← Search

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ། །

ཞབས་དཀར་ཚོགས་དྲུག་རང་གྲོལ།

སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བསྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ།

མཆོད་བརྗོད།

p. 1

སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བསྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།

p. 2

ཨོཾ་སྭ་སྟི། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །ཐུན་མོང་མ་ཡིན་གདུལ་བྱའི་སྣང་ངོ་རུ། །

p. 3

དཔག་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཏེ། །རྟག་ཏུ་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །

p. 4

དུས་གསུམ་སངས་རྒྱས་ཀུན་གྱི་ཐོག་མ་རུ། །སྟོན་པ་ཀུན་ཏུ་བཟང་པོའི་སྐུ་རུ་བཞེངས། །

p. 5

རྡོ་རྗེ་སེམས་དཔའ་ལ་སོགས་འཁོར་ཚོགས་ལ། །རྫོགས་ཆེན་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །

p. 6

འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །སྟོན་པ་རྡོ་རྗེ་འཆང་གི་སྐུ་རུ་བཞེངས། །

p. 7

གསང་བའི་བདག་པོ་ལ་སོགས་འཁོར་ཚོགས་ལ། །གསང་སྔགས་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །

p. 8

ཐུན་མོང་གདུལ་བྱ་རྣམས་ཀྱི་སྣང་ངོ་རུ། །དང་པོ་ཐུགས་བསྐྱེད་བར་དུ་ཚོགས་གཉིས་བསགས། །ཐ་མར་མངོན་པར་རྫོགས་པར་སངས་རྒྱས་ཏེ། །མདོ་ཡི་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །མདོ་སྔགས་ཆོས་ཀྱི་འཁོར་ལོ་རབ་བསྐོར་བའི། །སངས་རྒྱས་རྣམས་ཀྱི་ཐུགས་སྤྲུལ་པད་འབྱུང་རྗེ། །བོད་དུ་བྱོན་ནས་བསྟན་པའི་སྲོལ་ཆེན་བཙུགས། །ཨོ་རྒྱན་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །བསྟན་པ་དུས་ཀྱི་དབང་གིས་ཉམས་པའི་ཚེ། །པད་འབྱུང་སླར་ཡང་ཇོ་བོའི་སྐུ་རུ་སྤྲུལ། །མདོ་སྔགས་བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར། །ཇོ་བོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཇོ་བོ་སླར་ཡང་སྙིགས་མའི་དུས་སྐབས་འདིར། །བློ་བཟང་རྒྱལ་བ་གཉིས་པའི་སྐུ་རུ་བཞེངས། །རྒྱལ་བསྟན་མཁའ་ལ་ཉི་མ་ཤར་བ་བཞིན། །དར་ཞིང་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས་པའི་ཆོས། །མ་ལུས་སྟོན་མཛད་ཆོས་རྒྱལ་ངག་གི་དབང་། །བདག་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །བླ་མ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །རྒྱལ་བ་གོང་མ་རྣམས་ཀྱིས་སྙིགས་དུས་འདིར། །གང་ལ་གང་འདུལ་བཤེས་གཉེན་སྐུར་བསྟན་ནས། །མདོ་
རྒྱུད་བསྟན་བཅོས་མན་ངག་སྟོན་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ཀྱི་བཀའ་དྲིན་དྲན་བཞིན་དུ། །ཅི་གསུང་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། །བདག་གི་རྣམ་ཐར་མགུར་དབྱངས་ཐོས་ཚད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་བྱིན་གྱིས་རློབས། །རང་ཉིད་དང་པོ་མ་ལས་སྐྱེས་ནས་བཟུང་། །ད་ལྟའི་བར་གྱི་རྣམ་པར་ཐར་པ་ཀུན། །ཕྱི་རབས་གང་ཟག་གཞན་ལ་ཕན་པའི་ཕྱིར། །ལེགས་པར་བཤད་ཀྱིས་དགའ་བའི་སེམས་ཀྱིས་ཉོན། །

གླེང་གཞི།

p. 9

དེ་ཡང་སྟོད་ན་བཀྲ་ཤིས་གཡང་ཀུན་ཆགས་པའི་ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གནས། བར་ན་བྱིན་རླབས་དངོས་གྲུབ་འབྱུང་གནས་བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས། སྨད་ན་བདེ་སྐྱིད་སྙན་གསུམ་འཛོམས་པའི་མཚོ་སྙིང་མ་ཧཱ་དེ་ཝའི་གནས་ཞེས་ཡོངས་སུ་གྲགས་པའི་ནང་ནས། གནས་ཕུན་སུམ་ཚོགས་པ་སོག་པོའི་ཡུལ་གྱི་བཅུད་འདུས་པའི་གཡང་གི་མཚོ་རྦ་རླབས་ཆལ་ཆིལ་གཡོ་ཞིང་ཆུ་བྱ་དར་དིར་སྒྲོག་པའི་མཚོ་སྙིང་དབེན་པའི་དགའ་ཚལ་ན་བདག་གིས་ཟབ་མོའི་སྒྲུབ་པ་ལ་གཞོལ་བའི་སྐབས་སུ། དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སྐལ་ལྡན་སྙིང་

p. 10

གི་བུ་མཆོག་བླ་མ་པདྨ་རང་གྲོལ་དང་། །ཀུན་བཟང་རང་གྲོལ། ཨ་ལགས་བདེ་ཆེན། ཤ་ཉེ་རྒན་པོའི་བླ་མ་རྣམས་འོངས་ནས། ལོ་གཅིག་གནས་ཆེན་དེར་བསྡད་པས། ཉིན་གཅིག་ཁོང་རྣམས་འོངས་ནས་བདག་ལ་ལྷ་ཕྱག་མང་དུ་བྱས་ཏེ། ལྷ་རྫས་དྲི་མ་མེད་པ་ཕུལ་ནས། འདི་ཕྱིའི་གཏན་གྱི་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་སྙན་གྱི་དབང་པོ་དྲི་མ་མེད་པའི་དྲུང་དུ་གང་ཞུ་ན། བདག་ཅག་རྗེས་འཇུག་བུ་སློབ་རྣམས་ཀྱི་དད་གུས་ཀྱི་གསོས་དང་། ཕྱི་རབས་གང་ཟག་གཞན་རྣམས་ལ་ཡང་ཕན་ཕྱིར། ཁྱེད་དང་པོ་ཁྱིམ་ན་བཞུགས་པའི་དུས་ནས་བཟུང་། ད་ལྟའི་བར་གྱི་རྣམ་པར་ཐར་པ་ཞིག་རྒྱས་པར་གསུང་དུ་གསོལ་ཞེས་ཡན་ལག་བདུན་པ་འདི་ཕུལ་ལོ། །རྒྱལ་བའི་རྣམ་འཕྲུལ་བླ་མ་རྗེ། །རྗེ་བཙུན་ཁྱེད་ཀྱི་ཞབས་པད་ལ། །བསྟོད་དབྱངས་གསོལ་འདེབས་སྒྲོག་བཞིན་དུ། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །ཟང་ཟིང་ལོངས་སྤྱོད་ལུས་ངག་དང་། །བཀའ་བཞིན་བསྒྲུབ་པའི་མཆོད་པ་འབུལ། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ། །བཤགས་ཤིང་ཕྱིན་ཆད་སྡོམ་པར་བགྱི། །མགོན་ཁྱོད་གསང་གསུམ་རྣམ་ཐར་ལ། །རབ་ཏུ་དགའ་བའི་རྗེས་ཡི་རང་། །བདག་སོགས་མ་འོངས་རྗེས་འཇུག་ལ། །ཕན་ཕྱིར་རྣམ་ཐར་ཆོས་འཁོར་བསྐོར། །བསྟན་འགྲོའི་དོན་དུ་མགོན་ཁྱོད་སྐུ། །གཡོ་མེད་བསྐལ་བརྒྱར་བཞུགས་གསོལ་འདེབས། །བདག་གཞན་དགེ་ཚོགས་ཅི་མཆིས་པ། །མགོན་ཁྱོད་རྣམ་ཐར་ཟིན་ཕྱིར་བསྔོ། །

p. 11

སྙིགས་དུས་འགྲོ་བའི་སྐྱབས་མགོན་ཁྱེད། །དང་པོ་ཁྱིམ་ན་བཞུགས་དུས་ནས། །ད་ལྟའི་བར་གྱི་རྣམ་ཐར་ཞིག །བརྩེ་བ་ཆེན་པོས་གསུང་དུ་གསོལ། །ཞེས་ཕུལ་བའི་ལན་དུ་བདག་གིས་འདི་སྐད་ཅེས་སྨྲས་དད་བརྩོན་ཤེས་རབ་སྙིང་རྗེ་དང་། །ལྡན་པའི་སྐལ་ལྡན་སྙིང་གི་བུ། །བླ་མ་པདྨ་རང་གྲོལ་སོགས། །སྐལ་ལྡན་བུ་རྣམས་ཚུར་ཉོན་དང་། །སྔོན་གྱི་རྒྱལ་སྲས་རྣམ་ཐར་གྱི། །རིན་ཆེན་གཏེར་ཁ་ཕྱེས་ལ་ལྟོས། །རྣལ་འབྱོར་བདག་གི་རྣམ་ཐར་གྱི། །ཙིག་ཚང་བསློགས་ནས་ཅི་ཞིག་བྱ། །སྔོན་གྱི་རྒྱལ་སྲས་རྟ་མཆོག་རྣམས། །རྒྱུག་ཤུལ་རྣམ་ཐར་ཐང་ཆེན་དུ། །ཚོགས་དྲུག་རང་གྲོལ་བོང་བུ་ཡི། །འདུར་ཚུལ་བཤད་ན་གད་མོ་འཆོར། །དེ་ཕྱིར་རྣམ་ཐར་དགོས་པ་ཆུང་། །ཁྱེད་རྣམས་གོང་མའི་རྣམ་ཐར་སྐྱོངས། །རྣལ་འབྱོར་རི་ཁྲོད་དབེན་པ་རུ། །སོས་དལ་བདེ་བར་ཉལ་དུ་ཆུག །ཅེས་སྨྲས་པའི་ལན་དུ། ཁོང་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཨེ་མ་སྙིགས་དུས་འགྲོ་བའི་མགོན། །ཁྱེད་ཀྱིས་དང་པོ་ཚེ་བློས་བཏང་། །བར་དུ་མཚན་ལྡན་བླ་མ་བསྟེན། །ཐ་མ་དབེན་པར་ཉམས་སུ་བླངས། །ད་ལྟ་ཉམས་རྟོགས་ཐུགས་ལ་འཁྲུངས། །མགོན་ཁྱོད་རྣམ་ཐར་ངོ་མཚར་ཆེ། །ཉི་མའི་འོད་ཟེར་ཤར་ཙ་ན། །འཛམ་གླིང་ཡོངས་ལ་ཕན་པ་བཞིན། །ཁྱེད་ཀྱི་རྣམ་ཐར་གསུང་ཙ་ན། །མ་འོངས་བསྟན་འགྲོ་ཡོངས་ལ་ཕན། །དེ་ཕྱིར་གལ་ཆུང་ཡིན་མ་དགོངས། །བརྩེ་བས་ཅིས་ཀྱང་གསུང་དུ་གསོལ། །ཞེས་ནན་ཏན་ཆེན་པོས་བསྐུལ་བའི་ངོར། དང་པོ་ཁྱིམ་ན་

p. 12

གནས་དུས་ནས་བཟུང་། མཚོ་སྙིང་དུ་སྡོད་རིང་གི་བར་གྱི་རྣམ་ཐར་རགས་རིམ་ཟིན་བྲིས་སུ་བཀོད་ནས་བཤད་པས། ཁོང་རྣམས་དགའ་ཞིང་སྤྲོ་བཞིན་དུ་ཕྱག་བྱས་མཐར་རྣམ་ཐར་གྱི་ཟིན་བྲིས་ཀྱང་ཁྱེར་ནས་སོང་ངོ་། རྗེས་སུ་བླ་མ་པདྨ་རང་གྲོལ་གྱིས་ང་དབུས་གཙང་དག་པའི་ཞིང་དུ་མ་སོང་ཚུན་གྱི་རྣམ་ཐར་ཞིག་བརྩམས་པ་ཚིག་དོན་གཉིས་ཀ་བཟང་ཞིང་མང་ཉུང་འཚམས་པ་ཞིག་འདུག་པས། རྗེས་འཇུག་བུ་སློབ་རྣམས་ཀྱི་དད་གུས་ཀྱི་གསལ་འདེབས་ལ་དེ་ཁོ་ནས་ཀྱང་ཆོག་པར་འདུག་སྙམ་པ་བྱུང་ངོ་། །ཡང་དེའི་རྗེས་སུ་སྟོད་ན་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏེ་སེ་སེང་གདོང་མ་དཀར་མོ་སྐུ་ཡི་གནས། བར་ན་ཁུངས་བཙུན་པ་ལ་ཕྱི་སྟག་གདོང་མ་ཁྲ་མོ་གསུང་གི་གནས། སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཙཱ་རི་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས་ཏེ། ཡི་དམ་བདེ་མཆོག་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ནས། གནས་ཕུན་སུམ་ཚོགས་པ་རྗེ་བཙུན་མི་ལ་རས་པའི་གདན་ས། མ་དང་མཁའ་འགྲོའི་དོ་ར། སྤྲིན་དང་ན་བུན་རྒྱུན་དུ་འཁྲིགས་པའི་འབྲོག་ལ་ཕྱི་གངས་ཀྱི་ར་བ་ན། འཁོར་སྐལ་བཟང་གི་གདུལ་བྱ་མང་པོ་ལ་ཆོས་འཁོར་སྐོར་བ་བཞིན་གནས་དུས། དད་གཏོང་བློ་གྲོས་མཆོག་ཏུ་མངའ་བའི་བུ་ཆེན་སྐལ་ལྡན་རང་གྲོལ་དང་། །བླ་མ་སྦྱིན་པ་ནོར་བུ། བསྟན་འཛིན་ཉི་མ། ཡེ་ཤེས་དབང་ཕྱུག ཚུལ་ཁྲིམས་རྣམ་རྒྱལ། བློ་བཟང་དར་རྒྱས། ཉེ་གནས་མཁས་པ་ལ་སོགས་པའི་བུ་ཆེན་མང་པོས་ཉིན་གཅིག་ལྷ་རྫས་མཎྜལ་གསེར་དངུལ་གྱི་འབུལ་བ་རྣམས་ཕུལ་ནས། མཆོག་

p. 13

གསུམ་འདུས་པའི་བདག་ཉིད་འདི་ཕྱིའི་གཏན་གྱི་སྐྱབས་མགོན་རིན་པོ་ཆེའི་སྙན་ལམ་དུ་བདག་སོགས་སློབ་འབངས་རྣམས་ཀྱིས་གང་ཞུ་ན། སྔོན་བྱོན་མཁས་གྲུབ་གོང་མའི་རྣམ་ཐར་ལྟར། ཁྱེད་ཀྱི་རྣམ་ཐར་ཞིག་གསུངས་ན་མ་འོངས་པའི་དུས་ན། བསྟན་འགྲོའི་མིག་རྐྱེན་ལ་མཆོག་ཏུ་འགྲོ་བར་འདུག་པས། མགོན་ཁྱེད་དང་པོ་འཁྲུངས་པའི་ཡུལ། ཡབ་ཡུམ་གྱི་མཚན། འབྱོར་བའི་ཆེ་ཆུང་མིང་སྲིང་དུ་ཡོད། སྐུ་བལྟམས་ནས་བཟུང་སྟེ་ལོ་རེ་བཞིན་གྱི་ངོ་མཚར་བའི་མཛད་པ་བསྟན་ཚུལ་དང་། འཇིག་རྟེན་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས། སྐུ་ཚེ་བློས་བཏང་སྟེ། མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ལ་ཐོས་བསམ་མཛད་ཚུལ་དང་། ཐོས་དོན་ཚུལ་བཞིན་དུ་རི་ཁྲོད་དབེན་པ་འགྲིམས་ནས། ཟབ་མོའི་སྒྲུབ་པ་ལ་གཞོལ་ཏེ་ཉམས་རྟོགས་ཡོན་ཏན་འཁྲུངས་ཚུལ། འཁྲུངས་ནས་མངོན་ཤེས་དང་རྫུ་འཕྲུལ་སྟོན་བཞིན་སྟོད་སྨད་བར་གསུམ་གྱི་བསྟན་པ་དང་འགྲོ་བའི་དོན་རླབས་ཆེན་མཛད་ཚུལ་སོགས། ཕྱི་ནང་གསང་བའི་རྣམ་ཐར་རྣམས་སྦ་བསྲི་མེད་པར་བསྟན་དུ་གསོལ་ཞེས་སླར་ཡང་ཞུ་དོན་ཚིགས་སུ་བཅད་ནས་འདི་ལྟར་ཕུལ་ལོ། །སྐྱབས་མགོན་ཡིད་བཞིན་ནོར་བུ་ལ། །ཞུ་བ་དོན་གཞན་མ་ལགས་ཏེ། །སྔོན་བྱོན་གོང་མའི་རྣམ་ཐར་བཞིན། །ཁྱེད་ཀྱི་རྣམ་པར་ཐར་པ་ཞིག །གསུངས་ན་རྗེས་འཇུག་བུ་སློབ་དང་། །མ་འོངས་བསྟན་འགྲོར་ཕན་པར་ངེས། །དེ་ཕྱིར་སྐྱབས་མགོན་རིན་པོ་ཆེ། །དང་པོ་འཁྲུངས་ཡུལ་ཡབ་ཡུམ་མཚན། །སྐུ་བལྟམས་ནས་བཟུང་ལོ་རེ་བཞིན། །ངོ་མཚར་མཛད་པ་བསྟན་

p. 14

ཚུལ་དང་། །ཆོས་ཕྱིར་སྐུ་ཚེ་བློས་བཏང་ནས། །མཁས་གྲུབ་བླ་མ་བསྟེན་ཚུལ་དང་། །དབེན་པའི་གནས་སུ་ཉམས་ལེན་མཛད། །ཉམས་རྟོགས་ཡོན་ཏན་འཁྲུངས་ཚུལ་དང་། །མངོན་ཤེས་རྫུ་འཕྲུལ་སྟོན་བཞིན་དུ། །བསྟན་འགྲོའི་དོན་ཆེན་བསྒྲུབས་ཚུལ་རྣམས། །སྦ་གསང་མེད་པར་བསྟན་དུ་གསོལ། །བདག་ཅག་སྐལ་ལྡན་བུ་སློབ་ཀྱིས། །ཁྱེད་ཀྱི་ཕྱི་ནང་གསང་གསུམ་གྱི། །རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །ཞེས་ཞུས་པའི་ལན་དུ། འོ་ཁྱེད་རྣམས་ཀྱིས་དེ་ལྟར་ནན་ཏན་ཆེན་པོས་ཞུ་ན། ངའི་རྣམ་ཐར་གསང་དགོས་པའི་དོན་མི་འདུག ང་སྐྱེས་ནས་བཟུང་ད་ལྟའི་བར་གྱི་སོང་ཚུལ་བསྡད་ཚུལ་ཆོས་ལྡན་གྱི་བྱ་བ་བསྒྲུབས་ཚུལ་རྣམས་ལེགས་པར་བཤད་ཀྱིས། ཁྱེད་རྣམས་ཀྱིས་རབ་ཏུ་དགའ་བའི་སེམས་ཀྱིས་ཉོན་ཅིག་ཅེས་སེམས་ལ་གང་ངེས་རྣམས་ལེགས་པར་བཤད་པས་ཁོང་རྣམས་དགའ་ཞིང་སྤྲོ་བཞིན་ཕྱག་དང་སྐོར་བ་དུ་མ་བྱས་ནས་རང་རང་གི་སྒོམ་ཁང་དུ་སོང་ངོ་། །དེ་དུས་ཟིན་བྲིས་སུ་འདེབས་རྒྱུ་མ་བྱུང་ཀྱང་། བུ་ཆེན་འགའ་རེས་རྣམ་ཐར་བརྗེད་ཀྱིས་དོགས་ནས་ཟིན་བྲིས་སུ་བཏབ་པ་རེ་གཉིས་སྣང་ཟེར་རོ། །ཡང་དེའི་རྗེས་སུ་མདོ་སྨད་དུ་ཡོང་ནས། འགྲོ་དོན་རྒྱ་ཆེན་པོ་བྱས་ནས་ལོ་ངོ་མཐོང་དགུ་ཙམ་ཞིག་སོང་བའི་ཚེ་གནས་ཕུན་སུམ་ཚོགས་པ་ནགས་ཚལ་མེ་ཏོག་སྣ་ཚོགས་སྐྱེ་ཞིང་། བྱ་དང་བྱེའུའི་སྐད་སྙན་སྒྲོག་པའི་དབེན་གནས་བཀྲ་ཤིས་འཁྱིལ་བ་ན་ང་མཚམས་ཤིག་ལ་གནས་པའི་སྐབས་སུ། དད་ཅན་གྱི་སློབ་མ་སྔགས་འཆང་མང་པོའི་ཁ་གཏམ་ལ་སྐྱབས་མགོན་རིན་པོ་

p. 15

ཆེའི་རྣམ་ཐར་རྒྱས་པ་ཞིག་གསུངས་ན། རང་ཅག་རྣམས་ཀྱི་དད་པའི་གསོས་དང་། ཕྱི་རབས་རྗེས་འཇུག་རྣམས་ལ་ཕན་རྒྱ་ཆེན་པོ་ཞིག་ཐོགས་པར་འདུག་ཅེས་གླེང་བ་བྱུང་། དེའི་ཚེ་ནུབ་གཅིག་མཁན་རིན་པོ་ཆེ་གཉིད་དུ་སོང་བའི་རྨི་ལམ་དུ། བཀྲ་ཤིས་འཁྱིལ་བའི་རི་རྩེ་བདེ་བ་ཅན་གྱི་ལྷ་ཁང་གི་ཕྱི་རོལ་ཤར་གྱི་ཁྲི་སྟེང་ན། ངས་ཁྲོམ་ལྷ་མི་མང་པོ་འཚོགས་པ་ལ། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ། ད་ལྟའི་སྐྱེས་ཆེན་དམ་པ་མང་པོའི་རྣམ་ཐར་གསུང་བ་ཉན་ཚེ་ཁོའི་བསམ་པ་ལ། ད་ནི་རང་ཡང་ནམ་འཆི་ངེས་པ་མི་འདུག་པས། རྣམ་ཐར་འདི་རྣམས་ཀྱི་འཕྲོ་ལ། ཁོང་གི་སྐུ་ཚེ་འདིའི་རྣམ་ཐར་རྒྱས་པ་ཞིག་ཅི་ནས་ཀྱང་ཞུ་དགོས་སྙམ་པ་ཡོད་པའི་ངང་ལ་གཉིད་སད་པས། དེའི་ཕྱི་ཉིན་སྔ་མོ་ཁ་བཏགས་ཤིག་ཁྱེར་འོངས་ནས་ཞུ་དོན་འདི་ལྟར་ཕུལ་ལོ། །འདི་ཕྱིའི་སྐྱབས་མགོན་རིན་པོ་ཆེ། །ཁྱེད་ཀྱང་དགུང་ལོ་བགྲེས་ནས་གདའ། །སྔོན་ཆད་རྣམ་ཐར་ཞུ་བ་པོའི། །བུ་ཆེན་ཕལ་ཆེར་གཤེགས་ནས་ཐལ། །ང་ཡང་རྒན་པོ་འཆི་ལ་ཉེ། །ནམ་འཆི་ངེས་པ་མི་འདུག་པས། །ཡུན་རིང་བསྡད་ནས་ཞུ་ཁོམ་མེད། །མ་ཤི་གོང་འདིར་མ་ཞུས་ན། །ཕྱིན་ཆད་རྣམ་ཐར་གསུངས་ན་ཡང་། །བདག་ཅག་ཤི་ན་གང་ནས་གོ །ད་ལྟ་གསོན་པའི་དུས་སྐབས་འདིར། །བདག་ཅག་རྗེས་འཇུག་བུ་སློབ་ཀྱི། །དད་གུས་དག་སྣང་གསལ་འདེབས་དང་། །མ་འོངས་བསྟན་དང་འགྲོ་བ་ཡི། །མིག་རྐྱེན་མཆོག་ཏུ་འགྲོ་བའི་ཕྱིར། །རྣམ་ཐར་རྒྱས་པར་གསུང་དུ་གསོལ། །དེང་ནས་

p. 16

བཟུང་སྟེ་ཚེ་རབས་ཀུན། །ཁྱེད་ཀྱི་རྣམ་ཐར་རྗེས་ཞུགས་ནས། །ལྷ་ཆོས་བྱེད་པའི་སྨོན་ལམ་འདེབས། །སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་ཞུས། ཡང་དེའི་རྗེས་སུ་བླ་མའི་བཀའ་བཞིན་སྒྲུབ་པའི་ཉང་གི་མཚམས་པ་དང་ལྷ་ཁང་དབུ་མཛད། ཡེ་ཤེས་བསྟན་འཛིན། །བསོད་ནམས་རིན་ཆེན། ཞབས་ཕྱི་གྲུབ་ཆེན་དང་། པདྨ་དཀར་དྲིས། གནས་བརྟན། སྟག་ཡན། སངས་རྒྱས། ཀུན་དགའ། རབ་བྱུང་། ཕུན་ཚོགས་སོགས་སྐལ་ལྡན་གྱི་སློབ་མ་རྣམས་དང་། དད་ལྡན་གྱི་སྦྱིན་བདག་ཕོ་མོ་ཐམས་ཅད་ཀྱིས་སྔ་ཕྱི་རིམ་པ་བཞིན། སྔོན་གྱི་སྐྱེས་མཆོག་རྣམས་དང་། ད་ལྟའི་བླ་མ་རྣམས་ལ་རྣམ་ཐར་མང་པོ་འདུག་པས། ཁྱེད་ཀྱིས་ཀྱང་རྣམ་ཐར་ཞིག་ཅི་ནས་ཀྱང་གསུང་དགོས་ཞེས་ཡང་ཡང་བསྐུལ་ཀྱང་དགོས་པ་ཆུང་སྙམ། རེ་ཞིག་བཏང་སྙོམས་སུ་བཞག་སྟེ་མཚམས་དམ་པོ་བྱས་ནས་བསྡད་སྐབས། ཉིན་གཅིག་བསམ་བློ་ཞིག་བཏང་ཚེ། མཁན་པོས་བཤད་པ་བཞིན། རང་ཡང་ཆོས་བྱེད་བློའི་ངང་ལ་མི་ཚེ་རྒས་ནས་འཆི་ལ་ཉེ་དུས་འདིར། ད་སྐྱིད་ཁོམ་སྡུག་ཁོམ་ཆེན་པོ་ཨེ་ཡོད་མི་ཤེས་པར་གདའ། ད་ལྟ་ན་ཚ་མེད་པར་སྒྱུ་ལུས་བདེ་བའི་དུས་འདིར། རྣམ་ཐར་ཞིག་བྲིས་ནས་བཞག་ན། ཕྱི་རབས་དད་ཅན་གདུལ་བྱ་སྐལ་བཟང་ཐར་པ་དོན་དུ་གཉེར་བ་རྣམས་ལ་ཕན་ཐོགས་རེ་འོང་བའང་སྲིད་སྙམ་པའི་བློས། །རང་ཉིད་ཆུང་མ་ལས་སྐྱེས་ནས་ད་ལྟའི་བར་གྱི་རྣམ་ཐར་འབྲི་བ་ལ་ཡིད་ཕྱོགས་སོ། །དེ་ལ་རྣམ་ཐར་སྐུལ་བ་པོ་རྣམས་དང་རྗེས་འཇུག་གདུལ་བྱ་མ་འོངས་པའི་གང་ཟག་ལས་དང་སྐལ་བར་ལྡན་པ་

p. 17

རྣམས་ཀྱི་ཕན་བདེ་ལེགས་ཚོགས་མ་ལུས་པའི་འབྱུང་གནས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ནི་སངས་རྒྱས་མི་ཡི་གཟུགས་སུ་ཤར་བ་ཡིན་སྙམ་པའི་སྒོ་ནས། ཐོག་མར་དད་གུས་བྱེད་པ་འདི་གལ་ཆེ་སྟེ། དེའི་རྒྱུ་མཚན་ནི། འོ་སྐོལ་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་རྣམ་འདྲེན་དམ་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད།་ཐུན་མོང་མ་ཡིན་པའི་གདུལ་བྱའི་སྣང་ངོར། འཁོར་འདས་ཐམས་ཅད་ཀྱི་ཐོག་མར་རྫོགས་བྱང་བླ་ན་མེད་པའི་གོང་འཕང་མངོན་དུ་མཛད་དེ། མཁའ་མཉམ་འགྲོ་བ་ཡོངས་ལ་གང་ལ་གང་འདུལ་གྱི་སྐུར་བཞེངས་ནས། རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། མདོ་སྡེ་པདྨ་དཀར་པོ་ལས། བསྐལ་བ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་གྲངས་ནི་སུས་ཀྱང་བཟུང་མེད་པར། །བྱང་ཆུབ་དམ་པ་དེ་ནི་ངས་རྙེད་དེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །གསུངས། དེ་ཉིད་ཐུན་མོང་གདུལ་བྱ་རྣམས་ཀྱི་སྣང་ངོར་དང་པོར་ཐུགས་བསྐྱེད། བར་དུ་ཚོགས་བསགས། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་རྨད་དུ་བྱུང་བ་བསྟན་ནས་ཆོས་འཁོར་བསྐོར་བ་ཡིན་ཅིང་། ད་དུང་མ་འོངས་པ་ནའང་དེ་ལྟ་བུའི་མཛད་པ་ཡང་ཡང་སྟོན་པར་གསུངས་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་

p. 18

ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གསུངས། དེང་སང་སྙིགས་མའི་དུས་འདིར་གང་ལ་གང་འདུལ་གྱི་བླ་མ་དགེ་བའི་བཤེས་གཉེན་དུ་མའི་སྐུ་རུ་སྤྲུལ་ནས་འགྲོ་བའི་དོན་མཛད་པར་གསུངས་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཉིད་དགེ་བའི་བཤེས་སུ་འོང་། །ང་ཡིན་སྙམ་དུ་བློས་ཟུངས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་སངས་རྒྱས་ཀྱིས་གང་གསུངས་ཚད་མར་བཟུང་ནས། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ན། ཅི་མཛད་ལེགས་པར་མཐོང་ནས། བླ་མའི་རྣམ་ཐར་ངོ་མཚར་བ་དང་རྒྱ་ཆེ་བ་རྣམས་ཕར་ཞོག །སྐུའི་བཞུགས་ཚུལ་གསུང་གི་འབྱོན་ལུགས་ཡན་ཆད་དྲན་ན་ཡང་དད་པ་སྐྱེ་ལ། དེ་ལྟ་བུའི་དད་གུས་གང་ལ་ཡོད་ཕྱིན་ཆད་གང་ཟག་དེས་སངས་རྒྱས་ཀྱི་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་པ་དང་། དམ་ཆོས་ཡོན་ཏན་མྱུར་དུ་སྐྱེ་ཞིང་དགོས་འདོད་མ་ལུས་པ་འབྱུང་བར་འགྱུར་ཏེ། ཆོས་བཅུ་པའི་མདོ་ལས། དད་པ་ལྡན་པའི་མི་དག་ལ། །སངས་རྒྱས་ལས་རྣམས་འགྲུབ་འགྱུར་ཏེ། །ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། དད་པ་ལྡན་པའི་གང་ཟག་གིས། །རང་

p. 19

བཞིན་དངོས་གྲུབ་ཐམས་ཅད་འགྲུབ། །ཅེས་དང་། རྒྱལ་བ་ཀརྨ་པས། དད་ཅན་སློབ་མ་མོས་གུས་ཅན། །དམ་ཆོས་ཡོན་ཏན་མྱུར་དུ་སྐྱེ། །ཞེས་དང་། མ་ཅིག་གིས། དད་པ་ཡོད་པའི་མི་རྣམས་ལ། །དགོས་འདོད་མ་ལུས་འབྱུང་བར་འགྱུར། །ཞེས་གསུངས་སོ། །འོ་ན་ང་ལ་སྒེར་དུ་ལུང་བསྟན་འདྲ་ཡོད་དམ་སྙམ་ན། དེ་ཡང་ཡོད་དེ། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་དཀར་ཆག་ཏུ་སློབ་དཔོན་ཆེན་པོའི་མ་འོངས་ལུང་བསྟན་ལས། རིགས་གསུམ་མགོན་པོ་དང་། ཁྲོ་གཉེར་ཅན་དང་། རྗེ་བཙུན་སྒྲོལ་མ་རྣམས་ཀྱི་སྤྲུལ་པ་འགའ་རེས་ཞིག་གསོ་བྱེད་པར་འགྱུར་རོ། །དེའི་དུས་སུ་སྐལ་བ་དང་ལས་འཕྲོ་རུ་ལྡན་པའི་གང་ཟག་གཅིག་གིས་ཚེ་བློས་བཏང་ནས། ལྷག་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས་ཞིག་གསོ་བྱས་ན་འགྲུབ་པར་འགྱུར་རོ། །དེ་བཞིན་གྲུབ་ན་ལྷོ་འཛམ་བུ་གླིང་དུ་ལོ་ལེགས་བདེ་སྐྱིད་མི་ལོ་ཉེར་ལྔའི་བར་དུ་འབྱུང་། ཞེས་དང་། གཏེར་སྟོན་བདུད་འདུལ་རྡོ་རྗེའི་བསྟན་པ་སྤྱིའི་ལུང་བསྟན་ལས། དཔལ་གྱི་རྡོ་རྗེ་ཤར་གྱི་ཕྱོགས་སུ་འཕུར། །རང་གྲོལ་མིང་ཅན་ཡང་དག་དོན་ལ་མཁས། །བྱ་རུང་ཁ་ཤོར་མདོག་དང་ལྡན་པར་བྱེད། །ཡ་རབས་ལས་ལྡན་ཐམས་ཅད་དེ་ལ་མོས། །ཞེས་དང་། ཀརྨ་པ་རོལ་

p. 20

པའི་རྡོ་རྗེའི་ལུང་བསྟན་བཀའ་རྒྱ་མ་ལས། རྗེ་བཙུན་བཞད་པ་རྡོ་རྗེ། །མདོ་ཁམས་ཤར་ཕྱོགས་གཡོ་ཞིང་། །ལ་ཕྱི་གངས་ཀྱི་ར་བ། །ཉམས་གསོ་ལེགས་པར་བྱེད་དོ། །ཞེས་དང་། གཏེར་སྟོན་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཆོས་བདག་གི་ལུང་བསྟན་ལས། དབུ་རྩེ་རིགས་གསུམ་དྲོད་ཀྱིས་གཡེངས་པའི་དུས། །ཟབ་དོན་ཚོགས་ཀྱི་འཁོར་ལོ་ཤར་ནས་འབྱུང་། །ང་ཡི་ཟབ་ཆོས་འདི་དང་འཕྲད་པ་ན། །བར་ཆད་ཀུན་སེལ་འགྲོ་དོན་རྒྱ་ཆེར་ཡོང་། །སྙིང་རྗེ་ཆེ་ཞིང་མཐོང་བྱེད་སྨེ་བ་ཅན། །ཐེ་ཚོམ་མ་བྱེད་ཉམས་སུ་ལོངས་ལ་སྤེལ། །ཞེས་དང་། གྲུབ་དབང་རྫོགས་ཆེན་པ་ཀུན་བཟང་གཞན་ཕན་རིན་པོ་ཆེའི་ལུང་བསྟན་ལས། མགོན་བསྟན་པའི་འཁོར་ལོ་སྟོད་དུ་འབྱུང་། །ལྷ་ཕྱག་ན་པདྨ་སྒྱུ་འཕྲུལ་བཞིན། །ཡུལ་དེ་དང་གཞན་ཡུལ་དག་ནས་འབྱུང་། །ཞེས་དང་། རིག་འཛིན་ཆེན་པོ་དཔལ་ལྡན་བཀྲ་ཤིས་ལ་མ་འོངས་ལུང་བསྟན་བྱུང་བ་ལས། གླང་ཆེན་འགྱིང་འདྲའི་རི་བོ་ལ། །སྤྲིན་ནག་འཁྲིགས་པའི་ནགས་ཚལ་ཡོད། །མ་འོངས་བཀྲ་ཤིས་འཁྱིལ་བ་ཞེས། །སྒྲུབ་པའི་ས་སྡེ་ཚུགས་པ་ཡོང་། །གནས་དེར་གྲུབ་ཐོབ་འགའ་ཙམ་འབྱུང་། །དཔེར་ན་ཉི་ཟླ་ཟུང་གཅིག་ལ། །རྒྱུ་སྐར་ཚོགས་ཀྱིས་བསྐོར་འདྲ་བའི། །བདེ་ཆེན་གསང་བའི་སྒྲུབ་སྡེ་འབྱུང་། །ཞེས་གསུངས། གཞན་ཡང་མདོ་རྒྱུད་ཀྱི་གཞུང་དང་། བཀའ་གདམས་གླེགས་བམ་དང་། ཨོ་རྒྱན་རིན་པོ་ཆེའི་གཏེར་ཆོས་གསར་རྙིང་སོགས་ལ་དད་གུས་ཅན་གྱིས་བལྟས་ན། འདི་ཡང་ལུང་བསྟན་ཡིན་ནམ་སྙམ་པ་མང་པོ་ཡོད་སྐད། དེས་ན་ཕྱི་རབས་རྗེས་འཇུག་

p. 21

དད་ཅན་རྣམས་ཀྱིས་ང་ཡང་དམ་པ་གོང་མའི་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་འདུག་སྙམ་པའི་དད་གུས་དག་སྣང་ཁྱད་པར་ཅན་གྱི་སྒོ་ནས་རྣམ་ཐར་འཆད་པ་དང་། ཉན་པ་སོགས་བྱས་ན་ཕན་ཡོན་རྒྱ་ཆེན་པོ་འབྱུང་བར་འགྱུར་ཏེ། བཀའ་བརྒྱུད་གསེར་ཕྲེང་ལས། རྒྱལ་བ་སྲས་དང་བཅས་པ་རྣམས་དང་། དེ་ཡི་སྤྲུལ་པ་བཀའ་བརྒྱུད་རིན་པོ་ཆེ་དང་། གཞན་ཡང་སྐྱེས་མཆོག་དམ་པ་སྤྲུལ་པའི་སྐུ་རྣམས་ཀྱི་རྣམ་ཐར་དང་། འཕྲིན་ལས་མཛད་པ་ངོ་མཚར་ཆེ་བ་རྣམས་ལན་རེ་ཐོས་པ་ཙམ་གྱིས་ཀྱང་། ལས་ངན་སྡིག་སྒྲིབ་དཔག་ཏུ་མེད་པ་འདག་ཅིང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་ལ། དཀར་པོའི་ས་བོན་ཐེབས་ཤིང་བླ་མ་རྣམས་ཀྱི་ཞབས་དྲུང་དུ་སྐྱེས་ནས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་འགྱུར། སྡུག་ཁུར་དང་དཀའ་སྤྱད་ནུས་ཤིང་། བློ་སྟོབས་དང་གོ་བ་ཤུགས་ཀྱིས་སྐྱེ། མང་དུ་ཐོས་ཤིང་ཡིད་ལ་འཇགས་པར་གྱུར་ན། ཆོས་རྣམ་ཐར་གྱིས་བསྟན་པ་ཡིན་པས་སྤང་བླང་རྣམས་ཤེས་ཤིང་། ལམ་མ་ནོར་བར་གོ་བར་འགྱུར་ཏེ། རྒྱུད་ལ་དད་པ་མེད་པ་རྣམས་ལ་དད་པ་སྐྱེ་ཞིང་། དད་པ་ཡོད་པ་རྣམས་ཀྱང་གོང་དུ་འཕེལ་བར་བྱེད་ལ། ཞེན་ལོག་དང་། །བརྩོན་འགྲུས་དང་། ཤེས་རབ་ལ་སོགས་པ་ཡང་ཤུགས་ཀྱིས་སྐྱེ་བར་འགྱུར། མོས་གུས་ཀྱི་གདུང་བ་སྐྱེས་ན། དོན་རྒྱུད་ཀྱི་བྱིན་རླབས་ཞུགས་ནས་ཉམས་དང་རྟོགས་པ་མ་སྐྱེས་པ་རྣམས་ལའང་རྩོལ་མེད་དུ་སྐྱེ་ཞིང་། སྐྱེས་པ་རྣམས་ཀྱང་གོང་ནས་གོང་དུ་བོགས་ཐོན་པར་འགྱུར། བྱང་ཆུབ་

p. 22

སེམས་དཔའི་མཛད་པ་ངོ་མཚར་ཅན་དེ་ལྟ་བུ་བདག་ཀྱང་བྱེད་པར་གྱུར་ཅིག་སྙམ་པ་བྱུང་ན། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་རྒྱུད་ལ་སྐྱེ་ལ། དགེ་བ་སྟོབས་ཆེན་པོ་རྣམས་ལ་རྗེས་སུ་ཡི་རངས་སྐྱེས་ན། བསོད་ནམས་མཉམ་པོར་འཐོབ་པར་བཤད་ཅིང་། མཛད་པ་ངོ་མཚར་བ་དང་། ཆོས་ཀྱི་གཏམ་ཟབ་མོ་རྣམས་ཐོས་པས་འཕྲལ་དུ་ཡང་ཆགས་སྡང་མི་དགེ་བ་དང་། སྡུག་བསྔལ་རྣམས་འགག་ཅིང་། དགའ་སྤྲོ་དང་དཀར་པོའི་དགེ་བ་རྣམས་འཕེལ་བར་འགྱུར། ལོག་རྟོག་ཅན་འགའ་ཞིག་སྨོད་ཅིང་སྐུར་བ་འདེབས་ན་ཡང་། སེམས་དཔའ་ཆེན་པོ་རྣམས་ཀྱིས་རྗེས་སུ་འཛིན་ཅིང་། གདུལ་བྱར་གྱུར་ནས་འཁོར་བ་མཐའ་ཅན་དུ་བྱེད་དོ། །མདོར་ན་རང་གཞན་གྱི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བས་ན། འདི་རྣམས་མཐོང་བ་དང་། ཐོས་པ་དང་དྲན་པ་ཙམ་ཡང་དོན་ཡོད་པར་བྱེད་པས་ན། འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། འཆད་པ་དང་། ཉན་པ་དང་། བསམས་ཤིང་ཡིད་ལ་འཛིན་པ་དང་། དོན་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་ཞིང་དད་གུས་ཁྱད་པར་ཅན་བསྐྱེད་པར་བྱའོ་གསུངས། དེས་ན་བདག་ལ་ནི་སྔོན་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རྒྱ་བོད་ཀྱི་མཁས་གྲུབ་གོང་མའི་རྣམ་པར་ཐར་པ་ལྟར། རྗེས་འཇུག་གིས་ཉམས་ལེན་དུ་ཁྱེར་ཆོག་པ་ཆེན་པོ་ཞིག་མེད་མོད། འོན་ཀྱང་དམ་པ་གོང་མ་དེ་དག་གི་རྗེས་སུ་ཁ་མིག་ཡར་བལྟ་བྱས་ནས། ཆོས་ལྡན་གྱི་བྱ་བ་བསྒྲུབས་ཚུལ་རྣམས། གང་བཤད་པར་བྱ་བའི་རྣམ་ཐར་རོ། །དེ་ཇི་ལྟར་འཆད་ན། མཆོག་དམན་བར་པ་ཀུན་གྱིས་
ཉན་སྤྲོ་བའི་ཕྱིར། སྔོན་གྱི་མཁས་གྲུབ་འགའ་ཞིག་གི་རྣམ་ཐར་ལྟར་ཚིག་ལྷུག་དང་ཚིགས་བཅད་གཉིས་ཀ་སྤེལ་མ་བྱས་ནས། སྐབས་བཅོ་ལྔའི་སྒོ་ནས་རྒྱས་པར་འཆད་པར་བྱ་སྟེ།

དང་པོ་སྔོན་གྱི་ལས་བཟང་སྨོན་ལམ་དག་པས་མཚམས་སྦྱར་ནས་ཡུལ་ཕྱོགས་གང་དུ་སྐྱེ་བ་བླངས་ཚུལ།

p. 23

དང་པོ་སྔོན་གྱི་ལས་བཟང་སྨོན་ལམ་དག་པས་མཚམས་སྦྱར་ནས་ཡུལ་ཕྱོགས་གང་དུ་སྐྱེ་བ་བླངས་ཚུལ། གཉིས་པ་འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད་པར་བསམས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཚུལ། གསུམ་པ་ཕ་ཡུལ་རྒྱབ་ཏུ་སྤངས་ནས་ཆོས་རྒྱལ་ངག་གི་དབང་པོའི་ཞབས་པད་བསྟེན་ཚུལ། བཞི་པ་བླ་མས་ལུང་བསྟན་པའི་རྩེ་གཞུང་དབེན་པའི་དགའ་ཚལ་ནས་ཟབ་མོའི་སྒྲུབ་པ་ལ་གཞོལ་ཚུལ། ལྔ་པ་གནས་དེ་དང་ཐོག་ཉེའི་དབེན་གནས་སྟག་མོ་རྫོང་དང་། རྒོད་པོ་རྫོང་། གེ་ཐོ་རུ་སོང་ནས་སྒྲུབ་པ་བྱས་ཚུལ། དྲུག་པ་བདེ་སྐྱིད་སྙན་གསུམ་འཛོམས་པའི་མཚོ་སྙིང་མ་ཧཱ་དེ་ཝའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ། བདུན་པ་བཀྲ་ཤིས་གཡང་ཀུན་ཆགས་པའི་ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ། བརྒྱད་པ་བྱིན་རླབས་དངོས་གྲུབ་འབྱུང་གནས་བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ། དགུ་པ་ཨ་མ་ཤི་བའི་རྐྱེན་བྱས་ནས་དབུས་གཙང་དག་པའི་ཞིང་དུ་ཡར་ལ་སོང་བའི་ཚུལ། བཅུ་པ་སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཙཱ་རི་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས་ལ་རོང་སྐོར་བརྒྱབ་ནས་སྒྲུབ་པ་བྱས་ཚུལ། བཅུ་གཅིག་པ་སྟོད་ན་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏེ་

p. 24

སེ་སེང་གདོང་མ་དཀར་མོ་སྐུ་ཡི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ། བཅུ་གཉིས་པ་ངོ་མཚར་ལྷ་ཡི་ཡུལ་དང་མཚུངས་པའི་བལ་ཡུལ་མཆོད་རྟེན་ཆེན་པོ་རྣམ་གཉིས་མཇལ་དུ་སོང་ཚུལ། བཅུ་གསུམ་པ་བར་ན་ཁུངས་བཙུན་པ་ལ་ཕྱི་སྟག་གདོང་མ་ཁྲ་མོ་གསུང་གི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ། བཅུ་བཞི་པ་དབུས་གཙང་དག་པའི་ཞིང་དུ་ཚུར་ལ་འོངས་ནས་ཕྱོགས་མེད་འགྲོ་དོན་བྱས་ཚུལ། བཅོ་ལྔ་པ་མདོ་ཁམས་སྨད་འདིར་འོངས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྒྲུབས་པའི་ཚུལ་ལོ། །སྐྱེ་བ་བླངས་ཚུལ། དེ་ལ་དང་པོ་སྔོན་གྱི་ལས་བཟང་སྨོན་ལམ་དག་པས་མཚམས་སྦྱར་ནས་ཡུལ་ཕྱོགས་གང་དུ་སྐྱེ་བ་བླངས་ཚུལ་ནི། འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མཉམ་མེད་རྒྱལ་བ་ཤཱཀྱ་ཐུབ་པའི་གདུལ་བྱའི་ཞིང་། ལྷོ་འཛམ་བུ་གླིང་གི་ས་ཡི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་སངས་རྒྱས་སྣང་བ་མཐའ་ཡས་དང་། ཕྱག་ན་པདྨོ་ངུར་སྨྲིག་གི་རྣམ་རོལ་རྒྱལ་བ་ཡབ་སྲས་རྣམ་གཉིས་བཞུགས་པའི་དབུས་གཙང་དག་པའི་ཞིང་གི་ཤར་ཕྱོགས། རྒྱལ་བ་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་འཁྲུངས་ཡུལ་མདོ་སྨད་ཙོང་ཁའི་སྐྱེས་རིའི་ལྷོ་ཕྱོགས། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་གདུལ་བྱའི་ཞིང་། རེབ་གོང་གསེར་མོ་ལྗོངས་ཞེས་བྱ་བའི་སའི་ཆ་མི་རྣམས་རང་བཞིན་གྱིས་རྣམ་རིག་བཀྲ་ཞིང་དཔའ་རྩལ་ཆེ་བ། ལྷ་བཟོ་དང་སྨན་རྩིས་སོགས་རིག་གནས་ལ་མཁས་ཤིང་། ཆོས་ཕྱོགས་ལ་དགའ་བའི་ཡུལ་གྲུ་ཆེན་པོ་མང་པོ་ཡོད་ལ། དེ་རྣམས་ཀྱི་

p. 25

ཐག་ཉེ་བ་ན། རེབ་གོང་གྲུབ་པ་ཐོབ་པའི་གནས་བརྒྱད་དང་། རྗེ་སྐལ་ལྡན་རྒྱ་མཚོའི་སྒྲུབ་གནས་མང་པོ་ཡོད་པའི་ནང་ནས་མཆོག་ཏུ་གྱུར་པ། ཤར་ཀྭ ཐོག་ནས་བྱོན་པའི་སྔགས་འཆང་ཆེན་པོ་མཚན་ཀྭ་བ་རྡོ་རྗེ་འཆང་དབང་ཞེས་བྱ་བ། ཡི་དམ་བདེ་མཆོག་དང་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པའི་གནས། བདེ་མཆོག་འཁོར་ལོའི་ཕོ་བྲང་། བཅུ་གཅིག་ཤེལ་གྱི་དགོན་པའི་ཉེ་འདབས། བྲག་རི་དང་ནགས་ཚལ་མེ་ཏོག་སྣ་ཚོགས་པ་སྐྱེ་ཞིང་། རོང་འབྲོག་གཉིས་ཀ་འཛོམས་པའི་ཡུལ་ཞོ་འོང་ལ་ཁ་ཞེས་གྲགས་པ་དེ་ལ། ཕྱོགས་ཕྱོགས་ན་སྡེ་བ་ཆེ་ཆུང་བཅུ་ཡོད་པའི་ནང་ནས། ཡུལ་ལྷ་ཇ་སྒྲོན་གྱི་རི་ཡི་འདབས་ན་གཉན་རྒྱ་ཞེས་བྱ་བའི་གྲོང་སྡེ་ཞིག་ཡོད་པ་དེ་ཉིད་ང་སྐྱེས་པའི་ཕ་ཡུལ་ཡིན་ལ། ཆོ་རིགས་ནི་རྣམ་འདྲེན་ཐམས་ཅད་གཟིགས་པའི་སྤྱན་སྔར་དང་པོ་ཐུགས་བསྐྱེད་པའི་ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་ར་བཞུགས་པའི་རི་རྒྱུད། རྨ་ཆུའི་ངོགས་དང་ཐག་ཉེ་བ་ན་ཡུལ་ལྷ་རྨ་ཆེན་གྱི་འཁོར་ཁྲི་ཀའི་ཡུལ་ལྷ་ཞེས་ལྷ་བཙན་པོ་མངོན་སུམ་ལྟ་བུ་ཞིག་ཡོད་པའི་ཐག་ཉེ་ན། ཁྲི་ཀའི་ཡུལ་སྡེ་ཆེན་པོ་རྒྱལ་ཁྲིམས་ལ་གནས་ཤིང་ཆོས་ཕྱོགས་ལ་དཀར་བ་མང་པོ་ཡོད་པའི་ནང་ནས། དམེ་རྒྱ་ཟེར་བའི་སྡེ་ཚན་ཞིག་གིས་ཕ་སྤུན་ནང་མ་འགྲིགས་པར་མི་བཙན་ཕྱུག་འཛོམས་པའི་ནམ་མཁའ་རྒྱལ་པོ་ཞེས་བྱ་བའི་ཁྱིམ་ཚང་ཞིག་ཡུལ་ཐོན་ནས་བྱུང་བ། དེ་གཉན་རྒྱུའི་ས་དེར་ཆགས་པ་ལས། ཡུལ་ལྷའི་ངོ་བལྟས་ནས་ནོར་ལོངས་

p. 26

སྤྱོད་རྒྱས་ཤིང་། དེ་ལ་བུ་ཉི་མ་སེང་གེ་དང་། ཟླ་བ་སེང་གེ བྱང་ཆུབ་སེང་གེ་ཞེས་བྱ་བའི་སེང་གེའི་མིང་ཅན་གསུམ་བྱུང་བ་རེ་རེ་ལ་ཡང་བུ་མང་པོ་བྱུང་། དེ་གསུམ་གྱི་རིགས་རྒྱུད་འཕེལ་ནས་ཕྱིས་སྔགས་སྐོར། དམ་གཙང་། དགོངས་པ་ཟེར་བའི་ཕ་ཚན་གསུམ་བྱུང་། ང་ནི་བྱང་ཆུབ་སེང་གེའི་བུ་རྒྱུད་དམ་གཙང་ཟེར་བ་དེའི་ཡིན། ཨ་མེས་བྱང་ཆུབ་སེང་གེ་ཟེར་བ་དེ་ལ་བུ་དང་ཚ་བོ་ཡང་ཚ་སྐྱེས་ནས་མི་ཐོག་གསུམ་སོང་བའི་རྗེས་སུ་བུ་གཟུགས་མཛེས་ཤིང་སྐད་སྙན་པ་བསམ་པ་བཟང་བ་ཞིག་བྱུང་བས། མིང་ལ་ཨ་བོ་ཡག་ཅེས་བཏགས་ཤིང་། བུ་དེ་ཆུང་ངུའི་དུས་ཕྱུགས་འཚོ་རུ་ཕྱིན་པས། །རྒྱངས་ཡག་མཚེར་ཟེར་བའི་ས་ནས་བུམ་པ་ཆེན་པོ་ཞིག་གསེར་གྱིས་གང་ཡོད་པ་སོགས་ས་འོག་གི་གཏེར་མཐོང་བ་བྱུང་། མི་རབས་གསུམ་ཙམ་གྱི་བར་ལ་ཕས་བུ་རྣམས་ལ་བསྟན་ཅིང་། ཕྱི་རབས་མི་རྒྱུད་ནོར་གྱིས་ཕོངས་པ་བྱུང་ན་གསེར་བླངས་ཆོག་པའི་ངག་རྒྱུན་གདའ། ཨ་མེས་དེ་ལ་བུ་ཆོས་འཇིག་རྟེན་ལ་མཁས་པའི་བཀྲ་ཤིས་རྒྱལ་ཟེར་བ་གཅིག་བྱུང་། དེ་ལ་བུ་ཚེ་དང་བསོད་ནམས་ཆེ་བའི་ཚེ་དབང་ཟེར་བ་བྱུང་། དེ་ལ་བུ་དྲང་པོ་གཡོ་སྒྱུ་མེད་པ། སྒྲུང་དང་གླུ་དབྱངས་ལ་མཁས་པའི་ངག་དབང་ཟེར་བ་བྱུང་། དེ་ངའི་ཨ་མའི་ཕ་དེ་ཡིན་ལ། དེ་ལ་བུ་མོ་ལྔ་དང་བུ་གཅིག་བྱུང་བས། བུ་དེ་ནི་སྲིང་མོ་ཀུན་གྱི་ཆུང་ཤོས་སུ་སྣང་། མིང་ལ་སྐྱབས་གོ་ཟེར་ཞིང་། ཆོས་ཀྱི་བག་ཆགས་བཟང་པོ་ཅན་ཞིག་བྱུང་། བུ་མོ་སྤུན་ལྔའི་ནང་ནས་བར་པ་གསུམ་པ་དེ་ངའི་ཨ་མ་ཡིན། ངའི་ཨ་མ་མ་སྐྱེས་པའི་གོང་དུ་བུ་གཅིག་འོང་དུ་རེ་

p. 27

ནས། རྒྱལ་བའི་གསུང་རབ་བཀྲ་ཤིས་བརྩེགས་པ་ཤིག་བླངས་པས། བུ་ཚ་མ་སྐྱེས་པར་བུ་མོ་སྐྱེས་པས། མིང་ལ་བཀྲ་ཤེས་བརྩེགས་ཞེས་བཏགས། དེ་ངའི་ཨ་མ་ཡིན། ཕྱིས་གཅེས་མིང་ལ་བརྩེགས་གོ་ཞེས་འབོད་པ་བྱུང་། འབྱོར་པ་ནི་ཤཱ་རིའི་བུས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེས་ནས་ཀྱང་། །རབ་ཏུ་འབྱུང་བ་བྱེད་པར་ཤོག །གསུངས་པའི་སྨོན་ལམ་དང་མཚུངས་པར། ཧ་ཅང་ཕྱུག་པོ་ཡང་མིན་ལ། དབུལ་པོ་ཡང་མིན་པར། འབྱོར་པ་ཆེ་ཆུང་འཚམས་པ་ཞིག་ཡོད་པ་ལ། ངའི་ཨ་མའི་ཕ་མ་གཉིས་ལ་བུ་མོ་མང་པོ་ཡོད་ཀྱང་། བུ་ཆུང་ཤོས་གཅིག་ལས་མ་བྱུང་བའི་སྟབས་ཀྱིས། ངའི་ཨ་མ་དེ་ཤེས་རྒྱ་ཆེ་ལ། གསོག་བསྲུང་དང་། གཉེན་འཁོར་སྐྱོང་བ་ལ་མཁས་ཤིང་། གོ་ཆོད་པོ་བྱུང་ཚེ་ཕ་མ་གཉིས་ཀྱིས་ཀྱང་ག ཙིགས་ཆེ་ཞིང་། བུ་གཅིག་པུའི་ལས་གྲོགས་སུ་དམིགས་ནས་མི་ལ་མ་བྱིན་པར་ཡུལ་ནས་བཞག སྤུན་བུ་མོ་རྣམས་མི་གཞན་ལ་བྱིན། ངའི་ཨ་མ་ལ་ཆེད་དུ་གཉེར་ནས་མག་པ་མ་བཞག་པའི་སྟབས་ཀྱིས། ངའི་ཕ་ལ་ངེས་འཇོག་ཆེན་པོ་ཞིག་མི་སྣང་ཡང་། ཕལ་ཆེ་བ་ཁ་མཐུན་པར། བྱང་ཆུབ་སེམས་དཔའ་ཁྱེའུ་ཆུ་འབེབས་ཀྱི་སྤྲུལ་པ་རྒྱལ་རིགས་སུ་གཏོགས་ཤིང་། རིག་པའི་གནས་ལྔ་ལ་མཁས་པའི་ཕ་རོལ་ཏུ་སོན་པ་རྒྱལ་ཁམས་ཡོངས་ལ་ཕན་པའི་ཆར་ཆེན་པོ་ནམ་དགོས་པའི་དུས་སུ་འབེབས་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་འཚོ་འདུ་མཁན་ཆེན་རིན་པོ་

p. 28

སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ཡིན་ཞེས་གྲགས་ལ། ངའི་ཨ་མ་དེ་ཡང་ཆེར་སོང་ནས་ཡུལ་ཕྱོགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་ལས་རྒྱུ་འབྲས་སོགས་ཀྱི་ཆོས་ལ་ཉན་པས། ཆོས་ཕྱོགས་ལ་དགའ་ཞིང་སྡིག་ལ་འཛེམ་པ། ཉ་སྟོང་བརྒྱད་གསུམ་ལ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བསྲུང་ཞིང་། རྒྱུན་ལྡན་དུ་སྒྲོལ་མ་ཁ་ཏོན་བྱེད་ཅིང་ཕྱག་འཚལ་བས། སྒྲོལ་མ་འབུམ་ཐེར་སོང་ཞིང་། ཕྱག་ཀྱང་བྱེ་བ་གཅིག་ཙམ་འཚལ་བར་གདའ། མདོར་ན་ཚེ་འདིའི་སོ་ནམ་ལ་མཁས་ཤིང་། རྣམ་དཀར་དགེ་བ་ལ་བརྩོན་པ་ཞིག་བྱུང་འདུག ཨ་མ་ལ་ང་མ་སྐྱེས་པའི་སྔ་རོལ་ཏུ། ནུབ་གཅིག་གི་རྨི་ལམ་ན། ངེད་ཀྱི་དཔོན་ཨ་ཁུ་སྔགས་ཕྲུག་བྱ་བས་སྐུ་འདྲ་ཞིག་ཁྱེར་འོངས་ནས་འདི་རེ་ཞིག་ཁྱེད་ཀྱི་ནང་དུ་ཞོག་དང་། རྗེས་སུ་མི་ཐམས་ཅད་ཀྱི་མགོ་ཐོག་ཏུ་འཇོག་དགོས་པས། རྒྱུན་དུ་ཁྱེད་ཀྱི་ནང་དུ་འཇོག་རྒྱུ་མི་ཡོང་ཞེས་སྐུ་ལག་ཏུ་གཏད་པའི་སྣང་བ་བྱུང་། གཞན་ཡང་རྨི་ལམ་དུ་པདྨ་དཀར་པོ་རྙེད་ནས་མགོ་རྒྱན་བྱེད་པ་དང་། དུང་དཀར་པོ་རྙེད་ནས་འབུད་པ་དང་། ཁྱད་པར་ནུབ་གཅིག་གི་རྨི་ལམ་དུ་སྤྱན་རས་གཟིགས་ཀྱི་སྐུ་འོད་ཟེར་འཕྲོ་བ་ཚོན་གང་བ་ཞིག་སྤྱི་བོར་ཐིམ་པ་ཞིག་རྨིས་པ་ནས་བཟུང་མའི་མངལ་དུ་ཞུགས་པས་ལུས་སེམས་ལ་བདེ་བ་དཔག་མེད་བྱུང་། དེ་ནས་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོར་མ་ལ་གནོད་པ་ཆེར་མེད་པར་བདག་སྐྱེས། སྐྱེས་མ་ཐག་ནས་མིག་ཕྱེ་ཞིང་། བྱིས་པ་གཞན་ལས་ཀྱང་སྐྱེད་ཆེ་བ་དང་། མི་ངུ་བར་དགའ་ཞིང་འཛུམ་བཞིན་གནས་པ་ཀུན་གྱིས་ཡིད་དུ་འོང་བ་བྱུང་། དེའི་དུས་གཉེན་ཚན་སྐྱབས་ལོ་ཟེར་བས་

p. 29

རྩིས་བྱས་པས། མི་གཅིག་ལ་མི་བརྒྱ་འབྲོས་ཟེར་བའི་ཉི་མ་ཞིག་ལ་བཙས་འདུག་པས་བཙས་སྐར་བཟང་། བུ་འདི་འཇིག་རྟེན་བྱས་ན། དམག་བརྒྱ་ཡང་ཐུབ་པའི་དཔའ་བོ་ཞིག་འོང་ལ། ཆོས་བྱས་ན་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས་པའི་གྲུབ་ཐོབ་ཅིག་འོང་ཟེར་བས། དཔོན་སྔགས་ཕྲུག་གིས། སྐྱེས་ལྷ་མཆོད་ཅིང་ཚེ་ཐར་ཕུལ་ནས། མིང་ལ་ངག་དབང་བཀྲ་ཤིས་ཞེས་བཏགས། ང་སྐྱེས་པའི་ལོ་དེ་ལ་རྒྱལ་ཁམས་ཡོངས་ལ་ལོ་ལེགས་པོ་དང་བཀྲ་ཤིས་པོ་བྱུང་ཚེ། རྗེས་སུ་བཙས་སྟོན་བྱས་པས། རྒན་པ་བསམ་ཤེས་རྣམས་ཀྱིས། བུ་ཚའི་མིང་ལ་ངག་དབང་བཀྲ་ཤིས་ཞེས་བཏགས་པ་མིང་དོན་མཐུན་པས་བཟང་། ཀུན་གྱིས་ཚེ་རིང་བཀྲ་ཤིས་ཞེས་ཁ་གཡང་བཀྲ་ཤིས་བརྗོད་ཅིང་ཡུལ་མི་ཐམས་ཅད་དགའ་མགུར་གྱུར་སྐད། ཆུང་ངུའི་དུས་སུ་རྫུན་དང་ཚིག་རྩུབ་མི་སྨྲ་ཞིང་། མི་དགེ་བའི་རྩེད་མོའི་རིགས་ཙམ་ཡང་གཏན་ནས་མི་བྱེད་པར། ཆོས་འདོན་པ་མ་ཎི་པད་དབྱངས་འཐེན་པ། རྔ་བརྡུང་རོལ་མོ་དཀྲོལ་བ་སོགས་ཆོས་དང་མཐུན་པའི་རྩེད་མོ་སྣ་ཚོགས་པ་བྱེད་ཅིང་། རང་བཞིན་གྱིས་རྒྱུད་དྲང་ཞིང་བསམ་པ་བཟང་ལ་རྩེད་གྲོགས་ལ་བྱམས་པ། ཟན་ཅིག་ཟ་ན་ཡང་གཞན་ལ་བགོས་ནས་སྟེར་བ་ཞིག་ཡིན་ཟེར། མཚན་མོ་ཨ་མའི་པང་དུ་ཉལ་བའི་དུས་སུ་མུན་ནག་གི་ནང་དུ་བལྟས་ཚེ་སྐབས་སྐབས་སུ་ལྷ་ཁང་ནང་གི་རི་མོ་ལྟ་བུའི་འཇའ་འོད་ཐིག་ལེ་ལྷ་སྐུ་དུ་མ་མཐོང་བས། དེ་དུས་ཨ་མ་ལ་གནམ་ལ་བལྟས་ན་ཁྲ་ཁྲ་མང་པོ་མཐོང་གི་བྱས་པས། ཨ་མས་ཁྱོད་ཀྱིས་

p. 30

རྫུན་མ་བཤད་དང་། མུན་ནག་གི་ནང་ལ་བལྟས་པས་དེ་འདྲ་གང་ནས་མཐོང་། ཁ་རོག་པར་ཉོལ་ལ་སྡོད་ཟེར། ཡང་ཉི་མ་ཁ་ཤས་རེའི་འཕྲོ་ལ་བལྟས་ན་མཐོང་གི་བཤད་པས། རྫུན་ཨེ་ཡིན་ཟེར། རྫུན་མིན་ངོ་ཐོག་ཡིན་བཤད་པས། ཨ་མས་ངེད་ཚང་གི་དཔོན་སྔགས་ཕྲུག་ལ་ཟློས་པས། དེ་བདེན་ཡོང་གྲིབ་ལ་འཛེམས་དང་། ཆོས་པ་བཟང་པོ་ཞིག་གི་སྐྱེ་བ་འདྲ་ཡིན་ན། རྗེས་ནས་ཆོས་བྱས་ན་རང་གཞན་གཉིས་ཀ་ལ་ཕན་ཐོགས་ཡོང་ངེས་ཟེར་སྐད། རྗེས་སུ་རི་ཁྲོད་རྣམས་སུ་ཐོད་རྒལ་སྒོམ་དུས་སྔར་གྱི་དེ་འདྲ་བ་མང་པོ་ཤར་བྱུང་ཚེ། ངས་ཆུང་ངུའི་དུས་སུ་མཐོང་བ་དེ་སྔོན་གྱི་བག་ཆགས་ཤིག་སད་པ་ཡིན་ནམ་སྙམ་པ་བྱུང་། དེ་ནས་ལོ་དྲུག་བདུན་ཙམ་ཞིག་ལོན་པའི་དུས། ངེད་ཚང་གི་དཔོན་དེས་དཔྱིད་ཀ་ཞིང་བཏབ་ཚར་བའི་དུས་སུ་ཉི་མ་རིང་བའི་དུས་ཤིག་ལ། མདོ་སྡེ་མཛངས་བླུན་ཞིག་ཁྱེར་འོངས་ནས། ཉི་ཕུག་དྲོ་ས་ཞིག་ཏུ་སྐྱེ་བོ་ཕོ་མོ་མང་པོ་འཚོགས་པ་ལ། ལས་རྒྱུ་འབྲས་ཀྱི་ཆོས་བཤད་བྱེད་པ་ལ་ངས་ཀྱང་ཉན་པས། ཁོང་གིས། འོ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་འདྲ་ཕྱིན་ཆད་རྙེད་པར་དཀའ། ད་རེས་རྙེད་པའི་དུས་འདིར་མྱུར་དུ་ཆོས་ཤིག་བྱ་དགོས། མ་བྱས་ན་ནམ་འཆི་ཆ་མེད། དེ་ནུབ་ཙམ་ལ་ཡང་མི་འཆི་བའི་གདེང་སུ་ལའང་མེད། ཤི་ན་ཕྱི་མར་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་སོང་ན། ལས་དགེ་སྡིག་གི་ཤན་ཕྱེས་ནས། སྡིག་ཅན་རྣམས་དམྱལ་བར་བཏང་ནས་སྡུག་བསྔལ་མྱོང་ཞིང་། དགེ་བ་བྱས་པ་རྣམས་མཐོ་རིས་སུ་བཏང་ནས་བདེ་སྐྱིད་མྱོང་བས། ད་རེས་ལུས་ཐོག་འདི་ལ་ཐམས་ཅད་ཀྱིས་སྡིག་པ་བྱེད་མི་རུང་། དེའི་ནང་

p. 31

ནས་སྲོག་གཅོད་བྱས་ན་དམྱལ་བར་འགྲོ་བས་ཤིན་ཏུ་འཛེམ་དགོས། མཆོད་སྦྱིན་དང་དགེ་འདུན་ལ་བསྙེན་བཀུར་སོགས་དགེ་བ་བསྒྲུབ་དགོས། དེའི་ནང་ནས་ཕྱག་སྐོར་ཁ་ཏོན་དང་བསམ་པ་བཟང་པོ་བྱས་ན་བདེ་བ་ཅན་དུ་སྐྱེས་ཡོང་བས་འབད་པ་གལ་ཆེ། དེའི་རྒྱུ་མཚན་འདི་ཡིན་ཞེས་མདོ་སྡེ་མཛངས་བླུན་བཏོན་ནས། སྐབས་སྐབས་སུ་འདི་འདྲ་གསུང་རྒྱུ་རེད་ཅེས་འགྲེལ་བཤད་བྱས་པས། དེར་འཚོགས་པ་ཀུན་གྱི་སེམས་ལ་ཕན་ཅིང་། ངས་ཀྱང་དེ་གོ་ནས་བཟུང་སྡིག་པ་ལ་འཛེམས་ནས་དགེ་བ་བསྒྲུབ་དགོས་པར་འདུག་སྙམ། རྒྱུན་ལྡན་དུ་ཡིད་ཀྱིས་མ་བརྗེད་པར་བྱས། སའི་སྲིན་བུ་ཡན་ཆད་རྐང་འོག་ཏུ་གཅུར་གྱིས་དོགས་ནས་འཛེམ། ཤ་སྦྲང་གཞན་གྱིས་གསོད་པ་ཡང་གསོད་དུ་མ་བཅུག་པར་རང་གི་ཁྲག་འཐུང་དུ་བཅུག་ནས་བཏང་། ཨ་མས་ཕྱག་འཚལ་དུས་ངས་ཀྱང་འཚལ། མཆོད་ཁང་དུ་སྤོས་དང་མེ་ཏོག་ཕུལ། མ་ཎི་དང་དམིགས་བརྩེ་མ་སོགས་རང་གི་གང་ཤེས་ཀྱི་ཁ་ཏོན་འདྲ་བྱེད་རྒྱུ་བྱུང་། དེའི་སྟོན་ཁ་ལོ་ཡག་པོ་ཞིག་བྱུང་བས། ཁྱིམ་ཚང་ཡོད་མེད་གཉིས་ཀས་སྐྱིད་པོ་བྱ་རྒྱུ་ཡིན་ཟེར་ནས། ལུག་མང་པོ་གསོད་པ་མཐོང་བས། ང་རང་སྐྲག་པ་དང་། ལུག་ལ་སྙིང་རྗེ་ནས། ལུག་གསོད་པའི་ཁང་བའི་ནང་དུ་ཡང་སྡོད་མ་ཐུབ་པར་ཕྱི་སྒོར་ཐོན་ནས་བསྡད། བསད་ཚར་ཚེ་ནང་དུ་འོང་དུས། ལུག་བསྐྱེལ་ནས་བཤའ་བ་མཐོང་བས། ངའི་བསམ་པ་ལ་མི་འདི་ཚོས་ཚེ་ཕྱི་མ་ཡོད་པ་ཤེས་བཞིན་སྡིག་པ་བྱེད་པར་འདུག་སྟེ། ང་ཆེར་སོང་ན་སྡིག་པ་སྤངས་ཏེ་ཆོས་ཤིག་བྱེད་དགོས་

p. 32

སྙམ་ནས་ཞེ་དམ་ཡང་ཡང་བྱས། དེ་དུས་ངའི་ཨ་མའི་སྤུན་ཨ་ལྕེ་ཞིག་གི་བུ་གནམ་ལྷ་ཟེར་བ་དེ་ལ། ངའི་ཨ་མའི་ཕ་རྒད་པོ་ངག་དབང་གིས་ཡི་གེ་སློབ་པའི་ཕྱི་རྒྱབ་ཐག་ཉེར་བསྡད་ནས་བལྟས་པས། དཀའ་ཚེགས་མེད་པར་ངས་ཡི་གེ་ཤེས་པ་བྱུང་། ཁོས་ཡུན་རིང་མ་ཤེས་ཚེ། གནམ་ལྷ་བྱམས་ལ་ཁྱོད་ཀྱིས་བསླབས་ཀྱང་མི་ཤེས། ཚ་བོ་ཆུང་ཆུང་འདི་ལ་མ་བསླབས་ཀྱང་ཤེས་པར་འདུག་ཁྱོད་ལ་ཅི་བྱུང་ཟེར་ནས་མང་པོ་བསྡིགས་པར་གདའ། ང་ལ་འདི་རིག་ཡག་ཅིག་རེད་ཟེར་ནས་གང་བྱམས་བྱམས་བྱས་བྱུང་། གཞན་ཡང་བྱིས་པ་ཀློག་སློབ་པ་ལ་བལྟས་པས་ཆེད་དུ་གཉེར་ནས་སློབ་མ་དགོས་པར་ཡི་གེ་གཟབ་གཤར་གཉིས་ཀ་ཚེགས་མེད་དུ་ཤེས་པ་བྱུང་། དེ་ནས་ཨ་མེས་རྒད་པོ་དེ་ཤི། ཇོ་མོ་ཞིག་ཡོད་པ་དེ་ཤི། དེའི་རྗེས་སུ་ཨ་མའི་མིང་པོ་སྐྱབས་གོ་ཟེར་བ་དེ་ཡང་ལོ་ཉི་ཤུ་རྩ་གཅིག་ཐོག་ནས་གློ་བུར་དུ་ཤི །དེ་སོགས་གཞན་ཡང་ཨ་མའི་མགོ་ལ་སྐྱིད་སྡུག་སྣ་ཚོགས་པ་མང་པོ་ཞིག་བྱུང་བའི་རྐྱེན་གྱིས་མགྱོགས་པོར་རྒས་པ་བྱུང་། ངས་ལོ་དགུ་དང་བཅུ་ཚུན་ལ་ཞོ་འོང་སྔགས་མང་གི་འདོན་ཆ་དང་། ཡི་གེ་དཀར་ནག་གཉིས་ཀ་འབྲི་ཚུལ་བསླབས་པས། རང་ཆུང་ཆུང་ཚོད་ཀྱི་ཡི་གེ་ཡག་པོ་ཞིག་བྲི་ཤེས་པ་བྱུང་། ལོ་བཅུ་གཅིག་ཐོག་ནས་གསང་སྔགས་སྔ་འགྱུར་ལ་མི་ཕྱེད་པའི་དད་པ་དང་དམ་ཚིག་གཙང་བའི་ཞོ་འོང་ལ་ཁའི་སྔགས་མང་གི་ཆོས་ཐོག་གི་གྲལ་དུ་ཞུགས་ནས། ཆོ་ག་རྣམས་སྒྲ་དག་པོ་བྱས་ནས་བཏོན་པའི་ཚེ། སྔགས་འཆང་རྒན་པ་ཕལ་ཆེར་ཐུགས་མཉེས་ནས། སྔགས་ཕྲུག་འདི་འདོན་མཁན་ཞིག་རེད།

p. 33

ཚེ་རིང་བཀྲ་ཤིས་ཟེར་བ་བྱུང་། ཉིན་གཅིག་ངེད་ཀྱི་ཉེ་བ་ཨ་ཡེས་ཀླུ་མོ་དཔལ་ཟེར་བའི་རབས་ཆད་རྒན་མོ་ཞིག་ཡོད་པ་དེ། སྒོ་ཡི་ཉི་མ་དྲོ་ས་ཞིག་ན་གཅིག་པུར་བསྡད་ཡོད་པའི་སར་སོང་ནས། ཁྱོད་ཀྱི་སེམས་མ་སྡུག་དང་། ང་ཆེར་སོང་ན་ཁྱོད་ལ་ཕན་གང་ཐོགས་བྱས་ཆོག་ཅེས་བཤད་དེ་ཡུལ་དུ་འོངས་ནས། ཨ་མས་མ་ཤེས་པ་བྱས་ཏེ་མར་ཞིག་ཁྱེར་ནས་མོ་ལ་བྱིན། ང་ཡང་ཆེར་སོང་ནས་སྐབས་སྐབས་ཕན་ཐོགས་འདྲ་བྱས་པས། མོའི་སེམས་ཤིན་ཏུ་དགའ་ནས། །རྗེས་སུ་ང་ནམ་མཐོང་ཡང་བོས་ཏེ། ཟ་མ་གཙང་མ་རེ་ཡོད་ན་ང་ལ་བྱིན་ནས་རང་གི་བུ་ལྟར་བྱམས་པར་བྱས་ཚུལ་དུས་ད་ལྟ་ཡང་སྐབས་རེར་དྲན་པ་བྱུང་། དེ་དུས་ཉིན་གཅིག་རང་གི་ཡུལ་ཕྱོགས་ཀྱི་སྐྱ་སེར་རྣམས་ཀྱི་རྩ་བའི་བླ་མ་གཙུག་གི་ནོར་བུ། ཆུ་དམར་རིན་པོ་ཆེ་དགེ་འདུན་བཀྲ་ཤིས་རྒྱ་མཚོ་ཕེབས་ནས་སྐྱ་སེར་མང་པོ་ལ། སྐྱབས་འགྲོ། ལྟུང་བཤགས། དགའ་ལྡན་ལྷ་བརྒྱ། ཁོང་གིས་ཐུན་མོང་གི་ཆོས་བཤད། དམིགས་བརྩེ་མ། མ་ཎི་སྡོམ་ལུང་རྣམས་གནང་བ་ལ་ཉན་པས། ཁོང་གིས་ཐུན་མོང་གི་ཆོས་བཤད། དལ་འབྱོར་རྙེད་དཀའ། །འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་རྒྱས་བསྡུས་འཚམས་པ་ཞིག་གནང་བས། ཀུན་གྱི་སེམས་ལ་ཕན་པ་བྱུང་། དེ་དུས་ཁོང་གི་ཞལ་ནས། ཁྱེད་རྒན་རྒོན་རྣམས་ཀྱིས་བུ་ཚ་ཆ་རེ་ཡོད་ན། ཐམས་ཅད་ཁྱིམ་ཐབ་ཏུ་མ་འཇུག་པར། ཕལ་ཆེར་རབ་བྱུང་གྱིས་ལ་ཆོས་བྱེད་དུ་ཆུགས་དང་བཟང་། སྔོན་བདག་ཅག་གི་སྟོན་པས་ཀྱང་རྒ་བ་དང་། ན་བ་དང་འཆི་བ་གཟིགས་

p. 34

པས་ཐུགས་སྐྱོ། དགེ་སློང་ཞིག་གཟིགས་པས་ཐུགས་སྤྲོ་ནས། །རྒྱལ་སྲིད་སྤངས་ཏེ་མཆོད་རྟེན་རྣམ་དག་དྲུང་ནས་རབ་ཏུ་བྱུང་། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་པའི་རྣམ་ཐར་ལ་ལྟོས་དང་། ངེད་རྣམས་ཀྱིས་ཀྱང་དེ་ལྟར་ཆོས་བྱེད་ཐུབ་ན་སྐལ་བ་བཟང་གསུངས་པ་ཐོས་ནས་ཡུལ་དུ་འོངས། ངེད་ཚང་ལ་སྟོན་པའི་རྣམ་ཐར་མཛད་པ་བཅུ་གཉིས་ཀྱི་བདུན་ཐང་ཞིག་ཡོད་པ་ལ་བལྟས་ནས། ཁོང་གིས་འདི་ལྟར་གསུངས་པ་རེད་སྙམ། ངས་འདི་ལྟ་བུ་ཞིག་ཡོང་བའི་སྨོན་ལམ་ཐོབས་ཞེས་ཡིད་སྨོན་ཤོར་བ་བྱུང་། སྐུ་གཞོགས་རིན་པོ་ཆེ་དེ་ཉིད་ཀྱིས་ཡུལ་ཕྱོགས་ལ་མ་ཎི་བཙུགས། ཐམས་ཅད་ཀྱི་བློ་ཁ་ཆོས་ལ་བསྒྱུར་བས་ཡུལ་ཕྱོགས་ལ་བཀའ་དྲིན་ཆེ་བར་བྱུང་། ངས་ཀྱང་དེ་ནས་བཟུང་ཉ་སྟོང་བརྒྱད་གསུམ་ལ་ཡན་ལག་བརྒྱད་པའི་སྡོམ་པ་མ་ཆོག་པར་བསྲུངས། ང་ཆེར་སོང་ནས་ཁོང་གི་གཟིམ་ཁང་གི་སྒོ་འགྲམ་གྱི་ངོས་ལ་སྐྱེ་བོ་གསོ་ཐིག་གི་གཏམ་རྒྱུད་ལྟར་ལྡེབས་བྲིས་ཁ་ཤས་ཀྱང་བྲིས་པས་ཁོང་གི་ཐུགས་མཉེས། དེ་དུས་ཆོས་ཀྱི་གླེང་མོ་བྱས་པ་ད་ལྟ་ཡང་དྲན་པ་བྱུང་། རྗེས་སུ་ཁོང་གཤེགས་ཁར་ཡང་ཞལ་ཆེམས་འདི་ལྟར་གསུངས་པར་གདའ། གང་ལ་བརྟེན་ནས་བསླུ་བ་མེད་པའི་སྐྱབས། །འདི་ཕྱིའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །དངོས་གྲུབ་ཀུན་གྱི་གཏེར་མཛོད་དྲིན་ཅན་རྗེ། །དངོས་བརྒྱུད་བླ་མས་བྱང་ཆུབ་བར་དུ་སྐྱོངས། །ཆུ་བོའི་རྒྱུན་བཞིན་འཁོར་བའི་འགྲོ་བ་ཚོ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེམས་མཛོད་ལ། །

p. 35

མི་དགེ་བཅུ་སྤོངས་དགེ་བཅུ་བསྒྲུབ་ལ་བརྩོན། །རྟག་ཏུ་འཆི་བདག་ཁ་རུ་འགྲོ་བ་སོམས། །ཕྱི་རུ་བློ་རྒྱ་མ་ཆེ་ནང་དུ་ལྟོས། །ནང་གི་སེམས་ཉིད་གཏན་ལ་ཕབ་ན་དགའ། །གསལ་སྟོང་རྗེན་པའི་དགའ་སྟོན་མ་མྱོང་ཡང་། །དོན་སྤྱི་ཙམ་གྱི་ངེས་པ་མ་རྙེད་ན། །གཞན་གྱི་ཡར་འདྲེན་དེ་ཡང་ལོང་ཁྲིད་ཡིན། །ནམ་ཞིག་འཆི་བདག་ཁ་རུ་ཕྱོགས་པའི་ཚེ། །གདམས་ངག་གཅིག་ཆོག་ཕུབ་ཆུང་འདི་མེད་ན། །གདམས་ངག་ཕལ་ཆེར་སྡར་མའི་ལག་ཆ་བཞིན། །གལ་ལ་བབ་ཚེ་ཕན་ཐོགས་འབྱུང་བ་དཀའ། །དོན་གྱི་གཙོ་བོ་མ་འཕྱུག་ཙམ་རེ་མཛོད། །རང་གི་སྤྱི་བོར་ཐུགས་རྗེ་ཆེན་པོ་སྒོམས། །ངག་གིས་ཡི་གེ་དྲུག་མའི་གཟུངས་སྔགས་བགྲོངས། །ཡིད་ཀྱིས་སྡུག་བསྔལ་ཅན་ལ་སྙིང་རྗེ་སྒོམས། །དེ་ལྟར་བྱས་ན་འདི་ཕྱི་དགེ་སྟེ་བཟང་། །ཕྱི་རབས་མོས་ལྡན་རྣམས་ཀྱིས་ཡིད་ལ་ཟུངས། །བདག་ལ་འཕྲད་ཀྱང་ཁ་ཆེམས་འདི་ལས་མེད། །བདག་ལ་འབྲེལ་ཐོགས་དད་ལྡན་ཕོ་མོ་རྣམས། །གཡུ་ལོ་བཀོད་པའི་ཞིང་དུ་སྐྱེ་བར་ཤོག །ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ལོ་ཡག་ཅིང་། །ཀུན་ཀྱང་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །ཅེས་གསུངས་པ་ལ་གོ་རྒྱུ་ཆེན་པོ་འདུག དེ་ནས་ལོ་བཅུ་གཉིས་བཅུ་གསུམ་གྱི་དུས་ན། གསང་སྔགས་རྙིང་མའི་ཞི་རྒྱས་དབང་དྲག་གི་ཕྱག་ལེན་ལ་མཁས་པའི་བླ་མ་ཨོ་རྒྱན་འཕྲིན་ལས་རྣམ་རྒྱལ་བཀྲ་ཤིས་འཁྱིལ་འོག་མ་ན་བཞུགས་པའི་དྲུང་དུ་སོང་ནས། བཀའ་བརྒྱད་བདེ་འདུས། ཕུར་པ་ཡང་གསང་བླ་མེད། གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་རྟ་མགྲིན་སོགས་ཀྱི་

p. 36

ཆོ་གའི་འདོན་རིམ། གཏོར་མ་དང་། བསྲུང་བཟློག་གི་འཁོར་ལོ་འབྲི་ཚུལ་སོགས་ཕྱག་ལེན་རྣམས་བསླབས་པས་ཚེགས་མེད་དུ་ཤེས་པས་ཐུགས་མཉེས་པ་བྱུང་། ཁོང་ལ་ངས་ཆོས་སྤྱོད་ཁ་ཤས་ཀྱི་ལུང་ཞུས་པས། ཁོང་གིས་ང་ལ་ཆོས་དགོས་ན་སྔོན་དུ་དཀའ་བ་སྤྱད་ཐུབ་ན་དེ་ནས་སྟེར་གསུངས། ངས་དེ་ལགས་ཞུས་ནས། ཁོང་གི་མཚམས་ཁང་ནང་ལ་འདམ་རྒྱག་པའི་ཆུ་ཉི་མ་རེ་རེ་ལ་ཡང་ལན་བཅུ་གསུམ་ཙམ་རེ་བླངས་འདམ་བརྫིས། ཁོང་གིས་འདམ་བརྒྱབ། ཆུ་ཉི་མ་མང་པོར་བླངས་པས་སྐེད་པ་ཚ་བ་བྱུང་། ད་སྐེད་པ་ཚ་ཞུས་པས། སྔོན་རྗེ་བཙུན་ཆེན་པོས་ཁྱོད་ཀྱི་འདིས་མི་ཚད་ས་རྡོ་མང་པོ་ཁུར་ནས་སྐུ་རྒྱབ་ལ་སྒལ་བ་གསུམ་ཙམ་བྱུང་བ་དེ་མ་གོ་འམ་གསུངས་པས། དེ་བདེན་སྙམ་ནས་ཉི་མ་བཅོ་ལྔ་ཙམ་ལ་ཆུ་བླངས་པས་ཁོང་གི་ཐུགས་དགྱེས་ནས། ཆོས་སྤྱོད་ཐར་ལམ་དཀར་པོ་དང་། ཨོ་རྒྱན་བླ་མའི་རྣལ་འབྱོར། འཇམ་དབྱངས་ཞི་བའི་བསྒོམ་བཟླས། བསངས་མཆོད་བཀྲ་ཤིས་འཁྱིལ་བ། དམ་ཅན་སྤྱིའི་གཏོར་འབུལ་གྱི་ལུང་སོགས་གང་འདོད་རྣམས་གནང་ནས། ད་ཁྱོད་ཀྱིས་འཇིག་རྟེན་མ་བྱེད་པར་ཆོས་རྣམ་དག་ཅིག་གྱིས་དང་ཡོང་བར་གདའ་གསུངས། ཆོས་ཇི་ལྟར་བྱས་ན་ལེགས་ཞུས་པས། །ཆོས་རྣམ་དག་ཅིག་བྱེད་ན་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལ་ལྟོས། ཁོང་གི་རྗེས་སུ་ཁ་མིག་ཡར་ལྟ་གྱིས་ལ་ཆོས་སྒྲུབས་དང་བཟང་གསུངས། དེ་ནས་ལོ་བཅུ་བཞིའི་སྟེང་དུ་གསང་སྔགས་རྡོ་རྗེའི་ཐེག་པའི་བསྐྱེད་རྫོགས་རྫོགས་ཆེན་གྱི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་འཇམ་དཔལ་རྡོ་རྗེ་རིན་པོ་ཆེ་ལ།

p. 37

ཞོ་འོང་སྔགས་མང་གིས་རྡོར་སེམས་ཀྱི་དབང་དང་། རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་ཞག་བདུན་གྱི་བར་དུ་ཞུས་པའི་དུས་སུ། ང་ཡང་གྲལ་དུ་བསྡད་ནས་ཉན་པས། ཁོང་གིས་ཐུན་མོང་གི་ཆོས་བཤད་གནང་བའི་སྐབས་སུ་ཐམས་ཅད་ལ་ངེས་འབྱུང་དང་སྐྱོ་ཤས་སྐྱེས་པ་བྱུང་། དངོས་གཞིའི་སྐབས་སུ་སེམས་ཚོལ་བྱས་ནས། སྔགས་པ་རེ་རེ་བཞིན་མདུན་དུ་བོས་ནས་དྲིས། སྐབས་ཤིག་ང་ཡང་མདུན་དུ་བོས་ནས་སོང་ཚེ། སེམས་ཅི་འདྲ་ཞིག་རེད་གསུངས། ཅི་ཡང་མི་རྙེད་གི་ལགས་ཞུས་པས། ཁྱོད་ད་དུང་ལོ་ཆུང་ཆུང་རེད། མ་རྙེད་ན་ཡང་ཆོག་གསུངས། དེ་ནས་སྔགས་པ་ཐམས་ཅད་འདུས་ནས་ཁོང་གིས་སེམས་ངོ་སྤྲོད་པའི་སྐབས་སུ། རང་གི་སེམས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་ནམ་མཁའ་ལྟ་བུར་ངོ་འཕྲོད་པ་བྱུང་བས། བླ་མ་དང་སྔགས་རྒན་ཕལ་ཆེ་བས་སྔོན་གྱི་ལས་འཕྲོ་ཅན་ཞིག་ཡིན་པར་འདུག་ཅེས་གླེང་། དེའི་རྗེས་སུ་ལོ་རེ་བཞིན་སྔགས་མང་དང་། ཚེས་བཅུའི་ཨ་མཆོད་རྣམས་ཀྱིས་ཆོས་ཞུ་དུས་ངས་ཀྱང་ཉན་པས། ཕུར་པའི་དབང་དང་། མཁའ་སྤྱོད་མའི་རྗེས་གནང་། གུ་རུ་ལེའུ་བདུན། བསམ་པ་ལྷུན་འགྲུབ། རིག་འཛིན་གདུང་སྒྲུབ། སྒྲོལ་མ། མདོ་གདུགས་དཀར། སེང་གདོང་མ། ཚེ་གཟུངས་སོགས་ཀྱི་ལུང་ཐོབ་པ་བྱུང་། དེ་ནས་བཟུང་སྟེ་ཤེས་རྒྱུད་ཇེ་འཇམ་དུ་སོང་། བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་ཞིང་མི་སུ་དང་འགྲོགས་ཀྱང་མཐུན་པ་ཞིག་བྱུང་། ལོ་བཅོ་ལྔའི་ཐོག་ལ་བྱིན་རླབས་ཀྱི་རྩ་བ་སློབ་དཔོན་

p. 38

རིན་པོ་ཆེ་ལ་གསོལ་བ་འདེབས་དགོས་སྙམ་ནས། རིག་འཛིན་གདུང་སྒྲུབ་ཀྱི་ཆོ་ག་ལ་བརྟེན་ནས་བཛྲ་གུ་རུ་ས་ཡ་གཅིག་བཏོན་པས། རྨི་ལམ་དུ་ནམ་མཁའ་ལ་འཕུར་བ་དང་། ཉི་ཟླ་མཐོང་བ། གྱེན་ལ་འགྲོ་བ། རིན་པོ་ཆེའི་གཏེར་རྙེད་པ་སོགས་རྨིས། དེ་ནས་བཟུང་སྟེ་ཨོ་རྒྱན་ཆེན་པོའི་ཐུགས་རྗེས་བླ་མ་ལ་མོས་གུས། མཆེད་གྲོགས་ལ་བརྩེ་གདུང་། སེམས་ཅན་ལ་སྙིང་རྗེ། ཆོས་ལ་དག་སྣང་སྐྱེས་ནས་ཆོས་གང་བྱེད་ཀྱང་བར་ཆད་མེད་པར་བསམ་པའི་ནང་ལྟར་བྱེད་རྒྱུའི་སྐལ་བ་བྱུང་། དེའི་རྗེས་སུ་ལོ་བཅུ་དྲུག་གི་སྟེང་དུ་ཤེས་རབ་ཀྱི་ལྷ་གཅིག་བསྒྲུབ་དགོས་སྙམ་ནས། སྨིན་གླིང་གི་གཏེར་ཁའི་འཇམ་དབྱངས་ཞི་བའི་བསྙེན་མཚམས་ལ་ཡང་ལོ་གཅིག་བསྡད་པས་མཚམས་གཡོག་ཨ་མས་བྱས་ཏེ། ཨ་ར་པ་ཙ་ས་ཡ་གཅིག་བཏོན་པས། རྨི་ལམ་དུ་གསེར་དང་དངུལ་གྱིས་བྲིས་པའི་གླེགས་བམ་རྙེད་པ་བྱུང་། འཁོར་ལོ་དང་། རལ་གྲི་རྡོར་དྲིལ་རྙེད་པ་སོགས་རྨིས། དེ་ནས་བཟུང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྗེས་ཤེས་རབ་ཆེ་རུ་སོང་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དོན་ཕལ་ཆེར་རགས་རིམ་གོ་བ་བྱུང་། ལོ་བཅུ་བདུན་གྱི་སྟེང་གླིང་རྒྱའི་ལྷ་བཟོ་བསྟན་པ་དར་རྒྱུས་བསྟེན་ནས་ལྷ་བྲིས་ཤིག་ཀྱང་བསླབས་པས་རི་མོ་ལེགས་པོ་ཞིག་ཀྱང་ཤེས། སྔགས་འཆང་འདུས་སྤྱིའི་དོན་ལ་མཁོ་བའི་བསྲུང་བཟློག་གི་འཁོར་ལོ་དང་ལིངྒ་སོགས་མང་དུ་བྲིས། མཆེད་གྲོགས་དང་དད་པ་ཅན་མང་པོ་ལ་ཙཀླི་དང་བཏགས་གྲོལ་ཡང་མང་པོ་བྲིས་ནས་བྱིན། རང་གཞན་ལ་མཁོ་བའི་དཔེ་ཆ་ཡང་མང་པོ་བྲིས་པས།

p. 39

སྐབས་ཤིག་ཡི་གེར་ཤིན་ཏུ་བྱང་ནས་དཔྱིད་ཀྱི་ཉི་མ་རེ་ལ་ཤོག་གུ་སྣ་ཐུང་བརྒྱ་རེ་འབྲི་ཐུབ་པ་བྱུང་བས་ཀུན་ངོ་མཚར་བར་གྱུར། དེའི་སྐབས་སུ་གསར་རྙིང་གཉིས་ཀའི་ཆོས་ཀུན་མཁྱེན་པའི་གྲུབ་པའི་དབང་ཕྱུག་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེ་དེ་ཉིད་རྒྱལ་མཁན་ཆེན་མཆོག་གིས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་པ་དང་མཇལ་ནས། སྔགས་མང་དང་ལྷན་དུ་སྟག་ཚང་ཕུར་བའི་དབང་དང་རྫོགས་ཆེན་ཀུན་བཟང་སྙིང་ཐིག་གི་ཁྲིད་ལན་གསུམ་ཙམ་ཐོབ། གཞན་ཡང་བརྗེ་དང་སྔགས་པ་མང་པོས་ཆོས་ཞུ་དུས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་དང་། ཀུན་རིགས་ཀྱི་དབང་། བླ་མ་མཆོད་པ། ལམ་རིམ་བསྡུས་དོན། བློ་སྦྱོང་དོན་བདུན་མ། ཞུས་ལན་བདུད་རྩིའི་སྨན་མཆོག ཐོས་གྲོལ། རིག་པ་གཅེར་མཐོང་ངོ་སྤྲོད། གོལ་ཤོར་ཚར་གཅོད། ཀུན་མཁྱེན་ཞལ་ལུང་བདུད་རྩིའི་ཐིག་པ། རྡོར་སེམས་རིགས་ལྔ་རྒྱན་གཅིག་ལ་བརྟེན་པའི་གཏུམ་མོའི་ལུང་ཁྲིད་སོགས་བཀའ་ཆོས་མང་དུ་ཐོབ། རྫོགས་ཆེན་གྱི་སྔོན་འགྲོ་འདོན་རིམ་གྲངས་ཚང་བ་བཏང་བས། །ཁོང་གི་ཐུགས་རྗེས་རྒྱལ་བའི་གསུང་རབ་ཀྱི་གཞུང་དོན་ལ་གོ་བ་ཆགས་པ་བྱུང་། དེ་ནས་ལོ་བཅོ་བརྒྱད་ཀྱི་ཐོག་ཏུ་ཟས་ནོར་ལ་སྙིང་པོ་མི་འདུག་པས་ཆོས་ཤིག་བྱ་དགོས་སྙམ་པའི་སྐབས་ཤིག་ལ། གསེར་མགར་མཁས་པ་ཞིག་གིས་ཨོ་རྒྱན་རིན་པོ་ཆེའི་སྐུ་མཚོ་པད་སྡོང་ལྷ་ལྕམ་མཚོ་རྒྱལ་དང་བཅས་པའི་གསེར་སྐུ་ཞིག་ཁྱེར་འོང་བ་ལ། མཛོ་མོ་གཉིས་ལས་མེད་ཀྱང་གཅིག་དང་དྭ་དཀར་བཅས་བླུ་

p. 40

ཡོན་བཟང་པོ་བྱིན་ནས་མཉེས་པར་བྱས། །རབ་གནས་ལ་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེ་གདན་དྲངས་ནས་སྔགས་མང་དང་བཅས་པས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་། དགའ་སྟོན་རྒྱས་པར་བྱས་པས་ཡུལ་མི་ཀུན་ཀྱང་རྗེས་སུ་ཡི་རང་བར་གྱུར། དེ་ལ་བརྟེན་ནས་ཀ་ཤུལ་གཉན་རྒྱ་སོགས་ཀྱིས་གསེར་མགར་དེ་ཚུར་བོས་ནས་སྐུ་མང་པོ་བླུགས་པ་བྱུང་ངོ་། །དྲིན་ཅན་རྩ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་དེ་ཉིད་བཀྲ་ཤིས་འཁྱིལ་ན་བཞུགས་པའི་དུས་སུ་ཡང་ཡང་སྐུ་མདུན་དུ་སོང་ནས་ཅི་འབྱོར་གྱིས་མཆོད་པ་ཕུལ། ཅི་གསུང་གི་བཀའ་བཞིན་བསྒྲུབས་པས་ཐུགས་གཙིགས་ཆེ་བ་བྱུང་ངོ་། །སྨྲས་པ། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །བསྟན་འཛིན་ཞབས་དཀར་སྤྱི་བོའི་རྒྱན་དུ་བཞུགས། །བསྟན་ལ་རབ་དགའ་རྣལ་འབྱོར་རྣམ་ཐར་འདི། །བསྟན་འགྲོ་ཡོངས་ལ་ཕན་པར་བྱིན་གྱིས་རློབས། །བླ་མས་རྣམ་ཐར་སློབ་མས་སྐྱོང་བ་ལ། །ཐོག་མར་བླ་མའི་རྣམ་ཐར་ཤེས་དགོས་པས། །དེ་ཕྱིར་རང་ཉིད་གང་དུ་སྐྱེས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །གླིང་བཞིའི་དབུས་ཀྱི་རི་རབ་ལྷོ་ཡི་ཕྱོགས། །རྒྱ་གར་རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །དབུས་གཙང་དག་པའི་ཞིང་གི་ཤར་གྱི་ཕྱོགས། །ཙོང་ཁའི་སྐྱེས་རི་མཐོན་པོའི་ལྷོ་ཡི་ཕྱོགས། །རེབ་གོང་གསེར་མོ་ལྗོངས་ཀྱི་ས་ཡི་ཆ། །གྲུབ་གནས་བརྒྱད་ཀྱི་ནང་ནས་ཤེལ་དགོན་གྱི། །ཉེ་འདབས་ཞོ་འོང་གཉན་རྒྱ་ཞེས་བྱ་བའི། །སྡེ་བ་དེ་ཉིད་སྐྱེས་པའི་ཕ་ཡུལ་ཡིན། །ཕ་ནི་གྲུབ་དབང་ཚོ་འདུའི་མཁན་པོ་དང་། །མ་ནི་བཀྲ་

p. 41

ཤིས་དཔལ་བརྩེགས་ཞེས་བྱ་ལས། །ལྕགས་མོ་གླང་གི་ལོ་ལ་སྐྱེས་པའི་ཚེ། །དཔོན་གྱིས་མིང་ལ་ངག་དབང་བཀྲ་ཤིས་བཏགས། །རྗེས་སུ་སྲིང་མོ་གཉིས་ཀྱང་སྐྱེས་པའི་མིང་། །ཀླུ་མོ་བྱམས་དང་ཀླུ་མོ་སྐྱིད་ཅེས་ཟེར། །ཆེར་སོང་ཀླུ་མོ་བྱམས་ནི་མི་ལ་བྱིན། །ཀླུ་མོ་སྐྱིད་ཀྱིས་རང་གི་ཕ་ཡུལ་བཟུང་། །རང་ཉིད་སྐྱེས་པའི་ལོ་དེར་ཡུལ་ཁམས་ལ། །ལོ་ཕྱུགས་ལེགས་ཤིང་བཀྲ་ཡང་ཤིས་པོ་བྱུང་། །ཆུང་ནས་མི་དགེའི་རྩེད་མོ་མི་བྱེད་པར། །ཆོས་དང་མཐུན་པའི་རྩེད་མོ་སྣ་ཚོགས་བྱེད། །བསམ་པ་བཟང་ཞིང་ཟན་ཅིག་ཟ་ན་ཡང་། །གཞན་ལ་བགོས་ནས་སྟེར་བ་ཡིན་ཞེས་ཟེར། །མ་ཡི་པང་ན་གནས་དུས་འཇའ་འོད་དང་། །ཐིག་ལེ་ལྷ་སྐུ་མང་པོའི་མཐོང་སྣང་བྱུང་། །དཔོན་གྱིས་ཆོས་བཤད་བྱས་པ་ཐོས་ནས་བཟུང་། །སྡིག་ལ་འཛེམ་ཞིང་དགེ་བ་བྱེད་འདོད་བྱུང་། །བྱིས་པ་གཞན་ལ་ཡི་གེ་སློབ་པའི་དུས། །རང་གིས་བལྟས་པས་ཚེགས་མེད་ཤེས་པ་བྱུང་། །ཞོ་འོང་སྔགས་མང་ཆོས་ཐོག་གྲལ་དུ་སོང་། །ཆོས་འདོན་ཐམས་ཅད་དགའ་ནས་ཚེ་རིང་ཟེར། །རྩ་བའི་བླ་མ་ཆུ་དམར་རིན་པོ་ཆེས། །བདག་ཅག་སྟོན་པ་རབ་ཏུ་བྱུང་ཚུལ་སོགས། །གསུངས་པ་གོ་ནས་རང་ཡང་དེ་ལྟར་དུ། །རབ་ཏུ་བྱུང་ན་སྙམ་པ་ཡང་ཡང་བྱུང་། །དྲུང་ནས་བསྙེན་གནས་སྡོམ་པ་བླངས་ནས་བསྲུངས། །རྗེ་བཙུན་ཨོ་རྒྱན་འཕྲིན་ལས་རྣམ་རྒྱལ་གྱི། །དྲུང་ནས་ཆོ་ག་ཕྱག་ལེན་རྒྱས་པར་བསླབས། །ཁོང་གིས་ཁྱོད་ཀྱིས་ཆོས་ཤིག་བྱས་ན་ཡོང་། །རྗེ་བཙུན་མི་ལ་ལྟ་བུར་གྱིས་ཞེས་གསུངས། །གྲུབ་དབང་འཇམ་དཔལ་རྡོ་རྗེའི་

p. 42

ཞབས་དྲུང་ནས། །རྫོགས་ཆེན་ཨ་ཏི་ཟབ་དོན་དབང་ཁྲིད་སོགས། །ཉན་དུས་སེམས་ཀྱི་གནས་ལུགས་ཤེས་པ་བྱུང་། །བླ་མ་མཆེད་གྲོགས་འགའ་རེས་སྔོན་སྦྱངས་ཀྱི། །ལས་འཕྲོ་ཅན་ཞིག་ཡིན་པར་འདུག་ཅེས་གླེང་། །དེ་ནས་བཟུང་སྟེ་ཤེས་རྒྱུད་འཇམ་དུ་སོང་། །སུ་དང་འགྲོགས་ཀྱང་ཀུན་དང་མཐུན་པ་བྱུང་། །ལོ་གཅིག་བཛྲ་གུ་རུའི་བསྙེན་པ་བཏང་། །བར་ཆད་མེད་པར་བསམ་དོན་ཆོས་བཞིན་འགྲུབ། །ཕྱིར་ལོ་འཇམ་པའི་དབྱངས་ཀྱི་བསྙེན་པ་བྱས། །ཟབ་རྒྱའི་ཆོས་དོན་ཕལ་ཆེར་གོ་བ་བྱུང་། །སྐབས་དེར་ལྷ་བྲིས་ཤིག་ཀྱང་བྲི་ཚུལ་བསླབས། །རི་མོ་ཡི་གེ་བྲིས་ནས་གཞན་ལ་བྱིན། །ཡི་གེ་མགྱོགས་པས་ཤོག་གུ་བརྒྱ་རེ་ཙམ། །ཉིན་རེར་བྲིས་པས་ཐམས་ཅད་ངོ་མཚར་སྐྱེས། །ཚེ་འདིར་ཡི་གེ་བྲིས་ཚད་ཐམས་ཅད་པོ། །བསམ་ན་བཀའ་འགྱུར་ཙམ་ཞིག་བྲིས་སམ་སྙམ། །དེ་ནས་གསར་རྙིང་གཉིས་ཀ་མཁྱེན་པ་ཡི། །བླ་མ་འཇམ་དབྱངས་རྒྱ་མཚོའི་ཞལ་སྔ་ནས། །རྫོགས་ཆེན་ཀུན་བཟང་སྙིང་ཐིག་དབང་ཁྲིད་སོགས། །གསར་རྙིང་མདོ་སྔགས་བཀའ་ཆོས་མང་པོ་ཐོབ། །གཞུང་དོན་རྣམས་ལ་གོ་བ་ཆགས་པ་བྱུང་། །བསགས་པའི་ནོར་ལ་སྙིང་པོ་མི་འདུག་སྙམ། །སྙིང་པོ་ལེན་ཕྱིར་པད་འབྱུང་སྐུ་ཞིག་བཞེངས། །དེ་ལ་བརྟེན་ནས་བཞེང་མཁན་མང་པོ་བྱུང་། །རྩ་བའི་བླ་མ་འཇམ་དབྱངས་རིན་པོ་ཆེར། །ཡང་ཡང་མཇལ་ཞིང་ཅི་འབྱོར་མཆོད་པ་ཕུལ། །ལུས་ངག་ཞབས་ཏོག་ཅི་གསུང་བཀའ་བཞིན་དུ། །བསྒྲུབས་པས་བདག་ལ་ཐུགས་གཙིགས་ཆེན་པོ་གནང་། །མདོར་ན་སྐྱེས་ནས་བཟུང་སྟེ་ཕ་ཡུལ་ནས། །དགེ་བའི་བཤེས་བསྟེན་སྡིག་སྤངས་དགེ་བ་བསྒྲུབས། །རྣལ་འབྱོར་བདག་གི་རྣམ་ཐར་
དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །ཆུང་ནས་བཟུང་སྟེ་དགེ་བའི་བཤེས་གཉེན་སྟེན། །མི་དགེ་སྤངས་ནས་དགེ་ལ་གཞོལ་བར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

གཉིས་པ་འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད་པར་བསམས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཚུལ།

p. 43

རབ་ཏུ་བྱུང་ཚུལ། གཉིས་པ་འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད་པར་བསམས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཚུལ་ནི། ཉིན་གཅིག་རྩ་བའི་བླ་མ་འཇམ་དབྱངས་རིན་པོ་ཆེའི་སྐུ་མདུན་དུ་སོང་ཚེ། ཁྱོད་ཀྱིས་ཅི་འདོད་ཆུང་མ་ཞིག་ལེན་རྒྱུ་མ་ཡིན་ནམ་གསུངས་པའི་ལན་དུ་བདག་གིས་འདི་སྐད་ཅེས་ཞུས། འཇིག་རྟེན་འཁོར་བ་འདིའི་ནང་དུ་མི་སྐྱེ་བའི་སྨོན་ལམ་ཐོབས། འཇིག་རྟེན་ཁྱིམ་ཐབ་བྱས་ནས་སྡུག་བསྔལ་མྱོང་བ་ཚོ་ལ་བལྟས་ན། །བདག་གིས་ཆུང་མ་ཞིག་བླངས་ན་མི་འདོད་པར་མ་ཟད། ཚེ་བློས་བཏང་ནས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བཞིན་རི་ཁྲོད་དབེན་པའི་དགའ་ཚལ་བསྟེན་ནས་དམ་པའི་ཆོས་ཀྱི་བདུད་རྩི་ཞིག་འཐུང་ན་སྙམ་པ་ལགས་ཞུས་པས། དེ་ལ་ཁོང་ཤིན་ཏུ་མཉེས་ནས། འོ་བུ་དེ་ཡིན་ཁྱོད་ཀྱིས་མ་འཕྱུགས་འདུག ཤ་ཆང་འདོད་ཡོན་ལོངས་སྤྱོད་འཁོར་བའི་ཕུན་ཚོགས་འདི་རྣམས་འཕྲལ་དུ་ཉམས་དགའ་ལ། གཟུགས་དང་ལང་ཚོ་རྒྱས་པའི་ན་ཆུང་གཞོན་ནུ་ནི་བསླུ་བྲིད་མཁས་པས། གཞོན་གྲོགས་ལྷ་ཡི་བུ་མོ་བྱུང་ཡང་མ་ཆགས་ཤིག མ་ཞེན་ཅིག དེའི་རྒྱུ་མཚན་གང་ཡིན་ཞེ་ན། སྤྱིར་འཇིག་རྟེན་འཁོར་བའི་ཆོས་ཐམས་ཅད་ལ་སྙིང་པོ་མེད་ཅིང་མི་རྟག་

p. 44

མི་བརྟན་ཅིང་སྡུག་བསྔལ་གྱི་རང་བཞིན་དུ་སྣང་། སྒོས་སུ་འཇིག་རྟེན་ཁྱིམ་ཐབ་འདི་མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་ལྟ་བུ་ཡིན་ལ། །འཁོར་བའི་ཕུན་ཚོགས་ནོར་ལོངས་སྤྱོད་འཛོམ་པོ་རྣམས་ཀྱང་དུག་དང་འདྲེས་པའི་ཁ་ཟས། སྤུ་གྲིའི་ཁ་ཡི་སྦྲང་རྩི། དུག་སྦྲུལ་མགོ་ཡི་ནོར་བུ་ལྟར་རེག་ན་ཡང་ཕུང་ན། དེ་ཉིད་བསྟེན་པ་སྨོས་ཅི་དགོས་དགོངས་ནས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་། ད་ལྟའི་སྐྱེས་བུ་དམ་པ་ཡན་ཆད་ཀྱིས་ཚེ་བློས་བཏང་སྟེ་བླ་མ་དགེ་བའི་བཤེས་གཉེན་གྱི་དྲུང་ནས་མདོ་སྔགས་ཆོས་ཀྱི་བདུད་རྩི་བླངས་ཏེ། རི་ཁྲོད་དབེན་པའི་ལྗོན་ཤིང་གི་བསིལ་གྲིབ་ཏུ་འཁོད་ནས་དམ་པའི་ཆོས་ཀྱི་བདུད་རྩི་ངོམས་མེད་དུ་འཐུངས་པས། ཉམས་རྟོགས་ཀྱིས་ལུས་སྟོབས་རྒྱས་ཚེ་རང་གཞན་གྱི་དོན་གཉིས་བསྒྲུབ་པ་ཡིན། ཁྱོད་ཀྱིས་ཀྱང་དམ་པ་གོང་མའི་རྣམ་ཐར་སྐྱོང་རྒྱུ་ཞིག་བྱུང་ན་རང་གཞན་གྱི་དོན་གཉིས་ཚེ་འདིར་འགྲུབ་པར་གདོན་མི་ཟ་ཞེས་སླར་ཡང་ཚིགས་སུ་བཅད་ནས་འདི་སྐད་ཅེས་གསུངས་སོ། །བླ་མ་དམ་པ་སྤྱི་བོའི་རྒྱུན་དུ་བཞུགས། །བདག་གཞན་ཡོངས་ལ་ཐུགས་རྗེ་སྤྱན་གྱིས་གཟིགས། །བུ་བུ་དེ་ཡིན་ཆུང་མས་ཅི་ཞིག་བྱ། །ཆུང་མ་འཁོར་བར་འཆིང་བའི་ཞགས་ནག་འདྲ། །མི་འདོད་སྣ་དགུ་འདྲེན་པའི་དགྲ་དང་འདྲ། །ཆུང་མ་བླངས་ན་བདེ་བའི་གོ་སྐབས་མེད། །དུག་སྦྲུལ་པང་དུ་བླངས་ལ་བདེ་ཡོད་དམ། །ད་ནི་བློ་སྣ་བཟང་པོ་མ་འགྱུར་བར། །སུས་ཐོབ་འཚེངས་པ་དམ་པའི་ཆོས་ལ་འབོད། །ཆོས་ལ་འབད་ན་བདེ་སྐྱིད་ངང་གིས་འབྱུང་། །སྤྱི་བོའི་རྒྱན་གྱི་མཚན་ལྡན་བླ་མ་རྗེ། །མོས་པའི་བུ་ཡི་ཤེས་རྒྱུད་བྱིན་གྱིས་རློབས། །ཞེས་གསུངས་ནས་སྤྱན་ཅུང་ཟད་ཟུམ་ནས། བུ་ཁྱོད་ལོ་ཉི་ཤུའི་ནང་ལ་དམ་པའི་མགོན་དང་མཇལ་

p. 45

ཞིང་། རི་ཁྲོད་དབེན་པའི་བསིལ་གྲིབ་ཏུ་འཁོད་ནས་འདི་ལྟར་བསྡད་ཡོད་མོད་ཅེས། སྐུ་དྲང་བོར་བསྲང་། སྤྱན་མི་བཙུམ་པར་ཧ་རེ་བྱས་ཏེ་ཅུང་ཟད་ཅིག་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་ནས་ཅིག་བཞད་པར་གདའ། དེ་ད་ལྟ་བསམ་ན་ལུང་བསྟན་དུ་འདུག རྗེས་ནས་ཁོང་གིས་གསུངས་པ་ནང་ལྟར་རི་ཁྲོད་ནས་སྒོམ་སྒྲུབ་བྱེད་རྒྱུའི་སྐལ་བ་བྱུང་། དེ་དུས་ཡུལ་གྱི་ཕ་སྤུན་གཞོན་ནུ་རྣམས་ཀྱིས་ཁྱོད་ལ་བུད་མེད་ཅིག་ལེན་རན་ཟེར། ཨ་མ་དང་ཤ་ཉེ་རྣམས་ཀྱིས་ཀྱང་། ཨ་མའི་མིང་བོ་ལོ་ཉི་ཤུ་རྩ་གཅིག་གི་སྟེང་ནས་ཤི་སོང་བས་ཆུང་མ་གཞོན་ནུ་ཞིག་ཡོད་པ་དེ་ལ་བདག་གྱིས། ཡང་ན་ཆུང་མ་གཞན་ཞིག་ལེན་དགོས། དེ་གཉིས་ལ་གདམ་ཁ་གྱིས་ཟེར། དེའི་ལན་དུ་ངས་འདི་སྐད་ཅེས། ཀྱེ་དྲིན་ཅན་གྱི་མ་དང་། ཤ་ཉེ་རྣམས་ཉོན་དང་བདག་གིས་ཆོས་ཤིག་བྱེད་སྙམ་ཡོད་པས། ཆུང་མ་མི་དགོས་ཞེས་བཤད་པས། ཅིས་ཀྱང་ལེན་དགོས་ཡུལ་གཞི་ཁང་བ་རྣམས་ལ་སུས་བདག་བྱེད། བདག་མ་བྱས་ན་བུ་མ་སྐྱེས་པ་དང་ཁྱད་ཅི་ཡོད། ཆོས་བྱེད་ན་ཕ་ཡུལ་ནས་ཀྱང་བྱས་ཆོག ཨ་ཁུ་འདི་ཚོས་ཀྱང་ཆོས་འདི་འདྲ་བྱེད་ཀྱིན་འདུག་ཟེར། །དཔེ་འཇོག་དང་ཚད་འཇོག་མང་པོ་བྱེད་པར་འདུག་ངས་ཆོས་པ་དེ་ཚོའི་ཆོས་དེ་འདྲས་ཅི་བྱ། དེ་བས་ཆོས་མ་བྱས་པ་དགའ། གལ་ཏེ་ཆུང་མ་ལེན་ན། ཡ་རབས་ཀྱི་བུ་མོ། བལྟས་ན་གཟུགས་མཛེས་པ། ཉན་ན་སྐད་སྙན་པ། འགྲོགས་ན་སེམས་བཟང་བ། བཤད་ན་ཁ་ལ་ཉན་པ། ཀུན་གྱི་ཡིད་དུ་འོང་བ་ཞིག་ལེན་དགོས། དེ་མ་ཡིན་པར་བུད་མེད་བཙོག་པ་ཁ་ལ་མི་ཉན་པ་ཟས་ཟོས་ནས་

p. 46

ཉལ་སྡོད་པ་ཞིག་གིས་ཅི་བྱ་སྨྲས་པས། མི་འགའ་རེ་རྒོད་ཅིང་འཛུམ། ཤ་ཉེ་ཞིག་ན་རེ། ཁྱོད་ཀྱིས་འདོད་པ་ལྟར་བུད་མེད་བཟང་མོ་ཅི་འདྲ་ཞིག་ལེན་དགོས་རུང་། ངེད་རྣམས་ཀྱིས་རྒྱུ་སྣོན་ཟས་སྣོན་བྱས་ནས་ལེན་ཟེར་བ་ལ། འོ་ངས་ཁྱེད་རྣམས་ལ་རྩེད་མོ་བྱས་པ་ཡིན། འཇིག་རྟེན་གྱི་ཁམས་འདི་ན་ཕ་ཕྱུག་གི་བུ་མོ་གཟུགས་མཛེས་པ། སྐད་སྙན་པ། སེམས་བཟང་བ། ལྷའི་བུ་མོ་མི་ཡུལ་དུ་འཕོས་འདྲ། མེ་ཏོག་པདྨ་ཁ་ཕྱེ་བ་ལྟ་བུ། བལྟ་བས་ཆོག་མི་ཤེས་པ། འཇིག་རྟེན་ཁམས་ན་འགྲན་ཟླ་དང་བྲལ་བ། ལྷ་མི་ཐམས་ཅད་ཀྱིས་སྨོན་པའི་གནས་སུ་འགྲོ་བ་འགའ་རེ། ཁྱིམ་ཚང་ཕྱུག་ཅིང་བཙན་པ་གཞན་གྱི་བུ་ཚ་ལྷ་ཕྲུག་འདྲ་བ་ཚོས་ཆུང་མར་བླངས། གཉིས་ཀས་མཛེས་པའི་གོས་གྱོན། མཆོར་བའི་རྒྱན་བཏགས། བྱི་རུའི་རྣ་ཆ་གཡོ་བཞིན་ཁྲོམ་ཐག་གཅོད་པ་མཐོང་ཚེ། བུ་ཚ་བུ་མོ་འདི་ཚོ་ལ་ན་རྒྱུ་རྒས་རྒྱུ་མེད་པར་འདི་ལྟར་དུ་ཡུན་རིང་བསྡད་ན་དགའ་བ་ལ་སྙམ་ན་ཡང་། ལོ་འགའི་འཕྲོ་ནས། ཁོང་གཉིས་ལ་དགོས་པའི་བུ་དང་། མི་དགོས་པའི་བུ་མོ་བྱུང་ནས། ན་ཚ་སྐྱིད་སྡུག་མང་པོའི་ཐོག་ཏུ་བྱུང་བ་དང་། གཉིས་ཀའི་སེམས་སྡུག་པའི་སྟབས་ཀྱིས་མགྱོགས་པོར་རྒས་ནས། དང་པོའི་གཞོན་ནུ་དེ་ཡིན་བཤད་ན་སུའི་རྣ་བར་འགྲོ། ལོ་ལོན་རྒན་རྒོན་བཙོག་པ་ཀུན་གྱིས་ཡིད་དུ་མི་འོང་བ་རེར་གནས་འགྱུར་སོང་བ་མཐོང་ཚེ། ངས་ཀྱང་ཆུང་མ་གཞོན་ནུ་ཞིག་བླངས་ཀྱང་། ནམ་ཞིག་ངེད་གཉིས་ཀྱང་ལོ་ན་སོ་རྒས་པས་གཏུགས་ཚེ། རྒན་རྒོན་བཙོག་པ་ག་ཚོ་ལྟ་བུ་རེར་འགྱུར་ཡོང་རྒྱུ་རེད་སྙམ་ནས་སེམས་ལ་སྐྱོ་བ་སྐྱེས་སོང་། ད་ཁྱེད་རྣམས་བསྡེབས་ནས་ང་ལ་ཆུང་མ་ལྷ་མོ་འདྲ་

p. 47

བ་ཞིག་བླངས་ན་ཡང་འདོད་པ་མི་སྐྱེ་བར། དེང་སང་གཞོན་དུས་འདིར་དམ་པ་གོང་མའི་རྣམ་ཐར་བཞིན་ཆོས་ཤིག་བྱས་ནས། ཕྱི་མར་འཁོར་བའི་ནང་འདིར་མི་སྐྱེ་བར་བདེ་ཆེན་དག་པའི་ཞིང་དུ་སྐྱེས་ནས། སྐྱེ་འཆི་འདུ་འབྲལ་མེད་པའི་འཁོར་དང་འགྲོགས་ཏེ་དམ་པའི་ཆོས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པའི་སྨོན་ལམ་ཐོབས་སྙམ་པ་བྱུང་ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །མི་བདག་གིས་རང་ལ་གྲོས་ཤིག་འདེབས། །ཁྱེད་རྣམས་ཀྱང་འདི་ལ་དར་ཅིག་ཉོན། །སྤྱིར་ཕྱི་རོལ་དངོས་པོ་གང་ལ་ཡང་། །བསམ་བསམས་ན་མི་རྟག་སྙིང་པོ་མེད། །དེའི་ནང་ནས་འཁོར་བའི་ཁྱིམ་ཐབ་ལ། །ངས་བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། །གཞན་རྒན་རྒོན་ལོ་ལོན་མཐོང་བའི་ཚེ། །རང་ཆུང་མ་གཞོན་ནུ་བླངས་ན་ཡང་། །དུས་ནམ་ཞིག་འདི་ལྟར་རྒས་ཡོང་སྙམ། །ངས་བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། །གཞན་གྲོང་བའི་སྡུག་བསྔལ་མཐོང་བའི་ཚེ། །རང་འཇིག་རྟེན་ཁྱིམ་ཐབ་བྱས་ན་ཡང་། །དུས་ནམ་ཞིག་འདི་ལྟར་སྡུག་བསྔལ་སྙམ། །ངས་བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། །རྗེ་གོང་མའི་རྣམ་ཐར་མཐོང་བའི་ཚེ། །ཡར་དམ་པའི་ལྷ་ཆོས་བྱེད་ནུས་ན། །དུས་ནམ་ཞིག་འདི་ལྟར་སྐྱིད་ཡོང་སྙམ། །ངས་བསམ་ཞིང་དད་པ་གཏིང་ནས་སྐྱེས། །རྗེ་རྒྱལ་བ་གོང་མའི་རྣམ་ཐར་བཞིན། །ངས་ལྷ་ཆོས་བྱེད་པའི་སྨོན་ལམ་འདེབས། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །ཞེས་སྨྲས་ནས་ཐབས་དུ་མའི་སྒོ་ནས་གཞན་གྱི་བུ་མོ་ཡང་མ་

p. 48

བླངས། སྔར་བདག་པོ་གྱིས་ཟེར་བའི་བུད་མེད་གཞོན་ནུ་མ་དེ་ལ་ཡང་བདག་པོ་མ་བྱས་པས། ཤ་ཉེ་ཞིག་གི་བུས་བདག་བྱས་པས་མོ་ཡང་དགའ་ཞིང་། ངས་ཀྱང་ཆོས་བསྒྲུབ་པའི་གྲོགས་སུ་སོང་། སྐབས་ཤིག་ཨ་མ་དང་། མཆེད་གྲོགས་ཤ་ཉེ་བརྗེ་ཟེར་བ་གཉིས་འཁོན་དུས། ངས་བར་བཤོལ་ནས་དམ་ཚིག་མ་དཀྲུགས། ཕྱི་ནས་ཁོའི་ཁྲོ་བ་ཞི་དུས་ང་ཡང་ཁྱིམ་དུ་བོས་ནས་ངེད་གཉིས་ཀྱིས་ཇ་ཆང་འཐུང་ཞོར་ལ་ཆོས་འཇིག་རྟེན་གྱི་གླེང་མོ་མང་པོ་བྱས་ཚེ། ཁོ་ན་རེ་ངའི་ཁོང་ཁྲོ་འདི་ཞེས་རང་ལ་གཤེ་ཞིང་། ང་ལ་ཁྱོད་བཟང་ཞེས་བསྟོད་ར་བརྗོད་པར་གདའ། ང་ཡུལ་ན་སྡོད་དུས་ཀྱང་བསམ་བཞིན་གཞན་ལ་གནོད་པའི་ཚིག་ངན་ཙམ་ཡང་སྨྲ་མ་མྱོང་། ཆོས་ཐོག་དང་། ཆོས་ཉན་བྱེད་པའི་དུས་སུ་བྱིང་རྨུགས་གཉིད་གསུམ་སངས་པའི་ཕྱིར། ངས་ངོ་མཚར་བའི་གཏམ་རྒྱུད་དང་ཀུ་རེ་སྣ་ཚོགས་བྱས་པས། ཀུན་བཞད་སྒྲ་དི་རི་རི་བྱེད་ཅིང་། ལ་ལས་བསམ་བློ་གཏོང་བཞིན་ཡང་ཡང་རྒོད། ངས་ཨེ་ཞེས་གཏམ་གྱི་འགོ་གླེང་དུས་ནས་ཕལ་ཆེར་རྒོད་ཅིང་། །སྔགས་འཆང་རྒན་པ་འགའ་རེས་ཇ་མཚམས་སུ་ཡང་ངག་དབང་བཀྲ་ཤིས་ཀྱིས་ཀུ་རེ་ཞིག་ཤོད་ཟེར་སྤྲོ་སྤྲོ་བྱེད། ངས་ཀུན་གྱི་སེམས་ལ་མི་གནོད་པའི་གཏམ་རྒོད་རྒྱུ་མི་ཐུབ་པར་འཆོར་བ་དུ་མ་སྨྲས། གཞན་ཡང་སྡེ་བ་ཀུན་འཚོགས་ཐོག་དང་། སྟོན་མོ་སོགས་ཀྱི་སྟེང་ནས་སྐྱེ་བོ་ཕོ་མོ་ཀུན་དགའ་ཞིང་སྤྲོ་བ་འཕེལ་བའི་ཀུ་རེ་དང་རྩེད་མོ་སྣ་ཚོགས་པ་བྱས་པས། ཕྱིས་ངས་ཚེ་བློས་བཏང་ནས་སོང་བའི་རྗེས་སུ་ཡང་། རྒན་རྒོན་འགའ་རེས་གླེང་ནས་རྒོད་པར་གདའ་ཟེར། ཡང་སྐབས་རེར་རྒན་རྒོན་མང་པོ་ལ་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་གསུང་མགུར་དབྱངས་བྱས་བླངས་ཏེ་མ་ཎི་འདོན་དུ་བཅུག

p. 49

ཤེས་ཚད་ཀྱི་དོན་བཤད་ནས་རྒན་རྒོན་རྣམས་ཀྱི་བློ་ཁ་ཆོས་ལ་བསྒྱུར། གསུང་མགུར་ནང་ན། ཁྱེད་དབེན་པའི་རི་ལ་ཡིད་སྤྲོ་ན། །རི་ན་བུན་ཅན་གྱི་སྐྱིབས་ཤེད་ན། །གཡའ་རྫ་བྲག་གི་ཕུག་པ་རང་བྱུང་ཡོད། །གནས་དེ་འདྲ་བསྟེན་ན་འཕྲལ་ཕུགས་སྐྱིད། །ཅེས་པ་ལ་སོགས་པའི་རི་ཁྲོད་དབེན་པའི་བསྔགས་བརྗོད་ཀྱི་སྐོར་རྣམས་འདོན་པའི་ཚེ། གནས་དབེན་པ་འདི་འདྲ་ཞིག་བསྟེན་པའི་སྐལ་བ་ནམ་ཞིག་ན་འོང་ངམ་སྙམ་ཡིད་སྨོན་ཤོར་བ་བྱུང་། དུས་ནམ་ཞིག་རྩ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེའི་སྐུ་ལྷུང་ཚུལ་བསྟན་ཚེ། བཀྲ་ཤིས་འཁྱིལ་དུ་མ་བཞུགས་པར་སྒོམ་ཕུག་ཟེར་བར་ཕེབས་ཤིང་སྙུན་གཡོག་དང་ཞབས་བརྟན་མང་པོ་བསྒྲུབས་ཀྱང་མ་ཕན་པར་ཞིང་བརྗེས་སོང་བས། རང་ཉིད་བཟོད་གླགས་མེད་པའི་མྱ་ངན་གྱིས་གདུངས་ཏེ། ཡུལ་དུ་འོངས་ཏེ་ཨ་མ་ལ་འཐམས་ནས་མྱ་ངན་ཤུགས་དྲག་བྱས་སྨྲེ་སྔགས་ཀྱང་འདི་ལྟར་ཐལ་ལོ། །ལྷ་རྣམས་ཀུན་གྱིས་རེ་ལྟོས་པའི། །དཔག་བསམ་ལྗོན་ཤིང་གློ་བུར་འགྱེལ། །དཔག་བསམ་ལྗོན་ཤིང་འགྱེལ་ཤུལ་ནས། །ཉམ་ཐག་ལྷ་ཡིས་ཅི་ཞིག་བྱ། །དབུལ་པོ་རྣམས་ཀྱིས་རེ་ལྟོས་པའི། །ཡིད་བཞིན་ནོར་བུ་གཞན་གྱིས་བརྐུས། །ཡིད་བཞིན་ནོར་བུ་མེད་ཤུལ་ནས། །ཉམ་ཐག་དབུལ་པོས་ཅི་ཞིག་བྱ། །སློབ་མ་རྣམས་ཀྱིས་རེ་ལྟོས་པའི། །དྲིན་ཅན་བླ་མ་ཞིང་གཞན་གཤེགས། །མཚན་ལྡན་བླ་མ་གཤེགས་ཤུལ་ནས། །ཉམ་ཐག་བདག་གིས་ཅི་ཞིག་བྱ། །ཅང་ཤེས་རྟ་མཆོག་ལ་ཞོན་ནས། །ས་སྟེང་ཀུན་ཏུ་བཙལ་གྱུར་ཀྱང་། །དེ་འདྲའི་བླ་མ་གང་ནས་རྙེད། །ད་ནི་བླ་མར་གང་ནས་མཇལ། །ཞེས་ཡུན་རིང་དུས་

p. 50

པས། ཨ་མས་ཡང་མཆི་མ་འབྱིན་ཞིང་ངའི་སེམས་གསོ་བའི་ཕྱིར་དུ། མ་ཡིས་ཆུང་ནས་བསྐྱངས་པའི་བུ་གཅིག་པོ། །མྱ་ངན་མ་བྱེད་ཨ་མའི་གཏམ་ལ་ཉོན། །སྐུ་དྲིན་ཁྱོད་ལ་ཆེ་བ་ཕར་ལ་ཞོག །ངར་ཡང་ཆོས་འབྲེལ་ཆེ་བའི་བླ་མ་ཡིན། །གློ་བུར་བླ་མ་གཤེགས་ལ་སེམས་སྐྱོ་ཡང་། །ཤུལ་ནས་མྱ་ངན་བྱས་པས་ཅི་ལ་ཕན། །བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཕྱིར། །ཅི་ཡོད་ནོར་གྱིས་གདུང་མཆོད་བྱས་ན་ལེགས། །ཞེས་ཨ་མས་དེ་སྐད་སྨྲས་པ་ལ་བརྟེན་ནས་མྱ་ངན་ཅུང་ཟད་ཞི། ད་གདུང་མཆོད་ལ་ནོར་གྱི་ནང་ནས་མཛོ་མོ་བཟང་པོ་ཞིག་ཡོད་པ་དེ་ཕུལ་ན་སྙམ་ནས། ཨ་མ་ལ་སྨྲས་པས། ངས་ཀྱང་དེ་ཀ་བསམ་པ་ཡོད་དེ་ཆོག་གི་ཟེར། ནངས་པར་ཤ་ཉེ་ཞིག་འོངས་ནས། ཤ་ཚ་བའི་ཕྱིར་མཛོ་མོ་གདུང་མཆོད་དུ་འབུལ་རྒྱུ་རེད་ཟེར་བ་ཨེ་བདེན་ཟེར། ངས་བདེན་སྨྲས་པས། ཁོ་ན་རེ། སྔགས་མང་ཚོས་ཅི་འདྲ་འབུལ་ལྟོས། དེའི་ཆ་འདྲ་ཞིག་ཕུལ་དང་ཆོག ཁྱོད་ཀྱི་ཕ་མ་ནི་མིན་མཛོ་མོ་མ་འབུལ་ཟེར་བའི་ལན་དུ་ངས་འདི་སྐད་ཅེས་སྨྲས་སོ། །ཤ་ཉེ་ཁྱོད་ཀྱིས་སྙིང་ཉེའི་གཏམ། །ཚིག་འདི་བཤད་པ་ཡིན་མོད་ཀྱང་། །ང་ཡི་སེམས་དང་འགལ་ནས་གདའ། །ཕ་མ་མིན་པ་ཁྱོད་བདེན་ཡང་། །སྐུ་དྲིན་ཕ་དང་མ་ལས་ལྷག །འབད་རྩོལ་མེད་པར་ཟབ་རྒྱའི་ཆོས། །གང་འདོད་བདག་ལ་ལྷུག་པར་བསྩལ། །ཉམས་ལེན་ནུས་ན་མངོན་མཐོ་དང་། །ངེས་ལེགས་གོ་འཕང་འཐོབ་ནུས་པའི། །སྐལ་པ་ཅན་དུ་བདག་བྱས་སོ། །གཏན་གྱི་བདེ་བ་སྟེར་མཛད་པའི། །བླ་མའི་དྲིན་ལན་འཇལ་དགོས་ན། །སྟོང་གསུམ་གསེར་ཕྱེས་བཀང་ནས་ཀྱང་། །ཕུལ་ཡང་གཞལ་བར་དཀའ་འོ་ཨང་། །མཛོ་མོ་མེད་པར་དེ་རིང་ནས། །ཁྱིམ་ཚང་འཐོར་ཡང་ང་མི་འགྱོད། །ཤ་ཉེ་འགྱོད་པ་ག་ལ་འོང་། །

p. 51

སངས་རྒྱས་བརྒྱ་མཆོད་སྟོང་མཆོད་ལས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །དུས་གསུམ་རྒྱལ་བས་མགྲིན་གཅིག་གསུངས། །ཞེས་སྨྲས་པས། ཤ་ཉེ་ན་རེ། ཁྱེད་མ་བུ་ཚོའི་ཁ་མི་སོས་སྙམ་ནས་བསམ་པ་དཀར་པོའི་ངོས་ནས་བཤད་པ་ཡིན།.ཁ་ལ་མི་ཉན་ན་ངས་དགེ་བའི་ཁ་འགགས་བྱེད་དོན་མེད་ཟེར་ནས་སོང་ངོ་། །ངས་མཛོ་མོ་ཁྲིད་དེ་གདུང་མཆོད་ཀྱི་ཐེབས་སུ་ཕུལ་ནས་ཐུགས་དགོངས་རྫོགས་ཤིང་ཡང་སྤྲུལ་འབྱོན་པའི་སྨོན་ལམ་ཡང་མང་པོ་བཏབ་བོ། །གཞན་ཡང་སྔགས་རྒན་ཚེ་འབུམ་རྒྱལ་གྱིས་གྲོ་སྒྲོ་བ་བདུན་དང་། གྲོགས་པོ་སྔགས་འཆང་གཞན་རྣམས་ཀྱིས་ཕྱེ་དང་རྩམ་པ་གང་འཛོམས་སྒྲོ་བ་གང་རེ་ཕུལ་ནས། ཞོ་འོང་བན་བརྒྱ་ལ་རྩམ་པ་གོ་རེ་འགྱེད་མང་ཇ་བཅས་གདུང་མཆོད་ཕུན་སུམ་ཚོགས་པ་ཞིག་བཏང་། རྒྱལ་མཁན་ཆེན་རིན་པོ་ཆེས་ཀྱང་གདུང་མཆོད་གནང་། སོག་པོའི་ཡུལ་པ་རྣམས་ཀྱིས་ཀྱང་གོ་ནས་གདུང་མཆོད་བཏང་སྐད། གཞན་སྐྱེ་བོ་ཕོ་མོ་ཐོས་ཚད་ཕལ་ཆེར་གྱིས་ངག་དབང་བཀྲ་ཤིས་ཀྱི་མཛོ་མོ་གཅིག་པོ་ཡང་གདུང་མཆོད་དུ་ཕུལ་བ་ངོ་མཚར་ཟེར་བ་བྱུང་། ངས་དེའི་རྗེས་སུ་དཔེ་ཆ་ཞིག་བྲིས་པས་མཛོ་མོ་གཅིག་འབྱོར། སྲིང་མོ་གཅིག་གཞན་ལ་བྱིན་པའི་རིན་དུ་ཡང་མཛོ་མོ་གཅིག ཆོས་ཤིག་བཏོན་ནས་མཛོ་མོ་གཅིག་བྱུང་བས་དེ་རྣམས་ཀྱང་བླ་མའི་ཐུགས་རྗེ་རེད་སྙམ། དེ་ནས་སྐུ་གདུང་བཞུས་པའི་ཉིན། ནམ་མཁའ་གཡའ་དག་ཅིང་། ཤར་ཕྱོགས་ནས་གདུང་ཁང་གི་སྟེང་དུ་འཇའ་ཁ་དོག་ལྔ་ལྡན་ཡིན་པ་ལ་ཅུང་ཟད་དཀར་ཤས་ཆེ་བ་ཞིག་འཐེན་ཡོད་པ་དེར་འཚོགས་པའི་བུ་སློབ་ཀུན་གྱིས་མཐོང་བས། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འབད་རྩོལ་མེད་པར་

p. 52

སྐྱེས་སོ། །རྟགས་དེ་རྣམས་ལ་བལྟས་ན་རེ་ཞིག་མངོན་དགའི་ཞིང་དུ་གཤེགས་པ་ཡིན་ནམ་སྙམ་པ་བྱུང་། དེ་ནས་བླ་མ་ཞིང་གཞན་དུ་གཤེགས་པ་ལ་སེམས་སྐྱོ་ཞིང་ཕ་ཡུལ་དུ་བག་ཕེབས་པོ་ཞིག་མ་བྱུང་བར་བརྟེན། ཆོས་གྲོགས་མཐོང་སའི་མཚམས་པ་དང། སྟོབས་ཚང་བླ་མ་སོགས་མཆེད་གྲོགས་འགའ་དང་འགྲོགས་ནས། གནས་ཆེན་ཏན་ཏིག་ཡང་ཏིག་དང་། བྱམས་པ་འབུམ་གླིང་། ལོ་རྒྱ་དུན་བདེ་མཆོག་རང་བྱོན། གད་མགོ་སུའི་ཐུགས་རྗེ་ཆེན་པོ་རང་བྱོན། ཨ་འགང་རྟ་མགྲིན་རང་བྱོན། མཆོད་རྟེན་དཀར་པོ་དང་། ལྷ་ལུང་གི་གནས་སོགས་རྒྱ་ཕྱོགས་ཀྱི་རྟེན་རང་བྱོན་བྱིན་ཆེན་དང་། གནས་ཆེན་རྣམས་ལ་མཇལ་ནས་ཆོས་ལྡན་གྱི་བྱ་བ་རྣམས་འགྲུབ་པའི་སྨོན་ལམ་ཡང་ཡང་བཏབ། ཡང་ལོ་གཅིག་རྒྱ་ལོའི་སྨོན་ལམ་དང་། བདུན་པའི་རིགས་གྲྭ་གཉིས་ལ་བླ་བྲང་བཀྲ་ཤིས་འཁྱིལ་བའི་དགོན་པར་མཇལ་དུ་སོང་། བརྐྱངས་ཕྱག་དང་སྐོར་བ་མང་པོ་བྱས། གསེར་ཁང་ཇོ་བོའི་དྲུང་དུ་མར་མེ་ཕུལ་ནས་ཚེ་འདིར་ལྷ་ཆོས་རྣམ་དག་ཡོང་བའི་སྨོན་ལམ་གྱིས་མཚམས་སྦྱར་ཞིང་། དེ་ཡང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་ནས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མ་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་གསུངས་པ་ལྟར། ཆོས་དང་གང་ཟག་ཡོངས་ལ་དད་གུས་དང་དག་སྣང་སྦྱོང་བཞིན། རིས་མེད་བསྟན་པའི་བདག་པོ་བསེའི་ཁྲི་རྒན་ངག་དབང་འཇམ་དབྱངས་བཀྲ་ཤིས་རིན་པོ་ཆེའི་དྲུང་ནས། ཆགས་མེད་རཱ་ག་ཨ་སྐྱེས་མཛད་པའི་ཕྱག་རབ་ཆོ་ག་དང་། བདེ་སྨོན་གཉིས་ཀྱི་ལུང་ཐོབ། ལང་འགྲོའི་སྤྲུལ་པ་ངག་དབང་བློ་བཟང་བསྟན་

p. 53

འཛིན་རིན་པོ་ཆེའི་དྲུང་ནས། གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་དབང་དང་། གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་། སྡེ་བརྒྱད་སྲོག་དབང་དང་། ཆོ་གའི་ལུང་ཡང་མང་པོ་ཐོབ། མཁས་གྲུབ་གཉིས་འཛོམས་བེའུ་ཐང་དཔལ་ལྡན་རིན་པོ་ཆེའི་མདུན་ནས། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་དང་། སྨྱུང་གནས་ཆོ་གའི་ལུང་ཐོབ། གྲུབ་དབང་ཚོ་འདུའི་མཁན་ཆེན་མཆོག་གི་དྲུང་ནས། ཕྱག་རྡོར་དང་། ཁྱུང་ཁྲ། ཁྱུང་ནག་གི་མངོན་རྟོགས། སྔགས་འབུམ་རྡོ་རྗེའི་གོ་ཁྲབ། ཤ་ཟ་ཧོར་མོའི་གཏོར་འབུམ་གྱི་ལུང་བཅས་ཐོབ། གསོ་རིག་དབང་ཕྱུག་དགེ་འདུན་ཚོགས་འཕེལ་རིན་པོ་ཆེའི་དྲུང་ནས། བློ་སྦྱོང་སྙན་བརྒྱུད་ཆེན་མོ་དང་། ཕྱིར་བཅོས་བཤགས་པ། ཚ་བསུར། བརྒྱ་རྩ། ཛམ་ལའི་ཆུ་སྦྱིན། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་རྣམས་ཀྱི་ལུང་ཐོབ། ཉང་པའི་རབ་འབྱམས་པའི་དྲུང་ནས། འཕོ་བ་དཔའ་བོ་གཡུལ་འཇུག་དང་། གནས་རང་སྣང་དོན་གྱི་འོག་མིན་མའི་ལུང་ཐོབ། ལྷ་བཟོ་འཇམ་དབྱངས་མཆོག་གི་དྲུང་ནས། ཛ་བྷིར་གྱི་རླུང་ཁྲིད་ཐོབ། གཞན་ཡང་རང་གི་ཡུལ་ཕྱོགས་ཀྱི་བླ་མ་མང་པོའི་དྲུང་ནས་གསར་རྙིང་གཉིས་ཀའི་དབང་ལུང་མང་དུ་ཉན་ནས། ལོ་ཉི་ཤུ་རྩ་གཅིག་གི་ཐོག་ལ། ད་ཆོས་རྣམ་དག་ཅིག་མྱུར་དུ་བྱ་དགོས་པར་འདུག དྲིན་ཅན་རྩ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེ་ཡང་། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་ན། བདག་ཅག་ལྟ་བུ་མྱུར་དུ་འཆི་བ་སྨོས་ཅི་དགོས། ད་ཕ་ཡུལ་དང་མ་སྲིང་སོགས་ཚེ་འདིའི་བྱ་བ་རྣམས་བློས་བཏང་སྟེ། ཡུལ་གཞན་ཐག་རིང་ཞིག་ཏུ་སོང་ནས་

p. 54

ཆོས་རྣམ་དག་ཅིག་བྱ་དགོས་པས་མི་ཚད་འཕྱིས་སོང་སྙམ་པ་དང་། སྐྱོ་བ་ཚད་ལས་འདས་པ་ཞིག་སྐྱེས་ནས་མ་ལ་འདི་སྐད་སྨྲས། ཨ་མ་སྤྱིར་འཆི་བ་མྱུར་དུ་འོང་ཞིང་། སྒོས་སུ་ནམ་འོང་ཆ་མི་འདུག་པས། ད་ངས་ཆོས་རྣམ་དག་ཅིག་བྱ་རྒྱུ་ཡིན། ཆོས་རྣམ་དག་ཅིག་བྱེད་པ་ལ། དེ་ཡང་མདོ་ལས། འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །གསུངས་པ་ལྟར། སྤྱིར་འཁོར་བའི་གནས་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བ་སྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད། བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་བསྒྲུབ་པའི་ཐབས་འབའ་ཞིག་ལས་མི་འདུག ཁྱད་པར་ཁྱིམ་ན་གནས་པ་ནི་མེ་ཡི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་ལྟ་བུའི་སྡུག་བསྔལ་གྱི་འབྱུང་གནས་སུ་སངས་རྒྱས་ཀྱིས་གསུངས་འདུག་པས། ད་ང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཆོས་མ་བྱས་ཐབས་རང་མི་འདུག་པས། དེ་ལ་ཨ་མའི་གནང་བ་ཞིག་དགོས་བྱས་པས། མ་ན་རེ། བུ་སྤྱིར་སྙིགས་དུས་སུ་སོང་། སྒོས་སུ་རེབ་གོང་ལུང་བ་འདིར་རང་ལ་བུ་རེ་ནང་ན་མེད་ན། གཞན་ཀུན་གྱིས་སྡང་བར་འདུག ཡང་སྒོས་སུ་ང་ལ་བུ་ཁྱོད་ལས་མེད་པས་ན་མ་ང་རྒས་ན་ཁ་མི་སོས། དེ་བས་མ་ང་སྙིང་རྗེ་ན། ཆུང་མ་ཞིག་བླངས་ནས། ཁྱིམ་ནས་ཆོས་སྒྲུབས་དང་། སྔར་བས་ལྷག་པའི་མཐུན་རྐྱེན་བསྒྲུབ་ཟེར་བའི་ལན་དུ། སླར་ཡང་ཚིགས་སུ་བཅད་ནས་འདི་སྐད་ཅེས་སྨྲས། དྲིན་ཅན་ཨ་མ་བདག་ལ་ཅུང་ཟད་གསོན། །འཇིག་རྟེན་འཁོར་བའི་གནས་ན་བདེ་བ་མེད། །དེ་ཡི་ནང་ནས་ཁྱིམ་འདི་མེ་ཡི་འོབས། །ཆུང་མ་ཐར་པའི་སྲོག་འཕྲོག་བདུད་མོ་ཡིན། །ང་ནི་ཁྱིམ་ནས་རབ་

p. 55

ཏུ་བྱུང་ནས་སུ། །མ་བུའི་གཏན་བདེའི་བཙན་ས་ཟིན་པའི་ཕྱིར། །ཚེ་འདིར་དམ་པའི་ལྷ་ཆོས་བྱེད་པ་ལ། །མ་ཡིས་ཅིས་ཀྱང་བརྩེ་བའི་གནང་བ་ཞུ། །ཞེས་སྨྲས་པས། ཨ་མ་ན་རེ། བུ་ཁྱོད་ལ་གནང་བ་མ་བྱིན་ན་ཆོས་ཀྱི་བར་ཆད་དུ་འགྲོ། བྱིན་ན་མ་ང་རྗེས་ནས་དཀའ་རྒྱུ་རེད་མོད་ཀྱང་། ད་དཀའ་རུང་གནང་བ་བྱིན་པ་ཡིན། ཆོས་མགོ་མཐར་ཐོན་པའི་སྨོན་ལམ་ཐོབས་ཟེར་ནས་མིག་ནས་མཆི་མ་ཞིག་གཏོང་བར་གདའ། ང་དགའ་ནས་ཨ་མ་དྲིན་ཅན་མ་ད་བཟང་། ཁྱོད་ཀྱིས་སེམས་མ་སྡུག་དང་། ངེད་མ་བུ་གཉིས་ཀྱི་འདི་ཕྱིའི་བསམ་དོན་འགྲུབ་པར་ངེས་སོ་སྨྲས་ཏེ་ཨ་མ་ལ་སྤྲོ་བ་བསྐྱེད། དེ་ནས་དབེན་གནས་བཀྲ་ཤིས་འཁྱིལ་དུ་འོངས་ཏེ། རྒྱལ་མཁན་ཆེན་རིན་པོ་ཆེར་མཇལ་ནས། རྒྱུ་མཚན་རྣམས་ཞུས་ཚེ་ཐུགས་ཤིན་ཏུ་མཉེས་ཏེ། །དེ་ཡིན་ན་ཡོངས་འཛིན་ཨ་རིག་དགེ་བཤེས་རྡོ་བིས་དགོན་པར་གདན་འདྲེན་ཞུ་རྒྱུ་ཡིན། དེ་དུས་སྐུ་གཞོགས་ལ་ཁ་སྤྲུལ་སྐུ་ཚང་ཡང་བསྙེན་རྫོགས་བསྒྲུབ་རྩིས་ཡིན་པས། དེ་དང་ལྷན་དུ་སྟབས་ཀྱང་འཕྲོད་པའི་རྟེན་འབྲེལ་བཟང་། དེ་ནས་ཁྱོད་དཔོན་ཚང་ཆོས་རྒྱལ་ངག་གི་དབང་བོའི་དྲུང་དུ་སོང་ན་བཟང་། དེ་ཕྱོགས་ལ་ངས་འཁྲིད། ཁྱོད་ཀྱི་བློ་མ་འགྱུར། སྔགས་པ་འདིའི་ཕལ་ཆེར་བློ་འགྱུར་ལྡོག་མང་། ཁྱོད་བློ་མ་འགྱུར་བ་གྱིས་གསུངས། དེ་དུས་ངས་ཆོས་རྒྱལ་མཆོག་གི་མཚན་གོ་བ་ཙམ་གྱིས་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲུགས་པའི་དད་པ་སྐྱེས། །མཇལ་འདོད་སྐོམ་པ་ཆུ་འདོད་པ་ལྟར་བྱུང་ནས། དེར་ཅི་ལ་ཐུག་ཀྱང་འགྲོ་སྙམ་པ་ཡང་ཡང་བྱུང་། རྒྱལ་

p. 56

མཁན་ཆེན་རིན་པོ་ཆེས་ང་ལ། ཁྱོད་ལ་གཟན་ཤམ་གྱི་རྒྱུ་ཨེ་ཡོད་གསུངས། བདག་གིས་མེད་དེ་ད་ཐབས་ཤིག་བྱེད་དགོས་རྒྱུ་རེད་ཞུས་པས། ད་གཞན་ལ་བཙལ་དུ་འགྲོ་མི་དགོས་གཟན་ཤམ་ངས་སྟེར། ཆོས་ཅི་འདྲ་ཞིག་བྱེད་ཁྱོད་ལ་གསལ་གསུངས། དེ་དུས་སླར་ཡང་ཡུལ་དུ་འོངས་ནས་ཨ་མ་དང་། ཤ་ཉེ་སྟོབས་ཚང་བརྗེ་ཟེར་བའི་དྲིན་ཅན་ཞིག་ཡོད་པ་དེ་གཉིས་ཀྱི་དྲིན་གཟོ་རུ་བཏགས་གྲོལ་གྲོང་ཁྱེར་སྒྲོལ་བ་རེ་བྲིས་ནས་མགུལ་དུ་བཏགས། དེ་ནས་རྡོ་བིས་དགོན་དུ་སོང་ནས། གཟན་ཤམ་སོགས་གོན་པ་རྣམས་བཟོས། དེ་དུས་ང་ལ་རལ་བ་མཐོ་ལྔ་ཙམ་ཡོད་པ་རི་ཁྲོད་པ་དགེ་སློང་ཞིག་གིས། ཐོག་མར་བལ་འབྲེག་པའི་ཧས་གྲི་རྣོན་པོ་ཞིག་གིས་བླངས་ཚེ། དགེ་སློང་ན་རེ། ཞོ་འོང་གི་ལུག་ཤེད་ཅི་ཞིག་བཟང་ནི་རེད། འབྲེག་མཚམས་ཕྱེས་འདུག་ཅེས་ཀུ་རེ་བྱས་པས། ཀུན་བཞད་གད་ཐག་གེ་བྱུང་། དེའི་མཚན་མོ་ངའི་རྨི་ལམ་དུ་རི་མགོ་མཐོན་པོ་ཞིག་ཏུ་ཕྱིན་པས་ལ་མགོ་ནས་སྦྲ་ཡོལ་ཞིག་གིས་ལམ་བཅད་འདུག་པ་དེ་མི་ཞིག་གིས་བཀྲོལ་ནས་ང་རི་རྩེ་རུ་སོང་དུས་ཉི་མ་ཡང་ཤར་འདུག མཚམས་ཁང་ཞིག་ན་ཇོ་བོ་རྗེའི་སྐུ་ཞིག་བཞུགས་པ་ལ་མཇལ་བ་རྨིས། དེ་ནས་ལྕགས་མོ་བྱའི་ལོ་སྣོན་ཟླའི་དཀར་ཕྱོགས་ཀྱི་ཚེས་བརྒྱུད་ཀྱི་ཉིན་སྔ་དྲོའི་ཆ་ལ། ཤིང་རྟའི་སྲོལ་འབྱེད་འཕགས་མཆོག་ཀླུ་སྒྲུབ་ཀྱི་སྤྲུལ་པ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཀུན་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཨ་རིག་དགེ་བཤེས་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་པོ་དང་། བསྟན་པའི་གསལ་བྱེད་དམ་པ་རྒྱལ་མཁན་ཆེན་དགེ་

p. 57

འདུན་བསྟན་པའི་ཉི་མ་རིན་པོ་ཆེས་གསང་སྟོན་མཛད་དེ། དགེ་འདུན་གྲངས་ཚང་བའི་དབུས་སུ། ལ་ཁོ་སྤྲུལ་སྐུ་རིན་པོ་ཆེ་ལ་སོགས་པའི་རབ་བྱུང་བསྙེན་རྫོགས་པ་མང་པོ་དང་ལྷན་དུ། བསྟན་པའི་གོ་རིམ་བཞིན་རབ་བྱུང་དགེ་ཚུལ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་ནོས། མིང་ལ་བྱམས་པ་ཆོས་དར་དུ་བཏགས། མཁན་པོའི་ཞལ་ནས། བསྟན་འགྲོ་ལ་ཕན་ཐོགས་ཆེན་པོ་ཡོང་གསུང་ཐུགས་དགྱེས་པར་མཛད་དོ། །གཞན་ཡང་ཚོགས་མང་གིས་ཞུས་ནས་ཀུན་རིགས་ཀྱི་དབང་དང་། བདེ་ལམ་གྱི་ལུང་ཡང་ཐོབ་པ་བྱུང་། དེ་ཡང་། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར། དགེ་ལེགས་ཐམས་ཅད་ཀྱི་གཞི་རྟེན་སོ་སོ་ཐར་པའི་བསླབ་པ་རིན་པོ་ཆེ་ཡིན་པར་གོ་ནས། གུང་ཚིགས་ལྷམ་ཕུད་ཆབ་ལེན་ཡན་ཆད་ཆོས་བཞིན་འདུལ་བ་བཞིན་བྱས། དེ་ནས་ཡར་རང་ཡུལ་དུ་འོང་དུས་ལམ་ཁ་ཞིག་ན། ཤ་ཉེ་ཨ་ཡེས་ཀླུ་མོ་ཡག་ཅེས་བྱ་བ་འཇིག་རྟེན་པའི་གཏམ་ལ་མཁས་པ། དགྲ་གཉེན་ལ་ཆགས་སྡང་གི་རུས་ཐོན་པ། ང་ལ་ཡང་ཤ་ཚ་བ་ཞིག་ཡོད་པ་དེས་མཐོང་ནས། ང་ངོ་མ་ཤེས་པར་ཁྱོད་སུ་ཡིན་ཟེར། ངས་ང་ངག་དབང་བཀྲ་ཤིས་ཡིན་སྨྲས་པས། མོ་ན་རེ། ཨ་མ་ཁྱོད་ཀྱི་བྱ་བ་འདི་བཙོག་ཨང་། གཉན་རྒྱུའི་ཚེ་དབང་ངག་དབང་གི་ཤུལ་ཆད་པ་འདྲ། ཁྱོད་བུ་མ་སྐྱེས། རྗེས་ནས་ཨ་མའི་ཁ་མི་སོས་པར་སྡུག་མཐོང་ཚེ། སྡེ་བའི་དཔེ་དང་ཚད་འཇོག་བྱེད་དུས་བཙོག་མོད་ཟེར་བའི་ལན་དུ་ངས་འདི་སྐད་ཅེས་སྨྲས་སོ། །ཤ་ཚ་སྙིང་ཉེ་ཨ་ཡེས་ང་ལ་ཉོན། །དེ་རིང་ཚིག་འདི་བཤད་པ་མ་འཁྲུལ་ལམ། །ང་ཡིས་བཙོག་འདྲེ་ཐམས་ཅད་སྤངས་

p. 58

ནས་ནི། །ལེགས་པའི་འགོ་བོ་ད་ནས་ཚུགས་པ་ཡིན། །འཁོར་བའི་གནས་ན་བདེ་བ་མེད་བཞིན་དུ། །ཞེན་ཅིང་ཆགས་པ་རྣམས་ཀྱི་བྱ་བ་བཙོག །འཁོར་བར་འཆིང་བྱེད་ཕ་མ་ཆུང་མར་ཆགས། །ཕ་ཡུལ་བཙོན་རར་ལྷུང་བའི་བྱ་བ་བཙོག །ཁྱིམ་ཚང་བཟའ་མིའི་ལྟོ་རྒྱབ་གཉིས་ཀྱི་ཕྱིར། །མི་དགེ་སྡིག་ལས་བྱེད་པའི་བྱ་བ་བཙོག །མི་ཚེ་ཡད་མ་ཡུད་ཀྱི་ངང་ལ་ཤོར། །ཆོས་མེད་ཕ་རོལ་འགྲོ་བའི་བྱ་བ་བཙོག །ཕ་རོལ་སོང་ན་མི་དགེའི་ལས་དབང་གིས། །ངན་སོང་གསུམ་དུ་འགྲོ་བའི་བྱ་བ་བཙོག །ང་ཡིས་ཁྱིམ་པའི་གོས་ཧྲུལ་ཐང་ལ་འཕངས། །རབ་མཛེས་ངུར་སྨྲིག་འཆང་བའི་ལུས་པོ་ལེགས། །ངག་གིས་དོན་མེད་ངག་འཁྱལ་སྨྲ་བ་དོར། །ཁ་ཏོན་བཟླས་བརྗོད་བྱེད་པའི་ངག་ཀྱང་ལེགས། །ཡིད་ཀྱིས་མི་དགེའི་བསམ་པ་ཐམས་ཅད་སྤངས། །དགེ་བའི་བསམ་པ་སྐྱེས་པའི་སེམས་ཀྱང་ལེགས། །ཁྱིམ་གྱི་མེ་མ་མུར་གྱི་འོབས་ནས་འཐོན། །རབ་བྱུང་བསིལ་ཁང་ཐོབ་པའི་བྱ་བ་ལེགས། །ཚེ་འདིར་སྐྱིད་ལ་ཕྱི་མར་སོང་ན་ཡང་། །གྱེན་ནས་གྱེན་དུ་འགྲོ་བའི་བྱ་བ་ལེགས། །ཞེས་སྨྲས་པས་མོ་ན་རེ། ད་ལྟ་གཟན་ཤམ་གྱོན་ནས་ཤམ་ཤམ་བྱས་འགྲོ་བ་ལེགས་ཏེ། ཨ་ཡེས་ལོ་ཁ་ཤས་མ་ཤི་བར་བསྡད་ན་གོ་རྒྱུ་འདྲ་ཡོང་མོད་སྙམ། སྔར་ཆོས་མཛད་ཕལ་ཆེར་གྱི་བྱ་བ་འགའ་རེ་ཨ་མས་མཐོང་། ཆོས་མགོ་མཐར་ཐོན་པ་འདི་དཀའ་མོ་ཞིག་རེད། ད་བཟང་གི་བཟང་གི་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་མ་ཎི་རིང་འདོན་ཐུང་འདོན་བྱས་ནས་སོང་ངོ་། །དེ་དུས་ཨ་ཡེས་རྒན་མོའི་གཏམ་དེ་མི་སྙན་ཡང་། རྗེས་སུ་སེམས་ལ་ཕན་ཐོགས་པོ་བྱུང་། གཞན་དད་ཅན་རྒན་རྒོན་འགའ་རེས་མཐོང་ནས། ལས་ཅན་པོ་ཟེར། ཡུལ་དུ་འོངས་པས་མ་དང་

p. 59

སྲིང་མོ་གཉིས་ཀྱིས་མཐོང་ནས་སེམས་ཤིན་ཏུ་དགའ་བར་གྱུར་ཏོ། །སྨྲས་པ། རྒྱལ་སྲིད་སྤངས་ནས་རབ་བྱུང་དཀའ་ཐུབ་མཛད། །རྒྱལ་བའི་གོ་འཕང་བརྙེས་ནས་ཆོས་འཁོར་བསྐོར། །རྒྱལ་བ་ཤཱཀྱ་ཐུབ་པར་གསོལ་བ་འདེབས། །རྒྱལ་ཁམས་བདེ་ཞིང་སྐྱིད་པར་བྱིན་གྱིས་རློབས། །བླ་མའི་རྣམ་ཐར་སྐྱོང་བར་འདོད་པ་ཡི། །རྗེས་འཇུག་དད་ཅན་ཡོངས་ལ་ཕན་པའི་ཕྱིར། །རང་ཉིད་ཇི་ལྟར་རབ་ཏུ་བྱུང་བའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །མཁས་གྲུབ་གོང་མས་བྱིན་གྱིས་བརླབས་པའི་གནས། །བཀྲ་ཤིས་འཁྱིལ་བའི་གཟིམས་ཆུང་ཉམས་དགའ་རུ། །ཕན་བདེ་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་བཞུགས་དུས་སུ། །རང་ཉིད་ཉིན་གཅིག་མཇལ་དུ་སོང་བའི་ཚེ། །ཐུགས་ནི་དགྱེས་བཞིན་ཞལ་རས་འཛུམ་བཞིན་དུ། །སྐལ་ལྡན་བུ་ཁྱོད་སེམས་ལ་ཅི་ཞིག་འདོད། །ཆུང་མ་ཞིག་ཀྱང་ལེན་རྒྱུ་མ་ཡིན་ནམ། །གསུངས་པའི་ལན་དུ་བདག་གིས་འདི་སྐད་ཞུས། །འཁོར་བའི་ནང་འདིར་མི་སྐྱེ་སྨོན་ལམ་ཐོབས། །ཁྱིམ་ཐབ་བྱས་ནས་སྡུག་བསྔལ་མྱོང་བ་ཚོར། །བལྟས་པས་ཁྱིམ་ཐབ་བྱས་ན་མི་འདོད་ཅིང་། །ཚེ་འདི་བློས་བཏང་དགེ་བའི་བཤེས་བསྟེན་ནས། །དབེན་པར་ལྷ་ཆོས་བྱས་ན་འདོད་པ་ལགས། །ཞེས་པས་དེ་ལ་ཁོང་གི་ཐུགས་མཉེས་ནས། །ཞལ་ནས་བུ་བུ་དེ་ཡིན་མ་འཕྱུགས་འདུག །ཤ་ཆང་འདོད་ཡོན་ལོངས་སྤྱོད་ཉམས་རེ་དགའ། །ན་ཆུང་གཞོན་ནུ་མ་རྣམས་བསླུ་བྲིད་མཁས། །གྲོགས་སུ་ལྷ་མོ་བྱུང་ཡང་མ་ཆགས་པར། །སྔོན་བྱུང་བདག་ཅག་སྟོན་པའི་རྣམ་ཐར་བཞིན། །ཁྱིམ་གྱི་ནང་ནས་རབ་ཏུ་བྱུང་བར་གྱིས། །རིང་མིན་མྱུར་དུ་དམ་པའི་མགོན་

p. 60

དང་མཇལ། །དབེན་པ་བསྟེན་རྒྱུའི་སྐལ་བ་ཡོད་ཚུལ་གྱི། །ལུང་བསྟན་ཞུ་ཡང་མ་དགོས་ཤུགས་ཀྱིས་གསུངས། །རྗེས་སུ་བསམ་ཚེ་དད་གུས་ལྷག་པར་སྐྱེས། །དེ་དུས་ཀུན་གྱིས་ཆུང་མ་ལེན་དགོས་ཟེར། །དེ་དག་རྣམས་ཀྱི་ཁ་ལ་མ་ཉན་པར། །རབ་ཏུ་བྱུང་དགོས་སྙམ་པ་ཡིད་ལ་བཅང་། །ཁ་ནས་རྩེད་མོ་རྣམ་པ་སྣ་ཚོགས་བྱས། །དེ་ནས་རྟག་འཛིན་ཅན་རྣམས་དགེར་བསྐུལ་ཕྱིར། །རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་གཤེགས་ཚུལ་བསྟན། །སེམས་སྡུག་སྐྱོ་བ་ཚད་ལས་འདས་པ་བྱུང་། །གང་ཡོད་ནོར་གྱིས་ཐུགས་དགོངས་རྫོགས་ཐབས་བྱས། །བླ་མ་དེ་ཉིད་གཤེགས་པས་སེམས་སྐྱོ་ནས། །ཡུལ་དུ་བག་ཕེབས་སྡོད་སྙིང་མ་འདོད་པར། །ཆོས་མཐུན་སྙིང་གྲོགས་འགའ་དང་ལྷན་ཅིག་ཏུ། །སྨད་ཀྱི་གནས་ཆེན་རྣམས་ལ་གནས་བསྐོར་དུ། །སོང་བས་རང་བྱོན་རྟེན་ཀྱང་མང་པོར་མཇལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ། །ལྷ་ཆོས་རྣམ་དག་འོང་བའི་སྨོན་ལམ་བཏབ། །དེ་ནས་ཕྱིར་ཡོང་གྲུབ་མཐའ་རིས་མེད་ཀྱི། །བླ་མ་མཁས་གྲུབ་སྐྱེས་མཆོག་མང་པོ་ཡི། །ཞབས་ལ་གཏུགས་ནས་མདོ་རྒྱུད་མན་ངག་གི །ཟབ་ཆོས་ཞུས་ནས་རིང་བོར་མ་ལོན་པར། །མ་ལ་རབ་ཏུ་བྱུང་བའི་གནང་བ་བླངས། །དྲིན་ཅན་བླ་མ་རྒྱལ་གྱི་མཁན་ཆེན་ལ། །བརྟེན་ནས་རྡོ་བིས་གྲྭ་ཚང་དགོན་པར་སོང་། །ལྕགས་མོ་བྱ་ཡི་སྣོན་ཟླའི་ཡར་ངོའི་ཚེས། །བརྒྱད་ཀྱི་ཉིན་པར་སྔ་དྲོའི་དུས་ཀྱི་ཆར། །ཤིང་རྟའི་སྲོལ་འབྱེད་འཕགས་མཆོག་ཀླུ་སྒྲུབ་ཀྱི། །སྤྲུལ་པ་མཁས་བཙུན་བཟང་གསུམ་ཀུན་འཛོམས་པའི། །གནས་བརྟན་འདུལ་བ་འཛིན་པ་དགེ་བའི་བཤེས། །བྱམས་པ་དགེ་ལེགས་རྒྱལ་མཚན་ཞབས་དྲུང་ནས། །གསང་སྟོན་
དགེ་འདུན་ཁ་གྲངས་ཚང་དབུས་སུ། །རབ་བྱུང་བསྙེན་རྫོགས་སྒྲུབ་མཁན་མང་པོ་དང་། །ལྷན་དུ་སོ་ཐར་སྡོམ་པ་ཡོངས་རྫོགས་བླངས། །མིང་ལ་བྱམས་པ་ཆོས་དར་ཞེས་བྱར་བཏགས། །བསྟན་འགྲོར་ཕན་ཐོགས་ཡོང་བའི་ལུང་བསྟན་བྱུང་། །ཚུལ་ཁྲིམས་ཆོས་ཀྱི་རྩ་བ་ཡིན་པར་གོ །གུང་ཚིགས་ལྷམ་ཕུད་ཆབ་ལེན་ཡན་ཆད་བྱས། །ཡུལ་ལ་ཡོང་ཚེ་རྒན་མོ་གཅིག་ཙམ་གྱིས། །ཤ་ཚའི་ཁ་ནས་རྣར་སྙན་མ་བྱུང་ཡང་། །ཡུལ་མི་ཁྱིམ་མཚེས་མ་དང་སྲིང་མོ་སོགས། །དགའ་ནས་གཏམ་སྙན་མང་པོའི་ཡོང་སྒོ་བྱུང་། །མདོར་ན་འཁོར་བ་སྙིང་པོ་མེད་ཚུལ་བསམ། །ཚེ་འདི་བློ་ཡིས་བཏང་ནས་རབ་ཏུ་བྱུང་། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །འཁོར་བའི་ཕུན་ཚོགས་ཐམས་ཅད་བློས་བཏང་ནས། །རབ་ཏུ་བྱུང་ནས་ཆོས་ལ་སྤྱོད་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཆོས་རྒྱལ་ངག་གི་དབང་པོའི་ཞབས་པད་བསྟེན་ཚུལ།

གསུམ་པ་ཕ་ཡུལ་རྒྱབ་ཏུ་སྤངས་ནས་ཆོས་རྒྱལ་ངག་གི་དབང་པོའི་ཞབས་པད་བསྟེན་ཚུལ།

p. 61

གསུམ་པ་ཕ་ཡུལ་རྒྱབ་ཏུ་སྤངས་ནས་ཆོས་རྒྱལ་ངག་གི་དབང་པོའི་ཞབས་པད་བསྟེན་ཚུལ་ནི། རབ་ཏུ་བྱུང་ནས་ཡུལ་དུ་འོངས་པའི་ཕྱི་ཉིན། མེ་ཏོག་མང་པོ་ཁྱེར་ནས། མདུན་རིའི་ཕར་རྒྱབ་བཀག་ནགས་འདབས་ཀྱི་དགོན་ཕུག་ཅེས་བྱ་བ་ན། རང་གི་དྲིན་ཅན་རྩ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེའི་གདུང་རྟེན་ས་ལས་བཞེངས་པ་ཞིག་ཡོད་པ་དེར་མཇལ། མེ་ཏོག་གི་མཆོད་པ་ཕུལ་ནས། ད་ནི་ཕ་ཡུལ་རྒྱབ་ཏུ་བཞག་ནས། །ད་དུང་མཚན་ལྡན་གྱི་བླ་མ་བསྟེན་ཏེ། ཟབ་མོའི་

p. 62

སྒྲུབ་པ་ལ་གཞོལ་བའི་སྐལ་བ་ཡོད་པའི་ཕྱིར་བླ་མ་ལ་གསོལ་བ་བཏབ། སྨོན་ལམ་ཡང་དེ་བཞིན་བརྒྱབ་ནས་ཕྱིར་འོང་དུས། རྡོ་འབུམ་ཉག་ཁ་ཟེར་བ་ན་གྲོགས་པོ་ཞིག་འགྲོ་བ་མཐོང་ཚེ། རྒྱང་ནས་རྩེད་མཚར་དུ་སྐད་གསེང་མཐོན་པོས།་ཨ་ཁུ་བོ་ཞེས་བོས་ནས། གཉན་རྒྱུའི་ངོ་གོང་མ་གང་ཡིན། བརྩེགས་གོ་ཚང་གི་ཁང་བ་གང་ཡིན། དེ་པའི་བུ་སྔགས་པ་ཞིག་ཡོད་པ་ཡུལ་ན་ཨེ་ཡོད་སྨྲས་པས། ཁོ་ན་རེ། སྡེ་བ་ཡ་ཀི་ཡིན། ཁང་བ་འདབས་མ་པོ་དེ་ཡིན། ཁོ་ཡུལ་ན་ཨེ་ཡོད་མ་ཤེས། ཁྱོད་གང་ནས་ཡིན་ཟེར། ཚུར་འོངས་ནས་ངོ་ཤེས་ངེད་གཉིས་བགད། དེ་ནས་ས་དེར་བསྡད་ནས་གཏམ་གླེང་མང་པོ་བྱས་པའི་མཇུག་ཏུ་ཚིགས་སུ་བཅད་ནས་འདི་སྐད་ཅེས་སྨྲས། །ཨེ་མ་སྐལ་ལྡན་སྙིང་གྲོགས་ཉོན། །གྲོགས་པོ་ངག་དབང་བཀྲ་ཤིས་ངས། །སྙིང་པོ་མེད་པའི་བྱ་བ་སྤངས། །སྙིང་པོའི་ལྷ་ཆོས་བྱ་སྙམ་ནས། །ལུས་པོ་ངུར་སྨྲིག་གོས་ཀྱིས་གཡོགས། །མིང་སྤོར་བྱམས་པ་ཆོས་དར་ཟེར། །བསམ་པ་དཀར་པོའི་ཆོས་ལ་བསྒྱུར། །ད་ནི་བཀྲ་ཤིས་འཁྱིལ་བ་སོགས། །དབེན་པའི་གནས་སུ་དགེ་སྦྱོར་བྱེད། །ཁྱོད་ཀྱང་གཞོན་པའི་དུས་སྐབས་འདིར། །ཚེ་འདིའི་བྱ་བས་མ་གཡེངས་པར། །ཡི་དམ་ལྷ་ལ་བསྙེན་བསྒྲུབ་གྱིས། །བླ་མ་དམ་པར་ཆོས་འབྲེལ་ཞོག །རྡོ་རྗེ་སྤུན་གྱི་དམ་ཚིག་སྲུངས། །དབུལ་པོ་རྣམས་ལ་བྱམས་པར་མཛོད། །ལས་འབྲས་རྩིས་ལ་སྤང་བླང་གྱིས། །མདོར་ན་སྒོ་གསུམ་ཆོས་དང་སྟུན། །འཆི་ཁར་མི་འགྱོད་ཙམ་ཞིག་མཛོད། །ངེད་གཉིས་ཚེ་རིང་ནད་མེད་པར། །ཡང་ཡང་མཇལ་བའི་སྨོན་ལམ་འདེབས། །ཞེས་སྨྲས་པས། ཁོ་ན་རེ། ཁྱོད་ལས་ཅན་པོ་ཐག་རིང་ཚོ་ལ་མ་འགྲོ་ཟེར་

p. 63

བཞིན་སོང་། ང་ཡུལ་དུ་འོང་ཚེ་ཆུང་ནས་འདྲིས་ཆེ་ཞིང་། སེམས་མཐུན་པའི་སྙིང་གྲོགས་རྡོ་རྗེ་ཚེ་བརྟན་གྱིས་བོས་ཏེ་ཁྱིམ་དུ་སོང་ནས་ཇ་འཐུང་ཞོར་ལ་རབ་ཏུ་བྱུང་ཚུལ་སོགས་གླེང་མོ་མང་པོ་བྱས་པའི་མཐར། ད་ང་སོག་པོ་རུ་སོང་ནས་ཆོས་རྒྱལ་ཆིང་ཝང་རིན་པོ་ཆེའི་ཞབས་ལ་གཏུགས་ནས། ཕྱོགས་དེའི་རི་ཁྲོད་ཅིག་ཏུ་ཉམས་ལེན་བྱས་ན་སྙམ་པ་ཡོད་སྨྲས་པས། ཁོ་ན་རེ་ཁྱོད་ཀྱི་བསམ་དོན་འགྲུབ། ལས་ཅན་པོ། ངས་ཀྱང་ཁྱོད་ཀྱི་རྗེས་ཤིག་ཨེ་ཟིན་བལྟ། ད་ལོ་དེ་འདྲའི་སྐལ་བར་མ་ལྡན་ཟེར། རྗེས་སུ་འོང་བར་ཁས་བླངས། དེ་ནས་ཡུལ་དུ་འོངས་ཏེ་མ་ལ་སླར་ཡང་ཆོས་བྱེད་དུ་བཅུག་པའི་བཀའ་དྲིན་ཆེ། ད་ངས་ཆོས་ཀྱི་སྒོ་ནས་ཕན་ཐོགས་པ་ཞིག་བྱེད་པ་ལ། ད་དུང་ཐག་རིང་གི་བླ་མ་མཚན་དང་ལྡན་པ་ཞིག་བསྟེན་ནས་གདམས་པ་ཟབ་མོ་ཉན་ཏེ་དབེན་པར་རྩེ་གཅིག་ཏུ་བསྒོམ་དགོས་པར་གདའ་བས། དེ་ལ་སྲིང་མོ་གཉིས་ཀྱི་གཅིག་མི་ལ་བྱིན་ཚར་ཀྱང་། ད་དུང་གཅིག་ཡོད་པར་གདའ། ང་ལོ་ཁ་ཤས་ཡུལ་ཕྱོགས་གཞན་ཞིག་ཏུ་སོང་ན་སྙམ་པས་གནང་བ་ཞིག་སྦྱིན་དགོས་བྱས་པས། དེའི་ལན་དུ་མ་ན་རེ། སྔར་གནང་བ་བྱིན་ནས་ཆོས་བྱེད་དུ་བཅུག་པ་ཡིན། ད་མ་ང་མ་ཤིའི་བར་དུ་ཐག་ཉེ་ཞིག་ཏུ་བསྡད་ན་སེམས་ལ་ཕན་པར་གདའ་ཞེས་རྒྱུ་མཚན་རྣམས་འདི་སྐད་ཅེས་སྨྲས་བྱུང་། །མ་ངས་ཆུང་ནས་བསྐྱངས་པའི་སྙིང་གི་བུ། །ཨ་མ་བསྐྱུར་ནས་ཡུལ་ཕྱོགས་གང་དུ་འགྲོ། །དུད་འགྲོའི་བེའུ་ཡིན་ཡང་མར་མི་འབྲལ། །བུ་ཁྱོད་མ་དང་འབྲལ་བར་ག་ལ་ཕོད། །བུ་ཁྱོད་མ་ངའི་དཔྲལ་བའི་མིག་དང་འདྲ། །ཐག་རིང་སོང་ན་མ་ང་ལོང་དང་འདྲ། །བུ་ཁྱོད་མ་ངའི་ཁོག་པའི་སྙིང་དང་

p. 64

འདྲ། །ཐག་རིང་སོང་ན་མ་ང་ཤི་དང་འདྲ། །བུ་ཁྱོད་མ་ངའི་ཡན་ལག་རྣམས་དང་འདྲ། །ཐག་རིང་སོང་ན་མ་ང་ཞ་དང་འདྲ། །དེ་ཕྱིར་མ་ངའི་རྣ་བས་ཐོས་ས་དང་། །མིག་གིས་མཐོང་ས་ཞིག་ནས་ཅིས་ཀྱང་སྡོད། །ཅེས་སྨྲས་པའི་རྗེས་སུ་སྲིང་མོ་ཀླུ་མོ་སྐྱིད་ན་རེ། མོ་ཡུལ་དུ་བསྡད་ན་ཨ་མའི་ཞབས་ཏོག་མ་དགོས་རང་གི་ཁ་ཡང་མི་སོས་གཞན་གྱིས་གོ་རྒས་མ་ཟེར་སྡང་པོ་ཡོང་བས་ང་མི་སྡོད་ཅེས་འདི་སྐད་སྨྲས་བྱུང་། མིང་པོས་ཨ་མ་བཞག་ནས་འགྲོ་ཕོད་ན། །ང་ཡིས་བསྐྱུར་ནས་འགྲོ་བ་ཅིས་མི་ཕོད། །ཕ་ཡུལ་བུ་མོས་ཟིན་པ་དཀའ་མོ་ཡིན། །ང་ཡང་མི་སྡོད་མི་ཁྱིམ་གཞན་དུ་འགྲོ། །དུས་ངན་བུ་མོ་ཕལ་ཆེར་རང་གི་ཁ། །སོས་པར་དཀའ་ན་ཨ་མ་ག་ལ་སོས། །གོ་རྒས་མ་ཟེར་ཀུན་གྱིས་རབ་ཏུ་སྡང་། །ཨ་མར་སྐྱིད་སྡུག་ཅི་གཏོང་ཁྱོད་རང་ཤེས། །ཞེས་ཟེར་ཞིང་ངུས་པའི་ལན་དུ་ངས་འདི་སྐད་སྨྲས། མ་ངུ་སྲིང་མོ་ང་ལ་ཉོན། །ཚར་བུའི་གོས་ལས་དྲོ་བ་མེད། །གསེར་གཡུའི་རྒྱུན་ལས་མཛེས་པ་མེད། །ཙན་དན་དྲི་ལས་ཞིམ་པ་མེད། །མ་ཡི་གམ་ལས་སྐྱིད་པ་མེད། །ཉོན་དང་སྲིང་མོ་ཀླུ་མོ་སྐྱིད། །ངས་ཀྱང་ཁྱོད་དང་མ་རྒན་གཉིས། །ཐག་རིང་སོང་རུང་ཅིས་མི་སྐྱོང་། །ཉི་མ་རྒྱང་རིང་གནས་ན་ཡང་། །པད་ཚལ་རྒྱུན་དུ་སྐྱོང་ལ་ལྟོས། །ལོ་ཏོག་ཕྱིར་དུ་འབད་གྱུར་ན། །སོག་མ་ཞོར་ལ་འབྱུང་བ་ལྟར། །ཕྱི་མའི་དོན་དུ་ངས་འབད་ན། །ཚེ་འདིའི་བདེ་སྐྱིད་ཞོར་ལ་འབྱུང་། །ཉོན་དང་སྲིང་མོ་ཀླུ་མོ་སྐྱིད། །མི་ཁྱིམ་སོང་ན་བདེ་སྙམ་པ། །དོང་ནང་བདེའོ་སྙམ་པ་འདྲ། །ཨ་ནེས་ཟས་མནར་ཆུ་མནར་བྱེད། །ཨ་མྱེས་ཁ་ལོག་ཚིག་ལོག་རྒྱུག །གྲོགས་ཀྱིས་རྡོ་དང་དབྱུག་པས་བརྡུངས། །ཁྱིམ་མཚེས་དེ་ཚད་དེ་ཉོས་ཟེར། །ཉིན་

p. 65

གཅིག་སྡོད་པའི་རང་དབང་མེད། །གཡོག་ནག་བྱས་ཀྱང་ངོ་མེད་བསྡིགས། །ཉོན་དང་སྲིང་མོ་ཀླུ་མོ་སྐྱིད། །རང་གི་ཡུལ་ལས་སྐྱིད་པ་མེད། །གོང་ན་གཉའ་གནོན་མེད་པས་བདེ། །ཅི་བྱེད་རང་དབང་འཐོབ་པས་བདེ། །བག་ཕེབས་བདེ་བར་ཉལ་བས་བདེ། །ཟས་རྣམས་ཅི་བདེར་སྤྱད་པས་བདེ། །གང་ཡོད་གོན་པ་གྱོན་པས་བདེ། །སྲིང་མོ་རང་གི་ཡུལ་དུ་སྡོད། །རྒྱུན་དུ་ཨ་མར་བརྩི་བཀུར་གྱིས། །བཀུར་གནས་འདི་ལས་བཟང་བ་མེད། །ང་ཡང་ཐག་རིང་མི་འགྲོ་བར། །མ་དང་སྲིང་མོས་ཟེར་བཞིན་བྱེད། །ཅེས་སྨྲས་ནས། ད་ཨ་མ་དང་སྲིང་མོ་ལ་དྲང་པོར་བཤད་ན་མི་གཏོང་བར་གདའ། རྫུན་ཅིག་བཤད་དགོས། ཡུལ་གྱི་ཐག་ཉེར་བསྡད་པས་ཆོས་མི་ཡོང་། ཆོས་ཕྱིར་རྫུན་བཤད་པ་ལ་ཉེས་པ་ཆུང་སྙམ། མ་དང་སྲིང་མོ་གཉིས་ལ། ང་ད་ལོ་རྒྱལ་མཁན་ཆེན་རིན་པོ་ཆེའི་རྗེས་སུ་སོག་པོར་འགྲོ མཐུན་རྐྱེན་ཞིག་བཙལ་ནས་ཁྱེར་ཡོང་ལ། དེ་ནས་བཀྲ་ཤིས་འཁྱིལ་བ་ནས་འདུག་ཅེས་བཤད་པས། ཨ་མས་དེ་ཡིན་ན་ཆོག་གི་ཟེར། སྲིང་མོ་གཉིས་ན་རེ། འདི་སོང་ན་ཕྱིར་མི་འོང་། དེ་བས་ད་ལྟ་འགྲོ་རུ་མ་འཇུག་ཟེར་བ་ལ། ཨ་མས་ད་ཁོ་རང་ཤེས་ཟེར་བས་ངས་ཀྱང་འགྲོ་བར་ཐག་བཅད་དེ། ཡུལ་ནས་ཞག་པོ་བདུན་ཙམ་ཞིག་སྡོད་རིང་ལ་མ་དང་སྲིང་མོ་རྣམས་ཀྱི་སེམས་ལ་ཕན་པའི་ཆོས་དང་འཇིག་རྟེན་འདིའི་བསླབ་བྱ་གང་ཕན་བྱས། ནངས་པར་འགྲོ་བའི་དགོང་མོ་གྲོགས་པོ་རྡོ་རྗེ་ཚེ་བརྟན་ཡོད་སར་སོང་ནས། ང་ནངས་པར་འགྲོ་རྒྱུ་ཡིན་པས། ད་ཕྱིན་ཆད་ཁྱོད་ཀྱིས་ཆང་མ་འཐུང་། མཐུ་མ་བྱེད། རང་རྒྱུད་ཆོས་དང་ཅི་མཐུན་གྱིས། གཞན་ཡང་ཆོས་ལ་སྐུལ། ཆོས་ཐོག་དང་ཚེས་བཅུ་

p. 66

ཇེ་བཟང་དུ་ཐོངས། དུས་རྒྱུན་དུ་སེམས་བཟང་པོ་གྱིས་ཞེས་སྨྲས། ཁོས་ཀྱང་ང་ལ་ཤ་ཚ་བའི་གཏམ་སྣ་ཚོགས་པ་སྨྲས་པའི་བར་དེ་ནས་ངེད་གཉིས་ཀྱང་འབྲལ་བ་ལ་སེམས་འཕྲེང་ནས་མང་པོ་ངུས་པའི་མཐར་བདག་གིས་འདི་སྐད་སྨྲས། བྱ་རྒྱལ་རྒོད་ལས་སྐྱེས་པ་ཡི། །ཆུང་ནས་འགྲོགས་པའི་རྒོད་ཕྲུག་གཉིས། །ད་ལྟ་འདབ་གཤོག་རྒྱས་དུས་འདིར། ང་ནི་ཚང་ལ་མི་ཆགས་པར། །ཡུལ་ཕྱོགས་གཞན་དུ་འཕུར་ནས་འགྲོ །ཁྱོད་ནི་ད་ལྟ་བདེ་བར་བཞུགས། །མྱུར་དུ་ང་ཕྱིར་འོང་ཐུབ་ལྟོས། །སླར་ཡང་མཇལ་བའི་སྨོན་ལམ་འཚལ། །བྲེ་སེར་འབྲོང་ལས་སྐྱེས་པ་ཡི། །ཆུང་ནས་འགྲོགས་པའི་འབྲོང་ཕྲུག་གཉིས། །ད་ལྟ་རྩལ་སྟོབས་ལྡན་དུས་འདིར། །ང་ནི་རྫ་རིར་མི་ཆགས་པར། །ཤོད་ཀྱི་སྤང་གཤོང་འགྲིམ་དུ་འགྲོ །ཁྱོད་ནི་ད་ལྟ་བདེ་བར་བཞུགས། །མྱུར་དུ་ང་ཕྱིར་འོང་ཐུབ་ལྟོས། །སླར་ཡང་མཇལ་བའི་སྨོན་ལམ་འཚལ། །བླ་མ་གཅིག་དྲུང་ཆོས་ཉན་པའི། །ཆུང་ནས་འགྲོགས་པའི་གྲོགས་པོ་གཉིས། །ད་ལྟ་ན་སོ་གཞོན་དུས་འདིར། །ང་ནི་ཡུལ་ལ་མི་ཆགས་པར། །དམ་པའི་ལྷ་ཆོས་བྱེད་དུ་འགྲོ །ཁྱོད་ནི་ད་ལྟ་བདེ་བར་བཞུགས། །མྱུར་དུ་ང་ཕྱིར་འོང་ཐུབ་ལྟོས། །སླར་ཡང་མཇལ་བའི་སྨོན་ལམ་འཚལ། །དཔེར་ན་ལྗོན་ཤིང་ཕུང་བོ་ལ། །བྱ་བྱེའུ་མང་པོ་དགོང་དུས་འཚོགས། །ནམ་ལངས་སོ་སོར་གྱེས་པ་ལྟར། །ཆོས་རྣམས་མི་རྟག་དེ་དང་མཚུངས། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཅེས་སྨྲས་པས་ཁོ་ན་རེ། གྲོགས་ངན་ཁྱིམ་བྱ་འདྲ་བ་ང་། །ཁྱིམ་དུ་ལུས་པས་ཞེ་རེ་སྐྱོ། །གྲོགས་པོ་བྱ་རྒོད་འདྲ་བ་ཁྱོད། །ཆོས་ཕྱིར་སོག་པོར་བདེ་བར་བཞུད། །གྲོགས་ངན་གླང་རྒན་འདྲ་བ་ང་། །ཁྱིམ་དུ་ལུས་པ་ཡི་རེ་མུག །གྲོགས་པོ་

p. 67

འབྲོང་སྔོན་འདྲ་བ་ཁྱོད། །ཆོས་ཕྱིར་སོག་པོར་བདེ་བར་བཞུད། །གྲོགས་གྲོགས་ངེད་གཉིས་སོ་སོ་རུ། །ལ་ལ་འབྲལ་མི་ཕོད་ན་ཡང་། །འོ་འོ་འཁོར་བའི་མཚན་ཉིད་རེད། །མྱུར་མྱུར་མཇལ་བའི་སྨོན་ལམ་འདེབས། །ཞེས་སྨྲས་པའི་མཐར། འབྲལ་མི་ཕོད་བཞིན་དུ་སོ་སོར་བྲལ་ནས་འོང་། མཚན་མོ་མ་ཡི་དྲུང་ནས་བསྡད། ནངས་པར་འགྲོ་བའི་ཚེ། མ་ཡིས་ཇ་བཟང་པོ་ཞིག་བསྐོལ་ནས་བྱིན་པ་དེ་འཐུང་བའི་བར་ལ། ཨ་མ་ན་རེ། བུ་ལམ་སྐབས་ཚོར་སེམས་ཆུང་གྱིས་ལ་སོགས་པའི་ཤ་ཚ་བའི་གཏམ་མང་པོ་བཤད་པའི་རྗེས་སུ། ད་ང་མ་རྒན་མོ་ལོ་ལོན་འཆི་ལ་ཉེ་བ་འདི་རེད། ཁ་རི་ངོ་མདོག་ཚོར་ལྟོས་དང་བུ་ཁྱོད་ཀྱི་ཤུལ་ན་ང་ལུས་ཡོད་ཚུལ་སོམས་ལ་མ་ང་ལ་སྙིང་རྗེ་ཡོད་པ་ཞིག་གྱིས། མྱུར་དུ་ཕྱིར་ལ་ཤོག་ཅེས་བཤད་དེ་དུས། སྲིང་མོ་གཉིས་ཀྱང་ངུ་བར་གདའ། དེ་ནས་མ་སྲིང་གསུམ་གྱིས་ང་ནང་སྒོའི་ཕྱི་རོལ་ཏུ་བསྐྱལ་བའི་ཚེ་མའི་མིག་ནས་མཆི་མ་རེ་གཉིས་རེ་འཐོར་བ་བྱུང་ཚེ། ངའི་བསམ་པ་ལ། མི་ཡི་སྐྱེ་འཆི་ལ་ཁྲིགས་ཁྲིགས་མེད་པས། ཨ་མའི་མགོ་བསྐོར་ནས་སོང་ན། ད་ཕྱིན་ཆད་ངེད་མ་བུ་རྣམས་ཨེ་འཕྲད་ཅི་ཤེས་སྙམ་ནས་སེམས་ཀྱི་གཏིང་ནས་ངུ་རྒྱུ་ཞིག་བྱུང་སྟེ། མ་ཟུངས་པར་མིག་མཐར་ཆུ་འཁྱིལ་བ་དང་། ངས་ཨ་མ་ལ་ད་ང་སྐྱེལ་མི་དགོས། ཁྱོད་སྡོད་དང་ང་ཕྱིར་ལ་ལོས་འོང་སེམས་མ་སྡུག་ཅེས་བཤད་ནས་སོ་སོར་གྱེས་པ་ལས། ང་ཨ་མ་ལ་སེམས་འཕྲེང་སྟེ། ཚུར་ལམ་ལ་ཡོང་དུས་ཡང་ཡང་ཕྱི་མིག་ལྟ་བཞིན་མཆི་མ་མང་པོ་ཤོར་བ་བྱུང་། ཨ་མས་ཡང་ང་བུ་གཅིག་པུ་ལ་སེམས་འཕྲེང་ནས་ང་ནམ་མཐོང་གི་བར་དུ་མིག་ཅེ་རེ་བལྟས་ནས་ངུ་ཞིང་

p. 68

བསྡད་འདུག གྲོགས་པོ་རྡོ་རྗེ་ཚེ་བརྟན་ཡང་ཁོང་རང་གི་ཁང་ཐོག་ནས་བསངས་ཤིག་བཏང་སྟེ་སྒོ་རུ་ཐོན་ནས་ང་ལ་ལྟ་བཞིན་འདུག ང་ལབ་ལུང་ཁ་སོ་ཟེར་བར་བསླེབས་ནས་ཁ་ཕྱིར་ཕྱོགས་ནས་བལྟས་ཚེ། ད་དུང་ཡང་མ་རྒན་མོ་དང་གྲོགས་པོ་ཡང་སྒོ་ན་བསྡད་འདུག དེ་ནས་ང་ལབ་ལུང་ནང་དུ་ཕར་སོང་བ་དང་ཨ་མ་མ་མཐོང་ཚེ། ང་ཡང་ཕར་འགྲོ་མ་ཕོད་པར་ཨ་མ་དང་ཡུད་ཙམ་ཞིག་འཕྲད་པ་ལ་ཕྱིར་ལོག་གམ་སྙམ་པའི་སེམས་ཤིན་ཏུ་འཕྲེང་བ་ཞིག་བྱུང་སྟེ། དེ་ནི་ངེད་མ་བུ་གཉིས་ཕྱིས་མི་འཕྲད་པ་དེ་སེམས་ཀྱིས་ཚོར་བ་ཡིན་པར་འདུག ང་མ་མཐོང་བ་དང་ཨ་མ་ཡང་སེམས་འཕྲེང་བཞིན་ནང་དུ་ལོག ངའི་རྗེས་སུ་ཆུང་དུས་ཡི་གེ་དང་གཏོར་མ་སོགས་བསླབས་པའི་དགེ་ཕྲུག་རིན་ཆེན་རྒྱལ་ང་སྐྱེལ་དུ་བྱུང་བ་དང་། ངེད་གཉིས་ལྷན་དུ་བཀྲ་ཤིས་འཁྱིལ་དུ་སོང་། ཁོ་ལ་ངའི་མ་དང་སྲིང་མོ་ལ་ཁྱོད་ཀྱིས་ལྟ་རྟོག་འདྲ་གྱིས། ང་སོག་པོར་སོང་ནས་ཆོས་ཤིག་བྱེད་རྒྱུ་ཡིན་པས། ལོ་ཁ་ཤས་འགོར་འགྲོ་ནའང་ཐང་། བཅོལ་གདམས་བྱས་པ་ཡིན་སྨྲས་པས། ཁོས་ཀྱང་ཞིང་འདེབས་པ་དང་ལོག་རྒྱག་པ་སོགས་ཕན་གང་ཐོགས་བྱས་འདུག དེ་དུས་ཁོས་ང་ལ་ཆོས་དང་མཐུན་པའི་བསླབ་བྱ་ཞིག་དགོས་ཟེར་བའི་ལན་དུ་ངས་འདི་སྐད་སྨྲས། །ཆུང་ནས་འགྲོགས་པའི་རིན་ཆེན་རྒྱལ། །མི་ལུས་རིན་ཆེན་རྙེད་པར་དཀའ། །ནམ་མཁའི་གློག་བཞིན་འཇིག་ཀྱང་སླ། །ཤི་ནས་ཕ་རོལ་འགྲོ་བའི་ཚེ། །དམ་ཆོས་མ་གཏོགས་ཕན་པ་མེད། །ངེས་པར་ལྷ་ཆོས་མཛད་མི་མཛད། །ངེས་པར་ལྷ་ཆོས་མཛད་འདོད་ན། །གདམས་ངག་མཚན་ལྡན་བླ་མར་ཞུས། །གསོལ་བ་ཡི་དམ་ལྷ་ལ་ཐོབས། །དམ་ཚིག་རྡོ་རྗེའི་སྤུན་ལ་

p. 69

སྲུངས། །མཆོད་པ་དཀོན་ཅོག་གསུམ་ལ་ཕུལ། །གཙོ་བོ་རང་གི་སེམས་ལ་ལྟོས། །སྦྱིན་པ་དབུལ་ཕོངས་རྣམས་ལ་ཐོངས། །སྙིང་རྗེ་མ་ནུས་པ་ལ་གྱིས། །ཞབས་ཏོག་མཁས་བཙུན་བཟང་ལ་གྱིས། །བཀུར་སྟི་ཕ་དང་མ་ལ་རེམས། །གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་རིང་ནད་མེད་སྨོན་ལམ་འདེབས། །ཞེས་སྨྲས་ནས། ཁྱོད་ཡུལ་དུ་སོང་ན་ང་འདི་ལྟར་འགྲོ་བ་རེད་ཅེས་མ་དང་སྲིང་མོ་ལ་མ་བཤད་ཅེས་སྨྲས་ཏེ། རྒྱལ་མཁན་ཆེན་རིན་པོ་ཆེའི་ཞབས་འབྲིང་བ་འགའ་དང་འགྲོགས་ནས་སོང་བས། རོང་ཁུང་དོག་ས་ནས་ས་ཁ་ཞེང་ཆེ་ས་སོག་པོར་བསླེབས་པ་དང་། ནམ་ལངས་སོང་བ་དང་འདྲ་བའི་སྣང་བ་ཡངས་པོ་ཞིག་བྱུང་། དཔོན་ཚང་ཝང་རིན་པོ་ཆེའི་ཨུནེ་དང་ཐག་ཉེ་ས་ན། སྐུ་གཞོགས་རིན་པོ་ཆེ་གཟིམས་གུར་མང་པོ་ཕུབ་ནས་བཞུགས་ཡོད་སར་སླེབས་དུས། སྦྲང་ཆར་འཇམ་པོ་ཞིག་དལ་བུས་བབས་པའི་རྗེས་སུ། འཇའ་ཚོན་གྱི་རི་མོ་ཞིག་ཀྱང་ཤར། ཉི་མ་ཚ་མོ་ཞིག་འོད་ལམ་ལམ་ཤར་བའི་རྟེན་འབྲེལ་ལ་བརྟགས་པས་སྐྱིད་པའི་ཉི་མ་འཆར་སྙམ་ནས་དགའ་བཞིན་དུ། ཁོང་གི་མདུན་དུ་སོང་ནས་མཇལ་ཚེ། ཞལ་འཛུམ་བཞིན། ངོ་མཚར་ཆེ་འཇའ་ཚོན་གྱི་རི་མོ་ཞིག་ཀྱང་ཤར་འདུག དཔོན་ཚང་རིན་པོ་ཆེས་ཁྱེད་བརྩེ་བས་རྗེས་སུ་འཛིན་པའི་རྟེན་འབྲེལ་རེད་གསུངས། དེ་ཡང་ཨོ་རྒྱན་ཆེན་པོས་ལུང་བསྟན་ལས། མཚོ་ཡི་ཕྱོགས་སུ་བདུད་འདུལ་གྱི ཀརྨ་གུ་རུའི་སྤྲུལ་པ་འབྱུང༔ དེ་ལ་ཆོས་འདི་འཕྲོད་གྱུར་ན༔ ལོངས་སྤྱོད་དབྱར་མཚོ་ལྟ་བུར་རྒྱསཿ ཞེས་གསུངས་པ་ལྟར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྤྲུལ་སློབ་དཔོན་ཆེན་

p. 70

པོ་པདྨ་འབྱུང་གནས་མི་ཡི་གར་གྱི་རྣམ་རོལ། ལུང་རིག་ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན་ཅིང་། གནས་ལུགས་ཟབ་གསལ་རྡོ་རྗེ་སྙིང་པོའི་རྟོགས་པ་མངོན་དུ་གྱུར་པ་འཇམ་དབྱངས་གོང་མའི་ལུང་གིས་མངོན་པར་མངགས་ཤིང་། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་མཚན་སྙན་པ་དཔོན་ཚང་ཏཱ་ལེ་ཏེའི་ཆིང་ཝང་ངག་དབང་དར་རྒྱས་དཔལ་བཟང་པོའི་ཞབས་དྲུང་དུ། རྒྱལ་མཁན་ཆེན་རིན་པོ་ཆེ་དང་ལྷན་དུ་སོང་བས། སྟོན་མོ་ཆེན་པོ་ཞིག་བྱས་ནས་གླུ་དབྱངས་དུ་མ་ལེན་པའི་དཀྱིལ་དུ་ཐོན། །བདག་གིས་ཆོས་རྒྱལ་རིན་པོ་ཆེ་ལ་ཕྱག་གསུམ་བཙལ་རྫོགས་ཆེན་སངས་རྒྱས་ལག་བཅང་དང་ལྷ་རྫས་དྲི་མེད་བཅས་ཕུལ་ནས་མཇལ། ཡུམ་སྲས་གཉིས་ལ་ཁ་བཏགས་རེ་ཕུལ་ནས་བདེ་ཞུས་བྱས། ཆོས་རྒྱལ་ཡབ་ཡུམ་ལ་མཇལ་མ་ཐག་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། དད་གུས་དང་དགའ་སྤྲོ་ཚད་ལས་འདས་པ་བྱུང་། ཡབ་ཡུམ་གཉིས་ཀྱིས་ཀྱང་། ཐུགས་བརྩེ་བའི་ཞལ་གསུང་དུ་མ་བྱོན། ཆོས་རྒྱལ་རིན་པོ་ཆེས་རྫོགས་ཆེན་སངས་རྒྱས་ལག་བཅང་ཁ་ཕྱེ་སྟེ་ཅུང་ཟད་ཅིག་གཟིགས་པར་གདའ། དེའི་དགོང་མོ་ནས་བཟུང་སྟེ། གུར་འགོལ་བོ་ཞིག་ཏུ་བདག་སྡོད་དུ་བཅུག གཉེར་པ་ལ་འདི་ང་བསམས་ནས་འོངས་པ་རེད། འདི་ལ་དོ་དམ་ལེགས་པོ་གྱིས་གསུངས། ཕྱི་ཉིན་ཉི་དྲོས་ཙམ་ལ་རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་ས་གསུམ་གྱི་སྒྲོན་མེ་ལྟ་བུའི་བྱང་ཆུབ་ལམ་རིམ་ཆེན་མོ་མཆན་བུ་གསུམ་ཅན་གྱི་གླེགས་བམ་ཞིག་གསོལ་དཔོན་བཟང་པོ་ལ་འཁྱེར་དུ་བཅུག་ནས་བྱོན། ཁྱོད་ཀྱིས་ཆོས་ཤིག་དྲན་ནས་འོངས་པ་ལ་ང་དགའ་བ་ཡིན། ངེས་འབྱུང་སད་སུད་རེ་ཙམ་སྐྱེས་ནས་ཆོས་བྱས་རུང་རྗེས་ནས་བློ་འགྱུར་ལྡོག་ཆེ། ད་ཁྱོད་

p. 71

ཀྱིས་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་བློ་སྦྱོང་བ་འདི་གལ་ཆེ། དེ་ཡི་ནང་ནས་ཀྱང་དང་པོ་སྐྱེས་བུ་ཆུང་འབྲིང་འདི་གཉིས་ཀྱི་སྐོར་ལ་ནན་ཏན་གྱིས་བློ་སྦྱོངས་ལ་འཁོར་བའི་ཕུན་ཚོགས་ལ་ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་བར། ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་ཨེ་སྐྱེ་ལ་འབོད་གསུངས་ནས། ཉིན་དེར་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལེགས་པར་གསུངས་ནས་ཕེབས། ཟླ་བ་གཅིག་ཙམ་ལ་ཉིན་རེར་ལན་གཅིག་གཉིས་རེ་བྱོན་ནས། དལ་འབྱོར་རྙེད་དཀའ་ནས་ཞི་ལྷག་གི་བར་དུ་ཟབ་ཁྲིད་རྒྱས་པར་གནང་ནས། ཁྱོད་ཤེས་རབ་ཆེ་བར་གདའ་བས། ད་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ཡོངས་སུ་རྫོགས་པ་ལ་བློ་སྦྱོངས་གསུངས། དེ་ལྟར་བློ་སྦྱོང་བཞིན་བསྡད་པའི་ཟླ་བ་གཉིས་ཀྱི་འཕྲོ་ལ། རྒྱལ་མཁན་ཆེན་རིན་པོ་ཆེ། ང་དང་ཨ་ཁུ་མཐོང་སའི་དགེ་སློང་སོགས་དོན་གཉེར་ཅན་མང་པོས། གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་གནང་བར་གསོལ་བ་འདེབས་པའི་སྐབས་སུ་ངས་ཀྱང་ཡན་ལག་བདུན་པ་འདི་ཕུལ་ལོ། །ཨེ་མ་ཆོས་རྒྱལ་རིན་པོ་ཆེ། །བཀའ་བཞིན་སྒྲུབ་པའི་སློབ་མའི་ཚོགས། །འཁོར་དང་བཅས་པ་ཐམས་ཅད་ལ། །ཟོལ་མེད་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས། །མཛད་སྤྱོད་ཀུན་ལ་རྗེས་ཡི་རང་། །བླ་མེད་ཆོས་འཁོར་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་དོན་དུ་བསྔོ། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་ཕུལ་བས་ཁོང་གིས་དབང་གི་སྟ་གོན་གནང་བའི་མཚན་མོ་ངའི་རྨི་ལམ་དུ་ཨ་

p. 72

མས་ཆང་ཀཱ་པ་ལ་གང་བྱིན་པ་ཡོངས་རྫོགས་འཐུངས་པ་ཞིག་རྨིས་ཞུས་པས། དེ་བླ་མའི་གདམས་པ་མ་ལུས་པར་ཉམས་སུ་ལེན་ཐུབ་པའི་རྟེན་འབྲེལ་དུ་འདུག་པའི་རྨི་ལམ་བཟང་པོ་རེད་གསུངས། དེའི་ཕྱི་ཉིན་ཉི་དྲོས་ཙམ་ལ། གནམ་ལ་རིག་འཛིན་གྱི་གྲལ་རིམ་མ་ཞིག་པ། ས་ལ་དཀྱིལ་འཁོར་གྱི་ཐིག་ཚོན་མ་ཡལ་བ། བར་དུ་སྒྲུབ་རྫས་ཚོམ་བུའི་རྒྱ་མ་ཉམས་པ། དམ་ཉམས་དང་འདྲེས་འཁྱེར་གྱིས་བསྲེ་བསླད་མ་ཞུགས་པ། མ་དང་མཁའ་འགྲོའི་ཞལ་རླངས་ཐོལ་ལེ་བའི་ཟབ་ཆོས་ཁྱད་པར་ཅན་གཏེར་གསར་གྱི་སྐོར་ལས། བཅོམ་ལྡན་འདས་རྟ་ཕག་ཡིད་བཞིན་ནོར་བུའི་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་གནང་དུས་ལྷ་ལ་མེ་ཏོག་ཕུལ་སྐབས་བྱང་དུ་བབས་པ་ཚོགས་དྲུག་གི་ཞེན་འཛིན་རང་སར་གྲོལ་བའི་བརྡར་མིང་ལ་ཚོགས་དྲུག་རང་གྲོལ་ཞེས་བཏགས། མཇུག་ཏུ་ལུང་ཁ་ཤས་གནང་ནས་གྲོལ། དེ་ནས་ཉིན་རེ་བཞིན་དབང་བཞི་དང་འབྲེལ་བའི་ཉམས་ལེན། ཐོག་མར་བུམ་དབང་དང་འབྲེལ་བ་བསྐྱེད་རིམ་ལྷའི་ཁྲིད། དེ་ནས་གསང་དབང་དང་འབྲེལ་བ་རྩ་རླུང་གཏུམ་མོའི་ཁྲིད། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་བདེ་སྟོང་ཕྱག་རྒྱའི་ཁྲིད། ཚིགས་དབང་དང་འབྲེལ་བ་ཁྲེགས་ཆོད་ཐོད་རྒལ་གྱི་ཁྲིད་དང་དེའི་བཀའ་སྲུང་རྣམས་ཀྱི་རྗེས་གནང་དང་བཅས་པ་ཡོངས་རྫོགས་རྒྱས་པར་གནང་། གཞན་ཡང་སྐབས་སྐབས་སུ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་ཕྱག་རྡོར་གྱིས་དངོས་སུ་གསུངས་པའི་ཕྱག་རྡོར་བདུད་རྩི་ཐིག་པའི་དབང་དང་། གསང་བདག་གི་གསུང་གཅེས་ཕྲེང་རྡོ་རྗེའི་རྩ་འབྲེལ་སོགས་ཕྱག་ཆེན་གྱི་ཁྲིད། རྫོགས་ཆེན་ཡེ་ཤེས་བླ་མ།ཉི་མ་གྲགས་པའི་རྫོགས་ཆེན། མཁའ་

p. 73

འགྲོའི་སྙིང་ཐིག་ལ་སོགས་པའི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་བསྩལ་པའི་དུས་ཁོང་གི་ཞལ་ནས། གསང་སྔགས་ཀྱི་ཆོས་འདི་རྟེན་འབྲེལ་ལ་རག་ལས་པས། སྔོན་རྗེ་བཙུན་མི་ལས་ཟངས་སྟོང་བར་ཕུལ་བའི་རྟེན་འབྲེལ་གྱིས་རྗེས་སུ་སྒྲུབ་པ་རྒྱག་དུས་ཟས་དཀོན་པོ་བྱུང་ཡང་། ལྷོ་བྲག་མར་པས་ཟངས་དེ་མར་ཁུས་བཀང་བའི་རྟེན་འབྲེལ་གྱིས་སྐུ་ཚེའི་སྨད་དང་བུ་རྒྱུད་ལ་ལོངས་སྤྱོད་རྒྱས་པ་བྱུང་། དེའི་ཕྱིར་ན་ཁྱོད་ལ་ཅང་མེད་རུང་ལག་སྟོང་བྱས་ཆོས་ཞུས་ན་མི་རུང་གསུངས་ཏེ། དངུལ་གྱི་མཎྜལ་གསེར་དངུལ་གཡུ་བྱི་རུ་མུ་ཏིག་སོགས་རིན་པོ་ཆེའི་རིགས་དང་། རིན་པོ་ཆེའི་ཕྲེང་བ་འབྲུ་སྣ་དར་ཟབ་སོགས་གནང་ནས་འདི་རྣམས་མཎྜལ་སྐབས་སུ་ཕུལ་གསུངས་པ་ལྟར་བྱས་པས། རྗེས་སུ་རང་གཞན་གྱི་དོན་གང་བསྒྲུབ་ཀྱང་ནོར་ལོངས་སྤྱོད་ཐོགས་པ་མེད་པར་འབྱུང་བ་དེའི་རྟེན་འབྲེལ་ཡིན་ནམ་སྙམ་པ་བྱུང་། ཡང་མཇུག་ཏུ་ཚོགས་སྣ་འཛོམས་པོ་བྱས་ཚོགས་འཁོར་རྒྱ་ཆེན་པོ་ཞིག་བསྐོར་བའི་སྐབས་སུ་ཡབ་ཡུམ་ལྷན་རྒྱས་ལ་ཚོགས་ཕུད་འདི་ལྟར་ཕུལ་ལོ། །རང་གཞན་གཙུག་རྒྱན་ཆོས་ཀྱི་རྒྱལ་པོ་ལ། །རང་སེམས་རྣམ་པར་དག་པའི་ཚོགས་མཆོད་འབུལ། །རང་དང་སྐལ་བ་ལྡན་པའི་གདུལ་བྱ་ལ། །རང་བློར་འཚམ་པའི་ཆོས་ཆར་དབབ་ཏུ་གསོལ། །ཨ་ཏི་ཡང་གསང་རྫོགས་པ་ཆེན་པོ་ཡི། །ཨ་དོན་སྐྱེ་མེད་རྟོགས་པའི་རྣལ་འབྱོར་མ། །ཨ་བཱ་རིན་པོ་ཆེ་ལ་ཚོགས་མཆོད་འབུལ། །ཨ་མ་བཞིན་དུ་བརྩེ་བས་བསྐྱང་དུ་གསོལ། །ཞེས་དབྱངས་སུ་བླངས་ནས་ཕུལ་བའི་ཚེ། ཆོས་རྒྱལ་ཡབ་ཡུམ་སྲས་བློན་བཅས་མདུན་ན་འཚོགས་ཚད་

p. 74

ཐམས་ཅད་བཞད་གད་ཐག་གེ་བ་ཞིག་བྱུང་། དེར་ངའི་བསམ་པ་ལ། ཆོས་རྒྱལ་ཡབ་ཡུམ་སྲས་བཅས་གཞན་གྱིས་གསེར་དངུལ་མང་པོ་ཕུལ་རུང་དེ་འདྲ་ག་ནས་བཞད། ད་རེ་ཡབ་ཡུམ་སྲས་བཅས་བཞད་པ་རང་ཉིད་བརྩེ་བས་རྗེས་སུ་འཛིན་པའི་རྟེན་འབྲེལ་རེད་སྙམ་པ་བྱུང་། དེ་དུས་ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་བའི་ཨ་ཧྥེ་རིན་པོ་ཆེས་སྔོན་ཡུམ་བདག་མེད་མས། རྗེ་བཙུན་མི་ལ་ལ་བརྩེ་བ་ལྟར། ང་ལ་ཟས་གོས་གང་དགོས་གནང་། ཐུགས་བརྩེ་བས་བསྐྱངས་པའི་བཀའ་དྲིན་ཤིན་ཏུ་ཆེ། དེའི་སྐབས་སུ་ནུབ་གཅིག་བདག་གི་རྨི་ལམ་དུ། ལག་ན་མེ་ལོང་ངོ་གཉིས་མཁར་རྔ་ཙམ་པ་ཞིག་འདུག ནམ་མཁའ་ན་ཉི་ཟླ་གཉིས་ཀྱང་ཤར་འདུག ངས་མེ་ལོང་ངོ་གཅིག་ནམ་མཁའ་ལ་བསྟན་ཚེ། ཉི་མའི་གཡོན་ཕྱོགས་སུ་ཟླ་བ་གཅིག་འཆར་བ། ཐང་ན་མི་སྐྱ་སེར་མང་པོ་འཚོགས་པས་མཐོང་ནས། ཉི་ཟླ་གཉིས་ཀྱི་གཡོན་ནའང་ཟླ་བ་གསར་པ་ཞིག་འདུག་ལྟོས་ཟེར་རོ། །ངའི་བསམ་པ་ལ་འདི་རྣམས་ཀྱིས་ངའི་མེ་ལོང་གི་འཕྲུལ་ཡིན་པ་མ་ཤེས་པར་འདུག་སྙམ། ངོས་གཅིག་ས་ལ་བསྟན་པས་ས་གཞི་ཐམས་ཅད་འོད་དཀར་པོས་གང་བ་ཞིག་རྨིས་པ་ཞུས་པས། རྨི་ལམ་ཤིན་ཏུ་ལེགས། བསྒོམས་ན་ཉམས་རྟོགས་སྐྱེ་བའི་སྔ་ལྟས་རེད་གསུངས། དེ་ནས་རེ་ཞིག་བར་དུ་ཨུགེ་སྟེང་ནས་བསྡད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་མཛོད་བདུན་དང་། ཤིང་རྟ་ཆེན་མོ་གསུམ་སོགས་གསུང་འབུམ་ནང་མ་རྣམས་ལ་བལྟས། དཀའ་གནད་རྣམས་ཆོས་རྒྱལ་རིན་པོ་ཆེར་ཞུས་ཤིང་གཏན་ལ་ཕབ་པས། རང་གཞན་གྱི་གྲུབ་མཐའ་སོ་སོའི་ལམ་གྱི་རིམ་པ་རྣམས་ཤེས་པ་བྱུང་། ཆོས་རྒྱལ་མཆོག་གི་མཆོད་གནས་བླ་མ་སྦྱིན་པ་ཚང་ལ། ང་ལ་འདུལ་བ་ཁྲིད་ཅེས་

p. 75

བཀའ་ཕེབས་པར་བརྟེན། དེར་ཁོང་གིས་འདུལ་བ་རྒྱ་མཚོའི་སྙིང་པོ་ལ། འདུལ་བའི་གླེང་འབུམ་སོགས་ཀྱིས་བརྒྱན་ནས་གསུངས་པས། འདུལ་བའི་གཞུང་ལ་གོ་བ་ཆགས་པ་བྱུང་བས་ཁོང་ཐུགས་མཉེས། དེ་སྐབས་བླ་མ་པདྨ་རང་གྲོལ་སོགས་ལ་ཆོས་རྒྱལ་རིན་པོ་ཆེས་སྨན་གྱི་རྒྱུད་བཞི་འཁྲིད་པའི་སྐབས། །ངས་ཀྱང་ཞོར་ལ་ཉན་ཅིང་ལྟ་རྟོག་འདྲ་བྱས་པས། ཚ་གྲང་ངོས་ཟིན་པ་ཙམ་བྱུང་བས། རྗེས་སུ་རི་ཁྲོད་ལ་སོང་དུས་དང་། གཞན་གྱི་དོན་བྱེད་དུས་ནད་པ་མང་པོ་ལ་ཕན་པ་བྱུང་། དེ་ཡང་། གང་ཞིག་གསེར་གྱི་རི་ལ་གནས་བཅས་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །གསུངས་པ་ལྟར། ཨུནེ་ནས་སྡོད་པའི་རིང་ལ་ཡོན་ཏན་མང་པོ་ཤུགས་ཀྱིས་འགོས་པ་བྱུང་། རང་ཉིད་ཨུནེ་ནས་སྡོད་པའི་རིང་ལ། སྤྱིར་མཐོ་བ་ལ་བཀུར་ཤེས། དམའ་བ་ལ་སྐྱོང་ཤེས། ཐད་ཀ་ལ་འགྲོགས་ཤེས་བྱས། ཁྱད་པར་ཁྱབ་བདག་འཁོར་ལོའི་མགོན་པོ་ཆོས་རྒྱལ་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན། །ཅི་མཛད་ལེགས་པར་བལྟས། ཅི་གསུང་དང་དུ་བླངས་ནས་བཀའ་བཞིན་དུ་བསྒྲུབས་པས། ཁོང་གི་ཐུགས་ཀྱི་སྲས་དམ་པར་དགོངས་ནས། གསར་རྙིང་གི་གདམས་པ་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་གནང་བ་རྣམས་ལྷག་ལུས་མེད་པར་ཐོབ་པ་བྱུང་། དེའི་སྐབས་སུ་གཅོད་ཡུལ་བ་ཆེན་པོ་དཀོན་མཆོག་ཆོས་འཕེལ་གྱི་མདུན་ནས། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་། ཁྲོས་ནག་ལྷ་ལྔའི་དབང་། གཅོད་གདན་ཐོག་གཅིག་མ་སོགས་གཅོད་ཀྱི་ལུང་མང་པོ་དང་། སྟག་ཚང་ཕུར་པའི་ཆོས་ཚན་ལས་རྡོར་སེམས་རིགས་ལྔ་རྒྱན་གཅིག་ལ་བརྟེན་པའི་གཏུམ་མོ་དང་། ཐབས་ལམ་བདེ་སྟོང་གི་

p. 76

ཁྲིད་བཅས་ཐོབ། རྗེ་བཙུན་འཇམ་དབྱངས་བཞད་པའི་ཡང་སྤྲུལ་བློ་བཟང་འཇིགས་མེད་རྒྱ་མཚོ་རིན་པོ་ཆེ་ཨུནེ་རུ་གདན་དྲངས་དུས་སུ་མཇལ་ནས། རིགས་གསུམ་མགོན་པོ་དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་རྣམས་ཀྱི་ལུང་ཐོབ། གཞན་ཡང་སྔ་ཕྱི་རིམ་པ་བྱས་བླ་མ་དམ་པ་མང་པོའི་ཞལ་སྔ་ནས་ཟབ་རྒྱའི་དབང་ལུང་ཁྲིད་གསུམ་མང་པོ་ཐོབ་པའི་སྐལ་བ་བཟང་པོ་བྱུང་ནས། རང་རྒྱུད་དམ་པའི་ཆོས་ཀྱིས་ཕྱུག་པར་གྱུར་ཏོ། །སྨྲས་པ། ཡོངས་རྫོགས་བསྟན་པའི་མངའ་བདག་བཅོམ་ལྡན་འདས། །ཡོངས་འཛིན་དམ་པའི་ཚུལ་འཛིན་གདུལ་བྱའི་རིགས། །ཡོངས་ལ་མདོ་སྔགས་ཕྱོགས་རེ་མ་ཡིན་པར། །ཡོངས་རྫོགས་འདོམས་མཛད་མགོན་ཁྱོད་གཙུག་ན་མཛེས། །བླ་མའི་རྣམ་ཐར་ཚུལ་བཞིན་སྐྱོང་འདོད་པའི། །སྐལ་བཟང་སློབ་མ་ཡོངས་ལ་ཕན་པའི་ཕྱིར། །ཕ་ཡུལ་སྤངས་ནས་ཆོས་རྒྱལ་བསྟེན་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །སྐུ་དྲིན་འཁོར་མེད་འཇམ་དབྱངས་རིན་པོ་ཆེའི། །གདུང་རྟེན་མཇལ་ནས་ཁོང་གི་ལུང་བསྟན་བཞིན། །དམ་པའི་མགོན་དང་མཇལ་ནས་མདོ་སྔགས་ཀྱི། །ཆོས་ལ་ལོངས་སུ་སྤྱོད་པའི་སྨོན་ལམ་བཏབ། །ཕ་ཡུལ་མ་སྲིང་གཉེན་གྲོགས་བརྩེ་ན་ཡང་། །ཡུན་རིང་མི་སྡོད་འཆི་བའི་ཚུལ་བསམས་ནས། །ཡུལ་ནས་ཞག་བདུན་ཙམ་ལས་མ་བསྡད་པར། །ཕན་ཚུན་གཅིག་གིས་གཅིག་ལ་སྙིང་གཏམ་སྨྲས། །འགྲོ་བའི་ནངས་པར་མ་དང་སྲིང་མོ་ཡིས། །ང་ལ་བལྟས་ནས་མཆི་མ་མང་པོ་ཞིག །བཏང་བས་ང་ཡང་འབྲལ་གླགས་མ་ཕོད་པར། །ལངས་ནས་བསྡད་ཚེ་མིག་སྒོ་མཆི་མས་གང་། །སོ་སོར་གྱེས་ཁར་རེ་གཉིས་ས་ལ་ལྷུང་། །

p. 77

དེ་ནས་མ་ལ་ཕྱི་མིག་ལྟ་བཞིན་དུ། །ལབ་ལུང་ཁ་སོའི་བར་དུ་སོས་དལ་འོང་། །ཕྱིར་ལ་བལྟས་པའི་མ་དང་གྲོགས་པོ་ཡང་། །སྒོ་ན་འདུག་པ་མཐོང་ནས་ཅུང་ཟད་བསྡད། །དེ་ནས་ལབ་ལུང་བཟ་ནང་དུ་ཕར་ལ་སོང་། །ཡུལ་ཕྱོགས་མ་སྲིང་གྲོགས་རྣམས་མ་མཐོང་ཚེ། །འགྲོ་ཡང་མ་ཕོད་ཨ་མ་ཡུད་ཙམ་ཞིག །འཕྲད་དུ་ཕྱིར་ལ་ལོག་གམ་ལོག་གམ་སྙམ། །ལྷག་པར་མ་ལ་རང་སེམས་འཕྲེང་བ་བྱུང་། །དེ་ནི་མ་བུ་ཕྱིན་ཆད་མི་འཕྲད་པ། །དེ་དུས་སེམས་ཀྱིས་ཚོར་བ་ཡིན་པ་འདུག །མ་ལ་འཕྲེང་བཞིན་བཀྲ་ཤིས་འཁྱིལ་དུ་སོང་། །རིན་ཆེན་རྒྱལ་ལ་མ་སྲིང་བཅོལ་གདམས་བྱས། །ཕན་པའི་བསླབ་བྱ་བྱས་ནས་ཕྱིར་ལ་ལོག །བདག་ནི་གནས་དེར་ཞག་པོ་ཁ་ཤས་བསྡད། །དེ་ནས་རྒྱལ་གྱི་མཁན་ཆེན་ཞབས་ཕྱི་དང་། །འགྲོགས་ནས་ས་བཟང་སོག་པོའི་ཡུལ་དུ་སོང་། །དུས་གསུམ་སངས་རྒྱས་ཐུགས་སྤྲུལ་པད་འབྱུང་དང་། །དབྱེར་མེད་ཆོས་རྒྱལ་ངག་གི་དབང་པོར་མཇལ། །རབ་དགའི་ས་ཐོབ་ལྟ་བུའི་དགའ་སྤྲོ་འཕེལ། །ཁོང་གིས་རབ་ཏུ་བརྩེ་བས་རྗེས་སུ་བཟུང་། །བྱང་ཆུབ་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །གསང་སྔགས་སྨིན་གྲོལ་གདམས་པ་དགྱེས་བཞིན་གནང་། །ལུགས་གཉིས་གང་ལའང་མཁྱེན་རྒྱ་ཆེ་བ་ཡི། །རྒྱལ་ཡུམ་རིག་འཛིན་དབང་མོས་བརྩེ་བའི་སྒོས། །སྔོན་དུས་མར་པའི་གསང་ཡུམ་བདག་མེད་མས། །རྗེ་བཙུན་མི་ལ་བརྩེ་བས་བསྐྱངས་པ་ལྟར། །ལྟོ་གོས་གནང་བའི་བཀའ་དྲིན་གཞན་ལས་ཚེ། །དེ་སྐབས་ཀློང་ཆེན་རབ་འབྱམས་མཛོད་བདུན་སོགས། །གསུང་འབུམ་རྣམས་ལ་བལྟས་ནས་དཀའ་གནད་རྣམས། །ཆོས་རྒྱལ་རྗེ་ལ་ཞུས་

p. 78

ཤིང་གཏན་ལ་ཕབ། །གྲུབ་མཐའ་སོ་སོའི་ལམ་རྣམས་ཤེས་པ་བྱུང་། །ཆོས་རྒྱལ་མཆོད་གནས་བླ་མ་སྦྱིན་པ་ཡི། །དྲུང་ནས་འདུལ་བའི་གཞུང་ལ་ཅུང་ཟད་སྦྱངས། །ཆོས་རྒྱལ་ཆེན་པོས་གཞན་ལ་སྨན་སློབ་པའི། །ཞོར་ལ་སྨན་ཡང་ཕྲན་ཚེགས་ཙམ་ཞིག་ཤེས། །རྗེས་སུ་རི་ཁྲོད་དབེན་པར་སོང་དུས་དང་། འགྲོ་དོན་བྱེད་དུས་གཞན་ལ་ཕན་ཐོགས་བྱུང་། །གང་ཞིག་གསེར་གྱི་རི་ལ་གནས་བཅས་པའི། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །གསུང་ལྟར་ཆོས་རྒྱལ་དྲུང་ནས་སྡོད་རིང་ལ། །ཡོན་ཏན་མང་པོ་ཤུགས་ཀྱིས་སྐྱེས་པ་བྱུང་། །དེ་དུས་མཐོ་བ་རྣམས་ལ་བརྩི་བཀུར་དང་། །དམའ་བ་སྐྱོང་ཤེས་ཐད་ཀར་འགྲོགས་ཤེས་བྱས། །ཁྱད་པར་སྐྱབས་མགོན་ཆོས་རྒྱལ་རིན་པོ་ཆེ། །བསམ་དང་སྦྱོར་བའི་སྒོ་ནས་ཚུལ་བཞིན་བསྟེན། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །ཅི་གསུང་དང་དུ་བླངས་ནས་བསྒྲུབས་པའི་མཐུས། །ཁོང་གིས་ཐུགས་ཀྱི་སྲས་མཆོག་དམ་པར་དགོངས། །གསར་རྙིང་མདོ་སྔགས་ཆོས་ཀྱི་གདམས་པ་རྣམས། །བུམ་པ་གང་བྱོའི་ཚུལ་དུ་ཐོབ་པ་བྱུང་། །གཞན་ཡང་རྟོགས་ལྡན་དཀོན་མཆོག་ཆོས་འཕེལ་སོགས། །བླ་མ་སྐྱེས་ཆེན་མང་པོའི་ཞལ་སྔ་ནས། །གཅོད་སོགས་དབང་ལུང་ཁྲིད་གསུམ་མང་པོ་ཐོབ། །རང་རྒྱུད་དམ་པའི་ཆོས་ཀྱིས་ཕྱུག་པར་གྱུར། །མདོར་ན་ཕ་ཡུལ་སྤངས་ནས་སོག་པོར་སོང་། །ཆོས་རྒྱལ་བསྟེན་ནས་མདོ་སྔགས་གཞུང་ལ་སྦྱངས། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །ཕ་ཡུལ་སྤངས་ནས་མཁས་གྲུབ་མང་པོ་སྟེན། །
མདོ་སྔགས་གཞུང་ལ་ཐོས་བསམ་བྱེད་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བཞི་པ་བླ་མས་ལུང་བསྟན་པའི་རྩེ་གཞུང་དབེན་པའི་དགའ་ཚལ་ནས་ཟབ་མོའི་སྒྲུབ་པ་ལ་གཞོལ་ཚུལ།

p. 79

རྩེ་གཞུང་དབེན་པའི་དགའ་ཚལ་དུ་ཟབ་མོའི་སྒྲུབ་པ་ལ་གཞོལ་ཚུལ། བཞི་བ་བླ་མས་ལུང་བསྟན་པའི་རྩེ་གཞུང་དབེན་པའི་དགའ་ཚལ་དུ་ཟབ་མོའི་སྒྲུབ་པ་ལ་གཞོལ་ཚུལ་ནི། ཉིན་གཅིག་བཀའ་དྲིན་མཚུངས་མེད་ཆོས་རྒྱལ་རིན་པོ་ཆེའི་ཞལ་ནས། ད་ཁྱོད་ཀྱིས་སྒྲུབ་པ་བྱེད་པ་ལ། སྔོན་གྲུབ་ཐོབ་ཀརྨ་ཚེ་དབང་རིག་འཛིན་ཞེས་བྱ་བ་གནམ་གྱི་ཐོག་བབས་པ་ཐུ་བའི་ནང་དུ་ལེན་པ་སོགས་གྲུབ་རྟགས་མང་པོ་བསྟན་ནས། ཕྱོགས་འདིའི་གདུལ་བྱ་ལས་དང་སྐལ་བར་ལྡན་པ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་སྐྱེས་མཆོག་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས་རྩེ་གཞུང་དབེན་པའི་དགའ་ཚལ། ཁ་ལྷོར་ལྟ་དགུན་དུས་ཉི་འོད་འཁྱིལ་ཞིང་། དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས་པ། ཆུ་མེ་ཤིང་སོགས་མཐུན་རྐྱེན་འཛོམས་པའི་གནས་ཁྱད་པར་ཅན། མིང་ལ་སོག་སྐད་དུ་ཐཱ་ཡན་ཆི་ཟེར་བ་བོད་སྐད་དུ་རི་ཁྲོད་པའི་སྒོམ་ཁུང་ཟེར་བའི་བྲག་ཕུག་ཉམས་དགའ་བ་ཞིག་ཡོད་ཁྱོད་དེར་སོང་ལ་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་གསུངས། དེ་ནས་ཁོང་གིས་ལུང་བསྟན་པའི་གནས་ཆེན་དེར་འགྲོ་དུས། ཡུམ་ཨ་བཱ་རིན་པོ་ཆེ་ནས། རི་མོ་མཛེས་པའི་གོས་ཀྱི་དཔེ་ཐུམ་ཞིག་དང་། དཔོན་ཚང་ནས་ཆོས་འབྱུང་བརྒྱ་རྩ་ཡོད་པའི་ཕྲེང་བ་ཞིག་གནང་བ་རྣམས་རྟེན་འབྲེལ་གྱིས་ཁྱེར། ཟླ་བ་ཁ་ཤས་ཀྱི་བྲོ་ཁ་སྣོད་ཆ་དང་བཅས་པ་ཕྱག་མཛོད་དང་གཉེར་པ་ནས་བྱིན་ཏེ། མི་གཉིས་ལ་སྐྱེལ་དུ་བཅུག ང་གཅིག་པུ་ཐོག་མར་འཇིགས་འོང་དགོངས་ནས། ཁྱེད་གཉིས་ཀྱི་ནང་ནས་གཅིག་དོ་ནུབ་རི་ཁྲོད་པའི་རྩ་ནས་སྡོད་ལ་སང་ཤོག་གསུངས།

p. 80

ངེད་གསུམ་སོང་ནས་བྲག་ཕུག་ཏུ་སླེབས་པ་ངང་། སྐྱེལ་མི་གཉིས་ཀ་འདུག་དགོས་པ་ལ་སྐྲག་ནས། གཅིག་གིས་གཅིག་ལ་ཁྱོད་སྡོད་ཅེས་མ་འགྲིགས་ཚེ་ངས་ཁྱེད་གཉིས་ཀྱི་སུ་ཡང་འདུག་མི་དགོས། ང་མི་སྐྲག གཉིས་ཀས་ཕྱགས་དར་ཡག་པོ་ཞིག་རྒྱོབ། ཐབ་ཁ་ཞིག་འཆོས་ལ་སོང་། འདི་ན་ང་གསོད་པའི་འདྲེ་ཞིག་ཡོད་ན་དོ་དགོང་མ་བསད་རུང་སང་དགོང་གསད་འོང་ད་སྔ་ཕྱི་ལ་ཁྱད་མེད། དཔོན་ཚང་རིན་པོ་ཆེས་ཁྱེད་གཉིས་ལ་འདྲི་ན། འདུག་མི་དགོས་ཟེར་ཚུལ་ཞུས་དང་། བཀའ་བཀྱོན་མི་ཡོང་སྨྲས་པས། གཉིས་ཀ་དགའ་ནས་སོང་། དེར་ངས་གཉིས་ཀ་སོང་བའི་རྗེས་ནས་བྲག་ཁུང་ཆེན་པོ་དེའི་གྲུ་ཁ་ཞིག་ནས་མལ་ས་གྲུ་བཞི་ཆུང་ཆུང་ཞིག་བཟོས།་འོག་ཏུ་གཡུང་དྲུང་ཞིག་བྲིས། དེའི་སྟེང་དུ་རྩྭ་དང་གདན་གདིང་བ་བཏིངས། གོང་དུ་བསྟན་པའི་བདག་པོ་ཐུབ་དབང་གི་སྐུ་གཅིག་བཞག མཆོད་པ་བཤམས་ཏེ་སྟན་བདེ་བ་ལ་འཁོད་དེ། དམ་བཅའ་འདི་ལྟར་བྱས་སོ། །བདག་གི་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་ཞིག་མ་སྐྱེས་ཀྱི་བར་དུ་བླ་མས་ལུང་བསྟན་པའི་གནས་འདི་ནས་གཞན་དུ་མི་འགྲོ་བ་དང་། །མཚན་མོ་ཡང་ལུས་གནད་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཏེ་འདུག་པ་ལས། ཕལ་པ་ལྟར་རོ་ཉལ་མི་བྱེད་པ་དང་། དུས་རྒྱུན་དུ་ངག་མཚམས་སྡོམ་པ་ལས། དོན་མེད་ཀྱི་ངག་འཁྱལ་མི་སྨྲ་བ་དང་། གུང་ཚིགས་མ་གཏོགས་པའི་དུས་གཞན་དུ་ཟས་མི་ཟ་བ་དང་། གཅིག་པུར་སྡོད་པ་མ་གཏོགས། གྲོགས་གཞན་སུ་དང་ལྷན་དུ་མི་སྡོད་པ་དང་། བླ་མའི་གདམས་ངག་མ་གཏོགས། གཞན་དྲན་རྒྱུ་མི་མང་བ་དང་། དཀའ་སྤྱད་སྙིང་རུས་མ་གཏོགས། སྐྱིད་ཆོས་མི་བྱེད་པ་དང་། བརྟན་པ་མ་ཐོབ་བར་དུ་འཇིག་རྟེན་འདུ་འཛི་མི་བསྟེན་པ་དང་། མདོར་

p. 81

ན་སྒོ་གསུམ་ཐ་མལ་དུ་མི་འཆོར་བར་ཉིན་མཚན་མེད་པར་ཉམས་ལེན་ལ་འབད་པར་བྱའོ། །དེ་ལྟར་ནུས་པར་རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཡི་དམ་ལྷ་ཚོགས་རྣམས་ཀྱིས་དངོས་གྲུབ་སྩོལ་ཅིག མཁའ་འགྲོ་དང་ཆོས་སྐྱོང་དཀར་ཕྱོགས་པའི་ལྷ་རྣམས་ཀྱིས་རྟག་ཏུ་གཡེལ་བ་མེད་པར་དེ་ལྟ་བུའི་གྲོགས་མཛད་དུ་གསོལ་ཞེས་དམ་བཅའ་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ། །ཕ་རྩ་བའི་བླ་མ་རྡོ་རྗེ་འཆང་། །བུས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །རྗེ་རྒྱལ་བ་གོང་མའི་རྣམ་ཐར་བཞིན། །ཆོས་ཟབ་མོ་ཚུལ་བཞིན་སྒྲུབ་ནུས་ཤོག །ལམ་ཐུན་མོང་སྔོན་འགྲོ་གཏོང་བའི་ཚེ། །གང་བཏང་ཚད་གནད་དུ་འགྲོ་བར་ཤོག །ལམ་དངོས་གཞིའི་ཉམས་ལེན་བྱེད་པའི་ཚེ། །ཉམས་རྟོགས་པའི་ཡོན་ཏན་འཆར་བར་ཤོག །ཚེ་འདི་རུ་ས་ལམ་མཐར་ཕྱིན་ནས། །མ་འགྲོ་བའི་དོན་ལ་བརྩོན་པར་ཤོག །རང་གཞན་གྱི་དོན་གང་བསྒྲུབ་པའི་ཚེ། །གེགས་བར་ཆད་གང་ཡང་མེད་པར་ཤོག །གནས་འདི་རུ་བཀྲ་ཤིས་བྱིན་ཆགས་ཤིང་། །ཕྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་ཤོག །ཅེས་སྨོན་ལམ་བཏབ་ནས། བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་བྱས། སེམས་རྣལ་དུ་ཕབ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་ཐོག་མར། །སྐྱབས་འགྲོ་དང་། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར། ཕྱག་འབུམ་རྣམས་སྔོན་དུ་བཏང་ནས་ཚོགས་རྫོགས་སྒྲིབ་པ་དག་པའི་རྟགས་ཅི་རིགས་པ་རྨི་ལམ་དུ་བྱུང་། དངོས་གཞི་བྱང་ཆུབ་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་

p. 82

ལ་འབད་པ་ཆེན་པོས་ཡང་ཡང་སྦྱངས་པས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བའི་གཞི་ཟིན་པ་བྱུང་། དེ་ནས་རྟ་ཕག་ཡིད་བཞིན་ནོར་བུའི་བསྐྱེད་རིམ་བསྒོམས། སྔགས་ཀྱི་བསྙེན་པ་གྲངས་ཚད་ལས་ལྷག་བཏང་བས། ཐ་མལ་གྱི་སྣང་ཞེན་དག གང་སྣང་ལྷ་སྐུར་ཤར། གཏེར་བསྲུང་འཁོར་བའི་རྟགས་མཚན་སྣ་ཚོགས་པ་བྱུང་། དེ་ནས་རྫོགས་རིམ་རྩ་ཐིག་རླུང་གསུམ་གྱི་ཉམས་ལེན་ལ་སྦྱངས་པས་གཏུམ་མོའི་བདེ་དྲོད་འབར། རས་རྐྱང་ཐུབ་པ་བྱུང་། རླུང་སེམས་དབུ་མར་ཞུགས། དབུ་མའི་རྩ་མདུད་གྲོལ་ནས། བདེ་སྟོང་གི་ཉམས་རྒྱུན་ཆད་མེད་པ་བྱུང་། ཁྱད་པར་རྫོགས་ཆེན་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ཟླ་བ་མང་པོར་སྦྱངས། ཁྲེགས་ཆོད་ཐོད་རྒལ་ཁོ་ན་ལ་ལོ་གསུམ་ཙམ་སྦྱངས་པས། ཁྲེགས་ཆོད་ཀྱི་གནས་ལུགས་རྟོགས། ཐོད་རྒལ་གྱི་ཉམས་སྣང་སྣ་ཚོགས་པ་ཤར་བའི་ཚེ། ཉིན་གཅིག་ཆོས་རྒྱལ་རིན་པོ་ཆེའི་ཞབས་དྲུང་དུ་སོང་ནས། ཉམས་ལེན་བྱས་ཚུལ་དང་ཉམས་སྣང་འཆར་ཚུལ་རྣམས་རིམ་པ་བཞིན་དུ་ཞུས་པས། ཁོང་གི་ཐུགས་རབ་ཏུ་དགྱེས་པས་ཞལ་རས་བཅོ་ལྔའི་ཟླ་བ་ལྟ་བུ་དེ་བསྟན་ནས། འཛུམ་པ་དང་བཅས་ཏེ། འོ་བུ་ཁྱོད་སྙིང་རུས་དང་བསྒོམ་བསྲན་ཆེ་བས། སྤྱིར་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་རིམ་གཉིས་ཀྱི་ཉམས་རྟོགས་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་འདུག་པས། ཚེ་འདིར་མི་ལུས་ཐོབ་པ་དོན་དང་ལྡན་པ་བྱུང་། ཁྱད་པར་རྒྱལ་དབང་པདྨའི་རིང་ལུགས། འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་གནས་ལུགས་ཀྱི་ལྟ་བ་རྟོགས་ཤིང་། ལྷུན་གྲུབ་ཐོད་རྒལ་

p. 83

གྱི་གདམས་པ་ལ་བརྟེན་ནས་སྣང་བཞིའི་ཡེ་ཤེས་རྒྱུད་ལ་ཤར་བ་ངོ་མཚར་ཆེ་སྟེ། ཀུན་མཁྱེན་ཀློང་ཆེན་པའི་ཉམས་མགུར་ལས། འོད་གསལ་ལྷུན་གྲུབ་ཀྱི་བསྒོམ་པ་ནི། །ལུས་མི་གཡོ་འོད་ཀྱི་ཁང་བུ་ན། །རྩ་དྲི་མེད་ཤེལ་གྱི་སྦུ་གུ་ཅན། །དེ་རྒྱང་ཞགས་ཆུ་ཡི་སྒྲོན་མར་འབྲེལ། །གནས་རིན་ཆེན་རྒྱ་མཚོར་འབྲེལ་བའི་གདངས། །ཕྱི་སྤྲིན་བྲལ་ནམ་མཁའི་དཀྱིལ་དུ་ཤར། །ནང་ཡེ་ཤེས་འོད་ལྔ་ཁ་དོག་ལྔ། །ཟ་འོག་བེར་ཁྱིམ་རིས་སུ་སྣང་། །དེ་ཐིག་ལེ་སྟོང་པའི་སྒྲོན་མས་བརྒྱན། །དབུས་རིགས་པ་རྡོ་རྗེ་ལུ་གུ་རྒྱུད། །ཐིག་ལེ་ཐིག་ཕྲན་འབྲེལ་བ་ནི། །འཛམ་བུ་ཆུ་བོའི་གསེར་སྐུད་ལ། །རྨ་བྱའི་མདོངས་ཀྱིས་བརྒྱན་པ་འདྲ། །སུམ་བསྒྲིགས་འོད་ཀྱི་སྣང་བ་ནི། །ཆོས་ཉིད་མངོན་སུམ་གྱི་རང་སྣང་ཡིན། །དེ་གོང་དུ་འཕེལ་བའི་སྣང་བ་ལ། །ཡེ་ཤེས་མཁར་ཐབས་ཀྱི་སྣང་བ་དང་། །ལྔ་ལྡན་འོད་ཀྱི་པདྨ་སྟོང་། །རྩིབས་རྒྱུད་རིན་ཆེན་དྲ་བ་དང་། །འོད་ལྔ་ཤེལ་གྱི་མཆོད་རྟེན་མཐོང་། །ཐིག་ལེ་སྟོང་པའི་ཁང་པ་རུ། །རིག་པའི་ས་བོན་ཡིག་འབྲུ་དང་། །རྣམ་པ་སྣ་ཚོགས་ཀྱི་ཕྱག་མཚན་དང་། །ཡོངས་རྫོགས་སྐུ་ཡི་སྣང་བ་ལ། །ཕྱོགས་མཚམས་འོད་ལྔའི་ཟེར་མདངས་འཕྲོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་ལ། །དེ་རྣམས་ལྔ་ལྔ་ཟུང་འབྲེལ་མཐོང་། །གང་བལྟས་འོད་ཀྱིས་འཇིག་རྟེན་ཁྱབ། །སྙིང་ཁར་ཟེར་ཐག་ཟུག་པ་མཐོང་། །དེ་ཚེ་རང་ལུས་གཅིག་གཡོ་བས། །ཕྱོགས་བཅུའི་ཞིང་རྣམས་གཡོ་བ་དང་། །རང་ལུས་ཏིང་འཛིན་མཉམ་གཞག་པས། །ཐམས་ཅད་མཉམ་པར་འཇོག་པ་དང་། །སྐུ་རྣམས་ཚངས་

p. 84

པའི་གསུང་དབྱངས་ཀྱིས། །ཆོས་ཀྱི་རྔ་ཆེན་སྒྲོག་པ་དང་། །ས་དང་ལམ་གྱི་ཡོན་ཏན་རྫོགས། །དེ་བཞིན་རིམ་གྱིས་པ་རྣམས་ཀྱི། །ཡོན་ཏན་གོང་དུ་འཕེལ་བ་དང་། །དེར་འཛིན་ཟད་པའི་སྣང་བ་གཉིས། །མི་འགལ་གཅིག་ཏུ་འདུ་བ་ནི། །ཆོས་ཉིད་ཟད་པའི་སར་ཕྱིན་ཏེ། །གདོས་བཅས་ལུས་དང་རྟོག་ཚོགས་ཟད། །རྣམ་སྨིན་ལས་དང་བག་ཆགས་ཟད། །མ་རིག་འཁྲུལ་གཞིའི་ས་བོན་ཟད། །སྣང་བ་རྣམས་ལ་འཛིན་པ་ཟད། །གདོས་བཅས་དག་པས་འཕེལ་སྒོ་ཟད། །རང་ལུས་ཤེལ་གྱི་ཁང་པ་རུ། །འོད་ལྔ་ཡུལ་གྱི་འཕྲོ་འདུ་ལྟོས། །འོད་དང་རིག་པ་གར་འཇུག་ཀྱང་། །ལྷུན་གྲུབ་ཀ་དག་ངང་ལ་ཐིམ། །ཀ་དག་གཞི་ལ་བཙན་ས་ཟིན། །ནང་གསལ་སྐུ་གསུམ་འདུ་འབྲལ་མེད། །ཆོས་སྐུའི་ངང་ལས་གཟུགས་སྐུ་བཞུགས། །གདུལ་བྱའི་འཇིག་རྟེན་གང་ཡོད་དུ། །ཆོས་སྐུའི་དབྱིངས་ལས་མ་གཡོས་པར། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །འགྲོ་བའི་དོན་གཉིས་རྒྱུན་མི་འཆད། །ཚེ་འདིར་གྲོལ་བའི་གདམས་པ་ཡིན། །ཞེས་གསུངས་པའི་ནང་ནས། ཁྱོད་གང་གི་མཚམས་ལ་སླེབས་ཡོད་སྙམ་ན། ཡོངས་རྫོགས་སྐུ་ཡི་སྣང་བ་ལ། །ཕྱོགས་མཚམས་འོད་ལྔའི་ཟེར་མདངས་འཕྲོ། །གསུངས་པའི་ཚོད་ལ་སླེབ་པར་གདའ། དེར་སླེབས་ན་བར་དོ་ཚེ་འདིར་ཆོད་པ་ཡིན་ཏེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །གསུངས་པས། ཁྱོད་ད་ལྟ་ཤི་རུང་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་རུ་འཚང་རྒྱ་བར་འདུག ད་དུང་ཚེ་དང་སྒྲུབ་པ་སྙོམས་དང་ཚེ་འདིར་འཇའ་ལུས་འོད་. སྐུར་གྲོལ་བའམ། ཡང་ན་འཆི་བ་ཆོས་སྐུ་རུ་གྲོལ་བར་གདོན་མི་ཟ་ཞེས་ལུང་བསྟན་པ་བྱུང་། དེའི་དུས་ནུབ་གཅིག་གི་རྨི་ལམ་ལ། ཤེལ་གྱི་རི་ཆེན་པོ་ཞིག་ལ་རིན་པོ་ཆེ་བི་ཌཱུརྱ་སྔོན་པོ་ལས་བྱས་པའི་སྐས་ཤིག་བཙུགས་

p. 85

ཡོད་པ་ལ། ང་རིམ་གྱིས་གྱེན་དུ་འཛེགས་ནས་བལྟས་པའི་ཚེ། སྟེང་གི་ལྷོ་ཕྱོགས་ནས་ཉི་མ་ཤར་བ་ཤེལ་ལ་ཕོག་པས་ཤེལ་གྱི་རིའི་བྱང་གི་ཕྱོགས་སུ་འོད་དཀར་པོ་འཕྲོས་ཏེ། བྱང་གི་ས་གཞི་ཐམས་ཅད་དཀར་པོར་སོང་བའི་ནང་ནས། མི་མང་པོ་དགའ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ཞིག་རྨིས་པ་ཞུས་པས། ཁྱོད་ཀྱི་རྨི་ལམ་དེ་ཤིན་ཏུ་ལེགས། དེ་ལ་བརྟེན་ནས་ལུང་ཡང་བསྟན་ཆོག་པར་གདའ་བས། སྔོན་རྗེ་བཙུན་མི་ལ་རས་པའི་རྨི་ལམ་ལ་ལྷོ་བྲག་མར་པས་ལུང་བསྟན་པ་ལྟར།་ངས་ཀྱང་ཁྱོད་ལ་ལུང་སྟོན་ཞེས། རྩེ་མཚར་ལྟ་བུར་འདི་སྐད་ཅེས་གསུངས་སོ། །ཨེ་མ་སྐལ་ལྡན་བུ་གཅིག་པུ། །དྲི་མེད་ཤེལ་གྱི་རི་བོ་དེ། །རྡོ་རྗེ་ཐེག་པའི་བསྟན་པ་རེད། །འོད་གསལ་ཉི་མ་ཤར་བ་དེ། །ཕ་རྒན་ང་རང་ཡིན་ནམ་སྙམ། །སྐས་ལ་བུ་ཁྱོད་འཛེག་པ་དེ། །ས་ལམ་རིམ་གྱིས་བགྲོད་པའི་བརྡ། །བྱང་དུ་འོད་ཟེར་འཕྲོ་བ་དེ། །བུ་ཁྱོད་གདུལ་བྱ་བྱང་ན་ཡོད། །མི་མང་འོད་ནང་རྒྱུག་པ་དེ། །གདུལ་བྱའི་ཉམས་ལེན་ནུས་པར་གོ། །གོ་བར་གྱིས་ལ་ཡིད་ལ་ཆོངས། །ཞེས་གསུངས། དེ་ནས་ཁོང་གིས་བདག་ལ་བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་དབང་ལུང་ཁྲིད་ཞལ་ཤེས་དང་བཅས་པ་གནང་། ཟླ་བ་གཅིག་ལ། ངེད་དཔོན་སློབ་གཉིས་ཀས་ཚེ་སྒྲུབ་བྱས། ཉིན་གཅིག་ཁོང་གི་ཕྱག་ན་སཾ་ཊ་ཞིག་བསྣམས་ཡོད་དུས་ཤིག་ལ་ངེད་གཉིས་ཀྱིས་མ་བསམ་པར་ཚིག་བཞི་རེ་རྩོམ་ཞེས་འདི་བདག་ལ་གསུངས། ཀུན་རྫོབ་འཁོར་བས་མི་བསླུ་མེད། །གཅིག་ཏུ་དམ་པའི་ཆོས་ལ་འབད། །ཐར་མེད་འཁོར་བའི་རྒྱ་མཚོ་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །གསུངས། ངས་འདི་ཞུས། འཁོར་བའི་གནས་ན་བདེ་བ་མེད། །

p. 86

སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །ད་རེས་བླ་མའི་བཀའ་བཞིན་དུ། །གཅིག་ཏུ་དམ་པའི་ཆོས་ལ་འབད། །ཅེས་ཕུལ། དེ་དུས་ཤིན་ཏུ་འགོལ་བོ་བྱུང་བས། ཁོང་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཆོས་འཇིག་རྟེན་གྱི་གླེང་མོ་མང་པོ་གནང་བ་རྣམས་དུས་ད་ལྟ་ཡང་དྲན་པ་གདའ། དེ་དུས་བླ་མ་གཞན་ལས་སྐུ་དྲིན་ཆེ་བའི་རྒྱལ་མཁན་ཆེན་རིན་པོ་ཆེ་ལོ་རེ་བཞིན་སོག་པོར་ཕེབས་དུས།་ཆོས་གོས་ཕྲུག་གཟན་སོགས་བདག་རྐྱེན་དང་། ཞལ་གདམས་མང་པོ་གནང་ཞིང་། ཉིན་གཅིག་གྲུབ་ཐོབ་ཀརྨ་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་ཐཱ་ཡན་ཆི་རུ་ཕེབས་ནས། ཞག་གཅིག་བཞུགས་པས། ངེད་དཔོན་སློབ་གཉིས་ཀྱིས་ཉམས་མྱོང་གོ་བསྡུར་བྱས། རྒྱལ་བའི་གསུང་རབ་མདོ་སྔགས་ཆོས་ཀྱི་གཏམ་སྣ་ཚོགས་པ་གླེང་བས་ཐུགས་ཡིད་གཅིག་ཏུ་འདྲེས། ཉམས་དགའ་ཞིང་སྣང་བ་སྤྲོ་བ་བྱུང་། ཁོང་ནངས་པར་སྔ་མོ་འབྱོན་ཁར་བདག་གིས་བདེ་ཞུས་ཚིགས་བཅད་འདི་ཕུལ་ལོ། །བསྟན་པའི་སྒོར་འཇུག་བདག་ཉིད་ལ་དྲིན་ཅན། །བསྟན་པ་ཐམས་ཅད་རིས་མེད་དུ་སྐྱོང་བའི། །བསྟན་འཛིན་སྐྱེས་མཆོག་སྙིགས་དུས་ཀྱི་འགྲོ་མགོན། །བསྟན་འགྲོའི་དོན་དུ་བདེ་མོ་རུ་བཞུད་ཅིག །ཅེས་ཕུལ་བའི་ལན་དུ། མཁན་ཆེན་མཆོག་གི་ཞལ་ནས། ཨེ་མ་ཧོ བདེ་ལ་ཡངས་པའི་རྩེ་གཞུང་གི་དབེན་གནས། །བདེ་སྐྱིད་འབྱུང་བའི་བྲག་ཕུག་གི་ཁང་བུར། །བདེ་ཆེན་སྒྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག །བདེ་བར་བཞུགས་དང་རིང་མིན་དུ་མཇལ་ཡོང་། །རྟེན་འབྲེལ་བཀྲ་ཤིས་ཀྱི་མཚན་མ་དབེན་གནས་འདིར་བསྒྲིགས་སོ། །ཞེས་གསུངས་ནས་ཕེབས་སོ། །དེ་དུས་དྲིན་ཅན་གྱི་ཨ་མས་ཡུལ་དུ་ཤོག་ཅེས་སྐད་ཡི་གེ་ནན་ཏན་བསྐུར་ཀྱང་། བདག་གི་བསམ་པ་ལ། སྔར་མ་བུ་གཉིས་ལོ་ཉི་ཤུའི་

p. 87

བར་དུ་ལྷན་དུ་བསྡད་པས་ཕན་མ་ཐོགས་ན།ད་བདག་གིས་ཉམས་ལེན་བཞག་ནས་ལན་ཅིག་འཕྲད་པས་ག་ལ་ཕན་སྙམ། མ་ལ་འདི་སྐད་ཅེས་ངས་བླ་མའི་བཀའ་བཞིན་འོ་སྐོལ་མ་བུ་གཉིས་གཏན་དུ་བདེ་བའི་ཐབས་སུ་ལྷ་ཆོས་རྣམ་དག་ཅིག་སྒྲུབ་བཞིན་ཡོད། ད་ལོ་འོང་མ་ཐུབ། ལོ་རྗེས་མ་ལ་འཕྲད་དུ་འོང་ཞེས་འཚམས་རྟགས་འདྲ་བསྐུར་ནས་ཡུལ་ལ་མ་སོང་། ཡང་དེ་དུས་འབྲོག་མི་ལོ་ཙཱའི་རྣམ་འཕྲུལ་གཏེར་སྟོན་བདུད་འདུལ་རྡོ་རྗེའི་གདུང་རབས་ལྔ་པ། གཏེར་སྟོན་བསོད་ནམས་སྙན་གྲགས་དཔལ་བཟང་པོ་ཨུནེ་རུ་ཕེབས། ཆོས་རྒྱལ་རིན་པོ་ཆེས་དབང་ལུང་མང་པོ་ཞུས་པས། ཁོང་གིས་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་དང་། བསམ་པ་ལྷུན་གྲུབ་མའི་དབང་། རིག་པའི་རྩལ་དབང་སོགས། དབང་མི་འདྲ་བ་བདུན་དང་། ཀློང་གསལ་ཆོས་སྐོར་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་སོགས་ཀྱི་ལུང་ཁྲིད་སོགས་བཀའ་ཆོས་མང་པོ་གནང་བ་རྣམས་ཀྱང་ཐོབ་པའི་སྐལ་བ་བཟང་པོ་བྱུང་། གཏེར་སྟོན་རིན་པོ་ཆེ་འབྱོན་ཁར་ཐཱ་ཡན་ཆིར་ཕེབས་ནས་མདོ་སྔགས་སྤྱི་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཐོད་རྒལ་གྱི་དཀའ་གནད་ལས་བརྩམས་ཏེ་དྲི་བ་ཕུལ་བར་བཀའ་ལན་མང་དུ་གནང་ཞིང་ཐུགས་དགྱེས་པ་བྱུང་། གཞན་ཡང་སེམས་ལ་ཕན་པའི་ཐུན་མོང་གི་བཀའ་ཆོས་མང་པོ་གནང་། དེར་བཞུགས་པའི་རི་ཁྲོད་པ་རྣམས་ཀྱིས་དད་རྟེན་ཞིག་འཇོག་དགོས་ཞུས་པར། རྡོ་ལ་ཕྱག་རྗེས་ཤིག་ཀྱང་གནང་བ་དེ་རྗེས་ནས་གཅིག་གིས་ཁྱེར་ནས་མི་སྣང་། དཔོན་སློབ་རྣམས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡང་ཡང་མཇལ་བའི་སྨོན་ལམ་བཏབ་ནས་ཐུགས་ཡིད་འཕྲེང་

p. 88

བཞིན་དུ་ཕེབས་སོ། །ཡང་དབེན་གནས་དེར་བསྡད་དུས། ཉིན་གཅིག་ནམ་མཁའ་གཡའ་དག་པའི་ཉི་མའི་གུང་ཞིག་ལ་རྒྱབ་རིའི་རྩེར་ཁམས་བསངས་སུ་སོང་ནས་གཅིག་པུར་བསྡད་ཡོད་པའི་ཚེ། བྱང་ཕྱོགས་ཀྱི་རི་བོ་མཐོན་པོའི་རྩེ་ནས་སྤྲིན་དཀར་པོ་ཞིག་འོ་མ་འཕྱུར་བ་བཞིན་གྱེན་དུ་ལངས་པའི་དུས། ཕ་བླ་མ་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེ་ཡིད་ལ་ཤར་ཏེ་དྲན་ནས་བཟོད་གླགས་མེད་པའི་ཚེ། རྗེ་བླ་མ་དྲན་པའི་གདུང་དབྱངས་འདི་ལྟར་བླངས་སོ། །བྱང་ཕྱོགས་རི་བོ་མཐོན་པོའི་རྩེ་མོ་ན། །ཆུ་འཛིན་སྤྲིན་དཀར་འོ་མ་འཕྱུར་བཞིན་ལངས། །དེ་ཉིད་མཐོང་བས་དྲིན་ཅན་བླ་མ་དྲན། །ཆུ་འཛིན་སྤྲིན་དཀར་ལྡིང་བའི་འོག་ཕྱོགས་ན། །དབེན་གནས་བཀྲ་ཤིས་འཁྱིལ་བའི་རྩེ་མོ་རུ། །ཡིད་འོང་བསམ་གཏན་ཁང་བཟང་གདན་སྟེང་ན། །མཚན་ལྡན་བླ་མ་བཞུགས་ཚུལ་ཡིད་ལ་ཤར། །བཀའ་དྲིན་བསམས་ནས་མིག་ནས་མཆི་མ་ཤོར། །སྙིང་ནས་གདུང་བ་སྐྱེས་ནས་དྲན་པ་འཁྲུལ། །ཡིད་ཀྱང་ཕྱད་ཕྱོད་གྱུར་པའི་སྣང་བ་ཀུན། །མིག་གིས་གང་བལྟས་ཟ་ཟི་བན་བུན་གཡོ། །ད་ལྟའི་དུས་འདིར་བཞུགས་ན་དགའ་བ་ལ། །མི་ང་མོས་གུས་ཞན་རུང་མཇལ་སྙིང་འདོད། །ད་ལྟ་བླ་མ་ཆོས་སྐུའི་དབྱིངས་ན་བཞུགས། །བུ་ངན་སྐལ་མེད་འཁོར་བའི་འདམ་དུ་ལུས། །སྤང་ལ་མེ་ཏོག་མང་པོ་རྒྱས་དུས་སུ། །མཚན་ལྡན་བླ་མའི་མཛེས་སྐུ་ཡིད་ལ་ཤར། །གཟུགས་སྐུ་ད་མཐོང་མ་རེད་དེ་མཐོང་རེད། །བསམ་ཞིང་བསམ་ཞིང་བླ་མ་དྲན་ནས་བྱུང་། །ཁུ་བྱུག་སྐད་སྙན་ལྷང་ལྷང་སྒྲོག་པའི་དུས། །མཚན་ལྡན་བླ་མའི་གསུང་དབྱངས་ཡིད་ལ་ཤར། །གསུང་དབྱངས་ད་ཐོས་མ་རེད་དེ་ཐོས་རེད། །བསམ་ཞིང་བསམ་ཞིང་བླ་མ་དྲན་ནས་བྱུང་། །ཉི་གཞོན་འོད་སྣང་ལམ་ལམ་འཆར་དུས་སུ། །

p. 89

མཚན་ལྡན་བླ་མའི་མཁྱེན་བརྩེ་ཡིད་ལ་ཤར། །ཐུགས་རྗེས་ད་སྐྱོང་མ་རེད་དེ་བསྐྱངས་རེད། །། བསམ་ཞིང་བསམ་ཞིང་བླ་མ་དྲན་ནས་བྱུང་། །མཚན་ལྡན་བླ་མ་ཞལ་ནི་བཞུགས་པའི་དུས། །དབང་ཁྲིད་མན་ངག་གནང་ཚུལ་ཡིད་ལ་ཤར། །དབང་ཁྲིད་ད་ཞུ་མ་རེད་དེ་ཞུས་རེད། །བསམ་ཞིང་བསམ་ཞིང་བླ་མ་དྲན་ནས་བྱུང་། །བླ་མའི་གསང་གི་བདུད་རྩི་ངོམས་མེད་དུ། །འཐུང་དུས་ཞབས་པད་བསྟེན་ཚུལ་ཡིད་ལ་ཤར། །བླ་མ་ད་སྟེན་མ་རེད་དེ་བསྟེན་རེད། །བསམ་ཞིང་བསམ་ཞིང་བླ་མ་དྲན་ནས་བྱུང་། །དེ་ནས་ལོ་ཟླའི་དུས་སུ་མཇལ་དུས་སུ། །འཛུམ་འཛུམ་བསུ་བ་བྱེད་ཚུལ་ཡིད་ལ་ཤར། །ལྷ་ཞལ་ད་མཐོང་མ་རེད་དེ་མཐོང་རེད། །བསམ་ཞིང་བསམ་ཞིང་བླ་མ་དྲན་ནས་བྱུང་། །ཡུལ་ཕྱོགས་གང་དུ་ཕྱིན་ཀྱང་བླ་མ་དྲན། །དབེན་གནས་གང་དུ་བསྡད་ཀྱང་བླ་མ་དྲན། །བརྡ་ནི་ཇི་ལྟར་མཐོང་ཡང་བླ་མ་དྲན། །དུས་ཀུན་རྟག་ཏུ་མཚན་ལྡན་བླ་མ་དྲན། །བླ་མ་དྲན་ནས་སེམས་ཀྱིས་མི་ནུས་གི །དབུགས་ཀྱང་སྟོད་དུ་འཚངས་ནས་མི་ནོན་གི །མིག་སྒོ་མཆི་མས་གང་ནས་མི་ཟུམ་གི །ཕ་ཡིས་མི་མངོན་དབྱིངས་ནས་གསན་ལགས་སམ། །གསན་ན་དག་པ་ཆོས་སྐུའི་མཁའ་དབྱིངས་ནས། །ད་ལྟའི་དུས་འདིར་གཟུགས་སྐུའི་སྣང་བ་སྟོན། །བུ་ཡི་གདུང་བ་སོལ་ཅིག་རིན་པོ་ཆེ། །ཞེས་ངུ་མ་དབྱངས་ཀྱིས་བླངས་ནས་མང་པོ་ངུས་ཚེ། །སྤྲིན་ཀྱང་མང་དུ་འཕྱུར་ནས་ནོར་བུའི་དབྱིབས་ལྟ་བུ་མང་པོར་སོང་བའི་དབུས་མའི་རྩེར། འཇའ་འོད་ཁ་དོག་ལྔ་ལྡན་གྱིས་གུར་ཕུབ་པའི་དབུས་ན་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དེ་ཉིད་སྐུ་ཡི་གཟི་བརྗིད་སྔར་བས་ལྷག་པ།

p. 90

ཕྱག་གཉིས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བདག་ལ་བསྟན་ནས་གར་སྟབས་ལིང་ལིང་བསྒྱུར་ཞིང་། ཞལ་འཛུམ་བཞིན་ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས་པའི་ཉམས་ཤིག་ཤར། །ང་ཡི་བུ་མཆོག་སྙིང་དང་འདྲ་བ་ཁྱོད། །མྱ་ངན་མ་བྱེད་ཕ་ཡི་གསུང་ལ་ཉོན། །སྔོན་སྨོན་ལས་ཀྱིས་འབྲེལ་བའི་ཕ་བུ་གཉིས། །འོད་གསལ་ཆོས་ཉིད་ངང་ལ་འདུ་འབྲལ་མེད། །ད་ནི་བུ་ཁྱོད་ཚེ་དང་སྒྲུབ་པ་སྙོམས། །ཕྱོགས་མེད་རི་ཁྲོད་འགྲིམ་ཞིང་དཀའ་ཐུབ་གྱིས། །སྐལ་ལྡན་གདུལ་བྱའི་ཚོགས་ལ་ཕན་ཐོགས་མཛོད། །མཐར་ཐུག་ཚེ་ཡི་འཕེན་པ་ཟད་པའི་ཚེ། །ཕ་ཡིས་དག་པ་ཆོས་སྐུའི་མཁའ་དབྱིངས་ནས། །བུ་ལ་ལྷུན་གྲུབ་གཟུགས་སྐུའི་སྣང་བ་སྟོན། །འཆི་བ་འོད་གསལ་གསལ་འདེབས་ཕ་ཡིས་བྱེད། །བུ་ཡི་སེམས་ལ་ཟུངས་ལ་དགའ་བར་གྱིས། །ཡང་ཅིག་ཞལ་གྱི་འཛུམ་མདངས་ཤིག་བཞད་ནས། །ཕྱིན་ཆད་འོ་དོད་དྲག་པོས་ང་མ་འབོད། །དུས་ངན་མི་ཡིས་ཚོར་ན་ལོག་ལྟ་སྐྱེ། །མྱ་ངན་མ་བྱེད་བྱེད་མཁན་སེམས་ལ་ལྟོས། །སེམས་ལས་མ་གཏོགས་བླ་མ་གཞན་ན་མེད། །བླ་མ་སེམས་ཀྱིས་དྲན་པ་སེམས་སུ་ཐིམ། །སེམས་ཉིད་མ་བཅོས་ཆོས་སྐུའི་ངང་ལ་ཞོག །ཅེས་གསུངས་ནས། གར་སྟབས་ལིང་ལིང་ཤིག་ཤིག་བསྒྱུར་ཞིང་། ཇེ་མཐོ་ཇེ་མཐོར་སོང་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་། སྤྲིན་རྣམས་ཀྱང་ནམ་མཁའ་ལ་ཡལ། བདག་གི་མྱ་ངན་ཡང་སངས་ཏེ། རྟོག་མེད་ཀྱི་ཉམས་བཟང་པོ་སྐྱེས་པའི་ངང་ལ་ཡུན་རིང་ལུས་སོང་། ཡང་ཉིན་གཅིག་མེ་ཏོག་མང་པོ་ཞིག་གི་ཁྲོད་དུ། ཁམས་བསངས་སུ་སོང་ནས། ཏི་ལོ་པས་པཎ་ཆེན་ནཱ་རོ་བ་ལ་གདམས་པའི་ལྟ་མགུར་རང་བྱུང་བསམ་གྱིས་མི་ཁྱབ་པ་དེ་ལྟ་བ་སྐྱོང་བཞིན་

p. 91

པའི་ངང་ནས་བླངས་པའི་ཚེ། ང་ཡི་མདུན་གྱི་ཐད་ན་མེ་ཏོག་མང་པོ་སྐྱེས་ཡོད་པའི་ནང་ནས་མེ་ཏོག་བོང་རྐེ་རིང་བ་ཞིག་དྲི་བཞོན་གྱིས་དལ་བུས་བསྐྱོད་ཚེ། གཡས་གཡོན་རྣམས་སུ་ལྡེམ་ལྡེམ་གྱིས་གར་མང་པོ་བྱས་ཏེ་ཤག་ཤོག་འདབ་མའི་སྒྲ་ལ་དྲངས་ནས་བདག་ལ་འདི་སྐད་ཟེར། །མཆོད། ཕ་མ་ལྷ་ལམ་འཛིན་མ་བཟང་མོ་ཡིས། །དྲོད་གཤེར་བཅུད་ཀྱིས་བསྐྱངས་པའི་བུ་ང་ཡིས། །ཡིད་འོང་འདབ་མ་ཐམས་ཅད་ལེགས་བརྐྱངས་ནས། །ཕང་ཕུང་ཕྱོགས་བཅུར་གཡོ་བས་དཀོན་མཆོག་མཆོད། །རི་ལ་རྒྱུན་དུ་འདུག་པའི་མི་ཁྱོད་ཉོན། །སྣང་སྲིད་དཔེ་ཆར་ཤར་བའི་རྣལ་འབྱོར་ལ། །གདམས་ངག་དཔེ་ཆ་ཕྱི་རོལ་ཡུལ་གྱིས་མཆོག །དཔེ་སྣ་མང་པོ་གསོག་པའི་བྱ་བཏང་ཁྱོད། །དཔེ་རྡུལ་མང་ན་ཁུར་པོའི་སྣོན་པ་ཡིན། །གདམས་ངག་དཔེ་ཆ་སེམས་ལ་མ་རྫོགས་ན། །བེའུ་བུམ་མང་པོ་ཁུར་བས་ག་ལ་ལང་། །རི་ཁྲོད་འགྲིམ་པའི་སྡུག་ཡུས་སུ་ལ་བཤད། །ད་ནི་མི་ཁྱོད་སེམས་ལ་མ་གནོད་དང་། །ཁྱོད་ཀྱིས་སྟོང་ཉིད་རྟོགས་པ་ཕར་ལ་ཞོག །མི་རྟག་འཆི་བ་ཁྱོད་ཀྱིས་མ་ཤེས་འདུག །ཤེས་ན་ཕྱི་ཡི་དངོས་པོ་ཐམས་ཅད་ཀུན། །མི་རྟག་འཆི་བ་སྟོན་པའི་སློབ་དཔོན་ཡིན། །མེ་ཏོག་ངས་ཀྱང་འཆི་བ་མི་རྟག་པའི། །ཆོས་ཤིག་རྣལ་འབྱོར་ཁྱོད་ལ་ཕན་ཕྱིར་བཤད། །ནེའུ་གསིང་སྤང་ལ་སྐྱེས་པའི་མེ་ཏོག་ང་། །ད་ལྟའི་དུས་འདིར་ཡིད་འོང་འདབ་མ་ཡི། །བཀྲག་དང་མདངས་རྣམས་རྒྱས་ཏེ་ཤིན་ཏུ་བདེ། །སྲེད་ལྡན་བུང་བ་མང་པོའི་འཁོར་གྱིས་བསྐོར། །དལ་བུའི་རླུང་གིས་བསྐྱོད་ཚེ་དགའ་བྲོ་འཁྲབ། །ཟིམ་བུའི་སྦྲང་ཆར་འབབ་དུས་ཟིམ་མེར་

p. 92

བསྡད། །འཛམ་གླིང་ཉི་མ་ཤར་ཚེ་འཛུམ་ཞིང་བཞད། །ད་ལྟའི་དུས་འདིར་བལྟས་ཚེ་ང་རེ་སྤྲོ། །ཡུན་རིང་མི་སྡོད་མི་འདོད་བ་མོ་ཡིས། །བཀྲ་མདངས་ཕྲོགས་ནས་སྐུ་མདོག་སྨུག་པོར་འགྲོ །ཚུལ་འདི་བསམས་ན་ད་ལྟ་ང་རེ་སྐྱོ། །དེ་ནས་གདུག་རྩུབ་ཁ་རླུང་འཚུབ་པ་ཡིས། །དབང་མེད་བཅོམ་ནས་རྡུལ་ཕྲན་ཙམ་དུ་འགྲོ །ཚུལ་འདི་བསམས་ན་ད་ལྟ་ང་རེ་འཇིགས། །ཁྱོད་ཀྱང་ང་ཡི་རང་བཞིན་འདི་དང་མཚུངས། །རེབ་གོང་སྨད་དུ་སྐྱེས་པའི་བྱ་བཏང་ཁྱོད། །ད་ལྟའི་དུས་འདིར་ཤ་ཁྲག་ལུས་པོ་ཡི། །བཀྲག་དང་མདངས་རྣམས་རྒྱས་ཏེ་ཤིན་ཏུ་བདེ། །དད་ལྡན་སློབ་མ་མང་པོའི་འཁོར་གྱིས་བསྐོར། །གཞན་གྱིས་ངོ་བསྟོད་བྱས་ཚེ་དགའ་བྲོ་འཁྲབ། །དད་ལྡན་ཡོན་བདག་འོང་དུས་ལྷན་ནེར་བསྡད། །དད་ཟས་མང་པོ་བྱུང་ཚེ་འཛུམ་ཞིང་བཞད། །ད་ལྟའི་དུས་འདིར་བལྟས་ཚེ་ཁྱོད་རེ་སྤྲོ། །ཡུན་རིང་མི་སྡོད་མི་འདོད་རྒ་བ་ཡིས། །ལུས་ཀྱི་མདངས་འཕྲོག་སྐྲ་དཀར་རྒུར་པོར་འགྲོ །ཚུལ་འདི་བསམས་ན་མི་ཁྱོད་མི་སྐྱོ་འམ། །དེ་ནས་གདུག་རྩུབ་ན་འཆིས་གཏུགས་པ་ཡིས། །དབང་མེད་བཅོམ་ནས་འཇིག་རྟེན་ཕ་རོལ་འགྲོ །ཚུལ་འདི་བསམས་ན་མི་ཁྱོད་མི་འཇིགས་སམ། །རི་ཁྲོད་འགྲིམས་པའི་བྱ་བཏང་ཁྱོད་དང་གཅིག རི་ལ་སྐྱེས་པའི་མེ་ཏོག་ང་དང་གཉིས། །རི་ཡིས་བསྡུས་པའི་མཆེད་གྲོགས་ཡིན་པའི་ཕྱིར། །རི་པ་ང་ཡིས་ལེགས་བཤད་འདོམས་པ་ཡིན། །ཞེས་བཤད་ནས་ཅི་ཡང་མི་སྨྲ་བར་ཞེ་གླེང་བའི་ཚུལ་དུ་འཇམ་ལྡེམ་མེ་འདུག་པའི་ཚེ། དེ་ཡི་ལན་དུ་བདག་གིས་འདི་སྐད་སྨྲས། མདོག་རབ་མཛེས་མེ་ཏོག་ཁྱོད་ཉིད་ཀྱིས། །ཆོས་མི་རྟག་བཤད་པ་ངོ་མཚར་ཆེ། །ད་ངེད་གཉིས་ཇི་ལྟར་བྱས་ན་འཐད། །ཐབས་

p. 93

ཤིག་ཀྱང་ཡོད་ན་བསྒྲུབ་ན་ཨང་། །ཞེས་དྲིས་པའི་ཚེ། ཡང་མེ་ཏོག་གིས་འདི་སྐད་ཟེར། མཆོད་དོ་བསླུ་མེད་དཀོན་མཆོག་མཆོད། །ད་ནི་ངེད་གཉིས་འདི་ལྟར་མཛད། །འཁོར་བའི་བྱ་བ་ཐམས་ཅད་ལ། །རྟག་པའི་ཆོས་ནི་གང་ཡང་མེད། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ། །བསགས་པ་འཛད་དང་མཐོན་པོ་ལྟུང་། །དེ་འདྲའི་གནས་ཚུལ་བསམ་བྱས་ནས། །ང་ཡང་བཀྲག་མདངས་རྒྱས་དུས་འདིར། །ནེའུ་གསིང་སྤང་ལ་མི་ཆགས་པར། །ཡིད་འོང་འདབ་མ་བརྐྱངས་ནས་ཀྱང་། །དཀོན་མཆོག་ལྷ་ཁང་དྲུང་དུ་འགྲོ །ང་དང་དཀོན་མཆོག་ལྷ་ཁང་གཉིས། །ལྷན་ཅིག་མྱུར་དུ་འགྲིག་པར་སྨོན། །ཁྱོད་ཀྱང་རྩལ་སྟོབས་ལྡན་དུས་འདིར། །རྙེད་བཀུར་རོ་ལ་མི་ཆགས་པར། །དབེན་པར་ཉམས་ལེན་བྱས་ནས་ཀྱང་། །བདེ་ཆེན་ཐར་པའི་ཞིང་ཁམས་སྙོགས། །ཁྱོད་དང་དག་པའི་ཞིང་ཁམས་གཉིས། །ལྷན་ཅིག་མྱུར་དུ་འགྲིག་པར་སྨོན། །ཞེས་བཤད་ནས་མཐར་ཁྱེད་ཀྱིས་གནས་ལུགས་ལྟ་བའི་ངང་ལ་མཉམ་པར་འཇོག་ན་འདི་ལྟར་ཞོག་ཟེར་བ་ལྟར། མེ་ཏོག་དེ་ཉིད་གཡོ་འགུལ་མེད་པར་རྟོག་མེད་ཀྱི་ངང་ལ་ལྷན་ནེར་གནས་སོང་ངོ་། །ཡང་དེར་སྡོད་དུས་ནུབ་གཅིག་རྨི་ལམ་དུ་ཁྱེའུ་དཀར་པོ་འོད་འདོམ་གང་ཙམ་འཕྲོ་བ་བལྟ་བས་ཆོག་མི་ཤེས་པ་ཞིག་བྱུང་ནས། ངའི་ཐད་ཀྱི་བྲག་སྟེང་ཞིག་ཏུ་བཞེངས་ནས་བཞུགས་ཏེ། ཕྱག་གཡས་པས་ཉིད་ཀྱི་གསང་བའི་རྡོ་རྗེའི་སྐེད་པ་ནས་བཟུང་སྟེ། ཞལ་འཛུམ་པ་དང་བཅས་ཏེ་འདི་སྐད་གསུངས། རང་ལུས་རིན་ཆེན་བུམ་བཟང་ནང་། །ཟག་མེད་བདེ་ཆེན་བདུད་རྩིས་གཏམས། །བུམ་པའི་དབང་ཆེན་བསྐུར་བའི་མཐུས། །གཞན་དོན་རྒྱ་ཆེན་འབྱུང་བར་

p. 94

ཤོག །ཅེས་གསུངས་པ་དང་དུས་མཉམ་དུ་རྡོ་རྗེའི་བུ་ག་ནས་བདུད་རྩི་ཁ་དོག་དཀར་པོ་ཞིག་བྱུང་བ། བདག་གི་མགོ་ཐོག་ཏུ་བབ་ས་པ་ལུས་ཀྱི་ནང་དུ་སིབ་སིབ་ཐིམ་པས་གར་སོང་ཐམས་ཅད་ཤེས་པ། བདེ་བ་ཆེན་པོའི་རོས་ཚིམས་ཤིང་། ལུས་ཀྱི་སྐྲ་སེན་ཚུན་ཆད་གང་སོང་སྙམ་པ་བྱུང་། དེ་ནས་ཡང་ཁྱེའུ་དེའི་ཕྱག་གཡོན་པས་སྡིགས་མཛུབ་ནམ་མཁའ་ལ་གཏད་ནས་སྤྱན་གྱིས་ལྟ་སྟངས་མཐོན་པོ་བྱས་ཏེ་འདི་སྐད་གསུངས། རང་རིག་ཁྱབ་གདལ་ཆོས་ཀྱི་དབྱིངས། །རང་གསལ་ནམ་མཁའི་དབྱིངས་དང་འདྲ། །རང་བྱུང་རིག་པའི་དབང་བསྐུར་བས། །རང་དོན་ཕུན་སུམ་ཚོགས་པར་ཤོག །ཅེས་གསུངས་པ་དང་སྨྲ་བསམ་བརྗོད་ཡུལ་ལས་འདས་པའི་མཉམ་བཞག་ནམ་མཁའ་ལྟ་བུའི་ངང་ལ་རང་བཞིན་གྱིས་གནས་པ་བྱུང་། དེ་ནས་ཁྱེའུ་དེ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མི་སྣང་བར་གྱུར་པ་ཞིག་རྨིས་སོ། །ཡང་ནུབ་གཅིག་རྨི་ལམ་དུ་རྐང་པ་སྐྱིལ་ཀྲུང་བཅས། རླུང་བུམ་པ་ཅན་བཟུང་ནས་ཡར་ནམ་མཁའ་ལ་འཕགོས་ནས་ཇེ་མཐོ་ཇེ་མཐོར་ཉི་ཟླའི་གོ་མཚམས་བར་དུ་སོང་ནས་བལྟས་པས། ཉི་མ་ཤར་དང་ཟླ་བ་ནུབ་ན་གནས་པའི་ནང་གི་ལྷའི་གྲོང་ཁྱེར་ཡང་མཐོང་། དེ་བཞིན་དུ་ཕྱོགས་ཐམས་ཅད་ལ་བལྟས་པས་འཇིག་རྟེན་ཁམས་ཀྱི་ཡུལ་ལྗོངས་སོགས་ལྟད་མོ་སྣ་ཚོགས་པ་མཐོང་། དེ་ནས་ཕྱིར་ཡོང་སྙམ་ནས་མར་ལ་མནན་པས་ཡར་རླུང་ཞིག་གིས་བཏེགས་ནས། ཡོང་མ་ཐུབ་པར་བསྡད་པའི་ཚེ། ནམ་མཁའི་སྤྲིན་གསེབ་ནས་ལྷའི་བུ་ཞིག་ལུས་ཀྱི་ཕྱེད་ཙམ་ཐོན་ནས། མར་འགྲོ་དུས་སྐྱིལ་ཀྲུང་བཤིག་རླུང་བཏང་རྐང་ལག་བརྐྱངས་ཏེ་

p. 95

བྱ་ལྟར་འཕུར་དགོས་ཟེར་བ་ལྟར་བྱས་འཕུར་ནས་ཡོང་བས་བདེ་བར་རྒྱབ་རིའི་རྩེར་བབས་པའི་སྣང་བ་བྱུང་། །དེ་བཞིན་དུ་རྨི་ལམ་ཡག་པོ་རྐྱང་པ་བྱུང་། དེ་རྣམས་ཚེ་འདིར་ལམ་སྣ་ཟིན་པའི་སྔ་ལྟས་ཡིན་ནམ་སྙམ་པ་བྱུང་། ཡང་ཡོན་བདག་ཅིག་འོངས་ནས། །མོ་རྩིས་ཅི་བྱས་ཀྱང་ངེད་ཚང་ལ་གདོན་རྫས་ཤིག་འདུག་ཟེར་བ་ངོས་མི་ཟིན་པར་འདུག་པས། ཁྱེད་ཀྱིས་ཐུགས་བརྟགས་ཤིག་གནང་དགོས་ལགས་ཟེར། དེར་ངས་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་སྟེ། མཉམ་བཞག་ནམ་མཁའ་ལྟ་བུའི་ངང་ནས་གདོན་རྫས་གང་ཡིན་བལྟས་ཚེ། ཁོང་ཚང་གི་མར་སྒམ་གྱི་འོག་ན། མཆོད་ཀོང་ཁ་ཆག་པ། ཡུ་བ་ཐུང་བ་རྙིང་པ་ཞིག་འདུག་པས། དེ་གང་ནས་འོངས་བལྟས་པས་ཆུ་འཁྱིལ་ཞིག་གི་ནང་ནས་ཁྱིམ་བདག་མས་རྙེད་ནས་ལོ་ལྔ་སོང་། དེའི་སྟབས་ཀྱིས་བུད་མེད་དེའི་ལག་པ་གཡས་པ་སྐབས་རེར་ན་བ་རེད་སྙམ་པ་ཞིག་ཡིད་ལ་ཝ་ལེར་ཤར་བ་བྱུང་བས། དེ་ཀ་ལྟར་སྨྲས་པས་ཁོ་དད་པ་ལྷག་པར་སྐྱེས་ནས། སྐྱབས་སུ་མཆི། ཁོང་གིས་མ་གསུངས་པ་མ་གཏོགས། མངོན་ཤེས་ལ་ཐོགས་པ་མི་འདུག་ཟེར་དགའ་བཞིན་དུ་སོང་ངོ་། །དེ་ནས་བཟུང་སྟེ་གཞན་གྱིས་ཐུགས་བརྟགས་ཤིག་གནང་དགོས་ཟེར་དུས། མཉམ་པར་བཞག་ནས་བརྟགས་ན་ལེགས་ཉེས་ཐམས་ཅད་ཤེས་ཚོད་ན་འདུག་སྟེ། ཕོ་ཚོད་མངོན་ཤེས་དེས་ཕུགས་མི་ཐུབ་ཅིང་། བར་སྐབས་སུ་འདུ་འཛིས་གཡེང་ནས་སྒོམ་གྱི་བར་ཆད་དུ་འགྲོ་བར་འདུག་སྙམ། །ངས་མི་ཤེས་ཞེས་དེ་ནས་བཟུང་གཏན་ནས་མ་བཤད་པར་ཁ་རོག་ཏུ་བསྡད་པ་ལགས།

