མདོ་ཁམས་གཡུ་ཁོག་ཡུལ་གྱི་གནས་ཡིག་ཕྱོགས་བསྒྲིགས།
ཆེད་དུ་བརྗོད་པའི་འཕྲིན་ཐུང་། མཁན་ཤེས་བྱ་ཀུན་གཟིགས།
དེ་ཡང་འཛམ་གླིང་ནོར་འཛིན་གྱི་ཏོག་ལྟར་གནས་པའི་བསིལ་ལྡན་ཁ་བའི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་སྐྱེ་དགུའི་ཕན་བདེའི་གཞི་རྩ་ཉག་གཅིག་རྒྱལ་བསྟན་རིན་པོ་ཆེ་སྤེལ་བར་མཛད་པ་དང་། ལྷག་པར་སྔོན་སྨོན་ཐུགས་བསྐྱེད་དུས་སུ་སད་པའི་ཉེར་ལེན་ལས། མཁན་སློབ་ཆོས་གསུམ་གདན་འཛོམས་པས་དམ་ཆོས་མདོ་སྔགས་ཀྱི་ཐེག་པ་ཚང་ལ་མ་ནོར་བ་དར་ཞིང་རྒྱས་པར་མཛད། ཁྱད་པར་དུ། གངས་ལྗོངས་ས་གཞི་རྟ་རྨིག་གང་ཙམ་ཡང༔ ཞབས་ཀྱིས་མ་བཅག་མེད་པའི་བྱིན་རླབས་མཛད༔ ཅེས་པ་ལྟར་གུ་རུ་ཡབ་ཡུམ་དང་། ཐུགས་སྲས་རྗེ་འབངས་རྣམས་ཀྱིས་བོད་ཡུལ་སྤྱི་དང་ཁྱད་པར་གྱི་གནས་དང་། རི་མཚོ་གངས་བྲག་ཐམས་ཅད་དུ་ངོ་མཚར་གཏེར་ཁ་སྦས་པ་དང་། སྒྲུབ་པའི་གནས་མཆོག་ཁྱད་འཕགས་སུ་བྱིན་གྱིས་བརླབས་པས། དེང་གི་དུས་སུ་ཡང་གནས་ཀྱིས་གང་ཟག་བྱིན་གྱིས་རློབ་པའི་ཡ་མཚན་གྱི་ལོ་རྒྱུས་སྐྱེ་དགུའི་དཔལ་དུ་ཆེ།
དེ་ལས་མདོ་སྨད་ས་ཡི་ཐིག་ལེ། གཡུ་ལྗོངས་ལྷ་ཡི་ལུང་པར་ཡང་གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། གྲུབ་ཐོབ་སྐྱེས་བུ་རྒ་ལོ། ལྷ་ལུང་དཔལ་གྱི་རྡོ་རྗེ། གླིང་རྗེ་གེ་སར་ལྷ་འཁོར་སོགས་ཀྱི་དངོས་དང་རྫུ་འཕྲུལ་གྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་གནས་རི་ངོ་མཚར་ཅན་དུ་མ་བྱིན་ཅན་དུ་བསྒྱུར་བར་མཛད་ཅིང་། དེ་དག་གི་རྣམ་པར་འཕྲུལ་བའི་སྐྱེས་ཆེན་སྤྲུལ་པའི་སྐུ་རྣམས་ཀྱིས་སྔོན་གནས་རྗེས་དྲན་གྱི་དག་པའི་སྣང་བ་འབྱམས་སུ་ཀླས་པས་ངོས་འཛིན་དང་གནས་ཡིག་ཕབས་པ་སོགས་ཀྱིས་ལས་ཅན་སྐལ་བཟང་གི་སྐྱེ་བོ་དུ་མ་ལ་ཐར་ལམ་གྱི་སྣང་བ་བསྐྲུན།
ད་ལམ་ཆོས་ཀྱི་མཆེད་པོ་ཡི་དམ་རྡོ་རྗེས་ངོ་མཚར་ཁྱད་ཡོན་ལྡན་པའི་གནས་དེ་དག་གི་ལོ་རྒྱུས་དང་གནས་ཡིག་ཕྱོགས་དུ་མ་ནས་དཀའ་ཚེགས་ཆེན་པོས་འཚོལ་སྡུད་ཕྱོགས་བསྒྲིགས་ཀྱིས་དེབ་ཆུང་འདི་ཉིད་དད་ལྡན་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ལ། གུས་པས་རྒྱང་རིང་ནས་རྗེས་སུ་ཡི་རང་དང་ལེགས་སོའི་མེ་ཏོག་ཆབས་གཅིག་ཏུ་འཐོར་བ་དང་། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
སླད་མར་གནས་ཡིག་འདི་སྐྱེ་དགུ་ཀུན་ལ་ཐར་ལམ་གྱི་སྣང་བ་དཀར་པོ་འདྲེན་པའི་དེད་དཔོན་དུ་འགྱུར་བར་སྨོན་ཅེས།
ལྟེ་བའི་མཚལ་ཐིགས་གཡུ་ལྗོངས་འཛིན་མར་འཕོས་ཀྱང་། ལས་ཀྱི་བསྐོས་ཐང་ས་མཐར་འཁྱམས་པ་ལ་དབང་བ། མཁན་པོའི་མིང་གིས་བརྗིད་པ་ཤེས་བྱ་ཀུན་གཟིགས་དེས།
ཡུལ་དབུས་གཙང་གཡོ་རུ་གྲྭ་ཕྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་གྲྭ་ནས།
རབ་གནས་ལྕགས་སྟག་ལོའི་ས་ཟླའི་ཚེས་བཅུ་བཟང་པོར་འཕྲལ་དུ་ཕུལ་བ་དགེ།
ཀློག་པ་པོར་ཞུ་བའི་གཏམ། ཡི་དམ་རྡོ་རྗེ།
བརྩེ་ལྡན་གྱི་ཀློག་པ་པོ་ལགས།
འུ་ཅག་གི་ཕ་ས་སྨུག་པོ་སྟེ་རི་མཐོ་ས་གཙང་གི་ཞིང་ཁམས། བསིལ་ལྡན་ཁ་བའི་ཡུལ་གྲུ་ཆེན་པོ་འདི་ནི་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་ཡིན་ཕྱིར་རིགས་གསུམ་སྤྲུལ་པའི་མི་རྗེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱིས་ལུགས་གཉིས་ཀྱི་ཕ་ཆུས་བཟུང་། །
རྒྱལ་དབང་པདྨ་ཀཱ་རས་ཞབས་ཀྱིས་མ་བཅགས་པ་མེད་པར་གཏེར་སྦས་བྱིན་གྱིས་བརླབས་པའི་གནས་མཆོག་ཞིག་ཡིན་པ་གཞིར་བཅས། ཁྱད་པར་མདོ་ཁམས་གཡུ་མཁར་བདེ་སྐྱིད་ནོར་བུའི་ར་བ་འདིར་ཡང་འཕགས་བོད་ཀྱི་ཆེ་དགུའི་གཙུག་རྒྱན་དུ་གྱུར་པ་དུ་མས་ཞབས་ཀྱིས་བཅགས་ཤིང་གཏེར་ཁ་སྦས། སྒྲུབ་གནས་དབེན་རིར་བྱིན་གྱིས་བརླབས་པ་དང་། ཡུལ་འདིར་བྱོན་པའི་སྐྱེས་ཆེན་དུ་མས་གནས་སྒོ་ཕྱེས་པའི་འབྲེལ་ཚད་དོན་ལྡན་གྱི་གནས་མཆོག་དུ་མ་ཞིག་བཞུགས་པའི་གནས་ཡིག་དང་ལོ་རྒྱུས་ཕལ་མོ་ཆེ་དུས་འགྱུར་ཁྲོད་གཏོར་བརླགས་སུ་གྱུར་པ་དང་།
ཁ་ཤས་ཡོད་པ་དག་ཀྱང་རྡོ་དང་ཤིང་ངོས་སུ་བརྐོས་བྲིས་བྱས་པ་དང་། རྒན་རབས་རེ་ཟུང་གི་བློ་ལ་ཐར་ཐོར་བཞུགས་པ་ཁ་ཤས་ལས་དཔེ་རྒྱུན་ཆེས་དཀོན་པར་གྱུར་པ་ཉམས་སུ་ཕངས་ནས་ཆེད་དུ་གནས་ཡིག་རྣམས་འཚོལ་སྡུད་དཔེ་བཤུ་བྱེད་པར་གང་སར་ཕྱིན་པ་དང་།
གནས་ཁ་ཤས་ཀྱི་གནས་ཡིག་གཏན་བརླགས་སུ་གྱུར་པ་གནས་བསང་དང་། རྒན་རབས་དག་གི་ངག་སྒྲོས་ཁུང་ལྡན་ལ་གཞི་བཅོལ་ནས་ཁོ་བོས་བསྟོད་ཚིག་གསར་དུ་བྲིས་པ་ཁ་ཤས་ཀྱང་བཅུག་པ་དང་། ཁྱད་པར་གཏོང་ཕོད་ཀྱི་ཕྱག་ཟུང་རིང་དུ་རྐྱོང་བའི་སྤུན་མཆོག་ཚེ་དབང་ནོར་བུས་དཔར་སྐྲུན་གྱི་མཐུན་རྐྱེན་ཡོངས་རྫོགས་སྦྱར་བའིི་བཀའ་དྲིན་སོགས་ལ་བརྟེན་ནས་མདོ་ཁམས་གཡུ་ཁོག་ཡུལ་གྱི་གནས་ཡིག་ཕྱོགས་བསྒྲིགས་དགེ་མཚན་བྱེ་བའི་འོད་སྣང་ཞེས་པའི་དེབ་ཆུང་འདིའི་ལང་ཚོའི་འདབ་བརྒྱ་བཞད་པའི་གོ་སྐབས་བྱུང་བ་ཡིན། དེས་ན་དེབ་ཆུང་འདིའི་ལྷད་མེད་དྭངས་གཙང་གི་འཛུམ་དཀར་ཁྱེད་ལ་འཁོར་བ་རྩིས་མེད་དུ་མི་གཏོང་བར་གཞན་ཕན་ལྷག་བསམ་དག་པས་གནས་སོ་སོར་མཇལ་སྐོར་རེ་བྱེད་རྒྱུ་དང་། མི་རབས་རྒྱུད་འཛིན་གྱི་གཞོན་སྐྱེས་དག་ལ་གནས་བཤད་རེ་བྱེད་རྒྱུ་ཐུགས་དབུས་སུ་འཆང་འཚལ། གནས་ཡིག་སྒྲིག་སྤེལ་གྱི་ཐད་ནོར་འཁྲུལ་གང་མང་ཞིག་ཤོར་ཡོད་ངེས་པས་དེ་དག་མཁའ་ལྟར་ཡངས་པའི་ཐུགས་ཀློང་དུ་བཟོད་པར་གསོལ་ཞེས།
རྩོམ་སྒྲིག་པས། །
གནས་ལུང་དཔལ་གྱི་རི་བོའི་དཀར་ཆགས་དད་ལྡན་དགའ་བ་སྐྱེད་བྱེད། ལོ་ཆེན་བཻ་རོ་ཙཱ་ན།
༁ྃ༔ གནས་ལུང་དཔལ་གྱི་རི་བོའི་དཀར་ཆགས་དད་ལྡན་དགའ་བ་སྐྱེད་བྱེད་ཅེས་བྱ་བ་བཞུགས་སོ༔
ན་མོ་གུ་རུ་དྷེ་ཝ་ཊཱཀྐི་ནི་ཡེ༔
ཡེ་ནས་རང་རིག་གཞན་དུ་མ་འཁྲུལ་བའི༔
ཐོག་མའི་མགོན་པོ་ཀུན་བཟང་སྣང་མཐའ་དང༔
སྤྱན་རས་གཟིགས་དབང་གུ་རུ་པད་འབྱུང་སོགས༔
སྐུ་གསུམ་རྒྱལ་བ་རྣམས་ལ་གུས་པས་འདུད༔
ཆོས་སྐུའི་ཞིང་མཆོག་རབ་འབྱམས་ནམ་མཁར་ཁྱབ༔
ལོངས་སྐུའི་ཞིང་ཁམས་མ་འདྲེས་འོད་ལྔར་གྲུབ༔
སྤྲུལ་སྐུའི་འདུལ་ཞིང་འཛམ་གླིང་བྱེ་ཕྲག་བརྒྱ༔
དེ་དག་གང་འདུལ་སྣང་ངོར་ལྷུན་གྱིས་གྲུབ༔
ཁྱད་པར་འཇིག་རྟེན་ཞིང་ཁམས་གཅིག་པུ་འདིར༔
མ་སྲིང་མཁའ་འགྲོ་རྒྱ་མཚོ་འདུ་བའི་གནས༔
ཡུལ་མཆོག་ཆེན་པོ་ཉི་ཤུ་རྩ་བཞི་དང༔
སུམ་ཅུ་རྩ་གཉིས་གནས་ཀྱི་མཆོག་ཏུ་གྲགས༔
འཛམ་གླིང་འདིའི་དབུས་རྒྱ་གར་རྡོ་རྗེ་གདན༔
སྐལ་བཟང་རྣམ་འདྲེན་སྟོང་ཕྲག་བྱོན་པའི་ཡུལ༔
དེ་ཡི་བྱང་ཕྱོགས་བསིལ་ལྡན་གངས་ལྗོངས་འདི༔
རྒྱལ་སྲས་རིགས་གསུམ་མགོན་པོ་སྤྱི་དང་ནི༔
ཁྱད་པར་སྤྱན་རས་གཟིགས་དང་པད་འབྱུང་གི༔
གདུལ་ཞིང་ཆེད་དུ་བསྔགས་པ་ཡིན་ནོ་ཞེས༔
མདོ་སྔགས་རྒྱུད་ལུང་ཀུན་ནས་གསལ་བར་གསུངས༔
ལྗོངས་འདིར་ཡོངས་སུ་གྲགས་པའི་གནས་ཆེན་ནི༔
ལུང་ལྔ་ལྗོངས་གསུམ་ལྗོངས་ཆེན་བཅོ་བརྒྱད་དང༔
རི་ཆེན་བཞི་དང་མཚོ་ཆེན་རྣམ་པ་བཞི༔
ཁྱད་འཕགས་གནས་ཆེན་བརྒྱ་རྩ་བརྒྱད་དང་ནི༔
སྦས་གནས་ཆེན་པོ་སྟོང་དང་བརྒྱ་ཕྲག་ཡོད༔
སྟོད་ཀྱི་གངས་དཀར་ཏེ་སེ་ནས་བཟུང་སྟེ༔
མངའ་རི་སྐོར་གསུམ་དབུས་གཙང་རུ་བཞི་དང༔
མཐའ་འཁོབ་རོང་བརྒྱད་ཀློ་མོན་ཀོང་པོའི་ཡུལ༔
མདོ་ཁམས་སྒང་དྲུག་སྨད་ཀྱི་རྒྱ་ནག་བར༔
རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་རྣམས་ཀྱིས༔
སྐུ་དངོས་དང་ནི་སྤྲུལ་པ་དཔག་མེད་ཀྱིས༔
ཞབས་ཀྱིས་བཅགས་ཤིང་བསྟན་འགྲོའི་དོན་ཆེད་དུ༔
སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་ཡི་གནས༔
རང་རང་ཡུལ་དང་མཐུན་པར་བྱིན་གྱིས་བརླབས༔
གངས་ཁྲོད་རི་བྲག་རྣམས་ལ་སྒྲུབ་གནས་མཛད༔
མ་འོངས་དོན་ཕྱིར་ཆོས་ནོར་གཏེར་ཁ་སྦས༔
ལྷ་སྔགས་ཕྱག་རྒྱ་སྐུ་དང་ཕྱག་ཞབས་རྗེས༔
མི་འགྱུར་རྡོ་ཡི་རི་མོ་བཀོད་ནས་བཞག༔
སྨད་ཀྱི་མདོ་ཁམས་འཛིན་མའི་ཡུལ་ལྗོངས་འདིར༔
བསོ་ཐོག་སྐུ་དང་བ་གནས་གསུང་གི་གནས༔
བྲག་དཀར་བཅུ་གསུམ་ཐུགས་ཀྱི་གནས་སུ་གྲགས༔
ཡོན་ཏན་ཕྲིན་ལས་གནས་ཕྲན་བསམ་མི་ཁྱབ༔
དེ་དག་སྤྱི་དོན་ཙམ་ཡིན་ཁྱད་པར་དུ༔
མ་སྲིང་མཁའ་འགྲོའི་འདུ་གནས་ཀུན་གྱི་མཆོག༔
རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་གཉིས་པ༔
ཨོ་རྒྱན་མཁའ་སྤྱོད་གནས་ལུང་དཔལ་གྱི་རི༔
སྤང་རི་ཤེལ་རི་རྫ་རི་རྣམ་པ་གསུམ༔
ཕྱི་ལྟར་རི་བོ་ནང་ནི་གཞལ་མེད་ཁང༔
གསང་བ་རྩ་གསུམ་ལྷ་ཡི་ཕོ་བྲང་ཡིན༔
གཡས་རི་གསང་བདག་གཡོན་རི་འཇམ་དཔལ་དབྱངས༔
དབུས་རི་འཕགས་པ་སྤྱན་རས་གཟིགས་དབང་གི༔
བྱིན་གྱིས་བརླབས་པའི་སྒྲུབ་གནས་ངོ་མཚར་ཅན༔
དེ་ན་རང་བྱོན་རྟེན་མཆོག་བཞུགས་ཚུལ་ཡང༔
ཕྱག་རྡོར་རི་ལ་ཞི་ཁྲོའི་དཀྱིལ་འཁོར་དང༔
རྡོ་རྗེ་ཕུར་བའི་ལྷ་ཚོགས་རང་བྱོན་བཞུགས༔
སྤྱན་རས་གཟིགས་དབང་རི་ལ་རྟ་མགྲིན་གྱི༔
དཀྱིལ་འཁོར་དང་ནི་བཅུ་གཅིག་ཞལ་གྱི་སྐུ༔
སྒྲོལ་མ་དཀར་སྔོན་གཉིས་དང་བཅས་པ་བཞུགས༔
འཇམ་དཔལ་རི་ངོས་བྲག་རིར་གཤིན་རྗེ་ཡི༔
དཀྱིལ་འཁོར་དང་ནི་ཡ་མནྟ་ཀའི་སྐུ༔
དེ་ཡི་སྒྲུབ་ཐབས་ཕྱག་མཚན་དང་བཅས་བཞུགས༔
གཏེར་སྒྲོམ་བྲག་ལ་ཆོས་ནོར་རྫས་གཏེར་དང༔
གཏེར་སྲུང་མ་མགོན་ལྕམ་དྲལ་ཕྱག་མཚན་ཡོད༔
བྲག་དམར་པོ་ཏི་བརྩེགས་འདྲའི་རི་རྒྱུད་དེར༔
འཕགས་པའི་གནས་བསྟན་བཅུ་དྲུག་རང་བྱོན་བཞུགས༔
གནས་བདག་རི་ལ་དམ་ཅན་མགར་ནག་གི༔
སྐུ་དང་ཕྱག་མཚན་ཐོ་བ་མགར་རྡོ་ཡོད༔
དཔལ་གཏོར་རི་ལ་དྲེགས་པའི་སྲོག་ཡིག་དང༔
སྲུང་མའི་བསྐང་རྟེན་སྒྲུབ་རྫས་རང་བྱུང་ཡོད༔
གནས་འདིའི་མཐའ་སྐོར་གཡས་གཡོན་མདུན་རྒྱབ་ན༔
རང་བྱོན་མཆོད་རྟེན་བརྒྱ་རྩ་བརྒྱད་དང་ནི༔
རྒྱལ་སྲས་བརྒྱད་ཀྱི་ཕྱག་མཚན་སོགས་ཀྱང་ཡོད༔
སྒོ་སྲུང་ཕ་ཝཾ་རྡོ་ཁེང་རྣམ་པ་བཞི༔
བདུད་བཙན་ཀླུ་དང་མ་མོའི་བླ་རྡོ་ཡོད༔
ཕྱོགས་བཞིར་ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི༔
སྒྲུབ་ཕུག་བཞི་དང་བར་དོའི་འཕྲང་ལམ་བཞི༔
བྱིན་རླབས་འབྱུང་བའི་སྒྲུབ་ཆུ་རྣམ་བཞི་ཡོད༔
གནས་སྲུང་བྲག་བཙན་རྡོ་རྗེ་དྲག་རྩལ་འདིའི༔
ངོ་བོ་དམ་ཅན་མགར་བ་ནག་པོ་ཡིན༔
གསང་མཚན་སྐུ་ལྷ་གཡུ་འབྲུག་ལྷ་རྩེ་ཞེས༔
མཆོད་ན་དཔལ་དང་གྲགས་པ་སྤེལ་ནུས་ཤིང༔
ཁྲོས་ཚེ་བར་ཆད་མ་རུང་སྣ་ཚོགས་རྩོམ༔
དེ་ཕྱིར་འདི་ཉིད་མཆོད་དུས་གཙང་སྦྲར་རེམས༔
དེ་ནས་གནས་འདིར་མངའ་གསོལ་མཛད་ཚུལ་ཡང༔
སྤྲེལ་ལོ་སྤྲེལ་གྱི་ཟླ་བའི་བཅོ་ལྔའི་ཉིན༔
རྒྱལ་བའི་དབང་པོ་པདྨ་ཀཱ་ར་དང༔
བི་མ་མི་ཏྲ་བོ་དྷི་ས་ཏྭ་རྗེ༔
ལོ་པཎ་བཻ་རོ་མཁའ་འགྲོ་མཚོ་རྒྱལ་སོགས༔
རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔
གནས་འདིར་རྫུ་འཕྲུལ་ཤུགས་ཀྱིས་བྱོན་ནས་སུ༔
རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔
ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང༔
བླ་མ་རིག་འཛིན་ཡི་དམ་ཞི་ཁྲོའི་ལྷ༔
མ་སྲིང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བཅས༔
སྤྲིན་ལྟར་གཏིབ་ནས་བྱིན་རླབས་ཆར་བཞིན་ཕབས༔
ཁྱད་པར་འཕགས་མཆོག་རིགས་གསུམ་མགོན་པོ་ཡིས༔
སྒྲུབ་གནས་མཚོར་བཅས་རབ་གནས་མངའ་གསོལ་མཛད༔
པད་འབྱུང་བི་མ་བཻ་རོ་མཚོ་རྒྱལ་སོགས༔
རྗེ་འབངས་རྣམས་ཀྱིས་སྨིན་གྲོལ་ཆོས་འཁོར་བསྐོར༔
དྲེགས་ཚོགས་སྡེ་བརྒྱད་དབང་བསྡུས་དམ་ལ་བཞག༔
སློབ་དཔོན་པདྨ་བོ་དྷི་ས་ཏྭ་དང༔
བི་མ་མི་ཏྲ་བཻ་རོ་མཚོ་རྒྱལ་སོགས༔
རྗེ་འབངས་རྣམས་ཀྱི་སྐུ་རྗེས་ཕྱག་ཞབས་རྗེས༔
མ་སྲིང་མཁའ་འགྲོས་བྲོ་གར་འཆམ་རྗེས་སོགས༔
རང་རང་གྲུབ་རྟགས་རྨད་བྱུང་ཁྱད་པར་ཅན༔
མི་འགྱུར་རྡོ་ཡི་རི་མོར་གསལ་བར་བཀོད༔
གནས་ཀྱི་དཀར་ཆགས་བཻ་རོ་ཙ་ནས་བཀོད༔
མ་འོངས་དོན་ཕྱིར་ཆོས་ནོར་གཏེར་མང་སྦས༔
ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔
གནས་བདག་སྲུང་མ་རྣམས་ལ་གཉེར་དུ་གཏད༔
དེ་ལྟར་ཡོན་ཏན་ལྡན་པའི་གནས་ཆེན་འདིར༔
གང་ཞིག་ལྷག་བསམ་རྣམ་པར་དག་པའི་བློས༔
ཉ་སྟོང་ཚེས་བཅུ་ལ་སོགས་དུས་ཆེན་ལ༔
ཕྱག་དང་བསྐོར་བ་ཚུལ་བཞིན་བྱེད་ནུས་ན༔
མི་དགེའི་སྒྲིབ་སྦྱོང་ཚོགས་གཉིས་མྱུར་རྫོགས་ནས༔
མངོན་མཐོ་ངེས་ལེགས་ཡོན་ཏན་མ་ལུས་འབྱུང༔
གནས་མདུན་འདི་རུ་མཚམས་སྒྲུབ་ཚོགས་འཁོར་དང༔
བསང་གསུར་ཆུ་གཏོར་སྒྱུ་ལུས་མཆོད་སྦྱིན་སོགས༔
ཟག་བཅས་ཟག་མེད་དགེ་བ་གང་བྱས་ཀྱང༔
ཕན་ཡོན་གཞན་ལས་འབུམ་འགྱུར་ཁྱད་དུ་འཕགས༔
ཁྱད་པར་སྤྲེལ་ལོ་སྤྲེལ་གྱི་ཟླ་བའི་དུས༔
རྒྱ་བོད་གནས་ཆེན་ཀུན་ཀྱི་གནས་བདག་དང༔
ཞིང་སྐྱོང་མ་སྲིང་མཁའ་འགྲོ་འདིར་འདུས་ནས༔
བསྐོར་ཕྱག་མཆོད་འབུལ་མངའ་གསོལ་རབ་གནས་མཛད༔
དེ་དུས་ངེས་འབྱུང་བློ་ལྡན་གང་ཞིག་གིས༔
དད་གུས་མོས་པས་ཕྱག་སྐོར་བྱས་ནས་སུ༔
ཚོགས་གཏོར་མཆོད་པ་ཕུལ་ན་སངས་རྒྱས་ཞིང༔
གངྒའི་ཀླུང་ལ་བསྙེན་བཀུར་བྱས་དང་མཉམ༔
འདི་དུས་མཐའ་སྐོར་གཅིག་བྱས་ཕན་ཡོན་ཚད༔
མཁའ་སྤྱོད་དཔལ་གྱི་ཙ་རི་བསྐོར་དང་མཚུངས༔
ལོ་འདིར་སྒྲུབ་གནས་མཐོང་ཐོས་འབྲེལ་ཚད་ཀྱི༔
སྔོན་ལས་འཕྲལ་རྐྱེན་ནད་གདོན་བར་ཆད་སེལ༔
ཚེ་བསོད་དཔལ་འཕེལ་ཚོགས་རྫོགས་སྒྲིབ་སྦྱང་ནས༔
བླ་མེད་བྱང་ཆུབ་རིང་པོར་མི་ཐོག་ཐོབ༔
གནས་འདིར་དད་པས་རྗེས་སུ་ཡི་རང་ཀྱང༔
བསོད་ནམས་ཕུང་པོ་གཞན་ལས་ཁྱད་དུ་འཕགས༔
ཚུལ་འདི་དད་ལྡན་བུ་རྣམས་ཡིད་ལ་ཞོག༔
དད་མེད་ལོག་ལྟ་ཅན་ལ་གསང་རྒྱ་སྡོམ༔
ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
དེ་ལྟར་གནས་ཀྱི་དཀར་ཆགས་མདོར་བསྡུས་འདི༔
བདག་འདྲ་ལོ་པཎ་བཻ་རོ་ཙ་ནས་བཀོད༔
དཔེ་ཚན་གསུམ་དུ་བྲིས་ནས་གཏེར་དུ་སྦ༔
དམ་ཅན་དྲེགས་པའི་ཚོགས་ལ་གཉེར་དུ་གཏད༔
ལས་ཅན་བུ་དང་འཕྲད་ཚེ་ཕྱག་ཏུ་སྤྲོད༔
དེ་དུས་ཀུན་ལ་སྤེལ་བའི་གྲོགས་ལྡན་མཛོད༔
སྐལ་མེད་ཐེ་ཚོམ་ཅན་གྱི་དབང་པོ་སྣུབས༔
སྐལ་ལྡན་ལས་ཅན་རྣམས་ཀྱི་བསམ་དོན་སྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
གནས་ལུང་གནས་ཡིག་ལེགས་པའི་ལམ་སྟོན། ལྕམ་བླ་འགྱུར་མེད་རྒྱལ་མཚན།
༈ གནས་ལུང་གནས་ཡིག་ལེགས་པའི་ལམ་སྟོན་བཞུགས། །
རྒྱལ་ཀུན་དབང་ཕྱུག་སྤྲུལ་པའི་སྐུ། །
མཚོ་སྐྱེས་བླ་མ་ལྷག་པའི་ལྷ། །
རྣམ་ཀུན་བདེ་ཆེན་འཁོར་ལོ་རུ། །
མཆོད་དེ་གནས་ཀྱི་ཡོན་ཏན་བརྗོད། །
གནས་ལུང་ཟངས་མདོག་དཔལ་གྱི་རི། །
བསམ་ཡས་སྒྱུ་འཕྲུལ་དྲྭ་བར་སྣང། །
དེ་ལ་མདོ་བྱང་ཡང་བྱང་སོགས། །
དུས་ཀྱི་མངོན་རྟགས་མང་ཡོད་ཀྱང་། །
གནས་སྐབས་ཤིང་ཕོ་སྤྲེལ་ལོ་འདིར། །
གནས་མཆོག་ཀུན་ལ་གནས་འདུས་དང་། །
ཕན་ཡོན་མང་པོ་ཡོད་མོད་ཀྱང་། །
ཁྱད་པར་གནས་ལུང་དཔལ་རི་ལ། །
ཚནྡྷོ་ཧ་དང་ཉེ་བའི་ཞིང་། །
བསམ་ཡས་བྲག་ཕུག་མ་རཱ་ཏི། །
རྔ་ཡབ་དཔལ་རི་ལ་སོགས་པའི། །
གནས་ཀུན་བྱིན་རླབས་འདི་རུ་འཚོགས། །
འབྲེལ་ཚད་ཟངས་མདོག་དཔལ་རིར་སྐྱེ། །
ཕྱག་སྐོར་འབྲེལ་ཐོག་སེམས་ཅན་ཀུན། །
མངོན་མཐོ་ངེས་ལེགས་ཕན་བདེ་སྐྱེད། །
གཞན་དུ་མ་ཎི་སིདྡྷི་སོགས། །
ཐེར་འབུམ་དུང་ཕྱུར་བཟླས་པ་བས། །
གནས་འདིར་ཚིག་གཅིག་མོས་འདུན་གཙོ། །
ནང་སྐོར་ལན་གཅིག་བྱས་པས་ཀྱང་། །
མ་ཎི་དུང་བདུན་ཕན་ཡོན་དང་། །
བསྐལ་པ་གཅིག་གི་སྡིག་སྒྲིབ་འདག །
ཕྱི་སྐོར་ལན་གཅིག་སུས་བྱས་པས། །
མ་ཎི་དུང་ཕྱུར་བཅུ་གསུམ་ཐོབ། །
གནས་འདིར་དམ་སྐོང་དམ་བསྒྲགས་དང་། །
ཞི་བརྔན་བསང་གསུར་ཆུ་སྦྱིན་དང་། །
ཚོགས་བསགས་སྒྲིབ་སྦྱང་བྱེད་གྱུར་ན། །
ཁྱད་པར་དམག་འཁྲུག་ནད་མུག་སོགས། །
ཉེར་འཚེ་མ་རུང་ཞི་བ་དང་། །
མ་རུང་བདུད་ཀྱི་གཡུལ་ཕམ་ཞིང་། །
དཀར་ཕྱོགས་མཐོ་ཞིང་ནག་ཕྱོགས་ཕམ། །
ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །
ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་འབྱུང་། །
མི་མཐུན་བར་ཆད་ཞི་བར་འགྱུར། །
འགྱུར་མེད་རྒྱལ་མཚན་བཟང་པོས་བྲིས། །
དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །
གནས་ལུང་དཔལ་གྱི་རི་བོའི་དཀར་ཆགས་དབྱིངས་ཀྱི་ཊཱཀྐིའི་ཞལ་ལུང་འཁྲུལ་མེད། ཧོར་བླ་གཞན་ཕན་བཟང་པོ།
གནས་ལུང་དཔལ་གྱི་རི་བོའི་དཀར་ཆགས་དབྱིངས་ཀྱི་ཊཱཀྐིའི་ཞལ་ལུང་འཁྲུལ་མེད་བཞུགས༔
རྒྱལ་ཀུན་སྤྱི་གཟུགས་པད་སྡོང་ལས་འཁྲུངས་ཤིང་། །
བཀྲ་ཤིས་ཡོན་ཏན་དུ་མས་རབ་མཛེས་སྐུ༔
རྡོ་རྗེ་ཐོད་ཕྲེང་རྩལ་དང་དབྱེར་མེད་པའི༔
མཚུངས་མེད་བླ་མ་ལུང་རིག་མཚན་ཅན་མཁྱེན༔
རང་བྱུང་རང་རྩལ་སྒྱུ་འཕྲུལ་སྣང་བའི་གར༔
ལྷུན་གྲུབ་རང་བཞིན་མཁའ་སྤྱོད་ས་སྤྱོད་ཀྱི༔
དཔའ་བོ་མཁའ་འགྲོ་སྣང་བའི་བརྡ་རུ་ངོམ༔
ཁྱད་པར་ཧི་མ་ལ་ཡི་གྲོང་ཁྱེར་གྱི༔
ཡོན་ཏན་བསམ་ཡས་མངའ་བདག་ཏཱ་རེའི་གནས༔
གསང་གསུམ་གར་གྱི་རྣམ་རོལ་དཔལ་གྱི་རིའི༔
མདོ་བྱང་ཡང་བྱང་དུས་ཀྱི་མངོན་རྟགས་སོགས༔
དུ་མ་སྣང་ཡང་ལུང་བསྟན་མདོར་བསྡུས་འབྲི༔
བདག་འདྲ་མཁན་ཆེན་པདྨ་རྒྱལ་པོ་ཡིས༔
སུམ་སྟོང་ལྔ་བརྒྱ་འཕགས་ཡུལ་པཎ་གྲུབ་བསྟེན༔
གྲུབ་པའི་རྟགས་ཀྱིས་གཞན་སྣང་ཟིལ་གྱིས་མནན༔
བརྒྱ་དང་བཅུ་གཅིག་གངས་ཅན་དབུས་སུ་བཞུགས༔
ས་རྡོ་རི་བྲག་གངས་མཚོ་གཏེར་གྱིས་གཏམས༔
ལྷ་སྲིན་དྲེགས་ཚོགས་གཏེར་གནས་སྲུང་མར་བསྐོས༔
རྔ་ཡབ་སྲིན་ཡུལ་སྐྱེ་འགྲོ་བདེ་ལ་བཀོད༔
སྐྱེ་འཆིའི་འཇིགས་བྲལ་ཟག་མེད་རྡོ་རྗེའི་སྐུ༔
སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔
ཐུགས་ཀྱི་དགོངས་པ་སྐལ་ལྡན་བུ་ལ་གཏད༔
རྒྱལ་བསྟན་སྤྱི་དང་ཁྱད་པར་གངས་ལྗོངས་འདི༔
རིགས་གསུམ་མགོན་པོ་དང་ནི་པད་འབྱུང་གི༔
གདུལ་ཞིང་ཆེད་དུ་བསྔགས་པ་ཡིན་ནོ་ཞེས༔
མདོ་སྔགས་རྒྱུད་ལུང་གཏན་ཚིགས་འཕྱུག་མེད་གྲུབ༔
ཁྱད་པར་དུས་སྙིགས་སུམ་ཅུ་ཁ་རལ་དུ༔
མི་རྣམས་ཉོན་མོངས་འཇོལ་ཉོག་སྤྱོད་པའི་ཚེ༔
འདོད་ཆགས་ལས་གྱུར་མུ་གེའི་བཀྲེན་པ་དང༔
ཞེ་སྡང་ལས་གྱུར་ཕྱོགས་ཀུན་འཁྲུགས་རྩོད་དར༔
གཏི་མུག་ལས་གྱུར་ནད་རིམས་གདོན་རྒོད་དར༔
དུག་གསུམ་ལས་གྱུར་སྡུག་བསྔལ་སྣ་ཚོགས་འབྱུང༔
དེ་དུས་སེམས་ཅན་བདེ་བའི་གོ་སྐབས་དབེན༔
རྒྱ་བོད་ཆས་བསྒྱུར་འགྲོ་ལ་གཡོ་སྒྱུ་སྤྱོད༔
མཆོད་འོས་བསླུ་ཞིང་ཁྲིམས་བདག་དམངས་སུ་འབེབས༔
གྲུབ་ཐོབ་ཉུང་ཞིང་ཟོག་པོས་མི་མགོ་བསྐོར༔
ཁྲིམས་ལྡན་ཉུང་ཞིང་ཚུལ་འཆལ་བྱ་ཁྱུ་འཚོགས༔
དམ་སྲི་མོར་བརྫུས་སྒྱུ་མའི་རྩེད་འཇོ་ངོམ༔
མི་ཕྱུག་སྲོག་ལ་འབྱུང་པོས་ཚ་རེག་གཏོང༔
ལྟོ་འཕྱེ་གདུག་པའི་མཇུག་མས་སྤྱན་མ་བསྐུལ༔
མདོ་ཡི་ཆོས་གྲྭ་ཡུལ་ལྗོངས་ཞིག་རལ་འགྱུར༔
ཀླུ་ཡི་ལག་པས་སྡེ་བཞིའི་མལ་ནས་འཛུད༔
ཡུལ་གྱི་དཔོན་ཁ་རེ་ལ་དག་མི་སྟེར༔
མི་རྣམས་རྒྱུད་ལ་ལོག་པའི་ཆུ་བོ་ཁོལ༔
སྡུག་བསྔལ་རྦ་ཀློང་འཁྲུགས་པ་ཡ་རེ་ང༔
དེ་དུས་འཇིགས་སྐྱོབས་པད་འབྱུང་བྱིན་རླབས་ལས༔
བསྐྲུན་པའི་གཏེར་སྟོན་གྲངས་ལས་འདས་པ་འབྱུང༔
ཡུལ་གྲུ་རེ་བཞིན་གྲུབ་པའི་སྐྱེས་བུ་རེ༔
ལུང་པ་རེ་བཞིན་སྒྲུབ་པའི་གཏེར་གནས་རེ༔
རི་བོ་ཕལ་ཆེར་མཁའ་སྤྱོད་ཕོ་བྲང་དུ༔
བྱིན་དབབ་བྱིན་རླབས་འགྲོ་བའི་ཁམས་བཞིན་འབྱུང༔
སློབ་དཔོན་པད་འབྱུང་ཐུགས་རྗེ་དུས་མི་གཡེལ༔
ཁྱད་པར་ཡོངས་སུ་གྲགས་པའི་གནས་ཆེན་ནི༔
ལུང་ལྔ་ལྗོངས་གསུམ་རྫོངས་ཆེན་བཅོ་བརྒྱད་དང༔
རི་ཆེན་བཞི་དང་མཚོ་ཆེན་རྣམ་པ་བཞི༔
གནས་ཆེན་བརྒྱ་རྩ་སྦས་གནས་སྟོང་ཕྲག་ཡོད༔
དེ་ཡི་ནང་ཚན་རོང་ཆེན་བཞི་ཡི་ཆར༔
གཏོགས་པའི་ཡུལ་ལྷ་དགེ་བསྙེན་ཉེར་གཅིག་ལ༔
གཏད་པའི་སྦས་གནས་རོག་མོ་ལྗོངས་ཀྱི་ཤར༔
སྦས་ཡུལ་དགའ་བ་ལྗོངས་ཀྱི་གཡས་ཕྱོགས་སུ༔
པདྨ་བཀོད་ཆེན་གཉིས་པ་ཏཱ་རེ་ཡི༔
གནས་ཆེན་གཡུ་བྲག་རྩེ་ཡི་ཕྱོགས་མཚམས་སུ༔
གནས་ཆེན་བརྒྱད་ནི་བློན་གྱི་ཚུལ་དུ་བཞུགས༔
ཁྱད་པར་ཀླུ་དབང་ཕྱོགས་ན་དཔལ་གྱི་རི༔
གནས་ལུང་ཞེས་བྱ་ཚནྡྷོ་ཧ་དང་ཉེ༔
མཁས་གྲུབ་མང་པོས་ཞབས་བཅགས་མེ་ཏོག་འཐོར༔
ཆོས་དང་ནོར་སོགས་ཟབ་གཏེར་དུ་མས་གཏམས༔
རང་རང་ཡུལ་དང་འཚམ་པར་བྱིན་རླབས་བྱས༔
མ་འོངས་འདོན་པའི་གང་ཟག་ལུང་དུ་བསྟན༔
ལྷ་སྔགས་སྐུ་དང་ཕྱག་རྒྱ་ཕྱག་ཞབས་རྗེས༔
མི་འགྱུར་རྡོ་ཡི་རི་མོ་བཀོད་ནས་བཞག༔
གྲུབ་པའི་སྐྱེས་བུ་དུས་སུ་བྱོན་པ་ནི༔
འོ་བྲན་སྤྲུལ་པ་མཐུ་སྟོབས་རྡོ་རྗེ་ཡིས༔
མཁའ་འགྲོའི་ལུང་བསྟན་ཇི་བཞིན་གནས་སྒོ་ཕྱེས༔
སེམས་ཅན་རྒུད་པ་སེལ་བའི་རྟེན་དུ་བཞག༔
ཕན་ཡོན་རང་བྱུང་ལེགས་ཚོགས་ཡི་གེར་བཀོད༔
གནས་འདུས་ལ་སོགས་དུས་རྟགས་གསལ་གསུང་བཞིན༔
ཁོ་བོ་ཨ་ཙར་སྤྲུལ་པའི་ཉམས་སྣང་ལ༔
མེ་ཕོ་སྤྲེའུ་ལོ་སྤྲེའུ་ཟླ་ནས་བཟུང་སྟེ༔
མཁའ་ལྡིང་རྒྱལ་པོས་གཤོག་རྩལ་མ་བརྐྱངས་བར༔
རིགས་ལྔའི་སངས་རྒྱས་བྱང་སེམས་དང༔
ཡུལ་ཆེན་ཉེར་བཞི་གནས་སོ་གཉིས༔
དེ་བཞུགས་དཔའ་བོ་མཁའ་འགྲོ་དང༔
གནས་སྲུང་དམ་ཚིག་ལྡན་པ་ཀུན༔
དཔལ་གྱི་རི་བོ་འདི་རུ་འཚོགས༔
ཧི་མ་ལ་དང་ཁྱད་པར་མེད༔
རི་བྲག་རྩི་ཤིང་ཆུ་ཀློང་སོགས༔
དཀྱིལ་འཁོར་ཆེན་པོར་འབྱམས་སུ་ཀླས༔
ཕྱག་སྐོར་རྟེན་བཞེངས་འབྲེལ་ཐོག་ཀུན༔
གནས་སྐབས་བདེ་བའི་ཉམས་འོག་ཚུད༔
ཕྱི་མར་དག་པའི་ཞིང་ཁམས་བགྲོད༔
གཞན་དུ་མ་ཎི་སྐྱབས་འགྲོ་དང་༔
སིདྡྷི་ཆོས་སྤྱོད་དགེ་བའི་སྟོང༔
རྒྱ་ཆེན་བསགས་ལས་གནས་འདི་རུ༔
ཆུང་ངུའི་དགེ་བསགས་འབུམ་འགྱུར་འཕེལ༔
གནམ་ལོར་གནས་འདིར་ནང་སྐོར་གཅིག༔
བྱས་ན་ཡིག་དྲུག་དུང་བདུན་ཐོབ༔
བསྐལ་བ་མང་པོའི་སྡིག་སྒྲིབ་འདག༔
བསོད་ནམས་ཡོན་ཏན་ཤུགས་ལས་འབྱུང༔
མི་དགེའི་མཚན་མ་ངང་གིས་ཞི༔
ཕྱི་སྐོར་གཅིག་བྱས་ཕན་ཡོན་ནི༔
མ་ཎི་དུང་ཕྱུར་བཅུ་གསུམ་མཉམ༔
ཕྱི་མར་ས་ཡི་དབང་ཕྱུག་ཐོབ༔
གནས་འདིར་རྟ་ཕག་ཟུང་འཇུག་དངོས༔
སྲུང་མ་བྲག་བཙན་འབར་བ་ལགས༔
འདི་རུ་ཚོགས་བསགས་སྒྲིབ་སྦྱང་འབུངས༔
དམག་འཁྲུགས་མུ་གེ་ཉེར་འཚེ་ཞི༔
ནག་ཕྱོགས་ཕམ་ཞིང་དཀར་ཕྱོགས་རྒྱལ༔
ཚེ་བསོད་ལུང་རྟོགས་དཔལ་འབྱོར་རྒྱས༔
ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་འབྱུང༔
མི་མཐུན་རྐྱེན་ངན་བར་ཆད་ཞི༔
མཐུན་རྐྱེན་ལྷ་དང་སྲུང་མས་སྒྲུབ༔
བསམ་དགུ་འགྲུབ་པའི་རྟེན་འབྲེལ་ཡོད༔
དགེ་འདིས་འགྲོ་ཀུན་སངས་རྒྱས་ནས༔
སྐུ་བཞི་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཀྱི་རྒྱ༔
ཅེས་གནས་ལུང་དཔལ་གྱི་རི་བོའི་གནས་ཡིག་དཀར་ཆགས་འདི་ཉིང་འཁྲུལ་སྣང་བའི་རྩལ་དུ་མཁའ་འགྲོ་བདེ་བའི་དཔལ་སྟེར་ཡིན་ཟེར་བའི་བུད་མེད་དམར་གསལ་སྒེགས་ཉམས་ལྡན་པ་ཞིག་གིས་རྒྱལ་ཟླའི་ཚེས་བཅོ་བརྒྱད་ལ་ཤོག་སེར་སོར་གསུམ་པ་ཞིག་གཏད་པ་ཡི་གེར་ཞལ་བཤུས་ཏེ་སྐལ་ལྡན་གྱི་བུ་མཚོ་རྒྱལ་དང་། ལུང་རྟོགས་བསྟན་འཛིན། བཤད་སྒྲུབ། རིག་གྲོལ་སོགས་ལ་གྲུབ་བརྒྱའི་སྤྱི་མེས་ཁྲག་འཐུང་རྡོ་རྗེ་གྲོ་ལོད་དང་། འགྲོ་འདུལ་ལུང་རིག་གླིང་པ་རིགས་ཀྱི་བདག་པོར་ཐོབ་པའི་སྤྲུལ་མིང་གཞན་ཕན་བཟང་པོས་བསྩལ་བ་འགྲོ་བ་ཡོངས་ལ་ཕན་ཐོག་ཅིང་སྒོ་གསུམ་དགེ་ལ་བསྐུལ་ནུས་པའི་རྒྱུར་གྱུར་ཅིག ། སརྦ་མངྒ་ལཾ། །
གནས་ལུང་དཔལ་རིའི་གནས་ཡིག་གསལ་བའི་མེ་ལོང་མཐོང་བ་དོན་ལྡན། ལུང་རྟོགས་ཆོས་ཀྱི་ཉི་མ།
གནས་ལུང་དཔལ་རིའི་གནས་ཡིག་གསལ་བའི་མེ་ལོང་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས༔
རྩ་གསུམ་ཀུན་འདུས་མཚོ་སྐྱེས་སྤྲུལ་པའི་སྐུ༔
བོད་འབངས་སྙིང་རྗེས་རྗེས་བཟུང་འགྲོ་བའི་མགོན༔
ལྔ་བདོའི་རྒུད་སེལ་མཐུ་སྟོབས་ནུས་པའི་བདག༔
རིགས་གསུམ་གཅིག་བསྡུས་ལྷ་ལ་གུས་ཕྱག་འཚལ༔
དཔལ་རི་པདྨ་བཀོད་པའི་གནས་མཆོག་འདིར༔
རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ༔
ངོ་མཚར་སྙན་པའི་ཆོས་སྒྲ་རྟག་ཏུ་གསན༔
གནས་དེར་མཇལ་བའི་སྨོན་ལམ་ལན་བརྒྱར་ཐེབས༔
བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ༔
གནས་འདིར་འབྲེལ་བའི་སྨོན་ལམ་མཐུ་བཙན་པས༔
མཁྱེན་དང་བརྩེ་བའི་གཞན་ཕན་མ་མཆིས་ཀྱང༔
ལས་སྨོན་དབང་གིས་གནས་ཀྱི་ཕན་ཡོན་བརྗོད༔
སྤྱིར་ན་གངས་ལྗོངས་བོད་ཀྱི་ཡུལ་ཁམས་འདིར༔
འཕགས་པ་རིགས་གསུམ་མགོན་པོའི་གདུལ་ཞིང་དང༔
དེ་ན་བཞུགས་པའི་གང་ཟག་ཕོ་མོ་རྣམས༔
ཐེག་ཆེན་རིགས་ཡིན་གཏེར་ལུང་དུ་མས་བསྔགས༔
ཁྱད་པར་ཨོ་རྒྱན་རྗེས་བཟུང་ཞབས་ཀྱིས་བཅགས༔
རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་སོགས༔
རྗེས་སུ་གནང་དང་བྱིན་གྱིས་བརླབས་པའི་གནས༔
སྤྲུལ་པ་ཡང་སྤྲུལ་གང་ལ་གང་འདུལ་གྱིས༔
མཐའ་ཡས་འགྲོ་བའི་སྡུག་བསྔལ་མ་གྲོལ་བར༔
དེ་སྲིད་འགྲོ་ལ་ཐུགས་རྗེ་རྒྱུན་ཆད་མེད༔
ཁྱད་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང༔
ཡར་ཚེས་བཅུ་སོགས་དུས་བཟང་ཚེས་བཟང་ལ༔
ཨོ་རྒྱན་ཐུགས་རྗེ་རྒྱུན་ཆད་མེད་པར་འབྱུང༔
གང་ཟག་ལས་ཅན་སྒྲིབ་པ་དག་སྟོབས་ཀྱིས༔
མཐོང་སྣང་སྣ་ཚོགས་རྔ་དང་རོལ་མོ་སོགས༔
ངོ་མཚར་སྣང་བའི་རྟགས་མཚན་མ་ལུས་མཐོང༔
གནས་འདིར་འབྲེལ་བ་ཐོབ་པའི་སྐྱེ་འགྲོ་ཀུན༔
མ་འོངས་སངས་རྒྱས་སོ་བདུན་གྲགས་པ་ཆེ༔
མངོན་སངས་རྒྱས་པའི་ཚུལ་སྟོན་དུས་ཀྱི་ཚེ༔
འཁོར་དུ་སྐྱེ་བའི་ལུང་བསྟན་དབུགས་དབྱུང་ཐོབ༔
གནས་འདི་མཐོང་ཐོས་དྲན་པས་ཀྱང༔
སངས་རྒྱས་སྟོང་གི་ཞལ་མཇལ་བའི༔
ཕན་ཡོན་མཚུངས་པར་གདོན་མི་ཟ༔
མཐོང་ལམ་སྤང་བྱའི་སྒྲིབ་པ་འདགས༔
མཐའ་སྐོར་ལན་གཅིག་སུས་བྱས་པས༔
སིདྡྷི་དུང་ཕྱུར་བཅོ་བརྒྱད་དང༔
ཚེ་གེགས་ལན་གཅིག་སེལ་བ་ཡིན༔
བསྐལ་བ་གསུམ་གྱི་ལས་ཉོན་བྱང༔
བར་སྐོར་ལན་གཅིག་བྱེད་པ་ལ༔
སིདྡྷི་དུང་ཕྱུར་བཅུ་གསུམ་ཐོབ༔
ཚེ་འདིའི་ནད་གདོན་རྐྱེན་ངན་ཞི༔
ལུས་ངག་ཡིད་ཀྱི་སྡིག་ལྟུང་འདག༔
ནང་སྐོར་ལན་གཅིག་སུས་བསྐོར་བ༔
སིདྡྷི་དུང་བརྒྱད་ཕན་ཡོན་ཡོད༔
སྡེ་བརྒྱད་འཁྲུགས་པའི་བཀའ་ཆད་ཞི༔
ཞི་རྒྱས་དབང་གི་ལས་རྣམས་འགྲུབ༔
གནས་འདིར་སྡོད་པའི་སྐྱེས་འཕགས་སུ༔
ལུས་ངག་ཡིད་ཀྱི་སྤྱོད་པ་གང༔
བྱས་དང་མ་བྱས་བཟང་ངན་ཀུན༔
དགེ་བར་འགྱུར་བས་བཅོས་མེད་ཞོག༔
གནས་འདིར་བསང་མཆོད་སུས་བྱས་པ༔
ཁ་ལས་དར་ཞིང་རླུང་རྟ་རྒྱས༔
ནོར་འཕེལ་ཕྱུགས་ཀྱི་གོད་ཁ་ཞི༔
དགེ་བཅུའི་ཁྲིམས་ལྡན་མི་ལུས་ཐོབ༔
གནས་འདིར་དར་ལྕོགས་སུས་བཙུགས་པ༔
སྡིག་སྒྲིབ་རྐྱེན་ངན་གདོན་བགེགས་ཞི༔
ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད༔
གནས་འདིར་ཡིག་དྲུག་སུས་བརྐོས་ན༔
ཞེ་སྡང་ཞི་ནས་སྙིང་རྗེ་འཁྲུངས༔
བྱང་ཆུབ་རིགས་ཀྱི་གདུང་འཚོབ་འགྱུར༔
གནས་འདིར་མར་མེ་སུས་ཕུལ་བ༔
མ་རིག་མུན་སེལ་ཡེ་ཤེས་གསལ༔
འཆི་ཚེ་འོད་གསལ་སྣང་བ་མཆེད༔
འདོད་ཡོན་ལྔ་ཡིས་སུས་མཆོད་པ༔
ཚེ་འདིར་བསོད་ནམས་དཔལ་གྱིས་ཕྱུག༔
ཕྱི་མར་ཁྲིམས་ལྡན་ཆོས་ཀྱིས་འཚོ༔
གནས་འདིར་དར་ཐག་སུས་དཔྱང་ན༔
ཚེ་གེགས་ཞི་ནས་ཚེ་སྟོབས་འཕེལ༔
ཚེ་ལ་དབང་བའི་རིག་འཛིན་ཐོབ༔
གནས་འདིར་ལྷ་སྐུ་སུས་བྱས་ན༔
སངས་རྒྱས་མཇལ་ཞིང་བྱིན་རླབས་འཇུག༔
ཡན་ལག་སྐྱོན་སྤང་མཚན་བཟང་ཐོབ༔
ཚོགས་འཁོར་ལན་གཅིག་བྱེད་པ་དེས༔
ཚོགས་གཉིས་རྫོགས་པའི་དཔལ་ལ་རོལ༔
རིག་འཛིན་ཕོ་མོའི་གྲལ་དུ་སྐྱེས༔
གནས་འདི་དཔང་དུ་བཞག་ནས་སུ༔
དུད་ཆང་ཤྭོ་རྒྱན་སུས་སྤང་ན༔
ཚེ་འདིར་བདེ་ཞིང་མི་ཡིས་བཀུར༔
དཀར་ཕྱོགས་ལྷ་ཡིས་སྲུང་ཞིང་སྐྱོབས༔
ཕྱག་སྐོར་ལན་གཅིག་བྱེད་པ་དེས༔
ནད་རིགས་ཞི་ནས་ཚེ་ཀེགས་སེལ༔
ཆོས་འཆད་འཁོར་སྒྱུར་ལུས་རྟེན་ཐོབ༔
གནས་འདིར་གང་ཟག་སུས་བསྐྱབས་ན༔
སྲུང་བ་རྡོ་རྗེའི་གུར་དུ་ཚུད༔
འཇིགས་མེད་སྤོབས་པའི་སྣང་བ་བརྙེས༔
བསམ་གཏན་ཞག་བདུན་སྒོམ་བྱེད་ན༔
ཟླ་བདུན་སྒྲུབ་པའི་ཡོན་ཏན་མཚུངས༔
དེ་ལྟར་གནས་ཀྱི་ཡོན་ཏན་མཐའ་ཡས་ཀྱང༔
ཉུང་ངུའི་ཚིག་གིས་ཅུང་ཟད་བརྗོད་པ་པོ༔
རྒྱ་སྤྲུལ་རིག་འཛིན་ལུང་རིག་གླིང་པ་ཡི༔
སྐྱེ་ཕྲེང་གསུམ་པ་ལུང་རྟོགས་མིང་གིས་ཕབས༔
དགེ་དེས་རྒྱལ་བསྟན་རིན་ཆེན་དར་ཞིང་རྒྱས༔
འགྲོ་རྣམས་གནས་སྐབས་མཐར་ཐུག་ཕན་བདེས་འཚོ༔
གནས་འདིར་འབྲེལ་བ་ཐོབ་པའི་སྐྱེ་འགྲོ་ཀུན༔
བདེ་ནས་བདེ་བར་བགྲོད་པའི་བཀྲ་ཤིས་ཤོག༔
ཅེས་རང་ལོ་སོ་བདུན་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོར་ཕྲིན་ལས་དུས་སུ་བབ་པས་གནས་འདི་ཉམས་གསོ་དང་གནས་རྒྱ་བསྐྱེད། དེ་རྗེས་ཤིང་སྤྲེལ་ལོ་གནས་འདུས་སྐབས་རང་ཅག་གཡུ་དགོན་མཁན་སྤྲུལ་རྣམ་པས་ཚོགས་འཁོར་དང་སྦྲགས་དར་ལྕོགས་སྟོང་དར་མང་པོ་བསྒྲེངས། སླར་ས་བྱི་ལོར་ཇོ་དར་ཁྲི་ཕྲག་མང་པོ་དང་རྩ་གསུམ་ཆོས་སྐྱོང་བཅས་པའི་རྡོ་སྐུ། ཡིག་དྲུག་དང་བཛྲ་གུ་རུ་སོགས་གཟུངས་སྔགས་མང་པོ་རྡོ་ལ་བརྐོས་པ་སོགས་རྣམ་དཀར་བྱ་བ་རྒྱ་ཆེར་སྤེལ་སྐབས་སྤྲུལ་ཆེ་མཆོག་རྡོ་རྗེ་དང་། མཁན་ཤེས་བྱ་ཀུན་གཟིགས་རྣམ་གཉིས་ཀྱིས་བཀས་བསྐུལ་ངོར་རྒྱ་སྤྲུལ་གསུམ་པ་རིག་འཛིན་ལུང་རྟོགས་ཆོས་ཀྱི་ཉི་མས་ཕབས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།
གནས་ལུང་གནས་ཀྱི་ངོ་སྤྲོད་ཀུན་གསལ་ཉི་མ། མཁན་ཆེན་ཤེས་བྱ་ཀུན་གཟིགས།
