སྐུའི་ཞལ་ནས། འུ་གཉིས་ད་ཐུག་རྒྱུ་མ་རེད་བསམ་ཡང་ཐུག་ཐལ། ད་རུང་ཡང་ཐུག་རྒྱུ་རེད་གསུངས་ནས་རྒྱ་ནག་ནས་འབྲུ་མའི་དཀར་ཡོལ་ཞིག་ཏུ་རྒུན་འབྲུམ་གང་བླུགས་ཏེ་གནང་ནས་ཐུགས་ཧ་ཅང་བརྩེ་བརྩེ་མཛད་ཐལ། དེ་ནས་ང་ཕྱིར་ཡོང་བ་ཡིན། དེ་ཕྱིན་ཆད་ཁོང་དང་དངོས་སུ་མཇལ་བའི་བསོད་ནམས་ཡོད་མ་སོང་། ཁོང་གིས་ནི་འུ་གཉིས་ད་རུང་ཐུག་ནི་རེད་གོ་གསུངས་ཐལ། རྨི་ལམ་གྱི་ནང་ནས་ཁོང་ཅུང་རེ་མཇལ་གི་འདུག་པས་དེ་འདྲ་ལ་དགོངས་པ་ཡིན་མིན་མི་ཤེས། ཞེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །དེ་ནས་རང་དགོན་གྱི་བཤད་གྲྭའི་ནང་དུ་བཞུགས་ནས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ། དབུ་མ་རྒྱན་གྱི་འགྲེལ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཡོན་དགའི་ཡོན་ཏན་མཛོད་འགྲེལ། སྡོམ་འགྲེལ་རིག་འཛིན་འཇུག་ངོགས། གསང་སྙིང་ཞག་བཅུ་མ་སོགས་ལ་ཐོས་བསམ་ཟུང་འཇུག་ཏུ་གནང་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐབས་ཤིག་ན། དུས་འགྱུར་གྱི་འཚུབ་མ་ཆེན་མོས་བསིལ་ལྡན་བོད་ཀྱི་ཡུལ་གྲུ་མཐའ་དག་དབང་དུ་བསྒྱུར་བྱུང་བས་མགོན་པོ་མཆོག་ཉིད་ཀྱང་བཤད་གྲྭའི་ནང་ནས་བཞུགས་སུ་མ་སྟེར་བར་རང་ཁྱིམ་དུ་འབྱོན་དགོས་ཐུག་པ་ཡིན་འདུག་ཅིང་། དེ་ནས་བཟུང་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་གསན་བཞེས་ཀྱི་དུས་ཚོད་ཀྱང་རེ་ཞིག་མཚམས་བཞག་པར་སྣང་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ངེད་ཅག་བཤད་གྲྭ་ལ་བསྡད་ནས་ལོ་གཉིས་ཙམ་ནས་རྒྱ་དམག་ཐོན་ཐལ། རྒྱ་དམག་རྣམས་འདུ་ཁང་དཀར་ལྡིང་མའི་ནང་དུ་བསྡད་པས་ངེད་ཅག་གིས་ཆུ་ལེན་པ་སོགས་གཡོག་ལས་མང་དུ་བྱས། རྒྱ་དམག་མ་འོང་གོང་དུ་འདུ་ཁང་དཀར་ལྡིང་མའི་ཀ་བ་གཅིག་མགོ་མཇུག་རྗེས་འདུག་པས་ལྟས་ངན་པ་ཞིག་ཡིན་ས་རེད། ཕྱིས་སུ་བསྟན་པ་རིན་པོ་ཆེ་ལ་ཆག་འཇིག་དེ་ཙམ་ཞིག་ཐེབས་ཐལ། དེ་ནས་བཟུང་མི་ལོ་ཉི་ཤུ་ལྷག་ཅིག་ལ་ཐོས་བསམ་ལྟ་ཅི་ཡིག་ལྡེབ་གཅིག་ཀྱང་ཉར་མི་ཆོག་པའི་དུས་འགྱུར་གྱི་ཀློང་དུ་ཚུད་པས་སྔོན་ལས་ངན་བསགས་པའི་དབང་གིས་དཔེ་ཆ་ལྟ་བའི་གོ་སྐབས་མ་རྙེད་པ་ཡིན། ཞེས་ཞལ་འཕྲོས་སུ་ཕེབས་སོ། །རིམ་གྱིས་རྒྱ་དམག་གིས་རུ་བ་རྣམས་ཕར་འདེད་དང་ཚུར་འདེད་མང་དུ་བྱས་ཤིང་། གྲལ་རིམ་བཅོས་བསྒྱུར་གྱི་ལས་ཀ་མགོ་བཙུགས་ཏེ་འབྲོག་བདག་དང་འབྲོག་འབྲིང་འབྲོག་ཕྱུག་སོགས་དབྱེ་བ་མང་དུ་བཀར་ནས་རྒྱུ་ནོར་ཡོངས་རྫོགས་གོང་བཞེས་བྱས་པ་སོགས་ཀྱི་དབང་གིས་མུ་གེ་ཆེན་པོ་མཆེད་པ་དང་། རྡུང་རྡེག་དང་འཐབ་རྩོད་ཀྱི་ལས་འགུལ་འཇིགས་ཟང་ངེ་བ་སོགས་ཀྱིས་ཚེ་སྲོག་གི་དབང་པོ་འཕྲོག་ཅིང་། ཁྲི་མུན་དུ་བཙུད་པ་སོགས་བྱས་ཏེ་དམྱལ་བ་ས་སྟེང་དུ་བུད་པ་ལྟ་བུའི་ལས་འགུལ་དེས་མགོན་པོ་མཆོག་ལ་ཡང་སྐུ་ངལ་མང་དུ་གཏད་པ་ཡིན་ཏེ། བསྡུ་རུབ་བྱེད་པའི་སྐབས་སུ་ཕྱུགས་ལུག་གི་གྲངས་ཀ་སོགས་ལ་ཁྱིམ་ཚང་འདི་པ་ཚང་ལས་ལྷག་པའི་ཕྱུག་བདག་ཅིག་ཝ་ཤུལ་གྱི་སྡེ་བའི་ནང་དུ་མེད་པས་ཕྱུག་བདག་གི་ཆ་རྐྱེན་ཚང་ཞིང་། ཁྱད་པར་ཏུ། ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་པ་བཞིན། བདུད་དང་དམ་སྲིས་ཡིད་བསླུས་ཤིང་ལོག་པར་སྨྲ་བ་ལ་ཕྱོགས་པའི་སྐྱེ་བོ་འགས་ཀྱང་འཐབ་རྩོད་སོགས་བྱེད་དགོས་པའི་གཏམ་ངན་གང་སར་བསྒྲགས་མོད། རྗེ་བླ་མ་མཆོག་གི་ཐུགས་རྗེའི་ར་བ་དཀར་པོའི་སྲུང་གུར་དུ་བཅུག་པའི་དབང་གིས་འཁོར་གཡོག་དང་མི་ཆེན་བླ་དྲག་གི་གྲལ་རིམ་མེད་པ་ཙམ་ལ་བརྟེན་ནས་ཁྱིམ་མི་གང་ལ་རྡུང་རྡེག་ཐེངས་གཅིག་ཙམ་ཡང་མ་བྱུང་བ་ཡིན་འདུག་གོ ༈ །དེ་ཡང་མགོན་པོ་གང་གི་ཞལ་ནས། རིམ་གྱིས་རུ་བ་རྣམས་ཕར་འདེད་ཚུར་འདེད་མང་དུ་བྱས་ཏེ་མཐར་འབྲོག་བདག་རྣམས་བསྡུ་རུབ་རྒྱབ་སོང་བ་རེད། ངེད་ཚང་ནི་རྒྱུ་ནོར་གྱི་ཐད་ནས་ནོར་ནག་སུམ་བརྒྱ་ལྷག་གི་བདག་པོ་ཡིན་མོད་མི་ཆེན་དང་བླ་དྲག་གི་གྲལ་རིམ་མེད་པས་འབྲོག་བདག་མ་བྱས་པ་རེད། འོན་ཀྱང་སྐྲག་སྔངས་སྡར་གསུམ་བསམ་གྱིས་མི་ཁྱབ་པ་རེ་མྱོང་དགོས་ཐུག་ཐལ། ཞེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །དེ་ནས་མགོན་པོ་མཆོག་ཉིད་རུ་སྐོར་རེའི་ནོར་ལུག་གི་རྫི་བོར་སྐོས་ཏེ་སྐུ་ངལ་མང་དུ་གཏད་མོད། ཐུགས་སྟོབས་ཆེན་པོས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་བདག་གིར་བཞེས་ནས་དུད་ཁྱིམ་གཉིས་ལ་གཡག་མུག་གེའི་ཤི་བའི་གློ་བ་ཞིག་ལས་ཟས་གཞན་པ་གང་ཡང་ཟ་རྒྱུ་མེད་པར་ལྟོགས་སྐོམ་གྱི་ན་ཟུག་བཟོད་དཀའ་བ་རེ་བྱུང་ཡང་། སེམས་ཅན་གཅིག་གི་སྲོག་ལ་ཡང་མ་རྒོལ་བར་བདག་བས་གཞན་གཅེས་ཀྱི་བསམ་པ་དྲག་པོས་དུས་འགྱུར་གྱི་འཚུབ་མ་དེ་ལས་བརྒལ་ཐབས་མཛད་པ་ཡིན་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། དེ་ནས་ང་ལ་མགོ་ཁྲིད་རྣམས་ཀྱིས་སྡེ་བའི་ལུག་མང་གི་རྫི་བོ་ལ་འགྲོ་དགོས་ཟེར་གི ངེད་ཚང་དང་བྱམས་བཟང་ཚང་ཟེར་བའི་དུད་ཁྱིམ་གཉིས་ལ་གཡག་མུག་གེས་ཤི་བའི་གློ་བ་ཞིག་ལས་ཟས་གཞན་པ་གང་ཡང་ཟ་རྒྱུ་མེད་པས་རྫི་བོ་ལ་འགྲོ་དུས་ལུག་གི་རྗེས་མ་ཆོད་ནས་དཀའ་ལས་ཧ་ཅང་མྱོང་ཐལ། དེའི་ཐོག་ལ་ནད་ཀྱིས་ཀྱང་ཧ་ཅང་ན་ཐལ། ནུབ་མོ་བྲོ་ཕྲུག་ཚང་ཟེར་བའི་དུད་ཁྱིམ་ཞིག་གིས་ང་འགྲུལ་བར་བོས་ནས་གྲོ་མ་ནག་པོ་རེ་སྦྱིན་གི སྐབས་དེར་ང་ལ་མཚོན་ན་ཤིན་ཏུ་ལྟོགས་སྐོམ་གྱིས་མནར་གྱིན་ཡོད་པས་བཀའ་དྲིན་ཆེན་པོ་ཡིན། དེ་དུས་མུག་གེས་ཤི་ལ་ཤི་ལ་རེ་བྱས་ཐལ། དགུན་སྨད་དང་དཔྱིད་ཀ་གཉིས་ལ་ལུག་གི་རྫི་བོར་སོང་བ་ཡིན། དེ་ནས་དབྱར་ཁ་རུ་བ་འོམ་ཁོག་ལ་དེད་ཐལ། དེ་དུས་ཀྱང་ལས་བྱེད་པ་འགའ་རེས་ང་ལ་ཆེད་གཏད་དུ་སྡིག་ལ་བཀོལ་བའི་བསམ་སྦྱོར་གྱིས་གཡག་འཚོ་རུ་བཞག་ཐལ། ཞོགས་པ་སྔ་མོ་ནམ་ལངས་དུས་ནོར་ལྷས་ན་ཡོད་མི་ཆོག་ཅིང་། དགོང་མོ་ཡང་སྐར་མ་མ་འཆར་བར་དུ་ལྷས་སུ་འདོགས་མི་ཆོག་ཟེར་གི དབྱར་གཅིག་ལ་དེ་རུ་ནོར་རྫི་ལ་སོང་བ་ཡིན། སྲིང་མོ་སྔ་མོ་ནས་ཡར་ལངས་ཏེ་ང་ལ་ཇ་འདྲ་སྐོལ་འོང་གི རྩམ་པ་ཉུང་ངུ་ཞིག་ལས་ཟ་རྒྱུ་གང་ཡང་མེད་པས་མུག་གེས་འཆི་ལ་ཁར་ཐུག་ཐལ། འདི་སྐོར་རྣམས་སུ་ཉིན་གར་རྫི་བོ་ལ་བུད་འགྲོ་ཚེ་དགོང་མོ་མགོ་ཁྲིད་རྣམས་ཀྱིས་ངེད་ཚང་གི་སྦྲ་བླངས་ནས་བསྡུ་རུབ་རྒྱབ་སོང་ཨེ་ཡོད་ན་བསམ་ནས་རི་མགོ་ནས་ཡང་ཡང་བལྟ་དགོས་ཐུག་གི ང་མཚམས་རེར་གྲོ་མ་འདྲ་རྐོ་སར་སོང་བས་གྲོ་རྐོན་ཐུ་མོ་འདྲ་ཞིག་ཡིན། སྡེ་བ་ཚོས་ལྐོག་ནས་ནོར་ལུག་འགའ་རེ་བཤས་འདུག་ཟེར་མོད། ཕ་རྒན་གྱི་གཙོས་ངེད་ཅག་ཁྱིམ་མི་རྣམས་ཀྱིས་སེམས་ཅན་གཅིག་གི་སྲོག་ལ་ཡང་རྒོལ་མ་མྱོང་། ཞེས་སོགས་ཞལ་འཕྲོས་སུ་ཕེབས། དེ་ལྟར་རྒྱལ་བསྟན་རིན་པོ་ཆེ་སྤྱི་ལ་ཆག་འཇིག་མང་དུ་བཟོས་ཤིང་ཁྱད་པར་དུ་བསྟན་རྩ་རབ་བྱུང་གི་སྡེ་རྣམས་སྐྱ་སར་ཕབས་ཏེ། དམར་སེར་རྟགས་ཀྱི་རྒྱལ་མཚན་བཙན་གྱིས་འདོར་དུ་བཅུགས་ཤིང་། གསུང་རབ་ཀློག་འདོན་དང་ཐོས་བསམ་ལྟ་ཅི་ཡིག་ལྡེབ་སྣ་གཅིག་ཀྱང་ཉར་མི་ཆོག་ཅིང་། བཟླས་བརྗོད་བྱེད་པ་ལྟ་ཅི་ཐ་ན་ཁ་ཙམ་འགུལ་ཡང་ཆད་ལས་འཇིགས་ཟང་ངེ་བ་རེ་བྱེད་པའི་དུས་སུ་ཡང་དམ་ཆོས་འདུལ་བའི་གཞུང་གི་ཕམ་ལྷག་གི་ཉེས་ལྟུང་ལྟ་ཅི་ཆོས་གོས་འབྲལ་བ་ཙམ་ཡང་མ་བྱུང་བར་སྐུ་སྲོག་དང་བསྡོས་ནས་བསླབ་པ་རིན་པོ་ཆེ་དཔྲལ་བའི་མིག་དང་ཁོག་པའི་སྙིང་བཞིན་དུ་བསྲུངས་བར་བྱས་པ་ཡིན་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། འདི་སྐོར་རྣམས་སུ་རྣམ་སྦྱར་དང་ཤམ་ཐབས་གཉིས་རྟེན་གྱི་ཐོག་ལ་བྱིན་རླབས་སྤོས་ནས་མི་འབྲལ་བར་བྱས་ཤིང་། ཆོས་གོས་ནི་ཉིན་མོར་སྐབས་སྐབས་སུ་མགོ་ཁྲིད་རྣམས་ཁྱིམ་སློག་ཏུ་འོང་གི་འདུག་པས་ཕ་དང་སྲིང་མོ་རྫི་བོ་ལ་འགྲོ་དུས་དེ་དག་ལ་བཅོལ་ཞིང་། རང་འགྲོ་དུས་རང་གིས་ཁུར་ཏེ་སོང་། སྐབས་རེར་མཚན་མོར་ཡང་ཁྱིམ་སློག་པ་འོང་གི་འདུག་པས་མཚན་མོར་ཆོས་གོས་ཁུར་ནས་རི་སྒང་རྣམས་སུ་སོང་ནས་མི་འབྲལ་བར་བྱས་པ་ཡིན། ཞེས་དང་། སྐོར་ཞིག་ཡི་གེ་རྣམས་དང་། ཐུབ་དགའ་ཡིད་བཞིན་ནོར་བུའི་ཕྱག་བརྒྱུད་ནས་ལོན་པའི་མཁན་པོ་ཀུན་དཔལ་གྱི་གཅོད་ཀྱི་ཌ་མ་རུ་དང་། རྗེ་མི་ལའི་སྐུ་འདྲ་ཞིག །གཟན་ཤམ་ཁ་ཤས། ད་དུང་ང་སྔོན་ལྕང་མ་ན་ཡོད་དུས་ཉིན་གཅིག་ལུང་མདའ་རུ་ལྕི་བ་སྒུམ་གི་སོང་བས་ཐོད་པ་ལེགས་པོ་ཞིག་སྙེད་པ་དེ་ལྕི་བ་སྒྱེ་གང་གི་ཁར་བཅུག་ནས་ཁུར་འོང་བའི་ལམ་ནས་སྡེ་བ་ཞིག་གིས་ནོར་མང་པོ་ཡོན་ཁར་འབུལ་བ་དང་གདོང་ཐུག་པས་ཧ་ཅང་རྟེན་འབྲེལ་ཡག་ཐལ་བསམ་པའི་ཐོད་པ་དེ་དང་། དུས་ངན་གྱི་སྐབས་སུ་མཎྜལ་འབུམ་ཐེར་གཅིག་བསོགས་ས་བྱེད་མྱོང་བའི་ལིའི་མཎྜལ་ཟངས་ཀྱི་ལྕགས་རི་ཅན་ཞིག་ཡོད་པ་དང་། ཐང་ག་ཁ་ཤས། ད་དུང་མཁན་པོ་བཙན་ལོས་ཐུབ་དགའ་ཡིད་བཞིན་ནོར་བུའི་ནབ་སྟོད་ཞིག་གནང་བ་དེ་ཐམས་ཅད་རྒྱ་ལག་ཏུ་ཤོར་ནས་གཏོར་སོང་བ་རེད། ཅེས་དང་། འདི་དུས་རྣམས་སུ་བླ་གྲྭ་ཁ་ཤས་རེ་ལྷན་ཏུ་འདུས་ནས་གསང་སྟབས་ཀྱིས་སྤྱི་སྒེར་གྱི་སྲུང་བ་ཅི་རིགས་འདོན་གི་འདུག་ཀྱང་མཚན་མོ་ཞིག་ལ་ཚོགས་བསྐང་གཅིག་འཚོགས་སར་སོང་བ་མ་གཏོགས་གཉོམ་ཆུང་གི་རང་ཚུགས་བཟུང་ནས་བསྡད་པ་ཡིན། རྗེས་སུ་ལས་བྱེད་པ་རྣམས་ཀྱིས་སྤྱི་སྲུང་སོགས་འཚོགས་པའི་དོན་དེ་དག་གོ་ནས་ཁོང་རྣམ་པ་ལ་འཐབ་རྩོད་མང་པོ་བྱས་ནས་བླ་མ་ཨུ་སྐྱབས་ཟེར་བ་ཞིག་ཀྱང་བཀྲོངས་ཐལ། ཞེས་སོགས་ཞལ་འཕྲོས་སུ་ཕེབས། ཡང་དག་པའི་གནད་ལ་བློ་མིག་ལྡོང་བའི་ཕལ་མོ་ཆེའི་མི་རྣམས་ཀྱིས་ནི་སྣམ་ཕྲན་གྱི་ཚལ་བུ་འགའ་ཞིག་གིས་ཡོངས་སུ་བལྟམས་པའི་ངུར་སྨྲིག་གི་གོས་གཟན་ཆུང་ངུ་ཙམ་ཞིག་མཚན་རེ་བཞིན་དུ་སྲོག་ལ་བསྡོས་པའི་ཉར་ཚགས་བྱེད་པ་འདི་ཅི་འདྲའི་བླུན་ཆེ་བ་ལ་སྙམ་པའི་ཀུན་རྟོག་ཅིག་ཀྱང་སྐྱེ་སྲིད་མོད། བློ་ལྡན་གྱི་གང་ཟག་རྣམས་ལ་ནི་དུས་ཀྱི་འཕོ་འགྱུར་ཆེན་པོ་འདི་ལྟ་བུའི་སྐབས་སུ་ཆོས་གོས་འབྲལ་སྤང་ཡན་ཆད་ཀྱི་བསླབ་པ་རིན་པོ་ཆེའི་བཅས་མཚམས་མཐའ་དག་བསྲུངས་བར་བྱས་པའི་རྣམ་ཐར་འདི་གཅིག་པུ་ཙམ་གྱིས་ཀྱང་རྒྱུ་མཚན་ཤེས་པའི་དད་པ་དབང་མེད་དུ་འཁྲུངས་ངེས་སོ། །དེ་ལྟར་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་སྣུམ་ཟད་ཀྱི་མར་མེ་བཞིན་དུ་གྱུར་ཅིང་། ལེགས་གཉིས་དང་བླང་དོར་འབྱེད་པའི་ཤེས་རབ་མེད་པའི་བླུན་ཞིང་རྨོངས་པའི་ཕལ་མོ་ཆེའི་མི་རྣམས་ལྟ་ཅི་ཅུང་ཟད་རྒྱུ་མཚན་ཤེས་པར་རློམས་པ་རྣམས་ཀྱང་ལྟ་བའི་རི་བོ་འགྱེལ། སྒོམ་པའི་རྒྱ་མཚོ་འཁྲུགས་ནས་ལོག་ལྟའི་བསམ་པ་དྲག་པོས་རྒྱུད་བསླད་ཅིང་ཉམ་ང་བའི་གཡང་ས་ཆེན་པོར་འགྲོ་བའི་སྐབས་སུ་སྐྱབས་ཡུལ་དཀོན་མཆོག་གསུམ་ཁོ་ན་ཐུགས་དམ་དུ་འཛིན་དགོས་པར་དགོངས་ནས་སྐྱབས་འགྲོ་བཞི་སྐོར་མ་བྱེ་བ་གཅིག་ལྗགས་བཟླས་མཛད་པ་དང་། སྐྱབས་འགྲོའི་བསླབ་བྱ་དང་ཕན་ཡོན་སོགས་ཀྱི་ལྗགས་རྩོམ་ཞིག་ཀྱང་གནང་བ་ད་ལྟ་གསུང་ཆོས་ཀྱི་ཁྲོད་དུ་བཞུགས། ཕྱག་ཕྲེང་ཡང་སྐབས་རེར་ལྷམ་གྱི་ནང་དུ་བཅུག་དགོས་པ་ལྟ་བུའི་སྐུ་ངལ་བྱུང་མོད། ཞུམ་པ་མེད་པའི་ཐུགས་སྟོབས་ཆེན་པོས་སྨིན་གཏེར་རྡོར་སེམས་ལ་བསྟེན་པའི་སྔོན་འགྲོ་འབུམ་ལྔ་མའི་བསགས་སྦྱང་གནད་དུ་སྨིན་པར་མཛད། འདི་སྐོར་ཡས་མས་ཤིག་ལ་སྙུན་གཞི་ཅུང་ཙམ་བཞེས་པའི་རྐྱེན་གྱིས་ནོར་ལུག་འཚོ་སྐྱོང་སོགས་ཀྱི་ཕྱག་ལས་ཀྱང་གནང་དཀའ་བར་གྱུར་ཡོད་འདུག་ལ་ཐུབ་དགའ་ཡིད་བཞིན་ནོར་བུ་སོགས་བརྒྱུད་གསུམ་བླ་མའི་གསོལ་འདེབས་སྙན་ཞིང་འཇེབས་པ། མཇལ་བ་ཙམ་གྱིས་མོས་གུས་ཀྱི་སྣང་བ་དབང་མེད་དུ་སྐྱེ་ནུས་པ་རེ་གསུངས་པའང་ད་ལྟ་བཞུགས། འདི་དུས་སུ་སྐྱབས་ཡུལ་དཀོན་མཆོག་གསུམ་སྤངས་ཤིང་རྒྱུ་འབྲས་ཡང་དག་གི་ལྟ་བ་ལས་བློ་ལོག་ན་ཐོབ་ཆེན་དཔོན་གྱི་གོ་ས་སོགས་སྟེར་ངེས་ཤིང་། གལ་ཏེ་ལས་འབྲས་དང་མཆོག་གསུམ་མ་སྤངས་བར་སྐྱབས་སུ་འགྲོ་ཞིང་། བསྙེན་སྒྲུབ་བཟླས་བརྗོད་སོགས་ལ་བརྩོན་པར་བྱས་ན་འཇིགས་རུང་གཤིན་རྗེ་ཁྲོས་པའི་ཁྲིམས་ལས་ལྟ་བུའི་མནར་གཅོད་ཀྱི་འོག་ནས་ཚེ་སྲོག་གི་ཉག་མ་ཕྲ་མོའང་མི་མངོན་པའི་དབྱིངས་སུ་རྒྱས་འདེབས་ངེས་པའི་སྐབས་སུ། ནང་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ལ་ཐུགས་དམ་བྱས་ཤིང་། ཕྱི་རུ་རུང་བའི་བྱིན་རླབས་དང་ལྡན་པའི་རྒྱལ་བའི་རྒྱལ་མཚན་གྱི་རྟགས་མ་དོར་བར་འབུམ་ལྔའི་བསགས་སྦྱང་དང་སྐྱབས་འགྲོ་བྱེ་བ་གཅིག་ལྗགས་བཟླས་མཛད་ཅིང་། མཚན་ལྡན་དགེ་བའི་བཤེས་གཉེན་དག་ལས་ཟབ་རྒྱས་ཀྱི་གདམས་པ་དུ་མ་ལྐོག་ཆོས་ཀྱི་ཚུལ་དུ་གསན་ཞིང་ཐུན་མོང་དང་ཐུན་མིན་གྱི་གདམས་པ་མང་པོར་ཉམས་ལེན་རྒྱུན་ཆགས་སུ་གནང་བའི་ཚུལ་རྣམས་ཐོས་ཚེ། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤངས། །ཞེས་དང་། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་དང་། དམ་པ་རྣམས་ནི་རྒུད་གྱུར་ཀྱང་། །ཆོས་དང་འགལ་བའི་ལས་མི་བྱེད། །ཅེས་པའི་ལུང་ཚིག་འདི་དག་ཡིད་ཀྱི་མེ་ལོང་གི་ངོས་སུ་ལྷང་ངེར་ཤར་ཞིང་། ཁྱད་པར་ཏུ་རྗེ་ཉིད་ཀྱི་གསུང་ལས། ལས་སྐྱིད་སྡུག་བཟང་ངན་གང་བྱུང་གི་དུས་ན། །སྐྱབས་དཀོན་མཆོག་གསུམ་ལས་རེ་ས་ནི་གཞན་མེད། །དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་ཏུ། །ཡིད་ཁྱེད་ཤེས་དད་པས་སྐྱབས་འགྲོ་ལ་འབུངས་མཛོད། །ཅེས་པ་འདི་ཡང་བཅོས་མིན་དུ་དྲན་བྱུང་ངོ་། །དེ་ནས་རིམ་གྱིས་མཉམ་ལས་ཁང་བཙུགས་ནས་མགོན་པོ་མཆོག་འདི་མཉམ་ལས་ཀྱི་རྫི་བོར་ཕེབས་པའི་སྐབས་རྣམས་སུ་རྡོ་ལེབ་ཀྱི་ཐོག་རྣམས་སུ་ས་རིས་ཀྱི་རི་མོ་མཛད་པས་ཚེ་འདིར་བསླབས་མ་མྱོང་བའི་སྐར་རྩིས་ཀྱི་དགོངས་གནད་མང་པོ་ཐུགས་ལ་ཤར་ནས་བྱུང་བས་སྐར་རྩིས་ཀྱི་ལྗགས་རྩོམ་འགའ་ཞིག་གནང་ཡང་ཅུང་ཟད་རེ་འཐོར་ཞིག་ཏུ་་གྱུར་མེད་དམ་སྙམ་ལ། རེ་ཟུང་རེ་ད་ལྟའང་གསུང་ཆོས་ཀྱི་ཁྲོད་དུ་བཞུགས། ཕྱིས་སུ་བླ་མའི་བཀའ་བཞིན་དུ་ཐུན་མོང་རིག་གནས་ཀྱི་སྤྲོས་པ་བསྐྱུངས་བར་བྱས་ནས་འོད་གསལ་ཨ་ཏི་ཡོ་གའི་ཉམས་ལེན་འབའ་ཞིག་ལ་བརྩོན་པ་ཡིན་འདུག་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། དུས་ངན་གྱི་སྐབས་སུ་ང་རྒྱབ་རྡུང་སོགས་ལ་འཇིགས་ནས་སྐྱབས་འགྲོ་ཏག་ཏག་བཏོན་ནས་བསྡད་པ་ཡིན། སྐྱབས་འགྲོ་བྱེ་བ་གཅིག་ཐུབ་ཐལ། དེ་འཇིགས་སྐྱོབས་ཀྱི་སྐྱབས་འགྲོ་རེད། མཉམ་ལས་ཁང་གི་རྫི་བོར་འགྲོ་ཞོར་དུ་ངས་རྡོ་ལེབ་ཀྱི་ཐོག་ལ་སྐར་རྩིས་ཀྱི་རི་མོ་བྲིས་པས་སྔར་བསླབས་མ་མྱོང་བའི་དོན་མང་པོ་ཤེས་འོང་གི རྗེས་སུ་ཉི་མ་རྒྱ་ལོའི་སྐུ་མདུན་དུ་ཕྱིན་སྐབས་ཤིག་ལ། ངས་ཁོང་ལ་རྩིས་ཀྱི་རི་མོ་དེ་འདྲ་བྲིས་ཚུལ་སོགས་གང་ཡང་མ་ཞུས་ཀྱང་ཐུབ་དགའ་ཡིད་བཞིན་ནོར་བུས་རྩིས་ལ་མཐོང་གཟིགས་ཆེན་པོ་བྱེད་མི་དར་མོ་གསུངས་གི དེ་ནི་རྗེས་སུ་ངས་སྙིང་པོའི་ཉམས་ལེན་རེ་བྱེད་པ་ལ་ཅུང་ཟད་གནོད་དོགས་ཀྱིས་གསུངས་པ་ཡིན་སྙམ། དེ་ནས་བཟུང་སྐར་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་ལ་སྦྱང་བ་ཆེན་པོ་བྱེད་མ་མྱོང་། ཞེས་ཞལ་འཕྲོས་སུ་ཕེབས། དེ་ནས་མགོན་པོ་གང་ཉིད་མཉམ་ལས་ཁང་གི་འོ་ཆུར་མར་གསུམ་སོགས་ཀྱི་རྩིས་གཉེར་བར་བཞག་པས་དགོན་ནང་དུ་ཕྱག་ཕེབས་མཛད་དེ། ཐུན་མོང་མ་ཡིན་པའི་རིགས་ཀྱི་ཁྱབ་བདག་མགོ་ཚྭའི་ཉི་མ་རྒྱ་ལོ་མཆོག་ལས་སྙན་བརྒྱུད་ཀྱི་གདམས་པ་མང་པོ་ཞུ་བའི་མཐུན་རྐྱེན་འཛོམས་པར་གྱུར་ཏེ། སྤྱིར་མདོ་སྔགས་ཐེག་པ་རྒྱ་མཚོ་དང་། སྒོས་རྫོགས་ཆེན་སེམས་ཀློང་། ཁྱད་པར་དུ་ཨ་ཏི་མན་ངག་སྡེའི་ལྟ་སྒོམ་སྤྱོད་གསུམ་ལ་མངའ་བརྙེས་པ་མཁན་ཆེན་ཉི་མ་རྒྱ་ལོ་(མགོ་ཚྭ་ཉི་མ་རྒྱ་ལོ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་མེ་རྟ་ལོར་ཝ་ཤུལ་ལྷ་སྡེ་རུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས་ཤིང་། རྒྱལ་ཡུམ་ཨརྱ་ཏཱ་རེ། གསང་བདག་ཕྱག་ན་རྡོ་རྗེ། དཔལ་ལྡན་ཟླ་བ་གྲགས་པ། མཁན་ཆེན་བྱང་ཆུབ་སེམས་དཔའ། དཔལ་ལྡན་ཨ་ཏི་ཤ རེབ་སྐོང་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་རྣམ་སྤྲུལ་ཡིན་པར་གསུངས་ཤིང་། སྐུ་གཞོན་ནུའི་དུས་སུ་ཡང་ངེས་དོན་གྱི་དགེ་བའི་བཤེས་གཉེན་མང་པོ་ཞིག་ལས་ཐུན་མོང་དང་ཐུན་མིན་གྱི་གདམས་པ་མང་དུ་གསན། ཁྱད་པར་དུ་དགེ་མང་ཡོན་ཏན་རྒྱ་མཚོ་ལས་རབ་ཏུ་བྱུང་ནས་མཚན་ལ་ཡོན་ཏན་བཟང་པོ་ཞེས་སུ་གསོལ། མདོ་སྔགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་རྗེས་སུ་བཟུང་། རྫ་སྟོད་ལྕང་མ་རི་ཁྲོད་ཐོག་མར་ཕྱག་འདེབས་མཛད་ཚེ་དེ་རུ་ཕེབས་པས་ཐུབ་དགའ་ཡིད་བཞིན་ནོར་བུའི་འཁོར་གྱི་ཐོག་མ་དང་། རྫ་སྟོད་ལྕང་མ་ལུང་གི་སློབ་མའི་དང་པོ་ཡིན་པས་ཐུབ་དགའ་ཡིད་བཞིན་ནོར་བུས་ཤིན་ཏུ་ཐུགས་གཙིས་ཆེ་བར་གྲགས་ཏེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ངེད་ཅག་ལྕང་མ་སྒར་ན་ཡོད་ཚེ་ཉི་མ་རྒྱ་ལོ་མཚམས་རེར་མ་གཏོགས་མི་བཞུགས་གི སྔོན་ཆད་ཡུན་རིང་ཞིག་ལ་བཞུགས་མྱོང་ཟིག །ཐུབ་དགའ་ཡིད་བཞིན་ནོར་བུས་ཧ་ཅང་ཐུགས་གཙིས་ཆེ་དར་གི སྐོར་ཞིག་ཐུབ་དགའ་ཡིད་བཞིན་ནོར་བུས་ཞལ་ནས་། རྒྱ་ལོ་ད་སངས་རྒྱས་དངོས་ཡིན་ནི་རེད་གསུངས་གི ཞེས་སོགས་ཞལ་འཕྲོས་ཕེབས་པ་ལྟར་ལ། ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོ་དགེ་རྩེ་ཀུན་བཟང་དཔལ་ལྡན་གྱི་མདུན་ནས་རྒྱལ་དབང་ཀློང་ཆེན་པ་ནས་རིག་འཛིན་འཇིགས་མེད་གླིང་བ། དེས་འཇིགས་མེད་རྒྱལ་བའི་མྱུ་གུ དེས་དཔལ་སྤྲུལ་རིན་པོ་ཆེ། དེས་མཁན་ཆེན་ཀུན་དཔལ་མཆོག་ལ་བརྒྱུད་པའི་འོད་གསལ་རྫོགས་པ་ཆེན་པོའི་གདམས་པ་མང་པོ། ཡིག་ཐོག་དང་གཞུང་ཐོག་ལ་མ་ལྟོས་པར་ཞལ་ནས་སྙན་བརྒྱུད་ཀྱི་ཚུལ་དུ་ཟླ་གཅིག་ལྷག་ཙམ་གྱི་ཡུན་ལ་གསན་བཞེས་མཛད་པས་ཟབ་དོན་མ་དང་མཁའ་འགྲོའི་ཐུགས་ཁྲག་གི་དྭངས་མ་དེ་དག་ཕ་ནོར་བུ་ལ་བྱིན་པའི་ཚུལ་གྱིས་གཏད་པ་ནས་བཟུང་འོད་གསལ་ཨ་ཏི་ཡོ་གའི་བྱ་རྩོལ་བློ་འདས་ཀྱི་དགོངས་པ་འབའ་ཞིག་ལ་ཐུགས་དམ་བྱས་པས་གངས་རིའི་ཁྲོད་འདིར་འགྲན་ཟླ་མེད་པའི་རྫོགས་ཆེན་གྱི་ཤིང་རྟ་གཅིག་པུར་གྱུར་ནས་ཞེ་ཆེན་རི་ཁྲོད་སོགས་སུ་བཞུགས་པའི་སྐོར་ཞིག་ལ། ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་མཆོག་ཁམས་རྫོགས་ཆེན་དགོན་དུ་བྱོན་ནས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དམ་པ། ཨ་བུ་ལྷ་སྒང་དང་། མཁན་པོ་མགོན་རིས་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་མང་དུ་ཞུས་ཤིང་། ཉམས་ལེན་གྱི་སྐོར་ལ་གེགས་སེལ་བོགས་འདོན་རྟོགས་འབུལ་ཞུ་བ་སོགས་བྱས་ནས་ཕྱིར་ཕེབས་ཚེ། རྟོགས་ལྡན་པདྨ་འོད་གསལ་ལམ་ཨ་སྐྱོ་བླ་མ་པམ་དགའ་སྐུ་མདུན་དུ་ཕེབས་ནས་ཁྱེད་རྫོགས་ཆེན་དགོན་དུ་བྱོན་ཚེ་མཁས་གྲུབ་དེ་དག་ལ་མཇལ་ལམ་ཞེས་མཁན་སྤྲུལ་འགའི་མཚན་ནས་ཞུས་པས་ཀོང་སྤྲུལ་རིན་པོ་ཆེས་དེ་དག་ཐམས་ཅད་ལ་མཇལ། གདམས་པ་ཡང་མང་དུ་ཐོབ་གསུངས། འོ་ན་མཁན་སྤྲུལ་དེ་དག་གི་ལྟ་བ་ཡང་ཧ་ཅང་མཐོ་ལོས་དར་ལགས་ཞུས་པས། སྤྱིར་ན་ཚོད་མེད་ཅིག་མཐོ་ཡང་ངེད་ཀི་ཕྱིང་རྩག་ཅན་མི་དོ་གི་གསུངས། ཕྱིང་རྩང་ཅན་ནི་ཉི་མ་རྒྱ་ལོ་སྟེ། ཞེ་ཆེན་རི་ཁྲོད་སོགས་སུ་བཞུགས་ཚེ་ཕྱིང་རྩག་ཅིག་མནབ་རྒྱུ་ཡོད་པས་ཟེར་བ་ཡིན་འདུག་གོ། ཡང་སྐོར་ཞིག་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་མཁས་གྲུབ་གྱི་སྐྱེས་བུ་དམ་འགའི་མཚན་ནས་ཞུས་ཤིང་དེ་དག་དང་ཕྱིང་རྩག་ཅན་གཉིས་ལ་སུའི་ལྟ་བའི་མཐོ་ཞུས་ཚེ། ཐམས་ཅད་ལ་ངེད་ཀི་ཕྱིང་རྩག་ཅན་གྱི་མཐོ་ནི་རེད་གསུངས་པས། ངེད་ཀི་ཕྱིང་རྩག་ཅན་འདི་དེ་འདྲིའི་རྟོགས་པ་ཞིག་མཐོ་འམ་ལགས་ཞུས་པས། ཀོང་སྤྲུལ་རིན་པོ་ཆེའི་ཞལ་ནས་འདི་ལ་ཚོད་ཅིག་ཡོད་ནི་མ་རེད། སྔ་འགྱུར་རྙིང་མའི་ཕྱོགས་ནས་ཀུན་མཁྱེན་འཇིགས་མེད་གླིང་བ་དེ་འདི་ཡན་དེ་ན་ཡོད་ནི་རེད་ཟེར་དགོས་ནི་ཨེ་མིན། དེ་མིན་ངེད་ཀི་ཕྱིང་རྩག་ཅན་ལས་ལྷག་ཅིག་ཡོད་ནི་མ་རེད། ཅེས་གསུངས་པ་ཨ་སྐྱོ་བླ་མས་འཕན་ཤུལ་བདུད་འདུལ་ལ་གསུངས་ཤིང་དེའི་ཁོང་གི་ཚ་བུ་འགའ་ལ་གསུངས་པ་ལས་བདག་གིས་ཐོས་པ་ཡིན་ནོ། །མདོར་ན་བློ་འདས་རྫོགས་པ་ཆེན་པོའི་ལྟ་བ་མཐར་ཕྱིན་ནས་སྟོན་ནམ་གཡའ་དག་གི་ཀློང་ལྟ་བུའམ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའི་ལྟ་བ་ཀློང་དུ་འཕོས་ཚུལ་རྗེ་ཉིད་ཀྱི་ཞེ་ཆེན་ཀོང་སྤྲུལ་ལ་ཕུལ་བའི་རྟོགས་འབུལ་ལས་གསལ་བ་ལྟར་ལ། རྒྱལ་ཡུམ་ཨརྱ་ཏཱ་རེ་ལ་རྩེ་གཅིག་ཏུ་བསྙེན་ནས་ཞལ་གཟིགས་ལུང་བསྟན་སོགས་མང་དུ་བྱུང་ཞིང་། ར་སྐོར་མཁན་པོ་ཐུབ་ནོར་དང་མགོན་པོ་མཆོག་སོགས་སྐལ་ལྡན་གྱི་སློབ་ཚོགས་བགྲང་ལས་འདས་པ་བསྐྱངས་ནས་མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་བྱའི་ལོར་ཞིང་འདིའི་གདུལ་བྱ་རྫོགས་ཏེ་རང་སྣང་གཡུ་ལོ་བཀོད་པའི་ཞིང་ཁམས་སུ་ཕེབས་པ་ཡིན་ནོ། །མཆན།)མཆོག་ལས་སྨིན་གཏེར་རྡོར་སེམས་སྔོན་འགྲོའི་ཁྲིད་ཡིག་སོགས་སྔོན་འགྲོའི་སྐོར་དང་། མངའ་བདག་ཉིང་གི་བླ་མ་དམར་ཁྲིད་སོགས་དངོས་གཞི་ཟབ་དོན་གྱི་ཆོས་སྐོར་མང་པོ་དང་ཁྱད་པར་དུ་མཁན་ཆེན་ཀུན་དཔལ་མཆོག་གི་ཞལ་རྒྱུན། སྙན་བརྒྱུད་མན་ངག་གི་རྣོ་སོ་མ་ཉམས་པ་གསང་བའི་མཐར་ཐུག་པ་མང་པོ་སྙིང་ཕྱུང་ལག་མཐིལ་དུ་བཀྲམ་པ་ལྟ་བུའི་ཚུལ་གྱིས་རྗེ་བླ་མ་འདི་ལ་གཅེས་སྐལ་གྱི་ཚུལ་དུ་གདམས་པ་ཡིན་འདུག་གོ ༈ །དེ་ཡང་མགོན་པོ་གང་གི་ཞལ་ནས། ང་མཉམ་ལས་ཁང་གི་སྤོབ་རྒན་ཡིན་ཚེ་ཉི་མ་རྒྱ་ལོའི་སྐུ་མདུན་དུ་སོང་ནས་རྡོར་སེམས་སྔོན་འགྲོའི་ཁྲིད་ཡིག་དང་། ཚིག་གསུམ་གནད་བརྡེག །མངའ་བདག་ཉིང་གི་དམར་ཁྲིད་སོགས་གདམ་ངག་མང་པོ་ཞུས་པ་ཡིན། ཉིང་གི་དམར་ཁྲིད་གསུངས་བའི་སྐབས་ཤིག་ལ་གློ་བུར་དུ། ད་མངའ་བདག་གིས་མི་ཞུ་པད་མས་མི་གནང་གསུངས་ནས་ཕྱག་དཔེ་དེ་བདག་ལ་གཏད་ནས་ད་ལྟ་ཉིད་དུ་ཕྱིར་སོང་གསུངས་བས། བདག་ཕྱིར་སོང་བ་དང་མཉམ་དུ་ལས་བྱེད་པ་འགའ་ཞིག་འོང་ནས་ཁོང་གི་གཟིམ་ཁང་ནང་བསློགས་ནས་ཕྱག་དཔེ་རྣམས་བླངས་སོང་ཟིག །ཉིང་གི་དམར་ཁྲིད་ཀྱི་ཡི་གེ་ངའི་ལག་ཏུ་བཞག་ཡོད་པས་ཤོར་ནི་མ་རེད། རྗེས་ནས་ཡང་དེའི་ཐོག་ནས་གསུངས་ཏེ་མཇུག་གྲུབ་པར་བྱས་པ་རེད། ཅེས་སོགས་ཞལ་འཕྲོས་སུ་ཕེབས། འདི་སྐོར་ཞིག་ལ་གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཞིག་ཡོད་པའི་མདུན་དེ་ན་གནས་བརྟན་དབུ་སེ་ཡོ་རེ་བའི་བགྲེས་ཉམས་ཅན་ཞིག་ཡོད་པ་རྩ་བའི་བླ་མ་ཐུབ་དགའ་ཡིད་བཞིན་ནོར་བུ་དངོས་ཡིན་པའི་དད་པ་དང་མོས་གུས་དྲག་པོས་གསང་སྟབས་ཀྱིས་ཕྱག་འབུལ་བཞིན་ཡོད་པའི་སྐབས་ཤིག་ན། གློ་བུར་ཏུ་མཐོན་པོའི་ས་ལ་གནས་པའི་ལས་བྱེད་པ་ལོ་ཙཱ་དཀོམ་དགའ་ཟེར་བ་ཞིག་ཡོད་པ་ཁྱིམ་དུ་འཛུལ་བྱུང་བས་ཐུགས་ཤིན་ཏུ་བསྔངས་ཀྱང་ཡོད་ཚད་མཐོང་ཐོས་སུ་གྱུར་ཚར་བས་ཐུགས་བཀོད་གཞན་མེད་པར་མུ་འཐུད་དུ་ཕྱག་འབུལ་བཞིན་བཞུགས་པས། ཁོས་ནི་མ་མཐོང་བ་ལྟ་བུས་དུད་པ་འཐེན་དགོས་པས་མེ་སློང་སར་འོང་བ་ཡིན་ཟེར་ནས་དུད་པ་ཞིག་འཐེན་ནས་ཕྱིར་སོང་བ་ལས། སྔ་ཕྱི་ཀུན་དུ་མགོན་པོ་མཆོག་ལ་གནོད་པའི་ལས་གང་ཡང་མ་བྱུང་ལ། སྤྱིར་འདི་སྐོར་ལ་ལྷ་སྐུ་བཤམས་པ་དང་ཕྱག་འཚལ་བ་སོགས་ཀྱི་ལས་དངོས་ལྟ་ཅི་ཐ་ན་ཁ་ཙམ་འགུལ་ཡང་བཟླས་བརྗོད་བྱེད་པར་བསྙད་བཏགས་ནས་འཇིགས་སུ་རུང་བའི་ཁྲིམས་ཐག་རེ་གཅོད་ངེས་མོད། མགོན་པོ་གང་གིས་ནི་སྐུ་ཐང་བཤམས་ཤིང་ཕྱག་འབུལ་བཞིན་ཡོད་པ་རྒྱལ་ཁབ་ཀྱི་ལས་བྱེད་ཆེ་གྲས་དེས་མཐོང་ཡང་མ་མཐོང་བའི་ཚུལ་ཀྱིས་ཕྱིར་སོང་ཞིང་། རྗེས་ནས་ཀྱང་གྲགས་འགུལ་གང་ཡང་མ་བྱུང་བ་འདི་ཤིན་ཏུ་ཡ་མཚན་ཏེ། གལ་ཏེ་ཁོ་རང་དོན་དངོས་སུ་དམ་པའི་སྐྱེས་བུ་འདི་དག་ལ་བློ་དཀར་ཞིང་དམ་ཆོས་རྣལ་མའི་གནས་ལ་དད་པ་ལོག་མེད་མཁན་ཞིག་ཡིན་ཏུ་ཆུག་ན་ཡང་། དོན་འདི་དག་གཞན་གྱིས་མཐོང་ཐོས་སུ་གྱུར་ན་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་གིས་མི་སེར་གྱི་ནག་ཉེས་ལ་གསང་སྐུང་བྱས་པས་ཁོ་རང་གི་གོ་གནས་ལ་ཧ་ཅང་གནོད་ངེས་པས་མ་མཐའ་ཡང་མགོན་པོ་མཆོག་ལ་འདི་རིགས་གཞན་ལ་གོ་ཐོས་སུ་ཤོར་མི་ཉན་ཚུལ་གྱི་དམ་བསྒྲགས་ཤིག་བྱེད་ངེས་ཀྱང་། མ་མཐོང་བ་ལྟར་བྱས་ནས་ཕྱིར་ཕེབས་སོང་བ་དེ་ཡང་བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་རྗེ་དང་། རྩ་གསུམ་ཆོས་སྐྱོང་སྲུང་མའི་སྡོང་གྲོགས། མགོན་པོ་མཆོག་གི་གྲུབ་པའི་རྟགས་མཚན་ཞིག་གིས་ཁོས་མ་མཐོང་པའམ། མཐོང་ཡང་བརྗེད་ངེས་ཀྱི་ལས་སུ་གྱུར་བ་ལྟ་བུ་ཞིག་མིན་ནམ་སྙམ་མོད། གང་ལྟར་བླ་མ་དམ་པ་འདི་ལྟ་བུས་ཀྱང་ཐུགས་ལ་བཏགས་པའི་མི་བསོད་ནམས་ཅན་ཞིག་ཏུ་སྙམ་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། གནས་བརྟན་བཅུ་དྲུག་གི་ཐང་ཤར་ཞིག་གི་མདུན་ངོས་སུ་གནས་བརྟན་རྒན་པ་དབུ་ཡང་སེ་ཡོད་པ་ཞིག་འདུག་པ་ངས་དེ་ཐུབ་དགའ་ཡིད་བཞིན་ནོར་བུ་ཡིན་བསམ་ནས་ཕྱག་འདྲ་འཚལ་གི་ཡོད་ཀྱང་། གློ་བུར་དུ་ཐོང་ཟི་དཀོམ་དགའ་ཁྱིམ་ལ་འཛུལ་བཞག་ཐལ། ཤིན་ཏུ་སྐྲག་ཀྱང་ཡོད་ཚད་རིག་ཚར་བས་གསང་ཐབས་ནི་མེད་པས་མུ་འཐུད་དུ་ཕྱག་འཚལ་ནས་བསྡད་པས་ཁོས་མ་རིག་པ་ལྟ་བུས་ངས་དུ་བ་འཐེན་དགོས་པས་མེ་ཨེ་ཡོད་ཟེར་ཞིང་དུ་བ་འགའ་འཐེན་ནས་ཕྱིར་བུད་ཐལ། རྗེས་ནས་གོ་རྒྱུ་ཚོར་རྒྱུ་གཅིག་ཀྱང་ཡོད་མ་ཐལ། སྙིང་རྗེ་རྒད་པོ་དེ་ང་ལ་དྲིན་ཆེན་ཡིན། ངས་ད་དུང་བསྔོ་སྨོན་བྱེད་བཞིན་ཡོད། ཅེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །ཡང་འདི་སྐོར་གྱི་དབྱར་དུས་ཤིག་ལ་ཉི་ཚེ་བའི་སེམས་ཅན་མང་པོའི་ལས་སྣང་གཟིགས་པ་དང་། ཁྱད་པར་དུ་སྲིད་པ་ཐ་མ་བའི་གང་ཟག་ཡིན་པའི་གནད་ཀྱིས་ཞིང་དང་བསམ་པའི་ཁྱད་པར་ལ་ལྟོས་མ་དགོས་པར་མཐོང་ཆོས་མྱོང་འགྱུར་གྱི་འབྲས་བུ་བདག་གིར་བཞེས་ཏེ་སྤྱན་གྱི་སྙུང་གཞི་བཞེས་པའི་ཚུལ་བསྟན་པ་ཡིན་ཞིང་། འདི་སྐོར་རྣམས་སུ་མཁན་ཆེན་ཉི་མ་རྒྱ་ལོ་མཆོག་གིས་ཀྱང་བརྩེ་བའི་ཞལ་གདམས་དང་ལས་འབྲས་ཀྱི་རྣམ་བཞག་མང་དུ་གསུངས་བ་ཡིན་འདུག་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། བདག་གིས་མཉམ་ལས་ཁང་གི་དབྱར་རྩྭ་རྣམས་ཉི་མར་སྐེམ་པའི་སྐབས་ཤིག་དབྱར་རྩྭ་རེ་ཟུང་གིས་ར་འགུལ་གྱིན་འདུག་པ་ཉི་མ་རྒྱ་ལོ་ལ་ཞུས་པས་དམྱལ་བ་ཉི་ཚེ་བའི་སེམས་ཅན་ཡིན་ནི་རེད། མི་འཁྲུགས་པའི་བསྙེན་པ་བཏོན་ནས་ཕུ་གྱིས་གསུངས་བས་དེ་ལྟར་བྱས་པ་ཡིན། སྐོར་ཞིག་ངེད་ཀྱི་སྲིང་མོའི་བྱིས་པ་ཞིག་གྲོངས་ནས་ཡོད་ཚེ། བྱིས་པ་གཞན་ཞིག་ལ་ཡང་འབྲི་ཁྲིད་མ་ཞིག་གིས་བརྡུང་ནས་གསོན་ལ་རེ་ཐག་ཆད་པ་ཙམ་བྱུང་བས་ཤིན་ཏུ་སེམས་གཅོང་སྟེ། ཉི་མ་རྒྱ་ལོའི་སྐུ་མདུན་དུ་སོང་ནས་ངེད་ཚང་གིས་ནི་ལྷ་མགོ་བཅད་ཅིང་དགོན་རྐུབ་ཕུད་སོང་བ་ལྟ་བུ་ཞིག་རེད། ལམ་འགྲོ་ཤིན་ཏུ་ཞན་འདུག་ཞུས་པས་ཁོང་ཅུང་ཟད་ཐུགས་ཁྲོས་པའི་ཚུལ་གྱིས། སྔོན་གྱི་ལས་ཅི་བསགས་ཅང་ཡོད་ཨེ་ཤེས་ན། དེ་ལ་འཕྲལ་རྐྱེན་རེ་འཛོམ་ཡོང་ཚེ་ལྷ་མགོ་མ་བཅད་དགོན་རྐུབ་མ་ཕུད་ཀྱང་ལས་འབྲས་མངོན་དུ་གྱུར་ཡོང་ནི་རེད་གསུངས་ཤིང་། ཅུང་ཙམ་ནས་ཐུགས་བརྩེ་བའི་རྣམ་པས་བྱིས་པ་གཅིག་པོ་དེ་ལ་སྐྱོན་ནི་མ་རེད་གོ་གསུངས་བས་སེམས་ཤིན་ཏུ་དགའ་ནས་ཕྱིར་ཡོང་བ་ཡིན། བྱིས་པ་ཡང་ཡར་དྲག་ཐལ། ཡང་སྐོར་ཞིག་བདག་གིས་ང་ནི་ངེད་ཚང་གི་ཚ་བོ་དང་ཚ་མོ་རྣམས་ལ་སྙིང་དམར་དང་གཅེས་འཛིན་ཧ་ཅང་ཆེ་བས་ང་ཤི་ཚེ་འདི་དག་ལ་ཆགས་འགྲོ་ན་ཐང་གི་ཞུས་ཚེ། ཁྱོད་ཀྱང་ཆགས་ནི་མ་རེད། ང་ཡང་ཆགས་ནི་མ་རེད་གསུངས་གི ཡང་སྐོར་ཞིག་ཁྱོས་ནི་ཚ་བུ་ཚ་མོ་རབ་གཅེས་དམར་ཆེ་བས་ཆགས་འགྲོ་ན་ཐང་གི་གསུངས་པས་ང་ནི་གཟའ་ཚང་འདི་ཆ་ལ་ཆགས་འགྲོ་ནི་ཡིན་ནས་ཡོད་གི ཞེས་སོོགས་དང་། ཁྱད་པར་དུ་སྐོར་ཞིག་ང་རྫ་ཆུའི་འགྲམ་རྒྱུད་ཅིག་ནས་ཡར་འོང་བའི་ཚེ་ན་སྡོམ་ནག་པོ་ཆེ་ཆུང་ལ་རྟ་ལུད་ཙམ་པ་ལྟ་བུ་ཞིག་མཐོང་བྱུང་བས་རིམ་གྱིས་མགོ་ནང་དུ་ནད་ཀྱིས་ཟིན་ནས་ཟུག་གཟེར་བསམ་ཡུལ་ལས་འདས་པ་མྱོང་ནི་རེད། སྨན་པ་རྣམས་ཀྱིས་བདག་གི་མགོ་སྲུབས་ཀྱང་འཐོར་འདུག་ཡོད་གི་གསུངས་གི དེ་ནས་སྨན་བཅོས་མང་དུ་བྱས་པས་མགོ་གསེང་གི་གཟེར་དེ་མིག་ལ་སྤར་ནས་མིག་ནང་དུ་གཟེར་མང་དུ་བརྒྱུགས་ཏེ། མཐར་འཁྲུལ་བའི་ཉམས་ཤིག་ལ་མིག་གཡོན་པའི་ནང་དུ་ཐོག་གིས་རྒྱབ་པའི་སྣང་བ་ཞིག་ཤར་བས་དེ་ནས་བཟུང་མིག་དེ་བསྒྲིབས་སོང་བ་རེད། སྔོན་ལྕང་མ་སྒར་ན་ཡོད་དུས་སྒམ་ཆུང་ངུ་ཞིག་གི་ཐོག་ཏུ་མཆོད་མེའི་སྐོང་ཆུང་ཞིག་ཡོད་པ་བསྒྲོན་ནས་མཚན་མོ་རྣམས་སུ་དཔེ་ཆར་བལྟས་པ་ཡིན། དེ་དུས་མིག་གཡས་པ་འདི་སྒྲོན་མེའི་འོད་ཕོག་སར་ཁེལ་བའི་རྐྱེན་གྱིས་ཅུང་སྡུག་ནི་རེད། གཡོན་མ་ཧ་ཅང་གསལ་ཡང་ལས་ངན་གྱི་དབང་གིས་དེ་སྒྲིབ་ཐལ། ཅེས་སོགས་ཞལ་འཕྲོས་སུ་ཕེབས་པས། བདག་གིས་ཁྱེད་ཀྱི་སྤྱན་སྒྲིབ་པ་འདི་སྔོན་བྱིས་པའི་སྐུ་དུས་སུ་སེམས་ཅན་གཞན་གྱིས་མིག་ཕུད་མྱོང་བའི་རྣམ་སྨིན་གྱི་འབྲས་བུ་ཞིག་ཡིན་ནི་རེད་གསུངས་ཨེ་ཐལ་གོ་ལགས་ཞུས་ཚེ། དེ་འདྲ་ཅང་ཨེ་ཡིན་མི་ཤེས། ལས་ངན་ཐམས་ཅད་ཚེ་འདིར་སྨིན་ཐུབ་པའི་སྐལ་བ་བཟང་པོ་ཞིག་ཅང་ཨེ་ཡོད་ན། གསུངས་བྱུང་བས་འདི་ཅུང་ཟད་སྐྱུང་བའི་ལས་སུ་བྱེད་སྙམ་ཡོད་མོད། མཁན་པདྨ་འོད་གསལ་དང་། མཆེད་གྲོགས་ཕུར་སེང་གཉིས་ཀྱིས་ཐུགས་ཐག་ཆོད་པོས་མགོན་པོ་གང་གིས་སྔོན་ཆད་འུག་འུ་ཆུང་(སྲིན་བྱའང་ཟེར་)ཞིག་གི་མིག་ཕུད་བཏང་བའི་རྣམ་སྨིན་ཡིན་པར་ཁོང་ཉིད་ཀྱི་ཞལ་ནས་དངོས་སུ་ཐོས་མྱོང་ཞེས་གསུངས་ཤིང་། ཁྱད་པར་དུ་མཁན་པདྨ་འོད་གསལ་ནས། ཐེངས་ཤིག་མགོན་པོ་གང་གིས། རྒྱུན་དུ་ཁོང་ལ་ཟ་འཕྲུག་ཅུང་ཟད་ལང་གི་འདུག་ཀྱང་སྔོན་ཆད་ཤིག་རྩག་མང་པོ་བསྐྱུར་མྱོང་བའི་རྣམ་སྨིན་ཡིན་རྒྱུ་རེད། ཅེས་ཞལ་ཏ་ཕེབས་མྱོང་ཞེས་གསུངས་བས་སྔ་མའི་དོན་དེ་ལ་ཡིད་ཆེས་ལྷག་པར་སྐྱེས་ཤིང་། ཁྱད་པར་རྒྱུ་འབྲས་བསླུ་བ་མེད་པའི་གནད་ཀྱིས་སྲིད་པ་ཐ་མ་བའི་གང་ཟག་རྣམས་ནི་བུ་ལོན་ཅན་ཡུལ་གཞན་དུ་འགྲོ་བ་དང་མཚུངས་པར་སྔོན་བསགས་པའི་ལས་ཀྱི་འབྲས་བུ་མཐའ་དག་ཚེ་དེར་སྨིན་པར་འགྱུར་བ་སྟོན་པ་ཐུགས་རྗེ་ཅན་ཡང་སྐུ་རྒྱབ་བསྙུངས་པ་དང་། ཞབས་ལ་སེང་ལྡེང་གི་ཚེར་མ་ཟུག་པ་ལྟ་བུ་ཡིན་པར་མདོ་རྒྱུད་རྣམས་ལས་མང་དུ་འབྱུང་བཞིན་ཡོད་པའི་དོན་དེ་དག་ཡིད་ལ་དྲན་པས་ཁོ་བོ་ཅག་གི་བླ་མ་མཆོག་འདིས་ནམ་རྒྱུན་དམའ་མོའི་ས་བཟུང་། ཧྲུལ་བོའི་གོས་མནབ་ནས་སྲིད་པ་ཐ་མ་བའི་གང་ཟག་ཅིག་ལྟ་ཅི། ཐ་ན་རང་བཞིན་གྱི་བན་རྒན་རྒྱུ་འབྲས་ཅན་ཞིག་གི་ཚོད་ཙམ་ན་ཡང་མེད་པའི་ཁེངས་སྐྱུང་གི་གསུང་འབའ་ཞིག་གནང་བ་ནི། མདོ་སྡེ་རྒྱན་ལས། སྒྱུ་མའི་རྒྱལ་པོ་སྒྱུ་མ་ཡི། །རྒྱལ་པོ་གཞན་གྱིས་ཕམ་པ་ལྟར། །གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །ཅེས་པ་ལྟར་ལ། དོན་དངོས་སུ་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་གནད་ཀྱིས་ཞིང་དང་བསམ་པའི་ཁྱད་པར་སོགས་ལ་ལྟོས་མི་དགོས་པར། སྐུ་ཚེ་འདིར་བསགས་པའི་ལས་ཀྱི་འབྲས་བུ་མཐའ་དག་མཐོང་ཆོས་སུ་མྱོང་ཚུལ་སྟོན་པའི་མཛད་པ་འདི་གཅིག་པུས་ཀྱང་ཤེས་ལྡན་རྣམས་ལ་ནི་བཅོས་མིན་གྱི་དད་པ་རེ་འཁྲུངས་ངེས་པས། བདག་གིས་ད་ལམ་སྐལ་བ་བཟང་ཞིང་བློ་གྲོས་དང་ལྡན་པའི་གང་ཟག་རྣམས་ལ། ནམ་མཁར་འཕུར་ཞིང་ས་འོག་ཏུ་འཛུལ་སོང་ཟེར་བ་སྟོང་ལས་ལྷག་པའི་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཕུལ་ཡོད་སྙམ་པའི་འདུ་ཤེས་དགའ་ཡ་ལེ་བ་ཞིག་ཀྱང་ཐོལ་སྐྱེས་སུ་བྱུང་ངོ་། །བདག་ལ་དེའི་དོན་ཐད་ཀར་དུ་མི་གསུངས་པ་ནི་མགོན་པོ་མཆོག་ནི་རང་གི་ཡོན་ཏན་གསང་བ་ལ་ཐུགས་གཏིང་ནས་དགྱེས་ཤིང་། ཕྲན་བུས་རྗེ་ཉིད་ཀྱི་རྣམ་ཐར་འབྲི་བཞིན་ཡོད་པའི་གནད་ཀྱིས་ཀྱང་ཡིན་པར་ངེས་སྙམ་མོ། །སྤྱན་སྙུང་བཞིན་པའི་སྐབས་སུ་སྐྱེ་འཆི་ལ་དབང་ཐོབ་པའི་དབང་གིས་སྐུ་ཚེའི་འདུ་བྱེད་གཏོང་བར་ཕྱོགས་པའི་ཐུགས་འདུན་དེ་ཉིད། མཁན་ཆེན་ཉི་མ་རྒྱ་ལོ་མཆོག་གི་དུས་གསུམ་སྒྲིབ་མེད་དུ་མཁྱེན་པའི་ཐུགས་ཀྱིས་དགོངས་ནས་གསུང་འཕྲིན་བསྐུར་ཏེ། སྐུ་འདའ་མི་ཉན་པའི་བཀའ་ཕེབས་པ་རེད། ཅེས་མཁན་པདྨ་བཤད་སྒྲུབ་ཀྱི་ངག་ནས་ཐོས་སོ། །གཞན་ཡང་འདི་སྐོར་ཞིག་ལ། ཇི་སྐད་དུ། གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཏུ་གནས་ཤིང་འདུག་མི་བྱ། །ཞེས་པ་ལྟར་ཕ་ཡུལ་བདུད་ཀྱི་བཙོན་ར་རྒྱབ་ཏུ་བོར་ཏེ། ཚེ་འདིའི་འཁྲི་བ་བཅད་ཅིང་ཇོ་བོ་བཀའ་གདམས་པའི་གཏད་ས་ཆེན་པོ་བཞི་བདག་གིར་བཞེས་ནས་བསམ་ཡས་མཆིམས་ཕུའི་ཡངས་དབེན་དུ་ཕེབས་འཆར་གནང་མོད། སྐུའི་སྲིང་མོ་གཉིས་ཀྱིས་བཤོལ་མ་ཡང་ཡང་བྱས་པའི་དབང་གིས་ཕ་ཡུལ་སྤངས་ཤིང་། སྐུ་ཚེ་དབེན་རི་ནས་སྐྱེལ་བའི་མཛད་པ་དངོས་བདག་གིར་མ་བྱས་སོ། །དེ་ལྟར་རིགས་བདག་ཉི་མའི་མཚན་ཅན་དེས་བརྩེ་བས་རྗེས་སུ་བཟུང་། ཟབ་དགུའི་གདམས་པ་གནང་ནས། མཐར་མགོན་པོ་མཆོག་འདི་དོན་གྱི་རྒྱལ་ཚབ་ཏུ་བཞག་སྟེ་གདུལ་བྱའི་ལྷག་མ་སྐྱོང་དགོས་པའི་བཀའ་ཕེབས་ཚུལ་ནི། དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སྤྱན་དང་ལྡན་པ་གང་གི་མགུལ་དུང་དཀར་གཡས་སུ་འཁྱིལ་བའི་གདངས་ལས། ཕྱིན་ཆད་ཁྱོད་ཀྱིས་འོད་གསལ་ཨ་ཏི་ཡོ་གའི་ཁྲིད་དང་གདམས་པ་གནང་དགོས། ད་སྐབས་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་བའི་སྐབས་ཡིན་པས་རྫོགས་པ་ཆེན་པོ་རྟོགས་ངེས་ཡིན་པས་ཁྱོད་ཀྱིས་བཤད་དགོས། ངས་མི་ཤེས་དང་མི་ཉན་ཟེར་མི་ཆོག །སྨིན་གཏེར་རྡོར་སེམས་སྔོན་འགྲོ་འདི་རྒྱུད་ཐག་ཧ་ཅང་ཉེ་བས་ཕྱིན་ཆད་འདི་འདོན་ས་སུ་ལོན་ལ་འདོན་དགོས་གསུངས་ཞིང་། སྣམ་སྦྱར་ཞིག་གནང་ནས་དགེ་མང་དགོན་པར་ཆེད་དུ་མངགས་ནས་ཆེན་པོའི་ས་ལ་བཞུགས་པའི་འདུལ་འཛིན་འགའ་ལ་ཆོས་གོས་འབྲལ་སྤངས་གནང་བ་དང་། ཞེ་ཆེན་སོགས་དགོན་གནས་མང་པོ་ནས་ཕེབས་པའི་བླ་སེར་རྣམས་ལ་དགེ་ཚུལ་དང་བསྙེན་རྫོགས་བསྒྲུབ་པ་སོགས་བྱེད་དུ་བཅུག་ཅིང་། ཕྱིན་ཆད་བསླབ་པ་ཞུ་མཁན་སུ་བྱུང་ཡང་སྡོམ་པ་སྦྱིན་དགོས་པའི་བཀའ་ཕེབས་ཤིང་། དཔེར་ན་གསང་སྔགས་ཀྱི་དབང་གི་སྐབས་སུ་དབུ་རྒྱན་དང་ཅོད་པཎ་གཏད་དེ་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་མཚུངས་པར་མགོན་པོ་མཆོག་འདི་ལ་རྗེ་ཉིད་ཀྱི་སྤྱན་ཤེལ་དང་། ནབ་ནང་། གསོལ་ཞལ་རྣམས་ཀྱང་གནང་ཞིང་། ཁྱད་པར་ཏུ་སྐུ་འདའ་ལ་ཉེ་བའི་སྐབས་སུ་ཉིད་ཀྱི་གཟིམས་མལ་དུ་བཞུགས་སུ་གསོལ་བ་སོགས་དོན་གྱི་རྒྱལ་ཚབ་ཏུ་བཀོད་དེ་དོན་ཀུན་འགྲུབ་པའི་མགྲོན་པོ་བཞིན་དུ་གཞི་དབྱིངས་སྤྲོས་པ་དང་བྲལ་བའི་ནང་གསལ་འབྲས་བུ་ལྷུན་འགྲུབ་རིན་པོ་ཆེའི་སྦུབས་སུ་རེ་ཞིག་ངལ་གསོས་པར་གྱུར་ཏོ། །༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ཉི་མ་རྒྱ་ལོའི་ཞལ་ནས་རྡོར་སེམས་སྔོན་འགྲོ་འདི་རྒྱུད་ཐག་ཧ་ཅང་ཉེ་བས་ཕྱིན་ཆད་འདོན་ས་སུ་ལོན་ལ་ཐོན་གསུངས་གི བདག་ནི་ཁ་ཐབས་ཞན་པས་འདོན་ས་ཅང་ལོན་རྒྱུ་མ་རེད་སྙམ་ཡང་ཕྱིས་སུ་རང་མགོན་གྱི་དགེ་འདུན་པ་རྣམས་དང་། ཁྲོ་ཤུལ་གོང་མའི་དགེ་འདུན་པ་རྣམས་ལ་སྔོན་འགྲོ་འདི་བཏོན་ཞིང་། དེའི་རྗེས་ནས་རང་ཡུལ་གྱི་དམངས་ཚོགས་ཚང་མ་དང་སྔ་ཕྱིར་ཆོས་གྲལ་དུ་འོང་བའི་སྐྱ་སེར་གྱི་སྡེ་འབོར་ཆེན་ལ་ཆོས་འདི་བཏོན་པས། འདིའི་ཐོག་ནས་འབུམ་ལྔ་བསགས་གྲངས་ཀྱང་སྟོང་ཕྲག་དུ་མར་ལོང་སོང་བས་དེ་ལ་དགོངས་ནི་ཡིན་ས་རེད། ཁྱད་པར་དུ་ཁོང་གིས་ང་ལ་སྣམ་སྦྱར་ཞིག་གནང་སྟེ་དགེ་མང་དགོན་དུ་མངགས་ནས་མཁན་དབང་ལོ་དང་། དབང་སྡེས་གཉིས་ཀྱི་ནབ་ཆོས་འབྲལ་སྤངས་བྱེད་པ་དང་། དགེ་འདུན་པ་འགའ་ལ་སྡོམ་པ་བསྒྲུབ་ཏུ་བཅུགས་ཤིང་། རྗེས་སུ་ཡང་བསླབ་པ་ཞུ་མཁན་སུ་བྱུང་ལ་སྡོམ་པ་སྦྱིན་དགོས་གསུངས་བས། བསླབ་པ་བྱིན་པའི་གྲངས་ཀ་ཡང་ཕལ་ཆེར་སྟོང་ཕྲག་གསུམ་ལ་ཉེ་བ་ཙམ་བྱུང་ཐལ། ད་དུང་ཡང་བླ་མའི་བཀའ་ཡིན་པས་བསླབ་པ་ཞུ་མཁན་སུ་བྱུང་ཡང་ཅི་ནུས་ཀྱིས་སྡོམ་པ་བསྒྲུབ་རྒྱུ་ཡིན། ཞེས་དང་། ཡང་སྐོར་ཞིག་ཉི་མ་རྒྱ་ལོས་ཁོང་གི་གསོལ་ཞལ་དང་། སྤྱན་ཤེལ། ནབ་ནང་རྣམས་བདག་ལ་གནང་གི སྤྱན་ཤེལ་དེ་ཡོད་ན་མིག་འདི་ཡང་མི་སྒྲིབ་ཤས་ཆེ་ཡང་སྤྱན་ཤེལ་དེ་གས་ཆག་ལ་ཤོར་ཐལ། ནབ་ནང་དེ་གྱོན་བསྡད་པ་ཡིན་ན་ཕལ་ཆེར་ནད་འདི་དག་གིས་ཟིན་མི་དགོས་པ་ཡིན་ན་ཐང་ཡང་དེ་ཡང་གྱོན་རྒྱུ་ཅང་མ་ལོན། གསོལ་ཞལ་དེ་དེང་སང་ཡང་ངེད་ཚང་གི་རྒྱུད་ན་ཡོད་རྒྱུ་རེད། སྐོར་ཞིག་ཁོང་གིས་ང་ལ་བཀའ་བཀྱོན་དང་བཅས་ཁྱོད་ཀྱིས་ཁེངས་སྐྱུང་ཏག་ཏག་བྱས་ནས་ཡོད་གི་ཟེར། ཕྱིན་ཆད་དེ་འདྲ་གཏན་ནས་བྱེད་མི་ཆོག །ད་སྐབས་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་བའི་སྐབས་ཡིན་པས་རྫོགས་ཆེན་ཤོད་དང་གོ་ནི་རེད་གསུངས་གི ཁོང་སྐུ་འདའ་བའི་སྔར་ཉིན་དེར་བདག་སྐུ་དྲུང་དུ་ཕྱིན་པས། ཁོང་ཉིད་རྒྱུན་དུ་བཞུགས་པའི་གཟིམས་མལ་དེ་རུ་སྡོད་གསུངས་གི བླ་མའི་བཀའ་ཡིན་པས་མ་བསྡད་ན་མི་རུང་སྙམ་ཡང་ཁོང་ཉིད་རྒྱུན་དུ་བཞུགས་པའི་གཟིམས་མལ་དངོས་ཡིན་པས་འདུག་མི་ཕོད་པའི་དབང་གིས་གཟིམས་མལ་གྱི་མཐའི་ར་བའི་ཐོག་ཏུ་བྱམས་འདུག་བྱས་ཏེ་བསྡད་པ་ཡིན། དེའི་ནང་ནས་དངོས་སུ་འདུག་དགོས་རྒྱུ་ཞིག་ཡིན་ན་ཐང་ཡང་ང་ནི་འདུག་མ་ཕོད། ཅེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །འདི་དུས་སུ་ཐེངས་ཤིག་རྫ་སྟོད་ལྕང་མ་ལུང་གི་དབེན་རིར་ཕེབས་ཙམ་བྱེད་སྐབས། མི་ལོ་བཅུ་ཕྲག་ལྷག་གི་ཡར་སྔོན་དུ་ལུང་རིགས་ཀྱི་སྒྲ་དབྱངས་སྒྲོག་ཅིང་། འཆད་རྩོད་ཀྱི་གློག་ཞག་འཁྱུགས་པའི་མང་ཐོས་ཚུལ་ལྡན་གྱི་མཆེད་གྲོགས་བརྒྱ་ཕྲག་ལྷག་གིས་ཉིན་མཚན་ཀུན་ཏུ་ཟབ་རྒྱས་ཀྱི་གདམས་པ་ལ་ལོངས་སུ་སྤྱད་ཅིང་། རྗེ་ཉིད་ཀྱིས་ཀྱང་བགྲང་བྱ་བདུན་གྱི་ཡུན་ལ་ཐོས་བསམ་མཛད་པས་ཐུགས་དབུས་ནས་འདོར་མི་ཐུབ་པའི་བརྩེ་འདང་ཟབ་ཅིང་དྲོད་ཁོལ་དང་སྣུམ་ཞག་འཁྱིལ་བའི་ཆོས་གྲྭ་ཉམས་དགའ་བ་དེ་ཉིད་ཤུལ་མ་ཙམ་དུ་གྱུར་ཅིང་། སྔོན་གྱི་དུས་སུ་ཐུགས་ནང་མཐུན་ཅིང་དམ་ཚིག་གཙང་བའི་མཆེད་གྲོགས་དེ་དག་གི་གཟིམ་ཆུང་གི་ཤུལ་ཡང་ས་འབུར་རེ་ཙམ་ལས་མ་མཆིས་ཤིང་། ཁྱད་པར་དུ་ཐུབ་དགའ་ཡིད་བཞིན་ནོར་བུ་མཆོག་གི་དགྱེས་ཞལ་ཟླ་བ་དཀར་པོའི་འཁོར་ཁྱིམ་དེ་ཉིད་མངོན་སུམ་དུ་བཞུགས་ཤིང་། ཟབ་རྒྱས་གདམས་པའི་བདུད་རྩི་མང་པོའི་ཆོས་ཆར་འཛད་མེད་དུ་བསྙིལ་མྱོང་བའི་གཙུག་ལག་ཁང་དེ་ཡང་གྱང་ཆག་ཐ་ཐོར་རེར་གྱུར་ནས་སྟེང་དུ་བྱ་བྲུན་མང་དུ་འཕང་བའི་རྐྱེན་གྱིས་སྟར་ཤིང་སྔོ་སྤུང་ངེ་བ་རེ་སྐྱེས་འདུག་པ་གཟིགས་པས། བགྲང་བྱ་བཅུ་ཕྲག་ལྷག་གི་ཡར་སྔོན་གྱི་གནས་འདིའི་སྣོད་བཅུད་ཐམས་ཅད་ཐུགས་ཀྱི་མེ་ལོང་གི་ངོས་སུ་ལྷང་ངེར་འཁོར་ནས། ཀྱེ་མ་རྩ་བའི་བླ་མ་བཀའ་དྲིན་ཅན་ཐུབ་དགའ་ཡིད་བཞིན་ནོར་བུའི་དགྱེས་ཞལ་འཛུམ་པའི་མདངས་བྱུང་ནས་ཟབ་རྒྱས་ཀྱི་གདམས་པ་མང་པོ་དངོས་སུ་གནང་ཚེ། སྙིང་དང་མིག་ལས་ལྷག་པའི་བརྩེ་བ་ཟབ་ཅིང་། མང་ཐོས་ཚུལ་ལྡན་གྱི་མཆེད་གྲོགས་དེ་དག་དང་ལྷན་ཏུ་གནས་འདིའི་རི་ཆུ་ནགས་གསུམ་ལ་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད་ཀྱང་། དེ་རིང་ནི་བླ་མ་དང་མཆེད་གྲོགས་སོགས་མང་ཆེ་བས་ཞིང་བརྗེ་ཚར་ཅིང་། འགའ་ཞིག་ནི་ཁྲི་མུན་དུ་བཙུད་དེ་སྐུ་ངལ་སྣ་ཚོགས་མྱོང་བཞིན་ཡོད་ལ། ཡང་རེ་ཟུང་ནི་བདག་བཞིན་དུ་ཕྱུགས་ལུག་འཚོ་སྐྱོང་སོགས་བྱེད་བཞིན་འཇིགས་སྐྲག་དང་ངལ་དུབ་ཀྱི་ཀློང་ན་འཚོ་བཞིན་ཡོད་པས། གདན་ས་འདིར་ཐོས་བསམ་སྣ་གཅིག་བྱེད་པའི་སྐལ་བ་ལྟ་ཅི་ཐ་ན་མཇལ་སྐོར་ཐེངས་གཅིག་ཀྱང་བྱེད་པའི་གོ་སྐབས་མེད་པས་གནས་འདིའི་རི་ཆུ་ལུང་གསུམ་ཐམས་ཅད་སྟོང་ལྷང་ལྷང་གི་འཇིག་རྟེན་ཞིག་ཏུ་གྱུར་འདུག་པས་འདུས་བྱས་མི་རྟག་པའི་རང་འཚང་འདི་འདྲ་བ་ཞིག་ལོས་ཡིན་སྙམ་པའི་ཐུགས་སེམས་སྐྱོ་དུང་ངེ་བ་ཞིག་འཁྲུངས་བ་དང་ཆབ་ཅིག་ཏུ་གསོལ་འདེབས་དང་སྨོན་ལམ་ཤུགས་དྲག་པ་རེ་བྱས་ནས་དབེན་རི་ལྕང་མ་ལུང་གི་གནས་མཆོག་དེ་ཉིད་རེ་ཞིག་ཕྱིར་མིག་གི་ཀློང་ནས་བསྐྱུར་ཏེ་ཕྱིར་ཕེབས་པ་མིན་ནམ་སྙམ་མོ། །འདི་སྐོར་རྣམས་སུ་ཝ་ཤུལ་བླ་མ་བཟང་རིས་སོགས་ལས་འབྱུང་རྩིས་ཀྱི་སྐོར་དང་དབྱངས་འཆར་སོགས་ལ་ཡང་བསླབ་པར་བྱས་པ་ཡིན་འདུག་གོ །
འཇིགས་རུང་གཡུལ་ཆེན་ངོམ་པའི་མི་བསྲུན་དཔུང་། །
བསིལ་ལྗོངས་བསྟན་འགྲོའི་གཤེད་དུ་ཆས་པ་ན། །
མ་ངེས་ལས་ཀྱི་འབྲས་བུ་མྱོང་བའི་ཕྱིར། །
ངལ་བའི་རྣམ་ཐར་རིང་མོའི་དབུ་ཁྱུད་བྲིས། །
མཐོན་པོའི་ལྟག་རྒྱབ་འཐུག་པའི་ལས་བྱེད་ཚོས། །
གང་ལ་ཆེད་དུ་གཟས་བའི་བསམ་སྦྱོར་གྱིས། །
བསོད་ནམས་བརྒྱ་ལས་གྲུབ་པའི་ཞབས་ཟུང་དེས། །
རི་ལུང་སྟོང་ལ་རི་མོ་འགོད་དུ་བཅུག །
བསགས་པའི་རྒྱུ་ནོར་གོང་མའི་བུ་ཡིས་འཕྲོག །
འདུག་པའི་དགོན་གནས་གྱང་ཧྲུལ་ཧྲིག་གེར་བཏང་། །
འཇིགས་པའི་ང་རོ་སྲོག་གི་ཉག་མར་འཁུ། །
ལྟོགས་སྐོམ་ངལ་བའི་ཁུར་ཆེན་ཐོག་ཏུ་བབས། །
འཚོ་བཅུད་ཟས་ཀྱི་འབྱོར་བས་ཡོངས་བཏང་བས། །
འདུ་འཁྲུགས་འབྱུང་བས་སྐུ་སྲོག་འཕྲོག་སྙམ་བྱེད། །
དེའི་ཚེ་བརྩེ་ཆེན་རླུང་གི་ཤིང་རྟ་དེས། །
སྨོན་འཇུག་ཉིན་བྱེད་དབང་པོ་ཡིད་མཁར་དྲངས། །
མ་རུང་བདུད་སྡེས་ལྗོངས་འདི་ཡོངས་བཟུང་ཞིང་། །
ལྟ་ལོག་འབྱུང་བྱའི་གད་མོ་དགོད་པའི་དུས། །
མཆོག་གསུམ་མགོན་ལ་རེ་བའི་ཐུགས་སྟོབས་དེ། །
རྟ་གདོང་ཁྲོས་པའི་མེ་བཞིན་ཤུགས་ཀྱིས་འབར། །
གང་ཐུགས་ལྷོ་སྤྲིན་ཕྱུག་མོའི་ཕང་པ་རུ། །
མཁྱེན་རབ་བདུད་རྩིའི་ལྷ་ཆབ་མ་ཤོང་ནས། །
ཟབ་དོན་བཅུད་ཀྱིས་གཏམས་པའི་གསུང་གི་ཆར། །
སྙན་འཇེབས་དབྱར་རྔ་ལྡིར་བའི་དབྱངས་སུ་དྲངས། །
སྣོད་བཅུད་སྡིག་པའི་ལས་ཀྱིས་གང་ན་ཡང་། །
རྒྱལ་སྲས་དཔའ་བོའི་ཐུགས་བསྐྱེད་མི་ཉམས་པས། །
འབུམ་ཕྲག་ལྔ་བའི་བསགས་སྦྱང་ཚད་དུ་ཕྱིན། །
དགེ་སྦྱོར་ཆེན་པོའི་མཛད་པ་བདག་གིར་བྱས། །
དཔག་ཡས་ཡོན་ཏན་རྒྱ་མཚོས་ཕྱུག་པའི་སྐུ། །
འཇིགས་རུང་བདུད་པོ་ཁྲོས་པའི་སྡིགས་མོའི་འོག །
ནོར་ལུག་རྫི་བོར་ཕེབས་པའི་མཛད་པ་དེས། །
སེང་གེས་ཁྱི་གཡོག་བྱས་པའི་ཚུལ་ཏེ་མངོན། །
འོན་ཀྱང་ཐུགས་སྟོབས་པདྨ་དཀར་པོའི་ཚལ། །
མི་བསྲུན་བདུད་སྡེའི་འདམ་གྱིས་མ་ཁོག་པར། །
རིགས་ཀྱི་ཁྱབ་བདག་ཉི་མའི་དཀྱིལ་འཁོར་དེ། །
དད་གསུམ་འདབ་སྟོང་བཞད་པའི་རྒྱན་དུ་དྲངས། །
ཀྱེ་མ་དུས་ཀྱི་མུན་པ་འཐིབ་དུས་འདིར། །
རྩོལ་བཅས་ཐེག་པས་གདུལ་བྱ་འདུལ་དཀའ་བས། །
ཐེག་པའི་རྩེ་མོ་འོད་གསལ་གསང་བའི་མཛོད། །
སྐལ་བཟང་ལྷ་ཕྲུག་ཁྱེད་ལ་སྟེར་རོ་གསུངས། །
མངོན་ལྐོག་ཀུན་ཏུ་དམ་པའི་གཤེས་གཉེན་ཚོར། །
ཕྱི་ནང་ཉུལ་བའི་སོ་བ་མང་ན་ཡང་། །
རྩ་གསུམ་དམ་ཅན་སྲུང་མའི་སྡོང་གྲོགས་ཀྱིས། །
ཟབ་རྒྱས་གདམས་པའི་བསྒོ་སྐལ་ལོངས་སུ་སྤྱད། །
ཁྱད་པར་རིགས་བདག་ཉི་མའི་མཚན་ཅན་དེས། །
ཐུགས་བརྩེ་མཚུངས་པ་མེད་པས་བསྐྱངས་བའི་མཐར། །
བརྩེ་བའི་ཞལ་ཏ་ལེགས་པའི་སྐྱེས་དང་བཅས། །
བཟློག་མེད་བཀའ་ཡིས་བསྟན་པ་ཕྱག་ཏུ་གཏད། །
ཅེས་པའང་སྐབས་བསྡུ་བའི་ཚིགས་བཅད་དོ། །
ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ལས་རང་ཡུལ་དུ་ཕེབས་ཤིང་དུས་འགྱུར་གྱི་ཁྲོད་དུ་སྙིང་པོའི་ཉམས་ལེན་ལ་གཞོལ་ནས་ལྗགས་རྩོམ་ཅི་རིགས་གནང་བ་སོགས་ཀྱི་སྐོར་དེ་རེ་ཞིག་རྫོགས་པར་བྱས་སོ།། །།
བཞི་པ། ཡང་དར་བསྟན་པའི་ཉི་མ་སླར་ཡང་གསལ་བའི་དུས་སུ་སྐལ་ལྡན་སྨིན་གྲོལ་གྱི་ལམ་ལ་བཀོད་ཚུལ་གྱི་སྐོར།
མཁྱེན་གཉིས་ལྷུན་གྲུབ་དོན་ཀུན་གྲུབ་པས་ཀྱང་། །
ཡང་དག་དམ་པའི་ལྷ་ཆོས་འཚོལ་དགོས་ན། །
མདོ་རྒྱུད་རེ་འགས་ཚིམ་པར་མི་འོས་ཞེས། །
སླར་ཡང་ཐོས་པ་བཙལ་ལ་གསོལ་བ་འདེབས། །
ཁྱད་པར་ཆེར་སྙིགས་མུན་པའི་ཡང་མཐའ་འདིར། །
བསྟན་དང་འགྲོ་ལ་ཕན་པ་མཆོག་སྩོལ་བའི། །
བླང་དོར་གདམས་པའི་བདུད་རྩིའི་སྒོ་ཕྱེས་ནས། །
གདུལ་བྱ་རྗེས་སུ་བཟུང་ལའང་གསོལ་བ་འདེབས། །