p. 96

ཡང་ནོར་ནད་ཡོང་ནས་སྒོ་ཕྱུགས་མང་པོ་ཤི་བས། རང་གི་ཐག་ཉེ་ན་ཡོད་པའི་ཡོན་བདག་གཉིས་ཀྱིས་སྐྱབས་འཇུག་ཞུས་པར། །ངས་ནངས་ནུབ་ཡི་དམ་ལྷའི་སྲུང་འཁོར་བསྒོམས། ཉིན་པར་ཁྲེགས་ཆོད་ཐོད་རྒལ་གྱི་འོད་གསལ་སྒོམ་དུས། དེ་ཕྱོགས་སུ་ཁ་བལྟས་ནས་བསྒོམས་པས་ནོར་ནད་མ་བྱུང་བས་ཡོན་བདག་གཉིས་དགའ་ནས་ཞབས་ཏོག་ཡག་པོ་བྱས་བྱུང་། ཡང་གནས་དེར་སྡོད་དུས་ཉིན་གཅིག་སོག་སྤྲང་ཉམ་ཐག་ཅིག་འོངས་ངའི་བྲོ་ཁ་རྣམས་ལ་ལག་པས་རེག་ནས་གཅིག་བརྐུ་བར་རྩོམ་པའི་ཚེ། ངས་འདི་སྐད་སྨྲས། །ཁྱོད་རྐུན་མ་འོངས་པ་ངོ་མཚར་ཆེ། །མིང་བྱ་བཏང་ཟེར་བའི་རི་བ་ངས། །ད་དོན་མཐུན་མཛད་དམ་ད་རེས་བལྟ། །ཆོས་གནད་དུ་ཨེ་སོང་ད་ལྟ་བལྟ། །མི་ཁྱོད་ཀྱིས་ཇ་སྐོལ་ངེད་གཉིས་འཐུང་། །ཡུལ་ཐག་རིང་ཡིན་ན་དོ་ནུབ་སྡོད། །ཆོས་འཇིག་རྟེན་གཉིས་ཀྱི་གླེང་མོ་བྱེད། །དེའི་འཕྲོ་ལ་གང་ཡོད་ཁྱོད་ལ་སྟེར། །ཞེས་རྐུན་མ་དང་ངེད་གཉིས་ཀྱིས་ཇ་བསྐོལ་ནས་འཐུང་བའི་ཚེ། རྐུན་མས་ཁྱེད་ཀྱི་ཕ་ཡུལ་གང་ཡིན། དགོན་པ་གང་ནས་བསྡད། ཡུལ་ན་ཉེ་འབྲེལ་ཨེ་ཡོད། ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པའི་ལན་དུ་བདག་གིས་འདི་སྐད་སྨྲས། ངའི་ཕ་ཡུལ་རྒྱལ་ཁམས་ཕྱོགས་མེད་ཡིན། དགོན་ངེས་མེད་དབེན་གནས་རི་ཁྲོད་ཡིན། །གཉེན་ཉེ་འབྲེལ་རིགས་དྲུག་སེམས་ཅན་ཡིན། །ངའི་མིང་ལ་བྱ་བཏང་དཀོན་མཆོག་སྐྱབས། །ཞེས་རྩེད་མོའི་ཚུལ་དུ་སྨྲས་ཚེ་རྐུན་མ་དེ་ཅིག་རྒོད་ཅིང་། བླ་མ་ཁྱོད་ཁ་རྒོད་ཅིག་ཡིན་པར་འདུག་ཟེར། དེ་ནས་ཡོད་བྱད་ཅུང་ཟད་ཡོད་པ་རྣམས་བྱིན་ནས་གླུ་འདི་བླངས་

p. 97

སོ། །ཕ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །སེམས་ཞེན་ཆགས་མེད་པར་བྱིན་གྱིས་རློབས། །སྙན་ལྷན་ནེ་མི་ཁྱོད་བདག་ལ་ཉོན། །ངས་ཐམས་ཅད་མི་བདེན་སྒྱུ་མར་མཐོང་། །ནོར་གསོག་འཇོག་ཞེན་པ་མ་བྱས་པས། །ང་སྒྱུ་མའི་ནོར་རྫས་ཡོད་མ་མྱོང་། །འདི་མ་གཏོགས་ཟས་ནོར་གང་ཡང་མེད། །ད་ཡོད་མེད་ཁྱོད་ཀྱིས་ལྟོས་དང་ཤེས། །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ད་ཁྱོད་ལ་ཡིན་ཚུལ་དྲང་བོར་སྨྲ། །ངའི་ཕ་ཡུལ་རེབ་གོང་ཞོ་འོང་ཡིན། །ཕ་ཆོས་རྒྱལ་ཝང་གི་སློབ་མ་ཡིན། །ཆོས་རྫོགས་ཆེན་ཉམས་སུ་ལེན་མཁན་ཡིན། །ངའི་མིང་ལ་ཚོགས་དྲུག་རང་གྲོལ་ཟེར། །མ་འགྲོ་ཀུན་ཕ་མར་བསྒོམས་བསྒོམས་ནས། །དགྲ་གཉེན་གྱི་གཉིས་འཛིན་བདག་ལ་མེད། །ནང་འཕགས་པའི་ནོར་ལ་མངའ་བརྙེས་པས། །ཕྱིའི་ཟས་ནོར་ལོངས་སྤྱོད་ཅི་ཡོད་ཀུན། །རང་གང་འདོད་རྣམས་ལ་སྟེར་སྙིང་འདོད། །ད་མི་ཁྱོད་འཚམས་པོར་བདེ་མོར་ལགས། །དགེ་འདིས་མཚོན་དུས་གསུམ་བསགས་པ་ཀུན། །མི་ཁྱོད་ཀྱིས་གཙོ་བྱས་འགྲོ་ཀུན་གྱིས། །མཆོག་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །འདི་རྒྱལ་སྲས་གོང་མའི་ལག་ལེན་ཡིན། །ཞེས་བླངས་པས་ཁོ་དགའ་ཞིང་སྤྲོ་བཞིན་ཕྱག་གསུམ་བཙལ་ནས། ད་ཁོང་སྐུ་བདེ་མོར་བཞུགས་ཟེར་རང་གནས་སུ་སོང་ངོ་། །ཡང་ཉིན་གཅིག་ཨུ་རྒེ་སྟེང་དུ་སོང་བའི་ཚེ་གྲོགས་མཆེད་ཅིག་གིས། ཁྱེད་བྲག་ཁུང་ནང་ན་མཚམས་ལ་བསྡད་ཡོད་པ་ད་གྲོལ་བ་ཨེ་ཡིན་ཟེར་བའི་ལན་དུ། ང་ཡི་མཚམས་ཀྱི་ལུགས་ནི་འདི་ལྟ་བུ་ཞིག་ཡིན་ཞེས་རྩེ་མཚར་ལྟ་བུར་འདི་སྐད་ཅེས་སྨྲས་སོ། །

p. 98

ཀུན་ཏུ་བཟང་དང་ཐུགས་དགོངས་དབྱེར་མེད་པའི། །མཚུངས་མེད་འགྲོ་མགོན་བླ་མའི་ཞབས་ལ་འདུད། །མ་ཡེངས་ཉོན་ཅིག་སྐལ་ལྡན་གྲོགས་པོ་ཁྱོད། །ཡང་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་པའི། །མཚམས་ལ་གྲོལ་མེད་གྲོལ་ན་སྡོམ་རྒྱུ་མེད། །སྤྲོས་མེད་སྤྲོས་བྲལ་མཚམས་ལས་འདའ་བ་མེད། །གྲོལ་རྒྱུ་སྡོམ་རྒྱུ་མང་དུས་མཚམས་པ་མིན། །ང་ཡི་མཚམས་ཀྱི་ལུགས་ནི་འདི་ལྟར་ཡིན། །མཚན་ཉིད་དྲུག་ལྡན་རང་ལུས་མཚམས་ཁང་གི་།སྒོ་གསུམ་མི་དགེའི་མི་གཙང་ཉལ་ཉིལ་རྣམས། །སྡོམ་གསུམ་རྣམ་པར་དག་པས་ཕྱག་དར་བྱས། །དབང་བཞིའི་ཆུ་བོས་མ་དག་དྲི་མ་སྦྱངས། །ཕྲ་རགས་རྣམ་རྟོག་ཀུན་གཞིའི་འབོལ་གདན་བཏིངས། །རང་རིག་རང་གསལ་རིག་པའི་རྣལ་ས་ལ་འབྱོར་ང་། །མ་བཅོས་རང་བབ་ངང་དུ་མཚམས་ལ་བསྡདི། །རྟོག་མེད་རང་གནས་བསམ་གཏན་མཚམས་ནང་དུ། །བྱིང་རྒོད་སྐྱེ་བོ་ཕོ་མོ་བྱུང་གིས་དོགས། །ཡེངས་པ་མེད་པའི་དྲན་པའི་མཚམས་ཐོ་བཞག །ཤར་གྲོལ་དུས་མཉམ་སྟོང་པས་མཚམས་གཡོག་བྱས། །ང་ཡི་བསྐྱེད་རིམ་ལུགས་ནི་འདི་ལྟར་ཡིན། །རང་བྱུང་ཀ་དག་གཞལ་ཡས་ཆེན་པོ་ན། །སྣོད་བཅུད་སྣང་སྟོང་ལྷ་ཡི་རོལ་པར་ཤར། །སྒྲ་རྣམས་གྲག་སྟོང་བཟླས་བརྗོད་རྒྱུན་འཆད་མེད། །དྲན་རྟོག་རང་གྲོལ་ཟང་ཐལ་ཆོས་སྐུའི་ངང་། །བཟའ་བཏུང་སྐྱེ་མེད་ཆོས་སྐུའི་ཞལ་དུ་བསྟབས། །ཟོས་ཚད་ལྷ་ཡི་ཚོགས་འཁོར་ཚོགས་བསགས་ཡིན། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་ལ་སོགས་པ། །བསམ་གཏན་བསྲེ་བ་སྔགས་ཀྱི་ཕྱག་རྒྱའོ། །རྟ་བདུན་བདག་པོའི་དཀྱིལ་ན་མུན་མེད་བཞིན། །སྣོད་

p. 99

བཅུད་ལྷ་སྐུར་ཤར་བའི་རྣལ་འབྱོར་བདེ། །རིན་ཆེན་གསེར་གྱི་གླིང་ན་རྡོ་མེད་བཞིན། །སྒྲ་རྣམས་སྔགས་སུ་ཤར་བའི་རྣལ་འབྱོར་བདེ། །སྟོང་གསལ་མཁའ་ལ་བྱ་འཕུར་རྗེས་མེད་བཞིན། །དྲན་རྟོག་ཆོས་སྐུར་ཤར་བའི་རྣལ་འབྱོར་བདེ། །ཐུན་མཚམས་བྱར་མེད་རྒྱ་ཡན་རིག་པའི་ངང་། །གུ་ཡངས་སོས་དལ་སྒྲུབ་པའི་རྣལ་འབྱོར་བདེ། །ཡེ་ནས་བསྐྱེད་རྫོགས་དབྱེར་མེད་ཟུང་འཇུག་ངང་། །བསྒྲུབ་ཀྱང་ཆོག་ལ་རང་བཞིན་བཞག་ཀྱང་ཆོག །ནན་ཏན་བྱས་ན་བྱ་རྒྱུ་མེད་པ་ལགས། །ང་ཡིས་ཆོས་རྣམས་བསམ་འདས་ཆོས་སྐུར་རྟོགས། །གྲོགས་མཆེད་ཁྱེད་ཀྱང་དེ་བཞིན་རྟོགས་པར་མཛོད། །བློས་བཏགས་ཆོས་ལ་བདེན་པར་མ་འཛིན་པར། །གཞི་བྲལ་མཉམ་པ་ཆེན་པོའི་དོན་ལ་སྦྱོངས། །དེ་ལྟར་བསྒྲུབ་པའི་མཚམས་ལས་གྲོལ་བའི་ཚད། །མཐར་ཐུག་ལུས་རྒྱའི་འཆིང་བ་ཞིག་པ་དང་། །འཆི་བ་འོད་གསལ་ཆོས་སྐུར་གྲོལ་བའི་ཚེ། །མཚམས་ལས་གྲོལ་ཞེས་ཐ་སྙད་བཏགས་པ་ཡིན། །ཚེ་མཚམས་ཐུན་མཚམས་མེད་པའི་དགེ་སྦྱོར་འདི། །སྔགས་འཆང་གོང་མའི་མཚམས་ཀྱི་ཁྱད་ཆོས་ཡིན། །ཧ་ཧ་རང་ལ་མེད་ཀྱང་ཀུ་རེ་རྩེ། །ཞེས་སྨྲས་པས། གྲོགས་མཆེད་ན་རེ། ཁྱེད་ཀྱི་མཚམས་ཀྱི་ལུགས་དེ་ཤིན་ཏུ་ལེགས། དེ་ལྟར་ལུས་ཀྱི་མཚམས་ཁང་དུ་སེམས་ཀྱི་སྒྲུབ་པ་པོ་དབེན་པར་གནས་པའི་སྨོན་ལམ་ཐོབས་ཟེར། ཡང་མི་ཞིག་གིས་ཁྱེད་དང་པོ་སྔགས་པ་ཡིན་དུས་ཕ་ཡུལ་ནས་སོ་ནམ་ལོག་རྒྱག་པ་ས་བོན་འདེབས་པ་སོགས་ཨེ་བྱས་ཟེར་བའི་ལན་དུ། ཚིག་ལྷུག་པར་ངག་དྲང་པོའི་

p. 100

སྒོ་ནས་བཤད་པའི་མཐར་གླུ་འདི་ཡིད་ལ་ཤར་བ་ལྟར་རྩེད་མོའི་ཚུལ་དུ་ཚིགས་སུ་བཅད་ནས་སྨྲས་པ། ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །མི་ཁྱོད་རྣལ་འབྱོར་ངག་ལ་ཉོན། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །གཏན་གྱི་སོ་ནམ་བྱས་བྱས་ནས། །ཚེ་འདིའི་སོ་ནམ་ངས་མ་བྱས། །ཐར་པའི་ས་བོན་བཏབ་བཏབ་ནས། །འཁོར་བའི་ས་བོན་ངས་མ་བཏབ། །འཁོར་བར་ཞེན་པ་ལོག་ལོག་ནས། །སྲ་ལོག་ཉིས་ལོག་ངས་མ་བརྒྱབ། །སེམས་ཉིད་གཙང་མའི་ཞིང་ས་རུ། །ཉོན་མོངས་འཇག་སྐུ་འཕྱུར་བ་ལ། །ཀ་དག་ཆོས་སྐུའི་མཁའ་དབྱིངས་སུ། །བརྒྱུད་པའི་བླ་མའི་ལྷོ་སྤྲིན་འདུས། །གསོལ་འདེབས་དྲག་པོའི་གཡུ་འབྲུག་ལྡིར། །ཐུགས་རྗེ་ལྕགས་ཀྱུའི་གློག་དམར་འཁྱུག །བྱིན་རླབས་བདུད་རྩིའི་སྦྲང་ཆར་ཕབ། །དག་སྣང་མོས་གུས་དོར་བསྡེབས་ནས། །བླ་མའི་གདམས་ངག་ཐོང་གཤོལ་བཙུགས། །བརྩོན་འགྲུས་དྲག་པོའི་གཡོག་པོ་བ ཡིས། །ཐོས་བསམ་སྲ་ལོག་ཉིས་ལོག་བརྒྱབ། །དཀར་པོ་དགེ་བཅུའི་སོ་ནམ་བྱས། །ལོག་རྟོག་རྡོ་དང་ཉལ་ཉིལ་བསལ། །རྫོགས་པ་ཆེན་པོའི་ས་བོན་བཏབ། །སླར་ཡང་སྙིང་རུས་སྡུག་བསྲན་གྱི། །དོར་བསྡེབས་བསྒོམ་པའི་ཐོང་གཤོལ་བཙུགས། །ཡེངས་པ་མེད་པར་ཞིབ་ཏུ་རྨོས། །མན་ངག་གནད་ཀྱི་བོ་བརྡུང་གིས། །གེགས་དང་གོལ་སའི་བོ་ཏི་བརྡུངས། །ཉམས་རྟོགས་མྱུ་གུ་འཁྲུངས་པའི་ཚེ། །ཡེངས་མེད་དྲན་ཤེས་གཡོག་མོ་ཡིས། །བྱིང་རྒོད་ཕྲ་རགས་ལྡུམ་བུ་བསལ། །བཅོས་མིན་སྙིང་རྗེའི་ལྗང་བུ་དང་། །གཡོ་མེད་ཏིང་འཛིན་མྱུ་གུ་རྒྱས། །དོན་གཉིས་ལྷུན་གྲུབ་འབྲས་བུ་སྨིན། །ས་ཞིང་རྨོ་ན་འདི་ལྟར་

p. 101

རྨོས། །སོ་ནམ་བྱེད་ན་འདི་ལྟར་གྱིས། །ས་བོན་འདེབས་ན་འདི་ལྟར་ཐོབས། །འདི་ནི་བྱ་བཏང་རྣལ་འབྱོར་ངས། །ཐར་པའི་སོ་ནམ་བྱས་ཚུལ་ཡིན། །ཞེས་སྨྲས་སོ། །ཡང་མི་སྐྱ་ཞིག་གིས་རེབ་གོང་གི་མི་རྣམས་གདུག་རྩུབ་ཆེ་རབ་ཡོད། ཁྱེད་ཕ་ཡུལ་ན་ཡོད་དུས་དགྲ་ལ་འཐབ་ཡ་བྱས་པ་ཨེ་ཡོད་ཟེར་བའི་ལན་དུ་གཏམ་དྲང་པོར་བཤད་ནས། གླུ་འདི་དེ་དུས་ཡིད་ལ་ཤར་བ་ལྟར་རྩེ་མཚར་དུ་བླངས། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །མི་ཁྱོད་རྣལ་འབྱོར་ངག་ལ་ཉོན། །འཁོར་བའི་རེབ་གོང་ས་འཕྲང་དོག །ཉོན་མོངས་མི་རྣམས་གདུང་རྩུབ་ཆེ། །བྱ་བཏང་བྱམས་པ་ཆོས་དར་ངས། །ཐར་པའི་གྲོང་ཁྱེར་སྙེག་སྙམ་ནས། །དམ་ཆོས་ལམ་ལ་ཞུགས་པའི་ཚེ། །བདག་འཛིན་ཟེར་བའི་ཕུང་རྒན་གྱིས། །ཉོན་མོངས་བརྒྱད་ཁྲིའི་དམག་དཔུང་བསྡུས། །ཆོས་བརྒྱད་དཀར་ནག་རུ་མཚོན་འཕྱར། །ལམ་ལ་བར་ཆད་རྩོམ་པའི་ཚེ། །ང་ཡང་ངེས་འབྱུང་རྟ་ལ་ཞོན། །བྱང་ཆུབ་སེམས་ཀྱི་གོ་ཁྲབ་གྱོན། །ཡང་དག་ལྟ་བའི་མདུང་རིང་ཐོགས། །རྒྱབ་རྟེན་དཀོན་མཆོག་གསུམ་ལ་བཅོལ། །ཚེ་འདིར་ཕྱི་མིག་མ་བལྟས་པར། །རི་ཁྲོད་དབེན་པའི་ཐང་ཐོག་ནས། །ཉོན་མོངས་དམག་གི་ནང་དུ་བརྒྱུགས། །དྲན་ཤེས་ལག་པར་མཆིལ་མ་བཏབ། །བྱིང་རྒོད་མེད་པའི་མདུང་རྣོན་དེ། །བདག་འཛིན་དམག་དཔོན་སྙིང་ལ་བཏབ། །ཐམས་ཅད་ཆོས་ཉིད་ངང་དུ་བསྒྲལ། །སྣང་སྟོང་སྒྱུ་མའི་ལྟད་མོ་བྱུང་། །བསླུ་མེད་རྟེན་འབྲེལ་དཔའ་གདེང་རྙེད། །རྒྱབ་རྟེན་བསླུ་མེད་མཆོག་གསུམ་གྱིས། །འདི་ཕྱིའི་བདེ་སྐྱིད་དཔའ་དར་དང་། །དཔའ་བོ་ཁྲོམ་གཤོག་ཆོ་ལོ་གནང་། །དེ་དུས་འཁྲུག་ལས་རྣལ་འབྱོར་རྒྱལ། །ཞེས་

p. 102

བླངས་པས། མི་སྐྱ་དེས་དོན་མ་གོ་ཡང་འཕྲལ་དུ་ཉམས་དགའ་བར་གྱུར་ཏོ། །སྨྲས་པ། སྐུ་ལ་མཚན་དང་དཔེ་བྱད་རྒྱན་གྱིས་སྤྲས། །སྐུ་མདོག་གསེར་ལྟར་མཛེས་པའི་སངས་རྒྱས་ཀྱི། །སྐུ་མཆོག་འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས། །སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས། །བླ་མའི་རྣམ་ཐར་བཞིན་དུ་ཆོས་བསྒྲུབ་པའི། །སྐལ་བཟང་གདུལ་བྱ་ཡོངས་ལ་ཕན་པའི་ཕྱིར། །རྩེ་གཞུང་དབེན་པར་སྒྲུབ་པ་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །བཀའ་དྲིན་མཚུངས་མེད་ཆོས་རྒྱལ་རིན་པོ་ཆེས། །ཉིན་ཅིག་ཁྱོད་ཀྱིས་སྒྲུབ་པ་བྱེད་པ་ལ། །གྲུབ་ཐོབ་ཀརྨ་ཚེ་དབང་རིག་འཛིན་གྱི། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། །རྩེ་གཞུང་རི་ཁྲོད་དབེན་པའི་དགའ་ཚལ་དུ། །སོང་ན་བཟང་ཞེས་ལུང་བསྟན་གནང་བ་། བཞིན། །དེར་སོང་གཅིག་པུར་དྲང་སྲོང་སྤྱོད་ཚུལ་གྱིས། །བདེ་བའི་སྟན་ལ་རྣམ་སྣང་ཆོས་བདུན་བྱས། །སྒྲུབ་པའི་དམ་བཅའ་སྨོན་ལམ་མགུར་དབྱངས་བླངས། །སྔོན་འགྲོ་ཚད་ལྡན་ཉམས་སུ་བླངས་པའི་ཚེ། །ཚོགས་རྫོགས་སྒྲིབ་པ་དག་པའི་རྨི་ལམ་བྱུང་། །དངོས་གཞི་བྱང་ཆུབ་ལམ་གྱི་རིམ་པར་སྦྱངས། །ངེས་འབྱུང་བྱང་སེམས་ལྟ་བའི་གཞི་མ་ཚུགས། །གསང་སྔགས་བསྐྱེད་རིམ་བསྒོམ་ཚེ་ཐ་མལ་གྱི། །སྣང་ཞེན་དག་ནས་གང་སྣང་ལྷ་སྐུར་ཤར། །རྫོགས་རིམ་བསྒོམ་ཚེ་གཏུམ་མོའི་བདེ་དྲོད་འབར། །བདེ་སྟོང་ཉམས་ལ་རྒྱུན་འཆད་མེད་པ་བྱུང་། །རྫོགས་ཆེན་ཁྲེགས་ཆོད་བསྒོམས་པས་ཉོན་མོངས་སངས། །ཐོད་རྒོལ་བསྒོམས་པས་ཉམས་སྣང་འཕེལ་ཞིང་རྒྱས། །དེ་ལྟར་ཉམས་སུ་བླངས་པས་ལོ་འགའ་སོང་། །

p. 103

ཉིན་ཅིག་ཆོས་རྒྱལ་ངག་གི་དབང་པོ་ཡི། །དྲུང་དུ་སོང་ནས་ཉམས་ལེན་བྱས་ཚུལ་དང་། །ཉམས་རྟོགས་སྐྱེས་ཚུལ་རིམ་གྱིས་ཞུས་པའི་ཚེ། །ཁོང་གི་ཐུགས་དགྱེས་ཞལ་རས་འཛུམ་བཞིན་དུ། །བུ་ཁྱོད་སྙིང་རུས་གཞན་ལས་ཆེ་བ་བྱུང་། །སྤྱིར་ནི་ཉམས་རྟོགས་བཟང་པོ་སྐྱེས་པར་གདའ། །ཁྱད་པར་རྫོགས་ཆེན་ཁྲེགས་ཆོད་ལྟ་བ་རྟོགས། །ཐོད་རྒལ་བསྒོམས་པས་ཉམས་སྣང་གོང་དུ་འཕེལ། །བར་དོ་ཚེ་འདིར་ཆོད་པའི་རྟེན་འབྲེལ་གྱིས། །ཕྱི་མར་བར་དོ་ལོངས་སྐུར་གྲོལ་བར་འགྱུར། །ད་ནི་ཚེ་དང་སྒྲུབ་པ་སྙོམས་ནུས་ན། །ཚེ་འདིར་འཇའ་ལུས་འོད་སྐུར་གྲོལ་བ་འམ། །ཡང་ན་འཆི་བ་འོད་གསལ་ཆོས་ཀྱི་སྐུར། །གྲོལ་བར་འགྱུར་ཞེས་ལུང་བསྟན་དབུགས་དབྱུང་མཛད། །དེ་ནས་ནུབ་གཅིག་བདག་གི་རྨི་ལམ་དུ། །ཤེལ་གྱི་རི་ལ་བེ་ཌཱུརྱ་ཡི་སྐུས། །བཙུགས་པ་ཞིག་གི་སྟེང་དུ་ཕྱིན་པ་རྨིས། །ཁོང་ལ་ཞུས་པས་མ་འོངས་ལུང་བསྟན་གནང་། །རྗེས་སུ་ཁོང་གི་ལུང་བསྟན་ནང་བཞིན་དུ། །བྱང་ཕྱོགས་གདུལ་བྱ་རྣམས་ལ་ཕན་ཐོགས་བྱུང་། །སྒྲ་མི་སྙན་གྱི་ཚེ་སྒྲུབ་ཞལ་ཤེས་དང་། །བཅས་པ་གནང་བས་ཟླ་གཅིག་ཚེ་སྒྲུབ་བྱས། །དེ་དུས་ལུགས་གཉིས་གླེང་མོ་བྱས་ཚུལ་རྣམས། །ད་ལྟའི་དུས་འདིར་སྐབས་རེ་དྲན་པ་བྱུང་། །དྲིན་ཅན་རྒྱལ་གྱི་མཁན་ཆེན་གནས་དེར་ཕེབས། །ཉམས་རྟོགས་བསྡུར་པས་ཐུགས་ཡིད་གཅིག་ཏུ་འདྲེས། །ཕན་ཚུན་བདེ་ཞུས་མགུར་དབྱངས་ལེན་བཞིན་ཕེབས། །དེ་དུས་མ་ཡིས་ཤོག་ཅེས་ཡི་གེ་ཞིག །བྱུང་ཡང་རང་གིས་ཉམས་ལེན་བཟང་བའི་འཕྲོ། །གཅོད་པར་མ་ཕོད་ཡུལ་ལ་འགྲོ་བ་བཤོལ། །འཚམས་རྟགས་ཡིག་ལན་ཕུལ་བས་མ་

p. 104

སྲིང་དགྱེས། །གཏེར་སྟོན་བསོད་ནམས་སྙན་གྲགས་རིན་པོ་ཆེ། །གནས་དེར་ཕེབས་དུས་རྫོགས་ཆེན་དཀའ་གནད་རྣམས། །འདི་འདྲ་ཡིན་ནམ་མ་ཡིན་དྲིས་པའི་ཚེ། །ཐུགས་དགྱེས་ལན་དུ་ཞལ་གསུང་མང་པོ་བྱོན། །སྙིགས་མའི་དུས་འདིར་རྫོགས་ཆེན་རྣལ་འབྱོར་པ། །ཁྱོད་འདྲ་ཡོད་པ་ཤིན་ཏུ་ངོ་མཚར་གསུངས། །ཕེབས་ཁར་ཀུན་ལ་ཐུན་མོང་བཀའ་ཆོས་གནང་། །དད་རྟེན་ཞུས་པས་རྡོ་ལ་ཕྱག་རྗེས་བཞག །རྗེས་སུ་མི་སྣང་ཞིག་གིས་ཁྱེར་ནས་གདའ། །དྲིན་ཅན་བླ་མ་དྲན་པའི་གདུང་དབྱངས་བླངས། །ཉམས་ལ་མཇལ་བའི་སྣང་བ་ཤར་ནས་དགའ། །སྤང་གཤོངས་ཤིག་ཏུ་སོང་དུས་མེ་ཏོག་གིས། །མི་རྟག་ཆོས་བཤད་བྱས་ཚུལ་མགུར་དབྱངས་བླངས། །རྨི་ལམ་ཉམས་ལ་ལྷ་ཡིས་དབང་བསྐུར་བྱས། །རླུང་བཟུང་མཁའ་ལ་འཕུར་བའི་སྣང་བ་བྱུང་། །རིག་པ་དྭངས་པས་མངོན་ཤེས་ཕྲ་མོ་ཤར། །ཡོན་བདག་འགའ་རེར་བཤད་པ་ཐོག་ཏུ་སོང་། །སོག་སྤྲང་ཞིག་འོངས་རྐུ་ཞིག་བྱེད་པ་མཐོང་། །སྙིང་རྗེ་མགུར་བླངས་གང་ཡོད་བྱིན་ནས་བཏང་། །གཞན་ཡང་རྫོགས་ཆེན་མཚམས་ལ་བསྡད་ཚུལ་དང་། །དམ་པའི་ཆོས་ཀྱི་སོ་ནམ་བྱས་ཚུལ་དང་། །ཉོན་མོངས་དགྲ་རྣམས་བཏུལ་ཚུལ་མགུར་དབྱངས་བླངས། །དེ་དུས་ན་ཚོད་གཞོན་ཞིང་མཐུན་རྐྱེན་འཛོམས། །བླ་མའི་ཐུགས་རྗེས་ཉམས་རྟོགས་རྒྱས་པའི་མོད། །སྐྱིད་པའི་རྒྱངས་གླུ་མང་པོ་ལེན་རྒྱུ་བྱུང་། །མདོར་ན་རྩེ་གཞུང་དབེན་པར་སྒྲུབ་པ་བྱས། །མདོ་སྔགས་གཞུང་དང་མཐུན་པའི་ཉམས་རྟོགས་ཤར། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་
རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་བའི་མཐུས། །ཉམས་རྟོགས་འཁྲུངས་ནས་ཚེ་གཅིག་སངས་རྒྱས་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ལྔ་པ་གནས་དེ་དང་ཐག་ཉེའི་དབེན་གནས་སྟག་མོ་རྫོང་དང་། རྒོད་པོ་རྫོང་། གེ་ཐོ་རུ་སོང་ནས་སྒྲུབ་པ་བྱས་ཚུལ།

p. 105

དབེན་གནས་སྟག་མོ་རྫོང་དང་། རྒོད་པོ་རྫོང་། གེ་ཐོ་རྣམས་སུ་སོང་ནས་སྒྲུབ་པ་བྱས་ཚུལ། ལྔ་བ་གནས་དེ་དང་ཐག་ཉེ་བའི་དབེན་གནས་སྟག་མོ་རྫོང་དང་། རྒོད་པོ་རྫོང་། གེ་ཐོ་རྣམས་སུ་སོང་ནས་སྒྲུབ་པ་བྱས་ཚུལ་ནི། སྔར་སྒྲུབ་པའི་རྐང་ཚུགས་པའི་དབེན་གནས་ཁྱད་པར་ཅན་དེར་མཚམས་སྒྲུབ་བྱེད་མི་མང་བའི་སྟབས་ཀྱིས། མི་མང་པོ་འདུས་ནས་འདུ་འཛི་ཆེར་སོང་ཉམས་ལེན་མ་འཕེལ་ཚེ། །གནས་འགོལ་པོ་ཞིག་ཏུ་གཅིག་པུར་བསྒོམ་ན་སྙམ། ཆོས་རྒྱལ་རིན་པོ་ཆེ་ལ་རྒྱུ་མཚན་ཞུས་པས། འོ་ན་བྲོ་ཁ་ཞིག་ཁྱེར་ལ་དབེན་གནས་སྟག་མོ་རྫོང་དུ་སོང་གསུངས་པས། དེའི་སྐབས་སུ་ཁོང་གི་སྐུ་དྲིན་བསབ་ཕྱིར་གསུང་ལས་ནམ་ཡང་མི་འདའ་བའི་དམ་བཅའ་འདི་ལྟར་ཕུལ་ལོ། །མཁྱེན་པས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །བརྩེ་བས་ལེགས་བཤད་དགའ་སྟོན་འགྲོ་ལ་སྩོལ། །མཛད་པས་རྒྱལ་བ་མཉེས་པ་འབའ་ཞིག་བསྒྲུབས། །རྒྱལ་སྲས་དམ་པ་ཡུད་ཙམ་བདག་ལ་དགོངས། །ཕ་ཡུལ་རྒྱབ་ཏུ་བཞག་ནས་ཕ་ཁྱེད་དྲུང་། །སྙེག་དུས་ཐུགས་ཀྱི་བརྩེ་བས་རྗེས་བཟུང་ནས། །ཐུན་མོང་ལམ་གྱིས་བདག་རྒྱུད་ལེགས་པར་སྦྱངས། །བློ་ཁ་ཆོས་ལ་ཕྱོགས་པ་ཕ་ཡི་དྲིན། །སྨིན་བྱེད་དབང་བསྐུར་གྲོལ་བྱེད་ཁྲིད་བཏབ་ནས། །རང་གི་སེམས་ཉིད་སྐྱེ་བ་མེད་པའི་དོན། །གནས་ལུགས་མངོན་སུམ་བསྟན་ནས་ངོ་སྤྲོད་བྱས། །སངས་རྒྱས་གཞན་ནས་མི་འཚོལ་ཕ་ཡི་དྲིན། །མདོར་ན་དབང་

p. 106

ཁྲིད་མན་ངག་གནང་བ་དང་། །འཚོ་བའི་ཡོ་བྱད་ལྟོ་རྒྱབ་གཉིས་ལ་སོགས། །ལུགས་གཉིས་ཀྱིས་བསྐྱངས་བཀའ་དྲིན་ཐུགས་རྗེ་ནི། །སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་བར་དཀའ། །ད་ནི་དྲིན་ལན་སྒྲུབ་པས་འཇལ་བའི་ཕྱིར། །ཕྱོགས་མེད་རི་ཁྲོད་འགྲིམས་ཤིང་ཚེ་མཇུག་འདིར། །ཚེ་དང་སྒྲུབ་པ་སྙོམས་པའི་མཆོད་པ་འདི། །ཕ་ཁྱེད་ཐུགས་མཉེས་ཕྱིར་དུ་འབུལ་བར་ཞུ། །སེམས་ལ་གཡོ་མེད་བརྟན་པ་མ་ཐོབ་བར། །འཇིག་རྟེན་འདུ་འཛིའི་གནས་སུ་མི་འདུག་པར། །དབེན་པར་གཅིག་པུར་འདུག་པའི་མཆོད་པ་འདི། །ཕ་ཁྱེད་ཐུགས་མཉེས་ཕྱིར་དུ་འབུལ་བར་ཞུ། །འཚོ་བའི་ཡོ་བྱད་ལྟོ་རྒྱབ་གཉིས་ལས་ཀྱང་། །ལྷག་པའི་ཡོ་བྱད་མི་འཛིན་མིང་དོན་གཉིས། །མཐུན་པའི་བྱ་བཏང་བྱེད་པའི་མཆོད་པ་འདི། །ཕ་ཁྱེད་ཐུགས་མཉེས་ཕྱིར་དུ་འབུལ་བར་ཞུ། །བདག་གིས་སྨོན་པའི་གནས་རྣམས་འདི་བཞིན་དུ། །ངེས་པར་འགྲུབ་པའི་ལེགས་སྨོན་འདེབས་པ་དང་། །ཀ་དག་ཟབ་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས། །ནམ་ཡང་མི་འདོར་བ་ཡི་སྐྱབས་འཇུག་ཞུ། །ཞེས་ཕུལ་བས་ཁོང་གིས་བདག་ལ་ཚེ་བློས་གཏོང་ཚུལ་གྱི་ཞལ་གདམས་འདི་གསུངས་སོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་། །དབྱེར་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །བུ་ཡི་ཚེ་བློས་ཐོངས་པར་བྱིན་གྱིས་རློབས། །ཨེ་མ་གསོན་དང་སྐལ་ལྡན་སྙིང་གི་བུ། །ཕན་པའི་སྙིང་གཏམ་ཕ་ཡི་ཞལ་གདམས་ཤིག །སྙིང་ནས་བཤད་ཀྱིས་བུ་ཡིས་དང་དུ་ལོངས། །སྙིང་གཏམ་ལེགས་པ་སྙིང་གི་དཀྱིལ་དུ་ཆོངས། །ཉོན་མོངས་སྐྱེ་བའི་གཞི་མ་ཕ་ཡུལ་ཡིན། །

p. 107

ཕ་ཡུལ་བདུད་ཀྱི་བཙོན་རར་ཤེས་བཞིན་དུ། །ཕྱོགས་མེད་རི་ཁྲོད་འགྲིམས་ཤིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །འདོད་ཡོན་ལོངས་སྤྱོད་དགྲ་བོའི་དངས་མ་ཡིན། །ཉེ་འབྲེལ་འཁོར་བར་འཆིང་བའི་ཞགས་པ་འདྲ། །གཉེན་གཞི་རྩ་ལག་སྤོངས་ཤིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །འཁོར་དང་གཡོག་ནི་ཆགས་སྡང་གསོག་པའི་རྒྱུ། །རང་ཉིད་གཅིག་པུའི་གཡོ་བསྐོལ་སུས་ཀྱང་ཤེས། །འཁོར་མེད་གཡོག་མེད་མཛོད་ཅིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན། །བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན། །བསྙེན་བཀུར་སྙན་གྲགས་སྤོངས་ཤིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །དད་ཟས་གཤིན་ཟས་དགེ་སྦྱོར་འགྲིབ་པའི་རྐྱེན། །རོ་ཞིམ་ཟས་ཀྱི་སྲེད་པ་རྩད་ནས་ཆོད། །འཚོ་བ་ངན་ངོན་ཙམ་སྟེན་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །ཚེ་འདི་རླུང་ལ་བསྐུར་ནས་སྙིང་ཁམས་དང་། །བློ་སྣ་མི་ལ་མི་འཆོར་རང་ཚུགས་གཉིས། །བྱ་བཏང་བྱེད་ན་དགོས་སོ་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །དབེན་པར་སྡོད་ཚེ་དོན་མེད་རྣམ་གཡེང་རྣམས། །དགེ་བའི་ཆོས་སྤྱོད་གཡེང་བའི་རྒྱུ་ཡིན་པས། །བྱ་རྒྱུ་བྱེད་རྒྱུ་མ་མང་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །བློ་ཕུགས་ཆོས་གཏོད་ཆོས་ཕུགས་སྤྲང་ལ་གཏོད། །སྤྲང་ཕུགས་

p. 108

ལྟོགས་གྲིར་ཤི་ལ་གཏོད་པ་དང་། །ཤི་ཕུགས་བྲག་ལ་གཏོད་ཅིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །འཇིག་རྟེན་མི་ཡི་ཁྱུ་ནས་རོ་ལྟར་བུད། །ཁྱི་གྲལ་སྙོགས་དང་ལྷ་གྲལ་ངང་གིས་འཐོབ། །བུད་སྙེག་ཐོབ་གསུམ་མཛོད་ཅིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །སྒོམ་ཆེན་འཁྱགས་སམ་བཀྲེས་ནས་ཤི་བའི་གཏམ། །སྔོན་ཆད་མ་ཐོས་ཕྱིས་ཀྱང་མི་ཐོས་པས། སྙིང་རུས་སྡུག་བསྲན་མ་ཆུང་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཚོངས། །མདོར་ན་ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །མི་ནོར་ཟས་གསུམ་ཐམས་ཅད་དུག་བཞིན་སྤོངས། །ཀུན་སྤངས་སྤྲང་པོ་མཛོད་ཅིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །བསྡད་ན་འཕོངས་རྗེས་འགྲོ་ན་རྐང་རྗེས་ལས། །མེད་པར་གྱིས་ལ་ལྷམ་ནི་གྱོན་གྱུར་ན། །ལུས་རྒྱུ་མེད་པར་མཛོད་ཅིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །ཚེ་འདིའི་བྱ་བ་བློ་ཡིས་གཏོང་ཚུལ་འདི། །རྒྱ་བོད་མཁས་གྲུབ་དུ་མའི་ཕྱག་སྲོལ་ཡིན། །གོང་མའི་རྣམ་ཐར་ཟུངས་ཤིག་སྙིང་གི་བུ། །ཤ་ཚའི་གཏམ་ཡིན་ཁྱོད་ཀྱིས་སེམས་ལ་ཆོངས། །དགེ་འདིས་ལས་ཅན་གང་ཟག་མང་པོ་ཡིས། །ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་བ་ཡི། །འབྲས་བུ་ཚེ་འདི་ཉིད་ལ་འཐོབ་པར་ཤོག །ཅེས་གསུངས། གཞན་ཡང་ཞལ་གདམས་གང་གནང་རྣམས་མགུར་འབུམ་ན་གསལ་ལོ། །དེ་ནས་དབེན་པར་འགྲོ་ཁར་བདེ་ཞུས་སུ་འདི་ཕུལ། བདེ་སྐྱིད་ཀུན་འབྱུང་གཟིམས་གུར་ན་

p. 109

བཞུགས་པའི། །བདེ་ལེགས་ཀུན་སྩོལ་ཆོས་རྒྱལ་ནི་ཡབ་ཡུམ། །བདེ་བར་བཞུགས་ལ་དད་ལྡན་གྱི་བུ་ང་། །བདེ་གསལ་ཐུགས་ནས་མི་འདོར་བར་ཞུ་ལགས། །བདེ་གཤེགས་ཀུན་འདུས་བླ་མ་ཡི་གསུང་བཞིན། །བདེ་བར་དབེན་གནས་གང་བཟང་ལ་ཆས་འགྲོ། །བདེ་བའི་བློ་གདེང་ཉམས་རྟོགས་ཁོ་སྐྱེས་ཚེ། །བདེ་ཞུས་ཕྱིར་དུ་འོངས་པ་ཡིན་ཞུ་ལགས། །བདེ་མེད་འཁོར་བའི་བྱ་བ་རྣམས་སྤངས་ནས། །བདེ་ཆེན་ཐར་ལམ་སྒྲུབ་མཁན་ནི་ཡོད་ན། །བདེ་བར་ང་ཕྱིར་དབེན་པ་རུ་ཤོག་དང་། །བདེ་སྐྱིད་ཉི་མ་ནང་ནས་རང་འཆར་རོ། །ཞེས་ཕུལ་བས། ཁོང་གིས་བདག་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཛད་ནས་འདི་སྐད་གསུངས། ཞིང་ཕྱོགས་བཅུའི་རྒྱལ་བ་མ་ལུས་ཀུན། །བདག་ཐ་མལ་སྣང་ངོར་བླ་མ་ཡི། །སྐུར་ཤར་ཏེ་ཆོས་ཀྱི་སྨན་མཆོག་གིས། །ཉོན་མོངས་པའི་ནད་ཀུན་སེལ་ལ་འདུད། །ཁྱེད་ཐུགས་རྗེ་ཆེན་པོས་ཉེར་གཟིགས་ཏེ། །སྐལ་ལྡན་གྱི་བུ་སློབ་འདི་ཉིད་ཀྱིས། །གནས་དབེན་པར་སྒྲུབ་པར་འགྲོ་བ་ལ། །ཕྱི་དགྲ་དང་བགེགས་སོགས་མི་འབྱུང་ཞིང་། །ནང་ཉོན་མོངས་ནད་སོགས་མེད་པ་དང་། །ཆོས་ཟབ་མོ་མྱུར་དུ་མཐར་ཕྱིན་ནས། །དུས་རིང་མིན་དགའ་སྤྲོའི་མཇལ་བ་རུ། །བྱིན་རླབས་ཀྱི་མཚན་མ་མངོན་གྱུར་མཛོད། །ཅེས་གསུངས་པའི་མཐར་བདག་གིས་བླ་མ་ཡབ་ཡུམ་ལ་ཕྱག་འཚལ། འགྲོ་ཁར་ཆོས་རྒྱལ་རིན་པོ་ཆེའི་ཞབས་སྤྱི་བོར་བླངས་ནས་མྱུར་དུ་མཇལ་བའི་སྨོན་ལམ་འདི་ལྟར་བཏབ། ཨེ་མ་ཧོ། བྱིན་རླབས་ཀུན་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཀུན་སྟེར་ཡི་དམ་ཞི་ཁྲོའི་ལྷ། །

p. 110

བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོ་མ། །འཕྲིན་ལས་ཀུན་སྒྲུབ་ཆོས་སྐྱོང་ཚོགས་རྣམས་ཀྱིས། །ཕ་ཡི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། །བུ་ཡི་ཉམས་རྟོགས་ཡོན་ཏན་གོང་འཕེལ་ནས། །མྱུར་དུ་དཔོན་སློབ་ལྷན་ཅིག་འཛོམས་ནས་ཀྱང་། །འབྲལ་མེད་རྒྱུན་དུ་གནས་པའི་དགེ་ལེགས་སྩོལ། །ཅེས་ཞུས་པས་ཐུགས་མཉེས་པའི་གསུང་མང་པོ་གནང་བའི་མཐར། ང་དབེན་གནས་ཐཱ་ཡན་ཆིར་སོང་ནས་དེ་ན་བཞུགས་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་སྐུ་གཞོགས་ལ་ཁ་རིན་པོ་ཆེ་དང་། རྟོགས་ལྡན་དཀོན་མཆོག་ཆོས་འཕེལ། བུ་ཆེན་པདྨ་རང་གྲོལ། འཇམ་དཔལ། རབ་རྒྱས། རིགས་ལྡན། དག་གེ། ཆོས་གྲགས་སོགས་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་མཆེད་གྲོགས་རྡོ་རྗེའི་སྤུན་རྣམས་ལ། གེགས་སེལ་བོགས་འདོན་སོགས་བྱས་ནས་འགྲོ་ཁར་དགེ་བའི་གསལ་འདེབས་སུ་ཞལ་གདམས་འདི་ཡང་བྱིན་ནོ། །སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ། །ཀུན་འདུས་ཆོས་རྒྱལ་ངག་གི་དབང་པོ་ལ། །སྒོ་གསུམ་གུས་པས་སྙིང་ནས་གསོལ་བ་འདེབས། །བདག་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྐལ་ལྡན་དམ་ཚིག་ལྡན་པའི་གྲོགས་རྣམས་ལ། །བྱ་བཏང་བདག་གིས་སྙིང་གཏམ་ཚིག་འགའ་བཤད། །དལ་འབྱོར་རྟེན་བཟང་མི་ལུས་ཐོབ་དུས་འདིར། །དོན་ཆེན་བྱང་ཆུབ་སྒྲུབས་ཤིག་མཆེད་གྲོགས་རྣམས། །དོན་མེད་ཚེ་འདིའི་བྱ་བ་བློས་ཐོངས་ལ། །དབེན་གནས་རི་ཁྲོད་འགྲིམས་ཤིག་མཆེད་གྲོགས་རྣམས། །འཆི་བ་གློ་བུར་ནམ་འོང་ཆ་མེད་པས། ཤི་ཡང་འགྱོད་མེད་དགོས་སོ་མཆེད་

p. 111

གྲོགས་རྣམས། །འཆི་ཚེ་ཟས་ནོར་ལོངས་སྤྱོད་ཤུལ་དུ་འཇོག །ནོར་ལ་སེར་སྣ་མ་བྱེད་མཆེད་གྲོགས་རྣམས། །བར་དོའི་འཕྲང་ལ་གཅིག་པུར་འགྲོ་དགོས་པས། །གཉེན་ལ་གདུང་སེམས་མ་ཆེ་མཆེད་གྲོགས་རྣམས། །འགྲོ་ཀུན་ཕ་མར་མ་གྱུར་གཅིག་ཀྱང་མེད། །དགྲ་ལ་ཞེ་སྡང་མ་ཆེ་མཆེད་གྲོགས་རྣམས། །ནང་འདྲེ་རང་སེམས་ཐུལ་ན་ཕྱི་དགྲ་མེད། །རང་སེམས་གྱོང་པོ་ཐུལ་ཅིག་མཆེད་གྲོགས་རྣམས། །ལས་ཀྱི་འབྲས་བུ་ནམ་ཡང་མི་བསླུ་བས། །སྡིག་སྤོངས་དགེ་བ་སྒྲུབས་ཤིག་མཆེད་གྲོགས་རྣམས། །འཁོར་བའི་གནས་ན་བདེ་བའི་གོ་སྐབས་མེད། །མེ་ཡི་འོབས་ལྟར་ལྟོས་ཤིག་མཆེད་གྲོགས་རྣམས། །མི་ནོར་ཟས་གསུམ་གང་ལའང་སྙིང་པོ་མེད། །འདྲེ་འདུལ་གྲོང་ཆོག་སྤོངས་ཤིག་མཆེད་གྲོགས་རྣམས། །འཇིག་རྟེན་འདུ་འཛིའི་གནས་སུ་དགེ་སྦྱོར་གཡེང་། །གཅིག་པུར་དབེན་པ་སྟེན་ཅིག་མཆེད་གྲོགས་རྣམས། །ཆོས་མཛད་གྲོགས་དང་ལྷན་ཅིག་འགྲོགས་དུས་སུ། །ཕན་སེམས་དག་སྣང་གྱིས་ཤིག་མཆེད་གྲོགས་རྣམས། །རེ་ལྟོས་ངོ་བསྲུང་མེད་ན་བྱ་བཏང་ཡིན། །རང་དབང་མི་ལ་མ་འཆོར་མཆེད་གྲོགས་རྣམས། །རང་རྒྱུད་ཉོན་མོངས་ཐུལ་ན་གྲུབ་ཐོབ་ཡིན། །རང་སྐྱོན་རང་གིས་ཐོན་ཅིག་མཆེད་གྲོགས་རྣམས། །སྒོ་གསུམ་ཞི་ཞིང་དུལ་ན་གྲུབ་རྟགས་ཡིན། །ཉེ་རིང་ཆགས་སྡང་སྤོངས་ཤིག་མཆེད་གྲོགས་རྣམས། །བསླུ་བ་མེད་པ་དཀོན་མཆོག་རྣམ་གསུམ་ཡིན། །སྙིང་ནས་སྐྱབས་འགྲོ་མཛོད་ཅིག་མཆེད་གྲོགས་རྣམས། །ཐེག་ཆེན་ཆོས་ཀྱི་རྩ་བ་སེམས་བསྐྱེད་ཡིན། །

p. 112

བྱང་ཆུབ་སེམས་མཆོག་སྒོམས་ཤིག་མཆེད་གྲོགས་རྣམས། །སྡིག་སྒྲིབ་སྦྱངས་པའི་གཙོ་བོ་སྟོབས་བཞི་ཡིན། །རྡོར་སེམས་བསྒོམ་བཟླས་མཛོད་ཅིག་མཆེད་གྲོགས་རྣམས། །ཚོགས་བསགས་བསོད་ནམས་མཆོག་ནི་མཎྜལ་ཡིན། །རྒྱུན་འཆད་མེད་པར་ཕུལ་ཅིག་མཆེད་གྲོགས་རྣམས། །བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ཡིན། །རྟག་ཏུ་གསོལ་བ་ཐོབས་ཤིག་མཆེད་གྲོགས་རྣམས། །མཚན་ལྡན་བླ་མའི་གསུང་ལ་བསླུ་བ་མེད། །ཅི་གསུངས་ཚད་མར་ཟུངས་ཤིག་མཆེད་གྲོགས་རྣམས། །མཆོག་ཐུན་དངོས་གྲུབ་རྩ་བ་ཡི་དམ་ཡིན། །ཡི་དམ་བསྐྱེད་རིམ་སྒོམས་ཤིག་མཆེད་གྲོགས་རྣམས། །བར་ཆད་ཀུན་སེལ་མཁའ་འགྲོ་ཆོས་སྐྱོང་ཡིན། །ཚོགས་དང་གཏོར་མ་ཕུལ་ཅིག་མཆེད་གྲོགས་རྣམས། །རང་རིག་རང་གསལ་སྐྱོང་བ་ཁྲེགས་ཆོད་ཡིན། །གསལ་སྟོང་འཛིན་མེད་སྐྱོངས་ཤིག་མཆེད་གྲོགས་རྣམས། །གདོས་བཅས་འོད་སྐུར་གྲོལ་བ་ཐོད་རྒལ་ཡིན། །ལྷུན་གྲུབ་འོད་གསལ་སྒོམས་ཤིག་མཆེད་གྲོགས་རྣམས། །ཚུལ་བཞིན་བསྒོམས་ན་ཚེ་གཅིག་འཇའ་ལུས་འགྲུབ། །སྙིང་ནས་དགའ་བ་སྒོམས་ཤིག་མཆེད་གྲོགས་རྣམས། །འདི་ནི་མ་ནོར་དྲང་པོའི་ངག་གིས་སྨྲས། །ཚུལ་བཞིན་ཉམས་སུ་ལོངས་ཤིག་མཆེད་གྲོགས་རྣམས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །གྲོགས་མཆེད་རྣམས་ཀྱང་ཉམས་རྟོགས་གོང་འཕེལ་ནས། །ཚེ་གཅིག་སྐུ་གསུམ་གོ་འཕང་མངོན་གྱུར་ཤོག །ཅེས་སྨྲས་པས་མཆེད་གྲོགས་ཐམས་ཅད་དགའ་མགུ་ཡི་རང་བར་གྱུར་ཏོ། །

p. 113

དེ་དུས་སྔོན་སྦྱངས་ལས་འཕྲོ་ཅན་གྱི་བུ་ཆེན་སེང་བཟང་རྒྱ་མཚོ་འམ། རིག་འཛིན་ཟླ་བ། མཚན་ཡོངས་གྲགས་བླ་མ་པདྨ་རང་གྲོལ་མཆོག་ལ། ཆོས་རྒྱལ་རིན་པོ་ཆེས་དབང་དང་གདམས་པ་གནང་བའི་ཁར། བདག་གིས་གསལ་བའི་ཐོག་ཏུ་སྒྲོན་མེ་ལྟ་བུར། ལུང་ཁྲིད་མང་པོ་བྱས། ཞལ་གདམས་ཀྱང་བྱིན་ནས་དབུས་གཙང་གཉིས་པ་བླ་བྲང་བཀྲ་ཤིས་འཁྱིལ་བའི་དགོན་ཆེན་བརྒྱུད་ནས། རེབ་གོང་གསེར་མོ་ལྗོངས་སུ་སོང་། ལྷ་བླ་མས་ལུང་བསྟན་པའི་དབེན་གནས་བཀྲ་ཤིས་འཁྱིལ་ནས་ལོ་མང་པོའི་བར་དུ་སྒྲུབ་པ་སྙིང་པོར་བྱས། སྒྲུབ་འབྲས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེན་མཛད་ཚུལ་རྣམས་རྒྱས་པར་ཁོང་གི་རྣམ་ཐར་ན་གསལ་ལོ། །དེ་ནས་བྲོ་ཁ་དང་ཅོག་བུ་རྣམས་རྒྱབ་ཏུ་ཁུར་ཏེ་ལམ་དུ་ཞུགས་ནས་སོང་ཚེ། མི་ཞིག་གིས་ཁྱེད་གང་ནས་ཡིན། གང་དུ་འགྲོ་ཟེར་བར་ལན་དྲང་པོར་སྨྲས་ནས། དེ་དུས་ཡིད་ལ་ཤར་བ་ལྟར་མགུར་དབྱངས་འདི་བླངས། །མི་ང་ནི་སེང་གེ་དཀར་མོའི་བུ། །དང་པོ་སེང་མའི་འོ་མས་བསྐྱངས། །བར་དུ་སྣ་ཚོགས་ཟན་གྱིས་གསོས། །ད་ལྟ་རྩལ་གསུམ་ལུས་ལ་རྫོགས། །སེང་གཡུ་རལ་རྒྱས་པ་ཕ་མའི་དྲིན། །ད་མི་སྡོད་གངས་སྟོད་འགྲིམ་དུ་འགྲོ །གངས་དཀར་པོ་སེང་གེ་འགྱིང་ས་ཡིན། །མི་ང་ནི་བྱ་རྒྱལ་ཁྱུང་གི་བུ། །དང་པོ་བྱ་མའི་དྲོད་ཀྱིས་བསྐྱངས། །བར་དུ་སྣ་ཚོགས་ཟན་གྱིས་གསོས། །ད་ལྟ་གཤོག་རྩལ་ཐམས་ཅད་རྒྱས། །ཁྱུང་མཁའ་ལ་ལྡིང་བ་ཕ་མའི་དྲིན། །ད་མི་སྡོད་དགུང་སྔོན་འགྲིམ་དུ་འགྲོ །མཁའ་ཡངས་པ་གཤོག་རླབས་སྐྱོང་ས་ཡིན། །

p. 114

མི་ང་ནི་ཆོས་ཀྱི་རྒྱལ་པོའི་བུ། །དང་པོ་རྗེས་བཟུང་གདམས་ངག་གནང་། །བར་དུ་རི་ལ་བསྒོམ་དུ་བཅུག །ད་ལྟ་ཉམས་རྟོགས་ཡོན་ཏན་སྐྱེས། །སྤྲང་རི་ཁྲོད་ཐུབ་པ་བླ་མའི་དྲིན། །ད་མི་སྡོད་རི་ཁྲོད་འགྲིམ་དུ་འགྲོ ། །གནས་དབེན་པ་བྱ་བཏང་འདུག་ས་ཡིན། །ཞེས་བླངས་ནས་གཙང་དགོན་པར་སོང་། གྲྭ་པ་ཞིག་གི་ནང་གཡར་ནས་ཞག་པོ་བདུན་ཙམ་ཞིག་བསྡད། སྐུ་གཞོགས་གཙང་པ་ཚང་གི་ཕྱག་དཔེའི་ཁྲོད་ནས་གྲུབ་ཐོབ་བརྒྱད་ཅུའི་རྣམ་ཐར་ལ་བལྟས་པས། ནང་ན་གྲུབ་ཐོབ་ཕལ་ཆེ་བ་ཞིག་གིས་བསྐྱེད་རྫོགས་ཀྱི་གདམས་པ་ཟབ་མོ་ཉུང་ཉུང་རེ་བསྒོམས་པས། གྲུབ་པ་ཐོབ་སོང་བ་མང་པོ་མཐོང་བས་ཉམས་ལེན་རང་གིས་བྱེད་ནུས་ན་གདམས་པ་མང་པོ་མི་དགོས་པར་གདའ་སྙམ། ཉམས་ལེན་བྱེད་འདོད་ཀྱི་བློ་ཤེད་ཆེར་སོང་། དེ་ནས་ཉིན་ཅིག་སྐུ་གཞོགས་གལ་གོར་ཚང་ལ་མཇལ། ཐོག་མའི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ཀྱི་ལུང་ཞུས། ཡང་སྐུ་གཞོགས་མཚམས་གོར་ཚང་ལ་མཇལ། མ་ཎཾ་དང་དམིགས་བརྩེ་མའི་ལུང་ཞིག་ཞུས། དེ་ནས་རྒྱབ་རིའི་རི་ཁྲོད་པ་འཇམ་དབྱངས་ཨ་རྫིའི་ཚང་གི་མདུན་དུ་སོང་མཇལ་ནས་ཞག་ཁ་ཤས་བསྡད། རྗེ་བཙུན་མི་ལ་རས་པའི་རྣམ་མགུར་དང་། རྗེ་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། རྒྱལ་སྲས་ལག་ལེན། ཨང་ཡིག་བདུན་ཅུ་རྣམས་ཀྱི་ལུང་ཞུས་པས། ཐུགས་དགྱེས་བཞིན་གནང་། དེའི་ཞོར་ལ་སེམས་ལ་ཕན་པའི་གསུང་ཡང་མང་པོ་བྱོན་པ་བྱུང་། འགྲོ་ཁར་བདེ་ཞུས་བྱས་ནས་དབེན་གནས་སྟག་མོ་རྫོང་དུ་སོང་། བྲག་ཕུག་ཆེ་ཆུང་གཉིས་ཡོད་

p. 115

པའི་ཆུང་བའི་ནང་དུ་མལ་ས་བཅས་རྩྭ་གདན་བཏིངས་ནས་བསྡད་པས། ཉི་མ་གཅིག་སོང་བའི་ཕྱི་ཉིན་དགོང་མོ་གཉིད་མ་གཉིད་ཀྱི་མཚམས་ཤིག་ལ། ས་གཡོ་བ་ལྟ་བུའི་འུར་སྒྲ་དང་། སྐར་མ་ལྟ་བུའི་འོད་ཁྲ་ཆེམ་ཆེམ་པ་ཞིག་གིས་ནང་ཐམས་ཅད་གང་ནས་རང་གི་ལུས་ཀྱི་མགོ་ནས་མཇུག་གི་བར་བལ་གསེད་གསེད་བྱས་བན་བུན་ལང་ལོང་ཤག་ཤིག་ལ་བཏང་ནས་རེ་ཞིག་བསྡད། ཡང་སྒྲ་འོད་སོགས་སྔ་མ་དེ་ལས་ཆེ་རུ་སོང་། ཡང་དེའི་ཆེ་ཞིག་བཏང་ནས་བསྡད་པའི་ཚེ་ངའི་བསམ་པ་ལ། གནས་འདི་ནི་སྔོན་བླ་མ་པཱ་རིན་པ་ཚང་གིས་མཐུ་བསྒྲུབས་པ་རེད་ཟེར་བར་གདའ། དེའི་གནོད་པ་འདྲ་མིན་ནམ། ཕྱག་རྡོར་ཞིག་འདོན་སྙམ་མ་ཐག་སེམས་ལ་བདག་འཛིན་བློས་མ་ཐོངས་པར་གདའ། བདག་འཛིན་བློས་མ་ཐོངས་པའི་ཆོས་ཀྱིས་ཅི་བྱ། སྲུངས་ཤིག་སྐྱོབས་ཤིག་བརྒྱ་བརྗོད་པ་ལས། ཟོ་ཞིག་ཐུངས་ཤིག་གཅིག་དགའ་ཟེར་བ་ཡིན་སྙམ། གཅོད་དམིགས་ཡག་པོ་ཞིག་བཏང་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་དབྱིངས་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལ་ཉལ་བསྡད་པའི་མཚན་མོ་རྨི་ལམ་དུ། རང་གི་བེམ་རིག་ཕྲལ་ནས། རང་རིག་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཕྱག་གཡས་པའི་གྲི་གུག་གིས། རང་གི་བེམ་པོ་ས་ལ་བསྒྱེལ་བའི་མགོ་བོ་དང་སྟེང་གི་ཤ་བཅད་ནས། མི་ནག་པོ་གཅིག་བླ་རྒན་གཅིག་བུད་མེད་གཅིག་དང་གསུམ་ལ་བྱིན་པས་རྔམས་ནས་ཟ་བར་གདའ། ངས་ཀྱང་མི་ཤ་འདི་ཅི་འདྲ་ཞིག་ཡིན་སྙམ་ཁ་ལ་བཞག་པས། རང་ཤ་རང་

p. 116

གིས་ཟ་བ་རྟེན་འབྲེལ་བཙོག་པ་སྙམ་མ་ཟོས་པར་ས་ལ་འཕངས་ཚེ། དེ་ཡང་མི་ནག་པོ་དེས་བླངས་ནས་ཟོས་པ་དང་། བདག་གིས་འདི་རྣམས་ཤིན་ཏུ་ལྟོགས་འདུག་སྙམ། བེམ་པོ་མ་ལུས་པ་དུམ་བུར་གཏུབས་ནས་བྱིན་པས། གསུམ་པོ་ངོམས་ཤིང་ཚིམས་ནས་དགའ་དི་རི་རི་སོང་བ་ཞིག་རྨིས། དེ་ནས་བཟུང་སྟེ་འཚུབ་དེ་མེད་སོང་། བདག་གི་བསམ་པ་ལ། བདག་འཛིན་བློས་གཏོང་རྒྱུ་ཡིན་ན་ལྷ་འདྲེས་མི་གནོད་པའི་ཁར་དགའ་ནས་གྲོགས་བྱེད་པར་གདའ་སྙམ་པ་བྱུང་། ཡང་མགར་རྩེའི་དགེ་སློང་ཐོགས་མེད་ཀྱིས་གནས་འདི་ཨེ་སྤྲོ་གི་ལགས་ཟེར་བའི་ལན་དུ་གནས་སྤྲོ་ཚུལ་གྱི་ཡོན་ཏན་བརྗོད་པའི་མགུར་དབྱངས་འདི་དེ་དུས་ཡིད་ལ་ཤར་བ་ལྟར་བླངས་སོ། །རྗེ་དུས་གསུམ་སངས་རྒྱས་ཐུགས་ཀྱི་སྤྲུལ། །ཕ་ཆོས་རྒྱལ་ངག་གི་དབང་པོ་ལ། །དུས་རྒྱུན་འཆད་མེད་པར་གསོལ་བ་འདེབས། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །མི་ང་དང་དབེན་གནས་སྟག་མོ་རྫོང་། །ལྷན་ཅིག་ཏུ་འགྲིགས་པའི་དགའ་སྤྲོ་སྐྱེས། །སེམས་རི་ཁར་ཕྱོགས་པའི་རི་པ་ངས། །གདངས་སྙན་མོའི་གླུ་དབྱངས་འདི་ལྟར་འཐེན། །ས་བཀྲ་ཤིས་གཡང་ཆགས་སྟག་མོ་རྫོང་། །སྔོན་སྐྱེས་ཆེན་མང་པོ་བཞུགས་པའི་གནས། །བྲག་ཕྱི་དབྱིབས་རི་ལ་ནང་ཁང་པ། །ཁ་ལྷོར་ལྟ་དགུན་དུས་ཉི་འོད་འཁྱིལ། །དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས། །ཆུ་མེ་ཤིང་ལ་སོགས་མཐུན་རྐྱེན་སླ། །དུས་ཀུན་ཏུ་སྤྲོ་ཞིང་སྣང་བ་སྐྱིད། །སྟེང་མཐའ་དབུས་མེད་པའི་མཁའ་དབྱིངས་སུ། །བྱ་རྒོད་པོའི་གཤོག་རྩལ་གོ་རོ་རོ། །

p. 117

རྒྱབ་བྲག་རི་ལྷ་ཤིང་ཤུག་པས་བརྒྱན། །དྲི་ཞིམ་པའི་དྲི་བཟང་ཐུ་ལུ་ལུ། །མདུན་སྤང་རི་མེ་ཏོག་མང་པོའི་རྩེ། །རྐང་དྲུག་ལྡན་བུང་བ་དི་རི་རི། །མདོ་ཆུ་རྒྱུན་གཙང་མ་བབས་པ་ལས། །སྐད་སྙན་པའི་ལྷུང་སྒྲ་སི་ལི་ལི། །ངོས་ཀུན་ན་རི་དྭགས་བག་ཕེབས་རྒྱུ། །ཀུན་རྩེ་ཞིང་བང་རྩལ་ཤ་ར་ར། །ཤིང་ལྗོན་ཤིང་ཡལ་གའི་རྩེ་མོ་ན། །བྱ་སྣ་ཚོགས་སྐད་སྙན་ཀྱུ་རུ་རུ། །སྟེང་ཆུ་འཛིན་བླ་རེ་འཐེན་འདྲ་ལས། །དབྱར་ཟིམ་བུའི་སྦྲང་ཆར་ད་ལ་ལ། །བར་ན་བུན་དར་དཀར་བཀྲམ་པ་ལས། །འཇའ་ལྔ་ལྡན་རི་མོ་ཡ་ལ་ལ། །གནས་འདི་ཡི་གཞི་བདག་ཆོས་ལ་དཀར། །རང་གང་འདོད་ཡོ་བྱད་ཀྱི་ལི་ལི། །གྲོང་དགོན་པ་ཐག་ཉེར་མེད་པ་ཡི། །སྒྲ་འ་འུར་མེད་པས་དལ་ཅག་ཅག །གནས་དབེན་ཅིང་བླ་མའི་བྱིན་རླབས་ཀྱིས། །རྒྱུད་ཉམས་རྟོགས་ཡོན་ཏན་འུ་རུ་རུ། །དེའི་སྟོབས་ཀྱིས་བྱ་བཏང་རི་པ་ངས། །གདངས་སྙན་མོའི་གླུ་དབྱངས་ལྷང་ལྷང་ལྷང་། །བློ་ཆོས་ལ་ཕྱོགས་པའི་ཆོས་མཛད་རྣམས། །གནས་འདི་འདྲ་བསྟེན་ན་ངོ་མཚར་ཆེ། །གླུ་འདི་འདྲ་ལེན་ན་རི་ལ་ཤོག །དགེ་འདིས་ཀྱང་ཆོས་མཛད་སྐྱེ་བོ་ཀུན། །གནས་དབེན་པ་བསྟེན་ནས་འཚང་རྒྱ་ཤོག །ཅེས་དང་། ཡང་ཉིན་ཅིག་སྣང་བ་སྤྲོ་བའི་ཤུགས་ཀྱིས་སྐྱིད་ཉི་ཟླ་ཟུང་འབྲེལ་གྱི་གླུ་ཆུང་འདི་ལྟར་བླངས། རྗེ་མཚན་ལྡན་བླ་མའི་ཞབས་ལ་འདུད། །ཆོས་ཚུལ་བཞིན་སྒྲུབ་པའི་བྱ་བཏང་པ། །མིང་ཚོགས་དྲུག་རང་གྲོལ་ཞེས་བྱ་ངས། །སྐྱིད་ཉི་ཟླ་ཟུང་འབྲེལ་གླུ་ཞིག་ལེན། །ངས་འཁོར་བའི་བྱ་བ་བློས་གཏོང་ཚེ། །སེམས་

p. 118

སྐྱོ་ཤས་ངེས་འབྱུང་ཤུགས་དྲག་དང་། །ཆོས་སྙིང་ནས་འདོད་པའི་ཉི་ཟླ་ཤར། །འདི་སྐྱིད་པའི་ཉི་ཟླ་དང་པོ་ཡིན། །སྐྱབས་ཆོས་དང་བླ་མ་བཙལ་བའི་ཚེ། །ཆོས་ཟབ་ལམ་རྫོགས་པ་ཆེན་པོ་དང་། །མགོན་ཆོས་ཀྱི་རྒྱལ་པོའི་ཉི་ཟླ་ཤར། །འདི་སྐྱིད་པའི་ཉི་ཟླ་གཉིས་པ་ཡིན། །མགོན་དེ་ཡི་ཞབས་པད་སྟེན་དུས་སུ། །རྗེ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། །སེམས་འགྱུར་མེད་དད་པའི་ཉི་ཟླ་ཤར། །འདི་སྐྱིད་པའི་ཉི་ཟླ་གསུམ་པ་ཡིན། །གནས་དབེན་པར་ཉམས་སུ་བླངས་པའི་ཚེ། །མ་འགྲོ་ལ་བཅོས་མིན་སྙིང་རྗེ་དང་། །ཉམས་རྟོགས་པ་བཟང་པོའི་ཉི་ཟླ་ཤར། །འདི་སྐྱིད་པའི་ཉི་ཟླ་བཞི་བ་ཡིན། །སྐྱིད་ཉི་ཟླ་ཟུང་འབྲེལ་གླུ་ཆུང་འདི། །མི་རང་ལ་སྤྲོ་བ་བསྐྱེད་ཕྱིར་བླངས། །དགེ་འདིས་ཀྱང་མ་གྱུར་སེམས་ཅན་ཀུན། །དུས་གནས་སྐབས་བདེ་ཞིང་སྐྱིད་པར་ཤོག །ཅེས་བླངས། ཡང་སྐབས་ཤིག་ཨ་མ་རྒན་མོ་དྲན་ནས་འཕྲད་སྙིང་འདོད་པའི་ཚེ། རང་ལ་འདི་སྐད་ཅེས་སྨྲས་པ། ཡོན་ཏན་ཀུན་གྱི་གཏེར་ཆེན་པོ། །དྲིན་ཅན་བླ་མར་གསོལ་བ་འདེབས། །ཞེན་ཆགས་ཨ་འཐས་འཁྲུལ་པ་རྣམས། །རྩོད་ནས་ཆོད་པར་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ཁྱོད། །མ་ཡེངས་ལྷན་ནེ་རྣ་བས་ཉོན། །ཡུལ་གྱི་གདུང་སེམས་མ་ཆོད་ན། །རི་ལ་འོངས་པས་ཅི་ལ་ཕན། །ཞེན་ཆགས་མཁའ་ལྟར་མ་དག་ན། །བྱ་བཏང་མིང་གིས་ཅི་ལ་ཕན། །དལ་འབྱོར་སྙིང་པོ་མི་ལེན་ན། །མི་ལུས་ཐོབ་པས་ཅི་ལ་ཕན། །ཤི་ཡང་འགྱོད་མེད་མི་བྱེད་ན། །འཆི་བར་ཤེས་པས་ཅི་ལ་ཕན། །སྡིག་སྤོང་དགེ་བ་མི་

p. 119

བསྒྲུབ་ན། །ལས་འབྲས་ཤེས་པས་ཅི་ལ་ཕན། །འཁོར་བ་བློ་ཡིས་མི་གཏོང་ན། །ཉེས་དམིགས་ཤེས་པས་ཅི་ལ་ཕན། །སྙིང་ནས་སྐྱབས་འགྲོ་མི་བྱེད་ན། །ཁ་ཙམ་སྐྱབས་འགྲོས་ཅི་ལ་ཕན། །བླ་མས་ཅི་གསུང་མི་བསྒྲུབ་ན། །ལགས་སོ་མང་པོས་ཅི་ལ་ཕན། །བརྩོན་འགྲུས་བྱས་ནས་མི་བསྒོམ་ན། །གདམས་ངག་ཟབ་པས་ཅི་ལ་ཕན། །ཚེ་དང་སྒྲུབ་པ་མི་སྙོམས་ན། །ལོ་ཟླའི་མཚམས་ཀྱིས་ཅི་ལ་ཕན། །ཕྱོགས་མེད་སྙིང་རྗེ་མ་སྐྱེས་ན། །ཨ་མར་གཅེས་པས་ཅི་ལ་ཕན། །འགྲོ་ཀུན་ཨ་མར་མ་ཤེས་ན། །ཨ་མ་དྲན་པས་ཅི་ལ་ཕན། །འཁོར་འདས་རོ་གཅིག་མ་རྟོགས་ན། །ཨ་མར་འཕྲད་པས་ཅི་ལ་ཕན། །རྣམ་རྟོག་ཆོས་སྐུར་མ་ཤར་ན། །འགྱུ་བ་བཞག་པས་ཅི་ལ་ཕན། །རོ་གཅིག་ལྟ་བའི་ཕ་ཡུལ་ནས། །འགྲོ་འོང་མེད་པར་མ་འཕྲད་ན། རོ་ལ་འཕྲད་པས་མི་ཕན་སྟེང་། །གནོད་པར་འགྱུར་བས་ཅོག་གེ་ཞོག །ཨ་མའི་གཙོ་བྱས་འགྲོ་ཀུན་སེམས། །རང་གི་སེམས་དང་བླ་མའི་ཐུགས། །བསྲེས་ནས་ཉམས་སུ་བླངས་གྱུར་ན། །དོན་དམ་ངང་ལ་ཐུག་ཚུལ་ཡིན། །ཞེས་ཚིག་འདིས་གསལ་བཏབ་ནས་ཁྱོད་འཁྲུལ་གྱིན་ཡོད་པར་འདུག མ་གྱུར་འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་དབེན་གནས་འདིར་འོངས་པ་མ་ཡིན་ནམ་ཞེས་ཨ་མ་དྲན་པའི་རྐྱེན་བྱས། མ་གྱུར་འགྲོ་བ་ཉམ་ཐག་ཡོངས་ལ་བཅོས་མ་མ་ཡིན་པའི་སྙིང་རྗེ་བཟོད་གླགས་མེད་པ་ཞིག་སྐྱེས་ནས། ཅོག་བུ་གསར་བ་ཞིག་ཡོད་པ་གཙང་དགོན་པའི་མཐའ་ན་རྒན་མོ་རྐང་ཞ་མ་ཞིག་ཡོད་པ་དེ་ལ་བྱིན་པས།

p. 120

མོས་བཙོངས་ནས་རས་བཅུ་དྲུག་ཏུ་བརྗེས་ཏེ་རིན་གྱི་ཕྱེད་དགོན་པ་ལ་མང་ཇ་ཞིག་བཏང་། ཚིག་འགགས་གསར་པ་ཞིག་ཡོད་པ་སྤྲང་པོ་ཞིག་ལ་བྱིན་པས། རས་དྲུག་གི་རིན་གྱི་ཇ་མར་དང་རྩམ་པ་བླངས་ནས་དགོན་པར་ཕྱག་སྐོར་ཀྱང་བྱས་སྐད། བྲོ་ཁ་ཅུང་ཟད་ཅིག་ཡོད་པའི་ནང་ནས་མང་པོ་བརྫིས་ཏེ་ཁྭ་ཏ་དང་སྐྱ་ཀ་མང་པོ་ལ་བྱིན་ནས། མ་གྱུར་འགྲོ་ཀུན་དོན་དུ་མྱུར་བ་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་བསྟན་འགྲོ་ཡོངས་ལ་ཕན་རྒྱ་ཆེན་པོ་ཐོགས་པའི་སྨོན་ལམ་བཏབ་སྟེ་ཉམས་ལེན་ལ་ཞུགས་སོ། །ཡང་ཉིན་ཅིག་ཉི་མ་ནུབ་མཚམས་སུ་ཁྭ་ཏ་ཕོ་མོ་གཉིས་ཀྱིས་སྐད་རིགས་མི་འདྲ་བ་མང་པོ་བསྒྲགས་པའི་ཚེ། བདག་གིས་རང་ལ་ཁྭ་ཏ་འདི་གཉིས་ཀྱིས་ཅི་ཟེར་བར་འདུག ཁྱོད་གླུ་བ་བཟང་ན་འདི་གཉིས་ཀྱིས་བཤད་ཚུལ་དང་འདྲ་བའི་གླུ་ཞིག་ལོངས་དང་ཞེས་རང་ལ་བསྐུལ་ནས། དེ་གཉིས་ཀྱི་ཕོ་ཡིས་མོ་ལ་འདི་སྐད་ཟེར། །ཨ་ཨ། ད་ནི་ངེད་གཉིས་འགྲོ་རན་འདུག །འཛམ་གླིང་ཉི་མ་ནུབ་ནས་ཐལ། །ཕ་ཡུལ་ལྗོན་ཤིང་རྩེ་མོ་རུ། །སོས་དལ་བདེ་བར་ཉལ་དུ་འགྲོ །ཞེས་བཤད་པའི་ཚེ། ངས་ཁྭ་ཏ་ཕོ་མོ་གཉིས་ལ་འདི་སྐད་སྨྲས། ནགས་ལ་གནས་པའི་ཁྭ་ཏ་ཁྱོད། །བྲག་ལ་གནས་པའི་མི་ངར་ཉོན། །ཁྱོད་ཀྱིས་ཕ་ཡུལ་མ་ཤེས་སམ། །ལྗོན་ཤིང་ཁྱོད་ཀྱི་ཕ་ཡུལ་མིན། །ཕ་ཡུལ་མ་ཤེས་དགོད་རེ་བྲོ། །ཞེས་བཤད་པའི་ཚེ། ཁྭ་ཏ་ཕོ་བདག་ལ་མ་དགའ་བའི་རྣམ་འགྱུར་བྱས་སྤུ་ཤིག་ཤིག་བྱེད་ཅིང་འདི་སྐད་ཟེར། ག་བན་རྒན་ཞིག་གིས་ཅི་ཟེར་སྣང་། །ངའི་ཕ་ཡུལ་འདི་ཉིད་ཡིན་པར་ངེས། །འདི་མིན་ན་ཡུལ་མེད་སྤྲང་པོ་ཁྱོད། །ངའི་ཕ་ཡུལ་ཤེས་ན་

p. 121

སྨྲོས་ཤིག་དང་། །ཞེས་ཟེར་བའི་ལན་དུ་བདག་གིས་འདི་སྐད་སྨྲས། མ་འཕུར་ཁྭ་ཏ་བདེ་བར་བཞུགས། །གཏན་གྱི་ཕ་ཡུལ་མ་ཤེས་ན། །ངས་བཤད་ཁྱོད་ཀྱིས་སེམས་ལ་ཟུངས། །ངེད་རྣམས་ཕ་ཡུལ་འདི་མིན་ཏེ། །ཕ་ཡུལ་ཀུན་བཟང་ཞིང་ཁམས་ཡིན། །ཨ་མ་ཀུན་ཏུ་བཟང་མོའི་བུ། །བཙས་ནས་ཡུན་རིང་མ་ལོན་པར། །ཤ་ཉེ་མ་རིག་རྒན་མོ་ཡིས། །ཉོན་མོངས་ལས་རླུང་རྟར་བསྐྱོན་ཏེ། །ཁམས་གསུམ་འཁོར་བའི་གནས་འདིར་ཁྲིད། །ངེད་རྣམས་མ་སོང་ས་ཆ་མེད། །མ་སྐྱེས་ལུས་ནི་གཅིག་ཀྱང་མེད། །ཡུལ་མེད་ཁྭ་ཏ་ཕོ་མོ་གཉིས། །ཕ་ཡུལ་མ་ཤེས་སྙིང་རེ་རྗེ། །ཞེས་བཤད་པའི་ཚེ། ཡང་ཕོ་ཡིས་འདི་སྐད་ཟེར། །ཧེ་ཧེ། ཡུལ་མེད་སྤྲང་པོ་ཁྱོད་ཉིད་ཀྱིས། །བཤད་ཀྱང་ང་ཉིད་དགོད་རེ་བྲོ། །འོ་ན་ཁྱོད་ཀྱིས་ཤེས་གྱུར་ན། །ཡུལ་མེད་སྤྲང་པོ་ཁྱོད་ཉིད་ཀྱང་། །ཕ་ཡུལ་དེ་ལ་མྱུར་འགྲོ་མོད། །ང་དང་འགྲོགས་ཡ་ཅི་ལ་བྱས། །ཞེས་བཤད་པའི་ཚེ། ངས་འདི་སྐད་སྨྲས། །ཡིད་གཉིས་མཁན་གྱི་ཁྭ་ཏ་ཉོན། །ང་དགེ་བའི་བཤེས་གཉེན་མང་པོ་ཡིས། །ཕ་ཡུལ་འདི་མིན་བཤད་པའི་ཚེ། །ལམ་སྟོན་མཚན་ལྡན་བླ་མ་ལ། །བསམ་སྦྱོར་གཉིས་ཀྱི་ཕྱག་རྟེན་ཕུལ། །དག་སྣང་མོས་གུས་ཐལ་མོ་སྦྱར། །ལམ་སྟོན་ལམ་མཁན་སྐྱེལ་མ་ཞུས། །བླ་མས་རྫོགས་ཆེན་ཉེ་ལམ་བསྟན། །གདམས་ངག་བཟང་པོའི་རྟ་ཕོར་བསྐྱོན། །བོགས་འདོན་རྟ་ལྕགི་ལག་ཏུ་གཏད། །བདག་གིས་བརྩོན་འགྲུས་ལྕག་གིས་བྲབས། །ཐར་པའི་ལམ་དུ་དཀྱུས་ཐག་བཅད། །རྟ་ཕོ་རང་ཉིད་བཟང་སྟབས་ཀྱིས། །གཏན་ཡུལ་

p. 122

ཀུན་བཟང་ཞིང་ཁམས་སུ། །དཀའ་ཚེགས་མེད་པར་མྱུར་དུ་སླེབས། །ཨ་མ་ཀུན་ཏུ་བཟང་མོར་མཇལ། །གཉིས་སུ་མེད་པར་དགའ་སྤྲོ་སྐྱེས། །ཀ་དག་ཆོས་སྐུའི་རྒྱལ་ས་རུ། །རང་བྱུང་རིག་པའི་ཁྱེའུ་ངས། །འགྱུར་མེད་ཏིང་འཛིན་རྒྱལ་སྲིད་བཟུང་། །འཕགས་པའི་ནོར་གྱིས་བང་མཛོད་བཀང་། །འོད་གསལ་རབ་མཛེས་བཙུན་མོ་དང་། །ཞེན་ཆགས་མེད་པར་འགྲོགས་ནས་ཡོད། །དགའ་བདེ་ལྷུན་གྲུབ་འབྲལ་མེད་ཀྱིས། །གཏན་གྱི་བཙན་ས་ཟིན་པ་འདྲེ། །ཁྭ་ཏ་ཁྱོད་ཀྱིས་ཅི་ཞིག་སེམས། །ཞེས་བཤད་ཚེ། ཁཱ་ཏས་འདི་སྐད་ཟེར། །ག་རེ། དེ་ཡིན་ན་མི་ཁྱོད་ངོ་མཚར་ཆེ། །ད་ཁྱོད་ཀྱི་ཕ་ཡུལ་དེ་ཉིད་དང་། །འདི་གཉིས་ལ་ད་དུང་འདི་བཟང་འདུག ད་ཆུང་མ་བཟང་མོ་ཡར་ལ་བཞེངས། །ཞེས་ཀ་ཨ་ལ་སོགས་པའི་སྐད་རིགས་སྣ་ཚོགས་བྱས་ནས་འཕུར་འགྲོ་བའི་ལམ་བར་ནས། མོ་ཡིས་ཕོ་ལ་འདི་སྐད་ཟེར། །བྲག་ལ་གནས་པའི་སྒོམ་ཆེན་དེས། །གཏན་ཡུལ་ཟིན་པ་ངོ་མཚར་ཆེ། །ངེད་གཉིས་གཏན་ཡུལ་མ་ཟིན་པར། །འཁོར་བར་འཁྱམས་པ་ཞེ་རེ་གླེང་། །ཞེས་ཅུང་ཟད་གླེང་བའི་ཚུལ་བྱས་ཚེ། ཕོ་ན་རེ། ཡིད་འོང་ཆུང་མ་ང་ལ་ཉོན། །ཡིད་ཆེས་དེ་ལ་ཅུང་ཟད་མེད། །དཔོན་མེད་གཡོག་མེད་དེ་འདྲ་ཡིས། །ཕོ་བ་ཟས་ཀྱིས་འགྲངས་པའི་ཚེ། །འདྲ་འདྲ་འགྲིག་འགྲིག་བཤད་པ་ཡིན། །དེ་ལ་ཡ་མཚན་ཆེ་རྒྱུ་མེད། །དེ་བས་ངེད་གཉིས་ངོ་མཚར་ཆེ། །ཞེས་མོ་ཡི་སེམས་གསོ་བྱེད་བཞིན་འཕུར་སོང་ངོ་། །ཞེས་པ་འདི་ནི་རང་གི་ཁམས་བསངས་པའི་ཆེད་དུ་སྨྲས་པའོ། །

p. 123

ཡང་ཉིན་ཅིག་ཆུ་ཁར་སོང་བས་ཆུ་འཁྱིལ་ནང་དུ་འབུ་གཤོག་ཐོགས་བརྒྱ་ཕྲག་ཅིག་ལྷུང་ནས་འགའ་ཞིག་ཤི། གཞན་རྣམས་མ་ཤི་བར་ཆུ་ནང་ནས་འགུལ་བ་མཐོང་ཚེ་སྙིང་རྗེ་ནས། ཐུར་མ་ཞིག་གིས་འབུ་རྣམས་སྐམ་སར་བཏོན་ནས་ཡར་འཕུར་དུ་བཅུག ཆུ་འཁྱིལ་ཁ་ཕྲལ་ཏེ་ཆུ་མར་འགྲོར་བཅུག་ནས། ཉམ་ཐག་འབུ་རྣམས་ཆུ་ནང་དུ། །ལྷུང་བ་སྐམ་སར་བཏོན་པ་བཞིན། །འགྲོ་ཀུན་འཁོར་བའི་མཚོ་ལས་བསྒྲལ། །སངས་རྒྱས་ས་ལ་འགོད་པར་ཤོག །ཅེས་སྨོན་ལམ་བཏབ། གནས་ཆེན་དེར་ཟླ་བ་བཞི་ཙམ་ཞིག་སྡོད་པའི་རིང་ལ། མི་ཡི་རྒྱུ་འགྲུལ་མེད་པའི་སྟབས་ཀྱིས་ཉམས་ལེན་འཕེལ་པོ་བྱུང་། དེ་ནས་ཡང་དྲིན་ཅན་རྩ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེའི་གདན་ས་ཨ་མྱེས་གེ་ཐོ་རུ་སོང་ནས་གནས་འབྲེལ་ཞིག་འཇོག་སྙམ། སྟག་མོ་རྫོང་ནས་ཐོན་ཏེ་རྭ་རྒྱའི་དགོན་པར་སོང་། ཤིང་བཟའ་ཐམས་ཅད་མཁྱེན་པ་བློ་བཟང་དར་རྒྱས་དཔལ་བཟང་པོ་མཆོག་ལ་མཇལ་སྐྱབས་འགྲོའི་ལུང་ཁྲིད་ཞུས་པས། ཐུགས་བརྩེ་བས་ལམ་ཐུན་མོང་གི་ཆོས་བཤད་བཅས་ཁྲིད་རྒྱས་པར་གནང་བས་སེམས་ལ་ཕན་པོ་བྱུང་། ཐར་ཤུལ་ཁྲི་རྒན་རིན་པོ་ཆེར་མཇལ། དྲུང་ནས་བདེ་ལམ་མྱུར་ལམ་གཉིས་ཀྱི་ལུང་ཞུས། ཨ་རིག་ཁྲི་པ་བྱམས་པ་འཕྲིན་ལས་རབ་རྒྱས་ཚང་ལ་མཇལ། ཇ་མར་རྩམ་པའི་གསོལ་རས་ཤིག་ཞུས་པས་ཡག་པོ་གནང་བ་བྱུང་། དེ་ནས་གཟིངས་ཐོག་ནས་རྨ་ཆུའི་ཕ་ཁར་སོང་ཨ་མྱེས་གེ་ཐོའི་མགུལ་དུ་བླ་མ་བཞུགས་

p. 124

གནས་ནས་ཟླ་བ་གཅིག་ལྷག་བསྡད། གནས་དེ་ན་རི་ཁྲོད་པ་བླ་རྒན་ཞིག་གིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཀློག་པར་གདའ། ངས་ཀྱང་རྗེ་རིན་པོ་ཆེའི་གསུང་འབུམ་ལ་མཇལ་ནས། རགས་རིམ་ཙམ་ཞིག་བལྟས་པས་གོ་རྒྱུ་ཆེན་པོ་བྱུང་། རྗེས་སུ་ཞིབ་ཏུ་བལྟས་ཚེ་མདོ་སྔགས་བསྟན་པ་ཡོངས་སུ་རྫོགས་པ་གསལ་བར་མཛད་པའི་ལེགས་བཤད་ཀུན་གྱི་མཆོག་ཏུ་གོ་སྟེ། ཀརྨ་པ་ཀུན་མཁྱེན་ཆོས་ཀྱི་གྲགས་པས། དུས་ཕྱིས་བཀའ་ཕྱག་ས་སྐྱ་པ་ཡི་ནི། །བླ་མ་མཁས་གྲུབ་རྣམས་ལ་གཏུགས་པ་ལས། །མཁས་པ་བློ་བཟང་གྲགས་པའི་དཔལ་ཞེས་པ། །མདོ་སྔགས་བསྟན་པ་གསལ་བར་མཛད་པ་བྱུང་། །གསུངས་པའི་ཐོག་ཏུ་བབས་འདུག་སྙམ་སྔར་བས་དད་གུས་དག་སྣང་ཚད་མེད་པ་ཞིག་སྐྱེས་པ་བྱུང་། གནས་དེར་སྡོད་པའི་རིང་ལ་ཝལ་རྒ་སུའི་སོག་པོའི་སྤྲང་མོ་རྣམས་ཀྱིས་གྲོ་མ་ཡག་པོ་རྩམ་པ་དང་བརྗེ་རྒྱུ་ཨེ་ཡོད་ཟེར་མཁན་བྱུང་ནས་བརྗེས། ལ་ལར་རྩམ་པ་བྱིན་ནས་ཀུན་གྱི་སེམས་དགའ་བར་བྱས། ཉིན་ཅིག་སོག་པོའི་མི་སྐྱ་ཞིག་གིས་བདག་ལ་ནད་ཅིག་བྱུང་འདུག་པས་ཁྱེད་ཀྱིས་མོ་ཞིག་ཐོབས་ཟེར་བའི་ལན་དུ། ངས་མོ་མི་འདེབས་ཁྱོད་ཀྱི་འཕྲལ་རྐྱེན་གྱི་ནད་དེ་ལ་སྐྱོན་མེད་དེ། དེ་བས་ཁྱོད་ལ་ནད་གཞི་རྙིང་བ་ཞིག་ཡོད་པ་དེ་ཁྱོད་ཀྱིས་མ་ཤེས་པར་འདུག དེ་ལ་མོ་ཞིག་འདེབས་དགོས་ན་འདེབས་ཞེས་རྒྱལ་བའི་བཀའ་མོ་བཏབ་ཚུལ་གྱི་མགུར་དབྱངས་སྙན་ལ་རིང་བ་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །འཁྲུལ་མེད་རྒྱལ་བའི་བཀའ་མོ་འདེབས། །

p. 125

དང་པོ་དཀོན་མཆོག་བདེན་པ་བདར། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གསོལ་འདེབས་དྲག་པོས་མོ་འདི་བདར། །ཁམས་གསུམ་འཁོར་བའི་ཁང་པ་ན། །ཉོན་མོངས་ནད་ཀྱིས་རྟག་བཏབ་པའི། །མི་འདིའི་ཚེ་རབས་ལས་ནད་འདི། །དང་པོ་ཅི་ལས་བྱུང་ཚུལ་དང་། །བར་དུ་ཇི་ལྟར་ན་ཚུལ་དང་། །ཐ་མ་བསྲུང་བཟློག་མྱུར་འབད་ན། །སྲོག་མྱུར་སྐྱོན་ནི་ཡོད་མེད་རྣམས། །གསལ་བར་སྟོན་པ་དཀོན་མཆོག་མཁྱེན། །དེ་ནས་ལག་མཐིལ་ས་གཞི་རུ། །རྒྱལ་བའི་གསུང་རབ་མོ་གདན་བཏིངས། །རབ་གསལ་མིག་གི་རྡེའུ་བཀྲམ། །ཤེས་རབ་མོ་ཡི་དཔྱད་པ་བྱས། །མོ་ནི་མི་བཟང་མོ་ནི་ངན། །དང་པོ་ནད་པ་ཁྱོད་ཉིད་ཀྱིས། །མ་རིག་འཁྲུལ་བའི་ཟས་ངན་ཟོས། །སེམས་ཉིད་གཙང་མའི་ཕོ་བར་བསྡད། །བདག་གཞན་ཆགས་སྡང་ན་ཟུག་ལངས། །དེ་ལ་དུག་ལྔའི་གདོན་ཆེན་དང་། །བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །གདོན་རྣམས་ཀུན་གྱིས་རྒྱབ་རྟེན་བྱས། །ཟུག་གཟེར་ནད་ཚབས་ཆེར་རྒྱས་ནས། །དམ་ཆོས་ཟས་ཀྱི་དང་ཁ་འགགས། །སྡིག་པའི་ཆུ་ལ་སྐོམ་དད་ཆེ། །ནད་དང་གདོན་ནི་དེ་འདྲ་འདུག །ནད་པ་ཁྱོད་ཉིད་ཉོན་མོངས་པའི། །གདོན་གྱིས་ཡིད་དཀྲུགས་རབ་མྱོས་པས། །ནད་རྣམས་ངོས་ནི་མ་ཟིན་ངེས། །སྨན་དང་རིམ་གྲོར་མྱུར་འབད་ན། །སྲོག་མྱུར་སྐྱོན་ནི་ངེས་པར་མེད། །མྱུར་དུ་དམ་ཆོས་བསྲུང་བ་ལ། །མ་འབད་ནད་ཚབས་ཆེར་སོང་ནས། །ཐར་པའི་སྲོག་རྩ་གཅོད་པར་ངེས། །དེ་ཕྱིར་ཁེ་ཉེན་ཤིན་ཏུ་ཆེ། །ནད་ཀྱི་བཅོས་ཐབས་རིམ་པ་ལ། །དགེ་བའི་བཤེས་གཉེན་སྨན་པ་སྟེན། །

p. 126

བསམ་སྦྱོར་གཉིས་ཀྱི་ཕྱག་རྟེན་ཕུལ། །མ་རིག་འཁྲུལ་བའི་ཤ་དུག་ལ། །དང་པོ་ཐོས་བསམ་སྦྱོང་ཞིག་རྒྱོབ། །དེ་ནས་དབུ་རྫོགས་ཕྱག་ཆེན་གསུམ། །གང་རུང་གདམས་པའི་སྨན་བཟང་ཐུངས། །མྱུར་དུ་གྲོལ་བར་ཐེ་ཚོམ་མེད། །གདོན་གྱི་བཅོས་ཐབས་རིམ་པ་ལ། །བག་ཡོད་དྲན་ཤེས་སྔགས་པ་ཡིས། །ཞེ་སྡང་ཕོ་གདོན་རྒྱལ་པོ་ལ། །བྱམས་པའི་རྒྱལ་མདོས་ལེགས་པར་རྫོངས། །འདོད་ཆགས་མོ་གདོན་བསེན་མོ་ལ། །མི་སྡུག་བསེན་མོ་དགུ་མདོས་བསྔོས། །གཏི་མུག་ཀླུ་དང་ས་བདག་ལ། །ཤེས་རབ་ས་བདག་གདོན་གྲོལ་གྱིས། །ཕྲག་དོག་སྟེང་གདོན་གཟའ་བདུད་ལ། །དག་སྣང་དུག་དབྱུང་ཅི་མང་མཛོད། །ང་རྒྱལ་ཤི་འདྲེ་གཤེད་འཁྱམས་ལ། །ཁེངས་སྐྱུངས་གཤེད་འདུལ་དྲག་པོ་གྱིས། །ལོག་པར་ལྟ་བའི་བཙན་རྒོད་ལ། །དད་གུས་བཟང་པོའི་བཙན་མདོས་བསྔོས། །སེར་སྣའི་བསེ་རག་འགོང་པོ་ལ། །གཏོང་ཕོད་སྦྱིན་པའི་ཡས་སྦྱིན་གྱིས། །དེ་མིན་གཞན་མའི་གདོན་རྣམས་ལ། །དགེ་བཅུའི་བསྲུང་བཟློག་གང་མང་གྱིས། །རྗེས་གཅོད་སྟོང་ཉིད་སྙིང་རྗེ་ཡི། །ཡི་དམ་བསྙེན་སྒྲུབ་ཚད་ལྡན་གྱིས། །དེ་རྣམས་བྱས་ན་ནད་སོས་ཤིང་། །འཁུན་བུ་ཐམས་ཅད་དྭངས་ནས་ཀྱང་། །མི་ཁྱོད་ནད་ལས་གྲོལ་བར་ངེས། །བསྲུང་བ་འདི་རྣམས་མ་བྱས་ན། །ཁྱོད་ནི་ནད་ཚབས་ཆེར་སོང་ནས། །ཁམས་གསུམ་འཁོར་བའི་མལ་དུ་ལྷུང་། །སྐྱེ་འཆི་གཉིས་ལ་སྔས་མགོ་བྱས། །བདེ་སྡུག་གཉིས་ཀྱི་གཡང་ལུགས་གྱོན། །ཆགས་སྡང་ཟུག་གཟེར་ན་ཚ་དེ། །ནམ་ཡང་བདེ་བར་མི་འགྱུར་རོ། །དེས་ན་ནད་པ་ཁྱོད་ཉིད་ཀྱིས། །ད་ལྟ་བཅོས་སུ་ཡོད་ཐོག་འདིར། །མྱུར་དུ་བཅོས་

p. 127

ན་མི་ལེགས་སམ། །དགེ་འདིས་མཁའ་མཉམ་འགྲོ་ཀུན་གྱིས། །རྒྱལ་བའི་བ ཀའ་མོ་བཏབ་ནས་ཀྱང་། །དགེ་བའི་བཤེས་གཉེན་སྨན་པ་སྟེན། །དམ་ཆོས་ཟབ་མོའི་སྨན་འཐུངས་ནས། །ཉོན་མོངས་ནད་ལས་གྲོལ་བར་ཤོག །ཅེས་མཚར་མཚར་ལྟ་བུར་དབྱངས་སུ་བླངས་པས། མི་ཁོ་ཡང་ངོ་མཚར་སྐྱེས་ནས། རྒྱལ་བའི་བཀའ་མོ་དེ་ཤིན་ཏུ་ལེགས། ད་ཁོ་བོ་ཡང་ནམ་འཆི་ཆ་མི་འདུག་པས་ཁྱེད་ཀྱིས་མ་ཎིའི་ལུང་ཞིག་ཐུགས་རྗེས་གཟིགས་ཐུགས་དམ་སྐྱབས་འོག་ནས་མ་འདོར་ཟེར། ངས་ཁོ་ལ་བྱིན་རླབས་བྱས་ཏེ་ལམ་ཐུན་མོང་གི་ཆོས་སྐོར་དང་མ་ཎིའི་ཕན་ཡོན་རྣམས་བཤད་ནས་ལུང་བྱིན། གཞན་ཡང་མགུར་དབྱངས་སྣ་ཚོགས་པ་མང་པོ་བླངས་པས་ཁོའི་སྣང་བ་ཆོས་ལ་འགྱུར། དད་གུས་བཟང་པོ་སྐྱེས་ནས་མ་ཎི་འདོན་བཞིན་རང་ཡུལ་དུ་སོང་ངོ་། །དེ་ནས་ལྷ་གཉན་རྒོད་རྩེའི་རི་སུལ་གྱི་བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་རིན་པོ་ཆེའི་སྒྲུབ་གནས་དེར་གནས་འབྲེལ་ཞིག་འཇོག་སྙམ། གེ་ཐོ་ནས་རྨ་ཆུར་བརྒལ་ནས་ཚུར་འོངས་པས། རྭ་རྒྱའི་དགོན་པའི་མཐའ་ན། གད་སྐྱིབས་ཐོག་ཁེབས་མེད་པ་ཞིག་ན། སོག་པོའི་རྒན་མོ་རྩིབ་ལོགས་གཡོན་བསྐམས་ནས་འཁུམ་པ། ལག་མགོ་གཡོན་རྨར་སོང་ནས་རྣག་ཁྲག་འཛག་པའི་དྲི་ངན་པ་བྲོ་བ་རྒྱང་ནས་ཚོར་བ། བཟའ་བཏུང་གང་ཡང་མེད་པ་ཞིག་འདུག་པ་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རྭ་རྒྱའི་དགོན་པའི་གྲྭ་པ་རྣམས་ལ་ཟས་བསླངས་པས། ཟླ་བ་གཅིག་ཙམ་གྱི་བྲོ་ཁ་རྙེད་པ་རྣམས་རྒན་མོའི་སྔས་མགོར་བཞག་སྟེ་

p. 128

འདི་སྐད་སྨྲས། བླ་མ་དཀོན་མཆོག་ཐུགས་རྗེ་ཅན། །ཐུགས་རྗེའི་སྤྱན་གྱིས་རྒན་མོར་གཟིགས། །ཕ་མར་མ་གྱུར་གཅིག་ཀྱང་མེད། །ཉམ་ཐག་རྒན་མོ་སྙིང་རེ་རྗེ། །སྡུག་ཚེ་ཕན་པའི་གཉེན་བཤེས་མེད། །ལྟོགས་ཚེ་ཟ་རྒྱུའི་ཟ་མ་མེད། །འོག་ནས་ས་ཡིས་གྱེན་དུ་བརླན། །སྟེང་ནས་མི་འདོད་ཆར་བ་བབས། །ལུས་ལ་འཚོ་མེད་ནད་ཀྱིས་བཏབ། །སྤྲང་ན་འདོད་ཀྱང་འགུལ་མི་ནུས། །ལུས་ལ་རྣག་ཁྲག་དྲི་ངན་བྲོ། །སྡུན་དུ་འཁོར་མཁན་མི་གཅིག་མེད། །གཤང་གཅིས་གོས་པའི་མལ་ས་ལས། །ཕར་ལ་མི་འཆི་ཚུར་མི་གསོན། །འདི་འདྲ་མཐོང་ན་མཆི་མ་འཆོར། །ཞེས་སྨྲས་པས། མོ་ཡང་ངུ་བཞིན་ཁྱེད་གང་ནས་ཡིན་གང་དུ་འགྲོ ཁྱེད་འདིར་བྱོན་པ་སྔོན་མོ་ལ་བུ་གཅེས་ཕྲུག་ཅིག་ཡོད་པ་ཤི་སོང་བ་དེ་ཕྱིར་འོངས་ནས་ཕྲད་པ་དང་ཁྱད་མ་བྱུང་ཟེར། བུ་ཡང་དྲན་ནས་མང་པོ་ངུས་པའི་ཚེ། ང་ཡང་མིག་ནས་མཆི་མ་ཤོར་བ་བྱུང་། དེ་ནས་ངས་ཡིན་ཚུལ་སྨྲས་པས། མོ་ན་རེ། ད་འདི་ཕྱི་བར་དོ་གསུམ་དུ་ཐུགས་དམ་སྐྱབས་འོག་ནས་མ་འདོར་ཟེར། ངས་སངས་རྒྱས་ཀྱི་འཕེལ་གདུང་ཨོ་རྒྱན་གྱི་བྱང་སེམས་སོགས་རྟེན་བྱིན་རླབས་ཅན་འདུས་པའི་མྱོང་གྲོལ་རིལ་བུ་བྱིན། སྐྱེ་འཆི་འཁོར་བའི་ཉེས་དམིགས་བཤད་དེ་འཕོ་བ་བཏབ་པའི་རྗེས་སུ། མགོན་པོ་འོད་དཔག་མེད་གཙོ་འཁོར་ལ་བཅོལ་གདམས་འདི་ལྟར་བྱས་སོ། །བཅོམ་ལྡན་མགོན་པོ་འོད་དཔག་མེད་པ་དང་། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་རྣམས་ཀྱིས། །བདག་ལ་རེ་ལྟོས་བྱེད་པའི་རྒན་མོ་ལ། །ཉིན་མཚན་མེད་པར་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཆི་ཚེ་མགོན་པོ་ཁྱེད་དང་ཁྱེད་ཀྱི་སྲས། །རྣམས་དང་ལྷན་ཅིག་

p. 129

འགྲོགས་ནས་དགའ་སྤྲོ་བཞིན། །བདེ་སྐྱིད་དཔག་མེད་ལྡན་པའི་མགོན་ཁྱོད་ཞིང་། །ནུབ་ཕྱོགས་བདེ་བ་ཅན་དུ་འཁྲིད་དུ་གསོལ། །ཞེས་གསོལ་བ་བཏབ་ནས། ད་རྒན་མོ་ཁྱོད་ཀྱིས་འཆི་རག་གི་བར་དུ་སྤྱི་བོ་ན་མགོན་པོ་འོད་དཔག་མེད་འཁོར་བཅས་ཁྲ་ལམ་མེར་བཞུགས་ཡོད་སྙམ་དུ་གསོལ་བ་ཐོབས་དང་། ནུབ་ཕྱོགས་བདེ་བ་ཅན་དུ་རྣམ་ཤེས་དྲངས་ཡོང་ཞེས་བཤད་དེ་ཚུར་འོངས་པའི་ཕྱི་ཉིན་ཚེའི་དུས་བྱས་སོང་འདུག དེ་ནས་ལྷ་གཉན་རྒོད་རྩེའི་མགུལ་དུ་མཚུངས་མེད་དགེ་བའི་བཤེས་གཉེན་རྒྱལ་མཚན་འོད་ཟེར་དཔལ་བཟང་པོའི་སྒྲུབ་གནས་དེར་རྩ་གདན་ཞིག་བཏིངས་ནས་བསྡད་པའི་ཞག་བདུན་སོང་བའི་མཚན་མོ་མགོ་བོ་ནས་གཟེར་ཞིག་སྙིང་ཀ་དང་། ལྟེ་བ་རྐང་མཐིལ་གྱི་བར་དུ་ལན་གསུམ་བརྒྱབ་བྱུང་ཚེ། རྫོགས་ཆེན་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ནང་ལྟར། ཕྱི་སྣང་བ་དང་ནང་ཕུང་བོ་ལ་རྩལ་སྦྱོང་བའི་དམིགས་པ་བརྟན་པོ་བྱས། ཧཱུྃ་དྲག་ཏུ་བརྗོད་པའི་རྗེས་སུ་ཅི་ཡང་མ་བྱུང་། མཚན་མོ་རྨི་ལམ་དུ་མི་མ་ཡིན་མང་པོ་འཚོགས་པའི་ནང་ནས་གཅིག་ན་རེ། ཕྱིན་ཆད་བན་མིན་བོན་མིན་ཕ་གི་འདྲ་བ་ལ་ཉམས་ཚད་འདྲ་མ་བྱེད། ཁོ་གང་ཡིན་ཚོད་མི་ཐིག་པ་ཞིག་རེད། མདང་ང་ཁོ་ལ་ཉམས་ཚད་དུ་སོང་བས། ཁོས་ཧཱུྃ་ཧཱུྃ་ཟེར་བ་དང་དུས་མཉམ་དུ་ཧཱུྃ་ཆེ་ཆུང་བགྲང་ལས་འདས་པ་བུང་བ་ཚང་ཞིག་པ་ལྟར་ལུས་ཀྱི་ནང་ནས་ཕྱིར་བྱུང་། ང་འབྲོས་སའི་ཁུང་མི་རྙེད་པ་ཞིག་བྱས་བྱུང་། འདུག་རྒྱུ་ཡིན་ན་གསོད་མི་གསོད་ལ་ཐེ་ཚོམ་མི་འདུག་ཟེར་དགོད་དི་རི་རི་སོང་བ་ཞིག་རྨིས། དེ་ནས་བཟུང་རྨི་ལམ་ངན་པ་ཞིག་ཀྱང་མ་བྱུང་། ཟླ་བ་གཅིག་གི་རིང་ལ་

p. 130

ཉམས་ལེན་འཕེལ་པོ་དང་། ཁྱད་པར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བྱུང་། ཚེ་འདིར་མ་གྱུར་སེམས་ཅན་ལ་ཕན་ཐོགས་པའི་སྨོན་ལམ་རྒྱ་ཆེན་པོ་ཡང་ཡང་བཏབ། དེ་དུས་ཆོས་རྒྱལ་རིན་པོ་ཆེ་ནས་ད་རི་ཁྲོད་གཞན་དུ་མ་འགྲོ་རྩེ་གཞུང་དབེན་པའི་དགའ་ཚལ་འདིར་གཅོད་པས་བཀོད་པ་བཏང་ནས་མཚམས་ཁང་འགོལ་པོ་མང་པོ་བརྒྱབ་ཡོད། གང་ནས་བསྡད་ཀྱང་ཆོག་པས་མྱུར་དུ་ཤོག་ཅེས་བཀའ་ཤོག་འབྱོར་ནས། ལྷ་གཉན་རྒོད་རྩེའི་གཡས་ཕྱོགས་ཀྱི་ལུང་པའི་ནང་གི་བྲག་སྣ་ཕུག་པའི་ཁ་དེར་ཞག་གཅིག་བསྡད་པའི་ནུབ་མོ་བདག་གི་ཉམས་སྣང་ལ་སེར་མོ་ཞྭ་སེར་གྱོན་པ་ཞིག་གིས་གཙོ་བྱས་སྐྱ་སེར་མང་པོ་འོངས་ནས། བདག་ལ་བན་རྒན་ཁྱོད་ངེད་རྣམས་འགྲོ་བའི་ལམ་ནས་མ་འདུག་ཟེར་ཐམས་ཅད་འཚོགས་ནས་བསྡད་པའི་ཚེ། དེའི་ནང་ནས་སེར་མོ་ཞྭ་སེར་གྱོན་པ་དེ་ན་རེ། སོང་ཞེས་མི་འགྲོ་ན་བཅའ་རྒྱུ་ཞིག་ཡོད་པ་དེ་འཆོས་ཟེར། དེ་མ་ཐག་མི་ནག་པོ་གཉིས་ཀྱིས་སྐྱེ་སྣོད་ཆེན་པོ་ཞིག་ནས་སོལ་བ་ས་ལ་བླུགས་ནས་ཡར་སྤུངས་ཏེ་གཡས་གཡོན་ནས་སྦུད་པ་གཉིས་བརྒྱབ། དེའི་ནང་དུ་ཁྲོ་མི་ཚད་ལས་མི་ཞན་པ་གཉིས་བཞག་ནས་བཞུས་ཏེ། དམར་ཧང་ངེ་སོང་བ་དང་། མི་གཉིས་ཀ་ཡར་ལ་ལངས་ནས་བན་རྒན་བུ་བཟང་ན་ད་སྡོད་ཟེར། བསོ་སྒྲ་དང་བཅས་ཏེ་ཐོ་བ་གཉིས་ཕྱིར་ཁྲོ་ཡི་མགོ་ལ་བརྒྱབ་པའི་ཚེ་སྐད་ནི་དབྱར་གྱི་འབྲུག་དྲག་ཏུ་ལྡིར་བ་ལྟ་བུ་དང་། ཁྲོ་ཞག་ཕྱོགས་བཅུར་འཕྱུར་བས་ལུང་པའི་ཕུ་མདོ་ཐམས་ཅད་གཞོབ་ཐུ་ལུ་ལུ་འགྲོ་བའི་སྣང་བ་ཤར་བའི་ཚེ། ངས་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་ནས་བལྟས་པའི་ཚེ་ཁྲོ་ཡང་ཇེ་ཆུང་དང་ཁྲོ་ཞག་

p. 131

ཀྱང་ཇེ་ཉུང་ལ་སོང་བའི་མཐར་དེ་རྣམས་ལ་བྱམས་སྙིང་རྗེའི་སྒོ་ནས་མགུར་དབྱངས་འདི་བླངས། རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །མི་མཐུན་རྐྱེན་རྣམས་གྲོགས་སུ་སྒྱུར། །འདིར་འདུས་ལྷ་འདྲེ་བགེགས་ཀྱི་ཚོགས། །དར་ཅིག་རྣལ་འབྱོར་གླུ་ལ་ཉོན། །སྟེང་མཐའ་དབུས་མེད་པའི་མཁའ་དབྱིངས་སུ། །ལྷོ་སྤྲིན་འཁྲིགས་པ་མཁའ་ཡི་རྒྱན། །སྦྲང་ཆར་བབས་ན་དེ་བས་ལེགས། །དབྲི་བསྣན་མེད་པའི་རྒྱ་མཚོ་ལ། །ཆུ་གཉེར་འཁྲུགས་པ་མཚོ་ཡི་རྒྱན། །རྦ་རླབས་ཆེ་ན་དེ་བས་ལེགས། །གཡོ་འགུལ་མེད་པའི་རི་བོ་ལ། །རྩི་ཤིང་རྒྱས་པ་རི་བོའི་རྒྱན། །ཕང་ཕུང་གཡོས་ན་དེ་བས་ལེགས། །ང་གནས་ལུགས་རྟོགས་པའི་རྣལ་འབྱོར་ལ། །ཁྱོད་ལྷ་འདྲེ་འོངས་པ་རྣལ་འབྱོར་རྒྱན། །གདུག་རྩུབ་བསྟན་ན་དེ་བས་ལེགས། །ཁྱོད་ད་རེས་འོངས་པ་ངོ་མཚར་ཆེ། །ད་དེ་བས་ལྷག་པའི་ཆོ་འཕྲུལ་སྟོན། །དུས་ད་ནས་ནམ་ལངས་བར་དུ་སྡོད། །ང་བན་རྒན་ས་མེད་རྡུལ་མེད་གྱིས། །ཞེས་བླངས་ནས་ལྟ་བ་ལ་མཉམ་པར་བཞག་ཚེ། གཅིག་ན་རེ་ད་བན་རྒན་ལ་ཅི་ཡང་མ་ཟེར། ངེད་རྣམས་ཕྱིར་ལ་འགྲོ་ཟེར་ནས་ཀི་རི་རི་སོང་། དེས་ལྟ་བ་ལ་བོགས་ཐོན་པ་བྱུང་། ནངས་པར་སྔ་མོར་ལངས་ནས་ལུང་བའི་མདོ་ན་མགར་རྩེ་འབྲོག་པའི་རུ་ཁག་གཉིས་འདུག་པའི་རྩར་སོང་ཇ་ཞིག་བསླངས་པས་ནང་དུ་ཡར་བོས་ནས་སོང་ཚེ། ཁྱེད་མདང་གང་ནས་བཞུགས་ཟེར། བྲག་སྣ་ཕུག་ཡོད་པའི་ཁའི་བྲག་སྐྱིབས་ཤིག་ནས་བསྡད་སྨྲས་པས། ཡོན་བདག་རྒན་པ་ཞིག་ན་རེ། ས་དེར་སུ་གང་ཡིན་སྡོད་མི་ཉན། སྔོན་རི་ཁྲོད་པ་གཉིས་བྲག་དེའི་རྩ་བ་ནས་གུར་ཕུབ་ནས་བསྡད་པས། དགོང་ཞིག་འདབས་

p. 132

ནས་མེ་འབུད་པ་ཞིག་བྱུང་། དེའི་ཕྱིའི་མཚན་མོ་ཡང་མེ་དེ་བས་ཆེན་པོ་འབར་བའི་མཐར། འདྲེ་མོ་ལྕགས་ཀྱི་མཆུ་རིང་པོ་ཅན་ཞིག་བྱུང་ནས། སྒོ་འགྲམ་གྱི་གུར་གྱི་ཕྱིང་བ་ཕྲལ་ཏེ། མཆུ་ནང་དུ་བཏང་ནས་བལྟས་ཚེ་རི་ཁྲོད་པ་གཅིག་པོ་སྐྲག་ནས། ཕྱི་ཉིན་གྲོགས་པོ་དེ་ལ་ད་འགྲོ་གནས་འདི་འཚུབ་པར་གདའ་སྨྲས་པས། དེས་སྐྱོན་མེད་ཟེར་ནས་ཉལ་བསྡད། གཅིག་པོ་དེས་མར་མེ་ཞིག་སྦར་ཏེ་དམིགས་བརྩེ་མ་འདོན་གྱིན་བསྡད་པའི་ཚེ། སྐབས་ཤིག་འདྲེ་མོ་དེ་ཡོང་ནས་གྲོགས་མཆེད་གཉིས་ཡོད་པའི་ཐད་ཀྱི་གུར་རྒྱབ་ནས་ལྕགས་ཀྱི་མཆུ་རིང་པོ་ཞིག་བརྐྱངས་ཏེ། གྲོགས་མཆེད་ཀྱི་སྙིང་ཀར་བརྒྱབ་པས་ཁོ་གཉིད་ཀྱང་སད་ལོང་མེད་པར་གཉིད་ཁུང་ནས་སྐད་ངན་ཞིག་བཏོན་ནས་ཤི་སོང་ཚེ། དེའི་ཕྱི་ཉིན་རི་ཁྲོད་པ་གཅིག་པོ་དེ་བྲོས་ཡོང་བའི་སྐད་ཆ་འདུག ཁྱེད་ལ་མདང་འཚུབ་འདྲ་མ་བྱུང་ངམ་ཟེར། ངས་འཚུབ་ཡོང་ཚུལ་རྣམས་བཤད་པས།། ཁོས་ཡ་མཚན་ཁྱེད་རྟོགས་ལྡན་ཞིག་རེད་ཟེར་དད་པ་སྐྱེས་ནས་མར་ཞིག་ཀྱང་བྱིན། ཚུར་བསྐྱལ་ནས་ཁྱི་ཁ་ནས་ཕུད་དེ་ཕྱིར་སོང་། དེ་ནས་ཚུར་ལ་འོང་བའི་ལམ་ནས་མགར་རྩེའི་ཡིན་ཟེར་བའི་མི་གཞོན་ཞིག་གིས་ཁྱེད་ལ་རྟ་ཞིག་མེད་པ་ཨེ་ཡིན་ཟེར་བའི་ལན་དུ། རྟ་ཡོད་ཅེས་ཤིང་གི་དབྱུག་པ་སྦ་དབྱུག་འདྲ་བ་ཞིག་ཡོད་པ་དེ་རྟ་ལ་སྦྱར་ནས་མགུར་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །བཅོམ་ལྡན་ཤཱཀྱ་ཐུབ་པ་དང་། །རྣལ་འབྱོར་དབང་ཕྱུག་མི་ལ་སོགས། །སྔོན་བྱོན་མཁས་གྲུབ་ཐམས་ཅད་ཀྱིས། །བསོད་སྙོམས་བྱེད་ཚེ་ཞོན་པ་ཡི། །རྟ་རྒྱུད་བཟང་པོ་དེ་ཉིད་ལས། །ཆད་

p. 133

པའི་རྟ་ཞིག་བདག་ལ་ཡོད། །ཡར་སྣ་གསེར་གྱི་སྲབ་ཀྱིས་བཅིངས། །སྐེད་པར་གཟེར་སྟན་གསེར་སྒ་བསྟད། །ལྕགས་ཀྱི་གཟེར་མའི་གློ་ཡིས་མནན། །མར་སྣ་སྲ་བའི་ལྕགས་རྨེད་བཞག །དར་ཚོན་སྣ་ལྔའི་སྒོ་ཕྱིར་བཏིངས། །ལག་པ་གཡས་པ་རྟ་ལ་ཞོན། །རྣལ་འབྱོར་ཕྱོགས་མེད་རི་ཁྲོད་འགྲིམས། །ལོ་ཟླར་སོང་ཡང་ངལ་དུབ་མེད། །གང་དུ་བཞག་ཀྱང་དགྲ་རྐུན་མེད། །འདམ་ལ་མི་ཡི་རྟ་བས་བཟང་། །ཁྱི་ཁར་སླེབས་ཚེ་དེ་བས་ལྷག །ཅེས་བླངས་ཚེ་ཁོ་དགོད་བཞིན་སོང་། ང་ཡང་སླར་ཨུརྒེར་སླེབས་ཆོས་རྒྱལ་ཡབ་ཡུམ་ལ་མཇལ་ནས། ཉམས་ལེན་བྱས་ཚུལ་དང་ལྷ་འདྲེའི་འཚུབ་ལྷོངས་བྱུང་ཚུལ་རྣམས་ཞུས་པས། འོ་བུ་ཁྱོད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བས་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཐུབ་པ་ཤིན་ཏུ་ལེགས། ད་ཕྱིན་ཆད་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པ་ཞིག་འོང་གསུངས་ཐུགས་མཉེས་མཉེས་མཛད། ཉི་མ་ཁ་ཤས་ངལ་གསོས་ནས་བསྡད། ཉིན་རེ་བཞིན་སྐུ་མདུན་དུ་སོང་ནས་མདོ་སྔགས་ཀྱི་དཀའ་གནད་དོགས་པ་འདྲ་ཡོད་པ་རྣམས་ཞུས་པས་བཀའ་ལན་རྒྱ་ཆེར་གསུངས་ཏེ་ཉིན་མཚན་དུས་འདའ་བར་མཛད། རི་ཁྲོད་ཐཱ་ཡན་ཆིར་སོང་ནས། མཆེད་གྲོགས་རྡོ་རྗེ་སྤུན་རྣམས་དང་མཇལ་ཞིང་དགའ་སྤྲོའི་གླེང་མོ་སྣ་ཚོགས་བྱས། ངས་ཆོས་རྒྱལ་རིན་པོ་ཆེའི་གསུང་བཞིན་ཁོང་རྣམས་ལ་འདོད་མོས་ལྟར་གྱི་ཆོས་ལུང་དང་མགུར་དབྱངས་བླངས། ཁྲིད་བཏབ་ནས་མཚམས་པ་མང་པོ་ཞིག་རང་རང་གི་མཚམས་ཁང་དུ་བསྡད། གཅིག་གིས་

p. 134

གཅིག་ལ་ངོ་མི་གཏུགས་པར་ཆིག་མཚམས་བསྡམས་ནས། རྫོགས་ཆེན་ཁོ་ན་ལ་ཉམས་ལེན་བྱས་པའི་བར་དོར་གྲོལ་ཚད་རྙེད་པ་མང་པོ་བྱུང་། ངས་ཀྱང་ཕུག་པ་འདག་འབྱར་བྱས་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་གི་མུན་ཁྲིད་ལྟར་ཉམས་སུ་བླངས་པས། སྣང་ཉམས་དང་ཤེས་ཉམས་སོགས་མུན་ཁྲིད་ཀྱི་གཞུང་ནས་བཤད་པ་ལྟར་གྱི་རྟགས་མཚན་སྣ་ཚོགས་མཐོང་བས། རང་ཡང་ཤིན་ཏུ་ངོ་མཚར་བར་གྱུར། དེ་ནས་ཉིན་ཅིག་སྦྲང་ཆར་འཇམ་པོ་བབས། འཇའ་ཚོན་གྱི་རི་མོ་ཤར། རྒོད་པོ་མང་པོ་གནམ་གྱི་མཐོ་ས་ནས་ལྷོ་བྱང་འགྲིམས་པ་མཐོང་། དེ་ནས་ཉི་མ་ཚ་མོ་ཞིག་ཤར་བའི་ཚེ་རྒྱབ་རིའི་རྩེར་ཁམས་བསང་དུ་སོང་ནས་གནས་བསྟོད་ཀྱི་མགུར་དབྱངས་འདི་བླངས། །ཨེ་མ་ཡ་མཚན་དབེན་པའི་གནས། །མཁས་གྲུབ་མང་པོ་བཞུགས་པའི་ཤུལ། །མཁའ་འགྲོ་ཆོས་སྐྱོང་འདུ་བའི་ས། །ང་རང་གཅིག་པུ་འདུག་པའི་ཡུལ། །རྩེ་གཞུང་དབེན་པའི་རི་ཁྲོད་ཀྱི། །སྟེང་ནས་སྦྲང་ཆར་སི་ལི་ལི། །རྒོད་པོ་མང་པོ་ལྷོ་བྱང་འགྲིམས། །བར་ན་འཇའ་ཚོན་ཡ་ལ་ལ། །ཅོ་ག་མ་བུས་གཤོག་རྩལ་སྦྱོང་། །འོག་ན་རྩེ་ཆུ་གྱ་མ་གྱུ། །ངང་བས་མགྲིན་པ་འཁྱོགས་ནས་ལྟ། །རྒྱབ་རིའི་རྩེ་མོ་མཁའ་ལ་བསྙེགས། །ལོགས་ལ་རི་དྭགས་རྩེད་བྲོ་བརྡུངས། །མདུན་རི་སྤང་ལ་བྲག་གིས་སྤྲས། །ཁུ་བྱུག་སྐད་ཀྱིས་ཡིད་རྩེ་སྐྱོ། །གཡས་གཡོན་སྤང་གཤོངས་མེ་ཏོག་བཀྲ །རྐང་དྲུག་མང་པོ་གར་སྟབས་བྱེད། །སྟོད་སྨད་ཡོན་བདག་དད་ལྡན་གྱི། །ཕྱུགས་ལུག་མང་པོས་ས་གཞི་ཁེབས། །དེ་དག་སྐྱོང་བྱེད་ན་ཆུང་རྣམས། །གླུ་གར་རྩེད་འཇོ་སྣ་ཚོགས་སྟོན། །དེ་ལྟར་ངོ་མཚར་མཐའ་ཡས་པའི། །

p. 135

ཡིད་འོང་དབེན་པའི་གནས་མཆོག་གི །རྒྱབ་རི་ཀུན་གསལ་རྩེ་མོ་རུ། །ཉིན་གཅིག་ལྟད་མོ་བལྟ་རུ་ཕྱིན། །ཁ་ཡར་ལ་འཁོར་ནས་ཡར་ལ་བལྟས། །ཡ་གི་སྤྲིན་མེད་ནམ་མཁའ་མཐོང་། །མཐའ་བྲལ་ཆོས་དབྱིངས་ལྟ་བ་དྲན། །མཐའ་དབུས་མེད་པའི་ཉམས་ཤིག་ཤར། །ཕྱོགས་རིས་ལྟ་བ་བོར་ནས་ཐལ། །ཁ་ཕར་ལ་འཁོར་ནས་ཕར་ལ་བལྟས། །ཕ་གི་འཛམ་གླིང་ཉི་མ་མཐོང་། །གསལ་འགྲིབ་མེད་པའི་སྒོམ་པ་དྲན། །སྟོང་གསལ་འཛིན་མེད་ཉམས་ཤིག་ཤར། །སེམས་འཛིན་སྒོམ་པ་བོར་ནས་ཐལ། །ཁ་ལྷོ་རུ་འཁོར་ནས་ལྷོ་རུ་བལྟས། །བར་སྣང་འཇའ་ཚོན་རི་མོ་མཐོང་། །ཆོས་རྣམས་སྣང་སྟོང་ཟུང་འཇུག་དྲན། །འཛིན་མེད་རང་གསལ་ཉམས་ཤིག་ཤར། །རྟག་ཆད་འཛིན་པ་བོར་ནས་ཐལ། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་བལྟས། །སྣོད་བཅུད་མཁའ་ལ་བརྟེན་པར་གོ །རང་ཆས་ལྷུན་གྲུབ་འབྲས་བུ་དྲན། །བླང་དོར་མེད་པའི་ཉམས་ཤིག་ཤར། །རེ་དོགས་འབྲས་བུ་བོར་ནས་ཐལ། །ཞེས་བླངས་པས་ཉམས་སྤྲོ་བར་གྱུར། ཡང་མེ་ཏོག་མང་པོ་ཞིག་གི་ཁྲོད་དུ་ཁམས་བསང་དུ་སོང་བའི་ཚེ། རྗེ་བཙུན་མི་ལའི་མགུར་འབུམ་ནས། རྟེན་ཀུན་ནས་གྲུབ་པའི་དཀོན་མཆོག་གསུམ། །དེ་མ་བཅོས་རིག་པའི་ངང་དུ་རྫོགས། །དེ་ལ་གསོལ་བ་འདེབས་ཀྱང་མ་དགོས་སོ། །ངག་བཟླས་བརྗོད་དང་བྲལ་བའི་རྣལ་འབྱོར་བདེ། །དངོས་གྲུབ་རྣམ་གཉིས་སྟེར་བའི་ཡི་དམ་ལྷ། །ལྷ་བསྒྲུབ་མེད་འོད་གསལ་གྱི་ངང་དུ་རྫོགས། །དེ་ལ་བསྐྱེད་རིམ་སྒོམ་ཡང་མ་དགོས་སོ། །རང་ལུས་ལྷ་སྐུར་ཤར་བའི་རྣལ་འབྱོར་བདེ། །རྐྱེན་ངན་བར་

p. 136

ཆད་སེལ་བའི་མཁའ་འགྲོའི་ཚོགས། །རང་བཞིན་གཉུག་མའི་ངང་དུ་རྫོགས། །དེ་ལ་གཏོར་མ་གཏོང་ཡང་མ་དགོས་སོ། །ཚོགས་དྲུག་ལྷུགས་པར་འཇོག་པའི་རྣལ་འབྱོར་བདེ། །རྣམ་རྟོག་བགེགས་ཀྱི་འགོང་བོ་འདི། །འདྲེ་སྣང་ཆོས་ཉིད་ཀྱི་ངང་དུ་རྫོགས། །དེ་ལ་ཛ་བརྡུང་བྱ་ཡང་མ་དགོས་སོ། །རྣམ་རྟོག་ཆོས་སྐུར་ཤར་བའི་རྣལ་འབྱོར་བདེ། །ཐ་སྙད་ཚིག་གི་ལུང་རིག་ཀུན། །ཉམས་མྱོང་འོད་གསལ་གྱི་ངང་དུ་རྫོགས། །དེ་ལ་སློབ་གཉེར་བྱ་ཡང་མ་དགོས་སོ། །སྣང་བ་དཔེ་ཆར་ཤར་བའི་རྣལ་འབྱོར་བདེ། །ཞེས་པའི་མགུར་དེ་བདག་གིས་བླངས་པའི་ཚེ། བུང་བ་ལུས་ཆུང་ཞིང་སྐད་སྙན་པ་ཤིན་ཏུ་མཛེས་པ་ཞིག་གིས། །ཨང་ངེ་། ཨང་གི་སྐལ་ལྡན་གཞོན་པོ་ཁྱོད། །ཁ་ཕོ་མ་ཆེ་ཁ་རོག་སྡོད། །སྣང་བ་དཔེ་ཆར་ཤར་གྱུར་ན། །སྦྲང་མ་ང་ཡི་ལུས་པོ་དང་། །ཀུན་སྤྱོད་ཀུན་དང་མཐུན་པ་ཡི། །རྣལ་འབྱོར་ཁྱོད་ཀྱིས་གླུ་ཞིག་ལོངས། །དེས་ན་སྣང་བ་དཔེ་ཤར་ཡིན། །ཞེས་ཟེར་བའི་ལན་དུ། ཨི་ཡིད་འོང་བུང་བ་ང་ལ་ཉོན། །ཁྱོད་ལུས་པོ་ཆུང་ལ་བུང་སྒྲ་ཆེ། །ང་ཉམས་མྱོང་མེད་རུང་ཁ་ཕོ་ཆེ། །ཁྱོད་དང་ངེད་གཉིས་མཐུན་པར་འདུག །བུང་བ་ཁྱོད་ཀྱི་སྒྱུ་ལུས་དང་། །ཀུན་སྤྱོད་ཀུན་དང་མཐུན་པ་ཡི། །རྣལ་འབྱོར་ང་ཡིས་གླུ་ཞིག་ལེན། །བྱ་བཏང་རྣལ་འབྱོར་བུང་བ་ངའི། །ཀ་དག་རིག་པའི་ལུས་པོ་ལ། །ཐབས་ཤེས་གཉིས་ཀྱི་གཤོག་སྒྲོ་རྒྱས། །འོད་གསལ་ཉམས་ཀྱི་ཐིག་ལེ་བཀྲ །ཕ་རོལ་ཕྱིན་དྲུག་རྐང་ལག་ཐོགས། །ཉམས་རྟོགས་ཡོན་ཏན་རྭ་ཅོ་སྐྱེས། །བླང་དོར་འབྱེད་པའི་མིག་དང་ལྡན། །ཡོན་བདག་མེ་ཏོག་སར་འགྲོ་ཚེ། །རིན་ཆེན་མགུར་གྱི་བུམ་པ་ནས། །གླུ་དབྱངས་བུང་བའི་སྒྲ་བཞིན་སྒྲོག །ཟས་གོས་བཅུད་རྣམས་སྡུད་ཤེས་པས། །

p. 137

མདངས་ལྡན་ཡོན་བདག་མེ་ཏོག་གི །དད་པའི་མདངས་ལ་ང་མི་གནོད། །རྒས་པའི་སྤྲིན་ནག་འཐིབས་པ་དང་། །ཟུག་གཟེར་ཆེར་སྐྱ་བབས་པའི་ཚེ། །སྟོང་གསལ་ཆོས་སྐུའི་མཁའ་དབྱིངས་སུ། །ཐབས་ཤེས་གཉིས་ཀྱི་གཤོག་བརྐྱངས་ནས། །གཞོན་ནུ་བུམ་སྐུའི་ཚང་ནང་དུ། །ཕྱིར་མི་ལྡོག་པར་འཕུར་སྙིང་འདོད། །ཨེ་གོ་བར་གདའ་ཡེ་བྱས་པས། བུང་བས་ལན་དུ། རྗེས་སུ་ཡི་རང་། །གོ་བར་འདུག་གོ །གླུ་དབྱངས་སྙན་བྱུང་། །ཞེས་གཡས་སྐོར་ལན་གསུམ་བྱས་ཏེ་རྒྱང་རིང་པོར་ཕྱི་མིག་མི་བལྟ་བར་འཕུར་རོ། །ཡང་དེ་དུས་ལ་ཁ་སྤྲུལ་སྐུ་ཚང་གི་གཟིམས་ཁང་གི་གྱང་རྡུང་དུས། གྲོགས་མཆེད་ཅིག་གིས་ཁྱེད་ཀྱིས་སྒོམ་ཁང་འབུབ་པའི་གྱང་བརྡུང་ཨེ་ཤེས་ཟེར་བའི་ལན་དུ་བདག་གིས་གྱང་བརྡུང་ཤེས་ཞེས་ཀུ་རེའི་ཚུལ་དུ་མགུར་དབྱངས་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཞེན་མེད་བྱ་བཏང་རྣལ་འབྱོར་ངས། །དོན་དམ་གྱང་གི་རྡུང་ཚུལ་རྣམས། །མདོར་བསྡུས་བཤད་ཀྱིས་ལེགས་པར་ཉོན། །མཚན་ལྡན་རྩ་བའི་བླ་མ་ཡིས། །གདམས་ངག་ཟབ་མོའི་གཙོས་རྭ་བསྣམས། །རང་སེམས་གྱོང་བོར་ས་འདུལ་གནང་། །བསམ་པ་དཀར་པོའི་ཐང་ཐོག་ཏུ། །བརྩོན་འགྲུས་བཟང་པོའི་སྐྱེས་བུ་ཡིས། །དཀར་པོ་དགེ་བའི་ས་རྣམས་སྤུངས། །དྲིན་ཅན་རྩ་བའི་བླ་མ་ཡིས། །དབང་བཞིའི་ཆུ་ཡིས་རླན་པར་བྱས། །རང་བྱུང་རིག་པའི་གྱང་དཔོན་གྱིས། །ཞི་གནས་བརྟན་པོའི་གྱང་ཐིག་བླངས། །རྫོགས་པ་ཆེན་པོའི་གྱང་གཞོང་བཞག །ཀ་དག་འགྱུར་མེད་གྱང་རུ་བཙུགས། །ཡེངས་མེད་དྲན་པའི་ཐག་པས་བསྡམས། །གེགས་སེལ་བོགས་འདོན་བར་ཁྱིའུ་བཏབ། །

p. 138

བརྩོན་འགྲུས་ཟབ་མོའི་གྱང་བརྡུང་གིས། །ཡེངས་པ་མེད་པར་གྱུང་བཅག་བྱས། །ལྟ་བའི་ས་མཁར་མཐོ་དང་གཅིག །སྒོམ་པའི་རྨང་གཞི་བརྟན་དང་གཉིས། །སྤྱོད་པའི་གྱུང་བཅག་སོང་དང་གསུམ། །འདི་གསུམ་འཛོམས་པའི་ས་མཁར་དེ། །རྣམ་གཞག་གཏན་གྱི་ས་མཁར་ཡིན། །ཞེས་བླངས་པས་གྲོགས་ཀྱང་དགའ་བར་གྱུར་ཏོ། །ཡང་མི་ཞིག་གིས་ཁྱེད་ཀྱི་ཕ་ཡུལ་སྦྲ་དང་ཁང་པ་གཉིས་ཀྱི་གང་ཡིན་ཟེར་བའི་ལན་དྲང་པོར་བཤད་ནས། བདག་ལ་སྦྲ་དང་ཤིང་ཁང་མ་ཡིན་པའི་འོད་གསལ་གྱི་ཁང་བཟང་འདི་ལྟ་བུ་ཡོད་ཅེས་མགུར་དབྱངས་འདི་བླངས་སོ། །ཆོས་རྒྱལ་ངག་གི་དབང་པོ་ཡི། །ཞབས་ལ་གུས་པས་གསོལ་བ་འདེབས། །འདོད་རྒུའི་དངོས་གྲུབ་ཀུན་འབྱུང་བའི། །འོད་ཁང་འགྲུབ་པར་བྱིན་གྱིས་རློབས། །ངའི་ཕ་ཡུལ་ཁང་པ་ཤིང་ཁང་ཡིན། །བྱ་བཏང་གུ་ཡངས་བློ་བདེ་ངར། །རང་བྱུང་འོད་ལྔའི་ཁང་པ་ཡོད། །ཕ་ཡུལ་ཁང་པ་ཞིག་གིས་དོགས། །དོན་དམ་འཇིགས་མེད་ཁང་པ་ཕུབ། །ཤིང་བཟོ་རིག་པའི་ཁྱེའུ་ཆུང་གིས། །འཁྲུལ་སྣང་སྣ་ཚོགས་ཤིང་ཆ་རྣམས། །ཤེས་རབ་རྣོན་པོའི་ལག་ཆ་ཡིས། །བདེན་མེད་སྟོང་པ་ཉིད་དུ་བཟོས། །ལྟ་བའི་ས་མཁར་རྨང་གཞི་བཏིངས། །རྒྱང་ཞགས་སྒྲོན་མའི་ཀ་རྡོ་བཞག །དབྱིངས་ཀྱི་སྒྲོན་མའི་ཀ་བ་བཙུགས། །ཐིག་ལེ་སྟོང་སྒྲོན་ཕོག་ཀྱང་བཞག །འཆར་སྒོ་སྣ་ཚོགས་ཐོག་འགེབ་བྱས། །ཤེས་རབ་རང་བྱུང་སྒྲོན་མ་ཡི། །གསལ་སྟོང་འཛིན་མེད་བླ་བྲེ་འཐེན། །ལྷུན་གྲུབ་འོད་གསལ་ཁང་བཟང་ནང་། །སྟོང་གསལ་ཞི་ཁྲོའི་དཀྱིལ་འཁོར་བཀོད། །ཞེན་ཆགས་མེད་པའི་མཆོད་པ་ཕུལ། །དེང་སང་འཇིག་རྟེན་མི་རྣམས་ཀྱིས། །ཤིང་ཁང་བཟང་པོ་ཕུབ་ན་

p. 139

ཡང་། །ཡུན་རིང་མི་སྡོད་མྱུར་དུ་འཇིག །རང་བྱུང་འོད་གསལ་ཁང་བཟང་ལ། །ས་ཆུ་མེ་རླུང་འབྱུང་བའི་དགྲས། །འདི་ཉིད་གཞིག་ཅིང་གཞོམ་མི་ནུས། །འཇིག་མེད་རྡོ་རྗེའི་ཁང་པ་འདི། །ང་ལ་ཡོད་དེ་ཀུན་ལ་མེད། །སྐལ་བར་ལྡན་པའི་གདུལ་བྱ་རྣམས། །དབུབ་ན་འོད་གསལ་ཁང་པ་ཕུབས། །དགེ་འདིས་སྐལ་ལྡན་གདུལ་བྱ་ཡིས། །ཐོད་རྒལ་ཁང་བཟང་དབུབ་པར་ཤོག །ཅེས་བླངས། ཡང་གྲོགས་མཆེད་ཅིག་གིས་ཁྱེད་ཀྱིས་ནང་རྣམས་ཕྱགས་ལྷ་སྐུ་བཀྲམ་མཆོད་པ་ཕུལ་ཏེ། སྤྲོ་མོ་ཞིག་བྱས་ན་ལེགས་མོད་ཨ་ཁ་བཙོག་པ་རེད་ཟེར་བའི་ལན་དུ། ངས་ཕ་བླ་མའི་གསུང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ཀྱི་ནང་རྣམས་ཕྱགས་ལྷ་སྐུ་བཀྲམ་མཆོད་བཤམས་བཟང་པོ་བྱས་ཏེ་སྤྲོ་མོ་ཞིག་བྱས་ཡོད་ཅེས་མགུར་འདི་བླངས་སོ། །དུས་གསུམ་སངས་རྒྱས་ཐུགས་ཀྱི་སྤྲུལ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །བྱ་བཏང་ཚོགས་དྲུག་རང་གྲོལ་ང་། །མཚན་ལྡན་བླ་མའི་བྱིན་རླབས་ཀྱིས། །མཆོད་བཤམས་ཕྱི་ན་མེད་དེ་ནང་ན་ཡོད། །འོད་གསལ་རྫོགས་པ་ཆེན་པོ་ཡི། །མཆོད་ཁང་ཉི་མ་རང་ཤར་གྱི། །མཆོད་བཤམས་བྱེད་ཚུལ་འདི་ལྟར་རོ། །རང་ལུས་ལྷ་ཡི་མཆོད་ཁང་གི །ཉོན་མོངས་རྣམ་རྟོག་ས་རྡུལ་རྣམས། །ཤར་གྲོལ་དུས་མཉམ་མཆོད་གཡོག་གིས། །སྐྱེ་མེད་ཆོས་སྐུའི་ཀློང་དུ་ཕྱགས། །བཟོ་བོས་མ་བྱས་རང་བྱུང་གི །ཀ་དག་ལྷུན་གྲུབ་ལྷ་སྐུ་རྣམས། །གསལ་སྟོང་འཛིན་མེད་ངང་དུ་བཀྲམ། །ཞི་གནས་བརྟན་པོའི་མཆོད་ཁྲིའི་སྟེང་། །སྟོང་གསལ་ཀ་

p. 140

དག་མཆོད་ཡོན་ཕུལ། །འགྱུར་མེད་ཏིང་འཛིན་ཞབས་བསིལ་ཕུལ། རང་གསལ་འཛིན་མེད་མེ་ཏོག་ཕུལ། །གང་ཤར་རང་གྲོལ་བདུག་སྤོས་ཕུལ། །ཉིན་མཚན་ཁ་སྦྱོར་སྣང་གསལ་ཕུལ། །འཛིན་མེད་རང་ཤར་དྲི་ཆབ་ཕུལ། །སྣང་སྟོང་ཟུང་འཇུག་ཞལ་ཟས་ཕུལ། །གྲོག་སྟོང་སྐྱེ་མེད་སྒྲ་སྙན་ཕུལ། །འཆར་སྒོ་སྣ་ཚོགས་མཎྜལ་ཕུལ། །ལྷ་སྐུ་དགྲམ་ན་འདི་ལྟར་ཁྲོམས། །མཆོད་པ་འབུལ་ན་འདི་ལྟར་ཕུལ། །ཀུན་གྱི་མཆོད་ཁང་ཕྱི་ན་ཡོད། །ང་རྣལ་འབྱོར་མཆོད་ཁང་ནང་ན་ཡོད། །འདི་དཔལ་ལྡན་བླ་མའི་བཀའ་དྲིན་ཡིན། །ཉམས་དགའ་འོ་སྐྱིད་དོ་རྡོ་རྗེ་སྤུན། །ཞེས་བླངས་པས་གྲོགས་པོ་ན་རེ། དེ་ཡིན་ན་ངོ་མཚར་ཆེ་ཟེར་དད་གུས་བྱས་སོ། །ཡང་རང་གིས་བཟོ་མི་ཤེས་པས་སོག་ཕྱོགས་ཀྱི་སློབ་མ་ཁ་ཤས་ཀྱིས། ངས་གཟན་ཆད་པ་སླར་བཙེམ་གྱིན་ཡོད་པའི་དུས་ཤིག་ཁྱེད་ཀྱི་བཟོ་མི་བཟང་བར་གདའ། ཁྱེད་དང་པོ་ཡུལ་ན་ཡོད་པའི་ཚེ་གོན་པ་འདྲ་མ་བཟོས་པ་ཡིན་ནམ་ཟེར་བའི་ལན་དུ་མགུར་དབྱངས་འདི་བླངས་སོ།། །།བཀའ་དྲིན་གསུམ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨོར་གུས་པས་འདུད། །འོད་གསལ་སྣང་བཞིའི་གོས་ཆེན་གྱི། །བཟོ་ལ་མཁས་པར་བྱིན་གྱིས་རློབས། །ངས་འདུས་བྱས་གོན་པ་ཟད་ཀྱིས་དོགས། །ཀུན་རྫོབ་གོས་ཕྲུག་བཙེམ་མ་མྱོང་། །དོན་དམ་འདུས་མ་བྱས་ཀྱི་གོས། །ད་ལྟ་བཟོས་ཏེ་གྱོན་ནས་ཡོད། །བཟོ་བ་ཤེས་རབ་དོན་འགྲུབ་ཀྱིས། །ཐོས་བསམ་གཉིས་ཀྱི་སྤུ་གྲི་ཡིས། །འོད་གསལ་རྫོགས་ཆེན་གོས་བཟང་ལ། །གནས་ལུགས་རྟོགས་པས་བཟོ་གཅོད་བྱས། །སྙིང་རུས་སྡུག་བསྲན་མཐེབ་ལྕིབས་གྱོན། །བརྩོན་འགྲུབ་ཆད་མེད་སྐུད་པ་དེ། །བླ་མའི་གདམས་ངག་ཁབ་ཏུ་བརྒྱུས། །ཀ་

p. 141

དག་ཆོས་དབྱིངས་ཁང་པ་ནས། །འདུག་སྟངས་ལྟ་སྟངས་མཛུབ་མོ་ཡིས། །སྒྲོན་མ་བཞི་ཡི་ཁབ་སྐུད་དྲངས། །འོད་གསལ་གོས་ཆེན་ལེགས་པར་བཟོས། །ཉིན་མཚན་མེད་པར་གྱོན་ནས་ཡོད། །སྐལ་བར་ལྡན་པའི་བུ་སློབ་ཀུན། །བཟོ་ན་འོད་གསལ་གོན་པ་བཟོས། །ཉོན་མོངས་ཚ་གྲང་སྐྱོབ་པ་ལ། །འདི་འདྲའི་གོན་པ་གཞན་ན་མེད། །གྱོན་ན་ཡང་ལ་མཚོན་ཁར་ས། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་གྱི། །ཁྱད་ཆོས་གོན་པ་ཡིན་ནོ་བུ། །དགེ་འདིས་མཁའ་མཉམ་འགྲོ་ཀུན་གྱི། །ཉོན་མོངས་ཚ་གྲང་ཡོངས་སྐྱོབ་པའི། །འོད་གསལ་རྫོགས་པ་ཆེན་པོ་ཡི། །སྣང་བཞིའི་གོས་ཆེན་གྱོན་པར་ཤོག །ཅེས་བླངས་པས་བུ་སློབ་རྣམས་ཀྱང་དད་པ་གོང་འཕེལ་དུ་གྱུར་ཏོ། །ཡང་མི་ཞིག་གིས་ཁྱེད་སྨན་པ་ཨེ་ཡིན་ལག་ན་སྨན་རེ་མེད་དམ་ཟེར་བའི་ལན་དུ་གླུ་དབྱངས་འདི་ཡིད་ལ་ཤར་བ་ལྟར་བླངས་སོ། །ཕ་རྒན་ཆོས་ཀྱི་རྒྱལ་པོར་འདུད། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངའི། །བྱང་ཁོག་སྟོད་ཀྱི་སྨན་ཁང་ན། །དུག་ལྔའི་ནད་སེལ་སྨན་གྱི་མཆོག །རྫོགས་ཆེན་ཨ་རུ་རྣམ་རྒྱལ་དང་། །མདོ་སྔགས་ཟབ་ཆོས་སྨན་མང་ཡོད། །བླ་མའི་ཞལ་ཤེས་སྡེབ་སྦྱོར་ཚང་། །རིག་པའི་འཚོ་བྱེད་གཞོན་ནུ་ཡི། །མགྲིན་པ་རིན་ཆེན་གསེར་སྐྱོགས་ཀྱིས། །ལེགས་བཤད་སྨན་ནི་གང་འདོད་སྟེར། །དད་གུས་དོན་གཉེར་དཀར་ཡོལ་ནས། །རྣམ་དཔྱོད་ལྗགས་ཀྱིས་གསོལ་ནུས་ན། །ང་བདག་འཛིན་པའི་གཅོང་ནད་ཞི། །དུག་གསུམ་རླུང་མཁྲིས་བད་ཀན་སེལ། །ཆགས་སྡང་ན་ཟུག་ཀུན་སངས་ནས། །དམ་ཆོས་ཟས་ལ་ཉེར་ལེན་འབྱུང་། །ཉམས་རྟོགས་ལུས་སྟོབས་མྱུར་དུ་རྒྱས། །གཞན་གྱི་ནད་ལའང་ཕན་

p. 142

ཐོགས་འབྱུང་། །ཞེས་བླངས། ཡང་སྔགས་པ་ཞིག་གིས་ཁྱེད་ཀྱིས་མཐུ་ཨེ་ཤེས། སྔོན་ཚོ་མཐུ་འདྲ་ཨེ་བྱས་ཟེར་བའི་ལན་དུ་གླུ་འདི་ཡིད་ལ་ཤར་བ་ལྟར་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ངར། །བདག་འཛིན་ཟེར་བའི་དགྲ་ཞིག་གིས། །མི་འདོད་སྣ་དགུ་ཡང་ཡང་བཏང་། །དེ་ལ་ང་ཡིས་མཐུ་ཞིག་བྱས། །མཐུ་ནི་ཇི་ལྟར་བྱས་ཟེར་ན། །དང་པོ་བླ་མ་མཐུ་མཁན་ལ། །དད་གུས་བཟང་པོའི་ཕྱག་རྟེན་ཕུལ། །དགྲ་བོ་ཕམ་ཐབས་མཐུ་དགོས་ཞུས། །བླ་མས་བདག་ལ་དགྱེས་བཞིན་དུ། །མདོ་སྔགས་མཐུ་ནི་མང་པོ་བསླབས། །དེ་ནས་རི་ཁྲོད་སྒྲུབ་ཁང་དུ། །བྱ་བཏང་དྲག་པོའི་ཆས་སུ་ཞུགས། །ཅིས་ཀྱང་དོགས་མེད་དྲག་སྔགས་བགྲངས། །ཞི་གནས་བརྟན་པོའི་འབྲུབ་ཁུང་བརྩིགས། །སོར་རྟོག་ཕོ་ཉས་དབང་མེད་བཀུག །སྟོང་ཉིད་ཡེ་ཤེས་མཚོན་གྱིས་བསྒྲལ། །སྐྱེ་མེད་ཆོས་སྐུའི་ཞལ་དུ་བསྟབས། །མཐུ་འདི་སློབ་པའི་མི་ཡོད་དམ། །ཡོད་ན་ཕངས་མེད་སྟེར་བ་ཡིན། །ཞེས་བླངས། ཡང་འགའ་རེས་ཁྱེད་ཕ་ཡུལ་ཡོད་དུས་ཆུང་མ་ཨེ་བླངས་ཟེར་བའི་ལན་དུ། འཇིག་རྟེན་ཆུང་མ་མ་བླངས། རྗེས་ནས་ཆོས་ཀྱི་ཆུང་མ་འདི་ལྟར་བླངས་ཞེས་རྣར་སྙན་ཡིད་འབབ་ཀྱི་མགུར་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །འཇིག་རྟེན་སྡུག་གི་ཆུང་མ་དེ། །སྐྱོ་བ་སྐྱེས་ནས་ངས་མ་བླངས། །དམ་ཆོས་སྐྱིད་ཀྱི་ཆུང་མ་དེ། །བདག་གིས་བླངས་ཚུལ་བཤད་ཀྱིས་ཉོན། །མཚན་ལྡན་བླ་མས་བར་པ་བྱས། །འཁོར་བའི་ཕུན་ཚོགས་རིན་དུ་འཇལ། །མཆོག་གསུམ་རྩ་གསུམ་ཕ་མེས་ཀྱིས། །སྟོང་ཉིད་ན་ཆུང་མཛེས་

p. 143

འཛུམ་མ། །བདེ་གསལ་མི་རྟོག་གོས་རྒྱན་བཏགས། །འཕགས་ནོར་བདུན་གྱི་སྐྱེས་དང་བཅས། །ཆོས་དབྱིངས་ལམ་ལ་བསྐྱལ་ནས་འོངས། །སྦྱོར་བའི་ཆོས་ཀྱི་སྔུན་ནས་བསུས། །དད་པ་བརྟན་པོའི་གདན་ལ་བཞག །མོས་གུས་དག་སྣང་ཤ་ཆང་དྲངས། །ཟབ་རྒྱས་ཆོས་ཀྱི་སྟོན་མོ་བཤམས། །བདེན་པ་གཉིས་ཀྱི་བ ཤད་པ་བྱས། །རྟེན་ཅིང་འབྲེལ་འབྱུང་གླུ་དབྱངས་བླངས། །བདེ་ཆེན་ཉམས་ཀྱི་བྲོ་གར་འཁྲབ། །མཚན་ལྡན་བླ་མ་བར་པ་ཡིས། །འཛད་མེད་བྱིན་རླབས་མག་ལྭ་བསྐོན། །དངོས་གྲུབ་སྣ་ཚོགས་ཕྱྭ་གཡང་བོས། །བར་པ་དྲིན་ཅན་བླ་མ་ལ། །བསམ་སྦྱོར་གཉིས་ཀྱི་ཕྱག་རྟེན་ཕུལ། །ཐབས་མཁས་བསྡུ་བཞིའི་སྟོན་མཇུག་བསྡུས། །མགྲོན་རྣམས་ཆོས་ཀྱི་དབྱིངས་སུ་གྱེས། །གཏན་གྱི་བདེ་སྟེར་གཞོན་ནུ་མར། །ཐབས་ཤེས་གཉིས་ཀྱི་ལག་པས་འཁྱུད། །བདེ་སྟོང་འོ་དང་སྦྱོར་བ་བྱས། །བཅོས་མིན་སྙིང་རྗེ་བུ་གཅིག་བྱུང་། །བསྒོམ་བྱུང་ཤེས་རབ་བུ་མོ་བྱུང་། །ཉམས་རྟོགས་ཡོན་ཏན་འཛད་མེད་ཀྱི། །ནམ་མཁའ་མཛོད་ལ་མངའ་དབང་བསྒྱུར། །ད་ལྟ་བློ་སེམས་བདེ་མོར་གདའ། །ཨེ་མ་རྨད་བྱུང་སྐལ་བ་བཟང་། །བདག་གིས་ཆུང་མ་བླངས་པ་བཞིན། །ཆོས་མཛད་ཀུན་གྱིས་ལེན་པར་གྱིས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ཆོས་ཀྱི་ཆུང་མ་ལེན་པར་སྨོན། །ཞེས་བླངས། ཡང་བེནྡ་ཞིག་གིས། ཁྱེད་ཀྱིས་རི་མོ་བྲིས་པ་ལེགས་པས། ཁྱེད་ལྷ་བཟོ་ཞིག་མ་ཡིན་ནམ་ཟེར་བའི་ལན་དུ་འདི་སྐད་ཅེས་སྨྲས། ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །བསམ་པ་བཟང་པོའི་རས་དཀར་དེ། །ཚད་

p. 144

མེད་བཞི་ཡི་ཤིང་གིས་བརྒྱངས། །ཚུལ་ཁྲིམས་གཙང་མས་རས་འདུལ་བྱས། །དད་པ་འགྱུར་མེད་ཀ་རག་བཏང་། །དགེ་བཅུའི་གཟི་ཡིས་ཡང་ཡང་བརྡར། །དང་པོ་ཐོས་པའི་སྐྱ་ཐིག་བརྒྱབ། །བར་དུ་བསམ་པས་ལེགས་པར་བྲིས། །ཐ་མར་སྒོམ་པའི་ཚོན་རྩིས་བྱུགས། །ཉམས་རྟོགས་ཁ་དོག་སྣ་ཚོགས་ཤར། །ཨེ་མ་ལྷ་བཟོ་མི་བཟང་ངམ། །ཞེས་སྨྲས། ཡང་དགེ་སློང་ཞིག་གིས་ཁྱེད་ཀྱིས་ཡི་གེ་ཨེ་འབྲི་ཟེར་བའི་ཚེ་ལན་དྲང་པོར་སྨྲས་ནས་འདི་ཡིད་ལ་ཤར་བ་ལྟར་བླངས་སོ། །དྲིན་ཅན་མཚན་ལྡན་གྱི་བླ་མར་འདུད། །ཚོགས་དྲུག་རང་གྲོལ་གྱི་མིང་ཅན་ངས། །སེམས་ཉིད་གྱོང་བོ་ཡི་ཤོག་གུ་དེ། །ཐུན་མོང་ལམ་རིམ་གྱིས་བརྡུང་ཤད་བྱས། །བསྐྱེད་རྫོགས་རྫོགས་ཆེན་གྱིས་ཐིག་བཏབ་ནས། །བསྒོམ་དང་སྙིང་རུས་ཀྱི་པིར་སྨྱུག་གིས། །རི་ཁྲོད་དབེན་པ་ཡི་ཁྱམས་རོ་ན། །ཉམས་མྱོང་གསེར་ཡིག་དེ་རྟག་ཏུ་འབྲི། །ཞེས་པ་ལ་སོགས་པའི་ཉམས་ཀྱི་རྩལ་སྣང་ལ་གང་ཤར་ཐམས་ཅད་མ་བཀག་པར་གླུ་དབྱངས་སུ་བླངས་པས་ཟད་པ་མེད་པ་འདྲ་བ་ཞིག་བྱུང་ངོ་། །ཡང་བདག་གི་མཁན་ཆེན་དགེ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་པར་དཀའ་བ་ཨ་རིག་དགེ་བཤེས་རིན་པོ་ཆེ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོ་གཟུགས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ། སྐུ་གཞོགས་རྒྱལ་མཁན་ཆེན་རིན་པོ་ཆེས་གསན་ནས་བདག་ལ་ཕྱག་བྲིས་འདི་བསྐུར་སྣང་། ཀྱེ་ཧུད་ཡང་གཅིག་ཚུར་གསོན། །གསུམ་ལྡན་རྡོ་རྗེ་འཛིན་པ། །མཁན་ཆེན་དགེ་བའི་བཤེས་གཉེན། །དག་པའི་ཞིང་དུ་གཤེགས་སོང་། །མི་རྟག་སྟོན་པའི་བླ་མར། །ཤེས་པར་གྱིས་ལ་དགོངས་མཛོད། །ཕྱོགས་བཅུའི་རྣམ་འདྲེན་ཡོངས་ལས། །བཀའ་དྲིན་ལྷག་པར་ཆེ་བའི། །

p. 145

བཀའ་བཞིན་བསྒྲུབ་པའི་མཆོད་པར། །གནང་བའི་སྡོམ་གསུམ་བཅས་མཚམས། །མིག་བཞིན་བསྲུང་བར་མཛད་ཐོག །ཚེ་དང་སྒྲུབ་པ་སྙོམས་ལ། །བྱང་ཆུབ་ཆེན་པོ་སྒྲུབས་དང་། བླ་མའི་ཐུགས་དགོངས་རྫོགས་ཤིང་། །འཕྲལ་ཕུགས་བཞེད་དོན་འགྲུབ་ཡོང་། །བཟང་སྤྱོད་སྒྲོལ་མ་གཉིས་ཀྱང་། །ཅི་ལྕོགས་གསུང་སྒྲོག་མཛོད་ཅིག །རྫོགས་ཆེན་ལྟ་བ་མཐོ་སྟེ། །རིམ་གཉིས་ཉམས་ལེན་ཟབ་ཀྱང་། །སྡོམ་གསུམ་དཀར་ཆོས་གཞི་མ། །རྟེན་གྱི་སྒོ་ནས་སྟོབས་ཆེ། །ས་ལམ་བགྲོད་པར་མྱུར་བས། །ཕམ་ལྷག་ལྟུང་བས་དབེན་ན། །མ་བསྒོམས་པར་ཡང་ཟུང་འཇུག །གྲུབ་ཅེས་རྒྱུད་ནས་གསུངས་སོ། །འདོད་པའི་ཡོན་ཏན་ལྔ་ལ། །མ་ཆགས་ཆགས་ཡུལ་ཚོལ་ལ། །མེད་གཤིས་ཅེར་གྱིས་ལྟོས་ལ། །རང་སར་གྲོལ་བར་མཛོད་ཅིག །ཉོན་མོངས་དུག་ལྔའི་དགྲ་ལ། །མ་སྡང་སྡང་ཡུལ་ཚོལ་ལ། །མེད་གཤིས་ཅེར་གྱིས་ལྟོས་ལ། །རང་སར་གྲོལ་བར་མཛོད་ཅིག །ཁོར་ཡུག་རྟོག་མེད་ལྟ་བ། །གཉིས་མེད་ངང་དུ་གྲོལ་ན། །བླང་དོར་དགག་སྒྲུབ་མེད་པར། །འཁོར་འདས་རོ་མཉམ་ཡིན་ཀྱང་། །བདེན་གཉིས་ཐབས་དང་ཐབས་འབྱུང་། །རང་བཞིན་མེད་དང་ལྟོས་གྲུབ། །འགག་མེད་གྲོགས་སུ་ཤར་ན། །མཐའ་བྲལ་དབུ་མིའ་ལྟ་བ། །དེ་ཕྱིར་ལས་འབྲས་ཕྲ་ཞིབ། །ཚོགས་གསོག་སྒྲིབ་སྦྱོང་བཟླས་བརྗོད། །ཀུན་རྫོབ་ཐ་སྙད་ཙམ་དུ། །ཞེན་མེད་བླང་དོར་མཛད་ན། །བསླུ་མེད་རྟེན་འབྲེལ་འཚོགས་པས། །སྐུ་གཉིས་མངོན་དུ་འགྱུར་ཞིང་། །རྣམ་དཀར་མདུན་མའི་ཡང་རྩེ། །བཞེད་དོན་ཇི་བཞིན་འབྱུང་ངོ་། གཏན་བདེ་བསྒྲུབ་པའི་གྲོགས་ལ། །ལ་ལུང་ཉུལ་བའི་རིག་འཛིན། །འཛིན་མེད་མཁན་པོ་པདྨས། །མ་ལྟར་བརྩེ་བས་ཕུལ་ལོ། །

p. 146

ཞེས་གསུངས་པ་གོ་ནས། བླ་མའི་ཐུགས་དགོངས་རྫོགས་པའི་ཕྱིར་ཅི་འབྱོར་གྱི་མཆོད་པ་ཕུལ་ནས་གསོལ་འདེབས་བྱས། སྒྲོལ་མ་དང་བཟང་སྤྱོད་བཏོན་ནས་རྗེས་སུ་གདུང་དབྱངས་འདི་བླངས། རྗེ་ཟླ་མེད་བླ་མ་རིན་ཆེན་དེས། །གཏིང་མཐའ་མེད་སྲིད་པའི་མཚོ་ཆེན་ལ། །ཚད་བཟུང་མེད་བསོད་ནམས་གྲུ་ཆེན་བཏང་། །རྟག་ཆད་མེད་ཡེ་ཤེས་དར་ཆེན་འཕྱུར། །སྨོན་དྲི་མེད་རླུང་གིས་ཤུགས་ཆེན་བསྐྱོད། །སྐྱིད་དཔག་མེད་ལྡན་པའི་བདེ་ལྡན་ཞིང་། །འཕོ་འགྱུར་མེད་གསེར་གྱི་གླིང་ཆེན་བསྙེགས། །འབངས་སྐལ་མེད་འཁོར་བའི་མཚོ་ཆེན་ལུས། །ཕ་སྲིད་མཚོ་སྒྲོལ་བའི་དེད་དཔོན་མཆོག །ཞིང་དག་པ་རབ་འབྱམས་གར་བཞུགས་ཀྱང་། །བུས་མགོན་སྐྱབས་བོར་བའི་སྨྲེ་སྔགས་ཀྱི། །དབྱངས་འདི་ལ་དར་ཅིག་གསན་པར་ཞུ། །སྔོན་སྨོན་ལམ་རྟ་ལྗང་སྟོབས་ཀྱིས་དྲངས། །བོད་གངས་ཅན་ལྷ་ཡི་ལམ་ལ་མཛེས། །འཕྲིན་ལས་ཀྱི་འོད་སྟོང་དྲ་བ་ཅན། །རྗེ་ཐུབ་བསྟན་པད་ཚལ་གཉེན་གཅིག་ནུབ། །ཕྲན་སྐལ་མེད་ནུབ་ཀྱི་ས་འཛིན་རྩེར། །མགོན་ཉིན་བྱེད་ཁྱོད་ཀྱིས་བོར་བའི་མོད། །ཡིད་དགའ་བ་ཉམས་པའི་ཟླ་ཟེར་དང་། །སེམས་གདུངས་པའི་ཀུ་མུད་མཉམ་དུ་གཡོས། །བདག་ཡིད་ལ་བུད་ཤིང་མེད་ན་ཡང་། །སྡུག་བསྔལ་གྱི་མེ་ཆེན་རབ་ཏུ་སྦར། །གདོང་མིག་གི་མཁའ་ལ་སྤྲིན་མེད་ཀྱང་། །མཆི་མ་ཡི་ཆར་རྒྱུན་དྲག་ཏུ་བབས། །མགོན་ཁྱོད་ཀྱི་རྗེས་སུ་འཇུག་འདོད་བདག །སྟོབས་ལྡན་གྱི་ཉོན་མོངས་དགྲ་བོ་ཡིས། །དབང་མེད་དུ་འཁོར་བའི་བཙོན་རར་ཁྲིད། །བདག་འཛིན་གྱི་ལྕགས་སྒྲོག་དམ་པོས་བཅིངས། །ཉིན་རེ་རེ་བཞིན་དུ་ན་རྒ་དང་། །འབྱོར་རྒུད་ཀྱི་ཆད་པས་ཡང་ཡང་མནར། །བུ་འདི་འདྲའི་ཉམ་

p. 147

ཐག་གནས་གྱུར་པ། །ཕས་མི་མངོན་དབྱིངས་ནས་མ་གཟིགས་སམ། །སྔོན་བྱོན་གྱི་རྒྱལ་བ་ཐམས་ཅད་ཀྱིས། །ལས་སྐལ་དམན་སྤངས་ནས་ཐར་པར་གཤེགས། །ད་འཇིགས་སར་སྐྱེལ་མས་བསླུས་པ་བཞིན། །དམན་ཀུན་ལ་ཆེས་ཆེར་བརྩེ་བ་ཡི། །མགོན་ཁྱོད་ཀྱིས་བདག་ཅག་འདོར་ཕོད་དམ། །སྔོན་ཐུགས་བསྐྱེད་དམ་བཅའ་ཇི་བཞིན་དུ། །ཐུགས་ཆོས་དབྱིངས་མཁའ་ལས་མ་གཡོས་བཞིན། །སླར་ཡང་སྤྲུལ་ཉི་མ་གཞོན་ནུ་ཞིག །འོད་ལམ་ལམ་མྱུར་བར་བསྟན་དུ་གསོལ། །ཐུབ་བསྟན་གྱི་པད་ཚལ་བསྐྱང་དུ་གསོལ། །བདག་བློ་ཡི་མུན་པ་བསལ་དུ་གསོལ། །དགེ་ལེགས་ཀྱི་ཉིན་མོར་བྱེད་དུ་གསོལ། །མགོན་ཁྱོད་ཀྱི་རྗེས་འཇུག་བདག་ཅག་རྣམས། །མགོན་ཁྱོད་ནི་ཞིང་ཁམས་གར་བཞུགས་ཀྱང་། །མགོན་ཁྱོད་ཀྱི་དྲུང་དུ་སྐྱེས་ནས་ཀྱང་། །མགོན་ཁྱོད་དང་ནམ་ཡང་མི་འབྲལ་ཤོག །མགོན་ཁྱོད་མཉེས་འབའ་ཞིག་བསྒྲུབ་པ་དང་། །མགོན་ཁྱོད་གསུང་བདུད་རྩི་ངོམས་མེད་མྱངས། །མགོན་ཁྱོད་བཞིན་སྒྲུབ་ལ་རྟག་གཞོལ་ནས། །མགོན་ཁྱོད་དང་མྱུར་དུ་མཚུངས་པར་ཤོག །ཅེས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་སྨོན་ལམ་ཀྱང་བཏབ་བོ། །སྨྲས་པ། མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུའི་སྐུར། །མཚན་པའི་ཐུབ་དབང་སྤྱི་བོའི་རྒྱན་དུ་བཞུགས། །མཚན་ནས་བརྗོད་བཞིན་གུས་པས་གསོལ་བ་འདེབས། །མཚན་ཐོས་ཙམ་གྱིས་གྲོལ་བར་བྱིན་གྱིས་རློབས། །བླ་མའི་རྣམ་ཐར་ཡང་ཡང་མ་བཤད་ན། །སློབ་མ་རྣམས་ཀྱི་ཡིད་ལ་མི་གཅགས་པས། །དེ་ཕྱིར་ཐག་ཉེའི་དབེན་པ་བསྟེན་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །གནས་དེར་མཚམས་སྒྲུབ་བྱེད་མཁན་མང་སྟབས་ཀྱིས། །འདུ་འཛི་ཆེར་

p. 148

སོང་ཉམས་ལེན་མ་འཕེལ་ཚེ། །རི་ཁྲོད་དབེན་པ་ཞིག་ཏུ་སོང་ན་སྙམ། །ཆོས་རྒྱལ་རིན་པོ་ཆེ་ལ་ཞུས་པའི་ཚེ། །ཁོང་གིས་སྟག་མོ་རྫོང་དུ་སོང་ཞིག་གསུངས། །བཀའ་བཞིན་བསྒྲུབ་པའི་མཆོད་པའི་མགུར་དབྱངས་ཕུལ། །དེ་ཡི་ལན་དུ་ཁོང་གིས་ཐུགས་བརྩེའི་སྒོས། །ཚེ་འདི་བློ་ཡིས་གཏོང་ཚུལ་ཞལ་གདམས་གནང་། །འགྲོ་ཁར་བདེ་ཞུས་ཕུལ་དུས་བྱིན་རླབས་མཛད། །རིང་མིན་མྱུར་དུ་མཇལ་བའི་སྨོན་ལམ་བཏབ། །རྩེ་གཞུང་དབེན་པར་བཞུགས་པའི་མཆེད་གྲོགས་ལ། །དགེ་བའི་གསལ་འདེབས་བསླབ་བྱའི་མགུར་དབྱངས་ཕུལ། །པདྨ་རང་གྲོལ་བཀྲ་ཤིས་འཁྱིལ་དུ་བརྫངས། །རང་ཉིད་སྟག་མོ་རྫོང་ལ་འགྲོ་ཞོར་ལ། །གཙང་གི་དགོན་པར་སོང་ནས་ཞག་བདུན་བསྡད། །གྲུབ་ཐོབ་བརྒྱད་ཅུའི་རྣམ་ཐར་ཞིག་ལ་བལྟས། །ཉམས་ལེན་བྱེད་འདོད་བློ་ཤེད་ཆེ་རུ་སོང་། །བླ་མ་རྣམས་ལ་མཇལ་ནས་ཆོས་འབྲེལ་ཞུས། །སྟག་མོ་རྫོང་སོང་ཞག་གཅིག་སོང་བའི་ནུབ། །ལྷ་འདྲེའི་ཆོ་འཕྲུལ་འཇིགས་པའི་སྒྲ་ཡང་བྱུང་། །གཅོད་དམིགས་བཏང་བས་ལྷ་འདྲེ་དགའ་བར་གྱུར། །ཉམས་དགའ་སྤྲོ་ནས་གནས་བསྟོད་མགུར་དབྱངས་བླངས། །ཨ་མ་དྲན་ནས་འགྲོ་ལ་སྙིང་རྗེ་སྐྱེས། །ཉམ་ཐག་སྤྲང་པོ་སོགས་ལ་སྦྱིན་པ་བཏང་། །ཁམས་བསང་ཆེད་དུ་ཁྭ་ཏའི་བསྟན་བཅོས་བརྩམས། །གནས་དེ་འགོལ་བས་ཉམས་ལེན་འཕེལ་པོ་བྱུང་། །དེ་ནས་ཐོན་ཏེ་རྭ་རྒྱའི་དགོན་དུ་སོང་། །བླ་མ་སྐྱེས་ཆེན་རྣམས་ལ་ཆོས་འབྲེལ་ཞུས། །གེ་ཐོའི་རི་ལ་སོང་ནས་གནས་འབྲེལ་བཞག །བླ་རྒན་ཞིག་གིས་རྒྱལ་བ་ཡབ་སྲས་ཀྱི། །གསུང་འབུམ་ཀློག་པ་མཐོང་ནས་གཡར་པོ་བྱས། །རྒྱལ་བ་གཉིས་པར་གསོལ་བ་འདེབས་བཞིན་དུ། །

p. 149

བལྟས་པས་སེམས་ལ་ཕན་ཐོགས་ཆེན་པོ་བྱུང་། །མདོ་སྔགས་བསྟན་པ་གསལ་བར་མཛད་པ་ཡི། །ལེགས་བཤད་འདི་འདྲར་མཇལ་བ་སྐལ་བཟང་སྙམ། །ཡོན་བདག་ཅིག་ལ་རྒྱལ་བའི་བཀའ་མོ་བཏབ། །ཁོ་རང་སྣང་བ་དམ་པའི་ཆོས་ལ་འགྱུར། །དེ་ནས་ཚུར་འོངས་རྭ་རྒྱའི་དགོན་པའི་མཐའི། །ནད་མ་ཞིག་མཐོང་སྙིང་རྗེ་འཕོ་བ་བཏབ། །ལྷ་གཉན་རྒོད་རྩེར་འོངས་ནས་གནས་འབྲེལ་བཞག །དགོང་ཞིག་ལྷ་འདྲེས་གནོད་པའི་གཟེར་ཞིག་བྱུང་། །ཧཱུཾ་སྦྱང་བྱས་པས་ལྷ་འདྲེ་སྐྲག་ནས་བྲོས། །དེ་དུས་ཆོས་རྒྱལ་མཆོག་གིས་ཤོག་ཅིག་གསུངས། །ཚུར་ལ་འོང་ཁར་ལྷ་གཉན་རྒོད་རྩེ་ཡི། གཡས་ཕྱོགས་ལུང་བའི་བྲག་སྣ་ཞིག་ཏུ་བསྡདོ། །མཚན་མོ་ལྷ་འདྲེ་མང་པོའི་ཆོ་འཕྲུལ་བྱུང་། །གནས་ལུགས་ངང་ལ་བཞག་ནས་ལྟ་མགུར་བླངས། །ལྷ་འདྲེ་ཕྱིར་ལོག་རང་རང་གནས་སུ་སོང་། །དེ་དུས་ལྟ་བ་བོགས་ཀྱང་ཐོན་པ་བྱུང་། །ལམ་ནས་མགུར་འདྲ་ལེན་བཞིན་ཨུནེ་རུ། །སླེབས་ནས་ཆོས་རྒྱལ་མཆོག་ལ་མཇལ་བའི་དུས། །ཉམས་ལེན་བྱས་ཚུལ་ལྷ་འདྲེའི་ཆོ་འཕྲུལ་སོགས། །འོངས་ཚུལ་ཞུས་པས་ཁོང་གིས་ཐུགས་དགྱེས་བཞིན། །ཁྱོད་ནི་མི་མཐུན་ཕྱོགས་ལས་རྣམ་རྒྱལ་བའི། །སྒྲུབ་པའི་རྒྱལ་མཚན་ཚུགས་པ་ཤིན་ཏུ་ལེགས། །ཕྱིན་ཆད་བར་ཆད་གང་གིས་མི་ཚུགས་པར། །འདུག་ཅེས་ལུང་བསྟན་གནང་བས་ལྷ་ཕྱག་ཕུལ། །ཉི་མ་ཁ་ཤས་ངལ་གསོས་མདུན་དུ་སོང་། །མདོ་སྔགས་དཀའ་གནད་དོགས་པ་མང་པོ་ཞུས། །ལན་ཀྱང་རྒྱ་ཆེར་གསུངས་པས་ཉིན་མཚན་ཀུན། །དམ་པའི་ཆོས་ཀྱིས་འདའ་བའི་སྐལ་བ་བྱུང་། །དེ་ནས་རྩེ་གཞུང་དབེན་པའི་གནས་སུ་སོང་། །

p. 150

མཆེད་གྲོགས་རྣམས་དང་མཇལ་བས་དགའ་སྤྲོ་ཤར། །ངས་ཀྱང་ཆོས་རྒྱལ་མཆོག་གི་བཀའ་བཞིན་དུ། །ཁོང་ཚོར་ཁྲིད་བྱས་མཚམས་ལ་སྡོད་དུ་བཅུག །ཉམས་ལེན་གཙོ་བོ་རྫོགས་པ་ཆེན་པོར་བྱས། །ཉམས་རྟོགས་ཡོན་ཏན་མང་པོ་སྐྱེས་པ་བྱུང་། །བདག་ཀྱང་མུན་ཁྲིད་ཅིག་ལ་བསྡད་པའི་ཚེ། །རྟགས་མཚན་སྣ་ཚོགས་མཐོང་བས་ངོ་མཚར་སྐྱེས། །ཉིན་ཅིག་ཁམས་བསང་གནས་བསྟོད་མགུར་དབྱངས་བླངས། །སྦྲང་མའི་བསྟན་བཅོས་གྱང་གི་བརྡུང་ཚུལ་སོགས། །རང་གི་ཉམས་ལ་གང་ཤར་གླུ་རུ་བླངས། །ཡོངས་འཛིན་ཨ་རིག་དགེ་བཤེས་ཞིང་གཞན་དུ། །གཤེགས་པ་ཐོས་པས་ཐུགས་དགོངས་རྫོགས་པའི་ཕྱིར། །ཅི་འབྱོར་མཆོད་པ་ཕུལ་ནས་གདུངས་དབྱངས་བླངས། །ཚེ་རབས་ཀུན་ཏུ་མཇལ་བའི་སྨོན་ལམ་བཏབ། །མདོར་ན་ཐག་ཉེའི་དབེན་པར་ལྷ་འདྲེ་ཡིས།།ཆོ་འཕྲུལ་བསྟན་ཀྱང་བར་ཆད་ཀུན་ལས་རྒྱལ། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །དབེན་པར་བསྒོམས་ཚེ་ལྷ་འདྲེ་ཅི་བྱུང་ཡང་། །བར་ཆད་མི་ནུས་གྲོགས་སུ་འཆར་བར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དྲུག་པ་བདེ་སྐྱིད་སྙན་གསུམ་འཛོམས་པའི་མཚོ་སྙིང་མ་ཧཱ་དེ་ཝའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ།

p. 151

མཚོ་སྙིང་མ་ཧཱ་དེ་ཝ་ནས་སྒྲུབ་པ་བྱས་ཚུལ། དྲུག་པ་བདེ་སྐྱིད་སྙན་གསུམ་འཛོམས་པའི་མཚོ་སྙིང་མ་ཧཱ་དེ་ཝའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ་ནི། བཀའ་དྲིན་མཚུངས་མེད་ཆོས་རྒྱལ་ངག་གི་དབང་པོའི་ཐུགས་དགོངས་ལ། རང་གི་སྲས་བཀྲ་
ཤིས་འབྱུང་གནས་རྒྱལ་སར་བཏོན་ཏེ། །རྗེ་ཉིད་རི་ཁྲོད་ཅིག་ནས་བཞུགས་ཏེ་བསྟན་པ་དང་འགྲོ་བའི་དོན་མཛད་པར་དགོངས་ནས། དེ་ལུགས་ཀྱི་རྒྱུ་མཚན་ཡུམ་བློན་འབངས་རྣམས་ལ་གསུངས་པས། ཀུན་གྱིས་གྲོས་མཐུན་པར་འདི་སྐད་ཞུས། ཆོས་རྒྱལ་རིན་པོ་ཆེ་ཁྱེད་ནི་བདག་ཅག་རྣམས་ཀྱི་རྟེན་གཞི་ཙམ་དུ་མ་ཟད། མཚོ་གཡས་རུ་གཡོན་རུ་ཀུན་གྱི་མགོན་སྐྱབས་ཡིན་གཤིས། ཁྱེད་རི་ཁྲོད་དབེན་པར་ཕེབས་ཚེ། ངེད་རྣམས་གྲོག་ཚང་ཁའི་རྡོ་བླངས་པ་བཞིན་ཐམས་ཅད་མགོན་མེད་སྐྱབས་མེད་དུ་འགྲོ་བས་དེ་འདྲ་གནང་ཐབས་ག་ལ་ཡོད། ཁྱད་པར་ཁྱེད་ཀྱང་སྐུ་ན་སྨིན་སྟབས། རི་ཁྲོད་ལ་ཕེབས་པའི་སྐབས་མིན་ཞེས་ཀུན་གྱིས་བཤོལ་བཏབ་པས། ཐུགས་ཀྱི་དགོངས་བཞེད་ལྟར་རི་ཁྲོད་ལ་ཕེབས་སུ་མ་བཅུག བློན་པོ་འགའ་རེས་ངས་རི་ཁྲོད་ལ་ཕེབས་ཞུས་པ་ཡིན་སྙམ། ང་ལ་ཁྱེད་ཀྱིས་དཔོན་ཚང་རིན་པོ་ཆེ་རི་ཁྲོད་ལ་ཕེབས་ཞེས་མ་ཞུ། ཁོང་ཚོ་སྙིང་མི་རྗེའམ་ཟེར། ངས་སྔར་དེ་འདྲ་གཏན་ནས་མ་ཞུས་བྱས་རུང་ཁོང་ཚོ་ཡིད་མ་ཆེས་པར་ད་དུང་ཁྱོད་ལ་གསལ་མོད་ཟེར། དེར་ངའི་སེམས་ལ་ད་ང་ཡུན་རིང་བསྡད་ན་མི་བཟང་བར་འདུག་སྙམ་པ་བྱུང་། དེ་དུས་ཁོང་གིས་ཀྱང་ཐུགས་སྐྱོ་ཚུལ་མཛད་པས། ངས་ཀྱང་ཉིད་རིན་པོ་ཆེ་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ཏེ། སྙིགས་དུས་འགྲོ་བའི་དོན་དུ་བསམ་བཞིན་ཕེབས་པ་ཡིན་པས། ཁྱེད་གང་དུ་བཞུགས་ཀྱང་སེམས་ཅན་གྱི་དོན་ལས་གཞན་མེད་གཤིས། རི་ཁྲོད་དུ་ཕེབས་རྒྱུ་མ་བྱུང་རུང་། སྔར་རྒྱུན་ལྟར་བསྟན་པ་དང་འགྲོ་བའི་དོན་

p. 152

མཛད་པར་ཞུ། འདི་རྣམས་བཞག་ནས་རི་ཁྲོད་དུ་ཕེབས་ན་ང་ལ་ཡང་ཡུམ་དང་བློན་འབངས་འཁོར་བཅས་ཀྱི་ཁག་ངན་ཡོང་བར་འདུག་ཞུས་པས། རེ་ཞིག་ཅི་ཡང་མི་གསུང་བར་གདའ། དེའི་ཕྱི་ཉིན་ནས་བཟུང་སྔ་སོར་ངས་ཞུས་པའི་རྫོགས་ཆེན་མ་རིག་པའི་མུན་པ་སེལ་བའི་ཡེ་ཤེས་ཀྱི་སྒྲོན་མེ་ཞེས་བྱ་བ་དེ་ལྗགས་བསྒྲིགས་གནང་ནས། མཇུག་ཏུ་མི་རྒན་ངའི་ཁ་ཆེམས་ཡིན་སོགས་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་གསུང་དོགས་གཞི་ཅན་མང་དུ་གསུངས་ཚེ། བདག་གིས་དེ་སྐད་མ་གསུང་བར་ཞུ། ད་དུང་བདག་སོགས་གདུལ་བྱའི་དོན་དུ་ཡུན་རིང་བཞུགས་པའི་ཐུགས་འདུན་གནང་དགོས་ཞུས་པས། ཁོང་གི་ཞལ་ནས། གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད་ཅེས་པ་ལྟར། ཆེན་པོའི་གོ་སར་གནས་ཕྱིན་མི་དགེ་བ་ངང་གིས་འབྱུང་བ་དང་། བདེ་བའི་རྗེས་ལ་སྡུག་བསྔལ་འབྱུང་གསུངས་པ་ལྟར་གནས་སྐབས་སུ་བདེ་བ་ལྟར་སྣང་རུང་། ཕུགས་སུ་སྡུག་བསྔལ་བསྐྱེད་པའི་ཚེ་འདི་སྣང་གི་འཁོར་བའི་ཕུན་ཚོགས་ལ་ཁོ་བོ་མི་ཆགས་གསེར་དང་ས་རྡོ་གཉིས་ལ་ཁྱད་པར་མེད་པ་ཞིག་ང་རང་དབུས་སུ་སོང་བ་ནས་བཟུང་སྟེ་རྒྱུད་ལ་ཡོད། ཆུང་ངུའི་དུས་ནས་རི་ཁྲོད་དབེན་པ་ཞིག་ཏུ་འདུག་སྙམ་པ་ཡོད་ཀྱང་ལས་སྨོན་གྱི་དབང་གིས་བསམ་པའི་ནང་ལྟར་མ་བྱུང་། ད་ལྟ་ནི་ན་ཚོད་ཡང་རྒས་ཤིང་། ལྷ་བླ་མའི་ལུང་བསྟན་དང་བསྟུན་པའི་ཚེ་ཚད་ཀྱང་རྫོགས་ཟིན། ད་ཚེ་ལྷག་ཡིན་སྟབས་ཆེན་པོ་བསྡད་ག་ལ་འོང་། འོན་ཀྱང་ལོ་ཁ་ཤས་རེ་འདུག་པའི་སྨོན་འདུན་འདྲ་ལོས་བྱེད་གསུངས་པ་ཙམ་ལས་ཞལ་བཞེས་ཆེན་པོ་མ་གནང་བར་རྒྱལ་མཁན་ཆེན་རིན་པོ་ཆེ་དང་། ལ་ཁ་སྤྲུལ་

p. 153

པའི་སྐུ། བདག་ལ་སོགས་པ་དོན་གཉེར་ཅན་མང་པོ་ལ་ལྷོ་བྲག་བཀའ་འབུམགྱི་ལུང་། གཏེར་གསར་དང་ཕུར་པའི་ཆོས་སྐོར་གྱི་དབང་ལུང་། བཀའ་བསྲུང་སོ་སོའི་སྲོག་གཏད་དང་བཅས་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ། ད་ཁྱེད་རྣམས་ཀྱིས་ལེ་ལོར་མ་སོང་བར་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་སྔ་འགྱུར་རྒྱལ་དབང་པདྨའི་རིང་ལུགས་འདི་ཉིད་ཐུགས་ལ་བཅངས་ཏེ། འཛིན་སྐྱོང་སྤེལ་གསུམ་གནང་དགོས་ཚུལ་གྱི་བཀའ་ནན་ཏན་ཕབ་ནས། ཕྱག་དཔེ་རྣམས་ཆ་ཚང་བར་རྒྱལ་མཁན་ཆེན་རིན་པོ་ཆེར་གནང་། ངས་ཆོས་ལུང་གི་ཐུན་གསེང་དང་བར་མཚམས་རྣམས་སུ་ལ་ཁ་སྤྲུལ་པའི་སྐུར་གཏེར་གསར་གྱི་ལུང་ཁ་ཤས་ཕུལ། དེ་ནས་ཉིན་ཅིག་ཇ་མཚམས་ཤིག་ཏུ། ཆོས་རྒྱལ་རིན་པོ་ཆེའི་སྙན་ལམ་དུ་བདག་གིས་འདི་ལྟར་ཞུས། སྔར་ཡིན་ན་ཞལ་ནམ་བཞུགས་ཀྱི་བར་དུ་བསྡད་ན་སྙམ་ཀྱང་། ད་སྡོད་ཡུན་རིང་ན་གཞན་གྱིས་ཁ་དབྱེན་ལྟ་བུས་བླ་མ་ཡབ་ཡུམ་གྱི་ཐུགས་ནས་འདོར་ཉེན་གདའ། དབེན་གནས་ཐཱ་ཡན་ཆིར་ཡང་མཚམས་པ་མང་བའི་སྟབས་ཀྱིས་འདུ་འཛི་ཇེ་ཆེ་རེད། ད་ང་མཚོ་སྙིང་ལྟ་བུའི་རི་ཁྲོད་དབེན་པ་ཞིག་ཏུ་སོང་ནས་གཅིག་པུར་རྩེ་གཅིག་ཏུ་ཉམས་ལེན་ཁོ་ན་ལ་འབད་ན་སྙམ་པ་ལགས་པས། བདག་ལོ་ལྔའི་བར་དུ་ལྟོ་གོས་ཆོས་གསུམ་གྱིས་བསྐྱངས་པ་བཀའ་དྲིན་ཤིན་ཏུ་ཆེ་གདམས་པ་རྣམས་ཀྱང་ལྷག་ལུས་མེད་པར་ཐོབ། ད་རང་གི་བསྒོམ་ལ་རག་ལས་པར་གདའ་ཞུས་པས། རྒྱལ་མཁན་ཆེན་མཆོག་གི་ཞལ་ནས་ཀྱང་། ད་རི་ཁྲོད་པ་འདི་ལ་གནང་བ་ཞིག་བྱིན་ན་

p. 154

ཐུགས་རྗེ་ཆེ་ཞུས་པས། ཆོས་རྒྱལ་རིན་པོ་ཆེའི་ཞལ་ནས། འོ་རི་ཁྲོད་པ་ས་ཕྱོགས་འདིར་བསྡད་ན་གཞན་ལའང་ཕན་ཐོགས་པ་ཡོང་བར་གདའ་སྟེ། དེ་ཕལ་ཆེར་གྱིས་མི་ཤེས་པར་འདུག ཁྱོད་མཚོ་སྙིང་དུ་འགྲོ་བ་ལ་ང་ཡང་འཐད་པོ་བྱུང་བས་སོང་ན་བཟང་ཞེས་དགོངས་ཁྲོལ་གནང་། འོན་ཀྱང་རེ་ཞིག་གི་བར་དུ་འོ་སྐོལ་དཔོན་སློབ་གཉིས་ཀྱིས་མཚམས་ཤིག་གི་ཁོང་ནས། དོགས་པ་འདྲ་ཡོད་ན་ཆོད། ལུགས་གཉིས་ཀྱི་གླེང་མོ་འདྲ་ཡང་བྱེད། ང་མི་རྒན་རེད་ནམ་འཆི་ཆ་མེད། ཁྱོད་རི་ཁྲོད་པ་རེད། གར་འགྲོ་ཆ་མེད། ད་ཕྱིན་ཆད་ཡང་ཡང་ཨེ་འཕྲད་མི་ཤེས་གསུངས། དེ་ནས་ངེད་དཔོན་སློབ་གཉིས་ལྷན་ཅིག་ཏུ་ཟླ་བ་གཅིག་དང་ཕྱེད་ཀྱི་བར་དུ་མཚམས་ལ་བསྡད། གསོལ་ཇའི་མཚམས་རྣམས་སུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་མགུར་སོགས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་མགུར་གྱི་ལུང་དང་ཞལ་ཏ་གནང་བ་རྣམས་ལ་བདག་གིས་ཉན་ནས་ཡིད་ལ་བཟུང་། ནུབ་རེ་བཞིན་གཟིམས་གུར་ལ་སྐོར་བ་བརྒྱ་ཕྲག་དུ་མ་བྱས། ཕྱག་མང་དུ་འཚལ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ནམ་མཇལ་ན་འདོད་པའི་དུས་སྐབས་རྣམས་སུ་དངོས་དང་ཉམས་དང་རྨི་ལམ་གྱི་གནས་སྐབས་ཚུན་ཆད་དུ་ཞལ་མཇལ་གསུང་ཐོས་པའི་སྨོན་ལམ་ཡང་ཡང་བཏབ། ཁོང་གི་དབུ་ལོ་དང་ཞལ་རྒྱན་རྣམས་དཀར་པོར་སོང་བ་མཐོང་ཚེ་ངའི་བསམ་པ་ལ། ཁོང་དགུང་ལོ་འདི་བས་གཞོན་དུས་སུ་ངས་མཇལ་བ་ཡིན་ན་དགའ་བ་ལ། ད་དགུང་ལོ་ཡང་བགྲེས་ནས་གདའ། ང་མཚོ་སྙིང་དུ་ཡང་འགྲོ་རན་འདུག ཕྱིན་ཆད་ས་ཁ་ཐག་རིང་པོས་བར་ཆོད། སྐྱེ་འཆི་

p. 155

ལ་ཁྲིགས་ཁྲིགས་མེད་པས། ཚེ་འདིར་ད་རེ་ཙམ་མ་གཏོགས་ཕྱིན་ཆད་མཇལ་ལམ་མི་མཇལ་ཅི་ཤེས། གལ་ཏེ་ཁོང་ཞལ་བཞུགས་མི་བཞུགས་འདྲ་བྱུང་ན། སྐུ་ཚེ་འདིའི་རྗེས་མ་དེ་ལ། ཞིང་ཁམས་གང་དུ་ཐུགས་འདུན་ཡོད་དམ་དེ་གཅིག་ཞུ་དགོས་སྙམ་པ་མ་གཏོགས། གཞན་སེམས་ལ་འཆར་རྒྱུ་མ་བྱུང་བས། བདག་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐུགས་དམ་སྐྱབས་འོག་ནས་མ་འདོར། །ཉིད་རིན་པོ་ཆེའི་སྐུའི་སྐྱེ་བ་རྗེས་མ་དེ་ལ་ཞིང་ཁམས་གང་དུ་ཐུགས་འདུན་ཡོད། དེ་གཅིག་གསུངས་ཞུས་པས། འོ་བུ་ཁྱོད་ཀྱིས་ང་ནམ་ཡང་མ་བརྗེད་པར་གྱིས་གསོལ་བ་ཐོབས་དང་། ངས་ཁྱོད་མི་བརྗེད་པར་སེམས་ལ་བཞག་ཡོང་། ང་ད་ལྟ་རི་ཁྲོད་ལ་འགྲོ་བའི་དབང་མེད་ན། ཕྱི་མར་ཞིང་ཁམས་གཞན་དུ་འགྲོ་བའི་དབང་ཨེ་ཡོད་ཅི་ཤེས། འོན་ཀྱང་དཔལ་ལྡན་ས་སྐྱ་པ་བདག་ཆེན་དབང་འདུས་སྙིང་པོས་ལུང་བསྟན་བཞིན་མཁའ་སྤྱོད་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་རེ་འདེབས་བཞིན་ཡོད། །རེ་ཞིག་མཁའ་སྤྱོད་དུ་སོང་ན་སྙམ་གསུངས། ད་ངའི་ཚེ་གང་བོ་འདི་ཉིད་ལ་དོན་གྱི་གཙོ་བོ་དེ་ལ་ཇི་ལྟར་བྱེད་དགོས་ཐུགས་བཀོད་ཅིག་གནང་བར་ཞུ་ཞུས་པས། བུ་ད་མང་པོ་བཤད་ཅི་དགོས། སྔར་ཁ་སོས་དལ་བའི་སྒང་ལ་བཤད་པ་དེ་ཚོ་སེམས་ལ་ཞོག དེའི་ནང་དུ་འདུས་ཡོད། མདོར་བསྡུ་ན། རྒྱལ་བ་གོང་མའི་རྣམ་ཐར་ལྟར་ཚེ་འདི་བློ་ཡིས་ཐོངས། ཕྱོགས་མེད་རི་ཁྲོད་འགྲིམས། ཚེ་དང་སྒྲུབ་པ་སྙོམས། སྒྲུབ་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་གང་ཕན་མཛོད། ཁྱད་པར་ཆོས་དང་གང་ཟག་ཡོངས་ལ་དག་སྣང་སྦྱོངས། ཉམ་ཐག་སེམས་ཅན་རྣམས་བྱམས་སྙིང་

p. 156

རྗེ་བྱང་ཆུབ་སེམས་ཀྱི་སྒོ་ནས་བུ་བཞིན་དུ་སྐྱོངས། གཞན་ཡང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་བསྟན་འགྲོའི་བདེ་ཐབས་གང་བྱེད་ཀྱང་། ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་སྒོ་ནས་སྒྲུབས་དང་གེགས་མེད་བདེ་བླག་ཏུ་འགྲུབ་ཡོང་ཞེས་དང་རྟེན་དུ་ཁ་བཏགས་ཀྱི་ཐོག་ཏུ་ཕྱག་གཉིས་ཀྱི་རྗེས་དང་ཞལ་གདམས་འདི་ཡང་གསུངས་སོ། །ཀུན་བཟང་ཡབ་ཡུམ་རྡོ་རྗེ་སེམས་དཔའ་དང་། །ཡེ་ཤེས་ཌཱ་ཀི་ལས་ཀྱི་དབང་མོ་ཆེ། །ཧཱུཾ་ཆེན་ཀཱ་ར་ལབ་ཀྱི་སྒྲོན་མ་དང་། །པད་འབྱུང་མཚོ་རྒྱལ་དཔལ་སེང་བདེ་ཆེན་རྒྱལ། །ཨོ་རྒྱན་བསྟན་འཛིན་ལ་སོགས་རྩ་བརྒྱུད་ཀྱི། །དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་ཀྱི། །དངོས་གྲུབ་ཆར་ཕོབ་སྐལ་ལྡན་སློབ་མ་ཡི། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས། །སྙིང་ནས་དམ་ཆོས་བྱེད་རྣམས་སྐྱོང་མཛད་པའི། །དམ་ཅན་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པ་དང་། །མི་མཐུན་རྐྱེན་རྣམས་ཞི་བའི་འཕྲིན་ལས་མཛོད། །ཆེར་སྙིགས་ལྔ་བདོའི་དུས་ཀྱི་འགྲོ་བ་རྣམས། །ལས་འབྲས་ཁྱད་གསོད་ངན་འགྲོའི་སྒོ་འབྱེད་ཅིང་། །རྒྱལ་བའི་བཀའ་དང་བླ་མའི་དམ་འདས་པ། །བསམ་ན་སྐྱོ་བ་སྐྱེ་ཞིང་སེམས་རྒྱུད་འཁྲུགས། །ཚུལ་འདི་སོམས་ལ་བྱམས་དང་སྙིང་རྗེ་དང་། །བྱང་ཆུབ་སེམས་ཀྱིས་མཁའ་མཉམ་འགྲོ་བའི་ཆེད། །ཉིན་མཚན་དུས་ཀུན་བྱང་ཆུབ་བསྒྲུབ་ལ་འབོད། །འདིར་ཡང་སྨྲ་བ་མང་པོས་ཅི་ཞིག་བྱ། །སྔོན་བྱོན་དམ་པའི་རྣམ་ཐར་ཇི་བཞིན་དུ། །དམ་བཅའ་ཞེ་བཅད་དྲག་པོས་ཉེར་བླངས་ནས། །མ་ཡེངས་བརྩོན་འགྲུས་ཆེན་པོས་འབད་པར་རིགས། །དེ་ལྟར་རྣམ་དཀར་དགེ་བ་ཅི་མཆིས་པ། །མཁའ་མཉམ་འགྲོ་ཀུན་བྱང་

p. 157

ཆུབ་འཐོབ་པ་དང་། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་འཕྲིན་ལས་རྒྱས། །གསང་ཆེན་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །བཀྲ་ཤིས་དགེ་ལེགས་སརྦ་མངྒ་ལམ། །ཞེས་གསུངས། དེ་ནས་མཚོ་སྙིང་དུ་འགྲོ་ལ་ཉེ་བའི་ཚེ། ཉིན་ཅིག་ཡུམ་ཨ་བྷེ་རིན་པོ་ཆེ་རིག་འཛིན་དབང་མོའི་སྐུ་མདུན་དུ་སོང་ནས། མཚོ་སྙིང་ལ་འགྲོ་བའི་རྒྱུ་མཚན་རྣམས་རྒྱས་པར་ཞུས་ནས་མཇུག་ཏུ་འདི་སྐད་ཞུས། ཨེ་མ་ཚེ་འདིའི་མ་ལས་ཀྱང་། །ལྷག་པའི་དྲིན་ཅན་ཨ་བྷེ་རྗེ། །བདག་གིས་སྐྱེས་པའི་ཕ་ཡུལ་སྤངས། །ཆོས་རྒྱལ་ཡབ་ཡུམ་ཞབས་དྲུང་དུ། །འོངས་ནས་མཇལ་དུས་རབ་དགའི་ས། །ཐོབ་པ་ལྟ་བུའི་དགའ་སྤྲོ་ཤར། །ཆོས་རྒྱལ་ཡབ་ཡུམ་གཉིས་ཀྱིས་བདག །སྲས་གཅིག་བཞིན་དུ་བརྩེ་བས་བསྐྱངས། །བཀའ་དྲིན་ཆེའོ་ཨ་བཱི་རྗེ། །དྲིན་ལན་བསྒྲུབ་པའི་མཆོད་པ་འབུལ། །ད་ནི་མི་ང་འགོལ་བོ་ཡི། །མཚོ་སྙིང་དབེན་པའི་རི་ལ་འགྲོ །སླར་ཡང་ཡབ་ཡུམ་སྲས་བཅས་ལ། །མཇལ་དུ་འོང་ངེས་འོངས་པའི་དུས། །སྔར་བཞིན་བརྩེ་བས་བསྐྱང་དུ་གསོལ། །ཞེས་ཞུས་པས། གསོལ་རས་སུ་དངུལ་སྲང་བཅུ་ཙམ་གནང་བ་བླངས་པའི་ཚེ། དབུས་གཙང་ནས་བསྣམས་ཡོང་བའི་བྱིན་རླབས་རྟེན་གསུམ་གང་མང་དང་ཙན་དན་དཀར་དམར་གུར་ཀུམ་སོགས་དྲི་བཟང་བཅས་གོས་སྔོན་པོ་ཁ་དོའི་ནང་དུ་བཏུམས་ཏེ་ཕྱག་གིས་གནང་ནས་འདི་སྐད་གསུངས། ཆུང་ནས་འཁོར་བར་སྐྱོ་ཤས་སྐྱེས། །ཆེར་སོང་ཆོས་རྒྱལ་སྙན་པ་ཐོས། །ཞབས་པད་བསྟེན་སྙམ་དྲུང་དུ་འོངས། །ལོ་ལྔའི་བར་དུ་ཚུལ་བཞིན་བསྟེན། །ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས། །བར་དོར་གྲོལ་བའི་གདེང་ཚད་རྙེད། །

p. 158

ཡུན་རིང་འདྲིས་པའི་རི་ཁྲོད་པ། །ཐག་རིང་རི་ལ་འགྲོ་བ་ལ། །སེམས་ལ་སྐྱོ་དགའ་སྣ་ཚོགས་ཤར། །ད་ནི་འགྲོ་བའི་ལམ་བར་དང་། །སྡོད་ས་གང་དུའང་ལུས་འདི་འཚོས། །ཆོས་བྱེད་པ་ལ་ལུས་འདི་མཁོ། །ཡུན་རིང་མ་སྡོད་སླར་ཡང་ཤོག །ཆོས་རྒྱལ་དགུང་ལོ་བགྲེས་ནས་གདའ། །སྔར་བཞིན་ཆོས་ཀྱི་མཐུན་རྐྱེན་བསྒྲུབ། །དེང་ནས་ཚེ་རབས་ཐམས་ཅད་དུ། །ཡང་ཡང་ཕྲད་པའི་སྨོན་ལམ་འཚལ། །གསུངས། གཞན་ཡང་ཐུགས་བརྩེ་བའི་ཞལ་གསུང་རྒྱས་པར་གནང་། ལོ་གསུམ་གྱི་འཕྲོ་ནས་འདིར་ཤོག་གསུངས། དེ་ནས་ཆོས་རྒྱལ་རིན་པོ་ཆེའི་དྲུང་དུ་འོངས་ནས་ཞག་འགའ་སོང་བའི་སང་ཉིན་འགྲོ་རྒྱུའི་དགོང་མོ་ཕྱག་དང་སྐོར་བ་མང་དུ་བྱས་ཏེ་ནང་དུ་སོང་ནས་སྐུ་མདུན་དུ་བསྡད་པའི་ཚེ། ཁོང་གིས་སྨན་ཁུག་ཆེན་པོ་ཞིག་ཡོད་པ་དེ་བསློགས་ཏེ་ནང་ནས་དངུལ་དང་ཁ་བཏགས་གང་ཡོད་རྣམས་བཏོན་ཏེ། དོ་དགོང་གཞན་སུ་མེད་ས་ནས་བུ་ལ་རྫོངས་པ་རྒྱག་པ་ཡིན་གསུངས། དངུལ་སྲང་དགུ། ཁ་བཏགས་ཆེ་ཆུང་ཉི་ཤུ་ཙམ་ཞིག་གནང་ནས། འདི་ཁྱོད་ཀྱིས་ཁྱེར་ལ་བྲོ་ཁ་ཉོས་གསུངས་ཏེ་གནང་བས། ངས་ཚུར་ལག་ཏུ་བླངས་ཏེ། ནང་ནས་ཁ་བཏགས་གཉིས་རྟེན་འབྲེལ་གྱིས་ཞུས། གཞན་རྣམས་སླར་སྐུ་མདུན་དུ་ཕུལ་ནས། ད་རེ་ང་ལ་ཡོད་སྐབས་ཤིག་ཡིན་ན་ཁྱེད་ཀྱི་སྐུ་དྲིན་བསབ་པའི་ཆེད་དུ་འབུལ་བ་ཆེན་པོ་འདེགས་དགོས་ཀྱང་། དེ་ངའི་བསོད་ནམས་ཀྱིས་མ་གྲུབ་རུང་། ད་རེ་གསོལ་རས་གནང་བ་འདི་རྟེན་འབྲེལ་གྱི་གནད་ཅིག་གིས་མི་ཞུ། དེའི་རྒྱུ་མཚན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་གང་ན་ཡང་། བླ་མའི་མདུན་ནས་གདམས་ངག་ཐོབ་སྟེ། རི་ཁྲོད་ལ་ཚེ་བློས་བཏང་ནས་འགྲོ་

p. 159

དུས། བླ་མ་སྤྱི་བོར་བསྒོམས། གདམས་ངག་སེམས་ལ་བཅངས། གསལ་འདེབས་བེའུ་བུམ་ཁུར། སྦ་དབྱུག་ལག་ཏུ་ཐོགས་ནས་ཕེབས་པ་མ་གཏོགས། གསེར་དངུལ་ལ་སོགས་པའི་ནོར་རྫས་མང་པོ་ཁུར་ནས་སོང་ཟེར་བ་ཞིག་མི་གདའ། ད་རེ་ང་ཡང་དམ་པ་གོང་མའི་རྣམ་ཐར་བཞིན་ཚེ་བློས་བཏང་ནས་རི་ཁྲོད་ལ་འགྲོ་བ་ལགས་ན་དངུལ་མི་འཁྱེར། རྗེ་ཉིད་ཀྱིས་གནང་ན་དུས་རྒྱུན་དུ་གསོལ་རས་གནང་བའི་སྙིང་རྗེའི་ཡུལ། མཐའ་ན་ཡོད་པའི་རྒན་མོ་དེ་ལ་མཛོ་མོ་ཞིག་ཉོ་བའི་རིན་ཞིག་བསྩལ་ན་ཐུགས་རྗེ་ཆེ་ལགས་ཞུས་པས། དེ་རེད་གསུངས་དངུལ་སྲང་ལྔ་གནང་བྱུང་།་ནངས་པར་སྔ་བར་བཞེངས་ནས་གསོལ་ཇ་བཞེས་པའི་དུས་སུ། ད་རི་ཁྲོད་པ་ཇ་འདི་འཐུངས་ནས་འགྲོ་བ་ཡིན་ནམ་གསུངས། ཡིན་ལགས་ཞུས་པས། ཇ་བཞེས་འཕྲོ་བདག་ལ་གནང་ནས་འཐུངས་ཚར་ཚེ། ངའི་མགོ་ཐོག་ཏུ་ཕྱག་གཡས་པ་བཞག་ནས་བྱིན་རླབས་གནང་མཐར། འོ་ངས་ཆོས་བཤད་ཀུན་གྱི་མཇུག་སྡུད། ཞལ་གདམས་ཀུན་གྱི་ཐ་མ་འདི་ཡིན་ཞེས་འདི་སྐད་གསུངས་སོ། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་བྱིན་རླབས་དང་། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་ཆེན་པོ་དང་། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །སྐལ་ལྡན་སློབ་བུའི་བསམ་དོན་མཐར་ཕྱིན་ཤོག །ཡིད་ལས་སྐྱེས་པའི་སྐལ་ལྡན་སློབ་བུ་ཁྱོད། །ཡིད་ལ་ངེས་འབྱུང་སྐྱེས་ནས་ཆོས་ཕྱིར་དུ། །ཡིད་དགའི་དབེན་པར་འགྲོ་བར་བྱེད་པ་ལ། །ཡིད་ནི་སྐྱོ་དགའ་གཉིས་ཀྱིས་འཁྲུགས་པར་འགྱུར། །དེ་ཕྱིར་རྣམ་ཀུན་ལེགས་སྨོན་འདེབས་པ་དང་། །ཆུ་ཤེལ་དབང་པོར་རི་དྭགས་གཟུགས་བརྙན་བཞིན། །གཏོང་

p. 160

མིན་ཕན་བདེ་འོད་དཀར་འགྱེད་པ་ལ། །ཁྱོད་ཡིད་ཀུ་མུད་འདབ་བརྒྱ་བཞད་པར་མཛོད། །གསུངས་དུས། ངས་ཁོང་གི་ཞབས་སྤྱི་བོར་བླངས་ཏིང་ངེ་འཛིན་གྱི་དབང་ཞུས། ད་ནི་བླ་མ་དགེ་བའི་བཤེས་གཉེན་འདི་དང་ཚེ་འདིར་ཡང་ཡང་ཨེ་མཇལ་ཅི་ཤེས། དེ་རིང་ནས་བཟུང་ཞལ་མ་མཐོང་ན་ཕྱིན་ཆད་ངས་ཅི་བྱ་སྙམ་ནས་མཆི་མ་མང་པོ་ཤོར། ཞལ་རས་ལ་ལྟ་བཞིན། བདེ་ཞུས་ཀྱི་དབྱངས་འདི་ལྟར་ཕུལ་ལོ། །དུས་གསུམ་སངས་རྒྱས་ཐུགས་ཀྱི་སྤྲུལ། །སྙིགས་དུས་འགྲོ་མགོན་བདེ་བར་བཞུགས། །ཨོ་རྒྱན་ཆེན་པོའི་ལུང་ཟིན་པའི། །བཀའ་བབས་ཆོས་བདག་བདེ་བར་བཞུགས། །མ་རིག་མུན་པ་སེལ་བ་ཡི། །གསལ་བའི་སྒྲོན་མེ་བདེ་བར་བཞུགས། །ཉོན་མོངས་ཟུག་རྔུ་འབྱིན་མཛད་པའི། །སྨན་གྱི་སྡོང་བོ་བདེ་བར་བཞུགས། །དུག་ལྔའི་ཚ་གདུང་སེལ་བ་ཡི། །ཆུ་ཤེལ་ཟླ་བ་བདེ་བར་བཞུགས། །ཅི་འདོད་དངོས་གྲུབ་སྩོལ་བ་ཡི། །གཙུག་གི་ནོར་བུ་བདེ་བར་བཞུགས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །སྒྲོལ་བའི་དེད་དཔོན་བདེ་བར་བཞུགས། །མ་ནོར་ཐར་པའི་ལམ་སྟོན་པའི། །མཚན་ལྡན་བླ་མ་བདེ་བར་བཞུགས། །འབངས་རྣམས་བདེ་ལ་འགོད་མཛད་པའི། །ཆོས་ཀྱི་རྒྱལ་པོ་བདེ་བར་བཞུགས། །བདག་གི་འདི་ཕྱིའི་གཏན་གྱི་སྐྱབས། །དྲིན་ཅན་བླ་མ་བདེ་བར་བཞུགས། །བཀའ་བཞིན་བསྒྲུབ་པའི་སློབ་བུ་ང་། །བུ་བཞིན་བརྩེ་བས་ཡུན་རིང་སྐྱོངས། །ཞེས་སླར་ཡང་ཞབས་ལ་མགོ་བོས་གཏུགས་ནས་ཕྱིར་ཅུང་ཟད་ཅིག་བཀྱེད་ནས། སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། དཔལ་ལྡན་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་སྐྱེ་བར་ཤོག །ཅེས་སྨོན་ལམ་བཏབ་པའི་དུས་ངའི་

p. 161

དབུགས་སྟོད་ལ་འཚངས། གདོང་མཆི་མས་གཡོགས་པ་དེ་ཁོང་གིས་གཟིགས་ནས་སྤྱན་ཆབ་གཡོ་ཞིང་ཐུགས་ཀྱིས་མ་བཟོད་པར། དུས་རྒྱུན་དུ་ཐུགས་ག ཙིགས་ཆེ་བའི་འཇའ་ཤེལ་ཁྱད་འཕགས་ཤིག་ཡོད་པ་དེ་བླངས་ནས། འཇའ་ཤེལ་འདི་སྤྱིར་ཁྱོད་སྨོན་ལམ་གྱིས་མཐུ་གྲུབ་པའི་སྐལ་ལྡན་ལས་ཅན་གྱི་སློབ་མ་ཡིན་པ་དང་། སྒོས་འོ་སྐོལ་ཕ་བུ་གཉིས་དམ་གཙང་སེལ་མེད་ཡིན་པའི་སྟབས་ཀྱིས་བྱིན་པ་ཡིན། འདི་ཁྱོད་ཀྱིས་ཟུངས་དང་རྟེན་འབྲེལ་གྱི་གནད་ཅིག་ཡོད་གསུངས་ཏེ། བདག་ལ་གནང་ནས་རི་ཁྲོད་པ་ད་མཆི་མ་མ་གཏོང་ངེད་ཕ་བུ་གཉིས་ནམ་ཞིག་ཕྲད་འོང་གསུངས། ངས་གཟིམས་གུར་ནས་ཕྱི་སྒོ་རུ་ཕྱི་འགྲོས་བྱས་ཐོན་ཏེ་རྗེའི་ཞལ་རས་ལ་བལྟས་ཚེ་ཁོང་ཡང་སྤྱན་ཆབ་ཉིལ་ལེ་གཟིགས་པ་མཐོང་ནས་ཡོང་མི་ཕོད་པ་ཞིག་བྱུང་། དེ་ནས་ཨ་བཱ་རིན་པོ་ཆེ་དང་སྲས་གཉིས་ཀྱི་གཟིམས་གུར་དུ་སོང་སྟེ། བདེ་ཞུས་སུ་ཁ་བཏགས་ཤིག་ཕུལ་ནས་འདི་སྐད་ཞུས། སྐྱེ་འགྲོ་ཡོངས་ཀྱི་གཙུག་གི་རྒྱན། །ཆོས་ཀྱི་རྒྱལ་མོ་བདེ་བར་བཞུགས། །འབངས་འཁོར་ཐམས་ཅད་ལེགས་སྐྱོང་བའི། །བྱམས་བརྩེའི་མངའ་བདག་བདེ་བར་བཞུགས། །སྐུ་གཟུགས་ལྷ་སྐུ་བས་ཀྱང་མཛེས། །ཀུན་དགའི་དཔལ་སྟེར་བདེ་བར་བཞུགས། །བདག་ལ་སྐུ་དྲིན་མ་ལས་ལྷག །ཨ་བཱ་སྐུ་ཁམས་བདེ་བར་བཞུགས། །རྒྱལ་སྲིད་འཛིན་པའི་སྲས་པོ་དང་། །བློན་འབངས་ཐམས་ཅད་བདེ་བར་བཞུགས། །ཞེས་ཞུས་ནས་ཡབ་ཡུམ་སྲས་དང་བཅས་པ་འབྲལ་མི་ཕོད་བཞིན་དུ་བྲལ་ནས་ལམ་ལ་ཞུགས་ཏེ་ཨུནེ་ནམ་མཐོང་གི་བར་དུ་ཕྱི་མིག་ལྟ་བཞིན་འོང་། དེ་

p. 162

ནས་ཨུནེ་མ་མཐོང་ཚེ་ཕར་འགྲོ་མ་ཕོད་པར་ཡང་ཕྱིར་ལོག་ནས་བལྟས་པས། ཨུནེ་ཁྲ་ཆགས་སེ་འདུག་པས་སེམས་འཕྲེང་དྲགས་ནས་ལོག་གམ་སྙམ་པའི་ངང་ནས་ཡང་བསམ་མནོ་ཞིག་ལ་གདམས་ངག་ནི་ཐོབ་ད་རེས་ཕྱིར་ལོག་པ་ལ་དགོས་པ་མི་གདའ། རེ་ཞིག་མཚོ་སྙིང་དུ་སོང་ནས་སླར་ཡང་མཇལ་དུ་འོངས་ན་ཆོག་སྙམ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡང་ཡང་མཇལ་བའི་སྨོན་ལམ་བཏབ་ནས་ད་དུང་ཡང་ཡོང་མ་ཕོད་པར་བསྡད། དེ་ནས་ཡིད་སྐྱོ་ཕྱོད་དེ་བ་ཞིག་གི་ངང་ལ་ལམ་དུ་ཞུགས་ནས་འོངས། དེའི་ཉིན་པར་ལུས་སེམས་སྡུག་པ་ཞིག་ཚེ་འདིར་མ་བྱུང་། དེ་ནི་རྗེས་ནས་མི་མཇལ་བའི་སྔ་ལྟས་ཡིན་པར་འདུག དེ་ནས་སེམས་སྡུག་བཞིན་སྔར་སྡོད་སའི་རྩེ་གཞུང་གི་གྲུབ་གནས་ཐཱ་ཡན་ཆིར་སོང་ནས། ཞག་པོ་ཁ་ཤས་ལ་དམ་གཙང་རྡོ་རྗེའི་སྤུན་གྲོགས་རྣམས་དང་ལྷན་དུ་བསྡད། ལ་ཁ་སྤྲུལ་སྐུ་ཚང་དང་། མ་གོ་གཅོད་པ། འཇམ་དཔལ། རིགས་ལྡན། དག་གེ་སོགས་དེར་བཞུགས་པའི་མཆེད་གྲོགས་རྡོ་རྗེའི་སྤུན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རང་དོན་སྔོན་དུ་བསྒྲུབས་ཏེ། རྒྱུད་ལ་ཉམས་རྟོགས་དང་ཡོན་ཏན་རྒྱས་པའི་ཚེ། ཐབས་མཁས་བསྡུ་བཞིའི་སྒོ་ནས་སྐྱོ་ངལ་མེད་པར་གཞན་དོན་རྒྱ་ཆེན་པོ་མཛོད་ལ། ཚེ་འདིར་རང་གཞན་ཡོངས་ལ་ཕན་པ་ཞིག་ལ་རེམ་ཞེས་ཕྱག་འགྱེད་མཚོན་བྱེད་དུ་ཀུན་ལ་ཁ་བཏགས་རེ་ཕུལ་ཐམས་ཅད་ཀྱིས་བརྩེ་ཞིང་དུང་བའི་གཏམ་གྱི་གླེང་མོ་མང་པོ་བྱས། འགྲོ་བའི་ནངས་པར་ཐམས་ཅད་སྔ་མོ་ནས་འཚོགས་ཏེ། བསང་མཆོད་རྒྱ་ཆེན་པོ་

p. 163

ཕུལ། སྒྲུབ་ཆོལ་དང་། རྔ་བོ་ཆེ་བརྡུངས། ཟངས་ཀྱི་དུང་ཆེན་དང་། དུང་དཀར་རྣམས་བུས་ནས། སྙན་གྲགས་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་བསྒྲིགས། དེ་ནས་མཆེད་གྲོགས་རྣམས་ཀྱིས་ང་ཕར་ཅུང་ཟད་བསྐྱལ་བའི་སར། །ངས་འོ་སྐོལ་རྣམས་འདུས་ནས་ལོ་མང་པོར་ཆོས་ལྡན་གྱི་བྱ་བ་ལྷན་དུ་བསྒྲུབས་ནས་ད་སོ་སོར་གྱེས་ཏེ་སོང་ནས་ཁ་ཐག་རིང་པོས་བར་ཆོད། སྐྱེ་འཆི་ལ་ཁྲིགས་ཁྲིགས་མེད། ཚེ་འདིར་ད་རེ་ཙམ་མ་གཏོགས་ཕྱིན་ཆད་མཇལ་མི་མཇལ་ཡང་ཅི་ཤེས། དེའི་ཕྱིར་ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་ཡིན་ཚུལ་སོམས་ལ། ཁྱེད་རྣམས་ཀྱིས་ཕྱིན་ཆད་བླ་མ་ལ་མོས་གུས། མཆེད་གྲོགས་ལ་བརྩེ་དུང་། སེམས་ཅན་ལ་སྙིང་རྗེ། ཆོས་ལ་དག་སྣང་ཕྱོགས་མེད་དུ་སྦྱོངས་ལ་ཉམས་ལེན་ལ་འབོད། ང་ཡང་དེ་རིང་ནས་བཟུང་སྟེ་ཁྱེད་རྣམས་ཀྱིས་མིག་གིས་བལྟས་ན་མི་མཐོང་ཞིང་། རྣ་བས་ཉན་ན་མི་གོ་བའི་ཐག་རིང་དབེན་པའི་གནས་སུ་སོང་ཡང་ངེད་རྣམས་ཚེ་འདིར་མཇལ་ཞིང་ཕྱི་མར་དག་པའི་ཞིང་ནས་མཇལ་ཏེ། སངས་ཡང་མཉམ་པོར་རྒྱ་བའི་སྐྱབས་འཇུག་བསྔོ་སྨོན་ཡང་ཡང་བྱ་ཞེས་སྨྲས་པས། ཨ་ཁུ་རིགས་ལྡན་དང་། དག་གེ་ལ་སོགས་པའི་གྲོགས་པོ་ཕལ་ཆེར་གྱི་མིག་ནས་མཆི་མ་མང་པོ་བཏང་ཚེ། ང་ཡང་མིག་ནས་མཆི་མ་ཤོར། ཐམས་ཅད་ཀྱིས་ཡང་ཡང་མཇལ་བའི་སྨོན་ལམ་བཏབ་པའི་མཐར། ཁོང་རྣམས་དེར་བཞུགས་སུ་བཅུག་ང་ཡར་ལངས་སྦ་དབྱུག་ལ་འཁེན་ཏེ་ཀུན་ལ་བདེ་ཞུས་ཀྱི་དབྱངས་འདི་བླངས་མདོག་བྱི་རུ་ལྟར་མཛེས་བྲག་སྟོད་ཀྱི། །བྱ་རྒོད་པོས་བསྐྱངས་པའི་རྒོད་

p. 164

ཕྲུག་ཚོ། །ཞལ་མཇལ་རག་བར་དུ་བདེ་བར་བཞུགས། །ང་འདབ་རྒྱས་རྒོད་ཕྲུག་འཕུར་ནས་འགྲོ །གཡུའི་མདོག་ལྟར་མཛེས་པའི་ནགས་ཚལ་གྱི། །སྟག་མ་ཡིས་བསྐྱངས་པའི་སྟག་ཕྲུག་ཚོ། །ཞལ་མཇལ་རག་བར་དུ་བདེ་བར་བཞུགས། །ང་རྩལ་ལྡན་སྟག་ཕྲུག་ལངས་ནས་འགྲོ །མཆོང་ཁྲ་བོ་འདྲ་བའི་རྫ་ཁྲོད་ཀྱི། །འབྲོང་མ་ཡིས་བསྐྱངས་པའི་འབྲོང་ཕྲུག་ཚོ། །ཞལ་མཇལ་རག་བར་དུ་བདེ་བར་བཞུགས། །ང་འབྲོང་ཆུང་རྭ་སྔོན་མི་སྡོད་འགྲོ །ས་བདེ་ལ་ཡངས་པའི་རྩེ་གཞུང་ན། །རྗེ་བླ་མས་བསྐྱངས་པའི་སྙིང་གྲོགས་ཚོ། །ཞལ་མཇལ་རག་བར་དུ་བདེ་བར་བཞུགས། །ང་མཚོ་སྙིང་དབེན་པར་ཆས་ནས་འགྲོ །ཞེས་བླངས་ནས་སེམས་འཕྲེང་བཞིན་དུ་འོངས། དེ་ནས་སྐྱེལ་མི་ཞིག་དང་ངེད་གཉིས་ཆེན་པོ་འགྲོ་མ་ཐུབ་པར་ཉིན་མཐའ་ཟེར་བའི་ལུང་བའི་ནང་དུ་ཞག་ཅིག་བསྡད། དད་ལྡན་དུ་མས་འཚོ་ཆས་ཀྱི་རྩམ་པ་དང་མར་མང་པོ་བྱིན་པ་མི་ཐེག་པར་འདུག་པས། ནང་ནས་རྩམ་པ་ཕལ་ཆེ་བ་ཞིག་བརྫིས་ནས། ལྷ་བཤོས་དང་ཚོགས་གཏོར་དུ་མ་བྱས། མར་ཀྱང་བཞུས་ནས་བ་མ་དང་དེའི་ཁ་གཅོད། སྐྱོགས་དང་ཀོང་བུ་གཅིག་ཡོད་པ་རྣམས་ཀྱི་ནང་མར་ཁུས་བཀང་སྡོང་རས་མང་པོ་བཙུགས་ཏེ། མཚན་མོ་མར་མེ་སྦར་ནས། བླ་མ་མཆོག་གསུམ་ལ་ཕུལ་ཏེ་གསོལ་བ་བཏབ། དེའི་འཕྲོ་མ་ནངས་པར་ནམ་ལངས་ནས་སྐྱེལ་མི་དང་། སྤྲང་པོ་འགའ་ཞིག་ལ་རྫོགས་པར་བྱིན། དེ་ནས་རིམ་བཞིན་གཙང་གི་དགོན་པ་བརྒྱུད་ནས་གཡུ་རྔོགས་དང་མགར་རྩེའི་རུ་ནང་དུ་སོང་། དད་ཅན་སྔགས་རྒན་བ་ལེ་དང་རྟ་མགྲིན་སོགས་ཕྱོགས་དེའི་སློབ་མ་སྦྱིན་བདག་རྣམས་ལ་དྲང་དོན་ལས་རྒྱུ་

p. 165

འབྲས་ཀྱི་ཆོས་དང་། ངེས་དོན་ཟབ་མོ་སྟོང་པ་ཉིད་ཀྱི་མཐར་ཐུག་སེམས་ཁྲིད་བྱས་པས་ཁོང་རྣམས་ཀྱིས་རྟ་ནོར་ལོངས་སྤྱོད་མང་པོ་ཕུལ་ཀྱང་མ་བླངས། ཡོན་བདག་ཅིག་གི་ནང་དུ་སོང་ནས་བཀྲ་ཤིས་བརྗོད་པས། དེར་ཡོན་བདག་མ་དེས་ཁྱེད་ཚང་གིས་ཕ་ཡུལ་དང་ཨ་མ་སོགས་ཨེ་དྲན་གི་ཟེར་བའི་ལན་དུ། །རྩེ་མཚར་ལྟ་བུར་བརྗེད་པ་བཅུ་ཡི་གླུ་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཆོས་སྐུའི་གཏན་ཡུལ་བཟུང་བཟུང་ནས། །ཕ་ཡུལ་ངང་གིས་བརྗེད་དེ་ཐལ། །འགྲོ་ཀུན་ཨ་མར་བསྒོམས་བསྒོམས་ནས། །ཨ་མ་ངང་གིས་བརྗེད་དེ་ཐལ། །འཕགས་པའི་ནོར་བདུན་བསོགས་བསོགས་ནས། །ཟས་ནོར་ངང་གིས་བརྗེད་དེ་ཐལ། །ཆོས་ཉིད་གྲོགས་དང་འགྲོགས་འགྲོགས་ནས། །གྲོགས་པོ་ངང་གིས་བརྗེད་དེ་ཐལ། །དམ་ཚིག་སྡོམ་པ་བསྲུངས་བསྲུངས་ནས། །གཡོ་སྒྱུ་ངང་གིས་བརྗེད་དེ་ཐལ། །འོད་གསལ་ལྟད་མོ་བལྟས་བལྟས་ནས། །ལྟད་མོ་ངང་གིས་བརྗེད་དེ་ཐལ། །ཉོན་མོངས་དགྲ་བོ་བཏུལ་བ ཏུལ་ནས། །དགྲ་ཡ་ངང་གིས་བརྗེད་དེ་ཐལ། །ཆོས་ཀུན་སྒྱུ་མར་བལྟས་བལྟས་ནས། །ཆོས་བརྒྱད་ངང་གིས་བརྗེད་དེ་ཐལ། །སྤྲོས་མེད་ཏིང་འཛིན་བསྒོམས་བསྒོམས་ནས། །སྤྲོས་བཅས་ངང་གིས་བརྗེད་དེ་ཐལ། །དབེན་གནས་རི་ཁྲོད་འགྲིམས་འགྲིམས་ནས། །ཚེ་འདི་ངང་གིས་བརྗེད་དེ་ཐལ། །ཞེས་བླངས། ཡང་བུད་མེད་གཞན་ཞིག་ན་རེ། ཁྱེད་ཀྱི་ཕ་ཡུལ་ན་ཅི་ཡོད་ཟེར་བའི་ལན་དྲང་པོར་སྨྲས་ནས་ཡོད་པ་བཅུ་གསུམ་གྱི་མགུར་འདི་བླངས་སོ། །ཉོན་དང་ཕྱུག་མོ་དད་ཅན་མ། །རང་རིག་

p. 166

རང་གསལ་རྣལ་འབྱོར་ངའི། །ཀ་དག་ཆོས་སྐུའི་ཕ་ཡུལ་ན། །ཨ་ཕ་ཀུན་ཏུ་བཟང་པོ་ཡོད། །ཨ་མ་ཀུན་ཏུ་བཟང་མོ་ཡོད། བྱང་ཆུབ་སེམས་ཀྱི་ཨ་ཁུ་ཡོད། །མཆོད་གནས་དཀོན་མཆོག་གསུམ་པོ་ཡོད། །ཞང་པོ་ལྷ་དང་བླ་མ་ཡོད། །ཆུང་མ་སྟོང་ཉིད་མཛེས་མ་ཡོད། །ཉམས་རྟོགས་ཡོན་ཏན་ཁྱེའུ་ཡོད། །མོས་གུས་དག་སྣང་ཤ་ཉེ་ཡོད། །དཀར་པོ་དགེ་བཅུའི་ས་ཞིང་ཡོད། །འཛད་མེད་འཕགས་པའི་ནོར་བདུན་ཡོད། །དམ་ཚིག་གཙང་མའི་སྲིང་མོ་ཡོད། །དད་པ་བརྟན་པོའི་ཁྱིམ་མཚེས་ཡོད། །བརྩོན་འགྲུས་སྤུན་ཟླ་བཟང་པོ་ཡོད། །ཨེ་གོ་བར་གདའ་ཡི་ཞེས་པས། དེར་ཡོད་པ་ཀུན་དད་ཅིང་གུས་པར་གྱུར་ཏོ། །དེ་ནས་སློབ་མ་ཡོན་བདག་འགས་འབལ་གྱི་ཐང་བར་དུ་བསྐྱལ་ནས་སོ་སོར་གྱེས་ཁར། དེ་རྣམས་ཀྱིས་མགུར་ཞིག་གསུངས་ཟེར་བའི་ལན་དུ་ངས་སྐྱིད་པའི་རྒྱང་གླུ་འདི་བླངས་སོ། །རྙེད་དཀའི་རྟེན་བཟང་ནི་ཐོབ་འདུག །མཚན་ལྡན་བླ་མ་དང་མཇལ་སྣང་། །རྩེ་གཅིག་སྒྲུབ་པ་ལ་གཞོལ་བའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །དབང་ཅན་དཔོན་པོ་ནི་མི་འདུག །དབང་མེད་གཡོག་པོ་ཡང་མི་སྣང་། །སྡིག་པའི་གྲོགས་པོ་དང་བྲལ་བའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །དགོན་པ་སྐྱོང་རྒྱུ་ནི་མི་འདུག །རྒྱུ་ནོམ་གསོག་འཇོག་རྒྱུ་ནི་མི་སྣང་། །ཡོན་བདག་ངོ་བསྲུང་དང་བྲལ་

p. 167

བའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །འདུལ་རྒྱུའི་དགྲ་བོ་ནི་མི་འདུག །སྐྱོང་རྒྱུའི་བཟའ་ཚང་ནི་མི་སྣང་། །ཉེ་རིང་ཆགས་སྡང་དང་བྲལ་བའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །བསྡད་ན་ཆགས་རྒྱུ་ནི་མི་འདུག །འགྲོ་ན་ལུས་རྒྱུ་ནི་མི་སྣང་། །གར་སོང་འདྲི་མི་དང་བྲལ་བའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །གསལ་འདེབས་བེའུ་བུམ་ནི་འཛོམས་འདུག །དཔེ་ཧྲུལ་མང་པོ་ནི་མི་སྣང་། །དགེ་སྦྱོར་གཡེང་རྐྱེན་དང་བྲལ་བའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །འཁོར་བར་ཞེན་པ་ནི་ལོག་འདུག །འཕགས་པའི་ནོར་བདུན་གྱིས་ཕྱུག་སྣང་། །ཆོས་བརྒྱུད་ཆོམ་རྐུན་དང་བྲལ་བའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །གཞན་ཕན་བྱང་སེམས་དང་འགྲོགས་འདུག །

p. 168

འཁྲུལ་མེད་ཉམས་རྟོགས་ནི་སྐྱེས་སྣང་། །འབྲེལ་ཐོགས་ཐམས་ཅད་ལ་ཕན་པའི། །བྱ་བཏང་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །དེང་སང་གངས་ཅན་གྱི་ཁྲོད་འདིར། །ང་འདྲའི་སྐྱིད་པ་ཞིག་མི་འདུག །སྐྱིད་པའི་རྒྱང་གླུ་ཞིག་འཐེན་ནས། །དབེན་གནས་གང་བཟང་ལ་ཆས་འགྲོ །ང་བཞིན་བྱེད་མཁན་ནི་ཡོད་ན། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །དེ་འདྲའི་རྒྱང་གླུ་དེ་འཐེན་མཁན། །ཚོགས་དྲུག་རང་གྲོལ་ཁོ་ཡིན་སྣང་། །ཞེས་བླངས་པས་ཁོང་རྣམས་ཀྱིས་རབ་ཏུ་དད་པས་ཕྱག་དང་སྐོར་བ་བྱས་ནས་སླར་ལོག་གོ །དེར་ངས་འབལ་མདོ་ན་སོག་པོ་ཚེ་གོ་ཟེར་བའི་ཕྱུག་པོ་དད་ཅན་ཞིག་ཡོད་ཟེར་བ་རྩད་བཅད་ནས་སོང་བས་ཁོས་ནང་དུ་བོས། འཚོ་བ་ཞབས་ཏོག་ཡག་པོ་བྱས ། ངས་ཀྱང་ཁོང་རྣམས་ཀྱི་སེམས་ལ་ཕན་པའི་ཆོས་བཤད་མགུར་དབྱངས་སྣ་ཚོགས་བླངས་ཏེ་བློ་ཁ་ཆོས་ལ་བསྒྱུར། ནངས་པར་འགྲོ་ཁར་བཀྲ་ཤིས་བརྗོད་ཚེ། རྟ་གཅིག་དང་དྭ་དམར་བཅས་བྱིན་པ་མ་བླངས་པས་ཇ་མང་པོ་བརྡུངས་ནས་གླུ་ཁུག་གཅིག་གི་ཁ་གང་། གཞན་མར་དང་རྩོམ་པ་མང་པོ་བྱིན་ནས། རྨ་ཆུའི་ཁ་བར་དུ་མི་གཅིག་སྐྱེལ་དུ་བཏང་། དེ་ནོར་མེད་ཅིག་རེད། །དེ་ལ་ངས་ཇ་མར་དང་རྩམ་པ་དགའ་ཆེན་བྱིན་ནས་ཕྱིར་བཏང་། ངས་ཐེག་ཚོད་ཅིག་ཁུར་ནས་རྔ་མོང་ཐང་དུ་སོང་བས། ཐང་དེ་ལ་གཞན་འགྲུལ་པ་ཞིག་གིས་མེ་བརྒྱབ་སྟེ། རྩྭ་ཐམས་ཅད་ཚིག་ནས་ཕྱོགས་ཕྱོགས་ཀྱི་མཚམས་མཚམས་ན་བསང་གི་དུ་བ་

p. 169

འདྲ་བ་བརྒྱ་ལྷག་ཅིག་ཡོང་བར་འདུག ངས་དེ་རྣམས་ཅི་ཡིན་ནམ་སྙམ་སོང་ནས་བལྟས་པས། གྲོག་ཚང་གི་རྩྭ་ལུད་ཀྱི་ནང་དུ་མེ་ལྷུང་ནས་གྲོག་མ་རྣམས་ཚིག་པར་མ་ཟད། ས་ཐམས་ཅད་ཀྱང་ཚིག་སྟེ་མེ་མ་མུར་དུ་སོང་བ་མཐོང་བས་སྙིང་རྗེ་ཆེན་པོ་སྐྱེས། ཐང་ཆེན་དེ་ན་ཆུ་མེད་རུང་དཀྱིལ་ནས་ཞག་ཅིག་བསྡད། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་སོགས་ཚོགས་གསོག་སྒྲིབ་སྦྱོང་གང་ཤེས་བྱས། བླ་མ་དཀོན་མཆོག་གསུམ་ལ་ཚེ་འདས་གྲོག་མ་ཇི་སྙིད་ཅིག་མཆིས་པ་འདི་རྣམས་དག་པའི་ཞིང་དུ་འདྲེན་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་སྟེ་བདུད་རྩིའི་འབེབས་སྦྱངས་བྱས། དེ་ནས་དགོང་མོ་ལུས་གནད་དྲང་བོར་བསྲང་། དྲན་པ་གསལ་བ་བྱས་ནས་གྲོག་མ་རྣམས་ཀྱི་སེམས་རང་སེམས་ལ་བསྲེས། རང་སེམས་བླ་མ་དང་དུས་གསུམ་རྒྱལ་བའི་ཐུགས་ལ་བསྲེས་ཏེ། ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་ནས། ཚེ་འདས་གྲོག་མ་རྣམས་ཀྱི་ལས་ཉོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བྱང་ཞིང་དག་པར་བྱས་ཏེ། ཐོ་རངས་ཁར་འོད་གསལ་གྱི་ངང་ལས་ཚུར་ཚེ་འདས་གྲོག་མ་རྣམས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་ལུས་ཀྱི་སྐུ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་མཚན་དཔེ་གཟི་བྱིན་འབར་བ་རེ་རེའི་རྣམ་པར་བཞེངས་ནས། བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པ་ལྟར་ཕཊ་གཅིག་བརྗོད་པའི་སྒྲ་དང་དུས་མཉམ་དུ་རང་རང་གང་འདོད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཚེ་འདས་གྲོག་མ་ལྷར་གྱུར་པ་རྣམས་གཅིག་ཀྱང་མ་

p. 170

ལུས་པ་ཐམས་ཅད་འུར་དིང་གིས་འཕུར་སོང་སྙམ་པའི་དམིགས་པ་ཡག་པོ་བྱས། བསྔོ་བ་སྨོན་ལམ་བཏབ་སྟེ། ཧང་ངའི་རི་རྒན་གྱི་ལུང་པའི་ཆུ་ཁར་འོངས་ཏེ་ཇ་བསྐོལ་ནས་ཞག་གིས་བསྡད། ཕྱི་ཉིན་རི་ཧང་ང་བརྒྱུད་དེ་ཕར་སོང་བས། ཕྱི་དྲོ་ཁ་སྐོམ་ཚེ་ཕྱུག་པོ་ཞིག་གི་སྦྲ་མཐོང་ནས་ཐག་ཉེར་བཏུད་དེ་ཇ་ཞིག་བསླངས་པས། ནང་ནས་བུད་མེད་སྐད་ཕྲ་མོ་ཅན་ཞིག་གིས། འདིར་མ་ཡོང་ཇ་མེད་ཟེར། ཕོ་སྐྱེས་ཡར་ཟག་ཅིག་གིས། ཁྱོད་ཕར་སོང་ལ་སྡོད་དང་ཇ་ཞིག་འཁྱེར་འོང་ཟེར། ང་དེར་ཡུན་རིང་བསྡད་པས་ཇ་མིན་ཆུ་མིན་ཞིག་ལ་རྫ་ཆུང་གང་དང་། སྡེར་མ་ཞིག་གི་ནང་དུ་རྩམ་པ་སྤར་གང་། མར་ཕྱེ་མ་ལེབ་ཀྱི་གཤོག་པ་ཙམ་པ་གཉིས་བཞག་སྟེ་ཁྱེར་འོངས་ནས་བྱིན་ཏེ། ངེད་ཚོའི་ས་ཕྱོགས་འདིར་རྩམ་པ་དཀོན་ཞིང་། ཕྱི་དྲོ་སྟེར་མི་དཔེ། ཁྱེད་ཐག་རིང་ནས་ཡོང་བ་ལ་བྱིན་པ་ཡིན་པས། ངེད་མི་ཕྱུགས་ཀྱི་སྐུ་རིམ་ལ་རེམ་ཟེར་བས། ང་ཁོང་འཛུམ་ཞིག་ཤོར་ནས། ཡོན་བདག་ལ་ངས་དགོང་སྲུང་ཡོད་པས་རྩམ་པ་མི་དགོས། སྐུ་རིམ་འདོན་ཞེས་ཇ་འཐུངས་ནས་སྐུ་རིམ་ཁ་ཤས་བཏོན་ཚར་བའི་རྗེས་ལ་ཡོང་། བདག་གིས་གོ་བར་བྱས་ཏེ་འདི་སྐད་ཅེས་སྨྲས། རྒྱལ་བ་རྣམས་ནི་ཐུགས་རྗེ་ཆེ། །ཆོས་སྐྱོང་རྣམས་ནི་ནུས་མཐུ་ཆེ། །ཕྱུག་པོ་རྣམས་ནི་སེར་སྣ་ཆེ། །སྤྲང་པོ་རྣམས་ནི་སྲེད་པ་ཆེ། །དལ་འབྱོར་ཚང་བའི་མི་ལུས་དཀོན། །ལུས་ཐོབ་ལྷ་ཆོས་བྱེད་པ་དཀོན། །ཆོས་བྱེད་མཆོད་པའི་ཡོན་བདག་དཀོན། །མཆོད་རྒྱུའི་མར་དང་རྩམ་པ་དཀོན། །བན་མིན་བོན་མིན་རས་པ་ངར། ཇ་མིན་ཆུ་མིན་བླུད་པ་ཡིས། །རྒན་མིན་གཞོན་མིན་ཡོན་བདག་ལ། །ལྷ་མིན་འདྲེ་མིན་མི་གནོད་

p. 171

ཤོག །ཅེས་རྩེ་མཚར་དུ་སྨྲས་པས། ཁོའི་མཚང་ལ་ཕོག་ནས། འཛུམ་བཞིན་ནང་དུ་སོང་། ཇ་ཕོན་ཆེ་བ་ཞིག་ཁྱེར་འོངས་ནས་འདི་ཁྱེད་ཀྱིས་ལམ་ནས་བྲོ་ཇ་གྱིས་ཟེར་ཕུལ་བྱུང་། དེ་དུས་དབུལ་པོ་ཞིག་གིས་ང་ལ་ཇ་མང་པོ་ཡོད་པ་མཐོང་ནས། སློང་མོ་བྱས་ཚེ། ཡོན་བདག་མང་པོས་སྔར་བྱིན་པའི་ཇ་བརྡུངས་མ་གླ་བའི་ཁུག་མ་ཆེན་པོ་ཞིག་གི་གང་ཙམ་འདུག་པ་དེ། དབུལ་པོ་དེ་ལ་སྣོད་ཅིག་ཡོད་པའི་ནང་དུ། གླ་ཁུག་གི་ཞབས་ནས་བཟུང་མགོ་མཇུག་བསློགས་ཏེ་ཇ་ཡོངས་རྫོགས་བླུགས་པས། སྤྲང་པོ་ཁོ་ན་རེ། ཇ་ཐམས་ཅད་ཁོ་ལ་བྱིན་ན། ཁྱེད་རི་ཁྲོད་དུ་སོང་ན་དཀའ་ཟེར། །ཇ་སྤུར་བ་ཁ་ཤས་ཕྱིར་ནན་གྱིས་བྱིན་པ་བླངས་ནས། ཁོ་ལ་རྩག་ཆད་ཅིག་མ་གཏོགས་གོན་པ་གང་ཡང་མི་འདུག་པས། ངས་ཕྱིང་འགག་རྙིང་བ་ཞིག་ཡོད་པ་དེ་གྱོན། རྩག་འགག་གསར་བ་སྲབ་འཇམ་ཡང་ཞིང་དྲོ་བ་ཞིག་ཡོད་པ་དེ་ལུས་ལས་ཕུད་ནས་ཁོ་ལ་བྱིན་པས་ཁོ་དད་པ་སྐྱེས་ཏེ། ཆོས་པ་ཞིག་ལ་ད་ལྟ་ཁྱེད་འདྲ་བའི་སྙིང་རྗེ་ཅན་དཀོན་པར་གདའ་ཟེར་ཕྱག་འཚལ་ནས་ཕྱིན་ཆད་ཐུགས་དམ་སྐྱབས་འོག་ནས་མ་འདོར་ཟེར། མིག་མཐའ་ཚོར་ཆུ་འཁྱིལ་བར་གདའ། དེ་ལྟར་སྦྱིན་པ་བཏང་བ་མཐོང་ནས་སྔར་གྱི་ཡོན་བདག་དེ་དང་གཞན་ཕྱོགས་དེའི་ཡོན་བདག་ཕལ་ཆེར་དད་པ་སྐྱེས་ནས། ང་ལ་ཆོས་འབྲེལ་ཞུ་རུ་བྱུང་བར། ངས་མ་ཎི་དང་དམིགས་བརྩེ་མའི་ལུང་བྱས་ཏེ། འོ་ཚེ་འདིར་དབུལ་བ་ནི་སྔོན་སྦྱིན་པ་མ་བཏང་བས་ལན་ལ། ཕྱུག་པ་ནི་ཚེ་སྔོན་མར་བསོད་ནམས་བསགས་པའི་འབྲས་བུ་སྨིན་པ་ཡིན་པས་ན། ཕྱི་མར་སྐྱིད་པར་འདོད་ན་ཁྱེད་རྣམས་ཀྱིས་སེར་སྣའི་

p. 172

མདུད་པ་ཁྲོལ་ལ་མཆོད་སྦྱིན་དང་ཕྱག་སྐོར་ཁ་ཏོན་སོགས་རྣམ་དཀར་དགེ་བའི་ལས་ལ་འབོད། ཁྱད་པར་དབུལ་པོ་རྣམས་ལ་སྙིང་རྗེ་སྐྱེད་ལ་སྦྱིན་པ་ཐོངས་ཞེས་གླུ་འདི་བླངས་སོ། །དྲིན་ཅན་བླ་མ་རིན་པོ་ཆེ། །འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས། །ཕྱུག་པོའི་སེར་སྣའི་མདུད་པ་ཁྲོལ། །དབུལ་པོ་ཉམ་ཐག་བརྩེ་བས་སྐྱོངས། །ཚེ་སྔོན་བསོད་ནམས་མ་བསགས་པས། །ཚེ་འདིར་དབུལ་པོའི་མི་རུ་སྐྱེས། །ཚེ་འདིར་བསོད་ནམས་མ་བསགས་ན། །ཕྱི་མར་དབུལ་པོར་སྐྱེ་བར་གསུངས། །ད་ནི་ཚེ་མཇུག་འདི་ཉིད་ལ། །ཕྱི་མར་སྐྱིད་པའི་ལྷ་ཆོས་མཛོད། །ཕ་མར་མ་གྱུར་གཅིག་ཀྱང་མེད། །དབུལ་པོ་ཐམས་ཅད་སྙིང་རེ་རྗེ། །ཕྱུག་པོ་སེར་སྣ་མ་ཆེ་བར། །དབུལ་པོ་རྣམས་ལ་སྦྱིན་པ་ཐོངས། །བྱ་བཏང་ཚོགས་དྲུག་རང་གྲོལ་ང་། །ཉམ་ཐག་འགྲོ་ལ་ཕན་དོན་དུ། །སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར། །སྙིང་པོ་མེད་པའི་བྱ་བ་སྤངས། །སྙིང་པོའི་ལྷ་ཆོས་བྱེད་དུ་འགྲོ །ཞེས་བླངས་ནས་བླ་མ་རྒྱ་ལུ་ཧུ་ཐོག་ཐུ་རིན་པོ་ཆེའི་དགོན་པར་སོང་ནས། དེར་ཁོང་ལ་མཇལ་ནས་ཆོས་འབྲེལ་ཞུས་པས། མ་ཎི་དམིགས་བརྩེ་མ་སྒྲོལ་མ་ཚེ་གཟུངས་བཅས་ཀྱི་ལུང་གནང་། གསོལ་རས་ལ་ཇ་མར་དང་རྩམ་པ་གནང་བ་རྣམས་ཀྱི་ནང་ནས་རང་ལ་དགོས་པ་ཅུང་ཟད་ཙམ་བླངས་གཞན་རྣམས་ཕྱིར་ཕུལ། སྐྱབས་འཇུག་ཞུས་ཏེ་ཚུར་ལ་འོངས་པས། སོག་སྤྲང་རྒན་མོ་མ་བུ་གཉིས་དང་ཕྲད་པའི་ཚེ། ང་ལ་ཁ་བཏགས་ཆེན་པོ་སྟེང་ན། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཞེས་པ་བཀྲ་ཤིས་པའི་ཚིགས་བཅད་བཞིའི་རི་མོ་ཅན་གྱི་རིང་པོ་ཞིག་ཡོད་པ་དེ་བྱིན་ནས། འདི་ཁྱེད་གཉིས་ཀྱིས་ཚོངས་ལ་ཁ་རྒྱབ་ཅིག་གྱིས། བུ་ལ་ཆོས་ཤིག་སློབས་དང་། ཁྱེད་

p. 173

མ་བུ་གཉིས་ཚེ་འདི་ཕྱིར་སྐྱིད་པོ་ཡོང་ཞེས་སྨྲས་པས། ལགས་སོ་ཟེར་མ་བུ་གཉིས་ཀ་སེམས་དགའ་ཡལ་ལེ་བའི་ངང་དུ་སོང་། དེ་ནས་ཚུར་ཡོངས་ལོ་བུའི་ནང་དུ་ཐོན་ཚེ། སྔོན་ནས་རེབ་གོང་གི་བོན་པོ་ཞིག་དང་མི་སྐྱ་གཅིག་གཉིས་ཀྱིས། བ་ལང་ཁ་ཤས་དེད་ནས་ཡུལ་དུ་འགྲོ་བ་ལ་ཐུག་པས་ང་ལ་ཁྱེད་གང་ནས་ཡིན་ཟེར། དེར་ངས་རྒྱུ་མཚན་རྣམས་བཤད་ཚེ། ཁོང་གཉིས་དགའ་ནས་མཇལ། ཆོས་འབྲེལ་ཞིག་དགོས་ཟེར་བ་ལ། བསམ་པ་མྱུར་འགྲུབ་ཀྱི་ལུང་ཞིག་བྱིན་ནས། ཆོས་བཤད་བསྡུས་པ་ཞིག་བྱས་པའི་མཇུག་ཏུ་མགུར་དབྱངས་འདི་བླངས་སོ། །བླ་མ་སྤྱི་བོའི་རྒྱན་དུ་བཞུགས། །དད་ཅན་ཤེས་རྒྱུད་བྱིན་གྱིས་རློབས། །ཆོས་ཕྱིར་རི་ལ་འཁྱམས་པ་དང་། །ནོར་ཕྱིར་འཁྱམས་པའི་རེབ་གོང་མི། །ངེད་གསུམ་ཝོ་བུའི་ཐང་ནས་མཇལ། །དེ་སྔོན་ཆད་སྨོན་ལམ་བཏབ་པ་འདྲ། །ཁྱེད་གཉིས་དམ་ཆོས་བྱེད་མི་བྱེད། །ཁྱེད་གཉིས་དམ་ཆོས་བྱེད་སྙམ་ན། །ངེད་གསུམ་ཆོས་འབྲེལ་བྱས་པའི་མཐར། །སོ་སོར་གྱེས་ནས་འགྲོ་བ་ལྟར། །ཆོས་རྣམས་མི་རྟག་འདི་དང་འདྲ། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །བླ་མ་དཀོན་མཆོག་མཆོད་བསྟོད་བཀུར། །ཉམ་ཐག་དབུལ་པོར་ཕན་ཐོགས་རེམ། །རྒྱུན་དུ་ཕྱག་སྐོར་ཁ་ཏོན་གྱིས། །འཆི་ཁར་མི་འགྱོད་ཙམ་རེ་མཛོད། །ང་ནི་མཚོ་སྙིང་དབེན་པར་འགྲོ །ཁྱེད་གཉིས་ཡུལ་ལ་བདེ་བར་བཞུད། །ཚེ་འདིར་ཚེ་རིང་ནད་མེད་ཅིང་། །ཕྱི་མར་སྐྱིད་པའི་སྨོན་ལམ་འདེབས། །ཞེས་བླངས་ནས་ཁ་བཏགས་རིང་པོ་རེ་བྱིན་པས། གཉིས་ཀ་དད་བཞིན་རང་ཡུལ་དུ་སོང་། ང་མཚོ་སྲིབ་ཏུ་སླེབས་པས་ཁ་བ་ཆེ་ཞིང་། སོག་པོའི་རུ་སྡེ་ནི་མེད། བྲོ་ཁ་ཚར། རྐང་པ་

p. 174

ཡང་ལྷམ་གྱིས་བཤུས་ཏེ། སྡུག་བསྔལ་མྱོང་བཞིན་དུ་མཚོ་ཉིན་ན་ཨ་རིག་གི་རུ་སྡེ་ཡོད་པའི་ནང་དུ་སླེབས་ནས་ངོ་ཤེས་རྒད་པོ་འཛི་རིས་ཟེར་བའི་ནང་དུ་སོང་། བསྙེན་བཀུར་ལེགས་པོ་བྱས། ཞག་མ་རེ་གཉིས་བསྡད། ཁོས་ང་ལ་འཚོ་བའི་མཐུན་རྐྱེན་དུ་དམིགས་ཏེ། ནས་ཚྭ་སྐྱེ་ཆུང་བ་ཞིག་གི་གང་དང་། མར་རྒྱ་མ་གསུམ་བྱིན་པ་དེ་ཁར་བཞག་ནས། ཨ་རིག་གི་རུ་སྡེར་སློང་མོ་བྱེད་པའི་ཐོག་མར། ལམ་ཁ་ན་གུར་ཆུང་ཞིག་འདུག་པ་ལ་མ་བསླངས་པར་བཞག་ནས། ཕ་རི་ན་ཕྱུག་པོ་སྦྲ་ཅན་ཁ་ཤས་ཡོད་སར་ཧེབ་ལངས་ནས་སོང་བས། རུ་སྐོར་དེ་ལ་ཁྱི་བཅོ་ལྔ་ཙམ་ཞིག་འདུག་པ་ཐམས་ཅད་དམག་བཞིན་ཤོར་ནས་ཡོང་དུས་རང་ལ་འདི་སྐད་སྨྲས། དད་མེད་མི་ངན་ཐམས་ཅད་ཀྱིས། །སྒོ་ཡི་ཁྱི་ངན་འགོག་མི་སྲིད། །བྱ་བཏང་ཚོགས་དྲུག་རང་གྲོལ་ཁྱོད། །མཁོ་བ་དམ་པའི་ལྷ་ཆོས་ཡིན། །དེ་ལ་མཁོ་བ་ལུས་འདི་ཡིན། །ལུས་འདིར་མཁོ་བའི་ཟས་ཀྱི་ཕྱིར། །འོང་ལ་ཁྱི་རྣམས་ཕྲག་དོག་སྐྱེས། །མཚོན་ཆ་ཁ་ན་ཐོགས་པའི་ཁྱི། །མགོ་སེར་ཞིག་གིས་སྣ་དྲངས་ནས། །ཁྱི་ཡི་དམག་དཔུང་ཡོང་གིན་གདའ། །རྡོ་དང་དབྱུག་པའི་མཚོན་ཆ་གསོག །མར་གྱི་ཐང་ཐོག་འདི་ཉིད་ནས། །ཁྱི་ངན་དམག་དཔུང་ཕམ་པར་མཛོད། །ཅེས་སྨྲས་ནས་ཁུར་བོ་ཕོག་རྡོ་མང་པོ་བཏུས་ནས་བསྡད་པའི་ཚེ། ཁྱི་རྣམས་སྟེང་དུ་རུབ་བྱུང་བའི་དུས་རྡོ་འཕངས་ཚེ་ཕལ་ཆེར་ཐར་རེ་ལོང་ངེ་སོང་། ཁྱི་རྒན་མགོ་སེར་གྱིས་ངའི་གཟན་ལ་བཟུང་ནས་གཟན་རལ། ཡང་ཁྱི་ནག་པོ་ཞིག་གིས་ལྷམ་གྱི་ཡུ་བ་ནས་བཟུང་བས། དེ་ལ་རྡོ་གཅིག་བརྒྱབ་པས། སྙིང་རྗེ་ཞིག་ཀྱང་བྱུང་། དེ་ནས་ཁྱི་རྣམས་དེད་ནས་སོང་དུས། མི་ཞིག་

p. 175

གིས་ནོར་ལྷས་ནས། ཨི་ཁྱི་འུར་གྱིས་དེད་ནས་ཁྱོད་ཅི་ལ་འོང་། ངེད་ཚོ་ལ་འགྲུལ་པ་མི་ཆུད། དགའ་ལྡན་པོ། ཚུར་ནོར་ལུག་གི་ལྷས་ལ་མ་ཡོང་ཟེར། ཕྱེ་ཕོར་བ་གང་མི་ཚང་ཞིག་གིས་བྱིན་ནས་ཕྱིར་ལོག་དུས་འདི་སྐད་སྨྲས། བྱ་བཏང་ཚོགས་དྲུག་རང་གྲོལ་ཁྱོད། །ཕྱུག་པོའི་སྒོ་རུ་ཧེབ་ལངས་སོང་། །ཁྱི་ངན་དམག་དཔུང་སྟེང་དུ་བླུགས། །སྟེང་ནས་གྱོན་པའི་གཟན་རྡུལ་གཏེད། །དོ་དགོང་སྐྱི་སེར་རླུང་པོ་དང་། །ཐང་ནས་འཁྲུག་པ་འཆོར་ཉེན་གདའ། །ཁབ་སྐུད་གཉིས་ཀྱིས་བཙེམ་ན་བཟང་། །ཞེས་དྲོ་ས་ཞིག་ནས་བསྡད་དེ་གཟན་བཙེམས། དེ་ནས་སྔར་བཞག་ནས་སོང་བའི་སོག་པོའི་གུར་ཆུང་ཡོད་པའི་སྒོར་སོང་ནས་བསླངས་ཚེ། ནང་ནས་སོག་མོ་རྒན་མོ་ཤ་ཁ་སྨུག་སང་ངེ་བ་ཞིག་གིས་ཁྱི་བཀག་ཕྱག་འཚལ་མཇལ་ཏེ་ནང་དུ་སོང་བས། ཆུ་ར་སྡེར་མ་ཆེན་པོ་ཞིག་གི་གང་མར་སྐྱོག་གཅིག་དང་བཅས་པ་བྱིན་པས། དེའི་ཉིན་པར་རྟ་ཞིག་ཕུལ་བ་ཙམ་གྱི་དགའ་སྤྲོ་སྐྱེས། བསྔོ་བ་སྨོན་ལམ་བཏབ། དེ་ནས་སྦྲ་ཆུང་ཞིག་ཡོད་པའི་སྒོར་སོང་བས་ཕྱེ་སྡེར་མ་གང་བྱིན་ནས། ཁོ་ལ་ཅང་མེད། ལུང་པ་འདིའི་ཕུ་ན་ཕྱུག་པོ་ཞིག་ཡོད་ཟེར། དེར་སོང་བས་སླེབས་མ་ཐག་ཁྱི་གཉིས་གློ་བུར་དུ་རྒྱུག་བྱུང་བས་འཛིན་གྲབས་བྱས་ཚེ། བོ་ཅོ་ཞིག་ཡོད་པ་གཡུགས་པས་རྡོ་ལ་ཕོག་པས་དཀྱིལ་ནས་ཆོག ཁྱིམ་ཚང་དེས་རྩམ་ཆུར་སྡེར་མ་གང་ཙམ་བྱིན་པ་ཁྱེར་ནས། ཕྱིར་ལོག་ནས་འདི་སྐད་སྨྲས། །ལུང་རིང་གྱེན་དུ་ཡར་ལ་སོང་། །རྩམ་ཆུར་སྡེར་མ་གང་གི་ཕྱིར། །རྟ་བས་ལྷག་པའི་དབྱུག་པ་ཆག །རྣལ་འབྱོར་རྐང་ཐང་ལྟ་བུར་བཏང་། །

p. 176

ཞེས་སྨྲས་ནས་དུམ་བུ་གཉིས་ཀ་ལག་པ་གཡས་གཡོན་དུ་བཟུང་ནས་དགོད་ཀྱིན་དགོད་ཀྱིན་འོང་། དེ་ནས་གཤིན་པོ་ལ་དགེ་རྩ་བྱེད་པའི་ཐོག་ཅིག་ཏུ་སོང་ནས་ཕྱེ་རྩམ་ཤིང་ཙེ་དོ་ཙམ་རྙེད་པའི་ཚེ་རང་ལ་འདི་སྐད་སྨྲས། བྱ་བཏང་དགེ་རྩ་བཅའ་སར་རྒྱུག །མི་ཡི་འཕྱ་སྨོད་མང་ན་ཡང་། །བཟའ་བཏུང་ལག་ཏུ་ཡོང་བར་སྣང་། །ཁྱི་ཡིས་མི་འཛིན་བདེ་བར་གདའ། །ཞེས་སྨྲས། དེ་དུས་མངའ་རི་དགོན་གྱི་གྲྭ་པ་བསྟན་དར་ཟེར་བའི་རྨི་ལམ་དུ། མི་འགའ་རེས་རྒྱ་གར་གྱི་ཕ་དམ་པ་འདིར་ཕེབས་འདུག་མཇལ་དུ་འགྲོ་ཟེར་བས་ཁོ་ཡང་སོང་ནས་བལྟས་པས། རྣལ་འབྱོར་པ་ཤ་མདོག་སྨུག་པ་དབུ་སྐྲ་ཐོར་ཅོག་བྱས་ཤིང་། སྐེད་པ་ན་གསེར་གྱི་འཁོར་ལོ་ཞིག་བསྣམས་ཡོད་པ་དེ་ལས་འོད་ཟེར་འཕྲོས་ནས་འགྲོ་བ་གཞན་ལ་ཕོག་ཅིང་། ཁོ་ལ་ཡང་ཕོག་པས་ལུས་ལ་བདེ་ཉམས་ཀྱང་བྱུང་། འཁོར་ལོ་དེ་ལན་གཅིག་སྐོར་དང་བྱས་པས། རྗེས་ནས་བསྐོར་འོང་དེ་དུས་ཤོག་ཟེར་བ་ཞིག་རྨིས་པས་ཕྱི་ཉིན་ང་དང་མཇལ་ཚེ། མདང་གི་རྨི་ལམ་དེ་དྲན་ནས་དད་པ་ཆེན་པོ་སྐྱེས་ཏེ། ཞལ་གདམས་གསུང་མགུར་ཞིག་གནོངས་ཟེར་བས། ངས་རྗེ་མི་ལ་ལ་ཕ་དམ་པས་གསུངས་པའི་མགུར་དེ་བླངས་པས། རྗེས་སོར་ཁོ་མཚོ་སྙིང་དུ་འོང་སྟེ་ཆོས་ཉན་ནས་ལོ་མང་པོར་བསྡད་པས་ཆོས་པ་དགེ་སྦྱོར་མཁན་བཟང་པོ་ཞིག་བྱུང་། དེ་ནས་ཡང་དགོན་གོང་འོག་གཉིས་སུ་སོང་བས་ཁོང་རྣམས་ཀྱིས་ཕྱེ་རྩམ་ཕར་ཕོར་རེ་བྱིན། དེའི་སྔར་ལོ་རི་ཁྲོད་པ་བརྫུས་མ་ཞིག་འོངས་ནས་གཟུངས་ཤུལ་དགེ་བཤེས་ཚང་གི་དངུལ་སྲང་བརྒྱ་ཙམ་ཞིག་རྐུ་ཐབས་ཀྱིས་ཁྱེར་སོང་བའི་ནང་དེར་ང་

p. 177

ཕྱིན་པས་གཉེར་བ་བཟང་པོ་ཞིག་འདུག་ནང་དུ་བོས་ཇ་བླུད་ནས་བསྡད་ཡོད་པའི་ཚེ། གཞན་གྲྭ་པ་འགའ་རེ་ཡོང་གཅིག་གིས་འདི་སུ་རེད་ཟེར། གཉེར་བས་རྩེད་མོ་བྱས་ནས་འདི་ན་ནིང་གི་རི་ཁྲོད་པ་དེའི་སྐུ་སྐྱེས་ཡིན་བྱས་པས་ཐམས་ཅད་དགོད་པར་གདའ། །གཞན་ཡང་གྲྭ་པ་ཞིག་གི་ནང་དུ་སོང་བས། ཁྱོད་འདྲིས་ངེད་ཚོར་སྔར་ཡང་ཕན་བཏགས་ཀ ད་ཕར་ཕར་ཟེར་གོ་རེ་སེར་བོ་གྱོང་དོ་ཆག་པོ་འགའ་ཞིག་ཁྱེར་འོངས་ནས། ལག་ཏུ་ཡང་མི་འཇོག་པར། ངའི་བྲང་གི་ངོས་ལ་ཤེད་ཀྱིས་བརྒྱབ་ནས་མིག་ལོག་ཅིག་བལྟས་ནས་སོང་། ང་ཅིག་འཛུམ་ནས་བསྡད། དེ་ནས་ཕྱིར་ལོག་ནས། སྦྲུལ་གྱིས་གཙེས་སར་གསེར་དངུལ་གྱི། །ཉག་ཐག་མཐོང་ཡང་འབྲོས་པ་བཞིན། །སྐྱེ་བོ་ངན་པས་སུན་དབྱུང་བས། །སྐྱེས་བུ་དམ་པ་ཡིན་ཡང་སྤོང་། །ཞེས་སྨྲས། ཁོ་ལ་ཁག་མེད་སྙམ། དེ་དུས་ཨ་རིག་གི་ཁོང་རྣམ་པ་མང་པོས་ཁྱེད་ཀྱི་རལ་པ་འདི་ཅི་ལ་བཞག་རྒྱུ་མཚན་ཅི་ཡོད་ཤོད་དང་ཟེར་རྩེད་མོ་བྱས་པའི་ལན་དུ་བདག་གིས་འདི་སྐད་ཅེས་སྨྲས། །དྲིན་ཅན་གྱི་བླ་མའི་ཞབས་ལ་འདུད། །འདིར་འཚོགས་ཀྱི་དགེ་འདུན་ཚོགས་རྣམས་ཉོན། །མགོ་བོ་ལ་འཁུར་བའི་རལ་པ་འདི། །བཞག་ཚུལ་གྱི་རྒྱུ་མཚན་འདི་ལྟར་ལགས། །དྲིན་ཅན་གྱི་བླ་མ་བརྗེད་པའི་ཚེ། །རང་ཉིད་ལ་དྲན་གསོའི་ཕྱིར་དུ་བཞག །ཕྱོགས་མེད་ཀྱི་རྒྱལ་ཁམས་འགྲིམ་པའི་ཚེ། །ཇག་རྐུན་གྱི་འཇིགས་ལས་སྐྱོབ་ཕྱིར་བཞག །ལོ་གསར་གྱི་ལྷགས་པ་སླེབས་པའི་ཚེ། །རྣ་བ་ལ་ཕན་པའི་ཕྱིར་དུ་བཞག །ཉིན་མཚན་དུ་ཁ་བ་བབས་པའི་ཚེ། །མིག་གཉིས་ནི་མི་ཕྱིད་ཕྱིར་དུ་བཞག །ཟང་ཟིང་གི་བསོད་སྙོམས་

p. 178

འདུ་བའི་ཚེ། །རྣམ་གཡེང་གི་དགྲ་ལས་དབེན་ཕྱིར་བཞག །མི་མེད་ཀྱི་ལུང་སྟོང་འགྲིམ་པའི་ཚེ། །མི་གྲལ་དུ་མི་ཚུད་ཕྱིར་དུ་བཞག །མི་ངན་ངའི་ཚེ་འདི་དྲན་པའི་ཚེ། །མི་ལ་ཡི་རྣམ་ཐར་དྲན་ཕྱིར་བཞག །ཅེས་སྨྲས་པས། གྲྭ་པ་རྒན་པ་ཞིག་ན་རེ། དེ་འདྲ་ཆགས་པོ་བྱུང་ཟེར། དེ་ནས་ཡང་ཨ་རིག་གི་ཁྱིམ་ཚང་མང་པོའི་སྒོར་སོང་ནས་བསླངས་པས། རྒད་པོ་ཞིག་གིས་ཁྱེད་བོན་པོའམ། སྔགས་པ་ཞིག་ཨེ་ཡིན། རལ་པ་འདི་ཅི་ལ་དགོས། གདོས་འདིས་ཁྱེད་རྐང་ཐང་ཞིག་ལ་ཆེད་ཟེར་བའི་ལན་དུ་འདི་ལྟར་སྨྲས། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །འདི་ཉིད་མགོ་ལ་བཞག་པ་ཡིས། །ཐམས་ཅད་ཡིད་གཉིས་ཐེ་ཚོམ་འགྱུར། །ཐེ་ཚོམ་སྐྱེས་ན་དད་པ་མེད། །དད་པ་མེད་ན་དཀོར་མི་འདུ། །དཀོར་མ་འདུས་ན་ཟང་ཟིང་མེད། །ཟང་ཟིང་མེད་ན་ཉམས་ལེན་འཕེལ། །ཉམས་ལེན་འཕེལ་ན་ཉམས་རྟོགས་སྐྱེ། །ཉམས་རྟོགས་སྐྱེས་ན་གཞན་ལ་ཕན། །གཞན་ལ་ཕན་པའི་རལ་པ་འདི། །བཞག་པའི་རྒྱུ་མཚན་དེ་ལྟར་ལགས། །ཞེས་སྨྲས། ཡང་བུད་མེད་ཅིག་གིས་འདི་ལྟར་སྤྲང་དགོས་པ་ཞིག་མིན་པར་སྣང་། ཁྱེད་སྔོན་ནས་མོ་རྩིས་ཤིག་ཏུ་འདི་ལྟར་སོང་ཞེས་བབས་ནས་འོངས་པ་མ་ཡིན་ནམ་ཟེར་བའི་ལན་དུ་འདི་སྐད་ཅེས་སྨྲས། ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །རང་གིས་རང་ལ་རྩིས་ཤིག་བྱས། །མདོ་སྔགས་ཆོས་ཀྱི་རྩིས་གདན་བཏིངས། །རྟེན་འབྲེལ་བཅུ་གཉིས་ལོ་སྐོར་བརྩིས། །རྣམ་ཤེས་ཚོགས་བརྒྱད་སྤར་ཁ་བསྡེབས། །ཐེག་པ་དགུ་ཡི་སྨེ་བས་བསྐོར། །དགེ་སྡིག་གཉིས་ཀྱིས་དགྲ་གྲོགས་

p. 179

འཐབ། །རྩིས་ནི་མི་བཟང་རྩིས་ནི་ངན། །དང་པོ་ནད་ཀྱི་བྱུང་ཚུལ་ནི། །བློ་མ་རིག་འཁྲུལ་བའི་ཐབ་གཞོབ་བྱས། །ཐབ་གཞོབ་དམེ་དེས་རྐྱེན་བྱས་ནས། །ཆོས་དབྱིངས་ཡེ་ཤེས་ལྷ་སྲུང་གྱེས། །ལྷ་དེ་གྱེས་པའི་རང་བཞིན་གྱིས། །བདག་འཛིན་གདོན་དེ་ཁོག་ཏུ་ཞུགས། །ཆགས་སྡང་གཉིས་ཀྱི་ཟུག་རྔུ་ལངས། །གདོན་གྱི་རང་བཞིན་དེ་ལྟར་གདའ། །དེ་ཉིད་བཅོས་པའི་ཐབས་བསྟན་པ། །ཡེ་ཤེས་ལྷ་སྲུང་གྱེས་པ་ལ། །བླ་མ་རྟོགས་ལྡན་བཟང་པོ་ཡིས། །སེམས་ཉིད་ངོ་སྤྲོད་གྲིབ་སེལ་གྱིས། །བདག་འཛིན་གདོན་དེ་འདུལ་བ་ལ། །ཕ་ཡུལ་རྒྱབ་ཏུ་སྤངས་ནས་ཀྱང་། །འདི་བཞིན་བཟའ་བཏུང་སློང་མོ་ལ། །བརྟེན་ནས་ཕྱོགས་མེད་རི་ཁྲོད་འགྲིམས། །བདག་པས་གཞན་གཅེས་སེམས་མཆོག་སྦྱོངས། །བདག་མེད་ལྟ་བའི་གནས་ལུགས་སྐྱོངས། །ཞེས་པ་རྩིས་ཀྱི་ནང་དུ་བབས། །བདག་གིས་དེ་ལྟར་བྱས་པའི་མཐུས། །ཆོས་དབྱིངས་ཡེ་ཤེས་ལྷ་སྲུང་འཁོར། །བདག་ཏུ་འཛིན་པའི་གདོན་དང་བྲལ། །ཆགས་སྡང་ན་ཟུག་ཐམས་ཅད་ཞི། །ད་དུང་འཕར་བུ་ཅུང་ཟད་འདུག །འོན་ཀྱང་སྔར་བཞིན་མི་གནོད་དོ། །ཞེས་སྨྲས་པས། མོ་དད་པ་སྐྱེས་ནས་ཕྱེ་རྩམ་ཡག་པོ་ཞིག་བྱིན་བྱུང་། དེ་ལྟར་བསོད་སྙོམས་ལ་མང་པོ་སོང་བའི་སྟབས་ཀྱིས། རྐང་པ་ཡང་ལྷམ་གྱིས་བཤུས་པ་ལ་ཉེན་བྱས་ནས་སྐྲངས། ལྟོགས་འཁྱགས་ངལ་དུབ་ཀྱི་སྡུག་མྱོང་བཞིན་དུ་བཙལ་བས། །ཁྱིམ་ཚང་བརྒྱ་ལྷག་ཙམ་གྱིས་ཕྱེ་རྩམ་ཕར་ཕོར་རེ་བྱིན་པ་ཀུན་བསྡུས་པའི་ཕྱེ་སྒྱེ་གང་དང་། རྩམ་པ་དང་ནས་གཉིས་སྒོ་བ་གང་གི་ཚད། ཇ་ནག་བཞི་ཐིག་ཅིག་གི་ཚད།

p. 180

མར་རྒྱ་མ་དགུ་ཙམ་རྙེད་པ་རྣམས་ཁྱེར་ནས་མེ་སྟག་ཟླ་བ་དང་པོའི་ཚེས་གསུམ་ལ་ཀླུའི་རྒྱལ་པོ་མ་དྲོས་པའི་བློན་བྱང་ཆུབ་སེམས་དཔའ་གནས་པའི་མཚོ་ཁྲི་གཤོག་རྒྱལ་མོའི་དབུས། མ་དང་མཁའ་འགྲོ་དཀར་ཕྱོགས་པ་རྣམས་རང་བཞིན་གྱིས་འདུ་ཞིང་། སྔོན་བྱོན་དམ་པ་གོང་མས་བྱིན་གྱིས་བརླབས་པའི་མཚོ་སྙིང་མ་ཧཱ་དེ་ཝ་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་དེར་སླེབས་ཚེ། ད་གནས་འདིར་སྡོད་རྒྱུའི་སྐལ་བ་བཟང་པོ་བྱུང་སྙམ་ཉམས་དགའ་བའི་ཤུགས་ཀྱིས་མགུར་དབྱངས་འདི་བླངས་སོ། །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བཞག །གཉེན་དང་མཛའ་བཤེས་རིང་དུ་སྤངས། །འཁོར་དང་གཡོག་སོགས་བློས་བཏང་ནས། །མཚན་ལྡན་རྩ་བའི་བླ་མ་ནི། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན། །དབང་ཁྲིད་མན་ངག་གདམས་པ་ཐོབ། །བླ་མའི་གསུང་བཞིན་མཚོ་སྙིང་བསྙེགས། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །གནས་འདིར་དམ་ཆོས་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མེད་པ་དང་། །མཐུན་རྐྱེན་ཟས་གོས་གནས་མལ་སོགས། །དཀའ་ཚེགས་མེད་པར་ལེགས་འགྲིགས་ནས། །རྒྱ་ལོའི་ཚེས་ལ་བདེ་བར་སླེབས། །ཉམས་དགའི་གླུ་དབྱངས་ལྷང་ལྷང་བླངས། སྐྱིད་པའི་ལུས་ཀྱིས་རྐང་བྲོ་འཁྲབ། །ཤིན་ཏུ་བདེའོ་ངོ་མཚར་ཆེ། །ཆོས་ཉིད་ངང་དུ་དགའ་ཡལ་ལེ། །ཞེས་བླངས། དེ་ནས་གནས་ཆེན་དེའི་རི་རྩེ་ན་བཞུགས་པའི་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེར་མཇལ། རྒྱུ་མཚན་

p. 181

རྣམས་ཞིབ་ཏུ་ཞུས་པས་ཐུགས་མཉེས། ལོ་དེར་བསྟན་འཛིན་ཉི་མ་དཔོན་སློབ་གཉིས་ལ་ཡང་མཐུན་རྐྱེན་ཕྱེ་རྩམ་ཆེན་པོ་མི་འདུག ཇོ་བུབས་གཅིག་དང་ཕྱེད་ཅིག་འདུག དེར་ངེད་རྣམས་ཀྱི་བྲོ་ཁ་གང་ཡོད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཁོང་དཔོན་སློབ་གཉིས་དང་ངེད་གསུམ་གྱིས་འདྲ་འདྲ་བྱས་བགོས་ནས། ང་ཤར་གྱི་བྲག་ཕུག་ཅིག་ཏུ་གཅིག་པུར་བསྡད་པས། བྱ་བཏང་བསྟན་འཛིན་ཉི་མ་རིན་པོ་ཆེའི་ཐུགས་ཀྱི་རྗེས་སུ་བཟུང་བའི་དད་པ་དང་བློ་གྲོས་ཀྱི་ནོར་གྱིས་ཕྱུག་པའི་ཉེ་གནས་བློ་བཟང་དོན་འགྲུབ་ཀྱིས་གནས་བསྟོད་ཅིག་དགོས་ཞེས་བསྐུལ་ངོར། ཐོག་མར་གནས་ལ་བསྟོད་པའི་མགུར་དབྱངས་འདི་བླངས་སོ། །གདུལ་དཀའི་གདུལ་བྱ་ཐམས་ཅད་ལ། །གང་ལ་གང་འདོད་མདོ་སྔགས་ཀྱི། །ཆོས་སྨྲ་ཆོས་རྒྱལ་ཞབས་པད་ལ། །ཡང་དང་ཡང་དུ་གུས་པས་འདུད། །ཆོས་བརྒྱད་སྐྱོན་གྱིས་མ་གོས་པའི། །ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། །མཚོ་སྐྱེས་རྡོ་རྗེས་ལུང་བསྟན་པའི། །མཚོ་སྙིང་མ་ཧཱ་དེ་ཝ་ཡི། །གནས་འདིའི་ཡོན་ཏན་ཤེས་མ་ཤེས། །གནས་འདིའི་ཡོན་ཏན་མ་ཤེས་ན། །རྦ་རླབས་གཡོ་བའི་ཁྲི་གཤོག་མཚོའི། །དབུས་ཀྱི་གཡོ་མེད་རི་བོ་ཡི། །སྟོང་གསལ་ལྷ་ལམ་ཡངས་པ་རུ། །འོད་གསལ་རྟ་བདུན་དཀྱིལ་འཁོར་རྒྱས། །སྔ་དྲོ་མྱུར་དུ་འཆར་བ་དང་། །ཕྱི་དྲོ་ནུབ་པའི་ཉི་ཚེ་རིང་། །རང་ཉིད་གནས་ཁང་གང་འདོད་ཀྱི། །རང་གྲུབ་བྲག་ཁུང་སྲ་བ་མང་། །མེ་ཤིང་ཆུ་ཡི་མཐུན་རྐྱེན་འཛོམས། །མེ་ཏོག་སྣ་ཚོགས་གནས་འདིར་སྐྱེས། །རྣལ་འབྱོར་ལུས་

p. 182

སྲོག་འཚོ་བ་ཡི། །ཀེའུ་སོགས་ཚོད་མའི་འཚོ་བ་མོད། །རབ་མཛེས་མེ་ཏོག་ཁོར་ཡུག་ན། །ལུས་མཛེས་བུང་བས་གླུ་དབྱངས་ལེན། །ཕང་ཕུང་གཡོ་བའི་ལྗོན་ཤིང་གིས། །ཤག་ཤོག་འདབ་སྒྲ་མང་པོ་སྒྲོག །སྤུ་རིགས་མི་གཅིག་བྱེ་འུ་ཡིས། །སྐད་རིགས་མི་འདྲ་མང་པོ་བསྒྱུར། །དྲི་བཞོན་དལ་བུས་ལངས་པའི་ཚེ། །དྲི་མེད་མཚོ་ལ་རི་མོ་འཆར། །ཆུ་གཙང་མཚོ་ལ་གནས་བཅས་པའི། །ཆུ་བྱ་མང་པོས་སྐད་སྙན་སྒྲོག །ཟས་ཀྱི་རྗེས་འབྲང་གསེར་མིག་ཉས། །ལུས་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན། །ཕྱི་རྐུན་མི་དང་ཁྱི་གཉིས་མེད། །ནང་རྐུན་བྱི་བའི་མིང་ཡང་མེད། །མི་སྡུག་སྡོམ་དང་སྦྲུལ་ལ་སོགས། །མི་འདོད་ཉེར་འཚེའི་མིང་ཡང་མེད། །གཡང་ཅན་མཚོ་ཡི་ཕྱི་རོལ་ན། །དད་ཅན་འབྱོར་ལྡན་ཡོན་བདག་མང་། །གནས་འདིར་དམ་ཆོས་བསྒྲུབ་རྣམས་ལ། །གནས་བདག་སྟོངས་གྲོགས་རྒྱུན་དུ་བྱེད། །དེ་ལྟར་ངོ་མཚར་མཐའ་ཡས་གནས། །དེ་ལ་འདུག་པའི་རྣལ་འབྱོར་པ། །རེག་བྱའི་བདེ་བར་ཡིད་སྤྲོ་ན། །རབ་ཏུ་བདེ་བའི་རྩྭ་གདན་ཡོད། །གཟུགས་མཛེས་ལྟད་མོར་ཡིད་སྤྲོ་ན། །མདོག་མཛེས་གསེར་ཉའི་རྩེད་འཇོ་ཡོད། །དྲི་ཞིམ་དྲི་ལ་ཡིད་སྤྲོ་ན། །དྲི་ངད་ལྡང་བའི་མེ་ཏོག་ཡོད། །རོ་མངར་ཟས་ལ་ཡིད་སྤྲོ་ན། །རོ་མཆོག་ལྡན་པའི་ཚོད་མ་ཡོད། །སྒྲ་སྙན་ཉན་ལ་ཡིད་སྤྲོ་ན། །སྐད་སྙན་འབྱིན་པའི་བྱ་རིགས་ཡོད། །འདོད་ཡོན་ལྔ་ཚང་དབེན་གནས་འདི། །འདོད་ཁམས་ལྷ་ཡི་ཡུལ་དང་མཚུངས། །འདི་ལྟར་ཡོན་ཏན་ཀུན་ཚང་བའི། །འདི་འདྲའི་དབེན་གནས་གཞན་ན་དཀོན། །ཆོས་བརྒྱད་སྐྱོན་དུ་མཐོང་བ་ཡི། །ཆོས་