ན་མོ་གུ་ར་ཝེ། དེ་ཡང་གནས་ལུང་འདིར་སྔོན་གུ་རུ་རིན་པོ་ཆེ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙཱ་ན་སོགས་རྫུ་འཕྲུལ་གྱིས་བྱོན་ནས་སྒྲུབ་པ་མཛད་ཅིང་བྱིན་གྱིས་བརླབས། དེ་ནས་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས་གནས་སྒོ་ཕྱེས་ནས་གོང་གི་གནས་ཡིག་མཛད། གནས་ཀྱི་དབྱིབས་པདྨ་ཁ་ཕྱེ་བ་དང་འདྲ་བ། རྒྱབ་རིའི་རྩེར་འཕགས་པ་རིགས་གསུམ་མགོན་པོའི་བླ་རི་ཡོད། དེའི་གཡས་ན་ཟངས་མདོག་དཔལ་རིའི་ཆགས་དབྱིབས་ཡོད། གནས་ཀྱི་གཡོན་ཕྱོགས་ཀྱི་རི་རྩེར་གུ་རུའི་བཞུགས་ཁྲི་ཡོད། དེའི་འོག་རི་རྐེད་དུ་མཆོད་རྟེན་ཆ་བརྒྱད་རང་བྱོན་དང་། ཆོས་སྐྱོང་མ་གཟའ་དམ་གསུམ། གནོད་སྦྱིན་ཙིའུ་དམར་པོ་དང་བཅས་པའི་རྟེན་མཁར་ཡོད། གནས་ཀྱི་རྩེར་ལྕམ་བླའི་ཕྱག་བརྐོས་རྒྱལ་མཚན་རྩེ་མོའི་རྡོ་སྐུ། སྐོར་ལམ་གཡོན་ཕྱོགས་དང་གནས་མདུན་དུ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་གཉིས་ཡོད། གནས་ཀྱི་གཡས་ཕྱོགས་ཀྱི་རི་རྩེར་རྒྱ་སྤྲུལ་གསུམ་པས་བྱིན་གྱིས་བརླབས་པའི་མཁའ་སྤྱོད་མའི་གནས་དང་། དེའི་གོང་དུ་སྒྲུབ་ཆུ་བྱིན་ཅན་འཐུང་རྒྱུ་ཡོད། ཆུ་དེར་ཀླུ་མཆོད་དང་ཆུ་སྦྱིན་བྱས་ན་ཕན་ཡོན་ཆེ། དེའི་འགྲམ་ན་མཁའ་འགྲོའི་ཚོགས་གཞོང་དང་སྒྲུབ་ཆུའི་རྩེར་ཨོ་རྒྱན་པད་ཞྭ་རང་བྱོན་ཡོད། ཚོགས་གཞོང་གི་གཡས་གཡོན་དུ་སྨན་རཀ་གཏོར་གསུམ་མཚོན་བྱེད་ཆུ་དཀར་དམར་སོགས་རང་བྱུང་ཡོད། གནས་མདུན་དུ་མཆོད་པ་རྣམ་ལྔ་རང་བྱོན་གྱི་ཚུལ་དུ་ཡོད་པ་སོགས་མདོར་ན་ཟངས་མདོག་དཔལ་གྱི་རི་བོ་དང་ཁྱད་པར་མ་མཆིས་པའི་གནས་མཆོག་ཁྱད་འཕགས་ཤིག་ཡིན་པས་རྒྱས་པར་གནས་ཡིག་གསར་རྙིང་ལ་གཟིགས་པར་ཞུ། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། ཞེས་པ་འདི་མཁན་ཤེས་བྱ་ཀུན་གཟིགས་ནས་བྲིས་པའོ། །
གནས་ལུང་གནས་བསྟོད་ཕན་བདེའི་གྲུ་ཆར། ཡི་དམ་རྡོ་རྗེ།
སྟོན་ཀའི་ཟླ་བ་བཞུས་པའི་ཞུན་ཐིག་གིས། །
ལན་གྲངས་སྟོང་དུ་བྱུག་འདྲའི་མཚར་སྡུག་ཅན། །
མཚོ་བྱུང་ངག་གི་དཔལ་མོ་དབྱངས་ཅན་མ། །
མགྲིན་པ་འོ་མའི་མཚོ་རུ་དགྱེས་རྩེན་མཛོད། །
ཨེ་མ་མདོ་ཁམས་གཡུ་ཡི་ལྗོངས་ཤིག་ན། །
གན༵ས་མཆོག་དཔལ་རི་པདྨ་འོད་གླིང་དང་། །
དབྱེར་མ་མཆིས་པའི་བྱིན་ལྡན་སྦས་ལུ༵ང་ཞིག །
མ་སྨད་བསོད་ནམས་དཔལ་དུ་ལྷམ་མེར་མཛེས། །
ལས་སྨོན་མེ་ཏོག་དཀར་པོའི་ཕྲེང་ཐག་གིས། །
གཅིག་ཏུ་སྦྲེལ་བའི་མཛའ་གཅུགས་འགྱུར་བ་མེད། །
སྙིང་གི་སྤུན་ཆུང་བཞེད་པ་སྐོངས་བའི་ཕྱིར། །
གན༵ས་བསྟོ༵ད་ཕ༵ན་བདེ༵འི་གྲུ༵་ཆ༵ར་འདི་རུ་འབེབས། །
རིགས་གསུམ་སེམས་དཔས་ཐུགས་བསྐྱེད་བྱིན་གྱིས་བརླབས། །
པད་འབྱུང་ཡབ་ཡུམ་བཻ་རོས་སྒྲུབ་པ་མཛད། །
འགྱུར་མེད་རྒྱལ་མཚན་བཟང་པོས་གནས་སྒོ་ཕྱེས། །
འབྲེལ་ཚད་དོན་ལྡན་གནས་མཆོག་སུས་མི་བསྟོད། །
ཕྱི་ལྟར་དབུ་རྩེ་རབ་མཐོ་རྫ་ཡི་རི། །
ལང་ལོང་སྤྲིན་དཀར་གཡོ་བའི་ཀློང་ན་མཛེས། །
ཉི་ཟླ་སྐར་མའི་ཚོགས་ཀྱི་མགུལ་རྒྱན་ཅན། །
ནང་ལྟར་སྟེང་ཁང་ཆོས་སྐུའི་ཕོ་བྲང་དངོས། །
བར་ན་བརྗིད་ཆགས་བྲག་རིའི་ཚོམ་བུ་བཀྲ །
ཡིད་འོང་རི་སྐྱེས་སྣ་ཚོགས་བག་ཡངས་རྒྱུ། །
ནང་ལྟར་ལོངས་སྤྱོད་རྫོགས་པ་སྐུ་ཡི་ཞིང་། །
དད་ལྡན་མིག་ལ་དག་པའི་བདུད་རྩི་འགྱེད། །
གཤམས་ན་ངོ་མཚར་རྟེན་མཆོག་བགྲང་ཡས་ཀྱིས། །
ཕྱག་སྐོར་སྒྲུབ་ལ་བརྩོན་པའི་སྐྱེ་བོ་བསྡུ། །
ནང་ལྟར་འོག་ཁང་སྤྲུལ་སྐུའི་ཕོ་བྲང་ཆེ། །
ཐབས་ཀྱིས་གདུལ་བྱ་སྐྱོང་བའི་ཚུལ་འདི་རྨད། །
གཡས་ཕྱོགས་འཕགས་པ་རིགས་གསུམ་མགོན་པོ་ཡི། །
བླ་རི་དཀར་སེར་མཐིང་ག་རྣམ་པ་གསུམ། །
ཡིད་འོང་རྫ་རིའི་བ་གམ་མཐོན་པོའི་ཁྲིར། །
ལེགས་པར་འཁོད་པ་དད་གསུམ་ཕྱག་གི་ཡུལ། །
གཡོན་ཕྱོགས་ཆོས་སྐྱོང་མ་གཟའ་དམ་གསུམ་དང་། །
ཙིའུ་དམར་པོ་དབང་གི་ལྷ་མཆོག་གི། །
རྟེན་མཁར་སྲ་བ་བྲག་ལས་རང་གྲུབ་པ། །
དངོས་གྲུབ་སྦྲང་ཆར་འཇོ་བའི་དཔྱིད་དུ་སྨིན། །
ལོགས་སུ་གུ་རུ་པདྨའི་བཞུགས་ཁྲི་དང་། །
མ་བཅོས་རང་བྱུང་མཆོད་རྟེན་ཆ་བརྒྱད་བཀྲ །
མཁའ་འགྲོའི་ཚོགས་གཞོང་སྨན་རཀ་གཏོར་གསུམ་དང་། །
མཚོ་རྒྱལ་ཊཱཀྐིའི་རྗེ་མོའི་ཞབས་རྗེས་གསལ། །
ཤར་ཕྱོགས་རབ་ཕྱེ་དཀྱིལ་ཡངས་ལུང་པ་ན། །
གསར་བཏོད་གྲོགས་ལམ་དཀར་པོ་གནས་འདིའི་རྒྱན། །
ལྷོ་ཡི་ཕྱོགས་ན་གཏན་འཁྱིལ་གཡུ་ཡི་མཚོར། །
གནས་པའི་ཀླུ་རྒྱལ་ནོར་བུའི་མཆོད་སྤྲིན་སྟོབས། །
ནུབ་ཕྱོགས་རྒྱལ་ཡུམ་མཁའ་སྤྱོད་དབང་མོའི་གནས། །
པདྨ་མཐོང་གྲོལ་ཞྭ་ཡི་རི་མོ་མཛེས། །
བྱང་ན་གནས་སྲུང་དབང་སྡུད་ལྷ་རྩེ་ཞེས། །
རླུང་རྟའི་མེ་ཏོག་རྒྱན་དུ་འཆང་བ་བརྗིད། །
གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ་ཡིས། །
གནས་འདིར་ཁྲི་ཕྲག་འདུས་པའི་འཁོར་ཚོགས་ལ། །
མྱོང་གྲོལ་བདུད་རྩིའི་ཁྲོམ་གཏེར་འགྱེད་པ་ཡི། །
བཅོས་མིན་གཏམ་གྱི་རོལ་མོ་སྲིད་ན་སྙན། །
རིག་འཛིན་ལུང་རྟོགས་ཆོས་ཀྱི་ཉི་མ་མཆོག །
ལྷོ་ནུབ་མཚམས་སུ་སྒྲུབ་ལ་གཞོལ་བའི་ཚེ། །
ཀླུ་མོ་དཀར་མོས་ཞལ་སྐྱེམས་སུ་ཕུལ་བའི། །
དྭངས་བསིལ་བདུད་རྩིའི་རྒྱུན་བཟང་རྣམ་པར་འབབ། །
མདུན་ཕྱོགས་ལྷུན་པོ་མཎྚལ་དབྱིབས་ཅན་དང་། །
མ་བཀོད་རང་བྱུང་རྣམ་ལྔའི་མཆོད་པ་ཚང་། །
རྒྱབ་ཕྱོགས་ལྕམ་བླའི་ཕྱག་བཟོ་རྡོ་ཡི་སྐུ། །
གཡུ་རྗེའི་སྐུ་ཚད་རྒྱལ་མཚན་རྩེ་མོ་རྔམས། །
གནས་མདར་རྡོ་རྐོ་པདྨ་ཕུན་ཚོགས་ཀྱི། །
སོར་རྩེས་འཕྲུལ་བའི་སྤྱན་གཟིགས་གསུང་བྱོན་འདི། །
བྱ་བས་བྲེལ་བའི་ཕྱོགས་བསྐྱོད་མགྲོན་པོས་ཀྱང་། །
མཇལ་བར་རིགས་སོ་མཐོང་གྲོལ་བྱིན་རླབས་ལྡན། །
གནས་འདིར་ཕྱག་སྐོར་སྒྲུབ་ལ་བརྩོན་པ་རྣམས། །
ཚེ་འདིར་ནད་གདོན་སྡིག་སྒྲིབ་ཀུན་དག་ཅིང་། །
ཕྱི་མ་ཟངས་མདོག་དཔལ་རིར་སྐྱེ་འགྱུར་ཞེས། །
བདེན་སྨྲ་རྡོ་རྗེའི་ལྗགས་ལྡན་རྣམས་ཀྱིས་གསུངས། །
བདག་འདྲའི་བློ་དམན་གནས་སྐོར་སྐྱེ་བོ་ལ། །
གནས་ཀྱི་རང་བཞིན་ཤེས་པའི་ཕ༵ན་པ་དང་། །
དགེ་འབྲས་གཡུར་དུ་ཟ་བའི་བདེ༵་བའི༵་ཆེད། །
བསྟོད་ཚིག་ལྷ་ཡི་གྲུ༵་ཆ༵ར་ངས་འདི་ཕབས། །
དགེ་བ་གང་དེས་མཁའ་ཁྱབ་འགྲོ་བ་ཀུན། །
འཇིགས་རུང་སྡུག་བསྔལ་གསུམ་གྱི་བཙོན་ར་ནས། །
ངེས་པར་འབྱུང་བའི་སེམས་ཀྱིས་ཡིད་དབྱུང་ནས། །
གཏན་བདེའི་ལམ་ལ་འཇུག་པའི་ཤིས་པ་སྩོལ། །
ཞེས་པ་འདི་ནི་སྤུན་ཆུང་འཇམ་དབྱངས་བསོད་ནམས་ཀྱིས་བསྐུལ་ངོར་གང་དྲན་བྱུང་རྒྱལ་དུ་སྨྲ་བའི་སྨྱོན་པ་ཡི་དམ་རྡོ་རྗེར་འབོད་པས་ས་བྱི་ཧོར་ཟླ་བརྒྱད་པའི་དམར་ཕྱོགས་དགའ་བ་གཉིས་པ་ལ་བྲིས། །
གཡུ་སྙིང་པདྨ་རྣམ་པར་བཀྲ་བའི་གནས་ཡིག་འབྲིང་པོ་དད་ལྡན་ཡིད་ལ་དགའ་སྐྱེད། མཁན་སྨན་བླས་བསྒྲིགས།
བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །
དྲི་མེད་འོ་མཚོ་ལས་འཁྲུངས་མཚོ་སྐྱེས་རྗེ། །
གང་གི་རྣམ་འཕྲུལ་གཏེར་ཆེན་ལུང་རིག་གླིང་། །
དེ་ཡི་ཐུགས་སྲས་འགྱུར་མེད་བློ་མཐའ་ཡས། །
བརྒྱུད་པར་བཅས་ལ་ཕྱག་འཚལ་དགེ་ལེགས་སྩོལ། །
སྦས་ཡུལ་པདྨ་བཀྲ་བ་ཐུགས་ཀྱི་གནས། །
གཡུ་སྙིང་དགྲ་བླ་མི་མགོན་དཀར་པོའི་མདུན། །
སྔོན་དུས་འཛམ་གླིང་གེ་སར་རྒྱལ་པོ་ཡིས། །
སྒེགས་ཀྱི་ཙཱི་ནའི་རྒྱལ་པོ་དབང་བསྡུའི་སྐབས། །
སྤྱི་དཔོན་ཁྲ་རྒན་སྐུ་མཚམས་བཞུགས་པའི་རྟགས། །
ལྷ་མདའ་བདུན་སྒྲིག་ལྗོན་ཤིང་ངོ་མཚར་ཡོད། །
བར་དུ་གཏེར་ཆེན་ལུང་རིག་གླིང་པ་ཡིས། །
དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རྣམས། །
ལེགས་པར་ཕབས་པའི་གཏེར་གནས་རྨད་བྱུང་ལགས། །
ཆོས་བདག་ཧོར་བླ་གཞན་ཕན་དེ་ཡང་བཞུགས། །
དེ་རྗེས་རྒྱ་དབོན་ལྷ་མོ་ཚེ་རིང་གིས། །
སྒྲུབ་གནས་འདི་ཡི་གནས་སྒོ་ཕྱེས་ནས་སུ། །
འགྲོ་བ་རྣམས་ལ་ཕན་བདེའི་ལེགས་ལམ་བསྟན། །
གནས་འདིའི་ཡོན་ཏན་བསམ་མི་ཁྱབ་མཆིས་ཀྱང་། །
མདོར་ན་གནས་འདིར་དགེ་སྒྲུབ་ཆེ་ཕྲ་གང་། །
ཅི་བྱས་འབུམ་འགྱུར་ཡིན་ཅིང་ཚེ་འདིར་བདེ། །
ཕྱི་མ་ཐར་པའི་ལམ་སྣ་ཟིན་ཅེས་གསུངས། །
༈ ཁྱད་པར་ཨོ་རྒྱན་གནས་དང་བདེ་ཆེན་ཞིང་། །
དཔའ་བོ་མཁའ་འགྲོའི་གནས་ཡུལ་ཐམས་ཅད་དང་། །
ལྷོ་རྒྱལ་འཛམ་བུ་གླིང་གི་གནས་ཡུལ་ཀུན། །
འདིར་འདུས་དུས་ནི་ཤིང་མོ་གླང་གི་ལོའི། །
ཧོར་ཟླ་བཅུ་པའི་ཚེས་བཅུ་ནས་བཟུང་སྟེ། །
མེ་སྟག་ཟླ་བ་བཅུ་པའི་གནམ་སྟོང་བར། །
བྱིན་རླབས་དངོས་གྲུབ་ཐམས་ཅད་ཅད་འདུ་བར་ངེས། །
བསྐོར་ཚུལ་གསུམ་གྱི་དང་པོ་ནང་སྐོར་ནི། །
རི་ཁྲོད་འདི་ནས་དགོན་ཤར་ནང་བརྒྱུད་དེ། །
དགོན་པའི་ནུབ་ནས་གཡུ་མཁར་ཐང་བརྒྱུད་ཅིང། །
ཨ་ར་པ་ཙ་བསྐོར་ནས་དུར་ཁྲོད་ཀྱི། །
སྨད་ནས་ཡར་འཁོར་ཡར་ལ་འོང་བའི་ལམ། །
མཁའ་འགྲོའི་ཚོགས་གཞོང་ནུ་ཚོགས་རང་བྱུང་དང། །
རྡོ་རྗེ་ཕག་མོ་གཤིན་རྗེའི་ཞལ་དང་ནི། །
ཕུར་བུ་ཧོམ་ཁུང་རང་བྱུང་བསྐོར་ནས་ཡར། །
ཆུ་དཀར་ཁོག་བརྒྱུད་བྲག་སྣའི་ཡར་ཁ་ཡི། །
མཎྚལ་ཐང་ན་གུ་རུའི་ཞབས་རྗེས་ཡོད། །
རྡོ་དཀར་ཚོམ་བུ་རྣམས་ལ་ཁ་གསོ་གྱིས། །
ཤར་ལྷོ་དཀྱིལ་འཁོར་ཐང་ནས་འཕྲེད་ལམ་བགྲོད། །
གྲུབ་ཆུ་བསྐོར་འཐུང་བྱས་ནས་ཀུན་མཁྱེན་གྱི། །
རི་ཁྲོད་བརྒྱུད་དེ་འདི་རུ་སླེབས་པ་ནི། །
ནང་སྐོར་རྒྱས་པ་ཞིག་གི་ལམ་ཡིན་གསུངས། །
ཡིག་བརྒྱ་དུང་ཕྱུར་བཅུ་བཏོན་ཕན་ཡོན་ཡོད། །
བར་སྐོར་ཡོལ་རི་ནས་བརྒྱུད་གཡུ་སྙིང་རི། །
ནང་དུ་བཞག་ནས་ཚྭ་དང་མཁར་འདུས་བསྐོར། །
ཡིག་བརྒྱ་དུང་ཕྱུར་ཉི་ཤུའི་ཕན་ཡོན་འཐོབ། །
ཕྱིི་སྐོར་ཡོལ་རི་ནང་བཞག་ཤིང་སྐམ་ལ། །
བརྒྱུད་ནས་ལྡོང་རི་འཁྱིལ་ཆེན་ཁོག་ནས་ཡར། །
གནས་ལུང་གདུག་ཆེན་ནང་བཞག་གཡུ་སྙིང་བར། །
ཕན་ཡོན་ཡིག་བརྒྱ་དུང་ཕྱུར་སུམ་ཅུ་ཐོབ། །
མི་བདེན་སྙམ་པའི་ལོག་ལྟ་ཡོད་པ་དང་། །
ཨེ་བདེན་སྙམ་པའི་ཐེ་ཚོམ་ཡོད་གྱུར་ན། །
རྐང་པ་ལ་ནི་སྡུག་བསྔལ་གཏད་པའི་སྟེང་། །
རྣམ་པར་སྨིན་པ་བཟང་པོ་མྱོང་མི་འགྱུར། །
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །
གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །
དེ་ཡི་རྣམ་པར་སྨིན་པ་མི་བཟད་ལྡན། །
ཞེས་གསུངས་ཕྱིར་ན་ལོག་ལྟ་ཐེ་ཚོམ་སྤོངས། །
དུང་ཕྱུར་མང་པོའི་དགེ་བ་འབྱུང་དཀའ་བས། །
དད་དང་དག་སྣང་བྱེད་པ་གལ་ཆེའོ། །
དད་དང་དག་སྣང་ལྡན་པའི་གང་ཟག་ལ། །
གོང་བཤད་ཕན་ཡོན་ཐོབ་ལ་བསླུ་བ་མེད། །
འོན་ཀྱང་གནས་ལ་མོས་པའང་འབྲས་བུ་ཆེ། །
གནས་འབྲེལ་ཐོབ་ཚད་ཚེ་འདིའི་བར་ཆད་ཞི། །
ཕྱི་མ་བདེ་ནས་བདེ་བར་འགྲོ་ཞེས་གསུངས། །
ཡི་གེ་པ་ནི་འཇིགས་མེད་ཚུལ་ཁྲིམས་ཀྱིས། །
གཡུ་སྙིང་རི་ཁྲོད་བླ་མའི་བཀའ་བཞིན་བྲིས། །
དགེ་བས་འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །
རྒྱ་ལྷས་མཛད་པའི་གནས་ཡིག་འདི་ནི་དུས་འགྱུར་སྐབས་གཏོར་བརླག་ཏུ་གྱུར་པ་མཁན་དོན་ཚེ་དང་དབུ་གཟུངས་ཐོ་གཉིས་ཀྱི་ཐུགས་ལ་རགས་ཙམ་བཞུགས་པ་ལ་གཞི་བྱས་ནས་སྨན་བླས་བསྒྲིགས་སྤེལ་བགྱིས་པ་དགེ་ལེགས་འཕེལ། །
རིགས་གསུམ་འཕགས་པའི་གནས་རི་སྦས་ཡོལ་དགའ་བ་ལྗོངས་ཀྱི་དཀར་ཆགས་ཐོས་པ་དོན་ལྡན། སྒོ་འཛི་བླ་མ་དོན་རྟོགས།
ཧྲཱི༔ རིགས་གསུམ་འཕགས་པའི་གནས་རི་སྦས་ཡོལ་དགའ་བ་ལྗོངས་ཀྱི་དཀར་ཆགས་ཐོས་པ་དོན་ལྡན་ཞེས་བྱ་བ་བཞུགས༔
༼ཡོལ་མགོ༽
ཨེ་མ་ཧོ།
སྤྲོས་བྲལ་ཀ་དག་ཆོས་སྐུ་སྣང་མཐའ་ཡས། །
མ་འགག་ལྷུན་གྲུབ་ལོངས་སྐུ་མིག་མི་འཛུམ། །
དབྱེར་མེད་ཟུང་འཇུག་སྤྲུལ་སྐུ་མཚོ་སྐྱེས་རྗེ། །
སྐུ་གསུམ་ཀུན་འདུས་བླ་མར་ཕྱག་བགྱིའོ། །
སྤྱིར་ན་དམ་པའི་བཞུགས་གནས་ས་ཕྱོགས་གང་། །
རང་སྣང་རྣམ་དག་སྐུ་གསུམ་ཞིང་དུ་གྲོལ། །
དེ་ལ་དུས་བབ་པདྨའི་ཕོ་ཉ་བ། །
སྤྲུལ་བའི་གཏེར་སྟོན་གྲུབ་པའི་རིག་འཛིན་རྣམས། །
མཁའ་འགྲོའི་བརྡ་དང་དངོས་ཉམས་རྨི་ལམ་དུ། །
རྟེན་འབྲེལ་འཆར་སྒོ་མ་འགག་སྣང་ཚུལ་འགོད། །
འཛམ་གླིང་ཆ་ལས་གཡུ་ཡུལ་གསང་སྔགས་ཀྱི། །
སྣོད་བཅུད་རྟེན་འབྲེལ་ལེགས་པའི་སའི་ཆ་ཤས། །
སྦས་ཡོལ་དགའ་བ་ལྗོངས་ཞེས་དཔལ་གྱི་རི། །
སྔོན་བྱོན་གྲུབ་ཆེན་ས་ར་ཧ་པ་དང་། །
བཱི་མ་པད་འབྱུང་བཻ་རོ་གཡུ་སྒྲ་དང་། །
ཤྲཱི་བཛྲ་ཀུན་མཁྱེན་ཀརྨ་པ། །
དབུ་ནག་དོན་གྲུབ་རྒྱ་ཚ་ཞལ་དཀར་སོགས། །
རྒྱ་བོད་མཁས་གྲུབ་སྙིགས་མའི་རྒྱལ་བ་འགས། །
གནས་ཆེན་ནོར་བུ་ཕུག་གི་གནས་མགོ་བཀོད། །
ཕྱི་ལྟར་རིགས་གསུམ་མགོན་པོའི་གནས་སུ་བརླབས། །
ནང་ལྟར་སྒྲུབ་པ་བཀའ་བརྒྱད་གཞལ་ཡས་ཁང་། །
གསང་བ་དཔལ་རི་པདྨ་འོད་ཀྱི་ཞིང་། །
མ་ལུས་རབ་འབྱམས་རྒྱལ་བའི་ཞིང་བྱིན་བརླབས། །
ཕྱི་ནང་བར་གསུམ་གསང་བའི་སྐོར་ལམ་རྣམས། །
ནང་སྐོར་སྦས་ཡོལ་སྟེང་འོག་བར་གསུམ་ཡོད། །
ཡོལ་ཆེན་སྤྱན་གཟིགས་ཡོལ་ཆུང་ཕྱག་ན་རྡོར། །
ཆུ་ཆེན་ཕར་བརྒལ་འཇམ་དཔལ་དབྱངས་ཀྱི་རི། །
དེ་ན་བཞུགས་པའི་གྲུབ་རྟགས་མང་པོ་ཡོད། །
གནས་གསུམ་དཔལ་རི་ལྷ་ཆེན་གསང་རྡོར་དང་། །
ཨུ་མའི་མཚལ་ཆེན་མ་ཧཱ་མཛོ་རྗེས་ཡོད། །
ཆུ་བོ་ཆེན་པོར་ཞབས་རྗེས་ཡ་མཚན་ཅན། །
པདྨ་རྒྱལ་མཚན་ཕྱག་རྗེས་ཆོས་གོས་གཏེར། །
ཉི་གྲགས་གསུང་པོད་པདྨ་དྲྭ་བའི་སྐོར། །
གཏེར་སྒོ་མང་བཞུགས་དེ་ཡི་ཡར་སྟེང་ན། །
ལྷ་ལུང་དཔལ་རྡོར་སྐུ་རྗེས་གྲུབ་རྟགས་མང་། །
ཞི་ཁྲོའི་དཀྱིལ་འཁོར་རྣམ་སྲས་བླ་མཚོ་ན། །
དུང་དཀར་གཡས་སུ་འཁྱིལ་བའི་གཏེར་མ་བཞུགས། །
དེ་ནས་ཡར་སོང་བཞུགས་རབ་ཆུ་རྒྱུད་ན། །
དང་པོ་ཨ་ར་པ་ཙ་རང་བྱོན་བཞུགས། །
བཛྲ་གུ་རུ་རང་བྱོན་ཁྱད་འཕགས་ཅན། །
དེ་ནས་ཡར་སོང་སྲིན་མོའི་སྙིང་ཁྲག་མཚོ། །
མཚོ་དེའི་གོང་ན་གླང་ཆེན་རང་བྱུང་ཡོད། །
གླང་ཆེན་ལུས་ལ་རྟགས་བརྒྱད་སྣ་བདུན་འཛོམས། །
དེ་མིན་ཕག་མོའི་ངར་སྐད་སྐོར་གསུམ་གྱི། །
གཏེར་སྒོ་དང་ནི་གླིང་བའི་གྲུབ་རྟགས་མང་། །
དེ་ནས་ཡར་སོང་སྟག་རོང་གསང་རྡོར་རྗེས། །
རྟ་སྔོན་རྗེས་དང་གཙང་ཞུང་ཡོད་པའི་སར། །
གཡང་ཐང་བཀྲ་ཤིས་ར་བར་གནས་གཏེར་ནི། །
ཐང་མགོར་ཁ་བྱང་བརྡ་ཡིག་དག་ཏུ་ཡོད། །
དེ་ནས་ཡར་སོང་ཡར་འཁོར་རྣ་ལུང་མདར། །
སྟག་མོ་རང་བྱུང་འཇམ་དཔལ་རྩ་རྒྱུད་ཀྱི། །
གཏེར་བྱང་བརྡ་ཡིག་རང་བྱོན་མང་དུ་བཞུགས། །
དེ་ནས་ཡར་སོང་ལམ་གྱི་འདབ་ཟུར་ན། །
ཐང་རྒྱལ་ཕྱག་འཁར་སྨྲ་སེང་ཕྲེང་བའི་གཏེར། །
གཏེར་སྒོ་ནོར་བུའི་བརྒྱན་པ འི་གཏེར་སྒོ་གསུམ། །
ཇོ་བོ་ཐང་པའི་ཞབས་རྗེས་སྐྱེས་མཆོག་གི། །
ཕྱག་དཔེའི་གཏེར་སྒོ་ཙན་ཏན་སྡོང་པོ་བརྒྱད། །
དེ་གོང་མཁའ་འགྲོའི་བྲོ་ར་གཏེར་སྒོ་མང་། །
བདེ་བ་ཐང་དང་པདྨའི་ཚལ་ཞེས་ན། །
གཡུ་འབྲུག་རང་བྱོན་ཙན་ཏན་སྦྲུལ་སྙིང་ཡོད། །
དེ་ནས་ཕར་བབ་ཆུ་བོའི་ཤར་ཐང་ན། །
ཀརྨ་པ་དང་ཁྲོ་ཐུང་རྟ་རྗེས་ཡོད། །
མ་ཧཱ་མཛོ་ཁུར་མཛོ་རྗེས་བྱ་བྲལ་ནི། །
པདྨ་རྒྱལ་མཚན་མི་ཉག་འཇམ་དབྱངས་གྲགས། །
ཨ་ར་ཆོས་རྗེ་སོགས་ཀྱི་གྲུབ་རྟགས་མང་། །
དེ་ན་བདུད་སྲིན་འདུལ་ཆས་གླིང་བ་ཡི། །
བྲོ་ར་ལྷ་མོའི་བླ་མཚོ་གེ་སར་ཕུག །
ཚེ་ཆུ་བདུད་རྩི་འཆི་གསོའི་ཆུ་མིག་ཡོད། །
དེ་སོགས་རང་བྱུང་བཀོད་པ་དུ་མ་ཡོད། །
ཡོལ་ཆེན་གསང་སྔགས་གླིང་གི་ཤར་ངོས་ན། །
བྲག་དཀར་སེང་གེ་འདྲ་བའི་ལྟོ་བ་ན། །
འཕགས་པ་མ་རིག་མུན་སེལ་གཏེར་སྒོ་ཡོད། །
སྡུག་བསྔལ་རང་གྲོལ་སྐུ་ནི་རང་བྱོན་ཡོད། །
དེ་ཡི་སྟེང་དུ་རྟ་མགྲིན་སྒྲུབ་གནས་ཡོད། །
དེ་ནས་ཡོལ་ཆུང་མདུན་གཡས་ཆུ་རྒྱུད་ན། །
རྣམ་སྲས་སྐུ་མཁར་ཛམ་ནག་བླ་རྡོ་ཡོད། །
ཞིག་པོའི་གདན་ཁྲི་དཔའ་ཐུལ་འགའ་ཡི་ཆས། །
དམ་ཅན་ཐོ་རྗེས་སྐུ་མཁར་བླ་རྡོ་ཡོད། །
གནས་ཀྱི་སྒོ་སྲུང་ཚེ་རིང་མཆེད་ལྔའོ། །
ཡོས་ཀྱི་ལོ་འདིར་དུས་ཆེན་དང་བསྟུན་ནས་། །
ཡི་དམ་གང་བསྙེན་བགྲང་ནས་གཅིག་བསྐོར་ན། །
དུང་ཕྱུར་ཉེར་ལྔ་ནམ་དུ་དུང་བཅུ་གསུམ། །
ཐེ་ཚོམ་མི་དགོས་དཔའ་བོ་མཁའ་འགྲོའི་བརྡ་། །
སྐྱབས་མགོན་ཛམ་ལྷའི་སྒྲུབ་གནས་གསེར་ཉ་ཕུག། །
དེ་སྟེང་ཐང་རྒྱལ་བྱང་ཆུབ་མཆོད་པའི་རྟེན།
ཤུག་ཀློང་གྲི་བཙན་བྲག་རི་རྡོ་རྗེ་འབར། །
མཚོ་སྨན་ཆུ་མིག་གཉིས་ནི་ཁ་འཐབ་ཡོད། །
ཆུ་བོའི་རྒྱུད་ན་ནོར་བུ་རང་བྱུང་ཡོད། །
དཔའ་ཐུལ་འགའ་ཡི་གྲུབ་རྟགས་མང་པོ་བཞུགས། །
ཧྲཱི༔ བར་སྐོར་རྣ་ལུང་ནས་བརྒྱུད་གཡུ་སྙིང་ཡན། །
ཆུ་མིག་བཀྲ་ཤིས་དཔལ་ན་ཚེ་རིལ་བུ། །
ལྷ་ལུང་དཔལ་གྱི་རྡོ་རྗེའི་རྩིས་རི་མོ། །
ཛམ་ནག་སྒྲུབ་ཆོག་བཀྲ་ཤིས་གཡང་ཕུག་ཡོད། །
ཞིག་པོས་བཏུལ་བའི་དུག་སྦྲུལ་དུམ་བུ་དང་། །
བཀྲ་ཤིས་རྣམ་རྒྱལ་མ་ཎི་ཆོས་འཁོར་གནས། །
སྨོན་ལམ་ཐང་ལ་མ་ཎི་ཀ་ཆེན་ཡོད། །
ཡེ་ཤེས་རྡོ་རྗེའི་གཏེར་སྒོ་རྣམ་གསུམ་ཡོད། །
འཕགས་པ་མ་རིག་མུན་སེལ་སྒྲུབ་ཐབས་ཡོད། །
ཁྱུང་ནག་སྒྲུབ་ཐབས་གཏེར་སྒོ་གྲུ་གསུམ་ཡོད། །
ཞིག་པོའི་རྡོ་དྲིལ་སྐུ་རྗེས་དྲག་བསྙེན་མང། །
དམ་ཚིག་རྡོ་རྗེའི་སྐུ་རྗེས་ཞབས་རྗེས་དང་། །
བཻ་རོའི་རྒྱ་དཔེ་གཤིན་རྗེའི་སྒྲུབ་ཐབས་དང་། །
སྒྲོལ་མ་ཉེར་གཅིག་ཏཱ་རེ་རང་བྱུང་ཡོད། །
ལོ་གྱོན་བསྙེན་པ་སྨན་རི་ཕུན་ཚོགས་གླིང་། །
ལྗོན་ཤིང་བྱིན་ཆགས་བྱ་རིགས་སྐད་སྙན་ཅིང་། །
སྨན་གྱི་གཏེར་སྒོ་བཀྲ་ཤིས་རྟགས་བརྒྱད་ཚང ། །
ཆུ་དང་ལོ་མ་མྱོང་ཀུན་ནད་རྣམས་སེལ། །
ཐར་པ་རྒྱལ་མཚན་ཨ་ར་ཆོས་རྗེ་དང་། །
སྐྱེས་མཆོག་འཇམ་དབྱངས་གྲགས་པ་དེ་གསུམ་གྱིས། །
གྲུབ་རྟགས་མཛད་ནས་གནས་འདི་བྱིན་གྱིས་བརླབས། །
ཆོས་འཁོར་པདྨའི་ཚལ་ཐང་ཞེས་བྱ་ན། །
དྭགས་པོ་བཀྲ་ཤིས་རྣམ་རྒྱལ་ཆོས་འཁོར་བསྐོར། །
བདེ་བ་ཐང་ཞེས་དགེ་མ་བརྩོན་བཟང་མོས། །
མ་ཎིའི་ཆོས་གསུངས་ཞི་དྲག་ཟུང་འཇུག་ཅན། །
རྟེན་བཟང་ཞིག་ཡོད་སྟག་རོང་གཟིག་འཕེན་གྱི། །
སྦྲ་མལ་གཡང་རྟེན་བཀྲ་ཤིས་རྟགས་བརྒྱད་དང་། །
གཡུ་འབུམ་ནོར་བུ་བསམ་འཕེལ་གཏེར་སྦས་ཡོད། །
མི་ཟད་སྲིད་པའི་ནས་རྫོང་ཕྱུག་མོ་དང། །
དམ་ཅན་སྐུ་མཁར་ར་རྗེས་དཔའ་ཐུལ་འགའི། །
གྲུབ་རྟགས་མང་པོ་རྟ་སྔོན་ཁྲི་འབྱམས་རྗེས། །
སྤྱན་གཟིགས་ཞལ་མཇལ་རྡོ་རྐོ་ཀརྨའི་མིང་། །
ཕུན་ཚོགས་དང་ནི་རབ་རྒྱས་རྣམ་གཉིས་ཀྱིས། །
བརྐོས་པའི་མ་ཎི་བྱིན་ལྡན་མང་པོ་ཡོད།
ཨ་མྱེ་ཁྲ་རྒན་གདན་ས་གཡུ་སྙིང་ཞེས། །
ཟངས་མདོག་དཔལ་རི་དང་མཚུངས་ཁྱད་འཕགས་གནས། །
ཞི་དྲག་སྐུ་བརྙན་རང་བྱོན་རྩ་རྒྱུད་ཀྱི། །
སྒྲུབ་ཐབས་གྲུབ་ཆུ་བཀྲ་ཤིས་ཆུ་རྒྱུན་ནི། །
མྱོང་བཀྲུས་འགྲོ་རྣམས་སྒྲིབ་འདག་ཛམ་ནག་གི། །
སྒྲུབ་ཐབས་གཏེར་དང་རྣམ་སྲས་གཏེར་བུམ་ཡོད། །
ཡར་བསྐོར་ས་རའི་ཞབས་རྗེས་བྱ་ཁྱུང་དང་། །
ཨ་ར་པ་ཙ་རང་བྱོན་གཙང་བ་ནི། །
མི་ཕམ་མགོན་པོའི་ཕྱག་ནི་གཉིས་པོའི་རྗེས། །
དེ་སོགས་རང་བྱུང་བཀོད་པ་དུ་མ་ཡོད། །
གནས་ཀྱི་སྒོ་སྲུང་དམ་ཅན་སྡེ་བདུན་ཡིན། །
ལོ་འདིར་དུས་ཆེན་དང་བསྟུན་བསྐོར་བ་གཅིག།
ཡི་དམ་གང་བསྙེན་དུང་ཕྱུར་ལྔ་བཅུའོ། །
ནམ་དུ་ཉེར་ལྔ་གནས་འདུས་མེད་སྐབས་ལ། །
དུས་ཆེན་དང་བསྟུན་ཞི་དྲག་གང་བསྙེན་གྲངས། །
དུང་ཕྱུར་བདུན་ནམ་གསུམ་ནི་ཐེ་ཚོམ་མེད། །
དམ་པས་བསམ་མི་ཁྱབ་ལ་ཚད་མར་ངེས། །
ཧྲཱི༔ མཐའ་སྐོར་རྡོ་རྗེ་གཡུ་ཁྲོམ་མཐིལ་དུ་བཞག །
ཕྱོགས་དང་མཚམས་སུ་མ་ཎི་རང་བྱུང་བརྒྱད། །
ཤར་གྲོང་ཇུ་མདའ་རྨི་མདའ་བོལ་གོང་མདའ། །
རྫུ་འོར་སྦྲུལ་མདའ་ཚ་ཁང་ལ་འུ་བརྒྱད། །
ཕྱི་སྐོར་གནས་དེ་ཐུགས་རྗེ་ཆེན་པོ་དང་། །
གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་གྲོགས་གསུམ་སོགས། །
སྔ་ཕྱིའི་གྲུབ་ཆེན་མང་པོས་བརླབས་པའི་གནས། །
འབྲུ་ནོར་ཆོས་གཏེར་གཏེར་ཁུང་ཁ་བྱང་དང་། །
གསེར་གཡུ་དུང་མཚོར་འབྲུ་ནོར་རིན་ཆེན་གཏེར། །
གཏེར་ཆེན་བཅུ་གཉིས་གཏེར་ཕྲན་བརྒྱ་རྩ་དང་། །
སྒོ་སྲུང་དྲེགས་པ་སྡེ་བརྒྱད་མཆེ་ཅན་ཚོགས། །
འཇིགས་གཟུགས་རྫུ་འཕྲུལ་སྣ་ཚོགས་སྟོན་པ་ཡོད། །
ཡོས་ལོ་ནམ་ཤར་དང་བསྟུན་གང་བསྙེན་གྲངས། །
ལན་གཅིག་བསྐོར་བས་དུང་ཕྱུར་བརྒྱ་འགྱུར་རོ། །
ནམ་དུ་ལྔ་བཅུ་པདྨའི་ཐ་ཚིག་བརྡ། །
འདི་ལྟར་ལེགས་བྱས་དགེ་ཚོགས་གངྒའི་རྒྱུན། །
མི་ནུབ་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྔགས། །
བསྟན་འཛིན་དཔོན་སློབ་ཡུན་དུ་འཚོ་གཞེས་ཤིང་། །
བོད་ཆེན་སྤྱི་དང་ཕྱོགས་འདིར་བཀྲ་ཤིས་འཕེལ། །
མ་གྱུར་འགྲོ་བའི་རྒྱས་འགྱུར་རིགས་སད་ནས། །
ཡེ་སངས་རྒྱས་ལ་ཡང་སངས་རྒྱ་བར་ཤོག །
གནས་བསྟོད་འདི་ནི་ཨ་ཚབ་བླ་མ་ཀུན་མཁྱེན་སྐྱབས་ཀྱི་བཀའ་གསུང་ལྟར་སྒོ་འཛི་བླ་མ་དོན་རྟོགས་ཀྱིས་ཕབས་པར་གྲགས། །
ཏཱ་རེའི་གནས་ཀྱི་ལུང་བྱང་མདོར་བསྡུས། རྒྱ་སྤྲུལ་ལུང་རིག་གླིང་པ།
ཁྱད་པར་བོད་སྐྱོང་དགེ་བསྙེན་ཉེར་གཅིག་གིཿ
ནང་ཚན་དགེ་བསྙེན་རྡོ་རྗེ་གཡུ་ཁྲོམ་གྱིཿ
གཡས་ཕྱོགས་ཏཱ་རེ་མི་འགྱུར་དགའ་བའི་ཚལཿ
སྔོན་ཚེ་ལོ་ཙ་བཻ་རོ་ཙ་ན་དང་ཿ
སློབ་དཔོན་ཆེན་པོ་པདྨ་ཀཱ་ར་ཡིསཿ
ཟབ་གཏེར་ཉེར་བདུན་སྦས་ཤིང་གནས་བདག་ནིཿ
རྡོ་རྗེ་ཐོག་མེད་རྩལ་དང་ཀླུ་རྒྱལ་ནིཿ
ཟླ་བའི་ཟུར་ཕུད་ཅན་གཉིས་སྲུང་མར་བསྐོསཿ
མ་འོངས་འབྱུང་འགྱུར་ལུང་དང་བཅས་པ་ནིཿ
ཤེལ་ཕུག་ཁྱུང་ཆེན་བྲག་ལ་གཏེར་དུ་སྦསཿ
གྲུབ་བརྙེས་མང་པོ་འོད་སྐུར་གྲོལ་བའི་གནསཿ
ཕྱག་ཆེན་ལུང་པར་དུང་སེང་འགྱིང་འདྲའི་བྲགཿ
བཻཌཱུར་མདོག་འདྲ་ཧཱུྃ་ཡིག་གསལ་བ་དེརཿ
རྫོགས་ཆེན་སྡེ་གསུམ་ཀློང་དགུའི་སྐོར་རྣམས་ཡོདཿ
འཕགས་མའི་རི་ལ་མ་རྒྱུད་མཁའ་འགྲོ་ཡིཿ
སྒྲུབ་ཐབས་ཕྱི་ནང་གསང་སྐོར་དུ་མ་ཡོདཿ
ཀེའུ་ཚང་བྲག་ལ་གུ་རུའི་སྒྲུབ་སྐོར་དངཿ
སྐུ་བརྙན་བུ་ཆུང་ལོ་གསུམ་ཙམ་ཞིག་ནིཿ
རྡོ་དཀར་ལས་གྲུབ་ངོ་མཚར་ལྡན་པ་ཡོདཿ
དགེ་རྒྱས་ལུང་པར་རིགས་གསུམ་སྒྲུབ་སྐོར་དངཿ
སྐུ་དང་ཕྱག་མཚན་ཡ་མཚན་ཆེ་བ་ཡོདཿ
མདོར་ན་ཕྱི་སྐོར་རྟ་པའི་ཞག་བཅུ་གསུམཿ
གསང་སྐོར་ཞག་བདུན་ནང་གི་སྐོར་ཚད་ནིཿ
རྒྱང་གྲགས་བཅོ་བརྒྱད་ཡང་གསང་སྐོར་བའི་ཚདཿ
རྒྱང་གྲགས་བརྒྱད་ཡིན་ཕན་ཡོན་རང་བྱུང་སོགསཿ
མིང་ཅན་གཅིག་གིས་གསལ་བར་སྟོནཿ
གུ་ཧྱཿ རྒྱ་སྤྲུལ་པས་སོ།། །།
ཏཱ་རེའི་གནས་བསྟོད་སྐྱེ་ལྔའི་དུང་དཀར། ཧོར་བླ་གཞན་ཕན་བཟང་པོ།
ཡང་གསང་མཁའ་འགྲོའི་བརྡ་རིས་ལས༔
ཏཱ་རེའི་གནས་བསྟོད་སྐྱེ་ལྔའི་དུང་དཀར་བཞུགས༔
རང་བྱུང་ལྷུན་གྲུབ་རྒྱལ་བའི་གསང་གསུམ་ལས༔
རྣམ་པར་བསྐྲུན་པའི་གྲུབ་པའི་སྤྱི་མེས་མཆོག༔
ཁམས་གསུམ་དྲེགས་པའི་གཙུག་ན་མངོན་མཐོ་བའི༔
རིག་འཛིན་པདྨ་བདུད་འདུལ་སྤྱི་བོས་མཆོད༔
བོད་ཡུལ་གཏེར་གྱི་གཉེར་འཛིན་ཊཱཀྐི་མ༔
ཡེ་ཤེས་མཁའ་འགྲོའི་ཚོགས་རྗེ་མཁར་ཆེན་བཟའི༔
སྒྱུ་འཕྲུལ་འགྲོ་འདུལ་རིག་འཛིན་ལུང་རིག་གླིང༔
མི་འབྲལ་འཁོར་ལོའི་རྒྱན་བཞུགས་ཤིས་པ་སྩོལ༔
འོད་གསལ་ཉམས་ཀྱི་སྣང་བའི་བརྡ་རིས་ལས༔
གནས་འདིར་མ་ཀིའི་བྱིན་རླབས་ཆགས་པའི་ས༔
མཁའ་འགྲོ་ཤུགས་འགྲོའི་འདུ་བ་སྤྲིན་ལྟར་འཁྲིགས༔
ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཤ་ར་ར༔
རིག་འཛིན་མང་པོས་ཞབས་བཅགས་དགོངས་བྱིན་རླབས༔
མཁའ་སྤྱོད་གཡུ་ལོ་བཀོད་པ་གཉིས་པ་འདིར༔
དབུས་ཀྱི་རྒྱལ་མཚན་བསྒྲེངས་འདྲའི་རི་བོའི་གཡས༔
རྗེ་བཙུན་ཏཱ་རེའི་སྣང་བརྙན་འབུར་དུ་དོད༔
པཎ་གྲུབ་གསུམ་གྱི་སྒྲུབ་ཕུག་བྱིན་ལྡན་ཡོད༔
རྒྱ་སོག་བོད་གསུམ་ཡིག་འབྲུ་གྲངས་མེད་བཞུགས༔
འཆི་མེད་ཟླ་བ་ལས་གྲུབ་ཚེ་ཆུ་གྲུབ༔
བདུད་བཙན་དྲེགས་པས་གཏེར་གྱི་གཉེར་ཁ་འཛིན༔
གཡོན་ཕྱོགས་མ་ཅིག་ཕྱག་མཚན་གྲི་ཐོད་དང༔
དམ་པའི་རྐང་གླིང་འབུར་དུ་དོད་པ་ཡོད༔
མ་གཟའི་བླ་ཤིང་རང་བྱོན་སྦྲེལ་ལ་གནས༔
མདུན་དུ་ཐོད་པའི་སྐུ་མཁར་རང་བྱུང་ལྡན༔
མ་རྒྱུད་མཁའ་འགྲོའི་བླ་ཤིང་དྲེགས་པའི་རྫོངས༔
ལྷ་ཡི་ཕྱག་མཚན་བྲིས་འབུར་གྲངས་ལྡན་དང༔
སྨན་གྱི་བླ་མའི་བྱིན་རླབས་ཆགས་པའི་ཆུ༔
རང་བྱུང་ངོ་མཚར་བྱིན་རླབས་དྲི་བསུང་འཐུལ༔
རྒྱབ་དུ་མ་ཚོགས་མཁའ་འགྲོ་འདུ་བའི་ཁང༔
ཚོགས་དང་མཎྚལ་ཚོམ་བུའི་རྣམ་པར་མངོན༔
ཕྱོགས་བཞི་མཚམས་བརྒྱད་གྲུབ་པའི་རིག་འཛིན་འགའི༔
ཕྱག་ཞབས་རྗེས་དང་གྲུབ་རྟགས་ཡ་མ་ཟུང༔
མཛད་པའི་མཚན་མ་རྨད་དུ་བྱུང་བ་བཞུགས༔
དེ་སོགས་སྲུང་བའི་གནས་བདག་གཙོ་བོ་ནི༔
ལྷ་ཡི་དགེ་བསྙེན་དྲག་པོ་རབ་འབར་རྩལ༔
པད་འབྱུང་བཻ་རོའི་བཀའ་ཉན་དམ་ཚིག་ཅན༔
འཁོར་དུ་ཀླུ་དང་བཙན་རྒྱལ་བདུད་བཀྲག་མེད༔
འཇིག་རྟེན་འདས་དང་མ་འདས་ལྷ་འདྲེའི་ཚོགས༔
གནས་འདིར་གཉུག་གནས་མཁའ་རྒྱུ་བསམ་མི་ཁྱབ༔
དེ་འདྲའི་གནས་འདིར་ལྷག་བསམ་རྣམ་དག་པས༔
ཞག་གཅིག་ཉམས་ལེན་གཞན་དུ་ཟླ་བདུན་འགྲན༔
ཟླ་གཅིག་སྒོམ་སྒྲུབ་གཞན་དུ་ལོ་གསུམ་འགྲན༔
ལོ་གཅིག་སྒོམ་སྒྲུབ་གཞན་དུ་ལོ་དུས་མཉམ༔
དེ་བཞིན་ཕྱི་ནང་གསང་གསུམ་སྐོར་གསུམ་ལས༔
ལྷག་བསམ་དག་པས་སྐྱེ་འགྲོ་ཕོ་མོ་ཡིས༔
གསང་སྐོར་གཅིག་བྱས་ཏཱ་རེ་དུང་ཕྱུར་ནི༔
མེ་ཡི་གྲངས་ལྡན་ཕན་ཡོན་བརྗོད་ལས་འདས༔
དེ་འདྲའི་སུམ་འགྱུར་ནང་ཕྱི་གཉིས་ལ་མངོན༔
གནས་འདིར་བརྟེན་བཅས་སྐྱེས་སོ་ཅོག་རྣམས་ཀྱང༔
སྐྱེ་བོ་རབ་འབྲིང་ཐ་མའི་ཁམས་དབང་བཞིན༔
སྐྱེ་བ་གཅིག་གམ་གསུམ་བདུན་ཚུན་ཆད་དུ༔
གཡུ་ལོ་བཀོད་པའི་ཞིང་དུ་ལམ་སྣ་ཟིན༔
རྗེ་བཙུན་འཕགས་མས་དབུགས་དབྱུང་ལུང་སྟོན་འགྱུར༔
མདོར་བསྡུས་ཙམ་དུ་འདིར་བཀོད་ས་མ་ཡ༔
གནས་སྲུང་བདུད་བཙན་ཀླུ་གསུམ་དང༔
མ་གཟའ་དམ་གསུམ་མེལ་ཚེ་མཛོད༔
དད་མེད་ལོག་པའི་སྙིང་ཁྲག་འཕོས༔
དད་ལྡན་ཡོངས་ལ་སྲུང་ཤིག་རྒྱ༔
གུ་ཧྱ༔ འདིར་སྨྲས་པ༔
ང་འདྲའི་ཟོག་པོས་མི་མགོ་སྐོར་མིན་ཀྱང༔
སོ་སོའི་སྐྱེ་བོས་ས་སྤྱོད་མཐོང་མིན་ཀྱང༔
ཤེས་མེད་ཤེས་རྫུན་གྲིབ་ཀྱིས་སྒྲིབ་མིན་ཀྱང༔
ཆེ་འདོད་ཆོས་བརྒྱད་དམ་སྲིས་བསླུས་མིན་ཀྱང༔
འོད་གསལ་རྨི་ལམ་ཉམས་ཀྱི་སྣང་བ་ལ༔
ཁྱབ་བྱེད་ཀུན་གཟིགས་རྩལ་ལས་རང་བྱུང་བརྡ༔
ཡེ་ཤེས་མཁའ་འགྲོའི་ཞལ་གསུང་འཕྱུག་མེད་འདི༔
གྲུབ་པའི་རིག་འཛིན་བླ་མའི་བྱིན་རླབས་ཡིན༔
འཁྲུལ་སྣང་ཨ་འཐས་མཁན་དང་འགྲན་ཟླ་བྲལ༔
འདི་ཕྱིའི་ལེགས་པའི་ཡོན་ཏན་མྱུ་གུ་སྨིན༔
མཐར་ཐུག་གདོད་མའི་འབྲས་བུ་གཡུར་དུ་ཟ༔
ད་ལྟ་རིག་འཛིན་རྣལ་འབྱོར་གཞན་ཕན་པར༔
གནས་འདིའི་སྒོ་འབྱེད་འགྲོ་དོན་མཐའ་ཡས་ཀྱང༔
ལོག་པའི་སྨོན་སྟོན་རྟེན་འབྲེལ་མ་ལེགས་པས༔
སྣང་མིན་དག་སྣང་ཙམ་དུ་བྲིས་པ་ཡིན༔
རིན་ཆེན་བཞི་པའི་ལྕེ་ཟུང་རྐྱོང་བའི་དུས༔
ངེས་མེད་རྣལ་འབྱོར་ཞིག་གིས་གཏེར་སྒོ་འབྱེད༔
ས་ཡ་བཅུ་ལྡན་སྐྱེ་འགྲོ་གནས་སྐབས་དང༔
མཐར་ཐུག་བདེ་ལ་འགོད་པའི་རྟེན་འབྲེལ་ཡོད༔
གནས་འདིར་ས་སྐོ་རྡོ་བཤིགས་ཤིང་གཅོད་དང༔
ཐབས་གཞོབ་འཁོན་སོགས་བག་མེད་སྤྱོད་ཉེས་ན༔
མི་མིན་འབྱུང་པོས་གློ་བུར་ཚ་རེག་དང༔
བཀའ་ཆད་དྲག་པོ་ནམ་མཁའི་ཐོག་ལྟར་འབེབས༔
བག་ཡོད་རྣམ་བཞིའི་སྦྱིན་པ་གཞི་བགེགས་ལ༔
ཚིམ་པར་བསྔོས་ན་ཅི་བཅོལ་ལས་འགྲུབ་འགྱུར༔ ས་མ་ཡཱ༔
དགེ་འདིས་འགྲོ་ཀུན་གདོད་མའི་གྲོལ་གཞི་ལ༔
ཆགས་ཐོགས་བྲལ་བས་མྱུར་དུ་འགོད་པར་སྨོན༔
མཆོག་གསུམ་རྩ་གསུམ་སྲུང་མ་ཡུལ་སྐྱོང་གིས༔
ཕུན་ཚོགས་རྣམ་པར་དཀར་བའི་དགེ་ལེགས་སྩོལ༔
ཧོར་བན་ས་ར་ཧི་ཏས་སོ༔
ཏཱ་རེའི་གནས་ཡིག་བདེ་ཆེན་བགྲོད་པའི་ལམ་བཟང་མ་རིག་མུན་སེལ། ཧོར་བླ་གཞན་ཕན་བཟང་པོ།
ཏཱ་རེའི་གནས་ཡིག་བདེ་ཆེན་བགྲོད་པའི་ལམ་བཟང་མ་རིག་མུན་སེལ་ཞེས་བྱ་བ་བཞུགས༔
ཕུན་ཚོགས་ཕན་བདེའི་བྱེད་པོ་བླ་ན་མེད༔
སྲིད་པའི་ལམ་དུབ་མགྲོན་པོ་དབུགས་དབྱུང་མཁན༔
མཁས་གྲུབ་བྱེ་བའི་གཙུག་གི་རྒྱན་གཅིག་པུ༔
ལྷ་མིའི་བླ་མ་མཚོ་སྐྱེས་རྡོ་རྗེ་རྒྱལ༔
རྟེན་འབྱུང་བསླུ་མེད་རྟེན་འབྲེལ་ཟབ་མོ་ཡི༔
བདེན་མཐུ་བསླུ་མེད་གངས་ཅན་བོད་དུ་གྲགས༔
ཐུབ་པའི་ཞལ་སྐྱིན་པད་འབྱུང་རིགས་གསུམ་གྱི༔
གདུལ་ཞིང་ཁྱད་འཕགས་དབུས་གཙང་མདོ་སྒང་དྲུག༔
བྱེ་བྲག་རོང་ཆེན་བཞི་ཞེས་འབྱུང་བ་ལས༔
རྒྱལ་མོ་རོང་གི་གནས་བདག་མུ་རྡོ་ཡི༔
ཉེར་གནས་གནས་ཆེན་བརྒྱ་དང་གནས་ཕྲན་སྟོང༔
པད་འབྱུང་རྗེ་འབངས་གྲོགས་ཀྱི་བྱིན་རླབས་ཆུས༔
ལེགས་བྲན་སྙིགས་དུས་རྒུད་པ་ཞི་བའི་ཆེད༔
གཏེར་སྟོན་ལུང་སྟོན་གནས་སྒོ་འབྱེད་པའི་དུས༔
ལེགས་པར་གདམས་པའི་ནང་ཚན་གངྒ་ཡི༔
མིང་གི་ཟུར་ཆགས་བྱང་ཤར་ཏཱ་རེའི་གནས༔
རྟེན་འབྲེལ་འཕྲོ་ཅན་རྟ་སྦྲུལ་ལོ་ཤར་དུས༔
ཊཱཀྐིའི་བརྡ་དང་གནས་བདག་ཆོས་དབང་ཚོས༔
བསྐུལ་བའི་ལུང་བྱང་སྙིང་ལ་ཤར་བ་ལསཿ
རེ་ཞིག་དང་ལེན་དབེན་པའི་ལེ་ལོའི་སྐབས༔
ཉིང་འཁྲུལ་རྨི་ལམ་གསལ་བའི་གོ་འབྱེད་དུས༔
ལྷ་དང་བླ་མས་ཞལ་གཟིགས་ལུང་བསྟན་ནས༔
ཐ་མའི་རྟེན་འབྲེལ་འཕྲོ་ཅན་གྱུར་པ་ལ༔
ཕྱིར་བཤོལ་བདུད་ཀྱི་དབང་དུ་ལུས་པ་ན༔
ཊཱཀྐིའི་བཀའ་ཆད་འགྲོ་དོན་སྒོ་འགགས་པས༔
ད་ལྟ་རིང་མིན་གནས་ལ་དབུགས་དབྱུང་མཛོད༔
པདྨ་བཀོད་དང་སྦས་གནས་འབྲས་ལྗོངས་ཀྱི༔
གནས་སྒོ་འབྱེད་ལ་ཉེ་བའི་དུས་རྟགས་ཡིན༔
སྒྲོལ་མའི་གནས་ཀྱི་ཡོན་ཏན་བརྗོད་མི་ལང༔
རྟེན་འབྲེལ་མདོར་བསྡུས་འདི་རུ་ལེགས་བརྗོད་གསོན༔
ནོར་བུའི་རི་ལ་ལྷ་མོ་རྣམ་གསུམ་བཞུགས༔
སྐུ་རྟེན་གསུང་ཡིག་ཐུགས་རྟེན་ཕྱག་མཚན་སོགས༔
གང་ཟག་དབང་པོའི་ཁམས་བཞིན་བསམ་ཡས་མཐོང༔
དཔལ་གྱི་རི་ལ་སྐུ་གསུམ་ཕོ་བྲང་དང༔
ཐོད་ཕྲེང་རིགས་ལྔའི་སྒྲུབ་ཕུག་བྱིན་ལྡན་ཡོད༔
འཇམ་སྐུ་ཕྱག་མཚན་ཆོས་འབྱུང་འབུར་དུ་དོད༔
ཨ་ར་པ་ཙ་ལ་སོགས་དུ་མ་མངོན༔
བཻ་རོའི་དབུ་ཞྭ་མཐོང་བ་དོན་ལྡན་དང༔