དེ་ནས་དུས་ཀྱི་འཕོ་འགྱུར་དྲག་པོ་དེའི་རྣོ་ངར་དབྱིངས་སུ་ཡལ་ནས་སླར་ཡང་བསིལ་ལྡན་བོད་ཀྱི་ཡུལ་གྲུ་མཐའ་དག་ཏུ་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་སྤྲིན་བྲལ་གྱི་ཉི་མ་བཞིན་དུ་གསལ་ཆོག་པའི་སྐབས་སུ་བབས་ཚེ། མི་ལོ་ཉི་ཤུ་ལྷག་ཅིག་གི་བར་དུ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་དུས་ཀྱི་འཕོ་འགྱུར་བ་ཆེན་པོ་ཞིག་བྱུང་བའི་སྟོབས་ཀྱིས་དམ་པའི་གང་ཟག་རྣམས་ཀྱི་མང་ཆེ་བས་ནི་ཞིང་བརྗེས་ཟིན་ལ། སྔོན་དུས་སུ་ལུང་རྟོགས་ཀྱི་གནས་ལ་ཐོས་བསམ་ཅུང་ཟད་རེ་བྱེད་མྱོང་བས་རྒྱུ་མཚན་ཤེས་སུ་རེ་བ་འགའ་ཞིག་ནི་ཅོལ་ཆུང་གཡམ་རྒྱུགས་ཀྱི་རྗེས་སུ་འབྲང་ནས་བསྟན་པ་བཤིགས་ཤིང་བསྟན་འཛིན་བཀྲོང་བའི་གཏེ་བོ་ལྟ་བུར་ཆགས་ཚར་བ་དང་། ཕལ་མོ་ཆེས་ནི་ཡང་དག་པའི་གནས་ལ་བློ་མ་ལོག་ཀྱང་ཁྱིམ་པའི་ཁ་འཛིན་རེ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་སྐལ་བ་ཡོད་ཚད་གཏན་ཏུ་བརླགས་ཚར་འདུག་མོད། མགོན་པོ་མཆོག་འདི་ནི་འདམ་གྱི་སྦུབས་ན་གནས་པའི་པད་མ་དཀར་པོ་བཞིན་དུ་ལྟ་སྤྱོད་ཀྱི་ཆ་ལ་ཉེས་པའི་སྐྱོན་ཕྲ་མོ་ཙམ་ཡང་ལྟ་ཅི་ཐ་ན་ཆོས་གོས་འབྲལ་བའི་ལྟུང་བ་ཙམ་ཡང་བྱུང་མ་མྱོང་བའི་མཚན་སྙན་དུནྡུ་བྷིའི་སྒྲ་དབྱངས་དེ་ཉིད་རྣམ་དཀར་གྱི་ལས་ལ་དགའ་བའི་ལྷ་ཕྲུག་རྣམས་ཀྱིས་སྐབས་གསུམ་གྱི་གནས་ཀུན་ཏུ་བསྒྲགས་བའི་སྙན་པ་དེ་རིམ་གྱིས་ཕྱོགས་ཀྱི་སྐལ་བཟང་སྐྱེ་བོའི་རྣ་བའི་རྒྱན་དུ་གྱུར་ཏེ། ཡང་དར་གྱི་བསྟན་པ་རིན་པོ་ཆེ་སྤེལ་བའི་ཕྱིར་དུ་གསོལ་བ་བཏབས་པ་བཞིན་ཐོག་མར་རང་དགོན་དུ་དགེ་ཚུལ་འགའ་བསྒྲུབས་ཤིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དངོས་ཀྱི་རྩ་བར་གྱུར་པ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཚུལ་བཞིན་དུ་གནང་ཕྱིར་དགེ་འདུན་པའི་གྲངས་ཉུང་ངུ་ཙམ་གྱིས་དབྱར་གནས་འཚོགས་པར་བྱས་པས་དགོན་གནས་འདིའི་ཡང་དར་བསྟན་པའི་ཤིང་རྟ་ཐོག་མ་ཡང་ཁོང་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་སངས་རྒྱས་ཀྱི་བསྟན་པ་ཡོད་མེད་ནི་དམ་ཆོས་འདུལ་བའི་བསྟན་པ་ཡོད་མེད་ལ་རག་ལས་ཤིང་། དམ་ཆོས་འདུལ་བའི་བསྟན་པ་ཡོད་མེད་ནི་གཞི་གསུམ་གྱི་ཕྱག་ལེན་ཡོད་མེད་ལ་ཐུག་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མགོན་པོ་མཆོག་ཉིད་ཀྱིས་དགོན་གནས་འདིའི་སངས་རྒྱས་ཀྱི་བསྟན་པ་དངོས་ཀྱི་མེ་རོ་རྨང་ནས་གསོས་པས་ད་སྐབས་གནས་འདིར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དངོས་ཤིག་ཡོད་ན་དེ་ནི་མགོན་པོ་མཆོག་འདིའི་སྐུ་དྲིན་ཉག་གཅིག་ཏུ་འཁུམ་མོ། །རིམ་གྱིས་སྔ་འགྱུར་བྲག་ཆེན་དགོན་དུ་ཕྱག་ཕེབས་ཤིང་ཐོག་མའི་གཞི་གསུམ་གྱི་བསྟན་པ་བཙུགས་པས་དགོན་གནས་དེའི་ཡང་དར་གྱི་བསྟན་པའི་ཤིང་རྟ་ཡང་ཡིན་ནོ། །འདི་སྐོར་ཡས་མས་ཀྱི་སྐོར་ཞིག་གནས་དེར་དགེ་ཚུལ་སློང་སྒྲུབ་བཞིན་པའི་སྐབས་སུ་རྗེ་ཉིད་ཀྱི་གཟིམ་གུར་ཕུབ་པའི་ཉེ་འགྲམ་ནས་དུང་དམར་གྱི་སྒྲ་སྙན་ལ་རིང་བ་མང་པོ་རང་བྱུང་དུ་གྲགས་པ་ཐོས་པར་ཞལ་འཕྲོས་སུ་ཕེབས། ད་དུང་འདི་སྐོར་རྣམས་སུ་ཡང་། ཇི་སྐད་དུ། རྒྱ་མཚོ་ཆུ་ཡིས་མི་ངོམས་ལྟར། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །ཞེས་པ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པ་བསམ་བཞིན་དུ་དགེ་བའི་བཤེས་གཉེན་གྱི་གར་དུ་རོལ་བ་རྨ་རོང་བླ་མ་བློ་གྲོས་རྒྱ་མཚོའི་སྐུ་དྲུང་དུ་བྱོན་ནས་ཟབ་རྒྱས་ཀྱི་གདམས་པ་མང་དུ་ཞུས་ཤིང་། ཁོང་གིས་ཀྱང་ཉིད་ཀྱི་གཟིམ་ཆུང་དུ་ཕྱག་ནས་འཐོར་བ་དང་བྱིན་རླབས་བྱེད་དུ་བཅུགས་པ་སོགས་ཐུགས་གཙིས་བླ་མེད་གནང་བ་དང་། མགོན་པོ་གང་གིས་ཁོང་ཉིད་སྙུང་གཞིས་བཟུང་ཚུལ་རྣམས་ཞུས་པས། བསྙུན་གཞི་ཡོད་ན་ལེགས་ཚུལ་སྐོར་གྱི་ཞལ་ཏ་གནང་བ་དང་། ཁྱད་པར་ཏུ་དབང་པོ་ཡང་རབ་ཀྱི་གང་ཟག་ཡིན་པ་མཁྱེན་ནས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་རྟོགས་སླ་ཚུལ་སོགས་ཀྱི་ཞལ་འཕྲོས་ཅི་རིགས་ཕེབས་ཤིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་དགོངས་པ་དབྱེར་མེད་ཆོས་ཀྱི་དབྱིངས་སུ་འདྲེས་པར་མཛད་དོ། །༈ དེ་ཡང་མགོན་པོ་གང་གི་ཞལ་ནས། སྐོར་ཞིག་ང་ཧ་ཅང་ན་རྒྱུ་ཆེ་བའི་ཚུལ་དེ་རྨ་རུང་བླ་མ་ལ་ཞུས་པས། ན་རྒྱུ་ཡོད་ན་ཡག་ལེ་རེད། ན་རྒྱུ་མེད་ན་ཅི་ཡག་ལེ་མ་རེད། གསུངས་ཀི ཡང་སྐོར་ཞིག་ཁོང་གིས་རྫོགས་པ་ཆེན་པོ་ཟེར་རྒྱུ་དེ་རྟོགས་སླ་མོ་ཡིན་ནི་རེད། ཅང་དཀའ་མོ་ཡིན་ལེ་མ་རེད། གསུངས་གི ཁོང་ནི་ཨོ་རྒྱན་རིན་པོ་ཆེ་དང་མི་དང་མི་ལབ་པ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཡིན་ནི་རེད། ཅེས་སོགས་ཞལ་འཕྲོས་སུ་ཕེབས་སོ། །འདི་སྐོར་ཡས་མས་སུ་རང་ཡུལ་གྱི་རྒན་པོ་ཞིག་ལ་རྨ་རུང་བླ་མའི་ཞལ་ནས་ཕེབས་མྱོང་བའི་མགོན་པོ་གང་གི་རྣམ་ཐར་ངོ་མཚར་བ་ཅིག་ཐོས་ཤིང་ཡིད་རྟོན་ཕེར་པ་ཙམ་ཡང་ཡོད་མོད། མགོན་པོ་གང་ལ་དེ་རིགས་བཀའ་འདྲི་ཞུས་ཚེ། ཐུགས་གཏིང་ནས་མི་དགྱེས་པའི་ཚུལ་གྱིས་དེ་སྐོར་གཏན་ནས་འབྲི་མི་ཉན་པའི་བཀའ་ཕེབས་བྱུང་བས་ཞལ་གསུང་བཟློག་མ་ཕོད་པར་སྐྱུང་བའི་ལས་སུ་བྱས་སོ། །དེ་བཞིན་དུ་སྐྱབས་ཆེ་སྤྲུལ་སྐུ་བསོད་ནམས་ཆོས་འཕེལ་ལས་ལྕེ་བཙུན་སྙིང་ཐིག་གི་དབང་དང་། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་དང་བཅས་པ། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སོགས་གསན། ཨ་འཛོམ་འབྲུག་སྤྲུལ་ཐུབ་བསྟན་པདྨ་ཕྲིན་ལས་ལས་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་འབུམ་གྱི་དབང་ལུང་དང་། ཀློང་ཆེན་སྙིང་གི་ཐིག་ལེ་ལས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ་གྱི་རིམ་པ་ལས་འཕྲོས་པ་མན་ངག་གི་རྒྱབ་བརྟེན་པདྨ་དཀར་པོ་དང་། གནས་ལུགས་རྡོ་རྗེའི་ཚིག་རྐང་། སྙིང་ཐིག་སྒོམ་པའི་བྱ་བྲལ་གྱི་གོལ་ཤོར་ཚར་གཅོད་སེང་གེའི་ང་རོ་དང་། རྫོགས་པ་ཆེན་པོའི་གནས་ལུགས་ཅེར་མཐོང་རང་གྲོལ། རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་སྙིང་གཏམ། མདོ་སྔགས་ཟུང་དུ་འཇུག་པའི་སྤྱོད་ཡུལ་ལམ་ཁྱེར་སངས་རྒྱས་ལམ་ཞུགས་སོགས་གསན་ཞིང་། ཟབ་མོ་མན་ངག་གི་སྐོར་ནས་ཀྱང་བགྲོ་གླེང་མང་དུ་མཛད། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་ལས། གུ་རུ་ཆོས་དབང་གི་གཏེར་བྱོན་བླ་མ་གསང་བ་འདུས་པའི་སྒོས་སྒྲུབ་ཟླུམ་པོ་བཞི་དབང་། གསང་འདུས་གཏོར་དབང་། ཉིང་གཏེར་བླ་མ་ཡོངས་རྫོགས་ཀྱི་གཏོར་དབང་། བྲག་དམར་བདེ་འདུས་ཀྱི་དབང་བཀའ་རྡོ་རྗེའི་སྤྱི་བླུགས། རྒྱལ་ཚབ་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོའི་འཁྲི་ཤིང་། ཟབ་མོ་ལྟ་སྲོལ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ། མཁྱེན་བརྩེ་མཆོག་གླིང་ཐུན་མོང་གི་གཏེར་ཁ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྩལ་དབང་རྒྱས་པ། མཆོག་གླིང་ཟབ་ཏིག་སྒྲོལ་མའི་ཕྱི་སྒྲུབ་ཀྱི་རིགས་གཏད། བཤེས་སྤྲིངས་མཆན་འགྲེལ་པདྨ་དཀར་པོའི་ལུང་། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་བླ་མ་ཆེ་འབྲིང་གཉིས་དང་འབྲེལ་བའི་བྱིན་རླབས་ལུ་གུ་རྒྱུད། བྲག་དམར་བཀའ་མ་འོ་བྲན་ལུགས། བྱང་གཏེར་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་ཀྱི་དབང་སྐུར། བླ་མ་ལོངས་སྐུའི་རྫོགས་ཆེན་ཚེ་དབང་། བྱང་གཏེར་ཚེ་དབང་ལྕགས་སྡོང་མ། པད་གླིང་ཚེ་སྒྲུབ་རྡོ་རྗེའི་ཕྲེང་བའི་ཚེ་དབང་སྒྲུབ་ཁོག་ལས་གསུང་རྒྱུན་བཞིན་བྱུང་དང་། མཁའ་འགྲོ་ཡང་ཏིག་གི་དབང་ཆོག་རིན་ཆེན་དབང་གི་ཕྲེང་བ་ལྟར་དངོས་སྟ་ཞག་གིས་ཆོད་པར་བྱས་ནས་གསན། གྲུབ་ཐོབ་ཐང་སྟོང་པའི་གདམས་པ་འཆི་མེད་དཔལ་གཏེར་གྱི་ཚེ་སྒྲུབ། ཐུགས་ཆེན་རྒྱལ་པོའི་ལུགས་ཕྱག་བཞི་བ་དང་བཅུ་གཅིག་ཞལ་དབང་། རྒྱལ་བ་རྒྱ་མཚོའི་བདེ་གཤེགས་བཞི་སྒྲོལ། འཇམ་དཔལ་ཚེ་བདག་ཡང་ཟློག་མེའི་སྤུ་གྲི་རྣོན་པོ་ནད་གཅོད། རྟ་མགྲིན་ཡང་གསང་སྐྱེར་སྒང་ལུགས། ཉིང་གཏེར་རྟ་ནག་ལྕགས་རལ། ཆོས་དབང་ལུགས་ཀྱི་རྟ་ནག །ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲག་འདུལ་བུམ་དབང་དང་གཏོར་མའི་ལས་ཚོགས་ལ་བསྟེན་པ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་དོན་དབང་འབྲིང་པོ་དང་བསྡུས་པ། འདོད་བུམ་ལས། བྱང་གླིང་ཕྱག་རྡོར་གཏུམ་པོ་དྲག་པོ། གྲ་བའི་གཏེར་ཁ་ཕྱག་རྡོར་ཁང་བརྩེགས། ཉིང་གཏེར་ཕག་མོ་ཞལ་གཉིས་མ། རྡོ་རྗེ་ཕག་མོ་དོན་གྲུབ་མ། ཕག་མོ་དབུ་ཅན་མ། ཉིང་གཏེར་ཁྲོས་ནག །མ་ཏིའི་འཇམ་དཀར། ཀློང་སྙིང་རིགས་འདུས་རྩལ་དབང་། རྗེས་འབྲེལ་ཚེ་དབང་། དྲག་པོ་རྟ་ཁྱུང་རྣམས་དང་། འདོད་བུམ་ལས། དམ་པ་སངས་རྒྱས་པའི་འཇམ་དཔལ་སྨྲ་སེང་། འཕགས་མ་དབྱངས་ཅན་མ། སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས། རྣམ་འཇོམས་བ་རི་ལུགས། ཆོས་དབང་ལུགས་དྲང་སྲོང་ལོཀྟྲི་པ་ལ། རྣམ་འཇོམས་རྗེས་གནང་། ཀློང་སྙིང་ཐུགས་ཆེན་སྡུག་བསྔལ་རང་གྲོལ། རཏྣ་གླིང་བའི་ནཱ་ག་རཀྴ། བསྟན་སྲུང་མགོན་པོའི་སྐོར་གྱི་ལེགས་ལྡན་ཚོགས་བདག །ཉིང་གཏེར་དཔལ་མགོན་ཕྱག་བཞི་པ། མགོན་དཀར་ཚེ་དབང་། ཆོས་དབང་མ་ནིང་། གནུབས་ལུགས་དཔལ་མགོན་སྟག་ཞོན། སྙིང་ཐིག་ཡུམ་ཀ་དང་དེའི་ཚེ་དབང་། སེང་གདོང་མ། བླ་སྒྲུབ་ཐིག་ལེའི་རྒྱ་ཅན། ཞི་ཁྲོ་ན་རཀ་དོང་སྤྲུག །སྙིང་ཐིག་ཞི་ཁྲོ་ངན་སོང་སྦྱོང་བའི་དངོས་གཞི་དཔག་མེད་མྱུར་ལམ་དངོས་སྟ་ཞག་གིས་བཅད་པ་དང་། བཀའ་མ་ལས། དཔལ་ཡང་དག་གི་དབང་ཆེན་བདེ་ཆེན་འཇུག་ངོགས། སངས་རྒྱས་ཉམས་སྦྱོར་དབང་མཆོག་བྱིན་བརླབས་ཆར་འབེབས། ཀློང་སྙིང་དཔལ་ཆེན་འདུས་པའི་དངོས་སྟ་ཞག་གིས་བཅད་པ་དང་། དེའི་སྒོམ་དབང་། འཇམ་དཔལ་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་བ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་བ་བདུད་དཔུང་ཟིལ་གནོན། བཀའ་མ་ལས། སྒྱུ་འཕྲུལ་ཞི་བ་འབྲིང་པོའི་དབང་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་དངོས་སྟ་ཞག་གིས་ཆོད་པ་དང་། བླ་མ་ཡང་ཏིག་སྤྲོས་བཅས་ཀྱི་དབང་ཚངས་པའི་དྲྭ་བ། སྤྲོས་མེད་རིན་པོ་ཆེའི་དྲྭ་བ། སྒྱུ་འཕྲུལ་ཁྲོ་བོའི་དབང་ཆེན་ཁྲག་འཐུང་རྡོ་རྗེའི་གད་རྒྱངས་དངོས་སྟ་ཞག་གིས་ཆོད་པ་དང་། བླ་མ་ཡང་ཏིག་རབ་ཏུ་སྤྲོས་མེད་ཀྱི་དབང་པདྨའི་དྲྭ་བ་དང་། ཤིན་ཏུ་སྤྲོས་མེད་འོད་ཀྱི་དྲྭ་བ། ཟབ་མོ་ཡང་ཏིག་གི་དབང་སྤྲོས་བཅས་དངོས་གྲུབ་ཆུ་བོ། སྤྲོས་མེད་འོད་གསལ་ཆུ་བོ། རབ་ཏུ་སྤྲོས་མེད་བྱིན་རླབས་ཆུ་བོ། ཤིན་ཏུ་སྤྲོས་མེད་ཡེ་ཤེས་ཆུ་བོ་བཅས་དང་། རྒྱལ་ཚབ་གསུང་སྔ་འགྱུར་ཐེག་དགུའི་ཚོགས་བཤད་ཀྱི་ལུང་། འདོད་བུམ་ལས། གནུབས་ལུགས་མགོན་པོའི་བིང་། བསྟན་སྲུང་སྣ་ཚོགས་སྐོར་ལས། ཡེ་ཤེས་མ་མོ་ཨེ་ཀ་ཛ་ཊི་སྡེ་བདུན། སྙིང་ཐིག་ཨེ་ཀ་ཛ་ཊི་གཙོ་རྐྱང་། རེ་ཏི་རང་བྱུང་མ་བཀའ་གཏེར་གཉིས་ལྡན། ཉང་གཏེར་གཤོག་རྒོད་མ། ལས་འབྲེལ་ལུགས་ལྷ་མོ་སྲོག་སྒྲུབ་མ། ལས་འབྲེལ་གཟའ་བདུད་དུག་གི་སྤུ་གྲི། ལས་འབྲེལ་གནོད་སྦྱིན་ཤན་པ་དམར་ནག །རྡོར་ལག་གཏེར་རྒྱུད་གཉིས་ལྡན། རྒྱལ་སྲས་ལེགས་ལྡན་པའི་ཞིང་སྐྱོང་སེང་གདོང་མ། ཉིང་གཏེར་དུར་ཁྲོད་མ་མོ། ཆོས་དབང་བརྟན་མ་བཅུ་གཉིས། ཉིང་གཏེར་པེ་ཧར། ནོར་ལྷའི་སྐོར་ལས། རྣམ་སྲས་ཕྱི་སྒྲུབ་སེར་ཆེན་སྤྲིན་གསེབ་མ། ནང་སྒྲུབ་མདུང་དམར་ཅན། གསང་སྒྲུབ་དྲག་པོ་རྟ་སྔོན། ཡང་གསང་ཕྱག་མཚན་བཞི་བ། གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ། ཛམ་དམར་ཆགས་པའི་རྡོ་རྗེ། ལྷ་ཆེན་དབང་ཕྱུག་ཆེན་པོ་བཅས་དང་། འདུས་པ་མདོ་དབང་རྡོ་རྗེའི་ཐེམ་སྐས་ལྟར། སྒོ་འབྱེད་ཕྱག་རྡོར་དབང་། ངན་སོང་གནས་འདྲེན་དངོས་གཞིའི་ཆུ་བོ་བཞིའི་དབང་ལ་དང་པོ་ལྷ་མི། གཉིས་པ་ཉན་ཐོས། གསུམ་པ་རང་རྒྱལ། བཞི་བ་བྱང་སེམས་ཐེག་པ་རྣམས་དང་། བྱ་སྤྱོད་ཀྲི་ཡོག་གཉིས་ཀྱི་དབང་སོགས་ཟབ་རྒྱས་ཀྱི་གདམས་པ་བགྲང་ལས་འདས་པ་གསན་ནོ། །ཁྲོ་ཤུལ་སྤྲུལ་སྐུ་སངས་རྒྱས་གྲགས་པ་ལས། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་སྨེ་བརྩེགས་ཉམས་གྲིབ་ཀུན་སེལ་གྱི་དབང་ཆོག་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན། ཐུགས་ཆེན་བདེ་གཤེགས་ཀུན་འདུས། སྨིན་གླིང་རྡོར་སེམས། གཏེར་ཆེན་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་འགྲོ་དྲུག་རང་གྲོལ་དང་། བུམ་དབང་རྒྱས་པ་འཕྲད་ཚད་རང་གྲོལ། མཆོག་དབང་གོང་མ་རྣམ་གསུམ་བཅས་ཀྱིས་དབང་དངོས་སྟ་ཞག་གིས་བཅད་ནས་བསྐུར། དཔལ་མགོན་པོ་ནག་པོའི་རྗེས་གནང་ཤིན་ཏུ་ཟབ་མོའི་དབང་དང་། ཀློང་གསལ་གཏེར་བྱོན་ཕྱག་རྡོར། རྟ་མགྲིན་དཔའ་བོ་གཅིག་པ། ཁྱུང་དམར་མེའི་གཤོག་པ་ཅན་བཅས་ཀྱི་དབང་དང་། ཡེ་ཤེས་རབ་འབར་ལས་སྨིན་བྱེད་དབང་བཞིའི་སྔོན་འགྲོ་བདུད་རྩིའི་ས་བོན་གྱི་དབང་། སྲུང་མའི་སྲོག་གཏད་དང་བཅས་པ། ཀློང་ཆེན་སྙིང་གི་ཐིག་ལེ་ལས་ནང་སྒྲུབ་རིག་འཛིན་འདུས་པའི་དབང་རྒྱལ་ཐབས་སྤྱི་བླུགས་ལུང་བཅས་གསན། ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་འཕྲེང་། ཡུམ་ཀའི་དབང་གི་ཆོ་ག་གཏེར་གཞུང་ལྟར། སྐུ་གསུང་ཐུགས་དབང་རྒྱབ་རྟེན་ལུང་བཅས་གསན། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་ཞལ་ལུང་ལས་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཕུར་བ་བདུད་དཔུང་ཟིལ་གནོན། ཡང་དག་སངས་རྒྱས་མཉམ་སྦྱོར་རྣམས་ཀྱི་དབང་ཐོབ། གཞན་ཡང་གཏེར་ཆེན་རདྣ་གླིང་བའི་གཏེར་བྱོན་ཚེ་སྒྲུབ་གསང་བ་འདུས་པའི་དབང་དངོས་སྟ་ཞག་གིས་བཅད་ནས་གསུངས། བསྟན་གཉིས་གཡུང་དྲུང་གླིང་བའི་མཚམས་སྦྱོར་སྒྲིག་པའི་དབང་སོགས་གསན། ཀློང་ཆེན་སྙིང་གི་ཐིག་ལེ་ལས་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དབང་དང་བཅས་པ་ལེགས་པར་གསན། མགོ་ཚྭ་མཆོག་སྤྲུལ་ཕུར་བ་ཕྲིན་ལས་དར་རྒྱས་ལས། སྙིང་ཐིག་ཡ་བཞིའི་དབང་དང་། ཡུམ་ཀ་བདེ་ཆེན་རྒྱལ་མོའི་དབང་། བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དབང་། རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་བྱོན། བཀའ་བརྒྱད་རང་ཤར་གྱི་དབང་རིག་འཛིན་དགོངས་རྒྱན། ཕུར་བའི་དབང་། ཐུགས་སྒྲུབ་ཀྱི་དབང་། རིག་འཛིན་གདུང་བསྒྲུབ་གྱི་དབང་། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་དབང་གཏེར་གཞུང་ལྟར། གཟའ་སྐུ་གསུམ་ལྷུན་གྲུབ་མའི་སྲོག་དབང་། བསྟན་སྲུང་མགོན་པོའི་དབང་། ཀར་གླིང་ཞི་ཁྲོའི་དབང་། སྨིན་གླིང་གཏེར་ཆེན་གྱི་གཏེར་བྱོན་གུ་རུ་བྲག་དམར་གྱི་དབང་། རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་གུ་དྲག་ཡེ་ཤེས་རབ་འབར་གྱི་དབང་ཡོངས་རྫོགས། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་དཀོན་མཆོག་སྤྱི་འདུས་ཀྱི་དབང་། རྣམ་འཇོམས་ཁྲོ་ནག་གི་དབང་། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་གྲོལ་གྱི་དབང་། མངའ་རིས་པཎ་ཆེན་གྱི་གཏེར་བྱོན་གནོད་སྦྱིན་ཆེན་པོའི་སྲོག་དབང་། སྐལ་བཟང་པདྨ་དབང་ཕྱུག་གི་གཏེར་བྱོན་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང་། མངའ་བདག་ཉང་གི་གཏེར་བྱོན་རྟ་ནག་གི་དབང་། གུ་རུ་ཆོས་དབང་གི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་སོགས་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན། སྤྲུལ་སྐུ་ཆོས་ཉིད་རྡོ་རྗེ་ལས། གུ་རུ་དྲག་པོ་གྲོ་ལོད་ཀྱི་དབང་། ཕུར་བའི་དབང་། གཤིན་རྗེ་ཚེ་བདག་གི་དབང་། རཏྣའི་ཚེ་སྒྲུབ་ཀྱི་དབང་སོགས་གསན། རྡོར་དགུའི་མཁན་པོ་དགེ་འདུན་ལས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་ཀར་གཅོད་ཀྱི་དབང་ལུང་ཆ་ཚང་དང་། སྒྲུབ་བརྒྱུད་སྐྱེ་སྔ་སྤྲུལ་སྐུ་ལས་རྗེ་བཙུན་མི་ལའི་རྣམ་མགུར། འདན་རྣམ་རྒྱལ་རྡོ་རྗེ་རྒྱལ་མཚན་ལས་དག་པོའི་ཐར་རྒྱུན་གསན། མགོ་ཚྭ་མཁན་ཨོ་རྒྱན་བསྟན་འཕེལ་ལས་སྨྱུང་གནས་སྡོམ་ལུང་དང་། ཁྲོ་ཤུལ་བླ་མ་ལྷ་རྒྱལ་ལས་སྨྱུང་གནས་སྡོམ་ལུང་དང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་དབང་། དགེ་མང་མཁན་པདྨ་དབང་རྒྱལ་གྱི་མདུན་ནས་སྒྱུ་འཕྲུལ་ཞི་བའི་དབང་དང་། ཁྲོ་ཤུལ་མཁན་པདྨ་བཤད་སྒྲུབ་ཀྱི་མདུན་ནས་སྨིན་གླིང་རྡོར་སེམས་དང་། བྲག་དམར་སྟོད་ལེའུ་སྨད་ལེའུ། ལག་ལེན་གསེར་གྱི་ཐིག་པ། རཏྣའི་ཚེ་སྒྲུབ་བཅས་པའི་ལུང་གསན། མཁན་ཆེན་བླ་མ་ཐུབ་བསྟན་གཞན་ཕན་གྱི་མདུན་ནས་བྱང་གཏེར་གྱི་ཆོས་སྐོར་ཡོངས་ཀྱི་ལུང་དང་། ཕུར་བའི་དབང་། གཏེར་གསར་སེང་གདོང་མའི་དབང་། མཁན་ཆེན་གཞན་ཕན་འོད་ཟེར་གྱིས་མཛད་པའི་སེམས་སྡེ་ཀུན་བྱེད་རྒྱལ་པོའི་རྒྱུད་འགྲེལ་སོགས་སྨིན་གྲོལ་གདམ་པའི་བདུད་རྩི་མང་པོ་ནོད་བར་བྱས་པ་ཡིན་ནོ། །འདིར་དབང་ལུང་ཁྲིད་གསུམ་གྱི་གདམས་པ་ནོད་པའི་རིགས་རགས་རིམ་ཙམ་བཀོད་པ་ལས། གདམས་ངག་སྣ་རེ་དང་། ལུང་ལྡེབ་ཤར་རེ། དབང་དང་རྗེས་གནང་གི་རིམ་པ་ཅུང་རེ་ཐོབ་པ་ཡན་ཅད་བྲིས་ན་ཡིག་ཚོགས་ཤིན་དུ་མང་བ་དང་ཁྱད་པར་དུ་ཐོབ་ཡིག་ཅིག་དང་གཉིས་སུ་མ་མཆིས་པར་འགྱུར་དོགས་ཀྱིས་དེ་རིགས་སྐྱུང་བར་བྱས་ཤིང་། འདིར་སྨོས་པའི་དབང་ལུང་གི་རིགས་ཀྱང་དུས་འགྱུར་ལྷོད་ཡངས་སུ་སོང་བ་ནས་ད་ལྟའི་བར་དུ་གསན་པ་དག་ཡིན་པས་དུས་ཚོད་ཀྱང་མི་འདྲ་མོད། འདིར་ཀློག་བདེ་ཞིང་གོ་སླ་བའི་ཕྱིར་དཀྱུས་གཅིག་ཏུ་བཀོད་པ་ཡིན་ནོ། །དེ་ལྟར་དགུང་གྲངས་བཅོ་བརྒྱད་ཙམ་ནས་བཟུང་མདོ་སྔགས་ཐེག་པ་རྒྱ་མཚོའི་གཞུང་ལུགས་མཐའ་དག་ལ་མང་དུ་ཐོས་པར་བྱས་ཤིང་། ཐོས་དོན་བསམ་པའི་སྒོ་ནས་སྒྲོ་འདོགས་ཀྱི་འཕྲང་ལས་གྲོལ་བར་མཛད་དེ། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་བསམ་དོན་སྒོམ་པའི་གནད་ལ་གཅུན་པའི་ཚུལ་ནི། སྤྱིར་ཐོས་བསམ་གྱི་སྐབས་ཀུན་ཏུ་ཐོས་སྒོམ་ཡ་མ་བྲལ་བར་བྱས་པ་ཡིན་མོད། དམིགས་བསལ་དུ་སྙིང་པོའི་ཉམས་ལེན་གྱི་དོན་ལ་རྩེ་གཅིག་ཏུ་གཞོལ་བར་དགོངས་ནས་རིགས་བདག་ཉི་མ་རྒྱ་ལོའི་སྔར་ནས་བསྩལ་བའི་བཀའ་ལུང་བཞིན་དུ། གཙུག་ལག་ལས་བྱུང་བའི་སའི་དཔྱད་མཐའ་དག་ལེགས་པར་ཚང་ཞིང་། ཁྱད་པར་དུ་ཉིན་མོར་མིའི་རྒྱུ་འགྲུལ་དང་མཚན་མོར་ལྷ་འདྲེའི་གླགས་ལྟ་འཚོལ་བ་སོགས་གང་ཡང་མེད་པའི་འདུ་འཛི་སྤངས་བའི་རྣལ་འབྱོར་བ་རྣམས་ཀྱི་གདན་སར་ཆེས་ཆེར་བསྔགས་པའི་སའི་ཡོན་ཏན་ཚང་བའི་དབེན་གནས་སྤོས་ཤེལ་ལུང་བ་རུ་སྤྱོད་ལམ་བཞི་ཤོང་གི་གཟིམ་ཆུང་ཉམས་དགའ་བ་ཞིག་བྱས་ནས་ཉིན་མཚན་བར་མེད་དུ་སྙིང་པོའི་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པར་བྱས་སོ། །དེ་ནས། ཇི་སྐད་དུ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །ཞེས་པ་ལྟར་མགོན་པོ་གང་གི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་པདྨ་དཀར་པོའི་བསུང་ཞིམ་དེ་ཉིད་ཕྱོགས་མེད་སྐལ་བཟང་གདུལ་བྱའི་སྦྲང་ཆུང་རྣམས་ཀྱི་བློ་གྲོས་དྲི་འཛིན་དབང་པོའི་གསོས་སུ་གྱུར་མ་ཐག་ཏུ་དད་དང་གུས་པའི་གཤོག་ཟུང་ཡངས་པོར་བརྐྱངས་ཤིང་བསྟོད་ཚིག་དང་གསོལ་འདེབས་ཀྱི་མགྲིན་གླུ་དལ་གྱིས་ལེན་བཞིན་མགོན་པོ་གང་གི་དྲུང་དུ་ལྷགས་ཤིང་ཟབ་རྒྱས་ཀྱི་གདམས་པ་གནང་བར་གསོལ་བ་བཏབ་པ་བཞིན་དུ། མཁན་ཆེན་བླ་མ་ཐུབ་བསྟན་གཞན་ཕན་དང་། སྤྲུལ་སྐུ་ཆོས་ཉིད་རྡོ་རྗེའི་གཙོས་རང་ཡུལ་དང་ཕྱོགས་ཕྱོགས་ནས་ཕེབས་པའི་སྐལ་ལྡན་གྱི་སློབ་ཚོགས་རྣམས་ལ་ཟབ་དོན་གདམས་པའི་བདུད་རྩིའི་བགོ་སྐལ་ཡངས་བར་ཕྱེས་ཏེ། ཐེག་མཆོག་རིན་པོའི་ཆེའི་མཛོད་དང་། མན་ངག་རིན་པོ་ཆེའི་མཛོད། གྲུབ་མཐའ་རིན་པོ་ཆེའི་མཛོད་དེ་མཛོད་ཆེན་བདུན་གྱི་འགའ་ཞིག་དང་། ཡོན་ཏན་མཛོད་ཀྱི་སྔགས་སྐོར་དང་། གསང་སྙིང་ཞག་བཅུ་མ། བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་ཟབ་རྒྱས་ཀྱི་ཆོས་འཁོར་སྐོར་ནས་བཞུགས་ཤིང་། འདི་སྐོར་དུ་ཕུར་བ་རྡོ་རྗེ་གཞོན་ནུའི་བསྙེན་མཚམས་ཤིག་ཀྱང་གནང་བ་ཡིན་འདུག་གོ། དབུ་རྩེ་དགུང་སྔོན་གྱི་དབྱིངས་ལ་བསྙེགས་ཤིང་སྤྲིན་དཀར་ཕང་ཕུང་རེའི་མགུལ་ཆིངས་བྱས་ཏེ་གནས་འདིའི་རི་བོ་ཀུན་གྱི་རྗེ་བོའི་ཚུལ་གྱིས་གནས་པའི་སྤོས་ཤེལ་རྫ་མདུང་གི་ཞོལ་གྱི་མི་མེད་དབེན་པའི་རི་སུལ་དེ་ནས་སྤྱོད་ལམ་བཞི་ཤོང་གི་གཟིམ་ཆུང་བག་བྲོ་བ་ཞིག་དང་། རེ་སྦྲ་ཆུང་ངུ་འགའ་ཞིག་གི་ནང་ནས་དུད་ཞག་སྔོན་མོ་ཕྲ་ལ་འཁྱུག་པ་རེ་འཕྱུར་ནས་གནས་དེའི་འཁོར་ཡུག་ཐམས་ཅད་ལ་ལྷ་བསང་རེ་བཏང་བ་ལྟ་བུ་བྱས་ཤིང་། ཕ་སྒྲུབ་བརྒྱུད་ཀྱི་བུ་རྒྱུད་འགའ་རེས། ཇི་སྐད་དུ། རྗེ་མི་ལའི་ཞལ་ནས། མི་མེད་དབེན་པའི་རི་ཁྲོད་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་པ་ལྟར་འཁོར་བར་ཞེན་ལོག་གི་ངེས་འབྱུང་སྐྱོ་ལྷང་ངེ་བ་རེ་དང་མ་བཅོས་དག་སྣང་གི་མོས་གུས་གསལ་རྗེན་ནེ་བ་ཞིག་གི་ངང་ནས་ཟབ་དོན་གདམས་པའི་བདུད་རྩི་མང་པོ་ལ་ལོངས་སུ་སྤྱད་པའི་བགྲང་བྱ་དེ་དག་གི་དོན་སྤྱི་ཡིད་ཀྱི་མེ་ལོང་གི་ངོས་སུ་ལྷང་ངེར་འཆར་བ་དང་ལྷན་དུ། ཇི་སྐད་དུ། ཟླ་བ་སྒྲོན་མེ་ལས། དགོན་པར་གནས་པ་དེ་ཡི་ཡོན་ཏན་ནི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །ཞེས་དང་། རྒྱལ་སྲས་ཞི་བའི་ལྷས། དེ་ལྟར་འདོད་ལ་སྐྱོ་བྱས་ཏེ། །དབེན་པ་ལ་ནི་དགའ་བ་སྐྱེད། །རྩོད་དང་ཉོན་མོངས་ཀྱིས་སྟོང་པའི། །ཞི་བའི་ནགས་ཀྱི་ནང་དག་ཏུ། །ཞེས་དང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །ཞེས་པ་དག་ཀྱང་དྲན་བྱུང་ངོ་། །དེ་ནས་རིམ་གྱིས་སློབ་ཚོགས་ཀྱི་འདུ་བ་ངང་གིས་འཕེལ་བའི་ཚེ་ན། གང་གི་ཞལ་ནས། བདག་གནས་འདིར་ཡུན་རིང་བསྡད་ན་རང་གཡོག་རང་གིས་མི་ཐུབ་པས་ད་ནི་གནས་འདིར་ཡུན་རིང་འདུག་རྒྱུ་མིན་གསུངས་ནས་གདན་ས་གཞན་དུ་གཏད་དེ་ཕྱིར་རང་ཁྱིམ་དུ་ཕེབས་པ་ཡིན་འདུག་ལ། སྐབས་དེ་དུས་ཀྱི་ཡུལ་མི་རྣམས་ཀྱིས་ནི་གལ་ཏེ་མགོན་པོ་གང་ཉིད་གནས་དེར་རྒྱུན་དུ་བཞུགས་ན་ཆོས་སྒར་ཆེན་པོ་ཞིག་ཆགས་ངེས་རེད་ཅེས་ལབ་གླེང་གི་ཡུལ་དུ་གྱུར་ཀྱང་གྲྭ་སའི་ཁ་འཛིན་གྱི་ཕྱོགས་ནི་ཇི་བཞིན་བདག་གིར་མ་བྱས་པ་ཡིན་འདུག་གོ། དེ་ལྟར་ཉིན་མཚན་དབྱེར་བ་མེད་པར་སྙིང་པོའི་ཉམས་ལེན་ལ་གཞོལ་ཞིང་། ཕྱོགས་མེད་དད་ལྡན་གྱི་སློབ་ཚོགས་མང་པོས་གསོལ་བ་བཏབས་པ་བཞིན་སྐབས་དང་སྐབས་སུ་མདོ་དབུས་ཁམས་གསུམ་གྱི་དགོན་གནས་དང་ཆོས་སྡེ་མང་པོར་ཞབས་ཟུང་རྩིབས་སྟོང་འཁོར་ལོའི་རེ་ཁ་མཛེས་པར་བསྒྱུར་ནས་གདུལ་བྱ་རྣམས་ཀྱི་ཁམས་དབང་དང་འཚམས་པར་སྨིན་གྲོལ་གྱི་གདམས་པ་མང་དུ་བསྩལ་ཅིང་། དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་ཡང་གྲངས་མང་པོ་བསྒྲུབས་གནང་མཛད་པ་དང་། རང་དགོན་གྱི་བཤད་སྒྲུབ་ཀྱི་སྡེ་གཉིས་དང་ཕྱོགས་དང་རིས་སུ་མ་ཆད་པའི་དགེ་འདུན་པའི་སྡེ་རྣམས་ཀྱིས་གཙོས་ཉིན་བཞིན་ཕེབས་པའི་སློབ་ཚོགས་ཀྱི་འདུ་བ་ཡོངས་ལ་སོ་སོའི་སྐལ་བ་དང་འཚམས་པའི་ཐུན་མོང་དང་ཐུན་མིན་གྱི་གདམས་པ་མང་དུ་གནང་བའི་སྐོར་རགས་ཙམ་དཀྱུས་གཅིག་ཏུ་འགོད་པ་ལ། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་དེའི་ངག་འདོན་ཚར་དུ་མ། སྨིན་གཏེར་རྡོར་སེམས་སྔོན་འགྲོའི་ཁྲིད་སྐོར་ཚར་དུ་མ་དང་དེའི་ངག་འདོན་ཚར་ཧ་ཅང་མང་པོ་སོགས་སྔོན་འགྲོའི་སྐོར་རྣམས་དང་། ས་དཔྱད་སོགས་ཐུན་མོང་རིག་གནས་ཀྱི་སྐོར། ཚུལ་ཁྲིམས་བསྟོད་པའི་འགྲེལ་བ། མ་ནི་བཀའ་འབུམ་ལུང་། སྤྱོད་འཇུག་ཚར་དུ་མ། མངོན་པ་མཛོད་སོགས་མདོ་ཆོས་ཀྱི་སྐོར་རྣམས་དང་། མཁན་ཡོན་ཏན་རྒྱ་མཚོས་མཛད་པའི་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་བ་རིག་འཛིན་འཇུག་ངོགས་ཚར་དུ་མ། ཡོན་ཏན་མཛོད་འགྲེལ་ཉི་ཟླའི་འོད་ཟེར་སོགས་མདོ་སྔགས་གྱི་གཞུང་སྐོར་རྣམས་དང་། དུས་འཁོར་རྗེས་གནང་། ཞི་ཁྲོའི་མཆོག་དབང་གོང་མ་རྣམ་གསུམ། གཤིན་རྗེ་ཚེ་བདག་གི་དབང་། རིགས་འདུས་ཀྱི་དབང་། ཡུམ་ཀའི་དབང་། སེང་གདོང་མའི་དབང་། ཁྲོས་མའི་དབང་ལུང་ཚར་ཁ་ཤས། སྨིན་གླིང་རྡོར་སེམས་ཀྱི་དབང་ལུང་ཁྲིད་གསུམ་ཚར་མང་པོ། བྱང་གཏེར་ཕུར་བའི་དབང་ལུང་། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ལུང་ཁྲིད་གསུམ་ཚར་ཁ་ཤས། བཀའ་གཅོད་དབང་ལུང་། སོགས་དབང་རྗེས་གནང་གི་སྐོར་དང་། ཚིག་གསུམ་གནད་བརྡེག །ཆོས་དབྱིངས་མཛོད་རྩ་བ་ཚར་མང་པོ་དང་དེའི་འགྲེལ་བ་ཡང་ཚར་དུ་མ། གནས་ལུགས་མཛོད། མན་ངག་མཛོད། ཆོས་ཉིད་ལྟ་བ་ཡེ་གྲོལ། སྙིང་ཐིག་ཡ་བཞིའི་ཁྲེགས་ཐོད་ཀྱི་ཆོས་སྐོར་ཁ་ཤས། ཀུན་བྱེད་རྒྱལ་པོའི་འགྲེལ་བ། ཉིང་གི་བླ་མ་དམར་ཁྲིད། ཚོགས་དྲུག་རང་གྲོལ་གྱི་ལྟ་བ་མཁའ་ལྡིང་གཤོག་རླབས་ཁྲེགས་ཐོད་རྒྱབ་ཆོས་དང་བཅས་པ་ཚར་མང་པོ། གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱི་དྲུག་ཁྲིད་དང་རྫོགས་སྐོར་ཚར་མང་པོ། ཀར་གླིང་དྲུག་ཁྲིད་ཆོས་སྐོར་ཚར་མང་པོ། ཀུན་དཔལ་བསམ་ལྷུན་འགྲེལ་བ། འཇམ་མགོན་མི་ཕམ་པའི་རྫོགས་སྐོར། སྤྱི་དོན་འོད་གསལ་སྙིང་པོ། ཚིགས་བདུན་རྣམ་བཤད་པདྨ་དཀར་པོ། ཉི་མ་རྒྱ་ལོའི་རྫོགས་སྐོར་ཚར་དུ་མ། ཁྲིད་ཡིག་ཡེ་ཤེས་བླ་མ་རུ་ཤན་དང་བཅས་པའི་ཟབ་ཁྲིད་ཚར་ཁ་ཤས། ཉི་མ་རྒྱ་ལོའི་གསུང་ཆོས་ཀྱི་ལྗགས་ལུང་ཚར་ཁ་ཤས། མཁན་གཞན་ཕན་འོད་ཟེར་གྱི་རྫོགས་སྐོར་ཁ་ཤས། ཁྲོས་མའི་ལས་མཐའ་ཡོངས་རྫོགས། ཞེ་ཆེན་རྒྱལ་ཚབ་ཀྱི་ཉམས་ལེན་གནད་བསྡུས། དཔལ་སྤྲུལ་རིན་པོ་ཆེའི་གནས་ལུགས་གསལ་སྟོན་སོགས་རྫོགས་སྐོར། སྨྱུང་གནས་སྡོམ་ལུང་། དྲན་དྲུག་འགྲེལ་བ་ཀུན་བཟང་ཞལ་ལུང་། བྱང་ཆུབ་སེམས་སྡོམ་ཚར་ཁ་ཤས། སེམས་ངོ་མཛུབ་བཙུགས་ཚར་མང་པོ། རྗེ་ཉིད་ཀྱི་གསུང་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཚར་ཁ་ཤས་སོགས་མདོ་སྔགས་གཞུང་ལུགས་ཀྱི་ཆོས་སྐོར་མང་པོ་ཐུགས་བརྩེ་བ་ཆེན་པོས་བསྩལ་བ་ཡིན་ལ།
གོང་སྨོས་ཀྱི་གཞུང་འདི་དག་ཀྱང་གདུལ་བྱའི་སློབ་ཚོགས་རྣམས་ཀྱི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་དང་མཐུན་པར་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་ཞིག་གནང་བའི་མཚན་གཞི་འགའ་ཞིག་བཀོད་པ་ལས་དགུང་གྲངས་ཉི་ཤུའི་སྟོད་ཙམ་ནས་རྫ་སྟོད་ལྕང་མ་ལུང་དུ་མངོན་པ་མཛོད་སོགས་འཆད་ཁྲིད་བྱས་པ་ནས་བཟུང་ད་བར་དགུང་གྲངས་བརྒྱད་ཅུའི་སྟོད་ལ་བསླེབས་པའི་བར་དུ། མགོན་པོ་གང་གི་ཕྱི་ནང་གསང་བའི་ཡོན་ཏན་གྱིས་ཡིད་སྣང་དབང་མེད་དུ་འཕྲོག་ནས་ཉིན་རེ་བཞིན་ཕྱོགས་དང་རིས་སུ་མ་ཆད་པའི་དད་ལྡན་གྱི་སེར་སྐྱ་ཕོ་མོ་བཅུ་ཕྲག་ནས་བརྒྱ་ཕྲག་གི་བར་རེ་འབྱོར་བཞིན་ཡོད་པས་དེ་དག་ཀུན་ཀྱང་བརྩེ་བས་རྗེས་སུ་བཟུང་ཟབ་དགུའི་གདམས་པ་བསྩལ་བཞིན་པ་ལགས་པས་བློ་སྦྱོང་ལྡེབ་ཤར་རེ་ཡན་ཆོད་ཀྱི་ཆོས་འབྲེལ་གནང་བ་ཚུན་ཆད་བྲིས་ན་གླེགས་བམ་ཆེ་ངེས་པ་ཞིག་ཏུ་འགྱུར་བས་བཞག་གོ། མདོ་སྔགས་ཀྱི་ཐེག་པ་གང་ཞིག་གསུངས་ཀྱང་། ཆོས་ཀྱི་སྙིང་པོ་རང་རྒྱུད་འདུལ་བ་ཁོ་ནའི་ཐབས་སུ་གདམས་ཤིང་། ཁྱད་པར་དུ། ངོ་མཚར་བའི་ཚིག་ཆེན་བརྒྱད་དང་། རྡོ་རྗེའི་གད་མོ་བཅུ་གཉིས། ཨེ་མ་མཚར་ལྔ་མ་སོགས་རྒྱུད་ཚིག་ཟབ་མོོ་རྣམས་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་སོགས་ཀྱི་གསུང་གི་ཟབ་དོན་རྣམས་འཆད་ཁྲིད་གནང་བའི་ཚེ་ན། གསུང་སྙན་མོ་མགུར་དབྱངས་ཀྱི་རྣམ་པ་ལྟ་བུ་བཞེངས་ནས་དད་པའི་སྤུ་ལོངས་དབང་མེད་དུ་གཡོ་བ་ཞིག་ཡིན་དར་ཞེས་སློབ་ཆེན་དག་གིས་གསུངས་ལས་ཐོས་སོ། །དེ་ལས་ཀྱང་ཚིག་གསུམ་གནད་བརྡེག་དང་། ཞེ་ཆེན་རྒྱལ་ཚབ་ཀྱི་ཉམས་ལེན་གནད་བསྡུས། སེམས་ངོ་མཛུབ་བཙུགས་རྣམས་ནི་ཚར་བརྒྱ་ཕྲག་ལས་བརྒལ་བ་རེ་གསུངས་ཡོད་པར་སྣང་ངོ་། །བསླབ་པ་ཞུ་འདོད་ཀྱི་གང་ཟག་རྣམས་ལ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་གྲངས་ཀྱང་སྟོང་ཕྲག་གསུམ་ལ་ཉེ་བ་ཙམ་བསྒྲུབས་པས་ཡངས་བའི་ས་ཆེན་པོ་འདི་ཉིད་དམར་སེར་ངུར་སྨྲིག་འཛིན་པའི་སྡེས་གཡོག་པར་བྱས་སོ། །དེ་ལྟར་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་ཕྱི་སྡེ་སྣོད་གསུམ་གྱི་གཞུང་ལུགས་མཐའ་དག་ཐོས་བསམ་དང་འཆད་ཉན་གྱི་གཏན་ལ་ཕབས་ནས་། ནང་བསླབ་པ་གསུམ་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བར་བྱས་པའི་ཚུལ་ལས།
གཞི་སོ་ཐར་གྱི་བསླབ་པ་བསྲུངས་བའི་ཚུལ།
གཞི་སོ་ཐར་གྱི་བསླབ་པ་བསྲུངས་བའི་ཚུལ་ནི། རྗེ་ཉིད་ཀྱི་གསུངས་ལས། སྲིད་ཞི་ཡི་ལེགས་ཚོགས་མ་ལུས་པའི། །འདོད་འབྱུང་གི་ནོར་བུ་ཚུལ་ཁྲིམས་ཡིན། །དྲན་ཤེས་ཀྱིས་རྟག་ཏུ་བསྲུང་བ་གཅེས། །འདི་ཉམས་ལེན་ཀུན་གྱི་མཐར་ཐུག་ཡིན། །ཚུལ་ཁྲིམས་འདི་རིན་ཆེན་ཐེམ་སྐས་འདྲ། །མངོན་མཐོ་ཡི་མཁར་རྩེར་འདི་ཡིས་ཕྱིན། །ཚུལ་ཁྲིམས་འདི་གྲུ་གཟིངས་བཟང་པོ་འདྲ། །འཁོར་མཚོ་ཡི་ཕ་རོལ་འདི་ཡིས་ཕྱིན། །ཚུལ་ཁྲིམས་འདི་བདུག་སྤོས་བཟང་པོ་འདྲ། །སྙན་གྲགས་ཀྱི་དྲི་བསུང་ཕྱོགས་བཅུར་ཁྱབ། །ཚུལ་ཁྲིམས་འདི་ས་ཞིང་གཤིན་པོ་འདྲ། །ཡོན་ཏན་གྱི་ལོ་འབྲས་འདི་ལས་འབྱུང་། ཚུལ་ཁྲིམས་འདི་ས་གཞི་སྲ་བ་འདྲ། བསམ་གཏན་གྱི་མཁར་རྨང་འདི་ལ་ཚུགས། །ཚུལ་ཁྲིམས་འདི་པདྨའི་ཚལ་དང་འདྲ། །གདུལ་བྱ་ཡི་སྦྲང་ཚོགས་འདི་ལ་འདུ། །ཚུལ་ཁྲིམས་འདིས་བསྟན་འགྲོའི་དོན་ཆེན་འགྲུབ། །དོན་དེའི་ཕྱིར་ཚུལ་ཁྲིམས་རྣམ་དག་སྲུངས། །ཞེས་གསུངས་པ་བཞིན་དུ་དགུང་གྲངས་བཅོ་བརྒྱད་ཙམ་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་རྣམ་དག་འདུལ་བའི་བསླབ་ཁྲིམས་དེ་ཉིད་ལེགས་པར་མནོས་པ་ནས་བཟུང་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་ཇི་ལྟར་བདོ་ཡང་སྐུ་སྲོག་དང་བསྡོས་པའི་བསླབ་པ་རིན་པོ་ཆེ་དཔྲལ་བའི་མིག་བཞིན་དུ་གཅེས་སྤྲས་བྱས་པའི་ཚུལ་རྣམས་གོང་དུ་ཞིབ་རྒྱས་ཀྱི་སྒོ་ནས་བཤད་ཟིན་པ་ལྟར་ལ། མདོར་ན་ཕམ་ལྷག་ལྟ་ཅི་ཆོས་གོས་འབྲལ་བ་ཙམ་ཡང་མ་བྱུང་བའི་བསླབ་པ་རིན་པོ་ཆེ་བསྲུངས་བར་བྱས་པས་སྐུ་དྲུང་དུ་གཅར་ཚེ་ཡང་ཚུལ་ཁྲིམས་ཀྱི་བསུང་ཞིམ་ངོ་མཚར་བ་རེ་ཐུལ་ཡོང་བར་མཆེད་གྲོགས་འགའི་ཞལ་ནས་ཐོས་ལ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། སྔོན་ཆད་ལྕང་མ་སྒར་ན་ཐུབ་དགའ་ཡིད་བཞིན་ནོར་བུའི་ནབ་ཆོས་ཉི་མར་སྐེམ་པའི་སྐབས་སོགས་སུ་ཚུལ་ཁྲིམས་ཀྱི་དྲི་བསུང་ཤིན་ཏུ་ཞིམ་པོ་ཞིག་བྲོ་དར། ཞེས་ཞལ་འཕྲོས་སུ་ཕེབས་པ་ལྟར་ད་ནི་མགོན་པོ་ཉིད་ལ་ཡང་དེ་འདྲའི་དྲི་བསུང་དེས་ཕྱུག་ཡོད་འདུག་པས་སཱ་ཙྪ་བརྐོས་ཕོར་ནས་བཏོན་པ་ལྟ་བུའི་བླ་མའི་ཐུགས་ཟིན་ཀྱི་སློབ་མ་ཟེར་ན་དེ་འདྲ་ཞིག་ལོས་ཡིན་སྙམ་པའི་མོས་གུས་དུང་ངེ་བ་ཞིག་ཀྱང་སྐྱེས་སོ། །ཡང་དུས་འགྱུར་གྱི་སྐབས་ཞིག་ལ་མགོན་པོ་མཆོག་འདི་པ་ཚང་འབྲོག་འབྲིང་གི་གྲས་ཡིན་པས་ལས་བྱེད་པ་དག་སྐྱེལ་བསུའི་རྟ་གླ་སོགས་སུ་འགྲོ་དགོས་པའི་དབང་གིས་སྐོར་ཞིག་བུད་མེད་ལས་བྱེད་པ་ཞིག་ཉིན་ཞག་འགའི་ལམ་ཐག་ཡོད་པའི་སེར་ཤུལ་རྫོང་ཐོག་ཏུ་སྐྱེལ་བར་འགྲོ་དགོས་པའི་བཀའ་ཕབས་པ་ན། ཚེ་རབས་མང་པོར་ཁོང་ཁྲོའི་བསམ་སྦྱོར་སྤངས་པའི་དབང་གིས་ཡིད་སྣང་དབང་མེད་དུ་འགུག་པའི་ལང་ཚོའི་སྐྱེ་མཆེད་དེས་དར་ལ་བབས་པའི་གཞོན་དུ་མ་དེར་འདོད་པས་གདུང་བའི་ཟུག་རྔུ་མང་ཞིག་སྟེར་ངེས་པས་སྡུག་བསྔལ་དེ་ལ་དམིགས་པའི་ཐུགས་བརྩེ་དང་། ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཏུ་རྒྱང་གྲགས་ལས་བརྒལ་མི་རུང་བར་དགོངས་ནས་ཐབས་ཅི་ཡོད་ཀྱིས་གཡོལ་ཐབས་བྱས་ཚེ། ལྷག་བསམ་དཀར་བའི་རྒད་པོ་ཞིག་གིས་བུད་མེད་དེ་ཕར་སྐྱེལ་རོགས་བྱས་པ་ཡིན་འདུག་ལ། མགོན་པོ་གང་གི་ཞལ་ནས། ལས་བྱེད་པ་འགས་ང་ལ་ཆེད་གཏད་ཀྱིས་བུད་མེད་ལས་བྱེད་དེ་སྐྱེལ་དུ་བཅུག་ཀྱང་རྡོ་ཁོས་རོགས་བྱས་པས་ང་ལ་བཀའ་དྲིན་ཆེན་པོ་ཡིན་ངས་ད་དུང་ཁོ་ལ་མ་ཎི་འདོན་བཞིན་ཡོད་གསུངས་པ་ལྟ་བུའི་མཚོན་དམ་ཆོས་འདུལ་བའི་གནང་བཀག་གི་གནས་མཐའ་དག་གཡག་རྔའི་རྩེ་མོ་བཞིན་དུ་བསྲུངས་བར་བྱས་པ་ཡིན་ནོ། །
ལམ་བྱང་སེམས་ཀྱི་སྤྱོད་པ་བདག་གིར་བཞེས་པའི་ཚུལ།
ལམ་བྱང་སེམས་ཀྱི་སྤྱོད་པ་བདག་གིར་བཞེས་པའི་ཚུལ་ནི། དེ་ཡང་ཉིད་ཀྱི་གསུངས་ལས། འཁོར་བར་ངེས་འབྱུང་མི་རྟག་འཆི་བ་དྲན། །རྒྱུ་འབྲས་བསླུ་མེད་གནས་ལ་ཡིད་ཆེས་རྙེད། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས། །སྤྱོད་པ་ཕར་ཕྱིན་དྲུག་ལ་སློབ་པར་ཤོག །ཅེས་དང་། དགྲ་ཟེར་ཡང་སྔོན་གྱི་ཕ་མ་ནི་ཡིན་ངེས། །དུས་ད་ལྟའི་ཕ་མ་སྔོན་ཆད་ཀྱི་དགྲ་ཡིན། །དགྲ་གཉེན་གྱི་སྣང་ཚུལ་ངེས་མེད་ལ་བསམ་ནས། །དུས་ད་རེས་བྱམས་དང་སྙིང་རྗེ་ལ་འབད་དགོས། །ཞེས་དང་། ཆོས་ཐེག་ཆེན་རྩ་བ་བྱང་ཆུབ་སེམས། །ཉམས་ལེན་གྱི་གཙོ་བོ་དེ་ལ་གྱིས། །ཞེས་དང་། དགྲ་གཉེན་དང་བར་མ་གང་སྣང་གི་འགྲོ་བ། །འདི་ཀུན་ཀྱང་དྲིན་ཆེན་ཕ་མ་ནི་ཡིན་ངེས། །མ་འདི་ཀུན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཕྱིར། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་ལ་འབད་འཚལ། །ཞེས་དང་། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་རྣམས། །སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། །འདི་བློ་སྦྱོང་ཀུན་གྱི་མཐར་ཐུག་ཡིན། །ཞེས་སོགས་གསུངས་པ་བཞིན་དུ་ཐུབ་དགའ་ཡིད་བཞིན་ནོར་བུའི་མདུན་ནས་བྱང་སེམས་སྤྱོད་འཇུག་ཆེན་པོའི་ཟབ་ཁྲིད་ཐེངས་དུ་མར་མནོས་པ་དང་། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་ལས་བྱང་སེམས་ཀྱི་སྡོམ་པ་བཞེས་པ་སོགས་ནས་བཟུང་སྨོན་འཇུག་གི་བསླབ་པ་རིན་པོ་ཆེར་ཉེས་ལྟུང་གི་སྐྱོན་ཕྲ་མོ་ཙམ་གྱིས་ཀྱང་གོས་སུ་མི་འཇུག་པར་ཐུགས་ཉམས་སུ་བཞེས་ཏེ་ཤིན་ཏུ་བརྩེ་བ་ཆེན་མོས་དམར་ཟས་དང་ཤ་ཅན་གྱི་གོས་ཀྱང་གཏན་སྤངས་མཛད་ནས་ནམ་རྒྱུན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ལ་ཐུགས་དམ་བྱེད་དགོས་པར་གཅིག་ཏུ་འདོམས་ཤིང་། སྔོན་དུས་འགྱུར་གྱི་སྐབས་ཤིག་ལ་མགོན་པོ་གང་གི་སྤུན་སེལ་ལོ་ཞེས་པའི་སྐྱ་རྒྱུད་ཅིག་གིས་མགོ་བཀད་ཀྱི་རྫས་ཤིག་ཉོས་ཏེ་རི་ལུང་ཀུན་ལ་བཞག་ནས་སོང་སོང་བའི་མཐར་ཝ་ཞིག་སོད་པས་ད་དུང་ཡང་རེ་ཟུང་གསོད་དགོས་སྙམ་ནས་ཡོད་ཚེ། ཚུལ་དེ་གསན་ནས་སྲིང་མོ་རྡོ་སྡེས་ལ་གསུང་ཕྲིན་སྐུར་ཏེ། ཁྱོད་ཀྱིས་མགོ་བཀད་བཞག་ནས་ཝ་སོགས་གསོད་མི་ཉན་དེ་ནི་རྫས་ངན་པ་ཡིན་པས་སྡེ་བརྒྱད་མི་མ་ཡིན་ཡང་འཁྲུགས་ནས་གནོད་པ་སྣ་ཚོགས་བྱེད་འོང་ཞིང་། ཁྱད་པར་སྐྱབས་མེད་ཀྱི་སེམས་ཅན་དེ་དག་བསད་ན་གཏན་ནས་མི་རུང་བས་འུ་གཉིས་ལ་སྤུན་ཟླའི་འདང་འདུན་ཞིག་ཡོད་ན་ལས་ངན་པའི་སེམས་ཅན་དེ་དག་གི་སྲོག་ལ་མི་རྒོལ་བར་གྱིས་གསུངས་པས་དེ་ནས་བཟུང་ཁོས་ཀྱང་མགོ་བཀད་དེ་དག་ས་འོག་ཏུ་མནན་ཏེ་མེད་པར་བྱས་པ་ཡིན་འདུག་གོ །ཡང་ཉེ་བའི་བགྲང་བྱ་ཁ་ཤས་ཀྱི་སྔོན་ཞིག་ཕུག་ཁང་མཆོག་སྤྲུལ་ཡེ་ཤེས་འོད་ཟེར་དང་མཁན་འཇིགས་མེད་རྡོ་རྗེ་རྣམ་གཉིས་ཀྱིས་རྗེ་ཉིད་ལ་གཟིམ་ཆུང་ཉམས་དགའ་བ་ཞིག་བཞེངས་སྐྲུན་བྱེད་པར་གསོལ་བས་བཀའ་གནང་ཐོབ་ཅིང་རྗེ་ཉིད་ཀྱིས་གཟིམ་ཆུང་གང་དུ་བྱེད་པའི་སའི་དཔྱད་ལ་གཟིགས་པ་ཚུན་ཆད་གནང་ནས་གཏན་ཁེལ་བ་ཙམ་བྱས་མོད། མི་རིང་བར་རྒྱལ་ཁབ་ཀྱིས་གཞུང་ལམ་ལས་ནས་ཆུ་ལ་གནས་པའི་སྲོག་ཆགས་མང་པོ་ཤི་བས་གང་ཉིད་ཀྱི་སློབ་ཚོགས་ཀྱི་འདུ་བ་ཅུང་འབོར་ཆེན་ཞིག་གིས་ཉ་གཅོང་དེ་དག་གྲོག་སྐམ་དུ་ལུས་པའི་ཚ་གདུང་ལས་སྐྱོབ་པར་བྱེད་པའི་སར་མགོན་པོ་གང་ཡང་སྐུ་དངོས་སུ་བྱོན་ནས་མི་འཁྲུགས་པ་དང་མ་ཎི་སོགས་གཟུངས་སྔགས་ཁྱད་པར་ཅན་མང་པོ་གསུངས་བཞིན་ཕྱག་དངོས་ཀྱིས་འཆི་ལ་ཉེ་བའི་ཆུ་གནས་དེ་དག་བསྐྱབས་པར་གནང་ཞིང་། དེའི་རྐྱེན་གྱིས་ཐུགས་མུག་སྟེ་ད་ནི་ང་ལ་ཁང་པ་ཞིག་ལས་ཀྱང་སྐམ་ལ་གནས་པའི་སྲོག་ཆགས་མང་པོ་འཆི་དགོས་ཐུག་པས་དེ་རིགས་གཏན་ནས་བྱེད་མི་ཉན་གསུངས་ནས་ལས་སུ་མ་སྟེར་བ་ལྟ་བུས་མཚོན་མདོར་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་བདག་གིར་བྱས་པ་ཡིན་ལ། སློབ་ཚོགས་རྣམས་ལ་ཡང་འོད་གསལ་རྫོགས་པ་ཆེན་པོ་ཟེར་བ་དེ་ཧ་ཅང་དཀའ་ནི་རེད། སྔོན་འགྲོའི་རྩིག་རྨང་མེད་པའི་འོད་གསལ་གྱི་ཁང་བུ། །སྙིང་རྗེའི་ཁྱོ་ཕོ་ཤི་བའི་སྟོང་ཉིད་ཀྱི་ཡུག་ས། །ལས་འབྲས་ཁྱད་དུ་གསོད་པའི་སྟོང་སྐད་ཀྱི་ཁ་ཕོ། །འདི་གསུམ་ཐར་བའི་ལམ་དུ་ཇི་ལྟར་ན་འགྲོ་ཨང་། །ཞེས་གསུངས་པས་སྔོན་འགྲོ་འདི་ཧ་ཅང་གལ་ཆེ་ནི་རེད། སྔོན་འགྲོ་ཐམས་ཅད་ཀྱི་རྩ་བ་རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ཡིན་ནི་རེད། འདོད་འབྱུང་ནོར་བུ་བསམ་པ་བཟང་པོ། །དགྲ་གཉེན་མེད་པར་རྒྱུད་ལ་སྐྱེས་ན། །བསམ་པའི་དོན་ཀུན་མི་འགྲུབ་མི་སྲིད། །རྒྱལ་སྲས་སྤྱི་ཡི་ལམ་ཆེན་དེ་ཡིན། །ཞེས་སོགས་གསུངས་ཡོད་པས་ཁྱེད་ཆ་གས་དང་པོ་ནས་མཐོ་ས་ཞིག་ལ་བརྙབ་གི་མ་འདུག །སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་བྱང་ཆུབ་ཀྱི་སེམས་སོགས་བསྒོམ་དགོས་ནི་རེད། སྔོན་འགྲོ་འབུམ་ལྔ་མ་འདི་ཡང་ཚད་ལྡན་ཞིག་བསོགས་ཤིང་། དེའི་རྗེས་ནས་ཉམས་ལེན་རེ་ཞུས་དང་། དེ་ནས་ཅིག་རྟོགས་ཡོང་ན་ཤེས་ནི་མ་རེད། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲུབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །གསུངས་ཡོད་པས་ཚོགས་བསག་སྒྲིབ་སྦྱོང་ཚད་ལྡན་རེ་བྱས་ན་དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཡང་རྟོགས་ཡོང་ནི་རེད། དེ་མིན་པའི་བརྩོན་འགྲུས་བྱས་ཡོང་ས་དང་འབད་པ་རྒྱབ་ཡོང་ས་ཅིང་ཡོད་ནི་མ་རེད། བློ་སྦྱོང་དེ་ཡང་སྔོན་སྒ་ལེན་ཀུན་དགའ་དཔལ་ལྡན་གྱིས་ལོ་རེར་བློ་ལྡོག་རྣམ་བཞིའི་རེ་རེ་བསྒོམས་ཏེ་ལོ་བཞིའི་རྗེས་ནས་དབོན་པོ་བསྟན་ལིའི་སྐུ་མདུན་ནས་ཁྲིད་ཞུས་ནི་རེད། དེ་འདྲ་ཞིག་ཡིན་ན་འོད་གསལ་རྫོགས་པ་ཆེན་པོ་དེ་ཡང་རྟོགས་ཡོང་ནི་རེད་མ་གཏོགས། རང་བཞིན་ཁ་ཡེངས་མིག་ཡེངས་ཀྱིས་འབུམ་ལྔ་རེ་བསོགས་ཤོམ་དང་། རྗེས་ནས་དངོས་གཞི་རེ་ཞུ་ཤོམ་འདྲ་བྱས་ཀྱང་། གང་ཟག་འདིས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་ཡང་དག་ཅིག་རྟོགས་འདུག་བསམ་པ་ཅིང་མེད་གི རང་སྣང་བ་མ་དག་ནི་ཡིན་ཤས་ཆེ་མ་གཏོགས་ངས་ནི་ཅིང་མི་རིག་གི རིག་འཛིན་འཇིགས་མེད་གླིང་བའི་ཞལ་ནས། ཆོས་ཚུལ་བཞིན་བྱེད་པ་ཉིན་སྐར་ལས་དཀོན་ཕྱིར། །མ་ཌཱ་ཀིའི་གཅེས་ནོར་ཁྱབ་བརྡལ་དུ་མ་སྒྲོགས། །གསུངས་པ་ལྟ་བུ་ཡིན་པས་ང་ལྟ་བུའི་ཡོན་ཏན་སྣ་གཅིག་ཀྱང་མེད་པ་ཞིག་གིས་སེམས་ཁྲིད་སོགས་བྱས་ཀྱང་ཉེས་པ་ལས་ཕན་པ་ཡོད་ནི་མ་རེད། དེའི་ཕྱིར་ཚང་མས་ཨུ་རུ་མུ་རུ་བྱས་ནས་སྔོན་འགྲོ་འདི་ཚད་འགྲོ་གནད་སྨིན་ཞིག་ཨེ་ཡོང་ལྟོས། ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་དགོས་ནི་རེད། ཇི་སྙེད་བླ་མ་ཐམས་ཅད་ནི། །སྤྲུལ་གཞིའི་ཀློང་ན་ཐ་མི་དད། །གསུངས་པ་ལྟ་བུ་ཡིན་པས་བླ་མ་ཐམས་ཅད་ཨོ་རྒྱན་རིན་པོ་ཆེ་གཅིག་ལ་འདུས་ཡོད་ནི་རེད། གལ་ཏེ་ང་ཡང་བླ་མ་ཞིག་ཡིན་སྲིད་ན་ཨོ་རྒྱན་རིན་པོ་ཆེ་དང་གཉིས་སུ་ཡོད་ནི་མ་རེད། བླ་མ་ཞིག་མིན་ན་ནི་གསོལ་བ་བཏབ་ཀྱང་བྱིན་རླབས་ཤིག་འབྱུང་རྒྱུ་ཡོད་ནི་མ་རེད། དེའི་ཕྱིར་ཁྱེད་རྣམ་པས་ཨོ་རྒྱན་རིན་པོ་ཆེ་ལ་མོས་གུས་ལྟེམ་རྐྱང་མེད་པ་ཞིག་གིས་གསོལ་བ་འདེབས་ཐུབ་ན་བར་ཆད་གང་གིས་ཀྱང་ཚུགས་སྲིད་ནི་མ་རེད། དབོན་པོ་བསྟན་འཛིན་ནོར་བུའི་ཞལ་ནས། ལྟེམ་རྐྱང་མེད་པའི་མོས་གུས་རྣམ་དག་གི་ངང་ནས། །བླ་མ་ཨོ་རྒྱན་རྗེ་ལ་གསོལ་བ་རང་ཐོབ་དང་། །བར་ཆད་རྐྱེན་གྱི་དབང་དུ་འགྲོ་བ་ནི་མ་ལགས། །ཞེས་གསུངས་ཡོད་པས་མདོར་ན་ཁྱེད་རྣམ་པས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་རྒྱུ་ནི་གནད་ཀྱི་ཡང་སྙིང་དམ་པ་ཡིན་ནི་རེད་སོགས་རྟག་ཏུ་ཞལ་འཕྲོས་སུ་ཕེབས་པས་སོ། །ཕལ་མོ་ཆེའི་གང་ཟག་རྣམས་ཀྱིས་བླ་མ་འདི་ནི་རྩལ་གྲུབ་རྟགས་སོགས་ཐོ་སྤྱོད་དུ་ངོམ་ཞིང་། སྙན་བརྒྱུད་ཀྱི་གདམས་པ་མཐའ་དག་ཁྱབ་བརྡལ་དུ་གནང་མཁན་ཞིག་ཡིན་པར་སེམས་སྲིད་མོད། ཁོ་བོ་ཅག་གིས་མཇལ་ཚུལ་ནི། སྐུ་གཞོན་ནུའི་དུས་སུ་ཐོས་བསམ་སློབ་གཉེར་གྱི་གནས་ལ་གཅིག་ཏུ་བརྩོན་པར་བྱས་ཤིང་། ནར་སོན་ཚེ་སྙིང་པོའི་ཉམས་ལེན་གྱི་དོན་ལ་གཞོལ་ནས་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་དག་མངོན་ཏུ་གྱུར་ཀྱང་ཐུགས་སྒམ་ཞིང་གསང་བ་ལ་གཏིང་ནས་དགྱེས་པས་དཔེར་ན་སྐུ་ཚེ་གང་བོར་སྨིན་གླིང་རྡོར་སེམས་ལ་བསྟེན་ནས་གསང་སྔགས་ཡི་གེ་བརྒྱ་པ་ཁོ་ན་ལྗགས་བཟླས་མཛད་པ་ཡིན་པས་འོལ་ཚོད་ལ་གྲངས་བསྙེན་དུང་ཕྱུར་ལྷག་ཙམ་ནི་སོང་ཡོད་ངེས་པས་དེ་རིགས་བཀའ་འདྲི་ཞུས་ཚེ་འབུམ་ཐེར་གཅིག་གཉིས་ཙམ་ཐུབ་མེད་དམ་གསུངས་བྱུང་བས་མགོན་པོ་གང་གིས་སྔོན་ཆད་བགྲང་བྱ་ཁ་ཤས་ཀྱི་ཡུན་ལ་ཕྱག་འབུམ་ཐེར་བདུན་ལྷག་ཙམ་འཚལ་མྱོང་ན་སྐུ་ཚེ་གང་དུ་བསྙེན་པའི་གྲངས་ཚད་འབུམ་ཐེར་གཅིག་གཉིས་ཙམ་མིན་པ་སུས་ཀྱང་ཤེས་མོད། ལྗགས་བཟླས་ཅི་ཙམ་སོང་བའི་གྲངས་ཚད་ཙམ་ཡང་མི་གསུངས་ན་ཉམས་རྟོགས་ཀྱི་ཡོན་ཏན་གཞན་དང་རྩལ་གྲུབ་རྟགས་མངོན་ཤེས་རྫུ་འཕྲུལ་གྱི་བཀོད་པ་སོགས་ནི་མཐོང་ཐོས་ཀྱི་ཡུལ་དུ་མི་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། རྒྱུན་དུ་དམའ་མོའི་ས་བཟུང་། ཧྲུལ་བོའི་གོས་མནབ། ཆོས་བརྒྱད་རོ་བསྙོམས་སུ་བྱས་ནས་འདིར་སྣང་སྲིད་པའི་ཕུན་ཚོགས་ལ་ཞེན་པ་ཅུང་ཟད་ཙམ་ཡང་མེད་པར་སྐུ་མདུན་དུ་ཕུལ་བའི་དམངས་སྒོར་ཉུང་ཤས་རེ་བྱུང་ཡང་ཕལ་ཆེར་སློབ་ཚོགས་རྣམས་ལ་གནང་བ་དང་། རྟག་པར་བླ་མ་ཨོ་རྒྱན་ཆེན་པོ་དང་ཡིད་དམ་རྡོ་རྗེ་སེམས་དཔའ་གཉིས་ཁོ་ན་ཐུགས་དམ་དུ་བཟུང་ནས་དགེ་སྦྱོར་འབའ་ཞིག་ལ་བརྩོན་ཞིང་། མཐོན་པོ་ཁྲི་གདུགས་བར་གྱི་བླ་ཆེན་གནམ་འདྲ་བ་ཞིག་དང་གྲོང་མཐའི་དབུལ་བོ་ཉམས་ཆུང་གཉིས་ཀྱང་རིས་མེད་མཉམ་པའི་ཐུགས་རྗེས་སྐྱོང་བ་ལས་མཐོ་དགའ་དམན་སྡང་གི་ལས་དངོས་ལྟ་ཅི་ད་དུང་ཁ་ཐབས་ཞན་པའི་དབུལ་བོ་དེར་ཐུགས་བརྩེ་ཆེ་བར་གནང་བ་དང་། ནམ་མཁའ་ལ་བྱ་ལྟར་འཕུར་ཞིང་རྡོ་བཅིང་ཆུ་མདུད་ཀྱི་གྲུབ་ཆེན་ཞིག་འོང་ཡང་ཆེད་དུ་བསྟོད་པ་མི་བྱེད་ཅིང་། ཅི་འདྲའི་དཀྱུས་མའི་གང་ཟག་ཅིག་མདུན་དུ་བསླེབས་ཀྱང་སྨད་པ་མི་བྱེད་པར་གཅིག་ཏུ་བརྩེ་བའི་ཐུགས་རྗེས་སོ་སོའི་བསམ་པ་དང་མཐུན་པར་གདམས་པ་གནང་བ་ལས། ཡིད་འཕྲོག་རིག་མའི་ཁྱུ་ཚོགས་ཀྱི་འཁོར་གྱིས་སྐོར་ཞིང་གདུང་སྲས་སྤྲུལ་བའི་སྐུ་མང་པོ་བསྟན་དང་འགྲོ་བའི་དོན་དུ་སྐྱེད་པའི་སྤྲུལ་བའི་སྐུ་དང་། དུས་གསུམ་ལྐོག་གྱུར་གྱི་གནས་ཀུན་ཐོགས་མེད་དུ་མཁྱེན་པའི་མངོན་ཤེས་པ་དང་། ས་འོག་ལ་བྱི་ལྟར་འཛུལ་ཞིང་ནམ་མཁའ་ལ་བྱ་ལྟར་འཕུར་བའི་གྲུབ་ཆེན་པ་དང་། ནག་ཆང་ལ་འཛེམ་མེད་དུ་རོལ་བའི་སྔགས་འཆང་སོགས་གང་ཡང་མ་ཡིན་པར་ཕྱི་སོ་ཐར་གྱི་སྡོམ་པ་གཙང་ཞིང་། ནང་བྱང་སེམས་ལ་གཅིག་ཏུ་ཐུགས་དམ་བྱས་ནས་གསང་བ་རྫོགས་པ་ཆེན་པོའི་ཉམས་ལེན་ཁོ་ན་ལ་བརྩོན་པའི་དྲང་སྲོང་བགྲེས་པོ་རྒྱུན་དུ་བྱང་ཆུབ་ཀྱི་སེམས་དང་བློ་ལྡོག་རྣམ་བཞིའི་གདམས་པས་གདུལ་བྱའི་རྒྱུད་འདུལ་བར་བྱེད་མཁན་ཞིག་དང་། འདུས་བྱས་ཀྱི་ཕུན་ཚོགས་མཐའ་དག་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་བཞིན་ཐུགས་གཏིང་ནས་སུན་ཞིང་། རྒྱུན་དུ་སློབ་ཚོགས་བྱིངས་ལ་ཚེ་མི་རྟག་པ་ལ་ཡིད་ཆེས་ཐུ་མོ་ཞིག་ཡོད་ན་དེ་ནས་བཟུང་ཆོས་དགེ་བ་ཞིག་མི་བསྒྲུབ་པའི་རང་དབང་མེད་ཀྱང་ང་ཚོས་ཆོས་ཡང་དག་པ་ཞིག་མི་འགྲུབ་རྒྱུ་འདི་ཚེ་མི་རྟག་པའི་བློ་ཡང་དག་པ་ཞིག་མ་སྐྱེས་པའི་ལན་པ་རེད། དེས་ན་དུས་དང་རྣམ་པ་ཀུན་ཏུ་ཚེ་མི་རྟག་པ་འདི་རྒྱུད་ལ་རེ་ཨེ་སྐྱེ་ལྟ་རྒྱུ་ལ་འཆུག་མི་ཉན་གསུངས་པ་སོགས་བློ་ལྡོག་རྣམ་བཞི་དང་བྱང་ཆུབ་སེམས་སོགས་ལ་ཉམས་ལེན་བྱེད་པར་རྟག་ཏུ་གདམས་པ་དང་། མཚམས་རེར་གྲོང་ཆོག་པའི་སྡེ་རྣམས་ལ་དམིགས་བསལ་གྱིས། བར་དོའི་སེམས་ཅན་ཞིག་གི་སྡུག་ཡོད་ནི་མ་རེད་ཤི་དགེ་རེ་ལ་འགྲོ་དུས་ཨུ་རུ་མུ་རུ་བྱས་ནས་འདོན་རྒྱུ་འདིའི་གལ་གི་ཆེ་ཟིག་མེད་ཀི་བར་དོའི་སེམས་ཅན་རྣམས་ཀྱིས་ནི་ཟག་བཅས་ཀྱི་མངོན་ཤེས་ཕྲ་མོས་བལྟས་ཡོད་པས་འུ་ཆ་གས་ཆོ་ག་ཆོས་སྤྱོད་མ་དག་པ། ངག་འཁྱལ་དང་བསྲེས་པ། སེམས་ལ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་ཅི་ཤར་གི་ཡོད་ཐམས་ཅད་ཤེས་ནི་རེད། དེའི་དབང་གིས་གལ་ཏེ་མཐོ་རིས་ཐོབ་ཆོག་མཁན་ཞིག་ཡིན་ཡང་མར་ངན་སོང་ལ་ལྷུང་འགྲོ་བར་གསུངས་ཡོད་པས་ཁྱེད་རྣམ་པས་གཟབ་གཟབ་རེ་བྱེད་རྒྱུ་མ་འཆུག་ཤི་བོ་འདིའི་སྡུག་ཅིག་ཡོད་ནི་མ་རེད། ཅེས་གསུངས་པ་དང་། ཁྱད་པར་དུ་ཐོས་བསམ་པའི་སྡེ་རྣམས་ལ་རྟག་ཏུ་ཐོས་བསམ་གྱི་ཕྱོགས་ལ་ནན་ཏན་བྱེད་དགོས་པར་གདམས་ཤིང་། བཀའ་ལས། སྔོན་བདག་གིས་ལྕང་མ་སྒར་ནས་ལོ་དྲུག་བདུན་ཙམ་ལ་ཐོས་བསམ་ཅུང་རེ་བྱས་ནས་ད་དཔེ་ཆར་ལྟ་བའི་གོ་སྐབས་བཟང་པོ་ཞིག་ཡོད་ན་ཅུང་ཟད་ཤེས་སོ་སྙམ་པའི་དུས་དེར་རིག་གནས་གསར་བརྗེ་ཆེན་པོ་ཐོན་ནས་ཐོས་བསམ་ལྟ་ཅི་ཡིག་ལྡེབ་རྣ་ཐོག་ཙམ་ཡང་ཉལ་མི་ཆོག་པའི་དུས་འགྱུར་གྱི་ཀློང་དུ་ཚུད་དེ་མི་ལོ་ཉི་ཤུ་ནང་ཞིག་ལ་ཕྱུགས་ལུག་འཚོ་སྐྱོང་གིས་དུས་འདའ་དགོས་ཐུག་པས་འདི་ལྟ་བུའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་སྣ་གཅིག་ཀྱང་མེད་པའི་རྒས་འཁོགས་ཤིག་ཏུ་གྱུར་སོང་བ་རེད། ཁྱེད་རྣམས་ནི་ཐོས་བསམ་སློབ་གཉེར་བྱེད་པའི་མཐུན་རྐྱེན་འདི་འདྲ་འཛོམས་པས་དཔེ་ཆ་ལ་ཨུ་རུ་མུ་རུ་གཟིགས་དགོས་ནི་རེད། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་དེ། །རྐུན་པོ་སོགས་ཀྱིས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་འགྱུར་མེད་མཛའ་བོའི་མཆོག །མྱ་ངན་ནད་ཀྱིས་མི་གཅོད་སྨན་གྱི་མཆོག །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །དཔལ་དང་གྲགས་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །ཞེས་སོགས་གསུངས་པ་ལྟ་བུའི་ཡོན་ཏན་ཧ་ཅང་ཆེ་ནི་རེད། དཔེ་ཆ་ཤེས་ནི་འདི་ནི་ཆོ་ག་འདོན་ཤེས་པ་དང་འདྲ་ནི་མ་རེད། གཏོར་མ་བཅའ་ཤེས་ནི་དང་འདྲ་ནི་མ་རེད། འཆམ་འཆམ་ཤེས་ནི་དང་འདྲ་ནི་མ་རེད། ཡོན་ཏན་ཞིག་ལ་འདིའི་ཆེ་ཞིག་ཡོད་པ་མ་རེད། གཞོན་ནུས་སྒོམ་དང་རྒན་པོས་ཐོས་བསམ་འདི་བསྟན་པའི་བབས་དང་མི་མཐུན་གསུངས་ཡོད་པས་དང་པོ་ནས་སྒོམ་ཉམས་ལེན་ཞིག་ཤོད་ཟེར་གི་མ་འདུག །དབུ་མ་རྩ་འཇུག་སོགས་ལ་ཐོས་བསམ་ལེགས་པོ་ཞིག་བྱས་ཡོད་ན། རྫོགས་པ་ཆེན་པོའི་རིག་ངོ་སྤྲོད་རྒྱུ་ཡང་སླ་མོ་ཡིན་པའི་གསུང་རྒྱུན་ཡོད་ནི་རེད། དཔེ་ཆ་གཟབ་གཟབ་གྱིས་ལྟོས་དང་དཔེ་ཆའི་ཚིག་དོན་ལས་སེམས་གཞན་དུ་མ་ཡེངས་ན་། མ་ཡེངས་བ་ནི་རྒྱལ་བ་ཀུན་གྱི་ངང་། །ཞེས་གསུངས་ཡོད་པས་སྒོམ་ཡིན་ནི་ཡང་རེད། ཐུབ་དགའ་ཡིད་བཞིན་ནོར་བུའི་ཞལ་ནས། འོད་གསལ་རྫོགས་པ་ཆེན་པོ་ཟེར་རྒྱུ་དེ་བླ་མ་ཚད་ལྡན་ཞིག་གིས་སློབ་མ་སྣོད་ལྡན་ཞིག་ལ་གསུངས་ཤིང་། དེས་ཀྱང་སྒལ་ཚིགས་བྲག་ལ་སྦྱར་ནས་བསྒོམ་དགོས་རྒྱུ་ཞིག་ཡིན་པས་ཐུབ་དཀའ་མོ་རེད། དེ་བས་དཔེ་ཆ་སློབ་གཉེར་ལ་ཨུ་རུ་མུ་རུ་གྱིས་གསུངས་དར་བས་ལོ་ཆུང་ཚོས་དཔེ་ཆ་ལ་ལྟ་རྒྱུ་འདི་འཆུག་ཉན་ནི་མ་རེད། ཅེས་སོགས་རྟག་ཏུ་ཞལ་འཕྲོས་སུ་ཕེབས་མཁན་ཞིག་དང་། མདོར་ན་ཞལ་མཇལ་བ་དང་གསུང་ཐོས་པ་ཙམ་གྱིས་ཀྱང་ཡིད་སྣང་དབང་མེད་དུ་བཀུག་ནས་འདུས་བྱས་འཁོར་བའི་རང་འཚང་ལ་ངེས་འབྱུང་སྐྱོ་ལྷང་ངེ་བའི་བློ་ཞིག་སྐྱེ་རུ་འཇུག་མཁན་ཞིག་ཡིན་ནོ་སྙམ་མོ། །
འབྲས་བུ་གསང་སྔགས་ཀྱི་ལྟ་སྒོམ་མཐར་ཕྱིན་པའི་ཚུལ།