p. 183

མཛད་དམ་པས་གནས་འདི་བསྟེན། །སྒྲུབ་བརྒྱུད་གོང་མའི་རྣམ་ཐར་བཞིན། །སྒྲུབ་པ་བྱེད་རྣམས་གནས་འདི་བསྟེན། །བདེ་སྐྱིད་རི་ཁྲོད་གནས་འདིར་ཡོད། །བདེ་སྐྱིད་འདོད་རྣམས་གནས་འདི་བསྟེན། །ཡུལ་འདི་བསྟོད་པའི་དགེ་བ་ཡིས། །ཡུལ་ཕྱོགས་འདི་ཡི་མི་ཕྱུགས་ལ། །ནད་དང་མུ་གེ་མི་འབྱུང་ཞིང་། །ཆོས་དང་བཀྲ་ཤིས་འཕེལ་བར་ཤོག །ཅེས་བླངས་པས་མཚན་མོ་རྨི་ལམ་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷའི་ཁང་པ་ཞིག་ཏུ་སོང་བའི་ཚེ། རིན་པོ་ཆེའི་ཁྲི་ཞིག་གི་སྟེང་ན། བུད་མེད་མཛེས་མ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྨྲས་པ་དཔོན་མོའི་ཚུལ་དུ་གནས་པ་ཞིག་ལ། བུ་དང་བུ་མོ་གཞོན་ནུ་མང་པོས་བསྐོར་ནས་སྟོན་མོ་ཆེན་པོ་ཞིག་བྱེད་ཅིང་། གླུ་གར་རོལ་མོ་སྣ་ཚོགས་པ་བྱེད་པར་གདའ། སྐབས་ཤིག་ལ་དཔོན་མོས་ང་ལ་བལྟས་ནས་འཛུམ་བཞིན་ཁ་སང་ཁོང་གིས་གསུངས་པའི་གནས་བསྟོད་དེ་ལོངས་ཟེར་བའི་ཚེ། བྲན་མོ་གཞོན་ནུ་ཞིག་གིས་ཐམས་ཅད་མི་ཤེས་པར་འདུག་ཟེར། ཤེས་ཚོད་ཅིག་ལོངས་དང་ཟེར་བས། དེར་བྲན་མོ་ཡར་ལངས་ནས། འདོད་ཡོན་ལྔ་ཚང་དབེན་གནས་འདི། །འདོད་ཁམས་ལྷ་ཡི་ཡུལ་དང་མཚུངས། །འདི་ལྟར་ཡོན་ཏན་ཀུན་ཚང་བའི། །འདི་འདྲའི་དབེན་གནས་གཞན་ན་དཀོན། །ཞེས་ནང་ནས་ཤེས་པ་འགའ་ཞིག་བླངས་པས། ཀུན་བཞད་སྒྲ་དི་རི་རི་བྱེད་ཅིང་། ང་ལ་དཔོན་མོས་ཀ་ར་དང་ཤིང་ཐོག་སོགས་ཞིམ་མངར་གྱི་ཟས་མང་པོ་བྱིན་པ་ཞིག་རྨིས་པས། ངའི་བསམ་པ་ལ་ང་གནས་གང་དུ་འདུག་ཀྱང་།

p. 184

གཏོར་མ་བཏང་བ་ལས། གནས་ལ་བསྟོད་པ་དགའ་བར་འདུག་སྙམ་པ་བྱུང་། དེའི་ལོ་ངས་ཉི་མ་རེ་ལ་གུང་ཚིགས་ཀྱི་ཇ་གཅིག་པོ་དེ་མ་གཏོགས་པ་མང་པོ་མ་བསྐོལ་བར། ཟླ་བ་བརྒྱད་ཀྱི་བར་དུ་ངག་མཚམས་བྱས་ནས་ཤིན་ཏུ་སྤྲོས་མེད་འོད་གསལ་རྡོ་རྗེ་སྙིང་པོའི་གནས་ལུགས་ལ་མཉམ་པར་འཇོག་པ་ཁོ་ན་ལ་འབད་པས། མཉམ་བཞག་གི་ངང་ནས་གྲོང་ཁྱེར་དང་ཞིང་ཁམས་ལྟ་བུའི་ངོ་མཚར་བའི་ལྟད་མོ་སྣ་ཚོགས་པ་མཐོང་བས་སེམས་སྤྲོ། ཡང་བླ་མ་སྐྱེས་བུ་དམ་པ་གོང་མ་རྣམས་ཀྱི་ཞལ་ནས། ཞི་གནས་དང་ལྷག་མཐོང་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས། མཉམ་བཞག་གི་ངང་ནས་གྲོང་ཁྱེར་དང་ཞིང་ཁམས་ལྟ་བུའི་ངོ་མཚར་བའི་ལྟད་མོ་སྣ་ཚོགས་པ་མཐོང་བས་སེམས་སྤྲོ། ཡང་བླ་མ་སྐྱེས་བུ་དམ་པ་གོང་མ་རྣམས་ཀྱི་ཞལ་ནས། ཞི་གནས་དང་ལྷག་མཐོང་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས། ལམ་རྟགས་ཀྱི་ཡོན་ཏན་སྣ་ཚོགས་པ་འབྱུང་བའི་ཕྱིར། སྤྲུལ་སྒྱུར་སྣ་ཚོགས་ལ་རྩལ་སྦྱང་དགོས་ཞེས་གསུངས་པ་ལྟར། དེའི་ལོ་དབྱར་དུས་ཉིན་རེ་བཞིན་སྐབས་སྐབས་སུ་སྤྲུལ་སྒྱུར་སྣ་ཚོགས་པ་འདི་ལྟར་བྱས་ཏེ། དེ་ཡང་། རང་ལྷར་གསལ་བའི་ངང་ནས། ཡེ་ཤེས་རང་སྣང་ལས་གྲུབ་པའི་སེང་གེ་དཀར་མོ་སྲབ་མེད་ལ་ཞོན་ནས། རྡོ་རྗེ་ཕག་མོས་སྣ་ཁྲིད། རྒྱལ་ཆེན་སྡེ་བཞིས་སེང་གེའི་རྐང་ལག་བཞི་བཏེགས་ཏེ་ཡར་ནམ་མཁའ་ལ་འགྲོ་བ་དང་། ཡང་གླང་ཆེན་དང་། རྟ་མཆོག་དང་། ཁྱུང་དང་། འབྲུག་དང་། ཉི་མ་དང་། ཟླ་བའི་ཐོག་ཏུ་ཞོན་ནས། ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་འགྲོ་བ་དང་། ཡང་གཟན་ལ་གཤོག་པ་བྱས། མཚོའི་ཕ་རི་ཚུར་རི་ལ་འཕུར་བ་དང་། ཡང་ནམ་མཁའ་ལ་རིན་པོ་ཆེ་བཻ་ཌཱུརྱ་དང་ཤེལ་གྱི་སྐས་རིང་པོ་བཙུགས་ནས་ལྷ་ཡུལ་དུ་འགྲོ་བ་དང་། ཕྱིར་བབས་པ་དང་། རི་བྲག་རྣམས་འཇའ་ཚོན་ལྟ་བུའི་སྣང་སྟོང་དུ་

p. 185

བསྒོམས་ནས་ཕར་ཐལ་ཚུར་ཐལ་དུ་བགྲོད་པ་དང་། ཕ་བོང་རྣམས་འདམ་ལྟར་བརྫིས་ཤིང་ཟན་ལྟར་གཅོད་པ་དང་། ཕྱག་རྗེས་དང་ཞབས་རྗེས་འཇོག་པ་དང་། ལུས་ཀྱི་སྟོད་ནས་ཆུ་འཁྲུགས་ཤིང་སྨད་ནས་མེ་སྦར་བ་ཆུས་མེ་མི་གསོད་པར་འབར་བ་དང་། ལུས་ལ་རྨ་མེད་པར་ཕྱི་ནང་སློག་པ་དང་། ལུས་བལ་ལྟར་གཡེངས་ཤིང་། ཆུ་ལྟར་འཕྱར་བ་དང་། ལུས་ཡིད་བཞིན་གྱི་ནོར་བུ། གཏེར་ཆེན་པོའི་བུམ་བཟང་། དཔག་བསམ་གྱི་ཤིང་རྣམས་སུ་སྤྲུལ་ནས། དགོས་འདོད་ཀྱི་ཆར་འབེབས་པ་དང་། ལུས་ལྷར་གསལ་བ་གཅིག་ནས་གཅིག་ཏུ་བསྒྱུར་ནས་བསྒོམས་པའི་མཐར། གཅིག་པོ་དེ་ཡང་ཡར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་ནས། མི་དམིགས་པ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་འཇོག་པ་སོགས་བྱས་པས། དེ་དུས་མཚོ་ཡི་ཕྱི་རོལ་ནས་གང་ཟག་ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས། མཚོ་སྙིང་གི་སྟེང་གི་ནམ་མཁར་འཇའ་ཚོན་གྱི་གུར་ཕུབ་ཅིང་། འོད་དཀར་པོ་གནམ་ལ་འཕྱོ་བ་དང་། བྱ་རྒོད་མང་པོ་འཕུར་བ་མཐོང་བ་དང་། ལུག་རྫི་ཞིག་གིས། ང་མཚོ་སྙིང་ནས་འཕུར་ཏེ་མགོན་པོ་གདོང་སྣའི་ཕྱོགས་སུ་འགྲོ་བ་དང་། ཞབས་དྲུང་ཚང་གི་ཤིང་བཟོ་ཞིག་གིས་དབྱར་ཁ་ང་མཚོ་ཡི་ཕྱི་རོལ་གྱི་ཧ་ར་ཝོལ་གྱི་བྲག་ཕུག་ན་ཡོད་པ་དངོས་སུ་མཇལ་ནས། གནས་འདིའི་ལྷ་ཤིང་མ་གཅོད་གསུངས་པ་སོགས་དག་སྣང་ཅན་གྱི་རིགས་ལ་མཐོང་སྣང་སྣ་ཚོགས་པ་ཞིག་བྱུང་སྐད། ཡང་དབྱར་ཁ་གནམ་དགྲ་རྒོད་ཟེར་བས། འབྲུག་གྲག་ཚེ། ཐོག་སྲུང་གི་དམིགས་པ་ཡང་འདི་

p. 186

ལྟར་བྱས། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་སུ་གསལ་བའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་བང་རིམ་བཞི་བ་རྒྱ་ཁྱོན་དཔག་ཚད་བསམ་ལས་འདས་པའི་སྟེང་དུ། གནམ་ལྕགས་ཀྱི་རྡོ་རྗེ་རྭ་སྟོང་དང་ལྡན་པ། མར་གྱི་རྭ་སྟོང་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ལ་ཟུག་ཅིང་། ཡར་གྱི་རྭ་སྟོང་ནམ་མཁའི་དབྱིངས་སུ་ཟུག་པ། རྡོ་རྗེའི་ལྟོ་བ་རི་རབ་ཀྱི་ཁར་གནས་པའི་ནང་དུ་རང་ཉིད་ཡི་དམ་ཕྱག་ན་རྡོ་རྗེའི་སྐུར་བསྒོམས་ནས། རྡོ་རྗེའི་ཡར་གྱི་རྭའི་རྩེ་མོ་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཅིག་གི་དབུས་ན་བདག་ཅག་གི་སྟོན་པ་སངས་རྒྱས་དང་། ཕྱོགས་ཕྱོགས་ཀྱི་རྩིབས་སྟེང་ན་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་སྲུང་བ་དང་སྐྱོབ་པའི་ཚུལ་དུ་བཞུགས་པ། འཁོར་ལོའི་མཐའ་མ་རྣམས་སུ་སངས་རྒྱས་རྣམས་ཀྱི་ཐུགས་ལས་སྤྲུལ་པའི་སེང་གེ་དཀར་མོ་སྟོང་གིས་རྔམས་པའི་ང་རོ་ཕྱོགས་བཅུར་བསྒྲགས་པས། ནམ་མཁའི་འབྲུག་རྣམས་འཇིགས་ཤིང་སྐྲག་སྟེ་ཕྱོགས་གཞན་དུ་འབྲོས་པར་དམིགས་ནས་ཕྱག་རྡོར་གྱི་བཟླས་པ་བྱས་ཚེ། འབྲུག་སྒྲ་གང་བྱུང་རྣམས་སྒྲ་མི་གྲག་པར་སོང་བ་ལན་འགའ་བྱུང་བས། བསྐྱེད་རིམ་ཡང་དགའ་མོ་ཡིན་ནམ་སྙམ་པ་བྱུང་། ཡང་ཧོར་ཟླ་བཞི་པའི་ནང་ལ་ཉིན་ཞིག་ཁུ་བྱུག་ཅིག་འོངས་ནས་བྱང་ངོས་ཀྱི་ནགས་ཁྲོད་ནས་སྐད་ལྷང་ལྷང་གྲག་པ་ཐོས་ཚེ། སེམས་ལ་དགའ་བ་དང་སྐྱོ་བ་སྣ་ཚོགས་པ་ཞིག་སྐྱེས། དེའི་ཚེ་རྗེ་བཙུན་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་ཞལ་ནས། ང་འདིར་འོངས་ནས་ལོ་བཅུར་བསྡད་ཀྱང་ཁུ་བྱུག་གཅིག་ཀྱངང་མ་ཡོང་། ད་ལོ་ཁྱེད་ཀྱང་ཕེབས།

p. 187

དེའི་ཁར་ཁུ་བྱུག་འདི་ཡང་ཡོང་བ་ངོ་མཚར་ཆེ་གསུངས། ཉིན་གཅིག་ལས་མ་བསྡད་པར་འཕུར་སོང་བའི་ཚེ་ང་ཡང་ངོ་མཚར་སྐྱེས་ནས། ཁ་སང་གི་བྱ་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་ཞིག་གི་སྤྲུལ་པ་ཞིག་ཡིན་པར་སྣང་། ཁ་སང་གི་སྒྲ་གྲག་དུས་ཆོས་གསུང་བ་ཡིན་པར་གདའ། ད་ཁྱོད་རྩོམ་པ་ལ་མཁས་ན་བྱ་དེའི་བཤད་ཚུལ་འདྲ་བའི་བསྟན་བཅོས་ཤིག་རྩོམས་ཞེས། རང་ལ་བསྐུལ་ཏེ། དེའི་ལན་དུ། འོ་ཁ་སང་གི་ལྷ་བྱ་ཁུ་བྱུག་སྔོན་མོ་དེས་འདི་སྐད་ཟེར། གུ་ཁུ་གུ་ཁུ། འདིར་འདུག་མི་ཁྱོད་མ་ཡེངས་ཉོན་ཅིག་གུ་ཁུ། །ཁོ་བོའི་གོ་ལུགས་ཅུང་ཟད་བཤད་ཀྱིས་གུ་ཁུ། །བླ་མས་གྲོང་ཆོག་བྱེད་ཚུལ་འདི་ལ་གུ་ཁུ། །གཞོན་དུས་ཐོས་བསམ་བྱས་པའི་ཧ་གོ་གུ་ཁུ། །རྒྱལ་པོའི་བཀའ་ཁྲིམས་ཉམས་ཚུལ་འདི་ལ་གུ་ཁུ། །བསྟན་དང་འགྲོ་བའི་བདེ་སྐྱིད་ཧ་གོ་གུ་ཁུ། །གཅོད་པས་འདྲེ་འདུལ་བྱེད་ཚུལ་འདི་ལ་གུ་ཁུ། །གཉན་ས་རི་ཁྲོད་འགྲིམས་པའི་ཧ་གོ་གུ་ཁུ། །སྔགས་པས་མཐུ་གཏད་བྱེད་ཚུལ་འདི་ལ་གུ་ཁུ། །ཡི་དམ་བསྙེན་སྒྲུབ་བྱས་པའི་ཧ་གོ་གུ་ཁུ། །ཁྱིམ་པས་སྡིག་ལས་བྱེད་ཚུལ་འདི་ལ་གུ་ཁུ། །ཕྱི་མར་གང་དུ་འགྲོ་བའི་ཧ་གོ་གུ་ཁུ། །མི་ཁྱོད་རོ་ཉལ་བྱེད་ཚུལ་འདི་ལ་གུ་ཁུ། །གཅིག་པུར་རི་ཁྲོད་འགྲིམས་པའི་ཧ་གོ་གུ་ཁུ། །སྙིགས་མའི་མི་རྣམས་སྤྱོད་པའི་ཧ་དེ་གུ་ཁུ། །གོ་ཚེ་བསམ་ན་དགོད་རྒྱུ་ཡོང་གི་གུ་ལུ། །ཞེས་ཅིག་དགོད་ཅིང་འདུག་པའི་ཚེ། བདག་གིས་འདི་སྐད་སྨྲས། །ཨེ་མ་ངོ་མཚར་ལྷ་ཡི་བྱ། །དུས་ཀྱི་སྐད་རིགས་ཉམས་ཀྱི་གྲོགས། །

p. 188

ཁུ་བྱུག་ཟེར་བའི་སྐད་སྙན་པོ། །ལེགས་བཤད་སྨྲ་བ་ངོ་མཚར་ཆེ། །ད་ནི་ངེད་རྣམས་འཇིག་རྟེན་པའི། །སྐྱོན་ཅན་སྐྱོན་དེ་ངོས་འཛིན་ཕྱིར། །དེ་ནི་ཤིན་ཏུ་བདེན་པར་འདུག །སྙམ་པའི་མིང་རེ་ཐོགས་ཤོག་ཨང་། །ཞེས་སྨྲས་པའི་ཚེ། གུ་ཁུ་གུ་ཁུ། རི་དྭགས་རྨས་མ་བཞིན་དུ་གུ་ཁུ། །རི་ཁྲོད་འགྲིམས་པའི་རྣལ་འབྱོར་གུ་ཁུ། རི་ཀླུང་གཉིས་ཀར་འཕུར་བའི་གུ་ཁུ། །རི་བྱ་བདག་ལ་ཉོན་ཅིག་གུ་ཁུ། །དགོན་པ་སྐྱོང་ཟེར་ཁ་གཡར་གུ་ཁུ། །དགོན་དུ་ཡོ་བྱད་བསགས་ནས་གུ་ཁུ། །དགོན་ལ་འགྱེད་ཕོགས་མེད་ཚོ་གུ་ཁུ། །དགོན་པའི་བླ་མ་རྣམས་རེད་གུ་ཁུ། །བློན་པོ་ངན་པའི་ཁར་ཉན་གུ་ཁུ། །དཀར་པོའི་མི་ལ་ཆད་པ་གུ་ཁུ། །མང་པོ་གཅོད་ཀིན་འཇུག་ཚོ་གུ་ཁུ། །རྒྱལ་པོའི་བློན་པོ་རྣམས་རེད་གུ་ཁུ། །ཆོས་སྤྱོད་འཆལ་འཆོལ་བསླབས་ནས་གུ་ཁུ། །ཆོས་གོས་རྒྱབ་ཏུ་ཁུར་ཏེ་གུ་ཁུ། །ཆོས་མིན་ལྟོ་ཕྱིར་རྒྱུག་ཚོ་གུ་ཁུ། །ཆོས་མེད་གྲོང་དགེ་རྣམས་རེད་གུ་ཁུ། །མི་ནག་སྐྱེ་བོའི་ཁྱིམ་ན་གུ་ཁུ། །ལུག་ནག་གཡང་གཞི་བརྒྱངས་ནས་གུ་ཁུ། །རྔ་ནག་བསྐོར་བརྡུང་བྱེད་ཚོ་གུ་ཁུ། །སྙིང་ནག་གཅོད་པ་རྣམས་རེད་གུ་ཁུ། །སེམས་ངན་གཞན་ལ་བཟུང་ནས་གུ་ཁུ། །རྫས་ངན་མང་པོ་བསགས་ཏེ་གུ་ཁུ། །ལས་ངན་མཐུ་གཏད་བྱེད་ཚོ་གུ་ཁུ། །སེམས་ངན་སྔགས་པ་རྣམས་རེད་གུ་ཁུ། །མི་ལུས་རིན་ཆེན་རྙེད་དཀའ་གུ་ཁུ། །མི་དགེ་སྡིག་ལ་སྦྱར་ནས་གུ་ཁུ། །མི་ཚེ་སྡུག་ཟད་བྱེད་ཚོ་གུ་ཁུ། །མི་ནག་ཕོ་མོ་རྣམས་རེད་གུ་ཁུ། །ཡེངས་མེད་བརྩོན་འགྲུས་མེད་ལ་གུ་ཁུ། །བླ་མེད་བྱང་ཆུབ་མ་ཐོབ་གུ་ཁུ། །འདི་མེད་ཕྱི་མེད་བྱེད་ཚོ་གུ་ཁུ། །ཅང་མེད་རས་པ་ཁྱོད་

p. 189

རེད་གུ་ཁུ། །ཞེས་བཤད་ཚེ། ངས་འདི་སྐད་སྨྲས། ཨ་ཨ་བྱང་ཆུབ་སེམས་དཔའ། །ཨའོ་གར་ཡོད་མི་ཤེས། །ཨ་རོག་ཚིག་འདི་ཀུན་ལ། །ཨ་ཁ་བཤད་པ་མིན་ནམ། །ཨ་གོ་བྱ་རྒྱལ་ཁུ་བྱུག །ཅེས་བཤད་པའི་ཚེ། ཡང་འདི་སྐད་ཟེར། །གུ་ཁུ་གུ་ཁུ། ཀུན་མཁྱེན་སངས་རྒྱས་མ་གཏོགས་གུ་ཁུ། །ཀུན་གྱི་སྐྱོན་ཡོན་མི་ཤེས་གུ་ཁུ། །ཀུན་ལ་བཤད་པ་མིན་ནོ་གུ་ཁུ། །ཀུན་སྤངས་ཚོགས་དྲུག་རང་གྲོལ་གུ་ཁུ། །ཞེས་ཟེར། ཡང་བདག་གིས་འདི་སྐད་སྨྲས། ཁ་དོག་སྔོ་ཞིང་མཛེས་པ། །ཁ་བདེ་ཁུ་བྱུག་སྔོན་མོ། །ཁ་རོག་སྡོད་པ་བདག་ལ། །ཁ་ཏ་ཚིག་གསུམ་སྨྲོས་ཤིག །ཅེས་བཤད་པའི་ཚེ་འདི་སྐད་ཟེར། གུ་ཁུ་གུ་ཁུ། ནམ་ཡང་མི་ཁྱོད་ང་བཞིན་གུ་ཁུ། །ནམ་ཞིག་ཕ་རོལ་འགྲོའོ་གུ་ཁུ། །ནམ་འགྲོ་ཆ་ཡང་མི་འདུག་གུ་ཁུ། །ནམ་ཡང་ཚེ་འདིར་མ་ཆགས་གུ་ཁུ། །ཚིག་ཀ་གང་ནས་བཤད་ཀྱང་གུ་ཁུ། །ཚིག་རྩུབ་ངག་འཁྱལ་འཁྱོགས་གཏམ་གུ་ཁུ། །ཚིག་ངན་ནམ་ཡང་མ་སྨྲ་གུ་ཁུ། །ཚིག་འཇམ་ང་བཞིན་སྨྲོས་ཤིག་གུ་ཁུ། །དབེན་པར་འོངས་པའི་དོན་གོ་གུ་ཁུ། །ཉལ་བར་མ་དགའ་ཉམས་ལེན་གུ་ཁུ། །ལེགས་པར་མཛོད་དང་བདེ་ནས་གུ་ཁུ། །བདེ་བར་ང་བཞིན་འགྲོའོ་གུ་ཁུ། །དེ་དེ་ནམ་ཡང་མ་བརྗེད་གུ་ཁུ། ཡང་ཡང་ཨེ་ཐུག་མི་ཤེས་གུ་ཁུ། །གྲོགས་གྲོགས་འཚམས་པོར་བདེ་མོར་གུ་ཁུ། །ད་ད་ང་ནི་འགྲོའོ་གུ་ཁུ། །ཞེས་འཕུར་བར་རྩོམ་པའི་ཚེ། ཡང་བདག་གིས་འདི་སྐད་སྨྲས། ང་ང་མ་ཤི་ལུས་ན། །ཁྱོད་ཁྱོད་སང་ཕོད་ད་ཚོད། །མྱུར་མྱུར་ས་འདིར་ཤོག་ལ། །ལྷང་ལྷང་སྐད་སྙན་སྒྲོགས་ཤིག །ད་ད་ངེད་གཉིས་འབྲལ་བ། །དུང་

p. 190

དུང་སྙིང་གི་དཀྱིལ་ནས། །ལ་ལ་འབྲལ་མི་ཕོད་ཀྱང་། །འོ་འོ་འཁོར་བའི་མཚན་ཉིད། །ཡང་ཡང་འཕྲད་པར་སྨོན་ནོ། །ད་ད་གྲོགས་ཁྱོད་བདེ་མོར། །ཞེས་སྨྲས་པའི་ཚེ། འདི་སྐད་ཟེར།་གུ་ཁུ་གུ་ཁུ། གྲོགས་ཁྱོད་ངར་ལྟོས་ངར་ལྟོས་གུ་ཁུ། །ནམ་ཞིག་ཁྱོད་ཀྱི་ཚོགས་གཉིས་གུ་ཁུ། །འདབ་མ་ལེགས་པོ་བརྒྱངས་ནས་གུ་ཁུ། །རྣམ་མཁྱེན་འཆི་མེད་ལམ་ལ་གུ་ཁུ། །ངར་ལྟོས་ང་བཞིན་འཕུར་ཞིག་གུ་ཁུ། །ལེགས་བཤད་ཆོས་ཀྱི་དབྱིངས་སྙན་གུ་ཁུ། །ངར་ཉོན་ང་བཞིན་སྒྲོགས་ཤིག་གུ་ལུ། །ཞེས་མཁའ་ལ་འཕུར་ཏེ་འགའ་གྲག་སྟེ། དེ་ནས་བདག་ལ་ཞེ་ཆགས་པའི་ཚུལ་གྱིས་ཕྱི་མིག་མང་པོ་ལྟ་བཞིན་འཕུར་སོང་ངོ་། །ཞེས་རང་གཞན་དགེ་ལ་བསྐུལ་བའི་ཆ་རྐྱེན་དུ་སྨྲས་སོ། །དེ་ནས་སྟོན་མཇུག་དེར་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་མདུན་དུ་སོང་ནས་སེམས་ལ་ཕན་པའི་མགུར་ཞིག་གསུང་ཞེས་ཞུ་དོན་ཚིགས་སུ་བཅད་ནས་གླུ་རུ་ཕུལ་བ། །ཨེ་མ་སྙིགས་དུས་སྐྱེ་མཆོག་རྗེ། །ཆོས་དང་མཐུན་པའི་གཏན་གྲོགས་ཁྱོད། །ཆུང་ནས་རབ་བྱུང་ཚུལ་ཁྲིམས་གཙང་། །མཚན་ལྡན་བླ་མ་མང་པོ་བསྟེན། །མདོ་སྔགས་ཟབ་ཆོས་མང་དུ་གསན། །སྤངས་དཀའི་འཇིག་རྟེན་བློ་ཡིས་བཏང་། །སྤྱད་དཀའི་སྙིང་རུས་དྲག་པོ་ཡིས། །ཐོས་བསམ་ཚུལ་བཞིན་བསྒྲུབ་ལ་གཞོལ། །ཐུགས་ལ་འཁྲུངས་པའི་ཞལ་གདམས་མཆོག །སྦ་བསྲི་མེད་པར་བསྟན་དུ་གསོལ། །ཞེས་བསྐུལ་བས། དེའི་ཉིན་ངས་སྔར་མགུར་ལེན་མ་མྱོང་བས་དེ་མ་ཐག་ཏུ་མི་འཆར་བར་གདའ་གསུངས། ཕྱི་ཉིན་ཡང་འདི་ལྟར་ཞུས། །ཨེ་མ་མཚན་ལྡན་སྙིང་གྲོགས་ལགས། །མདོ་སྔགས་ཆོས་ཀྱི་རྒྱ་མཚོ་ནི། །ཡོད་ཀྱང་ཁྱོད་

p. 191

ཐུགས་ཤེལ་དཀར་གྱི། །བུམ་བཟང་ནང་འཁྱིལ་ལེགས་བཤད་ཀྱི། །བདུད་རྩི་འཐུང་འདོད་གྲོགས་པོ་ངའི། །སྐོམ་པའི་ཚ་གདུངས་བསལ་དུ་གསོལ། །ཞེས་ཞུས་པས། ཁོང་གིས་ཐུགས་བརྩེ་བའི་སྒོ་ནས་འདི་སྐད་གསུངས། ཨེ་མ་བློ་ལྡན་གྲོགས་པོ་ལགས། །ཁྱེད་ཅིས་ཀྱང་ལྟ་བ་ལ་བཞེད་ན། །སྤྲང་ང་ཡི་གོ་ལུགས་ཅུང་ཞིག་བརྗོད། །ཕྱོགས་ཆ་ཆེ་ན་ལྟ་བ་མིན། །ཨ་འཐས་ཆེ་ན་སྒོམ་པ་མིན། །བླང་དོར་ཆེ་ན་སྤྱོད་པ་མིན། །རེ་དོགས་ཆེ་ན་འབྲས་བུ་མིན། །འོ་ན་ཅི་འདྲ་ཟེར་ཙ་ན། །ལྟ་བ་རིག་སྟོང་རྩ་བྲལ་ཡིན། །སྒོམ་པ་སྟོང་གསལ་འཛིན་མེད་ཡིན། །སྤྱོད་པ་ཤར་གྲོལ་བྱ་ལམ་ཡིན། །འབྲས་བུ་འཁོར་འདས་སེམས་རྫོགས་ཡིན། །དེ་ཐུགས་ལ་འཐད་དམ་སྙིང་གྲོགས་ལགས། །ཞེས་གསུངས་དེའི་ལན་དུ་བདག་གིས་འདི་ཕུལ། ཨང་གི་སྐྱེ་མཆོག་རིན་པོ་ཆེ། །འོ་ན་རྒྱལ་བའི་གདུང་འཛིན་ཁྱོད། །བདེ་སྟོང་ཐུགས་ཀྱི་ཤེལ་བུམ་ལས། །ཐོན་པའི་ལེགས་བཤད་བདུད་རྩིའི་ཆུས། །བདག་སེམས་ཡིད་བཞིན་ནོར་བུ་ཡི། །མ་རིག་ཉོན་མོངས་དྲི་མ་རྣམས། །བཀྲུས་ནས་དོན་གཉིས་ལྷུན་གྲུབ་ཀྱི། །དགོས་འདོད་མ་ལུས་འབྱུང་ངམ་སྙམ། །ཞེས་ཕུལ། གཞན་ཡང་ཆོས་མཐུན་གྱི་གཏམ་མང་པོ་གླེང་བས་ཐུགས་ཡིད་གཅིག་ཏུ་འདྲེས། སྐུ་མདུན་ནས་བཀའ་གདམས་ཕ་ཆོས་བུ་ཆོས་དང་། རྗེ་རིན་པོ་ཆེའི་གསུང་གི་གསང་འདུས་རིམ་ལྔ་གདན་རྫོགས། རིམ་ལྔ་གསལ་སྒྲོན། ཡིག་ཆུང་ཉེར་གཅིག པཎ་ཆེན་བློ་བཟང་ཆོས་རྒྱན་དང་། ལྕང་སྐྱ་རིན་པོ་ཆེའི་གསུང་གི་སྨྱུང་གནས་ཆོ་གའི་ལུང་བཅས་ཐོབ་པའི་བཀའ་

p. 192

དྲིན་ཅན་གྱི་བླ་མར་གྱུར་ཏོ། །དེའི་ལོ་རྗེ་བཙུན་བསྟན་འཛིན་ཉི་མ་རིན་པོ་ཆེའི་ཉེ་གནས་བློ་བཟང་དོན་གྲུབ་ཀྱིས་སྐབས་སྐབས་སུ་ར་མའི་འོ་མ་རེ་དང་། ཞོ་རེ་ཙམ་བྱིན། དབྱར་སྔོ་འདྲ་ཡང་ཟོས། །སྟོན་མཇུག་འཚོ་ཆས་ཟད་པས། ཟླ་བ་གཉིས་ཙམ་ལ་རྩམ་ཐང་འཐུང་དགོས་བྱུང་། དེ་དུས་དཀའ་སྤྱད་དང་སྙིང་རུས་ཡང་དགའ་མོ་བྱས། དེང་སང་བསམ་ན་སྐལ་བ་བཟང་པོ་རེད་སྙམ་པ་བྱུང་། དེ་ནས་མཚོ་ལ་དར་ཆགས་ནས་ཕྱི་རོལ་ཏུ་ཐོན། སོག་པོ་བཱ་གེ་ཚང་གི་ནང་ལ་སོང་། དེ་དུས་ཆོས་རྒྱལ་ཡབ་ཡུམ་སྲས་བཅས་སྐུ་ཁམས་དྭངས་པའི་ངོས་ནས་འཚམས་རྟགས་ལ་དངུལ་སྲང་བདུན་དང་ཇ་ནག་གཅིག་ཞལ་གསུང་གི་ཡི་གེ་རྣམས་བསྐུར་ཡོད་པ་ལག་ཏུ་འབྱོར་བའི་དངོས་མཇལ་ལྟར་སྤྲོ། དངུལ་སྲང་བདུན་པོ་ཉ་བདའ་རྣམས་ལ་བྱིན་ནས་ཉ་སྟོང་དང་ལྔ་བརྒྱའི་སྲོག་བླུ་བྱས། ལོ་དེའི་དབྱར་ཐོག་བཀའ་དྲིན་འཁོར་མེད་རྒྱལ་མཁན་ཆེན་རིན་པོ་ཆེ་ཨ་རིག་གི་རུ་ནང་དུ་ཕེབས་ནས། །ངའི་རྒྱུ་མཚན་རྣམས་གསུངས། བསྔགས་བརྗོད་མང་པོ་གནང་། ཁོང་ལས་ཅན་རེད་ཅེས་ངའི་ཕྱོགས་སུ་ཕྱག་མཛད། ཨ་རིག་གི་མཆོག་དམན་བར་གསུམ་ཀུན་ལ་མཐུན་རྐྱེན་སྒྲུབས་ཞེས་ཞལ་གསུང་བྱོན་འཚམས་རྟགས་སུ། ཇ་ནག་གཅིག་མར་ཐུད་ཕྱིང་དཀར་དང་ཡི་གེ་འདི་ཡང་བཞག་པར་གདའ། །རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་རྗེའི། །རབ་མང་འགྲོ་ལ་བརྩེ་ཆེན་གཟིགས་པ་ཡིས། །རབ་སྤྲུལ་གར་བསྒྱུར་ཆོས་རྒྱལ་ངག་གི་དབང་། །རབ་ཏུ་དད་པས་རིགས་ཀྱི་བདག་པོ་བསྟེན། །མ་ཧཱ་དེ་ཝར་ཡོངས་གྲགས་དབེན་པའི་

p. 193

རིར། །མ་རྨད་གཞན་ཕན་བྱང་ཆུབ་སེམས་བཟང་གིས། །མར་གྱུར་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་ཞིང་། །མ་རིག་མུན་སེལ་བཤེས་གཉེན་གང་དེ་ལ། །མ་རུངས་བདག་འཛིན་རྗེ་བོའི་བྲན་གྱུར་ཏེ། །མ་རིག་འཁྲུལ་པའི་སྦུབས་སུ་བརྟེན་བཅས་ནས། །མ་དག་འཁོར་བར་འཁྱམས་པའི་བཙུན་གཟུགས་ངས། །མ་ལ་བུ་བཞིན་དུང་བས་འདི་སྐད་ཞུ། །ཨེ་མ་རིང་ནས་གོམས་པའི་ལམ་བཟང་དེ། །དེ་བཞིན་ཉིད་དུ་ཐོགས་མེད་མངོན་གྱུར་ཞིང་། ཞིང་མཆོག་བླ་མ་དུ་མའི་རྗེས་བཟུང་བས། །བས་མཐར་ཚེ་དང་སྒྲུབ་པ་སྙོམས་པའི་ཁུར། །ཁུར་དུ་མ་སོང་རྒྱུན་དུ་བཞེས་པའི་ཚུལ། །ཚུལ་ལྡན་དམ་པའི་རྣམ་ཐར་འདི་རང་ལ། །ལ་ལུང་ཕྱོགས་མེད་འགྲོ་རིགས་མཆོག་དམན་ཀུན། །ཀུན་ཀྱང་དད་གུས་ངོ་མཚར་ཕྱོགས་བརྒྱར་བཞད། །མ་རྒན་སྲིང་མོ་མཆེད་གྲོགས་སྔགས་འཆང་སོགས། །ངེད་དང་སེང་བཟང་བཅས་པ་བདེ་ངོས་ནས། །ཁ་ཙམ་མིན་པར་ཉམས་ལེན་གནད་སྨིན་ལ། །གཞོལ་བཞིན་ཁྱོད་དྲུང་མངོན་དུ་ཕྱོགས་ནས་ཡོད། །སླར་ཡང་གསོལ་འདེབས་ཞུ་བའི་སྙིང་པོ་ནི། །དམ་པ་མ་ལུས་མགྲིན་གཅིག་བསྔགས་པའི་ལམ། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ། །འཁྲུལ་མེད་ངེས་པ་རྙེད་ཕྱིར་ད་དུང་ཡང་། །ནན་ཏན་རིམ་བཞིན་རྟོགས་པ་མངོན་གྱུར་ཐོག །ཞི་བར་མི་གནས་ཕྱོགས་མེད་སྙིང་རྗེ་དང་། །གཞན་ཕན་བྱང་ཆུབ་སེམས་མཆོག་གིས་དྲངས་ཏེ། །སྲིད་པར་མི་གནས་བདག་འཛིན་གཅོད་བྱེད་ལམ། །ཀུན་ལས་ཁྱད་འཕགས་ཟབ་ལམ་རྫོགས་པ་ཆེའི། །ཁྲེགས་ཆོད་གནས་ལུགས་དོན་ལས་མི་གཡོ་བར། །ཐོད་རྒལ་ལམ་

p. 194

གྱི་གྲོལ་རྟགས་མཐར་མཛད་ནས། །ཆོས་ཉིད་ཟད་སར་མྱུར་དུ་ཕེབས་པ་དང་། །སོར་མོར་རིག་པ་གཏད་པའི་སྒྱུ་ལུས་འདིར། འགྲོ་དྲུག་སྲིད་ལས་སྒྲོལ་བའི་གྲུབ་པའི་རྟགས། །མངོན་སུམ་རྗེས་འཇུག་གདུལ་བྱར་ཉམས་ལེན་དུ། །མྱུར་བ་མྱུར་བར་དགོངས་ཤིག་བྱ་བཏང་པ། །བདག་ཅན་ལྟོས་བཅས་སྤྲོ་བས་གར་བསྒྱུར་ཕྱིར། །ས་ལམ་གར་ཕྱིན་ཉམས་མགུར་བཟང་པོ་དང་། །ཉམས་ལེན་བྱེད་རྒྱུར་ཞལ་གདམས་གང་རྒྱས་ཤིག །རལ་པའི་རྒྱན་བཞིན་སྤྱི་བོར་སྩོལ་བ་མཁྱེན། །ཕྲན་ཀྱང་འདི་སྣང་བྱ་བ་མྱུར་བྲལ་ནས། །དབེན་པར་ཁྱོད་ཀྱི་རྗེས་སུ་འབྲང་ནུས་ཤིང་། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་པ་ལ། །དམ་པ་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས། །དེ་འདྲའི་སྐལ་བཟང་ཚེ་འདིར་མེད་སྲིད་ཚེ། །བར་དོ་ཤར་ཚེ་ཐུགས་རྗེས་ཉེར་དྲངས་ཏེ། །ལས་དང་ཉོན་མོངས་དཀོར་གྱིས་མི་བསྒྲིབ་པར། །ཡང་སྲིད་ཕྱི་མར་ལམ་མཆོག་མངོན་གྱུར་མཛོད། །མཐུན་རྐྱེན་ཇ་བུབས་མར་གདར་ཐུད་རིལ་དང་། །ཕྱིང་དཀར་བཅས་ཕུལ་ཨ་རིག་མཆོག་དམན་ཀྱང་། །ཅི་ལྕོགས་འབུལ་ཆད་བྱས་ཡོད་དགྱེས་བཞེས་ངོས། །ཉམས་ལེན་ཡར་ངོའི་ཟླ་ལྟར་གོང་འཕེལ་མཁྱེན། །ལྷ་རྫས་རབ་དཀར་རྟེན་ལྡན་ཞུ་འཕྲིན་ཞིག །བརྩེ་སེམས་རབ་དཀར་སྨོན་འབྲེལ་དར་བརྐྱངས་ནས། །མཚོ་ཆེན་དར་དཀར་ན་བཟའ་གསོལ་བའི་དུས། །ཟླ་ཚེས་རབ་དཀར་ཞིག་ལ་ཁྱོད་དྲུང་བསྙེགས། །ཞེས་གསུངས་སྣང་བས། དངོས་མཇལ་ལྟ་བུའི་དགའ་སྤྲོ་ཚད་ལས་འདས་པ་ཡང་ཡང་བྱུང་། དེ་དུས་ཨ་རིག་གི་མཆོག་དམན་སོ་སོའི་གདན་འདྲེན་པ་འོངས་ནས། སྔ་མོ་

p. 195

ངེད་ཚོས་ཁྱེད་སྦས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་པ་ངོ་མ་ཤེས། ལོ་སྔ་མར་རྒྱལ་མཁན་ཆེན་རིན་པོ་ཆེའི་ཞལ་ནས་ཁྱེད་ཀྱི་གནས་ཚུལ་ཞིབ་ཏུ་གོ་བས་སྔར་མ་དད་པ་ཅུང་ཟད་བྱས་པ་རྣམས་ཤིན་ཏུ་གནོང་། ད་ནི་ཅི་ནས་ཀྱང་ཕེབས་དགོས་ཟེར་བ་ལྟར་ཨ་རིག་གི་རུ་སྡེར་སོང་། ཕྱོགས་དེའི་བླ་དཔོན་མཆོག་དམན་སྐྱ་སེར་ཕོ་མོ་རྒན་རྒོན་བྱིས་པ་ཐམས་ཅད་མཇལ་དུ་འོང་བ་ལ། ཐུན་མོང་གི་ཆོས་བཤད་མ་ཎི་དང་དམིགས་བརྩེ་མ་སྒྲོལ་མ་སོགས་ཀྱི་ལུང་བྱས། མགུར་དབྱངས་བླངས་ནས་ཐམས་ཅད་ཀྱི་སྣང་བ་ཆོས་ལ་བསྒྱུར་བས། སྡིག་པ་སྤོང་བ་དང་། དགེ་བ་སྒྲུབ་མཁན་མང་དུ་བྱུང་། ཁྱད་པར་ལོ་རེ་བཞིན་རུ་སྡེ་སོ་སོའི་ནང་དུ་མ་ཎི་དུང་ཕྱུར་འདོན་པའི་ཁས་ལེན་བྱས། དེ་བཞིན་དུ་བསྒྲུབས་པས་ཕྱིས་བཤད་ན་མ་ཎི་དུང་ཕྱུར་བརྒྱ་སོང་སྐད། གཞན་རྟ་ནོར་གསེར་དངུལ་ལོངས་སྤྱོད་གང་ཕུལ་བ་རྣམས་ལ་བསྔོ་སྨོན་གྱིས་མཚམས་སྦྱོར་བྱས་ནས་མ་བླངས་པར་ཕྱིར་བྱིན། ཇ་མར་རྩམ་པ་ཆུ་ར་རྣམས་བླངས་པས་འཚོ་ཆས་མང་པོ་འདུས། དེ་དུས་སྔར་ལོ་བླ་རྒན་གོ་རེ་ཆག་པོས་ངའི་བྲང་ལ་རྒྱག་མཁན་དེ་ཡང་འགྱོད་དེ། མར་དང་ཆུ་ར་བྱིན་ནས་སྔར་མ་དད་པ་བྱས་པ་ལ་མཐོལ་བཤགས་བྱས། གཞན་བུད་མེད་འགའ་རེའི་ཁྱིམ་དུ་མ་བསྙེན་པ་དང་།་ཅི་ཡང་མ་བྱིན་པ་རྣམས་ཀྱིས་ཁྱིམ་དུ་བོས་ནས། ཇ་མར་ཆུ་ར་སོགས་བྱིན་ནས་སྔར་འདོད་ཡོན་གྱི་ང་རྒྱལ་དང་དྲེགས་པས་མྱོས་ཏེ། མ་ཤེས་པའི་དབང་གིས་བརྙས་པ་མཐོལ་ལོ་བཤགས། ཁྱེད་ཀྱི་ཐུགས་ལ་མ་གནོད་བཟོད་པར་བཞེས། ཕྱིན་ཆད་

p. 196

ཐུགས་དམ་སྐྱབས་འོག་ནས་མ་འདོར། སྐུ་ཚེ་བརྟན་རྒྱུ་ཚང་། སང་ཕོད་ཀྱང་ཕྱོགས་འདིར་རེ་རེ་ཕེབས་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་ཟེར། ངས་ཀྱང་ཡོང་ཞེས་སྨོན་ལམ་བཀྲ་ཤིས་བརྗོད་པས་ཐམས་ཅད་སེམས་དགའ་བར་གྱུར་ཏོ། །དེ་ནས་མཁས་པའི་དབང་པོ་ནགས་ཚང་སྤྲུལ་སྐུ་རིན་པོ་ཆེར་མཇལ་དུ་སོང་། སྐུ་དྲུང་ནས། རྗེ་བཙུན་ཏཱི་ལོ། ནཱ་རོ། མར་པ། རས་ཆུང་བ་རྣམས་ཀྱི་རྣམ་ཐར། སྤྱན་སྔ་བའི་གསུང་གི་བློ་སྦྱོང་ཞེན་འཁྲིས་ཀུན་གཅོད་སོགས་བློ་སྦྱོང་ཁ་ཤས་ཀྱི་ལུང་རྣམས་ཞུས་ཤིང་བགྲོ་གླེང་བྱས་པས་ཐུགས་མཉེས་ཏེ། གསོལ་རས་ཀྱང་མང་པོ་གནང་ནས་ཚུར་འོང་བའི་ལམ་ནས་མི་གཞོན་ཞིག་གིས། ཁྱེད་ལ་རྟ་ཞིག་ཡོད་ན་བཟང་ཟེར་བའི་ལན་དྲང་པོར་བཤད་ནས། རྩེ་མཚར་དུ་ང་ལ་རྟ་ཡོད་ཅེས་མགུར་དབྱངས་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཀུན་གྱིས་སྤྱོད་ཡུལ་མ་ཡིན་ཅིང་། །སྐྱེ་འཆི་བྲལ་བའི་རྟ་ཞིག་ཡོད། །སྐྱེ་མེད་ཁྱབ་གདལ་ཆོས་དབྱིངས་ཀྱི། །མོ་གཤམ་བུ་ཡི་རྟ་ཕོ་ལ། །བསྒོམ་མེད་མ་བཅོས་རང་བབ་ཀྱི། །རི་བོང་རྭ་ཡི་སྒ་ཞིག་བསྟད། །བླང་དོར་རྩོལ་སྒྲུབ་ཀུན་བྲལ་བའི། །རུས་སྦལ་སྤུ་ཡི་སྲབ་ཀྱིས་བཅིངས། །མཉམ་པ་ཉིད་ཀྱི་ཐང་ཐོག་ཏུ། །འགྲོ་འོང་མེད་པའི་རྟ་རྒྱུག་བྱས། །ཆོས་ཀྱི་དབྱིངས་ཀྱི་བྱ་བྲལ་རྟ། །འགྲོ་འོང་མེད་པར་སུས་བརྒྱུགས་པ། །སངས་རྒྱས་ས་ལ་སླེབས་པར་ངེས། །ཞེས་བླངས། དེ་ནས་མཚོ་སྙིང་དུ་འགྲོ་ཁར་དཔོན་པོ་བཱ་ཧུ་དང་། ཡོན་བདག་ཟླ་གྲགས་སོགས་དད་ཅན་ཡོན་བདག་ཕོ་མོ་རྣམས་ལ་བདེ་ཞུས་མགུར་འདི་བླངས་སོ། །ཁྱོད་བྲག་སྟོད་ཤིན་ཏུ་སྲ་དང་གཅིག །ང་རྒོད་པོ་སྐྱིད་ཉལ་

p. 197

བྱས་དང་གཉིས། །དུས་གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །ད་བྲག་སྟོད་སྐུ་ཁམས་བདེ་བར་བཞུགས། །བྱ་རྒོད་པོ་མི་སྡོད་འགྲོ་རྒྱུ་ཡིན། ང་འགྲོ་བ་དགུང་སྔོན་མཁའ་ལ་འགྲོ །ཞལ་ཡང་དང་ཡང་དུ་མཇལ་བར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་པར་ཤོག །ཁྱེད་སྤང་གཤོངས་རབ་ཏུ་བདེ་དང་གཅིག །ང་ཤ་བ་བདེ་བར་ཉལ་དང་གཉིས། །དུས་གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །ད་སྤང་གཤོངས་སྐུ་ཁམས་བདེ་བར་བཞུགས། །ཤ་སྨུག་པོ་མི་སྡོད་འགྲོ་རྒྱུ་ཡིན། །ང་འགྲོ་བ་རྩྭ་ཆུ་བཟང་སར་འགྲོ །ཞལ་ཡང་དང་ཡང་དུ་མཇལ་བར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་པར་ཤོག །ཁྱེད་ལྗོན་ཤིང་ཡལ་ག་མཉེན་དང་གཅིག །ང་ཁུ་བྱུག་སྟེང་ནས་གྲག་དང་གཉིས། །དུས་གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །ད་ལྗོན་ཤིང་སྐུ་ཁམས་བདེ་བར་བཞུགས། །བྱ་ཁུ་བྱུག་མི་སྡོད་འགྲོ་རྒྱུ་ཡིན། །ང་འགྲོ་བ་ཡུལ་ཕྱོགས་གཞན་དུ་འགྲོ །ཞལ་ཡང་དང་ཡང་དུ་མཇལ་བར་སྨོན། ཡིད་སྨོན་པ་བཞིན་དུ་འགྲུབ་པར་ཤོག །ཁྱེད་ཡོན་བདག་དད་པ་བཟང་དང་གཅིག །ངས་དམ་ཆོས་ལེགས་པར་བཤད་དང་གཉིས། །དུས་གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །ད་ཁྱེད་རྣམས་སྐུ་ཁམས་བདེ་བར་བཞུགས། །ང་རྣལ་འབྱོར་མི་སྡོད་འགྲོ་རྒྱུ་ཡིན། །ང་འགྲོ་བ་མཚོ་སྙིང་རི་ལ་འགྲོ །ཞལ་ཡང་དང་ཡང་དུ་མཇལ་བར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་པར་ཤོག །ཁྱེད་འདིར་འཚོགས་སྐལ་ལྡན་ཕོ་མོ་རྣམས། །ལས་མི་དགེ་སྤོངས་ལ་དགེ་བ་སྒྲུབས། །ཁྱེད་དད་ལྡན་ཡོན་བདག་ཟླ་གྲགས་སོགས། །འདིར་འཚོགས་པའི་སྐལ་

p. 198

ལྡན་ཕོ་མོ་ལ། །ངས་ཕན་པའི་སྙིང་གཏམ་བྱས་པ་ཡིན། །དགེ་འདིས་ཀྱང་ཀུན་ལ་ཕན་པར་ཤོག །ཅེས་བླངས། དེ་ནས་མཚོ་མཇུག་ཏུ་འོངས་པས་སྐྱེལ་མི་རྣམས་ན་རེ། མཚོ་དར་གྱི་སྟེང་ན་ཁ་བ་མེད་པས་ནངས་པར་ཁལ་མ་རྣམས་མི་ཐར་ཟེར་བས། ངས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། བསང་ཕུལ་ནས་ཨ་མ་ཁྲི་གཤོག་རྒྱལ་མོ་སོགས་ལ་འཕྲིན་བཅོལ་. བྱས་པས། དགོང་མོ་ཁ་བ་ཆེན་པོ་བབས་པས་ནངས་པར་ཀུན་གྱིས་དགའ་བཞིན་རྟ་སོགས་ལ་ཞོན་ནས་བདེ་བར་མཚོ་སྙིང་དུ་སླེབས་ནས་ཀུན་གྱིས་གནས་ལ་སྐོར་བ་བྱས་ཏེ་རང་ཡུལ་དུ་སོང་ངོ་། །ང་ཨ་རིག་གི་རུ་ནང་དུ་བསོད་སྙོམས་ལ་སོང་བའི་ཤུལ་ན། གཞན་གང་ཡང་མེད་པར། རྩྭའི་མལ་སྟན་དང་། སྔོ་ཟོས་པའི་འཕྲོ་སྐམ་ནས་ཡོད་པ་རྣམས་མཐོང་བས། གནས་མཇལ་བ་རྣམས་དད་པ་སྐྱེས། ཁ་ཤས་ཀྱིས་ང་ལ་ཕུལ་ཞེས་མར་དང་རྩོམ་པ་རེ་བཞག་འདུག དེ་དུས་ཕ་ཡུལ་རེབ་གོང་ན་བཞུགས་པའི་བུ་ཆེན་པདྨ་རང་གྲོལ་གྱིས། འཚམས་རྟགས་སུ་ཇ་ཁུག་མ་གང་། སྐེ་རགས་གཅིག་ཁ་བཏགས་ཡི་གེ་བཅས་སྟོབས་ཚང་བནྡེ་དགེ་འདུན་འབྱུང་གནས་བདེ་ཞུས་བྱེད་དུ་བཏང་བ་ངའི་རྨི་ལམ་དུ་བྱུང་བས་ཉེ་འཁོར་བ་རྣམས་ལ་ངའི་ཕ་ཡུལ་ནས་སང་མི་ཞིག་འོང་བར་འདུག་སྨྲས་པས། དེ་བཞིན་དུ་འབྱོར་བ་ལ་ཀུན་དད་གུས་སྐྱེས་པ་བྱུང་། དེ་ལ་ཡུལ་ཕྱོགས་ཀྱི་སྐད་ཆ་རྣམས་དྲིས་པས། བླ་མ་མཆེད་གྲོགས་མ་དང་སྲིང་མོ་སོགས་གཞན་ཐམས་ཅད་བདེ་མོ་ཡིན། ཨ་ཁུ་རྡོ་རྗེ་ཚེ་བརྟན་གཤེགས་སོང་ཟེར། ཤི་བའི་རུས་པ་བྱིན་པས། ཆུང་དུས་ཀྱི་སྙིང་གྲོགས་གཅིག་པོ་དེ་གཤེགས་པ་ལ་འགྱོད་པ་ཆེན་པོ་སྐྱེས། དེའི་དོན་དུ་ཚོགས་

p. 199

བསགས་སྒྲིབ་སྦྱོང་དང་ཐུགས་ཡིད་བསྲེས་ནས་མཉམ་པར་འཇོག་པར་སོགས་བྱས། རུས་པ་ལ་ཚྭ་ཚྭ་བཏབ་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་བཏབ་པས་འཁོར་བ་ལས་གྲོལ་བའི་རྨི་ལྟས་བཟང་པོ་བྱུང་། བུ་ཆེན་པདྨ་རང་གྲོལ་གྱིས་བདག་ལ་སྔ་སོར་གསུངས་པའི་ལེགས་བཤད་རྣམས་སྐུར་ཞེས་ཡི་གེའི་ནང་གསལ་ལྟར། སྤྱིར་རང་དང་སྐལ་ལྡན་གྱི་སློབ་མ་དད་ལྡན་གྱི་སྦྱིན་བདག་ཕོ་མོ་མང་པོ་ལ་ཕན་པའི་མགུལ་དབྱངས་མང་པོ་དང་། ཁྱད་པར་དུ་ལྟ་མགུར་མཁའ་ལྡིང་གཤོག་རླབས། ཐོད་རྒལ་གྱི་མགུར་མ་ལེའུ་ཚན་གཉིས། ཞལ་བཀོད་ཀྱི་ཡི་གེ་རྒྱས་པ་དང་བཅས་བང་ཆེན་སྟོབས་ཚང་བརྗེ་ལ་བསྐུར་བས། ཐམས་ཅད་མ་ཉམས་པར་འབྱོར་བ་ལ་དངོས་མཇལ་ལྟར་དགའ་དད་དཔག་མེད་ཐོབ་སྐད། ཆོས་རྒྱལ་ཡབ་ཡུམ་དང་། རྒྱལ་མཁན་ཆེན་གསུམ་ལ་ཡང་། ཚིག་ལྷུག་དང་ཚིགས་བཅད་གཉིས་ཀྱི་སྒོ་ནས་ཞུ་ཤོག་རྒྱས་པར་ཕུལ་བ་འབྱོར་བས་ཐུགས་དགྱེས་པར་གྱུར་ཏོ། །ཡང་དེའི་ལོ་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེ་དཔོན་སློབ་གཉིས་ལ་འཚོ་ཆས་བཟང་པོ་གང་དགོས་ཕུལ། གཞན་གནས་དེར་བཞུགས་པའི་ཨ་རིག་གི་རྒྱུད་པ་སྐུ་སྐྱེས། བསྟན་པ་ཕན་བདེ། དགེ་སློང་བསྟན་དར། འཇིགས་མེད་བཱ་ལའི་རབ་འབྱམས་པ། ཞབས་དྲུང་བླ་རྒན། སུ་ནེའི་ཨ་ལགས་རྣམས་ལ། དབང་ཁྲིད་འཚོ་ཆས་གང་དགོས་བྱིན་ནས་བྲག་ཕུག་སོ་སོ་རུ་མཚམས་ལ་བཞུགས། ངས་ཀྱང་དེའི་ལོ་བུག་སྒོར་འདག་སྦྱར་བྱས། ངག་མཚམས་བསྡམས་ནས་སྔར་རྒྱུན་ལྟར་ཉམས་ལེན་ལ་གཞོལ་བའི་དུས་སུ། གསུམ་

p. 200

པའི་ཚེས་པ་བཅུ་ཡི་མཚན་མོ་རྨི་ལམ་དུ། དཔོན་ཚང་ནས་བཏང་བ་ཡིན་ཟེར་བའི་རྟ་སྔོན་པོ་ལ་ཞོན་པའི་མི་ནག་འཇིགས་རྔམས་ཅན་ཞིག་གིས། ཁྱོད་ཀྱི་འདི་ཕྱིའི་གཏན་གྱི་སྐྱབས་གཅིག་ཆོས་རྒྱལ་ངག་གི་དབང་པོ་ཡུལ་ཁམས་ཐག་རིང་ཞིག་ལ་ཕེབས་ཀྱིན་ཡོད་པས། ཁྱོད་མྱུར་དུ་མཇལ་བ་ལ་འགྲོ་ཟེར། ང་ཡང་ཁོ་རང་གི་རྟའི་འཕོངས་སུ་ཞོན་ནས་སོང་བའི་སྐད་ཅིག་ཡུད་ཙམ་ལ་ཨུནེ་རུ་སླེབས་པའི་ཚེ། ཆོས་རྒྱལ་རིན་པོ་ཆེ་རྟ་སྔོན་པོ་རིན་ཆེན་རྒྱན་ཆ་དུ་མས་མཛེས་པ་ཞིག་ལ་ཆིབས། འཁོར་མི་བཟང་སེ་དོད་དང་། སྐྱེས་ཕོ་མོ་གཞོན་ནུ་ལང་ཚོ་དར་ལ་བབ་པ་མང་པོས་གདུགས་རྒྱལ་མཚན་བ་དན་དུ་མ་སྒྲེང་བཞིན། ལྷོ་ནུབ་ཕྱོགས་སུ་རི་མཐོན་པོ་ཞིག་ཡོད་པའི་རྩར་སླེབས་ཚེ། ངས་ཀྱང་ཕེབས་རྗེས་ཟིན་ནས་མཇལ་བའི་ཚེ། ཆོས་རྒྱལ་རིན་པོ་ཆེའི་ཞལ་དགྱེས་འཛུམ་གྱི་ཉམས་དང་བཅས་ཏེ། ཁྱོད་ལ་མགོན་པོས་བརྡའ་བྱས་པ་བཟང་། ང་ད་ལོ་ཁྱོད་ལ་སྔར་བཤད་པ་བཞིན། དག་པ་མཁའ་སྤྱོད་དུ་འགྲོ་བ་ཡིན་ཏེ། ཁྱོད་སེམས་སྡུག་མི་དགོས། ང་ཡང་གདུལ་བྱའི་དོན་དུ་སླར་མྱུར་དུ་སླེབས་འོངས་ཞེས་འདི་སྐད་གསུངས། འཛིན་མེད་སྟོང་གསལ་ནམ་མཁའ་ཁྱོད་སྡོད་དང་། །གཟི་བརྗིད་རབ་འབར་ཕྱི་དྲོའི་ཉི་མ་ང་། །མི་སྡོད་ནུབ་ཀྱི་རི་རྩེར་ནུབ་ནས་འགྲོ །སླར་ཡང་མྱུར་དུ་ཤར་རིའི་རྩེ་ནས་འཆར། །ཐོགས་མེད་བར་སྣང་ཡངས་པ་ཁྱོད་སྡོད་དང་། །ཁ་དོག་ལྔ་ལྡན་འཇའ་ཚོན་རི་མོ་ང་། །མི་སྡོད་བར་སྣང་ཁམས་ལ་ཐིམ་ནས་འགྲོ །སླར་ཡང་མྱུར་དུ་བར་སྣང་ཁམས་ལས་འཆར། །རོགས་མེད་དྭངས་བསིལ་རྒྱ་མཚོ་ཁྱོད་སྡོད་དང་། །ཡིད་འོང་སྐད་སྙན་སྒྲོག་

p. 201

པའི་ངང་བ་ང་། །མི་སྡོད་ཐག་རིང་ཡུལ་དུ་འཕུར་ནས་འགྲོ །སླར་ཡང་མྱུར་དུ་དཔྱིད་ཀྱི་དུས་སུ་འོང་། །འགྱུར་མེད་དད་ལྡན་སློབ་མ་ཁྱོད་སྡོད་དང་། །གངས་ཅན་བོད་དུ་སྐྱེས་པའི་མི་རྒན་ང་། །མི་སྡོད་ད་ལོ་མཁའ་སྤྱོད་ཞིང་དུ་འགྲོ །སླར་ཡང་མྱུར་དུ་སྤྲུལ་པའི་སྐུ་ཞིག་འོང་། །ཞེས་གསུངས་ནས། ཡར་ཕེབས་པར་བརྩམ་ཚེ། ངས་ཞབས་ལ་མགོ་བོས་གཏུགས་ནས། གདུངས་པའི་སྨྲེ་སྔགས་འདི་ལྟར་ཞུས། །སྔོན་དུས་སྟོན་པ་ཤཱཀྱ་ཐུབ་པ་ཡིས། །ལྷ་མིའི་འཁོར་ཚོགས་ཐམས་ཅད་གསོན་བསྐྱུར་བྱས། །འོག་མིན་དག་པའི་ཞིང་དུ་གཤེགས་པ་བཞིན། །དེ་རིང་སངས་རྒྱས་གཉིས་པ་གང་དུ་འབྱོན། །སྐྱེ་འཆི་མི་མངའ་པདྨ་འབྱུང་གནས་ཀྱིས། །བོད་ཡུལ་རྗེ་འབངས་ཉེར་ལྔ་གསོན་བསྐྱུར་བྱས། །ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་པ་བཞིན། །དེ་རིང་པད་འབྱུང་གཉིས་པས་འཇོག་གམ་ཅི། །རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་ཡིས། །རས་པ་མང་པོའི་འཁོར་ཚོགས་གསོན་བསྐྱུར་བྱས། །ཤར་ཕྱོགས་མངོན་དགའི་ཞིང་དུ་གཤེགས་པ་བཞིན། །དེ་རིང་མི་ལ་གཉིས་པས་བསྐྱུར་ཕོད་དམ། །འཇམ་པའི་དབྱངས་དངོས་བློ་བཟང་གྲགས་པ་ཡིས། །སྐལ་བཟང་གདུལ་བྱ་མང་པོ་གསོན་བསྐྱུར་བྱས། །དགའ་ལྡན་དག་པའི་ཞིང་དུ་གཤེགས་པ་བཞིན། །དེ་རིང་བློ་བཟང་གཉིས་པས་ང་མ་འདོར། །ཞེས་ངུ་མ་དབྱངས་བྱས་ནས་ཞུས་པའི་ཚེ། ཕྱག་ངའི་མགོ་ཐོག་ཏུ་བཞག་སྟེ། ད་དུང་ཁྱོད་འགྲོ་མ་རན། ཚེ་དང་སྒྲུབ་པ་སྙོམས་ལ་བསྟན་འགྲོའི་བདེ་ཐབས་གྱིས་ཞེས་གསུངས་པའི་མཐར་རི་ངོས་གྱེན་ལ་ཡར་ལམ་ཆེན་དཀར་པོ་ཞིག་འཐེན་ནས་ཡོད་པ་ལ་ཞུགས་ཏེ་

p. 202

དཔོན་སློབ་འཁོར་བཅས་རི་རྩེར་སླེབས་པ་དང་། ནམ་མཁའ་ནས་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ནས། ཡར་ནམ་མཁའ་ལ་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞིའི་རྫུ་འཕྲུལ་གྱིས་རྟའི་རྐང་ལག་བཞི་ནས་བཏེགས་ཏེ།་ཇེ་མཐོ་ཇེ་མཐོར་འགྲོ་བའི་ཚེ། སྐྱེལ་མི་རྣམས་ཀྱང་ཕྱིར་ལོག ངས་ས་དེ་ནས་སྨྲེ་སྔགས་འདི་སྐད་ཅེས་བཏོན་ནོ། །སུམ་ཅུ་རྩ་གསུམ་ལྷ་དབང་བརྒྱ་བྱིན་གྱིས། །ཁང་བཟང་ཁྲི་སྟན་ལ་སོགས་ཤུལ་དུ་བཞག །བདེ་འཇམ་ལྷ་ལམ་བརྒྱུད་ནས་བཞུད་དེ་ཐལ། །སྐྱེད་མོས་ཚལ་གྱི་ལྷ་རྣམས་སྐྱིད་ལ་ཨང་། །ཀུན་ལ་ཕན་པའི་མུན་སེལ་ཉི་མ་ཡིས། །ལྷོ་ཕྱོགས་འཛམ་བུའི་གླིང་པ་སྨྲག་ཏུ་བཏང་། །ནུབ་ཀྱི་རི་རྩེ་བརྒྱུད་ནས་བཞུད་དེ་ཐལ། །བ་ལང་སྤྱོད་ཀྱི་མི་རྣམས་སྐྱིད་ལ་ཨང་། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ཡིས། །རྒྱ་མཚོ་ཆེན་པོའི་གླིང་དེ་སྟོང་པར་བཞག །དེད་དཔོན་བཟང་པོ་བརྒྱུད་ནས་བཞུད་དེ་ཐལ། །རྒྱལ་མཚན་རྩེར་མཆོད་མི་རྣམས་སྐྱིད་ལ་ཨང་། །སྙིགས་དུས་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་ཡིས། །སྐལ་དམན་སློབ་མ་བདག་ནི་གསོན་བསྒྱུར་བྱས། །རབ་དཀར་ལམ་ཆེན་བརྒྱུད་ནས་བཞུད་དེ་ཐལ། །མཁའ་སྤྱོད་དག་པའི་ཞིང་གི་སྐྱིད་ལ་ཨང་། །ཞེས་མང་པོ་ངུས་པའི་སྣང་བ་བྱུང་བའི་མཐར་གཉིད་ལས་སད་ཚེ་སྔས་མགོ་ཡང་མིག་ཆུས་ཅུང་ཟད་བརླན་པ་བྱུང་འདུག དེར་ངའི་བསམ་པ་ལ་རྨི་ལམ་ཡག་པོ་རྨི་ཡང་མི་རྨི། རྨིས་ན་ཡང་ཐོག་ལ་འགྲོ་དཀའ། འདི་འདྲའི་རྨི་ལམ་བཙོག་པའི་ཐོག་ཚོ་ལ་འགྲོ་ཉེན་ཡོད་སྙམ་དེ་ནས་བཟུང་སེམས་མི་བདེ་འཁྱགས་ལོག་གེ་བ་ཞིག་བྱུང་། ཕྱིས་སུ་བཤད་ན་ཆོས་རྒྱལ་རིན་པོ་ཆེ་དག་ཞིང་དུ་གཤེགས་པའི་དུས་ཚོད་དང་མཚུངས་

p. 203

པ་བྱུང་བས་བུ་སློབ་རྣམས་ཀྱང་ངོ་མཚར་དད་པར་གྱུར་ཏོ། །དེ་དུས་དབྱར་ཁ་ལྔ་བའི་ནང་ལ།་བྱང་ངོས་ཀྱི་བྲག་ཕུག་ན་སྡོད་པའི་ཞབས་དྲུང་བླ་རྒན་ངག་དབང་བློ་བཟང་ཕུང་པོ་མ་བདེ་བ་ཐོས་ནས། ཡི་གེ་འདི་བྲིས་ནས་བསྐུར། །ཀྱེ་ཀྱེ་ཉོན་དང་ཆོས་མཐུན་སྙིང་གི་བུ། །བུ་ཁྱོད་སྒྱུ་མའི་ལུས་པོ་མི་བདེ་ན། །ན་འཆི་ལས་སྐྱོབ་བསྲུང་བ་ཐུབ་ཚད་གྱིས། །གྱིས་དང་མ་བདེ་འདུག་ན་ང་ཡང་འོང་། །སྔོན་སྨོན་ལས་ཀྱིས་འབྲེལ་བའི་གནས་འདིར་འཚོགས། །འཚོགས་ནས་དམ་ཆོས་ཚུལ་བཞིན་སྒྲུབ་པའི་ཚེ། །ཚེ་སྲོག་ལ་གནོད་ནད་གདོན་བྱུང་བའི་དུས། །དུས་མིན་འཆི་བ་བཟློག་ཐབས་ཅིས་མི་བྱ། །ཞེས་བསྐུར་བའི་ཉི་མ་ཁ་ཤས་སོང་བའི་འཕྲོ་ལ་ཁོ་ཤིན་ཏུ་ན་ནས་འཆི་ཚད་པ་བྱུང་ཚེ། རྗེ་བཙུན་བསྟན་འཛིན་ཉི་མ་རིན་པོ་ཆེ་དང་ངེད་གཉིས་མཚམས་གྲོལ་ནས་སོང་བླུད་ཅིག་བཏང་སྟེ་བགེགས་བསྐྲད་པའི་ཚེ། ཕུག་པའི་ནང་ནས་རླུང་ཞིག་ལངས་ནས་ཕྱི་སྒོར་སོང་བའི་འཚུབ་མ་ནག་པོ་ཞིག་ཏུ་གྱུར་ཏེ། །མཚོ་ཡི་ཁ་ནས་འཁོར་བཞིན་ཕྱི་རོལ་ཏུ་འགྲོ་བ་དེ་ན་ཡོད་པ་ཀུན་གྱིས་མཐོང་། ཕྱི་ཉིན་བླ་རྒན་དྲག་སོང་བས། ཀུན་གྱིས་གདོན་ཞིག་ཡིན་རྒྱུ་རེད། ཁོང་རྣམ་གཉིས་ཀྱི་ཐུགས་རྗེས་འདྲེ་མངོན་སུམ་དུ་སོང་བ་ཡ་མཚན་ཆེ་ཟེར་བ་བྱུང་། ཡང་འཇིགས་མེད་བཱ་ལའི་རབ་འབྱམས་པ་ཀུན་དགའ་རྒྱལ་མཚན་གྱི་སྙིང་ཁམས་སོགས་ཕུང་པོ་མི་བདེ་བ་ཞིག་བྱུང་བའི་དུས་སུ། མཚམས་ནང་དུ་ཡི་གེ་འདི་ཕུལ་བྱུང་། །བདེ་མ་ལུས་སྩོལ་བའི་ཡིད་བཞིན་ནོར། །བདེ་ལྡན་ཞིང་དུ་འཁྲིད་པའི་ལམ་རྒྱུས་མཁན། །བདེ་གཤེགས་འདུས་སྐུ་ཕ་ཡི་སྒྲ་འཛིན་གྱིས། །བདེ་བས་ཕོངས་

p. 204

པའི་བུ་ལ་བརྩེ་བས་དགོངས། །བདེ་བ་འདོད་ནས་མགོན་ཁྱོད་གསུང་བཞིན་དུ། །བདེ་ཞིང་ཉམས་དགའི་རི་ཁྲོད་དབེན་པ་བསྟེན། །བདེ་རྒྱུའི་དམ་ཆོས་སྒྲུབ་པའི་དུས་སྐབས་འདིར། །བདེ་མེད་སྡུག་བསྔལ་མང་པོ་བྱུང་འདུག་པས། །བདེ་ལེགས་ཀུན་སྩོལ་དྲིན་ཅན་བླ་མ་ལས། །བདེ་རུང་སྡུག་རུང་རེ་ས་གཞན་ན་མེད། །བདེ་གསལ་ཐུགས་ནས་ནམ་ཡང་ང་མ་འདོར། །བདེ་ཞིང་སྐྱིད་པའི་དགའ་སྟོན་མྱུར་དུ་སྩོལ། །ཞེས་ཕུལ་བའི་ལན་དུ། །བདག་གིས་འདི་སྐད་ཅེས་སྨྲས། ཨེ་མ་སྔོན་སྦྱངས་བག་ཆགས་ཤིན་ཏུ་ལེགས། །ལེགས་པའི་ཆོས་ལ་ཆུང་ནས་ཐོས་བསམ་བྱས། །བྱས་པ་དེ་དོན་ཉམས་སུ་ལེན་པར་འདོད། །འདོད་ཡོན་རོ་ལ་ཅུང་ཟད་ཙམ་མ་ཆགས། །ཆགས་སྡང་ཀུན་བྲལ་རི་ཁྲོད་བསྟེན་པའི་བུ། །བུ་ཁྱོད་སྙིང་ཁམས་ཅུང་ཟད་མི་བདེ་ཡང་། །ཡང་དག་བསྒོམ་བསྒྲུབ་གྱིས་དང་མྱུར་དུ་བདེ། །བདེ་ལེགས་ཀུན་སྩོལ་དཀོན་མཆོག་གསུམ་པོ་ལ། །ལ་ལུང་ཉུལ་མཁན་བདག་ཀྱང་གསོལ་འདེབས་བྱ། །བྱ་བ་བཏང་ནས་ཕྱི་མའི་དོན་ཆེན་དུ། །དུ་མའི་རི་ཁྲོད་དབེན་པར་ཆོས་བྱེད་དུས། །དུས་གསུམ་སངས་རྒྱས་ཡི་དམ་མཁའ་འགྲོ་མ། །མ་ཡི་བུ་བཞིན་སྐྱོང་མཛད་ཆོས་སྐྱོང་རྣམས། །རྣམ་དག་ཐུགས་ཀྱི་བུ་ལ་བརྩེ་བས་གཟིགས། །གཟིགས་ནས་འགལ་རྐྱེན་བར་ཆད་མ་ལུས་པ། །བ་མོར་ཉི་མ་ཕོག་བཞིན་བསལ་དུ་གསོལ། །གསོལ་བ་སྙིང་ནས་འདེབས་པའི་བདག་ཅག་ཀུན། །ཀུན་ལ་དབང་བསྒྱུར་འཆི་བདག་མ་སླེབས་བར། །བར་དུ་གཅོད་པའི་ཉེར་འཚེ་ཀུན་བྲལ་བས། །བས་མཐར་ཚེ་དང་སྒྲུབ་པ་སྙོམས་པར་ཤོག །ཅེས་སྨྲས། སྐྱབས་འཇུག་བྱས་ཀྱང་ནད་བབ་ལྕི་རུ་སོང་ཚེ་

p. 205

མཚམས་གྲོལ་ནས་སོང་། གྲུབ་རྒྱལ་མའི་ལུགས་ཀྱི་ཚེ་དབང་ཞིག་བསྐུར་བས། རྨི་ལམ་དུ་རྒྱ་མི་ཁ་ཤས་ཀྱིས་ལུག་གཅིག་གསོད་པར་རྩོམ་པ་ན། ངས་མ་གསོད་ཅེས་སྲོག་བླུས་པ་ཞིག་རྨིས་པས། དེའི་མཚན་མོ་ནས་བཟུང་ཁོ་ནད་ལས་གྲོལ། ཡང་ཐམས་ཅད་སྔར་རྒྱུན་ལྟར་མཚམས་དམ་པོ་བྱས། ངས་ཀྱང་སླར་བུག་སྒོ་འདག་སྦྱར་དང་ངག་མཚམས་བྱས་ཏེ། བྱང་ཆུབ་ཀྱི་སེམས་གཉིས་དང་། གསང་སྔགས་ཀྱི་བསྐྱེད་རྫོགས། ཡང་གསང་རྫོགས་པ་ཆེན་པོའི་ཁྲེགས་ཆོད་དང་ཐོད་རྒལ་གཉིས་ལ་ཉམས་ལེན་གྱི་མཐིལ་དུ་བྱས་ནས་ཉིན་མཚན་མེད་པར་རྩེ་གཅིག་ཏུ་ཉམས་སུ་བླངས་པས། ཟླ་བ་བརྒྱད་པའི་ཚེས་བརྒྱད་ཀྱི་མཚན་མོའི་སྲོད་ཐུན་ལ། མ་གྱུར་འགྲོ་བ་ཡོངས་ལ་སྙིང་རྗེ་ཆེན་པོ་སྒོམ་པའི་ཚེ། རང་གི་བསམ་པ་ལ། མ་གྱུར་འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབས་ཀྱང་རང་ལ་སྙིང་རུས་མེད་པས་སངས་རྒྱ་བའི་དུས་མི་གདའ། ཕ་མ་སེམས་ཅན་རེ་རེའི་སྡུག་བསྔལ་ལ་བསམ་ན་བཟོད་གླགས་མི་འདུག རང་ལ་མ་སེམས་ཅན་གྱི་སྡུག་བསྔལ་ལ་ཕན་པའི་ནུས་པ་མེད། ད་སུ་ལ་ཡོད་ན། བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡོད་སྙམ། མ་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་ཁྱེད་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་མ་ཎི་གསོལ་འདེབས་ཀྱི་ཚུལ་དུ་བགྲངས་པས། ཕུག་པའི་ནང་ཀུན་ཇེ་དྭངས་ཇེ་དྭངས་སུ་སོང་བའི་མཐར་གནས་ཁང་འོད་དཀར་པོས་ཁྱབ་པའི་རང་གི་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་ན་འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི། སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན། གཡས་

p. 206

མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེ་གཟི་བརྗིད་མཆོག་ཏུ་འབར་བ་ཞིག་གི་ཞལ་ནས་མགུར་འདི་གསུངས་སོ། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་ངས། བོད་ལ་རྟག་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བོད་ཡུལ་དབུས་སྐྱེས་ལས་འཕྲོ་ཅན་ཁྱོད་དང་། །བོད་ཁམས་མི་རྣམས་ཀུན་གྱིས་འདི་ལྟར་གྱིས། །སྔགས་པ་རྣམས་ཀྱིས་དམ་ཚིག་མིག་བཞིན་སྲུངས། །ཁྱད་པར་མཐུ་གཏད་དམར་མཆོད་ལས་མ་བྱེད། །བཙུན་པ་རྣམས་ཀྱིས་འདུལ་ཁྲིམས་ཚུལ་བཞིན་སྲུངས། །ཁྱད་པར་ཆང་དང་བུད་མེད་བསྟེན་པ་སྤོངས། །ཁྱིམ་པ་རྣམས་ཀྱིས་མི་དགེ་བཅུ་ལ་འཛེམས། །ཁྱད་པར་སྲོག་གཅོད་འཐབ་རྩོད་ཇག་མ་བྱེད། །ཕྱུག་པོ་སེར་སྣ་མ་ཆེ་སྦྱིན་པ་ཐོངས། །ཆོས་བྱེད་གྲོང་ཡུལ་མ་འགྲིམ་རི་ཁྲོད་སྟེན། །ཕ་མ་རྒས་ཁར་མ་བརྙས་མཆོད་བཀུར་གྱིས། །ཕྱུགས་དང་སྒོ་ཁྱིར་མ་རྡུངས་བྱམས་པར་མཛོད། །བླ་མ་དཀོན་མཆོག་མཆོད་ན་དངོས་གྲུབ་འབྱུང་། །ཕྱག་དང་སྐོར་བས་ལུས་ཀྱི་སྡིག་སྒྲིབ་འདག ཁ་ཏོན་ཟླས་བརྗོད་བྱས་ན་ངག་སྒྲིབ་འདག །བསམ་པ་བཟང་ན་གང་བྱས་ཆོས་སུ་འགྲོ །དེ་ལྟར་མཛོད་ཅིག་བོད་ཀྱི་གདུལ་བྱ་རྣམས། །ཁྱད་པར་ཀུན་གྱིས་ང་ལ་གསོལ་བ་ཐོབ། །ཆེ་ཆུང་མེད་པར་ཡི་གེ་དྲུག་མ་ཐོན། །དད་པ་ཅན་གྱི་མདུན་ན་ང་ཉིད་བཞུགས། །སྔོན་ཆད་ང་ལ་དད་ཚད་སྐྱེ་བོ་ཀུན། །བདེ་བ་ཅན་གྱི་ཞིང་དུ་ང་ཡིས་དྲངས། །འདི་བཞིན་གྱིས་དང་ཁྱེད་རྣམས་འཆི་བའི་ཚེ། །བར་དོར་མངོན་སུམ་བྱོན་ནས་ལམ་སྣ་འདྲེན། །བདེ་བ་ཅན་ནམ་པོ་ཏ་ལ་རུ་སྐྱེལ། །ཐེ་ཚོམ་མ་བྱེད་ང་ཡི་གདུལ་བྱ་རྣམས། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །གཞན་

p. 207

ཡང་དངོས་ཉམས་རྨི་ལམ་དུ་བླ་མ་དང་ལྷག་པའི་ལྷ་མང་པོའི་ཞལ་མཐོང་བ་བྱུང་། དེ་ནས་སྟོན་མཇུག་རྒྱུད་པ་སྐུ་སྐྱེས་རིན་པོ་ཆེ་ལ་ངེད་མཚམས་པ་ཁ་ཤས་ཀྱིས་ཞུས་ནས། རྗེ་རིན་པོ་ཆེའི་གསུང་གི་ལམ་རིམ་ཆེན་པོའི་བཤད་ལུང་ཞིག་གནང་། དགུན་མཚོ་ལ་དར་ཆགས་ནས་མཇལ་བ་ཁ་ཤས་འོངས་པའི་ཁ་ནས་བསྟན་འཛིན་ཉི་མ་རིན་པོ་ཆེས། བདག་གི་སྐྱབས་མགོན་བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན་པོ་ཆོས་རྒྱལ་རིན་པོ་ཆེ་ཞལ་མི་བཞུགས་པར་ཞིང་གཞན་དུ་གཤེགས་པའི་གཏམ་གསན་པས་ཁོང་གིས་ཀྱང་ཐུགས་འགྱོད་གནང་བཞིན་ངའི་ནང་དུ་ཕེབས་ནས་ཅུང་ཟད་ཅིག་བཞུགས་ཏེ། དེ་ནས་ཁོང་གི་ཞལ་ནས། འོ་རྗེ་བཙུན་མི་ལས། རེ་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསལ་ཐོབ་ལ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །ལར་བླ་མ་ཡང་སྒྱུ་མར་ཤེས་པར་མཛོད། ཅེས་གསུངས་པ་ལྟར་ཡིན་ཙ་ན། ཁྱེད་ཐུགས་འགྱོད་ཆེན་པོ་མ་གནང་། ཆོས་རྒྱལ་རིན་པོ་ཆེ་ཞིང་བརྗེས་སོང་ཟེར་བ་ཞིག་བདག་གིས་ཐོས་གསུངས་པ་དང་། བདག་ཡུག་ཅིག་སེམས་ལ་ཅི་ཡང་འཆར་རྒྱུ་མེད་པར་ཧད་དེ་ལུས་སོང་། དེ་ནས་བླ་མ་ཡིད་ལ་ཝ་ལེར་ཤར་བ་དང་དྲན་དྲགས་མིག་ནས་མཆི་མ་མང་པོ་ཤོར་བའི་ཚེ། དེར་ཁོང་གིས་ངའི་ལག་པ་ནས་བཟུང་སྟེ། ད་མྱ་ངན་ཆེན་པོ་མ་གནང་བར། །ཐུགས་དགོངས་རྫོགས་ཕྱིར་མཆོད་འབུལ་འདྲ་གྱིས་ལ་གསོལ་བ་ཐོབ། ཁོང་གིས་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་ཅན་ཡིན་ཞེས། རྟག་འཛིན་ཅན་ངེད་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུ་མྱ་

p. 208

ངན་ལས་འདས་པའི་ཚུལ་བསྟན་པ་ཙམ་ལས་དོན་དམ་པར་འདས་གྲོང་ག་ལ་མངའ། ངེད་རྣམས་ཀྱིས་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་དུ་གོ་ནས། ད་ནི་བླ་མའི་ཞབས་ཏོག ཕ་མའི་དྲིན་གཟོ། སེམས་ཅན་གྱི་འགྲོ་དོན་དུ་དམིགས་ནས་དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས་ན། བླ་མའི་ཐུགས་དགོངས་ཡང་དེས་རྫོགས། ཕྱི་མར་དག་པ་མཁའ་སྤྱོད་དུ་མཇལ་འོངས་པས། དེ་ཁྱེད་ཀྱིས་མི་མཁྱེན་པ་ག་ལ་ཡིན་ཏེ། ངས་གསལ་བཏབ་པ་ཡིན་པས་ཐུགས་ལ་ཞོག་གསུངས་ནས་ཕེབས་སོང་། ངས་ཕེབས་ཤུལ་ནས་ལྷག་པར་བླ་མ་དྲན་ནས་མང་པོ་ངུས་པས་མཐར་སྨྲ་སྔགས་དབྱངས་སུ་འདི་ལྟར་བླངས། ཀྱེ་མ་ཀྱེ་ཧུད་དྲིན་ཅན་རྗེ། །མཚན་ཐོས་ཙམ་གྱིས་མོས་གུས་སྐྱེ། །ཞལ་མཐོང་ཙམ་གྱིས་སྒྲིབ་པ་བྱང་། །གསུང་ཐོས་ཙམ་གྱིས་བྱིན་རླབས་འཇུག །ཕྱག་སྐོར་བྱས་ན་ཚོགས་རྫོགས་པ། །གདུལ་བྱའི་དོན་དུ་མི་བཞུགས་པར། །འགྲོ་བའི་སྐྱབས་མགོན་གང་དུ་གཤེགས། །ཀྱེ་ཧུད་དབུས་ཀྱི་རི་བོ་འགྱེལ། །འདོད་ལྷའི་རྟེན་ས་གང་ལ་བྱེད། །རྒྱ་མཚོ་ཆེན་པོ་རྨང་ནས་བསྐམས། །ཉ་མོ་སྐུམ་ལ་ཇི་ལྟར་ཚུགས། །ཉི་མ་ནུབ་ཀྱི་རི་རྩེར་ནུབ། །དུས་ཀྱི་སོ་ནམ་ཇི་ལྟར་བགྱི། །བཅོ་ལྔའི་ཟླ་བ་གཟའ་ཡིས་བཟུང་། །མཚན་འགྲོས་རྣམས་ཀྱིས་ཅི་ཞིག་བྱ། །བྱ་རྒྱལ་རྒོད་ཀྱི་གཤོག་པ་ཆད། །སྡེར་མོས་མཁའ་ལ་ཇི་ལྟར་བགྲོད། །ལྡུམ་རའི་མེ་ཏོག་ཧ་ལོ་བསྐམས། །བུང་བས་སྦྲང་རྩི་གང་ནས་འཚོལ། །ཡིད་བཞིན་ནོར་བུ་འདམ་དུ་བྱིང་། །དགོས་འདོད་རེ་བ་སུ་ལ་སློང་། །སྡུག་ཕོངས་བུ་ཡི་ཕ་མ་གྲོང་། །དྭ་ཕྲུག་བུ་ཡིས་སུ་ལ་རེ། །བྱང་ཁོག་སྟོད་ཀྱི་སྙིང་དང་བྲལ། །སྙིང་མེད་དྲན་

p. 209

པ་སུ་ཡིས་གསོ། །ཡན་ལག་དང་པོའི་མགོ་བོ་ཆད། །མགོ་མེད་ལུས་པོས་ཇི་ལྟར་བྱ། །དབང་པོའི་དྭངས་མ་མིག་གཉིས་ལྡོང་། །མིག་མེད་ལོང་ཁྲིད་སུ་ཡིས་བྱེད། །བླ་མ་མི་མངོན་དབྱིངས་སུ་གཤེགས། །བདག་གི་མགོན་སྐྱབས་སུ་ལ་རེ། །ཀྱེ་ཧུད་ཁང་ཆེན་ཀ་བ་འགྱེལ། །མུན་པའི་གླིང་གི་སྒྲོན་མེ་གཟིམས། །ཆུ་བོར་སྒྲོལ་བའི་གྲུ་ཟམ་ཆག །འཇིགས་སར་སྒྲོལ་བའི་སྐྱེལ་མས་བོར། །འདྲེན་མཆོག་ཆོས་རྒྱལ་མྱ་ངན་འདས། །ཀྱེ་མ་ཀྱེ་ཧུད་ཇི་ལྟར་བྱ། །སྙིང་ཡང་མི་དགའ་ཕྱ་མ་འཕྱོ། །ལུས་ཀྱང་བྱེའུ་ཕྲུག་བཞིན་དུ་འདར། །དྲེན་པའང་རེས་གསལ་རེས་མི་གསལ། །རང་དབང་མེད་པར་མཆི་མ་ཤོར། །གདུངས་པའི་སེམས་ལ་ཚུགས་ཐབས་མེད། །འཁོར་འདས་གཟིགས་པའི་མཁྱེན་རྒྱ་ཅན། །མི་མངོན་དབྱིངས་ནས་བདག་ལ་གཟིགས། །ཞལ་སྟོན་སེམས་གསོ་མཛད་དུ་གསོལ། །དངོས་སུ་མཇལ་བའི་སྐལ་མེད་ཀྱང་། །ཉམས་སམ་གཉིད་ཀྱི་རྨི་ལམ་དུ། །ཞལ་སྟོན་ཞལ་གདམས་ཚིག་གཅིག་གསུངས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །མགོན་ཁྱོད་བཞུགས་པའི་ཞབས་དྲུང་དུ། །སྲས་ཀྱི་ཐུ་བོར་བདག་གྱུར་ནས། །མཛེས་པའི་སྤྱོད་ལམ་སྣ་ཚོགས་ཀྱིས། །མཉེས་པའི་ཞབས་ཏོག་ལེགས་བསྒྲུབས་ཏེ། །རྟག་ཏུ་འབྲལ་མེད་བསྟེན་པར་ཤོག །ཅེས་ངུ་མ་དབྱངས་བྱས་ནས་བླངས། དེའི་ཉིན་ཁོག་པའི་སྙིང་ཕྱིར་ཕྱུང་བ་ལྟ་བུའི་སྡུག་བསྔལ་ཚད་ལས་འདས་པ་བྱུང་། དེ་ནས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་ཚོགས་རྒྱ་ཆེན་པོ་བཤམས། ལྷག་པའི་ལྷ་རྟ་ཕག་ཡིད་བཞིན་ནོར་བུའི་

p. 210

དཀྱིལ་འཁོར་ཞལ་ཕྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་ནས་བདག་འཇུག་བླངས། ཐུགས་རྗེ་བསྐུལ་བའི་གསོལ་འདེབས་སྤྲུལ་སྐུ་མྱུར་འབྱོན་དང་། ཐུགས་དགོངས་རྫོགས་པའི་སྨོན་ལམ་ཉིན་རེ་བཞིན་ཡང་ཡང་བཏབ། ཉིན་ཅིག་མཚོ་སྙིང་གི་དབུ་རྩེར་སོང་ནས་བླ་མའི་གདན་སའི་ཕྱོགས་སུ་ཁ་བལྟས་ཏེ་གདུང་བའི་སྨྲེ་སྔགས་འདི་ལྟར་བླངས། ལྷག་བསམ་རྩ་བ་རབ་ཏུ་བརྟན། །གཞན་ཕན་བསིལ་གྲིབ་ཕྱོགས་བཅུར་བརྒྱངས། །ཡོན་ཏན་འབྲས་བུ་རབ་རྒྱས་པའི། །འདྲེན་མཆོག་འོད་གསལ་ཉི་མ་ནུབ། །ཀྱེ་ཧུད་གདུལ་བྱ་པདྨ་ངའི། །གཉེན་དེ་གློ་བུར་གང་དུ་ཐལ། །བསླབ་གསུམ་འཛིན་མའི་ཁྱོན་ཡངས་སུ། །སྙིང་རྗེའི་ཆུ་རྒྱུན་འཆད་མེད་འབབ། །སྤྱོད་བཟང་མེ་ཏོག་གིས་མཛེས་པའི། །རྗེ་བཙུན་ཉམས་དགའི་རྫིང་བུ་བསྐམས། །ཀྱེ་ཧུད་གདུལ་བྱ་ངང་བ་ང་། །ཆུ་མེད་སྐམ་ལ་ཇི་ལྟར་ཚུགས། །ཐོས་བསམ་སྒོམ་པའི་ལུས་སྟོབས་རྒྱས། །ཉམས་མྱོང་བདེ་བའི་སྤང་ལ་ཉལ། །གདམས་ངག་འོ་མ་རབ་སྟེར་བའི། །བླ་མ་འདོད་འཇོའི་བ་མོ་གཤེགས། །ཀྱི་ཧུད་གདུལ་བྱ་བེའུ་ངའི། །གདམས་ངག་འོ་མའི་འཐུང་འཕྲོ་ཆད། །ཅེས་པ་ལ་སོགས་པའི་བླ་མ་དྲན་པའི་སྨྲེ་སྔགས་དུ་མ་བླངས་ནས་མང་པོ་ངུས་པའི་ཚེ། རང་གི་མདུན་ངོས་ལྷོ་ཕྱོགས་ཀྱི་ནམ་མཁའི་ཁམས་

p. 211

ལ་གློ་བུར་དུ་སྤྲིན་དཀར་པོ་གསར་བ་ཞིག་འོ་མ་འཕྱུར་བ་བཞིན་ལངས་པའི་ཡར་སྣེ་ན། སེང་གེ་དཀར་མོ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ཞིག་གི་སྟེང་ན། རྩ་བའི་བླ་མ་དེ་ཉིད་སྐུ་སྔར་བས་གཟི་མདངས་རྒྱས་ཤིང་། དར་སྣ་ཚོགས་ཀྱི་ན་བཟའ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞིག་གི་ཞལ་ནས་འདི་སྐད་གསུངས། ང་ནི་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །ང་ཡི་གཟུགས་སྐུའི་བཀོད་པ་ཅིར་ཡང་སྟོན། །ང་ལ་གདུངས་པའི་དབྱངས་ཀྱིས་གསོལ་འདེབས་མཁན། །ང་ཡི་བུ་མཆོག་ཚོགས་དྲུག་རང་གྲོལ་ཉོན། །བུ་བུ་མི་ལུས་རྙེད་དཀའ་འཇིག་པར་སླ། །ངེས་ངེས་ང་བཞིན་འགྱུར་བའི་ཚུལ་སོམས་ལ། །ཡང་ཡང་སྔོན་ཆད་བདག་གིས་ཇི་སྐད་བཤད། །དེ་དེ་བཞིན་དུ་གྱིས་དང་ཅི་བསམ་འགྲུབ། །ཅེས་གསུངས་ནས་མི་སྣང་བར་གྱུར་པའི་ཉམས་ཤིག་ཤར་བས། བདག་གི་མྱ་ངན་ཅུང་ཟད་ཅིག་སངས་པ་བྱུང་། ཡང་རྗེ་བཙུན་བསྟན་འཛིན་ཉི་མ་རིན་པོ་ཆེས་མདོ་སྔགས་སྤྱི་དང་ཁྱད་པར་གསང་སྔགས་བསྐྱེད་རྫོགས་གཉིས་ཉམས་བཞེས་ཀྱི་གཙོ་བོར་མཛད་པ་ལ་རྗེས་སུ་ཡི་རང་སྐྱེས་ནས་གླུ་འདི་བླངས་སོ།། རང་གཞན་གཉིས་ཀྱི་དོན་དུ་ཐུགས་བསྐྱེད་ནས། །བསམ་སྦྱོར་གཉིས་ཀྱིས་མཚན་ལྡན་བླ་མ་བསྟེན། །བསྐྱེད་རྫོགས་གཉིས་ཀྱི་དབང་དང་གདམས་ངག་ཐོབ། །རིམ་པ་གཉིས་ལ་བག་ཆགས་བཞག་པ་ལ། །དད་གུས་གཉིས་ཀྱིས་བདག་ཡིད་རབ་གཡོས་ནས། །ལག་པ་གཉིས་ཀྱི་སོར་བཅུ་སྤྱི་བོར་འཁྱེར། །མདོ་སྔགས་གཉིས་ལ་བག་ཆགས་འཇོག་པ་ལ། །སངས་རྒྱས་གཉིས་པ་ཁྱེད་རང་ལྟ་

p. 212

བུར་མཁྱེན། །ཞེས་ཕུལ་བས་ཐུགས་ཤིན་ཏུ་མཉེས་པ་བྱུང་། ལོ་གཉིས་ཀྱི་བར་དུ་ཕ་བུ་གཉིས་ལྷན་དུ་བསྡད་ནས། །ལོ་རྗེས་མ་དེར་ཟླ་བ་དང་པོའི་ཚེས་བཟང་པོར་མཚོ་སྙིང་ནས། རྒྱ་ནག་རི་བོ་རྩེ་ལྔར་གནས་འབྲེལ་འཇོག་ཏུ་ཕེབས་པར་ཉེ་བའི་ཚེ། ཕྲུག་གཟན་རྡོར་དྲིལ་སྨན་རྩི་ཡུག་བཅས་ཕེབས་ལྗོངས་སུ་ཕུལ་ནས་འདི་ལྟར་ཞུས། །ལྷོ་འཛམ་བུ་གླིང་གི་རྒྱུན་གཅིག་པུ། །སྟེང་ཉི་མ་སྐུ་ཁམས་བདེ་བར་བཞུད། །གླིང་གཞན་གསུམ་བསྐོར་ནས་རིང་མིན་དུ། །ཞལ་མྱུར་དུ་མཇལ་བའི་སྨོན་ལམ་ཐོབས། །ཤར་ཆུ་བོ་གངྒཱའི་རྒྱན་གཅིག་པུ། །ཉ་གསེར་མིག་སྐུ་ཁམས་བདེ་བར་བཞུད། །ཕྱིའི་རྒྱ་མཚོ་བསྐོར་ནས་རིང་མིན་དུ། །ཞལ་མྱུར་དུ་མཇལ་བའི་སྨོན་ལམ་ཐོབས། །ཤིང་འདབ་རྒྱས་ཡལ་གའི་རྒྱན་གཅིག་པོ། །བྱ་ཁུ་བྱུག་སྐུ་ཁམས་བདེ་བར་བཞུད། །ཡུལ་ཐག་རིང་བསྐོར་ནས་རིང་མིན་དུ། །ཞལ་མྱུར་དུ་མཇལ་བའི་སྨོན་ལམ་ཐོབས། །བུ་བདག་གི་སྤྱི་གཙུག་རྒྱན་གཅིག་པོ། །ཕ་བླ་མ་སྐུ་ཁམས་བདེ་བར་བཞུད། །ཡུལ་ཐག་རིང་བསྐོར་ནས་རིང་མིན་དུ། །ཞལ་མྱུར་དུ་མཇལ་བའི་སྨོན་ལམ་ཐོབས། །ཞེས་ཕུལ་བས་དེའི་ལན་དུ་ཁོང་གིས་བདག་ལ་གསོལ་རས་དང་ཞལ་ཏ་མང་པོ་གནང་ནས་ཕེབས་ཁར་ཁ་བཏགས་འཇམ་ཐག་རིང་པོ་ཞིག་བསྩལ་ནས་འདི་སྐད་གསུངས་སོ། །འཛམ་གླིང་སྐུ་ཁམས་བདེ་མོ་རུ་སྡོད་དང་། །ཉི་མ་གླིང་བཞི་བསྐོར་བ་ལ་ཆས་འགྲོ །ད་ལྟ་ཡུད་

p. 213

ཙམ་སོ་སོ་རུ་བྲལ་ཡང་། །མྱུར་དུ་འཛམ་གླིང་ཉི་མ་གཉིས་འཕྲད་ཡོང་། །གངྒཱ་སྐུ་ཁམས་བདེ་མོ་རུ་སྡོད་དང་། །གསེར་ཉ་རྒྱ་མཚོ་འགྲིམ་པ་ལ་ཆས་འགྲོ །ད་ལྟ་ཡུད་ཙམ་སོ་སོ་རུ་བྲལ་ཡང་། །མྱུར་དུ་གངྒཱ་གསེར་ཉ་གཉིས་འཕྲད་ཡོང་། །ལྗོན་ཤིང་སྐུ་ཁམས་བདེ་མོ་རུ་སྡོད་དང་། །ཁུ་བྱུག་ཡུལ་ཕྱོགས་ཐག་རིང་ལ་ཆས་འགྲོ །ད་ལྟ་ཡུད་ཙམ་སོ་སོ་རུ་བྲལ་ཡང་། །མྱུར་དུ་ལྗོན་ཤིང་ཁུ་བྱུག་གཉིས་འཕྲད་ཡོང་། །བུ་ཁྱོད་སྐུ་ཁམས་བདེ་མོ་རུ་སྡོད་དང་། །ཕ་རྒན་རི་བོ་རྩེ་ལྔ་ལ་ཆས་འགྲོ །ད་ལྟ་ཡུད་ཙམ་སོ་སོ་རུ་བྲལ་ཡང་། །མྱུར་དུ་རྣལ་འབྱོར་དཔོན་སློབ་གཉིས་འཕྲད་ཡོང་། །ཞེས་གསུངས་ཤིང་། དེར་འཚོགས་པའི་ཡོན་བདག་ཕོ་མོ་སྔར་ཡུན་རིང་འདྲིས་པ་རྣམས་ལ་ཆོས་དང་མཐུན་པའི་བསླབ་བྱ་མང་པོ་གནང་བས། ཐམས་ཅད་ཀྱིས་ཁོང་ཐག་རིང་ལ་ཕེབས་པ་ལ་སེམས་འཕྲེང་ནས། མཆི་མ་གཏོང་མཁན་མང་པོ་བྱུང་། ཁོང་རིན་པོ་ཆེ་མཚོའི་དར་དཀར་གྱི་ལྷ་ལམ་བརྒྱུད་ནས་ཕེབས། ཉི་མ་ཁ་ཤས་ཀྱི་འཕྲོ་ནས་སློབ་བུ་ཐུབ་བསྟན་རྒྱ་མཚོ་དང་། ལྷ་རམས་པ་གཉིས་ཀྱང་ཁོང་དང་ལྷན་དུ་རི་བོ་རྩེ་ལྔར་འགྲོ་བ་ཡིན་ཞེས་སོང་བའི་ཤུལ་དུ་ཉི་མ་རེ་གཉིས་སེམས་ཀྱང་སྐྱོ་བ་ཞིག་བྱུང་། དེ་དུས་གནས་ཆེན་དེ་ན་འདུག་པའི་དད་ཅན་ཞབས་དྲུང་བླ་རྒན་ན་རེ། ཁྱེད་ཀྱིས་ལོ་འདི་སྙེད་ཅིག་ལ་སྒོམ་བརྒྱབ་པས་མངོན་ཤེས་ཤིག་ཤར་ལོས་ཡོད། ད་ང་སང་གནངས་ཙམ་ལ་ལོ་རྗེས་མའི་བྲོ་ཁ་འཚོལ་དུ་འགྲོ་བ་ཡིན་པས་སོང་ན་ལག་ཏུ་ཅང་ཨེ་འབྱོར། བགེགས་བར་ཆད་འདྲ་མེད་དམ་ལུང་བསྟན་གསལ་པོ་ཞིག་ཅིས་ཀྱང་གནང་དགོས་ཟེར་བ་ལ། ངས་ཁོ་ལ་ཅི་འདྲ་ཡོང་མཉམ་པར་བཞག་པས། ཁོས་བྲོ་ཁ་

p. 214

མང་པོ་རྙེད་ཅིང་། ཁོང་ཚང་དང་ཁྱིམ་མཚེས་ཀྱི་གཡག་གཉིས་ལ་བཀལ་ནས་དར་ཐོག་ཏུ་འོང་བས། མཚོ་སྙིང་མིག་གིས་མཐོང་བའི་མཚམས་ཤིག་ནས་དར་ལ་སེར་ཁ་གས་ནས་གཡག་གཉིས་མི་ཐར་བར་འོང་། དེ་དུས་ཨ་རིག་གི་ཡོན་བདག་རྟ་པ་གཉིས་ང་ལ་མཇལ་དུ་འོངས་པས། དེ་ལ་རྟ་གཡར་ནས་བླངས་ཆོག་པའི་ཉམས་ཤིག་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་སྨྲས་པས། ཕྱིས་དེ་ཇི་ལྟ་བ་བཞིན་བྱུང་བས། ཁོ་རབ་ཏུ་དད་དེ་ལུང་བསྟན་རྒྱུག་ན་དེ་བྱས་རྒྱོབ། སྐྱབས་སུ་མཆི་ཟེར་བ་བྱུང་། དེ་འདྲ་ཁ་ཤས་བཤད་པས་ཁོང་གིས་མ་གསུངས་པ་མ་གཏོགས་མངོན་ཤེས་ཐོགས་མེད་རེད་ཟེར་མཁན་ཀྱང་བྱུང་། དེ་དུས་ཨ་རིག་གི་སློབ་བུ་བསྟན་པ་ཕན་བདེ་སློབ་གཉེར་བྱེད་དུ་དབུས་སུ་འགྲོ་བ་ལ་ཕན་པའི་བསླབ་བྱ་མང་པོ་བྱས་འགྲོ་ཁར་རྫོངས་སུ་མགུར་དབྱངས་འདི་བླངས་སོ། །བླ་མ་རྒྱལ་བ་སྲས་བཅས་རྣམས། །མོས་པའི་བུ་ལ་བྱིན་གྱིས་རློབས། །བུ་ཁྱོད་དབུས་སུ་འགྲོ་བའི་ཚེ། །བླ་མ་སྤྱི་བོར་བསྒོམས་ལ་སོང་། །ངས་བཤད་སེམས་ཀྱིས་མ་བརྗེད་སོང་། །འཕགས་པའི་ནོར་བདུན་ཁྱེར་ལ་སོང་། ལམ་སྐབས་སེམས་ཆུང་གྱིས་ལ་སོང་། །བུ་ཁྱོད་དབུས་སུ་སླེབས་པའི་ཚེ། །མཚན་ལྡན་དགེ་བའི་བཤེས་གཉེན་མཆོག །བསམ་དང་སྦྱོར་བས་ཚུལ་བཞིན་སྟེན། །བསྟེན་ནས་ཐོས་བསམ་བྱེད་པའི་ཚེ། །ཉིན་པར་རྣམ་གཡེང་མཚན་མོ་གཉིད། །གཉིས་ཀྱི་དབང་དུ་མ་སོང་བར། །བརྩོན་འགྲུས་གྱིས་ཤིག་སེམས་ཀྱི་བུ། །ཐོས་བསམ་ལེགས་པོ་ཞིག་བྱས་ནས། །

p. 215

གནས་སུ་གོང་མའི་སྒྲུབ་ཕུག་ཟུངས། །གྲོགས་སུ་བྱ་དང་རི་དྭགས་འགྲོགས། །འཚོ་བ་བསོད་སྙོམས་དག་ལ་གྱིས། །ཡེངས་པ་མེད་པར་རྩེ་གཅིག་སྒོམས། །སྒོམ་ཡུན་མ་ཐུང་ཚེ་དང་སྙོམས། །སྒྱུ་མའི་ལུས་པོ་རི་ལ་ཞོག །ངས་ཀྱང་མི་བརྗེད་སེམས་ལ་འཛིན། །ཁྱོད་ཀྱང་ང་ལ་གསོལ་བ་ཐོབས། །ད་དུང་ངེད་གཉིས་ཡང་ཡང་དུ། །འཕྲད་པའི་སྨོན་ལམ་ངས་ཀྱང་འདེབས། །ཁྱོད་ཀྱང་སྨོན་ལམ་ཐོབས་ལ་སོང་། །དུས་འདི་ནས་བཟུང་བྱང་ཆུབ་བར། །ཕ་དང་བུ་གཉིས་འཕྲད་འདོད་དུས། །གང་ན་གནས་ཀྱང་མ་བུ་བཞིན། །ཕན་ཚུན་མྱུར་དུ་འཕྲད་པར་ཤོག །ཅེས་བླངས་པས། ལན་དུ་ཁོས་ཀྱང་སྐྱབས་འཇུག་ཞུ་རྟེན་མར་ཐུད་ཁ་བཏགས་བཅས་བདེ་ཞུས་སུ་འདི་ཕུལ་བྱུང་། །སྙིང་སྡུག་བུ་ལ་མ་བཞིན་དུ། །བྱམས་བརྩེའི་མངའ་བདག་དྲིན་ཅན་རྗེ། །བུ་ང་དབུས་སུ་འགྲོ་བ་ལ། །རྡོ་རྗེ་སྐུ་ཡི་བྱིན་གྱིས་རློབས། །ཚངས་དབྱངས་གསུང་གི་བྱིན་གྱིས་རློབས། །འཁྲུལ་མེད་ཐུགས་ཀྱི་བྱིན་གྱིས་རློབས། །བྱང་ཆུབ་གོ་འཕང་མ་ཐོབ་བར། །མགོན་ཁྱོད་ཐུགས་ཀྱིས་ང་མ་འདོར། །ཚེ་འདིའི་ཅི་འདོད་རེ་བ་ཀུན། །སྐོང་བའི་ནོར་བུ་བདེ་བར་བཞུགས། །ཆོས་ཀྱི་འགལ་རྐྱེན་བར་ཆད་དགྲ། །ཕམ་མཛད་དཔའ་བོ་བདེ་བར་བཞུགས། །གྲོགས་མེད་བར་དོའི་འཕྲང་འགྲིམ་ཚེ། །མཛའ་བའི་གཉེན་བཤེས་བདེ་བར་བཞུགས། །ཕྱི་མར་ཐར་པའི་གྲོང་ཁྱེར་དུ། །འཁྲིད་པའི་ས་མཁན་བདེ་བར་བཞུགས། །མདོར་ན་འདི་ཕྱི་བར་དོ་ཡི། །རེ་སའི་སྐྱབས་མགོན་བདེ་བར་བཞུགས། །སྐྱེ་

p. 216

བ་འདི་དང་སྐྱེ་བ་གཞན། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྐུ་དྲིན་འཁོར་མེད་ཕ་ཁྱོད་ལ། །བུ་ང་ཡང་ཡང་འཕྲད་པར་ཤོག །ཅེས་སྐྱབས་འཇུག་ཞུས། ཕྱག་དང་སྐོར་བ་བྱས་ནས་དབུས་སུ་སོང་སྟེ་ལོ་མང་པོར་མཚན་ཉིད་ལ་སྦྱངས་པས་རྗེས་སུ་ང་སོང་དུས་དགེ་བཤེས་བཟང་པོ་ཞིག་བྱུང་འདུག་པ་ང་དང་མཇལ་ནས་ཞབས་ཏོག་ཡག་པོ་ཕུལ་བྱུང་། དེའི་ལོ་མཁན་ཆེན་དགེ་བའི་བཤེས་གཉེན་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོའི་ཐུགས་སྲས་ལུང་རྟོགས་ཡོན་ཏན་དུ་མས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་སྙིགས་དུས་འགྲོ་མགོན་མཚུངས་མེད་བྱམས་པ་ཟླ་འོད་རིན་པོ་ཆེ་མཚོ་སྙིང་དུ་ཕེབས་པའི་དྲུང་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ལུང་གནང་བའི་མཇུག་ཏུ། ཀུ་རེ་བྱས་ནས་ཁྱེད་མགུར་ལེན་པ་ལ་ཐོགས་པ་མི་འདུག་ཟེར། དེ་རིང་ཨེ་ཐོགས་ཤིག་བལྟ་དགོས། མགུར་དབྱངས་ཚིག་འགའ་ད་ལྟ་རང་ལོངས་དང་གསུངས་པའི་ལན་དུ། རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །ཐུགས་བརྩེ་བ་ཆེན་པོས་བདག་ལ་དགོངས། །ང་གླུ་ལ་ཐོགས་པ་མེད་པ་རྫུན། །སྔར་གླུ་དབྱངས་མང་པོ་བླངས་པ་བདེན། །ད་གླུ་བ་ཚོགས་དྲུག་རང་གྲོལ་ངས། །མགོན་ཁྱོད་ལ་གཏང་རག་གླུ་ཞིག་འབུལ། །གནས་མཚོ་སྙིང་དབེན་པའི་དགའ་ཚལ་དུ། །ཁྱེད་ད་ལོ་བྱོན་འདི་སྐལ་བ་བཟང་། །ཆོས་སྙིང་པོ་འཇམ་དཔལ་ཞལ་ལུང་འདི། །དུས་ད་རེ་གནང་བ་བཀའ་དྲིན་ཆེ། །རང་གང་ནུས་བསྒྲུབ་པའི་མཆོད་པ་འབུལ། །སེམས་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །དུས་ད་དུང་མགོན་ཁྱོད་ཞབས་བསྟེན་ནས། །ཆོས་ཟབ་རྒྱས་གདམས་

p. 217

པ་ཉན་པར་སྨོན། །གླུ་འདི་ཉིད་ཁྱེད་ལ་ཕུལ་བའི་མཐུས། །རྗེ་བླ་མ་ཤིན་ཏུ་མཉེས་པར་ཤོག །ཅེས་ཕུལ་བས། ཤིན་ཏུ་ལེགས་ཞེས་ཐུགས་དགྱེས་པར་གྱུར། ཡང་ཁྱེད་ཀྱི་ཆ་ལུགས་འདི་ལ་བལྟས་ན་བན་བོན་གང་ཡིན་མི་ཤེས་པར་གདའ། གང་ཡིན་ཞེས་ཀུ་རེ་མཛད་པའི་ཚེ། དེའི་ལན་དུ་འདི་སྐད་ཞུས། རི་རབ་རྩེ་ཡི་ཁྱུང་ཆེན་གྱི། །ལུས་ཀྱི་དབྱིབས་ནི་མི་དང་འདྲ། །གཤོག་སྒྲོ་རྒྱས་པས་བྱ་དང་འདྲ། །མི་མིན་བྱ་མིན་མཁའ་ལྡིང་ཡིན། །བར་སྣང་ཁམས་ཀྱི་གཡུ་འབྲུག་དེ། །ལུས་ཀྱི་དབྱིབས་ནི་སྦྲུལ་དང་འདྲ། །མཁའ་ལ་འགྲོ་བས་བྱ་དང་འདྲ། །སྦྲུལ་མིན་བྱ་མིན་གཡུ་འབྲུག་ཡིན། །མི་མེད་རི་ཡི་རྣལ་འབྱོར་ང་། །ལུས་ཀྱི་ཆ་ལུགས་བན་དང་འདྲ། །རལ་བ་བཞག་པས་བོན་དང་འདྲ། །བན་མིན་བོན་མིན་རྙིང་མ་ཡིན། །ཞེས་ཞུས་པས། ཁྱེད་ཀྱིས་སྔར་མགུར་དབྱངས་བླངས་པ་རྣམས་ང་ལ་ཅིག་སྟོན་དང་ལན་ཅིག་བལྟ་གསུངས་པས་ལན་དུ་འདི་སྐད་ཅེས་ཞུས། མཁས་ཤིང་གྲུབ་པ་མཆོག་བརྙེས་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །གླུ་དབྱངས་མང་པོ་བླངས་པ་རྣམས། །མདོ་རྒྱུད་གཞུང་ལ་མ་སྦྱངས་པས། །མཁས་པ་རྣམས་ཀྱིས་གཟིགས་ཉན་མེད། །འོན་ཀྱང་བལྟ་རྒྱུ་ཅན་རྣམས་ཀྱིས། །བལྟས་ཀྱང་གཞུང་དང་མི་འགལ་སྙམ། །རང་ལ་ཉམས་མྱོང་ཅང་མེད་པས། །རྟོགས་ལྡན་རྣམས་ཀྱིས་གཟིགས་ཉན་མེད། །འོན་ཀྱང་ཉམས་མགུར་བླངས་

p. 218

རྣམས་ལ། །གཟིགས་ཀྱང་ཐུགས་ཀྱིས་མི་ཁྲེལ་སྙམ། །སྙན་དངགས་སྡེབ་སྦྱོར་མ་བསླབས་པས། །ཚིག་སྦྱོར་མ་དག་མ་ཚང་ཡང་། །འོན་ཀྱང་བླུན་པོ་བདག་འདྲའི་རིགས། །འགའ་རེའི་སེམས་ལ་ཨེ་ཕན་སྙམ། །དེ་ལྟ་ཉམས་སུ་ལེན་པ་ལ། །གྲུབ་ཐོབ་ཟེར་བ་མ་བྱུང་ཀྱང་། །འོན་ཀྱང་སྐྱེ་བ་བཟང་པོ་བརྒྱུད། །བྱང་ཆུབ་གོ་འཕང་འཐོབ་བམ་སྙམ། །དེ་ཕྱིར་ལུས་ངག་ངལ་བ་དང་། །ཤོག་གུ་སྣག་ཚ་འཛད་པ་ལ། །མ་བལྟས་བསམ་པ་ཐག་པས་བྲིས། །གཟིགས་ནས་བཀའ་བཀྱོན་མི་གནང་ཞུ། །ཞེས་ཞུས་ནས་མགུར་ཕལ་ཆེ་བ་ཞིག་ཕུལ་བ་ལ་ཞིབ་ཏུ་གཟིགས་ནས་ཤིན་ཏུ་ལེགས་གསུངས། ངས་ཁྱེད་ཀྱིས་སྔར་མགུར་འདྲ་ཨེ་གསུངས་ཞུས་པས། ངས་སློབ་མ་ཞིག་ལ་འདི་འདྲ་ཞིག་བཤད་ཅེས་མགུར་འདི་གསུངས་སོ། །ཀྭ་ཡེ་གསོན་དང་རྣམ་དཔྱོད་ལྡན་པ་ཁྱོད། །ཁ་ཙམ་མ་ཡིན་སྙིང་ནས་བསྐུལ་བས་ན། །ག་ལེ་ཞལ་གསུང་ལྟ་བུར་ཆོས་ཀྱི་གཏམ། །ང་ཡིས་ཤེས་ཚོད་ཙམ་ཞིག་བཤད་པར་བྱ། །ཅ་ཅོའི་གཏམ་དང་ཟང་ཟིང་འདུ་འགོད་ཀྱི། །ཆ་ཤས་ཙམ་ཡང་ཕྱི་མར་ཕན་དཀའ་བས། །ཇ་སོགས་སྲེད་ཞེན་དོར་ནས་ཆོག་ཤེས་གྱིས། །ཉ་མོ་མཚོར་འགྲོགས་བཞིན་དུ་ཆོས་ཤིག་སྟེན། །ཏ་ཐཱ་ག་ཏའི་གསུང་ལ་ཐོས་བསམ་དང་། །ཐ་མར་ཕན་ངེས་ཉམས་ལེན་བྱེད་ནུས་ན། །ད་ལྟ་མི་ལུས་ཐོབ་པ་དོན་དང་ལྡན། །ན་འཆིས་གཏུགས་ཚེ་དགོས་པའི་གཙོ་བོ་ལགས། །པ་སངས་ལྟར་དཀར་ཆོས་ཀྱི་རང་རྒྱུད་དབེན། །ཕ་མཐར་མི་མངོན་ལས་ཉོན་རྒྱ་མཚོར་བྱིང་། །བ་སྤུ་གཡོ་འགུལ་མེད་

p. 219

པར་ཆོས་བཤད་ཀྱང་། །མ་རྣམས་ལྟ་ཞོག་རང་ལའང་ཕན་པ་དཀའ། །ཙཱ་རི་ལྟ་བུའི་དབེན་གནས་རི་སུལ་དུ། །ཚ་གྲང་ཁྱད་བསད་སྡིག་སྤོང་དགེ་བསྒྲུབ་དང་། །ཛ་ལང་ལས་ཉོན་ལྕགས་ཀྱུས་ཡིད་དྲངས་པས། །ཝ་སོགས་འགྲོ་ལ་སྙིང་རྗེ་ཏུ་རེ་མཛོད། །ཞྭ་སེར་བསྟན་པའི་ཉི་མ་ནུབ་རིར་ཉེ། །ཟ་བྱེད་གཤིན་རྗེ་ནམ་ཡོང་ཆ་མེད་པས། །འོ་འུར་མ་ཆེ་ངེས་འབྱུང་སེམས་བསྐྱེད་གཉིས། །ཡ་བྲལ་མ་ཡིན་ཟུང་འཇུག་བསྒོམ་པར་མཛོད། །ར་ལུག་ལ་སོགས་སེམས་ཅན་སྣ་ཚོགས་ལ། །ལ་ལར་ཆགས་དང་ལ་ལར་སྡང་བ་སོགས། །ཤ་ཟའི་བསམ་སྦྱོར་བོར་ནས་བུ་གཅིག་བཞིན། །ས་གསུམ་འགྲོ་ལ་བྱམས་བརྩེ་ཏུ་རེ་མཛོད། །ཧ་ཅང་སྡུག་བསྔལ་གསུམ་གྱིས་རབ་མནར་བའི། །ཨ་མའི་ཐོགས་དྲངས་མ་གྱུར་འདས་གསོན་རྣམས། །སྲིད་ཞི་སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་ཕྱིར། །ཟུང་འཇུག་སྐུ་གསུམ་མྱུར་དུ་འཐོབ་པར་ཤོག །འདིས་མཚོན་རྣམ་དཀར་ཕུང་པོ་ཅི་མཆིས་པས། །དཔལ་ལྡན་བླ་མ་ཞིང་གཤེགས་ཐམས་ཅད་ཀྱི། །ཐུགས་དགོངས་ཟབ་མོ་མྱུར་དུ་རྫོགས་པ་དང་། །ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་ཕྱིར་བསྔོ། །བསྟན་འཛིན་ཞབས་བརྟན་དགེ་འདུན་བཤད་སྒྲུབ་འཕེལ། །འགྲོ་རྣམས་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །གནས་སྐབས་མཐར་ཐུག་འདུན་མ་འགྲུབ་གྱུར་ནས། །སྐྱིད་པའི་རྒྱང་གླུ་ཡང་ཡང་ལེན་གྱུར་ཅིག །ཅེས་གསུངས། གཞན་ཡང་ཐུགས་མཉེས་པའི་ཞལ་གསུང་

p. 220

མང་དུ་བྱོན། ཞག་ཤས་བཞུགས་ནས་གནས་འབྲེལ་བཞག་སྟེ་འབྱོན་ཁར་བདག་གིས་བདེ་ཞུས་སུ་དབྱངས་འདི་ཕུལ། །མཚན་ལྡན་བླ་མ་མང་པོའི་ཞབས་པད་བསྟེན། །མདོ་རྒྱུད་མན་ངག་མང་པོར་ཐོས་བསམ་མཛད། །རི་ཁྲོད་དབེན་པ་མང་པོར་བསྒོམས་པའི་མཐུས། །ཉམས་རྟོགས་ཡོན་ཏན་མང་པོ་ཐུགས་ལ་འཁྲུངས། །མཚུངས་མེད་བླ་མ་སྐུ་ཁམས་བདེ་བར་ཕེབས། །འདོ་མེད་བདག་ཀྱང་དབེན་གནས་ཉམས་དགར་འགྲོ །མི་མེད་དབེན་པར་ལྷ་ཆོས་བྱེད་པའི་དུས། །གེགས་མེད་དགེ་སྦྱོར་འཕེལ་བའི་སྐྱབས་འཇུག་ཞུ། །ཞེས་ཕུལ་བའི་ལན་དུ་ཁོང་གིས་འདི་སྐད་གསུངས། །དབེན་པར་བསྐྱེད་རྫོགས་རྫོགས་ཆེན་བསྒོམས་པའི་མཐུས། །རིང་མིན་མྱུར་དུ་དབུ་མའི་རྩ་མདུད་གྲོལ། །མདོ་རྒྱུད་བསྟན་བཅོས་དགོངས་པ་གླུ་རུ་ལེན། །གླུ་པ་ཚོགས་དྲུག་རང་གྲོལ་གླུ་རེ་སྙན། །ཕྱི་ནས་མཇལ་རག་བར་དུ་བདེ་བར་བཞུགས། །རིང་མིན་མྱུར་དུ་མཇལ་བའི་སྨོན་ལམ་འཚལ། །ཁྱེད་བཞིན་སྙན་པའི་གླུ་དབྱངས་ངས་མི་ཤེས། །སྤྲོ་བས་བདེ་ཞུས་དབྱངས་སུ་བླངས་པ་ལགས། །ཞེས་གསུངས་ནས་གདུལ་བྱའི་ཞིང་སྒོ་མེ་ཕྱོགས་ཀྱི་རི་ཁྲོད་དུ་ཕེབས་སོང་ངོ་། །དེའི་རྗེས་སུ་མཚོ་ཉིན་སྲིབ་གཉིས་ཀྱི་ཨ་རིག་དང་། མཚོ་མཇུག་ནས་སོག་པོ་མང་པོའི་གནས་མཇལ་བ་བར་མ་ཆད་པར་ཉི་མ་རེ་རེ་བཞིན་དུ་མང་པོ་བྱུང་ནས། མཚོ་སྲིབ་ཕྱོགས་དང་། མཚོ་མཇུག་གཉིས་ཀའི་དར་ཐོག་ཏུ་ལམ་ནག་ཤ་རེ་བཏོན་པ་བྱུང་། དེའི་ལོ་མཐུན་རྐྱེན་མང་པོ་བྱུང་ནས་ཕྱི་རོལ་ཏུ་འགྲོ་དགོས་པ་མ་བྱུང་། ཉིན་ཅིག་ནོམ་པ་ཁ་

p. 221

ཤས་འོང་ཚེ། བདག་འཛིན་གྱིས་བླངས་ནས་བསམ་བློ་མང་པོ་གཏོང་གིན་ཡོད་པའི་ཚེ། ཤེས་རབ་ཀྱིས་མཐོང་ནས། བདག་འཛིན་ལ་འདི་སྐད་སྨྲས། །ཐར་པར་འདོད་པའི་སྐྱེས་བུ། །འཁོར་བའི་བཙོན་རར་བཅིངས་ནས། །མི་འདོད་སྡུག་བསྔལ་དུ་མས། །ཆད་ལས་སྣ་ཚོགས་གཅོད་པའི། །སྙིང་ནག་ཕུང་རྒན་དགྲ་བོ། །སྔོན་ཆད་གར་ཡོད་མ་ཤེས། །དེ་རིང་མངོན་སུམ་མཐོང་བྱུང་། །སྔོན་ཆད་ཉེས་པ་གང་བྱས། །ཁྱོད་རང་རྒྱལ་དུ་ཆུག་ཅིག །ད་ནི་འདི་ནས་མ་སྡོད། །མི་མཐོང་ཡུལ་དུ་སོང་ཞིག །མ་སོང་ཡན་པར་བཏང་ན། །ཤེས་རབ་ང་ཉིད་བུ་མིན། །དེ་བས་ད་ལྟ་སོང་ཞིག་།ཅེས་བཤད་ཚེ། ལན་དུ་བདག་འཛིན་གྱིས་འདི་སྐད་ཟེར། ཨུ་ཧུ་ཧ་ཧ་ཡ་ཡ། །རྒོད་རྒྱུ་ལུ་རྒྱུ་གཉིས་ཀ །མ་ཐུབ་ཤོར་ནས་བུད་ཐལ། །ཨ་ཁུ་ཤེས་རབ་ངར་ཉོན། །སྔོན་ཆད་ཁྱོད་ཉིན་གང་གི །འདམ་དུ་འགྱེལ་ནས་ལུས་བྱུང་། །ང་ཡི་ཕྱོགས་སུ་མ་འཁོར། ད་ལྟ་ཕེབས་པ་ངོ་མཚར། །མ་རིངས་གློད་ལ་བཞུགས་ཤིག །འོ་སྐོལ་གསུང་གླེང་ཞིག་བྱེད། །ཨ་ཁུ་ཤེས་རབ་ངར་ཉོན། །སྔོན་ཆད་ཁྱོད་འདྲ་མང་པོས། །ཕུད་དང་གསོད་པའི་གྲབས་ཤོམ། །མང་པོ་མང་པོ་བྱས་རུང་། །ད་ལྟའི་བར་དུ་ལུས་བྱུང་། །ཁྱོད་ཀྱང་ངལ་བ་མ་ལེན། །དོན་གོ་སྣ་གཅིག་མི་འབྱུང་། །དེ་བས་སྔར་བཞིན་སོས་དལ། །བདེ་བར་ཉལ་ན་ལེགས་མོད། །མི་ཚོའི་སེམས་ལ་གནོད་པའི། །ཚིག་ངན་དེ་འདྲ་མ་ལབ། །ཁྱོད་ཀྱི་སྟོང་སྐད་སྨྲས་ཀྱང་། །ང་ཡི་སྤུ་ཙམ་མི་གཡོ། །འོན་ཀྱང་ཁྱོད་ལ་དེ་ཡི། །

p. 222

རྒྱུ་མཚན་མ་བཤད་མི་གོ །ང་ཡིས་ཅུང་ཟད་བཤད་ཀྱིས། །ཤེས་རབ་འཛིང་གྲབས་མ་བྱེད། །སྔོན་དུ་འདི་ལ་ཉོན་དང་། །འཛིང་བའི་དུས་ནི་འོང་གི །ང་ང་ང་ལས་ཆེ་བཙན། །འཇིག་རྟེན་ཁམས་ན་སུ་ཡོད། །སྤྱིར་དུ་སེམས་ཅན་ཐམས་ཅད། །སྒོས་སུ་ཐར་འདོད་སྐྱེས་བུ། །ཐམས་ཅད་ང་ཡི་འབངས་ཡིན། །ང་ཡི་གསུང་ཞིག་བྱོན་ཚེ། །ཆར་ཆུ་མུན་ནག་ཡིན་རུང་། །རི་ཐང་གཉིས་ཀ་འགྲིམས་ནས། །རྟ་རྔ་ཁྱི་ཁར་གཡེངས་བཞིན། །གཡོག་ནི་དཀར་དཀར་ལ་ཁར། །ནག་ནག་བཞག་ནས་རྒྱུན་དུ། །དེང་སང་བླ་མ་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །ཆོས་ར་བོར་ནས་གྲོང་འགྲིམས། །ཚུལ་ཁྲིམས་བོར་ནས་ནོར་གསོག །སྡོམ་པ་བོར་ནས་བག་མ། །ལེན་པའི་དེང་སང་རབ་བྱུང་། །བསྙེན་རྫོགས་པ་རྣམས་ཀུན་གྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །རི་ཁྲོད་བློ་ཡིས་དོར་ཏེ། །གྲོང་དུ་བརྒྱུགས་ནས་ཁྱི་དཀྲོག །བྱ་བྱེད་གཞན་ལས་ཇེ་མང་། །རི་ཁྲོད་གཞན་དུ་སྤོར་ཚེ། །འགྲེལ་རྒྱུ་འཁུར་རྒྱུ་མང་བའི། །དེང་སང་བྱ་བཏང་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །ཉམས་ལེན་ཅུང་ཟད་བྱས་ཚེ། །ཉམས་རྟོགས་ཉག་ཉུག་བྱུང་བ། །དགའ་ནས་གཞན་ལ་སྒྲོག་ཅིང་། །བསྟོད་ར་ཅུང་ཟད་བྱུང་ན། །ང་རྒྱལ་ཁོག་པ་ཁེངས་པའི། །དེང་སང་སྒོམ་ཆེན་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །འཕྲལ་དུ་གུས་གུས་ལྟར་བྱས། །ཟབ་དགུའི་ཆོས་ཞུས་གནང་ཀྱང་། །བཟའ་བཏུང་ཙམ་ཞིག་མ་བྱུང་། །བླ་མར་ལོག་ལྟ་བསྒོམ་པའི། །དེང་སང་སློབ་མ་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །ཁ་ལ་

p. 223

ཆོས་ཞུ་ལྟར་བྱེད། །ཁོག་ནས་སེམས་ལ་ནོར་འདོད། །འབུལ་བ་ཞབས་ཏོག་བྱས་ནས། །ཆོས་ཞུས་ཟབ་ཆོས་གནང་ཀྱང་། །གདབ་ལན་ཟས་ནོར་མ་བྱུང་། །བླ་མར་ལོག་ལྟ་བྱེད་པའི། །དེང་སང་ཡོན་བདག་རྣམས་ཀྱིས། །ང་ཡི་བ ཀའ་བཞིན་སྒྲུབ་བོ། །རས་ཁ་གང་ངམ་ཁ་བཏགས། །ཕྱིར་དུ་གསང་སྔགས་དབང་བསྐུར། ཟ་མ་ཁམ་གང་རིན་དུ། །ཟབ་མོའི་རྗེས་གནང་བཙོངས་ཤིང་། །གཤིན་ཆོག་གཅིག་གི་ཕྱིར་དུ། །འདི་ཕྱི་གཉིས་ཀ་བཙོང་བའི། །དེང་སང་སྟོན་ཆེན་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །པགས་པས་གཏུམས་པའི་ཤིང་དེ། །མཐོ་སའི་གནམ་ལ་བཏགས་ནས། །རྒྱུན་འཆད་མེད་པར་རྡུང་ཞིང་། །ཧཱུྃ་ཕཊ་བློ་བཟློག་རྒྱོབ་སོད། །གཏུབས་སོགས་ང་རོ་སྒྲོག་བཞིན། །དམར་མཆོད་མང་པོ་བྱེད་པའི། །དེང་སང་བན་གཅོད་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །ལས་འབྲས་ཅུང་ཟད་མི་འཛེམ། །ཁྲིམས་རྣམས་ནོར་ཕྱིར་འཚོང་ཞིང་། །མངའ་འོག་འབངས་རྣམས་ཀུན་ལ། །མི་འདོད་སྣ་དགུ་གཏོང་བའི། །དེང་སང་རྗེ་དཔོན་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །རྒས་རུང་ད་དུང་འདུག་སྙམ། །ལས་སུ་ཕྱུགས་ཀྱི་འཚོ་སྐྱོང་། །ཐང་མ་བརྡལ་ཞིང་བྱ་དཀྲོག །བུ་ཡི་གཡོག་པོ་བྱེད་པའི། །དེང་སང་རྒད་པོ་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །ཕྱི་མ་ནམ་ཡང་མི་དྲན། །རྒས་རུང་བལ་གསེད་མེ་འབུད། །ཚ་བོ་ཡང་ཚའི་འཚོ་རྫི། །མནའ་མའི་གཡོག་མོ་བྱེད་པའི། །དེང་སང་རྒན་མོ་རྣམས་ཀྱིས། །

p. 224

ང་ཡི་བཀའ་བཞིན་སྒྲུབ་བོ། །ནམ་ཡང་ལྷ་ཆོས་མི་དྲན། །མི་བསད་རྟ་དེད་རྐུས་དང་། །ཞིང་ལས་ཁེ་ཚོང་རེམ་པའི། །དེང་སང་ཕོ་སྐྱེས་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །ཕྱུགས་ཀྱི་བཏང་འདོགས་ཞོ་བཞོ། །ཆུ་ལེན་བལ་འཁེལ་ཐགས་འཐག །ཤིང་འཐུ་ཐལ་འབོ་ཇ་བསྐོལ། །ནམ་ཡང་ཁོམ་སྐབས་མེད་པའི། །དེང་སང་བུད་མེད་རྣམས་ཀྱིས། །ང་ཡི་བཀའ་བཞིན་སྒྲུབ་བོ། །སྤྱིར་ནི་སེམས་ཅན་ཐམས་ཅད། །ཁྱད་པར་སྙིགས་དུས་ཆོས་མཛད། །ང་ཡིས་གང་ལ་མངགས་ཀྱང་། །ཕར་ལ་གྲུ་གུ་འདྲིལ་འདྲིལ། །ཚུར་ལ་འཕང་ལོ་འཁོར་འཁོར། །བྱེད་པ་སྔོན་ཆད་ཨེ་གོ །ཨ་ཁུ་ཤེས་རབ་ཁྱོད་ཀྱི། །གསུང་ལ་ད་ལྟ་ཀུན་གྱིས། །ཨེ་ཉན་བསམ་བློ་ཐོངས་དང་། །ཁྱོད་ལ་དེང་སང་ཀུན་གྱིས། །བརྩི་བཀུར་མེད་པ་ཨེ་གསལ། །ང་ནི་དེང་སང་ཀུན་གྱིས། །བཀུར་གནས་ཡིན་ནོ་ཨེ་གོ །དེང་སང་ཆོས་མཛད་རྣམས་ཀྱིས། །ཁ་ནས་ཁྱོད་འདོད་སྨྲས་ཀྱང་། །ཁོག་ན་ཀུན་གྱིས་ང་འདོད། །ཤེས་རབ་ཁྱོད་དང་ངེད་གཉིས། །གདམ་དུ་བཅུག་ན་ང་གདམ། །ཅིའི་ཕྱིར་ཞེ་ན་ཁྱོད་ནི། །འཕྲད་དུ་ཟ་རྒྱུར་མི་ཕན། །བ ཏུང་རྒྱུ་གོན་རྒྱུར་མི་ཕན། །འཇིག་རྟེན་ཕྱི་མར་ཕན་ཀྱང་། །ཕྱི་མ་ཟེར་བ་ཕྱི་ཚོ། །གྲོད་པུ་རློན་པ་སྡུན་ཚོ། །ང་ནི་ཀུན་ལ་ཉེར་མཁོ། །ཇ་ཆང་ཟ་མའི་བཟང་ངན། བཀུར་སྟི་ཞབས་ཏོག་ཆེ་ཆུང་། །འབུལ་བའི་བཟང་ངན་ལེགས་ཉེས། །ང་ཡིས་འཕྲལ་དུ་རྟོགས་ནས། །གདབ་ལན་བཟང་ངན་ངས་བྱེད། །མཐོ་དམན་ཀུན་ལ་ང་མཁོ། །ངེད་དང་ཆོས་མཛད་གཉིས་ཀ །དཔོན་

p. 225

གཡོག་ཡིན་པ་ཨེ་མཁྱེན། །འོན་ཀྱང་ང་ཡི་བཀའ་བཅག །ཁྱོད་ཀྱི་རྗེས་སུ་ཕྱོགས་པའི། །ཐར་འདོད་རེ་རེ་བྱུང་ཀྱང་། །ང་ཡིས་དུག་ལྔ་བཏང་ཚེ། །མཛུབ་མོའི་འོག་གི་ཤིག་བཞིན། །ཅུང་ཟད་འཕག་པར་མི་ནུས། །སྔོན་ཆད་ཐར་པའི་གྲོང་དུ། །མང་པོ་སོང་བ་ཨེ་མཐོང་། །ཉིན་མོའི་སྐར་མ་བཞིན་དཀོན། །འོན་ཀྱང་སྟབས་ལེགས་འཕྲོད་ནས། །རེ་རེ་སོང་ནའང་ཐང་མོད། །ད་ལྟ་སྙིགས་མའི་དུས་སུ། །ཐར་པར་འགྲོ་བ་ཕར་ཞོག །མི་གཅིག་མངོན་མཐོའི་ཕྱོགས་སུ། །བཏང་ན་ང་ཉིད་བུ་མིན། །སྙིགས་དུས་སེམས་ཅན་སྤྱི་དང་། །ཁྱད་པར་བླ་མ་སྔགས་པ། །གཅོད་པ་བྱ་བཏང་སྒོམ་ཆེན། །དེ་དག་རྣམས་ལ་སྐྱིད་སྡུག །ཅི་གཏོང་ང་ཡིས་ཤེས་སོ། །དེང་སང་སྙིགས་མའི་དུས་འདིར། །ང་ཡི་འཕྲིན་ལས་རྒྱས་བྱུང་། །མཐོ་བ་བླ་དཔོན་མན་ཆད། །དམའ་བ་སྤྲང་པོ་ཡན་ཆད། །ང་ཡི་འབངས་འཁོར་གཡོག་པོ། །ང་ལས་ཆེ་བཙན་སུ་ཡོད། །ཤེས་རབ་ཁྱོད་ཀྱིས་ཤོད་དང་། །ཞེས་བཤད་པའི་ལན་དུ། ཤེས་རབ་ཀྱིས། ཕུང་རྒན་བསྟན་བཤིག་ངར་ཉོན། །ང་ཞེས་ཁྱོད་ཁེངས་མི་དགོས། །ཁྱོད་ལས་ཆེ་བ་ང་ཡིན། །ང་ཡི་མིང་ཙམ་ཐོས་ཀྱང་། །ཁྱོད་ཉིད་དངངས་ཤིང་བརྒྱལ་ན། །སྟོང་ཉིད་མདུང་གིས་བརྒྱབ་ཚེ། །ཁྱོད་ལ་འཆོར་ས་གར་ཡོད། །སོང་ཞེས་མི་འགྲོ་བསྡད་ནས། །ད་ལྟ་སྐད་འགོ་མཐོ་སྟེ། །ཐལ་བའི་རྡུལ་ཕྲན་བཞིན་དུ། །མ་བརླག་བཞག་པའི་དུས་ན། །

p. 226

ཤེས་རབ་ཤི་དང་ཁྱད་མེད། །ཨེ་གོ་བདག་འཛིན་ཕུང་རྒན། །ཞེས་སྨྲས་པས་ལན་དུ། བདག་འཛིན་གྱིས། །གོ་གོ་ཡ་ཡ་དེ་ཡིན། །ངེད་གཉིས་བུ་ཡི་བཟང་ངན། །རིང་མིན་མྱུར་དུ་ཐག་ཆོད། །ཁྱོད་ཀྱིས་སྔོན་ཆད་ང་ཡི། །འཁོར་གཡོག་འགའ་ཞིག་ཁྱེར་ལ། །ངས་ཀྱང་ཁྱོད་ཉིད་རྩད་གཅོད། །མང་པོ་མང་པོ་བྱས་རུང་། །གང་ན་ཡོད་པ་མ་གོ །ད་ནི་རྩད་གཅོད་མ་དགོས། །འདི་རུ་འོང་ལ་ང་དགའ། །ང་ཡིས་ཆོས་བརྒྱད་མཚོན་ཆར། །རྒྱུན་ཆད་མེད་པར་ཕབ་ན། །ཁྱོད་ལ་འཆོར་བའི་སྐབས་མེད། །སྔོན་ཆད་ཁྱོད་འདྲ་མང་པོ། །ཡན་པར་བཏང་བ་གཅིག་མེད། །ཁྱོད་ཀྱང་ཡན་པར་བཏང་ན། །ང་ཡི་སྐེ་རགས་ཁྱིར་འཆིང་། །དེ་སྐད་བཤད་དང་ལྷན་དུ། །ཤེས་རབ་ཡར་ལ་བཞེངས་ཏེ། །ལྟ་བའི་མདུང་རིང་ཐོགས་ཚེ། །བདག་འཛིན་ཕུང་རྒན་སྐྲག་ནས། །མི་མཐོང་ཡུལ་དུ་བྲོས་སོང་། །ཞེས་རང་གཞན་ལ་ཕན་ཕྱིར་རྩེ་མཚར་དུ་སྨྲས་པའོ། །དེ་ནས་ཟླ་བ་དང་པོའི་ཡར་ཚེས་ལ་སློབ་བུ་ཀུན་གྱི་ཐོག་མར་བྱུང་བའི་སྔོན་སྦྱངས་ལས་ཀྱི་འཕྲོ་ཅན་སྐལ་ལྡན་སྙིང་གི་བུ་མཆོག་པདྨ་རང་གྲོལ་དཔོན་སློབ་འགའ་དང་བཅས་ཏེ་ཕེབས་ནས། བདག་ལ་ལྷ་རྫས་དྲི་མེད་སྔོན་དུ་ཕུལ་ནས་མཇལ་ཏེ་བདེ་ཞུས་འདི་ལྟར་བྱས་བྱུང་། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །འགྲོ་བ་རྣམས་ཀྱི་མགོན་གཅིག་པུ། །མཚན་ལྡན་བླ་མ་རིན་པོ་ཆེ། །གཟུགས་སྐུ་བདེ་བར་བཞུགས་ལགས་སམ། །ཞེས་ཕུལ་བའི་ལན་དུ། བདག་གིས་དབྱངས་སྙན་པོའི་སྒོ་ནས་འདི་སྐད་སྨྲས།

p. 227

མི་བདེ་མ་མཆིས་བདེ་བར་མཆིས། །ཆོས་སྐུའི་དབྱིངས་ན་གཟུགས་སྐུ་བདེ། །སྐལ་ལྡན་ལས་འཕྲོ་ཅན་གྱི་བུ། །བདེ་བར་གནས་འདིར་བྱོན་ལགས་སམ། །ཞེས་སྨྲས་པའི་ལན་དུ་ཡང་འདི་སྐད་ཕུལ་བྱུང་། མཚན་ལྡན་བླ་མའི་བཀའ་དྲིན་གྱིས། །གཞི་དང་ལམ་བར་ཐམས་ཅད་དུ། །ལུས་སེམས་དུ ཁས་མ་མནར་བར། །བདེ་ནས་བདེ་བར་འོང་བ་ལགས། །ཞེས་ཕུལ་བའི་རྗེས་སུ་ཆོས་ཀྱི་གཏམ་ཡུན་རིང་དུ་བྱས། དེའི་ཕྱི་ཉིན་ཁོང་རྣམས་ཀྱིས་གསེར་དངུལ་གྱི་དངོས་པོ་ཕུལ་ནས་སེམས་ལ་ཕན་པའི་དབང་ལུང་ཁྲིད་གསུམ་གནང་དགོས་ཞེས་སྙན་གསན་ཕུལ་བས། དེའི་ཉིན་བློ་སྦྱོང་ཞེན་འཁྲིས་ཀུན་གཅོད་ཀྱི་ལུང་ཁྲིད་བྱས། དེ་ནས་སྤྲོས་བཅས་ཀྱི་དབང་སྔར་ཐོབ་པས་འཐུས་པ་བྱས། སྤྲོས་མེད་ཏིང་ངེ་འཛིན་གྱི་དབང་དང་། རིག་པའི་རྩལ་དབང་བསྐུར་ནས། འོད་གསལ་རྫོགས་པ་ཆེན་པོའི་ལུང་ཁྲིད་དང་། བཀའ་གདམས་བུ་ཆོས་སོགས་ཀྱི་ལུང་བྱིན་ཏེ། ལྟོ་གོས་ཆོས་གསུམ་གྱི་སྒོ་ནས་བསྐྱངས། དེའི་ལོ་ང་རྩེ་ནས་བསྡད། ངའི་འདུག་ས་ནས་བུ་ཆེན་པདྨ་རང་གྲོལ་བཞུགས། གཞན་མཚམས་པ་བརྒྱུད་ཙམ་འདུག་པ་རྣམས་ཕུག་པ་སོ་སོར་བསྡད་དེ། ཁོང་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་ཉམས་ལེན་བྱས་པས། བླ་མ་ལ་སངས་རྒྱས་དངོས་ཀྱི་དད་གུས་ཚད་མེད་པ་སྐྱེས། དུག་གསུམ་ཉོན་མོངས་རགས་པ་ཐམས་ཅད་ཞི་ནས། སྒོ་གསུམ་ཞི་བ་དུལ་བ་ཆོས་དང་མཐུན་པ་བྱུང་། ངས་ཀྱང་གཅིག་པུར་ངག་མཚམས་བྱས་སྤྲོས་མེད་མཉམ་བཞག་གཙོ་བོར་

p. 228

བཏོན། རྗེས་ཐོབ་ཀྱི་དུས་སུ་རང་གཞན་གྱི་རྒྱུད་ལ་ཕན་པའི་མགུར་དབྱངས་མང་པོ་བླངས། དབྱར་ཐོག་དེར་རང་གཞན་གྱི་ཚོགས་བསགས་སྒྲིབ་སྦྱོང་དང་། བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་སུ་དམིགས་ནས་མཚོ་སྙིང་རི་རྩེ་ནས། གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེངས་པས་ས་རྡོ་ལེན་པ་སོགས་ལས་ཀ་གང་དགོས་རྣམས་བུ་ཆེན་པདྨ་རང་གྲོལ་སོགས་དེར་འཚོགས་པའི་མཚམས་པ་ཐམས་ཅད་ཀྱིས་མཛད། ཕྱིས་སུ་ལྷ་ཁང་འགྲུབ་པ་དང་། ནང་དུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཅན་གྱི་སྐུ་གཅིག་དང་། དེའི་གཡས་སུ་གནས་བདག་མ་ཧཱ་དེ་ཝ། གཡོན་དུ་མཚོ་སྨན་ཁྲི་གཤོག་རྒྱལ་མོ་གཉིས་ཀྱི་འདྲ་སྐུ་རེ་དང་དེ་གསུམ་གྱི་རྒྱབ་ཏུ། དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་ཆེན་མོའི་གླེགས་བམ་པོ་ཏི་བཅུ་གཉིས་རྣམས་བཞུགས་སུ་བཅུག་ནས། སློབ་མ་མཆེད་གྲོགས་རྣམས་ཀྱིས་མཆོད་རྫས་ན་བཟའ་སྙན་དར་གང་ཡོད་རྣམས་ཕུལ། རབ་གནས་དགའ་སྟོན་བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བྱས་པས་ལྷ་ཁང་དེ་དུས་ད་ལྟའི་བར་མ་ཞིག་པར་ཡོད་སྐད། ལོ་དེར་སོས་དལ་པོ་བྱུང་བའི་ཤུགས་ཀྱིས་རིག་པ་དྭངས་པ་བྱུང་། དམ་པའི་ཆོས་ཀྱི་བགྲོ་གླེང་མང་པོ་བྱས་པས། བུ་ཆེན་པདྨ་རང་གྲོལ་སོགས་དེར་འཚོགས་པ་བློ་བསྐྱེད་ཆེན་པོ་དང་། མདོ་སྔགས་གསར་རྙིང་གི་ཆོས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ། ཆོས་མཛད་སྐྱེས་བུ་དམ་པ་ཡོངས་ལ་དག་སྣང་ཕྱོགས་མེད་དུ་སྐྱེས་པ་བྱུང་། དེར་འཚོགས་པ་རྣམས་ཀྱིས་མགུར་ཞིག་གནང་དགོས་ཞུས་པས་འདི་ལྟར་བླངས། །འགྲན་ཟླ་མེད་ཕ་རྒན་

p. 229

ཆོས་རྒྱལ་གྱི་བཀའ་དྲིན། །བཟང་པོ་དེ་དྲན་བཞིན་གུས་པའི་བུས་འདུད་དོ། །རྣལ་འབྱོར་རང་རྒྱུད་ལ་ཉམས་རྟོགས་ནི་གང་ཤར། །མགྲིན་པ་རུ་བཏེགས་ནས་ཅུང་ཟད་ཅིག་འཐེན་ནོ། །དྲིན་ཅན་གྱི་བླ་མར་རྒྱུན་འཆད་མེད་གསོལ་བ། །བཏབ་པའི་མཐུས་བྱིན་རླབས་རང་རྒྱུད་ལ་ཞུགས་བྱུང་། །འཁོར་བ་ཡི་ཉེས་དམིགས་ཡང་ཡང་དུ་བསམས་པས། །མི་ནོར་དང་ཟས་ལ་ཞེན་པ་ནི་ལོག་བྱུང་། །འགྲོ་བ་ཀུན་དྲིན་ཅན་ཕ་མ་རུ་བསྒོམས་པས། །བདག་པས་ནི་གཞན་གཅེས་བྱང་ཆུབ་སེམས་སྐྱེས་བྱུང་། །རིག་སྟོང་ནི་ཟང་ཐལ་རྗེན་པ་དེ་བསྐྱངས་པས། །འཁྲུལ་མེད་ཀྱི་ཉམས་རྟོགས་བཟང་པོ་ནི་སྐྱེས་བྱུང་། །རྫོགས་ཆེན་གྱི་ཁྱད་ཆོས་ཐོད་རྒལ་ལ་སྦྱངས་པས། །རང་སྣང་དེ་དོན་གྱི་འོག་མིན་དུ་འདུག་གོ །རྣལ་འབྱོར་ང་མཚོ་སྐྱེས་རྡོ་རྗེ་ཡི་བུ་རྒྱུད། །ཉམས་རྟོགས་ཀྱི་གླུ་དབྱངས་འདི་འདྲ་རང་འཐེན་ནོ། །དམ་ཚིག་དང་ལྡན་པའི་སྙིང་གྲོགས་ནི་རྣམས་ཀྱང་། །ཉམས་མགུར་ཞིག་ལེན་ན་འདི་འདྲ་རང་འཐེན་མཛོད། །དབེན་གནས་ནི་ཁྱད་འཕགས་མཚོ་སྙིང་གི་གནས་ན། །ཉམས་རྟོགས་ཀྱི་གླུ་དབྱངས་འབྲུག་སྒྲ་དེ་ལྡིར་མཁན། །རྣལ་འབྱོར་པ་ཚོགས་དྲུག་རང་གྲོལ་ཁོ་ཡིན་སྣང་། །དགེ་འདི་ཡིས་འགྲོ་ཀུན་སངས་རྒྱས་སུ་གྱུར་ཅིག །ཅེས་བླངས་པས་ཀུན་ཀྱང་ཉམས་དགའ་བར་གྱུར་ཏོ། །ཉིན་ཅིག་མགུར་མ་རྣམས་ཁྱེར་ནས་སྤང་གཤོང་འཇམ་པོ་ཞིག་ཏུ་སོང་། དབྱངས་སྙན་མོ་བྱས་གཅིག་པུར་བཏོན་པའི་ཚེ། ནམ་མཁའ་ནས་གཟུགས་མི་མཐོང་བའི་སྒྲ་ཞིག་གིས། ངོ་མཚར་ཆེ་

p. 230

ཟེར་བ་ཞིག་ཀྱང་ཐོས་པས། ཕྱིན་ཆད་ལྷ་འདྲེ་མི་གསུམ་གང་གིས་ཐོས་ཀྱང་སེམས་ལ་ཕན་རྒྱུ་རེད་སྙམ་དགའ་ཞིང་སྤྲོ་བ་བྱུང་། ནུབ་ཅིག་རྨི་ལམ་ལ་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་ཡིན་ཟེར་བའི་སྐྱེས་བུ་གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་དཀར་ལ་དམར་བའི་མདངས་ཆགས་པ་བལྟ་བས་མི་ངོམས་པ་དགེ་སློང་གི་ཆ་ལུགས་ཅན། འཁོར་ཞབས་ཕྱི་གང་ཡང་མེད་པར་གཅིག་པུར་སྦ་འཁར་བསྣམས་ནས་འགྲོ་བ་ཞིག་ལ། སྤང་གཤོང་ཉམས་དགའ་བ་ཞིག་ནས་མཇལ། ཁྱེད་གང་དུ་འགྲོ་ཞུས་ཚེ། ད་སྒོམ་ལ་འགྲོ་བ་ཡིན་གསུངས། ངའི་བསམ་པ་ལ་ད་ལྟའི་སྤྲུལ་སྐུ་འདིས་ཀྱང་རི་ཁྲོད་འགྲིམ་གྱིན་ཡོད་རྒྱུ་རེད་བཀའ་དྲིན་ཆེ་ལན་ཅིག་མཇལ་བ་བཟང་ཞེས་སོ་སོར་གྱེས་པ་ཞིག་རྨིས་པའི་ཕྱི་ཉིན་ཁོང་གི་སྐུ་ཐོག་སྔ་མའི་དུས་རེབ་གོང་གི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྦར་བའི་བཀའ་དྲིན་དྲན་ནས་མགུར་དབྱངས་འདི་ལྟར་བླངས་སོ། །མཁྱེན་པའི་འོད་ཟེར་གྱིས་ཀུན་ལ་ཁྱབ། །བརྩེ་བའི་ཚ་དྲོད་ཀྱིས་འགྲོ་ཀུན་སྐྱོང་། །རྗེ་བཙུན་སྐལ་ལྡན་གྱི་ཉི་མ་ཡིས། །ཆོས་དབྱིངས་ནམ་མཁའ་ནས་བདག་ལ་དགོངས། །དམུ་རྒོད་རེབ་གོང་གི་མུན་གླིང་དུ། །དམ་ཆོས་སྒྲོན་མེ་དེ་རབ་སྦར་མཐུས། །རྒྱ་གར་འཕགས་ཡུལ་ལས་ཆེས་ཆེར་དུ། །གསལ་བར་གྱུར་པ་འདི་ཨེ་མ་མཚར། །ད་ལྟ་རེབ་གོང་གི་ས་སྟེང་མཁར། །སྒྲུབ་སྡེ་བཅོ་བརྒྱད་སོགས་དགོན་པ་ཡི། །ཉི་ཟླ་གཟའ་སྐར་ནི་དུ་མ་ཤར། །བདེ་སྐྱིད་འོད་ཟེར་གྱིས་ཁྱབ་འདི་མཚར། །རི་ཕུག་ས་གཙང་གི་གོས་ཆེན་སྟེང་། །གྲུབ་གནས་རི་མོ་ཡིས་མཛེས་པ་དེ། །སྒོམ་ཆེན་རྒྱལ་བློན་གྱིས་

p. 231

ལེགས་གྱོན་ནས། །དམ་ཆོས་བདུད་རྩི་ནི་གསོལ་བ་མཚར། །དམུ་རྒོད་སྐྱེ་བོ་ཡི་རྟ་རྒོད་རྣམས། །དམ་ཆོས་སྲབ་སྒྲོག་གིས་ལེགས་པར་བཏུལ། །མི་དགེ་ཙབ་ཙུབ་བོར་མངོན་མཐོ་དང་། །ངེས་ལེགས་ལམ་བཟང་ལ་ཆུད་འདི་མཚར། །ཐོས་པ་རྒྱ་མཚོ་ཡི་གླིང་ནས་འཁྲུངས། །བློ་གྲོས་ཀླུ་དབང་གིས་ལེགས་བཟུང་བའི། །མགུར་དབྱངས་འདོད་འབྱུང་གི་རིན་ཆེན་གཏེར། ཀུན་ལ་འཇོག་པ་རུ་བཞག་འདི་མཚར། །ད་དུང་བྱང་ཆུབ་ནི་མ་ཐོབ་བར། །བོད་ཁམས་སེམས་ཅན་སྤྱི་ཁྱད་པར་དུ། །རེབ་གོང་རྗེས་འཇུག་གི་གདུལ་བྱ་རྣམས། །མ་ཡིས་བུ་བཞིན་དུ་བརྩེ་བས་སྐྱོངས། །མགོན་ཁྱོད་རྣམ་ཐར་མཚོའི་ཆུ་ཐིགས་ཤིག །བདག་གི་བློ་གྲོས་ཀྱི་སོར་རྩེར་བླངས། །མགོན་ཁྱོད་མཆོད་པའི་མཐུས་ཚེ་རབས་ཀུན། །འབྲལ་མེད་རྗེས་སུ་བདག་གཟུང་དུ་གསོལ། །ཞེས་བླངས། ཡང་དབྱར་གྱི་དུས་སུ་སློབ་མ་རྣམས་ལ་བྱང་ངོས་ཀྱི་སྤང་གཤོང་ཞིག་ཏུ་ཉིན་ཅིག་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྦྱངས་ནས། །རང་གང་མོས་ཀྱི་ཆོས་ལ་ཉམས་ལེན་བྱེད་དགོས་ཚུལ་རྒྱས་པར་བཤད་པའི་མཇུག་ཏུ་སེམས་ལ་ཤར་བ་ལྟར་མགུར་དབྱངས་འདི་ཡང་བླངས་སོ། །གངས་ཅན་ཁྲོད་དུ་སྔོན་གྱི། །དམ་པ་གོང་མའི་དྲིན་ལས། །ཟབ་ཆོས་མང་པོ་དར་ཀྱང་། །ཆོས་པ་ཕལ་གྱིས་ཚ་གྲང་། །བཞིན་དུ་འགལ་བར་བཟུང་ནས། །སྡང་ཞེན་ཕྱོགས་རིས་བྱེད་པ། །དམ་པ་འགའ་རེས་ཞལ་ནས། དབུ་མ་རྫོགས་ཆེན་ཕྱག་ཆེན། །ཀ་ར་བུ་རམ་སྦྲང་རྩི། །གང་གི་གང་

p. 232

བཟང་རེད་གསུང་། །དེས་ན་བདག་གིས་ཀུན་ལ། །ཕྱོགས་མེད་ཐོས་བསམ་བྱེད་པས། །སྡང་ཞེན་ཕྱོགས་རིས་མཁན་གྱིས། །བདག་ལ་བཀའ་བཀྱོན་མ་གནང་། །དབུ་མ་རྫོགས་ཆེན་ཕྱག་ཆེན། །ལྷུན་སྡུག་རབ་དཀར་གངས་ལ། །དག་སྣང་ཉི་འོད་བརྡལ་ན། །བྱིན་རླབས་ཆུ་རྒྱུན་འབྱུང་ངེས། །ཞེས་བླངས་པས་དེར་འཚོགས་པའི་སློབ་མ་རྣམས་ལ་དེ་ནས་བཟུང་སྟེ་ཆོས་དང་གང་ཟག་ཡོངས་ལ་དག་སྣང་ཕྱོགས་མེད་དུ་འབྱོངས་པ་བྱུང་། ཡང་སྟོན་ཁ་རི་མགོར་ཁ་བ་བབས་དུས་ཤིག་ལ་འཆི་བ་མི་རྟག་པ་དྲན་ནས་ཉིན་ཞིག་རང་ལ་འདི་སྐད་སྨྲས། །ཕར་རིའི་རི་མགོ་གསར་དུ། །ཁ་བས་དཀར་པོར་བཏང་བཞག །ཨ་རོག་ཚོགས་དྲུག་རང་གྲོལ། །མགོ་ཡི་སྐྲ་ཚོར་ལྟོས་དང་། །སྤང་རྒྱན་མེ་ཏོག་སྔོན་པོའི། །མཛེས་པའི་འགྱིང་བག་གློད་བཞག །ཨ་རོག་ཚོགས་དྲུག་རང་གྲོལ། །རང་གི་ཁ་ངོར་ལྟོས་དང་། །ཆུ་བྱ་རིམ་བཞིན་བཞུད་ཐལ། །མཚོ་འགྲམ་སྟོང་པར་བསྐྱུར་བཞག །ཨ་རོག་ཚོགས་དྲུག་རང་གྲོལ། །གཉེན་གྲོགས་རྣམས་ཚོར་ལྟོས་དང་། །ལ་ལ་ཤར་བའི་ཉི་མ། །ལ་རྩེ་ལ་མགོར་བསྙེགས་བཞག །ཨ་རོག་ཚོགས་དྲུག་རང་གྲོལ། །ཁྱོད་ལོ་དུ་ཡིན་ལྟོས་དང་། །ཞེས་སྨྲས་ནས་དགེ་སྦྱོར་ལ་ཞུགས་སོ། །དེ་ནས་སྟོན་ཁ་བཅུ་བའི་ཉི་ཤུ་ལྔའི་མཚན་མོ་མར་མེ་གསལ་བོ་ཞིག་སྦར་ཏེ། རྗེ་བླ་མ་ཙོང་ཁ་པ་རིན་པོ་ཆེ་ལ་གསོལ་བ་བཏབ་ནས་ཉལ་བའི་མཚན་མོ་རྨི་ལམ་ལ། རིན་པོ་ཆེ་དུ་མ་ལས་གྲུབ་པའི་རི་ཆེན་པོ་ཞིག་ལ་ཤེལ་གྱི་སྐས་རིང་པོ་ཞིག་བཙུགས་ཡོད་པ་ལ་ཡར་འཛེགས་

p. 233

ནས་སོང་བས་སྟེང་དུ་སླེབས་ཚེ། ས་གཞི་ཁོད་སྙོམས་པ་མེ་ཏོག་སྣ་ཚོགས་པ་བཀྲ་ཞིང་དྲི་ངད་ལྡང་བའི་དབུས་སུ། གོས་ཀྱི་གུར་སྔོན་པོ་རི་མོ་སྣ་ཚོགས་པས་སྤུད་པ་དར་ཚོན་སྣ་ལྔའི་ཆོན་ཐག་ལ་གསེར་དངུལ་གྱི་ཆོན་ཕུར་གདབ་པ་ཞིག་ཕུབ་པའི་དབུས་ན། རབ་ཏུ་མཐོ་ཞིང་མཛེས་པའི་ཁྲི་ཞིག་གི་སྟེང་ན་དར་ཟབ་འབོལ་གདན་བརྩེགས་པའི་གདན་ལ། གཟི་བརྗིད་འོད་ཟེར་རབ་ཏུ་འབར་བའི་བླ་མ་བལྟ་བས་ཆོག་མི་ཤེས་པ་ཞལ་མཐོང་བ་ཙམ་གྱིས་འཁྲུལ་བའི་བློ་སྣ་མཐའ་དག་འགག་ནུས་པ་ཞིག་བཞུགས་ནས། འཁོར་སྐལ་བཟང་བྱེ་བ་ཐེར་འབུམ་ལ་ཆོས་ལམ་རིམ་བསྡུས་དོན་ཞིག་གི་ལུང་གནང་བའི་གྲལ་དུ་བསྡད་ནས་ཡོངས་རྫོགས་ཉན་པའི་མཐར། བདག་གིས་བླ་མ་ཁོང་ལ་ཕྱག་དཔེ་གཡར་བས། དཔེ་ཆ་གཡོར་མི་དགོས་བྱིན་ཆོག་གསུངས་ཏེ་གནང་བ་རུམ་དུ་བཟུང་ནས་དགའ་བཞིན་ཕྱི་རོལ་ཏུ་འོངས་ནས་བལྟས་ཚེ། གངས་ཅན་བོད་ཀྱི་ཡུལ་ཕྱོགས་རྣམས་མཐོང་བས་ལྟད་མོ་ཅུང་ཟད་བལྟས། དེ་ནས་སྐས་དེ་གཟར་བས་མར་འབབ་མ་ནུས་པར་ཅུང་ཟད་བསྡད་ཚེ། གཡོན་ནས་མི་གཅིག་ན་རེ། རི་རྩེ་འདིར་འོངས་པའི་མི་རྣམས་མར་ལམ་སྐས་ལ་འགྲོ་མི་དགོས། འཕུར་སོང་ན་ཆོག་ཟེར་བས། ངས་གཟན་ལ་གཤོག་པ་བྱས་ནས་ནམ་མཁའ་ལ་འཕུར་ཏེ་བོད་ཡུལ་གྱི་གཞུང་ཐམས་ཅད་ལ་ལྟད་མོ་ལྟ་བཞིན་འོང་བ་ཞིག་རྨིས་པ་ལ་བརྟེན་ནས། དེར་འཁོད་པའི་བུ་ཆེན་རིག་འཛིན་ཟླ་བས་གཙོ་བྱས་སྐལ་ལྡན་སློབ་མ་རྣམས་ཀྱིས་གསེར་གྱི་

p. 234

མཎྜལ་དང་བཅས་ཏེ་ལམ་རིམ་གོ་སླ་ཉུང་བསྡུས་ཚིགས་བཅད་འཁྱེར་བདེ་ཞིག་དགོས་ཞེས་བསྐུལ་བའི་ངོར། ལམ་རིམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བརྩམས་ཏེ་ལུང་བྱིན་ནས་ཉིན་རེར་ཤར་སྒོམ་རེ་ལས་མ་བྱུང་ན་ཡང་གྱིས་ཞེས་གདམས་པས། ཀུན་གྱིས་ཉམས་སུ་བླངས་པས་རྒྱུད་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་། དེ་ནས་སྐབས་ཤིག་ཉམས་སྣང་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་པས་ཐུགས་ཀ་ནས་འོད་ཟེར་ཞིག་འཕྲོས་ཏེ་བདག་གི་སྙིང་ཀར་ཟུག་པས་བདེ་གསལ་མི་རྟོག་སྟོང་པའི་ངང་དུ་ལྷན་ལྷན་འགྲོ་བ་ཞིག་བྱུང་། ལྟ་བའི་དོགས་པ་ཞིག་ཞུ་སྙམ་པའི་ཚེ། འོད་དུ་ཞུ་ནས་རང་གི་སྙིང་ཁར་ཐིམ་པའི་སྣང་བ་ཤར། དེ་ནས་གཉིད་དུ་སོང་བའི་རྨི་ལམ་དུ། ངའི་ལག་ན་རིན་པོ་ཆེའི་སྣོད་ཁ་དོག་སྔོན་པོ་འོད་ཅན་ཞིག་གདའ། དེའི་ནང་ནས་ཆང་སེར་ཞིག་བྱུང་བ་མི་གསུམ་ཙམ་ཞིག་གིས་འཐུང་། དེ་ནས་ཡང་ཞོ་མང་པོ་བྱུང་བ་མི་མང་པོས་འཐུངས་པས། ངའི་བསམ་པ་ལ་སྣོད་འདི་དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེའི་སྣོད་ཅིག་ཡིན་པར་སྣང་། ད་ང་དབུལ་པོ་མང་པོ་ཡོད་ས་ཞིག་ཏུ་འགྲོ་དགོས་སྙམ་པ་ཞིག་ཡིད་ལ་ཤར་བ་བྱུང་། ཡང་ཉིན་ཞིག་མཚོ་འགྲམ་གྱི་ཕ་བོང་ཞིག་གི་སྟེང་ནས་མཚོ་ནང་དུ་བལྟས་པས། ཕ་བོང་རེ་རེའི་རྩ་བ་ན་སྲོག་ཆགས་ཆེ་ཆུང་བགྲངས་ལས་འདས་པ་འདུག དེ་བཞིན་དུ་བལྟས་པས་ཕ་བོང་ཐམས་ཅད་ཀྱི་རྩ་བ་དང་མཚོ་ཡི་ཁ་གཏིང་ཐམས་ཅད་སྲོག་ཆགས་མང་པོས་ཁེངས་པ་མཐོང་ནས་སྙིང་རེ་རྗེ་འདི་རྣམས་ལ་མ་འོངས་པ་ན་ཕན་ཐོགས་

p. 235

པའི་ཐབས་ཤིག་བྱ་དགོས་སྙམ་ནས། ནང་དུ་འོངས་ཏེ་ཨ་བཱ་རིན་པོ་ཆེ་སོགས་ཀྱིས་གནང་བའི་རྟེན་གསུམ་བྱིན་ཅན་ཐམས་ཅད་བརྡུངས་ནས་ཞིབ་པོར་བྱས་ཆུ་ནང་དུ་སྦངས་ནས་རྒྱ་ཆེར་བཏང་། མཚོ་སྙིང་གི་ཕྱོགས་བཞིའི་མཚོ་ནང་དུ་ཕར་བརྒལ་ཏེ་བྱིན་རྟེན་རྣམས་མཚོ་ནང་དུ་བླུགས་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ་བོ། །ཡང་གནས་དེར་སྡོད་དུས་ཆུ་གློག་སྡིག་ཅན་ཞིག་གིས་སོས་ཀ་ཆུ་བྱའི་ཕྲུག་གུ་འཕུར་མི་ཐུབ་པ་སྟོང་ཕྲག་མང་པོ་ཡོད་པ་རྣམས་ཀྱི་ནང་ནས་གསུམ་བཞི་རེ་ཉིན་རེ་བཞིན་དུ་བཟུང་ནས་གསོན་པོར་སྙིང་བྲུས་ནས་ཟ་བ་མཐོང་བས་སྙིང་རྗེ་ནས། ལོ་གཉིས་ལ་ཟླ་བ་གཉིས་རེའི་བར་དུ་བདག་གིས་བྱ་ཕྲུག་ཆུང་ཆུང་དེ་རྣམས་ཆུ་གླག་ལ་གསོད་དུ་མ་བཅུག་པར་བསྲུངས་པས་བྱ་ཕྲུག་རྣམས་ཀྱིས་ཀྱང་ངས་བསྲུང་བ་ཤེས་ནས། ཐམས་ཅད་ངའི་ཐག་ཉེའི་མཚོ་ཁར་འོངས་ནས་བསྡད། ཆུ་གླག་ནམ་འོང་དུས་སྐད་ངན་དྲག་པོ་རྒྱག་པ་བྱུང་། ཉིན་ཞིག་འུར་རྡོ་ཞིག་ཁྱེར་ནས་བརྒྱུགས་པས། ཆུ་གློག་གིས་ང་མཐོང་བ་དང་ཚོད་མ་ཟིན་པར་ཆུ་ནང་དུ་ལྷུང་སྟེ། གཤོག་པ་གཉིས་ཐང་ཤ་བཅད་ནས་ཆུ་ལ་ཅབ་ཅབ་བརྒྱབ་པས་མར་ནང་དུ་ནུབ་ནས་འཆི་ལ་ཁད་བྱས་ཚེ། མིག་ཅེ་རེ་ང་ལ་ལྟ་བ་མཐོང། སྙིང་རྗེ་ནས་མཚོ་ནང་ནས་ཚུར་བླངས་ཏེ། འགྲམ་དུ་བཞག་ནས་ཅུང་ཟད་སྐམ་ཚེ། རྐེ་ལ་འུར་རྡོ་བསྐོན་དབྱུག་པ་ཆུང་ཆུང་ཞིག་ཁྱེར་ཡོང་ནས་ངའི་བྱ་ཕྲུག་གསོད་དུས་ཁྱོད་དཔའ་ཨང་ཞེས་ཁོའི་མཆུ་དང་སྡེར་མོ་

p. 236

ལ་ལན་མང་པོ་བརྡུངས་ནས་རེ་ཞིག་གི་བར་དུ་བ ཏགས་ནས་བཞག དེ་ནས་ཁོ་རང་བཏང་བས་རེ་ཞིག་བར་དུ་དེར་མ་འོངས། ཡང་ཉིན་ཞིག་འོང་སྟེ་བྱ་ཕྲུག་ཅིག་བཟུང་བའི་རྗེས་སུ་བརྒྱུགས་པས། ཁོ་ཡར་སྣེའི་ཕ་བོང་ཞིག་གི་ཐོག་ཏུ་བབས་པ་དང་། ངས་འུར་རྡོ་འཕེན་པ་དུས་མཉམ་བྱུང་བས་རྡོ་ཕོག་སྟེ་ཁོ་གསོད་ལ་ཁད་བྱས་ཚེ། ཁོས་བྱ་ཕྲུག་བཞག་ནས་འཕུར་སོང་བའི་ཤུལ་ན་བྱ་ཕྲུག་དེ་ད་དུང་གན་རྐྱལ་དུ་ལོག་འདུག་པས། ངའི་བསམ་པ་ལ་ད་སྙིང་བྲུས་ཚར་བ་ཡིན་ནམ་སྙམ་ལག་ཏུ་བླངས་ནས་བལྟས་ཚེ། ཁོ་སྔར་གླག་ལ་སྐྲག་སྟེ་བརྒྱལ་སོང་བ་རེད། བརྒྱལ་སངས་པ་དང་ང་ལ་བལྟས་ཆུ་ནང་དུ་བརྒྱུགས་ནས་སོང་། དེ་ལྟར་བསྲུངས་པས་ལོ་དེ་གཉིས་ལ་བྱ་ཕྲུག་སྟོང་ཕྲག་མང་པོའི་སྲོག་ཐར་ནས་ནམ་མཁའ་ལ་འཕུར་ཏེ་འགྲོ་བ་བྱུང་དུས། འདི་སྐད་ཅེས་སྨྲས་སོ། །བྱ་ཕྲུག་གླག་གི་འཇིགས་པ་ལས། །བསྒྲལ་ནས་བདེ་བར་འགྲོ་བ་ལྟར། །འགྲོ་ཀུན་འཇིགས་པ་མཐའ་དག་ལས། །བསྒྲལ་ནས་བདེ་ལ་འགོད་པར་ཤོག །ཅེས་སྨོན་ལམ་ཀྱང་བཏབ་བོ། །དེའི་ལོ་རྗེས་མ་རྣམས་སུ། གནས་ཆེན་དེར་འདུག་པའི་མཚམས་པ་རྣམས་ལ་ཡང་བཤད་པས། ཁོང་རྣམས་ཀྱིས་ཀྱང་བསྲུངས་ནས་ཚེ་ཐར་པ་བྱུང་སྐད། གཞན་ཡང་རི་ཁྲོད་གང་དུ་སྡོད་ཀྱང་། བྱེའུ་ཁྲས་གསོད་པ་དང་། སྲིན་འབུས་སྲིན་བུ་གསོད་པ་མང་པོ་ཐར་པར་བྱས། མདོར་ན་སེམས་ཅན་ཉམ་ཐག་ལ་སྙིང་རྗེ་ནས་སྲོག་སྐྱོབ་གང་ཐུབ་བྱས་པས་

p. 237

མཐར་རང་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་ནུས་པའི་སྨོན་ལམ་བཏབ་པའི་རྟེན་འབྲེལ་གྱིས་བློའི་མཐུ་ཇེ་ཆེར་སོང་ནས་སེམས་ཅན་མང་པོ་ལ་ཕན་ཐོགས་བྱུང་བས་ན། ཁྱེད་བུ་སློབ་རྣམས་ཀྱིས་ཀྱང་དེ་ལྟ་བུའི་རྒྱལ་སྲས་ཀྱི་སྤྱོད་པ་ཆུང་ངུ་ལ་ཡང་སློབས་ལ་སྨོན་ལམ་ཐོབས་དང་རྗེས་སུ་ཀུན་ལ་ཕན་ཐོགས་པ་འོང་ཞེས་བཤད། དེ་ནས་མཚོ་ལ་དར་ཆགས་དུས་བྲོ་ཁ་གཞན་རྣམས་ཚར་ནས། རྩམ་པ་གཅིག་པུ་ཟོས་པས་ཉི་དྲོས་ཤིག་ལ། བྲོ་ཁ་གཞན་མེད་རུང་། རྩམ་པ་དྲིན་ཅན་འདི་ཡོད་ན། འདི་ཁོ་ནས་ཆོག་པར་འདུག་སྙམ་དེ་དུས་མགུར་དབྱངས་འདི་ཡིད་ལ་ཤར་བ་ལྟར་བླངས་སོ། །བླ་མ་གཅིག་གིས་ཆོག་པ། །ཆོས་རྒྱལ་ངག་གི་དབང་པོ། །གྲོགས་པོ་གཅིག་གིས་ཆོག་པ། །པདྨ་བཞད་པའི་རྡོ་རྗེ། །སློབ་བུ་གཅིག་གིས་ཆོག་པ། །བྱ་བཏང་རིག་འཛིན་ཟླ་བ། །དབེན་གནས་གཅིག་གིས་ཆོག་པ། །མཚོ་སྙིང་མ་ཧཱ་དེ་ཝ། །གོན་པ་གཅིག་གིས་ཆོག་པ། །གཡང་མོ་ལུག་གི་བལ་འཇམ། །ཟ་མ་གཅིག་གིས་ཆོག་པ། །དཀར་འཇམ་ཞིམ་པའི་རྩམ་པ། །ཆོག་དྲུག་གླུ་དབྱངས་སྙན་མོ། །ཚོགས་དྲུག་རང་གྲོལ་བླངས་སོ། །ཞེས་སྨྲས་སོ། །དེའི་ལོ་ཀུན་གྱིས་འདོད་ཆུང་ཆོག་ཤེས་བྱས་ནས་མཚམས་བཟང་པོ་བྱེད་རྒྱུ་བྱུང་། མཚོ་ལ་དར་ཆགས་པ་དང་། སྔར་གྱི་ཡོན་བདག་རྙིང་པ་དང་གསར་པ་གཞན་མང་པོ་མཇལ་དུ་བྱུང་བ་དང་། མཚམས་པ་སྡོད་མཁན་ཡང་

p. 238

མང་པོ་བྱུང་བའི་ཚེ། ངའི་བསམ་པ་ལ་མཚོ་སྙིང་གི་རི་འདི་རྒྱ་ཆུང་མི་མང་ན་རྣམ་གཡེང་འདུ་འཛིའི་དབང་དུ་སོང་ནས་ཉམས་ལེན་འཕེལ་པོ་མི་ཡོང་བར་འདུག ད་ནི་འདི་བས་ཀྱང་དབེན་པ་མི་མེད་ཀྱི་ལུང་སྟོང་ཞིག་ལ་འགྲོ་དགོས་སྙམ་ནས། མནོ་བསམ་ཞིག་བཏང་ཚེ། གངས་དཀར་གྱི་རྒྱལ་པོ་རི་བོ་རྨ་ཆེན་ལས་འགོལ་བ་ཞིག་མི་འདུག་པས། དེར་སོས་ཀ་འགྲོ་བར་ཐག་བཅད་དེ་སློབ་མ་ཡོན་བདག་རྣམས་ལ་བཤད་ཚེ། བུ་ཆེན་པདྨ་རང་གྲོལ་སོགས་རང་ཡུལ་གྱི་སློབ་མ་རྣམས་ཀྱིས། སྔར་ངེད་རྣམས་འོངས་དུས། ཡུལ་གྱི་བླ་མ་དང་ཨ་མ་གྲོགས་མཆེད་རྣམས་ཀྱིས་ཁྱེད་རྣམས་སོང་ལ་གདན་དྲོངས་ཤོག་ཅེས་བཤད་པས། ངེད་རྣམས་ཀྱིས་ཀྱང་གདན་ཅི་འདྲོངས་བྱ་ཞེས་ཁས་བླངས་ཡོད་པས། ལན་ཅིག་ཡུལ་དུ་ཕེབས་ནས་ཨ་མ་སོགས་ལྟོས་བཅས་རྣམས་ཀྱི་རེ་བ་ཞིག་བསྐང་ན་མི་དགའ་བའང་ཆོས་རེད་ཟེར། མཚོ་སྔོན་པོའི་ཕྱོགས་ཀྱི་སློབ་མ་སྦྱིན་བདག་རྣམས་ཀྱིས་མཚོ་སྙིང་འདི་ལས་འགོལ་བ་ཞིག་ལ་ཕེབས་ས་མེད། འདི་ནས་ད་དུང་བཞུགས་དགོས་ཞེས་སྨྲ་བ་རྣམས་ལ་མ་ཉན་པར་འགྲོ་བར་ཐག་རྦད་ཀྱིས་བཅད་ཚེ། བུ་ཆེན་པདྨ་རང་གྲོལ་ན་རེ།་གལ་ཏེ་ཁྱེད་ཡུལ་དུ་མི་ཕེབས་པར་རི་བོ་རྨ་ཆེན་དུ་ཕེབས་རྒྱུ་ཡིན་ན་ཁོ་བོ་ཡུལ་ནས་འོང་དུས་ཡི་གེ་མང་པོ་ཁྱེར་འོངས་པ་རྣམས་ལ་འབྱོར་ལན་རེ་གནང་དགོས་ཟེར་བས། དེ་ཡོང་ཞེས། ཐོག་མར་རྒས་པའི་ཨ་མས་བུ་ཁྱོད་ལན་ཅིག་ཡུལ་དུ་ཡོང་མོད་སྙམ་པའི་ངང་ལ་ལོ་བདུན་ཐལ་ཁྱོད་ལ་ཡོང་རྒྱུ་མི་གདའ།

p. 239

ང་ལ་ན་རྒྱུ་མང་གི་ཤི་འདྲ་སོང་ན་ཁྱོད་ལ་ཞེ་ཐོགས་པར་འདུག་པས་ད་ལོ་ཅིས་ཀྱང་ཤོག་ཅེས་སྐད་ནན་ཅན་དང་ཡི་གེ་འདི་ལྟར་བཏང་འདུག སྐྱེས་པའི་ཡུལ་སྤངས་འདུས་པའི་གཉེན་རྣམས་བསྒྱུར། །ཆོས་རྒྱལ་ཞབས་བསྟེན་ཟབ་མོའི་གདམས་པ་ཐོབ། །རི་ཁྲོད་གནས་ན་གྲོགས་མེད་གཅིག་པུར་བསྡད། །རྩེ་གཅིག་ཉམས་ལེན་མཛད་པའི་བུའི་དྲུང་དུ། །ལུས་སྲོག་བསྐྱེད་པའི་ཨ་མས་ཞུ་འབྲས་ནི། །བུ་ཁྱོད་བདེ་ཞེས་ཐོས་པས་དགའ་སྤྲོ་ཤར། །མ་ངའི་སྒྱུ་ལུས་ན་ཟུག་མང་པོ་སྣང་། །ད་དུང་མ་ཤི་ཙམ་དུ་གནས་ནས་ཡོད། །མི་ཚེ་གང་བོར་འགྲོགས་པའི་སྐལ་དམན་ཡང་། །ལན་ཅིག་ཙམ་ཞིག་མ་ལ་འཕྲད་དུ་ཤོག །ཡུལ་ན་ཡོད་དུས་རྒས་ནས་འཆི་རག་བར། །མ་བུ་ལྷན་ཅིག་འགྲོགས་སྙམ་ཡིད་ན་ཡོད། །ན་རྒ་འཆི་བས་ནོན་ནས་མཁོ་བའི་དུས། །གཞན་གྱི་བུ་དང་མི་འདྲ་སྙམ་ནས་དགའ། །ད་ནི་རྒས་ནས་ལངས་འདུག་བསྒུལ་བསྐྱོད་དཀའ། །བཟའ་བཏུང་མེད་པས་ངན་ངོན་ཟས་མི་འཕྲོད། །དྲོ་འཇམ་གོས་མེད་དུག་ཧྲུལ་གྱོན་པའི་མ། །ལོ་མང་ཡལ་བར་དོར་ནས་སྡོད་ཕོད་དམ། །བྱ་རྒྱལ་ཁུ་བྱུག་སྔོན་མོ་གྲག་དུས་དང་། །ཁྱོད་འདྲའི་ཆོས་མཛད་མཐོང་བའི་རྐྱེན་བྱས་ནས། །ཡིད་ལ་དྲན་ནས་མིག་ནས་མཆི་མ་བཏང་། །མཚན་གང་གཉིད་མ་ཁུག་པའི་དུས་ཀྱང་བྱུང་། །སྔོན་ཆད་ཤོག་ཅེས་ལན་མང་བསྐུལ་ན་ཡང་། །མི་འཕྲད་ཕྱུགས་ལས་གླེན་དུ་སོང་ངམ་ཅི། །དུད་འགྲོ་ཡིན་ཡང་མ་ཡིས་ཁ་གྲག་ན། །བུ་དེ་མྱུར་

p. 240

དུ་སྔོན་ལ་རྒྱུག་པ་མཐོང་། །མ་ངས་དྲིན་གྱིས་བསྐྱངས་ལ་ཁྱོད་སེམས་ན། །ད་ལོ་ང་ལ་ཅིས་ཀྱང་འཕྲད་དུ་ཤོག །ཕྲད་ནས་གང་འདོད་གནས་སུ་ཁྱོད་གཏོང་ཞེས། །ད་ནས་མ་ངས་ཁས་ལེན་བྱས་པ་ཡིན། །སྔོན་ཆད་ཁྱོད་ཀྱི་ཆོས་ལྡན་བྱ་བ་ལ། །བར་ཆད་གཅིག་ཙམ་བྱས་པ་ཡོད་དམ་མེད། །ད་ནི་འཆི་ལ་ཐུག་པའི་དུས་སྐབས་སུ། །འཕྲད་ན་འདོད་པ་མ་གཏོགས་གཞན་ཅི་ཡོད། །རྒས་ཏེ་འཆི་ལ་ཉེ་བའི་མ་རྒན་ང་། །སྙིང་རྗེས་ལན་ཅིག་འཕྲད་དུ་མ་ཡོང་ན། །བུ་ཁྱོད་འགྲོ་ལ་བྱམས་དང་སྙིང་རྗེ་གཉིས། །སྔོན་ཆད་བསྒོམས་པའང་དེ་འདྲ་ཙམ་དུ་ཐལ། །འདི་ལྟར་བུ་ལ་ཡི་གེ་བསྐུར་བའི་མཐུས། །རིང་མིན་མྱུར་དུ་མ་བུ་འཕྲད་པ་དང་། །ཡུལ་འདིའི་ནད་མུག་འཁྲུག་རྩོད་ཀུན་ཞི་ཞིང་། །དགེ་ལེགས་ཕུན་ཚོགས་ཟླ་ལྟར་འཕེལ་བར་ཤོག །ཅེས་པའི་ལན་དུ་འདི་སྐད་སྨྲས། བུ་ངས་ཆོས་ལྡན་བྱ་བ་གང་བསྒྲུབ་ལ། །བར་ཆད་ཅུང་ཟད་ཙམ་ཡང་བྱེད་མ་མྱོང་། །གྲོགས་བྱས་གཞན་གྱི་མ་ལས་དྲིན་ལྷག་པའི། །ལུས་སྲོག་བསྐྱེད་པའི་ཨ་མ་རྒན་མོ་ལགས། །ཁྱོད་ཀྱི་ཡི་གེ་མ་ཉམས་ལེགས་པར་འཕྲོད། །སྒྱུ་ལུས་བདེ་ཞེས་ཐོས་པས་དགའ་སྤྲོ་སྐྱེས། །ང་ཡང་བླ་མ་མཆོག་གསུམ་བཀའ་དྲིན་གྱིས། །སྒྱུ་ལུས་བདེ་ཞིང་ཉམས་ལེན་འཕེལ་བཞིན་མཆིས། །སྔོན་ཆད་ཤོག་ཅེས་དུས་སུ་མ་ཕྲད་པ། །སེམས་ལ་མ་གནོད་ཕན་ཚུན་བདེ་བའི་གཏམ། །ཐོས་ན་འཕྲད་དང་ཁྱད་པར་ག་ལ་ཡོད། །སྙམ་ནས་མ་ཕྲད་ད་ནི་མྱུར་དུ་འོང་། །དོན་མེད་ཁྱིམ་ཚང་བཟའ་མིའི་ལྟོ་རྒྱབ་ཕྱིར། །ཐག་རིང་ཡུལ་ལ་འདྲེ་འདུལ་གྲོང་ཆོག་

p. 241

ཏུ། །བུ་གཅིག་སོང་ནས་ལོ་མང་འགོར་ན་ཡང་། །ཕ་མ་ལ་ལས་ཤུལ་ནས་མི་དྲན་ན། །མ་ཁྱོད་གཏན་བདེ་བྱང་ཆུབ་བསྒྲུབ་པའི་ཕྱིར། །ཡུལ་གཞན་རི་ཁྲོད་དབེན་པའི་གནས་རྣམས་སུ། །བུ་ང་སོང་ནས་ལོ་འགའ་འགོར་བ་ལ། །ཡང་ཡང་དྲན་ནས་སེམས་སྡུག་ཅི་ཕྱིར་དགོས། །ཚེ་འདིར་ཟས་གོས་ནོར་གྱིས་ཕ་མ་ལ། །ཕན་འདོགས་བྱེད་པའི་བུ་ནི་མང་ན་ཡང་། །ཕྱི་མར་ཕ་མར་ཕན་པའི་དམ་པའི་ཆོས། །རི་ལ་བྱེད་མཁན་བུ་ནི་དུ་ཡོད་སོམས། །ཕ་མར་རྟག་ཏུ་སྡང་བའི་བུ་ངན་པ། །དྲུང་དུ་བསྡད་ཀྱང་ཕན་ལས་གནོད་པ་མང་། །ཕ་མར་བྱམས་པའི་བུ་ནི་ཐག་རིང་དུ། །གནས་ཀྱང་ཕན་ནམ་མི་ཕན་ལྟོས་དང་གསལ། །ཚེ་འདིར་ཕྲད་འོང་གལ་ཏེ་མ་འཕྲད་ན། །དགེ་སྦྱོར་གང་བྱས་མ་ཁྱོད་དོན་དུ་བསྔོ། །ཕྱི་མར་དག་པའི་ཞིང་ཁམས་ཉམས་དགའ་རུ། །ཕྲད་ནས་འབྲལ་མེད་འགྲོགས་པའི་སྨོན་ལམ་འདེབས། །ཞེས་རྟེན་གསུམ་བྱིན་ཅན་འཚམས་རྟགས་བཅས་བསྐུར་རོ། །ཡང་ཞོ་འོང་སྔགས་མང་གིས་ཡུལ་དུ་ཕེབས་དགོས་ཞེས་ཡི་གེ་འདི་ལྟར་བསྐུར་འདུག ལས་ཉོན་ཆང་གིས་ཡིད་མྱོས་དམུ་རྒོད་ཀྱི། །གདུལ་བྱ་གླང་སྨྱོན་འཁོར་བའི་ནགས་ཀློང་དུ། །འཇུག་པ་ཐུགས་རྗེ་ལྕགས་ཀྱུ་རྣོན་པོ་ཡིས། །ཐར་པའི་ལམ་དུ་འཇུག་མཁན་བླ་མ་ལ། །སྡུག་བསྔལ་གསུམ་གྱི་ལྕི་བའི་ཁུར་གྱིས་ནོན། །དུག་ལྔའི་སྐོམ་ཚད་དྲག་པོས་གདུངས་བཞིན་དུ། །སྲིད་པའི་ཐང་དུ་རྟག་འཁྱམས་སྔགས་མང་གི །ཉམ་ཐག་ང་རོ་དགོངས་

p. 242

ཤིག་ཐུགས་རྗེ་ཅན། །ངེས་ལེགས་བདེ་བའི་ཟས་གོས་ནོར་གྱིས་ཕོངས། །འཁོར་བའི་ཁྱིམ་ན་སྡུག་བསྔལ་དུ་མས་མནར། །ཆགས་སྡང་སྨྲེ་སྔགས་འདོན་པའི་དབུལ་པོ་ཀུན། །དེད་དཔོན་ཁྱོད་ཅིག་ཨེ་ཕེབས་བལྟས་ནས་ཡོད། །མཚོ་སྙིང་གསེར་གླིང་ཡུན་རིང་མ་བཞུགས་པར། །ལུང་རྟོགས་ཡོན་ཏན་རིན་ཆེན་གསེར་དང་བཅས། །སྙིང་རྗེའི་གྲུ་རུ་ཞུགས་ལ་མྱུར་བྱོན་ཞེས། །འོ་དོད་དྲག་པོས་ཡང་ཡང་གསོལ་བ་འདེབས། །མ་རིག་ལིང་ཏོག་གིས་བསྒྲིབས་ཡང་དག་ལམ། །མ་མཐོང་ལས་ངན་རླུང་གིས་རྒྱབ་ནས་བདས། །ངན་སོང་གསུམ་གྱི་གཡང་ཁར་ཕྱོགས་པ་རྣམས། །ཐུགས་རྗེས་མི་འཛིན་ཡལ་བར་འདོར་ཕོད་དམ། །བདག་ཅག་མཐའ་མེད་འཁོར་བའི་རྒྱ་མཚོ་ཆེར། །ལས་ཉོན་རྦ་རླབས་ཆེན་པོ་འཁྲུགས་པས་གཡེངས། །སྡུག་བསྔལ་ཆུ་སྲིན་ཁར་ཚུད་མི་སྐྱོབ་ན། །ཀུན་ལ་བརྩེ་ཞེས་གླེང་བ་རྫུན་ནམ་ཅི། །དམ་གཙང་མཆེད་གྲོགས་མེ་ཏོག་པདྨའི་ཚལ། །གཞོན་ནུ་དར་བབ་འདབ་བརྒྱ་བཞད་སྐབས་འདིར། །རྗེ་བཙུན་བུང་བ་ཡུད་ཙམ་མ་འཁོར་ན། །ན་འཆིའི་བ་མོས་ནོན་ཚེ་འཁོར་ཀྱང་འཕྱིས། །དེའི་ཕྱིར་འགྲོ་མགོན་ངང་པའི་རྒྱལ་པོ་ཁྱོད། །སྔགས་འཆང་ཚོགས་མང་འོ་མའི་རྒྱ་མཚོའི་དབུས། །མྱུར་དུ་བྱོན་ནས་ཐེག་ཆེན་ཆོས་ཀྱི་སྒྲ། །སྙན་པའི་དར་དིར་སྒྲོག་པའི་དུས་ལ་བབ། །ཞུ་ཡིག་བདེ་འཇམ་ཡངས་པའི་སྤང་ལྗོངས་སུ། །སྤྱན་གྱི་རི་དྭགས་ཡུད་ཙམ་འཁྱུ་རྟེན་དུ། །དྲི་མེད་ལྷ་རྫས་སྔོ་ལྗང་རྩི་ཐོག་བཅས། །ཡར་ངོའི་ཚེས་

p. 243

གྲངས་བཟང་པོར་ལེགས་པར་ཕུལ། །ཞེས་བསྐུར་འདུག་པའི་ལན་དུ། བདག་གིས་འདི་སྐད་ཅེས་སྨྲས་སོ། །བདག་གི་སྐྱབས་མགོན་ཆོས་རྒྱལ་ཞབས་ལ་འདུད། །མཆེད་གྲོགས་རྣམས་ལ་འདི་ཕྱིར་དགེ་ལེགས་སྩོལ། །ཆུང་ནས་འགྲོགས་པའི་དམ་གཙང་སྔགས་འཆང་རྣམས། །གྲོགས་པོ་ཚོགས་དྲུག་རང་གྲོལ་ཚིག་འདིར་ཉོན། །རང་དོན་མ་རྫོགས་གཞན་དོན་ཡོང་བ་དཀའ། །མཉམ་དུ་འགྲོགས་ན་སྐྱོན་མཐོང་དད་པ་འགྲིབ། །དེའི་ཕྱིར་ངེད་རྣམས་ཕྲད་ལ་དགོས་པ་ཆུང་། །མི་ངས་བསྒྲུབ་ལ་གཞོལ་ན་རང་གཞན་འཚེངས། །སྔོན་ཆད་ང་ཡིས་ཁྱེད་ཚོར་ཇི་སྐད་བཤད། །དེ་མིན་ཕྲད་ཀྱང་བཤད་རྒྱུ་གཞན་མ་མཆིས། །དེ་བཞིན་མཛོད་དང་མི་ང་རབ་ཏུ་དགའ། །ཁྱེད་རྣམས་རྟག་ཏུ་བདེ་ཞིང་སྐྱིད་པར་ངེས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །ཕན་ཚུན་ཕྲད་ན་འདོད་པའི་དུས་རྣམས་སུ། །གང་ན་གནས་ཀྱང་མ་བུ་ཕྲད་པ་བཞིན། །བརྩེ་གདུང་ངོས་ནས་ཕྲད་པའི་སྨོན་ལམ་འཚལ། །ནམ་ཞིག་བདག་ནི་མངོན་པར་སངས་རྒྱས་ཚེ། །ཁྱེད་རྣམས་འཁོར་གྱི་ཐོག་མར་འགྱུར་བ་དང་། །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །དགེ་བའི་བཤེས་གཉེན་ང་ཡིས་བྱེད་པར་ཤོག །ཅེས་འཚམས་རྟགས་དང་བཅས་ཏེ་བསྐུར། དེ་བཞིན་དུ་ཡུལ་ཕྱོགས་ཀྱི་བླ་མ་མཆེད་གྲོགས་སྔར་ཡི་གེ་སྐུར་མཁན་ཐམས་ཅད་ལ་འབྱོར་ལན་ཡི་གེ་ཚིགས་བཅད་ཕུལ་བ་རྣམས་འདིར་མང་དུ་དོགས་ནས་མ་བྲིས། རྒྱས་པར་མགུར་འབུམ་ན་གསལ་ལོ། །དེ་

p. 244

ལྟར་འབྱོར་ལན་བྲིས་ཚེ་སློབ་བུ་ཤ་ཉེ་ངག་དབང་བཀྲ་ཤིས་ཀྱིས་ད་དུང་གསོལ་བ་བཏབ་ན་ལན་གཅིག་ཨེ་ཕེབས་ཀྱི་རེ་བ་བྱས་ནས། རང་ཡུལ་དུ་འབྱོན་དགོས་ཚུལ་གྱི་རྒྱུ་མཚན་རྣམས་ཚིགས་སུ་བཅད་ནས་འདི་ལྟར་ཕུལ་བྱུང་། །ཚེ་འདིའི་བྱ་བ་ཀུན་དོར་ནས། །མཚོ་སྙིང་དབེན་པར་བཞུགས་མཛད་པའི། །རིག་འཛིན་ཚོགས་དྲུག་རང་གྲོལ་ལ། །མོས་པའི་བུ་ངས་ཞུ་བའི་འབྲས། །ཡུལ་མི་རྒན་གཞོན་ཐམས་ཅད་དང་། །ཁྱད་པར་ཨ་མ་ཉེ་དུ་ཀུན། །གྲོས་བྱས་མི་ང་འཚོགས་ཐོག་ནས། [གདན་འདྲེན་ཞུ་རུ་བཏང་བ་ཡིན། །ཕེབས་ཞེས་ཡང་ཡང་ཞུས་པ་ལ། །ད་ལོ་ཁོང་གི་སྙན་མ་གཡར། །སང་ཕོད་ཅིས་ཀྱང་འབྱོན་པར་ཞུ། །རང་རེ་ཡུལ་པ་ཐམས་ཅད་ཀྱིས། །བླ་མ་གདན་འདྲེན་བཏང་བའི་མི། །ཤི་འམ་ཡང་ན་ཕྱག་སྐོར་དུ། །སོང་ངམ་ཡང་ན་སོག་ཡུལ་དུ། །ལྡོམ་ནས་རྒྱུ་ནོམ་ཅུང་ཟད་རེ། །ཨེ་རྙེད་བལྟ་ཞིང་ཡོད་པ་འམ། །ཡང་ན་བླ་མའི་མདུན་དུ་བསྡད། །ཁོ་རང་སྐྱིད་ཚེ་འོ་སྐོལ་བརྗེད། །གདན་འདྲེན་ཞུ་བ་ཕར་ལ་ཞོག །བཞུགས་ཞེས་ཞུ་ཡིན་ཡོད་ཀྱང་ཐང་། །ཡང་ན་ནད་ཀྱིས་བཏབ་པ་འམ། །ཡུལ་དུ་མི་འོང་ཅི་བྱུང་ཟེར། །སེམས་ལ་མང་པོ་འཆར་གྱིན་ཡོད། །དེ་བས་ཡུལ་དུ་འབྱོན་པར་ཞུ། །ཁྱད་པར་ཨ་མ་སྙིང་རེ་རྗེ། །མ་ཕྲད་ལོ་བདུན་ཙམ་སོང་འདུག །ལ་མགོའི་ཉི་མ་འགྲིབ་ལ་ཁད། །ཨ་མ་རྒན་མོ་འཆི་ལ་ཉེ། །ཕྱི་མར་ཨ་མ་སྐྱིད་མོད་ཀྱང་། །ཚེ་འདིར་མཇལ་ན་བསམས་ནས་འཕྲེང་། །ཡོད་པས་ལན་ཅིག་མཇལ་རན་རེད། །འདི་སྐྱིད་ཕྱི་སྐྱིད་བྱས་ན་ལེགས། དེ་བས་ཡུལ་དུ་འབྱོན་པར་ཞུ། །

p. 245

དབེན་པའི་རི་ལ་ཐུགས་སྤྲོ་ན། །འ་འུར་འདུ་འཛི་ཀུན་བྲལ་བའི། །རི་ཁྲོད་གང་གི་གང་སྐྱིད་ཡོད། དེ་བས་ཡུལ་དུ་འབྱོན་པར་ཞུ། །དབེན་པའི་ནགས་ལ་ཐུགས་སྤྲོ་ན། །ནགས་ཚལ་གང་གི་གང་བཟང་ཡོད། །རང་གྲུབ་ཤིང་ཐོག་ཁ་ཟས་མོད། །མ་ཞུས་ན་ཡང་ས་ལེར་མཁྱེན། །དེའི་ཕྱིར་ཡུལ་དུ་འབྱོན་པར་ཞུ། །ཡུལ་གྱི་གྲུབ་གནས་གང་ཡོད་ཚད། །ཐམས་ཅད་བྱིན་གྱིས་བརླབ་དགོས་པས། །དེའི་ཕྱིར་ཡུལ་དུ་འབྱོན་པར་ཞུ། །འཁྲུངས་ཡུལ་གདུལ་བྱའི་ཞིང་ཡིན་པས། །ཐུགས་ཀྱིས་མ་དོར་རྗེས་སུ་ཟུངས། །རྗེས་སུ་འཛིན་ན་འཛིན་རེ་རན། །ཕེབས་མོད་བསམ་གྱིན་བལྟས་ནས་ཡོད། །དེའི་ཕྱིར་ཡུལ་དུ་འབྱོན་པར་ཞུ། །ཆོས་ཀྱི་བར་ཆད་བྱེད་མི་མེད། །ཚེ་འདི་བློ་ཡིས་གཏོང་བ་དང་། །རི་ཁྲོད་དབེན་པ་སྟེན་མཁན་མང་། །ཐམས་ཅད་ཁྱོད་དྲུང་ཕྱོགས་ནས་ཡོད། །དེའི་ཕྱིར་ཡུལ་དུ་འབྱོན་པར་ཞུ། །བདག་གི་ལྷག་བསམ་དག་པའི་མཐུས། །བླ་མ་གདན་འདྲེན་ནུས་པར་ཤོག །ཡུལ་དུ་བླ་མ་བྱོན་པའི་མཐུས། །ཡུལ་ཕྱོགས་བདེ་ཞིང་སྐྱིད་པར་ཤོག །ཡུལ་གྱི་གདུལ་བྱའི་འཛིན་མ་ལ། །ལྷུན་གྲུབ་ཆོས་ཆར་འབེབས་པར་ཤོག་།ཀུན་གྱིས་གསུང་བཞིན་ཉམས་བླངས་ནས། །སངས་རྒྱས་གོ་འཕང་འཐོབ་པར་ཤོག །ཅེས་ཞུ་བ་ནན་ཏན་བྱས་པའི་ངོར་རྨ་རྒྱལ་གངས་ནས་ལོ་གཅིག་ལས་མི་འདུག་པར་ཡུལ་དུ་འོང་བའི་ཁས་ལེན་བྱས་པས་ཁོ་ཅུང་ཟད་དགའ་བ་བྱུང་། དེའི་དུས་ཞབས་དྲུང་ཚང་གི་ཡོན་བདག་དད་ཅན་ཞིག་གིས་

p. 246

ཁྱེད་ཡུལ་དུ་ལོ་མང་པོར་མ་སོང་ན། ཁྱེད་ཀྱི་མ་ཡི་སེམས་ལ་བུ་དེ་ན་བ་འམ་ཤི་ནས་མོ་ལ་འདི་ཚོས་གསང་བ་ཡིན་ནམ་སྙམ་མོད་ཟེར་བའི་ལན་དུ། དོན་ལ་ང་ན་ནས་ཤི་བ་དང་ཁྱད་མེད་ཅེས་རྣལ་འབྱོར་ན་ཤི་རོ་བསྲེག་བྱས་ཚུལ་གྱི་མགུར་འདི་བླངས་སོ། །ཡོན་ཏན་ཐམས་ཅད་རབ་རྫོགས་པའི། །ཆོས་རྒྱལ་ངག་གི་དབང་པོ་ཡི། །ཞབས་ལ་གུས་པས་གསོལ་བ་འདེབས། །བདག་འཛིན་འཆི་བར་བྱིན་གྱིས་རློབས། །རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །བྱ་བཏང་ཚོགས་དྲུག་རང་གྲོལ་ང་། །ན་བས་མི་ཚད་ཤི་ཡང་ཤི། །ན་ཤི་རོ་བསྲེག་བྱས་ཚུལ་རྣམས། །ཁྱོད་ལ་ལེགས་པར་བཤད་ཀྱིས་ཉོན། །ང་བདག་འཛིན་སེམས་ཀྱི་ཕུང་པོ་ལ། །བླ་མའི་བྱིན་རླབས་ནད་ཀྱིས་བཏབ། །རང་རིག་འགྱུར་མེད་གདོན་གྱིས་ཟིན། །ཉམས་དང་རྟོགས་པའི་ཟུག་གཟེར་ལངས། །ཁ་ནས་མགུར་དབྱངས་འཁུན་བུ་ཤོག །འཇིག་རྟེན་ཆོས་བརྒྱད་ཁ་ཟས་འགག །དམ་ཆོས་རྫོགས་ཆེན་ཉལ་སར་ལྷུང་། །ན་བས་མི་ཚད་ཤི་ཡང་ཤི། །རང་རིག་ཡེ་ཤེས་གདོན་གྱིས་ནི། །འཆོར་མེད་ཏིང་འཛིན་ཞགས་པས་བཅིངས། །ཡང་དག་ལྟ་བའི་མཚོན་ཆ་ཡིས། །བདག་འཛིན་ཕུང་པོའི་སྲོག་བཅད་ཚེ། །ཞེ་སྡང་ལུས་དྲོད་མཐའ་ནས་ཤོར། །འདོད་ཆགས་ཁ་ཆུ་སྣ་ཆུ་འཛག་།གཏི་མུག་མགོ་བོ་ཐུར་དུ་གུག །ང་རྒྱལ་རྐང་ལག་ངར་ངར་གཡོབ། །ཕྲག་དོག་དབུགས་ཀྱི་འགྱུ་བ་ཆད། །སྐྱེ་མེད་ཆོས་སྐུའི་ཀློང་དུ་ཤི། །ཤི་བས་མི་ཚད་རོ་ཡང་བསྲེགས། །ཤར་གྲོལ་དུས་

p. 247

མཉམ་སྐྱེས་བུ་ཡིས། །མཉམ་ཉིད་ཟང་ཐལ་ཐང་ཐོག་ཏུ། །ཆོས་ཀྱི་དབྱིངས་ཀྱི་གདུང་ཁང་བརྩིགས། །ཞི་གནས་བརྟན་པོའི་ཡམ་ཤིང་བཞག །ཡེ་ཤེས་ལྔ་ཡི་མེ་སྦར་བས། །མ་རིག་དུག་ལྔའི་བེམ་པོ་བསྲེགས། །རུས་པ་སྐྱེས་མེད་ས་རུ་བསྐྱལ། །ཀུན་ཏུ་བཟང་པོའི་དུར་དུ་སྦས། །ཞེས་བླངས་པས་ཁོའི་དད་པ་ཆེས་གོང་འཕེལ་དུ་གྱུར་ཏོ། །དེ་ནས་བདེ་ཆེན་གར་དབང་རྩལ་ལ་སྦ་དབྱུག་བཏགས་གྲོལ་ཞལ་གདམས་བཅས་བྱིན་ཏེ། སྒོ་མེའི་ཕྱོགས་ནས་དབེན་པར་སྒྲུབ་པ་སྙིང་པོར་གྱིས་ཞེས་དེར་མངགས་པས། རྗེས་ནས་སྒོམ་ཆེན་གངས་ཀྱི་སེང་གེ་འདྲ་བ་བསྒྲུབས་འབྲས་ཀྱིས་བསྟན་འགྲོར་ཕན་ཐོགས་པ་ཞིག་བྱུང་། མཛོ་དགེའི་མཚམས་པ་ཀུན་བཟང་འགྱུར་མེད་དང་ཀུན་བཟང་རང་གྲོལ། རབ་འབྱམས་པ་ཀུན་དགའ་རྒྱལ་མཚན། དགེ་སློང་བསྟན་དར། མང་ནེ་བནྡེ་སོགས་མཚམས་པ་དགུ་ཙམ་ཞིག་ལ་འཚོ་ཆས་བཟང་པོ་བྱིན་ཏེ་བཀོད་པ་རྒྱས་པར་བྱས་ནས་མཚོ་སྙིང་དུ་སྒྲུབ་པའི་རྒྱལ་མཚན་འཛིན་དུ་བཅུག གྲུབ་དབང་པདྨ་རང་གྲོལ་སླར་ཡང་རང་ཡུལ་རེབ་གོང་དུ་ངའི་སྐུ་ཚབ་ཏུ་བཏང་ནས། རེབ་གོང་གི་དད་ཅན་སློབ་མ་ཡོན་བདག་རྣམས་ལ་ཡི་གེ་འདི་ལྟར་བཏང་། །ང་ཡི་མགོན་སྐྱབས་ཆོས་ཀྱི་རྒྱལ་པོར་འདུད། །ང་དང་འབྲེལ་ཚད་རྣམས་ལ་ཐུགས་རྗེས་གཟིགས། །ང་ལ་རེ་ལྟོས་རང་ཡུལ་དད་ཅན་རྣམས། །ང་ཡི་བུ་མཆོག་པདྨ་རང་

p. 248

གྲོལ་འདི། །ང་དང་ཁྱད་པར་མེད་ཀྱི་མཆོད་བསྟོད་བཀུར། །ང་ལ་མ་ཕྲད་བར་དུ་ཁྱེད་རྣམས་ཀྱིས། །ང་ཡི་མགུར་དབྱངས་གང་བསྐུར་ནང་ལྟར་གྱིས། །ང་དང་ཕྲད་ཀྱང་དེ་མིན་ལབ་རྒྱུ་མེད། །ང་ཤི་སོང་ཡང་ཁ་ཆེམས་འདི་མིན་མེད། །ང་ནི་ཉམས་ལེན་གང་འཕེལ་གནས་སུ་འགྲོ །ང་ཡི་གྲོགས་རྣམས་ཚེ་འདི་བློས་ཐོངས་ལ། །ང་བཞིན་གྱིས་དང་གཏན་དུ་བདེ་བར་འགྱུར། །ཞེས་བསྐུར་ཞིང་བུ་ཆེན་པདྨ་རང་གྲོལ་ལ་འདི་སྐད་བཤད། འོ་ངས་མགུར་དབྱངས་བླངས་པ་རྣམས་ཀྱང་། རང་བློར་གང་ཤར་བྲིས་པ་མ་ཡིན་པར་རྒྱལ་བའི་གསུང་རབ་ཐམས་ཅད་གདམས་པར་ཤར་བའི་ཇོ་བོ་ཡབ་སྲས་ཀྱི་གསུང་བཀའ་གདམས་གླེགས་བམ་དང་། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསུང་མ་ཎི་བཀའ་འབུམ་དང་། རྗེ་མི་ལའི་མགུར་འབུམ། འཇམ་དབྱངས་ས་སྐྱ་པཎྜི་ཏའི་ལེགས་བཤད། རྗེ་རིན་པོ་ཆེའི་ལམ་རིམ། ཀུན་མཁྱེན་ཀློང་ཆེན་པའི་མགུར་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་མགུར་སོགས་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལྟར་བླངས་པ་ཡིན་པས། བློ་ལྡན་ཁྱོད་ཀྱིས་ཚད་མར་ཟུངས་ལ། གཞན་ལ་སྤེལ་དང་དད་ཅན་གྱི་སྐྱེ་བོ་ཕོ་མོ་ཆོས་ལ་བསྐུལ་བའི་ཐབས་སུ་འགྲོ་བ་ཡིན་ཞེས་སྔར་མགུར་དབྱངས་སྟོང་ཕྲག་གཅིག་བླངས་པའི་པོ་ཏི་རྣམས་བྱིན་ནས་འཕྲལ་ཕུགས་གང་དུའང་ཕན་པའི་བསླབ་བྱ་མང་པོ་བྱས་ཏེ། འགྲོ་ཁར་བུ་སློབ་འགྲོ་མཁན་ཀུན་ལ་ཚེ་འདི་ཕྱིར་མཇལ་

p. 249

བའི་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ། །བདག་སྤྱི་གཙུག་རྒྱན་མཆོག་ཡིད་བཞིན་ནོར། །ཕ་དྲིན་ཅན་བླ་མའི་ཞབས་ལ་འདུད། །ངེད་དཔོན་སློབ་གར་སོང་བཀྲ་ཤིས་ཤིང་། །གང་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །རྗེ་ཁྱད་འཕགས་འགའ་ཡི་དྲུང་ངས་བསྙེགས། །གྲོགས་ཁྱད་འཕགས་འགའ་དང་ལྷན་ཅིག་ཏུ། །ཆོས་ཁྱད་འཕགས་འགའ་རེར་ཐོས་བསམ་བྱས། །གནས་ཁྱད་འཕགས་འགའ་བསྟེན་བསྒོམས་བྱས་པ། །ཁྱེད་རྣམས་ཐོས་ཐོས་ཚེ་དད་གུས་སྐྱེས། །སེམས་འགྲོ་འདོད་འདོད་པ་གཏིང་ནས་སྐྱེས། །གཞན་མི་མང་མང་པོས་བཤོལ་བཏབ་ཀྱང་། །ཁར་མ་ཉན་ཉན་ན་ཆོས་ཉན་སྙམ། །དུས་ན་ནིང་ད་ཙམ་གནས་འདིར་ཡོང་། །མི་ངས་ཀྱང་ཤེས་ཚོད་དམ་ཆོས་བཤད། །ཁྱེད་རྣམས་ཀྱིས་ལོ་གཅིག་ཉམས་སུ་བླངས། །ད་སོ་སོར་འགྲོ་ཡང་སྐལ་བ་བཟང་། །ཚེ་ཡུན་ཐུང་རྐྱེན་ངན་བར་ཆད་མང་། །ཚེ་ཚད་ཀྱང་ཅི་ཡོད་མི་ཤེས་པས། །ཚེ་བློས་ཐོངས་རི་ཁྲོད་ཞྭ་ལྟར་སྟེན། །ཚེ་སྒྲུབ་པ་སྙོམས་དགོས་བུ་སློབ་ཚོ། །ཚེ་བར་ཆད་མེད་པར་དཔོན་སློབ་རྣམས། །ཚེ་འདི་རུ་ད་དུང་མཇལ་བར་སྨོན། །ཚེ་འདི་རུ་གལ་ཏེ་མ་མཇལ་ན། །ཚེ་ཕྱི་མར་ཅིས་ཀྱང་མཇལ་བར་སྨོན། །སྔར་མ་སོང་བ་ཡི་ཞིང་དུ་འགྲོ། སྔར་མ་མཇལ་བ་ཡི་སངས་རྒྱས་མཇལ། །སྔར་མ་ཐོས་པ་ཡི་དམ་ཆོས་ཉན། །སྔར་མ་མཐོང་བ་ཡི་ལྟད་མོ་བལྟ། །ད་ཁྱེད་རྣམས་སྐུ་ཁམས་བདེ་བར་བཞུད། །

p. 250

མི་ང་ནི་དབེན་གནས་གང་དགར་འགྲོ །ཕྱིས་ངེད་རྣམས་བཀྲ་ཤིས་ཆོས་མཐུན་སྒོས། །ཞལ་མཇལ་བའི་སྨོན་འདུན་ཡང་དག་འཚལ། །ཞེས་བླངས་པའི་ལན་དུ་བུ་ཆེན་པདྨ་རང་གྲོལ་གྱིས་འདི་སྐད་ཅེས་ཟེར་རོ། །སྐུ་ལེགས་པའི་སྤྱོད་པ་འབའ་ཞིག་བྱེད། །གསུང་ལེགས་བཤད་ཆོས་ཀྱི་སྒྲ་དབྱངས་སྒྲོག །ཐུགས་ལེགས་པའི་ཉེ་རིང་ཆགས་སྡང་མེད། །ཕ་ལེགས་ཚོགས་འབྱུང་གནས་བདག་ལ་དགོངས། །ང་ཚེ་འདིའི་བྱ་བས་རྟག་གཡེངས་ཚེ། །ཚེ་མི་རྟག་འཁོར་བའི་ཉེས་དམིགས་གསུངས། །གསུང་དེ་ཐོས་མི་ནོར་ཟས་གསུམ་སྤངས། །སྤང་མེ་ཏོག་བཀྲ་བའི་རྩེ་གཞུང་དུ། །རྗེ་ཆོས་རྒྱལ་གསུང་གི་བདུད་རྩི་མྱང་། །མགོན་ཁྱོད་ཞབས་ལོ་གཅིག་བར་དུ་བསྟེན། །སྐབས་དེ་རུ་ཡབ་སྲས་ཞལ་མཐུན་པར། །ཡུལ་རེབ་གོང་བཀྲ་ཤིས་འཁྱིལ་དུ་སོང་། །ཆོས་སྒྲུབ་པའི་རྒྱལ་མཚན་ཟུངས་ཤིག་གསུངས། །ང་དེར་སོང་ལོ་གསུམ་ཟླ་བཅུ་བསྡད། །རང་གང་ནུས་བསྒྲུབ་པའི་མཆོད་པ་ཕུལ། །གཞན་དད་ཅན་རྣམ་དཀར་དགེ་ལ་བཀོད། །དེའི་སྐབས་སུ་ཆོས་རྒྱལ་གཤེགས་པས་སྐྱོ། །མགོན་ཁྱོད་ལ་མཇལ་འདོད་གཏིང་ནས་སྐྱེས། །དུས་ན་ནིང་ཁྱེད་ལ་མཇལ་དུ་ཡོང་། །དཔེ་མ་བུ་ཕྲད་འདྲའི་དགའ་སྤྲོ་ཤར། །ལོ་གཅིག་ལ་ལུས་དང་གྲིབ་བཞིན་འགྲོགས། །རང་སྨིན་གྲོལ་ཟབ་རྒྱའི་གདམས་པ་ཐོབ། །དུས་ད་ལོ་སྐལ་པ་ཤིན་ཏུ་བཟང་། །གཞན་མངོན་མཐོ་ངེས་ལེགས་ལ་འགོད་པའི། །མགུར་མང་པོ་གནང་བ་ངོ་མཚར་ཆེ། །ང་སླར་ཡང་རེབ་གོང་

p. 251

ཕྱོགས་སུ་འགྲོ །ཕ་བླ་མ་སྐུ་ཁམས་བདེ་བར་བཞུགས། །བུ་བདག་དང་གྲྭ་སློབ་གྲོགས་མཆེད་དང་། །རང་ཡུལ་ཕྱོགས་རེ་ལྟོས་བྱེད་པ་རྣམས། །ཐུགས་བརྩེ་བས་ནམ་ཡང་མི་འདོར་ཞུ། །མགོན་ཁྱོད་མིན་རེ་ས་གཞན་ན་མེད། །ཞལ་རིང་མིན་མྱུར་དུ་མཇལ་བར་སྨོན། །རང་སྨོན་པ་བཞིན་དུ་འགྲུབ་པར་ཤོག །ཅེས་ཕུལ་ནས་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲུགས་པའི་དད་གུས་ཀྱི་ངང་ལ་ཕྱི་འགྲོས་བྱས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མི་འབྲལ་བའི་སྨོན་ལམ་འདེབས་ཤིང་སེམས་འཕྲེང་བཞིན་དུ་ཕེབས་སོང་ངོ་། །ཁོང་རྣམས་སོང་བའི་རྗེས་ནས་སེམས་ལ་སྔར་མེད་པའི་སྐྱོ་ཤས་དང་ངེས་འབྱུང་སྐྱེས་ཏེ་ནང་ནས་ཀྱང་སྡོད་སྙིང་མ་འདོད་པར་འགྲོ་འདོད་པ་ཞིག་བྱུང་ནས། མཚོ་སྙིང་ལ་སྐོར་བར་སོང་བའི་ཚེ། སྔོན་བླ་མ་ཆོས་རྒྱལ་ཡབ་ཡུམ་སྲས་བློན་མཆེད་གྲོགས་དང་བཅས་པ་ཚོགས་ནས་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་གསུང་གླེང་དུ་མ་བྱས་ཚུལ་རྣམས་ཡིད་ལ་དྲན་ནས། དུས་ད་ལྟ་བཞུགས་ན་ཅི་མ་རུང་། མཇལ་དུ་སོང་ན་དགའ་བ་ལ་སྙམ་བླ་མ་དྲན་པས་སྐྱོ་ཤས་ཚད་ལས་འདས་པ་ཞིག་སྐྱེས་ཏེ་མཆི་མ་མང་པོ་གཏོང་བཞིན་པའི་ངང་ནས། བླ་མ་དྲན་དྲུག་གི་མགུར་འདི་བླངས་སོ། །དབུས་རབ་བརྗིད་རི་རབ་ལྷུན་པོའི་ལྷོ། །ལྷོ་འཛམ་བུ་གླིང་པ་རྣམས་ཀྱི་བྱང་། །བྱང་ཕྱོགས་ཀྱི་གངས་ཅན་བོད་ཀྱི་ས། །ས་བདེ་ལ་ཡངས་པའི་རྩེ་གཞུང་

p. 252

གི །སྤང་མེ་ཏོག་བཀྲ་བའི་ལྗོངས་ཤིག་ན། །མདོག་གངས་རི་ལྟར་དཀར་གཟིམས་གུར་ན། །ཁྲ་ཤིགས་སེ་འཁོར་འབངས་འཚོགས་གོང་ན། །གདན་འཇམ་མཛེས་བརྩེགས་པའི་ཁྲི་སྟེང་ན། །རྗེ་འགྲན་གྱིས་དོ་མེད་རིན་པོ་ཆེ། །སྐུ་མཐོང་ན་ཡིད་ལ་དགའ་བདེ་འཆར། །སུ་མདུན་དུ་སོང་ཡང་འབྲལ་མི་ཕོད། །ཕ་ཆོས་རྒྱལ་བཞུགས་ཚུལ་ཡིད་ལ་ཤར། །འཇམ་ལྡེམ་མེ་ཉན་པའི་འཁོར་བཟང་ལ། །གསུང་ལྷང་ལྷང་བྱོན་ཚུལ་ཡིད་ལ་ཤར། །ཕ་གཞན་ལས་ལྷག་པའི་ངག་དབང་ཝང་། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་མོས་གུས་ཆུང་རུང་མཇལ་སྙིང་འདོད། །ས་ཐག་རིང་ཡིན་ཡང་མཇལ་སྙིང་འདོད། །ངས་བསམ་ཞིང་ཕ་རྒན་ཆོས་རྒྱལ་དྲན། །ཡུམ་འཁོར་བཅས་འཚོགས་པ་དྲན་ནས་བྱུང་། །གདན་འཇམ་མཛེས་བརྩེགས་པའི་གཡོན་ཕྱོགས་ན། །སྐུ་རབ་མཛེས་བལྟ་བས་མི་ངོམས་པ། །ལྷའི་བུ་མོ་མི་ཡུལ་འཕོས་འདྲ་བའི། །ཡུམ་ཨ་བཱ་བཞུགས་ཚུལ་ཡིད་ལ་ཤར། །འཁོར་མི་བཟང་སྡེ་སྡོད་མང་པོ་ལ། །གསུང་སྙན་མོ་བྱོན་ཚུལ་ཡིད་ལ་ཤར། །ཡུམ་མ་ལས་ལྷག་པའི་ཨ་བྷེ་དེ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་དུང་སེམས་ཆུང་རུང་མཇལ་སྙིང་འདོད། །ལམ་བགྲོད་པར་དཀའ་ཡང་མཇལ་སྙིང་འདོད། །ངས་བསམ་ཞིང་ཕ་རྒན་ཆོས་རྒྱལ་དྲན། །ཡུམ་འཁོར་བཅས་འཚོགས་པ་དྲན་ནས་བྱུང་། །ཕྱོགས་ཕྱོགས་ནས་ཕེབས་པའི་སྐྱེས་ཆེན་དང་། །མི་བདག་དང་བདག་འདྲའི་

p. 253

དད་འདུས་རྣམས། །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་ནས། །ཆོས་གསང་ཆེན་རྡོ་རྗེ་ཐེག་པ་ཡིས། །རྒྱུད་སྨིན་པར་བྱེད་པའི་དབང་བཞི་དེ། །སྐབས་སྐབས་སུ་བསྐུར་ཚུལ་ཡིད་ལ་ཤར།། ཆོས་རྡོ་རྗེ་ཐེག་པའི་དབང་བཞི་དེ། །དུས་ད་ལྟ་བསྐུར་ན་དགའ་བ་ལ། །ང་ཞབས་ཏོག་ཆུང་རུང་ཞུ་སྙིང་འདོད། །ཡོན་འབུལ་རྒྱུ་མེད་རུང་ཞུ་སྙིང་འདོད། །ངས་བསམ་ཞིང་ཕ་རྒན་ཆོས་རྒྱལ་དྲན། །ཡུམ་འཁོར་བཅས་འཚོགས་པ་དྲན་ནས་བྱུང་། །སུས་ཐོས་ཀྱང་ངན་འགྲོར་ལྟུང་མི་སྲིད། །ཚིག་རེ་རེའང་བསྐལ་བརྒྱར་ཐོས་དཀའ་བའི། །རྒྱུད་གྲོལ་བར་བྱེད་པའི་གསང་སྔགས་ཀྱི། །ཆོས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ཡི། །ཁྲིད་ཟབ་མོ་གནང་ཚུལ་ཡིད་ལ་ཤར། །ཆོས་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཁྲིད། །དུས་ད་ལྟ་གསུང་ན་དགའ་བ་ལ། །ང་ཤེས་རབ་ཆུང་རུང་ཉན་སྙིང་འདོད། །སྒོམ་བརྩོན་འགྲུས་ཞན་རུང་བསྒོམ་སྙིང་འདོད། །ངས་བསམ་ཞིང་ཕ་རྒན་ཆོས་རྒྱལ་དྲན། །ཡུམ་འཁོར་བཅས་འཚོགས་པ་དྲན་ནས་བྱུང་། །ཕྱོགས་ཕྱོགས་ནས་ཡོང་བའི་སྐྱེས་ཆེན་དང་། །ས་སོག་པོའི་མཆེད་གྲོགས་དད་འདུས་ལ། །སྐབས་སྐབས་སུ་མ་བུ་ཕྲད་པ་བཞིན། །སེམས་སྤྲོ་བའི་གླེང་མོ་མང་པོ་བྱས། །ལྷན་ཅིག་ཏུ་བསྡད་ཚུལ་ཡིད་ལ་ཤར། །ཡུལ་ཐག་རིང་ནས་འོང་དམ་པ་དང་། །ས་སོག་པོའི་མཆེད་གྲོགས་དད་འདུས་དེ། །དུས་ད་ལྟ་བཞུགས་ན་དགའ་

p. 254

བ་ལ། །ང་བརྩེ་གདུང་ཆུང་རུང་མཇལ་སྙིང་འདོད། །གནས་གང་ན་བཞུགས་ཀྱང་མཇལ་སྙིང་འདོད། །ངས་བསམ་ཞིང་ཕ་རྒན་ཆོས་རྒྱལ་དྲན། །ཡུམ་འཁོར་བཅས་འཚོགས་པ་དྲན་ནས་བྱུང་། །དཔེ་ཚོང་འདུས་མགྲོན་བཞིན་ཡུད་ཙམ་ལ། །ས་སོག་པོར་ཚོགས་ནས་སོ་སོར་བྲལ། །ཕ་ཆོས་རྒྱལ་ཞིང་ཁམས་གཞན་དུ་གཤེགས། །གྲོགས་དམ་གཙང་སོ་སོ་རང་ཡུལ་ཕེབས། །ང་སྐལ་དམན་མཚོ་སྙིང་རི་ལ་ལུས། །ཆོས་འཇིག་རྟེན་དགའ་སྟོན་མྱང་འཕྲོ་ཆད། །ངས་བསམ་ཞིང་ཕ་རྒན་ཆོས་རྒྱལ་དྲན། །ཡུམ་འཁོར་བཅས་འཚོགས་པ་དྲན་ནས་བྱུང་། །ཕ་ཆོས་རྒྱལ་སྙིང་ནས་དྲན་པ་ཡི། །སེམས་འདོད་པས་གདུངས་ནས་བཟོད་གླགས་མེད། །དབུགས་སྟོད་དུ་འཚངས་ནས་སྐད་མ་ཐོན། །གདོང་མིག་ནས་མཆི་མ་དབང་མེད་ཤོར། །བུས་ཕ་མ་འབོད་འདྲའི་གདུངས་དབྱངས་ལ། །ཕས་གར་བཞུགས་ཞིང་ནས་གསན་ལགས་སམ། །མ་བཟང་མོ་བུ་ལ་བརྩེ་བ་བཞིན། །བུར་ཡེ་ཤེས་སྤྱན་གྱིས་རྒྱང་ནས་གཟིགས། །ཞེས་བླངས་ནས་མང་པོ་ངུས་པས། མཚན་མོ་རྨི་ལམ་དུ། དཔོན་ཚང་གི་ཨུནེ་རུ་སླེབས་ནས། ཁོང་གི་ཞབས་ཕྱི་སྔར་ངོ་ཤེས་པ་རྣམས་ཀྱིས་བསུས་ནས་གི་གཟིམས་གུར་ཆེན་མོའི་ནང་དུ་སོང་བས། ཆོས་རྒྱལ་རིན་པོ་ཆེ་ཡབ་ཡུམ་སྲས་བློན་འབངས་མཆེད་གྲོགས་རྡོ་རྗེའི་སྤུན་རྣམས་དང་བཅས་པ་སྔར་རྒྱུན་ལྟར་འཚོགས་པ་མཐོང་བས། དགའ་བ་ཚད་མེད་པ་སྐྱེས་ཏེ་རབ་ཏུ་གུས་པའི་སྒོ་ནས་ཆོས་རྒྱལ་རིན་པོ་ཆེ་ལ་ཕྱག་འཚལ་ནས་མཇལ་

p. 255

བས། ཁོང་གིས་སྔར་རྒྱུན་ལྟར་ཞལ་འཛུམ་ཞིང་བཞད་བཞིན་པའི་ངོས་ནས། རི་ཁྲོད་པ་ཁྱོད་ཀྱིས་ངེད་རྣམས་དྲན་ནས་འདིར་ལན་ཅིག་འོང་སྟེ་ད་རེས་ཕྲད་པ་བཟང་། ད་འདིར་ག་ལེ་གྱིས་ལ་སྐྱིད་པོར་སྡོད་གསུངས་ནས། ཁོང་གི་ཐག་ཉེར་བཞག་ནས་བསྡད་པའི་ཚེ། སྡེ་པས་སྟོན་མོ་ཆེན་པོ་ཞིག་བྱས་ཏེ་མི་མང་འཚོགས་པའི་གྲལ་གཤམ་དུ། གཞོན་ནུ་གཉིས་རེ་ཡར་ལངས་ནས་སྐད་འདྲིལ་བྱས་ཏེ་བོད་གླུ་མང་པོ་བླངས་པས་ཚིག་འབྲུ་བཟང་ཞིང་སྐད་སྙན་ལ་རིང་བ་བྱུང་། སྐབས་ཤིག་སོག་གླུ་བླངས་པའི་རྗེས་སུ། དུ་རལ་དབོན་པོ་ཟེར་བས་གོས་ཆེན་ཞིག་གྱོན། ཞྭ་མོ་ལྕགས་མདའ་མ་ཇ་ལ་བཟང་པོ་ཅན་ཞིག་མགོ་ལ་གྱོན་ཏེ། གྲལ་དབུས་ནས་ཡར་ལངས་བོད་པའི་གཞས་བཏང་ནས་ཞབས་བྲོ་བརྒྱབ་པས་དེར་འཚོགས་པ་ཐམས་ཅད་བགད་པས། ང་ཡང་ངོ་མཚར་ཞིང་དགའ་ནས་ཤེད་ཀྱིས་བགད་པས་རྐྱེན་བྱས་ཏེ་གཉིད་ལས་སད་པ་བྱུང་བའི་དུས་སུ་ཡང་སེམས་དགའ་ཡ་ལེ་བ་ཞིག་བྱུང་། དེ་ནས་ཟླ་བ་དང་པོའི་མཇུག་ཏུ་བདག་མཚོ་སྙིང་ནས་རི་བོ་རྨ་ཆེན་དུ་འགྲོ་ཁར། དེར་འདུས་པའི་སྐལ་ལྡན་སྙིང་གི་སློབ་བུ་རྣམས་ལ་ཚོགས་ཤིག་བཏང་བའི་ཐོག་ནས། འོ་ངེད་རྣམས་སྔོན་གྱི་ལས་སྨོན་དག་པས་མཚམས་སྦྱར་བའི་མཐུས་ཐམས་ཅད་སུ་ཡིས་མ་བོས་བཞིན་དུ་རང་འདུས་བརྒྱབ་ནས་ལོ་རེ་གཉིས་ཀྱི་བར་ལ་ལྷན་དུ་བསྡད་དེ། ད་ནི་སོ་སོར་གྱེས་ནས་འགྲོ་བ་འདི་བཞིན་དུ། ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་ཡིན་ཚུལ་སོམས་ལ།

p. 256

དངོས་པོ་གང་ལ་ཡང་མ་ཆགས་མ་ཞེན་པར་ཐམས་ཅད་ཆོས་ཕྱོགས་སུ་ཐོངས། ཁྱད་པར་ད་ལོ་མ་གཏོགས་ཁྱེད་རྣམས་ཀྱང་གནས་འདིར་གཏན་དུ་མི་སྡོད་པས་སྡོད་རིང་ལ། ཁྱེད་རྣམས་ཀྱི་ལ་ལ་ལྟོགས་པ་དང་། ལ་ལ་འགྲངས་པ་མ་བྱེད་པར་སྟོན་དགུན་གྱི་མཚམས་ལ་བྲོ་ཁ་ཡོད་པས་མེད་པ་ཚོར་བྱིན་ལ་སྐྱིད་སྡུག་སྙོམས་པོ་གྱིས། ཐམས་ཅད་གཅིག་གིས་གཅིག་ལ་སྤུན་ཟླ་བཞིན་བརྩེ་གདུང་གི་སྒོ་ནས་འགྲོགས་ལ་རང་ཉིད་གང་མོས་ཀྱི་ཆོས་ཉམས་སུ་ལེན་པ་ལ་ཉིན་མཚན་མེད་པར་འབད་པ་གལ་ཆེ་ཞེས་རྣལ་འབྱོར་འགྲོ་ཁའི་མགུར་དབྱངས་འདི་བླངས་སོ། །རྗེ་བླ་མ་དཀོན་མཆོག་རིན་པོ་ཆེ། །བུ་འདིར་བཞུགས་སྒོ་གསུམ་བྱིན་གྱིས་རློབས། །གནས་མཚོ་སྙིང་དབེན་པའི་གཞི་བདག་ཀུན། །གནས་འདིར་བཞུགས་རྣམས་ལ་སྟོངས་གྲོགས་མཛོད། །ཁྱེད་དྭངས་བསིལ་རྒྱ་མཚོ་བདེ་བར་བཞུགས། །ང་ངང་པ་སེར་པོ་འདབ་གཤོག་བརྒྱངས། །གཞན་པདྨས་བརྒྱན་པའི་མཚོ་ཁར་འགྲོ །སླར་སྐད་སྙན་སྒྲོག་བཞིན་འོང་བར་སྨོན། །ཁྱེད་དཔག་བསམ་ལྗོན་ཤིང་བདེ་བར་བཞུགས། །ང་འཇོལ་མོ་སྨུག་རིལ་གཤོག་ཆུང་བརྒྱངས། །གཞན་སྔོ་ལྗང་ནགས་ཚལ་ཉམས་དགར་འགྲོ །སླར་སྐད་སྙན་སྒྲོག་བཞིན་འོང་བར་སྨོན། །ཁྱེད་དད་ཅན་བུ་རྣམས་བདེ་བར་བཞུགས། །ང་རྣལ་འབྱོར་རས་པ་སྦ་དབྱུག་ཐོགས། །གཞན་དབེན་པའི་དགའ་ཚལ་ཉམས་དགར་འགྲོ །སླར་མགུར་དབྱངས་ལེན་བཞིན་འོང་བར་སྨོན། །ཁྱེད་ཆོས་མཐུན་སྙིང་གི་བུ་རྣམས་ལ། །ད་

p. 257

འགྲོ་ཁར་མང་པོ་སྨྲ་ཅི་དགོས། །སྔར་ང་ཡིས་གང་སྨྲས་བཞིན་དུ་གྱིས། །འཕྲལ་བདེ་ཞིང་ཕུགས་སུ་སངས་རྒྱས་འགྱུར། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །བུ་བྱ་བཏང་རི་པ་ཐམས་ཅད་ལ། །གནས་དབེན་པར་འགལ་རྐྱེན་མི་འབྱུང་བར། །ཆོས་ཉམས་ལེན་སྐལ་བ་ལྡན་པར་ཤོག །ཅེས་བླངས་པའི་ལན་དུ་སློབ་བུ་ཀུན་དགའ་རྒྱལ་མཚན་གྱིས་བདེ་ཞུས་སྐྱབས་འཇུག་གི་དབྱངས་འདི་ཕུལ། །རྣམ་འདྲེན་རྒྱལ་བའི་གདུང་འཚོབ་མི་ལ་ཡི། །རྣམ་ཐར་དྲི་མེད་ཇི་བཞིན་ལེགས་སྐྱོང་བའི། །རྣམ་དཀར་དགེ་ལེགས་མ་ལུས་འབྱུང་བའི་གཞི། །རྣམ་ཀུན་བདག་གི་སྐྱབས་མགོན་བླ་མ་ལ། །རབ་རྨོངས་ཕྲན་ཆུང་སློབ་བུའི་ཐ་ཤལ་བ། །རབ་བྱུང་རྟགས་འཛིན་ཀུན་དགའ་རྒྱལ་མཚན་གྱིས། །རབ་མཛེས་སོར་བཅུའི་འདབ་མ་འབྱེད་ཟུམ་བྱས། །རབ་གུས་ཕྱག་དང་བཅས་ཏེ་བདེ་ཞུས་ཞུ། །ཁྱེད་སྐུ་གཡུ་འབྲུག་སྔོན་མོ་བདེ་མོར་ལགས། །སླར་ཡང་བདག་གཞན་པད་ཚལ་མགོན་དུ་བྱོན། །ཉམ་ཆུང་པདྨ་སེར་བས་མ་བརྡུངས་ན། །འདབ་བརྒྱངས་ཕང་ཕུང་གཡོ་བཞིན་ལེགས་པར་བསུ། །ཁྱེད་སྐུ་གཡུ་འབྲུག་སྔོན་མོ་བདེ་མོར་ལགས། །སླར་ཡང་བདག་གཞན་རྨ་བྱའི་མགོན་དུ་བྱོན། །ཉམ་ཆུང་རྨ་བྱ་རྒྱུ་ཁྲས་མ་བཟུང་ན། །གཤོག་བརྒྱངས་གར་སྟབས་བྱེད་བཞིན་ལེགས་པར་བསུ། །ཁྱེད་སྐུ་རབ་མཛེས་གཞོན་ནུ་བདེ་མོར་ལགས། །སླར་ཡང་བདག་གཞན་གྲྭ་སློབ་མགོན་དུ་བྱོན། །ཉམ་ཆུང་གྲྭ་སློབ་ན་

p. 258

འཆིས་མ་བཅོམ་ན། །ལག་བརྐྱངས་ཕྱག་མང་འཚལ་བཞིན་ལེགས་པར་བསུ། །ཕྱོགས་འདིའི་གྲྭ་སློབ་ཡོན་བདག་འབྲེལ་ཚད་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་རྗེས་བཟུང་ནས། །མཐར་ཐུག་རྣམ་མཁྱེན་འཐོབ་པའི་སྐྱབས་འཇུག་ཞུ། །བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང་། །འདི་ལྟར་བདེ་ཞུས་སྐྱབས་འཇུག་ཞུས་པའི་མཐུས། །ད་དུང་བདག་གིས་བླ་མ་ཡུན་རིང་བསྟེན། །ཚེ་དང་སྒྲུབ་པ་སྙོམས་ནས་འཚང་རྒྱ་ཤོག །ཅེས་ཕུལ་བའི་མཐར་དེར་འཚོགས་པའི་སློབ་མ་ཡོན་བདག་གནས་སྐོར་བ་རྣམས་ཀྱིས་བསྐྱལ་ནས་འགྲོ་བའི་ཚེ། མཚོ་སྙིང་གི་རི་རྩེ་ནས་བསང་བཏང་བ་ལྟ་བུའི་སྤྲིན་སྔོན་པོ་ཁ་དོག་མཛེས་པ་ཞིག་ནམ་མཁར་སོང་སྟེ་གདུགས་ལྟར་ཆགས་པའི་ནང་ནས་ཁ་བ་པདྨ་འདབ་མ་བཞི་བ་དང་ལྔ་བ་འདྲ་བ་མང་པོ་བབས། དེ་ཡུལ་ལྷ་མཉེས་ནས་མེ་ཏོག་གི་ཆར་བ་ཕབ་པ་རེད་སྙམ། སོ་སོར་གྱེས་ཁར་སློབ་བུ་ཀུན་བཟང་རང་གྲོལ་མང་པོ་ངུས་པས། དེར་འཚོགས་པའི་གནས་སྐོར་བ་སེམས་ཆུང་བ་དད་པ་ཅན་ཀུན་མིག་ནས་མཆི་མ་འཁྲུགས་བཞིན་བསྡད། ངས་ཕྱི་མིག་ལྟ་བཞིན་གནས་དང་དེར་འདུག་པ་རྣམས་ལ་སེམས་འཕྲེང་བཞིན་འོངས་སྨྲས་པ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུང་བ་པོ། །ཆོས་ཀྱི་རྒྱལ་པོ་མཉམ་མེད་ཟས་གཙང་སྲས། །ཆོས་མཛད་བདག་གི་སྤྱི་བོའི་རྒྱན་དུ་བཞུགས། །

p. 259

ཆོས་ཀུན་སེམས་ལ་འཆར་བར་བྱིན་གྱིས་རློབས། །ཕྱི་རབས་དད་ལྡན་དང་བ་འདྲེན་པ་དང་། །བསྟན་འགྲོའི་མིག་རྐྱེན་མཆོག་ཏུ་འགྲོ་བའི་ཕྱིར། །མཚོ་སྙིང་དབེན་པར་སྒྲུབ་པ་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །བཀའ་དྲིན་མཚུངས་མེད་ཆོས་རྒྱལ་རིན་པོ་ཆེས། །བསྟན་དང་འགྲོ་བའི་དོན་ཆེན་མཛད་པར་དགོངས། །རང་གི་སྲས་པོ་བཀྲ་ཤིས་འབྱུང་གནས་དེ། །རྒྱལ་སར་བཏོན་ནས་ཁོང་རང་རི་ཁྲོད་དུ། །བཞུགས་རྩིས་གནང་བས་ཨ་དྭེ་བློན་འབངས་ཀུན། །གྲོས་བྱས་བཤོལ་བཏབ་བཞུགས་སུ་མ་བཅུག་པས། །བློན་པོ་འགའ་རེས་བདག་གིས་རི་ཁྲོད་དུ། །ཕེབས་བསྐུལ་བྱས་པ་ཡིན་སྙམ་མ་དགའི་གཏམ། །སྨྲས་ཚེ་ངས་ཀྱང་བློན་པོས་འདི་ཟེར་དུས། །བསྡད་ན་མི་བཟང་འགྲོ་དགོས་སྙམ་པ་བྱུང་། །ཁོང་ཡང་ཐུགས་སྐྱོ་དེ་ཡི་ཕྱི་ཉིན་ནས། །ལེགས་བཤད་བརྩམས་ཤིང་ཀུན་ལ་བཀའ་ཆོས་གནང་། །ངས་ཀྱང་མཚོ་སྙིང་དབེན་པར་འགྲོ་སྙམ་ནས། །དགོངས་པ་ཞུས་པས་དགྱེས་བཞིན་གནང་བ་བྱུང་། །དེ་ནས་རེ་ཞིག་བར་དུ་དཔོན་སློབ་གཉིས། །མཚམས་ལ་བསྡད་ནས་གསུང་བགྲོས་མང་པོ་གནང་། །ཕྱག་ཐམ་ཞལ་གདམས་ཞུས་ནས་འགྲོ་ཁ་རུ། །ཨ་དྭེའི་མདུན་དུ་སོང་ནས་རྒྱུ་མཚན་ཞུས། །ཡུམ་གྱིས་སེམས་ལ་ཕན་པའི་ཞལ་ཏ་གནང་། །འགྲོ་བའི་སྔ་ཉིན་དགོང་མོ་ཕྱག་སྐོར་བྱས། །གཟིམས་གུར་ནང་དུ་སོང་ནས་བསྡད་པའི་ཚེ། །ཁོང་གིས་དངུལ་དང་ཁ་

p. 260

བཏགས་མང་པོ་ཞིག །གནང་བ་ཕྱིར་ཕུལ་ཕྱག་འཚལ་སྐྱབས་འཇུག་ཞུས། །ནངས་པར་སྔར་བར་བཞེངས་ནས་གསོལ་ཇ་བཞེས། །བཞེས་འཕྲོ་ང་ལ་གནང་ནས་འཐུངས་ཚར་ཚེ། །འདི་རུ་ཤོག་གསུང་མགོ་ལ་ཕྱག་བཞག་ནས། །བྱིན་རླབས་གནང་མཐར་རབ་ཏུ་བརྩེ་བའི་སྒོས། །ཞལ་གདམས་ཀུན་གྱི་ཐ་མའི་གསུང་མགུར་གནང་། །ངས་ཀྱང་མདུན་དུ་བདེ་ཞུས་ཚིག་འགའ་ཕུལ། །སོ་སོར་གྱེས་ཁར་འབྲལ་གླགས་མ་ཕོད་པར། །མང་པོ་ངུས་པས་ཁོང་ཡང་སྤྱན་ཆབ་ཤོར། །ཐུགས་གཙིགས་ཆེ་བའི་འཇའ་ཤེལ་བདག་ལ་གནང་། །སེམས་སྡུག་མི་དགོས་ཕ་བུ་ཕྲད་ཡོང་གསུངས། །གཟིམས་གུར་སྒོ་རུ་ཐོན་ཚེ་ཁོང་གིས་ངར། །གཟིགས་པ་མཐོང་བས་འགྲོ་ཡང་མ་ཕོད་པར། །ཞལ་རས་ལ་བལྟས་ཅུང་ཟད་ཙམ་ཞིག་བསྡད། །དེ་ནས་གུར་ལ་གཡས་སྐོར་ཞིག་བྱས་ནས། །ཡུམ་སྲས་བློན་བཅས་བདེ་ཞུས་བྱས་པའི་མཐར། །ལམ་ལ་ཞུགས་ནས་ཨུནེ་ནམ་མཐོང་བར། །ཁ་ཕྱིར་ཕྱོགས་ནས་ཕྱི་མིག་ལྟ་བཞིན་འོང་། །མ་མཐོང་བ་དང་འགྲོ་ཡང་མ་ཕོད་པར། །ཕྱིར་འོང་ཨུནེ་མཐོང་ས་ཞིག་ནས་བསྡད། །ཚེ་རབས་ཀུན་ཏུ་མཇལ་བའི་སྨོན་ལམ་བཏབ། །དེ་ཡི་ཉིན་པར་སེམས་སྡུག་ཚད་མེད་བྱུང་། །རྗེས་སུ་མི་མཇལ་སྔ་བལྟས་ཡིན་ནམ་སྙམ། །དེ་ནས་རྩེ་གཞུང་དབེན་པའི་གནས་སུ་སོང་། །ཞག་པོ་ཁ་ཤས་བར་དུ་མཆེད་གྲོགས་དང་། །མཉམ་དུ་བསྡད་ནས་ཕན་ཚུན་སྙིང་གཏམ་སྨྲས། །འགྲོ་བའི་ནངས་པར་ཀུན་གྱིས་སྐྱེལ་ཐུང་བྱས། །དག་གེ་རིགས་ལྡན་

p. 261

ལ་སོགས་མཆེད་གྲོགས་ལ། །བརྩེ་གདུང་གཏམ་དང་བདེ་ཞུས་མགུར་དབྱངས་བླངས། །ཕན་ཚུན་བརྩེ་ཞིང་དུང་བའི་ངང་ཉིད་ནས། །བྲལ་ནས་སོང་ཚུལ་ད་དུང་ཡིད་ལ་ཤར། །དེ་ནས་སྐྱེལ་མི་ངེད་གཉིས་ཚུར་ལ་འོང་། །ཉིན་མཐའི་ལུང་པའི་ནང་དུ་སོང་ནས་བསྡད། །ཟ་མ་མི་ཐེག་པ་རྣམས་མཆོད་སྦྱིན་བཏང་། །དེ་ནས་རིམ་བཞིན་མཚོ་སྙིང་དབེན་པ་རུ། །འགྲོ་བའི་ལམ་ནས་ཆོས་བཤད་མགུར་དབྱངས་བླངས། །དད་ཅན་སྣང་བ་དམ་པའི་ཆོས་ལ་བསྒྱུར། །མཚོ་སྙིང་དབེན་པར་སླེབས་ནས་གནས་བསྟོད་བྱས།. །ཁྲི་གཤོག་རྒྱལ་མོ་དགྱེས་པའི་རྨི་ལམ་བྱུང་། །ཡི་དམ་བསྐྱེད་རིམ་སྤྲུལ་བསྒྱུར་སྣ་ཚོགས་བྱས། །ཕྱི་རོལ་ལས་སྣང་དག་པས་ཅིར་ཡང་མཐོང་། །རྗེ་བཙུན་བསྟན་འཛིན་ཉི་མར་བཀའ་ཆོས་ཞུས། །དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། །དངོས་ཉམས་རྨི་ལམ་སྐབས་སུ་བླ་མ་དང་། །ལྷག་པའི་ལྷ་རྣམས་ཞལ་མཇལ་གསུང་ཆོས་ཐོས། །སློབ་མ་རྣམས་ཀྱི་ལས་སྒྲིབ་དག་པའི་ཕྱིར། །ཐུགས་རྗེ་ཆེན་པོའི་ལྷ་ཁང་ཞིག་ཀྱང་བཞེངས། །རང་གཞན་རྒྱུད་ལ་ཕན་པའི་མགུར་དབྱངས་བླངས། །ནམ་མཁའི་ལྷས་ཀྱང་ཚོར་ནས་ངོ་མཚར་སྐྱེས། །འགྲོ་ཁར་དེར་བཞུགས་བུ་སློབ་ཐམས་ཅད་ལ། །ཆོས་ཀྱི་མཐུན་རྐྱེན་བྱིན་ནས་བསླབ་བྱ་བྱས། །མཐར་ནི་མི་རྟག་ཚོང་འདུས་བཞིན་དུ་གྱེས། །དེ་ནས་བཟུང་སྟེ་འཕྲད་རྒྱུ་མ་བྱུང་བ། །ཕན་ཚུན་གཅིག་གཅིག་དྲན་པའི་ཡུལ་དུ་སོང་། །མདོར་
ན་མཚོ་སྙིང་དབེན་པར་བསྒྲུབ་ལ་གཞོལ། །ཏིང་འཛིན་མང་པོའི་སྒོ་ཕྱེས་ལྷ་ཞལ་མཇལ། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །དབེན་པའི་གནས་སུ་ཏིང་འཛིན་སྒོ་བརྒྱ་ཕྱེས། །ངོ་མཚར་ལྷ་ཞལ་མང་པོ་མཇལ་བར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བདུན་པ་བཀྲ་ཤིས་གཡང་ཀུན་ཆགས་པའི་ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ།

p. 262

རྨ་ཆེན་སྦོམ་ར་ནས་སྒྲུབ་པ་བྱས་ཚུལ། བདུན་པ་ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ་ནི། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་མགུར་ལས། ཀླུ་བྱང་ཆུབ་སེམས་དཔའ་གནས་པའི་མཚོ། །མཚོ་སྔོན་པོ་ཁྲི་གཤོག་རྒྱལ་མོ་དེ། །དུས་དགུན་གསུམ་དར་དཀར་ན་བཟའ་གསོལ། །དར་དཀར་པོའི་ལམ་དེ་ལྷ་ཡི་ལམ། །ཞེས་གསུངས་པ་ལྟར། དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོའི་མཆུ་ཟླའི་ཕྱོགས་ཕྱི་མར་བཀྲ་ཤིས་གཡང་ཀུན་ཆགས་པའི་མཚོ་ཁའི་དར་དཀར་པོའི་ལམ་ལ་འོང་བའི་ཚེ། ལྷམ་གྱིས་རྐང་བ་བཤུས་ཚེ་རས་ཞིག་ཡོད་ན་སྙམ་ནས་སུ་ལ་ཨེ་ཡོད་དྲིས་པས་མི་འདུག །ངས་རྩེད་མོ་ལྟ་བུར། ཨ་མ་མཚོ་སྨན་རྒྱལ་མོ་ཞེས་བོས་ཏེ། ངའི་རྐང་བ་ལྷམ་གྱིས་བཤུས་ནས་འགྲོ་མི་ཐུབ་པར་འདུག་པས། རས་ཁ་གང་དོ་ཙམ་ཞིག་གནོངས་བྱས་པས། དེ་ནས་མར་སོང་བས་རས་དམར་པོ་ཁ་དོ་རླུང་གིས་བསྐྱོད་ནས་སྔོན་དུ་བྱུང་བ་ཀུན་གྱིས་མཐོང་ནས། མཚོ་སྨན་རྒྱལ་མོས་གནང་བ་ཡིན་པར་འདུག་སྙམ། ཐམས་ཅད་ཡ་མཚན་

p. 263

པ་ཞིག་བྱུང་། དེ་ནས་མཚོ་ཡི་ཕྱི་རོལ་ཏུ་ཐོན་མཚེར་བ་རི་ནས་ཇ་བསྐོལ་ཏེ་གུང་ཚིགས་བླངས། དེའི་ཉིན་པར་སོག་པོ་བ་གེ་ཚང་གི་ནང་དུ་སོང་།་དེ་ན་སློབ་བུ་སྨན་པ་མཁས་པ་ཞིག་ཡོད་པ་དེས། ངས་ཁྱིམ་པ་རྣམས་ལ་ཕན་པའི་མགུར་དབྱངས་བླངས་པ་མགུར་ཚན་སུམ་ཅུ་ཙམ་ཞིག་སོག་ཡིག་ཏུ་བསྒྱུར་ཏེ་བཤད། ཁོས་ལོ་ཙཱ་བ་བྱས། ངས་ཆོས་བཤད་པ་རྣམས་ཀྱང་སོག་སྐད་དུ་བསྒྱུར་ནས་བཤད་པས་ཕྱོགས་དེའི་སོག་པོའི་ཡོན་བདག་ཕོ་མོ་དད་ཅན་ཀུན་གྱི་སྣང་བ་དམ་པའི་ཆོས་ལ་འགྱུར་བ་བྱུང་། རྟ་ནོར་གསེར་དངུལ་གོས་དར་སོགས་རྒྱུ་ནོར་མང་པོ་བྱིན་ཀྱང་བསྔོ་བ་དང་སྨོན་ལམ་བྱས་ནས་མ་བླངས་པར་ཕྱིར་བྱིན། ཡོན་བདག་བ་གེ་ནང་མི་རྣམས་ཀྱིས་རྟ་གཅིག་བྱིན་པ་མི་འཁྱེར་བྱས་རུང་མ་ཉན་པར་བླངས་ནས་མཚོ་སྐོར་ལ་འགྲོ་དུས་གོན་པ་དང་བྲོ་ཆས་བཀལ་ནས་ཁྱེར་ཏེ་མཚོ་སྐོར་བྱས་ཚར་བ་དང་ཕྱིར་བསྐུར། འགྲོ་ཁར་སྦ་དབྱུག་ལག་ཏུ་ཐོགས་ཡར་ལངས་ནས། དབྱངས་སྙན་ལ་རིང་བ་བྱས་ཏེ་མགུར་དབྱངས་འདི་ལྟར་འཐེན་ནོ། །རྗེ་བླ་མས་ཡོན་བདག་ཕོ་མོ་ལ། །ཐུགས་བརྩེ་བས་གཟིགས་ལ་བྱིན་གྱིས་རློབས། །ང་རེབ་གོང་ཕྱོགས་ནས་འཁྱམས་པ་ལ། །ཁྱེད་ཡོན་བདག་ཕོ་མོ་བཀའ་དྲིན་ཆེ། །ད་དད་ཅན་ཡོན་བདག་བདེ་བར་བཞུགས། །མི་ང་ནི་རི་ཁྲོད་དབེན་པར་འགྲོ །ངེད་ཡོན་མཆོད་སོ་སོར་གྱེས་པ་བཞིན། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །ནོར་ཟས་

p. 264

གོས་གང་ལའང་མ་ཆགས་པར། །ཆོས་གང་ནུས་སྒྲུབས་ཤིག་ཡོན་བདག་ཚོ། །མི་ངས་ཀྱང་མི་བརྗེད་སེམས་ལ་འཛིན། །འཕྲལ་ཕུགས་གཉིས་གང་ལའང་ཨེ་ཕན་བལྟ། །ཚེ་འདི་རུ་ད་དུང་མཇལ་བར་སྨོན། །ཚེ་འདི་རུ་གལ་ཏེ་མ་མཇལ་ན། །ཚེ་ཕྱི་མར་ཅིས་ཀྱང་མཇལ་བར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་པར་ཤོག །ཅེས་པ་དང་། ཡང་། །སྟེང་མཐོ་ལ་ཡངས་པའི་ལྷ་ལམ་གྱི། །ཁྱེད་ཉི་ཟླ་གཟའ་སྐར་བདེ་བར་བཞུགས། །ང་གཡུ་འབྲུག་སྔོན་མོ་རྫ་རིར་འགྲོ་། སླར་སྒྲ་དབྱངས་སྒྲོག་བཞིག་སླེབས་ནས་འོང་། །ས་བདེ་ལ་ཡངས་པའི་སྐྱེལ་ཚལ་གྱི། །ཁྱེད་ཙན་དན་ལྗོན་ཤིང་བདེ་བར་བཞུགས། །ང་ཁུ་བྱུག་སྔོན་མོ་གཞན་དུ་འགྲོ །སླར་སྐད་སྙན་སྒྲོག་བཞིན་སླེབས་ནས་འོང་། །མཚོ་བཀྲ་ཤིས་གཡང་ཆགས་ཁོར་ཡུག་གི །ཁྱེད་དད་ཅན་ཡོན་བདག་བདེ་བར་བཞུགས། །ང་རྣལ་འབྱོར་རྨ་རྒྱལ་གངས་ལ་འགྲོ །སླར་མགུར་དབྱངས་ལེན་བཞིན་སླེབས་ནས་འོང་། །ཞལ་མཇལ་དུས་དགེ་ལེགས་བཀྲ་ཤིས་ཤོག །བཀྲ་ཤིས་པའི་ཕྱོགས་འདིར་ཁྱབ་གྱུར་ཅིག །ཅེས་བླངས། དེ་དུས་ང་ན་སོ་གཞོན་སྐབས་ཡིན་གཤིས་སྐད་གདངས་ཤིན་ཏུ་སྙན་པས། སོག་མོ་རྣམས་ཀྱིས་དོན་མ་གོ་ཡང་སྐད་ཀྱི་གདངས་ལ་ཉན་པས་ཀྱང་སེམས་འགུལ་ནས་མཆི་མ་གཏོང་མཁན་མང་པོ་བྱུང་། ཐམས་ཅད་དད་ནས་ཕྱག་དང་སྐོར་བ་དུ་མ་བྱས། །དེའི་ལན་དུ་སློབ་བུ་སྨན་པ་མཁས་པ་དད་ཅན་དེས་སླར་ཕེབས་དགོས་ཚུལ་རྒྱས་པར་ཞུས་ནས་

p. 265

མཇུག་ཏུ་བཀའ་དྲིན་གཏང་རག་གི་དབྱངས་འདི་ཡང་ཕུལ་བྱུང་། རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །ནོར་ཟང་ཟིང་འབུལ་བར་མི་བལྟ་བར། །ངེད་མཚོ་སྔོན་ཕྱོགས་ཀྱི་སྐྱ་སེར་ཀུན། །བློ་ཆོས་ལ་བསྒྱུར་བ་བཀའ་དྲིན་ཆེ། །ད་ཁྱེད་སྐུ་ཉི་མ་བདེ་བར་ཕེབས། །ངེད་པད་ཚལ་རྒྱང་ན་གནས་ཀྱང་སྐྱོངས། །མགོན་ཁྱོད་ཀྱི་གསུང་བཞིན་ཆོས་བསྒྲུབས་ནས། །མཆོག་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས། །མཚོ་བཀྲ་ཤིས་གཡང་ཆགས་ས་ཕྱོགས་འདིར། ཁྱེད་ཡང་ཡང་ཕེབས་ཞེས་གསོལ་བ་འདེབས། །རྗེ་བླ་མར་ཕྱོགས་འདིའི་འབྲེལ་ཐོགས་ཀུན། །དུས་ཡང་ཡང་མཇལ་བའི་སྨོན་ལམ་འཚལ། །ཞེས་ཕུལ་ནས་ཀུན་གྱིས་སེམས་འཕྲེང་འབྲལ་མ་ཕོད་པར་མིག་ནས་མཆི་མ་གཡོ་བཞིན་ཡུན་རིང་གི་སར་བསྐྱལ་བས། དེ་ནས་ཁོང་རྣམས་ལ་ད་ཐམས་ཅད་ཕྱིར་ལོག་དང་ང་ཡང་ཕྱིར་མྱུར་དུ་ཡོང་ཞེས་སྨྲས་པས། ཀུན་གྱིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཇལ་བའི་སྨོན་ལམ་བཏབ་ནས་རེ་ཞིག་ང་ནམ་མཐོང་གི་བར་དུ་འགྲོ་མ་ཕོད་པར་བསྡད། དེ་ནས་སེམས་འཕྲེང་བཞིན་དུ་ལེ་ལོའི་འགྲོས་ཀྱིས་རང་རང་གི་ཡུལ་དུ་སོང་ནས་སྡིག་སྤོང་དགེ་བསྒྲུབ་ལ་གཞོལ་བར་གྱུར་ཏོ། །དེ་ནས་ངེད་དཔོན་སློབ་རྣམས་ཀྱིས་མཚོ་ལ་གཡས་བསྐོར་བྱས་ཏེ་མཚོ་ཉིན་དུ་སོང་ནས་ཨ་རིག་གི་ཐད་ཀའི་མཚོ་འགྲམ་ནས་བསྡད་པས། ཨ་རིག་གི་རྒད་པོ་དད་ཅན་ཞིག་ཕོ་ནད་ཀྱིས་ན་ནས་སང་འཆི་གནངས་འཆི་ལ་ཐུག་པ་ཞིག་གི་བུ་ཡོང་ནས་ངའི་ཕ་ལ་དོ་ནུབ་རྒྱངས་

p. 266

འཕོ་ཞིག་ཐུགས་རྗེས་གཟིགས་ཟེར་བས། དེར་ངས་མི་ཉལ་རྒྱབ་ལ་འཕོ་བ་བརྒྱབ་ཡོང་དེ་དུས་ཁྱེད་ཀྱི་རྒད་པོ་ལ་དད་པ་གྱིས་ཤོད་ཅེས་འཕོ་བ་བཏབ་པའི་ཚེ། རྒད་པོའི་སྣང་བ་ལ། མི་ནག་པོ་ཞིག་འོངས་ཏེ་གསང་བ་ནས་ལྕགས་ཀྱི་སྦུ་གུ་ཞིག་བཙུགས་ནས་འཁྱགས་སིབ་སིབ་ཡར་ལྟེ་བའི་བར་དུ་བྱུང་དུས། ཁོང་ཕེབས་བྱུང་བས་མི་ནག་པོས་སྦུ་གུ་བརྒྱབ་པ་ཕྱིར་ཕྱུང་ནས་བྲོས་སོང་བའི་ཚེ། ཁོང་གིས་ཟངས་ཀྱི་སྦུ་གུ་ཞིག་སྤྱི་གཙུག་ནས་ལྟེ་བའི་བར་དུ་བཙུགས་པས། ལུས་ཐམས་ཅད་བདེ་བས་གང་བའི་སྣང་བ་ཞིག་བྱུང་ཟེར་བའི་འཕྲོ་ལ་ཆེན་པོ་མ་བསྡད་པར་དབུགས་ཆད་སོང་བས། དེ་དུས་ངས་འཕོ་བ་བྱས་པ་དང་གཉིས་ཀ་དུས་མཚུངས་པ། ཁོང་ཚང་ལ་བླ་རྒན་ཞིག་ཡོད་པ་དེར་དད་པ་སྐྱེས་ནས། ཇ་མར་རྩམ་པ་སོགས་བསྔོ་འབྲེལ་མཚོན་པ་ཞིག་ཁྱེར་འོང་སྟེ་རྒྱུ་མཚན་རྣམས་ཞུས། འཆི་ཁར་ཁོང་ལྟ་བུའི་བླ་མ་རེ་དང་ཕྲད་པར་ཤོག་ཅེས་སྨོན་ལམ་འདེབས་བཞིན་ཡུལ་དུ་སོང་། ཡང་མཚོ་སྐོར་བྱས་སོང་བས་ཨ་རིག་དང་སོག་པོའི་མཇལ་བ་མང་པོ་བྱུང་། ཐམས་ཅད་ལ་སྔར་རྒྱུན་ལྟར་ཆོས་བཤད་མགུར་དབྱངས་བླངས་པས་རབ་ཏུ་དད་པས་རྟ་ནོར་མང་པོ་ཕུལ་ཀྱང་མ་བླངས། ཡང་ས་ཕྱོགས་ཐག་རིང་ཞིག་ནས་སོག་པོ་ཞིག་རྐང་བཙུགས་ཏེ་མཇལ་དུ་བྱུང་ནས། མཇལ་རྟེན་དུ་རྟ་བཟང་པོ་སྒ་སྟན་སྲབ་གསུམ་དང་བཅས་ཏེ་བྱིན་པ་མ་བླངས་ཀྱང་བཞག་ནས་སོང་བས། དེའི་ཕྱི་ཉིན་འཇིགས་མེད་བཱ་ལའི་ཡིན་ཟེར་བའི་སྤྲང་པོ་ཅང་མེད་ཉམ་ཐག་མ་བུ་ལྔ་ཙམ་ཞིག་འོང་བ་དང་

p. 267

ཕྲད་དེ་སློང་མོ་བྱས་ཚེ་ངས་སྙིང་རྗེ་དྲགས་ནས་རྟའི་སྲབ་མདའ་ལག་ཏུ་བཞག་སྟེ། ཁྱོད་ལ་བྱིན་པ་ཡིན་བྱས་ཚེ། ཁོ་ཡིད་མ་ཆེས་པར། ཁོང་གིས་སྐུ་རྩེད་བྱས་པ་མིན་ནམ་ཟེར། དེ་མིན་ངེས་པར་བྱིན་པ་ཡིན་ཁྱེར་ཆོག་བྱས་པས། ཁོང་མ་བུ་རྣམས་ཀྱིས་ཕྱག་འཚལ་ཞིང་མཇལ་ནས་དགའ་ཞིང་སྤྲོ་བཞིན་དུ་ཁྱེར་ནས་སོང་ངོ་། །དེ་ནས་མཚོ་མགོ་བསྐོར་ནས་ཚུར་མཚོ་སྲིབ་ཏུ་འོངས་པས། ཞབས་དྲུང་ཚང་གི་བུད་མེད་གཞོན་ནུ་མ་ཞིག་ལ་རྒྱ་རྨ་བྱུང་སྟེ་ལོ་གཅིག་ཙམ་སོང་བ་ལྕེ་ཆད་ནས་འཆི་མ་ཐུབ་པར་འདུག་པ་ཞིག་ལ་འཕོ་བ་བཏབ་པས། དེའི་འཕྲོ་ལ་ཇ་ཡུན་གཅིག་ཙམ་ལས་མ་འགོར་བར་ཚེའི་དུས་བྱས་པས། རྟ་སྒ་སྟན་སྲབ་གསུམ་བཅས་ཕུལ་བས་དེ་བླངས་ནས། རྒྱུ་ནོར་གང་ཡང་མེད་པའི་མང་ནེའི་རྒད་པོ་ཟེར་བ་ཞིག་ལ་བྱིན། དེ་ནས་རྒན་མོ་འཆི་ལ་ཉེ་བ་ཞིག་གིས་འཕོ་ལུང་ཞུས་པས། ངས་འཕོ་བ་བརྒྱབ་པའི་ཚེ། མོ་དྲན་མེད་དུ་འགྱེལ་བ་བྱུང་། སླར་དྲན་པ་སོས་ནས་བུས་ཨ་མའི་དྲིན་གཟོ་རུ་དམིགས་ཏེ་རྟ་ཞིག་བྱིན་པ་མཛོ་དགེའི་ཕྱོགས་ནས་འཁྱམས་འོང་བའི་གྲྭ་པ་ཅི་ཡང་མེད་པ་ཞིག་ལ་བྱིན། དེ་ལྟར་ཕོ་བ་བརྒྱབ་ཅིང་ཆོས་བཤད་པ་དང་མགུར་དབྱངས་བླངས་པ་གོ་ཚེ། ཞབས་དྲུང་ཚང་གི་སྐྱེས་ཕོ་མོ་དད་ཅན་ཐམས་ཅད་མཇལ་དུ་འོང་། ངས་ཐམས་ཅད་ལ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་ཀྱི་ཆོས་བཤད་པས་ཐམས་ཅད་ཀྱི་ནང་ནས་སྡིག་པ་སྤོང་མཁན་དང་། དགེ་བ་བསྒྲུབ་པའི་ཁས་ལེན་བྱེད་པ་མང་དུ་བྱུང་། དེ་

p. 268

དུས་ཞབས་དྲུང་གི་སྡེ་བ་དར་ཡོད་པའི་དུས་ཡིན་པས་རྒྱུ་ནོམ་ལེན་རྒྱུ་ཡིན་ན་མང་བོ་སྟེར་བར་འདུག་སྟེ་གཏན་ནས་མ་བླངས། བླངས་པ་རྣམས་ཀྱང་སྤྲང་པོར་བྱིན་ཚེ་ཡོན་བདག་འགའ་ཞིག་གིས། སྤྲང་པོ་རྣམས་ལ་རྟ་སྟེར་མཁན་གྱི་བླ་མ་ཁོང་མ་གཏོགས་སྔར་ཡང་མ་བྱོན། ད་དུང་ཡང་མི་འབྱོན་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་ཀྱང་འཐོར། དེ་ནས་ཡོན་བདག་རྙིང་བ་གཉིས་ལ་གཡག་གཉིས་གཡར་ཏེ་བྲོ་ཁ་བཀལ་ནས་མང་ནེའི་རྒད་པོ་དང་། མཛོ་དགེའི་གྲྭ་པ་གཉིས་ཀྱིས་བསྐྱལ་ནས་འགྲོ་ཁར་ཡོན་བདག་ཕོ་མོ་དེར་འཚོགས་པ་རྣམས་ལ་བདེ་ཞུས་ཀྱི་མགུར་དབྱངས་འདི་བླངས་སོ། །མཆོག་ཐུན་མོང་དགོས་འདོད་ཀུན་མངའ་བའི། །རྗེ་མཚན་ལྡན་བླ་མ་ཡིད་བཞིན་ནོར། །སྤྲང་བདག་གི་སྤྱི་གཙུག་བདེ་ཆེན་རྒྱན། །རྒྱུན་དེ་ལ་སྙིང་ནས་གསོལ་བ་འདེབས། །མི་འདིར་འཚོགས་ཡོན་བདག་ཕོ་མོ་ལ། །ཚེ་འདི་ཕྱིར་སྐྱིད་པའི་དངོས་གྲུབ་སྩོལ། །ཁྱེད་མེ་ཏོག་པད་ཚལ་བདེ་བར་བཞུགས། །ང་ཉི་མ་མི་སྡོད་ཆས་ནས་འགྲོ །སྤྲིན་སྨུག་པོ་དགྲ་རུ་མ་ལངས་ན། །སླར་འོད་སྟོང་འགྱེད་བཞིན་འོང་བར་ངེས། །ཁྱེད་པད་ཚལ་སེར་བས་མ་བཅོམ་ན། །ཀུན་འཛུམ་བཞིན་བཞད་ནས་བསུ་བ་གྱིས། །ཁྱེད་ཀུ་མུད་ཚལ་རྣམས་བདེ་བར་བཞུགས། །ང་ཟླ་བ་མི་སྡོད་ཆས་ནས་འགྲོ །གཟའ་ཁྱབ་འཇུག་དགྲ་རུ་མ་ལངས་ན། །སླར་འོད་དཀར་འགྱེད་བཞིན་འོང་བར་ངེས། །ཁྱེད་ཀུ་མུད་ཁ་བས་མ་ནོན་ན། །ཀུན་ལྡེམ་ལྡེམ་གར་གྱིས་བསུ་བ་གྱིས། །ཁྱེད་ཡོན་

p. 269

བདག་ཕོ་མོ་བདེ་བར་བཞུགས། །ང་རྣལ་འབྱོར་མི་སྡོད་ཆས་ནས་འགྲོ །ན་འཆི་བ་དགྲ་རུ་མ་ལངས་ན། །སླར་སྦ་དབྱུག་ཐོགས་ནས་འོང་བར་ངེས། །ཁྱེད་ཡོན་བདག་ཕོ་མོ་མ་ཤི་ན། །ཀུན་སྔོན་དུ་བརྒྱུགས་ནས་བསུ་བ་གྱིས། །ང་དམ་ཆོས་བསྒྲུབ་པའི་རྣལ་འབྱོར་དང་། །ཁྱེད་འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །ད་ཁྱེད་རྣམས་དགའ་ཞིང་སྤྲོ་བར་མཛོད། །ཞལ་ཆོས་མཐུན་སྒོ་ནས་ཡང་ཡང་མཇལ། །ཞལ་མཇལ་དུས་དགེ་ལེགས་བཀྲ་ཤིས་ཤོག །ཅེས་བླངས་པས་དེར་འཚོགས་པ་ཀུན་དད་ཅིང་གུས་པར་གྱུར་ནས་ཐམས་ཅད་ཀྱིས་ཕྱག་འཚལ་སྐོར་བ་བྱས་སོ། །དེ་ནས་བདག་གི་སྔོན་ནས་སློབ་མར་གྱུར་པའི་དད་ཅན་སྨན་པ་དགེ་སློང་ཆོས་ལ་མཁས་པ་ཞིག་ཡོད་པ་དེས་ངའི་མགུར་དབྱངས་ཀྱི་ལན་གྱི་ཚུལ་དུ་བདེ་ཞུས་ཀྱི་ཚིགས་བཅད་འདི་དབྱངས་སུ་ཕུལ་ལོ། །ཁམས་དར་རྒུད་བར་མའི་སེམས་ཅན་གྱི། །མགོན་སྐྱབས་གནས་བླ་མ་རིན་པོ་ཆེ། །ངེད་འདིར་འཚོགས་དད་ཅན་ཕོ་མོ་ཡི། །སེམས་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ཞལ་མཇལ་དཀའི་བཤེས་གཉེན་ཁྱེད་དང་མཇལ། །གསུང་བདུད་རྩི་མྱོང་བ་སྐལ་བ་བཟང་། ད་རྗེ་ཁྱེད་གཟུགས་སྐུ་བདེ་མོར་བྱོན། །ངེད་འབྲེལ་ཐོགས་བྱང་ཆུབ་བར་དུ་སྐྱོངས། །དུས་ད་ལྟའི་འབྲེལ་བ་ཡུད་ཙམ་གདའ། །དུས་ད་དུང་ལན་མང་མཇལ་བར་སྨོན། །དུས་སྙིགས་མའི་ཚེ་ལ་ངེས་འཇོག་མེད། །དུས་ད་

p. 270

ནས་དཔོན་སློབ་མ་མཇལ་ན། །ཞིང་བདེ་བ་ཅན་དང་མངོན་དགའ་སོགས། །ཞིང་ཞིག་ནས་ཕྱི་མར་མཇལ་བར་སྨོན། །ཞིང་དེ་ནས་ཆོས་ཐོས་རྫོགས་སངས་རྒྱས། །ཞིང་མ་དག་འགྲོ་རྣམས་འདྲེན་པར་ཤོག །ཅེས་ཕུལ་བས་མཐར་ཡོན་བདག་རྣམས་ཀྱིས་སྐྱབས་འཇུག་ཞུས་ནས་རང་རང་གི་ཡུལ་དུ་ལོག ཡོན་བདག་རྙིང་བ་ཁ་ཤས་ཀྱིས་ཡར་རེ་ཞིག་གི་བར་དུ་བསྐྱལ་འོང་བས། དེར་ངས་ད་ཁྱེད་རྣམས་འགྲོ་མི་དགོས་ཞེས་བཀའ་བསྒོ་བྱིན་རླབས་དང་བསྲུང་མདུད་བྱིན་ནས་ཕྱིར་ལོག ངེད་དཔོན་གཡོག་གསུམ་བཅས་དབུས་ལམ་ཆེན་མོ་ལ་ཞུགས་ནས་རི་བོ་རྨ་ཆེན་གྱི་ཕྱོགས་ལ་ག་ལེ་སོས་དལ་བྱས་སོང་བའི་ཉིན་གཅིག་ཕྱི་དྲོ་བབ་ནས་བསྡད་ཚེ། ལམ་འགྲམ་གྱི་སྤང་གཤོང་ཞིག་ན་རྐྱང་མ་བུ་བརྒྱད་ཅུ་ཙམ་ཞིག་བག་ཕེབས་པར་རྩྭ་ཟ་ཞིང་འགའ་རེ་རྩེ་བ་མཐོང་བས། སྔར་མཐོང་མ་མྱོང་བའི་སྟབས་ཀྱིས་ལྟ་འདོད་ཅིག་བྱུང་ནས་བལྟས་པས། དེ་དུས་སེམས་ལ་འདི་ཀུན་སྙིང་རེ་རྗེ་ཆོས་ཀྱི་སྒྲ་ཙམ་ཡང་མ་ཐོས་སྙམ་ནས་མ་ཎི་དབྱངས་རིང་པོ་བྱས་ནས་བཏོན་པའི་ཚེ། མི་འདྲོག་པར་ཚུར་ཐག་ཉེར་འོངས་ཚོགས་ནས་ཉན་བསྡད་ཚེ་མ་ཎིའི་དབྱངས་དེ་ལ་བསྐྱོན་ནས་མགུར་དབྱངས་འདི་བླངས་སོ། །སྔོན་དུས་རྒྱ་གར་འཕགས་ཡུལ་ནས། །ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར། །སངས་རྒྱས་བདག་གི་སྤྱི་བོར་བཞུགས། །རྐྱང་འདི་ཡོངས་ལ་ཐུགས་རྗེས་གཟིགས། །ཆོས་ཀྱི་སྒྲ་ཙམ་མ་ཐོས་པའི། །འགྲོ་བ་འདི་ཀུན་བདག་གི་མ། །འདིར་འཚོགས་རྐྱང་

p. 271

རྣམས་སྙིང་རེ་རྗེ། །སངས་རྒྱས་བདེན་པའི་གསུང་འདིར་ཉོན། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྟོན་པ་སངས་རྒྱས་ཐུགས་རྗེ་ཅན། །ཆོས་སྒྲ་ཐོས་པས་སྒྲིབ་པ་སྦྱངས། །རྐྱང་རྣམས་ཕྱི་མར་མི་ལུས་ཐོབ། །དམ་པའི་ཆོས་ལ་སྤྱོད་པར་ཤོག །ཅེས་སྨྲས་པས། དེ་དུས་སྐྱེལ་མི་གཉིས་ཀྱིས་མཐོང་ནས་རབ་ཏུ་དད་པས་མིག་ནས་མཆི་མ་དོར་ཞིང་རྐྱང་འདི་རྣམས་མི་འདྲོག་པར་ཚུར་ལ་འདུས་ནས་གསུང་ལ་ཉན་པ་འདི་ནི་ངོ་མཚར། ཁྱེད་མི་ལ་རས་པ་དངོས་ལགས། ངེད་གཉིས་ཀྱིས་ཕྱག་གཡོག་སྒྲུབ་པ་སྐལ་བ་བཟང་། ད་ནི་ཤི་རུང་གསོན་རུང་ཁྱེད་ཀྱིས་ངེད་གཉིས་ཐུགས་དམ་སྐྱབས་འོག་ནས་ནམ་ཡང་མ་འདོར་ཟེར་ཕྱག་དུ་མ་བྱེད་པར་འདུག ངས་ཀྱང་བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་དུད་འགྲོ་ཚོས་ཆོས་ཉན་ཚུལ་འདི་ལ་བལྟས་ན་མི་རྣམས་ལ་ཆོས་བཤད་རྒྱུ་ཡིན་ན་ཕན་ཐོགས་རྒྱུ་རེད་སྙམ་པ་བྱུང་། དེ་ནས་ཡང་མི་འགའ་རེ་ལ་ཐུག་ནས་ཁྱེད་སུ་ཡིན་སོགས་སྐད་ཆ་དྲིས་ཚེ་ལན་དྲང་པོར་སྨྲས་ནས་མགུར་དབྱངས་འདི་ཡང་བླངས་སོ། །མི་ཁྱོད་དྲིས་ལན་གླུ་འདིར་ཉོན། །།མི་ང་རི་ཁྲོད་པ་ཞིག་ཡིན། །ཕ་ཡུལ་རྒྱལ་ཁམས་ཕྱོགས་མེད་ཡིན། །དཔོན་པོ་མཚན་ལྡན་བླ་མ་ཡིན། །ཨ་ཁུ་སངས་རྒྱས་བྱང་སེམས་ཡིན། །ཞང་པོ་ཡི་དམ་ལྷ་མཆོག་ཡིན། །གྲོགས་པོ་དཔའ་བོ་མཁའ་

p. 272

འགྲོ་ཡིན། །ཤ་ཉེ་ཆོས་སྐྱོང་སྲུང་མ་ཡིན། །ཁྱིམ་མཚེས་ཡུལ་ལྷ་གཞི་བདག་ཡིན། །ཆུང་མ་སྟོང་ཉིད་མཛེས་མ་ཡིན། །བུ་ཚ་རིག་པའི་ཁྱེའུ་ཆུང་ཡིན། །ཁང་པ་བྲག་ཁུང་འགོལ་བོ་ཡིན། །ས་ཞིང་འགྱུར་མེད་དད་པ་ཡིན། །སོ་ནམ་ཆོས་སྤྱོད་རྣམ་བཅུ་ཡིན། །རྒྱུ་ནོར་འཕགས་པའི་ནོར་བདུན་ཡིན། །ཡོན་བདག་རྒྱ་བོད་སོག་གསུམ་ཡིན། །རྣལ་འབྱོར་ཡིན་ཚུལ་དེ་ལྟར་ལགས། །ཞེས་བླངས་སོ། །ཡང་རྔོན་པ་འགའ་རེ་ལ་ལམ་ནས་ཐུག་པས། ཁྱེད་སུ་ཡིན་གང་དུ་འགྲོ་ཟེར་དུས་འདི་སྐད་ཅེས་སྨྲས། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །དྲིས་ལན་རྣལ་འབྱོར་གླུ་འདིར་ཉོན། །མི་ང་བྱ་བཏང་པ་ཞིག་ཡིན། །སྡོམ་པ་ཅན་གྱི་བརྗེ་ཡིན། །དམ་ཚིག་གཙང་མའི་སྔགས་པ་ཡིན། །བྲག་ལ་འདུག་པའི་སྒོམ་ཆེན་ཡིན། །རང་རྒྱུད་ཐུལ་བའི་ཆོས་པ་ཡིན། །གཞན་ཆོས་བསྐུལ་བའི་བཤེས་གཉེན་ཡིན། །མིང་ནི་ཚོགས་དྲུག་རང་གྲོལ་ཡིན། །རྨ་ཆེན་གངས་ལ་འགྲོ་བ་ཡིན། །སོང་ནས་བྱང་ཆུབ་སྒྲུབ་པ་ཡིན། །རྣལ་འབྱོར་ཡིན་ཚུལ་དེ་ལྟར་གདའ། །ཞེས་སྨྲས་པས་དད་ཅིང་གུས་པས་ཕྱག་འཚལ་སྐྱབས་འཇུག་ཞུས་ནས་སོང་། ངེད་རྣམས་ཡར་སོང་ནས་རི་བོ་རྨ་ཆེན་གངས་རིའི་རྩེ་མོ་མཐོང་བའི་ཉིན། ས་ཕྱོགས་དེར་བསང་བཏང་ཞིང་ཕྱག་ཕུལ་བས། ནམ་མཁའ་ལ་གློ་བུར་དུ་སྤྲིན་འཇའ་ཉི་མ་དུས་གཅིག་ལ་འཛོམས་ཏེ་མེ་ཏོག་དམར་སེར་གྱི་ཆར་བབས་ནས་བསུ་བ་བྱས་བྱུང་། གངས་རིའི་འདབས་སུ་སླེབས་པའི་ཉིན་པར། གངས་ཀྱི་ནང་ནས་

p. 273

འབྲུག་ལྡིར་བ་ལྟ་བུའི་གདངས་སྙན་པའི་སྒྲ་ཆེན་པོ་ཞིག་ལྡིར་བ་བྱུང་། བདག་གིས་ཀྱང་གངས་ལ་བལྟས་པས་དགའ་ཞིང་སྤྲོ་བར་གྱུར། དེ་ནས་སྐྱེལ་མི་གཉིས་ཉི་མ་གཉིས་ཙམ་ཞིག་བསྡད་ནས་ངེད་གསུམ་གྱིས་བྲག་སྐྱིབས་དྲོ་ས་ཞིག་ནས། རང་ཤོང་རྡོ་ཡི་ཁང་ཆུང་ཞིག་བརྩིགས་ཏེ། སྐྱེལ་མི་གཉིས་ཀྱིས་གཡག་གཉིས་ཕྱིར་ལ་དེད་ནས་སོང་། རང་ཉིད་གཅིག་པུར་བསྡད་པའི་ཚེ་སེམས་སྤྲོ་བའི་ཤུགས་ཀྱིས་མགུར་དབྱངས་འདི་བླངས་སོ། །མཚན་ལྡན་བླ་མ་དམ་པ། །སྤྱི་བོའི་རྒྱན་དུ་བཟུང་ནས། །ཚོགས་དྲུག་རང་གྲོལ་རྨ་ཆེན། །རི་ལ་འགྲོ་འདོད་སྐྱེས་བྱུང་། །གངས་དཀར་རྨ་ཆེན་རི་བོ། །རང་ཤོང་རྡོ་ཡི་ཁང་པ། །ཚོགས་དྲུག་རང་གྲོལ་ལྷན་ཅིག །འཛོམས་པའི་རྟེན་འབྲེལ་འགྲིག་བྱུང་། །སྐད་སྙན་སྒྲོག་པའི་བྱ་དང་། །ལུས་མཛེས་ཡིད་འོང་རི་དྭགས། །རྣམས་དང་ཚོགས་དྲུག་རང་གྲོལ། །འགྲོགས་པའི་རྟེན་འབྲེལ་འགྲིག་བྱུང་། །བླ་མས་གནང་བའི་གདམས་ངག །ཡོན་བདག་རྣམས་ཀྱི་ཕུལ་ཟས། །ན་ཚ་མེད་པའི་སྒྱུ་ལུས། །འཚོགས་པའི་རྟེན་འབྲེལ་འགྲིག་བྱུང་། །འགལ་རྐྱེན་བར་ཆད་མེད་པར། །མཐུན་རྐྱེན་ཚང་བའི་སྒོ་ནས། །དམ་པའི་ལྷ་ཆོས་ཚུལ་བཞིན། །སྒྲུབ་པའི་རྟེན་འབྲེལ་འགྲིག་བྱུང་། །མཐུན་རྐྱེན་ལེགས་པོ་འགྲིག་ཚེ། །ཉམས་དགའ་གཅིག་པུར་འདུག་དུས། །རབ་དཀར་གངས་རིའི་མགུལ་ནས། །རྒྱངས་གླུ་ལེན་འདོད་སྐྱེ་བྱུང་། །ཕྱིན་ཆད་བདག་དང་བདག་འདྲའི། །