སྐུ་རྗེས་དང་ནི་ལྷ་ལམ་བགྲོད་ཐེམ་སྐས༔
པད་འདབ་དང་ནི་དམ་ཅན་ར་ཡི་གདོང༔
སློབ་དཔོན་ཕྱག་མཛུབ་རྗེས་དང་ཞབས་ཟུང་རྗེས༔
ནམ་མཁའི་སྙིང་པོ་གཡུ་སྒྲ་ཟུང་གཅིག་གིས༔
སྟོབས་རྩལ་འགྲན་པའི་ཞབས་རྗེས་ཟུང་དུ་འཇུག༔
ཕག་མོའི་སྐུ་དང་རྡོ་དྲིལ་ལྗོན་པའི་ཤིང༔
བསམ་མི་ཁྱབ་པ་རིས་སུ་བཀྲ་བ་ཡོད༔
མེ་རི་འབར་བའི་དུར་ཁྲོད་གཞལ་ཡས་ཁང༔
རང་བྱོན་དུར་ཤིང་དུར་ཆུ་དུར་སྤྲིན་དང༔
ཁྲག་ཞག་འདམ་ཞལ་མདའ་མདུང་རལ་གྲིའི་གུར༔
འཇིགས་སུ་རུང་བའི་ལོགས་ལ་ཆེ་མཆོག་གི༔
ཞལ་ཕྱག་བཀྲ་དང་སྣང་སྲིད་ཟིལ་གནོན་གྱིས༔
དྲེགས་པ་བཏུལ་བའི་གྲུབ་རྟགས་ཕྱག་ཞབས་རྗེས༔
ཐེག་ཆེན་པོ་ཏི་རང་བྱོན་རྒྱལ་མཚན་གྱིས༔
ལེགས་སྤྲས་མཐོང་ཚད་གྲོལ་བའི་རྟེན་འབྲེལ་ཡོད༔
ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དངོས་བཞུགས་ཀྱང༔
རིག་འཛིན་སར་གནས་ལས་ཅན་འགའ་མ་གཏོགས༔
ཐམས་ཅད་ཡོངས་ཀྱི་དབང་པོའི་སྤྱོད་ཡུལ་མིན༔
རྒྱ་བོད་པཎ་གྲུབ་ཕྱག་མཚན་ཞབས་རྗེས་དང་༔
རྒྱ་སོག་བོད་གསུམ་ཡིག་འབྲུ་གྲངས་ལས་འདས༔
ལས་སྐལ་ལྡན་པ་རྣམས་ཀྱིས་ཆོས་སྐལ་དུ༔
འབད་རྩོལ་མེད་པར་མཐོང་བ་ཨེ་མ་ཧོ༔
གནས་དེར་ཞག་གཅིག་སྒོམ་སྒྲུབ་བྱས་ན་ཡང༔
ཕྱི་མ་མཁའ་སྤྱོད་གཡུ་ལོ་བཀོད་པ་དང༔
པདྨ་འོད་སོགས་བགྲོད་པ་ཐེ་མི་ཚོམ༔
བཀའ་བརྒྱད་རི་ལ་ལྷ་སྐུ་རང་རང་གི༔
སྐུ་ཡིག་ཕྱག་མཚན་ལ་སོགས་ཡིད་ཆེས་མངོན༔
དེ་ཕྱིར་ཡོན་ཏན་བརྗོད་པ་བསམ་ལས་འདས༔
སྡེ་བརྒྱད་ཕུག་པར་རང་རང་ཕྱག་མཚན་དང༔
སྲོག་ཡིག་ལ་སོགས་ཡིད་ཆེས་རྟགས་མཚན་འབྱུང༔
སེང་གདོང་རི་ལ་གཏོར་མའི་གྲི་རིས་དང༔
སེང་ཞལ་རྡོ་གཏོར་དྲག་པོའི་ཆས་ཀྱིས་བརྒྱན༔
མཚོ་རྒྱལ་ཚེ་སྒྲུབ་མཛད་པའི་ཕུག་པ་དེར༔
ཚེ་ཆུ་རང་བྱོན་མཁའ་འགྲོའི་བླ་མཚོ་ཡོད༔
དེ་མིན་བྱེ་བྲག་ཡོན་ཏན་བརྗོད་ལས་འདས༔
སངས་རྒྱས་གཉིས་པས་བརྗོད་ཀྱང་ཐུག་པ་མེད༔
སྤྱིར་ན་གནས་འདིའི་ས་རྡོ་རི་བྲག་དང༔
རྩི་ཤིང་ནགས་ཚལ་ཆུ་ཀླུང་བྱ་རི་དྭགས༔
ཐམས་ཅད་བདེ་ཆེན་ཞིང་དང་ཁྱད་མི་མངའ༔
ཐེག་ཆེན་རྣལ་འབྱོར་སྣང་བ་འབྱམས་སུ་ཀླས༔
མི་སྐྱ་ཕོ་མོ་དད་པས་དྭངས་འདྲེན་ཅིང༔
ཕྱག་སྐོར་བྱས་ཤིང་རང་བྱོན་སོགས་མཐོང་ན༔
ཚེ་འདིར་བདེ་ལྡན་ཕྱི་མར་སངས་རྒྱས་ཐོབ༔
རིགས་ངན་ལོག་སྲེད་མཁན་གྱིས་སྒྲོ་སྐུར་ན༔
ཚེ་འདིར་ཡུལ་ལྷའི་བཀའ་ཆད་མི་འདོད་འབྱུང༔
འཕོས་ཚེ་རྡོ་རྗེ་དམྱལ་བར་འཚོད་ཏ་རེ༔
དམ་ཆོས་རིན་ཆེན་འདོད་པས་གནས་འདི་སྐོར༔
གྲགས་པའི་གཡས་འཁྱིལ་སྒྲ་ཡིས་གྲགས་པ་སྡུད༔
དབུལ་པོ་ཟས་ནོར་འདོད་པས་གནས་འདི་སྐོར༔
ཡིད་བཞིན་རིན་ཆེན་ལྟ་བུའི་དགོས་འདོད་འབྱུང༔
གཏི་མུག་རྨུག་པ་འཐིབ་པས་གནས་འདི་སྐོར༔
ཤེས་རབ་གསལ་བའི་སྒྲོན་མེ་སྙིང་ལ་འཆར༔
སྡིག་ཅན་ཤན་པས་གནས་འདིར་ཕྱག་སྐོར་རེམས༔
ལས་གྱི་སྒྲིབ་དག་ཕྱི་མར་ཐར་བ་ཐོབ༔
ནད་གདོན་བགེགས་ཀྱིས་ནོན་རྣམས་གནས་འདི་སྐོར༔
བར་ཆད་དབྱིངས་གྲོལ་ཚེ་ཡི་དངོས་གྲུབ་ཐོབ༔
འཇའ་དང་འོད་ལུས་གྲུབ་འདོད་གནས་འདི་རུ༔
གཉིས་མིན་གཅིག་པུས་སྒྲུབ་པ་ལྷུར་བླངས་ན༔
འཕོ་ཆེན་བུམ་སྐུ་བདེ་བླག་ཉིད་དུ་འགྲུབ༔
འདོད་དོན་ལྷུན་གྲུབ་ཏཱ་རེའི་གནས་འདི་རུ༔
རང་གཞན་དོན་གཉིས་འབད་མེད་ཤུགས་ཀྱིས་འབྱུང༔
གནས་འདིའི་ཕྱི་ནང་བར་གསུམ་ཐམས་ཅད་དུ༔
སྐུ་གསུམ་མངོན་གྱུར་ལོངས་སྐུའི་ཞིང་མཚོན་ཕྱིར༔
སྐུ་ཡིག་ཕྱག་མཚན་ཕྱག་ཞབས་གྲུབ་པའི་རྟགས༔
བསམ་མི་ཁྱབ་པ་བརྗོད་ལས་འདས་པ་ཡོད༔
རང་ལ་དབང་བའི་སྐལ་ལྡན་ཀུན་གྱིས་མཐོང༔
དེ་མིན་འཚོལ་བའི་ངལ་བ་ག་ལ་དགོས༔
བསྐོར་བའི་ཚད་ནི་བརྒྱ་དང་རྩ་བརྒྱད་དེ༔
དེ་འབྲས་གནས་སྐབས་མཐར་ཐུག་ཡང་དག་ལྡན༔
གང་བརྩམ་ཡིད་བཞིན་འགྲུབ་ལ་སོམ་ཉི་ཅི༔
ཡོད་དེ་མེད་པའི་གཏན་ཚིགས་བརྡ་ལས་སྣང་༔
ནང་སྐོར་དཔལ་གྱི་རི་དང་ཏཱ་རེ་ཡི༔
གནས་ཡིག་དཀར་ཆགས་མདོར་བསྡུས་འདིར་བཀོད་དགེ༔
ཁྱད་པར་ཤིང་ཕོ་རྟ་ཡི་དྲུག་པའི་སྐབས༔
སངས་རྒྱས་ཆོས་གསུང་དུས་གཉན་ཚེས་བཞི་ནས༔
གཡང་དཀར་ལོ་ཡི་གཉིས་པའི་ཚེས་བཅུ་ཚུན༔
རྒྱ་བོད་གནས་ཆེན་སྟོང་རྩ་གནས་ཕྲན་ནི༔
ཡོད་དོ་ཅོག་རྣམས་འདི་རུ་འདུས་པའི་རྟགས༔
སྒྲ་དང་འཇའ་སྤྲིན་ལེགས་པའི་མཚན་མར་བཅས༔
ལན་གཅིག་བསྐོར་བས་ཏཱ་རེ་དུང་ཕྱུར་བདུན༔
འཕྲལ་གྱི་རྐྱེན་སེལ་སྔོན་གྱི་ལས་ཡང་སྲབ༔
འདི་རུ་འཚོགས་ཤིང་སྒྲུབ་འབྲེལ་ཕྱག་སྐོར་སོགས༔
མང་དུ་སྒྲུབ་ན་སངས་རྒྱས་ཐོབ་པར་འགྱུར༔
གནས་རྣམས་གང་ལ་ཁས་ལེན་ཡོད་པའི་མི༔
ཐེ་ཚོམ་མེད་ན་འདི་རུ་ཕྱག་སྐོར་གྱིས༔
གཞན་གྱི་གནས་ལས་འབུམ་གྱི་འགྱུར་ཁྱད་ཡོད༔
མཁའ་སྤྱོད་ས་སྤྱོད་བྱིན་རླབས་འདི་རུ་འཕོས༔
ཡོད་པའི་ཚད་མ་རང་སེམས་དཔང་པོར་ཡོད༔
བསླུས་ན་ལྷ་དང་བླ་མའི་བྱིན་རླབས་ཞན༔
སྔོན་བཟང་ལས་འཕྲོ་སད་ལ་པད་འབྱུང་གིས༔
ལུང་མ་བསྟན་པར་གཞན་གྱིས་འདི་མི་གོ༔
གལ་ཏེ་ཆོས་བརྒྱད་ཟོལ་གྱིས་སྨད་ན་ཡང༔
ཡུལ་ལྷས་བཀའ་ཆད་ལེགས་པའི་མཚན་མ་མེད༔
ཆོས་མེད་ཕོ་ཚོད་མཁན་གྱིས་བསླུ་སེམས་ཀྱིས༔
གཞན་མགོ་སྐོར་བའི་ཤོམ་ར་བསྒྲིག་ན་ཡང༔
མཁའ་འགྲོའི་བརྡ་ལས་མ་བྱུང་ངོས་མི་ཟིན༔
ད་ལྟ་དད་ལྡན་ཕོ་མོས་སྐུ་ཡིག་དང་༔
ཕྱག་མཚན་རྫས་རྟགས་ལེགས་པའི་ལྟས་མཐོང་བ༔
གནས་སྒོ་འབྱེད་པའི་དུས་ལ་བབ་པའི་རྟགས༔
ཡིན་པ་ཀུན་གྱི་སྒྲ་འཛིན་ལམ་ལ་བསྟིམས༔
མ་དག་སྐྱེ་བོས་འབུར་དོད་རང་བྱོན་ལ༔
མ་དག་སྣང་བས་ལོག་པར་ལྟ་བ་འཆོར༔
ལོག་ལྟའི་འབྲས་བུ་ནམ་ཡང་ཐར་བ་དཀོན༔
དད་པས་དག་སྣང་སྦྱང་བ་སྔགས་ཀྱི་ཆོས༔
ལར་ནི་མི་མཇེད་སྤྲུལ་སྐུའི་ཞིང་ཁམས་ཡིན༔
མོས་པའི་དུས་སུ་ལོངས་སྐུའི་ཞིང་དུ་ངེས༔
དེ་ཡི་བསྟན་པའི་མཇུག་ཏུ་འོག་མིན་གནས༔
གདོད་མའི་ལྷུམས་ཞུགས་དབུ་མའི་དབྱིངས་སུ་འཇུག༔
ཆོས་རྣམས་སྐུ་གསུམ་ཞིང་དང་ཡུམ་ལྔའི་ཀློང༔
ཡེ་ནས་ཡིན་ལ་ཡིན་པའི་འདུ་ཤེས་སྐྱེད༔
འཕགས་པའི་བྱིན་རླབས་ཆགས་པ་གངས་ཅན་ལྗོངས༔
ཡིན་ཕྱིར་ས་སྤྱོད་འཁྲུལ་བ་མེད་པའི་གནས༔
རང་རང་ལས་འབྲེལ་གནས་ཀྱི་སྐལ་བ་རུ༔
ཨོ་རྒྱན་ཆེན་པོས་བྱིན་རླབས་བྱས་ནས་བཞག༔
ད་ལྟའི་དུས་འདིར་ཕན་པའི་རྟེན་འབྲེལ་ལས༔
པད་འབྱུང་ཡབ་ཡུམ་བྱིན་རླབས་སྙིང་ལ་སིམ༔
ཡུལ་གྱི་ལྷ་དང་ཊཱཀྐིའི་བརྡ་རིས་ལས༔
འགྲོ་དོན་འབྱུང་བའི་རྟེན་འབྲེལ་ཤར་བཞིན་བཀོད༔
ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས༔
དགེ་བས་འབྲེལ་ཐོག་འགྲོ་བ་མ་ལུས་པ༔
གནས་སྐབས་བདེ་ལྡན་མཐར་ཐུག་འོག་མིན་ཞིང༔
འཕྱུག་མེད་རྫོགས་སངས་རྒྱས་པའི་རྒྱུར་གྱུར་ཅིག༔
བཀྲ་ཤིས་བདུད་རྩིའི་ཆར་གྱིས་ལེགས་བྲན་གནས༔
བཀྲ་ཤིས་དགེ་མཚན་སྐུ་གསུམ་ས་སྤྱོད་ཞིང༔
བཀྲ་ཤིས་སྨོན་ལམ་དུས་ལ་བབ་པའི་དགེས༔
བཀྲ་ཤིས་དཔལ་གྱིས་འགྲོ་ཀུན་འཚོ་བར་ཤོག༔
ཅེས་གནས་ཡིག་བདེ་ཆེན་བགྲོད་པའི་ལམ་བཟང་མ་རིག་མུན་སེལ་འདི་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སྐྱབས་རྗེ་སྤྲུལ་པའི་སྐུ་ཀུན་བཟང་ཉི་མ་དང་། མི་དབང་གྲགས་པའི་མཆེད་ཟླ་རིག་འཛིན་འཇིགས་མེད་དང་། བསྟན་འཛིན་དགེ་བའི་བཤེས་གཉེན་ཨ་བྷ་ལ་ཤི་ལ་དང་། རིག་འཛིན་དུ་མའི་ལུང་གིས་བསྔགས་པའི་མཁས་མཆོག་ཀརྨའི་མཚན་ཅན་དང་། རང་སློབ་དད་པའི་མྱུ་གུ་ལེགས་པར་སྨིན་པའི་སྭ་ར་རཱ་ཛ་དང་། སྔོན་སྨོན་ལས་འཕྲོ་བཟང་པོ་ལ་དབང་བ་ལུང་རྟོགས་དང་། རིག་འཛིན་དོན་གྲུབ་སོགས་ཀྱིས་ལྷ་རྫས་དཀར་པོ་དང་ཡོ་བྱད་གྱ་ནོམ་པ་དུ་མའི་སྐྱེས་བཅས་བཀས་བསྐུལ་བ་ལ་བརྟེན་ནས་མི་ལྡོག་ཙམ་དུ་ཆོས་མེད་ཆོས་པའི་གཟུགས་བརྙན་འཆང་བའི་བླ་གཟུགས་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་པ་ས་ར་ཧི་ཏས་ཐོལ་བྱུང་ཐོགས་མེད་དུ་སྨྲས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག། །།
ཏཱ་རེའི་གནས་ཡིག་གཟུ་བོའི་ལམ་སྟོན་རྣམ་གྲོལ་ལེགས་པའི་ཡོན་ཏན། ཧོར་བླ་གཞན་ཕན་བཟང་པོ།
ཡང་གསང་མཁའ་འགྲོའི་བརྡ་རིས་ལས༔ ཏཱ་རེའི་གནས་ཡིག་གཟུ་བོའི་ལམ་སྟོན་རྣམ་གྲོལ་ལེགས་པའི་ཡོན་ཏན་ཞེས་བྱ་བ་བི་ཛ་ཧ་རཾ༔
རྒྱལ་དང་རྒྱལ་བའི་སྤྱི་གཟུགས་བླ་ན་མཐོ༔
གངས་ཅན་ཐུབ་པའི་ཞལ་སྐྱིན་བླ་ན་མེད༔
སྣང་མཐའི་ཐུགས་སྤྲུལ་བླ་མ་མཚོ་སྐྱེས་རྗེ༔
དྲིན་ཆེན་བླ་མའི་ངོ་བོ་སྤྱི་བོས་བསྙེན༔
འགྲོ་ལ་འདོད་དགུའི་རེ་བ་ཡིད་བཞིན་སྐོང༔
ཕན་དང་བདེ་བའི་དབང་ཕྱུག་དམ་པའི་མགོན༔
ཐུགས་རྗེའི་རེ་ལྟོས་རིག་འཛིན་ཡོངས་འདུས་དཔལ༔
བདུད་འཇོམས་རྡོ་རྗེ་ལུང་རིག་གླིང་པ་རྒྱལ༔
སྔོན་སྨོན་ལས་འཕྲོའི་འདབ་བརྒྱ་བཞད་པ་ལས༔
བག་ཆགས་བཟང་པོའི་མྱུ་གུ་འཁྲུངས་པའི་ཚེ༔
མཐོང་སྣང་ཀུན་རྫོབ་བདེན་པ་གྲུབ་པའི་ཆོས༔
ས་སྤྱོད་བདེ་ལྡན་ཞིང་དུ་སྣང་བ་ལས༔
ལྷ་དང་བླ་མའི་ལུང་གིས་དཔང་པོ་མཛད༔
འགྲོ་དོན་བསྟན་པ་ཡར་ཟླ་ལེགས་འཕེལ་བའི༔
གནས་ཀྱི་བར་སྐོར་དང་འབྲེལ་འདི་བཞིན་བརྗོད༔
བཀའ་བརྒྱད་རི་ལ་རང་རྟགས་ཕྱག་མཚན་དང༔
སྐུ་ཡིག་སྒྲུབ་ཕུག་ལ་སོགས་ལྟས་བཟང་མཐོང༔
དུང་གི་རི་ལ་བཻ་རོའི་ཞབས་རྗེས་དང༔
འབྲུ་གསུམ་རང་བྱོན་སྡེ་དཔོན་ཕུག་པ་རུ༔
མ་གཟའ་དམ་གསུམ་སྲོག་ཡིག་འབུར་དུ་དོད༔
སྐུ་ཡིག་ཕྱག་མཚན་མ་ངེས་དུ་མ་གསལ༔
འཕགས་པའི་རི་ལ་གནས་བསྟན་བཅུ་དྲུག་དང༔
རྣམ་བཅུ་དབང་ལྡན་མཆོད་རྟེན་སྒྲུབ་པའི་ཕུག༔
བྱིན་རླབས་དྲི་བསུང་འཐུལ་བའི་ཡ་མཚན་ཅན༔
ལེགས་བཞུགས་ཐུབ་དྲུག་རི་ལ་སྤྲུལ་སྐུ་དྲུག༔
ཕྱག་ཞབས་རྗེས་དང་མཁར་སིལ་ལྷུང་བཟེད་དང༔
པུསྟི་མཚོན་ཆ་ཕུབ་དང་པི་ཝཾ་དང༔
སྒྲོམ་བུ་ལ་སོགས་རྣམ་གྲངས་དཔག་མེད་མངོན༔
སྒོ་སྲུང་རི་ལ་ལས་བཞིའི་ལྷ་མོ་རྣམས༔
གནས་པའི་རྟགས་ལ་ལས་བཞིའི་ཕྱག་མཚན་བཀྲ༔
གནས་སྲུང་ཀླུ་རྒྱལ་མི་མགོན་དཀར་པོ་ནི༔
ཆུ་མིག་རྩེ་གསུམ་དག་ལ་བརྟེན་ནས་གདའ༔
འབྲུག་དང་ཆུ་གནས་འགུལ་བ་ལྟར་དུ་ཡོད༔
གནས་སྲུང་སྒོ་བ་སྟག་གཡག་ཁ་སྤྲོད་དང
རྒྱལ་རིགས་ཀླུ་མཆོག་བསོད་ནམས་སྐྱེད་ལ་དབང༔
དུང་དཀར་ལ་སོགས་རྫས་བརྒྱད་རྟགས་བརྒྱད་དང༔
རྒྱལ་སྲིད་སྣ་བདུན་ཕྱོགས་མཚམས་དག་ན་ཡོད༔
ལས་སྐལ་ལྡན་པ་རྣམས་ཀྱིས་སྤྱོད་པར་འགྱུར༔
དྲག་པོའི་རི་ལ་རྩ་གསུམ་འབུར་དུ་དོད༔
རྗེ་འབངས་འགའ་ཡི་ཕྱག་ཞབས་རྗེས་དང་ནི༔
གྲུབ་པའི་རྟགས་མཚན་སྒྲུབ་ཆུ་ལ་སོགས་མངོན༔
རྣམ་སྣང་ལོ་ཙཱས་བསྟན་པའི་དམ་སྲི་མོ༔
བཏུལ་བའི་མགོ་སྙིང་ནང་རོལ་བམ་གྱི་ཁོག༔
རྒྱལ་པོའི་རི་ལ་རྒྱལ་འགོང་དྲེགས་པ་གནས༔
སྐྱེ་གནས་བར་དོ་མ་ཡིག་རིས་སུ་བཀྲ༔
བསམ་གཏན་ལྷ་ཡུལ་བགྲོད་པ་ལྷ་ཡི་ལམ༔
ལྷ་ལུང་དཔལ་གྱི་རྡོ་རྗེའི་གྲུབ་པའི་རྟགས༔
འཆོལ་བའི་མཚན་མ་འབུར་དུ་དོད་པ་ཡོད༔
རྗེ་བཙུན་སྐུ་དང་ཉམས་མགུར་གསུང་པའི་ཕུག༔
གྲུབ་ཆེན་ཐང་རྒྱལ་སྒྲུབ་ཕུག་ཕྱག་ཞབས་རྗེས༔
བཱི་མའི་ཕུག་པར་པོ་ཏི་རང་བྱོན་བཞུགས༔
ཚེ་ཆུ་བྱིན་ཅན་ཚེ་མཐར་ཕྱིན་ཐབས་ཡོད༔
ཆོས་ཉིད་བར་དོར་བགྲོད་པ་དོན་ལྡན་གྱི༔
ལོགས་ལ་ཉི་མ་སྦས་པས་ཉི་ཟེར་ཆིབས༔
པད་འབྱུང་བཞུགས་ཁྲི་རེག་པ་རང་གྲོལ་དང༔
ཟབ་གཏེར་སྒྲོམ་བུ་བདུན་གྱི་ཟབ་དོན་བཞུགས༔
གསེར་ཉའི་རི་ལ་ཧཱུྃ་ཆེན་ཞབས་རྗེས་དང༔
ཟབ་མོའི་སྒྲོམ་བུ་ཐིག་ལེའི་དབྱིབས་ཅན་ཞིག༔
ཡེ་ཤེས་ཊཱཀྐིའི་བརྡ་ཡིས་བཏབ་པ་ནི༔
དྲེལ་ཞོན་ལྷ་མོས་སྲུང་བ་རྨད་དུ་བྱུང༔
ཟབ་གཏེར་གནས་དང་རང་བྱོན་འགའ་སྣང་ཡང༔
རྟེན་འབྲེལ་འཕྲོ་ཅན་ཕྱིར་ན་དེ་ཙམ་མོ༔
ས་མཱ་ཡ༔
འདིར་སྨྲས་གནས་བསྟོད་ལྷག་བསམ་དག་པས་བསྐྲུན༔
འདིར་འདུས་མི་དང་མི་མིན་ཡིད་ཅན་ཀུན༔
འདི་འབྲས་སྔོན་སྨོན་བདེན་པའི་མཐུ་བྱིན་གྱིས༔
འདི་འོག་གཡུ་ལོ་བཀོད་དུ་གྲོལ་བར་ཤོག༔
རྣམ་དག་ལྷ་ལམ་ཡངས་པའི་ཐ་གྲུ་ཡི༔
ཁྱོན་ལ་གནས་པའི་མཆོག་གསུམ་སངས་རྒྱས་བསྟན༔
དར་ཞིང་རྒྱས་ལ་བསྟན་པའི་སྦྱིན་བདག་ནི༔
ནད་མེད་ཚེ་འཕེལ་བདེ་སྐྱིད་དཔལ་གྱིས་མཐོ༔
ཐོག་མཐའ་བར་གསུམ་དགེ་བའི་བཀྲ་ཤིས་ཤོག༔
ཅེས་བར་སྐོར་དང་འབྲེལ་བའི་གནས་ཀྱི་དཀར་ཆགས་འདི༔ གསང་ཆེན་བསྟན་པའི་མངའ་བདག་དབང་ཆེན་སྔགས་བདག་གླིང་པ་དང༔ སྔོན་སྨོན་ལས་འབྲེལ་བཟང་པོས་མཚམས་སྦྱར་བའི་བཙུན་པ་ལུང་རྟོགས་བསྟན་འཛིན་དང་དམ་པའི་རིགས་ཀྱི་ལང་ཚོའི་དཔལ་ཡོན་རྒྱས་པའི་སྐྱེས་ཐོབ་རིག་འཛིན་ཨརྠ་སོགས་ཀྱིས་ལྷ་རྫས་དྲི་མེད་དཀར་པོའི་སྐྱེས་དང་བཅས་ཏེ་བསྐུལ་བ་ལ་བརྟེན་ནས། སྔོན་སྦྱང་ལས་འཕྲོ་བཟང་པོའི་བག་ཆགས་སད་པའི་ཧོར་བན་ས་ར་ཧི་ཏས་ཡང་གསང་མཁའ་འགྲོའི་བརྡ་ཐོག་མེད་དུ་ཕབས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག༔
ཏཱ་རེའི་གནས་བསྟོད་ངོ་མཚར་སྙེ་མ། རྫོགས་ཆེན་པདྨ་སྐལ་བཟང་།
༈ ངོ་མཚར་ཏཱ་རེའི་གནས་ཀྱི་མཆོག་གྱུར་ཆུ་དབར་ཙན་དན་ནགས་ཀྱི་རི། །
ཆོས་དབྱིངས་མཚན་འཆང་གཡུ་ཁོག་བྱ་བྲལ་དམ་པའི་མཛེས་སྐུ་བལྟམས་པའི་ཡུལ། །
ལྟ་ན་སྡུག་པའི་ཉམས་དགའི་མཛེས་ལྗོངས་ལྷ་ཡུལ་ལྷ་ཡི་སྐྱེད་ཚལ་མཆོག །
གངས་ལྡན་ཉི་མ་ཤར་ལྷོའི་འཛིན་མར་མ་འདྲེས་གཟི་མདངས་ལྷམ་མེར་གསལ། །
པདྨ་སྐལ་བཟང་དེས།
༈ མགོན་ཆོས་དབྱིངས་རང་གྲོལ་འཁྲུངས་པའི་ཡུལ། །
ཧོར་གཞན་ཕན་བླ་མས་གཏེར་སྒོ་དབྱེ། །
སྲིབ་ཏཱ་རེ་སྒྲོལ་མའི་གནས་མཆོག་འདི། །
མཇལ་ཙམ་གྱིས་བྱིན་རླབས་དབང་ཆེན་ཐོབ། །
ཕྲན་ཐུབ་མིང་པས་གཞན་གྱི་ངག་རྒྱུན་ལྟར་བྲིས་པའོ། །
ཏཱ་རེའི་གནས་བསྟོད་ངོ་མཚར་སྙེ་མ་ཞེས་བྱ་བ།
ཀྱེ་ཧོ།
ངོ་མཚར་གྲུབ་པའི་གནས་མཆོག་ལྷ་ཡི་ལྗོངས། །
ཡིད་འོང་སྣོད་ཀྱི་འཇིག་རྟེན་ལྟ་ན་སྡུག །
རབ་བརྗིད་ལྷུན་སྟུག་ནོར་བུའི་ས་འཛིན་ལ། །
སྣ་ཚོགས་ལྗོན་ཤིང་དྲྭ་བས་ཀུན་ནས་མཛེས། །
སྟེང་ན་རྩ་གསུམ་ལྷ་ཡིས་གྲུ་ཆར་འབེབ། །
འོག་ན་ཀླུ་རྒྱལ་དམ་པའི་ཐོད་ཀྱིས་འདུད། །
བར་ན་འདོད་དགུའི་ཕྱྭ་གཡང་སྤྲིན་བཞིན་འདུ། །
ཆོས་ནོར་གཏེར་གྱི་བཅུད་ཀྱིས་ཀུན་ཏུ་གཏམས། །
ཤར་སྟོད་ཡིད་བཞིན་འཁོར་ལོ་ཚེ་ཡི་བདག །
ལྷོ་ཕྱོགས་སེར་མོ་རྒྱས་མཛད་དོན་འགྲུབ་དཔལ། །
ནུབ་ཏུ་དབང་གི་ལྷ་མོ་ནོར་རྒྱུན་མ། །
བྱང་དུ་འཇིགས་བྱེད་རལ་བའི་ཐོར་ཚུགས་ཅན། །
དབུས་སུ་སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ། །
ཉེར་གཅིག་ལྷ་མོའི་ཚོགས་ཀྱིས་བསྐོར་བ་ཡི། །
ས་ལ་སྤྱོད་པའི་ཞིང་ཁམས་ཉམས་དགའ་བ། །
མ་སྨད་སྐྱེ་དགུའི་བསོད་ནམས་ཞིང་དུ་ཆེ། །
ཕྱི་ལྟར་ཡིད་བཞིན་འདོད་འཇོ་གཏེར་གྱི་རི། །
ནང་ལྟར་གཡུ་ལོ་བཀོད་པའི་ཞིང་ཁམས་ཏེ། །
གསང་བ་དགའ་ཆེན་ཡེ་ཤེས་སྒྱུ་མའི་མཛོད། །
ལྷ་ཡུལ་ལྷ་ལས་འཕགས་པའི་ཞིང་ཁམས་བསྔགས། །
གཡས་ན་ཆབ་དཀར་སྨན་གྱི་རྒྱུན་འབེབ་ཅིང་། །
གཡོན་ན་དམར་གྱི་རཀྟའི་རླབས་ཕྲེང་གཡོ། །
དཀྱིལ་ན་དཔལ་བཤོས་གཏོར་མའི་རི་བོ་སྟེ། །
གསང་ཆེན་གསང་བའི་སྒྲུབ་རྫས་སྣོད་ལ་ཚང་། །
སྤང་རི་ཟླུམ་པོས་ཞི་བའི་ལས་ཀུན་འགྲུབ། །
ཐང་ཆེན་གྲུ་བཞིས་ཚེ་བསོད་རྒྱས་པར་བྱེད། །
ཟླ་གམ་དབང་རིས་ཁམས་གསུམ་ཡིད་འགུག་ཅིང་། །
གནམ་ས་གྲུ་གསུམ་དྲག་པོའི་ལས་ལ་ཤིས། །
དེར་ནི་ཟླ་བ་བདུད་རྩིའི་འོད་དཀར་གྱིས། །
ཟིལ་ཐིགས་བཀྲམ་པའི་གཡུ་ལོའི་ཚང་ཚིང་དབུས། །
ལྷུན་གྲུབ་བྲག་རིའི་ཁང་བཟང་བཀོད་མཛེས་པར། །
ཞི་བའི་ཏིང་འཛིན་མི་གཡོ་ངང་གིས་འཕེལ། །
ཡིད་འོང་བག་ཕེབས་རྒྱུ་བའི་རི་དྭགས་དང་། །
བཀྲ་ཤིས་སྐད་སྙན་འབྱིན་པའི་བྱ་ཚོགས་དག །
འབྲས་ལྡན་ནགས་ཀྱི་ཚལ་ན་རྩེན་པ་ཡི། །
ཁོར་ཡུག་དབེན་པའི་དགའ་བ་ལྷ་ཡིས་བྱིན། །
ལྗོན་ཚལ་ལོ་མས་དཀྲིགས་པའི་ས་འཛིན་རྩེར། །
རབ་དཀར་གངས་རིའི་ཐོད་ཀྱིས་བརྒྱན་པའི་མགུལ། །
འཇའ་སྤྲིན་དྲྭ་བས་སྦྲེལ་བའི་མཚར་སྡུག་འབུམ། །
བྱེད་པོས་ཆེད་དུ་པིར་གྱིས་བྲིས་དང་མཚུངས། །
འཆི་མེད་སྨན་ཤིང་བདུད་རྩིའི་བཅུད་དང་ལྡན། །
མ་བཅོས་བྲག་ལ་ལྷ་སྐུའི་སྣང་བརྙན་བཀྲ །
ཏཾ་ཡིག་རང་བྱོན་རི་ཀླུང་ཀུན་ལ་ཁྱབ། །
འཕགས་མའི་གནས་མཆོག་མཐོང་གྲོལ་དག་པའི་ཞིང་། །
གཡས་འཁྱིལ་རང་བྱོན་དུང་གི་སྣང་བརྙན་ལ། །
རྩ་གསུམ་ལྷ་དང་སྲུང་མའི་བྱིན་འོད་འཐིབ། །
རྒྱང་སྙན་ས་སྟེང་མཛེས་པའི་གྲགས་དཀར་འབུམ། །
རྨད་བྱུང་ཆོས་ཀྱི་སྣང་བར་འགྲོགས་ལ་རིངས། །
སྲ་བརྟན་གནམ་ས་ཆགས་པའི་དུམ་བུའི་གཞིར། །
གསང་འཛིན་གསང་བའི་བདག་པོའི་སྐུའི་འདྲ་འབག །
མངོན་སུམ་འབུར་དུ་དོད་པའི་ངོ་མཚར་གྱིས། །
སྐལ་ལྡན་མིག་ལ་དག་པའི་བདུད་རྩི་སྦྱིན། །
འབྲེལ་ཚད་དོན་ལྡན་ཐར་བའི་ཐེམ་སྐས་མཆོག །
སྒོ་གསུམ་སྒྲིབ་དག་བསྐྱེད་རྫོགས་ལས་སུ་རུང་། །
འབྱུང་ཁམས་དྭངས་ཤིང་ཏིང་འཛིན་ཤུགས་ཀྱིས་སྐྱེ། །
འགོལ་བའི་གནས་འདི་སྐལ་ལྡན་སྐྱེ་བོའི་ཡུལ། །
ཅོད་པན་མགྲིན་བཟང་གཏེར་གྱི་ལྷ་མོ་ལ། །
གནས་འདི་གཉེར་དུ་གཏད་པའི་རྡོ་རྗེའི་རྒྱ། །
ཁོ་བོ་རིགས་སྔགས་འཛིན་པ་པདྨའི་མིང་། །
སྐལ་བ་བཟང་པོས་མཚན་དེས་ཡོངས་སུ་བཀོད། །
ཁྱད་པར་སྔ་འགྱུར་རྫོགས་ཆེན་བརྒྱུད་པའི་སྲོལ། །
སྙིང་ཐིག་སྙིང་པོའི་བསྟན་པ་རབ་དར་བའི། །
བདེན་ཚིག་སྨོན་ལམ་དཀར་པོའི་དར་གྱི་མདུད། །
ཕྱི་རབས་སྐྱེ་བོའི་མགུལ་བའི་རྒྱན་དུ་བཀོད། །
ཡི་དམ་གསང་བའི་ལྷ་མཆོག་ཀཱི་ལ་ཡས། །
མི་ཤིགས་ཚེ་ཡི་གའུ་བསྡམས་དང་ལྷན། །
མ་འོངས་པདྨའི་མིང་ཅན་གྲངས་མེད་པ། །
གནས་འདིར་འབྱོན་པའི་བཀྲ་ཤིས་དགེ་བས་མཚན། །
ཕུན་ཚོགས་སྡེ་བཞིའི་འབྱོར་བ་མཐའ་ནས་རྒྱས། །
རིམ་གཉིས་ལམ་གྱི་བགྲོད་པ་ནང་ནས་རྫོགས། །
བདེ་སྐྱིད་དཔལ་གྱི་སྣང་བས་ཕྱོགས་ཀུན་ཁྱབ། །
བཀྲ་ཤིས་དཔལ་གྱིས་ས་སྟེང་འགེང་གྱུར་ཅིག །
ཅེས་པའང་ཤར་རོང་བྲག་རྒྱལ་མོ་ཚ་བའི་རོང་གི་གནས་ཀྱི་གོང་བ། ཆུ་དབར་སྒྲོལ་མ་གཡུ་ཡི་ལྷ་ཁང་གི་དབེན་གནས་སུ་ལྷ་སྲས་དགྱེས་པ་རྡོ་རྗེའི་བཞེད་སྐོང་དུ་རྫོགས་ཆེན་པདྨ་སྐལ་བཟང་གིས་རབ་གནས་མེ་གླང་ཧོར་ཟླ་༥པའི་ཚེས་༡༠ཡི་ཐོར་ཐུན་གྱི་སྔ་ཆར་བྲིས་པ་དགེ། །
ཆུ་དབར་སྒྲོལ་མ་རིའི་གནས་བསྟོད་མོས་ལྡན་སྙིང་གི་དགའ་སྟོན། ཡི་དམ་རྡོ་རྗེ།
ཆུ་དབར་སྒྲོལ་མ་རིའི་གནས་བསྟོད་མོས་ལྡན་སྙིང་གི་དགའ་སྟོན་ཞེས་བྱ་བ།
༡ མར་གད་མདངས་ལྡན་གསུམ་མཚོན་ཕྱག་རྒྱ་ཅན། །
རབ་འབྱམས་རྒྱལ་བའི་ཕྲིན་ལས་གཏེར་གྱི་བདག །
སེང་ལྡིང་ནགས་ཀྱི་སྒྲོལ་མ་གཙོར་གྱུར་པའི། །
ཉེར་གཅིག་ལྷ་མོའི་ཚོགས་ཀྱིས་ཤིས་པ་སྩོལ། །
༢ འཛམ་གླིང་དབུ་རྩེ་བསིལ་ལྡན་ཁ་བའི་ལྗོངས། །
མདོ་ཁམས་གཡུ་ལྗོངས་གཡུ་དངོས་ཤར་གྱི་ཕྱོགས། །
རྒྱལ་རོང་ཞེས་གྲགས་རྨད་བྱུང་ཞིང་མཆོག་གི། །
གནས་ཀྱི་གོང་བ་ཆུ་དབར་སྨན་གྱི་ཚལ། །
༣ སྟོད་ན་ཙཱ་རི་གཉིས་པ་ཆོ༵ས་སྐུ༵འི་གནས། །
བར་ན་ཨར་ཡ་ཏཱ་རེ་ལོ༵ངས་སྐུ༵འི་གནས། །
སྨད་ན་དཔལ་གྱི་རི་བོ་སྤྲུ༵ལ་སྐུ༵འི་གནས། །
དོན་ལ་འབུམ་ཕྲག་མཁའ་འགྲོའི་དཀྱིལ་འཁོར་རྫོགས། །
༤ ནོར་འཛིན་ས་ཡི་དཔྱད་པ་རྫོགས་པའི་ཡུལ། །
སྐྱེས་མཆོག་དུ་མས་གྲུབ་པ་བརྙེས་པའི་རི། །
མ་སྲིང་མཁའ་འགྲོ་རྒྱ་མཚོ་འདུ་བའི་གྲོང་། །
རྒྱལ་ཡུམ་དཔའ་མོའི་གནས་མཆོག་བསྟོད་ལ་སྤྲོ། །
༥ སྔོན་ཚེ་རྒྱལ་དབང་རྡོ་རྗེ་གྲོ་ལོད་དང་། །
གངས་ཅན་མིག་གཅིག་རྣམ་སྣང་ལོ་ཙ་བས། །
གཏེར་སྦས་བྱིན་རླབས་སྤྲིན་དབང་འོད་ཕྲོམ་དང་། །
ལྷ་བདུད་བཙན་ཀླུ་གནས་གཏེར་སྲུང་མར་བསྐོས། །
༦ དེས་ཀྱང་ཚད་མིན་གནས་འདིའི་ཕྱོགས་མཚམས་ཀྱི། །
ཕྱག་ཆེན་ལུང་པར་རྫོགས་ཆེན་ཆོས་སྐོར་དང་། །
ཤེལ་ཕུག་བྲག་ལ་འབྱུང་འགྱུར་ལུང་བསྟན་སྐོར། །
འཕགས་མའི་རི་ལ་མཁའ་འགྲོའི་སྒྲུབ་སྐོར་སྦས། །
༧ དགེ་རྒྱས་ལུང་པར་རིགས་གསུམ་སྒྲུབ་སྐོར་དང་། །
ཀེའུ་ཚང་བྲག་ལ་གུ་རུའི་སྒྲུབ་ཐབས་སྐོར། །
སྤོས་ངད་ལྡན་རིར་ཆོས་ནོར་གཏེར་ཁ་སོགས། །
ཕྱི་རབས་སྐྱེ་བོའི་སྐལ་བར་སྨོན་ཏེ་སྦས། །
༨ རབ་ཚེས་རྣམ་རྒྱལ་ས་ཟླའི་ཡར་ངོའི་བཅུར། །
རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་དུ། །
གྲུབ་དབང་བསམ་གཏན་ཡེ་ཤེས་གླིང་པ་ལ། །
རྒྱལ་དབང་པདྨས་བྱིན་རླབས་ལུང་བསྟན་པས། །
༩ ཁམས་གསུམ་རྣམ་རྒྱལ་ཁྲོ་བོའི་སྐུར་བཞེངས་ནས། །
ཧཱུྃ་ཆེན་སྒྲ་བསྒྲགས་དྲེགས་ཚོགས་དབང་དུ་བསྡུས། །
ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས། །
ཐར་འདོད་བསོད་ནམས་དཔལ་དུ་གཏེར་སྒོ་ཕྱེས། །
༡༠ ཕྱི༵་ལྟར་མ་བཅོས་ལྷུན་གྱིས་གྲུབ་པའི་གནས། །
ན༵ང་ལྟར་འོག་མིན་གཡུ་ལོ་བཀོད་པའི་ཞིང་། །
གས༵ང་བ་སྐུ་གསུམ་རྒྱལ་བའི་ཕོ་བྲང་ཆེ། །
ངོ་མཚར་དག་པ་དབྱིངས་ཀྱི་གཞལ་ཡས་ཁང་། །
༡༡ སྒྲོ༵ལ་མ༵འི་སྐུ་ཡི་དབྱིབས་མཚུངས་ལྷུན་པོའི་སྤོར། །
སྒྲོ༵ལ་མ༵འི་སྐུ་བརྙན་རང་བྱོན་བཀྲ་བ་ཡིས། །
སྒྲོ༵ལ་མ༵འི་གནས་འདིར་འབྲེལ་ཐོག་སྐྱེ་འགྲོ་ཀུན། །
སྒྲོ༵ལ་མ༵འི་ཞིང་དུ་འདྲེན་པའི་རྟེན་འབྲེལ་མཚོན། །
༡༢ མ༵་བརྩིགས་མངོན་པར་མཐོ་བའི་བྲག་ངོས་སུ། །
མ༵་བྲིས་གཡས་སུ་འཁྱིལ་བ་ཆོས་ཀྱི་དུང་། །
མ༵་བུས་སྙན་པར་གྲགས་པའི་སྒྲ་དབྱངས་ཀྱིས། །
མ༵་བོས་ཕྱོགས་ཀྱི་སྐྱེ་བོ་མགྲོན་དུ་འགུགས། །
༡༣ འཇི༵གས་བྱེད་འཇི༵གས་མཛད་བྲག་རི་འཇི༵གས་རུང་ལ། །
གས༵ང་ཆེན་གས༵ང་བའི་མཛོད་འཛིན་གས༵ང་བའི་བདག །
འབུ༵ར་དུ་དོད་པའི་འབུ༵ར་ཚུགས་སྡང་མིག་གིས། །
མ༵་རུང་བདུད་བགེགས་མ༵་ལུས་འཇོམ་པར་བྱེད། །
༡༤ སྨན་གྱི་བླ་མས་བྱིན་གྱིས་བརླབས་པ་ཡི། །
བདུད་རྩིའི་རྒྱུན་བཟང་ཡན་ལག་བརྒྱད་པའི་སྐྱེམས། །
ཡིད་ཆེས་དད་པ་བརྟན་པོས་འཐུང་བྱས་ན། །
ཚེ་བསྲིང་གྲིབ་སེལ་དུག་གསུམ་ནད་ལས་གྲོལ། །
༡༥ བཻ་རོ་ཡབ་སྲས་ལྷ་ལུང་དཔལ་རྡོར་གྱིས། །
སྒྲུབ་པ་མཛད་པའི་སྒྲུབ་ཕུག་བྱིན་ལྡན་དང་། །
གྲུབ་པ་བརྙེས་རྟགས་ཕྱག་ཞབས་རྗེས་བཀོད་པ། །
སྲ་མཁྲེག་རྡོ་ཡི་ངོས་ན་ལྷམ་མེར་གསལ། །
༡༦ ཀུན་ཏུ་བཟང་མོའི་རོལ་རྩལ་ཨེ་ཀ་ཛའི། །
ཡིད་གཟུགས་ཆགས་པའི་རྟེན་མཁར་རང་གྲུབ་དང་། །
རཱ་ཧུ་ལ་དང་བཛྲ་ས་དྷུ་ཡི། །
བླ་ཤིང་སྦྲེལ་འཁྱིལ་དམ་ལྡན་སྙིང་གི་དཔྱིད། །
༡༧ མ༵་བཤམས་སྨན་རཀ་གཏོར་ཚོགས་སྒྲུབ་རྫས་ཚང་། །
མ༵་བྲིས་ཡིག་འབྲུ་ཕྱག་མཚན་ཕྱོགས་སུ་བཀྲ། །
མ༵་བསྐྱིལ་གནས་གསུམ་མཁའ་འགྲོའི་བྱིན་འོད་འཁྱིལ། །
མ༵་ཚོགས་མཁའ་འགྲོའི་གནས་འདི་གཏན་གྱི་སྐྱབས། །
༡༨ ངོ་མཚར་སྒྲོལ་མ་གཡུ་ཡི་ལྷ་ཁང་དང་། །
ཇོ་དར་རྡོ་འབུམ་མཆོད་རྟེན་འཁོར་ཆེན་སོགས། །
གསར་དུ་བསྐྲུན་པའི་རྟེན་གསུམ་གཟི་བྱིན་གྱིས། །
དད་ལྡན་རྒྱུད་ལ་ཚོགས་གཉིས་བར་མེད་འདྲེན། །
༡༩ གནས་འདིར་ཕྱི་སྐོར་བར་སྐོར་ནང་སྐོར་གསུམ། །
ཕན་ཡོན་རིིམ་བཞིན་ཏཱ་རེ་དུང་ཕྱུར་ནི། །
དགུ་དང་དྲུག་དང་གསུམ་རྣམ་འཐོབ་འགྱུར་ཅེས། །
ཨ་ཙར་ས་ལེ་ཧོར་གྱི་བླ་མའི་བཀའ། །
༢༠ ཁྱད་པར་ཆུ་མོ་སྦྲུལ་ལོའི་སྦྲུལ་ཟླ་ལ། །
གནས་ཡུལ་ཀུན་གྱི་བྱིན་ནུས་འདིར་འདུ་བས། །
ཕྱག་སྐོར་སྒྲུབ་བརྩོན་གྲངས་མེད་འཕེལ་འགྱུར་ཕྱིར། །
སྙིང་རུས་སྐྱེད་ཅིག་སྐལ་བཟང་གྲོགས་པོ་དག །
༢༡ འདི་བྲིས་དགེ་བས་མ་གྱུར་འགྲོ་བ་རྣམས། །
གནས་སྐབས་བརྒྱད་གཉིས་འཇིགས་པ་ཀུན་ལས་གྲོལ། །
མཐར་ཐུག་བདུན་གསུམ་དོན་གྱི་ལྷ་མོ་ཡི། །
རང་ཞལ་མངོན་སུམ་མཇལ་བའི་རྒྱུར་གྱུར་ཅིག །
ཅེས་ཚིགས་སུ་བཅད་པ་སྒྲོལ་མ་ཉེར་གཅིག་གི་གྲངས་ལྡན་འདི་ནི་ཐུན་མིན་ཆོས་ཀྱི་མཆེད་པོ་དམ་པ་བླ་མ་ཡིད་འོང་ནོར་བུ་སོགས་ནས་སྔ་ཕྱིར་ལན་གྲངས་དུ་མར་བསྐུལ་བའི་ཞལ་ངོ་མི་ལྡོག་ཆེད། རྒྱལ་ཁམས་ཉུལ་བའི་མུ་ཏོ་བ་ཡི་དམ་རྡོ་རྗེར་འབོད་པའི་སྙོམ་ལས་མཁན་དེས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་གནམ་ལོ་གསར་དུ་ངོམ་པའི་དུས་བཟང་སྟེ། ཧོར་བླ་གཞན་ཕན་བཟང་པོས་གནས་གཏེར་བཞེས་ནས་བགྲང་བྱ་བརྒྱ་ཕྲག་གཅིག་དང་བཅོ་བརྒྱད་ལ་སོན་པའི་སྐབས་སུ་བྲིས་པ་འགྲོ་ཀུན་གཡུ་ལོ་བཀོད་པའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག
༈ དེ་ཡང་གོང་གི་ལུང་བྱང་དུ། མདོར་ན་ཕྱི་སྐོར་རྟ་པའི་ཞག་བཅུ་གསུམ༔ གསང་སྐོར་ཞག་བདུན་ནང་གི་སྐོར་ཚད་ནིཿ རྒྱང་གྲགས་བཅོ་བརྒྱད་ཡང་གསང་སྐོར་བའི་ཚདཿ རྒྱང་གྲགས་བརྒྱད་ཡིན་ཞེས་གསུངས་པའི་སྐོར་ཚུལ་དང་པོ་ཕྱི་སྐོར་ནི། ཉིན་དང་པོ་གནས་སྐོར་ལ་འགྲོ་བའི་སྟ་གོན་དང་འབྲེལ་ཏཱ་རེའི་གནས་སུ་ཞག་གཅིག དེ འི་ཕྱི་ཉིན་ཏཱ་རེའི་གནས་སུ་ཕྱག་སྐོར་བྱས་ནས་བསྡད། དེའི་ཕྱི་ཉིན་སྔ་བར་གྱུ་ཡོན་མའི་ནང་ནས་བརྒྱུད་གདུག་ཆེན་ནས་གནས་ལུང་དུ་ཞག་གཅིག དེ་ནས་ཡོལ་རི་ནས་ཞག་གཅིག དེ་ནས་དེམ་བརྒྱུད་གཡུ་ཁྲོམ་བསྐོར་ནས་ལམ་དུ་ཞག་གཅིག དེ་ནས་ཆུ་ཀྱོག་ཀྱོག་ནས་གཡུ་སྙིང་དུ་ཞག་གཅིག དེ་ནས་སྒེགས་ཀྱི་ཡིག་དྲུག་གནས་སུ་ཞག་གཅིག དེ་ནས་ལྡོང་རིར་ཞག་གཅིག དེ་ནས་ངེས་ལེགས་སུ་ཞག་གཅིག དེ་ནས་ཇུ་ནང་བརྒྱུད་ས་མུ་ནས་ཞག་གཅིག། དེ་ནས་སྦས་གནས་སུ་ཞག་གཅིག། དེ་ནས་རྒྱ་ཀི་ལོའི་སྟོད་ནས་ས་དམར་དགོན་ཤར་བསྐོར་རྫ་བྲག་མདོར་ཞག་གཅིག དེ་ནས་ཚེར་ཤར་བརྒྱུད་ཏཱ་རེའི་གནས་མདུན་དུ་བསྔོ་སྨོན་བཅས་ཞག་གཅིག་སྟེ་བཅུ་གསུམ་མོ། དེ་བཞིན་གསང་སྐོར་ནི་ཏཱ་རེའི་གནས་སུ་ཞག་གཅིག། དེ་ནས་སྲིབ་ཏཱ་རེའི་ནང་བརྒྱུད་གདུག་ཆེན་ནང་ནས་བབ་གནས་ལུང་དུ་ཞག་གཅིག དེ་ནས་གཡུ་སྙིང། སྒེགས། ངེས་ལེགས། དེ་ནས་ལྡོང་རི། དེ་ནས་འཁྱིལ་ཆེན་ཁོག་བརྒྱུད་ནས་ཏཱ་རེའི་གནས་སུ་བསྔོ་སྨོན་བཅས་སོ། རྟ་པ་ཞེས་པས་རྟ་ལ་བྲོ་ཆས་སོགས་བཀལ་ནས་ཁྲིད་ནས་སོང་བ་ཙམ་ལ་གོ་དགོས་མ་གཏོགས་རྟ་ཞོན་ནས་གང་མགྱོག་ཏུ་ཕྱིན་པ་ལ་ནི་གནས་སྐོར་གྱི་དོན་མེད་ཅིང་ཉིན་ཞག་མང་པོའི་འགོར་ལམ་ཡང་མི་འདུག དེ་ལྟར་བྱས་ན་ཕྱི་སྐོར་དང་བར་སྐོར་གྱི་ཕན་ཡོན་དང་གནས་སོ་སོའི་ཐུན་མིན་གྱི་ཕན་ཡོན་འཐོབ་པ་སོགས་ཕན་ཡོན་ཚད་ལས་འདས་པར་འགྱུར་སྙམ་མོ།
ཙ་འདྲ་ཕག་མོའི་སྒྲུབ་གནས་ཊཱཀྐིའི་གསང་མཛོད་རྒྱ་མཚོའི་དཀར་ཆགས་རྣམ་མཁྱེན་མྱུ་གུ། སུར་ཡའི་མིང་ཅན།
ཙ་འདྲ་ཕག་མོའི་སྒྲུབ་གནས་ཊཱཀྐིའི་གསང་མཛོད་རྒྱ་མཚོའི་དཀར་ཆགས་རྣམ་མཁྱེན་མྱུ་གུ་ཞེས་བྱ་བ་བི་ཛ་ཧ་རཾ༔
༼མཚོ་ནག༽
ན་མཿཤྲི་ཛྙ་ན་ཊཱཀྐི་ནི་བྷྱ༔
ཡེ་གཞི་ཀུན་ཁྱབ་སྟོང་གསལ་ཆོས་ཀྱི་སྐུ༔
དབྱིངས་རིག་དབྱེར་མེད་ཡི་དམ་ཞི་ཁྲོའི་གར༔
འགག་མེད་ལོངས་སྐུའི་ཐུགས་རྗེ་སྒྱུ་མའི་འཕྲུལ༔
རང་བྱུང་བླ་མ་ཐོད་ཕྲེང་རྩལ་གྱིས་སྐྱོངས༔
རྒྱལ་ཀུན་གསང་གསུམ་ཡེ་ཤེས་རང་རྩལ་ལས༔
སྙིགས་མའི་འགྲོ་ལ་ཐུགས་རྗེ་ལྷག་པར་དགོངས༔
བོད་ཡུལ་གདུལ་བྱའི་སྟོན་པ་བླ་ན་མེད༔
འཕགས་མཆོག་རིགས་གསུམ་མགོན་དེ་སྙིང་ནས་བསྔགས༔
ཆོས་ཉིད་དབྱིངས་ན་ཆོས་སྐུ་ཀུན་བཟང་མོ༔
འོག་མིན་ཞིང་ན་ལོངས་སྐུ་ཝཱ་ར་ཧི༔
རྔ་ཡབ་གླིང་ན་སྤྲུལ་སྐུ་མཚོ་རྒྱལ་མ༔
སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔
སྙིང་དབུས་ཆོས་དབྱིངས་འཁོར་ལོའི་འོད་ཀློང་དུ༔
སངས་རྒྱས་ཀུན་གྱི་ཐུགས་རྗེའི་བདག་ཉིད་མཆོག༔
བཀའ་དྲིན་གཞན་ལས་ལྷག་པའི་དཔལ་མངའ་བ༔
རྩ་བའི་བླ་མ་མཆོག་ལ་ཕྱག་བགྱིའོ༔
མཆོག་གསུམ་ཀུན་འདུས་བརྒྱུད་ལྡན་བླ་མ་དང༔
གྲུབ་གཉིས་མཆོག་རྩོལ་ཡི་དམ་ཞི་དང་ཁྲོ༔
གནས་ཡུལ་དུར་ཁྲོད་སྐྱོང་མཛད་མཁའ་འགྲོའི་སྡེ༔
རྩ་གསུམ་དམ་ཅན་སྲུང་མས་གནང་བ་སྩོལ༔
སྤྱིར་ན་འཛམ་གླིང་གནས་ཆེན་ལྔ་ཡི་གཙོས༔
རྒྱ་བོད་གནས་མཆོག་གནས་ཕྲན་ཇི་སྙེད་པ༔
ཀུན་གྱི་བྱིན་རླབས་ཅིག་ཆར་རྫོགས་པའི་གནས༔
ཁྱད་པར་ལྷོ་མོན་ཙ་རི་པདྨ་འོད༔
ཨོ་རྒྱན་མཁའ་སྤྱོད་གནས་དང་དུར་ཁྲོད་བརྒྱད༔
མངའ་རིའི་སྐོར་གསུམ་དབུས་གཙང་རི་བཞི་དང༔
སྦས་གནས་ལྔ་དང་སྒྲུབ་གནས་བརྒྱ་རྩ་བརྒྱད༔
གཙུག་ལག་ཆོས་འཁོར་དབེན་གནས་ལ་སོགས་པའི༔
གནས་རྣམས་ཀུན་གྱི་ཡོན་ཏན་འདི་རུ་བྱོན༔
ས་ཕོ་སྟག་ལོ་གསར་ཚེས་ནས་བཟུང་སྟེ༔
ལྕགས་ཕོ་འབྲུག་མཇུག་སྦྲུལ་ལོ་གསར་ཚེས་བར༔
གནས་ཀྱི་བྱིན་རླབས་གཞན་དུ་འཕོ་མི་འགྱུར༔
གནས་འདིའི་ཕན་ཡོན་གྲངས་ལས་འདས་མོད་ཀྱང༔
འོན་ཀྱང་མདོར་བསྡུས་ཅུང་ཟད་དགོད་པར་བྱ༔
ཕག་མོའི་སྒྱུ་འཕྲུལ་སྐུ་ཡི་བཀོད་པ་ལ༔
ཡུལ་ཆེན་ཉེར་བཞི་གནས་ཆེན་སོ་གཉིས་རྫོགས༔
འཁོར་ལོ་ལྔ་ཡི་དཀྱིལ་འཁོར་བསམ་ཡས་པ༔
རང་བྱུང་ཞི་དང་ཁྲོ་བོ་སྤྲིན་ལྟར་འཁྲིགས༔
ཊཱཀྐི་རྒྱ་མཚོས་བྱིན་གྱིས་བརླབས་པའི་གནས༔
མཚོ་མདའ་ཨོ་རྒྱན་གསང་ཆེན་དཔལ་གྱི་རི༔
རིགས་གསུམ་སེམས་དཔའི་སྐུ་གསུང་ཐུགས་ཡོན་ལྡན༔
ཨོ་རྒྱན་ཡབ་ཡུམ་རྗེ་འབངས་གྲུབ་ཐོབ་ཀྱིས༔
རྫུ་འཕྲུལ་བྱིན་བརླབས་གྲུབ་རྟགས་ཡ་མ་ཟུང༔
སྐུ་ཡིག་ཕྱག་མཚན་དངས་བ་འདྲེན་པའི་རྟེན༔
འབྲེལ་ཚད་སྒྲིབ་དག་ཚོགས་གཉིས་རྫོགས་ཕྱིར་དུ༔
རྒྱལ་བས་ལུང་བསྟན་འཕགས་ཡུལ་རཱ་ཛ་ཡི༔
སྨོན་ལམ་མཐུ་གྲུབ་འཛམ་གླིང་ས་གནས་སུ༔
ལྷ་འདྲེས་མཆོད་རྟེན་བྱེ་བ་བཞེངས་པ་ཡི༔
ཐུགས་རྟེན་རིང་བསྲེལ་དང་བཅས་ངོ་མཚར་ཅན༔
སྣང་སྲིད་ཟིལ་གནོན་རང་བྱོན་རྡོ་དཀར་གྲུབ༔
བཻ་རོའི་དབུ་ཞྭ་གཡུ་སྒྲའི་ཞབས་རྗེས་དང༔
རྣམ་སྣང་ལོ་ཙའི་བཞུགས་ཁྲི་རྨད་དུ་བྱུང༔
ལྷ་ཆེན་མཆིལ་བས་མ་ཎི་བླངས་པའི་རྟགས༔
ཧཿརིཿནིཿསཿརང་བྱོན་བྲོ་ར་སྣང༔
ཊཱཀྐིའི་ཚོགས་གཞོང་རྡོ་ཡི་ཀཱ་པ་ལ༔
ཕྱག་མཚན་གྲི་གུག་རུ་ཏྲའི་ཙིཏྟའི་སྒྲོམ༔
ལྷ་ལུང་སྐུ་རྗེས་དང་ནི་ཕྱག་ཞབས་རྗེས༔
པདྨ་སམ་བྷའི་ཞབས་རྗེས་གྲུ་གང་ཡོད༔