འབྲས་བུ་གསང་སྔགས་ཀྱི་ལྟ་སྒོམ་མཐར་ཕྱིན་པའི་ཚུལ་ནི། དེ་ཡང་རྗེ་ཉིད་ཀྱི་གསུང་ལས། གཞན་གྱི་དོན་དུ་སངས་རྒྱས་བསྒྲུབ་པའི་བློས། །ཐོས་བསམ་སྒོམ་པའི་ཤེས་རབ་མཐར་ཕྱིན་ཏེ། །རིམ་གཉིས་ཟབ་མོའི་ཐབས་མཁས་ལ་བསྟེན་ནས། །གནས་ལུགས་རྟོགས་པས་བདག་རྒྱུད་གྲོལ་བར་ཤོག །ཅེས་དང་། སྣང་སྲིད་ཀྱི་ཆོས་རྣམས་ཐམས་ཅད་ལ། །མཚན་འཛིན་གྱི་རྟོག་པས་མི་བསླད་པར། །ཀུན་རྫོབ་ཏུ་དག་པ་ཆེན་པོ་དང་། །དོན་དམ་དུ་མཉམ་པའི་རྒྱ་ཡིས་ཐོབ། །ཅེས་གསུངས་པ་བཞིན་དུ། ཐབས་བསྐྱེད་པའི་རིམ་པ་ལ་ལྟ་སྒོམ་མཐའ་རུ་ཕྱིན་ནས་ཡིད་དམ་ལྷག་པའི་ལྷ་འགྲུབ་རྟགས་དངོས་སུ་བྱུང་བའི་ཚུལ་ནི། མགོན་པོ་གང་ཉིད་རཏྣའི་ཚེ་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས་པའི་སྐབས་ཤིག་ན་སྒྲུབ་གཏོར་ལ་ངོ་མཚར་ཅན་གྱི་འོད་འཁྱིལ་བ་སོགས་རྒྱུད་ལས་བྱུང་བའི་རྟགས་མངོན་དུ་གྱུར་པ་ཡིན་ཏེ། དེའི་ཚུལ་རྣམས་ནི་མཁན་པདྨ་བཤད་སྒྲུབ་ནས་ཕྱོགས་ཙམ་གསུངས་ཤིང་། རྒྱས་པར་ཐུགས་མཆོག་རྡོ་རྗེས་གསུངས་རྒྱུར། མགོན་པོ་གང་ཉིད་སྐུ་མཚམས་གྲོལ་བའི་ཕྱིའི་ཉིན་མོར་བདག་གིས་མགོན་པོ་གང་གི་ཕྱག་གཡོག་གི་ཚུལ་དུ་མཆོད་སྟེགས་སོགས་བསྡུ་རོགས་བྱས་པས་ཁོང་གི་ཞལ་ནས། སྒྲུབ་གཏོར་ལ་འོད་ལེགས་པོ་ཞིག་འཆར་འདུག་གི་གཏོར་མ་དེ་ཁྱོད་ལ་སྦྱིན་གསུངས་གི ཞེས་སོགས་གསུངས་ཤིང་། ཚུལ་དེ་དང་མཚུངས་པར་མཁན་ལྷ་དབང་བློ་གྲོས་མཆོག་ལ་ཞལ་འཕྲོས་སུ་ཕེབས་འདུག་པས་ཤིན་ཏུ་ཡིད་རྟོན་ཕེར་བའི་གནས་སུ་འདུག་གོ། འོན་ཀྱང་ཕྲན་ལ་ནི། ང་རཏྣའི་ཚེ་སྒྲུབ་ཀྱི་མཚམས་ཞིག་ལ་བསྡད་ཀྱང་འགྲུབ་རྟགས་གང་ཡང་མི་འདུག་ཅེས་ཞལ་གསུང་ཞིག་ཀྱང་གནང་མོད། དེ་ནི་སྤྱིར་ཐུགས་སྒམ་པ་དང་ཕྲན་བུས་ཁོང་གི་རྣམ་ཐར་འདི་འབྲི་བཞིན་ཡོད་པས་དམིགས་བསལ་གྱིས་གསང་བ་ཡིན་འདུག་པར་མངོན་ནོ། །༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ང་རཏྣའི་ཚེ་སྒྲུབ་ཀྱི་མཚམས་ལ་འདུག་རྒྱུ་དེ་ཡང་འཆི་བ་ལ་སྐྲག་ནས་བསྡད་པ་ཡིན། དེ་དུས་ཉིན་གང་ལ་གཟུང་རྡོར་འཛིན་དགོས་པས་གྲང་ངར་ཆེ་བས་འཛིན་ཡང་མི་ཐུབ་གི་དེ་དུས་ངས་གཟུང་རྡོར་འཇོག་སར་གཟོས་པ་ཡིན་གསུངས་ནས་བལ་ལས་བྱས་པའི་སྐུ་འགག་ཅུང་ཟད་རལ་ཡོད་པ་དེའི་བྲང་ངོས་སུ་ལྷན་པོ་ཆུང་ངུ་ཞིག་རྒྱབ་འདུག་ལ། སྐུ་མཚམས་ལ་བཞུགས་པ་དེ་ཡང་བགྲང་བྱ་བཅུ་ཕྲག་གཉིས་ལ་ཉེ་བ་ཙམ་གྱི་གོང་ནས་ཡིན་མོད་ལྷན་པོ་ཆུང་ངུ་དེ་ཡང་ད་དུང་ཡོད་ན་ནབ་འགག་འདི་ནི་དེའི་གོང་ནས་ཀྱང་གསོལ་བཞིན་ཡོད་པ་སྨོས་མ་དགོས་པས། ཕལ་མོ་ཆེའི་གང་ཟག་རྣམས་ཀྱིས་ཀྱང་ཟླ་བ་རེར་གྱོན་གོས་འདྲ་མིན་དུ་མ་རེ་བརྗེ་ཐུབ་ཀྱིན་ཡོད་ན། རྒྱུ་ནོར་ལ་གྲོན་ཆུང་མི་དགོས་པའི་སློབ་ཆེན་རི་འདྲ་བ་དག་གི་གཙུག་གི་ནོར་བུ་ལྟ་བུར་གྱུར་བའི་མགོན་པོ་གང་འདིས་ནབ་འགག་ཐབས་ཆག་པོ་འདི་འདྲ་རེ་མི་ལོ་ཉི་ཤུའི་ཡུན་ལ་གྱོན་དགོས་པའི་འཚོ་བའི་མཐུན་རྐྱེན་མེད་པ་ཞིག་མིན་མོད། ནང་དུ་འདོད་ཆུང་ཆོག་ཤེས་ཀྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པའི་དབང་གིས་སྲིད་ཞིའི་ཕུན་ཚོགས་གང་ལ་ཡང་ཞེན་པ་གཏིང་ནས་ལོག་པའི་འཕགས་པ་ཞིག་ཡིན་པའི་རྟགས་སུ་མངོན་ཏེ། མཛོད་ལས། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་ནི་ཆོག་ཤེས་བདག་ཉིད་དོ། །གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །ཞེས་པ་ལྟར་རོ། །ཁྱད་པར་དུ་ཁོང་གིས་གྲུབ་བརྙེས་ཀྱི་སྐྱེས་བུ་དམ་པ་མང་པོའི་མདུན་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མང་དུ་ནོད་པའི་དུས་དང་། རྗེ་ཉིད་ཀྱིས་ཀྱང་རྩེ་གཅིག་སྙིང་པོའི་ཉམས་ལེན་ལ་གཞོལ་པའི་སྐབས་སོགས་སུ་ནབ་འགག་དེ་གསོལ་བཞིན་ཡོད་པས་ཐ་ན་ནབ་བཟའ་དེ་དག་མཇལ་བ་ཙམ་གྱིས་ཀྱང་གདུལ་བྱའི་རྒྱུད་ལ་བྱིན་རླབས་འཇུག་ཅིང་ཐར་བའི་ས་བོན་ཐེབས་པ་སོགས་དགོས་པ་ཁྱད་པར་ཅན་མང་པོ་ལ་དགོངས་པ་ཡིན་སྙམ་སྟེ། སྔོན་ལྷོ་བྲག་མར་བ་ལོ་ཙཱས་སློབ་ཚོགས་མང་པོ་ལ་ཆོས་གསུངས་ཚེ། གྱོན་པ་ཤིན་ཏུ་རལ་པོ་ཞིག་གསོལ་བཞིན་ཡོད་པས་ནང་འཁོར་རྣམས་ཀྱིས་ཁྱེད་ལྟ་བུའི་བླ་མ་ཆེན་པོ་ཞིག་གིས་ནབ་གཟའ་དེ་འདྲའི་རལ་པོ་ཞིག་གསོལ་ན་ཀུན་གྱིས་འཕྱ་སྨོད་འོང་ཤས་ཆེ་བས་ཅུང་ཟད་སྤུས་ལེགས་པ་རེ་གསོལ་རོགས་ཞུས་པས། ཁོང་གི་ཞལ་ནས། སྔོན་ངས་པཎ་ཆེན་ནཱ་རོའི་སྐུ་མདུན་ནས་ཟབ་རྒྱས་ཀྱི་གདམས་པ་མང་པོ་ཞུས་ཚེ་གོས་འདི་དག་གྱོན་པ་ཡིན་པས་དམ་པའི་གང་ཟག་དེ་དག་གི་སྤྱན་ལམ་དུ་བརྒྱུད་སོང་བས་བྱིན་རླབས་ཆེན་པོ་ཡིན་ནི་རེད། དེའི་ཕྱིར་འདི་སློབ་ཚོགས་རྣམས་ཀྱིས་མཇལ་བ་ཙམ་ཡང་དོན་ཆེན་པོ་དང་ལྡན་པ་ཡིན་ཞེས་གསུངས་པ་ལྟར་རོ། །བགྲང་བྱ་ཧྲིལ་རྩིས་ཀྱི་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ལ་སོན་མོད་ད་དུང་ཡང་སྐུ་ལུས་ཀྱི་བཀོད་པ་དང་ཕྱག་གི་སོར་མོ་རྣམས་ཀྱང་འཇམ་མཉེན་གྱིས་མཛེས་ཤིང་ཕྱག་ཡིག་འདྲི་བ་དང་ལྗགས་རྩོམ་གནང་བ་སོགས་བྱེད་བཞིན་པ་ཕྲན་བུས་ཀྱང་མཇལ་བས་ཚེ་ཡི་སྒྲུབ་པ་ལ་གྲུབ་རྟགས་མངོན་དུ་གྱུར་པ་སྨོས་མ་དགོས་པར་འདུག་གོ། ཡང་སྐོར་ཞིག་མགོན་པོ་འདི་པ་ཚང་ལ་གཞི་སྲུང་གི་སྒྲུབ་པ་ཞིག་ཚོགས་རྒྱུ་ཡོད་པས་དེ་དུས་མཆོད་དཔོན་ཐུགས་མཆོག་རྡོ་རྗེ་ཡིན་པས་ཁོང་གིས་རྡོ་ཟོར་གྱི་རྫས་སུ་དམིགས་ནས་ཁང་པའི་ནང་གི་རྡོག་ལམ་འོག་ནས་རྡོ་བ་ཆུང་ངུ་ཞིག་བླངས་པས། མཆེད་པོ་གཞན་ཞིག་གིས་དེ་ནི་བཙོག་པ་ཡིན་པས་ཨེ་རུང་ན་ཟེར་བ་དང་། གློ་བུར་དུ་མགོན་པོ་གང་གི་ཞལ་ནས། ས་སངས་རྒྱས་སྤྱན་མ་ཡིན་པས་ཅི་ལ་བཙོག་གསུངས་བྱུང་བས་ཁོང་ཅག་གི་སེམས་སུ་ཅི་འདྲའི་དག་མཉམ་གྱི་ལྟ་དགོངས་ཁྱད་པར་ཅན་རེ་འཁྲུངས་འདུག་སྙམ་པའི་དད་མོས་དགའ་ལྷང་ངེ་བ་ཞིག་ཀྱང་སྐྱེས་པར་གསུངས་སོ། །ཡང་སྔོན་དུས་འགྱུར་གྱི་སྐབས་ཤིག་ལ་མགོན་པོ་མཆོག་འདི་ནོར་ལུག་གི་རྫི་བོར་ཕེབས་པའི་ཚེ་ཚ་ལུང་གནམ་ཆ་ཁའི་(དུས་འགྱུར་གྱི་སྐབས་སོགས་སུ་རྫི་བོར་ཕེབས་མྱོང་བའི་རང་ཡུལ་གྱི་ས་ཆ་ཞིག)གཡང་གཟར་ཞིག་གི་ངོས་སུ་ཆུ་བབས་པའི་སྒྲ་ལས་བཛྲ་གུ་རུའི་སྒྲ་དབྱངས་གསན་པ་ཡིན་འདུག་ལ་དེ་ཡང་སྐབས་དེ་དུས་ཀྱི་མགོན་པོ་མཆོག་གི་རྫི་རོགས་རྒད་པོ་རིམ་བཟང་ཟེར་བ་དེས་བཤད་རྒྱུར། སྔོན་ཆད་ངེད་ཅག་མཉམ་ལས་ཁང་གི་རྫི་བོར་འགྲོ་ཚེ་སྐོར་ཞིག་ཚ་ལུང་གནམ་ཆ་ཁའི་བྲག་ཁ་ཞིག་ནས་ཆུ་འབབ་པའི་སྒྲ་ལ་གསན་ནས་མགོན་པོ་གང་གིས་བདག་ལ། ཨེ་རིམ་བཟང་། ཆུ་འདིས་བཛྲ་གུ་རུའི་སྒྲ་དབྱངས་སྒྲོག་གི་འདུག་གསུངས་གི་ལགས་སོ་ཞུས་པ་ཡིན་ཞེས་དྲན་གསོས་བྱེད་གི་འདུག་གོ། ཡང་སྐོར་ཞིག་མི་འཁྲུགས་པ་གསུངས་བཞིན་བྱོན་པས་སེར་བ་དྲག་པོ་ཞིག་གི་འཇིགས་པ་ལས་བསྐྱབས་པ་ཡིན་འདུག་ལ་དེ་སྐོར་སྐབས་དེའི་དུས་ཀྱི་ཕྱག་ཞབས་པ་ར་ཡབ་ཚེ་བཀྲས་བཤད་རྒྱུར། མཁན་པོ་ཚང་ཉིད་ངེད་རུའི་ནང་དུ་དུད་ཁྱིམ་ཞིག་གི་གཤིན་བསྔོའི་ཆེད་དུ་བྱོན་ཞིང་གྲུ་ཁ་བརྒྱུད་ནས་ཚུར་འབྱོན་ལམ་དུ་སེར་བ་དྲག་པོ་འཇིགས་སུ་རུང་བ་ཞིག་ཐོན་བྱུང་བས་མཁན་པོ་ཚང་གིས་མི་འཁྲུགས་པའི་གཟུངས་ཤིག་ཞལ་འདོན་གནང་ཐལ། ཆུའི་ཕར་ཚུར་གྱི་ཕྱོགས་ཐམས་ཅད་དུ་སེར་བ་དྲག་པོ་བབས་ནས་ནོར་ལུག་ཀུན་ཀྱང་བདས་ནས་སོང་ཡང་སེར་བ་དེ་ཚེམ་གྲིས་རས་བཀས་པ་ལྟར་གཞུང་གཤག་བྱས་ཏེ་ངེད་དཔོན་གཡོག་གི་ཐོག་ཏུ་ནི་རླུང་ཆེན་པོ་ཞིག་དང་ཆར་ཙམ་ལས་གང་ཡང་མ་ཡོང་ཐལ། དེ་ནས་ཁྱིམ་དུ་འབྱོར་རྗེས་སྐུ་སྲིང་མས་སེར་བ་དྲག་པོ་ཞིག་བབས་པས་ཁྱེད་གཉིས་ལ་ཆུས་འཇིགས་པ་རེ་སོགས་མེད་དམ་སྙམ་ནས་བློ་མ་བདེ་བའི་ཚུལ་རྣམས་ཞུས་ཚེ། གསུང་ལས། ངས་ཚེ་བཀྲ་འདི་གྲང་བར་དོགས་ནས་མི་འཁྲུགས་པ་བཏོན་ནས་ཡོང་བས་ངེད་གཉིས་ལ་སེར་བས་གནོད་མ་ཐལ་གསུངས་ཀི་ཞེས་སོགས་དྲན་གསོས་བྱེད་འདུག་གོ། ད་དུང་འདི་རིགས་དང་འབྲེལ་བའི་སྐོར་ཅུང་ཙམ་བཤད་རྒྱུ་འདུག་ཀྱང་དོན་ནི་གོང་དང་གཅིག་མཚུངས་སུ་འདུག་པས་བསྐྱུངས་པར་བྱས་སོ། །ཤེས་རབ་རྫོགས་པའི་རིམ་པའི་གསལ་སྟོང་རླུང་གི་རྫོགས་རིམ་ལ་བསླབ་པའི་ཚུལ་ནི། གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱི་མདུན་ནས་རྩ་རླུང་གི་གདམས་པ་ཞུས་ཏེ་སྟེང་སྒོ་འཁོར་ལོ་དྲུག་དང་གཏུམ་མོ་འབར་འཛག་སོགས་ཀྱི་ཉམས་ལེན་དང་། འཕྲུལ་འཁོར་གྱི་སྦྱོར་བ་ཡང་ཡུན་རིང་དུ་བསྐྱངས་ཤིང་། ཕྱིས་སུ་དགུང་གྲངས་མཐོན་པོར་སོན་པའི་དུས་སུ་ཨ་འཛོམས་འབྲུག་སྤྲུལ་གྱི་མདུན་ནས་སླར་ཡང་རྩ་རླུང་གི་གདམས་པ་ཞུས་ཤིང་འཁྲུལ་འཁོར་ཀྱང་མཛད་པའི་སྐབས་ཤིག་ན། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། སྔོན་ཆད་ང་ན་ཚོད་གཞོན་ཞིང་ཕྱི་ནང་གི་འབྱུང་བ་སྟོབས་སུ་གྱུར་བའི་སྐབས་སུ་སྤྲུལ་སྐུ་ནམ་འཇིགས་ཀྱི་མདུན་ནས་རྩ་རླུང་གི་གདམས་པ་ཞུས་ནས་འཁྲུལ་འཁོར་སྦྱང་བའི་ཚེ་ན་འབེབས་བཟང་པོ་རེ་ཕོག་དར་ཡང་ད་ནི་འདུས་བྱས་མི་རྟག་པའི་རང་བཞིན་ཐོག་ཏུ་བབས་ནས་ཕྱི་རྒྱུ་ལུས་ཀྱི་ལང་ཚོ་རྒུད་ཅིང་། ནང་རྣམ་དཔྱོད་ཀྱི་དྲན་སྒོ་ཉམས་པའི་དབང་གིས་རྩ་རླུང་གི་འཕྲུལ་འཁོར་འདི་ཡང་སྔོན་ལྟར་དུ་བྱེད་མི་ནུས་པར་འདུག་ཅེས་སྲིད་ལ་སྐྱོ་བ་འདྲེན་པའི་གསུང་གླེང་སྨོན་དུང་ངེ་བ་ཞིག་དང་། ཡང་རང་ལུས་ཐ་མལ་བའི་འདུ་ཤེས་ཀྱི་ཐོག་ནས་རྩ་རླུང་གི་འཕྲུལ་འཁོར་བྱེད་རྒྱུ་མ་ཡིན་པར་ཡི་དམ་གྱི་ལྷ་གང་རུང་གི་ངོ་བོར་བསྒོམ་ནས་དེའི་སྐུ་དཀྱིལ་དུ་རྩ་འཁོར་གསལ་ཞིང་གནད་དུ་བསྣུན་དགོས་པས་འདི་ནི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཡིན་ནི་རེད་ཅེས་ཟབ་དོན་གྱི་གདམས་པ་འགའ་རེ་ཡང་བརྩེ་བ་ཆེན་པོས་མཁན་བསླབ་གསུམ་སོགས་དྲུང་ན་མོ་དག་ལ་ཞལ་འཕྲོས་སུ་ཕེབས་པ་ལྟར་དང་། བདེ་སྟོང་ཐིག་ལེའི་རྫོགས་རིམ་ལ་བསླབ་པའི་ཚུལ་ནི། ཕྱི་བཀོད་པ་ལུས་ཀྱི་གཞལ་ཡས་སུ་ནང་འཁོར་ལོ་དྲུག་གི་གནད་ལ་བཅུན་པས་འཛག་མེད་ཀྱི་ཚུལ་ཁྲིམས་ལ་དབང་འབྱོར་ཡང་། སོ་ཐར་གྱི་བསླབ་པ་རིན་པོ་ཆེ་སྤྱན་གྱི་འབྲས་བུ་བཞིན་དུ་སྲུང་བའི་གནས་བརྟན་འདུལ་བ་འཛིན་པའི་དགེ་སྦྱོང་དངོས་ཤིག་ཡིན་པ་སོགས་ཀྱི་དབང་གིས་དངོས་རིག་ལས་ཀྱི་ཕྱག་རྒྱ་ལ་བསྟེན་པའི་མཛད་པ་ནི་བདག་གིར་བྱས་པ་མེད་ཀྱང་། རྒྱུད་ཀྱི་བཤད་ཁྲིད་དང་། མན་ངག་གི་གདམས་པ་སྩོལ་བའི་སྐབས་རྣམས་སུ་ཡིད་རིག་ཆོས་ཀྱི་ཕྱག་རྒྱ་ལ་བསྟེན་ཆོག་ཚུལ་གྱི་ཞལ་འཕྲོས་མང་དུ་ཕེབས་པས་རྗེ་ཉིད་ཀྱིས་ཀྱང་སྟོང་གཟུགས་ཀྱི་ལྷ་མོ་དང་། ཡིད་རིག་ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འོག་སྒོ་ཁམས་གསུམ་རོལ་བའི་ཉམས་ལེན་ཡང་མཐར་ཕྱིན་ཞིང་འབྲས་བུ་རིག་འཛིན་གྱི་ས་ལ་བཞུགས་པ་ཞིག་ཡིན་པར་ཐེ་ཚོམ་མེད་སྙམ་ཡང་དེའི་ཚུལ་ཞིབ་རྒྱས་སུ་འབྲི་བའི་རྔོ་མི་ཐོགས་པས་བཞག་གོ།
ཡང་གསང་ཨ་ཏི་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་འོད་གསལ་བློ་འདས་ཆེན་པོར་འབྱམས་ཀླས་པའི་ཚུལ།
ཡང་གསང་ཨ་ཏི་ཡོ་གའི་ཉམས་ལེན་མཐར་ཕྱིན་ནས་འོད་གསལ་བློ་འདས་ཆེན་པོར་འབྱམས་ཀླས་པའི་ཚུལ་ནི། མགོན་པོ་གང་གི་གསུང་ལས། རྣམ་རྟོག་གང་ཤར་རང་གྲོལ་རང་བབས་སུ་གློད་དང་། །སེམས་ཉིད་སྐྱེ་མེད་གདོད་མའི་གཤིས་ལུགས་དེ་མངོན་འོང་། །རིག་སྟོང་ཆོས་དབྱིངས་གཉུག་མ་སྟོང་ཆེན་གྱི་རང་རྩལ། །མ་འགག་རོལ་པར་སྣང་ལ་དགག་སྒྲུབ་ནི་མི་དགོས། །ཞེས་དང་། རང་རིག་མ་བཅོས་རང་བབས་སོ་མ་ལ་གནས་ཚེ། །སྣ་ཚོགས་སྣང་བས་རིག་པའི་ངོ་བོ་ལ་མི་གོས། །འཛིན་པའི་རྟོག་པས་འཁོར་བའི་འཆིང་ཞགས་ནི་མི་བྱེད། །གཟུང་འཛིན་རང་ཡལ་ཆུ་ཡི་རི་མོ་བཞིན་དག་འགྲོ། །ཞེས་དང་། དེའི་ཕྱིར་ཁྲེགས་ཆོད་ཅོག་བཞག་བཞི་ལྡན་གྱི་ངང་ནས། །ལྷུན་གྲུབ་ཐོད་རྒལ་སྣང་བཞིའི་ཉེ་ལམ་ལ་སྟེན་དང་། །ཁྱད་ཆོས་དྲུག་གིས་ཀུན་བཟང་ཆོས་སྐུ་ཡི་དགོངས་པ། །ཀ་དག་གདོད་མའི་གཞི་ལ་བཙན་ས་ཞིག་ཟིན་ངེས། །ཞེས་གསུངས་པ་ལྟར་དང་པོ་གཞི་ཁྲེགས་ཆོད་ཀྱི་ལྟ་བ་ཐུགས་ཉམས་སུ་བཞེས་ཚུལ་ནི། གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱིས་ཁྲེགས་ཆོད་ཡེ་བབས་སོར་བཞག་ཆོས་ཟད་ཀ་དག་གི་རིག་པ་ངོ་སྤྲད་པ་དང་། མཁན་ཆེན་ཉི་མ་རྒྱ་ལོས་ཟབ་དོན་སྙན་བརྒྱུད་ཀྱི་གདམས་པ་མང་པོ་གཅེས་སྐལ་དུ་བསྩལ་བ་ནས་བཟུང་རིག་པ་རང་བབས་ཀྱི་བསམ་གཏན་སྒོམ་མེད་འོད་གསལ་གྱི་རང་མལ་ནས་རྙེད་དེ། ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་པར་སྤྱོད་ལམ་མཐའ་དག་ཀུན་བྱེད་ཆོས་སྐུའི་རང་རྩལ་ལས་འདའ་བ་མེད་པར་ངེས་ཏེ། རྗེ་ཉིད་ཀྱི་རྟོགས་པའི་དོ་ཧ་མན་ངག་སྙིང་པོ་ལས། ཡེངས་མེད་འཛིན་མེད་རིག་པ་རང་བབས་ཀྱི་བསམ་གཏན། །མ་བརྗེད་ཙམ་ལས་སྒོམ་རྒྱུ་ལོགས་སུ་ནི་མི་འཚོལ། །ཞེས་དང་། མ་བཅོས་རིག་པ་བྱང་ཆུབ་སེམས་ཉིད་ཀྱི་ངོས་ན། །བསྒོམ་བྱའི་ཆོས་དང་སྒོམ་པའི་མཁན་པོ་ནི་མི་འདུག །ཅེས་སོགས་གསུངས་པའི་ཕྱིར་རོ། །ལམ་ཐོད་རྒལ་གྱི་སྒོམ་པ་བསྐྱངས་བའི་ཚུལ་ཡང་སྤྲུལ་སྐུ་ནམ་འཇིགས་ཀྱིས་ཆོས་སྐུའི་བཞུགས་སྟངས་ཀྱི་ཐོག་ནས་དགོངས་བརྒྱུད་རྟོགས་པའི་གཏད་རྒྱ་དང་བཅས་ལུས་གནས་སྒྲོན་མ་དྲུག་གི་གནད་ལས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མངོན་སུམ་རང་ཐོག་ཏུ་དབབ་སྟེ་ངོ་སྤྲད་པ་ནས་བཟུང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ཡང་ཅི་རིགས་གནང་མོད། ཕྱིས་སུ་སྤྱན་གྱི་སྙུང་གཞིའི་དབང་གིས་ཐོད་རྒལ་གྱི་སྦྱང་བ་ཡང་མཚམས་འཇོག་དགོས་པར་སྣང་སྟེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ངའི་མིག་འདི་སྒྲིབ་པའི་རྐྱེན་གྱིས་ཐོད་རྒལ་སྦྱང་བྱེད་མེད་སོང་བས་དེ་ང་ལ་གྱོང་ཧ་ཅང་ཆེན་པོ་ཡིན་ཐལ། ཞེས་ཞལ་འཕྲོས་སུ་ཕེབས་པ་ལྟར་རོ། །འོན་ཀྱང་དོན་དངོས་སུ་རྗེ་ཉིད་ལ་ནི་སྤྱན་བསྒྲིབས་པ་དེ་ཡང་ཐོད་རྒལ་ལམ་གྱི་འགལ་རྐྱེན་དུ་མ་སོང་བར་སྙམ་སྟེ་མགོན་པོ་གང་གི་ཞལ་ནས། སྨྱོ་ཤུལ་ལུང་རྟོགས་ཀྱིས། མིག་ཡུལ་དུ་སྣང་བའི་རི་བྲག་སོགས་ཀྱང་ཐོད་རྒལ་རྒས་པ་ཡིན་ཞེས་གསུངས་པ་ལྟར་ཐོད་རྒལ་ལོགས་སུ་མ་བསྒོམ་ཡང་སྣང་ཆ་ལམ་དུ་བྱས་ན་ཐོད་རྒལ་གྱི་གོ་ཆོད་ནི་རེད་ཅེས་སྙིང་པོའི་ཉམས་ལེན་གྱི་གདམས་པ་གནང་བའི་སྐབས་རྣམས་སུ་ཡང་ཡང་གསུངས་པའི་ཕྱིར་རོ། །གཞན་ཡང་སྐོར་ཞིག་མཁན་ཆེན་བླ་མ་ཐུབ་བསྟན་འབྱུང་གནས་མཆོག་སྐུ་འདའ་ལ་ཉེ་བའི་སྐབས་སུ་མགོན་པོ་མཆོག་འདི་ཆེད་དུ་བྱོན་ཚེ་རྟོགས་འབུལ་གྱི་ཚུལ་དུ་ཁོང་གིས་ཐོད་རྒལ་ཆེད་དུ་སྦྱང་མ་མྱོང་ཡང་ལྷ་སྐུ་ཡིག་འབྲུའི་བཀོད་པ་བགྲང་ལས་འདས་པ་ཞིག་ཤར་ཡང་དཔྱད་ར་གང་ཡང་མ་བྱས་པའི་ཚུལ་རྣམས་གསུངས་ཚེ། མགོན་པོ་གང་གི་ཞལ་ནས། ཁྲེགས་ཆོད་སྦྱངས་བ་མཐར་ཕྱིན་པའི་གང་ཟག་ལ་ཐོད་རྒལ་ཆེད་དུ་མ་བསྒོམ་ཡང་ཐོད་རྒལ་གྱི་སྣང་བ་འབྱུང་ཆོག་པར་གསུངས་ཡོད་ཚུལ་དང་། དབྱིངས་རིག་བསྲེ་ཚུལ་ལ་ཡང་ཕྱི་དབྱིངས་ལ་མ་ལྟོས་པར་ནང་དུ་སེམས་ཉིད་སྟོང་པའི་དབྱིངས་དང་རིག་པ་བསྲེ་ཚུལ་གྱི་གདམས་པ་མང་པོ་གསུངས་བས་མཁན་ཆེན་བླ་མ་ཐུབ་བསྟན་འབྱུང་གནས་མཆོག་ཐུགས་ཧ་ཅང་མཉེས་པར་གྱུར་ཚུལ་ཐོས་པས། རིག་འཛིན་འཇིགས་མེད་གླིང་བའི་ཞལ་ནས། ཧ་ཅང་ཐོས་པར་ཞེན་ཀྱང་གྲོལ་བ་མིན། །འཆད་རྩོད་རྩོམ་པ་ཨ་འཐས་རློམ་སེམས་རྒྱུ། །དེ་ཕྱིར་འདུ་འཛིས་དབེན་པའི་བྲག་སྐྱིབས་སུ། །དབྱིངས་རིག་བསྲེ་བ་སྤྲིང་པོའི་འདུན་མ་ཡིན། །ཞེས་གསུངས་པ་ལྟར་མགོན་པོ་མཆོག་འདི་རྟག་ཏུ་དབྱིངས་རིག་བསྲེ་བ་ལས་མི་འདའ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཅིག་ཡིན་པར་འཁུམ་མོ། །དེ་ལྟར་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་མཐར་སོན་ཞིང་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་དག་མངོན་དུ་གྱུར་ཏེ་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་དང་དགོངས་པ་དབྱེར་མེད་ཆོས་ཀྱི་དབྱིངས་སུ་འདྲེས་པར་བྱས་པ་ཡིན་ཏེ། ཡུལ་འབར་ཆུང་གི་བླ་མ་ཨ་མཆོད་འཆི་མེད་མགོན་པོའི་ཞལ་ནས། ང་ཤི་ཚེ་ཅིས་ཀྱང་བླ་མ་ཞིག་གདན་འདྲེན་བྱེད་དགོས་ན་མགོ་ཚྭའི་མཁན་པོ་དཔལ་ལྡན་དེ་དྲོངས་ཤོག །དེ་ནི་མཁན་ཆེན་ཉི་མ་རྒྱ་ལོས་ཁོང་དང་ཁྱད་པར་སྤུ་ཙམ་ཡང་མེད་ཅེས་བདག་ལ་དངོས་སུ་ཞལ་ཏ་ཕེབས་མྱོང་། ཞེས་གསུངས་པ་ལྟར་ཁོང་སྐུ་འདའ་ཚེ་ཕོ་ཉ་པ་མངགས་ནས་མགོན་པོ་མཆོག་འདི་ཉིད་ཆེད་དུ་གདན་འདྲེན་བྱས་པ་ཡིན་ལ། ཡང་སྐོར་ཞིག་མཁན་ཆེན་ཐུབ་བསྟན་གཞན་ཕན་གྱི་ཞལ་ནས་ད་ནི་མཁན་པོ་དཔལ་ལྡན་གྱི་བཟང་ཞིག་ཡོད་རྒྱུ་མ་རེད། ཉི་མ་རྒྱ་ལོ་སོགས་དང་ཁྱད་པར་དང་དབྱེ་བ་གཏན་ནས་མེད་ཀི་ཞེས་མཁན་ལྷ་པུག་སོགས་ལ་ཞལ་འཕྲོས་སུ་ཕེབས་པ་ལྟར་རོ། །དེའི་སྐོར་རྣམས་མགོན་བླ་ཚེ་རིང་རྡོ་རྗེས་མགོན་པོ་གང་ལ་ཁྱེད་ནི་ཉི་མ་རྒྱ་ལོས་ཁོང་དང་ཁྱད་མེད་ཅེས་ཨ་མཆོད་འཆི་མེད་མགོན་པོ་ལ་གསུངས་པ་ཡང་བདག་གིས་ཐོས་ལ། མཁན་པོ་ཐུབ་དགས་ཀྱང་ཉི་མ་རྒྱ་ལོ་ཁྱེད་གཉིས་ལ་ཁྱད་པར་ཡོད་ནི་མ་རེད་ཅེས་བདག་ལ་དངོས་སུ་གསུངས་པ་ཡིན་ཞེས་སྙན་གསན་ཕུལ་བ་ན། ཅི་ཡང་མི་གསུངས་པར་བཞུགས་པར་མཛད་པས། འདུལ་བ་ལུང་ལས། མི་སྨྲ་བ་ནི་དེ་བཞིན་ནོ་ཟེར་བ་དང་དོན་གཅིག་པར་གསུངས་པས། དོན་དངོས་སུ་མགོ་ཚྭའི་ཉི་མ་རྒྱ་ལོ་ཞེས་པའི་རྟོགས་པའི་མངའ་བདག་ཆེན་པོ་དེ་དང་ཁྱད་མེད་པ་རྗེ་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་པ་ཡིན་འདུག་ལ། ཚུལ་དེ་མཁན་པདྨ་བཤད་སྒྲུབ་ཀྱིས་གསན་པས། ཨོ་དེ་རེད། དམ་པའི་སྐྱེས་བུ་རྣམས་ཀྱིས་རྫུན་ནི་གསུངས་དར་ནི་མ་རེད། གལ་ཏེ་ཁོང་ཉི་མ་རྒྱ་ལོ་དང་འདྲ་བའི་རྟོགས་པ་མཐོ་ནི་མ་རེད་གསུངས་བཏང་ན་རྫུན་ཏུ་ལོག་འགྲོ་ནི་རེད། གལ་ཏེ་དེ་དེ་བཞིན་ནོ་གསུངས་ན་རྫུན་མིན་ཡང་རང་གི་བླ་མ་ལ་མ་གུས་པའི་རྣམ་པ་ཐོན་འགྲོ་བས་ཅི་བྱེད་མེད་པར་གསུང་རྒྱུ་མ་ལོན་ནི་རེད་ཅེས་སོགས་གསུངས་ཚུལ་ཐོས་པས། འབྲས་མེད་ཕྱིར་ན་རྫུན་མི་གསུངས། །ཞེས་པའི་ལུང་ཚིག་དེ་ཡང་དྲན་པར་བྱས་སོ། །དེ་ལྟར་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་ཀློང་དུ་གྱུར་ན་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་དག་ཉི་མ་དང་ཟེར་བཞིན་ལྷུན་གྲུབ་ཏུ་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར་ཏེ། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ངས་མཚན་མོར་ཁྱིམ་ནང་གི་བཀོད་པ་མཐའ་དག་གསལ་བོར་མཐོང་ཞིང་། ཐོག་ཁེབ་ཀྱི་ཕྱམ་དག་ཀྱང་བགྲང་ཐུབ་པར་འདུག །ཅེས་སློབ་མ་འགའ་ལ་ཞལ་འཕྲོས་སུ་ཕེབས་པ་དང་། ཡང་སྐོར་ཞིག་ཁ་བཏགས་ཤིག་གི་ཚར་ལོའི་ནང་དུ་འབུ་ཞིག་ཐོགས་འདུག་པ་དགོངས་ནས་མཆེད་འགྱུར་མེད་ཡེ་ཤེས་སོགས་ཀྱིས་དེ་ཐར་ཐབས་བྱས་པ་ཡིན་འདུག་ལ། འགྱུར་མེད་ཡེ་ཤེས་ཀྱིས་གསུང་རྒྱུར། ཁོང་གིས་དར་ཁ་དེའི་ཚར་ལོའི་ནང་དུ་འབུ་ཞིག་ཐོགས་འདུག་པས་དེ་གཏོང་རོགས་གསུངས་བྱུང་པས། ཁ་དར་དེ་ནི་མགོན་པོ་མཆོག་དང་རྒྱང་ཐག་ཅུང་རིང་བའི་གནས་སུ་ཡོད་པས་མིག་ཧ་ཅང་རྣོ་བའི་གཞོན་ནུ་ཞིག་ཡིན་ན་ཡང་མཐོང་མི་ཐུབ་པ་ལྟ་བུར་འདུག་པས་ཐད་ཀར་དུ་སྤྱན་གྱིས་གཟིགས་པ་ཞིག་ཡིན་མི་འདུག་ཀྱང་སེམས་ཅན་དེས་སྡུག་བསྔལ་དྲག་པོ་ཞིག་མྱོང་བཞིན་ཡོད་པ་དགོངས་ནི་ཡིན་ངེས་པ་རེད། ཅེས་གསུངས་སོ། །ཡང་སྐོར་ཞིག་སློབ་ཚོགས་རྣམས་ལ་ཆོས་ཁྲིད་ཅིག་གསུངས་བའི་ཚེ། མཁན་དབང་ལོའི་ཐུགས་སུ་བདག་གི་ཡི་གེ་འདིའི་ལྡེབ་མ་གཅིག་ཙམ་མགོན་པོ་གང་གི་སྤྱན་ལམ་དུ་བརྒྱུད་ནས་དེའི་ཐོག་ནས་གསུངས་ན་དགའ་བ་ལ་སྙམ་པས་ཅུང་ཙམ་ནས་མགོན་པོ་གང་གི་ཞལ་ནས། ངའི་ཡི་གེ་འདིའི་ནང་ན་ལྡེབ་མ་གཅིག་ཆད་འདུག་པས་ཁྱེད་རྣམས་ཀྱིས་ཡི་གེའི་ལྡེབ་མ་དེ་ང་ལ་གཡར་རོགས་གསུངས་བྱུང་བས་མཁན་དབང་ལོ་རབ་ཏུ་དགའ་སྟེ་ལྡེབ་མ་དེ་བླངས་ནས་མགོན་པོ་གང་གི་ཕྱག་ཏུ་ཕུལ་པས་དེའི་ཐོག་ནས་གསུངས་བར་བྱས་མོད། རྗེས་སུ་མགོན་པོ་གང་གི་ཕྱག་དཔེ་ལ་ཞིབ་གཟིགས་བྱས་པས་སྔ་མའི་ལྡེབ་མ་དེ་ཆད་མེད་པར་དངོས་སུ་ཡོད་འདུག་པ་དང་། ཡང་སྐོར་ཞིག་མགོན་བླ་ཚེ་རིང་རྡོ་རྗེས་མགོན་པོ་གང་གི་ཕྱག་འོག་ཏུ་གཅར་ནས་སྨོན་ལམ་ཞིག་ཞུས་པས། ཞལ་ནས། བདག་ལ་ནི་ཡོན་ཏན་སྣ་གཅིག་མེད་པས་ངའི་ལག་པ་མགོ་ཐོག་ལ་བཞག་ནས་ཅི་བྱེད་གསུངས་ཤིང་། མཐར་སྨོན་ལམ་ཚིག་བཞི་ཙམ་གནང་ནས་གལ་ཏེ་ཁྱོད་ལ་དགོས་མཁོ་ཡོད་གི་བསམ་ན་ངས་ཚེས་བཅུའི་སྔོན་ཞིག་ལ་བར་དོའི་ཐོས་གྲོལ་གྱི་ཁྲིད་ལུང་ཞིག་འདོན་བསམ་ཡོད་པས་དེ་དུས་ཁྱོད་ལ་བརྡ་བྱེད་འོང་གསུངས་བས་ལགས་སོ་ཞུས། དེ་ནས་བཟུང་བླ་མས་གསུངས་ཚུལ་ཐམས་ཅད་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་ནས་ཟླ་བ་འགར་གྲོང་ཆོག་ལ་གཡེང་ནས་བསྡད། མཐར་ཚེས་བཅུ་ཚོགས་ལ་ཉེ་ཚེ་ཉིན་ཁ་ཤས་ལ་འཆམ་སྦྱངས་བ་དང་དགོན་ནང་གི་བདུན་ཚིགས་འགའ་ལ་ཡང་འགྲོ་ཁོམས་ཡོད་པར་བྱས་ཏེ་ཚུར་དགོན་ནང་དུ་འོང་། དགོན་ནང་དུ་ཐོན་ནས་ཁང་པའི་ནང་དུ་འཛུལ་ཏེ་ཇ་ཕོར་བ་གང་འཐུང་ལོང་བྱུང་ཡོད་མེད་ཀྱི་མཚམས་སུ་མགོན་པོ་གང་གི་སྐུ་ཚ་གཡུང་བྷེ་ཐོན་ནས་ཁྱོད་ལ་མགོན་པོ་གང་གིས་མྱུར་ཏུ་བྱོན་ཤོག་གསུངས་གི ཀིང་གིས་གཟིམ་ཁང་ནང་ན་སློབ་བུ་འགའ་ལ་ཐོས་གྲོལ་གསུང་ཆས་བྱས་ཏེ་ཁྱོད་སྒུག་འདུག་ཡོད་ཀི ཞེས་བརྡ་བཏང་བས་ཁོས་མྱུར་དུ་ཁ་བཏགས་ཤིག་བཟུང་ནས་ཆོས་གྲལ་དུ་བྱིན་པ་ན། མགོན་པོ་གང་གི་ཞལ་ནས། འདི་དག་གིས་ང་ལ་དེའི་སྔོན་ནས་ཐོས་གྲོལ་འདི་འདོན་རོགས་ཟེར་གི་དང་ངས་ཁྱོད་སྒུག་ནས་བསྡད་པ་ཡིན། ཁྱོད་བདུན་ཚིགས་རྣམས་ལ་འགྲོ་བསམ་གི་ཡོད་ན་མགྱོགས་མགྱོགས་བྱས་ནས་མཇུག་ཕུད་འཇོག །གལ་ཏེ་ཅུང་ཁོམས་པ་ཡོད་ན་ད་དུང་ཚེས་བཅུ་ལ་ཡང་ཉིན་རེ་ཟུང་ཡོད་པས་དེའི་བར་དུ་ངེད་ཅག་གིས་དལ་མོ་བྱས་ཏེ་འདོན་གསུངས་ཚུལ་སོགས་ཐོས་ལ། དེའི་སྐོར་ནས་མགོན་བླ་ཚེ་རིང་རྡོ་རྗེས་གསུངས་རྒྱུར། དེ་ནི་མི་ལོ་ཉི་ཤུའི་སྔོན་ཞིག་ཡིན་པ་ནི་གོར་མ་ཆགས་ལ་དེ་དུས་ནི་དེང་སང་དང་འདྲ་བར་བརྡ་ཕྲིན་གྱི་དུས་རབས་མིན་པས་གྲྭ་བ་ཞིག་དགོན་ནང་དུ་ནམ་ཐོན་ཡང་གསན་དོན་མེད་ལ། ཁྱད་པར་དུ་བདག་ཚུར་དགོན་ནང་དུ་ཡོང་ཕྱོགས་དང་མགོན་པོ་གང་གི་གཟིམ་ཁང་གི་ཡོད་ཕྱོགས་ཀྱང་སོ་སོ་ཡིན་པ་དང་། བདག་ཚུར་འོང་བའི་ལམ་ནས་མི་གཅིག་ལ་ཡང་མ་ཐུག་པར་ཐད་ཀར་དགོན་ཁང་ནང་དུ་འཛུལ་བ་ཡིན་པས་དེ་རིགས་གཏན་ནས་གསན་བཞེས་ཀྱི་ཡུལ་དུ་གྱུར་དོན་མེད་ལ། བདག་ཐོན་མ་ཐག་ཏུ་སློབ་ཚོགས་རྣམས་ཀྱང་བསྡུས་ནས་ཆོས་ཁྲིད་ཀྱི་དབུ་ན་སྒུག་འདུག་པ་དང་། ད་དུང་འདི་རྣམས་ཀྱིས་ང་ལ་དེའི་སྔོན་ནས་འདོན་རོགས་ཟེར་ཡང་ངས་ཁྱོད་སྒུག་པ་ཡིན་གསུངས་པ་དང་། ཁྱོད་བདུན་ཚིགས་རྣམས་ལ་འགྲོ་དགོས་ན་མགྱོགས་མགྱོགས་བྱེད་གསུངས་ཚུལ་སོགས་གང་ལས་དཔག་ཀྱང་མངོན་ཤེས་ལ་ཆགས་ཐོགས་མི་འདུག་ཅེས་ཁ་ཚོན་ཆོད་པོས་སྒོ་ནས་བཤད་པ་དང་། ཡང་དེ་དང་མཚུངས་པར་མཁན་ཐུབ་དབང་གིས་མགོན་པོ་གང་ལ་ཟླ་གམ་གསར་བ་རེ་ཟུང་ཕུལ་ནས་རྗེ་གང་གིས་ཡུན་རིང་དུ་གསོལ་ཞིང་ཁྱད་པར་དུ་བསླབ་པ་བསྒྲུབ་པའི་སྐོར་འགའ་ཞིག་ལ་མནབ་གནང་མྱོང་བའི་ཟླ་གམ་སེར་པོ་རྙིང་ཤོས་ཤིག་ཡོད་པ་དེ་བདག་ལ་ཨེ་གནང་ན་སྙམ་ཡང་ཞུ་མ་ཕོད་ནས་ལུས། སྐོར་ཞིག་སྐུ་ཚ་གཡུང་བྷེས་ཟླ་གམ་སེར་བོ་འདི་མགོན་པོ་གང་གིས་ཁྱོད་ལ་བྱིན་གསུངས་ཀི་ཟེར་ནས་མཁན་ཐུབ་དབང་ལ་གཏད་བྱུང་བ་ལྟ་བུ་དང་། ཡང་སྐོར་ཞིག་བླ་རུང་མཁན་བརྩོན་འགྲུས་མཐར་ཕྱིན་སོགས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཚེ། མཁན་བརྩོན་འགྲུས་མཐར་ཕྱིན་གྱིས་ཆེད་དུ་རེ་ཞུ་བྱས་ནས་མཁན་པོ་དང་ལས་སློབ་གཉིས་ཆར་མགོན་པོ་གང་གིས་གནང་དགོས་པར་གསོལ་བ་བཏབ་པ་བཞིན་མཁན་སློབ་གཉིས་ཀྱིས་འགན་གཅིག་ཆོག་ཏུ་བཞེས་ནས་བསྙེན་རྫོགས་བསྒྲུབ་པར་བྱས་མོད། ད་དུང་བསྙེན་རྫོགས་བསྒྲུབ་དགོས་མཁན་དུ་མ་ཞིག་ཡོད་པར་མགོན་པོ་གང་གི་སྐུ་དབོན་མཁན་འཕེལ་ལོས་བསྙེན་རྫོགས་སྒྲུབ་མཁན་རྗེས་མ་རྣམས་ལ་ལས་ཀྱི་སློབ་དཔོན་ལ་མཁན་པོ་གཞན་ཞིག་སྐོས་གནང་མཛད་པར། རྗེས་ནས་བསྙེན་རྫོགས་སྒྲུབ་མཁན་དག་གི་ཐུགས་སུ་སྔོན་མ་བཞིན་དུ་ལས་སློབ་དང་མཁན་པོ་གཉིས་ཆར་རྗེ་ཉིད་ཀྱིས་མཛད་ན་སྙམ་མོད། ཞུ་མ་ཕོད་པར་ལུས་ཀྱང་། མགོན་པོ་གང་གིས་ཅི་ཡང་མི་གསུངས་བར་ལས་སློབ་དང་མཁན་པོ་གཉིས་ཆར་མཛད་ནས་ཁོང་ཅག་ཀྱང་བསྙེན་རྫོགས་སུ་བསྒྲུབས་པར་བྱས་པ་དང་། ཡང་དུས་འགྱུར་གྱི་སྐབས་ཤིག་ལ་སྐུའི་ཞང་པོ་བཟོ་བའི་པདྨ་འོད་གསལ་བད་ཀན་གྲེ་ཐོགས་ཀྱི་ནད་ཀྱིས་ཟིན་ནས་ཤི་ལ་ཉེ་བའི་སྐབས་སུ་མགོན་པོ་གང་ཉིད་དངོས་སུ་བྱོན་ནས་ལག་རྩ་ལ་གཟིགས་པས་ཞལ་ནས་གསུངས་རྒྱུར། ཨ་ཞང་ཁྱོད་ནི་བད་ཀན་གྲེ་ཐོགས་ཀྱི་མི་ཚད་པར་མཆིན་པའི་ནད་དང་། མཁྲིས་པའི་ནད་ཀྱིས་ཀྱང་ཟིན་འདུག་པས་ངེས་པར་དུ་འཆི་ངེས་ཀྱང་། ད་ནི་དེས་དགའ་ནི་རེད། བད་ཀན་གྱི་ནད་ཁོ་ན་ཡིན་ན་ལྟོགས་རྔམ་ཆེ་ཡང་མཆིན་པའི་ནད་ཡོད་པས་དེ་ཙམ་སྐྱོན་ནི་མ་རེད་ཅེས་གསུངས་པས་སྐུ་ཚེ་འདིར་སྨན་ལ་གཏན་ནས་གཟིགས་མ་མྱོང་ཡང་རྩ་ཆུའི་སྦྱོར་བ་ལ་བརྟགས་པའི་གསོ་རིག་གི་གནད་ཀྱང་ཐོགས་མེད་དུ་མཁྱེན་པ་དང་། ཡང་འདི་སྐོར་ཞིག་ལ་རྗེ་གང་ཉིད་རུ་ཁག་གཞན་པའི་མི་མང་པོས་བྲག་རྡོ་སྙིལ་བཞིན་ཡོད་སར་ཆེད་དུ་བྱོན་ནས་ཁོང་རྣམས་ལ་འདྲིས་ཆ་གཏན་ནས་མེད་ཀྱང་ཁྱེད་ཅག་གིས་ཤིན་ཏུ་དོགས་གཟོན་གྱིས་མ་གཏོགས་ཉེན་ཁ་ཆེ་ཚུལ་གྱི་སྐོར་མང་དུ་གསུངས་ནས་བྱོན། ཅུང་ཙམ་ནས་བྲག་རྡོ་ཞིག་ཆད་ནས་རྨས་སྐྱོན་ཚབ་ཆེན་གཟོས་པ་དང་། ཕྲན་ལ་ཡང་སྐབས་དུ་མར་རང་གི་ཡིད་ལ་འཆར་བཞིན་པའི་དོན་རེ་མཁྱེན་སོང་པའི་སྐོར་དུ་མ་བྱུང་མོད་དེ་རིགས་ནི་བསྐྱུངས་བར་བྱས་ལ། དེ་དང་མཚུངས་པར་མཁན་བསླབ་གསུམ་ལ་ཡང་ཁོང་གི་སེམས་ལ་ཤར་བའི་དོན་མང་པོ་མཁྱེན་སོང་ཚུལ་དང་། ཕྱིས་འབྱུང་གི་ལེགས་ཉེས་མང་པོ་གསུངས་ཚུལ་གྱི་སྐོར་འགའ་རེ་གསུངས་རྒྱུ་ཡོད་འདུག་ཀྱང་ཁྱབ་བརྡལ་དུ་སྒྲོག་པའི་མོས་པ་མི་འདུག་པས་དེ་རིགས་ཀྱང་འཇོག་པར་བྱས་པ་ཡིན་ནོ། །དེ་ལྟར་ལྐོག་གྱུར་གྱི་དོན་རྣམས་སྒྲིབ་མེད་དུ་གཟིགས་པའི་མངོན་ཤེས་ཀྱི་སྐོར་ནི་དབང་རྟུལ་གྱི་གང་ཟག་རྣམས་ལ་དད་པའི་གསོས་སྨན་བླ་ན་མེད་པ་ཞིག་ཡིན་ངེས་པས་དེ་རིགས་ཅུང་ཟད་ཞིབ་རྒྱས་སུ་བྲིས་ན་ཕན་ལས་གནོད་པ་མེད་ཀྱང་། བླ་མ་མཆོག་འདི་ནི་ཐུགས་ཤིན་ཏུ་སྒམ་ཞིང་། རང་གི་ཡོན་ཏན་གསང་པ་་གཏིང་ནས་དགྱེས་པའི་དབང་གིས་སྤྱིར་མཐོང་ཐོས་ཀྱི་ཡུལ་ཏུ་གྱུར་པ་ཉུང་ཞིང་། ཁྱད་པར་ངོ་མཚར་བའི་མཛད་རྣམ་རེ་ཟུང་ཡང་སྐབས་འདིར་ཕར་གསང་ཤོར་ནས་དེ་རིགས་གཏན་ནས་འབྲི་མི་ཆོག་པའི་བཀའ་ནན་ཕེབས་པ་སོགས་ཀྱིས་དབང་གིས་གྲུབ་རྟགས་དང་མངོན་ཤེས་ཡོད་མེད་ལ་རེ་བའི་གང་ཟག་རྣམས་ཀྱི་ཐུགས་སྣང་དབང་མེད་དུ་འཕྲོག་པ་ཐུབ་ཞིག་བྱུང་མེད་ངེས་ཀྱང་། སྤྱིར་རྡོ་བཅིངས། ལྕགས་མདུད། ནམ་མཁར་འཕུར་བ། ས་འོག་ཏུ་འཛུལ་བ། གཞན་གྱིས་སེམས་རིག་པ། ལྐོག་གྱུར་གྱི་ལེགས་ཉེས་ཤེས་པ། ལུས་མི་སྣང་བར་བསྒྱུར་བ། འབྱུང་བཞི་ལ་ཆགས་ཐོགས་མེད་པ་སོགས་རྫུ་འཕྲུལ་གྱི་རྣམ་པ་ཚད་ལས་འདས་པ་ཞིག་འུ་ཅག་གིས་ཤིན་ཏུ་སྤང་བྱར་བལྟ་བའི་མི་སྟེགས་པའི་ལམ་ན་བྱུང་རྒྱལ་དུ་ངོམ་པ་ཡོད་ལ། སངས་རྒྱས་པས་ནི་རྫུ་འཕྲུལ་དང་མངོན་ཤེས་སོགས་ཤིན་ཏུ་གསང་དགོས་ཤིང་གལ་ཏེ་བྱུང་རྒྱལ་དུ་ངོམ་ན་ལྟུང་བས་གོས་པར་འགྱུར་བ་འདུལ་བ་ལུང་ལས་འབྱུང་པ་ལྟར་དང་། རྫུ་འཕྲུལ་དང་གཡོ་རྒྱུས་ཕ་རོལ་ལ་གནོད་བྱས་པ་སོགས་ཀྱང་བྱང་ཆུབ་སེམས་དཔའི་སྤང་བྱ་མཐར་ཐུག་ཏུ་གསུངས་ཤིང་། གསང་སྔགས་ཕྱི་ནང་གི་སློབ་དཔོན་གྱི་མཚན་ཉིད་ཀྱང་དེ་ཉིད་བཅུ་སོགས་ལ་གསུངས་པས་སོར་བྱང་སྔགས་གསུམ་གང་གི་ལུགས་ལ་ཡང་རྡོ་བཅིངས་ཆུ་མདུད་སོགས་ནི་བླ་མའི་ཡོན་ཏན་ཞིག་ཏུ་འཛིན་པར་མི་སྣང་བས་དེ་རིགས་ཁོ་ན་ལ་ཡིད་རྟོན་པ་ནི་ཅུང་ཟད་ཉམ་ང་བའི་གཡང་ས་ཞིག་ཏུ་འཆོར་འདུག་པར་སྙམ་མོ། །བློ་ལྡན་གྱི་གང་ཟག་རྣམས་ཀྱིས་ནི་སོར་བྱང་སྔགས་གསུམ་ལས་བསྟན་པའི་བླ་མའི་མཚན་ཉིད་རྣམས་དང་ལྡན་མི་ལྡན་འབའ་ཞིག་ལ་གཟིགས་པ་ཡིན་པས་རྣམ་ཐར་འདིའི་མགོ་ནས་མཇུག་བར་གྱི་བརྗོད་དོན་ཡང་དེ་དག་གིས་བྱེད་ཅི་ཐུབ་བྱས་པ་ཡིན་ནོ། །དེ་ལྟར་ཐེག་པ་མཆོག་གིས་རྣལ་འབྱོར་བ་འདི་ཉིད་ལྟ་བ་ནམ་མཁའ་ལྟར་མཐོ་ཡང་། ལས་རྒྱུ་འབྲས་ཀྱི་གནས་ཀུན་ལ་སྤྱོད་པ་ཤིན་ཏུ་ཞིབ་པའི་ཚུལ་ཕྱོགས་ཙམ་ནི། མགོན་པོ་གང་གི་སྲིང་མོ་དེ་མཉམ་ལས་ཁང་གི་འོ་མ་སྲུབ་མཁན་ཡིན་པས་ནམ་རྒྱུན་འོ་མ་བསྲུབ་དུ་འགྲོ་དགོས་ཀྱང་ཐེངས་རེ་མོ་ལ་མགོ་ན་རྒྱུ་ཞིག་ཡོད་པས་ནད་ཀྱི་དབང་གིས་འགྲོར་མ་ཐུབ་ཚེ་མགོན་པོ་གང་ཉིད་བྱོན་ནས་སྲིང་མོའི་ཚབ་དུ་འོ་མ་བསྲུབ་པ་སོགས་བྱེད་བཞིན་ཡོད་ལ། འོ་མ་སྲུབ་མཁན་དག་ལ་མཉམ་ལས་གཞུང་ནས་ནངས་ཞོ་རེ་བླུད་རྒྱུ་ཡོད་མོད། མགོན་པོ་གང་གིས་ཐབས་ཅི་ཡོད་ཀྱིས་དེ་ནི་སྤྱི་རྒྱུ་ཡིན་པར་དགོངས་ནས་མི་གསོལ་བར་མ་ཟད་རྗེ་ཉིད་དང་འབྲེལ་ཡོད་ཀྱི་ནང་མི་རྣམས་ལ་ཡང་ལས་འབྲས་ཀྱི་སྐོར་ནས་གསུང་ཅི་རིགས་གནང་གི་ཡོད་པར་མངོན་ཏེ། སྐུའི་སྲིང་མོར་གཏོགས་པ་རྡོ་རྡེས་ལ་ཁྱོས་མཉམ་ལས་ཁང་གི་ནངས་ཞོ་འདི་འཐུང་གི་ཡོད་དམ་གསུངས་པས། མོས་ངས་ནི་འཐུང་གི་ཡོད་ཅེས་ཞུས་པས་ཁྱོད་ལ་ཁག་ཡོད་ནི་མ་རེད་ད་ལྟའི་དུས་འདིར་མུག་གེ་ཆེ་ནི་རེད། འོན་ཀྱང་ངས་ནི་ཐབས་ཅི་ཡོད་ཀྱིས་འཐུང་གི་མེད། འདི་སྤྱི་རྒྱུ་ཡིན་པས་གཏན་ནས་རུང་ནི་མ་རེད། ཁྱོས་གལ་ཏེ་འཐུང་དགོས་ཐུག་ཀྱང་ས་ཏྭ་ཡིག་བརྒྱ་རེ་འདོན་རྒྱུ་མ་འཆུག་གསུངས་པ་དང་། ཡང་སྐོར་ཞིག་རང་དགོན་གྱི་འདུ་ཁང་གོང་མ་གསར་བཞེངས་བྱས་ནས་ཤིང་བཞོག་མང་པོ་བྱས་ཚེ། འབུར་ལེན་དང་སོག་ལེ་སོགས་ཀྱི་ཤིང་ཕྱེ་མང་དུ་བྱུང་བ་ཐམས་ཅད་ཀྱིས་བླངས་ནས་མེ་ཁ་གསོ་བ་དང་འབུད་ཤིང་བྱས་ཤིང་། ལས་འཛིན་པ་རྣམས་ཀྱིས་ཀྱང་གནང་བ་ཐོབ་པས་མགོན་པོ་མཆོག་ཚང་གི་དགོན་ཁང་སྲུང་ནས་ཡོད་པའི་ཉེ་འབྲེལ་གྱི་རྒད་པོ་ཞིག་གིས་ཀྱང་ཤིང་ཕྱེ་ཅུང་ཙམ་བླངས་བའི་ཚུལ་དེ་གསན་པས། ཐུགས་ཤིན་ཏུ་མ་རངས་བའི་རྣམ་པས་གཙུག་ལག་ཁང་གི་དཀོར་ཡིན་པས་གཏན་ནས་མི་རུང་བར་གསུངས་པ་དང་། ཡང་རང་དགོན་གྱི་འདུ་ཁང་འོག་མ་གསར་བཞེངས་བྱེད་དུས་སུ་སྔར་གྱི་གྱང་ཆག་དག་མར་བཤིག་ནས་ཕྱིར་འཕོ་བའི་དུས་སུ་གྲྭ་ཁང་འགའི་ཐོག་ཁེབ་ཀྱི་ཆེད་སོགས་སུ་མང་དུ་བླངས་ཤིང་ལས་འཛིན་པ་རྣམས་ཀྱིས་ཀྱང་གནང་བས་རྒད་པོ་ཞིག་གིས་དགོན་ཁང་གི་ཐོག་ཁའི་གྱོ་མོའི་ཆེད་དུ་གྱང་ཆག་འགའ་བླངས་པ་མགོན་པོ་གང་གིས་གསན་ནས་དེ་རིགས་གཏན་ནས་མི་རུང་བར་མང་དུ་གསུངས་པ་དང་། སྤྱིར་འདི་རིགས་རྣམས་ཕར་ལྟས་ཚོད་ལ་ས་ལུད་དང་ཤིང་ཕྱེ་འདི་དག་གཙང་སེལ་བྱས་ན་ས་ཡངས་ཤིང་ལས་ཀ་བྱེད་བདེ་བ་སོགས་ལ་ཕན་ཞིང་། ལས་འཛིན་རྣམས་ཀྱིས་ཀྱང་དེ་རིགས་ལ་དགོངས་པ་ཡིན་པས་འདུ་ཁང་གསར་བཞེངས་སོགས་ལ་ཕན་ལས་གནོད་པ་མེད་པ་ཡིན་མོད། སྔོན་རྫ་སྟོད་ལྕང་མ་ལུང་དུ་དགེ་འདུན་པ་ལ་གསོལ་ཚིགས་དྲངས་བའི་ལྷག་མོ་ཉུང་ཙམ་ཡོད་པ་ཅིས་ཀྱང་ཆུད་སོས་སུ་འགྲོ་བར་གཟིགས་ནས་དགེ་སྐོས་ཤིག་ཡོད་པས་ཐུབ་དགའ་ཡིད་བཞིན་ནོར་བུ་ལ་གསོལ་ཚིགས་ལྷག་མོ་འདི་བདག་གིས་འཐུང་བཏང་ན་ཉན་ནམ་ལགས་ཞུས་ཚེ་གཏན་ནས་རུང་ནི་མ་རེད་གསུངས། འོ་ན་ཁྱི་ལ་བླུད་བཏང་ན་ཆོག་གམ་ལགས་ཞུས་ཚེ་ཅི་ཟེར་ཁྱོད་དགེ་སློང་མང་ཐོས་ཚུལ་ལྡན་ཞིག་གིས་འཐུང་མ་ཆོག་ན་ཁྱི་ཞིག་གིས་ཅི་ལ་རུང་གཏན་ནས་ཉན་ནི་མ་རེད་གསུངས། འོ་ན་ཅི་བྱེད་ལགས་ཞུས་ཚེ་ས་འོག་ཏུ་བླུགས་ཐོངས་གསུངས་པ་ལྟ་བུ་ཡིན་པས་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ནི་བཅོམ་ལྡན་འདས་ཁོ་ནས་གཟིགས་པ་ལས་རྟོག་གེའི་རིགས་ལམ་ཕྲ་མོས་བསྒྲུབ་མི་ནུས་པས་ཅིས་ཀྱང་ལས་འབྲས་ཀྱི་རྣམ་བཞག་སྤྱི་དང་ཁྱད་པར་དགེ་འདུན་པ་དང་འབྲེལ་བའི་ལས་རྣམས་ལ་ཤིན་ཏུ་ནས་ཀྱང་འཛེམ་དགོས་ངེས་སུ་མཆིས་སོ་སྙམ་མོ། །ཡང་བགྲང་བྱ་སུམ་ཅུའི་སྔོན་རྣམས་སུ་མགོན་པོ་མཆོག་ཀྱང་རང་དགོན་གྱི་སྒྲུབ་མཆོད་རྣམས་སུ་ཅི་རིགས་རེ་བྱོན་པ་ཡིན་འདུག་ལ་དེ་དུས་གཙུག་ལག་ཁང་གི་ནང་དུ་བྱོན་ཚེ་ཆག་ལྷམ་སྒོ་ཤུབ་ནང་ནས་ཕུད་དེ་གཙུག་ལག་ཁང་དུ་ལྷམ་གཏན་ནས་མནབ་མི་དར་ཞེས་མཁན་ལྷ་པུག་སོགས་ཀྱིས་གསུངས་བཞིན་འདུག་ལ། དེ་དུས་ནི་མགོན་པོ་འདི་གཅིག་པུ་མ་གཏོགས་ཐམས་ཅད་ཀྱིས་དྲི་མས་གོས་པའི་ལྷམ་སྐྱུག་བྲོ་བ་རེ་གྱོན་ནས་ཐ་ན་གྲལ་གདན་ཡན་ཆད་ཀྱི་སྟེང་ནས་སྤོས་ཏེ་འགྲོ་བ་ལས་གཙུག་ལང་ཁང་དུ་འགྲོ་ཚེ་ལྷམ་ཕུད་དགོས་པའི་སྐོར་གྱི་བསམ་བློ་ཞིག་སུ་ལའང་མེད་པས་གྲྭ་ཆུང་རྣམས་ཀྱི་ཐུགས་སུ་ཅི་འདྲའི་བན་རྒན་ཕྱིན་ཅི་ལོག་ཅིག་དགུན་ཙག་ངར་གྱི་སྒང་འདི་ལྟ་བུ་ཞིག་ལ་ད་དུང་ལྷམ་ཕུད་དེ་འདུ་ཁང་ནང་དུ་རྐང་ལྗེན་མར་འགྲོ་གི་འདུག་སྙམ་པའི་དགོད་འཆོར་པའི་ཀུན་རྟོག་ཅིག་ཀྱང་སྐྱེས་མེད་དམ་སྙམ་པ་ཞིག་བྱུང་ངོ་། །ཡང་སྐོར་ཞིག་མགོན་པོ་གང་ཉིད་རང་དགོན་གྱི་དུས་མཆོད་ཅིག་ལ་བྱོན་པས་གདུང་གྲལ་གོང་མའི་གྲལ་མགོ་རུ་བཞུགས་སུ་གསོལ་ཞིང་སྐུ་རྒྱབ་དུ་ཀ་རིང་ཞིག་དང་ཁེལ་འདུག་པས་ཕར་ཀ་བ་ལ་ཅུང་ཟད་སྙེས་ན་སྟབས་བདེ་ཞིང་ཁྱད་པར་དུ་དེ་དུས་མགོན་པོ་གང་གི་སྐུ་སྟོད་སྙུན་གྱིས་ཟིན་ནས་སྐུ་རྒྱབ་སྙེས་ས་རེ་ཡོད་དགོས་པའི་དུས་དམིགས་བསལ་བ་ཞིག་ཀྱང་ཡིན་མོད། ཉིན་བདུན་ཕྲག་ཙམ་དུ་བཞུགས་ཀྱང་ཀ་བ་ལ་སྐུ་རྒྱབ་གཏན་ནས་མ་སྙེས་བར་མཐོང་ཐོས་ཀུན་ལ་སེམས་འགུལ་ཐེབས་སུ་བཅུག་ཅིང་། ༈ དེ་ཡང་མགོན་པོ་གང་གི་ཞལ་ནས། ང་ཅུང་མིན་ན་ཁོག་སྟོད་ན་ནས་འདུག་མ་བཟོད་ཀྱང་། མདོ་ལས། དགེ་འདུན་གྱི་རྫས་ལ་ཤ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་ཡོད་ཨོས་དར། དེའི་ཕྱིར་གཙུག་ཁང་གི་ཀ་བར་ནི་ཐུག་མ་ཕོད། ཅེས་མཁན་བསླབ་གསུམ་སོགས་ལ་ཞལ་འཕྲོས་སུ་ཕེབས་པ་དང་། ཡང་སྐོར་ཞིག་དགུ་ཆེན་གྱི་གར་འཆམ་ལ་གཟིགས་པའི་སྐབས་ཤིག་ན། དེ་དུས་མཇལ་བ་རྣམས་འདུག་ཕྱོགས་སུ་ལྷ་ཁང་གི་ཆེད་དུ་བསྔོས་པའི་སྡོང་དུམ་མང་དུ་ཡོད་པར་སྐྱ་སེར་ཐམས་ཅད་ཀྱིས་དེ་དག་གི་ཐོག་ལ་བུད་པ་དང་འདུག་སྟེགས་བྱེད་པ་སོགས་ཅི་འདོད་དུ་ལོངས་སུ་སྤྱད། འོན་ཀྱང་མགོན་པོ་མཆོག་འདི་གཅིག་པུས་སྡོང་དུམ་དེ་དག་ལ་བཀོལ་སྤྱོད་བྱེད་པ་ལྟ་ཅི་ཐ་ན་ཐོག་ནས་ཀྱང་མི་བརྫི་བར་གཟུར་ཏེ་བྱོན་ནས་འདི་ནི་སྤྱི་རྒྱུ་ཡིན་པས་གཏན་ནས་རུང་ནི་མ་རེད་ཅེས་དྲུང་མ་མོ་དག་ལ་གསུངས་པ་དང་། དེ་དང་མཚུངས་པར་དགེ་འདུན་པ་སྤྱིའི་རྒྱུ་ཐོག་ནས་ཕུལ་བའི་དངོས་པོ་གང་ཡང་མི་བཞེས་ཏེ། ཉེ་དུས་རྣམས་སུ་ཆོས་ཁྲིད་རེ་རེ་གསུངས་བའི་སྐབས་རྣམས་སུ་དགོན་གཞུང་ནས་འབུལ་བ་གཏོས་ཆེ་ཙམ་རེ་བྱས་པས་གལ་ཏེ་སྐོར་གཅིག་གི་འབུལ་བ་ཙམ་བཞེས་ཀྱང་དམངས་སྒོར་ཁྲི་ཚོ་བརྒྱ་ཕྲག་རེའི་རིན་ཡོད་ངེས་སྙམ་མོད། ཐ་ན་ཁ་དར་ཡུག་གཅིག་ཙམ་ཡང་མི་བཞེས་པ་དང་། ཁྱད་པར་དུ་བགྲང་བྱ་བཅུ་ཕྲག་ཙམ་གྱི་སྔོན་དུ་ངེད་ཅག་བཤད་གྲྭ་པ་ཡོངས་རྫོགས་མགོན་པོ་གང་གི་སྐུ་དྲུང་དུ་ཕེབས་ནས་ཚིག་གསུམ་གནད་བརྡེག །བྱང་ཆུབ་སེམས་སྡོམ། རྗེ་ཉིད་ཀྱི་གསུང་ཆོས་ཀྱི་ལུང་སོགས་ཞུས་ནས་མཐར་མཎྜལ་གྱི་དོད་ཙམ་དུ་མི་རེ་རེར་དམངས་སྒོར་བརྒྱ་རེ་བསྡུས་ཏེ་ལྷན་དུ་ཕུལ་བས་འདི་དགེ་འདུན་པའི་སྤྱི་རྒྱུ་ཡིན་པས་བདག་ལ་གཏན་ནས་མི་དགོས་གསུངས་ནས་བཞེས་སུ་མ་གནང་བས། མཐར་སྒོར་མོ་དག་རང་རང་ལ་ཕྱིར་སྤྲད་ནས་མི་རང་རང་གིས་ཕུལ་བས་ཐུགས་མོས་མེད་བཞིན་དུ་བཞེས་པ་ལྟ་བུ་ཡིན་ནོ། །ཡང་ཉེ་བའི་ལོ་ཞིག་སྟེ་རབ་གནས་མེ་བྱ་ལོའི་དབྱར་དུས་སུ་འཁོར་སློབ་ཀྱི་འདུ་བ་མང་པོ་ལ་བྱང་ཆུབ་སེམས་སྡོམ་དང་། སྤྲུལ་ནམ་འཇིགས་ཀྱི་རྫོགས་སྐོར་འགའི་ཆོས་ཁྲིད་གནང་ཚེ་སྤྱིར་མགོན་པོ་གང་གི་སྤྱན་ཧ་ཅང་སྙུན་གཞི་ཆེ་བ་དང་། ལྷག་ཏུ་ཕྱག་དཔེའི་ཐོག་ཏུ་ཡུན་རིང་གཟིགས་ཚེ་སྤྱན་ཆབ་ཅུང་ཟད་འབབ་འདུག་པས་མཚམས་ཤིག་སྤྱན་ཆབ་ཅུང་ཟད་རེ་འདུག་པ་ཕྱག་གིས་ཕྱི་བར་གནང་ཚེ། མཁན་ལྷ་པུག་སྐུ་དྲུང་དུ་ཡོད་པས་རྗེ་ཉིད་ཀྱི་ཁྲིའི་མདུན་ན་བཞག་ཡོད་པའི་གཙང་ཤོག་ལིང་མ་ཞིག་ཕུལ་ཚེ། མགོན་པོ་གང་གི་ཞལ་ནས་འདི་མི་དགོས་དགེ་འདུན་པའི་རྒྱུ་ཡིན་པས་རུང་ནི་མ་རེད། ཅེས་གསུངས་བར་མཛད་པའི་རྣམ་ཐར་འདི་དག་མཇལ་བས། པདྨ་བཀའ་ཐང་ནས། ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་པའི་ལུང་ཚིག་དེ་དག་རང་ཤུགས་ཀྱིས་དྲན་འོང་ངོ་། །དམིགས་བསལ་དུ་གསང་བ་གཏན་ནས་མི་གནང་བར་ཐད་ཀར་དུ་ཞལ་གྱིས་བཞེས་པ་ནི། སྐུ་ཚེ་འདི་བརྗེས་མ་ཐག་ཏུ་བྱང་ཤམ་བྷ་ལའི་རིགས་ལྡན་མ་འགགས་པའི་སྐུ་དྲུང་དུ་སྐྱེ་བ་བཞེས་རྒྱུ་ཡིན་པ་འདི་གཅིག་པུ་ཡིན་ལ། དེ་ཡང་མགོན་པོ་གང་ཉིད་གསེར་རྟ་སྤྲུལ་མདོ་སྔགས་ཀྱི་དགེ་བསྙེན་ནང་དུ་གདན་འདྲེན་ཞུས་པ་བཞིན་ཕེབས་ནས་བར་དོ་དྲུག་ཁྲིད་སོགས་གདམས་པ་མང་དུ་གནང་། སྐོར་ཞིག་གཏེར་སྟོན་ཨོ་ཤེར་མཆོག་མདུན་དུ་ཕེབས་ནས་ཁྱེད་ཀྱི་སྐུ་ནི་མཐོང་གྲོལ་རེད། གསུང་ནི་ཐོས་གྲོལ་རེད། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ང་རྒད་པོས་དཔག་མི་ཐུབ་གི ཁྱེད་ཀྱིས་ང་སྐྱེ་བ་ནས་ཚེ་རབས་ཀུན་དུ་ཐུགས་རྗེས་འབོར་མི་ཉན། ཁྱེད་ཉིད་སྐུ་འདའ་ཚེ་དག་པའི་ཞིང་ཁམས་གང་ལ་ཐུགས་སྣ་གཏད་རྒྱུ་ཡིན་ཞུས་ཚེ། མགོན་པོ་གང་གི་ཞལ་ནས་བདག་ནི་བྱང་ཤམ་བྷ་ལར་འགྲོ་རྒྱུ་ཡིན་གསུངས་པས། ཡང་གཏེར་སྟོན་མཆོག་གིས་བདག་ནི་ཚེ་འདི་འཕོས་མ་ཐག་ཏུ་ཀོང་པོའི་ཡུལ་དུ་སྐྱེ་བ་གཅིག་ལེན་དགོས། ལོ་བཞི་བཅུ་ལྷག་ལས་མི་ཐུབ། དེ་ནས་བྱང་ཤམ་བྷ་ལ་རུ་ཡོང་རྒྱུ་ཡིན། དེ་དུས་འུ་ཅག་ཕན་ཚུན་ངོ་ཤེས་བཞིན་དུ་འཕྲད་ནས་བསྟན་པ་དང་སེམས་ཅན་གྱི་དོན་ལྷན་ཅིག་ཏུ་བསྒྲུབ་དགོས། ཞེས་གསུངས་པས་མགོན་པོ་གང་གིས་ཀྱང་ལགས་སོའི་ཞལ་བཞེས་གནང་ཞིང་། གཏེར་སྟོན་མཆོག་གིས་ཀྱང་ཁོང་གིས་སྐུ་ཚེ་འདིར་བསྟན་འཛིན་གྱི་སྐྱེས་བུ་གསུམ་གྱི་སྐུ་ཚེ་བསྲིངས་བའི་རྟེན་འབྲེལ་ཡོད་པས་གཅིག་ནི་ཁྱེད་ཉིད་ཡིན་ཞེས་མགོན་པོ་མཆོག་གི་སྐུ་ཚེ་ཡང་རིང་དུ་བསྲིངས་བ་རེད་ཅེས་གླེང་པ་ཞིག་ཀྱང་ཐོས་སོ། །ཤམ་བྷ་ལར་འབྱོན་པ་འདི་ནམ་རྒྱུན་ཞལ་འཕྲོས་སུ་ཕེབས་བཞིན་ཡོད་དེ། སྐོར་ཞིག་ཕྲན་ལ་ཡང་གསུང་རྒྱུར། སྔོན་ཆད་སྤྲུལ་སྐུ་ནམ་འཇིགས་ཀྱིས་རྨུགས་སངས་བཀྲ་ཚོགས་ཟེར་བའི་སློབ་མ་ཞིག་ལ། བོད་པ་སྤྲུལ་སྐུ་དཔལ་སྤྲུལ་ཚང་གི་གསུང་གི་སྤྲུལ་སྐུ་ཡིན་ནི་རེད། ང་ཐུགས་ཀྱི་སྤྲུལ་སྐུ་ཡིན། ཐུབ་དགའ་ཡིད་བཞིན་ནོར་བུ་མཛད་པ་ཕྲིན་ལས་ཀྱི་སྤྲུལ་སྐུ་ཡིན་ནི་རེད། ངེད་རྣམས་སྐུ་འདའ་བའི་ཚུལ་ཡང་དཔེར་ན་མི་ཞིག་འཆི་བའི་དབང་དུ་བྱས་ན་དང་པོ་བྱ་བའི་མཚམས་འཇོག་པ་བཞིན་ཐུབ་དགའ་ཡིད་བཞིན་ནོར་བུས་ཞིང་བརྗེ་ནི་རེད། དེ་ནས་མི་དེའི་ངག་སྨྲ་མི་ཐུབ་པར་འགྱུར་བ་བཞིན་བོད་པ་སྤྲུལ་སྐུས་ཞིང་བརྗེ་ནི་རེད། རྗེས་སུ་མི་དེའི་རྣམ་ཤེས་འགག་པ་བཞིན་ང་རྗེས་མ་བྱེད་ནི་རེད། ད་སྐབས་ངེད་རྣམས་བྱང་ཤམ་བྷ་ལའི་དམག་བསྡུ་རུ་ཡོང་བ་ཡིན་གསུངས་མྱོང་ནི་རེད། ཕྱིས་སུ་ངོ་མ་ཁོང་རྣམས་ཀྱང་དེ་ལྟར་འདས་ཐལ། ངས་ཁོང་རྣམ་པ་གསུམ་གྱི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་དང་གདམས་པ་མང་དུ་་ཐོབ་མྱོང་པ་ཡིན། དུས་འཁོར་གྱི་དབང་ཐོབ་མཁན་ཞིག་ཡིན་ནས་བཟུང་དམྱལ་བ་མནར་མེད་དུ་ཡོད་ཀྱང་རིགས་ལྡན་དྲག་པོའི་དུས་སུ་ཤམ་བྷ་ལར་སྐྱེ་བ་དམ་ཚིག་ཡིན་ནི་རེད་ཅེས་སོགས་དང་། གཞན་ཡང་བྱང་ཤམ་བྷ་ལའི་ཡུལ་གླིང་གི་བཀོད་པ། རྒྱལ་བློན་འབངས་འཁོར་གྱི་རྣམ་ཐར། གྲོང་ཁྱེར་དང་ཚེ་ཚད། ད་བར་རིགས་ལྡན་སུ་ཞིག་ཁྲི་བ་བཞུགས། ཕྱིས་སུ་སུ་འབྱོན། དུས་ནམ་གྱི་ཚེ་ན་རིགས་ལྡན་དྲག་པོས་དམག་འདྲེན་ཚུལ་དང་། ཀླ་ཀློའི་རྒྱལ་བློན་གང་དག་སྒྲོལ་ཚུལ། གསང་སྔགས་ཕྱི་དར་གྱི་བསྟན་པའི་གནས་ཚད་སོགས་སྙན་ལ་མཆི་མ་དཀུ་བ། མོས་གུས་དང་ཡིད་སྨོན་འཆོར་བ་ཞིག་གསུངས་ཀྱང་མང་དག་ནི་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་ནས་སོང་འདུག་ལ། གང་ལྟར་མགོན་པོ་མཆོག་གིས་ཞིང་འདི་བརྗེས་མ་ཐག་ཏུ་རྩ་བའི་བླ་མ་ཐུབ་དགའ་ཡིད་བཞིན་ནོར་བུ་དངོས་སུ་བཞུགས་པའི་བྱང་ཕྱོགས་ཤམ་བྷའི་ཞིང་དུ་སྐུ་སྐྱེ་བཞེས་རྒྱུ་ཡིན་པར་འདུག་ངེས་པས། ཤམ་བྷ་ལའི་སྨོན་ལམ་ཞིག་ཀྱང་གསུངས་པ་ད་ལྟ་གསུང་ཆོས་ཀྱི་ཁྲོད་དུ་བཞུགས་པས་མགོན་པོ་མཆོག་དང་ཚེ་རབས་ཀུན་དུ་མི་འབྲལ་བར་ཟབ་རྒྱས་ཀྱི་གདམས་པ་ལ་ལོངས་སུ་སྤྱོད་འདོད་རྣམས་ཀྱིས་བདེན་ཚིག་གྲུབ་པའི་སྨོན་ལམ་ཁྱད་པར་ཅན་འདི་ཉིད་ཐུགས་དམ་དུ་བྱེད་དགོས་པར་འདུག་གོ་སྙམ་པའི་ཀུན་རྟོག་ཅིག་ཀྱང་སྐྱེས་སོ། །དེ་ཡང་རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་སློབ་ཚོགས་རྣམས་ནི་སྤྱིར་རྣམ་ཐར་རྣམས་སུ་བླ་མ་རྣམས་ཀྱི་སློབ་ཆེན་དག་གི་མཚན་འགོད་ཚུལ་ཞིག་དང་། དེ་དག་ལས་མཁན་སྤྲུལ་དག་གི་མཚན་ཐོ་གོང་བསྒྲིག་པ་སོགས་མཆིས་མོད་མགོན་པོ་གང་གི་སློབ་ཆེན་རྣམས་ཀྱི་མཚན་ནས་སྨོས་ན་ནི་ཤིན་དུ་མང་བས་ཅུང་ཟད་ཉོབ་དོགས་དང་། ལ་ལ་ནི་བརྗེད་ངེས་སུ་ཕྱིན་ནས་མཚན་ཐོ་མི་ཐེབས་པ་ཡང་སྲིད་པས་དེ་རིགས་སྐྱུང་བར་སེམས་ཤིང་། གལ་ཏེ་རྗེ་ཉིད་ཀྱི་སློབ་མར་གྱུར་བའི་མཁན་སྤྲུལ་དག་གི་མཚན་ནས་སྨོས་ན་ཡང་མཁན་སྤྲུལ་སྟོང་ཕྲག་ཁ་ཤས་རེའི་མཚན་ཐོ་འགོད་དགོས་སུ་འདུག་པས་ད་ནི་ཐམས་ཅད་ཕྱོགས་གཅིག་ཏུ་བྱས་ནས་མཚན་གྱི་རྣམ་གྲངས་མི་འགོད་པའི་ལས་སུ་བྱས་པ་ཡིན་ལ། མདོར་ན་གསེར་ཐང་བླ་རུང་སྒར་དང་། ལི་མདོ་ཆོས་སྒར། ཡ་ཆེན་ཆོས་སྒར། ཨ་རིག་ཆོས་སྒར་སོགས་ཆོས་སྒར་ཆེ་གྲས་རྣམས་དང་། གདན་ས་ཆེ་ཁག་དྲུག་སོགས་སྔ་འགྱུར་དང་། ས་དགེ་བཀའ་འབྲུག་ཇོ་ནང་སོགས་རིས་མེད་ཀྱི་ཆོས་སྡེ་རྣམས་ཀྱི་འཕགས་བོད་བལ་ཡུལ་སོགས་ནས་ཕེབས་པའི་བསྟན་དང་འགྲོ་ལ་ཕྱག་རྗེས་བླ་ན་མེད་ཅིང་སྙན་གྲགས་འཛམ་གླིང་ལ་ཁྱབ་པ་ལྟ་བུའི་མཁས་པའི་དབང་ཕྱུག །གྲུབ་པའི་སྐྱེས་བུ་སོགས་སློབ་ཚོགས་ཁྲི་ཕྲག་དུ་མ་ཟབ་རྒྱས་ཀྱི་གདམས་པས་སྐྱེད་བསྲིངས་བྱས་ནས་ད་དུང་ཕྱོགས་དང་རིས་སུ་མ་ཆད་པའི་གདུལ་བྱ་རྣམས་ལ་སྨིན་གྲོལ་ཀྱི་གདམས་པ་གནང་བཞིན་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ལ་སོན་ཞིང་བསྟན་དང་འགྲོ་བའི་དཔལ་དུ་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བཞུགས་བཞིན་པ་ལགས་སོ། །
རྟེན་འབྱུང་སྒྱུ་མའི་རང་བཞིན་མ་འགག་པས། །
མི་བརྟན་དུས་ཀྱི་ཕོ་ཉས་གཙེས་པའི་ཚེ། །
འཇིགས་རུང་བདུད་ཀྱི་རུ་དར་མཐོན་པོ་ཡང་། །
མི་བསྲུན་འབྱུང་པོའི་རླུང་གིས་བསྐྱོད་མཚམས་བཞག །
སླར་ཡང་བསིལ་ལྡན་ཡངས་བའི་འཁོར་ཡུག་ཏུ། །
རྒྱལ་བསྟན་ཉིན་མོར་བྱེད་པའི་གཟི་འོད་དེ། །
འདྲེན་པའི་ཤིང་རྟ་སུ་ཞིག་ཡོད་དོ་ཞེས། །
བློ་ལྡན་འཕྱང་མོ་ཉུག་པའི་ངལ་བ་བླངས། །
བསྟན་འཛིན་འགའ་ཞིག་ཁྲི་མུན་འོག་ཏུ་བཙུད། །
མང་ཞིག་དག་པའི་ཞིང་ཁམས་སོ་སོར་ཐལ། །
རེ་ཟུང་ལན་ཆགས་ནག་མོའི་བྲན་དུ་གྱུར། །
ད་ནི་ཇི་ལྟར་བྱེད་ཅེས་ངུད་མོ་འཆོར། །
དེའི་ཚེ་སྐབས་གསུམ་ཡུལ་གྱི་ལྷ་བུ་ཚོས། །
ཀྱེ་མ་འཛམ་གླིང་མི་རྣམས་ཇི་འདྲའི་བླུན། །
འདམ་གྱི་སྦུབས་ན་གནས་པའི་པད་དཀར་འདིའི། །
གསང་གསུམ་ཡོན་ཏན་སུ་ཡིས་གཞལ་ཅེས་བསྒྲགས། །
དེ་ནས་མཚན་སྙན་དབྱར་གྱི་རྔ་གསང་དེས། །
ནོར་འཛིན་ཡངས་བའི་འཁོར་ཡུག་ཁེབ་པའི་མཐུས། །
སྐལ་བཟང་རྨ་བྱའི་བུ་མོའི་ཟློས་གར་ཡང་། །
ཡང་དག་ཐར་བ་མཆོག་གི་ལམ་དུ་བསྒྱུར། །
ད་དུང་དུ་ཡང་བརྒྱུད་གསུམ་བླ་མའི་དྲུང་། །
དབང་ཁྲིད་ལུང་གི་དགའ་སྟོན་ཅི་དགར་བཞེས། །
གསང་གསུམ་ཡོན་ཏན་འབྲས་བུའི་ཕུང་པོ་ཡང་། །
དབྱར་གྱི་ཆུ་གཏེར་བཞིན་དུ་ཆེས་ཆེར་འཕེལ། །
ཁྱད་པར་རིགས་བདག་བླ་མའི་བཀའ་ལུང་བཞིན། །
དབེན་པའི་རི་ནས་སྒྲུབ་པའི་རྒྱལ་མཚན་བཙུགས། །
འོན་ཀྱང་སྙན་པའི་གྲགས་དཀར་འཕུར་ཆེ་བས། །
སློབ་ཚོགས་འཕེལ་བའི་འདུ་འཛིས་ཐུགས་མ་དགྱེས། །
འདི་ནི་སྟོན་དང་བསྟན་པ་གཉིས་ཡིན་ཞེས། །
འདྲེན་པ་རང་གིས་བསྔགས་པའི་གཞི་གསུམ་ལས། །
རྒྱལ་བསྟན་སླར་ཡང་གསོ་བའི་གཞི་མར་བཙུགས། །
ཡང་དར་བསྟན་པའི་ཤིང་རྟ་དངོས་སུ་བྱས། །
ཁྱད་པར་སྲིད་ལས་ངེས་པར་འབྱུང་བའི་བློས། །
ཐར་བའི་སྒོ་འཕར་བསྙེགས་པའི་ལྷ་ཕྲུག་ཚོར། །
རྣམ་དག་འདུལ་བའི་བསླབ་ཁྲིམས་ཆེར་གནང་བས། །
ངུར་སྨྲིག་འཛིན་པས་ས་འདི་གང་བར་བྱས། །
རིམ་གཉིས་འདོད་འབྱུང་ཡིད་བཞིན་དབང་གི་རྒྱལ། །
བསྙེན་སྒྲུབ་རྣམ་བཞིའི་རྒྱལ་མཚན་རྩེར་མཆོད་པས། །
མཆོག་ཐུན་དངོས་གྲུབ་བྱེ་བའི་དགའ་སྟོན་ལ། །
ཅིག་ཅར་བདག་གིར་བྱས་པའི་མཛད་པ་བསྟན། །
རང་སྣང་དབང་དུ་འདུས་པའི་རྩེ་དགའ་ལས། །
སྣང་ཚད་ཆོས་ཀུན་བྲན་དུ་བྱེད་ངེས་པས། །
མ་ངེས་གྲུབ་པའི་རྟགས་མཚན་ཅི་རིགས་ཀྱང་། །
མ་ཁོག་གདུལ་བྱའི་ཁྱོན་ལ་རེ་ཟུང་ཤོར། །
ཁྱད་པར་སོར་བྱང་སྔགས་ཀྱི་སྡོམ་པ་གསུམ། །
ཉེས་བྱས་ཕྲ་མོས་གོས་པར་མ་གནང་བས། །
ངོ་མཚར་བསླབ་ཁྲིམས་གཙང་མའི་དྲི་བསུང་དེས། །
བློ་ལྡན་གདུལ་བྱའི་ཡིད་སྣང་དབང་མེད་བཀུག །
མཐའ་མེད་འགྲོ་བའི་མཐའ་རུ་སྙོམ་བརྡལ་བའི། །
དམིགས་མེད་བརྩེ་ཆེན་བྱམས་པའི་ཞགས་པ་དེས། །
ཟག་མེད་འབྲས་བུའི་བཅུད་ལ་དབང་མོད་ཀྱང་། །
མགོན་མེད་འགྲོ་བའི་ཁམས་འདི་ཡོངས་མ་བཏང་། །
སྣང་སྲིད་དག་མཉམ་ལྟ་བའི་གཞི་མལ་ནས། །
སྟེང་འོག་སྒོམ་པའི་རྩལ་ཆེན་རྫོགས་ན་ཡང་། །
ཆེར་སྙིགས་དུས་ཀྱི་བསྟན་པའི་མཛེས་རྒྱན་དུ། །
ཉན་ཐོས་དྲང་སྲོང་རྒན་པོའི་རྟུལ་ཞུགས་བཟུང་། །
ཕྲ་རགས་གྱ་གྱུར་གཡོ་བའི་ཀུན་རྟོག་ཀུན། །
ཆོས་ཟད་གཞི་དབྱིངས་ཆེན་པོར་ལ་ཟློས་ཀྱང་། །
ཆོས་ཅན་སྒྱུ་མའི་སྣང་ཆ་མ་འགག་པའི། །
བསླུ་མེད་ལས་འབྲས་གནས་ལ་བླང་དོར་གཙང་། །
རྗེ་བཙུན་བླ་མའི་གསང་གསུམ་མཛད་པའི་ཚུལ། །
སྙན་འཇེབས་ངག་གི་གླིང་བུར་བཀུག་པའི་ཚེ། །
བློ་ཆུང་བདག་གི་བློ་གྲོས་མི་འཛད་ན། །
བློ་ལྡན་གཞན་གྱིས་མཁྱེན་རབ་ལྟ་ཅི་སྨོས། །
ཞེས་པའང་སྐབས་བསྡུ་བའི་ཚིགས་བཅད་དོ། །
ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ལས་ཡང་དར་བསྟན་པའི་ཉི་མ་སླར་ཡང་གསལ་བའི་དུས་སུ་སྐལ་ལྡན་སྨིན་གྲོལ་གྱི་ལམ་ལ་བཀོད་ཚུལ་གྱི་སྐོར་དེ་རེ་ཞིག་རྫོགས་པར་བྱས་སོ།། །།
གསུམ་པ། སྤྱི་སྡོམས་ཉུང་ངུས་མཇུག་བསྡུ་བ།
དེ་ཡན་གྱི་རྣམ་ཐར་དངོས་ཀྱི་དོན་རྣམས་ལེགས་པར་གྲུབ་སྟེ་འདིར་དམ་པའི་ཚུལ་དགུ་དང་སྦྱར་བའི་རྣམ་ཐར་གྱི་སྤྱིའི་སྡོམས་ཉུང་ངུ་ཞིག་ཕྱོགས་གཅིག་ཏུ་བཀོད་ན་ཐོས་བསམ་བྱེད་བདེ་ཞིང་། དབང་རྣོན་གྱི་གང་ཟག་རྣམས་ཀྱིས་ནི་གོང་གི་ཞིབ་རྒྱས་ཀྱི་དོན་དེ་དག་ལས་བླ་མའི་གསང་གསུམ་གྱི་ཡོན་ཏན་མཐའ་དག་རྟོགས་ངེས་མོད། གཞུང་ལུགས་རྣམས་ལ་ཐོས་བསམ་ལྟ་ཅི་ཐ་ན་ཡིག་ངོ་དག་མོ་ཞིག་ཀྱང་མི་ཆོད་པའི་སྐྱེ་བོ་རྣམས་ཀྱིས་ནི་ཡིག་ཚོགས་མང་ཞིང་ཕལ་མོ་ཆེ་ཡིག་སྐད་ཀྱི་རྣམ་པར་བྱས་པའི་རྣམ་ཐར་དངོས་ལས་ནི་དེ་ཡིན་དང་འདི་མིན་གྱི་གོ་བ་སྣ་གཅིག་ཀྱང་མི་རྙེད་ཤས་ཆེ་བས་དེ་དག་དང་། གཞན་བྱ་བའི་བྲེལ་ཟང་གི་དབང་དུ་གྱུར་བས་ཐམས་ཅད་ལ་ལྟ་ཀློག་བྱེད་ཁོམ་མེད་པ་དག་ལ་ཡང་དགོས་མཁོ་ཧ་ཅང་ཆེ་བ་སོགས་ལ་དམིགས་ནས་དམ་པའི་ཚུལ་དགུའི་ཡོན་ཏན་རྣམས་དཀྱུས་གཅིག་ཏུ་འགོད་པ་ལ།
དང་པོ་ཐོས་བསམ་སྒོམ་གསུམ་གྱི་རྣམ་ཐར།
དང་པོ་ཐོས་པར་བྱས་པའི་ཚུལ་ནི། ཐུན་མོང་རིག་གནས་དབུ་ཅན་དབུ་མེད་ཀྱི་བྲིས་གཟུགས། སའི་དཔྱད། སྐར་ནག་གི་རྩིས་གཞུང་སོགས་དང་། ཐུན་མིན་ནང་དོན་རིག་པའི་སྐོར་ལ་མདོ་ཕྱོགས་ནས་གཞུང་བཀའ་པོད་ལྔ། སྔགས་ཕྱོགས་ནས་བཀའ་གཏེར་གྱི་གཞུང་ཕལ་ཆེར་སོགས་ལ་ཐོས་པར་བྱས་ནས་མང་ཐོས་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་སོན་པར་བྱས་པ་ཡིན་འདུག་ལ། མདོར་ན་དགུང་གྲངས་བཅོ་བརྒྱད་ཙམ་ནས་ད་ལྟའི་བར་དུ་དཔྱད་གསུམ་དག་པའི་གཞུང་ལུགས་ཀུན་ལ་གསན་བཞེས་མཐར་ཆགས་སུ་གནང་བ་ནི་ཐོས་པའི་རྣམ་པར་ཐར་བའོ། །
གཉིས་པ་ཐོས་དོན་བསམ་པའི་ཚུལ་ནི། མདོ་སྔགས་ཀྱི་གཞུང་ལུགས་དེ་དག་རང་བཞིན་གྱི་ཐོས་པ་རྐྱང་བ་ཙམ་མིན་པར་ཐུགས་སྟོབས་དང་བརྩོན་འགྲུས་དྲག་པོས་རེ་རེ་ནས་ལུང་རིགས་ཀྱི་སྲང་ལ་གཞལ་ཞིང་དགག་སྒྲུབ་རིགས་པའི་འཕྲུལ་ལས་དྲངས་ཏེ་གཏན་ལ་ཕབས་པར་བྱས་ནས་ཐེ་ཚོམ་དང་སྒྲོ་འདོགས་ཀྱི་འཕྲང་ལས་གྲོལ་ཏེ་ཡང་དག་པའི་ངེས་ཤེས་ཀྱི་གནས་ལ་བཀོད་པ་ནི་བསམ་པའི་རྣམ་པར་ཐར་བའོ། །
གསུམ་པ་བསམ་དོན་བསྒོམས་པར་བྱས་པའི་ཚུལ་ནི། ཐེག་པ་དང་གྲུབ་མཐའ་སོ་སོའི་ལུགས་ན་སྲིད་པའི་ཆུ་བོ་ལས་སྒྲོལ་ཞིང་ཞི་བའི་སྐམ་སར་དུ་འདྲེན་པའི་ལྟ་སྒོམ་མང་དུ་མཆིས་མོད། ཆུ་བརྒྱ་ཟམ་གཅིག་གི་འོག་ཏུ་ཚུད་པ་ལྟ་བུའི་འོད་གསལ་ཨ་ཏི་ཡོ་གའི་སྙིང་པོའི་ཉམས་ལེན་ལ་གཅིག་ཏུ་བརྩོན་པར་བྱས་པས་ཉམས་རྟོགས་འབྲས་བུའི་ཡོན་ཏན་མཐའ་དག་མངོན་དུ་གྱུར་བ་ནི་སྒོམ་པའི་རྣམ་པར་ཐར་བའོ། །
གཉིས་པ་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར།
དང་པོ་མཁས་པའི་ཚུལ་ནི། མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་གནད་དུ་སྨིན་པར་བྱས་པ་དང་ཁྱད་པར་ནང་དུ་རང་བཞིན་བབས་ཀྱི་བསམ་གཏན་ལ་མཉམ་པར་བཞག་པའི་སྟོབས་ལས་ཤེས་རབ་རང་བྱུང་གི་སྒྲོན་མེའི་རྩལ་ཕྱོགས་མེད་དུ་འབར་བས་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་རྩལ་རྫོགས་པའི་མཁས་པའི་རྣམ་དཔྱོད་ཀྱི་རྩེར་སོན་པ་ཡིན་ཏེ། ཨ་རིག་མཁན་ཆེན་པདྨ་ཚེ་དབང་མཆོག་གི་ཞལ་ནས། དེང་སང་མཁན་པོ་དཔལ་ལྡན་གྱི་མཁས་ཤིག་ཡོད་ས་མ་རེད་ཅེས་ཞལ་འཕྲོས་སུ་ཕེབས་པ་མཁན་སྨུག་རྡོག་བརྒྱུད་ནས་ཐོས་པ་སོགས་ནི་མཁས་པའི་རྣམ་པར་ཐར་བའོ། །
གཉིས་པ་བཙུན་པའི་ཚུལ་ནི། སྲིད་ལས་ངེས་པར་འབྱུང་བའི་རླན་དང་མ་བྲལ་བའི་སོ་ཐར་གྱི་བསླབ་པ་རིན་པོ་ཆེ་གཅེས་སྤྲས་སུ་བྱས་པས་ཉེས་ལྟུང་ཕྲ་མོས་ཀྱང་མ་རེག་པ་དང་། སྨོན་འཇུག་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་བྱང་སེམས་ཀྱི་བསླབ་པ་ལ་ཡང་གཅིག་ཏུ་ཐུགས་དམ་བྱས་ཤིང་། དག་མཉམ་གྱི་ལྟ་བའི་གདེངས་དང་ལྡན་པའི་གསང་བ་རིག་འཛིན་སྔགས་ཀྱི་ས་མ་ཡ་འབུམ་སྡེ་དག་ཀྱང་འཆོལ་བ་མེད་པར་ཀུ་ཤའི་རྩེ་མོ་བཞིན་དུ་བསྲུངས་བར་བྱས་པ་ནི་བཙུན་པའི་རྣམ་པར་ཐར་བའོ། །
གསུམ་པ་བཟང་པོའི་ཚུལ་ནི། ཕྱོགས་དང་རིས་སུ་མ་ཆད་པའི་གདུལ་བྱ་རྣམས་ལ་སོ་སོའི་སྐལ་བ་དང་འཚམ་པར་། དགེ་བ་བཅུའི་ལམ་བསྟན་ཏེ་ལྷ་མའི་ཐེག་པ་ལ་བཀོད་པ་དང་། བསྙེན་གནས་དང་། དགེ་བསྙེན། དགེ་ཚུལ། དགེ་སློང་སོགས་ཀྱི་བསླབ་པ་གནང་སྟེ་དམ་ཆོས་འདུལ་བའི་གནང་བཀག་གི་བསླབ་བྱ་མང་དུ་གནང་ནས་ཕྱི་ཉན་ཐོས་ཀྱི་ཐེག་པ་ལ་བཀོད་པ་དང་། ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྡོམ་པ་བསྩལ་ཞིང་བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་ཀྱི་གདམས་པ་གནང་ནས་ནང་བྱང་སེམས་ཀྱི་ཐེག་པ་ལ་བཀོད་པ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་རྗེས་གནང་རིགས་གཏད་སོགས་གནང་སྟེ་བསྐྱེད་རྫོགས་ཀྱི་རིམ་པ་གསུངས་ཤིང་གསང་བ་སྔགས་ཀྱི་ཐེག་པ་ལ་བཀོད་པ་དང་། ཁྱད་པར་དུ་སྔོན་འགྲོ་འབུམ་ལྔ་མའི་བསགས་སྦྱང་ཚད་ལྡན་དུ་བྱེད་བཅུགས་ཤིང་། བློ་ལྡོག་རྣམ་བཞི་སོགས་ཀྱིས་རྒྱུད་སྨིན་པར་བྱས་ནས་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་དང་གདམས་པ་གནང་ཞིང་བསྒོམ་དུ་བཅུགས་པས་ཡང་གསང་ཨ་ཏི་ཡོ་གའི་ཐེག་པ་ལ་བཀོད་པ་དང་། རྒྱལ་བ་འོད་མཚན་སྟོང་འབར་གྱི་མཚན་ནས་བརྗོད་པ་དང་རྒྱུ་བཞིའི་ཉམས་ལེན་ལ་འབད་ན་ཚེ་འདི་འཕོས་མ་ཐག་ཏུ་ནུབ་བདེ་བ་ཅན་དུ་སྐྱེ་ཚུལ་དང་། འོད་དཔག་མེད་སྤྱི་གཙུག་ཏུ་བསྒོམ་ནས་གསོལ་བ་བཏབས་ན་འཕོ་བ་སྦྱང་བའི་གོ་ཆོད་ཚུལ་སོགས་མདོར་ན་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་གདུལ་བྱར་གྱུར་ཚད་མཐའ་དག་གནས་སྐབས་དང་མཐར་ཐུག་གི་ཕན་པ་བླ་ན་མེད་པ་བསྩལ་བ་སོགས་ནི་བཟང་པོའི་རྣམ་པར་ཐར་བའོ། །