p. 274

ཆོས་བྱེད་རྣམས་ལ་འདི་འདྲའི། །རྟེན་འབྲེལ་ལེགས་པར་འགྲིག་ན། །སྙམ་པ་ཞིག་ཀྱང་སྐྱེས་བྱུང་། །ཞེས་བླངས་སོ། །དེ་ནས་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ནས། ཉིན་གཅིག་གནས་བསྟོད་ཀྱི་མགུར་དབྱངས་འདི་ཡིད་ལ་ཤར་བ་ལྟར་བླངས་སོ། །མཆོག་གསུམ་ཀུན་འདུས་བླ་མ་ལ། །སྒོ་གསུམ་གུས་པས་བདག་ཕྱག་འཚལ། །སྐྱོན་ཟད་ཡོན་ཏན་ལྡན་པའི་རིར། །ཅུང་ཟད་ཙམ་ཞིག་བསྟོད་དབྱངས་ལེན། །ལྷོ་རྒྱལ་འཛམ་གླིང་ས་ཡི་རྒྱན། །རྨ་རྒྱལ་སྦོམ་ར་ཞེས་བྱའི་རི། །ཨེ་མ་ཡ་མཚན་ཆེའོ་ཞེས། །བླ་མ་གོང་མས་བསྔགས་བརྗོད་མང་། །རབ་དཀར་གངས་རི་ཆགས་པ་དེ། །དར་དཀར་ན་བཟའ་གསོལ་བཞིན་མཛེས། །གངས་རི་དཀར་པོ་མཐོང་བའི་མི། །བསམ་པ་དཀར་ཆོས་ཕྱོགས་ལ་དགའ། །གངས་ལ་ཉི་འོད་ཕོག་པའི་མོད། །གངས་ཆུ་གཙང་མས་ལྷུང་སྒྲ་སྒྲོག །སུས་འཐུང་སྐོམ་གདུངས་ལུས་ནད་སེལ། །མི་འཐུང་སྐྱེ་འགྲོ་གཅིག་ཀྱང་མེད། །ཡོངས་ལ་གྲགས་པའི་རྨ་ཆུ་ཡི། །རྒྱུན་ལ་འཆད་མེད་གངྒཱར་འགྲན། །ཆུ་དེར་བརྟེན་ནས་ས་སྟེང་གི །ཆུ་རྣམས་ཕྱི་ཡི་རྒྱ་མཚོར་འབབ། །རི་ངོས་འདབས་ཀྱི་སྤང་ལྗོངས་ན། །རི་དྭགས་དུ་མ་བག་ཕེབས་རྒྱུ། །གཅིག་གིས་གཅིག་དེད་རྩེ་བྲོ་བརྡུངས། །བལྟས་ན་གཅིག་པུར་རྒོད་ཁ་འཆོར། །བརྒྱ་སྟོང་མང་པོའི་རྐྱང་འབྲོང་གིས། །ཐང་སྟོང་ཁེབས་པ་དེ་མཐོང་ན། །འབྲོག་གི་ཕྱུག་པོ་ཕལ་ཆེར་ལ། །མང་པོའི་ཕྱུགས་ཡོད་ཟེར་བའང་རྫུན། །རྐྱང་བུ་རྩེ་ཞིང་

p. 275

འགྱེལ་ལོག་བྱེད། །འབྲོང་བུ་རྩེ་ཞིང་མར་ནུ་ངུར། །དེ་ལ་བལྟས་ན་ཉི་མ་འཆོར། །རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེ། །མེ་ཏོག་མང་པོ་བཀྲ་བའི་མཚོར། །ཆེ་ཆུང་མང་པོའི་ངང་བས་བརྒྱན། །མིག་ཏུ་དེ་དག་སྣང་བའི་ཚེ། །རྟག་ཏུ་ཉམས་དགའ་སྣང་བ་སྤྲོ། །དཀར་དམར་སྔོ་སེར་མེ་ཏོག་རྩེར། །བུང་བ་དམར་སེར་འཕུར་ལྡིང་གཡོ། །གླུ་བླངས་མེ་ཏོག་འགྲིམས་ཙ་ན། །རྣལ་འབྱོར་རྒྱལ་ཁམས་འགྲིམ་སྙིང་འདོད། །ཟུ་སྒོག་གྲོ་མ་རི་དྭགས་ཐེད། །ཟ་རྒྱུའི་རིགས་ནི་སྣ་ཚོགས་ལྡན། །འཚོ་བ་ཆད་ཀྱང་མི་འཆི་ཙམ། །འཚོ་བ་རྙེད་སྙམ་སེམས་དཔངས་མཐོ་། །རང་ལ་མཁོ་བའི་རྡོ་ཁང་དང་། །རང་གྲུབ་གཡའ་ལེབ་ཆུ་ཤིང་མང་། །ཉེ་བར་མཁོ་བ་འཛོམས་པའི་མོད། །ཉེ་གནས་དགོས་ཟེར་རྫུན་དུ་གཏོང་། །ལྷ་མཆོག་རྨ་རྒྱལ་དེ་ན་བཞུགས། །ལྷ་མང་རྒྱུན་དུ་དེ་ལ་འདུ། །ཆོས་བྱེད་མི་ལ་ལྷ་རྣམས་དགྱེས། །ཆོས་མཐུན་འཕྲིན་ལས་ལྷ་ཡིས་བསྒྲུབ། །བཀྲ་ཤིས་གཡང་ཀུན་རི་འདིར་འཁྱིལ། །བཀྲ་མི་ཤིས་པའི་མིང་ཡང་མེད། །དེ་ལ་གནས་ནས་སྒོམ་བྱེད་པའི། །མི་ལ་ཉམས་རྟོགས་ཉི་མ་འཆར། །ལྷ་མིའི་གོ་འཕང་བསྒྲུབ་འདོད་རྣམས། །ལྷ་གནས་རྨ་རྒྱལ་རི་བོ་སྟེན། །བླ་མེད་བྱང་ཆུབ་བསྒྲུབ་འདོད་རྣམས། །མཚུངས་མེད་རྨ་རྒྱལ་རི་བོ་སྟེན། །བསྟེན་ན་ཚེ་བློས་ཐོངས་ལ་སྟེན། །སྟེན་དང་བདེ་སྐྱིད་སྙན་གསུམ་འབྱུང་། །རི་བོ་རྨ་ཆེན་བསྟོད་པའི་མཐུས། །རི་འདིའི་ཕྱོགས་ཀྱི་

p. 276

མི་ཕྱུགས་ཀུན། །ཉིན་བདེ་མཚན་བདེ་ཉིན་གུང་བདེ། །ཉིན་མཚན་རྟག་ཏུ་བདེ་སྐྱིད་ཤོག །ཅེས་བླངས་པའི་མཚན་མོའི་ཐོ་རངས་ཁར་ཉམས་སྣང་ལ། མི་དཀར་པོ་ཞིག་བྱུང་སྟེ་བོས་ནས་སོང་བས། གུར་དཀར་པོ་བརྒྱ་ཕྲག་དུ་མ་ཕུབ་པའི་དབུས་ན། །ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བའི་གུར་ཆེན་པོ་ཞིག་ཕུབ་ཡོད་པའི་ནང་དུ་སོང་བའི་ཚེ། རབ་ཏུ་མཐོ་བའི་ཁྲི་ཆེན་པོ་ཞིག་གི་སྟེང་ན་རྒྱལ་པོ་ཆེན་པོ་ཞིག་བཞུགས། མདུན་གྱི་གཡས་ཕྱོགས་སུ་ཁྲི་ཞིག་ཡོད་པའི་ཁར་ང་སྡོད་ཅེས་ཟེར་དེར་བསྡད་པའི་ཚེ། རྒྱལ་པོ་དེ་ཡར་ལ་བཞེངས་ནས་དྲི་མ་མེད་པའི་ཁ་བཏགས་རིང་བོ་ཞིག་དང་། རབ་ཏུ་མཛེས་པའི་ཞྭ་ཞིག་གནང་ནས། ཁྱེད་ཀྱིས་དེང་སང་དམ་པ་གོང་མའི་རྣམ་ཐར་བསྐྱངས་ཏེ་དམ་པའི་ཆོས་ཀྱི་མགུར་དབྱངས་ལེན་པ་ངོ་མཚར་ཆེ། ཁྱེད་ཀྱི་མཚན་ལ་གངས་ཅན་བོད་ཀྱི་གླུ་དབྱངས་མཁན་ཞེས་གསོལ་བ་ཡིན། །མགུར་འབུམ་བོད་ལ་འཇོག་པ་རུ་བཞག་པ་བཀའ་དྲིན་ཆེ། མ་འོངས་པ་ན་དད་ཅན་གྱི་གདུལ་བྱ་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་འོང་། ད་དུང་སྒྲུབ་པ་སྙིང་པོར་མཛོད་ལ་སྒྲུབ་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་གང་ཕན་མཛོད། དེའི་ཞོར་ལ་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་གླུ་རུ་ལོངས་དང་། ཁྱེད་ཀྱིས་ཕྱིན་ཆད་ཆོས་ལྡན་གྱི་བྱ་བ་གང་སྒྲུབ་དུས་བདག་གིས་གྲོགས་བྱེད་པར་ཁས་བླངས་པ་ཡིན་གསུངས་པའི་སྣང་བ་ཤར། དེ་ནས་ཉིན་རེ་བཞིན་བླ་མ་ལ་གསོལ་བ་བཏབ་ཅིང་དབང་བཞི་བླངས་རིག་པ་ཁ་ཡན་དུ་གློད་ནས་མཉམ་བཞག་ནམ་

p. 277

མཁའ་ལྟ་བུའི་སྟོང་པ་ཉིད་ལ་མཉམ་པར་བཞག་པས། ཉིན་ཞིག་མཉམ་བཞག་གི་ངང་ནས་སྔར་མ་མཐོང་བའི་ཡུལ་ལྗོངས་དང་། ཞིང་ཁམས་འདྲ་བ་མང་པོ་མཐོང་། ཡང་ཉིན་ཞིག་རང་གི་ཉེ་འཁོར་ན་མཚོ་ཆུང་གཉིས་ཡོད་པའི་ཁ་ན་ངང་བ་སེར་པོ་གཉིས་དང་རྐྱང་གཅིག་བཅས་རྒྱུན་དུ་འདུག་པ་དེ་ཡང་། མིག་གིས་བལྟས་པ་བཞིན་གསལ་བར་མཐོང་བས། ངས་བདེན་མི་བདེན་བརྟག་ཕྱིར་ཕྱི་རོལ་ཏུ་སོང་ནས་བལྟས་ཚེ། སྔར་མཉམ་བཞག་གི་ངང་ནས་མཐོང་བ་ཇི་ལྟ་བ་བཞིན་འདུག དེ་བཞིན་དུ་ཉིན་རེ་བཞིན་མཉམ་པར་བཞག་ཚེ།། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། ཉམས་སྣང་སྣ་ཚོགས་པ་ཞིག་ཤར་བ་བྱུང་ངོ་། །ཉིན་གཅིག་སྦྲང་མ་ཞིག་གིས་སྒྲ་སྙན་མོ་བསྒྲགས་ནས་གནས་ཁང་དུ་འོང་བའི་ཚེ་སེམས་སྤྲོ་བའི་ཤུགས་ཀྱིས་འདི་སྐད་ཅེས་སྨྲས་སོ།།་ཨ་མ་ཨ་མེ། །གྲོགས་པོ་སྦྲང་མ། །འཚམས་པོར་བདེ་མོར། །གང་ནས་སླེབས་བྱུང་། །རྣལ་འབྱོར་སྐྱིད་ལ། །གྲོགས་པོ་སླེབས་བཞག །གཅིག་པུར་སྐྱོ་བ། །ལྷག་མེད་སངས་ཐལ། །གློ་བུར་དགའ་སྤྲོའི། །ཉི་མ་ཤར་བཞག །ད་དུང་གླུ་དབྱངས། །རིང་པོ་ལོངས་དང་། །ཞེས་སྨྲས་པས་སྦྲང་མ་གདན་ཁར་བབས་ནས། གཤོག་ཆུང་བསྐུམས་མགོ་བཀུག་རྭ་བསྙལ་ནས། ཕྱག་འཚལ་བའི་རྣམ་འགྱུར་བྱས། ཚུར་འོང་ཤམ་ཐབས་ལ་མགོ་གཏུགས་ནས་མཇལ་ཏེ། སླར་མདུན་གྱི་བར་སྣང་ལ་འཕུར་ནས་གར་སྟབས་བསྒྱུར་

p. 278

ཞིང་འདི་སྐད་ཟེར། །ཨེ་མ་གུ་རུ། །སྐུ་གཟུགས་བདེ་ཨང་། །ངེད་ཚོ་ཐམས་ཅད། །ཤིན་ཏུ་བདེ་ལགས། །ངེད་ཀྱི་ཨ་ཕ། །ཨ་མྱེས་རིང་ནས། །གླུ་བ་རྐྱང་ཡིན། །ང་ཡང་གླུ་བ། །སྔོན་དུས་རྗེ་བཙུན། །སྐལ་ལྡན་སོགས་ལ། །ངེད་ཚོའི་གླུ་བ། །གོང་མ་འགའ་རེས། །སྐབས་སྐབས་སྤྲོ་ཚེ། །གླུ་ཡི་མཆོད་པ། །སྙན་དུ་ཕུལ་ཞེས། །རྣ་ཐོས་ཙམ་ཡོད། །ངེད་ཚོ་རང་དགར། །ཐང་སྟོང་རྣམས་སུ། །རྒྱུངས་གླུ་ལེན་ན། །རྗེ་ཁྱེད་དགྱེས་པའི། །མཆོད་པར་འགྱུར་ན། །ཅིའི་ཕྱིར་མི་ལེན། །བླངས་ན་གཏན་གྱི། །སོ་ནམ་ཡིན་སྙམ། །ད་ནི་གླུ་ཡི། །མཆོད་པ་འབུལ་བས། །རྗེ་བཙུན་ཆེན་པོ། །ཅུང་ཟད་སྙན་གསོན། །ཞེས་ཡར་ཅུང་ཟད་བསྟོད་ནས་འདི་སྐད་ཟེར། སྲེད་ལྡན་སྦྲང་མས། །མདངས་ལྡན་མེ་ཏོག །བཅུད་བཟང་འཐུངས་ནས། །འདབ་བཟང་བརྒྱངས་ཏེ། །ལྷོ་ཁྱེད་མདུན་གྱི། །ལྷ་ཡི་ལམ་ནས། །དགའ་བའི་གར་བྱས། །དགའ་གླུ་ལེན་བཞིན། །མ་འོངས་དུས་ན། །མ་རིག་དབང་གྱུར། །སྦྲང་མ་ང་ཡིས། །ཨེ་མ་ཁྱེད་གསུང་། །དྲི་མེད་བདུད་རྩི། །ངོམས་མེད་འཐུངས་ནས། །ཉམས་རྟོགས་སྐྱེས་ཚེ། །ཉམས་མགུར་ལྷང་ལྷང་། །དབེན་པར་བསྡད་ནས། །འཐེན་པར་སྨོན་ཨང་། །ཞེས་བླངས་ནས་སླར་ཇེ་དམའ་རུ་བཏང་ནས་ཡང་འདི་ཟེར། ད་ནི་གླུ་བ། །རང་ཡུལ་བསྙེག་པས། །མཇལ་རག་བར་དུ། །ཁྱེད་སྐུ་བདེ་མོ། །སྐབས་སྐབས་འོངས་ནས། །སྤྲོ་ཚེ་གླུ་ཡི། །མཆོད་པ་སྙན་དུ། །ཡང་ཡང་འབུལ་ཨང་། །ཚེ་འདིའི་བར་ཆད། །ཕྱི་མའི་ལམ་སྣ། །རྗེ་བཙུན་

p. 279

མཁྱེན་ཞེས། །སྐྱབས་འཇུག་ཞུ་ཨང་། །ཟེར་བའི་ལན་དུ་ངས་འདི་སྐད་སྨྲས། གྲོགས་པོ་སྦྲང་མ། །ཡང་ཡང་ཤོག་ལ། །རྣལ་འབྱོར་སྤྲོ་བའི། །གླུ་དབྱངས་ལོངས་དང་། །མ་འོངས་མི་ང་། །སངས་རྒྱས་ཚེ་ན། །གྲོགས་ཁྱོད་འཁོར་དུ། །འགྱུར་བར་སྨོན་ཨང་། །ད་ཁྱོད་འགྲོ་ན། །རྣལ་འབྱོར་ང་ལ། །སྐོར་བ་ཞིག་གྱིས། །རང་གནས་སོང་ཨང་། །ཞེས་སྨྲས་པས་སྦྲང་མ་དགའ་ནས་གཡས་སྐོར་གཡོན་སྐོར་གཉིས་བྱས་ཕྱི་མིག་མི་བལྟ་བར་རྒྱངས་རིང་དུ་འཕུར་སོང་ངོ་ཞེས་རང་ཉིད་ཁམས་བསངས་པའི་ཕྱིར་སྨྲས་པའོ། །དེ་ནས་རང་ལ་ཕན་ཕྱིར་གྲོང་ལས་ཉིན་གཅིག་འདས་པའི་ཕ་རོལ་རི་ཁྲོད་དགོན་པར་བསྡད་ནས་སངས་རྒྱས་ཀྱི་གསུང་བཞིན་དམ་པའི་ཆོས་ལ་ཉམས་ལེན་བྱས་ན། ལམ་རྟགས་ཀྱི་ཡོན་ཏན་འཆར་བའི་ཚུལ་མདོ་སྡེ་ཏིང་ངེ་འཛིན་རྒྱལ་པོ་ན་ཡོད་པ་རྣམས་ཚིགས་སུ་བཅད་ནས་དབྱངས་སུ་འདི་ལྟར་བླངས་སོ།།་སངས་རྒྱས་ཐུགས་རྗེ་ཅན་ལ་འདུད། །དགོན་པ་ཟིན་པར་བྱིན་གྱིས་རློབས། །མི་རྟག་འཁོར་བའི་ཉེས་དམིགས་མཐོང་། །དམ་ཆོས་རྣམ་དག་བསྒྲུབ་པའི་ཕྱིར། །གཅིག་པུར་དགོན་པ་ལ་གནས་ན། །ཕན་ཡོན་ཏིང་འཛིན་རྒྱལ་པོ་ལས། །བཅུ་གསུང་བ་ནི་འདི་ལྟ་སྟེ། །རྟག་ཏུ་བྱ་བ་ཉུང་བར་འགྱུར། །འདུ་འཛི་དག་ཀྱང་རིང་དུ་སྤོང་། །རྩོད་པ་དག་ཀྱང་དེ་ལ་མེད། །གནོད་པ་མེད་པར་གནས་པ་དང་། །ཟག་པ་རྣམ་པར་འཕེལ་མི་བྱེད། །རྩོད་པའི་གཞི་མི་བྱེད་པ་དང་། །རྟག་ཏུ་ཉེ་བར་ཞི་བར་

p. 280

སྤྱོད། །སྒོ་གསུམ་བསྡམས་པར་གནས་པ་དང་། །ཐར་པ་དང་ནི་མཐུན་གྱུར་ཞིང་། །རྣམ་པར་གྲོལ་བར་མྱུར་དུ་རེག །གཞན་ཡང་མདོ་སྡེ་དེ་ཉིད་ལས། །རྟག་ཏུ་དགོན་པ་སྟེན་མཁན་གྱིས། །ལྷའི་མིག་ལྷ་ཡི་རྣ་བ་དང་། །ཕ་རོལ་གཞན་སེམས་ཤེས་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །རྫུ་འཕྲུལ་དག་ཀྱང་འཐོབ་པར་འགྱུར། །ཤར་དང་ལྷོ་ནུབ་བྱང་ཕྱོགས་ཀྱི། །སངས་རྒྱས་གྲངས་མེད་དཔག་མེད་མཐོང་། །སངས་རྒྱས་མཐོང་བ་དེ་དག་དང་། །ནམ་ཡང་འབྲལ་བ་མེད་པར་འགྱུར། །སངས་རྒྱས་དེ་དག་ཕྱོགས་བཅུ་ན། །དམ་ཆོས་ཇི་སྙེད་སྟོན་པ་ཀུན། །ལྷ་ཡི་རྣ་བའི་ཁམས་ཀྱིས་ཐོས། །ཆོས་ཉན་པ་དང་མི་འབྲལ་འགྱུར། །ཆོས་ཀུན་བློར་གཟུང་མི་བརྗེད་ཅིང་། །སེམས་ཅན་རྣམས་ལ་དམ་ཆོས་སྟོན། །དོན་གང་ཡིན་ཡང་རབ་ཏུ་ཤེས། །འདས་དང་མ་འོངས་ད་ལྟར་གྱི། །འགྲོ་ཀུན་སེམས་ཅན་སྤྱོད་པ་ཤེས། །ཞེས་གསུངས་ཚོགས་དྲུག་རང་གྲོལ་ཁྱོད། །གཅིག་པུར་དགོན་པར་གནས་པར་གྱིས། །གཏན་གྱི་དོན་ཆེན་འགྲུབ་པར་ངེས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །དགོན་པ་བསྟེན་ནས་ཆོས་བྱེད་ཤོག །ཅེས་བླངས་ནས་བརྩོན་འགྲུས་ཆེར་བསྐྱེད་དེ་མཉམ་བཞག་ལ་འབད་པས་དགོང་མོ་ཞིག་ཉམས་སྣང་ལ། རང་གི་སྒོ་ཡི་ནང་དུ་འཚུབ་མ་ནག་པོ་ཞིག་བྱུང་བ་ལ་ཕར་ཞེས་མཆིལ་མ་ཞིག་བཏབ་པས། འཚུབ་མ་དེ་མི་སྣང་བར་སྐད་ཅིག་དེ་ཉིད་ལ་གནས་འགྱུར་ནས་མི་ནག་པོ་འཇིགས་སུ་རུང་བ་མཆེ་བ་རིང་པོ་ཡོད་པ་

p. 281

ཤིན་ཏུ་ཁྲོས་པ་མ་མགལ་ལ་སོ་བཏབ་པ་ཞིག་ཏུ་གྱུར་ཏེ་གྲི་ཐུང་ཁ་གཉིས་ཡོད་པའི་མདུང་འདྲ་བ་ཞིག་འཕྱུར་ནས། ང་ད་སྔ་ཡན་ཆད་སུའི་དྲུང་དུའང་སོང་སྟེ་མཆིལ་མ་འདེབས་མ་མྱོང་། ད་རེ་རྣལ་འབྱོར་པ་སྐྱུགས་བྲོ་ཁྱོད་ཀྱིས་མཆིལ་མ་བཏབ་པའི་ལན་ལ། ང་ཁྱོད་ཀྱི་ཁོག་ཏུ་ཞུགས་ནས་སྙིང་ལ་གྲི་བརྒྱབ་སྟེ་མ་བསད་ན་ང་བུ་མིན་ཟེར་ནས། སྐད་ཅིག་ལ་གནས་འགྱུར་ནས་སྲན་མ་ནག་པོ་ཞིག་ཏུ་གྱུར་ཏེ་བདག་གི་ཁ་ནས་ཞུགས་ཏེ་ཁོང་དུ་སོང་། དེར་ངའི་བསམ་པ་ལ་འཁྲུལ་སྣང་འདི་ཡ་མཚན་ཁྱོད་ཀྱིས་དེ་ལྟར་བྱེད་ན། ངས་ཀྱང་འདི་ལྟར་བྱས་ཆོག་སྙམ་རང་ལུས་སྐད་ཅིག་ཉིད་ལ། གཞོམ་ཞིག་དང་བྲལ་བའི་གནམ་ལྕགས་ཀྱི་ཁང་པ་ཞིག་ཏུ་དམིགས་ནས་རླུང་བཟུང་སྟེ་འོག་གི་རམ་ལས་མེ་ཤིན་ཏུ་ཚ་བ་སྦྱར་བས་། དམིགས་པ་དྲག་ཏུ་བྱས་པ་དང་། ཁོ་ངའི་ཁོག་ནས་ཇེ་ཆེར་སོང་ནས་འཕག་སྟེ་བྱང་ཁོག་སྟོད་དུ་འཚངས་པས་ལུས་ཞིག་འགྲོ་བ་ལྟ་བུའི་ཉམས་ཤིག་བྱུང་བར།་མེ་ལྕེ་ཆེར་སྦྱར་ནས་བསྲེགས་པའི་ཚེ། ཁོས་མ་བཟོད་པར་ཁོ་མ་སྲེག་ཨ་ཚ་ཚ་ད་ཚིག་ཐལ་ཟེར་སྨྲེ་སྔགས་མང་པོ་ཕུལ་བས། ངས་ཁྱོད་ཀྱིས་སྔར་ཡང་འདིར་ཡོང་བའི་སྒོམ་ཆེན་པ་དང་། ཕྱོགས་འདིའི་ཡོན་བདག་མང་པོ་བསད་ཡོད་པར་སྣང་། ད་ཁྱོད་ལ་འཆོར་ས་མེད་ཅེས་མེ་དེ་བས་ཆེས་ཆེར་སྦྱར་ནས་གསོན་བསྲེག་བྱས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་འདྲེན་པ་ཡིན་སྨྲས་ཚེ། ཁོ་སྐད་སྙོམ་དུ་སོང་ནས་ཨ་ཚ་ཚ་ཁྱོད་ཆོས་པ་

p. 282

ཞིག་གིས་ད་ང་སྙིང་མི་རྗེ་བ་ཡིན་ནམ། ད་རེས་མ་སྲེག་པར་ཐོངས་དང་། ཕྱིན་ཆད་གཞན་ལ་གནོད་མི་སྐྱེལ་བའི་མནའ་སྐྱེལ་ཟེར་བས། ངས་འོ་ན་ད་ཕྱིན་ཆད་གནས་འདིར་འོང་བ་དང་། ཕྱོགས་འདི་ན་འདུག་པའི་ཡོན་བདག་རྣམས་ལ་གནོད་པ་མི་སྐྱེལ་བའི་མནའ་སྐྱོལ་བྱས་པས། དེར་ཁོས་མནའ་མང་པོ་བསྐྱལ་བའི་མཐར། ད་ཕྱིར་གཏོང་ན་ད་སྔ་ཡན་ཆད་ལ་རྣལ་འབྱོར་པ་ང་ས་གང་དུ་སོང་ཡང་འདྲེ་སྐྱུགས་བྲོ་ཁྱོད་འདྲ་བ་ཁ་ནང་དུ་འཛུལ་མ་མྱོང་། ད་ཁྱོད་གཏོང་ནའང་ངའི་ཁ་ནས་ཡོང་ས་མེད་ཁྱོད་མར་སོང་དང་བཤང་ལམ་ནས་གཏོང་ཞེས། སྟེང་རླུང་བཟུང་ནས་དེད་དེ་མར་འོག་སྒོར་བཏོན་པའི་དམིགས་པ་བྱས་ཚེ། མཐོ་གང་ཙམ་གྱི་མི་རོ་ཞིག་འོག་སྒོ་ནས་ས་ལ་ལྷུང་བ་དེ་ཇེ་ཆེ་ཇེ་ཆེར་སོང་ནས་མི་ཙམ་ཞིག་ཏུ་གྱུར་པའི་ཚེ། ངས་བལྟས་པས་སྐྲ་དང་ཁ་སྤུ་རྣམས་ཚིག་ནས་འཆི་ལ་ཁད་པ་ཞིག་འདུག དེ་ནས་ངལ་ཞིག་གསོས་ནས་སླར་འཚུབ་མ་ཞིག་ཏུ་གྱུར་ཏེ། ག་ལེ་འཁོར་གྱིན་སོང་བའི་ཉམས་ཤིག་ཤར། ཕྱི་ཉིན་ངའི་ཕུང་པོ་ཀུན་ཉབ་ཉོབ་ཅིག་ཏུ་སོང་ནས་ཁོག་པ་ཡང་མི་བདེ་བ་ཞིག་བྱུང་བ་ལ་ངས་རྡོར་སེམས་བསྒོམ་བཟླས་བྱས་པས་བདེ་བར་གྱུར་ཏོ། །དེའི་ཕྱི་དགོང་མོ་ཉམས་སྣང་ལ་མི་དཀར་པོ་ཞིག་དགོད་ཀྱིན་འོངས་ནས། ཁ་སང་དགོང་མོ་ངེད་ཚང་གི་མི་ངན་དེ་ཁྱེད་ལ་ཉམས་ཚད་དུ་སོང་བས་ཁྱེད་ཀྱིས་ངོ་ཚ་རྒྱུ་ཞིག་བཅོས་འདུག ད་ངེད་ཚོ་ཡང་བཤད་འོང་ཕྱིན་ཆད་སུ་ལ་ཡང་གནོད་མི་སྐྱེལ། ཁ་སང་ཁྱེད་ལ་བརྙས་བཅོས་བྱས་ཏེ་ཁོག་ཏུ་

p. 283

ཞུགས་པ་བཟོད་པར་གསོལ། ཕྱིན་ཆད་ཁོ་ཡང་ཁྱེད་ཀྱིས་ཐུགས་དམ་སྐྱབས་འོག་ནས་མ་འདོར་ཞེས་ཟེར་བའི་སྣང་བ་ཤར། ཡང་དེ་དུས་ངའི་མདུན་ཕྱོགས་ཀྱི་གཡོས་གཡོན་གཉིས་ན་མཚོ་ཆེ་ཆུང་གཉིས་ཡོད་པའི་ཁ་ན། དུས་རྒྱུན་ངང་པ་སེར་པོ་གཉིས་བསྡད་ཡོད་པ་ཉིན་ཞིག་ཕྱི་དྲོ་ངང་པ་གཅིག་གླག་གིས་བསད། གཅིག་པོ་དེ་ཡང་སྐྲག་སྟེ་བྲོས་སོང་བའི་ཚེ། ཡུན་རིང་འགྲོགས་པའི་སྟབས་ཀྱིས་སྐྱོ་སྣང་དྲག་པོ་ཤར་ཚེ་མགུར་འདི་བླངས་སོ། །ཨེ་མ་ཡ་མཚན་རྨད་བྱུང་བྱ། །རིན་ཆེན་གསེར་གྱི་ལུས་པོ་ལ། །དུང་དཀར་གཡུ་ཡི་གཤོག་པ་རྒྱས། །མཆུ་རྐང་བུང་བ་ལྟར་གནག་མཛེས། །རྐང་པའི་སོར་མོ་དྲ་བས་འབྲེལ། །རིན་ཆེན་མགུལ་གྱི་བུམ་པ་ན། །བཻ་ཌཱུརྱ་ཡི་དོ་ཤལ་འཆིང་། །ཕོ་མོ་གཉིས་ཀ་ཟུང་དུ་འབྲེལ། །གཤོག་སྟེང་གཟི་བརྗིད་འབར་བཞིན་དུ། །གདངས་སྙན་འགྱུར་ཁུག་ལྷང་ལྷང་སྐད། །བསྒྲགས་ཏེ་ལྷ་ལམ་ཡངས་པ་ནས། །དགའ་བའི་གར་སྟབས་བསྒྱུར་འོངས་དུས། །འདབ་ཆགས་གཞན་ལས་ཁྱད་ཆོས་ཆེ། །སུས་མཐོང་དབང་མེད་ཡིད་འཕྲོག་པའི། །ལྷ་བྱ་ངང་བའི་རྒྱལ་པོ་མཆོག །སྔོ་ལྗང་མཚོ་ནང་བབས་པའི་དུས། །གྲུ་དཀར་གཡུ་ཡི་མཎྜལ་སྟེང་། །འཛམ་བུ་ཆུ་བོའི་གསེར་བཟང་ལས། །གྲུབ་པའི་བུམ་བཟང་བཞག་ལས་མཛེས། །རྒྱུན་དུ་མཚོ་འགྲམ་ན་གནས་དུས། །ཆོས་མཐུན་གྲོགས་དང་འགྲོགས་པ་ལས། །རྣལ་འབྱོར་ཉམས་དགའ་སྣང་བ་སྤྲོ། །དེ་རིང་དུས་ཀྱི་ཕྱི་དྲོ་ལ། །

p. 284

གློ་བུར་སྡིག་ཅན་གླག་གིས་བསད། །ཀྱི་ཧུད་མཚོ་ཡི་རྒྱན་གཅིག་སྟོར། །རྒྱུན་མེད་ཟངས་ནང་ཆུ་བཞིན་གྱུར། །རྣལ་འབྱོར་བདག་གི་གྲོགས་དང་བྲལ། །གྲོགས་མེད་ཕོ་ཡུགས་བཞིན་དུ་གྱུར། །གཅིག་པུར་སྐྱོ་སྣང་དྲག་པོ་ཤར། །ཡུན་རིང་འགྲོགས་པའི་ངང་བ་ལ། །མཆི་མ་གཡོ་བའི་སྙིང་རྗེ་སྐྱེས། །ཁ་ནས་སྨོན་ལམ་ཚིག་འདི་ཤོར། །འཁོར་བའི་གནས་ན་བདེ་བ་མེད། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་མང་། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །བདག་གིས་ལེགས་བྱས་དགེ་བའི་མཐུས། །མཐུན་གྲོགས་ཚེ་འདས་ངང་བ་འདི། །འཁོར་བའི་གནས་སུ་མི་སྐྱེ་བར། །བདེ་བ་ཅན་དུ་སྐྱེ་བར་ཤོག་།ཨུ་ཤི་ཨ་ཧོ་སྙིང་རེ་རྗེ། །འཁོར་བའི་ཆོས་འདི་ཅི་ཞིག་རེད། །ད་ནངས་ངང་བ་ཕོ་མོ་གཉིས། །མཚོ་ཁར་ལྷན་ཅིག་འཕུར་ལྡིང་རྩེ། །ད་ནི་གཅིག་པོ་གླག་གིས་བསད། །གཅིག་པོ་སྐྲག་ནས་ཕྱོགས་གཞན་བྲོས། །ལྷན་ཅིག་འདུ་བའི་འབྲེལ་བ་ཆད། །འབྲེལ་མེད་སོ་སོར་བྲལ་ནས་ཐལ། །ཨ་བོ་ཚོགས་དྲུག་རང་གྲོལ་ལ། །དེ་རིང་མི་རྟག་སློབ་དཔོན་བྱུང་། །སློབ་དཔོན་བཟང་པོའི་བརྡའ་ཆོས་ལ། །ལུང་དང་རིག་པའི་ངེས་ཤེས་འདྲོངས། །ཆོས་རྣམས་མི་རྟག་འདི་དང་འདྲ། །ཁྱོད་ཀྱང་འདི་ཡི་རང་བཞིན་ཡིན། །རྟག་འཛིན་ཆེ་ན་ཆོས་སྐལ་འཆད། །རྟག་ཏུ་དབེན་པར་སྒྲུབ་པ་གྱིས། །ཞེས་རང་ཉིད་སྒྲུབ་པ་ལ་བསྐུལ་ཕྱིར་བླངས་སོ། །དེ་ནས་བག་ཕེབས་ཏེ་བདེ་བར་བསྡད་ཡོད་པས་ཉིན་གཅིག་གློ་བུར་དུ་མགོ་ལོག་གི་ཇག་པ་

p. 285

འགའ་རེ་བྱུང་ནས་ངའི་བྲོ་ཁ་ཚོར་བལྟས་ཚེ། ངའི་བྲོ་ཁར་བལྟ་མི་དགོས་ང་ལ་ཡོད་ཁྱེད་ཚོའི་གཅིག་གིས་ངའི་གུང་ཚིགས་ཀྱི་ཇ་སྐོལ་དང་ངེད་རྣམས་ཀྱིས་འཐུངས་ནས། བྲོ་དགོས་ན་གྲོས་མཐུན་གྱི་སྒོ་ནས་ཁྱེར་ཆོག་ཅེས་ཇ་འཐུང་ཁ་བརྡ་འདྲ་བྱས། དེ་ནས་བྲོ་ཁ་གང་ཡོད་རྣམས་བསྟན་ནས་བགོས་ཏེ། ཕྱེད་དེ་རྣམས་ལ་བྱིན་ནས་མགུར་དབྱངས་འདི་བླངས་སོ། །འདོད་འབྱུང་ནོར་བུ་ལས་ལྷག་པའི། །བླ་མ་སྤྱི་གཙུག་རྒྱུན་དུ་བཞུགས། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ལ། །སྐྱིད་སྡུག་གཉིས་ཀྱི་གང་བྱུང་ཡང་། །གླུ་དབྱངས་འཐེན་པ་རང་གཤིས་ཡིན། །ཁྱེད་རྣམས་ང་ཡི་གླུ་འདིར་ཉོན། །མི་ལུས་ལན་ཅིག་མ་གཏོགས་པ། །ཕྱི་ནས་ཡང་ཡང་ཐོབ་པར་དཀའ། །འཆི་བ་ནམ་ཡོང་ངེས་འཇོག་མེད། །འཆི་བདག་ནངས་པར་ཡིན་ཡང་འོང་། །དཀར་ནག་ལས་ལ་བསླུ་བ་མེད། །ཤི་དུས་གང་བྱས་རྗེས་སུ་འབྲང་། །དཀར་པོ་དགེ་བའི་ལས་བྱས་ན། །མཐོ་རིས་གནས་སུ་སྐྱེས་ནས་བདེ། །ནག་པོ་མི་དགེའི་ལས་བྱས་ན། །ངན་སོང་གསུམ་དུ་སྐྱེས་ནས་སྡུག །བདེ་སྡུག་གདམ་ཁ་ཡོད་དུས་འདིར། །མི་དགེའི་ལས་ལ་མ་རྔམས་པར། །དགེ་བ་ཆེ་ཐུབ་ཆུང་ཐུབ་རེམ། །སྤྱིར་ན་གཞན་གྱིས་མ་བྱིན་པ། །བླངས་ན་མི་བཟང་མ་ལེན་ཨང་། །སྒོས་སུ་སྒྲུབ་པ་པོ་ཡི་ཟས། །དུག་དང་འདྲ་བས་ཟོས་ན་ཕུང་། །འདོད་ཆུང་ཆོག་ཤེས་མ་མཆིས་ན། །རྒྱལ་ཁམས་རྒྱུ་ནོམ་མི་གཅིག་གིས། །ཐོབ་ཀྱང་སེམས་ཁ་གང་མི་འགྱུར། །འདོད་པའི་དབང་དུ་གྱུར་ཙ་ན། །

p. 286

ཐ་མ་རང་ཉིད་གྲི་རུ་འཆི། །འཚོ་ན་རང་གི་སྲོག་འདི་འཚོས། །འདོད་ཆུང་ཆོག་ཤེས་སྟེན་ཅིག་ཨང་། །ཁྱེད་རྣམས་བདག་ལ་དེ་རིང་བཟང་། །སྦྱིན་དང་བཟོད་པའི་ལག་ལེན་བྱས། །ཐ་མལ་ནོར་ཀྱང་མཆོག་ཏུ་གྱུར། །ཨེ་མ་རྣལ་འབྱོར་སྐལ་བ་བཟང་། །མཐུ་དང་ངན་སྔགས་ངས་མི་ཤེས། །ཤེས་ཀྱང་བྱེད་ན་དཀོན་མཆོག་གསུམ། །ཕྱིན་ཆད་ན་ཚ་གོད་ཁ་འདྲ། །བྱུང་ན་ངའི་མཐུ་ཡིན་མ་སྙམ། །བདག་ལ་བཟང་ངན་འབྲེལ་ཐོགས་ཀུན། །རྟག་ཏུ་བདེ་ཞིང་སྐྱིད་པར་ཤོག །ཅེས་བླངས་ཚེ་ནང་ནས་རྒན་པ་ཞིག་ན་རེ། ངེད་ཚོར་བྲོ་ཁ་མེད་པས་བླངས་པ་ཡིན། དེ་མིན་ག་ལ་ལེན། ཁྱེད་ཀྱིས་ཤ་བཞེས་ན་གཙང་མ་ཡིན་ཟེར་ནས་ཤ་ལྷུ་འགའ་རེ་བྱིན་ནས། ཕྱག་འཚལ་ཞིང་ཀུན་གྱིས་བདག་ལ་མཇལ་ནས། ཆོས་པ་བཟང་པོ་ཁྱེད་ལ་ཟེར། དགོངས་ལོ་བརྒྱ་ལོན། སྐུ་ཚེ་བརྟེན་རྒྱུ་ཚང་ཐུགས་དམ་སྐྱབས་འོག་ནས་མ་འདོར་ཟེར་བཞིན་སོང་བའི་ཤུལ་ནས་གླུ་འདི་བླངས་སོ། །རྩ་བའི་བླ་མ་བྱིན་རླབས་ཅན། །མི་རྟག་དྲན་པར་བྱིན་གྱིས་རློབས། །ཁ་སང་དུས་ཀྱི་སྔ་དྲོ་ལ། །རྨ་ཆེན་གངས་རིའི་ཉེ་འདབས་ན། །རྐྱང་འབྲོང་ཐང་ན་བག་ཕེབས་ཉལ། །འགའ་རེས་རྩྭ་ཟ་ཆུང་ཆུང་རྩེ། །ངང་བ་དཀར་སེར་མཚོ་ཁར་འདུས། །ལ་ལས་གཤོག་བརྒྱངས་སྐད་སྙན་སྒྲོག །སྒོ་ཕྱིའི་མེ་ཏོག་སེར་པོ་རྣམས། །ལ་ལ་བཞད་ནས་གར་སྟབས་བསྒྱུར། །རང་གནས་ཁང་ཆུང་ཟས་ཀྱིས་བཀང་། །ཆེ་བ་བཞག་ནས་ཆུང་བ་ཟོས། །མི་འདོད་ཉེར་འཚེའི་མིང་ཡང་

p. 287

མེད། །ཐམས་ཅད་ཤིན་ཏུ་བདེ་ཞིང་སྐྱིད། །དེ་རིང་དུས་ཀྱི་ཉིན་གུང་ལ། །མགོ་ལོག་ཕྱོགས་ནས་ཡིན་ཟེར་བའི། །བསམ་ལོག་ཇག་པ་མི་སྐྱ་བརྒྱད། །ལུང་ལོག་བརྒྱུད་ནས་གློ་བུར་སླེབས། །དུས་ལོག་རི་པ་རྣམས་ལ་བྱུང་། །རྐྱང་འབྲོང་བྲོས་ནས་ཡར་མར་སོང་། །བྱ་རྣམས་འཕུར་ནས་གཞན་དུ་སོང་། །སྒོ་ཡི་མེ་ཏོག་རྟ་ཡིས་བཅག །ནང་གི་ཟས་རྣམས་ཇག་པས་བརྒྱབ། །སྤྲང་པོ་ཚོགས་དྲུག་རང་གྲོལ་ལ། །དེ་རིང་མི་རྟག་སློབ་དཔོན་བྱུང་། །ཆོས་རྣམས་མི་རྟག་པ་ཨེ་གོ ། རྟག་པར་མ་འཛིན་རི་ཁྲོད་པ། །ཞེས་བླངས། དེའི་ཕྱི་ཉིན་ཇག་པ་མི་བཅུ་གསུམ་བྱུང་ནས་ཀུན་དད་ཅིང་གུས་པས་ཕྱག་འཚལ། མཇལ་ནས་བྲོ་ཁའི་སྣོན་པ་བྱིན། གང་ནས་ཡིན་གང་གི་བྱོན་སོགས་སྐད་ཆ་མང་པོ་འདྲི་བ་ལ་ལན་སྨྲས། མཇུག་ཏུ་འགྲོ་ཁར་གླུ་དབྱངས་འདི་བླངས་སོ། །བླ་མ་དཀོན་མཆོག་རིན་པོ་ཆེ། །བདག་གཞན་སྒོ་གསུམ་བྱིན་གྱིས་རློབས། །འདིར་འདུས་ཇག་པ་དད་ཅན་རྣམས། །རྣལ་འབྱོར་བདག་གི་གླུ་འདིར་ཉོན། །མི་ང་རི་ཁྲོད་པ་ཞིག་ཡིན། །མིང་ལ་ཚོགས་དྲུག་རང་གྲོལ་ཟེར། །ཕ་ཡུལ་རེབ་གོང་སྨད་ཀྱི་ཡིན། །སྡེ་བའི་མིང་ལ་ཞོ་འོང་ཟེར། །ཆུང་ནས་གསར་རྙིང་ཆོས་ལ་དད། །མཚན་ལྡན་བླ་མ་མང་པོ་བསྟེན། །ཁྱད་པར་ཆོས་རྒྱལ་ངག་དབང་ཝང་། །ལོ་ལྔའི་བར་དུ་འབྲལ་མེད་བསྟེན། །མདོ་རྒྱུད་མན་ངག་མང་པོ་ཐོབ། །བཀའ་དྲིན་ཆེ་བའི་བླ་མ་རྗེའི། །དྲིན་གྱིས་ཚོགས་དྲུག་རང་གྲོལ་ངས། །མི་རྟག་འཁོར་བའི་ཉེས་

p. 288

དམིགས་དང་། །འགྲོ་ཀུན་ཕ་མ་ཡིན་པར་ཤེས། །འགྲོ་བའི་དོན་དུ་སངས་རྒྱས་ཀྱི། །གོ་འཕང་འཐོབ་འདོད་གཏིང་ནས་སྐྱེས། །འཐོབ་ཐབས་སྒོམ་སྒྲུབ་བྱེད་སྙམ་ནས། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །རི་ཁྲོད་འགྲིམས་ནས་ལོ་འགའ་སོང་། །མཚོ་སྙིང་རི་ནས་ལོ་གསུམ་བསྡད། །དེ་ནས་གནས་འདིར་འོང་བ་ལགས། །།རྣལ་འབྱོར་ཡིན་ཚུལ་དེ་ཙམ་གདའ། །ཁྱེད་རྣམས་བདག་ལ་དད་པ་འདི། །སྔོན་གྱི་ལས་འཕྲོ་སྨོན་ལམ་བཟང་། །མི་ལུས་རིན་ཆེན་རྙེད་པར་དཀའ། །མི་ཚེ་ཡུན་ཐུང་མྱུར་དུ་འཆི། །ནུབ་ཕྱོགས་བདེ་བ་ཅན་ཞིང་དུ། །སྐྱེས་པའི་མི་ལ་བདེ་སྐྱིད་ཆེ། །དགེ་བ་བྱས་ན་དེ་རུ་སྐྱེས། །དགེ་བ་སྒྲུབས་དང་དད་ལྡན་ཚོ། །མ་ཀི་དམྱལ་ཁམས་བཅོ་བརྒྱད་དུ། །སྐྱེས་པའི་མི་ལ་སྡུག་བསྔལ་ཆེ། །ཞེས་བླངས་པས་ཀུན་གྱིས་ཕྱག་འཚལ་བྱིན་རླབས་ཞུས། ལམ་ལ་ཞུགས་ནས་འགའ་རེས་སྐྱབས་སུ་མཆི་ཨོ་རྒྱན་དངོས་རེད། ལས་མེད་ནང་གི་ལས་ཅན་རེད་ལན་ཅིག་མཇལ་བ་སྐལ་བ་བཟང་། ཁ་སང་གི་དེ་ཚོས་མ་བཟང་འདུག འདི་པ་རྒྱན་གྱིན་ཞིག་མ་རེད། དེ་པའི་སྤྱན་གྱིས་གཟིགས་ཚུལ་ལ་ལྟོས་དང་ཁྱད་ཆོས་ཆེ་གི་ཨང་། ཁོང་འདུག་ས་མ་རྙེད་པར་རྨ་ཆེན་གངས་འདབས་སུ་འོང་བ་ནི་མ་རེད། ཕྱིན་ཆད་ངེད་ཚོས་བལྟ་དང་། དེ་ཆ་བོ་ལ་

p. 289

མི་བཟང་ཟེར་བཞིན་སོང་བའི་ཤུལ་ནས་ཡང་གླུ་འདི་བླངས་སོ། །བླ་མ་ཡི་དམ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁ་སང་དུས་ཀྱི་ཉིན་གུང་ལ། །དད་མེད་ཇག་པས་བྲོ་ཁ་བླངས། །དེ་རིང་དུས་ཀྱི་སྔ་དྲོ་ལ། །དད་ཅན་ཇག་པས་བྲོ་སྣོན་བྱིན། །སྐྱིད་སྡུག་ལམ་ཆེན་མགྲོན་པོ་རེད། །ད་ལྟ་མེད་ཀྱང་ད་ལྟ་བྱུང་། །སྔ་སོར་རང་གིས་ཆེར་མ་ཟོས། །ལྷ་ལ་ཚོགས་གཏོར་ཙམ་མ་ཕུལ། །སྡུག་བ ཙིར་བྱས་པའི་བྲོ་ཁ་རྣམས། །ཇག་པ་རྣམས་ཀྱི་བརྒྱགས་ཕྱེར་གྱུར། །བྲོ་ཁ་ཡོད་དུས་ཟ་དགོས་པ། །དེ་རིང་མ་གཏོགས་ངས་མ་ཤེས། །ཡོད་དུས་ཟོ་དང་རི་ཁྲོད་པ། །སེང་གེ་གངས་ནས་འཁྱགས་པ་མེད། །བྱ་རྒོད་མཁའ་ནས་ལྷུང་བ་མེད། །ཉ་མོ་ཆུ་ཡིས་འཚུབས་པ་མེད། །ཆོས་པ་ལྟོགས་ནས་ཤི་བ་མེད། །དེའི་ཕྱིར་ཚེ་འདི་བློ་ཡིས་ཐོངས། །དེའི་ཕྱིར་ཕྱིས་ཀྱི་བསམ་སྦྱོར་བོར། །ཞེས་སྨྲས་སོ། །དེའི་ལོ་དབྱར་ཟླ་བ་དྲུག་པའི་ནང་ལའང་ཆར་མ་བབས་ཆུ་འཁྱིལ་མང་པོ་བསྐམས་ནས། ཁྱད་པར་ངའི་སྡུན་ན་ཡོད་པའི་མཚོ་ཆུང་དེ་ཡང་བསྐམས་ནས་སོང་ཚེ་ནང་ན་འབུ་ཆེ་ཆུང་མང་པོ་ཆང་གི་སྦང་མ་བཞིན་དུ་བཅུ་རྒྱུ་འདུག བདག་གིས་རྐྱལ་བ་ཞིག་ཡོད་པ་དེའི་ནང་དུ་མཚོ་ཆེན་པོ་ཞིག་ཡོད་པའི་ནང་ནས་ཆུ་ཁྱེར་འོང་སྟེ། འབུ་རྣམས་ལག་པ་གཉིས་ཀྱིས་བཅུས་ནས་རྐྱལ་བར་བླུགས་ཏེ་མཚོ་ཆེན་པོ་དེའི་ནང་དུ་བསྐྱལ་བས་རྐྱལ་བ་སུམ་ཅུ་ཙམ་ཞིག་བྱུང་། དེ་

p. 290

དུས་འབུ་བྱེ་བ་དུང་ཕྱུར་མང་པོ་ཞིག་ཚེ་ཐར་རམ་སྙམ་པ་བྱུང་། འབུ་ཁ་ཤས་ཤི་སོང་བ་ལ་ཕན་པའི་བསྔོ་སྨོན་གྱི་རྒྱུས་འདི་ལྟར་བཏབ། འདིས་མཚོན་བདག་གི་དགེ་བའི་མཐུས། །སྲིན་བུ་ཤི་ཚད་མ་ལུས་པ། །ཕྱི་མར་ལྷ་མིའི་ལུས་ཐོབ་ནས། །ལྷ་ཆོས་བྱས་ནས་སངས་རྒྱས་ཤོག །ཅེས་སོ། །ཡང་གནས་དེར་དགོང་མའི་གྲངས་ཀྱི་འུག་པ་ཞིག་འོང་སྟེ་ངའི་བྲག་སྟེང་ནས་འཁུན་ཚེ་སེམས་ལ་གནོད་པ་ཞིག་རེད། དགོང་མོ་ཞིག་མི་ཉལ་རྒྱབ་ལ་རྡོ་ཁ་ཤས་ཁྱེར་ཏེ་ཁོ་འཁུན་པའི་ཐག་ཉེའི་བྲག་སྐྱིབས་ཤིག་ཏུ་ཡིབས་ནས་བསྡད། ཁོ་འོང་བ་དང་དགོད་རྒྱུ་ཞིག་བྱུང་ཀྱང་མ་བགད། དེ་ནས་ཁ་གྲག་ཏུ་བཅུག་ནས་རྡོ་རྒྱག་དགོས་སྙམ་བསྡད་པས། རེ་ཞིག་གི་བར་དུ་མ་གྲགས་ཚེ་ཤེས་སོང་བ་ཡིན་ནམ་ད་ཁ་མ་གྲག་རུང་རྒྱག་དགོས་སྙམ་པ་ཡོད་ཚེ། ཤེད་ཀྱིས་ཨུང་ཟེར་ནས་གྲག་པའི་ཚེ་ད་དུང་ལན་གཉིས་གྲག་ཏུ་བཅུག ལན་གསུམ་པ་གྲག་མ་གྲགས་ཀྱི་མཚམས་ལ་རྡོ་གཅིག་བརྒྱབ་པ་དང་ཁོས་ཨུང་ཟེར་བ་དུས་མཉམ་བྱུང་བས། ང་དགོད་རྒྱུ་ཆེན་པོ་ཞིག་བྱུང་སྟེ་གཅིག་པུར་ཡུན་རིང་བགད། དེ་ནས་བསམ་བློ་ཞིག་བཏང་བས་ཁོ་བོ་ལྟ་བ་བསྒོམ་ཟེར། འུག་པ་འཁུན་པའི་སྒྲ་ཙམ་ཞིག་གིས་གནོད་པ་མི་བཟོད་པ་ཡ་ཆ་དེ་དུས་ཁྱོད་ཀྱི་ལྟ་བ་དེ་གར་སོང་། ཡང་ཁ་ནས་སྙིང་རྗེ་སྒོམ་གྱིན་ཡོད་པ་སྐད་ཟེར་ཏེ། འུག་པར་རྡོ་བརྒྱབ་ནས་ཤི་སོང་ན་ཅི་འདྲ་ཞིག་རེད། འུག་པ་དེ་སྐྱེ་བ་སྔོན་མའི་ཕ་མ་མིན་ནམ། དེ་ལ་སྙིང་རྗེ་མི་དགོས་སམ། ད་ཁྱོད་རི་ཁྲོད་

p. 291

དུ་བསྡད་དེ་གཞན་ལ་གོ་ནས་ཆ་སྟེ། འདི་ན་གནས་སྲུང་འུག་པ་ཞིག་ཡོད་པ་འདིས་སྐད་ངན་འགའ་བརྒྱབ་པ་ཡང་མ་བཟོད་པར་དོ་ནུབ་འཁྲུག་པ་ཤོར་བས་བྱ་བ་བཙོག་པ་འདི་ལ་ལྟོས་དང་། ད་དུང་ཁྱོད་ཀྱི་རྒྱུད་ལ་སྟོང་ཉིད་སྙིང་རྗེ་ལ་སོགས་པའི་ཡོན་ཏན་གང་ཡང་མ་སྐྱེས་པའི་རྟགས་དོ་ནུབ་བསྟན་སོང་ཞེས་རང་གིས་རང་ལ་ཁྲེལ་བདས་མང་བོ་བྱེད་བཞིན་ནང་དུ་འོང་། ད་ཕྱིན་ཆད་འུག་པ་མགོ་ཐོག་ཏུ་འོང་སྟེ་གྲུག་ནའང་གནོད་པ་མི་བྱེད་པའི་དམ་བཅའ་བཞག་པས་དེའི་རྗེས་སུ་ཁོ་ཡང་སྐྲག་ནས་དེར་མ་ཡོང་བར་ལུང་མདོ་ཞིག་ན་གྲག་པར་གདའ། དེ་ནས་གནས་དེར་མཉམ་བཞག་གི་རྗེས་སུ་སྙིང་རྗེ་ཤུགས་དྲག་བསྒོམས་པས་སྐབས་རེ་བསྒོམ་མི་དགོས་བཞིན་བཅོས་མ་མ་ཡིན་པའི་སྙིང་རྗེ་ཆེན་པོ་སྡོད་མི་ཚུགས་པ་ལྟ་བུ་སྐྱེས་ཚེ། སེམས་ཅན་གྱི་དོན་དུ་བླ་མ་དཀོན་མཆོག་ལ་ཉིན་རེ་བཞིན་གསོལ་བ་ཤུགས་དྲག་བཏབ་ཅིང་། མ་སེམས་ཅན་ཐམས་ཅད་ལ་ཚེ་འདིར་ཡང་ཕན་པའི་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་རྟེན་འབྲེལ་ལ་བརྟེན་ནས། ཉིན་ཞིག་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་པའི་དུས་སུ་ཉམས་སྣང་ལ།་སྟོན་པ་སངས་རྒྱས་ཀྱིས་གཙོ་བྱས་པའི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་མང་པོ་ཞིག་གི་ཞལ་གཟིགས་པས་ལྷ་ཐམས་ཅད་ཀྱི་ཞལ་འཛུམ་ཞིང་བཞད་བཞིན་དུ། ཐུགས་ཀ་ནས་འོད་ཟེར་བྱུང་བ་ཐམས་ཅད་ཕྱོགས་གཅིག་ཏུ་འདུས། དེ་རྒྱལ་

p. 292

མཚན་ཆེན་པོ་ཞིག་ཏུ་གྱུར་པ་རང་གི་ལག་ཏུ་གཏད་པའི་སྣང་བ་བྱུང་བ་ཕྱི་ཉིན་རྒྱལ་བ་རྒྱལ་སྲས་བཞད་པའི་གླུ་དབྱངས་འདི་བླངས་སོ།། །།འོ་འོ་བཟའ་ཚང་ཐ་མ་འབྲལ་སྙམ། །ཨའུ་མཚན་ལྡན་བླ་མ་བཙལ་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་དལ་བརྒྱད་ཚང་ལ་དགའ་ནས། །ཨའུ་རྣམས་དཀར་ལས་ལ་འབད་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །།ཡ་ཡི་ཡ་ཡི། །འོ་འོ་གང་ཡང་རྟག་པར་དཀའ་སྙམ། །ཨའུ་གང་ལའང་མ་ཆགས་སྤངས་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཕ་མར་གནང་བ་བླངས་ནས། །ཨའུ་སྐྲ་བཅད་གཟན་ཤམ་བླངས་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་བཀའ་བསྟན་རྣམས་ལ་སྦྱངས་ནས། །ཨའུ་བཀའ་གདམས་རྣམ་ཐར་བསྐྱངས་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་གསང་བ་སྔགས་ལ་ཉན་ནས། །ཨའུ་གསང་ནས་ཉམས་སུ་བླངས་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་

p. 293

གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཡན་ལག་མ་ཚང་ལམ་སྤངས། །ཨའུ་ལམ་བཟང་ཆ་ཚང་བསླབས་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་བཟང་བཟང་ཆ་ཚང་ལམ་ལ། །ཨའུ་ཡང་ཡང་བག་ཆགས་བཞག་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་གཞན་ལ་བསམ་པ་མ་གནག །ཨའུ་གཞན་ཕན་བསམ་པ་ལྡན་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཕན་བཏགས་མ་བཏགས་གང་ལའང་། །ཨའུ་ཕན་བཏགས་ངན་མ་བྱས་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཕམ་ཁ་ཐམས་ཅད་བླངས་ནས། །ཨའུ་རྒྱལ་ཁ་གཞན་ལ་བཏང་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །འོ་འོ་མ་རབས་བྱ་བ་སྤངས་ནས། །ཨའུ་ཡ་རབས་བྱ་བ་བྱས་ན། །ཁོ་རེ་རྒྱལ་བ་རྒྱལ་སྲས་བཞད་ནས། །ཧེ་ཧེ་རྒྱལ་བསྟན་རྒྱལ་མཚན་གཏད་ཡ། །ཡ་ཡི་ཡ་ཡི། །ཞེས་བླངས། ཡང་ཉིན་ཞིག་ཉམས་སྣང་ལ་མཁྱེན་རབ་ཀྱི་བདག་པོ་རྗེ་བཙུན་འཇམ་དབྱངས་དང་། ངག་དབང་ལྷ་མོ་དབྱངས་ཅན་མ་གཉིས་ཀྱི་ཞལ་གཟིགས་པས། ལྷ་གཉིས་ཀ་ཞལ་རས་འཛུམ་ཞིང་བཞད་བཞིན་དུ་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། ནམ་མཁའ་ལ་སྤྲིན་ལྟར་འཁྲིགས་པའི་དཀྱིལ་ནས། ལྷ་སྐུ་ཡིག་འབྲུ་ཕྱག་མཚན་ཐིག་ལེ་བུམ་

p. 294

པ་མེ་ཏོག་ཅོད་པཎ་སྨན་སྣ་འདྲ་བ་གཞན་ཡང་མིང་མི་ཐོགས་པའི་ཁྲ་ཁྲ་ཤིག་ཤིག་ལེགས་ལེགས་མང་པོ་ཆར་ལྟར་བབས་པ་རང་གི་ལུས་ལ་སིབ་སིབ་ཐིམ་པས་བདེ་སྟོང་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་འཕེལ་ནས། ལུས་བན་བུན་ལང་ལོང་ཤག་ཤིག་ཏུ་གྱུར་པ་ཞིག་བྱུང་བས་ཕྱི་ཉིན་བླ་མ་འཇམ་དབྱངས་དང་དབྱངས་ཅན་མ་གཉིས་ཀྱང་བཞད་པའི་གླུ་དབྱངས་འདི་བླངས་སོ། །འོ་འོ་ཕུལ་བྱུང་སྤྲུལ་སྐུར་རྒྱུན་དུ། །ཨའུ་དུང་དུང་གདུངས་ཤུགས་གུས་འདུད། །ཁོ་རེ་བླ་མ་འཇམ་དབྱངས་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཚུར་མགུ་ཀུན་འབྱུང་རྒྱུ་བསྒྲུབ། །ཨའུ་ཚུར་སྡུག་ཀུན་འབྱུང་རྒྱུ་བསྐྱུར། །ཁོ་རེ་བླ་མ་འཇམ་དབྱངས་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཡུལ་ཕྱུགས་ཕུ་ནུ་ཀུན་བསྐྱུར། །ཨའུ་ཁུ་བྱུག་འཕུར་ལུང་ཕུ་ཟུངས། །ཁོ་རེ་བླ་མ་འཇམ་དབྱངས་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་རྒྱུན་དུ་རྩུབ་རྩུབ་རྒྱུད་ཐུལ། །ཨའུ་ཕུལ་བྱུང་ཐུབ་གསུང་ཀུན་བསྒྲུབ། །ཁོ་རེ་བླ་མ་འཇམ་དབྱངས་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཐུབ་གསུང་བཅུད་བསྡུས་གླུ་ཆུང་། །ཨའུ་སྒྱུ་ལུས་དངུལ་བུམ་དབུས་བཟུང་། །ཁོ་རེ་བླ་མ་འཇམ་དབྱངས་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། འོ་འོ་བསྟེན་ཚེ་ཉེར་འཚེ་གེགས་མེད། །

p. 295

ཨའུ་བདེ་སྟེར་བཤེས་གཉེན་དེ་བསྟེན། །ཁོ་རེ་དབྱངས་ཅན་མ་ཡང་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་བདེ་གཤེགས་མཉེས་བྱེད་སེམས་བསྐྱེད། །ཨའུ་བདེ་ལེགས་ཁེ་ཆེ་དགེ་རེམ། །ཁོ་རེ་དབྱངས་ཅན་མ་ཡང་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། འོ་འོ་སྡིག་སྒྲིབ་སྤྲིན་འདི་བ ཤིག་ཕྱིན། །ཨའུ་སྐྱིད་ཀྱི་ཉི་འདི་རིག་གི །ཁོ་རེ་དབྱངས་ཅན་མ་ཡང་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། འོ་འོ་སྒྲིབ་གཉིས་ཤིག་ཤིག་འཇིག་ཕྱིར། །ཨའུ་རིམ་གཉིས་ཏིང་འཛིན་དམིགས་ཤིག །ཁོ་རེ་དབྱངས་ཅན་མ་ཡང་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཆོས་འདོད་ཕོ་མོར་ཆོས་ཤོད། །ཨའུ་ཆོས་སྤྱོད་སྤྱོད་འཕྲོ་བསྔོ་མཛོད། །ཁོ་རེ་དབྱངས་ཅན་མ་ཡང་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །ཞེས་བླངས་སོ། །ཡང་མཚན་གཅིག་གི་རྨི་ལམ་དུ་སྔར་འགྲོ་མ་མྱོང་བའི་ཐག་རིང་གི་རི་ཁྲོད་དབེན་པ་ཤིན་ཏུ་ཉམས་དགའ་བ་ལྷ་ཡུལ་ལྟ་བུ་ཞིག་ཏུ་སླེབས་ནས་དེར་གཞི་ཕབ་ནས་བསྡད་དེ། རྗེ་མི་ལའི་གསུང་མགུར་སོགས་དམ་པ་གོང་མའི་གསུང་གི་མགུར་དབྱངས་མང་པོ་ཞིག་བླངས་པས། རྗེ་བཙུན་མི་ལ་ཡབ་སྲས་རྣམས་དྲན་དྲགས་ནས་གསོལ་བ་བཏབ་པས་མདུན་དུ་བྱོན་ཏེ་ཞལ་འཛུམ་ཞིང་བཞད་བཞིན། ཐུགས་

p. 296

བརྩེ་བ་ཆེན་པོའི་སྒོ་ནས་ཕྱག་གཉིས་བདག་གི་མགོ་ཐོག་ཏུ་བཞག་སྟེ་ལྔགས་མཆིལ་བཏབ་ནས་མགོ་ལ་བྱུགས་པ་ཞིག་གནང་ཚེ། འཁྲུལ་བའི་བློ་སྣ་མཐའ་དག་འགགས་ནས། བདེ་གསལ་མི་རྟོག་པས་བརྒྱན་པའི་རྣམ་པར་མི་རྟོག་པའི་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་ལྷན་ལྷན་གནས་པ་ཞིག་རྨིས་པའི་ཕྱི་ཉིན་ཡང་། མི་ལ་ཡབ་སྲས་བཞད་པའི་གླུ་དབྱངས་འདི་ཡང་བླངས་སོ། །འོ་འོ་བླ་མ་རྣམས་ལ་མཇལ་ནས། །ཨའུ་སངས་རྒྱས་བཀའ་ལ་སྦྱངས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་གསང་སྔགས་ལམ་བཟང་ཉན་ནས། །ཨའུ་ལྷ་སྔགས་བཟླས་པ་མཛད་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཚང་ར་འབར་རག་བར་ལ། །ཨའུ་ཨ་ཧཾ་འབར་འཛག་བྱས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་ལག་པ་མཉམ་བཞག་བྱས་ནས། །ཨའུ་ལྟ་བ་མཉམ་པར་བཞག་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་རང་གཞན་སངས་རྒྱས་ཐབས་ལ། །ཨའུ་རང་ན་ཚ་ཡང་འབད་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་བྱ་བ་ཐམས་ཅད་སྤངས་ནས། །ཨའུ་བྱ་བྲལ་སྤྲང་ནག་བྱས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་

p. 297

འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་གང་ལའང་ཆགས་སྡང་མ་བྱས། །ཨའུ་གང་ཕན་གཞན་ལ་བྱས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་གནས་ངན་ཐམས་ཅད་སྤངས་ནས། །ཨའུ་གནས་བཟང་རྣམས་ལ་བསྡད་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་ལག་གཡས་འགྲམ་པར་སྦྱར་ནས། །ཨའུ་ངག་དབྱངས་སྙན་པར་བླངས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་གངས་དཀར་བྲག་དམར་རྩེ་ནས། །ཨའུ་གང་ཕན་དབྱངས་སྙན་བླངས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཉམས་དགའ་གཡའ་སྤང་ནགས་ནས། །ཨའུ་ཉམས་ཤར་དབྱངས་སྙན་བླངས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་རྣར་སྙན་དབྱར་རྔ་གྲགས་སྐབས། །ཨའུ་དབྱངས་སྙན་ལྷང་ལྷང་བླངས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །ཡ་ཡི་ཡ་ཡི། །འོ་འོ་དཔག་ཚད་རྒྱང་ལ་གནས་ནས། །ཨའུ་དབྱངས་སྙན་རྒྱང་ནས་བླངས་ན། །ཁོ་རེ་མི་ལ་ཡབ་སྲས་བཞད་ནས། །ཧེ་ཧེ་མི་འབྲལ་ཡབ་ལྟར་བྱམས་ཡ། །

p. 298

ཡ་ཡི་ཡ་ཡི། །ཞེས་དབྱངས་སྙན་ལ་རིང་བ་བྱས་ནས་བླངས་སོ། །ཡང་མཚན་མོ་ཞིག་ལྷ་ཚངས་པ་ཡིན་ཟེར་བའི་མི་འདྲ་བ་ཞིག་གིས། འཛུམ་ཞིང་བཞད་བཞིན་གོས་ཀྱི་སྨན་ཁུག་འདྲ་བ་ཤིན་ཏུ་མཛེས་པ་ཞིག་ན་ཨ་རུ་ར་ལ་སོགས་པའི་སྨན་སྣ་དུ་མས་བཀང་བ་ཞིག་བདག་ལ་བྱིན་ནས། ཁྱེད་ཀྱིས་སྨན་འདི་ཀུན་ལ་བྱིན་དང་ཕན་ཐོགས་ཆེན་པོ་ཡོང་ངེས་ཟེར་བ་ཞིག་རྨིས་པའི་ཕྱི་ཉིན་ལྷ་ཚངས་དབང་བཞད་པའི་གླུ་དབྱངས་འདི་ཡང་བླངས་འོ་འོ་བཟང་གནང་བླ་མར་དད་པ། །ཨའུ་ཕན་བཏགས་ཕ་མར་བྱམས་ན། །ཁོ་རེ་ལྷ་དབང་ཚངས་པ་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་ཕྱོགས་བརྒྱར་མཁྱེན་རྒྱས་ཕྱག་གིས། །ཨའུ་སྐྱིད་མྱོང་བྱ་བྱེད་རྒྱུ་བསྐྱེད། །ཁོ་རེ་ལྷ་དབང་ཚངས་པ་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་སྲོག་འཕྲོག་འགྲན་བྲལ་དགྲར་བྲོས། །ཨའུ་སྤྲོ་བྲོད་འགྲིག་འཕྲོད་འགྲོར་འགྲོགས། །ཁོ་རེ་ལྷ་དབང་ཚངས་པ་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་འདོད་ལོག་སྲོག་གཅོད་སོགས་སྤོངས། །ཨའུ་གཙོ་བོ་ཉོན་མོངས་ཚོགས་ཆོམས། །ཁོ་རེ་ལྷ་དབང་ཚངས་པ་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །འོ་འོ་རང་གཞན་གང་ལ་ཕན་པའི། །ཨའུ་དབྱངས་སྙན་གང་བཟང་བླངས་ན། །ཁོ་རེ་ལྷ་དབང་ཚངས་པ་བཞད་ནས། །ཧེ་ཧེ་ཡ་མཚན་གང་བཟང་གནང་ཡ། །ཡ་ཡི་ཡ་ཡི། །ཞེས་རྗེ་བཙུན་སྐལ་

p. 299

ལྡན་རྒྱ་མཚོའི་གསུང་མགུར་དབྱངས་ཀྱི་ལད་མོ་བྱས་བྱ་དཀའ་བའི་ཚིག་དང་སྦྱར་ནས་རང་གཞན་ཡོངས་ལ་ཕན་པའི་ལྷག་བསམ་གྱི་ངང་ནས་བླངས་པའོ། །དེ་ལྟར་ཉམས་སྣང་སྣ་ཚོགས་ཤར་བ་ལ་སེམས་སྤྲོ་བའི་ཤུགས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཆོས་ཀྱི་རྒྱལ་པའི་ཞབས་ལ་འདུད། །ཨེ་མ་སྐལ་ལྡན་སློབ་བུ་ཚོ། །འཁོར་འདས་གཉིས་ཀའི་གནས་བཅས་ནས། །བདེ་སྡུག་སྣ་ཚོགས་མྱོང་བ་ཡི། །སེམས་ཉིད་ཆོས་དབྱིངས་མཁར་ཆེན་སྒོ། །ཕྱེ་ན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཞལ། །མ་མཐོང་ལས་ཀྱི་རང་མཐོང་ཡིན། །འཁོར་བའི་སེམས་ཅན་བདེ་སྡུག་ཀུན། །མ་རིག་ལས་ཀྱི་རང་རིག་ཡིན། །བན་རྒན་ངས་ཀྱང་བླ་མའི་གསུང་། །བཞིན་དུ་རང་སེམས་ཆོས་དབྱིངས་སྒོ། །ཨེ་ཕྱེ་བལྟས་པས་ཟུར་ཙམ་ཕྱེས། །བདེ་གཤེགས་ནམ་མཁའི་སྐར་ཚོགས་ཙམ། །ཞལ་མཐོང་ཟེར་བ་རྫུན་ཆེ་ཡང་། །སྐབས་སྐབས་དངོས་ཉམས་རྨི་ལམ་དུ། །ལྷ་ཞལ་ཙམ་རེ་མཐོང་དུས་མང་། །སེམས་ཅན་སྐྱིད་སྡུག་ལེགས་ཉེས་ཀུན། །ཤེས་ཞེས་བཤད་ན་རྫུན་ཆེ་ཡང་། །བར་བར་སེམས་ཅན་འགའ་རེ་ལ། །ལེགས་ཉེས་གང་བྱུང་འབྱུང་བ་ཤེས། །འོན་ཀྱང་སྒོ་ཀུན་མ་ཕྱེད་པར། །སྒོ་སྲུབས་ཅུང་ཟད་ཙམ་ཕྱེས་ནས། །བལྟས་པ་རེད་མོད་ཞད་ཆེ་གི །བན་རྒན་གསལ་འགྲིབ་མང་བར་གདའ། །ཚེ་མཇུག་སྒོ་དེ་ལེགས་ཕྱེས་ནས། །ངོ་མཚར་

p. 300

ལྟད་མོ་བལྟ་ནུས་པར། །ཆོས་ཀྱི་རྒྱལ་པོས་བྱིན་གྱིས་རློབས། །འདི་ཐོས་སློབ་བུར་ཕན་པར་ཤོག །ཅེས་སློབ་མ་ཡོངས་ལ་ཕན་ཕྱིར་གདམས་པའོ། །དེ་ནས་ཉིན་ཞིག་རི་བོ་རྨ་ཆེན་གྱི་རི་རྩེ་ཞིག་ཏུ་ཁམས་བསངས་སུ་སོང་ནས། སེམས་ཁ་ཡངས་པོ་བྱས་ཕྱོགས་ཀུན་ཏུ་མིག་གིས་བལྟས་ནས་ཁམས་སངས་པ་དང་། ལུས་གནད་དྲང་པོར་བསྲང་མིག་གིས་ནམ་མཁའ་ཡངས་པའི་ཀློང་ལ་ཧ་རེ་བལྟས་ནས། ནམ་མཁའ་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་གནས་ལུགས་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་གདལ་ཀློང་ཡངས་མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མེར་གྱིས་གློད་ནས་མགུར་དབྱངས་འདི་བླངས་སོ། །མཐའ་དབུས་ཁྱབ་གདལ་འོད་གསལ་ཆོས་ཀྱི་དབྱིངས། །གདོད་ནས་ལྷུན་གྲུབ་ཕྱམ་ཕྱམ་མེ་རེ་རེ། །ཕྱི་དང་ནང་མེད་རང་རིག་མཁའ་ལྟར་ཡངས། །རྒྱ་ཆད་ཕྱོགས་ལྷུང་མེད་པར་ཟང་ཐལ་ལེ། །དབྱིངས་རིག་དབྱེར་མེད་སྐྱེ་མེད་ཀློང་ཡངས་ན། །ཆོས་རྣམས་བར་སྣང་འཇའ་བཞིན་འལ་མ་འོལ། །མ་དག་དག་ཞིང་སངས་རྒྱས་སེམས་ཅན་རྣམས། །སོ་སོར་མ་འདྲེས་ཀློང་ན་ཁྲ་ཤིགས་སེ། །ནམ་མཁས་གར་ཁྱབ་ཐམས་ཅད་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ། །ནམ་མཁའ་རིག་པ་ཆོས་དབྱིངས་དབྱེར་མེད་འདྲེས། །ཤིན་ཏུ་ཡངས་སོ་ཆེའོ་འཁོར་འདས་གཞི། །འདི་ཡི་ངང་དུ་ཉིན་དང་མཚན་མེད་པར། །ནམ་ཡང་མེར་གྱིས་སོང་ན་དགའ་བ་ལ། །ཨེ་མ་ཧོ། །

p. 301

རྣལ་འབྱོར་པ། །འདིའི་ངང་ལ། །ཁ་རོག་པ། །གློད་ལ་ཐོངས། །ཡན་པར་ཞོག །ཆོས་སྐུ་འཐོབ། །གཟུགས་སྐུ་འབྱུང་། །ཕཊ་ཨ་ཨ། ཞེས་བླངས་ནས་མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། བྱིང་རྒོད་ཕྲ་རགས་ཐམས་ཅད་ནམ་མཁའ་ལ་སྤྲིན་དྭངས་པ་བཞིན་རང་སར་ཡལ་ནས། སྟོན་གནམ་གཡའ་དག་པ་ལ་ཉི་མ་ཤར་བ་བཞིན། སེམས་ཀྱི་གནས་ལུགས་སྟོང་གསལ་རྗེན་ལ་བུད་དེ་ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ་དེའི་ངང་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཉི་ཟླ་གཟའ་སྐར་ལྟར་བཀྲ་ཞིང་ལྷུན་གྱིས་གྲུབ་པ།་སྣང་སེམས་ཐམས་ཅད་དབྱེར་མེད་རོ་གཅིག་ཏུ་འདྲེས་ནས། དགྲ་དང་གཉེན་ལ་ཁྱད་མེད། གསེར་དང་ས་རྡོ་ཁྱད་མེད། འདི་དང་ཕྱི་མ་ཁྱད་མེད། སེམས་དང་ནམ་མཁའ་ཁྱད་མེད་པའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་རྣམས་ཀྱི་གྲལ་དབུས་སུ་བཞག་ཆོག་པ་ཞིག་ཏུ་གྱུར་ཏོ། །ཡང་ཉིན་ཞིག་ཕྱི་དྲོ་ནམ་མཁའི་མཐོངས་ནས་བྱ་རྒྱལ་རྒོད་པོ་གཉིས་སྔ་ཕྱི་བྱས་ནས་བླ་མའི་གདན་སའི་ཕྱོགས་སུ་འགྲོ་བ་མཐོང་ཚེ། ཀྱེ་མ་བདག་ལ་བྱ་རྒོད་ཡ་ཀི་གཉིས་བཞིན་རྫུ་འཕྲུལ་གྱི་གཤོག་པ་ཞིག་ཡོད་རྒྱུ་ཡིན་ན། བླ་མའི་གདན་ས་རུ་ཡུད་ཙམ་ཞིག་ལ་འཕུར་ཏེ་སོང་ཆོག་པ་ལ། རང་ལ་དེ་ལྟ་བུའི་ནུས་པ་ནི་མི་འདུག་སྙམ། བླ་མ་ཡབ་ཡུམ་མཆེད་གྲོགས་རྡོ་རྗེའི་སྤུན་དང་བཅས་པ་

p. 302

ཡིད་ལ་དྲན་དྲགས་ནས་བླ་མ་དྲན་པའི་གདུངས་དབྱངས་འདི་བླངས་སོ། །རྩལ་ལྡན་བྱ་རྒྱལ་རྒོད་གཉིས་སྔ་ཕྱི་བྱས། །བླ་མའི་གདན་སའི་ཕྱོགས་སུ་འགྲོ་བ་མཐོང་། །ས་ཕྱོགས་བླ་མ་གྲོགས་རྣམས་ཏུར་གྱིས་དྲན། །དང་པོའི་མཛད་སྤྱོད་ཀུན་བསམ་མཆི་མ་ཤོར། །ཨུ་ཤུ་ད་ལྟའི་དུས་འདིར་ཞལ་བཞུགས་ན། །མཇལ་ན་སྙམ་པའི་འདོད་གདུངས་མེ་བཞིན་འབར། །བླ་མའི་ཡོན་ཏན་རང་ལ་དྲིན་ཆེ་ཚུལ། །བསམ་ཞིང་བསམ་ཞིང་དད་གུས་གཏིང་ནས་སྐྱེས། །ནམ་མཁའ་བཞིན་དུ་ཐུགས་དགོངས་རབ་ཏུ་མཐོ། །ཉི་ཟླ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད། །ནོར་བུ་བཞིན་དུ་ཡོན་ཏན་དཔག་མེད་མངའ། །ཅི་འདོད་བཞིན་དུ་རེ་སྐོང་དྲིན་ཅན་རྗེ། །སྔོན་དུས་བསྐལ་བ་བྱེ་བ་བརྒྱ་སྟོང་བར། །བསོད་ནམས་རིན་ཆེན་བསགས་པའི་ཟོང་གིས་ལོན། །ད་ནི་བསྐལ་བ་བརྒྱད་ཁྲིའི་བར་བཙལ་ཡང་། །དེ་འདྲའི་མཚན་ལྡན་བླ་མ་གང་ནས་རྙེད། །ཀྱེ་མ་ཀྱེ་ཧུད་སྐལ་དམན་ལས་ངན་ངས། །ནོར་བུ་ལན་ཅིག་རྙེད་པ་ལག་ནས་ཤོར། །ལག་པ་སྟོང་པའི་སློང་མོ་བ་བཞིན་གྱུར། །སེམས་ལ་ནམ་ཡང་བདེ་བའི་སྐབས་མ་བྱུང་། །སྔོན་དུ་རྐང་ཐང་སོང་ཡང་སླེབས་པའི་དུས། །མི་མཇལ་ཕྱིས་མཇལ་སྙམ་པའི་ངང་རིང་པོ། །ད་ནི་མཇལ་བར་འདོད་ནས་ཅང་ཤེས་ཀྱི། །རྟ་མཆོག་གོང་ནས་སོང་ཡང་གང་ནས་སླེབས། །ཨུ་ཤུ་སྔོན་དུས་ཡུན་རིང་བསྟེན་ན་ཡང་། །ད་ནི་བླ་མའི་ཞལ་རས་གང་ནས་མཐོང་། །གསུང་དབྱངས་ཚེ་འདིར་རྣ་བས་གང་

p. 303

ནས་ཐོས། །བསམ་ཞིང་བསམ་ཞིང་འགྱོད་པ་གཏིང་ནས་སྐྱེས། །ཀྱེ་ཧུད་རྗེ་བཙུན་འཛམ་གླིང་ཉི་མ་ཡིས། །ལྷོ་རྒྱལ་འཛམ་བུ་གླིང་པ་སྨྲག་ཏུ་བཏང་། །མི་མངོན་ཆོས་དབྱིངས་ནུབ་རིར་འཐེན་ནས་སོང་། །བདག་སེམས་ནམ་མཁར་སྡུག་བསྔལ་སྤྲིན་ནག་འཁྲིགས། །སྨྲེ་སྔགས་ཨུ་ཤུ་སྔམ་པའི་གཡུ་འབྲུག་ལྡིར། །མཆི་མའི་ཆར་བ་བཞིན་རས་ས་གཞིར་ལྷུང་། །ལུས་ཀྱི་ས་འགུལ་བ་སྤུའི་རྩི་ཤིང་གཡོས། །ལག་པད་འབྱེད་འཛུམ་བྱེད་པའི་དུས་གཅིག་བྱུང་། །བླ་མ་མ་གཏོགས་བསམ་རྒྱུ་ཅི་ཡང་མེད། །བླ་མས་རྗེས་བཟུང་ཚོགས་དྲུག་རང་གྲོལ་ངས། །བླ་མ་དྲན་པའི་གདུངས་དབྱངས་བླང་པའི་མཐུས། །བླ་མས་རྟག་ཏུ་རྗེས་སུ་འཛིན་པར་ཤོག །ཅེས་བླངས་སོ། །དེ་ནས་ཉི་མ་ཁ་ཤས་ཀྱི་འཕྲོ་ནས་ཞག་པོ་བརྒྱད་ཀྱི་བར་དུ་ཁ་བ་ཉིན་མཚན་གཉིས་ཀར་བབས་པས་སྲབ་མཐུག་ཁྲུ་དོ་ལྷག་ཙམ་ཞིག་བྱུང་། ཉི་མ་མང་པོར་ཇ་བསྐོལ་རྒྱུ་ཡང་མ་བྱུང་བར་སྒྲུབ་པའི་སྐུ་མཚམས་ཁ་བས་བསྡམས་ཚེ། ནང་ནས་ཉི་མ་མང་པོར་རྩམ་པ་འདྲ་ཁར་བཏབ་ནས་ཁ་བ་དང་ཆུ་ཅུང་ཟད་རེ་འཐུངས་ནས་མཉམ་པར་བཞག དེ་ཡང་དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་འཁོར་བའི་ཉེས་དམིགས་འགྲོ་ཀུན་ཕ་མ་ཡིན་ཚུལ་རྣམས་བསམས་ནས་བདག་པས་གཞན་གཅེས་ཀྱི་བློས། དམན་པའི་ས་བཟུང་རྡུལ་པོའི་གོས་གྱོན། གྱོང་ལྟོ་གོས་

p. 304

གཏམ་གསུམ་ལ་བཏང་། མི་མེད་པའི་གངས་དང་རི་སུལ་རྣམས་འགྲིམས་ནས། ཅི་ནུས་ཀྱི་སྒོམ་སྒྲུབ་བྱེད་དུས་ཨ་མ་ཆེན་པོ་མི་དྲན་ལ། དྲན་ཀྱང་གཉེན་པོ་བསྟེན་ཚེ་ཞི་འགྲོ་བ་ཡིན་ཀྱང་། རི་བོ་རྨ་ཆེན་གྱི་མགུལ་ན་ཡོད་དུས་མ་འཆི་བ་སེམས་ཀྱིས་ཤེས་པ་འདྲ། ཟླ་བ་བརྒྱད་ལྷག་ངོ་མཐོང་དགུ་སོང་བའི་དུས་བྲོ་ཁ་ཡང་ཚར། དགོང་མོ་གཅིག་ལ་མ་ཡང་དྲན་ནས་ལན་ཅིག་ཐུག་ན་སྙམ་པ་སྐོམ་པ་ཆུ་འདོད་པ་ལྟར་བྱུང་སྟེ་གཉེན་པོ་བསྟེན་ཀྱང་མ་ནོན་ཚེ། ག་རེ་ཨ་མར་མ་ཕྲད་པར་ལོ་ངོ་མཐོང་དགུ་ཙམ་ཐལ། གཏེར་སྟོན་བསོད་ནམས་སྙན་གྲགས་རིན་པོ་ཆེའི་ལུང་བསྟན་སྟེང་དུ་ཡང་སླེབས་འདུག་པས། ད་ཨ་མ་ཨེ་ཡོད་ཅི་ཤེས། ཡོད་ན་ཨ་མ་ལ་ལན་ཅིག་ཐུག་དགོས། སྔར་ཨ་མས་འགྲོ་རུ་མི་འཛུག་གིས་དོགས་ནས། མགོ་བསྐོར་རྫུན་བཤད་ནས་འོང་དུས་ལྷོད་ལྷོད་བྱས་ནས་ཁ་ཏ་ཡག་པ་ཞིག་བྱེད་རྒྱུ་ཡང་མ་བྱུང་། མིའི་སྐྱེ་འཆི་ལ་ངེས་པ་མི་སྣང་། ད་ཐུག་མི་ཐུག་གང་ཡིན་རུང་། །ལན་ཅིག་འགྲོ་དགོས་པས་མི་ཚད་འཕྱིས་འཕྱིས་འདྲ། ང་ད་བར་མ་སོང་བར་ཅི་ལ་བསྡད། སྔར་ལོ་ནས་ཅིག་ཐུག་རྒྱུ་ཡིན་སྙམ་པ་ཡིད་ལ་ཤར་ནས་རྨ་རྒྱལ་གངས་ནས་ཚུར་ལ་འོངས་སོ། །སྨྲས་པ། སངས་རྒྱས་ཀུན་གྱིས་པད་དཀར་ལྟར་བསྔགས་པའི། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སངས་རྒྱས་རྗེས་འཇུག་བདག་དང་བུ་སློབ་ཀྱིས། །སངས་རྒྱས་རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །མ་འོངས་ཆོས་མཛད་ཡོངས་

p. 305

ལ་ཕན་པའི་ཕྱིར། །རང་གི་རྣམ་ཐར་ཡང་ཡང་བརྗོད་ལ་སྤྲོ། །རྨ་ཆེན་གངས་ལ་སྒྲུབ་པ་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །དར་དཀར་ལྷ་ལམ་བརྒྱུད་ནས་འོང་བའི་ཚེ། །རྐང་བ་ལྷམ་གྱིས་བ ཤུས་ཚེ་མཚོ་སྨན་གྱིས། །རས་ཞིག་གནང་བ་རླུང་གིས་ཁྱེར་ནས་འོང་། །དེ་ཉིད་མཐོང་བས་ཐམས་ཅད་ཡ་མཚན་སྐྱེས། །མཚོ་ཡི་ཕྱི་རོལ་ཐོན་ནས་གཡས་སྐོར་བྱས། །སོག་པོ་ཨ་རིག་ཞབས་དྲུང་ཡོན་བདག་ལ། །ཆོས་བཤད་མགུར་བླངས་བློ་ཁ་ཆོས་ལ་བསྒྱུར། །ཟས་གོས་མཐུན་རྐྱེན་ཁྱེར་ནས་ལམ་ལ་ཞུགས། །སོང་ནས་ཉིན་ཞིག་ཕྱི་དྲོར་བབས་པའི་ཚེ། །ལམ་འགྲམ་ངོས་ཀྱི་སྤང་གཞོང་ཞིག་ན་རྐྱང་། །མ་བུ་བརྒྱད་ཅུ་ཙམ་ཞིག་འདུག་པ་མཐོང་། །མ་ཎི་དབྱངས་བྱས་བཏོན་པས་མཐའ་ལ་འདུས། །ཆོས་བཤད་མགུར་ལ་ཉན་པའི་ཚུལ་དུ་བསྡད། །དེ་ལ་སྐྱེལ་མི་གཉིས་ཀྱང་དད་པ་སྐྱེས། །ཡར་སོང་གངས་རི་མཐོང་བས་ལྷ་བསང་བཏང་། །ལྷ་ཕྱག་འཚལ་དུས་མེ་ཏོག་ཆར་གྱིས་བསུས། །འདབས་སུ་སླེབས་པའི་ཉིན་པར་གངས་ནང་ནས། །སྙན་པའི་སྒྲ་དབྱངས་འབྲུག་བཞིན་ལྡིར་བ་བྱུང་། །བྲག་སྐྱིབས་

p. 306

ཤིག་ནས་རང་ཤོང་རྡོ་ཁང་བརྩིགས། །སྐྱེལ་མི་གཉིས་དང་ཁལ་མ་ཕྱིར་ལ་ལོག །རང་ཉིད་གཅིག་པུར་ཉམས་དགའི་མགུར་དབྱངས་བླངས། །རྩེ་གཅིག་སྒོམ་ལ་གཞོལ་ནས་ཉིན་ཞིག་དུས། །གནས་བསྟོད་མགུར་དབྱངས་བླངས་པའི་མཚན་མོ་ཡི། །ཐོ་རངས་ཉམས་ལ་ཨ་མྱེས་རྨ་ཆེན་གྱིས། །བོས་ནས་རིན་ཆེན་གསེར་གྱི་ཁྲི་ལ་བཞག །གསེར་མདོག་པཎ་ཞུ་བསྐོན་ནས་མིང་ཡང་བཏགས། །བསྟན་དང་འགྲོ་བའི་དོན་དུ་མངའ་གསོལ་མཛད། །མཉམ་བཞག་ངང་ནས་སྲིད་པའི་རྩ་རྩེ་དང་། །ཁྱད་པར་ཉེ་འཁོར་ཐམས་ཅད་གསལ་བར་མཐོང་། །སྦྲང་མར་སྦྱར་བའི་མགུར་བླངས་ཁམས་བསངས་བྱས། །དབེན་པའི་བསྔགས་བརྗོད་བསམས་ནས་ཉམས་ལེན་རེམ། །དགོང་ཞིག་འདྲེ་ཞིག་འཚུབ་མར་བརྫུས་ནས་འོང་། །མཆིལ་མ་བཏབ་པས་གཟུགས་བསྟན་ཁོག་ཏུ་ཞུགས། །རང་ལུས་ལྕགས་ཁང་ནང་དུ་མེ་དཔུང་བསྒོམས། །འདྲེ་བསྲེགས་ཚིག་རོ་མི་གཙང་བཞིན་དུ་བཏང་། །མདུན་ཕྱོགས་མཚོ་ཆུང་ཁ་ན་གནས་པ་ཡི། །ངང་བ་གཉིས་ཀྱི་གཅིག་དེ་གླག་གིས་བསད། །གཅིག་པོའང་ཕྱོགས་གཞན་བྲོས་ནས་མ་མཐོང་ཚེ། །སྐྱོ་ནས་མི་རྟག་མགུར་བླངས་སྨོན་ལམ་བཏབ།།ཉིན་ཞིག་མགོ་ལོག་ཕྱོགས་ཀྱི་ཇག་པ་འགའ། །ལུང་ལོག་བརྒྱུད་ནས་གློ་བུར་ཐོག་ཏུ་བྱུང་། །སྦྱིན་དང་བཟོད་པའི་ལག་ལེན་བྱེད་དུ་བཅུག །ཕན་པའི་མགུར་བླངས་རྗེས་སུ་བསྔོ་སྨོན་བྱས། །མཚོ་ཆུང་བསྐམས་ནང་འབུ་

p. 307

རྣམས་སྙིང་རྗེ་ནས། །མཚོ་ཆེན་ནང་བསྐྱལ་བསྔོ་སྨོན་མཚམས་སྦྱོར་བྱས། །འུག་པ་འཁུན་པར་རྡོ་བརྒྱབ་དགོད་ཁ་ཤོར། །རང་ལ་ཁྲེལ་བདས་འུག་པར་སྙིང་རྗེ་སྐྱེས། །ཐུབ་པའི་དབང་པོས་གཙོ་བྱས་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་མང་པོའི་ཞལ་གཟིགས་དུས། །ཐུགས་ཀའི་འོད་བྱུང་རྒྱལ་མཚན་ཞིག་ཏུ་གྱུར། །དེ་ཉིད་རང་ལ་གཏད་པའི་ཉམས་སྣང་ཤར། །འཇམ་དབྱངས་དབྱངས་ཅན་ལྷ་མོའི་ཞལ་གཟིགས་དུས། །ཐུགས་ཀའི་འོད་བྱུང་མཁའ་ལ་སྤྲིན་ལྟར་འཁྲིགས། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་སྣ་ཚོགས་ཆར། །བབས་པ་རང་ལ་ཐིམ་པའི་ཉམས་སྣང་བྱུང་། །མཚན་ཞིག་དབེན་གནས་ལྷ་ཡུལ་ལྟ་བུ་ནས། །རྗེ་བཙུན་མི་ལ་ཡབ་སྲས་མདུན་དུ་བྱོན། །མགོ་ལ་ཕྱག་བཞག་ལྗགས་མཆིལ་བཏབ་པའི་ཚེ། །འོད་གསལ་ངང་ལ་གནས་པའི་རྨི་ལམ་བྱུང་། །ལྷ་ཆེན་ཚངས་པ་བྱོན་ནས་སྨན་རྐྱལ་བྱིན། །གཞན་ལ་བྱིན་དང་ཕན་ཐོགས་རྒྱ་ཆེན་པོ།།འབྱུང་ཞེས་གསུངས་པའི་རྨི་ལམ་ཡག་པོ་བྱུང་། །དེ་དག་རྣམས་ལ་དགའ་ནས་ཉིན་རེ་བཞིན། །རྒྱལ་བ་རྒྱལ་སྲས་འཇམ་དབྱངས་དབྱངས་ཅན་མ། །མི་ལ་ཚངས་པ་བཞད་པའི་མགུར་རྣམས་བླངས། །ཉིན་ཞིག་རྨ་ཆེན་རི་ཡི་རྩེ་ཞིག་ལ། །ཕྱིན་ཏེ་ཕྱོགས་ཀུན་བལྟས་ནས་ཁམས་བསངས་བྱས། །མཉམ་བཞག་ནམ་མཁའ་ལྟ་བུའི་ངང་ཉིད་དུ། །བཞག་པའི་ལྟ་བ་མཁའ་
དང་མཉམ་པ་བྱུང་། །བླ་མའི་གདན་སའི་ཕྱོགས་སུ་རྒོད་འགྲོ་བ། །མཐོང་ནས་བླ་མ་དྲན་པའི་གདུངས་དབྱངས་བླངས། །སྟོན་དུས་ཁ་བབས་བྲོ་ཆད་མ་ཡང་དྲན། །བྲག་དཀར་སྤྲེལ་རྫོང་ཕྱོགས་སུ་ཡོང་དགོས་བྱུང་། །མདོར་ན་རྨ་ཆེན་གངས་ནས་སྒྲུབ་པ་བྱས། །བསྟན་པའི་རྒྱལ་མཚན་གཏད་པའི་སྣང་བ་ཤར། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །སྒྲུབ་ལ་གཞོལ་ཚེ་ལྷ་ཡི་ཞལ་མཐོང་ཞིང་། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་བར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བརྒྱད་པ་བྱིན་རླབས་དངོས་གྲུབ་འབྱུང་གནས་བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ།

p. 308

བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས་ནས་སྒྲུབ་པ་བྱས་ཚུལ། བརྒྱད་པ་བྱིན་རླབས་དངོས་གྲུབ་ཀྱི་འབྱུང་གནས་བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ་ནི། དེ་ནས་ཕར་བལྟས་དཔོན་མེད་ཚུར་བལྟས་གཡོག་མེད། བསྡད་ལས་རྒྱུ་འགྲོ་ན་ལུས་རྒྱུ་མེད་པར་གང་བདེ་སྟབས་བདེ་རང་བྱེད་པའི་རྣལ་འབྱོར་པ་ངས་གནས་མཆོག་དེའི་ལྷ་མཁའ་འགྲོ་ཆོས་སྐྱོང་ལ་ཕྱག་དང་མཆོད་པ་བྱས་ནས། མྱུར་མོར་ལམ་ལ་ཞུགས་ནས་འོང་བའི་ཉིན་ཞིག་ཉི་མའི་གུང་ལ། དྲེད་མོང་མ་བུ་གཉིས་ཙམ་མཐོང་བ་ལ། འཇིགས་པས་ལྟ་བའི་བོགས་འདོན་ཀྱང་བྱས། ཡང་ཉིན་ཞིག་ཐང་ཞིག་ནས་འབྲོང་གཡག་བཙན་པོ་ཞིག་ངའི་སྡུན་ནས་གློ་བུར་དུ་

p. 309

ཡར་ལངས་ཏེ་རྔ་གཟེངས་སྣ་ཤུགས་དུས་གཅིག་ལ་བྱས་ནས། ཚུར་ངའི་སྟེང་དུ་ཐོག་ལྟར་བརྒྱུགས་བྱུང་བས་སྡུན་དུ་ང་ཡང་ཕར་བརྒྱུགས་པས། འབྲོང་གི་མགོ་བོ་དགྱེ་ནས་ཡོང་བ་དང་ཐག་ཉེར་བཏུད་དུས་མགོ་བསྒྱུར་ནས་བྱུང་ཚེ། གོམ་གང་ཙམ་ནས་ང་ཕར་མཆོངས་པས་རྭ་གཉིས་ཀྱི་བར་དུ་སླེབས་པ་དང་འབྲོང་གི་རྭ་ཡར་གཡུག་པའི་ཤུགས་ཀྱིས་གཉའ་སྟེང་དུ་སོན་ཚེ། གཉའ་བར་ཞོན་ཏེ་རྐང་བ་གཉིས་རྭ་གཉིས་ལ་བཀན། ལག་པས་ཟེ་བའི་རྩིད་པ་ལ་འཇུས་ནས་ཡིད་ཀྱིས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་། འབྲོང་དེའི་སྙིང་གི་ཕྱོགས་སུ་ཁ་གཏད་དེ་ཀི་བཏབ་ནས་སྐད་དྲག་པོ་བ ཏོན་ནས། ཁོ་ཤིན་ཏུ་སྐྲག་ཅིང་དངངས་ཏེ་ཐག་རྒྱང་གང་དོ་ཙམ་དུ་ཁུར་ནས་བརྒྱུགས། དེ་ནས་ཤེད་ཀྱིས་ཅིག་སྤྲུགས་པས་ཟེ་བའི་རྩིད་པ་ཞིག་དང་། ང་དང་། རྒྱབ་ཀྱི་ཁུར་བོ། ལག་གི་སྦ་དབྱུག འབྲོང་དཀྲོག་པའི་རྔ་ཆུང་ཞིག་ཡོད་པ་རྣམས་ཕྱོགས་ཕྱོགས་སུ་རྩྭ་ལྟར་གཏོར་ནས། ཕྱི་མིག་ཙམ་ཡང་མི་བལྟ་བར་བྲོས་སོང་། ང་ལ་སྐྱོན་གང་ཡང་མ་བྱུང་བའི་ཚེ། ཡར་ལངས་ཏེ་འབྲོང་གི་ཕྱོགས་སུ་བརྒྱུགས་ནས་ཀི་བཏབ་ཚེ་འབྲོང་ཁོ་རི་ཆུང་ཞིག་གི་མགོ་ལ་སོང་ནས་ལྕི་བ་ཞིག་བཏང་། ཁ་ཕྱིར་ཕྱོགས་ནས་ང་ལ་བལྟ་བའི་ཚེ་ངས་ཁུར་བོ་བཅིངས་ཞོར་ལ་གླུ་འདི་བླངས་སོ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྤྱི་བོར་

p. 310

བཞུགས། །འབྲོང་གཡག་བཙན་པོ་ཁ་ཕྱིར་ཕྱོགས། །རྣལ་འབྱོར་བདག་གི་གླུ་འདིར་ཉོན། །དང་པོ་ཉེས་མེད་རྣལ་འབྱོར་ང་། །གསོད་སྙམ་ཐོག་བཞིན་རྒྱུག་དུས་དཔའ། །རྣལ་འབྱོར་ང་ཡང་འཇིགས་པར་གྱུར། །བར་དུ་རྡུང་ཁར་རྣལ་འབྱོར་ང་། །སྟེང་དུ་ཞོན་ནས་གནོད་མ་འཁྱོལ། །སེམས་ཀྱི་དཔའ་ཞུམ་སྐྲག་པ་སྐྱེས། །ཐ་མར་ཁྱི་རྐུན་བཏང་བ་བཞིན། །ཕྱི་མིག་ཙམ་ཡང་མི་བལྟ་བྲོས། །འབྲོང་ཁྱོད་དེ་རིང་ཤི་ལས་ཐུ། །རྩོལ་ཤུགས་ཆེ་བ་དོན་རེ་ཆུང་། །གཤགས་མ་ཐུབ་པ་ངོ་རེ་གནོང་། །ཁྱོད་ཀྱང་མགོ་ལ་རྭ་སྐྱེས་ནས། །བཟུར་ཏེ་ཁེར་ཉལ་བྱས་པར་སྣང་། །ངས་ཀྱང་མགོ་ལ་རལ་བ་འདི། །བཞག་ནས་གཅིག་པུར་བསྡད་པ་ཡིན། །ད་དུང་མ་འབྲོ་ཕྱིར་ལ་ཤོག ངེད་གཉིས་རྩལ་དང་བློ་གཉིས་འགྲན། །མི་དང་དུད་འགྲོའི་ཆེ་ཁྱད་འབྱེད། །བླ་མ་དཀོན་མཆོག་ཐུགས་རྗེ་ཆེ། །མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཆེ། །རྩལ་ལྡན་འབྲོང་གཡག་བཙན་པོ་ཞིག །བློ་ལྡན་བདག་གིས་དེ་རིང་བ ཏུལ། །དངོས་སམ་རྨི་ལམ་གཉིས་ཀྱི་གང་། །ད་དུང་བདག་གིས་ངོ་མ་ཤེས། །རྨི་ལམ་ཡིན་རུང་འབྲོང་གཡག་ལ། །ཞོན་ནས་འགྲོ་བའི་རྨི་ལམ་དཀོན། །དངོས་ཤིག་ཡིན་ན་མི་ཞིག་གིས། །དེ་རིང་མཐོང་ན་ངོ་མཚར་ཆེ། །འབྲོང་གི་རྭ་གཉིས་བར་ནས་ཐར། །ཨེ་མ་རྨད་བྱུང་སྐལ་བ་བཟང་། །ཞེས་བླངས་ནས་རྔ་ཆུང་རྡུང་ཞིང་ཀི་བཏབ་ཚེ། ཇོ་ཟིང་ཞིག་བྱས་ནས་ལུང་བའི་ཕར་རྒྱབ་ཏུ་བྲོས་སོང་ཚེ།

p. 311

བདག་གི་ཁུར་བོ་ཁུར་ནས་ཚུར་ལ་འོང་བའི་ལམ་བར་དུ། རང་གིས་རང་ལ་འདི་སྐད་ཅེས་སྨྲས་སོ། །ད་ནམ་འཆི་ལ་ངེས་པ་ནི་མི་འདུག འཆི་ན་ཁྱོད་ཀྱི་སློབ་མ་ཡོན་བདག་ཚོ་ལ་ཁ་ཆེམས་ཤིག་འཇོག་ལོས་དགོས། ཁ་ཆེམས་འཇོག་རྒྱུ་ཡིན་ན་ཅི་འདྲ་ཞིག་འཇོག་རྒྱུ་ཡིན་ཞོག་དང་ཞེས་རྣལ་འབྱོར་ཁ་ཆེམས་ཀྱི་གླུ་འདི་ལྟར་བླངས་སོ། །འཆི་བའི་འཇིགས་པ་ལས་གྲོལ་རྒྱལ་རྣམས་ཀྱིས། །འཆི་བདག་དབང་གྱུར་བདག་གི་ལམ་སྣ་དྲོངས། །འཆི་ཁའི་ཁ་ཆེམས་གླུ་དབྱངས་འདི་ཉིད་ལ། །འཆི་བས་མ་བཅོམ་སློབ་མ་ཡོན་བདག་ཉོན། །འཆི་བ་ཟེར་བའི་འབྲུག་བཞིན་ཡོངས་ལ་གྲགས། །འཆི་བདག་བཟློག་མེད་ཐོག་ལྟར་བྱུང་བའི་ཚེ། །འཆི་བླུ་རིམ་གྲོ་སོགས་ཀྱིས་ཕན་མི་ཐོགས། །འཆི་ངེས་ནམ་འཆི་ཆ་མེད་ང་དང་འདྲ། །འཆི་བ་སོམས་ལ་ཚེ་འདིར་མ་ཆགས་པར། །འཆི་བྲོད་དམ་པའི་ཆོས་ལ་ཀུན་གྱིས་འབོད། །འཆི་ཁར་ཁ་ཆེམས་མང་པོ་འཇོག་མི་དགོས། །འཆི་བས་མ་བཅོམ་བདེ་དུས་གླུ་བླངས་ཚད། །འཆི་ཁའི་ཁ་ཆེམས་འདྲ་བས་དེ་ལུགས་ཀྱིས། །འཆི་མེད་རྡོ་རྗེའི་སྐུ་བརྙེས་སངས་རྒྱས་ཀྱང་། །འཆི་ཚུལ་སྟོན་ན་བདག་འདྲ་སྨོས་ཅི་དགོས། །འཆི་བ་མི་རྟག་སློབ་དཔོན་ཡིན་སོམས་ལ། །འཆི་བདག་དབང་སོང་ང་ཕྱིར་མ་སྡུག་བར། །འཆི་རག་བར་དུ་དགེ་ལ་འབོད་ཅིག་ཅེས། །འཆི་བའི་ལམ་ལ་ཚོགས་དྲུག་རང་གྲོལ་སོང་། །འཆི་སྡུག་མི་མངའ་

p. 312

མངོན་དགའི་ཞིང་དུ་འགྲོ །ཞེས་པའང་རྩེ་མཚར་དུ་བླངས་སོ། །དེ་ནས་ཚུར་འོང་བས་སྟོན་ཀ་རི་མགོ་ཐམས་ཅད་ཁ་བས་ནོན་ཚེ་འབྲོང་དང་རི་དྭགས་ཐམས་ཅད་ཤོད་དུ་བབས་ནས། འབྲོང་གཡག་བཙན་པོ་མང་པོས་ལམ་བཀག་ནས། ཉལ་འདུག་པ་རྣམས་ལ་སྐོར་གྱིན་འོང་། དགོང་ཞིག་ལུང་སྟོང་ཞིག་ཏུ་བསྡད་ཚེ་ཕུ་ན་ཤ་བ་ངུ་ཞིང་། མདོ་ན་ཝ་མོ་བརྒྱལ་བ། བར་ན་འུག་པ་འཁུན་པ་སོགས་བར་དོའི་སྐབས་སུ་སླེབས་པ་འདྲ་བ་ཞིག་ཀྱང་བྱུང་། དེ་ནས་དབུས་ལམ་ཆེན་པོ་ལ་ཞུགས་ནས་འོང་ཚེ་ཚོང་དཔོན་རྣམས་ཀྱི་ཁལ་མ་ཆད་པ་རྣམས་སྤྱང་ཀིས་བསད་ནས་ཟོས་ཏེ། སྤྱང་ཀི་བཅུ་ཙམ་ཞིག་རི་ཟུར་ཞིག་ནས་འགྲོ་བ་ལ་ངས་ཀྱང་བལྟས་ཀི་བཏབ་ཚེ་ཕྱི་མིག་ལོག་ལོག་ལྟ་བཞིན་བྲོས་ནས་སོང་། དེ་ནས་བྲག་དཀར་སྤྲེལ་རྫོང་གི་ཐག་ཉེར་སླེབས་ཚེ་དད་ཅན་འགའ་རེས། ཁྱེད་བཞུགས་གནས་གང་ཡིན་མཚན་ལ་ཅི་ཟེར་སོགས་རྒྱུ་མཚན་དྲིས་པའི་ལན་དུ་མགུར་དབྱངས་འདི་བླངས་སོ། །སེང་ཕྲུག་གུའི་དུས་སུ་ཚང་ནས་བསྡད། །སྟོབས་རྒྱས་དུས་སེང་མའི་ཕྱི་ལ་འབྲངས། །ཡར་གངས་བསྟོད་འགྲིམས་ནས་ལུས་རྩལ་སྦྱངས། །མར་གངས་མཐར་ལྷུང་གིས་དོགས་པ་མེད། །དུས་ད་ལྟ་གངས་དཀར་མགུལ་ན་གནས། །མིང་གཅན་གཟན་རྒྱལ་པོ་སེང་གེ་ཟེར། །བྱ་ཕྲུག་གུའི་དུས་སུ་ཚང་ནས་བསྡད། །སྒྲོ་རྒྱས་དུས་བྱ་མའི་ཕྱི་ལ་འཕུར། །ཡར་ནམ་འཕང་བསྟོད་ནས་གཤོག་རྩལ་སྦྱངས། །མར་གཡང་

p. 313

སར་ལྷུང་གིས་དོགས་པ་མེད། །དུས་ད་ལྟ་བྲག་དམར་ཐེམ་ན་གནས། །མིང་འདབ་བཟང་བྱ་རྒྱལ་རྒོད་པོ་ཟེར། །སྤྲང་ཆུང་ངུའི་དུས་སུ་ཡུལ་ནས་བསྡད། །ལོ་གཞོན་དུས་བླ་མའི་ཞབས་པད་བསྟེན། །ཡར་ཆོས་སྒོར་ཞུགས་ནས་སེམས་རྩལ་སྦྱངས། །མར་ངན་འགྲོར་ལྟུང་གིས་དོགས་པ་མེད། །དུས་ད་ལྟ་དབེན་པའི་རི་ན་གནས། །མིང་བྱ་བཏང་ཚོགས་དྲུག་རང་གྲོལ་ཟེར། །ཞེས་བླངས་པས་ཀུན་དད་ཅིང་གུས་པར་གྱུར་ཏོ། །དེ་ནས་བྲག་དཀར་སྤྲེལ་རྫོང་དུ་སླེབས་པས། གནས་ཆེན་དེ་ན་མགོན་པོ་ཕྱག་དྲུག་པའི་རྣལ་འབྱོར་པ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཡིན་པའི་ཨ་ལགས་མགོན་པོ་རི་ཁྲོད་པ་དང་། མདོ་སྡེ་ཐར་པ་ཆེན་པོ་བློ་ནས་འདོན་པའི་ཇོ་མོ་བདེ་ཆེན། གཞན་རྒྱ་ལུའི་ཤ་བུ་ནར་གྱི་ཇོ་རྒན་མ་དད་ཅན་གཅིག་དང་། བོང་རྟག་བན་ལོ་ཆོས་སྐྱབས་སྤུན་སོགས། ཡོན་བདག་ཕོ་མོ་རྣམས་ལ་ཕྲད་པས། གཏམ་གླེང་མང་པོ་བྱས། ངས་ཨ་མ་ཡོད་མེད་དྲིས་པས་མ་ཡོད་པའི་སྐད་ཆ་འདུག་ཟེར། དེ་ཡིན་ན་ང་ཨ་མ་ལ་ལན་ཅིག་ཕྲད་དུ་འགྲོ་བ་ཡིན་ཞེས་ཆས་པས། ཁོང་ཚོ་ན་རེ། ཁྱེད་གནས་འདིར་ཕེབས་པ་ངེད་རྣམས་སྐལ་བ་བཟང་། གནས་འདིར་ཟླ་བ་འགའ་ལ་ངེད་ཚོའི་མཆོད་གནས་སུ་བཞུགས་དགོས། དེང་སང་དགུན་ལོ་གསར་ཙག་ཆེ། ཕེབས་པའི་དུས་མིན། ཨ་མར་ཕྲད་ན་ལོ་རྗེས་མའི་ནང་ལ་ས་ལ་དྲོད་བབས་རི་ཀླུང་སྔོན་པོར་སོང་ནས། བྱ་ཁུ་བྱུག་སྔོན་མོས་སྐད་སྙན་སྒྲོག་དུས་ཕེབས་ན་བཟང་

p. 314

ཟེར། ཡང་ཡོན་བདག་གཅིག་ན་རེ། ཁྱེད་ཀྱི་མ་ལོ་དུ་ཡིན་ཟེར་བས། ལོ་ལྔ་བཅུ་ང་གཉིས་ཡིན། ལོ་རྗེས་མ་ལོན་ན་ང་གསུམ་དུ་ཐོན་རྒྱུ་ཡིན་བྱས་པས། ཨ་མ་ལོ་ལོན་མ་རེད། ཁྱེད་ཀྱིས་ངེད་ཚོ་འཇིག་རྟེན་པའི་ལད་མོ་མ་བྱེད། ཐུགས་ལྷོད་ལྷོད་གྱིས་ལ་བཞུགས་དང་ངེད་ཚོས་མཐུན་རྐྱེན་ཁྱེར་འོང་ཟེར་ནས། ཀུན་གྱིས་བཤོལ་བཏབ་པའི་ངོ་མ་ཆོག་པར་ཁ་ལ་ཉན་ནས་སྡོད་དགོས་པ་བྱུང་། དེ་ནས་ཁོང་ཚོས་མཐུན་རྐྱེན་སྦྱར་ངས་ཁོང་ཚོའི་རྒྱུད་ལ་ཕན་པའི་ལས་རྒྱུ་འབྲས་ཀྱི་ཆོས་བཤད་མགུར་དབྱངས་ཀྱང་མང་པོ་བླངས་ནས། སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱི་བློ་ཁ་དམ་པའི་ཆོས་ལ་བསྒྱུར། གནས་ཆེན་དེར་བཞུགས་པའི་བསླབ་གསུམ་རྒྱན་ལྡན་ཨ་ལགས་མགོན་པོའི་དྲུང་ནས། མགོན་པོ་ཕྱག་དྲུག་པའི་ཆོ་གའི་ལུང་ཞུས། དེ་ནས་སློབ་བུ་ཀུན་བཟང་རང་གྲོལ་མཚོ་སྙིང་ནས་འོངས་པ་དང་ཕྲད། ཁོ་ལ་མཁོ་བའི་ལུང་ཁྲིད་འདྲ་བྱས། དེ་དུས་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་བསྟན་འཛིན་ཉི་མ་རིན་པོ་ཆེ། རི་བོ་རྩེ་ལྔ་ནས་སླར་མཚོ་མཇུག་མཚེར་བ་རིར་བྱོན་ནས། ཚིགས་སུ་བཅད་པའི་བཀའ་ཡི་གླེགས་བུ་འདི་བདག་གི་སྤྱི་བོར་བསྩལ་བྱུང་། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྤྲང་རི་འཛིན་རྣམས་ལ་བྱིན་གྱིས་རློབས། །སྔོན་བསགས་འབྲས་བཟང་དེང་སྨིན་བུ། །སེང་ཕྲུག་བདེ་བར་བྱོན་ལགས་སམ། །ཉམས་རྟོགས་ཡོན་ཏན་རྒྱས་ལགས་སམ། །ལུས་སྲོག་ཐེད་ལ་བོར་ལགས་སམ། །དམུ་རྒོད་ཇག་པས་གཙེས་ལགས་སམ། །ངེས་འབྱུང་

p. 315

སྐྱོ་ཤས་ཤར་ལགས་སམ། །བྱམས་དང་སྙིང་རྗེ་བསྐྱེད་ལགས་སམ། །བདག་གཞན་མཉམ་བརྗེས་བསྒོམས་ལགས་སམ། །བཟོད་པའི་གོ་ཆ་གྱོན་ལགས་སམ། །སྣང་བ་སེམས་སུ་ཤར་ལགས་སམ། །སྒྱུ་མའི་ཆོ་འཕྲུལ་གོ་ལགས་སམ། །འཁོར་བའི་ཆོས་ལ་སྐྱོ་ལགས་སམ། །ཐར་པའི་ཡོན་ཏན་དྲན་ལགས་སམ། །དགྲ་གཉེན་དབྱེར་མེད་གོ་ལགས་སམ། །ཆོས་དང་རྐྱེན་གཉིས་བསྡུར་ལགས་སམ། །ཆོས་ལ་རྒྱལ་ཁ་ལོན་ལགས་སམ། །མི་རྟག་བརྡའ་རུ་གོ་ལགས་སམ། །རྟག་འཛིན་འཆིང་ཐག་བཅད་ལགས་སམ། །དབྱིངས་རིག་གཅིག་ཏུ་བསྲེས་ལགས་སམ། །སྐྱེ་མེད་རྒྱལ་ས་ཟིན་ལགས་སམ། །ལམ་ལ་འོ་བརྒྱལ་བྱུང་ལགས་སམ། །གཅན་འཕྲང་ཆུ་ལ་མ་འཇིགས་སམ། །སྒོམ་ལ་བོགས་འདོན་བྱུང་ལགས་སམ། །ད་ལྟ་བདེ་བར་བཞུགས་ལགས་སམ། །ལྷ་དང་བླ་མའི་ཐུགས་རྗེ་ཡིས། །བདག་ཅག་དཔོན་སློབ་ཐམས་ཅད་ནི། །རི་བོ་རྩེ་ལྔར་བདེ་བར་སླེབས། །བསམ་པ་མཐའ་རུ་ཕྱིན་ནམ་སྙམ། །ཁོ་བོའི་གོ་ཆ་འཛིན་ཚུལ་ནི། །གནས་དེར་རུས་གོང་བཞག་ན་རབ། །མིན་ཀྱང་ལོ་ཤས་འདུག་ཐག་བཅད། །སྔོན་གྱི་བསགས་པའི་ལས་དབང་གིས། །འཕྲལ་རྐྱེན་ཉེ་གནས་ཤིག་ལ་ནི། །ས་ཆུ་མ་འཕྲོད་སྲོག་ལ་ཐུག །སྙིང་རྗེས་མ་བཟོད་ཡོང་དགོས་ཤར། །རིན་ཆེན་རྣམ་གསུམ་བཀའ་དྲིན་གྱིས། །ལམ་ལ་བྱང་ཆུབ་སེམས་ལྡན་པའི། །རིགས་རྒྱུད་བཟང་པོའི་དཔོན་དང་ཕྲད། །དྲིན་

p. 316

ཅན་དེ་ཡི་ཐུགས་རྗེ་ཡིས། །དཀའ་ལས་ངལ་དུབ་མེད་པར་སླེབས། །དེང་དུས་མཚོ་མཇུག་རི་བོ་ན། །བློ་ཕབ་བདེ་བར་གནས་པའི་སྐབས། །ཨ་མའི་ན་བཟའ་གསོལ་ཙ་ན། །གནས་དེར་མཇལ་དུ་འགྲོ་འདོད་ཡོད། །ཨ་མའི་ཕོ་བྲང་ཉམས་བདེ་ན། །ཁོ་བོ་དེ་རུ་འདུག་འདོད་ཡོད། །བུ་ཁྱོད་སེམས་ན་ཇི་ལྟར་མཆིས། །དངོས་མཇལ་བགྲོས་སོགས་ཐུབ་ན་རབ། །མིན་ཀྱང་གང་དགོངས་གསལ་བོར་སྨོས། །གཟིགས་རྟེན་སྟོང་པ་མིན་ཙམ་དུ། །ཀུན་བཟང་མེ་ཏོག་སྣ་ཚོགས་དང་། །བཀྲ་ཤིས་ལྷ་རྫས་བཅས་ཏེ་ཕུལ། །ཞེས་བསྩལ་པའི་ལན་དུ་ཚིགས་སུ་བཅད་པའི་གླུ་དབྱངས་འདི་ཉིད་ཕུལ། །རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །སྐུ་བདེ་བར་ཕེབས་ལ་ཤིན་ཏུ་སྤྲོ། །བུས་གངས་དཀར་རྨ་རྒྱལ་རི་བོ་ཡི། །གནས་དེ་རུ་བདེ་ཚུལ་རྗེ་ལ་ཞུ། །ངས་ཕ་ཡུལ་རྒྱབ་ཏུ་བསྐྱུར་བའི་མཐུས། །གནས་དེ་རུ་ཆགས་སྡང་མ་བྱུང་བདེ། །གཉེན་ཉེ་འབྲེལ་ཁ་ཐག་རིང་བའི་མཐུས། །གནས་དེ་རུ་སྐྱོང་ཁུར་མ་བྱུང་བདེ། །ནོར་ལོངས་སྤྱོད་མཆོད་སྦྱིན་བྱས་པའི་མཐུས། །གནས་དེ་རུ་བྲོ་ཆད་མ་བྱུང་བདེ། །རྗེ་བླ་མ་མཆོག་གསུམ་བྱིན་རླབས་མཐུས། །གནས་དེ་རུ་ན་ཟུག་མ་བྱུང་བདེ། །རང་སྙིང་རུས་བྱས་ནས་བསྒོམས་པའི་མཐུས། །གནས་དེ་རུ་འཆི་བྲོད་

p. 317

གདེང་རྙེད་བདེ། །ངེད་ཕ་བུ་མ་ཤི་བདེ་བ་ལེགས། །ཆོས་འཇིག་རྟེན་ཁ་ཏ་རིམ་པས་བྱ། །བུས་བདེ་ཚུལ་ཕ་ལ་ཞུས་པའི་མཐུས། །མ་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག །ཨེ་མ་རྗེ་བཙུན་རིན་པོ་ཆེ། །བྱང་ཆུབ་བར་དུ་བདག་ཅག་སྐྱོངས། །བདག་ནི་རབ་དཀར་གངས་ཁྲོད་དུ། །སོང་ཚུལ་བསྡད་ཚུལ་རྒྱས་པར་ཞུ། །མཚོ་སྙིང་དབེན་པའི་དགའ་ཚལ་དུ། །རྣམ་གཡེང་འདུ་འཛི་ཇེ་ཆེར་སོང་། །ཟླ་བ་ཉི་མས་ནོན་པ་བཞིན། །ཉམས་ལ་ཡར་བསྐྱེད་ཆེར་མ་བྱུང་། །དབེན་གནས་གངས་དཀར་རྨ་རྒྱལ་དུ། །སོང་ནས་རྩེ་གཅིག་བསྒོམ་ན་སྙམ། །ཟས་གོས་མཐུན་རྐྱེན་ཁྱེར་ནས་སོང་། །ཉིན་ཞིག་ཕྱི་དྲོ་ལམ་བར་ནས། །བསྡད་ཚེ་ལམ་འགྲམ་སྤང་གཞོང་ན། །རྐྱང་བུ་བརྒྱད་ཅུ་འདུག་པ་མཐོང་། །སྔོན་ཆད་མ་མཐོང་ལྟ་འདོད་སྐྱེས། །བག་ཕེབས་རྩེ་བྲོ་བརྡུང་ལ་བལྟས། །འདི་རྣམས་སྙིང་རྗེ་ཆོས་ཀྱི་སྒྲ། །ནམ་ཡང་རྣ་བས་མ་ཐོས་སྙམ། །མ་ཎི་དབྱངས་བྱས་བཏོན་པའི་སྒྲ། །ཐོས་ཚེ་འདྲོག་པ་ཕར་ལ་ཞོག །རྐྱང་རྣམས་ཐག་ཉེའི་མཐའ་ལ་འཚོགས། །བག་ཕེབས་བསྡད་ནས་ཉན་པའི་ཚེ། །ཚིག་བཞིའི་ཆོས་བསྒྲགས་སྨོན་ལམ་བཏབ། །སྐྱེལ་མི་གཉིས་ཀ་ངོ་མཚར་དད། །མཆི་མ་འཁྲུགས་ཤིང་ཕྱག་མང་བྱས། །རྨ་ཆེན་གངས་རིའི་རྩེ་མཐོང་ཉིན། །ནམ་མཁར་འཇའ་ཚོན་རི་མོ་འཐེན། །མེ་ཏོག་དམར་སེར་ཆར་བ་བབས། །གངས་རིའི་འདབས་སུ་སླེབས་པའི་ཉིན། །

p. 318

གངས་རིའི་ནང་ནས་གདངས་སྙན་གྱི། །ངོ་མཚར་སྒྲ་ཞིག་འབྲུག་བཞིན་ལྡིར། །རང་ཉིད་དགའ་ཞིང་སྤྲོ་བ་འཕེལ། །དེ་ནས་ཟླ་གཅིག་བསྡད་པའི་འཕྲོར། །ཉིན་ཞིག་མཉམ་བཞག་ཅིག་གི་དུས། །ཉམས་ལ་མི་དཀར་ཞིག་གིས་བོས། །གུར་དཀར་བརྒྱ་ཕྲག་དུ་མའི་དབུས། །ཤིན་ཏུ་མཛེས་པའི་གུར་ནང་སོང་། །རབ་ཏུ་མཐོ་བའི་ཁྲི་ཞིག་ན། །རྒྱལ་པོ་ཆེན་པོ་ཞིག་བཞུགས་སྣང་། །གཡས་ཀྱི་ཁྲི་ཞིག་ཡོད་པའི་ཁར། །རང་ཉིད་བསྡད་ཚེ་རྒྱལ་པོ་བཞེངས། །དྲི་མེད་ཁ་བཏགས་རིང་པོ་དང་། །རབ་ཏུ་མཛེས་པའི་ཞྭ་ཞིག་གནང་། །ཁྱེད་ཀྱིས་དམ་པའི་རྣམ་ཐར་བསྐྱངས། །མགུར་དབྱངས་ལེན་པ་ངོ་མཚར་ཆེ། །གངས་ཅན་བོད་ཀྱི་གླུ་དབྱངས་མཁན། །ཁྱེད་ཀྱི་མཚན་དུ་གསོལ་བ་ཡིན། །ད་དུང་སྒྲུབ་པ་སྙིང་པོར་གྱིས། །ཞོར་ལ་མགུར་གསུང་འགྲོ་དོན་མཛོད། །མགུར་འབུམ་བོད་ལ་འཇོག་པ་ཆེ། །མ་འོངས་འགྲོ་ལ་ཕན་ཆེ་གསུངས། །དེ་ནས་ཟླ་གསུམ་སོང་བའི་འཕྲོ། དགོང་ཞིག་ཉམས་ཀྱི་སྣང་ངོ་ལ། །འཚུབ་མ་ནག་པོ་མདུན་དུ་བྱུང་། །ཕར་ཞེས་མཆིལ་མ་ཞིག་བཏབ་པས། །མི་ནག་གྲི་ཐུང་ཅན་དུ་གྱུར། །སུ་ཡིན་དྲིས་ཚེ་རབ་ཏུ་ཁྲོས། །སྲན་མ་ནག་པོ་ཞིག་ཏུ་གྱུར། །བདག་གི་ཁར་ཞུགས་ཁོག་ཏུ་སོང་། །རང་ལུས་ལྕགས་ཁང་ཞིག་ཏུ་དམིགས། །ལྟེ་བའི་རམ་ལས་མེ་སྦར་བས། །དེ་ཉིད་ཁོང་ནས་ཆེར་སོང་འཕག །བྱང་ཁོག་སྨད་ནས་སྟོད་དུ་འཚངས། །ལུས་པོ་འཇིག་འདྲའི་ཉམས་སྣང་བྱུང་། །མེ་ལྕེ་ཆེར་སྦར་སྲེག་པའི་ཚེ། །མ་བཟོད་ཁོ་བོ་མ་སྲེག་ཟེར། །སྨྲེ་སྔགས་ཞུ་བ་མང་པོ་ཕུལ། །

p. 319

ཕྱིན་ཆད་འགྲོ་ལ་མི་གནོད་པའི། །མནའ་བླངས་འོག་སྒོར་མར་ལ་བཏང་། །ཕྱི་ཉིན་ཁོག་པའི་ནང་རྣམས་ཀུན། །ཅུང་ཟད་མི་བདེ་བ་ཞིག་བྱུང་། །རྡོར་སེམས་བསྒོམ་བཟླས་བྱས་པས་བདེ། །དེ་ནས་ཟླ་བ་བཞིའི་ནང་ལ། །མགོ་ལོག་ཇག་པ་མི་འགའ་བྱུང་། །བྲོ་ཁའི་ཕྱེད་ཀ་ཁྱེར་ནས་སོང་། །འགྲོ་ཀུན་ཕ་མ་ཡིན་ཚུལ་བསམ། །བྱམས་དང་སྙིང་རྗེ་ཡང་ཡང་བསྒོམས། །ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་ཕམ་ཁ་རང་གིས་ལོངས། །གསུངས་པ་དེ་ཡང་ཏུར་གྱིས་དྲན། །ནོར་རྫས་དགྲ་འདྲེའི་གཡབ་མོ་ཡིན། །མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །གསུངས་ལ་ངེས་ཤེས་ལྷག་པར་སྐྱེས། །དེ་ནས་ཟླ་བ་ལྔའི་ནང་ལ། །ཉམས་ལ་ལྷ་ཚོགས་མང་པོ་མཐོང་། །རྒྱལ་བ་རྒྱལ་སྲས་བཞད་གླུ་བླངས། །ཟླ་བདུན་ནང་ནས་ཞག་བརྒྱད་བར། །ཁ་བ་ཉིན་མཚན་མེད་པར་བབས། །རྗེ་བཙུན་མི་ལས་གསུངས་པ་བཞིན། །ཆེ་སྟེ་ཆེ་བ་བལ་འདབ་ཙམ། །འདབ་ཆགས་བྱ་ལྟར་ལྡིང་ཞིང་འབབ། །ཆུང་སྟེ་ཆུང་བ་འཕང་ལོ་ཙམ། །བུང་བ་ལྟ་བུར་འཁོར་ཞིང་བབས། །ཡང་ཆུང་སྲན་མ་ཡུངས་འབྲུ་ཙམ། །ཁུ་འཕངས་བཞིན་དུ་འདྲིལ་ཞིང་བབས། །མཐུག་རྔམས་ཁྲུ་དོ་ཙམ་ཞིག་བྱུང་། །ཉི་མ་མང་པོར་ཇ་མ་བསྐོལ། །ནང་ནས་སྡོད་དགོས་དུས་ཤིག་

p. 320

བྱུང་། །དེ་ནས་ཟླ་བ་བརྒྱད་སོང་ཚེ། །བྲོ་ཆད་ཚུར་ལ་ཡོང་དགོས་ཤར། །ལམ་ནས་ཉིན་ཞིག་ཉིན་གུང་ལ། །དྲེད་མོང་མ་བུ་གཉིས་ཙམ་མཐོང་། །འཇིགས་པས་ལྟ་བའི་བོགས་འདོན་བྱས། །ཉིན་ཞིག་ཕྱི་དྲོ་སྡུན་ཚོ་ནས། །འབྲོང་གཡག་བཙན་པོ་ཞིག་ཡར་ལངས། །རྔ་ཟིང་སྣ་ཤུགས་དུས་གཅིག་བྱས། །ཚུར་ལ་ནམ་མཁའི་ཐོག་ལྟར་བྱུང་། །སྟབས་ཁ་ཡག་པ་ཞིག་འཕྲོད་ནས། །འབྲོང་གི་སྟེང་དུ་རང་ཉིད་ཞོན། །ཁ་ཕྱིར་ཕྱོགས་ནས་ཀི་སྐོར་བྱས། །འབྲོང་ཀྱང་སྐྲག་ནས་རྒྱུག་སྐོར་བྱས། །དེས་ཀྱང་མ་བསད་པ་དེ་མཚར། །ད་ལྟ་བྲག་དཀར་སྤྲེལ་རྫོང་ན། །བློ་ཕབ་བདེ་བར་བསྡད་ནས་ཡོད། །ཨ་མར་མ་ཐུག་ལོ་བརྒྱད་སོང་། །རྩ་བའི་བླ་མ་རྡོ་རྗེ་འཆང་། །གཏེར་སྟོན་བསོད་ནམས་སྙན་གྲགས་ཀྱི། །ལུང་བསྟན་ཐོག་ཏུ་སླེབས་ནས་གདའ། །ད་ནི་ལོ་འདི་སོང་བའི་འཕྲོར། །ལུས་སྲོག་བསྐྱེད་པའི་དྲིན་ཅན་མ། །ཤི་འམ་མ་ཤི་བལྟ་རུ་འགྲོ །མ་ཤི་ཡོད་ན་ཐུག་ཏུ་འགྲོ །ཤི་རུང་སྨོན་ལམ་འདེབས་སུ་འགྲོ །ཐུགས་ཡིད་འདྲེས་པའི་ཕ་བུ་གཉིས། །མྱུར་དུ་མཇལ་བའི་སྨོན་ལམ་འཚལ། །གངས་རིར་སོང་ཚུལ་བསྡད་ཚུལ་འདིས། །མཚན་ལྡན་བླ་མ་མཉེས་པར་ཤོག །ཅེས་རྒྱས་པར་ཕུལ་བས་སྐུ་མདུན་དུ་འབྱོར་ནས་གཟིགས་པས་ཐུགས་མཉེས་པའི་མཆོད་པའི་མཆོག་ཏུ་གྱུར་ཏོ། །དེ་ནས་མཚམས་ལ་སྡོད་ཁར་གནས་ལ་བསྟོད་པའི་མགུར་དབྱངས་འདི་བླངས་སོ། །ཆོས་རྒྱལ་ངག་གི་དབང་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་

p. 321

འདུད། །གནས་མཆོག་བྲག་དཀར་སྤྲེལ་རྫོང་ལ། །གནས་བསྟོད་ཅུང་ཟད་ཙམ་ཞིག་བྱ། །ཨེ་མ་བྲག་དཀར་སྤྲེལ་རྫོང་རི། །རིན་ཆེན་ཤེལ་དཀར་སྤུངས་ལྟར་མཛེས། །རྒྱལ་དབང་པདྨ་འབྱུང་གནས་ཀྱིས། །བྱིན་གྱིས་བརླབས་པའི་དབེན་གནས་མཆོག །ལྷ་དང་མི་སོགས་འགྲོ་ཀུན་སྐྱབས། །ལྷ་སྐུ་རང་བྱོན་དཔག་མེད་བཞུགས། །སྒོམ་ཆེན་བྱ་བཏང་ཕལ་ཆེ་བ། །གནས་ཆེན་འདི་ནས་གྲུབ་པ་བརྙེས། །ཉི་མ་བཞིན་དུ་གཞན་ཕན་ཅན། །བླ་མ་མང་པོ་གནས་འདིར་འབྱོན། །གནས་གསུམ་དཔའ་བོ་མཁའ་འགྲོ་འདུ། །གནས་བདག་དཀར་ཕྱོགས་ཆོས་ལ་དགྱེས། །བྲག་ངོས་རྩི་ཤིང་མེ་ཏོག་བཀྲ། །བྲག་གསེབ་དུ་མར་སྒྲུབ་ཆུ་འབྱུང་། །རི་དྭགས་རྣམས་འོང་བག་ཕེབས་རྩེ། །བོད་སོག་ཀུན་འོང་ཕྱག་སྐོར་བྱེད། །མཁས་གྲུབ་དུ་མས་གསོལ་ཟས་ཟ། །རང་གྲུབ་རྩི་ཐོག་སྣ་ཚོགས་འཁྲུངས། །ལྷ་ཤིང་ཤུག་པས་གར་སྟབས་བསྒྱུར། །ལྷ་བྱ་དུ་མས་སྐད་སྙན་སྒྲོག །རི་ཀླུང་སྔོན་པོར་སོང་བའི་དུས། །ཁུ་བྱུག་སྔོན་མོ་འོངས་ནས་གྲགས། །གནས་འདིར་འདུག་པའི་གང་ཟག་ལ། །མི་མཐུན་འགལ་རྐྱེན་གང་ཡང་མེད། །སྒྲུབ་པའི་མཐུན་རྐྱེན་ཟས་གོས་སོགས། །བསྒྲུབ་མི་དགོས་པར་ཚུར་ལ་འོང་། །ཚེ་འདིར་བདེ་ཞིང་སྐྱིད་འདོད་རྣམས། །ཚེ་བློས་ཐོངས་ལ་གནས་འདི་སྟེན། །གཏན་དུ་བདེ་ཞིང་སྐྱིད་འདོད་རྣམས། །རྟག་ཏུ་དབེན་པ་འདི་ཉིད་སྟེན། །

p. 322

གནས་འདི་ཅུང་ཟད་བསྟོད་པའི་མཐུས། །གནས་འདིའི་ཕྱོགས་ཀྱི་འགྲོ་རྣམས་ཀྱི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་དོན་འགྲུབ་པར་ཤོག །ཅེས་བླངས་སོ། །ཡང་ཉིན་ཞིག ༈ མཚན་ལྡན་བླ་མ་འདོད་འབྱུང་ནོར་བུ་ལ། །ལོག་རྟོག་གཡའ་ཡིས་ནམ་ཡང་གོས་མ་མྱོང་། །འོན་ཀྱང་དད་གུས་མོས་པས་བྱི་དོར་བྱས། །སྤྱི་བོར་བརྒྱན་ནས་སྙན་པའི་རྒྱང་གླུ་ལེན། །ཨེ་མ་སྟོད་ཀྱི་དབུས་གཙང་ལྷ་ལམ་ནས། །སྐྱབས་མགོན་རྒྱལ་བ་པཎ་ཆེན་ཉི་ཟླ་ཡིས། །ལེགས་བཤད་འོད་སྣང་སྤྲོས་པས་སྐྱེ་རྒུ་ཡི། །མ་རིགས་མུན་སངས་བླང་དོར་གནས་རྣམས་མཐོང་། །སྨད་ཀྱི་རྒྱ་ནག་གསེར་ཁང་གངས་རི་ལ། །གནམ་སྐྱོང་གོང་མ་དར་སེང་དཀར་མོ་འགྱིངས། །བཀའ་ཁྲིམས་དམ་པའི་ང་རོ་ཆེར་བསྒྲགས་ཚེ། །འབངས་འཁོར་རི་དྭགས་བྱེ་བ་ཟིལ་གྱིས་གནོན། །བར་གྱི་རེབ་གོང་ལྷ་ཁང་ཉམས་དགའི་རྩེར། །རྗེ་བཙུན་ཆེན་པོ་སྐལ་ལྡན་རྒྱ་མཚོ་ཡིས། །མི་ནུབ་བསྟན་པའི་རྒྱལ་མཚན་བཙུགས་ནས་གཤེགས། །སླར་ཡང་སྤྲུལ་སྐུ་བྱོན་ནས་ཆེས་ཆེར་བསྒྲེངས། །སྐབས་འདིར་རི་ཁྲོད་དབེན་པའི་བསིལ་གྲིབ་ན། །རེབ་གོང་སྨད་དུ་སྐྱེས་པའི་བྱ་བཏང་ངས། །མདོ་སྔགས་ཆོས་ཀྱི་བདུད་རྩི་འཐུང་བཞིན་དུ། །རྣར་སྙན་ཡིད་འབབ་རྒྱང་གླུ་རིང་པོ་ལེན། །ཨེ་མ་སྟོད་སྨད་བར་གསུམ་དད་ཅན་ཀུན། །ད་རེས་བོད་དུ་སྐྱེས་པ་སྐལ་བ་བཟང་། །རྒྱལ་དབང་པཎ་ཆེན་གཉིས་ལ་འབྲེལ་བ་ཞོག །བཞག་ན་འབྲེལ་ཚད་དག་པའི་ཞིང་དུ་

p. 323

འདྲེན། །གནམ་སྐྱོང་གོང་མ་རྒྱལ་པོའི་བཀའ་ཁྲིམས་རྩིས། །བརྩིས་ན་རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད། །རྗེ་བཙུན་སྐལ་ལྡན་ཡང་སྤྲུལ་གསུང་བཞིན་སྒྲུབས། །བསྒྲུབས་ན་རེབ་གོང་བསྟན་པ་ཆེས་ཆེར་རྒྱས། །ང་བཞིན་དབེན་པ་སྟེན་ལ་སྒོམ་སྒྲུབ་གྱིས། །བགྱིས་ན་སྐྱིད་པའི་ཉི་མ་ཁོང་ནས་འཆར། །གངས་ཅན་བོད་ཀྱི་གླུ་དབྱངས་མཁན་ང་ཡི། །གངས་རི་ལྟར་དཀར་སེམས་ཀྱིས་གླུ་འདི་བླངས། །དགེ་འདིས་སངས་རྒྱས་བསྟན་པ་དར་ཞིང་རྒྱས། །རྒྱས་མཛད་བསྟན་འཛིན་ཞབས་བརྟན་ཡུན་རིང་གནས། །གནས་གསུམ་སྐྱེ་འགྲོ་ཐམས་ཅད་བདེ་ཞིང་སྐྱིད། །སྐྱིད་པའི་སྒོ་ནས་ཆོས་བྱས་འཚང་རྒྱ་ཤོག །ཅེས་བླངས། དེ་ནས་མཚམས་དམ་པོར་བསྡམས་ནས་ཟླ་བ་གཉིས་ཙམ་སོང་བའི་ཚེ། ཉིན་ཞིག་སྡེ་དགེའི་མི་ཚང་འགའ་ཞིག་གི་མི་སྐྱ་ལྔ་འགྲུལ་ལམ་ཞིག་ལ་སོང་བ། རྒྱ་མི་འགའ་རེས་རྐུན་མ་ཡིན་སྙམ་ནས་བཟུང་སྟེ་ཟི་ལིང་དུ་ཁྱེར་སོང་བའི་བུད་མེད་རྣམས་ངའི་མཚམས་ཁང་གི་སྒོར་ཡོང་ནས་མང་པོ་ངུས་པས། དེར་ངས་སྙིང་རྗེ་ནས། ཁོང་རྣམས་ལ་ཡུལ་ཕྱོགས་དེའི་མི་དྲག་ཤོས་པོ་སུ་ཡིན་དྲིས་པས། བུད་མེད་རྒན་པ་ཞིག་ན་རེ། ཞབས་དྲུང་ཚང་གི་དཔོན་པོ་རྒྱལ་མཚན་དམར་དྲིས་ཟེར་བ་དེ་རྒྱ་མི་ལ་ངོ་ཆེ། །དེས་རྐུན་མ་མ་རེད་ཐོངས་ཞེས་ཡི་གེ་ཞིག་བསྐུར་ན་མི་དེ་རྣམས་བཏང་ཡོང་ཟེར་བས། ངས་དེ་ཡིན་ན་ངའི་ཡོན་བདག་དད་ཅན་

p. 324

ཞིག་ཡིན་པས། འདིར་བོས་ནས་འོང་བས་ཁྱེད་རྣམས་སེམས་མ་སྡུག་དང་། མི་རྣམས་ལོན་འོང་ཞེས་སེམས་གསོ་བཏང་ནས་སོང་། དེ་འབོད་དུ་འགྲོ་མཁན་སུ་ཡང་མི་འདུག དེར་ངའི་བསམ་པ་ལ་དབང་སྡུད་ཅིག་བྱས་ན་ཨེ་ཁུག་སྙམ། རང་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། སྦྱིན་བདག་གི་སྙིང་ཁར་ཕོག་པ་ཙམ་གྱིས་ལུས་སེམས་ལ་སྔར་མེད་པའི་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་འཁྲུངས། དེའི་ངང་ནས་ང་ཡིད་ལ་དྲན་ནས་མཇལ་འདོད་སྐྱེས་ཏེ་ཚུར་འོང་བའི་དམིགས་པ་ཡང་ཡང་བྱས་པས། ཉི་མ་ཁ་ཤས་ཀྱི་འཕྲོ་ནས་ཡོན་བདག་ཁོ་དང་གཞན་མང་པོ་མཇལ་དུ་འོང་བ་ལ་ངས་སྔར་གྱི་རྒྱུ་མཚན་རྣམས་བཤད་པས། ཡོན་བདག་རྒྱལ་མཚན་དམར་དྲིས་ཟེར་བ་དེས་ཡི་གེ་བཏང་བས་སྡེ་དགེའི་མི་ལྔ་བཟུང་སོང་བ་སླར་བཏང་ནས་ཐམས་ཅད་དགའ་ཞིང་སྤྲོ་བ་བྱུང་ངོ་། །དེའི་རྗེས་ནས་སློབ་མ་ཡོན་བདག་འོང་དགོས་པ་རྣམས་ལ་དེ་ལྟར་བྱས་པས་འོང་བ་བྱུང་ཚེ། ངའི་བསམ་པ་ལ་ད་ཕྱིན་ཆད་སྐྱེ་ཕོ་མོ་སུ་ཡོང་དགོས་རུང་དཀའ་རྒྱུ་མི་འདུག་སྙམ་པ་བྱུང་། དེ་ནས་རང་གཞན་ལ་ཕན་ཕྱིར་ཟུར་ཟ་སྐྱོན་གཏམ་གྱི་ཚུལ་དུ་མགུར་དབྱངས་སྣ་ཚོགས་པ་འདི་ལྟར་བླངས་སོ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་ནས། །རྒྱལ་སྲས་སྤྱོད་པ་སློབ་མཁན་ཡོངས་ལ་འདུད། །དཔེ་ཆའི་རྒྱལ་ཁམས་འགྲིམས་པའི་བན་རྒན་ང་། །ཉིན་ཞིག་བློ་སྦྱོང་ལམ་ཆེན་ཞིག་ལ་སོང་། །སོང་ཚེ་ཆགས་སྡང་ཟེར་བའི་འཕྲང་ཞིག་ན། །བྱང་ཆུབ་སེམས་

p. 325

དཔའ་བྱམས་པ་རིན་ཆེན་དང་། །སྙིང་རྗེ་ཚད་མེད་ཟེར་བའི་ཞི་དུལ་ཅན། །བླ་མ་དཔོན་སློབ་རྣམ་གསུམ་བཞུགས་པ་མཐོང་། །མཇལ་ནས་ཁྱེད་རང་རྣམ་གསུམ་གང་ནས་ཡིན། །གང་དུ་འབྱོན་ཞེས་དྲིས་ཚེ་འདི་སྐད་གསུངས། །ངེད་གསུམ་ངེས་ལེགས་རྡོ་རྗེ་གདན་གྱི་ཡིན། །མངོན་མཐོ་བོད་ཀྱི་འགའ་རེས་ཤོག་ཟེར་འོང་། །འབོད་མཁན་རྣམས་ཚོས་ཕྱོགས་འདིའི་སྡེ་དགོན་ལ། །ངེད་གསུམ་བཟང་ཚུལ་སྙན་པ་ཆེར་བསྒྲགས་ཀྱང་། །སྡེ་དགོན་མང་རུང་གདན་འདྲེན་མཁན་མ་བྱུང་། །བྲག་འཕྲང་འདི་རུ་འོ་བརྒྱལ་མང་པོ་བྱུང་། །ད་ནི་མི་སྡོད་ཕྱིར་ལ་ལྡོག་གོ་གསུངས། །ལགས་སོ་མི་ང་སྐལ་བ་ཤིན་ཏུ་བཟང་། །ཕྱིར་ལ་ཕེབས་ན་བན་རྒན་ང་གཅིག་ཁྲིད། །ཞུས་པས་བྱང་ཆུབ་སེམས་མཆོག་ཅིག་འཛུམ་ནས། །བན་རྒན་སྙིང་རྗེ་ཁྱོད་འདྲ་མང་པོ་ཞིག །སྔར་ཡང་ཁྲིད་པས་རྒྱལ་སྲས་སྤྱོད་པའི་ལ། །བརྒྱག་ཚེ་ངལ་ནས་ཕྱིར་ལ་ལོག་པ་མང་། །ཁྱོད་ཀྱང་བལྟས་ན་དེ་ཡི་རིགས་ཤིག་རེད། །རྒྱལ་སྲས་སྤྱོད་པའི་ལ་ཐུར་ཤིན་ཏུ་ངན། །ལ་དེར་མ་བུད་མཆོངས་ནས་འགྲོ་ས་མེད། །ཁ་རོག་མངོན་མཐོའི་ཕྱོགས་འདིར་ག་ལེར་སྡོད། །གསུངས་ནས་ག་ཤེད་ཅིག་ཏུ་བཞུད་དེ་ཐལ། །གླུ་འདི་ཐོས་ཚད་རྣམས་ཀྱིས་བྱམས་སྙིང་རྗེ། །བྱང་ཆུབ་སེམས་བསྐྱེད་སྤྱོད་ཕྱོགས་ལ་འཇུག་ཤོག །ཅེས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐོང་ཚེ་

p. 326

དཔའ་ཞུམ་ནས་སློབ་མི་ནུས་པའི་རང་གཞན་གྱི་ཆོས་པ་འགའ་རེ་ལ་སྐྱོན་གཏམ་བྱས་པའོ།།ཡང་། །ཐབས་ཤེས་ཟུང་འབྲེལ་ཉམས་བླངས་ངེས་ལེགས་ཀྱི། །སངས་རྒྱས་གོ་འཕང་ཐོབ་པ་རྣམས་ལ་འདུད། །མི་ང་ཉིན་ཞིག་བྱང་ཆུབ་ལམ་རིམ་གྱི། །དབུས་ལམ་ཆེན་མོར་ཞུགས་ནས་ལྟད་མོ་བལྟས། །བལྟས་ཚེ་ཐབས་ཀྱི་བྲོ་ཁ་ཆེན་པོ་ཁུར། །ཤེས་རབ་རྟ་མེད་རྐང་ཐང་མི་ཞིག་མཐོང་། །ཨ་ཁུ་འཁུར་ཤེད་ཅན་པོ་གང་དུ་འགྲོ །དྲིས་པས་ཁོ་བོ་ངེས་ལེགས་དབུས་འགྲོ་ཟེར། །ཁྱོད་ཀྱི་འོག་རྟ་ལམ་ནས་ཤི་སོང་ངམ། །ཇག་པས་འཕྲོག་གམ་རྐུན་མས་ཁྱེར་སྨྲས་པས། །ཁོ་བོ་ཡུལ་ནས་འོང་དུས་རྟ་མེད་ཟེར། །རྟ་ཕོ་མེད་ན་དབུས་ལ་མི་སླེབ་དཀའ། །དབུས་པ་སྔོན་མས་བཤད་དོ་ཞེས་སྨྲས་པས། །རྟ་ལ་ཞོན་ན་ཁེ་ཉེན་ཆེའོ་ཟེར། །ཁུར་པོ་སྟོད་སྤྲུགས་བྱས་ནས་ཁུར་བུད་སོང་། །ཤུལ་ནས་ཨ་ཧོ་རྟ་ཞིག་ཁྱེར་ན་ཆེད། །འགྲོ་ཚུལ་ཀ་ཅིག་མ་རེད་སྙམ་པ་བྱུང་། །དེ་ནས་ཡར་ལ་ཅུང་ཟད་སོང་བའི་ཚེ། །ཤེས་རབ་རྟ་བཟང་སྔོན་པོ་ཞིག་ལ་ཞོན། །དྲན་པས་སྲབ་བཅིངས་ཤེས་བཞིན་ལྕག་གིས་བསྐུལ། །མྱུར་མོ་བྱས་ནས་འགྲོ་བའི་མི་ཞིག་མཐོང་། །ཨ་ཁུ་འགྲོ་ཤེད་ཅན་ཁྱོད་གང་དུ་འགྲོ །དྲིས་པས་ངེས་ལེགས་དབུས་སུ་ཡར་འགྲོ་ཟེར། །ཁྱེད་ཀྱི་ཐབས་ཀྱི་བྲོ་ཁའི་ཁལ་རྟ་དེ། །སྔོན་དུ་སོང་ངམ་ཕྱི་ན་ཡོད་དྲིས་པས། །ཁོ་བོ་མི་རྐྱང་རྟ་རྐྱང་ཅང་མེད་ཟེར། །བྲོ་ཁ་མེད་པར་དབུས་སུ་མི་སླེབ་དཀའ། །ཀུན་གྱི་ཁ་ན་ཡོད་དོ་ཞེས་སྨྲས་པས། །ཁལ་རྟ་ཁྲིད་ན་ལན་ཆགས་ལྕི་གི་ཟེར། །རྟ་ཕོ་ལྕག་གིས་བྲབས་

p. 327

ནས་བཞུད་དེ་སོང་། །ཤུལ་ནས་ཨ་ཧོ་ཁལ་རྟ་ཁྲིད་ན་ཆེད། །འགྲོ་ཚུལ་འདི་ཡང་མ་རེད་སྙམ་པ་བྱུང་། །དེ་ནས་བར་དེར་ཅུང་ཟད་བསྡད་པའི་ཚེ། །ཤེས་རབ་རྟར་ཞོན་ཐབས་ཀྱི་ཁལ་རྟ་འཁྲིད། །མཆོག་གསུམ་རྩ་གསུམ་ལམ་མཁན་གྲོགས་དང་འགྲོགས། །ལེགས་བཤད་རྒྱང་གླུ་ལེན་པའི་མགྲོན་པོ་སླེབས། །ཨེ་མ་ཨ་ཁུ་ཁྱེད་ཚོ་གར་འགྲོ་དྲིས། །ངེས་ལེགས་དབུས་གཙང་ཞིང་དུ་ཡར་འགྲོ་ཟེར། །འདི་ཚོའི་འགྲོ་ཚུལ་འདི་ཀ་ཤིན་ཏུ་ལེགས། །ཕྱིན་ཆད་ངེས་ལེགས་དབུས་ལ་འགྲོ་རྣམས་ནི། །འདི་བཞིན་སོང་ན་བདེའོ་སྙམ་པ་དང་། །རང་ཡང་དེ་ལྟར་འགྲོ་དགོས་སྙམ་པ་བྱུང་། །གླུ་འདི་ཐོས་ཚད་ཐབས་ཤེས་ཕྱོགས་རེ་སྤངས། །གཉིས་ཀ་ཟུང་འབྲེལ་ཉམས་སུ་ལེན་པར་ཤོག །ཅེས་ཐབས་ཤེས་ཕྱོགས་རེ་བ་ལ་སྐྱོན་གཏམ་བྱས་པའོ།།ཡང་། །ཁྲིམས་ལྡན་དམ་པ་གོང་མ་རྣམས་ལ་འདུད། །དད་ལྡན་སེར་མོའི་བློ་ཁ་ཆོས་ལ་སྒྱུར། །མི་ང་རི་ཁྲོད་ཅིག་ཏུ་འགྲོ་ལམ་ན། །དགེ་སློང་ལུས་ལ་ཆོས་གོས་རྣམ་གསུམ་གྱོན། །ཐུགས་ནི་ཞི་ཞིང་དུལ་བ་ཞིག་ལ་ཐུག །ཨེ་མ་དགེ་སློང་ཨེ་ཁྱེད་གང་དུ་འབྱོན། །ཁྱེད་ལ་དགེ་སློང་སྡོམ་པ་སུ་ཡིས་གནང་། །ཁྱེད་ཀྱི་བསྲུང་རྒྱུའི་སྡོམ་པ་མང་ཚུལ་ལ། །བལྟས་ན་ཁྱེད་རང་གཅིག་པུའི་ཨེ་ཡིན་ནམ། །འགའ་རེས་བཅོལ་ནས་ཁྱེད་ཀྱིས་སྲུང་ཡོད་དམ། །ཡང་ན་དགེ་སློང་སྡོམ་པ་མང་ཉུང་འདྲ། །ཅང་ཡོད་ཨེ་དཔེ་དྲིས་པས་ཅི་རེད་གསུངས། །ལན་དུ་ལགས་སོ་

p. 328

ངེད་ཚོའི་ཡུལ་ཕྱོགས་འདིའི། །དགེ་སློང་འགའ་ཞིག་ལས་ཀྱང་བརྒྱ་ལྷག་གིས། །ཁྱེད་ལ་བསྲུང་རྒྱུའི་སྡོམ་པ་ཡོད་ཀ་ཞེས། །སྨྲས་པའི་ལན་དུ་ཁོང་གིས་འདི་སྐད་གསུངས། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡིན། །ཁོ་བོ་དེ་ཀ་བསྲུང་བའི་དགེ་སློང་སྟེ། །སྡོམ་པ་ལེན་དུས་མང་ཉུང་ཁྱད་པར་མེད། །ཁོ་བོ་འདི་ནས་ཡོན་བདག་དགའ་ལྡན་པོ། །ཚང་དུ་འགྲོ་བ་ཡིན་ཞེས་བྱོན་ནས་སོང་། །དགེ་སློང་དེ་ཉིད་མཐོང་བས་ཡིད་སྨོན་ཤོར། །དེ་ནས་ཕར་ལ་སོང་བའི་ལམ་ཞིག་ནས། །རྩག་རྒན་ཞིག་གྱོན་བུད་མེད་ཅིག་དང་འགྲོགས། །ངག་འཁྱལ་ལབ་པའི་ཡར་ཟག་མི་ཞིག་མཐོང་། །ཨ་རོག་རྒད་པོ་ཨེ་ཁྱོད་གང་གི་ཡིན། ཆུང་མ་ཡན་ཆད་ཁྲིད་ནས་གང་དུ་འགྲོ །སྨྲས་པས་ཁོ་བོ་དགེ་སློང་ཞིག་ཡིན་ཟེར། །ཨ་ཧོ་ཁྱོད་ཀྱི་གཟན་ཤམ་སུ་ཡིས་འཕྲོག །སྡོམ་པ་ལེན་དུས་ཁྱོད་ལ་མ་ཐེམ་མམ། །ལེན་དུས་སྔ་ནས་ད་ནི་ཚད་སོང་ངམ། །བསྲུང་བ་དོན་གོ་མེད་ནས་བཏང་བཞག་གམ། །སྨྲས་པས་དེ་ཉིད་སྤྲོ་ལངས་ཅི་རེད་ཟེར། །ལན་དུ་དགེ་སློང་གཞན་དག་འགའ་རེ་ལ། །བལྟས་ན་ཁྱེད་ལ་བསྲུང་རྒྱུ་ཅང་མེད་ཀ །སྨྲས་པས་གང་ཡང་མི་སྨྲ་མར་ལ་སོང་། །དགེ་སློང་དེ་ཉིད་མཐོང་བས་ཡི་མུག་སྐྱེས། །གླུ་འདི་ཐོས་ཚད་དད་ཅན་སེར་མོ་རྣམས། །དགའ་བཞིན་སྤྲོ་བཞིན་ཚུལ་ཁྲིམས་བསྲུང་བར་ཤོག །ཅེས་པའང་དགེ་སློང་འགའ་རེ་ལ་སྐྱོན་གཏམ་བྱས་པའོ། །ཡང་། །རྟོགས་ལྡན་སྔོན་བྱོན་གཅོད་པ་རྣམས་ལ་འདུད། །

p. 329

དད་ཅན་གཅོད་པའི་བློ་ཁ་ཆོས་ལ་སྒྱུར། །མི་ང་ཉིན་ཞིག་ལུང་སྟོང་ཞིག་ཏུ་སོང་། །ཆུ་མིག་ཉམས་དགའ་ཞིག་གི་འགོ་བོ་ན། །གཅོད་པ་ཞིག་གིས་ཌཱ་རུ་ཁྲོ་ལོ་ལོ། །དཀྲོལ་ཞིང་བྲོ་གར་འཁྲབ་ནས་འདུག་པ་མཐོང་། །ཨེ་མ་གཅོད་པ་ཨེ་ཁྱོད་འཆམས་ཚོ་བྱས། །ལུང་སྟོང་འདི་རུ་འདུག་པའི་དགོས་པ་ཅི། །ཁྱེད་ཀྱི་གཅོད་འདིས་ཅི་ཡང་མི་ཆོད་དམ། །ཡང་ན་སྔོན་ཆད་གྲོང་དུ་བཅད་ཚར་ནས། །རི་མགོ་ཚོར་ཡང་གཅོད་རྒྱུ་ཨེ་ཡོད་སྙམ། །འདི་རུ་འོང་ངམ་སྨྲས་པས་ཅི་རེད་གསུངས། །དེ་ཡི་ལན་དུ་ངེད་ཚོའི་ཡུལ་ཕྱོགས་ཀྱི། །གཅོད་པ་འགའ་རེར་བལྟས་ན་ཁྱེད་ཀྱིས་ད། །ར་མགོ་ལུག་མགོ་མ་མོ་སོགས་ཀྱི་མགོ །གཅོད་ཀི་འབྲེག་གི་མི་འགྲོ་ཁོམ་ཡོད་ཀ །སྨྲས་པས་ཁོ་བོས་བདག་འཛིན་གཅོད་དོ་ཟེར། །ད་ཁྱེད་འདི་ནས་གང་དུ་འབྱོན་དྲིས་པས། །ཁོ་བོ་ཡ་ཀི་གྲོང་ཁྱེར་མཁའ་སྤྱོད་དུ། །འགྲོ་བ་ཡིན་ཞེས་ཌཱ་རུ་དཀྲོལ་ནས་བཞུད། །གཅོད་པ་དེ་ཉིད་མཐོང་བས་ཡིད་སྨོན་ཤོར། །དེ་ནས་ཕར་སོང་ལམ་ཆེན་གཞི་མདོ་ན། །རྟ་རྒོད་ཅིག་ལ་ཞོན་ཏེ་གཡང་གཞི་འགའ། །ཤ་བཏགས་བྱས་ནས་འོང་བ་ཞིག་དང་ཕྲད། །ཨ་རོག་ཡོན་བདག་ཨེ་ཁྱོད་གང་ནས་འོང་། །ལུག་གི་ནང་དུ་ནད་ཅིག་བྱུང་བ་འམ། །སྨྲས་པས་ཁོ་བོ་གཅོད་པ་ཞིག་ཡིན་ཟེར། །ཨ་མེ་ཁྱོད་ཀྱི་གཅོད་དེའི་རྣོ་རེས་ལྟོས། །གཅོད་བྱེད་གྲིའམ་སྟ་རེ་ཞིག་ཡིན་ནམ། །ད་རེ་བཅད་ཚད་མ་མོ་རྐྱང་བ་རེད། །ཐར་

p. 330

པའི་སྲོག་རྩ་ཁྱེད་ཀྱིས་མི་གཅོད་དམ། །སྨྲས་པས་ཁོ་བོར་སྤྲོ་ལངས་ཅི་རེད་ཟེར། །དེ་ཡི་ལན་དུ་ར་མགོ་ལུག་མགོ་རྣམས། །གཅོད་ཀི་འབྲེག་གི་འགྲོ་དུས་ཁྱོད་བཟང་ཀ །སྨྲས་པས་མཐུ་སྡིག་བྱེད་བཞིན་མར་ལ་སོང་། །གཅོད་པ་དེ་ཉིད་མཐོང་བས་ཡི་མུག་སྐྱེས། །གླུ་འདི་ཐོས་ཚད་དད་ཅན་གཅོད་པ་རྣམས། །དགའ་ཞིང་དགོད་བཞིན་གཡང་གཞི་འདོར་བར་ཤོག །ཅེས་གཅོད་པ་འགའ་རེ་ལ་སྐྱོན་གཏམ་བྱས་པའོ། །ཡང་། །སྔོན་བྱོན་རི་ཁྲོད་པ་རྣམས་ཞབས་ལ་འདུད། །བདག་གཞན་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །མི་ང་རི་ཁྲོད་ཅིག་ཏུ་སོང་བའི་ཚེ། །རི་སྐྱིབས་ཤིག་ན་བྲག་ཕུག་ཉམས་དགའ་བའི། །ནང་ན་ལུས་བསྲང་ལག་གཉིས་མཉམ་བཞག་མཛད། །འདུག་པའི་བྱ་བཏང་རི་ཁྲོད་པ་ཞིག་མཐོང་། །ཨེ་མ་རི་ཁྲོད་པ་ཁྱེད་སྐུ་བདེ་འམ། །འདི་ནས་རྒྱུན་དུ་བཞུགས་པའི་དགོས་པ་ཅི། །དེང་སང་གྲོང་དུ་རྒྱུག་པའི་རི་ཁྲོད་པ། །ཀུན་གྱི་འཚབ་ཏུ་སྡོད་དགོས་བྱུང་བའམ། །ཡང་ན་གྲོང་དུ་མི་ཆུད་ཉེས་ཅན་འདྲ། །ཨེ་ཡིན་སྨྲས་པས་ལན་དུ་ཅི་རེད་གསུངས། །ལྟོགས་རུང་འཁྱགས་རུང་གྲོང་དུ་བྲོ་ཁའི་ཕྱིར། །མི་འགྲོ་རྟག་ཏུ་རི་ནས་བཞུགས་འདུག་ཀ །སྨྲས་པས་ཁོ་བོ་བསྡད་ནས་སྒོམ་བྱེད་ཟེར། །ད་ཁྱེད་འདི་ནས་གང་དུ་འབྱོན་པ་ཡིན། །དྲིས་པས་ཁོ་བོ་འདི་ནས་རིམ་གྱིས་ཡར། །དག་ཞིང་དབུས་གཙང་མཐིལ་དུ་འགྲོའོ་གསུངས། །རི་ཁྲོད་པ་དེ་མཐོང་བས་ཡིད་སྨོན་ཤོར། །དེ་ནས་ཕར་ལ་སོང་བས་རྒྱང་རིང་ནས། །རྟར་ཞོན་མདུང་ཐུང་བཟུང་བའི་བླ་རྒན་

p. 331

མཐོང་། །ཨ་ཁུ་མདུང་འཛིན་པོ་ཁྱོད་གང་དུ་འགྲོ །བོར་སྟོར་ཞིག་འདྲ་བྱུང་བ་མ་ཡིན་ནམ། །སྨྲས་པས། ཁོ་བོ་རི་ཁྲོད་པ་ཡིན་ཟེར། །ཨ་ཧོ་ཁྱེད་ཀྱི་སྐུ་ཁམས་མ་བདེ་འམ། །ཇག་རྐུན་བྱུང་ནས་བྲོ་ཁ་ཁྱེར་ལགས་སམ། །གཅན་གཟན་མ་རུངས་པ་ཞིག་བྱུང་བ་འམ། །ལྷ་འདྲེ་མང་པོས་གདུག་རྩུབ་བསྟན་ལགས་སམ། །བྲག་ཁུང་གློ་བུར་ཐོག་གིས་བཤིགས་བཏང་ངམ། །སྨྲས་པས་ཁོ་དེར་མ་དགའ་ཅི་རེད་ཟེར། །དེ་ཡི་ལན་དུ་ཁྱེད་རང་རི་ཁྲོད་དུ། །བསྡད་ནས་སྒོམ་སྒྲུབ་མི་བྱེད་གྲོང་ཡུལ་དུ། །ནངས་ནུབ་ཀུན་ཏུ་རྒྱུག་གི་རྐྱང་འདུག་ཀ །སྨྲས་པས་དེ་ཡི་ཁ་ཤ་སྐད་ཚོ་འདར། །སྨྱོན་པ་ཞིག་གིས་ཅི་ཟེར་ཟེར་ནས་སོང་། །ཐག་ཉེར་བཏུད་པས་མདུང་མིན་སྦ་དབྱུག་མཐོང་། །འོ་དེ་ལྟས་ངན་སྙམ་ནས་དགོད་ཁ་ཤོར། །གླུ་འདི་ཐོས་ཚད་དད་ཅན་རི་པ་རྣམས། །དགའ་ཞིང་འཛུམ་བཞིན་རི་ཁྲོད་བསྟེན་པར་ཤོག །ཅེས་རི་ཁྲོད་པ་འགའ་རེ་ལ་སྐྱོན་གཏམ་བྱས་པའོ། །ཡང་། སྐྱོན་གྱིས་མ་གོས་བླ་མ་སྤྱི་བོར་བཞུགས། །སྐྱོན་ཡོད་རྣམས་ཀྱི་སྐྱེ་བོ་ཕོ་མོ་ལ། །སྐྱོན་གཏམ་གང་བྱས་ཕན་པར་བྱིན་གྱིས་རློབས། །བླ་མས་དགོན་པར་དོམ་ཞིག་སྟེར་དགོས་སམ། །ཅི་རེད་ཟེར་ན་ལོ་རེ་ཟླ་རེ་བཞིན། །འགྱེད་ཕོག་བརྒྱབ་རུང་ད་དུང་ངན་བཤད་ཀ །ཁྲི་པ་དགོན་པའི་གཡོག་པོ་མ་ཡིན་ནམ། །ཅི་རེད་ཟེར་ན་དཀའ་ཚེགས་དཀའ་ལས་མྱང་། །བྱ་བ་ལས་དོན་བསྒྲུབས་ཀྱང་ངོ་མེད་ཀ །རི་ཁྲོད་པ་རྣམས་ཇག་པས་མ་བརྒྱབ་བམ། །

p. 332

ཅི་རེད་ཟེར་ན་རི་ནས་མི་འདུག་པར། །ཡང་ཡང་གྲོང་ནས་བྲོ་ཁ་རྐྱང་འཚོལ་ཀ །བླ་རྒན་གདོན་ཞེས་མོ་རྩིས་བབས་པ་འམ། །ཅི་རེད་ཟེར་ན་བཟའ་ཚང་འགའ་ཞིག་གིས། །མི་འདོད་དགོན་སྡེ་གཞན་ཚོར་བསྐྱལ་གཏོང་ཀ །ཨ་ཁུ་མིང་དང་བཅས་པ་གཤེགས་སོང་ངམ། །ཅི་རེད་ཟེར་ན་བླ་མར་བསྔོ་ཞུ་དུས། །ཨ་ཁུའི་མིང་དེ་ཀུན་གྱིས་མི་ཤེས་ཀ །ཕ་མས་ཆུང་དུས་བུ་ལ་ངན་བྱས་སམ། །ཅི་རེད་ཟེར་ན་བུ་ཚ་ཆེར་སོང་ན། །སྡང་མིག་བལྟས་ནས་སྡིག་རྡུང་རྐྱང་བྱེད་ཀ །མལ་སྟན་སྟེང་ན་ཚེར་མ་ཞིག་ཡོད་དམ། །ཅི་རེད་ཟེར་ན་སྟེང་ནས་འདུག་མི་ཐུབ། སེར་མོ་འགའ་རེ་སྒོ་དང་སྒོར་རྒྱུག་ཀ །གཡང་གཞི་མེད་ན་སྐུ་རིམ་མི་རུང་ངམ། །ཅི་རེད་ཟེར་ན་གཅོད་སྔགས་འགའ་རེ་ལ། །གཡང་གཞི་མ་ལེན་བཤད་ན་སྤྲོ་ལངས་ཀ །སྨན་ཐུན་ཆེ་ན་ནད་པར་མི་ཕན་ནམ། །ཅི་རེད་ཟེར་ན་སྨན་པ་ཁ་ཅིག་གིས། །སྨན་ཐུན་ཨ་དུར་ཆུང་ཆུང་རྐྱང་སྟེར་ཀ །ཨ་མཆོད་ཟེར་ནོ་གཡོག་པོ་མ་ཡིན་ནམ། །ཅི་རེད་ཟེར་ན་ཞྭ་རྙིང་ལྷམ་ཆད་བྱོན། །མི་ཕྱུགས་གཉིས་ཀའི་སྔ་ཕྱིར་རྒྱུག་དགོས་ཀ །སྡོམ་པ་བསྲུངས་ན་དོན་གོ་ཅང་མེད་དམ། །ཅི་རེད་ཟེར་ན་སེར་མོ་འགའ་ཞིག་དེ། །ལོ་འགའི་འཕྲོ་ནས་སྐྱ་སར་བབས་འཇོག་ཀ །སྐད་ཆ་ཀུན་གྱིས་ཚར་དུ་འཇུག་སྙམ་མམ། །ཅི་རེད་ཟེར་ན་ཉི་ཕུག་གོ་ཁ་ནས། །རྒན་རྒོན་ཚོགས་ནས་སྐད་ཆ་རྐྱང་བཤད་ཀ །ཕྱུག་པོའི་ཁ་ལ་སྐྱག་དྲི་མི་བྲོ་འམ། །ཅི་རེད་ཟེར་ན་སྐད་ཆ་བཤད་ཙ་ན། །དེ་འདྲ་ཁྱི་ཡི་སྐྱག་པ་

p. 333

ཡིན་ཟེར་ཀ །རྟ་ཚོ་གསོས་ནས་བཤའ་རྒྱུ་མ་ཡིན་ནམ། །ཅི་རེད་ཟེར་ན་ཕྱུག་པོ་ཁ་ཅིག་གིས། །མཆོད་སྦྱིན་མི་གཏོང་རྟ་གསོས་ཤེད་ཕུད་ཀ །ཕྱུག་པོ་འགའ་རེའི་ལག་པ་འཁུམ་མམ་ཆག །ཅི་རེད་ཟེར་ན་གཞན་གྱིས་ཅིག་བསླངས་དུས། །སྟེར་མི་ཐུབ་པར་ཀུམ་ཀུམ་རྐྱང་བྱེད་ཀ །གཡོག་པོ་གཡོག་མོས་ཟས་བཟང་མི་འཇུ་འམ། །ཅི་རེད་ཟེར་ན་ཁྱིམ་ཚང་ཁ་ཅིག་གིས། །གཡོག་པོ་གཡོག་མོར་ངན་ངོན་རྐྱང་སྟེར་ཀ །གཤིན་རྗེ་ཆོས་རྒྱལ་རྒས་ནས་ཤི་སོང་ངམ། །ཅི་རེད་ཟེར་ན་ལས་འབྲས་མི་འཛེམ་པར། །མི་དགེ་སྡིག་པ་བྱེད་པའི་མི་མང་ཀ །ནུབ་ཕྱོགས་བདེ་བ་ཅན་ན་སྐྱིད་མེད་དམ། །ཅི་རེད་ཟེར་ན་དེ་རུ་སྐྱེ་བའི་རྒྱུ། །དགེ་བའི་ལས་ལ་འབད་པའི་མི་ཉུང་ཀ །སངས་རྒྱས་གསུང་ལ་ཁྲིགས་ཁྲིགས་ཅང་མེད་དམ། །ཅི་རེད་ཟེར་ན་རྒྱལ་བའི་གསུང་རབ་ལས། །མོ་བ་ཞིག་གིས་གང་བཤད་ཁར་ཉན་ཀ །སངས་རྒྱས་ཨེ་འགྲོ་སྙམ་ནས་དོགས་པ་འམ། །ཅི་རེད་ཟེར་ན་མ་ཎི་འདོན་མཁན་ལ། །འདོན་དུ་མི་འཇུག་སྐད་ཆ་ཤོད་ཟེར་ཀ །སྐྱོན་འདི་རྣམས་ཀྱི་གང་ཡོད་ཕོ་མོ་ཡིས། །སྐྱོན་གཏམ་གོ་ནས་དགའ་ཞིང་དགོད་བཞིན་དུ། །།སྐྱོན་རྣམས་ཚེར་མ་བཞིན་དུ་འདོན་པར་ཤོག །ཅེས་གྲོང་དགོན་གྱི་སྐྱ་སེར་ཕོ་མོ་འགའ་རེ་ལ་སྐྱོན་གཏམ་བྱས་པའོ། །ཡང་། བླ་མ་དམ་པ་རྣམས་ལ་འདུད། །བསོད་སྙོམས་མཁན་ལ་འཕྲིན་འདི་འབུལ། །མི་ང་ཉིན་ཞིག་སྤང་ལྗོངས་ཤིག །དབུས་

p. 334

ན་ཁམས་བསངས་བྱས་ཡོད་དུས། །ར་ལུག་མང་པོ་ཕྱོགས་ཕྱོགས་ནས། །འོངས་ནས་ང་ཡི་མཐའ་ལ་འདུས། །ནང་ནས་ལུག་རྒན་གཅིག་ན་རེ། །དགེ་མེད་སྡིག་མེད་བན་རྒན་ཚང་། །ཁྱེད་ལ་ཞུ་རྒྱུ་ཞིག་ཡོད་ཟེར། །ཡ་ཡ་ཤོད་དང་ཅི་རེད་སྨྲས། །དེང་སང་བླ་མ་སྐུ་བསོད་ཅན། །དབྱར་སྟོན་བསོད་སྙོམས་བྱེད་མཁན་ལ། །སྐྱབས་འཇུག་འདི་སྐད་ཞུ་བར་གདའ། །བླ་མའི་བན་དམར་བཀལ་བའི་རྟ། །གྲྭ་པ་གཉའ་ཐུང་སྨུག་རིལ་པོ། །ངེད་ཚང་སྒོ་ལ་སླེབས་པ་དང་། །ཁོང་གི་མི་སྐྱས་མི་ཞིག་ཁྲིད། །ལུག་ནང་འོང་བ་ཐོ་ཐུག་རེད། །བླ་མས་ཕྱག་མདུད་གནང་བ་དེ། །ཞགས་པ་ཞིག་དང་ཁྱད་མི་གདའ། །བསྐོན་པ་ཡོན་བདག་རྐེར་བསྐོན་རུང་། །འཛིན་པ་ངེད་ཚོའི་སྐེ་ནས་འཛིན། །ར་དང་ཤ་གཟན་མ་རྒན་ལ། །སྐྱིད་སྡུག་ལེགས་ཉེས་ཅི་གཏོང་དེ། །བླ་མ་འགའ་རེའི་ཕྱག་ན་གདའ། །འདི་ཕྱི་བར་དོ་གསུམ་པོ་ལ། །བླ་མ་མ་གཏོགས་རེ་ས་མེད། །རེ་བའི་དུས་སུ་རེ་ལོག་གེ །མ་གཏོང་ངེད་ཚོ་སྙིང་རེ་རྗེ། །ཚེ་འདིར་ངེད་ཚོ་ཚེ་ཐར་གྱིས། །ཡང་ན་ཕྱི་མར་ཡར་ལ་དྲོངས། །དེ་མིན་འདི་སྡུག་ཕྱི་སྡུག་གཉིས། །བྱས་ན་བསད་ཐོག་བསད་བཞག་རེད། །མཁྱེན་བརྩེ་ནུས་པ་ཞིག་མ་ཆུང་། །ཕྱི་མར་འགྲོ་ཡང་བླ་མ་ཚོར། །འོ་དོད་དྲག་པོ་བོས་ནས་འགྲོ །བླ་མ་རྣམས་མཁྱེན་བླ་མ་མཁྱེན། །ཡོན་བདག་འགའ་རེས་ཞྭ་ཚོ་ཕུད། །ངེད་ཀྱི་ཁྱིམ་དུ་ཁྱེད་བྱོན་ཞེས། །གདན་འདྲེན་ཞུ་དུས་ལུག་གསོད་པ། །མཁྱེན་རུང་མ་མཁྱེན་ཚུལ་མ་གནང་། །ཞལ་གསུང་སྙན་མོ་དེ་དུས་བྱོན། །བླ་

p. 335

མ་འགའ་རེ་བྱོན་པ་དང་། །ངེད་ཚོ་གསོད་པ་དུས་མཉམ་ཡིན། །གཟིགས་རུང་མ་གཟིགས་ཚུལ་མ་གནང་། །ལུག་ཀ་མ་བཤའ་ཐོངས་ཤིག་ཅེས། །ཞལ་གསུང་སྙན་མོ་དེ་དུས་བྱོན། །བླ་མ་ཁ་ཅིག་ཁྱིམ་དུ་འཛུལ། །ཁྲི་ཁར་བདེ་བར་བཞུགས་ཡོད་དུས། །སྒོ་ནས་ངེད་ཚོ་གསོད་པ་ཡིན། །དེ་དུས་མ་མཁྱེན་ཚུལ་མ་གནང་། །མི་མཁྱེན་དགུ་མཁྱེན་བླ་མ་ཚོས། །དེ་ཡིས་མི་ཚད་ཚོ་མཁྱེན་ན། །དེ་དུས་མི་མཁྱེན་ས་ན་མེད། །ར་འམ་ལུག་གཉིས་གང་རུང་ཞིག །བསྐྱེལ་ཚེ་ར་འབའ་ལུག་འཁུན་པ། །ཁྱིམ་མཚེས་གཡས་གཡོན་རྣམས་ཀྱིས་ཐོས། །འཚོ་བ་ར་འམ་ལུག་རེད་ཅེས། །མ་ཎི་པདྨེ་ཧཱུཾ་ཚོ་ཟེར། །དེ་དུས་ཞལ་གསུང་བཟང་པོ་ཞིག་ཕེབས་ཞེས་སྙིང་ནས་གསོལ་བ་འདེབས། །ཁ་བསུམ་ཡོད་དུས་དབུགས་སར་རེ། །བཏང་ན་དེ་བས་དགེ་བ་ཞིག །འཛམ་གླིང་འདི་ན་དཀོན་པར་གདའ། །ངེད་ཚོའི་ལས་འདི་ཤིན་ཏུ་ངན། །སྟོན་ཁ་ལུག་ཤེད་བཟང་དུས་སུ། །མ་རྒན་ལས་འདི་ལྷག་པར་ངན། །བླ་མ་ཐུགས་རྗེ་ཆེ་ཟེར་བའི། །ཐུགས་རྗེ་དེ་དུས་ཆུང་འགྲོ་ན། །ཆུང་བ་རྣམས་ཚོ་བཤད་མི་དགོས། །ཚིག་དེའི་ནང་དུ་འདུས་ནས་ཡོད། །བླ་མ་དམར་དམར་བྱོན་ཙ་ན། །ཤ་ཁྲག་དམར་དམར་འདིའི་ཕྱིར་དུ། །སྲོག་རྩ་དམར་དམར་གཅོད་ཙ་ན། །ཉི་མ་དམར་དམར་འཆར་བར་གདའ། །ཟེར་བའི་ལན་དུ་ངས་འདི་སྨྲས། །ཨ་རོག་ར་ལུག་མ་རྒན་ཚོ། །སྐྱེས་པའི་ལུས་འདི་ཐ་མ་འདོར། །སྔོན་ཆད་ས་ཡི་རྡུལ་སྙེད་ཀྱིས། །ལུས་བླངས་དོར་

p. 336

བའི་ཤ་རུས་རྣམས། །སྤུངས་ན་རི་རབ་བས་ཀྱང་མཐོ། །བླ་མ་དམ་པའི་འཚོ་བའི་ཕྱིར། །གཅིག་ཀྱང་མ་སོང་དོན་མེད་སོང་། །ད་རེ་བླ་མའི་འཚོ་བའི་ཕྱིར། །ལུས་འདི་དོར་ན་དོན་ཆེན་འགྲུབ། །ཆོས་ཕྱིར་དོར་ན་མི་ལེགས་སམ། །འོན་ཀྱང་ཁྱེད་ཚོས་བཤད་པའི་འཕྲིན། །བླ་མ་འགའ་རེར་ངས་ཅིག་ཞུ། །ཞུས་ན་བླ་མ་འགའ་ཞིག་གིས། །བསྡིགས་ནས་ང་ཡང་གསོད་ལ་བྱེད། །སྨྲས་པས་ཀུན་གྱིས་ཨ་ཧོ་ཧོ། །ཁྱོད་ཀྱང་དེའི་གྲལ་མིན་ནམ་ཟེར། །སྐྲག་ནས་ཀུན་འདྲོག་བྲོས་བུད་ཐལ། །གླུ་འདི་ཐོས་ཚད་བསོད་སྙོམས་པས། །དམིགས་ཤ་ནམ་ཡང་མི་བཞེས་ཤོག །ཅེས་དབྱར་སྟོན་བསོད་སྙོམས་གནང་བའི་བླ་མ་སྐུ་བསོད་ཆེ་བ་འགའ་རེ་ལ་སྐྱོན་གཏམ་བྱས་པའོ། །ཡང་། །མི་མེད་རི་ཡི་རྩེ་རུ། །མི་ང་ཉིན་ཞིག་སོང་དུས། །སྐྱེ་མེད་དབྱིངས་ནས་འོང་བའི། །བདག་མེད་ལྟ་བའི་ཁྱེའུ་ཆུང་། །གང་ཟག་སྣོད་ལྡན་རྒྱུད་ལ། །གང་ན་ཡོད་རུང་འཇུག་སྙམ། །གཅིག་པུར་གྲོས་དང་གྲོས་བྱེད། །གྲོས་ལ་འདི་དང་འདི་ཟེར། །བླ་ཆེན་རྣམས་ཚོ་རེད་ད། །ཤེས་རབ་མིག་ནི་གསལ་ཡང་། །ཆོས་བརྒྱད་གཅོང་གིས་ཟིན་པས། །དེ་ལ་ཞུགས་ནས་ཆེད་ཟེར། བཙུན་པ་རྣམས་ཚོ་རེད་ད། །ཆ་ལུགས་གཟུགས་བྱེད་མཛེས་རུང་། །འདོད་སྲེད་གྲང་གཞི་ཆེ་བས། །དེར་ཡང་ཞུགས་ནས་ཆེད་ཟེར། །གྲོང་གི་བན་རྒན་རེད་ད། །རབ་བྱུང་བསིལ་ཁང་བསྡད་ཀྱང་། །དཀོར་ནག་དུག་ཆུས་མྱོས་པས། །དེར་ཡང་ཞུགས་ནས་ཆེད་ཟེར། །སྐྱེ་བོ་ཕོ་མོ་རེད་ད། །གཏོང་ཕོད་ལག་པ་འཛོམས་རུང་། །

p. 337

བདག་འཛིན་སྐྲན་གྱིས་ཟིན་པས། །དེར་ཡང་ཞུགས་ནས་ཆེད་ཟེར། །བན་རྒན་ང་ང་ཞུས་ཚེ། །བན་རྒན་ཁྱོད་རང་སྙིང་རྗེ། །ང་ཟེར་སྐད་འགོ་མཐོ་ཡང་། །ང་འདྲ་ཅན་པོ་མ་རེད། །ནད་མེད་རྒྱུ་གཙང་མ་རྙེད། །ནད་ཅན་རྒྱུད་ལ་མ་ཞུགས། །སླར་ཡང་ཆོས་ཀྱི་དབྱིངས་སུ། །ད་ཡང་འགྲོ་ཞེས་གཤེགས་ཐལ། །ཞེས་རང་གཞན་ཀུན་ལ་ཟུར་ཟ་བཏང་ནས་ཀུ་རེ་དང་བཞད་གད་ཉམས་སྤྲོ་ཕྱིར་སྨྲས་པའོ། །ཡང་ཆོས་མཛད་རྣམས་སྐྱོ་བ་སངས་ཕྱིར་རྗེ་བཙུན་མི་ལ་རས་པའི་གསུང་དང་སྒོ་བསྟུན་ནས་ཤ་ཆང་གི་སྟོན་མོ་བྱས་ཚུལ་གྱི་མགུར་མའི་སྐོར་ལ་ཐོག་མར་སྟོན་ཤ་བཤས་ཚུལ་ནི། ཕ་རྒན་ཆོས་རྒྱལ་རིན་པོ་ཆེ། །བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །གངས་ཅན་བོད་ཀྱི་མི་རྣམས་ཀྱིས། །སྟོན་དུས་ཤ་ཆང་སྟོན་མོ་བྱེད། །རྣལ་འབྱོར་ངས་ཀྱང་སྟོན་མོ་བྱ། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཐོག་མར་སྟོན་ཤ་མང་པོ་བཤའ། །དམ་ཆོས་རྫོགས་ཆེན་རི་བོ་ནས། །རིག་པའི་ཁྱེའུ་ཆུང་རྫི་བོ་ཡིས། །ཐེག་པ་རིམ་དགུའི་གཡག་དགུ་དེད། །རྒྱུད་སྡེ་བཞི་ཡི་ལུག་བཞི་དང་། །སྡེ་སྣོད་གསུམ་གྱི་ར་གསུམ་འཁྲིད། །ཆོས་ཉིད་ཡངས་པའི་ར་མོ་ཆེར། །ར་ལུག་གཡག་གསུམ་བསྐྱིལ་ནས་བཞག །བ ཤན་པ་ཀུན་མཁྱེན་ཡེ་ཤེས་ཀྱིས། །ཤེས་རབ་རྣོན་པོའི་རལ་གྲི་བརྡར། །དད་པ་བརྟན་པོའི་ས་ལ་བསྐྱེལ། །བསོད་ནམས་ཚོགས་ཀྱི་ཐག་པས་བསྡམས། །ཡེ་ཤེས་ཚོགས་ཀྱིས་

p. 338

ལྟོ་བ་ཕྱེ། །སྒྲིབ་གཉིས་སྲོག་རྩ་ཆོད་ཀྱིས་བཅད། །རྣམ་རྟོག་ཕྱི་ཡི་པགས་པ་བཤུས། །མདོ་རྒྱུད་དགོངས་པས་གཟུགས་ཕུང་ཕྲལ། །ལུང་རིག་གཉིས་ཀྱི་ལྷུ་རུ་གསིལ། །མན་ངག་སྟ་གྲིས་དུམ་བུར་བཅད། །ཆོས་ཅན་སྣ་ཚོགས་ཤ་ལྷུ་རྣམས། །ཆོས་ཉིད་ཡངས་པའི་ཟངས་ནང་འཕངས། །སྐུ་གསུམ་ལྷུན་གྲུབ་སྒྱེད་པུ་བཙུགས། །ཚད་མེད་བཞི་ཡི་མེ་ཞིག་སྦྱར། །ཉམས་རྟོགས་མཐའ་རུ་ཕྱིན་པར་བཙོས། །མཉམ་རྗེས་ཟུང་འཇུག་ཕྱིར་བར་བཏོན། །དེ་ནས་སྟོན་ཆང་བཙག་ཚུལ་ནི། །ཕ་རྒན་ཆོས་རྒྱལ་རིན་པོ་ཆེ། །ཐུགས་རྗེ་སྤྱན་གྱིས་ཡོངས་ལ་གཟིགས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ད་ནི་སྟོན་ཆང་བཟང་པོ་བཙག །དད་པའི་བུ་མོ་ཆུང་བཙག་མཁན། །བོས་ནས་ངེས་འབྱུང་ཐབ་ཁའི་ཁར། །བྱང་ཆུབ་སེམས་ཀྱི་ཟངས་ཆེན་བཙུགས། །ཕ་རོལ་ཕྱིན་དྲུག་ནས་ཆུ་བླུགས། །ཞི་གནས་བརྟན་པོའི་ཤིང་བརྩིགས་ནས། །ལྷག་མཐོང་ཡེ་ཤེས་མེ་སྦར་བཙོས། །དབང་བཞི་རྣམ་དག་ཐང་དཀྱིལ་དུ། །དམ་ཚིག་གཙང་མའི་ཕྱུར་བར་བརྡལ། །བསྐྱེད་རྫོགས་རྫོགས་ཆེན་ཕབ་བཏབ་ནས། །ཐོས་བསམ་སྒོམ་པའི་མལ་དུ་བསྙལ། །ཉམས་རྟོགས་ཡོན་ཏན་ཆང་ལངས་དུས། །རློམ་སེམས་མེད་པའི་རྫ་མར་བླུགས། །མི་སྨྲ་རྩྭ་འདམ་ཁ་བཅད་ནས། །རི་ཁྲོད་དབེན་པའི་དྲོ་སར་བཞག བཙག་པའི་དུས་ལ་བབ་ཙ་ན། །གཞན་ཕན་བསམ་པའི་ཟངས་ནང་བླུགས། །སྐྱོ་ངལ་མེད་པའི་དམ་བུ་བཙུགས། །སོར་རྟོག་ཤེས་རབ་མེ་ཞིག་སྦར། །ལུང་

p. 339

རིག་དྲི་མེད་ཐེམ་ཁུང་ནས། །འཆད་རྩོད་རྩོམ་པའི་ཆང་མང་བཙགས། །ཐབས་མཁས་བསྡུ་བཞིའི་སྣོད་མང་བཀང་། །དེ་ནས་གོང་མའི་མགྲོན་ལ་སྟོན་མོ་བྱས་ཚུལ་ནི། ཕ་རྒན་ཆོས་རྒྱལ་རིན་པོ་ཆེ། །བདག་གཞན་སྒོ་གསུམ་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ད་ནི་ཤ་ཡི་སྟོན་མོ་འགྱེད། །ཆོས་སྐུ་ཡངས་པའི་ཁང་བཟང་དུ། །སྣ་ཚོགས་ཁྲོམ་གྱིས་མགྲོན་ཅིག་གསོག །ལག་བདེ་ཡེ་ཤེས་ལྔ་ཡིས་མཛོད། །མཚན་ཉིད་ལྡན་པའི་བླ་མ་ལ། །བསམ་སྦྱོར་གཉིས་ཀྱི་ཚང་ར་དྲོངས། །སྐྱེ་མེད་རྟོགས་པའི་སྒོམ་ཆེན་ལ། །སྟོང་ཉིད་ཡེ་ཤེས་བརླ་དེ་དྲོངས། །གསང་སྔགས་ཐབས་ལམ་བསྒོམ་པ་ལ། །བདེ་ཆེན་ཉམས་ཀྱི་དཔྱི་དེ་དྲོངས། དམ་ཆོས་གཙོ་བོར་བྱེད་པ་ལ། །འདུན་མ་གྲུ་བཞིའི་སོག་པ་དྲོངས། །རྒྱུ་འབྲས་ཤེས་པའི་གང་ཟག་ལ། །བདག་གཞན་འཚེངས་པའི་དཔུང་པ་དྲོངས། །བསྟན་པ་སྐྱོང་བའི་གནས་བརྟན་ལ། །ཀུན་ལ་ཕན་པའི་ལྕགས་དེ་དྲོངས། །གྲུབ་མཐའ་ཕྱོགས་རིས་མེད་པ་ལ། །ཀུན་དང་མཐུན་པའི་ནམ་ཚོང་དྲོངས། །མི་རྟག་བསྒོམ་པའི་གང་ཟག་ལ། །ཕྱི་རྩིས་མེད་པའི་བྲང་རྩེ་དྲོངས། །འཚོ་བྱེད་བྱང་སེམས་སྨན་པ་ལ། །འདི་ཕྱི་བདེ་བའི་དལ་མོ་དྲོངས། །དད་ལྡན་བརྩོན་འགྲུས་ཆེ་བ་ལ། །ཐབས་ཤེས་གཉིས་ཀྱི་མཁལ་མ་དྲོངས། །སྣོད་དང་ལྡན་པའི་སློབ་མ་ལ། །མན་ངག་གནད་ཀྱི་སྙིང་རྩེ་དྲོངས། །འདུལ་ཁྲིམས་བསྲུང་བའི་དགེ་འདུན་ལ། །ཞི་ཞིང་དུལ་བའི་མཁལ་ཚིལ་དྲོངས། །ཆོས་སྒོར་གསར་ཞུགས་གང་ཟག་ལ། །དྲང་དོན་ཁྲིད་

p. 340

མཁས་རྩིབས་ཐུར་དྲོངས། །དགེ་བ་འབྲལ་མེད་དད་ལྡན་ལ། །རྒྱུ་འབྲས་མི་བསླུའི་མཆིན་པ་དྲོངས། །ཉམས་ལེན་བྱེད་པའི་རྣལ་འབྱོར་ལ། །བཅུད་ལྡན་གདམས་པའི་རྫི་ཤ་དྲོངས། །དེ་ནས་འོག་མའི་མགྲོན་ལ་ཤ་སྣ་དྲངས་ཚུལ་ནི། ཕ་རྒན་ཆོས་རྒྱལ་རིན་པོ་ཆེ། །བདག་གཞན་སྒོ་གསུམ་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །འོག་མའི་མགྲོན་ལ་ཤ་སྣ་འགྱེད། །ཉེ་རིང་ཆེ་བའི་བླ་དཔོན་ལ། །ཆགས་སྡང་གཉིས་ཀྱི་མིག་ཆུ་དྲོངས། །ཚིག་ཕྱིར་འབྲང་བའི་སྟོན་པ་ལ། །ཕྱི་ཐེར་ནང་བཙོག་ཕོ་སུལ་དྲོངས། །ཁེངས་དྲེགས་ཆེ་བའི་སློབ་དཔོན་ལ། །མཐོ་ལ་བཟའ་མེད་གཉའ་རྩེ་དྲོངས། །དྲག་པོ་མཐུ་གཏད་བྱེད་པ་ལ། །བདག་གཞན་ཕུང་བའི་མཁྲིས་པ་དྲོངས། །ཕྱོགས་ལྷུང་ཁ་འཛིན་གྲྭ་པ་ལ། །མི་མཐུན་རྩོད་པའི་ཁ་ཤ་དྲོངས། །དགའ་ཡན་ལྟོ་ཕྱིར་རྒྱུག་པ་ལ། །བསྒོམ་པ་ཆུད་གཟོན་སྣ་རྩེ་དྲོངས། །གྲོང་ཡུལ་འགྲིམས་པའི་ཆོས་པ་ལ། །ཐོས་ལོ་བསྒྲུབ་པའི་རྣ་བ་དྲོངས། །དད་ཆུང་ལོག་ལྟའི་སློབ་མ་ལ། །ཕན་ལས་གནོད་པའི་མཚེར་བ་དྲོངས། །གནས་གཞི་སྡེ་འཁྲུག་བྱེད་པ་ལ། །བདག་གཞན་རྫོབ་པའི་སློ་ཁུ་དྲོངས། །ཉམས་ལེན་ཁ་ཕྱིར་ཤོར་བ་ལ། །བོངས་ཆེ་དོན་ཆུང་གློ་བ་དྲོངས། །དམར་ཆོག་བྱེད་པའི་བན་བོན་ལ། །སྡིག་སྡུག་ཁྲག་དང་ཆུ་སེར་དྲོངས། །མང་པོའི་རྫུན་གཏམ་མོ་བ་ལ། །བཟང་ངན་ལབ་པའི་ལྕེ་རྩེ་དྲོངས། །རྒྱུ་འབྲས་སྟོང་ལྟའི་གང་ཟག་ལ། །རྟག་ཆད་མཐར་ལྷུང་མཇུག་མ་དྲོངས། །ཞི་གནས་སེམས་འཛིན་བྱེད་པ་ལ། །གཏི་མུག་

p. 341

མ་རིག་ཀླད་པ་དྲོངས། །ཕ་མར་མི་བྱམས་བུ་ཚ་ལ། །ཀུན་གྱིས་ཁྲེལ་བའི་ཤ་ཆེན་དྲོངས། །ཆོས་དང་འཇིག་རྟེན་ཀུན་སྤངས་ལ། །ཤ་མིན་ཚིལ་མིན་ཁྲབ་ཁྲབ་དྲོངས། །ཐོས་ཆུང་སློབ་དཔོན་བྱེད་པ་ལ། །ཕུ་མདའ་ཐུག་པའི་ལོང་ག་དྲོངས། །གཙོ་བོ་དཀོར་ནོར་གསོག་པ་ལ། །མར་འགྲོ་ལམ་གྱི་མིད་པ་དྲོངས། །ཁ་འབར་ལག་དམ་བུད་མེད་ལ། །སེར་སྣས་བཅིངས་པའི་སྐྱག་ཁུང་དྲོངས། །ཕྱུག་པོ་སེར་སྣ་ཆེ་བ་ལ། །བསགས་ཤིང་འབོ་བའི་གྲོད་པུ་དྲོངས། །ཚེ་འདིར་ཞེན་པའི་ཆོས་པ་ལ། །ཕྱི་ལེགས་ནང་བཙོག་རླིག་པ་དྲོངས། །བུད་མེད་ཁ་དཀར་གཏིང་ནག་ལ། །ཁ་ཡག་ཁོག་ནག་རྒྱུ་མ་དྲོངས། །བུད་མེད་སྨད་འཆོལ་བྱེད་པ་ལ། །སྦོམ་ལ་རིང་བའི་རྡོ་རྗེ་དྲོངས། །བནྡེ་སྡོམ་པ་ཤོར་བ་ལ། །ཆུ་དང་བཅས་པའི་བྷ་ག་དྲོངས། །བཟའ་ཚང་མང་པོའི་ཕ་མ་ལ། །ཐང་ཤ་ཆད་པའི་པགས་པ་དྲོངས། །ཅང་མེད་ཁྱིམ་ཐབས་བྱེད་པ་ལ། །འདི་ཕྱི་གཉིས་མེད་རྒྱུ་སྣ་དྲོངས། །ཕྱི་བཤོལ་བྱེད་པའི་གང་ཟག་ལ། །ལེ་ལོ་ངན་ཆགས་འབག་ལྷག་དྲོངས། །དེ་ནས་མཇུག་ཏུ་ཀུན་ལ་ཆང་གི་སྟོན་མོ་བྱས་ཚུལ་ནི། ཕ་རྒན་ཆོས་རྒྱལ་རིན་པོ་ཆེ། །བདག་གཞན་སྒོ་གསུམ་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ད་ནི་ཆང་གི་སྟོན་མོ་བྱེད། །ཡེ་ཤེས་ལྔ་ཡི་ལག་བདེ་ལོངས། །བཀའ་དྲིན་སུམ་ལྡན་བླ་མ་ལ། །ཅི་གསུང་བཀའ་སྒྲུབ་བདུད་རྩི་དྲོངས། །ཡི་དམ་རྒྱལ་བ་ཞི་ཁྲོ་ལ། །བསྙེན་བསྒྲུབ་ཟབ་མོའི་བདུད་རྩི་

p. 342

དྲོངས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །ཚོགས་དང་གཏོར་མའི་བདུད་རྩི་དྲོངས། །ཆོས་ཀྱིས་བསྡུས་པའི་སྤུན་གྲོགས་ལ། །དམ་ཚིག་གཙང་མའི་བདུད་རྩི་དྲོངས། །ལུས་སྲོག་བསྐྱེད་པའི་ཕ་མ་ལ། །མཆོད་བཀུར་བཟང་པོའི་བདུད་རྩི་དྲོངས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །འཕྲལ་ཕུགས་བདེ་བའི་བདུད་རྩི་དྲོངས། །རབ་འབྲིང་ཐ་མའི་གདུལ་བྱ་ལ། །བྱང་ཆུབ་ལམ་རིམ་བདུད་རྩི་དྲོངས། །ཁྱད་པར་དབང་པོ་ཡང་རབ་ལ། །བསྐྱེད་རྫོགས་རྫོགས་ཆེན་བདུད་རྩི་དྲོངས། །ཐོག་མར་ཉུང་ངུ་གྱིས་ལ་དྲོངས། །ལན་ཅིག་མ་ཡིན་ཡང་ཡང་དྲོངས། །རྣལ་འབྱོར་རང་ཡང་ཤ་ཆང་རོལ། །ཐམས་ཅད་ཤས་འགྲངས་ཆང་གིས་བཟི། །ཕན་ཚུན་རྒྱགས་གཏམ་དི་རི་རི། །དགའ་སྤྲོའི་བཞད་གད་ཐགས་སེ་ཐག །ཀུན་ལ་བདེ་སྐྱིད་ཉི་མ་ཤར། །ཨེ་མ་རྨད་བྱུང་བསྐལ་བ་བཟང་། །ཞེས་ཆོས་མཛད་ཕོ་མོ་སྐྱོ་བ་བསངས་ཕྱིར་ཉམས་དགའི་སྣང་བ་སྤྲོ་བའི་ཆེད་དུ་རྩེ་མཚར་ལྟ་བུར་སྨྲས་པའོ། །གཞན་སློབ་བུ་དགེ་སློང་ཁ་ཤས་ཀྱིས། ཁྱེད་ཀྱིས་གནས་བཟང་ས་ཞིག་ནས་དགོན་ཆུང་ཞིག་བཏབ་ན་ཕྱིས་ནས་དཔོན་སློབ་རྣམས་རྒས་ན་མཁོ་ཟེར་བའི་ལན་དུ།་འོ་དེ་ཡིན་ན་དགོན་ཆུང་མི་དགོས་དགོན་ཆེན་ཞིག་བཏབ་ཚར་ཡོད། ཁྱེད་རྣམས་ཀྱིས་ཀྱང་ཐོབ་དང་རྒྱས་ཁར་སྐྱིད་ཅེས་རྣལ་འབྱོར་དགོན་པ་བརྒྱབ་ཚུལ་གྱི་མགུར་དབྱངས་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །རང་ལུས་རི་བོའི་དགོན་པ་ན། །ཆོས་སྤྱོད་བཅུ་ཡི་

p. 343

གྲྭ་ཚང་བཙུགས། །ངེས་འབྱུང་རྣམ་དག་ལྕགས་རིས་བསྐོར། །བྱམས་དང་སྙིང་རྗེའི་ཀ་རིང་བཙུགས། །བྱང་ཆུབ་སེམས་ཀྱི་འདུ་ཁང་ཕུབ། །དཀར་པོ་དགེ་བཅུའི་མང་ཇ་བཏང་། །འཕགས་ནོར་བདུན་གྱི་འགྱེད་ཕོགས་བརྒྱབ། །མདོ་སྔགས་ཆོས་ཀྱི་འཆད་ཉན་བཙུགས། །དམ་ཚིག་སྡོམ་པའི་བཅའ་ཡིག་བསྒྲགས། །ནམ་འཆི་ཆ་མེད་དགེ་བསྐོས་བཞག །ཉམས་རྟོགས་དགོན་པ་རྒྱས་སུ་རེ། །མི་ངས་དགོན་པ་བཏབ་ཚར་ཡོད། །ཁྱེད་རྣམས་ང་བཞིན་དགོན་པ་ཐོབས། །འཕྲལ་ཕུགས་བདེ་ཞིང་སྐྱིད་པར་འགྱུར། །ཞེས་བླངས་པས་ཀུན་གྱིས་དགོན་པ་དེ་ཤིན་ཏུ་ལེགས། བདག་ཅག་རྣམས་ཀྱིས་ཀྱང་ཁོང་གི་དགོན་པ་དེ་ལྟར་མི་རེས་དགོན་པ་རེ་འདེབས་ཨེ་ཐུབ་བལྟ་བས། གེགས་མེད་བདེ་བླག་ཏུ་འདེབས་ནུས་པའི་སྐྱབས་འཇུག་ཞུ་ཟེར་རབ་ཏུ་དད་ཅིང་གུས་པའི་སྒོ་ནས་ཕྱག་དང་སྐོར་བ་བྱས་ཏེ་སོང་ངོ་། །དེ་ནས་བདག་གི་མཚམས་གྲོལ་ནས་མཇལ་མཁན་མང་པོ་བྱུང་། མ་ཎི་སྒྲོལ་མ་སྨྱུང་གནས་བསྙེན་གནས་སོགས་ཀྱི་ལུང་བྱིན། ལས་རྒྱུ་འབྲས་ཀྱི་ཆོས་བཤད། འཆི་བ་མི་རྟག་ཚུལ་གྱི་མགུར་དབྱངས་སྣ་ཚོགས་པ་བླངས་ནས། ཀུན་གྱི་བློ་ཁ་ཆོས་ལ་བསྒྱུར། རྟ་ནོར་ལུག་གསུམ་ཇ་རས་གོས་དར་འབུལ་མཁན་བྱུང་བ་རྣམས་མ་བླངས་པར། བསྔོ་སྨོན་བྱས་ནས་ཡོན་བདག་རང་རང་ལ་ཕྱིར་བྱིན། མཛོ་གཅིག་བླངས་ནས་ཞབས་དྲུང་ཚང་གི་བུད་མེད་ཅིག་ང་ལ་མཇལ་དུ་འོང་བ་ལ་གླང་གཅིག་མ་གཏོགས་ནོར་གང་ཡང་མེད་པས་གླང་དེ་

p. 344

རྐུན་མ་ཞིག་གིས་བརྐུས་སོང་བ་དེ་ང་ལ་བཤད་ནས་མང་པོ་ངུས་པས་སྙིང་རྗེ་ནས་དེ་ལ་བྱིན། རས་ཡུག་མདོག་མི་འདྲ་བ་བརྒྱ་ཙམ་ཞིག་བླངས་ནས་མ་ཎི་ཇོ་དར་སྟོང་ཚོ་གཅིག་བཏབ་ནས་གནས་ཁང་གི་སྒོ་ཡི་ཕ་རི་ཚུར་རི་ལ་ལྔ་ཚར་ཅིག་འཐེན། དེ་ནས་གནས་མཆོག་བྲག་དཀར་སྤྲེལ་རྫོང་ནང་གི་ལྷ་སྐུ་སོགས་རང་བྱོན་མང་པོ་ཡོད་པ་རྣམས་ལ་མཇལ་ནས་ཕྱག་མཆོད་སྐོར་བ་བྱས་ཏེ། ཨ་མ་ཡོད་མེད་བལྟ་རུ་རྨ་ཆུའི་ཚུར་ཁར་འོང་བས། །སྔར་གྱི་ཨ་མ་དྲན་པའི་འདོད་གདུངས་དེ་ཡལ་ནས། སོང་ན་མི་འདོད་པ་ཞིག་བྱུང་བས། རྨ་འགྲམ་དེ་ན་ཀྱི་ཕུག་པདྨ་རྫོང་ཟེར་བའི་ཕུག་པ་ཉམས་དགའ་བ་ཞིག་འདུག དེ་རུ་སོང་ནས་ཞག་ཁ་ཤས་བསྡད་པའི་ཚེ། ཡུལ་དུ་ཨ་མ་དྲིན་ཅན་མ་དེ་ཉིད་ལ་ང་བྲག་དཀར་སྤྲེལ་རྫོང་དུ་སླེབས་ནས་ཟླ་བ་གཅིག་ལྷག་ཙམ་སོང་བའི་སྐབས་སུ། གློ་བུར་དུ་རླུང་ཞིག་ལངས་ནས་ཕུང་པོ་མ་བདེ་བའི་ཚེ། སྲིང་མོ་དང་ཤ་ཉེ་སྙིང་པོ་བྱམས་ཨ་ལགས་བརྗེ་སོགས་ལ། ཨ་མས་ང་ལ་ཁ་སང་དགོང་མོ་ནས་ཕུང་པོ་མི་བདེ་བ་ཞིག་བྱུང་འདུག གཏེར་སྟོན་རིན་པོ་ཆེའི་ལུང་བསྟན་དང་། བུ་ཡིས་ད་ལོ་ཐུག་ཏུ་འོང་རྒྱུ་ཡིན་ཟེར་ཚུལ་གྱིས། ད་ལོ་ང་འཆི་རྒྱུ་ཨེ་ཡིན། བུས་སྔར་ཁྱོད་འཆི་ན་འདི་ལྟར་གྱིས་ཞེས་ཡི་གེ་ཞིག་བསྐུར་། ཡོད་པ་དེ་གང་ན་འདུག་ལྟོས་ལ། ངའི་རྣ་བས་ཐོས་སར་ལན་ཅིག་སྒྲོགས་དང་། བུ་ལ་མ་འཕྲད་རུང་། སེམས་ལ་ཕན་པའི་ཁྱད་འདུག་ཟེར། དེར་ཡི་གེ་བཏོན་ཚེ་མིག་ནས་མཆི་མ་སྲན་རྡོག་ཙམ་འགའ་བཏང་ནས། ད་ང་ཤི་སོང་ན་བུ་འདིར་མི་འོང་

p. 345

བས་ཁོ་རང་གིས་བཤད་པ་ལྟར། ངའི་རུས་པ་བུ་ལ་འཕྲོད་ཐབས་ཤིག་གྱིས། དེ་མ་གཏོགས་ཁ་ཆེམས་མེད་ཟེར། ན་ཟུག་ཆེན་པོ་མེད་བཞིན་དུ་ཚེའི་དུས་བྱས་སོང་འདུག སྔར་རང་ཉིད་བྲག་དཀར་སྤྲེལ་རྫོང་ན་ཡོད་དུས་ཡོན་བདག་ཚོའི་ཁ་ལ་མ་ཉན་པར་འགྲོ་རྒྱུ་ཡིན་ན། ཨ་མ་མ་ན་བར་ཁམས་བདེ་མོ་བྱས་ནས་བསྡད་ཡོད་པའི་སྒང་ལ་སླེབས་ཚོད་ན་འདུག་སྟེ། སྔོན་ལས་ཀྱིས་བསྒྲིབས། འཕྲལ་རྐྱེན་གྱི་དབང་དུ་སོང་ནས། ཨ་མ་ལ་ཚེ་འདིར་དངོས་སུ་མཇལ་རྒྱུའི་སྐལ་བ་མ་བྱུང་། དེ་དུས་གྲུབ་དབང་པདྨ་རང་གྲོལ་རིན་པོ་ཆེ་བཀྲ་ཤིས་འཁྱིལ་ན་བཞུགས་པ་གདན་དྲངས། ཁོང་ཕེབས་ནས་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཞལ་ཕྱེས། དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རྒྱ་ཆེན་པོ་ཕུལ་ནས། བླ་མ་དཀོན་མཆོག་གསུམ་ལ་མའི་ལམ་སྣ་འདྲེན་པའི་གསོལ་འདེབས་དང་ཚོགས་གསོག་སྒྲིབ་སྦྱོང་ཡང་དག་པ་མཛད། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་རིང་ལུགས་ལྟར་རིགས་དྲུག་གི་ས་བོན་སྦྱངས་ནས། མའི་རྣམ་ཤེས་ཨ་དཀར་པོའི་རྣམ་པར་ཁོང་གི་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་དབྱིངས་སུ་བསྲེས་ནས། གནས་ལུགས་ལྟ་བའི་གདེང་ལ་མཉམ་པར་བཞག་པས། མའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བྱང་ཞིང་དག་པར་བྱས། ཆོས་སྐུའི་དབྱིངས་ལས་མའི་སེམས་ཀྱི་ངོ་བོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་པ་བལྟ་བས་ཆོག་མི་ཤེས་

p. 346

པ་ཞིག་གི་རྣམ་པར་གྱུར་ནས། ཐོགས་པ་མེད་པའི་རྫུ་འཕྲུལ་ལ་བརྟེན་ནས་སྐད་ཅིག་ཡུད་ཙམ་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སོང་ནས། མགོན་པོ་འོད་དཔག་མེད་ཀྱི་ཞལ་མཇལ་གསུང་ཐོས་ལུང་བསྟན་དབུགས་དབྱུང་ནས་ཕྱིར་མི་ལྡོག་པའི་ས་ཐོབ་སོང་སྙམ་པའི་དམིགས་པ་བརྟན་པོ་དང་། བསྔོ་སྨོན་གྱིས་མཚམས་སྦྱོར་བྱས་ནས་ཕུང་པོ་སྦྱིན་བསྲེག་ཏུ་བླུགས། དེ་ནས་སྲིང་མོ་ལ་དངོས་པོ་གང་ཡོད་ཀྱི་ཁར་ཤ་ཉེ་དང་ཡུལ་ཕྱོགས་ཀྱི་དད་ཅན་རྣམས་ཀྱིས་ཟས་ནོར་མང་པོ་བསྡུས་ནས་ཡུལ་དུས་དང་མཐུན་པའི་དགེ་རྩ་བཏང་། དེ་དུས་རང་ཡུལ་ན་ཡོད་པའི་དད་ལྡན་མཆེད་གྲོགས་ཚེ་དབང་རབ་བརྟན་གྱིས། ཨ་མའི་པུར་སྦྱངས་པའི་ཉིན་དེའི་མཚན་མོ་རྨི་ལམ་དུ། མ་སྔར་བས་གཟི་མདངས་དང་ལྡན་པ་ལ་གོས་རྒྱན་སྣ་ཚོགས་པས་མཛེས་པར་བྱས་ནས། འཁོར་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ནམ་མཁར་འཕགས་ནས་ནུབ་ཕྱོགས་སུ་འོད་ཀྱི་ལམ་ཆེན་པོ་ཡོད་པའི་ནང་དུ་ཞུགས་ནས་སོང་བ་ཞིག་ཀྱང་རྨིས་ཚེ། ཕྱི་ཉིན་གཞན་ལ་བཤད་པས་འགའ་རེས་ཨ་མ་ལས་ཅན་མ་བུའི་དྲིན་གྱིས་བདེ་བ་ཅན་དུ་སོང་བ་ལོས་ཡིན་ཟེར་མཁན་ཡང་བྱུང་། དེ་ནས་ཨ་མའི་རུས་པ་རྣམས་ཁ་ཆེམས་ཀྱི་ནང་ལྟར་བུ་ཆེན་པདྨ་རང་གྲོལ་གྱིས་དོ་དམ་མཛད་ནས། སློབ་བུ་ལྷུན་གྲུབ་རིག་འཛིན་དང་དགེ་སློང་སྨྱུང་གནས་པ་སོགས་མི་འགའ་ལ་འཁྱེར་དུ་བཅུག་སྟེ་འོང་བ་ང་ཡོད་པའི་གནས་དེར་འབྱོར་ནས། ཨ་མ་དྲིན་ཅན་མ་ཤི་

p. 347

ཚུལ་དང་ཁ་ཆེམས་བཞག་ཚུལ་སོགས་རྒྱུ་མཚན་རྣམས་ཞིབ་ཏུ་བཤད་ནས་མའི་རུས་པ་རྣམས་ལག་ཏུ་བཞག་ཚེ། དེར་ངས་ཨ་ཧོ་ཧོ་འཁོར་བའི་བྱ་བ་འདི་ཅི་ཞིག་རེད། སྔར་ཨ་མ་རྒན་མོས་བུ་གཅིག་པུ་ང་དྲན་ཏེ་བརྩེ་གདུང་བཟོད་གླགས་མེད་པའི་ངང་ནས་མིག་ནས་མཆི་མ་བཏང་། བུ་ཁྱོད་ལན་ཅིག་ཤོག་ཅེས་སྐད་དང་ཡི་གེ་ནན་ཏན་བསྐུར་དུས་ངས་སྒྲུབ་པ་བློས་མ་ཐོངས། ད་དུང་ཨ་མ་ཧ་ཅང་ལོ་ལོན་ནི་མིན། ལོ་ཁ་ཤས་མ་ཐུག་ཀྱང་མི་འཆི་མོད་སྙམ་ནས་རྟག་འཛིན་ཅན་ངས་ཕྱི་བཤོལ་རྐྱང་བྱས། སང་ཕོད་འོང་སང་ཕོད་འོང་ཞེས་མའི་མགོ་བསྐོར་ནས་དེའི་ཚེ་དེའི་ངང་ལ་ཚེའི་དུས་བྱས་ནས་མ་ཐུག ད་ལྟ་བུ་ངན་ངས་ཨ་མ་དྲན་ཏེ་ཐག་རིང་ནས་རྒྱབ་ལ་ཁུར་བོ་ཁུར་ལག་ཏུ་དབྱུག་པ་བཟུང་ནས་རྒྱུ་ནོམ་པ་མེད་རུང་། །རྣར་སྙན་ཡིད་འབབ་ཀྱི་གཏམ་མ་ལ་བཤད་རྒྱུ་རྣམས་བསྒྲིགས་ནས་འོང་དུས་ང་བསོད་ནམས་དམན་པས་ཨ་མ་རྒན་མོ་དེ་ཡང་། ཡོངས་གྲགས་འཆི་བ་ཟེར་བའི་ལམ་པོ་ཆེ་ལ་ཞུགས་ནས། མིག་གིས་བལྟས་ནས་མཐོང་ས་དང་། སྐད་ཀྱིས་བོས་ནས་གོ་སར་མ་བསྡད་པར། ཐག་རིང་འཇིག་རྟེན་ཕྱི་མའི་ཡུལ་དེར་སོང་ཚར། ངེད་མ་བུ་གཉིས་ཆོས་བྱས་ན་ཕྱི་མར་འཕྲད་ཀྱང་། ཚེ་འདིར་ལན་ཅིག་འཛོམས་ནས་གཅིག་གཅིག་གིས་སེམས་དྲོད་པའི་སྐད་ཆ་ཚིག་རེ་བཤད་རྒྱུའི་སྐལ་བ་མ་བྱུང་བ་ལ་སེམས་འཕྲེང་སྟེ། སྐྱོ་བ་ཚད་ལས་འདས་པ་ཞིག་སྐྱེས་ནས་

p. 348

མཆི་མ་མང་པོ་གཏོང་བཞིན་ཨ་མ་དྲན་པའི་གདུངས་དབྱངས་འདི་བླངས་སོ། །རྗེ་བླ་མ་སངས་རྒྱས་སྤྱི་བོར་བཞུགས། །སྤྱིར་མ་གྱུར་འགྲོ་ལ་ཐུགས་རྗེས་གཟིགས། །སྒོས་ཨ་མའི་སྐྱིད་སྡུག་ཁྱེད་རང་མཁྱེན། །ངས་ཨ་མ་ལན་ཅིག་འཕྲད་སྙམ་འོང་། །མར་མ་ཕྲད་ཤི་བའི་རུས་པར་འཕྲད། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །གཏམ་སྙན་མོ་ཚིག་འགའ་བཤད་སྙམ་འོང་། །གཏམ་བཤད་ཡུལ་ཨ་མ་ཤི་བ་ཐོས། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །བུ་འཕྲད་འདོད་རེ་བ་སུ་ཡིས་སྐོང་། །གཏམ་ཚིག་འགའ་ཡོད་པ་སུ་ལ་སྨྲ། ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །ཡུལ་ཁང་ཆུང་སྒོ་ཡི་ཕྱི་ནང་ན། །སྔོན་ཨ་མ་ཡོད་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །མ་བཟང་མོའི་ལུས་དབྱིབས་རྣམ་འགྱུར་དང་། །ངག་བཤད་ཚུལ་ཡིད་ལ་ཝལ་ལེར་ཤར། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །དུས་ད་ལྟ་ཡོད་ན་དགའ་བ་ལ། །ང་བརྩེ་གདུང་སྒོ་ནས་ཕྲད་སྙིང་འདོད། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །དུས་ད་ལྟ་ཡོད་ན་སྐྱིད་པ་ལ། །གཏམ་སྙན་མོ་ཚིག་འགའ་བཤད་སྙིང་འདོད། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །ངེད་ཁ་སེམས་མཐུན་པའི་མ་བུ་གཉིས། །ཚེ་འདི་རུ་མི་འཕྲད་ཞེ་རེ་འཕྲེང་། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །ད་ཚེ་འདིར་མི་འཕྲད་ཁོ་ཐག་ཆོད། །ཚེ་ཕྱི་མར་འཕྲད་པའི་སྨོན་ལམ་འདེབས། །ངས་བསམ་ཞིང་ཨ་མ་དྲན་ནས་བྱུང་། །ད་བུ་ངས་སྙིང་པོའི་ལྷ་ཆོས་བྱེད། །རི་དབེན་པའི་དགའ་ཚལ་ཉམས་དགར་འགྲོ །ངས་

p. 349

བསམ་ཞིང་ཨ་མ་དྲན་ནས་བྱུང་། །མགོན་སྐྱབས་གནས་བླ་མ་རྡོ་རྗེ་འཆང་། །ངའི་ཨ་མ་ཐར་པའི་ལམ་ལ་དྲོངས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཞེས་བླངས་ནས་མྱ་ངན་བྱས་ཏེ། དེ་ནས་བླ་མ་དཀོན་མཆོག་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་ཆེན་པོ་ཕུལ་ཏེ། མའི་ལམ་སྣ་འདྲེན་པར་མཛད་དུ་གསོལ་ཞེས་སྙིང་ནས་གསོལ་བ་བཏབ། མ་ལ་ཕན་པའི་ཚོགས་བསགས་སྒྲིབ་སྦྱོང་ཉི་མ་ཁ་ཤས་ལ་གང་ཐུབ་བྱས་ཏེ། མའི་རུས་པ་ལ་ཚ་ཚ་བཏབ། དགེ་རྩ་གང་བྱས་རྣམས་ཨ་མར་ཕན་པའི་ཕྱིར་འདུན་པ་དྲག་པོས་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱོར་ཡང་དག་བགྱིས་པའི་མཐུས། མ་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་རྨི་བལྟས་བཟང་པོ་བྱུང་། དེ་ནས་ཚ་ཚ་རྣམས་མིའི་མི་མཐོང་བྲག་གསེབ་ཞིག་ཏུ་བསྐྱལ་ནས་མར་སོང་རྨ་ཆུའི་འགྲམ་ན་ཀྱལ་ཏ་དམར་པོའི་ཤིང་སོགས་རྩི་ཤིང་ནགས་ཚལ་སྐྱེས་པའི་སྤང་ཁ་ཞིག་ཡོད་པ་དེར་ས་ལ་བསྡད་པས། དང་པོ་ཨ་མ་དྲིན་ཅན་མ་ཡོད་དུས་ཀྱི་མའི་ལུས་ཀྱི་དབྱིབས། ངོ་ཡི་མདངས། སྐད་ཀྱི་གདངས་དང་སྤྱོད་ལམ་རྣམ་འགྱུར་རྣམས་ཡིད་ལ་ཤར་ནས། དེ་ལྟ་བུའི་ཨ་མ་དྲིན་མོ་ཆེ་དེ་ད་ལྟ་ཤི་ནས་རུས་གོང་སྤར་བ་གང་དུ་གྱུར། དེ་ཚ་ཚ་ཞིག་ཏུ་གྱུར། དེ་ཡང་མིས་མི་མཐོང་བའི་སར་བསྐྱལ་ནས། ད་ཕྱིན་ཆད་ང་ཡང་ཐག་རིང་གི་ས་མཐར་འཁྱམས་ཚེ། མ་ལ་འཕྲད་པ་ཕར་ཞོག མའི་རུས་པའི་ཚ་ཚ་འདི་ལ་ཡང་གང་

p. 350

ནས་འཕྲད། འཆི་བ་མི་རྟག་པ་རང་གིས་བསྒོམ་མ་དགོས་པར་ཨ་མས་བསྟན་ནས་སོང་། ད་ནི་ཆོས་མི་བྱེད་ན་གང་བྱེད་སྙམ་ནས་སླར་ཡང་མ་དྲན་དྲགས་ནས་སྐྱོ་བ་ཚད་ལས་འདས་པ་ཞིག་གི་ངང་ནས་མཆི་མ་གཏོང་བཞིན་ངུ་མ་དབྱངས་ཀྱིས་འདི་ལྟར་བླངས་སོ། །དང་པོ་ལུས་སྲོག་བསྐྱེད་པའི་མ། །བར་དུ་ཟས་གོས་སྟེར་བའི་མ། །ཐ་མ་ཆོས་སྒོར་འཇུག་པའི་མ། །ད་ལྟ་མི་རྟག་སྟོན་པའི་མ། །ཤི་ནས་རུས་གོང་ཞིག་ཏུ་གྱུར། །རུས་པ་དེ་ཡང་ཚ་ཚར་གྱུར། །ཚ་ཚ་དེ་ཡང་བྲག་གསེབ་བསྐྱལ། །ད་ལྟ་མིག་གིས་མཐོང་མི་འགྱུར། །ཕྱིན་ཆད་ས་མཐར་འཁྱམས་པའི་ཚེ། །ཨ་མར་འཕྲད་པ་ཕར་ལ་ཞོག །ཚ་ཚ་འདིར་ཡང་འཕྲད་པར་དཀའ། །བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། །ད་ནི་མི་རྟག་བསྒོམ་མ་དགོས། །རྒས་པའི་ཨ་མས་བསྟན་ནས་སོང་། །བསམ་ཞིང་བུ་ང་བློ་མ་བདེ། །དེས་ན་དམ་པའི་ལྷ་ཆོས་བྱེད། །ཅེས་བླངས་ནས་ད་ནི་སེམས་ལ་འཕྲེང་བའི་ཨ་མ་ནི་མེད། ས་འདི་རུ་བསྡད་ནས་ཅི་བྱ། ཡུལ་ཐག་རིང་ཞིག་ཏུ་སོང་ནས། ཆོས་རྣམ་དག་ཅིག་བྱ་དགོས་སྙམ་པའི་འདོད་གདུངས་ཁོང་ནས་མེ་འབར་བ་ཙམ་བྱུང་ངོ་། །སྨྲས་པ། ས་གསུམ་འགྲོ་བའི་གཙུག་རྒྱན་ཉི་མའི་གཉེན། །ས་མཐར་འཁྱམས་མཁན་བདག་གི་སྤྱི་བོར་བཞུགས། །ས་སྟེང་ཁྱབ་པའི་ཆོས་མཛད་ཐམས་ཅད་ཀྱིས། །ས་ལམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཆོས་མཛད་རྣམས་ཀྱིས་དབེན་པའི་དགའ་ཚལ་དུ། །སྒྲུབ་ལ་གཞོལ་

p. 351

བཞིན་ཉམས་མགུར་འཐེན་པའི་ཕྱིར། །སྤྲེལ་རྫོང་དབེན་པར་སྒྲུབ་པ་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །རྨ་ཆེན་གངས་ནས་ཡོང་ཁར་ལྷ་བསང་བཏང་། །ཕྲིན་བཅོལ་བྱས་ནས་མྱུར་དུ་ལམ་ལ་ཞུགས། །ཉིན་ཞིག་ཉི་མ་གུང་གི་ཚད་ཙམ་ལ། །དྲེད་མོང་མ་བུ་གཉིས་ཙམ་འགྲོ་བ་མཐོང་། །ང་འཇིགས་སྙམ་པའི་བདག་འཛིན་ཕུང་རྒན་ལངས། །ངོ་བོར་བལྟས་པས་ལྟ་བའི་བོགས་འདོན་བྱས། །ཉིན་ཞིག་ཕྱི་དྲོ་སྤང་གཤོང་ཞིག་ལ་སླེབས། །སྡུན་ནས་འབྲོང་ཞིག་རྔ་ཟིང་སྣ་ཤུགས་བྱས། །ཁ་གདངས་ལྕེ་བརྐྱངས་ཚུར་ལ་རྒྱུག་པ་མཐོང་། །རང་ཡང་ཀི་བཏབ་ལག་བརྒྱངས་སྔོན་དུ་བརྒྱུགས། །ཐག་ཉེར་སླེབས་ཚེ་རྒྱངས་ནས་སྟེང་དུ་མཆོངས། །གཉའ་བར་ཞོན་ཚེ་འབྲོང་རྒོད་སྐྲག་ནས་བྲོས། །དགོང་ཞིག་ལུང་སྟོང་ཞིག་ནས་བསྡད་པའི་ཚེ། །ཕུ་ན་ཤ་ངུ་མདོ་ན་ཝ་མོ་བརྒྱལ། །བར་ན་སྲིན་བྱ་འུག་པ་དགོད་པ་སོགས། །བར་དོའི་སྐབས་སུ་སླེབས་པ་འདྲ་ཞིག་བྱུང་། །དེ་ནས་དབུས་ལམ་ཆེན་མོར་ཞུགས་ནས་འོང་། །ཚོང་པའི་གཡག་ཆད་ལུས་པ་སྤྱང་ཀིས་ཟོས། །སྤྱང་ཀི་མང་བོ་འགྲོ་བར་འཇིགས་བསླངས་པས། །ཕྱི་ལ་མིག་ལོག་ལྟ་བཞིན་བྲོས་ཏེ་སོང་། །བྲག་དཀར་སྤྲེལ་རྫོང་ཐག་ཉེར་སླེབས་པའི་ཚེ། །ཡོན་བདག་འགའ་རེས་གར་བཞུགས་གང་ནས་ཕེབས། །མཚན་ལ་ཅི་ཟེར་ལ་སོགས་དྲིས་པའི་ཚེ། །ལན་དུ་རྣལ་འབྱོར་ཡིན་ཚུལ་མགུར་དབྱངས་བླངས། །གནས་

p. 352

དེར་སླེབས་ནས་ཡོན་བདག་འགའ་ཞིག་ལ། །ཨ་མ་ཡོད་མེད་དྲིས་པས་ཡོད་པའི་གཏམ། །ཁོང་ཚོས་ཐོས་ཟེར་དེ་དུས་ཕྲད་སྙམ་ཀྱང་། །མ་ལ་མི་ཐུག་པ་ཡི་སྔ་ལྟས་སུ། །ཡོན་བདག་རྣམས་ཀྱིས་བཤོལ་བཏབ་གནས་དེར་བསྡད། །ཁོང་ཚོར་ཕན་པའི་ཆོས་བཤད་མགུར་དབྱངས་བླངས། །གནས་དེར་འདུག་པའི་ཨ་ལགས་མགོན་པོ་ལ། །མགོན་པོ་ཕྱག་དྲུག་པ་ཡི་ལུང་ཞིག་ཞུས། །སློབ་བུ་ཀུན་བཟང་རང་གྲོལ་མཚོ་སྙིང་ནས། །འོངས་པར་འཕྲད་ནས་མཁོ་བའི་ལུང་ཁྲིད་བྱས། །རྗེ་བཙུན་ཉི་མ་རི་བོ་རྩེ་ལྔ་ནས། །ཕྱིར་ཕེབས་གསུང་ཤོག་བསྩལ་པའི་ལན་ཀྱང་ཕུལ། །བྲག་དཀར་སྤྲེལ་རྫོང་གནས་ལ་བསྟོད་པ་བྱས། །ཟླ་བ་ཁ་ཤས་སྒྲུབ་པ་སྙིང་པོར་བགྱིས། །དགོས་པའི་དབང་གིས་ཡོན་བདག་འགའ་རེ་ལ། །དབང་སྡུད་བཏང་བས་དད་པ་སྐྱེས་ནས་འོངས། །ཕྱིན་ཆད་ཐམས་ཅད་དབང་དུ་འདུ་དགོས་ཀྱང་། །དཀའ་རྒྱུ་མི་འདུག་སྙམ་པ་ཡིད་ལ་ཤར། །རང་དང་གཞན་གྱི་རྒྱུད་ལ་ཕན་པའི་ཕྱིར། །སྐྱོན་གཏམ་ཚུལ་དུ་མགུར་དབྱངས་སྣ་ཚོགས་བླངས། །མཇལ་དུ་འོང་བའི་བུད་མེད་ཅིག་གི་གླང་། །གཅིག་གིས་བརྐུས་པས་ཚབ་ཏུ་མཛོ་གཅིག་བྱིན། །རས་ཡུག་གཤགས་ནས་དར་ལྕོག་མང་པོ་བརྒྱབ། །བྲག་དཀར་སྤྲེལ་རྫོང་ནང་གི་རང་བྱོན་གྱི། །རིགས་ལ་མཇལ་ནས་ཕྱག་སྐོར་བྱས་པའི་མཐར། །ཨ་མ་ཡོད་མེད་བལྟ་རུ་འགྲོ་དགོས་སྙམ། །རྨ་ཆུའི་ཚུར་ཁར་འོངས་པས་འགྲོ་སྙིང་ཞིག །མ་འདོད་ཀྱི་ཕུག་ཟེར་བའི་ཕུག་པ་རུ། །བསྡད་ཚེ་སློབ་བུ་ལྷུན་གྲུབ་རིག་འཛིན་གྱིས། །ཨ་མ་ཤི་བའི་རུས་པ་ཁྱེར་ནས་

p. 353

སླེབས། །མཇལ་ནས་ཁ་ཏ་འགའ་རེ་བྱས་པའི་མཐར། །ཨ་མ་རྒན་མོ་ཤི་འདྲ་མ་སོང་ངམ། །དྲིས་པའི་ལན་དུ་ཨ་མ་ཤི་ཚུལ་དང་། །ཁ་ཆེམས་ནང་བཞིན་རུས་པ་ཁྱེར་ཡོང་ཟེར། །ལག་ཏུ་བཞག་པས་མིག་ནས་མཆི་མ་ཤོར། །ཨ་ཧོ་འཁོར་བའི་བྱ་འདི་ཅི་ཞིག་རེད། །སྔོན་དུས་ཨ་མས་འཕྲད་ན་འདོད་པའི་དུས། །བུ་ངས་ཆོས་ཤིག་བྱེད་སྙམ་དབེན་པར་སོང་། །ད་ནི་བུ་ངས་འཕྲད་ན་འདོད་པའི་ཚེ། །ཨ་མའི་ཚེ་ཡིས་མ་ལྕོགས་ཕྱི་མར་སོང་། །ཚེ་འདིར་མ་བུ་འཕྲད་པའི་སྐབས་མ་བྱུང་། །བསམ་ཞིང་ཨ་མ་དྲན་པའི་གདུངས་དབྱངས་བླངས། །དེ་ནས་བླ་མ་དཀོན་མཆོག་རྣམ་གསུམ་ལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་ཕུལ། །ཨ་མའི་ལམ་སྣ་དྲོངས་ཞེས་གསོལ་བ་བཏབ། །མ་ལ་ཕན་པའི་ཚོགས་གསོག་སྒྲིབ་སྦྱོང་བྱས། །རུས་ཆོག་བྱས་ནས་ཚ་ཚ་འགའ་ཞིག་བཏབ། །དགེ་བ་བྱས་ཚད་མ་ལ་ཕན་ཕྱིར་བསྔོས། །ཚ་ཚ་དེ་ཡང་བྲག་དབར་ཞིག་ལ་བསྐྱལ། །ད་ནི་སེམས་ལ་འཕྲེང་བའི་མ་ཡང་མེད། །ཐག་རིང་ཞིག་ཏུ་སོང་ནས་ཆོས་བྱ་དགོས། །སྙམ་པའི་འདོད་གདུང་མེ་བཞིན་འབར་བ་བྱུང་། །མདོར་ན་སྤྲེལ་རྫོང་གནས་སུ་སྒྲུབ་ལ་གཞོལ། །རང་བྱོན་ལྷ་ལ་མཇལ་ཞིང་ཉམས་དབྱངས་བླངས། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །སྒྲུབ་ལ་གཞོལ་ཞིང་རང་གཞན་སེམས་རྒྱུད་ལ། །ཕན་པའི་མགུར་དབྱངས་སྣ་ཚོགས་ལེན་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དགུ་པ་ཨ་མ་ཤི་བའི་རྐྱེན་བྱས་ནས་དབུས་གཙང་དག་པའི་ཞིང་དུ་ཡར་ལ་སོང་བའི་ཚུལ།

p. 354

དབུས་གཙང་དག་པའི་ཞིང་དུ་ཡར་ལ་སོང་ཚུལ། དགུ་བ་ཨ་མ་ཤི་བའི་རྐྱེན་བྱས་ནས་དབུས་གཙང་དག་པའི་ཞིང་དུ་ཡར་ལ་སོང་ཚུལ་ནི། གནས་དེར་བསྡད་པའི་ནུབ་ཅིག་གི་ཐོ་རངས་ཁར་བདག་གི་རྨི་ལམ་དུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སྔོ་བསངས་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་བལྟ་བས་ཆོག་མི་ཤེས་པ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ཞིག་ཨེ་ཡིན་སྙམ་པ་ཞིག་བྱུང་ནས། བུ་ཁྱོད་འོང་བ་འཕྱིས་ནས་མ་རྒན་མོས་ཚེས་མ་ལྕོགས་པར་འདས་སོང་རུང་སེམས་མ་སྡུག ཐམས་ཅད་མི་རྟག་པ་དེའི་རང་བཞིན་ལས་མ་འདས། རྐྱེན་ངན་དགེ་བའི་བསྐུལ་མར་གོ་དགོས་པས། ད་འདི་ནས་མ་སྡོད་པར། དབུས་གཙང་དག་པའི་ཞིང་དུ་སོང་ལ་སྒྲུབ་པའི་རྒྱལ་མཚན་ཚུགས་དང་། མ་ཡི་དྲིན་གཟོ་དང་དགེ་རྩའི་མཆོག་ཏུ་འགྱུར་ཞེས་ལུང་བསྟན་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རང་གི་བསམ་པ་ལ་ཡང་། སྔར་ཡིན་ན་མའི་མིག་གིས་མཐོང་སར་མ་བསྡད་ཀྱང་། སེམས་བྲོད་པའི་ཁྱད་བྱས་ནས་རྣ་བས་གོ་སར་བསྡད་དེ་ལན་ཅིག་ཐུག་སྙམ་པ་ཡོད་ཀྱང་། མི་ཡིས་བསམས་སར་རྟ་མི་རྒྱུག་ཟེར་བའི་དཔེ་ལྟར་སོང་ནས། མ་ལ་ཚེ་འདིར་འཕྲད་པའི་ཁོ་ཐོག་ཡང་ཆོད་སོང་། ད་ནི་ལོ་གཞོན་ཐོག་འདིར་རྨི་ལམ་གྱི་ལུང་བསྟན་ལྟར་དབུས་གཙང་དག་པའི་ཞིང་དུ་སོང་ནས་སྒྲུབ་པ་བྱེད་དགོས་སྙམ་དབུས་སུ་འགྲོ་བར་བློ་ཐག་བཅད་དེ། དེ་བཞིན་དུ་གྲྭ་བུ་སློབ་ཡོན་བདག་འགའ་རེ་ལ་བཤད་པའི་རྗེས་སུ། དབུས་སུ་ཡར་འགྲོའི་མགུར་

p. 355

འདི་བླངས་སོ། །།སྔོན་ཨ་མ་ཡོད་དུས་ཐུག་མི་འདོད།་།ད་ཐུག་ན་འདོད་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་འདི་རུ་མི་སྡོད་དབུས་སུ་འགྲོ །སྔོན་ཨ་མའི་དྲུང་ནས་འདུག་མི་འདོད། །ད་བསྡད་ན་འདོད་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་འདི་རུ་མི་སྡོད་དབུས་སུ་འགྲོ། སྔོན་ཨ་མའི་ཚིག་ལ་ཉན་མི་འདོད། །ད་ཉན་ན་འདོད་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་འདི་རུ་མི་སྡོད་དབུས་སུ་འགྲོ །རྗེ་མི་ལའི་སྒྲུབ་གནས་ལ་སོགས་སུ། །ཆོས་ཟབ་མོ་ཚུལ་བཞིན་བསྒྲུབ་ཏུ་འགྲོ །མི་ང་ཡི་རྗེས་འཇུག་བུ་སློབ་རྣམས། །མི་ང་བཞིན་ཚེ་དང་སྒྲུབ་པ་སྙོམས། །སྤྲང་ང་ལ་བློ་གཏད་ཡོན་བདག་ཚོ། །ལས་སྡིག་པ་སྤོངས་ལ་དགེ་བ་སྒྲུབས། །ཀུན་ཚེ་རིང་ནད་མེད་ཆོས་མཐུན་སྒོས། །སླར་ད་དུང་མཇལ་བའི་སྨོན་ལམ་འཚལ། །ཞེས་བླངས་ནས་དབུས་གཙང་ཕྱོགས་སུ་ཆས་སོ། །དེ་ནས་ཨ་མ་ཤི་བའི་མྱ་ངན་སངས་པར་བྱས་ཏེ། སྔོན་སྦྱངས་ལས་འཕྲོ་ཅན་གྱི་སྐལ་ལྡན་སྙིང་གི་བུ་མཆོག་ལྷུན་གྲུབ་རིག་འཛིན་ནམ། སྐལ་ལྡན་རང་གྲོལ་ལ་ཐོག་མར་རྒྱུད་སྨིན་བྱེད་སྤྲོས་མེད་ཏིང་ངེ་འཛིན་གྱི་དབང་བཞི་བསྐུར་བས། བྱིན་འབེབས་ཀྱི་དུས་སུ་ཁོ་རང་ལ་བྱིན་བབས་པའི་དག་པའི་སྣང་ངོ་རུ། མདུན་གྱི་བར་སྣང་ལ་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ན། བདག་ཉིད་ཆོས་སྐུ་ཀུན་ཏུ་བཟང་པོའི་རྣམ་པར་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁོ་རང་གི་སྙིང་གར་ཟུག་

p. 356

པས་སྒྱུ་ལུས་རགས་པའི་སྣང་བ་འགག་ཅིང་། བླ་མ་ཀུན་བཟང་གི་སྣང་བརྙན་ཡང་རང་ཡལ་དུ་སོང་བས་གསུང་གི་སྒྲ་ཙམ་མ་གཏོགས་ཚིག་དོན་ཀྱང་མ་གོ་བར། ཐུགས་སེམས་ནམ་མཁའ་སྤྲིན་ཐག་ཆོད་པ་ལྟ་བུའི་ངང་ལ་ཡུག་ཅིག་གནས་པ་བྱུང་ཟེར་དེ་ནས་ཞག་ཁ་ཤས་ཀྱི་བར་ལ་རྫོགས་ཆེན་མ་རིག་མུན་སེལ་གྱི་ལུང་ཁྲིད་རྒྱས་པར་བྱས་པའི་མཇུག་ཏུ་ཞལ་གདམས་འདི་བྱིན་ནོ། །སྟེང་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྗེ་རྩ་བའི་བླ་མ་བྱིན་རླབས་ཅན། །སྤྱིར་སེམས་ཅན་ཡོངས་ལ་ཐུགས་རྗེས་གཟིགས། །སྒོས་ཆོས་མཐུན་སློབ་བུ་བུ་བཞིན་སྐྱོངས། །སྔོན་ལས་དང་སྨོན་ལམ་བཟང་པོའི་མཐུས། །ངེད་རྣམ་གཉིས་ཕ་ཡུལ་གཅིག་ཏུ་སྐྱེས། །དུས་ད་ལོ་གནས་འདིར་འདུག་ས་གཅིག །འབྲེལ་ལེགས་པོ་བཞག་པ་སྐལ་བ་བཟང་། །ལར་སྐྱེས་པ་མི་རྟག་ཐ་མར་འཆི། །གཉེན་འདུས་པ་མི་རྟག་ཐ་མར་འབྲལ། །ནོར་བསགས་པ་མི་རྟག་ཐ་མར་འཛད། །མཐར་སོང་བ་མི་རྟག་ཐ་མར་ལྟུང་། །བུ་ཁྱོད་ཀྱིས་ཆོས་རྣམས་མི་རྟག་པའི། །ཚུལ་སོམས་ལ་ཚེ་འདི་བློ་ཡིས་ཐོངས། །རྗེ་དམ་པ་གོང་མའི་རྣམ་ཐར་སྐྱོངས། །མི་ང་ཡང་གང་དུ་སོང་ན་ཡང་། །བུ་ཁྱོད་ཀྱི་ཅི་བསམ་འགྲུབ་པའི་ཕྱིར། །ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །དཔལ་ཆོས་སྐྱོང་སྲུང་མར་ཕྲིན་བཅོལ་བྱ། །ཞལ་མཇལ་རག་བར་དུ་བདེ་བར་བཞུགས། །དུས་རིང་མིན་མྱུར་དུ་མཇལ་བར་སྨོན། །སླར་བཀྲ་ཤིས་ཉི་མར་མཇལ་བའི་དུས། །བཀྲ་ཤིས་པས་ཕྱོགས་འདིར་ཁྱབ་གྱུར་ཅིག། །ཅེས་

p. 357

བླངས་པའི་ལན་དུ་སློབ་བུ་སྐལ་ལྡན་རང་གྲོལ་གྱིས་དབྱངས་འདི་ཕུལ་ལོ།། །།གནས་མི་མེད་དབེན་གནས་ཉམས་དགའ་ན། །རྗེ་གོང་མའི་རྣམ་ཐར་སྐྱོང་མཁན་གྱི། །ཕ་བླ་མ་ཚོགས་དྲུག་རང་གྲོལ་རྗེ། །བུ་བདག་གི་ཞུ་དོན་བརྩེ་བས་དགོངས། །མགོན་ཁྱོད་ཀྱི་སློབ་བུའི་ཐ་ཤལ་ང་། །ཆོས་ཟབ་དང་རྒྱ་ཆེ་མང་གསུངས་མཐུས། །སེམས་ཅུང་ཟད་ཆོས་ལ་ཕྱོགས་པ་འདི། །ཕ་བླ་མ་ཁྱེད་ཀྱི་བཀའ་དྲིན་ཡིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །དུས་ད་ནས་བཟུང་སྟེ་རི་ཁྲོད་ནས། །ཚེ་གང་བོར་སྒྲུབ་ལ་བརྩོན་པ་འདི། །ཕ་བླ་མ་ཁྱེད་ཉིད་མཉེས་ཕྱིར་འབུལ། །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །ཕ་བླ་མ་ཁྱེད་རང་མ་གཏོགས་པ། །བུ་བདག་ལ་རེ་བའི་སྐྱབས་གཞན་མེད། །ཐུགས་བརྩེ་བས་འབྲལ་བ་མེད་པར་སྐྱོངས། །ད་དྲིན་ཅན་བླ་མ་བདེ་བར་བྱོན། །སླར་མཇལ་ན་འདོད་པའི་དུས་སྐབས་སུ། །བུ་བདག་ནི་ཁྱེད་ལ་མཇལ་བར་སྨོན། །ཞལ་མཇལ་དུས་དགེ་ལེགས་བཀྲ་ཤིས་ཤོག །ཅེས་ཕུལ་བའི་རྗེས་སུ་ཉི་མ་ཁ་ཤས་ཤིག་སོང་ཚེ། ས་ཆ་དེ་དང་ཐག་ཉེ་བའི་འབལ་མདོ་དང་། བརྗིད་པར་སོགས་ཕྱོགས་ཕྱོགས་ན་ཡོད་པའི་ཡོན་བདག་རྣམས་ཀྱིས་བདག་གནས་དེར་མི་སྡོད་པར་ཡུལ་ཐག་རིང་ཞིག་ཏུ་ཕེབས་རྒྱུ་རེད་ཟེར་བ་གོ་ནས། མཇལ་མཁན་གྱི་སྐྱེ་བོ་ཕོ་མོ་མང་པོ་བྱུང་། དེ་རྣམས་ལ་དལ་འབྱོར་རྙེད་དཀའ་ཚུལ། ནམ་འཆི་ཆ་མེད་ཚུལ། ལས་རྒྱུ་འབྲས་བརྩི་དགོས་ཚུལ་རྣམས་ཞིབ་ལ་རྒྱས་པར་

p. 358

བཤད་པས། སྡིག་པ་སྤོང་བ་དང་དགེ་བ་སྒྲུབ་མཁན་མང་དུ་བྱུང་བས་ཀུན་ལ་འགྲོ་ཁར་ཞལ་གདམས་མགུར་དབྱངས་འདི་བླངས་སོ། །སྤྲང་བདག་གི་གཙུག་རྒྱན་བླ་མ་ལ། །བདག་མོས་གུས་གདུངས་པས་གསོལ་བ་འདེབས། །རྗེ་དཔལ་ལྡན་བླ་མ་བྱིན་རླབས་ཅན། །མི་འདིར་འཚོགས་སྣང་བ་ཆོས་ལ་སྒྱུར། །སྔོན་ལས་དང་སྨོན་ལམ་བཟང་པོའི་མཐུས། །ངེད་དཔོན་སློབ་སྐྱེ་ཡུལ་མི་གཅིག་རུང་། །དུས་ད་ལོ་གནས་འདིར་ཐམས་ཅད་འདུས། །ཆོས་ཟང་ཟིང་གཉིས་ཀྱིས་འབྲེལ་བ་བཞག །ད་དཔོན་སློབ་སོ་སོར་འགྲོ་བ་བཞིན། །ཆོས་ཐམས་ཅད་མི་རྟག་འདི་དང་མཚུངས། །དུས་ད་ནས་ཡུལ་འདིའི་དད་ལྡན་ཀུན། །དུས་རྟག་ཏུ་གང་ནུས་དགེ་བ་སྒྲུབས། །ཇག་རྐུས་རྫུན་ཁ་དབྱེན་ཚིག་རྩུབ་དང་། །སྲོག་གཅོད་པའི་ལས་ལ་དུག་ལྟར་འཛེམ། །བྱ་ཁུ་བྱུག་འོངས་ནས་སྐད་སྙན་བསྒྲགས། །ཡུལ་ཐག་རིང་གཞན་དུ་འགྲོ་བ་ལྟར། །ང་ཕྱོགས་འདིར་འོངས་ནས་ཆོས་བཤད་བྱས། །ད་མི་སྡོད་ཐག་རིང་དབེན་པར་འགྲོ །སླར་ཁུ་བྱུག་ཕྱིར་ལ་འོང་བ་ལྟར། །མི་ང་ཡང་ཕྱིར་ལ་ཡང་ཡང་འོང་། །ཞལ་མཇལ་རག་བར་དུ་བདེ་མོར་སྡོད། །ཞལ་མཇལ་དུས་དགེ་ལེགས་བཀྲ་ཤིས་ཤོག །ཅེས་བླངས་པས་ཀུན་དད་ཅིང་གུས་པར་གྱུར་ནས་ཕྱག་དང་སྐོར་བ་བྱས་མཐར་རང་རང་གི་ཡུལ་དུ་སོང་ངོ་། །དེར་བདག་གིས་རེབ་གོང་སྟོད་ཀྱི་ཇག་པ་དང་། །རེབ་གོང་སྨད་ཀྱི་འཁྲུག་པ་འདི་གཉིས་ཞི་བའི་ཐབས་ཤིག་ཡོད་ན་བསྒྲུབ་དགོས་སྙམ་པའི་ངང་ལ་གཉིད་དུ་སོང་བའི་ནམ་གུང་རྨི་ལམ་དུ་གཏེར་སྟོན་བསོད་ནམས་

p. 359

སྙན་གྲགས་རིན་པོ་ཆེའི་ཞལ་གཟིགས་ཏེ་ལུང་བསྟན་འདི་གསུངས་པ་ངས་གཞན་ལ་གསལ་བོར་འདི་སྐད་བསྒྲགས་སོ། །སངས་རྒྱས་བྱང་སེམས་སྤྲུལ་བ་དངོས། །སྔོན་བྱོན་བླ་དཔོན་རྒྱལ་བློན་དང་། །ད་ལྟ་ཞལ་བཞུགས་ཞབས་ལ་འདུད། །སེམས་ཅན་ཡོངས་ལ་ཐུགས་རྗེས་གཟིགས། །ཁྱད་པར་རེབ་གོང་སྟོད་སྨད་ཀྱི། །ཇག་རྐུས་དམག་འཁྲུག་ཀུན་ཞི་ནས། །ཐམས་ཅད་བདེ་བར་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །འཕྲལ་ཕུགས་ཕན་པའི་ཁ་ཏ་བྱ། །དད་ཅན་སྐྱེ་བོ་ཕོ་མོ་ཀུན། །མ་ཡེངས་ཉོན་ལ་ཡིད་ལ་ཟུངས། །མི་ངས་ཉིན་ཞིག་དགོང་དུས་ཤིག །རེབ་གོང་འདི་ཕྱིར་ཕུང་བའི་གཞི། །རེབ་གོང་སྟོད་ཀྱི་ཇག་རྐུས་དང་། །རེབ་གོང་སྨད་ཀྱི་འཁྲུག་པ་གཉིས། །ཞི་བའི་ཐབས་ཤིག་ཡོད་ན་ཨང་། །སྙམ་པའི་ངང་ལ་གཉིད་དུ་སོང་། །སོང་ཚེ་ནམ་གུང་རྨི་ལམ་ལ། །རྩ་བའི་བླ་མ་རྡོ་རྗེ་འཆང་། །གྲུབ་དབང་ཐམས་ཅད་མཁྱེན་པའི་གཏེར། །གཏེར་སྟོན་བསོད་ནམས་སྙན་གྲགས་ཀྱི། །ཞལ་ནས་རེབ་གོང་སྟོད་ཕྱོགས་དེའི། །བླ་མ་དཔོན་པོ་བསམ་ཤེས་ཀྱིས། །གོང་མའི་གསུང་བརྩིས་ཇག་ཁྲིམས་བསྡམས། །སྡེ་བ་ཚོ་བས་ཁྲིམས་བརྩིས་ནས། །ད་ནས་ཇག་ལ་མ་སོང་ན། །མི་རབས་བདུན་གྱི་བར་དུ་ཡང་། །ཐམས་ཅད་ཇེ་བཟང་ཇེ་ལེགས་འགྲོ །ད་ནས་ཇག་ཁྲིམས་འཆོལ་སོང་ན། །སོག་པོའི་རྒྱལ་པོ་སྦྲུལ་ལོའམ། །ཡང་ན་གླང་ལོ་བ་ཞིག་གིས། །གནམ་སྐྱོང་གོང་མ་རྒྱལ་པོར་ཞུས། །ལོ་བདུན་ཚུན་ལ་ཀུན་མི་བདེ། །སྡུག་བསྔལ་ཉ་མོ་བྱེ་ཚན་ལ། །འཕངས་

p. 360

པ་ལྟ་བུ་ཡོང་ངོ་གསུངས། །རེབ་གོང་སྨད་ཀྱི་བླ་དཔོན་གྱིས། །གཞན་གྱིས་ཉེས་སྐྱོན་ཆེ་ཆུང་གང་། །བྱས་ཚད་བླ་དཔོན་བསམ་ཤེས་ཚོས། །བཤད་ནས་གྱོད་སྣ་ཁ་མཆུའི་ཐག །གཅོད་པ་མ་གཏོགས་དམག་འཁྲུག་གང་། །བྱེད་ས་མེད་ཅེས་ཁྲིམས་བཞག་ནས། །ལོ་ནི་ཉི་ཤུ་བཅོ་ལྔ་འམ། །མ་མཐའ་བཅུ་སྟོད་ཙམ་ཞིག་ལ། །དམག་འཁྲུག་གང་ཡང་མ་བྱས་ན། །མི་ཡི་ཤ་ཁྲག་སྲོག་དབུགས་ལ། །རྔམས་པའི་གྱོད་འདྲེ་ཞིག་ཡོད་པ། །དེ་ཀ་བྱང་གི་ཕྱོགས་ཤིག་གམ། །ཡང་ན་ནུབ་ཕྱོགས་རྒྱང་རིང་འགྲོ །མི་རབས་མང་པོ་ཞིག་ལ་བདེ། །དམག་འཁྲུག་མང་པོ་བྱས་གྱུར་ན། །སད་སེར་མུ་གེ་ཐན་པ་དང་། །ནད་རིམས་ལ་སོགས་ཇེ་མང་འབྱུང་། །རེབ་གོང་སྟོད་ཀྱི་ཇག་རྐུས་དང་། །རེབ་གོང་སྨད་ཀྱི་འཁྲུག་ལོང་གཉིས། །ཞི་བའི་ཕྱིར་དུ་ཐམས་ཅད་ཀྱིས། །བདེ་བ་ཅན་གྱི་ཞིང་བཀོད་དང་། །ཐུགས་རྗེ་ཆེན་པོའི་འདྲ་སྐུ་བཞེངས། །སྙིང་པོ་ཡི་གེ་དྲུག་མ་བགྲོངས། །ཆེ་ཆུང་གཉིས་ཀས་ཡི་གེ་སློབས། །དཀར་ནག་ལས་འབྲས་ཞིབ་ཏུ་རྩིས། །ཀུན་གྱིས་བསམ་པ་དཀར་པོ་གྱིས། །དེ་ལྟར་བྱས་ན་ཚེ་འདི་དང་། །ཕྱི་མའི་དུས་ན་བདེ་སྐྱིད་ཀྱི། །ཉི་མ་འཆར་ཞེས་གསུངས་པ་རྨིས། །སྙིགས་དུས་མི་ཚེ་ཤིན་ཏུ་ཐུང་། །མི་གཞོན་གློ་བུར་འཆི་ལ་ལྟོས། །ནམ་འཆི་ཆ་མེད་འཆི་བའི་ཚེ། །ཇག་རྐུས་དམག་འཁྲུག་བྱེད་མཁན་རྣམས། །དམྱལ་ཁམས་བཅོ་བརྒྱད་ནང་དུ་ལྟུང་། །སྡུག་བསྔལ་བཟོད་གླགས་མེད་པ་མྱོང་། །ཡར་ལ་ཐོན་པའི་དུས་མི་འབྱུང་། །དེའི་ཕྱིར་རེབ་གོང་སྟོད་སྨད་ཀྱི། །དད་ཅན་བློ་ལྡན་མཆོག་དམན་

p. 361

ཀུན། །འདི་ཕྱིར་སྡུག་བསྔལ་བསྐྱེད་པའི་གཞི། །ཇག་དང་རྐུས་དང་འཁྲུག་རྩོད་གསུམ། །ནམ་ཡང་ཅུང་ཟད་མ་བྱེད་པར། །གང་ཐུབ་དགེ་ལ་གཞོལ་ཅིག་ཅེས། །གཏམ་འདི་ཚོགས་དྲུག་རང་གྲོལ་ངས། །རེབ་གོང་སྟོད་སྨད་ཐམས་ཅད་ཀྱི། །དད་ཅན་ཕོ་མོ་ཡོངས་ལ་སྨྲས། །ཐོས་ཚད་རྣམས་ལ་ཕན་པར་ཤོག །ཅེས་ཡི་གེར་བཀོད་ནས་རེབ་གོང་སྟོད་སྨད་ཐམས་ཅད་ལ་བསྐུར་བས་ཕན་ཐོགས་རྒྱ་ཆེན་པོ་བྱུང་། དེ་ནས་མང་རའི་ཆུ་བཟང་ཕྱོགས་སུ་འོང་བའི་ལམ་བར་བརྗིད་པར་གྱི་ནགས་ཁྲོད་ཅིག་ཏུ་ཚ་འབོག་བརྒྱབ་གུང་ཚིགས་བླངས་ནས་འོངས་པའི་རྗེས་སུ་མདུན་ལྕོག་གི་རྡོ་ལ་ཕྱག་རྗེས་དང་། རྨ་ཆུའི་ཕ་རི་ནས་ཚུར་ཁར་འཕུར་བ་དང་། ལུས་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ལྷ་སྐུ་རུ་མཐོང་བ་སོགས་གང་ཟག་ལས་སྣང་དག་པ་རྣམས་ཀྱིས་སངས་རྒྱས་དངོས་སུ་མཐོང་ནས། ཕྱོགས་ཕྱོགས་སུ་སྙན་པ་དང་གྲགས་པ་བསྒྲགས་པ་བྱུང་། ཆུ་བཟང་དུ་འོངས་པས་མཁས་བཙུན་བཟང་གསུམ་འཛོམས་པའི་རྐང་ཚའི་བོ་ཙུག་ཨ་ལགས་དགེ་འདུན་ཤེས་རབ་དང་མཇལ། ཁོང་གིས་དག་སྣང་རྒྱ་ཆེན་པོ་མཛད་དེ་ཁྲི་མཐོན་པོར་བཞག སྦྲ་ནག་ཁག་གསུམ་གྱི་མི་དམུ་རྒོད་རྣམས་ཀྱི་རྒྱུད་ཅིག་ཨེ་ཐུལ་དགོངས་ནས། །ང་ལ་ཁྱེད་ཀྱིས་འདི་རྣམས་ལ་ཆོས་གསུང་དགོས། ཐམས་ཅད་ཀྱིས་ཁོང་གི་གསུང་ལ་ཉན་དགོས་ཞེས་རྟེན་འབྲེལ་ལེགས་ཚོགས་ཐམས་ཅད་བསྒྲིགས། དེར་ཁོང་གིས་ཐང་ཞིག་ནས་ཁྲི་མཐོན་པོ་ཞིག་བརྩིགས་ནས་བཞག་ཕྱོགས་ཕྱོགས་

p. 362

སུ་བརྡ་བརྒྱབ་སྟེ། ཁོང་ཟླ་བ་གཅིག་ལས་མི་བཞུགས་པར་དབུས་སུ་ཕེབས་རྒྱུ་རེད། དེ་ཚུན་ལ་མཇལ་མཁན་ཐམས་ཅད་སླེབས་པ་གྱིས་དང་། ཁོང་གིས་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་རྒྱུ་ཡིན་ཞེས་ཡང་ཡང་བསྒྲགས་པས། དེ་དུས་སྦྲ་ནག་ཁག་གསུམ་དང་ཞབས་དྲུང་གི་རུ་སྡེ་རྣམས་དར་ཡོད་པའི་དུས་ཡིན་པས། སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱིས་མཆོར་བའི་རྒྱན་ཆ་བཏགས་རྟ་བཟང་པོ་ལ་ཞོན། སྦིས་དཀར་བཟང་པོ་ཁྱེར་ནས་ཉིན་རེ་བཞིན་མཇལ་མཁན་བརྒྱ་སྟོང་མང་པོ་འོངས་ནས། ཆུ་བཟང་གི་ལུང་བ་ཐམས་ཅད་སྦིས་དཀར་དང་ཐབ་རྡོས་གང་བ་བྱུང་། དེའི་དུས་མི་འགའ་ཞིག་གིས་ཁྱེད་ཀྱིས་ཆུ་གེ་ཨེ་བཞེས་ཟེར། །ངས་མི་འཐུང་བྱས་པས། ཁྱེད་ཀྱིས་ཆུ་གེ་ཅི་ལ་མ་བཞེས་པ་ཡིན་ཟེར་བའི་ལན་དུ། ང་ལ་དེ་བས་ལྷག་པའི་ཆུ་གེ་འཐུང་རྒྱུ་ཡོད་ཅེས་རྣལ་འབྱོར་ཆུ་གེ་འཐུང་ཚུལ་གྱི་མགུར་འདི་བླངས་སོ། །ཕ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །གནས་ལུགས་རྟོགས་པའི་རྣལ་འབྱོར་པ། །རིག་འཛིན་བྱམས་པ་ཆོས་དར་ངས། །མི་ཡི་ཆུ་གེ་འཐུང་མ་མྱོང་། །ཀུན་ལ་མེད་པའི་ཆུ་གེ་ཡོད། །དམ་ཆོས་ཆུ་གེ་འཐུང་སྙམ་བློས། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་ཕུན་ཚོགས་རིན་དུ་འཇལ། །རྫོགས་པ་ཆེན་པོའི་རྒོད་མ་ཉོས། །སྙིང་རྗེའི་རྟེའུ་མངལ་ནས་ཐོན། །རང་ཆས་ལྷུན་གྲུབ་འོ་མ་བྱུང་། །སྟོང་ཉིད་བུ་མོ་གཞོན་ནུ་མས། །སྐུ་གསུམ་འདུག་སྟངས་དག་གིས་བསྡད། །

p. 363

སྒོ་གསུམ་གནད་ཀྱི་བཞོ་སྣོད་དུ། །སྒྲོན་མ་བཞི་ཡི་མཛུབ་མོ་ཡིས། །ཉམས་སྣང་བཞི་ཡི་འོ་མ་བཞོས། །ཟང་ཐལ་རྗེན་པའི་སྣོད་དུ་བླུགས། །ཀ་དག་ལྷུན་གྲུབ་ཟུང་འབྲེལ་གྱི། །ཉམས་ལེན་གསེར་གྱི་ཐུར་མས་དཀྲུགས། །རང་བབས་ངང་དུ་ལྟེམས་ཀྱིས་བཞག །ད་ནི་བདག་གིས་ཕུད་ཅིག་མཆོད། །བུ་ཕོ་རིག་པའི་ཁྱེའུ་ཆུང་ཁྱོད། །རང་བབས་ངང་དུ་ལྷན་ནེ་བཞེངས། །མ་ཡེངས་དྲན་པའི་སྐྱོགས་ཀྱིས་ཆུས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །མྱ་ངན་གྲོལ་བའི་ཆུ་གེའི་ཕུད། །བླ་མ་ཡི་དམ་ལྷ་ཚོགས་མཆོད། །སྐྱེ་མེད་ཆོས་སྐུའི་ངང་དུ་བཞེས། །བཀའ་དྲིན་ཆེ་བའི་དགའ་སྟོན་ཡིན། །བར་པས་མཁའ་འགྲོ་ཆོས་སྐྱོང་མཆོད། །བློ་ལས་འདས་པའི་ངང་དུ་བཞེས། །འཕྲིན་ལས་འགྲུབ་པའི་དགའ་སྟོན་ཡིན། །ཐ་མས་རྡོ་རྗེའི་སྤུན་རྣམས་མཆོད། །མ་བཅོས་རང་བབས་ངང་དུ་བཞེས། །དམ་ཚིག་གཙང་བའི་དགའ་སྟོན་ཡིན། །དེ་འོག་བདུད་རྩིའི་ལྷག་མ་དེ། །སྐལ་ལྡན་བྱ་བཏང་བདག་གིས་འཐུང་། །མགྲོན་རྣམས་བདུད་རྩི་བཟང་པོས་མཉེས། །ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད། །རྣལ་འབྱོར་རང་ཡང་བདུད་རྩིས་བཟི། །ན་ཆུང་བདེ་བས་མྱོས་པ་བཞིན། །བདུད་རྩིའི་རོ་ཡིས་གཏིང་ནས་མྱོས། །ལྐུགས་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །བུ་རམ་ཟོས་པའི་རོ་བཞིན་དུ། །དབྱེ་རུ་མེད་པའི་དོན་ཅིག་རྟོགས། །མཁའ་ལ་ཆུ་འཛིན་དེངས་པ་བཞིན། །

p. 364

མ་རིག་ཉོན་མོངས་དབྱིངས་སུ་ཡལ། །རྩལ་པོ་ཆེ་ཡིས་མདའ་འཕངས་ལྟར། །ཕྱིར་མི་ལྡོག་པའི་གདེང་ཞིག་རྙེད། །དབུལ་པོས་སྐྱེད་རྡོ་གསེར་ཤེས་བཞིན། །དཔག་ཏུ་མེད་པའི་དགའ་སྤྲོ་ཤར། །ཉམས་དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །ཞེས་བླངས་པས་དད་ཅིང་གུས་པར་གྱུར་ཏོ། །དེ་ནས་སྦྲ་ནག་ཁག་གསུམ་དང་ཞབས་དྲུང་ཚང་གི་སོག་པོ་དང་། ཡུལ་ཕྱོགས་གཞན་ཁྲི་ཀ་དང་། རེབ་གོང་མར་ནང་ཚོ་ལྔ་སོགས་ཕྱོགས་ཕྱོགས་ནས་མཇལ་མཁན་མང་པོ་འོངས་ཏེ་ཁྲོམ་ཆེན་པོ་འཚོགས་པའི་དུས། ཐང་ནས་ཁྲི་བརྒྱབ་ཡོད་པའི་ཁར་སོང་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྒོ་ནས་ཉིན་རེ་བཞིན་སྐྱེ་བོ་ཕོ་མོ་ཡོངས་ལ་ཆོས་བཤད་གཞན་ཕན་ཉི་མའི་ནང་ལྟར་ལས་རྒྱུ་འབྲས་ཀྱི་ཆོས་ཞིབ་ལ་རྒྱས་པ་སྐད་ཆ་བྱས་ནས་བཤད། གཞན་སྐྱབས་འགྲོ་ལྟུང་བཤགས་མ་ཎི་བསྙེན་གནས་སྨྱུང་གནས་སྒྲོལ་མ་གདུགས་དཀར་རྡོ་རྗེ་གཅོད་པ་སོགས་ཀྱི་ལུང་དགོས་པ་རྣམས་བུ་ཆེན་སྐལ་ལྡན་རང་གྲོལ་གྱིས་བྱིན་པས། སྔར་སངས་རྒྱས་གྲངས་མེད་བྱོན་པ ས་མ་ཐུལ་བའི་སྦྲ་ནག་ཁག་གསུམ་ཞེས་གྲགས་པའི་མི་བསྲུན་པའི་སྐྱེ་བོ་མཐོ་དམན་སུ་ལ་ཡང་འཕྲོག་བཅོམ་དང་མི་དགེ་བའི་ལས་འབའ་ཞིག་ལ་བརྩོན་པ་རྣམས་ཀྱི་བློ་ཁ་དམ་པའི་ཆོས་ལ་འགྱུར་ནས། ལོ་རེ་བཞིན་བྱ་དང་རི་དྭགས་ར་ལུག་མང་པོ་གསོད་པ་རྣམས་ཀྱིས་སྡིག་རྒྱུན་དང་ཇག་རྐུས་བཅད། ལོ་མང་པོའི་བར་དུ་མཛོ་མོའི་ལྟོལ་བུ་དང་། ལུག་གུ་མི་གསོད་པར་འཇོག་པའི་ཁྱིམ་ཚང་མང་པོ་བྱུང་། སྔར་

p. 365

གཡོག་པོ་ལྟོལ་བུ་གསོད་མཁན་ཚོས་ཀྱང་མ་བསད་པས་ཐམས་ཅད་ངོ་མཚར་ཞིང་དགེ་བ་སྒྲུབ་པའི་སྐྱེ་བོ་ཕོ་མོ་མང་པོ་བྱུང་། སྐལ་བ་དང་ལྡན་པའི་བུ་སློབ་མང་པོ་ལ་རྟ་ཕག་ཡིད་བཞིན་ནོར་བུའི་དབང་དང་། རྫོགས་ཆེན་མ་རིག་མུན་སེལ་གྱི་ཁྲིད་བྱས། ཚེ་བློས་བཏང་གི་སློབ་མ་ཉི་ཤུ་ཙམ་བྱུང་། ཡོན་བདག་ཕོ་མོ་རྣམས་ཀྱིས་ཕུལ་བའི་རྟ་ནོར་ལུག་གསུམ་ཇ་རས་གོས་དར་ལུས་ཀྱི་རྒྱན་ཆ་སོགས་ནོར་རྫས་ལེན་རྒྱུ་ཡིན་ན་ལུང་བར་མི་ཤོང་བ་ཙམ་འབུལ་བར་གདའ་སྟེ། དེ་བྱང་ལམ་ནས་སྡུག་དཀའ་ལས་རེད་སྙམ་མ་བླངས་པར་བསྔོ་བ་སྨོན་ལམ་བྱས་ནས་ཕྱིར་ལ་བྱིན། རྒྱུ་ནོམ་བླངས་པའི་ནང་ནས་ཕལ་ཆེར་སྐབས་དེར་འཕྲལ་དུ་མཆོད་སྦྱིན་དུ་བཏང་། དངུལ་སྲང་སྟོང་ཕྲག་གཅིག་དང་གཡུ་བྱི་རུ་དཀར་ཡོལ་དོ་ཙམ་དང་། ཁ་བཏགས་ཚེ་སྐུ་མ་བརྒྱ་ཕྲག་མང་པོ་བྱུང་བ་རྣམས་དབུས་སུ་འཁྱེར་རྒྱུ་ལ་དམིགས་ནས་ཚགས་བྱས། ཞབས་དྲུང་ནས་ཡིན་པའི་དགེ་སློང་ངག་དབང་དར་རྒྱས་དང་ཀུན་བཟང་རང་གྲོལ། ཨ་ལགས་བརྩོན་འགྲུས། ཞོ་འོང་བནྡེ། བོང་སྟག་གཅོད་པ་རྣམས་ཀྱིས་ཞབས་ཕྱི་བྱས་ནས་དབུས་སུ་འགྲོ་བའི་མཐུན་རྐྱེན་གྲོགས་ཁལ་རྟ་མང་པོ་དང་བཅས་ཏེ་དཀའ་ཚེགས་མེད་པར་མྱུར་དུ་འགྲིགས་ཚེ། རྐང་ཚའི་བོ་ཙུག་ཨ་ལགས་དགེ་འདུན་ཤེས་རབ་རིན་པོ་ཆེའི་མདུན་དུ་སོང་སྟེ་མཇལ་ནས་ཟས་ནོར་གྱི་འཕྲོ་གང་ཡོད་ཕུལ་ནས་ཆོས་འབྲེལ་ཞུས། ཁོང་གིས་རྟ་གཅིག་དབུས་ལྗོངས་སུ་གནང་། ཐུགས་

p. 366

མཉེས་པའི་གསུང་གླེང་མང་པོ་བྱས་པའི་མཐར་སོ་སོར་གྱེས་ཁར་བདེ་ཞུས་སུ་ཚིགས་བཅད་ཀྱི་དབྱངས་འདི་ཕུལ་ལོ། །སྟོང་གསལ་ནམ་མཁའ་ཁྱེད་སྐུ་ཁམས་བདེ་བ་རུ་བཞུགས་དང་། །འཛམ་གླིང་ཉི་མ་ང་གླིང་བཞི་བསྐོར་བ་ལ་ཆས་འགྲོ ། ནམ་ཞིག་འོད་ཟེར་དང་བཅས་ཏེ་མྱུར་དུ་རང་སླེབས་འོང་། །དཔག་བསམ་ལྗོན་ཤིང་ཁྱེད་སྐུ་ཁམས་བདེ་བ་རུ་བཞུགས་དང་། །བྱ་རྒྱལ་ཁུ་བྱུག་ང་ཡུལ་ཕྱོགས་གཞན་དུ་རང་ཆས་འགྲོ །ནམ་ཞིག་སྐད་སྙན་དང་བཅས་ཏེ་མྱུར་དུ་རང་སླེབས་འོང་། །སྟོང་ལྡན་མེ་ཏོག་ཁྱེད་སྐུ་ཁམས་བདེ་བ་རུ་བཞུགས་དང་། །ཡིད་འོང་བུང་བ་ང་ཕྱོགས་བཅུར་ཟས་ཕྱིར་ལ་ཆས་འགྲོ །ནམ་ཞིག་བུང་སྒྲ་དང་བཅས་ཏེ་མྱུར་དུ་རང་སླེབས་འོང་། །མཚན་ལྡན་བླ་མ་ཁྱེད་སྐུ་ཁམས་བདེ་བ་རུ་བཞུགས་དང་། །སྐལ་ལྡན་སློབ་མ་ང་དབེན་གནས་གང་དགའ་རུ་ཆས་འགྲོ །ནམ་ཞིག་མཇལ་དར་དང་བཅས་ཏེ་མྱུར་དུ་རང་སླེབས་འོང་། །ཞེས་ཕུལ་བས་ཁོང་གིས་གཟིམས་གུར་གྱི་ཕྱི་ལོགས་སུ་སྐྱེལ་ཐུང་བྱས་ནས་ནང་དུ་ཕེབས་སོ། །དེ་ནས་ང་ཆུ་བཟང་དུ་འོངས་ནས་འགྲོ་ཁར་སྐྱེ་ཕོ་མོ་དད་ཅན་དེར་འཚོགས་པ་རྣམས་ལ་ལུགས་གཉིས་ཀྱི་བསླབ་བྱ་མང་པོ་བྱས་པའི་མཐར་བདེ་ཞུས་ཚིགས་སུ་བཅད་ནས་འདི་ལྟར་དབྱངས་སུ་བླངས་སོ། །སྟེང་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །མི་འདིར་འཚོགས་ཡོན་བདག་ཕོ་མོ་ལ། །ཚེ་འདི་ཕྱིར་སྐྱིད་པའི་དངོས་གྲུབ་སྩོལ། །མདོག་སྔོ་ཞིང་འཕུར་ན་རབ་བདེ་བའི། །ཁྱེད་ལྷ་ལམ་ཡངས་པ་བདེ་མོར་སྡོད། །ང་བྱ་རྒོད་ཐང་དཀར་ཡུལ་གཞན་འགྲོ །

p. 367

སླར་ནམ་འཕང་བསྟོད་དུ་ཡང་ཡང་འོང་། །མདོག་དཀར་ཞིང་བབ་ན་རབ་བདེ་བའི། །ཁྱེད་འོ་མའི་རྒྱ་མཚོ་བདེ་མོར་སྡོད། །ང་ལྷ་བྱ་ངང་བ་ཡུལ་གཞན་འགྲོ །སླར་སྐྱིད་ཉལ་བྱེད་དུ་ཡང་ཡང་འོང་། །སེམས་དཀར་ཞིང་འགྲོགས་ན་རབ་བདེ་བའི། །ཁྱེད་གྲྭ་སློབ་ཡོན་བདག་བདེ་མོར་སྡོད། །ང་རྣལ་འབྱོར་དབུས་གཙང་ཞིང་དུ་འགྲོ །སླར་སྒོམ་སྒྲུབ་བྱེད་དུ་ཡང་ཡང་འོང་། །ད་ཁྱེད་རྣམས་ཚེ་རིང་ལོ་བརྒྱ་ལོན། །ང་རྣལ་འབྱོར་སྐུ་ཚེ་རིང་བར་སྨོན། །བཀྲ་ཤིས་པའི་ཉི་མར་སླར་མཇལ་དུས། །བཀྲ་ཤིས་པས་ཕྱོགས་འདིར་ཁྱབ་གྱུར་ཅིག །ཅེས་བླངས་པའི་ལན་དུ་བུ་ཆེན་སྐལ་ལྡན་རང་གྲོལ་གྱིས་དབྱངས་འདི་ཕུལ་ལོ།།་རྗེ་དམ་པ་གོང་མའི་རྣམ་ཐར་དེ། །ཚུལ་བཞིན་དུ་སྐྱོང་བའི་དྲིན་ཅན་རྗེ། །ཕ་བླ་མ་ཚོགས་དྲུག་རང་གྲོལ་གྱིས། །སྤྲང་བདག་གིས་དབྱངས་ལ་གསན་པར་མཛོད། །སྔོན་སྨོན་ལམ་བཟང་པོ་བཏབ་པའི་མཐུས། །ངེད་རྣམ་གཉིས་ད་ལོ་འདིར་བཞུགས་ནས། །ལས་ཅི་བྱས་ཆོས་སུ་སོང་བ་དེ། །ཕ་བཟང་པོ་ཁྱེད་ཀྱི་བཀའ་དྲིན་ཡིན། །ཕྱོགས་གཞན་དུ་ཕེབས་པ་ཐོས་པའི་མོད། །ཕ་ཁྱོད་ལ་འབྲལ་གླགས་མི་ཕོད་རུང་། གཉེན་འདུས་པའི་ཐ་མར་འབྲལ་ངེས་པ། །དེ་བསམ་ན་འགྱོད་པས་ཅི་ལ་ཕན། །གནས་དག་ཞིང་དབུས་གཙང་ཕེབས་པ་ལ། །ཕ་བཟང་པོ་སྐུ་ཁམས་བདེ་མོར་བྱོན། །བུ་ངས་ཀྱང་ཁྱེད་ཀྱི་བཞེད་དོན་ཀུན། །དུས་མྱུར་དུ་འགྲུབ་པའི་སྨོན་ལམ་འདེབས། །དེ་བཞིན་དུ་དམ་པ་ཁྱེད་ཀྱིས་ནི། །མི་ངེད་རྣམས་རྗེས་སུ་

p. 368

འཛིན་ཕྱིར་དུ། །བཀྲ་ཤིས་པའི་གནས་མཆོག་འདི་ཉིད་དུ། །ཞལ་མྱུར་དུ་མཇལ་བའི་ཐུགས་སྨོན་མཛོད། །སྐྱབས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ལྷ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །གྲྭ་བུ་སློབ་རྣམས་ཀྱི་བསམ་པའི་དོན། །ཡིད་སྨོན་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཕུལ་བའི་མཐར་ཐམས་ཅད་ཀྱིས་བསྐྱལ་ནས་ཆུ་བཟང་མར་ཁའི་ཐང་གི་ཕྱེད་ཙམ་ལ་འོངས་ནས། སྐྱེལ་མཁན་གྱི་གྲྭ་བུ་སློབ་ཡོན་བདག་སུམ་བརྒྱ་ཙམ་ཞིག་ཡོད་པ་རྣམས་ས་ལ་འདུག་ཏུ་བཅུག་ནས་ཐམས་ཅད་ལ་བཀའ་བསྒོ་བྱིན་རླབས་བྱས་མཐར། འོ་ངེད་རྣམས་སྔོན་གྱི་ལས་སྨོན་དག་པས་མཚམས་སྦྱར་ནས་བཀྲ་ཤིས་ཆོས་མཐུན་གྱི་སྒོ་ནས་མཇལ་ཏེ། །ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་འབྲེལ་བ་ཟབ་མོ་བཞག ད་ཡང་བཀྲ་ཤིས་ཆོས་མཐུན་གྱི་སྒོ་ནས་སོ་སོར་གྱེས་པ་འདི་བཞིན་ཆོས་ཐམས་ཅད་མི་རྟག་མི་བརྟན་སྙིང་པོ་མེད་པ་འདིའི་རང་བཞིན་ཅན་ཡིན་ལ། ཁྱད་པར་བཟའ་ཚང་ཕ་མ་བུ་གསུམ་འཛོམས་པ་ཡང་མི་རྟག་པར་སྔ་ཕྱི་རིམ་པ་བྱས་ནས། ཚེ་ཕྱི་མའི་ཡུལ་དུ་འགྲོ་བར་ངེས་པས་ཁྱེད་རྣམས་ཀྱིས་ད་ཕྱིན་ཆད་འཆི་བ་མི་རྟག་པ་སོམས་ལ་ཆོས་གྱིས། ང་ཡང་གང་དུ་སོང་ཀྱང་ཁྱེད་རྣམས་མི་བརྗེད་པར་སེམས་ལ་བཞག་ནས་ཚེ་འདི་ཕྱིར་ཕན་པའི་སྐྱབས་འཇུག་བསྔོ་སྨོན་བྱ། ཞེས་ཡར་ལངས་སྦ་དབྱུག་ལ་འཁེན་ནས་རྣལ་འབྱོར་འགྲོ་ཁའི་ཞལ་གདམས་ཀྱི་མགུར་དབྱངས་འདི་བླངས་སོ། །གནས་སྙིང་ག་ཆོས་ཀྱི་འཁོར་ལོ་ནས། །རྗེ་རྩ་བའི་བླ་

p. 369

མ་རྡོ་རྗེ་འཆང་། །རྩ་དབུ་མའི་ལམ་ནས་ཡར་བྱོན་ལ། །སྟེང་སྤྱི་གཙུག་བདེ་ཆེན་རྒྱུན་དུ་བཞུགས། །མི་འདིར་འཚོགས་ལུས་ཀྱི་ན་ཚ་དང་། །སེམས་སྡུག་བསྔལ་གང་ཡོད་ཀུན་བསལ་ནས། །ལུས་བདེ་བ་སེམས་ལ་དགའ་བ་བསྐྱེད། །བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ངེད་ཐམས་ཅད་ཡར་མར་ཀུན་ནས་འོངས། །དུས་ད་རེ་གནས་འདིར་ཡུད་ཙམ་འཚོགས། །ད་མི་སྡོད་སོ་སོར་གྱེས་པ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །སྔར་ཡུལ་མི་ཁྱིམ་མཚེས་རྒན་རྒོན་དང་། །མིའི་སྨོན་གནས་ཕོ་མོ་གཞོན་ནུ་ཡང་། །ལོ་རིང་བོར་མ་ལོན་ཤི་ཚུལ་སོམས། །ངེད་ཐམས་ཅད་དེ་ཡི་རང་བཞིན་ཡིན། །ད་མི་ལོ་བརྒྱད་ཅུ་ཚུན་ཆད་ལ། །ངེད་འདིར་འཚོགས་གཅིག་ཀྱང་མི་ལུས་པར། །ཚེ་འདི་ནས་འཇིག་རྟེན་ཕ་རོལ་འགྲོ །ཕྱིས་ཁྲེལ་ཡོད་འགའ་རེས་དྲན་ནས་ངུ། །ཚེ་ཕྱི་མར་འགྲོ་དུས་ལག་སྟོང་འགྲོ །རྒྱུ་ནོམ་པ་བསགས་ནས་གང་དུ་འཁྱེར། །གྲོགས་བཟང་པོ་ཡོད་ཀྱང་འགྲོགས་དབང་མེད། །འཕྲང་རི་བོར་བར་དོར་གཅིག་པུར་འགྲོ །དེའི་དུས་སུ་འདྲེན་མཁན་བླ་མ་དང་། །ཕན་ངེས་པ་དམ་པའི་ཆོས་ཡིན་པས། །ཁྱེད་དད་ཅན་འདིར་འཚོགས་ཕོ་མོ་ཀུན། །དུས་ད་ནས་ནམ་འཆི་ཆ་མེད་སོམས། །ལས་མི་དགེ་བཅུ་བོ་དུག་ལྟར་སྤོངས། །རྒྱུ་ནོར་ལ་སེར་སྣ་མ་བྱེད་པར། །ཡར་བླ་མ་དཀོན་མཆོག་གསུམ་པོར་མཆོད། །མར་དབུལ་པོ་རྣམས་ལ་སྦྱིན་པ་ཐོངས། །བར་ཕ་མ་ཨ་ཁུར་བརྩི་བཀུར་རེམ། །བྲན་