ཉི་ཟླའི་ཚེ་ཆུ་མྱོང་གྲོལ་ཨ་མྲྀ་ཏས༔
ཚེ་ཟད་ཡིན་ཀྱང་ལོ་གསུམ་བར་དུ་འཚོ༔
བཻ་རོའི་ཞབས་རྗེས་ཡུལ་འདྲེ་དམ་བཏགས་རྟགས༔
དམ་ཅན་རྟེན་གནས་ཕ་ཝོང་རྒྱས་པའི་དབྱིབས༔
སྐྱེས་མཆོག་ར་རྗེས་གྲུབ་པའི་གཟན་ལྕགས་རྗེས༔
གཏེར་སྒོ་གྲུ་བཞིར་ཕྱག་ཆེན་ཆོས་སྐོར་བཞུགས༔
གནས་རིའི་བྲག་ལ་གཏེར་རྟགས་གྲུ་བཞི་པར༔
མཁའ་འགྲོའི་ཐུགས་ཏིག་གསང་མཛོད་སྐོར་ལྔ་བཞུགས༔
ཝ་དཀར་རྒྱལ་མོ་གཡུ་སྒྲའི་སྒྲུབ་ཕུག་དེར༔
མཐའ་དམག་གཡུལ་བཟློག་རེག་ཕུང་དུག་རླང་སྦས༔
ཤར་གྱི་ལུང་པ་བྲག་དམར་ཀེའུ་ཚང༔
ལྷོ་ཡི་ལུང་པ་པདྨ་ཤེལ་གྱི་ཕུག༔
ནུབ་གྱི་ལུང་པ་ཕྱག་ཆེན་ཐུགས་ཀྱི་གནས༔
བྱང་གི་ལུང་པ་རྫ་ཁྲ་སྤོས་ངད་ལྡན༔
ཙ་འདྲ་གསང་ཆེན་གནས་ཀྱི་ཕྱོགས་བཞིར་བཞུགས༔
ནང་སྐོར་ལན་གཅིག་བྱས་པའི་ཕན་ཡོན་ནི༔
ཡིག་དྲུག་དུང་ཕྱུར་བདུན་གྱི་གྲངས་དང་མཉམ༔
དུག་གསུམ་སྒྲིབ་དག་སྐུ་གསུམ་ས་ལ་འགོད༔
བར་སྐོར་གཅིག་བྱས་མ་ཎི་དུང་བཅུ་གསུམ༔
མི་དགེ་བཅུ་སྤངས་རིག་འཛིན་གོ་འཕང་བགྲོད༔
ཕྱི་སྐོར་ལན་གཅིག་བྱས་པའི་སྐྱེས་བུ་དེས༔
ཡིག་དྲུག་དུང་ཕྱུར་ཉེར་ལྔའི་ཕན་ཡོན་ཐོབ༔
མཚམས་མེད་ལྔ་སྦྱངས་ཕྱིར་མི་ལྡོག་པར་འགྱུར༔
གནས་མཆོག་ཁྱད་འཕགས་ཨོ་རྒྱན་མཁའ་འགྲོའི་གླིང༔
འབྲེལ་ཚད་སྲིད་པའི་འཁོར་མཚོ་ལས་བསྒྲལ་ནས༔
མྱང་འདས་ཐར་བའི་སྐམ་སར་དབུགས་དབྱུང་འགྱུར༔
དེ་ཕྱིར་ལོག་རྟོག་མཆི་མའི་ཐལ་བ་དོར༔
དད་དང་དག་སྣང་ཞིང་ས་བཟང་པོ་ལ༔
བྱང་ཆུབ་སེམས་ཀྱི་ས་བོན་ལེགས་པར་སྨིན༔
ཚོགས་གཉིས་ཡོངས་རྫོགས་སྐུ་གཉིས་འབྲས་ཐོབ་འགྱུར༔
གནས་བདག་ཞིང་སྐྱོང་དྲང་སྲོང་རཱ་ཧུ་ལ༔
བཙན་རྒོད་མཆེད་བདུན་དྲེགས་པ་སྡེ་བརྒྱད་དང༔
དམ་ཅན་སྲུང་མ་དཀར་ཕྱོགས་སྐྱོང་རྣམས་ཀྱིས༔
ཕན་བདེའི་དགའ་སྟོན་སྤེལ་བའི་ཕྲིན་ལས་མཛོད༔
སྨྲས་པ༔
འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་གར༔
བསམ་བཞིན་བསྟན་འགྲོའི་དཔལ་དུ་ལེགས་ཤར་བ༔
མཆོག་སྤྲུལ་མི་ཕམ་རྣམ་པར་རྒྱལ་བ་ཡི༔
འགྲོ་དོན་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག༔
༈ ཐུབ་བསྟན་བཟང་པོས་ཐུབ་བསྟན་རྒྱལ་མཚན་སྒྲེངས། །
མི་ཕམ་རྒྱ་མཚོ་མ་ཕམ་གཡུལ་ལས་རྒྱལ། །
དམ་པ་ཟུང་གི་ཐུགས་བསྐྱེད་དུས་སུ་སྨིན། །
འགྲོ་དོན་དགའ་བདེའི་རོལ་མོར་རྟག་སྤྱོད་ཤོག །དགེའོ། །དགེའོ། །དགེའོ། །
མཁའ་སྤྱོད་ཨོ་རྒྱན་གསང་ཆེན་དཔལ་རིའི་གནས་ཀྱི་རང་བཞིན་བརྗོད་པ་ཊཱཀྐི་དགྱེས་པའི་གླུ་དབྱངས། ཡི་དམ་རྡོ་རྗེ།
མཁའ་སྤྱོད་ཨོ་རྒྱན་གསང་ཆེན་དཔལ་རིའི་གནས་ཀྱི་རང་བཞིན་བརྗོད་པ་ཊཱཀྐི་དགྱེས་པའི་གླུ་དབྱངས་ཞེས་བྱ་བ།
༼མཚོ་ནག༽
སྐྱེ་འགག་འགྱུར་མེད་སྟོང་ཆེན་ཨེ༵་དབྱིངས་སུ། །
མ་འགག་ཡེ་ཤེས་ཝ༵ཾ་ཡིག་དབྱེར་མེད་པའི། །
རང་བྱུང་རིག་པ་ཆོས་སྐུའི་མཁའ་འགྲོ་མར། །
རང་བཞིན་ཤེས་པའི་ངང་ནས་གཅིག་ཏུ་འདུད། །
མདོ་ཁམས་གཡུ་ལྗོངས་ནོར་འཛིན་ཡངས་པའི་ཆ། །
སྐུ་གསུམ་མཁའ་འགྲོའི་འདུ་གླིང་ཆུ་དབར་གྱི། །
ཙ་འདྲ་རྒྱལ་ཡུམ་ཕག་མོའི་གནས་མཆོག་ཆེར། །
ཊཱཀྐི་དགྱེས་པའི་གླུ་དབྱངས་འགུགས་ལ་སྤྲོ། །
རབ་རྒྱལ་ས་སྟག་མཆུ་ཟླའི་དམར་ཕྱོགས་ལ། །
སྤྱན་རས་གཟིགས་དབང་མི་ཕམ་རྒྱ་མཚོ་དང་། །
རྟོགས་པའི་དབང་ཕྱུག་ཐུབ་བསྟན་བཟང་པོ་ཡིས། །
ཨོ་རྒྱན་གསང་ཆེན་དཔལ་རིའི་གནས་སྒོ་ཕྱེས། །
འཛམ་བུའི་གླིང་ན་མཚུངས་ཟླ་མེད་པའི་གནས། །
མ་ཚོགས་མཁའ་འགྲོ་དུས་ཀུན་འདུ་བའི་གླིང་། །
ལྷོ་མོན་མཁའ་སྤྱོད་དཔལ་གྱི་ཙཱ་རི་དང་། །
གནས་འདི་བྱིན་རླབས་ནུས་པ་མཉམ་པར་གསུངས། །
རྩིབས་བརྒྱད་ནམ་མཁའ་འདབ་བརྒྱད་ས་ཡི་གཞིར། །
ཕྱེ་སྤུང་འདན་བྲེས་ས་ཡི་ཀ་བ་དང་། །
སྲུང་བཞིའི་རང་གཟུགས་གྲོགས་དང་གཡང་ལམ་སོགས། །
ས་ཡི་གཞུང་ནས་གསུངས་པའི་དཔྱད་པ་རྫོགས། །
རྒྱབ་ཕྱོགས་ལྷུན་ཆགས་ཟླ་གམ་དབང་གི་རིར། །
རྡོ་རྗེ་ཕག་མོའི་སྐུ་ཡི་བཀོད་པ་གསལ། །
མདུན་ཕྱོགས་ནེའུ་གསིང་སྤང་རི་ལྗོན་ཚལ་སོགས། །
སྣ་ཚོགས་མཆོད་སྤྲིན་བྱེ་བའི་དཔལ་ལ་འཁུ། །
ཆོས་རྒྱལ་མྱ་ངན་མེད་པའི་ཐུགས་སྨོན་གྱིས། །
ས་གནས་བྱེ་བར་མཆོད་རྟེན་བཞེངས་པ་ལས། །
བདེ་བར་གཤེགས་པའི་རིང་བསྲེལ་སྙིང་པོ་ཅན། །
ལས་སྒྲིབ་སྲབ་པའི་མིག་གི་དགའ་སྟོན་ཉིད། །
རྡོ་དཀར་ལས་གྲུབ་གུ་རུའི་སྣང་བརྙན་ལ། །
རྩ་རྒྱུད་བླ་མའི་བྱིན་རླབས་འོད་དུ་འཁྱིལ། །
དུམ་བུ་བརྒྱད་ཀྱི་རུ་ཏྲའི་ཡན་ལག་ལ། །
དུར་ཁྲོད་བརྒྱད་ཀྱི་བཀོད་པ་ཀུན་ནས་རྫོགས། །
ལས་བཞིའི་མཁའ་འགྲོའི་ཕྲིན་ལས་མྱུར་བའི་བརྡར། །
རིགས་བཞིའི་མཁའ་འགྲོའི་སྲོག་སྔགས་རང་བྱོན་གསལ། །
མཁའ་འགྲོའི་ཚོགས་གཞོང་ཐོད་པའི་དབྱིབས་ཅན་གྱིས། །
གནས་གསུམ་མཁའ་འགྲོའི་འདུ་བ་ཆད་མེད་མཚོན། །
རྒྱལ་བའི་དབང་པོ་པདྨ་སཾ་བྷ་ཝས། །
གནས་འདི་བྱིན་བརླབས་ཆོས་ནོར་གཏེར་ཁ་སྦས། །
གཏེར་སྒོ་གོང་འོག་འགྱུར་མེད་རྒྱ་ཡིས་བཏབ། །
སྲ་མཁྲེག་རྡོ་ལ་བཀོད་པའི་ཞབས་རྗེས་མཛེས། །
སྐད་གཉིས་སྨྲ་བའི་དབང་པོ་རྣམ་སྣང་བས། །
མི་སྲུན་དམ་བཏགས་ཆོས་ཀྱི་འཁོར་ལོ་བསྐོར། །
བཞུགས་ཁྲི་ཞབས་རྗེས་མཐོང་གྲོལ་དབུ་ཞྭ་རྣམས། །
ཕྱི་རབས་སྐྱེ་བོའི་དད་པའི་རྟེན་དུ་བཞག། །
སྡིག་ཅན་མཐར་བྱེད་ལྷ་ལུང་དཔལ་རྡོར་བས། །
སྒྲུབ་པ་མཛད་ནས་གྲུབ་པ་བརྙེས་པའི་རྟགས། །
རྡོ་ཡི་ངོས་ལ་བཀོད་པའི་སྐུ་ཡི་རྗེས། །
ཕྱག་དང་ཞབས་ཀྱི་རྗེས་ཤུལ་རྨད་དུ་བྱུང་། །
བཻ་རོའི་ཐུགས་སྲས་གཡུ་སྒྲའི་ཞབས་རྗེས་དང་། །
གཡོ་མེད་ཏིང་འཛིན་སྒོམ་པའི་སྒྲུབ་ཕུག་ན། །
མཐའ་དམག་ཟློག་པའི་སྣ་ཚོགས་རྫས་གཏེར་སོགས། །
སྐུ་ཡིག་ཕྱག་མཚན་རྟེན་མཆོག་བགྲང་ལས་འདས། །
གཡུ་རོང་ཡུལ་ནས་དཀོན་མཆོག་དབང་ཕྱུག་གིས། །
དམ་ཅན་བསྐུལ་ཞིང་གཟན་གྱིས་བརྡེགས་བྱས་ནས། །
ཇག་པའི་ར་མདར་བཏང་བའི་ཕ་ཝཾ་གི། །
ལོ་རྒྱུས་རྟགས་མཚན་བློ་ཡི་ཡུལ་ལས་འགོངས། །
སྟོད་ན་ཉི་མས་མཚན་པའི་བདུད་རྩིའི་སྐྱེམས། །
བར་ན་ཟླ་བས་མཛེས་པའི་ཚེ་ཡི་ཆུ། །
གཤམ་ན་མྱོང་གྲོལ་གྲུབ་པའི་ཆུ་མིག་གིས། །
དུས་མིན་འཆི་བའི་འཇིགས་པ་སེལ་བར་གསུངས། །
མི་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་མཆོག། །
རྒྱ་ནག་ཇ་རྫོང་འབེབ་དུ་བྱོན་པའི་སྐབས། །
གནས་འདིར་སྒྲུབ་པ་མཛད་པའི་སྒྲུབ་ཕུག་དང་། །
ལྷ་རྟའི་རྗེས་དང་རྟོད་ཕུར་མིག་གི་དཔྱིད། །
མཆིམས་ཕུའི་ཀེའུ་ཚང་ཡར་ཀླུང་ཤེལ་གྱི་ཕུག། །
སྤོས་ངད་ལྡན་དང་ཕྱག་ཆེན་གནས་བཞི་ཡི། །
བྱིན་ནུས་མཉམ་པར་གྱུར་པའི་གནས་བཞི་ཡང་། །
མ་སྨད་བསོད་ནམ་བྱེ་བའི་དཔལ་ལས་གྲུབ། །
གནས་སྲུང་ཞིང་སྐྱོང་སེང་གེའི་གདོང་ཅན་དང་། །
གཟའ་བཙན་ཀླུ་དང་སྡེ་བརྒྱད་འཁོར་གྱིས་བསྐོར། །
ཆོས་མཛད་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་། །
དམ་མེད་རྡུལ་དུ་རློག་པའི་ཕྲིན་ལས་སྒྲུབ། །
དཀར་ལ་ཡར་རྩེ་ཞི་བའི་ལས་ལ་དགྱེས། །
བཀྲ་ཤིས་ལྷ་རྩེས་ཚེ་བསོད་རྒྱས་པར་བྱེད། །
རྫ་རི་དུང་ཕྲེང་གང་བསམ་དབང་དུ་སྡུད། །
རྡོ་རྗེ་དྲག་མོས་མི་མཐུན་ཉེས་ཚོགས་འཇོམས། །
གནས་འདིའི་སྐོར་ཚད་ཉིས་བརྒྱ་བཅུ་གསུམ་གྲངས། །
སུས་བསྐོར་ཚེ་འདིའི་འགལ་རྐྱེན་ཀུན་ཞི་ཞིང་། །
འཁོར་མཚོ་ལས་གྲོལ་རིག་འཛིན་གོ་འཕང་བགྲོད། །
མི་ལྡོག་ལམ་ལ་འཇུག་པ་རྡོ་རྗེའི་ཚིག། །
འདི་བྲིས་དགེ་བས་མ་གྱུར་འགྲོ་བ་རྣམས། །
ཚེ་འདིར་གང་བསམ་ཆོས་བཞིན་འགྲུབ་པ་དང་། །
མཐར་ཐུག་རང་རིག་ཆོས་སྐུ་ཡུམ་ཆེན་མོའི། །
དགོངས་པ་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག། །
ཞེས་ཚིགས་སུ་བཅད་པ་ཟག་མེད་ཆོས་སྡེ་ཉེར་གཅིག་གི་གྲངས་ལྡན་བསྟོད་ཚིག་འདི་ནི་ཆོས་མཆེད་གཡང་ལྡན་སོགས་ནས་ནན་ཏན་ཆེན་པོས་བསྐུལ་བ་ལྡོག་ཏུ་མ་བཟོད་པར་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན། སྤྲང་འཁྱམས་ཡི་དམ་རྡོ་རྗེར་འབོད་པས་གནས་དེ་ཡི་ཉེ་འགྲམ་དུ་སྤེལ་བ་གནས་སྐབས་མཐར་ཐུག་དགེ་བའི་རྒྱུར་གྱུར་ཅིག །
མཁའ་སྤྱོད་དགའ་བའི་ཚལ་གྱི་གནས་ཡིག་ངོ་མཚར་མཐོང་གྲོལ། བླ་མ་འཇའ་ཆོས།
མཁའ་སྤྱོད་དགའ་བའི་ཚལ་གྱི་གནས་ཡིག་ངོ་མཚར་མཐོང་གྲོལ་བཞུགས༔
༼གསེར་ཁའི་བྲག་གདོང་༽
ཨེ་མ་ཧོ༔
བསིལ་ལྡན་ལྗོངས་སུ་གནས་ཆེན་གནས་ཕྲན་མང༔
ཙ་རིའི་གནས་ལག་མཁའ་སྤྱོད་དགའ་བའི་ཚལ༔
ཨོ་རྒྱན་མཁའ་འགྲོའི་འདུ་གླིང་བཅོ་བརྒྱད་ཡོད༔
ཤར་ན་རྡོ་རྗེ་མཁའ་འགྲོ་འདུ་གླིང་རྟགས༔
བྲག་དཀར་རྡོ་རྗེའི་རི་མོ་ཡོད་པར་མངོན༔
ལྷོ་ན་རིན་ཆེན་མཁའ་འགྲོའི་འདུ་གླིང་རྟགས༔
གྲུ་བཞིའི་གདན་ལ་རཏྣས་མཚན་པ་ཡོད༔
ནུབ་ན་པདྨ་མཁའ་འགྲོའི་འདུ་གླིང་རྟགས༔
དམར་པོ་པདྨ་རིགས་ཀྱི་ལྗོན་ཤིང་ཡོད༔
བྱང་ན་ཀརྨ་མཁའ་འགྲོའི་འདུ་གླིང་རྟགས༔
རྒྱ་གྲམ་ལྗང་གུ་རྩི་ཅན་ཆ་མི་མཚུངས༔
གསུམ་ཙམ་དང་ནི་དབུས་ན་རྡོ་མཐིང་ལ༔
འཁོར་ལོའམ་ནི་བཾ་གྱིས་མཚན་པ་ཡོད༔
དེ་དག་ནང་ལ་མཁའ་འགྲོའི་སྒྲོམ་བུ་ནི༔
དཀར་སེར་དམར་ལྗང་མཐིང་ཀའི་མདངས་ཅན་ལ༔
མཁའ་འགྲོ་སྡེ་ལྔའི་སྒྲུབ་པ་ཟབ་རྒྱ་ཅན༔
སྟག་གི་ལོ་ནས་འབྲུག་གི་བར་དག་ཏུ༔
བར་མ་ཆད་པར་དབང་གི་སྣོད་རུང་བརྒྱ༔
བྱང་གི་ཕྱོགས་ན་རལ་འཁུར་བཅུ་གསུམ་ཡོད༔
ལས་ཅན་བུ་ལ་གཏད་རྒྱ་བཀྲོལ་རེ་རན༔
དུས་ཀྱི་རྒུད་གསོ་འཇིགས་པ་བརྒྱ་ཕྲག་ཞི༔
ནམ་ཡང་འཇའ་དང་ན་བུན་སྦྲང་ཆར་ཟིལ༔
གང་བརྟེན་འགྲོ་ལ་སྨིན་གྲོལ་ཆོས་ཆར་འབེབས༔
གནས་དེར་མཇལ་སྐོར་ཚོགས་དང་གཏོར་མ་སོགས༔
ལས་བཞི་རབ་འབྱམས་ལྷུན་གྱིས་འགྲུབ་པར་འགྱུར༔
རྡོ་རྗེའི་དམ་རྒྱ་གླང་ནས་སྟག་གི་ཟླར༔
བརྟེན་ན་དངོས་གྲུབ་རྒྱ་མཚོའི་མངའ་བདག་འགྱུར༔
མ་དག་སྐྱེ་བོས་མཐོང་ན་ཡིད་དབང་འགུགས༔
སྣང་སྲིད་ལྷ་འདྲེར་སྨིན་གྲོལ་ཆོས་ཆར་འབེབས༔
འབྲེལ་ཚད་དོན་ལྡན་ངོ་མཚར་གནས་ཁྱད་འཕགས༔
རང་བྱུང་དཔལ་གྱི་མཚོ་མོ་ཤེལ་གྱི་བྲག༔
ཡིག་དྲུག་དང་ནི་མཁའ་འགྲོ་སྡེ་ལྔའི་སྲོག༔
ཡི་གེ་རང་བྱུང་བརྡ་དང་སྐུ་བརྙན་ཡོད༔
དེ་རུ་ཡུན་བརྟན་བསྟན་པ་རྨད་དུ་བྱུང༔
ཁམས་ཡུལ་མདོ་སྨད་འགྲོ་དོན་ཨེ་མ་ཧོ༔ ས་མ་ཡཱ༔
ཞེས་པ་འདི་ནི་སྔགས་བན་པདྨ་བདེ་བའི་འབྱུང་གནས་ཀྱིས་སྤེལ་བའོ།། །།
ཙ་རིའི་ཡའི་གནས་བསྟོད་པད་དཀར་ཆུན་པོ། ཡི་དམ་རྡོ་རྗེ།
༈ ཙ་རིའི་ཡའི་གནས་བསྟོད་པད་དཀར་ཆུན་པོ་བཞུགས། རྒྱལ་ཀུན་བརྩེ་ཆེན་སྙིང་རྗེའི་གཟུགས། །མཚན་དཔེའི་སྐུ་རུ་སྨིན་པའི་ལྷ། །སྤྱན་རས་གཟིགས་དབང་གང་དེ་ཡིས། །ཀུན་ནས་དགེ་བའི་ཤིས་པ་སྩོལ། །མདོ་ཁམས་གཡུ་ཁོག་ས་ཡི་ཆ། །ཙ་རིའི་ཡ་ཞེས་གྲགས་པ་ཡི། །འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས། །དེ་ཡི་རང་བཞིན་ཅུང་ཟད་གླེང་། །སྔོན་ཚེ་པདྨ་ཀཱ་ར་དང་། །རྣམ་སྣང་ལོ་ཙཱས་བྱིན་གྱིས་བརླབས། །ཕྱི་རབས་སྐྱེ་བོའི་བགོ་སྐལ་དུ། །ཟབ་མོའི་ཆོས་གཏེར་མང་དུ་སྦས། །གནས་སྲུང་ལྷ་བཙན་ལྕམ་དྲལ་དང་། །ཞིང་སྐྱོང་ཡབ་ཡུམ་གཉིས་ལ་གཏད། །མངའ་རིའི་ལྷ་མགོན་གཙོ་འཁོར་ལ། །བྱང་སྒོ་སྲུང་བའི་མངག་གཞུག་བཅོལ། །དེ་རྗེས་འཇིགས་མེད་རྣམ་རྒྱལ་བས། །རྫོང་བདུན་གནས་ཀྱི་སྒོ་ཕྱེ་ཚེ། །རྟེན་འབྲེལ་འགྲོ་དོན་དུས་བབས་ནས། །གནས་འདིའི་སྒོ་འཕར་ཕྱེས་པར་མཛད། །གནས་འདི་མཇལ་སྐོར་བྱས་པ་ན། །ལྷོ་མོན་དཔལ་གྱི་ཙ་རི་ཏྲ། །མཇལ་སྐོར་བྱས་དང་བྱིན་མཉམ་པས། །ཙ་རིའི་ཡ་ཞེས་མཚན་དུ་གསོལ། །བྲག་དཀར་དུང་སེང་འགྱིང་འདྲའི་དབུས། །འཕགས་མཆོག་སྤྱན་རས་གཟིགས་དབང་དང་། །བདེ་གཤེགས་ཐུགས་ཀྱི་མཆོད་རྟེན་ཆེ། །མ་བཀོད་རང་བྱུང་ལྷང་ངེར་གསལ། །སྲ་བ་རྡོ་ལ་བརྐོས་པ་ཡི། །བདེ་གཤེགས་སྐུ་གསུང་ཐུགས་རྟེན་གྱིས། །གནས་འདིའི་ཉེ་འཁོར་གཏམས་བྱས་པས། །འབྲེལ་ཚད་སྐྱེ་བོ་བདེ་ལ་བཀོད། །ཤིན་ཏུ་དབེན་ཞིང་ཉམས་དགའི་ཡུལ། །ངོ་མཚར་ས་ཡི་དཔྱད་པ་རྫོགས། །མདུན་དུ་ཆུ་ཤིང་གླིང་ཀ་མཛེས། །རྒྱབ་རིའི་རྩེ་འཛིན་མཁའ་ལ་སྙེགས། །ནུབ་ཕྱོགས་རི་བོའི་ངོས་ཡངས་ན། །རང་བྱུང་བཙན་མཁར་འཇིགས་རུང་རྔམས། །བྱང་གི་ས་མདོའི་འགག་སྒོ་ནི། །དྲག་པོའི་རི་བོས་བསྡམས་པ་བརྗིད། །ཤར་གྱི་གྲོགས་ལམ་དཀར་པོ་ནི། །ཚང་ཚིང་ནགས་མའི་གསེབ་ན་མཛེས། །ལྷོ་ཆུ་གཡུ་འབྲུག་སྔོན་མོ་ནི། །མདུན་ནས་དལ་གྱིས་བྱང་དུ་འབབ། །ནུབ་ཀྱི་བྱ་ཆེན་ལྗོན་པའི་ཚལ། །སྒྲོ་གཤོག་ཡངས་ཤིང་རྒྱས་པར་བརྐྱངས། །བྱང་དུ་རྔམས་བརྗིད་བྲག་གི་རི། །རུས་སྦལ་རྒྱལ་པོའི་ཟོལ་གྱིས་འགྱིང་། །རི་རྩེ་མཆོང་བྲག་མཁའ་ལ་སྙེགས། །དྲག་པོའི་ཕྲིན་ལས་འགྲུབ་པའི་བརྡ། །རི་མགུལ་གདགས་རི་ཟླ་གམ་དབྱིབས། །དབང་གི་ཕྲིན་ལས་བསྒྲུབ་ལ་ཤིས། །རི་འདབས་གཡུ་ཤུག་ཚལ་གྱིས་དཀྲིས། །ཚེ་བསོད་རླུང་རྟ་རྒྱས་པའི་གནས། །རི་ཞོལ་ཡངས་པའི་སྤང་ཐང་ཟླུམ། །ཞི་བའི་ལས་ལ་མཆོག་ཏུ་བསྔགས། །དབེན་པའི་གནས་ཀྱི་ཡོན་ཏན་ནི། །མ་ཚང་མེད་པ་འདི་ལ་རྫོགས། །སྦས་ཡུལ་ལྟ་བུའི་ཁྱད་འཕགས་གནས། །མོས་ལྡན་དགའ་བས་བརྟེན་པར་རིགས། །ལས་བཞིའི་ཕྲིན་ལས་གང་དང་དང་། །གནས་འདིར་བསྒྲུབ་ན་འགྲུབ་རྟགས་མྱུར། །ཉམས་རྟོགས་གོང་དུ་འཕེལ་འདོད་ན། །གནས་འདིར་སྒྲུབ་ལ་བརྩོན་པ་གཅེས། །སྔོན་རབས་རྣམས་སུ་ཡང་དང་ཡང་། །གྲུབ་མཆོག་རྣམས་ཀྱིས་བྱིན་བརླབས་པས། །ཕྱི་རབས་རྣམས་སུ་བཀྲ་ཤིས་ཤིང་། །ངོ་མཚར་ཁྱད་འཕགས་གནས་འདི་གྲུབ། །འདི་བྲིས་དགེ་བས་འགྲོ་བ་ཀུན། །གནས་སྐབས་མི་འདོད་ཉེར་འཚེ་ཞི། །མཐར་ཐུག་བདེ་ནས་བདེ་བ་རུ། །བགྲོད་པའི་རྒྱུ་རུ་གྱུར་ཅིག་གུ །ཅེས་ཙ་རིའི་ཡའི་གནས་བསྟོད་པད་དཀར་ཆུན་པོ་ཞེས་པ་འདི་ནི་རིང་མོའི་དུས་ནས་ཆོས་ཀྱི་མཆེད་པོ་བསྟན་པ་ཉི་ཤར་གྱིས་ནན་གྱིས་ལན་འགའ་བསྐུལ་མོད་སྙོམ་ལས་ངང་དུ་ལུས། ཉེ་ཆར་མཆེད་པོ་དུ་མ་དང་ལྷན་དུ་གཞི་བདག་བཅུ་སྐོར་ཞིག་ལ་བུམ་གཏེར་ཕུལ་ཞིང་གསས་མཁར་གསར་རྩིགས་བྱེད་དུ་ཕྱིན་སྐབས་གནས་འདི་མཇལ་བའི་སྐལ་བཟང་ཐོབ་པས་མཆེད་པོ་རྣམས་ཀྱི་ཞལ་ངོ་མི་ལྡོག་ཆེད་ཡི་དམ་རྡོ་རྗེར་འབོད་པས་ཆུ་ཡོས་ཁྲུམས་ཟླའི་ཚེས་བཅུ་དགུའི་ཉིན་བྲིས་པ་དགེ་ལེགས་འཕེལ།།
ཕྱག་ཆེན་གནས་ཀྱི་རང་བཞིན་ཅུང་ཟད་བརྗོད་པ་བཻཌཱུརྱའི་ཕྲེང་བ། ཡི་དམ་རྡོ་རྗེ།
༈ ཕྱག་ཆེན་གནས་ཀྱི་རང་བཞིན་ཅུང་ཟད་བརྗོད་པ་བཻཌཱུརྱའི་ཕྲེང་བ་བཞུགས། ལྷ་ཀླུ་གནོད་སྦྱིན་དྲང་སྲོང་རིག་པ་འཛིན། །སྲིད་ན་ཆེ་ཞིང་མཐོ་བའི་རིགས་ཀུན་གྱིས། །རལ་བའི་ཟུར་ཕུད་ཞབས་ལ་གཏུགས་པའི་ཡུལ། །པདྨ་རྒྱལ་པོའི་བཀའ་དྲིན་དྲན་པས་འདུད། །ཙ་འདྲ་ཕག་མོའི་གནས་ཀྱི་ཡན་ལག་ཏུ། །ངོ་མཚར་སྒྲུབ་པའི་གནས་བཞི་བཞུགས་པ་ལས། །ནུབ་ཕྱོགས་ཕྱག་ཆེན་ཐུགས་ཀྱི་གནས་མཆོག་གི། །རང་བཞིན་ཅུང་ཟད་བརྗོད་ལ་སྤྲོ་བ་བརྟས། །ཕྱི་ལྟར་གཏེར་གྱི་རི་བོ་ནོར་བུའི་དབྱིབས། །ནང་ལྟར་མཁའ་འགྲོ་དམ་ཅན་འདུ་བའི་གནས། །གསང་བ་གསང་ཆེན་ཨ་ཏིའི་ཆོས་ཀྱི་མཛོད། །དད་ལྡན་ཀུན་གྱིས་དད་པས་བཀུར་བར་འོས། །རྒྱལ་ཀུན་ཐུགས་གསང་མཛོད་འཛིན་ཕྱག་ན་རྡོར། །མ་བཅོས་བྲག་གི་ངོས་ལ་རང་བྱོན་བཀྲ། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་སྣ་ཚོགས་ཀྱིས། །ལས་ཅན་མིག་ལ་དག་པའི་བདུད་རྩི་འགྱེད། །སྔོན་ཚེ་རྒྱལ་བའི་དབང་པོ་པདྨ་འབྱུང་། །རྣམ་སྣང་ལོ་ཙཱས་དད་པས་སྤྱན་དྲངས་ཚེ། །གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། །ངེས་གསང་ཆོས་ཀྱིས་བུ་སློབ་སྨིན་པར་མཛད། །རྫོགས་ཆེན་སྡེ་གསུམ་ཀློང་དགུའི་ཟབ་གནད་སྐོར། །རིམ་གསུམ་ཆོས་རྩིག་བྲག་ལ་གཏེར་དུ་སྦས། །འགྱུར་མེད་ཐུགས་ཀྱི་ཡི་གེའི་རྒྱ་ཡིས་བཏབ། །ལས་ཅན་བུ་ལ་འཕྲད་པའི་གཏད་རྒྱ་མཛད། །དེ་ཡང་སེམས་ལས་གཞན་ཆོས་ལོགས་ཤིག་ཏུ། །བཙལ་ཏུ་མེད་པ་སྣ་ཚོགས་སེམས་ཀྱི་སྡེ། །ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་རྒྱན་ལས། །གཞན་དུ་ཡོད་པར་མི་སྨྲ་ཀློང་གི་སྡེ། །ཡིན་ལུགས་གནད་ཀྱི་ཐོག་ཏུ་ཕེབས་པ་ནི། །གནས་ལུགས་རང་གསལ་ཟབ་པ་མན་ངག་སྡེ། །ལྟ་སྤྱོད་དལ་དབང་དམ་ཚིག་ཕྲིན་ལས་དང་། །ས་ལམ་དགོངས་པ་འབྲས་བུའི་ཀློང་དགུའོ། །བཀའ་འདི་སྔགས་སྲུང་དབྱིངས་ཀྱི་རྒྱལ་མོ་དང་། །གཏེར་སྲུང་དུང་གི་ཕྲེང་བ་ཅན་ལ་གཏད། །དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་། །དམ་མེད་རྡུལ་དུ་རློག་པའི་ཐ་ཚིག་བསྒྲགས། །སྔོན་ཞིག་གནས་འདིར་སྒྲུབ་པ་ཉམས་བཞེས་ནས། །གྲུབ་པ་བརྙེས་ཤིང་འོད་སྐུར་གྲོལ་བ་ཡི། །དམ་པའི་སྐྱེས་བུ་མང་དུ་བྱོན་གྱུར་ཞེས། །རིག་འཛིན་གོང་མས་དཔལ་གྱི་མགུར་ནས་གསུངས། །གསང་བདག་གནས་འདིར་ཕྱག་སྐོར་སུས་བྱས་ན། །ས་བདག་ཀླུ་གཉན་གནོད་པ་མ་ལུས་ཞི། །མཐར་ཐུག་ངེས་གསང་སྙིང་པོའི་དགོངས་པའི་དོན། །མངོན་དུ་འགྱུར་བ་ཕྱག་ན་རྡོ་རྗེའི་མཐུ། །ཚིག་འདི་དགོངས་པའི་ཀློང་ནས་བརྡོལ་བ་མིན། །ས་དང་རྡོ་ཡི་སྲུབ་ནས་བླངས་པ་མིན། །རྡོ་རྗེའི་མཆེད་ཀྱི་རྡོ་རྗེའི་བཀའ་ལྕི་བས། །དམ་པའི་གསུང་ལ་བརྟེན་ནས་བྲིས་པ་ཡིན། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །ལེགས་ཆ་སྲིད་ན་མཁའ་མཉམ་འགྲོ་བ་རྣམས། །གནས་སྐབས་མཐར་ཐུག་དགེ་བའི་འོད་སྣང་གིས།།
ཕན་དང་བདེ་བའི་དགའ་སྟོན་འགྱེད་གྱུར་ཅིག །ཅེས་ཕྱག་ཆེན་གནས་ཀྱི་རང་བཞིན་ཅུང་ཟད་བརྗོད་པ་བཻཌཱུརྱའི་ཕྲེང་བ་ཞེས་པ་འདི་ནི་ཐུན་མིན་ཆོས་ཀྱི་མཆེད་པོ་འགའ་དང་ལྷན་དུ་གནས་དེར་ཕྱིན་སྐབས་ཡི་དམ་རྡོ་རྗེར་འབོད་པའི་སྙོམ་ལས་མཁན་དེས་ཆུ་ཡོས་ཁྲུམས་ཟླའི་དམར་ཕྱོགས་བཟང་པོ་དང་པོ་ལ་བྲིས་པའོ།།
ཏཱ་རེ་མི་འགྱུར་དགའ་ཚལ་སེམས་ཉིད་རང་གྲོལ་གླིང་གི་ངོ་སྤྲོད་མདོར་བསྡུས་རྒྱལ་ཡུམ་དགྱེས་པའི་མཆོད་སྤྲིན།
༄༅། ཏཱ་རེ་མི་འགྱུར་དགའ་ཚལ་སེམས་ཉིད་རང་གྲོལ་གླིང་གི་ངོ་སྤྲོད་མདོར་བསྡུས་རྒྱལ་ཡུམ་དགྱེས་པའི་མཆོད་སྤྲིན་བཞུགས།
དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །
གངས་ཅན་མིག་གཅིག་རྣམ་སྣང་ལོ་ཙཱ་བ། །
གཞན་ཕན་བཟང་པོ་ཆོས་དབྱིངས་རང་གྲོལ་སོགས། །
དཔལ་མགོན་བླ་མ་རྣམས་ལ་གུས་པས་འདུད།།
དེ་ལ་འདིར་གང་ཞིག་གླེང་བར་བྱ་བ་ནི། ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེས། ཕྱི་ལྟར་ཡིད་བཞིན་འདོད་འཇོ་གཏེར་གྱི་རི། །ནང་ལྟར་གཡུ་ལོ་བཀོད་པའི་ཞིང་ཁམས་ཏེ། །གསང་བ་དགའ་ཆེན་ཡེ་ཤེས་སྒྱུ་མའི་མཛོད། །ལྷ་ཡུལ་ལྷ་ལས་འཕགས་པའི་ཞིང་ཁམས་བསྔགས། །ཞེས་ཆེད་དུ་བརྗོད་པའི་དབེན་ཁྲོད། ཤར་རྒྱལ་མོ་ཚ་བ་རོང་གི་སའི་ཆར་གཏོགས་པ་གཡུའི་ཆུ་དབར་ཏཱ་རེའི་གནས་མཆོག་ལ་སྔོན་དུས་རབས་བརྒྱད་པའི་ནང་དུ་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་རོང་དུ་ཕེབས་པ་དང་དུས་མཚུངས་སུ། སློབ་དཔོན་པདྨ་འབྱུང་གནས་རྫུ་འཕྲུལ་གྱིས་བྱོན་ནས་ཁོང་དཔོན་སློབ་གཉིས་ཀྱིས་རྒྱལ་ཡུམ་འཕགས་མའི་གནས་འདི་སོགས་ཚ་བ་རོང་གི་གནས་ཆེན་སུམ་ཅུ་རྩ་བརྒྱད་ལ་གནས་ཆེན་བྱིན་དབབ་དང་ཆོས་ནོར་གྱི་གཏེར་ཁ་དུ་མ་སྦས་ནས་འབྲེལ་ཚད་དོན་ལྡན་དུ་བྱིན་གྱིས་བརླབས། དེ་ནས་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་༼༡༨༩༣༽ལོར་དུས་རྟགས་དང་རྟེན་འབྲེལ་མངོན་དུ་གྱུར་པ་ན། སྤྲུལ་པའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོས་ལྷ་དང་བླ་མའི་ལུང་བསྟན་ལྟར་གནས་སྒོ་ཕྱེས་ནས་ ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་དགའ ་ཚལ་ཞེས་མཚན་བཏགས། ཆུ་སྟག་༼༡༨༩༤༽ལོའི་ལོ་མཇུག་ཏུ་ ཏཱ་རེ་མི་འགྱུར་དགའ ་ཚལ་མདོ་སྔགས་བཤད་སྒྲུབ་གླིང་ཞེས་པའི་གཙུག་ལག་ཁང་གསར་དུ་ཕྱག་བཏབ་ནས་སྒོ་འཛུ་བླ་མ་རིག་གྲོལ། ལུང་རྟོགས་བསྟན་འཛིན། རིག་འཛིན་དངོས་གྲུབ། རས་པ་གསལ་སྟོང་། ཀློང་ཆེན་འོད་གསལ་རྡོ་རྗེ། སྒོ་སྤེས་བླ་མ་མཚོ་རྒྱལ་དང་། ཆོས་བདག་ཀརྨ་ཆོས་སྐྱོང་སོགས་བུ་ཆེན་རྣམས་ཀྱི་གཙོས་སློབ་ཚོགས་དུ་མ་ལ་དབང་ཁྲིད་ཟབ་ཆོས་གནང་བར་མཛད། དེ་ནས་བཟུང་འཁོར་གདོང་པདྨ་བཛྲ། རྒྱ་ཤུལ་ཆོས་དཔལ་རྒྱ་མཚོ། ཆ་ནང་མི་ཕམ་རྒྱ་མཚོ་བཅས་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་གྲགས་པའི་དམ་པའི་སྐྱེས་བུ་གསུམ་ཡང་གནས་འདིར་བྱོན་ནས་སྒྲུབ་པ་ཉམས་བཞེས་སོགས་མཛད། རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ། མདོ་མང་གཏེར་ཆེན་གར་གྱི་དབང་ཕྱུག གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་པའི་རྡོ་རྗེ་སོགས་ཀྱིས་ཀྱང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མཛད། དེ་ལས་ཁྱད་པར་དུ་གྱུར་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་༼༡༨༧༢༽ལོར་ངེས་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་མཚན་དཔེའི་མེ་ཏོག་གནས་འདི་ནས་བཞད་པས་ཐུན་མོང་མ་ཡིན་པའི་ཕྱག་དང་མཆོད་པའི་རྟེན་མཆོག་གཅིག་པུར་གྱུར། རབ་བྱུང་བཅུ་དྲུག་པའི་ནང་མཁན་པོ་རི་རྡོར་གྱིས་མི་ཉག་རྩ་ར་མཁན་ཆེན་ཆོས་ཀྱི་གྲགས་པ་གནས་འདིར་གདན་དྲངས་ནས་ལོ་དུ་མའི་རིང་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་ལ་འཆད་ཉན་མཛད། ཕྱིས་རྒྱལ་བསྟན་ཡང་དར་གྱི་སྐབས་སུ་ཆུ་དབར་ཁོག་གི་བླ་སྤྲུལ་སེར་སྐྱ་ཡོངས་ཀྱིས་ལྷ་ཁང་དང་རྟེན་གསུམ་བསྐྱར་གསོ་བྱས། ཁྱབ་བདག་པདྨ་སྐལ་བཟང་མཆོག་གིས། ཏཱ་རེ་སྒྲོལ་མ་གཡུ་ཡི་ལྷ་ཁང་ཞེས་མཚན་གསོལ་དང་སྦྲགས། ཁྱད་པར་སྔ་འགྱུར་རྫོགས་ཆེན་བརྒྱུད་པའི་སྲོལ། །སྙིང་ཐིག་སྙིང་པོའི་བསྟན་པ་རབ་དར་བའི། །བདེན་ཚིག་སྨོན་ལམ་དཀར་པོའི་དར་གྱི་མདུད། །ཕྱི་རབས་སྐྱེ་བོའི་མགུལ་བའི་རྒྱན་དུ་བཀོད། །ཅེས་སོགས་ཐུགས་སྨོན་བདེན་ཚིག་གནང་བ་དུས་སུ་སྨིན་ནས་སྔ་ཕྱིར་ཧོར་བླའི་ཡང་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེ། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ། རྫོགས་ཆེན་ཀུན་བཟང་སྤྲུལ་སྐུ། གཡུ་ཁོག་བྱ་བྲལ་བའི་ཡང་སྤྲུལ་མཉམ་མེད་རང་བྱུང་རྡོ་རྗེ་སོགས་དམ་པའི་སྐྱེས་ཆེན་དུ་མ་ཆེད་ཕེབས་ཀྱིས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བར་མཛད། ཆུ་འབྲུག་(2012)ལོར་གཡུ་སྤྲུལ་མཉམ་མེད་རང་བྱུང་རྡོ་རྗེས་སྐུ་གོང་མ་གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ས་མིག་དངོས་ཐུགས་ཉམས་དང་རྨི་ལམ་ལ་བརྟེན་ཚུལ་གྱིས་ངོས་འཛིན་མཛད་ཅིང་མ་འོངས་པར་ས་འདི་རི་ཁྲོད་སྒྲུབ་གནས་ཤིག་ཏུ་འགྱུར་རྒྱུ་རེད་གསུངས། ཤིང་རྟ་(2014)ལོར་གངས་ལྗོངས་མཁས་པའི་དབང་ཕྱུག་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་འདི་ཉིད་མཇལ་དུ་ཕེབས་ཚེ་གནས་འདི་ནས་སྒྲུབ་པ་ཉམས་ལེན་རེ་བྱེད་ཐུབ་ན་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེ་སླ་རྒྱུ་རེད་གསུངས་ཤིང་སེམས་ཉིད་རང་གྲོལ་གླིང་ཞེས་མཚན་བཏགས་པར་མཛད། གཡུ་མཁར་དགོན་གྱི་བླ་སྤྲུལ་རྣམས་ཀྱི་ཐུགས་བཀོད་འོག་གནས་འདིའི་བླ་གྲྭ་ལྷག་བསམ་ཅན་རྣམས་ཀྱིས་གཙོ་འགན་བཞེས་པ་དང་། ཕྱོགས་ཀྱི་དད་ལྡན་རྣམས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་གཡུ་ཁོག་བྱ་བྲལ་བའི་སྐུ་གདུང་མཆོད་རྟེན་དང་། མ་ཎི་དུང་མཁར་ཆེན་མོ། འཚོགས་ཁང་སོགས་གསར་བཞེངས་བྱས། མེ་སྤྲེལ་(2016)ལོ་ནས་བཟུང་སྨྱུང་གནས་དང་འབྲེལ་བའི་དགུན་ཆོས་སམ། ཞག་བརྒྱའི་བཅད་རྒྱ་ཆེན་མོ་ལོ་ལྟར་འཚོགས་དང་འཚོག་བཞིན་པ་ལགས་ན་སེར་སྐྱ་རིས་མེད་དལ་བའི་རྟེན་ལ་སྙིང་པོ་ལེན་པར་འདོད་པ་དག་གིས་ཐུགས་ལ་ཅི་ནས་ཀྱང་འཛིན་འཚལ། སྤྱིར་གནས་རི་བྱིན་ལྡན་རྣམས་སུ་སྒྲུབ་པ་ཉམས་ལེན་བྱས་ན་གནས་གཞན་ཕལ་བ་ལས་ཁྱད་དུ་འཕགས་ཚུལ་ནི། ཀུན་མཁྱེན་བསྟན་པའི་ཉི་མས། གནས་ཡུལ་བྱིན་ཅན་དང་། ཨོ་རྒྱན་ཆེན་པོ་སོགས་གྲུབ་ཐོབ་གོང་མའི་སྒྲུབ་གནས་རྣམས་ནི་མཆོག་ཏུ་བསྔགས་པ་ཡིན་ཏེ། དགོངས་འདུས་ལས། ཕལ་པའི་གནས་སུ་ལོ་གཅིག་བསྒྲུབ་པ་བས༔ འདི་དག་རྣམས་སུ་ཞག་གཅིག་སྒྲུབ་ཐག་ཉེ༔ཞེས་གསུངས་པ་ལྟ་བུ་དང་། བྱེ་བྲག་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའིྮ་་གནས་འདི་རུ་སྒྲུབ་པ་བྱས་པའི་ཕན་ཡོན་ནི། རིག་འཛིན་གཞན་ཕན་བཟང་པོས། འཇའ་དང་འོད་ལུས་གྲུབ་འདོད་གནས་འདི་རུ༔ གཉིས་མིན་གཅིག་པུས་སྒྲུབ་པ་ལྷུར་བླངས་ན༔ འཕོ་ཆེན་བུམ་སྐུ་བདེ་བླག་ཉིད་དུ་འགྲུབ༔ ཅེས་དང་། གནས་འདིར་ཞག་གཅིག་སྒོམ་སྒྲུབ་བྱས་ན་ཡང་༔ ཕྱི་མ་མཁའ་སྤྱོད་གཡུ་ལོ་བཀོད་པ་དང་༔ པདྨ་འོད་སོགས་བགྲོད་པར་ཐེ་མི་ཚོམ༔ ཞེས་གསུངས། ཁྱད་པར་མཆོག་གཟིགས་དམ་པའི་སྐྱེས་ཆེན་དག་སྐུ་འཁྲུངས་པའི་གནས་སུ་སྒྲུབ་པ་ཉམས་ལེན་བྱས་ན་བྱིན་རླབས་ཆེ་ཚུལ། འདུལ་བ་ལུང་ཕྲན་ཚེགས་ལས། དགེ་སློང་དག་གིས་ས་ཕྱོགས་འདི་བཞི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་རྗེས་སུ་དྲན་པར་འགྱུར་བར་བྱའོ། །བཞི་གང་ཞེ་ན། བཅོམ་ལྡན་འདས་འདིར་ནི་འཁྲུངས་སོ། །བཅོམ་ལྡན་འདས་འདིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འདིར་ནི་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །བཅོམ་ལྡན་འདས་འདིར་ནི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་སྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་འོང་གིས་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། ཞེས་དང་། ཁ་ཅིག་ང་ལ་སེམས་དད་པས་དུས་བྱས་པ་དེ་ཐམས་ཅད་མཐོ་རིས་སུ་འགྲོའོ། །ཁ་ཅིག་ནི་ཕུང་པོའི་ལྷག་མ་དང་བཅས་པར་རོ། །དགེ་སློང་དག་ས་ཕྱོགས་འདི་བཞི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་འགྲོ་བར་འགྱུར་བར་བྱའོ། །ཞེས་སོགས་གསུངས་པའི་ཤུགས་ཀྱིས་འུ་ཅག་སྙིགས་མའི་དུས་ཀྱི་བསོད་ནམས་ཆུང་ངུའི་སྐྱེ་བོ། གདོད་མའི་མགོན་པོ་མི་ཡི་རྣམ་པར་རོལ་བ་གཡུ་ཁོག་བྱ་བྲལ་བ་ལྟ་བུའི་མཐོང་གྲོལ་གསེར་ཞལ་དངོས་སུ་མ་མཇལ་བ་དག་གིས་མགོན་པོ་གང་གི་འཁྲུངས་གནས་དང་། གདན་ས་སོགས་དད་པས་མཇལ་བས་གང་ཉིད་དངོས་སུ་མཇལ་བའི་བསོད་ནམས་འཐོབ་པ་དང་། གནས་དེ་དག་ཏུ་སྒྲུབ་པ་བྱས་པས་གཞན་པའི་གནས་ལས་འགྲུབ་ཐག་ཤིན་ཏུ་ཉེ་བ་སོགས་ཕན་པའི་ཡོན་ཏན་ཚད་ལས་འདས་པ་ཤེས་པར་བྱའོ། །
རྒྱལ་ཡུམ་འཕགས་མ་ཏཱ༵་རེ༵་ཉེར་གཅིག་གི།།
མི༵་འགྱུ༵ར་ཐུགས་བསྐྱེད་དུས་སུ་སྨིན་པའི་གནས།།
ངེས་དོན་ཆོས་ཀྱི་དག༵འ་ཚ༵ལ་ཉམས་དགའ་བ།།
ས་ལ་སྤྱོད་པའི་ཞིང་མཆོག་ཨ་ཧོ་རྨད།།
ཡེ་ནས་རྣམ་དག་སེ༵མས་ཉི༵ད་རིག་པའི་གཤིས།།
འཁྲུལ་རྟོག་མཚན་མའི་སྦུབས་ལས་ར༵ང་གྲོ༵ལ་བའི།།
སྨིན་གྲོལ་གདམས་པ་འདོད་དགུར་འཇོ་བའི་གླི༵ང་།།
དར་ཞིང་རྒྱས་ལ་ཡུན་དུ་གནས་གྱུར་ཅིག །
ཅེས་ཆུ་དབར་ཏཱ་རེ་མི་འགྱུར་དགའ་ཚལ་སེམས་ཉིད་རང་གྲོལ་གླིང་གི་ངོ་སྤྲོད་མདོར་བསྡུས་རྒྱལ་ཡུམ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི་ཐུན་མིན་ཆོས་ཀྱི་མཆེད་པོ་བླ་མ་ཡིད་འོང་ནོར་བུའི་གསུང་བསྐུལ་མི་ལྡོག་ཙམ་དུ་མུ་ཅོར་སྨྲ་བ་ཡི་དམ་རྡོ་རྗེར་འབོད་པས་ལྕགས་བྱི་ནག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོའི་དུས་ཆེན་ཉིན་བྲིས་པ་འགྲོ་ཀུན་ངེས་དོན་འཕགས་མའི་རང་ཞལ་མཇལ་བའི་རྒྱུར་གྱུར་ཅིག །
གཡུ་ལྗོངས་དཔལ་རིའི་གནས་ཡིག་ཉུང་བསྡུས་པདྨའི་བཀའ་རྟགས་ཕྱག་རྒྱའི་རི་མོ།
༄༅། གཡུ་ལྗོངས་དཔལ་རིའི་གནས་ཡིག་ཉུང་བསྡུས་པདྨའི་བཀའ་རྟགས་ཕྱག་རྒྱའི་རི་མོ་ཞེས་བྱ་བ།
ཨོ་རྒྱན་མཚོ་གླིང་འདབ་སྟོང་ཁང་བཟང་དུ། །
སྣང་མཐའི་ཐུགས་སྲོག་མྱུ་གུར་སྨིན་པ་ལས། །
འཕྲིན་ལས་ལྷུན་གྲུབ་རྡོ་རྗེའི་སྐུ་བརྙེས་པའི། །
སློབ་དཔོན་ཆེན་པོསཤིས་པའི་མེ་ཏོག་སྩོལ། །
མཐའ་བརྒྱད་སྤྲོས་བྲལ་ལྟ་བའི་ཀློང་ཆེན་པོར། །
སྒོམ་པའི་རྩལ་རྫོགས་གང་ཤར་ཆགས་མེད་སྤྱོད། །
སྣང་སེམས་དབང་ཐོབ་འབྲས་བུ་ཆིག་ཆོད་སྨིན། །
པད༵་མ་༵དངོས་༵གྲུབ་༵རོལ་༵བའི་༵རྡོ་༵རྗེ༵ར་བསྔགས། །
འདི་ན་གང་གི་སྐུ་གསུང་ཐུགས་གསུམ་གྱིས། །
བཀའ་རྟགས་ཕྱག་རྒྱས་བཏབ་པ་དྲན་བྱེད་དུ། །
དཔལ་གྱི་རི་བོའི་གནས་ཡིག་ངོ་མཚར་གཏམ། །
སྐལ་བཟང་དམ་པས་སྐུལ་ངོར་ཅུང་ཟད་འབྲི། །
དཔལ་ལྡན་སངས་རྒྱས་པདྨ་འབྱུང་གནས་ཀྱིས། །
བོད་ཀྱི་མཐའ་དབུས་མ་ལུས་བྱིན་གྱིས་བརླབས། །
རི་བྲག་མཚོ་ཆེན་ཕལ་ཆེར་གཏེར་གྱིས་གཏམས། །
ལྷ་སྲིན་དྲེགས་ཚོགས་གནས་ཀྱི་སྲུང་མར་བསྐོས། །
སྐུ་ཚབ་ཡང་སྤྲུལ་གསུང་ཚབ་ཟབ་གཏེེར་དང་། །
ཐུགས་ཀྱི་དགོངས་པ་སྐལ་ལྡན་སློབ་མར་གཏད། །
སྒྲུབ་པའི་གནས་སུ་ཕྱག་མཆོད་འབྲེལ་ཚད་ཀུན། །
ཚོགས་རྫོགས་སྒྲིབ་པ་དག་པའི་སྨོན་ལམ་མཛད། །
གུ་རུ་བྱོན་པའི་ལུང་ལྔ་ལྗོངས་གསུམ་དང་། །
རྫོང་ཆེན་བཅོ་བརྒྱད་རི་བཞི་མཚོ་ཆེན་བཞི། །
གནས་ཆེན་གནས་ཕྲན་བརྒྱ་སྟོང་དུ་མ་ལས། །
འདིར་ནི་གཡུ་ལུང་གནས་ཀྱི་ཆེ་བ་བསྔགས། །