གསུམ་པ་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར།
དང་པོ་འཆད་པའི་ཚུལ་ནི། ཉིན་བཞིན་ཕེབས་པའི་ཕྱོགས་མེད་སྐལ་ལྡན་གྱི་སློབ་ཚོགས་རྣམས་ལ་སོ་སོའི་སྐལ་བ་དང་མཚམས་པར་ཐུན་མོང་དང་ཐུན་མིན་གྱི་གདམས་པ་གནང་བའི་ཚུལ་ནི་གོང་དུ་ཞིབ་རྒྱས་སུ་སྨྲོས་ཟིན་ལྟར་ལ། མདོར་ན་དགུང་གྲངས་ཉེར་གཉིས་ཙམ་ནས་བཟུང་མདོ་སྔགས་གཞུང་ལུགས་རབ་འབྱམས་ཤིག་ཞལ་གསལ་ཞིང་དོན་རྟོགས་སླ་བའི་ཁྱད་ཆོས་ཀྱིས་ཕྱུག་པའི་གདམས་པ་ཆུ་བོའི་རྒྱུན་བཞིན་དུ་གནང་བ་ནི་འཆད་པའི་རྣམ་པར་ཐར་བའོ། །
གཉིས་པ་རྩོད་པའི་ཚུལ་ནི། སྤྱིར་ཐོས་བསམ་སློབ་གཉེར་བའི་དུས་སུ་རྫ་སྟོད་ལྕང་མ་ལུང་དུ་བཞུགས་ནས་སྔ་འགྱུར་རང་གཞུང་གི་བརྒྱུད་པའི་ཞལ་རྒྱུན་གྱིས་མཛེས་པའི་མདོ་སྔགས་མཐའ་དག་ལ་ཐོས་བསམ་མཛད་པ་ལས་གྲྭ་ས་སོགས་སུ་བྱོན་ནས་བསྡུས་ཚན་དག་ལ་སྦྱང་བ་སོགས་མ་བྱས་པས་རྩོད་པའི་རིགས་ལམ་གྱི་ཆ་ལ་སྦྱང་བ་ཆེར་གནང་བ་མེད་མོད། ནང་དུ་མི་འཕྲོག་པའི་མཁྱེན་རབ་ཀྱི་རྩལ་རྫོགས་ཚེ་ལོག་སྨྲ་ཚར་གཅོད་པའི་བདེན་གསུང་སེང་གེའི་ང་རོ་ཡང་རང་གྲགས་སུ་གྱུར་འདུག་ཏེ། སྐོར་ཞིག་དེང་དུས་སུ་མཁས་པའི་གྲགས་སྙན་ཆེ་བའི་མཁན་ཆེན་ཁ་ཤས་ཤིག་ལ་ཟག་མེད་ཀྱི་ལས་སོགས་ཀྱི་སྐོར་ནས་དྲི་བ་གནང་ཞིང་གྲུབ་མཐའ་སོ་སོའི་བཞེད་པ་མི་མཐུན་པའི་ཐད་ནས་འཇིགས་བྲལ་ལུང་རིགས་ཀྱི་དབྱར་རྔ་ཐོལ་བྱུང་དུ་ལྡིར་བས་ཁོང་རྣམས་མི་སྨྲའི་བརྟུལ་ཞུགས་ཀྱི་གནས་ལ་བཀོད་པ་དང་། སྐབས་རེར་ངེད་ཅག་སློབ་ཚོགས་རྣམས་ལ་ཡང་མངོན་པ་མཛོད་དང་དམ་ཆོས་འདུལ་བའི་དཀའ་གནས་འགའི་ཐད་ནས་གསུང་གླེང་གནང་བས་ཅི་འདྲའི་མཁྱེན་རབ་ཕུལ་དུ་ཕྱིན་པའི་རྣམ་དཔྱོད་ཅིག་དང་ཡང་དག་གནད་ལ་བྱང་བའི་རིགས་ལམ་ཞིག་ཡོད་འདུག་སྙམ་ནས་ངོ་མཚར་བའི་བསྟོད་བསྔགས་དབང་མེད་དུ་ཤོར་འདུག་པ་སོགས་ནི་རྩོད་པའི་རྣམ་པར་ཐར་བའོ། །
གསུམ་པ་རྩོམ་པའི་ཚུལ་ནི། དོན་ལ་ངེས་པའི་གདེང་ཐོབ་ན། །ཐུགས་ལས་ཆོས་ཚུལ་འབུམ་ཕྲག་རྡོལ། །ཞེས་པ་བཞིན་དུ་སྤྱིར་རྒྱ་ཆེན་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་ཐོས་བསམ་གྱི་བློ་གྲོས་མཐར་ཕྱིན་པ་དང་། ཁྱད་པར་དུ་ཟབ་དོན་རྫོགས་པ་ཆེན་པོའི་ཉམས་ལེན་ལ་དབང་འབྱོར་བའི་སྟོབས་ཀྱིས་སྙན་འཇེབས་ཡན་ལག་རྫོགས་པའི་གསུང་རྩོམ་གྱི་རེ་ཟུང་ནི་དུས་འགྱུར་གྱི་ཁྲོད་སོགས་སུ་འཐོར་ཞིག་ཏུ་སོང་མེད་དམ་སྙམ་ཞིང་། ད་ལྟར་བཞུགས་པ་དག་ནི་རྗོད་བྱེད་ཀྱི་ཚིག་སྙན་ཞིང་བརྗོད་བྱའི་དོན་ཟབ་པ་སོགས་ནི་བློ་ལྡན་གྱི་གང་ཟག་རྣམས་ཀྱིས་མཇལ་བ་ཙམ་གྱིས་ཐུགས་སྣང་དབང་མེད་དུ་འཕྲོག་ངེས་པས་དེ་རིགས་ལ་ཆེད་དུ་བརྗོད་པའི་སྤྲོས་པ་མི་དགོས་པས་བཞག་གོ། དེ་ནི་རྩོམ་པའི་རྣམ་པར་ཐར་བའོ། །
ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ལས་སྤྱི་སྡོམས་ཉུང་ངུས་མཇུག་བསྡུ་བ་དང་བཅས་མཐའ་དག་རེ་ཞིག་རྫོགས་པར་བྱས་སོ།། །།
སླར་སྨྲས་པ།
མཁྱེན་པའི་སྤྱན་ལ་ཆགས་ཐོགས་མི་མངའ་འཇམ་དབྱངས་ཕྱག་གི་རལ་གྲིས་དབང་སྐུར་ཞིང་། །
བརྩེ་བའི་ཐུགས་ལ་ཞུམས་པ་མི་སྲིད་བྱམས་ཆེན་མིག་མི་འཛུམ་པའི་སྒྱུ་འཕྲུལ་གར། །
ནུས་པའི་རྩལ་ལ་མཉམ་པ་མི་གནས་རྒྱལ་སྲས་གསང་བའི་བདག་པོའི་ཐུགས་སྟོབས་ཅན། །
རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་རྗེ་བཙུན་བླ་མའི་ཞབས་ལ་སླར་ཡང་འདུད། །
འདྲེན་པ་གང་གི་ཡོན་ཏན་མི་ཟད་མཐའ་བྲལ་མ་དྲོས་ཀླུ་ཡི་གཏེར། །
བདག་བློ་རྨོངས་པའི་བུ་ག་ཕྲ་མོར་ཕྱོགས་ཙམ་འདྲེན་པར་མི་ནུས་ཀྱང་། །
ཟབ་རྒྱས་གདམས་པས་རྗེས་སུ་བཟུང་བའི་གཞལ་དཀའི་སྐུ་དྲིན་གསོ་ཕྱིར་དང་། །
རིགས་མཐུན་གང་ཟག་འགའ་དང་འགའ་ཡི་དད་པའི་མྱུ་གུ་འབུས་པའི་ཕྱིར། །
མགོན་པོ་གང་གིས་ཞལ་ཆབ་བྲན་པའི་ཉིད་ཀྱི་རྣམ་པར་ཐར་བ་འགའ། །
གཟུར་གནས་སློབ་བུའི་གསུང་ལས་རྙེད་པའི་ངོ་མཚར་མཛད་པའི་ཆ་ཤས་རེ། །
དུས་ཀྱི་ཀློང་དུ་ཡིབ་པར་དོགས་ནས་ཅུང་ཟད་འབད་པའི་ཁུར་ཆེན་གྱིས། །
རིག་བྱེད་ཡི་གེའི་གཟུགས་སུ་བགྱི་བའི་ངལ་བའི་ལས་འདི་བདག་གིས་བླངས། །
རབ་འབྱམས་རྒྱལ་བའི་འབྲས་བུའི་ཡོན་ཏན་བསྐལ་བའི་བར་དུ་སྨོས་པ་ལས། །
བླ་མའི་གསང་གསུམ་མཛད་པའི་རྣམ་ཐར་ཆ་ཡི་ཆ་ཤས་ཕྲ་མོ་རེ། །
བརྗོད་པའི་བསོད་ནམས་ཆེས་ཆེར་ལྷག་ཅེས་དོན་ཀུན་འགྲུབ་པའི་བདེན་གསུང་དེ། །
ཡིད་ཀྱི་མེ་ལོང་ངོས་སུ་ཤར་ཚེ་ཤུགས་འབྱུང་དགའ་སྤྲོའི་ཉམས་རེ་ཤར། །
དེའི་ཕྱིར་འབྱིན་རྔུབས་གཡོ་བ་ཉི་ཁྲིའི་རླུང་། །
ཕྲ་ཡིད་དྭངས་མའི་ཀློང་དུ་མ་ཐིམ་གོང་། །
རྗེ་བཙུན་བླ་མའི་གསང་གསུམ་སྒྱུ་འཕྲུལ་གྱི། །
རྣམ་ཐར་འདི་ཉིད་གྲུབ་པས་ཞེ་བློ་བདེ། །
མི་བརྟན་ཟག་ལུས་གདོས་པའི་འཕྲུལ་འཁོར་འདིས། །
དོན་མེད་སྲིད་པའི་གྲོང་ཁྱེར་མང་འགྲིམས་ཀྱང་། །
ད་རེས་མགོན་པོ་གང་གི་མཛད་པའི་ཚུལ། །
བརྗོད་པའི་སྐལ་བཟང་འདི་ཀོ་སུ་ཡིས་གནང་། །
ད་ནས་མི་རྟག་ཆུ་ཁའི་ལྦུ་གཟུགས་ལྟའི། །
ཟག་ལུས་ཕྲ་མོའི་ཐོ་ཡོར་ནམ་འགྱེལ་ཀྱང་། །
སྲིད་འདིར་འོང་བའི་བྱ་བ་བྱས་པའི་ཕྱིར། །
ཕྲ་བའི་ཡིད་ལ་སྣང་དོགས་གང་ཡང་མེད། །
ཐོག་མའི་རྟེན་འབྲེལ་དམ་པའི་ཆོས་ལ་འགྲིག །
གཞོན་ནུའི་ལང་ཚོ་རིག་པའི་གཞུང་ལ་ཟད། །
མི་ཚེའི་དོན་སྙིང་རྣམ་ཐར་འདི་ཉིད་གྲུབ། །
ད་ནི་ཇི་ལྟར་གྱུར་ཀྱང་ཞེ་བློ་བདེ། །
སྒྲོ་འདོགས་ཚིག་གི་རླན་གྱིས་བཟུང་བའི་སྨུག་སྤྲིན་གོ་ཆ་མ་བགོས་ཤིང་། །
སྐུར་འདེབས་ལྟ་བའི་རྡུལ་གྱིས་ཁེབ་པའི་མུན་པའི་ལྭ་བ་མ་གསོལ་བའི། །
གཟུར་གནས་ཚངས་དབང་གསུང་ལས་འཕོས་པའི་ཡིད་འཕྲོག་དུང་གི་ཟླ་གཞོན་འདིས། །
རྣམ་མང་གདུལ་བྱའི་དད་པའི་ཀུ་མུཏ་ཅིག་ཅར་གྲོལ་ལ་སོམ་ཉི་དབེན། །
འོན་ཀྱང་བདག་ནི་བློ་གྲོས་ན་ཕྲ་ཞིང་། །
མགོན་པོ་གང་གི་ཡོན་ཏན་དཔང་མཐོ་བས། །
མ་རྟོགས་ཉེས་པའི་སྐྱོན་གྱིས་གོས་ཚད་ཀུན། །
རྗེ་བཙུན་དམ་པའི་མགོན་དེའི་སྤྱན་སྔར་འཆགས། །
རྣམ་དཀར་ལས་འདིར་འབད་པ་བྱས་པའི་བདག་གི་བསོད་ནམས་གངྒའི་ཀླུང་། །
དུས་གསུམ་དགེ་བའི་ཆུ་ཀླུང་དག་དང་ལྷན་ཅིག་འདྲེས་པའི་རྟེན་འབྱུང་དེས། །
བརླབས་ཆེན་བསྟན་འགྲོའི་དོན་ཆེན་འགྲུབ་ཅིང་ཁྱད་པར་རིགས་བདག་ཆོས་ཀྱི་རྗེའི། །
སྐུ་ཚེའི་འགལ་རྐྱེན་དབྱིངས་སུ་ཞི་ཞིང་ཐུགས་བཞེད་མཐའ་དག་འགྲུབ་གྱུར་ཅིག །
འདི་སྣང་སྲིད་པའི་སྣོད་བཅུད་ཡོངས་ལ་ཐ་མའི་གྱེས་ཕྱག་འབུལ་བའི་ཚེ། །
བྱང་ཕྱོགས་ཤམ་བྷ་ལ་ཡི་གྲོང་ཁྱེར་རིགས་ལྡན་སྤྲུལ་བའི་ཕོ་བྲང་དེར། །
མཚན་དཔེའི་རྒྱན་པའི་ལུས་མཆོག་ཐོབ་ནས་རྗེ་བཙུན་བླ་མའི་འཁོར་དུ་གྱུར། །
ཞི་ཆགས་ཁྲོས་པའི་སྒྱུ་འཕྲུལ་སྟོང་གིས་བསྟན་དང་འགྲོ་ལ་སྨན་གྱུར་ཅིག །
ཚུལ་འདིར་འབྲེལ་བའི་མཆོག་དམན་འགྲོ་ཀུན་ཚེ་འདིར་བསམ་པའི་དོན་ཀུན་འགྲུབ། །
ཕྱི་མ་བདེ་ལྡན་དག་པའི་ཞིང་དུ་རྫོགས་སྨིན་སྦྱང་བ་མཐའ་རུ་ཕྱིན། །
ཁྱད་པར་རྗེ་བཙུན་བླ་མ་མཆོག་གི་བརྩེ་ཆེན་ཕྱག་གིས་མི་འདོར་བར། །
ནམ་ཞིག་གང་ཉིད་མངོན་ཚངས་རྒྱ་ཚེ་མཁོར་གྱི་ཐོག་མ་ཉིད་གྱུར་ཅིག །
དེ་ལྟར་སྨོན་པའི་དོན་ཀུན་ཡིད་བཞིན་དུ། །
འགྲུབ་པའི་མཐུན་འགྱུར་དབྱིངས་བཞུགས་རྒྱལ་རྣམས་དང་། །
ཁྱད་པར་རིགས་ཀྱི་ཁྱབ་བདག་བླ་མ་རྗེས། །
དྲང་སྲོང་བདེན་པའི་ཚིག་གིས་ཤིས་པར་མཛོད། །
དེ་ལྟར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་པ་མེད་པ་རང་ཅག་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་བའི་མགོན་པོ་གང་གི་མཛད་པའི་རྣམ་པར་ཐར་བ་མདོ་ཙམ་བཀོད་པ་མཚུངས་མེད་རྗེ་བཙུན་བླ་མའི་ཞལ་ལུང་ཞེས་བྱ་བ་འདི་ནི། མགོན་པོ་གང་གི་ཞལ་ནས་སྒྲོ་གདོགས་མེད་པའི་རྣམ་ཐར་ཉུང་ངུ་ཞིག་བྲིས་ན་ཆོག་ཚུལ་གྱི་བཀའ་གནང་ཅུང་ཙམ་ཐོབ་པ་དང་། ཉེ་བའི་ཆར་མཁས་བཙུན་གཉིས་ལྡན་གྱི་མཁན་སྤྲུལ་མང་དག་ཅིག་གིས་བསྐུལ་མ་བྱས་ཤིང་། ཁྱད་པར་མཁན་ཐུབ་བསྟན་དབང་པོས་སྐུ་གསུང་ཐུགས་རྟེན་སྤུས་ལེགས་ཀྱི་སྐྱེས་དང་བཅས་རྣམ་ཐར་འདི་ཉིད་འགྲུབ་ངེས་དགོས་པའི་བསྐུལ་མ་གཟབ་ནན་གྱིས་གནང་པ་དང་། གཞན་ཡང་མཁན་པདྨ་འོད་གསལ་དང་། མཁན་ཚེ་དབང་བཀྲ་ཤིས། མཁན་བསོད་སྟོབས། མཁན་དོན་དབང་སོགས་ནང་མའི་འདྲིས་གཤིན་སེམས་ཀྱི་གཏིང་དུ་ཟུག་པའི་སློབ་དཔོན་དང་མཆེད་གྲོགས་མང་པོས་སྐུ་གསུང་ཐུགས་རྟེན་སྤུས་ལེགས་དང་དམངས་སྒོར་སོགས་སྐྱེས་སུ་གནང་སྟེ་རྣམ་ཐར་འདི་ཉིད་འབྲི་བ་ལ་བསྐུལ་མ་དང་རྒྱབ་སྐྱོར་མང་དུ་བྱས་པའི་དབང་གིས་འབད་པ་ཅི་ཡོད་ཀྱིས་བྲིས་པ་ཡིན་ཞིང་། བླ་མ་སྐུ་དྲིན་ཅན་འདི་ཉིད་ཀྱང་སངས་རྒྱས་དངོས་སུ་མཐོང་ཡོད་ཟེར་ན་བདག་ལྟ་བུའི་སོ་སྐྱེ་ཕལ་བ་ཞིག་གི་རྒྱུད་ཚོད་དང་མི་འཚམས་མོད། ཐ་མལ་མིར་འཛིན་གྱི་རྟོག་པ་ནི་གཞལ་ཡང་མེད་ངེས་པའི་དད་པ་མི་དམན་པ་ཞིག་ཡོད་པ་དང་། རྣམ་ཐར་འདིའི་ཕྱོགས་ཡོངས་ལ་བཅོས་མའི་ཀུན་སློང་ཡན་ཆད་ཀྱིས་རང་དོན་ཡིད་བྱེད་ཀྱི་རྟོག་པ་བཅོམ་ཅི་ཐུབ་བྱས་ཡོད་པའི་སླུ་མེད་ཀྱི་རྟེན་འབྲེལ་དང་། སྣང་བ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའི་མཛད་པ་ཐར་ཆགས་སུ་བཀོད་པ་ཡིན་པས་ཀློག་པ་དག་ལ་སོ་སོའི་དད་གུས་ཀྱི་སྐལ་བ་དང་འཚམས་པའི་བྱིན་རླབས་ཀྱི་ཟེགས་མ་རེ་མཐོང་ཆོས་སུ་འབྱུང་ཐུབ་པའི་སྨོན་པ་དང་བཅས་ཏེ་མགོན་པོ་གང་གིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐལ་བ་བཟང་པོ་ཅན་ཤེས་རབ་དཔལ་འཕེལ་ལམ་རིག་བྱེད་ཀྱི་བཏགས་མིང་ངག་དབང་མཚོ་བྱུང་བཞད་པའི་ཟེའུ་འབྲུ་རུ་གྲགས་པས་རབ་རྒྱན་ལྕགས་བྱི་ལོའི་དབོ་ཟླའི་ཡར་ངོས་ཚེས་བཅུ་སྟེ་མགོན་པོ་གང་གི་སྐུའི་བླ་གཟའ་དང་འཕྲོད་ཅིང་ལེགས་པ་བརྒྱད་འཛོམས་པ་སོགས་དུས་ཚེས་ཤིན་ཏུ་དགེ་བའི་ཆར་གསེར་ལྗོངས་ལི་མདོ་ཆོས་སྒར་གྱི་རང་ཤག་ནས་སྦྱར་བའོ།། །།
རྗེ་བཙུན་བླ་མ་དམ་པའི་གསུང་ཆོས་ལ་ལྟ་བར་བསྐུལ་བའི་གཏམ་སྙན་འཇེབས་དྲི་ཟའི་བུ་མོའི་འགྱུར་ཁུག
༈ རྗེ་བཙུན་བླ་མ་དམ་པའི་གསུང་ཆོས་ལ་ལྟ་བར་བསྐུལ་བའི་གཏམ་སྙན་འཇེབས་དྲི་ཟའི་བུ་མོའི་འགྱུར་ཁུག་ཅེས་བྱ་བ།
གདོད་ནས་རབ་ཞི་གཉུག་མའི་རྒྱལ་ས་ཆེ། །
ནང་དབྱིངས་གཞོན་ནུ་བུམ་སྐུའི་ཕོ་བྲང་དུ། །
ཁྱད་ཆོས་དྲུག་གིས་གཞི་ལ་བྱང་ཆུབ་པའི། །
ཆོས་སྐུའི་སྟོན་པ་རིན་ཆེན་བཟང་པོར་འདུད། །
མ་འགག་སྒྱུ་འཕྲུལ་ལྷུན་གྲུབ་རོལ་བའི་རྒྱན། །
ལྔ་ལྡན་རང་སྣང་ངེས་པའི་དཀྱིལ་འཁོར་དུ། །
ཁྱབ་བདག་རྡོ་རྗེ་འཆང་གི་སྐུར་བཞེངས་པའི། །
ལོངས་སྐུའི་སྟོན་པ་རིན་ཆེན་བཟང་པོར་འདུད། །
ཚངས་ཆེན་བཀོད་པའི་འཇིག་རྟེན་བྱེ་བ་ཕྲག །
རྨད་བྱུང་སྙིང་རྗེ་ཆེན་པོས་ཡོངས་བཟུང་སྟེ། །
མ་ངེས་འགྲོ་བ་འདུལ་བའི་གར་བསྒྱུར་བའི། །
སྤྲུལ་སྐུའི་སྟོན་པ་རིན་ཆེན་བཟང་པོར་འདུད། །
ངག་ལ་ངག་གི་དཔལ་གཏེར་མཚོ་བྱུང་མ། །
ལོངས་སྤྱོད་འཁོར་ལོའི་རྒྱན་དུ་བཞུགས་ཤིག་དང་། །
རྗེ་བཙུན་བླ་མའི་གསུང་གི་གཞུང་བཟང་ལ། །
ལྟ་བསྐུལ་དྲི་ཟའི་བུ་མོའི་གླུ་འདི་ལེན། །
ཀྱེ་ཀྱེ་གསོན་དང་སྐལ་བཟང་ལྷ་གྲོགས་ཚོ། །
ཚད་མེད་ཡོན་ཏན་རྒྱས་པའི་ལྗོན་ཤིང་འདི། །
དམ་པའི་གསུང་གི་རླན་གྱིས་མ་བསྐྱང་ན། །
ཉམས་རྟོགས་འབྲས་བུའི་ཕུང་པོ་མི་སྨིན་པས། །
ད་རེས་དལ་བའི་ལུས་ཐོབ་དམ་པས་ཟིན། །
མཁས་པའི་གཞུང་ལ་ཐོས་བསམ་བྱེད་པའི་དུས། །
མཚན་ལྡན་བླ་མའི་གདམས་པའི་གསུང་བཟང་འདི། །
བསོད་ནམས་བརྒྱ་ལས་གྲུབ་པའི་བགོ་སྐལ་ཡིན། །
འདི་ནི་རྟོག་གེའི་བློ་བཟོ་དུ་མ་ཡིས། །
བཅོས་ཤིང་བསྒྲིགས་པའི་བསྟན་བཅོས་མ་ཡིན་པར། །
མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་དེའི། །
འཇིགས་བྲལ་བསླུ་མེད་རྡོ་རྗེའི་བཀའ་ལུང་ལགས། །
ཐུན་མོང་གདུལ་བྱའི་ཡིད་སྣང་དབང་མེད་དུ། །
འགུག་པའི་ཚངས་ཆེན་བུ་མོའི་མགྲིན་པའི་གླུ། །
སྙན་འཇེབས་གསུང་གི་དབྱངས་རྟ་རིང་མོ་འདི། །
ཐོས་པའི་མོད་ལ་དགའ་སྐྱོའི་མཆི་མ་འཆོར། །
ཐུན་མིན་འོད་གསལ་ཡང་གསང་སྙིང་པོའི་དོན། །
མཚུངས་མེད་བླ་མའི་རྟོགས་པའི་འདྲ་འབག་སྟེ། །
ཟབ་དོན་མཁའ་འགྲོའི་ཐུགས་ཏིག་མཇལ་མ་ཐག །
གཡོ་བའི་ཀུན་རྟོག་ཁྲལ་མ་ཁྲོལ་དུ་འགྲོ། །
༡༠
དད་གསུམ་འཇའ་ཟེར་འཁྲིགས་པའི་གུར་ཁྱིམ་ནས། །
བརྒྱུད་གསུམ་བླ་མའི་ཐུགས་དམ་བསྐུལ་བའི་དབྱངས། །
ཉམས་རྟོགས་རྩལ་དྲུག་རྒྱས་པའི་བདུད་རྩིའི་བཅུད། །
འདི་མྱོང་སྐལ་བ་བཟང་ལྡན་ཡིད་རེ་སྤྲོ། །
༡༡
རྒྱ་ཆེན་རིག་པའི་བང་མཛོད་ཕྱུག་མོ་ནས། །
ཕྱི་ནང་གཞན་གསུམ་མི་ཕྱེད་དུས་འཁོར་ལོའི། །
ཟླ་ཉི་སྒྲ་གཅན་སྐར་མའི་རྒྱུ་བའི་གནད། །
གཙུག་ལག་རྩིས་ཀྱི་སྒོ་མོ་འདི་ན་ཕྱེས། །
༡༢
བསླུ་མེད་སྐྱབས་མཆོག་རིན་ཆེན་རྣམ་གསུམ་ལ། །
སྐྱབས་སུ་སོང་བའི་ཕན་ཡོན་འགྲོ་བའི་ཚུལ། །
མདོ་རྒྱུད་མན་ངག་སྟོང་གི་རྒྱབ་རྟེན་བཅས། །
ལེགས་བཤད་ཉི་མའི་དཀྱིར་འཁོར་འདི་ན་ཚེས། །
༡༣
ཀུན་རྨོངས་སྲིད་པའི་གཡང་ལ་མི་ལྷུང་ཞིང་། །
རང་དོན་ཞི་བདེའི་རི་རྩེར་མི་འཛེགས་པའི། །
རིན་ཆེན་བྱང་ཆུབ་སེམས་མཆོག་རིན་པོ་ཆེའི། །
གདམས་པའི་དུང་ཟླ་དཀར་ཆུང་འདི་ན་འཆར། །
༡༤
མ་ངེས་གདུལ་བྱའི་མོས་བློ་དང་འཚམས་པར། །
ཐུན་མོང་ཐུན་མིན་ཟབ་རྒྱས་གསུང་གི་ཚུལ། །
ཉེས་བཤད་དྲི་མའི་འདམ་གྱིས་མ་གོས་པའི། །
ཡིད་འཕྲོག་པདྨ་གཞོན་ནུ་འདི་ན་བཞད། །
༡༥
མདོར་ན་གང་ཐུགས་ཁྱིམ་གྱི་དོ་ར་རུ། །
མཐའ་མེད་མཁྱེན་པའི་རྒྱུ་སྐར་མ་ཤོང་ནས། །
ལེགས་བཤད་གསུང་གི་དྲང་སྲོང་འོད་དཀར་ཅན། །
ལྟོས་བཅས་སྐལ་ལྡན་དགྱེས་པའི་གསོས་སུ་བཞག །
༡༦
སྟོང་ཉིད་བཞི་སྦྱོར་རིགས་པའི་ཐོག་ལྕེ་ཡིས། །
དངོས་འཛིན་ལོག་ལྟའི་བྲག་རི་སྙིལ་བའི་འཕྲུལ། །
འདི་ཡི་སྤྲོས་བྲལ་དབུ་མའི་བསྟན་ཆོས་ཡིན། །
ཀླུ་སྒྲུབ་ཟླ་བའི་དགོངས་པ་གསལ་བར་བྱས། །
༡༧
སྣང་བའི་ཡུལ་ལ་སྟོང་པའི་རྒྱ་ཡིས་གདབས། །
རིག་པའི་སེམས་ལ་ཕུར་ཚུགས་མཛུབ་མོ་བཙུགས། །
འདི་ནི་ཕྱག་རྒྱ་ཆེན་པོའི་བསྟན་ཆོས་ཡིན། །
མར་མི་དྭགས་པོའི་དགོངས་པ་གསལ་བར་བྱས། །
༡༨
ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །
ཤར་གྲོལ་རིག་པ་སོ་མའི་ངང་བསྐྱངས་བའི། །
འདི་ནི་རྫོགས་པ་ཆེན་པོའི་བསྟན་ཆོས་ཡིན། །
པད་འབྱུང་བཱི་མའི་དགོངས་པ་གསལ་བར་བྱས། །
༡༩
མི་འགྱུར་རིག་པ་ཆོས་སྐུའི་སྒྲོམ་བུ་རུ། །
དབྱིངས་ཕྱུག་མཁའ་འགྲོས་རྟག་ཏུ་བསྲུངས་པའི་བཅུད། །
ཆོས་ཉིད་དགོངས་པའི་ཀློང་ལས་བརྡོལ་བའི་གསུང་། །
འདི་ནི་ཟབ་གཏེར་འབུམ་གྱི་ཡང་བཅུད་ཡིན། །
༢༠
ཀྱེ་མ་སྲིད་པའི་གྲོང་ཁྱེར་ཉོག་པོ་རུ། །
སྐྱེ་ཤི་རེས་ཀྱི་སྲང་བར་ཉུལ་ཉུལ་ནས། །
ལུས་སེམས་ངལ་ཞིང་དུབ་པའི་གདུང་ཤུགས་འདི། །
བག་ཡངས་ངལ་གསོ་བྱེད་པའི་གླིང་ག་ཡིན། །
༢༡
དུག་གསུམ་ཆོམ་པོའི་བྱ་བ་མ་རུང་བས། །
ཡང་དག་ཐར་བའི་ནོམ་པ་འཕྲོག་འཕྲོག་ནས། །
འཇིགས་རུང་སྲིད་པའི་བཙོན་རར་བཙུད་ན་ཡང་། །
ཐར་བའི་སྒོ་གླེགས་འབྱེད་པའི་ལྡེ་མིག་ཡིན། །
༢༢
རེ་དོགས་སྨུག་སྤྲིན་འཐིབ་པའི་རི་ལུང་ནས། །
ཡང་དག་བདེ་བའི་ལམ་བཟང་མ་རྙེད་པར། །
མཐའ་མེད་འཁོར་བའི་འོབས་སུ་ལྷུང་བ་ན། །
ཉམ་ངའི་གཡང་ལས་སྐྱོབ་པའི་ལྕགས་ཀྱུ་ཡིན། །
༢༣
སྙན་ཞིང་འཇེབས་པའི་ཚིག་གི་སྦྱོར་བ་རེས། །
ཐོས་པའི་ཡིད་ལ་རབ་དགའི་དཔལ་སྟེར་ཞིང་། །
ཡང་དག་ཐར་བའི་ས་བོན་ཐེབས་པའི་ཕྱིར། །
བླ་མའི་གསུང་འདི་ཐོག་མར་དགེ་བ་ཡིན། །
༢༤
ཐོས་དོན་བསམ་པའི་ཡུལ་དུ་གྱུར་བའི་ཚེ། །
མི་བསྲུན་རྟོག་པའི་འགྱུ་བ་ངང་གིས་ལྷོད། །
ཟབ་རྒྱས་གདམས་པའི་བྲོ་བ་མྱོང་བའི་ཕྱིར། །
བླ་མའི་གསུང་འདི་བར་དུ་དགེ་བ་ཡིན། །
༢༥
བསམ་དོན་སྒོམ་པའི་གནད་ལ་གཅུན་པ་ན། །
ས་ལམ་ཡོན་ཏན་རྒྱ་མཚོའི་རྩལ་རྫོགས་པའི། །
ཡང་དག་གདོད་མའི་རྒྱལ་སར་འགོད་པའི་ཕྱིར། །
བླ་མའི་གསུང་འདི་ཐ་མར་དགེ་བ་ཡིན། །
༢༦
ལྔ་ཕྲག་དུས་ཀྱི་སྙིགས་མར་གྱུར་བའི་ཚེ། །
བདག་ནི་ཡི་གེའི་གཟུགས་སུ་བྱོན་ནོ་ཞེས། །
བསླུ་མེད་སྟོན་པའི་བཀའ་ལུང་དྲན་བྱས་ནས། །
ཟབ་དོན་གསུང་གི་ཚུལ་ལ་མོས་པར་མཛོད། །
༢༧
རྒྱལ་བའི་གཟུགས་སྐུ་མཚན་དཔེས་མཛེས་པའི་གར། །
མི་མངོན་གདོད་མའི་དབྱིངས་སུ་གཟིམས་ན་ཡང་། །
དོན་བཟང་རང་གསལ་ཆོས་སྐུའི་ཞལ་བཟང་འདི། །
མཇལ་དུ་ཡོད་པས་འདི་ལ་འབད་པར་རིགས། །
༢༨
བརྒྱད་ཁྲི་བཞི་སྟོང་བཀའ་ཡི་གནད་འདུས་པའི། །
ཟབ་དོན་གསུང་གི་ལེགས་བཤད་རིན་པོ་ཆེ། །
ཡང་དག་སངས་རྒྱས་དངོས་སུ་བྱོན་དང་འདྲ། །
བསོད་ནམས་ཞིང་ལ་འདི་ལས་ལྷག་པ་མེད། །
༢༩
མུ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ནས། །
སྐྱེ་འཆི་ཆུ་སྲིན་ཁ་རུ་ཚུད་པའི་ཚེ། །
ཡང་དག་ཐར་བ་མཆོག་གི་ལམ་སྟོན་པའི། །
གཞུང་བཟང་འདི་ནི་དེད་དཔོན་བཟང་པོ་འདྲ། །
༣༠
ཐོག་མེད་དུས་ནས་རང་གིས་བྱས་པ་ཡི། །
ཀུན་རྨོངས་མུན་པའི་དྲྭ་བ་འཐུག་པོ་འདིས། །
རིག་པའི་བུ་ཆུང་བཙོན་ལ་བཅུག་པ་ན། །
གཞུང་བཟང་འདི་ནི་རྣོ་ངར་རལ་གྲི་འདྲ། །
༣༡
རྣམ་དཔྱོད་མཚར་སྡུག་མདོངས་མཐའི་སྒྲོ་ཕྲན་དེ། །
རྣམ་གཡེང་མཇུག་མའི་འོག་ཏུ་ཡིབ་པའི་ཚེ། །
དུབ་པའི་བློ་ལ་གསལ་བའི་དཔལ་སྟེར་བའི། །
གཞུང་བཟང་འདི་ནི་དབྱར་རྔའི་རང་སྒྲ་འདྲ། །
༣༢
མྱ་ངན་སྲིད་པའི་ཐང་སྟོང་སྐྱ་མོ་རུ། །
དུག་ལྔའི་བྲན་གཡོག་དགོས་པའི་གཞོན་ནུ་ཚོར། །
སྙིང་ལ་བག་ཡངས་བརྩེ་བའི་དྲོད་སྦྱིན་པའི། །
གཞུང་བཟང་འདི་ནི་ལྷ་ཡི་སྲས་མོ་འདྲ། །
༣༣
ཐོག་མེད་དུས་ནས་བསགས་པའི་ལས་ངན་གྱིས། །
མི་འདོད་རྐྱེན་གྱི་དམག་དཔུང་ལྷགས་ན་ཡང་། །
འཇིགས་བྲལ་གཡུལ་ལས་རྒྱལ་བའི་མཆོག་སྩོལ་བའི། །
གཞུང་བཟང་འདི་ནི་དམག་དཔོན་བཟང་པོ་འདྲ། །
༣༤
རྗོད་བྱེད་སྙན་འཇེབས་མཛེས་པའི་ཆུ་སྐྱེས་ཚོར། །
ཟབ་དོན་བརྗོད་བྱའི་གེ་སར་ཡོངས་སྨིན་ནས། །
སྐལ་ལྡན་སྦྲང་ཆུང་དགྱེས་པའི་རྩེ་ར་སྟེ། །
གཞུང་བཟང་འདི་ནི་ཡིད་འོང་སྐྱེད་ཚལ་འདྲ། །
༣༥
མདོ་སྔགས་ཚང་ཚིང་སྟུག་པོའི་ཡངས་དབེན་ནས། །
ལུང་རིགས་དར་མའི་མཆེ་སྡེར་ངོམ་པའི་མོད། །
ལོག་སྨྲའི་རི་དྭགས་ཟན་ལ་རོལ་བ་ཡི། །
གཞུང་བཟང་འདི་ནི་ནགས་ཀྱི་རི་བཀྲ་འདྲ། །
༣༦
སྔ་འགྱུར་རང་ལུགས་ཀེ་ལ་ཤ་ཡི་སྤོར། །
འཇིགས་བྲལ་ལྟ་བའི་གཡུ་རལ་མཐོ་ན་ཡང་། །
སྟོང་སྐད་ཧད་པོའི་ངུ་ཟུག་མི་བྱེད་པའི། །
གཞུང་བཟང་འདི་ནི་གདོང་ལྔའི་དབང་པོ་འདྲ། །
༣༧
ཟབ་རྒྱས་གདམས་པའི་གཤོག་ཟུང་བརྐྱངས་པ་དང་། །
མཁྱེན་རབ་གནམ་ལྕགས་འབར་བའི་མཆུ་སྡེར་གྱིས། །
ཀུན་རྨོངས་ལྟོ་འགྲོའི་སྲོག་ལ་ཟ་བ་ཡི། །
གཞུང་བཟང་འདི་ནི་ཁྱུང་ཕྲུག་དར་མ་འདྲ། །
༣༨
གང་ཐུགས་ཀུན་ཁྱབ་ནམ་མཁའི་དཀྱིལ་འཁོར་ལ། །
མཁྱེན་བརྩེ་ནུས་པའི་ཆར་སྤྲིན་འཁྲིགས་པའི་ཚེ། །
དགག་སྒྲུབ་གློག་ལྕེ་གཡོ་བའི་རྩེ་དགའ་འཛིན། །
གཞུང་བཟང་འདི་ནི་དབྱར་རྔའི་དབང་པོ་འདྲ། །
༣༩
སྐྱབས་སེམས་ལུང་གི་རྩ་བ་རབ་བརྟན་ཞིང་། །
གཞུང་བཤད་རིགས་པའི་ཡར་ག་ཆེར་རྒྱས་ནས། །
ཟབ་དོན་མན་ངག་འབྲས་བུ་རྣམ་བཀྲ་བའི། །
གཞུང་བཟང་འདི་ནི་དཔག་བསམ་ལྗོན་ཤིང་འདྲ། །
༤༠
འཆད་ཉན་ལྷ་ཡི་བདུད་རྩིས་ཁྲུས་བྱས་ཤིང་། །
ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་མཆོད་ན། །
ཕན་དང་བདེ་བའི་དངོས་གྲུབ་མྱུར་སྩོལ་བའི། །
གཞུང་བཟང་འདི་ནི་ཡིད་བཞིན་ནོར་བུ་འདྲ། །
༤༡
ཉོན་མོངས་ལྷ་མིན་དམག་ཚོགས་མཐར་སྐྲོད་ཅིང་། །
ངན་འགྲོའི་བདུད་ཀྱི་འཇིགས་ལས་ཆེར་སྐྱོབ་པའི། །
ཟབ་དོན་རིན་ཆེན་པྲོག་ཞུ་གསོལ་བ་ཡི། །
གཞུང་བཟང་འདི་ནི་ལྷ་ཡི་དབང་པོ་འདྲ། །
༤༢
རྩ་རླུང་འདུ་བའི་འཕེལ་འགྲིབ་མ་སྙོམ་པའི། །
མི་བཟོད་ཟུག་རྔུས་སྲོག་ལ་གཟས་པའི་ཚེ། །
གཞུང་བཟང་འདི་ལ་ཐོས་བསམ་གྱིས་ཤིག་དང་། །
འདི་ནི་འཆི་སོས་བདུད་རྩིའི་སྨན་མཆོག་ཡིན། །
༤༣
སྒོམ་པའི་བུ་ཆུང་གཡེང་བས་ཁྱེར་བ་དང་། །
དད་པའི་བུ་མོ་ལོག་ལྟས་འཕྲོག་པའི་དུས། །
གཞུང་བཟང་འདི་ལ་ཐོས་བསམ་གྱིས་ཤིག་དང་། །
འདི་ནི་རྒྱབ་རྟེན་ལྷ་ཡི་ར་མདའ་ཡིན། །
༤༤
ལྟ་བའི་བང་མཛོད་ནོར་གྱིས་བོར་བ་དང་། །
སྒོམ་པའི་ར་བ་བཅུད་ཀྱིས་སྟོངས་པའི་ཚེ། །
གཞུང་བཟང་འདི་ལ་ཐོས་བསམ་གྱིས་ཤིག་དང་། །
འདི་ནི་ནོར་བུ་དགོས་འདོད་ཀུན་འབྱུང་ཡིན། །
༤༥
ཆེར་སྙིགས་ལྔ་བདོའི་སྨག་རུམ་འཐིབ་པ་དང་། །
ལྟ་ལོག་འབྱུང་བྱའི་གད་མོ་དགོད་པའི་དུས། །
གཞུང་བཟང་འདི་ལ་ཐོས་བསམ་གྱིས་ཤིག་དང་། །
འདི་ནི་ཀུན་ཕན་ཉི་མའི་དཀྱིལ་འཁོར་ཡིན། །
༤༦
སྐྱོ་གདུང་ཡིད་ཀྱི་སྨུག་སྤྲིན་འཐིབ་པའི་དུས། །
མི་སྡུག་བཞིན་གྱི་གཉེར་མ་མི་བསྡུ་བར། །
གཞུང་བཟང་འདི་ཉིད་སྙན་པའི་གདངས་སུ་གྱེར། །
ཤུགས་འབྱུང་དགའ་སྤྲོའི་ཉམས་རེ་ལྷང་ངེར་འབྱུང་། །
༤༧
རེ་དོགས་ངལ་བའི་ཁུར་གྱིས་དུབ་པའི་ཚེ། །
མི་བཟོད་སྐྱོ་བའི་འཁུན་པ་མི་འཆོར་པར། །
གཞུང་བཟང་འདི་ཉིད་སྙན་པའི་གདངས་སུ་གྱེར། །
དུབ་པའི་སེམས་ལ་བདེ་བའི་ངལ་གསོ་སྦྱིན། །
༤༨
མི་མེད་ཡིད་འོང་དབེན་པའི་རི་སུལ་ནས། །
རྩེ་གཅིག་སྙིང་པོའི་དོན་ལ་གཞོལ་བའི་ཚེ། །
གཞུང་བཟང་འདི་ཉིད་སྙན་པའི་གདངས་སུ་གྱེར། །
ཉམས་དང་རྟོགས་པའི་ཡོན་ཏན་དྲག་ཏུ་འབར། །
༤༩
འདི་སྣང་སྲིད་པའི་ཕུན་ཚོགས་མཐའ་དག་ལ། །
སྐྱོ་བའི་སྣང་ཤས་ཕྲ་མོ་འབྱུང་བའི་ཚེ། །
གཞུང་བཟང་འདི་ཉིད་སྙན་པའི་གདངས་སུ་གྱེར། །
བཅོས་མིན་ངེས་འབྱུང་འཁྲུངས་བའི་དངོས་རྒྱུ་ཡིན། །
༥༠
མུ་མེད་སྲིད་མཚོར་འཕྱན་པའི་འགྲོ་ཁམས་ལ། །
གློ་བུར་སྙིང་རྗེའི་རྟོག་པ་འགྱུ་བའི་ཚེ། །
གཞུང་བཟང་འདི་ཉིད་སྙན་པའི་གདངས་སུ་གྱེར། །
རྣམ་དག་བྱང་ཆུབ་སེམས་ཀྱི་གསོས་སྨན་ཡིན། །
༥༠
སྐོར་བདུན་དོན་དམ་རྒྱལ་བའི་དཀྱིལ་འཁོར་ལ། །
མོས་པའི་ཀུན་རྟོག་ཙམ་རེ་འཁྲུངས་བའི་ཚེ། །
གཞུང་བཟང་འདི་ཉིད་སྙན་པའི་གདངས་སུ་གྱེར། །
དག་མཉམ་ལྟ་སྒོམ་རྒྱས་པའི་སྣོན་མ་ཡིན། །
༥༡
འོད་གསལ་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །
གོ་བ་ལྷན་པ་ཙམ་རེ་སྐྱེ་བའི་ཚེ། །
གཞུང་བཟང་འདི་ཉིད་སྙན་པའི་གདངས་སུ་གྱེར། །
རྟོགས་པའི་ཉི་མ་འདྲེན་པའི་སྐྱ་རེངས་ཡིན། །
༥༢
སྐབས་རེར་ལུང་དང་རིགས་པས་དཔྱད་དེ་ལྟོས། །
བློ་གྲོས་རིགས་པའི་སྒོ་བརྒྱ་དེ་ཡིས་འབྱེད། །
སྐབས་རེར་མ་བཅོས་ལྟ་བའི་ངང་ནས་ལྟོས། །
ཉམས་དང་རྟོགས་པའི་ཡོན་ཏན་དེ་ཡིས་འབྱུང་། །
༥༣
ཐེངས་རེར་སྐྱོ་ཤས་དྲག་པོའི་ངང་ནས་ལྟོས། །
མཐའ་མེད་འཁོར་བའི་སྡུག་བསྔལ་དེ་ཡིས་མཐོང་། །
ཐེངས་རེར་ཉམས་དགའ་སྤྲོ་བའི་ངང་ནས་ལྟོས། །
ཡང་དག་ཐར་བའི་ཕན་ཡོན་དེ་ཡིས་མཐོང་། །
༥༤
རེ་འགའ་ནགས་ཀྱི་དྲང་སྲོང་ཅི་བཞིན་དུ། །
སྒྲ་ཚིག་མེད་པར་ཡིད་བཟླས་བྱས་ཏེ་ལྟོས། །
རེ་འགའ་གྲོང་ཆོག་མཁན་པོ་ཅི་བཞིན་དུ། །
ང་རོ་མཐོན་པོའི་སྒྲ་དང་བཅས་ཏེ་ལྟོས། །
༥༥
ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ཏེ་ལྟོས། །
ཉམས་དང་བསྲེས་ལ་རིག་པའི་རྒྱ་ཡིས་ཐོབ། །
དབྱེར་མེད་ངང་ནས་ཉམས་དབྱངས་གླུ་རུ་བློངས། །
རེ་དོགས་ཞེན་པའི་འཆིང་ཐག་ཁྲོལ་དེ་འགྲོ། །
༥༦
རྒྱལ་དང་རྒྱལ་བའི་སྲས་ཀྱི་གསུང་རབ་ཀུན། །
བྱེད་པོས་ཕྱག་རྒྱས་དབྱིངས་སུ་གབ་ན་ཡང་། །
གཞུང་བཟང་འདི་འདྲ་ཡོད་པ་དེ་སྲིད་དུ། །
ཡང་དག་ཐུབ་པའི་བསྟན་པ་ཞིང་འདིར་གནས། །
༥༧
བློ་སྦྱོང་འདི་ཡིན་ཚད་མེད་རྣམ་བཞིས་མཛེས། །
འདུལ་བ་འདི་ཡིན་གནང་བཀག་བསླབ་པ་བསྟན། །
མངོན་པ་འདི་ཡིན་དྲི་མེད་ཤེས་རབ་གསལ། །
ཚད་མ་འདི་ཡིན་རྟོག་གེའི་ཚིག་དོན་བཀྲ། །
༥༨
དབུ་མ་འདི་ཡིན་སྤྲོས་པའི་དྲྭ་བ་གཅོད། །
ཕར་ཕྱིན་འདི་ཡིན་སྐུ་བཞིའི་རྒྱལ་སར་འགོད། །
རྒྱུད་སྡེ་འདི་ཡིན་དག་པའི་ལྟ་སྒོམ་རྫོགས། །
སྒྲུབ་སྡེ་འདི་ཡིན་བསྙེན་སྒྲུབ་རྣམ་བཞི་ཚང་། །
༥༩
འདི་ནི་མ་དང་མཁའ་འགྲོའི་ཐུགས་ཀྱི་ཁྲག །
འདི་ནི་བརྒྱུད་གསུམ་བླ་མའི་གདམས་པའི་བཅུད། །
འདི་ནི་སྡེ་གསུམ་སྲུང་མའི་སྲོག་གི་རྒྱ། །
འདི་ལ་འབྲེལ་ཚད་སྲིད་པ་ཐ་མར་ངེས། །
༦༠
དེ་ལྟའི་རྗེ་བཙུན་བླ་མའི་གསུང་བཟང་འདི། །
མི་མཇེད་ཞིང་འདིར་དངོས་སུ་བཞུགས་པའི་དུས། །
ཐོས་བསམ་སྒོམ་པའི་སྐལ་བར་མ་རྙེད་པ། །
གསེར་གླིང་ཕྱིན་ནས་ལག་སྟོངས་འོང་དང་འདྲ། །
༦༡
རྒྱལ་གསུང་མདོ་རྒྱུད་ཐེག་པའི་ཆོས་ཚུལ་ཀུན། །
ནར་མའི་འཆད་ཉན་བྱེད་རྒྱུ་དཀའ་ན་ཡང་། །
ཟབ་དོན་གདམས་པའི་གླེགས་བམ་ཆུང་ངུ་འདི། །
ཅིས་ཀྱང་ཐོས་བསམ་སྒོམ་པའི་བཅུད་དུ་འོས། །
༦༢
དེ་སྐད་ཟབ་རྒྱས་གདམས་པའི་བདུད་རྩི་ལ། །
བལྟ་བསྐུལ་དྲི་ཟའི་བུ་མོའི་འགྱུར་ཁུག་འདི། །
ཡང་དག་གཞུང་ལ་གོམས་པའི་ངེས་ཤེས་ཀྱིས། །
ཕྲ་མོའི་ཀུན་རྟོག་འདི་ཉིད་བསྒུལ་ཏེ་བྲིས། །
༦༣
བདག་ཀྱང་འདི་བཟུང་བྱང་ཆུབ་མ་ཐོབ་པར། །
སྐྱབས་གཅིག་དམ་པའི་མགོན་དང་མི་འབྲལ་ཞིང་། །
དག་དང་མ་དག་ཞིང་ཁམས་རབ་འབྱམས་སུ། །
ཕྲིན་ལས་སྤེལ་བའི་བྱེད་པོ་མཆོག་ཏུ་སྨོན། །
༦༤
གླུ་འདི་སུ་ཡི་རྣ་བར་ཐོས་པ་དང་། །
ཀློག་དང་སྙན་པའི་དབྱངས་སུ་བཀུག་ཚད་ཀུན། །
རིང་མིན་རང་སྣང་དག་པའི་ཞིང་མཆོག་ཏུ། །
བྲལ་སྨིན་དྲུག་ཅུ་རྩ་བཞིའི་དཔལ་ཐོབ་ཤོག །
ཅེས་ངེས་དོན་དགེ་བའི་བཤེས་གཉེན་མགོ་ཚྭ་༧མཁན་ཆེན་དཔལ་ལྡན་རྡོ་རྗེ་མཆོག་གི་གསུང་ཆོས་ལ་ལྟ་བར་བསྐུལ་བའི་གཏམ་སྙན་འཇེབས་དྲི་ཟའི་བུ་མོའི་འགྱུར་ཁུག་ཅེས་བྱ་བ་ཚིགས་སུ་བཅད་པ་བྲལ་སྨིན་དྲུག་ཅུ་རྩ་བཞིའི་གྲངས་ལྡན་འདི་ཡང་ཤེས་རབ་དཔལ་འཕེལ་དུ་འབོད་པས་གུས་པ་ཆེན་པོས་སྦྱར་བའོ།། །།
བླ་མའི་གསོལ་འདེབས་འཆི་བའི་འཇིགས་སྐྱོབ།
༄༅། །བླ་མའི་གསོལ་འདེབས་འཆི་བའི་འཇིགས་སྐྱོབ་ཅེས་བྱ་བ་བཞུགས་སོ། །ཨེ་མ་སྡོམ་བརྩོན་གདོང་ལྔའི་དབང་པོ། །བསླབ་གསུམ་གཡུ་རལ་མཛེས་པས་སྤྲས་པ། །རིམ་གཉིས་ལམ་གྱི་རྩལ་ཆེན་རྫོགས་ཏེ། །ཆོས་དབྱིངས་དྲི་མེད་གངས་ལ་འཕྱོ་བ། །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །གང་སྐུའི་ཞལ་རས་ཉི་ཟླའི་དཀྱིལ་འཁོར། །ཆོས་དབྱིངས་ས་འཛིན་ནུབ་རིར་ཆས་ཀྱང་། །རྩོལ་མེད་འགྲོ་ལ་གཟུགས་སྐུའི་འོད་ཟེར། །ནམ་ཡང་མི་ནུབ་རྟག་ཏུ་སྤྲོས་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །བསླབ་གསུམ་ཡིད་འཕྲོག་མེ་ཏོག་བཀྲ་བའི། །གང་སྐུ་ཡོངས་འདུས་དཔག་བསམ་ལྗོན་ཤིང་། །ཡོན་ཏན་དྲི་བཟང་ཕྱོགས་བཅུར་ཁྱབ་དེས། །མཆོག་ཐུན་འབྲས་བུ་འདོད་དགུར་སྩོལ་མཛོད། །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །གང་གསུང་དབྱར་རྔའི་སྒྲ་གསང་མཐོན་པོ། །ཕ་མཐའ་མི་མངོན་ཕྱོགས་བཅུར་སྒྲོག་ཚེ། །སྐལ་བཟང་རྨ་བྱའི་བུ་མོའི་ཟློས་གར། །དམ་པའི་ཆོས་ཀྱི་ཕྱོགས་སུ་སྒྱུར་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །ཀུན་རྟོག་འཁྲུལ་བའི་ཆུ་འཛིན་དེངས་པ། །གང་ཐུགས་དྲི་མེད་ཆོས་དབྱིངས་ནམ་མཁར། །མཁྱེན་གཉིས་ཉི་ཟླའི་དཀྱིལ་འཁོར་རྒྱས་པས། །འགྲོ་བློའི་ཡིད་མཁའི་རྨོངས་མུན་སོལ་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །རྣམ་དག་ཁྲིམས་གཙང་ཤེལ་དཀར་བུམ་བཟང་། །བྱམས་དང་སྙིང་རྗེའི་མགུལ་ཆིངས་སྤྲས་ཏེ། །གདམས་ངག་བདུད་རྩིའི་བཅུད་ཀྱིས་འགེང་བ། །སྐལ་བཟང་སྐྱེ་བོའི་སྤྱི་བོར་བླུགས་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །ཐུབ་བསྟན་ཀུན་དའི་སྐྱེད་ཚལ་བཞད་ལ། །ཕྲིན་ལས་རླུང་རྟས་མྱུར་བར་དྲངས་ཏེ། །མཁྱེན་ནུས་བརྩེ་བའི་འོད་ཟེར་འཕྲོ་བའི། །ཉ་གང་ཟླ་བའི་དཀྱིལ་འཁོར་རྒྱས་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །བདེ་གཤེགས་བསྟན་པ་མ་དྲོས་མཚོ་ལས། །བསླབ་གསུམ་ཡིད་བཞིན་ནོར་བུ་བླངས་ཏེ། །སྲིད་ཞིའི་གདུང་བས་ཉམ་ཐག་གྱུར་པའི། །གདུལ་བྱའི་བློ་ཡི་དབུལ་བ་སོལ་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །རྒྱལ་བསྟན་ཡིད་འོང་སྐྱེད་མོའི་ཚལ་དུ། །ཚུལ་ཁྲིམས་པད་མོའི་དྲི་བསུང་ཐུལ་ཏེ། །བློ་གསལ་དོན་གཉེར་བུང་བའི་ཚོགས་ལ། །དམ་ཆོས་བདུད་རྩིའི་དགའ་སྟོན་སྟེར་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །མི་མངོན་གནས་མཆོག་ཆོས་དབྱིངས་ཞིང་ནས། །ཐུགས་རྗེའི་སྤྱན་རས་ཡོལ་བ་མེད་པར། །མངོན་སུམ་གཟིགས་པའི་མདུན་ས་གང་དེར། །བསྟོད་བསྔགས་མེ་ཏོག་འཐོར་བ་ཡིན་སྙམ། །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །བདག་བློ་རྨོངས་པའི་དྲྭ་བར་ཚུད་པས། །སྒྲོ་སྐུར་ཉེས་པས་ཟིན་པར་གྱུར་ན། །བཟོད་པར་མཛོད་ལ་བརྩེ་བའི་ཐུགས་རྗེས། །སླར་ཡང་རྗེས་སུ་སྐྱོང་བར་མཛོད་ཅིག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །མདོར་ན་བླ་མའི་ཡོན་ཏན་དྲན་ཏེ། །མོས་གུས་གདུང་བས་གསོལ་བ་བཏབ་ན། །ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་ལ། །ཉེར་འཚེའི་བར་ཆད་ཞི་བར་མཛོད་ཅིག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །ནམ་ཡང་འོང་སྙམ་ཡིད་ལ་མེད་པའི། །འཆི་བདག་བདུད་པོ་གློ་བུར་ཕེབས་ཏེ། །ལུས་སེམས་བྲལ་བའི་དུས་ལ་བབ་ཚེ། །གནད་གཅོད་དྲག་པོའི་སྡུག་བསྔལ་སོལ་མཛོད། །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །མེད་སྣང་སྟོང་གཟུགས་བར་དོའི་འཁྲུལ་སྣང་། །ཨ་འཐས་བློ་ཡིས་གུད་དུ་བཟུང་སྟེ། །དབང་མེད་འཇིགས་སྐྲག་དུཿཁས་མནར་ཚེ། །འཁྲུལ་བ་རང་སྣང་རང་ངོར་སྤྲོད་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །ཐར་མེད་འཁོར་བའི་བཙོན་རར་ཚུད་དེ། །བཟོད་མེད་སྡུག་བསྔལ་དྲག་པོས་མནར་བའི། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས་ཏེ། །འཁྲུལ་མེད་རྒྱལ་བའི་ལམ་བཟང་སྟོན་ཤོག །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །སྔོན་ཆད་བརྩེ་བས་རྗེས་སུ་བཟུང་སྟེ། །ཐར་ལམ་བགྲོད་པའི་ཐེམ་སྐས་བསྟན་ཀྱང་། །དུག་ལྔས་ཉེན་ཏེ་ལོག་ལམ་གོལ་བའི། །ཉམ་ཐག་བུ་ལ་ཐུགས་རྗེས་དགོངས་མཛོད། །སྐྱབས་གཅིག་བླ་མ་ཐུབ་བསྟན་ཆོས་འཕེལ། །ཞེས་འུ་ཅག་གི་འདྲེན་མཆོག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་གཉིས་སུ་མེད་པ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་ཡོན་ཏན་དྲན་པའི་མོད་ལ་དམ་པ་དེ་ཉིད་ཀྱི་སློབ་འབངས་ཡོངས་ཀྱི་ཐ་ཤལ་པ་དཔལ་ལྡན་རྡོ་རྗེས་བྲིས་པའོ།། །།དགེའོ། །བཀྲ་ཤིས།
༄༅། །སྐྱེ་མེད་ཆོས་དབྱིངས་ཀ་དག་མཉམ་ཉིད་ཀྱི་དུས་སུ། །ཐོག་མའི་སངས་རྒྱས་འགྱུར་མེད་ཆོས་སྐུ་ཡི་སྟོན་པས། །བསྟན་པ་མི་ནུབ་རྒྱལ་མཚན་ཡེ་ཤེས་ཀྱི་དགོངས་པ། །ཉིད་ལས་མི་གཞན་ཤེས་རབ་སྐུ་ལྔ་ལ་བཤད་པའི། །ཆོས་སྐུའི་སྟོན་པ་རྩ་བའི་བླ་མ་དེ་མཁྱེན་ནོ། །བདེ་གཤེགས་རིགས་ལྔའི་སངས་རྒྱས་ལོངས་སྐུ་ཡི་སྟོན་པ། །འདུས་པའི་འཁོར་ནི་རིགས་བཞིའི་སེམས་དཔའ་དང་སེམས་མ། །བསྟན་པ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་དགོངས་པ། །སྣང་བ་འདུ་མཆེད་དུས་སུ་འོག་མིན་གྱི་མགོན་པོ། །ལོངས་སྐུའི་སྟོན་པ་རྩ་བའི་བླ་མ་དེ་མཁྱེན་ནོ། །ལྷ་གནས་གསུམ་སོགས་སྟོང་གསུམ་གྲངས་མེད་ཀྱི་ཞིང་དུ། །ཚེ་ལོ་དཔག་མེད་དུས་སུ་སྙིང་པོ་ཡི་རྒྱུད་ལྔ། །བདེ་གཤེགས་བདུན་དང་སྐྱེ་བཞིའི་འགྲོ་བ་ལ་བཤད་པའི། །མཛད་པ་མཐར་ཕྱིན་རྡོ་རྗེ་འཆང་ཆེན་གྱི་ངོ་བོ། །སྤྲུལ་སྐུའི་སྟོན་པ་རྩ་བའི་བླ་མ་དེ་མཁྱེན་ནོ། །ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་བདག་ཉིད། །ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་དང་དབྱེར་མེད། །འགྲོ་ཀུན་གདུལ་བྱའི་སྣང་ངོར་གཟུགས་སྐུ་ཡི་རྣམ་རོལ། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །རང་སྣང་རྣམ་དག་འོག་མིན་བདེ་ཆེན་གྱི་ཞིང་ནས། །ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྐུ་ཡི་བཀོད་པ། །བདེ་གཤེགས་རིགས་ལྔའི་གསང་གསུམ་སྒྱུ་འཕྲུལ་གྱི་རོལ་མོ། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །གདོད་ནས་ཡེ་སངས་རྒྱས་པ་ཀུན་ཁྱབ་ཀྱི་གཤིས་ལུགས། །འགྱུར་མེད་ཡོངས་གྲུབ་བདེ་གཤེགས་སྙིང་པོ་ཡི་རང་མདངས། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་གྱི་སྤྱི་གཟུགས། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །རྫོགས་རིམ་སྒྱུ་ལུས་འོད་གསལ་སྨིན་བྱེད་ཀྱི་མན་ངག །རྩ་ཐིག་རླུང་གསུམ་དྷུ་ཏིའི་མཁའ་དབྱིངས་སུ་དེངས་ནས། །ས་ལམ་ཡོན་ཏན་རྒྱ་མཚོའི་ཕ་མཐའ་རུ་སོན་པའི། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །བྱེད་བཅིང་ཐབས་ཀྱི་མན་ངག་གཏུམ་མོ་ཡི་མཆོད་པ། །འབར་འཛགས་དགའ་བ་བཞི་ཡི་ཐབས་མཁས་ལ་བརྟེན་ནས། །ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ལ་རོལ་བའི། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །སྲོག་རྩར་ལས་རླུང་སྟོང་ཆེན་དབུ་མ་ཡི་དབྱིངས་སུ། །དྭངས་མའི་ངོ་བོ་རིགས་ལྔའི་རང་བཞིན་དུ་སྨིན་ནས། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་ཞལ། །མངོན་དུ་སྟོན་བྱེད་གཞན་ལུས་ཐབས་ལྡན་ལ་བརྟེན་ནས། །སྐུ་བཞིའི་རྒྱལ་ས་འཛིན་པའི་བརྟུལ་ཞུགས་ལ་ཆས་པ། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །ཀུན་ཁྱབ་འགྱུར་མེད་བློ་འདས་ཆོས་སྐུ་ཡི་ངོ་བོ། །སྤང་བླང་བྱ་རྩོལ་ལས་འདས་ཀ་དག་གི་རང་མདངས། །ལྷུན་གྲུབ་ཀུན་ཏུ་བཟང་པོའི་གཞི་ཐོག་ཏུ་ཕེབས་པའི། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །གདོད་ནས་ཡེ་སངས་རྒྱས་ཀྱང་འགྲོ་ཀུན་གྱི་སྣང་ངོར། །དག་དང་མ་དག་གདུལ་བྱའི་ཁམས་དབང་དང་མཐུན་པར། །བཟོ་སྐྱེ་སྣ་ཚོགས་སྤྲུལ་པའི་ཟློས་གར་ལ་ཆས་པ། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །མ་བཅོས་རིག་པ་རང་བྱུང་ཐོལ་སྐྱེས་ཀྱི་ཚུལ་དུ། །འཆི་མེད་རིག་འཛིན་པདྨའི་རྣམ་རོལ་དུ་ཆས་ཏེ། །གནས་ཡུལ་དཔའ་བོ་ཌཱཀྐིའི་ཚོགས་དཔོན་ལ་གཤེགས་པ། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །མ་དག་གཟུང་འཛིན་འཁྲུལ་བའི་དྲི་མ་དང་བྲལ་བས། །སྣང་སྲིད་ཆོས་ཀུན་དག་པ་རབ་འབྱམས་སུ་ཤར་ཏེ། །བརྩེ་བའི་སྙིང་རྗེ་རྩོལ་མེད་འགྲོ་ཁམས་ལ་འཇུག་པ། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །རབ་འབྱམས་བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་གྱི་བདག་པོ། །གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་དུ་བྱོན་པ། །གང་འདུལ་ཐབས་ཀྱིས་གདུལ་འགྲོའི་ཕན་བདེ་ལ་བརྩོན་པའི། །གྲུབ་པའི་དབང་ཕྱུག་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ། །ཐེག་མཆོག་བསྟན་པའི་སྒྲོན་མེ་འཇམ་མགོན་གྱི་བླ་མ། །རྗེ་བཙུན་ནམ་མཁའ་འཇིགས་མེད་སྙིང་དབུས་ནས་དྲན་ཏེ། །མོས་གུས་གདུང་བ་དྲག་པོའི་རྒྱང་གླུ་ཡིས་འབོད་ན། །དབྱིངས་ནས་ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་གྱི་བླ་མ། །བླ་མའི་ཡོན་ཏན་དྲན་པའི་མོས་གུས་ཀྱིས་བསྐུལ་ནས། །གསོལ་འདེབས་གདུང་བ་དྲག་པོས་སྙན་གསན་ཞིག་ཕབ་ན། །མཚན་བཅས་རྟགས་ཀྱི་བླ་མའི་ཞལ་རས་དེ་བསྟན་ནས། །མཚན་མེད་དོན་གྱི་བླ་མའི་བྱིན་རླབས་དེ་འཕོས་ཤོག །སྲིད་ལམ་ངལ་བས་དུབ་པའི་ཡུན་རིང་གི་མགྲོན་པོ། །སྣ་ཚོགས་སྡུག་བསྔལ་ཁུར་གྱིས་དབང་མེད་དུ་ནོན་བཞིན། །སྐྱབས་དང་དཔུང་གཉེན་བྲལ་བའི་ཉམ་ཐག་གི་སློབ་བུ། །ལས་ངན་གཡང་སར་ལྷུང་ལ་ཐུགས་རྗེ་ཡིས་གཟིགས་མཛོད། །ཆགས་སྡང་རྨོངས་པའི་སྒྲོག་གིས་དབང་མེད་དུ་བཅིངས་ཏེ། །མི་བཟད་ཐར་མེད་འཁོར་བའི་བཙོན་ར་རུ་ཚུད་ན། །སྐྱབས་གཅིག་དྲིན་ཆེན་བླ་མའི་ཐུགས་རྗེ་ཡི་ཕྱག་གིས། །གཟུང་འཛིན་མདུད་རྒྱ་དམ་པོའི་འཆིང་བ་ལས་སྒྲོལ་མཛོད། །འདུལ་ཁྲིམས་དགོས་འདོད་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ། །ཚུལ་མིན་ཡིད་བྱེད་རྟོག་པའི་དྲི་མ་ཡིས་གོས་ན། །དྲན་ཤེས་བག་ཡོད་དར་གྱི་ན་བཟའ་ཞིག་གནང་སྟེ། །བཅོས་མིན་ངེས་འབྱུང་དྲག་པོས་བྱི་དོར་ལ་སྐུལ་མཛོད། །གཞན་ཕན་ཡོན་ཏན་ཀུན་གཏེར་དཔག་བསམ་གྱི་ལྗོན་པ། །རང་འདོད་ལྷ་མིན་གདུག་པའི་དགྲ་སྟ་ཡིས་གཙེས་ན། །མཐའ་མེད་འགྲོ་བ་དབུལ་བའི་སྡུག་བསྔལ་ལས་སྒྲོལ་བའི། །བྱང་ཆུབ་སེམས་ཀྱི་ནོར་བུའི་དགའ་སྟོན་ཞིག་སྩོལ་མཛོད། །ཅེས་དམ་པ་དེ་ཉིད་ཀྱི་སློབ་འབངས་ཡོངས་ཀྱི་ཐ་ཤལ་པ་དཔལ་ལྡན་རྡོ་རྗེ་ཁོ་བོ་བླ་མ་སངས་རྒྱས་ལྟ་བུ་དང་འཕྲད། གདམས་ངག་བདུད་རྩི་ལྟ་བུ་ཐོབ་ཀྱང་ཉིན་མཚན་ཀུན་ཏུ་ཆགས་སྡང་རྨོངས་པའི་རྟོག་པས་དུས་འདའ་བའི་ངང་ནས་ཕྱུགས་ལུག་སྐྱོང་བ་དང་བུད་ཤིང་ཐུ་བ་ཙམ་མ་གཏོགས་ཆོས་སྤྱོད་གང་ལ་ཡང་མོས་པ་མེད་པ་འདི་ལ་བསམ་ན་ལས་ངན་གྱི་གང་ཟག་ཅིག་ཡིན་ངེས་སྙམ་པའི་མོད་ལ་འདི་འདྲ་ཞིག་བྲིས་སོ།། །།
བླ་མའི་གསོལ་འདེབས་དད་པའི་གདུང་གླུ།
༄༅། །བླ་མའི་གསོལ་འདེབས་དད་པའི་གདུང་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། འོད་གསལ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་རང་མདངས། །ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྐུ་ཡི་རོལ་པ། །གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་སྤྲུལ་སྐུ། །སྐུ་གསུམ་དབྱེར་མེད་གུ་ཎ་བྷ་དྲ་དེ་མཁྱེན་ནོ། །སྐུ་ནི་འཕགས་ཚོགས་དགེ་འདུན་ཀུན་འདུས་ཀྱི་ངོ་བོ། །གསུང་ནི་མདོ་སྔགས་ཟབ་རྒྱས་ཆོས་ཚུལ་གྱི་བདག་ཉིད། །ཐུགས་ནི་དུས་གསུམ་རྒྱལ་བའི་དགོངས་ཀློང་དང་དབྱེར་མེད། །དཀོན་མཆོག་ཀུན་འདུས་གུ་ཎ་བྷ་དྲ་དེ་མཁྱེན་ནོ། །བརྒྱུད་གསུམ་རིག་འཛིན་བླ་མའི་དགོངས་ཀློང་དང་དབྱེར་མེད། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་སྤྲོ་བསྡུ་ཡི་བྱེད་པོ། །གནས་གསུམ་ཌཱཀྐི་ཡོངས་ཀྱི་མེས་པོ་རུ་བཞུགས་པའི། །རྩ་གསུམ་ཀུན་འདུས་གུ་ཎ་བྷ་དྲ་དེ་མཁྱེན་ནོ། །གདོད་མའི་སངས་རྒྱས་བདེ་གཤེགས་རྒྱ་མཚོ་ཡི་སྤྱི་གཟུགས། །ལྔ་བདོའི་རྒུད་པས་མནར་བའི་ཉམ་ཐག་གི་འགྲོ་ངོར། །མཚུངས་མེད་བཤེས་གཉེན་དམ་པའི་རྣམ་རོལ་དུ་བྱོན་པའི། །སྐྱབས་གཅིག་བླ་མ་གུ་ཎ་བྷ་དྲ་དེ་མཁྱེན་ནོ། །སྐྱེ་མེད་དབྱིངས་ལས་ནམ་ཡང་གཡོ་བ་ནི་མེད་ཀྱང་། །འགགས་མེད་གཟུགས་སྐུའི་སྒྱུ་འཕྲུལ་སྣ་ཚོགས་ཀྱི་བཀོད་པ། །གང་ལ་གང་འདུལ་འགྲོ་ལ་དེ་ལྟར་དུ་བསྟན་ནས། །འཁོར་བ་དོང་སྤྲུག་མཛོད་ཤོག་དྲིན་ཆེན་གྱི་བླ་མ། །བཅོས་མིན་མོས་གུས་འདི་ལ་ལྟེམ་རྐྱང་ནི་མ་བྱས། །ཉིན་མཚན་བར་མེད་ཀུན་ཏུ་གསོལ་འདེབས་ལ་བརྩོན་ན། །མཚན་བཅས་གཟུགས་སྐུའི་ཞལ་རས་མངོན་སུམ་དུ་བསྟན་ནས། །མཚན་མེད་འོད་གསལ་ཆོས་སྐུའི་དགོངས་པ་དེ་སྟོན་ཤོག །ཡིད་དཔྱོད་མཚན་མས་གདུང་བའི་ཉམ་ཐག་གི་བུ་ཡིས། །མོས་གུས་གདུང་བ་དྲག་པོའི་རྒྱང་གླུ་ཡིས་འབོད་ན། །དགོངས་བརྒྱུད་དོན་གྱི་འོད་གསལ་བདག་རྒྱུད་ལ་འཕོས་ཏེ། །ཚེ་འདིར་གདོད་མའི་མགོན་པོའི་དགོངས་ཀློང་དུ་སྐྱོལ་མཛོད། །ཅེས་པ་འདི་དཔལ་ལྡན་རྡོ་རྗེས་གསོལ་བ་བཏབ་པའོ།། །།
༄༅། །ན་མོ་གུ་རུ། སྐྱེ་མེད་ཆོས་སྐུའི་རང་གདངས། །འགགས་མེད་ལོངས་སྐུའི་རོལ་པ། །གང་འདུལ་དེར་སྣང་སྤྲུལ་པ། །སྐུ་གསུམ་དབྱེར་མེད་ངོ་བོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་མཁྱེན་ནོ། །བརྒྱུད་གསུམ་རིག་འཛིན་བླ་མ། །ཡི་དམ་ཞི་ཁྲོ་རབ་འབྱམས། །གནས་གསུམ་ཌཱཀྐིའི་གཙོ་མཆོག །རྩ་གསུམ་ཀུན་འདུས་ངོ་བོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་མཁྱེན་ནོ། །སྐུ་ནི་འཕགས་པའི་དགེ་འདུན། །གསུང་ནི་མདོ་སྔགས་དམ་ཆོས། །ཐུགས་ནི་དུས་གསུམ་སངས་རྒྱས། །དཀོན་མཆོག་ཀུན་འདུས་ངོ་བོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་མཁྱེན་ནོ། །དུས་གསུམ་རྒྱལ་བའི་མཁྱེན་རབ། །གཅིག་བསྡུས་འཇམ་དཔལ་དཔའ་བོ། །བརྩེ་ཆེན་སྙིང་རྗེའི་རང་གཟུགས། །འཕགས་མཆོག་མིག་མི་འཛུམ་པ། །མཐུ་སྟོབས་ནུས་པའི་དབང་ཕྱུག །གསང་བདག་ཕྱག་ན་རྡོ་རྗེ། །རིགས་གསུམ་དབྱེར་མེད་ངོ་བོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་མཁྱེན་ནོ། །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡི། །བློ་སྣ་ཆོས་ལ་འགྱུར་ཏེ། །འདི་སྣང་འཁོར་བའི་ཕྱོགས་ལ། །ཞེན་པ་གཏིང་ནས་ལོག་པར། །མྱུར་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡིས། །ལས་འབྲས་བསླུ་མེད་གནས་ལ། །ཡིད་ཆེས་གཏིང་ནས་སྐྱེས་ཏེ། །དགེ་སྡིག་བླང་དོར་ནུས་པར། །མྱུར་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡི། །རྟག་འཛིན་འཁྲུལ་བ་ཞིག་སྟེ། །འཆི་བ་སྙིང་ནས་དྲན་ཞིང་། །ལོང་མེད་རྒྱུད་ལ་སྐྱེ་བར། །མྱུར་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡིས། །ཡང་ཡང་རྙེད་དཀའི་དལ་འབྱོར། །ད་རེས་ལན་གཅིག་ཐོབ་འདི། །ཆོས་ལ་བཀོལ་དུ་བཏུབ་པར། །མྱུར་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡིས། །ལན་མང་ཕ་མར་བྱས་པའི། །མཁའ་མཉམ་སེམས་ཅན་རྣམས་ལ། །བྱམས་དང་སྙིང་རྗེ་འབྱོང་བར། །མྱུར་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡིས། །བསླུ་མེད་དཀོན་མཆོག་གསུམ་ལ། །དང་འདོད་ཡིད་ཆེས་དད་པས། །སྙིང་ནས་སྐྱབས་འགྲོ་ནུས་པར། །མྱུར་དུ་བྱིན་གྱིས་རློབས་ཤིག །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡིས། །མོས་གུས་དག་པའི་ལམ་ལས། །འོད་གསལ་གཉུག་མ་ཆོས་སྐུའི། །རང་ཞལ་མངོན་སུམ་མཐོང་བར། །མྱུར་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡིས། །མི་མེད་དབེན་ཁྲོད་ཟིན་ཏེ། །རྩེ་གཅིག་སྒྲུབ་ལ་བརྩོན་ཞིང་། །ཚེ་འདིར་གྲུབ་མཐའ་སྙོགས་པར། །མྱུར་དུ་བྱིན་གྱིས་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་གཅིག་དྲིན་ཆེན་བླ་མ། །གུ་ཎ་བྷ་དྲ་ཁྱེད་ལ། །སྙིང་ནས་གསོལ་འདེབས་བུ་ཡིས། །དམ་ཆོས་བྱང་ཆུབ་སྒྲུབ་པའི། །འགལ་རྐྱེན་བར་ཆད་ཐམས་ཅད། །མ་ལུས་ལྷག་མེད་ཞི་བར། །མྱུར་དུ་བྱིན་གྱིས་རློབས་ཤིག །ཅེས་པ་འདི་ནི་དཔལ་མགོན་བླ་མ་དམ་པ་རྗེ་བཙུན་གུ་ཎ་བྷ་དྲ་ལ་མི་ཕྱེད་པའི་དད་པ་ཐོབ་པའི་བན་དེ་འཇིགས་མེད་དབང་པོ་དང་། ཀརྨ་བློ་བཟང་གཉིས་ཀྱི་ངོར་དཔལ་ལྡན་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༈ བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་ནི་མེད་མགོན། །ལྔ་བདོའི་འགྲོ་ངོར་དགེ་བའི་བཤེས་གཉེན་དུ་བྱོན་པ། །སྐྱབས་གཅིག་བླ་མ་བློ་གྲོས་རྒྱ་མཚོ་དེ་མཁྱེན་ནོ། །བརྩེ་ཆེན་ཐུགས་རྗེས་གཟིགས་ལ་དགོངས་བརྒྱུད་ཀྱི་རྟོགས་པ། །འོད་གསལ་གདོད་མའི་རང་ཞལ་མངོན་སུམ་དུ་སྟོན་ཤོག །ཡོད་ཅེས་གཤིས་ལ་ངོ་བོ་ངོས་བཟུང་ནི་མི་འདུག །མེད་ཅེས་ཆད་མཐར་མ་ལྟུང་རང་གསལ་དུ་ལྷག་གེ །ཡོད་མེད་གཉིས་ཡིན་གཉིས་མིན་མཐའ་བཞི་དང་བྲལ་བ། །སྤྲོས་བྲལ་དབུ་མ་ཆེན་པོའི་དགོངས་པ་དེ་སྟོན་ཤོག །ཀུན་རྫོབ་སྣང་བ་དག་པའི་རང་བཞིན་དུ་གོ་ཞིང་། །དོན་དམ་སྟོང་པ་མཉམ་ཉིད་མཐའ་བྲལ་དུ་རྟོགས་ཏེ། །བདེན་གཉིས་དབྱེར་མེད་ཟུང་འཇུག་མཐར་ཐུག་གི་ལྟ་བ། །ལྷག་པའི་ཆོས་སྐུ་ཆེན་པོའི་རང་ཞལ་དེ་སྟོན་ཤོག །སྣང་ལ་ཡོད་པར་མ་གྲུབ་ཀ་དག་གི་གཤིས་ལུགས། །སྟོང་ལ་མེད་པར་མ་སོང་ལྷུན་གྲུབ་ཀྱི་རོལ་པ། །ཟུང་འཇུག་བློ་བྲལ་བརྗོད་མེད་ཟང་ཐལ་གྱི་གཤིས་ལུགས། །ཡེ་གྲོལ་རྫོགས་པ་ཆེན་པོའི་དགོངས་པ་དེ་སྟོན་ཤོག །དེ་ལྟའི་རྟོགས་པས་བདག་རྒྱུད་མ་གྲོལ་གྱི་བར་དུ། །བདེ་ཆེན་དག་པའི་ཞིང་མཆོག་དམ་པ་རུ་སྐྱེས་ནས། །མགོན་པོ་ཁྱེད་ཀྱི་མཚན་དཔེའི་ཞལ་བཟང་དང་མཇལ་ཏེ། །གདམས་ཟབ་བདུད་རྩིས་འཚོ་བའི་སྐལ་བཟང་ཞིག་མཛོད་ཤོག །ཅེས་པ་འདི་ནི་དམ་པ་དེ་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པའི་བན་དེ་དཔལ་ལྡན་རྡོ་རྗེས་སུག་བྲིས་སུ་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
བླ་མའི་རྒྱང་འབོད་བྱིན་རླབས་མྱུར་འཇུག
༄༅། །བླ་མའི་རྒྱང་འབོད་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །ཆོས་ཀུན་གྱི་རང་བཞིན་ཆོས་ཉིད་ཀྱི་གཤིས་ལུགས། །དབྱིངས་དག་མཉམ་གདོད་མའི་གཞི་ཀློང་ན་བཞུགས་པའི། །དཔལ་ཀུན་བཟང་ཆོས་སྐུའི་སྟོན་པ་དང་མི་གཉིས། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །གདངས་མ་འགགས་རྩལ་སྣང་ཕྱི་གསལ་གྱི་བཀོད་པ། །རྩལ་རོལ་པ་ངེས་པ་ལྔ་ལྡན་དུ་བཞུགས་པའི། །དཔལ་བདེ་གཤེགས་རིགས་ལྔའི་རྒྱལ་བ་དང་དབྱེར་མེད། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །ཐུགས་དམིགས་མེད་སྙིང་རྗེའི་གཞན་དབང་དུ་གྱུར་ཏེ། །མ་འགྲོ་དྲུག་འདྲེན་པའི་དེད་དཔོན་དུ་ཆས་པའི། །དཔལ་འགྲོ་འདུལ་སྤྲུལ་སྐུ་ཐུབ་དྲུག་དང་དབྱེར་མེད། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །སྐུའི་ངོ་བོ་འཕགས་པའི་དགེ་འདུན་དུ་བཞུགས་ཤིང་། །གསུང་མདོ་སྔགས་དམ་ཆོས་རྒྱ་མཚོ་ཡི་བདག་ཉིད། །ཐུགས་དུས་གསུམ་རྒྱལ་བའི་དགོངས་ཀློང་དང་དབྱེར་མེད། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །གནས་དཔལ་རི་དག་པ་གཉིས་ལྡན་གྱི་གཙོ་མཆོག །སྐྱབས་དུས་གསུམ་རྒྱལ་བ་ཀུན་འདུས་ཀྱི་བདག་ཉིད། །མགོན་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དང་མི་གཉིས། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །ཐབས་ཤེས་རབ་སྣང་སྟོང་ཆོས་ཅན་དང་ཆོས་ཉིད། །དབྱེར་མི་ཕྱེད་ཡི་དམ་ཞི་ཁྲོ་ཡི་ལྷ་ཚོགས། །ཐུགས་དགོངས་པ་སྐྱེ་མེད་ཆོས་ཉིད་ཀྱི་རོལ་པ། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །གནས་སོ་གཉིས་ཡུལ་དང་དུར་ཁྲོད་ན་བཞུགས་པའི། །མ་ཡེ་ཤེས་དབྱིངས་ཀྱི་ཌཀྐཱི་ཡི་ཚོགས་རྣམས། །མགོན་ཁྱེད་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་གྱི་བཀོད་པ། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །མགོན་ཐུབ་པའི་དབང་པོས་བཤེས་གཉེན་གྱི་རྣམ་པས། །དུས་ལྔ་བདོའི་འགྲོ་བ་འདུལ་ཕྱིར་དུ་བྱོན་ཞེས། །ལུང་བསྟན་པའི་སྐྱེས་མཆོག་ཁྱེད་རང་དང་ཁྱེད་འདྲའི། །དུས་ད་ལྟའི་དགེ་བའི་བཤེས་གཉེན་གྱི་ཚོགས་རྣམས། །གནས་དག་པའི་ཞིང་མཆོག་སོ་སོ་ལ་ཆས་ཏེ། །ཐུགས་དགོངས་པ་བཏང་སྙོམས་བཞུགས་པ་དེ་ཕོད་དམ། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །དུས་སྙིགས་མའི་རྒུད་པ་དྲག་པོ་ཡིས་མནར་བའི། །བུས་མོས་གུས་གདུང་བའི་རྒྱང་གླུ་ཡིས་འབོད་ན། །དབྱིངས་སྐྱེ་མེད་ཀློང་ནས་འགགས་མེད་ཀྱི་རོལ་པ། །སྐུ་གཟུགས་སྐུའི་བཀོད་པ་མངོན་སུམ་དུ་སྟོན་ཤོག །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །དགྲ་མི་རྟག་འཆི་བ་སྙིང་དབུས་ནས་དྲན་ཞིང་། །ལས་དགེ་སྡིག་བླང་དོར་ཚུལ་བཞིན་དུ་བྱས་ནས། །རྙེད་དཀའ་བའི་དལ་འབྱོར་དོན་ལྡན་དུ་གྱུར་ཏེ། །གནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་མཛོད། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །ཚེ་འདི་སྣང་འཁོར་བའི་བྱ་བ་དང་བྲལ་ཏེ། །གནས་མི་མེད་དབེན་པའི་རི་ཁྲོད་ལ་ཆས་ནས། །སེམས་མ་བཅོས་གཉུག་མའི་རང་ཞལ་དེ་མཐོང་ཞིང་། །ཚེ་འདི་ལ་གདོད་མའི་གཏན་སྲིད་དུ་སྐྱོལ་མཛོད། །ཕ་བླ་མ་པདྨ་འོད་གསལ་དེ་མཁྱེན་ནོ། །ཞེས་པ་འདི་ནི་སྙིང་དང་མིག་ལས་ལྷག་པའི་རྡོ་རྗེའི་མཆེད་པོ་དམ་པ་ཡེ་ཤེས་རྒྱ་མཚོ་དང་དོན་དགའ་གཉིས་ཀྱིས་ཚེ་རྣ་འགའ་ཞིག་གནང་ནས་བསྐུལ་ངོ་མ་ལྡོག་ཙམ་དུ་མགོ་ཚྭའི་གྲྭ་དཔལ་ལྡན་ནས་བྲིས་མདོག་བྱས་སོ། །ཚིག་དང་དོན་ལ་ཉེས་འགལ་གང་མཆིས་རྣམས་བླ་མ་དང་མཆེད་པོའི་ཚོགས་ཀྱིས་བཟོད་པར་མཛད་དུ་གསོལ།། །།དགེ་ཞིང་བཀྲ་ཤིས།