p. 370

གཡོག་པོར་མ་སྡིག་ལྟོ་གོས་བྱིན། །ཁྱི་ཕྱུགས་ལ་མ་རྡུང་ལེགས་པར་སྐྱོངས། །ཁྱིམ་བཟའ་ཚང་མ་འཁོན་མཐུན་པར་འགྲོགས། །གྲོགས་ཁྱིམ་མཚེས་མ་གནོད་ཕན་ཐོགས་གྱིས། །ལུས་དལ་བར་མ་སྡོད་ཕྱག་སྐོར་རེམ། །ཁ་དལ་བར་མ་འདུག་མ་ཎི་བགྲོངས། །སྐབས་སྐབས་སུ་སྨྱུང་གནས་སྡོམ་པ་སྲུངས། །དུས་རྒྱུན་དུ་བསམ་པ་དཀར་པོ་གྱིས། །མི་ང་ཡང་གང་དུ་སོང་ན་ཡང་། །ཁྱེད་ཐམས་ཅད་སེམས་ཀྱིས་མི་བརྗེད་པར། །ཚེ་འདི་ཡི་བར་ཆད་ཨེ་སེལ་དང་། །ཚེ་ཕྱི་མའི་ལམ་སྣ་འདྲེན་ཐུབ་བལྟ། །ང་རི་ལ་འདུག་པའི་སྒོམ་ཆེན་དང་། །ཁྱེད་འབྲེལ་བ་འཇོག་པའི་སྐྱ་སེར་རྣམས། །སངས་མཉམ་པོ་རྒྱ་བའི་སྨོན་ལམ་འདེབས། །ཁྱེད་རྣམས་ཀྱང་དེ་ལྟར་ཡིད་སྨོན་གྱིས། །དུས་ད་དུང་ཚེ་མཇུག་འདི་ཉིད་ལ། །ཞལ་ཡང་ནས་ཡང་དུ་མཇལ་བར་སྨོན། །དུས་ད་ནས་མཇལ་རྒྱུའི་མ་སོང་ན། །ཚེ་ཕྱི་མར་མཇལ་བའི་སྨོན་ལམ་འཚལ། །ཁྱེད་འདིར་འཚོགས་དད་ཅན་ཕོ་མོ་ལ། །ངས་ཕན་པའི་སྙིང་གཏམ་སྨྲས་པ་ཡིན། །སྐབས་སྐབས་སུ་ཐོན་ལ་དྲན་གསོ་གྱིས། །དུས་ད་རེས་ཕན་ཚུན་འབྲེལ་བ་ཟབ། །ད་ཁྱེད་རྣམས་འཚམས་པོར་བདེ་མོར་ལགས། །གླུ་འདི་ཉིད་བཏོན་དང་ཐོས་ཚད་ཀུན། །དུས་རྟག་ཏུ་བདེ་ཞིང་སྐྱིད་པར་ཤོག །ཅེས་དབྱངས་སྙན་ལ་རིང་བ་བྱས་ནས་བླངས་པས་དེ་དུས་ཐམས་ཅད་ཀྱི་ལུས་ཀྱི་བ་སྤུ་གཡོ་བ་དང་མིག་ནས་མཆི་མ་འཁྲུགས་པའི་དད་གུས་ཚད་མེད་པ་སྐྱེས་སོ། །དེ་ནས་ངས་སྦ་དབྱུག་གིས་ས་ལ་རྟགས་ཤིག་བརྒྱབ་ནས། །ད་འདི་མན་ལ་མ་འོང་བར་སྡོད་དང་རྟེན་འབྲེལ་གྱི་གནད་ཅིག་ཡོད་ཅེས་

p. 371

བཤད་པས་ཐམས་ཅད་ཀྱིས་ཕྱག་གྱང་འགྱེལ་བ་ལྟར་འཚལ་ཏེ། སྐྱབས་འཇུག་ཞུས་ནས་རང་རང་གི་ཡུལ་དུ་སོང་། བུ་ཆེན་སྐལ་ལྡན་རང་གྲོལ་ཁྲི་ཀའི་ཕྱོགས་སུ་སོང་། ང་ཡང་གཟིངས་ཐོག་ནས་རྨ་ཆུའི་ཕར་ཁར་སོང་རི་ཧང་ངའི་ཕར་རི་བྲག་དཀར་སྤྲེལ་རྫོང་གི་ཡར་ཕྱོགས་ན་རྐང་ཚ་ཡོད་པས་དབོན་པོ་བནྡེ་ཐར་དང་། ཚེ་རིང་རྒྱལ་སྤུན་གཉིས་ཀྱི་ཐག་ཉེར་གུར་ཕུབ་ནས་ཞག་པོ་ཁ་ཤས་བསྡད། ཁོང་རྣམས་ཀྱིས་མཛོ་རྟ་དངུལ་གོས་གཡུ་བྱིར་སོགས་ནོར་རྫས་མང་པོ་ཕུལ་བ་བླངས་ནས་བསྔོ་སྨོན་བཀྲ་ཤིས་བྱས། རྐང་ཚའི་རུ་སྐོར་གྱི་སྐྱ་མི་ཐམས་ཅད་ཀྱིས་ལ་མཐོན་པོ་ཞིག་གི་མགོར་བསྐྱལ་ནས།་དབོན་པོ་བནྡེ་ལ་སོགས་པའི་ཡོན་བདག་ཕྱིར་ལྡོག་པ་རྣམས་ལ་སླར་ཡང་མཇལ་བའི་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ།། །།སྟེང་སྤྱི་གཙུག་འཇའ་གུར་འོད་ཀློང་གི །རྗེ་བླ་མ་དཀོན་མཆོག་བྱིན་རླབས་ཅན། །ངེད་འདིར་འཚོགས་ཚེ་རིང་ནད་མེད་པར། །སླར་ཡང་ཡང་མཇལ་བར་བྱིན་གྱིས་རློབས། །ཁྱོད་ཤར་ཕྱོགས་རི་བོ་བདེ་མོར་སྡོད། །ང་ཟླ་བ་མི་སྡོད་གླིང་གཞན་འགྲོ །གཟའ་ཁྱབ་འཇུག་དབང་དུ་མ་སོང་ན། །སླར་ཤར་རིའི་རྒྱུན་དུ་སླེབས་ནས་འོང་། །ཁྱེད་བྱང་གི་རྫ་རི་བདེ་མོར་སྡོད། །ང་འབྲོང་ཆུང་མི་སྡོད་སྤང་རིར་འགྲོ །སྟག་རྔོན་པའི་དབང་དུ་མ་སོང་ན། །སླར་རྫ་རིའི་རྒྱུན་དུ་སླེབས་ནས་འོང་། །ཁྱེད་མདོ་སྨད་དད་ཅན་བདེ་མོར་སྡོད། །ང་རྣལ་འབྱོར་དབུས་གཙང་ཞིང་དུ་འགྲོ །ན་འཆི་བའི་དབང་དུ་མ་སོང་ན། །སླར་དད་ཅན་རྒྱན་དུ་སླེབས་ནས་འོང་། །ཁྱེད་འདིར་འཚོགས་ཚེ་རིང་ནད་མེད་

p. 372

ཅིང་། །ང་རྣལ་འབྱོར་སྐུ་ཚེ་རིང་བར་སྨོན། །བཀྲ་ཤིས་པའི་ཉི་མར་སླར་མཇལ་དུས། །བཀྲ་ཤིས་པས་ཕྱོགས་འདིར་ཁྱབ་གྱུར་ཅིག །ཅེས་བླངས་པས་དེར་འཚོགས་པ་ཀུན་གྱིས་ལམ་སྐབས་སུ་ཆུ་ཁ་རབ་ཁ་ཚོ་ལ་ཐུགས་ཆུང་གྱིས་སོགས་ཕན་པའི་གཏམ་བཤད་ཅིང་། ཡང་ཡང་མཇལ་བའི་སྨོན་ལམ་བཏབ་ནས་སོང་ངོ་། །དེ་ནས་སྐྱེལ་མི་བཅུ་ཙམ་གྱིས་བསྐྱལ། གཞན་ཡང་དབུས་ལ་འགྲོ་རོགས་བྲ་ཚའི་ཕྱག་རྡོར་དང་། མཁར་བྱམས། རྐང་ཚའི་ཚེ་རིང་རྒྱལ་སོགས་སྦྲ་ནག་ཁག་གསུམ་གྱི་མགྲོན་པོ་ལྔ་བཅུ་ཁལ་རྟ་མང་པོ་དང་བཅས་ཏེ། རབ་མྱོས་ཞེས་པ་ལྕགས་ཕོ་རྟའི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་དགེ་བར་དབུས་གཙང་དག་པའི་ཞིང་དུ་ཡར་ལ་ཆས་ནས་སོང་། དེ་དུས་གཡོན་ཞིས་བནྡེ་ཐར་གྱིས་ཕུལ་བའི་རྟ་དཀར་པོ་ཞིག་ཡོད་པ་དེ་ལ་ཞོན་ནས་སོང་ཚེ། ང་རྟ་ལ་མི་ཆགས་པའི་སྟབས་ཀྱིས་རྣལ་འབྱོར་རྟ་རྒྱུག་གི་མགུར་འདི་བླངས་སོ། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ང་མི་ཡི་རྟ་ལ་མི་ཆགས་ཀྱང་། །མཚན་ལྡན་བླ་མའི་བཀའ་དྲིན་གྱིས། །མི་ཡི་རྟ་ཕོ་དེ་བས་ཀྱང་། །བདག་ལ་སྟོང་ཉིད་རྟ་ཕོ་ཡོད། །མི་ཡི་བདེ་ལེགས་དེ་བས་ཀྱང་། །བདག་ནི་རྟ་ཡི་གོང་ན་བདེ། །སྟོང་པ་ཉིད་ཀྱི་རྟ་ཕོ་ལ། །ཚུལ་ཁྲིམས་རྣམ་དག་སྲབ་ཅིག་འཇོག །བྱང་ཆུབ་སེམས་ཀྱི་སྒ་ཆ་ལ། །དད་པ་བརྟན་པོའི་སྒ་སྟན་བཏིང་། །དག་སྣང་མོས་གུས་གློ་རྨེད་རྒྱག །སྣང་སྟོང་ཟུང་འཇུག་འོབ་ཆེན་འདོགས། །སྒ་བཟང་རྟ་བཟང་ཐོག་ཏུ་བསྟད། །བུ་རང་བྱུང་རིག་པའི་ཁྱེའུ་ཆུང་ངས། །

p. 373

ཚད་མེད་བཞི་ཡི་གོས་ཆེན་གྱོན། །དམ་ཚིག་གཙང་མའི་སྐེ་རགས་བཅིངས། །མཚན་ལྡན་བླ་མའི་ཞྭ་བཟང་དང་། །ཁྲོ་མེད་བཟོད་པའི་སག་ལྷམ་གྱོན། །བདག་ནི་རྟ་ཡི་གོང་དུ་ཞོན། །མཉམ་ཉིད་ཟང་ཐལ་ཐང་ཐོག་ནས། །བུ་རིག་པའི་ཁྱེའུ་ཆུང་རྟ་རྒྱུག་བྱེད། །བླ་མའི་གདམས་ངག་ལྕག་གིས་བྲབས། །བརྩོན་འགྲུས་སྲབ་ཁ་གྱེན་དུ་བསྒྱུར། །ཐེ་ཚོམ་མེད་པར་རྟ་ཁ་གཏོང་། །འཁོར་འདས་གཉིས་ཀྱི་ལྟད་མོ་ལྟོས། །འགྲོ་ནི་ཐར་པའི་ལམ་ལ་འགྲོ །བགྲོད་ནི་འཁོར་བའི་འདམ་ནས་བགྲོད། །རྟག་ཆད་ས་ལ་ལྟུང་མ་མྱོང་། །ཐོགས་རྡུགས་བྲལ་བའི་རྟ་བཟང་འདི། །བྲོས་ན་གཤིན་རྗེའི་ཁ་ནས་ཐར། །དེད་ན་སྐྱི་བསེར་རླུང་ཡང་ཟིན། །ཨང་གི་སྐལ་ལྡན་གཞོན་ནུ་ཚོ། །ཉོ་ན་སྟོང་ཉིད་རྟ་བཟང་ཉོས། །རྒྱུག་ན་རྟ་ལ་འདི་ལྟར་རྒྱུགས། །ཞེས་བླངས་ནས་རྟ་དེ་ལ་ཞོན་ནས་སོང་ངོ་། །དེ་ནས་དབུས་ལམ་རྫ་ཟོར་བ་ནས་ཞག་པོ་བཅུ་ལྷག་ཙམ་ལ་སྨད་ཕྱོགས་ཀྱི་དབུས་པ་ཡར་འགྲོ་བ་རྣམས་ལ་བསྒུགས་ནས་སྡོད་དགོས་བྱུང་། དེའི་ལོ་དབུས་ནས་མར་འོང་བའི་ཚོང་དཔོན་འགའ་རེས་ལམ་ནས་བཞག་པའི། ཁྲི་ཀའི་མི་གཅིག་འཆི་ལ་ཉེ་བར་ཡོད་པ་གོ་ནས་ཉི་མ་གཉིས་སུ་བཙལ་བའི་རྗེས་སུ་རྙེད་པ་ལ་ལྟོ་གོས་བྱིན་ནས་སྲོག་བསྐྱབས་ཏེ་རང་ཡུལ་དུ་བཏང་། དེར་བསྐྱལ་ཡོང་མཁན་རྣམས་ལ་སླར་མཇལ་བའི་བཀྲ་ཤིས་སྨོན་ལམ་གྱི་མགུར་འདི་བླངས་སོ། །དྲིན་ཅན་གྱི་བླ་མར་གསོལ་བ་འདེབས། །འདིར་འཚོགས་ཀྱི་སྒོ་གསུམ་

p. 374

བྱིན་གྱིས་རློབས། །འདིར་འདུས་ཀྱི་དད་ཅན་ཕོ་མོ་ཀུན། །རྣལ་འབྱོར་ངའི་གླུ་འདིར་དར་ཅིག་ཉོན། །སྔོན་བསགས་ཀྱི་ལས་བཟང་སྨོན་ལམ་མཐུས། །འདིར་འཚོགས་ཀུན་སྟོན་པ་སངས་རྒྱས་ཀྱི། །བསྟན་པ་དང་མཇལ་བ་སྐལ་བ་བཟང་། །མངོན་མཐོ་དང་ངེས་ལེགས་གོ་འཕང་གང་། །བསྒྲུབ་ན་ཡང་རང་གི་ལག་ན་ཡོད། རང་ཉིད་ཀྱི་ལག་ན་ཡོད་དུས་འདིར། །འདིར་འཚོགས་ཀུན་ངེས་ལེགས་སངས་རྒྱས་ཀྱི། །གོ་འཕང་དེ་འཐོབ་ཐབས་མྱུར་དུ་སྒྲུབས། །བུང་བ་ཡིས་རྒྱང་གླུ་རིང་པོ་བླངས། །རྒྱང་རིང་དུ་འཕུར་ནས་འགྲོ་བ་ལྟར། །རྣལ་འབྱོར་ངས་སྐྱིད་པའི་རྒྱང་གླུ་བླངས། །ཐག་རིང་གི་དབུས་སུ་ཆས་ནས་འགྲོ །ཕྱིར་ལ་ཡང་བུང་བ་འོངས་པ་ལྟར། །རྣལ་འབྱོར་ང་ཕྱིར་ལ་མྱུར་དུ་འོང་། །འོངས་པའི་དུས་དགེ་ལེགས་བཀྲ་ཤིས་ཀྱིས། །ཡུལ་ཕྱོགས་འདིར་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་བླངས་པས་ཀུན་དད་ཅིང་གུས་པའི་སྒོ་ནས་ཕྱག་དང་སྐོར་བ་བྱས་ཏེ་མཇལ་ནས་སྐུ་བདེ་མོ་ལགས་ཞེས་བདེ་ཞུས་བྱས་ནས་སླར་རང་ཡུལ་དུ་ལོག་གོ །དེའི་དུས་མར་ནང་བེའུ་ཐང་ནས་ཡིན་ཟེར་བའི་ཀླུ་ནད་པ་ཞིག རྨ་ཆེན་གངས་ཆུ་འཐུང་དུ་འགྲོ་བ་ཡིན་ཟེར་བ་ལ་སྙིང་རྗེ་ནས། མཛོ་གཅིག་ས་ཐག་པ་ཅོག་པུ་ཟླ་བ་གཅིག་གི་ལྟོ་དང་། བ་མ་ཁོལ་མོ་མེ་ལྕགས་བཅས་བྱིན་ནས་བཏང་བས། ཕྱིས་ཁོ་ནད་ལས་ཐར་ཏེ་མཚོ་ལ་ཞོན་ནས་གླུ་ལེན་བཞིན་ཡུལ་དུ་ལོག་སྐད། དེ་ནས་ལམ་སྐབས་རྣམས་སུ་གུང་ཚིགས་དང་དགེ་སྦྱོར་འཆག་མེད་བྱས། འགྲུལ་བ་རྣམས་ལ་ཇག་རྐུས་རི་དྭགས་བསད་མི་ཆོག་པ་ལ་སོགས་པའི་བསླབ་བྱ་རྒྱས་པར་བཤད་ནས་སོང་ཚེ། དད་

p. 375

ཅན་སློབ་བུ་དགེ་སློང་ངག་དབང་དར་རྒྱས་ཀྱིས་ད་ལྟའི་མགྲོན་པོ་རྣམས་ཀྱིས་གཙོ་བྱས་མ་འོངས་པ་ན་དབུས་གཙང་དག་པའི་ཞིང་དུ་འགྲོ་བ་རྣམས་ལ། གཞི་དང་ལམ་བར་གང་དུའང་ཕན་པའི་བསླབ་བྱ་ཞིབ་ལ་རྒྱས་པ་ཞིག་མགུར་དུ་བཞེངས་དགོས་ཞེས་བསྐུལ་ངོར། བཤུལ་རིང་མགྲོན་པོའི་ལམ་གླུ་ཞེས་བྱ་བའི་མགུར་མའི་སྐོར་ལ། དང་པོ་བྱ་སྤྱོད་ངན་པ་སྤང་དགོས་ཚུལ་གྱི་མགུར་ནི། འགྲོ་བ་ཡོངས་ཀྱི་ཕྱག་མཆོད་ཞིང་། །རྒྱལ་བ་ཡབ་སྲས་ཞབས་ལ་འདུད། །དབུས་སུ་མཇལ་འདོད་ཐག་རིང་གི །མགྲོན་པོ་ཡོངས་ལ་ཐུགས་རྗེས་གཟིགས། །དང་པོ་མགྲོན་པོ་ངན་པ་ཡིས། །ཁལ་རྟར་སྟན་ངན་སྣ་ངན་བསྟད། །ཁལ་ཡང་ལྕི་མོ་རྐྱང་བ་བཀལ། །ག་ལེར་མི་འགྲོ་མགྱོགས་པོར་འགྲོ །བྲོ་ལུག་ཡིན་ཟེར་ལུག་མང་དེད། །ལམ་ནས་རི་དྭགས་མང་པོ་གསོད། །བྲོ་ལུག་ཚར་ཚེ་ལམ་ནས་ཉོས། །སྡིག་པ་བྱེད་ཀྱིན་བྱེད་ཀྱིན་འགྲོ །འགྲོ་ཚུལ་འདུག་ཚུལ་ཁ་འགོ་དེ། །གཅིག་གིས་བྱས་ན་དེ་མིན་ཟེར། །ཡར་མར་འཐེན་ནས་གྲོས་མི་མཐུན། །འགྲོ་མྱོང་ཅན་གྱི་ཁར་མི་ཉན། །ལམ་སྐབས་བྱ་བ་ཕལ་ཆེར་ཉེས། །ལམ་ཡང་ནོར་ནས་ལོག་པར་འགྲོ །ནུབ་ཐུན་མི་བྱེད་ཉལ་ནས་སྡོད། །རྐུན་མས་ཁྱེར་ཚེ་སྐོར་རྒྱུག་བྱེད། །ཁལ་རྟ་རྩྭ་ཁར་མི་འདེད་འཇོག །ལམ་ནས་ལུས་ཚེ་སྡུག་གཏམ་མང་། །ཆུ་ཤིང་མི་ལེན་བ་ཁར་ཉུལ། །།འབུད་ཤིང་ཆད་ཚེ་གྲོགས་ལ་འཁོན། །སོས་དལ་སྡོད་དུས་ཕོ་ཚོད་མཐོ། །སོ་ཐུན་མི་དགོས་དྲག་དྲག་ཟེར། །ཇག་པ་སླེབས་ཚེ་སྙིང་རྩ་འདར། །འཐབ་

p. 376

སར་མི་འགྲོ་སོང་ན་ཡིབས། །ལམ་སྐབས་མགྲོན་པོ་ཐམས་ཅད་ཀྱིས། །ལྐོག་ནས་ངན་སྨྲ་ཤུབ་ཤུབ་ཤུབ། །ཕྱི་ཡི་དགྲ་ལ་ངན་མི་ཐུབ། །ནང་འཁོན་བྱེད་དུས་སུས་མི་ཐུབ། །ལྟོ་ཆེ་ལྟོགས་འཁྱགས་ཚེགས་མི་ཐེག །ཟ་མར་ཆེ་ཆུང་མཐོ་དམན་ཞིག །ཤོར་ན་སྤྲོ་ལངས་སྡང་མིག་བལྟ། །ཁོ་རང་ཚོ་ཚོ་སྣུམ་སྣུམ་ཟ། །གཅིག་ལ་སྐལ་ཞིག་སྟེར་མི་དཔེ། །གལ་ཏེ་སྟེར་ན་ཁམ་བུ་གང་། །བྱིན་ནས་ཁྱོད་ཀྱིས་འདི་ཟོ་ཟེར། །ཟ་རིན་མི་དགོས་མིད་རིན་མེད། །ལེན་མཁན་ངོ་ཚ་ལངས་ནས་འགྲོ །ཁ་བདེ་འགའ་རེས་ལ་ཡོག་ན། །མི་དེས་ཟ་ཚུལ་བཤད་ཚུལ་གྱི། །ལད་མོ་བྱས་ནས་ཐམས་ཅད་དགོད། །ལམ་ནས་གཡོག་པོར་ལྟོགས་སྐོམ་འོང་། །ཅང་མེད་མགྲོན་པོ་ཉམ་ཆུང་ལ། །རྩམ་པ་སྤར་གང་སྟེར་མི་ཤེས། །གཞན་གྱིས་སྟེར་ལ་སེར་སྣ་འཆོར། །གྲོགས་ལ་ཕན་ཐོགས་གཡོར་སྐྱེ་ཞིག །ཕར་ཞོག་རྒྱུ་ནོར་བཟའ་བཏུང་དང་། །ཐག་སྒྲོག་ཐི་གུ་ཤིང་ཕུར་ཡན། །རྐུ་འཕྲོག་སློང་གསུམ་སྒོ་ནས་འཁྱེར། །གྲོགས་ཀྱིས་ཀ་ངོ་མི་རིག་གིས། །ཆུག་ཟེར་སྐབས་རེ་ཨ་ཧོ་ཧོ། །ཅི་ཚོ་འགྲོགས་ནས་འོང་བཞག་ཟེར། །བར་དུ་མགྲོན་པོ་ངན་པ་ཡིས། །དབུས་སུ་སླེབས་ཚེ་གང་ཡོད་ཀྱིས། །ཞྭ་སྣམ་གཡུ་བྱིར་བླ་ཕོར་སོགས། །རང་ལ་མཁོ་བའི་ནོམ་པ་ཉོ། །འབུལ་བ་མང་ཇ་འགྱེད་ཕོགས་མེད། །ཕྱག་སྐོར་མི་བྱེད་ཚོང་ར་ཉུལ། །ཁ་ཏོན་མི་བྱེད་ནོམ་པ་གླེང་། །དད་གུས་མི་བྱེད་འདང་ལོག་རྒྱག །ཚོང་རའི་ནོར་ལ་ཉིན་རེ་བཞིན། །མཐོང་ཚེ་འདོད་སྲེད་ཇེ་ཆེར་སོང་། །གྲོགས་ཀྱི་དངུལ་ཞོ་ཊཾ་ཁ་བརྐུ། །

p. 377

རྐུས་བུད་ལན་དུ་བཤགས་པ་བྱེད། །སྨད་ཚོང་མ་ལ་ནོམ་པ་བྱིན། །ཆགས་པ་སྤྱད་ནས་རྨ་ངན་འགོས། །དབྱེན་དང་རྫུན་ཚིག་མང་པོ་སྨྲ། །མཐུན་གྲོགས་འཁོན་འཛིང་བྱེད་དུ་བཅུག །གྲོགས་དང་ཁམས་ཚན་ཤེས་ཚད་ཀྱིས། །ལྐོག་ནས་ངན་སྨྲ་དི་རི་རི། །གཏམ་ངན་མང་པོས་དབུས་གཙང་ཁྱབ། །ཐ་མ་མགྲོན་པོ་ངན་པ་ཡིས། །དབུས་ནས་རང་ཡུལ་འགྲོ་བའི་ཚེ། །སྐུ་གསུང་ཐུགས་རྟེན་གཅིག་མི་འཁྱེར། །ནོམ་པ་མང་པོ་བཀལ་ནས་འགྲོ །ལམ་ནས་གྲོགས་ཀྱི་ཁལ་རྟ་ཞིག །ངན་ལུས་ཤི་ན་གཡོར་སྟེར་ཞིག །ཕར་ཞོག་ལས་ངན་འདི་ཟེར་དམོ། །གྲོགས་ལ་ན་ཚ་མི་བདེ་ཞིག །བྱུང་ན་མི་འདོད་བསྒྱུར་ཐུབ་བལྟ། །ལམ་ཁའི་ཁྱིམ་ཚང་སྙོམས་ཆུང་གི །རྒྱུ་ནོར་འཕྲོག་གམ་རྐུ་ཐུབ་བལྟ། །ཁ་ངན་ཁོག་ངན་བྱ་སྤྱོད་ངན། །འགྲོགས་ཀྱིན་འགྲོགས་ཀྱིན་ཇེ་ངན་འགྲོ །མི་ངན་རང་མཚང་ཐམས་ཅད་སྟོན། །ཀུན་གྱིས་མི་ཀ་ཁྱི་གསང་ན། །ངེས་ངེས་མཆོད་ཅིག་མེད་ཀི་ཟེར། །ཡུལ་གྱི་ཐག་ཉེར་སླེབས་པའི་ཚེ། །ཐག་རིང་མགྲོན་པོར་སྐྱེལ་བསུ་ཞིག །མི་དགོས་བདེ་ཞུས་མི་བྱེད་པར། །གཅིག་བསྐྱུར་གཉིས་བསྐྱུར་བྱས་ནས་འགྲོ །ཡུལ་མིས་ཀུན་ལ་སྐད་ཆ་འདྲི། །མཉམ་འགྲོགས་འགའ་རེས་མི་ངན་དེ། །དབུས་སུ་སོང་བ་དོན་མེད་སོང་། །བྱ་བ་ངན་པ་འདི་འདྲ་བྱས། །ཀུན་ལ་སྡུག་རེ་བསྐོལ་རབ་ཟེར། །རང་ཡུལ་སླེབས་པའི་ཕྱི་ཉིན་ནས། །གཏམ་ངན་མི་ཁས་ལུང་བ་འགེངས། །ཕྱིན་ཆད་སྡེ་བས་གཏམ་དཔེར་འཐེན། །དེའི་ཕྱིར་དབུས་སུ་འགྲོ་མཁན་ཚོ། །དེ་འདྲའི་བྱ་སྤྱོད་མ་བྱེད་ཨང་། །གླུ་འདི་མཐོང་ཐོས་ཐམས་ཅད་ལ། །དབུས་སུ་

p. 378

འགྲོ་དུས་ཕན་པར་ཤོག །དེ་ནས་བྱ་སྤྱོད་བཟང་པོ་བྱེད་དགོས་ཚུལ་གྱི་མགུར་ནི། །འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ། །རྒྱལ་བ་ཡབ་སྲས་ཞབས་ལ་འདུད། །དབུས་སུ་མཇལ་འདོད་ཐག་རིང་གི །མགྲོན་པོ་ཡོངས་ལ་ཐུགས་རྗེས་གཟིགས། །དང་པོ་མགྲོན་པོ་བཟང་པོ་ཡིས། །ཁལ་རྟར་སྟན་བཟང་སྒོ་བཟང་བསྟད། །ཁལ་ཀྱང་བདེ་ལ་ཡང་བ་བཀལ། །མགྱོགས་པོར་མི་འགྲོ་ག་ལེར་འགྲོ །ཡུལ་ནས་བྲོ་ལུག་གཅིག་མི་འདེད། །ལམ་ནས་རི་དྭགས་གཅིག་མི་གསོད། །མཉམ་འགྲོགས་མགྲོན་པོ་ཐམས་ཅད་ལ། །དབུས་སུ་ཡང་ཡང་འགྲོ་བ་དཀའ། །འགྲོ་ཡང་འགྲོགས་ནས་འགྲོ་བ་དཀའ། །ད་རེས་འགྲོགས་ནས་འགྲོ་བ་ཡང་། །ཟླ་བ་འགའ་ནས་སོ་སོར་གྱེས། །ཟླ་བ་རེ་གཉིས་འདིའི་བར་ལ། །ཀུན་གྱིས་སྐྱིད་སྡུག་གཅིག་བྱེད་དགོས། །གཅིག་གིས་གཅིག་ལ་ཅི་ཕན་གྱིས། །ཁ་འཁོན་རྡུང་རེས་མ་བྱེད་ཟེར། །ཀུན་ལ་ཕན་པའི་ཁ་ཏ་བྱེད། །འགྲོ་ཚུལ་འདུག་ཚུལ་དབུས་ཕྱོགས་སུ། །འགྲོ་མྱོང་ཅན་གྱི་ངག་བཞིན་བྱེད། །ལྟོགས་འཁྱགས་ཚེགས་ཐེག་ལས་ཀ་བཟང་། །སྦིས་འབུབས་དོས་བརྩིགས་བ་ཆུ་ལེན། །མེ་འབུད་ཁོལ་འཐེན་འབུད་རྒྱུ་འཐུ། །འགྲོ་བསྡད་གང་ལའང་ཁོ་འགྲོ་ཟེར། །འགྲོ་ལ་ཁད་དང་ལངས་ལ་ཁད། །སོ་ཐུན་ཁལ་རྟ་འཚོ་དུས་བཟང་། །ཆར་ཆུ་མུན་ནག་འཐིབས་པའི་དུས། །ཀུན་ལ་སེམས་ཆུང་གལ་ཆེ་ཟེར། །ཇག་པ་མཐོང་ན་རྒྱུ་མཚན་སྨྲ། །མ་ཉན་མདུང་བཟུང་ནང་དུ་རྒྱུག །རང་ནོར་ཕར་ལ་འཆོར་མི་དགོས། །ཇག་པའི་སྒ་མ་ཚུར་ལ་ལེན། །ལམ་བར་མགྲོན་པོ་ཐམས་ཅད་ཀྱིས། །

p. 379

དེ་རིང་ཨ་མའི་བུ་རྒོད་པོས། །བཟང་ཟེར་དགའ་གཏམ་དི་རི་རི། །མིང་སྙན་དཔའ་བོའི་ཆོ་ལོ་སྟེར། །གཞན་གྱིས་མ་ཐུབ་ལས་གྲོགས་བྱེད། །ཉམ་ཆུང་མགྲོན་པོར་ཟས་ནོར་སྟེར། །གཞན་གྱི་ནོམ་པ་ཆེ་ཆུང་གང་། །ས་ལ་ལྷུང་བ་ཞིག་མཐོང་ན། །ཡར་ལ་བླངས་ནས་སུའི་ཡིན་ཟེར། །འགའ་རེས་ངའི་ཡིན་དྲིན་ཅན་ཟེར། །བར་དུ་མགྲོན་པོ་བཟང་པོ་ཡིས། །དབུས་སུ་སླེབས་དུས་ཅི་ཡོད་ཀྱི། །འབུལ་བ་མང་ཇ་ཅི་ཐུབ་གཏོང་། །ཇོ་བོར་ཞལ་གསེར་བརྒྱ་མཆོད་འབུལ། །དབུལ་པོར་བཟའ་བཏུང་སྦྱིན་པ་གཏོང་། །ར་ལུག་བཤན་པས་གསོད་པ་བླུ། །ལུས་ཀྱིས་ཕྱག་དང་སྐོར་བ་བྱེད། །ངག་གིས་ཁ་ཏོན་བཟླས་བརྗོད་བརྩོན། །སེམས་ཀྱིས་དད་གུས་དག་སྣང་སྦྱོང་། །ལྷ་རྟེན་ཡོད་ཚད་ཀུན་ལ་མཇལ། །བླ་མ་རྣམས་ལ་རྟེན་གསུམ་ཞུ། །ཅི་ཡོད་ཆོས་ཕྱོགས་བཏང་བའི་མཐུས། །གཏམ་སྙན་དབུས་གཙང་ཡོངས་ལ་ཁྱབ། །ཐ་མ་མགྲོན་པོ་བཟང་པོ་ཡིས། །དབུས་ནས་ཡུལ་ལ་འགྲོ་བའི་དུས། །དབུས་གཙང་དག་པའི་ཞིང་ཁམས་སུ། །སླར་ཡང་མཇལ་བའི་སྨོན་ལམ་འདེབས། །ནོམ་པ་ཅི་ཡང་མི་འཁྱེར་བར། །སྐུ་གསུང་ཐུགས་རྟེན་བྱིན་ཅན་འཁྱེར། །ལམ་ནས་མཉམ་འགྲོགས་མགྲོན་པོ་ལ། །རྒྱུ་ནོམ་ཟས་ཀྱིས་ཅི་ཕན་བྱེད། །གྲོགས་ལ་སྤུན་ཟླ་ལས་ཀྱང་བྱམས། །ན་འདྲ་བཞག་ན་ལྷག་པར་གཅེས། །གལ་ཏེ་ཤི་ན་རོ་ཤུན་དབྱེ། །བླ་མ་ཡོད་ན་བསྔོ་སྨོན་ཞུ། །ཁ་བཟང་ཁོག་བཟང་བྱ་སྤྱོད་བཟང་། །འགྲོགས་ཀྱིན་འགྲོགས་

p. 380

ཀྱིན་ཇེ་བཟང་འགྲོ །བཟང་པོའི་ཡོན་ཏན་ཐམས་ཅད་སྟོན། །ཀུན་གྱིས་ཚེ་རིང་བཀྲ་ཤིས་ཟེར། །མཉམ་འགྲོགས་འགའ་རེས་དྲིན་ཅན་ཟེར། །ཡུལ་གྱི་ཐག་ཉེར་སླེབས་པའི་ཚེ། །ཐག་རིང་མགྲོན་པོ་ཕར་ལ་སྐྱེལ། །སོ་སོར་འབྲལ་གླགས་མི་ཕོད་པར། །འབྲལ་ཁར་མིག་ནས་མཆི་མ་གཏོང་། །ཕན་ཚུན་འཚམས་པོར་བདེ་མོར་ཞེས། །བདེ་ལེགས་གཏམ་སྙན་སྒྲོག་བཞིན་གྱེས། །ཡུལ་མིས་ཀུན་ལ་སྐད་ཆ་འདྲི། །མཉམ་འགྲོགས་རྣམས་ཀྱིས་ལས་ཅན་དེ། །དབུས་སུ་སོང་བ་དོན་གོ་ཆེ། །ཆོས་ལྡན་བྱ་བ་འདི་འདྲ་བྱས། །ཀུན་ལ་ལམ་ནས་ཕན་བཏགས་ཟེར། རང་ཡུལ་སླེབས་པའི་ཕྱི་ཉིན་ནས། །གཏམ་སྙན་མང་པོའི་ཡོང་སྒོ་ཡོད། །ཕྱིན་ཆད་སྡེ་བས་གླེང་ནས་སྨོན།་།དེའི་ཕྱིར་དབུས་སུ་འགྲོ་མཁན་ཚོ། །དེ་འདྲའི་བྱ་སྤྱོད་གྱིས་ཤིག་ཨང་། །གླུ་འདི་མཐོང་ཐོས་ཐམས་ཅད་ལ། །དབུས་སུ་འགྲོ་དུས་ཕན་པར་ཤོག །དེ་ནས་ལམ་བར་ནས་སྡིག་པ་བྱེད་མི་རུང་བའི་ཚུལ་གྱི་མགུར་ནི། །ཉི་ཟླ་ཟུང་གཅིག་ཤར་འདྲ་བའི། །ཇོ་ཤཱཀ་རྣམ་གཉིས་ཕྱག་བྱས་ནས། །ཇོ་བོར་མཇལ་འདོད་ཐག་རིང་གི །མགྲོན་པོར་ཁ་ཏ་ཚིག་འགའ་བཤད། །ཁལ་རྟར་ལྕི་མོ་རྐྱང་བ་བཀལ། །མ་སོང་རྡོ་དང་དབྱུག་པས་བརྡུངས། །ལུས་པོ་ཐམས་ཅད་ན་ཚས་གང་། །ཕྱི་དྲོ་རྩྭ་ཆུ་མེད་སར་བཞག །ཁལ་རྟར་རྒྱབ་ཕུད་མེད་རྩ་བཤུས། །རྐང་ལག་ཞ་འཐེང་ལམ་ནས་ལུས། །གསོན་པོར་ཕོ་རོག་སྤྱང་ཀིས་ཟ། །སྡིག་པ་དེའི་ཐུ་གཞན་ན་མེད། །ཁལ་རྟར་གང་བྱམས་གྱིས་ཤིག་ཨང་། །བྲོ་ལུག་འགའ་རེ་ཡུན་རིང་དུ། །དེད་ན་འདེད་མཁན་མི་ལ་

p. 381

འདྲིས། །མི་དེ་གང་སོང་ཕྱོགས་སུ་འགྲོ །གར་བསྡད་དུས་སུ་ཉལ་ནས་འདུག །མི་དེ་མ་མཐོང་ཚེ་ན་འབའ། །མཐོང་ན་དགའ་ནས་ཚུར་ལ་རྒྱུག །བློ་ཕབ་བདེ་བར་བསྡད་ཡོད་དུས། །ཁ་བསུམ་ཁོག་ཏུ་ལག་པ་བཏང་། །སྲོག་རྩ་དམར་པོ་འཐེན་པའི་དུས། །མཉམ་འགྲོགས་གྲོགས་ཤིག་བསད་དང་མཚུངས། །དེ་འདྲའི་ཁྲེལ་མེད་བསམ་ན་མེད། །དབུས་སུ་མཇལ་དུ་སོང་བ་དེ། །ཆོས་སུ་མ་སོང་སྡིག་ཏུ་སོང་། །བྲོ་ལུག་དེད་ནས་མ་འགྲོ་ཨང་། །མི་མེད་ལུང་བ་སྟོང་པ་ན། །ཉེས་མེད་རི་དྭགས་མང་པོ་བསྡད། །བདག་མེད་རྩྭ་ཟོ་ཆུ་འཐུང་ལ། །སྙིང་རྗེའི་ལྟད་མོ་མི་བལྟ་ཡང་། །མེ་མདས་བརྒྱབ་ནས་གསོད་མི་རུང་། །ཕལ་ཆེར་ཡུལ་ལྷའི་སྒོ་ཕྱུགས་ཡིན། །བསད་ན་ན་ཚ་གོད་ཁ་འོང་། །རྫ་འདྲོག་ཐོག་སེར་ཁ་བ་བབས། །ཆུ་བྲུབ་ཀུན་གྱིས་སྡུག་བསྔལ་མྱོང་། །མེ་མདས་རི་དྭགས་མ་གསོད་ཨང་། །ཇོ་ཤཱཀ་རྒྱལ་བ་ཡབ་སྲས་ཀྱིས། །འགྲོ་བ་ཡོངས་ལ་བུ་ལྟར་བརྩེ། །སྲོག་གཅོད་བྱས་ན་རྒྱུ་ནོར་གང་། །ཕུལ་ཀྱང་དེ་རྣམས་ཐུགས་མི་དགྱེས། །ཇོ་ཤཱཀ་རྣམ་གཉིས་མཇལ་བའི་དུས། །སྡིག་པ་བྱས་ན་སྐྱོན་མེད་སྙམ། །མི་དགེ་སྡིག་པའི་ལས་བྱས་ན། །ཆོས་ལ་བརྟེན་པའི་སྡིག་པ་ཡིན། །སྡིག་པ་དེ་ཀ་ཤིན་ཏུ་ལྕི། །ཇོ་ཤཱཀ་རྣམ་གཉིས་ཞབས་དྲུང་ནས། །སྔར་བྱས་སྡིག་པ་བཤགས་འདོད་མིས། །དབུས་སུ་འགྲོ་བའི་ལམ་བར་ནས། །སྡིག་པ་བྱས་ན་སྡིག་ཐོག་གི །སྡིག་ཡིན་སྡིག་པ་འདག་མི་འགྱུར། །ནམ་ཡང་སྡིག་པ་

p. 382

མ་བྱེད་ཨང་། །གླུ་འདི་ཐོས་ཚད་མགྲོན་པོ་ཡིས། །སྡིག་པ་ནམ་ཡང་མི་བྱེད་ཤོག །དེ་ནས་གཞི་དང་ལམ་བར་ཐམས་ཅད་ལ་ཕན་པའི་བསླབ་བྱ་མདོར་བསྡུས་ཀྱི་མགུར་ནི། ཉི་ཟླ་ཟུང་གཅིག་ཤར་འདྲ་བའི། །ཇོ་ཤཱཀ་རྣམ་གཉིས་ཕྱག་བྱས་ནས། །ཇོ་བོར་མཇལ་འདོད་ཐག་རིང་གི །མགྲོན་པོར་ཁ་ཏ་ཅུང་ཟད་བྱ། །རྒྱལ་བ་ཡབ་སྲས་ཇོ་ཤཱཀ་དང་། །སེར་འབྲས་དགེ་གསུམ་དགེ་འདུན་ལ། །ལན་ཅིག་མ་གཏོགས་མཇལ་བར་དཀའ། །ཚེ་འདིར་དབུས་ལས་ཐག་རིང་གི །ཡུལ་ལ་ནམ་ཡང་འགྲོ་བ་དཀའ། །ནོམ་པ་ཡོད་ན་དེ་དུས་སུ། །མི་འཁྱེར་བཞག་ནས་ནམ་ཞིག་འཁྱེར། །ཕྱི་མར་ཁྱེར་ནས་འགྲོ་ས་མེད། །རྒྱུ་ནོམ་ཡོད་ན་ཁྱེར་ཅིག་ཨང་། །ལམ་ནས་ལྟོགས་འཁྱགས་ཚེགས་མི་ཐེག །སྤྲོ་ལངས་གཞན་ལ་སྡིག་སྐོར་བྱེད། །ཤ་ལྷུ་རྩམ་པ་གོ་རེ་མར། །འཐུང་ཕོར་ཆེ་ཆུང་ཡན་ཆད་བཤད། །འགྲངས་ན་ངོ་འཛུམ་དགའ་གཏམ་དང་། །ལྟོགས་ན་ངོ་གནག་སྡུག་གཏམ་ལབ། །ཐུན་ལ་བསྡད་ན་མི་དགོས་དུས། །ལངས་རྒྱུག་འཕྱོ་ཟེར་འགྱུར་ལྡོག་ཆེ། །དགོས་དུས་གཉིད་ནས་ཤི་ལས་ཐུ། །འགའ་རེས་བོས་ན་ཨང་མི་ཁུག །དེ་འདྲ་ནམ་ཡང་མ་བྱེད་ཨང་། །ཕོ་ངན་ཕལ་ཆེར་ཡུལ་དུང་ཆེ། །གནས་མཇལ་མི་བྱེད་ཕ་ཡུལ་གླེང་། །རང་གིས་ཕྱག་སྐོར་མི་བྱེད་ཀྱང་། །གྲོགས་ལའང་ཕྱག་སྐོར་བྱེད་མི་འཇུག །ཡུལ་ལ་འགྲོ་རན་ད་འགྲོ་ཟེར། །དབུས་ནས་དེ་འདྲ་མ་ཟེར་ཨང་། །ཡུལ་དུ་སླེབས་ཚེ་ཐམས་ཅད་དགའ། །འགའ་རེས་བརྒྱུགས་ནས་འཚམས་འདྲི་བྱེད། །ཨ་མེས་ཨ་ཁུ་ལས་ཅན་པོ། །ཁྱོད་ཀྱིས་གང་དང་གང་ལ་མཇལ། །ཕྱག་དང་སྐོར་བ་ཅི་ཙམ་བྱས། །རྒྱུ་ནོམ་ཆོས་ཕྱོགས་ཅི་འདྲ་བཏང་། །

p. 383

རྟེན་གསུམ་ལོས་ཡོད་ཅིག་བྱིན་ཞེས། །ཟེར་དུས་དེ་ལ་ལན་མེད་ན། །ངོ་རེ་ཚ་ཞིག་དེ་ན་ཡོད། །དེའི་ཕྱིར་དབུས་པ་དྲིན་ཅན་ཚོ། །ཡུལ་མི་ཁྱིམ་མཚེས་རྒན་གཞོན་གྱི། །མགོ་ལ་སྐུ་གསུང་ཐུགས་རྟེན་ཞོག །མགུལ་དུ་ཕྱག་མདུད་དཀར་དམར་སྐོན། །ལག་ཏུ་རྟེན་གསུམ་རིལ་བུ་བླུགས། །རྣར་སྙན་ཡིད་དགའི་གཏམ་གསར་བ། །ཤོད་ལ་ཡུལ་མིར་དགའ་སྤྲོ་སྐྱེད། །ཀུན་གྱིས་ཨ་ཁུ་ལས་ཅན་པོ། །སོང་བ་དོན་གོ་ཆེ་གི་ཟེར། །ཡིད་སྨོན་འཆོར་བ་གྱིས་ཤིག་ཨང་། །གླུ་འདི་མཐོང་ཐོས་ཐམས་ཅད་ལ། །དབུས་སུ་འགྲོ་དུས་ཕན་པར་ཤོག །ཅེས་བླངས་པས་མགྲོན་པོ་ཀུན་གྱི་རྒྱུད་ལ་ཕན་ཐོགས་ཆེན་པོ་བྱུང་ངོ་། །དེ་དུས་བྱང་ལམ་ནས་བྲ་ཚའི་ཕྱག་རྡོར་ལ་སོགས་པའི་གླུ་བ་མང་པོ་འཚོགས་པའི་ནང་ནས། འགའ་རེས་སྐྱོ་གླུ་འདི་འདྲ་ལེན་པར་གདའ། །ས་ཆུ་གཅིག་བརྒྱབ་ནས་འགྲོ་དུས་སུ། །ཁ་ཕྱི་ཕྱིར་འཁོར་ནས་ཕ་ལོ་དྲན། །ངས་རང་ཀ་ཕ་ལོ་ཅི་ལ་དྲན། །ཕ་དང་རྟ་ཕོ་ན་ཚོད་མཐོ། །ས་ཆུ་གཉིས་བརྒྱབ་ནས་འགྲོ་དུས་སུ། །ཁ་ཕྱི་ཕྱིར་འཁོར་ནས་མ་ལོ་དྲན། །ངས་རང་ཀ་མ་ལོ་ཅི་ལ་དྲན། །མ་དང་མཛོ་མོ་དྲིན་རེ་ཆེ། །ས་ཆུ་གསུམ་བརྒྱབ་ནས་འགྲོ་དུས་སུ། །ཁ་ཕྱི་ཕྱིར་འཁོར་ནས་ནུ་བྱིས་དྲན། །ངས་རང་ཀ་ནུ་བྱིས་ཅི་ལ་དྲན། །ནུ་དང་རྟེའུ་ན་ཚོད་ཆུང་། །ཟེར། ཡང་གཅིག་ན་རེ། སྒའི་སྔ་རུ་འདི་ལ་དཔེ་བླངས་ན། །སྟོད་དབུས་གཙང་པང་ལ་བླངས་འདྲ་རེད། །ལྕག་ཚ་མོས་བརྒྱབ་ནས་འདུར་སྙིང་འདོད། །སྒོའི་ཕྱི་རུ་འདི་ལ་དཔེ་བླངས་ན། །ཡུལ་ཕ་མ་མཇུག་ཏུ་བསྐྱུར་འདྲ་རེད། །སྲབ་

p. 384

སིལ་མས་འཐེན་ནས་སྡོད་སྙིང་འདོད། །སྒ་དང་ཨ་འཇོག་དེབ་ཙེ་གསུམ། །སྤུན་གསུམ་གྱིས་བ་ཁ་བཏབ་འདྲ་རེད། །སར་བབས་ཏེ་བསྡད་ནས་ཚེ་སྙིང་འདོད། །ཅེས་བླངས་པའི་ཚེ་ཨ་མ་འགའ་རེས་ཡུལ་དྲན་ནས་མཆི་མ་གཏོང་བར་གདའ། ཡང་གླུ་བ་འགའ་རེས་སྐྱིད་གླུ་འདི་འདྲ་ལེན་པར་སྣང་། སེར་པོ་གསེར་གྱི་ཁྲི་ཐོག་ན། །ཡོན་ཏན་ཅན་གྱི་བླ་མ་སྐྱིད། །དཀར་པོ་དངུལ་གྱི་ཁྲི་ཐོག་ན། །བསོད་ནམས་ཅན་གྱི་དཔོན་པོ་སྐྱིད། །གླུ་འདི་འདྲ་བླངས་ན་ཅི་མོ་རེད། །ཟེར་ནས་དགོད། ཡང་གཅིག་གིས། སྟོད་རི་མགོ་རྫ་མགོ་ཤུག་པས་བཟུང་། ལྷ་བསང་ཤུག་མི་འབྲལ་སྐྱིད་ཅིག་ཡོད། །རི་སྐེད་རྫ་སྐེད་དགོན་པས་བཟུང་། །སེམས་དམྱལ་བར་མི་འགྲོ་སྐྱིད་ཅིག་ཡོད། །རི་ཤོད་ཐང་ཤོད་ནས་ཀྱིས་བཟུང་། །ཁ་ཇ་ཆང་མི་འབྲལ་སྐྱིད་ཅིག་ཡོད། །གླུ་ཤེས་ནི་མིན་ད་རྩེ་འདོད་ཡིན། །ཟེར་ཡང་གཅིག་ན་རེ། སེར་ཀྱི་ལི་ཉི་རྩེ་ཤར་འདྲ་བོ། །སྟོད་དབུས་གཙང་གསེར་གྱི་རྒྱ་ཕིབས་རེད། །ས་ཀ་ཚོའི་སྐྱེ་བའི་སྨོན་ལམ་ཐོབས། །ཁྲ་ཤིགས་སེ་སྐར་ཆེན་འཚོགས་འདྲ་བོ། །དབུས་སེར་འབྲས་དགེ་གསུམ་དགོན་པ་རེད། །དགོན་ཀ་ཚོར་མཇལ་བའི་སྨོན་ལམ་ཐོབས། །གྲལ་བསྒྲིགས་ནས་ཁྱུང་ལྡང་གཤར་འདྲ་བོ། །དབུས་ཡར་ལ་འགྲོ་བའི་མགྲོན་པོ་རེད། །དབུས་འདི་བཞིན་འགྲོ་བའི་སྨོན་ལམ་ཐོབས། །གླུ་ཡག་གི་ཟེར་ན་ད་དུང་ལེན། །ཡང་གཅིག་གིས། སྟོད་ཀ་ན་བསྟན་པའི་མགོ་ཁུངས་ལ། །གཅིག་བཞུགས་པ་རྒྱལ་བ་ཡབ་སྲས་རེད། །རྗེ་ཀ་ཚོར་མཇལ་

p. 385

བའི་སྨོན་ལམ་ཐོབས། །སྨད་ཀ་ན་བསྟན་པའི་སྲོག་ཤིང་ལ། །གཅིག་བཞུགས་པ་གོང་མ་རྒྱལ་པོ་རེད། །དཔོན་ཀ་ཚོར་མཇལ་བའི་སྨོན་ལམ་ཐོབས། །བར་འདི་ན་བསྟན་པའི་སྦྱིན་བདག་ལ། །གཅིག་ཡོད་པ་བོད་སོག་མགྲོན་པོ་རེད། །དབུས་མྱུར་དུ་མཇལ་བའི་སྨོན་ལམ་ཐོབས། །ཟེར། ཡང་གཅིག་ན་རེ། སྟོད་ཀ་ན་བླ་མ་རྣམ་གསུམ་བཞུགས། །བན་ཁྲི་མ་འབུམ་གྱི་བཀྲ་ཤིས་ཤོག །སྨད་ཀ་ན་རྒྱ་ནག་རྒྱལ་པོ་བཞུགས། །རྒྱ་ཤེས་བཞིན་འབུམ་གྱི་བཀྲ་ཤིས་ཤོག །བར་འདི་ན་འཛམ་གླིང་སེང་ཆེན་བཞུགས། །གླིང་མཐེབ་ས་འབུམ་གྱི་བཀྲ་ཤིས་ཤོག །ཟེར། ཡང་གཅིག་གིས། ང་གོས་ཀྱི་ལུང་བའི་འོངས་པ་ཡིན། །རྒྱབ་གོས་དང་མི་འབྲལ་བཀྲ་ཤིས་ཤོག །ང་ཟས་ཀྱི་ལུང་བའི་འོངས་པ་ཡིན། །ཁ་ཟས་དང་མི་འབྲལ་བཀྲ་ཤིས་ཤོག །ང་ཆོས་ཀྱི་ལུང་བའི་འོངས་པ་ཡིན། །སེམས་ཆོས་དང་མི་འབྲལ་བཀྲ་ཤིས་ཤོག །ཟེར་བ་ལ་སོགས་པའི་གླུ་བླངས་གར་བྱེད་བཞིན་དུ་དབུས་གཙང་དག་པའི་ཞིང་དུ་སོང་། དེའི་སྐབས་བདག་གིས་མགྲོན་པོ་ཡར་འགྲོ་དང་ཚོང་དཔོན་རྣམས་ཀྱིས་བྲོ་ལུག་དེད་ཡོད་པ་ཉིན་རེ་བཞིན་བསད་ནས། ཇེ་ཉུང་དུ་འགྲོ་བ་སྙིང་རྗེ་ནས། ལུག་རེ་ལ་དངུལ་སྲང་དོ་གསུམ་རེ་བྱིན་ནས་སྲོག་བླུས་པས། ལུག་སུམ་ཅུ་སོ་ལྔ་ཙམ་ཚེ་ཐར་དུ་བཏང་སྟེ་ཡར་དེད་ནས་སོང་། དབུས་པ་ཡར་འགྲོའི་ཚོང་དཔོན་ཞིག་གིས། སྐུ་འབུམ་གྱི་གྲྭ་པ་ལག་རྡོ་པ་གཉིས་ན་ནས་བཞག་ཡོད་པ་དང་། ཁམས་པ་ཁྱིམ་ཚང་ནང་མི་ལྔ་

p. 386

ཙམ་ཞིག་མཛོ་རྟ་ཆད་ནས་ལུས་ཡོད་པ་རྣམས། ཟས་གོས་ཀྱིས་བསྐྱངས། སོ་སོར་གྱེས་ཁར་སྙིང་རྗེ་ནས་ཁྱིམ་ཚང་དེ་ལ་རྟ་གཅིག་དང་། གྲྭ་པ་གཉིས་ལ་མཛོ་གཅིག་དང་བྲོ་ཁ་བྱིན་ནས་བཏང་། དེའི་ལོ་དབུས་ལ་སོང་བའི་མགྲོན་པོ་རྣམས་ལས་སྐྱིད་པ་ཞིག་མ་བྱུང་ཞེས་ཕྱིས་སུ་གླེང་བ་བྱུང་། དེ་ནས་མགྲོན་པོ་དེ་དག་རྣམས་དང་ཟླ་བ་མང་པོའི་བར་འགྲོགས་ནས་ཡར་ལྷ་སའི་ཐག་ཉེར་སླེབས་པའི་ཚེ། སྔ་ཕྱི་རིམ་པ་བྱས་ནས་འཚམས་པོར་བདེ་མོར་ཟེར་ནས་ཐམས་ཅད་ཕྱོགས་ཕྱོགས་སུ་འཐོར་སོང་ཚེ། ཆོས་ཐམས་ཅད་མི་རྟག་པ་འདི་ཡི་རང་བཞིན་ཅན་རེད་སྙམ་སྐྱོ་མགུར་འདི་བླངས་སོ། །དགུང་མཁའ་ལ་ཤར་བའི་ཉི་མ་དེ། །དགོང་ཕྱི་དྲོས་གཏུགས་དུས་ནུབ་རིར་ཡིབས། །ཆོས་མི་རྟག་སྟོན་པའི་བློ་མ་ཡིས། །སྐུ་མི་རྟག་ཚུལ་བསྟན་ཞིང་གཞན་གཤེགས། །སྐད་རྣར་སྙན་ཡིད་འབབ་ཁུ་བྱུག་གིས། །སྐད་མི་གྲག་གར་སོང་ཆ་མེད་ཐལ། །ལུས་བསྐྱེད་པའི་དྲིན་ཅན་ཕ་མ་ཡིས། །ལུས་ལོངས་སྤྱོད་བཞག་ནས་ཕྱི་མར་སོང་། །ཕྱིའི་མཐོང་ཡུལ་རྩི་ཤིང་ལོ་ཏོག་རྣམས། །ཉིན་རེ་རེ་བཞིན་དུ་གཞན་གྱིས་བླངས། །རང་ངོ་ཤེས་རྒན་གཞོན་བར་མའི་མི། །ལོ་རེ་རེ་བཞིན་དུ་ཇེ་ཉུང་འགྲོ །མདོག་རབ་མཛེས་མེ་ཏོག་ཚོགས་རྣམས་ཀྱིས། །མདོག་གསར་རྙིང་བརྗེས་ནས་སྨུག་པོར་སོང་། །སྟོབས་ལང་ཚོ་རྒྱས་པའི་སྒྱུ་ལུས་ཀྱིས། །ལོ་རྒན་གཞོན་བརྗེས་ནས་རྒན་པར་གྱུར། །ཆུ་ཤིང་ཁའི་མཐུན་གྲོགས་བྱ་བྱེའུ་རྣམས། །སྐད་དར་དིར་སྒྲོག་བཞིན་ཕྱོགས་བཞིར་འཕུར། །དབུས་ཡར་འོང་མཐུན་གྲོགས་མགྲོན་པོ་ཡིས། །ཚིག་ཐ་མ་

p. 387

བདེ་ཟེར་སོ་སོར་གྱེས། །ཆོས་གང་ལ་བལྟས་ཀྱང་མི་རྟག་པར། །ཀུན་གནས་འགྱུར་སོང་ཚེ་བློ་མ་བདེ། །སེམས་དམ་པའི་ལྷ་ཆོས་བྱེད་འདོད་དང་། །ངག་སྐྱོ་མགུར་ལྷང་ལྷུང་འཐེན་འདོད་བྱུང་། །རྗེ་བླ་མ་དྲིན་ཅན་ཕ་མ་ལ། །ཚེ་འདི་རུ་མི་མཇལ་ཁོ་ཐག་ཆོད། །གྲོགས་གྲྭ་སློབ་དད་ཅན་སྦྱིན་བདག་ལ། །ཚེ་འདི་རུ་ལན་ཅིག་མཇལ་བར་སྨོན། །ཞེས་བླངས་ནས་དབུས་གཙང་དག་པའི་ཞིང་གི་ལྷ་ལྡན་དུ་སླེབས་པ་དང་བློ་སེམས་བདེ་འབོལ་གྱིས་སོང་། དག་པའི་ཞིང་ལ་སླེབས་པ་ལྟ་བུའི་དགའ་སྤྲོ་རང་ཤུགས་ཀྱིས་ཤར།། འཇམ་དབྱངས་ཤག་ལ་བབས་པས། མགྲོན་གཉེར་སྡེ་བ་མ་ཆེན་གྱིས་མགོ་འདྲེན་ཡག་པོ་གནང་། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་ནས། དུས་ཀྱི་མཐའ་ལ་སྡིག་སྤྱོད་མང་མོད་ཀྱང་། །ང་ཡི་ར་ས་མཐོང་ཐོས་རེག་པ་ཡིས། །འགྲོ་བ་ཕལ་ཆེར་འཁོར་བའི་གནས་ལས་ཐར། །དེ་ཡང་འཕགས་པ་རྣམས་ཀྱི་ཐུགས་རྗེ་དང་། །ང་ཡི་བོད་འབངས་རྣམས་ཀྱི་བསོད་ནམས་ཡིན། །དེ་ཕྱིར་ང་ཡི་གདུལ་བྱ་ཕོ་མོ་ཀུན། །རྩོལ་བ་མ་ཞན་སྙིང་སྟོབས་བསྐྱེད་མཛོད་ལ། །ང་ཡི་ར་ས་མཐོང་ཐོས་རེག་པར་མཛོད། །སྐྱོན་རྣམས་གང་ཞིག་སེལ་བར་འདོད་པ་དང་། །ཡོན་ཏན་གང་ཞིག་བསྒྲུབ་པར་འདོད་པ་ཡིས། །ང་ཡི་ར་སར་ཞབས་ཏོག་མོས་བྱས་ན། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན་པའི་ར་ས་འཁྲུལ་སྣང་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོ་འཛམ་གླིང་

p. 388

རྒྱན་གཅིག་ཕྱག་མཆོད་ཞིང་མཆོག་ཇོ་བོ་རིན་པོ་ཆེ་ལ་དེའི་ཉིན་པར་མཇལ་བའི་སྐབས་སངས་རྒྱས་དངོས་སུ་མཇལ་བ་ལྟ་བུའི་དད་གུས་བསམ་གྱིས་མི་ཁྱབ་པ་བྱུང་། དེའི་ཕྱི་ཉིན་ཇོ་བོ་ར་མོ་ཆེ་དང་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་སོགས་རྟེན་ཐམས་ཅད་ལ་མཇལ། མར་མེ་ཕུལ་ནས་གསོལ་འདེབས་བྱས་སྨོན་ལམ་བཏབ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ངུར་སྨྲིག་གར་གྱིས་རྣམ་རོལ་རྒྱལ་བ་ལུང་རྟོགས་རྒྱ་མཚོའི་གསེར་ཞལ་ནམ་ཚོད་མཇལ་ཆོག་ཅེས། མགྲོན་གཉེར་མ་ཆེན་བརྒྱུད་ནས་རྩེ་ལ་སྙན་གསན་ཕུལ་བས། ཉི་མ་གཉིས་ཙམ་སོང་བའི་ཉིན་མཇལ་དུ་ཤོག་ཟེར། སྨད་སོག་དཔོན་པོ་སྟོབས་ཅན་མང་པོ་དང་། འཇམ་དབྱངས་བཞད་པའི་མགྲོན་གཉེར་བསྟན་འཛིན་སོགས་དང་ལྷན་དུ་སྐྱབས་མགོན་རིན་པོ་ཆེའི་དྲུང་དུ་སོང་། སྐུ་གསུང་ཐུགས་རྟེན་མཎྜལ་ལྷ་རྫས་དངུལ་སྲང་བཅོ་ལྔ་བྱི་རུའི་རྒྱན་ལྡན་གྱི་ཤེལ་ཕྲེང་རྟ་སྒ་སྟན་སྲབ་གསུམ་བཅས་ཕུལ་ནས། གྲལ་དུ་འཁོད་པ་དང་གསོལ་ཇའི་འཕྲོ་ཅུང་ཟད་རེ་ཕོར་བའི་ནང་དུ་བླུགས་པ་འཐུང་དུས། སྐྱབས་མགོན་རིན་པོ་ཆེས། སྨད་སོག་དཔོན་པོ་དང་། འཇམ་དབྱངས་བཞད་པའི་མགྲོན་གཉེར་གཉིས་ལ་རིམ་བཞིན་བཀའ་ཕེབས་དང་། །དེའི་རྗེས་སུ་ང་ལ་ཡང་། ཨ་མདོ་བླ་མ་ལམ་སྐབས་རྣམས་སུ་དཀའ་ལས་མི་བྱུང་ངོམ། གསུངས་པ་དང་། ངས་ཀྱང་ཁོང་གཉིས་ཀྱི་ལད་མོ་བྱས་ནས། ཡར་ལངས་ཏེ་ལག་པ་ཐལ་མོ་སྦྱར་ཅུང་ཟད་བསྒྱུར་ནས། སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེས་བདེ་མོ་བྱུང་ལགས་ཞུས་པས། ངའི་སྐད་འགོ་ཅུང་ཟད་

p. 389

མཐོ་སེ་བྱུང་བ་དང་། ཨ་མདོའི་སྐད་ཡིན་པའི་སྟབས་ཀྱིས་སྐྱབས་མགོན་མཆོག་དང་། མགྲོན་གཉེར་འགའ་རེས་ང་ལ་བལྟས་ནས་ཅིག་འཛུམ་པར་གདའ། དེ་ནས་སྨད་སོག་དཔོན་པོ་དེས་རིགས་གསུམ་མགོན་པོའི་ལུང་ཞིག་ཞུ་བའི་སྔོན་དུ་མཎྜལ་འབུལ་དུས། ངས་ཀྱང་ཁ་བཏགས་ཤིག་དང་བཅས་ཏེ་ཡན་ལག་བདུན་པ་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་འདི་ཉིད་ཕུལ་ལོ། །བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས། །བསམ་བཞིན་ངུར་སྨྲིག་གར་གྱིས་རྣམ་རོལ་པ། །སྐྱབས་མགོན་རྒྱལ་དབང་ལུང་རྟོགས་རྒྱ་མཚོ་ཡི། །ཞབས་ཀྱི་པདྨོ་གུས་པས་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་རྟེན་ཞིང་ཁམས་རྒྱ་མཚོ་ཡིས། །ཐོག་དྲངས་རིན་ཆེན་གསེར་དངུལ་དར་ཟབ་འབུལ། །བདག་དང་འགྲོ་ཀུན་སྔར་བྱས་སྡིག་པ་རྣམས། །ཕྱག་དང་བཅས་ཏེ་སྤྱན་སྔར་མཐོལ་ལོ་བཤགས། །ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་ལ། །ཐལ་མོ་སྦྱར་ནས་རྗེས་སུ་ཡི་རང་བྱ། །གསེར་གྱི་འཁོར་ལོ་དུང་དཀར་གཡས་འཁྱིལ་འབུལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྣ་ཚོགས་རྡོ་རྗེས་མཚན་པའི་ཁྲི་གདན་འབུལ། །བསྐལ་བ་རྒྱ་མཚོར་བཞུགས་ཞེས་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །ཁྱེད་ཀྱིས་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །འདི་ཕྱི་གཏན་གྱི་སྐྱབས་མགོན་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚེ་འདིའི་རྐྱེན་ངན་བར་ཆད་ཞི་བ་

p. 390

དང་། །ཕྱི་མར་བདེ་བ་ཅན་དུ་དྲང་དུ་གསོལ། །གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་ལུང་རྟོགས་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་ཕུལ་བས་སྐྱབས་མགོན་རིན་པོ་ཆེས། ཚངས་པའི་དབྱངས་ལྟ་བུའི་གསུང་གདངས་སྙན་པོའི་སྒོ་ནས། ཆོས་ཉན་པའི་ཀུན་སློང་ཡག་པོ་གསལ་བཏབ་ནས་ཉན་དགོས་ཚུལ་རྣམས་གསུངས་ཏེ་ལུང་གནང་བའི་དུས་སུ། རི་བོ་ཏ་ལའི་འཕགས་པའི་དྲུང་དུ་སླེབས་པ་ལྟ་བུའི་དགའ་སྤྲོ་ཚད་ལས་འདས་པ་བྱུང་། འགྲོ་ཁར་བསྲུང་མདུད་རེ་གནང་། རྗེས་སུ་ཉིན་གཅིག་སྐུ་མདུན་དུ་བོས་ནས་སྡེར་ཁ་དང་ཕྲུག་གཅིག་བྱིན་རྟེན་ལེའུ་ཚན་བསྲུང་མདུད་ཁ་བཏགས་བཅས་བསྩལ་ནས་ཞལ་གསུང་ཀྱང་མང་པོ་གནང་བ་བྱུང་། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ངུར་སྨྲིག་འཆང་བའི་ཚུལ་འཛིན་སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་ལ། དངུལ་སྲང་བཅུ་གཡང་ཊའི་ཕྲེང་བ་བྱི་རུའི་རྒྱན་ཅན་ཞིག་དང་། རྟ་གཅིག་ཁ་བཏགས་ནང་མཛོད་གཅིག་དང་བཅས་ཏེ་སྐྱབས་འཇུག་གི་ཞུ་ཤོག་འདི་ཕུལ་ལོ། །མ་ལུས་འགྲོ་བའི་མགོན་ཁྱོད་སྔོན་དུས་སུ། །མ་གྱུར་སེམས་ཅན་དོན་དུ་སངས་རྒྱས་ནས། །མ་སྐྱེས་ཆོས་སྐུ་ནམ་མཁའ་ལྟ་བུ་ལས། །མ་འདྲེས་འཇའ་བཞིན་གཟུགས་སྐུ་སོ་སོར་སྟོན། །མ་དག་དག་

p. 391

པའི་ཞིང་ཁམས་རབ་འབྱམས་ན། །མ་ངེས་སྤྲུལ་པ་བསམ་གྱིས་མི་ཁྱབ་ཀྱང་། །མ་དག་ཞིང་འདིའི་དོན་དུ་སྤྲུལ་པའི་སྐུ། །མ་ལས་བཙས་དུས་ངོ་མཚར་བལྟས་བཟང་བྱུང་། །མ་དང་འགྲོགས་ནས་ཟླ་བ་འགའ་སོང་ཚེ། །མ་སྲིང་བཞིན་དུ་བླང་དོར་གནས་རྣམས་ཤེས། །མ་ལས་ལྷག་པའི་ཡོངས་འཛིན་བསྟེན་པའི་དུས། །མ་བསླབས་བཞིན་དུ་རིག་གནས་ཕལ་ཆེར་མཁྱེན། །མ་ནོར་ཆོས་ཀྱི་གནད་འདུས་ལམ་རིམ་དེ། །མ་ལུས་ཐུགས་སུ་དཀའ་ཚེགས་མེད་པར་ཆུད། །མ་དག་ཕུང་ཁམས་ལྷར་བསྒྱུར་གསང་སྔགས་ཆོས། །མ་ཤེས་གཅིག་མེད་ཐམས་ཅད་ས་ལེར་མཁྱེན། །མ་སྨྲས་བཞིན་དུ་ཕ་རོལ་བསམ་པ་གོ ། མ་བསྒྲུབས་བཞིན་དུ་ལྷ་ཞལ་མང་པོ་གཟིགས། །མ་ཚོགས་མཁའ་འགྲོ་ཆོས་སྐྱོང་བྲན་ལྟར་འཁོར། །མ་རུངས་ལོག་འདྲེན་དགྲ་བགེགས་ཐམས་ཅད་འདུལ། །མ་རིག་དབང་གིས་ལེགས་ཉེས་བླང་དོར་གནས། །མ་མཐོང་འགྲོ་བ་གཅིག་ལ་ཆོས་གསུངས་ཀྱང་། །མ་གྱུར་སེམས་ཅན་ཐོག་མར་གསུངས་པ་དེ། །མ་བཞིན་འགྲོ་ལ་དུས་ཀུན་བྱམས་པའི་རྟགས། །མ་རྒན་ར་ལུག་འབྲི་གཡག་གསོད་པ་ལ། །མ་གསོད་སྡིག་པ་བྱས་ན་མི་རུང་གསུངས། །མ་རྟོགས་ལོག་རྟོག་དབང་དུ་སོང་བ་ལ། །མ་རེད་འདི་ཡིན་གསུངས་ནས་ལེགས་ལམ་བསྟན། །མ་རྙེད་དབུལ་ཕོངས་ཉམ་ཐོག་སྤྲང་སློང་ལ། །མ་ཀི་སྙིང་རྗེ་གསུངས་ནས་ཟས་གོས་གནང་། །མ་དང་ཕ་སོགས་ཤི་ནས་ངུ་བ་ལ། །མ་སྡུག་མ་ངུ་གསུངས་ནས་སེམས་གསོ་མཛད། །མ་ལན་

p. 392

བཞིན་དུ་གནོད་པ་བྱུང་བ་ལ། །མ་ཁྲོ་མ་སྡང་སྔོན་གྱི་ལས་ཡིན་གསུངས། །མ་ཤེས་མ་མཐོང་མ་གོ་སྡུག་པ་ལ། །མ་དྲིས་ན་ཡང་དྲང་པོར་ཤོད་ཅིག་གསུངས། །མ་ནུས་མ་ཐུབ་ལས་ཀས་ནོན་པ་ལ། །མ་བཅོལ་ན་ཡང་ལས་གྲོགས་གྱིས་ཤིག་གསུངས། །མ་ཀི་ཡ་ཀི་ལོང་གཏམ་ལབ་པ་ལ། །མ་ཎི་ལ་སོགས་ཁ་ཏོན་གྱིས་ཤིག་གསུངས། །མ་དང་ཕ་ལ་མི་བྱམས་བུ་ཚ་ལ། །མ་རབས་བྱ་བ་དེ་འདྲ་མ་བྱེད་གསུངས། །མ་ཤེས་དབང་གིས་སྡིག་པ་བྱས་པ་ལ། །མ་འདུག་བཤགས་སྡོམ་གྱིས་དང་འདག་གོ་གསུངས། །མ་ལ་བུ་བཞིན་དུང་བས་བླ་མ་བསྟེན། །མ་ཤི་བར་དུ་ཡོན་ཏན་སློབས་ཤིག་གསུངས། །མ་གྱུར་འགྲོ་བའི་དོན་དུ་སེམས་བསྐྱེད་ལ། །མ་གནོད་རྟག་ཏུ་ཅི་ཕན་གྱིས་ཤིག་གསུངས། །མ་ངེས་རི་ཁྲོད་དབེན་པའི་དགའ་ཚལ་དུ། །མ་ཡེངས་མདོ་སྔགས་ཉམས་སུ་ལོངས་ཤིག་གསུངས། །མ་གྱུར་འགྲོ་ལ་དེ་འདྲའི་ཆོས་གསུངས་མཐུས། །མ་རྣམས་ཡོངས་ལ་བདེ་སྐྱིད་ཉི་མ་ཤར། །མ་འདྲའི་དྲིན་ཅན་ཁྱེད་ལ་འགྲོ་ཀུན་གྱིས། །མ་བས་ལྷག་པའི་བསྙེན་བཀུར་ཅིས་མི་བྱེད། །མ་དད་སྐྱོན་ཀུན་སྤངས་ནས་གུས་ཕྱག་འཚལ། །མ་ལེགས་ཉེས་སྐྱོན་བྲལ་བའི་མཆོད་ཚོགས་འབུལ། །མ་ཤེས་དབང་གིས་སྡིག་ལྟུང་བྱས་ཚད་བཤགས། །མ་རྨད་གསང་གསུམ་མཛད་པར་རྗེས་ཡི་རང་། །མ་རྟོགས་འགྲོ་ལ་ཆོས་འཁོར་བསྐོར་བར་བསྐུལ། །མ་གཤེགས་གཟུགས་སྐུ་བསྐལ་བརྒྱར་བཞུགས་གསོལ་འདེབས། །མ་གྱུར་འགྲོ་བའི་དགེ་ཚོགས་ཅི་མཆིས་ཀུན། །མ་ལུས་རྗེ་ཁྱེད་སྐུ་ཚེ་བརྟན་

p. 393

ཕྱིར་བསྔོ། །མ་རུངས་བདག་འཛིན་བྲན་གྱུར་དབང་ཆུང་ང་། །མ་གྱུར་འགྲོ་བ་གཅིག་ཀྱང་མ་ལུས་པ། །མ་ནོར་ཆོས་སྒོར་ཞུགས་ནས་ས་ལམ་ཀུན། །མ་འཐོབ་བར་དུ་རྗེས་སུ་གཟུང་དུ་གསོལ། །ཞེས་ཕུལ་བས་ཐུགས་བརྩེ་བ་ཆེན་པོས་འབྱོར་ལན་གསུང་ཤོག་བསྲུང་མདུད་བྱིན་རླབས་ལེའུ་ཚན་བཅས་བསྩལ། དེའི་ལོ་རྗེས་མར་ལྷ་ས་རུ་ཕེབས་ནས་བླ་བྲང་སྟེང་ན་བཞུགས་དུས་མཁན་པོ་ཞི་བ་ཚེ་རིང་གིས་ཚེ་དབང་ཞིག་ཞུ་བ་དང་མཉམ་དུ་སོང་ནས་མཇལ་ཚེ་དབང་ཡང་ཐོབ་པ་བྱུང་། དེ་ནས་དགའ་ལྡན་གསེར་ཁྲི་ངག་དབང་སྙན་གྲགས་རིན་པོ་ཆེར་མཛོ་གཅིག་དངུལ་སྲང་ལྔ་རིན་ཆེན་ཕྲེང་བ་གཅིག དྲི་མ་མེད་པའི་ལྷ་རྫས་བཅས་ཕུལ་ནས་མཇལ། ཆོས་འབྲེལ་དགོས་ཚུལ་གྱི་ཞུ་ཤོག་འདི་ཕུལ་ལོ། །ཆོས་གོས་ངུར་སྨྲིག་འབྲལ་མེད་འཆང་བའི་སྐུ། །ཆོས་སྒྲ་སྙན་མོ་འགག་མེད་སྒྲོག་པའི་གསུང་། །ཆོས་དབྱིངས་ངང་ལས་གཡོ་མེད་གནས་པའི་ཐུགས། །།ཆོས་ཀྱི་རྒྱལ་པོ་ཟླ་མེད་ཙོང་ཁ་བའི། །ཆོས་ལུགས་གཙང་མར་ཐོས་བསམ་བྱས་པའི་མཐུས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གནད་འགག་རིགས། །ཆོས་ཚིག་འབྲུ་གཅིག་ཡན་ཆད་གདམས་པར་ཤར། །ཆོས་བཞིན་མཛད་པས་ཀུན་གྱིས་མཆོད་བསྟོད་བཀུར། །ཆོས་གླིང་དགའ་ལྡན་གསེར་ཁྲིར་བཞུགས་སུ་བཅུག །ཆོས་རྣམས་ཀུན་མཁྱེན་བློ་བཟང་རྣམ་ཐར་བཞིན། །ཆོས་མཐུན་སྐལ་བཟང་བྱེ་བ་ཐེར་འབུམ་ལ། །ཆོས་ཀྱི་འཁོར་ལོ་རྒྱུན་འཆད་མེད་པར་བསྐོར། །ཆོས་མཁས་

p. 394

དབུས་ན་རྒྱལ་མཚན་ཏོག་ལྟར་མཐོ། །ཆོས་གང་འཆད་ཀྱང་རྒྱལ་བ་གཉིས་པར་མཚུངས། །ཆོས་བཤད་བྱས་ཚད་གཞན་གྱི་རྒྱུད་ལ་ཕན། །ཆོས་མང་ཤེས་ཀྱང་ང་རྒྱལ་ཅུང་ཟད་མེད། །ཆོས་གཞན་མི་སྨོད་གང་ལའང་དག་སྣང་ཆེ། །ཆོས་མིན་བྱ་བ་ནམ་ཡང་གཅིག་མི་བྱེད། །ཆོས་པ་རབ་འབྲིང་ཐ་གསུམ་ཀུན་ལ་བྱམས། །ཆོས་མཛད་ཡོངས་ཀྱི་གཙུག་གི་རྒྱན་དུ་འཛིན། །ཆོས་བཤད་བྱེད་མཁན་རྩི་ཤིང་ལྟར་མང་ཡང་། །ཆོས་སྦྱིན་མཆོག་དམན་ཡོངས་ལ་གནང་བའི་མཐུས། །ཆོས་ཀྱི་སྤྱན་ལྡན་ཁྱེད་ཀྱི་སློབ་མ་ཟེར། །ཆོས་བཞིན་བྱེད་པས་ཕྱོགས་འདི་གང་བ་མཚར། །ཆོས་འཆད་འདོད་ན་དགའ་ལྡན་གསེར་ཁྲི་བཞིན། །ཆོས་སྡེ་ཆེན་པོ་ལྷ་སའི་སྨོན་ལམ་དུས། །ཆོས་བྱེད་དགེ་འདུན་ཁྲི་རེར་དུས་གཅིག་ཏུ། །ཆོས་ཆར་ཕབ་ན་བཟང་ཟེར་ཀུན་གྱིས་སྨོན། །ཆོས་ཤེས་ཆོས་རྣམས་གཞན་ལ་འཆད་བཞིན་དུ། །ཆོས་མིན་ཆོས་པ་འགའ་རེས་བྱེད་མཐོང་ཚེ། །ཆོས་བརྒྱད་ཆོས་མིན་བྱ་བ་རྒྱང་བསྲིངས་ནས། །ཆོས་གསུངས་ཆོས་རྗེ་ཁྱེད་ལ་ལྷག་པར་དད། །ཆོས་ཀྱི་སྒོར་ཞུགས་ཆོས་པར་མིང་བཏགས་ཀྱང་། །ཆོས་ཉན་བྱས་ནས་ཆོས་གསུངས་བླ་མར་འཕྱ། །ཆོས་འབྲེལ་མི་རྩི་ཆོས་གྲོགས་རྣམས་ལ་འཁོན། །ཆོས་གོས་གྱོན་ནས་ཆོས་བརྒྱད་ཁོལ་པོ་བྱེད། །ཆོས་གཞན་སྨད་ནས་ཆོས་སྤོང་ལས་ངན་གསོག །ཆོས་དང་བསྟུན་ཚེ་ཆོས་སེམས་རྒྱབ་འགལ་བའི། །ཆོས་རྫུ་མཁན་ངས་ཆོས་བཞིན་བྱེད་སྙམ་ནས། །ཆོས་རྗེ་ཁྱེད་ལ་ཆོས་ཤིག་ཞུ་འདོད་སྐྱེས། །ཆོས་གང་ཞུ་ན་མྱུར་ལམ་

p. 395

དམར་ཁྲིད་ལགས། །ཆོས་མེད་བྱམས་པ་ཆོས་དར་ཞེས་བྱ་ངར། །ཆོས་དེ་ནམ་གནང་ཕྲན་ཀྱང་ནམ་ཞིག་འོང་། །ཆོས་པའི་གཟུགས་བརྙན་བདག་ལ་གསུང་དུ་གསོལ། །ཆོས་ལྡན་བྱ་བ་གང་དང་གང་བྱེད་ཀྱང་། །ཆོས་སྒོ་མཐའ་རུ་ཐོན་པའི་སྐྱབས་འཇུག་མཁྱེན། །ཆོས་བརྒྱད་གཡེང་བའི་དབང་དུ་མི་འགྲོ་བར། །ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པར་སྨོན། །ཞེས་ཕུལ་བདེ་ཞུས་བྱས་རྒྱུ་མཚན་རྣམས་ཞུས་པས། ཐུགས་ཤིན་ཏུ་མཉེས་ནས། ཉི་མ་ཁ་ཤས་ཀྱི་འཕྲོ་ལ་ཤོག་གསུངས་པ་བཞིན། ཉིན་གཅིག་ཤོག་ཅེས་བོས་ནས་སོང་བས་མྱུར་ལམ་དམར་ཁྲིད་ཀྱི་ལུང་དང་སྐབས་སྐབས་སུ་ཁྲིད་ཀྱང་ཞོར་ལ་གསུངས་པ་བྱུང་། ཡང་རྗེས་ནས་སོང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་གི་ནཱ་རོ་ཆོས་དྲུག་གི་ལུང་ཞུས། སྐབས་སྐབས་སུ་མདུན་དུ་སོང་ནས། ལུགས་གཉིས་ཀྱི་གླེང་མོ་མང་པོ་བྱེད་རྒྱུའི་སྐལ་བ་བྱུང་། དེ་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་མཁར་རྡོ་ཆོས་ཀྱི་རྡོ་རྗེ་རིན་པོ་ཆེར་མཇལ། རྟ་གོས་དངུལ་དང་གཡུ་བྱིར་རིན་ཆེན་ཕྲེང་བ་ལྷ་རྫས་དང་བཅས་ཏེ་ཞུ་ཤོག་འདི་ཡང་ཕུལ་ལོ། །རྒྱལ་ཀུན་སྔོན་དུ་སངས་རྒྱས་ཀུན་ཏུ་བཟང་། །རྒྱལ་བ་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ། །རྒྱལ་ཚབ་པད་འབྱུང་ཇོ་བོ་བློ་བཟང་སོགས། །རྒྱལ་དང་རྒྱལ་སྲས་ཡོངས་ཀྱིས་དགེ་ལེགས་སྩོལ། །རྒྱལ་བའི་གསུང་རབ་འཆད་པའི་བླ་མ་རྣམས། །རྒྱལ་བ་ལས་ཀྱང་རང་ལ་བཀའ་དྲིན་ཆེ། །རྒྱལ་པོས་འབངས་འཁོར་སྐྱོང་བཞིན་ད་དུང་ཡང་། །རྒྱལ་བའི་གོ་འཕང་མ་

p. 396

ཐོབ་བར་དུ་སྐྱོངས། །རྒྱལ་ཀུན་ཐུགས་སྲས་བླ་མ་ཁྱེད་ཀྱིས་སྔོན། །རྒྱལ་བའི་གོ་འཕང་རིན་ཆེན་བརྙེས་ཚར་ནས། །རྒྱལ་བློན་པཎ་གྲུབ་སྣ་ཚོགས་སྐུ་རུ་སྤྲུལ། །རྒྱལ་ཁམས་ཡོངས་ལ་ཅི་ཕན་བྱེད་པ་མཚར། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །རྒྱལ་དབང་པདྨའི་གསང་ཆེན་བསྟན་པ་ཡི། །རྒྱལ་མཚན་ཕྱོགས་འདིར་འཛིན་མཁན་སྙིགས་དུས་འདིར། །རྒྱལ་དབང་རྣམ་འཕྲུལ་གྲུབ་ཆེན་ཁྱེད་མིན་སུ། །ལྷ་འདྲེ་མི་གསུམ་གང་གིས་ཐོས་ན་ཡང་། །ཉོན་མོངས་དུག་གསུམ་རྩུབ་རགས་ཞི་བ་དང་། །མཁས་བླུན་བར་གསུམ་གང་གིས་ཉམས་བླངས་ཀྱང་། །ལུས་ངག་ཡིད་གསུམ་སྨིན་གྲོལ་གདམས་པ་མངའ། །དག་དང་མ་དག་ཞིང་ཁམས་རབ་འབྱམས་མཐོང་། །སྙན་དང་མི་སྙན་སྒྲ་རྣམས་ས་ལེར་མཁྱེན། །བདེ་དང་མི་བདེ་ལེགས་ཉེས་བླང་དོར་མཁྱེན། །མགོན་མེད་བདག་མགོན་ཁྱོད་ནི་ཡོན་ཏན་གཏེར། །ཅི་མཛད་བསྟན་དང་འགྲོ་དོན་འབའ་ཞིག་མཛད། །ཅི་གསུང་ཟབ་རྒྱས་ཆོས་གསུངས་བླ་མ་ལ། །ཅི་ནུས་བདག་གཞན་སྒོ་གསུམ་གུས་ཕྱག་འཚལ། །ཅི་གསུང་བཀའ་བཞིན་བསྒྲུབ་པའི་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་སྔར་བྱས་སྡིག་ལྟུང་བཤགས། །ཕྱི་ནང་གསང་གསུམ་མཛད་པར་རྗེས་ཡི་རང་། །འཆད་རྩོད་རྩོམ་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་དུས་གསུམ་བརྟན་པར་བཞུགས་སུ་གསོལ། །བདག་གཞན་རྣམ་དཀར་དགེ་བ་ཅི་བསགས་ཀུན། །བདག་གི་བླ་མའི་སྐུ་ཚེ་བརྟན་ཕྱིར་བསྔོ། །བདག་ལ་འབྲེལ་ཐོགས་འགྲོ་བ་མཐའ་དག་དང་། །བདག་

p. 397

ཀྱང་ཚེ་རབས་ཀུན་ཏུ་རྗེས་སུ་ཟུངས། །བསླུ་མེད་རྩ་གསུམ་ཀུན་འདུས་བླ་མའི་གསུང་། །འཁྲུལ་མེད་སྒོ་གསུམ་བརྩོན་པས་ཉམས་སུ་བླངས། །བླ་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ནས། །མཐའ་མེད་ཁམས་གསུམ་འགྲོ་ཀུན་འདྲེན་པར་སྨོན། །ཞེས་ཕུལ། གཞན་ཡང་རྒྱུ་མཚན་རྣམས་ལེགས་པར་ཞུས་པས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་བཟུང་། དེའི་དུས་ཨ་རིག་ཁྲོམ་ཚའི་གཅོད་པ་ཡང་ཡོད་པས་སྨད་སོག་མང་པོ་དང་ལྷན་དུ་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་དབང་ཞུས། རྗེས་ནས་ལན་ཅིག་མཇལ་དུས་ཐང་སྟོང་སྙན་བརྒྱུད་ཀྱི་ཚེ་དབང་ཐོབ། ཡང་རྗེས་ཤིག་ལ་དགོངས་གཏེར་གྱི་ལུང་ཁ་ཤས་ཐོབ། ཁོང་ལ་མཇལ་བའི་དུས་སུ་ཆོས་རྒྱལ་གཏེར་བདག་གླིང་བ་སོགས་སྔོན་བྱོན་གཏེར་སྟོན་རྣམས་ཚོར་ཡང་མཇལ་ན་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་དད་གུས་རྩོལ་མེད་དུ་སྐྱེས། ཁོང་གིས་གསོལ་རས་དང་བྱིན་རྟེན་རྫས་རྒོད་རིལ་བུ་སོགས་གནང་། དེ་ནས་བོད་ཀྱི་རྒྱལ་པོ་དེ་མོ་རིན་པོ་ཆེར་མཇལ། རྟ་གཅིག་དང་དངུལ་སྲང་ལྔ་ལྷ་རྫས་བཅས་ཕུལ། ནཱ་རོ་ཆོས་དྲུག་ཡིད་ཆེས་གསུམ་ལྡན་གྱི་ལུང་ཞུས། །ཡོངས་འཛིན་པཎྜི་ཏའི་ཡང་སྤྲུལ་མཆོག་ལ་མཇལ། དངུལ་སྲང་གསུམ་ལྷ་རྫས་བཅས་ཕུལ། སྐབས་གསུམ་པ་དང་ཙོང་ཁ་བརྒྱད་ཅུའི་ལུང་ཞུས། རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་ལ་མཇལ། མཛོ་གཅིག་དང་དངུལ་སྲང་ཁ་ཤས་ཕུལ། བློ་སྦྱོང་དོན་བདུན་མའི་ལུང་ཁྲིད་ཞུས། ཁྲི་བྱང་ཆུབ་ཆོས་འཕེལ་རིན་པོ་ཆེར་མཇལ། དངུལ་སྲང་ཁ་ཤས་

p. 398

གཡུ་བྱི་རུ་གོས་ཆེན་གཅིག་བཅས་ཕུལ། མདུན་ནས་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་དང་། བླ་མ་མཆོད་པ་དང་ལམ་རིམ་བསྡུས་དོན་གཉིས་ཀྱི་ལུང་ཁྲིད་རྒྱུས་པར་ཐོབ། སྨིན་གྲོལ་གླིང་གདུང་བ་རིན་པོ་ཆེར་མཇལ། གཏེར་ཆེན་གོང་མའི་འཁྲུངས་རབས་རྣམ་ཐར་གསོལ་འདེབས་ཀྱི་ལུང་ཞུས། རྡོ་རྗེ་བྲག་རིག་འཛིན་ཆེན་པོར་མཇལ། ཕྱག་རྟེན་ཕུལ། བསམ་པ་ལྷུན་གྲུབ་མ་དང་བར་ཆད་ལམ་སེལ་གྱི་ལུང་ཞུས། ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེར་མཇལ་ཕྱག་རྟེན་ཕུལ་ཐང་སྟོང་སྙན་བརྒྱུད་ཀྱི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཁ་ཤས་ཀྱི་ལུང་ཞུས། རི་སྣ་དགོན་གྱི་གཏེར་སྟོན་བདེ་ཆེན་རྒྱལ་པོའི་ཡང་སྤྲུལ་ཨོ་རྒྱན་བསྟན་འཛིན་རིན་པོ་ཆེར་མཇལ་རྟ་གོས་དངུལ་བཅས་ཕུལ། སྟག་ཚང་ཕུར་བའི་དབང་དང་གཏེར་གསར་ཆོས་སྐོར་གྱི་ལུང་ཞུས། རྒྱལ་བ་ཀརྨ་པ་ལྷ་ལྡན་དུ་ཕེབས་པ་དང་མཇལ་ཕྱག་རྟེན་ཕུལ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ཀྱི་ལུང་ཞུས། ལས་སློང་དཔའ་བོ་རིན་པོ་ཆེའི་སྤྲུལ་སྐུར་མཇལ་ཕྱག་རྟེན་ཕུལ། ཕྱག་ཆེན་གསོལ་འདེབས་ཀྱི་ལུང་ཞུས། སྐུ་གཞོགས་འཇམ་དབྱངས་བཞད་པའི་སྤྲུལ་སྐུར་མཇལ། རྟ་སྒ་སྟན་སྲབ་གསུམ་དངུལ་སྲང་དགུ་ལྷ་རྫས་བཅས་ཕུལ། རྟེན་འབྲེལ་བསྟོད་པ་དང་དཔལ་ལྡན་ས་གསུམ་མའི་ལུང་ཞུས། གཞན་ཡང་སེར་འབྲས་དགེ་གསུམ་གྱི་བླ་མ་མཁན་པོ་ཐམས་བཅད་ལ་མཇལ། རྟ་གོས་དངུལ་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པའི་ཕྲེང་བ་ཁ་བཏགས་འཇམ་དར་ཚེ་སྐུ་ཅན་ཁོ་ནའི་ཕྱག་རྟེན་ཕུལ་ཆོས་འབྲེལ་སྣ་ཚོགས་ཞུས་ཏེ་

p. 399

ཐུགས་མཉེས་པར་བྱས། རྩེའི་པོ་ཏ་ལ་དང་། ལྷ་ས་མཐིལ། ལྕགས་པོ་རི། གླིང་གསུམ། རྒྱུད་སྟོད་སྨད། རྨེ་རུ་གཞི་སྡེ། སེར་འབྲས་ཀྱི་སྐུ་གསུང་ཐུགས་རྟེན་རྣམས་ལ་མཇལ་མཆོད་འབུལ་དང་། ཁ་བཏགས་བརྒྱ་ཕྲག་དུ་མའི་སྙན་ཤལ་ཕུལ་སྨོན་ལམ་བཏབ། དགེ་འདུན་གྱི་སྡེ་རྣམས་ལ་མང་ཇ་བཏང་སྐྱབས་འཇུག་ཞུ། ཁམས་ཚན་ལ་འགྱེད་བཏང་སྦྱོར་འཇགས་བྱས། ཁྱད་པར་དངུལ་སྲང་བརྒྱད་བརྒྱ་དང་གཡུ་བྱིར་དཀར་ཡོལ་གང་རྩེའི་རྣམ་སྲས་མཛོད་ཁང་དུ་ཕུལ། རྩེ་ནས་གསེར་སྦྱངས་བཙོ་མ་སྲང་ལྔ་བཅུ་ཐམ་པ་གནང་། གཞུང་གི་འདོད་དཔལ་མཁན་པོ་ཞི་བ་ཚེ་རིང་དང་། ལྕགས་ཟམ་མཁན་པོ་གཉིས་ཀྱིས་དོ་དམ་མཛད། འདོད་དཔལ་ནས་གསེར་ཀོང་གསར་བཟོ་བྱས། གསེར་ཀོང་གཤམ་གྱི་སྨོན་ཚིག་ལ། འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་གི་མཆོག །ཇོ་བོ་རིན་པོ་ཆེ་ཡི་ཞབས་དྲུང་དུ། །དད་ཅན་ཚོགས་དྲུག་རང་གྲོལ་ཕྱག་རྡོར་སོགས། །མདོ་སྨད་སྐྱེ་བོ་དུ་མས་གསེར་ཀོང་འདི། །ཕུལ་མཐུས་སངས་རྒྱས་བསྟན་པ་དར་བར་ཤོག །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རིང་བར་ཤོག །འགྲོ་ཀུན་གནས་སྐབས་ཀུན་ཏུ་བདེ་བར་ཤོག །མཐར་ཐུག་སངས་རྒྱས་གོ་འཕང་འཐོབ་པར་ཤོག །ཅེས་བྲིས་ནས། རྩེའི་སྐྱབས་མགོན་མཆོག་ལ་གཟིགས་རྟོག་ཕུལ་བས་ཐུགས་མཉེས་ཏེ། བཀྲ་ཤིས་ཀྱི་ཕྱག་ནས་གཏོར། ཐུགས་བསྐྱེད་སྨོན་ལམ་གནང་། བདག་ལ་ཁྱོད་ཀྱིས་བསོད་ནམས་བསགས་འདུག ཇོ་བོའི་མདུན་དུ་འཇོག་དུས་

p. 400

ཐུགས་བསྐྱེད་སྨོན་ལམ་ཡག་པོ་གྱིས་ཞེས་ཁ་བཏགས་ནང་མཛོད་གཅིག་དང་བཅས་བསྩལ། དེ་ནས་རྒྱ་ལོའི་སྨོན་ལམ་ཆེན་མོའི་བཅོ་ལྔའི་ཉིན་བླ་བྲང་སྟེང་ན་བཀའ་བློན་རྣམས་བཞུགས་སར་ཁྱེར་ནས་གཟིགས་རྟོག་ཕུལ་དུས་ཁོང་རྣམས་ཀྱིས་གཞུང་གི་དེབ་ལ་བྲིས་པའི་ཚེ། །ཁྲོམ་ལྷ་མི་འཚོགས་པ་ཕལ་ཆེར་གྱིས་བསོད་ནམས་བསགས་འདུག་ཅེས་རྗེས་སུ་ཡི་རང་བྱེད་པ་མང་པོ་བྱུང་། བཀའ་བློན་རྣམས་ཀྱིས་གསེར་ཀོང་གཤམ་གྱི་སྨོན་ཡིག་བཏོན་ནས་མགོ་ཐོག་ཏུ་བཞག་སྨོན་ལམ་བཏབ་སྟེ། བཀའ་བློན་ཁྲི་མོན་ནས་ཁྱོད་ཀྱི་བསོད་ནམས་བསགས་འདུག ད་ནི་འཇོག་དུས་སྐྱབས་མགོན་རྒྱལ་བ་ཡབ་སྲས། གནམ་སྐྱོང་གོང་མ་རྒྱལ་པོའི་ཞབས་བརྟན་དང་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་སུ་དམིགས་ནས་ཕུལ། བསྔོ་བ་སྨོན་ལམ་གྱི་མཚམས་སྦྱོར་ཡང་དག་མཛོད་དང་དོན་ཆེ་གསུངས་ནས། ཐུགས་མཉེས་མཉེས་མཛད་ཅིང་གསེར་ཀོང་ཁ་བཏགས་ཤིག་གིས་དཀྲིས་ནས་གནང་། དེའི་ཉིན་ཇོ་བོ་ཤཱཀྱ་མུ་ནེའི་ཞབས་དྲུང་དུ་གསེར་ཀོང་མར་ཁུས་བཀང་སྟེ་ཕུལ། གཞན་ཡང་མཆོད་པ་རྒྱ་ཆེན་པོ་བཤམས། ཀླུ་འབུམ་ཁམས་ཚན་གྱི་དགེ་འདུན་པ་མང་པོ་གདན་དྲངས་ནས། ཇ་ཐུག་དྲངས་དངུལ་ཊཾ་རེ་ཕུལ། ཁོང་རྣམས་ཀྱིས་བླ་མཆོད་གསུངས་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་ཡང་དག་མཛད། བདག་ཅག་དཔོན་སློབ་རྣམས་ཀྱིས་ཀྱང་སྨོན་ལམ་རྒྱ་ཆེན་པོ་བཏབ་ཚུལ་རྣམས་མར་མེའི་སྨོན་ལམ་འདོད་འབྱུང་ནོར་བུ་འོད་འབར་ན་གསལ་ལོ། །དེ་ནས་ཨ་

p. 401

ལགས་བརྩོན་འགྲུས། དགེ་སློང་ངག་དབང་དར་རྒྱས། གཅོད་པ་གསུམ་མདོ་སྨད་རང་ཡུལ་དུ་བཏང་། ཨ་ལགས་བརྩོན་འགྲུས་ཀྱིས་ཁྲི་ཀའི་ཕྱོགས་ཀྱི་རི་ཁྲོད་ནས་ཚེ་དང་སྒྲུབ་པ་བསྙམས། སྒྲུབ་འབྲས་ཀྱིས་བསྟན་འགྲོ་ལ་ཕན་པའི་བླ་མ་ཞིག་བྱུང་། དགེ་སློང་ངག་དབང་དར་རྒྱས་ཀྱིས་མང་ར་སོགས་ཀྱི་རི་ཁྲོད་ནས་དགེ་སྦྱོར་བྱས་ཆོས་པ་བཟང་བོ་ཞིག་བྱུང་། གཅོད་པས་དམར་ཆོག་སྤངས་ནས་གྲོང་ཆོག་སྐུ་རིམ་བྱས་པས། ཡོན་བདག་ནད་པ་མང་པོ་ལ་ཕན་ཐོགས་པ་བྱུང་། སློབ་བུ་ཀུན་བཟང་རང་གྲོལ་གྱིས། མཁར་རྡོ་ཆོས་ཀྱི་རྡོ་རྗེ། གཏེར་སྟོན་སཱ་ལ་རིན་པོ་ཆེ། ཆོས་རྒྱལ་ལྷ་རྒྱ་རི་སོགས་དབུས་ལྷོ་ཁའི་ཕྱོགས་ཀྱི་བླ་མ་མང་པོར་དབང་དང་གདམས་པ་ཞུས་ནས་ལོ་གཅིག་བསྡད་སླར་མདོ་སྨད་དུ་སོང་ནས། གསང་སྔགས་རིམ་གཉིས་དང་། ཟབ་ལམ་གཅོད་ཀྱི་ཉམས་ལེན་བྱས་པས་རྟོགས་ལྡན་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་པ་ཞིག་ཏུ་གྱུར་ནས། གཅོད་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་བྱུང་། ཞོ་འོང་བན་དེ་གནས་སྐོར་ལ་བཏང་བས། གནས་བཟང་གསུམ་བསྐོར་བླ་མ་བཟང་གསུམ་ལ་མཇལ་བའི་ཆགས་མེད་ཞེན་མེད་ཀྱི་བྱ་བཏང་པ་ཞིག་བྱུང་། ངས་ཟླ་བ་ཁ་ཤས་ཀྱི་བར་དུ་ལྷ་ལྡན་ཇོ་བོར་ཕྱག་དང་སྐོར་བ་བྱེད་བཞིན་ཡང་ཡང་མཇལ། ཉིན་གཅིག་ཇོ་བོའི་དྲུང་ནས་ཡུན་རིང་བསྡད་དེ་གསོལ་བ་ཤུགས་དྲག་བཏབ། ཏིང་ངེ་འཛིན་གྱི་དབང་བླངས་པས་རྗེས་སུ་ཕྱི་སྐོར་དུ་སོང་བའི་ཚེ། སྐོར་ལམ་ནས་ར་ལུག་ཤན་པས་གསོད་པ་མང་པོ་མཐོང་བས་རྐྱེན་བྱས། དེ་

p. 402

ལྟར་འཇིག་རྟེན་ཁམས་ན་གསོད་པ་རྣམས་ལ་སྙིང་རྗེ་ཤས་མི་བཟོད་པ་ཞིག་སྐྱེས་ནས་སླར་ཇོ་བོའི་མདུན་དུ་སོང་། ཕྱག་འཚལ་ནས། ཕྱིན་ཆད་སྡིག་ཟས་ཕ་མའི་ཤ་མི་ཟ་བའི་དམ་བཅའ་ཕུལ་བ་ནས་བཟུང་ད་ལྟའི་བར་དུ་འགྲོ་དོན་ཅི་ཙམ་བྱས་ན་ཡང་། བདག་ལ་དམིགས་ནས་སྲོག་གཅོད་པ་ཕར་ཞོག་ང་ཡོང་རྒྱུ་ཡིན་ཞེས་བཤད་ན་ཡང་། སྦྱིན་བདག་དད་པ་ཅན་གྱིས། བླ་མ་ཁོང་གིས་ཤི་ཤ་ཡང་མི་བཞེས་པ་རེད། ཤ་འདྲ་ཡོད་ན་གཟིགས་ས་ནས་མ་འཇོག་ཅེས་སྦེད་མཁན་ཡང་བྱུང་བའི་སྐད་ཆ་འདུག བདག་ལ་བརྟེན་ནས་གཞན་གྱིས་སྲོག་གཅོད་ཀྱི་སྡིག་པ་ཇེ་ཉུང་དུ་སོང་བ་འདི་ཇོ་བོ་ཆེན་པོའི་ཐུགས་རྗེ་རང་ཡིན་སྙམ་པ་བྱུང་། དེ་ནས་ལྷ་ལྡན་གྱི་ཐག་ཉེ་ཆོས་ལུང་ཕུའི་རྦ་ལུང་ཟེར་བ་བླ་མ་ཞང་གཡུ་བྲག་འགྲོ་བའི་མགོན་པོའི་བཞུགས་གནས། མགོན་པོ་ཕྱག་བཞི་བའི་སྐུ་བྱིན་ཅན་ཞིག་ཡོད་པ་དེར་སོང་ནས་དཀོར་གཉེར་མགོན་པོ་ཟེར་བ་ལ། ང་གནས་འདིར་ལོ་གཅིག་མཚམས་ལ་སྡོད་དགོས་ཞེས་རྒྱུ་མཚན་བཤད་པས། ཁོ་དགའ་ནས་སྡོད་དུ་བཅུག སྣ་ལེན་ཕན་ཐོགས་བཟང་པོ་བྱས། ཕྱིས་སློབ་མར་གྱུར་དབང་དང་གདམས་པ་བྱིན་ནས་བསྒོམས་པས་རང་གྲོལ་གྱི་རྣལ་འབྱོར་པ་ཞིག་བྱུང་། དེའི་དབྱར་ཁ་འབྲས་སྤུངས་ཀླུ་འབུམ་ཁམས་ཚན་གྱིས་བོས་ནས་སོང་། ཞག་ཁ་ཤས་བསྡད། གསར་རྙིང་ཆོས་ཀྱི་གླེང་མོ་མང་པོ་བྱས་པས་དགེ་བཤེས་རྣམས་ཀྱང་ཐུགས་དགྱེས་པར་གྱུར། འོང་ཞོར་ལ་འབྲས་སྤུངས་ལྷ་ས་གཉིས་ལ་ཕྱག་སྐོར་རྟེན་མཇལ་བྱས་ཕྱིར་འོང་དུས། འབྲས་སྤུངས་དང་

p. 403

ལྷ་ས་ན་ཚད་པ་ཡོད་པ། མགོན་པོ་ལ་འགོས་ནས། ཡར་ཟྭ་ལུང་དུ་འོངས་ནས་ཉི་མ་ཁ་ཤས་ན་བ་ལ་ངས་བཀའ་བསྒོ་བྱིན་བརླབ་བྱས་ནས་སྨན་འཐུངས་པས་དྲག ཁོ་དྲག་པ་དང་ང་ན་ནས་ཞག་ཁ་ཤས་ནས་ཚ་བ་རྒྱས་པའི་འཁྲུལ་སྣང་ལ། ལྷ་ཁང་ཞིག་ལ་མེ་འབར་བས་ནང་གི་ལྷ་རྟེན་རྣམས་མི་འཚིག་པར་ཇེ་གསལ་དུ་འགྲོ་བ་དང་། ཕྱོགས་བཞིའི་ཞིང་ཁམས་རྣམས་མཐོང་ནས་འགྲོ་སྙམ་ཙ་ན། མི་ནག་པོ་བརྗིད་བག་ཅན་ཞིག་གིས་མ་འགྲོ་ཟེར་ནས་བསྡད་པའི་སྣང་བ་ཤར། དེ་དུས་བདག་གིས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་བདུད་རྩི་བསིལ་པོས་འབེབ་སྦྱངས་ལན་མང་དུ་བྱས། མགོན་པོ་སོང་ནས། ལྷ་སའི་རྡོ་རིང་སྨན་པའི་སྨན་ཁྱེར་འོངས་པ་འཐུངས་པའི་རྟེན་འབྲེལ་ལ་བརྟེན་ནས་མྱུར་དུ་དྲག་སྟེ། ངེད་གཉིས་ཀྱིས་མགོན་པོ་ཕྱག་བཞི་བའི་རྟེན་གྱི་མདུན་ནས་ཚོགས་ཤིག་བཏང་ནས་དགའ་སྟོན་བྱས་སོ། །སྐབས་ཤིག་བྲོ་ཁ་ཆད་ནས། ངས་ཉི་མ་ཁ་ཤས་ལ་སྲན་མ་འདྲ་བ་བརྔོས་ནས་ཟོས། ཁོ་ཆོས་ལུང་གི་ཡོན་བདག་ཡོད་སར་སོང་ནས་སྐུ་རིམ་བྱས་ང་ལ་འཚོ་བ་ཆད་ཡོད་ཚུལ་བཤད་པས་སྐུ་གཞོགས་འཇམ་དབྱངས་བཞད་པའི་གཞི་ཀ་དང་ཚོང་དཔོན་ནམ་མཁའ་མཛོད་པའི་གཞི་ཀ་ཚལ་སྡེ་པ་རྣམས་ཀྱིས་ཇ་མར་རྩམ་པ་བྱིན་པ་རྣམས་ཁྱེར་བྱུང་། སྔར་ལུང་བ་དེར་ཆུ་དཀོན་པོ་ཡོད་ཀྱང་ང་བསྡད་པའི་ལོ་དེ་ནས་བཟུང་ཆུ་མོད་པོ་བྱུང་ནས་ལོ་ཡག་སྐལ་བཟང་བྱུང་བར་བརྟེན་ཆོས་ལུང་ཕུའི་ཡོན་བདག་ཡོད་མེད་གཉིས་

p. 404

ཀའི་དད་པ་ཆེར་སོང་ནས་དེར་སྡོད་རིང་དང་། །ཕྱིས་སོང་དུས་རྣམས་སུ་ཞབས་ཏོག་ཡག་པོ་བྱེད་པ་བྱུང་། དེའི་སྐབས་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་དགེ་སློང་བློ་བཟང་འོད་ཟེར་གནས་སྐོར་དུ་སོང་ནས། སྟོད་ཀྱི་མཚོ་པད་མ་ཅན་མན་ཆད་བསྐོར་ནས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་དྲུང་ནས་སྨོན་ལམ་བཏབ་ཚད་འགྲུབ་པར་གོ་ནས། ཕྱག་དང་སྐོར་བ་བྱས་མར་མེ་མང་པོ་ཕུལ་ནས་བདག་ནི་ཚེ་འདིར་མྱུར་བ་མྱུར་དུ་མཚན་ལྡན་གྱི་བླ་མ་ཞིག་དང་མཇལ་ནས་ཟབ་མོའི་གདམས་པ་ཐོབ་སྟེ་དམ་པ་གོང་མའི་རྣམ་ཐར་བཞིན་རི་ཁྲོད་དབེན་པར་ཚེ་དང་སྒྲུབ་པ་སྙོམས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ། དེ་ནས་ཚུར་རིམ་གྱིས་ལྷ་ལྡན་དུ་འོང་། ཚེའི་རྒྱལ་བའི་ཡོངས་འཛིན་དགའ་ལྡན་གསེར་ཁྲི་ཨ་མདོ་བྱ་ཁྱུང་བ་ངག་དབང་སྙན་གྲགས་རིན་པོ་ཆེར་མཇལ་ནས། ངའི་རྒྱུ་མཚན་རྣམས་གསུང་པ་གོ་བ་ཙམ་གྱིས་དད་གུས་ཆེན་པོ་སྐྱེས་ནས་ང་ལ་མཇལ་དུ་འོང་བའི་དུས་སུ། ངས་ཕྱི་སྒོའི་སེ་ཕུང་ཆེན་པོ་ལོ་མ་མེ་ཏོག་གིས་མཛེས་ཤིང་བུང་བའི་སྒྲ་དབྱངས་དར་དིར་སྒྲོག་པའི་བསིལ་གྲིབ་ཞིག་ལ་འཁོད་ནས། །ཉོན་མོངས་གཡུལ་ལས་རྒྱལ་བའི་མགུར་དབྱངས་འདི་བླངས་སོ། །ཨེ་མ་བོད་ཀྱི་རྣལ་འབྱོར་པ། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །དད་གུས་གསོལ་འདེབས་སྤྱན་འདྲེན་བཏང་། །རྩ་གསུམ་ལྷ་ཡི་དམག་དཔུང་བསྡུས། །ཐོས་བསམ་ཕོ་ཉ་ཕྱོགས་ཀུན་མངགས། །མདོ་རྒྱུད་མན་ངག་གོ་མཚོན་

p. 405

བསགས། །མི་མེད་གངས་དང་རི་སུལ་ནས། །ཉོན་མོངས་དམག་ལ་འདི་ལྟར་འཐབ། །ངེས་འབྱུང་ཤུགས་ཅན་རྟ་ལ་ཞོན། །ནམ་འཆི་ཆ་མེད་ལྕག་གིས་བསྐུལ། །བྱམས་དང་སྙིང་རྗེའི་ཁྲབ་རྨོག་གྱོན། །བྱང་ཆུབ་སེམས་ཀྱི་མདུང་རིང་ཐོགས། །སྦྱིན་སོགས་ཐབས་ཀྱི་གཞུ་མོ་ལ། །ཡང་དག་ལྟ་བའི་མདའ་སྦྱར་ནས། །འབད་བརྩོན་དྲག་པོས་འདོམ་ལ་འཇལ། །ཉོན་མོངས་དམག་གི་དཀྱིལ་དུ་འཕངས། །བདག་འཛིན་དམག་དཔོན་སྙིང་ལ་ཕོག །མ་རིག་འཁྲུལ་བའི་སྲོག་རྩ་བཅད། །བདག་མེད་ས་ལ་འགྱེལ་བའི་མོད། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དམག །ཐམས་ཅད་དངངས་སྐྲག་འཇིགས་ནས་བྲོས། །ད་རེས་འཁྲུག་ལས་རྣལ་འབྱོར་རྒྱལ། །གཡུལ་རྒྱལ་དམ་ཆོས་རྔ་ཆེན་བརྡུང་། །ཉམས་དགའ་སྤྲོ་བའི་དར་ཆེན་འཕྱར། །འཁོར་བའི་འཇིགས་པ་ཡལ་ནས་སོང་། །བདེ་ཆེན་ཐང་ལ་ཡན་པས་ཆོག །ཨེ་མ་བུ་ང་ཨ་རེ་དགའ། །ཨ་མས་ཚོར་ན་དགའ་བ་ལ། །ཨེ་མ་སློབ་བུ་ཨ་རེ་སྐྱིད། །བླ་མས་གསན་ན་སྐྱིད་པ་ལ། །ཞེས་ལེན་བཞིན་གནས་པ་དང་ཐུག་པས། འཁྲུལ་བའི་ཨ་འཐས་ཀྱི་སྣང་བ་ཏུ་རེ་བ་དེ་འགགས་ནས། རྣམ་པར་མི་རྟོག་པའི་ངང་དུ་ལྷན་ནེ་གནས་པ་བྱུང་ཚེ། རྟེན་འབྲེལ་བཟང་སྙམ་དད་གུས་དགའ་སྤྲོ་ཚད་ལས་འདས་པ་བྱུང་། ཕྱག་འཚལ་ནས། ཛཱ་ཏི་དགུ་ལྷ་རྫས་བཅས་ཕུལ།་རབ་ཏུ་གུས་པའི་སྒོ་ནས་རྒྱུ་མཚན་རྣམས་ཞིབ་ཏུ་ཞུས། དབང་དང་གདམས་པ་གནང་དགོས་ཞེས་གསོལ་བ་

p. 406

བཏབ་པར། ཁྱོད་ཀྱིས་སྨན་ཕུལ་བ་བཞིན་ངས་ཁྱོད་ལ་དམ་པའི་ཆོས་ཀྱི་སྨན་བྱིན་ནས་ཉོན་མོངས་པའི་ནད་གསོ་བར་བྱའོ་ཞེས་དབང་དང་གདམས་པ་རྣམས་རིམ་བཞིན་བྱིན། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་འཛིན་ཅིང་། འགྲོ་བ་ཡོངས་ལ་ཕན་ཐོགས་པའི་རྟེན་འབྲེལ་དུ་མིང་བསྟན་འཛིན་ཉི་མ་ཞེས་བཏགས་ཤཱཀྱའི་སྲས་སུ་མངའ་གསོལ་ནས་ཞལ་གདམས་འདི་ཡང་བྱིན་ནོ། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཕན་པའི་སྙིང་གཏམ་ཚིག་འགའ་བཤད་ཀྱིས་ཉོན། །བརྗེད་མེད་སྙིང་ལ་ཆོངས་ཤིག་ཤཱཀྱའི་སྲས། །བྱིན་རླབས་དངོས་གྲུབ་འབྱུང་གནས་བླ་མ་རྗེ། །འབྲལ་མེད་གཙུག་ཏུ་ཁུར་ཅིག་ཤཱཀྱའི་སྲས། །བསྟེན་ན་ནམ་ཡང་མི་བསླུ་དཀོན་མཆོག་ལ། །གློ་སྙིང་བྲང་གསུམ་གཏོད་ཅིག་ཤཱཀྱའི་སྲས། །དལ་འབྱོར་མི་ལུས་རིན་ཆེན་གླིང་ཕྱིན་འདྲ། །དོན་མེད་སྟོང་ལོག་མ་བྱེད་ཤཱཀྱའི་སྲས། །སྟོན་པ་བླ་མེད་བསྟན་པ་རིན་ཆེན་ལ། །ཡང་ཡང་མཇལ་བར་དཀའ་འོ་ཤཱཀྱའི་སྲས། །འཆི་བདག་བདུད་པོ་ནམ་ཡོང་ངེས་པ་མེད། །དོགས་ཟོན་ད་ལྟ་གྱིས་ཤིག་ཤཱཀྱའི་སྲས། །འཆི་བས་ནངས་པར་གང་གིས་ཕན་པ་མེད། །ཕན་ངེས་ཆོས་ཡིན་འབུངས་ཤིག་ཤཱཀྱའི་སྲས། །ཚེ་འདི་བློས་ཐོངས་ཕྱི་མ་བདེ་ཐབས་གྱིས། །འདུན་མའི་ཡང་རྩེ་ཡིན་ནོ་ཤཱཀྱའི་སྲས། །དཀར་ནག་ལས་ལ་ནམ་ཡང་བསླུ་བ་མེད། །སྡིག་སྤོངས་དགེ་བ་སྒྲུབས་ཤིག་ཤཱཀྱའི་སྲས། །གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད། །ནོར་མེད་བྱ་

p. 407

བཏང་གྱིས་ཤིག་ཤཱཀྱའི་སྲས། །གྲོགས་བཟང་བསྟེན་ན་རང་ཡང་ཇེ་བཟང་འགྲོ། །གྲོགས་བཟང་ཡ་རབས་སྟེན་ཅིག་ཤཱཀྱའི་སྲས། །གྲོགས་ངན་བསྟེན་ན་རང་ཡང་ཇེ་ངན་འགྲོ། །གྲོགས་ངན་མ་རབས་སྤོངས་ཤིག་ཤཱཀྱའི་སྲས། །བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་བཟང་པོ་གྱིས་ཤིག་ཤཱཀྱའི་སྲས། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །བསམ་ངན་ཡིད་ལ་མ་བཅངས་ཤཱཀྱའི་སྲས། །ཡུལ་མིས་ལྐོག་ནས་ངན་གཏམ་བརྒྱ་བྱས་ཀྱང་། །མ་གོ་བ་ལྟར་གྱིས་ཤིག་ཤཱཀྱའི་སྲས། །མི་མང་ཁྲོད་ནས་རང་སྐྱོན་མཚང་བྲུས་ཀྱང་། །དེ་ཡི་སྐྱོན་མཚང་མ་འབྲུ་ཤཱཀྱའི་སྲས། །བདག་གིས་བུ་བཞིན་བསྐྱངས་པས་དགྲ་བཞིན་དུ། །བལྟ་ཡང་སྡང་སེམས་མ་སྐྱེ་ཤཱཀྱའི་སྲས། །རང་ལ་ཉེས་པ་མེད་བཞིན་ཁག་ངན་འདྲ། །བྱུང་ཡང་སྔོན་ལས་ཡིན་སོམས་ཤཱཀྱའི་སྲས། །འགའ་ཞིག་ཁྲོས་ནས་རང་ལ་བསྡིགས་བརྡུངས་ཀྱང་། །ངན་ལན་འཁོན་འཛིང་མ་བྱེད་ཤཱཀྱའི་སྲས། །ཆོས་ཀུན་སྒྱུ་མ་རྨི་ལམ་བཟང་ངན་འདྲ། །བདེ་སྡུག་ཞུམ་ཁེངས་མ་བྱེད་ཤཱཀྱའི་སྲས། །སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མ་ཡིན། །ངན་སློང་བརྩེ་བས་སྐྱོངས་ཤིག་ཤཱཀྱའི་སྲས། །ཁོག་པ་ཡངས་ན་ཁ་མཆུ་རྩོད་པ་མེད། །དགའ་ཀ་ཁྲོ་ཀ་མ་སླ་ཤཱཀྱའི་སྲས། །བྱང་ཆུབ་སེམས་དཔའ་ཁྲོ་ཡང་འཛིན་པ་མེད། །ཁ་འཁོན་ཁོག་ཏུ་

p. 408

མ་འཛིན་ཤཱཀྱའི་སྲས། །བླ་མ་ལྷ་ཡིས་ཐམས་ཅད་གཟིགས་ཤིང་མཁྱེན། །སྤྱོད་ངན་ཕག་ཏུ་མ་བྱེད་ཤཱཀྱའི་སྲས། །ཕྱག་དང་སྐོར་བས་ལུས་ཀྱི་སྒྲིབ་པ་འདག །སྐབས་སྐབས་ཕྱག་སྐོར་གྱིས་ཤིག་ཤཱཀྱའི་སྲས། །ཁ་ཏོན་བཟླས་པས་ངག་གི་སྒྲིབ་པ་འདག །ཁོམ་དུས་ཁ་ཏོན་གྱིས་ཤིག་ཤཱཀྱའི་སྲས། །མོས་གུས་གདུང་བས་ཡིད་ཀྱི་སྒྲིབ་པ་འདག །བླ་མར་མོས་གུས་མཛོད་ཅིག་ཤཱཀྱའི་སྲས། །དབེན་པའི་གནས་སུ་དམ་པའི་རྣམ་ཐར་སྐྱོངས། །བདེ་སྐྱིད་ཉི་མ་འཆར་རོ་ཤཱཀྱའི་སྲས། །བསླབ་བྱ་མང་རུང་ཉུང་རུང་ལག་ལེན་དགོས། །འདི་རྣམས་ལག་ཏུ་ལོངས་ཤིག་ཤཱཀྱའི་སྲས། །འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་དགེ །བདག་གཞན་ཆོས་དང་མཐུན་པའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་སྟོན་པའི་གསུང་རབ་དང་། །མཇལ་ནས་ཚུལ་བཞིན་བསྒྲུབ་པའི་སྨོན་ལམ་འཚལ། །བསླབ་བྱ་ཇི་བཞིན་མཛད་པའི་གང་ཟག་ལ། །རྟག་ཏུ་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་གདམས་པས་རྗེས་སུ་ཚེ་དང་སྒྲུབ་པ་སྙོམས་ནུས་པའི་ཆོས་པ་བཟང་པོ་བསྟན་འགྲོ་ལ་ཕན་ཐོགས་པ་ཞིག་བྱུང་། དེའི་ལོ་སྟོན་ཁ་བུ་ཆེན་སྐལ་ལྡན་རང་གྲོལ་དང་ཀུན་བཟང་གཞན་ཕན། སྦྱིན་བདག་ཚེ་རིང་རྒྱལ་སོགས་གྲྭ་སློབ་

p. 409

ཡོན་བདག་ཕོ་མོ་མང་པོ་མཇལ་དུ་འོངས་ནས་བདེ་ཞུས་བྱས་པའི་ལན་དུ་རྣལ་འབྱོར་བདེ་ཚུལ་གྱི་མགུར་དབྱངས་འདི་བླངས་སོ། །ཆོས་བདེ་ལེགས་སྩོལ་མཛད་བླ་མ་རྗེ། །སྟེང་སྤྱི་གཙུག་འཇའ་འོད་ཀློང་དུ་བཞུགས། །སྔོན་བསོད་ནམས་བསགས་པས་མི་ལུས་ཐོབ། །ནོར་ཟང་ཟིང་ལོངས་སྤྱོད་མང་པོ་འཛོམས། །བློ་དགེ་བའི་གྲོགས་དང་ལྷ་ཡིས་བསྐྱོད། །ས་དབུས་སུ་ཡོང་འདོད་ཡིད་ལ་ཤར། །སྤང་དཀའ་བའི་ཕ་ཡུལ་རྒྱབ་ཏུ་བསྐྱུར། །བགྲོད་དཀའ་བའི་བྱང་ལམ་རིང་མོ་བཅད། །ས་དབུས་གཙང་དག་པའི་ཞིང་ཁམས་སུ། །དུས་ད་ལོ་འོང་བ་སྐལ་པ་བཟང་། །དུས་དེ་རིང་མ་བུ་འཕྲད་པ་ལྟར། །མི་ང་ཡང་དགའ་སྤྲོ་དཔག་མེད་སྐྱེས། །སྤྲང་ཚོགས་དྲུག་རང་གྲོལ་མིང་ཅན་ངས། །ཚེ་འདི་སྣང་བློ་ཡིས་ཐོངས་པས་བདེ། །གནས་དབེན་པའི་དགའ་ཚལ་ཉམས་དགའ་རུ། །རང་གཅིག་པུར་སོས་དལ་གནས་པས་བདེ། །རྗེ་བླ་མ་དཀོན་མཆོག་ཐུགས་རྗེ་ཡིས། །ལུས་སེམས་ལ་སྡུག་བསྔལ་མེད་པས་བདེ། །ཁོང་ཡོན་བདག་ཕོ་མོའི་སྐུ་དྲིན་གྱིས། །ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་པས་བདེ། །ཆོས་ཟབ་མོ་ཚུལ་བཞིན་བསྒྲུབས་པའི་མཐུས། །ཚེ་འདིར་ཡང་བདེ་ལ་ཕྱི་མར་བདེ། །དུས་གཏན་དུ་བདེ་བའི་རྣལ་འབྱོར་པ། །ངའི་བདེ་ཚུལ་བཤད་ན་བརྗོད་མི་ལང་། །མི་ང་འདྲའི་ལུས་སེམས་བདེ་བ་ཞིག །ལྷ་ཚངས་དབང་གིས་ཀྱང་རྙེད་པར་དཀའ། །ཁྱེད་དད་ཅན་གྲྭ་པ་བུ་སློབ་རྣམས། །མི་ང་བཞིན་མཛོད་དང་གཏན་དུ་བདེ། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །མ་འགྲོ་

p. 410

ཀུན་བདེ་ཞིང་སྐྱིད་པར་ཤོག །ཅེས་བླངས་པའི་ལན་དུ་བུ་ཆེན་སྐལ་ལྡན་རང་གྲོལ་གྱིས་གླུ་དབྱངས་འདི་ཕུལ་ལོ། །རྗེ་བྱམས་མགོན་ཚོགས་དྲུག་རང་གྲོལ་ཁྱེད། །བདག་སྤྱི་བོའི་རྒྱན་དུ་བཞུགས་ནས་ཀྱང་། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །ཐུགས་བརྩེ་བ་ཆེན་པོས་སྐྱོང་བ་མཁྱེན། །བདག་ཚེ་སྔོན་ལས་འཕྲོ་སད་པའི་མཐུས། །སྡུག་འཁོར་བའི་རྐྱེན་ངན་གྲོགས་སུ་ཤར། །ཡུལ་བདག་འཛིན་བདུད་ཀྱི་བཙོན་རར་མཐོང་། །ཡིད་ཞེན་ལོག་ངེས་འབྱུང་བསྐྱེད་དེ་འོང་། །ལམ་རིང་པོ་ལ་ལུང་བརྒལ་བའི་དུས། །ཕྱི་དགྲ་འཇིགས་སྐྱོ་ངལ་འགའ་མ་བྱུང་། །ཞིང་བོད་ཡུལ་དབུས་ཀྱི་མཆོག་གསུམ་དང་། །རྗེ་མཚན་ལྡན་བླ་མ་རིན་པོ་ཆེར། །བློ་གཏད་པས་བྱིན་རླབས་ནུས་མཐུ་ཡིས། །དེང་བསམ་དོན་འགྲུབ་པས་རབ་དགའ་འཐོབ། །ཕ་བཀའ་དྲིན་མཉམ་མེད་རྗེ་བཙུན་ཁྱེད། །དཔལ་རྒྱལ་བསྟན་ཡིད་ཅན་གདུལ་བྱ་ལ། །ཕན་བདེ་ལེགས་སྩོལ་བཞིན་འཚོ་བཞེས་ཀྱིས། །གནས་རི་ཁྲོད་དྲང་སྲོང་ཆེན་པོའི་ཚུལ། །སྐུ་བདེ་བའི་རྣམ་ཐར་ངོ་མཚར་ཅན། །གསུང་སྙན་མགུར་བུ་ངས་ཐོས་པའི་མོད། །ཐུགས་ཡིད་དང་འདྲེས་ནས་ཕྱག་མང་འཚལ། །མིང་སྐལ་ལྡན་རང་གྲོལ་རྟེན་འབྲེལ་བཟང་། །བདག་ལུས་དང་ལོངས་སྤྱོད་འདི་དག་ཀུན། །རྗེ་ཁྱེད་ལ་གུས་པས་འབུལ་ལགས་ན། །ཐུགས་བརྩེ་བས་བཞེས་ནས་བདག་ཅག་འགྲོ །མཆོག་རྣམ་གྲོལ་མྱུར་དུ་འཐོབ་པ་མཁྱེན། །ཕ་བླ་མ་ཅི་མཉེས་སྒྲུབ་པར་གསོལ། །བློ་འཇིག་རྟེན་ཆོས་བརྒྱད་འགག་ཏུ་གསོལ། །ལས་དང་པོར་དབེན་གནས་ཐུབ་པར་གསོལ། །ཆོས་ཟབ་དོན་

p. 411

སྙིང་པོ་བསྟན་དུ་གསོལ། །སེམས་མ་རིག་ཉོན་མོངས་བསལ་དུ་གསོལ། །རང་ཞི་བདེ་ལམ་གོལ་མི་འབྱུང་གསོལ། །མ་འགྲོ་ལ་སྙིང་རྗེ་ཚད་མེད་གསོལ། །གེགས་གོལ་ས་མ་ལུས་བསལ་དུ་གསོལ། །ཉམས་རྟོགས་པ་མྱུར་དུ་མཐར་ཕྱིན་གསོལ། །དུས་ནམ་ཡང་ཐུགས་རྗེ་འབྲལ་མེད་མཁྱེན། །ཞེས་ཁོང་གཉིས་ལ་གང་ཡོད་ཀྱི་གསེར་དངུལ་གོས་དར་རས་ཁ་བཏགས་གཅིག་ཀྱང་མ་ལུས་པ་ཕུལ། ཡོན་བདག་ཚེ་རིང་རྒྱལ་གྱིས་དྲེའུ་གཉིས་དང་དངུལ་སྲང་ཁ་ཤས། གཞན་གྲྭ་སློབ་ཡོན་བདག་ཐམས་ཅད་ཀྱིས་འབྲེལ་བ་མང་པོ་བཞག་པ་རྣམས་ཀྱི་ཕལ་ཆེ་བ་གསེར་དུ་བསྒྱུར་ནས། གསེར་སྲང་བདུན་གྱིས་ཐུབ་དབང་གི་སྐུ་གཅིག་བླུགས། ཁྲི་རྒྱབ་ཡོལ་རྣམས་དངུལ་ལ་བླུགས་ནས། གཡུ་བྱི་རུའི་ཕྲ་བཀོད་པ་མཐོ་གང་ཡོད་པ་ཞིག་བཞེངས་ནས་རབ་གནས་བྱས་ངེད་དཔོན་སློབ་ཀུན་གྱི་མགོ་ཐོག་ཏུ་བཞག་ནས་སངས་མཉམ་པོར་རྒྱ་བའི་སྨོན་ལམ་བཏབ། ལོ་ཁ་ཤས་ཀྱི་བར་དུ་བདག་གིས་འབྲལ་སྤང་དུ་བཅངས། རྗེས་ནས་བོད་ཀྱི་རྒྱལ་པོ་ཚེ་སྨོན་གླིང་བ་ལ་ཕུལ། གཞན་ཁོང་གཉིས་ལ་རྟ་ནོར་དངུལ་དང་རས་ཀྱི་ནང་ནས་ཙཱ་རི་རོང་སྐོར་གྱི་བྲོ་ཁའི་ཐེབས་བཞག་ནས་གཞན་རྣམས་སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་། མཁར་རྡོ་ཆོས་ཀྱི་རྡོ་རྗེ་སོགས་བླ་མ་རྣམས་ལ་ཕུལ་ཆོས་འབྲེལ་ཞུས། སེར་འབྲས་དགེ་གསུམ་ལ་མང་ཇའི་ཞལ་འདེབས་དང་། ཁམས་ཚན་ལ་འགྱེད་མང་ཇ་བཅས་བཏང་ནས་

p. 412

དགེ་བ་རྫོགས་བྱང་དུ་བསྔོ་བར་མཛད། དེ་དུས་སློབ་བུ་ཀུན་བཟང་རང་གྲོལ་དང་། སྐལ་ལྡན་རང་གྲོལ། བསྟན་འཛིན་ཉི་མ། བརྩོན་འགྲུས་རྒྱ་མཚོ་སོགས་དད་ཅན་གྱི་སློབ་མ་ཡོན་བདག་མང་པོས་ལྷ་རྫས་དྲི་མེད་བཅས། ཁྱེད་སྦྲ་ནག་ཁག་གསུམ་སོགས་ཡུལ་སྟོད་སྨད་བར་གསུམ་ལ་བྱོན་དུས། གཞན་སྐྱ་སེར་ཕོ་མོ་མཆོག་དམན་འབྲིང་གསུམ་ལ་སྐད་ཆ་ལྟ་བུར་ལས་རྒྱུ་འབྲས་གཙོ་བོར་བཏོན་ནས་ཆོས་བཤད་བྱས་པ་དེ། ཉི་མ་བཞིན་དུ་ཐམས་ཅད་ལ་ཕན་ཐོགས་པ་བྱུང་། ད་དེ་ཀུན་ཕྱོགས་གཅིག་ཏུ་འཁོད་པའི་ཡི་གེ་ཞིག་བྱུང་ན། ཕྱི་རབས་རྗེས་འཇུག་གདུལ་བྱ་རྣམས་ལ་བཀའ་དྲིན་ལྷག་པར་ཆེ་བར་གདའ་ཞེས་སྔ་ཕྱི་རིམ་པ་བྱས་ཡང་ཡང་བསྐུལ་བའི་ངོར། གཏམ་རྒྱུད་དང་ལུང་འདྲེན་ཕལ་ཆེར་གྱི་དཔེ་ཆ་མ་འཛོམས་ཀྱང་། དཔེར་ན་སྦྱིན་གཏོང་མཁན་གྱི་སྣོད་ནང་ན་ཅི་ཡོད་ལ་སེར་སྣ་མེད་པར་སྣོད་ངོ་ཡན་ཆད་སྤྲུགས་ནས་རས་ས་ལ་བརྡལ་བའི་སྟེང་དུ་བླུགས་པ་ལྟར། བདག་གི་བློ་ན་གང་ཡོད་ཡོངས་སུ་རྫོགས་པ་ཤོག་གུའི་སྟེང་དུ་ཡི་གེར་ཕབ་ནས། མཚན་ལ་ཆོས་བཤད་གཞན་ཕན་ཉི་མ་ཞེས་བྱ་བ་བཏགས་ནས་མདོ་སྨད་ཕྱོགས་སུ་ཁྱེར་བས་འགྲོ་བ་ཡོངས་ལ་ཕན་ཐོགས་ཆེན་པོ་བྱུང་ངོ་། །སྨྲས་པ། རྣམ་གྲོལ་ལམ་སྟོན་བུ་རམ་ཤིང་པ་ལ། །རྣམ་པ་ཀུན་ཏུ་གུས་པས་ཕྱག་འཚལ་ལོ། །རྣམ་མང་འགྲོ་བ་ཡོངས་ཀྱི་ཆོས་བསྒྲུབས་ནས། །རྣམ་མཁྱེན་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས། །དབུས་གཙང་ཇོ་བོ་རྒྱལ་བ་ཡབ་སྲས་ལ། །ཕྱི་

p. 413

རབས་དད་ཅན་མཇལ་དུ་འགྲོ་བའི་ཕྱིར། །རང་ཉིད་དབུས་གཙང་ཞིང་དུ་སོང་བའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །ཨ་མ་ཤི་བས་སྐྱོ་ཤས་སྐྱེས་པའི་ཁར། །ཐོ་རངས་རྨི་ལམ་ལྷ་མོས་ལུང་བསྟན་བྱུང་། །དབུས་གཙང་ཞིང་ལ་འགྲོ་བར་ཐག་བཅད་ནས། །དབུས་སུ་ཡར་ལ་འགྲོ་བའི་མགུར་དབྱངས་བླངས། །ཨ་མ་ཤི་བའི་མྱ་ངན་སངས་པར་བྱས། །སྔོན་གྱི་ལས་འཕྲོ་ཅན་གྱི་སྐལ་ལྡན་བུར། །སྨིན་བྱེད་ཏིང་འཛིན་དབང་བཞི་བསྐུར་བའི་ཚེ། །བླ་མ་ཐོག་མའི་སངས་རྒྱས་དངོས་སུ་མཐོང་། །འབལ་མདོ་བརྗིད་པར་ཡོན་བདག་མཇལ་དུ་འོང་། །ཆོས་བཤད་མགུར་བླངས་སྣང་བ་ཆོས་ལ་བསྒྱུར། །རྨི་ལམ་སྐབས་སུ་གཏེར་སྟོན་ཞལ་མཇལ་ནས། །རེབ་གོང་སྟོད་སྨད་བདེ་ཐབས་ལུང་བསྟན་གནང་། །ཆུ་བཟང་གནས་སུ་འོངས་ནས་རེ་ཞིག་བསྡད། །རྒྱ་ཡི་མི་དཔོན་བོད་ཀྱི་བླ་དཔོན་གྱིས། །མ་ཐུལ་སྦྲ་ནག་ཁག་གསུམ་ཇག་རྐུན་ལ། །ཆོས་བཤད་མགུར་བླངས་བློ་ཁ་ཆོས་ལ་བསྒྱུར། །ལོ་རེ་བཞིན་དུ་ར་ལུག་རི་དྭགས་སོགས། །གསོད་པའི་སྡིག་རྒྱུན་ཇག་རྐུས་ཐམས་ཅད་བཅད། །ཐ་ན་རྟོལ་བུ་རེའུ་ལུག་གུ་ཡན། །གསོད་མཁན་མེད་ཚེ་ལྷ་མི་ངོ་མཚར་སྐྱེས། །གྲུབ་རྟགས་ཤིག་ལ་དེ་ཕན་མི་དགོས་ཟེར། །ཐམས་ཅད་དད་པས་ཟས་ནོར་ཆར་བཞིན་ཕབ། །ཕལ་ཆེར་བླངས་ནས་དབུས་སུ་འཁྱེར་རྒྱུ་བྱས། །གཞན་རྣམས་བསྔོ་སྨོན་བྱས་ནས་ཕྱིར་ལ་བྱིན། །ལས་ཅན་མང་པོར་དབང་ལུང་ཁྲིད་བྱས་པས། །ཚེ་འདི་བློས་བཏང་སློབ་མ་ཉི་ཤུ་བྱུང་། །

p. 414

འགྲོ་ཁར་ཀུན་ལ་མི་རྟག་སྐྱོ་མགུར་བླངས། །།ཚོང་འདུས་མགྲོན་པོ་བཞིན་དུ་གྱེས་ནས་སོང་། །དབུས་ལམ་ཆེན་མོར་ཞུགས་ནས་སོང་བའི་ཚེ། །མགྲོན་པོ་མར་ཡོང་རྣམས་ཀྱིས་བསྐྱུར་སོང་བའི། །མི་གཅིག་མུ་གེས་འཆི་བ་གསོས་ནས་བཏང་། །རྨ་ཆེན་གངས་རིར་འགྲོ་བའི་ནད་པ་ལ། །མཐུན་རྐྱེན་བྱིན་ནས་སོང་བས་ནད་ལས་གྲོལ། །ཚོང་དཔོན་ཡར་འགྲོས་བཞག་པའི་མི་གཉིས་དང་། །ཁམས་པ་ནང་མི་ལྔ་ཙམ་གསོས་ནས་སོང་། །དེ་དུས་བ ཤུལ་རིང་མགྲོན་པོའི་ལམ་གླུ་བླངས། །མགྲོན་པོ་རྣམས་ཀྱང་གླུ་དབྱངས་ལེན་བཞིན་སོང་། །བྲོ་ལུག་གསོད་ངེས་མང་པོའི་སྲོག་བླུ་བྱས། །དེ་ནས་དབུས་གཙང་དག་པའི་ཞིང་དུ་སླེབས། །ཇོ་བོ་ཡིད་བཞིན་ནོར་བུ་རྣམ་གཉིས་ལ། །མཇལ་བས་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། །སྐྱབས་མགོན་རྒྱལ་བ་ཡབ་སྲས་རྣམ་གཉིས་མཇལ། །སྣང་མཐའ་ཕྱག་ན་པདྨོ་དངོས་སུ་མཐོང་། །སངས་རྒྱས་བྱང་སེམས་རྒྱ་བོད་མཁས་གྲུབ་ཀྱི། །སྐྱེས་མཐའ་དགེ་བའི་བཤེས་གཉེན་མང་པོ་དང་། །མཇལ་ནས་ཆོས་ཀྱི་འབྲེལ་བ་བཞག་པའི་སྐབས། །ངོ་མཚར་དག་པའི་སྣང་བ་ཅི་ཡང་ཤར། །ཇོ་བོ་ཆེན་པོའི་དྲུང་དུ་གསེར་ཀོང་ཕུལ། །སེར་འབྲས་དགེ་གསུམ་ཡོངས་ལ་མང་ཇ་བཏང་། །ཡོད་ཚད་ཐམས་ཅད་མཆོད་སྦྱིན་བྱས་པའི་མཐར། །ཕྱི་སྐོར་ཆེན་མོ་ཞིག་ལ་སོང་བའི་ཚེ། །ར་ལུག་བཤན་པས་གསོད་པ་མང་པོ་མཐོང་། །དེ་ལ་བརྟེན་ནས་སྙིང་རྗེ་ཆེན་པོ་སྐྱེས། །སླར་ཡང་ཇོ་བོ་ཆེན་པོའི་དྲུང་དུ་སོང་། །ཕྱག་འཚལ་ཤ་མི་ཟ་བའི་དམ་བཅའ་ཕུལ། །དེ་ཡི་

p. 415

རྗེས་སུ་འགྲོ་དོན་བྱེད་པའི་ཚེ། །སེམས་ཅན་མང་པོའི་སྲོག་ལ་ཕན་པ་བྱུང་། །ཇོ་བོའི་ཐུགས་རྗེ་ཡིན་སྙམ་དད་པ་སྐྱེས། །ཆོས་ལུང་ཕུ་རུ་སོང་ནས་སྒྲུབ་ལ་གཞོལ། །སྐབས་ཤིག་རང་ཉིད་ཚད་པས་ན་བའི་དུས། །སྣང་ངོར་ལྷ་ཁང་ཞིག་ལ་མེ་ཤོར་བས། །ལྷ་སྐུ་ཐམས་ཅད་མ་ཚིག་ཇེ་གསལ་གྱུར། །ཕྱོགས་བཞིའི་ཞིང་ཁམས་མཐོང་ནས་འགྲོ་སྙམ་ཚེ། །མི་ནག་གཅིག་གིས་མ་འགྲོ་ཟེར་བ་བྱུང་། །དེ་ནས་ལུས་པོ་སྔར་བཞིན་བདེ་བའི་ཚེ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེས། །ཉོན་མོངས་གཡུལ་ལས་རྒྱལ་བའི་གླུ་དབྱངས་སོགས། །མགུར་དབྱངས་མང་པོ་ལེན་བཞིན་ཡོད་པའི་ཚེ། །བསྟན་འཛིན་ཉི་མ་འོངས་པ་རྗེས་སུ་བཟུང་། །ཤཱཀྱའི་སྲས་ཞེས་བྱ་བའི་ཞལ་གདམས་བྱིན། །རྗེས་མའི་ལོ་ལ་སྐལ་ལྡན་དཔོན་སློབ་ཕེབས། །ཡོད་ཚད་ཕུལ་བའི་ཕུད་ལ་གསེར་སྐུ་བཞེངས། །སངས་ཡང་མཉམ་པོར་རྒྱ་བའི་སྨོན་ལམ་བཏབ། །དད་ཅན་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར། །ཆོས་བཤད་གཞན་ཕན་ཉི་མ་ཞེས་བྱ་སྦྱར། །སྐྱེ་བོ་ཕོ་མོ་མང་པོར་ཕན་ཐོགས་བྱུང་། །མདོར་ན་དབུས་གཙང་ལྷ་རྟེན་ཡོངས་ལ་མཇལ། །ཇོ་བོར་གསེར་ཀོང་ལ་སོགས་མཆོད་འབུལ་བྱས། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །དབུས་གཙང་ཞིང་གི་ལྷ་རྟེན་ཀུན་ལ་མཇལ། །གསེར་དངུལ་དར་ཟབ་སོགས་ཀྱིས་མཆོད་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བཅུ་པ་སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཙཱ་རི་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས་ལ་རོང་སྐོར་བརྒྱབ་ནས་སྒྲུབ་པ་བྱས་ཚུལ།

p. 416

ཙཱ་རི་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས་ལ་རོང་སྐོར་བརྒྱབ་ནས་སྒྲུབ་པ་བྱས་ཚུལ། བཅུ་བ་སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཙཱ་རི་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས་ལ་རོང་སྐོར་བརྒྱབ་ནས་སྒྲུབ་པ་བྱས་ཚུལ་ནི། དེ་ཡང་སྤྲེལ་ལོར་ཙཱ་རི་རོང་སྐོར་ལ་འགྲོ་སྙམ། ལྕགས་མོ་ལུག་ལོའི་མགོ་ཟླ་བའི་ཡར་ཚེས་ལ་ཆོས་ལུང་ནས་ཐོན་ཏེ་འདོད་དཔལ་མཁན་པོ་ཞི་བ་ཚེ་རིང་གི་ཕྱག་ནས། སྐྱབས་མགོན་འབྲུག་པ་རིན་པོ་ཆེའི་ཕྱག་མཛོད་སྡེ་ཆུང་ལ། ང་ཙཱ་རི་ནས་སྡོད་རིང་ལ་ཕན་གང་ཐོགས་གྱིས་དང་རྗེས་ནས་སྐུ་དྲིན་བསབ་ཆོག་ཅེས་པའི་ཡི་གེ་ཞིག་བླངས། ཨེ་དཀྱིལ་འཁོར་སྡེ་བ་སྟོབས་ལྡན་ལྷ་ས་རུ་འོངས་པ་དེ་སླར་ཡུལ་དུ་འགྲོ་བ་དང་ལྷན་དུ་འགྲོགས་ནས་སོང་། དེ་ཡང་སློབ་དཔོན་ཆེན་པོའི་ཞལ་ནས། ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི། །རྒྱ་གར་རྡོ་རྗེ་གདན་མཚུངས་བསམ་ཡས་འདི། །མིག་གིས་མཐོང་ཚད་ངན་སོང་སྐྱེ་སྒོ་ཆོད། །གང་དག་འདི་ལ་སྐོར་བ་སུས་བསྐོར་བ། །བཤན་པ་ཡིན་ཡང་མཐོ་རིས་གནས་སུ་སྐྱེ། །གང་ཞིག་བསམ་ཡས་འདི་ལ་ཕྱག་འཚལ་བ། །ཐུན་མོང་ཁྱད་པར་ཆེས་ཆེར་འཕགས་པར་འགྱུར། །ཞེས་པ་ལ་སོགས་པའི་བསྔགས་བརྗོད་མཐའ་ཡས་པ་མངའ་བའི་དཔལ་བསམ་ཡས་མི་འགྱུར་བའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་ལ་མཇལ་ནས་ཞག་གཅིག་བསྡད། ཁྲི་བ་ལ་མཇལ་ཕྱག་རྟེན་དུ་དངུལ་སྲང་གང་ཕུལ་ཕུར་བའི་རྗེས་གནང་ཞིག་ཞུས། མཆོད་

p. 417

འབུལ་བྱས་གསོལ་བ་བཏབ་ནས། ཡོན་བདག་བསོད་ནམས་ཅན་ཡ་རབས་རྩྭ་ཆང་དགའ་རུ་སོང་། དྲེའུ་ཤེད་ངན་ཞིག་ཡོད་པ་ཁོང་ཚང་ལ་བྱིན་འཚོ་ཆས་གང་དགོས་ཚད་དེ་ནས་ཁྱེར། །ནེའུ་རིང་གཏེར་སྟོན་སཱ་ལ་རིན་པོ་ཆེ་སྐུ་སྙུང་ཡོད་པ་དང་མཇལ། དྲེའུ་ཤེད་དགའ་བ་དེ་རུ་ཕུལ་ནས་ཆོས་འབྲེལ་ཞུས། ཉི་མ་ཁ་ཤས་ཞབས་བརྟན་ཕུལ། གསོལ་རས་བདག་རྐྱེན་གང་དགོས་གནང་། དེ་ནས་ཆོས་རྒྱལ་ལྷ་རྒྱ་རིའི་འབྲོག་རུ་ཡོད་ས་བརྒྱུད་དེ་བྱར་གསང་སྔགས་ཆོས་གླིང་དུ་སོང་། སྐྱབས་མགོན་འབྲུག་པ་ཐམས་ཅད་མཁྱེན་པར་མཇལ་དངུལ་སྲང་དགུ་ཕུལ་རྒྱུ་མཚན་རྣམས་ཞུས་པས་ཐུགས་མཉེས་པ་བྱུང་། ཕྱག་མཛོད་སྡེ་ཆུང་ལ་མཁན་པོས་གནང་བའི་ཡི་གེ་བྱིན་པས་གཅིག་གཟིགས་ནས་ཞབས་ཏོག་དོ་དམ་ལེགས་པོ་མཛད། དེ་ནས་ཉི་མ་ཁ་ཤས་ཀྱི་འཕྲོ་ནས་ཙཱ་རི་ཆོས་ཟམ་རྡོ་མཚན་ཚུལ་པ་གཉིས་བརྒྱུད་དེ་ཙཱ་རིའི་དཀྱིལ་འཁོར་ཐང་དུ་སོང་སྟེ། ཞག་པོ་མང་པོ་བསྡད་པའི་དུས་སུ་ཕྱོགས་ཕྱོགས་ནས་མཇལ་མི་མང་པོ་འཚོགས་པས་ཕྱག་མཆོད་ཁ་ཏོན་བྱེད་པ་དང་། ལ་ལས་གླུ་གར་ལེན་ཅིང་རོལ་མོ་དཀྲོལ། ལ་ལས་ཚོགས་མཆོད་འབུལ། གཞུང་ནས་གཡག་གཉིས་ཉི་མ་སྔ་ཕྱི་བྱས་གློ་ཁ་ཁྲར་བྱིན་པ་དེ་བཏགས་ནས་བཞག་ཡོད་པའི་ཐོག་ཏུ། མཐའ་འཁོབ་གློ་བ་མང་པོས་རུབ་ནས་གྲི་རིང་ཐུང་མང་པོས་བརྒྱབ་སྟེ་གསོན་པོར་རྐང་ལག་སོགས་ཤ་དང་པགས་པ་བཅད་ནས་འཁྱེར་བ་སོགས་ལས་བཟང་ངན་གཉིས་ཀ་བྱེད་པ་མཐོང་བའི་ཚེ། སེམས་ལ་

p. 418

དགའ་སྐྱོ་སྣ་ཚོགས་པ་ཤར་ནས་རང་གཞན་ཡོངས་ལ་ཕན་ཕྱིར་མགུར་དབྱངས་འདི་བླངས་སོ། །སྐྱབས་བསླུ་མེད་རྩ་གསུམ་ལྷ་ཚོགས་ལ། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །མི་འདིར་འཚོགས་ཚེ་འདིའི་བར་ཆད་སོལ། །ཚེ་ཕྱི་མར་དགེ་བའི་ཞིང་དུ་དྲོངས། །སྔོན་ལས་བཟང་སྨོན་ལམ་དག་པའི་མཐུས། །ས་དགེ་ལེགས་བཀྲ་ཤིས་གཡང་ཆགས་པ། །གནས་ཙཱ་རིའི་དཀྱིལ་འཁོར་ཐང་གི་དབུས། །ཡུལ་མི་གཅིག་སྐད་རིགས་མི་མཐུན་པའི། །སྐྱེས་ཕོ་མོ་དད་ཅན་འབུམ་ཕྲག་ལྷག །སུས་མ་བསྡུས་བཞིན་དུ་ཤུགས་ཀྱིས་འདུས། །ཕྱོགས་ཕྱོགས་སུ་གུར་བཀྲམ་སྤྱིལ་བུ་ཕུབ། །ཤོ་མ་བཏང་གོང་གི་ཞག་འགའ་ལ། །མི་ལ་ལས་ཕྱག་འཚལ་བསྒོམ་བཟླས་སོགས། །ལས་དེ་འདྲས་དལ་འབྱོར་དོན་ལྡན་མཛད། །གཞན་འགའ་རེས་གླུ་གར་རོལ་མོ་དཀྲོལ། །མ་མཁའ་འགྲོ་མཉེས་པའི་ཚོགས་མཆོད་འབུལ། །ཡུལ་མཐའ་འཁོབ་གློ་པ་མང་པོ་ཡིས། །མཚོན་ཐོགས་ནས་སེམས་ཅན་སྲོག་ལ་འཚེ། །ལས་བཟང་ངན་གཉིས་ལ་སྤྱོད་མཐོང་ཚེ། ནང་སེམས་ལ་དགའ་སྐྱོ་སྣ་ཚོགས་ཤར། །གློ་རྣམས་ཀྱིས་མནའ་བསྐྱལ་རང་ཡུལ་བསྙེགས། །གནས་མཇལ་མིས་དག་པ་ཤེལ་རི་བསྐོར། །ཀུན་མི་སྡོད་སོ་སོར་གྱེས་པ་ལྟར། །།ཆོས་ཐམས་ཅད་མི་རྟག་འདི་དང་མཚུངས། །ཡུལ་ཕ་མ་ཉེ་འབྲེལ་གྲོགས་མཆེད་ལ། །ཚེ་འདི་རུ་འགྲོགས་པ་ཡུད་ཙམ་ཡིན། །ཀུན་མི་སྡོད་འཇིག་རྟེན་ཕ་རོལ་འགྲོ །རང་འགྲོ་བའི་ནངས་པར་ཆོས་ཤིག་དགོས། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ལུས་སྲོག་ལ་བབས་ཀྱང་སྡིག་ལ་འཛེམས། །

p. 419

འདི་བཞིན་དུ་བྱེད་མཁན་སྐྱེས་བུ་ལ། །ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་འཆར། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །གནས་སྐོར་མིའི་སྐྱ་སེར་ཕོ་མོ་ཀུན། །ལུས་སེམས་ལ་སྡུག་བསྔལ་མི་འབྱུང་བར། །གནས་འཁོར་ནས་གཉེན་བཤེས་མཇལ་བར་སྨོན། །ཡུལ་མི་གཅིག་གནས་སྐོར་གྲོགས་མཆེད་ཀུན། །གནས་དག་པ་མཁའ་སྤྱོད་ཞིང་ཁམས་སུ། །ཚེ་ཕྱི་མར་མཇལ་བའི་སྨོན་ལམ་འདེབས། །ཡིད་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་བླངས། ཡང་ཉིན་གཅིག་དད་ཅན་གྱི་སྐྱེ་བོ་ཕོ་མོ་རྣམས་ལ་ཕན་ཕྱིར་གནས་ཀྱི་ཡོན་ཏན་ལ་བསྔགས་པའི་མགུར་འདི་བླངས་སོ། །གནས་དག་པ་ཤེལ་རིའི་ལྷ་ཚོགས་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྲང་བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །རང་སེམས་ལ་གང་ཤར་གླུ་རུ་ལེན། །དཔལ་ཧེ་རུ་ཀ་ཡི་གཞལ་ཡས་ཁང་། །མ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞིང་། །ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་མཆོག །གནས་ཁྱད་འཕགས་དཔལ་གྱི་ཙཱ་རི་ཏྲ། །ལྷའི་སྐུ་གཟུགས་ཡིག་འབྲུ་རང་བྱོན་དང་། །དགུན་སྔོ་ལྗང་རྩི་ཤིང་མེ་ཏོག་སོགས། །ངོ་མཚར་བའི་ལྟད་མོ་སྣ་ཚོགས་སྣང་། །གནས་འདི་འདྲ་མཇལ་བ་སྐལ་བ་བཟང་། །ཕྱག་སྐོར་བ་བྱས་ན་སྒྲིབ་གཉིས་འདག །ཚོགས་མཆོད་པ་ཕུལ་ན་ཚོགས་གཉིས་རྫོགས། །སྒོམ་སྒྲུབ་པ་མཛད་ན་ཉམས་རྟོགས་འཆར། །གནས་འདི་འདྲ་འཛམ་གླིང་འདི་ན་དཀོན། །ཉམས་རྟོགས་པ་འཆར་འདོད་སྒོམ་ཆེན་ཀུན། །གནས་འདི་

p. 420

རུ་བཞུགས་ལ་སྒོམ་སྒྲུབ་གྱིས། །ལས་སྡིག་སྒྲིབ་ཆེ་བའི་ཕོ་མོ་ཀུན། །གནས་འདི་ལ་ཕྱག་དང་སྐོར་བ་གྱིས། །རྒྱུ་ཚོགས་གཉིས་གསོག་པའི་གང་ཟག་རྣམས། །གནས་འདི་ལ་ཅི་འབྱོར་མཆོད་འབུལ་གྱིས། །གླུ་འདི་ཉིད་མཐོང་ཐོས་འགྲོ་ཀུན་གྱིས། །ཆོས་བྱས་ནས་མྱུར་དུ་སངས་རྒྱས་ཤོག །ཅེས་བླངས་པས་དེར་འཚོགས་པ་ཀུན་གནས་ལ་དད་ཅིང་གུས་པར་གྱུར་ཏོ།། དེ་ནས་ཨིངྒ་ར་ཞེས་པ་ཆུ་ཕོ་སྤྲེའུའི་ལོ་ཟླ་བ་དང་པོའི་ཚེས་གསུམ་ལ་ཤོ་བཏང་། ཤོའི་ནང་ལྟར་ཐམས་ཅད་ཙཱ་རིའི་རོང་སྐོར་ལ་སོང་བའི་ཚེ། ལམ་བར་ན་ལ་ལ་ན་ནས་འཆི་ལ་ཁད་པ་འདུག ལ་ལ་ཤི་བའི་རོ་ཡང་མཐོང་ནས། དེ་ཚོར་ཕན་པའི་སྐྱབས་འཇུག་དང་འཕོ་བ་བཏབ། འགའ་རེས་རང་གི་གྲོགས་པོ་ན་བ་བཞག་ནས་སོང་བས་རྗེས་ནས་འགྲོ་མ་ཐུབ་པར་བསྡད་ནས་ངུ་བ་མཐོང་། དེ་ཚོའི་ཐག་ཉེར་སོང་ནས་ད་དུང་གནས་བསྐོར་བའི་མཇུག་རྫོགས་ས་མི་འདུག ཉི་མ་ཁ་ཤས་སྡོད་དང་། རྗེས་ནས་དྲག་ཚེ་ཡོང་ཆོག་ཅེས་སེམས་གསོ་བཏང་སྨན་དང་བྲོ་ཁ་བཞག་ནས་འོང་། འགའ་རེས་གྲོགས་པོ་ན་བ་ཁུར། ལ་ལས་དེའི་ཁུར་པོ་ཁུར་ནས་འོང་བ་མཐོང་ཚེ། ང་ཐག་ཉེར་སོང་ནས་ཁྱེད་ཚོ་ཁྲེལ་ཡོད་རེད་ག་ལེ་སོས་དལ་གྱིས་ལ་ཤོག་དང་། ཤོག་ཆུའི་ཁར་ཐག་ཉེ་བར་གདའ་ཞེས་སེམས་དཔངས་བསྟོད། གཞན་ཡང་དཀའ་ལས་མྱོང་མཁན་རྣམས་ལ་ཕན་གང་ཐོགས་བྱས། དེ་དུས་མི་ཕལ་ཆེ་བ་ཞིག་གིས་དཀའ་ལས་མྱོང་བ་མཐོང་བའི་ཚེ་སྙིང་རྗེ་སྐྱེས་པ་བྱུང་། རང་གིས་ཀྱང་དཀའ་ལས་མྱོང་བཞིན་འོང་ཚེ་སྡིག་སྒྲིབ་ཐམས་ཅད་དག་ཡོད་སྙམ། དེ་ནས་ཡུལ་སྨད་དུ་སླེབས་

p. 421

དུས་སེམས་དགའ་བ་བྱུང་། ཆོས་ཟམ་དུ་འོང་སྟེ་སྐོར་མི་ཐམས་ཅད་ཀྱིས་ཇ་བསྐོལ་ནས་འཐུང་། རང་རང་གི་ཁུར་བོ་རྣམས་བསྡམས་ཏེ་ཕ་ཚད་དུ་བཞག་ནས། གནས་སྐོར་པ་ཕལ་ཆེ་བ་ངའི་མཐའ་ལ་འདུས་ནས། ཁྱེད་གང་དུ་ཕེབས་པ་ཡིན། ངེད་ཚོའི་ཡུལ་ཀོང་པོ་དང་ཁམས་ཕྱོགས་ཚོར་ལན་རེ་ཕེབས་ཟེར། དེར་ངས་ད་རེས་གངས་ཏེ་སེ་དང་ལ་ཕྱི་བཅས་གནས་གསུམ་བསྐོར་དུ་འགྲོ ཁྱེད་ཚོའི་ཡུལ་ཕྱོགས་ཚོ་ལ་ཡང་འོང་བའི་སྨོན་ལམ་འདེབས། འོན་ཀྱང་མིའི་སྐྱེ་འཆི་ལ་ངེས་པ་མེད། ས་ཁ་ཐག་རིང་པོས་བར་ཆོད་ནས་ཕྱིན་ཆད་མ་འཕྲད་ན་ཡང་། ངས་ཁྱེད་རྣམས་ལ་ཚེ་འདི་ཕྱིར་ཕན་པའི་སྐྱབས་འཇུག་བྱ། ཁྱེད་རྣམས་ཀྱིས་ཀྱང་ནམ་འཆི་ཆ་མེད་སོམས་ལ་ཚེ་འདིར་ཧ་ཅང་མི་ཆགས་པར་ཚེ་ཕྱི་མར་ཕན་པའི་ཆོས་རེ་གྱིས། གལ་ཏེ་ཆོས་རྒྱ་ཆེན་པོ་མ་ནུས་ཀྱང་། སྲོག་གཅོད་ཀྱི་སྡིག་པ་མ་བྱེད། འཆི་ཁར་བླ་མ་དཀོན་མཆོག་ཡིད་ལ་དྲན་པར་གྱིས་ལ་གསོལ་བ་ཐོབ་དང་། ཕྱི་མར་དག་པའི་ཞིང་དུ་མཇལ་བའི་སྐལ་བ་ཡོད་ཅེས་སེམས་ལ་ཕན་པའི་ཁ་ཏ་མང་པོ་བྱས་པས་ཀུན་ཀྱང་ང་ལ་སེམས་འཕྲེང་བཞིན་དུ་འགྲོ་མ་ཕོད་པར་སྡོད་དུས། ཁམས་ཆགས་མེད་དགོན་གྱི་ཐག་ཉེའི་ཡིན་ཟེར་བའི་ཇོ་མོ་དད་ཅན་ཞིག་གིས་ཕྱག་འཚལ་ཞིང་མཆི་མ་མང་པོ་གཏོང་བཞིན་དུ། །རྗེ་སྐྱབས་མགོན་ཡིད་བཞིན་ནོར་བུ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱེད་དཔོན་སློབ་སྐུ་ཁམས་བཟང་པོའི་སྒོས། །སྟོད་གངས་དཀར་ཕྱོགས་

p. 422

སུ་བདེ་བར་ཕེབས། །ངེད་རྣམས་ཀྱང་རང་རང་ཡུལ་ལ་འགྲོ །བགེགས་བར་ཆད་མེད་པའི་སྐྱབས་འཇུག་ཞུ། །ཚེ་འདི་རུ་ད་དུང་མཇལ་བར་ཤོག །ཚེ་ཕྱི་མའི་ཡུལ་དུའང་མཇལ་བར་ཤོག །ཞལ་བར་དོའི་སྐབས་སུའང་མཇལ་བར་ཤོག །དུས་ཡང་དང་ཡང་དུ་མཇལ་བར་ཤོག །ཅེས་པ་ལ་སོགས་པའི་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀྱིས་སྨོན་ལམ་མང་པོ་འདེབས་བཞིན་སོང་ཚེ། གཞན་རྣམས་ཀྱང་སྔ་ཕྱི་བྱས་ཕལ་ཆེར་གྱི་མིག་ནས་མཆི་མ་གཡོ་བཞིན་མི་རྟག་པའི་རྣམ་འགྱུར་བསྟན་ནས་མཐར་ཐམས་ཅད་སོ་སོར་གྱེས་ནས་རང་རང་གི་ཡུལ་དུ་སོང་ངོ་། །ངེད་དཔོན་སློབ་རྣམས་འབྲུག་པ་རིན་པོ་ཆེའི་གདན་ས་བྱར་གསང་སྔགས་ཆོས་གླིང་དུ་ཚུར་འོང་། སྐྱབས་མགོན་འབྲུག་པ་ཐམས་ཅད་མཁྱེན་པར་མཇལ། ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང་དང་ཕྱག་ཆེན་གྱི་སྔོན་འགྲོ་དངོས་གཞི་ཆ་ཚང་བའི་ལུང་ཁྲིད་ཞུས། ཟླ་བ་གཅིག་ཙམ་ལ་ངལ་གསོས་ནས་བསྡད། དེ་ནས་སྐལ་ལྡན་སོགས་ཞབས་ཕྱི་སློབ་མ་རྣམས་དབུས་ལྷོ་ཁའི་རི་ཁྲོད་དུ་མཚམས་སྒྲུབ་བྱེད་དུ་བཏང་། བདག་གིས་འབྲུག་པ་ཐམས་ཅད་མཁྱེན་པས་གསོལ་རས་མཐུན་རྐྱེན་གནང་བ་རྣམས་ཁྱེར་ནས་སླར་སྔ་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲའི་བྱང་ཕྱོགས་ཀླུ་བདུད་ནག་པོ་ཞེས་བྱ་བ་སྐྱེ་འགྲོ་གང་གི་ཁར་སོང་ན་ཀླུ་ནད་སོགས་ནད་ཀུན་སེལ་ཞིང་མཆོག་ཐུན་གྱི་དངོས་གྲུབ་ཀུན་སྟེར་བའི་ངོ་མཚར་ཅན་གྱི་རྩྭ་དེ་སྐྱེ་བའི་ས། ཉམས་རྟོགས་ཡོན་ཏན་ཀུན་ཅིག་ཆར་དུ་འཁྲུངས་པའི་བརྡར་སའི་མིང་ཡང་ཅིག་ཆར་ཞེས་འབོད་པའི་དབེན་གནས། ཕྱག་ན་པདྨོའི་རྣམ་འཕྲུལ་ཀུན་མཁྱེན་

p. 423

པདྨ་དཀར་པོས་བཞེངས་པའི་གཟི་བརྗིད་རབ་འབར་ཕག་མོ་ཞལ་གཉིས་མ་དངོས་དང་མཚུངས་པའི་སྐུ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མི་ཚད་ལས་ལྷག་པ་གཅིག་སོགས་སྐུ་གསུང་ཐུགས་རྟེན་བྱིན་ཅན་དུ་མ་བཞུགས་པའི་གཙུག་ལག་ཁང་གསེར་གྱི་རྒྱུ་ཕིབས་ཏོག་གིས་ཀུན་ནས་མཛེས་པར་བྱས་པའི་ཐག་ཉེ་ཡང་དགོན་ཞེས་པ་རི་ངོས་ལྗོན་ཤིང་སྣ་ཚོགས་གཡུ་དང་མུ་མེན་མུ་ཏིག་གི་དྲ་བ་དྲ་ཕྱེད་ལྟར་བྲེས་པའི་གསེབ། རང་ཤོང་བསམ་གཏན་ཁང་བུ་ཉམས་དགའ་བ་ཞིག་ནས། རང་ཉིད་གཅིག་པུར་ལོ་གཅིག་དང་ཟླ་བ་གཅིག་སྡོད་པའི་རིང་ལ་ཉམས་ལེན་ཤ་སྟག་བྱས་པས་ཉམས་སྣང་ལ། དུས་བཟང་རྣམས་སུ་ཕོ་བྲང་གཡུ་མཚོའི་ཕྱོགས་སུ་དཔའ་བོ་མཁའ་འགྲོ་མང་པོ་ཕར་ཕེབས་ཚུར་ཕེབས་བྱེད་པ་མཐོང་བ་དང་། དཔའ་བོ་མཁའ་འགྲོས་ཚོགས་འཁོར་སྐོར་བའི་གྲལ་དུ་སོང་ནས་ཚོགས་ལ་རོལ་ཞིང་རྡོ་རྗེའི་གླུ་དབྱངས་ཐོས་པ་སོགས་མཁའ་འགྲོའི་བྱིན་རླབས་ཀྱིས་གསང་སྔགས་བསྐྱེད་རྫོགས་ཉམས་སུ་ལེན་པའི་རྣལ་འབྱོར་པས་ཐབས་ལམ་བསྟེན་པ་སོགས་ཆོས་དང་གང་ཟག་མཆོག་དམན་ཡོངས་ལ་དད་གུས་དག་སྣང་རྩོལ་མེད་དུ་སྐྱེས་པ་བྱུང་། ཉིན་གཅིག་ཕྱོགས་ཕྱོགས་ཀྱི་གཏམ་མང་པོ་ཐོས་པ་ལ་བརྟེན་ནས་འདི་སྐད་ཅེས་སྨྲས་སོ། །ཀཉྩའི་ཡུལ་གྱི་རྒྱལ་ཕྲན་འགས། །ཕ་རྒན་བསད་ནས་རྒྱལ་ས་འཛིན། །ལྷོ་མོན་ཡུལ་གྱི་མཐའ་ཞིག་ན། །མ་རྒན་བསད་ནས་མནའ་མ་ལེན། །བལ་པོ་འགའ་རེས་ཕོ་ཤི་ན། །མོ་ཡང་

p. 424

ལྷན་དུ་གསོན་སྲེག་བྱེད། །ཕྱི་རོལ་རྒྱལ་པོ་ཁ་ཅིག་གིས། །མི་བསད་གུ་ལང་དབང་ཕྱུག་མཆོད། །མཐའ་འཁོབ་གློ་ན་ཕ་དང་མའི། །དགེ་རྩོར་སྲོག་ཆགས་ཅི་གསོད་བྱེད། །ཀོང་པོའི་ཕྱོགས་ན་དུག་གིས་མི། །བསད་ནས་བསོད་ནམས་སྐྱེ་བར་རློམ། །འཇིག་རྟེན་ཁམས་ན་དེ་འདྲ་ཡིས། །གོ་ལོག་བྱེད་མཁན་མང་པོ་ཐོས། །སྡུག་བསྔལ་སྡིག་པའི་འབྲས་བུ་རུ། །མ་ཤེས་འགྲོ་བ་སྙིང་རེ་རྗེ། །ད་རེ་དམ་པའི་ཆོས་དར་བའི། །ཡུལ་དུ་སྐྱེས་པ་སྐལ་བ་བཟང་། །མཚན་ལྡན་དགེ་བའི་བཤེས་གཉེན་གྱི། །དྲིན་གྱིས་དགེ་སྡིག་ངོ་ཤེས་བཞིན། །མི་དགེ་སྡིག་པ་བྱེད་པའི་མི། །ཤེས་བཞིན་གཡང་ལ་མཆོངས་པ་འདྲ། །དེ་འདྲའི་སྨྱོན་པ་གཞན་ན་མེད། །དགེ་བ་སྒྲུབས་ཤིག་ཤེས་ལྡན་རྣམས། །ཞེས་སྨྲས་ནས་ལས་རྒྱུ་འབྲས་གོ་མ་ལོག་པ་ཞིག་ཤེས་པ་འདི་ཡང་བླ་མ་རྣམས་ཀྱི་བཀའ་དྲིན་ཡིན་པར་གདའ་སྙམ། སྡིག་སྤོང་དགེ་སྒྲུབ་ལ་སྔར་བས་བརྩོན་པར་བྱས་ཏེ། རྗེ་མི་ལས། ང་ཤི་ཡང་དགའ་སྟེ་སྡིག་མ་བྱས། །གསོན་ཡང་དགའ་སྟེ་དགེ་སྦྱོང་འཕེལ། །གསུངས་པའི་དོན་ཐོག་ཏུ་བབས་པའི་ཚེ། ད་ཤི་འགྲོ་ཡང་འགྱོད་པ་མི་འདུག་སྙམ་དགའ་ཚོར་ཆེན་པོ་བྱུང་། ཡོན་བདག་དད་ཅན་ཕྱུག་མོ་ཡིད་འཛིན་ལྷ་མོས་དགེ་བའི་གསལ་འདེབས་སུ་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་འདི་སྐད་ཅེས་ཕུལ་ལོ། །གསེར་གཡུ་བྱི་རུའི་རྒྱན་ཆ། །ད་ལྟ་འདོགས་དུས་དགའ་ཡང་། །རྒྱན་ཆ་ཅི་ཡོད་བཞག་ནས། །ཕྱི་མར་འགྲོ་དུས་སྐྱོ་ཡོང་། །གཟུགས་མཛེས་སེམས་བཟང་གྲོགས་ལ། །ད་ལྟ་འགྲོགས་དུས་དགའ་ཡང་། །བཟའ་མི་བྱེ་

p. 425

བྲལ་བྱས་ནས། །ཕྱི་མར་འགྲོ་དུས་སྐྱོ་ཡོང་། །ཟས་ནོར་ལོངས་སྤྱོད་གང་དགོས། །ད་ལྟ་འཛོམ་དུས་དགའ་ཡང་། །ཅི་ཡོད་ཤུལ་དུ་བཞག་ནས། །ཕྱི་མར་འགྲོ་དུས་སྐྱོ་ཡོང་། །དལ་འབྱོར་མི་ལུས་རིན་ཆེན། །ད་ལྟ་ཐོབ་དུས་དགའ་ཡང་། །ཆོས་མེད་ལག་སྟོང་བྱས་ནས། །ཕྱི་མར་འགྲོ་དུས་སྐྱོ་ཡོང་། །དེའི་ཕྱིར་ཡིད་འཛིན་ལྷ་མོ། །ཡུན་རིང་སྡོད་གཤོམས་མ་མཛད། །མི་ནོར་ཟས་གསུམ་གང་ལའང་། །ཧ་ཅང་ཆགས་ཞེན་མ་ཆེ། །ནམ་འཆི་ཆ་མེད་སོམས་ལ། །གཡུ་བྱིར་རྒྱན་ཆར་མ་དགའ། །ནམ་ཡང་བཟའ་འཁོན་མ་བྱེད། །ནོར་ལ་སེར་སྣ་མ་ཆེ། །དོན་མེད་རྣམ་གཡེང་མ་བྱེད། །ལུས་ཀྱིས་ཕྱག་དང་སྐོར་བ། །ངག་གིས་ཁ་ཏོན་བཟླས་བརྗོད། །སེམས་ཀྱིས་དད་གུས་དག་སྣང་། །བྱམས་དང་སྙིང་རྗེ་སྒོམས་ཤིག །བླ་མ་དཀོན་མཆོག་མཆོད་པ། །དབུལ་བོ་རྣམས་ལ་སྦྱིན་པ། །དགེ་འདུན་རྣམས་ལ་བསྙེན་བཀུར། །བྲན་གཡོག་རྣམས་ལ་གང་བྱམས། །དེ་ལྟར་བྱས་ན་ཚེ་འདིར། །བདེ་སྐྱིད་སྙན་གསུམ་འབྱུང་ཞིང་། །ཕྱི་མར་བདེ་ནས་བདེ་བར། །འགྲོ་ཞེས་ཐུབ་པས་གསུངས་སྣང་། །རྣལ་འབྱོར་དཔོན་སློབ་འཁོར་བཅས། །ཚེ་འདིར་མཇལ་བ་ཡུད་ཙམ། །ཕྱི་མར་དག་པའི་ཞིང་ནས། །མཇལ་བའི་སྨོན་ལམ་འཚལ་ལོ། །ཞེས་ཕུལ་བ་འཕྲོད་ནས་བཟུང་ཞལ་གདམས་ཀྱི་ནང་ལྟར་བྱས་ནས་འཆི་ཁར་ལམ་སྣ་ཟིན་པ་བྱུང་ངོ་། །ཉིན་གཅིག་སློབ་བུ་ཀུན་བཟང་གཞན་ཕན་གྱིས་གནས་བསྟོད་ཅིག་དགོས་ཞེས་བསྐུལ་ངོར། སྐལ་ལྡན་ལས་སྣང་དག་པའི་སྣང་ངོར་དག་པ་མཁའ་

p. 426

སྤྱོད་དངོས་དང་མཚུངས་ཤིང་། ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུར་བཞུགས་པའི་ཞིང་ཁམས་ཆེན་པོ་གནས་ཆེན་དཔལ་གྱི་ཙཱ་རི་ཏྲའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་ནང་ནས་ཆུ་ཐིགས་ཙམ་དང་མཚུངས་པའི་བསྟོད་པ་ཉུང་ངུ་འདི་སྨྲས། །དཀར་ཞིང་དྭངས་ལ་ཤེལ་དཀར་མདོག །དབུས་རི་རྒྱལ་པོ་གདན་བཞུགས་འདྲ། །མཐའ་ན་རི་བྲག་བློན་བཞིན་མང་། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །ལྗོན་ཤིང་མེ་ཏོག་འབྲས་བུས་མཛེས། །སྤང་ལྗོངས་ནེའུ་གསིང་གསེར་གཞོང་འདྲ། །མཚོ་གཡུའི་མཎྜལ་ཇི་བཞིན་བཤམས། །ཆུ་རྣམས་དར་དཀར་བཞིན་དུ་འཐེན། །ངང་བས་མགྲིན་པའི་རྫ་རྔ་རྡུང་། །བྱ་བྱེའུ་པི་ཝང་གླིང་བུ་འབུད། །བུང་བུས་གླུ་བླངས་གར་ཡང་བསྒྱུར། །ཉམས་དགའ་རིག་པ་དྭགས་པའི་ས། །གྲུབ་ཐོབ་གོང་མ་བཞུགས་པའི་གནས། །དཔའ་བོ་མཁའ་འགྲོ་འདུ་བའི་ཞིང་། །གནས་ཆེན་ཉི་ཤུ་རྩ་བཞིའི་མཆོག །དག་པ་མཁའ་སྤྱོད་དང་མཚུངས་པའི། །ངོ་མཚར་དཔལ་གྱི་ཙཱ་རི་ཏྲའི། །དབུས་ཀྱི་དག་པ་ཤེལ་རི་ལ། །ལྷ་ཚོགས་ཉིས་སྟོང་བརྒྱད་བརྒྱ་བཞུགས། །མཐའ་བསྐོར་རི་བྲག་མཚོ་ཤིང་རེར། །དཔའ་བོ་མཁའ་འགྲོ་གྲངས་མེད་གནས། །འདིར་འདུས་སྐྱེ་བོ་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོའི་རིགས་ཅན་ཡིན། །གནས་འདིར་བཞུགས་ནས་ཆོས་སྒྲུབ་པའི། །རྒྱུད་ལ་ཉམས་རྟོགས་ཡོན་ཏན་སྐྱེ། །དངོས་སམ་ཉམས་དང་རྨི་ལམ་ལ། །དཔའ་བོ་མཁའ་འགྲོའི་ཞལ་གཟིགས་འབྱུང་། །ཚོགས་མཆོད་མར་མེ་གཅིག་ཕུལ་ན། །གནས་

p. 427

སྐབས་ཚེ་དང་བསོད་ནམས་རྒྱས། །ཤི་ཚེ་དཔའ་བོ་མཁའ་འགྲོ་ཡིས། །མཁའ་སྤྱོད་དག་པའི་ཞིང་དུ་འདྲེན། །ཕྱག་དང་སྐོར་བ་གཅིག་བྱས་ཀྱང་། །ཤིན་ཏུ་སྡིག་ཅན་མི་ཡིན་ཡང་། །ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད། །མཐོ་རིས་ལྷ་མིའི་གནས་སུ་སྐྱེ། །འདི་རུ་གནས་པའི་སྲོག་ཆགས་རྣམས། །དམྱལ་བའི་གནས་སུ་ལྟུང་མི་སྲིད། །རྩྭ་ཟོས་ཆུ་འཐུང་དུད་འགྲོ་རྣམས། །སྒྲིབ་བྱང་མ་འོངས་མི་ལུས་འཐོབ། །གནས་འདི་མཐོང་ཐོས་དྲན་རེག་དང་། །དད་མོས་མཆོད་བསྟོད་བཀུར་བ་སོགས། །འབྲེལ་ཚད་ཐམས་ཅད་དོན་ལྡན་ཞེས། །ཚད་ལྡན་མཁས་གྲུབ་དུ་མས་གསུངས། །གནས་འདིའི་ཕྱི་ནང་གསང་གསུམ་གྱི། །ཡོན་ཏན་ཡོད་ཚད་མ་ལུས་པ། །བདག་གིས་ལྕེ་སྟོང་རབ་སྤྲུལ་ནས། །བསྐལ་བ་སྟོང་ཕྲག་གཅིག་ཙམ་ལ། །བཤད་ཀྱང་བརྗོད་ཀྱིས་ག་ལ་ལང་། །དེའི་ཕྱིར་དད་ཅན་ཕོ་མོ་རྣམས། །གནས་མཆོག་འདི་ཉིད་མཆོད་བསྟོད་བཀུར། །ཕྱག་དང་སྐོར་བ་རྒྱུན་དུ་གྱིས། །ཞེས་དམ་པ་གོང་མའི་གསུང་ལྟར་སྨྲས་པ་ཡིན་པས་ཀུན་གྱིས་ཚད་མར་ཟུངས་ལ་གནས་ལ་ཕྱག་མཆོད་སྐོར་བ་གྱིས་ཤིག་ཅེས་གདམས་སོ། །སྐབས་ཤིག་གནས་དེར་ཅིག་ཆར་རྡོར་འཛིན་རྔ་སྒྲ་སྤྲུལ་སྐུ་རིན་པོ་ཆེའི་དྲུང་ནས་ཀུན་མ ཁྱེན་པདྨ་དཀར་པོའི་རྣམ་ཐར་དང་མགུར་འབུམ་གྱི་ལུང་ཞུས། གཞན་ཡང་གྲུབ་ཆེན་དམ་ཆོས་བཟང་བོ་ལ། ནཱ་རོ་ཆོས་དྲུག་དང་འཁྲུལ་འཁོར་བསྲེ་བ་བརྒྱ་བརྒྱད་པའི་ཁྲིད་ཞུས། ཅིག་ཆར་སྒྲུབ་སྡེའི་གྲུབ་ཆེན་བཅུ་གསུམ་གྱིས་གཏུམ་མོའི་ཆེ་བ་འདོན་ཕྱིར་དགུན་

p. 428

ཤིན་ཏུ་གྲང་བའི་སྒང་ལ་གཟན་རྐྱང་རེ་གྱོན་ཞག་རེ་ཙམ་གངས་རིའི་ཐག་ཉེའི་ཁ་བའི་ཐང་ནས་བཞུགས། ནངས་ཞོགས་སྔ་མོ་ནས་ཙཱ་རིའི་ཡོན་བདག་ཚུལ་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་འཕྱུར་ནས་བསུ་རུ་སོང་བ་དང་། ཐམས་ཅད་ཀྱི་སྐུ་རླངས་པ་ཕྱུར་རེ་བཞེངས་ནས་ཕེབས་པ་མཐོང་བས་མི་ལ་རས་པའི་བུ་རྒྱུད་ལ་དད་པ་རང་དབང་མེད་པར་སྐྱེས་པ་བྱུང་། དེ་ནས་སྔོན་སྦྱངས་ལས་འཕྲོ་ཅན་སྐལ་ལྡན་སྙིང་གི་བུ་མཆོག་ཀུན་བཟང་རང་གྲོལ་དང་། དད་གཏོང་ཤེས་རབ་སོགས་འཕགས་པའི་ནོར་གྱིས་ཕྱུག་པའི་སྐལ་ལྡན་རང་གྲོལ་གཉིས་ཀྱིས། ད་ལྟའི་རྗེས་འཇུག་རྣམས་དང་མ་འོངས་པའི་རི་ཁྲོད་པ་རྣམས་ལ་ཕན་ཐོགས་པའི་ཆོས་བཤད་རྒྱས་པ་ཞིག་བརྩམ་དགོས་ཞེས་བསྐུལ་ངོར། བཀའ་བརྒྱུད་གོང་མའི་ལུང་གིས་བརྒྱན་ཏེ་ཆོས་བཤད་གཞན་ཕན་ཟླ་བ་ཞེས་བྱ་བ་བརྩམས། གྲུབ་མཐའ་རིས་མེད་ཀྱི་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་འབྱུང་བའི་ཆོས་བཤད་ཅིག་དགོས་ཚུལ་གྱི་རྒྱུ་མཚན་རྣམས་རྒྱས་པར་ཞུས་པའི་ངོར། ལུང་རིགས་གཉིས་ཀྱིས་བརྒྱན་པའི་ཆོས་བཤད་གཞན་ཕན་ནོར་བུ་དང་ལེགས་བཤད་ཀུན་བཟང་མཆོད་སྤྲིན་གཉིས་བརྩམས་ནས་སློབ་བུ་ཀུན་བཟང་ལ་ལུང་བྱེད་པའི་སྐབས་སུ། རང་ཉིད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྐུར་གསལ་བཏབ་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུ་དུས་གསུམ་གྱི་མཆོད་འོས་སྐྱབས་ཡུལ་མ་ལུས་པ་སྤྱན་དྲངས་ནས། དངོས་འབྱོར་ཡིད་ཀྱིས་སྤྲུལ་བའི་མཆོད་སྤྲིན་ནམ་མཁའི་ཁམས་གང་བར་སྤྲོས་ཏེ་མཆོད་བསྟོད་གསོལ་བ་བཏབ། བསྟན་འགྲོ་ཡོངས་ལ་ཕན་པའི་

p. 429

བྱིན་རླབས་ཞུས། །སེམས་ཅན་ཐམས་ཅད་རང་གི་མདུན་དུ་གསལ་བཏབ། སྟོང་གསུམ་མི་མཇེད་ཀྱི་འགྲོ་བ་ཡོངས་ཀྱི་རྣ་ལམ་དུ་ཆོས་ཀྱི་སྒྲ་སྙན་པའི་དབྱངས་ཀྱིས་བསྒྲགས་པས་ཀུན་གྱིས་ཐོས། ཚིག་དོན་གྱི་གནས་ཀུན་རྟོགས་པར་དམིགས་ཏེ་སྒྲ་དག་པར་བཏོན་ནས་ལུང་བྱིན་གླེགས་བམ་མགོ་ཐོག་ཏུ་བཞག་སྟེ། ཆོས་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་ཡོངས་ལ་ཕན་པའི་སྨོན་ལམ་རྒྱ་ཆེན་པོ་བྱས་ཚེ། གནས་ཀྱི་ལྷ་མཁའ་འགྲོའི་བྱིན་རླབས་ལས། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་ཁྲ་ལམ་མེར་བཞུགས་པ་རྣམས་ཐུགས་དགྱེས་པའི་རྟགས་སུ་ཞལ་རས་འཛུམ་ཞིང་ཐུགས་ཀ་ནས་འོད་ཟེར་མང་པོ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་ཏེ། ཀྱི་རྒྱལ་བའི་སྲས་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རྒྱལ་བ་རྣམས་ཀྱི་ཐུགས་དམ་སྐོང་ཞིང་། འགྲོ་བ་ཀུན་གྱི་ཡིད་ཚིམ་པའི་སྔོན་མེད་ལེགས་བཤད་བཟང་པོ་དེ་ཡིན་པས་ངོ་མཚར་ཆེ། རིགས་ཀྱི་བུ་ཁྱོད་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ། འགྲོ་བ་ཡོངས་ཀྱི་སྐྱབས་མགོན་དུ་མངའ་གསོལ་བ་ཡིན་ནོ་ཞེས་དབུགས་དབྱུང་གཟེངས་བསྟོད་ཅིང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་རབ་ཏུ་མཛེས་པའི་གར་སྟབས་སྣ་ཚོགས་སྒྱུར་བཞིན། མི་འགྱུར་ལྷུན་པོ་མ་སོགས་བཀྲ་ཤིས་པའི་གླུ་དབྱངས་བླངས། འཇའ་འོད་ཀྱི་སྤྲིན་འདུས། མེ་ཏོག་གི་ཆར་བབས། རོལ་མོའི་སྒྲ་བསྒྲགས་

p. 430

པ་སོགས་ངོ་མཚར་བའི་ཉམས་སྣང་སྣ་ཚོགས་པ་ཤར་ཞིང་། དངོས་སུ་ཡང་ནམ་མཁར་འཇའ་ཚོན་ཁ་དོག་ལྔ་ལྡན་ཤར། མེ་ཏོག་དཀར་པོའི་ཆར་བབས། དུང་དང་རྔ་སོགས་རོལ་མོའི་སྒྲ་གྲགས་པ་ཉེ་འཁོར་བ་ཕལ་ཆེར་གྱིས་མཐོང་ཞིང་ཐོས་པ་བྱུང་། ངེད་དཔོན་སློབ་གཉིས་ཀྱིས་རྟེན་འབྲེལ་བཟང་། ཆོས་འདིས་མ་འོངས་པའི་གང་ཟག་མང་པོ་ལ་ཕན་ཐོགས་པར་འདུག་སྙམ་རབ་དགའི་ས་ཐོབ་པ་ལྟ་བུའི་དགའ་སྤྲོ་ཤར་ནས། ཉམས་དགའ་ཞིང་སྐྱིད་པའི་རྒྱང་གླུ་མང་པོ་བླངས་སོ། །དེ་དུས་ཅིག་ཆར་སྒྲུབ་སྡེའི་གྲུབ་ཆེན་འགའ་རེས་ཁྱེད་ཀྱིས་བླ་མ་སུ་བསྟེན། དམ་ཆོས་གང་ཞུས། ཉམས་ལེན་གང་ལ་བྱས་ཟེར་བའི་ལན་དྲང་པོར་སྨྲས་ནས་མཇུག་ཏུ་མགུར་དབྱངས་འདི་བླངས་སོ། །དང་པོ་བླ་མ་བླ་མར་བསྟེན། །བར་དུ་དཔེ་ཆ་བླ་མར་བསྟེན། །ཐ་མ་རང་སེམས་བླ་མར་བསྟེན། །བླ་མ་ཐར་པའི་ལམ་སྟོན་ལ། །དམ་ཆོས་སོ་སོ་ཐར་པ་ཞུས། །ཉམས་ལེན་སྡིག་སྤོང་དགེ་སྒྲུབ་བྱས། །བླ་མ་བྱང་ཆུབ་སེམས་དཔའ་ལ། །དམ་ཆོས་ཐེག་ཆེན་སེམས་བསྐྱེད་ཞུས། །ཉམས་ལེན་བདག་པས་གཞན་གཅེས་བྱས། །བླ་མ་རྡོ་རྗེ་འཛིན་པ་ལ། །དམ་ཆོས་གསང་སྔགས་དབང་ཁྲིད་ཞུས། །ཉམས་ལེན་བསྐྱེད་རྫོགས་རྫོགས་ཆེན་བསྒོམས། །བླ་མ་རྣམ་པ་སྣ་ཚོགས་ལ། །དམ་ཆོས་འབྲེལ་བ་སྣ་རེ་ཞུ། །ཉམས་ལེན་དད་གུས་དག་སྣང་སྦྱངས། །ཞེས་ཀུ་རེ་རྩེ་མཚར་གྱི་ཚུལ་དུ་སྨྲས་པས་ཁོང་རྣམས་ཀྱང་རབ་ཏུ་དགའ་ཞིང་དད་པར་གྱུར་ཏོ། །ཡང་འགའ་རེས་ཁྱེད་ཀྱི་མགུར་དབྱངས་ཀློང་ནས་བརྡོལ་བ་རེད་གཞན་ལྟར་

p. 431

འབད་རྩོལ་མི་དགོས་པར་ནམ་འདོད་དུས་ཐོགས་པ་མེད་པར་འཐེན་ཆོག་པ་ཡ་མཚན་ཆེ་ཟེར་བའི་ལན་དུ་ཡིད་ལ་ཤར་བ་ལྟར་མགུར་དབྱངས་འདི་བླངས་སོ། །དྲང་སྲོང་ཐང་དཀར་རྒོད་པོ་དེ། །ཚང་གི་ནང་ནས་གཤོག་སྒྲོ་རྒྱས། །གཡང་ས་ཆོད་དུས་ནམ་མཁར་འཕུར། །ད་ལྟ་ནམ་འཕང་ཆེས་ཆེར་བསྟོད། །མཚན་ལྡན་བླ་མའི་སློབ་བུ་ངས། །བླ་མའི་དྲུང་ནས་ཐོས་བསམ་བྱས། །སྒྲོ་འདོགས་ཆོད་དུས་རི་ཁྲོད་འགྲིམས། །ད་ལྟ་བསྒོམ་ལ་ཆེས་ཆེར་བརྩོན། །ལྷ་བྱ་ཡིད་འོང་གོང་མོ་ཡིས། །གཡའ་སྤང་ཁྲོད་ནས་རྩྭ་ཆུ་བཙལ། །ད་ལྟ་གངས་གཡའི་མཚམས་ན་བསྡད། །ན་བུན་ཁྲོད་ན་སྐད་སྙན་བསྒྱུར། །གངས་ཅན་བོད་ཡུལ་གླུ་པ་ངས། །རོང་དང་འབྲོག་ནས་ལྟོ་གོས་བཙལ། །ད་ལྟ་དབེན་པའི་རི་ན་བསྡད། །བུ་སློབ་ཁྲོད་ན་གླུ་དབྱངས་ལེན། །རྭ་བཅུ་རྒྱས་པའི་ཤ་བ་ཡིས། །རི་བོའི་རྩེ་ནས་རྒྱང་སོ་བལྟས། །ཤོད་དུ་འོངས་ནས་དཀྱུས་རྩེད་བྱས། །སླར་ཡང་རྫ་རི་མཐོན་པོ་བསྙེགས། །རིག་པ་རྒྱས་པའི་རྣལ་འབྱོར་ངས། །རི་ཁྲོད་དབེན་པར་ཕན་སེམས་སྦྱངས། །གྲོང་དུ་སོང་ནས་ཆོས་བཤད་བྱས། །སླར་ཡང་དབེན་པའི་རི་ཁྲོད་བསྙེགས། །བཏུང་བ་འབབ་ཆུ་བསིལ་མ་དེ། །འབད་ཅིང་རྩོལ་བ་མི་དགོས་པར། །རྣལ་འབྱོར་མགྲིན་ལས་རང་རྡོལ་བྱུང་། །སུས་ཐོས་ཉོན་མོངས་གདུང་བ་

p. 432

སེལ། །ཞེས་བླངས། ཡང་འགའ་རེས་སྔོན་གྱི་བྱ་བཏང་སྒོམ་ཆེན་པ་དང་ད་ལྟའི་བླ་མ་ཆོས་པ་འགའ་རེས་མགུར་དབྱངས་མང་པོ་ལེན་པ་དེ་ཅི་ཡིན་ནམ་ཟེར་བའི་ལན་དུ་དེ་ཉམས་རྟོགས་ཡོན་ཏན་ཁོང་ནས་རྒྱས་པའི་རྟགས་ཡིན་ཞེས་དེ་དུས་ཡིད་ལ་ཤར་བ་ལྟར་མགུར་འདི་བླངས་སྤང་གསེར་གྱི་མདངས་འཛིན་རི་བོ་ན། །ཤ་རྒྱས་པའི་རི་དྭགས་གླུ་དབྱངས་ལེན། །དེ་རྩྭ་ཆུས་ཁོག་པ་འགྲངས་པའི་རྟགས། །དབྱར་མེ་ཏོག་སེར་པོའི་གླིང་ཁམས་ན། །རྐང་དྲུག་ལྡན་བུང་བས་གླུ་དབྱངས་ལེན། །དེ་སྤྲང་རྩིས་ལུས་སེམས་ཚིམས་པའི་རྟགས། །དགུང་སྔོན་པོ་ཆུ་འཛིན་འཁྲིགས་དབུས་ན། །དབྱར་གཡུ་འབྲུག་སྔོན་མོས་གླུ་དབྱངས་ལེན། །དེ་འབྱུང་བ་ཚ་གྲང་འཛོམས་པའི་རྟགས། །གཡུའི་མདངས་འཛིན་སྤང་གཤོང་འཇམ་པོ་ན། །ཕྱུགས་འཚོ་བའི་ན་ཆུང་གླུ་དབྱངས་ལེན། །དེ་ལུས་ཀྱི་ལང་ཚོ་རྒྱས་པའི་རྟགས། །རོང་འབྲོག་གི་ཕྱུག་པོའི་སྒོ་འགྲམ་ན། །དམན་སྤྲང་སློང་མ་ཎིའི་གླུ་དབྱངས་ལེན། །དེ་བཟང་བཏུང་མང་པོ་བྱུང་བའི་རྟགས། །མི་ཤི་བའི་རོ་ཡི་སྔས་འགོ་ན། །རྗེ་བླ་མས་ཆོ་གའི་གླུ་དབྱངས་ལེན། །དེ་འབུལ་བ་མང་པོ་ཕུལ་བའི་རྟགས། །རི་ན་བུན་འཁྲིགས་པའི་དབེན་གནས་ན། །ཁོང་བྱ་བཏང་རྣལ་འབྱོར་གླུ་དབྱངས་ལེན། །དེ་ཉམས་རྟོགས་ཡོན་ཏན་ཤར་བའི་རྟགས། །ཞེས་བླངས། ཡང་འགའ་རེས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས་པས་ཕན་པ་མང་བོ་བྱུང་འདུག་ཀྱང་དེང་སང་ཁྱེད་ཀྱིས་གླུ་བླངས་པས་གཞན་ལ་ཕན་ཐོགས་འདྲ་ཨེ་བྱུང་ཟེར་བའི་ལན་དུ། གདུལ་བྱ་མང་པོ་ལ་ཕན་ཐོགས་བྱུང་

p. 433

ཚུལ་གྱི་མགུར་འདི་བླངས་སྔོན་རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །ཆོས་མདོ་རྒྱུད་དགོངས་པ་གླུ་རུ་བླངས། །འཁོར་གདུལ་བྱར་ཕན་ཐོགས་དཔག་མེད་བྱུང་། །མི་ངས་ཀྱང་དམ་པའི་གསུང་བཞིན་དུ། །ཕ་བླ་མ་སྟེན་ཚུལ་གླུ་དབྱངས་བླངས། །རྗེ་ཚུལ་བཞིན་སྟེན་མཁན་མང་པོ་བྱུང་། །རྟེན་དལ་འབྱོར་ཚང་བའི་མི་ལུས་འདི། །ཕྱིས་རྙེད་དཀའ་དོན་ཆེན་གླུ་དབྱངས་བླངས། །ཡར་ཆོས་སྒོར་ཞུགས་མཁན་མང་པོ་བྱུང་། །ཚེ་ལོ་ཟླ་ཞག་སོང་མྱུར་དུ་འཛད། །ཀུན་མྱུར་དུ་འཆི་ཚུལ་གླུ་དབྱངས་བླངས། །ཚེ་བློ་ཡིས་གཏོང་མཁན་མང་པོ་བྱུང་། །ལས་རྒྱུ་འབྲས་དཀར་ནག་མི་བསླུ་སྨིན། །དེ་འདོར་ལེན་བྱེད་དགོས་གླུ་དབྱངས་བླངས། །སྡིག་སྤངས་ནས་དགེ་བྱེད་མང་པོ་བྱུང་། །མར་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །བདེ་ཅུང་ཟད་མེད་ཚུལ་གླུ་དབྱངས་བླངས། །སྐྱོ་ངེས་འབྱུང་སྐྱེས་པ་མང་པོ་བྱུང་། །གཞན་འགྲོ་བ་རིགས་དྲུག་མ་ལུས་པ། །མ་དྲིན་ཅན་ཡིན་ཚུལ་གླུ་དབྱངས་བླངས། །བྱམས་སྙིང་རྗེ་སྐྱེས་པ་མང་པོ་བྱུང་། །ཆོས་མདོ་རྒྱུད་མན་ངག་མང་པོ་ཉན། །སྒོམ་སྒྲུབ་པ་བྱས་ཚུལ་གླུ་དབྱངས་བླངས། །ཆོས་ཉན་ཅིང་སྒོམ་མཁན་མང་པོ་བྱུང་། །རྗེ་གོང་མའི་གདན་ས་རི་ཁྲོད་ནས། །ཆོས་བྱས་ན་ཡོང་ཚུལ་གླུ་དབྱངས་བླངས། །གནས་དབེན་པ་སྟེན་མཁན་མང་པོ་བྱུང་། །ས་བོད་དུ་དར་བའི་གྲུབ་མཐའ་རྣམས། །ཆོས་རྣམ་དག་ཡིན་ཚུལ་གླུ་དབྱངས་བླངས། །མི་དག་སྣང་བྱེད་མཁན་མང་པོ་བྱུང་། །ཞེས་བླངས། ཡང་འགའ་རེས་

p. 434

དབུས་ཕྱོགས་ན་རྣལ་འབྱོར་པ་གཅིག་པུར་དུར་ཁྲོད་དང་མི་མེད་ལུང་སྟོང་གི་རི་ཁྲོད་འགྲིམས་པ་དེ་ཁྱད་ཆོས་ཆེ་བར་གདའ་ཟེར་བའི་ལན་དུ་གླུ་དབྱངས་འདི་བླངས་སོ། །ཁྱབ་འཇུག་མཐུ་སྟོབས་རྫུ་འཕྲུལ་ཅན། །གཟའ་སྐར་ཉི་ཟླར་མི་འཇིགས་པར། །བར་སྣང་ཁམས་ལ་འཕྱོ་བ་དེ། །གཤོག་སྒྲོ་བཟང་བའི་ཁྱད་ཆོད་ཡིན། །རི་དྭགས་རྒྱལ་པོ་གཡུ་རལ་ཅན། །གཅན་གཟན་ཡོངས་ལ་མི་འཇིགས་པར། །རི་ཀླུང་ཁྱབ་པར་ཉུལ་བ་དེ། །རྩལ་སྟོབས་ཆེ་བའི་ཁྱད་ཆོས་ཡིན། །དུང་དཀར་གཡས་སུ་འཁྱིལ་རི་ཅན། །ཆུ་སྲིན་ཉ་ལ་མི་འཇིགས་པར། །རྒྱ་མཚོའི་ཁ་གཏིང་ཉུལ་བ་དེ། །གཞན་འབིགས་ནུས་པའི་ཁྱད་ཆོས་ཡིན། །ཉམས་ལེན་མཁན་གྱི་རྣལ་འབྱོར་པ། །ལྷ་འདྲེ་གང་ལའང་མི་འཇིགས་པར། །དུར་ཁྲོད་རི་ཁྲོད་འགྲིམས་པ་དེ། །ཉམས་རྟོགས་ལྡན་པའི་ཁྱད་ཆོས་ཡིན། །ཞེས་བླངས། ཡང་འགའ་རེས་ཁྱེད་ཀྱི་ཐུགས་རྒྱུད་དང་མཛད་སྤྱོད་ལེགས་ཤིང་། མགུར་དབྱངས་སྙན་པའི་ཤུགས་ཀྱིས་ཉན་ན་འདོད་ཅིང་སེམས་ལ་ཕན་པར་འདུག་ཟེར་བའི་ལན་དུ་གླུ་དབྱངས་འདི་བླངས་སོ། །གངས་ཅན་བོད་ཀྱི་གླུ་དབྱངས་མཁན། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །མཚན་ལྡན་བླ་མ་བསྟེན་པའི་ཚེ། །ཅི་གསུང་བཀའ་གཅིག་བཅག་མ་མྱོང་། །སྙིང་ནས་གསོལ་བ་འདེབས་པའི་ཚེ། །མིག་ནས་མཆི་མ་དབང་མེད་གཡོ། །ནམ་འཆི་ཆ་མེད་དྲན་པའི་ཚེ། །

p. 435

ཐོས་བསམ་བསྒོམ་ལ་བརྩོན་འགྲུས་བྱུང་། །འདོད་ཡོན་ཉེས་དམིགས་བསམ་པའི་ཚེ། །འཁོར་བའི་བདེ་ལ་ཞེན་པ་ལོག །དབེན་པའི་རི་ལ་སྡོད་པའི་ཚེ། །ཆོས་མིན་བསམ་པ་གཅིག་མི་འགྱུ། །གནས་ལུགས་ངང་ལ་མཉམ་བཞག་ཚེ། །སྔར་མ་མཐོང་བའི་ལྟད་མོ་མཐོང་། །མི་རྟོག་ཏིང་འཛིན་ལ་གནས་ཚེ། །ཐག་ཉེའི་མི་ཡང་ལྷན་ནེར་གནས། །འགྲོ་ལ་སྙིང་རྗེ་སྐྱེས་པའི་ཚེ། །ལྟོ་གོས་ཡིན་ཡང་ཕངས་མེད་སྟེར། །རྒྱུ་འབྲས་ཆོས་བཤད་བྱེད་པའི་ཚེ། །ལྷ་འདྲེ་མི་གསུམ་དད་པ་གཡོ། །སྙན་པའི་གླུ་དབྱངས་བླངས་པའི་ཚེ། །དྲི་ཟ་རྣམས་ཀྱང་འཛུམ་ཆུང་བྱེད། །ཅེས་བླངས་པས་དད་ཅིང་འདུན་པར་གྱུར་ཏོ། །ཉིན་གཅིག་ནམ་མཁའ་ན་བྱ་རྒྱལ་རྒོད་པོ་གཅིག་གིས་ནམ་འཕང་དགུང་ལ་བསྟོད་པ་མཐོང་ནས་མགུར་འདི་བླངས་སོ། །ཕྱོགས་བཞི་གཅིག་ལ་འགྲོ་འདོད་ནས། །དགུང་སྔོན་དཀྱིལ་ན་འཁོར་བཞིན་དུ། །ནམ་འཕང་བསྟོད་པའི་བྱ་རྒྱལ་རྒོད། །ཁྱོད་ཀྱིས་ང་ཡི་འཕྲིན་འདི་སྐྱོལ། །ཤར་གྱི་ཕྱོགས་སུ་ཁྱོད་འགྲོ་ན། །ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ལ། །མི་རྣམས་འཆི་དུས་ཁྱོད་བྱོན་ལ། །མངོན་པར་དགའ་བར་དྲོངས་ཤིག་གྱིས། །ཤར་ཕྱོགས་ལུས་འཕགས་ཡུལ་གྱི་མི། །གཟུགས་བྱད་མཛེས་པ་ཚེ་རབས་སྔོན། །བཟོད་པ་བསྒོམས་པའི་འབྲས་བུ་ཡིན། །ད་དུང་བཟོད་པ་སྒོམས་ཤིག་གྱིས། །ལྷོ་ཡི་ཕྱོགས་སུ་ཁྱོད་འགྲོ་ན། །ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་ལ། །མི་རྣམས་འཆི་དུས་ཁྱོད་བྱོན་ནས། །དཔལ་

p. 436

དང་ལྡན་པར་དྲོངས་ཤིག་གྱིས། །ལྷོ་ཕྱོགས་འཛམ་བུ་གླིང་བའི་མི། །དགེ་སྡིག་ཤེས་པ་ཚེ་རབས་སྔོན། །ཆོས་ལ་སྦྱངས་པའི་འབྲས་བུ་ཡིན། ད་དུང་ཆོས་ལ་སྦྱོངས་ཤིག་གྱིས། །ནུབ་ཀྱི་ཕྱོགས་སུ་ཁྱོད་འགྲོ་ན། །ནུབ་ཕྱོགས་སྣང་བ་མཐའ་ཡས་ལ། །མི་རྣམས་འཆི་དུས་ཁྱོད་བྱོན་ནས། །བདེ་བ་ཅན་དུ་དྲོངས་ཤིག་གྱིས། །ནུབ་ཕྱོགས་བ་གླང་སྤྱོད་ཀྱི་མི། །ལོངས་སྤྱོད་ཆེ་བ་ཚེ་རབས་སྔོན། །སྦྱིན་པ་བཏང་བའི་འབྲས་བུ་ཡིན། །ད་དུང་སྦྱིན་པ་ཐོངས་ཤིག་གྱིས། །བྱང་གི་ཕྱོགས་སུ་ཁྱོད་འགྲོ་ན། །བྱང་ཕྱོགས་དོན་ཡོད་གྲུབ་པ་ལ། །མི་རྣམས་འཆི་དུས་ཁྱོད་བྱོན་ལ། །ལས་རབ་རྫོགས་སུ་དྲོངས་ཤིག་གྱིས། །བྱང་ཕྱོགས་སྒྲ་མི་སྙན་གྱི་མི། །ཚེ་ཐག་རིང་བ་ཚེ་རབས་སྔོན། །གཞན་སྲོག་བསྐྱབས་པའི་འབྲས་བུ་ཡིན། །ད་དུང་གཞན་སྲོག་སྐྱོབས་ཤིག་གྱིས། །ཞེས་བླངས་པའི་ཚེ་ཡར་ཇེ་མཐོ་ཇེ་མཐོར་སོང་ནས། ཤར་ཕྱོགས་སུ་འགྲོ་བ་ལ་མིག་གིས་ནམ་མཐོང་བར་བལྟས་ནས་མ་མཐོང་བ་དང་། ང་ལ་ཡང་རྫུ་འཕྲུལ་ཐོགས་པ་མེད་པ་ཞིག་ཡོད་ན་བྱ་རྒོད་ཡ་ཀི་ལྟར། ཤར་ཕྱོགས་མངོན་དགའི་ཞིང་དུ་འགྲོ་རྒྱུ་བྱུང་ན་དགའ་བ་ལ་སྙམ་པ་བྱུང་ནས། ཕྱོགས་བཞིའི་ཞིང་ཁམས་རྣམས་ཡིད་ལ་བྱས་ཏེ་ཕྱོགས་དེ་རྣམས་སུ་ཕྱག་མང་པོ་བཙལ། ནམ་ཞིག་འཆི་དུས་ཞིང་ཁམས་དེ་དག་རྣམས་སུ་སོང་སྟེ་འབྲེལ་ཐོགས་རྣམས་ཀྱང་ཞིང་ཁམས་དེ་དག་ཏུ་འདྲེན་པའི་སྨོན་ལམ་ཀྱང་བཏབ་བོ། །ཡང་འགའ་རེས་སྔར་ཙཱ་རི་རོང་སྐོར་བྱེད་དུས་སུ་ཁྱེད་ཀྱི་ཐུགས་ལ་ཅི་འཁྲུངས་ཟེར་བའི་ལན་དུ་འདི་སྐད་ཅེས་སྨྲས། །ངོ་མཚར་རྩ་གསུམ་ལྷ་ཡི་ཞིང་། །སར་

p. 437

གནས་དག་པ་མཁའ་སྤྱོད་དངོས། །ཙཱ་རིའི་རོང་སྐོར་བྱེད་པའི་དུས། །སེམས་ལ་འདི་འདྲ་སྙམ་པ་བྱུང་། །གློ་ཡུལ་ལམ་འཕྲང་ཆུ་ཟམ་སོགས། །བགྲོད་དཀའ་བརྒྱུད་ནས་སོང་བའི་ཚེ། །བར་དོའི་འཕྲང་ལ་འགྲོ་བའི་དུས། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །ལྟོ་ཡོད་དབང་ཡོད་ཐམས་ཅད་པོ། །དགའ་བཞིན་འགྲོ་བ་མཐོང་བའི་ཚེ། །ཆོས་ཡོད་ཕྱི་མར་འགྲོ་བ་རྣམས། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །ལྟོ་མེད་དབང་མེད་ཐམས་ཅད་པོ། །སྡུག་བཞིན་འགྲོ་བ་མཐོང་བའི་ཚེ། །ཆོས་མེད་ཕྱི་མར་འགྲོ་བ་རྣམས། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །འགའ་རེས་གྲོགས་པོ་ན་བ་དེ། །བསྐྱུར་ནས་འགྲོ་བ་མཐོང་བའི་ཚེ། །ཁྲེལ་མེད་གྲོགས་པོ་ཟེར་བ་དེ། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །འགའ་རེས་གྲོགས་པོ་ན་བ་དེ། །ཁུར་ནས་འགྲོ་བ་མཐོང་བའི་ཚེ། །ཁྲེལ་ཡོད་གྲོགས་པོ་ཟེར་བ་དེ། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །འགའ་རེས་ཉམ་ཐག་སྤྲང་པོ་ལ། །ཟས་སྦྱིན་སྐྱོང་བ་མཐོང་བའི་ཚེ། །བྱང་ཆུབ་སེམས་དཔལ་ཟེར་བ་དེ། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །སྐོར་མི་མང་པོ་མུ་གེ་དང་། །ནད་ཀྱིས་ཤི་བ་མཐོང་བའི་ཚེ། །ཆོས་ཕྱིར་ལུས་སྲོག་གཏོང་བ་དེ། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །སྐོར་མི་ཁྲི་འབུམ་གང་ཡོད་ཚད། །སོ་སོར་བྲལ་ནས་སོང་བའི་ཚེ། །ཆོས་རྣམས་མི་རྟག་ཟེར་བ་དེ། །འདི་འདྲ་ལོས་ཡིན་སྙམ་པ་བྱུང་། །ཞེས་སྨྲས་པས་ཀུན་སྐྱོ་ཤས་དང་སྙིང་རྗེ་སྐྱེས་པ་བྱུང་། ཉིན་གཅིག་རང་གི་སེམས་ལ་ཤར་བ་ལྟར་ཉམས་

p. 438

དབྱངས་འདི་བླངས་སོ། །བྲག་རི་ཡི་ཁང་བཟང་། །ལྗོན་ཤིང་གི་བསིལ་གྲིབ། །སྔོ་ལྗོང་རྩྭའི་སྤྱིལ་ཆུང་། །རས་དཀར་གྱི་གུར་སོགས། །གང་དགའ་རུ་སྡོད་པའི། །རྣལ་འབྱོར་པ་གུ་ཡངས། །བློ་བདེ་ངས་སྐྱིད་པའི། །རྒྱང་གླུ་ཞིག་ལེན་ནོ། །རང་ཉིད་ལ་བཀའ་དྲིན། །སངས་རྒྱས་ལས་ལྷག་པའི། །མཚན་ལྡན་གྱི་བླ་མ། །དམ་པ་ལ་བརྟེན་ནས། །འཁོར་འདས་ཀྱི་ཆོས་རྣམས། །སྣང་སྟོང་ནི་ཟུང་འཇུག །གང་སྣང་ཀུན་སེམས་ཀྱི། །ཆོ་འཕྲུལ་དུ་གོ་སོང་། །འཁོར་འདས་ཀྱི་རྩ་བ། །རང་སེམས་ཀྱི་གནས་ལུགས། །དངོས་བཟུང་མེད་སྟོང་གསལ། །འཛིན་མེད་དུ་རྟོགས་སོང་། །དབེན་གནས་སུ་བསྡད་དེ། །གནས་ལུགས་ཀྱི་ངང་ལ། །རས་བལ་བཞིན་ཤེས་པ། །གློད་ནས་རང་བཞག་པས། །མ་རིག་པའི་མུན་པ། །རང་དྭངས་ལ་སོང་ནས། །ཆོས་དབྱིངས་ཀྱི་ནམ་མཁའ། །ཡངས་པ་དེ་ལངས་བྱུང་། །གནས་ལུགས་དེ་ཡིན་མིན། །ཐེ་ཚོམ་གྱིས་དོགས་པ། །རྒྱལ་བ་རྣམས་བྱོན་ཀྱང་། །འདྲི་རྒྱུ་ཞིག་མི་སྣང་། །རྩ་གསུམ་ལྷའི་ཞིང་ཁམས། །མཁའ་སྤྱོད་དངོས་ཙཱ་རི། །ཉམས་རྟོགས་ཀུན་ཅིག་ཆར། །འཁྲུངས་གནས་ན་བཞུགས་པའི། །མིང་དོན་གཉིས་མཐུན་པའི། །ཕྱག་ཆེན་གྱི་རྣལ་འབྱོར། །གནས་ལུགས་ཀྱི་རང་ཞལ། །མཇལ་བ་ཡི་ཚོགས་རྣམས། །ནམ་མཁའ་བཞིན་སང་ངེ་། །ཉི་མ་བཞིན་ས་ལེ། །མེ་ལོང་བཞིན་ཝལ་ལེ། །མིག་འབྲས་བཞིན་ཧྲིག་གེ །ཆོས་ཀྱི་སྐུའི་ཁྱད་ཆོས། །བཞི་ལྡན་འདི་སྐྱོངས་དང་། །ཆོས་དབྱིངས་ཀྱི་ཞིང་ལ། །དུས་མཉམ་དུ་ཆས་འགྲོ །དབུ་མ་བ་ལུང་རིགས། །

p. 439

ཀུན་མཁྱེན་གྱི་དགེ་བཤེས། །ཆོས་གྲྭ་རུ་བགྲོ་གླེང་། །བཏང་བ་དེ་སྙན་བཞིན། །ཕྱག་རྫོགས་པ་གཅིག་ཤེས། །ཀུན་གྲོལ་གྱི་རྣལ་འབྱོར། །དབེན་པ་རུ་ཉམས་མགུར། །བླངས་པ་ཡང་སྙན་ཡང་། །ཞེས་བླངས་པས་དེར་བཞུགས་པའི་རྟོགས་ལྡན་འཁྲུལ་ཞིག་རྣམས་ཐུགས་དགྱེས་པར་གྱུར་ཏོ། །དེ་ནས་མི་འགའ་རེས་རི་ཁྲོད་ན་འདོད་པ་སློང་བའི་ཡུལ་རྐྱེན་མེད་པས་ཁྱེད་ལ་འདོད་ཆགས་སྐྱེ་རྒྱུ་མ་རེད་ཟེར་བའི་ལན་དུ། རྐྱེན་མང་པོ་བྱུང་། །འདོད་པ་སྐྱེས་པར་མ་ཟད་སྤྱད་སོང་ཞེས་རྩེ་མཚར་དུ་མགུར་འདི་བླངས་སོ། །རི་ཁྲོད་དབེན་པའི་དགའ་ཚལ་ན། །རྐང་དྲུག་གཞོན་ནུའི་གར་སྟབས་བསྒྱུར། །འདམ་སྐྱེས་ན་ཆུང་མཛེས་མ་ཡིས། །མགུལ་དུ་འཁྱུད་ནས་འོ་བྱེད་ཅིང་། །གཉིས་སྐྱེས་གཞོན་ནུ་མང་པོ་ཡིས། །རབ་ཏུ་མཛེས་པའི་མགྲིན་པ་འཁྱོགས། །ཕན་ཚུན་ཟུར་མིག་གཡོ་བཞིན་དུ། །གཅིག་སྟེང་གཅིག་ཞོན་གར་གྱིས་རོལ། །དེ་ཉིད་མཐོང་བས་རྣལ་འབྱོར་པ། །ང་ཡང་འདོད་པ་རབ་ཏུ་སྐྱེས། །ཆོས་དབྱིངས་ན་ཆུང་མཛེས་མ་ལ། །གཉིས་སུ་མེད་པར་འཁྱུད་སོང་བས། །བདེ་གསལ་མི་རྟོག་བདེ་བའི་རོས། །ལུས་སེམས་གཏིང་ནས་མྱོས་པ་བྱུང་། །ད་ནི་ལྷ་ཡི་བུ་མོ་ཞིག །མཐོང་ཡང་འདོད་པ་སྐྱེ་མི་འགྱུར། །འཇིག་རྟེན་བུ་མོར་འགྲོགས་པ་དེ། །འཇིགས་ཤིང་བསླུ་བས་སྙིང་བོ་མེད། །གཏན་གྱི་བདེ་བ་སྟེར་མཛད་པའི། །གཏན་གྲོགས་འདི་འདྲ་ཡོད་ན་ལེགས། །ཞེས་བླངས་སོ། །ཡང་མི་འགའ་རེས་ཁྱེད་ཀྱིས་ཉམས་ཤར་གྱི་མགུར་ཞིག་གསུངས་དང་

p. 440

ཟེར་བའི་ལན་དུ་འདི་བླངས་སོ།། ངས་མཚན་ལྡན་བླ་མ་བསྟེན་པའི་ཚེ། །དཔེ་སངས་རྒྱས་ལྟ་བུའི་ཉམས་ཤིག་ཤར། །ངར་ཟབ་རྒྱས་གདམས་པ་ཐོབ་པའི་ཚེ། །དཔེ་བདུད་རྩི་ལྟ་བུའི་ཉམས་ཤིག་ཤར། །ངས་འཁོར་བའི་ཉེས་དམིགས་བསྒོམ་པའི་ཚེ། །དཔེ་བཙོན་ར་འདྲ་བའི་ཉམས་ཤིག་ཤར། །ངས་འགྲོ་ལ་བྱང་སེམས་བསྒོམ་པའི་ཚེ། །དཔེ་མ་བུ་འདྲ་བའི་ཉམས་ཤིག་ཤར། །ངས་སྟོང་པ་ཉིད་ལ་མཉམ་བཞག་ཚེ། །དཔེ་ནམ་མཁའ་ལྟ་བུའི་ཉམས་ཤིག་ཤར། །ངས་བསྐྱེད་རྫོགས་རྫོགས་ཆེན་བསྒོམ་པའི་ཚེ། །དཔེ་འོག་མིན་སླེབས་འདྲའི་ཉམས་ཤིག་ཤར། །ང་དབེན་པའི་རི་ལ་སྡོད་པའི་ཚེ། །དཔེ་ལྷ་ཡུལ་འདྲ་བའི་ཉམས་ཤིག་ཤར། །ང་གྲོགས་མེད་གཅིག་པུར་གནས་པའི་ཚེ། །དཔེ་དྲང་སྲོང་ལྟ་བུའི་ཉམས་ཤིག་ཤར། ང་རྒྱལ་ཁམས་ཕྱོགས་མེད་འགྲིམས་པའི་ཚེ། །དཔེ་ཕ་ཡུལ་ལྟ་བུའི་ཉམས་ཤིག་ཤར། །ང་སེམས་ཅན་སུ་དང་འཕྲད་པའི་ཚེ། །དཔེ་མཛའ་བཤེས་མཇལ་འདྲའི་ཉམས་ཤིག་ཤར། །ཞེས་བླངས། དེ་ནས་སྐལ་ལྡན་སློབ་བུ་ཀུན་བཟང་གཞན་ཕན་གྱིས།་བསྒོམ་མེད་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་གྱི་ངང་ལ་ཇི་ལྟར་གནས་དགོས། ཆུ་བོའི་རྒྱུན་ཅིའི་ཕྱིར་ཟེར། དེ་གཞན་དང་ནོར་ས་ཨེ་ཡོད་ཟེར་བའི་ལན་དུ། གྲངས་མེད་རྒྱལ་བ་སྲས་བཅས་བགྲོད་གཅིག་ལམ། །འཁྲུལ་མེད་ཕྱག་རྫོགས་གང་རུང་ཁྲིད་ཐོབ་ནས། །བསྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ལ། །འབྲལ་མེད་གནས་པར་འདོད་ན་འདི་བཞིན་གྱིས། །ལུས་ནི་མི་གཡོ་ངག་ནི་མི་སྨྲ་ཞིང་། །སེམས་ཡང་མི་སྡུག་ཁ་ཡན་གློད་ལ་ཐོངས། །

p. 441

ཤེས་པ་ལྷོད་ཀྱིས་གློད་ནས་བཞག་པའི་ཚེ། །བསྒོམ་དང་མི་བསྒོམ་ཞེན་པ་ཀུན་དག་ནས། །སེམས་ལ་བཟོ་བཅོས་དམིགས་གཏད་གང་ཡང་མེད། །ཤེས་པ་རང་གསལ་རྒྱ་ཡན་ཟང་ཐལ་ལེ། །གནས་པ་དེ་ཉིད་ཕྱག་རྫོགས་ལྟ་བ་ཡིན། །ཕར་ལ་བློ་ཡིས་བཅོས་པ་མ་ཡིན་པར། །ཚུར་ལ་རྩ་བརྒྱུད་བླ་མའི་བྱིན་རླབས་ལས། །ཤར་བའི་མཁའ་ལྟར་དག་པའི་ལྟ་བ་དེ། །རྒྱུན་འཆད་མེད་པ་ཆུ་བོའི་རྒྱུན་བཞིན་དུ། །མ་ཡེངས་དྲན་པས་རྒྱུན་དུ་སྐྱོང་བ་ལ། །བསྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ཟེར། །དེ་ངོས་མ་ཟིན་ཐམས་ཅད་བློས་བཏང་བས། །བཏང་སྙོམས་ཐ་མལ་ཅི་ཡིན་འདི་ཡིན་ཡང་། །མེད་པའི་ལུང་མ་བསྟན་དུ་འབྱམས་ན་ནོར། །འདི་གཉིས་བསྒོམ་མེད་ངོས་ནས་ཁྱད་མེད་ཀྱང་། །བསྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ནི། །ཕྱོགས་རིས་མེད་པར་ཁྱབ་གདལ་ཟང་ཐལ་གནས། །སྤྲིན་མེད་མཁའ་ལྟར་གསལ་ལ་ཡངས་ཆ་ཆེ། །ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན། །གསལ་ཆ་མི་སྣང་ཕྱོགས་གཅིག་དུམ་བུར་གནས། །ཧན་ནེ་ཧོན་ནེ་ཐོམ་མེ་བ་ཞིག་ཡིན། །དེ་དང་མ་ནོར་ནོར་ས་གཞན་མ་མཆིས། །ཞེས་སྨྲས་པས། །ཁོ་ན་རེ། འོ་ན་བསྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་དུས་ཅི་འདྲ་ཞིག་དགོས་ཟེར་བའི་ལན་དུ། དཔེར་ན་མཐོང་རྒྱ་ཆེ་བའི་རི་བོ་ནས། །ནམ་མཁའ་ཡངས་པའི་མཐའ་ལ་བལྟས་པ་ལྟར། །ཤིན་ཏུ་གསལ་ཞིང་དྭངས་ལ་ཡངས་ཁྲོལ་ལེར། །གནས་པ་ཞིག་དགོས་དེ་ཡི་རྒྱུ་མཚན་ནི། །གྲུབ་པའི་དབང་ཕྱུག་རྗེ་བཙུན་ཏེ་ལོ་

p. 442

པས། །ལྟ་སྟངས་ནམ་མཁའི་ཁམས་ལ་ཕར་བསྒྱུར་ནས། །པཎ་ཆེན་ནཱ་རོ་པ་ལ་འདི་སྐད་གསུངས། །ནམ་མཁའི་རང་བཞིན་གང་གིས་གང་ལ་བརྟེན། །རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །བཅིངས་པ་གློད་ན་གྲོལ་བར་ཐེ་ཚོམ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །སེམས་ནི་ནམ་མཁའ་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་གློད། །སེམས་ལ་གཏད་མེད་ཕྱག་རྒྱ་ཆེན་པོ་དངོས། །དེ་ལ་གོམས་པ་བླ་མེད་འབྲས་བུ་ཡིན། །དེ་བཞིན་སྒྲ་བསྒྱུར་མར་པ་ལོ་ཙཱ་ཡིས། །པཎ་ཆེན་ནཱ་རོ་མི་ཏྲའི་བུ་རྒྱུད་ལ། །ནམ་མཁའི་ལྟ་བུའི་རྣལ་འབྱོར་མང་ཞེས་གསུངས། །རིག་འཛིན་ཆེན་པོ་ཤྲཱི་སིདྷ་ཡིས། །སྤྲིན་མེད་ནམ་མཁའི་དཀྱིལ་དུ་སྡིགས་མཛུབ་བསྟན། །སློབ་དཔོན་པད་འབྱུང་ཉིད་ལ་འདི་སྐད་གསུངས། །ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་། །སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི། །བྷི་སིདྷས་དོན་དམ་གནད་དེའི་མཛོད། །ལྟ་སྤྱོད་དབྱེར་མེད་སྣོད་རུང་ངང་གིས་འཆར། །ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ། །དེ་བཞིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། །མཁའ་ལྟར་ཕྱལ་ཡས་བསྒོམ་དང་མི་བསྒོམ་མེད། །འདི་ནི་ཀུན་བཟང་དགོངས་པའི་ཀློང་ཆེན་པོ། །ཞེས་དང་བཀའ་གདམས་གསུང་འགྲོས་ཐོར་བུ་ལས། །ཡངས་སར་ཡངས་དགོས་ལྟ་བ་ཡངས་དགོས་གསུངས། །དེས་ན་འཁོར་འདས་ནང་དུ་བཞག་ན་ཡང་། །ཤོང་བར་མ་ཟད་ད་དུང་ཡངས་ཁྲོལ་ལེ། །གནས་པ་ལྟ་བུའི་ལྟ་བ་ཡངས་པོ་དགོས། །ཞེས་སྨྲས་

p. 443

པས། འོ་ན་དེ་འདྲ་མ་ཡིན་པར་རང་ཀ་ཐམ་ཐོམ་ལྟ་བུར་བསྡད་པས་ས་ལམ་གར་ཡང་མི་ཕྱིན་པ་ཡིན་ནམ་ཟེར་བའི་ལན་དུ། ཕྱག་ན་པད་དཀར་འཆང་དངོས་རྒྱལ་དབང་གིས། །དེང་དུས་ཕྱག་ཆེན་ཟེར་བའང་སེམས་གནས་ཙམ། །ལྟ་བ་ཡིན་གྱི་ཕྱག་ཆེན་དངོས་གནས་མིན། །འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏས། །ཞལ་ནས་བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གདའ་ཞེས་གསུངས། །དེ་བཞིན་དབུ་རྫོགས་ཕྱག་གསུམ་བླ་མ་ཡིས། །ཅི་ཡང་དྲན་མེད་ཐམ་ཐོམ་ཚོམ་འཇོག་གིས། །ས་ལམ་གར་ཡང་མ་ཕྱིན་ལན་མང་དུ། །གསུངས་པ་བདེན་པར་མ་ཟད་གནད་འགགས་ཟབ། །མཉམ་བཞག་ནམ་མཁའ་ལྟ་བུའི་ཏིང་འཛིན་ལ། །གནས་ན་སྐབས་ཤིག་བསྒོམ་བྱུང་ཤེས་རབ་བརྡོལ། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་དཔག་མེད་འཆར། །མཐར་ཐུག་ཆོས་སྐུ་མངོན་དུ་འགྱུར་མོད་ཀྱང་། །དེ་ཉིད་མ་ཤེས་ནོར་ནས་ཐམ་ཐོམ་དུ། །གནས་ན་སྐབས་ཤིག་སྒོམ་རྒས་གཉིད་དུ་སོང་། །དྲན་བརྗེད་ཆེ་ཞིང་བྱིང་རྨུགས་གཉིད་གསུམ་འཕེལ། །མཐར་ཐུག་ཤི་ན་དུད་འགྲོར་སྐྱེ་བར་མཁྱེན། །བརྩེ་བས་གསུངས་པ་ཡིན་པ་ཧ་གོ་དགོས། །ཆུ་དང་འོ་མ་འདྲེས་པ་འཐུང་བ་ལྟར། །འདི་གཉིས་བསྲེས་ནས་བསྒོམ་པ་བླུན་པོའི་ལུགས། །སོ་སོར་ཕྱེ་ནས་བསྒོམ་ན་མཁས་པར་བཞེད། །ཅེས་སྨྲས་པས། འོ་ན་མཉམ་བཞག་ངང་ལ་གནས་དུས་ལུང་མ་བསྟན་གྱི་ནོན་ན་ཇི་ལྟར་བྱ་དགོས་ཟེར་བའི་ལན་དུ། དཔེར་ན་དྲི་མེད་མཁའ་ལ་སྒྲིབ་

p. 444

བྱེད་སྤྲིན། །བྱུང་ཚེ་རླུང་གིས་བསྐྱོད་ནས་ཕྱོགས་བཅུར་གཏོར། །ནམ་མཁའ་སྔོན་པོའི་རང་མདོག་མཐོང་བ་ལྟར། །ཏིང་འཛིན་སྒྲིབ་བྱེད་ལུང་མ་བསྟན་བྱུང་ན། །ལུས་ཀྱི་གནད་ནི་སྔར་བས་དྲང་བོར་བསྲང་། །སྨིན་མ་ལྟ་སྟངས་གཟེངས་ཀྱང་ཆེས་ཆེར་བསྟོད། །ཤེས་པ་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ། །ཐོངས་ལ་ཞོག་དང་དྭངས་སྙིགས་སོ་སོར་ཕྱེས། །ལུང་མ་བསྟན་དེ་སྤྲིན་བཞིན་རང་སར་དྭངས། །ཏིང་འཛིན་རྒྱལ་པོ་མཁའ་ལྟར་སྒྲིབ་མེད་གསལ། །འདི་ནི་གེགས་སེལ་བོགས་འདོན་མཆོག་ཏུ་གྲགས། །གཞན་ཡང་རིག་འཛིན་ཤྲཱི་སིདྷ་ཡིས། །སེམས་ཅན་རྣམས་ཀྱི་སེམས་ནི་དུམ་བུར་གནས། །སངས་རྒྱས་རྣམས་ཀྱི་ཐུགས་ནི་ཁྱབ་གདལ་གནས། །སེམས་ཉིད་ནམ་མཁའ་ལྟ་བུར་རྒྱུ་བསྐྱེད་པ། །བོགས་འདོན་མན་ངག་ཡིན་ཞེས་གསུངས་པ་ལྟར། །སྐབས་རེར་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །དཔྱད་ནས་སེམས་ལ་ངོ་བོ་ངོས་བཟུང་མེད། །མཐའ་དབུས་མེད་པར་ཐག་བཅད་རྒྱ་བསྐྱེད་ཅིང་། །སྐབས་རེར་སྤྲིན་མེད་དྭངས་པའི་ནམ་མཁའ་དང་། །རང་སེམས་བསྲེས་ནས་རྒྱ་བསྐྱེད་དཔངས་བསྟོད་ལ། །ཁྱབ་གདལ་ཀློང་ཡངས་ཆེན་པོར་ཕྱམ་གྱིས་ཞོག །དེ་ལྟར་བཞག་ན་བྱིང་རྨུགས་གཉིད་གསུམ་གྱི། །སྐྱོན་གྱིས་མི་གོས་ལྟ་བ་བོགས་ཐོན་ཡོངས། །རང་སེམས་ཤོག་དྲིལ་བཞིན་དུ་སླར་བསྐུམས་ན། །ཡང་ཡང་བརྡར་ཤ་གཅོད་པ་མན་ངག་ཟབ། །མཉམ་བཞག་ནམ་མཁའ་ལྟ་བུའི་ངང་དེ་ལ། །ཀྱི་ལེ་མེ་རེ་གནས་ན་དགའ་བ་ལ། །ཁང་བའི་ཕྱི་ནང་མིག་གཉིས་འབྱེད་བཙུམ་དང་། །ཉིན་མཚན་ཁྱབ་པར་མེད་ན་སྐྱིད་པ་ལ། །ཆོས་སྐུ་མཁའ་ལྟར་གཡོ་བ་

p. 445

མེད་བཞིན་དུ། །གཟུགས་སྐུ་འཇའ་ལྟར་ཤར་ན་དགའ་བ་ལ། །སངས་རྒྱས་ས་ལ་འགྲོ་བ་ཀུན་དྲུངས་ནས། །འཁོར་བ་དོང་ནས་སྤྲུགས་ན་སྐྱིད་པ་ལ། །མཁའ་ལྟར་ཡངས་ཤིང་ཉི་ལྟར་སྒྲིབ་མེད་གསལ། །ཤེལ་ལྟར་དྭངས་ཤིང་མི་གཡོ་རི་ལྟར་བརྟན། །དེ་འདྲའི་དགོངས་པ་ལྡན་པ་ཐམས་ཅད་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །ཞེས་སྨྲས་པས་ཁོ་རང་གི་ལྟ་བ་ལ་བོགས་ཐོན་རྟོགས་པ་ནམ་མཁའ་དང་མཉམ་པ་བྱུང་ངོ་། །དེ་ནས་འོད་གསལ་ལྷའི་གདུང་རྒྱུད་ཆོས་རྒྱལ་ཆེན་པོ་ལྷ་རྒྱ་རི་བ་བཀྲ་ཤིས་ཚེ་རིང་དཔལ་འབར་ནས། ཞབས་བརྟན་ཚེ་བསྒྲུབ་གནང་དགོས་ཞེས་མཁོ་བའི་ཡོ་བྱད་དང་བཅས་བསྩལ་བའི་ལན་དུ་ཞུ་ཡིག་འདི་ཕུལ་ལོ། །སྙིང་བོ་མེད་པའི་ནོར་རྫས་འཛད་པ་མཐོང་། །འཛད་མེད་འཕགས་ནོར་བདུན་གྱི་བང་མཛོད་འཛིན། །ཐབས་མཁས་བསྡུ་བཞིའི་འདོད་འབྱུང་ནོར་བུ་བསྣམས། །འཁོར་འབངས་སྡེ་རིག་ཡོངས་ཀྱི་རེ་བ་སྐོང་། །ལུང་དང་རིགས་པའི་གནམ་ལྕགས་སྡེར་མོ་ཡིས། །རྒོལ་ངན་གདོལ་བ་ཀླུ་ཡི་སྙིང་ཁྲག་འབྱིན། །ཆོས་ཁྲིམས་དམ་པོས་དབྱར་རྔ་དྲག་ཏུ་ལྡིར། །ལོག་སྤྱོད་ཐེའུ་རང་སྟོང་གི་སྙིང་རྩ་གཟེར། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྨན་མཆོག་གིས། །འགྲོ་བའི་ཉོན་མོངས་ན་ཚའི་ཟུག་རྔུ་སེལ། །སྔོན་མེད་ཆོས་རྒྱལ་ཞབས་པད་རིན་ཆེན་ཁྲི། །མི་འཇིགས་གདོང་ལྔས་བཏེགས་པའི་འདུན་ས་དེར། །དལ་འབྱོར་རྟེན་ཐོབ་བླ་མ་བཟང་དང་མཇལ། །

p. 446

ཟབ་རྒྱས་ཆོས་ཐོབ་དབེན་པར་གནས་བཅས་ཀྱང་། །བསྒོམ་ལ་བརྩོན་པའི་སྙིང་རུས་མ་མཆིས་པས། །གསང་སྔགས་མྱུར་ལམ་རིང་ལམ་མདོ་ལྟར་བཏང་། །གཞན་དོན་ལྟ་ཞོག་རང་དོན་མ་གྲུབ་པའི། །གཉིས་མེད་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། །ཁ་མིན་སྙིང་ནས་གུས་རྟགས་ལག་གཉིས་ཀྱང་། །སྤྱི་བོའི་ཕྱོགས་སུ་ཁྱེར་ནས་ཞུ་ཡིག་འབུལ། །མགོན་ཁྱོད་གཟུགས་སྐུ་རབ་ཏུ་བདེ་ངོས་ནས། །དྲི་མེད་གསུང་ཤོག་མཁོ་བའི་ཡོ་བྱད་བཅས། །གནང་བ་རྒྱ་ཡང་མ་ཉམས་འབྱོར་བའི་མོད། །སེམས་ལ་སྔོན་མེད་དགའ་སྤྲོ་གསར་དུ་ཤར། །ཕྲན་ཀྱང་མཆོག་གསུམ་ཐུགས་རྗེས་སྒྱུ་ལུས་བདེ། །འཚོ་བས་མ་ཕོངས་ལུས་སེམས་བདེ་བའི་མོད། །ཐོག་མཐའ་གཉིས་སུ་སེམས་བསྐྱེད་བསྔོ་སྨོན་གྱིས། །བརྒྱན་ནས་གང་ནུས་དགེ་སྦྱོར་བྱེད་བཞིན་མཆིས། །ངོ་མཚར་ཆོས་རྒྱལ་ཁྱེད་ཀྱིས་གང་གསུངས་པའི། །ཚིག་གི་མེ་ཏོག་སྤྱི་བོའི་རྒྱན་དུ་ལེན། །དོན་གྱི་སྙིང་བོ་སྙིང་དབུས་བཟུང་ནས་བསྒྲུབ། །ཚེ་ཡི་རིལ་བུ་ཕྱི་ནས་མདུན་དུ་འབུལ། །མགོན་ཁྱོད་སྔར་བས་ད་དུང་བརྒྱ་འགྱུར་གྱིས། །བསྟན་དང་འགྲོ་བའི་དོན་ལ་བརྩོན་པར་རིགས། །ཁྱད་པར་ཁྲལ་དང་འུ་ལག་ཆེར་མ་འཇོག །རང་སྡེ་དབུལ་པོར་བུ་བཞིན་གང་བྱམས་གཅེས། །གདུལ་བྱ་འདོད་ལྷའི་རེ་བ་ཡོངས་སྐོང་བའི། །མགོན་ཁྱོད་གཟུགས་སྐུ་དཔག་བསམ་ལྗོན་

p. 447

པའི་ཤིང་། །བདག་གཞན་བསོད་ནམས་ར་བར་ཡོངས་བསྲུངས་པས། །ནམ་ཡང་ཉམས་པ་མེད་པའི་ཡིད་སྨོན་བྱ། །ཞུ་ཡིག་འདེགས་རྟེན་ལྷ་རྫས་དྲི་མེད་བཅས། །དཔལ་ཆེན་ཧེ་རུ་ཀ་དཔལ་རོལ་བའི་ཞིང་། །དཔའ་བོ་མཁའ་འགྲོའི་དོ་ར་ཙཱ་རི་ཏྲའི། །ཉམས་རྟོགས་ཅིག་ཆར་འཁྲུངས་པའི་ནགས་ནས་ཕུལ། །ཞེས་ཕུལ་བས་ཐུགས་ཤིན་ཏུ་དགྱེས་པ་བྱུང་། དེ་ནས་འགྲོ་ཁར་ཉེ་བའི་ཚེ་གློ་མེ་ཁྱིམ་བདུན་གྱི་ཐག་ཉེ་ཨོ་རྒྱན་སྒྲུབ་ཕུག་ནས་ཞག་པོ་བདུན་ཙམ་ལ་གནས་འབྲེལ་བཞག་སྐབས་ཨ་མ་མཁའ་འགྲོ་མའི་ནང་ལ་བོས་ནས་སོང་སྟེ་ཚེ་དབང་བསྐུར་སེམས་ལ་ཕན་པའི་ཆོས་བཤད་པས། མོ་དད་པ་སྐྱེས་ནས་ཁལ་འགེལ་བའི་མཛོ་བཟང་བོ་གཅིག ཇ་མར་མཐུན་རྐྱེན་གང་དགོས་བྱིན། ཀོང་པོའི་སྡེ་པ་དཔལ་རྒྱས་ནས་ཀྱང་ཇི་མར་གྱི་མཐུན་རྐྱེན་བྱུང་བ་དེ་རྣམས་ལ་བརྟེན་ནས་ཅིག་ཆར་སྒྲུབ་སྡེའི་གྲུབ་ཆེན་རྣམས་ལ། ཕག་མོ་ལྷ་ཁང་ནས་ཉིན་གཅིག་ཇ་ཐུག་བཏང་། ཚོགས་འཁོར་བསྐོར། ཆོས་བྲོ་བརྒྱབ་པས་ཐམས་ཅད་ཉམས་དགའ་སྣང་བ་སྤྲོ་བ་བྱུང་། ཨ་མ་མཁའ་འགྲོ་མ་མི་འགྱུར་དཔལ་སྒྲོན་དང་སྡེ་པ་དཔལ་རྒྱས། ཅིག་ཆར་ནོར་བུ་མཁའ་སྤྱོད་སོགས་ཕྱོགས་དེའི་དད་ཅན་ཡོན་བདག་རྣམས་ལ་འགྲོ་ཁར་ཕན་པའི་མགུར་དབྱངས་འདི་བླངས་སོ། །རྗེ་རྩ་གསུམ་ལྷ་ཡི་ཚོགས་རྣམས་ཀྱིས། །མི་འདིར་འཚོགས་སྒོ་གསུམ་བྱིན་གྱིས་རློབས། །ས་བྱིན་ལྡན་གནས་ཆེན་ཙཱ་རི་ཡི། །ཁྱེད་དད་ཅན་ཡོན་བདག་ཕོ་མོ་རྣམས། །བྱ་རི་དྭགས་བསད་ནས་ཁ་མ་

p. 448

གསོ། །རྫུན་གཡོ་སྒྱུ་བྱས་ནས་ཚོང་མ་བྱེད། །བུ་བསད་ནས་མཛོ་མོ་འབྲི་མ་བཞོ། །རྐུས་འཕྲོག་བཅོམ་བྱས་ནས་ནོར་མ་བསོག །ཚེ་འདི་རུ་སྡོད་དུས་སྡིག་བྱས་ན། །ཚེ་ཕྱི་མར་སོང་དུས་སྡུག་བསྔལ་ཆེ། །ལུས་ན་ཟུག་མེད་དུས་ཕྱག་སྐོར་གྱིས། །ངག་སྨྲ་ལྕེ་བདེ་དུས་བཟླས་བརྗོད་མཛོད། །བློ་རྣམ་རིག་གསལ་དུས་ཆོས་ལ་ཉོན། །ལོ་ན་ཚོད་གཞོན་དུས་སྒོམ་སྒྲུབ་རེམ། །ནོར་ལོངས་སྤྱོད་འཛོམ་དུས་མཆོད་སྦྱིན་ཐོངས། །དབང་རང་ལ་ཡོད་དུས་སྙོམ་ཆུང་སྐྱོངས། །གཞོན་སོ་དཀར་དུས་སུ་ཆོས་བྱས་ན། །རྒན་མགོ་དཀར་དུས་སུ་བློ་རེ་བདེ། །ངེད་རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །ཁྱེད་ཡོན་བདག་ཕོ་མོ་བཀའ་དྲིན་ཆེ། །ཀུན་གནས་སྐབས་ཚེ་རིང་ནད་མེད་ཅིང་། །མཐར་སངས་རྒྱས་གོ་འཕང་འཐོབ་པར་སྨོན། །སྤྲང་འགྲོ་ཁའི་སྙིང་གཏམ་གླུ་དབྱངས་འདི། །སུས་ཐོས་ཀྱང་རྒྱུད་ལ་ཕན་པར་ཤོག །ཅེས་བླངས་པས་ཀུན་གྱི་སེམས་ལ་ཕན་པ་བྱུང་ནས་རྗེས་སུ་སྡིག་སྤོང་དགེ་སྒྲུབ་ཁོ་ན་ལ་གཞོལ་བར་གྱུར་ཏོ། །འགྲོ་བའི་ཉིན་གྲུབ་ཆེན་རྣམས་ངེད་དཔོན་སློབ་ཀྱི་སྐྱེལ་ཐུང་ངུ་བྱོན་པ་ལ་བདེ་ཞུས་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ། །ངོ་མཚར་རྨད་བྱུང་གི་གངས་རིར། །ཡ་མཚན་གཡུ་རལ་ཀུན་རྒྱས་པའི། །དར་སེང་དཀར་མོ་ཡི་ཚོགས་རྣམས། །གཡུ་རལ་ངོམ་བཞིན་དུ་བཞུགས་ཤིག་དགུང་སྔོན་མཐོན་པོ་ལ་འགྲོ་བའི། །འདབ་བཟང་བྱ་རྒྱལ་གྱི་རྒོད་པོ། །ཀུན་ལ་མིག་གིས་རང་ལྟ་བཞིན། །ཐག་རིང་

p. 449

ཡུལ་ཕྱོགས་སུ་ཆས་འགྲོ །ངོ་མཚར་རྨད་བྱུང་གི་ཙཱ་རིར། །ཡ་མཚན་ཉམས་རྟོགས་ཀུན་རྒྱས་པའི། །ཆོས་གྲོགས་རྡོ་རྗེ་ཡི་སྤུན་རྣམས། །ཉམས་རྟོགས་ངོམ་བཞིན་དུ་བཞུགས་ཤིག །རྒྱལ་ཁམས་ཕྱོགས་མེད་ལ་འགྲོ་བའི། །བྱ་བཏང་ཚོགས་དྲུག་གི་རང་གྲོལ། །ཀུན་ལ་དག་སྣང་རང་སྦྱོང་བཞིན། །ཐག་རིང་དབེན་གནས་སུ་ཆས་འགྲོ །དམ་གཙང་རྡོ་རྗེ་ཡི་སྤུན་དང་། །ཚེ་འདིར་མཇལ་བ་ནི་ཡུད་ཙམ། །ཕྱི་མ་དག་ཞིང་ནས་མཇལ་ཏེ། །ནམ་ཡང་མི་འབྲལ་བར་གྱུར་ཅིག །ཅེས་བླངས་པའི་མཐར་རྒན་པ་རྣམས་དག་སྣང་མོས་གུས་ཀྱི་ངང་ནས་བཞུགས། རས་པ་གཞོན་པ་རྣམས་ཀྱིས་ཡར་བསྐྱལ་ནས་སོ་སོར་གྱེས་ཁར་ཕན་ཚུན་བརྩེ་གདུང་ཇེ་ཆེར་སོང་ཕལ་ཆེར་གྱི་མིག་ནས་མཆི་མ་གཡོ་བཞིན་ཕྱག་འཚལ་མཇལ་ཏེ་ཡང་ཡང་འཕྲད་པའི་སྨོན་ལམ་བཏབ། འབྲལ་མི་ཕོད་བཞིན་དུ་སོ་སོར་གྱེས་ནས་སོང་། དེ་ནས་ངེད་དཔོན་སློབ་རྣམས་ཡར་རྡོ་མཚན་དུ་འོང་། རྡོ་རྗེའི་རྭ་བར་སོང་། གཞན་སུ་གང་ཡང་མེད་པ་བྱས། བསང་མཆོད་ཚོགས་དང་གཏོར་མ་ཕུལ་ཏེ་གསོལ་བ་བཏབ་པའི་རྗེས་སུ་སློབ་བུ་སྐལ་ལྡན་ལ། ངའི་ཉམས་ལ་བལྟས་ན་དཔའ་བོ་མཁའ་འགྲོ་མང་པོ་ཕེབས་ཡོད་པའི་ཚོད་རེད། ཁྱོད་ཀྱིས་འཇིག་རྟེན་པའི་གླུ་ཤེས་ན་ཡང་ལོངས་དང་དཔའ་བོ་མཁའ་འགྲོ་རྣམས་ཐུགས་དགྱེས་ཡོང་ཞེས་བཤད་པས། སྐལ་ལྡན་གྱིས་སྐད་གདངས་སྙན་པས་གླུ་མང་པོ་བླངས་ཏེ། གར་ཡང་བྱས་པས་ངེད་གཉིས་ཀྱང་བགད།

p. 450

དཔའ་བོ་མཁའ་འགྲོ་རྣམས་ཀྱང་བཞད་ཀྱིན་ཡོད་མོད་སྙམ་མོ། །དེ་ནས་ཆོས་ཟམ་བརྒྱུད་དེ་གོང་མོ་ལའི་རྩེ་རུ་འོངས་ནས་བསྡད་པའི་མཚན་མོ་ཐོ་རངས་ཀྱི་རྨི་ལམ་དུ། ང་དང་སྐལ་ལྡན་ཚུལ་ཁྲིམས་གསུམ་གྱིས་རྟ་གཅིག་ལ་ལྟོ་གོས་བཀལ་ནས་ཁྲིད་དེ། དྭགས་པོ་དགའ་ལྡན་རབ་བརྟན་ཕྱོགས་ཀྱི་ལ་བརྒྱབ་སྟེ་སོང་བས། ལ་དེའི་བར་མཚམས་ཤིག་ན། རྒན་མོ་ལོ་ལོན་འགྲོ་མི་ནུས་པར་ཉལ་ནས་འདུག་པ་ཞིག་མཐོང་བས། ངས་སྙིང་རྗེ་ནས་ཁྱོད་ཡར་ཅིག་ལོངས་དང་སྨྲས་པས། ཡར་མི་ལངས་པར་མགོ་བཏེགས་ཏེ་གསོལ་རས་གང་དྲག་ཅིག་གནང་དགོས་ཟེར། དེར་ཇ་མར་རྩམ་པ་རྣམས་བྱིན་པས་གོན་པ་ཞིག་ཀྱང་དགོས་ཟེར། གོན་པ་ཞིག་བྱིན་པས། ཁྱེད་རྣམས་འགྲོ་ཐུབ་པར་གདའ། ང་འགྲོ་མི་ཐུབ་པས།་ཁྱེད་རྣམས་ཀྱི་རྟ་དེ་ང་ལ་གནང་རྒྱུ་བྱུང་ན་བཀའ་དྲིན་ཐུགས་རྗེ་ཆེ་བར་གདའ་ཟེར་བས། སྙིང་རྗེ་ནས་རྟ་ཡང་བྱིན་པ་དང་། མོ་དགའ་ནས་ཡར་ལངས་ཏེ། ཁྱོད་ཀུན་ལ་སྙིང་རྗེ་ཆེ་བར་འདུག་ཟེར་བ་དེ་བདེན་མི་བདེན་བརྟག་ཕྱིར་ཉམས་སད་བྱས་པ་ཡིན། ང་ལ་རྟ་སོགས་དགོས་པ་ཞིག་མིན་ངའི་ངོ་ཁྱེད་རྣམས་ཀྱིས་ཨེ་ཤེས་ཟེར། མི་ཤེས་སྨྲས་པས། ང་ངོ་ཁྱོད་ཀྱིས་མི་ཤེས་ན། །ང་ནི་རྡོ་རྗེ་ཕག་མོ་ཡིན། །ཁྱོད་ལ་དངོས་གྲུབ་སྟེར་དུ་འོངས། །ཐེ་ཚོམ་ཟ་ན་འདི་ལ་ལྟོས། །གསུངས་ཏེ། སྐད་ཅིག་དེ་ཉིད་ལ་གནས་འགྱུར་ནས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་རྩ་ཞལ་ཁྲོ་མོ། དེ་སྟེང་ཕག་ཞལ་ནག་མོ་ཅན་གཅེར་བུ་རུས་པའི་རྒྱན་དང་ཐོད་པ་བསྐམས་རློན་གྱིས་སྤྲས་པ།

p. 451

ཕྱག་གཡས་ཀྱིས་གྲི་གུག་དང་། གཡོན་ཐོད་ཁྲག་འཛིན་པ། གྲུ་མོ་གཡོན་གྱི་ནང་དུ་ཁ་ཊཾ་ཀ་བསྣམས་ཤིང་གར་སྟབས་ཀྱིས་འགྱིང་བ་ཞིག་ཏུ་གྱུར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ངེད་རྣམས་ལ་ཕོག་པས་བདེ་སྟོང་གི་ངང་ལ་ལྷན་ལྷན་འགྲོ་བ་ཞིག་བྱུང་། དངོས་གྲུབ་འདི་ཡིན་གསུངས། གོས་ཀྱི་སྨན་ཁུག་འདྲ་བའི་སྣོད་ཁྲ་ཁྲ་ཞིག་གི་ནང་ན་དངུལ་གྱི་ཊཾ་ཀ་ལྟ་བུའི་ཆེ་ཆུང་སྣ་ཚོགས་བརྒྱ་སྟོང་མང་པོ་འདུག་པ་ཞིག་བྱིན་ནས། འདི་ཁྱེར་ལ་ལས་དང་སྐལ་བར་ལྡན་པ་མང་པོ་ལ་བྱིན་དང་ཐམས་ཅད་རང་རང་གིས་དཔག་ཚོད་ཀྱིས་ཡར་ནམ་མཁའ་ལ་འཕུར་ཐུབ་པ་འོངས་ཞེས་ཡར་ནམ་མཁའ་ལ་འཕུར་བ་དང་། ངས་ཀྱང་དངོས་གྲུབ་གནང་བ་དེ་ཨམ་ཕྲག་གཡོན་དུ་བཅུག་ནས་ནམ་མཁའ་ལ་འཕུར་སོང་བ་དང་། སྐལ་ལྡན་ཚུལ་ཁྲིམས་གཉིས་ཀྱང་འཕུར་ནས་ཡར་རྗེས་སུ་འོང་བར་གདའ། ས་ཡི་མི་ཐམས་ཅད་ཀྱིས་མཐོང་ནས་ཕྱག་བྱེད་པར་འདུག དེར་རྡོ་རྗེ་ཕག་མོས་ཁྱེད་རྣམས་ད་དུང་མ་ཡོང་དངོས་གྲུབ་དེ་རྣམས་ཀུན་ལ་བྱིན་ལ། རྗེས་སུ་ཁྱེད་རྣམས་འཆི་དུས་གསོལ་བ་ཐོབས་དང་། །ང་ཡང་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་ཏེ་བསུ་བ་ལ་འོང་གསུངས་ནས་ཇེ་མཐོ་ཇེ་མཐོར་སོང་སྟེ་མི་སྣང་བར་གྱུར་ཏོ། །ངེད་གསུམ་དགའ་ཞིང་སྤྲོ་བཞིན་འཕུར་ནས། མི་རྣམས་ཀྱིས་མཐོང་སའི་རི་ཞིག་གི་རྩེར་བབས་པས་ཀུན་དད་ནས་མཇལ་དུ་འོང་ཟས་ནོར་མང་པོ་ཕུལ་ཚེ། ངའི་བསམ་པ་ལ། ད་རྡོ་རྗེ་ཕག་མོས་དངོས་གྲུབ་བྱིན་ཡོད། ཟས་ནོར་མེད་དུས་

p. 452

གནམ་ལ་གཅིག་འཕུར་བཏང་ན་དེས་ཆོག་པར་འདུག་སྙམ། གང་ཕུལ་ཚད་པོ་མ་བླངས་པར་ཕྱིར་བྱིན་པས་མི་ཀུན་སྔར་བས་ཀྱང་དད་བཞིན་སོང་། དེ་ནས་ངེད་གསུམ་ཚུར་འོང་འགོལ་ས་ཞིག་ནས་དངོས་གྲུབ་གནང་བའི་སྣོད་ཀྱི་ཁ་ཕྱེ་ནས་བལྟས་པས། དངུལ་དཀར་གྱི་ཊཾ་ཀ་ལྟ་བུའི་སྒོར་སྒོར་ཆེ་བ་བརྒྱ་ལྷག་ཙམ། འབྲིང་བོ་སྟོང་ཚོ། ཆུང་ཆུང་ཁྲི་ཕྲག་ཙམ་ཡོད་དམ་སྙམ་པ་འདུག དེའི་ཆེ་བ་རྣམས་བཟུང་ནས་འཕུར་ན། གང་འདོད་དུ་ཐོགས་མེད་འགྲོ་ཐུབ་པར་གདའ། འབྲིང་བོ་དེ་རེ་རེ་བཟུང་ནས་འཕུར་ན། བར་སྣང་གི་ཁམས་མི་ཡིས་མི་མཐོང་བ་ཙམ་ལ་འཕུར་ནུས་པར་གདའ། ཆུང་ཆུང་རྣམས་བཟུང་ནས་འཕུར་ན། ཐོག་ཚད་བཞི་ལྔ་རེ་ཙམ་གྱི་ནམ་མཁའ་ལ་ཕར་འགྲོ་ཚུར་འགྲོ་བྱེད་ཐུབ་པ་བྱུང་བ་དང་། ངའི་སེམས་ལ་ད་ཕྱིན་ཆད་ཐམས་ཅད་ལ་བྱིན་ནས་འཕུར་དུ་འཇུག་སྙམ་རབ་ཏུ་དགའ་བའི་ངོས་ནས་ཚུར་འོང་བའི་སྣང་བ་བྱུང་། ཕྱིས་སུ་བསམ་བློ་བཏང་ན། མ་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གསང་སྔགས་ཀྱི་གདམས་པ་ཟབ་མོ་བྱིན་ན། རྗེས་འཇུག་བུ་སློབ་རྣམས་ཀྱི་ནང་ནས། །ཡར་མངོན་མཐོ་ལྷ་མིའི་གོ་འཕང་དང་། ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སློབ་མ་འདི་ཙམ་འོངས་ཞེས་གྲངས་ལུང་བསྟན་པ་ཡིན་ནམ་སྙམ་པ་བྱུང་། དེའི་ཕྱི་ཉིན་དགའ་ལྡན་རབ་བརྟན་དགོན་པར་འོངས་ནས་བསྡད་དེ་མང་ཇ་ཞིག་བཏང་ཕྱག་སྐོར་འདྲ་བྱས། དེའི་ཕྱི་ཉིན་གཙང་པོར་ཀོ་གྲུ་བཏང་ནས་ཕར་ཁར་སོང་། ཀླུང་དཀར་དགོན་ནས་ཞག་གཅིག་

p. 453

བསྡད་འཚོ་བ་ཞབས་ཏོག་ཡག་པོ་བྱིན།། དེའི་ཕྱི་ཉིན་གནས་ཆེན་དྭགས་ལ་སྒམ་པོར་སླེབས། དགོན་པའི་གཙུག་ལག་ཁང་རྣམས་ལ་མཇལ་ཏེ་མཆོད་འབུལ་བྱས། དེའི་ཕྱི་ཉིན་རི་ངོས་ཀྱི་སྒྲུབ་སྡེར་ཕྱིན་ཏེ། ཤར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་སོགས་དམ་པ་གོང་མ་མང་པོ་བཞུགས་པའི་མཚམས་ཁང་ཞིག་གཡར་ནས། ཟླ་བ་བཞི་ཙམ་ལ་མཚམས་ལ་བསྡད། དེ་དུས་ཆར་དཀོན་པོ་བྱུང་ནས་ཕྱོགས་དེའི་སྡེ་མི་སེར་རྣམས་ཀྱིས་ཆར་འབེབ་ཞིག་དགོས་ཟེར་བས། དེར་ངས་ཆར་འབེབ་འདྲ་མི་ཤེས་ཏེ། འོན་ཀྱང་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་དང་ཆར་བབས་ཡོང་ཞེས། མཚམས་ཁང་གི་ཐག་ཉེར་ཤུག་སྡོང་ཞིག་གི་རྩ་ན་ཆུ་མིག་ནེའུ་གསིང་གིས་བརྒྱན་པ་ཁ་ལྷོར་ལྟ་ཞིག་ཡོད་པའི་ཁར་སོང་ནས། ས་གཞི་བྱིན་རླབས་བྱས་ཏེ། སྤྱན་འདྲེན་ཁྲུས་གསོལ། གཏོར་མ་བརྒྱ་རྩ་ཀླུ་གཏོར་རྣམས་བཏང་བའི་མཇུག་ཏུ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱིན་རླབས། མ་གྱུར་སེམས་ཅན་རྣམས་ཀྱི་དགེ་ཚོགས། བདག་གི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་དགེ་བ་བགྱིས་པ་དང་ཏིང་ངེ་འཛིན་བསྒོམས་པའི་བསོད་ནམས་རྣམས། ཆོར་དགོས་པའི་དུས་སུ་ནམ་མཁའི་ཁམས་ལ་སྤྲིན་གྱི་ཕུང་པོ་ཆེན་པོར་གྱུར་ནས་ཅི་འདོད་ཀྱི་ཆར་ཆེན་པོ་འབབ་པར་གྱུར་ཅིག དྲོ་དགོས་པའི་དུས་སུ་དྲོ་འཇམ་ཉི་མར་གྱུར་ནས་ལོ་ཏོག་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག མི་འདོད་པའི་སེར་བ་འོང་བའི་དུས་སུ་བར་

p. 454

སྣང་ཁམས་སུ་མེ་དཔུང་ཆེན་པོར་གྱུར་ཏེ་སེར་བ་ཐམས་ཅད་བཞུས་ནས་འདོད་པའི་ཆར་ཆེན་པོ་འབབ་པར་གྱུར་ཅིག སད་རྒྱག་པའི་དུས་སུ་སྤྲིན་ཆེན་པོར་གྱུར་ཏེ་བར་སྣང་ཁམས་སུ་འཁྲིགས་ནས་སད་མི་འབྱུང་བར་གྱུར་ཅིག གཞན་ཡང་ལོ་ཏོག་ལ་གནོད་པའི་རི་བོང་བྱེའུ་སྲིན་འབུ་སོགས་ཀྱི་གཉེན་པོར་གྱུར་ནས། ཞིང་ལ་གནོད་པའི་རིགས་སུ་གྱུར་པ་གཏན་ནས་མི་འབྱུང་བར་གྱུར་ཅིག ལོ་རེ་བཞིན་དུ་ལོ་ཡག་ཕུན་སུམ་ཚོགས་པ་བྱུང་ནས། འབྲུ་ཡིས་ནང་གི་སྣོད་ཆེ་ཐམས་ཅད་ཡོངས་སུ་གང་བར་གྱུར་ཅིག སྣོད་དུ་མ་ཤོང་བར་སྒོའི་ཕྱི་ནང་བར་གསུམ་ལ་འབྲུ་ཡི་ཕུང་པོ་ཟད་མི་ཤེས་པ་སྤུངས་ནས། ཀུན་གྱིས་རྫོགས་ལྡན་གྱི་དུས་བཞིན་བདེ་སྐྱིད་ཀྱི་དཔལ་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་པ་ལ་སོགས་པའི་སྨོན་ལམ་བཏབ། ནང་དུ་འོངས་ནས་མཉམ་བཞག་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྗེས་སུ་སྤྲིན་ཆེན་པོའི་ཏིང་ངེ་འཛིན་ལ་བསྡད་པའི་མོད་ལ་ཆར་ཆེན་པོ་བབས། ལོ་ཡག་པོ་བྱུང་བས་ཀུན་དད་པར་གྱུར་ནས་མཐུན་རྐྱེན་ཀྱང་མང་པོ་ཕུལ་ལོ། །དེར་སྡོད་པའི་རིང་ལ། བདག་གིས་ཀྱང་བ ཀའ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་ལ་གསོལ་བ་འདེབས་བཞིན། ཐབས་ལམ་གཏུམ་མོ་དང་འོད་གསལ་ཕྱག་རྒྱ་ཆེན་པོ་གཉིས་ལ་ཉམས་ལེན་བྱས་པས་བདེ་སྟོང་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་། བུ་ཆེན་སྐལ་ལྡན་དང་། བསྟན་འཛིན་ཉི་མ། ཀུན་བཟང་གཞན་ཕན་གསུམ་གྱིས་འཁོར་འདས་ཐམས་ཅད་

p. 455

ཀྱི་རྩ་བ་རང་སེམས་གདོད་མ་གཤིས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་ཟང་ཐལ་རྒྱུ་ཡན་ཁྱབ་གདལ་ཀློང་ཡངས་ཆེན་པོའི་ངང་ལ་མཉམ་པར་འཇོག་པ་གཙོ་བོར་བྱས། རྗེས་ཐོབ་སྐབས་སུ་མཁའ་ཁྱབ་ཀྱི་འགྲོ་ལ་སྙིང་རྗེ་བསྒོམས་པས། ཉམས་རྟོགས་ཡོན་ཏན་མང་པོ་རྒྱུད་ལ་སྐྱེས་པ་བྱུང་། དེ་ནས་སྒྲུབ་སྡེའི་བླ་མ་བསྟན་འཛིན་ཆོས་དབང་རིན་པོ་ཆེ་ལ་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ནཱ་རོ་ཆོས་དྲུག ཕྱག་རྒྱ་ཆེན་པོ། བླ་སྒྲུབ་འཁྲུལ་འཁོར་དབུ་མ་འཛུགས་ཚུལ་རྡོ་རྗེ་ཆུ་འཐུང་གི་གདམས་པ་སོགས་ལུང་ཁྲིད་མང་པོ་ཞུས། བླ་མ་བརྩོན་འགྲུས་ཆོས་འབར་གྱི་དྲུང་ནས་དྭགས་པོ་ལྷ་རྗེའི་བཀའ་འབུམ་སོགས་ཀྱི་ལུང་དང་། སྒྲུབ་སྡེའི་་ཁྲི་པ་རིན་པོ་ཆེའི་དྲུང་ནས་དུང་མཚོ་རས་པའི་གཏེར་ཆོས་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་གི་ཆོས་སྐོར་སྔར་མ་ཐོབ་པ་འགའ་ཞིག་ཞུས། གཞན་ཡང་སྒྲུབ་པ་དམ་ཆོས་ལ་སོགས་པའི་རྩ་རླུང་འཁྲུལ་འཁོར་ངེས་པའི་གྲུབ་ཆེན་རྣམས་བོས་ནས། རླུང་བཟུང་འཁྲུལ་འཁོར་རྒྱག་ཏུ་བཅུག་པས་ལྟད་མོ་ཡག་པོ་བྱུང་། སྔར་མི་ཤེས་པའི་འཁྲུལ་འཁོར་རྣམས་བསླབས་པས་སྐལ་པ་བཟང་པོ་བྱུང་། ཡང་ཉིན་གཅིག་བུ་ཆེན་སྐལ་ལྡན་རང་གྲོལ་གྱིས་གནས་ཆེན་བཟང་པོ་འདི་ལ་བསྟོད་པ་ཞིག་དགོས་ཞེས་བསྐུལ་ངོར་འདི་སྐད་ཅེས་སྨྲས། རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷ་ཞི་ཁྲོ་རབ་འབྱམས་ཕོ་བྲང་དངོས། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དང་། །

p. 456

དཔལ་ཆོས་སྐྱོང་སྲུང་མ་འདུ་བའི་ཞིང་། །ཆོས་སྒྲུབ་བརྒྱུད་བསྟན་པ་དར་བའི་ས། །རྗེ་མཁས་གྲུབ་མང་པོ་བཞུགས་པའི་གནས། །ལྷ་མི་རྣམས་བསོད་རྣམས་བསགས་པའི་རྟེན། །ཡུལ་རྒྱ་གར་རྡོ་རྗེ་གདན་གཉིས་པ། །བོད་གངས་ཅན་ཁྲོད་ཀྱི་རྒྱན་གཅིག་པུ། །ཤར་གནས་ཆེན་དྭགས་ལ་སྒམ་པོ་ཞེས། །མཚན་ཡོངས་གྲགས་ངོ་མཚར་དཔལ་གྱི་རི། །རྒྱབ་བྲག་རི་རྩེ་མོ་མཁའ་ལ་བསྙེགས། །ཕྱོགས་གང་ནས་བལྟས་ཀྱང་ཡིད་དུ་འོང་། །ཁ་ལྷོར་ལྟ་རྩི་ཤིང་ནགས་ཚལ་རྒྱས། །བྱ་རི་དྭགས་སྤུ་སྡུག་མང་པོ་འཁོར། །སྨན་ནུས་པ་ཅན་གྱི་རིགས་རྣམས་སྐྱེ། །མདོག་རབ་མཛེས་མེ་ཏོག་སྣ་ཚོགས་བཀྲ །ཟས་རང་གྲུབ་ཤིང་འབྲས་ཟྭ་ཚོད་མོད། །ངོས་ཀུན་ནས་རྫ་ཆུ་བསིལ་མ་འབབ། །སྡོད་བདེ་བའི་བྲག་ཕུག་སྤྱིལ་བུ་མང་། །ཕར་བལྟས་ན་ནམ་མཁའ་ཁ་ཞེང་ཆེ། །མདུན་གཙང་པོ་ཡོན་ཆབ་བཞིན་དུ་འཁྱིལ། །ཞིང་ལོ་ཡག་མཎྜིལ་བཤམས་པ་འདྲ། །ཡུལ་དེ་ཡི་གཞི་བདག་ཆོས་ལ་དཀར། །ཆར་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །དུས་དགུན་དུས་ཉི་འོད་འཁྱིལ་བས་དྲོ། །དབྱར་སོས་དུས་བསིལ་དྲོད་ཁོད་སྙོམས་བདེ། །དུས་རྟག་ཏུ་ཉམས་དགའ་རིག་པ་དྭངས། །གནས་དེ་ན་ཆོས་མཛད་སྐྱེས་བུ་མང་། །ལྷའི་སྐུ་གསུང་ཐུགས་རྟེན་བྱིན་ཅན་བཞུགས། །མདོ་གཡས་གཡོན་དད་ལྡན་ཡོན་བདག་མོད། །ཆུ་མེ་ཤིང་ལ་སོགས་མཐུན་རྐྱེན་འཛོམ། །ཆོས་དགེ་བའི་བར་ཆོད་བྱེད་མཁན་མེད། །ཉམས་རྟོགས་པའི་ཡོན་ཏན་དབང་མེད་སྐྱེ། །གནས་འདི་འདྲ་

p. 457

བསྟེན་ན་ཚེ་འདིར་བདེ། །སྒོམ་སྒྲུབ་པ་ནུས་ན་ཕྱི་མར་སྐྱིད། །ཚེ་འདིར་བདེ་ཕྱི་མར་སྐྱིད་འདོད་པས། །གནས་འདི་ཉིད་བསྟེན་ལ་སྒོམ་སྒྲུབ་གྱིས། །དགེ་འདིས་ཀྱང་རང་གཞན་ལ་ཕན་ནས། །ཆོས་སྒྲུབ་བརྒྱུད་བསྟན་པ་འཛིན་པར་ཤོག །ཅེས་སྨྲས་པས་དེར་འཚོགས་པ་རྣམས་ཀྱང་དགའ་བ་བྱུང་། དེ་ནས་འགྲོ་ཁར་གྲྭ་ཚང་ལ་མང་ཇ་བཏང་། སྒྲུབ་སྡེ་ལ་ཚོགས་འཁོར་བསྐོར། བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བྱས་པས་བླ་མ་བསྟན་འཛིན་ཆོས་དབང་རིན་པོ་ཆེས་ངའི་རྨི་ལམ་ལ། ཁྱེད་ཀྱིས་རྒྱ་མཚོ་ཆེན་པོ་ཞིག་ལ་གྲུ་བཏང་ནས་ཕ་རོལ་ཏུ་འགྲོ་བ་ཞིག་རྨིས། ཁྱེད་འདི་ནས་གར་ཕེབས་ཀྱང་ལོངས་སྤྱོད་རྒྱ་ཆེན་པོ་ཡོང་བར་འདུག་སྟེ། གང་ལ་ཡང་མ་ཆགས་པར་མཆོད་སྦྱིན་གྱིས་ལ་ཕེབས་དང་། སྐྱོན་གྱིས་མི་གོས་པར་གདའ་གསུངས། འགྲོ་བའི་ནངས་པར་དེར་བཞུགས་པའི་དམ་གཙང་མཆེད་གྲོགས་དང་། སློབ་མ་ཡོན་བདག་མང་པོ་སྐྱེལ་ཐུང་དུ་བྱུང་བ་ལ་ཕན་པའི་སེམས་ཀྱིས་གླུ་དབྱངས་འདི་བླངས་སོ། །སྟེང་སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱུན། །རྗེ་རྩ་བའི་བླ་མར་གུས་པས་འདུད། །ཚེ་བློས་བཏང་ཚོགས་དྲུག་རང་གྲོལ་ངས། །གཞན་ཆོས་ལ་བསྐུལ་ཕྱིར་གླུ་དབྱངས་ལེན། །དབྱངས་འདི་ལ་དམ་གཙང་མཆེད་གྲོགས་དང་། །ངའི་སློབ་བུ་ཐམས་ཅད་གུས་པས་ཉོན། །དུས་དེང་སང་སྙིགས་དུས་སེམས་ཅན་གྱི། །ཚེ་ཐུང་ཞིང་ཚེ་ལ་བར་ཆད་མང་། །ལུས་འཇིག་སླ་ནམ་འཇིག་ངེས་པ་མེད། །རང་གང་ལ་བསམ་ཀྱང་འཆི་ལ་

p. 458

ཉེ། །ལོ་བརྒྱ་སྟོང་འདང་བའི་ཟས་ཡོད་ཀྱང་། །རང་འཆི་བའི་ནངས་པར་བསྐྱུར་ནས་འགྲོ །ལོ་བརྒྱ་སྟོང་འདང་བའི་གོས་ཡོད་ཀྱང་། །རང་འཆི་བའི་ནངས་པར་ཕུད་ནས་འགྲོ །གསེར་དངུལ་སོགས་བརྒྱ་སྟོང་མང་ཡོད་ཀྱང་། །རང་འཆི་བའི་ནངས་པར་ལག་སྟོང་འགྲོ གྲོགས་མཛའ་བཤེས་བརྒྱ་སྟོང་མང་ཡོད་ཀྱང་། །རང་འཆི་བའི་ནངས་པར་བྲལ་ནས་འགྲོ །དོན་དེ་ཕྱིར་གྲོགས་མཆོད་སློབ་བུ་རྣམས། །རང་འཆི་ཁ་བར་དོ་ཕྱི་མ་ལ། །ཕན་མེད་པའི་མི་ནོར་ཟས་གོས་སོགས། །ད་མ་ཆགས་ཚེ་འདི་བློ་ཡིས་ཐོངས། །རྗེ་དམ་པ་གོང་མའི་རྣམ་ཐར་བཞིན། །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་བློས། །ལས་མི་དགེ་སྤོངས་ལ་ཚོགས་བསགས་གྱིས། །མཇུག་བསྔོ་བ་སྨོན་ལམ་མཚམས་སྦྱོར་མཛོད། །དོན་དེ་ལྟར་ཀུན་གྱིས་མཛད་ནུས་ན། །ཚེ་འདིར་ཡང་བདེ་ལ་ཕྱི་མར་སྐྱིད། །ཡར་སངས་རྒྱས་ཞིང་ནས་ཞིང་དུ་འགྲོ །ཚེ་ཕྱི་མར་དག་པའི་ཞིང་ཁམས་སུ། །ངེད་དཔོན་སློབ་མཇལ་བའི་རྟེན་འབྲེལ་ཡོད། །ཐུགས་དགྱེས་པར་གྱིས་ལ་ཉམས་སུ་ལོངས། །གླུ་འདི་ཉིད་མཐོང་ཐོས་ཐམས་ཅད་ཀྱི། །བློ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཅེས་བླངས་པའི་ཚེ་ཀུན་གྱི་སྣང་བ་དམ་པའི་ཆོས་ལ་འགྱུར་ཏེ་མི་ཕྱེད་པའི་དད་པ་ཆེན་པོའི་སྒོ་ནས་གནས་འདིར་ཡང་ཡང་ཕེབས་དགོས་ཞེས་གསོལ་བ་འདེབས་བཞིན་བསྡད་ཚེ། ངེད་དཔོན་སློབ་རྣམས་ཀྱིས་ཀྱང་གནས་དང་བླ་མ་མཆེད་གྲོགས་རྣམས་ལ་དད་གུས་ཀྱིས་ཕྱི་མིག་བལྟས་ནས་དུས་ཡང་ཡང་མཇལ་བའི་སྨོན་ལམ་འདེབས་བཞིན་འོང་སྟེ་

p. 459

བླ་མ་བློ་ཆེན་པའི་ནང་ལ་སོང་ནས་ཞག་གཅིག་བསྡད་ཆོས་འབྲེལ་དུ་ཚེ་དབང་ཞིག་ཞུས། དྭགས་པོ་བཤད་སྒྲུབ་གླིང་ལ་མཇལ་མང་ཇ་བཏང་མཆོད་འབུལ་བྱས་སྨོན་ལམ་བཏབ། དེ་ནས་དྭགས་པོ་གྷོ་པའི་གཞི་ཀ་གོང་འོག་གཉིས་ལ་བཀྲ་ཤིས་བརྗོད་ལྕམ་སྲས་ལ་ཚེ་དབང་བསྐུར། ཆོས་བཤད་པས་ཁོང་རྣམས་ཀྱིས་འཚོ་བ་ཞབས་ཏོག་ཡག་པོ་བྱས། ཚེ་དབང་གི་ཡོན་དུ་མར་ལྟང་གཅིག་དང་དངུལ་སྲང་ཁ་ཤས་བྱིན། དེ་ནས་ཚུར་ལོག་ནས་ཨེ་རིག་པའི་འབྱུང་གནས་སུ་འོངས། ཆོས་རྒྱལ་ཆེན་པོ་ལྷ་རྒྱ་རི་ཡབ་སྲས་ལ་མཇལ། ཕྱག་རྟེན་ལ་མཛོ་གཅིག་ཡོད་པ་ཕུལ། མདུན་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་དང་། གསང་བ་ཡེ་ཤེས་ཀྱི་དབང་། གསང་ཡེའི་ཆོ་ག་དང་སེམས་ཁྲིད་ཡུངས་འབྲུ་ནམ་མཁའ་སོགས་ཀྱི་ལུང་ཞུས། ཕར་ལ་ཚེ་དབང་དང་རྗེ་མི་ལའི་རྣམ་མགུར་གྱི་ལུང་ཕུལ། ཟབ་མོ་རི་ནས་མཚམས་ལ་བསྡད། ཆོས་རྒྱལ་མ་ཡུམ་ལ་སེམས་ཁྲིད་བཏབ། སེམས་ཀྱི་གནས་ལུགས་ངོ་འཕྲོད་པ་བྱུང་། ཚུར་ལ་གསོལ་རས་བདག་རྐྱེན་མང་པོ་གནང་། ཕྱོགས་དེའི་སྡེ་བ་ཁང་གསར། སྡེ་བ་དཀྱིལ་འཁོར། རྩྭ་ཆང་དགའ་གཡུ་ཁང་སོགས་དད་ཅན་ཡོན་བདག་ཕོ་མོ་མང་པོ་ལ་ཚེ་དབང་བསྐུར། དེ་དུས་ལས་འབྲས་ཀྱི་ཆོས་བཤད་པས། སྐྱེ་ཕོ་མོ་ཐམས་ཅད་དད་པ་སྐྱེས། རྩྭ་ཚང་དགའ་ནས་རྒྱུ་དངུལ་རྡོ་ཚད་གཅིག དེ་བཞིན་དུ་གཞན་རྣམས་ཀྱིས་གསེར་དངུལ་གཡུ་བྱིར་སོགས་ནོར་རྫས་མང་པོ་ཕུལ་བ་རྣམས་བླངས་ནས་ལྷ་

p. 460

སར་འོངས་པས་སོག་པོའི་ཆོས་རྒྱལ་ཆིང་ཝང་རིན་པོ་ཆེ་འདི་དཔོན་མོ་ཨ་བཱའི་མཆོག་གི་ཚ་བོ་ཐེ་ཇི་དང་། ཕྱག་མཛོད་དར་ཧན། ཨ་རྒྱ་བདེ་ལེགས་ལ་སོགས་པའི་སོག་ཕྱོགས་ཀྱི་ཡོན་བདག་དད་ཅན་མང་པོ་སླེབས་ཡོད་པ་དང་མཇལ། དེ་རྣམས་ཀྱིས་དངུལ་རྡོ་ཚད་བཅུ་གསུམ་ཙམ་ཕུལ་བ་གསེར་དུ་བསྒྱུར། གསེར་སྲང་ལྔ་བཅུ་ཐམ་པའི་མཆོད་ཀོང་འདོད་དཔལ་ནས་བཟོ་རུ་བཅུག དེའི་བར་ལ་ལྕགས་པོ་རིའི་མདུན་ངོས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྒྲུབ་གནས་བྲག་ལྷ་ཀླུ་ཕུག་ཏུ་ཟླ་བ་གཉིས་ཙམ་བསྡད་དེ། བོད་ཀྱི་རྒྱལ་པོ་དེ་མོ་རིན་པོ་ཆེ་ལ་ཞབས་བརྟན་ཚེ་སྒྲུབ་བྱས། དེ་དུས་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་ཨེ་ཡི་དཀྱིལ་འཁོར་སྡེ་བ་སྟོབས་ལྡན་གྱི་སྲས་འོང་བ་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་སྟེ་མིང་སྐལ་བཟང་ཚུལ་ཁྲིམས་སུ་བཏགས། ཁོས་ཚེ་བློས་བཏང་ནས་གསེར་ཕུག་གངས་རི་དང་། ལ་ཕྱི་སོགས་ནས་ཚེ་དང་སྒྲུབ་པ་སྙོམས་པས་ཆོས་པ་བཟང་བོ་ཞིག་བྱུང་། མཆོད་ཀོང་འགྲུབ་ནས་ཡོན་བདག་ནམ་མཁའ་མཛོད་པ་དང་འགྲོགས་དཔལ་གྱི་བསམ་ཡས་སུ་སོང་། ཇོ་བོ་བྱང་ཆུབ་ཆེན་པོའི་དྲུང་དུ་གསེར་ཀོང་མར་ཁུས་བཀང་མར་མེ་སྦར་ནས་ཕུལ། གཞན་ཡང་སྟོང་མཆོད་ཆེན་མོ་ཕུལ། བསམ་ཡས་དགེ་འདུན་རྣམས་ལ་ཉིན་ཁོག་བཏང་འགྱེད་ཊཾ་ཀ་རེ་ཕུལ། སྤྲང་པོ་བརྒྱ་ལྷག་ཙམ་ལ་རྩམ་པའི་སྦྱིན་པ་བཏང་། དེའི་ནང་ནས་ཉམ་ཐག་གོས་མེད་ལྷམ་མེད་འགའ་རེ་ལ་གོས་ལྷམ་རེ་བྱིན། མཇུག་ཏུ་བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བཏབ་པས། བསམ་ཡས་ཆོས་

p. 461

སྐྱོང་ཆེན་པོ་ཐུགས་དགྱེས་སྐུ་རང་ཕེབས་བརྒྱབ་ནས་མདུན་དུ་བོས། གྲུབ་དབང་ཁྱོད་ཀྱིས་དཔལ་བསམ་ཡས་ལ་སྔར་མེད་པའི་གསེར་ཀོང་གི་སྦྱོར་འཇགས་བྱས་པ་ཤིན་ཏུ་ལེགས། ད་དུང་ཀྱང་ཞབས་ཏོག་གང་ཐུབ་མཛོད། །བདག་ཀྱང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་གྲོགས་བྱེད་པ་ཡིན་ཞེས་ཁ་བཏགས་ཕྱི་མཛོད་ཅིག་གནང་བྱུང་བར་བརྟེན། །བསམ་ཡས་ཆོས་རྗེ་ལ་དང་། རྫོང་དཔོན་སྡེ་པ་སོགས་བསམ་ཡས་པ་རྣམས་ང་ལ་དད་པ་ལྷག་པར་སྐྱེས་ནས་རང་རང་གི་ནང་དུ་བོས། ཟས་ནོར་ལོངས་སྤྱོད་འབུལ་མཁན་མང་པོ་བྱུང་། །བསམ་ཡས་ཧས་པོ་རིའི་ལྷ་ཁང་ནས་ཞག་ཤས་བསྡད་ནས་ཚོགས་ཤིག་གཏོང་བའི་ཉིན་ལྷ་འདྲེ་མཐོང་བའི་བུ་མོ་གཅིག་གིས་བལྟས་ཚེ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཕྱོགས་ཕྱོགས་ནས་ནམ་མཁའ་ལ་སྤྲིན་བཞིན་དུ་འདུ་བ་མཐོང་སྐད། དེ་ནས་བསམ་ཡས་མཆིམས་ཕུའི་ལྟེ་བ་འོག་མིན་མཁའ་འགྲོའི་ཚོགས་ཁང་མཇལ་དུ་སོང་། བརྒྱ་མཆོད་ཕུལ་ཚོགས་བརྒྱ་བཏང་མཚམས་པ་རྣམས་ལ་མང་ཇ་བཏང་དངུལ་ཊཾ་རེ་ཕུལ། བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ་མཇལ། མཆོད་པ་ཕུལ། མཚམས་པ་གྲྭ་བཙུན་རྣམས་ལ་མང་ཇ་བཏང་། དེ་ནས་དགའ་ལྡན་དུ་སོང་། གསེར་གདུང་རིན་པོའི་དྲུང་དུ་བརྒྱ་མཆོད་ཕུལ། དགེ་འདུན་པ་རྣམས་ལ་མང་ཇ་ཞིག་བཏང་ཁམས་ཚན་ལ་སྤྱི་འཇོག་བཞག གསེར་ཞོ་གཉིས་ཡོད་པ་གསེར་