ཤར་ཕྱོགས་རྒྱལ་མོ་རྨུ་རྡོ་ཞེས་གྲགས་པའི། །
གནས་ཀྱི་གོང་བ་གཡུ་ལོ་བཀོད་པའི་ལྗོངས། །
འབུམ་ཕྲག་དཔའ་བོ་མཁའ་འགྲོ་འདུ་བ་ཡི། །
ས་སྤྱོད་ཞིང་ཁམས་ལྷ་མིའི་དགའ་ཚལ་ཡིན། །
སྟོད་ཀྱི་ཙཱ་འདྲ་ཆོས་སྐུ་ཕག་མོའི་གནས། །
བར་གྱི་ཏཱ་རེ་ལོངས་སྐུ་སྒྲོལ་མའི་གནས། །
སྨད་ཀྱི་དཔལ་རི་ཨོ་རྒྱན་སྤྲུལ་སྐུའི་གནས། །
སྐུ་གསུམ་གནས་སུ་ཐོན་པ་སྐལ་ལྡན་ཡིན། །
དེ་ཡང་དཔལ་རིའི་གནས་འདི་ཙིཏྟའི་གཟུགས། །
ཕྱོགས་མཚམས་དཔའ་བོ་དྲག་པོའི་ཕྱག་ཆ་དང་། །
མ་མོ་མཁའ་འགྲོ་དགྱེས་པའི་རྫས་ཀྱིས་གཏམས། །
རྩ་གསུམ་སྲུང་མའི་དཀྱིལ་འཁོར་དངོས་སུ་ཡོད། །
སྔགས་བདག་དྲེགས་པའི་སྡེ་དཔུང་ཕོ་ཉ་དང་། །
ཤ་ཟ་སྲིན་པོའི་དམག་ཚོགས་མཐའ་ཡས་པས། །
མ་ངེས་ཆོ་འཕྲུལ་རྟགས་མཚན་སྣ་ཚོགས་སྟོན། །
དཔལ་གྱི་རི་བོའི་ཁོར་ཡུག་མཚོན་ཞེས་གྲགས། །
དབང་དྲག་པ༵དྨ༵འི་དངོས༵་གྲུབ༵་རྒྱ་མཚོའི་དཔལ། །
རོལ༵་བ༵འི་འཇིགས་མེད་སྦྱོར་སྒྲོལ་ཐབས་ཀྱི་ལམ། །
བཀའ་རྟགས་ཕྱག་རྒྱ་རྡོ༵་རྗེ༵འི་བརྟུལ་ཞུགས་ཀྱིས། །
བདུད་རིགས་རཱུ་ཏྲ་དམ་ལ་བཏགས་པར་མཛད། །
གཡས་ཀྱི་དྭངས་བསིལ་སྨན་ཆབ་བདུད་རྩི་ཡིས། །
གཉན་རིམས་གདོན་ནད་མཐའ་དག་ཞི་བར་བྱེད། །
གཡོན་པའི་བྱང་ཕྱོགས་རྣམ་སྲས་ཀླུ་མཛོད་ཀྱིས། །
ཀུན་འབྱུང་ནོར་བུའི་ལོངས་སྤྱོད་སྟེར་ཞེས་ཐོས། །
དུང་དང་གསེར་ཉ་པདྨ་གདུགས་ལ་སོགས། །
བཀྲ་ཤིས་རྟགས་ཀྱི་རི་མོ་མཐའ་ཀླས་དང་། །
སྨན་གཏོར་རཀྟ་དབང་ལྔ་རྡོར་དྲིལ་བཅས། །
ཕྱི་ནང་གསང་བའི་རང་བྱུང་མཆོད་པ་ཡོད། །
གཞལ་མེད་ཁང་བཟང་ཆོས་འབྱུང་སྣོལ་མ་དང་། །
མ་དང་མཁའ་འགྲོའི་ཚོགས་གཞོང་རིན་ཆེན་སྣོད། །
ཚོགས་རྫས་མི་ཟད་རྒྱ་མཚོའི་བཅུད་ཀྱིས་བརྒྱན། །
བྱ་བྲལ་རྣལ་འབྱོར་དགྱེས་པའི་དགའ་སྟོན་ཡོད། །
ཁྱད་པར་སྣང་སྲིད་ཟིལ་གྱིས་གནོན་པ་ཡི། །
མཐོང་གྲོལ་པདྨའི་དབུ་ཞྭ་བཀའ་རྟགས་རྒྱ། །
ཁ་ཊཾ་ཡི་གེ་ཐབས་ཤེས་མཚོན་རྫས་སོགས། །
ངོ་མཚར་མཛད་པའི་རི་མོ་གྲངས་མེད་ཡོད། །
དེ་ལྟར་དཔལ་གྱི་རི་བོའི་གནས་འདི་རུ། །
གུ་རུ་པདྨ་བཞུགས་པར་ཡིད་ཆེས་ཀྱིས། །
སིདྡྷི་བཟླས་ཏེ་ཕྱག་སྐོར་མཆོད་བྱས་ན། །
བར་ཆད་རྐྱེན་སེལ་དོན་ཀུན་འགྲུབ་པའོ། །
ཞེས་དཔལ་རིའི་གནས་ཡིག་ཚིགས་སུ་བཅད་པ་བདེ་སྟོང་ཡེ་ཤེས་བཅུ་དྲུག་གི་གྲངས་ལྡན་འདི་ནི། གཡུ་ཁོག་ཀོང་སྤྲུལ་པདྨ་དགྱེས་པའི་གདུང་སྲས་དམ་པ། བླ་མ་དགྱེས་པ་རྡོ་རྗེའི་ཐུགས་བསྐྱེད་དགོངས་བཞེད་ལྟར། གནས་འདིའི་སྐོར་ཚད་བརྒྱ་དང་བཅུ་ཐམ་པ་ཡིན་པར་གཏན་ཁེལ་མཛད་དེ་གནས་ཡིག་ཅིག་གསར་རྩོམ་དགོས་པའི་བཀའ་སྐུལ་མི་ལྡོག་ཙམ་དུ། གཟན་དཀར་སྐུ་རབས་སྔ་ཕྱི་གཉིས་ཆར་གྱིས་ཆོས་འཁོར་བསྐོར་བའི་གནས་མཆོག། གཡུ་ལྗོངས་དཔལ་རིའི་གནས་ཞེས་ཡོངས་སུ་གྲགས་པའི་མདུན་དུ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་ལོའི་ནག་ཟླའི་ཡར་ཚེས་གཉིས་ཉིན། ཡུལ་སྐོར་ལྡོམ་བུ་པ་བློ་གྲོས་དྲི་མེད་ཀྱིས་བྲིས་པའོ།།
གསེར་གཞོང་གནས་ཀྱི་ངོ་སྤྲོད་མདོར་བསྡུས།
༄༅། གསེར་གཞོང་གནས་ཀྱི་ངོ་སྤྲོད་མདོར་བསྡུས་ནི། དེ་ཡང་ས་དབྱིབས་རིན་ཆེན་གསེར་གྱི་གཞོང་པ་མར་ཁུས་གཏམས་པ་འདྲ་བ་དང་། བྱིན་ལྡན་དབེན་པའི་གནས་རི་ཡིན་ཕྱིར་འགོལ་བའི་གསེར་གཞོང་ཁུག་ཅེས་ས་མིང་དུ་གྲགས་པའི་གནས་འདི་རུ། ཇི་སྐད་དུ། གངས་ལྗོངས་ས་གཞི་རྟ་རྨིག་གང་ཙམ་ཡང་། །ཞབས་ཀྱིས་མ་བཅགས་མེད་པའི་བྱིན་རླབས་མཛད།། གསུངས་པ་ལྟར་རྒྱལ་དབང་ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་དང་། ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེ་དང་བཅུ་པ་ཆོས་དབྱིངས་རྡོ་རྗེ་སོགས་སྔོན་བྱོན་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་བྱིན་རླབས་ཀྱི་ཉི་འོད་བསྐྱིལ་བ་དང་། ཁྱད་པར་དུ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རོལ་གར་། གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་གནས་འདིར་ཕེབས་ནས་སྒྲུབ་པ་མཛད་པར་མ་ཟད། སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཀྱི་སྙིང་པོའི་དོན་བསྡུས་གནས་འདིར་མཛད་ཚུལ་ཆོ་ག་དེའི་མཛད་བྱང་དུ། སྒྱུ་འཕྲུལ་དྲྭ་བ་ཧེ་རུ་ཀའི་སྒྲུབ་ཐབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ལས་བསྙེན་པའི་ལས་བྱང་ཉུང་ངུར་བསྡུས་ཏེ་རང་དང་སྐལ་མཉམ་རྣམས་ལ་ཕན་པའི་བློས་རིག་འཛིན་གྱི་བཙུན་པ་པདྨ་བཛྲས་གཡི་སྟོད་དབེན་པའི་ནགས་ཚལ་དྲྭ་བ་ཅན་དུ་བྲིས་པ་གསང་ཆེན་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་དུ་རྒྱས་པའི་རྒྱུར་གྱུར་ཅིག ཅེས་གསུངས། གཞན་ཡང་མཁན་ཆེན་པདྨ་བཛྲ་གྱིས་ཕྱག་འཁར་ས་ལ་བཙུགས་པ་ལྗོན་ཤིང་དུ་གྱུར་པ་ད་ལྟ་ཡང་མཇལ་དུ་ཡོད། རབ་གནས་མེ་གླང་(1997)ལོར་མཁན་ཆེན་པདྨ་བཛྲ་གྱི་རྣམ་སྤྲུལ་ཁྱབ་བདག་བླ་མ་རིན་པོ་ཆེ་རྫོགས་ཆེན་པདྨ་སྐལ་བཟང་གནས་འདིར་ཆེད་དུ་ཕེབས་ནས་ཕྱག་འཁར་ལྗོན་ཤིང་ལ་དར་ཁ་བསྒྲོན་ཅིང་ཐུགས་སྨོན་ཟབ་རྒྱས་གནང་བར་མཛད། ཁྱད་པར་ཅོག་སྤྲུལ་འཇིགས་མེད་ངེས་གསང་སྙིང་པོའི་མ་འོངས་ལུང་བསྟན་དུ། དབྱིངས་བརྡ་སྦྱོར་མཁའ་འགྲོའི་བརྡ་སྐད་ཀྱིས༔ དུས་སྙིགས་མ་ཡི་བསྐལ་པའི་གསང་གཏམ་ཤར༔ ལོ་ཐ་ངན་དང་མུ་གེ་དགྲ་འཁྲུགས་འོང་༔ འབྱུང་ངེས་པ་ནི་པདྨའི་ལུང་བསྟན་ཡིན༔ འདི་བཟློག་ཐབས་བདུད་འདུལ་མཆོད་རྟེན་དང༔ རྣམ་རྒྱལ་དང་རྡོ་རྗེ་གཞོན་ནུའི་ལྷ༔ རྩེགས་གསུམ་བཞི་དང་ལྔ་དྲུག་ཡོད་པ་རེ༔ སྨད་དར་མདོ་དང་ལི་ཐང་ཉག་རོང་དང་༔ རོང་ཚ་ཤོད་དང་གཡུ་ཁོག་རྒྱལ་རོང་དང་༔ ཤར་འཛམ་ཐང་དང་རྨ་ཆེན་ཆུ་མདོ་བརྒྱད༔ ཞལ་མདོ་སྨད་ལ་གཟིགས་ཏེ་བཞེངས་ན་ལེགས༔ ཞེས་སོགས་གསུངས་པ་ལྟར། ལྔ་བདོ་སྙིགས་མའི་རྒུད་པ་མཐའ་དག་དབྱིངས་སུ་བཟློག་པ་དང་། རྒྱལ་ཁམས་སྤྱིའི་བདེ་སྐྱིད་སོགས་དགོས་དབང་དུ་མ་ལ་དམིགས་ནས་ཆེ་ཡོལ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབས་རྩལ་གྱི་རྣམ་འཕྲུལ་མཆོག་སྤྲུལ་འཇིགས་མེད་རྡོ་རྗེས་རྟེན་རྙིང་བྱིན་ལྡན་དུ་མ་སོགས་ནང་གཟུངས་ཚད་དང་ལྡན་པའི་བདུད་འདུལ་མཆོད་རྟེན་ཆེན་མོ་གསར་བཞེངས་མཛད་པ་དང་། གཞན་ཡང་མ་ཎི་དུང་མཁར། རྒྱལ་བའི་བཀའ་འགྱུར་ཆེན་པོ། ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་སོགས་རྡོ་ལ་བརྐོས་ནས་སྐྱེ་དགུ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་འཇོག་པར་མཛད་དོ།། དེ་ཡང་རྟེན་མཆོག་འདི་དག་ལ་རྒྱུ་དང་ཚེགས་ཀྱིས་འབྲེལ་བའི་ཕན་ཡོན་ནི། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེ་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་བྱེད་དོ།། ཅེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་རྒྱལ་སྲིད་ངེས་པར་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ།། ཅེས་དང་། འཕགས་པ་རྨད་དུ་བྱུང་བའི་མདོ་ལས། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་མཆོད་རྟེན་སྐྱུ་རུ་རའི་འབྲས་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེའོ།། ཞེས་སོགས་གསུངས། རྟེན་གསུམ་འདི་དག་ལ་གང་གིས་སེམས་རབ་ཏུ་དད་པས་ཅི་འབྱོར་བའི་ཡོ་བྱད་ཀྱིས་མཆོད་པ་འབུལ་བ་དང་ཕྱག་འཚལ་ཞིང་བསྐོར་བ་བྱས་པའི་ཕན་ཡོན་ཡང་། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ། །ཛམྦུའི་ཆུ་ཀླུང་གསེར་གྱི་ཕོ་བྲང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །ཛམྦུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས། །ཛམྦུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། དམ་ཆོས་པདྨ་དཀར་པོར། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གཉིས་པ་དེ་དག་ལ། །གཡེང་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། ཞེས་དང་། མདོ་ལས། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད།། ཅེས་དང་། དཀོན་མཆོག་བརྩེགས་པ་ལས། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟ་བཞུགས་པ་ལ་མཆོད་པར་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ།། ཞེས་སོགས་ཕན་ཡོན་དང་བསོད་ནམས་ཚད་ལས་འདས་པ་ཡིན་པས་ཀུན་གྱིས་ཕྱག་མཆོད་བཀུར་སྟི་བགྱིད་པར་རིགས་སོ།།
ཅེས་པ་འདི་ཡང་ཆུ་ཡོས་ཐ་སྐར་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས་པ་དགེའོ།།
དཔལ་རྒ་ལོ་པའི་སྒྲུབ་གནས་ངོ་སྤྲོད། ཡི་དམ་རྡོ་རྗེ།
མདོ་ཁམས་གཡུ་ཁོག་གི་སའི་ཆར་གཏོགས་པ་འུག་ཚང་ངམ་ཡུལ་སྐད་དུ་ཨུག་ཚང་ཁོག་གི་རྒ་ལོ་མ་ཞེས་འབོད་པའི་གནས་རི་འདི་ནི་གྲུབ་བརྙེས་རིག་འཛིན་དུ་མའི་སྒྲུབ་གནས་དང་གཏེར་གནས། དད་ལྡན་རྣམས་ཀྱིས་མཇལ་སྐོར་བྱེད་སའི་གནས་རི་ཁྱད་འཕགས་ཤིག་ཡིན་པར་འདུག་མོད། དེང་དུས་མཇལ་སྐོར་བྱེད་མཁན་རྒྱུན་ཆད་པར་མ་ཟད་གནས་འདིའི་ལོ་རྒྱུས་དག་སྟོང་པའི་དབྱིངས་སུ་ཐིམ་ལ་ཉེ་བར་འདུག་པ་ནི་ཆེས་ཡིད་ཕངས་པའི་གནས་སུ་མཐོང་། དེ་ཡང་མ་ཎི་རྡོ་འབུམ་ཞིག་ཡོད་ས་འདི་ནི་སྔོན་དད་ལྡན་རྣམས་ཀྱིས་ཕྱག་དང་བསྐོར་བ་བྱེད་གནས་ཤིག་ཡིན། དེའི་ཉེ་འཁོར་དུ་རྡོ་ཕ་བོང་ཞིག་གི་སྟེང་དུ་གཏེར་སྒོ་གྲུ་བཞི་ཞེས་པ་དང་། ཡང་རྫུ་མེས་བླ་མ་རྒྱལ་མཚན་གྱིས་གནོད་སྦྱིན་ཛམ་ནག་གི་གསེར་སྐུ་སྒྲོས་ལེགས་ཤིག་གཏེར་དུ་བཞེས་པའི་གནས་ཕ་བོང་ཁང་ཆེན་འདྲ་བ་ངོས་སུ་རང་བྱོན་སྣ་ཚོགས་ཡོད་པ་དང་། གཞན་ཡང་གཤིན་རྗེའི་རྒྱ་མ་རང་བྱོན་དང་། དཔལ་རྒ་ལོ་པ་གཞོན་ནུ་དཔལ་གྱི་ཞབས་རྗེས། ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ཞབས་རྗེས་སོགས་མཇལ་ཏུ་ཡོད། གནས་འདིའི་གནས་སྒོ་ཕྱེ་མཁན་སུ་ཡིན་དང་དུས་ནམ་ཙམ་ལ་གནས་སྒོ་ཕྱེ་སོགས་མི་གསལ་ཡང་། རྒྱལ་དབང་ཨོ་རྒྱན་ཆེན་པོ་རྫུ་འཕྲུལ་གྱིས་ཕེབས་ཤིང་གནས་འདི་བྱིན་གྱིས་བརླབས་ཤིང་ཆོས་ནོར་གྱི་གཏེར་ཁ་སྣ་ཚོགས་སྦས་པ་ནི་གཏེར་སྒོ་དང་གཏེར་བླངས་ཚུལ་སོགས་ལས་ཤེས་ནུས། མདུན་གྱི་རྒ་ལོ་མའི་ལུང་པའི་སྟོད་ཕྱོགས་སུ་འགྲོ་བ་འདུལ་བའི་སྤྲུལ་སྐུ་ཐུབ་པ་དྲུག་གི་གནས་སུ་གྲགས་པའི་བྲག་རི་དྲུག་ཡོད་ཅིང་ཐུབ་དྲུག་བྲག་ཏུ་འབོད། དཔལ་ཆེན་རྒ་ལོ་པའི་སྒྲུབ་ཕུག་ཀྱང་དེར་ཡོད། གཞན་ཡང་གནས་འདི་དམ་པའི་སྐྱེས་བུ་རྣམས་ཀྱིས་གཙིགས་ཆེན་མཛད་ནས་མཇལ་སྐོར་སོགས་སུ་ཇི་ལྟར་བྱོན་པའི་ཚུལ་ནི། རབ་བྱུང་གཉིས་པའི་ནང་དཔལ་རྒ་ལོ་པ་གཞོན་ནུ་དཔལ་གཡུ་ཁོག་གི་ཡུལ་དུ་བྱོན་ནས་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་ལ་དགེ་བསྙེན་གྱི་སྡོམ་པ་གནང་ཚུལ་དེའི་བསང་མཆོད་ལས། གྲུབ་ཐོབ་སྐྱེས་བུ་རྒ་ལོ་བྱོན། །དེ་ལ་དགེ་བསྙེན་སྡོམ་པ་ཞུས། །སྤྱི་བོའི་གཙུག་ཏུ་རྡོ་རྗེ་བཞག །མཚན་ལ་རྡོ་རྗེ་གཡུ་ཁྲོམ་བཏགས། །ཞེས་སོགས་གསུངས་པ་དང་། དུས་དེར་རྒ་ལོ་མའི་ཕུ་རུ་སྒྲུབ་པ་ཉམས་བཞེས་མཛད་པས་རྒ་ལོའི་སྒྲུབ་ཕུག་དང་། ས་དེ་ལ་ཡང་རྒ་ལོ་མ་ཞེས་མིང་དུ་ཐོགས། རབ་བྱུང་བཅུ་གཅིག་པའི་ནང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ། རིམ་གྲོ་པ་ཀུན་ཏུ་བཟང་པོ། ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོ་བཅས་གནས་འདིར་དཔལ་རྒ་ལོ་པའི་སྒྲུབ་གནས་མཇལ་སྐོར་དུ་ཕེབས་ཚུལ་ནི། ཞྭ་དམར་ཡེ་ཤེས་སྙིང་པོས་མཛད་པའི་ཀརྨ་པ་བཅུ་པའི་རྣམ་ཐར་དུ། དཔལ་ཆེན་རྒ་ལོའི་སྒྲུབ་གནས་ཕེབས་པའི་ཚེ། དཔའ་བོ་སྤྲུལ་པའི་སྐུ་ཡི་ངོས་འཛིན་དང་། །རྟོགས་བརྗོད་ཀ་ལ་པིངྐའི་ལམ་གླུ་ཞེས། །ཀུན་ཏུ་བཟང་པོར་གདམས་པར་མཛད་ལ་འདུད། །གནས་དེར་སྲ་མཁྲེགས་རྡོ་བ་ངོས་མཉམ་ལ། །རྒྱལ་བའི་ཞབས་རྗེས་གསལ་བར་བྱོན་པ་ཡིས། །ཕྱོགས་དེའི་སྐྱེ་བོ་དད་པ་མི་ཕྱེད་པའི། །ངོ་མཚར་དད་པའི་རྟེན་དུ་གྱུར་ལ་འདུད། ཞེས་དང་། ཀཾ་ཚང་གསེར་ཕྲེང་ལས། རྡོ་རྗེ་གཡུ་སྒྲོན་གྱི་གངས་རི་དང་ཉེ་བར་དཔལ་རྒ་ལོའི་སྒྲུབ་གནས་ཀྱི་ཞོལ་ཆུ་དཀར་པོར་ཕེབས། སྙི་སྟོད་སྨད་ཤེལ་ཁོག་པ་རྣམས་ཀྱི་འདྲེན་པ་བླ་མ་ཀརྨ་ཡོངས་འཛིན་བླ་གྲྭ་རྣམས་ཀྱིས་མཇལ། ལེའུ་བདུན་མའི་ལྗགས་ལུང་བསྩལ། ཕ་བོང་ཞིག་ལ་ཞབས་རྗེས་གསལ་བ་ཞིག་བྱོན། རྗེ་དཔའ་བོའི་སྤྲུལ་པའི་སྐུ་ངོས་འཛིན་མཛད། ཁྲོམ་རྣམས་ལ་དྭགས་པོ་ཆོས་བཞིའི་ཁྲིད་མཛད། ཞེས་གསུངས། རབ་བྱུང་བཅུ་གསུམ་པའི་ནང་མཆོག་མགོན་ཧཱུྃ་རལ་བདུད་འདུལ་གནས་འདིར་ཕེབས་ཚུལ་ནི། ཁོང་གི་གཏེར་བྱོན་མོ་འདྲེ་བཀར་བ་གནམ་ལྕགས་རྡོ་རྗེ་ཐོག་འབེབ་ལས། ཤིང་མོ་ཕག་གི་ལོ་(1755)ཧོར་ཟླ་ལྔ་པའི་ཡར་ཚེས་བཅུ་ལ། སྤྲུལ་སྐུ་མཆོག་མགོན་ཧཱུྃ་རལ་བདུད་འདུལ་ཉིད། བསྟན་བསྲུང་རྡོ་རྗེ་དབྱི་ཁྲོམ་གྱི་གནས་མདུན་དེར་ཕེབས་ལམ་འུག་ཚང་། གྲུབ་ཆེན་དཔལ་རྒ་ལོ་པའི་ཞབས་རྗེས་ཡོད་ས་དེར་ཞག་མལ་བྱས། ཞེས་སོགས་གསུངས། རབ་བྱུང་བཅོ་ལྔ་པའི་ནང་རྫུ་མེས་བླ་མ་རྒྱལ་མཚན་གྱིས་གནས་འདིའི་རྡོ་ཕ་བོང་ཞིག་གི་ནང་ནས་གནོད་སྦྱིན་ཛམ་ནག་གི་སྐུ་འབྱོན་ལེགས་པ་ཞིག་གཏེར་ནས་སྤྱན་དྲངས་པར་མཛད་དོ།། དེ་ལྟར་ངོ་མཚར་བའི་ལོ་རྒྱུས་ལྡན་པའི་གནས་འདི་ཉིད་ལ་མཇལ་སྐོར་སོགས་དང་། ཤུལ་རྟེན་རྣམས་ལ་བསྲུང་སྐྱོབ། གཞོན་སྐྱེས་དང་ཡུལ་སྐོར་བ་རྣམས་ལ་གནས་འདིའི་ལོ་རྒྱུས་གང་ཤེས་ངོ་སྤྲོད་བྱེད་རྒྱུ་གལ་ཆེ་བར་མཐོང་།།
ཆུ་སྟག་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཉིན་གཡུ་ཁོག་པ་ཡི་དམ་རྡོ་རྗེས་བྲིས།
གསེར་གཞོང་གནས་ཀྱི་ངོ་སྤྲོད་མདོར་བསྡུས། ཡི་དམ་རྡོ་རྗེ།
༄༅། གསེར་གཞོང་གནས་ཀྱི་ངོ་སྤྲོད་མདོར་བསྡུས་ནི། དེ་ཡང་ས་དབྱིབས་རིན་ཆེན་གསེར་གྱི་གཞོང་པ་མར་ཁུས་གཏམས་པ་འདྲ་བ་དང་། བྱིན་ལྡན་དབེན་པའི་གནས་རི་ཡིན་ཕྱིར་འགོལ་བའི་གསེར་གཞོང་ཁུག་ཅེས་ས་མིང་དུ་གྲགས་པའི་གནས་འདི་རུ། ཇི་སྐད་དུ། གངས་ལྗོངས་ས་གཞི་རྟ་རྨིག་གང་ཙམ་ཡང་། །ཞབས་ཀྱིས་མ་བཅགས་མེད་པའི་བྱིན་རླབས་མཛད།། གསུངས་པ་ལྟར་རྒྱལ་དབང་ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་དང་། ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེ་དང་བཅུ་པ་ཆོས་དབྱིངས་རྡོ་རྗེ་སོགས་སྔོན་བྱོན་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་བྱིན་རླབས་ཀྱི་ཉི་འོད་བསྐྱིལ་བ་དང་། ཁྱད་པར་དུ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རོལ་གར་། གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་གནས་འདིར་ཕེབས་ནས་སྒྲུབ་པ་མཛད་པར་མ་ཟད། སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཀྱི་སྙིང་པོའི་དོན་བསྡུས་གནས་འདིར་མཛད་ཚུལ་ཆོ་ག་དེའི་མཛད་བྱང་དུ། སྒྱུ་འཕྲུལ་དྲྭ་བ་ཧེ་རུ་ཀའི་སྒྲུབ་ཐབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ལས་བསྙེན་པའི་ལས་བྱང་ཉུང་ངུར་བསྡུས་ཏེ་རང་དང་སྐལ་མཉམ་རྣམས་ལ་ཕན་པའི་བློས་རིག་འཛིན་གྱི་བཙུན་པ་པདྨ་བཛྲས་གཡི་སྟོད་དབེན་པའི་ནགས་ཚལ་དྲྭ་བ་ཅན་དུ་བྲིས་པ་གསང་ཆེན་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་དུ་རྒྱས་པའི་རྒྱུར་གྱུར་ཅིག ཅེས་གསུངས། གཞན་ཡང་མཁན་ཆེན་པདྨ་བཛྲ་གྱིས་ཕྱག་འཁར་ས་ལ་བཙུགས་པ་ལྗོན་ཤིང་དུ་གྱུར་པ་ད་ལྟ་ཡང་མཇལ་དུ་ཡོད། རབ་གནས་མེ་གླང་(1997)ལོར་མཁན་ཆེན་པདྨ་བཛྲ་གྱི་རྣམ་སྤྲུལ་ཁྱབ་བདག་བླ་མ་རིན་པོ་ཆེ་རྫོགས་ཆེན་པདྨ་སྐལ་བཟང་གནས་འདིར་ཆེད་དུ་ཕེབས་ནས་ཕྱག་འཁར་ལྗོན་ཤིང་ལ་དར་ཁ་བསྒྲོན་ཅིང་ཐུགས་སྨོན་ཟབ་རྒྱས་གནང་བར་མཛད། ཁྱད་པར་ཅོག་སྤྲུལ་འཇིགས་མེད་ངེས་གསང་སྙིང་པོའི་མ་འོངས་ལུང་བསྟན་དུ། དབྱིངས་བརྡ་སྦྱོར་མཁའ་འགྲོའི་བརྡ་སྐད་ཀྱིས༔ དུས་སྙིགས་མ་ཡི་བསྐལ་པའི་གསང་གཏམ་ཤར༔ ལོ་ཐ་ངན་དང་མུ་གེ་དགྲ་འཁྲུགས་འོང་༔ འབྱུང་ངེས་པ་ནི་པདྨའི་ལུང་བསྟན་ཡིན༔ འདི་བཟློག་ཐབས་བདུད་འདུལ་མཆོད་རྟེན་དང༔ རྣམ་རྒྱལ་དང་རྡོ་རྗེ་གཞོན་ནུའི་ལྷ༔ རྩེགས་གསུམ་བཞི་དང་ལྔ་དྲུག་ཡོད་པ་རེ༔ སྨད་དར་མདོ་དང་ལི་ཐང་ཉག་རོང་དང་༔ རོང་ཚ་ཤོད་དང་གཡུ་ཁོག་རྒྱལ་རོང་དང་༔ ཤར་འཛམ་ཐང་དང་རྨ་ཆེན་ཆུ་མདོ་བརྒྱད༔ ཞལ་མདོ་སྨད་ལ་གཟིགས་ཏེ་བཞེངས་ན་ལེགས༔ ཞེས་སོགས་གསུངས་པ་ལྟར། ལྔ་བདོ་སྙིགས་མའི་རྒུད་པ་མཐའ་དག་དབྱིངས་སུ་བཟློག་པ་དང་། རྒྱལ་ཁམས་སྤྱིའི་བདེ་སྐྱིད་སོགས་དགོས་དབང་དུ་མ་ལ་དམིགས་ནས་ཆེ་ཡོལ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབས་རྩལ་གྱི་རྣམ་འཕྲུལ་མཆོག་སྤྲུལ་འཇིགས་མེད་རྡོ་རྗེས་རྟེན་རྙིང་བྱིན་ལྡན་དུ་མ་སོགས་ནང་གཟུངས་ཚད་དང་ལྡན་པའི་བདུད་འདུལ་མཆོད་རྟེན་ཆེན་མོ་གསར་བཞེངས་མཛད་པ་དང་། གཞན་ཡང་མ་ཎི་དུང་མཁར། རྒྱལ་བའི་བཀའ་འགྱུར་ཆེན་པོ། ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་སོགས་རྡོ་ལ་བརྐོས་ནས་སྐྱེ་དགུ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་འཇོག་པར་མཛད་དོ།། དེ་ཡང་རྟེན་མཆོག་འདི་དག་ལ་རྒྱུ་དང་ཚེགས་ཀྱིས་འབྲེལ་བའི་ཕན་ཡོན་ནི། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེ་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་བྱེད་དོ།། ཅེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་རྒྱལ་སྲིད་ངེས་པར་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ།། ཅེས་དང་། འཕགས་པ་རྨད་དུ་བྱུང་བའི་མདོ་ལས། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པའི་མཆོད་རྟེན་སྐྱུ་རུ་རའི་འབྲས་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེའོ།། ཞེས་སོགས་གསུངས། རྟེན་གསུམ་འདི་དག་ལ་གང་གིས་སེམས་རབ་ཏུ་དད་པས་ཅི་འབྱོར་བའི་ཡོ་བྱད་ཀྱིས་མཆོད་པ་འབུལ་བ་དང་ཕྱག་འཚལ་ཞིང་བསྐོར་བ་བྱས་པའི་ཕན་ཡོན་ཡང་། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ། །ཛམྦུའི་ཆུ་ཀླུང་གསེར་གྱི་ཕོ་བྲང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །ཛམྦུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས། །ཛམྦུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། དམ་ཆོས་པདྨ་དཀར་པོར། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གཉིས་པ་དེ་དག་ལ། །གཡེང་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། ཞེས་དང་། མདོ་ལས། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །འདི་གཉིས་ཐ་དད་ཅུང་ཟད་མེད།། ཅེས་དང་། དཀོན་མཆོག་བརྩེགས་པ་ལས། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟ་བཞུགས་པ་ལ་མཆོད་པར་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ།། ཞེས་སོགས་ཕན་ཡོན་དང་བསོད་ནམས་ཚད་ལས་འདས་པ་ཡིན་པས་ཀུན་གྱིས་ཕྱག་མཆོད་བཀུར་སྟི་བགྱིད་པར་རིགས་སོ།།
ཅེས་པ་འདི་ཡང་ཆུ་ཡོས་ཐ་སྐར་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས་པ་དགེའོ།།
སྒེགས་ཀྱི་ཡིག་དྲུག་དོན་བསྟོད་སྡུག་བསྔལ་རང་གྲོལ། ཧོར་བླ་གཞན་ཕན་བཟང་པོ།
ཡང་གསང་མཁའ་འགྲོའི་བརྡ་རིས་ལས༔ སྒེགས་ཀྱི་ཡིག་དྲུག་དོན་བསྟོད་
སྡུག་བསྔལ་རང་གྲོལ་བཞུགས༔
༼སྒེགས་ཀྱི་མ་ཎ་ི༽
རང་བྱུང་རིག་པ་ཆོས་ཀྱི་སྐུ༔
ཡང་དག་ཆོས་ཀྱི་སྙིང་པོ་མཆོག༔
འཕགས་པ་ཁ་སར་པ་ཎི་དང༔
དབྱེར་མེད་ལུང་རིག་གླིང་པ་རྒྱལ༔
སྔོན་དུས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡི༔
ཐུགས་བསྐྱེད་དཀར་ནས་བོད་ལ་ཆོས་སྟོན་དུས༔
འཕགས་པའི་ཐུགས་སྤྲུལ་དགེ་སློང་ཨ་ཀརྨས༔
མ་འོངས་འགྲོ་ལ་དངོས་སམ་བརྒྱུད་ནས་ནི༔
བདག་གི་ཐབས་མཁས་ཐུགས་རྗེས་འདྲེན་པར་སྨོན༔
དེ་འོག་འཇམ་དབྱངས་སྤྲུལ་པས་རྒྱ་བོད་ཀྱི༔
བར་དུ་དཀར་པོའི་ཆོས་ཀྱི་ཟམ་བཙུགས་ཚེ༔
སྔོན་སྨོན་དགེ་སློང་སྤྲུལ་པ་རྣམ་སྣང་གིས༔
བླ་མེད་ཆོས་ཀྱིས་ཆོས་རྒྱལ་སྨིན་བྱས་ཚེ༔
སྨོན་ལོག་བདུད་སྤྲུལ་བཙུན་མོ་ཚེ་སྤོང་བཟས༔
ཡང་དག་ཆོས་ལ་བར་དུ་གཅོད་བྱས་ཏེ༔
ལོ་ཙ་ཆེན་པོ་མཐའ་ལ་སྤྱུགས་པའི་དུས༔
ལས་ཀྱི་ལྷག་མ་རྒྱལ་མོ་རོང་དུ་གཟིགས༔
མཐའ་འཁོབ་ཆོས་ལ་བཙུད་ཅིང་ནག་ཕྱོགས་ཀྱི༔
མི་མིན་དྲེགས་པའི་སྲོག་འཕྲོག་དཀར་ཕྱོགས་ཀྱི༔
བཀའ་རྟགས་ཕྱག་རྒྱ་འཆང་དགོས་དམ་མནོས་ནས༔
འབྱུང་བཞིར་རང་དབང་བསྒྱུར་བའི་གྲུབ་རྟགས་མཛད༔
ཁྱད་པར་མདོ་སྨད་ས་རྡོ་རི་བྲག་ཀུན༔
ལྷ་ཡི་ཞིང་དུ་བྱིན་རླབས་ཕྱག་ནས་འཐོར༔
སྐུ་ཡིག་ཕྱག་མཚན་སྐྱེ་འགྲོའི་རྟེན་དུ་ནི༔
དུས་ཀྱི་སྐབས་བསྟུན་གཏེར་དུ་སྦས་ནས་བཞག༔
དུས་རྟགས་ལུང་བསྟན་གང་ཟག་རིག་པ་འཛིན༔
འགའ་ལ་ཞལ་གཟིགས་བཀའ་གཏད་སྨོན་ལམ་བཏབ༔
ད་ལྟ་ལྔ་བདོའི་དུས་ཀྱི་ཐ་མ་ལ༔
ནད་མཚོན་མུ་གེ་དམག་འཁྲུག་རིམ་ཡམ་དང༔
འབྱུང་འཁྲུག་མི་འདོད་གདོན་གྱི་འཚེ་བ་སོགས༔
མི་ཕྱུག་ནད་གདོན་རྐྱེན་ལས་གྲོལ་བའི་ཆེད༔
རིགས་གསུམ་མགོན་པོའི་བྱིན་རླབས་ཆགས་པའི་གནས༔
སྒེགས་ཅེས་བྱ་བའི་མདའ་ལ་ཕ་ཝཾ་གི༔
ལོགས་ལ་བཻ་རོའི་ཕྱག་བྲིས་ཡིག་དྲུག་བཞུགས༔
ད་སྔོན་རེ་འགའ་ལས་ལྡན་རེ་རེ་ཙམ༔
མ་གཏོགས་ཀུན་གྱིས་མཐོང་བ་ཨུ་དུམ་ཝར༔
ད་ནི་ལས་འཕྲོ་སད་པའི་རྨི་ལམ་དུ༔
འཕགས་པས་ཞལ་གཟིགས་འགྲོ་དོན་འབྱུང་ལུང་བསྟན༔
དུས་གསུམ་སངས་རྒྱས་ཡང་སྙིང་ཡི་གེ་དྲུག༔
འདི་ཉིད་ལན་གཅིག་མཐོང་བས་སྔོན་ལས་དང༔
འཕྲལ་རྐྱེན་བདུད་ཀྱི་དབང་དུ་མི་འགྱུར་ཞིང༔
འདི་ལ་ཕྱག་སྐོར་ལན་གཅིག་བྱས་པས་ཀྱང༔
སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བྱང༔
སངས་རྒྱས་མང་པོས་ཐུགས་ཀྱི་སྲས་སུ་དགོངས༔
འཕོས་ཚེ་སྤྱན་གཟིགས་ཞབས་དྲུང་སྐྱེ་བ་ལེན༔
དེ་ནས་ཕྱིར་མི་ལྡོག་པའི་ས་ལ་རེག༔
དད་པས་ངེས་ཤེས་སྐྱེད་ལ་ཕྱག་སྐོར་རེམས༔
སྡོམ་བརྩོན་ཚུལ་ཁྲིམས་འདོད་པས་ཡིག་དྲུག་འདི༔
དད་པས་ཡིད་ལ་སྒོམ་ཤིང་གསོལ་བཏབ་ན༔
བསླབ་གསུམ་དྲི་ཡིས་རང་རྒྱུད་ཕྱུག་པར་འགྱུར༔
ཚོང་མགྲོན་འདོད་དོན་གཉེར་བས་ཡིག་དྲུག་འདི༔
དད་པས་ཡིད་སྒོམ་ཕྱག་སྐོར་བྱས་པ་ན༔
ཅི་བསམ་ཡིད་བཞིན་འགྲུབ་ལ་སོམ་ཉི་མེད༔
མི་འདོད་རྐྱེན་གྱིས་ལུས་སེམས་གཙེས་པ་ན༔
དད་པས་ཡ ིག་དྲུག་མཇལ་དང་ཕྱག་སྐོར་རེམ༔
ནད་གདོན་བར་ཆད་རྐྱེན་ངན་དབྱིངས་སུ་སེལ༔
ཆོམ་རྐུན་གཅན་གཟན་འཇིགས་པས་ནོན་པ་རྣམས༔
ཡིག་དྲུག་འདི་ལ་བརྟེན་བཅས་སྐྱབས་གསོལ་ན༔
གནོད་བྱེད་དགྲ་བགེགས་ཆོས་ཉིད་དབྱིངས་སུ་ཞི༔
མདོར་ན་འདོད་པའི་རེ་འབྲས་གང་ཡོད་པ༔
ཡིད་ལ་དམིགས་ཤིང་སྤྱི་བོས་ཡིག་དྲུག་ལེན༔
སྨོན་ལམ་བཏབ་ཅིང་ཐེ་ཚོམ་མེད་གྱུར་ན༔
བསམ་དོན་མྱུར་དུ་འགྲུབ་འགྱུར་གདོན་མི་ཟ༔
ཡིག་དྲུག་འདི་ལ་མེ་ཏོག་སུས་འབུལ་བ༔
གཟུགས་བྱད་མཛེས་ཤིང་པད་སྡོང་ལས་འཁྲུངས་འགྱུར༔
ཡིག་དྲུག་འདི་ལ་བདུག་སྤོས་སུས་འབུལ་བ༔
ཚུལ་ཁྲིམས་དྲི་ལྡན་རོ་བྲོའི་རྟོག་པ་འགག༔
ཡིག་དྲུག་འདི་ལ་མར་མེ་སུས་འབུལ་བ༔
ཡེ་ཤེས་སྤྱན་ལྡན་མར་མེ་ལྟ་བུར་འགྱུར༔
ཡིག་དྲུག་འདི་ལ་དྲི་ཆབ་སུས་བྱུགས་པ༔
རིགས་བཟང་བློ་གསལ་གཞན་གྱི་ཡིད་ལ་མཛེས༔
ཡིག་དྲུག་འདི་ལ་ཞལ་ཟས་སུས་འབུལ་བཿ
ཡི་དྭགས་སྒོ་གཅོད་མུ་གེའི་འཇིགས་པ་ཞི༔
ཡིག་དྲུག་འདི་ལ་རོལ་མོ་སུས་མཆོད་པ༔
མི་ཁ་བྲ་མཆུ་ཞི་ཞིང་གྲགས་སྙན་ཐོབ༔
ཡིག་དྲུག་འདི་ལ་གདུགས་སོགས་མཆོད་བྱས་ན༔
ཚེ་རབས་ཀུན་ཏུ་གཞན་གྱིས་བཀུར་བའི་འོས༔
གསེར་གྱི་འཁོར་ལོས་སྒྱུར་སོགས་ཐོབ་པར་འགྱུར༔
ཡིག་དྲུག་མདུན་དུ་ཚོགས་བསགས་སྒྲིབ་སྦྱངས་ན༔
དམ་པ་སྐུ་གཉིས་མངོན་དུ་འགྱུར་བར་ངེས༔
ཡིག་དྲུག་འདི་ལ་ཕྱག་སྐོར་མཎྚལ་སོགས༔
ཡིད་ཆེས་དད་པས་ལེགས་པར་འབུལ་བྱས་ན༔
གང་ཟག་དབང་པོའི་ཁམས་བཞིན་གནས་སྐབས་དང་༔
མཐར་ཐུག་བདེ་ལ་འགོད་པར་ཐེ་མི་ཚོམ༔
འདི་འདྲའི་ཡིག་དྲུག་ཕན་ཡོན་མདོར་བསྡུས་པ༔
རང་དང་འདྲ་བའི་གྲོགས་ལ་ཕན་ཕྱིར་བྲིས༔
དེ་མིན་ཕན་ཡོན་བརྗོད་པ་སངས་རྒྱས་ཀྱི༔
ལྗགས་ཀྱི་དབང་པོས་བགྲངས་ཀྱང་ཐུག་པ་མེད༔
ཕན་ཡོན་གཟུགས་མཆིས་སྤྱན་མའི་ཀློང་ལ་ཡང༔
མི་ཆུད་མཁའ་དང་མཉམ་པར་རྨད་དུ་བྱུང༔
ས་མ་ཡ༔
རྟེན་འདི་རང་བྱུང་པདྨ་ཀ་ར་དང༔
འཕགས་པ་རིགས་གསུམ་མགོན་པོའི་བྱིན་རླབས་ལས༔
ལེགས་ཕབས་འགྲོ་བློའི་རེ་བ་ཡིད་བཞིན་དུ༔
སྐོང་བ་དབང་སྔོན་རྒྱལ་པོའི་དཔལ་ལས་ལྷག༔
སྐལ་མེད་སྡིག་སྤྱོད་སྐྱེ་བོས་སྨོད་མི་རུང༔
ཚེ་འདིར་མི་དགེ་ཕྱི་མར་ཐར་བ་དཀོན༔
ཡིག་དྲུག་སྲུང་མ་ཁྱབ་འཇུག་རཱ་ཧུ་ལས༔
སྙིང་ཁྲག་ཁར་འབྱིན་ཧུར་ཐུམ་ལྐུགས་རིང་གཏོང༔
དད་ལྡན་ཡ་རབས་སྤྱོད་རྣམས་ཕྱི་མ་དང༔
ཚེ་འདིར་བདེ་ལྡན་ས་ལམ་བར་ཆད་ཞི༔
ཡིག་དྲུག་སྲུང་མས་འདོད་དོན་གང་ཡིན་པ༔
འབད་མེད་རེ་འབྲས་མི་མངོན་དབྱིངས་ནས་སྒྲུབ༔
དེ་ཕྱིར་དགའ་སྤྲོ་སྐྱེད་ལ་བསོད་ནམས་གསོགས༔
བསླུ་བ་མེད་དོ་པདྨའི་ཐ་ཚིག་ཡིན༔
བྱིན་རླབས་འགྲན་བྲལ་འཕགས་པའི་སྙིང་པོ་སྟེ༔
སྙིགས་དུས་རྒུད་སྐྱོབས་བཻ་རོའི་ཐུགས་བསྐྱེད་ཡོད༔
འགྲོ་ཕན་རྟེན་འབྲེལ་རང་སེམས་དག་པས་བྲིས༔
ལེགས་ཉེས་དཔང་པོ་དཀོན་མཆོག་རིན་ཆེན་དང༔
རྒྱལ་བའི་བཀའ་ཉན་དྲང་སྲོང་ཆེན་པོ་བཞུགས༔
འདིར་སྨྲས་པ༔
ཚད་མེད་ཡོན་ཏན་རྒྱ་མཚོར་འཇུག་འདོད་ཅིང༔
ཐར་པའི་ལམ་དུ་ཆས་པའི་མགྲོན་དག་གིས༔
དུས་གསུམ་སངས་རྒྱས་ཡང་སྙིང་ཡིག་དྲུག་འདི༔
མཐོང་ཚེ་སྤྲོ་དགའི་བརྟུལ་ཞུགས་ཅིའི་མི་ངོམ༔
སྔོན་བསགས་ལས་འཕྲོའི་ཤིང་རྟས་ཉེར་དྲངས་པའི༔
དྲི་མེད་ཡིག་དྲུག་དབང་གི་རྒྱལ་པོ་ཉིད༔
ཐོས་བསམ་དད་པའི་རྒྱལ་མཚན་རྩེར་བཀོད་དེ༔
འགྲོ་རྣམས་ཕན་བདེའི་གཞིར་འགྱུར་སྐལ་བཟང་རྣམས༔
འོན་ཀྱང་བདག་བློ་དམན་པའི་རང་བཞིན་གྱིས༔
ཉེས་པའི་དྲི་མས་གོས་པར་གྱུར་པ་དག༔
ས་ཐོབ་སེམས་དཔའ་གཞན་སེམས་མཁྱེན་ལྡན་རྣམས༔
ཡིན་མིན་དག་མཉམ་བྱི་དོར་ལེགས་པར་མཛོད༔
དགེ་འདིའི་མ་གྱུར་འགྲོ་བ་སེམས་ཅན་ཀུན༔
ཡང་དག་རྫོགས་སངས་རྒྱས་ཀྱི་སར་འགོད་ནས༔
སྐུ་བཞི་ཡེ་ཤེས་ལྔ་ལྡན་རབ་ཐོབ་ནས༔
ཁམས་གསུམ་སྐྱེ་དགུའི་གཉེན་དུ་འགྱུར་བར་ཤོག༔
ༀ་མ་ཎི་པདྨེ་ཧཱུྃ།
སྙིང་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔
ཡི་གེ་དྲུག་མ་ཐུགས་རྗེ་སྤྲུལ་པའི་ཆོས༔
སྐུ་གསུམ་ལམ་འདྲེན་བྱང་ཆུབ་སར་འགོད་མཛད༔
འཕགས་པའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག༔
སངས་རྒྱས་བསྟན་དར་སེམས་ཅན་བདེ་ཞིང་སྐྱིད༔
བླ་མའི་ཞབས་བརྟན་འགྲོ་དོན་ཕ་མཐའ་ཡས༔
ལུས་ཅན་ངན་སོང་འཁོར་མཚོ་ལས་གྲོལ་ནས༔
ཕན་བདེའི་དགེ་མཚན་འབྱུང་བའི་བཀྲ་ཤིས་ཤོག༔
ཅེས་ཡིག་དྲུག་དོན་བསྟོད་སྡུག་བསྔལ་རང་གྲོལ་འདི་ནི་ཡེ་ཤེས་མཁའ་འགྲོའི་བརྡ་ལས་བྱུང་བ་སྙིང་དུ་ཡོད་པ་ལས་ལྡན་གང་ཟག་དང་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ན། ལུང་བྱང་ཐོག་མ་ཁ་རུ་འབྱིན་ཤོར་བ་ལ་རྐྱེན་བྱས་ཏེ་དམ་པའི་རིགས་ཀྱི་ཡོན་ཏན་ཚངས་བའི་དགེ་སྦྱོང་འཇིགས་མེད་མཚན་འཆང་དང་། འགྲོ་མགོན་ཆུ་ཕོ་རྟོགས་ལྡན་གྱི་རྟེན་འབྲེལ་རིགས་ཀྱི་ཕྱག་རྒྱ་མོའི་སྐྱེས་མཐའ་བིདྱཱ་དྷ་ར་ཨརྠ་ཟུང་གིས་བསྐུལ་བ་ལ་བརྟེན་ནས། ཆོས་མེད་ཆོས་པའི་གཟུགས་སྟོན་བླ་གཟུགས་དུག་ལྔའི་རྣལ་འབྱོར་བ་ཕན་པའི་མིང་གིས་ཟླ་བ་དྲུག་པའི་ཚེས་ཉེར་ལྔའི་སྲོད་ལ་ལེགས་པར་ཕབས་པ་ཕྱོགས་དུས་གནས་སྐབས་ཀྱི་འགྲོ་བ་ཐམས་ཅད་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །
ངེས་ལེགས་གནས་བསྟོད། རྒྱ་སྤྲུལ་ལུང་རིག་གླིང་པ།
༁ྃ༔ ངེས་ལེགས་གནས་བསྟོད་བཞུགས༔
འཁོར་འདས་ཤེས་བྱ་སྲིད་པའི་ཆོས་སོ་ཅོག༔
ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཉེར་གཟིགས་ནས༔
མི་འཇིགས་གཞན་ལ་སྟོན་མཛད་ཐུབ་དབང་དང༔
དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ་གྱིས་སྐྱོངས༔
བོད་ཡུལ་འཕགས་མཆོག་སྤྱན་རས་གཟིགས་དབང་གི༔
གདུལ་བྱའི་ཞིང་གྱུར་གང་འདུལ་ཐབས་ཀྱིས་བཏུལ༔
ཁྱད་པར་ཐུགས་ཀྱི་ཡེ་ཤེས་སྤྲུལ་པའི་སྐུ༔
རང་བྱུང་པདྨ་རྒྱལ་པོའི་ཐུགས་རྗེའི་མཐུས༔
རྩུབ་རོང་གནས་ཀུན་བྱིན་རླབས་ལྷ་སྲིན་བཏུལ༔
ཡང་དགོས་གདུལ་བྱའི་དབང་གིས་བཻ་རོ་རྗེ༔
བོད་ཀྱི་ཡུལ་ནས་རྒྱལ་མོ་རོང་དུ་སྤྱུགས༔
དེ་ཚེ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔
གཞན་ཡང་བྱིན་གྱིས་བརླབས་པའི་གནས་མང་པོ༔
ཀུན་ལ་བྱིན་རླབས་ནུས་མཐུ་ཚད་མེད་ཅིང༔
ཁྱད་པར་གཙུག་ལག་ཁང་དང་ཉེར་འབྲེལ་ཞིང༔
ཡོན་ཏན་གནས་མཆོག་ཐུགས་ཆེན་སྟོད་ཀྱི་ཆར༔
བཤེས་གཉེན་དང་ནི་བླ་མ་རིག་པ་འཛིན༔
གྲུབ་པའི་རྣལ་འབྱོར་གདན་ས་ཁྱད་པར་ཅན༔
རྙིང་མའི་རྒྱུད་དང་བཀའ་དགོངས་ཕུར་བ་སོགས༔