༈ ན་མོ་གུ་རུ། སྐྱབས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་སྤྱི་དཔལ། །མགོན་གདོད་མའི་སྟོན་པ་རྒྱལ་ཀུན་གྱི་མེས་པོ། །རྗེ་སུམ་ལྡན་རྡོ་རྗེ་འཛིན་པ་རུ་བཞུགས་པའི། །སྐྱབས་བླ་མ་རིག་འཛིན་དབང་རྒྱལ་དེ་མཁྱེན་ནོ། ༡ །བདག་སྙིགས་མ་ལྔ་ཡི་མར་གཤམ་དུ་སྐྱེས་ཏེ། །ལས་མི་དགེ་བསགས་པའི་རྣམ་སྨིན་གྱི་འབྲས་བུ། །ལྷ་མ་སྲིན་སྡེ་བརྒྱད་གདུག་རྩུབ་ཀྱི་ཆོ་འཕྲུལ། །ནད་མུ་གེ་མཚོན་ཆའི་བསྐལ་པ་ཡིས་མནར་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ལས། །དཔལ་རྫོགས་ལྡན་གསར་བའི་ཉིན་བྱེད་ཀྱི་སྣང་བས། །ཕྱོགས་ཐ་གྲུ་ཀུན་ལ་ཁྱབ་པ་ཞིག་མཛོད་ཤོག །༢ །དུས་སྙིགས་མའི་སྐྱེ་བོ་བདག་ཅག་གི་བྱ་སྤྱོད། །ལས་སྡིག་པ་མི་དགེ་ཁོ་ན་ལས་མ་འདས། །དཔེ་བཞག་ན་ཤ་ཟ་སྲིན་པོ་ཡི་གྲོང་ཁྱེར། །གནས་འདི་རུ་འཕོས་པ་ལྟ་བུ་ཞིག་གྱུར་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུ་ཡིས། །ལས་མི་དགེ་སྡིག་པའི་བསམ་སྦྱོར་དེ་ཞི་ཞིང་། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག །༣ །དུས་དེང་སང་སྐྱེ་བོ་མ་རབས་ཀྱི་སྤྱོད་པ། །སྡིག་ཤ་ཆང་ཟས་ལ་བག་མེད་དུ་རོལ་ཏེ། །ཚོང་རྫུན་དང་གཡོ་སྒྱུས་མགོ་སྐོར་ལ་རེམ་ཞིང་། །དགྲ་ཇག་པ་རྐུན་མས་ས་སྟེང་འདི་གང་ཚེ། །བུས་མོས་གུས་གདུང་ཤུགས་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །ལས་མི་དགེ་སྡིག་པའི་བསམ་སྦྱོར་དེ་ཞི་ནས། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག །༤ །བདག་འདི་སྣང་འཁོར་བའི་བྱ་བ་ལ་ཞེན་ནས། །རྟེན་དལ་འབྱོར་དོན་མེད་སྟོང་ཟད་ལ་ཤོར་སོང་། །དགྲ་མི་རྟག་འཆི་བ་སྐད་ཅིག་ལ་མ་དྲན། །ལས་སྡིག་པ་མི་དགེ་འཆོལ་ཉོག་ཏུ་སྤྱོད་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །ལས་སྡིག་པ་མི་དགེའི་བསམ་སྦྱོར་དེ་ཞི་ཞིང་། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག །༥ །བདག་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཞུགས་ཏེ། །གོས་དམར་སེར་རྟགས་ཀྱི་རྒྱལ་མཚན་དེ་འཆང་བཞིན། །ལམ་བསླབ་པ་གསུམ་གྱི་ཉམས་ལེན་དེ་དོར་ནས། །ཚོང་བུན་སྐྱེད་ཁྱིམ་པའི་འཚོ་འཛིན་གྱིས་བྲེལ་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །ལས་སྡིག་པ་མི་དགེའི་བསམ་སྦྱོར་དེ་ཞི་ཞིང་། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག །༦ །རྗེ་རྒྱལ་བའི་བསྟན་པ་མ་ཉམས་པར་གནས་ཤིང་། །རང་ལྷ་ཆོས་སྒྲུབ་པའི་མཐུན་རྐྱེན་དེ་འཛོམ་བཞིན། །ཆོས་བསྐྱེད་རྫོགས་རྫོགས་ཆེན་ཉམས་ལེན་དེ་ཕར་ཞོག །ལམ་ཐུན་མོང་སྔོན་འགྲོའི་སྦྱང་བ་ཙམ་མེད་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །སེམས་རྣམ་གཡེང་བག་མེད་ལེ་ལོ་དང་བྲལ་ནས། །བུའི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཤོག །༧ །སེམས་བརྩེ་བས་ལན་གྲངས་དཔག་མེད་དུ་བསྐྱངས་པའི། །མ་སེམས་ཅན་འཁོར་བའི་ཁྲི་མུན་དུ་ཚུད་དེ། །བཟོད་དཀའ་བའི་སྡུག་བསྔལ་དྲག་པོ་ཡིས་མནར་ན། །དེ་སྐྱོབ་པའི་ནུས་མཐུ་བདག་ཅག་ལ་མེད་པས། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །མ་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། །གནས་བདེ་ཆེན་དག་པའི་ཞིང་ཁམས་ལ་དྲོངས་མཛོད། ༨ །སེམས་རྣམ་རྟོག་མ་རིག་དགྲའི་ནང་གི་དགྲ་ཆེན། །དགྲ་འདི་ཡིས་འཁོར་བའི་རྒྱ་ནང་དུ་བཅུག་ནས། །ཡེ་ཐོག་མའི་དུས་ནས་ད་ལྟ་ལ་ཐུག་ཀྱང་། །དུས་ད་རུང་འདི་ཡིས་ཐར་བ་ཞིག་མི་སྟེར། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ཡིས། །སེམས་རྣམ་རྟོག་གཞི་མེད་རྩ་བྲལ་དུ་རྟོགས་ཏེ། །ལམ་མ་བཅོས་ཅོག་བཞག་རང་བབས་ལ་གནས་ཤིང་། །བུའི་སྣང་སེམས་འཛིན་པ་རང་སར་དུ་གྲོལ་བར། །དུས་ད་ལྟ་ཉིད་དུ་བྱིན་གྱིས་རང་རློབས་ཤིག །༩ །ཕྱི་ཡུལ་གྱི་སྣང་བ་སྣ་ཚོགས་པ་འདི་ཀ །ནང་འཛིན་པའི་རྟོག་པས་ཐ་དད་དུ་བལྟས་ཚེ། །དགྲ་གཉེན་གྱི་སྣང་བ་སྣ་ཚོགས་འདི་ཤར་ཏེ། །ཆགས་སྡང་གི་རྟོག་པ་བར་མེད་དུ་སྐྱེས་ཚེ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ཤིག །༡༠ །ཕྱི་སྣང་བ་མེད་སྣང་སྟོང་གཟུགས་སུ་གོ་ཞིང་། །ནང་འཛིན་པའི་ཤེས་པ་སྐྱེ་མེད་དུ་རྟོགས་ཏེ། །བར་གཟུང་འཛིན་འབྲེལ་བའི་འཁྲུལ་རྟོག་གི་རྩ་བ། །དུས་ད་ལྟ་ཆོད་པར་བྱིན་གྱིས་རང་རློབས་ཤིག །ཡུལ་དག་པའི་སྣང་བ་མཚན་འཛིན་གྱིས་བསྒྲིབས་ཤིང་། །ནང་འཛིན་པའི་ཤེས་པ་འཁྲུལ་རྟོག་གིས་བསླད་དེ། །སྒོ་ལུས་ངག་ཡིད་གསུམ་ཐ་མལ་དུ་བཟུང་བས། །གནས་ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་གྲུབ་བོ། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ཡིས། །གཟུགས་སྣང་ཚད་སྣང་སྟོང་ལྷ་སྐུ་རུ་མཐོང་བཞིན། །སྒྲ་གྲག་ཚད་གྲག་སྟོང་སྐྱེ་མེད་དུ་གོ་སྟེ། །སེམས་དྲན་རྟོག་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོར། །དུས་ད་ལྟ་རྟོགས་པར་བྱིན་གྱིས་རང་རློབས་ཤིག །ཆོས་ཟབ་མོ་འོད་གསལ་རྫོགས་ཆེན་གྱི་དགོངས་པ། །སེམས་མ་བཅོས་རིག་སྟོང་ཀ་དག་གི་གཤིས་ལུགས། །དབྱིངས་སྐྱེ་བ་མེད་པ་ཆོས་སྐུ་ཡི་ཀློང་དུ། །བདག་ཚེ་འདིར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །ལགས་ཉིད་ཀྱི་བཀའ་མ་བཅག་ཙམ་དུ་དེ་འདྲའི་ཉུང་བསྡུས་ཤིག་བྲིས་མདོག་བྱས་ཡོད་ཨི་ལོ་མི་ཤེས། དཔལ་ལྡན་ནས་མཁན་ཐུགས་མཆོག་ལ་ཕུལ་བའོ།། །།
༈ ན་མོ་གུ་རུ། གདོད་ནས་སྐྱེ་འགག་སྤྲོས་པའི་མཚན་མ་དང་བྲལ་བ། །ཆོས་དབྱིངས་ཟབ་གསལ་ཁྱབ་བརྡལ་འཕོ་མེད་ཀྱི་གཤིས་ལུགས། །ཡེ་གྲོལ་བསལ་བཞག་བྲལ་བའི་ཆོས་ཉིད་ཀྱི་ཀློང་དུ། །ཆོས་ཟད་རིག་སྟོང་ཆོས་སྐུའི་བླ་མ་དེ་མཁྱེན་ནོ། །ལྷུན་གྲུབ་སྣང་ཆ་མ་འགགས་ཕྱི་གསལ་གྱི་བཀོད་པ། །སྐུ་དང་ཡེ་ཤེས་རྒྱ་མཚོའི་སྤྲོ་བསྡུ་ཡི་བྱེད་པོ། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་རུ་བཞུགས་པའི། །མ་འགགས་རོལ་པ་ལོངས་སྐུའི་བླ་མ་དེ་མཁྱེན་ནོ། །དམིགས་མེད་བརྩེ་བའི་སྙིང་རྗེ་ཆེན་པོ་ཡིས་བསྐུལ་ནས། །གང་ལ་གང་འདུལ་དེ་ལ་དེ་ལྟར་དུ་སྣང་ནས། །སྣ་ཚོགས་ཐབས་ཀྱིས་གདུལ་འགྲོའི་ཕན་བདེ་ལ་བརྩོན་པའི། །ཐུགས་རྗེ་ཕྱོགས་མེད་སྤྲུལ་སྐུའི་བླ་མ་དེ་མཁྱེན་ནོ། །བརྒྱུད་གསུམ་རིག་འཛིན་བླ་མ་ཀུན་འདུས་ཀྱི་ངོ་བོ། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག །གནས་གསུམ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཡི་ཚོགས་དཔོན། །རྩ་གསུམ་ཀུན་འདུས་རྩ་བའི་བླ་མ་དེ་མཁྱེན་ནོ། །སྐུ་ནི་དགེ་འདུན་གསུང་ནི་དམ་ཆོས་ཀྱི་ངོ་བོ། །ཐུགས་ནི་སངས་རྒྱས་མཁྱེན་གཉིས་ཡེ་ཤེས་ཀྱི་མངའ་བདག །དཀོན་མཆོག་ཀུན་འདུས་སངས་རྒྱས་གྲགས་པ་དེ་མཁྱེན་ནོ། །དབྱིངས་ནས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རང་རློབས་ཤིག །བཟོད་དཀའ་སྡུག་བསྔལ་གསུམ་གྱི་དུཿཁ་ལ་སྤྱོད་ཀྱང་། །སུན་པ་ལྟ་ཅི་སླར་ཡང་འཁོར་བ་ལ་ཞེན་ནས། །མི་དགེ་སྡིག་པའི་ལས་ལ་ཧབ་ཐོབ་ཏུ་སྤྱོད་པའི། །བདག་སོགས་སྙིགས་མའི་འགྲོ་ལ་ཐུགས་རྗེ་ཡིས་ཨེ་གཟིགས། །གྲུབ་པའི་དབང་ཕྱུག་སངས་རྒྱས་གྲགས་པ་དེ་མཁྱེན་ནོ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག །འཆི་བ་མ་དྲན་ཚེ་འདིའི་བདེ་འབྱོར་ལ་ཞེན་ནས། །ལོངས་སྤྱོད་སྙན་གྲགས་སྤེལ་ལ་མི་ཚེ་འདི་བསྐྱལ་ཏེ། །ཡུན་རིང་སྡོད་གྲབས་བྱེད་པའི་རྨོངས་པ་ནི་བདག་གིས། །འཁྲུལ་སྣང་བདེན་འཛིན་འདི་ལ་ཆོད་དུས་ཤིག་མི་འདུག །གྲུབ་པའི་དབང་ཕྱུག་སངས་རྒྱས་གྲགས་པ་དེ་མཁྱེན་ནོ། །རྟག་འཛིན་ཨ་འཐས་ཞེན་པའི་འཆིང་ཞགས་འདི་སྒྲོལ་ཤོག །རྒྱལ་བའི་བདེན་གསུང་རྒྱུ་འབྲས་བསླུ་མེད་ཀྱི་རྣམ་བཞག །མདོ་རྒྱུད་བསྟན་བཅོས་ཀུན་ལས་ཡང་ཡང་དུ་ཐོས་ཀྱང་། །རྣམ་གཡེང་བག་མེད་ལེ་ལོའི་གཞན་དབང་དུ་གྱུར་ཏེ། །འཕྲལ་དུ་སྤང་བླང་ནུས་པའི་དུས་སྐབས་ཤིག་མེད་པས། །དཀོན་མཆོག་ཀུན་འདུས་སངས་རྒྱས་གྲགས་པ་དེ་མཁྱེན་ནོ། །དགེ་སྡིག་བླང་དོར་ནུས་པར་བྱིན་གྱིས་རང་རློབས་ཤིག །ཡང་ཡང་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས། །ད་རེས་ལན་གཅིག་ཐོབ་པའི་སྐལ་བ་དང་ལྡན་ཡང་། །དཀོར་སོགས་འཁོར་བའི་བྱ་བས་མི་ཚེ་འདི་ཟད་དེ། །རང་དོན་ཉི་ཚེ་ཙམ་ཡང་འགྲུབ་དུས་ཤིག་མི་འདུག །དཀོན་མཆོག་ཀུན་འདུས་སངས་རྒྱས་གྲགས་པ་དེ་མཁྱེན་ནོ། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རང་རློབས་ཤིག །
༈ གདོད་མའི་དབྱིངས་ན་ནང་གསལ་སྐུ་གསུམ་དུ་བཞུགས་པས། །སྐུ་མདོག་ཞལ་ཕྱག་མཚན་མའི་སྤྲོས་པ་ལས་དབེན་མོད། །ལྷུན་གྲུབ་རོལ་པ་མ་འགགས་ཕྱི་གསལ་གྱི་བཀོད་པ། །ལོངས་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་དེ་མཁྱེན་ནོ། །ཉོན་ཤེས་དྲི་མས་དབེན་པའི་མཁྱེན་གཉིས་ཀྱི་མཁའ་ལ། །དམིགས་མེད་སྙིང་རྗེ་ཆེན་པོའི་ཆུ་འཛིན་གྱིས་གཏམས་ཏེ། །བྱིན་རླབས་མཐུ་སྟོབས་ནུས་པའི་ཆར་རྒྱུན་ཞིག་ཕོབ་ལ། །བདག་སོགས་འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་ཁྲུས་ཤོག །རིག་སྟོང་གཉུག་མ་ཟང་ཐལ་ཆོས་ཉིད་ཀྱི་མཁའ་ལ། །ཉམས་ཆགས་ཉེས་ལྟུང་སྒྲིབ་པའི་སྤྲིན་ཚོགས་དེ་མེད་མོད། །འཁྲུལ་ངོར་གློ་བུར་ཉམས་སྒྲིབ་ཆུ་འཛིན་གྱིས་སྒྲིབ་ཚེ། །བྱིན་རླབས་ཐུགས་རྗེ་ལྡན་པའི་རླུང་ཤུགས་ཀྱིས་གཏོར་མཛོད། །ཡེ་ནས་དག་པའི་ཆོས་ཉིད་རྒྱ་མཚོ་ཡི་ཀློང་ན། །ཀུན་རྟོག་ཨ་འཐས་སྤྲོས་པའི་དྲྭ་བ་ཞིག་མེད་མོད། །མ་རྟོགས་འཁྲུལ་ངོར་གཟུང་འཛིན་རྙོགས་མ་ཡིས་བསླད་ཚེ། །དྭངས་བྱེད་མ་བཅོས་གཉུག་མའི་ནོར་བུ་དེ་སྩོལ་མཛོད། །སྔོན་ཚེ་འགྲོ་ཕན་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས། །གང་མཚན་སྐད་ཅིག་དྲན་པའི་ཉིན་བྱེད་ཀྱི་སྣང་བས། །ཐོག་མེད་འཁོར་བར་བསགས་པའི་སྡིག་སྒྲིབ་ཀྱི་མུན་པ། །མ་ལུས་འཇོམས་མཛད་རྡོ་རྗེ་སེམས་དཔའ་དེ་མཁྱེན་ནོ། །ཞེས་པ་འདི་ནི་དཔལ་ལྡན་རྡོ་རྗེས་བྲིས་པའོ།། །།
༈ དབྱིངས་སྐྱེ་མེད་གདོད་མའི་གཞི་ཀློང་ན་བཞུགས་པའི། །དཔལ་ཀུན་བཟང་ཐོག་མའི་མགོན་པོ་ཡི་རྣམ་རོལ། །དུས་སྙིགས་མའི་འགྲོ་བ་བདག་སོགས་ཀྱི་སྐྱབས་གཅིག །དྲིན་མཚུངས་མེད་ཡོན་ཏན་བཟང་པོ་དེ་མཁྱེན་ནོ། །གཤིས་རིག་པ་སྐུ་གསུམ་གཞི་རྫོགས་སུ་རྟོགས་ཏེ། །ལམ་ཅོག་བཞག་རྣམ་བཞིའི་འཕྲུལ་ཐབས་ལ་བརྟེན་ནས། །རྩལ་སྣང་སེམས་འཛིན་པ་གཞི་དབྱིངས་སུ་གྲོལ་བའི། །སྐྱབས་མཚུངས་མེད་ཐུབ་བསྟན་འབྱུང་གནས་དེ་མཁྱེན་ནོ། །ཕྱི་སོ་ཐར་ཚུལ་ཁྲིམས་རྣམ་དག་དང་ལྡན་ཏེ། །ནང་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་དེ་ཕྱུག་བཞིན། །སྔགས་གསང་ཆེན་ཨ་ཏིའི་རྣལ་འབྱོར་གྱི་དབང་ཕྱུག །མགོན་མཚུངས་མེད་འཇམ་དཔལ་རྒྱ་མཚོ་དེ་མཁྱེན་ནོ། །ཡང་ན། གཞི་སྤྲོས་དང་བྲལ་བ་ཆོས་སྐུ་ཡི་བླ་མ། །གདངས་འགགས་པ་མེད་པ་ལོངས་སྐུ་ཡི་བླ་མ། །རྩལ་ཅིར་ཡང་འཆར་བ་སྤྲུལ་སྐུ་ཡི་བླ་མ། །སྐྱབས་བླ་མ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ། །དྲིན་མཚུངས་མེད་ཡོན་ཏན་བཟང་པོ་དེ་མཁྱེན་ནོ། །སེམས་མ་བཅོས་གཉུག་མའི་ཡེ་ཤེས་དེ་བླ་མ། །གདངས་འགགས་མེད་ལོངས་སྐུའི་རོལ་པ་དེ་ཡི་དམ། །རྩལ་འགགས་མེད་འཆར་བ་མཁའ་འགྲོ་ཡི་རང་བཞིན། །སྐྱབས་བླ་མ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ། །མགོན་མཚུངས་མེད་ཐུབ་བསྟན་འབྱུང་གནས་དེ་མཁྱེན་ནོ། །ཐུགས་མཁྱེན་གཉིས་ཡེ་ཤེས་སངས་རྒྱས་ཀྱི་ངོ་བོ། །གསུང་ཐར་ལམ་སྟོན་མཛད་དམ་ཆོས་ཀྱི་སྙིང་པོ། །སྐུ་དད་པའི་གནས་གྱུར་དགེ་འདུན་གྱི་རང་བཞིན། །སྐྱབས་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ། །རྗེ་མཚུངས་མེད་འཇམ་དཔལ་རྒྱ་མཚོ་དེ་མཁྱེན་ནོ། །
༈ ཆོ༵ས་དབྱི༵ངས་གདོད་མའི་གནས་ལུགས་མངོན་སུམ་དུ་གཟིགས་ཏེ། །རྡོ༵་རྗེ༵་ཐེག་པའི་སྨིན་གྲོལ་ཟབ་མོ་ལ་བསྟེན་ནས། །སྐལ་བཟང་གདུལ་བྱའི་ཚོགས་རྣམས་ཐར་ལམ་ལ་འགོད་པའི། །བཀའ་དྲིན་མཚུངས་མེད་ཆོས་དབྱིངས་རྡོ་རྗེ་དེ་མཁྱེན་ནོ། །ཚིགས་བཅད་འདི་འཇམ་ཤེར་གྱིས་བསྐུལ་ངོར་དཔལ་ལྡན་ནས། ཕ་བཀའ་དྲིན་ཅན་གྱི་བླ་མ་རྣམས་དྲན་ནས། །བུས་མོས་གུས་གདུང་བ་དྲག་པོ་ཡིས་འབོད་ན། །ཕ་བླ་མས་དབྱིངས་ནས་ཐུགས་རྗེ་ཡིས་གཟིགས་ལ། །བུའི་བློ་སྣ་དམ་པའི་ལྷ་ཆོས་ལ་བསྒྱུར་མཛོད། །སྐྱབས་རྒྱལ་ཀུན་འདུས་ཞལ་དྲིན་ཆེན་གྱི་བླ་མའི། །གསུང་ཟབ་རྒྱས་མདོ་སྔགས་ཆོས་ཚུལ་གྱི་རལ་གྲིས། །བུའི་འདི་སྣང་ཞེན་པའི་འཆིང་ཐག་དེ་ཆོད་ལ། །གནས་མི་མེད་དབེན་པའི་རི་ཁྲོད་དུ་སྐྱོལ་མཛོད། །མགོན་བླ་མའི་གདམས་ངག་བྱིན་རླབས་ཀྱི་མཐུ་ཡིས། །གཞི་རིག་པ་ཆོས་སྐུའི་རང་ཞལ་དེ་མཇལ་ནས། །ལམ་སྣང་བཞི་བགྲོད་པ་ཉི་ཟླ་ལས་མྱུར་བར། །ཚེ་འདི་ལ་གདོད་མའི་རྒྱལ་ས་ལ་སྐྱོལ་ཅིག །ཅེས་པ་འདི་ནི་རྡོ་རྗེའི་མཆེད་པོ་དམ་པ་གྲྭ་ཡོན་ཏན་ཀུན་འབྱུང་ཁོང་གིས་རྩ་བའི་བླ་མ་རྣམས་ལ་གསོལ་འདེབས་ཤིག་མ་བྲིས་ཐབས་མེད་ཀྱིས་ནན་བསྐུལ་བགྱིས་པ་མ་ལྡོག་ཙམ་དཔལ་ལྡན་ནས་བྲིས་མདོག་བྱས་པ་འདི་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༈ མདུན་གྱི་ནམ་མཁར་བླ་མ་ཨོ་རྒྱན་ཆེན་པོ་དངོས་སུ་བཞུགས་ཡོད་པར་མོས་ལ་དད་གུས་རྩེ་གཅིག་པའི་སྒོ་ནས་གསོལ་བ་འདེབས་པ་ནི། བླ་མ་ཨོ་རྒྱན་ཆེན་པོ་མཁྱེན། ལན་གསུམ་མམ་བདུན་ནམ་ཅི་ནུས་ཀྱི་མཐར། སྐྱབས་གནས་བསླུ་མེད་འགྲོ་བའི་མགོན། །བླ་མ་ཨོ་རྒྱན་ཆེན་པོ་ལ། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་སོ་བདག་ཅག་གིས། །འཆི་བ་སྙིང་ནས་དྲན་པ་དང་། །དལ་འབྱོར་སྙིང་པོ་ལོན་པ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །འཁོར་བར་ཞེན་པ་ལོག་པ་དང་། །དགེ་སྡིག་བླང་དོར་ནུས་པ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །སྡོམ་དང་དམ་ཚིག་གཙང་བ་དང་། །དད་པ་དག་སྣང་འཕེལ་བ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །ཐོས་བསམ་སྒོམ་ལ་བརྩོན་པ་དང་། །བྱམས་དང་སྙིང་རྗེ་འབྱོང་བ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །མཚན་ལྡན་བླ་མ་མཇལ་བ་དང་། །མོས་གུས་ཐང་ལྷོད་མེད་པ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །སྨིན་བྱེད་དབང་བཞི་ཐོབ་པ་དང་། །གདམས་པས་བདག་རྒྱུད་གྲོལ་བ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །གཉེན་ལ་ཆགས་ཞེན་མེད་པ་དང་། །མི་མེད་དབེན་ཁྲོད་ཟིན་པ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །སྒྲུབ་ལ་སྙིང་རུས་ནུས་པ་དང་། །ཆོས་ལ་བར་ཆད་མེད་པ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །གནས་ལུགས་ལྟ་བ་རྟོགས་པ་དང་། །སྒོམ་ལ་འཛིན་ཞེན་མེད་པ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །སྤྱོད་པ་སྤང་བླང་མེད་པ་དང་། །འབྲས་བུ་རེ་དོགས་བྲལ་བ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །སྣང་བཞི་མཐའ་རུ་ཕྱིན་པ་དང་། །འཕོ་ཆེན་སྐུ་རུ་ལྡང་བ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །ཆོས་ཀྱི་དབྱིངས་སུ་གྲོལ་བ་དང་། །གཟུགས་སྐུས་འགྲོ་དོན་མཛད་པ་ཞིག །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །དེ་ལྟར་སྨོན་པའི་དོན་རྣམས་ཀུན། །གེགས་མེད་ཡིད་བཞིན་འགྲུབ་པ་ཞིག །རྒྱལ་བ་སྲས་དང་བཅས་པ་དང་། །ཨོ་རྒྱན་པདྨས་མཛད་པར་ཞུ། །འདི་མན་གྱི་ཤོག་ལྡེབ་གཞན་མ་དང་། སྨྱུག་གུ་སྣག་ཚ་བཅས་པ་གྲོན་འཛར་ལ་ཤོར་ཐ། བཀའ་བཀྱོན་མི་མཛད་པར་ཞུ་ཞུ། དཔལ་ལྡན་ནས་ཐུབ་དགའ་ལ་ཕུལ།། །།
༈ དུས་གསུམ་རྒྱལ་བ་ཡོངས་ཀྱི། །ཕྲིན་ལས་གཅིག་བསྡུས་ངོ་བོ། །རྗེ་བཙུན་སྒྲོལ་མ་ཁྱེད་ལ། །སྙིང་ནས་གསོལ་བ་འདེབས་སོ། །དམ་ཆོས་བྱང་ཆུབ་སྒྲུབ་པའི། །འགལ་རྐྱེན་བར་ཆད་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་མ་ལུས། །མྱུར་དུ་འགྲུབ་པར་མཛོད་ཅིག །འཆི་བ་སྙིང་ནས་དྲན་ཞིང་། །ངེས་འབྱུང་རྒྱུད་ལ་སྐྱེས་ཏེ། །དལ་འབྱོར་དོན་དང་ལྡན་པར། །མྱུར་དུ་བྱིན་གྱིས་རློབས་ཤིག །བསླུ་མེད་ལས་འབྲས་གནས་ལ། །ཡིད་ཆེས་གཏིང་ནས་སྐྱེས་ཏེ། །དགེ་སྡིག་བླང་དོར་ནུས་པར། །མྱུར་དུ་བྱིན་གྱིས་རློབས་ཤིག །གཞན་ཕན་བྱང་ཆུབ་སེམས་དང་། །གནས་ལུགས་ཟབ་མོའི་རྟོགས་པ། །བདག་གི་རྒྱུད་ལ་སྐྱེ་བར། །མྱུར་དུ་བྱིན་གྱིས་རློབས་ཤིག །པདྨ་བཤད་སྒྲུབ་ཀྱི་ཞལ་མ་བཅག་ཙམ་དུ་དཔལ་ལྡན་ནས་བྲིས་པ་དགེའོ།། །།
༈ རྣམ་དག་ཚུལ་ཁྲིམས་གཙང་མའི་རྒྱན་གྱིས་མཛེས། །གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཕྱུག །ངེས་གསང་སྙིང་པོའི་དོན་ལ་དབང་འབྱོར་པ། །ཡོ༵ན་ཏ༵ན་བཟ༵ང་པོ༵འི་ཞབས་ལ་གསོལ་བ་འདེབས། །བདེ་གཤེགས་སྨན་པའི་རྒྱལ་པོའི་སྒྱུ་འཕྲུལ་གར། །སྙིགས་མའི་འགྲོ་ངོར་བཤེས་གཉེན་ཚུལ་བསྟན་ཏེ། །དུག་གསུམ་རྒྱུ་འབྲས་ནད་ཀུན་སེལ་མཛད་པ། །བློ༵་གྲོ༵ས་རྒྱ༵་མཚོ༵འི་ཞབས་ལ་གསོལ་བ་འདེབས། །ཐུ༵བ་པའི་བསྟ༵ན་པ་ལུང་དང་རྟོགས་པའི་ཆོས། །ཕན་དང་བདེ་བ་མ་ལུས་འབྱུ༵ང་བའི་གན༵ས། །མི་ཉམས་བཤད་དང་སྒྲུབ་པས་འཛིན་པའི་གཉེན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདི་མན་གྱི་ཚིག་བཞི་གཅིག་དང་རྐང་པ་གཉིས་མཁན་ཐུབ་དགའི་གསུང་ཡིན། ཚུལ་ཁྲིམས་རྣམ་དག་བྱང་ཆུབ་སྤྱོད་ལ་འཇུག །ལྟ་བའི་གདེང་ཐོབ་སྒོམ་པའི་དྲོད་ཐོབ་ནས། །སྐལ་ལྡན་གདུལ་བྱའི་ཚོགས་རྣམས་སྨིན་མཛད་པ། །དཔ༵ལ་ལྡན༵་བླ་མ་མཆོག་ལ་གསོལ་བ་འདེབས། །རང་རིག་བླ་མ་ཆོས་སྐུ་རྡོ༵་རྗེ༵་འཆང་། །རང་ཞལ་མངོན་སུམ་མཇལ་བར་བྱིན་གྱིས་རློབས། །མཚན་ལྡན་བླ་མ་དུ་མའི་ཞབས་པད་བསྟེན། །གདམས་ངག་བདུད་རྩིའི་བཅུད་ཀྱི་ཉིང་ཁུ་བླངས། །ཚེ་གཅིག་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་པ། །ཨོ༵་རྒྱ༵ན་གྲག༵ས་པ༵འི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ལ། །སྙིང་ནས་གསོལ་བ་འདེབས་སོ་བདག་ཅག་གིས། །འཆི་བ་སྙིང་ནས་དྲན་པར་བྱིན་གྱིས་རློབས། །འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །དལ་རྟེན་དོན་དང་ལྡན་པར་བྱིན་གྱིས་རློབས། །དགེ་སྡིག་བླང་དོར་ནུས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །དད་དང་དག་སྣང་འཕེལ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །མི་མེད་དབེན་ཁྲོད་ཟིན་པར་བྱིན་གྱིས་རློབས། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ལམ་ལ་གོལ་འཕྱུག་མེད་པར་བྱིན་གྱིས་རློབས། །གདོད་མའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །དགེའོ།། །།
༈ སྨན་པའི་རྒྱལ་པོའི་ཕྲིན་ལས་དཔལ་གྱི་འཕྲུལ། །པདྨས་རྗེས་བཟུང་བློ་གྲོས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུག་གསུམ་རྒྱུ་འབྲས་ནད་རྣམས་ཞི་བ་དང་། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །
༈ བདེ་གཤེགས་སྨན་པའི་རྒྱལ་པོའི་སྒྱུ་འཕྲུལ་གར། །འབྲེལ་ཚད་དོན་ལྡན་ཐར་བའི་དེད་དཔོན་མཆོག །འགྲོ་བའི་རྒྱུ་འབྲས་ནད་རྣམས་ཞི་མཛད་པ། །བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །
༈ གདོད་མའི་སངས་རྒྱས་བདེ་གཤེགས་རྒྱ་མཚོ་ཡི་སྤྱི་གཟུགས། །ལྔ་བདོའི་རྒུད་པས་མནར་བའི་ཉམ་ཐག་གི་འགྲོ་ངོར། །མཚུངས་མེད་དགེ་བའི་བཤེས་ཀྱི་རྣམ་རོལ་དུ་བྱོན་པ། །སྐྱབས་གཅིག་བླ་མ་གུ་ཎ་བྷ་དྲ་དེ་མཁྱེན་ནོ། །དགོངས་བརྒྱུད་དོན་གྱི་འོད་གསལ་བདག་རྒྱུད་ལ་འཕོས་ཏེ། །ཀུན་བཟང་གདོད་མའི་མགོན་པོའི་དགོངས་ཀློང་དུ་སྐྱོལ་མཛོད། །
༈ ཨེ་མ་ཧོ། གང་ཐུགས་མཐའ་བྲལ་ལྟ་བའི་ནམ་མཁའ་ལ། །དམིགས་མེད་སྙིང་རྗེ་ཆེན་པོའི་ཆུ་འཛིན་དཀྲིགས། །སྨིན་ཅིང་གྲོལ་བའི་བདུད་རྩིའི་ཆར་བཟང་པོ། །སྐལ་བཟང་གདུལ་བྱའི་ཞིང་སར་འབེབས་མཛད་པ། །འཇིགས་མེད་རབ་གསལ་ཟླ་བར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨ་སྐྱབས་ཀྱི་ངོར་དཔལ་ལྡན་ནས་གསོལ་བ་བཏབ་པའོ།། །།
༈ དགེ༵་ལེ༵གས་མཁྱེན་པའི་ཆུ་འཛིན་རབ་ཏུ་འཁྲིགས། །བརྩེ་བས་མདོ་སྔགས་ཆོ༵ས་ཀྱི་གྲུ་ཆར་ཕབ། །ནུས་པས་བསྟན་འགྲོར་ཕན་བདེའི་འབྲས་བཟང་འཕེ༵ལ། །མཚུངས་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པ་དང་། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །ཞེས་པ་འདི་ནི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་མགོ་ཚྭ་མཁན་ཆེན་དཔལ་ལྡན་རྡོ་རྗེའི་ཞལ་གསུང་བྱིན་ཆེན་ཡིན་ནོ།། །།
༈ ཐུ༵བ་པའི་བསྟན༵་པ་སྤྱི་དང་བྱེ་བྲག་ཏུ། །པ༵དྨ༵འི་རིང་ལུགས་ནང་རྒྱུད་གསུམ་གྱི་སྲོལ། །འཛིན་སྐྱོང་སྤེལ་བའི་ཕྲི༵ན་ལ༵ས་རྨད་བྱུང་བ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །
༈ ཐུ༵བ་བསྟན༵་ལུང་རྟོགས་བསྟན་པའི་རྒྱལ་མཚན་འཛིན། །འགྲོ་ལ་ཕན་དང་བདེ་བ་འབྱུང༵་བའི་གན༵ས། །འབྲེལ་ཚད་དོན་ལྡན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན། །
༈ མཚན་ལྡན་བླ་མ་དུ་མའི་ཞབས་པད་བསྟེན། །སྨིན་གྲོལ་གདམས་ཟབ་བདུད་རྩིའི་བཅུད་ལ་རོལ། །རྟོགས་པས་རྒྱུད་གྲོལ་བསླབ་གསུམ་རྒྱན་གྱིས་བརྗིད། །ཆོ༵ས་དབྱིང༵ས་རྡོ༵་རྗེ༵འི་ཞབས་ལ་གསོལ་བ་འདེབས། །བློ་གྲོས་རབ་གསལ་ངོར་དཔལ་ལྡན་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༈ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཤིང་། །ཆོས་ཅན་གཟུགས་སྐུའི་ངོ་བོར་ཡོངས་ཤར་བ། །ཆོ༵ས་དབྱིང༵ས་རྡོ༵་རྗེ༵འི་ཞབས་ལ་གསོལ་བ་འདེབས། །ཆོས་ཉིད་གདོད་མའི་གནས་ལུགས་རྟོགས་པར་ཤོག །
༈ ཨ། གདོད་མའི་དབྱིངས་ལས་གཡོ་བ་མེད་བཞིན་དུ། །གསལ་སྣང་མ་འགགས་སྤྲུལ་བའི་སྐུར་སྣང་སྟེ། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །ཚ་བུ་བྱམས་པ་ཆོས་འབྱོར་གྱིས་བསྐུལ་ངོར་དགེ་རྩེའི་བན་རྒན་དཔལ་ལྡན་གྱི་བྲིས་པ་དགེ།
༈ ཐུ༵བ་བསྟན༵་བསླབ་གསུམ་ནོར་བུའི་རྒྱན་གྱིས་མཛེས། །གཞ༵ན་ཕ༵ན་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །ཉམ་ཐག་སྙིགས་མའི་འགྲོ་བ་ཡོངས་ཀྱི་མགོན། །སྐྱབས་གཅིག་དྲིན་ཆེན་བླ་མར་གསོལ་བ་འདེབས། །ཀ་དག་གྲོལ་ཚུལ་བཞི་ཡི་དོན་རྟོགས་ནས། །ལྷུན་གྲུབ་སྣང་བཞི་མཐའ་རུ་ཕྱིན་པར་ཤོག །
༈ ཐུ༵བ་བསྟ༵ན་མདོ་དང་སྔགས་ཀྱི་དགོངས་དོན་རྟོགས། །གཞ༵ན་ཕ༵ན་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །ངེས་གསང་སྙིང་པོའི་དོན་གྱི་རྣལ་འབྱོར་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
༈ བདེ་ཆེན་འགྱུར༵་མེ༵ད་དབྱིངས་ཀྱི་རང་བཞིན་ལས། །ལྷུན་གྲུབ་རི༵ག་འཛི༵ན་རོལ་པའི་རྩལ་ཤར་བ། །ཟུང་འཇུག་དག༵འ་ར༵བ་རྡོ༵་རྗེ༵འི་སྒྱུ་འཕྲུལ་གར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་བླ་མ་དམ་པ་འཇིགས་མེད་རྡོ་རྗེས་ཕུག་ཁང་སྤྲུལ་སྐུའི་གསོལ་འདེབས་ཞིག་མ་བྲིས་ཐབས་མེད་ཀྱིས་ནན་བསྐུལ་བགྱིས་པ་ལྡོག་མ་བཏུབ་པར་དཔལ་ལྡན་ནས་བྲིས་པ་དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག། །།
བླ་མའི་རྣལ་འབྱོར་ཉུང་བསྡུས་བྱིན་རླབས་བདུད་རྩིའི་ཆར་རྒྱུན།
༄༅། །བླ་མའི་རྣལ་འབྱོར་ཉུང་བསྡུས་བྱིན་རླབས་བདུད་རྩིའི་ཆར་རྒྱུན་བཞུགས་སོ། །ཨོཾ་སྭ་སྟི། མཁྱེན་པའི་སྟོབས་ཀྱིས་ཤེས་བྱ་སྒྲིབ་མེད་གཟིགས། །བརྩེ་བའི་སྙིང་རྗེས་འགྲོ་ཀུན་ཡོངས་ལ་ཁྱབ། །ནུས་པའི་མཐུ་ཡིས་གདུལ་བྱ་ཐར་གླིང་འདྲེན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཡང་ཇི་སྐད་དུ། གང་ལ་བསྟེན་ན་གནས་སྐབས་མཐར་ཐུག་ཀུན། །ཕན་བདེ་ཡོན་ཏན་མཆོག་གི་གཞིར་གྱུར་ཅིང་། །གྲུབ་གཉིས་འདོད་རྒུ་ཆར་བཞིན་འབེབས་པ་ཡི། །བླ་མའི་རྣལ་འབྱོར་སྒོམ་ལ་འབད་པར་བྱ། །ཞེས་གསུངས་པ་ལྟར། དེ་ཡང་ལྟར་སྣང་ཁ་ཚིག་ཙམ་དང་ཆོས་བརྒྱད་དང་ཆགས་སྡང་གི་རྟོག་པས་ཀུན་ནས་བསླངས་ཏེ་ཆེ་འདོད་གྲགས་འདོད་ང་རྒྱལ་ངོམ་ཆོས་ཀྱིས་བླ་མ་ལ་དད་པ་ཡོད་མདོག་གིས་གསོལ་བ་འདེབས་པ་ལྟ་བུ་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང་དེ་ལ་དམིགས་ནས་མོས་གུས་རྒྱུན་མི་འཆད་པར་རྣལ་འབྱོར་དུ་བྱེད་པ་འདི་དངོས་གཞིའི་ཉམས་ལེན་གྱི་རྩ་བ་ཡིན་པས་མོས་གུས་བཅོས་མ་མ་ཡིན་པ་ཞིག་ཡོད་ན་བླ་མའི་བྱིན་རླབས་ལམ་དུ་བྱེད་པར་གསུངས་པ་དེ་འདི་ཉིད་ཡིན་ཏེ། དཔལ་སྤྲུལ་པས། མོས་གུས་ཡོད་ན་ཇི་ལྟར་བྱས་ཀྱང་བྱིན་རླབས་འཇུག །མོས་གུས་མེད་ན་ཇི་ལྟར་བྱས་ཀྱང་ཕན་པ་མེད། །ཅེས་དང་། འབྲི་གུང་སྐྱོབ་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་གྱི་ཡོན་ཏན་སྤྱི་དང་བྱེ་བྲག་འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་ཉམས་རྟོགས་ཀྱིི་ཡོན་ཏན་ཁྱད་པར་ཅན་ནི་བླ་མ་དམ་པའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་རྟོགས་དགོས་པས་གནས་སྐབས་དང་མཐར་ཐུག་གི་ལས་དང་དངོས་གྲུབ་ཀུན་གྱི་རྩ་བ་ནི་བླ་མ་ཉིད་ལས་གཞན་ན་མེད་པའི་ཚུལ་ལ་ངེས་ཤེས་གཏིང་ནས་རྙེད་པའི་གང་ཟག་གིས་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་བློ་བཅོས། མི་ལྡོག་པའི་དད་པ་བརྟན་པོས་གཞི་བཟུང་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས་རྒྱུད་བསྐུལ་ཏེ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་སྒོམ་པ་ལ་འཇུག་དགོས་པས། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །ཀུན་འདུས་རིག་འཛིན་བླ་མ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ནས་སེམས་བསྐྱེད་པ་ནི། ཧོ། མ་གྱུར་མཁའ་མཉམ་སེམས་ཅན་ཀུན། །གཏན་བདེ་བླ་མེད་སངས་རྒྱས་ཀྱི། །གོ་འཕང་མཆོག་ལ་དགོད་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཡན་ལག་བདུན་པ་ནི། བརྒྱུད་གསུམ་རིག་འཛིན་བླ་མ་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་བཤགས། །བདག་གཞན་དགེ་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །བླ་མའི་རྣལ་འབྱོར་གསལ་གདབ་པ་ནི། ཨ། རང་སྣང་རྣམ་དག་འོག་མིན་ཞིང་། །སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན། །འོད་ལྔའི་དྲྭ་བ་འཁྱིལ་བའི་ཀློང་། །རང་གི་མདུན་གྱི་ནམ་མཁའ་ལ། །སེང་ཁྲི་པད་ཟླའི་གདན་སྟེང་དུ། །སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང་། །མཁན་ཆེན་ཐུབ་བསྟན་འབྱུང་གནས་ནི། །སྐུ་མདོག་དཀར་མཛེས་ཞི་བའི་ཉམས། །ཆོས་གོས་གསུམ་དང་པཎ་ཞུ་གསོལ། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད། །ཞབས་གཉིས་སྐྱིལ་མོ་ཀྲུང་དུ་བཞུགས། །དེ་ཡི་སྤྱི་གཙུག་འོད་ལྔའི་ཀློང་། །རིག་འཛིན་རྡོ་རྗེ་འགྱུར་མེད་རྩལ། །རབ་བྱུང་ཆ་ལུགས་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་མཛད། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྟེང་གི་ནམ་མཁའ་ལ། །རིག་འཛིན་བདག་པོ་པདྨ་འབྱུང་། །སྣང་སྲིད་ཟིལ་གནོན་ཆ་བྱད་ཅན། །སྣང་ལ་རང་བཞིན་མ་གྲུབ་པ། །ཡེ་ཤེས་སྒྱུ་མའི་སྐུ་རུ་གསལ། །དེ་ལྟར་གསལ་བའི་སྟེང་གི་ཆར། །བརྒྱུད་གསུམ་རིག་འཛིན་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས། །སྤྲིན་ཕུང་གཏིབ་པ་ལྟ་བུར་བསྒོམ། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་ལས། །འོད་ཟེར་དཔག་མེད་འཕྲོས་པ་དང་། །མོས་གུས་གདུང་བས་རྒྱུད་བསྐུལ་བས། །གར་བཞུགས་དག་པའི་ཞིང་ཁམས་ནས། །རིག་འཛིན་རྩ་བརྒྱུད་བླ་མ་དང་། །ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས། །ནམ་མཁའ་གང་བར་བྱོན་ནས་ནི། །དམ་ཚིག་པ་དང་དབྱེར་མེད་གྱུར། །ཧཱུྃ། རང་སྣང་རྣམ་དག་འོག་མིན་ཞིང་། །མཁའ་སྤྱོད་བདེ་ཆེན་ཞིང་ཁམས་ནས། །རྩ་བ་བརྒྱུད་པའི་བླ་མ་ལ། །ཡི་དམ་ཞི་ཁྲོ་རབ་འབྱམས་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ངག་ལ་གསུང་གི་བྱིན་གྱིས་རློབས། །སེམས་ལ་ཐུགས་ཀྱི་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ངག་ལ་ནུས་པ་འབྱུང་བར་བྱིན་གྱིས་རློབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །གཟུང་འཛིན་འཁྲུལ་བ་ཞི་བར་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །གདོད་མའི་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །བསྟན་དང་འགྲོ་ལ་སྨན་པར་བྱིན་གྱིས་རློབས། །ཞེས་མོས་གུས་ཚད་མེད་པའི་ངང་ནས་མཚན་སྔགས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་ཨཱཿགུ་རུ་མུ་ནི་ཤཱ་ས་ནཱ་ཀ་ར་ཛྙཱ་ན་སིདྡྷི་ཧཱུྃ། དེ་ལྟར་ཅི་ནུས་སུ་བཟླས་མཐར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་མཁྱེན་ནོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། དབང་བཞིའི་ཆུ་བོ་བསྐུར་དུ་གསོལ། སྒྲིབ་བཞིའི་དྲི་མ་སྦྱང་དུ་གསོལ། སྐུ་བཞིའི་འབྲས་བུ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། དེ་ནས་དབང་བཞི་བླང་བ་ནི། བླ་མའི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས། །བསྐུལ་བས་ལྷ་ཚོགས་འོད་ཞུ་བླ་མར་ཐིམ། །བླ་མའི་སྤྱི་བོའི་ཨོཾ་ཡིག་དཀར་པོ་ལས། །འོད་ཟེར་དཀར་པོའི་ཚོགས་རྣམས་དཔག་མེད་འཕྲོས། །བདག་གི་སྤྱི་བོའི་གཙུག་ཏུ་ཐིམ་པ་ཡིས། །བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་སྦྱངས། །སྣང་སྟོོང་བསྐྱེད་རིམ་ཟབ་མོ་བསྒོམ་ལ་དབང་། །སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་ལྡན་གྱུར། །བླ་མའི་མགྲིན་པའི་ཨཱཿཡིག་དམར་པོ་ལས། །འོད་ཟེར་དམར་པོའི་ཚོགས་རྣམས་དཔག་མེད་འཕྲོས། །བདག་གི་མགྲིན་པའི་གནས་སུ་ཐིམ་པ་ཡིས། །གསང་བའི་དབང་ཐོབ་ངག་གི་སྒྲིབ་པ་སྦྱངས། །གསལ་སྟོང་རྩ་རླུང་གཏུམ་མོ་བསྒོམ་ལ་དབང་། །ལོངས་སྤྱོད་རྫོགས་སྐུའི་གོ་འཕང་རྒྱུད་ལ་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས། །འོད་ཟེར་མཐིང་གའི་ཚོགས་རྣམས་དཔག་མེད་འཕྲོས། །བདག་གི་སྙིང་གའི་དཀྱིལ་འཁོར་ཐིམ་པ་ཡིས། །ཤེས་རབ་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག །བདེ་སྟོང་ཕྱག་རྒྱའི་རྣལ་འབྱོར་བསྒོམ་ལ་དབང་། །ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བར་བྱས། །བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་དཔག་མེད་འཕྲོས། །བདག་གི་ལུས་ངག་ཡིད་གསུམ་ཐིམ་པ་ཡིས། །བཞི་བའི་དབང་ཐོབ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྫོགས་པ་ཆེན་པོ་བསྒོམ་ལ་དབང་། །ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པར་བྱས། །སླར་ཡང་བླ་མ་འོད་ཞུ་རང་ལ་ཐིམ། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་གྱུར། །བློ་འདས་སྨྲ་བསམ་བརྗོད་མེད་རྫོགས་པ་ཆེ། །གཤིས་ལུགས་མ་བཅོས་ངང་ལ་མཉམ་པར་བཞག །ཨ་ཨཱཿ སླར་ཡང་རང་བྱུང་རིག་པའི་རྩལ། །མ་འགགས་མཁའ་ལ་འཇའ་ཚོན་བཞིན། །སྣང་གྲག་རིག་པའི་ཆོས་རྣམས་ཀུན། །བླ་མའི་སྐུ་གསུང་ཐུགས་སུ་བལྟ། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང་། ཨོ་རྒྱན་གཏེར་བདག་གླིང་པའི་གསུང་སྨོན་ལམ་རྡོ་རྗེའི་རྒྱ་མདུད་སོགས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་དཔལ་ལྡན་བླ་མ་དམ་པ་ལ་མི་ཕྱེད་པའི་དད་མོས་ཐོབ་པའི་རྡོ་རྗེའི་མཆེད་པོ་ཨོ་རྒྱན་ཚེ་འཕེལ་དང་། བསྟན་འཛིན་བཟང་པོ་གཉིས་ཀྱིས་མཁན་ཐུབ་འབྱུང་གི་བླ་མའི་རྣལ་འབྱོར་ཞིག་མ་བྲིས་ཐབས་མེད་ཀྱི་ནན་བསྐུལ་བགྱིས་པ་ལྡོག་ཏུ་མ་བཏུབ་པས་དཔ༵ལ་ལྡན༵་ནས་བྲིས་པ་འདི་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
བླ་མའི་སྒྲུབ་པ་དངོས་གྲུབ་ཆར་འབེབས་བྱིན་རླབས་སྤྲིན་ཚོགས།
༈ བླ་མའི་སྒྲུབ་པ་དངོས་གྲུབ་ཆར་འབེབས་བྱིན་རླབས་སྤྲིན་ཚོགས་བཞུགས། དེ་ལ་འདིར་ཨ་ཏི་བཀོད་པ་ཆེན་པོ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། དབོན་སྤྲུལ་རིན་པོ་ཆེའི་ཞལ་ནས། བླ་མ་ཉིད་ལ་མ་བསྟེན་པར། །དངོས་གྲུབ་འབྱུང་བའི་སྐལ་མེད་ཕྱིར། །གནས་མཆོག་དབེན་ཞིང་ཉམས་དགའ་བར། །བདེ་བའི་སྟན་ལ་གནས་བྱས་ཏེ། །མོས་གུས་གདུང་ཤུགས་དྲག་པོའི་ངང་། །ཐུགས་ཡིད་བསྲེས་ཏེ་འདི་ལྟར་བརྗོད། །ཅེས་གསུངས་པ་ལྟར་བླ་མ་བསྒྲུབ་པ་ལ་ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ། སངས་རྒྱས་ཀུན་འདུས་ངོ་བོ་བླ་མ་ལ། །བདག་སོགས་འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྒོ་གསུམ་དད་གུས་ལྡན་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ཧོ། བཟོད་དཀའ་སྡུག་བསྔལ་དྲག་པོས་མནར་བ་ཡི། །མ་གྱུར་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བགྱི། །ཡན་ལག་བདུན་པ་ནི། རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་མ་ལུས་བཤགས། །དགེ་ལ་ཡི་རང་མྱ་ངན་མི་འདའ་བར། །ཆོས་འཁོར་བསྐོར་བསྐུལ་དགེ་ཚོགས་འགྲོ་ལ་བསྔོ། །བགེགས་བསྐྲད་པ་ནི། ཧཱུྃ། བསྙེན་སྒྲུབ་ཕྲིན་ལས་སྒྲུབ་ལ་གླགས་ལྟ་བའི། །ལོག་འདྲེན་བགེགས་དང་དམ་སྲི་འབྱུང་པོའི་ཚོགས། །འདི་རུ་སྡོད་པའི་སྐལ་དང་དབང་མེད་པས། །མ་འདུག་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག །ཧཱུྃ་བཞིས་བསྐྲད་ལ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། རཾ་ལས་ཕྱི་རོལ་མེ་དཔུང་དམར་ནག་འབར། །ཁྲོ་བོའི་ཚོགས་ཀྱིས་ཧཱུྃ་ཕཊ་རྔམ་སྒྲ་སྒྲོག །མཚོན་དང་ཐུན་གྱི་ཆར་ཆེན་རབ་ཏུ་འབེབས། །གདོན་བགེགས་ལོག་འདྲེན་རྒྱུ་བའི་སྐབས་མེད་དོ། །ཨོཾ་བཛྲ་རཀྵ་རཀྵ། བྱིན་དབབ་པ་ནི། ཧཱུྃ། འོག་མིན་གནས་དང་བདེ་ཆེན་མཁའ་སྤྱོད་ཞིང་། །གར་བཞུགས་དག་པའི་གནས་མཆོག་སོ་སོ་ནས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །གནས་འདིར་གཤེགས་ལ་བྱིན་ཆེན་དབབ་ཏུ་གསོལ། །བཛྲ་ས་མ་ཡ་ཨ་བེ་ཤ་ཡ་ཕེཾ་ཕེཾ། མཆོད་རྫས་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་རྫས་རྣམས་ཀྱི། །མ་དག་འབག་གཙོག་དྲི་མ་ཀུན་སྦྱངས་ནས། །ཟག་མེད་བདེ་བ་བསྐྱེད་པའི་མཆོད་སྤྲིན་གྱུར། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཁྱབ་གྱུར་ཅིག །བཛྲ་ཨརྒྷཾ་སོགས་ནས་ཤབྟ་ཨཱཿཧཱུྃ། བསྐྱེད་པའི་རིམ་པ་ནི། ཨ། ཆོས་ཀུན་མ་སྐྱེས་གདོད་ནས་སྤྲོས་དང་བྲལ། །རང་མདངས་མ་འགགས་སྒྱུ་འཕྲུལ་རོལ་པའི་གར། །རང་མདུན་ནམ་མཁར་འཇའ་སྤྲིན་འཁྱིལ་བའི་ཀློང་། །རབ་མཛེས་དར་ཟབ་ལྷོད་འབོལ་བརྩེགས་པའི་སྟེང་། །བཀའ་དྲིན་མཉམ་མེད་ཐུབ་བསྟན་འབྱུང་གནས་རྗེ། །དཀར་གསལ་འཛུམ་ལྡན་ཞི་བའི་ཉམས་ཀྱིས་བརྗིད། །ཆོས་གོས་གསུམ་གསོལ་དབུ་ལ་པཎ་ཞུ་མནབས། །ཕྱག་གཡས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་མཛད། །གཡོན་པས་མཉམ་
བཞག་སྟེང་དུ་གླེགས་བམ་བསྣམས། །ཞབས་གཉིས་རྡོ་རྗེའི་དཀྱིལ་མོ་ཀྲུང་དུ་བཞུགས། །དེ་ཡི་མཐའ་བསྐོར་རྩ་བརྒྱུད་བླ་མ་དང་། །ཡི་དམ་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས། །སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟ་བུར་བསྒོམ། །སྤྱན་འདྲེན་པ་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཁྱབ་བརྡལ་ཞིང་ཁམས་ནས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས། །རབ་གུས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་གུ་རུ་དེ་ཝ་ཌཱཀྐི་ནཱི་དྷརྨ་པ་ལ་བཛྲ་ས་མ་ཡ་ཛ་ཛ། བཞུགས་སུ་གསོལ་བ་ནི། ཧཱུྃ། མདུན་གྱི་ནམ་མཁར་འཇའ་དང་འོད་ཕུང་ཀློང་། །རབ་བརྗིད་དར་འབོལ་བརྩེགས་པའི་གདན་སྟེང་དུ། །བརྒྱུད་གསུམ་རིག་འཛིན་བླ་མའི་ལྷ་ཚོགས་རྣམས། །དགྱེས་པར་དགོངས་ལ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧོ། སྐྱེ་འགག་འགྱུར་མེད་ཕྲིན་ལས་རྣམ་བཞི་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་རྣམས་མ་ལུས་སྒྲོལ། །ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་བཞིན་འབེབས། །རྩ་གསུམ་ཀུན་འདུས་བླ་མར་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏིཙྪ་ཧོ། མཆོད་པ་འབུལ་བ་ནི། ཧཱུྃ། རབ་མཛེས་མེ་ཏོག་དྲི་ཞིམ་བདུག་སྤོས་དང་། །སྣང་གསལ་མར་མེ་བསིལ་ལྡན་དྲི་ཡི་ཆབ། །བཅུད་ལྡན་ཞལ་ཟས་སྒྲ་སྙན་རོལ་མོ་སོགས། །རབ་འབྱམས་མཆོད་སྤྲིན་ནམ་མཁའ་གང་བ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །དགྱེས་བརྩེས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་མུ་དྲཱ་ཛྙཱ་ན་དྷརྨ་དྷཱ་ཏུ་པཱུ་ཛཿཧོ། བསྟོད་པ་ནི། ཧཱུྃ། སྐྱེ་མེད་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །རང་མདངས་མ་འགགས་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རོལ་རྩལ་འགྲོ་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་ཀུན་འདུས་བླ་མ་ཉིད་ལ་བསྟོད། །བཟླས་པ་བྱ་བ་ལ་བསྙེན་དམིགས་ནི། བླ་མའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལ། །མཚན་སྔགས་གཡས་བསྐོར་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ། །མཉེས་པའི་མཆོད་འབུལ་བྱིན་རླབས་ཧཱུྃ་ལ་བསྡུས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་བག་ཆགས་སྦྱངས། །མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་བསམ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་མུ་ནི་ཤཱ་ས་ནཱ་ཀ་ར་སརྦ་སིདྡྷི་ཕ་ལ་ཧཱུྃ། ཅི་འགྲུབ་བཟླས་མཐར་མཆོད་བསྟོད་གོང་བཞིན་བྱས་ལ། ཚོགས་ཀྱི་མཆོད་པ་འབུལ་བ་ལ་ཡོ་བྱད་རྣམས་འདུ་བྱས་ལ། རྃ་ཡྃ་ཁྃ་ཨོཾ་ཨཱཿཧཱུྃ་གིས་སྦྱངས་བསྒྱུར་བྱས་ལ། སྤྱན་འདྲེན་ནི། ཧཱུྃ། ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ནས། །མཚན་བཅས་རྟགས་ཀྱི་ངོ་བོར་ཡོངས་ཤར་བ། །རྩ་བའི་བླ་མ་ཡི་དམ་མཁའ་འགྲོ་བཅས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གུ་རུ་དེ་ཝ་ཌཱཀྐི་ནཱི་བཛྲ་ས་མ་ཡ་ཛ་ཛ། ཚོགས་ཕུད་འབུལ་བ་ནི། ཧཱུྃ། བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ། །འདོད་ཡོན་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །བཞེས་ནས་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི། བཤགས་པ་བྱ་བ་ནི། ཧོ། བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །སྡོམ་པ་གསུམ་གྱི་བཅས་མཚམས་ལས་འདས་པའི། །ཉེས་ལྟུང་ཅི་མཆིས་ཚོགས་ཀྱི་མཆོད་པས་བཤགས། །དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ། །ཡིག་བརྒྱ་བརྗོད་ལ་ཚོགས་བསྒྲལ་ནི། ཧོ། མ་རིག་ལས་བྱུང་བདག་འཛིན་རཱུ་ཏྲ་དང་། །བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་བགེགས། །བདག་མེད་མཉམ་ཉིད་ཡེ་ཤེས་མཚོན་གྱིས་བསྒྲལ། །རྣམ་ཤེས་སྐྱེ་མེད་ཆོས་སྐུའི་ཀློང་དུ་ཕཊ། །བཛྲ་གུ་རུ་སརྦ་ནྲྀ་ཏྲི་ཨ་མུ་ཀ་མ་ར་ཡ་རྦད། བསྟབ་པ་ནི། བདག་འཛིན་རཱུ་ཏྲ་དམ་ཉམས་འབྱུང་པོའི་ཚོགས། །བསྒྲལ་བའི་བམ་ཆེན་ཤ་ཁྲག་རུས་གསུམ་འདི། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །དམ་ཅན་ཆོས་སྐྱོང་སྲུང་མའི་ཞལ་དུ་སྟོབས། །མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། ལྷག་མ་ནི། ཧཱུྃ། སྔོན་ཚེ་བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ། །ཁས་བླང་དམ་མནོས་ལྷག་མགྲོན་མ་ལུས་ཀུན། །འདིར་གཤེགས་བཀའ་ཡི་ཕམ་ཕབ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨུཙྪིཥྟ་བ་ལིངྟ་ཁཱ་ཧི། བསྐུལ་བ་ནི། ཧཱུྃ། རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ། །རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བཟློག །མཐུན་རྐྱེན་མ་ལུས་འགྲུབ་པའི་ཕྲིན་ལས་མཛོད། །ཆད་མདོ་ནི། ཧཱུྃ། སྔོན་ཚེ་དཔལ་ཆེན་ཀུན་བཟང་ཧེ་རུ་ཀས། །མ་རིག་གཉིས་འཛིན་རཱུ་ཏྲ་འདུལ་བའི་ཚེ། །དམ་ལ་བཏགས་པའི་རིག་རྩལ་དྲེགས་པའི་སྡེས། །མཆོད་གཏོར་བཞེས་ལ་མཚན་འཛིན་དབྱིངས་སུ་སྒྲོལ། །དེ་རྗེས་རིག་འཛིན་སློབ་དཔོན་སོ་སོ་ཡིས། །གསང་ཆེན་རྒྱུད་སྡེའི་ཆོས་འཁོར་བསྐོར་བའི་ཚེ། །བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས། །མཆོད་གཏོར་བཞེས་ལ་གསང་སྔགས་བསྟན་པ་སྲུངས། །དེ་འོག་སློབ་དཔོན་པདྨ་ཐོད་ཕྲེང་གིས། །ཟབ་གསང་སྨིན་གྲོལ་ཆོས་འཁོར་བསྐོར་བའི་ཚེ། །དབང་བསྐུར་དམ་གནས་སྲུང་མའི་ཚོགས་རྣམས་ཀྱིས། །མཆོད་གཏོར་བཞེས་ལ་བསྟན་དགྲ་མྱུར་དུ་སྒྲོལ། །བརྟན་མ་ནི་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་ལ། ཧྲཱིཿ སློབ་དཔོན་པདྨའི་བཀའ་ཡི་ཕོ་ཉ་བ། །བོད་ཁམས་སྐྱོང་བའི་བརྟན་མ་འཁོར་བཅས་རྣམས། །འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་མ་ཧྲིཾ་ཧྲིཾ་བ་ལིངྟ་ཁཱ་ཧི། བྲོ་མནན་ནི། ཧཱུྃ། བདག་འཛིན་རྣམ་རྟོག་ལོག་འདྲེན་དམ་སྲིའི་ཚོགས། །མནན་ནོ་སྐྱེ་མེད་དབྱིངས་ཀྱི་རྒྱ་ཡིས་གདབ། །ཇི་སྲིད་བདག་འཛིན་དབྱིངས་སུ་མ་ཞིག་བར། །བསྐལ་པ་ཞིག་ཀྱང་ལྡང་བར་མ་གྱུར་ཅིག །སྟྭཾ་བྷ་ཡ་ནན། དངོས་གྲུབ་བླང་པ་ནི། ཧོ། བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱིས། །དངོས་གྲུབ་སྩོལ་བའི་དུས་ལ་ད་བབས་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་ཀུན། །ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ། །ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ནོངས་བཤགས་ནི། ཧོ། བདག་ཉིད་མ་རིག་རྨོངས་པའི་དབང་གྱུར་པས། །འགལ་འཁྲུལ་ནོངས་པའི་ཉེས་ཚོགས་ཅི་མཆིས་པ། །རྩ་བརྒྱུད་རིག་འཛིན་བླ་མའི་སྤྱན་སྔར་བཤགས། །དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། བསྡུ་ལྡང་ནི། ཧཱུྃ། འཁོར་རྣམས་འོད་ཞུ་བླ་མ་ཉིད་ལ་ཐིམ། །བླ་མ་ཆོས་ཉིད་གདོད་མའི་དབྱིངས་སུ་ཐིམ། །སླར་ཡང་ཆོས་ཉིད་རྩལ་ལས་བླ་མའི་སྐུ། །མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུར་གསལ། །བསྔོ་བ་ནི། ཧོ། འདིས་མཚོན་བདག་གཞན་དུས་གསུམ་དགེ་བའི་ཚོགས། །མ་གྱུར་མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོ། །ཀུན་ཀྱང་ཚོགས་རྫོགས་སྒྲིབ་གཉིས་མ་ལུས་བྱང་། །མཁྱེན་གཉིས་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །བཀྲ་ཤིས་ནི། སྐུ་ཡི་བཀྲ་ཤིས་མཚན་དཔེའི་གཟི་འོད་འཕྲོ། །གསུང་གི་བཀྲ་ཤིས་ཚངས་དབྱངས་འབྲུག་ལྟར་སྒྲོག །ཐུགས་ཀྱི་བཀྲ་ཤིས་ཇི་ལྟ་ཇི་སྙེད་མཁྱེན། །བླ་མའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་དང་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་བསླབ་གསུམ་ནོར་གྱིས་ཕྱུག་པའི་མཁན་རིན་པོ་ཆེ་ཐུབ་བསྟན་དབང་པོས་དར་སྒོར་བཅས་གནང་ནས་ནན་བསྐུལ་བགྱིས་པ་ཟློག་མ་ནུས་པས་བྲིས་མདོག་བྱས་ཀྱང་བདག་བླུན་ཞིང་རྨོངས་པའི་དབང་གིས་ཚིག་དང་དོན་ལ་འགལ་བ་དང་ནོར་བའི་ཉེས་པ་ཐམས་ཅད་ལྷ་དང་བླ་མའི་སྤྱན་སྔར་བཤགས་ཤིང་དགེ་ལེགས་ཀྱི་ཆ་ཅུང་ཟད་རེ་མཆིས་ན་དཔལ་ལྡན་བླ་མ་དམ་པའི་ཐུགས་མཉེས་པའི་མཆོད་སྤྲིན་དུ་གྱུར་ཅིག། །།དགེའོ། །བཀྲ་ཤིས།
བླ་སྒྲུབ་རྗེས་གནང་བསྡུས་པ་བྱིན་རླབས་མྱུར་འཇུག