p. 462

གདུང་དང་དམ་ཅན་ཆོས་རྒྱལ་གཉིས་ལ་ཕུལ། འདོད་གསོལ་མང་པོ་བྱས་སྨོན་ལམ་རྒྱ་ཆེར་བཏབ་ནས་བྲག་ཡེར་པར་འོང་ཞག་གཅིག་བསྡད་དེ་རྟེན་རྣམས་ལ་མཇལ་མཆོད་འབུལ་བྱས། སློབ་དཔོན་རིན་པོ་ཆེའི་སྐུ་དྲུང་ནས་ཚོགས་འཁོར་བསྐོར་དགོན་པར་མཇལ་མང་ཇ་ཞིག་བཏང་། དེ་ནས་ལྷ་ལྡན་དུ་འོང་ཇོ་ཤཱཀ་རྣམ་གཉིས་ལ་མཇལ་མར་མེ་ཕུལ་ནས་ཕྱག་སྐོར་བྱས་སྤྲང་པོ་རྣམས་ལ་སྦྱིན་པ་བཏང་། ར་ལུག་བདུན་ཙམ་གྱི་སྲོག་བླུ་བྱས་ཏེ་གང་དུ་སོང་ཀྱང་ཚེ་རིང་ནད་མེད་ཆོས་རྣམ་དག་ཡོང་བའི་སྨོན་ལམ་ཀྱང་བཏབ་པ་ལགས་སོ། །སྨྲས་པ། མངོན་མཐོ་ངེས་ལེགས་ཐོབ་ཐབས་དམ་པའི་ཆོས། །མངོན་སུམ་སྟོན་མཛད་ཉི་མའི་གཉེན་ལ་འདུད། །མངོན་པར་རྟོགས་པའི་ཡོན་ཏན་མ་ལུས་པ། །མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །བླ་མའི་རྣམ་ཐར་མཐོང་བ་ཙམ་གྱིས་ཀྱང་། །ལས་ངན་སྡིག་སྒྲིབ་ཐམས་ཅད་དག་པའི་ཕྱིར། །ཙཱ་རིའི་རོང་སྐོར་སྒྲུབ་པ་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །སྤྲེའུའི་ལོ་ལ་ཙཱ་རིའི་རོང་སྐོར་དུ། །འགྲོ་དུས་ཕར་ལམ་མཐོང་ཐོས་དྲན་རེག་སོགས། །འབྲེལ་ཚད་དོན་ལྡན་དཔལ་གྱི་བསམ་ཡས་དང་། །གྲུབ་དབང་གཏེར་སྟོན་སཱ་ལ་རིན་པོ་ཆེ། །འབྲུག་པ་ཐམས་ཅད་མཁྱེན་པ་རྣམས་ལ་མཇལ། །ཙཱ་རིའི་དཀྱིལ་འཁོར་ཐང་དུ་སླེབས་པའི་ཚེ། །མི་སྣ་མང་པོ་འཚོགས་པས་ཕྱག་མཆོད་བྱེད། །ལ་ལས་གླུ་བླངས་གར་བྱེད་སྒྲ་སྙན་འཁྲོལ། །མཐའ་འཁོབ་གློ་བ་མང་པོས་མཚོན་ཐོགས་ནས། །

p. 463

གཡག་གཉིས་གསོད་པ་མཐོང་ནས་སྙིང་རྗེ་སྐྱེས། །རང་གཞན་སེམས་ལ་ཕན་པའི་མགུར་དབྱངས་བླངས། །གནས་བསྟོད་གསོལ་འདེབས་བྱེད་བཞིན་རོང་སྐོར་བརྒྱབ། །ཤི་བའི་རོ་དང་ན་ནས་ལུས་པ་དང་། །ལ་ལས་ཁུར་ནས་དཀའ་ལས་མྱོང་བ་མཐོང་། །རང་ཡང་དཀའ་ཚེགས་མང་པོ་མྱོང་བཞིན་སོང་། །དེ་དུས་སྡིག་སྒྲིབ་ཐམས་ཅད་དག་ཡོད་སྙམ། །དེ་ནས་ཤག་ཆུའི་ཁ་དང་ཡུལ་སྨད་དུ། །སླེབས་དུས་སེམས་ལ་དགའ་བ་ཆེན་པོ་བྱུང་། །ཆོས་ཟམ་ཐང་དུ་སླེབས་ནས་གནས་སྐོར་བ། །ཐམས་ཅད་བསྡད་ནས་ཇ་བསྐོལ་འཐུང་བ་དང་། ཁུར་པོ་བསྡམས་ནས་ང་ཡི་མཐའ་ལ་འདུས། །ཕྱག་འཚལ་ཁྱེད་ནི་གང་ལ་ཕེབས་རྒྱུ་ཡིན། །ཁོང་ཚོའི་ཡུལ་ལ་ཕེབས་ཞེས་གསོལ་བ་འདེབས། །ང་ནི་ད་རེས་ཡར་ལ་གངས་རིར་འགྲོ །ཁྱེད་རྣམས་ཡུལ་དུ་སོང་ལ་ལྷ་ཆོས་གྱིས། །ཕྱིན་ཆད་ཁྱེད་ཚོའི་ཡུལ་ལའང་འོང་ཐུབ་བལྟ། །སྨྲས་པས་ཐམས་ཅད་སེམས་འཕྲེང་འབྲལ་མི་ཕོད། །མིག་ནས་མཆི་མ་གཡོ་བཞིན་གྱེས་ནས་སོང་། །རང་ཡང་སྐྱོ་བཞིན་གསང་སྔགས་ཆོས་གླིང་འོངས། །སྐྱབས་མགོན་འབྲུག་པ་ཐམས་ཅད་མཁྱེན་པར་མཇལ། །ཚེ་དབང་ཕྱག་རྒྱུ་ཆེན་པོའི་གདམས་པ་ཞུས། །སླར་ཡང་ཙཱ་རིའི་ཅིག་ཆར་དབེན་པར་སོང་། གཅིག་པུར་ལོ་གཅིག་ཟླ་གཅིག་སྒྲུབ་པ་བྱས། །གནས་བསྟོད་ཉམས་མགུར་ལེགས་བཤད་མང་པོ་བརྩམས། །རྒྱལ་བ་སྲས་བཅས་དཔའ་བོ་མཁའ་འགྲོ་

p. 464

དགྱེས། །འཇའ་འོད་མེ་ཏོག་ཆར་བབས་རོལ་མོ་འཁྲོལ། །ལྟ་བའི་གསལ་འདེབས་དྲི་བ་དྲིས་ལན་བྱས། །འགྲོ་ལ་ཉེ་ཚེ་ཨོ་རྒྱན་སྒྲུབ་གནས་མཇལ། །མི་ཁྱིམ་བདུན་པའི་ཨ་མ་མཁའ་འགྲོ་མའི། །ནང་དུ་བོས་ནས་ཆོས་བཤད་བཀྲ་ཤིས་བརྗོད། །དེ་ནས་མཐུན་རྐྱེན་ཁྱེར་ནས་ཕྱིར་ལ་འོངས། །གྲུབ་ཆེན་རྣམས་ལ་ཇ་ཐུག་ཚོགས་འཁོར་བསྐོར། །ཀུན་ཀྱང་ཐུགས་མཉེས་ཆོས་བྲོ་སྣ་ཚོགས་གནང་། །ཐམས་ཅད་ཉམས་དགའ་སྣང་བ་སྤྲོ་བ་བྱུང་། །འགྲོ་ཁར་ཡོན་བདག་རྣམས་ལ་ཞལ་གདམས་བྱིན། །གྲུབ་ཆེན་མང་པོས་བདག་ལ་སྐྱེལ་ཐུང་བྱས། །བདེ་ཞུས་སྨོན་ལམ་མགུར་བླངས་ཕྱིར་ལ་ཕེབས། །ངེད་རྣམས་འོངས་ནས་རྡོ་རྗེའི་རྭ་བར་སོང་། །གནས་ཀྱི་ལྷ་ལ་བསང་དང་ཚོགས་གཏོར་ཕུལ། །དཔའ་བོ་མཁའ་འགྲོ་མཉེས་པའི་གླུ་དབྱངས་བླངས། །ཆོས་ཟམ་བརྒྱུད་ནས་གོང་མོ་ལའི་རྩེ་རུ། །བསྡད་པའི་མཚན་མོ་ཐོ་རངས་རྨི་ལམ་དུ། །རྡོ་རྗེ་ཕག་མོས་ཞལ་བསྟན་དངོས་གྲུབ་གནང་། །སློབ་མ་མང་པོ་འོང་བའི་ལུང་བསྟན་ཐོབ། །དེ་ནས་དགའ་ལྡན་རབ་བརྟན་ཀླུང་དཀར་གྱི། །དགོན་པར་མཇལ་ནས་དྭགས་ལ་སྒམ་པོར་སོང་། །དགོན་པའི་གཙུག་ལག་ཁང་ལ་མཆོད་འབུལ་བྱས། །ཕྱི་ཉིན་སྒྲུབ་སྡེར་སོང་ནས་མཚམས་ལ་བསྡད། །ལོ་ལ་ཕན་པའི་ཆར་ཕབ་དད་པ་སྐྱེས། །བླ་མ་གཉིས་ལ་བཀའ་བརྒྱུད་གདམས་པ་ཞུས། །ཡོང་ཁར་སློབ་མར་ཕན་པའི་མགུར་དབྱངས་བླངས། །ཚུར་འོང་ལོ་ཆེན་མཆོག་ལ་ཚེ་དབང་ཞུས། །དྭགས་
པོ་བཤད་སྒྲུབ་གླིང་ལ་མང་ཇ་བཏང་། །ཤུ་པའི་གཞི་ཀར་སོང་ནས་ཚེ་དབང་བསྐུར། །འོད་གསལ་ལྷ་ཡི་གདུང་རྒྱུད་ཆོས་རྒྱལ་ལ། །མཇལ་ནས་དབང་ཞུས་ཡུམ་ལ་སེམས་ཁྲིད་བཏབ། །ཕྱོགས་དེའི་ཡོན་བདག་ཡོངས་ལ་ཆོས་བཤད་པས། །གསེར་དངུལ་རྒྱན་གོས་ཡོ་བྱད་མང་པོ་ཕུལ། །དེ་ནས་རིམ་བཞིན་ལྷ་སར་འོང་བའི་ཚེ། །སོག་པོའི་ཆོས་རྒྱལ་ཡུམ་གྱི་ཚ་བོ་ཞིག །དབུས་སུ་ཕེབས་པས་རྒྱ་དངུལ་མང་པོ་ཕུལ། །དེ་ཡིས་གཞི་བྱས་བསམ་ཡས་གསེར་ཀོང་ཕུལ། །དེ་ནས་དགའ་ལྡན་ཡེར་བ་ལྷ་རིར་མཇལ། །མཆོད་འབུལ་གསོལ་འདེབས་སྨོན་ལམ་འདེབས་བཞིན་དུ། །ལྷ་སར་འོངས་པས་འདུ་འཛིས་ཡིད་སུན་ཏེ། །ཐག་རིང་རི་ཁྲོད་ཅིག་ལ་འགྲོ་འདོད་བྱུང་། །མདོར་ན་རྩྭ་རིའི་རོང་སྐོར་སྒྲུབ་པ་བྱས། །བསྟན་འགྲོར་ཕན་པའི་ལེགས་བཤད་མང་པོ་བརྩམས། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་འདི་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །གནས་ཆེན་རྣམས་སུ་སྒྲུབ་ལ་བཞོལ་བཞིན་དུ། །བསྟན་འགྲོར་ཕན་པའི་ལེགས་བཤད་འདོམས་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བཅུ་གཉིས་པ་ངོ་མཚར་ལྷ་ཡི་ཡུལ་དང་མཚུངས་པའི་བལ་ཡུལ་མཆོད་རྟེན་ཆེན་པོ་རྣམ་གཉིས་མཇལ་དུ་སོང་ཚུལ།

p. 465

གངས་དཀར་གྱི་རྒྱལ་པོ་ཏེ་སེ་སེང་གདོང་མ་དཀར་མོ་སྐུ་ཡི་གནས་ནས་སྒྲུབ་པ་བྱས་ཚུལ། བཅུ་གཅིག་པ་སྟོད་ན་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏེ་སེ་སེང་གདོང་མ་དཀར་མོའི་སྐུའི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ་ནི། རྣམ་གཡེང་འདུ་འཛི་ལ་ཡིད་སུན་ཏེ་བདག་གི་བསམ་པ་ལ། རང་དོན་ཤོར་བའི་གཞན་དོན་ལྟར་སྣང་འདིས་མཐར་རང་གཞན་གཉིས་ཀ་ལ་མི་ཕན་པ་ཞིག་ཡོང་ཉེན་འདུག་པས། ད་ནི་ཚེ་མཇུག་འདི་ལ་སྟོད་ཀྱི་གངས་ཏེ་སེ་ལྟ་བུའི་ཡུལ་ཐག་རིང་ཞིག་ལ་སོང་སྟེ་ཚེ་དང་སྒྲུབ་པ་བསྙམས་ནས་འཇའ་ལུས་འོད་སྐུ་ཞིག་ཨེ་འགྲུབ་བལྟ་དགོས། གཞན་ཅི་ཡང་དགོས་པ་མི་འདུག་སྙམ་ཡོད་པའི་དུས།

p. 466

སྟོད་ཀྱི་སྤུ་ཧྲེངས་བཤད་འཕེལ་གླིང་གི་ཕྱག་མཛོད་དང་གཏོང་བློ་ལྡན་སྡེ་པ་དབང་བོ་ལྷ་སར་འོངས་པ་དང་འཕྲད་དེ་གངས་རིའི་ཕྱོགས་ཀྱི་ལོ་རྒྱུས་རྣམས་བཤད་པའི་ཚེ། ཁོ་དང་ལྷན་དུ་འགྲོ་བར་ཐག་བཅད་པས། མཁན་པོ་ལྕགས་ཟམ་པས་སྡེ་པ་དབང་བོ་ལ་བཅོལ་གདམས་མཛད། མཁན་པོ་ཞི་བ་ཚེ་རིང་དང་ལྕམ་གཉིས་ཀྱིས་ང་ལ་མཁོ་བའི་ཡོ་བྱད་ཅོག་པུ་ལ་སོགས་པ་བྱིན་ནས། སྡེ་པ་དབང་བོ་དང་འགྲོགས་ཏེ་ཡར་ལམ་སྙེ་ཐང་སྒྲོལ་མ་དང་རོང་བྱམས་ཆེན་སོགས་ལ་མཇལ་མར་མེ་ཕུལ་སྨོན་ལམ་བཏབ། བཀྲ་ཤིས་ལྷུན་པོ་རུ་སོང་རྟེན་ཐམས་ཅད་དང་སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་དང་། ཁོང་གི་ཡོངས་འཛིན་དང་བཅས་པར་མཇལ། ཆོས་འབྲེལ་དང་སྐྱབས་འཇུག་ཞུས་ནས་ཡར་སོང་བའི་ལམ་དུ་དངུལ་སྲང་ཉི་ཤུ་རྩ་ལྔ་ཡོད་པ་སྤྲང་པོ་ལ་སྦྱིན་པ་བཏང་། སག་རུ་སླེབས་ནས་མཁན་པོ་ལྕགས་ཟམ་པའི་ཉེ་བ་རྫོང་དཔོན་དང་། ལྕམ་དད་ཅན་གཉིས་ཡོད་པས་ཚེ་དབང་ཞུས་ཊཾ་ཀ་དང་རྩམ་པ་ཇ་མར་སོགས་གང་ཕུལ་བ་རྣམས་ཁྱེར་ནས་སོང་བའི་ལམ་སྐབས་རྣམས་སུ་མི་འགའ་རེས་གང་དུ་འགྲོ་དྲིས་པའི་ལན་དུ་གངས་རི་ལ་འགྲོ་ཡིན་ཞེས་རྒྱུ་མཚན་ཚིགས་སུ་བཅད་དེ་འདི་སྐད་ཅེས་སྨྲས་སོ། །རི་རབ་རི་ཡི་རྩེ་མོ་ཡི། །ངོ་མཚར་རྣམ་རྒྱལ་ཁང་བཟང་ལ། །སྔོན་ཆད་ལྟད་མོ་ལྟ་མ་མྱོང་། །ད་རེས་ལྟད་མོ་བལྟ་རུ་འགྲོ། །མཐའ་ཡི་རྒྱ་མཚོ་ཆེན་པོ་ཡི། །ངོ་མཚར་ཡིད་བཞིན་ནོར་བུ་ལ། །སྔོན་ཆད་དགོས་འདོད་ཞུ་མ་མྱོང་། །ད་རེས་དགོས་འདོད་སློང་དུ་འགྲོ །གངས་རིའི་ཁྲོད་ན་འཕྱོ་བ་ཡི། །ངོ་མཚར་དར་སེང་དཀར་མོ་ལ། །སྔོན་ཆད་ཞོན་ནས་འགྲོ་མ་མྱོང་། །ད་རེས་སྟེང་ལ་ཞོན་དུ་འགྲོ །གཡལ་སྤང་མཚམས་ན་རྒྱུ་བ་ཡི། །ངོ་མཚར་འབྲོང་མོ་རྭ་སྔོན་ལ། །སྔོན་ཆད་འོ་མ་འཇོ་མ་མྱོང་། །ད་རེས་འོ་མ་བཞོ་རུ་འགྲོ། །འཛམ་གླིང་གངས་དཀར་ཏེ་སེ་ཡི། །ངོ་མཚར་བདེ་མཆོག་ཕོ་བྲང་ལ། །སྔོན་

p. 467

ཆད་ལྟད་མོ་ལྟ་མ་མྱོང་། །ད་རེས་ལྟད་མོ་བལྟ་རུ་འགྲོ །གནས་ཆེན་དེ་རུ་བཞུགས་པ་ཡི། །ངོ་མཚར་དགྲ་བཅོམ་ལྔ་བརྒྱ་ལ། །སྔོན་ཆད་ཆོས་ཤིག་ཞུ་མ་མྱོང་། །ད་རེས་ཆོས་ཤིག་ཞུ་རུ་འགྲོ། །གནས་ཆེན་དེ་རུ་འདུ་བ་ཡི། །ངོ་མཚར་དཔའ་བོ་མཁའ་འགྲོ་མར། །སྔོན་ཆད་ལྷན་ཅིག་འགྲོགས་མ་མྱོང་། །ད་རེས་ལྷན་ཅིག་འགྲོགས་སུ་འགྲོ །གནས་ཆེན་དེ་ཡི་ཤར་ཕྱོགས་ཀྱི། །ངོ་མཚར་རྫུ་འཕྲུལ་ཕུག་པ་རུ། །སྔོན་ཆད་བྱང་ཆུབ་སྒྲུབ་མ་མྱོང་། །ད་རེས་བྱང་ཆུབ་བསྒྲུབ་ཏུ་འགྲོ །ཞེས་སེམས་ལ་ཤར་བ་ལྟར་རྩེ་མཚར་ལྟ་བུར་བླངས་པས་ཀུན་དད་ཅིང་གུས་པར་གྱུར་ནས། དེ་ཡིན་ན་ངོ་མཚར་ཆེ་སོགས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། ཡང་ཡར་སོང་དུས་རང་ཡུལ་དང་ལྷ་ས་སོགས་ཤུལ་དུ་བསྐྱུར་ནས་ཐག་རིང་དུ་རིང་དུ་སོང་བའི་ཚེ། ཉིན་གཅིག་ཆོས་ཐམས་ཅད་མི་རྟག་པར་འགྱུར་ཞིང་འགྱུར་ཞིང་འགྲོ་བའི་ཚུལ་ལ་བསམས་ནས་སྐྱོ་མགུར་འདི་བླངས་སོ། །སྐྱེས་པའི་ཕ་ཡུལ་གྱི་ལུང་བ། །དར་རྒུད་སྣ་ཚོགས་ཤིག་བྱུང་ནས། །སྔར་

p. 468

གྱི་ས་ན་རང་མི་སྣང་། །འགྲོ་བའི་ཁོ་ཐག་ནི་ཆོད་སོང་། །རྒས་པའི་དྲིན་ཅན་གྱི་ཕ་མ། །འཇིག་རྟེན་ཕ་རོལ་ཏུ་བཞུད་ནས། །སྔར་གྱི་ས་ན་རང་མི་སྣང་། །འཕྲད་པའི་ཁོ་ཐག་ནི་ཆོད་སོང་། །དམ་གཙང་རྡོ་རྗེ་ཡི་སྤུན་གྲོགས། །ཕྱི་མའི་ལམ་ཆེན་ལ་ཞུགས་ནས། །སྔར་གྱི་ས་ན་རང་མི་སྣང་། །འགྲོགས་པའི་ཁོ་ཐག་ནི་ཆོད་སོང་། །བཀའ་དྲིན་གསུམ་ལྡན་གྱི་བླ་མ། །དག་པའི་ཞིང་ཁམས་སུ་གཤེགས་ནས། །སྔར་གྱི་ས་ན་རང་མི་སྣང་། །མཇལ་བའི་ཁོ་ཐག་ནི་ཆོད་སོང་། །རྣལ་འབྱོར་རང་གི་ཡང་སྒྱུ་ལུས། །རྒས་པའི་མཚན་མ་ཡིས་ནོན་ནས། །སྔར་གྱི་ས་ན་རང་མི་སྣང་། །གཞོན་པའི་ཁོ་ཐག་ནི་ཆོད་སོང་། །མདོར་ན་གང་ལ་རང་བསམ་ཚེ། །ཐམས་ཅད་མི་རྟག་པར་འགྱུར་ནས། །སྔར་གྱི་ས་ན་རང་མ་སྣང་། །ཚེ་འདིའི་ཁོ་ཐག་ནི་ཆོད་སོང་། །ད་ནི་གང་ལ་རང་མི་ཆགས། །ཚེ་འདིའི་འཁྲི་བ་ཀུན་བཅད་ནས། །ལྷོ་རྒྱལ་འཛམ་གླིང་གི་ལྟེ་བ། །རི་བོ་གངས་ཅན་ལ་ཆས་འགྲོ །གངས་རིའི་རྫུ་འཕྲུལ་གྱི་ཕུག་ཏུ། །སྒྲུབ་པའི་རྒྱལ་མཚན་ནི་མཐོན་པོ། །སྲིད་པའི་རྩེ་མོ་ཡི་བར་དུ། །བསྒྲེངས་པའི་སྨོན་ལམ་རང་འདེབས་སོ། །ཞེས་བླངས་པས་སྐྱོ་ཤས་དང་ངེས་འབྱུང་ཆེར་སོང་ནས་སྒྲུབ་པ་བྱེད་འདོད་ཀྱི་བློ་ཤུགས་དྲག་

p. 469

སྐྱེས་པ་བྱུང་། གྲོ་ཤོད་ཀྱི་ལམ་ཁ་ན་སྤྲང་མོ་སྒྲོལ་མ་ཟེར་བ་ཞིག་ཡོད་པ་དེ་སྤྲང་དུ་སོང་ཤུལ་ནས། མོའི་ནང་དུ་རྐུན་མ་མགར་བ་ཡ་སློང་འགའ་འཛུལ་ནས་སྦྲ་ཆུང་གི་ཀ་ར་ཡན་ཆད་ཁྱེར་སོང་བའི་ཤུལ་ན་མོ་ངུ་ཞིང་འདུག་པ་མཐོང་བས། སྙིང་རྗེ་ནས་ཊཾ་ཀ་བཅུ་ཇ་མར་རྩམ་པའི་འཕྲོ་གང་ཡོད་རྣམས་བྱིན་ནས། ཞབས་བརྟན་དུ་སྒྲོལ་མ་ཐོན་ཞེས་བཤད་པས། མོ་གཞུང་ལམ་ཆེན་པོ་དེར་བསྡད་དེ། ཡར་འགྲོ་མར་འགྲོ་རྣམས་ལ། སྟོད་གངས་རི་ལ་བླ་མ་གྲུབ་ཆེན་སངས་རྒྱས་དངོས་ཤིག་བྱོན་ཐལ་ཞེས་སྙན་པ་བསྒྲགས་པའི་རྐྱེན་བྱས། གྲོ་ཤོད་ཀྱི་འགོ་པ་དྲུང་རྩེ་སོགས་འབྲོག་སྡེ་ཕྱུག་པོ་ཕལ་ཆེར་དད་པ་སྐྱེས་ནས་མཇལ། ཕྱིས་ཆེར་དད་དེ་གངས་རི་ལ་མཇལ་དུ་འོངས་ནས་ཞབས་ཏོག་ཡག་པོ་བྱས། དེ་ནས་ཡར་མ་ཕམ་གཡུ་མཚོའི་ཁྲུས་སྒོ་ལྷོ་རུ་སོང་ཚེ། ངེད་རྣམས་ཚོ་བཤད་འཕེལ་གླིང་གི་མཁན་པོ་རེད་སྙམ། དགེ་འདུན་པ་རྣམས་ཀྱིས་བསུ་བ་སེར་ཕྲེང་ཚར་དུ་དངར་བ་ཞིག་བྱས་རྟེན་འབྲེལ་ཡག་པོ་བྱུང་། དེ་ནས་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོ་ནག་པ་ཟླ་བའི་ཡར་ཚེས་ལ་སྤུ་ཧྲེངས་བཤད་འཕེལ་གླིང་གི་དགོན་པར་སླེབས། ཉི་མ་ཁ་ཤས་བསྡད་དེ་མཐུན་རྐྱེན་རྣམས་ཁྱེར་ནས་གངས་དཀར་གྱི་རྒྱལ་པོ་ཏེ་སེ་རྫུ་འཕྲུལ་ཕུག་གི་ཞབས་རྗེས་དཀར་མོའི་འོག་གི་སྒྲུབ་ཕུག་ཏུ་སོང་སྟེ། ཐོག་མར་གནས་ལ་བསྟོད་པའི་མགུར་དབྱངས་འདི་བླངས་སོ། །ཆོས་མདོ་རྒྱུད་ལུང་གིས་ཟིན་པའི་རི། །རྗེ་རབ་འབྱམས་རྒྱལ་བའི་ཕོ་བྲང་

p. 470

དངོས། །མ་མཁའ་འགྲོ་ཞིང་སྐྱོང་འདུ་བའི་ཞིང་། །ལྷ་དྲང་སྲོང་རྣམས་ཀྱིས་བསྟེན་པའི་གནས། །མཚན་ཡོངས་གྲགས་གངས་དཀར་ཏེ་སེ་དེ། །གངས་བཟོ་དབྱིབས་ཤེལ་དཀར་མཆོད་རྟེན་འདྲ། །སྔོན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ལས། །མཚན་རི་བོ་གངས་ཅན་ཞེས་བྱར་གསུངས། །གངས་ཤེལ་གྱི་མཆོད་རྟེན་འདྲ་བ་དེ། །ལྷ་བདེ་མཆོག་འཁོར་ལོའི་གཞལ་ཡས་ཁང་། །དེའི་མཐའ་མ་གངས་རིས་བསྐོར་བ་དེ། །ཁོང་དགྲ་བཅོམ་མང་པོ་བཞུགས་པའི་གནས། །སྤྱིར་དུས་གསུམ་སངས་རྒྱས་སྤྲིན་ལྟར་གཏིབས། །མ་མཁའ་འགྲོ་ཆོས་སྐྱོང་བྲན་ལྟར་འདུ། །གསེར་མིག་ལ་གཡུ་ཡིས་ཕྲ་བཀོད་བཞིན། །གནས་ཕུག་པ་རེ་ན་སྒོམ་ཆེན་རེ། །ལྷའི་སྐུ་གཟུགས་ཐུབ་དབང་ཞབས་རྗེ་སོགས། །ངོ་མཚར་བའི་མཇལ་རྒྱུ་སྣ་ཚོགས་དང་། །རྗེ་མི་ལ་ནཱ་རོ་བོན་ཆུང་གི །ཡ་མཚན་པའི་གྲུབ་རྟགས་ཅིར་ཡང་སྣང་། །མཚོ་མ་དྲོས་ལ་ངག་མཚོ་ཆེན་གཉིས། །དཔེ་ཡོན་ཆབ་བཤམས་བཞིན་མདུན་ན་མཛེས། །ཕྱོགས་ཕྱོགས་ན་དད་ཅན་སྦྱིན་བདག་མང་། །ཆོས་བསྒྲུབ་པའི་མཐུན་རྐྱེན་འཛོམས་པས་སྐྱིད། །བྱའི་རྒྱལ་པོ་ངང་བ་གསེར་མདོག་སོགས། །བྱ་བྱེའུའི་སྐད་སྙན་འབྱིན་པས་སྤྲོ། །གནས་ཁྱད་འཕགས་གངས་དཀར་ཏེ་སེ་ཡི། །ཤར་རྫུ་འཕྲུལ་ཕུག་གི་དབེན་གནས་སུ། །སྤང་བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཆོས་བསྒྲུབ་པའི་སྐལ་བ་བྱུང་བས་བཟང་། །གནས་འདིར་བཞུགས་བཀའ་བརྒྱུད་བླ་མ་ཡིས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་

p. 471

རློབས། །ལྷ་ཡི་དམ་རྒྱལ་བ་ཞི་ཁྲོ་ཡིས། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །མ་མཁའ་འགྲོ་ཆོས་སྐྱོང་གཞི་བདག་གིས། །སྤྲང་བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད་ཅིག །ཅེས་བླངས། དེ་ནས་བུག་སྒོར་འདག་སྦྱར་བྱས། སྒྲུབ་པ་རྒྱག་པའི་དམ་བཅའ་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ། །ཕ་མར་མ་གྱུར་སེམས་ཅན་མེད། །འཁོར་བའི་གནས་ན་བདེ་བ་མེད། །ངན་སོང་སྡུག་བསྔལ་བཟོད་གླགས་མེད། །སྡུག་བསྔལ་དེ་ལས་ཐར་དུས་མེད། །འགྲོ་བའི་སྡུག་བསྔལ་བསམ་ཙ་ན། །རང་དབང་མེད་པར་ཤེས་པ་འཕྱོ། །ཀྱེ་མ་ཀྱེ་ཧུད་ཇི་ལྟར་བྱ། །བཤད་ན་དྲག་གམ་སྒོམ་ན་དྲག །སེམས་ཅན་འདི་ཡི་མང་ལུགས་ཀྱི། །ལུང་ཆུང་རེ་རེ་ཚོགས་དཔོན་མཛད། །ཆོས་བཤད་སེམས་ཅན་འགའ་ཞིག་ལ། །ཕན་ཀྱང་འཁོར་བ་ག་ལ་སྟོངས། །བསྒོམས་ནས་སངས་རྒྱས་ཐོབ་ཙ་ན། །འོད་ཟེར་རེ་རེ་སྤྲོས་པས་ཀྱང་། །སེམས་ཅན་དཔག་མེད་འདྲེན་པར་ནུས། །དྲངས་ན་འཁོར་བ་ཅིས་མི་སྟོངས། །སྔོན་ཡང་སངས་རྒྱས་བྱང་སེམས་ཀྱིས། །སྟོང་གསུམ་ཞིང་འདིའི་འགྲོ་བ་དྲུག །ཐམས་ཅད་སངས་རྒྱས་སར་བཀོད་ནས། །འཁོར་བ་དོང་སྤྲུགས་ཡང་ཡང་བྱུང་། །མ་འོངས་སངས་རྒྱས་མོས་པའི་དུས། །སྟོང་གསུམ་འཇིག་རྟེན་སེམས་ཅན་ནམ། །ཐམས་ཅད་འཁོར་བ་དོང་སྤྲུགས་ནས། །སངས་རྒྱས་འགྱུར་བར་མདོ་ལས་གསུངས། །ད་ལྟ་རང་ཡང་སྒོམ་ནུས་ན། །སངས་རྒྱས་འཐོབ་པར་གདོན་མི་ཟ། །སངས་རྒྱས་ཐོབ་ན་མ་

p. 472

འོངས་དུས། །འཁོར་བ་དོང་ནས་སྤྲུགས་པར་ནུས། །བཤད་ལས་སྒོམ་ན་དྲག་པར་གདའ། །ད་ནི་རྩེ་གཅིག་སྒོམ་ལ་གཞོལ། །ནམ་ཞིག་སྤྲུལ་བ་དཔག་མེད་བཀྱེ། །འཁོར་བ་དོང་ནས་སྤྲུགས་པར་སྨོན། །ཞེས་བླངས་ནས་མཚམས་བསྡམས་སྨྲ་བཅད་བྱས། བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་བཟང་ལ་རྩེ་གཅིག་ཏུ་གཞོལ་བའི་ཚེ། སྐལ་ལྡན་སྙིང་གི་བུ་མཆོག་སྦྱིན་པ་ནོར་བུ་སོགས་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་མང་པོ་དབྱར་དུས་ཀྱི་སྤྲིན་ལྟར་དུ་འདུས་ནས་གསེར་གྱི་མཎྜལ་ལ་གཡུ་བྱིར་གྱི་ཚོམ་བུ་བཀོད་ནས་ཕུལ་ཏེ། བཀའ་ཆོས་གནང་དགོས་ཞེས་གསོལ་བ་ཡང་ཡང་བཏབ་པའི་ཚེ། ད་ནི་བདག་གིས་རང་གཞན་གཉིས་ཀྱི་དོན་གང་བྱས་ན་དགའ་སྙམ་རྩ་གསུམ་ལྷ་ལ་གསོལ་བ་བཏབ་པས། ནུབ་གཅིག་གི་ཐོ་རངས་ཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་བ་ཅན་ལ་འཁོར་མཁའ་འགྲོ་མ་མང་པོས་བསྐོར་བ་ཞིག་གི་ཞལ་ནས། ཀྱེ་རྒྱལ་བའི་སྲས་པོ་ཁྱེད་ཀྱི་སྐུ་ཚེ་དང་སྒྲུབ་པ་བསྙམས་ནས་འཇའ་ལུས་བསྒྲུབ་པའང་ཤིན་ཏུ་ངོ་མཚར་མོད། འོན་ཀྱང་སྐུ་ཚེ་འདིར་འགྲོ་དོན་རྒྱ་ཆེན་པོ་མི་འབྱུང་བར་གདའ། དེ་བས་ཁྱེད་ཀྱིས་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེ་བའི་མཐུས། གདུལ་བྱ་འདུལ་བའི་དུས་ལ་བབ་ནས་ཕྱོགས་ཕྱོགས་ན་གདུལ་བྱ་མང་པོའི་སྒོ་ཕྱེ་ནས་བསྡད་འདུག་པས། ལས་དང་སྐལ་བར་ལྡན་པའི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་ཁོད་དང་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་། བདག་ཅག་རྣམས་ཀྱང་

p. 473

ལུས་དང་གྲིབ་མ་བཞིན་འགྲོགས་ནས་གྲོགས་བྱ་ཞེས་མི་སྣ་བར་གྱུར་ཏོ། །དེ་ནས་བདག་གི་བསམ་པ་ལ་མཁའ་འགྲོའི་ལུང་བསྟན་བཞིན་བསྟན་འགྲོ་ཡོངས་ལ་ཕན་པ་ཞིག་བྱུང་ན་འཇའ་ལུས་མ་གྲུབ་ནའང་འགྱོད་པ་མེད་སྙམ། ཉམས་ལེན་བྱེད་བཞིན་དུ་སྐབས་རེར་བུག་སྒོར་ཆོས་བཤད་ནས་རང་གཞན་གྱི་དོན་གཉིས་བསྒྲུབ་དགོས་པ་བྱུང་། ཉིན་གཅིག་ཕྱི་དྲོ་བླ་མའི་གདན་ས་ཕ་ཡུལ་སོགས་ཀྱི་ས་ཆ་དང་བླ་མ་ཕ་མ་མཆེད་གྲོགས་རྣམས་དྲན་ཚེ་སྐྱོ་མགུར་འདི་བླངས་སོ། །གང་བཟང་རྒྱལ་ཁམས་ཚོ་འགྲིམས་ཏེ། །གང་ལེགས་ལྟད་མོ་འདྲ་མཐོང་ཀྱང་། །དྲིན་ཅན་བླ་མ་ཡི་གདན་ས། །ད་དུང་ཡང་ཡང་དུ་དྲན་བྱུང་། གང་བཟང་བླ་མ་ཚོར་མཇལ་ཚེ། །གང་འདོད་དམ་ཆོས་འདྲ་གནང་ཀྱང་། །ཆོས་རྒྱལ་ངག་གི་ནི་དབང་བོ། །ད་དུང་ཡང་ཡང་དུ་དྲན་བྱུང་། །ཆོས་མཐུན་གྲོགས་པོ་ཚོར་འགྲོགས་ནས། །ཆོས་གཏམ་ཀུ་རེ་འདྲ་བྱས་ཀྱང་། །སྙིང་གྲོགས་རྡོ་རྗེ་ཡི་ཚེ་བརྟན། །ད་དུང་ཡང་ཡང་དུ་དྲན་བྱུང་། །དད་ཅན་ཡོན་བདག་ནི་ཕོ་མོས། །སྙིང་ནས་མ་ལྟར་དུ་བྱམས་ཀྱང་། །རྒས་པའི་དྲིན་ཅན་གྱི་ཕ་མ། །ད་དུང་ཡང་ཡང་དུ་དྲན་བྱུང་། །དྲིན་ཅན་བླ་མ་ཡི་གདན་ས། །ད་ལྟ་མི་རྟག་པར་འགྱུར་སོང་། །ད་ནི་བལྟ་རྒྱུ་ཞིག་མེད་རུང་། །ད་དུང་བལྟ་འདོད་ཅིག་ཤར་བྱུང་། །བཀའ་དྲིན་གསུམ་ལྡན་གྱི་ཆོས་རྒྱལ། །ད་ལྟ་མི་རྟག་པར་གཤེགས་སོང་། །ད་ནི་མཇལ་རྒྱུ་ཞིག་མེད་རུང་། །ད་དུང་མཇལ་འདོད་ཅིག་

p. 474

ཤར་བྱུང་། །ཆུང་འདྲིས་ཆོས་མཐུན་གྱི་གྲོགས་པོ། །ད་ལྟ་མི་རྟག་པར་འདས་སོང་། །ད་ནི་འགྲོགས་རྒྱུ་ཞིག་མེད་རུང་། །ད་དུང་འགྲོགས་འདོད་ཅིག་སྐྱེས་བྱུང་། །ལུས་སྲོག་སྐྱེད་མཁན་གྱི་ཕ་མ། །ད་ལྟ་མི་རྟོག་པར་ཤི་སོང་། །ད་ནི་འཕྲད་རྒྱུ་ཞིག་མེད་རུང་། །ད་དུང་འཕྲད་འདོད་ཅིག་ཤར་བྱུང་། །དྲིན་ཅན་བླ་མ་གྲོགས་ཕ་མ། །ཐམས་ཅད་མི་རྟག་པར་འགྱུར་བའི། །ཚུལ་དེ་ཞིབ་ཏུ་རང་བསམ་ཚེ། །སྐྱོ་ཤས་ཚད་མེད་ཅིག་སྐྱེས་བྱུང་། །རང་ཡང་མི་རྟག་པར་འཆི་བལྟས། །སྐྲ་དཀར་གཉེར་མ་སོགས་ཤར་སོང་། །རིང་མིན་མྱུར་དུ་རང་འཆི་སྙམ། །བློ་སྣ་ཐུང་ཐུང་ཞིག་ཤར་བྱུང་། །ད་ནི་བྱ་བྲལ་གྱི་རྒད་པོ། །ཀུན་སྤངས་གང་ལ་རང་མ་ཆིགས། །དབེན་པའི་དགའ་ཚལ་ནི་ཉམས་དགར། །རྩེ་གཅིག་ཉམས་ལེན་ལ་འབོད་ཨང་། །ཞེས་བླངས།ཡང་ཉིན་གཅིག་གངས་ཅན་བོད་ཡུལ་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྒྱལ་དབང་ལུང་རྟོགས་རྒྱ་མཚོ་རིན་པོ་ཆེ་ཞིང་བརྗེས་སོང་ཟེར་བའི་མི་སྙན་པའི་གཏམ་ཐོས་པའི་ཚེ་སྐྱོ་བ་ཚད་ལས་འདས་པ་སྐྱེས་ནས་གདུངས་དབྱངས་འདི་བླངས་སོ། །ཨ་ཧོ། བྱང་ཕྱོགས་བོད་ལ་ཉི་མ་ལན་ཅིག་ནུབ། །ཐུབ་བསྟན་ཁང་ཆེན་འདེགས་པའི་ཀ་བ་འགྱེལ། །མ་རིག་མུན་པ་སེལ་བའི་སྒྲོན་མེ་གཟིམས། །སྲིད་ཞིའི་དབུལ་བ་སེལ་བའི་ནོར་བུ་སྟོར། །ཉོན་མོངས་ནད་རྣམས་འཇོམས་པའི་སྨན་པ་གྲོངས། །འཁོར་བའི་ཆུ་བོ་སྒྲོལ་བའི་མཉན་ཕ་འདས། །འདི་ཕྱི་གཏན་གྱི་སྐྱབས་མགོན་ཞིང་གཞན་གཤེགས། །ཆོས་ཀྱི་བདུད་རྩི་མྱོང་

p. 475

བའི་སྐལ་བ་ཆད། །ཀྱེ་ཧུད་གྲོག་ཚང་ཁ་ཡི་རྡོ་བླངས་བཞིན། །གངས་ཅན་འགྲོ་རྣམས་སྐྱབས་མེད་མགོན་མེད་གྱུར། །འཇིགས་པའི་ས་རུ་སྐྱེལ་མས་བསླུས་པ་བཞིན། །ཀྱེ་མ་ཀྱེ་ཧུད་ད་ནི་ཇི་ལྟར་བྱ། །འཁོར་འདས་ཆོས་ཀུན་གཟིགས་པའི་མཁྱེན་རྒྱ་ཅན། །མགོན་ཁྱོད་མི་མངོན་དབྱིངས་ནས་བརྩེ་བས་དགོངས། །བདག་འདྲའི་ཉམ་ཐག་སྐལ་དམན་གདུལ་བྱ་ལ། །ཁྱེད་མིན་ནམ་ཡང་རེ་ས་གཞན་མ་མཆིས། །ད་དུང་ཁྱེད་ལ་རེ་ལྟོས་གསོལ་བ་འདེབས། །བརྩེ་ཆེན་ཁྱེད་ཀྱིས་ཡལ་བར་མི་འདོར་བར། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཇི་བཞིན་དུ། །སླར་ཡང་ཡང་སྤྲུལ་འཁྲུལ་མེད་མྱུར་དུ་བྱོན། །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གཞན་དད་མོས་དུས་གསུམ་དགེ་བའི་མཐུས། །རྒྱལ་བའི་ཡང་སྤྲུལ་གསལ་པོ་མྱུར་བྱོན་ནས། །གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་པར་ཤོག །ཅེས་བླངས་པས་རྗེས་ནས་ཡང་ཉིན་གཅིག་སྐྱབས་མགོན་རིན་པོ་ཆེར་སྔ་སོར་མཇལ་བའི་སྐབས་ཀྱི་སྐུའི་དབྱིབས་གསུང་གི་གདངས་སོགས་ཡིད་ལ་ཤར་ནས་དབྱངས་འདི་བླངས་གཟུགས་སྐུ་ལྷ་ལས་མཛེས་ཤིང་། །ཞལ་གསུང་ཚངས་དབྱངས་ལས་སྙན། །ཐུགས་རྒྱུད་དར་ལས་འཇམ་པའི། །རྒྱལ་བ་ལུང་རྟོགས་རྒྱ་མཚོ། །སྐུ་ན་ཕྲ་མོ་ཡིན་རུང་། །རྟག་འཛིན་ཕྱི་བཤོལ་མཁན་རྣམས། །དམ་པའི་ཆོས་ལ་བསྐུལ་ཕྱིར། །དག་པའི་ཞིང་དུ་གཤེགས་སོང་། །

p. 476

སྔ་སོར་མཇལ་བའི་སྐབས་ཀྱི། །ངོ་མཚར་སྐུ་ཡི་བཞེངས་བཞུགས། །རབ་སྙན་གསུང་གི་འབྱོན་ལུགས། །ད་ལྟ་ཡིད་ལ་ཤར་བྱུང་། །ཀྱེ་ཧུད་ད་ནས་བཟུང་སྟེ། །སྤྲུལ་བའི་སྐུ་མཆོག་དེ་ལ། །དངོས་སུ་མཇལ་བ་ཕར་ཞོག །རྨི་ལམ་དུ་ཡང་མཇལ་དཀའ། །ད་ནི་འཁོར་འདས་ཡོངས་ལ། །བསྐལ་པ་བརྒྱད་ཁྲིར་བཙལ་ཀྱང་། །དེ་འདྲའི་ངོ་མཚར་སྤྲུལ་སྐུ། །གང་གི་ས་ནས་རྙེད་དཀའ། །ཀྱེ་ཧུད་དེ་ལྟར་བསམ་ཚེ། །སྤྲུལ་སྐུ་ཉི་མ་གཞོན་ནུ། །ཤར་བའི་དགའ་སྤྲོ་དེ་བས། །ནུབ་པའི་སྡུག་བསྔལ་ཆེ་བྱུང་། །ནམ་འཆི་ངེས་མེད་མ་དྲན། །ཚེ་འདིའི་ཁོལ་བོ་བདག་ལ། །མི་རྟག་སྟོན་པའི་སློབ་དཔོན། །འདི་འདྲ་མིན་ན་ཅི་ཡིན། །རྡོ་རྗེ་སྐུ་ཡང་གློ་བུར། །མི་རྟག་རྣམ་འགྱུར་སྟོན་ན། །ཆུ་ཤིང་ལྟ་བུའི་བདག་ལུས། །ནམ་འཇིག་ངེས་པ་ཅི་ཡོད། །དེ་ཕྱིར་ཚོགས་དྲུག་རང་གྲོལ། །ནམ་འཆི་ཆ་མེད་སོམས་ལ། །ད་ལྟ་མྱུར་བ་མྱུར་དུ། །དམ་པའི་ཆོས་ལ་འབོད་ཅིག །ཅེས་བླངས། ཉིན་གཅིག་སྐལ་ལྡན་གྱི་སློབ་མ་བླ་མ་སྦྱིན་པ་ནོར་བུ་སོགས་སློབ་བུ་མང་པོ་ལ། ལམ་རིམ་བློ་སྦྱོང་སོགས་ཉམས་ལེན་སྐོར་གྱི་ལུང་ཁྲིད་འདྲ་བྱས་པའི་ཚེ། སློབ་བུ་འགའ་རེས་ཁྱེད་ཕྱོགས་ཕྱོགས་སུ་ཕེབས་དུས་ཉམས་ལེན་ཅི་འདྲ་མཛད་ཅེས་ཟེར་བའི་ལན་དུ་མགུར་དབྱངས་འདི་བླངས་སོ། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །རང་ཡུལ་སྤངས་ནས་གཞན་ཡུལ་བསྙེགས། །ཕྱོགས་ཕྱོགས་རྒྱལ་ཁམས་མང་པོར་སོང་། །སོང་དུས་ཉམས་ལེན་འདི་ལྟར་བྱས། །ཤར་གྱི་ཕྱོགས་སུ་སོང་བའི་ཚེ། །

p. 477

ཤར་ཕྱོགས་རྒྱ་མོ་དར་འཐག་གིས། །དར་ལ་མཉེ་བ ཏུལ་བྱེད་བྱེད་བཞིན། །རང་སེམས་གྱོང་པོ་ཅི་ཐུལ་བྱས། །ལྷོ་ཡི་ཕྱོགས་སུ་སོང་བའི་ཚེ། །ལྷོ་ཕྱོགས་མོན་པ་ཤིང་བཟོ་ཡིས། །ཤིང་གི་ཡ་ཡོ་སྲོང་སྲོང་བཞིན། །རང་སེམས་གཡོ་མེད་དྲང་པོར་བསྲངས། །ནུབ་ཀྱི་ཕྱོགས་སུ་སོང་བའི་དུས། །ནུབ་ཕྱོགས་མཐའ་མི་བུར་འཚོང་གིས། །བུར་དཀར་རོ་ལ་མྱོང་མྱོང་བཞིན། །བསྒོམས་ནས་ཆོས་ཀྱི་རོ་མཆོག་མྱང་། །བྱང་གི་ཕྱོགས་སུ་སོང་བའི་དུས། །བྱང་ཕྱོགས་ཧོར་པ་ཤ་གཟན་གྱིས། །གང་ཡོང་སྒོ་ཕྱུགས་སྐྱོང་སྐྱོང་བཞིན། །གང་ཤེས་ཉམས་ལེན་རྒྱུན་དུ་བསྐྱངས། །དབུས་ཀྱི་ཕྱོགས་སུ་སོང་བའི་དུས། །དབུས་ཕྱོགས་སྡེ་དཔོན་ཕལ་ཆེར་གྱིས། །སྡང་དགྲ་ཐུབ་ཚད་འདུལ་འདུལ་བཞིན། །བདག་འཛིན་ཉོན་མོངས་ཅི་ཐུལ་བྱས། །མདོར་ན་གང་དུ་སོང་ན་ཡང་། །སྐྱིད་སྡུག་གཉིས་པོ་རོ་བསྙམས་ནས། །ཉམས་ལེན་བདེ་སྡུག་ཀུན་ལ་བྱས། །བུ་སློབ་རྣམས་ཀྱང་དེ་བཞིན་གྱིས། །ཞེས་བླངས་པས་ཀུན་ལ་བློ་བསྐྱེད་ཐོན་པ་བྱུང་། ཡང་བྱང་ཐང་གི་འབྲོག་པ་མགོན་མེད་སྐྱབས་མེད་རྣམས་ཀྱི་དོན་དུ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ། བྱང་མར་སྨྲིག་བླ་མ་གནས་བརྟན་ནམ་གསང་མཚན་གང་ཤར་རང་གྲོལ་དུ་འབོད་པ་ཁོང་དབྱར་ཁ་ཞིག་ལ་གནས་ཆེན་དེར་ཕེབས་ནས་གངས་མཆོད་མཛད། བདག་ལ་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ཀྱི་སེམས་ཁྲིད་དགོས་གསུངས་པས། ངས་

p. 478

ཀྱང་ཤེས་ཚོད་ཀྱིས་གསལ་འདེབས་གེགས་སེལ་བོགས་འདོན་ཞུས་པས། ཁོང་གི་ཐུགས་ཀྱི་སྒྲོ་འདོགས་ཐམས་ཅད་ཆོད་ནས་རྟོགས་པ་ནམ་མཁའ་དང་མཉམ་པ་བྱུང་། །གསེར་ཞོ་བདུན་ཙམ་ཞིག་ཕུལ་ནས་ཞལ་གདམས་ཟབ་མོ་ཞིག་དགོས་ཞེས་བསྐུལ་ངོར་འདི་སྐད་ཅེས་སྨྲས། །གཟུགས་སྐུ་བར་སྣང་འཇའ་ལྟར་མཛེས། །ཞལ་གསུང་ཚངས་པའི་དབྱངས་ལྟར་སྙན། །ཐུགས་དགོངས་ནམ་མཁའི་ཀློང་ལྟར་ཡངས། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །མཐའ་མེད་མ་གྱུར་འགྲོ་བ་ལ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས། །ཆོས་སྐུ་མྱུར་དུ་མངོན་གྱུར་ནས། །གཟུགས་སྐུ་འབྱུང་བར་བྱིན་གྱིས་རློབས། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །གནད་ཀྱི་གདམས་ངག་དབྱངས་སུ་ལེན། །སྐལ་བཟང་ཚེ་གཅིག་ལུས་གཅིག་ལ། །སངས་རྒྱས་འདོད་རྣམས་གུས་པས་ཉོན། །སྣང་སྲིད་འཁོར་འདས་ཆོས་ཀུན་གྱི། །རྩ་བ་རང་སེམས་གདོད་ནས་སྟོང་། །སྟོང་གསལ་འཛིན་མེད་ཆོས་ཀྱི་དབྱིངས། །ནམ་མཁའ་ལྟ་བུར་མཉམ་པར་ཞོག །མིག་གཉིས་འབྱེད་བཙུམ་སྒོ་ཕྱི་ནང་། །ཉལ་ལངས་ཉིན་མཚན་ཁྱད་པར་མེད། །མཉམ་རྗེས་སྣང་སེམས་ཐམས་ཅད་འདྲེས། །བཏང་བཞག་མེད་པར་དུས་རྟག་ཏུ། །མཉམ་བཞག་ནམ་མཁའ་ལྟ་བུ་ཡི། །ངང་ལ་མེར་རེ་གནས་ཙ་ན། །ད་ལྟ་འཆི་ཡང་འགྱོད་པ་མེད། །འཆི་བ་འོད་གསལ་ཆོས་སྐུར་གྲོལ། །ཆོས་སྐུའི་དབྱིངས་ལས་གཟུགས་སྐུ་འབྱུང་། །ལམ་ལ་ནོར་གྱིས་དོགས་པ་མེད། །འོན་ཀྱང་དེ་འདྲ་

p. 479

ཙམ་ཞིག་གིས། །ད་དུང་ཆོག་པར་མི་འཛིན་པར། །སེམས་ལ་བརྟན་པ་ཐོབ་ནས་བཟུང་། །ཚེ་འདིའི་ལུས་ཀྱང་འོད་སྐུ་རུ། །བསྒྱུར་བའི་གདམས་པ་བསྒོམ་ནུས་ན། །འཆི་མེད་པད་འབྱུང་ལྟ་བུར་འགྱུར། །དེ་ཕྱིར་སྐལ་ལྡན་སྙིང་གི་བུ། །རང་ལུས་སྣང་སྟོང་ལྷ་ཡི་སྐུ། །ཕྱི་སྣོད་དག་ཞིང་གཞལ་ཡས་ཁང་། །འགྲོ་ཀུན་ལྷ་དང་ལྷ་མོ་རུ། །གསལ་བའི་ཡི་དམ་བསྐྱེད་རིམ་དང་། །རང་ལུས་ལྷར་གསལ་སྐུའི་དབུས་སུ། །རྩ་གསུམ་འཁོར་ལོ་ཨཧཾ་གསལ། །བུམ་ཅན་རླུང་གིས་སྦྱོར་བ་བྱས། །རྫོགས་རིམ་གཞུང་ཤིང་གཏུམ་མོ་སྒོམས། །སྒོ་གསུམ་བྱ་བ་དགུ་ཕྲུག་བཏང་། །འདུག་སྟངས་སྒོ་ཡུལ་རླུང་རིག་གནད། །བརྟེན་ནས་རྫོགས་ཆེན་ཐོད་རྒལ་སྒོམས། །དཔེར་ན་ས་ནས་ཉི་མ་བརྒྱར། །མི་བརྒྱས་འདྲེན་དགོས་གྲུ་བོ་ཆེ། །རྒྱ་མཚོའི་ཁ་ནས་ཉིན་གཅིག་ལ། །ཉིན་བརྒྱའི་ས་ལམ་ཆོད་པ་ལྟར། །སེམས་ལ་བརྟན་པ་མ་ཐོབ་ལ། །ཉིན་བརྒྱར་བསྐྱེད་རྫོགས་བསྒོམས་པ་བས། །སེམས་ལ་བརྟན་པ་ཐོབ་པའི་དུས། །ཉིན་གཅིག་བསྒོམས་པ་དེ་བོགས་ཆེ། །བསྒོམས་ན་རིང་པོར་མི་ཐོགས་པར། །ཚེ་གཅིག་ལུས་གཅིག་འདི་ཉིད་ལ། །ཕུང་པོ་འཇའ་ལུས་འོད་སྐུར་གྲོལ། །གལ་ཏེ་བརྩོན་འགྲུས་ཆུང་བ་ཡིས། །ཚེ་གཅིག་འཇལ་ལུས་མ་གྲུབ་ཀྱང་། །འཆི་ཁར་གནད་གཅོད་སྡུག་བསྔལ་མེད། །ངོ་མཚར་ལྟས་དང་ཆོ་འཕྲུལ་འབྱུང་། །བསྐྱེད་རྫོགས་ཐོད་རྒལ་

p. 480

བསྒོམས་པའི་མཐུས། །བར་དོ་ལོངས་སྤྱོད་རྫོགས་པའི་སྐུར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །གལ་ཏེ་བར་དོར་མ་གྲོལ་ན། །མངོན་དགའ་ལ་སོགས་སངས་རྒྱས་ཀྱི། །ཞིང་ཁམས་གང་འདོད་གནས་སུ་བགྲོད། །འཁོར་བར་སྐྱེ་བའི་དོགས་མ་མཆིས། །དེ་ཕྱིར་སྐལ་ལྡན་སྙིང་གི་བུ། །བཤད་པས་མཁས་པ་མ་འདོད་པར། །བསྒོམས་ནས་གྲུབ་ཐོབ་ཨེ་འོང་ལྟོས། །མྱུར་དུ་གྲུབ་རྟགས་མ་འདོད་པར། །སྒོམ་ཡུན་ཤི་དང་སྙོམས་པར་མཛོད། །མར་པས་མི་ལ་ཕེབས་ཁ་རུ། །མང་པོ་ཐོབ་འདོད་གཡེང་བའི་རྒྱུ། །གནད་ཀྱི་གདམས་ངག་སེམས་ལ་ཆོངས། །གསུངས་ལྟར་ཞལ་གདམས་སེམས་ལ་ཟུངས། །འདི་ལྟར་ཉམས་སུ་ལེན་པ་ལ། །རྩ་བརྒྱུད་བླ་མས་བྱིན་གྱིས་རློབས། །ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ། །མཁའ་འགྲོ་སྲུང་མས་འཕྲིན་ལས་སྒྲུབས། །དགེ་འདིས་བྱང་ཆུབ་སྒྲུབ་པ་ལ། །གེགས་དང་གོལ་ས་མེད་པར་ཤོག །སྐལ་ལྡན་སྙིང་གི་སློབ་མ་རྣམས། །ཕ་བས་ལྷག་པའི་བཀྲ་ཤིས་ཤོག །ཅེས་སྨྲས་པ་བཞིན་དུ་ཉམས་ལེན་གནང་བས་རྗེས་སུ་གཤེགས་དུས་འཇའ་འོད་དང་གདུང་རིང་བསྲེལ་སོགས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་རུ་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཡང་དག་པ་བྱུང་། བུ་ཆེན་སྦྱིན་པ་ནོར་བུས་ཁྱེད་ཀྱི་སྐུ་ཚེ་འདིའི་རྣམ་པར་ཐར་པ་མདོར་བསྡུས་ཤིག་གསུང་དགོས་ཞེས་བསྐུལ་ངོར་འདི་སྐད་ཅེས་སྨྲས་སོ། །ཕ་ཡུལ་མདོ་ཁམས་སྨད་ནས་ཡིན། །ཡུལ་གྱི་མིང་ལ་རེབ་གོང་ཟེར། །ཨ་མ་ཡུལ་འདུག་

p. 481

བུ་མོ་ཡིན། །མིང་ལ་བཀྲ་ཤིས་བརྩེགས་ཞེས་ཟེར། །ཕ་ནི་སུ་ཡིན་ངོ་མ་ཤེས། །བུ་ཚ་མིང་སྲིང་གསུམ་ཙམ་ཡོད། །ནང་ནས་ཆེ་ཤོས་ང་རང་ཡིན། །མིང་ལ་ངག་དབང་བཀྲ་ཤིས་ཟེར། །ཆུང་ནས་ཆོས་དང་བླ་མར་དད། །ལོ་བདུན་ཐོག་ནས་མ་ཡི་གེ་ཤེས། །ལོ་བཅུའི་ཐོག་ནས་བླ་མ་བསྟེན། །ད་ལྟ་བླ་མ་བརྒྱ་ཙམ་ཡོད། །ནང་ནས་དྲིན་ཅན་བླ་མ་དེ། །ཆོས་རྒྱལ་ངག་གི་དབང་བོ་ལགས། །དབུ་རྫོགས་ཕྱག་གསུམ་གཅོད་ཆོས་སོགས། །ཆོས་ཀྱང་ཟབ་མོ་མང་པོ་ཐོབ། །ཉི་ཤུ་རྩ་གཅིག་ཐོག་ནས་བཟུང་། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །མདོ་སྨད་དབུས་གཙང་ལ་སོགས་པའི། །རི་ཁྲོད་དབེན་པ་མང་པོ་བསྟེན། །བྱང་ཆུབ་སེམས་གཉིས་བསྐྱེད་རྫོགས་སོགས། །ཟབ་མོའི་གདམས་པ་ཡེངས་མེད་བསྒོམས། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔའི་ནད་ཀྱང་སངས། །བྱམས་དང་སྙིང་རྗེ་བྱང་སེམས་འབྱོངས། །ཆོས་རྣམས་སྒྱུ་མ་ལྟ་བུར་ཤེས། །ལུས་ལ་གཏུམ་མོའི་བདེ་དྲོད་འབར། །བདེ་སྟོང་ཉམས་ལ་རྒྱུན་འཆད་མེད། །མགྲིན་པ་ལོངས་སྤྱོད་རྩ་ཁ་ཕྱེས། །རྡོ་རྗེའི་གླུ་ལ་ཐོགས་པ་མེད། །ཐ་མལ་སྣང་ཞེན་ཀུན་དག་ནས། །རང་སྣང་འོག་མིན་དག་པའི་ཞིང་། །དངོས་སམ་ཉམས་དང་རྨི་ལམ་ལ། །ངོ་མཚར་ལྷ་ཞལ་ཞིང་ཁམས་མཐོང་། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ལམ་རྟགས་ཡོན་ཏན་ཅིར་ཡང་བྱུང་། །གང་ལའང་ཞེན་ཆགས་མ་བྱས་པས། །གསེར་དང་ས་རྡོ་ཁྱད་མི་སྣང་།། ཕ་ངའི་

p. 482

རྣམ་ཐར་དེ་ཀ་ཙམ། །བུ་ཁྱོད་དད་པའི་གསལ་འདེབས་གྱིས། །ཞེས་སྨྲས་པས་ཀུན་དད་ཅིང་གུས་པར་གྱུར་ཏོ། །དེ་དུས་ཨ་མདོའི་ཁྲི་ཀའི་ཕྱོགས་ཀྱི་གྲྭ་པ་གནས་སྐོར་བ་ཞིག་འོངས་པ་སླར་རང་ཡུལ་དུ་ལོག་ནས་འགྲོ་བ་ལ། ཁྱོད་ཡུལ་དུ་སླེབས་ན་ཡུལ་ཕྱོགས་ཀྱི་མི་དད་ཅན་རྣམས་ལ། ང་ཡང་མ་ཤི་ཚེ་རིང་བྱུང་ན་ཕ་ཡུལ་མདོ་སྨད་དུ་ལན་ཅིག་ཡོང་རྒྱུ་རེད་ཅེས་ཤོད་ལ་ཡི་གེ་འདི་ཡང་སྟོན་ཞེས་སྤྲིངས་ཡིག་འདི་བསྐུར་རོ། །བྱང་སེམས་དེད་དཔོན་ང་བདེ་བར། །རིན་ཆེན་གླིང་མཆོག་ཏུ་སླེབས་ནས། །ནོར་བུ་འཚོལ་བ་ལ་ཞུགས་ཡོད། །འདོད་འབྱུང་ནོར་བུ་དེ་རྙེད་ཚེ། །ཆུ་སྲིན་འཚེ་བ་འདྲ་མེད་ན། །མཐུན་པའི་རླུང་པོ་དང་འགྲོགས་ནས། །སྔར་འདྲིས་མཛའ་བཤེས་ཀྱི་ཚོགས་ལ། །དགོས་འདོད་སྐྱེལ་བ་ལ་སླེབས་འོངས། །དཔྱིད་ཀྱི་ཕོ་ཉ་ང་བདེ་བར། །ཙན་དན་ནགས་ཀློང་དུ་སླེབས་ནས། །ཁ་ཟས་འཚོལ་བ་ལ་ཞུགས་ཡོད། །ལུས་སྟོབས་བཟང་པོ་འདྲ་རྒྱས་ཚེ། །རྒྱ་ཁྲའི་འཚེ་བ་འདྲ་མེད་ན། །དབྱར་གསུམ་ནམ་ཟླ་དང་འགྲོགས་ནས། །སྔར་འདྲིས་བྱ་བྱེའུ་ཡི་ཚོགས་ལ། །སྐད་སྙན་སྐྱེལ་བ་ལ་སླེབས་འོངས། །བྱ་བཏང་རྣལ་འབྱོར་ང་བདེ་བར། །གནས་ཆེན་གངས་རི་ལ་སླེབས་ནས། །བྱང་ཆུབ་བསྒྲུབ་པ་ལ་ཞུགས་ཡོད། །ཉམས་རྟོགས་ཡོན་ཏན་འདྲ་ཤར་ཚེ། །འཆི་བདག་འཚེ་བ་འདྲ་མེད་ན། །ཡིད་མཐུན་གྲོགས་པོ་དང་འགྲོགས་ནས། །སྔར་འདྲིས་དད་ཅན་གྱི་ཚོགས་ལ། །གདམས་ངག་སྐྱེལ་བ་ལ་སླེབས་འོངས། །དད་ཅན་ཕོ་མོ་ཡི་ཚོགས་ལ། །

p. 483

འཚམས་རྟགས་རྒྱང་གླུ་རུ་ཕུལ་ལོ། །སེམས་པ་མ་སྐྱོ་བར་བཞུགས་དང་། །མི་རིང་མྱུར་བ་རུ་མཇལ་ཡོང་། །ཚེ་འདིར་མ་མཇལ་བར་གྱུར་ན། །སྐྱེ་བ་འདི་ཉིད་ཀྱི་འོག་ཏུ། །ཤར་ཕྱོགས་མངོན་དགའ་ཡི་ཞིང་དུ། །ཐམས་ཅད་མཇལ་བ་ཞིག་བྱའོ། །ཞེས་སྤྲིངས་པའོ། །ཉིན་གཅིག་དད་གཏོང་བློ་གྲོས་ཆེ་བའི་སྒར་དཔོན་སྦན་ཙ་ལྷོ་པས་གོས་ཚར་གྱི་གོན་པ་གསར་བ་ཞིག་ཕུལ་བ་མ་། བླངས་པར་ཕྱིར་བྱིན་པས། སླར་ནན་ཏན་ཆེན་པོས་ཁྱེད་ལ་མི་མཁོ་བ་ངས་ཤེས་ཏེ། ཁོ་བོའི་ཚོགས་རྫོགས་པའི་ཕྱིར་དེ་རིང་ཅིག་བཞེས་ནས། རྗེས་སོར་སུ་ལ་གནང་ཀྱང་ཆོག་ཅེས་ཡར་ཕུལ་བ་ལུས་ལ་གྱོན་ནས་མགུར་དབྱངས་འདི་བླངས་སོ། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཕྱོགས་མེད་རྒྱལ་ཁམས་འགྲིམས་པ་དང་། །ངེས་མེད་དབེན་པར་སྡོད་པའི་དུས། །འཁྱགས་ཀྱིས་དོགས་ནས་གོས་གཅིག་བཟོས། །རབ་མཛེས་སྣང་སྟོང་ལྷ་སྐུ་ཡི། །སྲབ་འཇམ་གོས་ཆེན་ཕྱི་མ་བྱས། །རབ་གསལ་རྩ་གསུམ་འཁོར་ལོ་ཡི། །སྤུ་སྡུག་ཚར་བུའི་ནང་མ་སྤྲད། །ཨ་ཤད་རྣོན་པོའི་རྒྱ་ཁབ་ལ། །ཧཾ་ཡིག་ཕྲ་མོའི་སྐུད་པ་བརྒྱུས། །སྟེང་འོག་རླུང་གིས་སྲུབས་ཁ་བསྡུས། །བུམ་པ་ཅན་གྱིས་སྲུབ་གཉིས་བསྡམས། །ལོ་ཟླ་མང་པོའི་བར་དུ་བཟོས། །བཟོ་ཡང་ལེགས་ཏེ་འགྲུབ་ནས་བྱུང་། །ད་ལྟ་ལུས་ལ་གྱོན་ནས་ཡོད། །རང་ལུས་གཏིང་ནས་དྲོས་པ་བྱུང་། །ལུས་སེམས་གཉིས་ཀ་བདེ་བར་གདའ། །བདེ་དྲོད་གཏུམ་མོའི་གོས་བཟང་འདི། །དམ་པ་གོང་

p. 484

མའི་ན་བཟའ་ཡིན། །གྱོན་ན་ཡང་ལ་འཛད་རྒྱུ་མེད། །ཁྱེད་ཀྱང་འདི་འདྲའི་གོས་ཤིག་གྱོན། །བཟོ་ཚུལ་ང་ཡི་འདི་བཞིན་གྱིས། །གོས་ཚར་འབུལ་བ་ཆེ་ན་ཡང་། །སྤྲང་པོ་བདག་ལ་མཁོ་བ་ཆུང་། །འོན་ཀྱང་ཁྱོད་ཀྱི་དད་པ་བཟང་། །རེ་ཞིག་ཚོགས་གཉིས་རྫོགས་ཕྱིར་བྱོན། །དགེ་འདིས་སློབ་མའི་ཚོགས་རྫོགས་ནས། །མཚན་དཔེས་བརྒྱན་པའི་སྐུ་འཐོབ་ཤོག །ཅེས་བླངས་པས་ཁོ་དགའ་ཞིང་སྤྲོ་བཞིན་ཕེབས་སོང་། རེ་ཞིག་ནང་དུ་བཞག་ནས་རྗེས་སུ་སློབ་མ་ཞིག་ལ་བྱིན་པས་དེ་ཡང་གཏིང་ནས་དགའ་སོང་། ཡང་བླ་མ་ལ་དད་གུས་ཆེ་ཞིང་། ཚེ་བློས་བཏང་ནས་བླ་མའི་བཀའ་བཞིན་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་པའི་རྣལ་འབྱོར་མ་ཇོ་མོ་གཡུ་སྒྲོན་གྱིས། ཁོ་མོ་ལ་བླ་མའི་བཀའ་དྲིན་དྲན་ནས་གུས་པ་བསྐྱེད་ཚུལ་གྱི་ངག་འདོན་ཞིག་དགོས་ཞེས་བསྐུལ་བའི་ལན་དུ། འོ་དེ་ཡིན་ན་ངས་རྩོམ་མི་དགོས། སྡོང་བོ་བཀོད་པའི་མདོ་ནས་གསུངས་པ་འདི་ཐོན་དང་། སངས་རྒྱས་ཐུགས་རྗེ་ཅན་གྱི་བཀའི་བྱིན་རླབས་ཀྱིས་རྒྱུད་ལ་ཕན་ཐོགས་ཡོང་ཞེས་སྨྲས་པ། །འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །རྒ་ཤི་མཐར་བྱེད་སྨན་པ་ལྟ་བུ་སྟེ། །

p. 485

བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་བ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོང་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པའི་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བག་ལ་བདེ་སྟོབས་མིག་ཡིན་ཞེས། །འདི་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །གསུངས་པ་ལྟར་ཚིགས་སུ་བཅད་པ་དེ་དག་སྙན་པའི་དབྱངས་ཀྱིས་བརྗོད་ཅིང་། དེ་དག་གི་དོན་རྣམས་དྲན་པར་བྱས་ཏེ། ནོར་བཟང་ནི་རང་ལ་འདོན་པར་བསྒྱུར་རོ། །དེ་ལྟར་བྱས་ན་བླ་མ་རྣམས་ཀྱི་བཀའ་དྲིན་དྲན་ཏེ་གུས་པ་ཁྱད་པར་ཅན་སྐྱེ་བར་འགྱུར་རོ་ཞེས་སྨྲས་པའོ། །དེ་ནས་རང་ཉིད་མཚམས་དམ་པོ་བྱས་ཡོད་པའི་དུས་ཤིག་ལ། དད་གཏོང་བློ་གྲོས་མཆོག་མངའ་སློབ་བུ་སྡེ་བ་དབང་པོས། འཚོ་བའི་ཡོ་བྱད་མང་པོ་དང་བཅས་ཏེ་སླེབས་བྱུང་ཟེར་བ་ལ་སྣ་ལེན་དུ་ཚིགས་སུ་བཅད་པ་འདི་བྲིས་ནས་ཕུལ་ལོ། །ཚུལ་ཁྲིམས་གོས་ལ་བག་ཡོད་སྐེ་རགས་བཅིངས། །དགེ་བའི་བཤེས་གཉེན་ནོར་བུས་གཙུག་ན་མཛེས། །ཐོས་པའི་རྣ་རྒྱན་ལེགས་བཤད་མགུལ་རྒྱན་འཆང་། །གཏོང་བའི་གསེར་གྱི་གདུ་བུ་འཁྲོལ་བའི་ཚེ། །

p. 486

ཕལ་བའི་རྒྱུན་ལ་བལྟ་བའི་གོ་སྐབས་བཅོམ། །ཀུན་གྱི་ཡིད་འཕྲོད་སློབ་བུ་དབང་བོ་ཁྱོད། །གནས་འདིར་བྱོན་པ་ཐོས་པས་བདག་གི་ཡིད། །རབ་དགའི་ས་ཐོབ་བཞིན་དུ་རབ་ཏུ་སྤྲོ། །ཕ་ང་འཆི་བདག་བདུད་ལ་ཤིན་ཏུ་འཇིགས། །ནང་དུ་ཞུགས་ནས་བུག་སྒོ་ཚུན་ཆད་བཅད། །ནམ་ཞིག་དགྲ་དེ་སླེབས་དུས་རང་རྒྱལ་ཕྱིར། །བླ་མའི་གདམས་ངག་གོ་ཁྲབ་མཚོན་ཆ་ཐོགས། །ཐོས་བསམ་སྒོམ་པས་རྩལ་སྦྱོང་བྱེད་བཞིན་མཆིས། །བུ་ཁྱོད་འཁོར་བའི་ཆོས་ལ་ཡིད་སྐྱོ་ནས། །ཚེ་བློས་བཏང་ནས་འོང་བ་མ་ལགས་སམ། །ཐུགས་བྲེལ་ཆེན་པོ་མེད་ན་བར་སྐབས་འདིར། །ང་ཡིས་བཅད་རྒྱ་དམ་པོ་བྱས་ཡོད་པས། །སང་གནངས་ཙམ་ལ་མཇལ་ན་ཆོག་ལགས་སམ། །འོན་ཀྱང་མར་ལ་མྱུར་དུ་ཕེབས་དགོས་པའི། །དོན་འདྲ་ཡོད་ན་དོ་ནུབ་མཇལ་བར་ཞུ། །ཞེས་བསྐུར་བའི་ལན་དུ་ཁོ་རང་གིས་འདི་བྲིས་ནས་ཕུལ་བྱུང་། །རྨད་བྱུང་རྒྱལ་བའི་མཁྱེན་བརྩེ་ནུས་པའི་བདག །བདག་སོགས་འགྲོ་བའི་སྐྱབས་མགོན་བླ་མ་རྗེ། །རྗེ་བཙུན་ཁྱེད་ཀྱིས་འགྲོ་ལ་དམ་ཆོས་བཤད། །བཤད་སྒྲུབ་རྒྱལ་མཚན་འཛིན་པ་བཀའ་དྲིན་ཆེ། །བདག་ཀྱང་ཁྱེད་ཀྱི་ཐུགས་རྗེས་རབ་བདེ་ཞིང་། །ཁྱེད་ཞལ་ལན་ཅིག་མཇལ་ན་སྙམ་ནས་འོང་། །སང་ཉིན་ལོ་གསར་ཚེས་གཅིག་ཐོག་ཙམ་ལ། །འཛུམ་ཞལ་དགྱེས་པའི་དཀྱིལ་འཁོར་བསྟན་དུ་གསོལ། །སྐབས་ཐོག་སྒྲུབ་པ་བྱེད་པའི་སྐལ་དམན་ཀྱང་། །རིང་མིན་བཀའ་བཞིན་སྒྲུབ་པའི་སྐྱབས་འཇུག་ཞུ། །དེ་བར་བྱ་སྤྱོད་ཀུན་སློང་སྤང་བླངས་སོགས། །ཇི་ལྟར་བྱ་དགོས་ཞལ་གདམས་སྩལ་དུ་གསོལ། །དམ་པ་དགྱེས་པའི་སྤྱོད་པས་དབེན་པའི་སྟབས། །དམ་པ་ཁྲེལ་བའི་རྒྱུ་ལས་མ་མཆིས་ཀྱང་། །དམ་པས་རྗེས་

p. 487

འཛིན་སྙན་ཞུ་ཚིགས་བཅད་འདི། །དམ་པའི་ཕྱག་རྟེན་ལྷ་རྫས་བཅས་ཏེ་ཕུལ། །ཞེས་པའི་ལན་དུ་ལུགས་གཉིས་ཀྱི་བསླབ་བྱ་འདི་ཕུལ་ལོ། །ང་ཡི་བུ་མཆོག་སྙིང་དང་འདྲ་བ་ཁྱོད། །འདི་ཕྱིར་ཕན་པའི་སྙིང་གཏམ་འདི་ལ་ཉོན། །མི་ཐུབ་དགྲ་དང་ཆུ་ལ་ཕོད་མ་བཙོངས། །ཁོག་ཏུ་མི་འཇུ་བ་ཡི་ཟས་མ་ཟ། །ཁ་དཀར་ཁོག་ནག་མི་ལ་བློ་མ་འདྲི། །ཕྲ་མ་རྫུན་ཚིག་ཆེ་བའི་གཏམ་མ་ཉན། །བདེན་རྫུན་གང་ཡིན་མི་ཤེས་ཐག་མ་གཅོད། །མིན་རུང་ངའི་འདི་ཡིན་ཞེས་མནའ་མ་སྐྱེལ། །ཁྲེལ་དང་ངོ་ཚ་མེད་ལ་བློ་མ་གཏོད། །རང་ལ་བློ་ཕུགས་གཏད་པའི་མི་མ་བསླུ། །བྲེ་རྒྱ་གཡོ་སྒྱུ་བྱས་ནས་ཚོང་མ་བྱེད། །རྐུས་དང་འཕྲོག་བཅོམ་སྒོ་ནས་ནོར་མ་གསོག །དུག་དང་མནོལ་བཙོག་ཤོར་བའི་ཟས་ལ་འཛེམ། །འཐབ་དང་རྩོད་གཞི་ཅན་གྱི་ནོར་མ་ལེན། །སྲོག་གཅོད་བྱས་ནས་ནམ་ཡང་ཆོས་མ་བྱེད། །མི་ཡི་སེམས་ལ་གནོད་པའི་ཚིག་མ་སྨྲ། །མི་མ་ཡིན་ལ་གནོད་པའི་སྔགས་མ་བཟླ། །མི་ནུས་པ་ལ་དཀའ་བའི་ལས་མ་བཅོལ། །མི་ཐེག་བཞིན་དུ་ཕྱུགས་ལ་ཁལ་མ་འགེལ། །ཉེས་པའི་རྩ་བ་ཆང་དང་བུད་མེད་སྤོངས། །འགོ་བའི་ནད་དང་སྡིག་པའི་ཕྱོགས་ལ་འཛེམ། །བློ་ཕུགས་རྒན་ལ་དྲིས་ན་བབས་མི་བརྡལ། །བློ་ཡིས་གྲོས་བྱས་ལད་ན་འགྱོད་པ་ཆུང་། །མི་ལ་ན་ཚ་བྱུང་དུས་སྐུ་རིམ་གྱིས། །ཕྱུགས་ལ་གོད་ཁ་བྱུང་ན་སྲུང་མ་མཆོད། །ཁྱིམ་དུ་ལྟས་ངན་བྱུང་ན་བཟློག་པ་གྱིས། །ཤི་ཆད་བྱུང་དུས་མ་ངུ་དགེ་རྩ་ཐོངས། །གྲོགས་ལ་ན་ཚ་བྱུང་

p. 488

དུས་ཡང་ཡང་དྲིས། །ཁྱིམ་མཚེས་བོར་སྟོར་བྱུང་ན་འཚོལ་རོགས་གྱིས། །མ་ནུས་ཉམ་ཐག་འགྲོ་ལ་སྙིང་རྗེ་སྐྱེད། །མྱ་ངན་ཅན་གྱི་མི་ལ་སེམས་གསོ་ཐོངས། །གཏན་གྱི་སྐྱབས་སུ་བླ་མ་དཀོན་མཆོག་སྟེན། །འཕྲལ་རྐྱེན་སེལ་ཕྱིར་ཡུལ་ལྷ་གཞི་བདག་བརྔོན། །ཕ་མ་རྒས་ཁར་མ་བརྙས་དྲིན་གཟོ་གྱིས། །བྲན་དང་གཡོག་པོར་མ་བསྡིག་ལྟོ་གོས་བྱིན། །གྲོགས་དང་ཁྱིམ་མཚེས་མ་གནོད་ཕན་ཐོགས་གྱིས། །ཁྱི་དང་ཕྱུགས་ལ་མ་རྡུང་གསོ་སྐྱོང་རེམ། །ནོར་ལ་སེར་སྣ་མ་ཆེ་མཆོད་སྦྱིན་ཐོངས། །ལུས་ནི་དལ་བར་མ་སྡོད་ཕྱག་སྐོར་གྱིས། །ཁ་ཡང་དལ་བར་མ་འདུག་མ་ཎི་བགྲོངས། །རྒྱུན་དུ་མི་ལ་བསམ་པ་དཀར་པོ་གྱིས། །མདོར་ན་འཆི་བ་སོམས་ལ་ལྷ་ཆོས་མཛོད། །མི་དགེ་སྡིག་པ་སྤོངས་ལ་དགེ་བ་སྒྲུབས། །སྐྱིད་སྡུག་གང་ཡང་སྔོན་གྱི་ལས་སུ་སོམས། །བྱ་བ་ཅི་བྱེད་ཆོས་དང་བསྟུན་ལ་གྱིས། །ང་ནི་གང་དུ་སོང་ཡང་བསླབ་བྱ་འདི། །ང་ཉིད་བསྡད་དང་ཁྱད་མེད་སེམས་ལ་ཆོངས། །ཞེས་པའི་ལན་དུ་ཁོ་རང་གིས་འདི་ཕུལ་བྱུང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །མ་རིག་ཚོགས་དྲུག་འཁྲུལ་བ་རང་ས་རུ། །གྲོལ་བའི་དྲིན་ཅན་བླ་མ་རིན་པོ་ཆེའི། །ཞབས་ཀྱི་པདྨོ་དྲི་མ་མེད་དྲུང་དུ། །སྒོ་གསུམ་གུས་པས་ཕྱག་བཅས་ཞུ་བའི་འབྲས། །རྨོངས་པས་བཅིངས་པའི་སློབ་བུ་སྙིང་རུལ་ངོས། །ལྷ་ཆོས་ལྟ་ཞོག་མི་ཆོས་བྱ་སྤྱོད་ཀྱང་། །མི་ཤེས་པ་ལ་ཞལ་གདམས་བཀའ་དྲིན་ཆེ། །སྔོན་ཆད་མགོན་གྱིས་གང་གསུངས་མ་བསྒྲུབས་པར། །བྱ་སྤྱོད་ངན་པ་གང་བྱས་མཐོལ་ཞིང་

p. 489

བཤགས། །ཕྱིན་ཆོད་བཀའ་བཞིན་ཅི་ཐུབ་བསྒྲུབ་པ་དང་། །ཁྱད་པར་འཁྲིག་ཆང་སྲོག་གཅོད་སྤང་བར་ཞུ། །ད་རེས་མགོན་ཁྱོད་ཞལ་གྱི་བུམ་བཟང་ལས། །ལེགས་འོངས་ལམ་གྱི་རིམ་པའི་ལུང་ཞུས་ནས། །ཞོར་ལ་དག་བྲིས་གང་ཐུབ་ཅིག་བྱས་ཏེ། །རང་ཉིད་གྲོལ་ནས་གཞན་ལ་སྟོན་ནུས་ཞུ། །དེ་ཡིས་གཞི་བཟུང་ལམ་གྱི་ཡོན་ཏན་ལ། །མངའ་བརྙེས་ལུས་འདིར་བྱང་ཆུབ་རབ་ཐོབ་ནས། །ཁྱེད་བཞིན་འགྲོ་བའི་དེད་དཔོན་མཆོག་གཅིག་ཏུ། །འགྱུར་བའི་སྐྱབས་འཇུག་ཐུགས་རྗེས་གཟིགས་པར་ཞུ། །ཞེས་ཕུལ་བྱུང་། དེ་ནས་ནང་ལ་འོང་དུ་བཅུག་ནས་རང་ཉིད་ཀྱིས་བརྩམས་པའི་བྱང་ཆུབ་ལམ་གྱི་རིམ་པའི་ལུང་ཁྲིད་བྱས་པས་གྲོགས་དང་བཅས་ཏེ་རང་ཡུལ་དུ་བཞུད་སོང་ངོ་། །ཉིན་གཅིག་གང་བཅོལ་གོ་ཆོད་ཁ་ཉུང་ལག་པ་གཙང་བའི་ཡོན་ཏན་ཀུན་ལྡན་པའི་ཉེ་གནས་བློ་བཟང་ཤེས་རབ་ཀྱིས། བླ་མ་རིན་པོ་ཆེ་དེ་རིང་ཁྱེད་ཀྱིས་ཉེ་གནས་བཟང་ངན་ཤན་འབྱེད་ཀྱི་མགུར་ཞིག་གསུང་བར་ཞུ་ཟེར་བའི་ལན་དུ་འདི་སྐད་ཅེས་སྨྲས་སོ། །།ཉེ་གནས་ངན་པའི་མཚན་ཉིད་ནི། །ལངས་མི་ནུས་ཤིང་ཉལ་ལ་དགའ། །ཟ་གྲོགས་འཚོལ་ཞིང་ལྐོག་ནོར་གསོག །རྫུན་དང་གཡོ་སྒྱུ་ང་རྒྱལ་ཆེ། གསར་བ་བྱུང་ན་ཁྲོས་ནས་སྡོད། །རྙིང་བ་ལུས་ན་ཚིག་ངན་སྨྲ། །མ་མགུ་བ་ལ་མིག་ལོག་བྱེད། །བཟང་བོ་རྣམས་ལ་བརྙས་ཤིང་སྨོད། །ཡ་བོ་བྱུང་ན་ཟས་ནོར་སྟེར། །བླ་མའི་གསུང་ལ་བཟོ་བཅོས་བྱེད། །གླེ་གླེང་དུག་གསུམ་ཕྱོགས་

p. 490

ལ་གཏོང་། །ཡར་གྱི་བླ་མའི་ཞབས་འདྲེན་བྱེད། །མར་གྱི་ངན་སློང་རྐང་བས་ཕུལ། །བར་གྱི་མཆེད་གྲོགས་འཁོར་ལ་སྡང་། །ནམ་ཞིག་མི་ཆོས་ལས་ལ་འཇུག །ཉེ་གནས་ངན་པའི་མཚན་ཉིད་ལགས། །ངན་པ་དེ་འདྲ་མ་བྱེད་ཨང་། །ཉེ་གནས་བཟང་པོའི་མཚན་ཉིད་ནི། །དགོང་མོ་ཉལ་འཕྱི་ནངས་པར་སྔ། །ནངས་ནུབ་དགེ་སྦྱོར་གང་ནུས་བྱེད། །དལ་ལ་འཁྱུག་ཅིང་བོ་འགྱེལ་མེད། །གཙང་སྦྲ་ཆེ་ལ་བཟའ་བཏུང་ཞིམ། །ཟ་ལ་མི་དགའ་སྟེར་ལ་མོས། །བསམ་པ་བཟང་ཞིང་སྤྱོད་ལམ་མཛེས། །ཁོག་པ་ཡངས་ཤིང་དམན་ལ་བྱམས། །བཞིན་མདངས་འཛུམ་ཞིང་གཏམ་རྣམས་འཇམ། །མཆོག་དམན་འབྲིང་གསུམ་ངང་གིས་སྐྱོང་། །ཐབས་མཁས་འཇམ་པོས་འཁོར་གཡོག་འདུལ། །དད་རྫས་ཐམས་ཅད་དོན་ལྡན་བྱེད། །བྱ་བ་གང་བྱེད་བླ་མར་འདྲི། །སྤྱོད་ལམ་ཆོས་དང་བསྟུན་ནས་སྤྱོད། །མཐའ་མཇུག་སྒྲུབ་པ་བྱེད་པ་འོངས། །ཉེ་གནས་བཟང་པོའི་མཚན་ཉིད་ཡིན། །བཟང་བོ་འདོད་ན་དེ་བཞིན་གྱིས། །ཞེས་སྨྲས་པས་ཁོ་ན་རེ། དེ་ཡང་བཀའ་དྲིན་ཆེ་བློ་བསྐྱེད་ཅིག་ཀྱང་བྱུང་། ད་འདིར་སྡོད་རིང་ལ་བླ་མ་དུས་གསུམ་སངས་རྒྱས་ཁྱེད་ཀྱི་ཞབས་ཏོག་ཅིག་མ་བྱུང་ཡང་ཞབས་འདྲེན་དུ་མ་སོང་བ་ཞིག་དང་། ཐུགས་ཟིན་མ་བྱུང་ཀྱང་ཐུགས་ཀྱིས་མི་ཁྲེལ་བ་ཞིག་བྱ་སྙམ་ཀྱང་། བདག་བློ་དམན་ཉོན་མོངས་པ་རགས་པའི་དབང་གིས་སྔར་བྱ་སྤྱོད་མི་མཁས་པ་བྱས་ཤིང་ཐུགས་དང་འགལ་བ་འདྲ་བྱུང་ན་བཟོད་པར་བཞེས། ད་ནི་ཁྱེད་ཀྱི་ཐུགས་དང་མཐུན་པའི་

p. 491

ཞབས་ཏོག་སྒྲུབ་ཚུལ་གྱི་བསླབ་བྱ་ཁ་གསལ་པོ་ཞིག་དགོས་ཟེར་བའི་ལན་དུ། འོ་བླ་མའི་ཞབས་ཏོག་བྱེད་པ་ལ་སྔར་བཤད་ལྟར་ཉེ་གནས་ངན་པའི་མཚན་ཉིད་སྤངས་ནས། ཉེ་གནས་བཟང་པོ་ལྟར་བྱས་ན་དེ་ཀས་ཀྱང་ཡོང་མོད། འོན་ཀྱང་ཉིན་རེ་བཞིན་གྱི་བྱ་རྒྱུ་རྣམས་ལག་ལེན་དམར་ཁྲིད་དུ་སྟོན་པ་ལ་འདི་ལྟར་གྱིས། ནངས་ནུབ་ཏུ་དགེ་སྦྱོར་གང་ནུས་དང་། ཉིན་པར་གྱི་དུས་སུ་བླ་མའི་ཐུགས་མི་དགྱེས་ཤིང་ཞབས་འདྲེན་དུ་འགྱུར་བ་ཐམས་ཅད་སྤོངས། ཐུགས་དགྱེས་ཤིང་ཞབས་ཏོག་ཏུ་འགྱུར་བ་རྣམས་གྱིས། གང་གསུངས་ལ་བཅོས་བསྒྱུར་གྱིས་ལྷད་མ་འཇུག མཆེད་གྲོགས་རྣམས་ལ་ཉེ་རིང་མེད་པར་གང་ཕན་གྱིས། དམན་པ་ངན་སློང་བྱུང་བ་རྣམས་རང་གི་བུ་བཞིན་དུ་བྱམས་པས་སྐྱོངས་ཞེས་ཚིགས་སུ་བཅད་དེ་སྨྲས་པ། ཉེ་གནས་བློ་བཟང་ཤེས་རབ་ཁྱོད། །ཐོ་རངས་སྔ་བར་ཡར་ལ་ལོངས། །གོས་གྱོན་གདོང་དང་ལག་པ་ཁྲུས། །སྐྱབས་སེམས་གསོལ་འདེབས་གང་ཤེས་ཐོན། །གནས་ཁང་ཐབ་ཁ་བྱི་དོར་གྱིས། །དུད་པ་ཆུང་བའི་མེ་ཆེན་སྦྱོར། །རང་ཡང་བྱ་བའི་ལས་ལ་བརྩོན། །གཞན་ཡང་ལས་ལ་སོ་སོར་བཀྱེ། །སྨྲ་དགོད་སྒྲིད་དུས་ཁ་ཡི་ཆུ། །སྣོད་དུ་འགྲོ་བས་དོགས་ཟོན་གྱིས། །བཟའ་བཏུང་གང་ལའང་གཙང་སྦྲ་དང་། །བོ་འགྱེལ་ཆུད་ཟོས་མེད་པར་གྱིས། །དེ་ནས་ཀུན་ལ་རིམ་བཞིན་དྲོངས། །དེ་རྗེས་རང་གིས་ལྟོ་ཡང་ཟོ། །བཟའ་བཏུང་ཚར་རྗེས་ཟས་ཀྱི་སྣོད། །བྱི་དོར་འཁྱུད་དགོས་ཡོད་རྣམས་

p. 492

ཁྲུས། །མགྲོན་པོ་བྱུང་ན་སྔོན་ནས་བསུས། །གཏམ་སྙན་ཇ་ཡི་སྣ་ལེན་གྱིས། །ཞལ་མཇལ་ཆོས་ཀྱི་ཞུ་སྣ་དྲོངས། །འགྲོ་ན་སྐྱེལ་ཞིང་གཏམ་སྙན་བརྗོད། །སློབ་མ་གསར་བའི་གནས་མལ་འཆོས། །ངོ་དགའི་གཏམ་གྱིས་མེ་ཏོག་འཐོར། །རྙིང་བ་འགྲོ་ན་སུན་མ་དབྱུང་། །ཅི་ཡོད་ཟས་བྱིན་སྐྱེལ་ཐུང་བྱས། །ཁ་འཇམ་ཚིག་གིས་རྫོངས་པ་གྱིས། །ཀུན་ལ་ཉེ་རིང་མི་བྱེད་པར། །མཆོག་དམན་བར་གསུམ་ཐམས་ཅད་སྐྱོངས། །དགོང་མའི་དུས་སུ་ཉལ་འཕྱི་གྱིས། །མགྲོན་པོ་གང་ཡོད་མལ་དུ་སྙོལ། །ལས་དང་བྱ་བ་ཚར་རྗེས་ལ། །ནངས་པར་ཅི་བྱེད་བསམ་བློ་ཐོངས། །འདྲི་དགོས་གང་ཡོད་བླ་མར་ཞུས། །གཞན་ལ་བཅོལ་ན་སྐད་བརྡ་ཐོངས། །དེ་རྗེས་རང་གི་མལ་དུ་སོང་། །ཡན་ལག་བདུན་པ་སྨོན་ལམ་སོགས། །དགེ་སྦྱོར་གང་ནུས་བྱས་རྗེས་ལ། །བདེ་བའི་ལམ་དུ་གཉིད་ལོག་ཅིག །ཉིན་གཅིག་བྱ་བ་ཤེས་གྱུར་ན། །ཉི་མ་གཞན་ཡང་དེ་ལྟར་ལགས། །ཞེས་བཤད་པས་ཁོ་རང་གིས་ཀྱང་དེ་བཞིན་བྱས་པས། ཉེ་གནས་བྱེད་རིང་ལ་ཞབས་ཏོག་ཡག་པོ་བྱས། ཕྱིས་བྱ་བཏང་རི་ཁྲོད་པ་བཟང་པོ་ཞིག་བྱུང་ངོ་། །ཡང་བླ་མ་ལ་མོས་གུས། མཆེད་གྲོགས་ལ་དག་སྣང་། སེམས་ཅན་ལ་སྙིང་རྗེ་ཆེ་བའི་ཆོས་མཐུན་གྱི་སློབ་མ་མཐའ་ཡས་རྒྱ་མཚོ་ལ་མདོ་སྔགས་གནད་ཀྱི་གདམས་པ་རྣམས་བསྟན་ནས་བསྒོམས་པས། ཞི་གནས་དང་ལྷག་མཐོང་། གཏུམ་མོ་དང་འཕོ་བ་རྣམས་ཀྱི་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་བྱུང་། ཉིན་གཅིག་བཀའ་དྲིན་གཏང་རག་ཏུ་སྣམ་བུ་ཞིག་ཕུལ་ནས། སྔར་ཡང་བཀའ་དྲིན་ཆེ་བ་བྱུང་།

p. 493

ད་དུང་ཡང་ཁོ་བོ་ལ་ཕན་པའི་ཞལ་གདམས་བསླབ་བྱ་ཞིག་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། །སྟོན་པ་འཇིག་རྟེན་འདིར་བྱོན་དུས། །ལྷ་མིའི་གུས་པས་ཕྱག་འཚལ་བཞིན། །བདག་ཀྱང་དཔལ་ལྡན་བླ་མ་ལ། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །བུ་མོ་དགའ་མོ་དགའ་སྟོབས་ཀྱིས། །སྟོན་པ་འོ་མས་མཆོད་པ་ལྟར། །བདག་ཀྱང་དྲིན་ཅན་བླ་མ་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །སྟོན་པའི་དྲུང་དུ་མ་སྐྱེས་དགྲ། །འོངས་ནས་སྡིག་བཤགས་ཕུལ་བ་ལྟར། །བདག་ཀྱང་བླ་མའི་སྤྱན་སྔ་རུ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །རྒྱལ་པོ་གསལ་རྒྱལ་དགེ་བ་ལ། །སྤྲང་པོས་རྗེས་སུ་ཡི་རང་ལྟར། །བདག་ཀྱང་བླ་མའི་མཛད་པ་དང་། །སྐྱེ་འཕགས་དགེ་ལ་རྗེས་ཡི་རང། །སྟོན་པར་ཚངས་པ་བརྒྱ་བྱིན་གྱིས། །ཆོས་འཁོར་བསྐོར་བར་བསྐུལ་བ་ལྟར། །བདག་ཀྱང་མཚན་ལྡན་བླ་མ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྟོན་པར་དེད་དཔོན་བཟང་པོ་ཡིས། །མྱ་ངན་མི་འདར་གསོལ་བ་ལྟར། །བདག་ཀྱང་དཔལ་ལྡན་བླ་མ་ལ། །བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། །རྒྱལ་པོ་གསལ་རྒྱལ་ཚོགས་བསགས་ལ། །སྟོན་པས་བསྔོ་བ་མཛད་པ་ལྟར། །བདག་ཀྱང་འདིས་མཚོན་དགེ་ཚོགས་རྣམས། །རང་གཞན་སངས་རྒྱས་འཐོབ་ཕྱིར་བསྔོ། །སྐྱབས་མགོན་ཡིད་བཞིན་ནོར་བུ་ཁྱོད། །བརྩེ་བ་ཆེན་པོས་བདག་ལ་དགོངས། །རྗེ་བཙུན་ཁྱེད་ཀྱི་སྙན་ལམ་དུ། །ཞུ་བ་དོན་གཞན་མ་ལགས་ཏེ། །དེང་སང་སྙིགས་མའི་

p. 494

དུས་སྐབས་འདིར། །ཚེ་ཐུང་ནད་དང་བར་ཆད་མང་། །གཞོན་པ་མང་པོ་འཆི་བ་མཐོང་། །དོ་ནུབ་ཡིན་ཡང་འཆི་ཉེན་གདའ། །མི་ཚེ་རིང་རུང་ཚེ་ཡི་ཕྱེད། །དོན་མེད་གཏི་མུག་གཉིད་ལ་ཟད། །ཁྱེད་ལ་བཟའ་བཏུང་རྣམ་གཡེང་བྱས། །ལྷ་ཆོས་བྱེད་པའི་ལོང་མ་མཆིས། །བདག་གིས་ཆུང་ནས་ཆོས་མ་དྲན། །གཞོན་དུས་དགོན་པའི་དཀོར་ལ་ཆགས། །ད་ལྟ་རྒས་དུས་ཆོས་མི་ནུས། །ལྷ་ཆོས་བྱེད་པ་འཕྱིས་སོང་ཡང་། །ཁྱིམ་བདག་དཔལ་སྐྱེས་རྣམ་ཐར་གྱི། །རྗེས་སུ་ཁ་མིག་ཡར་བལྟ་བྱས། །བདག་ཀྱང་འཆི་ཁར་གང་ནུས་ཀྱི། །དམ་པའི་ལྷ་ཆོས་བྱས་ན་སྙམ། །ད་ནི་བླ་མ་ཐུགས་རྗེ་ཅན། །ཆོས་མིན་བསམ་སྦྱོར་ཀུན་སྤངས་ནས། །ཆོས་བཞིན་བྱེད་ན་ཇི་ལྟར་བྱེད། །བརྩེ་བས་བསླབ་བྱ་བསྟན་དུ་གསོལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །འབྲལ་བ་མེད་པར་རྗེས་སུ་ཟུངས། །བྱང་ཆུབ་ཐོབ་ཀྱང་དྲིན་ཅན་རྗེ། །ཁྱེད་དང་འབྲེལ་བ་མེད་པར་ཤོག །ཅེས་ཕུལ་བའི་ལན་དུ། །ཡོན་ཏན་འབྱུང་གནས་མཚན་ལྡན་བླ་མ་སྟེན། །རྟག་ཏུ་གསོལ་བ་བཏབ་ན་ཅི་བསམ་འགྲུབ། །རང་ཚུགས་མ་ཐུབ་བར་དུ་གྲོགས་དང་འགྲོགས། །གྲོགས་པོ་བཟང་ན་ཆོས་སྒོ་མཐའ་རུ་ཐོན། །དལ་འབྱོར་མི་ལུས་ཐོབ་པ་ད་རེས་ཙམ། །དམ་པའི་ལྷ་ཆོས་བྱས་ན་དོན་ལྡན་འོང་། །འཆི་ངེས་ནམ་འཆི་ཆ་མེད་ནོར་མ་གསོག །འཇིག་རྟེན་མི་ཆོས་སྤངས་ན་ལྷ་ཆོས་འོང་། །འདོད་ཡོན་ཉེས་དམིགས་སོམས་ལ་ཆགས་ཞེན་ཆོད། །ཞེན་པ་ནང་ནས་ལོག་ན་ནོར་མི་དགོས། །ཡོ་བྱད་གཏོར་ན་ཉེ་འབྲེལ་ཁོ་ཐག་ཆོད། །ཕ་ཡུལ་སྤངས་ན་

p. 495

ཆགས་སྡང་ངང་གིས་ཞི། །རི་ཁྲོད་བསྟེན་ན་དགེ་སྦྱོར་ངང་གིས་འཕེལ། །གཅིག་པུར་བསྡད་ན་རྐྱེན་ངན་བར་ཆད་མེད། །བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ །ཕན་སེམས་ཡོད་ན་སུ་དང་འཁོན་མི་སྲིད། །ཆོས་བཞིན་བྱས་ན་དཀོན་མཆོག་ཐུགས་རྗེས་སྐྱོང་། །ཞི་ལྷག་བསྒོམས་ན་བདག་འཛིན་ཉོན་མོངས་ཐུལ། །དམ་ཚིག་གཙང་ན་མཁའ་འགྲོའི་བྱིན་རླབས་འབྱུང་། །ཡི་དམ་བསྐྱེད་རིམ་བསྒོམས་ན་དངོས་གྲུབ་འཐོབ། །གཏུམ་མོའི་བདེ་དྲོད་སྦྱར་ན་ཉམས་རྟོགས་སྐྱེ། །ཉམས་རྟོགས་ལྡན་ན་སྣང་བ་དཔེ་ཆར་འཆར། །སྐྱིད་ཆོས་བོར་ལ་འཚོ་བ་བྱ་འཚོལ་གྱིས། །རང་ལ་རྔན་བགྲོངས་ཁེ་རྒྱལ་གཞན་ལ་བྱིན། །མཁོ་བ་བྱིན་ལ་ཐམས་ཅད་འཁོར་དུ་བསྡུས། །སྙིང་རྗེ་ཆེན་པོའི་ཆོས་སྟོན་འགྲོ་དོན་གྱིས། །དེ་ལྟར་བྱས་ན་ཆོས་སྐུ་མངོན་དུ་བྱས། །གཟུགས་སྐུ་འགྲོ་བའི་དོན་ལ་འབྱུང་བར་འགྱུར། །ཞེས་སྨྲས་པའོ། །ཡང་བསམ་པ་བཟང་ཞིང་དད་གུས་ཆེ་བ་གཏོང་ལ་གོམས་པའི་སློབ་བུ་འཇིགས་མེད་རྒྱལ་མཚན་ལ་གདམས་པ་སྤྱི་དང་། ཁྱད་པར་ཕྱག་ཆེན་སེམས་ཁྲིད་བྱས་ནས། ཟླ་བ་ངོ་མཐོང་དྲུག་ཙམ་ལ་བསྒོམས་པས། སྤྱིར་དམ་པའི་ཆོས་ལ་ངེས་ཤེས་དང་། སྒོས་སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་སྔར་ཡོད་མ་མྱོང་བ་སྐྱེས་ཚེ། འདི་བླ་མའི་བཀའ་དྲིན་ཡིན་སྙམ་ཉིན་གཅིག་དགུན་དྲོ་བའི་གོས་དང་མར་བཅས་ཞུ་དོན་འདི་གླུ་རུ་ཕུལ་ལོ། །སྐུ་གཟི་མདངས་རྒྱས་ཤིང་སྤྱན་རས་མཛེས། །གསུང་འཇམ་ལ་སྙན་པའི་ཆོས་སྒྲ་སྒྲོག །

p. 496

ཐུགས་གསལ་སྟོང་ངང་ལ་རྟག་བཞུགས་པའི། །རྗེ་ཚོགས་དྲུག་རང་གྲོལ་ཞབས་ལ་འདུད། །སྔོན་བོད་ཡུལ་གངས་ཀྱི་ར་བ་ན། །སེང་དཀར་མོ་སྲུབ་མེད་འཕྱོ་འདྲ་བའི། །རྗེ་འགྲན་བྲལ་མི་ལ་རས་པ་དེ། །སླར་མི་ཡི་གཟུགས་སུ་ཤར་བ་མཚར། །ཆུང་མ་ལས་སྐྱེས་ནས་ད་ལྟའི་བར། །རྗེ་མི་ལ་བཞད་པའི་རྡོ་རྗེ་ལ། །ཡིད་མོས་གུས་གདུང་བས་གསོལ་བ་བཏབ། །ད་གསོལ་བ་བཏབ་པ་ཐེབས་ནས་གདའ། །མཚན་བསྒྱུར་བ་ཙམ་ཞིག་མ་གཏོགས་པ། །དོན་ཁྱད་མེད་རྗེ་བཙུན་ཁྱེད་ཉིད་ལ། །གནས་ཁྱད་འཕགས་གངས་དཀར་ཏེ་སེ་ནས། །ཞལ་དངོས་སུ་མཇལ་བ་བསྐལ་བ་བཟང་། །ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། །སྤྱིར་སེམས་ལ་ཕན་པའི་གདམས་ངག་དང་། །སྒོས་དོན་དམ་སེམས་ཀྱི་ངོ་སྤྲོད་གནང་། །དེ་རང་གར་མ་བཞག་ཉམས་སུ་བླངས། །རྗེ་བླ་མ་ཁྱེད་ཀྱི་བྱིན་རླབས་ཀྱིས། །སྤྱིར་རྒྱུ་འབྲས་ཆོས་ལ་ངེས་ཤེས་སྐྱེས། །སྒོས་སྤྲོས་བྲལ་སེམས་ཀྱི་རང་ངོ་མཐོང་། །ད་གསལ་སྟོང་ཉམས་ལ་རྒྱུན་འཆད་མེད། །སྔར་ཟླ་དྲུག་བསྒོམས་པའི་རྟོགས་པ་དེ། །ཕ་བླ་མ་མཉེས་པའི་མཆོད་པར་འབུལ། །དུས་ད་ནས་སངས་རྒྱས་མ་ཐོབ་བར། །མགོན་ཁྱོད་ཀྱི་ཐུགས་རྗེས་གཟུང་དུ་གསོལ། །ནང་རྒྱུད་ངན་གྱོང་བོ་འདུལ་བ་ལ། །སླར་ད་དུང་ཞལ་གདམས་སྩལ་ཏུ་གསོལ། །དུས་ནམ་ཞིག་སྒྱུ་ལུས་འཇིག་པའི་ཚེ། །མགོན་གར་བཞུགས་ཞིང་དེར་བདག་དྲོངས་ཤིག །འཁོར་ལྔ་སྡེ་བཟང་པོ་ཇི་བཞིན་དུ། །བདག་འཁོར་གྱི་ཐོག་མར་འགྱུར་བར་ཤོག །ཅེས་ཕུལ་བའི་ལན་དུ། ཆོས་ཐམས་ཅད་

p. 497

མདོར་བསྡུ་ན་ཕར་ཕྱིན་དྲུག་ལ་འདུས་པས་ད་རེས་ཁྱོད་ལ་ཕར་ཕྱིན་དྲུག་དང་མཐུན་པའི་ཞལ་གདམས་ཤིག་སྟེར་ཞེས་གླུ་འདི་བླངས་སོ།། སློབ་བུ་འཇིགས་མེད་རྒྱལ་མཚན་ཉོན། །གཞན་ལ་སྨྲ་བ་རྣམ་དྲུག་ནི། །གང་ཡོད་གཞན་ལ་སྟེར་ཕོད་ན། །གཏོང་ཕོད་ཡོད་ཅེས་སྨྲས་ན་ཆོག །མི་དགེ་བཅུ་པོས་མ་གོས་ན། །ཚུལ་ཁྲིམས་ཡོད་ཅེས་སྨྲས་ན་ཆོག །མི་འདོད་རྐྱེན་ངན་ཐེག་ཙ་ན། །བཟོད་པ་ཡོད་ཅེས་སྨྲས་ན་ཆོག །ཡེངས་མེད་དགེ་ལ་བརྩོན་ནུས་ན། །བརྩོན་འགྲུས་ཡོད་ཅེས་སྨྲས་ན་ཆོག །ཉོན་མོངས་རྣམ་རྟོག་མགོ་ནོན་ན། །བསམ་གཏན་ཡོད་ཅེས་སྨྲས་ན་ཆོག །བླ་མའི་གདམས་ངག་གོ་ཙ་ན། །ཤེས་རབ་ཡོད་ཅེས་སྨྲས་ན་ཆོག །སློབ་བུ་འཇིགས་མེད་རྒྱལ་མཚན་ཉོན། །གཞན་ལ་མི་སྨྲ་རྣམ་དྲུག་ནི། །སྤྲང་པོར་སྒོ་རྩམ་མི་སྟེར་བར། །གཏོང་ཕོད་ཆེ་ཞེས་མ་སྨྲ་ཞིག །རྫུན་དང་གཡོ་སྒྱུ་མ་སྤངས་པས། །ཚུལ་ཁྲིམས་ཡོད་ཅེས་མ་སྨྲ་ཞིག །ཚིག་ངན་ཙམ་རེ་མི་བཟོད་པར། །བཟོད་པ་བསྒོམས་ཞེས་མ་སྨྲ་ཞིག །ཉི་ཤར་བར་དུ་མི་ལངས་པར། །བརྩོན་འགྲུས་ཆེ་ཞེས་མ་སྨྲ་ཞིག །ཇ་ཡུན་ཙམ་ལའང་མི་སྡོད་པར། །ཏིང་འཛིན་བརྟན་ཞེས་མ་སྨྲ་ཞིག །རྒྱུ་འབྲས་རགས་རིམ་མི་ཤེས་པར། །ཤེས་རབ་ཆེ་ཞེས་མ་སྨྲ་ཞིག །སློབ་བུ་འཇིགས་མེད་རྒྱལ་མཚན་ཉོན། །ནན་ཏན་བྱེད་པ་རྣམ་དྲུག་ནི། །སེར་སྣའི་མདུད་པ་མ་གྲོལ་བར། །སྦྱིན་པ་འདི་ལ་ནན་ཏན་མཛོད། །གཡོ་སྒྱུའི་ཁོང་སྐྲུན་མ་ཐོན་བར། །ཚུལ་ཁྲིམས་འདི་ལ་ནན་ཏན་མཛོད། །ཁོང་ཁྲོའི་ཟུག་རྔུ་མ་

p. 498

ཞི་བར། །བཟོད་པ་འདི་ལ་ནན་ཏན་མཛོད། །ལེ་ལོའི་དགྲ་དང་མ་བྲལ་བར། །བརྩོན་འགྲུས་འདི་ལ་ནན་ཏན་མཛོད། །རྣམ་རྟོག་དུག་འདི་མ་ཞི་བར། །ཏིང་འཛིན་འདི་ལ་ནན་ཏན་མཛོད། །མི་ཤེས་མུན་པ་མ་སངས་བར། །ཤེས་རབ་འདི་ལ་ནན་ཏན་མཛོད། །ཅེས་སྨྲས་པས་གྲྭ་བུ་སློབ་ཐམས་ཅད་ལ་སྔར་བས་བློ་བསྐྱེད་ཐོན་པ་བྱུང་ངོ་། །ཡང་ཉིན་གཅིག་མདོ་རྒྱུད་མན་ངག་གི་ཐོས་པ་དང་ལྡན་ཞིང་། ཐོས་དོན་སྒྲུབ་པ་ལ་གཞོལ་བའི་བྱ་བཏང་རི་ཁྲོད་པ་སློབ་བུ་བསྟན་འཛིན་རབ་རྒྱས་ཀྱིས། སྣམ་དཀར་ཞིག་དང་མར་ཐུད་གཞན་གྱིས་བསྔོ་འབྲེལ་དུ་ཕུལ་བའི་གཡུ་ཁ་ཤས་ལྷ་རྫས་དྲི་མེད་བཅས་རབ་ཏུ་གུས་པའི་སྒོ་ནས། བདག་ལ་དམ་པ་གོང་མའི་རྣམ་ཐར་དང་མཐུན་པའི་བསྟོད་བསྔགས་མང་པོ་བརྗོད་པའི་མཐར་ཚིགས་སུ་བཅད་པའི་དབྱངས་འདི་ཕུལ་ལོ། །སྔོན་འདས་པའི་དུས་སུ་སངས་རྒྱས་ཀྱང་། །དུས་སྙིགས་མའི་སེམས་ཅན་འདྲེན་པའི་སླད། །སླར་བྱ་བཏང་རྣལ་འབྱོར་ཚུལ་འཛིན་པའི། །རྗེ་རྩ་བའི་བླ་མ་བདག་ལ་དགོངས། །ས་མདོ་སྨད་ཕྱོགས་སུ་སྐུ་འཁྲུངས་ཀྱང་། །ལས་སྨོན་ལམ་དབང་གིས་གངས་རིར་ཕེབས། །ཕྱོགས་གྲུབ་མཐའ་རིས་མེད་མཆོག་དམན་ལ། །ཆོས་གང་ལ་གང་འདོད་དགའ་སྟོན་འགྱེད། །རྟེན་རབ་གནས་མེད་ལ་རབ་གནས་བྱས། །ཡོན་བསྔོ་བ་མེད་ལ་བསྔོ་བ་མཛད། །སྡོམ་དམ་ཚིག་ཉམས་ལ་བསླབ་སྐྱོར་གནང་། །ནོར་ཟས་གོས་མེད་ལ་ཟས་གོས་སྦྱིན། །ལས་རྒྱུ་འབྲས་མི་ཤེས་རྣམ་དབྱེ་བསྟན། །སྟོད་མངའ་རིས་ཕྱོགས་ཀྱི་

p. 499

གདུལ་བྱ་ཀུན། །ཡར་མངོན་མཐོ་ངེས་ལེགས་ལམ་ལ་བཀོད། །སྤྱིར་ཡུལ་ཕྱོགས་འདི་རུ་བཀའ་དྲིན་ཆེ། །སྒོས་ཆོས་མེད་དཀོར་གཟན་སེར་གཟུགས་བདག །བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི། །མགོན་ཁྱོད་ཀྱི་བཀའ་དྲིན་ཡིན་པར་གོ། །དྲིན་འཁོར་བར་དཀའ་འོ་དྲིན་ཅན་རྗེ། དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་ཁྱེད་ཀྱིས་འབྲལ་མེད་རྗེས་སུ་ཟུངས། །སྔར་ཟབ་རྒྱས་གདམས་པ་བསྩལ་བ་ལ། །སླར་གསལ་འདེབས་ཞལ་གདམས་སྩལ་དུ་གསོལ། །དུས་ད་ནས་ཇི་སྲིད་འཚོ་ཡི་བར། །མགོན་ཁྱོད་མཉེས་འབའ་ཞིག་བསྒྲུབ་པ་དང་། །མགོན་ཁྱོད་གསུང་ཐམས་ཅད་བསྒྲུབ་པར་སྨོན། །ཡིད་སྨོན་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའི་ལན་དུ། འོ་བུ་ཁྱོད་ཆུང་ནས་ཆོས་སྒོར་ཞུགས། །ཐོས་བསམ་ཀྱང་མང་པོ་བྱས་པས་སྐལ་བ་བཟང་། ད་ནི་སྙིགས་དུས་ཀྱི་ཚེ་ཐུང་ནམ་འཆི་ལ་ངེས་པ་མེད་པས། རིག་གནས་ཀྱི་ཕྱོགས་ལ་བློ་མ་འབྲང་བར་ཁ་ནང་དུ་ལྟོས་ལ་ཉམས་ལེན་གྱིས། ཉམས་ལེན་བྱེད་ཚུལ་སྔར་བཤད་པ་ལྟར་ཡིན། དེ་ལྟར་བྱེད་པ་ལ་ཚེ་བློས་བཏང་ནས་གཅིག་པུར་རི་ཁྲོད་དུ་གནས་དགོས་ཚུལ་རྣམས་བཤད་དེ། སླར་ཡང་ཚིགས་སུ་བཅད་པའི་གླུ་དབྱངས་འདི་བླངས་སོ། །སློབ་བུ་བསྟན་འཛིན་རབ་རྒྱས་ཁྱོད། །ཆུང་ནས་རབ་བྱུང་ཚུལ་ཁྲིམས་གཙང་། །བླ་མ་ཆེ་ཆུང་མང་པོ་བསྟེན། །དབང་ལུང་ཁྲིད་གསུམ་ཐོབ་པར་གདའ། །སྐལ་བ་བཟང་པོ་རིགས་ཀྱི་བུ། །དོན་ན་སོ་གཞོན་ཐོག་འདིར། །ཆོས་ཤིག་

p. 500

སྙིང་ནས་མཛད་འདོད་ན། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །རྟག་ཏུ་རི་ཁྲོད་དབེན་པ་སྟེན། །བླ་མ་དཀོན་མཆོག་རིན་པོ་ཆེའི། །ཐུགས་རྗེ་མྱུར་བས་གསོལ་བ་ཐོབ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །དངོས་གྲུབ་སྩོལ་བས་བསྙེན་སྒྲུབ་འབུངས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས། །མཐུ་རྩལ་ཆེ་བས་འཕྲིན་ལས་བཅོལ། །སྡུག་བསྔལ་ཉམ་ཐག་སེམས་ཅན་རྣམས། །ཕ་མ་ཡིན་པས་བརྩེ་བས་སྐྱོངས། །འཛད་མེད་འཕགས་པའི་ནོར་བདུན་དེ། །ཕ་ནོར་ཡིན་པས་ཀུན་ལ་དགོས། །ཟག་པ་མེད་པའི་ཏིང་འཛིན་ཟས། །ཕ་ཟས་ཡིན་པས་རྒྱུན་དུ་སྟེན། །གཏུམ་མོའི་བདེ་དྲོད་རང་འབར་འདི། །ཕ་གོས་ཡིན་པས་འབྲལ་མེད་གྱོན། །རྣལ་འབྱོར་པ་ཡིས་འདུལ་རྒྱུའི་དགྲ། །ཉོན་མོངས་ཡིན་པས་འབུར་འཇོམས་ཐོངས། །ཆོས་ཀུན་རྩ་བ་རང་སེམས་ལ། །ལྟད་མོ་ཆེ་བས་རྒྱུན་དུ་ལྟོས། །ཕ་ཡུལ་རྒྱལ་ཁམས་ཕྱོགས་མེད་ལ། །གུ་ཡངས་ཡོད་པས་ཉམས་དགའ་སྐྱོངས། །དེ་ལྟར་བྱས་ན་དལ་འབྱོར་གྱི། །མི་ལུས་ཐོབ་པ་དོན་ལྡན་འགྱུར། །ཞེས་སྨྲས་པས་ཁོ་རབ་ཏུ་དགའ་ནས་སོང་ངོ་། །དེ་ནས་དད་ཅན་ཡོན་བདག་དཔལ་ལེ་དང་། སྨན་བླ་བསྟན་འཛིན་སོགས་དད་ཅན་ཡོན་བདག་ཕོ་མོ་རྣམས་ལ་ལས་རྒྱུ་འབྲས་ཀྱི་ཆོས་འདི་ལྟར་བཤད་དོ། །འོ་ཡོན་བདག་རྣམས་ཚེ་སྔ་མ་ལས་བཟང་ངན་གང་བྱས་ཀྱི་འབྲས་བུ་ཚེ་འདིར་སྨིན་ཞིང་། ཚེ་འདིར་བྱས་པ་ཕྱི་མར་སྨིན་པས། ལས་རྒྱུ་འབྲས་བརྩི་བ་གལ་ཆེ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དྲི་མ་མེད་པ་དགེ་སྡིག་རྣམ་

p. 501

པར་འབྱེད་པའི་མདོ་ལས། ད་ལྟ་བྱེད་བཞིན་བཟང་པོ་ནི་བཟོད་པ་བསྒོམས་པ་ལས་འོངས་སོ། །མི་སྡུག་པ་ནི་ཞེ་སྡང་དང་ཁོང་ཁྲོ་ལས་འོངས་སོ། །དབུལ་ཞིང་ཕོངས་པ་ནི་སེར་སྣ་ལས་འོངས་སོ། །བཙན་ཞིང་ཆེ་བ་ནི་སངས་རྒྱས་ལ་གུས་པས་ཕྱག་འཚལ་བ་ལས་འོངས་སོ། །མི་མ་རབས་ཐ་ཆད་ནི་རྒྱགས་ཤིང་དྲེགས་པ་ལས་འོངས་སོ། །ལུས་རིང་ཞིང་བཟང་བ་ནི་བཀུར་སྟི་བྱས་པ་ལས་འོངས་སོ། །ལུས་ཐུང་བ་ནི་ཆོས་ལ་ལེ་ལོ་བྱས་པ་ལས་འོངས་སོ། །བླུན་པ་ནི་ལུག་ལས་འོངས་སོ། །སྐམ་ལ་གནག་པ་ནི་དེ་བཞིན་གཤེགས་པའི་སྐུ་བསྒྲིབས་པ་ལས་འོངས་སོ། །མཆུ་དམའ་བ་ནི་སྟོན་པའི་ཟས་ལ་མྱང་བ་ལས་འོངས་སོ། །མིག་ཚག་པ་ནི་མེ་བསླངས་པ་མི་སྟེར་བ་ལས་འོངས་སོ། །མུན་བསྲེས་ནས་མིག་གིས་མི་མཐོང་བ་ནི་ཁྲའི་མིག་བྲུས་པ་ལས་འོངས་སོ། །ལྐུགས་པ་ནི་དམ་པའི་ཆོས་ལ་སྐུར་བ་བཏབ་པ་ལས་འོངས་སོ། །འོན་པ་ནི་ཆོས་ཐོས་རྒྱུ་མི་དགའ་བ་ལས་འོངས་སོ། །སོ་སྟོ་བ་ནི་རྐང་དང་རུས་པ་བསྲེགས་པ་ལས་འོངས་སོ། །སྣ་གཉེར་བ་ནི་སྤོས་མི་ཞིམ་པ་བསྲེགས་ཏེ་སངས་རྒྱས་མཆོད་པ་ལས་འོངས་སོ། །ཤོ་རེ་ནི་ཉའི་མཆུ་བ་ཕུག་པ་ལས་འོངས་སོ། །སྐྲ་སེར་བ་ནི་ཕག་གི་སྤུ་བཏོགས་པ་ལས་འོངས་སོ། །རྣ་བ་རལ་བ་ནི་རྣ་བ་ཕུག་པ་ལས་འོངས་སོ། །ཐང་སྤྲུལ་འདྲ་བ་ནི་གོས་མི་གཙང་བ་གྱོན་ཞིང་སངས་རྒྱས་ལ་རྙོག་པ་ལས་འོངས་སོ། །རྨེ་ནག་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཁྱིམ་མམ་ཁྱམས་སུ་བཞག་པ་ལས་འོངས་སོ། །ཞར་བ་དང་གྱོལ་བོ་ནི་མཁན་པོ་དང་བླ་མ་མཐོང་སྟེ་མི་ལྡང་བ་ལས་འོངས་སོ། །

p. 502

སྒྱུར་བ་ནི་གོས་མི་གཙང་བ་གྱོན་ཞིང་སངས་རྒྱས་ཀྱི་སྐུ་ལ་རྒྱབ་ཀྱིས་ཕྱོགས་པ་ལས་འོངས་སོ། །དཔྲལ་བ་འབུར་བ་ནི་སངས་རྒྱས་མཐོང་ནས་ཕྱག་གུས་པར་མི་འཚལ་ཞིང་ལག་པ་དཔྲལ་བར་གཏུགས་པ་ལས་འོངས་སོ། །མཇིང་བ་ཐུང་བ་ནི་བཙུན་པ་དང་བླ་མ་མཐོང་ནས་མགོ་སྨད་ཅིང་བྱོལ་བ་ལས་འོངས་སོ། །མཆིན་པ་ན་བ་ནི་སེམས་ཅན་གྱི་ལུས་གཏུབས་ཤིང་གཙགས་པ་ལས་འོངས་སོ། །མཛེ་ཅན་ནི་གཞན་གྱི་ནོར་མི་འོས་པར་བླངས་པ་ལས་འོངས་སོ། །ལུད་པ་མང་བ་ནི་དགུན་མི་གཞན་ལ་ཟས་གྲང་མོ་བྱིན་པ་ལས་འོངས་སོ། །བུ་ཚ་མེད་པ་ནི་བྱ་ཕྲུག་མང་པོ་བསད་པ་ལས་འོངས་སོ། །བུ་ཚ་མང་བ་ནི་སེམས་ཅན་མང་པོ་གསོས་པ་ལས་འོངས་སོ། །ཚེ་རིང་བ་ནི་སྙིང་རྗེ་ཆེ་བ་ལས་འོངས་སོ། །ཚེ་ཐུང་བ་ནི་སྲོག་བཅད་པ་ལས་འོངས་སོ། །ཕྱུག་པོ་ནི་སྦྱིན་པ་བྱས་པ་ལས་འོངས་སོ། །རྟ་དང་ཤིང་རྟ་བདོག་པ་ནི་དཀོན་མཆོད་གསུམ་ལ་ཡོན་ཕུལ་བ་ལས་འོངས་སོ། །དབང་བོ་རྣོ་བ་ནི་སློབ་པ་ལ་འགྲུས་པ་དང་མདོ་སྡེ་ཁ་ཏོན་ཏུ་བྱས་པ་ལས་འོངས་སོ། །བླུན་པོ་ནི་བྱོལ་སོང་ལས་འོངས་སོ། །བྲན་ཕོ་དང་བྲན་མོ་བྱེད་པ་ནི་བུ་ལོན་མ་གཞལ་བ་ལས་འོངས་སོ། །སྤྲོ་ཐུང་བ་ནི་སྤྲེའུ་ལས་འོངས་སོ། །ཡང་མཛེ་ཅན་ནི་དཀོན་མཆོག་གི་རྟེན་བཤིག་པ་ལས་འོངས་སོ། །ཡན་ལག་མ་ཚང་བ་ནི་སེམས་ཅན་གྱི་རྐང་ལག་བཅད་པ་ལས་འོངས་སོ། །གདུག་པ་ནི་སྦྲུལ་དང་སྡིག་པ་ལས་འོངས་སོ། །དབང་བོ་དྲུག་ཚང་བ་ནི་ཚུལ་ཁྲིམས་བསྲུངས་པ་ལས་འོངས་སོ། །དབང་བོ་དྲུག་མ་ཚང་བ་ནི་ཚུལ་ཁྲིམས་བཤིག་པ་ལས་འོངས་སོ། །གཙང་སྦྲ་

p. 503

ཆུང་བ་ནི་འཕགས་པ་མ་མཆོད་པ་ལས་འོངས་སོ། །གླུ་གར་དང་རོལ་མོ་ལ་དགའ་བ་ནི་རོལ་མོ་མཁན་དུ་སྐྱེའོ། །འདོད་ཆགས་ཆེ་བ་ནི་བྱ་ལས་འོངས་སོ། །ཝ་བ་ཅན་ནི་སྒོག་པ་ལས་འོངས་སོ། །ཁས་དམན་པ་ནི་ཚིག་རྩུབ་མོ་སྨྲས་པ་ལས་འོངས་སོ། །མཚན་མ་མི་ལྡང་བ་ནི་ཁྱི་དང་ཕག་དང་རྟའི་འབྲས་བུ་བཏོན་པ་ལས་འོངས་སོ། །ལྕེ་ཐུང་བ་ནི་བཙུན་པ་དང་བླ་མ་ལ་ཁ་བྱས་པ་དང་། ལྐོག་ཏུ་འཕྱས་པ་ལས་འོངས་སོ། །གཞན་གྱི་ཆུང་མ་ལ་གཡེམ་བྱས་པས་ནི་ངང་མོ་དང་ངུར་བར་སྐྱེའོ། །གཉེན་དགུ་ལ་གཡོ་བྱས་པས་ནི་བྱེའུ་མཆིལ་བར་སྐྱེའོ། །མདོ་སྡེ་དང་གཙུག་ལག་ཁང་གི་ཡི་གེ་སྤྱོད་ཅིང་སེར་སྣས་གཞན་ལ་མི་སྟོན་པ་ནི་ཚེའི་དུས་བྱས་ནས་ཐང་གི་སྲིན་བུར་སྐྱེའོ། །མདའ་གཞུ་ཐོགས་པ་དང་རྟ་ལ་ཞོན་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་འཕར་བ་དང་སྤྱང་ཀིར་སྐྱེའོ། །སྐྲ་ཐུང་བ་དང་མགོ་རྒྱན་བཏགས་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་མཆུ་རིང་དུ་སྐྱེའོ། །ཉལ་ཞིང་ཟ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ཕག་ཏུ་སྐྱེའོ། །དར་ཚོན་གྱི་གོས་ལ་དགའ་བ་ནི་བྱིའུ་ཁྲི་འུར་སྐྱེའོ། །མི་སྙན་པ་བཟླས་ཤིང་ཀུ་རེ་ལ་དགའ་བ་ནི་བྱ་ནེ་ཙོ་རུ་སྐྱེའོ། །ཕྲ་མ་བྱེད་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་ལྟོ་འཕྱེ་མགོ་དྲུག་པར་སྐྱེའོ། །མ་འོངས་པར་ཀུ་རེ་བྱེད་པར་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་རྨོངས་པར་སྐྱེའོ། །གཏམ་ངན་སྐྱེལ་བ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བྱར་སྐྱེའོ། །མི་ལ་གནོད་པ་དང་ངན་དུ་དགའ་ཞིང་གཏམ་ལ་སྲེད་པ་ནི་ཚེ་ཕྱི་མ་ལ་ཝར་སྐྱེའོ། །མི་དངངས་པ་ལ་དགའ་བ་ནི་ཚེ་ཕྱི་མ་ལ་སྲིན་བུ་དོ་ལོག་ཏུ་སྐྱེའོ། །

p. 504

ཚེ་སྔ་མ་ལ་ཤིང་ལྷམ་གྱོན་ཅིང་ལྷ་ཁང་དུ་སོང་ན་ཚེ་ཕྱི་མ་ལ་ལྟར་སྐྱེའོ། །ཚེ་སྔ་མ་ལ་འཕྱེན་བག་མེད་པར་བཏང་བས་ནི་ཚེ་འདི་ལ་སྒུར་བར་སྐྱེའོ། །ཚེ་སྔ་མ་ལ་དགེ་འདུན་གྱི་རང་འཐག་དང་གཏུན་ལ་སྤྱོད་པ་ནི། ཚེ་འདི་ལ་སྲིན་བུ་མགོ་རྡེབས་སུ་སྐྱེའོ། །སེམས་ཅན་གྱི་ཟས་ལ་གེགས་བྱས་པས་ནི་བྱ་ཤིང་རྟ་མོར་སྐྱེའོ། །ཚེ་སྔ་མ་ལ་དགེ་འདུན་གྱི་ཆུ་བརྐུས་པས་ནི་ཉ་དང་རུས་སྦལ་ལ་སོགས་ཆུའི་ནང་ན་གནས་པའི་སེམས་ཅན་དུ་སྐྱེའོ། །ཚེ་སྔ་མ་ལ་དགེ་འདུན་རྨེ་བར་བྱས་པ་ནི་གཙང་སྦྲའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ཤིང་ཏོག་བརྐུས་པས་ནི་མཆིན་པ་ཟ་བའི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ནོར་བརྐུས་པས་ནི་རང་འཐག་བསྐོར་བའི་བོང་བུ་དང་བ་གླང་དུ་སྐྱེའོ། །དགེ་འདུན་གྱི་ནོར་ནན་གྱིས་བསྐྱི་བརྙ་བྱས་པས་ནི་བྱ་ཕུག་རོན་དུ་སྐྱེའོ། །དགེ་འདུན་ལ་སྤྲོ་བྱས་པས་ནི་གླང་གི་གཉའ་བར་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ལྡུམ་སྐྱུར་ཟོས་པས་ནི་ལྡུམ་བུའི་རྩ་བ་གང་གི་སྲིན་བུར་སྐྱེའོ། །དགེ་འདུན་གྱི་ཁྲི་སྟན་ལ་འདུག་པས་ནི་སྲིན་བུ་མགོ་དམར་དུ་སྐྱེའོ། །དགུ་འདུན་གྱི་ནོར་སྣ་ཚོགས་ལ་སྤྱད་པས་ནི་སྲིན་བུ་ཕྱེ་བོར་སྐྱེའོ། །མགོ་ལ་རུས་པའི་ཐུར་མ་ག ཏུར་ནས་ལྷ་ཁང་དུ་འགྲོ་ན་བྱ་མཆུ་རིང་དུ་སྐྱེའོ། །དཀར་རྩི་དང་དམར་རྩི་བྱུགས་ཏེ་ལྷ་ཁང་དུ་འགྲོ་ན་བྱ་ལྟུང་ཀར་སྐྱེའོ། །དར་ཚོན་གྱི་གོས་གྱོན་ཏེ་ལྷ་ཁང་དུ་འགྲོ་ན་བྱེའུ་སེ་རུར་སྐྱེའོ། །ཁྱོ་ཤུག་ཞག་ལོན་ཏེ་ལྷ་ཁང་དུ་ཉལ་ན་སྲིན་བུ་མགོ་སྔོན་དུ་སྐྱེའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཇུག་སྟེགས་འཆའ་ཞིང་འདུག་པ་ནི་རྔ་མོར་སྐྱེའོ། །ལྷམ་དང་འབོབ་གྱོན་

p. 505

ཞིང་གཞལ་མེད་ཁང་དུ་འགྲོ་ན་སྦལ་བར་སྐྱེའོ། །ཆོས་ཉན་པའི་ཚེ་ལོང་གཏམ་ཟེར་ན་བྱེའུ་ལྡན་དཀར་དུ་སྐྱེའོ། །དགེ་སློང་ཁྲིམས་དག་པ་ལ་མི་གཙང་བ་བསྐྱེད་པ་ནི་ལྕགས་ཀྱི་སེམས་ཅན་དམྱལ་བར་སྐྱེའོ། །རལ་གྲིའི་འཁོར་ལོ་ཁྲི་ཕྲག་བརྒྱ་སྙེད་དུ་ཆར་བ་ལུས་ཀྱི་སྟེང་དུ་འབེབས་ཤིང་དེའི་ལུས་གཏུབས་པར་འགྱུར་རོ་ཞེས་གསུངས་སོ། །དེས་ན་དད་ཅན་ཡོན་བདག་ཕོ་མོ་ཀུན་གྱིས། ཚེ་ཕྱི་མར་སྡུག་བསྔལ་མི་འདོད་པར་བདེ་སྐྱིད་འདོད་ན་སངས་རྒྱས་ཐུགས་རྗེ་ཅན་གྱིས་གསུངས་པ་དེ་ལྟར་སྡིག་སྤོང་དགེ་སྒྲུབ་ལ་འབད་འཚལ་ཞེས་སླར་ཡང་ཚིགས་སུ་བཅད་དེ་སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །ལས་འབྲས་བླང་དོར་ཤེས་པར་བྱིན་གྱིས་རློབས། །བཟོད་པ་བསྒོམས་པས་གཟུགས་བྱད་མཛེས་པ་འོངས། །ཞེ་སྡང་ཁོང་ཁྲོས་མདོག་མི་སྡུག་པ་འོངས། །ནོར་ལ་སེར་སྣ་བྱས་ན་དབུལ་པོ་འོངས། །སངས་རྒྱས་གུས་ཕྱག་འཚལ་ན་བཙན་པོ་འོངས། །རྒྱགས་ཤིང་དྲེགས་ལས་མ་རབས་ཐ་ཆད་འོངས། །བཀུར་སྟི་བྱས་ན་ལུས་པོ་རིང་ཞིང་བཟང་། །ཆོས་ལ་ལེ་ལོ་བྱས་ན་གཟུགས་པོ་ཐུང་། །ཚེ་སྔོན་ལུག་ཏུ་སྐྱེས་ན་ཚེ་འདིར་བླུན། །ལྷ་སྐུ་བསྒྲིབས་ན་བསྐམས་ཤིང་མདོག་ནག་འོངས། །ཆོས་སྟོན་ཟས་ལ་མྱང་ན་མཆུ་བ་དམའ། །བསླངས་ལ་མེ་མ་བྱིན་ན་མིག་ཚག་འོངས། །ཁྲ་ཡི་མིག་བྲུས་མཚན་མོ་གཟུགས་མི་མཐོང་། །ཆོས་ལ་སྐུར་བ་བཏབ་ན་ལྐུགས་པ་འོངས། །དམ་ཆོས་ཐོས་ལ་མི་དགའ་འོན་པ་

p. 506

འོངས། །རྐང་དང་རུས་པ་བསྲེགས་ལས་སོ་སྟོ་འོངས། །སྤོས་མི་ཞིམ་པས་མཆོད་ན་སྣ་གཉེར་འོངས། །ཉ་ཡི་མཆུ་བ་ཕུག་ན་ཁ་ཤོ་འོངས། །ཕག་གི་སྤུ་བཏོགས་པ་ལས་སྐྲ་སེར་འོངས། །རྣ་བ་ཕུག་ལས་རྣ་བ་རལ་བ་འོངས། །བླ་མ་མཐོང་ནས་མ་ལངས་ཞ་ལོང་འོངས། །སངས་རྒྱས་སྐུ་ལ་རྒྱབ་ཕྱོགས་སྒུར་པོ་འོངས་། །བླ་མར་མགོ་སྨད་བྱོལ་ན་མཇིང་བ་ཐུང་། །གཞན་ལུས་གཏུབས་ཤིང་གཙགས་ལས་མཆིན་པ་ན། །གཞན་གྱི་མི་འོས་ནོར་བླངས་མཛེ་ཅན་འོངས། །དགུན་དུས་ཟས་གྲང་བྱིན་ན་ལུད་པ་མང་། །བྱ་ཕྲུག་མང་པོ་བསད་ན་བུ་ཚ་མེད། །སེམས་ཅན་མང་པོ་གསོས་ན་བུ་ཚ་མང་། །འགྲོ་ལ་སྙིང་རྗེ་ཆེ་ན་མི་ཚེ་རིང་། །སེམས་ཅན་གཞན་སྲོག་བཅད་ན་མི་ཚེ་ཐུང་། །སྦྱིན་པ་མང་པོ་བཏང་ན་ཕྱུག་པོ་འོངས། །ཡོན་མང་ཕུལ་ན་རྟ་དང་ཤིང་རྟ་འོངས། །མདོ་སྡེ་ཁ་ཏོན་བྱས་ན་དབང་བོ་རྣོ། །བྱོལ་སོང་ལས་ནི་ཚེ་འདིར་བླུན་པ་འོངས། །བུ་ལོན་མ་གཞལ་བྲན་ཕོ་བྲན་མོར་སྐྱེ། །སྤྲེའུ་ལས་ནི་ཚེ་འདིར་སྤྲོ་ཐུང་འོངས། །དཀོན་མཆོག་རྟེན་གསུམ་བཤིག་ན་མཛེ་ནད་འོངས། །རྐང་ལག་བཅད་ན་ཡན་ལག་མ་ཚང་འོངས། །སྦྲུལ་དང་སྡིག་པ་ལས་ནི་གདུག་པ་འོངས། །ཚུལ་ཁྲིམས་བསྲུངས་ལས་དབང་པོ་ཚང་བ་འོངས། །ཚུལ་ཁྲིམས་བཤིག་ལས་དབང་པོ་མ་ཚང་འོངས། །འཕགས་པ་མ་མཆོད་གཙང་སྦྲ་ཆུང་བ་འོངས། །གླུ་གར་རོལ་མོ་ལ་དགའ་དེ་འདྲ་འོངས། །ཚེ་སྔོན་བྱ་རུ་གྱུར་ན་འདོད་ཆགས་ཆེ། །སྒོག་པ་ཟོས་ན་ལྦ་བ་ཅན་དུ་སྐྱེ། །ཚིག་རྩུབ་སྨྲས་ན་ཁས་དམན་མི་རུ་སྐྱེ། །འབྲས་བུ་བཏོན་ན་

p. 507

མཚན་མ་ལྡང་མི་འགྱུར། །བླ་མར་ལྐོག་ཏུ་འཕྱས་ན་ལྕེ་ཐུང་འོངས། །གཞན་གྱི་ཆུང་མར་སྤྱད་ན་ངང་བར་སྐྱེ། །གཉེན་ལ་གཡོ་བྱས་བྱིའུ་མཆིལ་བར་སྐྱེ། །ཆོས་ཀྱི་སེར་སྣས་ཐང་གི་སྲིན་བུར་སྐྱེ། །མདའ་གཞུ་ཞོན་པར་དགའ་ན་སྤྱང་ཀིར་སྐྱེ། །མགོ་རྒྱན་ལ་དགའ་སྲིན་བུ་མཆུ་རིང་སྐྱེ། །ཟ་ཞིང་ཉལ་ལ་དགའ་ན་ཕག་ཏུ་སྐྱེ། །གོས་ལ་དགའ་ན་བྱེའུ་ཁྲི་འུར་སྐྱེ། །མི་སྙན་ཀུ་རེར་དགའ་ན་ནེ་ཙོར་སྐྱེ། །ཕྲ་མར་དགའ་ན་ལྟོ་འཕྱེ་མགོ་དྲུག་སྐྱེ། །ཀུ་རེར་དགའ་བ་སྲིན་བུ་རྨོངས་པར་སྐྱེ། །གཏམ་ངན་སྐྱེལ་ལ་དགའ་ན་འུག་པར་སྐྱེ། །གནོད་ངན་གཏམ་ལ་དགའ་ན་ཝ་མོར་སྐྱེ། །དངངས་ལ་དགའ་ན་སྲིན་བུ་དོ་ལོག་སྐྱེ། །བག་མེད་འཕྱེན་མང་བཏང་ན་སྦུར་བར་སྐྱེ། །རང་འཐག་གཏུན་སྤྱད་སྲིན་བུ་མགོ་རྡེབས་སྐྱེ། །ཟས་ལ་གེགས་བྱས་བྱ་ཤིང་རྟ་མོར་སྐྱེ། །ཆུ་བརྐུས་ཉ་སོགས་ཆུ་ཡི་ནང་དུ་སྐྱེ། །དགེ་འདུན་རྨེ་བྱས་གཙང་སྦྲའི་སྲིན་བུར་སྐྱེ། །ཤིས་ཏོག་བརྐུས་པས་མཆིན་ཟ་སྲིན་བུར་སྐྱེ། །ནོར་བརྐུས་རང་འཐག་བསྐོར་བའི་བོང་བུར་སྐྱེ། །ནན་གྱིས་བསྐྱི་བན་བྱས་པས་ཕུག་རོན་སྐྱེ། །མཆོད་རྟེན་ཁ་རུ་བསྡད་ན་རྔ་མོར་སྐྱེ། །ལྷམ་གྱོན་ལྷ་ཁང་ཕྱིན་ན་སྦལ་བར་སྐྱེ། །ཆོས་ཉན་དུས་སུ་གཏམ་ལབ་བྱེ་འུར་སྐྱེ། །མདོར་ན་ཅི་འདྲ་བ་ཡི་ལས་བྱས་ཀྱང་། །འབྲས་བུ་དེ་འདྲ་སྨིན་པ་སངས་རྒྱས་གསུངས། །སངས་རྒྱས་གསུང་ལ་ནམ་ཡང་བསླུ་བ་མེད། །ཚད་མར་བཟུང་ནས་བླང་དོར་བྱེད་པ་གཅེས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ལས་འབྲས་བླང་དོར་

p. 508

ནུས་པར་བྱིན་གྱིས་རློབས། །ཞེས་ཚིག་བཏོན་ནས་དོན་བསམ་ན་ལས་འབྲས་ལ་བརྩི་འཇོག་ཆེ་བར་འགྱུར་རོ་ཞེས་སྨྲས་སོ། །ཡང་རང་ཉིད་ལ་གངས་རི་ནས་ཚེ་བློས་བཏང་གི་སློབ་མ་རྣམས་ཀྱི་ཐོག་མར་བྱུང་བ་རང་བཞིན་གྱིས་ཤེས་རྒྱུད་འཇམ་ཞིང་གཡོ་སྒྱུ་ཆུང་བ། དད་གཏོང་ཤེས་རབ་སྙིང་རྗེ་ཆེ་བའི་སྐལ་ལྡན་སློབ་བུ་སྦྱིན་པ་ནོར་བུས་མཇལ་མ་ཐག་ནས་མི་ཕྱེད་པའི་དད་པ་སྐྱེས། དེ་ལ་ལམ་ཐུན་མོང་མ་ཡིན་པའི་སྔགས་ཀྱི་བསྐྱེད་རྫོགས་གནད་ཀྱི་གདམས་པ་རྣམས་བསྟན་ནས་བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་ཏེ། མཚམས་གྲོལ་ནས་ཉིན་གཅིག་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། བདག་ལ་རྩམ་པ་དང་མར་སོགས་མཁོ་བའི་ཡོ་བྱད་ཀྱི་བཀའ་དྲིན་གཏང་རག་ཕུལ་ནས། ནང་དུ་ཉམས་རྟོགས་སྐྱེས་ཚུལ་གྱི་རིམ་པ་ཚིགས་སུ་བཅད་དེ་འདི་ལྟར་ཕུལ་ལོ ། །།སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེའི། །སྙན་གྱི་དབང་པོའི་དྲུང་དུ་འདི་སྐད་ཞུ། །རྗེ་བཙུན་ཁྱེད་ཀྱི་བཀའ་དྲིན་ཐུགས་རྗེ་ཡིས། །སྒོམ་ཀྱང་ཤེས་ཏེ་སྒོམ་པའི་སྐལ་བའང་བྱུང། །སྐྱེ་འཆི་འཁོར་བའི་སྡུག་བསྔལ་བསྒོམས་ཙ་ན། །འཁོར་བར་ཞེན་ལོག་ངེས་འབྱུང་དྲག་པོ་བྱུང་། །བྱམས་དང་སྙིང་རྗེ་བྱང་སེམས་བསྒོམས་པའི་ཚེ། །བདག་པས་གཞན་གཅེས་བསམ་པ་ཡང་ཡང་བྱུང་། །ཞི་གནས་བསྒོམས་ཚེ་རྣམ་རྟོག་རྒྱུན་ཆད་ནས། །དམིགས་རྟེན་སྟེང་དུ་ལྷན་ནེ་གནས་པོ་བྱུང་། །དེ་ཚེ་ལུས་ཀྱང་འབོལ་ལེ་ཤིག་གེ་བ། །སེམས་ལ་བདེ་གསལ་མི་རྟོག་ཉམས་

p. 509

མྱོང་བྱུང་། །ཞི་གནས་ངང་ལས་སོ་སོར་རྟོག་པ་ཡིས། །བརྟགས་ཤིང་དཔྱད་ནས་ལྷག་མཐོང་སྦར་བའི་ཚེ། །འཁོར་འདས་ཆོས་ཀུན་རྣམ་པ་ཅིར་ཡང་སྣང། །ངོ་བོ་གདོད་ནས་སྟོང་པ་ཉིད་དུ་གོ། །དེ་ཡང་རང་གི་སེམས་ཀྱི་རྟོག་པ་ཡིས། །ཕར་ལ་བཏགས་པ་ཙམ་དུ་བློ་ཐག་ཆོད། །སེམས་ཀྱི་རང་བཞིན་སྐྱེ་འགག་གནས་གསུམ་དང་། །བྲལ་བའི་དངོས་མེད་སྟོང་པ་ཉིད་དུ་ཤེས། །ཤེས་མཁན་ལ་ཡང་དཔྱད་པས་སྟོང་བར་སོང་། །སྟོང་སང་ངང་དེར་མཉམ་པར་བཞག་ཙ་ན། །ངོ་བོ་སྟོང་ཀྱང་རྣམ་པ་གསལ་སང་ངེ་། །གསལ་སྟོང་བརྗོད་དུ་མེད་པའི་ཉམས་ཤིག་ཤར། །མ་དག་སྣང་བ་སྟོང་པ་ཉིད་དུ་སྦྱངས། །སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་སྟེང་། །རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམས་ཙ་ན། །གསལསྣང་ང་རྒྱལ་བརྟན་པོ་ཡང་ཡང་བྱུང་། །རྫོགས་རིམ་རྨང་རྡོ་གཏུམ་མོ་བསྒོམས་ཙ་ན། །ཞག་པོ་བཅུ་ནས་བདེ་དྲོད་རང་འབར་བྱུང་། །རས་རྐྱང་གྱོན་རྒྱུ་མེད་པ་མ་གཏོགས་པའི། །ཡོད་ན་རས་རྐྱང་ཐུབ་པའི་གདེང་ཚད་རྙེད། །འོན་ཀྱང་དྲོད་ཀྱི་ཚོད་ཀྱི་བདེ་བ་ཆེར། །མི་འདུག་བདེ་ཆེན་འབར་བའི་གདམས་པ་དང་། །བདེ་ཆེན་འབར་ཚེ་བདེ་སྟོང་དབྱེར་མེད་དུ། །སྦྱོར་བའི་གནད་ཀྱི་གདམས་པ་བསྟན་དུ་གསོལ། །ཞེས་ཕུལ་བའི་ལན་དུ། བདེ་བ་འབར་ཕྱིར་ཟས་ཀྱང་བཅུད་ཅན་བསྟེན་ན་བཟང་ཚུལ་དང་། སྤྱི་བོའི་ཧཾ་ལས་བྱང་སེམས་ཆེས་ཆེར་བྱུང་ནས་རྩ་ཁམས་དང་ལུས་ཀུན་འོ་བརྒྱལ་

p. 510

བཞིན་ཁེངས་ཏེ། བདེ་བ་མི་བཟོད་པ་སྐྱེ་བའི་དམིགས་རིམ་བསྟན་ནས་བསྒོམས་པས་བདེ་བ་ཆེན་པོ་རྒྱས། །བྱང་སེམས་གསང་གནས་སུ་བབས་པ་འདྲེན་པ་དང་དགྲམ་པའི་གནད་བསྟན་པས། ཡུངས་འབྲུ་ཙམ་ཕྱིར་མ་ཤོར་བར་བྱས་ཏེ་བྱང་སེམས་གྱེན་དུ་དྲངས་འགྲེམ་ཐུབ་པ་བྱུང་ཚེ་སྔར་བས་བདེ་བ་ཆེས་ཆེར་འབར་ནས་ལུས་ཀུན་བདེ་བ་ཆེན་པོས་ཁྱབ་པ་བྱུང་། བདེ་བའི་ངང་ནས་སྔར་གཏན་ལ་ཕབ་པའི་གནས་ལུགས་ལྟ་བའི་ཉམས་མྱོང་གི་སྟེང་དུ་འཇོག་ཏུ་བཅུག་པས། བདེ་སྟོང་དབྱེར་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས། ཕྱིས་ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བ་བྱུང་སྟེ། ཞག་པོ་མང་པོའི་བར་དུ་བཟའ་བཏུང་གང་ཡང་མ་བྱས་ཀྱང་ལྟོགས་སྐོམ་གྱི་སྣང་བ་མི་འབྱུང་ཞིང་ལུས་ཀྱི་བཀྲག་མདངས་ཀྱང་བཟང་སྙམ་པ་བྱུང་ངོ་། །ཡང་དད་གཏོང་བློ་གྲོས་ཆེ་བའི་སློབ་བུ་སྒར་དཔོན་སྦན་ཙ་ལྷོ་པ་ཚེ་དབང་སྟོབས་རྒྱས་འཁོར་བཅས་འོང་བ་ལ་དབང་ལུང་ཁྲིད་གསུམ་མང་པོ་བྱས་པས། ཁོ་རང་ཡང་མི་ཕྱེད་པའི་དད་པ་སྔར་བས་ཆེ་བ་བྱུང་ནས། རྟ་དང་རྒྱན་གོས་གསེར་དངུལ་མང་པོ་དང་། རྩོམ་འབྲས་དོ་བོ་བཅོ་ལྔ་སོགས་ནོར་སྣ་མང་པོ་ཕུལ་ཏེ། སྐྱབས་འཇུག་རྒྱས་པར་ཞུས་པའི་མཐར་ཚིགས་བཅད་རྩོམ་པ་འདི་ཡང་བྲིས་ནས་ཕུལ་བྱུང་། རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་བདག་གི་སྐྱིད་སྡུག་ཁྱེད་རང་མཁྱེན། །དུས་རྒྱུན་འཆད་མེད་པར་བྱིན་གྱིས་རློབས། །རྟེན་དལ་འབྱོར་མི་ལུས་རིན་

p. 511

ཆེན་ཐོབ། །རྗེ་བླ་མ་སངས་རྒྱས་དངོས་དང་མཇལ། །ཆོས་ཟབ་མོའི་མཐར་ཐུག་གསང་སྔགས་ཐོབ། །འདི་རྙེད་པ་ཀུན་གྱི་དོ་ཟླ་མིན། །རྗེ་བཀའ་དྲིན་ཆེའོ་ཐུགས་རྗེ་ཅན། །དྲིན་ལན་དུ་སྒྲུབ་པའི་ཞབས་ཏོག་འབུལ། །སྤྲང་ཚེ་དང་སྒྲུབ་པ་སྙོམས་པ་དང་། །དོན་རྒྱུད་ཀྱི་རྟོགས་པ་བསྐྱེད་དུ་གསོལ། །གནས་རི་ཁྲོད་དགོན་པ་བཟུང་ལགས་ཀྱང་། །རྒྱུད་ཆོས་དང་མ་འདྲེས་ཐ་མལ་ལུས། །དེ་གང་གིས་ལན་ན་ལེ་ལོས་ལན། །སྤྲང་ལེ་ལོ་བཟློག་པར་བྱིན་གྱིས་རློབས། །ཆོས་ཟབ་མོ་ཐོས་ཀྱང་ཉམས་ལེན་མེད། ། ཆོས་བྱེད་བློའི་ངང་ལ་མི་ཚེ་གྲོན། །དེ་གང་གིས་ལན་ན་རྟག་འཛིན་ལན། །སྤྲང་འཆི་བ་དྲན་པར་བྱིན་གྱིས་རློབས། །ལུས་ཆོས་པར་བྱས་ནས་སྡིག་ལ་རེམ། །མིང་བྱ་བཏང་བཏགས་ཀྱང་ལྟོ་རྒྱབ་འཚོལ། །དེ་གང་གིས་ལན་ན་ཞེན་པས་ལན། །ཚེ་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །ཕྱི་ཚུལ་འཆོས་གཞན་སེམས་འཕྲོག་མཁས་ཀྱང། །རྐྱེན་རེ་རེས་ཐ་མལ་ངོས་རྟགས་སྟོན། །དེ་རང་རྒྱུད་ཆོས་དང་མ་འདྲེས་ལན། །རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །ནང་བསམ་ངན་རང་རྒྱུད་མ་ཐུལ་བས། །ཚིག་ཕྲ་མོ་རེས་ཀྱང་ཆགས་སྡང་འཕེལ། །དེ་གང་གིས་ལན་ན་ཉོན་མོངས་ལན། །སྤྲང་ཉོན་མོངས་ཐུལ་བར་བྱིན་གྱིས་རློབས། །ཚེ་སྡིག་པར་བསྐྱལ་ཡང་འགྱོད་སེམས་མེད། །ལས་ངན་པའི་བྱ་བས་ཟིན་མེད་བྲེལ། །དེ་རྒྱུ་འབྲས་ངེས་ཤེས་མ་སྐྱེས་ལན། །སྤྲང་ལས་འབྲས་དྲན་

p. 512

པར་བྱིན་གྱིས་རློབས། །གནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །སེམས་མངོན་ཞེན་ཐག་པ་ཆོད་དུས་མེད། །དེ་སྡུག་བདེན་སྙིང་ནས་མ་བསམ་ལན། །སྤྲང་སྡུག་བདེན་དྲན་པར་བྱིན་གྱིས་རློབས། །ཆོས་བྱེད་བློ་བྱས་ཀྱང་གནད་མ་སོང་། །ཚེ་ཐོག་མེད་དུས་ནས་འཁོར་བར་འཁྱམས། །དེ་གང་གིས་ལན་ན་ཀུན་འབྱུང་ལན། །སྤྲང་ཀུན་འབྱུང་འགོག་པར་བྱིན་གྱིས་རློབས། །སེམས་འཁོར་བ་འདི་ལ་ཞེན་ཞེན་ནས། །ཚེ་གཏན་གྱི་འདུན་མ་ལོག་ནས་ཉེས། །དེ་ངེས་འབྱུས་རྒྱུད་ལ་མ་སྐྱེས་ལན། །སྤྲང་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །དྲིན་ཆེ་བའི་ཕ་མར་ཉེ་རིང་ཆེ། །རྒྱུད་ཆགས་སྣང་འཕེལ་ནས་ལས་ངན་གསོག །དེ་བྱང་སེམས་རྒྱུད་ལ་མ་སྐྱེས་ལན། །སྤྲང་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །འདུས་བྱས་ཀྱི་དགེ་ལ་འབད་འབད་ཀྱང་། །གནས་འཁོར་བའི་ས་བོན་སྟོངས་དུས་མེད། །དེ་ཡང་དག་ལྟ་བ་མ་རྟོགས་ལན། །སྤྲང་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཕ་བླ་མའི་སྐུ་ཡི་བྱིན་གྱིས་རློབས། །ལུས་སྒྱུ་ལུས་ལྷ་རུ་འགྲུབ་པ་དང་། །ཕ་བླ་མའི་གསུང་གི་བྱིན་གྱིས་རློབས། །ངག་རྡོ་རྗེའི་བཟླས་པར་འཆར་བར་ཤོག། །ཕ་བླ་མའི་ཐུགས་ཀྱི་བྱིན་གྱིས་རློབས། །སེམས་གཉུག་མའི་རང་ཞལ་མཐོང་བ་དང་། །ཕའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །དོན་ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །རང་དོན་དུ་ཆོས་སྐུའི་བཙན་ས་ཟིན། །གཞན་དོན་དུ་གཟུགས་སྐུའི་ས་བོན་ཐེབས། །ཐུགས་རྗེ་དང་འཕྲིན་ལས་ཀློང་བརྡོལ་

p. 513

ནས། །མ་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ལྷག །གྲུབ་གཉིས་དངོས་གྲུབ་ཀྱི་གཏེར་ཁ་ཕྱེ། །ཐུགས་རྗེ་ལ་རྒྱུན་ཆད་ཕྱོགས་རིས་མེད། །འཁོར་བ་འདི་དོང་སྤྲུགས་ནུས་པར་ཤོག་།མི་ང་རང་ངན་ཏེ་བླ་མ་བཟང་། །ཞིང་དམ་པ་བླ་མའི་བྱིན་རླབས་དང་། །ལས་རྒྱུ་འབྲས་མི་བསླུ་བདེན་སྟོབས་ཀྱིས། །སྤྲང་བསམ་དོན་མྱུར་དུ་འགྲུབ་པར་ཤོག །ཅེས་ཕུལ་བས་བདག་གིས་ཀྱང་བསྔོ་བ་སྨོན་ལམ་བྱས་མཐར་རང་ཡུལ་དུ་ཕེབས་སོང་ངོ་། །ཡང་ཉིན་གཅིག་སློབ་བུ་འཇིགས་མེད་རྒྱལ་མཚན་ན་རེ། སྔོན་གོམས་བག་ཆགས་ངན་པའི་དབང་གིས་ཁོ་བོ་ལ་ཞེ་སྡང་འདི་ཤས་ཆེ་བར་འདུག་པས་ཅི་དྲག་ཟེར་བའི་ལན་དུ། དེ་ལ་བཟོད་པ་བསྒོམ་པ་ལས་གལ་ཆེ་བ་གཞན་མེད། དེ་ཡང་མ་འོངས་ཚེ་ལོ་བཅུ་པ་ནད་མཚོན་མུ་གེའི་བསྐལ་པའི་དུས་སུ་རྒྱལ་བ་བྱམས་པའི་སྤྲུལ་བ་ངུར་སྨྲིག་གི་ན་བཟའ་ཅན་ཞིག་བྱོན་པ་ན། ཚེ་ལོ་བཅུ་པ་དེ་དག་ངོ་མཚར་དུ་གྱུར་ཏེ། རྒྱལ་བ་བྱམས་པ་བྱོན་ལགས་སམ། །ཆོས་གོས་ཚོན་ཅན་གང་ལས་བྱུང་། །སྐུ་གཟུགས་མཛེས་པ་ཅི་ལས་བྱུང་། །ཞེས་གསོལ་བས་ངས་ནི་བཟོད་པ་བསྒོམས་པས་སོ། །ཁྱེད་རྣམས་ཀྱང་འཐབ་རྩོད་སྤོངས་ལ། བཟོད་པ་སྒོམས་ཤིག་གསུངས་པས། ཚེ་ལོ་བཅུ་པ་དེ་དག་གིས་བྱམས་པའི་སྤྲུལ་པ་དེའི་གསུང་ལྟར་བྱས་པས། རིམ་གྱིས་ཚེ་ལོ་ཉི་ཤུ་བ་ལ་སོགས་པར་གྱུར། དེ་ནས་ཚེ་ལོ་ཡར་འཕེལ་ཏེ། བརྒྱད་ཁྲི་

p. 514

པའི་ཚེ་རྒྱལ་བ་བྱམས་པ་དངོས་སུ་ཕེབས་ནས་ཆོས་འཁོར་བསྐོར་བར་གསུངས། དེས་ན་བཟོད་པ་བསྒོམས་པས་གཟུགས་མཛེས་ཤིང་ཚེ་རིང་བ་ལ་སོགས་ཕན་ཡོན་ཆེ་བས་ཅི་ཐུབ་ཏུ་བསྒོམ་དགོས་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། ཞེ་སྡང་འདྲ་བའི་སྡིག་པ་མེད། །བཟོད་པ་འདྲ་བའི་དཀའ་ཐུབ་མེད། །དེ་ཕྱིར་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་གོམས་པར་བྱ། །གསུངས་པ་ལྟར་བཟོད་པ་བསྒོམ་པ་ལ་ནན་ཏན་གྱིས་ཞེས་འདི་སྐད་སྨྲས། དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །བདག་གི་ཞེ་སྡང་ཞི་བར་བྱིན་གྱིས་རློབས། །ཞེ་སྡང་ལན་ཅིག་ཙམ་ཞིག་སྐྱེས་ན་ཡང་། །བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས། །ཚེ་འདིར་ཀུན་གྱིས་སྡང་ཞིང་ཡིད་མི་འོང་། །ཤི་ན་དམྱལ་བ་མ་གཏོགས་འགྲོ་ས་མེད། །ཁྲོ་མེད་བཟོད་པ་བསྒོམས་ན་ཚེ་འདིར་ཡང་། །ལྷ་མིས་བྱམས་ཤིང་ངང་གིས་འདུ་བ་དང་། །ཕྱི་མར་གང་དུ་སྐྱེས་ཀྱང་གཟུགས་བྱད་མཛེས། །མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་འཐོབ་འགྱུར། །དེ་ཕྱིར་ཞེ་སྡང་འདྲ་བའི་དགྲ་ཞིག་མེད། །སྐྱེས་ཚེ་དགྲ་རུ་བལྟས་ནས་འབུར་འཇོམས་ཀྱིས། །བཟོད་པའི་རྟེན་ལ་དགྲ་ལས་ལྷག་པ་མེད། །དགེ་བའི་བཤེས་སུ་བལྟས་ནས་བཟོད་པ་སྒོམས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཁྲོ་མེད་བཟོད་པ་བསྒོམ་པར་བྱིན་གྱིས་རློབས། །བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས། །བཟོད་པའི་ཕར་ཕྱིན་རྫོགས་པའི་རྒྱུ་རུ་བསྔོ། །དེང་ནས་བཟུང་སྟེ་བཟོད་པའི་གོ་ཆ་ལ། །བརྟེན་ནས་ཞེ་སྡང་

p. 515

དགྲ་ལས་རྒྱལ་གྱུར་ཅིག །ཅེས་ཞེ་སྡང་ནམ་སྐྱེས་པའི་དུས་སུ་ཚིག་འདི་ངག་ཏུ་ཐོན་དོན་ཡིད་ལ་སོམས་དང་ཞེ་སྡང་རང་སར་ཞི་བར་འགྱུར་རོ་ཞེས་གདམས་སོ། །ཡང་མཆེད་གྲོགས་བུ་སློབ་ལྔ་བཅུ་ཙམ་གྱིས་མཚམས་མཛད་པའི་དུས་སུ་འདི་སྐད་སྨྲས། ཚེ་ཐུང་ནམ་འཆི་ངེས་པ་མེད། །དོ་ནུབ་ཡིན་ཡང་འཆི་ཉེན་ཡོད། །སྨྲ་བ་མང་པོ་སྡིག་པའི་རྒྱུ། །བསམ་བློ་མང་པོ་བདུད་ཀྱི་ལས། །འགྲོ་འདུག་མང་པོ་དགེ་སྦྱོར་སད། །འདུག་ས་གནོན་པ་མན་ངག་ཡིན། །མཚམས་བསྡམས་སྨྲ་བཅད་ནུས་གྱུར་ན། །བར་ཆད་མེད་ཅིང་དངོས་གྲུབ་མྱུར། །སྔོན་འགྲོ་གཏོང་བ་རྣམས་ཀྱིས་ཀྱང་། །ཉིན་མཚན་མེད་པར་རེམ་ལ་ཐོངས། །ཏིང་འཛིན་སྒོམ་པའི་སྒོམ་ཆེན་རྣམས། །སྒོ་གསུམ་གཡོ་བ་མེད་པར་སྒོམས། །ཐབས་ལམ་གཏུམ་མོའི་རྣལ་འབྱོར་ཀུན། །བརྩོན་འགྲུས་བསྐྱེད་ལ་བདེ་དྲོད་སྦྱོར། །ཐ་ན་མ་ཎི་འདོན་མཁན་ཀྱང་། །ཕྱི་ལ་མ་ཐོན་ནང་ནས་བགྲོངས། །ཆོས་ཕྱིར་ལྟོགས་ནས་ཤི་ཡང་བཟོད། །ཕྱི་མར་སྐྱིད་པས་སྡུག་བསྲན་སྐྱེད། །མདོར་ན་བསམ་བློ་མ་མང་བར། །ཀུན་གྱིས་ཉམས་ལེན་ཧུར་ཐག་གྱིས། །ཞེས་དགེ་བསྐུལ་བཏང་བས། ཐམས་ཅད་ཀྱིས་བརྩོན་པ་ཆེར་བསྐྱེད་ནས་ལ་ལས་ལོ་རེ་དང་། ལ་ལས་ལོ་གཉིས་ཙམ་གྱི་བར་དུ་ཉམས་སུ་བླངས་པས། སྔོན་འགྲོ་གཏོང་མཁན་རྣམས་ཀྱི་སྡིག་སྒྲིབ་དག་པའི་རྟགས་རྨི་ལམ་དུ་བྱུང་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བ་རྣམས་ཀྱི་

p. 516

རྒྱུད་ལ་བྱམས་སྙིང་རྗེ་གཞན་ཕན་བྱང་ཆུབ་ཀྱི་སེམས་སྐྱེས་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བ་རྣམས་ལ་སེམས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བརྟན་པ་ཐོབ་པ་དང་། འཕོ་བ་སྦྱོང་མཁན་རྣམས་ཀྱི་སྤྱི་བོ་ཟ་བ་དང་སྐྲངས་པ་དང་། ཆུ་སེར་བརྡོལ་བ་མང་པོ་བྱུང་། རླུང་སྒོམ་པ་རྣམས་ཀྱི་ལུས་ལ་གཏུམ་མོའི་བདེ་དྲོད་འབར་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་འཁྲུངས། གཅོད་ལ་ཉམས་ལེན་བྱེད་མཁན་རྣམས་ལ་ལྷོངས་ཚད་ཚར་ཚད་ཆོད་ཚད་དངོས་ཉམས་རྨི་ལམ་ཅི་རིགས་པ་བྱུང་། འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་མ་ཎི་འདོན་མཁན་རྣམས་ཀྱི་རྒྱུད་ལའང་འཕགས་པའི་བྱིན་རླབས་ཞུགས་ནས་བདག་འཛིན་ཉོན་མོངས་ཇེ་ཆུང་དུ་སོང་། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སོགས་ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་བྱུང་། ཡང་རྣམ་དཀར་དགེ་བ་ལ་བརྩོན་པའི་ཚེ་བློས་བཏང་གི་རི་ཁྲོད་པ་དཀོན་མཆོག་ཆོས་ལྡན་དང་། བློ་ཁ་ཆོས་ལ་ཕྱོགས་པའི་བོན་པོ་རྒྱལ་བ་ལྷུན་གྲུབ་གཉིས་ཀྱིས། བདག་ཅག་སྔོན་གྱི་བག་ཆགས་ངན་གོམས་ཀྱི་དབང་དུ་སོང་ནས། རྒྱུད་གྱོང་པོ་འདི་ཐུལ་བའི་དུས་མི་གདའ་བས། འདི་ལ་མཉེ་བ ཏུལ་བྱེད་ཚུལ་གྱི་བསླབ་བྱ་ཞིག་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། སྐུ་ནི་མཚན་དཔེའི་གཟི་བརྗིད་ཆེ། །གསུང་ནི་འགགས་མེད་ཚངས་པའི་དབྱངས། །ཐུགས་ནི་གསལ་སྟོང་མཁྱེན་བརྩེའི་གཏེར། །རྗེ་སངས་རྒྱས་ལྟ་བུའི་རྣལ་འབྱོར་པ། །འཁོར་འདས་ཉི་

p. 517

ཟླ་གཟའ་སྐར་རྣམས། །གསལ་སྟོང་ཐུགས་ཀྱི་མཁའ་དབྱིངས་སུ། །སོ་སོར་མ་འདྲེས་ས་ལེར་གསལ། །རྗེ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །འགྲོ་བ་ཆོས་ཀྱིས་དབུལ་བ་ཡིས། །དད་ཅིང་གུས་པས་གསོལ་བཏབ་ན། །གང་འདོད་ཆོས་ཀྱི་དགོས་འདོད་སྩོལ། །རྗེ་ནོར་བུ་ལྟ་བུའི་རྣལ་འབྱོར་པ། །ལེགས་ཉེས་བླང་དོར་གསལ་བར་སྟོན། །ལྟོ་གོས་ཆོས་གསུམ་ཕངས་མེད་སྟེར། །བྱམས་དང་བརྩེ་བས་རྒྱུན་དུ་སྐྱོང་། །རྗེ་ཕ་མ་ལྟ་བུའི་རྣལ་འབྱོར་པ། །བདག་ཅག་ཆོས་ཀྱི་སྒོར་ཞུགས་ཀྱང་། །སྔོན་གོམས་བག་ཆགས་ངན་དྲགས་པས། །སྐྱིད་འདོད་ཚེ་འདིའི་དབང་དུ་སོང་། །ལྷ་ཆོས་འོང་བ་དཀའ་མོར་གདའ། །ལྟོ་འགྲངས་ཉི་མས་དྲོས་པའི་ཚེ། །མིག་སྤུ་ཟིམ་ཟིམ་ལྷ་སྒོམ་ཞིང་། །མཆུ་བ་ལེབ་ལེབ་སྔགས་བགྲང་དུས། །ཆོས་པའི་བཟོ་ལྟ་ཡོད་ན་ཡང་། །ལྟོགས་འཁྱགས་ངལ་དུལ་དགྲ་འདྲེ་སོགས། །མི་འདོད་རྐྱེན་ངན་ཕྲ་མོ་རེ། །མི་བཟོད་ཆོས་པའི་བཟོ་ལྟ་ཤོར། །མི་ངན་རང་མཚང་རང་གིས་སྟོན། །ཁ་ཞིམ་ཟས་དང་འཇམ་པའི་གོས། །དགའ་བས་ལྷ་ཆོས་ཞོར་ལ་ལུས། །བླ་མས་བཀའ་ཆོས་གནང་བ་ཡིས། །མི་ཆོག་གསོལ་རས་གནང་དུ་རེ། །གྲོགས་ལ་བཟའ་བཏུང་ཙམ་བྱིན་ཀྱང་། །དེ་ལ་ཁ་ལན་འོང་དུ་རེ། །དབེན་པར་བསྡད་ཀྱང་ནམ་ཞིག་དུས། །གཞན་གྱིས་བཟའ་བཏུང་སྟེར་དུ་རེ། །ཆོས་དེ་སྐྱིད་སྐྱིད་འདྲ་ན་བྱེད། །སྡུག་སྡུག་འདྲ་ན་བཤོལ་སྙིང་འདོད། །དེ་དང་དེ་འདྲའི་

p. 518

ཆོས་མིན་གྱི། །བསམ་སྦྱོར་ངན་པ་གང་ཡོད་ཚོར། །ད་ནི་རང་རྒྱུད་ཀོ་སྐམ་འདི། །བླ་མའི་གདམས་ངག་ཆུ་ལ་སྦྱངས། །ཐབས་ཤེས་གཉིས་ཀྱི་ལག་པས་མཉེ། །མཉེ་ཚུལ་ད་དུང་བསྟན་དུ་གསོལ། །བདག་ཅག་དེང་ནས་ཚེ་རབས་ཀུན། །ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །གསུང་གི་བདུད་རྩི་རབ་མྱང་ནས། །རང་གཞན་དོན་གཉིས་འགྲུབ་པར་ཤོག །ཅེས་ཕུལ་བའི་ལན་དུ། །ཉོན་དང་སྐལ་ལྡན་སློབ་བུ་གཉིས། །མི་ལུས་ཐོབ་ཀྱང་འཇིག་པར་སླ། །འཆི་བདག་གློ་བུར་ཐོག་ཏུ་འོང་། །བར་དོར་འཁྱམས་ན་འཇིགས་པ་ཆེ། །ངན་སོང་སྡུག་བསྔལ་ཡ་རེ་ང་། །མཐོ་རིས་ན་ཡང་བདེ་བ་མེད། །གཏན་བདེ་བྱང་ཆུབ་བསྒྲུབ་རེ་རན། །བསྒྲུབ་ན་བསམ་སྦྱོར་འདི་ཀུན་སྤོངས། །མཐོ་རིས་ཐར་བའི་ལམ་སྟོན་པའི། །མཚན་ལྡན་རྩ་བའི་བླ་མ་ཡི། །ཡོན་ཏན་མི་རྟོགས་སྐྱོན་ལ་རྟོག །དང་པོ་ཡིན་ན་འདི་ལྟར་གདའ། །ད་ལྟ་འདི་ལྟ་བྱ་ཞེས་ཟེར། །ལྐོག་ནས་བླ་མར་ངན་སྨྲ་བྱེད། །བླ་མའི་བཀའ་བཀྱོན་མི་ཐེག་པར། །སླར་ཡང་བླ་མར་ངན་ཤགས་གཏོང་། །བླ་མ་ལས་ཀྱང་རང་ལ་གཅེས། །ཡིད་ལ་ཚེ་འདིའི་བསམ་བློ་འཆར། །ཚོང་དང་གཡོ་སྒྱུས་ཟས་ནོར་འཚོལ། །ལོག་འཚོའི་སྡིག་ཟས་དཀོར་ལ་རྔམས། །རི་ཁྲོད་དབེན་པར་གནས་ན་ཡང་། །ཉམས་ལེན་མ་བྱས་རྣམ་གཡེང་བྱས། །ཉམས་རྟོགས་མ་སྐྱེས་འདོད་སྲེད་སྐྱེས། །རང་ཉིད་གཞན་གྱིས་ཆོས་པར་མཐོང་། །རྙེད་བཀུར་བྱུང་ན་ཅི་མ་རུང་། །སྙམ་པའི་ངང་དུ་རི་ལ་བསྡད། །ལོ་གསུམ་

p. 519

གཏོང་བར་ཁས་བླངས་ཀྱང་། །ཉིན་རེའི་ཉི་མ་ཆོད་དུས་མེད། །མ་ཚུགས་བརྒྱགས་ཕྱེར་ཁག་བཞག་ནས། །གྲོང་དུ་བབས་ནས་ཆགས་སྡང་བྱེད། །ཆོས་ཤིག་སྙིང་ནས་མཛད་འདོད་ན། །དེ་འདྲ་ནམ་ཡང་མ་བྱེད་ཅིག །ཨེ་མ་མི་ལུས་ཐོབ་དུས་འདིར། །བླ་མ་བསམ་སྦྱོར་གཉིས་ཀྱིས་སྟེན། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ལ། །ཕར་ཕྱིན་དྲུག་ལ་རྒྱུན་དུ་སློབས། །གསང་སྔགས་སྨིན་གྲོལ་དབང་བཞི་ནོས། །གྲོལ་བྱེད་བསྐྱེད་རྫོགས་གདམས་པ་སྒོམས། །མདོར་ན་སྐྱིད་འདོད་བློ་ཡིས་ཐོངས། །ཚེ་འདིའི་འདུན་མ་མ་བསྒྲུབ་པར། །རི་ཁྲོད་དབེན་པའི་གནས་མཆོད་དུ། །ཚེ་དང་སྒྲུབ་པ་སྙོམས་པར་མཛོད། །ཅེས་སྨྲས་པའོ། །ཡང་ཆོས་དང་བླ་མ་ལ་དད་ཅིང་དམ་ཚིག་སྡོམ་པ་གཙང་བ། སྡིག་སྤོང་དགེ་སྒྲུབ་ལ་བརྩོན་པའི་ཇོ་མོ་བསྟན་འཛིན་བཟང་མོ་དང་དོན་འགྲུབ་སྒྲོལ་མ་གཉིས་ཀྱིས་ཞལ་གདམས་དགོས་ཚུལ་གྱི་ཞུ་དོན་འདི་ལྟར་ཕུལ་རྗེ་བཀའ་དྲིན་ཅན་གྱི་བླ་མ་ཡི། །ཞབས་ལ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །སྔར་བྱས་སྡིག་ལྟུང་མཐོལ་ལོ་བཤགས། །བླ་མའི་མཛད་པར་རྗེས་ཡི་རང་། །འགྲོ་ལ་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་ཚོགས་སངས་རྒྱས་འཐོབ་ཕྱིར་བསྔོ། །ཨེ་མ་སྐྱེས་མཆོག་རིན་པོ་ཆེ། །སྙན་གྱི་དབང་པོ་ཅུང་ཟད་དགོངས། །སྤྱིར་ན་སྙིགས་དུས་ཇོ་མོ་རྣམས། །

p. 520

ཆོས་དང་མཐུན་པ་དཀའ་མོར་གདའ། །སྒོས་སུ་བདག་ཅག་རྣམ་ཐར་འདི། །ཞུས་ན་དམ་པས་ཁྲེལ་བའི་རྒྱུ། །གཉིད་དང་བཟའ་བཏུང་སེམས་སེམས་ནས། །དམ་པའི་ལྷ་ཆོས་དྲན་པར་དཀའ། །ཁ་ངོམས་གྲོད་པ་འགྲངས་པའི་ཚེ། །ཁ་ཏོན་སྒོམ་རྣམས་ཡོང་ཡོང་འདྲ། །རྩམ་པ་ཡོད་ནས་མར་ཆད་རུང་། །སྒོམ་ཞོག་ཁ་ཏོན་ཡོང་བ་དཀའ། །ཡིད་དུ་འོང་བའི་ནོར་མཐོང་ན། །འདི་འདྲ་ང་ལ་ཡོད་ན་སྙམ། །བལ་སྐུད་ཙམ་ཞིག་རྙེད་ལ་དགའ། །ཁབ་ཅིག་སྟོར་ཀྱང་འགྱོད་པ་ཆེ། །ཚིག་ངན་ཙམ་ཞིག་མི་བཟོད་པར། །ཁོང་ཁྲོ་ལངས་ནས་དགེ་རྩ་བཅོམ། །སྡོམ་པ་དམ་ཚིག་བསྲུང་སྙམ་ཀྱང་། །རྐྱེན་དང་འཕྲད་ཚེ་འཆོར་ཉེན་གདའ། །ནམ་འཆི་ཆ་མེད་མི་དྲན་པར། །ལོ་མང་སྡོད་པའི་བསམ་བློ་གཏོང་། །འདོད་ཡོན་ཉེས་དམིགས་མི་དྲན་པར། །ད་དུང་ཟས་ནོར་གསོག་འཇོག་དྲན། །འགྲོ་ཀུན་ཕ་མར་མི་ཤེས་པར། །ཀུན་ལ་ཉེ་རིང་ཆགས་སྡང་ཆེ། །མཚན་མོ་གཏི་མུག་གཉིད་དུ་ལོག་།ཉིན་པར་ལྟོ་གོས་ཁོལ་པོ་བྱས། , །མདོར་ན་རང་རྒྱུད་ལྷ་ཆོས་གཉིས། །རྒྱབ་བསྣོལ་ཉིད་དུ་སོང་བ་ཚོར། །ད་ནི་བླ་མ་ཐུགས་རྗེ་ཅན། །ཆོས་སེམས་འདྲེས་པར་བྱིན་གྱིས་རློབས། །སྔོན་ཆད་བཀའ་ཆོས་མང་གསུངས་ཀྱང་། །ད་དུང་ཞལ་གདམས་བསྩལ་དུ་གསོལ། །བདག་ཅག་དེང་ནས་ཚེ་རབས་ཀུན། །བླ་མ་ཁྱེད་དང་མི་འབྲལ་ཤོག །ཁྱེད་ཀྱི་གསུང་བཞིན་ཆོས་བྱས་ནས། །རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་ཕུལ་བའི་ལན་དུ། དད་ཅན་བསྟན་

p. 521

འཛིན་བཟང་མོ་དང་། །དོན་འགྲུབ་སྒྲོལ་མ་རྣམ་གཉིས་ལ། །བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། །ཞལ་གདམས་ཚིག་འགའ་བཤད་ཀྱིས་ཉོན། །མཚན་ལྡན་བླ་མ་གུས་པས་སྟེན། །ཆོས་མཐུན་བརྩེ་བའི་གྲོགས་དང་འགྲོགས། །ངོ་ལྐོག་མེད་པར་སྡོམ་པ་སྲུངས། །བཟོད་པ་ཚིག་ངན་བྱུང་དུས་སྒོམས། །སྦྱིན་པ་ཟས་ནོར་ཡོད་དུས་ཐོངས། །ཕྱག་སྐོར་སྒྱུ་ལུས་བདེ་དུས་གྱིས། །གདམས་ངག་བློ་རིག་གསལ་དུས་སྒོམས། །དུར་རྒྱུགས་དང་ཁ་བདེ་དུས་ཟོ། །ཁ་ཆེམས་སྨྲ་ལྕེ་བདེ་དུས་ཞོག །སྙིང་རྗེ་ཉམ་ཐག་སྤྲང་པོར་གྱིས། །ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །སྙིང་པོ་ཡི་གེ་དྲུག་མ་བགྲོངས། །སྐབས་སྐབས་ནམ་འཆི་ཆ་མེད་སོམས། །རྒྱུན་དུ་རང་གི་སེམས་ལ་ལྟོས། །མདོར་ན་ཚེ་འདི་བློ་ཡིས་ཐོངས། །བླ་མའི་བཀའ་བཞིན་ལྷ་ཆོས་གྱིས། །གདམས་ངག་ཟབ་ན་མང་མི་དགོས། །ལག་ལེན་དགོས་པས་ཉམས་སུ་ལོངས། །ཉམས་སུ་བླངས་ན་ཚེ་འདིར་བདེ། །ཕྱི་མར་ཐར་པའི་ལམ་ལ་འགྲོ །ཞེས་སྨྲས་སོ། །གཞན་ཡང་སྐལ་ལྡན་གྱི་སློབ་མ་རྣམས་ལ་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྦྱོང་དུས། མདོ་སྡེ་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་པའི་ཚིགས་བཅད་འདི་རྣམས་སྐབས་སྐབས་ཐོན་དང་བཟང་ཞེས་སྨྲས་པ། ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །

p. 522

ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་ན། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མི་རྣམས་བྲག་རིའི་ཁྲོད་འདུག་ནས། །གླུ་ལེན་སྨྲ་དང་དགོད་དང་ངུ་བ་དང་། །བྲག་ཆ་ཐོས་ཀྱང་སྣང་བ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །གླུ་དང་རོལ་མོ་དེ་བཞིན་ངུ་བ་ཡང་། །དེ་ལ་བརྟེན་ནས་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལ་དབྱངས་དེ་ནམ་ཡང་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་རྨི་ལམ་ན་ཡང་འདོད་བསྟེན་པ། །སྐྱེས་བུ་སད་པར་གྱུར་ནས་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་ལྟར། །དྭགས་ཤིང་རྙོག་པ་མེད་པའི་ཆུ་ནང་སྣང་། །ཆུ་ཟླ་སྟོང་པ་གསོག་སྟེ་བཟུང་དུ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་སུ། །སྐྱེས་བུ་སྐོམ་པས་གདུངས་ཤིང་

p. 523

འགྲོ་བ་ཡི། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོད་མེད་ན། །སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་འོངས་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེ་བུས་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་མདོ་སྡེ་ཟབ་མོའི་ཚིག་འདི་ངག་ཏུ་བརྗོད་ཅིང་། དོན་ཡིད་ལ་བསམ་ན་སྒྱུ་མའི་ཏིང་ངེ་འཛིན་འབྱོངས་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་ཕྱོགས་ཕྱོགས་ནས་སྐལ་བཟང་གི་སློབ་མ་ཚེ་བློས་བཏང་བརྒྱ་ཕྲག་དང་། སྐྱེས་ཕོ་མོ་དད་ཅན་སྟོང་ཕྲག་མང་པོ་འདུས་པ་ལ་སྔ་ཕྱི་རིམ་པ་བྱས། དྲང་དོན་དུ་ལས་རྒྱུ་འབྲས་མི་བསླུ་བར་ངེས་པའི་ཀུན་རྫོབ་བདེན་པའི་ཆོས་དང་། ངེས་དོན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྡུལ་ཙམ་ཡང་མ་གྲུབ་པར་ངེས་པའི་དོན་དམ་བདེན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ལོ་ཟླ་བ་བྱས་ནས་བསྐོར་བའི་མཐར། རྒྱལ་བའི་གསུང་རབ་ཀུན་གྱི་ཉིང་ཁུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་བཀའ་གདམས་གོང་མའི་གསུང་སྒྲོས་གཏམ་རྒྱུད་དང་སྦྱར་ནས་བཤད་པ་བཀའ་གདམས་སྤྲུལ་པའི་གླེགས་བམ་དང་། ཡང་ལམ་རིམ་བློ་སྦྱོང་ཕྱག་རྫོགས་དོ་ཧ་རྣམས་ཀྱི་གནད་ཀྱི་གདམས་པ་དྲི་བ་དྲིས་ལན་གྱི་ཚུལ་དུ་ཚིགས་

p. 524

བཅད་ལྷུག་སྤེལ་མར་བཤད་པ་འཇམ་དབྱངས་སྤྲུལ་པའི་གླེགས་བམ་གཉིས་ཀྱི་ལུང་ཁྲིད་ཉི་མ་མང་པོའི་བར་དུ་བྱས་པའི་དུས་སུ། ནམ་མཁའི་ཁམས་ལ་འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར། ངོ་མཚར་གྱི་དྲི་བཟང་པོ་འཐུལ་བ་དང་ནམ་མཁའ་ལྷའི་ཆོས་ཉན་གྱིས་གང་ཡོད་སྙམ་པ་བྱུང་། དེ་ལྟར་བཤད་པས་སྐལ་ལྡན་དབང་བོ་ཡང་རབ་རྣམས་ཀྱིས་རྒྱལ་བའི་གསུང་རབ་ཀུན་གྱི་གནད་རྣམས་གོ་ནས། རང་གཞན་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པའི་སློབ་མ་མཁས་བཙུན་བཟང་གསུམ་འཛོམས་པ་མང་པོ་བྱུང་། འོ་ན་སྤྲུལ་པའི་གླེགས་བམ་ཟེར་བའི་དོན་དེ་གང་ཡིན་སྙམ་ན། སྔོན་རྗེ་བདག་ཉིད་ཆེན་པོས་རྗེ་བཙུན་འཇམ་པའི་དབྱངས་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཚད་མེད་པ་ཕུལ་ཏེ། གསོལ་བ་ཤུགས་དྲག་བཏབ་པས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་སྙན་བརྒྱུད་ཀྱི་མན་ངག་སྤྲུལ་པའི་གླེགས་བམ་ཆེན་མོ་དང་བཅས་པ་གནང་། དེར་ཁོང་གིས་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ལ་གནང་། དེས་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གནང་། དེས་གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ལ་གནང་། དེས་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ལ་གནང་བ་དེ་དངོས་མ་ཡིན་ཀྱང་། དེའི་ནང་ནས་གསུངས་པའི་མདོ་སྔགས་ཀྱི་གནད་རྣམས་འདིར་འདུས་པས། དེ་ཡི་ཆ་འདྲ་ཡིན་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་བཀའ་ཡི་གེ་ན་གཅིག་ཡན་ཆད་མ་ལུས་པ་གདམས་པར་ཤར་བའི་བཀའ་

p. 525

གདམས་བསྟན་པའི་མེས་པོ་མཉམ་མེད་ཇོ་བོ་རྗེ་དང་། འབྲོམ་སྟོན་པ་ཡབ་སྲས་རྣམས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ་རྣམས་སྐྱེས་བུ་གསུམ་གྱི་རིམ་པར་དྲིལ་ནས། ཉམས་སུ་བླངས་ཆོག་ཆོག་བྱས་ཡོད་པའི་གླེགས་བམ་རྣམས་ཀྱི་ནང་ནས། གསུང་བགྲོས་དང་གཏམ་རྒྱུད་རྣམས་བདག་གིས་ཚུར་བླངས་ནས་མགོ་མཇུག་བསྒྲིགས་ཏེ་གླེགས་བམ་དུ་བྱས་པ་ཡིན་པས་ན། དཔེར་ན་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བཀའ་གདམས་གསུང་གི་གླེགས་བམ་ལས་ཚུར་རང་འདྲ་གཉིས་པ་ཞིག་སྤྲུལ་པ་དང་འདྲ་བ་ཡིན་ཞེས་ཆོས་ཁུངས་བཙུན་པའི་ཕྱིར། མཚན་དེ་སྐད་ཅེས་བཏགས་པ་ཡིན། དེ་བཞིན་དུ་འཇམ་དབྱངས་སྤྲུལ་པའི་གླེགས་བམ་ཡང་། མཁྱེན་རབ་བདག་པོ་རྗེ་བཙུན་འཇམ་པའི་དབྱངས་གདུལ་བྱའི་དོན་དུ་གཙུག་ཕུད་དོར་ནས་བྱོན་པ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ས་གསུམ་གྱི་སྒྲོན་མེ་ལྟ་བུའི་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལ་གཞི་བྱས་ཏེ་བརྩམས་པ་ཡིན། དེ་ལས་ཚུར་རང་འདྲ་གཉིས་པ་ཞིག་སྤྲུལ་པ་དང་འདྲ་ཞེས་ཆོས་ཁུངས་བཙུན་པའི་ཕྱིར། དེ་སྐད་ཅེས་མཚན་དུ་གསོལ་བ་ཡིན། གཞན་ཡང་རྒྱལ་སྲས་སྤྲུལ་པའི་གླེགས་བམ་ཡང་། སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་སྲས་ཐོགས་མེད་རིན་པོ་ཆེའི་རྣམ་ཐར་གསུང་འབུམ་ལ་གཞི་བྱས་ནས་བརྩམས་པ་ཡིན་པས་ན་དེ་སྐད་བཏགས་ཤིང་། ངོ་མཚར་

p. 526

སྤྲུལ་པའི་གླེགས་བམ་ཡང་རྒྱལ་བའི་གསུང་རབ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་འབུམ་ལས་གཏམ་རྒྱུད་རྣམས་བསྡུས་ནས་བརྩམས་པ་ཡིན་པས་ན། དེ་སྐད་ཅེས་བཏགས་པ་ཡིན་པས། དེ་ལ་སོགས་པའི་བདག་གིས་བརྩམས་པའི་གླེགས་བམ་རྣམས་ཀྱི་མཚན་མ་འོངས་པའི་གདུལ་བྱ་རྣམས་ལ་ཕན་པའི་བྱིན་རླབས་དུས་གསུམ་སངས་རྒྱས་རྣམས་ཀྱིས་མཛད་ཡོད་པས། ཀུན་གྱིས་ཉམས་སུ་ལོངས་དང་རྒྱུད་ལ་ཕན་ངེས་ཞེས་བཤད་པས། དེར་འཚོགས་པའི་སྐལ་བཟང་གདུལ་བྱ་རྣམས་རབ་ཏུ་དད་ཅིང་གུས་པར་གྱུར་ཏེ་སྤྲུལ་པའི་གླེགས་བམ་རྣམས་ལ་གཙིགས་ཆེ་བ་བྱུང་ངོ་། །གནས་ཆེན་དེར་སྡོད་པའི་སྐབས་ཤིག་སློབ་མ་ཡོན་བདག་རྣམས་ཀྱིས་ལས་སྒྲིབ་སྦྱོང་བ་དང་ཚོགས་ཀྱང་རྫོགས་པའི་ཕྱིར་རྡོ་ཡི་བྱང་ཆུབ་མཆོད་རྟེན་ཞིག་ཀྱང་བཞེངས་ནས་རབ་གནས་བྱས་ཏེ་སྨོན་ལམ་བཏབ། ཚེ་མཚམས་པ་རྗེ་བཙུན་སངས་རྒྱས་རྡོ་རྗེ་གནས་དེར་ཕེབས་པའི་དྲུང་ནས་ལྷོ་བྲག་མར་པའི་སྙན་བརྒྱུད་ཀྱི་གདམས་པ་ལུས་མེད་མཁའ་འགྲོའི་ཆོས་སྐོར་རྣམས་ཀྱི་ལུང་ཞུས། གཞན་ཡང་གནས་དེར་ཕྱོགས་ཕྱོགས་ཀྱི་བླ་མ་ཕེབས་ཚད་ལ་ཆོས་འབྲེལ་ཞུས། བསྔོ་འབྲེལ་བཞག གངས་མཆོད་ཀྱང་ཡང་ཡང་ཕུལ་ནས་གསོལ་བ་བཏབ་པས། ནུབ་གཅིག་རྨི་ལམ་ལ་གངས་རིའི་བླ་མ་རྡོར་འཛིན་རིན་པོ་ཆེ་ཕེབས་ནས། ད་ཁྱེད་གནས་གཟིགས་ལ་ཕེབས་ན་ཁྲིད་ཆོག་ཅེས་གསུངས་ནས་ཕེབས་པའི་རྗེས་སུ་རང་ཉིད་ཀྱང་སོང་བའི་ཚེ། དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོ་ལྟ་བུའི་གཞལ་མེད་

p. 527

ཁང་ཆེན་པོ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་གི་དབུས་ན་ཤེལ་གྱི་མཆོད་རྟེན་ཆེན་པོ་དྲི་མ་མེད་པ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཞིག་གི་ནང་ན་ཡི་དམ་བདེ་མཆོག་འཁོར་ལོའི་གཙོ་བྱས་པའི། རྒྱུད་སྡེ་བཞིའི་ལྷ་ཚོགས་མ་ལུས་པ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་སོ་སོར་མ་འདྲེས་པར་ཁྲ་ལམ་མེར་བཞུགས་པ་ཞིག་ལ་མཇལ་ནས་ཕྱག་འཚལ་སྐོར་བ་བྱས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རང་ལ་ཕོག་པས་ལུས་སེམས་ལ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པ་ཞིག་རྨིས་པ་བྱུང་། ཡང་ཉིན་གཅིག་མཉམ་བཞག་ལ་བསྡད་དུས་ཉམས་སྣང་ལ་ནམ་མཁའ་ན། དཔའ་བོ་མཁའ་འགྲོ་མང་པོས་ཡི་དམ་བདེ་མཆོག་གི་ཕོ་བྲང་ལ་སྐོར་བ་བྱེད་པ་ཡིན་ཞེས་མཆོད་རྫས་སྣ་ཚོགས་པ་ཐོགས་ནས། གངས་ཏེ་སེའི་ནམ་མཁའ་ནས་སྐོར་བ་བྱེད་པ་ཞིག་མཐོང་། ཡང་གནས་དེར་ཡོད་དུས། རོང་ཤེལ་མོ་གངས་ཀྱི་ཐག་ཉེའི་ཡོན་བདག་རྣམས་ཀྱིས་ཁོང་ཚོའི་ཡུལ་དུ་ཕེབས་དགོས་ཟེར་བས། དེར་ངས་ང་ཡོང་མི་ཐུབ་པར་གདའ།་ཁྱེད་རྣམས་ཀྱིས་དད་པ་གྱིས་ལ་གསོལ་བ་ཐོབ་དང་། ང་འོང་བ་དང་ཁྱད་མེད་པའི་སྐྱབས་འཇུག་བྱ་ཞེས་བཤད་པས་དེར་ཡོན་བདག་རྣམས་ཀྱིས་ཁོང་རྫུ་འཕྲུལ་གྱིས་ཕེབས་ཡོང་མོད་སྙམ་པའི་དད་པ་བྱས་གསོལ་བ་བཏབ་པ་དང་། བདག་གི་ཡིད་

p. 528

ཀྱིས་ཁོང་རྣམས་གནས་པའི་ས་ཕྱོགས་དེར་སོང་ནས་བྱིན་གྱིས་བརླབས་པའི་དམིགས་པ་ཡང་ཡང་བྱས་པའི་རྟེན་འབྲེལ་ལ་བརྟེན་ནས། ཉིན་གཅིག་ལས་སྣང་དག་པའི་ཤིང་འཐུན་དང་ཕྱུགས་རྫི་འགའ་ཞིག་གི་མཐོང་སྣང་ལ། གངས་ཏེ་སེའི་ཕྱོགས་ཀྱི་ནམ་མཁའི་ཁམས་ནས་ངའི་ལག་པ་གཉིས་སུ་དར་ལྕོག་དཀར་པོ་རེ་བཟུང་སྟེ་འཕུར་ནས་འོངས། ཤེལ་མོ་གངས་ཀྱི་རྩེར་བབས་ནས་དར་ལྕོག་དེ་བཙུགས་ནས་སླར་སོང་བ་མངོན་སུམ་དུ་མཐོང་ནས་ཡུལ་མི་ལ་བཤད་ནས་བལྟས་ཚེ། ཤེལ་མོ་གངས་ཀྱི་རྩེ་མོ་ན་སྔར་མེད་པའི་དར་ལྕོག་དཀར་པོ་ཆེན་པོ་ཞིག་བཙུགས་ཡོད་པ་ཀུན་གྱིས་མཐོང་ནས་དད་པ་ཆེན་པོ་བྱས་སྐད། དེ་ནས་བཟུང་སྟེ་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བའི་རྟེན་འབྲེལ་འགྲིག་པ་བྱུང་། ཡང་གནས་དེར་བདག་གིས་ལོ་གསུམ་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་རིམ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པའི་བྱིན་རླབས་དང་། ཡོན་བདག་རྣམས་ཀྱིས་དད་མོས་ཆེན་པོ་བྱས་པ་གཉིས་ཀྱི་རྟེན་འབྲེལ་ལ་བརྟེན་ནས་སློབ་མ་ཡོན་བདག་ཕལ་ཆེར་གྱི་དག་པའི་སྣང་བར་ཅི་ཡང་ཤར་ཅིང་། ཁྱད་པར་ང་སོང་ས་དང་བསྡད་ས་ནས་རྡོ་ལ་ངའི་ཞབས་རྗེས་བབས་ཡོད་པ་རྙེད་ནས། རི་དགོན་གྱི་དད་པའི་རྟེན་བྱས། དེ་དུས་དད་ཅན་འགའ་རེས་ཁོང་གིས་མཉམ་བཞག་ནམ་མཁའ་ལྟ་བུའི་ངང་ནས་ཤེལ་མོ་གངས་ལ་འཕུར། རྗེས་ཐོབ་སྒྱུ་མ་ལྟ་བུའི་ངང་ནས་རྡོ་ལ་ཞབས་རྗེས་བཞག་པ་རེད་ཟེར་སྙན་པ་སྒྲོག་པའང་བྱུང་། གཞན་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་། ཡོན་བདག་

p. 529

རྣམས་ཀྱི་དད་མོས། བདག་གི་ལྷག་བསམ་དག་པའི་མཐུས། ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་ཤིང་ལོ་ཕྱུགས་ལེགས། གསེར་ཁ་བརྡོལ་བ་ལ་སོགས་པ་སྔར་མེད་པའི་བདེ་སྐྱིད་ཀྱི་ཉི་མ་གསར་དུ་ཤར་བས། ཕྱོགས་དེའི་སྐྱ་སེར་ཕོ་མོ་རྣམས་ཀྱིས་བླ་མ་དཀོན་མཆོག་གི་བཀའ་དྲིན་དུ་གོ་ནས་དད་པ་ཆེན་པོའི་སྒོས་དམ་པའི་ཆོས་ལ་ལོངས་སྤྱོད་པའི་སྐལ་བ་བཟང་བོ་བྱུང་། ལར་གདུལ་བྱ་ལ་དད་གུས་དག་སྣང་ཡོད་ན་རང་ལ་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་ཆེན་པོ་མེད་རུང་། ཁོང་ཚོའི་སྣང་ངོར་གྲུབ་རྟགས་ཚོ་ཡོང་བར་གདའ་བས། ཀུན་གྱིས་དད་གུས་དག་སྣང་བྱེད་པ་འདི་གལ་ཆེ། ངས་ཀྱང་ཀུན་ལ་དད་གུས་དག་སྣང་སྦྱངས་པས་མཐོང་སྣང་ཡང་ལེགས་པོ་མང་པོ་བྱུང་། ཁྱེད་བུ་སློབ་རྣམས་ཀྱིས་དད་གུས་དག་སྣང་འབའ་ཞིག་མཛོད་དང་། དག་པའི་སྣང་བ་འབའ་ཞིག་འཆར་བར་འགྱུར་ཞེས་བཤད་པས། དེར་འཚོགས་པ་ཀུན་གྱི་རྒྱུད་ལ་དད་གུས་དག་སྣང་སྐྱེས་པ་བྱུང་། དེ་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སློབ་མ་དགེ་རྒན་ངག་དབང་སེང་གེ་དང་། བློ་ཁ་ཆོས་ལ་འགྱུར་བའི་བོན་པོ་བསྟན་འཛིན་དབང་ཕྱུག འཁྲུལ་ཞིག་ཀུན་བཟང་རང་གྲོལ་དང་། ཉེ་གནས་སྐལ་བཟང་ཤེས་རབ་སོགས་ཚེ་བློས་བཏང་གི་སློབ་བུ་བཅུ་ཙམ་གྱིས་ལོ་གཅིག་གི་བར་དུ་ཆོས་ཞུས་མཚམས་མཛད་པ་ལ་ངས་ལྟོ་གོས་ཆོས་གསུམ་གྱིས་ལེགས་པར་བསྐྱངས་ཏེ་ལོ་གཅིག་སོང་བའི་ཚེ་ཉིན་གཅིག་ཀུན་འོངས་ནས། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་བྲིས་ཐང་ཞིག་གིས་

p. 530

ཐོག་དྲངས། རང་རང་ལ་གང་ཡོད་ནོར་གྱིས་འབྲེལ་བ་སྣ་རེ་ཕུལ་ཏེ། རབ་ཏུ་གུས་པའི་སྒོ་ནས། བླ་མ་རིན་པོ་ཆེ་ཁྱེད་ཀྱིས་ད་ལོ་ལྟོ་གོས་ཆོས་གསུམ་གྱི་སྒོ་ནས་བསྐྱངས་པས་བཀའ་དྲིན་ཤིན་ཏུ་ཆེ། ད་ནི་གནས་ངེས་མེད་འགྲིམས་ནས་འགྲོ་ན་ཇི་ལྟར་བྱ་དགོས་ཀྱི་ཞལ་གདམས་ཤིག་ཐུགས་བརྩེ་བས་གཟིགས་ཞེས་ཞུ་དོན་གླུ་རུ་ཕུལ་བ། སྐུ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །གསུང་ཟབ་རྒྱས་ཆོས་ཀུན་འབྱུང་བའི་གནས། །ཐུགས་ཟབ་ཡངས་མཁྱེན་བརྩེ་ནུས་གསུམ་གཏེར། །རྗེ་རྩ་བའི་བླ་མ་བདག་ལ་དགོངས། །མགོན་ཁྱེད་ནི་སྔོན་ནས་སངས་རྒྱས་ཀྱང་། །དུས་སྙིགས་མའི་སེམས་ཅན་ཉམ་ཐག་ལ། །ཐུགས་བརྩེ་བས་མ་བཟོད་སྲིད་པ་འདིར། །སླར་བསམ་བཞིན་མི་ཡི་སྐྱེ་བ་བཞེས། །ཐབས་མཁས་པོ་བསྡུ་བ་རྣམ་བཞིའི་སྒོས། །འདུལ་དཀའ་བའི་འགྲོ་བ་ཡིན་ན་ཡང་། །ཡར་མངོན་མཐོ་ངེས་ལེགས་ལམ་ལ་བཀོད། །སྤྱིར་སྙིགས་དུས་འགྲོ་ལ་བཀའ་དྲིན་ཆེ། །སྒོས་བསོད་ནམས་དམན་པའི་སྤྲང་པོ་རྣམས། །ཆོས་བླ་མ་བསམས་ནས་ས་མཐར་འཁྱམས། །སྔར་བླ་མ་མང་པོར་མཇལ་ན་ཡང་། །མགོན་ཁྱོད་ལས་ལྷག་པ་ངས་མ་མཐོང་། །དུས་ད་ལོ་མགོན་ཁྱོད་ཐུགས་རྗེ་ཡིས། །སྤྲང་ཡོངས་ལ་ལྟོ་གོས་ཆོས་གསུམ་འཛོམ། །ཆུང་མ་ལས་སྐྱེས་ནས་ད་ལྟའི་བར། །སྐྱིད་འདི་བས་ལྷག་ཅིག་ཡོང་མ་མྱོང་། །འདི་ཁྱེད་ཀྱི་བཀའ་དྲིན་ཡིན་པར་གོ །ནོར་ཟང་ཟིང་འབུལ་བ་མ་མཆིས་ཀྱང་། །དུས་ད་ནས་ཇི་སྲིད་འཚོ་ཡི་བར། །ཐུགས་དགྱེས་

p. 531

ཕྱིར་སྒྲུབ་པའི་མཆོད་པ་འབུལ། །སྤྲང་ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་ཚེ། །ནང་སེམས་ལ་ཕན་པའི་ཞལ་གདམས་ཞུ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཚེ་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །ཞེས་སྨྲས་པའི་ལན་དུ། འོ་བུ་ཀུན་སྤྱིར་སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམས་ནས་ཚེ་བློས་བཏང་སྟེ་ཡར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་འདོད་ཀྱི་བསམ་པ་ཤུགས་དྲག་གི་སྒོ་ནས། ཆོས་རྣམ་དག་ཅིག་བྱེད་པར་འདོད་ན། བློ་ཕུགས་ཆོས་ལ་གཏད།་ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་བྲག་ལ་གཏད་ཟེར་བའི་གཏད་པ་བཞི་དང་། མི་གྲལ་ནས་བུད། ཁྱི་གྲལ་བསྙེགས། ལྷ་གྲལ་འཐོབ་ཟེར་བའི་བུད་བསྙེགས་ཐོབ་གསུམ་དང་། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་ཟེར་བའི་རྡོ་རྗེ་གསུམ་སྟེ། འདི་བཅུ་ལ་དམ་པ་གོང་མའི་ཕུགས་ནོར་བཅུ་ཟེར། དད་གཏོང་ཚུལ་ཁྲིམས་ཐོས་དང་ཁྲེལ་ཡོད། ངོ་ཚ་ཤེས་རབ་སྟེ་འཕགས་ནོར་བདུན་དང་། ཟས་ངན་ངོན། གོས་ངན་ངོན། གནས་ངན་ངོན། མཁོ་བའི་ཡོ་བྱད་ངན་ངོན་ཏེ་འཕགས་པའི་རིགས་བཞི་དང་། ཚུར་ཁྲོ་ཡང་སླར་མི་ཁྲོ། ཚུར་གཤེ་ཡང་སླར་མི་གཤེ ཚུར་མཚང་བྲུས་ཀྱང་སླར་མི་འབྲུ། ཚུར་རྡེག་ཀྱང་སླར་མི་བརྡེག་པ་སྟེ་དགེ་སྦྱོང་གི་ཆོས་བཞི་ལ་གནས་པ་ཞིག་དགོས། དེ་དག་རྣམས་ཡོད་ན་ཕྱོགས་གང་དུ་སོང་ཀྱང་ཆོས་ཡོང་། ཁྱད་པར་ཆགས་ཞེན་གྱི་འཁྲི་བ་གཅོད་ཕྱིར།

p. 532

ཕྱོགས་མེད་ཀྱི་རྒྱལ་ཁམས་འགྲིམ་དུས་འདི་ལྟར་གྱིས་ཞེས་གླུ་འདི་བླངས་སོ། །ཕྱོགས་མེད་རྒྱལ་ཁམས་འགྲིམ་པའི་ཚེ། །སྤྱི་བོར་རྩ་བའི་བླ་མ་སྒོམས། །སྐྱིད་རུང་སྡུག་རུང་གསོལ་བ་ཐོབ། །ལྟོ་གོས་ཆོས་གསུམ་འཛོམས་ནས་འོངས། །སྐྱིད་ན་བླ་མའི་ཐུགས་རྗེ་ཡིན། །སྡུག་ན་སྤྲང་པོའི་ལས་འཕྲོ་ཡིན། །ལྟོ་གོས་གཉིས་ཀྱིས་ཕོངས་ན་ཡང་། །མི་ངན་ཁྲེལ་མེད་མ་བྱེད་ཅིག །གཞན་ལ་བསླང་བས་མ་བྱིན་ཀྱང་། །ཁོང་ཁྲོའི་ཚིག་ངན་མ་སྨྲ་ཞིག །གར་སྐྱིད་ཕ་ཡུལ་ལྟ་བུར་གྱིས། །སུ་བྱམས་ཕ་མ་ལྟར་དུ་སྟེན། །སྐུ་གསུང་ཐུགས་རྟེན་མཐོང་བ་ལ། །མཆོད་པ་མེད་རུང་ཕྱག་སྐོར་གྱིས། །བླ་མ་བཟང་བོར་མཇལ་བའི་ཚེ། །ཕྱག་རྟེན་མེད་རུང་ཕྱག་དབང་ཞུས། །ལུས་དང་སྲོག་ལ་འཚེ་བ་ཡི། །ཇག་རྐུན་ཁྱི་ལ་དོགས་ཟོན་གྱིས། །ཤ་ཆང་བུད་མེད་སྒོག་བཙོང་རྣམས། །ཆོས་པའི་བཙན་དུག་ཡིན་པས་སྤོངས། །གྲོང་དང་དགོན་སྡེ་སྐྱིད་ན་ཡང་། །འདུག་ཡུན་རིང་ན་ཆགས་སྡང་འབྱུང་། །ཆོས་པའི་སྡོད་ས་རི་ཁྲོད་ཡིན། །རྟག་ཏུ་རི་ཁྲོད་དབེན་པ་སྟེན། །སྡུག་བསྔལ་ཉམ་ཐག་མཐོང་བ་ལ། །སྙིང་རྗེ་སྐྱེད་ལ་ཅི་ཕན་གྱིས། །གཞན་སྐྱོན་མང་པོ་མཐོང་བ་ལ། །རང་སྐྱོན་ཡིན་སོམས་དག་སྣང་སྦྱོངས། །ཚེ་ཐུང་ནམ་འཆི་ཆ་མེད་པས། །སང་གནངས་ཅི་ཟ་མ་སྙམ་ཞིག །རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་རྫས་བཙལ་ནའང་རྙེད། །མ་རྙེད་ལྟོགས་ནས་ཤི་སོང་ཡང་། །ཆོས་ཕྱིར་ཡིན་པས་ཕྱི་མར་སྐྱིད། །ནམ་ཡང་འཆི་བ་མཉམ་པོ་ལ། །ཆོས་ཕྱིར་ཤི་ན་ཤིན་ཏུ་ལེགས། །མདོར་

p. 533

ན་བསམ་བློ་མ་མང་བར། །བླ་མའི་གདམས་ངག་ཉམས་སུ་ལོངས། །ལེ་ལོ་སྙོམས་ལས་མ་བྱེད་ཅིག །བརྩོན་འགྲུས་ཤིན་ཏུ་མྱུར་བ་གཅེས། །ཞེས་སྨྲས་ནས་ཁོང་རྣམས་ལ་ཅོག་པུ་ཟས་གོས་སོགས་མཁོ་བའི་ཡོ་བྱད་རྣམས་སྤྲད་པས། མཆེད་གྲོགས་རྣམས་ཀྱི་ནང་དུ་བོས་ནས་ཇ་དྲངས་སྙིང་གཏམ་བྱས་ཏེ་ཁ་བཏགས་གཡོགས་ནས། འགྲོ་བའི་ཉིན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། མཆེད་ལྕམ་ཡོངས་ལ་དངུལ་གྱི་འགྱེད་བཏང་། དེ་ནས་ཚོགས་གྲལ་དུ་འཁོད་པ་རྣམས་ལ་རང་གི་སེམས་སྐྱོ་བའི་ཤུགས་ཀྱིས་གླུ་འདི་བླངས་སོ། །བཀའ་དྲིན་འཁོར་མེད་ཀྱི་བླ་མ། །སྤྱི་གཙུག་བདེ་ཆེན་དུ་བཞུགས་ལ། །འདི་ཕྱི་བར་དོ་ཡི་གནས་སྐབས། །སྐྱབས་དང་སྐྱེལ་མ་རང་མཛོད་ཅིག །ལས་དང་སྨོན་ལམ་གྱི་དབང་གིས། །ཡར་མར་ཐམས་ཅད་ནས་འོངས་པའི། །དད་པ་དམ་ཚིག་དང་ལྡན་པའི། །སྐལ་ལྡན་སློབ་མ་རྣམས་ཉོན་དང་། །གངས་རིའི་དར་ཆེན་དུ་འཛོམ་པའི། །ཚོང་འདུས་མགྲོན་པོ་ཡི་ཚོགས་རྣམས། །དབྱར་ཁ་ཉོ་ཚོང་འདྲ་བྱས་ནས། །སྟོན་མཇུག་སོ་སོ་རུ་གྱེས་བཞིན། །གནས་ཆེན་འདི་ཀ་རུ་བཞུགས་པའི། །རྣལ་འབྱོར་དཔོན་སློབ་ཀྱི་ཚོགས་རྣམས། །ལོ་མཚམས་ཟླ་མཚམས་འདྲ་མཛད་ནས། །ད་ནི་སོ་སོ་རུ་གྱེས་ཚེ། །སྔར་བས་བརྩེ་གདུང་ཞིག་སྐྱེས་བྱུང་། །ནམ་ཞིག་ངེས་པ་རུ་འདི་བཞིན། །འཇིག་རྟེན་ཕ་རོལ་ཏུ་འགྲོ་དུས། །གཅིག་པུར་ག་འདྲ་རང་མཛད་སྙམ། །མི་རྟག་

p. 534

འཆི་བ་རང་དྲན་བྱུང་། །འདི་དང་འདི་འདྲ་ཡི་ཚུལ་ལ། །བསམ་བློ་ཞིབ་ཏུ་རང་བཏང་ཚེ། །སྙིང་པོ་གང་ལ་ཡང་མི་འདུག །སྙིང་པོའི་ལྷ་ཆོས་ཤིག་མཛད་ན། །ཀུན་སྤངས་གཙང་མ་ཞིག་བྱས་ནས། །རི་ཁྲོད་དབེན་པ་ཡི་གནས་སུ། །རྩེ་གཅིག་ཉམས་ལེན་ལ་འབུངས་དང་། །རང་རེ་དཔོན་སློབ་ཀྱི་ཚོགས་རྣམས། །ད་ནི་མི་མཇལ་བར་གྱུར་ཀྱང་། །ཕྱི་མར་དག་ཞིང་དུ་མཇལ་བའི། །རྣམ་དག་སྨོན་ལམ་རང་འདེབས་སོ། །ཞེས་བླངས་པས། ཁོང་རྣམས་ཀྱི་མིག་ནས་མཆི་མ་གཡོ་བཞིན་ངའི་ཞབས་སྤྱི་བོར་བླངས་ནས་བདེ་ཞུས་སྨོན་ལམ་གྱི་མགུར་འདི་ཕུལ་ལོ། །དགྲ་ཉོན་མོངས་གཡུལ་ལས་རྣམ་རྒྱལ་ཞིང་། །རྗེ་འགྲན་གྱི་དོ་མེད་བདེ་བར་བཞུགས། །ངེད་མ་རིག་ལིང་ཐོག་སེལ་མཁན་གྱི། །རྗེ་འཚོ་བྱེད་གཞོན་ནུ་བདེ་བར་བཞུགས། །སྤྲང་ཡོངས་ལ་ལྟོ་གོས་ཆོས་གནང་བའི། །རྗེ་མཚན་ལྡན་བླ་མ་བདེ་བར་བཞུགས། །མཆོག་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི། །རྗེ་ཡིད་བཞིན་ནོར་བུ་བདེ་བར་བཞུགས། །མ་འགྲོ་ཀུན་ཁ་ལོ་ཆོས་ལ་བསྒྱུར། །རྗེ་འཁོར་ལོས་བསྒྱུར་རྒྱལ་བདེ་བར་བཞུགས། །སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི། །རྗེ་དུས་གསུམ་སངས་རྒྱས་བདེ་བར་བཞུགས། །དུས་དེང་ནས་བྱང་ཆུབ་སྙིང་བོའི་བར། །མགོན་ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །ཅེས་དང་གཞན་ཡང་སྨོན་ལམ་མང་པོ་འདེབས་བཞིན་ཕྱིར་འགྲོས་བྱས་མིག་ནས་མཆི་མ་མང་པོ་གཏོང་བས་རྐྱེན་བྱས་ཏེ། དེར་འཚོགས་པའི་གྲོགས་མཆེད་རྣམས་ཀྱི་མིག་ནས་ཀྱང་མཆི་མ་བྱུང་། དེ་

p. 535

ནས་མཆེད་གྲོགས་རྣམས་ཀྱིས་སྐྱེལ་ཐུང་བྱས་ཏེ། བལ་ཡུལ་སོགས་གནས་ངེས་མེད་འགྲིམ་དུ་སོང་ངོ་། །ཡང་གནས་ཆེན་དེར་ལོ་གཉིས་ལྷག་ཙམ་སོང་ཚེ་སློབ་མ་རྣམས་ལ་རང་ཉིད་འགྲོ་བའི་གཏམ་མང་པོ་བྱས་ཉིན་གཅིག་གླུ་དབྱངས་འདི་འདྲ་བླངས་ཁུ་བྱུག་ལྕང་གླིང་གྲུ་བཞིར། །རྒྱུ་བ་དགའ་མོ་འདུག་སྟེ། །ཐག་རྙི་ཕྲ་མོས་ནམ་ཟིན། །མི་ཤེས་པ་དེ་སྐྱོ་བྱུང་། །ལྕང་གླིང་འཁྲི་བ་བཅད་ནས། །བར་སྣང་བདེ་མོ་སྐོར་གྱིན། །ཐང་དཀར་རྒོད་པོའི་འགྲིམས་ས། །དགུང་སྔོན་དབྱིངས་སུ་ཆོས་འགྲོ །ཉ་མོ་ཆུ་མཐའ་བསིལ་མོར། །།རྒྱུ་བ་དགའ་མོ་འདུག་སྟེ། །ལྕགས་ཀྱུ་སྔོན་མོས་ནམ་འདེབས། །མི་ཤེས་པ་འདི་སྐྱོ་བྱུང་། །ཆུ་མཐའི་འཁྲི་བ་བཅད་ནས། །གཙང་ཆབ་བདེ་མོ་སྐོར་གྱིན། །ཉ་ཆེན་ཡོར་མོའི་གནས་ས། རྒྱུ་མཚོའི་ནང་དུ་ཆས་འགྲོ །རྣལ་འབྱོར་བུ་སློབ་ཁྲོད་དུ། །རྒྱུ་བ་དགའ་མོ་འདུག་སྟེ། །འཆི་བདག་བདུད་པོ་ནམ་སླེབ། །མི་ཤེས་པ་འདི་སྐྱོ་བྱུང་། །ཚེ་འདིའི་འཁྲི་བ་བཅད་ནས། །རྒྱལ་ཁམས་བཟང་བོ་སྐོར་གྱིན། །དམ་པ་གོང་མའི་གདན་ས། །དབེན་གནས་གཞན་དུ་ཆས་འགྲོ །ཞེས་བླངས་པས་སློབ་བུ་རབ་རྒྱས་སོགས་སློབ་བུ་རྣམས་ཀྱིས་རིང་མིན་མྱུར་དུ་འགྲོ་བའི་འདུན་པ་འདུག་སྙམ། ད་དུང་ངེད་རྣམས་ཀྱི་དོན་དུ་ལོ་རེ་གཉིས་བཞུགས་དགོས་ཚུལ་གྱི་ཞུ་བ་མང་པོ་བྱས་མཐར་གླུ་དབྱངས་འདི་འདྲ་ཕུལ་བྱུང་། །འཁྲུངས་ས་ཕྱི་ཡི་རྒྱ་མཚོར། །འཁྲུངས་པའི་མེ་ཤེལ་

p. 536

ཉི་མ། །གླིང་བཞིའི་མུན་པ་སེལ་ཕྱིར། །འགྲོ་བ་དགའ་མོ་འདུག་སྟེ། །འབྲལ་བའི་སྐྱོ་བ་ལྡུམ་རའི། །མེ་ཏོག་ངེད་ལ་འོང་བས། །ད་དུང་འོད་ཟེར་སྤྲོ་བཞིན། །དགུང་སྔོན་འདི་རུ་བཞུགས་ཤིག །འཁྲུངས་ས་གངས་རི་མཐོན་པོར། །འཁྲུངས་པའི་དར་སེང་དཀར་མོ། །གཅན་གཟན་ཁྲིམས་ལ་འགོད་ཕྱིར། །འགྲོ་བ་དགའ་མོ་འདུག་སྟེ། །འབྲལ་བའི་སྐྱོ་བ་ནགས་ཀྱི། །རི་དྭགས་ངེད་ལ་འོང་བས། །ད་དུང་གཡུ་རལ་ངོམ་བཞིན། །རི་ངོས་འདི་རུ་བཞུགས་ཤིག །འཁྲུངས་ས་མདོ་ཁམས་སྨད་དུ། །འཁྲུངས་པའི་མཚན་ལྡན་བླ་མ། །འགྲོ་བ་གཞན་དོན་མཛད་ཕྱིར། །ཕེབས་པ་དགའ་མོ་འདུག་སྟེ། །འབྲལ་བའི་སྐྱོ་བ་རྗེས་འཇུག །སློབ་མ་ངེད་ལ་འོང་བས། །ད་དུང་བཀའ་ཆོས་གནང་བཞིན། །གནས་ཆེན་འདི་རུ་བཞུགས་ཤིག །ཅེས་ཕྱག་བཅས་ཀུན་གྱིས་ཞུ་བ་ནན་གྱིས་ཕུལ་ཚེ་འདུན་པ་བཟློག་མ་ནུས་པར། །རེ་ཞིག་སྡོད་པར་ཁས་བླངས་ནས་གླུ་དབྱངས་འདི་འདྲ་བླངས་སོ། །ནགས་ལྗོངས་ཕལ་མོ་འགྲིམས་པའི། །རྒྱ་སྟག་ཁྲ་བོའི་སེམས་པ། །ཙན་དན་ནགས་ལ་ཤོར་ཡང་། །ནགས་མཐའ་འགྲིམས་པ་བཞག་ནས། །རྒྱ་སྟག་འཛུམ་ཕྲུག་སྟོན་ས། །ཙན་དན་ནགས་ལ་བྱས་ཡོང་། །གངས་ཀྱི་ཟུར་ཁ་འགྲིམས་པའི། །སེང་གེ་དཀར་མོའི་སེམས་པ། །གངས་སྟོད་མཐོན་པོར་ཤོར་ཡང་། །ཟུར་ཁ་འགྲིམས་པ་བཞག་ནས། །སེང་གེའི་གཡུ་རལ་ངོམ་ས། །གངས་དཀར་ལྟོངས་ལ་བྱས་ཡོང་། །རྒྱལ་ཁམས་ཕྱོགས་མེད་

p. 537

འགྲིམས་པའི། །བྱ་བཏང་རྣལ་འབྱོར་སེམས་པ། །དབེན་པའི་རི་ལ་ཤོར་ཡང་། །རྒྱལ་ཁམས་འགྲིམས་པ་བཞག་ནས། །རྣལ་འབྱོར་སྒོམ་སྒྲུབ་བྱེད་ས། །གནས་ཆེན་འདི་རུ་བྱས་ཡོང་། །ཞེས་སྨྲས་པས། བུ་སློབ་ཐམས་ཅད་དགའ་ཞིང་སྤྲོ་བཞིན་བདག་ལ་འབུལ་བ་དང་ཚོགས་ཀྱི་དགའ་སྟོན་བཟང་བོ་བྱས། ཀུན་གྱིས་སྐྱིད་པའི་གླུ་དབྱངས་འདི་བླངས་སོ། །དྲི་ལྡན་མེ་ཏོག་པདྨོས། །ཟིལ་མངར་ཞིམ་པོ་བྱིན་བྱུང་། །བྱིན་ཀྱང་སྦྱིན་ན་ཆོག་སྣང་། །ཟེའུ་འབྲུ་འདབ་མ་རྒྱས་འདུག །དེ་ལ་བསམ་གྱིན་དགའ་ནས། །སྟག་ཆུང་བུང་བ་ངེད་ཚོ། །བར་སྣང་བདེ་མོར་འཕུར་ནས། །དགའ་བའི་དར་དིར་བསྒྲགས་སོང་། །བསིལ་ལྡན་ལྷོ་སྤྲིན་སྨུག་པོས། །སྦྲང་ཆར་འཇམ་པོ་ཕབ་བྱུང་། །ཕབ་ཀྱང་བབས་ན་ཆོག་སྣང་། །ཆུ་འཛིན་རབ་ཏུ་གཡོ་འདུག །དེ་ལ་བསམ་གྱིན་དགའ་ནས། །མདོངས་ལྡན་རྨ་བྱ་ངེད་ཚོ། །དོག་མོའི་ས་ལ་འཁོད་ནས། །དགའ་བའི་གར་སྟབས་བསྒྱུར་སོང་། །མཚན་ལྡན་རྩ་བའི་བླ་མས། །ཟབ་མོའི་གདམས་པ་གནང་བྱུང་། །གནང་ཀྱང་གནང་ན་ཆོག་སྣང་། །ཐུགས་རྒྱུད་ཆོས་ཀྱིས་གང་འདུག །དེ་ལ་བསམ་གྱིན་དགའ་ནས། །སྐལ་ལྡན་སློབ་མ་ངེད་ཚོ། །གནས་ཁང་བཟང་བོར་འཁོད་ནས། །དགའ་སྟོན་གླུ་གར་བྱས་སོང་། །ཞེས་གང་སྤྲོ་སྤྲོ་བྱས། ཡང་བུ་སློབ་འཇིགས་མེད་རྒྱལ་མཚན་སོགས་བུ་སློབ་ཁ་ཅིག་གིས་དེ་རིང་སྐལ་བ་བཟང་བོ་བྱུང་། ད་དུང་བླ་མ་རིན་པོ་ཆེས་ཀུན་གྱི་

p. 538

སེམས་ལ་ཕན་པའི་མགུར་ཞིག་དང་། གནས་ཆེན་གངས་མཚོ་གཉིས་ལ་བསྟོད་པ་ཉུང་འདུས་ཤིག་དགོས་ཞེས་བསྐུལ་ངོར་གླུ་དབྱངས་འདི་རྣམས་བླངས་སོ།། །།ཆུ་བོ་ཆེན་པོ་རྣམ་བཞི། །འོངས་པའི་ཆུ་ཡི་འགོ་བོ། །མཚོ་ཆེན་མ་ཕམ་གཡུ་མཚོ། །དེ་ན་བཞུགས་པའི་ཀླུ་དབང་། །ས་འདིར་བཀྲ་ཤིས་དགེ་ལེགས། །སྩོལ་བའི་བདག་པོ་ལོས་ཡིན། །མི་རིགས་མི་གཅིག་རྣམ་བཞི། །རྒྱུ་བའི་ས་ཡི་ལྟེ་བ། །བྱ་རྒོད་ཕུང་པོའི་རི་བོ། །དེ་ན་བཞུགས་པའི་སངས་རྒྱས། །འགྲོ་ལ་ཆོས་ཀྱི་འཁོར་ལོ། །བསྐོར་བའི་བདག་པོ་ལོས་ཡིན། །འདོད་འབྱུང་ཡིད་བཞིན་ནོར་བུ། །འགྲོ་ཀུན་དབུལ་བ་སེལ་ཕྱིར། །ཕྱི་ཡི་རྒྱ་མཚོར་འཁྲུངས་ཀྱང་། །ད་ལྟ་རྒྱལ་མཚན་རྩེ་ན། །དགོས་འདོད་ཆར་བཞིན་འབེབས་དུས། །ལེན་མཁན་ཡོད་ན་ལོངས་དང་། །བྱ་བཏང་ཚོགས་དྲུག་རང་གྲོལ། །བསྟན་དང་འགྲོ་ལ་ཕན་ཕྱིར། །མདོ་ཁམས་སྨད་དུ་སྐྱེས་ཀྱང་། །ད་ལྟ་གངས་རིའི་མགུལ་ནས། །གང་འདོད་ཆོས་ཆར་འབེབས་དུས། །ཉན་མཁན་ཡོད་ན་ཉོན་དང་། །དྲི་ལྡན་ཡིད་འོང་པདྨ། །ནམ་ཞིག་བ་མོས་བཅོམ་དུས། །ཡལ་ག་ཐམས་ཅད་ལྟུང་བས། །ད་ལྟ་བཀྲག་མདངས་མཚར་དུས། །སྐལ་བཟང་བུང་བའི་ཚོགས་རྣམས། །ཟིལ་མངར་སྦྲང་རྩི་ལོངས་དང་། །དལ་འབྱོར་ཚང་བའི་མི་ལུས། །ནམ་ཞིག་འཆི་བས་བཅོམ་དུས། །ཤ་རུས་ཐམས་ཅད་འཇིག་པས། །ད་ལྟ་གཞོན་ནུའི་དུས་སུ། །སྐལ་བཟང་སློབ་མའི་ཚོགས་རྣམས། །ཟབ་རྒྱས་གདམས་པ་སྒོམས་དང་། །མེ་ཤེལ་ཉི་མ་

p. 539

ཚ་ཡང་། །ངང་བའི་གྲོགས་སུ་ཤར་སོང་། །དབྱངས་སྙན་སྒྲོག་བཞིན་པད་མཚོར། །འཇུག་ལ་དགའ་སྤྲོ་ཡོད་དྲག །སྐྱེད་མོས་ཚལ་ན་ཟློས་གར། །རྩེ་ལ་ལྟད་མོ་ལྟོས་དང་། །མི་འདོད་རྐྱེན་ངན་བྱུང་ཀྱང་། །ཆོས་པའི་གྲོགས་སུ་ཤར་སོང་། །བྱང་སེམས་སྒོམ་བཞིན་ས་ལམ། །བགྲོད་ལ་དགའ་སྤྲོ་ཡོད་དྲག །དབེན་པའི་གནས་སུ་བློ་སྦྱོང་། །སྒོམས་ལ་ལྟད་མོ་ལྟོས་དང་། །འཁོར་ལོ་སྡོམ་པའི་ཕོ་བྲང་། །དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས། །དཔའ་བོ་མཁའ་འགྲོའི་ཞིང་ཁམས། །གྲུབ་ཐོབ་གོང་མའི་གདན་ས། །འཛམ་གླིང་ས་ཡི་ལྟེ་བ། །གནས་ཆེན་གངས་དཀར་ཏེ་སེར། །སྐོར་བ་ལན་ཅིག་བྱས་རུང་། །ཚེ་གཅིག་སྡིག་པ་དག་ཡོང་། །ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་། །མ་དང་མཁའ་འགྲོའི་དོ་ར། །དཀར་ཕྱོགས་ལྷ་ཡི་འདུ་ས། །འཛམ་བུ་ཏྲི་ཤའི་སྐྱེ་གནས། །ཆུ་བོ་བཞི་འདུས་འགོ་བོ། །མཚོ་ཆེན་མ་ཕམ་གཡུ་མཚོ། །ཁྲུས་བྱས་འཐུང་བ་ཙམ་གྱིས། །ལས་ངན་སྒྲིབ་པ་དག་ཡོང་། །དད་ཅན་ཡོན་བདག་གངས་མཚོར། །ཕྱག་མཆོད་སྐོར་བ་གྱིས་དང་། །ལས་ངན་སྡིག་སྒྲིབ་དག་ནས། བྱིན་རླབས་དངོས་གྲུབ་ཐོབ་ཡོང་། །ཞེས་བླངས་པས་ཀུན་དད་ཅིང་གུས་པས་ཕྱག་དང་བཅས་ཏེ། ཚིག་གི་གཏང་རག་མང་པོ་ཕུལ་ནས་རང་རང་གི་གནས་སུ་སོང་ངོ་། །ཡང་གནས་ཆེན་དེ་ནས་ལོ་གསུམ་འགྲོ་བ་ལ་ཐག་ཉེ་བའི་དུས་ཀྱི་ཚེ་སློབ་མ་རྣམས་ལ། སྔོན་གྱི་སྐྱེས་བུ་དམ་པ་གོང་

p. 540

མ་རྣམས་ཀྱིས་ཀྱང་། གནས་རེར་ལོ་རེ་གཉིས་ལས་མི་བཞུགས་པར་ཕེབས་པ་དེ། བཞུགས་མ་ཚུགས་པ་མ་ཡིན། དེ་ལ་རང་གཞན་ལ་ཕན་པའི་དགོས་པ་ཆེན་པོ་ཡོད་པ་ལྟར། བདག་ཀྱང་གནས་བཟང་བོ་འདིར་སླེབས་ནས་ལོ་གསུམ་ཙམ་འགྲོ་བར་གདའ། དེའི་བར་ལ་ཁྱེད་རྣམས་ལ་རང་གིས་གང་ཤེས་ཀྱི་གདམས་པ་རྣམས་སྦ་གསང་མེད་པར་བསྟན་སོང་། ཉམས་སུ་ལེན་ན་ཁྱེད་རྣམས་ཀྱི་དོན་ཀྱང་དེ་ཀས་འགྲུབ་ཡོང་། ངས་ཀྱང་ཁྱེད་བུ་སློབ་ཡོན་བདག་རྣམས་ཀྱི་དྲིན་ལ་བརྟེན་ནས། ལོ་གསུམ་གྱི་བཅད་རྒྱ་ཡང་མཐར་ཐོན་པས་ངའི་དོན་ཀྱང་འགྲུབ་ཅིང་། ད་ནི་རང་གཞན་གཉིས་ཀའི་དོན་འགྲུབ་ནས་འདུན་མ་ལེགས་པའི་སྒང་ལ་སོང་ན་བཟང་། འགྲོ་ཚད་ལ་སླེབས་འདུག་པས་བཤོལ་ཀྱང་ཁེགས་མི་ཡོང་། འགོག་དགོས་ཀྱང་མི་དགོས་ཚུལ་རྒྱས་པར་བཤད་པའི་མཐར་གླུ་དབྱངས་འདི་འདྲ་བླངས་སོ། །ཉིན་མཚན་དུས་ཚོད་ཀྱིས་གཏུགས་ནས། །གཞན་གྱིས་བཤོལ་ཐབས་ཤིག་མི་གདའ། །ཟླ་བ་གླིང་གཞན་དུ་ཆོས་འགྲོ ། མེ་ཏོག་ཀུ་མུད་ཀྱི་ཚལ་ལ། །གནོད་པའི་སད་སེར་གྱི་རིགས་རྣམས། །ནུས་ལྡན་སྔགས་འཆང་གིས་སྲུངས་ཤིག །ཆར་དང་བསེར་བུ་ཡིས་བསྐུལ་ནས། །གཞན་གྱིས་བཤོལ་ཐབས་ཤིག་མི་གདའ། །བུང་བ་ནགས་གསེབ་ཏུ་ཆས་འགྲོ །སྤང་རྒྱན་མེ་ཏོག་གི་ཚོགས་ལ། །གནོད་པའི་བ་མོ་ཡི་རིགས་རྣམས། །ལྷོ་སྤྲིན་སྨུག་པོ་ཡིས་སྲུངས་ཤིག །འགྲོ་བའི་དུས་ཚོད་ལ་

p. 541

སླེབས་ནས། །གཞན་གྱིས་བཤོལ་ཐབས་ཤིག་མི་གདའ། །རྣལ་འབྱོར་གཞན་ཡུལ་ལ་ཆས་འགྲོ །སྐལ་ལྡན་སློབ་མ་ཡི་ཚོགས་ལ། །གནོད་པའི་ནད་གདོན་གྱི་ཚོགས་རྣམས། །མཐུ་ལྡན་ཆོས་སྐྱོང་གིས་སྲུངས་ཤིག །ཅེས་བླངས་པས་སློབ་བུ་མཐོ་ལྡིང་བ། བཀྲ་ཤིས་སྒང་བ། སྤུ་ཧྲེངས་པ་རྣམས་ཀྱིས་གུས་པས་ཕྱག་བྱས་སྙན་པའི་ངག་གིས། བླ་མ་རིན་པོ་ཆེ་ཁྱེད་ནི་རང་དོན་མངོན་དུ་གྱུར་ནས་ས་ཕྱོགས་གར་ཕེབས་ཀྱང་བྱེད་རྒྱུ་གཞན་དོན་ལས་མི་འདུག ངེད་མཐའ་འཁོབ་མུན་པའི་གླིང་ལྟ་བུའི་འགྲོ་བ་གཅིག་ལ་ཕན་བཏགས་པ་དང་། གཞན་ཆོས་དར་བའི་ཡུལ་དབུས་གཙང་གི་ཕྱོགས་ལྟ་བུའི་སེམས་ཅན་བརྒྱ་ལ་ཆོས་ཀྱིས་ཕན་བཏགས་པ་གཉིས་ཀྱི་ཕན་ཡོན་མི་འདྲ། དཔེར་ན་འགྲངས་པའི་མི་ལ་མར་ཟན་གཅིག་བྱིན་པ་བས། ལྟོགས་པའི་མི་ལ་ཟན་ཆང་གཅིག་བྱིན་པ་དགའ་བ་དང་འདྲ། ངེད་རྣམས་ལ་སྔར་བཀའ་ཆོས་གནང་བ་བཀའ་དྲིན་མི་ཆེ་བ་མ་ཡིན་ཀྱང་། ངེད་རྨོངས་པ་རྣམས་ཀྱིས་དུས་གཅིག་ལ་ག་ལ་ཤེས། ད་དུང་བླང་དོར་ཤེས་རག་གི་བར་དུ་བཀའ་ཆོས་ཀྱང་ཡང་ཡང་གནང་དགོས། ཉི་མ་ཡང་དུས་ཚོད་ཀྱིས་གཏུགས་ཀྱང་གྲུབ་ཐོབ་གོང་མས་བཟུང་བ་མང་། ཁྱེད་ཕེབས་དུས་སུ་སླེབས་རུང་ལོ་རེ་གཉིས་ཅིས་ཀྱང་བཞུགས་པའི་གསོལ་བ་འདེབས་པ་ལགས། ཞེས་བཞུགས་དགོས་ཚུལ་རྒྱས་པར་ཞུས་མཐར་མདོར་བསྡུས་མགུར་དབྱངས་ཚིགས་སུ་བཅད་

p. 542

པ་འདི་དག་ཀྱང་ཕུལ་ལོ། །སྟེང་འཛམ་གླིང་རྒྱན་གཅིག་ཉི་མ་དེ། །ནུབ་བ་ལང་སྤྱོད་དུ་བསྐྱོད་སོང་ན། །ལྷོ་འཛམ་བུ་གླིང་བའི་མི་རེའི་མགོའི། །ཉི་རེ་རེ་ནུབ་པའི་སྣང་བ་བྱུང་། །རྗེ་འགྲོ་བའི་བླ་མ་ཐུགས་རྗེ་ཅན། །ཁྱེད་ཡུལ་ཕྱོགས་གཞན་དུ་ཕེབས་སོང་ན། །ངེད་མགོན་མེད་སློབ་མ་རེ་རེ་ལ། །མགོན་རེ་རེ་བྲལ་བའི་མྱ་ངན་འོང་། །སྟེང་མུན་པ་སེལ་བའི་ཉི་མ་ཡང་། །གླིང་གཞན་དུ་འགྲོ་བའི་དུས་སླེབས་ཀྱང་། །ཁོང་གྲུབ་ཐོབ་གོང་མས་བཟུང་ཙ་ན། །ཉིན་མང་པོར་བསྡད་པའི་དུས་ཀྱང་བྱུང་། །རྗེ་གྲུབ་ཐོབ་གོང་མ་ཕལ་ཆེར་ཀྱང་། །གཞན་གདུལ་བྱའི་དོན་དུ་ཆས་ན་ཡང་། །ཁོང་དད་ཅན་རྣམས་ཀྱིས་གསོལ་བཏབ་ནས། །སླར་ལོ་མང་བཞུགས་པའི་རྣམ་ཐར་སྣང་། །རྗེ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །ཁྱེད་གདུལ་བྱའི་དོན་དུ་ཕེབས་དགོས་ཀྱང་། །ངེད་བུ་སློབ་རྣམས་ཀྱི་དད་མོས་ངོར། །ལོ་རེ་གཉིས་ཅིས་ཀྱང་བཞུགས་པར་ཞུ། །དཔེ་བསམ་མེད་བུ་ཆུང་མང་པོ་ལ། །ལྟོ་ཟ་ཚུལ་ལ་སོགས་བྱ་སྤྱོད་རྣམས། །དུས་ལན་ཅིག་བསླབས་པས་ག་ལ་ཤེས། །དུས་ཡང་ཡང་མ་ཡིས་བསླབ་དགོས་བཞིན། །ངེད་གདུལ་བྱ་བློ་གྲོས་རྨོངས་པ་ལ། །ལས་རྒྱུ་འབྲས་ལ་སོགས་ཟབ་རྒྱས་ཆོས། །དུས་ལན་ཅིག་བསྟན་པས་ག་ལ་ཤེས། །དུས་ཡང་ཡང་བཀའ་ཆོས་སྩོལ་བར་ཞུ། །ཞེས་སྨྲས་པའི་ལན་དུ། དུས་ད་རེ་ལན་འབུལ་རྒྱུ་མ་རྙེད་སོང་། སྡོད་དགོས་པར་གདའ་སྨྲས་པས། ཀུན་རབ་ཏུ་དགའ་ནས། རྒྱལ་པོས་སྨྲས་པ་ལན་ཅིག་ཡིན་ཟེར་བ་ལྟར། བླ་མ་དུས་གསུམ་གྱི་སངས་རྒྱས་ཁྱེད་ཀྱིས་

p. 543

ད་བཞུགས་པར་ཞལ་གྱིས་བཞེས་ནས་སླར་འགྱུར་ན་མི་རུང་བས་ཐུགས་ལ་འཇགས་འཚལ། ད་ཡང་ངེད་བུ་སློབ་རྣམས་ལ་ཕན་པའི་མགུར་བཞེས་པར་ཞུ་ཟེར་བའི་ལན་དུ་གླུ་འདི་འདྲ་བླངས་དྲང་སྲོང་བྱ་རྒྱལ་རྒོད་པོ། །ལྟོགས་ནས་ཤི་བ་མ་མཐོང་། །སྒོམ་ཆེན་བཀྲེས་ནས་ཤི་བའི། །རུས་པ་བཙལ་ནའང་མི་རྙེད། །རྒྱ་ཡིས་ཟོ་ཆུན་ཁྱུད་མོས། །ཆུ་བོ་ལ་ལ་དྲངས་སོང་། །ཆོས་པ་རི་ལ་ཆགས་ན། །ཟན་སྒོང་གྱེན་ལ་འགྲིལ་ཡོང་། །ཁྱི་རྒན་ལམ་དུ་ཉལ་ན། །རྡོ་ལོག་རིན་གྱིས་ཉོས་ཡོང་། །སྒོམ་ཆེན་གྲོང་དུ་བབས་ན། །གཏམ་ངན་མི་ཁ་སླེབས་འོང་། །བྱི་ལ་ཤ་གཉིས་གཏུགས་ན། །མི་ཟ་ཟེར་ཡང་རྫུན་ཡིན། །རབ་བྱུང་བཙུན་མ་ཉེ་ན། །སྡོམ་པ་རིམ་གྱིས་ཤོར་ཡོང་། །ཁ་ཡིས་ཞིམ་པོ་ཟ་ན། །ལག་པས་དཀའ་ལས་མྱང་དགོས། །གཏན་བདེ་སངས་རྒྱས་འདོད་ན། །ཆོས་ཕྱིར་དཀའ་བ་སྤྱད་འཚལ། །བྱ་དང་རི་དྭགས་ཚོགས་རྣམས། །གར་སྐྱིད་ས་ན་བསྡད་ཡོད། །ཆོས་པ་རྣམས་ཀྱང་དགེ་སྦྱོར། །འཕེལ་བའི་ས་ནས་སྡོད་དགོས། །སེང་གེ་གངས་ལ་གནས་པས། །གཡུ་རལ་ལེགས་པོ་རྒྱས་སོང་། །སྒོམ་ཆེན་རི་ལ་བཞུགས་དང་། །ཐུགས་དམ་རིམ་གྱིས་འཕེལ་ཡོང་། །བྱི་ལ་ལྐོག་ན་ཉལ་རུང་། །ཙི་ཙི་སེམས་ཀྱིས་མ་བརྗེད། །སྒོམ་ཆེན་རི་ལ་བསྡད་རུང་། །ལྟོ་གོས་བརྗེད་རྒྱུ་མ་བྱུང་། །ཉ་མོ་ཆུ་ལ་གནས་ཀྱང་། །ལྕགས་ཀྱུས་སྐམ་ལ་དྲངས་སོང་། །སྒོམ་ཆེན་རི་ལ་གནས་ཀྱང་། །འདོད་པས་གྲོང་དུ་ཕབ་སོང་། །ཁྱི་དང་ལྷན་དུ་ཉེ་ན། །རྨ་དང་ཉེ་བ་ཆོས་

p. 544

ཉིད། །གྲོགས་པོ་ངན་པར་འགྲོགས་ན། །སྤྱོད་ངན་ཤུགས་ཀྱིས་འགོས་ཡོང་། །གྲོག་མ་འགྲོ་འདུག་མང་ན། །རྐང་ལག་ཐང་ཆུར་སྦྱར་ཡོང་། །ཆོས་པ་བྱེད་རྒྱུ་མང་ན། །ཆོས་འགོ་མཐར་ཐོན་མི་ཡོང་། །ས་བོན་ཞིང་ལ་བཏབ་ན། །སོག་མ་ཞོར་ལ་ཐོན་ཡོང་། །སྙིང་ནས་ཆོས་བཞིན་བྱས་ན། །ལྟོ་རྒྱབ་ཞོར་ལ་འཛོམ་ཡོང་། །དགྲ་ལ་ཐུབ་ཚད་འཛིངས་ན། །དཔའ་བོའི་མི་དེ་ཐོབ་ཡོང་། །ཆོས་ཕྱིར་དཀའ་བ་སྤྱད་ན། །སྙན་པ་ལྷ་མིས་བརྗོད་ཡོང་། །འཕགས་པ་རྣམས་ལ་གསེར་དང་། །ས་རྡོ་ཁྱད་པར་མི་སྣང་། །ཆོས་པའི་འདོད་པ་ཟད་ན། །འཕགས་པ་རྣམས་དང་ཁྱད་མེད། །ལྗོན་ཤིང་སྔོ་ལྗང་རྒྱས་དུས། །མེ་ཏོག་འབྲས་བུས་བརྒྱུན་བྱུང་། །སྟོན་ཁ་སེར་སྐྱར་སོང་དུས། །མེ་ཏོག་འབྲས་བུ་ཡལ་སོང་། །རང་ཉིད་ན་སོ་གཞོན་དུས། །ཕ་མ་གཉིས་ཀ་འཛོམ་བྱུང་། །ད་ལྟ་རྒས་ནས་མཁོ་དུས། །དྲིན་ཅན་ཕ་མར་བྲལ་སོང་། །རྒྱ་མོས་ལེགས་པར་བཏགས་པའི། །གོས་ཆེན་ཁ་དོག་ལེགས་ཀྱང་། །རིམ་པས་རྙིང་བར་གྱུར་ནས། །རས་དང་ཁྱད་མེད་གྱུར་སོང་། །ཕ་མས་ལེགས་པར་བསྐྱངས་པའི། །རང་ལུས་བཀྲག་མདངས་རྒྱས་ཀྱང་། །རིམ་པར་ན་སོ་རྒས་ནས། །ཤི་དང་ཁྱད་མེད་བྱུང་སོང་། །དབྱར་གྱི་དུས་ཀྱི་མེ་ཏོག །བ་མོས་ཡང་ཡང་མནར་ཚེ། །མཛེས་པའི་འགྱིང་བག་གློད་ནས། །མགོ་བོ་ས་ལ་གུག་སོང་། །གཞོན་ནུའི་དུས་ཀྱི་ལུས་པོ། །ན་བས་ཡང་ཡང་མནར་ཚེ། །མཐུ་སྟོབས་ནུས་པ་ཉམས་ནས། །དྲང་པོའི་ལུས་པོ་སྒུར་སོང་། །ཀཱ་པ་ལ་ཡི་སྐྲ་དཀར། །ཁ་ཡི་ནང་གི་སོ་ལྷུང་། །ག་ནས་བལྟས་ཀྱང་འཆི་སྙམ། །ང་ནི་དབང་མེད་སྐྱོ་བྱུང་། །

p. 545

རྣམ་དཔྱོད་དཔག་བསམ་ལྗོན་པ། །མི་རྟག་བསེར་བུས་བསྐུལ་ཚེ། །སྐྱོ་མགུར་ཚིག་གི་མེ་ཏོག །འདི་འདྲ་མང་པོ་འཐོར་སོང་། །ཞེས་པ་འདི་རྣམས་བླངས་པས། སློབ་མ་རྣམས་ལ་བློ་བསྐྱེད་དང་། ངེས་འབྱུང་སྐྱེས་པ་མང་པོ་བྱུང་ངོ་། །དེ་ནས་མཚམས་གྲོལ་ནས་གནས་སྐོར་ལ་འགྲོ་ཁར། །མ་ཕམ་གཡུ་ཡི་མཚོ་ལ། །གནས་པའི་ཉ་མོ་གསེར་མིག །མཚོ་ལ་གཡས་སྐོར་བྱས་ནས། །གངྒཱའི་ཆབ་ལ་ཆས་འགྲོ ། གངས་རིའི་རྫུ་འཕྲུལ་ཕུག་ན། །གནས་པའི་བྱ་བཏང་རྣལ་འབྱོར། །གངས་ལ་གཡས་སྐོར་བྱས་ནས། །དབེན་གནས་གཞན་དུ་ཆས་འགྲོ །འཛམ་གླིང་རྒྱན་གཅིག་གངས་མཚོ། །ལྷ་ཡི་ཕོ་བྲང་ཡིན་པ། །དེར་བཞུགས་ལྷ་དང་ཌཱཀྐིས། །འགྲོ་ཀུན་བུ་བཞིན་སྐྱོངས་ཤིག །དམ་པ་གོང་མའི་གདན་ས། །གནས་ཆེན་གངས་མཚོ་ཡིན་སྣང་། །ཆོས་མཛད་སྐྱེས་བུ་ཐམས་ཅད། །གནས་ཆེན་འདི་རུ་བཞུགས་ཤིག །མ་དྲོས་མཚོ་ལས་གྱེས་ནས། །ཕྱོགས་བཞིར་འབབ་པའི་ཆུ་བོ། །ས་འདིར་འཕྲད་རྒྱུ་མེད་རུང་། །རྒྱ་མཚོའི་ནང་ནས་འཕྲད་ཡོང་། །གནས་ཆེན་འདི་ལས་གྱེས་ནས། །ཕྱོགས་བཞིར་འགྲོ་བའི་དཔོན་སློབ། །ཚེ་འདིར་མཇལ་རྒྱུ་མེད་རུང་། །ཕྱི་མའི་ཡུལ་ནས་མཇལ་ཡོང་། །འོད་གསལ་འཛམ་གླིང་ཉི་མ། །ཐག་རིང་མཁའ་ལ་གནས་ཀྱང་། །ལྷོ་ཕྱོགས་པདྨའི་ཚལ་ལ། །ནངས་ནུབ་གཉིས་ཀར་ཕན་ཡོང་། །མཚན་ལྡན་རྩ་བའི་བླ་མ། །ཐག་རིང་རྒྱང་ན་གནས་ཀྱང་། །དད་ཅན་སློབ་མའི་

p. 546

ཚོགས་ལ། །འདི་ཕྱི་གཉིས་ཀར་ཕན་ཡོང་། །སྐལ་ལྡན་སློབ་མ་རྣམས་ལ། །ཚེ་འདིར་མཇལ་བ་ཡུད་ཙམ། །ཕྱི་མར་མཇལ་བའི་དུས་སུ། །ཡུན་རིང་འགྲོགས་པར་གྱུར་ཅིག །ཅེས་སྨྲས་པས་དད་ཅན་སློབ་མ་ཁ་ཤས་ཀྱིས་དཔོན་སློབ་སོ་སོར་གྱེས་པ་ལ་སེམས་འཕྲེང་སྟེ་མིན་ནས་མཆི་མ་གཡོ་བ་བྱུང་། དེ་ནས་དབང་ཕྱུག་གི་ལོའི་སྔོན་ཟླའི་ཡར་ཚེས་ལ་གངས་ལ་གཡས་སྐོར་བྱས་ཏེ། ཐོག་མར་ལྷོ་ངོས་ཀྱི་རྒྱང་གྲགས་དགོན་དུ་སོང་། གངས་མཆོད་ཕུལ་འགྱེད་མང་ཇ་བཏང་། གསེར་ཕུག་བླ་མ་རིན་པོ་ཆེར་མཇལ། རྒྱལ་བ་འབྲི་ཁུང་བའི་ལྔ་ལྡན་ཁྲིད་ཀྱི་སྔོན་འགྲོའི་ལུང་ཞུས། ནུབ་ངོས་ཀྱི་གཉན་པོ་རི་རྫོང་དུ་སོང་། ཆོས་སྐུ་རིན་པོ་ཆེར་མཇལ་གངས་མཆོད་ཕུལ་འགྱེད་མང་ཇ་བཏང་། དེར་བཞུགས་པའི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རྡོར་འཛིན་རིན་པོ་ཆེ་ལ་དང་པོ་ཞལ་མཇལ་བ་ཙམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས་པས། །ལོ་གསུམ་གྱི་བར་དུ་གང་དགོས་ཀྱི་འཚོ་བརྒྱགས་གནང་བས་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་། ཁོང་གི་མདུན་ནས་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་ཞུས། གསེར་དངུལ་དང་ནོར་རྫས་ཀྱི་འབུལ་བ་ཕུལ་སྐྱབས་འཇུག་ཞུས། འགྲོ་ཁར་བདེ་ཞུས་ཀྱི་གླུ་འདི་ཡང་བྲིས་ནས་ཕུལ་ལོ། །སྐུ་འགྱུར་བ་མེད་པ་རྡོ་རྗེའི་སྐུ། །གསུང་འགགས་པ་མེད་པ་ཚངས་པའི་དབྱངས། །ཐུགས་གཡོ་བ་མེད་པར་ཏིང་འཛིན་བསྒོམས། །རྗེ་སྦས་པའི་སངས་རྒྱུས་བདག་ལ་དགོངས། །ཁྱེད་སྔོན་ནས་ཟུང་འཇུག་སྐུ་བརྙེས་ཀྱང་། །སླར་རྡོ་རྗེ་འཛིན་པའི་གཟུགས་སུ་ཤར། །

p. 547

མ་འགྲོ་ཀུན་སྒྲོལ་བའི་ཁུར་འཁྱེར་བ། །། འདི་བསམ་ན་རྣམ་ཐར་ཀུན་གྱིས་ཕུལ། །སྤྲང་བདག་ཀྱང་གནས་འདི་བསམས་ནས་འོངས། །གནས་བཟང་བོ་འདི་རུ་ལོ་གསུམ་བར། །སྒོམ་སྒྲུབ་པ་བྱེད་པའི་སྐལ་བ་བྱུང་། །འདི་བསམ་ན་བླ་མ་རྗེ་ཡི་དྲིན། །རྗེ་འགྲོ་བའི་སྐྱབས་མགོན་ཐུགས་རྗེ་ཅན། །མཚན་སྙན་པ་བསྟན་འཛིན་རྒྱལ་མཚན་ཁྱེད། །ཕྱོགས་འདི་ཡི་གདུལ་བྱའི་གཙུག་རྒྱན་དུ། །ལོ་ཁ་ཤས་བར་དུ་བཞུགས་སུ་གསོལ། །རླུང་ཆེན་པོས་ཁྱེར་བའི་སྦྱར་མ་བཞིན། །སྤྲང་བྱ་བཏང་ཚོགས་དྲུག་རང་གྲོལ་ང་། །ལས་སྨོན་ལམ་དབང་གིས་གནས་འདིར་སླེབས། །ད་ཡུལ་ཕྱོགས་གཞན་དུ་ཆོས་ནས་འགྲོ །བྱ་ཁུ་བྱུག་སྐད་སྙན་སྒྲོག་བཞིན་དུ། །ས་ཐག་རིང་གནས་སུ་འགྲོ་བ་ལྟར། །ངས་ལེགས་བཤད་ཟབ་མོ་འདོམས་བཞིན་དུ། །ས་ཐག་རིང་དབེན་པའི་གནས་སུ་འགྲོ་།རྒོད་མཁའ་ལ་འཕུར་ནས་ཇེ་མཐོར་བཏང་། །རང་གང་འདོད་གནས་སུ་འགྲོ་བ་ལྟར། །ངས་གནས་ཆེན་འདི་ལ་སྐོར་བ་བྱས། །རང་གང་འདོད་གནས་སུ་བཞུད་ནས་འགྲོ །མགོན་ཁྱོད་ཀྱིས་ཕྱོགས་འདིའི་གདུལ་བྱ་རྣམས། །ཐུགས་བརྩེ་བས་མ་འདོར་བྱམས་པས་སྐྱོངས། །དུས་ད་དུང་ཚེ་རབས་ཐམས་ཅད་དུ། །མགོན་ཁྱོད་དང་ཡང་ཡང་མཇལ་བར་ཤོག །ཅེས་ཕུལ་བས་ཁོང་གིས་ཀྱང་བདག་ལ་ཐུགས་བརྩེ་བའི་སྒོ་ནས་ཞལ་གསུང་དུ་མ་བྱོན། ལམ་ཆས་སོགས་མཁོ་བའི་ཡོ་བྱད་དུ་མ་གནང་བ་བྱུང་། དེ་ནས་བྱང་ངོས་འབྲི་ཐིམ་ཕུག་ལ་མཇལ། གངས་

p. 548

མཆོད་ཕུལ་འགྱེད་མང་ཇ་བཏང་། གྲུབ་ཆེན་རྣམས་ཀྱིས་ཚོགས་ཀྱི་སྐབས་སུ་རྡོ་རྗེའི་གླུ་དབྱངས་བླངས་ཆོས་བྲོ་འཁྲབ་གང་སྤྲོ་སྤྲོ་མཛད། ཤར་ངོས་རྫུ་འཕྲུལ་ཕུག་ཏུ་འོངས། གངས་མཆོད་རྒྱས་པར་ཕུལ་འགྱེད་མང་ཇ་བཏང་། དེར་གནས་པའི་ངན་སློང་རྣམས་ལ་སྦྱིན་པ་བཏང་། གྲྭ་བུ་སློབ་དེར་སྡོད་མཁན་རྣམས་ལ་སྒྲུབ་བརྒྱགས་ཀྱི་སྣོན་པ་བྱིན། དེ་ནས་འགྲོ་ཁར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་བའི་ཚོགས་གྲལ་ནས་གྲྭ་བུ་སློབ་འཚོགས་པ་ཡོངས་ལ། ཆོས་ལ་བར་ཆད་མེད་པའི་བྱིན་རླབས་བྱས་ཏེ། འོ་སྐལ་ལྡན་བུ་ཀུན་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག ངེད་རྣམས་སྔོན་གྱི་ལས་དང་སྨོན་ལམ་དག་པས་མཚམས་སྦྱར་ནས། གནས་ཆེན་བཟང་བོ་འདིར་སུ་ཡིས་མ་བོས་བཞིན་དུ། ཕྱོགས་ཕྱོགས་ནས་རང་བཞིན་ཤུགས་ཀྱིས་འདུས་ཏེ། ལོ་གསུམ་གྱི་བར་དུ་ཀུན་གྱིས་མཚམས་སྒྲུབ་པ་ལྷན་དུ་བྱས་མཐར། ད་ནི་མི་སྡོད་སོ་སོར་གྱེས་ནས་འགྲོ་བ་འདི་བཞིན་དུ། །སྤྱིར་འཇིག་རྟེན་འཁོར་བའི་ཆོས་རྣམས་མི་རྟག་མི་བརྟན་ལོ་རེ་བཞིན་འགྱུར་ཞིང་འགྲོ་བས་ཡིད་བརྟན་མེད། ཁྱད་པར་འོ་སྐོལ་རྣམས་ཚེ་ཕྱི་མའི་ཡུལ་ལ། ལོ་བརྒྱད་ཅུ་ཚུན་ལ་སྔ་ཕྱི་གོ་རིམ་མེད་པར་འགྲོ་དགོས་ཤིང་ནམ་འགྲོ་ཆ་མེད། དོ་ནུབ་ཡིན་ཡང་གཉེན་མཛའ་བཤེས་ཀུན་དང་བྲལ་ནས་བར་དོར་གཅིག་པུར་མི་འགྲོ་བའི་ངེས་པ་མེད་པས་ན། རྟག་འཛིན་ཕྱི་བཤོལ་བྱས་ན་ཆོས་སྐལ་འཆད་པས། ད་ནི་གང་ལ་ཡང་མ་ཆགས་མ་ཞེན་པ་བྱས་ནས། མྱུར་དུ་དམ་པའི་ཆོས་ཁོ་ན་

p. 549

ལ་འབད་དགོས། སྙིང་ནས་ཆོས་བཞིན་བྱེད་ན་སྔོན་ཇོ་བོ་རྗེ་ལྷ་གཅིག་འབྱོན་ཁར་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པ་སྙིང་གཏམ་ལྷུག་པར་སྨྲ་བ་སེང་གེའི་སྒྲ་དབྱངས་ཞེས་བྱ་བ་འདི་བཞིན་བྱེད་འཚལ་ཞེས་དེའི་ལུང་བློ་ཐོག་ནས་བྱས་པའི་མཐར། ད་ནི་ངའི་ཆོས་བཤད་ཀུན་གྱི་མཇུག་བསྡུ། ཞལ་གདམས་ཀུན་གྱི་ཐ་མ། འགྲོ་ཁའི་བསླབ་བྱ་འདི་ལ་ཉོན་ཞེས་གླུ་འདི་བླངས་སོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྟེང་སྤྱི་གཙུག་བདེ་ཆེན་རྒྱན་དུ་བཞུགས། །བུ་འདིར་འཚོགས་བློ་ཁ་ཆོས་ལ་སྒྱུར། །བློ་ཆོས་མིན་སྣང་བ་འགག་ཏུ་གསོལ། ཁྱེད་འདིར་འཚོགས་དད་ཅན་བུ་སློབ་རྣམས། །ངའི་ཕན་པའི་སྙིང་གཏམ་འདི་ལ་ཉོན། །རྗེ་བཀའ་དྲིན་འཁོར་མེད་བླ་མ་ལ། །དུས་རྒྱུན་འཆད་མེད་པར་གསོལ་བ་ཐོབས། །རྟེན་མི་ལུས་ཡང་ཡང་རྙེད་པར་དཀའ། །ད་རྙེད་དུས་ཆོས་ཀྱི་སྙིང་བོ་ལོངས། །ཀུན་འཆི་ངེས་ནམ་འཆི་ངེས་པ་མེད། །ཚེ་འདི་ཡི་བྱ་བ་བློ་ཡིས་ཐོངས། །མར་ངན་སོང་སྡུག་བསྔལ་བཟོད་པར་དཀའ། །འཇིགས་དེ་ལས་སྐྱོབ་ཕྱིར་སྐྱབས་འགྲོ་གྱིས། །ལས་རྒྱུ་འབྲས་ནམ་ཡང་བསླུ་བ་མེད། །སྡིག་མི་དགེ་སྤོངས་ལ་དགེ་བ་སྒྲུབས། །སྤྱིར་འཁོར་བའི་གནས་ན་བདེ་བ་མེད། །གནས་འདི་ལས་ཐར་པའི་ཐབས་ལ་འབོད། །ཐབས་བསླབ་གསུམ་ཡིན་ཡང་ཁྱད་པར་དུ། །གཞི་ཚུལ་ཁྲིམས་མིག་གི་འབྲས་བཞིན་སྲུངས། །གཞན་འགྲོ་ཀུན་དྲིན་ཅན་ཕ་མ་ཡིན། །བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་

p. 550

སྦྱོངས། །ལམ་ཕར་ཕྱིན་དྲུག་ལ་ཆོས་ཀུན་འདུས། །འདི་དྲུག་ལ་རྒྱུན་དུ་ལག་ལེན་གྱིས། །ལམ་ཤིན་ཏུ་མྱུར་བ་གསང་སྔགས་ཡིན། །འདི་གསང་ནས་ཉམས་སུ་ལེན་པ་གཅེས། །ཆོས་འདི་བཞིན་ཉམས་སུ་ལེན་འདོད་ན། །དུས་རྒྱུན་དུ་རི་ཁྲོད་དབེན་པ་སྟེན། །ལོ་ཟླ་མཚམས་ཙམ་གྱིས་སངས་མི་རྒྱ། །ཚེ་སྒྲུབ་པ་སྙོམས་པ་ཤིན་ཏུ་གཅེས། །འདི་ཞལ་གདམས་ཀུན་གྱི་མཐར་ཐུག་ཡིན། །ཤི་སོང་ཡང་ཁ་ཆེམས་འདི་ལས་མེད། །ཆོས་འདི་བཞིན་ཉམས་སུ་ལེན་པ་ལ། །གེགས་གོལ་ས་མེད་པའི་སྨོན་ལམ་འཚལ། །ཞེས་སྨྲས་པས། ཀུན་གྱིས་ལུས་འཕྲེང་བའི་རྣམ་འགྱུར། ངག་འཕྲེང་བའི་སྙིང་གཏམ། སེམས་འཕྲེང་བའི་སྐྱོ་ཤས་ཚད་མེད་པའི་ངང་ནས་རང་རང་ལ་ཅི་ཡོད་ཀྱི་ནོར་ཕུལ། སྐྱབས་འཇུག་རྒྱས་པར་ཞུས་པའི་མཐར་སློབ་མ་རྣམས་ཀྱིས་དབྱངས་འདི་ཡང་ཕུལ་བྱུང་། །ཚེ་འདི་ཕྱི་བར་དོའི་གཏན་གྱི་སྐྱབས། །ངེད་མ་རིག་དམུས་ལོང་རྣམས་ཀྱི་མིག །ནད་ཉོན་མོངས་སེལ་བའི་སྨན་པ་མཆོག །རྗེ་རྩ་བའི་བླ་མ་བཀའ་དྲིན་ཅན། །ཁྱེད་མི་བཞུགས་གཞན་དུ་ཕེབས་གྱུར་ན། །དཔེ་ལོང་བ་ཐང་དཀྱིལ་ལུས་པ་བཞིན། །ཀུན་འགྲོ་ཡང་མི་ཕོད་སྡོད་མི་ཚུགས། །ངེད་བུ་སློབ་རྣམས་ཀྱིས་ཇི་ལྟར་བྱ། །མས་བུ་ཆུང་བསྐྱུར་ནས་སོང་ཙ་ན། །མིག་མཆི་མས་གང་ནས་ངུ་བ་བཞིན། །མགོན་ཁྱོད་དང་འབྲལ་གླགས་མི་ཕོད་རུང་། །གདོང་མཆི་མས་གང་བཞིན་འབྲལ་དགོས་བྱུང་། །དཔེ་བུ་ཆུང་ཤུལ་དུ་ལུས་ན་ཡང་། །མ་དྲན་ནས་ཡང་ཡང་

p. 551

འབོད་པ་ལྟར། །ངེད་བུ་སློབ་ཤུལ་དུ་ལུས་རྣམས་ཀྱིས། །རྗེ་དྲན་བཞིན་གསོལ་བ་ཡང་ཡང་འདེབས། །མ་བཟང་མོ་རི་ལ་ཕྱིན་ན་ཡང་། །བུ་མི་བརྗེད་སེམས་ཀྱིས་དྲན་པ་ལྟར། །མགོན་ཁྱོད་ནི་ས་ཕྱོགས་གར་ཕེབས་ཀྱང་། །ངེད་ཐམས་ཅད་བརྩེ་བའི་ཐུགས་ཀྱིས་སྐྱོངས། །མར་འཁོར་བའི་མཚོ་ལས་སྒྲོལ་མཁན་གྱི། །རྗེ་མཉན་པ་བཟང་བོ་བདེ་བར་ཕེབས། །ཡར་ཐར་པའི་ས་ལམ་སྟོན་མཁན་གྱི། །རྗེ་དེད་དཔོན་ཆེན་པོ་བདེ་བར་ཕེབས། །ནང་ཉོན་མོངས་དུག་ལྔའི་ནད་སེལ་བའི། །རྗེ་སྨན་པའི་རྒྱལ་པོ་བདེ་བར་ཕེབས། །ནོར་ཡོད་དགུ་བྱིན་ནས་ངན་ད་གུ་སྐྱོང་། །རྗེ་ཆོས་ཀྱི་རྒྱལ་པོ་བདེ་བར་ཕེབས། །སྐུའི་བཀོད་པ་གདུལ་བྱ་ཡོངས་ལ་སྣང་། རྗེ་ལྷ་དབང་བརྒྱ་བྱིན་བདེ་བར་ཕེབས། །གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོག །རྗེ་ཚངས་པའི་དབང་བོ་བདེ་བར་ཕེབས། །ཐུགས་གསལ་སྟོང་ངང་ནས་ཆོས་ཀུན་གཟིགས། །རྗེ་ཀུན་མཁྱེན་སངས་རྒྱས་བདེ་བར་ཕེབས། །དུས་ད་དུང་འདི་ཕྱི་བར་དོ་རུ། །ཞལ་ཡང་དང་ཡང་དུ་མཇལ་བར་ཤོག །རྗེ་གང་དུ་བཞུགས་པའི་ཞིང་ཁམས་དེར། །ངེད་བུ་སློབ་ཐམས་ཅད་སྐྱེ་བར་ཤོག །ཅེས་ཕུལ་གྲུབ་པ་དང་། བདག་གིས་ཀུན་ལ་བསྔོ་བ་དང་བཀྲ་ཤིས་རྒྱས་པར་བྱས་ནས། མ་འོངས་པ་ན་དཔོན་སློབ་ཀུན་དག་པའི་ཞིང་ནས་མཇལ་བའི་མཚམས་སྦྱོར་སྨོན་ལམ་གྱི་གླུ་འདི་བླངས་སོ།། །འདི་ཕྱི་བར་དོ་ཡི་སྐྱེལ་མ། །སྐྱབས་མགོན་ཡིད་བཞིན་གྱི་ནོར་བུ། །

p. 552

འབྲལ་མེད་སྤྱི་གཙུག་ཏུ་བཞུགས་ལ། །བྱིན་རླབས་དངོས་གྲུབ་ཀྱི་ཆར་ཕོབ། །སྟོད་སྨད་བར་གསུམ་ནས་འོངས་པའི། །རང་རེ་དཔོན་སློབ་ཀྱི་ཚོགས་རྣམས། །ད་ནི་སོ་སོ་རུ་གྱེས་ཚེ། །སྐྱོ་བ་རང་ཤུགས་ཀྱིས་སྐྱེས་བྱུང་། །གངས་སྟོད་མཐོན་པོ་ལ་འཕྱོ་བའི། །དར་སེང་དཀར་མོ་ཡི་ཚོགས་རྣམས། །གཡུ་རལ་ལེགས་པོ་དེ་ངོམ་བཞིན། །གངས་སྟོད་དེ་ཀ་རུ་བཞུགས་ཤིག །དེ་ལ་ལན་ཅིག་ཙམ་འཁོར་བའི། །དྲང་སྲོང་ཐང་དཀར་གྱི་རྒོད་པོ། །གངས་ལ་ཕྱི་མིག་རང་ལྟ་བཞིན། །ཐག་རིང་ས་ཕྱོགས་ལ་ཆས་འགྲོ །གངས་རིའི་ཕྱོགས་བཞི་ན་གནས་པའི། །མཆེད་ལྕམ་བུ་སློབ་ཀྱི་ཚོགས་རྣམས། །དགེ་སྦྱོར་གོང་འཕེལ་དུ་གཏོང་བཞིན། །གནས་ཆེན་འདི་ཀ་རུ་བཞུགས་ཤིག །དེ་ལ་ལན་ཅིག་ཙམ་འོངས་པའི། །བྱ་བཏང་ཚོགས་དྲུག་ནི་རང་གྲོལ། །གང་ལའང་དག་སྣང་རང་སྦྱོང་བཞིན། །ཐོག་རིང་རྒྱལ་ཁམས་ལ་ཆས་འགྲོ །ཕྱི་ནས་གནས་ཚུལ་འདྲ་གོ་ཡང་། །དངོས་སུ་མཇལ་རྒྱུ་ཞིག་མི་འོང་། །མཇལ་བ་ད་ལན་ཙམ་ཡིན་པས། །སྙིང་གཏམ་སེམས་ལ་རང་ཞོག་དང་། །ད་ནས་མཇལ་རྒྱུ་ཞིག་མེད་རུང་། །སྐྱེ་བ་འདི་ཉིད་ཀྱི་འོག་ཏུ། །ཤར་ཕྱོགས་མངོན་དགའ་ཡི་ཞིང་ནས། །མཇལ་བའི་སྨོན་ལམ་རང་འཚལ་ལོ། །ཞེས་བླངས་པས། དེར་འཚོགས་པའི་གྲྭ་བུ་སློབ་ཕལ་ཆེར་གྱི་མིག་ནས་མཆི་མ་བྱུང་། ཀུན་གྱི་སྨྲ་བ་རྣམས་ཆག་ནས་ཡུད་ཙམ་ལུས་པ་བྱུང་། དེ་ནས་ཀུན་གྱིས་བདག་རྫོང་མདོ་བར་དུ་སྐྱེལ་ཐུང་མཛད་མཐར་ས་དེ་རུ་ཕྱག་འཚལ་སྐོར་བ་བྱས་ནས་

p. 553

བསྡད་སོང་། ངས་ཀྱང་སྐབས་རེར་ཕྱི་མིག་ལྟ་བཞིན་འོང་། ཀུན་ང་མཐོང་རེག་གི་བར་དུ་བསྡད་ནས། མཐར་སྔ་ཕྱི་རིམ་པ་བྱས་རང་རང་གི་གནས་སུ་སོང་ངོ་། །གངས་རི་ནས་ཐོན་ཏེ་དེའི་ཐག་ཉེ་གང་ཟག་པ་དང་། བར་ཁ་རྟ་ཟམ་དུ་འགྲོ་དོན་ལ་སོང་བའི་མཚན་མོ་རྨི་ལམ་དུ་མཚོ་ཆེན་པོ་ལ་གྲུ་བཏང་ནས་འགྲོ་བ་དང་། མི་གཙང་བའི་ཐང་ཆེན་པོ་ལ་རྟ་ཞོན་ནས་འགྲོ་བ་སོགས། འདོད་ཡོན་ལོངས་སྤྱོད་མང་པོ་འོངས་པའི་རྨི་ལམ་སྣ་ཚོགས་པ་རྨིས་པ་བྱུང་། དེ་ནས་རྩེ་བརྒྱད་དགོན་པ་དང་། འགོ་པ་རིན་ཆེན་གྱི་སྐོར།་གཉལ་ལ་ཕྱུག་པོའི་སྐོར། རྡོ་ཆུའི་དགོན་པ། སྲེ་ཏ་པུ་རི། ཁྱུང་ལུང་དགོན་བར་དུ་གནས་མཇལ་དང་འགྲོ་དོན་སྦྲགས་མ་ལ་སོང་། གནས་རྟེན་རྣམས་ལ་མཇལ་མཆོད་འབུལ་བྱས། ཡོན་བདག་རྣམས་ལ་ཆོས་བཤད་པས། འགོ་པ་རིན་ཆེན་ནས་དངུལ་སྲང་བཞི་བཅུར་འགྲོ་བའི་གཟིམས་གུར་ཆེན་པོ་གཅིག་དང་། གསེར་ཞོ་ལྔ་ཕུལ། གཞན་ཡོན་བདག་རྣམས་ཀྱིས་གསེར་དངུལ་ལུས་གོས་རྒྱན་ཆ་སོགས་ཟས་ནོར་ལོངས་སྤྱོད་མང་པོ་ཕུལ། དེ་ནས་ཕྱིར་འོང་། མ་ཕམ་གཡུ་མཚོའི་འགྲམ་གྱི་གད་པ་གསེར་གྱི་བྱ་སྐྱིབས་དགོན། བོན་རི་དགོན། སེར་ར་ལུང་དགོན། བོན་མོ་ཕུག་གི་དགོན་པ་རྣམས་ལ་མཇལ། འགྱེད་མང་ཇ་བཏང་། མཆོད་འབུལ་བྱས་སྨོན་ལམ་བཏབ། དེ་ནས་འབྲོག་པ་ཧོར་སྟོད་པ་ཁ་ཤས་དང་རོང་ཕྱོགས་ཀྱི་གྱི་མི་རུ་སོང་། དེར་རོང་ཤེལ་མོ་གངས་ཀྱི་ཡོན་བདག་མང་པོ་མཇལ་དུ་འོང་བ་

p. 554

ལ། ཆོས་བཤད་པས་ཀུན་གྱི་སྣང་བ་ཆོས་ལ་འགྱུར་ཟས་གོས་མང་པོ་འབུལ་མཁན་བྱུང་། ཡང་རོང་ལྷོ་ངོས་ཕྱུག་པོ་དང་། སྤུ་ཧྲེངས་སྟོད་སྨད་བར་གསུམ་ལ་རིམ་གྱིས་སོང་ནས། གྲྭ་བུ་སློབ་ཡོན་བདག་བརྒྱ་སྟོང་དུ་མ་ལ། ཚེ་དབང་དང་ཐུགས་རྗེ་ཆེན་པོའི་དབང་། ཡི་དམ་ལྷའི་བསྐྱེད་རྫོགས་ཀྱི་ལུང་ཁྲིད་དང་། གཞན་ཡང་གང་ལ་གང་འཚམས་ཀྱི་ཆོས་མང་པོ་བཤད་དུས། ཐོག་མར་ཆོས་ཀྱི་སྣོད་རུང་དུ་རྡོར་སེམས་བསྒོམ་བཟླས་དང་།་སློབ་མ་རྣམས་ཀྱི་སྤྱི་བོར་བླ་མ་སངས་རྒྱས་རྡོ་རྗེ་འཆང་གི་རྣམ་པར་བསྒོམས་ནས་བྱིན་རླབས་བྱས་ཏེ། དེ་ནས་ཐུན་མོང་གི་ཆོས་བཤད་ཀྱང་འདི་ལྟར་བྱས་སོ། །འོ་དེ་ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བ་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་དཔལ་ལྡན་བླ་མ་དམ་པའི་འདིའི་དྲུང་ནས་ཆོས་ཟབ་མོ་གསན་ནས། ཕྱིན་ཆད་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བཟང་པོའི་སྒོ་ནས་གསན་དགོས་ཏེ། དེ་ཡང་རྒྱུད་རྡོ་རྗེ་རྩེ་མོ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །ཞེས་དང་། ཚོམས་ལས། གཉིད་རྨུགས་ལེ་ལོ་རྣམས་སྤོངས་ལ། །རབ་ཏུ་དགའ་བ་བསྐྱེད་དེ་ཉོན། །ཞེས་དང་། སྐྱེས་རབས་ལས། ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་ལ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། སེམས་ཀྱི་

p. 555

ཀུན་སློང་བཟང་པོ་དང་། ལུས་ཀྱི་ཀུན་སྤྱོད་ཀྱང་རབ་ཏུ་གུས་པའི་སྒོ་ནས་གསན་པར་འཚལ། དེ་ཡང་འོ་སྐོལ་རྣམས་ཀྱིས་ད་རེས་དལ་འབྱོར་གྱི་གྲུ་བོ་ཆེ་འདི་རྙེད་པའི་དུས་འདིར། འཇིགས་རུང་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་པ་ཞིག་བྱ་དགོས། དེའི་རྒྱུ་མཚན་གང་ཡིན་ཞེ་ན། རང་རེ་རྣམས་ཀྱི་སྔོན་གྱི་དགེ་བའི་མཐུ་ཞིག་ལ་བརྟེན་ནས་སྟབས་ཀ་ཡག་པ་ཙམ་ཞིག་འཕྲོད་དེ། ད་རེས་མི་ལུས་རིན་པོ་ཆེ་ཐོབ། དབང་བོ་སྒོ་ལྔ་ཚང་། སྨྲ་བསམ་དབང་དང་ལྡན། དགེ་བའི་བཤེས་གཉེན་གྱིས་ཟིན། རྒྱལ་བའི་བསྟན་པ་དང་མཇལ། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་འཁོར་བ་ལས་ཐར་ངེས་པའི་ཆོས་རྣམ་དག་ཅིག་མ་བྱས་ན། ཕྱིས་འདི་ལྟ་བུའི་རྟེན་ཤིན་ཏུ་རྙེད་པར་དཀའ་ཞིང་ཆོས་དང་མཇལ་བ་ཡང་ཤིན་ཏུ་དཀོན་ཏེ། སངས་རྒྱས་ཀྱི་ཞལ་ནས། འཇིག་རྟེན་ཁམས་ནི་གྲངས་མང་ཡང་། །འཛམ་གླིང་སོག་ཁར་སྐྱེ་བ་དཀོན། །གཙང་མའི་མི་ལུས་ནི་ཤིན་ཏུ་དཀའ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ན་ཀུན་མཁྱེན་དག །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ནང་ན་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པའོ། །ཞེས་དང་། རྗེ་བདག་ཉིད་ཆེན་པོས། མི་ཡི་ལུས་དང་བསྟན་དང་མཇལ་བ་ནི། །ཡང་ཡང་མི་རྙེད་ད་རེས་ཙམ་ལགས་ཤིང་། །འདི་ན་དོན་ཆེན་སྒྲུབ་པའི་གནས་

p. 556

ཡོད་པས། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །ཞེས་དང་། ཀུན་མ ཁྱེན་ཀློང་ཆེན་རབ་འབྱམས་པས། དལ་འབྱོར་འདི་ནི་ཐོབ་པ་བརྒྱ་ལམ་ཙམ། །དེ་བས་ཆོས་དང་འཕྲད་པ་ཉིན་སྐར་ཙམ། །ཐེག་མཆོག་ཆོས་དང་མཇལ་བ་སྲིད་མཐའ་ཙམ། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །ཞེས་གསུངས་པ་བཞིན་ཆོས་ཤིག་བྱེད་དགོས། གལ་ཏེ་མ་བྱས་ན་དེད་དཔོན་རྒྱ་མཚོའི་གླིང་དུ་ཕྱིན་ནས་ལག་སྟོང་དུ་འོངས་པ་ལས་ཀྱང་ཆེས་ཤིན་ཏུ་བླུན་ཏེ། སྲོག་མ་ཆད་ཀྱང་རོ། འདྲེས་མ་ཁྱེར་ཀྱང་སྨྱོན་པ་ཡིན་ཏེ། དཔེར་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་ཞིག་མི་གཙང་བ་ཁ་ལུད་དང་བཤང་གཅི་ལ་སོགས་པའི་སྣོད་བྱེད་པ་ལས་ཀྱང་ཆེས་ཤིན་ཏུ་བླུན་ཏེ། བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །མི་གཙང་ཕྱགས་དར་ཕྱེད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ཉིད། །ཅེས་གསུངས། དེ་ལྟ་བུའི་བླུན་པོ་ཐ་ཆད་རྣམས་ཀྱིས་ཕྱིན་ཆད་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་རྙེད་པ་ཕར་ཞོག ངན་སོང་གསུམ་གྱི་གཡང་དུ་ལྷུང་ནས། བསྐལ་པ་བྱེ་བ་མང་པོའི་བར་དུ་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་ཏེ། སྤྱོད་འཇུག་ལས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་པས། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས། དེས་ན་ཚེ་འདིའི་ལྟོ་གོས་ཅུང་ཟད་རེའི་ཕྱིར་སྡིག་བསགས་ནས། ཕྱི་མར་བདེ་

p. 557

འགྲོའི་སྒྲ་ཙམ་ཡང་མི་ཐོས་པར་བྱེད་པའི་མི་དེ་ལས་བླུན་པ་ཞིག་འཇིག་རྟེན་གྱི་ཁམས་འདི་ན་མེད་དེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པའང་གཞན་མེད་ཅིང་། །འདི་ལས་རྨོངས་པའང་གཞན་མེད་དོ། །གསུངས། དེ་ལྟ་བུའི་བླུན་པོ་ཐ་ཆད་ཀྱི་སྡིག་ཅན་དེ་འཆི་བའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་བའི་གནས་སུ་འགྱུར་ཏེ། སློབ་དཔོན་ཆེན་པོས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་སྟོང་ལོག་མཁན་རྣམས་སྙིང་རེ་རྗེ། །གསུངས། དེས་ན་ཕོ་མོ་མདོ་དོན་ཆེ་ཆུང་ཀྱང་ཆོས་ཡོད་མེད་ཀྱི་སྟེང་ནས་འབྱེད་དགོས་ཏེ། ཕ་དམ་པའི་ཞལ་ནས། སྙིང་རུས་མེད་པའི་མི་ལ་སངས་རྒྱས་དཀོན། །དཀའ་བ་དང་དུ་ལོངས་ཤིག་དིང་རི་བ། །ད་ལྟ་མི་ཁོམ་ཁོམ་དུས་ནམ་ཞིག་འོང་། །དུས་བརྒྱ་ཟ་མ་གཅིག་ཡིན་དིང་རི་བ། །ཕོ་མོ་མདོ་དོན་ཆེ་ཆུང་ད་རེས་ཤེས། །ཚེ་ལ་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས་པ་བཞིན་དུ་ཚེ་འདིར་ཆོས་ཀྱི་ཡུལ་དབུས་སུ་སྐྱེས་ནས་ཚེ་ཕྱི་མར་སྟོང་ལོག་ཏུ་མི་འགྲོ་བར། ཕོ་སྤྱང་གྲུང་འཛོམ་པ་རྣམས་ཀྱིས་ད་རེས་མི་ལུས་རིན་པོ་ཆེ་འདི་དམ་པའི་ཆོས་ཀྱི་སྒོ་ནས་དོན་དང་བཅས་པ་ནོམ་པ་དང་བཅས་པ་ཞིག་བྱེད་འཚལ། དེ་ཡང་ག་ལེ་སོས་དལ་དུ་བྱས་ན་ཆོག་གམ་སྙམ་ན་མི་ཆོག་སྟེ། དེ་ཡི་རྒྱུ་མཚན། རང་རེ་རྣམས་