བཀའ་གཏེར་རྒྱུད་ཀྱི་གླེགས་བམ་མང་བཞུགས་ཤིང༔
གྲུབ་དབང་རྫོགས་ཆེན་བཞི་པའི་ཞལ་སྔ་དང༔
གཡུ་སྒྲའི་རྣམ་རོལ་རྒྱལ་རོང་སྤྲུལ་པའི་སྐུས༔
གནས་སུ་ལུང་བསྟན་ངེས་ལེགས་ཐེག་མཆོག་གླིང༔
འདི་ཡི་ཆོས་འཁོར་བསྐོར་བ་སྟོང་རྩ་ལ༔
མ་ཎི་དུང་ཕྱུར་སིདྡྷི་བྱེ་ཆེན་གྱི༔
ཕན་ཡོན་ཡོད་ངེས་ནད་གདོན་གྱིས་མནར་བ༔
ཚེ་ཟད་མ་གཏོགས་རྐྱེན་ངན་སེལ་ངེས་སོ༔
ཁྱད་པར་གནོད་སྦྱིན་དམར་པོ་དབང་གི་ལྷའི༔
གསོལ་མཆོད་བརྒྱ་རྩ་གནས་འདིར་བསྒྲུབ་པ་ན༔
མི་དེའི་འདོད་དོན་ཡིད་བཞིན་འགྲུབ་ངེས་སོ༔
འདི་ནི་རང་བཟོ་ངོ་བསྟོད་མ་ཡིན་པར༔
རང་བྱུང་རིག་པ་བཅོས་མིན་རང་རྩལ་ལས༔
དབྱིངས་ཀྱི་བརྡ་རིས་ཡི་གེའི་ལམ་དུ་སྤེལ༔
བྱིས་པ་འཕགས་པའི་ངང་ཚུལ་སྟོན་པ་པོ༔
རྒྱ་སྤྲུལ་བླུན་རྒན་ལུང་རྟོགས་མིང་གིས་བྲིས༔
གེགས་ཞི་ལེགས་ཚོགས་ཡར་ཟླ་ལྟར་འཕེལ་ཤོག༔
ཛ་ཡནྟུ། །
༈ རྫོགས་སྤྲུལ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས།
ལྷོ་རྒྱལ་བྱང་ཕྱོགས་ཁ་བ་ཅན། །
ཡུལ་དབུས་ཁམས་ཀྱི་མདོ་སྨད་དང་། །
རྒྱལ་མོའི་སྟོད་ཀྱི་ཉེ་ཆར་དུ། །
ངེས་ལེགས་དགོན་ཞེས་གདན་ས་རུ། །
བཤེས་གཉེན་རིག་པ་འཛིན་རྣམས་བཞུགས། །
ས་ཕྱོགས་དགེ་ཚོགས་གོང་དུ་འཕེལ། །
བྱང་ཕྱོགས་འཁོར་ལོའི་དྲྭ་བས་བསྐོར། །
བསྐོར་བ་སྟོང་ཐོག་བརྒྱ་བཞག་ལ། །
དུང་གི་ཕན་ཡོད་པས་སོ། །
ཚེ་ཟད་མ་གཏོགས་རྐྱེན་ངན་བཟློག །
གནས་དེར་འབྲེལ་ཐོག་སེམས་ཅན་ཀུན། །
ཕྱི་མ་བདེ་ཆེན་སར་བགྲོད་འགྱུར། །
ཞེས་དང་།
རྫོགས་སྤྲུལ་བཞི་པས།
རྒྱལ་བའི་རྟེན་གསུམ་མགོན་པོ་ཚོགས་ཀྱི་བདག །
ཙིའུ་དམར་པོ་དབང་གི་ལྷ་རྣམས་སྤྲོ། །
དབྱིངས་ཀྱི་མཁའ་འགྲོ་ཚེ་རིང་མཆེད་ལྔ་རྣམས། །
རྩ་བ་གསུམ་གྱི་སྒྱུ་འཕྲུལ་རོལ་བས་བསྐོར། །
རྣལ་འབྱོར་སྒྲུབ་པོས་གང་བཅོལ་ཕྲིན་ལས་སྒྲུབ། །
དབྱིངས་ཀྱི་གནས་གསུམ་དཔའ་བོ་མཁའ་འགྲོ་རྣམས། །
ཐུགས་རྒྱུད་བསྐུལ་བས་སེམས་ཅན་དོན་ལ་གཟིགས། །
བྱང་གི་ཕྱོགས་ལ་འཁོར་ལོའི་དྲྭ་བས་བསྐོར། །
མཐོང་ཐོས་དྲན་རེག་འགྲོ་བ་སེམས་ཅན་རྣམས། །
བདེ་ཆེན་དག་པའི་ཞིང་དུ་འདྲེན་པར་འོང་། །
ནམ་མཁའ་ཆོས་དབྱིངས་རྣལ་འབྱོར་དམ་པ་དང་། །
ས་ཕྱོགས་དེ་རུ་དགེ་ཚོགས་གོང་དུ་འཕེལ། །
མི་མཐུན་ཉེར་འཚེ་ཀུན་དང་འཇིགས་བརྒྱད་ཞི། །
རྣལ་འབྱོར་བསྐྱེད་རྫོགས་བཟླས་བརྗོད་ཕུལ་དུ་ཕྱིན། །
སྨིན་གྲོལ་ཆོས་ཀྱིས་འགྲོ་བ་འདྲེན་པ་དང་། །
སྐུ་གསུམ་བདེ་ཆེན་སྣང་སྲིད་འཆར་བར་ཤོག །
ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ། །
ངེས་ལེགས་གནས་ཀྱི་རང་བཞིན་བརྗོད་པ་དད་པའི་གསོས་སྨན། ཡི་དམ་རྡོ་རྗེ།
སྲས་བཅས་རྒྱལ་བའི་བརྩེ་བའི་སྙིང་རྗེ་ཀུན། །
གཅིག་བསྡུས་གངས་རིའི་མདངས་འཛིན་གངས་རིའི་མགོན། །
སྤྱན་རས་གཟིགས་དབང་སྙིང་རྗེའི་གཏེར་འཆང་དེས། །
དགེ་ལེགས་བྱེ་བའི་མེ་ཏོག་ཆར་དུ་སྙིལ། །
གང་གི་གདུལ་ཞིང་ཁ་བའི་ལྗོངས། །
དེ་ཡི་མཛེས་རྒྱན་གཡུ་ཡི་མཁར། །
གནས་ཀྱི་བྱེ་བྲག་ངེས་ལེགས་ཀྱི། །
རང་བཞིན་བརྗོད་པ་ཅུང་ཟད་གླེང་།
དེ་ལ་ངེས་ལེགས་ཐེག་ཆེན་བསམ་གཏན་གླིང་ནི། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་སྤྲུལ་གཏེར་སྟོན་བསམ་གཏན་སྙིང་པོའམ་ངེས་ལེགས་བླ་མ་ཆུ་སྐྱེས་ཀྱིས་གདན་ས་བཏབ་ཅིང་བྱིན་གྱིས་བརླབས། དེ་ནས་རིམ་བཞིན་ངེས་ལེགས་བླ་མ་རིམ་བྱོན་གྱིས་སྒྲུབ་གནས་བྱས་ཤིང་། གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་གསར་བཞེངས་མཛད་ཚུལ།
རིག་འཛིན་ལུང་རིག་གླིང་པས།
གྲུབ་པའི་རྣལ་འབྱོར་གདན་ས་ཁྱད་པར་ཅནཿ
རྙིང་མའི་རྒྱུད་དང་བཀའ་དགོངས་ཕུར་བ་སོགསཿ
བཀའ་གཏེར་རྒྱུད་ཀྱི་གླེགས་བམ་མང་བཞུགས་ཤིངཿ ཞེས་དང་།
རྫོགས་སྤྲུལ་བཞི་པས།
རྒྱལ་བའི་རྟེན་གསུམ་མགོན་པོ་ཚོགས་ཀྱི་བདག །
ཙིའུ་དམར་པོ་དབང་གི་ལྷ་རྣམས་སྤྲོ། ཞེས་དང་།
བྱང་གི་ཕྱོགས་ལ་འཁོར་ལོའི་དྲྭ་བས་བསྐོར། ཞེས་སོགས་གསུངས་པ་ལྟ་བུའོ། །
ཁྱད་པར་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། རྒྱ་རོང་གཏེར་ཆེན་རྣམ་གཉིས་ཀྱིས་ཐུགས་རྗེ་ཆེན་པོའི་ཡོན་ཏན་གྱི་གནས་སུ་ངོས་འཛིན་མཛད། རིག་འཛིན་ལུང་རིག་གླིང་པས་ཀྱང་། ཡོན་ཏན་གནས་མཆོག་ཐུགས་ཆེན་སྟོད་ཀྱི་ཆར། ཞེས་གསུངས། གནས་འདིའི་ཕྱོགས་སོ་སོའི་བྲག་ངོས་རྣམས་སུ། ཡིག་འབྲུ་དང་ཕྱག་མཚན་རྫས་བརྒྱད་དང་ཆོས་རྔ་སོགས་རང་བྱོན་སྣ་ཚོགས། བཻ་རོ་ཙ་ནའི་སྒྲུབ་ཕུག །གྲུབ་བརྙེས་རིག་འཛིན་དུ་མའི་ཞབས་རྗེས་སོགས་ཡོད། དཔལ་མགོན་ཚོགས་ཀྱི་བདག་པོ། གནོད་སྦྱིན་ཙིའུ་དམར་པོ། ཟོ་དོར་སྐུ་བླ་དུང་རྩེ། ངེས་ལེགས་པདྨ་དྲེགས་འདུལ་སོགས་ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་དང་ཟོ་དོར་དུ་མས་རྣམ་ཀུན་མེལ་ཙེ་མཛད་ཅིང་གནས་འདི་བསྲུང་བར་གྲགས། གནས་འདི་ལ་ཕྱག་སྐོར་བྱས་པའི་ཕན་ཡོན་ཀྱང་། ནང་སྐོར། བར་སྐོར། ཕྱི་སྐོར་གསུམ་གྱི་དང་པོ་ལ་ཡིག་དྲུག་དུང་ཕྱུར་བདུན་གྱི་ཕན་ཡོན་ཐོབ་པ་དང་། གཉིས་པ་ལ་བཅུ་གསུམ། གསུམ་པ་ལ་ཉེར་ལྔའི་ཕན་ཡོན་ཐོབ་པའོ། གནམ་ལོ་ཤིང་བྱི་ནམ་ཤར་ལ་རྒྱ་བོད་ཀྱི་གནས་ཀུན་གྱི་བྱིན་ནུས་གནས་འདིར་འདུ་བས། དེའི་ཚེ་ཕྱག་སྐོར་གང་བྱས་དུང་ཕྱུར་བྱེ་བ་འབུམ་འགྱུར་དུ་འགྲོ་བར་གསུངས།གཞན་ཡང་རྫོགས་སྤྲུལ་གཉིས་པས། གནས་དེར་འབྲེལ་ཐོག་སེམས་ཅན་ཀུན། ཕྱི་མ་བདེ་ཆེན་སར་བསྒྲོད་འགྱུར།
ཞེས་དང་། ཚེ་ཟད་མ་གཏོགས་རྐྱེན་ངན་བཟློག ཞེས་གསུངས།
དེ་བཞིན་དུ་རྫོགས་སྤྲུལ་བཞི་པས་ཀྱང་།
མཐོང་ཐོས་དྲན་རེག་འགྲོ་བ་སེམས་ཅན་རྣམས།
བདེ་ཆེན་དག་པའི་ཞིང་དུ་འདྲེན་པར་འོང་། །
ཞེས་དང་།
རིག་འཛིན་ལུང་རིག་གླིང་པས།
ཚེ་ཟད་མ་གཏོགས་རྐྱེན་ངན་སེལ་ངེས་སོཿ
ཁྱད་པར་གནོད་སྦྱིན་དམར་པོ་དབང་གི་ལྷའིཿ
གསོལ་མཆོད་བརྒྱ་རྩ་གནས་འདིར་བསྒྲུབ་པ་ནཿ
མི་དེའི་འདོད་དོན་ཡིད་བཞིན་འགྲུབ་ངེས་སོཿ
ཞེས་སོགས་ཐུན་མོང་དང་ཐུན་མིན་གྱི་ཕན་ཡོན་བརྗོད་ལས་འདས་པའོ།
དེ་ལྟར་གནས་ཀྱི་རང་བཞིན་མདོར་བསྡུས་ཙམ། །
དམ་པའི་གསུང་རྗེས་འབྲང་ནས་ངས་འདིར་བཀོད། །
འགལ་འཁྲུལ་མཆིས་ཚད་ཡེ་ཤེས་ལྷ་ལ་བཤགས། །
ལེགས་བྱས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །
ཅེས་པ་འདི་བླ་མ་མཐུ་ཆེན་ནས་འབྲི་གཞི་བཅས་ནན་བསྐུལ་ངོར་ཡི་དམ་རྡོ་རྗེས་ས་བྱི་དབོ་ཟླའི་དམར་ཕྱོགས་རྒྱལ་བ་གཉིས་པ་ལ་བྲིས་པ་འགྲོ་ཀུན་རི་བོ་ཏཱ་ལར་སྐྱེ་བའི་རྒྱུར་གྱུར་ཅིག །
བོལ་གོང་ལྡོང་རིའི་གནས་བསྟོད་མདོར་བསྡུས་དད་པའི་ས་བོན། ཡི་དམ་རྡོ་རྗེ།
མཁའ་ཁྱབ་རྒྱལ་བའི་བརྩེ་བ་ཀུན། །
གཅིག་བསྡུས་གངས་རིའི་མདངས་ཤར་བ། །
འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ། །
མི་ཕྱེད་དད་པའི་ཡིད་ཀྱིས་འདུད། །
གཡུ་ལྗོངས་ས་ཡི་བྱེ་བྲག་ལས། །
ལྡོང་རི་ཞེས་བྱ་འཕགས་པའི་གནས། །
སྔོན་ཚེ་རྒྱལ་བས་བྱིན་གྱིས་བརླབས། །
བཻ་རོ་ཡབ་སྲས་སྒྲུབ་ལ་གཞོལ། །
བར་དུ་ལྷ་ལུང་དཔལ་རྡོར་བས། །
མི་སྲུན་སྡེ་བརྒྱད་དབང་དུ་བསྡུས། །
བཀའ་རྟགས་ཡིག་དྲུག་རྡོ་ལ་བཀོད། །
ཕྱི་རབས་དད་པའི་རྟེན་དུ་བཞག །
འགྱུར་མེད་བློ་མཐའ་ཡབ་སྲས་དང་། །
ཁྱད་པར་མགོ་སྤྲུལ་འཇིགས་མེད་པས། །
འགྲོ་དོན་དུས་སུ་སྨིན་གཟིགས་ནས། །
ལུག་ལོར་གནས་ཀྱི་སྒོ་འཕར་ཕྱེས། །
གནས་སྲུང་ལེགས་ལྡན་ནག་པོ་དང་། །
གྲུབ་ཆུའི་ཀླུ་མོ་གཉིས་ལ་གཏད། །
དམ་ལྡན་སྐྱོང་ཞིང་དམ་མེད་ནི། །
དྲག་པོས་སྒྲོལ་བའི་ཐ་ཚིག་བསྒྲགས། །
ཆོས་ཕུང་རྒྱ་མཚོའི་ཡང་སྙིང་བཅུད། །
གསུང་མཆོག་ཡི་གེ་དྲུག་མ་འདི། །
མཇལ་བས་སྔོན་ལས་འཕྲལ་རྐྱེན་སེལ། །
བསྐོར་བས་སྡིག་པའི་ཕུང་པོ་འདག །
གནས་འདིའི་ནང་སྐོར་ལན་གཅིག་ལ། །
ཡིག་དྲུག་དུང་བདུན་ཕན་ཡོན་འཐོབ། །
ཕྱི་སྐོར་ངེས་ལེགས་སྐོར་ལམ་དང་། །
གཅིག་ཅེས་རྒན་རབ་དག་གིས་སྨྲ། །
དེའི་ཚུལ་ཇུ་ནས་ས་མུ་བསྐོར། །
རྫོངས་ཧོའི་ནང་བརྒྱུད་དུང་རྩེའི་རྒྱབ། །
སྨར་གྱི་སྒང་བབ་ལྡོང་རིའི་བར། །
ཡིག་དྲུག་དུང་ཕྱུར་ཉེར་ལྔ་འཐོབ། །
བྲག་དམར་ཆོས་ནོར་གཏེར་གྱི་མཛོད། །
དབང་ཕྱུག་མ་ཧཱ་དེ་ཝའི་གནས། །
གཞན་ཡང་ལྷ་རྒོད་དགྲ་འདུལ་སོགས། །
ཡུལ་སྐྱོང་དུ་མས་ཀུན་ནས་སྲུང་། །
དེ་ཕྱིར་དད་དང་མོས་ལྡན་ཞིང་། །
འདི་ཕྱིའི་དོན་ལ་སེམས་པ་དག །
བསམ་པ་བྱང་ཆུབ་སེམས་ལྡན་པས། །
བསྐོར་ཞིང་རྣམ་དག་སྨོན་ལམ་རེམས། །
འདི་བྲིས་དགེ་བས་སྣོད་བཅུད་ཀྱི། །
རྒུད་པ་རབ་ཞི་ལེགས་ཚོགས་འཕེལ། །
མཁའ་ཁྱབ་མ་གྱུར་འགྲོ་བ་རྣམས། །
སྤྱན་གཟིགས་ཞབས་དྲུང་འཁོད་གྱུར་ཅིག །
ཅེས་ས་བཅུའི་གྲངས་ལྡན་བསྟོད་ཚིག་འདི་ཡང་གནས་ཡིག་ཕྱོགས་སྒྲིག་བགྱིད་སྐབས་ས་བཅད་སྟོང་མིན་ཙམ་དུ་རྒན་པོའི་ངག་སྒྲོས་ཡིག་ཐོག་ཏུ་འགོད་པ་པོ་ནི་ཡི་དམ་རྡོ་རྗེའོ། །
དཔལ་རྡོ་རྗེ་ཕུར་པའི་གནས་རི་ཕྲིན་ལས་གྲུབ་པའི་ཡང་རྫོངས་ལ་ཅུང་ཟད་བསྔགས་པ་ངོ་མཚར་སྤྲིན་གྱི་རོལ་མོ། ཡི་དམ་རྡོ་རྗེ།
རང་བཞིན་ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་། །
རང་གདངས་མ་འགགས་ཁྲོ་བོའི་སྐུར་བཞེངས་པ། །
རང་རིག་དབྱེར་མེད་བཛྲ་ཀུ་མ་རར། །
རང་བབ་གཉུག་མའི་ངང་ནས་གཅིག་ཏུ་འདུད། །
འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན། །
མངོན་པར་མཐོ་བ་བསིལ་ལྡན་བོད་ཀྱི་ཡུལ། །
སྒང་དྲུག་མདོ་ཁམས་སྨད་ཀྱི་སའི་ཐིག་ལེ། །
གཡུ་ལྗོངས་ཕྱུག་མོའི་ཆ་ཤས་འཁྱིལ་ཆེན་དུ། །
ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་ཀཱི་ལ་ཡས། །
ས་དགུའི་རྟོག་པ་རྩད་ནས་གཞོམ་པའི་ཕྱིར། །
བཞད་པ་བརྒྱད་ཀྱིས་རྡོ་རྗེའི་གླུ་བླངས་པས། །
ཧ་ཧི་ཞེས་གྲགས་ལུང་དགུར་གྱེས་པའི་མདོར། །
སྔོན་ཚེ་ཨོ་རྒྱན་རྗེ་དང་སེང་ཆེན་རྒྱལ། །
རྣམ་སྣང་ལོ་ཙཱ་རྒྱལ་མོ་གཡུ་སྒྲ་སྙིང་། །
ཀརྨ་པ་དང་དཔལ་ཆེན་དགའ་ལོ་སོགས། །
སྐྱེས་ཆེན་དུ་མས་ཞབས་བཅགས་བྱིན་གྱིས་བརླབས། །
ལྕགས་ཡོས་ས་ཟླའི་དམར་ཕྱོགས་བཅོ་ལྔའི་ཉིན། །
རྒྱ་སྤྲུལ་ལུང་རྟོགས་ཆོས་ཀྱི་ཉི་མ་ཡིས། །
ཐུགས་བསྐྱེད་རབ་དཀར་ཟླ་བའི་ཟེགས་མ་འབུམ། །
གནས་འདིར་ལེགས་པར་བྲན་པའི་བཀའ་དྲིན་ལྕི། །
མཐིང་སྔོན་ནམ་མཁའ་རྩིབས་བརྒྱད་འཁོར་ལོའི་དབྱིབས། །
ལྷུན་སྟུགས་ས་འཛིན་པདྨའི་རིས་སུ་བཀྲ །
དྭངས་བསིལ་ཆུ་བོ་མདུན་ནས་གཡས་སུ་འབབ། །
སྣ་ཚོགས་ལྗོན་པའི་དྲྭ་བ་ཡིད་དུ་འོང་། །
ཤར་ཕྱོགས་ཉི་ཟླའི་བགྲོད་ལམ་རབ་ཡངས་ཤིང་། །
ལྷོ་རི་རིན་ཆེན་ཕུང་པོ་མདུན་དུ་སྤུང་། །
ནུབ་ཕྱོགས་ས་སྲུང་གླང་པོའི་གཙུག་གིས་གཡོར། །
བྱང་གི་རི་བྲག་བཙན་པོས་འགག་སྒོ་བསྡམས། །
ཕྱི་ལྟར་དམ་པ་དུ་མས་བྱིན་བརླབས་པའི། །
ཡིད་བཞིན་འདོད་འཇོ་རིན་ཆེན་གཏེར་གྱི་རི། །
ནོར་བུ་ཙིནྡ་མ་ཎིའི་གཟུགས་སུ་མཛེས། །
གསང་བ་མཐའ་བྲལ་དབྱིངས་ཀྱི་གཞལ་ཡས་ཁང་། །
ནང་ལྟར་རྡོ་རྗེ་གཞོན་ནུའི་ཕོ་བྲང་ཆེ། །
བར་ཆད་དམ་སྲིའི་བདུད་དཔུང་ཚར་གཅོད་པའི། །
གཙོ་དང་སྲས་འཁོར་ཟ་གསོད་སྤྲུལ་པར་བཅས། །
ཕྲིན་ལས་ཕུར་པའི་ལྷ་ཚོགས་བཀྲ་དཔུང་ངེ་། །
གཡས་ན་བདུད་རྩིའི་རྒྱུན་བཟང་དལ་གྱིས་འབབ། །
གཡོན་ན་རཀྟའི་ཆུ་བོའི་རྦ་རླབས་གཡོ། །
དབུས་རི་དཔལ་གྱི་གཏོར་མ་རང་གྲུབ་པས། །
གསང་ཆེན་སྒྲུབ་རྫས་མ་བཤམས་ལྷུན་གྱིས་གྲུབ། །
གྲུབ་པའི་དབང་ཕྱུག་དཔལ་ཆེན་དགའ་ལོ་པས། །
རང་བྱུང་བྲག་གི་ངོས་ལ་ཕྱག་འཁར་གྱིས། །
བཙུགས་ལས་ལེགས་ཐོན་དྲོ་འཇམ་ཁྲུས་རྫིང་གིས། །
མི་འདོད་ནད་ཀྱི་ཟུག་རྔུ་སེལ་བར་བྱེད། །
མཆོད་རྟེན་རང་བྱོན་དགའ་ལོའི་ཕྱག་རྗེས་དང་། །
ཆིབས་རྟའི་རྗེས་སོགས་གྲུབ་པའི་རྟགས་དུ་མ། །
མངོན་སུམ་མིག་གི་བདུད་རྩིར་བཞག་པ་འདི། །
མ་སྨད་བསོད་ནམས་བྱེ་བའི་དཔལ་ལས་གྲུབ། །
གཡུ་ཁོག་དཔོན་བླ་དགེ་འདུན་རྒྱ་མཚོ་མཆོག །
འོད་གསལ་སྙིང་པོའི་སྒྲུབ་ལ་གཞོལ་བ་ཡིས། །
འབྲེལ་ཚད་དོན་དང་ལྡན་པར་གྲུབ་པའི་གནས། །
གླག་ཚང་དཔལ་རི་གཉིས་པ་གནས་འདིའི་རྒྱན། །
རྔམ་བརྗིད་བྲག་རི་ནགས་ཀྱི་རྒྱན་ཕྲེང་ཅན། །
ངམ་གནག་ངོས་གཟར་ཤིན་ཏུ་སྐྱི་གཡའ་ཞིང་། །
འཇིགས་རུང་མཚོན་ཆའི་རུ་མཚོན་གཟེངས་འདྲ་བ། །
འཇམ་དཔལ་ཁྲོས་པ་གཤིན་རྗེའི་གནས་སུ་གྲགས། །
དབུ་རྨོག་བཙན་པའི་ཟོ་དོར་གནས་འཆའ་བའི། །
ས་འཛིན་ལྷུན་པོ་སྤྲིན་གྱི་ལ་ཐོད་ཅན། །
རྨོག་མཐོ་སེང་རྫོང་བཀྲ་ཤིས་ལྷ་རྩེ་སོགས། །
དཀར་ཕྱོགས་སྐྱོང་བ་དུ་མས་གནས་འདི་བསྲུང་། །
སྙིགས་དུས་མཐའ་དམག་དམ་སྲི་ཁ་དར་ཞིང་། །
ནད་མུག་མཚོན་གྱི་བསྐལ་ངན་འཆར་ཉེའི་ཚེ། །
ཕྲིན་ལས་ཕུར་པའི་ལྷ་ལ་བརྟེན་གྱུར་ན། །
དུས་ཀྱི་རྒུད་མུན་དབྱིངས་སུ་ཞི་བར་འགྱུར། །
ཀཱི་ལ་འབྲུ་དགུ་རྡོ་རྗེ་སྙིང་པོའི་སྲོག །
ཕྲིན་ལས་ཀུན་འདུས་བཟླས་པ་སུས་བགྱིད་ན། །
བར་ཆད་བདུད་བཞིའི་འཇིགས་པ་ལས་གྲོལ་ཏེ། །
མཆོག་ཐུན་ལས་བཞིའི་དངོས་གྲུབ་འཐོབ་པར་འགྱུར། །
ཁྲོ་རྒྱལ་ཆེན་པོའི་སྐུ་གཟུགས་མཇལ་ཙམ་གྱིས། །
སྐྱེ་བ་བདུན་ནས་མ་བསྒོམ་སངས་རྒྱས་ཞེས། །
ཚད་མར་གྱུར་པའི་ལུང་ལས་གསུངས་གྱུར་ན། །
ཕྱག་བསྐོར་མཆོད་པའི་ཕན་ཡོན་སུ་ཡིས་དཔོགས། །
ལྷ་བརྒྱའི་དབུས་ན་ལྷ་ཡི་དབང་པོ་དང་། །
རྒྱུ་སྐར་ཁྲོད་ན་ཉིན་བྱེད་གཞོན་ནུ་བཞིན། །
ཕལ་བའི་གནས་ཀྱིས་དོ་ཟླ་མ་མཆིས་པས། །
མོས་ལྡན་ཀུན་གྱིས་དད་ཕྱག་བསྐོར་བར་རིགས། །
གནས་འདིར་བཟང་ངན་ལས་གྱིས་འབྲེལ་བ་ཀུན། །
ཚེ་འདིར་ཚེ་རིང་ནད་མེད་གང་བསམ་འགྲུབ། །
མཐར་ཐུག་ཀ་དག་གདོད་མའི་གཞི་ཀློང་དུ། །
ཁྲག་འཐུང་རྒྱལ་པོའི་གཏན་སྲིད་ཟིན་པར་སྨོན། །
རིག་པའི་ཕུར་བུས་བདག་རྟོག་དབྱིངས་སུ་བསྒྲལ། །
སྙིང་རྗེའི་ཕུར་བུས་འགྲོ་ཁམས་རྗེས་སུ་འཛིན། །
རྫས་ཀྱི་ཕུར་བུས་ཉེས་ཅན་རྩད་ནས་གཅོད། །
ཕྲིན་ལས་ཕུར་པའི་འགྲོ་དོན་མཐའ་རྒྱས་ཤོག །
ཅེས་ཟག་པ་མེད་པའི་ཆོས་སྡེ་ཉེར་གཅིག་གི་གྲངས་ལྡན་གྲངས་ལྡན་ཚིགས་སུ་བཅད་པའི་བསྟོད་ཚིག་འདི་ནི་ཡི་དམ་རྡོ་རྗེར་འབོད་པའི་སྙོམ་ལས་མཁན་དེས། བོད་རབ་བྱུང་བཅུ་བདུན་པའི་ནང་ཚན་ཆུ་སྦྲུལ་ས་ག་ཟླ་བའི་དམར་ཕྱོགས་བཅོ་ལྔའི་ཉིན་གནས་དེའི་ཉེ་འགྲམ་ནས་བྲིས་པ་འགྲོ་ཀུན་དཔལ་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག དགེའོ། །
དགེའོ། །
དགེའོ། །
དཔལ་རྡོ་རྗེ་གཞོན་ནུའི་ཕོ་བྲང་མཁ༷འ་དབྱི༷ངས་ཆོ༷ས་འབྱུང༷་ཐ༷ང་གི་གནས་བསྟོད་རྡོ་རྗེ་སྲིན་པོ་དགྱེས་པའི་གླུ་དབྱངས། ཡི་དམ་རྡོ་རྗེ།
དཔལ་རྡོ་རྗེ་གཞོན་ནུའི་ཕོ་བྲང་མཁ༷འ་དབྱི༷ངས་ཆོ༷ས་འབྱུང༷་ཐ༷ང་གི་གནས་བསྟོད་རྡོ་རྗེ་སྲིན་པོ་དགྱེས་པའི་གླུ་དབྱངས་ཞེས་བྱ་བ།
ཁ་སྦྱོར་ཡན་ལག་བདུན་གྱི་ལང་ཚོའི་དཔྱིད། །
མཚན་དཔེའི་དཔལ་གྱིས་སྒེག་པའི་ཡེ་ཤེས་སྐུ། །
ཟག་མེད་ཡོན་ཏན་བྱེ་བའི་གཏེར་མངའ་བ། །
རང་བྱུང་པདྨ་རྒྱལ་པོས་དགེ་ལེགས་སྩོལ། །
འཇིགས་རུང་འཁོར་བའི་དུག་མཚོར་རྟག་སྦྱོར་བདག་རྟོག་ད༷མ་སྲི༷་བདུད་ཀྱི་དཔུང་།
རང་རིག་ཡེ་ཤེས་རྣོ་དབལ་ཕུར་བུས་ཐལ་འབྱིན་ཉིད་དུ་ཚ༷ར་གཅོ༷ད་ཅིང་། །
གཉིས་སུ་མེད་པའི་བྱང་ཆུབ་ཆེན་པོའི་གོ་འཕང་མཆོག་ལ་དབང་བསྒྱུར་བའི། །
རང་བྱུང་ལྷུན་གྲུབ་འཁོར་འདས་སྤྱི་དཔལ་བཅོམ་ལྡན་རྡོ༷་རྗེ༷་གཞོ༷ན་ནུ༷ར་འདུད། །
གངས་ལྗོངས་མདོ་ཁམས་སྨད་ཀྱི་སའི་ཐིག་ལེ། །
གཡུ་ཞེས་སྣོད་བཅུད་དགེ་མཚན་ཕུལ་བྱུང་བར། །
གནམ་ལྕགས་ཕུར་བུའི་དབྱིབས་དང་མཚུངས་པ་ཡི། །
འཁྱིལ་ཆེན་ཞེས་གྲགས་ཕུར་བའི་གནས་ལུང་རྔམ། །
སྟོད་ན་རྒྱ་མདུད་དང་མཚུངས་ཕྲིན་ལས་གྲུབ་པའི་ཡང་རྫོངས་ཆེ། །
བར་ན་འཆང་བཟུང་དང་མཚུངས་གླིང་དཀར་དཔའ་བོའི་ཤྭོ་རྡེལ་ཐང་། །
སྨད་ན་དབལ་སོ་དང་མཚུངས་མཁའ་དབྱིངས་ཆོས་འབྱུང་དཀྱིལ་འཁོར་སྟེ། །
གསུམ་གྱི་ཕྱི་མ་དང་འབྲེལ་བསྟོད་དབྱངས་ཅུང་ཟད་འཐེན་ལ་སྤྲོ། །
ཤར་ན་ཀུན་གསལ་ཉི་ཟླའི་བགྲོད་ལམ་ཡངས། །
ལྷོ་ཕྱོགས་གཡང་གི་རི་བོ་ནོར་བུར་སྤུང་། །
ནུབ་ན་ཟླ་གམ་དབང་གི་ལྷུན་པོས་གཡོར། །
བྱང་ཕྱོགས་དར་གྱི་ཤམ་བུ་ཀུན་ནས་མཛེས། །
ཤ༷ར་གྱི་བྲག་དམར་ཚོམ་བུར་བརྡལ་བ་རྒྱ༵་སྟ༷ག་མ་བུ་ཚང་ནས་ལང་། །
ལྷོ༷་ཆུ་གཡས་ནས་གཡས་སུ་འབབ་པ་གཡུ༷་འབྲུག༷་སྔོན་མོའི་འཁྱུག་འགྲོས་བརྗིད། །
ནུབ༷་ཀྱི་ལྷུན་པོ་ནགས་ཀྱིས་ཕྱུག་པ་བྱ༵་ཁྱུ༵ང་རྒྱལ་པོས་འཇུམ་རྩལ་ངོམས། །
བྱང༵་དུ་བྲག་དཀར་སེ༷ང་གེ༷་འགྱིང་དང་རུ༵ས་སྦ༵ལ་ནུར་འདྲའི་དཔྱད་ཀྱིས་སྒེག །
རྩིབས་བརྒྱད་འཁོ༷ར་ལོ༷འི་རི་མོ་མཁའ་ལ་ཤར། །
ཐེག་བརྒྱད་གྲུབ་མཐའི་ཕྱོགས་སུ་མ་ལྷུང་རྟགས། །
འདབ་བརྒྱད་པ༷དྨ༵འི་རང་མདངས་ས་ལ་བཞད། །
ཐེག་རྩེ་ཟེའུ་འབྲུའི་བཅུད་ལ་རོལ་བའི་རྟགས། །
རྒྱབ་རི་རྨ་བྱའི་བསི༷ལ་གདུ༵གས་ལྟ་བུར་མཛེས། །
རྩ་བརྒྱུད་བླ་མའི་བྱིན་རླབས་འཇུག་པའི་རྟགས། །
མདུན་རི་བསོད་ནམས་གཏེར་གྱི་བུ༵མ་པ༵་བརྗིད། །
ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ་བའི་རྟགས། །
མདུན་གཡས་བྲག་ལ་དཔ༵ལ་བེ༵འུ་ཁུག་མདུད་བཀྲ། །
མ་སྲིང་མཁའ་འགྲོས་བརྩེ་གདུང་ཆེ་བའི་རྟགས། །
དེ་གོང་སྤང་རི་དུ༵ང་དཀ༵ར་གཡས་སུ་འཁྱིལ། །
ཆོས་སྐྱོང་ཕྲིན་ལས་སྲིད་ན་སྙན་པའི་རྟགས། །
གཡོན་རི་རྒྱ༵ལ་མཚ༷ན་ཤམ་བུ་ལྟ་ན་སྡུག །
རྒྱལ་བསྟན་མི་ནུབ་སྲིད་རྩེར་བསྒྲེང་བའི་རྟགས། །
གཡོན་ཞོལ་ཐབས་ཤེས་གསེ༷ར་ཉ༷་ཆབ་ལ་རྩེན། །
ལྷ་ཆོས་མི་ཆོས་ཟུང་དུ་འབྲེལ་བའི་རྟགས། །
རྩ་བརྒྱད་སྟོང་སྦྱར་སྨན་གྱི་བཅུད་ལྡན་བདུ༵ད་རྩི༵འི་ཆུ་བོ་གཡས་ན་འབབ། །
ཉོན་མོངས་རྒྱུ་དྲུག་དབྱིངས་སུ་བསྒྲལ་བའི་ར༵ཀྟ༵འི་རྦ་ཀློང་གཡོན་ན་འཕྱོ། །
ཕྲིན་ལས་ཕུར་པའི་ལྷ་དང་གཉིས་མེད་དཔལ་གྱི་གཏོ༵ར་མ༵་དབུས་ན་རྔམ། །
གསང་ཆེན་གསང་བའི་ཐུན་མིན་སྒྲུབ་རྫས་མ་བཀོད་རང་བྱུང་ལྷུན་གྱིས་གྲུབ། །
དེ་དབུས་གདུག་པའི་ཤིང་གིས་མཐའ་བསྐོར་ཞིང་། །
དུག་གསུམ་དབྱིངས་སྒྲོལ་གྲུ་གསུམ་སུམ་རིམ་ལྡན། །
སྐུ་གསུམ་ལྷུན་གྲུབ་ས་དབྱིབས་ཟུར་གསུམ་པ། །
མཁའ་དབྱིངས་ཆོས་འབྱུང་ཕུར་པའི་ཕོ་བྲང་བརྗིད། །
ཨེ་ཡིག་སྟོང་དབྱིངས་འཁོར་ལོ་རྒྱས་འདེབས་མ། །
ཝཾ་ཡིག་སྣང་ཆ་རྡོ་རྗེ་གཞོན་ནུ་དང་། །
ཐབས་ཤེས་དབྱེར་མེད་ཟུང་དུ་འཇུག་པའི་རྩལ། །
ཕྲིན་ལས་ཕུར་པའི་ལྷ་ཚོགས་ཡོངས་སུ་རྫོགས། །
མདུན་གཡོན་རི་བྲག་བཅུ་དྲུག་གྲལ་འགྲིགས་པ། །
ཕྱི་ལྟར་མཆོད་པའི་ལྷ་མོ་བཅུ་དྲུག་ལ། །
ནང་ལྟར་ཕུར་སྲུང་དམ་ཅན་བཅུ་དྲུག་དང་། །
གསང་བ་དགའ་བཞི་ཡེ་ཤེས་བཅུ་དྲུག་མཚོན། །
རིན་ཆེན་དང་པོས་ལེགས་གཏམས་པའི། །
མཐའ་སྐོར་ནེའུ་གསིང་དོ་ར་ནི། །
དབང་ཆེན་གསེར་གྱི་ས་གཞི་ཞེས། །
རང་བྱུང་ལྷུན་གྲུབ་མཎྜལ་དངོས། །
སྔོན་ཚེ་རྒྱལ་བའི་དབང་པོ་པདྨ་འབྱུང་། །
སྟག་ཞོན་རྡོ་རྗེ་ཁྲོ་བོའི་སྐུར་བཞེངས་ཏེ། །
མདོ་ཁམས་སྨད་ཀྱི་གནས་ཆེན་གནས་ཕྲན་ཀུན། །
བྱིན་གྱིས་བརླབས་ཤིང་གཏེར་ཁ་དཔག་མེད་སྦས། །
གྲུབ་པ་མཆོག་བརྙེས་དཔལ་ཆེན་དགའ་ལོ་པས། །
གཡུ་ལུང་སྤྱི་དང་བྱེ་བྲག་འཁྱིལ་ཆེན་གྱི། །
ཕུ་མདའ་ཀུན་ལ་དངོས་སུ་ཞབས་ཀྱི་བཅགས། །
མི་སྲུན་དམ་ལ་བཏགས་པའི་རྗེས་ཤུལ་གསལ། །
མི་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་མཆོག །
དཔའ་ཐུལ་ཕུ་ནུ་ལྷ་འཁོར་བཅས་པ་ཡིས། །
གཡུ་རོང་རྒྱལ་པོ་དབང་དུ་བསྡུས་པའི་སྐབས། །
གནས་འདིར་ཆིབས་ཀྱི་ཁ་ལོ་ལན་མང་བསྒྱུར། །
གཞན་ཡང་པཎ་ཆེན་བཻ་རོ་གཡུ་སྒྲ་སྙིང་། །
ཆོས་དབྱིངས་རང་གྲོལ་ལུང་རྟོགས་བསྟན་འཛིན་སོགས། །
མཁས་དང་གྲུབ་པའི་སྐྱེས་ཆེན་དུ་མ་ཡིས། །
བྱིན་རླབས་མེ་ཏོག་གཏོར་བ་ལན་གཅིག་མིན། །
སྤྲུལ་པའི་གཏེར་ཆེན་ལུང་རིག་གླིང་པ་དང་། །
འགྱུར་མེད་བློ་གྲོས་མཐའ་ཡས་ལ་སོགས་པས། །
མ་རུང་རྒྱལ་འགོང་གདུག་འདྲེའི་ཁ་གནོན་དུ། །
དྲག་བསྙེན་རྡོ་འབུམ་ལྷ་མིའི་མཆོད་སྡོང་བཞེངས། །
རིག་འཛིན་ལུང་རྟོགས་ཆོས་ཀྱི་ཉི་མའི་ཐུགས་བསྐྱེད་དུས་སུ་སྨིན་པ་ལས། །
མ་ཧཱ་ཙི་ནའི་ཐུན་མིན་བཟོ་རྩལ་ཁྱད་འཕགས་འཕྲུལ་ལས་ལེགས་བསྐྲུན་པ། །
ཀ་མ་རུ་པའི་རྡོ་དཀར་ལས་གྲུབ་ཕུར་པའི་བདུད་འདུལ་མཆོད་རྟེན་ཆེ། །
ལྔ་བདོ་སྙིགས་མའི་རུ་མཚོན་བསྙིལ་ཕྱིར་ངོ་མཚར་གནས་འདིའི་རྒྱན་དུ་བསུས། །
དེར་ནི་ཐུན་མོང་ཐུན་མིན་རྟེན་གསུམ་དང་། །
རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པ་ལས། །
མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་པའི། །
ཆེ་བའི་ཡོན་ཏན་བརྗོད་པའི་མཐའ་དང་བྲལ། །
གང་ཟག་ཕོ་མོ་སུ་ཡང་རུང་། །
གནས་འདིར་དད་དང་མོས་པ་ཡིས། །
ཕྱག་མཆོད་བསྐོར་ལ་བརྩོན་བྱས་ན། །
ཐར་དང་རྣམ་མཁྱེན་རྒྱུ་རུ་ངེས། །
ཡི་དམ་ལྷག་པའི་ལྷ་མཆོག་ཀཱི་ལ་ཡའི། །
སྐུ་གསུང་ཐུགས་རྟེན་གནས་འདིར་བཞེང་བ་དང་། །
བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པ་ཉམས་བླངས་ནས། །
དོན་གྱི་ཕུར་བ་མཇལ་ལ་འབད་པར་རིགས། །
འདི་བྲིས་དགེ་བས་མཁའ་ཁྱབ་འགྲོ་བ་ཀུན། །
གནས་སྐབས་ཚེ་རིང་ནད་མེད་གང་བསམ་འགྲུབ། །
མཐར་ཐུག་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡི། །
གོ་འཕང་ཚེ་འདིར་འགྲུབ་པའི་རྒྱུར་གྱུར་ཅིག །
ཞེས་ཚིགས་སུ་བཅད་པ་འབྲས་ཆོས་ཉེར་ལྔའི་གྲངས་ལྡན་འདི་ཡང་གཡུ་སྨྱོན་ཡི་དམ་རྡོ་རྗེས་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ལོའི་བདུན་པ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོ་ལ་བྲིས་པ་འགྲོ་ཀུན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག ། དགེའོ། །
དགེའོ། །
དགེའོ། །
གནས་མཆོག་རྡོ་རྗེའི་བྲག་རྫོངས་ལ་ཆ་ཙམ་བསྔགས་པ་ཐར་ལམ་མྱུར་བགྲོད། མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ།
གནས་མཆོག་རྡོ་རྗེའི་བྲག་རྫོངས་ལ་ཆ་ཙམ་བསྔགས་པ་ཐར་ལམ་མྱུར་བགྲོད་བཞུགས་སོ། །
༼ས་མུ་ངོས་༽
ཨེ་མ་ཧོ།
ཆོས་སྐུའི་སྟོན་མཆོག་ཀུན་བཟང་ཚེ་མཐའ་ཡས། །
ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ། །
སྤྲུལ་སྐུ་རབ་བདུན་མཆེད་བརྒྱད་བདེ་གཤེགས་སྟོང་། །
ཡོངས་འདུས་གུ་རུ་རིན་པོ་ཆེ་ལ་འདུད། །
གངས་ཅན་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །
འགྲོ་བློའི་མ་རིག་མུན་སེལ་འཇམ་པའི་དབྱངས། །
གསང་ཆེན་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་། །
རིགས་གསུམ་འགྲོ་བའི་མགོན་པོ་ལ་ཕྱག་འཚལ། །
རྒྱལ་བ་ཀུན་འདུས་གུ་རུ་གྲོ་བོ་ལོད། །
ཡེ་ཤེས་སྤྱན་ལྡན་ལོ་ཆེན་བཻ་རོ་དང་། །
བྲག་རིར་ཐོག་མེད་དཔལ་ཆེན་དགའ་ལོ་སོགས། །
དཔོན་སློབ་བརྒྱུད་པར་བཅས་ལ་ཕྱག་འཚལ་ནས། །
རིགས་གསུམ་འཕགས་པས་བྱིན་གྱིས་བརླབས་པའི་གནས། །
ཨོ་རྒྱན་པདྨས་ཞབས་ཀྱིས་བཅགས་པའི་རི། །
བཻ་རོ་ཙ་ནས་སྒྲུབ་པ་མཛད་པའི་བྲག །
དཔལ་ཆེན་དགའ་ལོས་གྲུབ་རྟགས་བསྟན་པའི་རྫོངས། །
ཕྱི་ལྟར་ས་སྤྱོད་གནས་མཆོག་པོ་ཏ་ལ། །
ནང་ལྟར་མཁའ་སྤྱོད་དཔལ་རི་པདྨ་འོད། །
གསང་བ་འོག་མིན་ཞིང་མཆོག་བདེ་བ་ཅན། །
མཐུན་སྣང་མངོན་གྲུབ་རྡོ་རྗེའི་བྲག་རྫོངས་གནས། །
མཆོག་དམན་བར་མའི་གདུལ་བྱའི་བློ་ཁྱད་བཞིན། །
སྣང་ཚུལ་མ་ངེས་ཡོན་ཏན་བསམ་མི་ཁྱབ། །
དེ་ཕྱིར་མཐའ་དག་བརྗོད་པར་སྤོབས་མིན་ཡང་། །
དད་ལྡན་དྭངས་བ་འདྲེན་ཕྱིར་ཆ་ཙམ་འབྲི། །
སྤྱིར་ནི་བསྐལ་བཟང་འབྱུང་གནས་འཛམ་གླིང་འདིར། །
གནས་ཆེན་ཉེར་བཞི་ཡུལ་ཆེན་སུམ་ཅུ་གཉིས། །
ཧེ་རུ་ཀ་ཡི་གནས་བཅུ་དུར་ཁྲོད་བརྒྱད། །
གྲུ་འཛིན་རི་བོ་རྩེ་ལྔ་ཤམྦྷ་ལ། །
ཙ་རི་འབྲས་ལྗོངས་ཏན་ཏིག་ཡང་ཏིག་སོགས། །
སྦས་ཡུལ་སྒྲུབ་གནས་མང་བས་བྱིན་རླབས་ཆེ། །
ཁྱད་པར་རྒྱལ་མོ་རོང་འདིར་ཐུགས་ཆེན་སོགས། །
གནས་ཆེན་ཉེར་ལྔ་གནས་ལག་ལྔ་བཅུ་གཉིས། །
ཡང་ལག་བརྒྱ་རྩ་ལ་སོགས་མང་བཞུགས་ཕྱིར། །
དག་སྣང་ཅན་ལ་གང་བཞུད་སྐོར་ལམ་ཡིན། །
ཡང་སྒོས་གསང་ཆེན་རྡོ་རྗེའི་བྲག་རྫོངས་འདིར། །
སྔོན་ཚེ་པད་འབྱུང་སྟག་ལ་ཆིབས་ནས་བྱོན། །
བྱིན་ཆེན་དབབ་ཅིང་ཆོས་ནོར་གཏེར་མང་སྦས། །
སྡེ་བརྒྱད་དམ་བཏགས་གནས་གཏེར་སྲུང་མར་བསྐོས། །
བཻ་རོ་ཙཱ་ན་དཔོན་སློབ་སྒྲུབ་གནས་མཛད། །
གྲུབ་པའི་ཆུ་མིག་གཏེར་ནས་བཏོན་པ་དང་། །
སོ་སོའི་སྒྲུབ་ཕུག་ཡི་གེ་རང་བྱོན་མང་། །
གྲུབ་པའི་རྟགས་བཞག་བྱིན་དབབ་རབ་ཏུ་གནས། །
དགའ་ལོ་པ་ཞེས་ལྷ་ལུང་དཔལ་རྡོར་བྱོན། །
གནས་དབུས་ལྷ་ལུང་ཕུག་ཏུ་ཞག་བདུན་བཞུགས། །
གནས་འདིར་བྱིན་དབབ་ལྷ་འདྲེ་དམ་ལ་བཏགས། །
བཀའ་རྟགས་ཕྱག་གི་རི་མོ་རྡོ་ལ་བཀོད། །
རྔུལ་གཟན་བྱབས་པའི་རི་མོ་བྲག་ལ་དོད། །
སྲིན་མོ་བྲེད་སྔངས་བཤང་གཅི་ཤོར་རྗེས་ཡོད། །
མདུན་ཟུར་ནང་སྐོར་བྲག་གི་ངོས་གཡས་ལ། །
དགའ་ལོའི་ཕྱག་བྲིས་རྡོ་དཀར་ཡིག་དྲུག་དང་། །
དེ་འཕྲོར་རྡོ་བསྐོས་སྐུ་བརྙན་གསུང་བྱོན་མ། །
ཁྱད་འཕགས་བྱིན་རླབས་ལྡན་པའི་རྟེན་མཆོག་ཡིན། །
ཆུ་ཁར་སྲིན་མོ་ཕ་ཝཾ་ནང་གབ་ཚེ། །
དཔལ་ཆེན་དགའ་ལོས་ཕ་ཝཾ་འདམ་ལྟར་བརྫིས། །
གནས་ཡིག་འདིའི་མ་དཔེར་འདི་མན་མ་ཚང་། །
གནས་སྒོ་ཕྱེས་མཁན་དང་གནས་ཡིག་མཛད་པ་པོ་ནི་མགོ་སྤྲུལ་གར་དབང་འཇིགས་མེད་རྣམ་རྒྱལ་ལོ། །
སྦས་གནས་གསང་སྔགས་མཐོང་བ་དོན་ལྡན་གྱི་གནས་འདུས་སོགས་གསལ་བར་བཀོད་པ་ཐོས་པ་དོན་ལྡན། བླ་མ་གསལ་སྟོབས།
སྦས་གནས་གསང་སྔགས་མཐོང་བ་དོན་ལྡན་གྱི་གནས་འདུས་སོགས་གསལ་བར་བཀོད་པ་ཐོས་པ་དོན་ལྡན་ཞེས་བྱ་བ་བཞུགས།
༼སྦྲུལ་མདོ༽
ཨེ་མ་ཧོ། སྟོང་ཆེན་སྤྲོས་པ་མཐའ་བརྒྱད་བྲལ་བའི་དབྱིངས། །
གསལ་སྣང་འགག་མེད་ཆོས་ཀུན་རོ་མཉམ་པའི། །
འཛིན་མེད་རང་གྲོལ་རང་བཞིན་གཉུག་མའི་གཤིས། །
ཤར་གྲོལ་ཀློང་ཐིམ་རྩལ་སྣང་བདེ་བ་ཆེ། ས་མ་ཡཱ༔ དེ་ལ་འདིར་ལས་དང་སྐལ་བ་ལྡན་པའི་དད་ལྡན་ཕོ་མོ་རྣམས་ཀྱི་བསོད་ནམས་བསགས་པའི་ཞིང་ས། སྔོན་ལྷ་དཔལ། བཻ་རོ། གཡུ་སྒྲ་སྙིང་པོ་སོགས་གྲུབ་བརྙེས་རིག་འཛིན་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་ཕྱག་གིས་མེ་ཏོག་འཐོར་བའི་གནས། སྦས་གནས་གསང་སྔགས་མཐོང་བ་དོན་ལྡན་འདིར་གནམ་ལོ་རྟ་ལོ་ནམ་ཤར་དུས་ཀྱི་ཆོ་འཕྲུལ་ཟླ་བ་ནས་བཟུང་། གནས་འདིའི་ཉེ་ཕྱོགས་རྩི་ཤིང་ཐམས་ཅད་ལ། །
རྟ་རྨིག་ཙམ་ཡང་མེད་པར་ཡིག་འབྲུས་གང་། །
ཕྱག་སྐོར་ལན་གཅིག་བྱས་པའི་ཕན་ཡོན་ནི། །
ཡིག་དྲུག་དུང་ཕྱུར་དྲུག་ཅུ་བཏོན་དང་མཚུངས། །
དུས་ཆེན་རྣམས་ལ་བགྲང་མི་ནུས་པར་ཐོབ། དུས་རྒྱུན་ཡིག་དྲུག་དུང་བདུན་འཐོབ་བོ་ཞེས། །
རིག་འཛིན་བརྒྱུད་བཅས་ལུང་རིག་ཡབ་སྲས་གསུངས། །
གནས་མཆོག་འདི་ལ་ཕྱག་སྐོར་བྱས་པ་དང་། །
སཙྪ་མཆོད་རྟེན་མ་ཎི་རི་ཁྲུས་དང་། །
རླུང་རྟ་དར་རྒོད་ལ་བཙས་བལ་ཚོན་བཅས། །
སུས་བྱས་ཚེ་འདིའི་བར་ཆད་ཀུན་ཞི་ཞིང་། །
བསྐལ་པ་མང་པོའི་སྡིག་སྒྲིབ་བག་ཆགས་འདག །ཕྱི་མ་རིགས་གསུམ་མགོན་པོའི་ཞིང་དུ་སྐྱེ། ལར་ཕ་ཝཾ་འདིའི་ནང་གསེར་དངུལ་མཚལ་གསུམ་གྱིས་བྲིས་ནས་ཆུ་དར་སྔོན་པོས་དྲིལ་བའི་མ་ཎ་ིབཀའ་འབུམ་བཻ་རོས་གཏེར་དུ་སྦས་ཤིང་། ཕ་ཝཾ་གི་སྟེང་དུ་ཕྱག་མཛུབ་ཀྱིས་མ་ཎི་ཡིག་དྲུག་བྲིས་པ་ངོ་མཚར་ཆེ་བ་དང་། མཐར་རྨ་ཐོག་གི་སྤྲུལ་པ་གཏེར་སྟོན་ནུས་ལྡན་རྡོ་རྗེ་བྱོན་ནས་བཀའ་འབུམ་གདན་དྲང་ནས་སེམས་ཅན་འབུམ་ཚོ་བདུན་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་འགོད་པར་བྱེད་དོ། གནས་འདིའི་སྲུང་མ་གསང་སྔགས་བསྟན་སྐྱོང་ཞེས། །
སྐུ་མདོག་དམར་སྨུག་རྒྱལ་པོའི་ཆ་བྱད་ཅན། ལྷ་གཡག་ཁམ་ནག་གསེར་གྱི་སྣ་གོར་ཅན། །
དུང་སྐུད་སྣ་ཐག་རྭ་དར་ཤིགས་སེ་ཤིག །གསེར་གྱི་སྒ་ལ་དངུལ་དཀར་ཡོབ་ཆེན་ཅན། །
སྒ་ཁེབ་སྟག་དང་གཟིག་གི་པགས་པས་བཀབ། །
ཕྱག་གཡས་མདུང་དར་དམར་པོ་མཁའ་ལ་འ ཕྱར། །
གཡོན་པས་དུང་གི་རང་སྒྲ་སྒྲོགས་པ་ཡིས། སྙན་གྲགས་ཕྱོགས་རྣམ་ཀུན་ཏུ་ཁྱབ་པར་བྱེད། །
འཁོར་དུ་གཟའ་ཀླུ་གཏེར་གྱི་སྲུང་མས་བསྐོར། །
ཡུལ་འདིར་བཙའ་སད་སེར་གསུམ་ལོ་དགྲ་སྲུང་། །
འབྲུ་དགུ་ཡུང་བཅུ་འབྲས་བུ་ཐམས་ཅད་ནི། །
བསྐལ་པ་རྫོགས་ལྡན་བཞིན་དུ་སྨིན་པར་མཛད། ས་མ་ཡཱ།
བླ་མ་གསལ་སྟོབས་ཀྱིས་མཛད་པའི་གནས་ཡིག་འདིའི་མ་དཔེ་མཐོང་བའི་ཡུལ་ལས་འདས་ཀྱང་། གཡུ་རོང་བསྟན་བསྲུང་དང་། རབ་འབྱམས་གཉིས་ཀྱི་བློ་ལ་འདི ཙམ་འདུག་པ་ཡི་གེར་བཀོད་པའོ། །
། །
སྦས་གནས་རི་བོ་ཏ་ལའི་གནས་བསྟོད་ཐར་བའི་དེད་དཔོན། ཡི་དམ་རྡོ་རྗེ།
༼སྦྲུལ་མདོ༽
རྒྱལ་ཀུན་བརྩེ་ཆེན་རང་གཟུགས་སྤྱན་རས་གཟིགས།
མཁྱེན་པའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །
མཐུ་སྟོབས་ནུས་པའི་དཔལ་མངའ་གསང་བའི་བདག །
འཕགས་པ་རིགས་གསུམ་མགོན་པོས་ཤིས་པ་སྩོལ། །
རིག་འཛིན་གྲུབ་རིགས་ཡོངས་ཀྱི་གཙུག་གི་རྒྱན། །
ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་ཆེན་པོ། །