༄༅། །བླ་སྒྲུབ་རྗེས་གནང་བསྡུས་པ་བྱིན་རླབས་མྱུར་འཇུག་ནི། ཐོག་མར་གནས་ཕུན་སུམ་ཚོགས་པར་མཆོད་སྟེགས་སྟེང་དུ་བླ་གཏོར་སྐུ་ཙཀ་གིས་བརྒྱན་པའི་ཉེ་ལོགས་སུ་མཚན་སྔགས་དང་། བྱུར་དམར་གྱི་ཕྲེང་བ། མེ་ལོང་གཡའ་མེད་པ་རྣམས་འདུ་བྱ་ཞིང་། མཐར་ཆུ་གཉིས་ཉེར་སྤྱོད་ལྔས་བསྐོར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཐོད་རྔ། ལས་བུམ། འཐོར་ནས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བླ་སྒྲུབ་ཀྱི་གཞུང་བསྲང་འཛབ་བཟླས་མཆོད་བསྟོད་རིག་མེ་དོར་བ། ལས་བུམ་བསྒྲུབས་པ་སྨོན་ལམ་རྣམས་བྱས་རྗེས། སློབ་མ་ལ། ཧྲཱིཿ བདེ་གཤེགས་རྒྱལ་བ་སོགས་ཡིག་བརྒྱ་བརྗོད་ཅིང་ཁྲུས་བྱས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭ་ཧཱ། ཧྲཱིཿ པདྨནྟ་ཀྲིཏ་སོགས། ཧཱུྃ་ཧྲཱིཿ ཕྱོགས་བཞི་མཚམས་སོགས་འབྱུང་པོ་ཐམས་ཅད་འདུས་པར་གྱུར། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝས་སྦྱངས་སྟོང་པའི་ངང་ལས་ཏྲཱྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་ཀཱ་རོ་སོགས། གཏོར་མ་གཡས་སུ་བསྐོར། ན་མཿསརྦ་ཏ་ཐཱ་སོགས་ཨེ་དཾ་བ་ལིངྟ་ཡེ་སྭ་ཧཱ། ལན་གསུམ། རང་རང་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར། རང་གཞུང་གི་བགེགས་བསྐྲད་སོང་རྗེས། ན་མོ་སངས་རྒྱས་སོགས། བདེན་སྟོབས་བརྗོད་པའི་མཇུག་ཏུ་རྩ་སྔགས་དང་སུམྦྷ་ནི་བརྗོད་ཅིང་དྲག་རོལ་ཡུངས་ཐུན་སོགས་བྲབ། དེ་ནས་སྲུང་འཁོར་དང་། སྟོང་ཉིད་རྡོ་རྗེའི་གུར་ཁང་ཆེན་པོས་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་དཀྲིགས་ཤིང་ཅིས་ཀྱང་མི་ཆོད་མི་ཤིགས་པའི་རང་བཞིན་དུ་གྱུར། བྷྲུྃ་བཛྲ་རཀྵ་རཀྵ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟབ་མོ་ཞུས་ནས་ཉམས་སུ་བླང་བར་བྱ་སྙམ་དུ་སེམས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ཡང་རང་ཅག་རྣམས་ཐོབ་དཀའ་བ་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཕྲད་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་ཅིང་དམ་པའི་ཆོས་ལ་བརྩོན་དུ་ཡོད་པའི་སྐབས་འདིར་ཆོས་རྣམ་པར་དག་པ་ཞིག་སྒྲུབ་པར་མ་བྱས་ན་དལ་འབྱོར་ནི་ཡང་ཡང་རྙེད་པར་དཀའ་སྟེ། ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། དལ་འབྱོར་ཀྱི་ལུས་རྟེན་ཐོབ་པ་དེ་ཡང་ཡུན་དུ་མི་གནས་ཏེ། ཞག་རེ་སོང་ཞིང་འཆི་བའི་ཕྱོགས་སུ་ཐག་ཉེ་རུ་སོང་སྟེ། གཉེན་དང་ཉེ་དུ་གྲོགས་དང་མཛའ་བཤེས་ནོར་རྫས་ཁེ་གྲགས་སོགས་ཇི་ལྟར་ཡོད་ཀྱང་འཆི་བའི་ཚེ་ཆོས་མ་གཏོགས་ཅིས་ཀྱང་ཕན་པ་མེད་དེ། རྗེས་སུ་མི་འབྲང་འཆི་བ་ལ་བཤོལ་ཐབས་གང་ཡང་མེད་པར་མྱུར་དུ་འགྲོ་དགོས་ཏེ། རྒྱ་ཆེར་རོལ་པའི་མདོ་ལས། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་ཤིང་། དེའི་ཚེ་ཚེ་འདིར་དགེ་སྡིག་གི་ལས་ཅི་བྱས་པ་དེ་དག་རང་གི་ཐོག་ཏུ་སྨིན་པར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། མི་དགེ་པ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པས་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ད་ལམ་ཐར་བའི་ཐབས་ལ་འབད་པར་བྱ་དགོས་ལ། ཐར་བའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་གང་ཡང་མེད་ལ། ཆོས་དེ་ལ་རྒྱུའི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་སུ་བཞུགས་པ་ལས། དང་པོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གྲངས་མེད་གསུམ་སོགས་སུ་ཚོགས་རྒྱ་ཆེན་པོ་བསགས་ནས་འབྲས་བུ་བསྒྲུབ་དགོས་པས་རིང་ལམ། འབྲས་བུའི་ཐེག་པ་ནི་གྲངས་མེད་གསུམ་གྱི་ཡུན་ལ་མ་ལྟོས་པར་དམ་ཚིག་མ་ཉམས་ཤིང་ལམ་རིམ་པ་གཉིས་ལ་བརྩོན་པས་ཚེ་གཅིག་གིས་འབྲས་བུ་འཐོབ་པས་མྱུར་ལམ་རྨད་དུ་བྱུང་བ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་སྔགས་ལ་རྒྱུད་སྡེ་དྲུག་གང་ཉམས་སུ་བླང་ཡང་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཉམས་སུ་ལེན་དགོས་ཤིང་། ཁྱད་པར་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་ཟབ་མོའི་ལམ་གྱི་གཙོ་བོར་གྱུར་པ་ནི། བླ་མའི་རྣལ་འབྱོར་སྒོམ་པ་ལ་འབད་རྩོལ་བྱེད་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། གང་གིས་ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བསོད་ནམས་བརྒྱ་ཕྲག་སྟོང་གིས་ཆར་མི་ཕོད། །བསྙེན་སྒྲུབ་བཟླས་བརྗོད་ས་ཡ་དུང་ཕྱུར་བས། །བླ་མའི་གསོལ་འདེབས་ལན་གསུམ་བརྗོད་པ་ནི། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་པས། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །གང་གིས་འདུ་འཛི་སྤངས་ནས་བསྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། །བསོད་ནམས་སྟོང་ཕྲག་ཉི་ཤུས་ཆར་མི་ཕོད། །བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཆར་འགྲུབ་པར་ངེས་། །ཞེས་དང་། དམ་ཚིག་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་གསུངས་པས། ཉམས་ལེན་གྱི་གཙོ་བོ་གསོལ་འདེབས་དངོས་ནི། བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་བྱིན་རླབས་ཞུ་བའི་ཕྱིར་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་དང་དབང་བཞི་ལེན་པ་ཐུགས་ཡིད་བསྲེ་བ། སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་འབའ་ཞིག་ཏུ་བལྟ་བ་ལ་བསླབ་པར་བྱ་བ་དང་། སློབ་མའི་རྒྱུད་ལ་བླ་མའི་བྱིན་རླབས་འཇུག་པའི་ཐབས་སུ་བྱིན་རླབས་དབང་གི་རིམ་པ་ཞུ་བའི་སླད་དུ་མཎྜལ་ཕུལ། དེ་ནས་སྙིམ་པ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་བྱ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་འཁོར་བས་སྐྱོ་བ་དང་། །སེམས་ཅན་ཀུན་ལ་ཕན་གདག་ཕྱིར། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །བྱིན་རླབས་དབང་མཆོག་དམ་པ་ཉིད། །མགོན་པོ་ཆེན་པོས་བདག་ལ་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་ལྷར་བཅས་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡིག་པའི་ལས་རྣམས་ཅི་བགྱིས་པ། །ཁྱེད་ལ་མ་ལུས་བཤགས་པར་བགྱི། །བླ་མེད་སྐྱབས་གནས་ཐམས་ཅད་ལ། །ཤིན་ཏུ་དང་བས་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ནི་དུས་རྟག་ཏུ། །ཕྱི་ནང་གསང་བས་མཆོད་པར་བགྱི། །ཐར་བའི་དགེ་ལ་རྗེས་ཡི་རང་། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཆོས་ཀྱི་བདུད་རྩི་འབྱུང་བ་ཡི། །གསུང་ནི་དུ་མར་བསྒྲག་ཏུ་གསོལ། །ལན་གསུམ། དེ་ནས་བྱིན་དབབ་པ་ནི། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སློབ་མའི་རྣམ་སྨིན་བག་ཆགས་ཀྱི་ཕུང་པོ་སྦྱངས། སྐད་ཅིག་གིས་པད་ཟླའི་གདན་ལ་དཀོན་མཆོག་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་པ། དབུ་ལ་པཎ་ཞུ་དང་། སྐུ་ལ་ཆོས་གོས་རྣམ་པ་གསུམ་གསོལ་བ་འཇའ་འོད་ཀྱི་གུར་ཁྱིམ་འཁྱིལ་བའི་ཀློང་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་གནས་གསུམ་དུ་ཨོྃ་ཨཱཿཧཱུྃ་གིས་མཚན་པའི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བརྒྱུད་གསུམ་རིག་འཛིན་བླ་མ་ཡི་དམ་ཞི་ཁྲོ་རབས་འབྱམས་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་མཁའ་ལ་སྤྲིན་འཐིབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཨོཾ་མ་ཧཱ་གུ་རུ་མུ་ནི་ཤཱ་ས་ནཱ་ཀ་ར་ཛྙ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་དང་རོལ་མོ་བྱ། དེ་ཉིད་བརྟན་པར་བྱ་བའི་ཕྱིར། དང་པོ་སྐུ་ཡི་རྗེས་གནང་ནི། བླ་མའི་སྐུ་ཙཀ་གིས་བརྒྱན་པའི་གཏོར་མ་གཏད་ལ། སྣང་སྟོང་ཟུང་འཇུག་སྐུ་ཡི་རང་རྩལ་ལས། །བཟང་ངན་མཚན་མའི་གཟུགས་སུ་གང་སྣང་ཡང་། །སྣང་བ་སྐུ་ཡི་ངོ་བོར་ཡེ་ཤར་བ། །དཔལ་ལྡན་བླ་མའི་སྐུ་ཡི་དབང་བསྐུར་རོ། །མ་ཧཱ་གུ་རུ་མུ་ནི་ཤཱ་ས་ནཱ་ཀ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ དེས་སྐུ་ཡི་བྱིན་རླབས་འཇུག །ལུས་ཐ་མལ་གྱི་ཞེན་པ་སྦྱངས། སྡིག་སྒྲིབ་དག །བར་ཆད་ཞི། ལྷ་བསྒོམ་པ་ལ་དབང་། བླ་མའི་སྐུ་དང་ཁྱེད་རང་གི་ལུས་དབྱེར་མེད་དུ་གྱུར་བར་མོས་མཛོད། ཅེས་བརྗོད། གཉིས་པ་གསུང་གི་རྗེས་གནང་ནི། ཕྲེང་བ་དང་མཚན་སྔགས་སམ་ཨཱཿཡིག་གཏད་ལ། གྲགས་སྟོང་བརྗོད་མེད་གསུང་གི་རང་མདངས་ལས། །སྙན་དང་མི་སྙན་བར་མའི་སྒྲ་རྣམས་ཀུན། །སྒྲ་གྲགས་གསུང་གི་ངོ་བོར་ཡེ་ཤར་བ། །དཔལ་ལྡན་བླ་མའི་གསུང་གི་དབང་བསྐུར་རོ། །ཨོཾ་མ་ཧཱ་གུ་རུ་མུ་ནི་ཤཱ་ས་ནཱ་ཀ་ར་ཝཀྐཱ་ཨ་བྷི་ཥིཉྩ་ཨཱཿ དེས་གསུང་གི་བྱིན་རླབས་འཇུག །ངག་ཐ་མལ་གྱི་ཞེན་པ་སྦྱངས། ངག་སྒྲིབ་དག །བར་ཆད་ཞི། སྔགས་བཟླ་བ་ལ་དབང་། བླ་མའི་གསུང་དང་ཁྱེད་རང་གི་ངག་དབྱེར་མེད་དུ་གྱུར་བར་མོས་ཤིག །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། རྡོ་རྗེ་གཏད་ལ། རིག་སྟོང་སྐྱེ་མེད་ཐུགས་ཀྱི་རང་བཞིན་ལས། །འགྱུ་དྲན་སེམས་ཀྱི་རོལ་པ་ཅི་ཤར་ཀུན། །དྲན་རྟོག་ཐུགས་ཀྱི་ངོ་བོར་ཡེ་ཤར་བ། །དཔལ་ལྡན་བླ་མའི་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་མ་ཧཱ་གུ་རུ་མུ་ནི་ཤཱ་ས་ནཱ་ཀ་ར་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ མེ་ལོང་བསྟན་ལ། དབྱིངས་ཀྱི་རང་བཞིན་སྤྲོས་དང་བྲལ་བ་ལ། །རང་མདངས་མ་འགགས་རིག་རྩལ་ལྷུན་གྱིས་གྲུབ། །ཟུང་འཇུག་བློ་ལས་འདས་པའི་ཆོས་ཉིད་ནི། །ཡེ་ནས་རང་ལ་གནས་པ་རྟོགས་པར་ཤོག །དྷརྨྨ་དྷཱ་ཏུ་ཨ། དེས་ཐུགས་ཀྱི་བྱིན་རླབས་འཇུག །ཡིད་ཐ་མལ་གྱི་ཞེན་པ་སྦྱངས། ཡིད་སྒྲིབ་དག །བར་ཆད་ཞི། ལམ་རིམ་གཉིས་ཟབ་མོ་བསྒོམ་པ་ལ་དབང་། བླ་མའི་ཐུགས་དང་ཁྱེད་རང་གི་ཡིད་དབྱེར་མེད་དུ་གྱུར་བར་བསམ་མོ། །དེ་ནས་མཐའ་རྟེན་ནི་སྣ་རྟགས་གཏད་ལ། ཧཱུྃ། སངས་རྒྱས་བསོད་ནམས་རྫོགས་པའི་མཚན་དཔེ་ལས། །ལེགས་པར་བྱུང་བའི་བཀྲ་ཤིས་རྟགས་བརྒྱད་ཀྱིས། །དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས། །བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །མངྒ་ལཾ་ཨ་བྷི་ཥིཉྩ༴ ཧཱུྃ། འཁོར་ལོའི་བསྒྱུར་རྒྱལ་མཐུས་བྱུང་རྒྱལ་སྲིད་བདུན། །དེང་འདིར་སྐལ་ལྡན་ཁྱོད་ལ་མངའ་གསོལ་ཞིང་། །དབང་མཆོག་བསྐུར་བའི་བསོད་ནམས་སྣ་ཚོགས་ཏེ། །འཁོར་ལོའི་བསྒྱུར་བའི་ཡོན་ཏན་ཐོབ་པར་ཤོག །མ་ཎི་རཏྣ༴ ཧཱུྃ། སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ལ། །བསོད་ནམས་མཐུ་ལྡན་ཚངས་པ་ལ་སོགས་པས། །ཕུལ་བའི་ཡོན་ཏན་རྫས་མཆོག་བཀྲ་ཤིས་བརྒྱད། །དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨཥྚ་མངྒ་ལཾ༴ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམ་ཅད་མདུན་གྱི་ནམ་མཁར་བྱོན་ནས་ཁྱེད་རང་རྣམས་ལ་དབང་གི་ཡེ་ཤེས་དང་དངོས་གྲུབ་བརྟན་པའི་ཆེད་དུ་བཀྲ་ཤིས་པའི་བདེན་ཚིག་བརྗོད་པ་དང་ལྷན་ཅིག་ཏུ་མེ་ཏོག་གི་ཆར་དབབ་པའི་མོས་པ་མཛོད་ཅིག །ཡེ་དྷཱར་དང་བཀྲ་ཤིས་ཅི་རིགས་བརྗོད་ཅིང་མེ་ཏོག་འཐོར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམ་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡནྟུ། དེ་ལྟར་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཟབ་མོ་ཐོབ་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཚུལ་དུ་མཎྜལ་ཞིག་ཕུལ་མཛོད། ས་གཞི་སྤོས་ཆུས་སོགས། ཁྱེད་རང་གི་ལུས་ལོངས་སྤྱོད་དཔལ་འབྱོར་ཆུས་སྲིད་ཐམ་ཅད་དབང་ཐོབ་ཀྱི་བཀའ་དྲིན་གསོ་ཕྱིར་བླ་མ་དང་དཀྱིལ་འཁོར་ལ་འབུལ་ན། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་སོགས། དབང་ཐོབ་ཀྱི་དགེ་བའི་རྩ་བ་དེ་དག་མཁའ་མཉམ་སེམས་ཅན་ཐམ་ཅད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། བསོད་ནམས་འདི་ཡིས་སོགས་བརྗོད། ཅེས་པ་འདིའང་བླ་སྒྲུབ་དངོས་གྲུབ་ཆར་འབེབས་ཀྱི་རྗེས་གནང་དུ་དཔལ་ལྡན་རྡོ་རྗེས་སྤེལ་བའོ།། །།
༈ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཁྱད་པར་དུ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་བྱིན་རླབས་བདེན་པ་ཆེན་པོའི་སྟོབས་ཀྱིས་བསྲུང་བྱ་སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ཚེ་སྲོག་ལ་བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་ལོག་འདྲེན་སྔོན་གྱི་ལས་ལས་བྱུང་པ། འཕྲལ་གྱི་རྐྱེན་ལས་གྲུབ་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་མགུ་ཞིང་ཚིམ་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་གནས་པར་རང་རང་གི་གནས་སུ་དེངས་ཤིག །གལ་ཏེ་བཀའ་ལ་མི་ཉན་པ་དེ་དག་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། རྩ་སྔགས་དང་སུམྦྷ་ནི་བརྗོད།
བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག
༈ བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་བཞུགས་སོ། །ཐོག་མར་སྐྱབས་སེམས་ཡན་ལག་བདུན་བྱ་བ་ནི། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །མ་གྱུར་འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ། །དུས་གསུམ་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་སྙིང་ནས་བཤགས། །བདག་གཞན་དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །རྒྱལ་རྣམས་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །འདིས་མཚོན་དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ། །བླ་མའི་རྣལ་འབྱོར་ནི། དབྱིངས་སྐྱེ་མེད་ཆོས་སྐུ་ཡི་ཀློང་ནས། །གདངས་འགགས་མེད་གཟུགས་སྐུ་ཡི་རྣམ་རོལ། །སྐྱབས་ཀུན་འདུས་ཨོ་རྒྱན་གྱི་རྒྱལ་ཚབ། །མགོན་མཚུངས་མེད་དྲིན་ཆེན་གྱི་བླ་མ། །སྐུ་དཀར་མཛེས་མཚན་དཔེའི་རྒྱན་གྱིས་སྤྲས། །ཞལ་ཞི་འཛུམ་སྤྱན་གྱིས་ནམ་མཁར་གཟིགས། །ཞྭ་འདབ་བཞི་རྡོ་རྗེའི་ཏོག་ཅན་དེ། །རིག་ལྔ་ཡི་མཚོན་བྱེད་དབུ་ལ་གསོལ། །དར་མཐིང་ཁྲའི་ཕོད་ཁ་བརྗིད་ལྡན་དང་། །ཆོས་གོས་དང་ཤམ་ཐབ་སྐུ་ལ་གསོལ། །ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་དེ། །ཐུགས་ཀ་རུ་བསྣོལ་ཐབས་ཚུལ་གྱིས་འཛིན། །པདྨ་དང་ཟླ་བའི་གདན་གྱི་སྟེང་། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཐུགས་ཀ་རུ་ཟླ་བའི་གདན་གྱི་སྟེང་། །ཧཱུྃ་སྔོན་ལ་སྔགས་ཀྱིས་གཡས་སུ་བསྐོར། །ཨོཾ་མ་ཧཱ་གུ་རུ་ཨཽ་ཌི་ཡཱ་ན་ནཱ་ཐ་ཛྙཱ་ན་གུ་ཎ་སརྦ་སིདྡྷི་ཕ་ལ་ཨཱཿཧཱུྃ། བཟླས་མཐར། སླར་བླ་མའི་དཔྲལ་མགྲིན་ཐུགས་ཀ་རུ། །ཨོཾ་དཀར་དང་ཨཱཿདམར་ཧཱུྃ་མཐིང་གསལ། །ཨོཾ་ཡིག་ལས་འོད་ཟེར་དཀར་པོ་འཕྲོས། །རང་གཞན་གྱི་དཔྲལ་བའི་དཀྱིལ་དུ་ཐིམ། །བུམ་པ་ཡི་དབང་ཐོབ་ལུས་སྒྲིབ་དག །ལམ་ལྷ་སྐུ་བསྒོམ་ལ་དབང་བ་ཡིན། །དེ་བསྒོམས་པས་འབྲས་བུ་སྤྲུལ་སྐུ་ཐོབ། ཨཱཿཡིག་ལས་འོད་ཟེར་དམར་པོ་འཕྲོས། །རང་གཞན་གྱི་མགྲིན་པའི་གནས་སུ་ཐིམ། །གསང་བ་ཡི་དབང་ཐོབ་ངག་སྒྲིབ་དག །ལམ་རྩ་རླུང་བསྒོམ་ལ་དབང་བ་ཡིན། །དེ་བསྒོམས་པས་འབྲས་བུ་ལོངས་སྐུ་ཐོབ། །ཧཱུྃ་ཡིག་ལས་འོད་ཟེར་སྔོན་པོ་འཕྲོས། །རང་གཞན་གྱི་སྙིང་ཀར་ཐིམ་པ་ཡིས། །ཤེས་རབ་ཀྱི་དབང་ཐོབ་ཡིད་སྒྲིབ་དག །ལམ་ཐིག་ལེ་བསྒོམ་ལ་དབང་བ་ཡིན། །དེ་བསྒོམས་པས་འབྲས་བུ་ཆོས་སྐུ་ཐོབ། །སླར་བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་དཀར་དམར་མཐིང་གསུམ་དུས་གཅིག་འཕྲོས། །རང་གཞན་གྱི་སྒོ་གསུམ་ཐིམ་པ་ཡིས། །བཞི་པ་ཡི་དབང་ཐོབ་རྟོག་སྒྲིབ་དག །ལམ་འོད་གསལ་རྫོགས་ཆེན་བསྒོམ་ལ་དབང་། །དེ་བསྒོམས་པས་ངོ་བོ་ཉིད་སྐུ་ཐོབ། །མཐར་མོས་གུས་གདུང་ཤུགས་དྲག་པོ་ཡིས། །བླ་མ་ལ་གསོལ་བ་བཏབ་པའི་མཐུས། །ཐུགས་དགྱེས་པའི་ཚུལ་གྱིས་བྱོན་ནས་ནི། །རང་ཉིད་ཀྱི་སྤྱི་བོའི་གཙུག་ཏུ་ཐིམ། །རྗེ་བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་ཀྱི་ངང་ལ་མཉམ་པར་ཞོག །ཐུན་མཐར་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་རིག་བྱེད་པ་འཇམ་དབྱངས་བསྟན་འཛིན་གྱི་ངོ་མ་ལྡོག་པར་དཔལ་ལྡན་རྡོ་རྗེས་བྲིས་པའོ།། །།
༈ བདག་ཐ་མལ་གནས་པའི་སྤྱི་གཙུག་ནས། །ཁྲུ་གང་གི་མཚམས་ཀྱི་ནམ་མཁའ་ལ། །འོད་མེ་རླུང་འཁྱིལ་བའི་ཀློང་དཀྱིལ་ན། །གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱབས་ཀུན་འདུས་ནམ་མཁའ་འཇིགས་མེད་དེ། །ཐུགས་ཆོས་དབྱིངས་ངང་ལས་མ་གཡོས་བཞིན། །རྒྱ་འདྲེ་དང་དམེ་འདྲེ་འདུལ་བའི་ཕྱིར། །དཔལ་གསང་བའི་བདག་པོའི་སྐུ་རུ་བཞེངས། །སྐུ་མཐིང་ནག་རབ་ཏུ་འཇིགས་པ་ལ། །ཁྲོ་བོ་ཡི་ཆས་ཀྱིས་རབ་ཏུ་བརྗིད། །ཞལ་གདངས་ཤིང་སྤྱན་གསུམ་སྡང་མིག་གཟིར། །ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ཕྱར། །ཕྱག་གཡོན་པས་ཐུགས་ཀར་བསྡིག་མཛུབ་མཛད། །རྒྱ་འདྲེ་དང་སྡོང་ཟླ་ཐམས་ཅད་དང་། །དམེ་འདྲེ་དང་གཤེད་མ་རྡུལ་དུ་བརླག །ཐུགས་སྲོག་གི་ཧཱུྃ་ཡིག་མཐིང་ནག་ལས། །ཐུན་མཚོན་གྱི་ཆར་བ་ཐོག་ལྟར་བབ། །གནོད་བྱེད་ཀྱི་འདྲེ་གདོན་མ་ལུས་པ། །ཐལ་བ་དང་རྡུལ་བཞིན་བརླགས་པར་གྱུར། །ཨོྃ་བཛྲ་ཙན་ཌ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། དེ་རྣམས་ཀྱི་རྣམ་པར་ཤེས་པ་དེ། །དབྱིངས་སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྟིམ། །ཨ། མཐར་བླ་མ་འོད་ཞུ་བདག་ལ་ཐིམ། །མཇུག་དུ་མི་ཕམ་པའི་གསུང་། མཉམ་ཉིད་ངང་ལས་ཐུགས་རྗེ་ཁྲོས་པ་ཡིས། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་གྱུར་ཅིག །ཅེས་སོགས་སྔོ་སྨོན་གང་མོས་གདབ་པར་བྱའོ། །ཞེས་པ་འདི་ཉིད་ཕུག་ཁང་མཆོག་སྤྲུལ་སོགས་རང་ལ་བླ་མར་འཛིན་པའི་སློབ་བུ་རྣམས་ཀྱིས་ཁྱེད་ཀྱི་བླ་རྣམ་ཞིག་བྲི་དགོས་ཞེས་ནན་བསྐུལ་བྱས་ཀྱང་རང་ལྟ་བུ་ཐ་མལ་པ་ཞིག་གི་བླ་རྣམ་ལ་དགོས་པ་མེད་ཅིང་མི་ཆོས་བླ་མའི་རྫུན་དུའང་འགྱུར་བར་དོགས་ནས་བདག་གི་བླ་རྣམ་ཀྱི་དོད་དུ་འདི་ཉིད་ཕུལ་བའོ།། །།དཔལ་ལྡན་ནས།
བླ་མའི་རྣལ་འབྱོར་བསྡུས་པ་བྱིན་རླབས་མྱུར་འཇུག
༄༅། །བླ་མའི་རྣལ་འབྱོར་བསྡུས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། ཨ། རང་ཐ་མར་གནས་པའི་སྤྱི་བོའི་གཙུག །གདན་དར་ཟབ་ལྷོད་འབོལ་བརྩེགས་པའི་ཁྲིར། །སྐྱབས་རྒྱལ་བ་ཀུན་འདུས་བཀའ་དྲིན་ཅན། །མགོན་མཚུངས་མེད་གུ་ཎ་བྷ་དྲ་བསྒོམ། །རྒྱན་ཆ་ལུགས་པཎྜི་ཏ་ཡི་ཚུལ། །ཕྱག་གཉིས་ཀྱིས་ཆོས་འཆད་ཕྱག་རྒྱ་མཛད། །གསུང་ཚངས་པའི་དབྱངས་ཀྱིས་ཡིག་དྲུག་བགྲང་། །ཐུགས་བརྩེ་བས་འགྲོ་ཁམས་ཡོངས་ལ་གཟིགས། །སྐུ་སྣང་ལ་རང་བཞིན་མ་གྲུབ་པ། །འཇའ་ཚོན་གྱི་རྣམ་པ་ལྟ་བུར་བསྒོམ། །བུས་མོས་གུས་ཐང་ལྷོད་མེད་པ་ཡིས། །བླ་མ་ལ་གསོལ་བ་ཡང་ཡང་ཐོབ་འདེབས། །རྗེ་བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་པའི་ངང་ནས་མཉམ་པར་ཞོག་བཞག །དེས་རིག་པའི་རང་ཞལ་མཐོང་བ་དང་། །ཉམས་རྟོགས་ཀྱི་ཡོན་ཏན་འཕེལ་བར་འགྱུར། །མཐར་སྐྱེ་མེད་གདོད་མའི་དབྱིངས་སུ་བསྡུ། །མཇུག་བསྔོ་སྨོན་གྱི་རྒྱ་ཡིས་གདབ་པར་བྱ། །ཚུལ་དེ་སྐད་དཔལ་ལྡན་ང་ཡིས་བྲིས། །གྲོགས་དམ་པ་དགེ་ལེགགས་ཁྱེད་ལ་ཕུལ། །དགེའོ།། །།
དཔལ་སྤྲུལ་བླ་མའི་རྣལ་འབྱོར་དངོས་གྲུབ་དཔལ་སྟེར།
༈ དཔལ་སྤྲུལ་བླ་མའི་རྣལ་འབྱོར་དངོས་གྲུབ་དཔལ་སྟེར་བཞུགས་སོ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །ཆོས་སྐུའི་བླ་མ་འོད་དཔག་མེད་མགོན་ལ། །གདུང་བས་འབོད་དོ་དབྱིངས་ནས་ཐུགས་རྗེས་གཟིགས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །གནས་ཆེན་རི་བོ་ཏ་ལའི་ཕོ་བྲང་དུ། །ལོངས་སྐུའི་བླ་མ་སྤྱན་རས་གཟིགས་མགོན་ལ། །གདུང་བས་འབོད་དོ་དབྱིངས་ནས་ཐུགས་རྗེས་གཟིགས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ། །སྤྲུལ་སྐུའི་བླ་མ་པདྨ་འབྱུང་གནས་ལ། །གདུང་བས་འབོད་དོ་དབྱིངས་ནས་ཐུགས་རྗེས་གཟིགས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ། །གདུང་བས་འབོད་དོ་དབྱིངས་ནས་ཐུགས་རྗེས་གཟིགས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ནི་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མྱུར་དུ་འཇུག་པའི་ཐབས་ཁྱད་པར་ཅན་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་བརྩོན་པར་བྱ་དགོས་ལ། ཁྱད་པར་དུ། ཕྱི་ལྟར་རྒྱལ་བའི་སོགས་ཀྱི་གསོལ་འདེབས་ཅི་ནུས་བཟླས་མཐར། བླ་མའི་རྣལ་འབྱོར་དངོས་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །དེང་བཟུང་བྱང་ཆུབ་སྙིང་པོའི་བར། །བདག་གཞན་གུས་པས་སྐྱབས་སུ་མཆི། །ལན་གསུམ། དེ་ནས་སེམས་བསྐྱེད་པ་ནི། ཧོ། མ་གྱུར་སེམས་ཅན་ཐམས་ཅད་ཀུན། །སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར། །སྨོན་འཇུག་དོན་དམ་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ལན་གསུམ། དེ་ནས་ཚོགས་བསགས་ཡན་ལག་བདུན་པ་ནི། ཧོ། དཀོན་མཆོག་ཀུན་འདུས་བླ་མ་ལ། །བདག་གིས་སྒོ་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས། །རིག་འཛིན་བླ་མའི་ལྷ་ཚོགས་མཆོད། །སྔོན་ནས་བསགས་པའི་སྡིག་སྒྲིབ་ཀུན། །གནོང་འགྱོད་དྲག་པོས་མཐོལ་བཤགས་སྡོམ། །འཕགས་དང་སོ་སོའི་སྐྱེ་བོ་ཡི། །དགེ་རྩ་ཀུན་ལ་རྗེས་ཡི་རང་། །བླ་མ་རྒྱལ་བ་སྲས་བཅས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྒྱལ་རྣམས་མྱ་ངན་མི་འདའ་བར། །བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། །དུས་གསུམ་བསགས་པའི་དགེ་རྩ་ཀུན། །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །དེ་ནས་དངོས་གཞི་བསྐྱེད་པའི་རིམ་པ་ནི། ཨ། རང་མདུན་ནམ་མཁར་པདྨ་ཉི་ཟླའི་སྟེང་། །འཕགས་མཆོག་སྤྱན་རས་གཟིགས་དབང་སྒྱུ་འཕྲུལ་གར། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ནི། །དཀར་གསལ་མདངས་ལྡན་སྤྲུལ་སྐུའི་ཆ་བྱད་མཛད། །མཚན་དཔེའི་དཔལ་འབར་ཆོས་འཆད་ཕྱག་རྒྱ་ཅན། །རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་དམིགས། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་པར་བསམ་ལ། དེ་ནས་བླ་མའི་སྐུ་ཡི་གསལ་སྣང་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ལ་བཟླས་པ་བྱ་བ་ནི། ཨོོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨཽ་ཌི་ཡཱ་ན་ཨ་བྷྱ་དྷརྨྨེནྡྲ་སརྦ་སིདྡྷི་ཧཱུྃ། མཚན་སྔགས་ཅི་འགྲུབ་བཟླས་མཐར་དབང་བཞི་ལེན་པར་འདོད་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ལྟར། བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །མཐར་ནི་དཔལ་ལྡན་བླ་མ་འོད་དུ་ཞུ། །དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ། །རང་གི་སྙིང་ཀར་ཐིམ་པས་བླ་མའི་ཐུགས། །རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །ཨ་ཨཱཿ ཆོས་ཉིད་དམིགས་བསམ་དང་བྲལ་བའི་ངང་ལ་མཉམ་པར་ཅུང་ཟད་བཞག་མཐར། དཔལ་ལྡན་རྩ་བའི་བླ་མ་སོགས་དང་། དགེ་བ་འདི་ཡིས་སོགས་བརྗོད་ཅིང་བསྔོ་བ་དང་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་རྣལ་འབྱོར་པ་བྱམས་པ་བཟང་པོའི་བཞེད་སྐོང་དུ་དཔལ་ལྡན་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
རིན་ཆེན་བཟང་པོའི་བླ་མའི་རྣལ་འབྱོར།
༈ རིན་ཆེན་བཟང་པོའི་བླ་མའི་རྣལ་འབྱོར་བཞུགས་སོ། །སྐྱབས་སེམས་སྔོན་དུ་སོང་ནས། ཨ། འོག་མིན་བདེ་ཆེན་བརྡལ་བའི་ཞིང་། །སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན། །འོད་ལྔའི་དྲ་བ་འཁྱིལ་བའི་ཀློང་། །སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང་། །མཁན་པོ་རིན་ཆེན་བཟང་པོ་ནི། །ཞི་འཛུམ་པཎྜི་ཏ་ཡི་ཆས། །སྣང་ལ་རང་བཞིན་མ་གྲུབ་པར། །ཡེ་ཤེས་སྒྱུ་མའི་སྐུ་རུ་གསལ། །དེ་ལྟར་གསལ་བའི་གནས་གསུམ་ལས། །འོད་ཟེར་དཔག་མེད་འཕྲོས་པ་ཡིས། །དབང་བཞི་ཐོབ་ནས་སྒྲིབ་བཞི་དག །སྐུ་བཞིའི་དངོས་གྲུབ་ཐོབ་པར་བསམ། །ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་རཏྣ་བྷ་དྲ་སརྦ་སིདྡྷི་ཕ་ལ་ཧཱུྃ། ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །ངག་ལ་གསུང་གིས་བྱིན་གྱིས་རློབས། །སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློགས། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། དགེ་བ་འདི་ཡིས་སོགས། མཆེད་པོ་དམ་པ་ཐུབ་དགའི་བསྐུར་ངོར་བླ་མ་མིན་ཀྱང་ཡིན་ཁུལ་རྫུན་གྱི་ཚིག་སྨྲས་པ་འདི་ལ་སྙིང་པོ་མ་མཆིས་སོ། །
༈ སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་རྗེས། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །གྲོ་ལོད་དམར་ནག་རབ་ཁྲོས་ཚུལ། །སྟག་ཐོག་རྡོ་རྗེ་ཕུར་བ་བསྣམས། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །གནོད་བྱེད་མ་ལུས་ཚར་བཅད་བསམ། །ཚུར་འདུས་ཧཱུྃ་ཡིག་ཉིད་ལ་ཐིམ། །དམིགས་གནད་དེ་དང་ལྡན་པའི་ངང་ནས་གྲོ་ལོད་ཀྱི་བསྙེན་པ་སྔོན་དུ་སོང་མཐར་བཛྲ་གུ་རུ་ཅི་འགྲུབ་བཟླ། ཨ་ལས་ཆོས་དབྱིངས་སོགས་ཀྱི་ཚོགས་བཏོན་ཀྱང་རུང་། མཐར་བསྔོ་སྨོན་གྱིས་རྒྱས་གདབ་པོ། །ཨོ་རྒྱན་ཚེ་རིང་གིས་བསྐུལ་ངོར་དཔལ་ལྡན་རྡོ་རྗེས་ཕུལ་བའོ།། །།
༈ ཨོཾ་ཨ་ཧཱུྃ། གནས་མཆོག་འདིར་གནས་ལྷ་མོ་སྔོན་མོ་ནི། །ནོར་བུ་ཐོགས་ཤིང་ལྷ་གཡག་སྔོན་པོ་བཅིབས། །འདོད་དོན་མ་ལུས་བསྒྲུབ་པའི་མཐུ་མངའ་བས། །ལོངས་སྤྱོད་འདོད་དགུའི་དངོས་གྲུབ་ཆར་ལྟར་ཕོབ། །ཅེས་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ལོར་གསོ་རིག་པ་བློ་གྲོས་རབ་གསལ་ནས་དར་སྒོར་བཅས་བསྐུལ་ངོ་མ་ལྡོག་པར་དཔལ་ལྡན་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །
༄༅། །ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། ཕྱི་སོ་སོར་ཐར་བའི་སྡོམ་པ་དང་འགལ་བ་དང་། ནང་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་བསྩལ་པ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་པའི་བཤགས་པའི་ཚིག་འདི་ལ་མ་འདུས་པའི་བཤགས་པ་མེད་པས་འདི་ལ་ནན་ཏན་མཛད་པ་གལ་ཆེ་བས་འབད་འཚལ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞལ་ནས། མི་དགེ་སྡིག་ལྟུང་སྔར་བསགས་རྣམས། །བཤགས་པའི་ཐབས་མཆོག་སྟོབས་བཞི་ཡིན། །ཉི་མ་རེ་རེ་ཇི་བཞིན་དུ། །བཤགས་སྡོམ་མཛོད་ཅིག་སྙིང་གི་གྲོགས། །ཞེས་གསུངས་པ་ལྟར། ཉི་མ་རེ་རེ་བཞིན་སྟོབས་བཞི་ཚང་བའི་སྒོ་ནས་བདུད་རྩི་འབེབས་སྦྱོང་གི་དམིགས་རྣམ་ལ་འབད་ན་སྡིག་ལྟུང་ལྷག་མེད་དུ་དག་པར་གསུངས་པས་དེ་ཡང་འདི་ལྟར། ཨ། རང་ལུས་ཐ་མལ་གནས་པའི་སྤྱི་གཙུག་ཏུ། །པད་དཀར་འདབ་བརྒྱད་ཀྱི་ཟེའུ་འབྲུ་དང་། །ཚད་མཉམ་པའི་ཉ་རྒྱས་ཟླ་བའི་སྟེང་། །ཧཱུྃ་དཀར་པོའི་འོད་ཟེར་ཡར་ལ་འཕྲོས། །རབ་འབྱམས་ཀྱི་རྒྱལ་བ་སྲས་བཅས་མཆོད། །བྱིན་རླབས་དང་དངོས་གྲུབ་ཧཱུྃ་ལ་བསྡུ། །ཡང་འོད་ཟེར་མར་འཕྲོས་འགྲོ་ཀུན་གྱི། །སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱངས། །སླར་ཡང་འོད་ཟེར་དེ་ཧཱུྃ་ལ་བསྡུ། །ཧཱུྃ་ཡིག་དེ་ཡོངས་སུ་གྱུར་པ་ལས། །སྐྱབས་བསླུ་མེད་བཅོམ་ལྡན་རྡོ་རྗེ་སེམས། །སྐུ་རབ་དཀར་གངས་རིའི་ལྷུན་པོ་ལ། །མཚན་དཔེ་དང་ལོངས་སྐུའི་རྒྱན་གྱིས་སྤྲས། །ཕྱག་གཡས་པས་རིག་སྟོང་རྡོ་རྗེ་དེ། །ཐུགས་ཀ་རུ་གཏོད་པའི་ཚུལ་གྱིས་འཛིན། །གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་མཛད། །ཡུམ་སྙེ་མ་དཀར་མོ་གྲི་གུག་དང་། །ཐོད་པ་འཛིན་པས་མགུལ་ནས་འཁྱུད། །དེ་བེམ་པོ་དང་ཐོགས་བཅས་མ་ཡིན་པར། །སྐུ་སྣང་སྟོང་འཇའ་ཚོན་ལྟ་བུ་ལ། །གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་ལྡན། །ཐུགས་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀྱིས། །འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི། །ལས་ཉོན་དང་སྡིག་གྲིབ་བག་ཆགས་ཀུན། །ལྷག་མེད་དུ་དག་པར་མཛད་པ་པོ། །སྐྱབས་བླ་མ་རྡོ་རྗེ་སེམས་དཔའ་ཡིན། །རྗེ་དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །རྩེ་ལྔ་བའི་རྡོ་རྗེའི་ཁོང་སེང་དུ། །ཧཱུྃ་དཀར་པོ་གྱེན་དུ་ལངས་པའི་མཐར། །སྔགས་ཡི་གེ་བརྒྱ་བ་གཡོན་དུ་བཀོད། །དེ་རང་སྒྲ་དང་བཅས་གཡས་སུ་བསྐོར། །སྔགས་ཕྲེང་དང་སྐུ་ལས་བདུད་རྩིའི་རྒྱུན། །ཆུ་རྒྱུན་ལྟར་བདག་གི་སྤྱི་གཙུག་བབས། །ཕྱི་ནང་གི་ལུས་བཀྲུས་ནད་གདོན་དང་། །སྡིག་སྒྲིབ་དང་བག་ཆགས་མ་ལུས་པ། །རྣག་ཁྲག་དང་འབུ་སྲིན་ཉ་སྡོམ་སྡིག །དུད་ཁུ་དང་སོལ་ཁུའི་རྣམ་པ་རུ། །འོག་སྒོ་རུ་ཉིལ་ཉིལ་ཐོན་པ་ན། །རང་ཞབས་ཀྱི་ས་གཞི་གས་པའི་ནང་། །ཆུ་སྣ་ལྟར་བབས་པས་བདུད་རྩིར་གྱུར། །ས་འོག་ན་གནས་པའི་འཆི་བདག་སྡེ། །གཤིན་རྗེ་ནིི་བ་གླང་དམར་པོའི་གཟུགས། །ལན་ཆགས་ཀྱི་བདག་པོ་བདག་མོས་བསྐོར། །དེ་ཀུན་ཀྱང་ཟ་སྙམ་འཆའ་སྙམ་གྱིས། །ཁ་ལག་པ་བཟེད་པའི་ནང་དུ་སོང་། །རྒྱུད་མཉེས་ཤིང་ཚིམས་ནས་ཁ་ལག་ཟུམ། །བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་། །ཤ་འཁོན་དང་སྡིག་སྒྲིབ་ཐམས་ཅད་དག །གནོད་སེམས་དང་སྦྱོར་རྩུབ་ཐམས་ཅད་ཞི། །སེམས་ཞི་བ་བྱང་ཆུབ་སེམས་དང་ལྡན། །མཐར་སངས་རྒྱས་ཐོབ་པའི་སྐལ་བར་བྱས། །སླར་རྡོར་སེམས་ཀྱི་སྐུ་ལས་བདུད་རྩི་བབས། །ཚངས་བུག་ཏུ་ཞུགས་ནས་ལུས་ཀུན་གང་། །ལུས་ཤེལ་བུམ་འོ་མས་གང་བ་ལྟར། །དཀར་ལྟེམ་མེ་པ་ལ་འདུན་པ་གཏོད། །མཐར་རྡོར་སེམས་འོད་ཞུ་རང་ལ་ཐིམ། །རང་མི་དམིགས་སྟོང་ཉིད་ངང་ལ་ཞོག །ཅེས་གོང་གི་དམིགས་གནད་དེ་དང་མ་བྲལ་བའི་ངང་ནས་ཡིག་བརྒྱའི་བཟླས་བརྗོད་ཉིན་མཚན་ཀུན་ཏུ་འབད་ན་སྡོམ་པ་གསུམ་དང་འགལ་བ་སོགས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་དག་ནས་ཚེ་འདི་ལ་ཡང་ནད་གདོན་རྐྱེན་བགེགས་མི་དང་མི་མིན་གྱི་གནོད་པས་མི་ཚུགས། བསམ་པའི་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ། ཚེ་བསོད་དཔལ་འབྱོར་མངའ་ཐང་ཐམས་ཅད་དར་ཞིང་རྒྱས། འཆི་བའི་ཚེ་ན་ཡང་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་མདུན་བསུས་ཏེ་ཤར་ཕྱོགས་མངོན་དགའ་འམ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ཏེ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཐེ་ཚོམ་མེད་དོ། །མཇུག་ཏུ་མགོན་པོ་བདག་ནི་སོགས་དང་། དགེ་བ་འདི་ཡིས་སོགས་དང་། ཨོཾ་དུས་གསུམ་བདེ་གཤེགས་སོགས་བཤགས་ཚིག་ཅི་རིགས་བརྗོད་ལ་མཐར་བསྔོ་བ་དང་སྨོན་ལམ་གྱིས་བརྒྱན་པར་བྱའོ།། །།དགེའོ། །བཀྲ་ཤིས། དཔལ་ལྡན་ནས་ཕུལ། ཚུ་བྷོ་ལ་སྤྲོད།
༈ སྐུ་ནི་རབ་དཀར་གངས་རིའི་ལྷུན་པོ་ལ། །མཚན་དཔེ་ཉི་མའི་ཟེར་གྱིས་ལེགས་འཁྱུད་པ། །རྡོ་རྗེ་སེམས་དཔའི་སྐུ་ལ་ཕྱག་འཚལ་ལོ། །སྐུ་ཡི་དམ་ཚིག་ཉམས་ཆགས་དག་གྱུར་ཅིག །གསུང་གི་རང་བཞིན་བརྗོད་མེད་ན་དཱའི་མཁར། །ཡན་ལག་དྲུག་ཅུའི་འབྲུག་སྒྲ་ཕྱོགས་བཅུར་སྒྲོག །རྡོ་རྗེ་སེམས་དཔའི་གསུང་ལ་ཕྱག་འཚལ་ལོ། །གསུང་གི་དམ་ཚིག་ཉམས་ཆགས་དག་གྱུར་ཅིག །ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས། །སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ་བའི་ངང་། །རྡོ་རྗེ་སེམས་དཔའི་ཐུགས་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་དམ་ཚིག་ཉམས་ཆགས་དག་གྱུར་ཅིག །ལྷ་ཡི་ལྷ་མཆོག་བཅོམ་ལྡན་རྡོ་རྗེ་སེམས། །སྐྱབས་ཀྱི་མཆོག་ཏུ་མགོན་པོ་ཁྱེད་བཟུང་ནས། །ཡང་ནས་ཡང་དུ་སྐུ་གསུང་ཐུགས་དྲན་ན། །བྱིན་གྱིས་རློབས་ཤིག་སེམས་དཔའ་རྡོ་རྗེ་ཆེ། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །བསགས་པའི་སྡིག་སྒྲིབ་མ་ལུས་དག་པ་དང་། །ཁྱད་པར་སོ་ཐར་བྱང་སེམས་རིག་འཛིན་གྱི། །སྡོམ་དང་དམ་ཚིག་ཉམས་པ་དག་གྱུར་ཅིག །སྟོབས་བཞི་ཚང་བའི་སྒོ་ནས་ཡིག་བརྒྱ་ཅི་འགྲུབ་བཟླས་མཐར། མགོན་པོ་བདག་ནི༴ དུས་གསུམ་བདེ་གཤེགས༴ དགེ་བ་འདི་ཡིས༴ སོགས།
༈ ཀུན་བཟང་གདོད་མའི་མགོན་པོ། །དགེ་བའི་བཤེས་ཀྱི་རྣམ་རོལ། །སྐྱབས་གཅིག་དྲིན་ཆེན་བླ་མ། །ཐུབ་བསྟན་ཆོས་འཕེལ་མཁྱེན་ནོ། །བརྩེ་ཆེན་ཐུགས་རྗེས་གཟིགས་ལ། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཅེས་གསོལ་འདེབས་ཀྱིས་མདུན་བསུས་ནས་དགེ་རྩ་གང་བྱེད་ཀྱང་དེ་སངས་རྒྱས་འཐོབ་བྱེད་ཀྱི་རྒྱུ་རུ་འགྲོ་བ་ལ་ཐབས་ཆག་པའི་མན་ངག་ནི་དམ་པ་གསུམ་ཡིན་ལ། དེ་ལ་དང་པོ། སྦྱོར་བ་སེམས་བསྐྱེད་དམ་པ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མར་མ་བྱས་པ་གཅིག་ཀྱང་མེད་པའི་ཚུལ་རྒྱལ་བའི་བཀའ་ལས་གསུངས་པ་ལ་ཡིད་ཆེས་པར་བྱས་ནས། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་འདི་བཞིན་དྲིན་ཆེན་པོས་བསྐྱངས་པའི་ཚུལ་ལ་རང་ཡིད་ཆེས་བྱས་ཏེ། དེ་ལྟ་བུའི་ཕ་མ་དེ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་འདོད་ཀྱི་བསམ་པ་བཟང་པོ་དེ་ཡོད་ན་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ལ། དངོས་གཞི་དམིགས་མེད་དམ་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་རང་རྩལ་དུ་ཤེས་པར་བྱས་ནས་སེམས་ནི་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་རང་བཞིན་དུ་ཐག་ཆོད་ན་དེའི་ངང་ལ་བཟོ་བཅོས་དང་དགག་སྒྲུབ་བླང་དོར་སོགས་གང་ཡང་མི་བྱ་བར་རང་བབས་སུ་འཇོག་པ་ལས་གཞན་ཅི་ཡང་མེད་སྙམ། དེ་ནི་དངོས་གཞི་མདོར་བསྡུས་པ་ཙམ་མོ། །མཇུག་བསྔོ་བ་དམ་པ་ནི། བསྔོ་རྒྱུའི་དགེ་རྩ། བསྔོ་བ་པོ་བདག །བསྔོ་ཡུལ་སེམས་ཅན་རྣམས་རང་བཞིན་མེད་པར་ཤེས་ན་བསྔོ་བའི་མཆོག་ཡིན་ལགས། དེ་ལྟར་མ་ཤེས་ན་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བདག་གིས་ཀྱང་དེ་ལྟར་བསྔོ་བར་བགྱིའོ་སྙམ་པའི་བློ་ཡོད་ན་འཁོར་གསུམ་དམིགས་པ་མེད་པའི་བསྔོ་བ་རྗེས་མཐུན་པ་ཙམ་ཡིན་ནོ།། །།དཔལ་ལྡན་ནས།
༈ དགེ་རྩ་ཆེ་ཆུང་གང་བསྒྲུབ་ན་ཡང་དམ་པ་གསུམ་གྱི་རྩིས་ཟིན་པ་འདི་གལ་ཆེ་བ་ཡིན་པས་ཐོག་མར་སྦྱོར་བ་སེམས་བསྐྱེད་དམ་པ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་དེ། དེའི་རྒྱུ་མཚན། ཕ་དང་མ་རུ་མ་གྱུར་པའི། །སེམས་ཅན་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ལན་གཅིག་ཙམ་མ་ཡིན་པར་ལན་གྲངས་བསམ་གྱིས་མི་ཁྱབ་པར་མ་བྱས་པའི་ཚུལ་ནི། མདོ་ལས། སེམས་ཅན་རེ་རེས་མ་བྱས་ནས། །ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ལ། མ་རུ་གྱུར་པ་ཙམ་དུ་མ་ཟད་དྲིན་ཆེན་པོས་ནི་བསྐྱངས། ཕན་པ་ཚད་མེད་པ་ནི་བཏགས། གནོད་པ་དང་འཚེ་བ་དུ་མ་ལས་བསྐྱབས་པའི་དྲིན་དང་ལྡན་པའི་ཕ་མ་སེམས་ཅན་འདི་རྣམས་ལམ་སྟོན་དགེ་བའི་བཤེས་གཉེན་གྱིས་མ་ཟིན་པས་བླང་དོར་གྱི་གནས་ནི་མི་ཤེས། འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ཧབ་ཐོབ་ཏུ་སྤྱོད་པ་ནི་གདོན་ཆེན་པོས་ཟིན་པའི་སྨྱོན་པ་ལྟ་བུའམ། ཆོས་ཀྱི་སྣང་བ་དང་བྲལ་བའི་དམུས་ལོང་གྲོགས་མེད་ཐང་སྟོང་དུ་ལུས་པ་ལྟ་བུ་སྐྱབས་བྲལ་མགོན་མེད་སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱིས་རྟག་ཏུ་མནར་བའི་མ་རྒན་སེམས་ཅན་འདི་རྣམས་སྙིང་རེ་རྗེ། འོ་ན་སྙིང་རྗེ་བའི་སར་བཞག་པས་མི་ཕན། ཕ་མ་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་བག་ཆགས་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱའོ་སྙམ་པ་ནི་སེམས་བསྐྱེད་ཚུལ་མདོར་བསྡུས་པ་ཙམ་ཡིན་ལ། དངོས་གཞི་དམིགས་མེད་དམ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་སོགས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་ཤེས་ནས་དེའི་ངང་ལ་འཇོག་ཚུལ་མན་ངག་གི་ཡིག་ཆ་གཞན་ན་གསུངས་པ་ལྟར་ལ། མཇུག་བསྔོ་བ་དམ་པ་ནི། བསྔོ་ཡུལ་སེམས་ཅན། སྔོ་བ་པོ་བདག །བསྔོ་རྒྱུའི་དགེ་རྩ་གསུམ་དམིགས་མེད་ཀྱི་རྩིས་ཟིན་ན་མཆོག་ཏུ་གྱུར་པ་ཡིན་ཡང་མ་ཟིན་ན་རྗེས་མཐུན་པ་ནི། དགེ་རྩ་གང་བསྒྲུབས་ཐམས་ཅད་འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་པོ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བདག་གིས་ཀྱང་དེ་ལྟར་བསྔོ་བར་བགྱིའོ་སྙམ་པས་བཟང་སྤྱོད་སོགས་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་དམ་པ་གསུམ་གྱི་རྩིས་ཟིན་པའི་དགེ་རྩ་ནི་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་འགྲོ་ངེས་པ་ཡིན་པས་དེ་ལུགས་འབད་འཚལ། བློ་གསལ་དབང་པོ་ལ་སྤྲོད། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
དམ་པ་གསུམ་གྱི་རྣམ་བཞག་མདོར་བསྡུས་པ།
༈ དམ་པ་གསུམ་གྱི་རྣམ་བཞག་མདོར་བསྡུས་པ་ནི། དེ་ཡང་ཇི་སྐད་དུ། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་པ་ལྟར། དང་པོ་དགེ་བ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། འདི་ལྟར་ནམ་མཁས་གར་ཁྱབ་གྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་བྱམས་བརྩེས་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན། དེ་ཡང་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་མ་བྱས་པའི་གྲངས་ལ་བློས་གཞལ་དུ་མེད་དེ། མདོ་ལས། སེམས་ཅན་རེ་རེས་མ་བྱས་པའི། །ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་ཕ་མ་སེམས་ཅན་རྣམས་ཀྱིས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་སྒྲུབ་མི་ཤེས་སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་ཀྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་བག་མེད་བྱུང་རྒྱལ་དུ་སྤྱོད་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་ནས་ཐར་བའི་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། འོ་ན་སྙིང་རྗེ་བའི་སར་བཞག་པས་མི་ཕན་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་དགོས། དེའི་ཆེད་དུ་སྔོན་འགྲོ་ནས་བསྐྱེད་རྫོགས་ཀྱི་རིམ་པ་གང་ཉམས་སུ་ལེན་ཡང་ལེ་ལོ་སོས་དལ་ཕྱི་བཤོལ་རྣམ་གཡེང་སོགས་སུ་མ་སོང་བར་ཚུལ་བཞིན་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ཡང་སྙིང་རྗེས་གཞན་དོན་དུ་དམིགས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙམ་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་དོན་གཉིས་སམ་ཟུར་གཉིས་པོ་ཚང་ན་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་པའམ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ཏེ། མངོན་རྟོག་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །གཉིས་པ་དགེ་བ་རྐྱེན་ཀྱིས་མི་བཤིག་པ་དངོས་གཞི་དམིགས་མེད་དམ་པ་ནི། འདི་ལྟར་དམིགས་བཅས་ཀྱི་དགེ་བ་གང་ཡིན་ཀྱང་དངོས་མཚན་ལ་མངོན་པར་ཞེན་པ་དང་བཅས་པས་ནི། སྲིད་ཞི་གང་རུང་གི་རྒྱུ་ཙམ་ལས་མེད་པས་གང་བསྒྲུབ་བྱའི་དགེ་བ་དང་གང་གིས་སྒྲུབ་པ་པོ་རང་ཉིད། གང་གི་དོན་དུ་བསྒྲུབས་པའི་སེམས་ཅན་ཏེ་འཁོར་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་འབྱུང་ཙམ་དུ་སྣང་བ་མ་འགགས་པར་རྨི་ལམ་ལྟར་སྣང་ཡང་རང་གི་ངོ་བོ་ནི་གང་ཡང་འདི་ཞེས་དམིགས་པ་མེད་དེ་བརྟག་ཅིང་དཔྱད་ན་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་ཕྱི་ནང་བར་གསུམ་གང་ནའང་མི་གནས་པའི་སྟོང་གཟུགས་ཉག་གཅིག་གི་རང་བཞིན་དུ་ཤེས་ནས་གང་ལའང་མ་ཞེན་བཞིན་གང་ཡང་མི་འགོག་པར་ཉམས་སུ་ལེན་ཤེས་ན་ཚོགས་གཉིས་ཟུང་འཇུག་གི་དགེ་བ་ཐེག་ཆེན་ལམ་གྱི་དངོས་གཞི་ཡང་དག་པ་ཡིན་ནོ། །གསུམ་པ་དགེ་རྩ་མི་ཟད་ཅིང་གོང་འཕེལ་དུ་འགྲོ་བ་རྗེས་བསྔོ་བ་དམ་པ་ནི། ད་རེས་ཀྱི་དགེ་རྩ་གང་བསྒྲུབས་འདིས་མཚོན་པའི་དུས་གསུམ་དུ་བྱས་ཤིང་བསགས་པའི་དགེ་རྩ་ཇི་སྙེད་ཡོད་པ་ཐམས་ཅད་བློས་གཅིག་ཏུ་བསྡོམས་ཏེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོ་བ་མཛད་པ་བཞིན་དུ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོས་ཏེ་འདུན་པ་དྲག་པོས་བཟང་སྤྱོད་སོགས་ཀྱི་ཚིག་ལ་བརྟེན་ནས་སྨོན་ལམ་བཏབ་ན་དགེ་རྩ་དེ་ཉིད་ཇི་ལྟར་འདོད་པ་དེའི་རྒྱུར་གྱུར་ནས་མི་ཟད་ཅིང་འཕེལ་བར་འགྱུར་ཏེ། ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་ཏེ། །སྤེལ་དང་བསྒྱུར་བའི་ཆོས་ཅན་ཡིན། །ཞེས་དང་། ཆོས་རྗེ་གཙང་པ་རྒྱ་རིས་ཀྱིས། སྦྱིན་པ་ལོངས་སྤྱོད་ཀྱི་རྟ་ཕོ་ལ། །བསྔོ་བ་སྲབ་ཀྱིས་ཁ་བསྒྱུར་ན། །གང་འདོད་ཀྱི་ས་རུ་སླེབ་པ་ཡིན། །ཞེས་དང་། དཔལ་སྤྲུལ་རིན་པོ་ཆེས། དགེ་རྩ་ཆུང་ཡང་བསམ་གྱིས་མི་ཁྱབ་པར། །བསྒྱུར་བའི་ཡོངས་བསྔོ་ཐམས་ཅད་མཁྱེན་པའི་བློས། །ཕལ་བའི་དགེ་ཆེན་ཉི་མས་མེ་ཁྱེར་བཞིན། །ཟིལ་གྱིས་གནོན་པ་མདོ་སྡེ་མཐོང་ལས་བྱུང་། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་ཐེག་ཆེན་ལམ་གྱི་ཁྱད་ཆོས་དམ་པ་གསུམ་པོ་འདིས་ནི་དགེ་རྩ་ཆེ་ཆུང་གང་བསྒྲུབ་ཐམས་ཅད་ལ་ཟིན་པ་གལ་ཆེ་བས་ཅིས་ཀྱང་འབད་འཚལ། ཅེས་པ་འདི་ནི་མཆེད་པོ་དམ་པ་དགེ་ལེགས་ཀྱི་བཞེད་སྐོང་དུ་ཁྲིད་ཡིག་ལས་བཏུས་ཏེ་དཔལ་ལྡན་ནས་བྲིས་པ་དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག། །།
༈ ཀྱེ་གསོན་དང་རྡོ་རྗེའི་མཆེད་པོ་ནི་ཁྱེད་ཀྱིས། །སྙིང་རུས་པའི་གཏིང་ནས་ལྷ་ཆོས་ཤིག་འདོད་ན། །རྗེ་འགྲོ་མགོན་ཐུབ་པའི་དབང་པོ་ཡི་རྗེས་འཇུག །རབ་བྱུང་དང་བསྙེན་རྫོགས་གང་རུང་གི་སྡོམ་པ། །གྲངས་ཚང་བའི་མཁན་སློབ་དགེ་འདུན་ལས་ནོད་དེ། །ལམ་བསླབ་པ་ཚུལ་ཁྲིམས་བསྲུང་བ་ལ་འབད་འཚལ། །དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །སྐྱབས་དཀོན་མཆོག་གསུམ་ལ་སྙིང་དབུས་ནས་གཏད་དེ། །ཡིད་ཁྱེད་ཤེས་དད་པས་གསོལ་འདེབས་ལ་བརྩོན་དང་། །ཚེ་འདི་ཕྱི་ཀུན་ཏུ་བསླུ་བ་ནི་མ་མཆིས། །དགྲ་མི་རྟག་འཆི་བ་ནམ་འོང་ནི་ཆ་མེད། །དེ་སླེབ་ཚེ་ཕན་པ་དམ་ཆོས་ལས་མི་འདུག །དུས་ད་ལྟ་རང་དབང་ཅུང་ཟད་ཅིག་འབྱོར་ཚེ། །བློའི་གཏིང་ནས་དམ་པའི་ལྷ་ཆོས་ལ་རེམ་མཛོད། །ཚེ་འདི་སྣང་འཁོར་བའི་བྱ་བ་ལ་ཞེན་ནས། །ལས་རྒྱུ་འབྲས་ཁྱད་དུ་གསོད་པ་ལ་མ་བརྩོན། །གནས་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྐྲག་ན། །དུས་ད་རེས་དགེ་སྡིག་བླང་དོར་ལ་འབད་དགོས། །སྔོན་བསགས་པའི་རྣམ་དཀར་བསོད་ནམས་ཀྱི་མཐུ་ལས། །དུས་ད་ལྟའི་དལ་འབྱོར་མི་ལུས་འདི་ཐོབ་ཀྱང་། །རྟེན་འདི་འདྲ་ཕྱི་ནས་ཡང་ཡང་ནི་ཐོབ་དཀའ། །དུས་ད་རེས་དལ་འབྱོར་ཆུད་ཟོས་ལ་མ་གཏོང་། །དགྲ་ཟེར་ཡང་སྔོན་གྱི་ཕ་མ་ནི་ཡིན་ངེས། །དུས་ད་ལྟའི་ཕ་མ་སྔོན་ཆད་ཀྱི་དགྲ་ཡིན། །དགྲ་གཉེན་གྱི་སྣང་ཚུལ་ངེས་མེད་ལ་བསམ་ནས། །དུས་ད་རེས་བྱམས་དང་སྙིང་རྗེ་ལ་འབད་དགོས། །དགྲ་གཉེན་དང་བར་མས་བསྡུས་པ་ཡི་སེམས་ཅན། །ཕ་མ་རུ་མ་གྱུར་པ་གཅིག་ཀྱང་མེད་པས། །འདི་ཀུན་ཀྱང་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས། །དུས་ད་རེས་སྒོ་གསུམ་དགེ་བ་ལ་འབད་དགོས། །སྔོན་བསགས་པའི་སྡིག་སྒྲིབ་བག་ཆགས་ཀྱི་དྲི་མས། །གཞི་གདོད་མའི་མགོན་པོའི་རང་ཞལ་དེ་བསྒྲིབས་པས། །ལམ་སྔོན་འགྲོའི་ཆུ་ཡིས་དྲི་མ་དེ་བཀྲུས་ན། །སེམས་སྐྱེ་མེད་གདོད་མའི་གཤིས་ལུགས་དེ་མངོན་འོང་། །ལམ་སྦྱངས་པ་དམན་པའི་གང་ཟག་ཅིག་ཡིན་ཡང་། །ཆོས་ཟབ་མོ་འཕོ་བའི་ཉམས་ལེན་ལ་འབད་ན། །ལས་མཚམས་མེད་བསགས་པའི་སྡིག་ལྡན་ཞིག་ཡིན་ཡང་། །གནས་དག་པ་མཁའ་སྤྱོད་ཞིང་ཁམས་ལ་སྐྱེ་ངེས། །ལར་ཐུན་མོང་སྔོན་འགྲོའི་བསགས་སྦྱངས་ཙམ་མེད་བཞིན། །ཆོས་ཟབ་མོ་འོད་གསལ་རྫོགས་ཆེན་ལ་ཞུགས་ཀྱང་། །རྨང་མ་བཏིང་པ་ཡི་གྱང་ཁང་ནི་ཇི་བཞིན། །དེ་ཇི་བཞིན་མཐའ་རུ་འཁྱོལ་བ་ནི་མི་འོང་། །སྒོ་གསུམ་གྱིས་དགེ་བ་གང་བྱེད་ཀྱི་ཐོག་མར། །
གནད་དང་པོ་སྦྱོར་བ་སེམས་བསྐྱེད་དང་ལྡན་ཞིང་། །བར་དམིགས་མེད་མཐར་ཐུག་བསྔོ་བ་ཡིས་ཟིན་ན། །དེ་རྣམ་མཁྱེན་སངས་རྒྱས་ཐོབ་བྱེད་དུ་འགྲོ་ངེས། །གྲོང་ཆོག་དང་དགོན་སྡེའི་དུས་མཆོད་ཀྱི་སྐབས་སུ། །ཆོ་ག་དང་ཆོས་སྤྱོད་ངག་འཁྱལ་དང་མ་བསྲེ། །སངས་རྒྱས་ཀྱི་སྐུ་ལ་རྨ་འབྱིན་གྱི་ཉེས་པས། །ངན་སོང་དུ་འགྲོ་བས་ངག་བཅད་ལ་འབད་འཚལ། །རྟོགས་ལྡན་གྱི་བླ་མ་འབྲལ་མེད་དུ་བསྟེན་ནས། །གདམས་ངག་གི་བདུད་རྩིའི་སྙིང་པོ་ཞིག་ལོན་དགོས། །འདུ་འཛི་ཡིས་དབེན་པའི་ནགས་ཁྲོད་ལ་ཆས་ཏེ། །ཡེངས་མེད་དུ་ཏིང་འཛིན་བསྒོམ་པ་ལ་འབད་འཚལ། །འཁོར་འདས་ཀྱི་སྣང་བ་རང་སེམས་སུ་ཤེས་དགོས། །སེམས་ཉིད་ཀྱི་ངོ་བོ་སྟོང་ཉིད་དུ་རྟོགས་ཏེ། །གཟུང་འཛིན་གྱི་མཚན་མའི་སྤྲོས་པ་ལས་དབེན་པའི། །ཆོས་ཉིད་ཀྱི་ངང་ལ་རྩེ་གཅིག་ཏུ་གནས་འཚལ། །དེ་ཉིད་ལ་ཉིན་མཚན་བར་མེད་དུ་གོམས་དང་། །ཚེ་འདི་འམ་འཆི་ཁ་བར་དོ་ལས་མི་འགྱང་། །གཞི་གདོད་མའི་མགོན་པོའི་དགོངས་ཀློང་དུ་གྲོལ་ཏེ། །མ་སེམས་ཅན་ཀུན་གྱི་སྐྱབས་མགོན་དུ་འགྱུར་ངེས། །དོན་དེ་ལྟར་གྱིས་དང་ཉམས་ལེན་གྱི་གོ་དོན། །མདོར་བསྡུས་པ་ཙམ་ཞིག་ཨེ་ཡིན་ནི་སྙམ་ནས། །ཚུལ་དེ་སྐད་བན་རྒན་དཔལ་ལྡན་གྱིས་བྲིས་ནས། །མཆེད་ཀ་ཀྱུ་བྷེ་ལ་ཕུལ་བ་དེ་དགེའོ། །
༈ སྐྱབས་ཀུན་འདུས་ཨོ་རྒྱན་པདྨ་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། །སེམས་སྐྱེ་མེད་གདོད་མའི་གཤིས་ལུགས་དེ། །དུས་ད་ལྟ་མཐོང་བར་བྱིན་གྱིས་རློབས། །ཀྱེ་གསོན་དང་ཚ་བུ་བློ་དབང་ལགས། །ཁྱེད་སྙིང་ནས་ཉམས་ལེན་བྱེད་འདོད་ན། །སྐྱབས་དཀོན་མཆོག་གསུམ་ལ་བློ་རྩེ་གཏོད། །ཡིད་ཁྱེད་ཤེས་དད་པས་སྐྱབས་སུ་སོང་། །ཆོས་ཐེག་ཆེན་རྩ་བ་བྱང་ཆུབ་སེམས། །ཉམས་ལེན་གྱི་གཙོ་བོ་དེ་ལ་གྱིས། །རྟེན་དལ་འབྱོར་ཐོབ་པ་ད་རེས་ཙམ། །འདི་དོན་མེད་སྟོང་ཟད་མ་ཤོར་ཅིག །དགྲ་འཆི་བདག་ནམ་འོང་ཆ་མེད་རེད། །དུས་ད་ལྟ་འཆི་ཆོས་གྲབས་སུ་གྱིས། །ལས་རྒྱུ་འབྲས་བསླུ་བ་མེད་པ་ཡིན། །འཛོལ་དགེ་སྡིག་བླང་དོར་མ་ཤོར་ཅིག །གནས་འཇིགས་རུང་འཁོར་བའི་བཙོན་ཁང་ནས། །ཐར་འདོད་ཀྱི་བསམ་པ་ཡང་ཡང་དགོས། །དེ་སྔོན་འགྲོའི་ཆོས་ཡིན་མེད་ཐབས་མེད། །ད་ཉམས་ལེན་དངོས་ལ་འཇུག་འདོད་ན། །བླ་མ་ལ་གསོལ་བ་ཡང་ཡང་ཐོབ། །སྐབས་སྐབས་སུ་དབང་བཞི་ལེན་པ་དང་། །ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་གཅེས། །སེམས་ཆགས་སྡང་དུག་ལྔའི་རྟོག་པ་ཅན། །འདི་དང་པོ་གང་བྱུང་ད་ལྟ་གང་། །མཐར་གར་འགྲོ་ཁ་དོག་གཟུགས་དབྱིབས་ཅི། །རྩད་བཅད་ཅིང་བརྟགས་པས་ཁུངས་མི་རྙེད། །སྔོན་འདིར་བྱུང་ད་ལྟ་འདི་ན་གནས། །མཐར་འདིར་འགྲོའི་ངོ་བོ་ངོས་བཟུང་མེད། །གར་མ་སོང་གང་དུ་མི་གནས་ལ། །ཤར་ཙམ་ནས་ངོ་བོ་ངོས་བཟུང་བྲལ། །ཆེར་བལྟས་པས་དྲན་བསམ་ཀུན་ལས་འདས། །གང་ཤར་ཡང་རྩིས་གདབ་མ་བྱེད་པར། །འཕྲོས་འགྱུ་འམ་གནས་ཀྱང་ཅི་དགར་ཞོག །བློ་རེ་དོགས་ཐམས་ཅད་གོལ་ས་ཡིན། །ཡེ་བབས་ལ་བཅོས་བསླད་མ་བྱེད་ཅིག །མདོར་བསྡུས་ན་དེ་ལ་ཨེ་འདུས་སྙམ། །ཚིག་མང་པོ་ཁོ་བོས་བྲི་མི་ཤེས། །བྲི་ཤེས་ཀྱང་ཁྱོད་ལ་དགོས་པ་ཆུང་། །དོན་འདི་ལ་ཉམས་ལེན་མཛད་པར་ཞུ། །ཁུ་བོ་དཔལ་ལྡན་ནས་ཚ་བུ་བློ་གསལ་དབང་པོ་ལ་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༈ དཔལ་རྡོ་རྗེ་སེམས་དཔའ་མི་ཡི་གཟུགས། །སྐྱབས་མཚུངས་མེད་ནམ་མཁའ་འཇིགས་མེད་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། །སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །ཕྱི་སྣང་བའི་ཡུལ་ལ་ཕར་ལྟོས་དང་། །ཕྱི་སྣང་བ་མེད་སྣང་སྟོང་པའི་གཟུགས། །ནང་འཛིན་པའི་སེམས་ལ་ཚུར་ལྟོས་དང་། །ནང་འཛིན་པ་གཞི་མེད་རྩ་བྲལ་ཡིན། །དེ་གཉིས་ཀྱང་དོན་ལ་ཐ་མི་དད། །དཔེ་བཞག་ན་ཆུ་དང་ཟླ་གཟུགས་བཞིན། །དུས་ད་ལྟའི་ཐ་མལ་ཤེས་པ་ལ། །ཡིན་མིན་གྱི་རེ་དོགས་བྱེད་མི་དགོས། །དགག་སྒྲུབ་ཀྱི་བླང་དོར་བྱ་མི་དགོས། །སེམས་རྣམ་རྟོག་གང་ཤར་རང་སར་ལྷོད། །ཤར་ཙམ་ནས་གྲོལ་བར་སྐྱེས་པ་ཡིན། །དཔེ་བཞག་ན་ཆུ་ཡི་རི་མོ་འདྲ། །དོན་དེ་ལྟར་མ་བརྗེད་སེམས་ལ་ཞོག །དུས་རྒྱུན་དུ་ཉམས་སུ་ལེན་ནུས་ན། །མཆེད་ཁྱེད་ཀྱང་རིང་པོར་མི་ཐོགས་པར། །གཞི་གདོད་མའི་དབྱིངས་སུ་གྲོལ་བར་འགྱུར། །ཚུལ་དེ་སྐད་བན་རྒན་དཔལ་ལྡན་གྱིས། །ཁྱེད་སྙིང་དང་འདྲ་བའི་སྐལ་པོར་གདམས།། །།