p. 558

ཀྱིས་མི་ལུས་རིན་པོ་ཆེ་ཐོབ་ཀྱང་ཡུན་རིང་མི་སྡོད་པར་འཆི་བ་ཡིན་ཏེ། སངས་རྒྱས་ཀྱི་ཞལ་ནས། སྐྱེ་བ་ཡོད་ན་འཆི་བ་ཡོད། །དར་བ་ཡོད་ན་རྒུད་པ་ཡོད། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་དང་། སློབ་དཔོན་ཆེན་པོས། མི་རྟག་བློ་གཏད་མེད་པར་མ་ཤེས་ན། ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །འཆི་ཀའི་ནད་པ་སྣུམ་ཟད་མར་མེ་འདྲ། །ཚེ་ཡི་འཕེལ་རྐྱེན་ཟད་པས་བསྡད་དབང་མེད། །ཅེས་གསུངས་པ་བཞིན་སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་ཙམ་ཡང་མེད་ལ། ཡོད་དམ་མེད་དམ་སྙམ་པའི་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་པ་ཡིན་ཏེ། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་པ་བཞིན་དུ། ཆེ་བ་དགེ་བའི་བཤེས་གཉེན་ནས། བཟང་བ་ས་བདག་རྒྱལ་པོ་ཡན་ཆད། ཕྱུག་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནས་ལྟོགས་པ་སློང་སྤྲང་ཡན་ཆད་ཆུང་དུ་མ་ལས་སྐྱེས་འཕྲལ་ནས། རྒན་པོ་ལོ་ལོན་ལོ་བརྒྱད་ཅུ་མན་ཆད། འཆི་བདག་གི་དབང་དུ་མ་སོང་བ་གཅིག་ཀྱང་མེད་ལ། དེ་ཡང་རང་རེ་རྣམས་ཀྱི་ཡུལ་མི་གྲོང་བ། རྒས་པའི་ཕ་མ། སྐྱེས་པའི་བུ་ཚ། འཛའ་བའི་གཉེན་བཤེས། ཕལ་ཆེ་བས་

p. 559

ཚེ་འདིར་སྡོད་གཤོམ་མང་དུ་བྱས་ཀྱང་། འཆི་བདག་བདུད་པོ་ཁོ་བྱུང་ཚེ། སྡོད་དབང་སྐད་ཅིག་ཙམ་ཡང་མ་བྱུང་བར། ཚེ་ཕྱི་མའི་ཡུལ་ལ་ཆོས་མེད་ལག་སྟོང་དུ་སོང་བ་རྣམས་སོམས་དང་། འོ་སྐོལ་རྣམས་ཀྱང་དེའི་རང་བཞིན་ལས་མ་འདས། དེ་ཡང་དཔེར་ན་གསོད་སར་འཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟར། ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་གྱིས་འཆི་བདག་བདུད་པོ་འཇིགས་སུ་རུང་བའི་ཁ་ནང་དུ་ཐག་ཇེ་ཉེ་ཇེ་ཉེར་འགྲོ་བ་ཡིན་ཏེ། ཚོམས་ལས། དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་བོར་བ། །གསོད་པའི་དྲུང་དུ་བསྙེགས་པ་ལྟར། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་དང་། བུ་མོ་ས་ལེ་འོད་ཀྱིས། ཚེ་སྔོན་བསོད་ནམས་བསགས་པའི་མཐུས། །དུས་ལན་ཅིག་ཐོབ་པའི་མི་ལུས་འདི། །ལོ་དང་ཟླ་བས་རྒྱབ་ནས་དེད། །ཞག་དང་ཟ་མས་མདུན་ནས་ཁྲིད། །སྐད་ཅིག་མི་འདོད་འཆི་ལ་ཉེ། །བསམ་ཞིང་བུ་མོ་བློ་མ་བདེ། །དེས་ན་དམ་པའི་ལྷ་ཆོས་བྱེད། །ཅེས་གསུངས་ལ། འཆི་བར་ངེས་ཀྱང་ནམ་འཆི་ལ་ངེས་པ་མེད་དེ། དུས་དེ་རིང་ཡང་ཁ་བཀྲག་ཡལ་ལེ་བ། ཕྱི་དྲོ་དགོང་ཁ་འམ། སང་གནངས་ལྟ་བུ་ལ་ཡང་རོ་ནག་ཐུལ་ལེ་བྱུང་བ་གྲངས་མེད་དེ། དེ་རྣམས་ལ་སང་གནངས་ང་འཆི་བསམ་པ་ཞིག་མེད་ཀྱང་། འབྱུང་བཞིའི་ལུས་འདི་ལ་བློ་གཏད་ཟན་རྡོག་ཅིག་ཟ་བའི་ཡུན་ཙམ་ཡང་མེད་ལ། དབུགས་རླངས་པ་ཙམ། དྲོད་མེ་སྟག་ཙམ་པ་འདི་སྐད་ཅིག་ལ་འཆད་ཉེན་ཡོད་པས། ཆོས་ལོ་སྔ་མ་

p. 560

ཕྱི་མ་གཉིས་ཀྱི་སྔ་མ། དེ་རིང་ནངས་པར་གཉིས་ཀྱི་དེ་རིང་ཡིན་ཡང་ཆོས་བྱེད་རྒྱུའི་སྐལ་བ་བྱུང་ན་བྱེད་པའི་དུས་ཡིན་ལ། སྡོད་པའི་དུས་མ་ཡིན་ཏེ། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞལ་ནས། དུས་ད་ནངས་དགྲ་འདུལ་གཉེན་སྐྱོང་གི །གྲོས་བྱེད་དུས་ལུས་བདེ་སེམས་ཀྱང་རྒོད། །དགོང་སྲོད་ལ་བབས་ཚེ་དུར་ཁྲོད་དུ། །ལུས་བྱ་ཁྱིས་ཟ་བ་ཅང་བདེན་ནམ། །ཞེས་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་རྩིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །གསུངས། འཆི་བའི་དུས་ལ་བབ་པའི་ཚེ། དམ་པའི་ཆོས་མ་གཏོགས་གཞན་ཚེ་འདིར་རང་གིས་བརྩིགས་པའི་ཁང་ཁྱིམ། བསགས་པའི་ནོར་རྫས། འགྲོགས་པའི་གཉེན་འབྲེལ། བུ་དང་ཆུང་མ་འཁོར་དང་ལོངས་སྤྱོད་ཀྱི་རིགས་གང་གིས་ཀྱང་ཕན་པ་མེད་དེ། འཇམ་དཔལ་རྣམ་པར་རོལ་བ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩི་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ །ཞེས་དང་། སློབ་དཔོན་ཆེན་པོས། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས། །དབང་པོ་ཆེ་ཡི་ཁྲིམས་ལ་གཏུག་ཏུ་མེད། །སྨྲ་མཁས་ཅན་གྱིས་ཡུས་ཤགས་འདེབས་སུ་མེད། །མི་འཐེབ་ཡོད་པས་བླུས་མ་བཏང་དུ་མེད། །ཟས་ནོར་བྲོ་ཟན་གཅིག་དང་འགྲོགས་དབང་མེད། །

p. 561

མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ །ཞེས་གསུངས་པ་བཞིན་དུ་འཆི་བའི་དུས་ལ་བབ་པའི་ཚེ། སྟོབས་དང་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙམ་ཞིག་ཡོད་ཀྱང་། རང་ལ་ཕན་པ་རྡུལ་ཙམ་ཡང་མེད། ནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་བ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་འཁྱེར་དབང་ནི་མེད། ཕ་མ་གཉེན་བཤེས་གྲོགས་མཆེད་མང་པོས་མཐའ་བསྐོར་ཡང་གཅིག་ཀྱང་འཁྲིད་དབང་མེད། མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན། རྒྱུས་མེད་ཆ་མེད་ཀྱི་བར་དོའི་འཕྲང་རིང་བོ་ལ། སྐྱབས་མེད་མགོན་མེད་དུ་རང་ཉིད་གཅིག་པུར་འགྲོ་དགོས་པའི་དུས་ཤིག་ངེས་པར་འབྱུང་ལ། བྱུང་བ་ཙམ་དུ་མ་ཟད་བར་དོའི་འཁྲུལ་སྣང་འཇིགས་སྐྲག་དྲག་པོ་བསམ་གྱིས་མི་ཁྱབ། བརྗོད་ཀྱིས་མི་ལང་བ་མྱོང་བར་འགྱུར་ལ། དེའི་དུས་སུ་ཡང་། ཕན་པ་དམ་པའི་ཆོས་དང་འདྲེན་མཁན་བླ་མ་དཀོན་མཆོག་མ་གཏོགས་ཚེ་འདིའི་རྒྱུ་ནོམ་པ་གཉེན་མཛའ་བཤེས་གང་གིས་ཀྱང་ཕན་པ་མེད་ལ། དེ་ཙམ་དུ་མ་ཟད་ལས་དང་ཉོན་མོངས་དབང་གིས་སླར་ཡང་ཁམས་གསུམ་འཁོར་བའི་གནས་འདིར་འཁོར་ཕྱིན་ཆད་སྡུག་བསྔལ་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་དེ། དེ་ཡང་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བཟོད་དཀའ། །ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་ཉམ་ཐག དུད་འགྲོའི་གནས་སུ་སྐྱེས་ན་གསོད་ཟ་བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་ཡི་མུག མི་ཡི་ནང་དུ་

p. 562

སྐྱེས་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དུ་བྲོ། ལྷ་མ་ཡིན་དུ་སྐྱེས་ན་འཐབ་རྩོད་ཀྱི་སྡུག་བསྔལ་ཡ་ང་། ལྷའི་གནས་སུ་སྐྱེས་ན་ཡང་འཆི་འཕོ་ལྟུང་བའི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་སྟེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟོས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། སློབ་དཔོན་ཆེན་པོས། ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་དེར། །གཅིག་ནས་གཅིག་ཏུ་ཟོ་ཆུན་ཁྱུད་མོ་བཞིན། །མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །ཞེས་དང་། ལྷོ་བྲག་མར་པས། །བུ་ཡིས་འཁོར་བའི་སྡུག་བསྔལ་སོམས། །འཁོར་བའི་རང་བཞིན་འདི་འདྲ་ཞེས། །བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས། །བསྐལ་པ་བྱེ་བ་བསམ་ཡས་སུ། །བཤད་ཀྱང་བརྗོད་ཀྱིས་མི་ལང་བས། ངས་བ ཤད་དམ་ཆོས་ཆུད་མ་ཟོན། །ཞེས་གསུངས་པ་བཞིན་འཁོར་བའི་སྡུག་བསྔལ་བཤད་ན་བརྗོད་མི་ལང་བས། མདོར་ན་ཁམས་གསུམ་འཁོར་བ་འདིའི་ནང་གི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད། བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་བསྒྲུབ་པའི་ཐབས་འབའ་ཞིག་ལས་མི་འདུག་པས། ནག་

p. 563

ཅན་བཙོན་དོང་ནས་བྲོས་པ་ལྟར། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཉོན་གྱི་རྦ་ཀློང་ཆེན་པོ་དྲག་ཏུ་འཁྲུག་ཅིང་། སྡུག་བསྔལ་གསུམ་གྱི་ཆུ་སྲིན་འཇིགས་སུ་རུང་བས་གང་བ་འདི་ལས་ཐར་པ་ཞིག་བྱ་དགོས། དེ་ཡང་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཆོག་པར་སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་སྔོན་མའི་དྲིན་ཅན་གྱི་ཕ་མ་ཡིན་པས་འདི་དག་རྣམས་ཀྱང་འཁོར་བ་ལས་བསྒྲལ་དགོས། དེ་ཡང་རང་ཉིད་འཁོར་བ་ལས་ཐར་ནས་སེམས་ཅན་རྣམས་ཀྱང་འཁོར་བ་ལས་སྒྲོལ་བ་ལ། ཐོག་མར་རང་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡ་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་དགོས། དེ་འཐོབ་པའི་ཐབས་སུ་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་གསུངས་ཀྱང་། མདོར་བསྡུ་ན། སོ་སོ་ཐར་པའི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་སྡིག་པ་སྤངས་ནས་དགེ་བ་བསྒྲུབ་དགོས། དེ་ཡང་མི་དགེ་བ་ནི། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་དང་། མི་ཤེས་གཏི་མུག་སྟེ། དུག་གསུམ་གང་རུང་གི་དབང་གིས། སེམས་ཅན་གཞན་གྱི་སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚངས་པར་སྤྱོད་པ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ། མི་དགེ་བ་བཅུ་པོ་འདི་རང་གིས་བྱེད་

p. 564

པ་དང་། གཞན་ལ་བྱེད་དུ་འཇུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བ་ཙམ་ཡང་མི་བྱེད་པར་དུག་བཞིན་དུ་སྤང་བར་བྱའོ། །སྡིག་པ་ཆུང་ངུ་ཡང་མ་སྤངས་ན་ཁོང་དུ་དུག་སོང་བ་བཞིན། སྡུག་བསྔལ་རྒྱ་ཆེན་པོ་བསྐྱེད་དེ། །ཚོམས་ལས།སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་བར་སོང་བའི་དུག་བཞིན་ནོ། །གསུངས། དེས་ན་སྔར་བྱས་ཀྱི་སྡིག་པ་བཤགས་པ་དང་། ཕྱིན་ཆད་སྡོམ་སེམས་བྱེད་པ་གལ་ཆེ་སྟེ། དཔེར་ན་སྔ་དྲོ་དུག་ཟོས་པ་ཕྱི་དྲོ་སྨན་བཏང་ན་འཚོ་བ་བཞིན་དུ། བཤགས་སྡོམ་བྱས་ན་སྡིག་པ་དག་ནས། སྡིག་ཅན་རྣམས་ལ་ཡང་མཐོ་རིས་ཐར་པར་བགྲོད་པའི་སྐལ་བ་ཡོད་པས་ཀུན་གྱིས་མ་ཤི་གོང་དེར་རིག་པ་བསྒྲིམས་ནས་བཤགས་སྡོམ་ལ་འབད་འཚལ། དེ་ལྟར་མི་དགེ་བ་སྤངས་ནས་དགེ་བ་བསྒྲུབ་དགོས་པའི་དགེ་བ་དེ་གང་ཡིན་སྙམ་ན། སེམས་ཅན་ཐམས་ཅད་སྐྱེ་བ་སྔོན་མའི་དྲིན་ཅན་གྱི་ཕ་མ་རུ་བསམས་ནས། སྒོ་རྩ་རུ་འོང་བའི་ངན་སློང་སོགས་སྡུག་བསྔལ་ཅན་རྣམས་ལ་སྙིང་རྗེ་དང་། བདེ་བ་མེད་པ་རྣམས་ལ་བྱམས་པ་དང་། སེམས་ཅན་གྱི་སྡུག་བསྔལ་བསལ་ནས་བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱུ་བར་བྱ། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་བྱའོ་སྙམ་དུ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་སེམས་ཅན་གཞན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། སྡོམ་པ་བསྲུང་བ། བདེན་པར་སྨྲ་བ། མི་མཐུན་པ་བསྡུམས་པ། གཏམ་འཇམ་པར་སྨྲ་བ། གཞན་གྱི་ཡོན་ཏན་བརྗོད་པ། ཆོག་ཤེས་པ། །གཞན་

p. 565

ལ་བྱམས་པ། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། དགེ་བ་བཅུ་དང་། གཞན་ཡང་ཕྱག་འཚལ་བ། སྐོར་བ་བྱ་བ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། བཀའ་བཀླགས་པ། མཆོད་པ་འབུལ་བ། ཚིག་དོན་འཛིན་པ། གཞན་ལ་འཆད་པ། ཚིག་དོན་ལ་རྟོག་ཅིང་དཔྱོད་པ། ཡང་དག་པའི་དོན་ལ་མཉམ་པར་འཇོག་པ་སོགས་རྣམ་དཀར་དགེ་བའི་ལས་རང་གིས་བྱེད་པ་དང་། གཞན་ལ་བྱེད་དུ་འཇུག་པ་དང་། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བར་བྱའོ། །དེ་ལྟར་དགེ་བ་ཆུང་ངུ་ནས་བསྒྲུབས་ཀྱང་ཆུ་ཡི་ཐིགས་པས་བུམ་པ་གང་བ་བཞིན་རིམ་གྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཏེ། སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། རིམ་གྱིས་ཉུང་དུ་ཉུང་ངུས་དེ་ཡོངས་གང་བ་ལྟར།་དེ་བཞིན་དང་པོ་བྱང་ཆུབ་སེམས་ཀྱི་རྒྱུ་ཡིན་ཏེ།་རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར་གསུངས། དེས་ན་དགེ་བ་གང་བསྒྲུབས་ཀྱང་དཔའ་མི་ཞུམ་པར་དཔའ་བོ་གཡུལ་ལ་འཇུག་འཇུག བར་མཚམས་མེད་པ་མགལ་མེའི་འཁོར་ལོ་བསྐོར་བསྐོར། རྒྱུན་ཆད་མེད་པ་ཆུ་བོ་གངྒཱའི་རྒྱུན་ལྟར་གྱིས་དང་། ཚེ་འདིར་ཡང་བདེ་ཞིང་ཕྱི་མར་སྐྱིད་ལ། ནམ་ཕུགས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཞེས་གདུལ་བྱ་སོ་སོ་རང་རང་གི་བློ་ཁ་དང་འཚམས་པའི་རྒྱལ་བའི་བཀའ་དང་བླ་མའི་གསུང་རྣམས་སླར་ཚིགས་སུ་བཅད་ནས་དབྱངས་སུ་བླངས་པ་ནི་འདི་ལྟར་རོ། །ན་མོ་གུ་རུ། སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །

p. 566

བདག་གཞན་རྗེས་འཇུག་ཡོངས་ལ་ཐུགས་རྗེས་གཟིགས། །མགོན་པོ་ཁྱེད་ཀྱི་རྣམ་ཐར་ཟིན་པ་དང་། །གསུང་བཞིན་བསྒྲུབ་པར་ནུས་པར་བྱིན་གྱིས་རློབས། །རྣམ་འདྲེན་བཞི་པ་སྟོན་པ་སངས་རྒྱས་ཀྱི། །སྐྱེ་བ་སྔ་ཕྱིའི་རྣམ་ཐར་མཐའ་ཡས་ཀྱང་། །བསྡུ་ན་དང་པོ་བྱམས་དང་སྙིང་རྗེ་བསྒོམས། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་ཐུག་བསྐྱེད་ནས། །བར་དུ་རང་དོན་ཐམས་ཅད་ཡལ་བར་དོར། །མ་གྱུར་འགྲོ་བའི་དོན་ལ་འབད་པའི་མཐུས། །ཐ་མ་མྱུར་དུ་མངོན་པར་སངས་རྒྱས་ནས། །ད་ལྟ་འགྲོ་ཀུན་གཙུག་གི་རྒྱན་དུ་གྱུར། །སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་བཞིན། །མ་གྱུར་འགྲོ་ལ་བྱམས་དང་སྙིང་རྗེའི་སྒོས། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་བྱིན། །གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་ལོངས། །སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས། །རྒྱས་པར་ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། །བསྡུ་ན་མི་དགེ་སྤངས་ནས་དགེ་བ་བསྒྲུབས། །རང་རྒྱུད་ཉོན་མོངས་ཐུལ་ཞེས་གསུངས་པས་ན། །སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་གསུང་བཞིན། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །མི་དགེ་སྡིག་པ་བཅུ་པོ་དུག་བཞིན་སྤོངས། །སེམས་ཅན་གཞན་གྱི་སྲོག་སྐྱོབ་སྦྱིན་པ་ཐོངས། །སྡོམ་པ་བསྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་བསྣུམས་ཤིང་གཏམ་རྣམས་འཇམ་པོར་སྨྲོས། །གཞན་གྱི་ཡོན་ཏན་བརྗོད་ཅིང་ཆོས་ཤེས་བྱ། །འགྲོ་

p. 567

ལ་བྱམས་ཤིང་ལས་འབྲས་ཡིད་ཆེས་བསྐྱེད། །རྣམ་དཀར་དགེ་བ་བཅུ་པོ་དང་དུ་ལོངས། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་སེར་སྣ་ལ་སོགས་རང་རྒྱུད་ལ། །ཉོན་མོངས་གང་སྐྱེས་གཉེན་པོས་ཅི་ཐུལ་གྱིས། བྱ་བཏང་རྣལ་འབྱོར་ཚོགས་དྲུག་རང་གྲོལ་གྱིས། །སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་དང་། །གསུང་རབ་མདོར་བསྡུས་གླུ་རུ་བླངས་པ་འདི། །ཐོས་ཚད་རྣམས་ཀྱི་རྒྱུད་ལ་ཕན་པར་ཤོག །ཅེས་པ་ལ་སོགས་པའི་མགུར་དབྱངས་རྣམ་པ་སྣ་ཚོགས་བླངས། ཁྱད་པར་སེམས་ཅན་ཐམས་ཅད་སྐྱེ་བ་སྔོན་མའི་དྲིན་ཅན་གྱི་ཕ་མ་ཡིན་པས་ན། སྡིག་ཟས་ཕ་མའི་ཤ་ཁྲག་འདིའི་དོན་དུ་སྲོག་གཅོད་པ་གཏན་ནས་བྱེད་མི་རུང་ཞེས་ནན་ཏན་བྱས་བཤད་པས་ཕྱུག་པོ་ཐམས་ཅད་ཀྱིས་སྡིག་རྒྱུན་བཅད། ཕྱིན་ཆད་སྲོག་མི་གཅོད་པའི་དམ་བཅའ་ཕུལ། ར་ལུག་འབྲི་གཡག་མང་པོའི་ཚེ་ཐར་བ་བྱུང་། ཡུལ་མི་ཐམས་ཅད་ཚོགས་ནས་ཚོགས་བརྒྱ་བཏང་། སྟོན་མོ་རྒྱ་ཆེན་པོ་བྱས་ཏེ་མཐར་གླུ་འདི་འདྲ་གཏོང་བར་གདའ། སྐྱབས་མགོན་ཡིད་བཞིན་ནོར་བུ། །རིན་ཆེན་ཁྲི་ལ་བཞུགས་དང་། །གླུ་དང་གར་གྱི་མཆོད་པ། །སྤྱན་གྱིས་གཟིགས་སར་ཕུལ་ཡོང་། །པོ་ཏ་ལ་ཡི་རྩེ་ན། །རྒྱལ་བ་ཡབ་སྲས་བཞུགས་ཡོད། །སྐོར་བ་ལན་གསུམ་གྱིས་དང་། །ལུས་ཀྱི་སྒྲིབ་པ་དག་ཡོང་། །གཡུ་ཐོག་ཟམ་པའི་སྟེང་ནས། །རྒྱལ་བའི་ཆིབས་ཁ་བསྒྱུར་སོང་། །ཟམ་པའི་འོག་གི་ཉ་མོ། །ངན་སོང་མྱོང་དགོས་མི་འདུག །དགའ་

p. 568

དགའ་འདྲ་ལ་གངས་དཀར་རྩེ་ལ་ཉི་མ་ཤར་ཡོད། གཅིག་གཉིས་གསུམ། སྐྱིད་སྐྱིད་འདྲ་ལི་མཚོ་མོའི་ཁ་ལ་དར་ཁ་ཆགས་སོང་། བཞི་ལྔ་དྲུག དགའ་སྐྱིད་འཛོམ་བྱུང་དཔག་བསམ་ཤིང་ལ་ལོ་འདབ་འཁྲུངས་ཡོད། བདུན་བརྒྱད་དགུ་བྱས་ཞབས་བྲོ་མང་པོ་བརྒྱབ་བྱུང་། ཡང་འགའ་རེས། ལོངས་སྤྱོད་ཆང་ལ་བྱས་རུང་། །ཆང་ལ་འཛད་རྒྱུ་མི་འདུག །སྒོ་ཡི་ཡ་ཐེམ་ཡན་ཆད། །སྔོན་མོ་ནས་ཀྱི་བང་མཛོད། །ཕྱི་མ་ལྷ་ལུས་ཐོབ་ཀྱང་། །ཡོན་ཆབ་ཆུ་ལས་མི་འདུག་།ད་ལྟ་མི་ལུས་ཐོབ་དུས། །དགའ་དགའ་སྤྲོ་སྤྲོ་གྱིས་དང་། །འཇིག་རྟེན་འཁོར་བ་འདི་ལ། །བསམ་ན་སྙིང་པོ་མི་འདུག །སྐྱབས་མགོན་ཡིད་བཞིན་ནོར་བུས། །སྐྲ་ཕུད་བཞེས་རོགས་གནང་དང་། །དགའ་དགའ་འདྲ་ལ་གངས་དཀར་རྩེ་ལ་ཉི་མ་ཤར་ཡོད་ཅེས་སྔར་ལྟར་ཞབས་བྲོ་འཁྲབ། གཞན་ཡང་ས་གཞི་ལྷ་མོ་ས་གཞི་ལྷ་མོ་ཟེར་བ་སོགས་གླུ་གར་མི་འདྲ་བ་རྣམ་པ་སྣ་ཚོགས་པ་ཟླ་བ་མང་པོའི་བར་དུ་བྱས་པས། རྒན་གཞོན་ཐམས་ཅད་ཉམས་དགའ་སྣང་བ་སྤྲོ་བས་བདེ་སྐྱིད་ལྷ་དང་འགྲན་པ་བྱུང་། ཟས་ནོར་ལོངས་སྤྱོད་ཆར་ལྟར་བབས། དེ་ཡང་གླི་མི་རྡོ་རྗེ་དབང་ཕྱུག་གིས་གསེར་ཞོ་ལྔ་བཅུ། ལྷོ་ངོས་ཕྱུག་པོ་མས་གསེར་ཞོ་བཅོ་ལྔ། ལོག་པ་ཕྱུག་པོ། རྒྱ་ཞང་ཕྱུག་པོ། སྐྱིད་ཐང་དམག་དཔོན་ལ་སོགས་པའི་སྤུ་ཧྲེངས་ཀྱི་ཕྱུག་པོ་རྣམས་ཀྱིས་གསེར་ཞོ་བཅོ་ལྔ་ཉི་ཤུ་སུམ་ཅུ་རེ་དང་། མེད་པོས་ཀྱང་གསེར་ཞོ་གཉིས་གསུམ་རེས་འགོ་བྱས་ལུས་ཀྱི་གོས་རྒྱན་ནོར་རྫས་གང་ཡོད་རྣམས་ཕུལ་བའི་གསེར་ཁོ་ན་རྟ་རྒྱབ་གཅིག་བྱུང་། གསེར་གྱི་ཊོ་ཀ་སུམ་ཅུ། དངུལ་གྱི་གའུ་ཆེ་ཆུང་བརྒྱ།

p. 569

དངུལ་གྱི་མཎྜལ་ཆེ་ཆུང་ལྔ། དངུལ་ཀོང་གཉིས། གཏོར་སྣོད་གསུམ། མུ་ཏིག་དང་བྱི་རུའི་རྣ་རྒྱན་བརྒྱད་ཅུ། གཡུ་བྱི་རུ་སྤོས་ཤེལ་གྱི་མགོ་རྒྱན་རྒྱལ་བ་གང་། གོས་ཆེན་དང་མགོ་སྣམ་གྱི་གོན་པ་གསར་བ་བཞི་བཅུ་རྩ་གསུམ། རྙིང་བ་བཅུ། རྟ་བཟང་པོ་ཉི་ཤུ་རྩ་ལྔ། དྲེའུ་གཉིས། གཞན་ཡང་དངུལ་གྱི་ཊཾ་ཀ་འཇའུ། སྣམ་བུ། རས་དང་ཁ་བཏགས་གྲངས་ཀྱིས་མི་ཟིན་པ་འབུལ་མཁན་བྱུང་། དེའི་ལོ་དེ་ལས་ནོར་ལོངས་སྤྱོད་ཆེ་བ་དང་། སྐྱིད་པ་ཞིག་ཆུང་མ་ལས་སྐྱེས་ནས་མ་བྱུང་། རྒྱུ་ནོམ་པ་དེ་རྣམས་ཀྱི་ནང་ནས། དགོན་པ་བཤད་འཕེལ་གླིང་གི་འདུ་ཁང་སྟེང་ལ། གསེར་ཞོ་བདུན་བརྒྱའི་རྒྱུ་སོང་ཡོད་པའི་གསེར་ཟངས་ཀྱི་རྒྱལ་མཚན་ཆེན་པོ་གཉིས། གཉྫི་ར་གཅིག འཁོར་ལོ་ཆེན་པོ་རྩིབས་སྟོང་ཅན་རི་དྭགས་ཕོ་མོ་དང་བཅས་པ་བཙུགས། ནང་དུ་དངུལ་རྡོ་ཚད་མང་པོའི་རྒྱུ་སོང་ཡོད་པའི་མར་མེ་རྒྱུན་སྦྱར་གྱི་དངུལ་ཀོང་ཆེན་པོ་གསུམ། གོས་ཆེན་རྒྱན་བཞི་མདོག་མི་འདྲ་བའི་ཀ་རིང་གི་འཕན་རིང་པོ་གཉིས། སྟོང་མཆོད་འབུལ་སྣོད་རག་ཀོང་སྟོང་ཕྲག་གཅིག་བཞག དངུལ་སྲང་སྟོང་གི་རྩིས་ཀྱི་རྒྱུ་ནོམ་པས་སྤྱི་འཇོག་བྱས། འགྱེད་མང་ཇ་བཏང་། མཁན་པོ་ལ་འཇིགས་བྱེད་ཀྱི་དབང་ཞུས། གསེར་ལ་སོགས་པའི་འབུལ་བ་ཆེན་པོ་བཏེགས་པས་ཐུགས་མཉེས་པ་བྱུང་། སྤུ་ཧྲེངས་མཁོ་ཆགས་ཇོ་བོ་དངུལ་སྐུ་མཆེད་གསུམ་ལ་གནོད་པའི་ཆུ་ལ་རྡོའི་རག་ཆེན་པོ་རྒྱག་པའི་འགོ་པ་སྡེ་བ་དབང་པོས་བྱས། རྡོ་ཆེན་པོ་ཕྱོགས་ཕྱོགས་ནས་ཤིང་རྟར་དྲངས་ཏེ་ཟླ་བ་གཉིས་ལ་བརྒྱབ་པས།

p. 570

དེ་ནས་བཟུང་ཆུས་གནོད་པ་མ་བྱུང་། ཇོ་སྐུ་རྣམ་གསུམ་གྱི་ཞབས་ཏོག་གི་མཆོག་ཏུ་གྱུར། སྟེང་ལ་གསེར་ཟངས་ཀྱི་རྒྱལ་མཚན་གཉིས་འཛུགས་པའི་ནང་དུ་གསེར་ཞོ་བཅུའི་ཞལ་འདེབས་བྱས། རག་གི་ཀོང་བུ་དང་ཁྲོ་ཟངས་ཆེན་པོའི་ནང་དུ་མར་ཁུས་རྒྱ་མཚོ་བསྐྱིལ། སྟོང་མཆོད་རྒྱ་ཆེན་པོ་ཕུལ་ནས་སྨོན་ལམ་བཏབ། རྗེས་སུ་བུ་ཆེན་རིག་འཛིན་ཨོ་རྒྱན་རྣམ་རྒྱལ་གྱིས་ཇོ་བོ་མཆེད་གསུམ་ལ་ཕྱག་མཚན་པདྨ་ཕུལ། དེའི་རྗེས་སུ་ཁམས་པ་སྤྲུལ་སྐུས་དངུལ་འཇངས་བརྡུངས་ཀྱི་གླེགས་རལ་ཕུལ། དེའི་རྗེས་སུ་བུ་ཆེན་སྦྱིན་པ་ནོར་བུ་ལ་གསེར་ཞོ་སུམ་བརྒྱའི་མཆོད་ཀོང་ཕུན་སུམ་ཚོགས་པ་ཞིག་འབུལ་དུ་བཅུག དེའི་ལོ་དགུན་ཐོག་དེར་བཤད་འཕེལ་གླིང་གི་བཀའ་འགྱུར་ལྷ་ཁང་དུ་བསྡད། བཀའ་འགྱུར་དང་བསྟན་འགྱུར་རྗེ་ཡབ་སྲས་སོགས་ཀྱི་གསུང་འབུམ་ལ་བལྟས། སྔོན་བྱུང་སྟོན་པའི་རྣམ་ཐར་ཕྱིས་འབྱུང་རྗེས་འཇུག་རྣམས་ཀྱིས་ཉམས་ལེན་དུ་འཁྱེར་ཚུལ་དང་། སྟོན་པའི་གསུང་བཞིན་ཆོས་དང་འཇིག་རྟེན་གྱི་ལུགས་གཉིས་ཀྱི་སྤང་བླང་བྱ་ཚུལ་ངོ་མཚར་བའི་གཏམ་རྒྱུད་མང་པོ་དང་སྦྱར་ནས་བཤད་པ་ངོ་མཚར་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་བརྩམས། ཁོང་རྣམ་པས་འཚོ་བ་ཞབས་ཏོག་ལེགས་པོ་བྱས། འགྲོ་ཁར་གཞུང་གི་སྤྱི་ཐོག་ནས་ལུས་ཆས་ཆ་ཚང་། རྟ་སྒ་སྟན་སྲབ་གསུམ། གསེར་ཞོ་བརྒྱ་དང་བརྒྱད་ཕུལ། གཞན་གྲྭ་པ་ཕྱུག་པོ་རྣམས་ཀྱི་ནང་དུ་བོས།་གསེར་ཞོ་དྲུག་བདུན་བྱས་གསེར་མང་པོ་འབུལ་མཁན་བྱུང་། ལོ་རྗེས་མའི་དབྱར་ཁ་སྤུ་ཧྲེངས་ཀྱི་

p. 571

སློབ་མ་སྦྱིན་བདག་མང་པོས་སྐྱེལ་མ་བྱས་ཡར་སོང་དུས། དབུས་ལྷོ་ཁའི་ཕྱོགས་ན་བཞུགས་པའི་བླ་མ་སྐལ་ལྡན་དང་། ལ་དྭགས་མཁན་པོ། བསྟན་འཛིན་ཉི་མ། ཆོས་མཛད་སྐལ་བཟང་ཚུལ་ཁྲིམས། རིག་གྲོལ་རྣམས་དབུས་གཙང་དག་པའི་ཞིང་ནས་ཡར་འོངས་པ་དང་སྤུ་ཧྲེངས་སྟོད་ཀྱི་དཀར་དུང་ནས་མཇལ། ལ་དྭགས་མཁན་པོས་ཚེ་བློས་བཏང་ནས་རི་ཁྲོད་འགྲིམ་རྒྱུ་བྱས། དངུལ་རྡོ་ཚད་ལྔ། གོས་ཆེན་ཁ་དོག་མི་འདྲ་བ་མང་པོ་ཕུལ། མིང་ལ་བྱ་བཏང་རིན་ཆེན་ཞེས་བཏགས། བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བཏབ། གྲུབ་དབང་སྐལ་ལྡན་ནས་དངུལ་རྡོ་ཚད་གཅིག་ཁ་བཏགས་ནང་མཛོད་མང་པོ་དང་། གཞན་རྣམས་ཀྱིས་ཀྱང་དེའི་ཆ་འདྲ་ཕུལ་ནས། ཁྱོན་བསྡོམས་རྡོ་ཚད་བདུན་གྱི་རྩིས་བྱུང་།་དེའི་ནང་ནས་དངུལ་སྲང་བརྒྱ་ཐམ་པ་སྤུ་ཧྲེངས་བཤད་འཕེལ་གླིང་གི་སྤྱི་འཇོག་ཏུ་བཞག་གཞན་རྣམས་དགའ་ལྡན་གསེར་ཀོང་གི་ཞལ་འདེབས་བྱས། ངེད་དཔོན་སློབ་ཡོན་མཆོད་ཐམས་ཅད་ལྷན་དུ་མ་ཕམ་གཡུ་མཚོའི་འགྲམ་ཁྲུས་སྒོ་ལྷོ་རུ་སོང་། ཉི་མ་མང་པོར་བསྡད། དགོན་པ་ལ་འགྱེད་ཕོགས་མང་ཇ་བཏང་། གཡུ་བྱི་རུ་སྤོས་ཤེལ་མང་པོས་སྦྱོར་འཇགས་བྱས། བཀྲ་ཤིས་གཡང་འཁྱིལ་མ་ཕམ་གཡུ་མཚོ་ཆེན་མོའི་ནང་དུ། འབྲུ་སྣ་དང་རིན་པོ་ཆེ་སྣ་ཚོགས་པས་བཀང་བའི་བུམ་པ་ཉི་ཤུ་རྩ་བདུན་ཙམ་ཕུལ་ནས། རྒྱལ་ཁམས་ལ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པའི་འདོད་གསོལ་དང་སྨོན་ལམ་གྱིས་མཚམས་སྦྱོར་

p. 572

བྱས་ཏེ། འགྲམ་ནས་ཁམས་བསང་བྱས་དུས་སུ། དམིགས་གཏད་ཆོས་མེད་ཧར་སང་རྒྱ་ཡན་བདག་གི་ཉམས་ལ་ཤར་བ་ལྟར། སྐལ་ལྡན་སྙིང་གི་སློབ་བུ་རིག་འཛིན་ཨོ་རྒྱན་རྣམ་རྒྱལ་ལ་འདི་སྐད་ཅེས་གདམས་སོ།། །ཐུགས་དགོངས་ནམ་མཁའ་ལས་ཡངས་པའི་ཀུན་མཁྱེན་གྱི་བླ་མ། །ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་བྱིན་གྱིས་རང་རློབས་ཤིག །སྒྱུ་མ་རྨི་ལམ་དང་འདྲ་བའི་འཁོར་འདས་ཀྱི་ཆོས་ཀུན། །རང་སེམས་ནམ་མཁའ་དང་འདྲ་བའི་རང་རྩལ་དུ་གོ་བྱུང་། །འཁོར་འདས་ཆོས་ཀུན་གྱི་རྩ་བ་རང་སེམས་ཀྱི་གནས་ལུགས། །སྟོང་གསལ་འཛིན་མེད་ཀྱི་ཁྱབ་གདལ་ཀློང་ཡངས་སུ་རྟོགས་སོང་། །རྟོགས་མཁན་རང་རིག་ལ་བལྟས་ཀྱང་ནམ་མཁའ་དང་འདྲ་བས། །སྐྱེ་མེད་ཆོས་དབྱིངས་ཀྱི་ཀློང་དུ་འཛིན་མེད་དུ་གྲོལ་སོང་། །གྲོལ་བ་དེ་ཉིད་ཀྱི་ངང་དུ་རྒྱ་ཡན་དུ་གློད་པས། །སྤྲོས་བྲལ་ཆོས་སྐུ་ཡི་མཁའ་ཀློང་ཡངས་པ་རུ་སླེབས་སོང་། །ནམ་མཁའ་ཡངས་པ་བཞིན་གུ་ཡངས་སང་ངེ་རང་བཞག་པས། །བློས་བྱས་སྡུག་བ ཙིར་གྱི་འཆིང་བ་ལྷོད་གྲོལ་ལ་ལངས་སོང་། །སྟོང་སངས་མཁའ་ལྟར་དུ་ཤར་བའི་ངང་ལ་རང་གནས་པའི། །སྨྲ་བསམ་བརྗོད་ཡུལ་ལས་འདས་པའི་དགའ་སྟོན་ཞིག་མྱང་ངོ་། །མཐའ་ཡས་མུ་མེད་ཀྱི་སྟོང་གསལ་ཀློང་ཡངས་སུ་འབྱམས་ནས། །སེམས་དང་ནམ་མཁའ་ལ་ཁྱད་པར་འབྱེད་རྒྱུ་ཞིག་མ་བྱུང་། །ཀུན་ཁྱབ་ནམ་མཁའ་ལས་ཡངས་པའི་ཤེས་རབ་ཀྱི་མིག་གིས། །འཁོར་འདས་ལྟད་མོ་འདྲ་མཐོང་བའི་དགའ་སྤྲོ་ལ་གཟིགས་དང་། །འབད་དང་རྩོལ་བ་ཡང་མི་དགོས་འོད་

p. 573

གསལ་གྱི་ངང་དུ། །ངམ་ངམ་རང་ཤུགས་ཀྱིས་ལྷོད་ལྷོད་འགྲོ་བ་འདི་སྐྱིད་དོ། །མི་བལྟ་སྙམ་ན་ཡང་གསལ་སྟོང་རྗེན་པ་ཁོ་མཐོང་བྱུང་། །མཐོང་བ་ནམ་མཁའ་བཞིན་འགྱུར་བ་མེད་པ་འདི་ངོ་མཚར། །ལམ་རྟགས་ཡོན་ཏན་ནི་དངོས་ཉམས་རྨི་ལམ་ལ་ཡོང་སྣང་། །ཚེ་གཅིག་སངས་རྒྱས་ནི་ཟེར་བ་ཡོང་ཚོད་ན་གདའ་འོ། །མ་གྱུར་འགྲོ་བ་ལ་སྙིང་རྗེ་གཏིང་ནས་རང་སྐྱེས་བྱུང་། །ཁ་ཙམ་ཚིག་ཙམ་ཡང་མིན་པར་འགྲོ་དོན་ལ་ཆས་འགྲོ །དོན་དམ་གནས་ལུགས་ཀྱི་ངོ་བོ་རང་བབས་སུ་སྐྱོང་དུས། །འདི་དང་འདི་འདྲ་ཡི་གླུ་དབྱངས་རང་ཤུགས་ཀྱིས་ཐོན་སོང་། །སྐལ་བཟང་ལས་འཕྲོ་ཅན་ཡོད་ན་གནས་ལུགས་ཀྱི་ངང་ནས། །གླུ་དབྱངས་འདི་འདྲ་རང་ལོངས་དང་ཉམས་རྟོགས་ནི་འབར་ཡོང་། །ཞེས་པ་དང་། ཡང་མཚོ་འགྲམ་གྱི་སྤང་གཤོང་ཉམས་དགའ་བ་ཞིག་ཏུ་གཅིག་པུར་ཁམས་བསངས་བྱས་ཡོད་དུས་སློབ་བུ་སྐལ་ལྡན་རང་གྲོལ་འོངས་ནས། ད་ལྟ་གཞན་སུ་ཡང་མི་འདུག་པས་ཉམས་མགུར་ཞིག་ལོངས་དང་ཟེར་བས། རིག་པ་གུ་ཡངས་ཡན་པ་བློ་བདེ་བདག་གི་ཉམས་ལ་ཤར་བ་ལྟར་མགུར་དབྱངས་འདི་བླངས་སོ། །སྟོང་གསལ་འཛིན་མེད་ཀྱི་ཐུགས་ནི་ནམ་མཁའ་ལས་ཡངས་ཤིང་། །ཅི་ཡང་ས་ལེ་རང་གཟིགས་པའི་ས་ར་ཧ་མཁྱེན་ནོ། །ལྟ་བ་ཕྱོགས་ལྷུང་དང་བྲལ་བ་ཁྱབ་གདལ་གྱི་ཀློང་ཡངས། །སྒོམ་པ་བྱིང་རྒོད་དང་བྲལ་བ་རིག་སྟོང་གི་ཟང་ཐལ། །སྤྱོད་པ་གཟའ་གཏད་དང་བྲལ་བ་གུ་ཡངས་ཀྱི་ཡན་པ། །འབྲས་བུ་

p. 574

རེ་དོགས་དང་བྲལ་བ་འཁོར་འདས་ཀུན་སེམས་རྫོགས། །རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་དོ་ཧ་ཡི་ལམ་བཟང་། །མ་བསྒོམས་འཚང་རྒྱ་ཡི་གདམས་པ་འདི་འདྲ་ལ་གཟིགས་དང་། །རོང་ཁུང་དོག་ས་ནས་ལ་ཁ་མཐོན་པོ་ལ་བུད་བཞིན། །གུ་ཡངས་ཡན་པ་ངའི་སྣང་བའི་བདེ་ཞད་ལ་གཟིགས་དང་། །མཉམ་བཞག་ནམ་མཁའ་དང་འདྲ་བའི་ལྟ་བའི་རོས་མྱོས་ནས། །འཁོར་འདིས་ཟིལ་གྱིས་རང་གནོད་པའི་ལྟ་སྟངས་ལ་གཟིགས་དང་། །བདེ་སྟོང་ཡེ་ཤེས་ཀྱི་ངང་ནས་འདོད་ཡོན་ལ་རོལ་བཞིན། །ཆགས་མེད་བདེ་ནས་རང་བདེ་བར་འགྲོ་བ་ལ་གཟིགས་དང་། །གླུ་གར་རྩེད་འཇོ་ཡི་ངང་ནས་ལམ་བཟང་ལ་བསླབས་ནས། །འབད་མེད་སངས་རྒྱས་ཀྱི་ས་རུ་འགྲོ་བ་ལ་གཟིགས་དང་། །སྐལ་བཟང་ལས་འཕྲོ་ཅན་ཡོད་ན་ང་དྲུང་དུ་ཤོག་དང་། །ཚེ་གཅིག་སངས་རྒྱས་ཀྱི་ས་རུ་དུས་མཉམ་དུ་ཆས་འགྲོ །འཆི་བ་ཆོས་སྐུ་རུ་གྲོལ་བའི་བློ་གདེང་ཞིག་ཡོད་པས། །འཆི་བདག་བདུད་པོ་ཁོ་ནམ་ཚོད་འོང་ན་ཡང་ཤོག་གྱིས། །བྱ་བཏང་རྣལ་འབྱོར་ང་ས་ར་ཧ་པ་ཡི་བུ་རྒྱུད། །ཉམས་ཀྱི་རྩལ་སྦྱོང་གི་དུས་སུ་གླུ་དབྱངས་འདི་བླངས་སོ། །ཕྱོགས་མེད་རི་ཁྲོད་ལ་འགྲོ་བའི་སྒོམ་ཆེན་པའི་ཚོགས་རྣམས། །ཉམས་དགའི་རྒྱང་གླུ་འདྲ་ལེན་ན་འདི་འདྲ་རང་ལོངས་ཤོག །རིག་པ་ནམ་མཁའ་བཞིན་དཔངས་བསྟོད་ཕྱལ་ཡས་སུ་ཐོངས་ལ། །ཁྱབ་གདལ་ཀློང་ཡངས་ཀྱི་ངང་ནས་གླུ་དབྱངས་འདྲ་ལོངས་དང་། །བྱིང་རྨུགས་གཉིད་གསུམ་ཀུན་སངས་ནས་རང་སེམས་ཀྱི་གནས་ལུགས། །གསལ་སྟོན་རྗེན་པ་ཁོ་སྟོན་གནམ་གཡའ་དག་བཞིན་འཆར་ངེས། །

p. 575

ཞེས་བླངས་པས་ཁོ་རང་གི་ལྟ་སྒོམ་ལ་སྔར་བས་བོགས་ཐོན་པ་བྱུང་ངོ་། །དེ་དུས་ཁྲུས་སྒོ་ལྷོ་རུ་སྟོད་མངའ་རིས་ཕྱོགས་ཀྱི་ཚེ་བློས་བཏང་གི་སློབ་མ་བརྒྱ་ཕྲག་མང་པོ་འཚོགས་བྱུང་བ་ལ། ཕན་དང་བདེ་བའི་འབྱུང་གནས་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དངོས་དང་མཚུངས་པའི་རྗེ་བདག་ཉིད་ཆེན་པོས་ཆོས་རྣམས་ཀུན་གྱི་སྙིང་པོ་བསྡུས་པ་ལམ་རིམ་བསྡུས་དོན་ནམ་ཐུགས་ཉམས་ལ་ཤར་བ་མགུར་གྱི་ཚུལ་དུ་བཞེས་པས་ན་རྗེ་རིན་པོ་ཆེའི་ཉམས་མགུར་ཞེས་བྱ་བར་ཡོངས་སུ་གྲགས་པ་དེ་དང་། ལམ་གྱི་གཙོ་བོ་རྣམ་གསུམ། མཉམ་མེད་ཇོ་བོ་ཆེན་པོ་སྟོད་མངའ་རིས་ནས་ལམ་དུ་ཕེབས་ཁར། ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཞལ་གདམས་ཟབ་མོ་ཞིག་གནང་དགོས་ཞེས་ཡང་ཡང་ནན་ཏན་བྱས་ནས་བསྐུལ་ངོར། ཐོས་པ་ཙམ་གྱིས་ཀྱང་ཉོན་མོངས་པ་རི་དྭགས་ལྟ་བུ་ཟིལ་གྱིས་གནོད་ནུས་པའི། སྙིང་གཏམ་ལྷུག་པར་སྨྲ་བ་སེང་གེའི་སྒྲ་དབྱངས་ཞེས་བྱ་བ་དང་། བཀའ་གདམས་བླ་མ་གོང་མ་རྣམས་ཀྱི་ཐུགས་དམ་གྱི་མཐིལ་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་དང་། གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་ཕ་དམ་པ་རིན་པོ་ཆེ་སྐུ་གཤེགས་ཁར་མདུན་དུ་བླ་མ་ཆར་ཆེན་པོ་བྱོན་ནས། དམ་པ་རང་ཉིད་མཁའ་སྤྱོད་དུ་འབྱོན་པ་བདེ་སྟེ། ངེད་ཤུལ་ལུས་དིང་རི་ན་ཡོད་པའི་ཧྲལ་ཧྲུལ་རྣམས་ཀྱིས་ཅི་ཙུག་བྱེད་ན་ཟེར་ཞིང་བཤུམས་པའི་ཚེ། ཕ་དམ་པས་དིང་རི་བ་རྣམས་ལ་ཞལ་ཆེམས་སུ་གསུངས་པའི་དིང་རི་བརྒྱད་ཅུ་པ་དང་། རྒྱལ་

p. 576

བའི་བཀའ་ཡི་གེ་ན་གཅིག་ཡན་ཆད་འདོར་རྒྱུ་མེད་པར་ཐམས་ཅད་གདམས་པར་ཤར་བའི་བཀའ་གདམས་ཡོངས་ཀྱི་རྒྱན་གཅིག་ཁ་རག་སྒོམ་ཆུང་པ་རིན་པོ་ཆེས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དགོངས་དོན་མཐའ་དག་ཐུགས་སུ་ཆུད་ནས། ཁ་རག་གི་བྲག་ན་ཐུགས་ཉམས་སུ་བཞེས་པའི་དུས། གཞན་མཉམ་མེད་པོ་ཏོ་བ་སོགས་མཁས་པ་མགུ་བ་བསྐྱེད་ཅིང་། སྐལ་བཟང་གི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཕན་ཐོགས་འབྱུང་བའི་ཕྱིར་ལྷག་བསམ་དག་པས་ཀུན་ནས་བསླངས་ཏེ་ཉིད་ཀྱི་ཐུགས་ལ་མངའ་བ་སྦ་གསང་མེད་པར་གསལ་བར་ཡི་གེར་བྲིས་པའི་ཨང་ཡིག་བདུན་ཅུ་པ་དང་། ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་སྲས་ཐོགས་མེད་དཔལ་བཟང་བོས་མདོ་དང་དམ་པའི་གསུང་རྣམས་དམར་ཁྲིད་ལག་ལེན་དུ་བསྟན་པའི་རྒྱལ་སྲས་ལག་ལེན་སུམ་ཅུ་པ་དང་། རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་ཀྱི་གླེགས་བམ་ལས་ཚུར་ལ་རང་འདྲ་གཉིས་པར་སྤྲུལ་འདྲའི་རང་གིས་བརྩམས་ཆོས་སྤྲུལ་པའི་གླེགས་བམ་སོགས་རྣར་སྙན་ཡིད་འབབ་ངོ་མཚར་ཁྱད་འཕགས་ཅན་གྱི་གདམས་པ་མང་པོའི་ལུང་ཁྲིད་ཀྱང་བྱས། འགྲོ་ཁར་ཚེ་བློས་བཏང་གི་སློབ་མ་མངའ་རིས་པ་ཡོངས་ལ་ཕན་པའི་ཞལ་གདམས་ཀྱང་འདི་ལྟར་བྱིན་ནོ། །རྒྱལ་བ་སྲས་དང་བཅས་ལ་གུས་ཕྱག་འཚལ། །རྒྱལ་བའི་གསུང་བཞིན་ནུས་པར་བྱིན་གྱིས་རློབས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཐོས་བསམ་སྒོམ་གསུམ་གྱིས་ཤིག་མངའ་རིས་པ། །དུག་གསུམ་ཉོན་མོངས་ཆེས་ཆེར་འཕེལ་བའི་གནས། །ཕ་ཡུལ་རྒྱབ་ཏུ་

p. 577

སྤོངས་ཤིག་མངའ་རིས་པ། །དགེ་སྦྱོར་འཕེལ་ཞིང་རིག་པ་དྭངས་པའི་གནས། །རི་ཁྲོད་དབེན་པ་སྟེན་ཅིག་མངའ་རིས་པ། །འཆི་དུས་གཉེན་བཤེས་ནོར་རྫས་ཤུལ་དུ་འབོར། །།ཚེ་འདི་བློ་ཡིས་ཐོངས་ཤིག་མངའ་རིས་པ། །དུག་གསུམ་འཕེལ་ཞིང་ཐོས་བསམ་སྒོམ་ཉམས་པས། །གྲོགས་ངན་མྱུར་དུ་སྤོངས་ཤིག་མངའ་རིས་པ། །ཉེས་ཀུན་ཟད་ཅིང་ཡོན་ཏན་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་སྟེན་ཅིག་མངའ་རིས་པ། །སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་ཡིན། །རྟག་ཏུ་སྐྱབས་འགྲོ་གྱིས་ཤིག་མངའ་རིས་པ། །ངན་སོང་སྡུག་བསྔལ་སྡིག་པའི་འབྲས་བུ་ཡིན། །ནམ་ཡང་སྡིག་པ་མ་བྱེད་མངའ་རིས་པ། །འཁོར་བའི་གནས་ན་བདེ་བ་གང་ཡང་མེད། །ཐར་པ་དོན་དུ་གཉེར་ཅིག་མངའ་རིས་པ། །འགྲོ་རྣམས་འཁོར་བའི་གནས་ནས་འདྲེན་པའི་ཕྱིར། །བྱང་ཆུབ་སེམས་མཆོག་སྐྱེད་ཅིག་མངའ་རིས་པ། །རང་བདེ་དོར་ནས་བདག་པས་གཞན་གཅེས་བློས། །བདག་གཞན་བདེ་སྡུག་རྗེས་ཤིག་མངའ་རིས་པ། །རང་གི་ལོངས་སྤྱོད་གཞན་གྱིས་འཕྲོག་ན་ཡང་། །དེ་ལ་བསྔོ་བ་གྱིས་ཤིག་མངའ་རིས་པ། །གཞན་གྱིས་རང་མགོ་གཅོད་ཀྱང་སྡིག་པ་དེ། །རང་གི་སྟེང་དུ་ལོངས་ཤིག་མངའ་རིས་པ། །གཞན་གྱིས་རང་སྐྱོན་བརྗོད་ཀྱང་རང་ཉིད་ཀྱིས། །དེ་ཡི་ཡོན་ཏན་རྗོད་ཅིག་མངའ་རིས་པ། །རང་གི་བུ་བཞིན་བསྐྱངས་པས་དགྲ་བཞིན་དུ། །བལྟ་ཡང་ལྷག་པས་བརྩེ་དགོས་མངའ་རིས་པ། །མང་པོའི་ནང་ནས་རང་གི་མཚང་བྲུས་ཀྱང་། །དེ་ལ་གུས་པ་གྱིས་ཤིག་མངའ་རིས་པ། །

p. 578

གཞན་གྱིས་རང་ལ་བརྙས་ཐབས་བྱེད་ན་ཡང་། །རང་གི་སྤྱི་བོར་ཁུར་ཅིག་མངའ་རིས་པ། །ཅི་ཙམ་སྡུག་ཀྱང་གཞན་གྱི་སྡུག་བསྔལ་དག །ལེན་ལ་ཞུམ་པ་མ་བྱེད་མངའ་རིས་པ། །ཅི་ཙམ་སྐྱིད་ཀྱང་སྙིང་པོ་མེད་མཐོང་ནས། །དེ་ལ་ཁེངས་པ་མ་བྱེད་མངའ་རིས་པ། །རྒྱུན་དུ་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །ཞེ་སྡང་དགྲ་བོ་ཐུལ་ཅིག་མངའ་རིས་པ། །འདོད་ཡོན་སྤྱད་ཀྱང་ངོམས་མེད་སྲེད་པ་འཕེལ། །ཆགས་ཞེན་སྐྱེས་ཚད་སྤོངས་ཤིག་མངའ་རིས་པ། །ཆོས་ཀུན་རྩ་བ་རང་སེམས་གདོད་ནས་སྟོང་། །སྟོང་གསལ་ངང་དུ་ཞོག་ཅིག་མངའ་རིས་པ་། །ཡིད་འོང་ཡུལ་རྣམས་བདེན་མེད་འཇའ་ཚོན་འདྲ། །དེ་ལ་ཞེན་ཆགས་མ་ཆེ་མངའ་རིས་པ། །མི་འདོད་སྡུག་བསྔལ་རྨི་ལམ་བུ་ཤི་འདྲ། །དེ་ལ་སྡུག་བསྔལ་མ་བྱེད་མངའ་རིས་པ། །སངས་རྒྱས་འཐོབ་ཕྱིར་ལུས་དང་ལོངས་སྤྱོད་ཀུན། །ཆགས་མེད་སྦྱིན་པ་ཐོངས་ཤིག་མངའ་རིས་པ། །ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན། །རྟག་ཏུ་ཚུལ་ཁྲིམས་སྲུངས་ཤིག་མངའ་རིས་པ། །གནོད་བྱེད་དགྲ་ཡང་སྔོན་གྱི་ཕ་མ་ཡིན། །ཀུན་ལ་བཟོད་པ་སྒོམས་ཤིག་མངའ་རིས་པ། །ཡོན་ཏན་ཐམས་ཅད་བརྩོན་འགྲུས་བྱས་ལས་འབྱུང་། །ཆོས་ལ་བརྩོན་འགྲུས་རྩོམས་ཤིག་མངའ་རིས་པ།་།ཞི་གནས་བསྒོམས་ན་ཉོན་མོངས་མགོ་བོ་ནོན། །དབེན་པར་བསམ་གཏན་སྒོམས་ཤིག་མངའ་རིས་པ། །ལྷག་མཐོང་བསྐྱེད་ན་ཉོན་མོངས་རྩེད་ནས་འབྱིན། །ཤེས་རབ་སྟོང་ཉིད་སྒོམས་ཤིག་མངའ་རིས་པ། །རྒྱུན་དུ་རང་གི་རྒྱུད་ལ་བརྟག་དཔྱད་ནས། །ཆོས་མིན་བསམ་སྦྱོར་སྤོངས་ཤིག་མངའ་རིས་པ། །ཐེག་པ་ཆེ་ལ་

p. 579

ཞུགས་པའི་གང་ཟག་གི །ཉེས་པ་ནམ་ཡང་མ་གླེང་མངའ་རིས་པ། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་ལ་སོགས། །ནམ་ཡང་ཆགས་པར་མ་བྱེད་མངའ་རིས་པ། །གང་ཟག་གཞན་གྱི་ཡིད་དུ་མི་འོང་བའི། །ཚིག་རྩུབ་གཏན་ནས་སྤོངས་ཤིག་མངའ་རིས་པ། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །གཉེན་པོས་འབུར་འཇོམས་གྱིས་ཤིག་མངའ་རིས་པ། །རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །གཞན་དོན་ལེགས་པར་སྒྲུབས་ཤིག་མངའ་རིས་པ། །དགེ་བ་ཅི་བསགས་སངས་རྒྱས་གོ་འཕང་མཆོག །འཐོབ་པའི་རྒྱུ་རུ་སྔོས་ཤིག་མངའ་རིས་པ། །དེ་ལྟར་བྱས་ན་གནས་སྐབས་ཀུན་ཏུ་བདེ། །མཐར་ཐུགས་སངས་རྒྱས་འཐོབ་བོ་མངའ་རིས་པ། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཅེས་སྨྲས་པས་དེར་འཚོགས་པ་ཐམས་ཅད་ཀྱི་རྒྱུད་ལ་རྣམ་དཀར་གྱི་བག་ཆགས་བཞག་པས། དགེ་བ་ལ་ངང་གིས་བརྩོན་པའི་ཚེ་བློས་བཏང་གི་སློབ་མ་རི་ཁྲོད་འགྲིམ་མཁན་ཆོས་དང་མཐུན་པ་ཤ་སྟག་བྱུང་ངོ་། །ཉིན་གཅིག་བླ་མ་སྐལ་ལྡན་གྱིས་གནས་སྐོར་བ་ཞིག་གི་ཁ་ནས་མདོ་སྨད་ཀྱི་རྩ་བའི་བླ་མ་འཇམ་དཔལ་རྡོ་རྗེ་ཅན་དེ་ཉིད་ཞིང་ཁམས་གཞན་དུ་གཤེགས་སོང་འདུག་ཅེས་ཐོས་པ་བདག་ལ་བཤད་ཚེ། སེམས་སྡུག་པའི་ཤུགས་ཀྱིས་འདི་སྐད་ཅེས་སྨྲས་སོ། །རྩྭ་མཆོག་དྲུང་གི་ས་གཞི་རུ། །འགྲོ་མགོན་སངས་རྒྱས་མྱ་ངན་འདས། །མང་ཡུལ་གུང་ཐང་ལ་ཁ་ནས། །པད་འབྱུང་

p. 580

ལྷོ་ནུབ་སྲིན་ཡུལ་བཞུད། །བོད་ཀྱི་ཡུལ་དབུས་སྙེ་ཐང་ནས། །ཇོ་བོ་མི་མངོན་དབྱིངས་སུ་གཟིམས། །ཆུ་དབར་སྤྲུལ་པའི་ཕོ་བྲང་ནས། །རྗེ་བཙུན་མངོན་དགའི་ཞིང་དུ་ཕེབས། །རི་བོ་དགེ་ལྡན་དགོན་པ་ནས། །རྒྱལ་བ་གཉིས་པ་དགའ་ལྡན་ཐེག །ཕོ་བྲང་གྲུ་འཛིན་གཉིས་པ་ནས། །སྐྱབས་མགོན་སྐུ་ཡི་མེ་ཏོག་འཐོར། །ད་ནི་མདོ་ཁམས་སྨད་ནས་ཀྱང་། །།རྩ་བའི་བླ་མ་ཞིང་གཞན་གཤེགས། །ཀྱེ་ཧུད་རྗེ་བཙུན་ཉི་མ་ནུབ། །ཐུགས་རྗེའི་ཉི་འོད་གང་ནས་འཆར། །དམ་ཆོས་སྨན་གྱི་སྡོང་པོ་འགྱེལ། །ཉོན་མོངས་ནད་རྣམས་སུ་ཡིས་སེལ། །སྨིན་བྱེད་དབང་བཞིའི་གངས་རི་ཉིལ། །བྱིན་རླབས་ཆུ་རྒྱུན་གང་ནས་འབྱུང་། །གྲོལ་བྱེད་ཁྲིད་ཀྱི་གཏེར་མཛོད་སྟོངས། །སྐལ་མེད་དབུལ་བ་སུ་ཡིས་སེལ། །ཟབ་རྒྱས་ཆོས་ཀྱི་རྔ་ཆེན་རལ། །མདོ་སྔགས་ཆོས་སྒྲ་སུ་ཡིས་སྒྲོག །།ཡང་ཟབ་མན་ངག་དར་ཆེན་འགྱེལ། །སྙན་བརྒྱུད་བ་དན་སུ་ཡིས་གཡོ། །མདོར་ན་གཙུག་གི་ནོར་བུ་སྟོར། །ད་ནི་དགོས་འདོད་སུ་ལ་སློང་། །ཀྱེ་ཧུད་ལོང་བ་ཐང་དཀྱིལ་ལུས། །ལོང་ཁྲིད་བྱེད་ལ་འོ་དོད་འབོད། །དྭ་ཕྲུག་བུ་ཡིས་མགོ་མི་ཐོན། །འདོན་མཁན་ཨ་མ་དྲན་ནས་ངུ་། །ཉ་མོ་ཆུ་མེད་སྐམ་ལ་ལུས། །ཆུ་ཡི་ཕྱོགས་སུ་བལྟས་ནས་འཕག །སྐལ་མེད་འཁོར་བའི་འདམ་དུ་བྱིང་། །འདྲེན་མཁན་རྗེ་ལ་གསོལ་བ་འདེབས། །མགོན་ཁྱོད་ཞིང་ཁམས་གར་བཞུགས་ཀྱང་། །ཤུལ་ལུས་བདག་ལ་ཐུགས་རྗེས་གཟིགས། །ད་ནི་རྒན་པོ་འཆི་ལ་ཉེ། །འཆི་དུས་བྱོན་ལ་ལམ་སྣ་དྲོངས། །མ་འོངས་དག་པའི་ཞིང་ཁམས་ནས། །མངོན་སུམ་མཇལ་བའི་སྨོན་ལམ་འདེབས། །

p. 581

སྨོན་ལམ་དེ་བཞིན་འགྲུབ་པ་ཞིག །རྗེ་བཙུན་ཁྱེད་ཀྱིས་བྱིན་གྱིས་རློབས། །ཞེས་སྨྲེ་སྔགས་སུ་བླངས་ནས་ཐུགས་དགོངས་རྫོགས་ཕྱིར་ཚོགས་གསོག་བྱས་སྨོན་ལམ་བཏབ་པས་རྗེས་སུ་ཉིན་གཅིག་ཡང་སེམས་སྐྱོ་ནས་མགུར་དབྱངས་འདི་བླངས་སོ། །འཁོར་བའི་འཇིགས་པ་ལས་སྒྲོལ་བའི། །སྐྱེལ་མ་བླ་མ་ནི་གཤེགས་སོང་། །བདག་ཅག་མགོན་མེད་ཀྱི་ཚོགས་རྣམས། །མྱ་ངན་ཐང་དཀྱིལ་དུ་ལུས་བྱུང་། །རྒྱུན་དུ་ཡུན་རིང་དུ་འགྲོགས་པའི། །ཡུལ་མི་རྒད་པོ་རྣམས་ཤི་སོང་། །རྒས་པའི་ཨ་མ་ཡང་འདས་ནས། །ལན་ཅིག་འཕྲད་རྒྱུ་ཡང་མ་བྱུང་། །ལོ་ཟླ་ཉིན་ཞག་རྣམས་གར་ཤོར། །མ་ཚོར་ཡད་ཡུད་ལ་ལང་སོང་། །དོན་མེད་རྣམ་གཡེང་གི་ངང་ནས། །མི་ཚེ་ཟད་པ་འདི་སྐྱོ་བྱུང་། །དལ་འབྱོར་མི་ལུས་ནི་ཐོབ་ཀྱང་། །དམ་པའི་ལྷ་ཆོས་ནི་མ་བྱས། །མཆེད་གྲོགས་ཕལ་ཆེར་ནི་འདས་ཀྱང་། །མི་རྟག་འཆི་བ་ཡང་མ་དྲན། །སྐྲ་དཀར་གཉེར་མ་ཡིས་ནོན་ཀྱང་། །རྒས་པའི་སྣང་བ་ཡང་མི་འདུག །ན་རྒྱུ་ཚ་རྒྱུ་འདྲ་བྱུང་ཀྱང་། །ཤི་འགྲོ་སྙམ་པ་ཡང་མི་གདའ། །བཟའ་དགའ་འཐུང་སྐྱིད་ལ་དགའ་བའི། །ང་དང་ང་འདྲ་ཡི་ཚོགས་རྣམས། །འཆི་བདག་བདུད་པོ་ཁོ་བྱུང་ཚེ། །ཅི་འདྲ་གང་འདྲ་རང་མཛད་སྙམ། །འདི་དང་འདི་འདྲ་ཡི་ཚུལ་ལ། །སྐབས་རེ་བསམ་བློ་འདྲ་བཏང་ཚེ། །ཁ་ཙམ་ཚིག་ཙམ་ཡང་མིན་པར། །སྐྱོ་ཤས་དབང་མེད་དུ་སྐྱེས་བྱུང་། །ཀྱེ་མ་མི་ཚེ་ནི་ཡུན་ཐུང་། །ནམ་འཆི་ངེས་པ་ནི་མི་འདུག །ཕྱི་མར་ཕན་ངེས་ཤིག་བྱེད་ན། །དམ་

p. 582

པའི་ལྷ་ཆོས་ལ་འབུངས་ཤིག །ཅེས་བླངས། དེ་ནས་གྲྭ་བུ་སློབ་ཡོན་བདག་ཕོ་མོ་རྣམས་ཀྱིས་སྐྱེལ་ཐུང་བྱས་པའི་སར་ཐམས་ཅད་འཚོགས་སུ་བཅུག་ནས། བཀའ་བསྒོ་བྱིན་རླབས་བྱས་ཏེ་དེ་ནས་འདི་སྐད་ཅེས་སྨྲས་སོ། །དེ་ཡང་འོ་སྐོལ་རྣམས་སྐྱེ་དཀའ་བའི་གླིང་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ལྷོ་འཛམ་བུ་གླིང་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གདུལ་བྱའི་ཞིང་ཁམས་ཁྱད་པར་ཅན་དུ་སྐྱེས། ཐོབ་པར་དཀའ་བའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་ལས་ལྷག་པ་འདི་ཐོབ། མཇལ་བར་དཀའ་བ་ཨུ་དུམྦ་རའི་མེ་ཏོག་ལས་ཀྱང་དཀོན་པའི་ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། །འཕྲད་པར་དཀའ་བའི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་པའི་དུས་འདིར། དཀར་པོ་དགེ་བའི་ལས་ལ་འབད་ནས། ཡར་མངོན་མཐོ་ལྷ་མིའི་གོ་འཕང་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཞིག་བྱ་དགོས་ཏེ། དཔེར་ན་གྲུ་ཡོད་དུས་ཆུ་ཆེན་པོ་ལས་བསྒྲལ་དགོས་པ་དང་། དཔའ་བོའི་དཔུང་ཚོགས་འཛོམ་དུས་དགྲ་འདུལ་དགོས་པ་དང་། འདོད་འཇོའི་བ་མོ་ཡོད་དུས་འོ་མ་བཞོ་དགོས་པ་དང་། ཅང་ཤེས་ཀྱི་རྟ་མཆོག་ཡོད་དུས་ཐག་རིང་གི་ལམ་དུ་འགྲོ་དགོས་པ་དེ་བཞིན་དུ། འདིར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ནི་ཐོབ། བླ་མ་དུས་གསུམ་གྱི་སངས་རྒྱས་དང་མཇལ་བའི་དུས་འདིར། དམ་པའི་ཆོས་ཀྱི་གཞུང་ལམ་ལྟ་བུ་ལ་བརྟེན་

p. 583

ནས། མངོན་མཐོ་ལྷ་མིའི་གོ་འཕང་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཐོན་པོར་ཡར་ཡར་སྙེག་ཏུ་ཡོད་པ་འདི་ཨ་རེ་དགའ་དང་ས་རེ་སྤྲོ་སྙམ་དུ། ཚེ་འདིའི་འཁོར་འདབས་གཉེན་འདུན་ལུས་ལོངས་སྤྱོད་གང་ལ་ཡང་མ་ཆགས་པར་ད་རེས་ཐར་པའི་ལམ་སྣ་ཟིན་ཐབས་དམ་པའི་ཆོས་ཁོ་ན་ལ་འབད་དགོས་ཏེ། གལ་ཏེ་མ་འབད་ན་དེད་དཔོན་རྒྱ་མཚོའི་གླིང་ནས་ལག་སྟོང་དུ་ཕྱིར་འོང་བ་ལས་ཀྱང་ཆེས་ཤིན་ཏུ་བླུན་ཏེ་འདྲེས་མ་ཁྱེར་ཀྱང་སྨྱོན་པ། དབུགས་དང་མ་བྲལ་ཀྱང་བེམ་པོ་ཡིན་ཏེ། དེ་བས་ན་བསམ་བློ་ཡོད་མེད་གྲུང་མི་གྲུང་། སྤྱང་མི་སྤྱང་། ཕོ་རྒོད་མོ་རྒོད་ཐམས་ཅད་ད་རེས་ཤེས་ཏེ། ད་རེས་མི་ལུས་རིན་པོ་ཆེ་འདི་ཆུད་ཟོས་དང་སྟོང་ལག་ཏུ་མ་བཏང་བར་བླ་མ་དམ་པའི་གསུང་བཞིན་དུ་དམ་པའི་ཆོས་ཤིག་བྱས་ནས། འཆི་བའི་དུས་སུ་བླ་མ་དང་ལྷག་པའི་ལྷ་ཁྱད་པར་ཅན་རྣམས་མངོན་སུམ་དུ་བྱོན་ནས་ལམ་སྣ་དྲངས་ཏེ། དག་པ་མཁའ་སྤྱོད་མངོན་པར་དགའ་བ་བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རུ་བུ་ཕ་ཁྱིམ་དང་བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར། དགའ་ཞིང་སྤྲོ་ལ་ཐོགས་པ་མེད་པར་བགྲོད་པའི་སྐལ་བ་ཅན་ཞིག་བྱས་སོང་ན་མི་དེ་ཕོ་གྲུང་བོ་ཡིན། སྤྱང་པོ་ཡིན། ཕོ་རྒོད་པོ་ཡིན། ད་རེས་ཆོས་ཤིག་མ་བྱས་པའི་ཁར་བླ་མ་དམ་པའི་གསུང་ལ་ཡང་མི་ཉན་པར་ཚེ་འདིར་རང་གི་ལྟོ་གོས་དང་བུ་བུ་མོ་སོགས་ཀྱི་དོན་དུ་སྡིག་པ་མི་དགེ་བའི་ལས་ཉིན་རེ་བཞིན་བྲེ་གསོག་དང་ཕུལ་གསོག་བྱས་ནས། ནམ་ཞིག་འཆི་བའི་དུས་

p. 584

སུ་གཤིན་རྗེའི་ཕོ་ཉ་མདོག་མི་སྡུག་པ་སྙིང་རྗེ་མེད་པ་ཁྲོ་ཞིང་གཏུམ་པ་མང་པོ་བྱུང་ནས། ཞགས་ནག་རྐེ་ལ་བཏགས། མཚོན་རྣོན་ལུས་ལ་བརྒྱབ་ནས་ཁྲིད་དེ་མར་དམྱལ་ཁམས་བཅོ་བརྒྱད་སོགས་ངན་སོང་གསུམ་གྱི་གནས་སུ་ནག་ཅན་བཙོན་དོང་དུ་འགྲོ་བ་བཞིན་འཇིགས་སྐྲག་དང་བཅས་ཏེ་རང་དབང་མེད་པར་འགྲོ་དགོས་པ་ཞིག་བྱས་སོང་ན། མི་དེ་སྐྱེ་བོ་ཕོ་མོ་མཆོག་དམན་སུ་ཡིན་ཡང་མི་དེའི་ཁོག་པ་ན་དོན་སྙིང་མེད་པ་ཡིན། སྨྱོ་འཚབ་རང་ཆེ་བ་ཡིན། རང་གིས་རང་བསླུས། རང་གིས་རང་མགོ་བསྐོར། རང་གིས་རང་འཐུང་བ་ཡིན་པས། རིན་ཆེན་གླིང་དུ་ཕྱིན་ནས་ལག་སྟོང་དུ་ཕྱིར་མི་འོང་བ་ལྟར་ད་རེས་དམ་པའི་ཆོས་ཀྱི་ཡུལ་དབུས་སུ་སྐྱེས་ནས་ཆོས་ཤིག་མཛད་པ་གལ་ཆེ། དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན། རང་རེ་རྣམས་ཀྱི་ད་རེས་རྙེད་དཀའི་མི་ལུས་རིན་པོ་ཆེ་འདི་ཐོབ་ཏུ་ཟིན་ཀྱང་ཡུན་རིང་མི་སྡོད་པར་འཆི་བ་ཡིན་ཏེ། སྐྱེས་ཕན་ཆད་མ་ཤི་བར་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་ལ། དེ་ཡང་རང་རེ་རྣམས་ཀྱི་ཡུལ་མི་གྲོང་པ་ཕ་སྤུན། གཉེན་ཉེ་རིགས་བླ་མ་མཆེད་གྲོགས་ཕ་མ་སྤུན་ཟླ་སོགས་འཆི་བ་མི་རྟག་པ་སླེབས་ནས་སོང་བ་ཐམས་ཅད་ཀྱིས་ཚེ་འདི་ལ་སྡོད་རྩིས་མང་དུ་བྱས་ཀྱང་། འཆི་བདག་བདུད་པོ་བསམ་ལོག་པོ་ཁོ་བྱུང་ཚེ། འདུག་དབང་ཞག་གཅིག་ཙམ་ཡང་མ་བྱུང་བར་ཚེ་ཕྱི་མའི་ལམ་པོ་ཆེ་ལ་ཆོས་མེད་ལག་སྟོང་དུ་སོང་བ་ཐམས་ཅད་སོམས་དང་། འོ་སྐོལ་རྣམས་ཀྱང་དེའི་རང་བཞིན་ལས་མ་འདས། ལྟག་ཆུ་ཆད་པའི་རྫིང་བུའི་མཐིལ་བརྡོལ་བ་ལྟར་ཚེ་འཛད། ཉི་མ་ནུབ་

p. 585

པའི་གྲིབ་སོ་ལྟར་ཚེ་འགྲིབ། འབྲུའི་བང་མཛོད་བཅུས་པ་ལྟར་ཚེ་འཛད། གསོད་སར་འཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟར་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་སོང་བ་ཙམ་གྱིས་འཆི་བདག་བདུད་པོ་འཇིགས་སུ་རུང་བའི་ཁ་ནང་དུ་ཐག་ཇེ་ཉེ་ཇེ་ཉེར་འགྲོ་བ་འདི་ཡ་རེ་ང་ཞེ་རེ་འཇིགས་ཅི་རེ་དྲག་གསོ་བའི་ཐབས་ནི་སྨན་དང་ཟས་གོས་ལ་སོགས་པ་ཡིན་ཀྱང་། དེ་དག་རང་ཡང་བསྟེན་ཉེས་ན་འཆི་བའི་རྒྱུ་རུ་གྱུར་ཏེ།་ཟས་གོས་བསྒྲུབ་ཕྱིར་ཤི་བ། བྱིས་པ་གོས་ཀྱིས་སྲུབས་པ། ཟས་ཀྱིས་དུག་པ། སྨན་ལོག་པར་སོང་བ། མཛའ་བོས་བསླུས་པ། གནས་ཁང་བརྡིབས་པ། རྟ་ཡིས་དྲུད་པ་སོགས་སྔར་གསོན་པའི་རྐྱེན་ཐམས་ཅད་ཀྱང་། ཕྱིས་འཆི་བའི་རྐྱེན་དུ་འགྱུར་ལ། དེ་ཡང་ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་བཅུ་སོགས་ཚེ་ལ་གནོད་ཅིང་འཆི་བའི་རྐྱེན་བྱེད་པ་གྲངས་མང་བས། ད་ལྟ་རང་ཡང་གཟའ་གདོང་ཐུག་ལྟ་བུའི་འཆི་བ་ཐོག་རྒྱུགས་སུ་མི་འོང་བའི་གདེང་ཅུང་ཟད་ཀྱང་མེད་ལ། དེ་རིང་ཡང་ཁ་བཀྲག་ཡལ་ལེ་བའི་མི། སང་གནངས་ལྟ་བུ་ལ་རོ་ནག་ཐུལ་ལེ་བྱུང་བ་གྲངས་མེད་དེ། དེ་རྣམས་ལ་སང་གནངས་ང་འཆི་བསམ་པ་ཞིག་མེད་ཀྱང་། འབྱུང་བཞི་འདུས་པའི་ལུས་འདི་ལ་བློ་གཏད་ཟན་རྡོག་ཅིག་ཟ་བའི་ཡུན་ཙམ་ཡང་མེད་ལ། དབུགས་རླངས་པ་ཙམ། དྲོད་མེ་སྟག་ཙམ་པ་འདི་སྐད་ཅིག་ཙམ་ལ་ཆད་ཉེན་ཡོད་པས། འཆི་བའི་ནང་ནས་ཀྱང་ནམ་འཆི་ཆ་མེད་ཀྱི་ཚུལ་འདི་ལེགས་པར་བསམས་ནས། ཆོས་ལོ་སྔ་མ་ཕྱི་མ་གཉིས་ཀྱི་

p. 586

སྔ་མ། དེ་རིང་ནངས་པར་གཉིས་ཀྱི་དེ་རིང་། སྔ་དྲོ་ཕྱི་དྲོ་གཉིས་ཀྱིས་ཀྱང་སྔ་དྲོ་ཙམ་ལ་དམ་པའི་ཆོས་རེ་བྱེད་རྒྱུའི་སྐལ་བ་བྱུང་ན་བྱེད་པའི་དུས་ཡིན་སྡོད་པའི་དུས་མ་ཡིན། གཞན་ཡང་སྔར་སྐྱེས་པ་ཐམས་ཅད་འཆི། ཕྱིས་འབྱུང་བ་ཐམས་ཅད་འཆི། ད་རེས་ས་ཐོག་འདི་ན་ཡོད་པའི་འོ་སྐོལ་ཐམས་ཅད་འཆི། རྒན་གཞོན་ལ་གོ་རིམ་མེད། ཕོ་མོ་ལ་བཟང་ངན་མེད། གཟུགས་བྱད་ལ་ལེགས་ཉེས་མེད་པར་ངེས་པར་འཆི་ཞིང་ནམ་འཆི་ཆ་མེད། ཉེ་བ་དང་ལབ་འཕྲོ། ལས་ཀྱི་བྱེད་འཕྲོ། གོས་ཀྱི་གོན་འཕྲོ། ཟས་ཀྱི་ཟ་འཕྲོ། ཉལ་མལ་ལུས་ཆས་ལྟོ་ཕོར་ཡན་ཆད་འཕྲོ་ལོང་ངེ་། ཤུལ་ཧང་ངེ་། ཐབ་སྐོར་གྱི་གྲལ་ནས་ཧ་རེ་འགྲོ་དགོས་ཏེ། ཁོ་ཤིའོ་མོ་ཤིའོ་ཟེར་བའི་གཏམ་གྱི་རྗེས་ཤིག་མིན་པ་མི་འདུག་པས། མདོར་ན་ཚེ་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་བས་ཀྱང་གྱེས་སླ།་འདོད་ཡོན་ལོངས་སྤྱོད་སྒྱུ་མ་བས་ཀྱང་རྟག་མི་ཐུབ། འཆི་བདག་བདུད་པོ་ཁོ་དགོང་ཁའི་གྲིབ་སོ་བས་ཀྱང་མགྱོགས་པར་འོང་སྟེ་ཞེ་རེ་འཇིགས། དེ་ཡང་ཡོངས་ལ་འཆི་བ་ཟེར་བའི་འབྲུག་བཞིན་གྲགས་པའི་འཆི་བདག་བཟློག་མེད་ཐོག་དང་འདྲ་བ་དེ་གློ་བུར་ཐོག་ཏུ་བབས་པའི་ཚེ། སྟོབས་དང་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙམ་ཞིག་ཡོད་ཀྱང་། རང་ལ་ཕན་པ་རྡུལ་ཙམ་ཡང་མི་འབྱུང་། ནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་བ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་ཚེ་ཕྱི་མའི་ལམ་ལ་འཁྱེར་དབང་ནི་མེད། ཕ་མ་གཉེན་བཤེས་གྲོགས་མཆེད་འབུམ་ཕྲག་མང་པོས་མཐའ་བསྐོར་ཀྱང་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ། རང་གིས་

p. 587

བརྩིགས་པའི་ཁང་ཁྱིམ།། བསགས་པའི་ནོར་རྫས། འགྲོགས་པའི་ཉེ་འབྲེལ། མཁོ་དགུའི་ཡོ་བྱད། བུ་དང་ཆུང་མ་སྙིང་དང་འདྲ་བ། ལྷ་དང་ལྷ་མོ་འདྲ་བ་ཡོད་པ་རྣམས་ཀྱིས་ཀྱང་འབྲལ་གླགས་སྐད་ཅིག་ཙམ་ཡང་མི་ཕོད་རུང་། ལག་པས་ནོམ་ནོམ་གོས་ལ་རེག་ཅིང་། མིག་གིས་ཧྲིག་ཧྲིག་གཉེན་ལ་ལྟ་བཞིན། ཁ་ཆེམས་རེ་གཉིས་རེ་བཞག མཆི་མ་རེ་གཉིས་རེ་དོར་ནས་སྔར་ཡང་མི་མང་པོ་ཆོས་མེད་ལག་སྟོང་དུ་སོང་བ་དང་། འོ་སྐོལ་རྣམས་ལ་མཐོང་ཐོས་མང་དུ་ཡོད་ལ།་ད་འོ་སྐོལ་རྣམས་ཀྱང་དེ་བཞིན་དུ་ཚེ་ཕྱི་མའི་ཡུལ་ལ་ངེས་པར་འགྲོ་ཞིང་ནམ་འགྲོ་ཆ་མེད། དོ་ནུབ་ཡིན་ཡང་ཆོས་མེད་ལག་སྟོང་དུ་འགྲོ་ཉེན་ཡོད་པས། ད་ནི་ཚེ་མཇུག་ལ་མགོའི་ཉི་ཟེར་ཙམ་ཡུན་ཐུང་ངུ་འདིའི་རིང་ལ། ཚེ་འདིར་ཡུན་རིང་སྡོད་གཤོམ་བྱེད་པའི་བློ་རྒྱ་ཐམས་ཅད་ཆམ་གྱིས་བཞག་ནས། དུས་དེ་རིང་ཉི་མ་ཕར་བཞུད་ནས་བཟུང་སྟེ། ཁ་ཙམ་ཚིག་ཙམ་ཡང་མ་ཡིན་པར། སྙིང་ཁོང་རུས་པའི་གཏིང་ནས་ཚེ་ཕྱི་མའི་བརྒྱགས་ཕྱེ། སྐྱེ་བ་གཏན་གྱི་སོ་ནམ། ནམ་གཞག་གཏན་གྱི་འདུན་མ། རང་གཞན་ཐམས་ཅད་སྐྱིད་པའི་ཐབས་དམ་པའི་ཆོས་རྣམ་དག་ཅིག་ཅི་ནས་ཀྱང་མྱུར་བ་མྱུར་དུ་བྱེད་དགོས། གལ་ཏེ་མ་བྱས་ན་ཤི་བའི་འོག་ཏུ། རྒྱུས་མེད་ཆ་མེད་ཀྱི་བར་དོའི་འཕྲང་རིང་པོ་ལ་སྐྱབས་མེད་མགོན་མེད་དུ་འགྲོ་བའི་དུས་སྐབས་སུ། བར་དོ་ན་འཁྲུལ་སྣང་འཇིགས་སྐྲག་དྲག་པོ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་གློ་སྙིང་འདར་བ་མང་དུ་ཡོད་ལ། དེའི་དུས་སུ་ཕན་པ་དམ་པའི་ཆོས་དང་

p. 588

འདྲེན་མཁན་བླ་མ་དཀོན་མཆོག་མ་གཏོགས་ཚེ་འདིའི་རྒྱུ་ནོམ་པ་གཉེན་མཛའ་བཤེས་བུ་བུ་མོ་གང་གིས་ཀྱང་ཕན་པ་མེད་དེ། དེ་ཡང་རྗེས་ན་ཀི་ལྷང་ལྷང་བཏབ་ནས་ར་མདར་རྒྱུགས་པའི་བུ་ཚ་བོ་བཟང་པོ་ཞིག་དང་། ཟས་ནོར་མང་པོ་ཁུར་ནས་ཕན་འདོགས་མཁན་གྱི་བུ་མོ་བཟང་མོ་གཅིག་ཙམ་ཡང་མེད་པའི་ཁར། དེ་དག་རྣམས་ལ་ཞེན་ཅིང་ཆགས་ནས་ཁམས་གསུམ་འཁོར་བར་འཁྱམས་པས། གནོད་པའི་རྐྱེན་འབའ་ཞིག་ཏུ་འགྱུར་ལ། དེ་ཙམ་དུ་མ་ཟད་ཚེ་འདིའི་ལྟོ་གོས་དང་བུ་བུ་མོའི་དོན་དུ་སྡིག་པ་མི་དགེ་བའི་ལས་བསགས་པ་རྣམས་གཤིན་རྗེའི་ཕོ་ཉ་མདོག་མི་སྡུག་པ་འོངས་ནས་ཁྲིད་དེ་དམྱལ་ཁམས་བཅོ་བརྒྱད་སོགས་ངན་སོང་གསུམ་གྱི་གནས་སུ་མར་མར་སོང་ནས་སྡུག་བསྔལ་མྱོང་ཞིང་། ཆོས་བྱས་པའི་ལས་ཅན་གྱི་སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱི་མདུན་དུ་བླ་མ་དང་ལྷག་པའི་ལྷ་མང་པོ་མངོན་སུམ་དུ་བྱོན་ནས་ལམ་སྣ་དྲངས་ཏེ། མཐོ་རིས་ཐར་པའི་གནས་སུ་ཡར་ཡར་སོང་ནས་བདེ་སྐྱིད་མྱོང་ལ། དེས་ན་ཡར་ལྷའི་བདུད་རྩི་འཐུང་བ་དང་། མར་དམྱལ་བའི་ཁྲོ་ཆུ་འཐུང་བ་དང་། ཡར་སངས་རྒྱས་ཀྱི་ས་རུ་འགྲོ་བ་དང་། མར་དམྱལ་བའི་ཡུལ་དུ་འགྲོ་བ་གཉིས་ཀྱི་གདམ་དབང་འོ་སྐོལ་རྣམས་ཀྱི་ལག་ན་ཡོད་པའི་དུས་འདིར་བསམ་བློ་གཞིག་འབྲེལ་ཞིབ་ཏུ་བཏང་ནས། གདམ་ཁ་མ་ནོར་བ་ཞིག་བྱས་ཏེ་མར་འགྲོ་མི་དགེ་བའི་སྡིག་པ་ཐམས་ཅད་སྤངས་ནས། ཡར་འགྲོ་དམ་པའི་ལྷ་ཆོས་ཤིག་བྱ་དགོས། དེ་ཡང་མི་དགེ་སྡིག་པ་སྤངས་ཏེ་དགེ་བ་བྱེད་ཚུལ་རྣམས་སྔར་ཁ་སང་ཕན་ཆད་ལ་རྒྱས་པར་བཤད་ཟིན་པས། ད་འགྲོ་ཁར་མང་པོ་

p. 589

སྨྲ་མི་དགོས་ལ། འོན་ཀྱང་ཁ་ཐག་རིང་པོས་བར་ཆོད། སྐྱེ་འཆི་འདི་ལ་ཁྲིགས་ཁྲིགས་མེད་པས་ད་ཕན་ཆད་འོ་སྐོལ་རྣམས་ཆུ་བུར་མིག་གི་ལམ་ལ་ཡང་ཡང་ཨེ་མཇལ་མི་ཤེས་པས་ད་ནི་ངས་ཆོས་བཤད་ཀུན་གྱི་མཇུག་སྡུད། ཞལ་གདམས་ཀུན་གྱི་ཐ་མ་ཚིགས་སུ་བཅད་ནས་དབྱངས་སུ་ལེན་པས་ཁྱེད་རྣམས་ཀྱིས་ཀྱང་བླ་མ་དང་ད་ལན་མ་གཏོགས་ཡང་ཡང་ཨེ་མཇལ་ཅི་ཤེས་སྙམ་དུ་དཀོན་པའི་འདུ་ཤེས་ཞོག་ལ། ཡིད་གཞན་དུ་མ་ཡེངས་པར་ལེགས་པར་ཉོན་ལ་ཕྱིན་ཆད་ལག་ལེན་ལ་ཅི་ཐེབས་བྱེད་འཚལ་ཞེས་མགུར་དབྱངས་འདི་རྣམས་བླངས་སོ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཕ་མ་གཉེན་འབྲེལ་ཚོང་འདུས་མགྲོན་པོ་འདྲ། །ནོར་རྫས་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །ཉམ་ཆུང་ལུས་འདི་ཆུ་ཡི་ཆུ་བུར་འདྲ། །འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་ཡོད་པ་དམ་པའི་ལྷ་ཆོས་ཡིན། །དམ་ཆོས་བྱེད་པའི་དུས་ནི་ད་རེས་ཙམ། །འདིར་འཚོགས་དད་ཅན་ཡོན་བདག་ཕོ་མོ་རྣམས། །མ་བྱེད་མ་བྱེད་མི་དགེའི་ལས་མ་བྱེད། །བྱེད་ན་བྱེད་ན་དགེ་བའི་ལས་ལ་འབོད། །ཕྱུག་པོ་ཕལ་ཆེར་རང་གིས་ཟ་མི་ཕོད། །གཞན་ལ་མི་སྟེར་ཆོས་ཕྱོགས་གཏོང་མི་ནུས། །ཤི་དུས་ཟས་ནོར་དོན་མེད་ལག་ཏུ་འགྲོ །མ་ཡིན་མ་ཡིན་ཕྱུག་པོའི་བྱ་བ་ནོར། །ཡིན་ན་ཡིན་ན་ཡོད་དུས་མཆོད་སྦྱིན་ཐོངས། །

p. 590

ཚེ་འདིའི་བྱ་བ་བསམས་ན་མཁོ་བ་མང་། །རྟ་གཅིག་རྙེད་ན་སྒ་གཅིག་འཚོལ་དགོས་པས། །མི་དགོས་དགུ་དགོས་འཇིག་རྟེན་འཁོར་བའི་ཆོས། །བྱས་ཀྱང་མ་ཚར་ཚར་ཀྱང་སྙིང་པོ་མེད། །འདིར་འཚོགས་དད་ཅན་ཡོན་བདག་ཕོ་མོ་རྣམས། །མ་བྱེད་མ་བྱེད་ཚེ་འདི་བློ་ཡིས་ཐོངས། །བྱེད་ན་བྱེད་ན་ཕྱི་མར་བདེ་ཐབས་གྱིས། །ཕྱི་མར་དཀར་པོ་དགེ་བ་བྱས་པའི་མི། །མཐོ་རིས་ཐར་པའི་ལམ་ལ་གྱེན་དུ་འགྲོ །ནག་པོ་མི་དགེ་སྡིག་པ་བྱས་པའི་མི། །ངན་སོང་གསུམ་གྱི་ལམ་ལ་ཐུར་དུ་འགྲོ །ད་ལྟ་ཡར་མར་གང་ལ་འགྲོ་བའི་དབང་། །རང་གི་ལག་ན་ཡོད་པའི་དུས་སྐབས་འདིར། །འདིར་འཚོགས་དད་ཅན་ཡོན་བདག་ཕོ་མོ་རྣམས། །མ་བྱེད་མ་བྱེད་མར་འགྲོའི་སྡིག་མ་བྱེད། །བྱེད་ན་བྱེད་ན་ཡར་འགྲོའི་དགེ་བ་གྱིས། །གླུ་འདི་ཐོས་ཚད་ཡོན་བདག་ཕོ་མོ་རྣམས། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །།གནས་སྙིང་ག་ཆོས་ཀྱི་འཁོར་ལོ་ཡི། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །རྩ་དབུ་མའི་ལམ་ནས་ཡར་བྱོན་ལ། །སྟེང་སྤྱི་གཙུག་བདེ་ཆེན་རྒྱན་དུ་བཞུགས། །མི་འདིར་འཚོགས་ལུས་ཀྱི་ན་ཚ་དང་། །སེམས་སྡུག་བསྔལ་གང་ཡོད་ཀུན་བསལ་ནས། །ལུས་བདེ་བ་སེམས་ལ་དགའ་བ་སྐྱེད། །བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ངེད་ཐམས་ཅད་ཡར་མར་ཀུན་ནས་འོང་། །དུས་ད་རེས་གནས་འདིར་ཡུད་ཙམ་འཚོགས། །ད་མི་སྡོད་སོ་སོར་གྱེས་པ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །སྔར་ཡུལ་མི་ཁྱིམ་མཚེས་རྒན་རྒོན་དང་། །མིའི་སྨོན་གནས་ཕོ་མོ་གཞོན་ནུ་

p. 591

ཡང་། །ལོ་རིང་པོ་མི་ལོན་ཤི་ཚུལ་སོམས། །ངེད་ཐམས་ཅད་དེ་ཡི་རང་བཞིན་ཡིན། །ད་མི་ལོ་བདུན་ཅུ་ཚུན་ཆད་ལ། །ངེད་འདིར་འཚོགས་གཅིག་ཀྱང་མི་ལུས་པར། །ཚེ་འདི་ནས་འཇིག་རྟེན་ཕ་རོལ་འགྲོ །ཕྱིས་ཁྲེལ་ཡོད་འགའ་རེས་དྲན་ནས་ངུ་། །ཚེ་ཕྱི་མར་འགྲོ་དུས་ལག་སྟོང་འགྲོ །རྒྱུ་ནོམ་པ་བསགས་ནས་གང་དུ་འཁྱེར། །གྲོགས་བཟང་བོ་ཡོད་ཀྱང་འགྲོགས་དབང་མེད། །འཕྲང་རིང་བོ་བར་དོར་གཅིག་པུར་འགྲོ །དེའི་དུས་སུ་འདྲེན་མཁན་བླ་མ་དང་། །ཕན་ངེས་པ་དམ་པའི་ཆོས་ཡིན་པས། །ཁྱེད་འདིར་འཚོགས་ཡོན་བདག་ཕོ་མོ་རྣམས། །དུས་ད་ནས་ནམ་འཆི་ཆ་མེད་སོམས། །རྗེ་བླ་མར་སྙིང་ནས་གསོལ་བ་ཐོབ། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་གྱིས། །ལས་མི་དགེ་བཅུ་པོ་དུག་བཞིན་སྤོངས། །ཡར་བླ་མ་བྱོན་དུས་འབྲེལ་བ་ཞོག །མར་དབུལ་པོ་བྱུང་ན་སྦྱིན་པ་ཐོངས། །བར་དགེ་འདུན་རྣམས་ལ་བསྙེན་བཀུར་གྱིས། །ལུས་བསྐྱེད་པའི་ཕ་མར་བརྩི་བཀུར་རེམ། །ཁྱིམ་བཟའ་ཚང་མ་འཁོན་མཐུན་པར་འགྲོགས། །བྲན་གཡོག་པོར་མ་བསྡིག་ལྟོ་གོས་བྱིན། །ཁྱི་ཕྱུགས་ལ་མ་བརྡུང་གསོ་སྐྱོང་རེམ། །གྲོགས་ཁྱིམ་མཚེས་མ་གནོད་ཕན་འདོགས་གྱིས། །ལུས་དལ་བར་མ་སྡོད་ཕྱག་སྐོར་རེམ། །ཁ་དལ་བར་མ་འདུག་མ་ཎི་བགྲོངས། །དུས་རྒྱུན་དུ་བསམ་པ་དཀར་པོ་གྱིས། །མི་ང་ཡང་གང་དུ་སོང་ན་ཡང་། ཁྱེད་འདིར་འཚོགས་སེམས་ཀྱིས་མི་བརྗེད་པར། །ཚེ་འདི་ཡི་བར་ཆད་ཨེ་སེལ་དང་། །ཚེ་ཕྱི་མའི་ལམ་སྣ་འདྲེན་ཐུབ་

p. 592

བལྟ། །ད་ཡོན་བདག་ཕོ་མོ་བདེ་བར་བཞུགས། །ང་རྣལ་འབྱོར་མི་སྡོད་ཆས་ནས་འགྲོ །དུས་ད་དུང་ཚེ་མཇུག་འདི་ཉིད་ལ། །ཞལ་ཡང་དང་ཡང་དུ་མཇལ་བར་སྨོན། །དུས་ད་ནས་མཇལ་རྒྱུར་མ་སོང་ན། །ཚེ་ཕྱི་མར་མཇལ་བའི་སྨོན་ལམ་འཚལ། །འདི་དད་ཅན་ཡོན་བདག་ཕོ་མོ་ལ། །ངས་འགྲོ་ཁར་སྙིང་གཏམ་བྱས་པ་ཡིན། །གླུ་འདི་ཉིད་ཐོས་ཚད་ཕོ་མོ་རྣམས། །དུས་གཏན་དུ་བདེ་ཞིང་སྐྱིད་པར་ཤོག །འདི་ཕྱི་བར་དོ་ཡི་སྐྱེལ་མ། །སྐྱབས་མགོན་ཡིད་བཞིན་གྱི་ནོར་བུ། །འབྲལ་མེད་སྤྱི་གཙུག་ཏུ་བཞུགས་ལ། །བྱིན་རླབས་དངོས་གྲུབ་ཀྱི་ཆར་ཕོབ། །ཡར་མར་ཐམས་ཅད་ནས་འོངས་པའི། །རང་རེ་ཡོན་མཆོད་ཀྱི་ཚོགས་རྣམས། །ད་ནི་སོ་སོ་རུ་གྱེས་ཚེ། །སྐྱོ་བ་རང་ཤུགས་ཀྱིས་སྐྱེས་བྱུང་། །ཡུལ་ཕྱོགས་བཟང་བོ་འདིར་འཁོད་པའི། །དད་ཅན་ཡོན་བདག་གི་ཚོགས་རྣམས། །དམ་པའི་ལྷ་ཆོས་ལ་སྤྱོད་བཞིན། །ཐམས་ཅད་བདེ་བ་རུ་བཞུགས་དང་། །རྣལ་འབྱོར་ཚོགས་དྲུག་ནི་རང་གྲོལ། །དད་པ་དམ་ཚིག་ནི་ཅན་ལ། །ཆོས་འབྲེལ་སྨོན་ལམ་རང་འདེབས་བཞིན། །ཐག་རིང་རྒྱལ་ཁམས་ལ་ཆས་འགྲོ །ཕྱིས་ནས་གནས་ཚུལ་འདྲ་གོ་ཡང་། །དངོས་སུ་མཇལ་རྒྱུ་ཞིག་མི་ཡོང་། །མཇལ་བ་ད་ལན་ཙམ་ཡིན་པས། །སྙིང་གཏམ་སེམས་ལ་རང་ཞོག་དང་། །ད་ནི་མི་མཇལ་བར་གྱུར་ཀྱང་། །སྐྱེ་བ་འདི་ཉིད་ཀྱི་འོག་ཏུ། །ཤར་ཕྱོགས་མངོན་དགའ་ཡི་ཞིང་དུ། །མཇལ་བའི་སྨོན་ལམ་རང་འཚལ་ལོ། །ཞེས་དབྱངས་སུ་བླངས་ཏེ་ཀུན་ལ་མགུལ་དར་གཡོགས་པས། དེར་འཚོགས་པ་ཐམས་

p. 593

ཅད་ལ་ངེས་འབྱུང་དང་སྐྱོ་ཤས་སྐྱེས། དད་གུས་དང་མོས་པ་ཆེར་འཕེལ་ནས་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲུགས་པ་མང་དུ་བྱུང་། །ཡང་དེའི་དུས་སུ་འདི་སྐད་ཅེས་སྨྲས་སོ། །འོ་སྐོལ་རྣམས་སྐྱེས་པའི་ཕ་ཡུལ་མི་གཅིག་ཀྱང་། སྔོན་གྱི་ལས་དང་སྨོན་ལམ་དག་པའི་མཐུས་ང་ཡང་འབོད་མི་དགོས་བཞིན་དུ་ཟླ་མང་པོའི་ལམ་ནས་འདིར་འོངས། ངའི་ཆོས་ལུགས་དང་ཆ་ལུགས་ལ་ངེས་པ་མེད་ཅིང་། གྲུབ་པ་ཡིན་ནམ་གྲྭ་པ་ཡིན་ངོ་མི་ཤེས་པ་ལ་སུ་གང་ཡིན་དད་པ་སྐྱེ་དཀའ་ཡང་། ང་བཟང་རུང་ངན་རུང་ཁྱེད་རྣམས་ཀྱི་ཚེ་རབས་སྔོན་གྱི་བླ་མ་ཞིག་ཡིན་པའི་རྟགས་སུ་ངའི་མིང་ཐོས། གདོང་མཐོང་བ་ཙམ་གྱིས་དད་པ་དབང་མེད་དུ་སྐྱེས་ནས། ང་གངས་རི་ནས་ལོ་གསུམ་ལྷག་སྡོད་རིང་ལ། ངའི་སྒྲུབ་རྒྱགས་ཙམ་དུ་མ་ཟད། བུ་སློབ་ཚེ་བློས་བཏང་བརྒྱ་ལྷག་ཙམ་ལ་ལྟོ་གོས་གཉིས་ཀྱི་མཐུན་རྐྱེན་སྦྱར། ད་ནི་འགྲོ་ཁར་ཡང་། ཁྱེད་ཡོད་པ་རྣམས་ཀྱིས་ཞོན་རྒྱུའི་རྟ། གྱོན་རྒྱུའི་གོས། ཟ་རྒྱུའི་ཟས། འཁྱེར་རྒྱུའི་གསེར་སོགས་གང་ཡོད་ཕངས་མེད་པར་ཕུལ། ལམ་ལ་སྐྱེལ་ཐུང་ཀྱང་བྱས། ང་ཡང་ཁྱེད་ཡོན་བདག་ཕོ་མོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། ས་གང་དུ་འགྲོ་ཡང་བདེ་ནས་བདེ་བར་སོང་ཆོག་ཚུལ་སོགས་ལ་བསམས་ནས། དུས་ནམ་ཡང་སེམས་ལ་དགའ་རྒྱུ་ཞིག་མ་གཏོགས་མི་དགའ་རྒྱུ་ཞིག་གང་ནས་འོང་སྟེ། འོན་ཀྱང་ད་ནི་ང་ཡང་ན་སོ་ནི་རྒས། འཆི་ལ་ནི་ཉེ། ཁྱེད་ཡོན་བདག་ཕོ་མོ་རྣམས་ཀྱི་ནང་ན་རྒན་པ་

p. 594

ནི་མང་། ས་ཁ་ཐག་རིང་པོས་བར་ཆོད་སྐྱེ་འཆི་ལ་ངེས་པ་མེད་པས། ད་ནས་བཟུང་སྟེ་ཅི་གསུང་དང་དུ་ལེན་ཅིང་ཅི་ཟེར་ཁ་ལ་ཉན་པའི་སློབ་བུ་ཡོན་བདག་ཕོ་མོ་དྲིན་ཅན་ཁྱེད་རྣམས་ཚེ་འདིར་ཆུ་བུར་མིག་གི་ལམ་ལ་དངོས་སུ་མི་མཇལ་ཞིང་། ཕྱི་མར་ཡང་ལས་ཉོན་གྱིས་བདས་ནས་རིགས་དྲུག་གི་གནས་སོ་སོར་གང་དུ་འགྲོ་ཅི་ཤེས། མཇལ་བ་ད་ལན་ཙམ་རེད་སྙམ་ན་སེམས་འཕྲེང་སྟེ། ང་ཡང་མིག་ནས་མཆི་མ་འོང་བའི་རྒྱུ་མཚན་དེ་ཡིན། ཁྱོད་ཡོན་བདག་རྣམས་ཀྱང་སྔོན་གྱི་བསོད་ནམས་ཀྱི་མཐུས་ཚེ་འདིར་ད་ལྟ་མི་ནོར་ཟས་གསུམ་འཛོམ། བདེ་སྐྱིད་སྙན་གསུམ་ཆེ་བའི་སྒང་ལ་ང་དང་མཇལ། །མཇལ་བའི་དུས་སུ་ཟང་ཟིང་གི་ནོར། ལུས་ངག་གིས་ཞབས་ཏོག་བཀའ་བཞིན་སྒྲུབ་པའི་མཆོད་པ་གསུམ་གྱི་སྒོས་མཉེས་པར་མཛད། མི་མཉེས་པ་སྐད་ཅིག་ཙམ་ཡང་མ་བྱས་པས་སེམས་ལ་འགྱོད་པ་སྤུ་ཙམ་ཡང་མེད། བླ་མས་ཀྱང་བརྩེ་བས་རྗེས་སུ་བཟུང་སྟེ་ཕས་བུ་ལ་ནོར་འབོག་པ་བཞིན། སྦ་གསང་མེད་པར་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། རང་གིས་ཉམས་སུ་ལེན་ནུས་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གདོན་མི་ཟ། སངས་རྒྱས་དངོས་སུ་མཇལ་ཡང་དེ་ལས་ལྷག་པ་གསུང་རྒྱུ་ནི་མེད། ད་ནི་འགྲོ་ཁར་ཐུགས་བརྩེ་བའི་བྱིན་རླབས། ཚེ་རབས་ཐམས་ཅད་དུ་མཇལ་ཞིང་རྗེས་སུ་འཛིན་པའི་སྨོན་ལམ་དང་ཞལ་བཞེས་བཟང་བོ་ནི་ཡོད་པས། སྐྱེ་བའི་ཕྱི་མར་བླ་མའི་ཐུགས་རྗེས་དག་པའི་ཞིང་ཁམས་ནས་

p. 595

མཇལ་ཏེ། དེ་ཙམ་དུ་མ་ཟད་རང་ལ་དད་པ་ཡོད་ནས་གསོལ་བ་འདེབས་ནུས་ན་ཚེ་འདི་ལ་ཡང་ད་དུང་དངོས་ཉམས་རྨི་ལམ་ལ་ཡང་ཡང་མཇལ་ཡོང་། ད་ནི་བླ་མའི་ཐུགས་རྗེས་ཡུལ་ལ་བཀྲ་ཤིས། ས་ལ་བྱིན་ཆགས། ཟས་ལ་བཅུད་བྱུང་། ནོར་ལ་གཡང་འཁྱིལ། མི་ལ་ནད་མེད། ཕྱུགས་ལ་གོད་མེད་པར་ཐམས་ཅད་སྐྱིད་པའི་སྒང་ལ་བླ་མ་དུས་གསུམ་གྱི་སངས་རྒྱས་སྐུ་ཁམས་བཟང་བོའི་ངང་ནས། སྐལ་བཟང་གི་གདུལ་བྱ་གཞན་སྨིན་གྲོལ་གྱི་ལམ་ལ་འགོད་དུ་ཕེབས་པ་འདི་སྐལ་བ་བཟང་སྙམ་ན་དགའ་རྒྱུ་ཞིག་མ་གཏོགས་མི་དགའ་རྒྱུ་ཞིག་མ་མཆིས་མོད། འོན་ཀྱང་རང་ལ་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་རྩ་བའི་བླ་མ། གཙུག་གི་ནོར་བུ། ཚེ་འདི་ཕྱི་བར་དོ་གཏན་གྱི་སྐྱབས་དང་སྐྱེལ་མ་འདི་དང་གཏན་དུ་འགྲོགས་རྒྱུའི་སྐལ་བ་ཞིག་མེད་རུང་། ལོ་ཁ་ཤས་འགྲོགས་རྒྱུ་ཞིག་བྱུང་ན་ཅི་མ་རུང་། ད་ནི་ཐག་རིང་གི་ཡུལ་ལ་ཕེབས་སོང་ན་ཕྱིན་ཆད་གཞན་བླ་མ་མང་པོར་མཇལ་རུང་། རང་གི་རྩ་བའི་བླ་མ་དུས་གསུམ་གྱི་སངས་རྒྱས་འདི་དང་གང་ནས་མཇལ། རང་ཡང་ནམ་ཤི་འགྲོ་ཅི་ཤེས། འཆི་ཁར་དགོས་པའི་བླ་མ་ནི་དེ་རིང་ཕེབས་རྒྱུ་རེད། ད་ནི་བླ་མའི་ཞལ་རས་དེ་རིང་ནས་བཟུང་། གང་ནས་མཐོང་། གསུང་ཡང་ཚེ་འདིར་རྣ་བས་གང་ནས་ཐོས་ད་སྐལ་བ་རེ་ཆུང་སྙམ་ན། ཁྱེད་རྣམས་ཀྱི་མིག་ནས་མཆི་མ་འོང་བ་ཡང་བདེན་ཏེ། ང་ཡང་སྔོན་ཆོས་རྒྱལ་ངག་གི་དབང་

p. 596

བོ་དང་བྲལ་ནས་འོང་དུས་མང་པོ་ངུས། རྗེས་ནས་ཀྱང་ཉི་མ་གསུམ་ཙམ་ལ་ངུས། དེའི་རྗེས་ནས་ཀྱང་བླ་མ་ནམ་དྲན་པའི་དུས་སུ་མིག་ནས་མཆི་མ་འཆོར་ཞིང་། ད་ལན་ཀྱང་ཁྱེད་རྣམས་ཀྱིས་ང་བསམས་ནས་དུས་ཚེ་ངས་ཀྱང་བླ་མ་དྲན་ནས་ངུ་སྙིང་འདོད་པ་བྱུང་། ངེད་ཚོ་ངུས་པ་དེ་འཇིག་རྟེན་པ་ཟས་གོས་མེད་པར་སྡུག་ཐུག་པ་བླ་མར་ཞུས་ནས་ངུ་བ་དང་། གཉེན་མཛའ་བཤེས་ཀྱི་དོན་དུ་ངུས་པ་དང་མི་འདྲ། བླ་མའི་ཕྱོགས་སུ་མཆི་མ་ལན་ཅིག་བཏང་ན་ཡང་དམྱལ་བ་ཆུ་བུར་ཅན་དུ་མི་སྐྱེ་བའི་གོ་ཆོད་གསུངས། གཞན་ཡང་བླ་མར་བྲལ་ནས་ངུ་བ་དང་། ཕ་མ་ཤི་ནས་ངུ་བ། འཇིག་རྟེན་ན་ཁྲེལ་ཡོད་ཡ་རབས་ཀྱི་གྲལ་ཡིན་པས། མིའི་སྨོན་རྒྱུ་མཆིས་ཀྱང་། འཕྱ་སྨོད་བྱ་རྒྱུ་མེད་པས། དེས་ན་ཁྱེད་མི་དུ་བ་རྣམས་ཀྱིས་ཀྱང་། གཞན་མང་པོ་ངུ་བ་ལ་རྣམ་རྟོག་བྱ་མི་དགོས། ངུ་དུས་ད་ལན་ཙམ་ཡིན་པས་ཁྱེད་ངུ་བ་རྣམས་ཀྱང་ངོ་ཚ་མི་དགོས། གཞན་ངུ་འདོད་པ་སུ་ཡོད་ཀྱང་ངུས་ཆོག སྐྱོན་མེད་བྱས་པས། ཐམས་ཅད་ཀྱི་མིག་ནས་མཆི་མ་འབྱིན་པར་གདའ། ད་འོ་སྐོལ་རྣམས་ཕྱིན་ཆད་འཕྲད་རྒྱུ་མ་བྱུང་རུང་ཁྱེད་རྣམས་ཀྱི་སེམས་ཧ་ཅང་སྐྱོ་མི་དགོས། སྔར་གྱི་འདི་བཞིན་དད་པ་མ་འགྱུར་བ་གྱིས། ངས་ཀྱང་ཕྱོགས་གང་དུ་ཕྱིན་ཀྱང་ཁྱེད་རྣམས་སེམས་ཀྱིས་མི་བརྗེད་པར་བྱས། ངེད་རྣམས་ཀྱི་དོན་དུ་བྱང་ཆུབ་བསྒྲུབ། ང་སངས་རྒྱས་ན་ཁྱེད་རྣམས་སངས་རྒྱས་པ་དང་ཁྱད་མེད་ངས་ཁྱེད་རྣམས་བཞག་མི་ཡོང་། ཚེ་འདི་ལ་མ་མཇལ་ཀྱང་ཡུད་ཙམ་གདའ། སྐྱེ་བ་རྗེས་མ་དེ་ལ་འོ་སྐོལ་རྣམས་ཤར་ཕྱོགས་མངོན་པར་དགའ་བའི་

p. 597

ཞིང་ཁམས་སོགས། རིགས་ལྔའི་ཞིང་ཁམས་གང་རུང་ཞིག་ནས་མཇལ་བ་ཞིག་ཅི་ནས་ཀྱང་བདག་གིས་བྱ་བས། །ཀུན་གྱིས་དགའ་བ་སྒོམས་ཞེས་ལངས་ནས་སྐབས་སྐབས་ཕྱི་མིག་ལྟ་བཞིན་འོང་ཚེ། །གྲྭ་བུ་སློབ་ཡོན་བདག་རྣམས་ཀྱང་རྗེས་ན་ཁྲ་ཤིག་གེ འཇམ་ལྡེམ་མེ་འདུག་པའི་ནང་ནས་ལ་ལ་ངུ་ཞིང་སྣབས་འབྱིད། ལ་ལས་ཤུགས་རིང་འདོན་ཞིང་ཕྱག་འཚལ། ཐལ་མོ་སྦྱར་ནས་གསོལ་བ་འདེབས་ཤིང་སྨོན་ལམ་རྒྱག་པ་དང་། ཡུན་རིང་འགྲོགས་པའི་སྤྲང་པོ་མང་པོས་སྐད་ཆེན་པོ་བརྒྱབ་ནས་ངུ་བ་མཐོང་ཚེ། ངས་ཀྱང་སྙིང་རྗེའི་སེམས་འཕྲེང་དྲག་སྟེ། མིག་ནས་མཆི་མ་མང་པོ་ཤོར་ཞིང་། ཁོང་རྣམས་ཀྱིས་ཀྱང་ང་དང་འབྲལ་མི་ཕོད་པར་ང་ནམ་མཐོང་གི་བར་དུ་བལྟས་ནས་བསྡད། དེ་ནས་མ་མཐོང་བ་དང་། ཁོང་རྣམས་ཀྱང་སོ་སོར་གྱེས་ནས་རང་རང་གི་གནས་སུ་རིམ་པ་བཞིན་ལོག་ནས་སོང་ངོ་། །བླ་མ་སྐལ་ལྡན་དཔོན་སློབ་རྣམས་ཀྱིས་ཚེ་བློས་བཏང་ནས་གངས་དཀར་གྱི་རྒྱལ་པོ་ཏེ་སེའི་ཤར་ཕྱོགས་རྫུ་འཕྲུལ་ཕུག་གི་ཞབས་རྗེས་དཀར་མོའི་གྲུབ་གནས་སུ་ཕེབས་ནས་ལོ་གསུམ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་བསྒྲུབས་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་གང་ཕན་བྱས་སོ། །སྨྲས་པ། གང་གིས་མཆོད་བསྟོད་བཀུར་བ་ཐམས་ཅད་ལ། །གང་འདོད་དངོས་གྲུབ་སྩོལ་བའི་སངས་རྒྱས་མཆོག །གང་དེའི་ཞབས་ཀྱི་པདྨོར་གསོལ་བ་འདེབས། །གང་བསམ་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །བླ་

p. 598

མའི་རྣམ་ཐར་ལན་རེ་ཐོས་ན་ཡང་། །བསྒྲུབ་ལ་བརྩོན་འགྲུས་སྙིང་སྟོབས་སྐྱེ་བའི་ཕྱིར། །གངས་རིའི་གནས་སུ་སྒྲུབ་པ་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །དབུས་ནས་རྣམ་གཡེང་འདུ་འཛི་ཆེར་སོང་ཚེ། །རང་དོན་ཤོར་བའི་གཞན་དོན་ལྟར་སྣང་འདིས། །ནམ་ཕུགས་རང་གཞན་གཉིས་ཀ་བསླུ་ཉེན་གདའ། །ད་ནི་གནས་ཆེན་གངས་རི་ལྟ་བུ་ལ། །སོང་ནས་གཅིག་པུར་ཚེ་མཇུག་སྒྲུབ་པ་བྱས། །འཇའ་ལུས་འོད་ཀྱི་སྐུ་ཞིག་ཨེ་འགྲུབ་བལྟ། །དེ་མིན་གང་གིའང་དགོས་པ་མི་འདུག་སྙམ། །ཡོད་པའི་དུས་སུ་སྟོད་ཕྱོགས་སྤུ་ཧྲེངས་དགོན། །བཤད་འཕེལ་གླིང་གི་སྡེ་བ་དབང་བོ་དེ། །ལྷ་སར་འོང་དང་ཉིན་གཅིག་འཕྲད་པའི་ཚེ། །ཁོ་དང་མཉམ་པོར་གངས་རིར་འགྲོ་ཆད་བྱས། །ལྕགས་ཟམ་མཁན་པོས་ཁོང་ལ་བཅོལ་གདམས་མཛད། །ཞི་བ་ཚེ་རིང་ལྕམ་གྱིས་མཐུན་རྐྱེན་བྱིན། །ལྷ་ས་ནས་ཐོན་ཡར་ལམ་འགྲོ་ཞོར་ལ། །སྙེ་ཐང་སྒྲོལ་མ་རོང་གི་བྱམས་ཆེན་མཇལ། །པཎ་ཆེན་ཐམས་ཅད་མཁྱེན་པ་ཡོངས་འཛིན་གཉིས། །མཇལ་ནས་བློ་སྦྱོང་ཆོས་དང་སྐྱབས་འཇུག་ཞུས། །གྲོ་ཤོད་གཞུང་གི་སྤྲང་མོ་སྒྲོལ་མ་སོགས། །ལམ་སྐབས་སྤྲང་པོར་སྦྱིན་པ་གཏོང་བཞིན་སོང་། །མ་ཕམ་གཡུ་མཚོའི་ཁྲུས་སྒོ་ལྷོ་རུ་སླེབས། །དགེ་འདུན་རྣམས་ཀྱི་སེར་ཕྲེང་རྟེན་འབྲེལ་འགྲིག །དེ་ནས་སྤུ་ཧྲེངས་བཤད་འཕེལ་གླིང་དུ་སོང་། །ཉི་མ་ཁ་ཤས་ངལ་གསོས་མཐུན་རྐྱེན་བསྒྲུབས། །དེ་ནས་གངས་དཀར་རྒྱལ་པོ་ཏེ་སེ་ཡི། །རྫུ་འཕྲུལ་ཕུག་གི་ཞབས་རྗེས་དཀར་མོར་སོང་། །

p. 599

ཐོག་མར་གནས་ལ་བསྟོད་པའི་མགུར་དབྱངས་བླངས། །དེ་ནས་སྒྲུབ་པའི་དམ་བཅའ་སྔོན་དུ་བཏང་། །ཚེ་ཐུང་ནམ་འཆི་ཆ་མེད་ཚུལ་བསམས་ནས། །རྩེ་གཅིག་སྒྲུབ་ལ་གཞོལ་བའི་དུས་སྐབས་སུ། །སློབ་མའི་ཐོག་མ་སྦྱིན་པ་ནོར་བུ་སོགས། །ལས་དང་སྐལ་བར་ལྡན་པའི་གདུལ་བྱའི་རིགས། །སྤྲིན་བཞིན་འདུས་ནས་གསེར་དངུལ་མཎྜལ་ལ། །གཡུ་བྱིར་རིན་ཆེན་ཚོམ་བུ་བཀོད་ནས་ཕུལ། །བཀའ་ཆོས་དགོས་ཞེས་གསོལ་བ་བཏབ་པའི་དུས། །ད་ནི་རང་དོན་བསྒྲུབ་བམ་གཞན་དོན་བྱ། །སྙམ་ནས་ལྷ་ལ་གསོལ་བ་བཏབ་པའི་ཚེ། །ནུབ་གཅིག་ཐོ་རངས་ཁ་ལ་ཡེ་ཤེས་ཀྱི། །མཁའ་འགྲོ་སེང་གེའི་གདོང་ཅན་ཞལ་གཟིགས་ནས། །འཇའ་ལུས་འོད་སྐུ་བསྒྲུབ་པ་ཡ་མཚན་ཡང་། །དེ་བས་འགྲོ་དོན་བསྒྲུབ་པ་ངོ་མཚར་ཆེ། །ཁྱོད་ཀྱི་སྔོན་གྱི་ཐུགས་བསྐྱེད་རྒྱ་ཆེ་བས། །གདུལ་བྱ་མང་པོས་སྒོ་ཡང་ཕྱེ་ནས་འདུག །སྙིང་རྗེ་ཆེན་པོས་འགྲོ་དོན་མཛོད་ཅིག་གསུངས། །ལུང་བསྟན་ནང་ལྟར་སྒྲུབ་པ་བྱེད་བཞིན་དུ། །བུག་སྒོར་ཕྱིན་ནས་མདོ་སྔགས་ཆོས་བཤད་པས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་བྱུང་། །རྗེ་བཙུན་སངས་རྒྱས་རྡོ་རྗེ་ཞབས་དྲུང་ནས། །སྙན་བརྒྱུད་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཞུས། །ཡི་དམ་བདེ་མཆོག་གཙོ་བྱས་རྒྱུད་སྡེ་བཞིའི། །ཕོ་བྲང་ཤེལ་གྱི་མཆོད་རྟེན་མཇལ་བ་དང་། །དཔའ་བོ་མཁའ་འགྲོས་སྐོར་བ་བྱེད་པ་སོགས། །ངོ་

p. 600

མཚར་ཉམས་སྣང་རྨི་ལམ་སྣ་ཚོགས་བྱུང་། །ཤེལ་མོ་གངས་ཀྱི་ཡོན་བདག་ལ་སོགས་པའི། །དད་ཅན་སྣང་ངོར་མཁའ་ལ་འཕུར་བ་དང་། །རང་ཉིད་སོང་ས་བསྡད་ས་འགའ་ཞིག་ནས། །ས་ཡི་རྡོ་ལ་ཕྱག་ཞབས་རྗེས་ཀྱང་བྱུང་། །ལོ་གསུམ་གྲོལ་ནས་གངས་ལ་གཡས་སྐོར་བྱས། །གངས་རིའི་རྡོར་འཛིན་གསེར་ལུང་བླ་མ་ལ། །དབང་ལུང་ཞུས་ཤིང་ཕྱོགས་བཞིར་གངས་མཆོད་ཕུལ། །ཕྱོགས་དེའི་རོང་འབྲོག་ཡོངས་ལ་ཆོས་བཤད་པས། །ཀུན་གྱི་སྣང་བ་དམ་པའི་ཆོས་ལ་འགྱུར། །སྐྱེ་བོ་ཀུན་དགའ་གླུ་གར་སྣ་ཚོགས་བྱས། །ར་ལུག་ཁྲི་ཕྲག་མང་པོའི་ཚེ་ཐར་བཏང་། །གསེར་དངུལ་ཟས་ནོར་ལོངས་སྤྱོད་ཆར་བཞིན་བབས། །བཤད་འཕེལ་གླིང་དུ་རྒྱལ་མཚན་འཁོར་ལོ་བཙུགས། །དངུལ་ཀོང་ཀ་འཕན་སྤྱི་འཇོག་མང་པོ་བཞག །མཁོ་ཆགས་ཇོ་བོར་གནོད་པའི་ཆུ་ཆེན་ལ། །རྡོ་ཡི་རག་བརྒྱབ་ཕར་ཕྱོགས་ཤིག་ལ་བསྒྱུར། །ཁྲུས་སྒོ་ལྷོ་ནས་མཚོ་ལ་བུམ་གཏེར་ཕུལ། །ཀུན་ལ་ཆོས་བཤད་ཞལ་གདམས་བྱིན་པའི་མཐར། །འགྲོ་ཁར་ཐམས་ཅད་འབྲལ་གླགས་མ་ཕོད་པར། །་སྤྲང་པོ་ཡན་ཆད་མིག་ནས་མཆི་མ་ཤོར། །ངས་ཀྱང་སྙིང་རྗེ་སེམས་འཕྲེང་འབྲལ་མ་ཕོད། །ཕྱི་མིག་ལྟ་བཞིན་བལ་ཡུལ་ཕྱོགས་ལ་སོང་། །སྐལ་ལྡན་དཔོན་སློབ་གངས་དཀར་ཏེ་སེར་ཕེབས། །ཡོན་བདག་རྣམས་ཀྱང་རང་རང་ཡུལ་ལ་ཐེག །མདོར་ན་གངས་རིའི་གནས་སོང་སྒྲུབ་པ་བྱས། །ཆོས་བཤད་རང་

p. 601

གཞན་དོན་གཉིས་འགྲུབ་པ་བྱུང་། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །དབེན་པར་སྒྲུབ་ལ་གཞོལ་བཞིན་ཆོས་བསྟན་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བལ་ཡུལ་མཆོད་རྟེན་ཆེན་པོ་རྣམ་གཉིས་ལ་མཇལ་དུ་སོང་ཚུལ། བཅུ་གཉིས་པ་ངོ་མཚར་ལྷ་ཡི་ཡུལ་དང་མཚུངས་པའི་བལ་ཡུལ་མཆོད་རྟེན་ཆེན་པོ་རྣམ་གཉིས་ལ་མཇལ་དུ་སོང་ཚུལ་ནི། ས་ཕོ་སྟག་གི་ལོའི་ཆུ་སྟོད་ཟླ་བ་ལ་ངེད་དཔོན་སློབ་མང་པོ་དང་བཅས་ཏེ་ཆས་ནས་ཧོར་ནང་དུ་སོང་། ཧོར་དཔོན་ཕྲུག་སོགས་ཡོན་བདག་རྣམས་ལ་ཆོས་བཤད་སྡིག་རྒྱུན་བཅད། དགེ་རྒྱུན་བཙུགས་པས། རྟ་དང་གསེར་དངུལ་ཇ་མར་མང་པོ་འབུལ་མཁན་བྱུང་། ཐམས་ཅད་ཀྱིས་སྲོག་གཅོད་ཀྱི་སྡིག་པ་མ་བྱས་པས། དེའི་ལོ་གཞུང་ཚོང་པ་ཡར་འགྲོ་མར་འགྲོ་རྣམས་ཀྱིས་ཤ་དཀོན་པོ་བྱུང་ཟེར། གྲོ་ཤོད་དུ་སླེབས་ནས་འགོ་པ་དྲུང་རྩེའི་བུ། འགོ་པ་བློ་བཟང་འཕྲིན་ལས་ཀྱི་ནང་དུ་སོང་། གསེར་དངུལ་གཡུ་བྱི་རུ་མུ་ཏིག་གི་རྒྱན་ཆ་དངུལ་རྡོ་ཚད་མང་པོའི་རྩིས་ཕུལ། གཞན་ཡང་གྲོ་ཤོད་གཞུང་གི་ཕྱུག་པོ་རྣམས་ཀྱིས་རྟ་གོས་གཡུ་བྱིར་སོགས་ནོར་སྣ་མང་པོ་ཕུལ། བདག་གིས་དངུལ་སྲང་སྟོང་ཕྲག་ལྷག་ཙམ་གྱི་རྒྱུ་ནོམ་པ་མང་པོ་བྱིན་ནས། རི་དྭགས་གཙོད་གསོད་པའི་ཁྱིམ་ཚང་ཉི་ཤུ་རྩ་ལྔ་ཙམ་

p. 602

གྱིས། ལོ་རེ་ལ་གཙོད་སྟོང་ཕྲག་མང་པོ་གསོད་པ་ལ་ལས་རྒྱུ་འབྲས་ཀྱི་ཆོས་བཤད་འཇིག་རྟེན་འདིའི་ཁ་ཏ་བཅུག་པས་ཁོང་རྣམས་ཀྱིས་ཕྱིན་ཆད་གཙོད་མི་གསོད་པའི་དམ་བཅའ་བྱས། རི་དྭགས་འཛིན་པའི་ཐག་རྙི་གཡག་ཁལ་ལྔ་དྲུག་ཙམ་ཡོད་པ་བསྡུས་ནས་མེ་ལ་བསྲེགས། གསོད་མཁན་གྱི་ཁྱིམ་ཚང་དེ་རྣམས་གྲོ་ཤོད་གཞུང་གི་ཕྱུག་པོ་ཚོའི་མཐའ་ལ་བཞག །རི་དྭགས་མ་བསད་ན་ཕན་ཐོགས་གྱིས་ཞེས་བཅོལ་གདམས་བྱས། རྗེས་ནས་ཕྱུག་པོ་ཚོས་ཀྱང་། རི་དྭགས་མི་གསོད་པ་དང་ལས་ཀ་བྱེད་དུ་བཅུག་ཟས་གོས་བྱིན་ནས་སྐྱིད་པོ་བྱས་བསྡད་ཡོད་སྐད། དེ་ནས་ངེད་དཔོན་སློབ་འགའ་ཞིག་དགའ་ཆོས་དགོན་པར་སོང་། འགྱེད་མང་ཇ་བཏང་སྐྱབས་འཇུག་ཞུས་ཞག་ཁ་ཤས་ངལ་གསོས་ནས་བསྡད། །དེ་ནས་སྡེ་པ་དབང་བོ་དཔོན་གཡོག་འགས། གསེར་དངུལ་སོགས་ནོར་ལོངས་སྤྱོད་གང་ཡོད་ཕལ་ཆེ་བ་ཁྱེར་ནས་དབུས་གཙང་དག་པའི་ཞིང་དུ་མཆོད་འབུལ་ལ་སོང་དུས། ཐོག་མར་དཔལ་ལྡན་ས་སྐྱ་རིན་པོ་ཆེ་ཡབ་སྲས་རྣམས་ལ་མཇལ།་རྟ་བཟང་པོ་གཅིག དངུལ་གྱི་མཎྜལ་ལ་གཡུ་བྱི་རུའི་ཚོམ་བུ་བཀོད་ནས་ཕུལ། སྤྲུལ་པའི་ལྷ་ཁང་ཆེན་མོའི་ནང་དུ་གསེར་སྲང་ཉི་ཤུ་ཐམ་པའི་གསེར་ཀོང་བཞག་མར་མེ་རྒྱུན་སྦར་གྱི་སྦྱོར་འཇགས་ལ་དངུལ་ཊཾ་ལྔ་བརྒྱ་ཐམ་པ་ཕུལ། དེ་ནས་སྐྱབས་མགོན་པཎ་ཆེན་རིན་པོ་ཆེར་མཇལ། རྟ་བཟང་པོ་གསུམ། དངུལ་གྱི་མཎྜལ་ཆེན་པོ་ལ་གསེར་གཡུ་བྱི་རུའི་ཚོམ་བུ་བཀོད་ནས་ཕུལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་

p. 603

མཚན་གྱི་གསེར་གདུང་རིན་པོ་ཆེའི་དྲུང་དུ། གསེར་སྲང་ཉི་ཤུ་ཐམ་པའི་གསེར་ཀོང་གཅིག་བཞག དེ་ནས་ལྷ་ས་རུ་སོང་། རྒྱལ་བ་ལུང་རྟོགས་རྒྱ་མཚོ་རིན་པོ་ཆེའི་གདུང་འབུལ་དུ་རྟ་གསུམ་དངུལ་གྱི་མཎྜལ་ལ་གསེར་གཡུ་བྱི་རུ་སོགས་རིན་པོ་ཆེ་དུ་མའི་ཚོམ་བུ་བཀོད་ནས་ཕུལ། དེ་ནས་བོད་ཀྱི་རྒྱལ་པོ་དེ་མོ་རིན་པོ་ཆེ་ལ། དགའ་ལྡན་གསེར་ཀོང་གི་མགོ་འདྲེན་བཅོལ་ཕྱིར། རྟ་ལྔ་གསེར་ཞོ་བཅུ་གསུམ། དངུལ་གྱི་མཎྜལ་ལ་གཡུ་བྱི་རུ་མུ་ཏིག་གི་ཚོམ་བུ་བཀོད་ནས་ཕུལ། དེ་ནས་དགའ་ལྡན་གསེར་ཀོང་གི་རྒྱུ་ལ། གསེར་ཞོ་སྟོང་ཕྲག་གཅིག་ཕུལ། བོད་ཀྱི་རྒྱལ་པོས་བཀའ་ཁྱབ་གནང་། འདོད་དཔལ་མཁན་པོ་གཉིས་ཀྱིས་བཀོད་པ་བཏང་། པོ་ཏ་ལའི་ཤོད་ཀྱི་འདོད་དཔལ་ནས་བཟོས་པའི་སྟེགས་དང་བཅས་ཏེ་བཟོ་བཀོད་པ་ཕུན་སུམ་ཚོགས་པ་ཞིག་བྱུང་། དགའ་ལྡན་གསེར་གདུང་ཆེན་མོའི་དྲུང་དུ་སྟོང་མཆོད་དང་བཅས་པ། དགའ་ལྡན་གསེར་ཁྲི་རིན་པོ་ཆེས་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེན་པོ་གནང་ནས་ཕུལ། དེ་ནས་དགའ་ལྡན་དགེ་འདུན་སྡེ་ལ་འགྱེད་ཕོགས་མང་ཇ་བཏང་ནས་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་བྱས། གསེར་ཀོང་དེ་ལ་གསེར་སྲང་བྱས་ན་སྲང་བརྒྱ་དང་བརྒྱད་ཅུ་ཐམ་པ་ཙམ་གྱི་རྩིས་ཡོད་སྐད། དེ་དུས་དཔལ་བསམ་ཡས་ལྷ་ཁང་གསར་བཞེང་བྱེད་པའི་ཞལ་འདེབས་སུ་གསེར་ཞོ་བརྒྱ་ཐམ་པ་རྟ་ལྔ་གཡུ་བྱི་རུ་སྤོས་ཤེལ་རྡོ་ཚད་གཅིག་གི་རྩིས། བོད་ཀྱི་རྒྱལ་པོ་བརྒྱུད་ནས་ཕུལ།

p. 604

དེ་ནས་ཕྱག་མཛོད་སྡེ་པ་དབང་བོ་ལྷ་སའི་ཡེར་བ་ལྷ་རི་སྙིང་པོའི་མགུལ་དུ་སོང་ནས། རེ་ཞིག་བསྡད་དེ་དགེ་སྦྱོར་གང་ནུས་བྱས་པས་བློ་བདེ་བ་བྱུང་ངོ་། །ངེད་དཔོན་སློབ་ཁ་ཤས་ཀྱིས་རྣམ་རྒྱལ་ལྷ་རྩེ་བརྒྱུད་ནས་གློ་ཡུལ་གྱི་ཆུ་མིག་བརྒྱ་རྩ་རྡོ་ལ་མེ་འབར། ཆུ་ལ་མེ་འབར་བ་ལ་མཇལ་དུ་འགྲོ་བའི་ལམ་སྐབས་སུ། གནས་ཆེན་ཙཱ་རི་ན་ཡོད་པའི་བུ་ཆེན་ཀུན་བཟང་གཞན་ཕན་ཡར་འོང་བ་དང་འཕྲད་དེ། ཁོ་ན་རེ་ཁྱེད་སྟོད་གངས་རི་ན་བཞུགས་པའི་དུས་སུ། ཆོས་མང་པོ་ཨེ་གསུངས། སློབ་མ་ཆོས་བྱེད་མཁན་མང་པོ་ཨེ་བྱུང་ཞེས་དྲིས་པའི་ལན་དུ་ཚིག་ལྷུག་པར་བཀྲལ་ནས་རྒྱས་པར་བཤད་པའི་མཐར་ཚིགས་སུ་བཅད་དེ་སྨྲས་པ། །རྗེ་བཙུན་བླ་མའི་ཞབས་ལ་འདུད། །རྗེས་འཇུག་ཡོངས་ལ་ཐུགས་རྗེས་གཟིགས། །ཆོས་བཤད་བྱས་ཚད་ཐམས་ཅད་ཀྱིས། །ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །གངས་རིའི་ཕྱོགས་ཀྱི་དད་ཅན་མི། །གང་ལའང་ཆོས་བཤད་འདི་ལྟར་བྱས། །མཚན་ལྡན་བླ་མ་དཀོན་མཆོག་གསུམ། །མཆོད་བསྟོད་བཀུར་ཞེས་ཆོས་བཤད་བྱས། །མི་ལུས་སྙིང་པོ་ལེན་པའི་ཕྱིར། །དལ་འབྱོར་རྙེད་དཀའི་ཆོས་བཤད་བྱས། །ཕྱི་མ་དོན་གཉེར་སྐྱེ་བའི་ཕྱིར། །མི་རྟག་འཆི་བའི་ཆོས་བཤད་བྱས། །འཁོར་བར་ཞེན་པ་ལྡོག་པའི་ཕྱིར། །རིགས་དྲུག་སྡུག་བསྔལ་ཆོས་བཤད་བྱས། །ནོར་ལ་ཞེན་ཆགས་སྤོང་བའི་ཕྱིར། །འདོད་ཡོན་ཉེས་དམིགས་ཆོས་བཤད་བྱས། །སེམས་ཅན་ཡལ་བར་མི་འདོར་

p. 605

ཕྱིར། །སྙིང་རྗེ་བསྒོམ་ཚུལ་ཆོས་བཤད་བྱས། །སྙིང་རྗེ་ཆེན་པོའི་ཀུན་བསླངས་ནས། །སེམས་བསྐྱེད་བྱེད་ཚུལ་ཆོས་བཤད་བྱས། །མི་དགེ་བཅུ་ལ་སོགས་པ་ཡི། །ཉེས་བྱེད་སྡོམ་པའི་ཆོས་བཤད་བྱས། །ཕར་ཕྱིན་དྲུག་སོགས་དགེ་བའི་ཆོས། །སྡུད་ལ་རེམ་ཞེས་ཆོས་བཤད་བྱས། །བསྡུ་བཞིའི་སྒོ་ནས་གཞན་གྱི་དོན། །ཅི་ནུས་མཛོད་ཅེས་ཆོས་བཤད་བྱས། །ཚེ་གཅིག་ལུས་གཅིག་སངས་རྒྱ་བའི། །གསང་སྔགས་ཟབ་མོའི་ཆོས་བཤད་བྱས། །འབད་རྩོལ་མེད་པར་འཚང་རྒྱ་བའི། །ཡང་གསང་སྙིང་པོའི་ཆོས་བཤད་བྱས། །གཞན་ཡང་མཆོག་དམན་མང་པོ་ལ། །ང་ཡིས་ཆོས་བཤད་འདི་ལྟར་བྱས། །བླ་མས་གྲུབ་མཐའ་རིས་མེད་ལ། །ཕན་ཐོགས་མཛོད་ཅེས་ཆོས་བཤད་བྱས། །དཔོན་པོས་མི་སེར་ཐམས་ཅད་ལ། །བྱམས་སྐྱོང་གྱིས་ཞེས་ཆོས་བཤད་བྱས། །མི་སེར་རྣམས་ཀྱིས་དཔོན་པོ་ལ། །བརྩི་བཀུར་གྱིས་ཞེས་ཆོས་བཤད་བྱས། །ཕ་མ་གཉིས་ལས་དྲིན་ཅན་མེད། །ཞབས་ཏོག་གྱིས་ཞེས་ཆོས་བཤད་བྱས། །སྲོག་ལ་རང་གཞན་ཀུན་གྱིས་གཅེས། །སྲོག་གཅོད་སྤོངས་ཞེས་ཆོས་བཤད་བྱས། །ཕྱུག་པོས་སེར་སྣ་མ་བྱེད་པར། །མཆོད་སྦྱིན་ཐོངས་ཞེས་ཆོས་བཤད་བྱས། །ཆོས་ལུགས་གྲུབ་མཐའ་ཐམས་ཅད་ལ། །དག་སྣང་སྦྱོངས་ཞེས་ཆོས་བཤད་བྱས། །དེ་ལྟར་ཆོས་བཤད་བྱས་པའི་མཐུས། །སློབ་མ་ཆོས་པ་མང་པོ་བྱུང་། །དད་པ་ཅན་ཡང་མང་པོ་བྱུང་། །

p. 606

ཚེ་འདི་བློས་བཏང་མང་པོ་བྱུང་། །རི་ཁྲོད་པ་ཡང་མང་པོ་བྱུང་། །སྙིང་རྗེ་ཅན་ཡང་མང་པོ་བྱུང་། །གཏོང་ཕོད་ཅན་ཡང་མང་པོ་བྱུང་། །མཁྱེན་པ་ཅན་ཡང་མང་པོ་བྱུང་། །འགྲོ་དོན་ཅན་ཡང་མང་པོ་བྱུང་། །དག་སྣང་ཅན་ཡང་མང་པོ་བྱུང་། །བྱུང་རབ་བཤད་ན་མང་པོ་གདའ། །དེ་ཙམ་གྱིས་ལ་ཞོག་ལ་ཐོངས། །ད་དུང་དེ་ལྟར་ཆོས་བཤད་ནས། །འགྲོ་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་སྨྲས་པས་ཁོ་དགའ་མགུ་ཡི་རང་བར་གྱུར་ཏོ། །ཡང་དེའི་དུས་སུ་འགྲོ་ཞོར་ལ་གློ་མན་ཐང་རྒྱལ་པོ་འཇམ་དཔལ་དགྲ་འདུལ་དང་། ཁྲི་ཐོག་རྒྱལ་པོ་ཁྲོ་བོ་དཔལ་མགོན། སྒྱུ་ལུང་སྡེ་པ་ཡོན་ཏན་སངས་རྒྱས་སོགས་དད་ཅན་གྱི་སྐྱེ་བོ་ཕོ་མོ་མང་པོ་ལ་ཚེ་དབང་སྐུར་དུས་ཆོས་བཤད་ཀྱང་འདི་ལྟར་བྱས་སོ། །འོ་སྐོལ་རྣམས་ལ་ད་རེས་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར། ཚེ་འདིར་ཡུན་རིང་བོ་མི་སྡོད་པར་ཚེ་ཕྱི་མ་ཞེས་བྱ་བའི་སྔར་འགྲོ་མ་མྱོང་བའི་ཡུལ་དེར་ཀུན་ངེས་པར་འགྲོ་ཞིང་ནམ་འགྲོ་ཆ་མེད། དོ་ནུབ་ཡིན་ཡང་འཆི་བ་མི་རྟག་པ་ཞེས་བྱ་བའི་ལམ་པོ་ཆེ་དེ་ལ་ཞུགས་ནས་འགྲོ་ཉེན་ཡོད། འགྲོ་བའི་དུས་སུ་ཆོས་བྱས་པ་རྣམས་མཐོ་རིས་ཐར་པའི་གནས་ལ་ཡར་ཡར་སོང་ནས་བདེ་སྐྱིད་མྱོང་ཞིང་། སྡིག་པ་བྱས་པ་རྣམས་ངན་སོང་གསུམ་གྱི་གནས་སུ་མར་མར་སོང་ནས་སྡུག་བསྔལ་མྱོང་བས། ད་ལྟ་ཡར་མར་གང་ལ་འགྲོ་བའི་དབང་རང་གི་ལག་ན་ཡོད་པའི་དུས་སྐབས་འདིར་མར་འགྲོ་མི་དགེའི་སྡིག་པ་སྤངས་ནས། ཡར་འགྲོ་དམ་པའི་ཆོས་ཤིག་ཅི་ནས་ཀྱང་བྱ་དགོས། དེ་ཡང་མི་དགེ་སྡིག་པ་ནི་སེམས་ཅན་ར་ལུག་དང་རི་

p. 607

དྭགས་ལ་སོགས་པའི་སྲོག་གཅོད་པ་དང་། གཡོ་སྒྱུ་རྐུ་འཕྲོག་གི་སྒོ་ནས་གཞན་གྱི་ལག་ནས་ནོར་འཕྲོག་པ་དང་། ཞེ་སྡང་ལངས་ནས་གཡོག་པོ་དང་གཡོག་མོ་སོགས་ལ་ཁ་ངན་དང་ཚིག་ངན་རྒྱག་པ་བསམ་ངན་དང་སྦྱོར་རྩུབ་བྱེད་པ་ཐམས་ཅད་སྡིག་པ་མི་དགེ་བ་ཡིན་པས་འཛེམ་དགོས། དགེ་བ་བསྒྲུབ་པ་ནི། ཡར་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ་བ། མར་དབུལ་བོ་ངན་སློང་ལ་སྦྱིན་པ་གཏོང་བ། བར་དགེ་འདུན་པ་དང་ཕ་མ་རྒན་རྒོན་ལ་ཞབས་ཏོག་བྱེད་པ། གཞན་ཡང་ལུས་ཀྱིས་ཕྱག་དང་སྐོར་བ། ངག་གིས་ཁ་ཏོན་བཟླས་བརྗོད། སེམས་ཀྱིས་དད་གུས་དག་སྣང་། བྱམས་སྙིང་རྗེ་སྟོང་ཉིད་དང་ལྷ་བསྒོམ་པ་སོགས་ཡིན་པས་ན་བསྒྲུབ་དགོས། དེ་ལྟར་མི་དགེའི་སྡིག་པ་སྤངས་ནས་དགེ་བ་བསྒྲུབས་ཚེ་འདིར་ཡང་བདེ་ཞིང་ཕྱི་མར་སྐྱིད་ལ། ནམ་ཕུགས་འོ་སྐོལ་རྣམས་ཀྱང་དག་པའི་ཞིང་ནས་མཇལ་ཏེ། སངས་ཡང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད་ཅེས་མགུར་དབྱངས་འདི་བླངས་སོ། །རྐང་གཉིས་གཙོ་བོ་ཐུབ་དབང་ཞབས་ལ་འདུད། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །འདི་ཕྱི་གཉིས་ཀར་བདེ་ཞིང་སྐྱིད་པའི་ཐབས། །བླང་དོར་གཉིས་ཀྱི་རྣམ་དབྱེ་བཤད་ཀྱིས་ཉོན། །འོ་སྐོལ་རྣམས་ཀྱིས་དལ་འབྱོར་མི་ཡི་ལུས། །ཐོབ་ཀྱང་ཡུན་རིང་ཚེ་འདིར་མི་སྡོད་པར། །ཕྱི་མ་ཞེས་བྱ་འགྲོ་ཡང་མ་མྱོང་བའི། །ཡུལ་དེར་འགྲོ་ཞིང་ནམ་འགྲོའི་ངེས་པ་མེད། །དོ་ནུབ་ཡིན་ཡང་

p. 608

འཆི་བ་མི་རྟག་པའི། །ལམ་པོ་ཆེ་ལ་ཞུགས་ནས་འགྲོ་ཉེན་ཆེ། །རྒྱུས་མེད་ཆ་མེད་བར་དོའི་འཕྲང་རིང་ལ། །སྐྱབས་མེད་མགོན་མེད་རང་ཉིད་གཅིག་པུར་འགྲོ། སོང་ན་བར་དོའི་འཕྲང་ལ་འཁྲུལ་སྣང་གི །འཇིགས་སྐྲག་དྲག་པོ་བསམ་གྱིས་མི་ཁྱབ་ཡོད། །དེ་དུས་ཕན་པ་དམ་པའི་ལྷ་ཆོས་དང་། །འདྲེན་མཁན་བླ་མ་དཀོན་མཆོག་མ་གཏོགས་པ། །ཚེ་འདིའི་མི་ནོར་ཟས་གསུམ་གང་གིས་ཀྱང་། །དེ་ཡི་དུས་སུ་ཕན་པ་གཅིག་ཀྱང་མེད། །ཚེ་འདིར་ལྷ་ཆོས་བྱས་པའི་ལས་ཅན་རྣམས། །མཐོ་རིས་ཐར་པའི་གནས་སུ་ཡར་ལ་འགྲོ །མི་དགེ་སྡིག་པ་བྱས་པའི་ལས་ངན་རྣམས། །ངན་སོང་གསུམ་གྱི་གནས་སུ་མར་ལ་འགྲོ །ཡར་འགྲོ་མར་འགྲོ་གཉིས་ཀྱི་ས་མཚམས་ན། །འོ་སྐོལ་ཡོད་པས་འགྲོ་ས་མ་ནོར་ཅིག །དེ་ཡང་མར་འགྲོ་མི་དགེའི་སྡིག་པ་སྤངས། །ཡར་འགྲོའི་དགེ་བ་བྱེད་ན་འདི་བཞིན་གྱིས། །མཆོག་གསུམ་རྩ་བ་གསུམ་ལ་དད་གུས་གྱིས། །ཁམས་གསུམ་སེམས་ཅན་ཡོངས་ལ་སྙིང་རྗེ་སྐྱེད། །ཕ་མའི་ཕྱིར་ཡང་སྲོག་གཅོད་ལས་མི་བྱེད། །ལུས་སྲོག་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤོང་། །སྐུ་གསུང་ཐུགས་རྟེན་རྣམས་ལ་མེ་ཏོག་དང་། །བདུག་སྤོས་མར་མེ་ཞལ་ཟས་འཕན་གདུགས་ཕུལ། །ཁྲིམས་ལྡན་དགེ་འདུན་སྡེ་རྣམས་མཆོད་བསྟོད་བཀུར། །ཚད་ལྡན་རྒྱལ་བའི་གསུང་རབ་འདྲི་འདོན་ཀློགས། །མ་གྱུར་དབུལ་ཕོངས་རྣམས་ལ་སྦྱིན་པ་ཐོངས། །མ་ནུས་ཉམ་ཐག་ནད་པར་སྨན་ཡང་བྱིན། །གསོད་ངེས་ནག་ཅན་མི་ལ་ངོ་ཆེན་ཞུས། །འཆི་ངེས་དུད་འགྲོ་

p. 609

རྣམས་ཀྱི་སྲོག་བླུ་གྱིས། །ཕྱི་མར་ལྷ་མིའི་རྟེན་བཟང་འཐོབ་པའི་རྒྱུ། །ཚེགས་ཆུང་དོན་ཆེ་བསྙེན་གནས་སྡོམ་པ་སྲུངས། །རང་རྒྱུད་བསྲེག་ཅིང་གཞན་རྒྱུད་དཀྲུགས་པའི་རྒྱུ། །ཚིག་རྩུབ་བྱུང་དུས་ཁྲོ་མེད་བཟོད་པ་སྒོམས། །ལེ་ལོ་ཆེ་ན་བསམ་པའི་དོན་མི་འགྲུབ། །འབད་པ་ཆེན་པོས་དམ་པའི་ལྷ་ཆོས་གྱིས། །དེ་བཞིན་གཤེགས་པའི་སྐུ་སོགས་དམིགས་རྟེན་ལ། །མ་ཡེངས་སེམས་ཞོག་རྩེ་གཅིག་བསམ་གཏན་སྒྲུབས། །ཆོས་རྣམས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར། །རང་བཞིན་མེད་པའི་ཚུལ་རྣམས་ཤེས་པར་གྱིས། །བསྟན་དང་འགྲོ་བ་གང་ལའང་གང་ཕན་གྱིས། །ཕན་མ་ཐོགས་རུང་གནོད་པ་མ་བྱེད་ཅིག །ཡི་དམ་བསྒོས་བཟླས་ཆོས་སྐྱོང་བསྐང་གསོ་སོགས། །འཕྲལ་ཕུགས་བདེ་བའི་ཐབས་ལ་འབད་པར་མཛོད། །དེ་བཞིན་བྱེད་ཀུན་ཀུན་མཁྱེན་མྱུར་ཐོབ་ནས། །མ་གྱུར་འགྲོ་རྣམས་རྣམ་མཁྱེན་སར་འདྲེན་ཤོག །ཅེས་བླངས་པས་རྒྱལ་བློན་འབངས་འཁོར་ཐམས་ཅད་ཀྱི་བློ་ཁ་ཆོས་ལ་འགྱུར་ཏེ། ཞལ་གདམས་ནང་བཞིན་མཛད་པས་གནས་སྐབས་ཚེ་འདིར་ཚེ་བསོད་མངའ་ཐང་རིགས་རྒྱུད་རླུང་རྟ་སྙན་གྲགས་ཆེས་ཆེར་རྒྱུས་ཤིང་། མཐར་ཐུག་འཐོབ་བྱ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་རིམ་གྱིས་འཐོབ་པའི་སྐལ་བ་ཅན་དུ་གྱུར་ཏོ། །ཁོང་རྣམས་ཀྱིས་གསེར་གྱི་ཊཾ་ཀ་གོར་ཊཾ་གཡུ་བྱི་རུ་རྒྱན་དང་ཡོ་བྱད་མང་པོ་ཕུལ། གློ་ཆུ་མིག་བརྒྱ་རྩ་རུ་སླེབས་ནས་ཞག་པོ་ཁ་ཤས་

p. 610

བསྡད་གནས་འབྲེལ་བཞག་ཚོགས་བཏང་ཆུ་ལ་ཁྲུས་བྱས་ཆུ་ལ་མེ་འབར་རྡོ་ལ་མེ་འབར་བའི་རྟེན་རྣམས་ལ་མཇལ། དེ་ནས་ཡར་ལམ་ཡང་གནས་དང་དགོན་པ་རྣམས་ལ་མཇལ་ཞིང་། གྲོང་པ་སོ་སོར་འགྲོ་དོན་བྱེད་བཞིན་འབྲོག་པ་འབ་ཆེན་པ་དང་མངའ་རིས་རྫོང་དཀར་འོད་དད་ཅན་གྱི་སྐྱེ་བོ་ཕོ་མོ་ཡོངས་ལ་ཆོས་བཤད་འདི་ལྟར་བྱས་སོ། །དེ་ཡང་འོ་སྐོལ་རྣམས་སྐྱེ་དཀའ་བ་གླིང་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ལྷོ་འཛམ་བུའི་གླིང་དུ་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་མཚན་ལྡན་གྱི་བླ་མ་དང་མཇལ་བའི་དུས་འདིར་དཀར་པོ་དགེ་བའི་ལས་ལ་བརྩོན་དགོས་ཏེ། ད་རེ་གཏན་གྱི་ལམ་སྣ་ཟིན་ཐབས་དམ་པའི་ཆོས་ཤིག་མ་བྱས་ན། །ཡང་ནས་ཡང་དུ་དལ་འབྱོར་གྱི་མི་ལུས་མི་འཐོབ། ཐོབ་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་མི་མཇལ། མཇལ་ཀྱང་དམ་པའི་ཆོས་སྒྲུབ་པའི་རང་དབང་རང་ལ་ཨེ་ཐོབ་མི་ཤེས་པས་ན། ད་ལན་རང་དབང་ཐོབ་པའི་དུས་འདིར་དལ་འབྱོར་དོན་ལྡན་ཞིག་མཛད་དགོས། དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན། སང་བྱ་གནངས་བྱའི་ངང་ལ་ལུས་ན་འཆི་ཁར་འགྱོད་ཀྱང་ཕན་པ་མེད་དེ། ཅིའི་ཕྱིར་ཞེ་ན། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། སྣོད་བཅུད་ཐམས་ཅད་འཕོ་འགྱུར་གྱི་ཁོར་ཡུག ཤ་ཁྲག་གི་ལུས་འདི་ནི་ཆུ་ཡི་ལྦུ་བ་ལྟ་བུ། ཚེ་སྲོག་དང་དབུགས་ནི་ལ་ཁའི་ན་བུན་བཞིན་དུ་ཡལ་བར་སླ་ཞིང་། དོ་ནུབ་ཙམ་ཡང་མི་འཆི་

p. 611

སྙམ་པའི་བློ་གཏད་ཐུབ་པ་ནི་ཅི་ཡང་མེད་དེ། འཆི་བའི་རྐྱེན་ནི་ནམ་མཁའི་ཐོག་ལྟར་འབྱུང་ཞིང་། དེ་ལ་བྲོས་ཤིང་གཟུར་བའི་ཐབས་ནི་གང་ཡང་མེད་དེ། འཆི་བའི་དུས་ལ་བབ་པའི་ཚེ། སྟོབས་དང་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙམ་ཞིག་ཡོད་ཀྱང་རང་ལ་ཕན་པ་རྡུལ་ཙམ་ཡང་མི་འབྱུང་། །ནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་བ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་འཁྱེར་དབང་ནི་མེད། ཕ་མ་གཉེན་བཤེས་གྲོགས་མཆེད་མང་པོས་མཐའ་བསྐོར་ཡང་གཅིག་ཀྱང་འཁྲིད་དབང་མེད་པར་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་རང་ཉིད་གཅིག་པུར་འགྲོ་དགོས། སོང་བ་ཙམ་དུ་མ་ཟད། བར་དོའི་འཁྲུལ་སྣང་འཇིགས་སྐྲག་དྲག་པོ་བསམ་གྱིས་མི་ཁྱབ་པ་མྱོང་ལ། དེའི་དུས་སུ་ཕན་པ་དམ་པའི་ཆོས་དང་འདྲེན་མཁན་བླ་མ་དཀོན་མཆོག་མ་གཏོགས། གཞན་ཚེ་འདིའི་མི་ནོར་ཟས་གསུམ་གང་གིས་ཀྱང་ཕན་པ་སྤུ་ཙམ་ཡང་མེད་ལ། དེ་ཙམ་དུ་མ་ཟད། ཚེ་འདིའི་ལྟོ་གོས་བུ་བུ་མོའི་ཆེད་དུ་སྡིག་པ་མི་དགེ་བ་ཆེན་པོ་བྱས་ན་དམྱལ་བར་སྐྱེས་ནས་ཚ་གྲང་གི་སྡུག་བསྔལ་བཟོད་དཀའ་བ་མྱོང་ཞིང་། འབྲིང་ཙམ་བྱས་ན་ཡི་དྭགས་སུ་སྐྱེས་ནས། བཀྲེས་སྐོམ་གྱི་སྡུག་བསྔལ་ཉམ་ཐག་པ་མྱོང་། ཐ་ན་ཆུང་ངུ་ཙམ་ཞིག་ལས་མ་བྱས་ཀྱང་དུད་འགྲོའི་གནས་སུ་སྐྱེས་ནས་གསོད་ཟ་བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་ཡི་མུག་པ་མང་པོ་མྱོང་བའི་མཐར་ངན་སོང་གསུམ་གྱི་གནས་ནས་ཐར་

p. 612

ཏེ། གལ་ཏེ་མི་ཡི་གནས་སུ་སྐྱེས་ན་ཡང་སྡིག་ཅན་ལས་མ་དག་པའི་མི་དེ་རྣམས་ཚེ་ཐུང་བ་དང་། ནད་མང་བ་དང་། དུག་དང་མཚོན་ཁར་འཆི་བ་དང་། ཞ་ལོང་འོན་ལྐུགས་བྲན་གཡོག་སྤྲང་པོ་ཁས་དམན་དབང་ཆུང་བརྒྱ་བསམ་ན་གཅིག་ཀྱང་མི་འགྲུབ་པའི་ཁར། སྡིག་སྡུག་གཏམ་ངན་གསུམ་གྱི་མཚོ་བརྡོལ་ནས། ནམ་ཡང་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་པའི་ལུས་ངན་བླངས་ནས་ལས་ངན་བསགས་ཏེ། སླར་ཡང་ངན་སོང་གསུམ་གྱི་གཏིང་རྡོ་བྱས་ནས་ཁ་ཡར་འཁོར་བའི་དུས་མི་འབྱུང་བས་ན། སྡིག་པ་མི་དགེ་བ་སྤང་དགོས་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། རྣམ་པར་དཀར་བའི་ལས་རྒྱ་ཆེན་པོ་བྱས་ན་རབ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ནས་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས། འབྲིང་ཙམ་བྱས་པ་རྣམས་ཀྱང་། འཆི་བའི་དུས་སུ་བླ་མ་དང་ལྷག་པའི་ལྷ་ཁྱད་པར་ཅན་རྣམས་མངོན་སུམ་དུ་བྱོན་ནས། ལམ་སྣ་དྲངས་ཏེ་དག་པ་མཁའ་སྤྱོད་མངོན་པར་དགའ་བ། བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རུ་བགྲོད་ནུས། ཐ་ན་དགེ་བ་ཆུང་ངུ་ཙམ་ཞིག་ལས་མ་བསྒྲུབས་ཀྱང་། སླར་ཡང་མི་ལུས་གཙང་མ་ཐོབ་ནས། རྟེན་དེ་ལ་རིགས་གཟིགས་འབྱོར་དང་དབང་ཕྱུག་ཤེས་རབ་ཚེ་རིང་ནད་མེད་བདེ་དང་ལྡན་ཞིང་། འགྲོ་ན་རྟ་ཐོག འདུག་ན་གདན་ཐོག ཟ་ན་གང་འདོད་ཀྱི་ཟས། བྱེད་ན་དམ་པའི་ཆོས་བྱེད་

p. 613

པའི་རང་དབང་རང་ལ་ཐོབ་སྟེ་སྐྱིད་པའི་སྒོ་ནས་ཆོས་བྱས་པའི་མཐར། །ཕྱིར་མི་ལྡོག་པའི་ས་ལ་གནས་ནས་མཐའ་ཡས་པའི་འགྲོ་བའི་དོན་བྱེད་ནུས་པའི་སྐལ་བ་ཡོད་པས། དགེ་བ་བསྒྲུབ་དགོས་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། འོ་མི་དགེ་སྤངས་ནས་དགེ་བ་བསྒྲུབ་དགོས་ན། སྤང་རྒྱུའི་མི་དགེ་བ་དེ་གང་ཡིན་སྙམ་ན། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་གིས་ཕ་མ་སེམས་ཅན་མང་པོའི་སྲོག་གཅོད་པ། གཞན་གྱི་ནོར་འཕྲོག་པ། འདོད་ལོག་སྤྱོད་པ། རྫུན་དང་ཕྲ་མ་ཚིག་རྩུབ། ངག་འཁྱལ། བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། མདོར་ན་བླ་མ་དཀོན་མཆོག་གི་ཐུགས་ཀྱིས་ཁྲེལ་ཞིང་སེམས་ཅན་གཞན་ལ་གནོད་པའི་ལས་ཐམས་ཅད་སྡིག་པ་ཡིན་པས་འཛེམ་དགོས། སྡིག་པ་ཆུང་ངུ་བྱས་ན་ཡང་ཉེས་དམིགས་རྒྱ་ཆེན་པོ་འབྱུང་སྟེ། སྔོན་མི་ཞིག་གིས་གཞན་ཞིག་ལ་ཁྱོད་སྤྲེའུ་འདྲའོ་ཞེས་སྨྲས་པས་སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། དགེ་ཚུལ་ཞིག་གིས་དགེ་སློང་དབྱངས་མི་སྙན་པ་ཞིག་ལ། ཁྱོད་ཀྱི་དབྱངས་དེ་ཁྱི་ཟུག་པ་དང་འདྲའོ་སྨྲས་པས། ཁྱིའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། བུད་མེད་ཞིག་གིས་བུད་མེད་གཞན་ཚོ་ལ་ཁྱེད་ཚོ་ཁྱི་མོ་དང་འདྲ་བ་ཡིན་སྨྲས་པས།་སྐྱེ་བ་ལྔ་བརྒྱར་ཁྱི་མོར་སྐྱེས་པ་དང་། རྫུན་ཕམ་གྱིས་རབ་འཇིགས་ལ་རྫུན་ཞིག་སྨྲས་པས། སྐྱེ་བ་ལྔ་བརྒྱར་སྲིན་བུར་སྐྱེས་

p. 614

པ་བྱུང་། ཁྱད་པར་སེམས་ཅན་ར་ལུག་རི་དྭགས་ལ་སོགས་པ་གསོད་སྙམ་པའི་བསམ་པ་ལན་ཅིག་རྒྱུད་ལ་སྐྱེས་ཀྱང་དེ་མ་ཐག་ནས་རང་གི་ཚེ་བསོད་ནམས་འཛད་ཅིང་། སྐྱེ་བ་ཕྱི་མར་རང་ལན་ཅིག་གསོད་དོ། །བརྒྱ་སྟོང་ཡིད་ལ་ཤར་ན་དེ་ཙམ་གསོད་ཅིང་། སེམས་ཅན་གཞན་བསད་ན་ཚེ་འདིར་ཚེ་ཐུང་ཞིང་ནད་མང་། ཤི་ན་དམྱལ་བ་ཡང་སོས་སུ་སྐྱེས་ནས་ཉིན་རེ་ལ་ཡང་ལན་གྲངས་བརྒྱ་སྟོང་བྱེ་བའི་བར་དུ་མཚོན་ཆས་གཤགས་ནས་ཡང་ཤི་ཡང་སོས་པར་འགྱུར་ལ། གཞན་ལ་སྙད་བརྐོས་ནས་ལག་གི་ནོར་འཕྲོག་ན། ཚེ་འདིར་མཛེ་ནད་སོགས་ནད་ངན་པ་ཐེབས་ཤིང་ཕྱི་མར་དམྱལ་བར་སོང་ནས་ལྕེ་དཔག་ཚད་ལྔ་བརྒྱ་རུ་གྱུར་པའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བ་སྟོང་བཙུགས་ནས་རྨོ་དགོས་པ་དང་། ཕ་མ་གཉིས་ལ་ཁ་ངན་སྨྲས་ན་ལྕེ་ལྐོག་མའི་འོག་ནས་ཕྱུང་སྟེ་ལྕགས་ཀྱི་ཕུར་པ་འདོམ་གང་ཙམ་བརྡབས་ཏེ་ས་ལ་བཏགས་ནས་སྡུག་བསྔལ་མྱོང་བ་དང་། བྲེ་དང་རྒྱ་མ་ལ་གཡོ་སྒྱུ་བྱས་ནས་ཚོང་ངན་རྒྱག་པའི་མི་དེ་གསོན་པོར་ཤ་བཅད་དེ་བྲེ་དང་རྒྱ་མ་ལ་ཚད་ནས་བུ་ལོན་དུ་འཇལ་དགོས་པ་དང་། ཞེ་སྡང་སྐད་ཅིག་ཙམ་ཞིག་སྐྱེས་ན་ཡང་བསྐལ་བ་སྟོང་གི་དགེ་རྩ་འཇོམས་ཤིང་། ཤི་ནས་དམྱལ་བར་སྐྱེས་མཐར་མིའི་ནང་དུ་སྐྱེས་ན་ཡང་མདོག་མི་སྡུག་ཅིང་གཞན་གྱི་ཡིད་དུ་མི་འོང་བར་འགྱུར་རོ། །དེས་ན་སྡིག་པ་མི་དགེ་བ་བྱས་པའི་ཉེས་དམིགས་བསམས་ནས་སྔར་བྱས་ཀྱི་སྡིག་པ་ལ་དུག་ཆུ་ཁོལ་མ་ཁོག་ཏུ་ཤོར་བ་ལྟ་བུའི་

p. 615

གནོད་འགྱོད་ཀྱི་བཤགས་པ་བྱེད་ཅིང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བྱེད་པ་གལ་ཆེ། དེ་ལྟར་བྱས་ན་སྔ་དྲོ་དུག་ཟོས་ཀྱང་ཕྱི་དྲོ་སྨན་བཟང་པོ་བསྟེན་ན་འཚོ་ལྟར། ཚེ་སྟོད་སྡིག་པ་བྱས་རུང་ཚེ་སྨད་བཤགས་པ་བྱས་ན་སྡིག་པ་དག་ནས་སྡིག་ཅན་རྣམས་ཀྱིས་ཀྱང་མཐོ་རིས་ཐར་པར་བགྲོད་པའི་སྐལ་བ་ཡོད་པས་བཤགས་སྡོམ་ཡིད་ཆེས་པ་རེ་བྱེད་འཚལ། དེ་ལྟར་མི་དགེ་བ་སྤངས་ནས་དགེ་བ་བསྒྲུབ་དགོས་ན་དགེ་བ་དེ་ཇི་ལྟར་བསྒྲུབ་དགོས་སྙམ་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས། དམ་པའི་ཆོས་འདྲི་བ། དཀོན་མཆོག་གསུམ་མཆོད་པ། སྦྱིན་པ་གཏོང་བ། ཆོས་ཉན་པ། གསུང་རབ་ཀློག་པ་དང་། བློ་ལ་འཛིན་པ། གཞན་ལ་འཆད་པ། ཁ་ཏོན་བྱེད་པ། ནན་ཏན་དུ་བསྒོམ་པ་སྟེ། མདོར་ན་བླ་མ་དཀོན་མཆོག་གི་ཐུགས་དགྱེས་ཤིང་། སེམས་ཅན་གཞན་ལ་ཕན་པའི་ལས་ཐམས་ཅད་དགེ་བ་ཡིན་པས་ན་བསྒྲུབ་དགོས། དགེ་བ་ཆུང་ངུ་ཞིག་བྱས་ཀྱང་ཕན་ཡོན་རྒྱ་ཆེན་པོ་འབྱུང་སྟེ། སྔོན་རྒན་མོ་ཞིག་གིས་སངས་རྒྱས་ལ་དམིགས་ནས་མར་མེ་ཞིག་ཕུལ་བས། མ་འོངས་པ་ན་སངས་རྒྱས་མར་མེ་འོད་ཅེས་བྱ་བ་དབང་བཅུ་དང་ལྡན་པར་འགྱུར་ཞེས་སངས་རྒྱས་ཀྱིས་ལུང་བསྟན་པ་དང་།། གྲོང་དཔོན་ཞིག་གིས་སྲོག་གཅོད་ཀྱི་སྡོམ་པ་ཉིན་གཅིག་བསྲུངས་པས། མཐར་སངས་རྒྱས་ཕན་བཞེད་ཅེས་བྱ་བར་སངས་རྒྱས་པ་དང་། བྲམ་

p. 616

ཟེའི་བུ་མོ་ཞིག་གིས་དགེ་སློང་ཞིག་ལ་ཁབ་གཅིག་ཕུལ་བས་འཕགས་པ་ཤཱ་རིའི་བུར་གྱུར་པ་དང་། བུད་མེད་ཅིག་གིས་ངན་སློང་ཞིག་ལ་ལྟོ་ཞིག་བྱིན་པས། རིན་པོ་ཆེའི་ཁང་བཟང་དུ་རོ་བརྒྱ་ལྡན་པའི་ཁ་ཟས་ལ་སྤྱོད་པར་སྐྱེས་པ་དང་། ཁྱི་ཞིག་ཕག་གིས་བདས་ནས་མཆོད་རྟེན་ཞིག་ལ་སྐོར་བ་གཅིག་བྱས་པས། མཐར་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བར་གྱུར་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས། ཁྱད་པར་སྲོག་བླུ་ཚེ་ཐར་བྱས་ན་ཚེ་རབས་ཐམས་ཅད་དུ་ཚེ་རིང་ཞིང་ནད་མེད་པར་འགྱུར་རོ། །བླ་མ་དང་ཕ་མ་ལ་ཕྱག་དང་ཞེ་ས་བྱས་ན་མཐོན་པོའི་རིགས་སུ་སྐྱེ་བར་འགྱུར། བཟོད་པ་བསྒོམས་ན་ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པར་འགྱུར་ཞིང་མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་མཆོག་འཐོབ་པར་འགྱུར་རོ། །མཆོད་སྦྱིན་ལན་གཅིག་བྱས་ཀྱང་ལོངས་སྤྱོད་ཆེ་བར་འགྱུར་རོ། །དེས་ན་དགེ་བ་བྱས་པའི་ཕན་ཡོན་རྣམས་ལ་བསམས་ན་སྔར་བྱས་ཀྱི་དགེ་བ་རྣམས་ལ་དགའ་བ་བསྒོམ་ཞིང་། ཕྱིན་ཆད་བསྒྲུབ་པ་ལ་འབད་འཚལ། དེ་ལྟར་བྱས་ན་ཚེ་འདིར་ཡང་མི་ནོར་ཟས་གསུམ་འཛོམ། བདེ་སྐྱིད་སྙན་གསུམ་བྱུང་ནས། འོ་སྐོལ་ཡོན་མཆོད་ཀུན་བདེ་ཞིང་སྐྱིད་ལ། ཕྱི་མར་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སོགས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ནས་སྔར་འདྲིས་ཀྱི་མི་ལ་མི་ཕྲད་པ་བཞིན་མངོན་སུམ་དུ་མཇལ་ནས། དགའ་སྤྲོའི་གླེང་མོ་སྣ་ཚོགས་པ་བྱེད་བཞིན་དུ་ཐོགས་པ་མེད་པའི་རྫུ་འཕྲུལ་ལ་བརྟེན་ནས། དག་དང་མ་དག་

p. 617

ཞིང་ཁམས་བྱེ་བ་ཕྲག་རབ་འབྱམས་འགྲིམས་ཏེ། སངས་རྒྱས་ཐམས་ཅད་མཆོད་ཅིང་སེམས་ཅན་ཐམས་ཅད་འདྲེན་པའི་སྐལ་བ་ཡོད་པས་ཀུན་གྱི་སེམས་ལ་བཞག་འཚལ་ཞེས་མགུར་དབྱངས་འདི་བླངས་སོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྟེང་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །གནས་འདིར་འཚོགས་སྐལ་ལྡན་ཕོ་མོ་ཡི། །བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ང་རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་པས། །གདངས་སྙན་མོའི་གླུ་དབྱངས་འདི་ལྟར་འཐེན། །ངའི་ཕན་པའི་སྙིང་གཏམ་འདི་ཉིད་ལ། །སྙན་ལྷན་ནེར་གསོན་དང་སྐལ་ལྡན་ཀུན། །རྟེན་དལ་འབྱོར་མི་ལུས་རྙེད་པར་དཀའ། །ཕྱིས་ཡང་ཡང་འཐོབ་པའི་དཔེ་མ་མཆིས། །དུས་ད་རེ་ལན་ཅིག་ཐོབ་དུས་འདིར། །ཚེ་སྟོང་ལོག་མ་བྱེད་སྐལ་ལྡན་ཀུན། །དཔེ་གསོད་སར་འཁྲིད་པའི་བཤའ་ལུག་བཞིན། །ཉིན་རེ་རེ་སོང་གིན་འཆི་ལ་ཉེ། དུས་ཡུན་རིང་སྡོད་པའི་གདེང་མ་མཆིས། །ཚེ་མི་རྟག་སོམས་ཤིག་སྐལ་ལྡན་ཀུན། །ནོར་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །ཡུན་རིང་པོར་མི་རྟག་མྱུར་དུ་འཛད། །སེམས་ཆགས་ཞེན་སེར་སྣ་མ་ཆེ་བར། །ཀུན་ཆོས་ཕྱོགས་ཐོངས་དང་སྐལ་ལྡན་ཀུན། །ཁྱིམ་བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །ཡུན་རིང་པོར་མི་སྡོད་སོ་སོར་གྱེས། །ཚེ་ཕྱི་མའི་ཡུལ་དུ་མྱུར་དུ་འགྲོ །ད་མཐུན་པར་འགྲོགས་ཤིག་སྐལ་ལྡན་ཀུན། །དགྲ་ཚེ་རབས་སྔོན་མའི་ཕ་མ་ཡིན། །ཚེ་འདི་རུ་ཅུང་ཞིག་གནོད་ན་ཡང་། །ཡུན་

p. 618

རིང་པོར་མི་སྡོད་ཁོ་ཡང་འཆི། །སེམས་ཞེ་སྡང་མ་ཆེ་སྐལ་ལྡན་ཀུན། །ཚེ་ཕྱི་མའི་ཡུལ་ལ་འགྲོ་བའི་ཚེ། །མར་ངན་སོང་གསུམ་གྱིས་སྡུག་བསྔལ་དེ། །རང་ཐོག་ཏུ་བབས་ན་བཟོད་པར་དཀའ། །ལས་མི་དགེ་སྤོངས་ཤིག་སྐལ་ལྡན་ཀུན། །ཡར་མཐོ་རིས་ཐར་པའི་གནས་མཆོག་ཏུ། །བགྲོད་ནུས་ན་གཏན་དུ་བདེ་ཞིང་སྐྱིད། །དེར་བགྲོད་པའི་ཐབས་མཆོག་ལྷ་ཆོས་ཡིན། །ཆོས་དགེ་བ་སྒྲུབས་ཤིག་སྐལ་ལྡན་ཀུན། །སྐྱབས་བསླུ་བ་མེད་པ་དཀོན་མཆོག་ལ། །དུས་ནངས་ནུབ་ཀུན་ཏུ་སྐྱབས་འགྲོ་གྱིས། །སེམས་བཟང་ན་ཅི་བྱས་ཆོས་སུ་འགྲོ །ཡར་སེམས་བསྐྱེད་མཛོད་ཅིག་སྐལ་ལྡན་ཀུན། །ཚོགས་རྫོགས་ཤིང་སྒྲིབ་པ་ཀུན་བྱང་བའི། །ཐབས་མཎྜལ་ཡིག་བརྒྱུར་ནན་ཏན་གྱིས། །རྗེ་བྱིན་རླབས་ཅན་གྱི་བླ་མ་ལ། །རང་གསོལ་བ་ཐོབ་དང་སྐལ་ལྡན་ཀུན། །བོད་ཁ་བ་ཅན་གྱི་ལྷ་སྐལ་མཆོག །ལྷ་འཕགས་པ་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་གྱི་སྙིང་པོ་མ་ཎི་ཡིན། །དུས་རྒྱུན་དུ་བགྲོངས་ཤིག་སྐལ་ལྡན་ཀུན། །བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན། །དྲིན་ཆེ་བ་ཨོ་རྒྱན་པདྨ་ཡིན། །ལྷ་གཞན་ལས་ཐུགས་རྗེ་བྱིན་རླབས་མྱུར། །དེར་གསོལ་བ་ཐོབ་ཅིག་སྐལ་ལྡན་ཀུན། །དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་། །ནོར་དགྲ་འདྲེ་འབོད་པའི་གཡབ་མོ་ཡིན། །གཞན་ནོར་ལ་བརྣབ་སེམས་མ་ཆེ་བར། །སེམས་ཆོག་ཤེས་སྟེན་ཅིག་སྐལ་ལྡན་ཀུན། །མི་སྐྱོན་མེད་ཡོན་ཏན་ལྡན་པ་དེ། །ད་དུས་ཀྱི་དབང་གིས་དཀའ་མོ་གདའ། །གྲོགས་གཞན་

p. 619

གྱི་སྐྱོན་ལ་མ་རྟོག་པར། །ཀུན་གོང་དུ་ཁུར་ཅིག་སྐལ་ལྡན་ཀུན། །རང་དམན་ས་ཟུངས་ལ་དགེ་སྦྱོར་གྱིས། །དགེ་གང་བྱས་རྣམས་ཀྱི་མཇུག་དེ་ལ། །བསྔོ་སྨོན་ལམ་རང་གིས་གང་ཤེས་ཐོབ། །དགེ་འཛད་མེད་འཕེལ་ལོ་སྐལ་ལྡན་ཀུན། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །མ་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག །ཡུལ་འདི་རུ་བཀྲ་ཤིས་གཡང་ཆགས་ཤིང་། །བཀྲ་ཤིས་པས་ས་གསུམ་ཁྱབ་གྱུར་ཅིག །ཅེས་བླངས་ཚེ་ཀུན་སྔར་ལས་དད་ཅིང་མོས་པར་གྱུར་ཏེ་སྡིག་སྤོང་དགེ་སྒྲུབ་ཀྱི་སྐྱེ་བོ་ཕོ་མོ་ལས་དང་སྐལ་བར་ལྡན་པ་མང་པོ་བྱུང་ངོ་། །ཡང་ཨོ་ཕུག་བླ་མ་སོགས་སློབ་མ་ཡོན་བདག་འགའ་རེས། མངའ་རིས་རྫོང་ཁ་པ་འདི་རྣམས་ཀྱིས་ལུགས་གཉིས་གང་དང་མི་མཐུན་པའི། མི་ངན་ཁྲེལ་མེད་ཀྱི་བྱ་བ་མང་པོ་བྱེད་པར་འདུག་པས། འདི་རྣམས་ལ་ད་དུང་ཐུགས་བརྩེ་བའི་ཞལ་གདམས་སྐྱོན་མཚང་ཐོན་པ་ཞིག་གསུང་དགོས་ཞེས་བསྐུལ་ངོར། མཆོག་དམན་ཡོངས་ལ་ཕན་པའི་མགུར་དབྱངས་འདི་བླངས་སོ། །ནམ་ཡང་བསླུ་མེད་བླ་མར་གསོལ་བ་འདེབས། །ནམ་འཆི་ཆ་མེད་དྲན་པར་བྱིན་གྱིས་རློབས། །སྐྱེས་པའི་རྗེས་སུ་འོང་བ་འཆི་བ་ཡིན། །མི་རྟག་འཆི་བ་སོམས་ཤིག་རྫོང་ཁ་པ། །གཞོན་ནུ་མང་པོ་གློ་བུར་འཆི་ལ་ལྟོས། །ནམ་འཆི་ངེས་པ་མེད་དོ་རྫོང་ཁ་པ། །ཤི་ན་ལས་ཅན་ཐར་པའི་ལམ་ལ་འགྲོ །སྡིག་ཅན་དམྱལ་བར་འགྲོ་འོ་རྫོང་ཁ་པ། །ཡར་འགྲོ་མར་འགྲོའི་ས་མཚམས་འདི་རང་ཡིན། །

p. 620

འགྲོ་ས་ནོར་ཉེན་ཆེའོ་རྫོང་ཁ་པ། །མར་ལ་མི་འགྲོ་ཡར་ལ་འགྲོ་འདོད་ན། །བླང་དོར་འདི་བཞིན་མཛོད་ཅིག་རྫོང་ཁ་པ། །བླ་མར་སྙིང་ནས་མོས་གུས་མ་སྐྱེས་ཀྱང་། །རྗེས་ནས་དད་ལོག་མ་བྱེད་རྫོང་ཁ་པ། །རྒྱུན་དུ་དཀོན་མཆོག་མཆོད་རྒྱུ་མ་བྱུང་ཀྱང་། །སྐབས་རེར་མར་མེ་ཕུལ་ཅིག་རྫོང་ཁ་པ། །ཕ་མར་དྲིན་གཟོ་ཆེན་པོ་མ་མཆིས་ཀྱང་། །རྒས་ཁར་ཟུར་དུ་མ་འདོན་རྫོང་ཁ་པ། །དགེ་འདུན་ཡོངས་ལ་མང་འགྱེད་མི་གཏོང་ཡང་། །སྟོན་ཁ་བསོད་སྙོམས་ཕུལ་ཅིག་རྫོང་ཁ་པ། །གང་ཡོད་སྦྱིན་པར་གཏོང་བ་མ་ནུས་ཀྱང་། །སྤྲང་པོར་སྒོ་རྩམ་བྱིན་ཅིག་རྫོང་ཁ་པ། །མི་དགེ་བཅུ་སྤོང་ཚུལ་ཁྲིམས་མི་བསྲུང་ཀྱང་། །ར་ལུག་སྲོག་གཅོད་མ་མང་རྫོང་ཁ་པ། །ཉིན་མཚན་མེད་པར་ཆོས་ལ་མི་བརྩོན་ཀྱང་། །ཉིན་པར་གཉིད་ནས་མ་འདུག་རྫོང་ཁ་པ། །དགྲ་ལ་བཟོད་པ་བསྒོམ་པར་མ་ནུས་ཀྱང་། །གཉེན་ལ་ཁོང་ཁྲོ་མ་བྱེད་སྡོང་ཁ་པ། །དབེན་པར་ཏིང་འཛིན་བསྒོམ་པར་མ་ནུས་ཀྱང་། །མི་དྲན་དགུ་དྲན་མ་བྱེད་རྫོང་ཁ་པ། །ཤེས་རབ་སྟོང་ཉིད་བསྒོམ་པ་མི་ཤེས་ཀྱང་། །རྒྱུ་འབྲས་ཤེས་པར་གྱིས་ཤིག་རྫོང་ཁ་པ། །གནས་སྐོར་བ་ལ་བྱམས་པོ་མི་བྱེད་ཀྱང་། །ཁྲལ་བཞག་ཁྲེས་པོ་མ་འཕྲོག་རྫོང་ཁ་པ། །དཔོན་པོས་གཡོག་པོར་བདག་རྐྱེན་མི་སྟེར་ཡང་། །དོན་མེད་རྫིག་རྫིག་མ་གཏོང་རྫོང་ཁ་པ། །མི་སེར་རྣམས་ལ་ཆད་པ་གཅོད་ན་ཡང་། །སྣ་དང་ཡན་ལག་མ་གཅོད་རྫོང་ཁ་པ། །འབྲོག་པའི་ཚྭ་ལ་ནས་གཙང་མི་སྟེར་ཡང་། །རྩྭ་དང་ཐལ་བ་མ་མང་རྫོང་ཁ་པ། །ཆོས་པ་གཞན་ལ་དད་པ་མི་བྱེད་

p. 621

ཀྱང་། །དོན་མེད་གཤེ་སྐུར་མ་མང་རྫོང་ཁ་པ། །ཡུལ་མི་ཁྱིམ་མཚེས་ནང་མིར་མ་འཆམས་ཀྱང་། །རྫོང་ལ་གཏུགས་ནས་མ་བརླག་རྫོང་ཁ་པ། །གྲྭ་པས་ཁེ་ཚོང་འཇོག་པར་མ་ནུས་ཀྱང་། །ཚོང་ལོག་རྐྱང་བ་མ་བརྒྱག་རྫོང་ཁ་པ། །ཡུལ་མི་ཐམས་ཅད་གྲོས་མཐུན་མ་བྱུང་ཡང་། །ཁག་ངན་གཅིག་ལ་མ་འགེལ་རྫོང་ཁ་པ། །གཅིག་གིས་གཅིག་ལ་བསྟོད་ར་མི་བརྗོད་ཀྱང་། །གཅིག་སྐྱོན་གཅིག་གིས་མ་འདོན་རྫོང་ཁ་པ། །གཞན་གྱི་ནོར་ལ་ཧམ་པ་ཆེ་ན་ཡང་། །དགེ་འདུན་དཀོར་ལ་མ་རྔམས་རྫོང་ཁ་པ། །སྒོ་ཕྱུགས་དྲིན་ཅན་རྒས་དུས་མི་གསོ་ཡང་། །སྟོན་ཁ་བཤས་ནས་མ་ཟ་རྫོང་ཁ་པ། །ཁྱི་ལ་རྒྱུན་དུ་བཟའ་བཏུང་མི་སྟེར་ཡང་། །འཁྱགས་དང་ལྟོགས་སུ་མ་འཇུག་རྫོང་ཁ་པ། །ཡུལ་མི་ཁྱིམ་མཚེས་ཕན་ཞིག་མི་ཐོགས་རུང་། །གནོད་པ་ཅི་འཁྱོལ་མ་བྱེད་རྫོང་ཁ་པ། །དྲིན་ཅན་ཡོངས་ལ་དྲིན་གཟོ་མ་ནུས་ཀྱང་། །ཕ་མའི་དྲིན་ལན་འཇལ་དགོས་རྫོང་ཁ་པ། །གཞན་ལ་གནས་མཇལ་འགྲོ་བ་མ་བྱུང་ཀྱང་། །སྐྱིད་གྲོང་ཇོ་བོར་མཇོལ་ཅིག་རྫོང་ཁ་པ། །ཇོ་བོར་རང་གིས་མཆོད་རྫས་མི་འབུལ་ཀྱང་། །གཞན་གྱིས་ཕུལ་བ་མ་འཁྱེར་རྫོང་ཁ་པ། །ཁ་ཏོན་བཟླས་བརྗོད་མང་པོ་མ་ནུས་ཀྱང་། །རྒྱུན་དུ་མ་ཎི་བགྲོངས་ཤིག་རྫོང་ཁ་པ། །ཨ་ནེ་རྒན་མོས་མ་ཎི་མི་བགྲོང་ཀྱང་། །མནའ་མར་ཁ་ཚགས་མ་མང་རྫོང་ཁ་པ། །མ་གྱུར་འགྲོ་ལ་ཕན་ཐོགས་མ་ནུས་ཀྱང་། །ཕན་སེམས་ཡང་ཡང་སྦྱོངས་ཤིག་

p. 622

རྫོང་ཁ་པ། །རྣལ་འབྱོར་སྙིང་གཏམ་གསེར་དང་འདྲ་བ་འདི། །ཁྱེད་རྣམས་སྙིང་ལ་ཆོངས་ཤིག་རྫོང་ཁ་པ། །དེ་ལྟར་བྱས་ན་འདི་ཕྱི་གང་དུའང་བདེ། །མཐོ་ནས་མཐོ་རིས་འགྲོའོ་རྫོང་ཁ་པ། །དམ་ཆོས་འདི་བཞིན་བྱེད་པ་ཐམས་ཅད་ལ། །དམ་ཅན་ཆོས་སྐྱོང་སྲུང་མས་གྲོགས་བྱེད་ཤོག །ཅེས་བླངས་པས་དེ་ནས་བཟུང་སྟེ་རྫོང་དཔོན་གྱིས་མི་སེར་ལ་ཆད་པ་ཆེན་པོ་མི་རྒྱག་པ་དང་། གནས་སྐོར་པ་ལ་ལམ་ཁྲལ་མི་ལེན་པ་སོགས་ཕན་ཐོགས་ཆེན་པོ་བྱུང་འདུག་ཅེས་ཡུལ་མི་དང་གནས་སྐོར་པ་སྙོམས་ཆུང་ཐམས་ཅད་དགའ་བར་གྱུར་ཏོ། །ཟས་ནོར་ཀྱང་མང་པོ་འབུལ་མཁན་བྱུང་། དེ་ནས་རྗེ་མི་ལའི་སྒྲུབ་གནས་འོད་གསལ་ཕུག རྐང་ཚུགས་ཕུག་འཁྲུངས་ཡུལ་སྐྱ་རྔ་རྩྭའི་ཁང་བ་ཀ་བཞི་གདུང་བརྒྱུད་ཤུལ་གྱི་མཆོད་རྟེན་རྣམས་ལ་མཇལ། ཞིང་འོར་མ་གྲུ་གསུམ་དང་སྤྲོ་པེ་སྟན་ཆུང་ལ་བལྟས། དེ་ནས་སྐྱིད་གྲོང་ཇོ་བོ་ལ་མཇལ་དུ་སོང་བའི་ལམ་སྐབས་སུ། རྒྱུས་མེད་ཀྱི་མི་འགའ་རེས་རྒྱང་ནས་བལྟས་ཏེ། འདི་པ་ཚང་རྙིང་མ་ཡང་མ་རེད་གྲྭ་ཆས་བྱས་འདུག དགེ་ལུགས་པ་ཡང་མ་རེད་དབུ་རལ་བཞག་འདུག གང་དང་མི་འདྲ་བའི་བླ་མ་འདི་པ་ངོ་མཚར། སུ་འདྲ་ཟེར་བ་ཞིག་ཡིན་ནམ་ཟེར་བ་གོ་ནས། དེ་དུས་སེམས་ལ་ཤར་བ་ལྟར་མགུར་དབྱངས་འདི་བླངས་སོ།། །སེང་གེ་དཀར་མོ་མ་ཡིན་ཁྱུང་ཡང་མིན། །དེ་གཉིས་མཐུན་ལས་བྱུང་བའི་ཕྲུག་གུ་ཡིན། །མིང་ལ་སེང་གེ་རྐང་བ་བརྒྱད་པ་ཟེར། །གང་དང་མི་འདྲ་ཀུན་དང་

p. 623

མཐུན་པར་མཚར། །ཅང་ཤེས་རྒོད་མ་མ་ཡིན་བོང་བུ་མིན། །དེ་གཉིས་མཐུན་ལས་བྱུང་བའི་ཕྲུག་གུ་ཡིན། །མིང་ལ་གཞན་གྱིས་དྲེའུ་ཁ་དཀར་ཟེར། །གང་དང་མི་འདྲ་ཀུན་དང་མཐུན་པ་མཚར། །འབྲོག་པའི་འབྲི་མོ་མ་ཡིན་གླང་ཡང་མིན། །དེ་གཉིས་མཐུན་ལས་བྱུང་བའི་ཕྲུག་གུ་ཡིན། །མིང་ལ་རོང་བས་ཁྱུང་དཀར་མཛོ་བོ་ཟེར། །གང་དང་མི་འདྲ་ཀུན་དང་མཐུན་པ་མཚར། །རྙིང་མ་མ་ཡིན་དགེ་ལུགས་པ་ཡང་མིན། །དེ་གཉིས་མཐུན་ལས་བྱུང་བའི་རྣལ་འབྱོར་ཡིན། །མིང་ལ་ཕྱོགས་འདིར་ཞབས་དཀར་བླ་མ་ཟེར། །གང་དང་མི་འདྲ་ཀུན་དང་མཐུན་པ་མཚར། །ཞེས་བླངས་ནས་མར་སོང་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ཞེས་བྱ་བ་འཕགས་པ་སྤྱན་རས་གཟིགས་ཀྱི་སྣང་བརྙན་ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་གྲུབ་པ་གསུང་བྱོན་ལ་མཇལ། མཆོད་འབུལ་འདྲ་བྱས་ཞག་ཤས་བསྡད། དེ་ནས་གྲོགས་བཟང་དྲུང་ཡིག་གཡུ་ཁ་བ་དང་འགྲོགས་ནས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་རྣམ་གཉིས་ལ་མཇལ་དུ་འགྲོ་ཁར་སྐྱིད་པའི་རྒྱང་གླུ་འདི་བླངས་སོ། །ཕྱི་ཡི་རྒྱ་མཚོ་ཡི་གླིང་ན། །རིན་ཆེན་མང་པོ་ཞིག་ཡོད་ཀྱང་། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །གཞན་པའི་ནོར་

p. 624

བུ་ཞིག་མི་སྣང་། །འདོད་པས་ཀུན་ནས་རང་བསླངས་ཏེ། །རྒྱལ་མཚན་རྩེ་མོ་རུ་བཀུར་ནས། །མཆོད་བསྟོད་གསོལ་བ་རང་འདེབས་སོ། །དགོས་འདོད་ཆར་བཞིན་དུ་ཕོབ་ཅིག །མཐའ་ཡི་སྐྱིད་གྲོང་གི་ཕྱོགས་ན། །སྐུ་གསུང་ཐུགས་རྟེན་འདྲ་མང་ཀྱང་། །ཝ་ཏི་བཟང་པོ་ལས་ལྷག་པའི། །གཞན་པའི་སྐུ་འདྲ་ཞིག་མི་སྣང་། །དད་པས་ཀུན་ནས་རང་བསླངས་ཏེ། །ཞབས་གཉིས་སྤྱི་བོ་རུ་བླངས་ནས། །རྩེ་གཅིག་གསོལ་བ་རང་འདེབས་སོ། །བྱིན་རླབས་དངོས་གྲུབ་ཅིག་སྩོལ་ཅིག །དགུང་སྔོན་མཐོན་པོ་ཡི་དཀྱིལ་ན། །གཟའ་སྐར་གྲངས་མེད་ཅིག་སྣང་ཡང་། །འོད་ཟེར་ཕྱོགས་ཀུན་ཏུ་ཁྱབ་པ། །ཉི་ཟླ་རྣམ་གཉིས་ལས་མི་སྣང་། །པདྨ་ཀུ་མུད་ཀྱི་མགོ་བོ། །ཉི་ཟླ་རྣམ་གཉིས་ལ་ཕྱོགས་ཡོད། །ཉི་ཟླ་རྣམ་གཉིས་ཀྱི་འོད་ཟེར། །བཀྱེས་ནས་མེ་ཏོག་ཀུན་སྐྱོངས་ཤིག །ས་བཟང་བལ་ཡུལ་གྱི་ཕྱོགས་ན། །རྟེན་བཟང་མང་པོ་ཞིག་སྣང་ཡང་། །མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་པ། །མཆོད་རྟེན་རྣམ་གཉིས་ལས་མི་སྣང་། །རྣལ་འབྱོར་དཔོན་སློབ་ཀྱི་སེམས་པ། །མཆོད་རྟེན་རྣམ་གཉིས་ལ་ཕྱོགས་ཡོད། །མཆོད་རྟེན་རྣམ་གཉིས་ཀྱི་ཆོས་སྐྱོང་། །བྱོན་ལ་དཔོན་སློབ་ཀུན་སྐྱོངས་ཤིག །ཕྱོགས་མེད་རྒྱལ་ཁམས་ལ་འགྲོ་བའི། །ཆགས་མེད་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་གྲོང་ཇོ་བོ་ལ་མཇལ་ཟིན། །སྐྱིད་པའི་རྒྱང་གླུ་འདྲ་ལེན་བཞིན། །གྲོགས་བཟང་དྲུང་ཡིག་དང་འགྲོགས་ནས། །ཡུལ་བཟང་བལ་ཡུལ་ལ་ཆས་འགྲོ། ང་བཞིན་འགྲོ་མཁན་འདྲ་ཡོད་ན། །ང་དང་ལྷན་དུ་རང་ཆས་འགྲོ །མཆོད་རྟེན་རྣམ་གཉིས་

p. 625

ཀྱི་དྲུང་ནས། །སྨོན་ལམ་ལྷན་དུ་རང་བཏབ་ཡོང་། །ཞེས་སྐྱིད་པའི་རྒྱང་གླུ་འདྲ་ལེན་བཞིན་རོང་མཚམས་བརྒྱུད་ནས་སོང་། ཐོག་མར་བལ་ཡུལ་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་ལ་མཇལ། དངུལ་གོ་ཊ་ལྔ་བརྒྱ་ལྷག་ཙམ་གྱི་ས་དཀར་དྲི་བཟང་དང་སྦྱར་བའི་ན་བཟའ་བསྒྲོན། ཚོགས་མཆོད་མར་མེ་རྒྱ་ཆེན་པོ་ཕུལ་དུས་སྨོན་ལམ་འདི་ལྟར་བཏབ་བོ། །དགེ་བའི་རྩ་བ་འདི་དང་དགེ་བའི་རྩ་བ་གཞན་དག་གི་མཐུ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་འབད་པ་དང་རྩོལ་བ་གང་ཡང་བལྟ་མི་དགོས་པར། མྱུར་བ་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་འཐོབ་པར་གྱུར་ཅིག དུས་ད་ནས་བཟུང་སྟེ་བདག་ནི་གང་དུ་སོང་བའི་ཡུལ་ཐམས་ཅད་ལ་བཀྲ་ཤིས་པར་གྱུར་ཅིག་གང་དུ་བསྡད་པའི་ས་ཐམས་ཅད་ལ་བྱིན་ཆགས་པར་གྱུར་ཅིག སུ་དང་འགྲོགས་ཚད་ཐམས་ཅད་ལ་ཡོན་ཏན་འགོ་བར་གྱུར་ཅིག དངོས་པོ་གང་ལ་རེག་ཚད་ཐམས་ཅད་ལ་གཡང་ཚོགས་པར་གྱུར་ཅིག སྐུ་གསུང་ཐུགས་རྟེན་གང་མཐོང་ཚད་ལ་རབ་ཏུ་གནས་པ་འབྱུང་བར་གྱུར་ཅིག དད་ཅན་མཇལ་མི་ཐམས་ཅད་ལ་དབང་དང་བྱིན་རླབས་འབྱུང་བར་གྱུར་ཅིག གཞན་སུ་ཞིག་གིས་འཇིགས་པའི་དུས་ཡིད་ལ་དྲན་ཀྱང་འཇིགས་སྐྲག་གི་སྡུག་བསྔལ་ཞི་བར་གྱུར་ཅིག སྒོ་གསུམ་གྱི་བྱ་བ་གང་བྱས་ཀྱང་བསྟན་པ་དང་འགྲོ་བ་ལ་ཕན་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག དགེ་བའི་རྩ་བ་ཅི་བསགས་ཚད་

p. 626

ཐམས་ཅད་གཞན་དོན་དང་བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག བླ་མ་རྒྱལ་ཀུན་ཚོགས་གཉིས་རླབས་པོ་ཆེ། །བདག་གཞན་འགྲོ་ཀུན་དུས་གསུམ་དགེ་བའི་ཚོགས། །ཡོངས་རྫོགས་བདག་གི་རྒྱུད་ལ་མྱུར་སྨིན་ནས། །བདག་ནི་མྱུར་བ་མྱུར་དུ་སངས་རྒྱས་ཤོག །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཐམས་ཅད་ཕྱོགས་གཅིག་ཏུ། །བསྡོམས་འདྲའི་ཡོན་ཏན་ཞིང་གི་རྡུལ་སྙེད་ཀྱི། །བགྲངས་ལས་འདས་པ་བདག་ལ་འབྱུང་བར་ཤོག །གྲོགས་གཞན་མི་དགོས་བདག་ཉིད་གཅིག་པུ་ཡིས། །སྔོན་གྱི་རྒྱལ་བས་འདྲེན་པར་མ་ནུས་པའི། །མ་གྱུར་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་སངས་རྒྱས་ས་ལ་འགོད་པར་ཤོག །བདག་གིས་འོད་ཟེར་དཔག་ཏུ་མེད་པ་སྤྲོས། །ནམ་མཁའི་མཐའ་མཉམ་སྣོད་བཅུད་ཡོངས་ལ་ཕོག །མ་དག་ཉེས་སྐྱོན་མུན་ལ་ཉི་ཤར་བཞིན། །ལྷག་མ་མེད་པར་ཡོངས་སུ་སྦྱོང་བར་ཤོག །སླར་ཡང་འོད་ཟེར་དཔག་མེད་ཆེས་ཆེར་སྤྲོས། །སྣོད་བཅུད་ལ་ཕོག་གསེར་འགྱུར་རྩི་མཆོག་གིས། །ལྕགས་ལ་རེག་བཞིན་སྣོད་རྣམས་དག་པའི་ཞིང་། །བཅུད་རྣམས་ལྷ་དང་ལྷ་མོར་འགྱུར་བར་ཤོག །མ་དག་གནས་ཀུན་དག་པའི་ཞིང་དུ་གྱུར། །འགྲོ་ཀུན་མཚན་དཔེས་བརྒྱན་པའི་ལྷར་གྱུར་ནས། །རིན་ཆེན་གསེར་གྱི་གླིང་ན་རྡོ་མེད་བཞིན། །ཁམས་གསུམ་འཁོར་བའི་མིང་ཡང་མེད་པར་ཤོག །སེམས་ཅན་ཐམས་ཅད་གཅིག་མེད་གདུལ་བྱར་རྫོགས། །སངས་རྒྱས་བྱང་སེམས་ཡོངས་ཀྱི་འཕྲིན་ལས་རྫོགས། །ཐུགས་བསྐྱེད་མཐར་ཕྱིན་ཐུགས་

p. 627

དགོངས་ཡོངས་སུ་རྫོགས། །དགྱེས་བཞིན་སངས་རྒྱས་ཡོངས་རྫོགས་བཞུགས་པར་ཤོག །བདག་གིས་སེམས་ཅན་སངས་རྒྱས་སར་བཀོད་ནས། །ད་དུང་མི་སྡོད་ཆོས་དབྱིངས་ནམ་གནས་པར། །སངས་རྒྱས་ཡོངས་ལ་མཉེས་པའི་མཆོད་པའི་སྤྲིན། །བསམ་གྱིས་མི་ཁྱབ་སྤྲུལ་ནས་མཆོད་པར་ཤོག །སྐྱོ་ངལ་མེད་པར་ཉིན་མཚན་དུས་དྲུག་ཏུ། །དཔག་ཏུ་མེད་པའི་མཆོད་སྤྲིན་ཕུལ་བའི་མཐུས། །རྒྱལ་བ་ཀུན་གྱིས་བུ་གཅིག་ལྟར་བརྩེ་ཞིང་། །བདག་གི་བསྔགས་པའི་ཞིང་ཀུན་འགེངས་པར་ཤོག །མདོར་ན་བདག་གིས་གང་འདོད་ཀུན་བྱིན་ནས། །སེམས་ཅན་ཀུན་གྱི་རེ་བ་ཡོངས་སྐོང་ཞིང་། །མཆོད་སྤྲིན་བསམ་གྱིས་མི་ཁྱབ་ཀུན་ཕུལ་ནས། །སངས་རྒྱས་ཀུན་གྱི་ཐུགས་དགོངས་ཡོངས་རྫོགས་ཤོག །བདག་གིས་ལྷག་བསམ་རྣམ་པར་དག་པའི་སྒོས། །སྨོན་ལམ་རྣམ་པར་དག་པ་བཏབ་པ་བཞིན། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །གེགས་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག །ཅེས་བརྗོད་གཞན་ཡང་བསྔོ་བ་གསེར་གྱི་ཕྲེང་བའི་སྒོ་ནས་སྨོན་ལམ་རྒྱ་ཆེར་བཏབ་བོ། །དེ་ནས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་མཇལ། གོ་ཊཾ་དྲུག་བརྒྱ་ཙམ་གྱི་ས་དཀར་དྲི་བཟང་དང་སྦྱར་བའི་ན་བཟའ་བསྒྲོན། ཚོགས་ཤའི་ཆེད་དུ་མ་ཧེ་གསོད་

p. 628

པའི་ཚབ་ལ། ཤ་ཉོས་ནས་མ་ཧེ་ཚེ་ཐར་དུ་བཏང་། །ཚོགས་མཆོད་མར་མེ་རྒྱ་ཆེན་པོ་ཕུལ་དུས་སྨོན་ལམ་འདི་ལྟར་བཏབ་བོ། །འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་བའི་མཐུ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་འབྲེལ་བ་ཐོགས་ཚད་ཐམས་ཅད་ཀྱིས་འབད་པ་དང་རྩོལ་བ་གང་ལ་ཡང་བལྟ་མི་དགོས་བཞིན་དུ། ཚེ་གཅིག་ལུས་གཅིག་པུ་འདི་ཉིད་ལ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱས་ནས། མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག དུས་ད་ནས་བཟུང་སྟེ་བདག་གིས་བསྡུ་བ་རྣམ་པ་བཞིའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག ལམ་བསླབ་པ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག ལུང་སྡེ་སྣོད་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག བསྐྱེད་རྫོགས་རྫོགས་པ་ཆེན་པོའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག སྤྱན་དང་མངོན་ཤེས་རྫུ་འཕྲུལ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་

p. 629

དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག རིག་འཛིན་རྣལ་འབྱོར་པ་བདག་ཉིད་མཐོང་བ་དང་། ཐོས་པ་དང་དྲན་པ་དང་རེག་པ་ཐམས་ཅད། དད་པའི་སྤུ་ལོང་གཡོ་ཞིང་བྱང་ཆུབ་མཆོག་གི་ས་བོན་རྒྱུད་ལ་བསྐྲུན་ནུས་པར་གྱུར་ཅིག རིག་འཛིན་རྣལ་འབྱོར་པ་བདག་ཉིད་མཐོང་ཐོས་དྲན་རེག་རྣམས་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་གང་ཡོད་ཉེ་བར་ཞི་ནས་ལུས་ལ་བདེ་བ་སེམས་ལ་དགའ་བ་དཔག་ཏུ་མེད་པ་འཆར་བར་གྱུར་ཅིག རིག་འཛིན་རྣལ་འབྱོར་པ་བདག་ཉིད་མཐོང་ཐོས་དྲན་རེག་རྣམས་ཀྱི་བློ་ཁ་དམ་པའི་ཆོས་ལ་འགྱུར་ནས་དམ་ཆོས་ཚུལ་བཞིན་བསྒྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག རིག་འཛིན་རྣལ་འབྱོར་པ་བདག་ཉིད་མཐོང་ཐོས་དྲན་རེག་རྣམས་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་འཐོབ་པར་གྱུར་ཅིག བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །རྣམ་དག་སྨོན་ལམ་འགྲུབ་པའི་བྱིན་རླབས་སྩོལ། །ཕྱོགས་བཅུའི་དྲང་སྲོང་བདེན་ཚིག་འགྲུབ་རྣམས་ཀྱིས། །སྨོན་ལམ་ཅི་བཏབ་འགྲུབ་པའི་མཐུན་འགྱུར་མཛོད། །སྔོན་ཚེ་ཕག་རྫིའི་བུ་ཡིས་མཆོད་རྟེན་ལ། །བུམ་པ་བཏགས་ནས་སྨོན་ལམ་བཏབ་པའི་མཐུས། །མཁན་པོ་ཆེན་པོ་བོ་དྷི་ས་ཏྭཱ་རུ། །གྱུར་ནས་མདོ་སྡེའི་བསྟན་པ་དར་བར་མཛད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་

p. 630

བཅས་ཀྱིས། །མཆོད་རྟེན་ཆེན་པོར་ན་བཟའ་གསོལ་བའི་མཐུས། །མཁན་པོ་ཆེན་པོ་བོ་དྷི་ས་ཏྭཱ་བཞིན། །འདུལ་བ་མདོ་སྡེའི་བསྟན་པ་འཛིན་པར་ཤོག །སྔོན་ཚེ་ཁྱི་རྫིའི་བུ་ཡིས་མཆོད་རྟེན་ལ། །བུམ་པ་བཏགས་ནས་སྨོན་ལམ་བཏབ་པའི་མཐུས། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སུ། །གྱུར་ནས་གསང་སྔགས་བསྟན་པ་རྒྱས་པར་མཛད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །མཆོད་རྟེན་ཆེན་པོར་ན་བཟའ་གསོལ་བའི་མཐུས། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བཞིན། །གསང་སྔགས་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །སྔོན་ཚེ་རྟ་རྫིའི་བུ་ཡིས་མཆོད་རྟེན་ལ། །བུམ་པ་བཏགས་ནས་སྨོན་ལམ་བཏབ་པའི་མཐུས། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུ། །གྱུར་ནས་མདོ་སྔགས་བསྟན་པའི་སྦྱིན་བདག་མཛད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །མཆོད་རྟེན་ཆེན་པོར་ན་བཟའ་གསོལ་བའི་མཐུས། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བཞིན། །མདོ་སྔགས་བསྟན་པའི་སྦྱིན་བདག་བྱེད་པར་ཤོག །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །བསྟན་དང་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །ནོར་བུ་དར་ཟབ་ནང་དུ་སྦས་བཞག་ཀྱང་། །ཀུན་ལ་ཕན་བདེ་བཀྲ་ཤིས་འབྱུང་བ་ལྟར། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །དབེན་པར་བསྡད་ཀྱང་འགྲོ་ལ་ཕན་པར་ཤོག །ཉི་ཟླ་མི་སྡོད་ཕྱོགས་བཞི་བསྐོར་ན་ཡང་། །གླིང་བཞིའི་

p. 631

འགྲོ་བ་ཡོངས་ལ་ཕན་པ་ལྟར། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །རྒྱལ་ཁམས་བསྐོར་ཡང་འགྲོ་ལ་ཕན་པར་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག །ཅེས་བརྗོད། གཞན་ཡང་བསྔོ་བ་གསེར་གྱི་ཕྲེང་བའི་ནང་ལྟར་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་བོ། །ཡང་བལ་ཡུལ་མཆོད་རྟེན་དུ་འགྲོ་བའི་ལམ་ཁ་དང་། མཆོད་རྟེན་རྣམ་གཉིས་ཀྱི་དྲུང་རྣམས་སུ། ཡུལ་མི་དད་ཅན་དང་། གནས་སྐོར་བ་ཁ་ཤས་ཀྱིས། ཤི་གསོན་གཉིས་ཀའི་དོན་དུ་བསྔོ་འབྲེལ་འཇོག་མཁན་བྱུང་བ་རྣམས་ལ་བསྔོ་བ་འདི་ལྟར་བྱས་སོ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདག་གཞན་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་དད་ལྡན་གྱི་སྦྱིན་བདག་ཕོ་མོ་འདི་དག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉིན་མཚན་དུས་དྲུག་ཏུ་གཟིགས་ཤིང་དགོངས་སུ་གསོལ། ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས། བདག་གཞན་དུས་གསུམ་བསགས་པའི་དགེ་བ། ཁྱད་པར་དུ་ཡང་དད་ཅན་གྱི་སྦྱིན་བདག་ཕོ་མོ་འདི་རྣམས་ཀྱིས་སྔོན་དགེ་བ་བགྱིས་པ། ཕྱིན་ཆད་དགེ་བ་བགྱིད་འོས། ད་ལྟ་ཡང་ཟང་ཟིང་ནོར་གྱི་འབྲེལ་བ་ཕུན་སུམ་ཚོགས་པ་བཞག་པ་འདིས་མཚོན་པའི་དུས་གསུམ་བསགས་པའི་

p. 632

དགེ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སྒོས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བར་གྱུར་ཅིག ཡང་སྒོས་སུ་དད་ཅན་གྱི་སྦྱིན་བདག་ཕོ་མོ་འདི་རྣམས་དང་། གཞན་ཡང་འདི་རྣམས་ལ་གཉེན་ཉེ་བ་རུ་འགྲོ་བ་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་ཀྱི་ཤེས་རྒྱུད་ལ་དགེ་བའི་རྩ་བ་མཐའ་དག་ཡོངས་སུ་རྫོགས་པར་སྨིན་ནས་ཚེ་འདིར་ཡང་ནད་གདོན་བགེགས་བར་ཆད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ཚེ་དཔལ་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག ནམ་ཞིག་ཚེ་ཡི་འཕེན་པ་ཟད་པའི་ཚེ་མནར་གཅོད་ཀྱི་སྡུག་བསྔལ་གང་ཡང་མི་འབྱུང་བར་གྱུར་ཅིག ཚེ་འཕོས་མ་ཐག་ཏུ་བླ་མ་དང་སྤྱན་རས་གཟིགས་མངོན་སུམ་དུ་བྱོན་ནས་ཁྲིད་དེ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གྱུར་ཅིག གལ་ཏེ་དེ་ལྟ་བུའི་སྐུལ་བ་དང་མི་ལྡན་ན། །སླར་ཡང་མི་ལུས་གཙང་མ་ཐོབ་ནས། རྟེན་དེ་ལ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་བཞིན་དུ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་གྱུར་ཅིག གཞན་ཡང་དགེ་བའི་རྩ་བ་འདིས་ཡུལ་ཕྱོགས་འདིས་ཐོག་དྲངས་པའི་རྒྱལ་ཁམས་ཐམས་ཅད་ཀྱི་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་། བཀྲ་ཤིས་དང་དགེ་ལེགས་བདེ་སྐྱིད་ཆེན་པོས་ས་ཕྱོགས་ཡུལ་ཕྱོགས་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་གྱུར་ཅིག དེ་དེ་བདེན་དུ་འགྲུབ་པར་གྱུར་ཅིག སངས་རྒྱས་སྐུ་གཟུགས་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་

p. 633

འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །ཅེས་གསོན་བསྔོ་ལ་དེ་ལྟར་བརྗོད། ཤི་བ་ལ་འདི་ལྟར། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདག་གཞན་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་འདི་ཉིད་སྲིད་པ་བར་དོ་རིགས་དྲུག་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང་ཐུགས་བརྩེ་བ་ཆེན་པོས་གཟིགས་ཤིང་དགོངས་སུ་གསོལ། ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་བདག་གཞན་དུས་གསུམ་བསགས་པའི་དགེ་བ། ཁྱད་པར་དུ་ཚེ་ལས་འདས་པ་འདི་ཡི་དོན་དུ་རྗེས་ན་ཡོད་པའི་གཉེན་ཉེ་བ་རྣམས་ཀྱིས་སྔོན་དགེ་བ་བགྱིས་པ། ཕྱིན་ཆད་དགེ་བ་བགྱིད་འོས། ད་ལྟ་ཡང་བདག་ལ་བསྔོ་འབྲེལ་བཞག་པ་འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་བའི་མཐུ་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། སྒོས་མཁའ་མཉམ་གྱི་སེམས་ཅན་ལ་བདེ་སྐྱིད་འབྱུང་བར་གྱུར་ཅིག ཡང་སྒོས་སུ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་འདི་ཉིད་སྲིད་པ་བར་དོ་རིགས་དྲུག་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང་དགེ་བའི་རྩ་བ་མཐའ་དག་རྗེས་སུ་སོང་སྟེ་ཤེས་རྒྱུད་ལ་ཡོངས་སུ་རྫོགས་པར་སྨིན་ནས། དེའི་མཐུ་ལ་བརྟེན་ནས་ངན་སོང་གསུམ་དང་ངན་འགྲོའི་རིགས་སུ་ནམ་ཡང་མི་སྐྱེ་ཞིང་། སྔོན་ཆད་སྐྱེས་ཟིན་པ་ཞིག་

p. 634

ཡིན་ན་ཡང་སྐྱེ་གནས་ངན་པ་འདྲ་ཡིན་ན་དེ་ལས་སླར་ལོག་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨོ་ལས་བརྫུས་ཏེ་སྐྱེས་ནས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག གལ་ཏེ་དེ་ལྟ་བུའི་སྐལ་པ་དང་མི་ལྡན་ན་སླར་ཡང་མི་ལུས་གཙང་མ་ཐོབ་ནས་རྟེན་དེ་ལ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག གཞན་ཡང་དགེ་བའི་རྩ་བ་འདིས་ཡུལ་འདིས་ཐོག་དྲངས་པའི་རྒྱལ་ཁམས་ཐམས་ཅད་ཀྱི་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་། བཀྲ་ཤིས་དང་དགེ་ལེགས་བདེ་སྐྱིད་ཆེན་པོས་ས་ཕྱོགས་དང་ཡུལ་ཕྱོགས་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་གྱུར་ཅིག དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བས། །བདེན་པས་སྨོན་ལམ་ཅི་བཏབ་མྱུར་འགྲུབ་ཤོག །ཅེས་སོ། །ཡང་བལ་ཡུལ་ཡམ་བུ་ན་ཡོད་པའི་ཡོ་ལག་ཚོང་ཤག་ཁ་ཆེ་ཚོང་དཔོན་དང་། ལ་ཁང་ཐོག་ཤིང་ཟེར་བའི་ཚོང་དཔོན་དད་ཅན་གཉིས་ཀྱིས་བོས་པའི་དུས། ནང་དུ་སོང་ནས་སེམས་ལ་ཕན་པའི་ཆོས་བཤད་བྱས། འགྲོ་ཁར་བཀྲ་ཤིས་ཀྱང་འདི་ལྟར་བྱས་སོ། །ནམ་མཁའི་ཁམས་ན་རྩ་བ་གསུམ་གྱི་ལྷ་ཚོགས་སྲིད་པ་གསུམ་གྱི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་ཐམས་ཅད་བཞུགས་ནས་གནས་འདིར་བཀྲ་ཤིས་པའི་མེ་ཏོག་དང་། འདོད་དགུའི་འབྲུ་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་འབེབས་ཤིང་།

p. 635

ངོ་མཚར་གྱི་དྲི་བཟང་པོ་འཐུལ་བ་དང་། རོལ་མོའི་སྒྲ་ཡང་ཕྱོགས་མཚམས་ཀུན་ཏུ་བསྒྲགས་པར་གྱུར། ན་མོ་རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །སངས་རྒྱས་བྱང་སེམས་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུའི་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །མི་ལ་ན་ཚ་མེད་པའི་བཀྲ་ཤིས་ཤོག །ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག །ཞིང་ལ་སད་སེར་མེད་པའི་བཀྲ་ཤིས་ཤོག །མཛོད་ལ་གང་སྟོང་མེད་པའི་བཀྲ་ཤིས་ཤོག །མི་རྣམས་ཚེ་རིང་ནད་མེད་བཀྲ་ཤིས་ཤོག །ཕྱུགས་ལ་གཡང་ཀུན་འཁྱིལ་བའི་བཀྲ་ཤིས་ཤོག །ཞིང་ལ་སྟོན་ཐོག་འབྱུང་བའི་བཀྲ་ཤིས་ཤོག །བང་མཛོད་ནོར་གྱིས་གང་བའི་བཀྲ་ཤིས་ཤོག །མི་ནོར་ཟས་གསུམ་འཛོམས་པའི་བཀྲ་ཤིས་ཤོག །བདེ་སྐྱིད་སྙན་གསུམ་འབྱུང་བའི་བཀྲ་ཤིས་ཤོག །ཀུན་ཀྱང་ཆོས་བཞིན་སྤྱོད་པའི་བཀྲ་ཤིས་ཤོག །དགེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་དང་དགེ་ལེགས་བདེ་སྐྱིད་ཆེན་པོས་ས་ཕྱོགས་ཡུལ་ཕྱོགས་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་གྱུར་ཅིག

p. 636

ཅེས་བརྗོད་བཞིན་ནང་ཀུན་ཏུ་འབྲས་གཏོར་བས། ཚོང་དཔོན་གཉིས་ཀྱིས་ཐོག་དྲངས་ནང་མི་ཐམས་ཅད་དགའ་ཞིང་རབ་ཏུ་དད་ཅིང་གུས་པར་གྱུར་ཏོ། །དེ་དུས་བལ་ཡུལ་གྱི་གནས་ཐམས་ཅད་བསྐོར་རྒྱུ་མ་བྱུང་། མཆོད་རྟེན་རྣམ་གཉིས་ལ་ཐག་ཉེ་བའི་གནས་ཡམ་བུའི་རྒྱལ་ས་ན་ཇོ་བོ་འཇའ་མ་ལི་ཟེར་བའི་ཐུགས་རྗེ་ཆེན་པོ་ཞིག་ཡོད་པ་ལ་མཇལ། རྒྱལ་ཁང་དང་། རྟ་མཆོག་གླང་པོ་ཆེ་རི་དྭགས་བསེ་རུ་སྟག་དང་གཟིག་གསོས་ཡོད་པ་ཚོར་ལྟད་མོ་འདྲ་བལྟས། མཆོད་རྟེན་རྣམ་གཉིས་ལ་ཕྱག་སྐོར་བྱས་ཟླ་བ་གཅིག་ཙམ་བསྡད། སླར་ལོག་ནས་སྐྱིད་གྲོང་དུ་འོང་། ཇོ་བོ་ཝ་ཏི་བཟང་པོ་ལ་གསེར་སྲང་སུམ་ཅུ་སོ་བཞིའི་གསེར་ཀོང་གཡུ་ཕྲ་ཅན་ཞིག་དང་། སྟོང་མཆོད་ཕུལ་དུས་སྨོན་ལམ་འདི་ལྟར་བཏབ་བོ། །མཆོད་ཀོང་འདི་ཡི་ཕྱི་ནང་གཉིས་ཀ་གཙང་ཞིང་རྒྱུ་ཡང་བཟང་བ་བཞིན་དུ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བདག་གི་སྡོམ་པ་དང་དམ་ཚིག་གཙང་ཞིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཟང་པོ་དང་ལྡན་པར་གྱུར་ཅིག མཆོད་ཀོང་ནང་ཀུན་མར་ཁུ་གཙང་མས་གང་བ་བཞིན། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཤེས་རྒྱུད་ཡོན་ཏན་དུ་མས་གང་བར་གྱུར་ཅིག། འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་བདེ་སྐྱིད་ཀྱིས་གང་བར་གྱུར་ཅིག སངས་རྒྱས་ཀྱི་ཞིང་ཐམས་ཅད་མཆོད་པའི་ཚོགས་ཀྱིས་ཡོངས་སུ་གང་བར་གྱུར་ཅིག མར་མེ་སྦར་བ་བཞིན་དུ་བདག་གི་ཚེ་རབས་ཐམས་ཅད་དུ། སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་ཆེན་པོ་ས་གསུམ་གྱི་འགྲོ་བའི་མ་

p. 637

རིག་པའི་མུན་པ་སེལ་ཕྱིར་དུས་རྟག་ཏུ་སྦྱོར་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག མར་མེའི་འོད་ཀྱིས་མུན་པ་སེལ་བ་བཞིན་དུ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་མ་རིག་ལས་ཉོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག མར་མེའི་འོད་ཀྱིས་ཕྱོགས་ཀུན་མཐོང་བ་བཞིན་དུ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་ས་ལེར་མཐོང་བའི་ཡེ་ཤེས་ཀྱི་སྤྱན་ཐོབ་པར་གྱུར་ཅིག མར་མེའི་འོད་ཀྱིས་ཕྱོགས་ཀུན་ཏུ་ཁྱབ་པ་བཞིན་དུ། བཀྲ་ཤིས་དང་དགེ་ལེགས་བདེ་སྐྱིད་ཆེན་པོས་ས་ཕྱོགས་ཡུལ་ཕྱོགས་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་གྱུར་ཅིག ཚེ་འདིར་དཀོན་མཆོག་ལ་མཆོད་པ་ཕུལ་བ་འདི་བཞིན་དུ་མ་འོངས་པའི་ཚེ་རབས་ཐམས་ཅད་དུ་ཡང་བསླུ་མེད་དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག བདག་པས་གཞན་གཅེས་བླ་མ་དཀོན་མཆོག་གསུམ། །བདག་དང་འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །བསྟན་འགྲོ་ཡོངས་ལ་ཕན་པའི་ཕྱིར་དུ་བསྔོ། །མཐའ་མེད་འགྲོ་བ་ཡོངས་ལ་ཕན་པའི་ཕྱིར། །དྲི་མེད་སྨོན་ལམ་ལྷག་བསམ་དག་པས་འདེབས། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །གེགས་མེད་སྨོན་ལམ་ཅི་བཏབ་འགྲུབ་གྱུར་ཅིག ཕན་མཛད་དྲང་སྲོང་བདེན་ཚིག་འགྲུབ་རྣམས་ཀྱིས། །ཕན་པའི་སྨོན་ལམ་འདི་བཞིན་གདབ་ཏུ་གསོལ། །མཆོད་ཀོང་

p. 638

ཕྱི་ནང་གཙང་ཞིང་བཟང་བ་བཞིན། །དམ་སྡོམ་གཙང་ཞིང་བསམ་པ་བཟང་བར་ཤོག །མཆོད་ཀོང་ནང་ཀུན་མར་ཁུས་གང་བ་བཞིན། །ཤེས་རྒྱུད་ཡོན་ཏན་དུ་མས་གང་བར་ཤོག །འཇིག་རྟེན་ཁམས་ཀྱང་བདེ་དང་སྐྱིད་ཀྱིས་གང་། །སངས་རྒྱས་ཞིང་ཀུན་མཆོད་པས་གང་བར་ཤོག །སྒྲིབ་མེད་མར་མེ་གསལ་བར་སྦར་བ་བཞིན། །སངས་རྒྱས་བསྟན་པའི་སྒྲོན་མེ་སྦར་བར་ཤོག །མར་མེའི་འོད་ཀྱིས་མུན་པ་སེལ་བ་བཞིན། །མ་རིག་ལས་ཉོན་སྒྲིབ་པ་དག་གྱུར་ཅིག །མར་མེའི་འོད་ཀྱིས་ཕྱོགས་ཀུན་མཐོང་བ་བཞིན། །ཡེ་ཤེས་སྤྱན་གྱིས་ཆོས་ཀུན་མཐོང་བར་ཤོག །མར་མེའི་འོད་ཀྱིས་ཕྱོགས་ཀུན་ཁྱབ་པ་བཞིན། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཚེ་འདིར་དཀོན་མཆོག་གསུམ་པོ་མཆོད་པ་བཞིན། །ཚེ་རབས་ཀུན་ཏུ་དཀོན་མཆོག་མཆོད་པར་ཤོག །ཅེས་དང་གསེར་ཀོང་གི་ཞབས་ཀྱི་ངོས་ལ་ཡང་། འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་གི་མཆོག །ཇོ་བོ་ཝ་ཏི་བཟང་པོའི་ཞབས་དྲུང་དུ། །ཚོགས་དྲུག་རང་གྲོལ་འཇམ་དཔལ་བདེ་ལེགས་སོགས། །དད་ཅན་སྐྱེ་བོ་དུ་མས་གསེར་ཀོང་འདི། །ཕུལ་མཐུས་སངས་རྒྱས་བསྟན་པ་རྒྱས་པར་ཤོག །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རིང་བར་ཤོག །འགྲོ་ཀུན་གནས་སྐབས་ཀུན་ཏུ་བདེ་བར་ཤོག །མཐར་ཐུག་སངས་རྒྱས་གོ་འཕང་འཐོབ་པར་ཤོག །ཅེས་བྲིས། གཞན་ཡང་བསྟན་འགྲོ་སྤྱི་བྱེ་བྲག་ལ་ཕན་པའི་བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བྱས་སོ། །དེའི་ལོ་འདོད་དགུའི་ནོར་ལོངས་སྤྱོད་ཐམས་ཅད་འབྱུང་བའི་ཚོང་འདུས། སྐད་རིགས་མི་གཅིག་པ་བལ་

p. 639

བོད་གཉིས་ཀྱི་ས་མཚམས། རྩི་བཅུད་ལོ་ཏོག་དུས་རྟག་ཏུ་ཕུན་སུམ་ཚོགས་པའི་ཡུལ། དབྱར་གངས་མི་ཞུ་ལ། དགུན་མེ་ཏོག་མི་སྐམ་པའི་ས། འཕགས་པ་འཇིག་རྟེན་དབང་ཕྱུག་རང་བྱུང་ཝ་ཏི་བཟང་པོ་བཞུགས་པའི་མང་ཡུལ་སྐྱིད་པའི་གྲོང་གི་ཕྱོགས་ཀྱི་སྒྲུབ་གནས། སྔོན་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ལ་མགོན་པོའི་ཞལ་གཟིགས་ནས། སྡོད་ས་ཕ་གི་གྱིས་ཞེས་ཕ་བོང་གྲུ་བཞི་ཆེན་པོ་ཞིག་བསྟན་པའི་ཐོག་ཏུ་སྒྲུབ་ཁང་བརྩིགས་པའི་མགོན་གནང་ཞེས་བྱ་བ་དགེ་སྦྱོར་འཕེལ་བའི་དབེན་པའི་རི་ཁྲོད་རྒྱབ་རི་སྲ་བརྟན་བྲག་གིས་མཛེས་པ། མདུན་རི་གངས་རིའི་ཕྲེང་བས་བསྐོར་བ། ཕྱོགས་མཚམས་སུ་ན་བུན་སྐྱི་བུན་འཐིབས་ཤིང་། འཇའ་ཚོན་སྣ་ལྔའི་རི་མོ་འཆར་བ། ལྗོན་ཤིང་སྣ་ཚོགས་པས་མཆོད་པའི་ལྷ་མོ་སྒེག་པའི་ཚུལ་གྱིས་གར་སྟབས་བསྒྱུར་ཞིང་ཡལ་གས་དུད་པ། མེ་ཏོག་དུ་མས་མཛེས་མའི་བསླུ་བྲིད་བྱེད་བཞིན་རབ་ཏུ་དགའ་བའི་འཛུམ་ཞལ་སྟོན་པ། ཆུ་གཙང་རྣམས་གཙང་གཙང་འཐུང་འཐུང་ཟེར་བཞིན་ལྷུང་ལྷུང་གི་སྐད་སྙན་པོ་འབྱིན་ཞིང་འབབ་པ། ཤུག་པ་དང་བ་ལུ་ལ་སོགས་པའི་དྲི་ངད་རྒྱུན་དུ་འཐུལ་བ། འཇོལ་མོ་དང་ཁུ་བྱུག་སོགས་སྤུ་སྡུག་བྱ་དང་བྱེའུ་དུ་མས་སྐད་སྙན་མི་འདྲ་བ་དུ་མ་ཀྱུར་ཀྱུར་སྒྲོག་བཞིན་དགའ་ཞིང་འཕྱོ་ལ་ལྡིང་བ། ཁ་ལྷོར་བལྟ་དགུན་དུས་ཉི་འོད་འཁྱིལ་ཞིང་། དབྱར་སོས་ཀའི་དུས་བསིལ་ཞིང་རིག་པ་དྭགས་པ། ཆུ་མེ་ཤིང་ལ་སོགས་མཐུན་རྐྱེན་འཛོམ་ཞིང་། མདོ་འཚོ་

p. 640

བ་སྦྱོར་བའི་ཡོན་བདག་མང་བ། འདུག་ས་སྡོད་བདེ་ཞིང་མཐོང་རྒྱ་ཆེ་བ། རང་བཞིན་གྱིས་ཉམས་དགའ་ཞིང་ཤེས་པ་སྤྲོ་བ། བློ་བདེ་ཞིང་བག་ཕེབས་པ་བཀྲ་ཤིས་ཤིང་བྱིན་ཆགས་པ། ལྷ་ཡུལ་གྱི་སྐྱེད་ཚལ་མི་ཡུལ་དུ་འཕོས་འདྲའི་ངོ་མཚར་རི་ཁྲོད་དབེན་པའི་དགའ་ཚལ་དེ་རུ་ཟླ་བ་ཁ་ཤས་མཚམས་ལ་བསྡད་པས། ཡུལ་ཕྱོགས་གཞན་གྱི་དབེན་གནས་ལས་ཁྱད་པར་དུ་འཕགས་པའི་སྒོམ་སྒྲུབ་འཕེལ་པོ་བྱུང་ཚེ་གནས་ལ་བསྟོད་པའི་མགུར་དབྱངས་འདི་བླངས་སོ། །དབེན་པའི་གནས་སུ་ཏིང་འཛིན་སྒོ་བརྒྱ་ཕྱེས། །ངོ་མཚར་ལྟད་མོར་གཟིགས་པའི་བླ་མར་འདུད། །བདག་དང་བདག་འདྲས་ཏིང་འཛིན་འཕེལ་བའི་གནས། །རི་ཁྲོད་དབེན་པ་ཟིན་པར་བྱིན་གྱིས་རློབས། །ཨེ་མ་རྒྱབ་རིའི་བྲག་རྣམས་སྲ་བརྟན་མཛེས། །ཡ་མཚན་མདུན་རིའི་རྩེ་ལ་གངས་ཀྱིས་བརྒྱན། །ཕྱོགས་མཚམས་ན་བུན་འཁོར་ཞིང་འཇའ་ཚོན་འཆར། །དེ་འདྲའི་ངོ་མཚར་དབེན་པའི་གནས་མཆོག་འདིར། །འབབ་ཆུ་རྣམས་ཀྱིས་སྐྱེས་བུའི་ཚེ་འགྲོ་བ། །འདི་དང་མཚུངས་ཞེས་མྱུར་དུ་མགྱོགས་པར་འགྲོ །སྒོམ་སྒྲུབ་རྒྱུན་མི་འཆད་དུ་གྱིས་ཤིག་ཅེས། །ཉིན་མཚན་མེད་པར་བར་མ་ཆད་དུ་འབབ། །ཡི་དམ་སྒོམ་ཞིང་གྲག་སྟོང་སྔགས་ཀྱི་སྒྲ། །འདི་ལྟར་སྒྲོགས་ཞེས་སྐད་སྙན་ལྷུང་ལྷུང་སྒྲོག །ལྗོན་ཤིང་རྣམས་ཀྱིས་སྐལ་བཟང་ལས་འཕྲོ་ཅན། །རི་ལ་ཤོག་ཅེས་ཡལ་འདབ་ཕྱོགས་ཀུན་གཡོབ། །ཏིང་འཛིན་སྒོམ་དུས་ལུས་པོ་ས་གཅིག་ཏུ། །འདི་ལྟར་སྡོད་ཅེས་གཡོ་འགུལ་མེད་པར་གནས། །ཉམས་

p. 641

རྟོགས་ཡོན་ཏན་འདི་བཞིན་འཆར་དགོས་ཞེས། །སྣ་ཚོགས་མེ་ཏོག་ཤར་བས་ཀུན་ལ་ངོམ། །འཆི་བ་མི་རྟག་ཡང་ཡང་དྲན་པའི་ཕྱིར། །སྟོན་དུས་མི་རྟག་རྣམ་འགྱུར་མང་པོ་སྟོན། །བསེར་བུས་ཉི་མས་འོ་བརྒྱལ་བྱེད་ཀྱིས་དོགས། །ཡར་མར་ནས་འོང་བསིལ་ཡབ་ཡང་ཡང་གཡབ། །རི་ཁྲོད་པ་ལ་སྤོས་རེངས་མ་མཆིས་ཞེས། །དྲི་བཟང་མང་པོ་སྣ་ཡི་སྒོ་རུ་སྐྱེལ། །ནོར་རྫས་གང་ལའང་ཆགས་ཞེན་མ་ཆེ་བར། །ང་བཞིན་གྱིས་ཞེས་ཆགས་མེད་བཞུད་ནས་འགྲོ །བྱ་དང་བྱིའུས་གཅིག་པུར་སྐྱོ་ཡིས་དོགས། །ཐག་ཉེར་འཁོར་ནས་སྐད་སྙན་མང་པོ་འབྱིན། །གསོག་འཇོག་མི་དགོས་བཟའ་བཏུང་ལས་སླ་ཞེས། །གང་བྱུང་ཟས་ལ་བརྟེན་ནས་བདེ་བར་རྒྱུ། །གང་ལའང་ཆགས་པ་མེད་པ་འདི་བཞིན་དུ། །སོང་ཞེས་སྡོང་རྩེ་གཅིག་ནས་གཅིག་ཏུ་འཕུར། །མེ་ཏོག་སྣ་ཚོགས་ལང་ཚོ་དར་ལ་བབས། །མཛེས་མས་བསླུ་བྲིད་བྱེད་བཞིན་རྩེ་དགའ་རྒོད། །བུང་བ་གཞོན་ནུས་གླུ་དབྱངས་ལེན་བཞིན་འོང་། །མཆུ་ཡིས་གཏུགས་ཤིང་ཤབ་ཤུབ་བྱེད་བཞིན་འགུལ། །དབེན་པར་འདུག་དུས་འདི་བཞིན་མགུར་དབྱངས་འདྲ། །ལོངས་ཞེས་རྒྱང་གླུ་སྙན་ལ་རིང་བ་ལེན། །དབེན་པར་གནས་པའི་རྣལ་འབྱོར་ངོ་མཚར་ཞེས། །ཡང་ཡང་བསྐོར་ཞིང་གོས་ལ་བྱིན་རླབས་ཞུ། །ཡིད་འོང་མཛེས་མ་ལ་ཡང་མ་ཆགས་ཞེས། །ཕྱི་མིག་ཙམ་ཡང་མི་བལྟ་རྒྱང་རིང་འཕུར། །ཨེ་མ་རི་ཁྲོད་དབེན་པའི་གནས་མཆོག་འདིར། །དངོས་པོ་རྣམས་ཀྱིས་བརྡ་ཆོས་ཅིར་ཡང་སྟོན། །ལྷ་ཡུལ་སྐྱེད་ཚལ་མི་ཡུལ་འཕོས་པ་བཞིན། །ངོ་མཚར་ཉམས་དགའི་ལྟད་མོ་ཅི་ཡང་སྣང་། །དེ་འདྲའི་ངོ་མཚར་

p. 642

དབེན་པའི་དགའ་ཚལ་ན། །ཕྱི་རུ་ཉི་མས་བསྲོས་པས་སྒྱུ་ལུས་བདེ། ནང་དུ་འོད་གསལ་ཤར་བས་ཡིད་ཀྱང་བདེ། །བར་ནས་གླུ་དབྱངས་ལེན་པས་ངག་ཀྱང་བདེ། །བདག་གིས་ལུས་ངག་ཡིད་གསུམ་བདེ་ཚུལ་འདི། །གཟིགས་རྒྱུ་ཡིན་ན་བལ་ཡུལ་རྒྱལ་པོས་ཀྱང་། །ཐུགས་ངལ་འོ་བརྒྱལ་བྱུང་བའི་དུས་སྐབས་ཚོར། །ཐུགས་སྨོན་འཆོར་སྙམ་གཞན་ཚོ་སྨོས་ཅི་དགོས། །འདི་འདྲའི་གནས་སུ་ཆོས་པ་མི་སྡོད་པར། །གྲོང་ཡུལ་རྣམས་སུ་འཁྱམས་ནས་ཅི་བྱ་ཞེས། །སྐད་གསེང་མཐོན་པོས་རྒྱལ་ཁམས་ཡོངས་ལ་སྒྲོག །སྐལ་བཟང་ལས་འཕྲོ་ཅན་གྱིས་གོ་བར་ཤོག །ཅེས་ཉིན་གཅིག་སེམས་ལ་ཤར་བ་ལྟར་བླངས་པའོ། །ཡང་དབེན་གནས་ཉམས་དགའ་དེར་ཉིན་གཅིག་རི་ཟུར་ཞིག་ན་གཅིག་པུར་ཁམས་བསངས་བྱས་ཡོད་དུས། རང་གི་སེམས་ལ་ད་ནི་རང་ན་སོ་ནི་རྒས། མགོ་ཡང་དཀར་པོར་སོང་ནས་འཆི་ལ་ཉེ། ད་རི་ཁྲོད་རེ་ནས་སྡོད་པ་མ་གཏོགས་འཆི་ཁར་འགྲོ་རྒྱུ་ཡང་མང་ན་མི་བཟང་། འགྲོ་འདོད་རུང་རྒས་ནས་འགྲོ་ཡང་མི་ཐུབ་པས། ཕྱོགས་ཐག་རིང་གི་སློབ་མ་ཡོན་བདག་རྣམས་ཀྱིས་ཕལ་ཆེར་ལ་མི་མཇལ་བར་ཐག་ཆོད་སྙམ། འདུ་འབྲལ་དང་སྐྱེ་འཆི་འཁོར་བའི་ཉེས་དམིགས་རྣམས་ལ་བསམས་པས་སེམས་སྐྱོ་ཚེ་སྐྱོ་མགུར་འདི་བླངས་སོ།། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། །ཆོས་ཕུང་བརྒྱད་ཁྲི་ཡི་འབྱུང་གནས། །འཕགས་ཚོགས་དགེ་འདུན་གྱི་རྒྱན་གཅིག །དྲིན་ཅན་བླ་མ་རང་མཁྱེན་ནོ། །དབྱར་གསུམ་ཐན་པ་ཁོའི་རྐྱེན་གྱིས། །ལོ་ཏོག་སྐྱོ་མོ་རང་འདུག་པས། །གཡུ་འབྲུག་སྦྲང་ཆར་དང་བཅས་ཏེ། །ཞིང་

p. 643

མོའི་སྐྱོ་རོགས་ལ་བྱོན་ཅིག །དཔྱིད་གསུམ་ཚ་གདུངས་ཁོའི་རྐྱེན་གྱིས། །གསེར་མིག་སྐྱོ་མོ་རང་འདུག་པས། །གངས་ཆུ་བསིལ་ངར་དང་བཅས་ཏེ། །ཉ་མོའི་སྐྱོ་རོགས་ལ་བྱོན་ཅིག །ན་སོ་རྒས་པ་ཁོའི་རྐྱེན་གྱིས། །བུ་ང་སྐྱོ་མོ་རང་འདུག་པས། །བླ་མ་བྱིན་རླབས་དང་བཅས་ཏེ། །སྤྲང་པོའི་སྐྱོ་རོགས་ལ་བྱོན་ཅིག །འཇའ་ཚོན་སྤྲིན་ཆར་གྱིས་སྐྱོང་དུས། །ལེགས་ལེགས་འདྲ་མོ་ཞིག་འདུག་སྟེ། །སྐྱི་བསེར་རླུང་པོ་ཁོ་སླེབས་ཚེ། །ལེགས་རུང་སྡོད་དབང་ཞིག་མི་གདའ། །མེ་ཏོག་དྲོད་གཤེར་གྱིས་སྐྱོང་དུས། །མཛེས་མཛེས་འདྲ་མོ་ཞིག་འདུག་སྟེ། །སྟོན་བསེར་བ་མོ་ཁོ་སླེབས་ཚེ། །མཛེས་རུང་སྡོད་དབང་ཞིག་མི་གདའ། །སྒྱུ་ལུས་ཟས་གོས་ཀྱིས་སྐྱོང་ཚེ། །བདེ་བདེ་འདྲ་མོ་ཞིག་འདུག་སྟེ། །འཆི་བདག་བདུད་པོ་ཁོ་བྱུང་ཚེ། །བདེ་རུང་སྡོད་དབང་ཞིག་མི་གདའ། །ཉ་མོའི་ཚེ་སྲོག་ལ་འཚེ་བའི། །ཉ་རྒྱ་མཚོ་འགྲམ་ན་གདའ་འོ། །ཟས་ཕྱིར་མཚོ་མཐའ་རུ་མ་འགྲོ །མཚོ་དཀྱིལ་གཏིང་རིང་དུ་བཞུགས་ཤིག །རྒོད་པོའི་ཚེ་སྲོག་ལ་འཚེ་བའི། །ཐག་རྙི་ས་འོག་ན་གདའ་འོ། །གྲོང་བའི་རྟ་རོའི་རྩར་མ་འགྲོ །བྲག་སྟོད་མཐོན་པོ་རུ་བཞུགས་ཤིག །ཆོས་པའི་སྐུ་སྲོག་ལ་འཚེ་བའི། །ལྷ་འདྲེ་གྲོང་ཡུལ་ན་གདའ་འོ། །འདྲེ་འདུལ་གྲོང་ཆོག་ལ་མ་འགྲོ །རི་ཁྲོད་དབེན་པ་རུ་བཞུགས་ཤིག །ཅེས་བླངས་ཚེ། སྟེང་ནས་ནམ་མཁའི་ལྷས་དྲོ་འཇམ་ཉི་མའི་གོས་བསྐོན། འོག་ནས་སའི་ལྷ་མོ་བརྟན་མས་སྔོ་ལྗང་རྩྭ་འཇམ་མེ་ཏོག་གི་གདན་ཕུལ། །བར་སྣང་ནས་རླུང་ལྷས་དྲི་ཞིམ་ཞིག་ཁྱེར་ནས་

p. 644

བསིལ་སང་སང་འོང་དུས་ལུས་སེམས་ལ་བདེ་བ་བྱུང་བའི་ཉམས་དགའ་བའི་ཤུགས་ཀྱིས་རླུང་ལྷ་ལ་འདི་སྐད་ཅེས་སྨྲས་སོ། །ཨེ་མ་རླུང་ལྷ་གང་ལ་ཡང་། །ཆགས་མེད་རྒྱུ་བ་ངོ་མཚར་ཆེ། །ད་རེས་དྲི་ཞིམ་སྐྱེལ་དང་བཅས། །འདི་རུ་ཡོང་ལ་བདག་ཡིད་སྤྲོ། །མི་རྒན་ན་སོ་རྒས་པའི་མཐུས། །ཕྱོགས་ཀུན་འཁོར་བ་དཀའ་མོར་གདའ། །ཁྱོད་ཀྱིས་ཕྱོགས་རྣམས་ཐམས་ཅད་ཀྱང་། །དཀའ་ཚེགས་མེད་པར་འཁོར་བར་གདའ། །གཏམ་རྣམས་ཕྱོགས་ཀུན་སྐྱེལ་བ་ཡི། །བང་ཆེན་འོས་སུ་ཁྱོད་ཉིད་བཟང་། །བདག་གིས་ཕྱོགས་ཀུན་འཕྲིན་ཞིག་སྐུར། །དགོས་པས་ཁྱེད་ཀྱིས་སྐྱེལ་རོགས་གྱིས། །བདག་གི་ཡུལ་མི་ཁྱིམ་མཚེས་དང་། །ཕྱོགས་ཕྱོགས་དད་ཅན་ཕོ་མོ་ལ། །མི་ང་ན་སོ་རྒས་ནས་གདའ། །མགོ་ཡང་དཀར་པོར་སོང་འདུག་གྱིས། །ཁོ་བོ་སྨྲ་ལྕེ་བདེ་དུས་སུ། །འདི་འདྲའི་འཕྲིན་ཞིག་བསྐུར་སོང་གྱིས། །བླ་མར་མོས་གུས་མཛོད་ཅིག་གྱིས། །གྲོགས་ལ་བརྩེ་གདུང་སྐྱེད་ཅིག་གྱིས། །འགྲོ་ལ་སྙིང་རྗེ་སྒོམས་ཤིག་གྱིས། །ཆོས་ལ་དག་སྣང་མཛོད་ཅིག་གྱིས། །སྡིག་པ་ཅི་ཡང་མ་བྱེད་གྱིས། །དགེ་བ་ཅི་ནུས་སྒྲུབས་ཤིག་གྱིས། །རང་རྒྱུད་གྱོང་པོ་ཐུལ་ཅིག་གྱིས། །ཡང་ཡང་ནན་ཏན་བཤད་སོང་གྱིས། །ད་དུང་ཚེ་མཇུག་འདི་ཉིད་ལ། །ཡང་ཡང་མཇལ་བར་སྨོན་ནོ་གྱིས། །གལ་ཏེ་ཚེ་འདིར་མ་མཇལ་ཀྱང་། །ཁྱེད་རྣམས་སེམས་ལ་འཇོག་གོ་གྱིས། །འདི་ནས་ཚེ་འཕོས་གྱུར་མ་ཐག །མངོན་དགའི་ཞིང་དུ་འགྲོའོ་གྱིས། །དེ་ནས་དཔལ་དང་ལྡན་པའི་ཞིང་། །བདེ་བ་ཅན་དུ་འགྲོའོ་གྱིས། །དེ་ནས་ལས་རབ་རྫོགས་པའི་ཞིང་། །

p. 645

འོག་མིན་ཞིང་དུ་འགྲོའོ་གྱིས། །སླར་ཡང་འོངས་ནས་ཁྱེད་རྣམས་ཀྱང་། །ཞིང་དེ་རྣམས་སུ་འཁྲིད་དོ་གྱིས། །གཞན་ཡང་སྤྲུལ་པ་མང་པོ་ཞིག །འཇིག་རྟེན་ཁམས་སུ་འོང་ངོ་གྱིས། །ཚེ་འདིར་དངོས་སུ་མཇལ་ན་ཡང་། །བཤད་རྒྱུ་འདི་ཀ་ཡིན་ནོ་གྱིས། །གལ་ཏེ་མ་མཇལ་ཤི་སོང་ཡང་། །ཁ་ཆེམས་འདི་ལྷག་མེད་དོ་གྱིས། །མ་མཇལ་བ་ལ་སེམས་མ་སྐྱོ། །སྐྱེ་བ་ཕྱི་མར་མཇལ་ལོ་གྱིས། །མཇལ་ནས་དག་པའི་ཞིང་ཁམས་སུ། །ད་ལྟའི་གཏམ་རྣམས་གླེང་ངོ་གྱིས། །དེ་འདྲ་འོང་བ་ང་ཡིས་བྱེད། །ཁྱེད་རྣམས་དགའ་བ་སྒོམས་ཤིག་གྱིས། །བྱས་པས་ཁོ་ན་རེ། ལེགས་སོ་སྐྱེས་མཆོག་རིན་པོ་ཆེ། །ཁྱེད་ཀྱིས་གང་གསུང་འཕྲིན་འདི་རྣམས། །ཀུན་ལ་བདག་གིས་ཅིས་ཀྱང་སྐྱེལ། །ཉན་ནམ་མི་ཉན་ཁོང་ཚོས་ཤེས། །ཡང་ཡང་དྲི་བཟང་འབུལ་དུས་འོང་། །མྱུར་མྱུར་མཇལ་བའི་སྨོན་ལམ་འཚལ། །མཇལ་དུས་གནས་ཚུལ་ཞིབ་ཏུ་ཞུ། །མཇལ་རག་བར་དུ་བདེ་བར་བཞུགས། །ཞེས་དངོས་པོ་གང་ལ་ཡང་ཆགས་པ་དང་ལུས་པ་མེད་པར་ཤུགས་སྒྲ་དང་བཅས་ཏེ་བཞུད་སོང་ཚེ། ང་ཡང་དངོས་པོ་གང་ལ་ཡང་ཆགས་པ་མེད་པར་འདི་བཞིན་འགྲོ་དགོས་སྙམ་པ་བྱུང་ངོ་། །ཡང་གནས་མཆོག་ཉམས་དགའ་དེར་སྡོད་དུས་སློབ་མ་ཡོན་བདག་འགའ་ཞིག་གིས་བདེ་ཞུས་བྱས་པའི་ལན་དུ། ངོ་མཚར་རི་ངོགས་སྔོ་ལྗང་རྩྭ་ཡིས་ཁེངས། །།སྟོད་ན་རི་དྭགས་སྨད་ན་སྒོ་ཕྱུགས་གནས། །འབབ་ཆུའི་སྐད་སྙན་ལྷུང་ལྷུང་སྒྲོག་བཞིན་འབབ། །ལྗོན་ཤིང་སྣ་ཚོགས་ཡལ་གས་གར་སྟབས་གཡོ། །ཡིད་འོང་བྱ་དང་བྱེའུས་སྐད་སྙན་བསྒྱུར། །མེ་ཏོག་གཞོན་ནུས་དགའ་

p. 646

བའི་འཛུམ་ཞལ་སྟོན། །བུང་བ་ཁྲ་མོས་སྙན་པའི་གླུ་ཆུང་ལེན། །བ་ལུ་ཤུག་པའི་དྲི་བཟང་ངད་པ་འཐུལ། །དེ་འདྲའི་ངོ་མཚར་དབེན་པའི་རི་ངོགས་ན། །རྣལ་འབྱོར་བདེ་བའི་བདེ་ཚུལ་དབྱངས་སུ་ལེན། །ཕ་ཡུལ་སྤངས་པས་ཞེན་ཆགས་མེད་པས་བདེ། །གཉེན་བཤེས་སྤངས་པས་ཆགས་སྡང་མེད་པས་བདེ། །ནོར་རྫས་སྤངས་པས་སྡུག་བསྔལ་མེད་པས་བདེ། །འཕྲད་མཇལ་སྤངས་པས་གཡེང་བ་མེད་པས་བདེ། །ཕུང་ཁམས་ལྷ་རུ་གསལ་བས་སྒྱུ་ལུས་བདེ། །ཡི་དམ་སྙིང་པོ་བཟླས་པས་ངག་ཀྱང་བདེ། །གསལ་སྟོང་ངང་ལ་བཞག་པས་སེམས་ཀྱང་བདེ། །མདོར་ན་ལུས་ངག་ཡིད་གསུམ་ཚེ་འདིར་བདེ། །ཚོགས་གཉིས་བསོད་ནམས་བསགས་པས་ཕྱི་མར་བདེ། །འདི་ཕྱི་གཉིས་ཀར་བདེ་བ་བླ་མའི་དྲིན། །དྲིན་ལན་སྒྲུབ་པའི་མཆོད་པ་རྒྱུན་དུ་འབུལ། །རྣལ་འབྱོར་བདེ་ཚུལ་དབྱངས་སུ་བླངས་པ་ལ། །དགྱེས་པར་མཛོད་ཅིག་སློབ་བུ་ཡོན་བདག་རྣམས། །ཞེས་བླངས་པས་དགའ་མགུ་ཡི་རང་བར་གྱུར་ཏོ། །ཡང་གནས་བཟང་པོ་དེར་སྡོད་པའི་དུས། ཉིན་གཅིག་སློབ་བུ་ཀུན་དགའ་ལེགས་པ། སྐལ་བཟང་འཕྲིན་ལས། སྐལ་བཟང་དོན་འགྲུབ། བློ་བཟང་ཚུལ་ཁྲིམས། འཇམ་དབྱངས་རང་གྲོལ་སོགས་སྐལ་ལྡན་གྱི་སློབ་བུ་རྣམས་ལ་ཕན་པའི་ཆོས་བཤད་འདི་ལྟར་བྱས་སོ། །ཀྱི་སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ལ་ཡིད་ལ་ལེགས་པར་ཟུངས་ཤིག དེ་ཡང་འོ་སྐོལ་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་སྤྱིར་འཁོར་བ་དང་། ཁྱད་པར་ངན་སོང་གི་གནས་རྣམས་སུ་སྐྱེ་བ་གྲངས་མེད་པ་བླངས་

p. 647

པས། དཔེར་ན་དུད་འགྲོ་ནག་པོ་ཁ་ཅིག་གི་ལུས་ཀྱི་སྤུ་རྣམས་ལས་ལྷག་ཅིང་། ད་རེས་ལན་ཅིག་ཐོབ་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ནི་སྤུ་དེ་རྣམས་ཀྱི་དཀྱིལ་ནས་དཔྲལ་བའི་སྤུ་མདོག་དཀར་པོ་དང་འདྲ་ལ། ད་རེས་ལུས་ཐོག་འདི་ལ་ཆོས་རྣམ་དག་ཅིག་བྱས་ཏེ་གཏན་དུ་བདེ་བའི་གཞི་ཞིག་མ་ཐོངས་ན། ཕྱི་ནས་འདི་ལྟ་བུའི་ལུས་རྟེན་ཤིན་ཏུ་རྙེད་པར་དཀའ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་བཞིན་དུ་རྒྱུ་དང་། དཔེ་དང་གྲངས་ཀྱི་སྒོ་གང་ནས་བསམས་ཀྱང་རྙེད་པར་དཀའ། རྙེད་པར་དཀའ་བ་ཙམ་དུ་མ་ཟད་འདི་ལ་བརྟེན་ནས་ཆོས་བྱས་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་གང་ཡང་འཐོབ་པས་དོན་ཆེན་པོ་དང་ལྡན་པའི་ཚུལ་བསམས་ནས། ཚེ་འདིའི་མི་ནོར་ཟས་གསུམ་གང་ལའང་མི་ཆགས་པར་དམ་པའི་ཆོས་ཁོ་ན་ལ་འབད་ནས། ཆོས་པ་རབ་འཆི་བ་ལ་བྲོད། འབྲིང་མི་འཚེར། ཐ་མ་མི་འགྱོད་གསུངས་པ་ལྟར། འཆི་བའི་དུས་སུ་བྲོད་པ་དང་མི་འཚེར་བ་མ་བྱུང་ཀྱང་། མི་འགྱོད་པ་ཙམ་རེ་མ་བྱུང་ན། ཕ་མས་གསོ་སྐྱོང་བྱས་པ་དང་། བླ་མས་དབང་ཆོས་གནང་བའི་ལ་ཡོག་ཀྱང་ག་ནས་ཐེག སོར་བཅུ་བྲང་ལ་ཁྲོམས་ལ་སོམས་དང་རང་རེ་བུ་སློབ་རྣམས། སྤྱིར་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་

p. 648

འཛད། མཐོན་པོའི་མཐར་ལྟུང་བ་བཞི་ལས་མ་འདས་ཏེ། དེའི་ནང་ནས་ཀྱང་། སྐྱེས་པའི་ནངས་པར་ནས་བཟུང་། འཆི་བའི་ཕྱོགས་སུ་འགྲོ་བ་ཡིན་ཏེ། སྐྱེས་རབས་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེང་ནས་བཟུང་སྟེ་འཇིག་རྟེན་འདི་དག་ཀུན། །ལམ་དུ་ཞུགས་ནས་ལམ་གཞན་མ་ནོར་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ །གསུངས་སོ། །དེ་ནས་རང་རེ་རྣམས་ཀྱི་མི་ཚེ་ནི་ལུག་གི་མཇུག་མ་ལས་ཐུང་། བློ་སྣ་ནི་རྟ་རྔ་ལས་རིང་། འཆི་བདག་ཁོ་ནམ་ཡོང་ཆ་མེད་དེ། སང་གནངས་དང་འཇིག་རྟེན་ཕྱི་མ་གཉིས་ཀྱི་གང་སྔོན་དུ་འོང་མི་ཤེས་པས། དེ་ན་འཆི་རྩིས་ཀྱི་བློ་སྣ་བསྟུངས་ནས། ཚེ་འདིའི་བྱ་བཞག་ཐམས་ཅད་གཅིག་བསྐྱུར་གཉིས་བསྐྱུར་བྱས་ནས་བཞག་སྟེ། ཀྱེ་མ་བདག་ལོ་རྗེས་མ་དང་། ཟླ་བ་ཕྱི་མ་དང་། སང་གི་ད་ཙམ་ལ་ཡང་སྡོད་རྒྱུ་ཡོད་དམ་མེད་ཅི་ཤེས། དོ་ནུབ་ཡིན་ཡང་མི་འཆི་བའི་ངེས་པ་ཅི་ཡོད། ལོ་རྗེས་མ་དང་ཟླ་བ་ཕྱི་མ་སང་གནངས་ཀྱི་བྱ་བ་དྲན་ནས་ཅི་ཞིག་བྱ་ད་ལྟ་ཉིད་དུ་འཆི་བྲོད་ཚགས་སུ་ཚུད་པའི་ཆོས་ཤིག་བྱ་སྙམ་པའི་བློ་སྣ་ཐུང་རྡུད་པ་ཞིག་དུས་རྒྱུན་དུ་གལ་ཆེ། ཤི་བའི་འོག་ཏུ་སྡིག་པ་བྱས་པ་རྣམས་ངན་སོང་གསུམ་དུ་སྐྱེས་ནས་སྡུག་ཅིང་། དགེ་བ་བྱས་པ་རྣམས་མཐོ་རིས་ཐར་པའི་གནས་སུ་སྐྱེས་ནས་བདེ་བར་འགྱུར་ཏེ། དཔེར་ན་ས་བོན་མངར་བ་བཏབ་པ་ལས་འབྲས་བུ་མངར་བ་དང་། ས་བོན་སྐྱུར་བ་བཏབ་པ་ལས། འབྲས་བུ་སྐྱུར་བ་འབྱུང་བ་དང་འདྲའོ། །ལས་རྒྱུ་འབྲས་གཉིས་ལས་བདེན་པ་ཞིག་མེད་ཀྱང་། །དེང་སང་

p. 649

ཁ་ཅིག་ན་རེ། རྒྱུ་འབྲས་ཞིབ་ཞིབ་བྱེད་པ་འདི་རྣམས་ཐེག་དམན་ཉན་རང་གི་ལུགས་ཡིན། འོ་སྐོལ་ཐེག་ཆེན་གྱི་ལྟ་བ་རྟོགས་པ་རྣམས་ཀྱིས་རྒྱུ་འབྲས་ཕྲ་མོ་ལ་ལྟོས་ག་ལ་དགོས་ཟེར་བ་ཡོད་དེ། དེ་ནི་སྟོང་བ་ཉིད་ལ་བལྟ་ཉེས་ན། ཤེས་རབ་ཆུང་རྣམས་ཕུང་བར་འགྱུར་གསུངས་པ་དང་། ཐེག་ཆེན་གྱི་སྤྱོད་པ། ཐེག་དམན་གྱི་སྲོག་གཅོད་ཟེར་བའི་ཕྱོགས་སུ་སོང་བ་ཡིན་པས། དེ་འདྲ་ཞིག་ཏུ་མ་སོང་བ་གལ་ཆེ་སྟེ། སློབ་དཔོན་ཆེན་པོས། ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ང་བླ་མ་པདྨ་འབྱུང་གནས་ཡིན། །ཆོས་རྒྱུ་འབྲས་ཤན་འབྱེད་ཀྱི་གདམས་ངག་བདོག །ཅེས་དང་། དེ་བཞིན་དུ་དྭགས་པོ་ལྷ་རྗེ་རིན་པོ་ཆེས་ཀྱང་། ལྟ་བ་ནམ་མཁའ་ལས་མཐོ་ཡང་། རྒྱུ་འབྲས་བག་ཕྱེ་ལས་ཞིབ་པ་གལ་ཆེ་གསུངས། མི་དགེ་བའི་དབང་གིས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ཡོད་པ་སྨོས་ཅི་དགོས། མི་དགེ་བཅུ་སྤོང་སོགས་དགེ་བ་ཆུང་ངུའི་མཐུས་མཐོ་རིས་མིའི་ནང་དུ་སྐྱེས་ན་ཡང་། སྐྱེ་རྒ་ན་འཆི་ཡོད་མེད་འདུ་འབྲལ་བརྡེག་བརྡུང་དབང་ཆེ་ཆུང་སོགས་དང་། དེ་བཞིན་དུ་ལྷ་མ་ཡིན་ལ་འཐབ་རྩོད། །ལྷ་ལ་འཆི་འཕོ་ལྟུང་པའི་སྡུག་བསྔལ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ། དྲན་པ་ཉེར་བཞག་ལས། འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་འཁོར་བ་འདིར་སྐྱེས་ཕྱིན་ཆད་སྡུག་བསྔལ་ཁོ་ན་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མི་

p. 650

འདུག་པས། དེས་ན་འཁོར་བའི་བདེ་བ་ཚེ་འདིའི་ཕུན་ཚོགས་ཐམས་ཅད་སྐྱུགས་ནད་ཅན་གྱིས་ཟས་མཐོང་བ་དང་། ཕ་བསད་ཀྱི་བུས་དགྲ་མི་ཤ་བོ་མཐོང་བ་ལྟར་ཞེན་པ་ལྡོག་ཅིང་རྒྱབ་ཏུ་བསྐྱུར་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ན་ཡོན་ཏན་ཡོད་ཚུལ་བསམས་ནས། དེ་ཐོབ་འདོད་ཀྱི་བློ་དཔེར་ན་སྐོམ་པས་ཆུ་འདོད་པའམ། འདོད་ཆགས་ཅན་གྱིས་མཛེས་མ་མཐོང་བ་ལྟར་ཡིད་ལ་དུང་ངེ་བ་ཞིག་དུས་རྒྱུན་དུ་མེད་ཐབས་མི་འདུག་པས་སྙིང་ནས་ཡང་ཡང་སོམས་དང་ཁོ་རེ་ཚོ། འཁོར་བ་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ། རང་སྟོབས་ཀྱིས་འཐོབ་པའི་རེ་བ་དང་བྲལ་འདུག་པས། གཞན་ཞིག་གི་མཐུ་ལ་བརྟེན་ནས་འཐོབ་དགོས་ཏེ། དཔེར་ན་འཇིག་རྟེན་ན་ཁས་དམན་གྱི་མིས་དཔོན་དཔོན་པོ་ལ་རེ་ཞིང་ལྟོས་པ་ལྟར། བླ་མ་དཀོན་མཆོག་གསུམ་ལ་རེ་ཞིང་བལྟོས་དགོས། དེ་ལ་རེ་ན་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་འཇིགས་པ་ལས་བསྐྱབས་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ངེས་པས་སྙིང་ཐག་པ་ནས་བློ་བཀལ་ཏེ་སྐྱབས་སུ་འགྲོ་དགོས། སངས་རྒྱས་ཐོབ་པའི་ས་བོན་ལྟ་བུ་ནི་སེམས་བསྐྱེད་ཡིན་པས། བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ་སྨོན་འཇུག་གི་སེམས་བསྐྱེད་དགོས། ཚོགས་གཉིས་མ་བསགས་ན་སངས་རྒྱས་མི་འཐོབ་པས། ཚེགས་ཆུང་ངུ་ལ་དོན་ཆེ་བ་ཚོགས་གཉིས་བདེ་བླག་ཏུ་རྫོགས་པའི་ཐབས་ཀྱི་མཆོག་མཎྜལ་ཡིན་པས་འབུལ་དགོས། སྒྲིབ་པ་མ་དག་ན་སངས་མི་རྒྱ་བས། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་འཁྲུ་བའི་ཆུ་རྒྱུན་ལྟ་བུའི་དཔལ་རྡོ་རྗེ་

p. 651

སེམས་དཔའི་བསྒོམ་བཟླས་ཡང་དག་པ་བྱ་དགོས། བླ་མའི་བྱིན་རླབས་མ་ཞུགས་ན་སངས་མི་རྒྱ་བས། བླ་མའི་རྣལ་འབྱོར་སྒོམས་ལ་སྙིང་ཐག་པ་ནས་གསོལ་བ་འདེབས་པ་གལ་ཆེ། དེང་སང་ཁ་ཅིག་གིས་སྔོན་འགྲོ་འདི་རྣམས་ལ་ཡང་ཧ་ཅང་ནན་ཏན་ཆེན་པོ་མི་དགོས། སྤྲོས་པ་མང་པོས་ཅི་བྱ། སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་གཅིག་པུ་བསྒོམས་པས་ཆོག་ཟེར་བ་ཡང་ཡོད་དེ། དེ་མར་མ་ཆོད་པར་རྡོ་མུར་ཟེར་བ་དང་འདྲ། །བལ་ཡུལ་དུ་མ་ཕྱིན་པའི་མི་ལ་རྒྱ་གར་གྱི་རྒྱུས་གང་ནས་འོང་། དེ་འདྲ་བཤད་པའི་ཁ་ལ་ཡང་ཉན་མི་རུང་། སྔོན་འགྲོ་ཟབ་ན་དངོས་གཞི་ཟབ་ཟེར་བས་སྔོན་འགྲོ་འདི་རྣམས་ཉམས་རྟོགས་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་རྣམས་མི་ཉམས་པར་གོང་འཕེལ་དུ་གཏོང་བའི་ཐབས་མེད་མི་རུང་ཡིན་པས་ཐོག་མཐའ་བར་གསུམ་དུ་གལ་ཆེ། དེ་ནས་མྱུར་དུ་སངས་རྒྱ་བའི་ཐབས་གསང་སྔགས་ཀྱི་ལྷ་གང་རུང་ཞིག་གི་སྨིན་བྱེད་ཀྱི་དབང་ཐོབ། དབང་དུས་སུ་ཁས་བླངས་པ་བཞིན་དམ་ཚིག་དང་སྡོམ་པ་གཙང་བར་བྱས་ནས་བསྐྱེད་རྫོགས་ཀྱི་ལམ་ལ་བག་ཆགས་ཅི་ནུས་འཇོག ཁྱད་པར་རྫོགས་རིམ་གྱི་མཐར་ཐུག་སེམས་ཉིད་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་ཡུན་རིང་གི་བར་ལ་མཉམ་པར་འཇོག་དགོས། དེ་ལྟར་ཆོས་བྱེད་དུས་ཚེ་འདིའི་བྱ་བ་བློས་ཐོངས་ལ། དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན། གྱོང་ལྟོ་གོས་གཏམ་གསུམ་ལ་ཐོངས། རྟག་ཏུ་རིའི་བུ་གྱིས། ན་བུན་གོས་ལྟར་གྱོན། བྲག་ཕུག་ཞྭ་ལྟར་སྟེན། གཡས་ནས་ཤིང་

p. 652

ཆག གཡོན་ནས་བྲག་ཉིལ། སྟེང་ནས་གནམ་རྡིབ། འོག་ནས་ས་འགུལ་ཡང་སྟན་གྱི་ཐོག་ཏུ་སྤང་ལ་ཕུར་བ་བཏབ་པ་བཞིན་སྡོད་ཚུགས་པའི་སྙིང་རུས་དགོས། གཞན་ཡང་བླ་མ་ལ་མོས་གུས། གྲོགས་མཆེད་ལ་བརྩེ་གདུང་། སེམས་ཅན་ལ་སྙིང་རྗེ། ཆོས་ལ་དག་སྣང་རྣམས་དགོས། སྤྱིར་སེམས་ཅན་ཐམས་ཅད། སྒོས་སུ་ཆོས་སྒོར་ཞུགས་ཚད། ཡང་སྒོས་སུ་བླ་མ་གཅིག་གི་བཀའ་ཆོས་ལ་ལྷན་དུ་ཉན་པའི་གྲྭ་རོགས་གྲོགས་མཆེད་མཆོག་དམན་འབྲིང་གསུམ་ཐམས་ཅད་གོང་དུ་འཁུར་དགོས། རང་གིས་དམན་ས་བཟུང་ནས། གཞན་ཐམས་ཅད་ལ་བསྙེན་བཀུར་ཅི་ནུས་དང་། ཆེ་བརྗོད་ཅི་ལྕོགས། རང་གིས་ཕམ་ཁ་ལེན་ཅི་ཐུབ། གཞན་ལ་ཁེ་གཏོང་ཅི་ནུས་བྱེད་དགོས་ཏེ། སྔོན་རྒྱལ་བ་རྒོད་ཚང་བས། མཆེད་གྲོགས་འགའ་དང་བཅས། སྟོད་ཕྱོགས་ལ་ཕེབས་པའི་ལམ་བར་རྣམས་སུ། ཁུར་བོ་ཆེ་། ཤོས་རེ་ཡོད་ན་ཁོང་གིས་བསྣམས། ཉིན་པར་གནས་བདེ་བ་རེ་ཡོད་ན་ཁོང་ཚོ་བཞུགས་སུ་བཅུག མི་བདེ་བའི་སར་ཁོང་རང་བཞུགས། ནུབ་མོ་མལ་བདེ་བ་རྣམས་སུ་གྲོགས་རྣམས་སྤོར། །གྲང་བ་རེ་ཡོད་ན་ཁོང་རང་བཞུགས། གསོལ་ཟས་ཞིམ་པ་རེ་ཡོད་ན་གཞན་ལ་འདྲེན། མི་ཞིམ་པ་རྣམས་ཁོང་རང་གསོལ་བ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་འདྲ་མཛད་འདུག་པས་སྐྱབས་སུ་མཆི། དེ་འདྲ་མ་བྱུང་ཡང་དེའི་ཆ་འདྲ་རེ་ཅི་ནས་ཀྱང་བྱ་དགོས་ཏེ། རང་རེ་རྣམས་ནི་མཉམ་དུ་ཚོགས་ལ་འགྲོ་ན་ཐོག་མར་གྲལ་འགོ་གང་མཐོ་རེ་བལྟ། དེ་ལ་བཤོས་ལེན་ན་ཡང་ཟན་གང་ཆེ་ལ་མིག་གཞུག

p. 653

སྐོམ་འཐུང་ན་ཕོར་བ་ལ་ཆེ་འདམ་བྱེད། འགྱེད་ཁ་ལེན་ན་ཁེ་གང་ཆེ་བལྟ། གཏམ་གྱི་བཟང་ངན་འདྲེས་ན་ཕ་རོལ་པོའི་ཚིག་རྩུབ་སྣ་རེ་ཡང་མི་བཟོད། རྒྱུ་བར་དུ་བཅུག་ན་ཕུལ་གང་གི་ཕམ་ཁ་ཡང་ལེན་མི་ནུས་པ། དེ་ལྟ་བུ་ནི་ཁ་དལ་ནང་ནས་ལྕེ་དལ་གཡུག་རྐྱང་གི་ཆོས་པ་མ་གཏོགས། རྐྱེན་དང་འཕྲད་ན་འཇིག་རྟེན་མི་ནག་པ་ལས་ལོད་པ་ཡང་ཡོང་སྲིད་པས་དེ་འདྲར་མ་སོང་བར་གོང་དུ་བཤད་པ་ལྟར་རང་དམན་སར་འདུག་ཅིང་། གཞན་ཐམས་ཅད་གོང་དུ་འཁུར་ནུས་པའི་དམ་བཅའ་བཞག་ནས་ལག་ལེན་ལ་ཅི་ཐེབས་བྱེད་འཚལ། དེ་ལྟར་ཆོས་དང་མཐུན་པའི་དགེ་བ་གང་བྱས་ཐམས་ཅད་གཞན་དོན་དང་བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ་ཞིང་། མཇུག་ཏུ་བསྟན་འགྲོ་སྤྱི་ལ་ཕན་པ་དང་། ཁྱད་པར་རང་ཉིད་མྱུར་བ་མྱུར་དུ་སངས་རྒྱས་ནས་བསྟན་འགྲོའི་དོན་རླབས་ཆེན་འབྱུང་བའི་རྣམ་དག་སྨོན་ལམ་གྱི་མཚམས་སྦྱོར་བྱེད་པ་གལ་ཆེ། དེ་ལྟར་བྱས་ན་མྱུར་དུ་སངས་རྒྱས་ནས་བསྟན་འགྲོ་ཡོངས་ལ་ཕན་ཞིང་། བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ། །ཞེས་མགུར་དབྱངས་འདི་རྣམས་བླངས་སོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྟེང་སྤྱི་གཙུག་པད་ཟླའི་གདན་ལ་བཞུགས། །བུ་འདིར་འཚོགས་ཡོངས་ལ་ཐུགས་རྗེས་གཟིགས། །མཆོག་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས། །ཁྱེད་སྐལ་ལྡན་སྙིང་གི་སློབ་བུ་རྣམས། །ཡིད་མ་ཡེངས་ཕ་ཡི་གླུ་འདིར་ཉོན། །རྟེན་དལ་འབྱོར་མི་ལུས་རྙེད་པར་དཀའ། །དཔེ་ཨུ་

p. 654

དུམྦ་རའི་མེ་ཏོག་འདྲ། །དེ་རྙེད་པའི་དུས་སུ་ཆོས་བྱས་ན། །དོན་ཆེན་པོ་འབྱུང་བའི་ནོར་བུ་འདྲ། །ཉིན་རེ་རེ་སོང་གིན་འཆི་ལ་ཉེ། །དཔེ་གསོད་སར་འཁྲིད་པའི་དུད་འགྲོ་འདྲ། །རང་ནམ་འཆི་ཆ་མེད་འཆི་རྐྱེན་མང་། །དཔེ་ཆར་རླུང་གསེབ་ཀྱི་མར་མེ་འདྲ། །ལས་དཀར་ནག་གཉིས་ཀྱི་ཕན་གནོད་དེ། །དཔེར་བཞག་ན་དུག་དང་བདུད་རྩི་འདྲ། །ལས་སྡིག་སྤངས་དགེ་བ་བསྒྲུབ་པ་དེ། །དཔེ་དུག་སྤངས་བདུད་རྩི་བླངས་པ་འདྲ། །སྤྱིར་འཁོར་བའི་གནས་ན་བདེ་བ་མེད། །དཔེ་ཁབ་ཀྱི་རྩེ་ལ་གནས་པ་འདྲ། །སྒོས་ངན་སོང་གསུམ་གྱི་སྡུག་བསྔལ་དེ། །དཔེ་རབ་ཏུ་ཚ་བའི་མེ་འོབས་འདྲ། །དེ་བསམས་ནས་འཇིགས་སྐྲག་སྐྱེ་བ་དེ། །དཔེ་བཙོན་རར་འཁྲིད་པའི་མི་དང་འདྲ། །སྡུག་དེ་ལས་ཐར་པར་འདོད་པ་དེ། །དཔེ་བཙོན་རར་ཚུད་པའི་ནག་ཅན་འདྲ། །དེར་ཐར་ཕྱིར་སྐྱབས་འགྲོ་བྱེད་པ་དེ། །དཔེ་ནག་ཅན་རྒྱལ་པོར་སྐྱབས་འཚོལ་འདྲ། །ཡང་སེམས་བསྐྱེད་བྱེད་པས་སངས་རྒྱས་རྒྱུ། །དཔེ་སྟོན་ཐོག་རྒྱུ་ཡི་ས་བོན་འདྲ། །ཚོགས་བསགས་ཐབས་ཚེགས་ཆུང་མཎྜལ་དེ། །དཔེ་བོང་ཆུང་རིན་ཆེན་གསེར་དང་འདྲ། །སྡིག་སྦྱོང་ཐབས་རྡོར་སེམས་བསྒོམ་བཟླས་དེ། །དཔེ་དྲི་མ་འཁྲུ་བའི་ཆུ་རྒྱུན་འདྲ། །རྗེ་མཚན་ལྡན་རྩ་བའི་བླ་མ་དེ།་། དཔེ་ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །རང་སྤྱི་བོར་བླ་མ་བསྒོམ་པ་དེ། །དཔེ་ནོར་བུ་རྒྱལ་མཚན་རྩེར་བཞག་འདྲ། །རྗེ་བླ་མར་གསོལ་བ་འདེབས་པ་དེ། །དཔེ་ནོར་བུར་གསོལ་བ་འདེབས་པ་འདྲ། །མཆོག་ཐུན་མོང་དངོས་གྲུབ་འབྱུང་བ་དེ། །དཔེ་ནོར་བུར་དགོས་འདོད་འབྱུང་བ་འདྲ། །རྒྱུད་སྨིན་བྱེད་དབང་བཞི་ཐོབ་པ་དེ། །

p. 655

དཔེ་རྒྱལ་བུ་རྒྱལ་སར་བཏོན་པ་འདྲ། །ལམ་གྲོལ་བྱེད་བསྐྱེད་རྫོགས་བསྒོམ་པ་དེ། །དཔེ་ཉེ་བའི་གསང་ལམ་ཞུགས་པ་འདྲ། །ནང་རང་གི་སེམས་ཀྱི་གནས་ལུགས་དེ། །དཔེ་སྟོང་གསལ་ནམ་མཁའ་ཡངས་པ་འདྲ། །དེའི་ངང་ལ་མཉམ་པར་འཇོག་པ་དེ། །དཔེ་ཁྱུང་ཆེན་མཁའ་ལ་ལྡིང་བ་འདྲ། །ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད། །དཔེ་བར་སྣང་ཤར་བའི་འཇའ་ཚོན་འདྲ། །རྗེ་བླ་མར་མོས་གུས་བྱེད་པ་དེ། །དཔེ་རྟག་ཏུ་ངུ་དང་ནོར་བཟང་འདྲ། །གྲོགས་རྣམས་ལ་བརྩེ་གདུང་བྱེད་པ་དེ། །དཔེ་རྒྱལ་བ་རྒོད་ཚང་པ་དང་འདྲ། །མ་འགྲོ་ལ་སྙིང་རྗེ་བྱེད་པ་དེ། །དཔེ་བུ་གཅིག་ན་བའི་མ་དང་འདྲ། །སྙིང་བརྩེ་བས་འགྲོ་ཀུན་སྐྱོང་བ་དེ། །དཔེ་མ་ཡིས་བུ་གཅེས་སྐྱོང་བ་འདྲ། །གཞན་ཐམས་ཅད་གོང་དུ་འཁུར་བ་དེ། །དཔེ་བཀའ་གདམས་གོང་མའི་རྣམ་ཐར་འདྲ། །རང་རྟག་ཏུ་དམན་ས་འཛིན་པ་དེ། །དཔེ་རིགས་ངན་དབུལ་པོའི་བུ་དང་འདྲ། །དགེ་གང་བསགས་རྫོགས་བྱང་བསྔོ་བ་དེ། །དཔེ་རྟ་ཁ་གྱེན་དུ་བསྒྱུར་བ་འདྲ། །མཇུག་སྨོན་ལམ་རྣམ་དག་འདེབས་པ་དེ། །དཔེ་ཞིང་ལ་ས་བོན་འདེབས་པ་འདྲ། །ཆོས་བྱས་པས་སངས་རྒྱས་འཐོབ་པ་དེ། །དཔེ་རྒྱལ་བ་ཤཱཀྱ་ཐུབ་པ་འདྲ། །འབད་རྩོལ་མེད་འགྲོ་ལ་ཕན་པ་དེ། །དཔེ་དཔག་བསམ་ཤིང་དང་ནོར་བུ་འདྲ། །རང་དེ་འདྲ་འདོད་ན་བུ་སློབ་རྣམས། །དོན་དེ་ལྟར་མཛོད་དང་འཐོབ་པར་ངེས། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །གྲྭ་བུ་སློབ་ཐམས་ཅད་འཚང་རྒྱ་ཤོག ཅེས་དང་། ཡང་ཨང་ཡིག་སུམ་ཅུ་མ་འདི་ཡང་བྱིན་ནོ། །

p. 656

བླ་མ་རྒྱལ་བ་སྲས་བཅས་ཀྱིས། །སྐལ་ལྡན་བུ་རྣམས་རྗེས་སུ་ཟུངས། །རྗེས་སུ་ཕན་པའི་ཁ་ཏ་ལ། །ད་ལྟ་མ་ཡེངས་ཉོན་ཅིག་ཨང་། །བླ་མ་ལོང་བའི་ལམ་མཁན་འདྲ། །ནམ་ཡང་འཇུས་ནས་མ་གཏོང་ཨང་། །གདམས་ངག་སྨན་མཆོག་བདུད་རྩི་འདྲ། །ཉོན་མོངས་ནད་སེལ་འཐུངས་ཤིག་ཨང་། །མཆེད་ལྕམ་ལམ་གྲོགས་བཟང་པོ་འདྲ། །བརྩེ་བའི་གྲོགས་དང་འགྲོགས་ཤིག་ཨང་། །མི་ལུས་ཡིད་བཞིན་ནོར་བུ་འདྲ། །དོན་མེད་ཆུད་གཟོན་མ་བྱེད་ཨང་། །མི་ཚེ་ལ་མགོའི་ཉི་ཟེར་འདྲ། །ཡུན་ཐུང་འཆི་ཆོས་གྱིས་ཤིག་ཨང་། །དགེ་སྡིག་ལུས་ཀྱི་གྲིབ་མ་འདྲ། །ཤི་དུས་རྗེས་སུ་འབྲང་ངོ་ཨང་། །འཁོར་བ་སྲིན་མོའི་གླིང་དང་འདྲ། །མྱུར་དུ་ཐར་ཐབས་གྱིས་ཤིག་ཨང་། །ཉེ་འབྲེལ་འཁོར་བའི་ཞགས་པ་འདྲ། །དུང་སེམས་ཞེན་པ་མ་ཆེ་ཨང་། །ཕ་ཡུལ་བདུད་ཀྱི་བཙོན་ར་འདྲ། །རྒྱབ་ཏུ་སྐྱུར་ལ་བྲོས་ཤིག་ཨང་། །འགྲོ་ཀུན་ཚེ་འདིའི་ཕ་མ་འདྲ། །བྱམས་དང་སྙིང་རྗེས་སྐྱོངས་ཤིག་ཨང་། །སྡང་དགྲ་སྟོན་མཇུག་མེ་ཏོག་འདྲ། །རང་ཡལ་འགྲོ་བས་མ་ཁྲོ་ཨང་། །ནོར་རྫས་སྦྲང་མའི་སྦྲང་རྩི་འདྲ། །བསགས་ཀྱང་འཛད་པས་མ་ཆགས་ཨང་། །བྱ་བཞག་ཆུ་ཡི་རི་མོ་འདྲ། །ཟིན་པ་མེད་པས་ཞོག་ཅིག་ཨང་། །བཟང་ངན་གཏམ་རྣམས་བྲག་ཆ་འདྲ། །དོན་མེད་དགའ་སྡུག་མ་བྱེད་ཨང་། །སྐྱེད་སྡུག་དབྱར་དགུན་རེས་མོས་འདྲ། །བདེ་སྡུག་ཞུམ་ཁེངས་མ་ཆེ་ཨང་། །ཕྱུག་པོ་ཡི་དྭགས་གཏེར་སྲུང་འདྲ། །འདོད་ཆུང་ཆོག་ཤེས་གྱིས་ཤིག་ཨང་། །ཆེ་འགྱིང་དམག་མིའི་དཔོན་པོ་འདྲ། །དགོས་མེད་དམན་ས་

p. 657

ཟུངས་ཤིག་ཨང་། །དཀོར་ནག་དུག་གི་ཆུ་དང་འདྲ། །ཧ་ཅང་སྲེད་པ་མ་ཆེ་ཨང་། །བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །རྟག་འཛིན་ཞེན་པ་མ་ཆེ་ཨང་། །ཞེ་སྡང་ཁང་བར་མེ་ཤོར་འདྲ། །རང་རྒྱུད་བསྲེག་པས་སོད་ཅིག་ཨང་། །ཐོས་པ་མུན་སེལ་སྒྲོན་མེ་འདྲ། །བླ་མའི་བཀའ་ཆོས་ཉོན་ཅིག་ཨང་། །སྦྱིན་པ་ཕྱི་མའི་བརྒྱགས་ཕྱེ་འདྲ། །གང་ཡོད་སྦྱིན་པར་ཐོངས་ཤིག་ཨང་། །ཚུལ་ཁྲིམས་ཐར་པའི་ཐེམ་སྐས་འདྲ། །མིག་འབྲས་བཞིན་དུ་སྲུངས་ཤིག་ཨང་། །བཟོད་པ་གཡུལ་ངོའི་གོ་ཆ་འདྲ། །ཁྲོ་མེད་བཟོད་པ་སྒོམས་ཤིག་ཨང་། །བརྩོན་འགྲུས་རྟ་བཟང་ཞོན་པ་འདྲ། །ས་ལམ་བགྲོད་པས་རེམ་ཞིག་ཨང་། །ཞི་གནས་བརྟན་པའི་མཁར་དང་འདྲ། །ཡེངས་མེད་བསམ་གཏན་སྒོམས་ཤིག་ཨང་། །ལྷག་མཐོང་མུན་ལ་ཉི་ཤར་འདྲ། །ཤེས་རབ་སྒྲོན་མེ་སྦོར་ཅིག་ཨང་། །སེམས་ཀྱི་གནས་ལུགས་ནམ་མཁའ་འདྲ། །དེ་ཡི་ངང་ལ་ཞོག་ཅིག་ཨང་། །ཆོས་རྣམས་བར་སྣང་འཇའ་ཚོན་འདྲ། །བདེན་མེད་སྒྱུ་མར་ལྟོས་ཤིག་ཨང་། །ཉམས་སྣང་མཛེས་མའི་བསླུ་བྲིད་འདྲ། །དེ་ལ་ཞེན་ཆགས་མ་ཆེ་ཨང་། །ཆོས་རྣམས་ལོ་ཡག་སྙེ་མ་འདྲ། །ཀུན་ལ་དག་སྣང་མཛོད་ཅིག་ཨང་། །ཨང་ཡིག་སུམ་ཅུའི་ཞལ་གདམས་འདི། །ཁྱེད་རྣམས་སེམས་ལ་ཆོངས་ཤིག་ཨང་། །འདིས་མཚོན་དགེ་བས་འགྲོ་ཀུན་གྱིས། །འདི་བཞིན་ཆོས་བྱས་འཚང་རྒྱ་ཤོག །ཅེས་སྨྲས་པས་དེར་འཚོགས་པའི་གྲྭ་བུ་སློབ་ཐམས་ཅད་ལ་སྔར་བས་བློ་བསྐྱེད་ཐོན་པ་བྱུང་ངོ་། །དེ་དུས་ལུང་