འགྱུར་མེད་བློ་གྲོས་མཐའ་ཡས་གང་གི་ཞབས། །
དུས་ཀུན་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །
འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན། །
དེ་ཡི་བྱང་ཕྱོགས་བསིལ་ལྡན་ཁ་བའི་ལྗོངས། །
མདོ་ཁམས་སྨད་ཕྱོགས་གཡུ་རོང་འཛིན་མའི་ཆར། །
སྦས་གནས་ཞེས་གྲགས་རི་བོ་ཏ་ལའི་གནས། །
སྔོན་ཚེ་ལོ་ཆེན་བཻ་རོ་ཙཱ་ན་ཡི། །
གདུལ་བྱ་དུས་བབ་རྒྱལ་མོ་རོང་དུ་ཕེབས། །
ཡུལ་ཀུན་གཏེར་གནས་སྒྲུབ་རིར་བྱིན་རླབས་ཚེ། །
སྦས་གནས་འཕགས་པའི་གནས་འདིར་སྒྲུབ་པ་མཛད། །
སྒ་མཁར་ཁྱིམ་རྟེན་མ་ཎི་བཀའ་འབུམ་དེ། །
ཆུ་དར་སྔོན་པོས་དྲིལ་ནས་རྫུ་འཕྲུལ་གྱིས། །
པོ་ཏིའི་དབྱིབས་ཅན་ཕ་ཝཾ་ནང་དུ་སྦས། །
མི་འགྱུར་ཡི་གེ་བདུན་པའི་རྟགས་ཀྱིས་གདབས། །
གཞན་ཡང་ཨོ་རྒྱན་རྗེ་དང་གཡུ་སྒྲ་སྙིང་། །
ལྷ་ལུང་དཔལ་རྡོར་གཏེར་ཆེན་ལུང་རིག་གླིང་། །
གཞན་ཕན་བཟང་པོ་འཇིགས་མེད་རྣམ་པར་རྒྱལ། །
དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས། །
འགྲོ་དོན་དུས་བབ་དུས་རྟགས་མངོན་གྱུར་ཚེ། །
གྲུབ་དབང་འགྱུར་མེད་བློ་གྲོས་མཐའ་ཡས་པས། །
འབྲེལ་ཚད་དོན་ལྡན་གནས་ཀྱི་སྒོ་འཕར་ཕྱེས། །
རྡོ་རྗེ་རྩེ་རྒྱལ་ལ་སོགས་གནས་སྲུང་བརྐོས། །
གསུང་མཆོག་ཡི་གེ་དྲུག་མའི་གཡས་གཡོན་གྱི། །
རྡོ་ཡི་ངོས་སུ་འཇམ་དཔལ་དཔའ་བོ་དང་། །
གསང་བའི་བདག་པོ་རང་བྱོན་ཉིད་དུ་གསལ། །
གྲུབ་ཆུ་འཐོར་འཐུང་བཀྲུས་པས་ནད་གདོན་སེལ། །
གནས་ཀྱི་ཉེ་འདབས་ནེའུ་ཞེས་པ་རུ། །
ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཆུ་དང་། །
རྡོ་དྲིལ་ཕུར་བུ་མདའ་གཞུའི་རྗེས་ཤུལ་དང་། །
ཕྱག་མཛུབ་ཀྱིས་བྲིས་མ་ཎི་ཡིག་དྲུག་ཡོད། །
རྟ་ཡི་ལོ་ལ་སྐུ་གསུམ་ཞིང་ཀུན་དང་། །
རྒྱ་བོད་གནས་ཀུན་བྱིན་ནུས་འདི་རུ་འདུས། །
གནས་འདིའི་རྩི་ཤིང་ས་རྡོ་ཐམས་ཅད་ཀུན། །
སྐུ་ཡིག་ཕྱག་མཚན་ཡི་གེ་དྲུག་མས་གཏམས། །
དེ་དུས་བསྐོར་བ་ལན་གཅིག་བྱས་པ་ན། །
ཡིག་དྲུག་དུང་ཕྱུར་དྲུག་ཅུའི་ཕན་ཡོན་དང་། །
ནམ་རྒྱུན་གསུང་མཆོག་རྒྱལ་པོ་ཡི་གེ་དྲུག །
དུང་ཕྱུར་བདུན་གྱི་ཕན་ཡོན་འཐོབ་པར་གསུངས། །
དེ་ལྟར་གནས་བསྟོད་ཐར་བའི་ལམ་སྟོན་འདི། །
སྔོན་བྱོན་དམ་པའི་གསུང་ལ་བརྟེན་ནས་བྲིས། །
དགེ་བས་མ་གྱུར་མཁའ་མཉམ་འགྲོ་བ་རྣམས། །
རིགས་གསུམ་སེམས་དཔའི་ཞབས་དྲུང་འཁོད་གྱུར་ཅིག །
ཅེས་པ་འདི་ཡང་ཡི་དམ་རྡོ་རྗེས་ལྕགས་སྟག་ས་ཟླའི་དཀར་ཕྱོགས་དགའ་བ་གསུམ་པ་ལ་བྲིས། །
གནས་མཆོག་གྲུ་འཛིན་བདེ་ཆེན་འགྱུར་མེད་རྫོངས་དཔལ་ལྡན་ཡོན་ཏན་བརྩེགས་པའི་དགའ་ཚལ་ཆེན་པོར་ཅུང་ཟད་བསྟོད་པ་གཞན་གསོས་བུ་མོའི་དྲུག་འགྱུར། ཡི་དམ་རྡོ་རྗེ།
གནས་མཆོག་གྲུ་འཛིན་བདེ་ཆེན་འགྱུར་མེད་རྫོངས་དཔལ་ལྡན་ཡོན་ཏན་བརྩེགས་པའི་དགའ་ཚལ་ཆེན་པོར་ཅུང་ཟད་བསྟོད་པ་གཞན་གསོས་བུ་མོའི་དྲུག་འགྱུར་ཞེས་བྱ་བ།
༼གླ་ཡུམ༽
རྒྱལ་ཀུན་བརྩེ་ཆེན་མཚན་དཔེའི་སྐུར་སྨིན་ཁམས་གསུམ་འགྲོ་བའི་དཔལ་ཤར་ཡང་། །
སྨོན་ལམ་མཆོག་གི་སྤྱ༵ན་ར༵ས་ཡངས་པས་བསིལ་ལྡན་ཁ་བའི་ལྗོངས་ཉིད་དུ། །
རྣམ་ཀུན་གཟི༵གས་པའི་དམ་བཅའ་ལེགས་བཟུང་གང་འདུལ་སྤྲུལ་པའི་ཉིན་བྱེད་འབུམ། །
མངོན་པར་སྤྲོ་མཛད་གྲུ་འཛིན་མགོན་དེས་ཀུན་ནས་ཤིས་པའི་དགེ་ལེགས་སྩོལ། །
བསྟ༵ན་པའི་སྙིང་པོ་སྙིང་ཐིག་མན་ངག་ཞུན། །
སྙིང་གི་ཐིག་ལེར་སྲུ༵ང་ཞིང་ཚེ༵་ཆོས་འདིར། །
ས་ལམ་དབ༵ང་བར་འདུན་སོགས་བཞེད་སྐོང་ཕྱིར། །
གཞན་གསོས་བུ་མོའི་དྲུག་འགྱུར་སྒྲོག་ལ་བྲེལ། །
འཛམ་གླིང་ཡང་རྩེར་འགྱིང་བ་ཡི། །
གངས་ཅན་ཤར་ཕྱོགས་མདོ་ཁམས་སྨད། །
གཡུ་ལུང་དགའ་བ་བརྒྱ་ལྡན་པའི། །
ས་ཡི་རྟེན་ཕུར་འཕགས་པའི་གནས། །
གྲུ༵་འཛི༵ན་མགོན་པོས་གྲུ་འཛིན་ཞིང་ནས་བྱིན་རླབས་འོད་དཀར་འདི་རུ་སྤྲོས། །
རྒྱལ་བ་གཉིས་པས་རྒྱལ་བའི་བྱིན་ལྡན་ཟབ་གཏེར་གནས་འདིའི་ལྟོ་བར་བསྟིམས། །
གཡུ་མཚོའི་བདག་པོས་གཡུ་མཚོའི་ཀློང་ནས་གནས་གཏེར་བསྟན་པའི་སྲུང་མ་མཛད། །
བདེ༵་ཆེ༵ན་ཡེ་ཤེས་འགྱུ༵ར་བ་མེ༵ད་པ་ངང་གིས་འཆར་བའི་ཡང་རྫོ༵ངས་བསྔགས། །
སེང་ཆེན་རྗེ་དང་བཻ་རོ་གཡུ་སྒྲ་སྙིང་། །
ལྷ་ལུང་དཔལ་རྡོར་རྒྱལ་བ་ཀརྨ་པ། །
ཉི་ཟླ་སྙིང་པོ་ལུང་རིག་གླིང་པ་སོགས། །
དམ་པ་དུ་མས་ཞབས་བཅགས་བྱིན་གྱིས་བརླབས། །
རྒྱལ་བ་བྱང་ཆུབ་སྤྲུལ་པའི་རོལ་ག༵ར་དག་སྣང་ཆོས་ལ་མངའ་དབ༵ང་བསྒྱུར། །
བསམ་ཡས་ཆོས་ཚུལ་རྒྱ་མཚོའི་མཐར་སོན་འཇི༵གས་མེ༵ད་སྤོབས་པའི་མཆོག་ཐོབ་ཅིང་། །
མི་མཐུན་རྒོལ་བའི་ཕྱོགས་ལས་རྣ༵མ་རྒྱ༵ལ་གྲགས་སྙན་ཕྱོགས་སུ་གཡོ་བ་དེས། །
རབ་ཚེས་མེ་མོ་སྦྲུལ་་གྱི་ལོ་ལ་གནས་འདིའི་ཐོག་མའི་སྒོ་འཕར་ཕྱེས། །
གནས་འདིའི་ཕྱི་དབྱིབས་རྒྱལ་ཀུན་སྙིང་རྗེའི་གཏེར། །
སྡུག་བསྔལ་རང་གྲོལ་མགོན་གྱི་སྐུའི་རང་བཞིན། །
ཕྱོགས་ཀྱི་རི་ཕྲན་བྱེ་བས་འདུད་པ་ནི། །
ལྷ་བརྒྱའི་གཙུག་གི་ནོར་བུས་མཆོད་པ་འདྲ། །
ཕྱི་ལྟར་ས་སྤྱོད་ཞིང་ཁམས་པོ་ཏ་ལ། །
ནང་ལྟར་བཅོམ་ལྡན་བདེ་མཆོག་འཁོར་ལོའི་གནས། །
གསང་བ་འོག་མིན་ཆོས་དབྱིངས་ཕོ་བྲང་དངོས། །
དཔ༵ལ་ལྡ༵ན་ཡོ༵ན་ཏ༵ན་བརྩེ༵གས་པ༵འི་དག༵འ་བའི་ཚ༵ལ། །
ཡིད་འོང་ལྗོན་པའི་ཚལ་རྣམས་ཉམས་དགའ་ཞིང་། །
མེ་འབྲས་ལོ་མའི་སྐྱེད་ཚལ་མིག་གི་དཔྱིད། །
རི་སྐྱེས་རྩེད་འཇོར་རོལ་བ་བག་གྲོ་བས། །
མཐོ་རིས་དཔལ་ཡོན་ས་ལ་འཕོས་པ་འདྲ། །
ཤ༵ར་གྱི་མཐོངས་ཡངས་གྲོགས་ལམ་དཀར་པོར་རྒྱ་སྟ༵ག་ཁྲ་མོའི་འཛུམ་དྲུག་བཀྲ། །
ལྷོ༵་ཡི་རི་སྤུང་གཡང་གི་ལམ་མཛེས་གཡུ་འབྲུ༵ག་སྔོན་མོ་ཚང་ནས་རྡོལ། །
ནུ༵བ་རི་བཙན་པོས་འགག་སྒོ་ལེགས་བསྡམ་མཁ༵འ་ལྡི༵ང་དབང་པོས་སྒྲོ་གཤོག་བརྐྱངས། །
བྱ༵ང་རི་དར་གྱི་ཡོལ་བ་ལེགས་བྲེས་རུ༵ས་སྦ༵ལ་རྒྱལ་པོ་མཚོ་རུ་རྩེན། །
གནས་འདིར་རྒྱལ་ཀུན་གསང་གསུམ་བཀོད་པ་རྫོགས། །
འབྲེལ་ཚད་སྐུ་གསུང་ཐུགས་སུ་འགྲུབ་པའི་བརྡར། །
ཨོཾ་ཨཱཿཧཱུཾ་གསུམ་མ་བྲིས་རང་བྱོན་ལ། །
རྩ་གསུམ་ལྷ་དང་སྲུང་མའི་བྱིན་འོད་འཐིབ། །
གནས་དབུས་སྤྱ༵ན་གཟི༵གས་བྲ༵ག་གི་མདུན་ངོས་ན། །
གངས་ཅན་འགྲོ་བའི་སྐྱབས་གཅིག་འཇིག་རྟེན་དབང་། །
མ་བཀོད་མངོན་པར་གསལ་བའི་དགེ་མཚན་གྱིས། །
མོས་ལྡན་སྐྱེ་བོའི་ལས་སྒྲིབ་སྦྱོང་བར་བྱེད། །
གཡས་ཕྱོགས་འཇ༵མ་དབྱ༵ངས་བྲ༵ག་གི་ངོས། །
རལ་གྲི་པུསྟི་མདའ་དང་གཞུ། །
གཡོན་ཕྱོགས་གས༵ང་བད༵ག་གན༵ས་རི༵་ལ། །
གནམ་ལྕགས་རྡོ་རྗེ་རང་བྱོན་གསལ། །
ཡིད་འཕྲོག་བྲག་རིའི་ངོས་ན་རང་ཤར་བའི། །
གཡས་སུ་འཁྱིལ་བ་བཀྲ་ཤིས་ཆོས་ཀྱི་དུང་། །
སྲིད་ཞིའི་ཁམས་ན་འུར་བའི་སྒྲ་དབྱངས་ཀྱིས། །
རྩ་གསུམ་དམ་ཅན་དུས་ཀུན་གནས་འདིར་བསྡུ། །
སྨྲ་བའི་དབང་ཕྱུག་ལོ་ཆེན་བཻ་རོ་དང་། །
རྒྱལ་མོ་རོང་པ་གཡུ་སྒྲ་སྙིང་པོའི་ཞབས། །
མི་སྲུན་མཐར་བྱེད་ལྷ་ལུང་དཔལ་རྡོར་བས། །
སྒྲུབ་པ་མཛད་པའི་སྒྲུབ་ཕུག་བྱིན་ནུས་ལྡན། །
ནོ༵ར་བུ༵་བྲ༵ག་གི་གཡས་ངོས་ན། །
སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་། །
ཁྱུ༵ང་ཆེ༵ན་བྲ༵ག་གི་འདབ་རོལ་ན། །
ཐུབ་དབང་བཞེངས་སྐུ་རང་བྱོན་གསལ། །
གཞན་ཡང་གསུང་མཆོག་ཡི་གེ་དྲུག་མ་དང་། །
དཔལ་དགུའི་ཐུགས་སྲོག་ཧཱུྃ་ཡིག་དགུ་ཡིས་མཚོན། །
ཡིག་འབྲུ་ཕྱག་མཚན་བརྡ་རིས་མཆོད་རྫས་སོགས། །
མདུན་རོལ་བྲག་ངོས་རྣམས་སུ་མངོན་པར་བཀྲ། །
གནས་རིའི་དབུ་རྩེར་མཐོང་གྲོལ་ཆོ༵ས་རྩི༵ག་བྲ༵ག །
ཕྱི་ལྟར་གསུང་རབ་གླེགས་བམ་བརྩེགས་པའི་དབྱིབས། །
ནང་ལྟར་གཏེར་ཆོས་མཁའ་འགྲོའི་བརྡ་ཡི་མཛོད། །
གསང་བ་འབུམ་ཕྲག་རྒྱུད་ཀྱི་གཞལ་ཡས་ཁང་། །
གཡུ་སྒྲས་ཟར་གྱི་སྲིན་མོ་བཏུལ་བ་ཡི། །
བག་ཆགས་འཁོར་རྒྱུན་གཅོད་ཕྱིར་གནས་འདི་རུ། །
སྒྲུབ་པ་མཛད་ཚེ་བཻ་རོས་རྫུ་འཕྲུལ་གྱིས། །
གཏེར་ནས་བཏོན་པའི་སྒྲུབ་ཆུ་ནུས་བཅུད་ལྡན། །
གང་ཞིག་འཁོར་བའི་འཇིགས་པས་ཡིད་སུན་ནས། །
གཏན་བདེའི་ལམ་ལ་སྙིང་ནས་སྨོན་པ་རྣམས། །
སྐྱེ་འཆི་བར་དོ་སྒྲོལ་འཕྲང་ལ་ཞུགས་ན། །
ལུགས་འབྱུང་སྲིད་པའི་འཁོར་ལོ་ལྡོག་པར་འགྱུར། །
རྒྱལ་ཀུན་གསུང་གི་དབང་ཕྱུག་དབྱངས་ཅན་མ། །
གདུལ་དཀའི་གཤེད་དུ་ཁྲོས་པ་རེ་མ་ཏི། །
བཀའ་ཉན་མཁའ་འགྲོ་ཆུ་སྲིན་གདོང་ཅན་བཅས། །
ཆོ༵ས་སྐྱོ༵ང་བྲ༵ག་གི་ངོས་ན་ལམ་མེར་གསལ། །
ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་ཕྱིར་ཁྲོ་འཁྲུགས་རྔམ་པའི་དབུ་བརྒྱད་བརྗིད། །
སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་ཕྱིར་ཞི་ཞིང་བཞད་པའི་ཞལ་རས་མཛེས། །
བྱ་ར་བགྱིད་པའི་བྱ་རོག་དབུ་དང་སྤྱན་སྟོང་རབ་འབར་རཱ་ཧུ་ལའི། །
འཇིགས་རུང་སྐུ་བརྙན་རང་བྱོན་བཀྲ་བ་དམ་ལྡན་སྙིང་གི་དགའ་སྟོན་ཉིད། །
ཁམས་གསུམ་ལེགས་ཉེས་འབྱེད་པའི་སྤྱན་གཅིག་འཕྲུལ། །
དགྲ་སྙིང་དྲུང་ནས་འབྱིན་པའི་ཚེམས་གཅིག་གཙིགས། །
སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ནུ་གཅིག་མ། །
རལ་གཅིག་དབྱིངས་ཀྱི་རྒྱལ་མོ་བཀྲག་ཏུ་འབར། །
བདེ༵་གཤེ༵གས་དབྱི༵ངས་ཀྱི༵་སྒྲུ༵བ་ཕུ༵ག་ན། །
དཔལ་དགུའི་བསྲུང་བཟློག་འཁོར་ལོ་རྣམས། །
བསྲུང་དང་བཟློག་པའི་ནུས་ལྡན་པ། །
ལས་སྐལ་ལྡན་པའི་གཅེས་ནོར་ཉིད། །
གཡས་ཀྱི་ལུང་པར་རྡོ་རྗེ་གླུ༵་མ༵་ཡིས། །
རྒྱུད་མང་དབྱངས་དང་བསྡེབས་པའི་བརྡ་གླུ་ལེན། །
གཡོན་གྱི་ལུང་པར་རྡོ་རྗེ་གླི༵ང་བུ་མས། །
སྙན་འཇེབས་གླིང་བུའི་སྒྲ་ཡིས་བསྟོ༵ད་པར་བྱེད། །
མདུན་ཐང་རྡོ༵་རྗེ༵་ག༵ར་མ༵འི་བྲོ༵་ར༵་ན། །
གནས་གསུམ་དཔའ་བོ་མཁའ་འགྲོས་བྲོ་གར་འཁྲབ། །
མཆོ༵ད་སྤྲི༵ན་བྲ༵ག་ལ་རྡོ་རྗེ་མེ་ཏོག་མས། །
པདྨ་དཀར་པོའི་ཆར་བ་འབེབས་ཚུལ་མཛེས། །
འཇིགས་མེད་རྣམ་པར་རྒྱལ་བའི་ཕྱག་སོར་ལས། །
རྣམ་པར་འཕྲུལ་བའི་ཐུན་མིན་ཆ་ཚད་ཅན། །
སྒྲིབ་སེལ་མཆོད་རྟེན་སྤྱན་གཟིགས་ཡིག་དྲུག་སོགས། །
མཐོང་བ་དོན་ལྡན་རྟེན་མཆོག་བགྲང་ལས་འདས། །
རྒྱབ་དུ་རྔམ་བརྗིད་རྫ་སྤང་ལྷུན་པོ་སྤྲིན་དང་སྨུག་པའི་མགུལ་ཆིང་ཅན། །
རྩེ་མོ་དགུང་སྔོན་དབྱིངས་སུ་སྙེགས་པས་ཉི་ཟླ་རྣ་བའི་རྒྱན་དུ་སྤྲས། །
གཡས་གཡོན་གཡུ་མཚོ་ཟུང་གིས་མཛེས་པས་སྨན་གཏོར་རཀྟའི་མཆོད་པ་ཚང་། །
གནས་གཏེར་སྲུང་མ་སྐུ་ལྷ་དངུལ་རྫི་རྡོ་རྗེ་དབང་བསྡུད་རྩལ་དུ་གྲགས། །
བཀའ་ཉན་བློན་པོ་གསུམ་གྱིས་བསྟན་པ་སྐྱོང་། །
དགྱེས་སྐོང་ཀླུ་སྨན་གསུམ་གྱིས་ལོ་ཕྱུག་སྤེལ། །
ཡིད་འོང་ལྷ་སྲས་གསུམ་གྱིས་ཕྱྭ་གཡང་སྡུད། །
རབ་ཁྲོས་ལས་མཁན་གསུམ་གྱིས་བསྟན་དགྲ་སྒྲོལ། །
དུས་འགྱུར་འཚུབ་མས་སྐྱེ་འགྲོའི་རྒྱུད་གཡོས་རྟེན་གསུམ་བཤིག་བསྲེག་གཅོག་པའི་སྐབས། །
སྒྲིབ་ཀུན་སེལ་བའི་མཆོད་རྟེན་ཞལ་ཁེབ་འབྲོག་མིས་སྦྲ་ཡི་སྒོར་བཞག་ཚེ། །
གནས་གཏེར་བདག་པོས་རྡོ་ཡི་ཆར་ཕབས་རྒད་པོ་བྲེད་ཅིང་སྔངས་བྱས་ཕྱིར། །
སུས་ཀྱང་གནས་འདི་གཞོམ་མ་ནུས་པའི་ངོ་མཚར་གཏམ་གྱིས་དྭངས་བ་འདྲེན། །
གྲུབ་པའི་དབང་ཕྱུག་ལུང་རྟོགས་རྒྱལ་མཚན་གྱིས། །
སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ཚེ། །
མནོལ་རྩོག་ཉམས་པའི་གྲིབ་ཀྱིས་མ་གོས་པའི། །
གནས་འདི་བྱིན་ལྡན་གཞན་ལས་འཕགས་ཅེས་བསྔགས། །
ཤར་རིའི་ཕྲག་ནས་ཆས་པའི་ཉིན་བྱེད་དབང་། །
དད་པའི་ཤུགས་ཀྱིས་གནས་འདིའི་མདུན་བདར་ཡང་། །
ངོ་མཚར་ཞིང་གི་བཀོད་པས་ཡིད་ཕྲོག་ནས། །
ཆུ་ལྷའི་པང་ནས་ཕྱི་མིག་ཡང་ཡང་ཤོར། །
སྒྲ་དབྱངས་ལྷ་མོའི་མིང་པོ་རི་བོང་འཛིན། །
གནས་འདིའི་སྙན་དང་གྲགས་པས་དྲངས་གྱུར་ནས། །
རྒྱུ་སྐར་ལྷ་མོ་རྣམས་དང་ལྷན་ཅིག་ཏུ། །
གླིང་བཞིའི་མཁའ་ལ་རྒྱུ་བའི་ཟོལ་གྱིས་ལྷགས། །
དྭངས་བསིལ་གཡུ་ཆུ་སྔོན་མོ་སྒེག་འགྲོས་ཀྱིས། །
མཐའ་བྲལ་ཀླུང་དུ་ལྟད་མོར་ཆས་པ་ཡང་། །
འཕགས་པའི་གནས་ཀྱི་ལང་ཚོར་ཡིད་ཆགས་ནས། །
གཡས་འཁྱིལ་ལན་དགུའི་དུང་བའི་ཟུར་མིག་ཤོར། །
ཕ་རོལ་རྨ་ལུང་དཀྱིལ་འཁོར་སྒང་ན་ལྷང་ངེར་བརྗིད་པའི་དེའུ་ཡང་། །
རིན་ཆེན་གཡུ་ཡི་མཆོད་སྟེགས་སྟེང་དུ་འདོད་འབྱུང་ཡིད་བཞིན་དབང་གི་རྒྱལ། །
ལེགས་པར་བཀོད་དེ་འཕགས་པའི་གནས་འདིར་མཆོད་སྤྲིན་སྟོབས་པའི་ངང་ཚུལ་དུ། །
ཕུན་ཚོགས་བྱེད་པོས་ཆེད་དུ་བསྐྲུན་པའི་ཡ་མཚན་ལྟད་མོ་མིག་གི་དཔྱིད། །
གནས་འདིར་ཕྱག་སྐོར་རྟེན་བཞེངས་སྒྲུབ་བརྩོན་ན། །
བྱིན་ནུས་སྟོབས་མྱུར་ཕན་ཡོན་རྒྱ་ཆེ་བ། །
གཞན་མའི་གནས་ལས་ཁྱད་པར་འཕགས་པའི་ཕྱིར། །
དུས་ཀུན་དགེ་ལ་འབུངས་ཤིག་གྲོགས་པོ་དག །
གནས་འདིའི་རང་བཞིན་ཐོས་པའི་ཚེ། །
སྐྱེ་བོ་ཕྱོགས་རེའི་མིག་ཅན་དག །
ཆགས་སྡང་གཏམ་ལ་མི་ཞུགས་པར། །
གནས་འདིར་ལན་ཅིག་ཕེབས་པར་འཚལ། །
བདག་སོགས་སྐྱེ་དང་སྐྱེ་བའི་ཕྲེང་བ་རུ། །
གནས་འདིར་དགེ་ལ་བརྩོན་པའི་གྲོགས་སུ་གྱུར། །
མཐར་ཐུག་མི་འབྲལ་ཚོམ་བུ་གཅིག་ཉིད་ཏུ། །
ངེས་དོན་སྤྱན་གཟིགས་རང་ཞལ་མཇལ་བར་སྨོན། །
དེ་ལྟར་ངོ་མཚར་གྲུ་འཛིན་གནས་མཆོག་ལ། །
བསྟོད་ཚིག་སྙན་པའི་གླུ་རུ་བླངས་པའི་དགེས། །
འགྲོ་ཀུན་ཞི་བ་མཆོག་གི་ལམ་བགྲོད་ནས། །
གྲུ་འཛིན་མགོན་པོའི་ཞབས་དྲུང་འཁོད་གྱུར་ཅིག །
ཅེས་གནས་བསྟོད་གཞན་གསོས་བུ་མོའི་དྲུག་འགྱུར་ཞེས་པ་འདི་ནི། མདོ་ཁམས་གཡུ་རོང་ཕྱོགས་ཀྱི་ཐུན་མིན་ཆོས་ཀྱི་མཆེད་པོ་དུ་མས་ལན་མང་བསྐུལ་བའི་ཞལ་ངོ་མི་ལྡོག་ཆེད། གང་དྲན་སྨྲ་བའི་སྨྱོན་པ་ཡི་དམ་རྡོ་རྗེར་འབོད་པས་རང་ཉིད་གནས་འདིར་ཐོག་མར་སླེབས་པའི་དུས་སྐབས་ཏེ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ཧོར་ཟླ་གཉིས་པའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་གནས་དེ་རུ་སྦྱར་བ་འགྲོ་ཀུན་འཕགས་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །
མྱི་གསར་གནས་བསྟོད་རིན་ཆེན་སྣ་བདུན། ཡི་དམ་རྡོ་རྗེ།
མྱི་གསར་གནས་བསྟོད་རིན་ཆེན་སྣ་བདུན་ཞེས་བྱ་བ། །
༼ཉུག་སར་༽
ཨེ་མ།
སྔོན་ཚེ་རྒྱལ་དབང་པདྨས་བྱིན་གྱིས་བརླབས། །
བར་དུ་རྣམ་སྣང་ལོ་ཙཱས་ཞབས་ཀྱིས་བཅགས། །
དེ་རྗེས་གར་དབང་འཇིགས་མེད་རྣམ་རྒྱལ་བས། །
མངའ་རིའི་གསུང་གི་གནས་སུ་ངོས་འཛིན་མཛད། །
སྟོད་ཕྱོགས་མྱི༵་མིན་ཙན་ཏན་སྡོང་པོ་དེ། །
སྨད་ཀྱི་གནས་འདིའི་སྲུང་མར་གས༵ར་བསྐོས་པས། །
མྱི་གསར་ཞེས་གྲགས་ངོ་མཚར་ཞིང་མཆོག་འདིར། །
ཐོག་མར་སླེབས་ཚེ་བསྟོད་དབྱངས་འཐེན་ལ་སྤྲོ། །
གྲོགས་དང་གཡང་གི་ལམ་བུ་རིང་ལ་མཛེས། །
ཀ་བཞི་སྲུང་བཞིའི་ས་དཔལ་ཀུན་ནས་རྫོགས། །
རྩེ་བརྒྱད་ལྷུན་པོའི་སྤོ་ན་ཡངས་པའི་མཁའ། །
རྩིབས་བརྒྱད་འཁོ༵ར་ལོ༵་རི༵ན་ཆེ༵ན་རྣམ་པར་ཤར། །
ཕྱི་ན་སྨན་དང་ལྗོན་པའི་དྲྭ་བས་སྤྲས། །
ནང་ན་ཆོས་དང་ནོར་གྱི་གཏེར་ཁས་གཏམས། །
དུང་སེང་གངས་ལ་འགྱིང་འདྲའི་གཡུ་རི་བྲག །
འདོད་འབྱུང་ནོ༵ར་བུ༵་རི༵ན་ཆེ༵ན་ངང་ཚུལ་འཛིན། །
གནས་གཏེར་བཀའ་ཡི་སྲུང་མ་མཐུ་རྩལ་ཅན། །
ཆོས་དང་ནོར་གྱི་བདག་པོ་དཔལ་ཡོན་ཅན། །
མྱི་གསར་ལྷ་མགོན་རྡོ་རྗེ་འོད་རབ་འབར། །
ཁྱི༵མ་བད༵ག་རི༵ན་ཆེ༵ན་གང་གི་དཔལ་ཡོན་མངའ། །
མདུན་རོལ་གཡས་གཡོན་དགྱེས་སྐོང་ཀླུ་སྨན་མཆེད། །
ཕྱི་ལྟར་དྭངས་བསིལ་རྙོགས་མེད་བདུད་རྩིའི་སྐྱེམས། །
ནང་ལྟར་སྨན་དང་རཀྟ་མཆོད་པའི་རྫས། །
བཙུ༵ན་མོ༵་རི༵ན་ཆེ༵ན་འདི་ལས་གཞན་དུ་མེད། །
མདུན་ན་འཇིགས་རུང་རྫ་བྲག་ནགས་ཀྱི་རི། །
མྱི་རྒོད་ལ་སོགས་སྡེར་ཆགས་བག་ཡངས་རྒྱུ། །
ཙཱ་རིའི་ཡ་ཐུབ་གནས་སྲུང་དཔའ་བོ་ནི། །
དམ༵ག་དཔོ༵ན་རི༵ན་ཆེ༵ན་ང་ཞེས་སྒྲོགས་དང་མཚུངས། །
མདུན་གཡོན་ཟླུམ་ལ་བརྗིད་པ་སྤང་གི་རི། །
ལེགས་ཚོགས་བཅུད་དུ་དྲིལ་བའི་དཔལ་ཡོན་ཅན། །
ཡག་ཐོག་ཞེས་གྲགས་ངོ་མཚར་མིག་གི་དཔྱིད། །
སྟོབས་ལྡན་གླ༵ང་པོ༵་རི༵ན་ཆེ༵ན་ངང་ཚུལ་འཛིན། །
ཉེ་ཆར་གདོང་རིང་ནགས་དང་ལྗོན་ཚལ་གྱི། །
ཟེ་རྔོག་སྤྲིན་ལྟར་ཕྱུག་པའི་ས་འཛིན་དཔལ། །
འགྲོས་ལྡན་ཅང་ཤེས་བང་རྩལ་བསྐྱོད་འདྲ་བ། །
རྟ༵་མཆོ༵ག་རི༵ན་ཆེ༵ན་ས་ལམ་མྱུར་བགྲོད་རྟགས། །
དེ་ལྟར་རིན་ཆེན་བདུན་ལྡན་གནས་མཆོག་གི། །
རང་བཞིན་གསལ་བར་བྱས་པའི་དགེ་བའི་མཐུས། །
བདག་སོགས་མཁའ་ཁྱབ་འགྲོ་བ་མ་ལུས་པ། །
རྣམ་གྲོལ་ལམ་ལ་འཇུག་པའི་རྒྱུར་གྱུར་ཅིག །
ཞེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ས་གླང་སྣྲོན་ཟླའི་དམར་ཕྱོགས་བཟང་པོ་གསུམ་པ་ལ་ཡི་དམ་རྡོ་རྗེར་འབོད་པས་གནས་དེ་རུ་བྲིས་པ་དགེ་ལེགས་འཕེལ། །
རྨོག་ཆེན་རྣམ་རྒྱལ་བྲག་རྫོངས་ཀྱི་གནས་བསྟོད་རྫ་བྱ་གོང་མོའི་གྲེ་འགྱུར། ཡི་དམ་རྡོ་རྗེ།
ཀུན་བཟང་ཆོས་སྐུའི་བླ་མ་འོད་མི་འགྱུར། །
ལྔ་ལྡན་ལོངས་སྐུའི་བླ་མ་རྡོ་རྗེ་སེམས། །
སྣ་ཚོགས་སྤྲུལ་སྐུའི་བླ་མ་ཐོད་ཕྲེང་རྩལ། །
སྐུ་གསུམ་ཡོངས་འདུས་བླ་མས་དགེ་ལེགས་སྩོལ། །
འཕགས་པའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས། །
འཛིན་མའི་ཐིག་ལེ་གཡུ་ཡི་སྨན་ལྗོངས་ཕྱུག །
པདྨ་རྣམ་པར་བཀྲ་བའི་གནས་མཆོག་ནས། །
ཤར་ཕྱོགས་རྟ་པའི་ཚུགས་ལམ་གཅིག་གི་མཚམས། །
ས་དམར་གཡུ་ཡི་མཚོ་མོའི་རྒྱབ་ཀྱི་ཕྱོགས། །
གཡུ་འབྲུག་ཆེ་ཆུང་འདུས་པའི་གཡོན་གྱི་ཆར། །
རྨོག་ཆེན་རྨོག་ཆུང་འདུས་པའི་དབུ་རྩེ་ན། །
རྣམ་རྒྱལ་བྲག་རྫོངས་སྐུ་གསུམ་ཕོ་བྲང་བརྗིད། །
སྟེང་ཁང་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །
ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །
ཉིད་ལས་མི་གཞན་རྒྱལ་བའི་འཁོར་ཚོགས་ལ། །
དགོངས་བརྒྱུད་ངེས་པ་དོན་གྱི་ཆོས་འཁོར་བསྐོར། །
བར་ཁང་མངོན་པར་དགའ་བའི་གཞལ་ཡས་ན། །
ལོངས་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །
ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་ཚོགས་ལ། །
ཐེག་ཆེན་ཆོས་ཀྱི་བགོ་སྐལ་འགྱེད་པའི་ཚུལ། །
འོག་ཁང་རྔ་ཡབ་སྲིན་པོའི་གྲོང་ཁྱེར་ན། །
སྤྲུལ་སྐུའི་སྟོན་པ་ཐོད་ཕྲེང་སྡེ་ལྔ་ཡིས། །
གདུག་ཅན་ཟ་བྱེད་སྲིན་པོའི་འཁོར་ཚོགས་ལ། །
གང་འདུལ་ཆོས་ཀྱི་གླུ་དབྱངས་བར་མེད་སྒྲོགས། །
ཕྱི་ལྟར་འདོད་དགུ་ཀུན་འབྱུང་གཏེར་གྱི་རི། །
ནང་ལྟར་སྐུ་གསུམ་རྒྱལ་བའི་ཕོ་བྲང་དངོས། །
གསང་བ་གསང་ཆེན་ཟབ་མོའི་ཆོས་ཀྱི་མཛོད། །
ལྷ་ཡུལ་ལས་ལྷག་དབེན་པའི་རི་འདི་རྨད། །
གཡས་ན་བདུད་རྩི་སྨན་གྱི་ཆུ་རྒྱུན་འབབ། །
གཡོན་ན་ཆགས་མེད་རཀྟའི་རྦ་རླབས་གཡོ། །
དབུས་རི་རྔམས་བརྗིད་དཔལ་གྱི་གཏོར་མ་སྟེ། །
གསང་ཆེན་སྒྲུབ་རྫས་མ་བཀོད་རང་བྱུང་མཛེས། །
རྩིབས་སྟོང་འཁོར་ལོའི་ནམ་མཁའ་མཐོང་ཡངས་ཤིང་། །
ས་དབྱིབས་འདབ་སྟོང་པདྨའི་མཛེས་སྡུག་དགོད། །
མཐའ་སྐོར་མི་མིན་སྡེ་བརྒྱད་དྲེགས་ཚོགས་ཀུན། །
སྐུ་གསུམ་གླིང་ལ་འདུད་པའི་ངང་ཚུལ་བཟང་། །
འོག་ཏུ་ངམ་གནག་རྫ་བྲག་རི་ལུང་འདུས། །
འཇིགས་རུང་རིགས་དྲུག་འཁོར་བའི་གཡང་ས་དང་། །
རྒྱབ་ཕྱོགས་ཉིན་ཡག་རྡོ་དཀར་ཉག་ལམ་གྱིས། །
གཏན་བདེའི་ཐར་ལམ་འདི་ཞེས་སྟོན་དང་མཚུངས། །
བགྲང་བྱ་བཅུ་ཕྲག་བདུན་གྱི་གོང་རོལ་ནས། །
གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་བས། །
གནས་འདིའི་སྒོ་ཕྱེས་མཐིང་མཚོ་ཕྱུག་མོ་དང་། །
གནས་སྲུང་ནོར་བུ་བསམ་འཕེལ་གཉིས་ལ་གཏད།
དམ་ལྡན་ཆོས་མཛད་བུ་བཞིན་སྐྱོང་བ་དང་། །
ལོག་ལྟ་ཅན་ཀུན་རྡུལ་དུ་རློགས་ཤིག་ཅེས། །
མི་འདའ་རྡོ་རྗེའི་ཐ་ཚིག་བསྒྲག་བྱས་ནས། །
རྡོ་རྗེའི་སྐྱ་བྲོ་འཁྲབས་པའི་ཤུལ་རྟེན་གསལ། །
རི་མཐོ་ལུང་གཟར་རྫ་བྲག་འཕྲང་བརྒལ་ནས། །
དབེན་པའི་གནས་མཆོག་རྒྱལ་བའི་ཕོ་བྲང་ལ། །
ལྷག་བསམ་དག་པས་མཇལ་ཕྱག་བསྐོར་བྱས་ན། །
གཞན་མའི་གནས་ལས་བྱིན་རླབས་ཆེ་བར་ངེས། །
གནས་འདི་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །
ཚེ་འདིར་འགལ་རྐྱེན་བར་ཆད་ཞི་བ་དང་། །
མཐར་ཐུག་སྐུ་གསུམ་རྒྱལ་བའི་དགོངས་ཀློང་དུ། །
དབྱེར་མེད་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །
ཅེས་པའང་ཡི་དམ་རྡོ་རྗེས་བྲིས། །
དཔལ་རི་བདེ་ཆེན་རྫོངས་ཀྱི་གནས་བསྟོད་མདོར་བསྡུས་ལྷ་ཡི་གྲུ་ཆར། ཡི་དམ་རྡོ་རྗེ།
དཔལ་རི་བདེ་ཆེན་རྫོངས་ཀྱི་གནས་བསྟོད་མདོར་བསྡུས་ལྷ་ཡི་གྲུ་ཆར་ཞེས་བྱ་བ།
༼ས་དམར་དགོན་ཤར༽
རབ་འབྱམས་སྲས་བཅས་རྒྱལ་བའི་གསང་གསུམ་གར། །
གཅིག་བསྡུས་འོ་མ་ཅན་གྱི་མཚོ་གླིང་དུ། །
ངོ་མཚར་པདྨའི་རྩེར་འཁྲུངས་པདྨ་རྒྱལ། །
དུས་ཀུན་དད་དང་གུས་པའི་ཡིད་གྱིས་བསྙེན། །
འཛམ་གླིང་མདོ་ཁམས་གཡུ་ཞེས་གྲགས་པ་ཡི། །
བྱེ་བྲག་དབང་མདོག་དགའ་བ་ལྗོངས་ཀྱི་ཉིན། །
དཔལ་རི་བདེ་ཆེན་རྫོངས་ཀྱི་གནས་མཆོག་ལ། །
བསྟོད་ཚིག་ལྷ་ཡི་གྲུ་ཆར་ཅུང་ཟད་འཐོར། །
སྔོན་ཚེ་ལོ་ཙཱ་བཻ་རོ་ཙ་ན་ཡིས། །
ཐུགས་བསྐྱེད་དུས་བབ་རྒྱལ་མོ་རོང་དུ་ཕེབས། །
གནས་འདིར་ཟབ་གཏེར་སྟོང་དང་ལྔ་བརྒྱ་སྦས། །
རྒྱལ་དབང་པདྨ་སྤྱན་དྲངས་བྱིན་གྱིས་བརླབས། །
ཁྱད་པར་དབང་དྲག་དཀྱིལ་འཁོར་ཞལ་ཕྱེས་ནས། །
སྐྱེས་བུ་མཆེད་གསུམ་གནས་གཏེར་སྲུང་མར་བརྐོས། །
རྡོ་རྗེ་དགའ་བ་ཕྲིན་ལས་ཐོག་མེད་རྩལ། །
དབང་ཆེན་མཆོག་གྲུབ་རྩལ་ཞེས་མཚན་དུ་གསོལ། །
དེ་རྗེས་གར་དབང་འཇིགས་མེད་རྣམ་རྒྱལ་བས། །
རྫོངས་བདུན་གནས་ཀྱིས་འགྲོ་དོན་སྒོ་ཕྱེས་ཚེ། །
དཔལ་རི་བདེ་ཆེན་རྫོངས་ཀྱི་གནས་མཆོག་ཞེས། །
བགྲང་ཡས་འགྲོ་བའི་བསོད་ནམས་དཔལ་དུ་བསྐྲུན། །
དབུ་རྩེ་ཆོས་སྐུའི་གནས་མཆོག་ཉམས་དགའ་བ། །
བར་མཚམས་ལོངས་སྐུ་རིགས་གསུམ་མགོན་པོའི་རི། །
རི་འདབས་རྒྱལ་དབང་ཨོ་རྒྱན་ཆེན་པོ་ལ། །
རྗེ་འབངས་ཉེར་ལྔས་བསྐོར་བའི་གནས་སུ་གསུངས། །
སློབ་དཔོན་པདྨ་ཀཱ་རའི་སྐུ་ཡི་རྗེས། །
གཡུ་སྒྲའི་སྒྲུབ་ཕུག་སྤྲིན་གྱི་རི་མོ་ཅན། །
རྒྱལ་བ་མཆོག་དབྱངས་སྒྲུབ་ཕུག་གྲུབ་པའི་ཆུ། །
གནས་སྲུང་དྲེགས་པའི་གཙོ་བོའི་བླ་ཤིང་མཛེས། །
མཁའ་འགྲོའི་བྲོ་ར་དམ་པའི་རྐང་གླིང་དང་། །
སློབ་དཔོན་ཤནྟིཾ་གརྦྷའི་ཐུན་རའི་རྗེས། །
ཐང་རྒྱལ་སྒྲུབ་ཕུག་ཆོས་དུང་གཡས་སུ་འཁྱིལ། །
སྐྱེ་འཆི་བར་དོ་སྒྲོལ་འཕྲང་རྨད་དུ་བྱུང་། །
མ་མགོན་ལྕགས་སྤྱང་ཕུར་བུའི་རི་མོ་དང་། །
ལྷུང་བཟེད་དང་ནི་གནྚི་རང་བྱོན་གསལ། །
འབྲུ་གསུམ་དང་ནི་ཡིག་འབྲུ་སྣ་ཚོགས་ཀྱིས། །
ཁོར་ཡུག་བྲག་གི་ངོས་ཀུན་ཡོངས་སུ་ཁྱབ། །
གནས་འདིར་དད་པས་ཕྱག་སྐོར་སྒྲུབ་བརྩོན་ན། །
ཚེ་འདིའི་རྐྱེན་ཞི་ཕྱི་མའི་ལམ་སྣ་ཟིན། །
དྭངས་བའི་སེམས་ཀྱིས་ཐལ་མོ་སྦྱོར་བས་ཀྱང་། །
སྲིད་རྩ་ཧྲུལ་བོར་བགྱིད་པ་གདོན་མི་ཟ། །
དེ་ལྟར་གནས་ཀྱི་རང་བཞིན་མདོར་བསྡུས་པ། །
ཤིན་ཏུ་ཉུང་ངུའི་ངག་གིས་གླེང་བའི་དགེས། །
བགྲང་ཡས་འགྲོ་བ་རིག་དྲུག་དུཿཁ་ལས། །
རྣམ་གྲོལ་ཞི་བ་མཆོག་གི་སར་བགྲོད་ཤོག །
ཞེས་པ་འདི་ཡང་ཡི་དམ་རྡོ་རྗེར་འབོད་པས་ལྕགས་སྟག་ས་ཟླའི་ཡར་ཚེས་ལྔའི་ཉིན་བྲིས་པ་དགེ། །
གནས་བསྟོད་འབྲེལ་ཚད་མྱུར་གྲོལ། མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ།
དག་སྣང་སྐུ་གསུམ་དགོངས་མཛོད་ལས༔
གནས་བསྟོད་འབྲེལ་ཚད་མྱུར་གྲོལ་བཞུགས༔
སྐུ་གསུམ་ཡོངས་འདུས་གུ་རུ་རྗེར། །
རང་རིག་རང་ངོ་ཤེས་པས་འདུད། །
འབྲེལ་ཚད་འགྲོ་རྣམས་མྱུར་གྲོལ་ཕྱིར། །
གནས་ཀྱི་ཡོན་ཏན་ཆ་ཙམ་བསྟོད།
སྔོན་ཚེ་རྡོ་རྗེ་གྲོ་ལོད་ཀྱིས། །
རྩུབ་འགྱུར་རྒྱལ་མོ་ཚ་རོང་གི །
གནས་ཆེན་རྒྱལ་མོ་མུ་རྡོ་དང། །
ཝ་སེང་བྲག་སོགས་ལྔ་ཚན་ལྔའི། །
གནས་རྣམས་བྱིན་གྱིས་བརླབས་པའི་ཚེ། །
མཁས་པ་བཻ་རོ་ཙ་ན་དང་། །
གཡུ་སྒྲ་སྙིང་པོ་སོགས་བཅས་བྱོན། །
རྫ་བྲག་རིན་ཆེན་འབུམ་བརྩེགས་མདོར། །
མ་རུང་གདུལ་བར་དཀའ་བ་རྣམས། །
འཆོར་མེད་བཅིང་པ་ལྔས་བཅིངས་ཏེ། །
དམ་སྲི་སྔགས་པའི་གཟུགས་ཅན་དང་། །
བདུད་སྲིན་ཕག་གདོང་དབྱིངས་སུ་བསྒྲལ། །
སྙིགས་མའི་ལུས་གཟུགས་ཐབས་མཁས་ཀྱིས། །
སྲ་མཁྲེགས་རྡོ་ཡི་རྣམ་པར་བཞག །
དེ་འཁོར་ཀླུ་འབུམ་གཉན་ཁྲི་དང་། །
ས་བདག་སྟོང་དང་ལྷ་རིགས་བརྒྱ། །
སྡེ་བརྒྱད་དཔུང་བཅས་མ་ལུས་པ། །
དམ་བཏགས་རང་རྟགས་སྲོག་སྙིང་ཕུལ། །
དཀར་ཕྱོགས་སྐྱོང་རྣམས་འཁོར་དུ་བཀོད། །
ནག་ཕྱོགས་སྐྱོང་རྣམས་གདན་བྱས་སྟེང་། །
བྲག་དམར་བདེ་གཤེགས་འབུམ་རྫོངས་ཞེས། །
འགྱུར་མེད་སྲ་བརྟན་རྡོ་རྗེའི་བྲག །
སྐུ་གསུམ་ཡོངས་རྫོགས་ཕོ་བྲང་བཀོད། །
ས་རྡོ་རི་བྲག་རྩི་ཤིང་ཆབ། །
ཐམས་ཅད་ཁྱད་འཕགས་སྒྲུབ་གནས་སུ། །
བྱིན་གྱིས་བརླབས་ཤིང་རབ་གནས་མཛད། །
ངོ་མཚར་གཏེར་ཁ་མང་དུ་སྦས། །
གསང་གསུམ་བརྡ་རྟགས་རྒྱ་ཡིས་བཏབ། །
བར་དུ་དཔལ་ཆེན་དགའ་ལོ་དང་། །
རྒྱལ་སྲས་མདོ་གཞེར་ནག་པོའི་མཚན། །
ཧཱུྃ་ནག་མེ་འབར་ཀརྨ་པ། །
ཧཱུྃ་རལ་ཁྲག་འཐུང་དཔའ་བོ་སོགས། །
ཞབས་ཀྱིས་བཅགས་ཤིང་བྱིན་རླབས་མཛད། །
ཡ་མཚན་ཆེ་བའི་གྲུབ་རྟགས་བཞག །
དེ་རྗེས་གནམ་མཚོ་གདན་རབས་དང་། །
ཁམས་གཏེར་གླིང་པ་རྣམ་གསུམ་སོགས། །
མཁས་གྲུབ་མང་པོས་སྒྲུབ་གནས་དང་། །
སྐུ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །
ཡེ་ཤེས་ཐུགས་རྗེའི་སྒྱུ་འཕྲུལ་ལས། །
རང་བྱུང་རང་ཤར་སྤྲུལ་པའི་གནས། །
འོག་མིན་ཞིང་དང་གཉིས་སུ་མེད། །
ས་སྤྱོད་གནས་ཡུལ་ཞིང་ཀུན་གྱི། །
དངོས་གྲུབ་བྱིན་རླབས་ཡོངས་སུ་རྫོགས། །
༈ ཕྱི་ལྟར་ཕུན་ཚོགས་ལྔ་ལྡན་ཞིང་། །
བྱ་རྒོད་ཕུང་པོའི་རི་དང་མཚུངས། །
དབུས་དང་གཡས་གཡོན་རི་བོ་གསུམ། །
དུས་གསུམ་སངས་རྒྱས་བཞུགས་པའི་ཚུལ། །
ཕྱོགས་མཚམས་རི་བྲག་ཐམས་ཅད་ནི། །
ཕྱོགས་བཅུའི་སངས་རྒྱས་འདྲེན་མཆོག་སྟོང་། །
སེམས་དཔའ་སེམས་མས་བསྐོར་བ་དང་། །
ཆོས་ཕུང་གླེགས་བམ་བརྩེགས་པའི་ཚུལ། །
ནགས་ཚལ་ལྗོན་ཤིང་གནས་བརྟན་ཚོགས། །
རྣམ་བཞིའི་འཁོར་དང་བཅས་པའི་ཚུལ། །
ནང་ལྟར་ངེས་པ་ལྔ་ལྡན་ཞིང་། །
ཞི་བས་འདུལ་བའི་སྣང་ཡུལ་དུ། །
རྡོར་དབྱིངས་དཀྱིལ་འཁོར་དང་མཚུངས་ཕྱིར། །
རི་རྣམས་གཤེགས་པ་གཤེགས་མ་དང་། །
བྲག་རྣམས་སེམས་དཔའ་སེམས་མ་དང་། །
ཁྲོ་རྒྱལ་ཡབ་ཡུམ་ཐུབ་པ་དྲུག །
ནགས་དང་ཚལ་རྣམས་སྤྲུལ་པ་ལ། །
རྡོ་ཤིང་ཕལ་རྣམས་ཡང་སྤྲུལ་ཚུལ། །
གདུལ་དཀའ་ཁྲོ་བོས་འདུལ་བའི་ངོར། །
ཁྲག་འཐུང་རོལ་བའི་དཀྱིལ་འཁོར་དངོས། །
བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་དགུའི། །
བརྡ་རྟགས་སོ་སོར་མ་འདྲེས་གསལ། །
འཕགས་པ་མཆོག་གི་གདུལ་བྱ་ལ། །
རྒྱ༵བ་རི༵་པོ༵་ཊ༵་ལ༵་ཡི་གནས། །
སེམས་ཉིད་ངལ་བསོའི་སྐུའི་བཀོད་པ། །
གདན་ཁྲི་དང་བཅས་རི་རབ་གཟུགས། །
གཡ༵ས་ཕྱོ༵གས་གདགས་རི་ལྕ༵ང་ལོ༵་ཅ༵ན། །
ཤིང་བྲག་རྡོ་རྗེ་དྲིལ་བུའི་དབྱིབས། །
ནུས་བསྐྱེད་གྲུབ་ཆུ་ཕྱག་རྡོར་ཕུག །
ཀླུ་ཆེན་བརྒྱད་གནས་ཆུ་མིག་བརྒྱད། །
གཡོ༵ན་ཕྱོ༵གས་ཀེ༵འུ༵་དེ༵་ཤ༵ན་རིར། །
བློ་འཕེལ་སྒྲུབ་ཕུག་གྲུབ་ཆུ་དང་། །
བྲག་དང་ཤིང་ཚལ་རལ་གྲི་དང་། །
ཨུཏྤལ་པོ་ཏི་མཚན་ཉིད་ལྡན། །
བྱེ་བྲག་ནུབ་ཀྱི་མཚན་གསོལ་གནས། །
ཆོས་སྐུའི་ཞིང་མཚོན་ཟླུམ་པོར་འཁྱིལ། །
སྐུ་ཡིག་ཕྱག་མཚན་གྲུབ་པའི་རྟགས། །
ཆོས་ནོར་གཏེར་གྱི་སྒོ་རྟགས་བཅས། །
གན༵ས་དངོ༵ས་རྨོ༵ག་བརྩེ༵གས་མཐོན་པོའི་རི། །
ཆོས་འཁོར་གདུག་ཏོག་དང་བཅས་དབྱིབས། །
རིགས་ལྔའི་ཞིང་དང་དབྱེར་མེད་རྟགས། །
སོ་སོའི་ས་བོན་ཕྱག་མཚན་དང་། །
བཻ་རོའི་སྐུ་བརྙན་ཕྱག་ཞབས་རྗེས། །
ཉི་ཟླ་ནོར་བུ་ཟླ་ཚེས་ཐིག །
གནམ་ལྕགས་རལ་གྲིའི་ཡུ་བ་ལ། །
ར་ཡིག་དཀར་པོས་མཚན་པ་བཅས། །
སྟེང་བར་དཔའ་བོའི་བྲོ་ར་ལ། །
ཧཱུྃ་ཧཱུྃ་ཨཾ་ལཾ་རཾ་ཏཱ་ཧཱ། །
བཛྲ་གུ་རུ་ངོ་མཚར་ཅན། །
སྤྲིན་འབྲུག་པི་ཝཾ་རུ་མཚོན་ལྡན། །
སྟེ༵ང་གཡ༵ས་རྟ་ཕག་སེང་གསུམ་གནས། །
རྟ༵་མགྲི༵ན་གན༵ས་སུ་ཧྲཱི༔ལཾ་ཧ། །
བཻ་རོའི་ཞབས་རྗེས་ཐོད་སྐམ་འབྲུག །
བརྡ་ཡིག་མདའ་རལ་སྐྱབས་སྦྱིན་རིས། །
མི་འཇིགས་སྐྱབས་སྦྱིན་ཕུག་རྣམས་ཡོད། །
ཕ༵ག་མོ༵་མཁའ་འགྲོའི་ཞབས་རྗེས་བཾ། །
གསང་ཆེན་ཕུག་རིང་རང་བྱོན་བཅས། །
སེ༵ང་གདོ༵ང་མ༵་ཡི་སེང་ཞལ་དང་། །
བིལྦ་རླུང་རིས་རྐང་གླིང་དང་། །
བཾ་ཏྭ་ཙ་ར་ཛཾ་ཡིག་བྷྲུཾ། །
བཻ་རོའི་རྣམ་རྒྱལ་ཕུག་དང་བཅས། །
གཡས་འོག་རྐྱེན་སེལ་གྲུབ་པའི་ཆུ། །
ཉེ་ཆར་ཧོར་ཡིག་སྤྲིན་རིས་ཐ། །
གཞུ་ཤུབ་དང་ནི་མཆོད་རྟེན་རིས། །
ཕྱག་རྗེས་བཻ་རོའི་གྲུ་མོའི་རྗེས། །
སྟེ༵ང་གཡོ༵ན་མ་གཤིན་ཕུར་གསུམ་གནས། །
ཕུ༵ར་བ༵ར་ཕུར་བུ་ཁྲོ་ཞལ་ཅན། །
ལས་བཞིའི་ཕུར་བུ་ཁྱུང་གཤོག་ཧྲཱི༔ །
པོ་ཏི་དྷིས་མཚན་བ་དན་ཏྲ། །
ནོར་བུ་བར་ཆད་ཀུན་སེལ་ཕུག །
གཤི༵ན་རྗེ༵ར་ལཉྫའི་དྷི་དབྱིབས་བྲག །
རལ་གྲི་བེ་ཅོན་ཐོད་དབྱུག་གཤོལ། །
མ་ཧེ་སྦལ་སྡིག་སྦྲུལ་གྱི་གདན། །
ཡ་ཡིག་འཆི་བདག་ཟིལ་གནོན་ཕུག །
མ༵་མོ༵ར་དྲག་སྤྱན་འོ་འཛིན་ཚེམ། །
ཞིང་དབྱུག་ཁ་ཊཱཾ་རུ་མཚོན་སྙིང་། །
ཐོད་ཁྲག་རྨ་བྱའི་རྒྱལ་མཚན་ཏྲག །
སྤྱང་གདོང་གློ་སྙིང་ཤིང་ཨོ་ཀེང་། །