༈ ལགས་ཁྱེད་ཀྱིས་སྙིང་ནས་ལྷ་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་འདོད་ན་བློ་ཕུགས་བླ་མ་དང་དཀོན་མཆོག་ལ་གཏད་དགོས། ཁྱད་པར་དུ་གངས་ཅན་བོད་ཀྱི་ལྷ་སྐལ་སྙིགས་མའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ་བཙུན་མ་ཧཱ་གུ་རུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་གསོལ་བ་ཕུར་ཚུགས་སུ་བཏབ་ན་བྱིན་རླབས་རྒྱུད་ལ་འཇུག །བསམ་དོན་ཆོས་བཞིན་འགྲུབ། རྐྱེན་ངན་དང་བར་ཆད་དབྱིངས་སུ་ཞི། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ། ས་ལམ་གྱི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་ཏེ་ཀུན་བཟང་གདོད་མའི་མགོན་པོའི་དགོངས་ཀློང་དུ་གྲོལ་བ་ཡིན་པས་ཅིའི་ཕྱིར་འདི་ཁོ་ན་ལ་མི་བརྩོན་ཏེ་བརྩོན་པར་རིགས་སོ། །གུ་རུ་ཉིད་ཀྱི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་དང་། ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞལ་ནས། བླ་མ་ཨོ་རྒྱན་རྗེ་ལ་གསོལ་བ་རང་ཐོབ་དང་། །བར་ཆད་རྐྱེན་གྱི་དབང་དུ་འགྲོ་བ་ནི་མ་ལགས། །ཞེས་དང་། གུ་རུའི་ཞལ་ནས། ཨོ་རྒྱན་པདྨ་ང་ཉིད་ལ། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་དྲག་ཏུ་བཏབ་པའི་ཚེ། །ང་ཉིད་དེ་ཡི་དྲུང་དུ་འོང་། །ཞེས་དང་། མི་ཚེ་བླ་མའི་སྒྲུབ་པ་ལ། །བསྐྱལ་ན་ཚེ་ཡི་དུས་བྱས་ཚེ། །ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ། །ཞེས་གསུངས་པས་འདི་ནི་གནད་གལ་པོ་ཆེ་ཡིན་ནོ། །མདོར་ན་རང་གིས་རང་མགོ་དམ་པའི་ཆོས་ཀྱིས་ཐོན་དགོས་པས་ཆོས་སྒྲུབ་པ་ལ་མེད་དུ་མི་རུང་བ་ནི་ཞེན་ལོག་རྣམ་པ་བཞི་ཡིན། དེའི་ནང་ནས་འཁོར་བ་ལ་ཞེན་པ་མ་ལོག་ན་ངེས་འབྱུང་མི་སྐྱེ། ངེས་འབྱུང་མ་སྐྱེས་ན་ཐེག་གསུམ་གྱི་ལམ་གང་ལ་ཡང་མི་འཇུག །ཐེག་གསུམ་གྱི་ལམ་ལ་མ་ཞུགས་ན་འབྲས་བུ་དགྲ་བཅོམ་ནས་སངས་རྒྱས་ཀྱི་བར་གང་ཡང་མི་ཐོབ་པས་ཐོག་མར་འཁོར་བའི་སྡུག་བསྔལ་ལ་བློ་སྦྱོང་བ་གལ་ཆེ། དེ་ལྟར་བློ་འབྱོངས་ན། དེ་ནས་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་ལས་རྒྱུ་འབྲས་ལ་བློ་སྦྱང་། མདོ་སྔགས་ཀྱི་ལམ་གང་ཉམས་སུ་བླང་ཡང་ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡིན་པས་འདི་ལ་བློ་སྦྱོང་བ་ནི་གནད་ཀྱི་ཡང་སྙིང་དམ་པ་ཡིན་ལགས། ཚུལ་ཁྲིམས་རྣམ་པར་དག་པ་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་པས་དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་ཁོག་པའི་སྙིང་དང་མིག་གི་འབྲས་བུ་ལྟར་བསྲུང་དགོས། འཁོར་མཚོ་ལས་སྒྲོལ་བའི་དེད་དཔོན་མཚན་ལྡན་གྱི་བླ་མ་དམ་པ་ཡིན་པས་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་སྟེ་ཅི་གསུངས་དང་ལེན་གྱི་སྒོ་ནས་བསྟེན་ན་མཆོག་ཐུན་དངོས་གྲུབ་མ་ལུས་འབད་མེད་ལྷུན་གྲུབ་ཏུ་འབྱུང་ངེས་ཡིན་པས་ཐུགས་ལ་འདོགས་འཚལ། དཔལ་ལྡན་ནས་སྐལ་པོ་ལ་ཕུལ།། །།
༈ སྐྱབས་ཀུན་འདུས་ཨོ་རྒྱན་པདྨ་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། །རྐྱེན་བར་ཆད་དབྱིངས་སུ་ཞི་བ་དང་། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །ཀྱེ་གསོན་དང་རྡོ་རྗེའི་མཆེད་པོ་ལགས། །ཁྱེད་ད་སྐབས་ན་གཞོན་རིག་པ་རྣོ། །ཆོས་གང་བསྒྲུབ་ཉམས་འོག་ཆུད་དུས་འདིར། །བློ་ཐོས་བསམ་སྒོམ་ལ་བརྩོན་པར་མཛོད། །རྙེད་དཀའ་བའི་དལ་འབྱོར་མི་ཡི་ལུས། །དུས་ད་རེས་ལན་གཅིག་ཐོབ་དུས་འདིར། །ཚེ་འདི་སྣང་བྱ་བས་མི་བྲེལ་བར། །རྟེན་འདི་ལ་སྙིང་པོ་ཅི་ལོན་གྱིས། །གནས་ཁམས་གསུམ་འཁོར་བའི་བཙོན་ར་ན། །གནས་ཕྱིན་ཆད་སྡུག་བསྔལ་འབའ་ཞིག་ལས། །ཡིད་བདེ་བའི་གོ་སྐབས་ནམ་ཡང་མེད། །གནས་འདི་ལས་ཐར་དགོས་རྡོ་རྗེའི་མཆེད། །འཆི་བདག་གི་ཞགས་པས་ཐེབ་པའི་ཚེ། །སེམས་འགྱོད་པས་གདུང་ཡང་འཕྱི་ནས་གདའ། །དུས་ད་རེས་རང་དབང་ཡོད་དུས་འདིར། །ཚེ་ཕྱི་མའི་རྒྱགས་ཕྱེ་གྲབས་སུ་གྱིས། །མངོན་མཐོ་དང་ངེས་ལེགས་མཐའ་དག་གི །ཡོན་ཏན་གྱི་གཞི་རྟེན་ཚུལ་ཁྲིམས་ཡིན། །འཆལ་ཁྲིམས་ཀྱི་དགྲ་ལ་མི་བསྐུར་བར། །དྲན་ཤེས་ཀྱི་མེལ་ཚེ་མ་གཡེལ་ཅིག །ཞི་གནས་དང་ལྷག་མཐོང་མ་འབྲེལ་ན། །ཉོན་མོངས་འདི་འཇོམས་ཐབས་མི་འདུག་པས། །ཐོག་མར་ནི་ཐབས་ཚུལ་སྣ་ཚོགས་ཀྱིས། །ཞི་གནས་ལ་བརྟན་པ་ཐོབ་པར་མཛོད། །དེའི་རྗེས་སུ་བྱུང་གནས་འགྲོ་གསུམ་གྱིས། །རང་སེམས་ཀྱི་གཤིས་ལུགས་གཏན་ལ་ཕོབ། །སེམས་ཉིད་ཀྱི་རང་ཞལ་མཐོང་བའི་ཚེ། །གང་ཤར་ལ་དགག་སྒྲུབ་མ་བྱེད་ཅིག །སེམས་མ་སྐྱེས་སྟོང་པའི་དོན་རྟོགས་དགོས། །གདངས་མ་འགགས་རོལ་པ་གང་ཤར་ཡང་། །
བློས་དགག་སྒྲུབ་བླང་དོར་མི་བྱ་བར། །རྩལ་ཤར་གྲོལ་སྐྱོང་བ་མན་ངག་ཡིན། །དོན་སྙིང་པོས་དབེན་པའི་ཚིག་འཆལ་འདི། །གཞན་མཁས་པས་མཐོང་ན་ཁྲེལ་མོད་ཀྱང་། །མཆེད་ཁྱེད་ཀྱི་ཞལ་ངོ་མ་ལྡོག་བྲིས། །ཐུགས་བརྩེ་བས་དང་བཞེས་མཛད་པར་ཞུ། །དཔལ་ལྡན་ནས་འཛར། ཐུབ་དགའ་ལ་ཕུལ།། །།
༈ ན་མོ་གུ་རུ། ཕ་དཀོན་མཆོག་ཀུན་འདུས་དྲིན་ཆེན་གྱི་བླ་མ། །རྗེ་གུ་ཎ་བྷ་དྲ་སྤྱི་གཙུག་ཏུ་སྒོམས་ལ། །ཡིད་ཁྱེད་ཤེས་དད་པས་གསོལ་འདེབས་ལ་བརྩོན་དང་། །བུའི་རྒྱུད་ལ་དགོངས་བརྒྱུད་རྟོགས་པ་དེ་འཕོ་འོང་། །རྟེན་དལ་འབྱོར་མི་ཚེ་སྟོང་ཟད་ལ་མ་ཤོར། །དགྲ་མི་རྟག་འཆི་བ་ནམ་སླེབ་ནི་མི་ཤེས། །བུས་དགེ་སྡིག་བླང་དོར་ཚུལ་བཞིན་དུ་རེམ་མཛོད། །གནས་འཁོར་བ་སྡུག་བསྔལ་རྒྱུ་འབྲས་ལས་མ་འདས། །ལས་སྐྱིད་སྡུག་བཟང་ངན་གང་བྱུང་གི་དུས་ན། །སྐྱབས་དཀོན་མཆོག་གསུམ་ལས་རེ་ས་ནི་གཞན་མེད། །དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །ཡིད་ཁྱེད་ཤེས་དད་པས་སྐྱབས་འགྲོ་ལ་འབུངས་མཛོད། །དགྲ་གཉེན་དང་བར་མ་གང་སྣང་གི་འགྲོ་བ། །འདི་ཀུན་ཀྱང་དྲིན་ཆེན་ཕ་མ་ནི་ཡིན་ངེས། །མ་འདི་ཀུན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཕྱིར། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་ལ་འབད་འཚལ། །གནས་སྤྱི་གཙུག་པད་དཀར་ཟླ་གདན་གྱི་དབུས་སུ། །ཧཱུྃ་དཀར་པོའི་འཕྲོ་འདུས་ཡོངས་གྱུར་གྱི་ངོ་བོ། །དཔལ་རྡོ་རྗེ་སེམས་དཔའ་གཞུང་བཞིན་དུ་སྒོམས་ལ། །སྔགས་ཡིག་བརྒྱ་བཟླ་བཞིན་འབེབས་སྦྱོང་ལ་དམིགས་མཛོད། །ཡར་དཀོན་མཆོག་སྲིད་ཞིའི་ཡོན་ཏན་གྱི་མགྲོན་དང་། །མར་བགེགས་རིགས་ལན་ཆགས་སྙིང་རྗེ་ཡི་མགྲོན་ལ། །ལུས་འབྱུང་བ་ཤ་ཁྲག་སྒྱུ་མ་ཡི་འཕྲུལ་འཁོར། །འདི་བདུད་རྩིར་བསྒྱུར་ནས་མཆོད་སྦྱིན་ལ་འབད་འཚལ། །རྗེ་བཀའ་དྲིན་སུམ་ལྡན་མཚུངས་མེད་ཀྱི་བླ་མ། །རང་ཐ་མལ་གནས་པའི་སྤྱི་གཙུག་ཏུ་སྒོམས་ལ། །རྟེན་དམིགས་པ་མ་ཡེངས་དབང་བཞི་རེ་ལོངས་དང་། །བུའི་སྒྲིབ་བཞི་དག་ནས་སྐུ་བཞི་དེ་མངོན་འོང་། །གནད་འདི་ལས་ཟབ་པ་བདག་གིས་ནི་མ་མཐོང་། །དོན་དེ་དང་ཨེ་ལྡན་མཆེད་པོ་ནི་ཁྱེད་ཡིན། །ཚུལ་དེ་སྐད་བརྗོད་ལ་དགེ་རྩ་རེ་སྲིད་ན། །མཆེད་ཁྱེད་ཀྱིས་མཁྱེན་གཉིས་ཡེ་ཤེས་དེ་ཐོབ་ནས། །མ་འགྲོ་ཀུན་འཁོར་བའི་གཡང་ས་ལས་བསྒྲལ་ཏེ། །གནས་བདེ་ཆེན་ཐར་བའི་ཁང་བཟང་ལ་དྲོངས་མཛོད། །འདི་གཞན་གྱིས་མཐོང་ན་ཁྲེལ་བགད་ཀྱི་རྒྱུ་ཡིན། །ཚིག་འདི་འདྲ་བརྗོད་ལ་སྤྲོ་བ་ནི་མེད་ཀྱང་། །ཁྱེད་སྙིང་ལས་ལྷག་པའི་ཛྙཱ་ན་ཡིས་བསྐུལ་ངོར། །བཀའ་མ་བཅག་ཙམ་དུ་ཤྲཱི་ཡིས་ཕུལ་ལོ། །ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༈ སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཚེ་འདིར་སྣང་འཁོར་བའི་བྱ་བ་ལ། །བློའི་གཏིང་ནས་ཞེན་པ་ལོག་པར་ཤོག །དགྲ་མི་རྟག་འཆི་བདག་གཤིན་རྗེ་དེ། །ནམ་སླེབ་པ་སུས་ཀྱང་མི་ཤེས་པས། །དུས་ད་ལྟ་རང་དབང་ཡོད་དུས་འདིར། །ཚེ་ཕྱི་མའི་རྒྱགས་ཕྱེ་གྲབས་སུ་གྱིས། །ལས་དགེ་བ་བསྒྲུབས་ན་བདེ་བ་དང་། །སྡིག་པས་སྡུག་བསྔལ་མྱོང་བའི་ཚུལ། །རྗེ་རྒྱལ་བས་མདོ་སྡེ་དག་ལས་གསུངས། །དོན་དེ་ཕྱིར་དགེ་སྡིག་བླང་དོར་གྱིས། །རྟེན་དལ་འབྱོར་ཚང་བ་མི་ཡི་ལུས། །དུས་ད་རེས་ལན་གཅིག་ཐོབ་དུས་འདིར། །ལས་མི་དགེ་སྡིག་ལ་མ་བཀོལ་ཅིག །དུས་རྟག་ཏུ་བྱམས་དང་སྙིང་རྗེ་དང་། །བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་གྱིས། །འདི་ཐེག་ཆེན་ཆོས་ཀྱི་རྩ་བ་ཡིན། །མེད་ཐབས་མེད་དོ་རྡོ་རྗེའི་མཆེད། །སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ་ལ། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །མ་མཁའ་མཉམ་སེམས་ཅན་ཐམས་ཅད་དང་། །ལྷན་གཅིག་ཏུ་སྐྱབས་སུ་འགྲོ་བར་གྱིས། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །ལས་བྱས་ཤིང་བསགས་པའི་སྡིག་སྒྲིབ་ཀྱིས། །གནས་ལུགས་ཀྱི་རང་ཞལ་སྒྲིབ་པས་ན། །གཉེན་པོ་སྟོབས་བཞི་འདི་གལ་རེ་ཆེ། །བསོད་ནམས་ཀྱི་ཚོགས་ཆེན་མ་རྫོགས་ན། །སྟོང་ཉིད་ཀྱི་ལྟ་བ་མི་རྟོགས་པས། །ཡར་དཀོན་མཆོག་ཞིང་ལ་མཆོད་པ་དང་། །ངན་སློང་ལ་སྦྱིན་པ་ཅི་ནུས་གྱིས། །ཚུལ་ཁྲིམས་ཀྱི་ས་གཞི་གཙང་མ་ལ། །ཡོན་ཏན་གྱི་མེ་ཏོག་བཀྲ་ཞིང་རྒྱས། །རྣམ་མཁྱེན་གྱི་འབྲས་བུ་སྨིན་ངེས་པས། །ཚུལ་ཁྲིམས་འདི་མིག་བཞིན་སྲུངས་བར་འཚལ། །ཞེ་སྡང་གི་མེ་དཔུང་དྲག་པོ་འདིས། །རང་རྒྱུད་ཀྱི་དགེ་རྩ་སྲེག་པ་དང་། །ན་རཀ་གི་གནས་སུ་འཚེད་ངེས་པས། །བྱམས་པའི་ཆུ་རྒྱུན་འདི་ཡང་ཡང་སྟེན། །ཁམས་གསུམ་གྱི་གཡང་ས་ངམ་གྲོག་ལ། །རྣམ་གཡེང་གིས་ཡུན་རིང་འཁྱམས་འཁྱམས་ནས། །ཐར་བ་ཡི་ས་རུ་མ་བསླེབས་པས། །ད་བརྩོན་འགྲུས་རྟ་ཕོ་ཞོན་པ་གཅེས། །སྐྱེ་རྒ་ན་འཆི་ཡི་ཆུ་བོ་ལ། །ཐོག་མེད་དུས་ནས་བྱིང་བྱིང་ནས། །ཐར་བའི་སྐམ་སར་མ་ཕྱིན་པས། །བསམ་གཏན་གྱི་གྲུ་གཟིངས་སྟེན་པ་གཅེས། །གཏི་མུག་གི་མུན་པ་འཐིབ་པ་ལ། །ཤེས་རབ་ཀྱི་སྒྲོན་མེ་མ་སྦར་ན། །དགེ་སྡིག་ལ་བླང་དོར་མི་ཤེས་པས། །ཐོས་བསམ་སྒོམ་པ་འདི་གལ་རེ་ཆེ། །མཚན་ལྡན་གྱི་བླ་མ་དམ་པ་ཡི། །བྱིན་རླབས་སྙིང་ལ་མ་ཞུགས་ན། །གནས་ལུགས་ཀྱི་རྟོགས་པ་མི་སྐྱེ་བས། །བླ་མ་ལ་མོས་གུས་བྱེད་པ་གཅེས། །སྟོང་ཉིད་ཀྱི་ལྟ་བ་མ་རྟོགས་ན། །ཀུན་རྫོབ་ཀྱི་དགེ་རྩ་གང་བསྒྲུབས་ཀྱང་། །འཁོར་བ་ཡི་རྒྱུ་ལས་མི་འདའ་བས། །རང་སེམས་ཀྱི་གཤིས་ལུགས་རྟོགས་པ་གཅེས། །ཉོན་མོངས་ཀྱི་དགྲ་དཔུང་འཇོམས་པའི་ཚེ། །ཤེས་རབ་སྟོང་ཉིད་ཀྱི་རལ་གྲི་ལ། །ཐབས་སྙིང་རྗེ་ཆེན་པོའི་ངར་ཞིག་བླུད། །ངེས་འབྱུང་གི་སྒྱུ་རྩལ་གོམས་པ་གཅེས། །སྣང་སྲིད་ཀྱི་ཆོས་རྣམས་ཐམས་ཅད་ལ། །མཚན་འཛིན་གྱི་རྟོག་པས་མི་བསླད་པར། །ཀུན་རྫོབ་ཏུ་དག་པ་ཆེན་པོ་དང་། །དོན་དམ་དུ་མཉམ་པའི་རྒྱ་ཡིས་ཐོབ། །ཕྱི་སྣང་བའི་ཡུལ་ལ་ཕར་ཞིག་ལྟོས། །ཕྱི་སྣང་བ་མེད་སྣང་སྟོང་པའི་གཟུགས། །
ནང་འཛིན་པའི་སེམས་ལ་ཚུར་ཞིག་ལྟོས། །ནང་འཛིན་པ་གཞི་མེད་རྩ་བ་བྲལ། དེ་གཉིས་ཀྱང་དོན་ལ་ཐ་མི་དད། །དཔེ་བཞག་ན་ཆུ་དང་ཟླ་གཟུགས་འདྲ། །ཕྱི་སྣང་བ་སྒྱུ་མ་སྨིག་རྒྱུ་འདྲ། །སྣང་བཞིན་པའི་དུས་ན་བདེན་པ་མེད། །ནང་འཛིན་པ་བར་སྣང་སེར་བུ་འདྲ། །སྐྱེ་བཞིན་པའི་དུས་ན་ངོ་བོས་སྟོང་། །ནང་འཛིན་པ་བྱུང་གནས་འགྲོ་གསུམ་གྱིས། །རྩད་བཅད་ཀྱང་བརྟགས་པས་ཁོ་མ་རྙེད། །མེད་བཞིན་དུ་རྟོག་པ་སྣ་ཚོགས་འཆར། །ཤར་བ་དང་གྲོལ་བ་དུས་མཉམ་ཡིན། །ཕྱི་སྣང་བས་ཕན་གནོད་གཉིས་མི་བྱེད། །སྣང་བ་ལ་བརྟག་དཔྱད་བྱེད་མི་དགོས། །ཞེན་རྟོག་འདིས་སྲིད་པར་འཆིང་བས་ན། །འཛིན་པ་འདི་རྩད་གདར་གཅོད་པ་གཅེས། །འཁོར་བ་ཡི་སྡུག་བསྔལ་སྣ་ཚོགས་འདི། །སེམས་མ་དག་པ་ལས་སྣང་བ་ཡིན། །སྐུ་གསུམ་གྱི་ཞིང་གི་བཀོད་པ་དེ། །སེམས་དག་པའི་སྣང་བ་སྣ་ཚོགས་ཡིན། །མདོར་བསྡུ་ན་ཐུན་གྱི་ཐོག་མ་ལ། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། །དེའི་རྗེས་སུ་བླ་མའི་རྣལ་འབྱོར་སྒོམས། །དབང་བླང་མཐར་ཐུགས་ཡིད་དབྱེར་མེད་བསྲེས། །སེམས་མ་བཅོས་སྤྲོས་བྲལ་གདོད་མའི་ཀློང་། །དབྱིངས་སྐྱེ་བ་མེད་པའི་ངང་དུ་ཞོག །རྩལ་འགགས་མེད་རྟོག་པ་སྣ་ཚོགས་ལ། །སེམས་གཉུག་མའི་རང་ས་ཟིན་པ་ན། །རྩལ་འཁྲུལ་རྟོག་ཆོས་ཀྱི་དབྱིངས་སུ་གྲོལ། །གཞི་གདོད་མའི་གནས་ལུགས་མངོན་དུ་འགྱུར། །དཔལ་ཀུན་བཟང་ཆོས་སྐུའི་དགོངས་པ་བརྙེས། །བྱམས་སྙིང་རྗེ་བྱང་སེམས་རྒྱུད་ལ་སྐྱེ། །གནས་ཁམས་གསུམ་འཁོར་བ་དོང་ནས་སྤྲུག །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །ཞིང་བདེ་བ་ཅན་དུ་འདྲེན་པར་ནུས། །ཚུལ་དེ་ལྟར་སྨྲས་ལ་དགེ་རྩ་ཞིག །མཆིས་སྲིད་ན་མར་གྱུར་སེམས་ཅན་ཀུན། །གཞི་གདོད་མའི་མགོན་པོའི་དགོངས་ཀློང་དུ། །དུས་ད་ལྟར་གྲོལ་བའི་རྒྱུ་རུ་བསྔོ། །ཚིག་འདི་ལ་སྙན་ཆ་ཅུང་ཟད་ཙམ་མེད་མོད། །དོན་ཆོས་དང་མཐུན་པའི་སྐད་ཆ་ཞིག་ཡིན་སྙམ། །ཆོས་ཡང་དག་དོན་དང་ཨེ་མཐུན་རེ་གཟིགས་མཛོད། །ཕྱོགས་ཙམ་རེ་མཐུན་ན་རང་རྒྱུད་ལ་སྦྱོར་ཅིག །དཔལ་ལྡན་རྡོ་རྗེ་ནས་འཛར། ཀརྨ་འགྱུར་མེད་ལ་སྤྲོད། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༈ སྐྱབས་བསླུ་མེད་སྟོན་མཆོག་ཐུགས་རྗེ་ཅན། །མགོན་རྒྱལ་བ་ཤཱཀྱ་ཐུབ་པ་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་ཐོབ། །འདི་སྐྱབས་གནས་ཀུན་གྱི་མཐར་ཐུག་ཡིན། །མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་རྣམས། །སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། །འདི་བློ་སྦྱོང་ཀུན་གྱི་མཐར་ཐུག་ཡིན། །སྲིད་ཞི་ཡི་ལེགས་ཚོགས་མ་ལུས་པའི། །འདོད་འབྱུང་གི་ནོར་བུ་ཚུལ་ཁྲིམས་ཡིན། །དྲན་ཤེས་ཀྱིས་རྟག་ཏུ་སྲུང་བ་གཅེས། །འདི་ཉམས་ལེན་ཀུན་གྱི་མཐར་ཐུག་ཡིན། །ཚུལ་ཁྲིམས་འདི་རིན་ཆེན་ཐེམ་སྐས་འདྲ། །མངོན་མཐོ་ཡི་མཁར་རྩེར་འདི་ཡིས་ཕྱིན། །ཚུལ་ཁྲིམས་འདི་གྲུ་གཟིངས་བཟང་པོ་འདྲ། །འཁོར་མཚོ་ཡི་ཕ་རོལ་འདི་ཡིས་སྒྲོལ། །ཚུལ་ཁྲིམས་འདི་བདུག་སྤོས་བཟང་པོ་འདྲ། །སྙན་གྲགས་ཀྱི་དྲི་བསུང་ཕྱོགས་བཅུར་ཁྱབ། །ཚུལ་ཁྲིམས་འདི་ཞིང་ས་གཤིན་པོ་འདྲ། །ཡོན་ཏན་གྱི་ལོ་འབྲས་འདི་ལས་འབྱུང་། །ཚུལ་ཁྲིམས་འདི་ས་གཞི་སྲ་བ་འདྲ། །བསམ་གཏན་གྱི་མཁར་རྨང་འདི་ལ་ཚུགས། །ཚུལ་ཁྲིམས་འདི་པདྨའི་ཚལ་དང་འདྲ། །གདུལ་བྱ་ཡི་སྦྲང་ཚོགས་འདི་ཡིས་འདུ། །ཚུལ་ཁྲིམས་འདིས་བསྟན་འགྲོའི་དོན་ཆེན་འགྲུབ། །དོན་དེ་ཕྱིར་ཚུལ་ཁྲིམས་རྣམ་དག་སྲུངས། །ཞལ་གདམས་ནི་ཕྲན་གྱིས་འབྲི་མི་ཤེས། །བསམ་དཀར་གྱི་ཁ་ཏ་དེ་འདྲ་ཡིན། །ཐུགས་ལ་ནི་འདོགས་པར་ཡང་ཡང་ཞུ། །དཔལ་ལྡན་ནས་འཛར། སྤྲུལ་སྐུ་པདྨ་འོད་གསལ་ལ་འབུལ་རོགས་གྱིས། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༈ ཨ་ཧོ་གསོན་དང་རྡོ་རྗེའི་མཆེད་པོ་ཡི་ཚོགས་རྣམས། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོ་ཡི་བསྟན་དོན། །ཨ་དོན་སྐྱེ་མེད་འཁོར་འདས་མཉམ་ཉིད་ཀྱི་དགོངས་པ། །ཨ་ཏི་བླ་མས་སྟོན་ལ་སྙན་དབང་འདི་གཏོད་མཛོད། །
༈ གནས་ཁམས་གསུམ་འཁོར་བའི་ཁྲི་མུན་ན། །ལུས་སེམས་ལ་བདེ་བའི་གོ་སྐབས་མེད། །གནས་འདི་ལས་ཐར་དགོས་རྡོ་རྗེའི་མཆེད། །ད་ཐར་བའི་ཐབས་ལ་བརྩོན་པར་མཛོད། །
༈ ཀྱེ་གསོན་དང་རྡོ་རྗེའི་མཆེད་པོ་ལགས། །ཁྱེད་ད་སྐབས་དབང་རྣོ་རིག་པ་གསལ། །ཆོས་གང་བསྒྲུབ་ཉམས་འོག་ཚུད་དུས་འདིར། །བློ་ཐོས་བསམ་བསྒོམ་ལ་བརྩོན་པར་མཛོད། །
༈ སྐྱབས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ། །དུས་ཀུན་ཏུ་མ་བརྗེད་སྐྱབས་འགྲོ་ཐོན། །ཆོས་དགེ་རྩ་ཆེ་ཆུང་ཅི་བསྒྲུབས་ཀྱང་། །དེའི་སྔོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །སྐྱབས་ཀུན་འདུས་མགོན་པོ་འོད་དཔག་མེད། །གནས་སྤྱི་གཙུག་ཁྲུ་གང་མཚམས་སུ་སྒོམས། །སེམས་མ་ཡེངས་རྒྱུན་དུ་དེ་ལ་གཏོད། །འཕོ་བ་དང་མཉམ་བཞག་གཉིས་ཀ་ཡིན། །
འོད་མཚན་དང་ཨ་མི་དྷེ་ཝ་ཐོན། །ཆུ་མཆོད་དང་མནྜལ་ཅི་མང་ཕུལ། །ཚེ་ཐོག་མེད་དུས་ནས་ད་ལྟའི་བར། །ལས་སྡིག་པ་མི་དགེ་བསགས་ཚད་ལ། །སྟོབས་བཞི་ཚང་བས་བཤགས་པ་གྱིས། །དེ་ལ་སོགས་དགེ་རྩ་ཅི་བསྒྲུབས་ཀྱང་། །མཇུག་བསྔོ་བ་དང་སྨོན་ལམ་བྱེད་པ་གཅེས། །དེ་གྱིས་དང་བསོད་ནམས་ཆོས་སྒྲོན་ཁྱོད། །ནུབ་བདེ་བ་ཅན་དུ་སྐྱེ་ངེས་ཡིན། །སྐྱ་ཇོ་ནས་ཕུལ།། །།
སྐྱབས་འགྲོའི་བསླབ་བྱ་ཉུང་བསྡུས་།
༈ རྣམ་འདྲེན་སྟོབས་བཅུ་མངའ་བ་རྫོགས་སངས་རྒྱས། །བདེན་བཞིའི་བླང་དོར་སྟོན་པ་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་གཉིས་ལྡན་འཕགས་པའི་ཚོགས། །དཀོན་མཆོག་བླ་མེད་གསུམ་ལ་གུས་ཕྱག་འཚལ། །མ་འོངས་སྐྱེ་བ་རྣམས་སུ་བདག་གི་བློ། །དཀོན་མཆོག་རིན་ཆེན་གསུམ་དང་འབྲེལ་བའི་ཕྱིར། །སྐྱབས་ཡུལ་བསླབ་བྱ་སྐྱབས་འགྲོའི་ཕན་ཡོན་བཅས། །མདོར་བསྡུས་ཙམ་ཞིག་འདི་རུ་བརྗོད་པར་བྱ། །དཀོན་མཆོག་ཡོན་ཏན་མཐའ་དག་བརྗོད་པ་ལ། །འཕགས་པའི་བློ་ཡི་སྤོབས་པ་ཞན་གྲགས་ན། །བློ་དམན་བྱིས་པ་བདག་འདྲས་སྨོས་ཅི་དགོས། །དེ་ཕྱིར་ལུང་ལ་བརྟེན་ནས་མདོ་ཙམ་འབྲི། །དེ་ཡང་ཇི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར། ཐར་འདོད་ཀྱི་སྐྱེ་བོ་ཀུན་གྱི་སྐྱབས་བླ་ན་མེད་པ་ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པ་ནི་དཀོན་མཆོག་གསུམ་ཁོ་ན་ཡིན་ཏེ་མ་གི་བསྙེན་གནས་ནས་ཡ་གི་རྡོ་རྗེ་ཐེག་པའི་བར་གྱི་ཆོས་སྒོ་གང་ལ་ཞུགས་ཀྱང་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བར་འཇུག་ཐབས་མེད་དོ། །སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་སོ། །མདོར་ན་ཐར་འདོད་ཀྱི་སྐྱབས་དཀོན་མཆོག་གསུམ་ཡིན་མོད། གནས་སྐབས་ཀྱི་འཇིགས་པ་ཙམ་སེལ་བ་ལ་དབང་ཕྱུག་དང་ཁྱབ་འཇུག །རི་དང་ནགས་ཚལ། མཚོ་དང་ལྗོན་ཤིང་སོགས་ལ་གནས་པའི་ལྷ་ཀླུ་མཐུ་བོ་ཆེ་དང་ཡུལ་ལྷ་གཞི་བདག་སོགས་སྡེ་བརྒྱད་ཀྱི་རིགས་སུ་གཏོགས་པ་ཐམས་ཅད་སྐྱབས་གནས་སུ་བཟུང་བས་མི་ཆོག་གམ། དེ་དག་འཇིག་རྟེན་ན་མཐུ་ཆེ་བར་གྲགས་པས་སོ་སྙམ་ན་མ་ཡིན་ཏེ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་དག་གིས། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཏེ། །སྐྱབས་དེ་དག་ལ་བསྟེན་པ་ནི། །སྡུག་བསྔལ་ཆེ་ལས་ཐར་མི་འགྱུར། །ཞེས་དང་། འཇིག་རྟེན་རྣམས་ནི་རི་དང་ནི། །ནགས་ཚལ་དང་ནི་མཆོད་གནས་ཀྱི། །ཀུན་དགའ་དང་ནི་རྡོ་བ་དང་། །ལྗོན་ཤིང་ལྷ་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་རང་ལ་བརྩེ་སེམས་ལྡན་པའི་ཕ་མ་དང་། མཛའ་བཤེས་གྲོགས་སོགས་ལ་སྐྱབས་ཚོལ་བས་མི་ཆོག་གམ། དེ་དག་ཕན་སེམས་ལྡན་པའི་ཕྱིར་སྙམ་ན། དེ་ཡང་མ་ཡིན་ཏེ། འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །ཞེས་དང་། དྲི་མ་མེད་ཀྱིས་བྱིན་པས་ཞུས་པར། དཀོན་མཆོག་གསུམ་ཉིད་སྐྱབས་ཡིན་མ་གཏོགས་པར། །ཁོ་མོའི་སྐྱབས་རྟེན་སེམས་ཅན་འདི་ན་མེད། །ཅེས་སོ། །སྤྱིར་སྐྱབས་ཐུབ་པ་ནི། ཁོ་རང་འཇིགས་པ་དང་སྡུག་བསྔལ་མེད་པ་ཞིག་དགོས་ན། དེ་ཀུན་ཀྱང་འཇིགས་པ་ལས་མ་ཐར་ཞིང་། སྡུག་བསྔལ་དང་བཅས་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་ལས་གཏན་དུ་ཐར་བ་སངས་རྒྱས་ལས་མེད། སངས་རྒྱས་སྒྲུབ་པའི་ལམ་ཆོས་ལས་མེད། ཆོས་བྱེད་པའི་གྲོགས་དགེ་འདུན་ལས་མེད་པས། ཁོང་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བར་བྱའོ། །དེ་ལྟར་ཡང་། འཇིགས་འགྱུར་འཇིགས་པ་སེལ་མཛད་ཅིང་། །སྐྱབས་དེ་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། །དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ཞེས་གསུངས་སོ། །འོ་ན་དཀོན་མཆོག་གསུམ་ལ་བདག་སོགས་སྐྱོབ་པའི་ནུས་མཐུ་མངའ་ཡང་སྐྱོབ་བམ་མི་སྐྱོབ་སྙམ་ནས་ཐེ་ཚོམ་ཟ་མི་དགོས་ཏེ། མདོ་སྡེ་མྱ་ངན་འདས་ཆེན་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེས་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས། དཀོན་མཆོག་གསུམ་འདི་ཁོ་ན་ལ་སྐྱབས་སུ་འགྲོ་བར་བྱ་དགོས་ཏེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། གཏན་བདེ་ཐར་བའི་ཁང་བཟང་བསྒྲུབ་འདོད་ན། །ཐོག་མར་རྩ་བ་སྐྱབས་འགྲོའི་རྨང་བཏིང་དགོས། །ཕྱི་རོལ་ལས་གཞན་ནང་པའི་གྲལ་ལ་ཚུད། །མི་མཁོ་ཀ་མེད་ཡིན་ནོ་སྙིང་གི་བུ། །ཞེས་གསུངས་སོ། །སྤྱིར་སྐྱབས་འགྲོ་ལ་དོན་དགུ་དང་བཞི་སོགས་སུ་བསྡུས་ཏེ་འཆད་ཚུལ་སོགས་ཡོད་ཀྱང་། འདིར་བཞིའི་ཁོངས་སུ་བསྡུས་ཏེ་འཆད་པའི་དབང་དུ་བྱས་ན། རྒྱུ། ངོ་བོ། དབྱེ་བ། སོ་སོའི་དོན་དང་བཞི་ལས། དང་པོ་སྐྱབས་འགྲོའི་རྒྱུ་ནི། ཕྱིར་མི་ལྡོག་པའི་དད་པ་ཡིན་ལ། གཉིས་པ་སྐྱབས་འགྲོའི་ངོ་བོ་ནི། ཁས་ལེན་དང་དམ་བཅའ་བ་ཡིན་ཏེ། དཀོན་མཆོག་གསུམ་སྐྱབས་གནས་སུ་ཁས་བླངས་ཤིང་དམ་བཅའ་བ་ཡིན་པའི་ཕྱིར་རོ། །གསུམ་པ་དབྱེ་བ་ལ། འཇིག་རྟེན་པའི་སྐྱབས་འགྲོ་དང་། འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་གཉིས། འདས་པ་ལའང་ཐེག་དམན་དང་ཐེག་ཆེན་གྱི་སྐྱབས་འགྲོ་གཉིས་ཡོད་ལ། ཐེག་ཆེན་ལ་ཡང་གནས་སྐབས་རྒྱུའི་སྐྱབས་འགྲོ་དང་། མཐར་ཐུག་འབྲས་བུའི་སྐྱབས་འགྲོ་གཉིས་ཡོད་དོ། །བཞི་པ་སོ་སོའི་དོན་ལ། སྤྱིར་འཇིག་རྟེན་པའི་སྐྱབས་ཡུལ་ནི། རི་དང་ནགས་ཚལ་སོགས་ཀྱི་ལྷ་དང་། དབང་ཕྱུག་ཁྱབ་འཇུག་སྡེ་བརྒྱད་སོགས་སྐྱབས་ཡུལ་དུ་འཛིན་པ་ཡིན་ལ། ཀུན་སློང་གནས་སྐབས་ཀྱི་ནད་གདོན་སོགས་རྐྱེན་ཕྲན་བུ་ཙམ་ལ་དམིགས་པའོ། །སྐྱབས་ཡུལ་དཀོན་མཆོག་གསུམ་ཡིན་ཡང་། ཀུན་སློང་འཇིག་རྟེན་པ་ཡིན་ན་འཇིག་རྟེན་པའི་སྐྱབས་འགྲོ་ལས་མ་འདས་པར་གསུངས་སོ། །འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་ལ། ཐེག་དམན་གྱི་སྐྱབས་ཡུལ་ནི། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར། སངས་རྒྱས་ནི། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་འཁོར་ཟག་མེད་ཀྱི་ཕུང་པོ་ལྔ་དང་བཅས་པའོ། །དགེ་འདུན་ནི། སངས་རྒྱས་མ་གཏོགས་པའི། སློབ་མི་སློབ་གཉིས། དབྱེ་ན་གང་ཟག་ཟུང་བཞི་ཡ་བརྒྱད་པོའི་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔའོ། །ཆོས་ནི། སྤང་བྱ་ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་པའི་ཆའོ། །སོ་སོར་བརྟགས་པས་འགོག་པའི་མྱང་འདས་ལ་སྐྱབས་སུ་འགྲོ་ལ། བྱེ་སྨྲའི་ལུགས་ཀྱིས་སངས་རྒྱས་དང་དགེ་འདུན་གཉིས་ཀའི་རྟེན་སྐུ་ལུས་ནི་སྡུག་བསྔལ་གྱི་བདེན་པ་ཡིན་པས་སངས་རྒྱས་དང་དགེ་འདུན་དུ་མི་བཞེད་དོ། །ཀུན་སློང་རང་ཉིད་ཁོ་ན་སྲིད་པ་འཁོར་བའི་འཇིགས་པ་ལས་བསྒྲལ་ཏེ། ཞི་བ་མྱང་འདས་ཐོབ་པའི་ཆེད་དུའོ། །དུས་ནི་ཇི་སྲིད་འཚོའི་བར་རམ། རང་འབྲས་དགྲ་བཅོམ་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོའོ། །ཐེག་ཆེན་ལའང་གནས་སྐབས་རྒྱུའི་སྐྱབས་ཡུལ་ནི། གཞན་རྒྱུད་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ཡང་བདག་ཅག་གི་སྟོན་པས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་ལ་ཚོགས་བསགས་ནས། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པ་ལྟ་བུ་རང་རྒྱུད་ལས་ཐ་དད་པའི་སངས་རྒྱས་སྐུ་བཞིའམ་སྐུ་གསུམ་གྱི་བདག་ཉིད་སངས་རྒྱས་དཀོན་མཆོག་ཡིན་ལ། སངས་རྒྱས་དང་བྱང་སེམས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་ལུང་དང་རྟོགས་པའི་བདག་ཉིད་ཆོས་དཀོན་མཆོག་ཡིན་ལ། བྱང་སེམས་ཕྱིར་མི་ལྡོག་པའི་ས་ལ་བཞུགས་པའི་རྗེ་བཙུན་འཇམ་དཔལ་དབྱངས་སོགས་ཉེ་སྲས་བརྒྱད་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་རྟག་ངུ་སོགས་རང་རྒྱུད་ལས་ཐ་དད་པའི་དགེ་འདུན་དཀོན་མཆོག་དང་གསུམ་ལ་སྐྱབས་སུ་འགྲོའོ། །མཐར་ཐུག་འབྲས་བུའི་སྐྱབས་འགྲོ་ནི། མཐར་ཐུག་གི་དཀོན་མཆོག་གསུམ་རང་རྒྱུད་ལ་སྒྲུབ་པར་དམ་བཅའ་བ་ཞིག་ཡིན་ལ། མཐར་ཐུག་རང་རྒྱུད་ལ་མཆོག་གསུམ་གྲུབ་ཟིན་ན་སྲིད་ཞིའི་འཇིགས་པ་མཐའ་དག་ལས་གྲོལ་བ་ཡིན་པས། སྐྱབས་གནས་ཀྱི་མཐར་ཐུག་པ་དེ་ཁོ་ན་ཡིན་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ །ཞེས་གསུངས་ཏེ། ཐུབ་པ་རྣམས་སྐྱེ་འགག་མེད་པ། རྣམ་པར་བྱང་བ། འདོད་ཆགས་བྲལ་བ་སྟེ་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ན་ཡང་དམ་པའི་སྐྱབས་ཡིན་ལ། ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་དམ་པའི་སྐྱབས་ཡིན་ནོ། །འོ་ན་ཆོས་དང་དགེ་འདུན་གཉིས་གཏན་གྱི་སྐྱབས་མིན་པའི་རྒྱུ་མཚན་ཅི་ཞེ་ན། རྒྱུད་བླ་མ་ལས། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་སོ། །དེ་དག་ཅིའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ཞེ་ན། ཆོས་གཉིས་ནི་བསྟན་པའི་ཆོས་དང་། རྟོགས་པའི་ཆོས་ཡིན་ལ། བསྟན་པའི་ཆོས་ནི། མིང་ཚིག་ཡི་གེའི་རང་བཞིན་ཡིན་པས། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་ཚེ། ཆུ་བརྒལ་ཟིན་པའི་གཟིངས་ལྟར་སྤང་བྱ་ཡིན་པས་གཏན་གྱི་སྐྱབས་མ་ཡིན་ལ། རྟོགས་པའི་ཆོས་ནི། ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་གཉིས་ཡིན་ལ། ལམ་བདེན་འདུས་བྱས་ཡིན་པས་མི་རྟག་སྟེ། བསླུ་བའི་ཆོས་ཅན་ཡིན་པས་གཏན་གྱི་སྐྱབས་མ་ཡིན་ལ། འགོག་བདེན་ནི། ཉན་ཐོས་པ་ལྟར་ན་བུད་ཤིང་ཟད་པའི་མེ་ལྟར་རྒྱུན་ཆད་ནས་མེད་པར་འདོད་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །དགེ་འདུན་ཡང་ཁོ་རང་འཇིགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཏེ། འཇིགས་བཅས་ཡིན་པས་གཏན་གྱི་སྐྱབས་མ་ཡིན་ནོ། །དེ་ཡང་རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་གསུངས་སོ། །ཀུན་སློང་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་དམ་པའོ། །དུས་ནི་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུའོ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཞེས་སོགས་དང་། ཡང་ན་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པ་ལྟ་བུའོ། །དེས་ན་སྟོན་པ་ནི་སངས་རྒྱས་ཡིན་ལ། གཞན་མུ་སྟེགས་པའི་སྟོན་པ་སོགས་མི་བསྟེན་པར་དམ་བཅའ་བའོ། །ལམ་ནི་ཆོས་ཡིན་པས། ཆོས་སྒྲུབ་པ་མ་གཏོགས་འཇིག་རྟེན་པའི་བྱ་བ་ཚོང་སོགས་ལ་མི་འཇུག་པར་དམ་བཅའ་བའོ། །གྲོགས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་ལ། གཞན་འཇིག་རྟེན་པའི་གྲོགས་པོ་སྡིག་པ་མི་དགེ་བ་བྱེད་པ་སོགས་ལ་མི་འགྲོགས་པར་དམ་བཅའ་བའོ། །དེ་ལྟར་དམ་བཅའ་བ་དང་ལྡན་པའི་སྒོ་ནས་སྐྱབས་སུ་འགྲོ་བར་བྱེད་པ་ལ། ཐོག་མར་སྐྱབས་འགྲོའི་སྡོམ་པ་ལེན་དགོས་ལ། དེ་ཡང་སློབ་མས་སློབ་དཔོན་ལ་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས་དཀོན་མཆོག་གསུམ་གྱི་སྤྱན་སྔར་མཆོད་པ་འབུལ་བ་སྔོན་དུ་བཏང་ནས་སམ་ཡང་ན་དེ་མ་འཛོམས་ན་དཀོན་མཆོག་གསུམ་ནམ་མཁའ་ལ་དམིགས་ཏེ། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ་ནས། སློབ་དཔོན་གྱི་རྗེས་སུ་སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་ལན་གསུམ་བཟླས་མཐར་ཐབས་ལགས་བྱའོ། །བྱེད་ལས་ནི། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཞེད། །ཅེས་གསུངས་སོ། །དེས་ན་སྐྱབས་སྡོམ་ཐོབ་པ་ཙམ་གྱིས་མི་འོང་། བསླབ་བྱ་རྣམས་རིམ་པར་བསྲུང་དགོས་ལ། དེ་ལ་ཡང་སྤྱིའི་བསླབ་བྱ་གསུམ། བྱེ་བྲག་གི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་དང་དགུ་ཡོད་ལ། དེ་ལ་དང་པོ་གསུམ་ནི། དུས་རྟག་ཏུ་དཀོན་མཆོག་གསུམ་མཆོད་པ་ལ་བརྩོན་པར་བྱ་ཞིང་། ཐ་ན་རང་གི་ཟས་ཅི་ཟ་བའི་ཕུད་ཀྱིས་མཆོད་པ་དང་། སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་མི་སྤོང་བ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་པའོ། །བྱེ་བྲག་གི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་སྟེ། མདོ་མྱ་ངན་འདས་ཆེན་ལས། སངས་རྒྱས་དག་ལ་སྐྱབས་སོང་ན། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་ཡང་ལྷ་ནི་གཞན་དག་ལ། །སྐྱབས་སུ་གསོལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་མི་བྱེད་པ་སྟེ། མདོ་ལས། དམ་པའི་ཆོས་ལ་སྐྱབས་སོང་ན། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །ཞེས་གསུངས་སོ། །སྤྱིར་དམ་པའི་ཆོས་ལ་སྐྱབས་སུ་སོང་ཕྱིན་ཆད་སེམས་ཅན་ལ་གནོད་པའི་ལས་སྤྱི་ལ་འཛེམ་དགོས་ལ། ཁྱད་པར་དུ་སྲོག་ལ་རྒོལ་བའི་ལས་འདི་ལ་འཛེམ་པ་གལ་ཆེ་སྟེ། དེང་སང་ཕོ་མོ་སུ་ཡིན་ཡང་སེམས་ཅན་གྱི་སྲོག་ལ་མི་རྒོལ་བ་ནི་རེ་ཟུང་ཙམ་མ་གཏོགས་མི་འདུག །བླང་དོར་གྱི་གནས་སྟོན་པའི་དགེ་བའི་བཤེས་གཉེན་ནི་ཉིན་མོའི་སྐར་མ་བས་ཀྱང་དཀོན། རྒྱལ་བའི་བཀའ་དང་། རྗེས་འཇུག་གི་བསྟན་བཅོས། དེ་བཞིན་གཤེགས་པ་སྲས་བཅས་ཀྱི་སྐུའི་གཟུགས་བརྙན་ཙམ་ཡང་མཇལ་བའི་སྐལ་བ་ནི་མེད། མ་ཎིའི་རྡོ་མཁར་ཁུར་རྒྱུ་ཙམ་ཚུན་ཆད་བཅག་གྲུམ་བྱས་ནས། ཁང་པ་དང་ཕྱུགས་ལུག་གི་ར་བ་བྱེད་པ་མ་གཏོགས་གཡས་སུ་བཞག་པའི་བསོད་ནམས་ཙམ་ཡང་མེད་པའི་ཐོག་ཏུ་ཉིན་རེ་བཞིན་སེམས་ཅན་སྟོང་ཕྲག་མང་པོའི་སྲོག་གཅད་དགོས་པ་འདི་ལ་བསམ་ན་སྐྱབས་འགྲོ་ཅིའི་མི་བྱེད་དེ་དུས་དང་རྣམ་པ་ཀུན་ཏུ་སྐྱབས་འགྲོ་འདི་ཁོ་ན་ལ་འབད་པར་རིགས་སོ། །དུས་དང་རྣམ་པ་ཀུན་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་ན། རྒྱུ་སྔར་བྱས་ཀྱི་སྡིག་པ་མི་དགེ་བ་བཅུ་ལྷག་མེད་དུ་དག་ནས། འབྲས་བུ་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་བར་མ་ཟད་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་ནས་དགེ་བའི་བཤེས་གཉེན་དམ་པས་རྗེས་སུ་བཟུང་སྟེ། དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པ་ལ་རང་དབང་ཡོད་པར་འགྱུར་བ་དང་། གཞན་ཡང་ཚེ་རབས་དྲན་པ་དང་བར་དོ་བགྲོད་པར་སླ་བ་སོགས་གནས་སྐབས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་རང་རྒྱུད་ལ་སྐྱེ་བར་འགྱུར་བ་དང་། མཐར་ཐུག་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་རང་རྒྱུད་ལ་འཁྲུངས་ནས་ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་གི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱ་ཆེན་པོ་རྒྱུན་མི་འཆད་པ་ཞིག་བྱེད་ནུས་པ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་ཁོ་ན་ཞིག་གོ །དེ་ཡང་དཀོན་མཆོག་གསུམ་ལས་ཀྱང་སངས་རྒྱས་དང་དགེ་འདུན་ཁྱད་པར་ཅན་དུ་བྱེད་མཁན་ཆོས་ཡིན་པས་དམ་པའི་ཆོས་ལ་ཡིད་ཆེས་ཀྱི་དད་པ་བྱེད་དགོས། ཆོས་དེ་ཡང་བདེན་བཞིའི་བླང་དོར་སྟོན་པ་ཡིན་ལ། དེ་ཡང་ལས་རྒྱུ་འབྲས་ཤེས་པ་ལ་འདུས་པས་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཞེས་གསུངས་པ་ལྟར། ད་ལྟ་རང་རེ་བན་སེར་མོ་བ་རྣམས་ཀྱིས་དགེ་བ་རྒྱ་ཆེར་མ་འགྲུབ་རུང་། དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་རེ་དང་། རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང་། སྐྱབས་འགྲོ་ལ་འབད་པ་མ་གཏོགས་དངོས་བརྒྱུད་གང་རུང་གི་སྒོ་ནས་སེམས་ཅན་གྱི་སྲོག་གཅོད་ཐབས་ལ་བརྩོན་པར་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱིས། །ཐར་བ་རང་ལ་རག་ལས་ཤེས་པར་བྱོས། །ཞེས་གསུངས་པ་ལྟར། སྲོག་གཅོད་སོགས་མི་དགེ་བ་བཅུ་ནི། ཐར་བའི་ལམ་མིན་པ་དང་། བཅོམ་ལྡན་འདས་ཀྱིས་མ་གནང་པའི་ཕྱིར་རོ། །ད་ལྟ་འགའ་ཞིག་ངན་སོང་གསུམ་གྱི་རྒྱུ་འདི་ཁོ་ན་སྒྲུབ་པ་མ་གཏོགས། མཐོ་རིས་ཀྱི་རྟེན་ཙམ་འཐོབ་བྱེད་ཀྱི་བསོད་ནམས་བསགས་པའི་སྐལ་བ་མེད་པ་འདི་ཡང་། སྔོན་སྲོག་གཅོད་པ་སོགས་མི་དགེ་བ་ཁོ་ན་བསྒྲུབས་པའི་འབྲས་བུ་བྱེད་པ་རྒྱུ་མཐུན་ཡིན་ལ། ད་ལྟ་ཡང་སྡིག་པ་མི་དགེ་བ་ཁོ་ན་ཞིག་བསྒྲུབས་ནས་ཤི་མ་ཐག་ཏུ་དམྱལ་བར་སྐྱེས་ཏེ་བསྐལ་པ་མང་པོའི་བར་དུ་མི་ཐར་བར་སྡུག་བསྔལ་ཁོ་ན་ལ་སྤྱོད་དགོས་པ་ནི་མྱོང་བ་རྒྱུ་མཐུན་ཡིན་ལ། གལ་ཏེ་ལུས་རྟེན་ཞིག་ཐོབ་ན་ཡང་གཞན་གྱི་སྲོག་མ་བཅད་ན་ལུས་འཚོ་མི་ནུས་པ་ཁྲ་དང་སྤྱང་ཀི་ལྟ་བུར་གྱུར་ནས། སླར་ཡང་ངན་སོང་དུ་སྐྱེ་བ་ནི། གཞན་གྱི་སྲོག་བཅད་པའི་རྣམ་སྨིན་ཡིན་པས་དུས་རྟག་ཏུ་སྡིག་པ་འདི་ལ་འཛེམ་པར་བྱ་དགོས་སོ། །གཞན་ཡང་དངོས་བརྒྱུད་གང་རུང་གི་སྒོ་ནས་དུད་འགྲོའི་སྲོག་གཅོད་པ་འདི་སོ་ཐར་གྱི་ལམ་ནས་ཉེས་བྱས་སུ་བཞག་པས་སྡོམ་པའི་གཏོང་རྒྱུ་མ་ཡིན་ཡང་། འབྲས་བུ་ངན་འགྲོར་ལྟུང་བ་དང་སྲོག་ལན་འཇལ་དགོས་པར་དེས་ཀྱང་བཤད་ལ། བྱང་ཆུབ་སེམས་དཔའི་ལམ་ནས་སེམས་ཅན་རྣམས་ཀྱིས་ལན་གྲངས་མང་པོའི་བར་དུ་ཕ་མར་བྱས་ཚུལ། མ་ཡི་ཐོག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུ་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་དང་། སེམས་ཅན་རེ་རེས་མ་བྱས་ནས། །ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་པ་ལ་སོགས་པའི་ཚུལ་གྱིས་སེམས་ཅན་རེ་རེས་མ་བྱས་ནས། ལུས་བསྐྱེད་པ། སྲོག་བྱིན་པ། འཇིག་རྟེན་བསྟན་པ་ལ་སོགས་པའི་སྒོ་ནས་དྲིན་ཆེན་པོས་བསྐྱངས་ཚུལ་བཤད་པས། སེམས་ཅན་གསོད་པ་འདི་ཕ་མ་བསད་པ་དང་འདྲ་བར་བཤད་ལ། རྡོ་རྗེ་ཐེག་པའི་ལམ་ནས། རྡོ་རྗེེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཞེས་པ་ལ་སོགས་པ་གསུངས་པས། སེམས་ཅན་གསོད་པ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསད་པ་དང་འདྲ་ལ། གཞན་ཡང་། སེམས་ཅན་རྣམས་ནི་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་པ་ལ་སོགས་པའི་སྒོ་ནས་སེམས་ཅན་རྣམས་སངས་རྒྱས་སུ་བཞག་པས་སོར་བྱང་སྔགས་གསུམ་གང་གི་ལམ་ནས་བསམ་ན་ཡང་སེམས་ཅན་གྱི་སྲོག་གཅོད་པ་འདི་ཉེས་པ་ཤིན་ཏུ་ལྕི་བ་ཞིག་ཡིན་པས་བློ་དང་ལྡན་པ་རྣམས་བག་ཡོད་དྲག་ཏུ་མཛོད་ཅིག །འགའ་ཞིག་གིས་གཞན་ལ་གསོད་དུ་བཅུག་ན་རང་ལ་སྡིག་པ་མེད་པར་སེམས་ཀྱང་། སྡིག་པ་དེ་ལས་ཆེ་སྟེ་རང་བཞིན་གྱིས་ཤི་བའི་ཤ་བཅུ་ལས། བསད་པའི་ཤ་གཅིག་གི་ལྕིའོ། །གཞན་གྱིས་བསད་པའི་ཤ་བརྒྱ་ལས། རང་གིས་བསད་པའི་ཤ་གཅིག་ལྕིའོ། །རང་གིས་བསད་པ་བཅུ་ལས། གཞན་བསྡུས་ཏེ་བསད་པ་གཅིག་ལྕི་ཚུལ། འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས་གསུངས་པ་ལས་ཤེས་པར་ནུས་ལ། དེ་ཙམ་ལ་བློ་ཁ་མ་ཕྱོགས་ནའང་། འཇིག་རྟེན་འདི་ན་གཅེས་པ་རང་སྲོག་ཟེར་བ་དང་། འཆི་བའི་སྲོག་ལ་མི་འཛེམ་པ་གང་ཡང་མེད་པ་ལྟ་བུ་ཡིན་པས་སྲོག་ཨེ་གཅེས་དང་འཆི་བ་ལ་ཨེ་འཛེམ་བཤས་རར་ཚུད་པའི་དུད་འགྲོ་ལ་ལྟོས་དང་། ལུས་འདར་བ་དང་མིག་མཆི་མས་གང་བ་ལས་ཤེས་པར་ནུས་སོ། །དགེ་འདུན་ལ་སྐྱབས་སུ་སོང་ནས། མུ་སྟེགས་ཅན་ལ་མི་བསྟེན་པ་སྟེ། མདོ་ལས། དགེ་འདུན་ལ་ནི་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །ཞེས་གསུངས་སོ། །ཆ་མཐུན་གྱི་བསླབ་བྱ་ནི། སངས་རྒྱས་དཀོན་མཆོག་གི་རྟེན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཐ་ན་སཱཙྪའི་ཆག་དུམ་ཡན་ཆད་ལ་གུས་པར་བྱ་བ་དང་། ཆོས་དཀོན་མཆོག་གི་རྟེན་དམ་ཆོས་ཀྱི་པོ་ཏི་དང་། གླེགས་བམ་ཐ་ན་དེའི་ཡི་གེ་འབྲུ་རེ་ཡན་ཆད་ལ་གུས་པར་བྱ་བ་དང་། དགེ་འདུན་དཀོན་མཆོག་གི་རྟེན། སྟོན་པའི་ཆ་ལུགས་དང་ཐ་ན་སེར་པོའི་ལྷན་པ་ཡན་ཆད་ལ་གུས་པར་བྱའོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི། ནང་པ་སངས་རྒྱས་པར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་དང་། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་བ་དང་། རྒྱུ་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པས་རབ་ཡིན་ན་ཆུ་བོའི་རྒྱུན་བཞིན་སྐྱབས་འགྲོ་ཁོ་ན་ལ་འབད་དགོས་ལ། འབྲིང་ཡིན་ན་ཉིན་རེ་སྐྱབས་འགྲོ་སྟོང་ཕྲག་རེ་ཙམ་ལས་མི་ཉུང་བར་བྱ་དགོས་ལ། ཐ་མ་ཞིག་ཡིན་ནའང་ཉིན་རེ་སྐྱབས་འགྲོ་ཕྲེང་སྐོར་ཙམ་མི་ཆགས་པར་འབད་དགོས་སོ། །བཀའ་གདམས་གོང་མའི་ལེགས་བཤད་དམ་པ་ལས། །ཅུང་ཟད་བཏུས་ཏེ་འདི་རུ་བཀོད་པའི་མཐུས། །ཚེ་རབས་ཀུན་ཏུ་དཀོན་མཆོག་རྣམ་གསུམ་ལ། །ཡིད་ཆེས་དད་པས་སྐྱབས་སུ་འགྲོ་བར་ཤོག །ཚེ་རབས་ཀུན་ཏུ་ངེས་འབྱུང་སྐྱོ་ཤས་དང་། །དལ་འབྱོར་རྙེད་དཀའ་མི་རྟག་འཆི་བ་དྲན། །དཀར་ནག་ལས་འབྲས་གནས་ལ་ཡིད་ཆེས་ནས། །རྒྱལ་བའི་བསྟན་ལ་རབ་ཏུ་འབྱུང་བར་ཤོག །ཚུལ་ཁྲིམས་རྣམ་དག་བྱང་ཆུབ་སེམས་གཉིས་འབྱོང་། །ཕྱིན་དྲུག་ལམ་གྱིས་ཚོགས་གཉིས་མྱུར་རྫོགས་ནས། །ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ཏེ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །འདི་ལ་དགེ་བའི་ཤས་ཙམ་མཆིས་སྲིད་ན། །རྒྱལ་བསྟན་དར་རྒྱས་ཡུན་དུ་གནས་པ་དང་། །མ་གྱུར་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །དཀོན་མཆོག་གསུམ་གྱི་སྐྱབས་འོག་ཚུད་པར་ཤོག །སྐྱབས་འགྲོའི་བསླབ་བྱ་ཉུང་བསྡུས་འདི་ནི་ལྕགས་མོ་གླང་གི་ལོར་ཕྲན་དཔལ་ལྡན་རྡོ་རྗེ་གཅོང་ནད་དྲག་པོ་ཞིག་གིས་ཟིན་ཏེ་ཕྱུགས་ལུག་སྐྱོང་བ་སོགས་ཁྱིམ་པའི་ཁ་འཛིན་གང་ཡང་བྱེད་མི་ནུས་པའི་སྐབས་སུ་ཚེ་རབས་ཀུན་ཏུ་དཀོན་མཆོག་གསུམ་རྗེས་སུ་དྲན་ཏེ་སྐྱབས་སུ་འགྲོ་ནུས་པའི་ཆེད་དུ་བྲིས་ལ་རྡོ་རྗེའི་མཆེད་པོ་རྣམས་ཀྱིས་ཐུགས་ཁྲེལ་མི་མཛད་པར་ཞུ་ཞུ།། །།
༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ། དཔལ་ལྡན་ཁྱབ་བདག་དང་པོའི་སངས་རྒྱས་དང་། །ཟླ་བ་བཟང་དང་ལྷ་དབང་གཟི་བརྗིད་ཅན། །ཟླ་བྱིན་ལྷ་ཡི་དབང་ཕྱུག་སྣ་ཚོགས་གཟུགས། །ལྷ་ཡི་དབང་ལྡན་རྣམས་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་རིགས་ལྡན་འཇམ་དཔལ་གྲགས། །པདྨ་དཀར་དང་བཟང་པོ་རྣམ་རྒྱལ་དང་། །བཤེས་གཉེན་བཟང་དང་རིན་ཆེན་ཕྱག་དམར་དང་། །ཁྱབ་འཇུག་སྦས་པ་རྣམས་ལ་གསོལ་བ་འདེབས། །རིགས་ལྡན་རྒྱལ་པོ་ཉི་མ་གྲགས་པ་དང་། །ཤིན་ཏུ་བཟང་དང་རྒྱ་མཚོ་རྣམ་རྒྱལ་དང་། །རྒྱལ་དཀའ་ཉི་མ་དང་ནི་སྣ་ཚོགས་གཟུགས། །ཆོས་རྒྱལ་ཟླ་འོད་རྣམས་ལ་གསོལ་བ་འདེབས། །རིགས་ལྡན་ཆོས་ཀྱི་རྒྱལ་པོ་མཐའ་ཡས་དང་། །ས་སྐྱོང་དཔལ་སྐྱོང་དང་ནི་སེངྒེ་དང་། །རྣམ་གནོན་སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེངྒེ་རྣམས་ལ་གསོལ་བ་འདེབས། །དབང་ཕྱུག་ཆེ་དང་མཐའ་ཡས་རྣམ་པར་རྒྱལ། །དེ་སྲས་དྲག་པོ་འཁོར་ལོས་བསྒྱུར་བ་སོགས། །ཤམ་བྷ་ལ་ཡི་སེང་ཁྲིར་འབྱོན་འགྱུར་བའི། །མི་དབང་རིག་འཛིན་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས། །འདི་སྣང་འགག་ཚེ་ཤམ་བྷ་ལར་སྐྱེས་ནས། །ཆོས་ཀྱི་རྒྱལ་པོ་རིགས་ལྡན་མ་འགགས་པས། །རྗེས་སུ་བཟུང་ནས་དམ་ཆོས་སྟོན་པར་ཤོག །འཁོར་བར་ངེས་འབྱུང་མི་རྟག་འཆི་བ་དྲན། །རྒྱུ་འབྲས་བསླུ་མེད་གནས་ལ་ཡིད་ཆེས་རྙེད། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས། །སྤྱོད་པ་ཕར་ཕྱིན་དྲུག་ལ་སློབ་པར་ཤོག །གཞན་གྱི་དོན་དུ་སངས་རྒྱས་སྒྲུབ་པའི་བློས། །ཐོས་བསམ་སྒོམ་པའི་ཤེས་རབ་མཐར་ཕྱིན་ཏེ། །རིམ་གཉིས་ཟབ་མོའི་ཐབས་མཁས་ལ་བརྟེན་ནས། །གནས་ལུགས་རྟོགས་པས་བདག་རྒྱུད་གྲོལ་བར་ཤོག །བདག་ལུས་ལོངས་སྤྱོད་བུ་དང་ཆུང་མ་སོགས། །སློང་བ་བྱུང་ཚེ་ཕངས་པ་མེད་པ་དང་། །དེ་ཡི་ལན་དང་རྣམ་སྨིན་མི་རེ་བར། །སློང་བ་པོ་ཡི་རེ་བ་རྫོགས་པར་ཤོག །ཚེ་རབས་ཀུན་ཏུ་ངེས་པར་འབྱུང་བའི་བློས། །སངས་རྒྱས་བསྟན་ལ་རབ་ཏུ་འབྱུང་བ་དང་། །ཚུལ་ཁྲིམས་རྣམ་དག་སྤོབས་པ་ཐོགས་མེད་སྐྱེས། །རྒྱལ་བ་རྣམས་ཀྱི་དམ་ཆོས་འཛིན་པར་ཤོག །དགེ་སྡིག་གནས་ལ་གཟོབ་པའི་བག་ཡོད་དང་། །བླང་དོར་བརྗེད་པ་མེད་པའི་དྲན་པ་མཆོག །སྒོ་གསུམ་གནས་ལ་བརྟགས་པའི་ཤེས་བཞིན་གསུམ། །བདག་དང་རྟག་ཏུ་འབྲལ་བ་མེད་པར་ཤོག །གཞན་གྱིས་བདག་དང་བདག་གི་མཛའ་བཤེས་ལ། །མ་ཉེས་བཞིན་དུ་གནོད་པ་བྱེད་ན་ཡང་། །བདག་ལ་ཁོང་ཁྲོའི་བསམ་པ་མི་སྐྱེ་ཞིང་། །བཟོད་པ་གསུམ་གྱི་དོན་དང་ལྡན་པར་ཤོག །སེམས་ཅན་གང་གི་ལུས་སྲོག་ལོངས་སྤྱོད་དང་། །ཡིད་ལ་གནོད་པའི་བསམ་སྦྱོར་ཕྲ་མོ་ཡང་། །སྐད་ཅིག་ཙམ་ཡང་བདག་གིས་མི་བྱེད་ཅིང་། །གཞན་དོན་སངས་རྒྱས་སྒྲུབ་ལ་བརྩོན་པར་ཤོག །སྙོམ་ལས་འཛིན་དང་སྒྱིད་ལུག་བདག་ཉིད་བརྙས། །ལེ་ལོ་རྣམ་གསུམ་རྒྱུད་ལ་མི་འབྱུང་ཞིང་། །མ་ཞེན་མི་ངལ་ཡོངས་སུ་འཛིན་པ་དང་། །མཐུན་ཕྱོགས་སྟོབས་དྲུག་རྒྱུད་ལ་ལྡན་པར་ཤོག །ཕ་མ་གཉེན་བཤེས་འཁོར་གཡོག་ལོངས་སྤྱོད་དང་། །རྙེད་བཀུར་སྙན་གྲགས་སོགས་ལ་མི་ཆགས་པར། །མི་མེད་དབེན་པའི་གནས་མཆོག་དམ་པ་དེར། །ཞི་ལྷག་ཏིང་འཛིན་སྒོམ་ལ་འཇུག་པར་ཤོག །ཡོད་པ་རྟག་པའི་མཐའ་ལ་མི་གནས་ཤིང་། །མེད་པ་ཆད་པའི་མཐའ་ཡིས་མ་རེག་པ། །གཉིས་ཀ་ཡིན་དང་མིན་པའི་དགག་གཞི་ཟད། །དོན་དམ་གདོད་མའི་གནས་ལུགས་རྟོགས་པར་ཤོག །དུས་ཀྱི་འཁོར་ལོ་རྒྱུད་རྒྱལ་ཡིད་བཞིན་ནོར། །བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་བཏགས་ནས། །རིམ་གཉིས་ཟབ་མོའི་ཁྲུས་དང་སྨོན་པའི་མཐུས། །ལོངས་སྤྱོད་རྫོགས་སྐུའི་འབྲས་བུ་མངོན་གྱུར་ཤོག །མདོར་ན་བདག་ནི་མངོན་པར་སངས་རྒྱས་ནས། །ཕ་མས་གཙོར་བྱས་མཁའ་མཉམ་སེམས་ཅན་ཀུན། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །སྒྲོལ་བའི་དེད་དཔོན་ཉིད་དུ་འགྱུར་བར་ཤོག །སྨོན་པ་འདི་ཀུན་གེགས་མེད་ཡིད་བཞིན་དུ། །འགྲུབ་པའི་མཐུན་འགྱུར་རྒྱལ་བ་སྲས་བཅས་དང་། །ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་དང་། །དཔལ་མགོན་བླ་མའི་ཚོགས་ཀྱིས་མཛད་དུ་གསོལ། །ཞེས་པ་འདིའང་ལྷག་པའི་བསམ་པ། དོན་གྱི་གནད། ཚིག་གི་འགྲོས་སོགས་ཕར་ལྟ་ཞོག་ཐ་ན་ཡིག་ཐོབ་ཙམ་ཡང་མི་ཤེས་པས་འདི་འདྲ་བྲིས་པ་ལ་དགོས་པ་མེད་ཚུལ། དཔལ་སྤྲུལ་གྱི་ཞལ་ནས། སོ་སྐྱེས་འཁྲུལ་བ་ལས་ཀྱང་ཉིང་འཁྲུལ་གྱི། །གཏམ་ལ་རེ་བ་ཆོས་སྐལ་ཆད་པའི་རྟགས། །གསུངས་པ་དེ་ཡིན་མོད་ཀྱང་བདག་ཅག་གི་སྟོན་པས་ཀུན་དགའ་བོ་ལ། ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་ལུང་བསྟན་པའི་མཚན་ཉིད་ཚང་བའི་བཤེས་གཉེན་ཆེན་པོ་ཤར་ཕྱོགས་དྭགས་པོ་པ་མདོ་སྔགས་བསྟན་པའི་ཉི་མ་དང་འདྲེན་མཆོག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ཟུང་གི་མདུན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་ཀྱི་བཤད་ཁྲིད་གནང་བའི་སྐལ་བཟང་ཐོབ་པ་དང་། བདག་ཀྱང་ཆོས་འདི་ལ་མོས་པ་ཕྲན་བུ་ཙམ་ཡོད་པས་རྟེན་འདིའི་སྟེང་ནས་དད་པ་མོས་པ་གསོལ་འདེབས་དང་སྨོན་ལམ་གྱིས་བག་ཆགས་རེ་བཞག་ན་ད་ལྟའི་རིགས་ལྡན་མ་འགགས་པ་འདི་རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ལོར་ཁྲི་ལ་བཞུགས་ནས་ད་ལྟའི་མེ་འབྲུག་གི་བར་ལ་ལོ་གྲངས་ལྔ་བཅུ་འདས། ལྷག་ལྔ་བཅུ་ལ་དམ་པའི་ཆོས་སྟོན་ལ། མི་ཡི་སེངྒེ། དབང་ཕྱུག་ཆེན་པོ། མཐའ་ཡས་རྣམ་རྒྱལ་དང་གསུམ་ལ་ལོ་བརྒྱ་རེ། དྲག་པོའི་གོ་དྲུག་སྡོམ་པས་ཁྱོན་བཞི་བརྒྱ་དང་ཞེ་དྲུག་ལ་ཆོས་སྟོན་ཚེ་དེ་དག་གི་གདུལ་བྱར་ཨེ་འགྱུར་གྱི་རེ་འདུན་དང་མིན་ཡང་དྲག་པོས་གསོས་པའི་བསྟན་པ་ནི་ལྷ་འོག་མིན་གྱི་ཞག་གཅིག་ཏུ་གནས་པར་གསུངས་པས་མི་ལོའི་གྲངས་ཀྱིས་གཞལ་ན་སྟོང་དང་བརྒྱད་བརྒྱ་ཡིན་ལ། ཀཻ་ལ་ཤ་དང་དུམ་བུ་བཅུ་གཉིས་ཀྱི་ས་གཞིར་ཚངས་པ་དང་ལྷ་དབང་གཉིས་ཀྱིས་ལོ་སྟོང་དུ་དམ་པའི་ཆོས་སྟོན་ལ། དེ་རྗེས་འོད་སྲུང་ལ་སོགས་པའི་རྒྱལ་པོ་བརྒྱད་ཀྱིས་ལོ་བརྒྱད་བརྒྱར་ཤམ་བྷ་ལ་ནས་ཆོས་སྟོན་ཚེ་དེ་དག་གི་གདུལ་བྱར་གྱུར་ནས་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་རེ་ཡོད་སྙམ་ནས་མེ་ཕོ་འབྲུག་གི་ལོར་དཔལ་ལྡན་རྡོ་རྗེས་གསོལ་འདེབས་དང་སྨོན་ལམ་བཏབ་པ་ལ་རྡོ་རྗེའི་མཆེད་པོ་རྣམས་ཀྱིས་ཐུགས་ཁྲེལ་མི་མཛད་པར་ཞུ།། །།
༄༅། །གང་ཞིག་མཁྱེན་པའི་ཉི་མ་ཡིས། །ཀུན་གྱི་མུན་པ་བསལ་བ་དང་། །བློ་གྲོས་པདྨོ་རྒྱས་པའི་གཉེན། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དེ་ནས་བསོད་ནམས་ལྡན་པ་ཡི། །ཉིན་རེས་རྩིས་ལ་འཇུག་འདོད་ན། །གང་འདོད་ཟླ་བའི་ཟླ་དག་ལ། །ཐིག་ལེ་དུས་དང་གཟུགས་ཀྱིས་རྒྱན། །མཁའ་མེས་བསྒྱུར་ལ་ཚེས་གྲངས་བསྲེས། །མཁའ་མཁའ་བུག་རས་ཐོབ་པ་དོར། །ལྷག་མ་སྐར་མ་མཁའ་རོ་གཉིས། །རོ་དང་མེ་མིག་གིས་བསྒྱུར་ལ། །མཁའ་མཁའ་བུག་རོས་བགོས་ཐོབ་ནོར། །སྟེང་ནས་རིམ་པ་བཞིན་བརྩེགས་པས། །ལྷག་མེད་རྣམ་དག་རི་མོ་འཆར། །དེ་ནི་སྒྲ་གཅན་བུལ་བ་སྟེ། །དེ་ཡི་འཁོར་ལོ་ལ་སྦྱང་གདོང་། །གདོང་ལ་འཁོར་བྱེད་བསྲེས་པ་མཇུག །དེས་ནི་བསོད་ནམས་ལྡན་པ་དེ། །ཚེས་གྲངས་གང་འཕོས་འཁྲུལ་མེད་སྟོན། །ཡང་ན་སྟག་ལོངས་འདི་ལྟ་སྟེ། །མཁའ་སྟོང་མ་ནི་ཐིག་ཉི་མ། །གནམ་སྟོང་བུལ་བ་ལ་བསྣན་ཞིང་། །གདོང་མཇུག་གཉིས་ལ་ཕྲི་བ་ཡི། །ཚེས་གཅིག་བུལ་གདོང་མཇུག་གསུམ་འཆར། །ཚེས་གཅིག་ནས་ནི་གནམ་སྟོང་བར། །དེ་ལྟར་རིམ་བཞིན་བྱས་པ་ཡིས། །ཉ་དང་སྟོང་གི་སྒྲ་གཅན་གྱི། །རི་མོ་རྩ་བསྒྲུབས་བྱས་པ་བཞིན། །ཆོ་ག་འདི་ཡིས་འཁྲུལ་མེད་རྟོགས། །ཕྱོགས་དང་ཟླ་བའི་སྒྲ་གཅན་གྱི། །རི་མོ་སྒྲུབ་ཚུལ་ཤེས་ན་ཡང་། །སྒྲ་གཅན་ཞག་འཕོ་རྟོགས་མི་འགྱུར། །ཞག་གི་སྒྲ་གཅན་རྟོགས་པའི་ཚེ། །གཞན་མ་གཉིས་པོ་ཤུགས་ལ་རྟོགས། །དེ་ཕྱིར་འདི་ཉིད་གཅེས་པར་ཟུང་། །ཡང་གཅིག་གནམ་སྨེ་ཤེས་འདོད་ན། །མེ་ཡོས་ལ་སོགས་འདས་པའི་ལོ། །བུ་གས་བརྒྱན་ལ་སྲིན་པོས་བགོ །ལྷག་མས་ཕྱོགས་སྦྱངས་ལྷག་མ་དེ། །གནམ་སྨེ་ཡིན་ལ་ལྷག་མེད་ན། །སླར་ཡང་བུ་གས་ཕྱོགས་ལ་སྦྱངས། །ལྷག་མ་གནམ་ལོའི་སྨེ་བ་ཡིན། །ཟླ་བའི་སྨེ་བ་ཤེས་འདོད་ན། །མེ་ཡོས་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ལ་མཚོ་ཡིས་བརྒྱན། །དགུས་བགོས་ལྷག་མས་ཕྱོགས་ལ་སྦྱངས། །གལ་ཏེ་ལྷག་མེད་གྱུར་པ་ན། །སླར་ཡང་བུ་གས་ཕྱོགས་ལ་སྦྱངས། །ལྷག་མ་ཟླ་བའི་སྨེ་བ་ཡིན། །ཞག་གི་སྨེ་བ་ཤེས་འདོད་ན། །རིགས་ལྡན་སྙིང་ཐིག་གཞུང་ལ་ལྟོས། །
སྨྲས་པ།
རྩིས་གཞུང་རྒྱ་ཆེའི་དགོངས་དོན་རྒྱ་མཚོའི་ཆུ། །མ་འཐུང་ངལ་དུབ་སྐོམ་པས་གདུང་བའི་ཚེ། །བྱིས་བློས་བསྐྲུན་པའི་ཆུ་ཤེལ་ཕྲ་མོ་ལས། །བྱུང་བའི་རྩིས་ཕྲན་ཆུ་འདི་རེ་ཞིག་རོལ། །སྒྲ་གཅན་ཞག་འཕོ་ལོ་ཟླའི་སྨེ་བ་ཡི། །ངོས་འཛིན་རི་མོའི་རྣམ་གཞག་མདོར་བསྡུས་འདི། །རིགས་ལྡན་སྙིང་ཐིག་གཞུང་གི་ཆ་ལག་དང་། །བློ་དམན་བདག་དང་བདག་འདྲའི་སྐྱེ་བོ་ཡི། །ཉེར་མཁོའི་ཆེད་དུ་མེ་ཕོ་འབྲུག་གི་ལོར། །ཁྲུམས་ཟླའི་ཚེས་ལ་མཛའ་ལྷའི་གྲོགས་པོ་ཡིས། །གྲོ་བཞིན་དགའ་མར་རྩེན་པའི་འཕྲོད་སྦྱོར་ལ། །དཔལ་ལྡན་རྡོ་རྗེས་བྲིས་པ་མངྒ་ལམ། །
༄༅། །དེ་ཡང་རབ་བྱུང་བཅུ་དྲུག་པའི། །ཆུ་སྟག་ལ་སོགས་འདས་པའི་ལོ། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་མིག་བསྒྱུར་མཁའ་དབང་བྱིན། །མདའ་རོས་ཐོབ་པ་སྟེང་མར་འཕངས། །ཟླ་བ་རྣམ་པར་དག་པའོ། །
༈ ཟླ་དག་གནས་ལྔ་སྟེང་རིམ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདའ་ཐིག །མཁའ་ཀླུ་ཆུ་བོས་བསྒྱུར་བ་ལ། །རྒྱ་མཚོ་མིག་ཆུ་ལག་ཡོན་དང་། །མིག་དང་ཟུང་གིས་རིམ་བཞིན་བརྒྱན། །རི་མཁའ་རི་དང་དུས་མཁའ་རོ། །ཐིག་མཚམས་ཐུབ་པས་དོར་བའི་ལྷག །གཟའ་ཡི་དྷྲུ་བ་རྣམ་པར་དག །ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །སྟེང་མར་ཚེས་དང་འོག་མ་ལ། །ཐབས་ཤེས་རྩེ་མོས་བརྒྱན་པར་བྱ། །དུས་དང་ཉི་མ་ནོར་ལག་གིས། །བསྒྲིལ་བས་རིལ་ཆ་རྣམ་པར་དག །༈ ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་ཕྱོགས་ཀླུ་དབང་གཟུགས་དང་ནི། །ཐུབ་པ་ཟླ་བས་བསྒྱུར་བར་བྱ། །འབྱུང་མིག་བུ་ག་གཟུགས་དང་ཚེས། །ཟླ་བ་ཡོན་ཏན་ཟུང་གིས་བརྒྱན། །གྱེན་རིམ་རི་རོ་དུས་མཁའ་རོ། །ཐིག་མཚམས་འཁོར་ལོས་དོར་བའི་ལྷག །ཉི་མའི་དྷྲུ་བ་རྣམ་པར་དག །སྔར་དྷྲུ་རང་རང་སྒྱུར་བྱེད་བྱིན། །ཕྱི་མའི་དྷྲུ་བ་ཚེགས་མེད་འཆར། །