རྔ་ཡབ་དཔལ་བེའུ་མི་གསལ་ཙམ། །
ཐོད་རྔ་ཀེང་མཚན་བཾ་ཧཱུྃ་ཧཱུྃ། །
ཝ་ཁ་རི་ཥ་ཤྲཱི་ནྲྀ་ཧོ། །
དགའ་བཞི་མངོན་རྫོགས་ཕུག་རིང་གསལ། །
རི༵གས་གསུ༵མ་སྐུ་མཚོན་བྲ༵ག་ངོས་སུ། །
པད་འབྱུང་སྐུ་དང་པད་གདན་ལེགས། །
ཧྲི་ཧྲི་ཧཱུྃ་ཧཱུྃ་མཱུཾ་པྱཾ་རཾ། །
ད་ནྲྀ་ད་ཆ་བསེ་རུའི་མགོ། །
འཁོར་ལོ་འཇའ་གུར་རྐང་གླིང་མེ། །
གྱེན་བརྩེགས་མཁའ་འགྲོའི་ཕུག་དང་བཅས། །
གཡོན་འོག་ཚེ་སྤེལ་གྲུབ་པའི་ཆུ། །
ཕུ་ཡིག་ཆུ་སྲིན་རྨ་བྱ་འབྲུག །
གསེར་སྦལ་གསེར་ཉ་དུང་སྦྲུལ་སོགས། །
ཆུ་གནས་ཚོགས་དང་ཕྱག་ཞབས་རྗེས། །
རྔ་ཡབ་ཆུ་རི་སྲིན་མོའི་རྗེས། །
ནོར་སྤུང་ནོར་བུ་དགའ་འཁྱིལ་བཅས། །
མདུ༵ན་ངོ༵ས་རི༵ག་འཛི༵ན་ཞི་དྲག་དང་། །
མ༵ཁའ་འགྲོ༵་སྡེ་ལྔ་སོགས་ཀྱི་གན༵ས། །
ཕག་ཞལ་དར་ཐག་བསེ་རུའི་མགོ། །
སྤྱི་བླུགས་མཆོད་རྟེན་སྤྲིན་དཀར་རིས། །
བརྡ་ཡིག་ཉི་ཟླ་ནོར་བུ་མེ། །
ཁ་ཊཱཾ་ཕུར་བུ་རྒྱལ་མཚན་གདུགས། །
ལྷ་ཆེན་སྲིད་མེ་ཨཾ་ཡིག་མཚན། །
པདྨ་བུམ་པ་ཧྲི་ཅན་སྒོ། །
སློབ་དཔོན་སྐུ་རྗེས་གཏེར་བུམ་ཞོ། །
གནམ་ལྕགས་རྡོ་རྗེ་ཐོད་པ་སྙིང་། །
རྩེ་མོ་རྡོར་ཕྱེད་རྩེ་གཅིག་ཕྱེད། །
ཆུ་གྲི་གྲི་ཐོད་ཙི་ཏྲ་མེ། །
ཟླ་ཚེས་གདན་ཁྲི་བྱང་ཆུབ་ཤིང་། །
བོད་དབྱངས་བཞི་སོགས་བུ་དྲུག་དང་། །
གསལ་བྱེད་སུམ་ཅུ་ཐོར་བུའི་ཚུལ། །
ཧྲི་བཾ་ཨ་ཧ་རི་ནི་ས། །
བཾ་ཊ་ཧྱ་ཧཾ་ཏ་རེ་ཏཾ། །
དྷ་ཨྃ་དྷི་ཤྲི་བཻ་ཌ་ཡཾ། །
བར་འོག་མ་ཚོགས་དཔའ་མོ་རྣམས། །
བྲོ་གར་མཛད་པའི་དོ་ར་ལ། །
འོད་སྲུང་འཕེལ་གདུང་བཅུ་གསུམ་རྟགས། །
མཁའ་འགྲོ་སྡེ་ལྔའི་ཞབས་རྗེས་ཅན། །
སྟག་སྒྲོ་ཏྲིས་མཚན་ནོར་བུ་དང་། །
སྤྲིན་འབྲུག་ཧ་དང་ཛས་བརྒྱན་པ། །
བྲོ་ར་ཞེས་གྲགས་ཚོགས་གཞོང་དང་། །
སྐྲ་རྗེས་ནོར་སྤུང་ཀལ་པིངྒ་། །
བཻ་རོའི་མཐའ་འདུལ་མཆོད་རྟེན་དང་། །
ཟོམ་ལྷམ་གཡས་པ་བསེ་རུའི་རྭ། །
འོད་གླིང་ཞབས་རྗེས་གཡུང་དྲུང་སོགས། །
དྲན་པ་ཡབ་སྲས་སྐུ་ཡི་རྗེས། །
དུང་དང་རལ་གྲི་མཆོད་རྟེན་འབྲུག །
ངོ་མཚར་ཆེ་བའི་རྫས་རྟགས་ལྡན། །
༈ པད་འབྱུང་འཇའ་ལུས་རྡོ་རྗེ་ཡིས། །
བུ་ཤིང་ལྕུགས་མའི་ཕོན་པོ་ལས། །
བརྟགས་པའི་རྟེན་འབྲེལ་ལུང་བསྟན་དང་། །
ཐུགས་བསྐྱེད་སྨོན་ལམ་ཞལ་བཞེས་ལྟར། །
འགྱུ༵ར་མེ༵ད་བློ་གྲོས་རྒྱ་མཚོ་ལས། །
ལེགས་འཁྲུངས་གཞ༵ན་ཕ༵ན་དབང་གི་རྒྱལ། །
བྲག་དམར་མདོ་སྔགས་ཆོས་གླིང་མཆོག །
བསྟན་འགྲོ་ཡོངས་ཀྱི་དཔལ་དུ་ཤར། །
གནས་དངོས་རིན་ཆེན་རང་བཞིན་བྲག །
སྐུ་གསུམ་ཡོངས་འདུས་འགྲོ་བའི་དཔལ། །
རིག་འཛིན་གཙོ་བོ་་པདྨ་འབྱུང་། །
རྒྱལ་བསེན་གདུལ་དཀའ་འདུལ་བའི་ཕྱིར། །
བཅོམ་ལྡན་པདྨ་དྲག་པོ་རྩལ། །
བར་གཅོད་དམ་སྲི་ཚར་གཅོད་ཕྱིར། །
རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །
རྣམ་འགྱུར་ཙམ་ལ་དབྱེར་མེད་པས། །
རྡོ་རྗེའི་དབྱིབས་དང་སྡིག་པའི་གཟུགས། །
གནམ་ལྕགས་ཕུར་བུའི་རྣམ་པར་སྣང་། །
ཡ༵ང་ད༵ག་བྲ༵ག་ལ་གཡས་ངོས་ནས། །
བཻ་རོ་གཡུ་སྒྲའི་ཞབས་རྗེས་དང་། །
འཆི་ཁའི་བར་དོ་གྲོལ་བྱེད་འཕྲང་། །
ཐང་རྒྱལ་མི་གཡོ་དཀར་པོའི་སྐུ། །
བྱ་ཕག་གླང་ཆེན་གདོང་གསུམ་ཡོད། །
ཀླུ་གཟུགས་གཉིས་དང་འཐོར་སྟབས་སུ། །
ཨོཾ་ཨཱཿཧཱུཾ་ཧྲཱི་བཾ་ཕཊ་བྷྱོ། །
ཨ་ཀ་ཙ་ཊ་ར་ས་ཡ། །
ཤ་ཧཾ་ཏཾ་བྷྲུཾ་ཝ་དུ་ཏི། །
ནེ་ཙོ་དང་ནི་ཁུ་བྱུག་གཟུགས། །
ཧ་བརྒྱད་ཉ་ད་བ་ལ་ཨ། །
ར་ཡུ་ན་གྃ་ཟླ་གམ་གཉིས། །
གྲི་བདུན་རྡོ་རྗེ་རྡོ་ར་སྦྲུལ། །
གླེགས་བམ་པད་གདན་དར་ཁེབ་ཅན། །
རྒྱལ་མཚན་པི་ཝཾ་ཤིང་ལེར་ཁཾ། །
ནོར་བུ་ཏྲཾ་མཚན་རྩེ་གསུམ་བྲག །
མི་གཡོ་སྒྲུབ་ཕུག་ཡང་དག་ཕུག །
ཀླུ་དབང་ཕུག་དང་དྲང་སྲོང་ཕུག །
ཉེ་ཆར་ཤ་མགོ་འབྲུག་སོགས་སྣང་། །
རྟ༵་མགྲི༵ན་བྲ༵ག་ལ་གནས་བདག་གི། །
སྤྲུལ་པ་གནོད་སྦྱིན་གཉན་རྗེའི་གཟུགས། །
ཧྲཱི༔དགུ་སྤྲིན་རིས་ཧྲཱི༔དང་བཅུ། །
ཨོཾ་ཨཱཿ་བཾ་སེཾ་ཧ་ཡ་ཧྱ། །
བྷ་བྷྲུཾ་ཌ་ཆ་རལ་གྲིར་ཧ། །
ཙིཏྟ་ཨཾ་མཚན་རཾ་ཅན་མེ། །
ཟླ་གམ་གཏེར་སྒྲོམ་ནོར་སྤུང་གདུགས། །
ཐོད་པ་དབང་ཆེན་ཡབ་ཡུམ་ཕུག །
ཉེ་ཞོལ་སེང་གདོང་སྐུ་དང་ནི། །
གྲིབ་གདོན་འཇོམ་པའི་གྲིབ་ཆུ་ཡོད། །
མགོ༵ན་པོ༵འི་བྲ༵ག་ལ་བིང་དབྱུག་དང་། །
ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡ། །
བཛྲ་ཡཀྴ་བེ་ཏ་ལི། །
ཧཱུྃ་ཕཊ་བཾ་ཏྭ་ཐོར་བུའི་ཚུལ། །
སྙིང་ཐོད་མེ་ལོང་དཔལ་མགོན་ཕུག །
གཤི༵ན་རྗེ༵་མ༵་མོ༵འི་བྲ༵ག་དག་ལ། །
བཻ་རོའི་ཞབས་རྗེས་ཨ་དྷིས་མཚན། །
གཞན་ཡང་ཞབས་རྗེས་ཕྱག་རྗེས་དང་། །
ཤྲཱི་ཡིག་ལྔ་དང་དྷི་གསུམ་ཨ། །
ཡ་མནྟ་ཀ་ཧཱུྃ་ཛ་ཤྲཱི། །
ཤྲཱི་བཾ་སེང་ཧ་རི་ཊཱཀྐི །
འབྲུག་གསུམ་ཧེ་བརྒྱད་བྷྱོ་བརྩེགས་བཞི། །
འབྲུ་བརྒྱད་ༀ་ཨཱཿཧཱུྃ་རཾ་ཛ། །
རིན་ཆེན་སྭ་མཚན་ནོར་སྤུང་ཏྲཾ། །
ལྗོན་ཤིང་ལྕགས་ཀྱུ་ཆུ་གྲི་མེ། །
རྒྱ་གྲམ་རྡོ་རྗེ་རྩེ་གཅིག་མགོ། །
དབང་པོ་དོན་སྙིང་མ་གཤིན་ཕུག །
ཕག་གཟུགས་ཏྲི་མཚན་སྦལ་ཁྱུང་འབྲུག །
མ་རུང་བསྒྲལ་ཕུག་འདུས་བྱེད་ཆ། །
བདུད་མོའི་སྤར་རྗེས་བསྒྲལ་ཕུག་རོ། །
བཻ་རོས་ཕྱག་མཛུབ་ཀྱིས་ཕུག་བྲག །
དུང་དང་སྒྲོམ་བུ་ཧྲཱིཿཡིག་མཚན། །
སྟོ༵བས་ལྡ༵ན་བྲ༵ག་ལ་གུ་རུའི་སྐུ། །
ཁ་ཊཱཾ་ཐོད་པ་སུམ་བརྩེགས་ལྡན། །
སྦྲུལ་ཆེན་སྟོད་དང་སྦྲུལ་དཀར་བརྒྱད། །
ལྗོན་ཤིང་ནོར་བུའི་འབྲས་བུ་ཅན། །
རྡོ་བྲག་ལས་བཞིའི་དབྱིབས་ཅན་དང་། །
ཚོགས་བདག་གླང་པོའི་གདོང་ཅན་སྐུ། །
ནོར་བུས་མཚན་པ་གྲུ་བཞི་སེར། །
ཆུ་ཡིག་སྙིང་པོ་རྣམ་གསུམ་དང་། །
འབྲུ་དྲུག་དང་བཅས་ལེགས་པར་གསལ། །
མ་ཧེ་སྦྲུལ་གཟིག་སོགས་ཀྱི་གདན། །
དཔུང་རྗེས་བཞུགས་གདན་དྲིལ་བུ་མེ། །
སྙིང་བརྒྱད་ཐུན་རྭ་དྲག་སྔགས་ཕུག །
གཏེར་སྒྲོམ་གཏེར་གྱི་བརྡ་རྟགས་སྒོ། །
ཧྲཱི༔ཧཾ་ཏཾ་བཾ་བ་ར་ལ། །
ཡ་ཞ་ད་ཧ་པ་ཙ་ཕཊ། །
རྩ༵་གསུ༵མ་ཡོངས་རྫོགས་བྲ༵ག་རིང་ལ། །
རིག་འཛིན་ཡོངས་རྫོགས་པད་འབྱུང་སྐུ། །
སྲ་མཁྲེགས་རྡོ་ཡི་རྣམ་པར་བཞུགས། །
སྡེ་བརྒྱད་ཀླུ་གཉན་དབང་དུ་སྡུད། །
དབུ་ཕྱག་མི་སྣང་འོད་དུ་གསལ། །
སྣང་སྲིད་མ་ལུས་ཟིལ་གྱིས་གནོན། །
དེ་བཞིན་སྣང་མིན་བཻ་རོའི་སྐུ། །
ཐུགས་ཀར་དྷི་ཡིས་མཚན་པ་དང་། །
བདུད་སྲིན་ཆུ་སྲིན་གདོང་ཅན་སྟེང་། །
ཆོས་ཉིད་བར་དོ་གྲོལ་བྱེད་འཕྲང་། །
བཻ་རོ་ཙ་ནའི་སྐུ་རྗེས་དང་། །
ཡེ་ཤེས་མཚོ་རྒྱལ་ཞབས་ཀྱི་རྗེས། །
གཞན་ཡང་ཕྱག་ཞབས་སྐུ་ཡི་རྗེས། །
སྨན་དང་རཀྟ་གཏོར་མ་དང་། །
ཤིང་ལོ་ཧྲཱི༔ཡིས་མཚན་པ་དང་། །
ཨ་ཡིག་ཟླ་བ་ལ་སོགས་གསལ། །
ཕུ༵ར་བ༵འི་གན༵ས་མཚོན་ཕུར་བུའི་དབལ། །
རྩེ་གསུམ་ཐོད་ཁྲག་བཞད་བྱ་བཾ། །
སྒྲོ༵ལ་མ༵འི་གན༵ས་མཚོན་ཨུཏྤལ་དང་། །
དགའ་འཁྱིལ་དུང་དཀར་ཁྱུང་གདོང་ཕུག །
ཏཾ་བདུན་ད་ཨ་ཀཱི་ལ་ཡ། །
མདུན་སྟོད་ཆེ༵་མཆོ༵ག་བྲ༵ག་གི་ངོར། །
རྩེ་གསུམ་ཨ་མཚན་ཐོད་ཁྲག་སྙིང་། །
ཧཱུྃ་ལྔ་ཤྲཱི་ཏཾ་ཧྲཱི༔ཧ་ཧྱ། །
ཨུ་ཙ་ཏ་མ་ར་ཡ་ཕཊ། །
ཤང་ཤང་སྨན་སྣ་རི་དྭགས་མགོ། །
སྨན་སྡོང་བདུད་རྩི་སྨན་ཕུག་བཅས། །
མདུན་སྨད་མཆོ༵ད་བསྟོ༵ད་བྲ༵ག་ངོས་ལ། །
མཁར་སིལ་ལྷུང་བཟེད་རྔ་ལྕགས་རྔ། །
ཀེང་སྟོད་ཀེང་རུས་སྒྲོ་དར་ཅན། །
རལ་གྲི་མདུང་དར་གྲི་ཐོད་སྙིང་། །
ར་མགོ་ར་སྐྱེས་དཀར་ནག་དང་། །
དུང་ཉ་ཨུ་མའི་གསང་རྟགས་བཅས། །
པ་ཊ་པྲ་བཻ་ཏྱྃ་ༀ་ཏྲཾ། །
བཛྲ་ས་དྷུ་ས་མ་ཡ། །
ཧཱུྃ་བཾ་ཧྲཱི༔ཧ་ཧཱུྃ་ཏཾ་ཤྲི། །
བྲག་མདུན་ཛཱ༔ཧཱུྃ་བཾ་ཧོའི་དབྱིབས། །
མདུན་གཡས་མཐའ་སྐོར་ཐང་ཡངས་པར། །
མཆོ༵ད་བསྟོ༵ད་གན༵ས་ཏེ་ཕུག་པ་དང་། །
ལས་བཞི་མྱུར་འགྲུབ་བྱ་སྐྱིབས་དང་། །
ཧྲཱི༔ཧཱུྃ་བཻ་རོའི་ངལ་བསོའི་རྗེས། །
སྐུ་རྒྱབ་རྗེས་དང་ཕྱག་ཞབས་རྗེས། །
བདུད་མོའི་འཕོང་རྗེས་ལུས་ཀྱི་རྗེས། །
དམ་སྲིའི་རོ་ཕྱེད་དུར་ཁྲོད་རྟགས། །
བམ་རོ་གར་བྱེད་རོ་གཞོང་བྱ། །
བམ་ཆེན་ལྷུ་དུམ་ནང་ཁྲོལ་དང་། །
མཁའ་འགྲོས་བྲོ་གར་མཛད་པའི་རྗེས། །
རི་ངོས་བྲག་གི་ངོས་ལོག་ལ། །
གྲོ་ལོད་སོགས་ཀྱི་ཞབས་རྗེས་དྲུག །
མེ་ཆུ་རླུང་རི་གཏེར་གྱི་སྒོ། །
གནས་རིའི་སྟོད་ཕྱོགས་གཡས་ཀྱི་ཆར། །
ནད་སེལ་གྲུབ་པའི་ཆུ་དང་ནི། །
ད་གཉིས་རི་སྐེགས་བྱ་དང་ནི། །
བྷྱོ་དང་ཊ་སོགས་གསལ་པོར་སྣང་། །
གཞན་ཡང་མི་མཐོང་མཐོང་འགྱུར་གྱི། །
རང་བྱུང་གྲུབ་རྟགས་དཔག་མེད་བཞུགས། །
གཡས་ཕྱོགས་གདག་རིར་ཐུ༵བ་དྲུ༵ག་བྲ༵ག །
བཻ་རོའི་ཟོམ་ལྷམ་ཡ་གཅིག་དང་། །
སྲིད་པ་བར་དོ་ལས་གྲོལ་འཕྲང་། །
འཇིགས་སྐྱོབས་ཕུག་སོགས་རང་བྱུང་མང་། །
གཡོན་ཕྱོགས་སྲིབ་རིར་སྒོ༵་སྐྱོ༵ང་བྲ༵ག །
དེར་ཡང་རང་རྟགས་ཕྱག་མཚན་དང་། །
སོ་སོའི་ས་བོན་ཡིག་འབྲུ་སོགས། །
རང་བྱུང་གྲུབ་རྟགས་མང་དུ་གསལ། །
༈ ཕྱི་ཡི་མཚམས་བཞིར་སྒྲུབ་གནས་བཞི། །
ཕྱོགས་བཞི་སྐྱོང་བའི་ཟོ་དོར་བཞི། །
མཆོ༵ད་རྟེ༵ན་བདུད་རྩི་འབྱུང་བའི་བྲག །
སྐུ་གསུམ་སྙིང་པོ་རང་བྱུང་གསལ། །
དག༵འ་གཤོ༵ང་རིན་ཆེན་འཁྱིལ་བའི་གནས། །
ངོ་མཚར་སྦས་ཡུལ་ལྟ་བུར་གབ། །
རྫ༵་ཁྲ༵་སྤོས་ངད་ལྡང་བའི་རིར། །
ཆོས་ནོར་གཏེར་ཁ་གྲངས་མེད་བཞུགས། །
དཔ༵ལ་རི༵་བདེ༵་ཆེ༵ན་རྫོ༵ངས་བྲག་ལ། །
རང་བྱུང་རྟེན་དང་གྲུབ་རྟགས་མང་། །
རི༵་དཀ༵ར་རྡོ་རྗེ་རྒྱལ་མཚན་ལ། །
ལུགས་གཉིས་སྐྱོང་བའི་དཔལ་ཡོན་མངའ། །
སྭ༵་ལེ༵གས་དཔའ་བོ་ཟངས་རྩེ་ལ། །
ལས་བཞི་ཐོག་མེད་བརྡ་རྟགས་མངོན། །
ཁྱུ༵ང་རི༵་ས་འཛིན་རྒྱལ་པོ་ནི། །
བཀའ་གཏེར་བསྟན་པ་སྲུང་ལ་དགྱེས། །
ལྷ༵་ལུ༵ང་མུ་ལ་འོད་དཀར་ནི། །
ཆོས་བོན་བཀའ་གཏེར་སྐྱོང་བའི་མགོན། །
གནས་བདག་བྲ༵ག་དམ༵ར་རྨོ༵ག་མཐོ༵་ལ། །
རྣམ་འགྱུར་སྤྲུལ་པ་བསམ་ལས་འདས། །
ཡུམ་མཆོག་མཚོ༵་སྨ༵ན་ཕྱུག་མོ་ནི། །
ཕྱྭ་གཡང་གཏེར་ལ་མངའ་དབང་མཛད། །
ཕྱི་སྐོར་རྒྱང་མཐོང་མུ་ཁྱུད་ཚུན། །
རྡོ་ཤིང་རི་བྲག་ཐམས་ཅད་ལ། །
རང་བྱུང་རྟེན་མཆོག་བགྲང་ལས་འདས། །
༈ བོན་གྱི་གདུལ་བྱ་འདུལ་བའི་ཕྱིར། །
བླ་ཆེན་དྲན་པ་ཡབ་སྲས་དང་། །
མཁའ་འགྲོ་ཀྱེ་མ་འོད་མཛེས་དང་། །
སྟག་ལྷ་མེ་འབར་ཨ་མི་འདྲེ། །
ཀན་ཇག་ཐང་ཏ་ཀུན་གྲོལ་གྲགས། །
འཁྲུལ་རྟོག་རང་སངས་འོད་ཟེར་གླིང་། །
རྒྱལ་བ་གཡུང་དྲུང་སོགས་ཀུན་གྱིས། །
འགྲོ་ལ་ཕན་ཕྱིར་གནས་མཆོག་འདི། །
བྱིན་གྱིས་བརླབས་ཤིང་བརྟན་བཞུགས་མཛད། །
རི་བྲག་ཤིང་སོགས་ཕྱི་ལྟར་ན། །
ལྷ་སྟོང་གཤེན་སྟོང་སྲིད་པ་སྟོང་། །
ལྷ་མོ་སྟོང་དང་ནང་ལྟར་ན། །
ཀློང་རྒྱས་ཞི་དང་ཁྲོ་བོའི་ལྷ། །
ཞི་ལྡན་རིགས་བརྒྱའི་དཀྱིལ་འཁོར་རྫོགས། །
གསང་བ་དབལ་གསས་དྲག་པོ་དགུའི། །
དཀྱིལ་འཁོར་ལྷ་ཡི་ཚུལ་དུ་གནས། །
ཡང་གསང་སྐུ་གསུམ་བདེ་གཤེགས་ཀྱི། །
ཞིང་ཁམས་ཀུན་གྱི་བྱིན་རླབས་འདུས། །
རང་བྱུང་རྣམས་ཀྱི་བྱིན་རླབས་ལ། །
བན་བོན་ཁྱད་པར་མ་མཆིས་ཕྱིར། །
གནས་ཀྱི་སྙིང་པོར་ནང་སྐོར་ལ། །
གཡས་སུ་བདུན་བསྐོར་ཡིག་དྲུག་དང་། །
གཡོན་དུ་བདུན་བསྐོར་འབྲུ་བརྒྱད་པ། །
དུང་ཕྱུར་རེ་རེའི་ཕན་ཡོན་འཐོབ། །
དེ་བཞིན་བརྒྱ་རྩ་བརྒྱད་བསྐོར་ན། །
དུང་ཕྱུར་བཅུ་གསུམ་བཟླས་དང་མཉམ། །
བསྐལ་ཆེན་བརྒྱ་ཡི་སྡིག་སྒྲིབ་འདག །
གློ་བུར་རྐྱེན་རྣམས་ཕལ་ཆེར་སེལ། །
སྟོང་རྩ་བརྒྱད་ཀྱི་གྲངས་བསྐོར་ན། །
བསྐལ་བ་སྟོང་གི་ལས་སྒྲིབ་བྱང་། །
སྔོན་ལས་མ་གཏོགས་ནད་གདོན་བགེགས། །
དུས་མིན་འཆི་སོགས་ཀུན་ལས་རྒྱལ། །
རྨོངས་པ་དད་མེད་དུད་འགྲོས་ཀྱང་། །
བཏང་སྙོམ་ལན་གཅིག་བསྐོར་བ་ཡིས། །
ཚེ་རབས་ལྔ་བརྒྱའི་སྒྲིབ་དག་ནས། །
མི་ལུས་གཙང་མ་འཐོབ་འགྱུར་ན། །
དད་པས་ཕྱག་མཆོད་ཕུལ་བ་ཡིས། །
ཕན་པའི་ཡོན་ཏན་ལྟ་ཅི་སྨྲོས། །
དཔའ་བོའི་བྲོ་ར་ཐུབ་དྲུག་དང་། །
སྒོ་བཞིའི་བྲག་བཅས་རྒྱང་གྲགས་ཙམ། །
བསྐོར་བ་ནང་སྐོར་ཕྱི་མ་ཞེས། །
དུང་ཕྱུར་རེ་དང་ཕན་ཡོན་མཉམ། །
དེ་ལ་བརྒྱ་དང་བརྒྱད་བསྐོར་ན། །
འཕྲལ་རྐྱེན་འཇིག་པ་བཅུ་དྲུག་སེལ། །
རྒྱབ་རི་དང་བཅས་བསྐོར་བ་ལ། །
བར་སྐོར་ཞེས་སུ་གྲགས་པ་ཡིན། །
བདུན་བསྐོར་བཅུ་དྲུག་རྟེན་ཚུན་གྲོལ། །
གང་ཞིག་དད་ལྡན་ལྷག་བསམ་ཅན། །
ཏིང་འཛིན་ལྡན་རྣམས་གནས་མཆོག་འདིར། །
ནང་སྐོར་ལན་གཅིག་བྱས་ཙམ་ཡང་། །
བྱིན་རླབས་ཡོན་ཏན་དཔག་ཏུ་མེད། །
ཁྱད་པར་རྟ་ལོ་རྟ་ཟླ་ལ། །
གནས་འདིར་དགེ་སྡིག་གྲངས་མེད་འཕེལ། །
དུས་ཆེན་རྣམས་ལ་འབུམ་ཕྲག་དང་། །
རྒྱུན་དུ་བརྒྱའམ་སྟོང་འགྱུར་འཕེལ། །
དེ་ཕྱིར་མཆོག་དམན་ཐམས་ཅད་ཀྱིས། །
བྲག་དམར་བདེ་གཤེགས་འབུམ་རྫོངས་ཀྱི། །
གནས་འདིར་ཕྱག་མཆོད་བསྐོར་བ་དང་། །
དད་གུས་རྟེན་བཞེངས་འབྲེལ་འཇོག་རེམ། །
དེ་ལྟར་དུས་བབ་རྟེན་འབྲེལ་གྱི། །
ཐབས་སྤྱོད་མཚམས་སྦྱོར་བཟང་པོར་བརྟེན། །
འདིར་བརྩོན་དུས་གསུམ་རྣམ་དཀར་བཅས། །
འཁོར་གསུམ་དམིགས་མེད་དབྱིངས་སུ་བསྡོམ། །
དེ་མཐུས་མཁའ་ཁྱབ་འགྲོ་བ་ཀུན། །
ལས་ཉོན་སྡུག་བསྔལ་ཀུན་གྲོལ་ནས། །
སྐུ་གསུམ་ཡོངས་འདུས་གོ་འཕང་མཆོག །
རིང་མིན་མྱུར་དུ་འགྲུབ་གྱུར་ཅིག །
བདག་ཀྱང་ནམ་མཁའ་ཇི་སྲིད་བར། །
འདོད་འབྱུང་ཡིད་བཞིན་ནོར་བུ་ལྟར། །
ཡིད་ཅན་སྐྱེ་དགུ་མ་ལུས་པའི། །
ཕན་བདེའི་འབྱུང་གནས་ཉིད་གྱུར་ཅིག །
ཞེས་མདོ་ཁམས་རྒྱལ་མོ་ཚ་བ་རོང་གི་གནས་མཆོག་ཆེན་པོ་རྫ་བྲག་རྨོག་མཐོའམ།བྲག་དམར་བདེ་གཤེགས་འབུམ་རྫོངས་ཀྱི་གནས་ཚུལ་དང་། རང་བྱུང་རྣམ་གྲངས་དང་དང་བཅས་པ་ལ་བ སྟོད་པའི་གཏམ་ཆ་ཡི་ཆ་ཙམ་བརྗོད་པ་འབྲེལ་ཚད་མྱུར་གྲོལ་ཞེས་བྱ་བ་འདི་ཡང་བསྟན་འགྲོའི་དཔལ་མགོན་དམ་པ་གནམ་མཚོ་མཆོག་སྤྲུལ་རིན་པོ་ཆེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་མཆོག་བཟང་ལེགས། དྲི་བྲལ་ལྷ་རེག་དང་བཅས་ཏེ་བཀའ་གནང་བསྩལ་བ་སྤྱི་བོར་མཆོད་པ་དང་། བཤེས་གཉེན་དམ་པ་སྐལ་བཟང་དར་རྒྱས་དང་། ཡོངས་འཛིན་སྐྱེས་མཆོག་བསྟན་འཕེལ་སོགས་བློ་གསལ་དཔྱོད་ལྡན་གྱི་གྲྭ་སློབ་ཡོངས་ཀྱིས་བསྐུལ་བའི་ངོ་མི་ལྡོག་ཆེད་ཙམ་དུ་དམིགས་ནས། སྔགས་བན་གར་དབང་འཇིགས་མེད་རྣམ་རྒྱལ་བས་བྲིས་པའི་དགེ་བས་གནས་དགོན་མཆོག་སྤྲུལ་བླ་སློབ་གྲྭ་འབངས་དང་བཅས་པའི་ཞབས་པད་བརྟན་ཅིང་། བཞེད་དོན་ཡིད་བཞིན་དུ་འགྲུབ་པ་དང་། འགྲོ་ཀུན་སངས་རྒྱས་འགྲུབ་པའི་རྒྱུར་འགྱུར་བར་ཤོག སརྦ་མངྒ་ལཾ། །
༈ ཁ་སྐོང་ཨུཏྤལ་ཆུན་པོ། ཡི་དམ་རྡོ་རྗེ།
རྩ་རྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །
དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་དང་། །
ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །
ལེགས་ཚོགས་བྱེ་བའི་མེ་ཏོག་ཆར་དུ་སྙིལ། །
དེ་ཡང་ཁ་བ་གངས་ཅན་གྱི་ལྗོངས་འདི་ནི་བདག་ཅག་གི་སྟོན་མཆོག་ཐུབ་པའི་དབང་པོས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་དམ་ཆོས་ཀྱི་ཉི་མ་འཆར་བར་ལུང་དུ་བསྟན་པར་མ་ཟད་རྒྱལ་དབང་པདྨ་ཀཱ་རས་གཏེར་སྦས་བྱིན་གྱིས་བརླབས་ཚུལ་ནི། གངས་ལྗོངས་ས་གཞི་རྟ་རྨིག་གང་ཙམ་ཡང༔ ཞབས་ཀྱིས་མ་བཅགས་མེད་པའི་བྱིན་རླབས་མཛད༔ གསུངས་པ་ལྟར་དང་།ཁྱད་པར་དུ་བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་དུ། དེ་ནས་བཻ་རོ་རྒྱལ་བློན་བཙུན་འབངས་བཅས༔ ཚ་བའི་རོང་གི་རྒྱལ་ཁམས་ཐམས་ཅད་ཉུལ༔ ཁྱད་པར་གནས་ཆེན་སུམ་ཅུ་རྩ་བརྒྱད་བཙལ༔ གནས་ཆེན་བྱིན་དབབ་ས་གཞི་བྱིན་གྱིས་བརླབས༔ ཟབ་མོའི་གཏེར་སྦས་སྲུང་མ་རྣམས་ལ་བཅོལ༔ བདེ་གཤེགས་སྤྱན་དྲངས་དངོས་སུ་བསྟིམས་བཞུགས་མཛད༔ རྒྱལ་བློན་འབངས་བཅས་བྱིན་ཆགས་བཞུགས་པ་ལ༔ བཻ་རོའི་ཐུགས་ལས་འོད་ཟེར་ནུབ་ཕྱོགས་འཕྲོས༔ རིག་འཛིན་གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་མཁའ་འགྲོ་སྡེ་བཞིའི་བསྐོར་ནས་བྱོན༔ ཞེས་སོགས་གསུངས་པའི་བོད་ཀྱི་རོང་ཆེན་བཞིའི་ནང་ཚན་ཤར་རྒྱལ་མོ་ཚ་བ་རོང་གི་ཆར་གཏོགས་པ་མདོ་ཁམས་གཡུ་མཁར་བདེ་སྐྱིད་ནོར་བུའི་ར་བ་རུ་གྲགས་པའི་གནས་མཆོག་འདིར་རྒྱལ་དབང་ཨོ་རྒྱན་ཆེན་པོ། ལོ་ཆེན་བཻ་རོ་ཙཱ་ན་སོགས་ཀྱིས་གཏེར་སྦས་བྱིན་དབབ། འཛམ་གླིང་གི་གནས་ཆེན་དག་དང་བྱིན་ནུས་མཉམ་པར་བྱིན་གྱིས་བརླབས་པའི་གནས་རྣམས་ཀྱི་གནས་ཡིག་ལོ་རྒྱུས་ཕལ་ཆེར་གོང་གསལ་ལྟར་ལས། དེ་དག་ཏུ་མ་འཁོད་པ་དང་། ལོ་རྒྱུས་ལྡན་པའི་གནས་རི་ཁ་ཤས་ཀྱི་ལོ་རྒྱུས་མདོར་བསྡུས་ཞར་བྱུང་ཁ་སྐོང་དུ་འགོད་ན། གཡུ་ཁྲོམ་གངས་ཀྱི་རི་བོར་རྒྱལ་དབང་པདྨས་སྒྲུབ་པ་མཛད་ཚུལ་ནི ། བདུད་འཇོམ་གླིང་པའི་བཀའ་བསྡུས་སུ། དེ་ནས་རྡོ་རྗེ་གཡུ་ཁྲོམ་དུ༔ ཞག་གསུམ་སྒྲུབ་པ་མཛད་ཅིང་བཞུགས༔ ཞེས་གསུངས་པ་དང་། རང་དགོན་གྱི་བླ་མ་རྒྱ་ཤུལ་ཆོས་དཔལ་རྒྱ་མཚོས་སྒྲུབ་གནས་ཁྱད་འཕགས་སུ་བསྔགས་ནས་ཁོང་ཉིད་ཡུན་རིང་བར་དེར་སྒྲུབ་ལ་གཞོལ་བ་དང་། གཡུ་མཚོའི་ཁ་ལ་བསྐོར་བ་ལན་གཅིག་བྱས་ན་སིདྡྷི་དུང་གཅིག་གི་ཕན་ཡོན་ཡོད་ཚུལ་གསུངས།
གཡུ་སྟོད་རྫ་ལུང་ནི་རྒྱ་ཤུལ་ཤེས་རབ་བཟང་པོས། ཐང་ཡིག་ཏུ། གཡུ་ཕུ་རྫ་ལུང་སྦས་པའི་གཏེར་ཁ་འདི༔ ཞེས་འབྱུང་བའི་གནས་ལག་དང་། ཁོང་རང་ཉིད་གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་སྤྲུལ་པ་ཡིན་པར་ཞལ་གྱིས་བཞེས་ཤིང་གཏེར་བླངས་ཚུལ་གྱི་ལོ་རྒྱུས་ཡོད།
ཤུག་འདབ་སྟོད་ཀྱི་བྲག་ཆོས་རྩིག་གི་ཕུ་མདའ་རྣམས་རྗེ་འབངས་ཉེར་ལྔའི་སྒྲུབ་གནས་ཡིན་པར་གྲགས། དེ་ཡང་ཧཱུྃ་ལུང་ན་ཧཱུྃ་ཡིག་བཀྲ་བའི་རྫ་རི་གུ་རུའི་གནས་དང་། ཉི་མ་རབ་ཁ་ནམ་མཁའི་སྙིང་པོའི་གནས། སྟག་རྗེས་སོག་པོ་ལྷ་དཔལ་གྱི་གནས། ལྷ་གཡག་བདུད་གཡག་དྲན་པ་ནམ་མཁའི་གནས། ཕ་ཝཾ་དཀར་མོ་རྨ་ཐོག་རིན་ཆེན་གྱི་གནས། གནས་ལུང་དུ་མཚོ་རྒྱལ་གྱི་ཞབས་རྗེས་ཡོད་པ་ཡེ་ཤེས་མཚོ་རྒྱལ་གྱི་གནས། བྲག་ཆོས་རྩིག་གི་ངོས་རྣམས་སུ་དཔལ་གྱི་རྡོ་རྗེའི་ཐལ་བྱུང་དུ་ཕུག་པའི་བྲག་རི། གནུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བྲག་ལ་བཏབ་པའི་ཕུར་རྗེས་སོགས་གྲུབ་བརྙེས་གཞན་རྣམས་ཀྱི་སྒྲུབ་གནས་སོ་སོར་ཡོད་ཅེས་མཁན་སྨན་བླས་གསུངས།
གསེར་གཞོང་ཁུག་གི་ལྗོན་ཤིང་ནི་སྔོན་མཁན་ཆེན་པདྨ་བཛྲ་གནས་འདིར་ཕེབས་སྐབས་ཕྱག་འཁར་སར་བཙུགས་ནས་བཞག་པ་སྐྱེས་ནས་ལྗོན་ཤིང་དུ་གྱུར་པ་ཞིག་ཡིན་ཞེས་བཤད་སྲོལ་ཡོད།
ན་སྣེ་དང་། དེའུ་འབེ། གཡུ་དགོན་ཉེ་འདབ་གསུམ་གྱི་ཚྭ་ཆུ་ནི་རིགས་གསུམ་སེམས་དཔས་བྱིན་གྱིས་བརླབས་པའི་གནས་ཚྭ་ཡིན་ཞེས་སྔོན་རྒྱ་ལྷས་གསུངས།
འཁྱིལ་ཆེན་ཁོག་གི་ཉིན་ཕྱོགས་ན་མ་གཤིན་ཕུར་གསུམ་གྱི་གནས་སྒོ་འབྱེད་རྒྱུ་ཡོད་པར་སྔོན་ཁྱི་ཤུལ་བླ་མ་རིག་བཟང་དང་། ཨ་རིག་གཉིས་ཀྱིས་གསུངས། དེ་ཡང་ཤོག་ཤོག་ནང་གི་རྡོ་ཕག་རང་བྱུང་ཡོད་པའི་རི་དེ་འོད་ཟེར་ཅན་མའི་གནས་དང་། གཤིན་རྗེའི་བྲག་སྟེ་གཤིན་རྗེའི་བསྙེན་པ་རང་བྱོན་ཡོད་པ་དེ་གཤིན་རྗེའི་གནས་དང། ཧ་མདོའི་བྲག་དེའུ་དེ་རྡོ་རྗེ་ཕུར་པའི་གནས་ཡིན་པར་བཞེད། འཁྱིལ་ཆེན་ཉིན་སྲིབ་ཀྱི་ཚྭ་གཉིས་པོ་ནི་དཔལ་དགའ་ལོ་པའི་གཏེར་ཚྭ་ཡིན་པ་དང་། ཉིན་ཚྭའི་བྲག་ངོས་སུ་ཕྱག་རྗེས་དང་། ལྷ་མོའི་དྲེལ་རྗེས། གྲི་བཙན་གྱི་ཁྱི་རྗེས། མཆོད་རྟེན་རང་བྱོན། གཏེར་སྒོ་གྲུ་བཞི། གཞན་ཡང་རྒྱལ་བ་ཀརྨ་པའི་རྟ་རྗེས་བཅས་མཇལ་རྒྱུ་ཡོད།
གླག་ཚང་ནི་དཔོན་བླ་དགེ་འདུན་རྒྱ་མཚོས་བགྲང་བྱ་དུ་མའི་རིང་སྒྲུབ་པ་མཛད་པའི་གདན་ས་དང་། ཁོང་གི་ཐུགས་སྲས་བླ་མ་ཚུལ་ཁྲིམས་བསྟན་འཛིན་ནས་ཟངས་མདོག་དཔལ་རིའི་གནས་དང་གནས་སྲུང་བཀྲ་ཤིས་ལྷ་རྩེ་ཡིན་པར་གསུངས། སྐུ་དབེན་ནི་མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ་སྐུ་ཚེའི་སྨད་ཀྱི་བཞུགས་གནས་དང་། གཡས་ཕྱོགས་སྐུ༵་གསུམ་དབེ༵ན་གནས་ཞེས་པར་རིགས་དྲུག་གི་བཀོད་པ་དང་། ཐུབ་དྲུག་གི་ས་བོན་སོགས་རང་བྱོན་སྣ་ཚོགས་ཡོད་པར་བཤད་ཅིང་། གནས་བདག་ཀླུ་སྨན་ལྕམ་དྲལ་ཡིན་པར་གསལ། ཙར་ཡ་ནི་ཙ་རིའི་གནས་དང་བྱིན་ནུས་མཉམ་པའི་གནས་ཞིག་ཡིན་པར་བཤད་སྲོལ་ཡོད་ལ། ཁ་ཅིག་གིས་རས་པ་འབུམ་ཐར་གྱིས་གནས་སྒོ་ཕྱེས་པར་བཤད། ཁ་ཅིག་གིས་མགོ་སྤྲུལ་གྱིས་ཕྱེས་ཟེར། མགོ་སྤྲུལ་གྱིས་བྲིས་པའི་བསང་མཆོད་ཞིག་ཏུ། ཙཱ་རིའི་ཡ་ཐུབ་གནས་སྲུང་བསང་། ཞེས་འབྱུང་། སྔོན་ཆད་ཤོག་བུའི་ངོས་ལ་བྲིས་ནས་ཤིང་ལེབ་ལ་སྦྱར་བའི་གནས་ཡིག་ཞིག་གནས་མདུན་དུ་ཡོད་པར་གྲགས་ཀྱང་དུས་འགྱུར་གྱི་འཚུབས་མས་མི་སྣང་བའི་གཡང་ས་ཞིག་ཏུ་བསྐྱུར། ཆུ་དབར་མཚོ་མདའི་དེའུ་དེ་གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་པའི་རྡོ་རྗེས་ཟངས་མདོག་དཔལ་རིའི་གནས་སུ་ངོས་བཟུང་བྱིན་གྱིས་བརླབས། ཉེ་ཆར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ཀྱང་གནས་གཟིགས་དང་འབྲེལ་བྱིན་གྱིས་བརླབས་པར་མཛད་དོ། །
ཡུལ་གྲོང་སྐྱེ་བོ་རྣམ་ལ་སྤྲིང་བའི་བཀའ།
ༀ་བདེ་ལེགས་སུ་གྱུར་ཅིག༔
མཁའ་སྤྱོད་བདེ་ལྡན་ཟངས་མདོག་དཔལ་རིའི་ཟླ༔
ས་སྤྱོད་སྦས་ཡུལ་གྲུབ་བརྒྱའི་བསྟི་སྟངས་གནས༔
རྩ་གསུམ་མཆོད་པའི་སྤྲིན་ཚོགས་ཐིབས་སེ་བ༔
གནས་དེ་དྲན་པས་བྱང་ཆུབ་རྒྱུད་ལ་འདྲོང༔
ཕྱག་སྐོར་ཚོགས་བསགས་བྱས་ཚད་བདེ་ཆེན་བགྲོད༔
སྦས་ཡུལ་ངོ་མཚར་ཅན་དེར་སྙིང་ནས་འདུད༔
སྔོན་ཚེ་རྡོ་རྗེ་གྲོ་ལོད་བཻ་རོ་དང༔
རྒྱལ་མོ་གཡུ་སྒྲ་ལྷ་ལུང་དཔལ་རྡོ་རྗེས༔
བྱིན་རླབས་བྱིན་དབབ་ཕྱག་གིས་མེ་ཏོག་འཐོར༔
གནས་སྲུང་བཀའ་བསྒོས་བསྟན་པའི་བྱ་རར་བཞག༔
བར་དུ་ཧཱུྃ་རལ་ཆོས་རྒྱལ་གླིང་པ་སོགས༔
བན་བོན་རིག་འཛིན་གྲུབ་བརྙེས་དུ་མ་ཡིས༔
གནས་བསྟོད་དབུགས་དབྱུང་སྲུང་མ་གཟའ་ཀླུ་དང༔
རྒྱལ་བཙན་རྡོ་རྗེ་གཡུ་ཁྲོམ་སོགས་ལ་གཏད༔
དམ་ཚིག་གཉན་པོའི་ཐ་ཚིག་མང་པོ་བསྒྲགས༔
ཁས་བླངས་དམ་བཅའི་རི་མོ་སྙིང་ལ་སིམ༔
ཨོ་རྒྱན་ཆེན་པོའི་བཀའ་ཡི་གསུང་ལས་ཀྱང༔
ལྷ་འདྲེ་རྣམས་ལ་བཀའ་གཏད་འདི་བཞིན་བསྒྲགས༔
མ་འོངས་ང་ཡི་སྒྲུབ་གནས་གཏེར་གནས་ལ༔
ཐོ་འཚམ་ལོག་པའི་ངན་སྤྱོད་འཆང་བ་ལ༔
ལྷ་འདྲེའི་བཀའ་ཆད་གནམ་ལྕགས་ཐོག་མདའ་རྒྱོབས༔
མི་འདོད་ལོག་ལམ་ཁྲིད་ལ་ཚེ་མཇུག་སྟུངས༔
གསུངས་པ་བཞིན༔ རི་ཤིང་མེ་ལ་བསྲེགས་པ༔ གནས་ཆེན་ཚོ་ལ་རི་རྒྱ་བཤིགས་པ་དང༔ འགུག་རྙི་ཁྱི་བཀྱེ་བ་སོགས་སྡིག་པའི་བསམ་སྦྱོར་ངན་པ་དང་དུ་བླངས་བར་བྱས་ན༔ རང་རང་གི་ཚེ་བསོད་འགྲིབ་པ༔ མི་འདོད་སྡུག་བསྔལ་སྣ་ཚོགས་འབྱུང་བས་བག་ཡོད་བརྟེན་འཚལ༔ ཁྱད་པར་ཡུལ་འདིའི་མི་མཐོ་དམན་བར་གསུམ་ཀུན་གྱི་སེམས་ལ་ངེས་རྒྱུར༔ གནས་འདིའི་ཕྱི་སྐོར་ཡང་མཐའི་སྐོར་ལམ་ཚུན་ཆད་དུ་རི་དྭགས་གཤོར་བ༔ གནས་འབྲེལ་འཇོག་པའི་བླ་སེར་ཨ་ལྕོ་མི་སྐྱ་ཕོ་མོ་སུ་ལའང་བཙན་བཙུགས་གླེང་འདེབས༔ རྐུན་འབག་ཆོམ་པོ་སྤུ་ཙམ་ཡང་བྱེད་མི་ཆོག་ཐོག༔ འགུག་རྙི་མེ་མདའ་བྱི་སྒམ་བྱ་བྱིའུ་རྡོ་རྒྱབ་ཙམ་ཡང་མི་ཆོག་ངེས་ཅན་ཡིན༔ ཡིན་ལུགས་ཇི་ལྟར་ཡིན་ན༔ ལྷ་དང་སྲུང་མ་གནས་བདག་བྲག་དཀར་རྡོ་རྗེ་གཡུ་ཁྲོམ་སོགས་གཏེར་སྲུང་དྲག་རྩལ་ཅན་ཚོའི་བཀའ་ཆད་གནམ་ལྕགས་རྒྱོགས་རྡོས་བཙའ་སད་སེར་བ་འབྱུང༔ ཚེ་བསོད་དཔལ་འབྱོར་འཛད༔ མི་འདོད་སྡུག་བསྔལ་ངན་པས་ཚེ་འདི་དང་ཕྱི་མ་དག་ལ་མནར༔ བླ་མ་སེར་མོ་བ་དག་གིས་ཀྱང་ཐུགས་ཀྱིས་ཁྲེལ༔ བཀའ་ཡི་ཆད་པ་གཏོང༔ ཡུལ་མི་དཔོན་སྡེ་རྣམས་ཀྱིས་ཉེས་ཅན་དེ་ཡི་སྲོག་ལ་རྒོལ་ཞིང་ལོངས་སྤྱོད་འཕྲོག༔ མིས་འཕྱ་ཁྱིས་འགོམ་ཟེར་བ་དེ་ལའོ༔ དེ་ཕྱིར་བདག་ཅག་དང་སྔོན་ཚེ་རིག་འཛིན་དུ་མའི་བཀའ་བསྒོ་དམ་བཞག་དྲན་ཅིང་༔ གནས་འདིར་དད་གསུམ་བརྟན་པོས་རྣམ་དཀར་དགེ་བ་མཐའ་དག་སྒྲུབ་ཅིང་བསང་རི་མཆོད་གཙང་མ་ཕུལ་ཞིང་ཕྱག་སྐོར་གྱིས་དུས་འདའ༔ ཁ་ནས་ཅི་འདོད་ཀྱི་སྨོན་ལམ་ལེགས་པོ་བཏབ་ན་ཚེ་འདིར་ཚེ་རིང་ལོངས་སྤྱོད་འཕེལ༔ བཀྲག་མདངས་རྒྱས༔ སྙན་གྲགས་ཐོབ༔ ཚེ་ཕྱི་མར་ཡང་མངོན་མཐོ་ལྷ་མིའི་བདེ་འབྲས་དང་བདེ་ཆེན་དག་པའི་ཞིང་དུ་དབུགས་འབྱིན༔ མཐར་ཐུག་སངས་རྒྱས་འགྲུབ་པ་ཡིན་པས་ཀུན་གྱིས་སེམས་ལ་འཇོག་པར་ཞུ༔ རྣམ་དཀར་སོར་རྩེས་བསྒྲོན་པའི་མིག་སྨན་མས༔ ཡུལ་གྲོང་སྐྱེ་བོའི་སྙིང་ལ་སྡུག་པའི་གཏམ༔ ལེགས་བཤད་རིན་ཆེན་ཕྲེང་བའི་རི་མོ་འདིས༔ བདེ་ནས་བདེ་བའི་ལམ་ལ་འཇུག་པར་ཤོག༔ ཅེས་པའང་ཕན་པའི་མིང་གིས་སྨྲས་པའོ།། །།
མི་ཡུལ་དུ་འཕོས་པའི་ལྷ་ཡུལ། ཡི་དམ་རྡོ་རྗེ།
གནས་ཆེན་རྒྱལ་མོ་རོང་གི་སྟོད་ཀྱི་ཕྱོགས། །
མི་ཉག་ར་བ་སྒང་གི་གཡས་ཟུར་ན། །
འཛམ་གླིང་ས་ཡི་དྭངས་རྩེ་གཡུ༵་ཡི་མཁར། །
བདེ་སྐྱིད་ཀུན་འཛོམས་ལྷ་ཡི་གནས་མཆོག་ཡོད། །
དེར་ནི་སྙིང་སྟོབས་ལྡན་པའི་དཔའ་རྒོད་འབུམ། །
སྡང་དགྲའི་གྲོང་ཁྱེར་འཇོམས་ལ་ཟླ་མེད་པས། །
སྟ༵ག་མོ༵་འཕྲེ༵ད་ཉ༵ལ་སྨ༵ར་གྱི༵་ལག༵་བཟང་ཞེས། །
གནའ་བོའི་ངག་སྒྲོས་འཛིན་མའི་ཁྱོན་ན་སྙན། །
སྟོད་ན་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་ཆེ། །
ཁ་བའི་རྡུལ་མང་བརྩེགས་པའི་ཀཻ་ལ་ཤ །
འཇའ་སྤྲིན་དྲྭ་བས་མགུལ་བ་མཛེས་བྱས་པའི། །
དབུ་རྩེ་སྔོ་བསང་བུ་མོའི་ལྟོ་བའི་རྒྱན། །
བར་ན་གཡུ་ཐང་རང་བྱུང་མཛེས་ལྗོངས་སུ། །
ལྷན་སྐྱེས་དྲི་ཞིམ་སྤྲོ་བའི་སྨན་སྣ་དང་། །
དཀར་དམར་མེ་ཏོག་བཀྲ་བའི་འཛུམ་དཀར་གྱིས། །
ཡིད་མཐུན་རྭ་ཡིག་གཉིས་པ་གྲོགས་སུ་འགུགས། །
མཚམས་སུ་རྫ་སྤང་ནགས་ཚལ་ལྷུན་ཆགས་ཤིང་། །
རི་སྐྱེས་སྤུ་སྡུག་སྣ་ཚོགས་བག་ཡངས་རྒྱུ། །
མ་རྨོས་མ་བཏབ་ལྗོན་པའི་ཡལ་ག་ན། །
རོ་མཆོག་བརྒྱ་ལྡན་འབྲས་བཟང་གཡུར་དུ་ཟ། །
དཀར་ཡག་གངས་ཀྱི་རི་ནས་ལེགས་འོང་བའི། །
དྭངས་བསིལ་དལ་འབབ་གཡུ་ཆུ་རིང་མོའི་རྒྱུན། །
འབྲི་ཆུའི་ལང་ཚོར་འགྲོགས་པའི་སྒེག་ཉམས་ཀྱིས། །
མཐའ་བྲལ་མཐའ་ཡི་རྒྱ་མཚོར་སིམ་པ་སྟེར། །
གནས་དེར་ནམ་ཟླ་དུས་བཞིའི་རྣམ་འགྱུར་གསལ། །
སྐྱེ་འགྲོའི་སྲོག་ལ་འཚེ་བའི་གདུག་ཅན་ཉུང་། །
གསེར་དངུལ་རིན་ཆེན་སྣ་བརྒྱའི་གཏེར་ཁ་བདོ། །
འབྲེལ་ཚད་བདེ་ལ་འགོད་པའི་གནས་ཆེན་མང་། །
གནམ་ན་རྩིབས་བརྒྱད་འཁོར་ལོའི་རི་མོ་བཀྲ །
ས་ལ་འདབ་བརྒྱད་པདྨས་རང་མདངས་ངོམས། །
ལོག་ན་བཀྲ་ཤིས་རྟགས་ཀྱི་མཆོད་སྤྲིན་སྤྲོ། །
གསང་ཆེན་གསང་བའི་སྒྲུབ་རྫས་མ་ཚང་མེད། །
སྟེང་ན་རྩ་གསུམ་ལྷ་ཡིས་བྱིན་རླབས་དཀྲིགས། །
འོག་ན་ཆོས་སྐྱོང་སྲུང་མས་བར་ཆད་སེལ། །
ཕྱོགས་མཚམས་ཟོ་དོར་འབུམ་གྱིས་ཀུན་ནས་སྲུང་། །
བར་ན་དངོས་གྲུབ་རྣམ་གཉིས་སྦྲང་ཆར་འཇོ། །
བཤད་སྒྲུབ་ལས་གསུམ་འཛོམ་པའི་དགོན་སྡེ་བརྗིད། །
མཚམས་སྤྲིན་ས་ལ་འཕོས་འདྲའི་འདུས་སྡེས་ཕྱུག །
ལུང་རིགས་ངར་སྐད་སྒྲོག་པའི་མཁས་པ་དང་། །
དུས་གསུམ་སྒྲིབ་མེད་གཟིགས་པའི་སྐྱེས་ཆེན་མང་། །
པདྨའི་རྒྱལ་ཚབ་ལུང་རིག་གླིང་པ་དང་། །
གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ཞབས། །
གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ་སོགས། །
བསྟན་འཛིན་དམ་པའི་རྣམ་ཐར་བགྲང་ལས་འདས། །
ཟོ་དོར་འཕྲུལ་སྲས་ཀརྨ་དབང་དྲག་དང་། །
ཀུན་གཟིགས་དཔོན་བླ་དགེ་འདུན་རྒྱ་མཚོ་སོགས། །
ས་སྐྱོང་མི་རྗེ་གསེར་རིའི་ཕྲེང་བ་ཡིས། །
ལུགས་གཉིས་ཕ་ཆུས་བཟུང་བའི་ལོ་རྒྱུས་ཟབ། །
འཆི་མེད་མཚོ་འཁྲུངས་མ་ཧཱ་གུ་རུ་དང་། །
འཛམ་གླིང་སྐྱེས་མཆོག་སེང་ཆེན་སྐུ་འཁོར་སོགས། །
ལྷ་ཡི་ཡང་ལྷར་གྱུར་པ་གྲངས་མེད་ཀྱིས། །
ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ་སྙན། །
གནས་དེར་ཤེས་རྒྱ་ཅན་གྱི་ཕ་ཁུ་དང་། །
ལག་ལས་ཅན་གྱི་མ་སྲུ་མཛངས་མ་མང་། །
གནས་དེ་ཡ་རབས་སྐྱེ་བོའི་གྲོང་ཁྱེར་དང་། །
རྟ་ནོར་རྐང་བཞི་ཕྱུགས་ཀྱི་ཕ་ས་ལགས། །
གཡུ་ཁོག་སྟག་ཤར་དཔའ་སྙིང་སྟག་ལས་ངར། །
གཡུ་བཟའ་མཛེས་མའི་སྐྱེས་གཟུགས་ལྷ་ལ་འགྲན། །
གཡུ་རྟ་སྐེ་ཐུང་བང་རྩལ་རླུང་ལས་མྱུར། །
གཡུ་ཁོག་སྣོད་བཅུད་མཛེས་སྡུག་སུམ་རྩེན་ཡུལ། །
གནས་དེར་ཤ་མར་ཐུད་ཀྱི་ལྷུན་པོ་མཐོ། །
གནས་དེར་ཇ་ཆང་འོ་ཞོའི་རྒྱ་མཚོ་འཁྱིལ། །
གནས་དེར་འབྲུ་རིགས་སྣ་ལྔའི་གཏེར་ཁ་རྡོལ། །
གནས་དེར་དགའ་སྐྱིད་དགོད་སྒྲ་རྒྱུན་མི་འཆད། །
གནས་དེ་ཆོས་སྲིད་བསྟན་པ་དར་བའི་ལྗོངས། །
ཕ་མེས་སྲོལ་རྒྱུན་བཟང་པོ་སྐྱོང་བའི་ཡུལ། །
གངས་རིའི་རང་སྐད་གཙང་མ་བཤད་པའི་གླིང་། །
འདོད་དགུའི་འབྱོར་བ་ཀུན་ནས་རྒྱས་པའི་གནས། །
བདེ་སྐྱིད་དཔལ་གྱིས་མཛེས་པས་དག་པའི་ཞིང་། །
སྣ་བརྒྱའི་མེ་ཏོག་བཞད་པས་ལྷ་ཡི་ཚལ། །
སྟོབས་འབྱོར་མངའ་ཐང་དར་བས་ཀླུ་ཡི་གྲོང་། །
གཡུ་མཁར་བདེ་སྐྱིད་ནོར་བུའི་ར་བར་གྲགས། །
ཨེ་མ་སྣོད་ཀྱི་བཀོད་པ་ལྟ་ན་སྡུག །
ནང་བཅུད་བཙན་ཕྱུག་འཕན་དར་ཀུན་ནས་འཛོམས། །
ལྷ་ཡི་སྣོད་བཅུད་མི་ཡུལ་འཕོས་པ་འདྲའི། །
གནས་མཆོག་དེ་ནི་ང་ཡི་ཕ་ཡུལ་ལགས། །
འཛམ་གླིང་འཛིན་མའི་དབུ་རྩེ་བོད་ཀྱི་ཡུལ། །
གངས་ཅན་སྒེག་མོའིབཞིན་རས་མདོ་ཁམས་ལྗོངས། །
སྒང་དྲུག་མཛེས་མའི་སྤྱན་མིག་གཡུ་ཡི་མཁར། །
སྡེ་བཞིའི་དཔལ་གྱིས་ཀུན་ནས་ཤིས་གྱུར་ཅིག །
༢༠༠༥་༣་༡༢ ཉིན་ཡི་དམ་རྡོ་རྗེས་འཕགས་ཡུལ་ནས་བྲིས། །