༈ ཉིན་རེའི་རྩིས་ལ་འཇུག་པའི་ཕྱིར། །གཟའ་དྷྲུར་ཆུ་ཚད་བུག་མདའ་དང་། །སྲང་ཡོན་དབུགས་ཆུ་ཆ་མི་བདག །ཉི་དྷྲུར་དབྱུག་མཚོ་ཟླ་ཟུང་སྲང་། །དབུགས་འབྱུང་མེ་ཆུ་ཆ་ཤས་སྟེ། །ཚེས་བསྒྱུར་བྱིན་པས་གཟའ་དང་ཉི། །གཉིས་ཀའི་བར་བ་གྲུབ་པ་སྟེ། །༈ རིལ་བོར་ཚེས་བསྲེ་མ་ནུས་བགོ །ཐོབ་ནོར་གཟུགས་མེ་མི་མཉམ་ཞིང་། །ཐིག་མིག་མཚོ་རྣམས་མཉམ་པའོ། །ལྷག་དེས་ཟླ་བའི་རྐང་པ་བཟུང་། །དབང་འབྱུང་མདའ་མཚོ་མེ་མིག་གཟུགས། །སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །དེ་ཡང་སྔ་རྐང་ཟོས་ཟིན་དང་། །ཕྱི་རྐང་ཟ་རྒྱུ་སྡོམ་བྱ་སྟེ། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་འདོད་པར་འབྱུང་བ་སྟེ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་ཞེས་བྱ། །ཕྱོགས་དང་ཆུ་གཏེར་བུ་ག་གཟུགས། །མདའ་དང་བུག་པར་ལག་པ་མིག །དུས་དང་ནོར་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་སྡོམ། །རྐང་འཛིན་ཕྱིས་ལ་རྐང་སྡོམ་བྲི། །རྐང་བཟུང་གདོང་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །དུས་ཉིས་ཐོབ་པ་ཡང་དག་རྒྱུ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །དུས་ཉིས་ཐོབ་པ་སྲིང་ཡིན་ལ། །ལྷག་མ་དུས་ཀྱིས་བསྒྱུར་བ་ལ། །དུས་ཉིས་ཐོབ་པ་དབུགས་ཡིན་ལ། །སླར་ལྷག་རི་མཁའ་རིས་བསྒྱུར་ལ། །དུས་ཁྱིམ་ཐོབ་པས་ལྷག་མེད་འཆར། །ཡང་དག་རྒྱུ་བའི་ཆུ་ཚོད་དེ། །སྔར་རྐང་བསྣན་ལ་ཕྱི་རྐང་ཕྲི། །དེ་ནི་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཕྱེད་དག་པར་འགྱུར། །གལ་ཏེ་ཟླ་རྐང་ཞིབ་རྩིས་ཀྱིས། །འཚོལ་ན་རྐང་བསྡོམས་གྲུབ་པའི་རྗེས། །དྷྲུ་བའི་ཆ་ཤས་མཁའ་མེ་ཡིས། །བསྒྱུར་ལ་གང་རྩིའི་ཚེས་གྲངས་བསྲེ། །དེ་ཉིད་རྐང་བཟུང་མདུན་མས་བསྒྱུར། །མཁའ་ཀླུ་ར་མེས་རྙེད་པའི་ནོར། །རྒྱུ་བའི་དབྱུག་གོ་ལྷག་མ་རྣམས། །མཁའ་རོ་དུས་དང་རི་སོགས་སམ། །དཀྱིལ་འཁོར་གྱི་ནི་མཁའ་སྐྱོན་ཆ། །གཟུགས་མིག་གིས་བསྒྱུར་རིམ་ཐོབ་ཚོགས། །སྔ་རྐང་ལ་བསྲེ་ཕྱི་རྐང་དུ། །དམན་པ་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡང་ཤེད་དང་ཤེད་མཉམ་ཆེད། །ཆ་ཤས་རི་རོས་བསྒྱུར་བ་ལ། །རི་མཁའ་རིས་ཐོབ་ནོར་ལྔ་བ། །ལྷག་དེ་ཆ་ཤས་དྲུག་པ་ཡིན། །༈ ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་མཚམས་ཆུ་ཚོད་འབྱུང་ཆུས་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལོངས་ན་དོར། །དོར་དང་མ་དོར་མཚན་མ་བཀོད། །དོར་ལྷག་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །རོ་མཚོ་ཟླ་བ་སྔ་རྐང་སྟེ། །ཕྱི་རྐང་དེ་ལྡོག་རྐང་གནས་དྲུག །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་དབང་པོར་བྲོ་བ་སྟེ། །མིག་དང་ཆུ་བོ་དག་ལ་ཕྱོགས། །མེ་ལ་དྲག་པོ་བསྡོམ་པར་བྱ། །རྐང་འཛིན་ཕྱིས་ལ་རྐང་སྡོམ་བྲི། །རྐང་བཟུང་གདོང་མས་ལྷག་རྣམས་བསྒྱུར། །མ་ཟིན་ཚེ་ན་དང་པོས་བསྒྱུར། །རང་འཁོར་བསྒྲིལ་ལ་མདའ་ཡོན་ཟླས། །ཐོབ་པ་ཡང་རྒྱུའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་སྲང་བཅུག །མདའ་ཡོན་ཟླས་ཐོབ་ཆུ་སྲང་སྟེ། །ལྷག་མ་དུས་བསྒྱུར་དབུགས་བཅུག་ལ། །མདའ་ཡོན་ཟླས་ཐོབ་དབུགས་ཀྱི་གནས། །ཡང་ལྷག་རི་རོས་བསྒྱུར་བ་ལ། །ཆ་ཤས་བཅུག་ལ་མདའ་ཡོན་ཟླས། །ཐོབ་པ་ཆ་ཤས་ལྷག་མེད་འཆར། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །གཟའ་དང་ཉི་མ་དག་པ་ཡིན། །༈ ཟླ་སྐར་ཆེད་ལ་ཉི་དག་གཅིག །ཆུ་ཚོད་མཚོ་དབང་ཚེས་བསྒྱུར་བྱིན། །ཚེས་འཁྱུད་ཟླ་བའི་སྐར་མ་དག །དེ་ལ་གཟའ་ལོངས་མན་གྱིས་སྦྱང་། །རེ་འགྲོགས་ཟླ་སྐར་འགྲུབ་པ་ཡིན། །ཉི་ཟླ་བསྲེས་པས་སྦྱོར་བ་འགྲུབ། །བྱེད་པ་ཚེས་གྲངས་འཁྲིག་པས་བསྒྱུར། །གཟུགས་དམན་རི་ཡིས་བགོས་པའི་ལྷག །ཕྱི་ཆའི་བྱེད་པ་ཡིན་པ་སྟེ། །གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ། །ཡན་ལག་ལྔ་འམ་ལྔ་བསྡུས་ཞེས། །སྐར་རྩིས་པ་ལ་རླུང་ལྟར་གྲགས། །
༈ སེམས་བྱུང་གནས་འགྲོ་གསུམ་བརྟགས་པའི་སྒོ་ནས་བཙལ་ཏེ་མ་རྙེད་པའི་ཆ་དེ་ནི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། སྟོང་བཞིན་པའི་གནས་སྐབས་ན་གསལ་ས་ལེར་གནས་པ་འདི་ནི་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། གང་ལྟར་ཡང་འཆར་གཞི་མ་འགགས་པ་འདི་ནི་ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་ཡིན། སྟོང་བཞིན་པའི་གནས་སྐབས་ན་གསལ། གསལ་བཞིན་པའི་ངོ་བོ་དེ་སྟོང་སྟེ། གསལ་སྟོང་ཟུང་དུ་འཇུག་པ་དེ་ནི་ངོ་བོ་ཉིད་སྐུ་ཡིན། དེ་ལྟ་བུའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན་དེ་རང་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་པ་དེ་ནི་སེམས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་ཡིན་ལ། དེ་ཡི་ངང་ལ་འཇོག་པ་སྒོམ་པ་ཡིན་པས་རིག་ཐོག་ཏུ་གནས་ཚེ་སྣང་སེམས་ཀྱི་འཛིན་པ་རང་སར་གྲོལ་བ་སྤྱོད་པ་ཡིན། རེ་དོགས་དང་བཅོས་བསླད་མེད་པ་འབྲས་བུ་ཡིན། དེ་ལྟ་བུའི་དོན་མ་ནོར་པར་རྟོགས་པའི་ཐབས་ནི། བླ་མའི་བྱིན་རླབས་ཞུགས་པ་ལ་རག་ལས་པ་ཡིན་པས་ན་བླ་མ་ཨོ་རྒྱན་ཆེན་པོ་ལ་གསོལ་བ་འདེབས་པ་དང་། དབང་བཞི་ལེན་པ། ཐུགས་ཡིད་བསྲེ་བ་ལ་འབད་འཚལ། མཁན་རིན་པོ་ཆེ་དཔལ་ལྡན་རྡོ་རྗེའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ཡིན་ནོ།། །།
༈ སྐྱབས་ཀུན་འདུས་རྩ་བའི་བླ་མ་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། །སེམས་མ་བཅོས་གཉུག་མའི་རང་ཞལ་དེ། །དུས་ད་ལྟ་མཐོང་བར་བྱིན་གྱིས་རློབས། །ད་ལྟའི་ཐ་མལ་གྱི་ཤེས་པ། །བཅོས་བསྒྱུར་སྤང་བླང་ནི་མ་བྱེད། །རང་བབས་རང་འགྲོས་ལ་བཏང་ན། །གེགས་དང་གོལ་ས་ནི་མི་འདུག །གདོད་མའི་གཤིས་ཐོག་ལ་ཕེབས་འདུག །གནད་ཀྱི་བཞག་ཐབས་ནི་དེ་ཡིན། །གཞི་ཀ་དག་གི་གཤིས་ལུགས། །དབྱིངས་སྤྲོས་པ་དང་བྲལ་བའི། །རྩལ་འགག་མེད་ཀྱི་རྟོག་ཚོགས། །དེ་བཅོས་བསྒྱུར་ནི་མི་དགོས། །འདི་རང་བབས་ལ་ཞོག་དང་། །དེ་རྗེས་མེད་དུ་ཡལ་འགྲོ། །འཕེལ་ལོའི་ངོར་དཔལ་ལྡན་ནས།། །།
༈ སྔོན་བྱོན་དམ་པ་གོང་མའི་མན་ངག་གནད་ཀྱི་བཞག་ཐབས་ནི་འདི་ལྟར་གསུངས་འདུག །སྒོམ་པ་རྡུལ་ཙམ་མེད་ཅིང་། །ཡེངས་བ་སྤུ་ཙམ་མེད་པར། །གཏད་མེད་ཟང་ཀ་སོ་མ། །མ་འགགས་རང་གསལ་འདི་ཀ །རིག་པ་ཅོག་བཞག་ཡིན་ལགས། །རིག་གདངས་རྒྱ་མཚོའི་ཀློང་ནས། །རིག་རྩལ་སྣང་བའི་གཟའ་སྐར། །འཆར་ཡུལ་འཆར་མཁན་མེད་ཀྱང་། །མ་འགགས་རང་གསལ་འདི་ཀ །རྒྱ་མཚོ་ཅོག་བཞག་ཡིན་ལགས། །གང་སྣང་གང་ཤར་ཐམས་ཅད། །རིག་པའི་རྒྱན་དུ་ཤར་བས། །དགག་སྒྲུབ་སྤང་བླང་མེད་པར། །ཕྱི་ནང་བར་མེད་ཟང་ཐལ། །སྣང་བ་ཅོག་བཞག་ཡིན་ལགས། །རིག་པ་རང་གི་རང་མདངས། །རྐྱེན་གྱིས་བསྒྱུར་བ་མེད་པར། །རྐྱེན་སྣང་དེ་ག་རིག་པར། །ཤར་ནས་གཡོ་འགུལ་མེད་པ། །རི་བོ་ཅོག་བཞག་ཡིན་ལགས། །བླ་མའི་ཞལ་རྒྱུན་རང་གི་སེམས་ན་ཡོད་པ་འདིར་བྲིས་པ་དགེའོ།། །།
རྫོགས་ཆེན་གྱི་གོ་དོན་མདོར་བསྡུས་མན་ངག་སྙིང་པོ་།
༄༅། །རྫོགས་ཆེན་གྱི་གོ་དོན་མདོར་བསྡུས་མན་ངག་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཡེ་གྲོལ་གཉུག་མ་དོན་གྱི་ཁང་བཟང་ན་བཞུགས་པའི། །མ་བཅོས་རིག་སྟོང་ཆོས་སྐུའི་བླ་མ་དེ་མཁྱེན་ནོ། །མཐའ་བྲལ་འཛིན་མེད་ཟང་ཐལ་རང་བྱུང་གི་རིག་པ། །རང་གྲོལ་གདོད་མའི་མགོན་པོའི་རང་ཞལ་དེ་སྟོན་ཤོག །༡ །ངོ་བོ་གདོད་ནས་དག་པ་ཀ་དག་གི་གཤིས་ལུགས། །རྩལ་སྣང་འགག་པ་མེད་པ་ལྷུན་གྲུབ་ཀྱི་ཆོ་རོལ། །ཟུང་འཇུག་བློ་ལས་འདས་པ་རང་བྱུང་གི་རིག་པ། །འདི་ཀོ་རྨད་བྱུང་ཨ་ཏི་རྫོགས་ཆེན་གྱི་ལྟ་བ། ༢ །སྣང་སྲིད་འཁོར་འདས་མ་ལུས་སེམས་ཉིད་ཀྱི་རོལ་པ། །སེམས་ཉིད་གདོད་ནས་སྐྱེ་མེད་སྤྲོས་བྲལ་གྱི་གཤིས་ལུགས། །རྟོགས་པའི་ཚེ་ན་འཁོར་འདས་རོ་མཉམ་དུ་གྱུར་ཏེ། །མ་གྲོལ་པ་ཡི་ཆོས་གཞན་ལོགས་ནའང་མི་དམིགས། ༣ །བཟང་རྟོག་དགེ་བས་གཤིས་ལ་ཕན་པ་ནི་མི་བདོག །ངན་རྟོག་མི་དགེའི་རྟོག་པས་གནོད་པ་ཡང་མི་སྐྱེལ། །བཟང་ངན་རྟོག་ཚོགས་ཐམས་ཅད་ཟང་ཐལ་ལ་བུད་ཚེ། །འོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་ཡི་ཡང་རྩེ། ༤ །རྣམ་རྟོག་གང་ཤར་རང་གྲོལ་རང་བབས་སུ་ཀློད་དང་། །སེམས་ཉིད་སྐྱེ་མེད་གདོད་མའི་གཤིས་ལུགས་དེ་མངོན་འོང་། །རིག་སྟོང་ཆོས་དབྱིངས་གཉུག་མ་སྟོང་ཆེན་གྱི་རང་རྩལ། །མ་འགགས་རོལ་པར་སྣང་ལ་དགག་སྒྲུབ་ནི་མི་དགོས། ༥ །ཡེངས་མེད་འཛིན་མེད་རིག་པ་རང་བབས་ཀྱི་བསམ་གཏན། །མ་བརྗེད་ཙམ་ལས་བསྒོམ་རྒྱུ་ལོགས་སུ་ནི་མི་འཚོལ། །བཙལ་ན་གླང་བོ་བཞག་ནས་གླང་རྗེས་ནི་འཚོལ་བཞིན། །གནད་དོན་ཐོག་ཏུ་ཁེལ་བའི་དུས་སྐབས་ཤིག་མི་འོང་། ༦ །མ་བཅོས་རིག་པ་བྱང་ཆུབ་སེམས་ཉིད་ཀྱི་ངོས་ན། །བསྒོམ་བྱའིི་ཆོས་དང་སྒོམ་པའི་མཁན་པོ་ནི་མི་འདུག །བསྒོམ་དང་མི་བསྒོམ་སྙམ་པའི་རྟོག་པ་ཞིག་ཡོད་ན། །སྒོམ་མེད་འོད་གསལ་རྫོགས་ཆེན་དགོངས་པ་ནི་མ་ཡིན། ༧ །རང་རིག་མ་བཅོས་རང་བབས་སོ་མ་ལ་གནས་ཚེ། །སྣ་ཚོགས་སྣང་བས་རིག་པའི་ངོ་བོ་ལ་མི་གོས། །འཛིན་པའི་རྟོག་པས་འཁོར་བའི་འཆིང་ཞགས་ནི་མི་བྱེད། །གཟུང་འཛིན་རང་ཡལ་ཆུ་ཡི་རི་མོ་བཞིན་དག་འགྲོ། ༨ །སྣང་སྲིད་འཁོར་འདས་མ་ལུས་སེམས་ཉིད་ཀྱི་རོལ་པ། །སེམས་ཉིད་བརྟགས་ན་མི་རྙེད་མེད་བཞིན་དུ་སྣང་བའི། །སྣང་སྟོང་ཟུང་འཇུག་སྟོང་ཉིད་བཞི་སྦྱོར་གྱིི་དགོངས་པ། །རྟོགས་ན་སྤྲོས་བྲལ་དབུ་མ་ཆེན་པོ་ཡི་ལྟ་བ། ༩ །མ་ཡེངས་མི་བསྒོམ་རང་བབས་གཉུག་མ་ཡི་ངང་དེར། །མ་བཅོས་རང་མལ་བཞག་ན་ལྷན་སྐྱེས་ཀྱི་ཡེ་ཤེས། །སྣང་སེམས་དབྱེར་མེད་ཆུ་དང་ཟླ་གཟུགས་ཀྱི་དཔེ་བཞིན། །དུ་མ་རོ་གཅིག་རྟོགས་ན་ཕྱག་ཆེན་གྱི་སྒོམ་པ། ༡༠ །ཆོས་ཟད་བློ་འདས་ཆེན་པོ་ཀ་དག་གི་ཀློང་ནས། །ལྷུན་གྲུབ་སྣང་བའི་རོལ་རྩལ་འགགས་མེད་དུ་འཆར་བས། །དགག་སྒྲུབ་ཞེན་པས་མ་འཆིང་རང་བབས་ལ་སྐྱུར་དང་། །སྐུ་གསུམ་མངོན་དུ་གྱུར་པ་རྫོགས་ཆེན་གྱི་སྤྱོད་འབྲས། ༡༡ །ཁྱད་ཆོས་ཆེ་བ་དྲུག་ལྡན་སྔ་འགྱུར་གྱི་ཟབ་ཁྱད། །ནང་རྒྱུད་ཡོ་ག་གསུམ་གྱི་མཐར་ཐུག་གི་སྐྱེལ་སོ། །མན་ངག་ཨ་ཏི་ཡོ་གའི་གསང་ལམ་ལ་བསྟེན་ནས། །ཚེ་འདིར་གདོད་མའི་མགོན་པོའི་དགོངས་ཀློང་དུ་གྲོལ་འགྲོ། ༡༢ །དེ་ཕྱིར་ཁྲེགས་ཆོད་ཅོག་བཞག་བཞི་ལྡན་གྱི་ངང་ནས། །ལྷུན་གྲུབ་ཐོད་རྒལ་སྣང་བཞིའི་ཉེ་ལམ་ལ་སྟེན་དང་། །ཁྱད་ཆོས་དྲུག་གིས་ཀུན་བཟང་ཆོས་སྐུ་ཡི་དགོངས་པ། །ཀ་དག་གདོད་མའི་གཞི་ལ་བཙན་ས་ཞིག་ཟིན་ངེས། ༡༣ །རང་རྒྱུད་ན་ཉམས་ལེན་ལྟ་ཅི་ཐ་ན་ཡིག་ཐོབ་ཙམ་ཡང་མི་ཤེས་ན་འདི་འདྲ་བྲིས་པ་ལ་དགོས་པ་མེད་མོད། འོན་ཀྱང་རྡོ་རྗེའི་མཆེད་པོ་དམ་པ་འགྱུར་མེད་བདེ་ཆེན། བསླབ་གསུམ་ཡོན་ཏན། སྐལ་བཟང་འཕེལ་རྒྱས་བཅས་ཀྱིས་ནན་བསྐུལ་མ་ལྡོག་པར་ཉམས་ལེན་གྱི་གོ་དོན་ཕྱོགས་མགོ་དེ་འདྲ་ཞིག་ཨེ་ཡིན་སྙམ་ནས་བྲིས་པ་ལ་ཉེས་འགལ་གང་མཆིས་རྩ་གསུམ་ལྷ་དང་དམ་ཅན་སྲུང་མའི་ཚོགས་ལ་འཆགས་སོ། །ཞེས་དཔལ་ལྡན་རྡོ་རྗེས་ཕུལ། དགེའོ། །དགེའོ།། །།
ལྕང་མའི་རྗེས་དྲན།
༄༅། །ལྕང་མའི་རྗེས་དྲན། ས་སྐྱིད་པོ་ལྕང་རིའི་དབེན་ཁྲོད་དྲན། །ཕ་བླ་མ་ཐུབ་བསྟན་ཆོས་འཕེལ་དྲན། །ཆོས་ཟབ་དགུའི་གདམས་ངག་གནང་བ་དྲན། །གྲོགས་བཟང་པོ་རྡོ་རྗེའི་མཆེད་རྣམས་དྲན། །ས་དེ་ལ་སྲུང་བཞི་ཚང་བ་དྲན། །ཤར་ན་སྟག་གི་སྲུང་བ་ཡོད། །ལྷོ་ན་གཡུ་འབྲུག་སྔོན་མོ་ཡོད། །ནུབ་ན་བྱ་ཡི་སྲུང་བ་ཡོད། །བྱང་ན་རུ་སྦལ་རྒྱལ་པོ་ཡོད། །ས་དེ་ལ་མཆོད་རྫས་ཚང་བ་དྲན། །ཤར་ཉི་ཟླ་གཉིས་ཀྱི་སྒྲོན་མེ་ཡོད། །ལྷོ་ཙན་དན་ནགས་ཀྱི་བདུག་སྤོས་ཡོད། །ནུབ་བརྗིད་ལྡན་རྫ་ཡི་ལྷ་བཤོས་ཡོད། །བྱང་རྫ་ཆབ་སྔོན་མོའི་ཡོན་ཆབ་ཡོད། །ས་དེ་ཡི་གདན་ནི་རྣམ་གསུམ་དྲན། །རྩལ་ཆེན་སེང་གེའི་གདན་དང་གཅིག །མཛེས་བྱེད་རྨ་བྱའི་གདན་དང་གཉིས། །བརྗིད་ལྡན་གཡུ་འབྲུག་གདན་དང་གསུམ། །གདན་དེ་སྟེང་བཞུགས་པའི་སྐྱེས་བུ་ནི། །མགོན་མཚུངས་མེད་ཐུབ་བསྟན་ཆོས་འཕེལ་ཡིན། །
སྐུ་ནི་དགེ་འདུན་དཀོན་མཆོག །གསུང་ནི་དམ་ཆོས་དཀོན་མཆོག །ཐུགས་ནི་སངས་རྒྱས་དཀོན་མཆོག །དཀོན་མཆོག་ཀུན་འདུས་ངོ་བོ། །དྲིན་ཆེན་རྩ་བའི་བླ་མ། །ཐུབ་བསྟན་ཆོས་འཕེལ་དྲན་ནོ། །དྲན་ནས་གསོལ་འདེབས་བུ་ཡིས། །འཆི་བ་སྙིང་ནས་དྲན་ཞིང་། །འདི་སྣང་ཚེ་འདིའི་ཕྱོགས་ལ། །ཞེན་པ་གཏིང་ནས་ལོག་པར། །ཁྱེད་ཀྱིས་བྱིན་གྱིས་རློབས་ཤིག །རྒྱུད་གསུམ་བླ་མ་ཀུན་འདུས། །ཡི་དམ་སྤྲོ་བསྡུའི་བྱེད་པོ། །གནས་གསུམ་ཊཱ་ཀིའི་ཚོགས་དཔོན། །རྩ་གསུམ་ཀུན་འདུས་ངོ་བོ། །དྲིན་ཆེན་རྩ་བའི་བླ་མ། །ཐུབ་བསྟན་ཆོས་འཕེལ་དྲན་ནོ། །དྲན་ནས་གསོལ་འདེབས་བུ་ཡི། །དལ་འབྱོར་དོན་དང་ལྡན་ཞིང་། །བསླུ་མེད་ལས་འབྲས་དོན་ལ། །ཡིད་ཆེས་གཏིང་ནས་སྐྱེ་བར། །ཁྱེད་ཀྱིས་བྱིན་གྱིས་རློབས་ཤིག །སྐྱེ་མེད་ཆོས་སྐུའི་རང་མདངས། །འགག་མེད་ལོངས་སྐུའི་ཆོ་རོལ། །གང་འདུལ་སྤྲུལ་སྐུའི་རྣམ་རོལ། །སྐུ་གསུམ་ཀུན་འདུས་ངོ་བོ། །དྲིན་ཆེན་རྩ་བའི་བླ་མ། །ཐུབ་བསྟན་ཆོས་འཕེལ་དྲན་ཞིང་། །དྲན་ནས་གསོལ་འདེབས་བུ་ཡིས། །སེམས་ཉིད་ཆོས་སྐུའི་རང་ཞལ། །མངོན་སུམ་རྗེན་པར་མཐོང་ནས། །ཀུན་བཟང་གདོད་མའི་རྒྱལ་སར། །ཚེ་འདིར་རང་དབང་འབྱོར་བར། །ཁྱེད་ཀྱིས་བྱིན་གྱིས་རློབས་ཤིག །མཁན་མཐུ་སྟོབས་ལ། དཔལ་ལྡན་ནས་ཕུལ། ཨི་ལོ་མི་ཤེས་མ་ལོ་ན་མེ་ལ་སྲོགས་ཤིག། །།
མཆོག་སྤྲུལ་རྣམ་གཉིས་ཀྱི་བསྟོད་པ་མེ་ཏོག་སིལ་མའི་སྦྲང་ཆར།
༄༅། །མཆོག་སྤྲུལ་རྣམ་གཉིས་ཀྱི་བསྟོད་པ་མེ་ཏོག་སིལ་མའི་སྦྲང་ཆར་ཞེས་བྱ་བ་བཞུགས་སོ། །ན་མོ་སྐྱབས་གཅིག་དྲིན་ཆེན་བླ་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དང་། །ཀུན་བཟང་གཞན་ཕན་རྡོ་རྗེ་བཅས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ནས། །བསྟོད་བསྔགས་མེ་ཏོག་སིལ་མའི་སྦྲང་ཆར་དད་གསུམ་སྙིམ་པས་ལེགས་མཆོད་ན། །མི་མངོན་དབྱིངས་ན་མངོན་སུམ་གཟིགས་པའི་མདུན་ས་གང་དེར་འབབ་པར་ཤོག །༧ །ངག་གི་དབང་ཕྱུག་འཇ༵མ་པའི་དབྱང༵ས་ལྟར་ཇི་ལྟ་ཇི་སྙེད་མ་ལུས་མཁྱེན༵། །ཐུགས་རྗེ་མཚུངས་མེད་སྤྱན་རས་གཟིགས་བཞིན་འགྲོ་ལ་མ་ལྟར་ར༵བ་ཏུ་རྩེན། །རྒྱལ་བ་རྒྱ༵་མཚོ༵འི་མཐུ་སྟོབས་གཅིག་བསྡུས་གསང་བདག་དཔའ་བོ་ཇི་བཞིན་དུ། །བདུད་དང་མུ་སྟེགས་རྒྱལ་བསེན་དམ་སྲིའི་ཚོགས་རྣམས་མ་ལུས་ཆམ་ལ་འབེབས། ༧ །མཐའ་བྲལ་ལྟ་བའི་ཀུན་གསལ་ངོགས་སུ་བྱམས་དང་སྙིང་རྗེའི་ཆུ་འཛིན་འཁྲིགས། །སྨིན་ལམ་བདུད་རྩིའི་ཆར་རྒྱུན་འབེབས་ཤིང་ངེས་གསང་སྙིང་པོའི་དབྱར་རྔ་ལྡིར། །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་གདམས་ཟབ་བདུད་རྩིའི་བཅུད་ཀྱིས་གཏམས། །ཡོན་ཏན་དྲི་བཟང་ཕྱོགས་བཅུར་ཁྱབ་ཅིང་སྐལ་བཟང་བུང་བའི་སྤྲིན་ཚོགས་སྡུད། ༧ །ཀུ༵ན་བཟ༵ང་ཆོས་ཉིད་གདོད་མའི་དབྱིངས་ལས་ནམ་ཡང་འཕོ་འགྱུར་མེད་ན་ཡང་། །གཞ༵ན་ཕ༵ན་བྱམས་དང་སྙིང་རྗེས་མ་བཟོད་འགྲོ་ངོར་གཟུགས་སྐུའི་རྣམ་པར་སྣང་། །ས་ལམ་ཡོན་ཏན་སྤངས་རྟོགས་མཐར་ཕྱིན་རྡོ༵་རྗེ༵་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་བག་ཆགས་སྒྲིབ་པ་ཕྲ་མོ་མ་ལུས་ལྷག་མེད་བཅོམ་ཚུལ་སྟོན། ༧ །བཅོས་མིན་ངེས་འབྱུང་ཆར་གྱིས་ལེགས་བསྐྲུན་རྣམ་དག་ཚུལ་ཁྲིམས་པད་མོའི་ཚལ། །དགེ་བཅུའི་ཁྲིམས་ཀྱི་ར་བས་ཡོངས་བསྐོར་དྲན་ཤེས་མེལ་ཚེས་ལེགས་པར་བསྲུངས། །ཡོན་ཏན་བདུད་རྩིའི་བཅུད་བཟང་ལེན་འདོད་སྐལ་བཟང་བུང་བའི་སྤྲིན་ཚོགས་ཀྱིས། །བསྔགས་བརྗོད་གླུ་ཡི་སྒྲ་དབྱངས་སྒྲོག་བཞིན་དད་པའི་འཕུར་ལྡིང་རབ་ཏུ་གཡོ། ༧ །ཐུབ་པའི་བསྟན་པ་ཕན་བདེའི་འབྱུང་གནས་ཉིན་མོར་བྱེད་པའི་སྐལ་བཟང་པོ། །སྔ་འགྱུར་སྨིན་གྲོལ་ཆོས་ཀྱི་མཛོད་འཛིན་ངེས་པའི་དོན་ལ་དབང་འབྱོར་པ། །གང་འདུལ་ཐབས་ཀྱིས་དགེ་ལ་གཞོལ་ཞིང་ངེས་པར་ལེགས་པའི་གོ་འཕང་སྦྱིན། །མི་འཇིགས་བཞི་དང་སྟོབས་བཅུའི་མངའ་བདག་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ། ༧ །བསླུ་མེད་སྐྱབས་གནས་དཀོན་མཆོག་ཀུ༵ན་འདུས་བསྐལ་བཟ༵ང་བསྟན་པའི་སྒྲོན་མེ་མཆོག །སྙིང་རྗེ་ཆེན་པོའི་གཞ༵ན་དབང་གྱུར་ནས་འགྲོ་ཀུན་ཕ༵ན་དང་བདེ་ལ་བཀོད། །འདུས་མ་བྱས་པ་རྡོ༵་རྗེ༵འི་སྐུ་མངའ་སྐྱེ་འཆིའི་འཕོ་འགྱུར་མེད་ན་ཡང་། །རྟག་འཛིན་ཅན་གྱི་ཀུན་རྟོག་བཟློག་ཕྱིར་མི་རྟག་མྱ་ངན་འདའ་ཚུལ་སྟོན། །དེ་ལྟར་བསྟོད་བསྔགས་མཆོད་པའི་སྤྲིན་འདིས་མགོན་པོ་ཁྱེད་དག་རབ་མཉེས་ཏེ། །ཚེ་རབས་ཀུན་ཏུ་མགོན་ཁྱེད་དག་གིས་འབྲལ་མེད་ཐུགས་བརྩེས་རྗེས་བཟུང་ནས། །མགོན་ཁྱེད་དག་གིས་བསྟན་འགྲོའི་དོན་ཆེན་མཛད་པའི་གྲོགས་སུ་བདག་གྱུར་ནས། །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་ཚེ་བདག་ཀྱང་ཞུམ་པ་མེད་པར་ཤོག །མགོན་ཁྱེད་དག་ལ་བསྔགས་པ་བརྗོད་མཐུས་ཚེ་འདིར་རྐྱེན་ངན་བར་ཆད་ཞི། །དམ་ཚིག་ཉམས་ཆགས་སྡིག་སྒྲིབ་ཉེས་ལྟུང་མ་ལུས་ལྷག་མེད་དག་པ་དང་། །རྟོགས་པའི་ཡེ་ཤེས་དོན་གྱི་འོད་གསལ་མི་ནུབ་ཁོར་ཡུག་འཆར་བ་དང་། །ཕྱི་མ་རྔ་ཡབ་དཔལ་རིའི་ཞིང་དུ་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །མཆོག་སྤྲུལ་རྣམ་གཉིས་ཀྱི་བསྟོད་པ་མེ་ཏོག་སིལ་མའི་སྦྲང་ཆར་འདི་ས་རྟ་ལོའི་ཟླ་ཚེས་ལ་གཟའ་ཉི་མ་དང་རྒྱུ་སྐར་མེ་བཞི་ལྷན་དུ་འཛོམས་པའི་འགྲུབ་སྦྱོར་ལ་དཔལ་ལྡན་རྡོ་རྗེས་རྩེད་མོའི་ཚུལ་དུ་བྲིས་པའོ།། །།དགེའོ། །བཀྲ་ཤིས།
༈ ཨོཾ་སྭ་སྟི། བྱང་ཆུབ་ཐུགས་བསྐྱེད་ལྷ་ལམ་ཡངས་པོར་སྨོན་པའི་ཆུ་འཛིན་རབ་དཀྲིགས་ཏེ། །ཚོགས་ཟུང་བདུད་རྩིའི་གྲུ་ཆར་བཟང་པོ་ཆོས་ཁམས་དགེ་བའི་ཞིང་སར་ཕབ། །མཚན་དཔེ་གསུང་དབྱངས་མཁྱེན་གཉིས་འབྲས་བུ་འགྲོ་བའི་དཔལ་དུ་ཡོངས་སྨིན་པ། །མཉམ་མེད་སྟོན་པ་ཐུབ་པའི་དབང་པོར་སྒོ་གསུམ་གུས་པས་ཕྱག་བགྱིའོ། ༡ །ཆོས་ཀུན་མ་སྐྱེས་གདོད་ནས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་མཁར། །སྐུ་དང་ཡེ་ཤེས་འོད་ཟེར་སྟོང་བརྡལ་ལྔ་ལྡན་ལོངས་སྐུའི་ཉིན་བྱེད་དབང་། །ཕྲིན་ལས་རྣམ་བཞིའི་ཤིང་རྟས་ལེགས་དྲངས་གདུལ་འགྲོའི་རྨོངས་པའི་མུན་པ་འཇོམས། །སྤྲུལ་བའི་སྐུ་མཆོག་པདྨ་ཀ་རས་བྱང་ཆུབ་བར་དུ་འབྲལ་མེད་སྐྱོངས། ༢ །རབ་འབྱམས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་བདུད་འཇོམས་རྡོ་རྗེའི་སྒྱུ་འཕྲུལ་གར། །སྙིགས་དུས་བསྟན་འགྲོའི་མགོན་དུ་ལེགས་བྱོན་ངུར་སྨྲིག་འཛིན་པའི་ཚུལ་འཆང་བ། །སྟོང་ཉིད་སྙིང་རྗེ་བསྐྱེད་རྫོགས་ཟབ་མོས་ས་དང་ལམ་གྱི་ཕ་མཐར་སོན། །བསྟན་པའི་སྒྲོན་མེ་པདྨ་ཕྲིན་ལས་སྤྱི་བོའི་གཙུག་ཏུ་དུས་ཀུན་མཆོད། ༣ །གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་འཛིན་སྐྱོང་སྤེལ་མཛད་པའི། །རིམ་པར་བརྒྱུད་པའི་བླ་མ་དམ་པ་ད་ལྟའི་བར་དུ་བྱོན་པ་དང་། །ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་བཅས་ལ་སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཞེས་མཆོད་པར་བརྗོད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ་རབ་བྱུང་བཅུ་བདུན་པའི་ནང་ཚན་ལྕགས་མོ་ལུག་གི་ལོའི་ཧོར་ཟླ་བདུན་པའི་ཚེས་བཅུའི་དུས་རིམ་ཆེན་མོའི་སྐབས་ཀྱི་བླ་གྲྭ་རྣམས་ཀྱི་མཚན་ཐོའི་ཐོག་མར་མཆོག་སྤྲུལ་རིན་པོ་ཆེ་ཀུན་བཟང་ཆོས་ཀྱི་རྒྱ་མཚོ་སོགས།
༈ ན་མོ། བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་དང་། །ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་དང་། །ཁྱད་པར་སློབ་དཔོན་པདྨ་ཐོད་ཕྲེང་རྩལ། །རྟེན་འདིར་བཞུགས་ལ་ཡུན་དུ་བརྟན་ནས་ཀྱང་། །འདིར་འབྲེལ་རྒྱུ་འབྱོར་སྦྱིན་པའི་བདག་པོས་གཙོའི། །མ་གྱུར་ནམ་མཁའི་མཐའ་ཁྱབ་སེམས་ཅན་གྱི། །གནས་སྐབས་ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་པ་སོགས། །བསམ་པའི་དོན་རྣམས་ཆོས་བཞིན་འགྲུབ་པ་དང་། །མཐར་ཐུག་པདྨ་ཀ་རའི་ཐུགས་ཀློང་དུ། །མི་རིང་མྱུར་དུ་གྲོལ་བའི་རྒྱུར་གྱུར་ཅིག །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པའི། །རྒྱན་གྱི་འཁོར་ལོ་རྟེན་འདིར་བཞུགས་ནས་ཀྱང་། །མཐར་ཐུག་བླ་མེད་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །
༈ ཨོཾ་སྭ་སྟི། ཚོགས་གཉིས་རྒྱ་མཚོ་ཆེན་པོ་བསྲུབས་པ་ལས། །ལེགས་བྱུང་མཁྱེན་གཉིས་ཉི་ཟླའི་དཀྱིལ་འཁོར་གྱིས། །འགྲོ་བློའི་སྒྲིབ་གཉིས་མུན་པ་དྲུང་འབྱིན་པའི། །དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས་དེར་འདུད། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་འཕྲུལ། །གངས་ལྗོངས་གདུལ་བྱའི་ཕན་བདེའི་བྱེད་པོ་རུ། །རིག་སྔགས་འཆང་བའི་འཁོར་ལོའི་གར་བསྒྱུར་པའི། །མཚོ་སྐྱེས་རྡོ་རྗེ་རྗེ་འབངས་བཅས་ལ་འདུད། །ཏནྟྲ་རིན་ཆེན་འབྱུང་གནས་ལས་བྱུང་སྒྲུབ་སྡེ་བརྒྱད་ཀྱི་མ་ཎི་ཀ །ཏིང་འཛིན་གསུམ་གྱི་རྒྱལ་མཚན་རྩེར་ཕྱར་བསྙེན་སྒྲུབ་རྣམ་བཞིས་ཁྲུས་བྱས་ནས། །རིག་འཛིན་རྣམ་བཞིའི་མཆོག་གི་འདོད་དོན་ལྷུན་གྱིས་གྲུབ་པའི་ས་གནོན་པའི། །སྔ་འགྱུར་བསྟན་པའི་མཛེས་རྒྱན་བྱང་བདག་ཡབ་སྲས་བཅས་ལ་གུས་པས་འདུད། །
༈ ཨོཾ་སྭ་སྟི། འོད་མཚན་སྟོང་འབར་ཡེ་ཤེས་ཉིན་མོར་བྱེད། །སིནྡྷུ་པདྨའི་ཟེའུ་འབྲུར་རྗེས་ཆགས་མཁན། །ཕན་བདེ་སྦྲང་རྩིའི་ཟིལ་མངར་འབྱུང་བའི་གནས། །མཚོ་སྐྱེས་རྒྱལ་བ་རྟེན་འདིར་བཞུགས་གྱུར་ཅིག །དེ་མཐུས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །གསང་ཆེན་སྔ་འགྱུར་ཡོ་ག་སྡེ་གསུམ་གྱི། །བསྟན་པ་འཛིན་པའི་གསང་སྔགས་རྙིང་མ་པ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །རིས་མེད་བསྟན་འཛིན་དམ་པའི་ཚོགས་རྣམས་ཀྱི། །ཉེར་འཚེའི་བར་ཆད་མ་ལུས་ཞི་བ་དང་། །བཞེད་པའི་དོན་ཀུན་འབད་མེད་ཡིད་བཞིན་འགྲུབ། །སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག །འཇིག་རྟེན་ཁམས་འདིའི་ནད་མུག་འཚོན་འཁྲུག་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །མི་ཕྱུགས་ནད་རྣམས་མ་ལུས་རྒྱུན་ཆད་དེ། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །རྟེན་མཆོག་འདི་དག་གང་གིས་མཐོང་བ་དང་། །ཐོས་དང་དྲན་དང་ཕྱག་མཆོད་བཀུར་སྟི་བགྱིས། །ཐ་ན་རླུང་ཙམ་གྱིས་རེག་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག །འདི་བཞེངས་ཚེ་ན་ལུས་ངག་ཡིད་གསུམ་གྱིས། །འབྲེལ་བ་ཐོགས་པའི་སྐྱེ་བོའི་ཚོགས་རྣམས་ཀུན། །གནས་སྐབས་མངོན་མཐོའི་དཔལ་ལ་སྤྱོད་པ་དང་། །མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དཔལ་ལྡན་ནས།
༈ མཁན་ཆེན་འཆི་མེད་རིག་འཛིན་གྱི་ཞབས་བརྟན་བཞུགས་སོ། །ཚེ་དབང་རིག་འཛིན་པདྨ་སཾ་བྷ་ཝ། །རང་བྱུང་ཡེ་ཤེས་ལྔ་ལྡན་ཚེ་དཔག་མེད། །ཚེ་ཡི་ལྷ་མོ་སྒྲོལ་དཀར་ཡིད་བཞིན་ནོར། །ཚེ་ལྷ་རྩ་གསུམ་རྒྱ་མཚོར་གསོལ་བ་འདེབས། །འཆི་མེད་འགྲོ་མགོན་རིག་འཛིན་བླ་མ་ཡི། །སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་། །བཞེད་དོན་མ་ལུས་ཆོས་བཞིན་འགྲུབ་པ་དང་། །རླབས་ཆེན་འགྲོ་དོན་འབྱུང་བར་བྱིན་གྱིས་རློབས། །སྤྲུལ་བསོད་ནོར་གྱིས་བསྐུལ་ངོར་བན་རྒན་དཔལ་ལྡན་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །
༈ གུ་རུའི་རྣམ་ཐར་ངོ་མཚར་རྨད་བྱུང་བ། །འདི་བཞེངས་བསོད་ནམས་དགེ་བའི་རྩ་བ་འདིས། །རྒྱལ་བསྟན་དར་རྒྱས་ཡུན་དུ་གནས་པ་དང་། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་བརྟན་གྱུར་ཅིག །འཇིག་རྟེན་ཁམས་སུ་ལོ་ལེགས་ཕྱུགས་འཕེལ་ཞིངས། །ནད་མུག་མཚོན་འཁྲུགས་བསྐལ་ངན་ཞི་གྱུར་ཅིག །སྦྱིན་པའི་བདག་པོའི་ཕ་མའི་གཙོར་བྱས་པའི། །སེམས་ཅན་རྣམས་ནི་སངས་རྒྱས་ཐོབ་ཕྱིར་བསྔོ། །
སྨོན་ལམ་ཆོས་མཐུན་བསམ་འགྲུབ།
༄༅། །སྨོན་ལམ་ཆོས་མཐུན་བསམ་འགྲུབ་བཞུགས་སོ། །ཨོཾ་སྭ་སྟི། དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས། །དུས་གསུམ་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡབ། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །དཔལ་ལྡན་བླ་མའི་ཚོགས་རྣམས་དགོངས་སུ་གསོལ། །བདག་གིས་སྨོན་པའི་དོན་རྣམས་འདི་དག་ཀུན། །གེགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་ཐོབ་སྟེ། །བཅོས་མིན་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །སངས་རྒྱས་བསྟན་ལ་རབ་ཏུ་འབྱུང་བར་ཤོག །ཡིད་བཞིན་ནོར་བུ་ལས་ལྷག་དལ་འབྱོར་རྟེན། །དོན་མེད་སྡིག་པའི་ལས་ལ་མི་བཀོལ་བར། །ཉིན་མཚན་བར་མེད་སྒོ་གསུམ་དགེ་བ་ལ། །འབད་པའི་བརྩོན་འགྲུས་ཐང་ལྷོད་མེད་པར་ཤོག །འདི་སྣང་འཇིག་རྟེན་འཁོར་བའི་བྱ་བ་ལ། །སྐད་ཅིག་ཙམ་ཡང་བློ་ཁ་མི་ཕྱོགས་ཤིང་། །ཕ་མ་གཉེན་དང་ནོར་རྫས་གནས་མལ་ལ། །ཞེན་པའི་ཕྲེང་ཐག་སྙིང་ནས་ཆོད་པར་ཤོག །འཆི་བར་ངེས་ཤིང་ནམ་འཆི་ཆ་མ་མཆིས། །འཆི་ཚེ་ཅིས་ཀྱང་ཕན་པ་མི་འདུག་པའི། །ཚུལ་ལ་བསམ་ནས་རྟག་འཛིན་མི་བྱེད་ཅིང་། །མི་རྟག་འཆི་བ་སྙིང་ནས་དྲན་པར་ཤོག །ལས་བརྒྱ་པ་དང་མཛངས་བླུན་རྣམ་འབྱེད་སོགས། །རྒྱལ་བས་གསུངས་པའི་བཀའ་ལུང་ཚད་མ་ལས། །བསླུ་མེད་རྒྱུ་འབྲས་རྣམ་གཞག་བསྟན་པ་ལ། །སྙིང་ནས་ཡིད་ཆེས་ངེས་པ་རྙེད་པར་ཤོག །གཏན་གྱི་སྐྱབས་གནས་དཀོན་མཆོག་རྣམ་གསུམ་ལ། །དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པ་ཡི། །དད་གུས་མོས་པས་སེམས་རྒྱུད་རབ་བསྐུལ་ནས། །བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་ཤོག །ནམ་མཁའི་མཐའ་མཉམ་འགྲོ་བ་སེམས་ཅན་ཀུན། །མར་ཤེས་དྲིན་དྲན་གཏན་བདེར་འགོད་འདོད་པའི། །རྫི་བོ་ལྟ་བུའི་སེམས་བསྐྱེད་རྨད་བྱུང་བ། །མི་ཉམས་གོང་ནས་གོང་དུ་འཕེལ་བར་ཤོག །ཁྱད་པར་དྲིན་ཆེན་ཕ་མ་གཉིས་ཀྱིས་གཙོའི། །ལས་ཀྱིས་འབྲེལ་བའི་ཤི་གསོན་ཕོ་མོ་དང་། །བཞོན་པ་རྟ་ཁལ་སྒོ་ཕྱུགས་སེམས་ཅན་སོགས། །ཀུན་ཀྱང་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །དལ་འབྱོར་ལུས་ཐོབ་དགེ་བའི་བཤེས་དང་འཕྲད། །བསྟན་ལ་རབ་ཞུགས་རང་དབང་འབྱོར་བའི་ཚེ། །སྡོམ་དང་དམ་ཚིག་ཉམས་པ་མེད་པ་དང་། །ཐོས་བསམ་སྒོམ་ལ་རྟག་ཏུ་བརྩོན་པར་ཤོག །གྲོང་དང་དགོན་སྡེ་རྣམ་གཡེང་འདུ་འཛིའི་གནས། །རབ་ཏུ་སྤང་ནས་མི་མེད་དབེན་ཁྲོད་དུ། །ལུས་ངག་ཡིད་ཀྱི་ངལ་དུབ་ཁྱད་བསད་ནས། །རྩེ་གཅིག་སྙིང་པོའི་དོན་ལ་གཞོལ་བར་ཤོག །ཁྱད་པར་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི། །སྙིང་པོའི་བསྟན་པ་འཛིན་སྐྱོང་སྤེལ་མཛད་པའི། །རྡོ་རྗེ་འཆང་དངོས་བླ་མའི་ཚོགས་རྣམས་ཀྱིས། །རྗེས་སུ་བཟུང་ནས་སྨིན་ཅིང་གྲོལ་བར་ཤོག །སྣང་སྲིད་དག་མཉམ་ཤེས་པའི་ལྟ་བ་དང་། །བསྐྱེད་རྫོགས་ཟུང་འཇུག་སྒོམ་ལ་གོམས་པ་ལས། །རིག་འཛིན་རྣམ་བཞིའི་ལམ་མཆོག་མཐར་ཕྱིན་ནས། །སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཆོས་ཀུན་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ། །མ་འདྲེས་དབྱིངས་ལ་རྫོགས་པར་རྟོགས་པ་དང་། །ཐབས་གྲོལ་ལམ་གྱི་སྒོམ་པའི་རྩལ་རྫོགས་ཏེ། །བདེ་བ་ཆེན་པོའི་སྐུ་མཆོག་མངོན་གྱུར་ཤོག །ལྟ་བ་ཀ་དག་རིག་པའི་གནས་ལུགས་རྟོགས། །སྒོམ་པ་ལྷུན་གྲུབ་སྣང་བཞིའི་རྩལ་རྫོགས་ནས། །སྤྱོད་པ་མ་བཅོས་རང་གྲོལ་ཅོག་བཞག་གིས། །གདོད་མའི་དབྱིངས་ལ་བཙན་ས་ཟིན་པར་ཤོག །དེ་ལྟར་སྨོན་པའི་དོན་རྣམས་མ་ལུས་ཀུན། །གེགས་མེད་ཡིད་བཞིན་འགྲུབ་པའི་མཐུན་འགྱུར་ཞིག །རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་རྣམས་དང་། །རྒྱལ་བ་སྲས་དང་བཅས་པས་མཛད་དུ་གསོལ། །དཔལ་ལྡན་རྡོ་རྗེ་ནས་ལྷ་པུག་ལ་ཕུལ།། །།
དཔལ་རིའི་སྨོན་ལམ་པདྨ་འོད་དུ་བགྲོད་པའི་ཐེམ་སྐས།
༄༅།།དཔལ་རིའི་སྨོན་ལམ་པདྨ་འོད་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། རང་སྣང་རྣམ་དག་སྐྱེ་མེད་ཀ་དག་གི་རང་མདངས། །མ་འགགས་རོལ་པ་ལྷུན་གྲུབ་ཕྱི་གསལ་གྱི་བཀོད་པ། །རབ་འབྱམས་སྐུ་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་རང་སྣང་། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡ །ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོ་ཡི་ཡུལ་གླིང་། །འཇིགས་རུང་གཏུམ་རྔམ་འཁྲུགས་པའི་གྲོང་ཁྱེར་གྱིས་བསྐོར་དབུས། །ཡིད་འོང་པདྨ་རཱ་གའི་རི་རབ་ནི་བརྗིད་མཛེས། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༢ །ཡངས་ཤིང་རྒྱ་ཆེ་ཁོད་སྙོམས་རི་དབང་གི་རྩེ་མོར། །རིན་ཆེན་སྣ་ཚོགས་ལས་གྲུབ་ངོ་མཚར་གྱི་ཕོ་བྲང་། །རྟ་བབས་ཆོས་འཁོར་གདུགས་དང་རི་དྭགས་ཀྱིས་བརྒྱན་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༣ །ཡོན་ཏན་ལྷུན་གྲུབ་གཞལ་མེད་ཁང་མཛེས་ཀྱི་དབུས་སུ། །རིན་ཆེན་སེང་ཁྲི་འདབ་སྟོང་ཆུ་སྐྱེས་ཀྱི་གདན་ལ། །ཐབས་ཤེས་ཉི་མ་ཟླ་བའི་ཟེར་མདངས་ཀྱིས་འཁྱུད་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༤ །དེ་སྟེང་འདྲེན་པ་མཚུངས་མེད་མཚོ་སྐྱེས་ཀྱི་བླ་མ། །མ་ཧཱ་གུ་རུ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ། །སྣང་སྲིད་ཟིལ་གནོན་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༥ །རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་ཀྱི་དབུས་སུ། །ཡན་ལག་དྲུག་ཅུ་ལྡན་པའི་ཚངས་དབྱངས་ལ་དྲངས་ཏེ། །ཟབ་ཡངས་བདུད་རྩིའི་ཆོས་སྒྲ་ལྷང་ལྷང་དུ་སྒྲོག་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༦ །ཕོ་བྲང་གཞལ་མེད་ཆེན་པོའི་འདོད་ཡོན་གྱི་སྣམ་བུར། །ཡེ་ཤེས་རང་སྣང་ལས་གྲུབ་ལྷ་མོ་ཡི་ཚོགས་ཀྱིས། །ལྷ་ཚོགས་དགྱེས་པའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༧ །དྲི་ཞིམ་ངད་པ་ལྡང་བའི་ཙན་དན་གྱི་ནགས་སུ། །མཛེས་པའི་སྤུ་སྡུག་ངོམ་པའི་བྱ་རིགས་ཀྱི་ཚོགས་ཀྱིས། །སྙན་པའི་ཆོས་སྒྲ་སྒྲོག་བཞིན་འཕུར་ལྡིང་དུ་གཡོ་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༨ །གཡུ་ཡི་སྤང་ལྗོངས་རིན་ཆེན་སྣ་ཚོགས་ཀྱི་ནེའུ་གསིང་། །ཡིད་འོང་དཀར་དམར་མཐིང་སོགས་ཆུ་སྐྱེས་ཀྱི་གེ་སར། །མཛེས་པའི་འཛུམ་མདངས་ངོམ་ཞིང་གར་སྟབས་ལ་རོལ་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༩ །རྒྱལ་བའི་སྨོན་ལམ་ལས་གྲུབ་ཆུ་འཛིན་གྱི་གསེབ་ཏུ། །ཡིད་འོང་ལྷ་ཡི་བུ་དང་བུ་མོ་ཡི་ཚོགས་ཀྱིས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་བར་མེད་དུ་སྤྲོ་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༠ །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ན་བཞུགས་པའི། །སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོ་ཡི་ཚོགས་རྣམས། །ཞིང་དེར་མཁའ་ལ་སྤྲིན་ཚོགས་གཏིབ་པ་ལྟར་བྱོན་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༡ །ཕྱོགས་མཚམས་འཇའ་འོད་འཁྲིགས་པའི་གུར་ཁྱིམ་གྱི་ཀློང་ནས། །ཡིད་འོང་མཛེས་པའི་མེ་ཏོག་སྣ་ཚོགས་ཀྱི་ཆར་ཆེན། །བདེ་རླུང་སྤོས་ངད་འཐུལ་བས་ཕྱོགས་ཀུན་ལ་འཐོར་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༢ །ཡིད་འོང་སྨན་ལྗོངས་བདུད་རྩི་དལ་འབབ་ཀྱི་ཆུ་ཀླུང་། །ནོར་བུའི་གྲམ་ཐང་གསེར་གྱི་བྱེ་མ་ཡིས་གཏམས་ཏེ། །ངང་ངུར་ཁྲུང་ཁྲུང་མགྲིན་གླུ་ལྷུང་ལྷུང་དུ་སྒྲོག་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༣།ཕྱི་རོལ་ཁོར་ཡུག་ཁྲག་ཞག་རྒྱ་མཚོ་ཡི་ཀློང་དུ། །ཞིང་ཆེན་ལྷུ་དུམ་འཁྲུགས་པ་རྦ་རླབས་སུ་འཕྱོ་ཞིང་། །གཏུམ་རྔམ་བྱ་གཅན་ཚོགས་རྣམས་རླུང་ལྟར་དུ་འཚུབ་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༤ །འཇིགས་རུང་ཤ་ཟ་སྲིན་པོའི་སྒོ་སྲུང་གི་ཚོགས་ཀྱིས། །རྔམ་པའི་གད་རྒྱངས་འཇིགས་པའི་གོ་མཚོན་གྱིས་གཟིར་བས། །སྐལ་མེད་ཚོགས་རྣམས་རྒྱུ་བའི་གོ་སྐབས་དང་བྲལ་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༥ །གཙོ་བོའི་མཐའ་བསྐོར་རྒྱ་བལ་བོད་སོགས་ཀྱི་རིག་འཛིན། །མཆོག་གཟིགས་ལོ་པཎ་གཏེར་འབྱིན་གྲུབ་ཐོབ་ཀྱི་ཚོགས་རྣམས། །མདོ་རྒྱུད་མན་ངག་ཉམས་རྟོགས་བགྲོ་གླེང་ལ་སྤྱོད་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༦ །རིག་སྔགས་འཆང་དང་བཀའ་སྡོད་ཕོ་ཉ་ཡི་ཚོགས་ཀྱིས། །དམོད་པའི་གཡུལ་འགྱེད་དྲག་པོའི་འཕྲིན་ལས་ཀྱི་མཐུ་ཡིས། །འགལ་བྱེད་བདུད་དགྲ་འབྱུང་པོ་མིང་མེད་དུ་བརླགས་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༧ །ཕོ་བྲང་ཁྱམས་ལ་དཔལ་གྱི་ཕོ་ཉ་ཡི་ཚོགས་དང་། །ལངྐ་འབར་མ་ཕྲ་མེན་གནས་ཉུལ་དང་བཅས་པས། །ཉམས་པ་སྐྲོད་ཅིང་དམ་ལྡན་བུ་བཞིན་དུ་སྐྱོང་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༨ །སྒོ་བཞིར་ཡུལ་འཁོར་སྲུང་སོགས་རྒྱལ་ཆེན་གྱི་ཚོགས་དང་། །དཀར་ཕྱོགས་སྐྱོང་བའི་སྡེ་དཔུང་ཁྲོམ་ལྟར་དུ་འཚོགས་ཏེ། །ཕྱི་ནང་བར་ཆད་སྲུང་བའི་ཕྲིན་ལས་ལ་བརྩོན་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༡༩ །ཕྱི་རོལ་སྤྲུལ་པའི་སྲིན་རྒྱལ་ཆེན་པོ་ནི་བརྒྱད་ཀྱིས། །ལེགས་ཉེས་ཤན་འབྱེད་ཁྲིམས་ཀྱི་བརྡ་ཐབས་ལ་བརྟེན་ནས། །ཤ་ཟ་སྲིན་པོའི་ཚོགས་རྣམས་དམ་ཆོས་ལ་བཙུད་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༢༠ །བར་ཁང་འོད་ལྔ་འཁྲིགས་པའི་གཞལ་ཡས་ཀྱི་དབུས་སུ། །སྙིང་རྗེའི་དབང་ཕྱུག་ལོངས་སྐུ་སྤྱན་རས་ནི་གཟིགས་དབང་། །རབ་འབྱམས་ང་རྩ་གསུམ་རྒྱ་མཚོའི་འཁོར་ཚོགས་ཀྱིས་བསྐོར་བའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་སྤྱན་རས་གཟིགས་དབང་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༢༡ །སྟེང་ཁང་སྟོང་གསལ་སྤྲོས་བྲལ་ཡེ་ཤེས་ཀྱི་ཞིང་དུ། །གདོད་མའི་མགོན་པོ་ཆོས་སྐུ་སྣང་མཐའ་ནི་ཡས་ལ། །རང་རྩལ་རོལ་པའི་འཁོར་ཚོགས་སྤྲིན་ལྟར་དུ་གཏིབ་པའི། །རྔ་ཡབ་དཔལ་རི་དག་པ་གཉིས་ལྡན་གྱི་ཞིང་གི །འདྲེན་མཆོག་མཚུངས་མེད་སྣང་བ་མཐའ་ཡས་དེ་མཁྱེན་ནོ། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རི་ལ་དྲོངས་མཛོད། ༢༢ །བདག་སོགས་ནམ་ཞིག་འཆི་བའི་དུས་སྐབས་ལ་བབ་ཚེ། །གནད་གཅོད་ཟུག་རྔུ་མེད་ཅིང་སྤྲོ་དགའ་དང་བཅས་ཏེ། །ཞིང་མཆོག་པདྨ་འོད་ཀྱི་ཕོ་བྲང་དུ་ཕྱིན་ནས། །ཕ་གཅིག་པད་འབྱུང་དགྱེས་པའི་ཞལ་མཆོག་དེ་སྟོན་ཤོག །༢༣ །རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་དང་མཉམ་དུ། །ཐེག་མཆོག་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ལ་རོལ་ནས། །དཀའ་བ་མེད་པར་ས་ལམ་ཅིག་ཆར་དུ་བགྲོད་དེ། །པད་འབྱུང་རྒྱལ་བའི་ཐུགས་དང་དབྱེར་མེད་དུ་གྱུར་ཅིག །༢༤ །དེ་ལས་གང་འདུལ་སྒྱུ་འཕྲུལ་སྣ་ཚོགས་ཀྱི་རོལ་མོས། །ཚད་མེད་ཕྲིན་ལས་རྣམ་བཞིའི་ཐབས་མཁས་ལ་བརྟེན་ནས། །མཁའ་མཐས་གཏུགས་པའི་མར་གྱུར་འགྲོ་བ་ཡི་ཚོགས་རྣམས། །པདྨ་འོད་དུ་འཁྲིད་པའི་དེད་དཔོན་དུ་གྱུར་ཅིག །༢༥ །བདག་ཉིད་མཐོང་ཐོས་དྲན་རེག་སྐྱེ་འགྲོ་ཡི་ཚོགས་ཀུན། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་ཀྱི་བླ་མས། །ཐུན་མིན་གདུལ་བྱར་བརྩེ་ཆེན་སྙིང་རྗེ་ཡིས་བཟུང་སྟེ། །སྨིན་གྲོལ་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ཞིག་རྩོལ་ཤོག །༢༦ །བདག་ནི་དེང་བཟུང་སྐྱེ་བ་ཚེ་རབས་ནི་ཀུན་ཏུ། །རིག་འཛིན་པདྨ་ཀ་རའི་ཕྲིན་ལས་ཀྱི་ཕོ་ཉར། །གྱུར་ནས་ཕ་མ་མཁའ་མཉམ་སེམས་ཅན་གྱི་ཚོགས་རྣམས། །གདོད་མའི་དབྱིངས་སུ་འཁྲིད་པའི་དེད་དཔོན་དུ་གྱུར་ཅིག །༢༧ །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན་བཞུགས་པའི། །དཀོན་མཆོག་གསུམ་དང་རྩ་གསུམ་དཀྱིལ་འཁོར་གྱི་ལྷ་ཡིས། །སྨོན་པའི་གནས་ཀུན་གེགས་མེད་ཡིད་བཞིན་དུ་འགྲུབ་པའི། །མཐུན་འགྱུར་མཛོད་ལ་ཤིས་པའི་མེ་ཏོག་ཅིག་སྩོལ་ཤོག །༢༨ །ཅེས་པ་འདི་ནི་རབ་བྱུང་བཅུ་བདུན་པའི་ནང་ཚན་ཆུ་ཕོ་སྤྲེལ་གྱི་ལོའི་ཧོར་ཟླ་དྲུག་པ་སྤྲེལ་གྱི་ཟླ་བའི་ཡར་ངོའི་ཚེས་བཅུའི་དུས་མཆོད་ཀྱི་སྐབས་སུ་རྡོ་རྗེའི་མཆེད་པོ་ཤེས་རབ་མཆོག་ལྡན་གྱིས་དཔལ་རིའི་སྨོན་ལམ་ཞིག་མ་བྲིས་ཐབས་མེད་ཀྱི་ནན་བསྐུལ་བགྱིས་པ་ལྡོག་ཏུ་ནི་མ་བཏུབ། འབྲི་ནི་མི་ཤེས། མ་བྲིས་ན་མཆེད་གྲོགས་ཀྱི་ཐུགས་ལ་གནོད་འགྲོ་བར་དོགས་ནས་བྲིས་མདོག་བྱས་ཀྱང་ཕྲན་གྱིས་ཉབ་ཉོབ་འདི་འདྲ་ཞིག་མ་གཏོགས་འབྲི་མ་ཤེས་པ་ལ་ཐུགས་ཁྲེལ་མི་མཛད་པར་ཞུ་ཞུ། དཔལ་ལྡན་ནས་ཕུལ། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །ཤེས་རབ་མཆོག་གི་སྣང་བ་ཡིས། །རྨོངས་པའི་མུན་པ་རབ་བསལ་ནས། །ཐར་བའི་ལམ་བཟང་སྟོན་མཛད་པ། །བླ་མེད་བླ་མ་རྒྱལ་གྱུར་ཅིག །ཡང་དག་ཡེ་ཤེས་སྒྱུ་མའི་རྟེན་འབྲེལ་ལས། །མཚན་དཔེའི་རི་མོ་བཀྲ་བ་གཟུགས་ཀྱི་སྐུ། །སྲིད་པའི་གདུང་བ་སེལ་བའི་འོད་དཀར་ཅན། །བསོད་ནམས་བྱེ་བའི་འབྱུང་གནས་གང་དྲུང་དུ། །སོར་བཅུའི་པདྨོ་འཛུམ་པའི་རྣམ་འགྱུར་ལས། །དད་བརྒྱའི་ཀུ་མུད་དགོད་པའི་དཔལ་རྟོགས་པའི། །དགེ་མཚན་གསར་དུ་ངོམ་དང་ཆབ་གཅིག་པར། །ཞུ་མཆིད་རྒྱུ་སྐར་ལྷ་མོའི་མགྲིན་གླུ་སྒྲོག །གཅིག་དང་དུ་མའི་མཐའ་ལ་གནས་མིན་པའི། །རྒྱལ་བའི་ཡེ་ཤེས་གཅིག་གི་ཆོ་འཕྲུལ་ལས། །འགྲོ་ཁམས་མོས་པའི་བྱེ་བྲག་ཇི་སྙེད་དུ། །རྣམ་རོལ་སྤྲུལ་པའི་ཟླ་བ་བགྲངས་ཡས་འཆར། །གང་ཡང་རང་བཞིན་མེད་པར་རོ་གཅིག་པ། །སྣང་ཚུལ་ཅིར་ཡང་འཆར་བ་ཆོས་ཉིད་ཕྱིར། །སྟོང་དང་རྟེན་འབྲེལ་འགལ་བ་མེད་ཚུལ་ལས། །སྲིད་དང་ཞི་བའི་ཆོས་ཁམས་གང་ཞིག་འདའ། །དེ་ཕྱིར་ཆོས་ཉིད་དག་པའི་ཆོས་སྐུ་ལས། །རྟེན་འབྱུང་ཡེ་ཤེས་འཁོར་ལོའི་སྒྱུ་འཕྲུལ་སྤྲིན། །པདྨའི་ཞལ་སྐྱིན་རིག་འཛིན་རྒོད་ལྡེམ་པ། །སྙིགས་འགྲོའི་མགོན་དུ་གྱུར་པ་ཁྱེད་མིན་ནམ། །སྣང་བའི་བདེན་ཞེན་ཟད་པའི་རིག་ངོ་ན། །རྙེད་བཀུར་མཚན་མར་འཛིན་པའི་བློ་ཟད་ཀྱང་། །སྙིང་རྗེའི་རྩ་བ་བརྟན་པའི་བྱང་སེམས་ཀྱིས། །ཕང་ཕུང་སྲིད་པའི་གདུང་སེལ་རབ་ཏུ་རྒྱས། །གང་གི་བྱིན་རླབས་ཐུགས་རྗེའི་གྲིབ་བསིལ་དུ། །བསྟི་བའི་ངལ་གསོ་ཐོབ་པའི་སྐལ་བཟང་ཡང་། །མཐོ་རིས་ཡོན་ཏན་དུ་མའི་དགའ་བ་ལས། །རོལ་བའི་དཔལ་འབྱོར་གསར་དུ་བསྐྱེད་མིན་ནམ། །དེ་སླད་བརྩེ་བའི་མ་ལ་བུས་བོས་བཞིན། །རབ་དགའི་མིག་དཀྱུས་གཡོ་དང་ཆབས་གཅིག་པར། །དངོས་འབྱོར་མཆོད་པའི་མེ་ཏོག་ཆུང་ངུ་ཡང་། །ཞུམ་མེད་སྟོབས་པའི་ཚུལ་ལ་སྤྲོ་བ་འཕེལ། །གང་ཞིག་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་ཉིད་གདུལ་དཀའ་སྙིགས་མའི་འགྲོ་ངོར་སླར་ཡང་སྤྲུལ་པའི་རོལ་གར་དུ་བསྟན་པ། སྨིན་གྲོལ་ནོར་བུའི་མཛོད་ཀྱི་དགའ་སྟོན་འགྱེད་པ་པོ་གང་ཉིད། སྔོན་སྨོན་ལམ་ཟབ་མོའི་རྟེན་འབྲེལ་དང་། ཐུགས་བསྐྱེད་བླ་ན་མེད་པའི་མཚམས་སྦྱོར་ལས་མདོ་ཁམས་སའི་ལྟེ་བ། དགེ་ལེགས་ཡོངས་འཛོམས་འཛིན་མའི་ལྗོངས་འདིར། ཞབས་ཀྱི་འཁོར་ལོ་ལེགས་པར་བཀོད་དེ། ཁོ་བོ་གང་དུ་བསྟི་བའི་གཙུག་ལག་ཁང་ཆེན་པོ་འདིར་ཡང་། བཀྲ་ཤིས་དགེ་མཚན་བརྒྱ་ཕྲག་གི་བྱེད་པོ། ཞལ་དཀྱིལ་ཟླ་བ་གང་བའི་ལང་ཚོ། སྐལ་བཟང་མིག་གི་བདུད་རྩིར་སྣང་བར་མཛད་ནས། སྨིན་གྲོལ་ཟབ་མོའི་དགའ་སྟོན་གྱིས་རིགས་མཆོག་རྡོ་རྗེ་འཆང་གི་རྒྱལ་སར་དབང་འབྱོར་བ་དང་། མཐོང་ཐོས་དྲན་རེག་གིས་འབྲེལ་བའི་སྐལ་མེད་ཐར་བའི་ས་བོན་འདེབས་པ་དང་། རྟེན་འབྲེལ་ཟབ་མོའི་ཆོ་གས་སྣོད་བཅུད་དགེ་ལེགས་སུ་བྱེད་པའི་ཐབས་མཁས་ངོམ་པ་སོགས་གང་ལ་གང་འདུལ་གྱི་མཛད་པ་དཔག་དཀའ་བའི་ཐུགས་རྗེ་གཞལ་དུ་མེད་པའི་བཀའ་དྲིན་གྱིས་བསྐྱངས་བར་མཛད་པའི་སྐུ་དྲིན་ནམ་མཁའི་མཐའ་བཞིན་གཞལ་བར་ནུས་པ་མ་ཡིན་མོད་ཀྱི། རང་བློས་བྱས་ཤེས་དྲིན་གཟོའི་སྲོལ་ཀ་མི་ནུབ་པའི་བརྡ་ཙམ་དུ། ཐོག་མར་བཀྲ་ཤིས་ལྷ་གོས་ཟླ་བའི་མདངས་ཅན་བཀྲ་ཤིས་པའི་རི་མོ་བཀྲ་བ་སོགས་འབུལ་རྒྱུའི་དངོས་རྫས་གང་ཡོད་རིམ་བཞིན་བརྗོད་དེ་ཞུས་མཐར། དེ་ལྟར་དངོས་འབྱོར་ཟང་ཟིང་གི་མཆོད་པ་ཕྲ་མོའི་མཚོན་པའི་རྟེན་དུ་བྱས་ཏེ་ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྗེས་སུ་སློབ་པའི་མོས་འདུན་རྣམ་པར་དག་པ་དང་བཅས་དགེ་ཚོགས་བྱང་ཆེན་དུ་བསྔོ་བའི་ཚིགས་སུ་བཅད་པའི་དབྱངས་ལ་འཁོར་གསུམ་བདེན་ཞེན་དག་པའི་ཟག་མེད་ཐུགས་ཀྱི་དགོངས་པས་རྗེས་སུ་དགོངས་ཤིང་། ཚངས་དབྱངས་གསུང་གིས་བརྗོད་པའི་མཐུན་འགྱུར་ཀྱང་བཀའ་དྲིན་དུ་ཞུ་ལགས། གང་ཞིག་བྱང་ཆེན་རྒྱ་མཚོར་རོ་གཅིག་པའི། །སེམས་མཆོག་སྙིང་རྗེའི་ཤུགས་ཀྱིས་སྲིད་འགྲོ་སྤྱིའི། །རྣམ་མཁྱེན་ཡེ་ཤེས་རྒྱ་མཚོའི་ཚོང་ཟོང་དུ། །སྦྱར་ལ་ཡིད་འོང་འབྲས་བུ་ཅིས་མི་སྨོན། །གནས་སྐབས་བྱང་ཆེན་སྤྱོད་པ་བླ་ན་མེད། །ཀུན་བཟང་འཇམ་དཔལ་དཔའ་བོའི་རྗེས་སློབ་པའི། །ཐབས་ཚུལ་ནམ་མཁའི་ཕྱོགས་དུས་ལ་འགྲན་ལ། །མི་ངལ་བརྩོན་པའི་ཁུར་དུ་ཐོབ་པར་ཤོག །དེ་འབྲས་མ་རྒན་འགྲོ་བའི་དགའ་སྟོན་དུ། །གྱུར་ནས་སྲིད་པའི་དུཿཁ་ཀུན་ཞི་ཞིང་། །ལམ་དང་ལམ་གྱི་སྟེང་ལ་བདེར་འཛེགས་པའི། །བགྲོད་པ་ནོར་བུའི་ཐེམ་སྐས་རྟེན་གྱུར་ཅིག །ཁྱད་པར་སྙིགས་མའི་སྐྱབས་མགོན་རྡོ་རྗེ་འཆང་། །ཕྲིན་ལས་ནམ་མཁའི་མཐས་ཀྱང་གཞལ་དཀའ་བར། །གསལ་བྱེད་སྤྲུལ་བའི་རོལ་གར་འབུམ་ཕྲག་འབུམ། །མཐོང་བའི་སྐལ་བཟང་དགའ་བ་རྟག་འཆར་ཤོག །གང་གི་སྐུ་མཆོག་མཚན་དཔེའི་རབ་ཏུ་བརྗིད། །གང་གསུང་ཡན་ལག་དྲུག་ཅུའི་རྒྱུད་མང་སྒྲོག །གང་ཐུགས་མཁྱེན་པས་ཤེས་བྱ་ཡོངས་ཁྱབ་པ། །གང་གི་ཞབས་པད་བསྐལ་བརྒྱར་བརྟན་པར་ཤོག །ཞལ་མཇལ་གསུང་གི་བདུད་རྩིས་ལེགས་བཏབ་པའི། །བདག་ཅག་ལྟོས་བཅས་སློབ་མའི་འཁོར་ཚོགས་ཀྱང་། །སྨིན་གྲོལ་ལམ་གྱི་སྦྱངས་བརྩོན་མི་དམན་ཞིང་། །ཀུན་ཤེས་མཐོང་སྒོམ་འབྲས་བུ་དར་གྱུར་ཅིག །ས་ཕྱོགས་འདིས་མཚོན་ཡངས་པའི་རྒྱལ་ཁམས་ཀུན། །སྙིགས་མའི་རྒུད་པ་མིང་གི་མཐར་བྱས་ཏེ། །རྫོགས་ལྡན་གསར་དུ་མཐོང་བའི་ངོ་མཚར་གྱིས། །སྣོད་བཅུད་སུམ་རྩེན་གནས་དང་འགྲན་པར་སྨོན། །སྨོན་འོས་ལེགས་ལམ་སྟོང་གི་རྒྱུད་གཅིག་ཏུ། །རྙིང་བསྟན་ལྷ་ལམ་ཡངས་པའི་དོ་ར་ན། །བཀའ་གཏེར་ཉི་ཟླའི་བགྲོད་པ་ཕྱོགས་མཐུན་པའི། །དགེ་ལེགས་ངེས་པ་ལྔ་ལྡན་ཞིང་བཞིན་དུ། །འཛམ་གླིང་ཡངས་པའི་ཁམས་ཀུན་འགེངས་གྱུར་ཅིག །སྔོན་བྱོན་ཆོས་རྒྱལ་ཡབ་སྲས་ཐུགས་བསྐྱེད་རྒྱུན། །ཕྱིས་འབྱུང་གདུལ་བྱ་འདུལ་བའི་ཐབས་མང་པོ། །གེགས་མེད་རྟེན་འབྲེལ་སྒོ་འཕར་བརྒྱ་ཕྱེ་ཞིང་། །བསྟན་འགྲོའི་ལེགས་ལམ་སྣང་བ་རྒྱས་པར་སྨོན། །བཀྲ་ཤིས་གང་ཞིག་སྲིད་དང་ཞི་བའི་གདུང་སེལ་བ། །རིན་ཆེན་སེམས་དང་གཉིས་སུ་དབྱེ་བ་མེད་གྱུར་གང་། །དམིགས་བྲལ་ཆོས་ཉིད་མངོན་སུམ་གཟིགས་པའི་དགེ་བ་དེས། །ས་གསུམ་ཡང་དག་ཡེ་ཤེས་སྣང་བ་འབར་གྱུར་ཅིག །བཀྲ་ཤིས་ཤིང་དགེ་བར་གྱུར་ཅིག །མཁན་རིན་པོ་ཆེ་དཔལ་ལྡན་རྡོ་རྗེའི་གསུང་འཁྲུལ་མེད་ཡིན།
༈ སླར་སྨྲས་པ། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ན། །བཞུགས་པའི་སངས་རྒྱས་བྱང་སེམས་ཉན་རང་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས། །དེང་འདིར་ཡོངས་བསྔོ་འགྲུབ་པའི་མཐུན་འགྱུར་ཞུ། །རྣམ་དཀར་བླ་མེད་དགེ་བ་འདིས་མཚོན་པའི། །དུས་གསུམ་བསགས་པའི་དགེ་ཚོགས་ཀུན་བསྡོམས་ཏེ། །འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་པོ་སོགས། །སྲས་བཅས་རྒྱལ་བའི་ཡོངས་བསྔོ་མཆོག་གིས་བསྔོ། །རིས་མེད་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །པདྨའི་རིང་ལུགས་གསང་སྔགས་སྔ་འགྱུར་པའི། །བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། །དར་ཞིང་རྒྱས་ལ་ཡུན་དུ་གནས་གྱུར་ཅིག །བསྟན་འཛིན་སྐྱེས་བུ་དམ་པའི་ཚོགས་རྣམས་ཀྱི། །མཐུན་རྐྱེན་ལེགས་ཚོགས་འབད་མེད་འབྱུང་བ་དང་། །བཞེད་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །ཞི་བར་གཤེགས་པའི་བླ་མ་དམ་པ་རྣམས། །ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། །གདུལ་དཀའི་འགྲོ་རྣམས་རྗེས་སུ་བཟུང་བའི་ཕྱིར། །སྤྲུལ་པའི་གཟུགས་སྐུ་མྱུར་དུ་འབྱོན་གྱུར་ཅིག །ཕྱོགས་བཅུའི་དགེ་འདུན་ཐུགས་མཐུན་ཚུལ་ཁྲིམས་གཙང་། །བསླབ་གསུམ་ངུར་སྨྲིག་གོས་ཀྱིས་རབ་བརྒྱན་ཞིང་། །སྤོང་ཀློག་འཆད་རྩོད་རྩོམ་པས་དུས་འདའ་བའི། །འདུས་པའི་ཚོགས་ཀྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་བབས། །ལོ་ལེགས་ཕྱུགས་འཕེལ་ཚེ་དཔལ་འབྱོར་བ་རྒྱས། །མི་ཕྱུགས་ནད་རིམས་གངས་ཞོད་མཚོན་འཁྲུགས་སོགས། །ཞི་ནས་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཅིག །ཁྱད་པར་དཔལ་ལྡན་བླ་མའི་འབྲེལ་ཐོགས་གཙོའི། །མཁའ་ཁྱབ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །དང་འདོད་ཡིད་ཆེས་དད་པ་དྲག་པོ་ཡིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་གྱུར་ཅིག །རང་དོན་ཡིད་བྱེད་བློ་ཡིས་མ་གོས་པར། །མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །དམིགས་མེད་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །གོང་ནས་གོང་དུ་འཕེལ་ཞིང་རྒྱས་གྱུར་ཅིག །ཁམས་གསུམ་རིགས་དྲུག་ཟོ་ཆུན་ཁྱུད་མོ་བཞིན། །མཐའ་མེད་ཁ་བརྒྱུད་སྡུག་བསྔལ་གླིང་འདི་ལ། །དུག་སྦྲུལ་ཚང་དང་མེ་ཡི་འོབས་ལྟ་བུར། །མཐོང་ནས་ངེས་འབྱུང་སྐྱོ་ཤས་སྐྱེ་གྱུར་ཅིག །རྒྱུ་དཔེ་གྲངས་གསུམ་གང་ལ་བསམ་ན་ཡང་། །རྙེད་པར་དཀའ་བའི་ཚུལ་ལ་ཡིད་ཆེས་ནས། །འཇིག་རྟེན་འཁོར་བའི་བྱ་བས་མི་བྲེལ་བར། །དལ་འབྱོར་རྟེན་ལ་སྙིང་པོ་ལོན་གྱུར་ཅིག །ངེས་པར་འཆི་དང་ནམ་འཆི་ཆ་མེད་ལ། །སྙིང་ནས་ཡིད་ཆེས་ངེས་པ་རྙེད་པའི་མཐུས། །རྟག་འཛིན་སེམས་ཀྱིས་རང་མགོ་མི་བསྐོར་བར། །མྱུར་དུ་དམ་པའི་ལྷ་ཆོས་བྱེད་གྱུར་ཅིག །སོ་ཐར་བྱང་སེམས་སྔགས་ཀྱི་སྒོར་ཞུགས་ནས། །ལམ་གྱི་བར་ཆད་ཉེས་ལྟུང་རྔམ་པོ་ཆེ། །ཚུལ་ཁྲིམས་སྡོམ་པ་དམ་ཚིག་ཉམས་གྱུར་ན། །སྟོབས་བཞིའི་བཤགས་པས་རང་རྒྱུད་དག་པར་ཤོག །བཀའ་དྲིན་སུམ་ལྡན་དཔལ་མགོན་བླ་མ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །རྟག་པར་བར་མེད་གསོལ་བ་འདེབས་པར་ཤོག །བྱིན་རླབས་གཏེར་མཛོད་དཔལ་ལྡན་བླ་མ་ཉིད། །འབྲལ་མེད་སྤྱི་བོའི་གཙུག་ཏུ་བསྒོམས་ནས་སུ། །དབང་བཞི་བླང་མཐུས་ཐུགས་ཡིད་གཅིག་འདྲེས་ཏེ། །རྟོགས་པའི་ཉི་མ་ཁོང་ནས་འཆར་བར་ཤོག །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །གདོད་ནས་སྐྱེ་འགག་མཚན་མ་མེད་པའི་དབྱིངས། །སྤྲོས་བྲལ་རང་བྱུང་རིག་པ་ཡེ་ཤེས་ལྔའི། །རང་ངོ་ཤེས་པ་ལྟ་བའི་གདེང་ཐོབ་ཤོག །འགྱུར་མེད་ནམ་མཁའ་ལྟ་བུའི་གནས་ལུགས་འདི། །དམིགས་གཏད་མཚན་མའི་སྒྲོག་ཏུ་མི་བཅུག་པར། །ཡེངས་མེད་སྒོམ་མེད་རང་ངོ་སྐྱོང་བ་ཡིས། །གནས་ལུགས་སྒོམ་པའི་རྩལ་ཆེན་རྫོགས་པར་ཤོག །ལྟ་བའི་ཕྱོགས་སུ་སྤྱོད་པ་མི་ཤོར་ཞིང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མི་ཤོར་བར། །ལྟ་སྤྱོད་ཟུང་འཇུག་སྒྱུ་མའི་རྣལ་འབྱོར་ཆེ། །བླང་དོར་བྲལ་བའི་སྤྱོད་པ་མཐར་ཕྱིན་ཤོག །དཔལ་ལྡན་ནས་བྲིས།