p. 658

རྟོགས་ཡོན་ཏན་དུ་མ་དང་ལྡན་པའི་བྲག་དཀར་སྤྲུལ་བའི་སྐུ་རྗེ་བཙུན་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེ་ལ་འཚམས་ཞུས་སུ་ཞུ་ཤོག་འདི་ཕུལ་ལོ། །ལུང་རྟོགས་ཡོན་ཏན་དུ་མའི་གཏེར་མཛོད་འཛིན། །མཁས་ཤིང་གྲུབ་པ་མཆོག་གི་ཕ་རོལ་ཏུ། །སོན་པའི་རྗེ་བཙུན་ཆོས་ཀྱི་དབང་ཕྱུག་གི །ཞབས་ཀྱི་པདྨོ་དྲི་མ་མེད་དྲུང་དུ། །ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་པ། །ངེས་མེད་དབེན་པར་སྡོད་པའི་རི་ཁྲོད་པ། །ཆོས་མེད་ཞབས་དཀར་བླ་མའི་མིང་ཅན་གྱིས། །ཟོལ་མེད་སྒོ་གསུམ་གུས་པས་འདི་སྐད་ཞུ། །མགོན་ཁྱོད་བསྐལ་པ་དཔག་མེད་སྔོན་རོལ་ནས། །སངས་རྒྱས་མང་པོའི་དྲུང་དུ་ཐུགས་མཆོག་བསྐྱེད། །ཚོགས་གཉིས་བསགས་ནས་སངས་རྒྱས་ཚར་ཟིན་པས། །ད་ནི་ཡང་སངས་རྒྱས་རྒྱུ་མ་མཆིས་མོད། །འོན་ཀྱང་བདག་འདྲའི་གདུལ་བྱའི་སྣང་ངོ་རུ། །སླར་ཡང་དགེ་བའི་བཤེས་གཉེན་གཟུགས་སུ་ཤར། །རྗེ་བཙུན་རང་གི་རྣམ་ཐར་ཇི་བཞིན་དུ། །རྗེས་འཇུག་རྣམས་ཀྱིས་ལམ་ལ་སློབ་པའི་ཕྱིར། །སྐུ་ཚེ་འདིར་ཡང་ན་ཚོད་གཞོན་དུས་ནས། །བླ་མ་མང་བསྟེན་ཐོས་བསམ་སྒོམ་གསུམ་ལ། །འབད་ནས་སླར་ཡང་ཡང་སངས་རྒྱས་རྒྱུ་ཞིག །ཡོད་ཡོད་ལྟ་བའི་མཛད་པ་སྟོན་ཚུལ་ལ། །ལེགས་པར་བསམས་ཚེ་གོ་རྒྱུ་ཆེན་པོ་བྱུང་། །ངོ་མཚར་རྣམ་ཐར་ཀུན་གྱི་མཆོག་ཏུ་མཐོང་། །བཀའ་དྲིན་ཆེའོ་བླ་མ་རིན་པོ་ཆེ། །ད་དུང་དེ་འདྲའི་མཛད་པ་ཅི་ཡང་སྟོན། །གུས་ཕྲན་བདག་གི་མི་ཚེ་ཆ་གསུམ་བྱས། །ཆ་གཉིས་ཆོས་ཉན་རྣམ་གཡེང་ངང་ལ་ཟད། །ད་ནི་ཚེ་མཇུག་ལ་མགོའི་ཉི་ཟེར་ཙམ། །ཡུན་

p. 659

ཐུང་ཆ་གཅིག་ཙམ་གྱི་རིང་འདི་ལ། །ཡུན་རིང་མི་སྡོད་ནམ་འཆི་ངེས་པ་མེད། །ཡར་འགྲོ་མར་འགྲོ་མང་པོ་ཆམ་གྱིས་བཞག །ཤེས་བློ་ཐོབ་བློའི་སྤྲོས་པ་རྦད་ཀྱིས་བཅད། །གཅིག་པུར་རི་ཁྲོད་དབེན་པའི་དགའ་ཚལ་དུ། །སྒྱུ་མ་རྨི་ལམ་ལྟ་བུའི་འཁོར་འདས་ཀྱི། །ཆོས་རྣམས་ཀུན་གྱི་རྩ་བ་རང་གི་སེམས། །སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་པོ། །སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་བཞག །དེ་ལྟར་མ་རྟོགས་འགྲོ་ལ་སྙིང་རྗེ་བསྐྱེད། །ཕན་པའི་བསྔོ་བ་སྨོན་ལམ་མཚམས་སྦྱོར་བྱས། །བསྡད་ན་རང་གཞན་འཚེངས་པའི་ལམ་རྙེད་སྙམ།་།འོན་ཀྱང་འབྲེལ་ཚད་དོན་ལྡན་དགེ་བའི་བཤེས། །ལན་རེར་མཇལ་ཡང་སྐལ་བ་བཟང་ཚུལ་དང་། །ཆོས་རྒྱུན་དཀོན་པའི་ལུང་རྒྱུན་མ་ཆད་ན། །ཕྱིན་ཆད་བསྟན་པའི་རྒྱུན་ལ་ཕན་ནམ་སྙམ། །ལན་རེ་ད་དུང་ཆོས་ལ་ཉན་འདོད་བྱུང་། །དེ་ཕྱིར་སྙོམ་ལས་བདག་ནི་དེར་སོན་ཚེ། །ངེས་དོན་ཡང་གསང་ཟབ་ཆོས་སྩོལ་དགོས་ཞེས། །ད་ནས་བཟུང་སྟེ་ཐལ་སྦྱར་གསོལ་བ་འདེབས། །མངོན་སུམ་མཇལ་དུས་བརྩེ་བས་གནང་དུ་གསོལ། །ཞུ་ཡིག་མེ་ཏོག་པདྨའི་དགའ་ཚལ་ལ། །སྤྱན་གྱི་བུང་བ་འཁོར་ཞིང་གཡོ་བའི་རྟེན། །སྟོང་མིན་དངོས་པོ་ལྷ་རྫས་བཅུད་ཀྱིས་གཏམས། །ལྷ་ཡི་ལྷ་མཆོག་བླ་མ་མཉེས་ཕྱིར་ཕུལ། །ཞེས་ཕུལ་བའི་ལན་དུ་འདི་སྐད་ཅེས་བཀའ་བསྩལ་འདུག། སྭཱ་སྟི། མང་ཐོས་ཧ་རིའི་ཙན་དན་ནགས་ཀླུང་དུ། །སྡོམ་གསུམ་བསུང་ཞིམ་དངར་བོའི་ངད་འཐུལ་

p. 660

ཞིང་། །ལུང་རྟོགས་ཡོན་ཏན་ལོ་འདབ་འབྲས་བུས་བརྗིད། །བཤེས་གཉེན་དཔལ་གྱི་ལྗོན་པ་ཆེན་པོའི་དྲུང་། །མཁས་པའི་ཡོན་ཏན་བླུན་རྨོངས་རྐུན་པོས་འཕྲོག །བཙུན་པའི་གོ་ཆ་འཁོར་ངན་གྲོགས་ཀྱིས་བཤུས། །བཟང་པོའི་རས་གོས་གཞན་རྐྱེན་རླུང་གིས་ཁྱེར། །བྱ་བྲལ་གཅེར་བུ་པ་དེས་འདི་སྐད་གསོལ། །གང་སྔོན་རིང་བོའི་བསྐལ་པར་ཚོགས་གཉིས་སྨོན་ལམ་རླུང་གི་ཤིང་རྟས་ལེགས་དྲངས་པའི། །གཟུགས་སྐུའི་ཉིན་བྱེད་མི་མཐུན་ཉེས་ཚོགས་སྒྲ་གཅན་ཁ་སྒོའི་གཡང་ས་ལས་གྲོལ་ཞིང་། །འཁོར་ལོ་གསུམ་གྱི་མཛད་འཕྲིན་འོད་སྣང་ཟེར་བརྒྱ་ཕྱོགས་བརྒྱར་སྤྲོ་བས་གང་འདུལ་གྱི། །འགྲོ་བློའི་མུན་བསལ་ཕན་བདེའི་པད་ཚལ་ཅི་ཡང་རྒྱས་དེར་ལན་བརྒྱར་བསྔགས་པར་འོས། །ཐོས་པ་རྒྱ་མཚོའི་ཕ་མཐའ་བརྒལ་ཞིང་ཟབ་དོན་ནོར་བུའི་མཛོད་ཀྱིས་ཕྱུག །གཞན་ཕན་བརྩེ་བས་བསྡུ་བཞི་མི་འཇིགས་སྦྱིན་ལ་སྙིང་སྟོབས་མཆོག་མངའ་བའི། །རྒྱལ་སྲས་སྤྱོད་པ་དམ་པས་རབ་མཛེས་ཐར་འདོད་དེད་དཔོན་ཁྱོད་ནི་འདིར། །འགྲན་ཟླར་འོས་ཞེས་གཞན་དུ་རྟོག་ཀྱང་རྙེད་མིན་ཁྱོད་རང་དཔེ་ཟླར་འོས། །ཨེ་མ་ཐུགས་རྗེ་ཝ་ཏི་ལས། །ཕན་བདེ་ཆུ་རྒྱུན་བཟང་པོ་ནི། །རབ་ཏུ་སྩོལ་མཛད་སྐྱེ་དགུའི་གཉེན། །ཕྱག་ན་པདྨོའི་གཟུགས་ཀྱི་སྐུ། །བེམ་པོའི་ཚུལ་གྱིས་འགྲོ་འདུལ་བ། །རང་བྱུང་མཚན་དཔེའི་དཔལ་འབར་བའི། །སྤྱན་སྔར་སྣང་གསལ་རིན་ཆེན་སྣོད། །མཆོད་པའི་སྤྲིན་ཕུང་དཔག་མེད་དང་། །ལྷན་ཅིག་བསྟན་འགྲོར་ཕན་དང་བདེའི། །རྒྱ་ཆེན་སྨོན་ལམ་ཀུན་

p. 661

བཟང་གི། སྤྱོད་པ་ལ་འགྲན་བསྒྲུབས་མཛད་ཅེས། །སྙན་པ་ཚངས་གནས་བར་དུ་ཁྱབ། །ཕལ་ཆེར་བརྐམ་ཆགས་འཇུར་འགེགས་ཀྱི། །མདུད་པས་དམ་བཅིངས་ཤི་སྤར་འཐམས། །སྡིག་སྡུག་གཏམ་ངན་ཁྱད་བསད་ནས། །ཟང་ཟིང་ཆེད་དུ་སྲོག་ཀྱང་གཏོང་། །གང་ཁྱོད་ལེགས་བྱས་ཚུལ་འདི་ཡིས། །དཔྱོད་ལྡན་ཀུན་ལ་ཡི་རང་གི ། དཔལ་ཡོན་སྟེར་མོད་འགའ་ཞིག་ལ། །སྡུག་བསྔལ་ཟུག་རྔུའང་སྦྱིན་པ་སྙམ། །སྔོན་ཆད་འབྱོར་ལྡན་གཞན་དག་གིས། །འཇུག་པ་ལྟ་ཅི་སྨོན་པས་ཀྱང་། །སྤོབས་པར་མ་ནུས་ཚུལ་འདི་འདྲ། །ཅི་ཞེས་ལྷ་རྣམས་ཅ་ཅོ་སྒྲོག །དེ་ཕྱིར་རྨད་བྱུང་ཚོགས་གཉིས་ཀྱི། །ས་བོན་རྒྱ་གྲོ་ཏས་བསྐྱེད་པའི། །བདེ་གཤེགས་མར་མེ་མཛད་དཔལ་བཞིན། །མངོན་དུ་གྱུར་ལ་སོམ་ཉིར་ཅི། །ཚུལ་དེ་ཡི་རང་བསྔགས་པ་ཡི། །ཤིས་བརྗོད་མནྡ་ར་ཡི་ཕྲེང་། །གང་གི་མགུལ་བར་མཛེས་བརྒྱན་སླད། །རྟེན་འབྱུང་ལེགས་སོའི་ཆ་རྐྱེན་སྤེལ། །རྒྱལ་བས་ཡོངས་བསྔགས་ནེ་པ་ལ་ཡི་ལྗོངས། །འཛམ་གླིང་མཛེས་རྒྱན་རྟེན་མཆོག་ཟུང་ལ་སོགས། །ངོ་མཚར་གནས་རྟེན་ཀུན་ལ་རྨད་བྱུང་གི །ལེགས་མཛད་སྤྲོ་བཞིན་རིངས་པར་འདིར་བྱོན་ནམ། །སྔོན་བྱོན་དམ་པ་མང་པོས་ཉེར་བསྟེན་པའི། །དབེན་པའི་རི་ངོགས་འཆི་མེད་བདག་པོ་ཡི། །སྐྱེད་ཚལ་རང་བྱུང་གོར་མོའི་ས་སྲུང་སྟེང་། །བསམ་གཏན་ཞི་བའི་ཁང་བཟང་ཉམས་དགའ་བར། །འཁོར་འདས་ཆོས་སུ་བཏགས་པའི་རྟོག་ཚོགས་

p. 662

ཀུན། །ཡན་ལག་དྲུག་ལྡན་རྡོ་རྗེ་རྣལ་འབྱོར་གྱིས། །འཛིན་མེད་རང་སར་མཉམ་ཉིད་ཀློང་ཡངས་སུ། །གྲོལ་བའི་ཏིང་འཛིན་སྒོ་བརྒྱར་སྙོམས་འཇུག་ཅིང་། །བཟང་ངན་ཕྱོགས་རེར་ཞེན་པའི་ལྟ་གྲུབ་ཀྱིས། །ཨ་འཐས་ཁ་འཛིན་རང་རང་རྒྱལ་བསྟན་དུ། །རློམ་པའི་སྤྱོད་ཚུལ་སྤྲིན་གྱིས་དོན་དམ་ཉི། །བསྒྲིབས་གྱུར་ཡང་དག་ལམ་ལས་གཞན་དུ་རིང་། །གང་ཁྱོད་རིས་མེད་ཆོས་ཚུལ་ཆུ་ཀླུང་འབུམ། །ཟབ་ཐུགས་རྒྱ་མཚོར་རོ་གཅིག་འགལ་མེད་དུ། །རྟོགས་པའི་གུ་ཡངས་ཉམས་ཀྱི་རླབས་ཕྲེང་ཅན། །ལེགས་བཤད་ཀླུ་དཀར་ཅིར་ཡང་སྤྲོ་དེ་རྨད། །དག་པའི་གཟིགས་པ་ཡངས་པོའི་དོ་ར་ནས། །བཀའ་མཆིད་རི་མོ་ལྷུག་པར་གྲོལ་བའི་སྐྱེས། །ལྷ་རྫས་གོས་དར་རིན་ཆེན་ཉི་ཟླའི་སྤུན། །ཕྱག་རྒྱས་མི་ཕྱེད་རྒྱས་བཏབ་ཉམས་མེད་སོན། །དེ་ཚེ་བདག་ཡིད་ལྷན་སྐྱེས་བདེ་སྟོང་གིས། །མྱོས་པའི་སྤྲོ་དགའ་གཞལ་མེད་ཐོབ་གྱུར་པ། །ཨ་ཧོ་སྔོན་མེད་དགེ་མཚན་འདི་ཅི་ཞེས། །སོམ་ཉིར་བྱས་ཏེ་བཀའ་དྲིན་གང་གིས་གཞལ། །དེང་བདག་ལང་ཚོའི་འཁྲི་ཤིང་འཁྱོགས་པོ་ནི། །མཆོག་གསུམ་ཐུགས་རྗེའི་ལྗོན་པ་ཆེར་བརྟེན་ནས། །སྒོ་གསུམ་ལྷུག་པ་འདུ་ཤེས་གསུམ་ཁོ་ནའི། །ཏིརླ་ཀ་ཡི་བརྟུལ་ཞུགས་སྐྱོང་བཞིན་ལགས། །འཁྲུལ་སྣང་ཀུན་རྟོག་ཆུ་རིས་ཟད་མེད་ངང་། །དལ་རྟེན་སྟོང་པར་ཟད་པའི་གཟུགས་བརྙན་ལ། །ཆོས་སུ་བཏགས་པའི་གཉིས་འཕུང་བསྒྲུབ་བརྩོན་པའི། །རང་ཚུལ་གསོལ་བར་ཡིད་རབ་ཞུམ་པར་གྱུར། །གང་ཐུགས་སྣང་སྲིད་དག་པ་རབ་འབྱམས་སུ། །འཆར་བའི་

p. 663

གཟིགས་ངོར་དགྱེས་པ་བསྐྱེད་ནུས་པའི། །བདག་འདྲར་ལེགས་བྱས་ཡོན་ཏན་ཆ་ཙམ་ཡང་། །མ་མཆིས་དེ་ཕྱིར་དབྱིངས་ཁྲེལ་མི་འཚལ་ལོ། །དཀའ་ཐུབ་ཚོགས་བཅས་རིང་པོས་ངལ་བ་ལ། །བལྟོས་མིན་མྱུར་ལམ་ཆོས་ཀྱི་རྐང་མགྱོགས་ཀྱི། །བཙན་ཐབས་སྦྱོར་བས་འཕོ་མེད་བདེ་བ་ཆེའི། །གོ་འཕང་བགྲོད་ལ་བདག་ཀྱང་སྨོན་ལགས་ནའང་། །དམ་སྡོམ་ལྷོད་ཅིང་བརྩོན་པ་ཆེས་དམན་ཕྱིར། །ཐབས་ཤེས་ཤིང་རྟའི་འཁོར་ལོ་ཆག་གྱུར་པས། །ད་ནི་ཆུ་རྡོ་བཞིན་དུ་གྱུར་འདི་སུ། །ཡིད་ལ་གདུང་བའི་ཚོར་བ་ཅི་ཡང་འཕེལ། །གང་ཁྱོད་ཟབ་ལམ་དོན་གྱི་གནད་ཚང་ཀུན། །ལོན་བཞིན་ད་དུང་ཆོས་ཚུལ་གདམས་པ་མང་། །འཚོལ་བ་རྒྱ་མཚོ་ཆུ་ཡིས་མི་ངོམས་བཞིན། །དམ་པའི་ཚུལ་ལ་ཡི་རང་ཐལ་སྦྱར་རོ། །རིང་མིན་མྱུར་དུ་མཇལ་བའི་དགའ་སྟོན་དང་། །ཐུགས་ཀྱིས་མཇལ་བ་ནམ་ཡང་ལྷོད་མིན་པར། །མི་ཕྱེད་གཉིས་མེད་ཕྱག་རྒྱས་དམ་འཁྱུད་པའི། །ལེགས་བཤད་བདུད་རྩིའི་སྐྱེས་ཀྱང་ལེགས་པར་སྩོལ། །སྣ་ཚོགས་ལྗོན་པའི་ཕྲེང་བ་རབ་དཀྲིགས་ལྷུང་ལྷུང་སྙན་པའི་ཆུ་སྒྲ་ཅན། །འདབ་ཆགས་གཉིས་སྐྱེས་འཕུར་ལྡིང་རོལ་པའི་གླུ་སྒྲ་དར་དིར་ཅི་ཡང་སྒྲོག །ཞི་བའི་ནགས་ཀླུང་བག་ཕེབས་དབེན་པའི་རི་ངོགས་འགྱུར་མེད་ཕ་ཝང་སྟེང་། །ཏིང་འཛིན་མི་གཡོ་རྒྱུན་དུ་འཚོ་གཞེས་ཁྱོད་ནི་བཛྲ་ཏིཥྛནྟུ། །དེ་སྐད་མུ་ཅོར་ཚིག་གི་ཕྲེང་། །སྙན་འགྱུར་དོན་དང་མི་ལྡན་ཀྱང་། །དགྱེས་པའི་བཞད་གད་འཕེལ་བའི་སླད། །དགའ་

p. 664

བའི་ཟློས་གར་འདི་ན་བསྒྱུར། །རབ་དཀར་ལྷ་ཡི་གོས་བཟང་དང་། །རྒྱས་པའི་མདངས་ཆགས་བཀྲ་ཤིས་པའི། །རྟགས་ཀྱི་རས་ཁ་མངོན་པར་བཀྲ། །རྣམ་ཐར་ངོ་མཚར་པུ་སྟ་ཀར། །མི་ཕྱེད་ཕྱག་རྒྱས་ཉེར་བཏབ་པ། །རྒྱལ་ཟླའི་དཀར་པོའི་ཚེས་བཟང་པོར། །ཡིད་ཀྱིས་སྤྲུལ་པའི་ཕོ་ཉ་ནི། །སྐད་ཅིག་གློག་ལྟར་འཁྱུག་སྟེ་སོང་། །ཞེས་དྲང་སྲོང་གྲུབ་པའི་བསྟི་གནས་དཀའ་ཐུབ་ཀྱི་བརྟུལ་ཞུགས་ཅན་གྱིས་ཀུན་ནས་རྩེན་པའི་བྲག་རི་མངོན་པར་མཐོ་བའི་སྤོ་ནས་ཕུལ་བའི་ཞུ་ཡིག་སརྦ་མངྒ་ལམ། ཞེས་གསོལ་རས་མང་པོ་དང་བཅས་གནང་བྱུང་། ཉིན་གཅིག་སློབ་མ་རྣམས་ལ་རང་སྐྱོན་དུག་གི་ཚེར་མ་རང་གིས་འདོན་པའི་མན་ངག་རྒྱ་ཁབ་རྣོན་པོ་འདི་བྱིན་ནོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་རང་གི་རྩ་བའི་བླ་མ་རྣམས་ཀྱིས་མི་མངོན་དབྱིངས་ནས་ཐུགས་ཁྲེལ་རུང་། རེ་ཞིག་བདག་གི་བྱ་སྤྱོད་ངན་པ་འདི་ལ་ཡེ་ཤེས་སྤྱན་གྱིས་གཟིགས་ནས་ཕྱིན་ཆད་ཆོས་བཞིན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འོ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གང་ཡང་མེད་པའི་བླ་བཙོངས་ཕྱི་ལྡིར་ལ་ནང་སྟོང་བ་སྔགས་པའི་རྔ་ཁོག་དང་འདྲ་བ་ཁྱོད་བློ་ཁ་ནང་དུ་ཁུག་ལ་བསམ་བློ་ཡག་པོ་ཞིག་ཐོངས་དང་། ཁྱོད་ཆོས་པ་ཡིན་ཁུལ་བྱེད་ཀྱིན་འདུག་པ། ཁྱོད་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། བླ་མ་དུས་གསུམ་གྱི་སངས་རྒྱས་དང་མཇལ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ནི་ཐོབ། ཆོས་ཀྱི་སྒོར་ཞུགས་ནས་ཡུན་རིང་པོ་ཞིག་

p. 665

སོང་། ད་སྔ་ཡན་ཆད་ལ་ཉམས་ལེན་ཅི་འདྲ་བྱས། ཉམས་རྟོགས་ཅི་ཙམ་ཤར་ཤོད་དང་། རང་གི་སེམས་ལ་འཛིན་རྒྱུ། གཞན་གྱི་མི་ལ་བཤད་རྒྱུ་གཉིས་ཀ་མེད་རུང་། རང་གི་སེམས་ལ་འཛིན་རྒྱུ་ཞིག་ཡོད་དགོས། ཆོས་ཀྱི་ནང་ན། ཆོས་པ་རབ་ལ་ཞག་བསྐྱེད། འབྲིང་ལ་ཟླ་བསྐྱེད། ཐ་མ་ལ་ཡང་ལོ་བསྐྱེད་ཐོན་ཡོང་གསུངས་ན། ཁྱོད་ལ་ཞག་བསྐྱེད་ཡོང་གིན་འདུག་གམ། ཟླ་བསྐྱེད་ཡོང་གིན་འདུག དེ་མ་བྱུང་ཀྱང་ལོ་བསྐྱེད་ཐོན་འདུག་གམ་ལྟོས་དང་། ཡར་བསྐྱེད་ལས་མར་བསྐྱེད་ཆེན་པོ་འདྲ་བྱུང་མེད་དམ། ཡང་ཐོས་རྟགས་ཞི་ཞིང་དུལ་བ་ཡིན། སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན་གསུངས་པས། ཁྱོད་ལ་སྔར་བས་སྒོ་གསུམ་ཞི་དུལ་ཅི་ཙམ་བྱུང་འདུག ཉོན་མོངས་པ་ཆུང་དུ་སོང་ཡོད་མོད། ཆུང་དུ་མ་སོང་ཀྱང་། ཆེ་རུ་སོང་། མང་དུ་སོང་། ཐུ་རུ་སོང་འདྲ་མེད་དམ་ལྟོས་དང་། ཡང་ཆོས་པ་རབ་འཆི་བ་ལ་བྲོད། འབྲིང་མི་འཚེར། ཐ་མ་མི་འགྱོད་གསུངས་པ། ཁྱོད་ད་ལྟ་འཆི་ན་བྲོད་པ་ཞིག་བྱུང་ངམ། ཡང་ན་མི་འཚེར་བ་ཞིག་ཡོད་དམ། དེ་མ་བྱུང་ཀྱང་མི་འགྱོད་པ་ཞིག་དགོས་ཀྱང་། ཁྱོད་ཀྱི་བྱ་སྤྱོད་འདི་ལ་བལྟས་ན། སང་གནངས་ལྟ་བུ་ཞིག་ལ་བྱུང་ན། འགྱོད་པ་སྐྱེ་བཞིན་འཆི་དགོས་པ་འདྲ་མི་ཡོང་ངམ། ཨ་རྫིའི་སོམས་དང་། ཡང་། ཚེ་འདི་ལ་ཞེན་ན་ཆོས་པ་མིན་གསུངས་པས། ཁྱོད་ཀྱི་སེམས་ཚེ་འདིའི་ལྟོ་གོས་དང་། གཉེན་ཉེ་བ་ལ་ཞེན་ནས་དེ་ཞེ་ཕུགས་སུ་བཞག་སྟེ། བླ་མ་དཀོན་མཆོག་གི་རྫས། དགེ་འདུན་

p. 666

པའི་དཀོར་གཤིན་ཟས་དད་ཟས་ཀྱི་མེ་མ་མུར་ཐམས་ཅད་ཕྱོགས་ཕྱོགས་ནས་བསྡུས་ཏེ་རང་གི་ཁ་ལ་བརྒྱབ་པས་མི་ཆོག གཉེན་ཉེ་བ་ཐམས་ཅད་ཀྱི་ཁ་ནང་དུ་བརྒྱབ་ནས་རང་གཞན་ཐམས་ཅད་ཀྱི་རྒྱུད་བསྲེག་ཕོད་དམ། སངས་རྒྱས་ཀྱི་བཀའ་ལས། དཀོར་ཟས་འདི་ལྕགས་གོང་མེ་འབར་བ་ཁར་བཅུག་པ་ལས་ཉེས་པ་ཆེ་བར་གསུངས་པས། ཁྱོད་ལ་སངས་རྒྱས་ཀྱི་གསུང་དེ་མི་བདེན་པའི་ཁུངས་དང་། བརྩི་མི་དགོས་པའི་གདེང་ཞིག་ཡོད་དམ། ཡང་། ལོང་བའི་དྲུང་ན་མིག་ལྡན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་སྒྲིབ་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་། །གསུངས་པས། མི་དྲན་དགུ་དྲན་མི་བྱེད་དགུ་བྱེད། ཉོན་མོངས་ཀྱི་གོང་བུ། །སྡིག་པའི་ཁྲེས་པོ། ལྟུང་བའི་ཕད་བུ། དཀོར་གྱི་རྐྱལ་བ། ཆོས་བརྒྱུད་ཀྱི་ཁོལ་པོ། དགེ་བའི་ཕྱོགས་ལ་བོང་ཆད་གྱེན་ལ་དེད་པ་ལྟ་བུ། མི་དགེ་བའི་ཕྱོགས་ལ་རི་གཟར་གྱི་འབབ་ཆུ་ལྟ་བུ། ཁྱོད་ཚེ་འདི་ལ་ཤི་སྤར་འཐམས་ནས། དུས་དེ་རིང་ཉི་མ་ཕན་ཆད་ལ། ལུས་ངག་ཡིད་གསུམ་དུག་གསུམ་གྱི་དབང་དུ་སོང་། མི་དགེ་བ་བཅུ་ཁོ་ནའི་དུས་འདས་ཀྱང་། ད་དུང་ཆོས་པ་ཡིན་ཁུལ་བྱེད་པའི་ཧམ་པ་ཆེན་པོ་འདི་དེང་སང་གི་སྐྱེ་བོ་མི་ནག་པ་རྣམས་ལ་འགྲོ་ཡང་། སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བླ་མ་དཀོན་མཆོག་ལ་འགྲོའམ་མི་འགྲོ་སོམས་དང་། ཡང་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་གསུངས་ལ། བླ་མས་

p. 667

ཀྱང་ཆོས་ཅི་བྱེད་ནའང་ཉོན་མོངས་པ་ཅི་ཐུལ་གྱིས་ཞེས་ཅི་ཙམ་ཞིག་གསུངས། གྲོགས་ཀྱང་བཟང་པོ་འགའ་རེས་ཅི་ཙམ་ཞིག་བཤད་དེ་རྣམས་ཀྱི་ཚིག་ལ་ཡང་བརྩི་འཇོག་མེད་པར། ད་ནི་ཞེ་སྡང་གི་མེ་འབར། འདོད་ཆགས་ཀྱི་ཆུ་འཁྲུགས། གཏི་མུག་གི་མུན་པ་འཐིབས། ང་རྒྱལ་གྱི་རི་གཟེངས། ཕྲག་དོག་གི་རླུང་འཚུབ། སེར་སྣའི་མདུད་པ་དམ་དུ་དམ་དུ་སོང་ཡོད་པ་འདི་ལ་ལྟོས་དང་། གཞན་ཕར་ཞོག ད་ཁྱོད་ཀྱིས་ཚིག་ངན་དམ་དུམ་ཞིག་རྣ་བས་གོ་ན། དེ་ཡང་མི་བཟོད་པར་ཁྱོད་ཀྱི་ངོ་མདངས་འགྱུར་ལུགས། ཁ་ངན་ཚིག་ངན་རྒྱག་ལུགས་འདི་གཅིག་པུ་ལ་ལྟོས་དང་། འདི་འདྲ་ཁྱོད་ལ་གྱིས་ཞེས། བླ་མས་མ་གསུངས་གྲོགས་ཀྱིས་མ་བཤད། འདི་ཁྱོད་ཀྱིས་དྲན་ནམ། ཡང་ན་འདི་འདྲ་གྱིས་ཞེས་ཁྱོད་ལ་འདྲེ་ཞིག་གིས་བཤད་དམ། དེ་མིན་ཁྱོད་ཀྱི་སྙིང་ལ་གདོན་ཅི་ཞིག་ཞུགས་སོང་། ཁྱོད་སྨྱོས་འདྲ་མེད་དམ། ད་ཕྱིན་ཆད་འདི་འདྲ་བྱས་ན་ཁྱོད་ཚེ་འདིར་སྡུག་ལ་ཕྱི་མར་དམྱལ་བར་འགྲོ་བ་རིན་བྱིན་ནས་ཉོས་པ་ཡིན་མོད། ཁྱོད་ཀྱིས་བླ་མའི་ཞབས་དྲངས་གྲོགས་ཀྱི་མཚང་བརྗོད། ཆོས་པའི་བླ་འཚོང་། །བསྟན་པའི་མིག་རྐྱེན་ལ་གནོད་པ་འདི་འདྲ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད་ཤོད་དང་། ཡང་། གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །གསུངས་པས། ཁྱོད་ནི་མཚན་གང་བོར་རོ་ཉལ་བྱས། ཉིན་གང་བོར་རྣམ་གཡེང་བྱས། །དགེ་སྦྱོར་ཡུད་ཙམ་རེ་བྱས་ནས་གྲུབ་ཐོབ་འོང་དུ་

p. 668

རེ་བ་ཁྱོད་ཀྱི་ཧམ་པ་ལ་ལྟོས་དང་ཧེ་ཧེ། ཁྱོད་ལ་ཆོས་ཀྱི་དྲི་མས་མ་གོས་ཚར་འདུག སྙིང་ནས་ཆོས་ཤིག་བྱེད་ན། ཟ་དགའ་འཐུང་སྐྱིད། རྣམ་གཡེང་ལེ་ལོ་བྱེད་ལ་མི་དགའ་བར། །ཉིན་པར་གྱི་ལྟོ་དང་མཚན་མོའི་གཉིད་ཆོག་ལ་ཉམས་ལེན་ལ་རེམ་ཞིག ཡང་གསང་སྔགས་ཀྱི་སྒོར་ཞུགས་ནས་ཉམས་སུ་བླངས་ན་རབ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས། འབྲིང་འཆི་ཁ་བར་དོར་གྲོལ། ཐ་མས་ཀྱང་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ལ་སངས་རྒྱས་ཞེས་རྡོ་རྗེ་འཆང་གིས་གསུངས་ཀྱང་། ཁྱོད་ཀྱིས་དམ་ཚིག་ཀྱང་མི་བསྲུང་བར། ཇ་སུན་རེའི་མཐོ་དམན་ལ་བལྟས་ནས། ང་ཐུགས་ལ་མ་བཏགས་ཟེར། བླ་མ་ལ་དད་ལོག་དང་། ཚིག་རེ་རེའི་མཐོ་དམན་ལ་བལྟས་ནས། ང་ལ་དེ་འདྲ་བཤད་དགོས་པའི་འོས་མེད་ཅེས་གྲོགས་མཆེད་ལ་ཁོང་ཁྲོ་བྱེད་པ་འདི་གཅིག་པུ་ལ་ལྟོས། དམ་ཚིག་མི་བསྲུང་བ་དེ་ཁྱོད་སངས་རྒྱས་འགྲོ་སྙམ་ནས་འཇིགས་པ་ཡིན་ནམ། མ་བསྲུངས་ན་དམ་ཉམས་ཀྱི་མིས་མཆོད་པ་ཕུལ་ཡང་མི་བཞེས་ཤིང་། འཆི་རྐྱེན་ངན་པས་གློ་བུར་དུ་ཤི་ན་རྡོ་རྗེའི་དམྱལ་བར་སྐྱེ་བ་དང་། དེ་དང་ལྷན་དུ་ལུང་བ་གཅིག་གི་ཆུ་འཐུང་ཚད་ཀྱང་ཉམས་གྲིབ་ཀྱིས་ནོན་ནས་དམྱལ་བར་འགྲོ་ཞེས་རྡོ་རྗེ་འཆང་སོགས་ཀྱིས་གསུངས་པ་གོ་བཞིན་དུ། ད་དུང་དམ་ཚིག་དང་སྡོམ་པ་མི་བསྲུང་བར་ཆལ་ལེ་ཆོལ་ལེ་བྱེད་པ་འདི། ཁྱོད་ཀྱིས་རྡོ་རྗེ་འཆང་གིས་གསུངས་པ་དེ་མི་བདེན་སྙམ་པ་ཡིན་ནམ། བདེན་ཀྱང་དགོས་པ་མེད་སྙམ་པ་

p. 669

ཡིན་ནམ། ཡང་ན་རྡོ་རྗེ་འཆང་གི་གསུང་མི་བརྩི་བ་དེ། ཁྱོད་རྡོ་རྗེ་འཆང་ལས་ས་ཚོད་མཐོ་བ་ཞིག་ཡིན་ནམ། ཡང་ན་ཕོ་ཚོད་ཆེ་བ་ཞིག་ཡིན་ནམ། ཡང་ན་གདོན་གྱིས་ཟིན་ནས་སྙིང་ཁོག་ན་མེད་པ་ཞིག་ཡིན་ནམ། དེ་རྣམས་གང་རུང་ཞིག་ལས་མ་འདས་ད་ཁྱོད་དམྱལ་བར་འགྲོ་ཡང་། འགྲོ་ཞོར་ལ་ལུང་བ་གཅིག་གི་ཆུ་འཐུང་ཚད་པོ་དམྱལ་བར་ཁྲིད་ནས་མ་འགྲོ་བར་འཇོག་རོགས་གྱིས་ཡུལ་ཁམས་ཐམས་ཅད་མ་བརླག་ཅིག དེ་རྣམས་ལ་གོ་རྒྱུ་ཨེ་བྱུང་། ད་དུང་མི་གོ རྣ་བར་མི་འགྲོ་སེམས་ལ་མི་འཐད་པར་འདུག་ན། ཁོག་པར་གདོན་ཆེན་པོ་འཇིགས་སུ་རུང་བ་ཞིག་ཞུགས་ཡོད་ཐག་ཆོད་པས། ད་རེ་ཞིག་གི་བར་དུ་སུས་ཀྱང་ཐུལ་བ་མི་འདུག ཨ་རྫི་འཇིགས་པ་ལ་ཅི་དྲག་ད་ཁྱོད་འཇིག་རྟེན་མི་ཡི་ཁྱུ་ནས་སྔར་ཐོན་ཚར་འདུག །ཆོས་པའི་གྲལ་ནས་རོ་ལྟར་བུད་འདུག ད་ཕྱིན་ཆད་སླར་རོ་འཚངས་བརྒྱབ་ནས་ཡང་བསྟན་པ་ནང་ནས་བཤིག་གིན་མ་སྡོད་པར་ཕྱི་རོལ་མུ་སྟེགས་པ་ལྟ་བུའི་རྗེས་སུ་སོང་ཞིག དེ་ལ་ཡང་འགྲོ་མ་ཐུབ་ན་སུག་བཞི་ས་ལ་བཙུགས་ནས། ཁྱི་དང་དུད་འགྲོའི་རྩར་ཕྱིན་ལ་དེའི་ཁྱུ་ལ་ཨེ་འདྲེས་ཤིག་ལྟོས། དེ་རིང་གི་ཉི་མ་ཕར་བཟུང་ནས། ཆོས་པ་དང་འཇིག་རྟེན་མི་ཡི་ཁྱུ་ནས་ཁྱོད་རང་བཏོན་པ་ཡིན་པས་མ་སྡོད་ཅིག ཆོས་དང་འཇིག་རྟེན་གཉིས་ཀྱི་ཁ་ལྟ་བཟོ་ལྟ་གང་ཡང་མེད་བཞིན་དུ། ད་དུང་མི་ཡི་གྲལ་ལ་ཡར་བསྙེགས་ན། ཀུན་གྱིས་དེའི་གདོང་ལ་མཆིལ་མ་ཐོབས་ཤིག ཁྱོད་ཀྱི་གདོང་གི་ཀོ་བ་དེ་འབྲོང་གི་ཀོ་བ་ཡིན་ནམ། ཡང་ན་ཀོ་བ་ཉིས་

p. 670

བརྩེག་གམ། ཡང་ན་དཔྲལ་ཀོ་ཤིན་ཏུ་མཐུག་པ་ཞིག་ཡིན་ན་མ་གཏོགས་ངོ་མི་ཚའམ། འོ་ད་ནི་མི་ལ་ངོ་ཚ་ཡོད་སྙིང་ལ་རུས་པ་ཡོད། མགོ་ན་ཀླད་པ་ཡོད། རང་གི་རང་ལ་ཤ་ཚ་ཡོད་པ་ཞིག་ཡིན་ན། སྔར་སྤྱོད་ལ་འགྱོད་པ་སྐྱེ་རན་འདུག་གོ །ད་སྤྱོད་ལ་ཡར་བསྐྱེད་འདོན་རན་འདུག་གོ །རན་པར་མ་ཟད་འ ཕྱིས་གྲབས་འདུག་གོ །སྐྱེས་པ་ཐམས་ཅད་འཆི་ལུགས་ལ་ལྟོས་ཤིག་བསགས་པ་ཐམས་ཅད་འཛད་ལུགས་ལ་ལྟོས་ཤིག འདུས་པ་ཐམས་ཅད་འབྲལ་ལུགས་ལ་ལྟོས་ཤིག གང་ལའང་སྙིང་པོ་མེད་ལུགས་ལ་ལྟོས་ཤིག བལྟས་ནས་སྙིང་པོ་ཡོད་པ་ཞིག་བྱེད་ན། བློ་ཕུགས་ཆོས་ལ་གཏོད་ཅིག ཆོས་ཕུགས་སྤྲང་ལ་གཏོད་ཅིག་སྤྲང་ཕུགས་ཤི་ལ་གཏོད་ཅིག ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏོད་ཅིག དམན་པའི་ས་ཟུངས་ཤིག ཧྲུལ་པོའི་གོས་གྱོན་ཅིག གྱོང་ལྟོ་གོས་གཏམ་གསུམ་ལ་ཐོངས་ཤིག ན་བུན་གོས་ལྟར་གྱོན་ཅིག བྲག་ཕུག་ཞྭ་ལྟར་སྟེན་ཅིག རྟག་ཏུ་རིའི་བུ་གྱིས་ཤིག ཆོས་བྱས་པའི་ལག་རྗེས་གྲུབ་རྟགས་ལ་སྒོ་གསུམ་ཞི་ཞིང་དུལ་བ་དགོས། རང་རྒྱུད་ཉོན་མོངས་ཆུང་བ་དགོས། ཆོས་གང་ཤེས་ཚད་ཐམས་ཅད་ཉོན་མོངས་པའི་གཉེན་པོར་ཐོངས་ལ། དུས་དེ་རིང་ནས་བཟུང་སྔར་ལྟར་ཉོན་མོངས་པ་གང་ཡང་ཡན་པར་མི་གཏོང་བར། ཆགས་སྡང་ཁོང་ཁྲོ་སོགས་གང་སྐྱེས་ཀྱང་དེ་མ་ཐག་གཉེན་པོས་འབུར་འཇོམས་གྱིས་ཤིག རེམ་ཞིག ཐུལ་ཅིག ཆོམས་ཤིག སུན་ཕྱུངས་ཤིག མགོ་ནོན་ཅིག རྩ་བ་ནས་ཐོན་ཅིག མདོར་

p. 671

ན་ཁྱོད་ཀྱི་སྔར་གྱི་བྱ་སྤྱོད་ཉེས་ཚར་འདུག་པས། ད་ཕྱིན་ཆད་བླ་མའི་བཀའ་བཞིན་ཆོས་བཞིན་འདུལ་བ་བཞིན་གྱིས་ཤིག མི་མངོན་དབྱིངས་ནས་བླ་མ་ཡིས། །མི་ངན་བདག་ལ་གཟིགས་སུ་གསོལ། །ཤིག་ལ་མཛུབ་མོ་འཛུགས་པ་བཞིན། །རང་གི་སྐྱོན་ལ་མཛུབ་མོ་འཛུགས། །རྐང་བའི་ཚེར་མ་འདོན་པ་བཞིན། །རང་སྐྱོན་སྒོ་རུ་འདོན་པར་བྱ། །ཁྱོད་ནི་དལ་འབྱོར་མི་ལུས་ཐོབ། །བླ་མ་དུས་གསུམ་སངས་རྒྱས་མཇལ། །ཟབ་ཅིང་རྒྱ་ཆེའི་གདམས་པ་ཐོབ། །ཐོས་དོན་བསྒོམས་པའི་ལག་རྗེས་ལ། །སྒོ་གསུམ་ཞི་ཞིང་དུལ་དགོས་ཀྱང་། །དུལ་དུ་མ་སོང་སྡུག་ཏུ་སོང་། །ཉོན་མོངས་ཆུང་དུ་འགྲོ་དགོས་ཀྱང་། །ཆུང་དུ་མ་སོང་ཆེ་རུ་སོང་། །སེམས་ལ་ཡར་བསྐྱེད་ཐོན་དགོས་ཀྱང་། །ཡར་བསྐྱེད་མ་ཐོན་མར་བསྐྱེད་ཐོན། །དད་ཟས་དཀོར་གྱི་རྐྱལ་བ་འདྲ། །རོ་ཉལ་བྱེད་པའི་གླང་དང་འདྲ། །འདོད་ཆགས་ཆེ་བའི་བྱ་དང་འདྲ། །ཞེ་སྡང་ཆེ་བའི་སྦྲུལ་དང་འདྲ། །གཏི་མུག་ཆེ་བའི་ཕག་དང་འདྲ། །ང་རྒྱལ་ཆེ་བའི་སེང་གེ་འདྲ། །ཕྲག་དོག་ཆེ་བའི་ཁྱི་དང་འདྲ། །སེར་སྣ་ཆེ་བའི་ཡི་དྭགས་འདྲ། །སྡུག་ལ་རྔམས་པའི་བཤན་པ་འདྲ། །ཤ་ཁྲག་ཟ་བའི་སྲིན་པོ་འདྲ། །བླ་མ་དུས་གསུམ་སངས་རྒྱས་ལ། །མཆི་མ་འཁྲུགས་པའི་དད་པ་མེད། །དམ་གཙང་རྡོ་རྗེ་མཆེད་ལྕམ་ལ། །ལྷ་རུ་མཐོང་བའི་དག་སྣང་མེད། །མ་གྱུར་སེམས་ཅན་ཐམས་ཅད་ལ། །བ་སྤུ་གཡོ་བའི་སྙིང་རྗེ་མེད། །ཟབ་དང་རྒྱ་ཆེའི་གདམས་པ་ལ། །ཉམས་སུ་ལེན་པའི་བརྩོན་འགྲུས་མེད། །དད་གུས་མེད་པའི་དམ་དྲེད་པོ། །

p. 672

དག་སྣང་མེད་པའི་ཁྲེལ་མེད་པོ། །སྙིང་རྗེ་མེད་པའི་སྙིང་རུལ་པོ། །ཉམས་ལེན་མེད་པའི་སྙོམ་ལས་པོ། །རང་སྐྱོན་མི་མཐོང་དམུས་ལོང་བ། །གཞན་སྐྱོན་བརྗོད་པའི་ལྕེ་བདེ་བོ། །དམྱལ་བའི་གཏིང་རྡོ་འགུལ་མེད་པོ། །ཆོས་མེད་སྡིག་པའི་ལས་གསོག་པའི། །ལས་ངན་འཚབ་ཅན་ཁྱོད་འདྲ་ཞིག །བླ་མ་དུས་གསུམ་སངས་རྒྱས་ཀྱི། །ཞབས་འདྲེན་བྱེད་པ་ཁྱོད་འདྲ་ཞིག །དམ་གཙང་རྡོ་རྗེ་མཆེད་ལྕམ་གྱི། །རྐང་འདྲེན་བྱེད་པ་ཁྱོད་འདྲ་ཞིག །སངས་རྒྱས་བསྟན་པའི་མིག་རྐྱེན་ལ། །གནོད་པའི་བསྟན་བཤིག་ཁྱོད་འདྲ་ཞིག །ཆོས་པའི་གཟུགས་བཟུང་ཆོས་མིན་བྱེད། །ཆོས་པའི་མཚང་བརྗོད་ཁྱོད་འདྲ་ཞིག །སྲོག་མ་ཆད་པའི་མི་རོ་ཞིག །འདྲེས་མ་ཁྱེར་བའི་སྨྱོན་པ་ཞིག །མི་བླུད་ཁྱོད་འདྲ་གང་ནས་བྱུང་། །ལྟས་ངན་ཁྱོད་འདྲ་གང་ནས་བྱུང་། །བཟའ་བཏུང་གཏི་མུག་རོ་ཉལ་བྱས། །ཁྱོད་ཀྱི་བརྩོན་འགྲུས་འདི་ལ་ལྟོས། །དགེ་བའི་ཕྱོགས་ལ་བོང་ཆད་བཞིན། །ཁྱོད་ལ་འགྲོ་རྒྱུ་མེད་ལ་ལྟོས། །སྡིག་པའི་ཕྱོགས་ལ་འབབ་ཆུ་འདྲ། །ཁྱོད་ནི་གཞན་ལས་མགྱོགས་ལ་ལྟོས། །ཚིག་ངན་ཙམ་རེའང་མི་བཟོད་པར། །ཁྱོད་ཀྱི་ངོ་མདངས་འགྱུར་ལ་ལྟོས། །ཉེས་ལྟུང་ཀུན་གྱི་ཕད་བུ་ཁྱོད། །ཁྱོད་ཀྱི་སྡོམ་པ་སུ་ལ་བསྐྱལ། །སྡིག་པའི་ཁྲེས་པོ་འཁུར་མཁན་ཁྱོད། །ཁྱོད་ཀྱི་དགེ་བ་གང་ན་ཡོད། །སྐྱོན་གྱི་ཕུང་པོ་ཆེན་པོ་ཁྱོད། །ཁྱོད་ཀྱི་ཡོན་ཏན་སུ་ཡིས་འཕྲོག །འཇིག་རྟེན་ཆོས་བརྒྱད་ཁོལ་པོ་ཁྱོད། །ཁྱོད་ཀྱིས་ལྷ་ཆོས་གང་ནས་བྱས། །ཆོས་པའི་བཟོ་ལྟ་མེད་པ་ཁྱོད། །ཁྱོད་ནི་ངོ་ཡང་མི་ཚའམ། །མཇུག་མ་

p. 673

མེད་པའི་ཁྱི་རྒན་ཁྱོད། །ད་ནི་ཁྱི་ཡི་གྲལ་དུ་སོང་། །ཡ་སོ་ཅན་གྱི་བ་གླང་ཁྱོད། །ཡང་ན་དུད་འགྲོའི་ཁྱུ་ཞིག་སྙོགས། །གལ་ཏེ་མི་འགྲོ་འདུག་འདོད་ན། །སྔར་གྱི་དེ་འདྲ་བྱེད་ཕོད་དམ། །ད་ནི་མི་ལ་ངོ་ཚ་ཡོད། །ཁོག་པའི་ནང་ན་སྙིང་ཞིག་ཡོད། །མགོ་བོའི་ནང་ན་ཀླད་པ་ཡོད། །རང་ལ་ཤ་ཚ་ཞིག་ཡོད་ན། །སྔར་བྱས་རྣམས་ལ་འགྱོད་པ་སྐྱེད། །ད་སྤྱོད་རྣམས་ལ་ཡར་བསྐྱེད་ཐོན། །འདོན་པར་མ་ཟད་འཕྱིས་གྲབས་འདུག །སྐྱེས་པ་ཐམས་ཅད་འཆི་ལ་ལྟོས། །བསགས་པ་ཐམས་ཅད་འཛད་ལ་ལྟོས། །འདུས་པ་ཐམས་ཅད་འབྲལ་ལ་ལྟོས། །གང་ལའང་སྙིང་པོ་མེད་ལ་ལྟོས། །སྙིང་པོ་མེད་པའི་བྱ་བ་སྤངས། །སྙིང་པོའི་ལྷ་ཆོས་བྱེད་འདོད་ན། །བླ་མའི་གསུང་དང་རྒྱལ་བའི་བཀའ། །བཞིན་དུ་ད་ནི་འབད་པར་རིགས། །བླ་མ་དཀོན་མཆོག་ཐུགས་རྗེས་གཟིགས། །སྔར་གྱི་བྱ་བ་ཉེས་ནས་གདའ། །སྙིང་ནས་འགྱོད་པས་བཤགས་སྡོམ་བྱ། །ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །འདུལ་བ་བཞིན་དུ་ནུས་པར་ཤོག །མདོ་སྡེ་བཞིན་དུ་སྤྱོད་པར་ཤོག །མངོན་པ་བཞིན་དུ་བྱེད་པར་ཤོག །གསང་སྔགས་བཞིན་དུ་བསྒྲུབ་པར་ཤོག །ཅེས་མན་ངག་རྒྱ་ཁབ་རྣོན་པོ་འདི་སློབ་བུ་རྣམས་ཀྱི་ལག་ཏུ་གཏད་བྱས་པ། ད་ཕྱིན་ཆད་རྣམ་དཔྱོད་ཤེས་རབ་ཀྱི་མིག་གིས་ལྟོས་ལ། རང་ལ་སྐྱོན་མཚང་གི་ཚེར་མ་ཟུག་ཚད་ཐམས་ཅད་རང་གིས་ཐོན་བྱས་པས། ཁོང་རྣམས་ཀྱིས་ཀྱང་དེ་བཞིན་བཏོན་པས་སྡུག་བསྔལ་ཟུག་རྔུ་བསྐྱེད་པའི་སྐྱོན་གྱི་དུག་ཚེར་ཐམས་ཅད་ཐོན་ནས།

p. 674

རིང་པོར་མ་ལོན་པར། རི་ཁྲོད་དབེན་པའི་དགའ་ཚལ་ནས་ཆོས་མཐུན་གྱི་ཞབས་བྲོ་རྒྱག་ནུས་པ་བྱུང་ངོ་། །དེ་དུས་ཕྱག་མཛོད་སྡེ་པ་དབང་པོས་དབུས་གཙང་ནས། ཆོས་ལྡན་གྱི་བྱ་བ་མང་པོ་བསྒྲུབས་ནས་ཡར་འོང་མཇལ་ཏེ་གཏམ་སྙན་མང་པོ་བཤད་པས་དགའ་སྤྲོ་ཚད་ལས་འདས་པ་བྱུང་། རེ་ཞིག་ངལ་གསོས་ཏེ་བསྡད། དེ་ནས་བདག་གི་མཚམས་གྲོལ་ནས། བུ་ཆེན་འཇམ་དབྱངས་རང་གྲོལ་སོགས་བུ་སློབ་འགའ་ཞིག་སྟོད་གངས་རི་ལ་སྒྲུབ་པའི་རྒྱལ་མཚན་འཛིན་དུ་སོང་། བདག་གིས་སྐྱིད་གྲོང་གི་སྐྱེས་ཕོ་མོ་ཐམས་ཅད་ལ་ཚེ་དབང་བསྐུར་ཆོས་བཤད་མགུར་དབྱངས་འདི་ཡང་བླངས་སོ། །སྐྱབས་གནས་ཀུན་འདུས་བླ་མར་གསོལ་བ་འདེབས། །སྒོ་གསུམ་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །ཚེ་འདིར་ཡུན་རིང་མི་སྡོད་མྱུར་དུ་འཆི། །འཆི་ཆོས་ད་ལྟ་གྱིས་ཤིག་སྐྱིད་གྲོང་པ། །བླ་མ་དཀོན་མཆོག་མགོ་བོའི་ཐོད་བཞིན་ཁུར། །འཁུར་མཁན་ཐམས་ཅད་རྒྱལ་ལོ་སྐྱིད་གྲོང་པ། །ཕ་མ་གཉིས་ཀ་དཔྲལ་བའི་མིག་བཞིན་འཚོས། །འཚོ་མཁན་ཐམས་ཅད་བདེའོ་སྐྱིད་གྲོང་པ། །ཤ་ཚ་སྙིང་ཉེའི་གྲོགས་པོ་སྤུན་ལྟར་སྟེན། །དགོས་སར་ནམ་ཡང་སླེབ་བོ་སྐྱིད་གྲོང་པ། །ཡུན་རིང་འགྲོགས་ན་སངས་རྒྱས་སྐྱོན་ཡང་མཐོང་། །བླ་མའི་སྐྱོན་ལ་མ་རྟོག་སྐྱིད་གྲོང་པ། །མཆོད་མ་ཤེས་ན་ལྷ་ཡང་གཤེད་དུ་འབབ། །ཡུལ་ལྟར་དམར་མཆོད་མ་གཏོང་སྐྱིད་གྲོང་པ། །བཟའ་མི་ཤི་དུས་འགྱོད་པ་བླུན་པོའི་ལུགས། །གསོན་དུས་མཐུན་པར་འགྲོགས་ཤིག་སྐྱིད་གྲོང་པ། །གཡོག་པོར་ཁ་ཡིས་བྱམས་པས་ཅི་ལ་ཕན། །

p. 675

སྙིང་ནས་ལྟོ་གོས་བྱིན་ཅིག་སྐྱིད་གྲོང་པ། །ཚོང་བ་རྣམས་ཀྱིས་འབྲོག་ནས་ར་ལུག་ཉོས། །མོན་པར་དམར་འཚོང་མ་རྒྱག་སྐྱིད་གྲོང་པ། །བླ་མ་རྣམས་ཀྱིས་ཆོས་ལ་བཟང་ངན་ཕྱེས། །གྲུབ་མཐའི་ཕྱོགས་རིས་མ་བྱེད་སྐྱིད་གྲོང་པ། །གྲྭ་བཙུན་རྣམས་ཀྱིས་ཆོལ་ལེ་ཆོལ་ལེ་བྱས། །བླ་མའི་ཞབས་འདྲེན་མ་བྱེད་སྐྱིད་གྲོང་པ། །རྫོང་དཔོན་རྣམས་ཀྱིས་མི་སེར་ཐམས་ཅད་ལ། །གསར་ཁྲལ་ཆད་པ་མ་འགེལ་སྐྱིད་གྲོང་པ། །གཡོག་པོས་མི་སེར་རྣམས་ལ་སྡུག་བཏང་ནས། །དཔོན་པོའི་ཞབས་འདྲེན་མ་བྱེད་སྐྱིད་གྲོང་པ། །མི་སེར་རྣམས་ཀྱིས་རྫོང་དཔོན་སུ་ལ་ཡང་། །ངོ་ལོག་རྒྱབ་ལོག་མ་བྱེད་སྐྱིད་གྲོང་པ། །སྔགས་པ་རྣམས་ཀྱིས་མཐུ་དང་ངན་སྔགས་ཀྱིས། །རང་གཞན་གཉིས་ཀ་མ་འཕུང་སྐྱིད་གྲོང་པ། །ཐམས་ཅད་ནང་བ་སངས་རྒྱས་བསྟན་པ་ཡིན། །གྲུབ་མཐའ་གཞན་ལ་མ་སྡང་སྐྱིད་གྲོང་པ། །དཀོར་ས་ཞིང་ཁང་རྣམས་ཀྱང་ཕན་ཚུན་གྱི། །ལག་ནས་འཕྲོག་རེས་མ་བྱེད་སྐྱིད་གྲོང་པ། །བླ་མར་ཧ་ཅང་དད་པ་མ་ཆུང་ཞིག །བྱིན་རླབས་འཇུག་དུས་མེད་དོ་སྐྱིད་གྲོང་པ། །བཟའ་མི་གཉིས་ཀས་མཉམ་བཤད་མ་རྒྱག་ཅིག །གཞན་གྱི་སྣང་བ་སུན་ནོ་སྐྱིད་གྲོང་པ། །ཧ་ཅང་སྲོག་གཅོད་ལས་ལ་མ་རྔམས་ཤིག །དམྱལ་བའི་གཏིང་དུ་འགྲོའོ་སྐྱིད་གྲོང་པ། །སྐྱེས་དམན་གཉིས་ནི་སྡུག་བསྔལ་གཞི་མ་ཡིན། །རྒད་པོས་ཁྱིམ་གསར་མ་ལེན་སྐྱིད་གྲོང་པ། །ཚོང་མ་ཤེས་ན་བུ་ལོན་འོག་ཏུ་འཆོར། །དོན་མེད་ཚོང་ལོག་མ་རྒྱག་སྐྱིད་གྲོང་པ། །ཞིང་ལས་འཚོ་སྐྱོང་བྱས་ན་ཕྱུག་པོར་འགྱུར། །

p. 676

ཟ་ཞིང་ཉལ་ལ་མ་དགའ་སྐྱིད་གྲོང་པ། །ཟ་འདོད་འཐུང་འདོད་ཁྱི་ལས་ལྟོགས་པ་མེད། །ནོར་ལ་ཧམ་པ་མ་ཆེ་སྐྱིད་གྲོང་པ། །བསོད་ནམས་མེད་ན་བརྒྱ་བསམ་གཅིག་མི་འགྲུབ། །འགྲུབ་མེད་བློ་སྣ་མ་མང་སྐྱིད་གྲོང་པ། །སྔོན་གྱི་ལས་གསལ་བླ་མ་དཀོན་མཆོག་མཁྱེན། །སོམས་དང་དོན་ཡང་འགྲུབ་བོ་སྐྱིད་གྲོང་པ། །རྣམ་རྟོག་ཅན་གྱི་ཁྱིམ་ན་ལྷ་འདྲེ་མང་། །དོན་མེད་རྣམ་རྟོག་མ་མང་སྐྱིད་གྲོང་པ། །ཞེ་སྡང་ཅན་གྱི་མི་ལ་དགྲ་བོ་མང་། །དོན་མེད་ཁོང་ཁྲོ་མ་ཆེ་སྐྱིད་གྲོང་པ། །སེར་སྣ་ཅན་གྱི་སེམས་ལ་བདེ་དུས་མེད། །ནོར་ལ་སེར་སྣ་མ་ཆེ་སྐྱིད་གྲོང་པ། །ཟས་ལ་ལག་པ་ཡངས་ན་བྲན་གཡོག་འཁོར། །ཟ་མ་སྡུག་བ ཙིར་མ་བྱེད་སྐྱིད་གྲོང་པ། །མཆོད་སྦྱིན་བཏང་ན་བསོད་ནམས་ཤུགས་ལ་སྐྱེ། །མི་ཚེ་འདིར་ཡང་བདེའོ་སྐྱིད་གྲོང་པ། །རྒྱུན་དུ་ཇོ་བོར་ཕྱག་དང་སྐོར་བ་གྱིས། །འཕགས་པས་རྗེས་སུ་འཛིན་ནོ་སྐྱིད་གྲོང་པ། །བྱ་བཏང་སྒོམ་ཆེན་བཟང་པོར་མཐུན་རྐྱེན་སྦྱོར། །སངས་ཡང་མཉམ་པོར་རྒྱའོ་སྐྱིད་གྲོང་པ། །གཞན་གྱི་དགེ་བར་རྗེས་སུ་ཡི་རང་གྱིས། །བསོད་ནམས་རྒྱ་ཆེན་འཐོབ་བོ་སྐྱིད་གྲོང་པ། །དགེ་བ་གང་བྱས་མཇུག་ཏུ་བསྔོ་སྨོན་གྱིས། །ནམ་ཡང་ཆུད་གཟོན་མི་འགྲོ་སྐྱིད་གྲོང་པ། །འདི་བཞིན་ལྷ་ཆོས་བྱེད་པའི་སྐྱེ་བོ་ཀུན། །འདི་ནས་བཟུང་སྟེ་སྐྱིད་དོ་སྐྱིད་གྲོང་པ། །ཆོས་བཞིན་བྱེད་པའི་སྐྱེ་བོ་ཕོ་མོ་ལ། །ཆོས་སྐྱོང་དཀར་ཕྱོགས་ལྷ་ཡིས་བསྲུང་བར་ཤོག །ཅེས་བླངས་པས། ཚོང་བ་དམར་བཀྱེ་མཁན་མང་པོའི་སྡུག་རྒྱུན་བཅད། ཐམས་ཅད་དགེ་བ་ལ་བཀོད། མི་གཅིག་གིས་ནོར་མེད་སྡུག་ཐུག་ནས།

p. 677

གཞིས་ཀ་རྩེའི་སྤྲང་ཕྲུག་མང་པོ་ལ་ངའི་ལུང་བ་དེ་སྐྱིད་པས་མིང་ལ་སྐྱིད་གྲོང་ཟེར། དེར་སོང་ན་སྐྱིད་ཅེས་མགོ་བསྐོར་ནས་སྔ་ཕྱི་བྱས་སྤྲང་ཕྲུག་མང་པོ་ཁྲིད་འོངས་ནས། བཅུ་གསུམ་ཙམ་རོང་མོན་པའི་གཡོག་ལ་བཙོངས་སྡུག་མྱོང་དུ་བཅུག དེའི་རིན་བླངས་ནས་ཟོས་ང་སོང་དུས་སྤྲང་ཕྲུག་གཅིག་ཁྱེར་འོང་བ་དེས། བཙོང་རྒྱུ་ཡིན་པ་ཤེས་ནས་ང་ཡོད་སར་བྲོས་འོངས་པའི་རྗེས་སུ་ཁོ་ཡང་སླེབས་བྱུང་བ་ལ། ངས་དངུལ་སྲང་མང་པོ་བྱིན་ཏེ་མི་བཙོང་མི་ཉན་གཞུང་དགའ་ལྡན་ཕོ་བྲང་གིས་སྙན་ན་བཀའ་བཀྱོན་དང་ཆད་པ་འོང་། ཕྱི་མར་ངན་སོང་དུ་འགྲོ་ཞེས་ཆོས་བཤད་པས། ཁོས་སྔར་བྱས་ལ་འགྱོད་པའི་བཤགས་པ་བྱས། ཕྱིན་ཆད་མི་མི་འཚོང་བའི་དམ་བཅའ་ཕུལ་བས། སྐྱིད་གྲོང་གི་ལུང་བའི་མི་སྙིང་རྗེ་ཅན་ཐམས་ཅད་དགའ་ནས་བཀའ་དྲིན་ཆེ་ཟེར་བ་བྱུང་། དེའི་ལོ་ཡུལ་ཕྱོགས་དེའི་སྐྱེས་ཕོ་མོ་ཐམས་ཅད་ཀྱིས་ཚོགས་མཆོད་དགའ་སྟོན་མང་པོ་བཏང་བའི་ཚེ། ཡོན་བདག་ཕོ་མོ་གཞོན་ནུ་རྣམས་ཀྱིས། རྒྱལ་བ་རིན་པོ་ཆེ་ལ་སྐུ་བསྟོད་ཀྱི་གཞས་འདི་འདྲ་ལེན་པར་གདའ། པོ་ཏ་ལ་ཡི་རྩེ་ནས། །བཅོ་ལྔའི་ཟླ་བ་ཤར་བྱུང་། །བཅོ་ལྔའི་ཟླ་བ་མིན་པ། །རྒྱལ་བའི་ཞལ་རས་ཡིན་པ། །པོ་ཏ་ལ་ཡི་རྩེ་ནས། །གསེར་གྱི་རྒྱ་གླིང་བསྒྱུར་བྱུང་། །གསེར་གྱི་རྒྱ་གླིང་མིན་པ། །རྒྱལ་བའི་གསུང་སྙན་ཡིན་པ། །རྒྱལ་བའི་ཞལ་རས་མཇལ་བའི། །མི་ལ་ངན་སོང་མི་འདུག །གསུང་དབྱངས་ལན་ཅིག་ཐོས་ཀྱང་། །ཕྱི་མར་མི་ལུས་ཐོབ་ཡོང་། །

p. 678

ཞེས་སོགས་དང་ཞབས་བྲོ་མང་པོ་བརྒྱབ་པའི་རྗེས་སུ། བཀྲ་ཤིས་པར་ཤོག གཡང་ཆགས་པར་ཤོག་ཟེར། ཡང་རྗེ་བཙུན་ཆོས་ཀྱི་དབང་ཕྱུག་གིས་སྐྲ་བཅད། ཇོ་མོ་འགའ་རེས་ཁོང་གི་གསུང་གི་བཀྲ་ཤིས་ཆོས་བྲོ་འདི་འདྲ་རྒྱག་པར་གདའ། བཀྲ་ཤིས་དགེ་མཚན་འབར་བའི། །བཀྲ་ཤིས་ཡར་ངོའི་ཟླ་ལྟར། །བཀྲ་ཤིས་ཕུན་སུམ་ཚོགས་པའི། །བཀྲ་ཤིས་གླུ་དབྱངས་ལེན་ནོ། །བཀྲ་ཤིས་ཆོས་ར་གྲུ་བཞིར། །བཀྲ་ཤིས་དཔོན་སློབ་འཛོམ་པ། །བཀྲ་ཤིས་སྐྱིད་ལ་ཆོས་འཕེལ། །བཀྲ་ཤིས་ཞབས་བྲོ་བརྒྱབ་ཤོག །བཀྲ་ཤིས་ད་ལོ་དགའ་བ། །བཀྲ་ཤིས་སང་ཕོད་སྐྱིད་པ། །བཀྲ་ཤིས་འགྱུར་མེད་རྟེན་འབྲེལ། །བཀྲ་ཤིས་རྟག་ཏུ་ཤོག་ཅིག །གཅིག་གཉིས་གསུམ་བྱས་ནས། བཀྲ་ཤིས་དཔལ་དུ་འབར་བ་ལགས། གཉིས་གསུམ་དྲུག་བྱས་ནས། བཀྲ་ཤིས་བསམ་པ་འགྲུབ་ལགས། ཞེས་ཞབས་བྲོ་འཁྲབ་བྱུང་། གཞན་ཡང་གླུ་གར་རོལ་མོ་སྣ་ཚོགས་པ་འཁྲོལ་བས་དེར་འཚོགས་པའི་སྐྱེས་ཕོ་མོ་ཐམས་ཅད་སེམས་སྤྲོ་བ་བྱུང་། དེ་ནས་ངེད་དཔོན་སློབ་འགའ་ཞིག་ཡོངས་འཛིན་རིན་པོ་ཆེའི་གདན་ས་སྐྱིད་གྲོང་བསམ་གཏན་གླིང་ལ་མཇལ་དུ་སོང་། འགྱེད་མང་ཇ་བཏང་། མཁན་པོ་ཆོས་བཟང་རིན་པོ་ཆེའི་དྲུང་ནས། འཕགས་པ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཞུས། ཞག་ཤས་བསྡད། ཕྱག་མཛོད་ཀྱིས་ཞབས་ཏོག་ཡག་པོ་བྱས་བྱུང་། དེ་ནས་རྗེ་མི་ལའི་གྲུབ་གནས་རི་བོ་དཔལ་འབར་ལ་སོང་། ཀཿ ཐོག་རིག་འཛིན་ཆེན་པོའི་གསེར་གདུང་ལ་མཇལ། ཚོགས་མཆོད་དང་མར་མེ་ཕུལ་གསོལ་འདེབས་སྨོན་ལམ་བཏབ། དེ་ནས་རག་མ་བྱང་ཆུབ་རྫོང་། རྐྱང་ཕན་ནམ་མཁའ་

p. 679

རྫོང་གཉིས་ལ་མཇལ། གནས་འབྲེལ་བཞག དེ་ནས་གྲོ་ཐང་གི་ཡོན་བདག་ཚོ་ཡོད་སར་སོང་། ཆོས་དང་ཟང་ཟིང་གི་འབྲེལ་བ་ཟབ་མོ་བཞག དབེན་གནས་བྲག་དཀར་རྟ་སོར་སོང་། མཁས་གྲུབ་ཉིས་འཛོམ་རྗེ་བཙུན་ཆོས་ཀྱི་དབང་ཕྱུག་དང་མཇལ། ཞག་མ་ཁ་ཤས་བསྡད། མདུན་ནས་ཁྲིད་བརྒྱ་དང་། དཀོན་མཆོག་སྤྱི་འདུས། བླ་མའི་རྣལ་འབྱོར་རྣམས་ཀྱི་ལུང་ཞུས། འབུལ་བ་ཁ་བཏགས་དྲི་མེད་འདོམ་ལྔ་མ་གཅིག གསེར་ཞོ་དངུལ་ཊཾ་གཡུ་བྱིར་བཅས་ཕུལ། བཙུན་མའི་ཚོགས་ལ་འགྱེད་མང་ཇ་དང་ཚོགས་ཤིག་ཀྱང་བཏང་། ཚུར་ལ་ལམ་ཆས་དང་དཔེ་ཆ་པོ་ཏི་མང་པོའི་བདག་རྐྱེན་གནང་བ་བྱུང་། དེ་ནས་མངའ་རིས་རྫོང་དཀར་དུ་འོང་། ཨོ་ཕུག་བླ་མའི་མཚམས་ཁང་ནས་གྲུབ་པའི་དབང་ཕྱུག་འཕྱང་དཀར་བ་དོན་ཡོད་རྡོ་རྗེ་རིན་པོ་ཆེར་མཇལ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་། བཀའ་གདམས་ཕ་ཆོས་དང་བུ་ཆོས་གཉིས། དཔེའི་ལམ་རིམ་རིན་ཆེན་སྤུངས་པ་དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོ་སོགས་དང་། དོ་ཧ་སྐོར་གསུམ་བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་རྣམས་ཀྱི་དབང་ལུང་ཞུས། གསེར་དངུལ་ལ་སོགས་པའི་འབུལ་བ་ལེགས་པོ་ཕུལ། ཚུར་ལ་ཡང་གསོལ་རས་དང་དཔེ་ཆ་མང་པོ་གནང་། ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། དེ་ནས་ར་ལའི་ཟ་འོག་ཕུག་ཏུ་སོང་། ཞག་ཁ་ཤས་བསྡད་ནས་གནས་འབྲེལ་བཞག གནས་ལ་ཉམས་གསོ་བཏང་། དེ་ནས་གུང་ཐང་ལ་བརྒྱབ་སྟེ་བྱ་མང་པོ་ཟེར་བའི་སྡེ་དགོན་ཆུང་ཆུང་ཞིག་འདུག་པ་དེ་རུ་

p. 680

ཞག་གིས་བསྡད་པས་འཚོ་བ་ཞབས་ཏོག་ཡག་པོ་ཞིག་བྱས། དེ་ནས་ཕྱག་མཛོད་སྡེ་པ་དབང་པོ་དཔོན་གཡོག་འགའ་ཞིག་དཔལ་ཁུད་ཐང་སྤོང་རོང་བརྒྱུད་ནས་དབུས་སུ་སོང་། བདག་ཅག་རྣམས་ཀྱིས་བྱ་མང་པོའི་ཡོན་བདག་ཚོར་ཆོས་བཤད་མགུར་དབྱངས་བླངས། བསྔོ་སྨོན་བཀྲ་ཤིས་བརྗོད་ནས་ལ་ཕྱིའི་ཕྱོགས་ལ་ཆས་སོ། །སྨྲས་པ། ས་སྟེང་འདི་ན་འགྲན་ཟླ་མ་མཆིས་པའི། །ས་ལམ་སྟོན་མཁན་སངས་རྒྱས་སྤྱི་བོར་བཞུགས། །ས་གསུམ་འགྲོ་ལ་ཉིན་མཚན་དུས་དྲུག་ཏུ། །ས་ལེར་གཟིགས་ལ་བྱིན་རླབས་དངོས་གྲུབ་སྩོལ། །བླ་མའི་རྣམ་ཐར་ལན་རེ་དྲན་ན་ཡང་། །བསོད་ནམས་ཚོགས་ཀྱང་རྒྱ་ཆེར་གསོག་པའི་ཕྱིར། །བལ་ཡུལ་མཆོད་རྟེན་མཇལ་དུ་སོང་བའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །ངེད་ཅག་དཔོན་སློབ་མང་པོ་ཧོར་ནང་དུ། །སོང་ནས་དཔོན་ཕྲུག་ཡོན་བདག་ཐམས་ཅད་ལ། །ཆོས་བཤད་མགུར་བླངས་སྡིག་རྒྱུན་གཅོད་དུ་བཅུག །དགེ་རྒྱུན་བཙུགས་པས་ཟས་ནོར་མང་པོ་ཕུལ། །དེའི་ལོ་འབྲོག་པས་སྲོག་གཅོད་མ་བྱས་པས། །གཞུང་གི་ཚོང་བ་ཡར་མར་འགྲོ་མཁན་གྱིས། །ཤ་ནི་དཀོན་པོ་འདུག་ཅེས་ཟེར་བའང་བྱུང་། །གྲོ་ཤོད་འགོ་པ་བློ་བཟང་འཕྲིན་ལས་སོགས། །ཡོན་བདག་རྣམས་ལ་ཆོས་བཤད་འགྲོ་དོན་བྱས། །གསེར་གཡུ་མུ་ཏིག་རྟ་ནོར་མང་པོ་ཕུལ། །གྲོ་ཤོད་གཞུང་ནས་རྔོན་པས་རི་དྭགས་གཙོད། །གསོད་མཁན་རྣམས་ལ་རྒྱུ་ནོམ་མང་པོ་བྱིན། །རི་དྭགས་སྟོང་ཕྲག་མང་པོའི་ཚེ་ཐར་བྱས། །དགའ་ཆོས་དགོན་ནས་ཕྱག་མཛོད་དབང་པོ་ཡིས། །གསེར་དངུལ་གཡུ་བྱིར་ནོར་རྫས་ཕལ་ཆེ་བ། །ཁྱེར་

p. 681

ནས་དབུས་གཙང་དག་པའི་ཞིང་དུ་སོང་། །ས་སྐྱ་བཀྲ་ཤིས་ལྷུན་པོ་དགའ་ལྡན་ལ། །རིན་ཆེན་གསེར་གྱི་མཆོད་ཀོང་རེ་རེ་ཕུལ། །རྒྱལ་བ་པཎ་ཆེན་དཔལ་ལྡན་ས་སྐྱ་སོགས། །བླ་མ་སྐྱེས་ཆེན་ཡོངས་ལ་འབུལ་བ་བཏེགས། །བསམ་ཡས་གསར་བཞེངས་ནང་དུ་ཞལ་འདེབས་ཕུལ། །ངེད་རྣམས་རྣམ་རྒྱལ་ལྷ་རྩེ་བརྒྱུད་ནས་སོང་། །གློ་བོའི་རྒྱལ་པོ་སྡེ་པ་རྣམས་ལ་མཇལ། །དབང་བསྐུར་ཆོས་བཤད་ལུགས་གཉིས་བསླབ་བྱ་བྱས། །དེ་བཞིན་མཛད་པའི་ཡུལ་ལ་བཀྲ་ཤིས་བྱུང་། །ཆུ་མིག་བརྒྱ་རྩར་མཇལ་ནས་ཁྲུས་བྱས་འཐུང་། །ས་ལ་མེ་འབར་རྡོ་ལ་མེ་འབར་དང་། །ཆུ་ལ་མེ་འབར་མཐོང་ནས་ངོ་མཚར་སྐྱེས། །དེ་ནས་ཡར་འོང་འབ་ཆེན་རྫོང་ཁ་ཡི། །ཡོན་བདག་རྣམས་ལ་རྒྱུ་འབྲས་ཆོས་བཤད་པས། །སྐྱ་སེར་ཕོ་མོ་རྣམས་ལ་ཕན་ཐོགས་བྱུང་། །རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་མཆོག །འོད་གསལ་ཕུག་དང་རྐང་ཚུགས་ཕུག་གཉིས་མཇལ། །ཁང་བ་ཀ་བཞི་གདུང་བརྒྱུད་ཕུབ་ཤུལ་དུ། །བཞེངས་པའི་མཆོད་རྟེན་རྣམས་ལ་ཕྱག་སྐོར་བྱས། །འོར་མ་གྲུ་གསུམ་སྤྲེ་པེ་སྟན་ཆུང་གི། །ཞིང་གི་ཐོག་ཏུ་སོང་ནས་ལྟད་མོ་བལྟས། །རྗེ་བཙུན་ཆུང་དུས་ཆང་གིས་བཟི་ནས་གླུ། །ལེན་བཞིན་ཕེབས་པའི་ལམ་ལ་ཞུགས་ནས་སོང་། །སྐྱིད་གྲོང་ཇོ་བོར་མཇལ་ནས་ཞག་འགའ་བསྡད། །དེ་ནས་གྲོགས་བཟང་དྲུང་ཡིག་གཡུ་ཁ་དང་། །འགྲོགས་ནས་བལ་ཡུལ་ཡངས་པའི་མཐིལ་དུ་སོང་། །དགུན་ཡང་སྔོ་ལྗང་མེ་ཏོག་སྣ་ཚོགས་བཀྲ། །ཞིམ་མངར་ཤིང་ཐོག་མང་པོའི་ཁ་ཟས་ལྡན། །མི་རྣམས་ཤེས་རྒྱུད་འཇམ་པའི་ལྷ་

p. 682

དང་འདྲ། །ལྷ་གནས་ཤིག་ཏུ་སླེབས་འདྲའི་ཉམས་ཤིག་ཤར། །འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་གི་མཆོག །མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་དང་། །བྱ་རུང་ཁ་ཤོར་རྣམས་སུ་སླེབས་པའི་ཚེ། །རབ་དགའི་ས་ཐོབ་ལྟ་བུའི་དགའ་སྤྲོ་ཤར། །གོ་ཊ་སྟོང་ཕྲག་ཙམ་གྱི་རྒྱུ་སོང་གི །དྲི་བཟང་བསྲེས་པའི་ས་དཀར་ན་བཟའ་བསྒྲོན། །།བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་བཏབ། །ཟླ་བ་གཅིག་ཙམ་ཕྱག་དང་སྐོར་བ་བྱས། །ཡམ་བུའི་འཕགས་པ་རང་བྱོན་འཇའ་མ་ལིར། །མཇལ་ནས་ཕྱག་མཆོད་ཕུལ་ནས་གསོལ་བ་བཏབ། །རྒྱལ་པོའི་ཕོ་བྲང་སྟག་གཟིགས་གླང་པོ་ཆེ། །རི་དྭགས་བསེ་རུ་རྣམས་ལ་ལྟད་མོ་བལྟས། །སྐྱིད་གྲོང་ཇོ་བོར་གསེར་གྱི་མཆོད་ཀོང་དང་། །སྟོང་མཆོད་ཕུལ་ནས་སྨོན་ལམ་རྣམ་དག་བཏབ། །དགུན་ཐོག་དགོན་གནང་དབེན་པར་མཚམས་ལ་བསྡད། །གནས་དེར་དགེ་སྦྱོར་འཕེལ་ལ་སྤྲོ་བ་བྱུང་། །སོས་ཀ་མཚམས་གྲོལ་སྐྱིད་གྲོང་ལུང་བ་ཡི། །སྐྱ་སེར་ཕོ་མོར་ཆོས་བ ཤད་དབང་བསྐུར་བས། །ཀུན་ཀྱང་དགའ་བས་གླུ་གར་སྣ་ཚོགས་བྱས། །དེ་ནས་གནས་ཆེན་རྣམས་ལ་མཇལ་བཞིན་དུ། །བསམ་གཏན་གླིང་གི་མཁན་པོར་ཆོས་འབྲེལ་ཞུས། །མཁས་གྲུབ་ཉིས་འཛོམ་བྲག་དཀར་སྤྲུལ་བའི་སྐུའི། །དྲུང་དུ་སོང་ནས་ཁྲིད་བརྒྱའི་གདམས་པ་ཞུས། །ཨོ་ཕུག་དབེན་པར་གྲུབ་པའི་དབང་ཕྱུག་མཆོག །རྗེ་བཙུན་དོན་ཡོད་རྡོ་རྗེ་ཞེས་བྱར་མཇལ། །དོ་ཧ་ལ་སོགས་གདམས་པ་མང་པོ་ཞུས། །དེ་ནས་ར་ལའི་ཟ་འོག་ཕུག་ཏུ་སོང་། །ཞག་འགའ་བསྡད་ནས་གུང་ཐང་ལ་བརྒྱུད་འོངས། །བྱ་མང་སྡེ་པར་སླེབས་ནས་ཞག་གིས་བསྡད། །ཕྱི་ཉིན་ལ་ཕྱིའི་
ཕྱོགས་ལ་ཆས་ནས་སོང་། །མདོར་ན་མཆོད་རྟེན་གཉིས་ལ་ན་བཟའ་བསྒྲོན། །བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་བཏབ། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །ས་སྟེང་མཆོད་རྟེན་ལྷ་ཁང་རྣམས་ལ་མཇལ། །མཆོད་བསྟོད་ཕྱག་དང་སྐོར་བ་བྱེད་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བཅུ་གསུམ་པ་བར་ན་ཁུངས་བཙུན་པ་ལ་ཕྱི་སྟག་གདོང་མ་ཁྲ་མོ་གསུང་གི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ།

p. 683

ལ་ཕྱི་སྟག་གདོང་མ་ཁྲ་མོ་གསུང་གི་གནས་ནས་སྒྲུབ་པ་བྱས་ཚུལ། བཅུ་གསུམ་པ་བར་ན་ཁུངས་བཙུན་པ་ལ་ཕྱི་སྟག་གདོང་མ་ཁྲ་མོ་གསུང་གི་གནས་སུ་སོང་ནས་སྒྲུབ་པ་བྱས་ཚུལ་ནི། དེ་ཡང་ས་སྟེང་འདི་ན་འགྲན་ཟླ་དང་བྲལ་བའི་གནས་ཆེན་གསུམ་གྱི་ནང་ནས་ཡི་དམ་བདེ་མཆོག་འཁོར་ལོའི་གསུང་གི་གནས། སྤྲིན་དང་ན་བུན་རྒྱུན་དུ་འཁོར་ཞིང་ངོ་མཚར་འཇའ་འོད་འཁྲིགས་པའི་ཞིང་། སྔོན་བྱོན་མཁས་གྲུབ་དུ་མས་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་། རྟོགས་པའི་ཆོས་འཁོར་བསྐོར་བའི་ལྟེ་བ་འབྲོག་ལ་ཕྱི་གངས་ཀྱི་ར་བའི་དབེན་གནས་བདུད་འདུལ་ཕུག་ཏུ་སྒྲུབ་པ་བྱེད་སྙམ་ནས། ངེད་དཔོན་སློབ་མང་པོ་དང་བཅས་ཏེ་བེ་རྩེ་འདོད་ཡོན་རྫོང་ལ་འོངས་ནས་ཞག་གཅིག་བསྡད། དེའི་ཕྱི་ཉིན་ཚུར་འོང་བའི་ལམ་ཁ་ནས། གནས་སྐོར་བ་འགའ་རེས། རྩ་བའི་བླ་མ་གཙུག་གི་ནོར་བུ་བོད་སྐྱོང་ཆོས་རྒྱལ་དེ་མོ་རིན་པོ་ཆེའི་སྐུའི་མེ་ཏོག་འཐོར་སོང་ཞེས་བཤད་པ་གོ་ཚེ། སྐྱོ་བ་ཚད་ལས་འདས་པ་ཡང་ཡང་བྱུང་བའི་ཤུགས་ཀྱིས་

p. 684

སྤྲུལ་སྐུ་མྱུར་འབྱོན་གྱི་གདུང་དབྱངས་འདི་བླངས་སོ། །ཀྱེ་ཧུད་སྙིགས་དུས་བདག་ཅག་རྣམས། །བསོད་ནམས་ཤིན་ཏུ་དམན་པའི་མཐུས། །བསྟན་འགྲོའི་གཙུག་རྒྱན་ཡིད་བཞིན་ནོར། །རྒྱལ་བའི་ཡང་སྤྲུལ་དེ་ཡང་གཤེགས། །འཛམ་གླིང་རྒྱན་གཅིག་བསམ་ཡས་ཀྱང་། །གློ་བུར་མཁའ་ལ་འཇའ་ལྟར་ཡལ། །ད་ནི་ཐུགས་རྗེ་འོད་སྟོང་ཅན། །བོད་སྐྱོང་ཆོས་རྒྱལ་ཉི་མ་ནུབ། །གདུལ་བྱའི་ཤེས་རྒྱུད་ས་གཞི་ཀུན། །མྱ་ངན་གྲིབ་སོས་དབང་མེད་ནོན། །མཆི་མའི་ཆུ་ཡིས་གདོང་བཀྲུས་ཀྱང་། །སེམས་སྡུག་དྲི་མ་དག་དུས་མེད། །ལག་པས་བྲང་གི་རྔ་བརྡུངས་ཀྱང་། །ཡི་མུག་གཉིད་ལ་སངས་དུས་མེད། །འཆི་དུས་སངས་རྒྱས་སར་འདྲེན་པའི། །འདྲེན་མཁན་བླ་མ་སྔོན་དུ་གཤེགས། །མ་རིག་དམུས་ལོང་བདག་ཅག་རྣམས། །སྐལ་བ་ངན་པས་ཤུལ་དུ་ལུས། །ཀྱེ་མ་ཀྱེ་ཧུད་ཇི་ལྟར་བྱ། །ཤི་ན་ལམ་སྣ་སུ་ཡིས་འདྲེན། །མཁྱེན་བརྩེའི་བདག་ཉིད་དྲིན་ཅན་རྗེས། །མི་མངོན་དབྱིངས་ནས་བདག་ལ་དགོངས། །སྐལ་མེད་བདག་དང་བདག་འདྲ་ནི། །ན་སོ་རྒས་ནས་འཆི་ལ་ཉེ། །མ་ཤི་གོང་འདིར་མགོན་ཁྱོད་ཀྱི། །ཡང་སྤྲུལ་འཁྲུལ་མེད་མྱུར་དུ་བྱོན། །གསེར་ཞལ་མཇལ་བའི་སྨོན་ལམ་འདེབས། །སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་བླངས་པའི་མཐར་བསམ་པ་ལ། ད་ནི་བླ་མ་སྐྱེས་ཆེན་དམ་པ་འདི་འདྲ་ཚོ་ཡང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར། སྐུ་ན་གཞོན་པའི་དུས་སུ་གློ་བུར་དུ་སྐུའི་མེ་ཏོག་འཐོར་བའི་ཚུལ་སྟོན་ན། བདག་འདྲའི་ཤུལ་ལུས་སྐལ་ངན་ཚོ་འཆི་བ་སྨོས་ཅི་དགོས། མྱུར་དུ་ལ་ཕྱི་

p. 685

གངས་ལ་སོང་ནས། རྗེ་མི་ལའི་གདན་ས་བདུད་འདུལ་ཕུག་མོ་ཆེ་རུ། སྒྲུབ་པ་ཞིག་བརྒྱབ་ནས་ཤི་ན་འགྱོད་པ་རང་མི་སྣང་སྙམ། ཚུར་མགྱོགས་པར་འོངས་ནས། ཐུགས་མཐུན་ཁྲིམས་གཙང་ཕན་བདེའི་རྩ་ལག་དམ་པ་འཕེལ་རྒྱས་གླིང་གི་དགོན་པ་གཉའ་ནང་གྲོད་པ་ཕུག་གི་ཐག་ཉེ་སར་ཞག་གིས་བསྡད་པས། དགོན་པ་དེ་ན་མཁས་བཙུན་བཟང་གསུམ་འཛོམ་པའི་མཁན་པོ་སྐལ་བཟང་མཁས་གྲུབ་རིན་པོ་ཆེ་བཞུགས་པ་གོ་ནས་སྔོན་དུ་ཞུ་ཤོག་འདི་ཕུལ་ལོ། །ལྷར་བཅས་འགྲོ་བའི་གཙུག་རྒྱན་སངས་རྒྱས་ཀྱི། །བསྟན་པའི་རྒྱལ་མཚན་འཛིན་པའི་སྐྱེས་བུ་མཆོག །ལུང་རྟོགས་ཡོན་ཏན་ནམ་མཁའ་མཛོད་ལ་མངའ། །བརྙེས་པའི་བཤེས་གཉེན་མཆོག་གི་ཞབས་དྲུང་དུ། །ཕྱོགས་མེད་རྒྱལ་ཁམས་ཐམས་ཅད་ཆུ་བཞིན་ཉུལ། །ངེས་མེད་དབེན་པར་ཝ་སྐྱེས་བཞིན་དུ་རྒྱུ། །འདོ་མེད་སྡོད་པའི་ཡུལ་ཡང་མ་མཆིས་པའི། །ཆོས་མེད་གནས་སྐོར་བ་ངས་འདི་སྐད་ཞུ། །ཚོགས་གཉིས་རིན་ཆེན་ཁམས་ལས་ལེགས་གྲུབ་པའི། །ཁྱེད་སྐུ་གཡོ་མེད་རི་དབང་རབ་བརྟན་ཅིང་། །རྣམ་དཀར་མཛད་འཕྲིན་ཉི་ཟླའི་འོད་སྣང་གིས། །གདུལ་བྱ་གླིང་བཞི་ཡོངས་ལ་ཁྱད་བོ་ཞེས། །གཏམ་སྙན་དབྱར་གྱི་རྔ་གསང་སྟོང་ལྡིར་བས། །ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་གང་བའི་མོད། །བདག་བློའི་ཅོལ་ཆུང་གར་མཁན་གཞོན་ནུ་ཡང་། །དབང་མེད་དགའ་དང་ཟློས་གར་ལན་མང་བསྒྱུར། །ཕྲན་ཀྱང་སྒྱུ་ལུས་རྟ་རྒན་གཡར་པོ་ལ། །བརྟེན་ནས་རྒྱལ་ཁམས་མང་པོ་འཁོར་ཟིན་ནས། །ད་ལྟ་

p. 686

ཁྱེད་ཀྱི་གདུལ་བྱའི་ས་ཕྱོགས་འདིར། །སྤྲང་པོའི་འཁོར་དང་བཅས་ཏེ་བདེ་བར་མཆིས། །འཚམས་ཞུས་འབྲེལ་ཚད་དོན་ལྡན་དགེ་བའི་བཤེས། །ཁྱེད་དང་གནས་ལ་ལན་ཅིག་མཇལ་འདོད་པས། །དྲུང་དུ་སླེབས་དུས་བརྩེ་བ་ཆེན་པོའི་སྒོས། །རྗེས་སུ་གཟུང་དུ་གསོལ་ཞེས་ཐལ་མོ་སྦྱོར། །དལ་འབྱོར་ཚང་བའི་མི་ལུས་རིན་ཆེན་གྲུ། །དགེ་བའི་བཤེས་གཉེན་མཉན་པ་ཁྱེད་འདྲ་ལ། །བརྟེན་ནས་བདག་ཀྱང་འཁོར་བའི་ཆུ་བོ་ལས། །ཐར་པའི་སྐམ་སར་ཅི་སྒྲོལ་བྱེད་པར་སྨོན། །ཞུ་ཡིག་མེ་ཏོག་པདྨའི་དགའ་ཚལ་ལ། །སྤྱན་གྱི་བུང་བ་ཡུད་ཙམ་གཡོ་བའི་རྟེན། །རིན་ཆེན་གཉིས་པ་ལྷ་རྫས་བཅུད་ཀྱིས་གཏམས། །རབ་ཏུ་གུས་པས་ཕྱག་དང་བཅས་ཏེ་ཕུལ། །ཞེས་པ་འདི་ཉིད་ཕུལ་ཚེ་ཐུགས་མཉེས་མཉེས་མཛད་ཅིང་རྗེས་སུ་མཇལ་དུས་ཀྱང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བདག་རྐྱེན་ཆེན་པོ་གནང་། དྲུང་ནས་བླ་མ་ལྔ་བཅུ་པ་ལ་སོགས་པའི་ཆོས་འབྲེལ་ཞུས། དེ་ནས་མྱོས་ལྡན་ཞེས་པ་ས་མོ་ཡོས་ལོའི་ས་ག་ཟླ་བའི་ཡར་ཚེས་བཟང་བོར་བཀའ་བརྒྱུད་གོང་མའི་གདན་ས། ལྷ་དང་དྲང་སྲོང་བཞུགས་གནས། མ་དང་མཁའ་འགྲོའི་དོ་ར། །འདུ་འཛི་གྲོང་གི་ཕ་རོལ། གཡའ་དང་གངས་ཀྱི་འདབས་རོལ། སྤྲིན་དང་ན་བུན་རྒྱུན་དུ་འཁོར་བའི་གནས་ཆེན་འབྲོག་ལ་ཕྱི་གངས་ཀྱི་ར་བ་རུ་སླེབས་ནས་གནས་ཀྱི་ལྷ་མཁའ་འགྲོ་ཆོས་སྐྱོང་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ལ་ཕྱག་དང་མཆོད་པ་བྱས་ཏེ་གནས་བསྟོད་འདི་ཕུལ་ལོ། །བླ་མ་ཡི་དམ་མཁའ་འགྲོ་ལ། །ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས། །གནས་

p. 687

འདིར་འདུག་པ་ཐམས་ཅད་ལ། །བྱིན་རླབས་དངོས་གྲུབ་བསྩལ་ཏུ་གསོལ། །སྒྲུབ་བརྒྱུད་གོང་མ་བཞུགས་པའི་གནས། །རྟོགས་པའི་ཆོས་འཁོར་བསྐོར་བའི་ས། །ལ་ཕྱི་གངས་ཀྱི་ར་བ་ཞེས། །ཡོངས་ལ་གྲགས་པ་ངོ་མཚར་ཆེ། །རི་རྣམས་རྩེ་མོ་གངས་ཀྱིས་མཛེས། །ན་བུན་དངུལ་མདོག་སྐེད་ལ་འཁྲིལ། །གངས་དང་བྲག་གི་ཁོང་གསེང་ན། །ཆུ་རྒྱུན་ལྷུང་སྒྲ་སྒྲོག་བཞིན་འབབ། །རི་བོ་ནེའུ་གསིང་སྤང་གཤོང་ན། །ལུས་མཛེས་རི་དྭགས་བག་ཕེབས་རྩེ། །དྲི་ཞིམ་མདོག་མཛེས་མེ་ཏོག་རྩེར། །བུང་བ་འདུས་ནས་གླུ་དབྱངས་ལེན། །ལོ་འདབ་མཛེས་པའི་ལྗོན་ཤིང་ཁར། །འདབ་ཆགས་བྱ་ཡིས་སྐད་སྙན་འབྱིན། །རང་བྱུང་བྲག་ཕུག་ཉམས་དགའ་ན། །ལྷ་དང་ཌཱཀྐི་སྤྲིན་ལྟར་འདུ། །ཆོས་སྐྱོང་སྲུང་མས་བུ་བཞིན་སྐྱོང་། །བཀའ་བརྒྱུད་གོང་མའི་ན་བཟའ་སོགས། །བྱིན་ཅན་ན་བཟའ་ལྷ་སྐུ་མང་། །རི་བྲག་རྣམས་ཀྱང་ལྷ་སྐུ་འདྲ། །རང་བྱོན་ཞབས་རྗེས་མང་པོ་སྣང་། །གཡས་དང་གཡོན་ན་ཉི་ཟླ་བཞིན། །འགྲོ་ཕན་འཕེལ་རྒྱས་གླིང་གིས་མཛེས། །ཕུ་ན་ལ་ཕྱིའི་འབྲོག་པ་དང་། །མདའ་ན་རོང་པའི་ཡོན་བདག་མང་། །རྩི་ཐོག་ཤིང་འབྲས་སྔོ་ཚོད་དང་། །ཆུ་ཤིང་ལ་སོགས་མཐུན་རྐྱེན་འཛོམ། །འདྲེ་གདོན་དགྲ་ཇག་ཆོམ་རྐུན་སོགས། །མི་འདོད་ཉེར་འཚེའི་མིང་ཡང་མེད། །མདོར་ན་ཉམས་དགའ་རིག་པ་དྭངས། །མཁའ་སྤྱོད་དག་པའི་ཞིང་དང་མཚུངས། །ཆོས་མཛད་ཡོད་ན་གནས་འདི་སྟེན། །སྟེན་དང་དམ་པའི་ལྷ་ཆོས་འོང་། །དད་ཅན་ཡོན་བདག་གནས་

p. 688

འདི་སྐོར། །སྐོར་དང་ལས་ངན་སྡིག་སྒྲིབ་འདག །འབྱོར་ལྡན་ཡོན་བདག་གནས་འདི་མཆོད། །མཆོད་དང་མཆོག་ཐུན་དངོས་གྲུབ་འཐོབ། །དེ་སྐད་བརྗོད་པས་ཐོས་ཚད་ཀུན། །གནས་འདིར་བརྟེན་ནས་འཚང་རྒྱ་ཤོག །ཅེས་གནས་ཀྱི་ལྷ་མཁའ་འགྲོ་ཆོས་སྐྱོང་ལ་མཆོད་ཅིང་བསྟོད། ལ་ཕྱིའི་ཡོན་བདག་རྣམས་ལ་ཚོགས་བཏང་བདག་རྐྱེན་བྱས། དེ་ནས་བདུད་འདུལ་ཕུག་མོ་ཆེའི་སྟེང་ཕྱོགས་རི་ངོས་སྦས་པ་ཞེས་པ་ཤིན་ཏུ་དབེན་པའི་མཚམས་ཁང་ཞིག་ཏུ་གཅིག་པུར་མཚམས་དམ་པོ་བྱས་བསྡད་པས། དགེ་སྦྱོར་རྣམས་གོང་འཕེལ་དུ་བྱུང་། ཁྱད་པར་གནས་དེར་བསྡད་ནས་བཟུང་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་རང་སར་འགགས་ནས། གསལ་སྟོང་བདེ་བས་བརྒྱན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ངང་ལ་རང་བཞིན་ཤུགས་ཀྱིས་འགྲོ་བ་ཞིག་བྱུང་། དགུན་དུས་ཉིན་གཅིག་ཚོགས་མཆོད་ཅིག་བཏང་བས་ཕྱི་དྲོ་ལ་ཕྱིའི་མདུན་རིའི་སྟེང་གི་ནམ་མཁའི་མཐོངས་ན་སྤྲིན་གཉིས་ཀྱི་ཁ་བར་ནས། སྔར་མཐོང་མ་མྱོང་བའི་འཇའ་ཚོན་རྒྱ་ལམ་ཆེན་པོ་ཞིག་གི་ཚོད་ཙམ་ཞིག གངས་མཐོན་མཐིང་རྒྱལ་མོའི་ཕྱོགས་སུ་འཐེན་པའི་སྣེ་དེ་ཡང་སྤྲིན་དཀར་པོ་ཞིག་གི་ནང་དུ་ཟུག་པའི་འཇའ་ཚོན་གྱི་ལམ་དེ་ལ་ལྷ་མང་པོ་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་ནས་བལྟས་ཚེ་ཡུན་རིང་གནས་པ་བྱུང་། དེ་ནས་བཟུང་ད་བར་དུ་བོད་ཁམས་སྐྱོང་བའི་ཚེ་རིང་མཆེད་ལྔས་དངོས་ཉམས་རྨི་ལམ་དུ་ཞལ་གཟིགས་ཡང་ཡང་བྱུང་ལས་བཞིའི་འཕྲིན་ལས་གང་དགོས་རྣམས་བསྒྲུབ་ཅིང་། ཁྱད་པར་མཆོད་རྟེན་བྱ་རུང་ཁ་ཤོར་ལ་གསེར་གྱི་ན་བཟའ་སྒྲོན་དུས་འཕྲིན་བཅོལ་བྱས་པས་གྲོགས་ཁྱད་པར་ཅན་མཛད་དེ་གེགས་མེད་བདེ་བླག་ཏུ་འགྲུབ་པ་བྱུང་།

p. 689

གནས་དེར་ཚོགས་མཆོད་ནམ་བཏང་ཀྱང་འཇའ་སྤྲིན་ངོ་མཚར་བ་བྱུང་བ་ཀུན་གྱིས་མཐོང་། དེ་ཚེ་རིང་མཆེད་ལྔ་དགྱེས་ནས་ཡང་ཡང་ཕེབས་པའི་རྟགས་ཡིན་ནམ་སྙམ་པ་བྱུང་། དེ་དུས་ལན་ཅིག་རྒྱ་གར་རྡོ་རྗེ་གདན་དུ་སོང་ན་སྙམ་སྟེ་སློབ་མ་རྣམས་ལ་བཤད་པས། ཁྱེད་ཕེབས་ན་ཁོ་ཚོ་ཐམས་ཅད་ཀྱང་འགྲོ་བ་ཡིན་ཟེར། དེར་ངས་རྩ་གསུམ་ལྷ་ལ་ཚོགས་མཆོད་ཕུལ། དེ་ལུགས་ཀྱི་གསོལ་བ་བཏབ་པའི་ནུབ་ཐོ་རངས་ཉམས་དང་རྨི་ལམ་འདྲེས་མར། མཁའ་འགྲོ་མ་སྟག་གི་གདོང་བ་ཅན་བྱོན་ནས། རྒྱ་གར་ལ་བྱོན་ན་དཔོན་སློབ་མང་པོའི་སྐུ་ཚེ་ལ་བར་ཆད་འོང་། དེ་བས་གདུལ་བྱའི་ཞིང་བོད་ཡུལ་དུ་བཞུགས་ཏེ་གནས་ཆེན་འདི་དང་འདི་འདྲ་ནས་བསྟན་འགྲོའི་དོན་ཆེན་སྒྲུབས་དང་། ངེད་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་རྟག་ཏུ་གཡེལ་བ་མེད་པར་གྲོགས་མཛད་དོ་ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེར་མཁའ་འགྲོ་མའི་ལུང་བསྟན་བཞིན་མ་སོང་བར་བསྡད་པའི་ནུབ་གཅིག་རྨི་ལམ་དུ་ལ་ཕྱི་གནས་ནང་ཐམས་ཅད་ཐང་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་གྱུར་ཏེ། ཕྱོགས་ཕྱོགས་ནས་བོད་དང་བལ་པོ་མོན་པ་ཨ་ཙ་ར་སོགས་མི་རིགས་མི་གཅིག་པ་སྐད་རིགས་མི་མཐུན་པ་མང་པོ་ཞིག་འོང་སྟེ་ལ་ཕྱིའི་ཐང་ཐམས་ཅད་གང་ནས། རྒྱལ་ས་ལྟ་བུར་གྱུར་ཏེ་ཐམས་ཅད་ཡར་འགྲོ་མར་འགྲོ་བྱེད་པ་ཞིག་རྨིས་པས། སེམས་ལ་ལོ་རྗེས་མ་ལ་གནས་འདིར་མི་མང་པོ་ཞིག་འདུ་བ་འདྲ་སྙམ། ལོ་རྗེས་མའི་སོས་ཀ་ཉིན་གཅིག་བདུད་འདུལ་ཕུག་གི་ཐང་དུ་སོང་ནས། ཐང་གི་འདབས་ལ་

p. 690

ཉེ་བར་ཁ་ཡར་འཁོར་གྱི་སྡོང་པོ་རྩ་བ་གཅིག་ལ་རྩེ་མོ་གཉིས་སུ་གྱེས་པ། ཡལ་ག་དང་ལོ་འདབ་ཕྱོགས་ཀུན་ཏུ་རྒྱས་པ་ཞིག་འདུག་པའི་རྩེ་ནས་གྲྭ་པ་རྣམས་ལ་རྡོ་ཡི་ཁྲི་ཞིག་བརྩིགས་སུ་བཅུག་སྟེ། འདི་ཡི་སྟེང་ནས་གཞན་ལ་རྗེས་སུ་ཆོས་བཤད་དགོས་ཞེས་སྟེང་དུ་བསྡད་དེ། ཕྱག་མཛོད་སྐལ་བཟང་འཕྲིན་ལས་སོགས་ཞབས་ཕྱི་པ་འགའ་ཞིག་ལ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ནད་མེད་པ་ནི་བདེ་བའི་མཆོག །དགའ་བ་སྦྱིན་པ་སྦྱིན་པའི་མཆོག །མྱ་ངན་འདས་པ་བདེ་བའི་མཆོག །བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག་ལ་སོགས་པའི་ཆོས་བཤད་ནས་རྟེན་འབྲེལ་བསྒྲིགས་པས་ཀུན་གྱི་སེམས་དགའ་བ་བྱུང་། དེ་ནས་བདུད་འདུལ་ཕུག་གི་རྗེ་བཙུན་མི་ལའི་སྒྲུབ་ཕུག་ངོ་མ་དེ་ལ་མཇལ་དུ་འགྲོ་བའི་ལམ་སྒོའི་མཆོད་ཁང་གི་རྒྱབ་ཅིག་ན་གོག་ནས་འགྲོ་དགོས་ས་ཞིག་འདུག་པས། བདག་གི་བསམ་པ་ལ། སྔོན་རྗེ་མི་ལ་བཞུགས་དུས་འདི་མ་ཡིན་པའི་འགྲོ་སའི་སྒོ་སྟབས་བདེ་མོ་ཞིག་ཡོད་དགོས་སྙམ་བཙལ་བས་སྒྲུབ་ཕུག་གི་ཐད་ཀའི་མདོ་ནས་སྒོ་རྙེད་དེ་ས་རོ་རྡོ་རོ་རྣམས་བསལ་བའི་ཤུལ་ནས། སྔོན་རྗེ་མི་ལས་ཐབ་བཟུང་ཤུལ་གྱི་ཐབ་རྡོ་རྣམས་མཐོང་བས། དེར་འཚོགས་པ་ཀུན་དད་གུས་ཆེར་འཕེལ་ཞིང་གནས་སྒོ་གསར་དུ་ཕྱེས་སོང་ཞེས་སྙམ་པ་སྒྲོག་པའང་བྱུང་། དེ་ནས་ང་ཡང་ནང་དེར་བསྡད་པས་དབྱར་ཁ་ལོན་པའི་ཚེ། སྔར་གྱི་རྨི་ལམ་གྱི་ནང་ལྟར། ཕྱོགས་ཕྱོགས་ནས་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་ཕོ་མོ་མང་པོ་སྔ་ཕྱིར་རིམ་

p. 691

ཅན་བྱས་འོངས་པ་ལ་སྡོང་པོའི་རྩ་ནས་ཆོས་འཁོར་བསྐོར། བདུད་འདུལ་ཕུག་ཏུ་མར་ཁུའི་རྒྱ་མཚོ་བསྐྱིལ་སྡོང་རས་ལག་ངར་ཙམ་བཙུགས་ནས། ཉིན་མཚན་མེད་པར་མར་མེ་སྦར་བས་བྲག་ཕུག་གི་ནང་ཀུན་ཚ་ལམ་མེ་བྱུང་། དེ་དུས་མཁྱེན་པའི་སྤྱན་ཡངས་བྱམས་བརྩེའི་མངའ་བདག་ཆུ་དབར་མཁན་ཆེན་ཡོན་ཏན་ལྷུན་གྲུབ་རིན་པོ་ཆེ་ལ་སྐྱབས་འཇུག་ཞུ་རྟེན་དང་བཅས་ཏེ་ཞུ་ཡིག་འདི་ཕུལ་ལོ། །ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན། །མཁས་བཙུན་བཟང་གསུམ་ལྡན་པ་ཀུན་གྱི་ཕུལ། །བསྟན་འཛིན་དབུས་ན་རྒྱལ་མཚན་ཏོག་ལྟར་མཐོ། །མཁན་ཆེན་དགེ་བའི་བཤེས་གཉེན་མཆོག་གི་དྲུང་། །ངེས་མེད་རི་ཁྲོད་དབེན་པའི་དགའ་ཚལ་དང་། །ཕྱོགས་མེད་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །ཆགས་མེད་རླུང་ལྟར་འཕྱོ་བའི་རྣམ་འབྱོར་ངས། །ཟོལ་མེད་སྒོ་གསུམ་གུས་པས་འདི་སྐད་ཞུ། །རྣམ་དག་ཐུགས་བསྐྱེད་བཟང་པོའི་སྲུབ་ཤིང་གིས། །རླབས་ཆེན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །མཚན་དང་དཔེ་བྱད་གཟི་བྱིན་འོད་འབར་བའི། །མགོན་ཁྱོད་གཟུགས་སྐུའི་རི་དབང་འཁྲུངས་པ་མཚར། །ཐབས་མཁས་བསྡུ་བཞིའི་བང་རིམ་མངོན་པར་མཐོ། །ཐུགས་སྲས་བུ་སློབ་གསེར་རིའི་ཁྲོད་ན་བརྗིད། །རྣམ་དཀར་མཛད་འཕྲིན་ཉི་ཟླའི་འོད་སྣང་གིས། །སྐལ་བཟང་གདུལ་བྱ་གླིང་བཞི་ཡོངས་ལ་ཁྱབ། །མི་མཐུན་རྒུད་པའི་མུན་པ་ཐམས་ཅད་བསལ། །ཕན་བདེའི་དྲོད་ཀྱིས་རྒྱལ་ཁམས་ཀུན་འཚོ་ཞིང་། །རྒྱལ་བསྟན་མེ་ཏོག་པདྨའི་ཚལ་ཆེན་པོ། །ཆེས་ཆེར་རྒྱས་ཤིང་ཕྱོགས་

p. 692

བརྒྱར་བཞད་པའི་མོད། །སྙན་གྲགས་དབྱར་གྱི་རྔ་གསང་སྟོང་ལྡིར་བའི། །སྒྲ་ཡིས་སྟེང་ཕྱོགས་ཚངས་གནས་བར་དུ་ཁྱབ། །དེ་ཉིད་ཐོས་པས་བདག་བློའི་གར་མཁན་ཡང་། །དབང་མེད་དགའ་དད་ཟློས་གར་ལན་མང་བསྒྱུར། །གུས་ཕྲན་སྒྱུ་ལུས་ཉམ་ཆུང་པདྨ་ཡང་། །མཆོག་གསུམ་ཐུགས་རྗེ་ཉི་འོད་ཀྱིས་བསྐྱངས་ཚེ། །མི་འདོད་ཉེར་འཚེ་བ་མོས་མ་མནར་བར། །རྣམ་དཀར་དགེ་སྦྱོར་དྲི་ངད་འཐུལ་བཞིན་མཆིས། །འཚམས་ཞུས་བདག་གི་མི་ཚེ་ཆ་གསུམ་བྱས། །ཆ་གཉིས་ཤོར་སོང་ད་ནི་ཆ་གཅིག་གི །རིང་ལ་དབེན་པའི་གནས་སུ་དགེ་སྦྱོར་ཞིག །བྱེད་ལ་བར་ཆད་མེད་པའི་སྐྱབས་འཇུག་ཞུ། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །དགེ་བའི་བཤེས་གཉེན་ཁྱེད་དང་ཁྱེད་འདྲ་ལ། །དངོས་སམ་ཉམས་དང་རྨི་ལམ་ཚུན་ཆད་དུ། །ཡང་ཡང་མཇལ་ཞིང་གསུང་ཆོས་ཐོས་པར་སྨོན། །དེ་སྐད་སྐྱབས་འཇུག་ཞུ་བའི་ཡིག་ཆུང་འདི། །ཆོས་མཛད་སྐྱེས་བུ་རྣམས་ཀྱིས་གཉེན་པོའི་མཚོན། །ཐོགས་ནས་ཉོན་མོངས་བདུད་རྣམས་འདུལ་བའི་ས། །ལ་ཕྱི་བདུད་འདུལ་ཕུག་ནས་གུས་པས་ཕུལ། །ཞེས་པ་འདི་ཉིད་ཕུལ་བས་ཐུགས་ཤིན་ཏུ་མཉེས་ཏེ་གནང་སྦྱིན་ཡང་མང་པོ་བྱུང་། ཡང་བླ་མ་ལ་མོས་གུས་ཆེ་ཞིང་། ཆོས་ཕྱོགས་ལ་རབ་ཏུ་དགའ་བའི་རོང་ཤར་ན་བཞུགས་པའི་སྡེ་པ་བཀྲ་ཤིས་བདེ་ལྡན་པ་ལ་ཆོས་ཀྱི་མཐུན་རྐྱེན་ཞིག་དགོས་ཞེས་ཞུ་ཤོག་འདི་ཕུལ་ལོ། །བླ་མ་མཆོག་གསུམ་མགོ་ཡི་ཞྭ་བཞིན་བཀུར། །འཁོར་འབངས་སྡེ་རིགས་རང་གི་བུ་ལྟར་སྐྱོང་། །རྣམ་དཀར་དགེ་ལ་ཁྱིམ་པའི་སོ་ནམ་བཞིན། །བརྩོན་པའི་ས་སྐྱོང་མི་དབང་

p. 693

ཞབས་དྲུང་དུ། །ངེས་མེད་རི་ཁྲོད་དབེན་པའི་ས་ཕྱོགས་སུ། །ཡུལ་མེད་རི་དྭགས་བཞིན་དུ་རྒྱུ་བ་ཡི། །ཆོས་མེད་ཆོས་པའི་གཟུགས་བརྙན་ཞབས་དཀར་པས། །ཟོལ་མེད་སྒོ་གསུམ་གུས་པས་འདི་སྐད་ཞུ། །དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི། །མི་དབང་ཁྱོད་ཀྱི་སྔོན་བསགས་བསོད་ནམས་མཐུས། །མི་ཁོམ་གནས་སུ་བསྐལ་པ་བརྒྱད་ཁྲིའི་བར། །བཙལ་ཀྱང་རྙེད་དཀའི་མི་ལུས་རིན་ཆེན་ཐོབ། །དགེ་བའི་བཤེས་གཉེན་ནོར་བུས་གཙུག་ན་མཛེས། །ཐོས་པའི་རྣ་ལུང་ལེགས་བཤད་མགུལ་རྒྱུན་འཆང་། །གཏོང་བའི་གདུ་བུས་ཕྱག་གཉིས་བརྒྱན་པའི་མོད། །ཕལ་བའི་རྒྱན་གཞན་ཟིལ་གྱིས་གནོན་པ་མཚར། །འཕགས་ནོར་བདུན་གྱི་རྒྱལ་སྲིད་སྣ་བདུན་མངའ། །འཁོར་འབངས་སྡེ་རིགས་གླིང་བཞིར་དབང་བསྒྱུར་ཚེ། །སྔར་མེད་འཁོར་ལོས་བསྒྱུར་རྒྱལ་བྱོན་ནོ་ཞེས། །ལྷ་མི་ཡོངས་ཀྱིས་བསྟོད་བསྔགས་རོལ་མོ་འཁྲོལ། །དེ་ཉིད་ཐོས་འཛིན་དབང་པོས་ཚོར་བའི་ཚེ། །ཡིད་བརྟན་མི་རུང་བདག་སེམས་ཤིང་བལ་ཡང་། །རབ་ཏུ་དགའ་ཞིང་སྤྲོ་བའི་དྲི་བཞོན་གྱིས། །ལན་ཅིག་མ་ཡིན་ཡང་ཡང་ཕྱོགས་ཀུན་བསྐྱོད། །གུས་ཕྲན་བདག་གིས་འབྱུང་བ་བཞི་བོ་ལ། །ད་རེས་ལན་ཅིག་གཡར་བའི་སྒྱུ་ལུས་རྟར། །བརྟེན་ནས་རྒྱལ་ཁམས་མང་པོ་འཁོར་ཟིན་ནས། །ད་ལྟ་ལ་ཕྱིའི་གནས་ན་བདེ་བར་མཆིས། །འཚམས་ཞུས་བསོད་ནམས་ཆེ་བའི་དེད་དཔོན་ཁྱོད། །དམ་ཆོས་དར་བའི་རིན་ཆེན་གླིང་མཆོག་ཏུ། །སླེབས་པའི་དུས་འདིར་ལག་སྟོང་མ་མཛད་པར། །

p. 694

རྣམ་དཀར་དགེ་བའི་ནོར་བུ་རིན་ཆེན་ལོངས། །སྒྲུབ་བརྒྱུད་གོང་མའི་གདན་ས་ལ་ཕྱི་ན། །བསྒྲུབ་པ་གང་ནུས་བྱེད་པ་བདག་ལ་ཡང་། །སྒྲུབ་པའི་མཐུན་རྐྱེན་ཅུང་ཟད་ཙམ་ཞིག་ནི། །བསྒྲུབ་རྒྱུ་བྱུང་ན་བཀའ་དྲིན་ཤིན་ཏུ་ཆེ། །ཕྲན་ཀྱང་དབེན་པའི་རི་ལ་སྡོད་པའི་དུས། །ཁྱེད་ཀྱི་སྐུ་ཚེའི་རྒྱལ་མཚན་བརྟན་པ་དང་། །ཡིད་ལ་ཅི་བསམ་ཐམས་ཅད་ཆོས་བཞིན་དུ། །འགྲུབ་པའི་སྐྱབས་འཇུག་རྩ་གསུམ་ལྷ་ལ་ཞུ། །བདག་གིས་དབེན་པར་སྒྲུབ་ལ་གཞོལ་བའི་མཐུས། །མ་འོངས་སངས་རྒྱས་གོ་འཕང་ཐོབ་པའི་ཚེ། །ཁྱེད་ཀྱིས་གཙོ་བྱས་འབྲེལ་ཐོགས་མ་ལུས་པ། །སངས་རྒྱས་ས་རུ་འདྲེན་པའི་སྨོན་ལམ་འཚལ། །དེ་ལྟར་ཚིགས་སུ་བཅད་པའི་ཡིག་ཆུང་འདི། །བླ་མ་ལྷ་དང་ཌཱཀྐི་ཆོས་སྐྱོང་རྣམས། །སྤྲིན་བཞིན་འདུ་བའི་གནས་མཆོག་ཁྱད་པར་ཅན། །ལ་ཕྱིའི་བདུད་འདུལ་ཕུག་ནས་ཟླ་ཚེས་ཕུལ། །ཅེས་བསྐུར་བས་མཐུན་རྐྱེན་གང་དགོས་རྣམས་བསྐུར་ནས་རྗེས་སུ་ཚུར་འོང་སྟེ་ཆོས་འབྲེལ་ཀྱང་ཞུས་སོ། །དེ་ནས་ཉམས་དགའ་རིག་པ་དྭངས་པའི་གནས་ཆེན་དེར་བསྡད་ནས་སྒྲུབ་པ་བྱས་དུས་ཤིན་ཏུ་དབེན་ཅིང་དགེ་སྦྱོར་འཕེལ་བའི་ཤུགས་ཀྱིས་རི་ཁྲོད་དབེན་པའི་བསྔགས་བརྗོད་ཀྱི་གླུ་འདི་བླངས་སོ། །གནས་མཁའ་སྤྱོད་ཞིང་མཚུངས་ལ་ཕྱི་ཡི། །ཕ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས། །མ་མཁའ་འགྲོ་འདུ་བའི་དོ་ར་མཆོག །གནས་ལ་ཕྱི་དབེན་པའི་དགའ་ཚལ་དུ། །སྤྲང་བདག་ལ་དགེ་

p. 695

སྦྱོར་འཕེལ་པོ་བྱུང་། །མར་ངན་འགྲོའི་རྒྱུ་ཚོགས་སྡིག་པ་དང་། །དགྲ་ཉོན་མོངས་ཚོགས་རྣམས་རང་སར་འགག །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །རྐྱེན་ངན་པ་གཞན་དང་མ་འཕྲད་པས། །སྡོམ་དམ་ཚིག་གཙང་མ་བསྲུང་རྒྱུ་བྱུང་། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །རང་ནམ་འཆི་ཆ་མེད་ཡང་ཡང་དྲན། །ཚེ་འདི་ཡི་ཞེན་ཆགས་ཆུང་དུ་སོང་། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །རང་སྐྱབས་འགྲོ་སེམས་བསྐྱེད་མཎྜལ་སོགས། །ཚོགས་གང་འདོད་ཐམས་ཅད་གསོག་རྒྱུ་བྱུང་། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །ཕྱག་སྐོར་བ་རྡོར་སེམས་བསྒོམ་བཟླས་སོགས། །ལས་སྡིག་སྒྲིབ་སྦྱོང་ཐབས་བྱེད་རྒྱུ་བྱུང་། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །སྐྱབས་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ཐག་པས་སྐྱབས་འགྲོ་བྱེད་རྒྱུ་བྱུང་། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚུལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །གཞན་བྲེལ་བ་མེད་པའི་ལུས་ངག་དལ། །སེམས་རྣལ་དུ་ཕེབས་པའི་མཉམ་བཞག་འཕེལ། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །ལམ་བསྐྱེད་རིམ་བསྒོམས་ན་གསལ་སྣང་ཐོན། །ནང་གཏུམ་མོ་བསྒོམས་ཚེ་བདེ་དྲོད་འབར། །ཚུལ་འདིས་ཀྱང་

p. 696

དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །ལམ་འཕོ་བ་བསྒོམས་ན་རྟགས་བཟང་འོང་། །གཅོད་བཏང་ཀྱང་ཉམས་སྣང་སྣ་ཚོགས་འཆར། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །དུས་ད་ལྟ་ཤི་ཡང་འགྱོད་མེད་སྙམ། །སེམས་སྐྱིད་པའི་གླུ་དབྱངས་ལེན་འདོད་བྱུང་། །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ། །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །དུས་ད་ནས་སངས་རྒྱས་མ་ཐོབ་བར། །རྗེ་མི་ལ་རས་པའི་རྣམ་ཐར་བཞིན། །གནས་རི་ཁྲོད་དབེན་པའི་དགའ་ཚལ་དུ། །ཆོས་ཚུལ་བཞིན་ཉམས་སུ་ལེན་གྱུར་ཅིག །ཅེས་བླངས་སོ། །དེ་ནས་གནས་ཀྱི་སྐུ་གསུང་ཐུགས་རྟེན་ཡོད་པའི་ལྷ་ཁང་རྣམས་ཞིག་རལ་འཐོར་གསུམ་ལ་སོང་། ལ་ཕྱིའི་གྲྭ་པ་རྣམས་ཀྱིས་ཀྱང་ཚུགས་མ་ཐུབ་པར་འཐོར་ལ་ཁད་ཡོད་པ་ལ་བལྟས་པས་སེམས་ཀྱིས་མ་བཟོད་པར་བསྟན་འགྲོ་ལ་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། ཕུ་ཡི་གངས་འདབས་ལ་མགྲོན་ཁང་། མདོ་ཡི་ཆུ་ཆེན་ལ་ཟམ་པ། བར་གྱི་ལྷ་ཁང་རྣམས་ལ་ཉམས་གསོ་བྱས། ཆོས་གྲྭའི་ཐང་དཀྱིལ་ནས་འདུ་ཁང་ཕུག་མཐའ་ལ་ལྕགས་རི་བརྒྱབ་པའི་ནང་དུ་གྲྭ་ཤག་མང་པོ་གསར་རྒྱག་བྱས། འདུ་ཁང་སྟེང་དུ་གསེར་གྱི་གཉྫིར་དང་། ནང་དུ་མཆོད་རྫས་བཞག་པ་ཐམས་ཅད་ཀྱི་རྒྱུ་སོང་ལ།་དངུལ་རྡོ་ཚད་བཅུ་གསུམ་གྱི་རྩིས་སོང་། དེ་དག་རྣམས་གྲུབ་ནས། གྲྭ་པ་སྔ་སོར་སེར་ཁྱིམ་དུ་ཤོར་བ་རྣམས་སྡོམ་གཙང་བྱས་ཏེ། གནས་དང་དགོན་པའི་བདག་པོ་རྒྱལ་བ་འབྲི་ཁུང་པ་ཡབ་སྲས་གཉིས་ལ་ཞུ་ཤོག་འདི་ཕུལ་ལོ། །

p. 697

འགྲོ་བ་ཡོང་ལ་རྟག་ཏུ་ཕན་པའི་གཉེན། །ཉི་ཟླ་རྣམ་གཉིས་ཟུང་དུ་ཤར་འདྲ་བའི། །སྤྲུལ་པའི་སྐྱེས་མཆོག་ཆེན་པོ་རྣམ་གཉིས་ཀྱི། །ཞབས་ཀྱི་པདྨོ་དྲི་མ་མེད་དྲུང་དུ། །གུས་ཕྲན་བྱ་བཏང་སྙོམས་ལས་ཞབས་དཀར་པས། །རང་ལུས་པདྨའི་སོར་བཅུའི་འདབ་མ་རྣམས། །སྤྱི་བོའི་ཟེའུ་འབྲུའི་ངོས་ལ་རབ་ཕྱོགས་ནས། །གུས་པ་ཆེན་པོའི་ཞུ་ཡིག་དྲི་བསུང་སྤྲོ། །ཚོགས་གཉིས་རྒྱ་མཚོ་ཆེ་ལས་ལེགས་འཁྲུངས་པའི། །མཚན་དཔེའི་གཟི་འབར་སྐྱབས་མགོན་རྣམ་གཉིས་ཀྱི། །གཟུགས་སྐུ་དྲི་མེད་ཉི་ཟླ་ཟུང་གཅིག་ཏུ། །མཁས་གྲུབ་རྒྱུ་སྐར་ཡོངས་ཀྱི་རྒྱན་དུ་ཤར། །མདོ་སྔགས་ཆོས་ཀྱི་འོད་སྣང་ཕྱོགས་བརྒྱ་རུ། །སྤྲོས་ཚེ་གཏམ་སྙན་དབྱར་གྱི་རྔ་བོ་ཆེ། །ལྡིར་བ་ཐོས་པས་བདག་བློའི་གར་མཁན་ཡང་། །དགའ་དད་ཟློས་གར་ལན་མང་བསྒྱུར་དགོས་བྱུང་། །གུས་ཕྲན་བདག་ཀྱང་ཉམས་རྟོགས་རྩལ་ཞན་རུང་། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། །སྲིད་པའི་རྩེ་མོའི་བར་དུ་ཆེས་ཆེར་དུ། །བསྒྲེང་བའི་བསམ་སྦྱོར་གོང་དུ་སྤེལ་བཞིན་མཆིས། །ཉོན་མོངས་ནད་བརྒྱ་འཇོམས་པའི་སྨན་པ་མཆོག །དག་པའི་ཞིང་དུ་འཁྲིད་པའི་དེད་དཔོན་ཆེ། །འདི་ཕྱིའི་སྐྱབས་མགོན་རྗེ་བཙུན་རྣམ་གཉིས་ཀྱིས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་ཕྱིར། །གནས་གསུམ་བདག་པོ་རྒྱལ་བ་འབྲི་ཁུང་པའི། །དགོན་གནས་ཁྱད་འཕགས་ལ་ཕྱིའི་བདུད་འདུལ་ཕུག །སྔོན་ཚད་ཉམས་ནས་ཡོད་པ་སླར་ཡང་གསོས། །ད་དུང་ཞབས་ཏོག་གང་ནུས་བྱེད་བཞིན་ཡོད། །འབྲེལ་ཚད་

p. 698

དོན་ལྡན་སྐྱབས་མགོན་རྣམ་གཉིས་ཀྱིས། །སངས་རྒྱས་མང་བོས་རྗེས་སུ་མ་བཟུང་བར། །ཡལ་བར་དོར་བའི་འཁོར་འཁྱམས་བདག་འདྲ་རྣམས། །མྱུར་མྱུར་སངས་རྒྱས་ས་ལ་བཞག་ཏུ་གསོལ། །གཏན་བདེའི་སངས་རྒྱས་ས་ཆེན་མ་ནོན་པར། །གནས་སྐབས་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པའི་དོན་རྣམས་ཡིད་བཞིན་དུ། །འགྲུབ་པའི་སྐྱབས་འཇུག་བསྔོ་སྨོན་ཡང་དག་མཁྱེན། །ཁྱེད་ཀྱི་རྗེས་འཇུག་གནས་ཆེན་ལ་ཕྱི་ཡི། །གྲྭ་པ་རྣམས་ཀྱིས་སྡོམ་གཙང་བྱས་ཡོད་པས། །ད་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །སྐྱབས་མགོན་གཉིས་ཀྱིས་རྗེས་སུ་འཛིན་པར་ཞུ། །བདག་ཀྱང་སྔ་མོར་མཇལ་འདོད་ཆེ་ན་ཡང་། །རྒྱལ་ཁམས་གཞན་དུ་འཁྱམས་ནས་མཇལ་མ་ཐུབ། །ད་ནི་རིང་མིན་མྱུར་དུ་ཞལ་མཇལ་ནས། །གསུང་གི་བདུད་རྩི་འཐུང་བའི་སྨོན་ལམ་འཚལ། །དེ་ལྟར་སྐྱབས་འཇུག་ཞུ་བའི་ཡིག་ཆུང་ལ། །གཟིགས་རྟེན་སྟོང་མིན་ཙམ་གྱི་ལྷ་རྫས་བཅས། །སྒྲུབ་བརྒྱུད་བསྟན་པ་ཆེས་ཆེར་དར་བའི་ས། །ལ་ཕྱིའི་བདུད་འདུལ་ཕུག་ནས་ཟླ་ཚེས་ཕུལ། །ཅེས་ཕུལ་བས་སྐྱབས་མགོན་ཡབ་སྲས་གཉིས་ཀ་ཐུགས་མཉེས་ནས་གསོལ་རས་གནང་སྦྱིན་རྒྱ་ཆེན་པོ་བྱས་བྱུང་ངོ་། །ཡང་བར་སྐབས་ཤིག་ལ་ཕ་ཡུལ་མདོ་སྨད་དུ་འགྲོ་བའི་གནས་སྐོར་བ་ཞིག་བྱུང་བ་ལ། མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་དབུས་ཀྱི་རི་བོའི་རྩེ་ན་བཞུགས་པའི་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེ་ལ་ཞུ་ཤོག་འདི་ཕུལ་ལོ། །ཕུལ་བྱུང་མཁྱེན་བརྩེ་མངའ་བའི་གཏེར། །འབྲེལ་ཚད་དོན་ལྡན་དགེ་བའི་བཤེས། །མཚན་སྙན་བསྟན་

p. 699

འཛིན་ཉི་མ་ཞེས། །ཡོངས་སུ་གྲགས་པའི་ཞབས་དྲུང་དུ། །སློབ་བུ་བྱམས་པ་ཆོས་དར་ངས། །ཐག་རིང་རི་ཁྲོད་ལ་ཕྱི་ནས། །ཁྱེད་ཀྱི་ཕྱོགས་སུ་ལྷ་ཕྱག་བྱས། །རབ་ཏུ་གུས་པས་ཞུ་ཡིག་འབུལ། །མགོན་ཁྱོད་དགུང་ལོ་མཐོ་ན་ཡང་། །སྐུ་གཟུགས་ཤིན་ཏུ་བདེའོ་ཞེས། །གཏམ་སྙན་ལན་ཅིག་ཙམ་ཐོས་པས། །ལུས་སེམས་དགའ་བདེས་ཁྱབ་པ་བྱུང་། །བདག་ཀྱང་ཁྱེད་ཀྱི་བཀའ་དྲིན་གྱིས། །ས་ཕྱོགས་གང་དུ་ཕྱིན་ན་ཡང་། །ལུས་སེམས་བདེ་ཞིང་འཚོ་བ་འབྱོར། །དགེ་སྦྱོར་གོང་དུ་འཕེལ་བཞིན་མཆིས། །འོན་ཀྱང་དགེ་སྦྱོར་འཕེལ་ན་ཡང་། །ཁྱེད་དང་ལོ་མང་མ་མཇལ་ཚེ། །བྱིས་པ་ཨ་མར་མ་འཕྲད་བཞིན། །སྐྱོ་ནས་མཆི་མ་ཡང་ཡང་ཤོར། །སྐོམ་པ་རྣམས་ཀྱིས་ཆུ་འདོད་བཞིན། །ནངས་ནུབ་མེད་པར་མགོན་ཁྱོད་དྲན། །ནམ་ཞིག་ཁྱེད་དང་མཇལ་ལམ་སྙམ། །འདོད་པས་གདུངས་ནས་བཟོད་གླགས་མེད། །གཏན་གྱི་སྐྱབས་མགོན་རྗེ་བཙུན་ཁྱེད། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མཐུས། །བདག་ཅག་གདུལ་བྱའི་དད་མོས་ངོར། །ཡུན་རིང་བར་དུ་བཞུགས་ལས་ཆེ། འོན་ཀྱང་བདག་ཅག་བསོད་ནམས་དམན། །གདུལ་བྱ་རྟག་འཛིན་ཕྱི་བཤོལ་མཁན། །འགའ་རེ་ཆོས་ལ་བསྐུལ་བའི་ཕྱིར། །མྱ་ངན་འདས་པའི་ཚུལ་བསྟན་ན། །ད་དུང་ལམ་སྣ་མ་ཟིན་པའི། །སྐྱབས་འོག་གདུལ་བྱ་ཉམ་ཐག་རྣམས། །གྲོག་ཚང་ཁ་ཡི་རྡོ་བླངས་བཞིན། །ཀུན་ཀྱང་སྐྱབས་མེད་མགོན་མེད་འགྱུར། །བདག་ཀྱང་མེ་ཏོག་འཐོར་ཤུལ་དུ། །བུང་བ་ཁོ་ཐག་ཆོད་པ་བཞིན། །གར་འགྲོ་འདིར་འགྲོའི་

p. 700

གཏད་སོ་མེད། །ཀྱེ་ཧུད་ས་ཕྱོགས་གང་དུ་འཁྱམས། །འདས་རྗེས་དེ་འདྲ་འོངས་ཚུལ་ལ། །དགོངས་ནས་གཤེགས་པ་ཕར་ལ་ཞོག །བསྙུང་དང་བགྲེས་པའི་ཚུལ་ཙམ་ཡང་། །ནམ་ཡང་སྟོན་པར་མ་མཛད་ཅིག །དགུང་ལོ་བརྒྱ་ཕྲག་དུ་མའི་བར། །བཞུགས་ཞེས་གསོལ་བ་སྙིང་ནས་འདེབས། །འཇིགས་སར་སྐྱེལ་མས་བོར་བ་བཞིན། །རེ་སས་ནམ་ཡང་མ་བསླུ་ཞིག །ཕྲན་ཀྱང་མར་ལ་མྱུར་དུ་འོང་། །གཞིས་དང་ལམ་བར་གང་དུ་ཡང་། །འགལ་རྐྱེན་བར་ཆད་མི་འབྱུང་བར། །ཁྱེད་དང་མཇལ་བའི་སྐྱབས་འཇུག་མཁྱེན། །གལ་ཏེ་ཚེ་འདིར་མ་མཇལ་ན། །ཕྱི་མར་རྗེ་བཙུན་བླ་མ་ཁྱེད། །གང་དུ་མངོན་པར་སངས་རྒྱས་པའི། །འཁོར་གྱི་ཐོག་མར་སྐྱེ་བར་ཤོག །ཅེས་དང་། གཞན་ཡང་བླ་མ་དཔོན་པོ་སློབ་མ་ཡོན་བདག་རྣམས་ལ་སོ་སོར་སྤྲིང་ཡིག་བསྐུར་བ་རྣམས་མགུར་འབུམ་ན་གསལ་ལོ། །དེ་ནས་ཕྱོགས་ཕྱོགས་ནས་མ་བསྡུས་བཞིན་དུ་རང་བཞིན་ཤུགས་ཀྱིས་སྐལ་ལྡན་གྱི་སློབ་མ་དང་དད་ཅན་སྦྱིན་བདག་ཁམས་པ་གནས་སྐོར་བ་སོགས་སྐྱེས་ཕོ་མོ་བརྒྱ་ཕྲག་དུ་མ་འདུས་པ་བྱུང་། དེ་དག་ལ་དྲང་དོན་ལས་རྒྱུ་འབྲས་ཀྱི་ཆོས་དང་། ངེས་དོན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཐབས་མཁས་བསྡུ་བཞིའི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་བྱས་པའི་སྐབས་སུ་ལུང་རྟོགས་ཡོན་ཏན་ཆེ་བའི་རྒྱ་རོང་བླ་མ་དང་། བློ་བཟང་དར་རྒྱས། ཡོན་ཏན་རྒྱ་མཚོ། སངས་རྒྱས་རིན་ཆེན། དད་ཅན་བསམ་དཀར་བུ་ཆེན་བསྟན་འཛིན་འགྱུར་མེད། ལས་ཤིང་གྲུབ་ཆེན། ལོ་ཆེན་པ། རྒྱལ་མོ་རོང་གི་དགེ་སློང་སོགས་དད་ཅན་སློབ་མ་ཡོངས་

p. 701

ཀྱིས་སེམས་ལ་ཕན་པའི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་མགུར་དབྱངས་འདི་བླངས་སོ།། །རྗེ་ཆོས་རྒྱལ་ངག་གི་དབང་བོ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མགོན་དེ་ཡི་ཐུགས་སྲས་ཞབས་དཀར་པས། །ཚིག་རྣར་སྙན་ཡིད་འབབ་ཆོས་ཀྱི་གླུ། །ཁྱེད་འདིར་འཚོགས་ལྷ་མིའི་སྙན་དུ་འབུལ། །ཁྲོམ་གོ་རེ་འཚོགས་པ་ཀྱི་ལེར་ཉོན། །ཆོས་ཡོན་ཏན་འབྱུང་གནས་དགེ་བའི་བཤེས། །བསམ་སྦྱོར་བའི་སྒོ་ནས་ཚུལ་བཞིན་སྟེན། །རྟེན་དལ་འབྱོར་མི་ལུས་རྙེད་པར་དཀའ། །ད་རྙེད་དུས་ཆོས་ཀྱི་སྙིང་པོ་ལོངས། །དགྲ་འཆི་བདག་ནམ་ཡོང་ཆ་མེད་པས། །རང་འཆི་བྲོད་ལྷ་ཆོས་བྱེད་རེ་རན། །ལས་རྒྱུ་འབྲས་ནམ་ཡང་བསླུ་བ་མེད། །སྡིག་མི་དགེ་སྤོངས་ལ་དགེ་བ་སྒྲུབས། །མར་འཁོར་བའི་གནས་ན་བདེ་བ་མེད། །སྡུག་འདི་ལས་ཐར་པའི་ལམ་ལ་ཞུགས། །ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། །ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱིས། །རང་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །མ་སེམས་ཅན་ཐམས་ཅད་འདྲེན་པའི་ཕྱིར། །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་བློས། །ལམ་ཕ་རོལ་ཕྱིན་དྲུག་ཉམས་སུ་ལོངས། །སྐབས་སྐབས་སུ་ཐབས་མཁས་བསྡུ་བཞིའི་སྒོས། །མ་འགྲོ་བ་ཡོངས་ལ་གང་ཕན་གྱིས། །མཆོག་སངས་རྒྱས་མྱུར་དུ་ཐོབ་པའི་ཐབས། །ཆོས་གསང་སྔགས་ཉེ་ལམ་ཡིན་པས་ན། །ལམ་བསྐྱེད་རྫོགས་རྫོགས་ཆེན་ཉམས་སུ་ལོངས། །རང་ཚེ་གཅིག་སངས་རྒྱས་འཐོབ་པར་ངེས། །དོན་དེ་ལྟར་ཉམས་སུ་ལེན་པའི་ཚེ། །གནས་དབེན་

p. 702

པའི་དགའ་ཚལ་ཉམས་དགའ་སྟེན། །ཚེ་འདི་སྣང་ཆོས་བརྒྱད་བློས་བཏང་ནས། །རང་གཅིག་པུར་ཉམས་སུ་ལེན་པ་གཅེས། །གཏམ་འདི་ལས་བྱུང་བའི་དགེ་བའི་མཐུས། །མ་འགྲོ་ཀུན་སངས་རྒྱས་མྱུར་འཐོབ་ཤོག །ཡུལ་འདི་རུ་བཀྲ་ཤིས་གཡང་ཆགས་ཤིང་། །བཀྲ་ཤིས་པས་འཛམ་གླིང་ཁྱབ་གྱུར་ཅིག །ཅེས་བླངས་པས་དད་ཅན་སློབ་མ་མང་པོའི་སེམས་ལ་ཕན་པ་བྱུང་ངོ་། །དེ་ནས་ཆུ་དབར་གྱི་བྲིན་པ་ཕོ་མོ་རྣམས་དང་ཡུལ་གཉའ་ནང་གི་ཡོན་བདག་ཕྱུག་པོ་ཕལ་ཆེ་བས་སེར་སྣ་བྱས་ནས་མཆོད་སྦྱིན་མི་བྱེད་པའི་ཁར། ལོ་རེ་བཞིན་ར་ལུག་གཡག་གསུམ་མང་པོ་བསད་ནས་སྡིག་པ་གསོག་པ་རྣམས་ལ་ཆོས་བཤད་ནས་སྡིག་རྒྱུན་བཅད་དེ་ཞལ་གདམས་འདི་ཡང་བྱིན་ནོ། །བླ་མ་དཀོན་མཆོག་ནམ་མཁའི་སྐར་ཚོགས་ཙམ། །བདག་གི་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །བསླུ་མེད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ། །འཁོད་ནས་རང་བློར་གང་ཤར་གླུ་རུ་ལེན། །དལ་འབྱོར་མི་ལུས་ཐོབ་པ་ལན་ཅིག་ཙམ། །ཡང་ཡང་ཐོབ་པར་དཀའ་བ་རྒྱལ་བས་གསུངས། །འཆི་བ་མི་རྟག་ནམ་ཡོང་ངེས་པ་མེད། །མྱུར་དུ་ལྷ་ཆོས་བྱེད་པའི་དུས་ལ་བབས། །ཚེ་འདིར་མི་ལུས་ཐོབ་པ་མཉམ་ན་ཡང་། །ཕྱི་མར་དགེ་བ་ཅན་རྣམས་འོད་ལམ་ལ། །ཞུགས་ནས་ཡར་ལ་འགྲོ་བའི་དུས་སྐབས་སུ། །སྡིག་ཅན་མར་ལ་འགྲོ་རྣམས་སྙིང་རེ་རྗེ། །ཕྱུག་པོ་སེར་སྣ་ཅན་གྱིས་ཚེ་འདི་རུ། །རྣམ་དཀར་མཆོད་སྦྱིན་གཏོང་བར་མ་ནུས་ཀྱང་། །ལོ་རེ་བཞིན་དུ་ར་ལུག་གཡག་གསུམ་བསད། །ཕྱི་མར་དམྱལ་བའི་གཏིང་དུ་མ་འགྲོ་ཞིག །

p. 703

ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེས་དུས་འདིར། །དཔེར་ན་ལམ་གྱི་བཞི་མདོར་སླེབས་པ་འདྲ། །ཡར་འགྲོ་མར་འགྲོའི་ས་མཚམས་འབྱེད་པ་ཡིན། །འགྲོ་ས་ནོར་ཉེན་ཆེའོ་ཕྱུག་པོ་ཚོ། །དེ་སྐད་གཞན་ལ་སྨྲ་བའི་ཁ་བདེ་པོ། །རང་ལ་གར་འགྲོ་འདིར་འགྲོའི་གདེང་མེད་ཀྱང་། །གཞན་ལ་ཤ་ཚ་བསམ་པ་དཀར་པོའི་གཏམ། །ཡིན་པས་དད་ཅན་ཀུན་གྱིས་ཉན་པར་འོས། །ཡིད་མི་ཆེས་ན་མཁས་གྲུབ་གཞན་ལ་དྲིས། །རྒྱལ་བའི་གསུང་རབ་ཀུན་ལ་ལྟོས་ཤིག་དང་། །ཞབས་དཀར་བླ་མའི་གཏམ་འདི་བདེན་པར་གདའ། །སྙམ་པའི་ཡིད་ཆེས་དྲག་པོ་སྐྱེ་བར་ངེས། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །སེར་སྣ་ལ་སོགས་སྐྱོན་མཚང་ཐམས་ཅད་ཐོན། །དད་པ་ཅན་གྱི་གཏོང་ཕོད་ཆེ་རུ་སོང་། །ཐམས་ཅད་དམ་པའི་ཆོས་ལ་སྤྱོད་པར་ཤོག །ཅེས་བླངས། དེ་ནས་ཉིན་གཅིག་ཁམས་བསང་བྱེད་དུས་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་མཐོང་བའི་རྐྱེན་བྱས་ཏེ། །སེམས་ལ་ཡང་འཆར་སྒོ་སྣ་ཚོགས་པ་ཤར་བ་ལྟར་མགུར་འདི་བླངས་སོ། །རབ་དཀར་གངས་རི་དཀར་པོའི་རྩེ་མོ་ན། །རབ་མཛེས་སྤྲིན་དཀར་གཞོན་ནུ་གྱེན་དུ་ལངས། །ཐར་པའི་ལམ་ལ་འདི་ལྟར་འགྲོ་དགོས་ཞེས། །ཇེ་མཐོ་ཇེ་མཐོར་སོང་ནས་མཁའ་ལ་ཡལ། །དེ་ཉིད་མཐོང་བས་བླ་མ་བདེ་གཤེགས་དྲན། །སྐུ་དྲིན་བསམ་གྱིན་མཆི་མ་ཡང་ཡང་བྱུང་། །རི་ཡི་ངོས་ཀྱི་རྩི་ཤིང་ནགས་གསེབ་ན། །འདབ་ཆགས་བྱ་དང་བྱེའུ་མང་པོ་ཡིས། །ཕ་མས་ཆུང་དུས་འདི་ལྟར་བསྐྱངས་སོ་ཞེས། །སྐྱོ་ངལ་མེད་

p. 704

པར་ཉམ་ཆུང་ཕྲུག་གུ་གསོ། །དེ་ཉིད་མཐོང་བས་དྲིན་ཅན་ཕ་མ་དྲན། །དྲིན་ལན་འཇལ་ན་འདོད་པ་ཡང་ཡང་བྱུང་། །རི་བོ་རྣམས་ཀྱི་མགུལ་དང་ལུང་བ་ན། །ན་བུན་སྨིག་རྒྱུ་ལང་ལོང་གཡོ་བ་ཡིས། །ལུས་དང་ལོངས་སྤྱོད་འདི་ལྟར་མི་རྟག་ཅེས། །གཡོ་འགུལ་མང་པོ་བྱེད་བཞིན་གློ་བུར་ཡལ། །དེ་ཉིད་མཐོང་བས་མི་རྟག་འཆི་བ་དྲན། །གང་ཡོད་སྦྱིན་པར་གཏོང་འདོད་ཡང་ཡང་བྱུང་། །བར་སྣང་ཁམས་ན་ཚ་གྲང་རྒྱུ་རྐྱེན་ལས། །བྱུང་བའི་སྣང་སྟོང་འཇའ་ཚོན་རི་མོ་ཡིས། །རྒྱུ་རྐྱེན་འཚོགས་ལས་འདི་ལྟར་ཀུན་འབྱུང་ཞེས། །ལམ་ལམ་ཤར་ནས་བར་སྣང་ཁམས་ལ་ཡལ། །དེ་ཉིད་མཐོང་བས་ཀུན་རྫོབ་བདེན་པ་དྲན། །རྒྱ་ཆེན་སྤྱོད་ལ་སློབ་འདོད་ཡང་ཡང་བྱུང་། །སྟེང་གི་ཕྱོགས་ན་སྤྲོས་པ་ཐམས་ཅད་དང་། །བྲལ་བའི་མཐོ་ལ་ཡངས་པའི་ནམ་མཁའ་ཡིས། །སྒྲིབ་གཡོགས་ཀུན་བྲལ་སྟོང་སང་རྗེན་པ་བསྟན། །དེ་ཉིད་མཐོང་བས་དོན་དམ་བདེན་པ་དྲན། །ཟབ་མོ་ལྟ་བ་བསྒོམ་འདོད་ཡང་ཡང་བྱུང་། །མཐའ་དབུས་མེད་པའི་མཁའ་ཀློང་ཡངས་པ་ན། །ཕྱོགས་རིས་མེད་པའི་འོད་གསལ་ཉི་མ་ཡིས། །གཞན་དོན་བྱེད་ན་འདི་ལྟར་གྱིས་ཤིག་ཅེས། །འོད་ཟེར་རྩེ་དགའ་རྒོད་བཞིན་གླིང་བཞི་བགྲོད། །དེ་ཉིད་མཐོང་བས་ཕྱོགས་མེད་འགྲོ་དོན་དྲན། །བསྟན་འགྲོ་ཡོངས་ལ་ཕན་འདོད་ཡང་ཡང་བྱུང་། །ཞེས་པ་ལ་སོགས་པའི་མགུར་དབྱངས་སྣ་ཚོགས་ལེན་བཞིན་དུ་ལོ་མ་མེ་ཏོག་འབྲས་བུས་བརྒྱན་པའི་ནགས་ཁྲོད་དང་། སྨྱུག་མའི་བསིལ་ཁང་རྣམས་སུ་སོང་ནས་ཁམས་བསང་བྱེད་དུས་སེམས་ལ་དགའ་བ་དང་སྐྱོ་བ་སྣ་ཚོགས་པ་སྐྱེས་སོ། །དེ་ནས་གསེར་དངུལ་ལ་

p. 705

སོགས་པའི་ནོར་འདྲ་བྱུང་ཚེ། སྔོན་བྱ་རྫི་བདེ་མཆོག་མ་དང་བུ་བཞིས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ནས་སྲོག་ཤིང་ནང་དུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་མ་ག་དྷའི་བྲེ་གང་བཞུགས་སུ་གསོལ་ཏེ་སྨོན་ལམ་བཏབ་པས། མ་དེ་ཉིད་དམ་ཚིག་གི་ལྷ་མོ་པྲ་མོ་ཧ་ཞེས་བྱ་བར་སངས་རྒྱས། བུ་བཞི་བོ་མཁན་སློབ་ཆོས་གསུམ་སྦ་མི་ཁྲི་གཞེར་དང་བཞིར་གྱུར་ནས། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་ལོ་རྒྱུས་དང་ཕན་ཡོན་ལ་བསམས་ནས། །བསྟན་འགྲོའི་བདེ་ཐབས་སུ་མཆོད་རྟེན་ཆེན་པོ་དེ་ཉིད་ཀྱི་ཆོས་འཁོར་བཅུ་གསུམ་ལ་རིན་ཆེན་གསེར་ཟངས་ཀྱི་ན་བཟའ་ཞིག་བསྒྲོན་ཐུབ་ན་སྐལ་བ་རེ་བཟང་སྙམ། བལ་ཡུལ་གོཎྜ་རྒྱལ་པོ་ལ་ཞུ་ཤོག་འདི་ཕུལ་ལོ། །སྐྱེ་འགྲོ་ཡོངས་ཀྱི་མགོ་ཐོག་གི་ཉི་མ་ལྟ་བུའི་ས་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོའི་ཞབས་ཟུང་མི་འཇིགས་གདོང་ལྔས་བཏེགས་པའི་རིན་ཆེན་ཁྲི་ཡི་མདུན་ས་དེར། འདོད་དགུའི་ལོངས་སྤྱོད་འཛོམ་པའི་ཡུལ་བཟང་བལ་ཡུལ་དང་། ཕན་བདེ་ཀུན་གྱི་འབྱུང་གནས་གངས་ཅན་བོད་ཡུལ་གཉིས་ཀྱི་ས་མཚམས། ཡི་དམ་བདེ་མཆོག་འཁོར་ལོའི་གསུང་གི་གནས་འབྲོག་ལ་ཕྱི་གངས་ཀྱི་ར་བ་ན་སྡོད་པའི་བྱ་བྲལ་རྣལ་འབྱོར་ཞབས་དཀར་པས་རབ་ཏུ་གུས་པའི་ལྷ་ཕྱག་གྲངས་མེད་བྱས་ཏེ་ཡིག་ཆུང་ཞིག་འབུལ་འབྲས། མི་ནུབ་རྒྱལ་མཚན་མཐོན་པོའི་རྩེ་མོའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ས་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱེད་ནི་རྒྱལ་ཕྲན་བློན་པོ་དང་བཅས་པའི་སྤྱི་བོའི་གཙུག་གི་རྒྱན་དུ་བཞུགས་

p. 706

པ་ནི། འཁོར་འབངས་རྒྱལ་ཁམས་ཡོངས་ལ་བཀའ་དྲིན་གྱི་མཆོག་ཏུ་གྱུར། །གུས་ཕྲན་བདག་ཀྱང་བླ་མ་མཆོག་གསུམ་གྱི་ཐུགས་རྗེ་ལ་བརྟེན་ནས་སྒྱུ་ལུས་བདེ་ཞིང་སྒོམ་སྒྲུབ་དང་། གཞན་ཕན་གྱི་བསམ་སྦྱོར་ཀྱང་གོང་དུ་འཕེལ་བཞིན་མཆིས། མཚམས་ཀྱི་གསོལ་བ་འདེབས་པའི་སྙིང་པོ་ནི། ངོ་མཚར་གཟིགས་མོ་ཆེ་བའི་དབུས་ཀྱི་རི་དབང་རྩེ་མོའི་ལྷ་ཡི་རྣམ་རྒྱལ་ཁང་བཟང་མི་ཡུལ་དུ་འཕོས་འདྲའི་བལ་ཡུལ་ཡམ་བུའི་ངོ་མཚར་རྒྱལ་ཁང་གི་གཡས་གཡོན་ཉི་ཟླ་རྣམ་གཉིས་ཟུང་དུ་ཤར་བ་ལས་ཀྱང་མཛེས་པའི་ངོ་མཚར་མཆོད་རྟེན་རིན་པོ་ཆེ་རྣམ་གཉིས་ཀྱི་ནང་ནས། བྱ་རུང་ཁ་ཤོར་གྱི་སྐུའི་སྟོད་ཀྱི་ཆ་ལ་འཕགས་པ་ཤིང་ཀུན་དང་མཚུངས་པའི་གསེར་ཟངས་ཀྱི་ན་བཟའ་ཞིག་བྱུང་ན། བསྟན་པ་དང་འགྲོ་བའི་མིག་རྐྱེན་མཆོག་ཏུ་འགྱུར་བར་འདུག་པས། དེའི་ཕྱིར་བདག་གི་ལྷག་བསམ་རྣམ་པར་དག་པས་བསྟན་དང་འགྲོ་བ་ཡོངས་ལ་ཕན་པ་དང་བདེ་བ་འབྱུང་བའི་ཕྱིར་དང་། ཁྱད་པར་དུ་ཡང་བལ་བོད་གཉིས་ཀྱི་སྐྱེ་འགྲོ་སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་ཉི་མ་གསར་དུ་འཆར་བའི་རྒྱུ་ཁོ་ནར་དམིགས་ནས་འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་མཆོག འབྲེལ་ཚད་དོན་ལྡན་གསོལ་བ་བཏབ་ན་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ཞེས་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་ཀུན་ཏུ་ཆེས་ཆེར་གཡོ་བ་འདི་ཉིད་སྐུའི་སྟོད་ཀྱི་ཆ་ཆོས་འཁོར་བཅུ་གསུམ་ལ། བལྟ་ན་རབ་མཛེས་གཟི་བརྗིད་འོད་ཟེར་ཕྱོགས་བརྒྱར་འཕྲོ་བའི་རིན་ཆེན་གསེར་ཟངས་ཀྱི་ན་བཟའ་ཕུན་

p. 707

སུམ་ཚོགས་པ་ཞིག་བསྒྲོན་རྒྱུ་བྱུང་ན་སྙམ་ཡོད་པས། ལོ་རྗེས་མར་དེ་འདྲའི་བསྐལ་པ་བཟང་པོ་ཞིག་ཤར་ཚེ། ས་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་བཀའ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རབ་ཏུ་དགྱེས་པའི་སྒོ་ནས། དེ་བསྒྲུབ་ཆོག་པའི་རྣར་སྙན་ཡིད་འབབ་ཀྱི་གསུང་གི་གནང་བ་སྩོལ་བ་དང་། ཁྱེད་ཀྱི་མངའ་འབངས་ཟངས་ཀྱི་ཐོན་ཁུངས་ཡོད་པ་རྣམས་ནས་ཟངས་གང་དགོས་ཉོས་ཆོག་པའི་བཀའ་ཤོག་དང་། གཞན་ཡང་བཟོ་བོ་ལས་ཀ་བྱེད་མི་སོགས། གང་ཅིའི་ཐད་ནས་གྲོགས་ལྡན་མཐུན་འགྱུར་གང་དྲག་མཛད་དགོས་ཞེས། ད་ནས་བཟུང་སྟེ་གསོལ་བ་འདེབས་པ་ལགས། ད་རེས་དོན་ཆེན་པོ་འདི་འགྲུབ་པ་ཞིག་བྱུང་ཚེ་རྗེས་སོར་འདི་ནས་ཀྱང་། རང་གི་ཁྱེར་འཁོས་དང་བསྟུན་པའི་བཀའ་དྲིན་གཏང་རག་དང་། ཆོས་རྒྱལ་བློན་དང་བཅས་པའི་སྐུ་ཚེའི་རྒྱལ་མཚན་བརྟན་ཅིང་། གནས་སྐབས་དང་མཐར་ཐུག་གི་ཡིད་ལ་འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྐྱབས་འཇུག་བསྔོ་སྨོན་གྱི་མཚམས་སྦྱོར་ཡང་དག་བྱ་ཞེས་ཞུ་ཡིག་འདེགས་རྟེན་དུ། སྟོང་མིན་ཙམ་གྱི་དངོས་པོ་གསེར་དངུལ་ཕྲན་བུ་ལྷ་རྫས་བཅས་གནས་ཆེན་ལ་ཕྱི་གངས་ཀྱི་ར་བའི་དབེན་གནས་བདུད་འདུལ་ཕུག་མོ་ཆེ་ནས་ཕུལ། ཞེས་པ་འདི་བླ་མ་སྐལ་བཟང་རྒྱལ་པོ་བརྒྱུད་ནས་ཕུལ་པས་རྒྱལ་པོ་ཆེན་པོ་དང་། ཀ་ཤི་བིམ་ཤིང་སོགས་རྒྱལ་བློན་རྣམས་གྲོས་མཛད་ནས་ལན་དུ། དེ་ལྟར་བསྒྲུབ་རྒྱུ་བྱུང་ན་ཤིན་ཏུ་ལེགས་པས་དེ་དུས་གྲོགས་མཛད་ཡོང་ཞེས་ཞལ་བཞེས་བཟང་པོ་གནང་བ་བྱུང་།

p. 708

གནས་དེར་སྡོད་དུས་དད་བརྩོན་ཤེས་རབ་ཆེ་ཞིང་དབེན་པའི་རི་ལ་སྡོད་པའི་སློབ་བུ་ཀུན་བཟང་གཞན་ཕན་གྱིས་ཉིན་གཅིག་བསམ་བློ་འདྲ་བཏང་ཚེ། ཇི་ལྟར་བྱས་ཀྱང་སྐྱིད་འདོད་ཚེ་འདིའི་བྱ་བ་བློ་ཡིས་མ་ཐོངས་པར་ཟས་གོས་ནོར་རྫས་ཕྲན་བུ་རེ་མཆེད་གྲོགས་ཤིག་གིས་ཁྱེར་སོང་ན་ཡང་ཆགས་སྡང་གི་དུག་རོ་རྙིང་བ་འདི་ད་དུང་ལངས་ཉེན་འདུག་པས། འདི་ཆོས་ཀྱི་གནད་གང་མ་ཤེས་པ་ཡིན་ནམ་བླ་མ་ལ་ཞུ་དགོས་སྙམ་འོང་སྟེ་ཞུ་དོན་འདི་གླུ་རུ་ཕུལ་ལོ།།་གང་ལའང་ཆགས་མེད་ཞེན་མེད་ཀྱི། །བྱ་བཏང་རྒྱལ་པོ་ཞབས་དཀར་རྗེ། །སྐྱིད་འདོད་ཚེ་འདིའི་འདོད་པ་ཅན། །བདག་ལ་བརྩེ་བས་ཅུང་ཟད་དགོངས། །མགོན་ཁྱོད་འཁོར་བའི་ཕུན་ཚོགས་ཀུན། །སྔོན་ནས་དུག་སྦྲུལ་ཚང་ལྟར་མཐོང་། །མངོན་ཞེན་གཏིང་ནས་ལོག་པའི་མཐུས། །ད་ལྟ་གཞན་གྱི་ཟས་ནོར་རིགས། །ཅི་ཙམ་མདུན་དུ་ཕུལ་ན་ཡང་། །སེང་གེའི་སྔོན་དུ་རྩྭ་བཞག་ལྟར། །གང་ལའང་འདོད་པ་སྤུ་ཙམ་མེད། །མི་གཙང་ཁྱི་ཡིས་ཁྱེར་བ་ལྟར། །སུ་འདྲ་ཞིག་གིས་འཁྱེར་ན་ཡང་། །དེ་ལ་སྣང་རྟོག་མི་མཛད་པའི། །མཛད་པ་འདི་ལ་རྗེས་ཡི་རང་། །བསམ་གྱིན་དད་པ་གཏིང་ནས་སྐྱེས། །བདག་དང་བདག་འདྲའི་ཆོས་པ་ཡིས། །ལྟོ་འགྲངས་ཉི་མས་དྲོས་ཙ་ན། །སྐྱིད་འདོད་ཚེ་འདི་བློས་ཐོངས་ཞེས། །ཁ་པོ་ཆེན་པོ་བཏོན་ན་ཡང་། །རང་ལ་ཉེར་མཁོའི་ཟས་གོས་ནོར། །གཞན་གྱིས་དབང་མེད་ཁྱེར་ཙ་ན། །བཞིན་འགྱུར་ཁ་ནས་ཚིག་ངན་ཤོར། །རྡུང་རེས་ཡིན་ཡང་རྒྱུག་ཉེན་འདུག །བདག་ཅག་རྗེས་འཇུག་ཐམས་ཅད་ལ། །ཁྱེད་བཞིན་

p. 709

ཚེ་འདི་བློས་ཐོངས་པའི། །རེ་བ་ཆེན་པོ་མ་མཆིས་ཀྱང་། །འོན་ཀྱང་བླ་མའི་ཐུགས་རྗེ་ཡིས། །ད་དུང་འོང་བའི་རེ་བ་བྱེད། །ད་ནི་ཚེ་འདི་བློས་ཐོངས་པའི། །གནད་ཀྱི་གདམས་པ་ཟབ་མོ་ཞིག །སྦ་གསང་མེད་པར་སྟོན་པར་ཞུ། །བསྟན་པ་བཞིན་དུ་བསྒོམས་པའི་མཐུས། །ཚེ་བློས་མྱུར་དུ་ཐོངས་པར་ཤོག །ཅེས་ཞུས་པའི་ལན་དུ། འོ་ཚེ་འདིའི་བྱ་བ་བློས་མི་ཐོངས་པར་ཕྱི་རྩིས་ཀྱི་འདུན་མ་མང་པོ་དྲན་ནས་ཆགས་སྡང་གི་འཁོར་ལོ་བསྐོར་སྙིང་འདོད་པ་དེ། མི་རྟག་འཆི་བ་ཉིན་རེ་བཞིན་ཡང་ནས་ཡང་དུ་མ་དྲན་པས་ལན་འདུག་པས། དེའི་གཉེན་པོར་འཆི་བ་མི་རྟག་པ། དེའི་ནང་ནས་ཀྱང་ནམ་འཆི་ཆ་མེད་འདི་ཚེ་འདིའི་ཟས་ནོར་ལ་བློ་མ་ལོག་གི་བར་དུ་ཁྱོད་ཀྱིས་སྔར་སེམས་ཁྲིད་བསྐྱངས་པ་དེ་བཞིན་དུ་ལོ་ཟླ་བ་ཞག་བགྲངས་ནས་ཉིན་མཚན་བར་མ་ཆད་དུ་སྒོམས་དང་། ཚེ་འདི་ལ་བློ་ལྡོག་པར་འགྱུར་ཞེས་མི་རྟག་འཆི་བ་དྲན་པའི་མགུར་དབྱངས་འདི་འཐེན་ནོ། །འཆི་བ་ནམ་ཡོང་ཆ་མེད་པས། །དོ་ནུབ་ཡིན་ཡང་འཆི་ཉེན་ཡོད། །ཅིས་ཀྱང་དགོས་པ་མེད་སྙམ་པའི། །བླ་མ་དེ་ལ་གུས་ཕྱག་འཚལ། །ནམ་འཆི་ཆ་མེད་མ་དྲན་པར། །ཚེ་འདིའི་སྐྱིད་འདོད་དབང་དུ་སོང་། །སྙིང་མེད་སྨྱོན་པ་ལྟ་བུ་ལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །དད་བརྩོན་ཤེས་རབ་སྙིང་རྗེ་ཅན། །སློབ་བུ་ཀུན་བཟང་གཞན་ཕན་ཉོན། །མི་རྟག་འཆི་བ་མ་དྲན་ན། །ཚེ་འདི་བློ་ཡིས་ཐོངས་པར་དཀའ། །མི་རྟག་འཆི་བ་དྲན་གྱུར་ན། །ཚེ་འདིའི་བྱ་བ་

p. 710

བློ་ཡིས་ཐོངས། །མི་རྟག་འཆི་བ་དྲན་གྱུར་ན། །ཅིས་ཀྱང་དགོས་མེད་བློ་སྣ་སྐྱེ། །མི་རྟག་འཆི་བ་དྲན་གྱུར་ན། །གང་ལ་འདོད་པ་མེད་པར་འགྱུར། །མི་རྟག་འཆི་བ་དྲན་གྱུར་ན། །བླ་མ་རྣམས་ལ་དད་པ་སྐྱེ། །མི་རྟག་འཆི་བ་དྲན་གྱུར་ན། །མཆེད་གྲོགས་རྣམས་ལ་དག་སྣང་འབྱུང་། །མི་རྟག་འཆི་བ་དྲན་གྱུར་ན། །མི་དགེ་སྡིག་པ་ངང་གི་འཛེམ། །མི་རྟག་འཆི་བ་དྲན་གྱུར་ན། །རྣམ་དཀར་དགེ་བའི་ལས་ལ་འབད། །མི་རྟག་འཆི་བ་དྲན་གྱུར་ན། །སྐྱོ་ཤས་སྙིང་རླུང་ཡང་ཡང་ལྡང་། །མི་རྟག་འཆི་བ་དྲན་གྱུར་ན། །བསྒྲུབ་ལ་བརྩོན་འགྲུས་ཆེན་པོ་འབྱུང་། །མི་རྟག་འཆི་བ་དྲན་གྱུར་ན། །སྔར་བྱས་སྡིག་ལ་འགྱོད་པ་སྐྱེ། །མི་རྟག་འཆི་བ་དྲན་གྱུར་ན། །ཕྱིན་ཆད་མི་བྱེད་དམ་བཅའ་འབྱུང་། །འཆི་བ་དྲན་པའི་ཡོན་ཏན་ནི། །བཤད་ན་བརྗོད་ཀྱིས་མི་ལངས་པས། །དེ་ཕྱིར་སྐལ་ལྡན་སློབ་བུ་ཁྱོད། །ད་ནི་ཉིན་མཚན་དུས་དྲུག་ཏུ། །མི་རྟག་འཆི་བ་དྲན་པར་མཛོད། །མི་རྟག་འཆི་བའི་ནང་ནས་ཀྱང་། །ནམ་འཆི་ཆ་མེད་ཡང་ཡང་སོམས། །སང་གནངས་མི་འཆི་ངེས་པ་མེད། །རྗེས་ཀྱི་བསམ་བློས་ཅི་ཞིག་བྱ། །སྙམ་དུ་ཚེ་འདི་བློ་ཡིས་ཐོངས། །དེ་རིང་ཉི་མ་ཤོར་བུད་སོང་། །དོ་ནུབ་ཡིན་ཡང་འཆི་ཉེན་ཡོད། །སང་གནངས་བྱ་བས་ཅི་ཞིག་བྱ། །སྙམ་དུ་ཚེ་འདི་བློ་ཡིས་ཐོངས། །བླ་མའི་ཐུགས་རྗེས་མ་ཤི་ན། །སོས་དལ་སྡོད་རྒྱུ་ག་ན་ཡོད། །སྙམ་དུ་ཆོས་ལ་འབད་པར་མཛོད། །དེ་སྐད་སྨྲས་པ་ཐོས་ཚད་ཀྱིས། །ཚེ་འདི་བློ་ཡིས་ཐོངས་པར་ཤོག །ཅེས་བླངས་པས། དེར་འཚོགས་པ་ཐམས་ཅད་ཀྱི་མཚང་ལ་ཕོག་ནས།

p. 711

གསུང་དེ་བདེན་པར་འདུག་སྙམ། འཆི་བ་ཡང་ཡང་དྲན་པར་བྱས་པས་ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་རྒྱུད་ལ་སྐྱེས་ནས། ཚེ་བློས་ཐོངས་མཁན་གྱི་བྱ་བཏང་རྣལ་འབྱོར་ཕོ་མོ་མང་པོ་བྱུང་ངོ་། །ཡང་ཉིན་གཅིག་བསམ་པ་དཀར་ཞིང་ཆོས་ལ་མོས་པ། གཏོང་ཕོད་ཆེ་ཞིང་སྒྲུབ་ལ་བརྩོན་པའི་དགེ་སློང་ཡེ་ཤེས་སྙན་གྲགས་ཀྱིས་གསེར་དངུལ་གཉིས་ལས་གྲུབ་པའི་མཎྜལ་ཏོག་དང་བཅས་པ་ཕུལ་ནས། ཞལ་གདམས་དགོས་ཚུལ་གྱི་ཚིགས་བཅད་འདི་ཕུལ་ལོ། །ཚོགས་གཉིས་རབ་རྫོགས་སྐུ་བཞིའི་བདག་ཉིད་ཀྱི། །དྲུག་པ་རྡོ་རྗེ་འཆང་དང་དབྱེར་མེད་པའི། །རང་དོན་མངོན་གྱུར་གཞན་རྒྱུད་ཉོན་མོངས་ཀྱིས། །འཆིང་བ་གྲོལ་མཛད་ཁྱེད་ལ་གུས་ཕྱག་འཚལ། །སྣང་སྲིད་ལོངས་སྤྱོད་སྒྲུབ་པའི་མཆོད་པ་འབུལ། །མི་དགེ་སྡིག་པ་བྱས་ཚད་མཐོལ་ལོ་བཤགས། །འགྲོ་དོན་རྒྱུན་མི་འཆད་ལ་རྗེས་ཡི་རང་། །ཆོས་འཁོར་རྒྱ་ཆེན་སྐོར་ཞེས་གསོལ་བ་འདེབས། །སྐུ་ཚེ་བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །དགེ་ཚོགས་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །ཕ་རྗེ་དམ་པ་ཁྱེད་ཀྱི་བཀའ་དྲིན་ལས། །བློ་ཁ་ཆོས་ལ་ཕྱོགས་པས་སྐྱིད་འགོ་ཚུགས། །བསམས་ན་སྐུ་དྲིན་འཁོར་ཐབས་ག་ལ་ཡོད། །སྔོན་ཆད་ཟབ་རྒྱས་གདམས་པ་མང་གསུངས་ཀྱང་། །ད་དུང་རང་སྐྱོན་ངན་པ་མ་ཐོན་འདུག །རང་སྐྱོན་ཐོན་པའི་ཞལ་གདམས་བསྩལ་དུ་གསོལ། །ཞེས་ཕུལ་བའི་ལན་དུ། འོ་སྐྱོན་ཐམས་ཅད་ཚེ་བློས་མ་ཐོངས་ན་འོངས་པས་ཚེ་བློས་ཐོངས་ཞེས་ཚེ་འདིའི་

p. 712

མི་ནོར་ཟས་གསུམ་འཇིག་རྟེན་བྱ་བཞག་བློས་གཏོང་ཚུལ་གྱི་ཞལ་གདམས་འདི་བྱིན་ཆོས་རྗེ་བླ་མའི་ཞབས་ལ་འདུད། །ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །དམ་ཆོས་སྙིང་ནས་མཛད་འདོད་པའི། །དམ་ལྡན་སྙིང་གི་སློབ་མ་ལགས། །ཕ་ཡུལ་ཆགས་སྡང་འབྱུང་ཁུངས་ཡིན། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་སྐྱུར། །ཆང་ནི་ཉེས་པའི་རྩ་བ་ཡིན། །ཧུབ་གང་ཙམ་ཡང་མ་འཐུང་ཞིག །སྡིག་ཟས་ཕ་མའི་ཤ་ཁྲག་ཡིན། །ཤི་ཤ་ཡིན་ཡང་མ་ཟ་ཞིག །སྐྱོན་གྱི་ཆེ་ཤོས་བུད་མེད་ཡིན། །ནམ་ཡང་འཁོར་དུ་མ་བསྟེན་ཅིག །ཆགས་ཞེན་འཁོར་བའི་རྩ་བ་ཡིན། །ལྟོ་གོས་ཆགས་ཞེན་མ་ཆེ་ཞིག །སེར་སྣས་ཡི་དྭགས་གནས་སུ་སྐྱེས། །ནོར་ལ་སེར་སྣ་མ་བྱེད་ཅིག །དམྱལ་བའི་ས་བོན་ཞེ་སྡང་ཡིན། །དོན་མེད་ཁོང་ཁྲོ་མ་ལྡང་ཞིག །རྣམ་རྟོག་མང་པོ་བདུད་ཀྱི་ལས། །རྣམ་པར་མི་རྟོག་ཡེ་ཤེས་སྐྱོངས། །ཆོས་ཀྱི་སྙིང་པོ་སྙིང་རྗེ་ཡིན། །དེའི་ཕྱིར་འདི་ལ་ནན་ཏན་མཛོད། །དེ་ལྟར་བྱས་ན་གནས་སྐབས་བདེ། །མཐར་ཐུག་སངས་རྒྱས་འཐོབ་པར་འགྱུར། །ཞེས་སྨྲས་པས་ཁོ་རང་གི་ལུས་ནད་སེམས་ཀྱི་སྡུག་བསྔལ་སོགས། སྐྱོན་གང་ཡོད་ཐམས་ཅད་རང་བཞིན་ཤུགས་ཀྱིས་ཐོན་ནས་ལུས་སེམས་ལ་དགའ་བདེ་རྒྱུན་མི་འཆད་དུ་བྱུང་། ཚེ་བློས་བཏང་གི་སློབ་མ་ཉམས་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་གཞན་དོན་ནུས་པའི་ཆོས་པ་ཕུན་སུམ་ཚོགས་པ་ཞིག་བྱུང་ངོ་། །དེ་ཡང་ལུང་རྟོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པའི་སྐལ་ལྡན་སྙིང་གི་བུ་ཆེན་ཕུག་བྲག་མཁན་པོས་གསེར་དངུལ་སོགས་དངོས་པོ་

p. 713

གང་ཡོད་ཕུལ་ནས་གནས་ཆེན་འདིར་སྐུ་གཟུགས་བདེ་བ་དང་ཐུགས་དམ་འཕེལ་པོ་ཨེ་བྱུང་ཟེར་བའི་ལན་དུ། ལུས་སེམས་བདེ་ཞིང་དགེ་སྦྱོར་འཕེལ་ཚུལ་གྱི་མགུར་དབྱངས་འདི་བླངས་སོ། །སངས་རྒྱས་ལས་ཀྱང་དྲིན་ཆེ་བའི། །ཆོས་རྒྱལ་ངག་གི་དབང་པོ་ལ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །གྲུབ་ཐོབ་གོང་མ་བཞུགས་པའི་ཤུལ། །དཔའ་བོ་མཁའ་འགྲོ་འདུ་བའི་ཞིང་། །ལ་ཕྱི་གངས་ཀྱི་ར་བ་ཡི། །དབེན་གནས་བདུད་འདུལ་ཕུག་པ་ན། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ང་། །ལུས་ལ་ན་ཚ་མེད་པས་བདེ། །ངག་ལ་འགག་པ་མེད་པས་བདེ། །སེམས་ལ་སྡུག་བསྔལ་མེད་པས་བདེ། །བླ་མ་དམ་པའི་བྱིན་རླབས་ཀྱིས། །ལུས་ལ་གཏུམ་མོའི་བདེ་དྲོད་འབར། །ངག་ལ་གླུ་དབྱངས་རང་བརྡོལ་བྱུང་། །སེམས་ལ་ཉམས་རྟོགས་ཉི་མ་ཤར། །གནས་ཆེན་འདི་ཡི་བྱིན་རླབས་ཀྱིས། །ཉོན་མོངས་རྣམ་རྟོག་རང་འགག་ནས། །བདེ་གསལ་མི་རྟོག་ཡེ་ཤེས་ཀྱི། །ངང་དུ་ལྷན་ལྷན་འགྲོ་བ་བྱུང་། །སྒྲིབ་མེད་ཕྱི་ནང་ཟང་ཐལ་གྱི། །མཉམ་བཞག་མེ་ལོང་ལྟ་བུ་ལ། །དག་པའི་སྣང་བ་ཅི་ཡང་ཤར། །ཨེ་མ་རྨད་བྱུང་སྐལ་བ་བཟང་། །ཚེ་འདིར་བདེ་ཞིང་སྐྱིད་འདོད་ཅིང་། །ཕྱི་མར་ཕན་པའི་ཆོས་འདོད་པའི། །སྐལ་ལྡན་ཡོད་ན་གནས་འདིར་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །དེ་སྐད་སྨྲས་པའི་དགེ་བའི་མཐུས། །འགྲོ་ཀུན་བདེ་ཞིང་སྐྱིད་པ་དང་། །སྐྱིད་པའི་སྒོ་ནས་ཆོས་བྱས་ཏེ། གཏན་དུ་བདེ་བ་འཐོབ་པར་ཤོག །ཅེས་སྨྲས། དེ་ནས་ཁྱེད་ཀྱང་ཕུག་

p. 714

བྲག་ནས་སྐུ་གཟུགས་བདེ་མོ་ཨེ་བྱུང་དྲིས་པའི་ལན་དུ་འདི་སྐད་ཅེས་ཕུལ་བྱུང་། མཁྱེན་བརྩེའི་མངའ་བདག་དྲིན་ཅན་རྗེ། །སྐུ་བདེ་གསུང་སྙན་ཐུགས་དམ་འཕེལ། །གནས་འདིར་བསྟན་པའི་རྒྱལ་མཚན་བཙུགས། །འགྲོ་དོན་མཛད་པ་བཀའ་དྲིན་ཆེ། །ཕྲན་ཀྱང་བླ་མའི་བཀའ་དྲིན་གྱིས། །ལུས་པོ་ཤིན་ཏུ་བདེ་ན་ཡང་། །ཚེ་འདི་བློ་ཡིས་མ་ཐོངས་པས། །སེམས་ལ་བདེ་རྒྱུ་ཆེར་མ་བྱུང་། །གང་མ་ཡོག་པར་དོ་ཟ་བཞིན། །རང་དོན་མ་གྲུབ་གཞན་དོན་བྱས། །ཕ་རྒན་ནོར་གྱི་འདོད་པས་གདུངས། །བདག་ལ་སྙད་འཚོལ་མང་པོ་བྱས། །བདག་ཀྱང་སྐྱོ་བ་གཏིང་ནས་སྐྱེས། །མགོན་ཁྱོད་དྲན་ནས་གནས་འདིར་འོངས། །ད་ནི་བླ་མའི་བཀའ་བཞིན་དུ། །ཚེ་འདིའི་བྱ་བ་བློ་ཡིས་གཏོང་། །གྲོང་ཡུལ་དགོན་པ་ཀུན་སྤངས་ནས། །མི་མེད་ལུང་སྟོང་དབེན་པ་འགྲིམས། །དམ་པ་གོང་མའི་རྣམ་ཐར་བཞིན། །དམ་ཆོས་ཟབ་མོ་ཉམས་སུ་ལེན། །དཔལ་ལྡན་བླ་མ་ཐུགས་རྗེ་ཅན། །ཚེ་བློས་ཐོངས་པའི་དངོས་གྲུབ་སྩོལ། །རི་ཁྲོད་ཟིན་པའི་བྱིན་གྱིས་རློབས། །བསམ་དོན་འགྲུབ་པའི་སྨོན་ལམ་འཚལ། །ཞེས་ཕུལ་བའི་ལན་དུ། རྒྱལ་བ་གོང་མའི་རྣམ་ཐར་ལྟར་ཚེ་བློས་བཏང་ནས་རི་ཁྲོད་འགྲིམས་ན་ཕན་ཡོན་ཆེ་ཚུལ་གྱི་གླུ་འདི་བླངས་སོ།། །།ཚེ་འདིའི་བྱ་བ་བློས་ཐོངས་པའི། །བླ་མ་གོང་མ་རྣམས་ལ་འདུད། །རྗེས་འཇུག་སློབ་མ་ཐམས་ཅད་ཀྱིས། །ཚེ་བློས་ཐོངས་པར་བྱིན་གྱིས་རློབས། །ལུང་རྟོགས་ཡོན་ཏན་དུ་མ་དང་། །ལྡན་པའི་མཁས་པའི་དབང་པོ་ཁྱོད། །ཚེ་འདི་བློ་ཡིས་གཏོང་སྙམ་པ། །ཐུགས་ལ་ཤར་བ་ངོ་མཚར་ཆེ། །ཚེ་འདིའི་བྱ་བ་བློས་བཏང་

p. 715

ན། །ཆོས་ཀྱི་ཕྱེད་ཀ་ཚར་བ་ཡིན། །ཚེ་འདིའི་བྱ་བ་བློས་བཏང་ན། །སྐྱིད་ཀྱི་འགོ་དེ་ཚུགས་པ་ཡིན། །ཚེ་འདིའི་བྱ་བ་བློས་བཏང་ན། །སྡུག་བསྔལ་མྱང་འཕྲོ་ཆད་པ་ཡིན། །ཚེ་འདིའི་བྱ་བ་བློས་བཏང་ན། །སྡོམ་པ་དམ་ཚིག་གཙང་བ་ཡིན། །ཚེ་འདིའི་བྱ་བ་བློས་བཏང་ན། །ཕན་སེམས་ཤུགས་ཀྱིས་འབྱུང་བ་ཡིན། །ཚེ་འདིའི་བྱ་བ་བློས་བཏང་ན། །ཚེ་གཅིག་སངས་རྒྱས་འཐོབ་པ་ཡིན། །ཚེ་འདིའི་བྱ་བ་བློས་བཏང་ན། །འགྲོ་དོན་རྒྱ་ཆེན་འབྱུང་བ་ཡིན། །ཚེ་བློས་བཏང་བའི་ཕན་ཡོན་ནི། །བཤད་ན་བརྗོད་ཀྱིས་མི་ལང་བས། །དེའི་ཕྱིར་དགེ་བའི་བཤེས་གཉེན་ཁྱེད། །ཚེ་བློས་ཐོངས་ལ་ཉམས་ལེན་མཛོད། །འབྲེལ་ཚད་དོན་ལྡན་སྐྱེས་བུ་ཁྱོད། །ཚེ་འདིའི་བྱ་བ་བློས་བཏང་ནས། །མི་མེད་ལུང་སྟོང་འགྲིམས་ནུས་ན། །སྔར་བས་ལྷག་པར་ངོ་མཚར་ཆེ། །མི་མེད་ལུང་བ་སྟོང་བ་ན། །སྡོད་ས་སྒྲུབ་ཕུག་ཉམས་དགའ་ཡོད། །མི་མེད་ལུང་བ་སྟོང་བ་ན། །སྐྱོ་རོགས་བྱ་དང་རི་དྭགས་ཡོད། །མི་མེད་ལུང་བ་སྟོང་བ་ན། །ཁ་ཟས་ཤིང་ཐོག་སྔོ་ཚོད་ཡོད། །མི་མེད་ལུང་བ་སྟོང་བ་ན། །འཁོར་འདས་བརྗེ་བའི་ཚོང་འདུས་ཡོད། །མི་མེད་ལུང་བ་སྟོང་བ་ན། །དགའ་བདེ་གཉིས་ཀྱི་གཏེར་ཁ་ཡོད། །མི་མེད་ལུང་བ་སྟོང་བ་ན། །དཔའ་བོ་མཁའ་

p. 716

འགྲོའི་འདུ་ས་ཡོད། །མི་མེད་ལུང་བ་སྟོང་བ་ན། །ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཡོད། །མི་མེད་ལུང་བ་སྟོང་བ་ན། །དམ་པ་གོང་མའི་གདན་ས་ཡོད། །མི་མེད་ལུང་བ་སྟོང་བ་ན། །ཉམས་དགའི་ལྟད་མོ་སྣ་ཚོགས་ཡོད། །མི་མེད་ལུང་བ་སྟོང་བ་ཡི། །ཡོན་ཏན་བ ཤད་ན་བརྗོད་མི་ལང་། །དེའི་ཕྱིར་རྒྱལ་བའི་སྲས་པོ་ཁྱོད། །ལུང་སྟོང་འགྲིམས་ལ་ཉམས་ལེན་མཛོད། །ཅེས་སྨྲས་པས། ཁོང་གིས་ཀྱང་ཚེ་བློས་བཏང་ནས་མི་མེད་དབེན་པའི་རི་སུལ་རྣམས་སུ་ཟབ་རྒྱས་ཆོས་ཀྱི་ཉམས་ལེན་མཛད་པས། ཉམས་རྟོགས་མཐའ་རུ་ཕྱིན་ནས། ཉམ་ཐག་འགྲོ་བ་ཡོངས་ལ་ཕན་ཐོགས་པའི་དགེ་བའི་བཤེས་གཉེན་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་བྱུང་ངོ་། །ཡང་སྐབས་ཤིག་སྐལ་ལྡན་སློབ་མ་བརྒྱ་ཕྲག་མང་པོ་ལ་བློ་སྦྱོང་དོན་བདུན་མ་དང་། ཡང་དེ་ཉིད་བདག་གིས་རྒྱལ་སྲས་རིན་པོ་ཆེ་ལ་སོགས་པའི་དམ་པ་གོང་མའི་གསུང་བགྲོས་གཏམ་རྒྱུད་དང་སྦྱར་ནས་བརྩམས་པའི་རྒྱལ་སྲས་སྤྲུལ་པའི་གླེགས་བམ་གྱི་ལུང་ཁྲིད་ཉི་མ་མང་པོར་བྱས་པའི་མཇུག་ཏུ་ཀུན་གྱིས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར། ཞལ་གདམས་བདུད་རྩིའི་ཐིགས་པ་འདི་བྱིན་ནོ། །བླ་མ་མཆོག་གསུམ་ཡི་དམ་ལྷར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདེ་སྐྱིད་འགྲོ་ལ་ཕན་ལས་བྱུང་། །སྡུག་བསྔལ་གནོད་པ་བྱས་ན་ཡོང་། །གཞན་ལ་གནོད་པ་བྱེད་པ་དེ། །རང་ལ་གནོད་པ་བྱས་པ་འདྲ། །གཞན་ལ་ཕན་ཐོགས་བྱེད་པ་དེ། །རང་ལ་ཕན་ཐོགས་བྱས་པ་འདྲ། །གཞན་གྱི་སྐྱོན་

p. 717

མཚང་འབྲུ་བ་དེ། །རང་གི་སྐྱོན་མཚང་བྲུས་པ་འདྲ། །གཞན་གྱི་ཡོན་ཏན་བརྗོད་པ་དེ། །རང་གི་ཡོན་ཏན་བརྗོད་པ་འདྲ། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་སྨིན་པར་འགྱུར། །དེ་ཕྱིར་དུས་རྣམས་ཐམས་ཅད་དུ། །བླ་མ་དམ་པའི་བཀའ་ཆོས་ལྟར། །གཞན་ལ་གནོད་འཚེ་མི་བྱ་ཞིང་། །ཕན་བདེའི་ཐབས་ལ་འབད་པར་བྱ། །གཞན་གྱིས་གནོད་པ་ཅི་བྱས་ཀྱང་། །རང་གི་སེམས་ལ་འཇོག་མི་བྱ། །གནོད་ལན་འཇལ་བའི་དུས་བྱུང་ཀྱང་། །འཇལ་བར་མི་བྱ་སྙིང་རྗེ་སྒོམས། །གཞན་གྱིས་ཚིག་རྩུབ་སྨྲས་ན་ཡང་། །ལན་དུ་ཚིག་ངན་སྨྲ་མི་བྱ། །ཞ་ར་སྡོམ་ཤོར་ལ་སོགས་པའི། །གཞན་གྱི་སྐྱོན་མཚང་འབྲུ་མི་བྱ། །གཞན་གྱི་ཉེས་པ་ཤེས་ན་ཡང་། །འདི་ཡིས་ལན་ཞེས་བརྗོད་མི་བྱ། །རང་ལ་འབབ་པའི་ཁག་ངན་རྣམས། །གཞན་གྱི་ཐོག་ཏུ་བསྒྱུར་མི་བྱ། །རང་གི་མི་འདོད་དགྲ་ལ་སོགས། །ཤི་ན་སྙམ་པ་བསམ་མི་བྱ། །དགྲ་གཉེན་བར་མའི་སེམས་ཅན་གྱི། །ཡོན་ཏན་མཐོང་ཚད་བརྗོད་པར་བྱ། །མི་མང་ནང་ནས་རང་གི་མཚང་། །གཞན་གྱིས་བྲུས་ཀྱང་ཁྲོ་མི་བྱ། །རང་གི་ཟས་ནོར་ལོངས་སྤྱོད་རྣམས། །གཞན་གྱིས་ཁྱེར་ཡང་འཁོན་མི་བཙལ། །རང་གིས་བུ་བཞིན་བསྐྱངས་པའི་མིས། །དགྲ་བཞིན་བལྟ་རུང་བྱམས་པར་བྱ། །མ་ལན་བཞིན་དུ་བཀྱིགས་བརྡུང་སོགས། །བྱེད་མཁན་བྱུང་རུང་བཟོད་པ་སྒོམས། །མ་ཉེས་ཁ་གཡོག་ཅི་བྱུང་ཡང་། །སྔོན་གྱི་ལས་ཡིན་ལན་མི་བྱ། །ནག་ཆང་བརྐུས་རྫུན་མ་བྱས་པར། །བྱས་འདུག་ཟེར་རུང་

p. 718

ཁྲོ་མི་བྱ། །གཞན་གྱིས་ཟེར་ཚད་བདེན་དོགས་མེད། །ཅི་འདྲ་ཟེར་ཡང་ཟེར་དུ་ཆུག །མི་སྙན་བརྒྱ་ཐོས་སྟོང་ཐོས་ཀྱང་། །དེ་ལ་རྩད་གཅོད་མ་བྱེད་ཅིག །མི་འདོད་བརྒྱ་བྱེད་སྟོང་བྱེད་རུང་། །དེ་ལ་སྣང་རྟོག་མ་མཛད་ཅིག །ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་ཕམ་ཁ་རང་གིས་ལོངས། །མཚན་དཔེས་བརྒྱན་པའི་གཟུགས་སྐུའི་རྒྱུ། །བཟོད་པ་ཡིན་པས་ནན་ཏན་མཛོད། །དེ་ལྟར་མཛད་མཁན་ཐམས་ཅད་ལ། །ཡོད་དགོས་ཐམས་ཅད་རྗེས་ན་ཡོད། །གནས་སྐབས་བདེ་སྐྱིད་སྙན་གསུམ་འབྱུང་། །མཐར་ཐུག་སངས་རྒྱས་འཐོབ་པར་འགྱུར། །གླུ་འདི་མཐོང་ཐོས་དྲན་རེག་ཀུན། །བླ་མེད་བྱང་ཆུབ་མྱུར་འཐོབ་ཤོག །ཅེས་སྨྲས་པས། དེ་ལྟར་ཀུན་གྱིས་ཉམས་སུ་བླངས་པས། མཐར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་ལྟར་སྙིང་རྗེ་རྩ་བ་ཅན་གྱི་བདག་པས་གཞན་གཅེས་ཀྱི་བློ་བཅོས་མ་མ་ཡིན་པ་རྒྱུད་ལ་འབྱོངས་ནས་ཁེ་རྒྱལ་གཞན་ལ་གཏོང་ཞིང་། ཕམ་ཁ་རང་གིས་ལེན་ནུས་པའི་ཆོས་པ་ཤ་སྟག་བྱུང་ངོ་། །ཡང་དེའི་དུས་སུ་བླ་མ་ལ་མོས་གུས་ཆེ་བའི་སློབ་བུ་བསྟན་འཛིན་ཉི་མས་ཞལ་གདམས་དེ་ལ་སོགས་བླ་མའི་བཀའ་ལ་བལྟས་ནས་རང་གི་རྒྱུད་ལ་ཞུ་དག་བྱས་པས། མི་མཐུན་པ་མང་པོ་བྱུང་ཚེ། སེམས་སྐྱོ་བའི་ཤུགས་ཀྱིས་ཚིགས་སུ་བཅད་པ་འདི་བྲིས་ནས་ཕུལ་བྱུང་། །མཆོག་གསུམ་ཐུགས་རྗེའི་བདག་ཉིད་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོའི་ངང་ནས་འདུད། །དུག་གསུམ་དབང་སོང་སློབ་བུ་བ སྟན་འཛིན་ལ། །གསང་གསུམ་ཡོན་ཏན་མེད་ཚུལ་འདི་སྐད་ཞུ། །བླ་མ་

p. 719

སངས་རྒྱས་དངོས་སུ་མཐོང་ལགས་ཀྱང་། །ཞལ་གདམས་བདུད་རྩིའི་ཐིགས་པ་ལ་སོགས་པའི། །གསུང་དང་རང་རྒྱུད་མཐུན་པ་དཀའ་མོར་གདའ། །ཀྱེ་མ་ལས་ངན་བདག་ལ་ཐུགས་རྗེས་གཟིགས། །དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན་ལ། །དོན་ལྡན་སྙིང་པོ་ལེན་དགོས་ཤེས་ན་ཡང་། །དོན་མེད་ཆོས་བརྒྱད་བཙན་པོའི་དབང་དུ་སོང་། །ཀྱེ་མ་སྟོང་ལོག་མཁན་ལ་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་བསམ་ཚུལ་ཤེས་ན་ཡང་། །རྟག་འཛིན་མཁན་པོའི་མགོ་འཕང་ཇེ་མཐོར་སོང་། །མི་རྟག་བསྒོམ་པ་ལམ་དུ་མ་བརྒྱུགས་འདུག །ཀྱེ་མ་སྡུག་མྱོང་བདག་ལ་ཐུགས་རྗེས་གཟིགས། །འདོད་ཡོན་འཁོར་བའི་ཉེས་དམིགས་ཤེས་ན་ཡང་། །སྒོ་གསུམ་བྱ་བྱེད་སྡིག་པའི་དབང་དུ་སོང་། །དད་ཟས་གཤིན་ཟས་མཐོང་ཚེ་བརྣབ་སེམས་སྐྱེས། །ཀྱེ་མ་དཀོར་རྐྱལ་བདག་ལ་ཐུགས་རྗེས་གཟིགས། །སྤྲོས་བྲལ་རང་སེམས་ངོ་བོ་སྟོང་གསལ་གྱི། །སྐྱོང་ཚུལ་ཁྱེད་ཀྱི་གསུང་བཞིན་གོ་ན་ཡང་། །བདག་པས་གཞན་གཅེས་བྱང་སེམས་མ་འབྱོངས་འདུག །ཀྱེ་མ་རང་འདོད་ཅན་ལ་ཐུགས་རྗེས་གཟིགས། །རྗེ་བཙུན་གྲུབ་དབང་མཆོག་གི་སྙན་ལམ་དུ། །སྐལ་ལྡན་སློབ་མའི་ཚོགས་ཀྱིས་བཟང་

p. 720

རྟོགས་འབུལ། །བུ་ངན་བསྟན་འཛིན་ཉི་མ་སྙིང་རུལ་ངས། །ཉོན་མོངས་ངན་རྟོགས་འབུལ་བ་ཡ་རེ་ང་། །ད་ནི་ཁྱེད་གསུང་བློ་སྦྱོང་མཆོག་གྱུར་པ། །བདུད་རྩིའི་ཐིགས་པ་ཞེས་བྱའི་ཚིག་དོན་རྣམས། །ཉམས་ལེན་བྱེད་འདོད་འདུན་པ་གཏིང་ནས་ཡོད། །བཀའ་བཞིན་བསྒྲུབ་ཚེ་མཐར་སོན་སྐྱབས་འཇུག་མཁྱེན། །ཞེས་ཕུལ་བའི་ལན་དུ། སྙིང་རྗེ་ཆེན་པོའི་སྒོ་ནས་དུས་རྟག་ཏུ་ཁེ་རྒྱལ་གཞན་ལ་བྱིན་ནས། ཕམ་ཁ་རང་གིས་ལེན་ནུས་པའི་བྱང་ཆུབ་སེམས་དཔའ་ཞིག་བྱེད་འདོད་ན། ཐོག་མར་ཚེ་བློས་བཏང་ནས་རི་ཁྲོད་དབེན་པའི་གནས་སུ་གཅིག་པུར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱོངས་དང་། འབྱོངས་ཚེ་དེ་ལྟར་འོང་ཞེས་གཅིག་པུར་དབེན་པར་བསྡད་པའི་ཡོན་ཏན་གྱི་མགུར་འདི་བླངས་སོ། །གཅིག་པུར་བྱང་ཆུབ་སེམས་བསྒོམས་པའི། །སྒོམ་ཆེན་རྣམས་ལ་གུས་པས་འདུད། །དབེན་པའི་གནས་སུ་གཅིག་པུར་བསྡད། །བྱང་སེམས་བསྒོམ་པར་བྱིན་གྱིས་རློབས། །མོས་གུས་ཆེ་བའི་སློབ་བུ་ཁྱོད། །སྙིང་ནས་བྱང་ཆུབ་སེམས་བསྒོམ་ན། །མི་རྟག་འདོད་ཡོན་ཉེས་དམིགས་སོམས། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །ལྟོ་གོས་ངན་ངོན་གང་བྱུང་སྟེན། །དབེན་པར་གཅིག་པུར་འདུག་པ་གཅེས། །གཅིག་པུར་བསྡད་ན་འགལ་རྐྱེན་མེད། །གཅིག་པུར་བསྡད་ན་མཐུན་རྐྱེན་འབྱོར། །གཅིག་པུར་བསྡད་ན་སྣང་བ་བདེ། །གཅིག་པུར་བསྡད་ན་དགེ་སྦྱོར་འཕེལ། །གཅིག་པུར་བསྡད་ན་དད་གུས་སྐྱེ། །གཅིག་པུར་བསྡད་ན་དམ་ཚིག་གཙང་།། གཅིག་པུར་བསྡད་ན་ཉོན་མོངས་ཐུལ། །གཅིག་པུར་བསྡད་

p. 721

ན་ངེས་འབྱུང་སྐྱེ། །གཅིག་པུར་བསྡད་ན་བརྩོན་འགྲུས་འབྱུང་། །གཅིག་པུར་བསྡད་ན་བྱང་སེམས་འབྱོངས། །གཅིག་པུར་བསྡད་ན་མཁའ་འགྲོ་འདུ། །གཅིག་པུར་བསྡད་ན་ཆོས་སྐྱོང་འཁོར། །གཅིག་པུར་བསྡད་ན་ཉམས་རྟོགས་འཆར། །གཅིག་པུར་བསྡད་ན་སངས་རྒྱས་འཐོབ། །གཅིག་པུར་བསྡད་ན་འགྲོ་དོན་འོང་། །གཅིག་པུར་བསྡད་པའི་ཡོན་ཏན་ནི། །བཤད་ན་བརྗོད་ཀྱིས་མི་ལང་བས། །དེ་ཕྱིར་བསྟན་འཛིན་ཉི་མ་ཁྱོད། །དྲང་སྲོང་བསམ་གཏན་བསྒོམ་པ་བཞིན། །བྱང་ཆུབ་སེམས་གཉིས་མ་འབྱོངས་པར། །གཅིག་པུར་སྡོད་ལ་ཉམས་ལེན་རེམ། །ཞེས་སྨྲས་པས། ཁོང་གིས་དབེན་པའི་གནས་སུ་གཅིག་པུར་བྱང་ཆུབ་ཀྱི་སེམས་བསྒོམས་པས་རིང་བོར་མི་ཐོགས་པར་མྱུར་དུ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་ནས། བདག་གཞན་བདེ་སྡུག་འབྱེད་ནུས་པའི་བྱང་ཆུབ་སེམས་དཔའ་ཞིག་བྱུང་ངོ་། །དེ་ཡང་ཉིན་གཅིག་བསམ་པ་བཟང་ཞིང་ཤེས་རྒྱུད་འཇམ་པའི་ཚེ་བློས་བཏང་གི་སློབ་མ་དགེ་སློང་ཡེ་ཤེས་ཀྱིས་རིན་ཆེན་གཉིས་པའི་འཁོར་ལོ་སྲང་གང་ལྷ་རྫས་དྲི་མེད་ཕྱག་དང་བཅས་ཏེ། ཞལ་གདམས་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་པ་འདི་ཕུལ་ལོ། །མཚན་ལྡན་བླ་མ་རིན་པོ་ཆེ། །བརྩེ་བས་བདག་ལ་ཅུང་ཟད་དགོངས། །རབ་ཏུ་གུས་པས་ཕྱག་དང་བཅས། །རྗེ་བཙུན་སྙན་དུ་འདི་སྐད་ཞུ། །སྔོན་ཆད་བདག་སོགས་གུས་སློབ་ལ། །བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ། །མི་སློབ་ཟུང་འཇུག་བར་རྣམས་ཀྱི། །སོ་སོའི་ས་

p. 722

བཅད་གོ་རིམ་དང་། །དེ་དང་དེ་ཡི་དགོངས་འགྲེལ་རྣམས། །རྒྱ་ཆེ་གསལ་ལ་གོ་བདེ་སོགས། །ལན་གྲངས་དུ་མར་བཀའ་དྲིན་བསྩལ། །ཁྱད་པར་དབུ་རྫོགས་ཕྱག་ཆེན་དང་། །འཕོ་རླུང་གཅོད་གསུམ་གདམས་ངག་སོགས། །ཟབ་དང་རྒྱ་ཆེའི་གདམས་པ་རྣམས། །ཀུན་ལ་བརྩེ་བ་ཆེན་པོའི་སྒོས། །བསྩལ་བ་བཀའ་དྲིན་ཤིན་ཏུ་ཆེ། །ད་དུང་བདག་འདྲའི་སློབ་མ་ལ། །རང་ཉིད་གཅེས་པར་འཛིན་པའི་ནད། །འཚོ་བར་བྱེད་པའི་སྨན་མཆོག་དང་། །དུག་གསུམ་དགྲ་བོ་སྒྲོལ་བྱེད་ཀྱི། །མན་ངག་མཚོན་ཆ་ངར་མ་དང་། །འདྲ་བ་བརྩེ་བས་གནང་བར་ཞུ། །འདི་ནང་བླུན་པོའི་ཞུ་ཚིག་ལ། །འགལ་འཁྲུལ་གང་མཆིས་སྤྱན་སྔར་བཤགས། །དགེ་ཚོགས་བདག་དང་སེམས་ཅན་རྣམས། །བླ་མས་རྗེས་སུ་འཛིན་ཕྱིར་བསྔོ། །རྗེས་སུ་བཟུང་ནས་ཚེ་རབས་ཀུན། །ཁྱོད་མཉེས་འབའ་ཞིག་བྱེད་པར་ཤོག །ཅེས་ཕུལ་བའི་ལན་དུ། འོ་བདག་འཛིན་གྱི་ནད་སེལ་བའི་སྨན་དང་། དུག་གསུམ་དགྲ་བོ་སྒྲོལ་བའི་གདམས་པའི་མཚོན་ཆའི་མཆོག་ཏུ་གྱུར་པ་ནི། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཡིན་ཞེས་དོན་དམ་བྱང་ཆུབ་སེམས་ཀྱི་གླུ་འདི་བླངས་སོ། །ན་མོ་གུ་རུ། ཕྱི་ཡི་སྣང་བ་རྨི་ལམ་བཞིན། །སྣང་སྟོང་སེམས་སུ་ངོ་འཕྲོད་ཅིང་། །ནང་གི་སེམས་ཉིད་སྟོང་སང་ངེ་། །ནམ་མཁའ་ལྟ་བུར་ངོ་སྤྲོད་པའི། །བླ་མ་རྣམས་ལ་གསོལ་བ་འདེབས། །སེམས་ཀྱི་ངོ་སྤྲོད་དྲན་ཙམ་གྱིས། །སྟོང་ཉིད་ཡེ་ཤེས་རྗེན་སངས་ཀྱི། །རྒྱུད་ལ་འཆར་བར་བྱིན་གྱིས་རློབས། །གཟའ་གཏད་བྲལ་བའི་ཞལ་དཀར་པ། །

p. 723

གུ་ཡངས་ཡན་པ་བློ་བདེ་ངས། །སྟོང་ཉིད་སྙིང་རྗེ་དབྱངས་སུ་ལེན། །དགེ་སློང་ཡེ་ཤེས་མ་ཡེངས་ཉོན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །བར་སྣང་སྟོང་བའི་འཇའ་ཚོན་འདྲ། །རྒྱུ་རྐྱེན་རྟེན་འབྲེལ་འཚོགས་ལས་སྣང་། །ཇི་ལྟར་སྣང་ཡང་རང་བཞིན་མེད། །སེམས་ཉིད་ནམ་མཁའ་ལྟ་བུ་ཡི། །རྒྱུན་དུ་ཤར་བ་ངོ་མཚར་ཆེ། །སེམས་ནི་ཁ་དོག་དབྱིབས་དང་བྲལ། །བཙལ་ན་མི་རྙེད་སྟོང་བ་ཉིད། །རང་བབ་བཞག་ན་ས་ལེ་བ། །སྟོང་སངས་ནམ་མཁའ་ཡངས་པ་འདྲ། །དེ་ཡི་ངང་ལ་འཇོག་ཙ་ན། །ས་ལེ་ཧྲིག་གེ་རྗེན་ནེ་ཞོག །ནམ་ཡང་སྒྲིབ་མེད་ཟང་ཐལ་ལེ། །གཏད་མེད་གུ་ཡངས་ཡན་པར་ཞོག །དེ་ལྟར་མཉམ་པར་བཞག་ཙ་ན། །ཁྱབ་གདལ་ནམ་མཁའ་ལྟ་བུ་ཡི། །ངང་ནས་ཆོས་རྣམས་ས་ལེར་ཤེས། །ས་ལམ་ཡོན་ཏན་ཅི་ཡང་འབྱུང་། །དེ་ལྟར་མ་རྟོགས་འགྲོ་ལ་ཡང་། །ཚད་མེད་སྙིང་རྗེ་སྐྱེ་བར་འགྱུར། །སྟོང་ཉིད་སྙིང་རྗེ་འབྱོངས་ཙ་ན། །གཞན་དོན་ཤུགས་ཀྱིས་འགྲུབ་པར་འགྱུར། །གླུ་འདི་ཐོས་ཚད་ཤེས་རྒྱུད་ལ། །མཁའ་ལྟར་དྲི་མ་མེད་པ་ཡི། །སྟོང་ཉིད་ཡེ་ཤེས་མངོན་སུམ་དུ། །སྒྲིབ་མེད་ས་ལེར་འཆར་བར་ཤོག །ཅེས་སྨྲས་པ་བཞིན་བསྒྲུབས་པས་བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པའི་བྱང་ཆུབ་སེམས་དཔའ་རང་གཞན་གྱི་དོན་གཉིས་འགྲུབ་པ་ཞིག་བྱུང་ངོ་། །དེ་ནས་བསླབ་གསུམ་རྒྱན་ལྡན་སྐལ་ལྡན་སྙིང་གི་སློབ་བུ་སྦྱིན་པ་ནོར་བུས། ཉིན་གཅིག་བདག་དང་བདག་འདྲས་ཆོས་ཅི་བྱས་ཀྱང་

p. 724

སངས་རྒྱས་མཉེས་ཤིང་སེམས་ཅན་མགུ་བ་ཞིག་མི་འོང་བ་འདི་ཆོས་ཅི་ཞིག་གི་གནད་མ་ཤེས་པས་ལན་པ་ཡིན་ནམ་སྙམ་ནས་མནོ་བསམ་རྒྱ་ཆེན་པོ་བཏང་ཚེ། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ་གསུངས་པས། བླ་མའི་བཀའ་ལྟར་སེམས་ཅན་བཟང་ངན་འབྲིང་གསུམ་གང་ལའང་ཕྱོགས་རིས་མེད་པའི་སྙིང་རྗེ་ཆེན་པོ་ཞིག་རྒྱུད་ལ་མ་སྐྱེས་པས་ལན་འདུག་པར་གོ་ནས་ཞུ་དོན་འདི་ལྟར་ཕུལ་ལོ། །དགྲ་དང་གཉེན་ལ་ཁྱད་མེད་ཅིང་། །གསེར་དང་ས་རྡོ་ཁྱད་མེད་པས། །སྦས་པའི་སངས་རྒྱས་མི་གཟུགས་ཅན། །འབྲེལ་ཚད་དོན་ལྡན་ཞབས་དཀར་རྗེ། །སྐྱབས་མགོན་ཁྱེད་ཀྱི་ཐུགས་རྒྱུད་ལ། །སྙིང་རྗེ་ཆེན་པོ་ཡོད་སྟབས་ཀྱིས། །བྱམས་པའི་གཉེན་དང་སྡང་བའི་དགྲ། །གཉིས་ལ་ཁྱད་པར་འབྱེད་རྒྱུ་མེད། །དགྲ་གཉེན་བར་མ་ཐམས་ཅད་པོ། །དཔེར་ན་མ་ཡིས་བུ་བཞིན་སྐྱེང་། །ཁྱེད་ཀྱི་མཛད་པར་རྗེས་ཡི་རང་། །སངས་རྒྱས་དངོས་ཀྱི་དད་གུས་སྐྱེས། །བདག་ཅག་མ་རིག་དབང་དུ་སོང་། །སྙིང་རྗེ་མེད་པའི་ལ་ཡོགས་ཀྱིས། །གྲོགས་མཆེད་ལ་ཡང་བཟང་ངན་ཕྱེས། །ཉེ་རིང་ཆགས་སྡང་ཕྱོགས་རིས་ཀྱིས། །གཅིག་གིས་གཅིག་ལ་ལྐོག་ལབ་ཤོར། །སྙིང་རྗེ་ཆེན་པོ་མེད་སྟབས་ཀྱིས། །ཟས་གོས་ནོར་ལ་བདག་འཛིན་སྐྱེས། །ཁེ་རྒྱལ་གཞན་ལ་གཏོང་མ་ཐུབ། །ཕམ་ཁ་རང་གིས་ལེན་མི་ནུས། །སྔོན་ཆད་མ་ཤེས་མཐོལ་ལོ་བཤགས། །ཕྱིན་ཆད་བླ་མའི་བཀའ་བཞིན་དུ། །སྙིང་རྗེ་རྒྱུད་ལ་ཅི་སྐྱེས་བྱ། །སྐྱེ་ཐབས་ཚོགས་གསོག་སྒྲིབ་སྦྱོང་ལ། །འབད་བཞིན་སྙིང་རྗེ་བསྒོམ་པར་བྱ། །རྒྱུད་ལ་སྙིང་རྗེ་མ་

p. 725

སྐྱེས་བར། །ལོ་ཟླ་བགྲངས་ནས་བསྒོམ་པར་བྱ། །དེ་ཡང་ཉིན་མཚན་དུས་དྲུག་ཏུ། །བསྒོམ་པའི་དམ་བཅའ་དྲུང་དུ་འབུལ། །དྲིན་ཅན་བླ་མ་ཐུགས་རྗེ་ཅན། །སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་སྙིང་རྗེ་དང་། །ནམ་ཡང་འབྲལ་བ་མེད་པར་ཤོག །ཅེས་ཕུལ་བའི་ལན་དུ། འོ་དེ་ཡིན་ན་ཁྱོད་ཀྱིས་གོ་འདུག ཆོས་ཐམས་ཅད་ཀྱི་རྩ་བ་ཕར་དེད་ན་སྙིང་རྗེ་ཡིན། བླ་མ་དུས་གསུམ་སངས་རྒྱས་མཉེས་ཤིང་ཕ་མ་སེམས་ཅན་ཐམས་ཅད་མགུ་བར་འདོད་ན་ཆོས་གཞན་བསྒོམ་པ་རེ་ཞིག་ཞོག་ལ། སྙིང་རྗེ་འདི་ཀ་རང་སྒོམས་དང་བཟང་ཞེས་མགུར་དབྱངས་འདི་བླངས་སོ། །སྙིང་རྗེ་ཆེན་པོའི་གཏེར་མངའ་བའི། །བླ་མ་དུས་གསུམ་སངས་རྒྱས་དང་། །སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས། །ཁྱོད་ལ་རྟག་ཏུ་གུས་ཕྱག་འཚལ། །སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །སོར་གནས་བྱང་ཆུབ་སེམས་དཔའ་ཡི། །རིགས་ཅན་སྦྱིན་པ་ནོར་བུ་ཁྱོད། །ང་ལ་དད་གུས་ཆེ་སྟབས་ཀྱིས། །ཆོས་ཀྱི་རྩ་བ་གོ་ནས་འདུག །ཨེ་མ་སྐལ་ལྡན་སྙིང་གི་བུ། །ཕ་རྗེས་བུ་ཡིས་ཟིན་འདོད་ན། །ཕ་ངའི་སྙིང་གཏམ་འདི་ལ་ཉོན། །ཕྱི་རོལ་པ་ལ་མ་མཆིས་པའི། །ནང་པའི་ཁྱད་ཆོས་སྙིང་རྗེ་ཡིན། །སྙིང་རྗེ་མེད་པའི་ནང་པ་དེ། །ཕྱི་རོལ་པ་དང་ཁྱད་པར་མེད། །འཇིག་རྟེན་པ་ལས་ལྷག་པ་ཡི། །ཆོས་པའི་ཁྱད་ཆོས་སྙིང་རྗེ་ཡིན། །སྙིང་རྗེ་མེད་པའི་ཆོས་པ་དེ། །འཇིག་རྟེན་པ་ལས་ལོད་པ་ཡིན། །སྙིང་རྗེ་མེད་པའི་སྡིག་ཅན་མི། །གཤིན་རྗེ་རྣམས་དང་ཁྱད་པར་མེད། །སྙིང་རྗེ་

p. 726

མེད་ན་མཆེད་གྲོགས་ལའང་། །མི་འཆམ་འཁོན་འཛིང་རྒྱག་རེས་བྱེད། །སྤྲང་པོ་རྣམས་ལ་སྒོ་རྩམ་ཀྱང་། །མི་སྟེར་ཁ་ངན་རྒྱག་པ་མང་། །སྙིང་རྗེ་མེད་པའི་སྟོང་ཉིད་དེ། །བདག་པོ་མེད་པའི་ཁང་སྟོང་འདྲ། །ཅི་ཙམ་བསྒོམས་ཀྱང་སྡུག་གྱོང་ཡིན། །བླ་མེད་བྱང་ཆུབ་ཐོབ་མི་འགྱུར། །སྙིང་རྗེ་མེད་པའི་ཆོས་པ་དེ། །སུ་ཡིས་མཐོང་ཀྱང་ཡིད་མི་འོང་། །སྙིང་རྗེ་མེད་པའི་སྒོམ་ཆེན་ལ། །འགྲོ་དོན་སྐུ་བསོད་རྒྱས་པ་མེད། །དཔེར་ན་འདོད་འབྱུང་ནོར་བུ་ཞིག །ཡོད་ན་དགོས་འདོད་ཀུན་འབྱུང་ལྟར། །རྒྱུད་ལ་སྙིང་རྗེ་ཆེན་པོ་ཞིག །ཡོད་ན་ཆོས་གཞན་ཀུན་ཀྱང་འབྱུང་། །མང་པོ་བསླབས་ནས་ཅི་ཞིག་བྱ། །ཆོས་ནི་གཅིག་ལ་བསླབ་ན་དགའ། །གཅིག་མཆོག་ཆོས་དེ་གང་ཡིན་ན། །སྙིང་རྗེ་ཡིན་པས་ནན་ཏན་སྒོམས། །སྙིང་རྗེ་ཆེ་བའི་ཆོས་པ་དེ། །མྱུར་དུ་སངས་རྒྱས་འཐོབ་པར་འགྱུར། །སྙིང་རྗེ་ཅན་གྱིས་འགྲོ་བའི་དོན། །ཆོས་པ་གཞན་ལས་ལྷག་པ་འོང་། །སྙིང་རྗེ་ཅན་དེ་གར་སོང་གི །ཡུལ་ལ་བཀྲ་ཤིས་གང་བསམ་འགྲུབ། །སྙིང་རྗེ་ཅན་དེ་གར་བསྡད་ཀྱི། །ས་ལ་བྱིན་ཆགས་གང་འདོད་འབྱུང་། །མདོར་ན་སྙིང་རྗེ་བསྒོམ་ནུས་ན། །རང་གཞན་དོན་གཉིས་འགྲུབ་པར་འགྱུར། །སྙིང་རྗེ་བསྒོམས་པའི་ཕན་ཡོན་ནི། །བཤད་ན་བརྗོད་ཀྱིས་ག་ལ་ལངས། །དེ་ཕྱིར་སྐལ་ལྡན་སློབ་བུ་ཁྱོད། །ཉིན་མཚན་མེད་པར་སྙིང་རྗེ་སྒོམས། །ཕ་ཡི་རྒྱུད་ཀྱི་སྙིང་རྗེ་དེ། །སློབ་མ་རྣམས་ལ་འཕོ་བར་ཤོག །ཁྱོད་དང་སྙིང་རྗེ་ཆེན་པོ་གཉིས། །ནམ་ཡང་འབྲལ་བ་མེད་གྱུར་ཅིག །སྐྱེ་འགྲོ་ཀུན་གྱི་

p. 727

ཤེས་རྒྱུད་ལ། །སྙིང་རྗེ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་སྨྲས་པ་བཞིན་དུ་སྙིང་རྗེ་ཁོ་ན་བསྒོམས་པའི་མཐུས་རིང་པོར་མི་ཐོགས་པར་སྔར་བས་བརྒྱ་སྟོང་འགྱུར་གྱི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གཏེར་ཁ་ནང་ནས་བརྡོལ་ཏེ། ངམ་ངམ་རང་བཞིན་ཤུགས་ཀྱིས་བསྟན་འགྲོའི་དོན་རླབས་ཆེན་ཡོང་བའི་ཆོས་པ་ཀུན་གྱི་ཡང་རྩེ་ཐམས་ཅད་ཀྱིས་བླ་མར་བཀུར་བ་ཞིག་བྱུང་ངོ་། །ཡང་སློབ་བུ་སྐལ་ལྡན་རང་གྲོལ་གངས་རི་ནས་འོངས་ཏེ་གཞན་གྱི་ནོར་བྱིན་ཚད་བདག་ལ་ཕུལ་ཚེ་ནོར་གྱི་འབུལ་བ་མང་པོ་འདུག་སྟེ་ཉམས་རྟོགས་ཀྱི་འབུལ་བ་ཅི་འདྲ་ཡོད་བྱས་པས། འདི་སྐད་ཅེས་ཕུལ་བྱུང་། གང་གི་གཙུག་ནོར་སྐྱབས་མགོན་ཐུགས་རྗེ་ཅན། །གང་ལའང་ཞེན་ཆགས་མེད་པར་བྱིན་གྱིས་རློབས། །གང་གསུང་ཉམས་ལེན་བྱེད་པའི་སྐལ་ལྡན་ངས། །གང་ཤར་ཉམས་རྟོགས་སྐྱེས་ཚུལ་དབྱངས་སུ་འབུལ། །ཀ་དག་གནས་ལུགས་བརྡའ་ཡིས་མི་མཚོན་པའི། །ཁ་དོག་མཚན་མ་བྲལ་བའི་རང་བཞིན་ལ། །ག་ནས་བལྟས་ཀྱང་ངོ་བོ་ངོས་བཟུང་མེད། །ང་བདག་འཁྲུལ་རྟོག་ཆོས་ཀྱི་དབྱིངས་སུ་ཐིམ། །ཅ་ཅོའི་གཏམ་རྣམས་སྨྲ་བསམ་བརྗོད་ལས་འདས། །ཆ་ལུགས་ངེས་མེད་ཆོས་ལུགས་ཀུན་དང་མཐུན། །ཇི་ནོར་ལ་སོགས་རྨི་ལམ་སྒྱུ་མར་སྣང་། །ཉ་ཆུར་གནས་ལྟར་དབྱིངས་རིག་འདུ་འབྲལ་མེད། །ཏ་ཐཱ་ག་ཏའི་དེ་ཉིད་བསྒོམས་པའི་མཐུས། །ཐ་མལ་རིག་སྟོང་རྗེན་པར་མཇལ་ནས་བྱུང་། །ད་ནི་བཅོས་མིན་ངང་ལ་ཝལ་ལེ་བ། །ན་སོ་རྒས་ཀྱང་བློ་བདེ་འབོལ་ལེར་གདའ། །པ་སངས་

p. 728

ལྟར་མཐོ་ལྟ་བ་ས་ལེ་བ། །ཕ་རོལ་མཐར་ཕྱིན་སྒོམ་པ་སང་ངེའི་ངང་། །བ་ཞོ་ལྟར་དཀར་སྤྱོད་པ་དྲི་མ་མེད། །མ་བཅོས་རང་བྱུང་འབྲས་བུ་ལྷུན་གྱིས་གྲུབ། །ཙཱ་རི་གངས་རི་ལ་སོགས་གནས་ཆེན་དུ། །ཚ་གྲང་བདེ་སྡུག་སྣང་སྟོང་དབྱེར་མེད་དང་། །ཛ་ཡའི་གསུང་རྣམས་གྲག་སྟོང་བརྗོད་བྲལ་ལ། །ཝ་ཆུའི་རྒྱུན་ལྟར་ཉམས་ལེན་ཚད་མེད་བྱུང་། །ཞྭ་ལྟར་སྤྱི་བོའི་བླ་མའི་བཀའ་དྲིན་གྱིས། །ཟ་མར་ཆོག་ཤེས་འཕགས་ནོར་བདུན་གྱིས་ཕྱུག །འ་ཅག་བྱ་བྲལ་ངེད་ཚོའི་བདེ་སྐྱིད་དང་། །ཡ་རབས་རྣམ་ཐར་སྐྱོང་ཚུལ་འདི་ཀ་ལགས། །ར་བ་གངས་ཅན་གནས་ཆེན་འཁོར་ཚར་ནས། །ལ་ལུང་ངེས་མེད་ཉུལ་བའི་སྤྲང་རྒན་བདག །ཤ་ཁྲག་ལུས་ལ་བར་ཆད་མ་བྱུང་བར། །ས་ལམ་སྒྲོ་འདོགས་རིམ་གྱིས་ཆོད་ནས་བྱུང་། །ཧ་ཅང་དམིགས་གཏད་བཅོས་མ་མ་དགོས་པར། །ཨ་དོན་ཆོས་སྐུ་སེམས་ལ་རྫོགས་ནས་འདུག །ཧ་ཧ་ཕྲན་ཆུང་ངེད་ཚོའི་དགའ་བ་ལ། །ཧེ་ཧེ་ཕྲན་ཆུང་ངེད་ཚའི་སྐྱིད་པ་ལ།། སྐྱིད་གླུ་འདི་ཡང་རིགས་བརྒྱའི་ཁྱབ་བདག་གི །སྐྱིད་པའི་གསེར་ཞལ་མྱུར་དུ་མཇལ་སྐབས་སུ། །སྐྱིད་བཞིན་སྤྲོ་བཞིན་ཞབས་པད་དྲུང་དུ་ཕུལ། །སྐྱིད་དགའ་བདེ་གསུམ་ཆོས་ལ་སྤྱོད་པར་ཤོག །ཅེས་སྨྲས་པའི་ལན་དུ། འོ་དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །ས་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་ཟང་ཐལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སྟོན་གནམ་

p. 729

གཡའ་དག་པ་ལྟ་བུའི་ཆོས་ཀྱི་སྐུའི་དགོངས་པ་མངོན་སུམ་དུ་རྟོགས་ན། དེའི་ངང་ལ་ནམ་བཞག་ཀྱང་། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད་གསུངས་པ་ལྟར་བྱུང་འདུག་པས་ཤིན་ཏུ་ངོ་མཚར་ཆེ། འབུལ་བ་དེ་འདྲ་རེ་ཡང་རེ་སྟེ་བྱུང་ཡང་བྱུང་འདུག ད་ནི་ཁྱོད་ལ་སྙིང་གཏམ་བཤད་རྒྱུ་ལ། ནམ་མཁའ་ལ་ཉི་མ་དགོས། མ་ལ་བུ་དགོས་བྱ་ལ་གཤོག་པ་གཉིས་ཀ་དགོས་པ་ལྟར། སྟོང་བ་ཉིད་གཅིག་པུས་མི་ཆོག དེ་ལྟར་མ་རྟོགས་པའི་དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་ལ། བཟང་ངན་ཕྱོགས་རིས་མེད་པའི་སྙིང་རྗེ་ཆེན་པོ་སྐྱེ་དགོས། དེ་སྐྱེ་བ་ལ་སྟོང་ཉིད་ཀྱི་ཤུགས་ཀྱིས་སྐྱེས་ཡོད་མོད་སྙམ་ནས་མ་བསྒོམས་པར་བསྡད་པས་མི་ཡོང་། ཁྱོད་ཀྱིས་སྔར་སྟོང་ཉིད་ལོ་ཇི་ཙམ་གྱི་བར་དུ་བསྒོམས། དེ་བཞིན་དུ་ལོ་ཟླ་བ་བགྲངས་ནས་ཉིན་མཚན་མེད་པར་བསྒོམས་ན། དཔེར་ན་མས་བུ་མེས་འཚིག་པ་ལ་སྙིང་རྗེ་སྐྱེ་བ་ལས་ཀྱང་བརྒྱ་འགྱུར་གྱི། སེམས་ཅན་གྱི་སྡུག་བསྔལ་བསམ་ཚེ་ཤས་མི་བཟོད་པ་ལྟ་བུའི་སྙིང་རྗེ་སྐྱེས་ནས་སེམས་ཅན་གྱི་ངོས་ནས་བྱ་སྤྱོད་ངན་པ་ཅི་འདྲ་བྱས་ན་ཡང་། རང་གི་ངོས་ནས་སྐྱིད་སྡུག་གང་བྱུང་ཀྱང་སེམས་ཅན་གཅིག་ཀྱང་ཡལ་བར་མི་འདོར་བར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཕན་ཅི་ཐོགས་བྱའོ་སྙམ་པའི་བློ་ངམ་ངམ་ཤུགས་ཀྱིས་མ་སྐྱེས་ཀྱི་བར་དུ་སྙིང་རྗེ་རང་སྒོམས་ཞེས་ཞལ་གདམས་འདི་བྱིན་ནོ། །མཁྱེན་བརྩེའི་མངའ་བདག་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །རྒྱུད་ལ་སྐྱེ་བར་བྱིན་

p. 730

གྱིས་རློབས། །རྟོགས་ལྡན་ནམ་མཁའི་རྣལ་འབྱོར་བ། །སྐལ་ལྡན་བུ་ཁྱོད་སྟོང་ཉིད་ཀྱི། །།རྟོགས་པ་ཕ་དང་མཉམ་པར་གདའ། །ངོ་མཚར་ཆེའོ་རིགས་ཀྱི་བུ། །སྙིང་རྗེ་ཕ་དང་མཉམ་པ་ཞིག །ད་དུང་ཡོད་སྙམ་མི་གདའ་བས། །ད་ནི་སྟོང་ཉིད་བསྒོམས་པ་བཞིན། །སྙིང་རྗེ་ཉིན་མཚན་མེད་པར་སྒོམས། །སྙིང་རྗེ་ཕ་དང་མཉམ་པ་ཞིག །མྱུར་བ་མྱུར་དུ་གྱིས་ཤིག་ཨང་། །སྟོང་ཉིད་བསྒོམ་ན་རང་ཤུགས་ཀྱིས། །སྐབས་རེར་སྙིང་རྗེ་སྐྱེ་ན་ཡང་། །དེ་ཡིས་ཆོག་པར་མི་འཛིན་པར། །ཆེད་དུ་གཉེར་ལ་སྙིང་རྗེ་སྒོམས། །དཔེར་ན་ཨ་མས་གཅེས་ཕྲུག་གི །རྐང་ལག་མེ་ཡིས་འཚིག་པ་དེ། །མཐོང་ན་ཤ་ཡིས་མི་བཟོད་པའི། །བཅོས་མིན་སྙིང་རྗེ་སྐྱེ་བ་ལྟར། །ཕ་མ་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཡིད་ལ་བསམ་ཙ་ན། །ནམ་ཡང་ཤ་ཡིས་མི་བཟོད་པའི། །བཅོས་མིན་སྙིང་རྗེ་སྐྱེ་རག་བར། །བློ་ཡིས་བཅོས་ནས་དུས་རྟག་ཏུ། །སྙིང་རྗེ་བསྒོམ་པ་ཤིན་ཏུ་གཅེས། །ཉམ་ཐག་སེམས་ཅན་སུ་ལ་ཡང་། །ཕན་ན་ལུས་ཀྱང་གཏོང་ཕོད་ན། །ཟས་ནོར་སྟེར་བ་སྨོས་ཅི་དགོས། །ཨ་མས་བུ་ཚ་མང་པོ་ཡི། །ནང་ནས་ངན་པ་དེ་ཉིད་ཀྱང་། །སྙིང་རྗེས་ཡལ་བར་མི་འདོར་བར། །ཟས་གོས་བྱིན་ནས་སྐྱོང་བ་ལྟར། །སྙིང་རྗེ་ཅན་གྱི་ཆོས་པ་ཡིས། །སེམས་ཅན་བཟང་ངན་མང་པོ་དག །གཅིག་ཀྱང་ཡལ་བར་མི་འདོར་བར། །རྟག་ཏུ་བྱམས་པས་སྐྱོང་བར་འགྱུར། །སྙིང་རྗེ་ཅན་རྣམས་སེམས་ཅན་གྱི། །དོན་ལ་མ་བསྐུལ་ན་ཡང་འཇུག །ཞུགས་ཀྱང་སྙིང་རྗེ་མི་སྐྱོ་བར། །དོན་དེ་མཐར་ཕྱིན་བྱེད་པར་འགྱུར། །སྟོང་ཉིད་ནམ་མཁའ་ཡངས་པ་ལ། །སྙིང་རྗེའི་ཉི་མ་ཤར་གྱུར་ན། །

p. 731

འགྲོ་ཀུན་པདྨའི་ཚལ་ཆེན་པོ། །སྐྱོང་བའི་རྟེན་འབྲེལ་འགྲིགས་པ་ཡིན། །སྟོང་ཉིད་རབས་ཆད་རྒན་མོ་ལ། །སྙིང་རྗེའི་ཕྲུག་གུ་འབྱུང་གྱུར་ན། །འགྲོ་ཀུན་ཕ་མ་ཉེ་འབྲེལ་ཀུན། །སྐྱོང་རྒྱུའི་སྐལ་བ་ལྡན་པ་ཡིན། །སེམས་ཉིད་རང་བྱུང་ཁྱུང་ཕྲུག་ལ། །སྟོང་ཉིད་སྙིང་རྗེ་ཆེན་པོ་ཡི། །གཤོག་པ་གཉིས་ཀ་རྒྱུས་ཙ་ན། །རྣམ་མཁྱེན་མཁའ་ལ་འཕུར་བར་ངེས། །དེ་ཕྱིར་སྐལ་ལྡན་རང་གྲོལ་ཁྱོད། །སྙིང་རྗེ་བསྒོམ་ལ་འབད་པར་མཛོད། །སྟོང་ཉིད་སྙིང་པོ་སྙིང་རྗེ་ཆེ། །བུ་ཡི་རྒྱུད་ལ་སྐྱེ་བར་ཤོག །ཅེས་སྨྲས་པའི་དགོང་མོ་ནས་བཟུང་སྟེ་བསྒོམས་པས་བཅོས་མ་མ་ཡིན་པའི་སྙིང་རྗེ་ཆེན་པོ་བྱུང་། དེའི་ཤུགས་ཀྱིས་བདག་པས་གཞན་གཅེས་ཀྱི་བློས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱས་སོ། །ཡང་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་སློང་རྡོ་རྗེ་སློབ་དཔོན་གྱིས་སྣམ་སྦྱར་ཚུན་ཆད་ཀྱི་ནོར་དངོས་པོ་གང་ཡོད་ཐམས་ཅད་ཕུལ་ནས་འདི་སྐད་ཞུས་སྔོན་དུས་སྟོན་པ་བཅོམ་ལྡན་འདས། །འཇིག་རྟེན་ཁམས་སུ་བྱོན་པ་ལྟར། །ད་ལྟ་སྐྱབས་མགོན་རིན་པོ་ཆེ། །སྙིགས་དུས་འགྲོ་བའི་དོན་ལ་བྱོན། །འགྲོ་ལ་དྲང་དོན་ལས་འབྲས་དང་། །ངེས་དོན་ཟབ་མོ་སྟོང་ཉིད་ཀྱི། །ཆོས་ཀྱི་འཁོར་ལོ་བསྐོར་དུས་འདིར། །ཕྲན་ཀྱང་མཇལ་བ་སྐལ་བ་བཟང་། །བསྐལ་པ་བཟང་པོའི་དུས་སྐབས་འདིར། །གདམས་ངག་ཟབ་མོ་མ་ཞུས་ན། །རྗེས་ནས་བླ་མ་སུ་ལ་ཞུ། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ངས། །ལག་གཉིས་ཐལ་མོ་སྙིང་གར་སྦྱར། །རབ་ཏུ་གུས་པས་འདི་སྐད་ཞུ། །སྟོན་

p. 732

པ་ཐུགས་རྗེ་ཆེན་པོ་ཡི། །ཆོས་ཀྱི་གནད་འགག་བདེན་པ་གཉིས། །ཡིན་ཞེས་ཟེར་བ་རྣ་བས་གོ །བདེན་གཉིས་ལྟ་བ་བསྒོམ་པའི་ཚུལ། །ཚིག་ཉུང་དོན་འདུས་གོ་སླ་བའི། །ཞལ་གདམས་བརྩེ་བས་གནང་དུ་གསོལ། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ཀྱི། །གསུང་གི་བདུད་རྩིས་འཚོ་བར་སྨོན། །བདེན་གཉིས་དོན་ལ་རབ་སྦྱངས་ནས། །རང་གཞན་དོན་གཉིས་འགྲུབ་པར་ཤོག །ཅེས་ཕུལ་བའི་ལན་དུ་འདི་སྐད་ཅེས་སྨྲས་སོ། །ཚུལ་ཁྲིམས་ལྡན་ཞིང་དམ་ཚིག་གཙང་། །དབེན་པར་ཟབ་མོའི་སྒྲུབ་ལ་བརྩོན། །ད་ལྟ་བྱང་ཆུབ་སེམས་གཉིས་འབྱོངས། །སྦས་པའི་བྱང་ཆུབ་སེམས་དཔའ་ཁྱོད། །སྔོན་ནས་བདེན་གཉིས་ཐུགས་སུ་ཆུད། །ད་ལྟ་ཚོགས་གཉིས་གསོག་ལ་བརྩོན། །མཐར་ཐུག་སྐུ་གཉིས་མངོན་གྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་ངེས། །ད་ནི་བཤད་ལ་དགོས་པ་ཆུང་། །འོན་ཀྱང་ཁྱེད་ལ་གསལ་འདེབས་དང་། །གཞན་ལ་ཕན་ཐོགས་འབྱུང་བའི་ཕྱིར། །ཅུང་ཟད་བཤད་ཀྱིས་གུས་པས་ཉོན། །དོན་དམ་བདེན་པའི་ལྟ་བ་ནི། །ལུང་དང་རིགས་པ་དུ་མ་ཡིས། །ཡང་དང་ཡང་དུ་ལེགས་དཔྱད་ནས། །ཕྱི་རོལ་གཟུང་བའི་ཡུལ་རྣམས་དང་། །ནང་གི་འཛིན་པའི་སེམས་གཉིས་པོ། །སྟོང་བ་ཡིན་ནམ་མ་ཡིན་བལྟ། །བལྟས་པས་རང་བཞིན་མ་རྙེད་ཚེ། །ཆོས་ཀུན་ངོ་བོ་སྟོང་པར་བལྟ། །དེ་ལྟར་ལྟ་མཁན་རིག་པ་ཡང་། །སྔར་ལྟར་དཔྱད་ནས་རང་བཞིན་གྱིས། །གྲུབ་བམ་མ་གྲུབ་ལེགས་པར་བལྟ། །བལྟ་ཡུལ་ལྟ་མཁན་གཉིས་ཀ་ཡང་། །སྟོང་པར་ཕྱམ་གྱིས་སོང་བའི་ཚེ། །

p. 733

སྟོང་སངས་ངོ་བོ་དེ་ཉིད་ལ། །མ་ཡེངས་བལྟ་ལ་ལྟ་བ་ཟེར། །ད་ལྟར་ངོ་བོར་བལྟ་བའི་ཚེ། །བལྟ་བྱ་ལྟ་བྱེད་མ་མཆིས་ཀྱང་། །ཅི་ཡིན་འདི་ཡིན་མེད་པ་ཡི། །ལུང་མ་བསྟན་དང་མ་ནོར་ཅིག །ཕྱི་གསལ་ནང་གསལ་སྟོང་གསལ་གྱི། །མཉམ་བཞག་ནམ་མཁའ་ལྟ་བུ་ཡི། །ངང་ལ་བཞག་ནས་བསྒོམ་པའི་ཚེ། །བསྒོམ་བྱ་སྒོམ་བྱེད་མ་མཆིས་ཀྱང་། །མ་ཡེངས་དྲན་པས་ཟིན་པ་གཅེས། །བྱིང་རྒོད་དབང་དུ་མ་གཏོང་ཞིག །ཡོད་མེད་རྟག་ཆད་འགྲོ་འོང་དང་། །གཅིག་དང་ཐ་དད་སྤྲོས་པ་དང་། །བྲལ་བའི་སྟོང་སངས་ཟང་ཐལ་གྱི། །གནས་ལུགས་ངོ་བོ་སྐྱོང་བའི་ཚེ། །སྤྱད་བྱ་སྤྱོད་བྱེད་མ་མཆིས་ཀྱང་། །བུ་ཆུང་བསམ་མེད་ཇི་བཞིན་དུ། །བག་མེད་སྤྱོད་པ་མ་བྱེད་ཅིག །ལྟ་བའི་འདོད་འབྱུང་ནོར་བུ་ལ། །སྒོམ་པས་བྱི་དོར་ཡང་ཡང་བྱས། །སྤྱོད་པའི་རྒྱལ་མཚན་རྩེར་མཆོད་ན། །འབྲས་བུ་ཆོས་སྐུའི་དགོས་འདོད་འབྱུང་། །ཀུན་རྫོབ་བདེན་པའི་ལྟ་བ་ནི། །ལུང་དང་རིགས་པ་དུ་མ་ཡིས། །ཡང་དང་ཡང་དུ་ལེགས་དཔྱད་ན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཐམས་ཅད་འགགས་མེད་སྣང་བར་བལྟ། །དེ་ལྟར་སྣང་བའི་དུས་སྐབས་སུ། །རང་བཞིན་གྲུབ་པ་རྡུལ་ཙམ་མེད། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །སྣང་སྟོང་གཟིགས་མོར་ལམ་ལམ་བལྟ། །ཚུགས་ཐུབ་བདེན་པར་མ་བལྟ་ཞིག །དགེ་བ་བྱས་པའི་

p. 734

རྒྱུ་རྐྱེན་གྱིས། །འབྲས་བུ་བདེ་བ་འབྱུང་ལ་བལྟ། །སྡིག་པ་བྱས་པའི་རྒྱུ་རྐྱེན་གྱིས། །འབྲས་བུ་སྡུག་བསྔལ་འབྱུང་བར་བལྟ། །དེ་ལྟར་མ་རྟོགས་འགྲོ་བ་ལ། །བྱམས་དང་སྙིང་རྗེ་བྱང་སེམས་སྒོམས། །སྒྱུ་མ་མཁན་གྱི་སྤྲུལ་བསྒྱུར་ལྟར། །མི་དགེ་སྤོངས་ལ་དགེ་བ་སྒྲུབས། །སེམས་ཅན་རྣམས་ཀྱི་དོན་གྱིས་ལ། །རྒྱལ་སྲས་སྤྱོད་པ་རླབས་ཆེན་སྤྱོད། །དེ་ལྟར་ལེགས་པར་སྤྱད་གྱུར་ན། །འབྲས་བུ་གཟུགས་སྐུ་འབྱུང་བར་འགྱུར། །ཞེས་སྨྲས་པས། དེར་འཚོགས་པ་རྣམས་ཀྱིས་དྲང་དོན་ལས་རྒྱུ་འབྲས་ཀྱི་ཆོས་དང་། ངེས་དོན་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ལ་ཡིད་ཆེས་ཀྱི་ངེས་ཤེས་དྲག་པོ་སྐྱེས་ནས། ལྟ་བ་མཐོ་ལ་སྤྱོད་པ་རྩིང་པོར་མ་ཤོར་བར་ལྟ་སྤྱོད་ཟུང་དུ་འབྲེལ་བའི་བྱང་ཆུབ་སེམས་དཔའི་རྣམ་ཐར་ལྷུར་ལེན་པ་མང་པོ་བྱུང་ངོ་། །དེ་ནས་སློབ་མ་གྲྭ་བཙུན་ལྔ་བརྒྱ་ཡོན་བདག་ཕོ་མོ་སྟོང་ཕྲག་ཙམ་འདུས་པའི་ཚེ། རོང་གི་མོན་པ་ཡན་ཆད་ཀྱིས་དད་པ་བྱས་ཆོས་ལ་ཉན་པ་བྱུང་། དེ་རྣམས་ལ་སྔོན་བྱོན་སྟོན་པའི་སྐྱེས་རབས་དང་རྣམ་ཐར་ལམ་རིམ་བློ་སྦྱོང་། གངས་སྔགས་ཀྱི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད། །ཁྱད་པར་འཕོ་རླུང་གཅོད་གསུམ། ཕྱག་རྫོགས་དོ་ཧ་སོགས་མདོ་སྔགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་མཇུག་ཏུ་ཞལ་གདམས་འདི་ཡང་བྱིན་ནོ། སྟོན་པ་སངས་རྒྱས་ཡིད་བཞིན་ནོར་བུ་དེ། །ཀུན་གྱིས་སྤྱི་བོར་ཁུར་དང་དགོས་འདོད་འབྱུང་། །ཐོས་ན་ངན་འགྲོར་མི་ལྟུང་ཆོས་ཀྱི་རྔ་། །བྱང་ཆུབ་ལམ་རིམ་ཡིན་པས་ཡང་ཡང་ཉོན། །འཐུངས་ན་ཉོན་མོངས་ནད་སེལ་བདུད་རྩི་མཆོག །ཐེག་ཆེན་བློ་སྦྱོང་

p. 735

ཡིན་པས་ངོམས་མེད་འཐུངས། །རྣམ་དག་དབང་བཞིའི་ལྷ་ཡི་ཆུ་རྒྱུན་གྱིས། །སྒོ་གསུམ་མ་དག་དྲི་མ་ཡང་ཡང་ཁྲུས། །ཡོན་ཏན་གཞི་རྟེན་དམ་ཚིག་གསེར་གྱི་སྣོད། །ནམ་ཡང་གས་ཆག་སྐྱོན་རྣམས་མེད་པར་གྱིས། །བསྐྱེད་རིམ་གསེར་བསྒྱུར་རྩི་ཡིས་སྒོ་གསུམ་ལྕགས། །ལྷ་སྔགས་ཏིང་འཛིན་རིན་ཆེན་གསེར་དུ་སྒྱུར། །རྫོགས་རིམ་གཏུམ་མོའི་མེ་ཡིས་ཕུང་ཁམས་གསེར། །ཡང་ཡང་སྦྱངས་ལ་ཟུང་འཇུག་གསེར་སྐུ་བཞེངས། །མདོ་སྔགས་འོ་མའི་མར་གྱི་ཡང་ཞུན་དེ། །ཕྱག་ཆེན་སྨན་མར་ཡིན་པས་དགྱེས་པར་རོལ། །ཟབ་གསང་མཁའ་འགྲོའི་སྙིང་གི་ཐིག་པ་དེ། །མྱང་ན་ཚེ་གཅིག་འཇའ་ལུས་འོད་སྐུ་འགྲུབ། །ལུས་ཀྱི་ཁང་བའི་ཚངས་བུག་སྐར་ཁུང་ནས། །སེམས་ཀྱི་བྱ་ཆུང་འཕུར་ལ་གཤོག་རྩལ་སྦྱོངས། །རྒྱུན་དུ་རང་སེམས་སྟོང་གསལ་འཛིན་མེད་ཀྱི། །ཉི་མར་ལྡེས་དང་གཏན་དུ་བདེ་བར་འགྱུར། །རྣལ་འབྱོར་སྙིང་གཏམ་གསེར་གྱི་ཐིག་པོ་འདིས། །ཆོས་ཀྱིས་དབུལ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་སྨྲས་པས་ཀུན་གྱིས་རྗེས་སུ་ཡི་རང་བྱས། རང་རང་གང་མོས་ཀྱི་ཆོས་ལ་ཉམས་ལེན་བྱས་པས་རང་དོན་འགྲུབ་ནས། གཞན་ལ་ཡང་ཆོས་རྒྱུན་དེ་དག་སྤེལ་བས་བསྟན་པ་དང་འགྲོ་བ་མང་བོ་ལ་ཕན་ཐོགས་པའི་སློབ་མ་བུ་ཆེན་མང་པོ་བྱུང་ངོ་། །དེ་དུས་བྲག་དམར་བླ་མ་གྲུབ་ཆེན་ངག་དབང་ལྷུན་གྲུབ་ཀྱིས་གཙོ་བྱས་སྐྲ་བཅད་ནས་རབ་བྱུང་བསྙེན་རྫོགས་སྒྲུབ་མཁན་གྱི་སྐྱེས་ཕོ་མོ་བརྒྱ་ཕྲག་མང་པོ་བྱུང་ནས་

p. 736

བྲག་གི་གསེང་རྡོ་གཡམ་གྱི་སྲུབས་ཐམས་ཅད་སྐྲས་གང་བ་བྱུང་། དེ་ནས་རོང་ཕྱོགས་ཀྱི་སློབ་མ་ཡོན་བདག་རྣམས་ལ་ཁྱེད་རྣམས་ཀྱི་ཡུལ་ཕྱོགས་ཀྱི་རི་ཁྲོད་དགོན་པའི་ཐག་ཉེའི་བྱ་རི་དྭགས་རྣམས་གཞན་ལ་གསོད་དུ་མ་བཅུག་ན་ཡུལ་ཕྱོགས་ལ་བཀྲ་ཤིས་གཡང་ཆགས། མི་རྣམས་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་མཚན་མང་པོ་བཤད། གསོད་མི་ཉན་ཞེས་ཡུལ་སོ་སོ་ལ་ཡི་གེ་བསྐུར་བས་ཐམས་ཅད་ཀྱིས་གང་བཤད་པ་ལྟར་བྱ་རི་དྭགས་རང་གིས་མི་གསོད་པ་ཙམ་དུ་མ་ཟད། དམག་མི་ཏི་ལིངྒ་དང་རྔོན་པ་གཞན་གྱིས་ཀྱང་བསད་མི་ཆོག བསད་ན་རྒྱལ་པོའི་ཆད་པ་འོང་བའི་བཀའ་ཤོག་གོ་རྒྱལ་པོ་ལ་ཞུས་ནས་བླངས་པས། ལོ་རེ་ལ་བྱ་རི་དྭགས་བརྒྱ་སྟོང་མང་པོ་གསོད་པ་ཐམས་ཅད་ཚེ་ཐར་བ་བྱུང་། དེ་དུས་སློབ་མ་གྲྭ་བཙུན་རྣམས་ལ་འབྲས་ཀྱི་ཕོགས་བརྒྱབ། སྐབས་རེར་འབྲས་དོ་བོ་བཅུ་བཅོ་ལྔ་རེ་ཙམ་ཟངས་ཆེན་པོ་མང་པོར་བཙོས་ནས། ཚོགས་བརྒྱ་ཚར་མང་པོ་བཏང་འབྲས་ཀྱིས་མི་བརྒྱགས་པ་ཙམ་དུ་མ་ཟད། ཁྱི་རྣམས་ཀྱང་བརྒྱགས་ནས་མི་ཟ་བ་བྱུང་། དེ་དུས་རྒད་པོ་རྐང་བ་མི་བདེ་བ་ཞིག་གིས། གཞས་འདི་འདྲ་གཏོང་བར་གདའ། བསྐལ་པ་བཟང་སོང་ལ། །བསྟན་པ་དར་སོང་ལ། །བསྟན་པ་དར་བའི་དར་ལྕོག །ཕོ་བྲང་རྩེ་ལ་བཙུགས་ཡོད། །བསྟན་པ་བྱང་ནས་བྱང་དུ། །དར་བའི་རྟེན་འབྲེལ་འགྲིག་བྱུང་། །བསྐལ་པ་བཟང་སོང་ལ། །བསྟན་པ་དར་སོང་ལ། །ནམ་མཁའ་སྐར་མས་གང་ཀྱང་། །ཉི་ཟླ་འདྲ་འདྲ་མི་འདུག །ཉི་ཟླ་འདྲ་འདྲ་ཡོད་ན། །འཛམ་གླིང་འོད་ཀྱིས་

p. 737

ཁོངས་དང་། །བསྐལ་པ་བཟང་སོང་ལ། །བསྟན་པ་དར་སོང་ལ། །ས་གཞི་མི་ཡིས་གང་ཀྱང་། །སྐྱབས་མགོན་འདྲ་འདྲ་མི་འདུག །སྐྱབས་མགོན་འདྲ་འདྲ་ཡོད་ན། །རྒྱལ་ཁམས་བདེ་ལ་བཀོད་དང་། །གཅིག་གཉིས་གསུམ་བྱས་ནས། །སངས་རྒྱས་བསྟན་པ་དར་སོང་གྱིས། །བཞི་ལྔ་དྲུག་བྱས་ནས། །འགྲོ་ལ་བདེ་སྐྱིད་བྱུང་སོང་ལ། །ཞེས་ཞབས་བྲོ་བརྒྱབ་པས། ཀུན་གྱིས་ཁོའི་མིང་ལ་བསྐལ་པ་བཟང་པོ་ཞེས་བཏགས། དེ་བཞིན་དུ་གཉའ་ནང་པ། རོང་གི་གནས་སྐོར་བ་ཚོང་པ་སོགས་ཀྱིས་གླུ་གར་དང་རོལ་མོ་སྣ་ཚོགས་པ་བྱས་པས། ཐམས་ཅད་ཀྱི་སེམས་སྤྲོ་བ་བྱུང་། རྗེས་སུ་ལོ་རེ་བཞིན་གནས་དེར་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་སྐལ་བཟང་ཕོ་མོ་མང་པོ་སྤྲིན་བཞིན་འདུས་པའི་ཚེ། སྐབས་རེ་བཀའ་ཆོས་འཆད་པའི་ཐོག་མར། བླ་མ་དང་ཆོས་ཀྱི་ཆེ་བ་འབྱིན་པའི་ཕྱིར། སློབ་མ་ཀུན་གྱིས་སེར་ཕྲེང་གཏོང་བའི་དུས། དགེ་སློབ་རྣམས་ཀྱིས་ཆོས་གོས་སྣམ་སྦྱར་གྱོན་ཞི་བ་དུལ་བ་བྱས། གདུགས་རྒྱལ་མཚན་བ་དན་དུ་མ་བསྒྲེངས། རྒྱ་གླིང་རྔ་དུང་རོལ་མོ་སྣ་ཚོགས་པ་འཁྲོལ་བ་བྱས། དེའི་རྗེས་སུ་གྲུབ་ཆེན་རྣམས་ཀྱིས་རལ་བའི་ཐོར་ཅོག་རིགས་མི་འདྲ་བ་བརྒྱབ། ཕྱག་གཡས་གཅོད་ཀྱི་ཊཱ་མ་རུ་ཆེན་པོ་འཁྲོལ་ཞིང་། གཡོན་པས་མི་རྐང་གི་གླིང་བུ་འབུད་ཅིང་། དགའ་བའི་གར་སྟབས་སྣ་ཚོགས་པ་བསྒྱུར་བ་བྱས། དེའི་རྗེས་སུ་རབ་བྱུང་མ་རྣམས་ཀྱིས་རྡོ་རྗེ་དྲིལ་བུ་ཏིང་ཤགས་འཁྲོལ་བ། དེའི་རྗེས་སུ་བཙུན་མ་སྐྲ་ལོ་ཅན་

p. 738

ལག་ན་སྤོས་དང་མེ་ཏོག་སྣ་ཚོགས་པ་ཐོགས་པ་བྱས། ལྔ་བརྒྱ་རེ་རིམ་པ་བཞིན་གྲལ་བསྒྲིགས་ཏེ། མར་གྱི་ཐང་ནས་ཡར་གྱི་ངའི་སྡོད་གནས་བདུད་འདུལ་ཕུག་གི་བར་དུ་སེར་ཕྲེང་བཏང་བས་མཇུག་མ་རྫོགས་པར་དགོས་པའི་མཐའ་ལ་སྐོར་བ་གསུམ་བཞི་བྱས་ནས་བསྡད། ངའི་སྡུན་བསུས་ཏེ་མར་ཆོས་ར་རུ་རིམ་པས་འོང་བའི་དུས་སུ། དེར་འཚོགས་པའི་སློབ་མ་ཡོན་བདག་ཐམས་ཅད་ལ། དཔའ་བོ་མཁའ་འགྲོའི་གླིང་ཞིག་ཏུ་སླེབས་པ་ལྟ་བུའི་དད་གུས་དག་སྣང་དགའ་སྤྲོ་ཚད་ལས་འདས་པ་བྱུང་། དེ་དེང་སང་སྐབས་རེར་དྲན་ན་ཡང་ཉམས་དགའ་ཞིང་དགོད་བྲོ་བར་གདའ། དབྱར་ཁ་མི་མང་པོ་འཛོམ་པའི་སྐབས་ཤིག་མཆོད་རྟེན་ཞིག་བཞེངས་སྙམ་རྡོ་ལེན་དུ་བཅུག་པས། ལན་ཅིག་ལས་འགྲོ་མ་དགོས་པར་རྡོའི་མཆོད་རྟེན་ཆུང་ཆུང་ཞིག་ཉིན་གཅིག་ལ་འགྲུབ་པས་ཐམས་ཅད་ངོ་མཚར་བར་གྱུར་ཏོ། །དེ་ནས་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོ་སྨིན་དྲུག་ཟླ་བར་དད་གཏོང་བློ་གྲོས་ཆེ་ཞིང་བླ་མས་ཅི་གསུང་བཀའ་བཞིན་བསྒྲུབ་པའི་ཕྱག་མཛོད་སྐལ་བཟང་འཕྲིན་ལས་དང་། བླ་མ་སྦྱིན་པ་ནོར་བུ། གྲུབ་དབང་སྐལ་ལྡན་རང་གྲོལ། ཕུག་བྲག་མཁན་པོ། མདའ་པ་བླ་མ་སོགས་སྐལ་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོ་སྔ་ཕྱི་རིམ་ཅན་བྱས། བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རོང་ཁ་ཤོར་ལ་གསེར་ཟངས་ཀྱིས་ན་བཟའ་བསྒྲོན་དུ་འགྲོ་བའི་སྐབས། རྒྱལ་བློན་རྣམས་ལ་སླར་ཡང་ཚིགས་སུ་བཅད་པའི་ཞུ་ཤོག་འདི་ཕུལ་ལོ། །ཐུགས་རྗེའི་འོད་ཀྱིས་འཛམ་གླིང་ཡོངས་ལ་ཁྱབ། །ཕན་བདེའི་དྲོད་ཀྱིས་རྒྱལ་ཁམས་ཐམས་ཅད་འཚོ། །

p. 739

འཇིག་རྟེན་ཁམས་ན་འགྲན་ཟླ་མ་མཆིས་པའི། །ཆོས་རྒྱལ་ཉི་མ་གཞོན་ནུའི་ཞབས་དྲུང་དུ། །རྣམ་ཤེས་སྦྲང་མ་འཁོར་ཞིང་ཆགས་པའི་རྟེན། །རང་ལུས་ཉམ་ཆུང་པདྨ་དཀར་པོ་ཡི། །སོར་བཅུའི་འདབ་མ་སྤྱི་བོའི་ཟེའུ་འབྲུའི་ངོས། །ཕྱོགས་ནས་ངོ་མཚར་གཏམ་གྱི་དྲི་བསུང་སྤྲོ། །ཚོགས་གཉིས་རིན་ཆེན་ཁམས་ལས་ལེགས་འཁྲུངས་པའི། །ཁྱེད་སྐུ་གཡོ་མེད་རི་ཡི་དབང་བོ་མཆོག །བཀའ་བློན་རྒྱལ་ཕྲན་གསེར་རིའི་ཁྲོད་ན་བརྗིད། །འཁོར་འབངས་སྡེ་རིགས་རྒྱ་མཚོ་ཆེན་པོ་ཡི། །དབུས་ན་ལྷང་ངེ་ལྷམ་མེར་བཞུགས་སོ་ཞེས། །སྙན་པའི་བ་དན་དཀར་པོ་ཕྱོགས་ཀུན་ཏུ། །གཡོ་བ་སྒྲ་འཛིན་དབང་བོར་སོན་པའི་མོད། །བདག་སེམས་རབ་དཀར་ལྷ་བུ་གཞོན་ནུ་ཡང་། །དགའ་དད་ཟློས་གར་ལན་མང་བསྒྱུར་དགོས་བྱུང་། །གུས་ཕྲན་བདག་གི་སྒྱུ་ལུས་པདྨོ་ཡང་། །ན་འཆི་གྲང་རེག་བ་མོའི་དགྲ་ལས་རྒྱལ། །བྱམས་དང་སྙིང་རྗེའི་འདབ་མ་ཕྱོགས་བཅུར་རྒྱས། །གཞན་ཕན་དྲི་ངད་འཐུལ་བཞིན་བདེ་བར་མཆིས། །རབ་དཀར་གངས་རི་དཀར་པོའི་རྩེ་མོ་ལ། །རབ་གསལ་ཉི་ཟླའི་འོད་ཟེར་ཕོག་པ་ན། །དཀར་བའི་ཐོག་ཏུ་ཆེས་ཆེར་དཀར་བ་བཞིན། །ཐུགས་སེམས་དུང་ལས་རབ་ཏུ་དཀར་བ་ཡི། །རྒྱལ་བློན་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཆོས་དང་མཐུན་པའི་གཏམ་རེ་ཞུས་ན་ཡང་། །སྔར་བས་དགེ་སྟོབས་གོང་འཕེལ་འགྲོ་སྙམ་ནས། །བྱིས་པས་ཕ་མར་བསླབ་བྱ་བྱེད་པ་བཞིན། །བློ་ཆུང་བདག་གིས་ཚིག་འགའ་ཞུ་བ་ལ། །དགོངས་ཚོམ་མེད་པར་བརྩེ་བས་

p. 740

གསན་པར་འཚལ། །ད་སྔ་ཕན་ཆད་ཡུལ་ཕྱོགས་ཐམས་ཅད་ལ། །ནད་མུག་འཁྲུག་རྩོད་མེད་པར་བཀྲ་ཤིས་ཤིང་། །རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པ་འདི། །རྒྱལ་བློན་ཀུན་གྱི་བཀའ་དྲིན་ཡིན་པར་འཁུམས། །ད་དུང་ཆོས་རྒྱལ་ཆེན་པོ་བློན་རྣམས་ཀྱིས། །འཁོར་འབངས་སྡེ་རིགས་རྒྱལ་ཁམས་ཐམས་ཅད་པོ། །དཔེར་ན་མ་ཡིས་བུ་བཞིན་ལེགས་བསྐྱངས་ཏེ། །རྒྱལ་པོ་ཁྲི་ཡི་ཐོག་ནས་སངས་རྒྱ་བའི། །མཛད་པ་སྔར་བས་ལྷག་པར་མཛོད་ཅིག་ཅེས། །ལག་གཉིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱ་བཏང་ནོར་མེད་སྤྲང་པོ་བདག་གིས་ཀྱང་། །ཡངས་པའི་རྒྱལ་ཁམས་སྤྱི་དང་ཁྱད་པར་དུ། །བལ་བོད་གཉིས་ཀྱི་སྐྱེ་འགྲོ་སེམས་ཅན་ལ། །བདེ་སྐྱིད་ཉི་མ་གསར་དུ་འཆར་བའི་ཕྱིར། །གནམ་ལོ་ད་ལོ་སྦྲུལ་གྱི་ལོ་ནང་དུ། །མཆོད་རྟེན་བྱ་རུང་ཁ་ཤོར་སྐུ་སྟོད་ལ། །བལྟ་ན་རབ་མཛེས་གསེར་ཟངས་ན་བཟའ་ཞིག །བསྒྲོན་ལ་རྒྱལ་པོ་བློན་དང་བཅས་པ་ཡིས། །རོགས་རམ་གང་དགོས་འགོ་འདྲེན་གནང་དགོས་ཞེས། །སྔར་ཡང་གསོལ་བ་བཏབ་པ་དེ་བཞིན་དུ། །ད་དུང་ཡིན་ཡང་ཐལ་སྦྱར་གསོལ་བ་འདེབས། །བྱ་བཏང་ནོར་མེད་སྤྲང་པོ་བདག་གིས་ཀྱང་། །ཆོས་རྒྱལ་ཆེན་པོ་བཀའ་བློན་འཁོར་བཅས་ཀྱི། །སྐུ་ཁམས་ཉི་མ་བཞིན་དུ་དྭངས་པ་དང་། །སྐུ་བསོད་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ། །འཁོར་འབངས་སྐར་ཚོགས་བཞིན་དུ་ཆེས་ཆེར་རྒྱས། །སྙན་གྲགས་གཡུ་འབྲུག་བཞིན་དུ་ཕྱོགས་ཀུན་ལྡིར། །མངའ་ཐང་རྒྱ་ཡང་ནམ་མཁའི་ཕ་མཐའ་དང་། །མཉམ་པའི་སྐྱབས་འཇུག་རྩ་གསུམ་ལྷ་ལ་ཞུ། །དེ་བཞིན་འགྲུབ་

p. 741

པའི་བསྔོ་སྨོན་ཡང་དག་བྱ། །ཞུ་ཡིག་དུང་མདོག་ལྷ་བྱ་ངང་པ་ཡིས། །རབ་དཀར་ལྷ་རྫས་དར་གྱི་གཤོག་པ་བརྐྱངས། །བསྟོད་བསྔགས་ཚིགས་བཅད་དབྱངས་སྙན་སྒྲོག་བཞིན་དུ། །ཆོས་རྒྱལ་བསོད་ནམས་རྒྱ་མཚོའི་དྲུང་དུ་འཕུར། །དེ་ལྟར་ལེགས་པར་ཕུལ་བའི་དགེ་བའི་མཐུས། །རྒྱལ་བློན་རྣམས་ཀྱིས་འཁོར་འབངས་ཡོངས་ལ་བྱམས། །འཁོར་འབངས་རྣམས་ཀྱིས་རྒྱལ་བློན་བཀུར་བ་དང་། །ཀུན་ཀྱང་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཞུ་རྟེན་རབ་དཀར་ལྷ་རྫས་དང་བཅས་ཏེ་ཕུལ་བ། སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་གྲུབ་ཅིང་། དད་བརྩོན་ཤེས་རབ་ཡངས་པའི་རྣམ་དཔྱོད་ཅན་གོཎྜ་རྒྱལ་པོའི་མཆོད་གནས་བླ་མ་སྐལ་བཟང་རྒྱལ་པོས་རྒྱལ་བློན་རྣམས་ལ་གང་དགོས་རྣམས་ཞུས། ཀ་ཤིབྷིམ་ཤིང་ཀར་རྣལ་ལ་སོགས་པས་གྲོགས་ཁྱད་པར་ཅན་མཛད་ནས་བསྒྲུབས་པའི་ཚེ། བོད་ན་བཞུགས་པའི་ཨ་འབན་གྱི་སེམས་ལ་དོགས་པ་ཞིག་སྐྱེས་ཏེ། འཇམ་དབྱངས་གོང་མ་རིན་པོ་ཆེ་ལ་གྲེ་ཙེ་ཕུལ་བའི་ཉིན། འཁྱེར་མི་དེའི་རྟ་ལྷ་ལྡན་རྫབ་དོང་དུ་བརྒྱབ་ནས་རྟའི་རྐང་བ་བཅག མི་ཡི་ལག་ཚིག་བུད། གྲེ་ཙེ་སྒམ་ས་ལ་བརྡབས་ནས་ཆག་པས། ཨ་འབན་རྣམ་རྟོག་ཟོས། གཞུང་གི་སྐུ་དྲག་རྣམས་ལ་བླ་མ་ཞབས་དཀར་པ་འདི་མི་ཅི་འདྲ་ཞིག་ཡིན། འདིས་ཅི་བྱེད་པ་རེད། གོང་མ་རིན་པོ་ཆེ་ལ་མ་ཞུས་ན་བཀའ་བཀྱོན་འདྲ་མི་འབྱུང་ངམ་བྱས་པས། བོད་ཀྱི་རྒྱལ་བློན་རྣམས་ཀྱིས་བླ་མ་ཞབས་དཀར་པ་འདི་ཆུང་ནས་བཟུང་སྟེ་

p. 742

ཆོས་མ་གཏོགས། འཇིག་རྟེན་མི་ཤེས་པ་ཞིག་རེད། དབུས་འདིར་འོངས་ནས་ཀྱང་ནོར་རྫས་ཡོད་ཚད་ཀྱིས་མཆོད་སྦྱིན་བཏང་དགེ་འདུན་ལ་བསྙེན་བཀུར་ཞུས། ཁྱད་པར་ལྷ་ལྡན་བསམ་ཡས་ཀྱི་ཇོ་བོ་གཉིས་ལ་གསེར་གྱི་མཆོད་ཀོང་ཕུལ། དེང་སང་ཡང་གོང་མ་རིན་པོ་ཆེ་རྒྱལ་བ་ཡབ་སྲས་རྣམས་ཀྱི་ཞབས་བརྟན་དང་། བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས་སྨོན་ལམ་བཏབ་ཚད་འགྲུབ་པའི་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཆོས་འཁོར་བཅུ་གསུམ་ལ་རིན་ཆེན་གསེར་ཟངས་ཀྱི་ན་བཟའ་ཕུལ་ནས་ཕྱེད་ཀ་ལྷག་ཙམ་འགྲུབ་འདུག་ཟེར། གོང་མ་ལ་དགོངས་བསྐོར་མ་ཕུལ་བ་དེ་ཁོང་རང་ཆོས་པ་ཡིན་པས་གོང་མའི་ལུགས་སྲོལ་མ་ཤེས་པ་རེད་ཅེས་སྨྲས་པས། ཨ་འབན་གྱིས་བསམས་བསམས་ནས། གོང་མ་རིན་པོ་ཆེ་ལ་སྙན་སྒྲོན་ཞིག་འབུལ་དགོས་པར་གདའ། མ་ཕུལ་ན་རྗེས་ནས་མཐའ་མི་འདིས་འཁྲུག་པ་འདྲ་བསླང་ན་བཀའ་བཀྱོན་ཡོང་ཉེན་ཡོད་བྱས་པས། དེ་ཡིན་ན་ཐམས་ཅད་གྲོས་མཐུན་གྱི་སྒོ་ནས་འབུལ་ཞེས། ཨ་འབན་དང་བོད་ཀྱི་རྒྱལ་བློན་རྣམས་གྲོས་བྱས་ནས། བླ་མ་ཞབས་དཀར་པ་ཟེར་བའི་ཆོས་པ་བཟང་པོ་ཞིག་གིས། གོང་མའི་ཞབས་བརྟན་དང་བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཆོས་འཁོར་ལ་གསེར་ཟངས་ཀྱི་ན་བཟའ་བསྒྲོན་པར་འདུག་སྟེ། སྒྲོན་ཏུ་བཅུག་ཆོག་གམ་མི་ཆོག་ཅེས་ཕུལ་བས། དེའི་ལན་འཁོར་རག་གི་བར་དུ་སློབ་མ་ཡོན་བདག་ཕལ་ཆེར་གྱིས་གོང་མ་རིན་པོ་ཆེའི་བཀའ་ཅི་འདྲ་ཞིག་ཕེབས་འོང་ངམ་སྙམ་འཇིགས་ལྷང་ངེ་སྡོད་

p. 743

དགོས་བྱུང་། རྗེས་ནས་གོང་མ་རིན་པོ་ཆེས། ཁོ་ཆོས་པ་འཇིག་རྟེན་པའི་ལུགས་མི་ཤེས་པའི་སྟབས་ཀྱིས་དགོངས་བསྐོར་མ་ཕུལ་བ་ལ་བཀའ་བཀྱོན་མེད། ཆོས་འཁོར་བཅུ་གསུམ་བསྒྲུབ་ཏུ་མ་བཅུག་ན། མཐའ་མི་དོགས་པ་ཟོས་ནས་འཁྲུག་པ་སློང་ཉེན་ཡོད་པས། ཆོས་འཁོར་བཅུ་གསུམ་བསྒྲུབ་ཏུ་ཆུག་དེ་ནས་བོད་དུ་འོང་སྟེ་ཆོས་ལྡན་གྱི་བྱ་བ་སྒྲུབ་པ་མ་གཏོགས། མཐའ་ནས་བསྡད་མི་ཆོག་པའི་བཀའ་ཕབ་པས་ཐམས་ཅད་དགའ་བ་བྱུང་། དེ་ནས་ཆོས་འཁོར་བཅུ་གསུམ་ལ་གསེར་ཟངས་ཀྱི་ན་བཟའ་བསྒྲོན་ཚར་འདུག་ཟེར་བའི་གཏམ་སྙན་ཡང་གོ་བས། བསྔོ་བ་སྨོན་ལམ་བརྒྱ་ཕྲག་བྱས་ནས་རབ་ཏུ་དགའ་བའི་ཤུགས་ཀྱིས་གླུ་འདི་བླངས་སོ། །འགྲན་གྱིས་དོ་མེད་ཤཱཀྱའི་རྒྱལ་པོ་དང་། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །ཡབ་སྲས་རྒྱུད་པར་བཅས་ལ་གུས་ཕྱག་འཚལ། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །ཟླ་མེད་བླ་མ་རྣམས་ཀྱི་བཀའ་དྲིན་ལ། །བརྟེན་ནས་རང་བློ་བདེ་ཚུལ་དབྱངས་སུ་ལེན། །དང་པོ་མཚན་ལྡན་བླ་མ་བརྒྱ་ཕྲག་བསྟེན། །མདོ་རྒྱུད་མན་ངག་གདམས་པ་མང་པོ་ཐོབ། །བར་དུ་རི་ཁྲོད་དབེན་པ་བརྒྱ་ཕྲག་འགྲིམས། །གང་ཤེས་ཉམས་ལེན་བྱས་ནས་རང་རྒྱུད་བཏུལ། །ཐ་མ་ཕྱོགས་མེད་རྒྱལ་ཁམས་བརྒྱ་ཕྲག་ཉུལ། །ལྟོ་གོས་ཆོས་གསུམ་བྱིན་ནས་འགྲོ་དོན་བྱས། །ད་རེས་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་སུ། །དམིགས་ནས་མཆོད་རྟེན་ཆོས་འཁོར་གསེར་གྱིས་བཏུམས། །རང་གཞན་

p. 744

བསྟན་འགྲོའི་དོན་ཆེན་བརྒྱ་ཕྲག་ལྷག །འགྲུབ་པའི་བསྔོ་བ་སྨོན་ལམ་ཡང་དག་བྱས། །ད་ནི་ཤི་ཡང་དགའ་སྟེ་སྨོན་ལམ་ཐེབས། །གསོན་ཡང་དགའ་སྟེ་བསྟན་འགྲོའི་དོན་ཆེན་འགྲུབ། །ཚུལ་འདི་བསམ་ན་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་དངོས་བརྒྱུད་བླ་མ་རྣམས། །ད་དུང་བདག་གི་སྐྱིད་སྡུག་ཁྱེད་རང་མཁྱེན། །བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱོངས་ཤིག །འདི་ཐོས་རྣམས་ཀྱིས་རྗེས་སུ་ཡི་རང་བྱས། །དེ་མཐུས་བསོད་ནམས་མཉམ་དུ་འཐོབ་པར་ཤོག །ཅེས་བླངས་པས་དེར་འཚོགས་པ་ཀུན་དགའ་ཞིང་སྤྲོ་བར་གྱུར་ཏོ། །དེ་ནས་མཆོད་རྟེན་གྱི་རབ་གནས་ལ་སོང་ན་མ་སོང་ན་སྙམ་པའི་དགོང་མོ་ཞིག་ཆོས་རྒྱལ་རིན་པོ་ཆེ་ལ་གསོལ་བ་བཏབ་པས། མཚན་མོ་རྨི་ལམ་དུ་ཁོང་ལ་མཇལ་བའི་ཞལ་ནས། ད་ལོ་རབ་གནས་ལ་མ་སོང་ན་དགའ། འདི་ཀ་ནས་རབ་གནས་ཀྱི་དམིགས་པ་བྱས་ན་གཅིག་ཡིན་གསུང་བ་ཞིག་རྨིས་པས་བལ་ཡུལ་དུ་མ་སོང་བར་བསྡད། རྗེས་སུ་རབ་གནས་ཀྱི་ཉིན་མོ་མི་ཁྲི་ཚོ་ཙམ་ཞིག་འཚོགས་པ་ལ་ཚོགས་ཀྱི་དགའ་སྟོན་རྒྱ་ཆེན་པོ་བཏང་། གྲུབ་དབང་སྐལ་ལྡན་རང་གྲོལ་གྱིས་དེར་འཚོགས་པ་རྣམས་ལ་ཚེ་དབང་ཞིག་གནང་། གཞན་བླ་མ་སྦྱིན་པ་ནོར་བུ་དང་ཕུག་བྲག་མཁན་པོ་སོགས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ཙམ་ཞིག་གིས་དངོས་སུ་རབ་གནས་མཛད། དེའི་ཉིན་ངས་ལ་ཕྱི་གངས་ཀྱི་ར་བ་ནས་རབ་གནས་ཀྱི་དམིགས་པ་བྱས་མེ་ཏོག་འཐོར་བ་དང་། སློབ་མ་ཡོན་བདག་རྣམས་ཀྱི་དད་མོས་གཉིས་ཀ་འཛོམ་པའི་རྟེན་འབྲེལ་

p. 745

གྱིས། དེའི་ཉིན་གང་ཟག་ལས་སྣང་དག་པས་ནམ་མཁའི་མཐོངས་ཀུན་འཇའ་སྤྲིན་གྱིས་གང་བའི་ཀློང་ནས་བདག་གིས་རབ་གནས་དངོས་སུ་མཛད་པ་མཐོང་བ་དང་། དེར་འཚོགས་པ་ཀུན་གྱིས་ནམ་མཁའི་འཇའ་སྤྲིན་གྱི་ཀློང་ན་འོད་ཀྱི་གོང་བུ་ཞིག་མཐོང་བ་དང་། བྱ་རྒོད་ཆེན་པོ་ཞིག་གིས་སྐོར་བ་ཡང་ཡང་བྱས་ནས་ཇེ་མཐོ་ཇེ་མཐོར་སོང་སྟེ་མཐར་ལ་ཕྱིའི་ཕྱོགས་སུ་འགྲོ་བ་མཐོང་། དེ་དུས་མཆོད་རྟེན་ལ་རབ་གནས་ཀྱི་མེ་ཏོག་དངོས་སུ་བབས་པ་ཕལ་ཆེར་གྱིས་བླངས་ནས་དད་རྟེན་དུ་འཁྱེར་སྐད། དེའི་རྒྱུ་སོང་ལ་བླ་མ་སྦྱིན་པ་ནོར་བུའི་གསེར་ཞོ་ལྔ་བརྒྱ། གྲུབ་དབང་སྐལ་ལྡན་རང་གྲོལ་ནས་གསེར་ཞོ་བཞི་བརྒྱ། སྡེ་པ་རྟ་གོ་ནས་གསེར་ཞོ་བརྒྱ་དང་བརྒྱད། དེ་བཞིན་དུ་སྡེ་པ་རྣམ་རྒྱལ་ནས་གསེར་ཞོ་ཉིས་བརྒྱ། བསོད་ནམས་དར་རྒྱས་ཀྱི་གསེར་ཞོ་བརྒྱ་དང་ལྔ་བཅུ། གནས་པོ་ནོར་བུའི་གསེར་ཞོ་བརྒྱད་ཅུ། གནག་དཔོན་བསོད་ནམས་བཟའ་མི་གཉིས་ཀྱི་གསེར་ཞོ་ལྔ་བཅུ་སོགས་གསེར་སྲང་སྟོང་ཕྲག་གཅིག་ལྷག་གི་རྩིས་སོང་། རྒྱས་པར་དཀར་ཆག་ཐར་ལམ་དཀར་པོ་ན་གསལ་ལོ། །ངོ་མཚར་མཁའ་ལ་ཉི་ཟླ་རྣམ་གཉིས་དང་། །ས་ལ་མཆོད་རྟེན་ཆེན་པ་རྣམ་གཉིས་ཞེས། །ཡོངས་སུ་གྲགས་པ་འདི་གཉིས་ལས་ལྷག་པའི། །ཕྱག་དང་མཆོད་པའི་ཞིང་མཆོག་གཞན་ན་གང་། །སྔོན་བྱོན་མཁས་གྲུབ་སྐྱེས་ཆེན་མང་པོ་ཡིས། །མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་

p. 746

ལ། །རིན་ཆེན་གསེར་གྱི་ན་བཟའ་ཡང་ཡང་དུ། །བསྒྲོན་པའི་ངོ་མཚར་ལོ་རྒྱུས་མང་པོ་སྣང་། །མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ། །རིན་ཆེན་གསེར་གྱི་ན་བཟའ་བསྒྲོན་ནུས་ཀྱང་། །བདག་ཅག་མ་འོངས་སྐལ་ལྡན་གདུལ་བྱ་ཡིས། །བསོད་ནམས་གསོག་པའི་ཕྱིར་དུ་བཞག་གམ་སྙམ། །བདག་ཀྱང་སྙིང་སྟོབས་ཆུང་རུང་ཆེར་བསྐྱེད་ནས། །སྒྲུབ་ཚེ་ལྷ་མི་ཡོངས་ཀྱིས་གྲོགས་མཛད་པས། །སྔར་མེད་རིན་ཆེན་གསེར་ཟངས་ན་བཟའ་གྲུབ། །གཟི་བརྗིད་འོད་ཟེར་ཕྱོགས་བརྒྱར་འཕྲོ་ལ་ལྟོས། །དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་མི་རྣམས། །རབ་ཏུ་དགའ་བའི་རྗེས་སུ་ཡི་རང་མཛོད། །དགའ་བའི་གར་གྱིས་སྐྱིད་པའི་བྲོ་ཆུང་འཁྲོབ། །སྙན་པའི་གླུ་དབྱངས་ལེན་ན་ད་ལོངས་ཤིག །བསགས་པའི་ནོར་ལ་སྙིང་པོ་མ་མཆིས་ཀྱང་། །འདི་འདྲ་བྱས་ན་སྙིང་པོ་ཡོད་དོ་ཞེས། །གཏམ་འདི་ལྷ་མི་ཡོངས་ཀྱི་སྙན་དུ་འབུལ། །ཀུན་ཀྱང་དགའ་བས་གཅིག་ནས་གཅིག་ཏུ་སྒྲོགས། །ཆོས་འཁོར་ཇི་བཞིན་བྲེ་དང་བུམ་པ་ལ། །རིན་ཆེན་གསེར་གྱི་ན་བཟའ་སྒྲོན་ཅིག་ཅེས། །ཕྱི་རབས་ཆོས་མཛད་སྐྱེས་ཆེན་ཐམས་ཅད་ལ། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས། །བདག་གིས་མ་འོངས་སྐྱེ་བ་གཞན་དག་ཏུ། །མཆོད་རྟེན་ཡོངས་རྫོགས་རིན་ཆེན་གསེར་གྱིས་བཏུམས། །སྟེང་དུ་སངས་རྒྱས་སྟོང་དང་རྒྱུད་སྡེ་བཞིའི། །ལྷ་ཚོགས་དཔག་ཏུ་མེད་པས་མཚན་པར་སྨོན། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །བསྟན་དང་འགྲོ་བ་ཡོངས་ལ་ཕན་ཕྱིར་བསྔོ། །དེ་མཐུས་སངས་རྒྱས་བསྟན་པ་

p. 747

དར་ཞིང་རྒྱས། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་སོགས། །མི་འདོད་ཉེར་འཚེའི་མིང་ཡང་མི་གྲགས་ཤིང་། །ཚེ་རིང་ནད་མེད་ལོ་ལེགས་འབྲུ་ནོར་འཕེལ། །བཀྲ་ཤིས་ཆེན་པོས་ས་སྟེང་ཁྱབ་གྱུར་ཅིག །ཅེས་སྨྲས་སོ། །གནས་དེར་འགྲོ་ཕན་ཆེན་པོ་བྱུང་ཚེ། རོང་གི་མཛེ་པོ་མང་པོས་ངའི་སྙན་པ་ཐོས་པས། བདག་པོ་ཡོད་པ་ཚོས་ཁུར་ནས་ནད་ལ་ཕན་པའི་བྱིན་རླབས་ཞུ་རུ་འོང་བ་གནས་དེར་ཉི་མ་མང་པོར་སྡོད་དུ་བཅུག ངས་ཀྱང་སྙིང་རྗེ་ཆེན་པོའི་སྒོ་ནས་གངས་ཆུ་ལ་རིགས་གསུམ་མགོན་པོ་དང་། ཁྱུང་ཁྲ་རྡོ་རྗེ་གོ་ཁྲབ་རྣམས་ཀྱི་སྔགས་བཏབ་ནས་ཁོག་པར་འཐུང་དུ་བཅུག ལུས་ཀྱི་ཕྱི་རྣམས་ལ་ཁྲུས་བྱས་སྨན་ཀྱང་བྱིན་ནས་ཀླུ་ནད་པ་མང་པོ་དྲག་པ་བྱུང་བས་ཐམས་ཅད་ཀྱིས་བླ་མ་ཁོང་སངས་རྒྱས་དངོས་རེད་བྱིན་རླབས་ཆེན་པོ་འདུག་ཟེར། གཞན་ཡང་ནད་པ་ནད་མ་མང་པོ་འོང་བ་རེ་གཉིས་མ་གཏོགས་དྲག་པ་བྱུང་། དེ་ནས་བཟུང་རོང་གི་ཡོན་བདག་རྣམས་ཀྱི་དད་པ་ཆེར་སོང་། གང་བཤད་པའི་ཆོས་ཀྱི་ནང་བཞིན་སྡིག་སྤོང་དགེ་སྒྲུབ་ལ་གཞོལ་མཁན་བསམ་གྱིས་མི་ཁྱབ་པ་བྱུང་། མགར་ར་ཡ་སློང་རི་དྭགས་གསོད་མཁན་བྱུང་ཚད་ལ་གསོལ་རས་མང་པོ་བྱིན། ཆོས་བཤད་ནས་རི་དྭགས་མི་གསོད་པའི་དམ་བཅའ་བྱས། ཤ་ཁྱི་རྣམས་བདག་ལ་ཕུལ་བས་སྐབས་ཤིག་ཁྱི་བཅུ་བཅོ་ལྔ་ཙམ་ཞིག་བྱུང་། མི་ལ་རྨུགས་པ་དང་རི་དྭགས་གསོད་ཀྱིས་དོགས་ནས་ཁྱི་རྫི་རེ་གཉིས་རེ་བཞག་རྗེས་ནས་

p. 748

བོད་དུ་ཁྲིད་འོང་སྟེ་རི་དྭགས་མི་གསོད་པའི་ཡོན་བདག་རྣམས་ལ་བྱིན་ནོ། །གཞན་ཡང་ཁམས་པ་མི་གསོད་མཁན་དང་། རྐུས་རྒྱག་པ། གྲྭ་བཙུན་སྡོམ་པ་ཤོར་བ། རོང་པ་ཆང་འཐུངས་ནས་སྐྱུར་འགོང་རྒྱག་མཁན། ཁྱིམ་ཚང་ལ་མི་བྱམས་པར་བཟའ་བསྡིགས་བྱེད་མཁན་གྱི་རྒན་རྒོན་སོགས་མི་ངན་པའི་རིགས་རྣམས། གཞན་ལ་དྲིས་ནས་བཤད་པ་དང་། །རང་གིས་བལྟས་ནས་ཤེས་པ་སོགས་ལ། ཨ་རོག་ཁྱོད་ཀྱིས་མི་འདྲ་མ་བསད་དམ། ཁྱོད་ཆང་སྐྱོན་ཅན་འདྲ་མིན་ནམ་ཞེས་བཤད་པས། གང་བཤད་ཁྲིགས་ཁྲིགས་བྱུང་བ་དང་། ཡིན་ལགས་ཞེས་ཕྱག་འཚལ་ནས་སྔར་བྱས་ལ་བ ཤགས་པ་རྒྱག་པ་དང་། ཕྱིན་ཆད་མི་བྱེད་པའི་དམ་བཅའ་བྱེད་མཁན་མང་དུ་བྱུང་། ཡང་རོང་པའི་རྒན་མོ་དད་ཅན་ཞིག་གིས་མར་ཆེན་པོ་ཞིག་ཁྱེར་འོང་བ་ལ། རྒན་མོ་མར་ཆེན་པོ་ཁྱེར་འོངས་པ་བཟང་སྟེ། རྒད་པོས་ཆེ་བ་མ་འཁྱེར་ཆུང་བ་ཁྱེར་ཨེ་ཟེར་བྱས་པས། མོ་རང་གིས་མཁྱེན་སོང་འདུག་སྙམ་ནས་ཟེར་བྱུང་ལགས་ཞུས་པས་ཐམས་ཅད་བཞད་གད་ཐག་གེ་བ་ཞིག་བྱུང་། ཡང་རོང་གི་ཡོན་བདག་ཆང་འཐུང་མཁན་ཞིག་གིས་ཆང་འཐུང་རྒྱུ་ཁྱེར་འོངས་ནས་ལམ་ཁ་ཞིག་ན་སྦས་ཏེ་ཡོད་པ་ལ། འོ་ཡོན་བདག་ཁྱོད་འོང་བ་ལགས། ཁྱོད་ཀྱི་ལམ་ཆང་གང་ན་སྦས་ཡོད་བཤད་པས། ཁོས་མཁྱེན་སོང་འདུག་སྙམ་ནས། ད་ཕྱིན་ཆད་ཆང་ཆེན་པོ་མི་འཐུང་ལགས་ཟེར་དེ་བཞིན་དུ་མཉམ་བཞག་གི་ངང་ནས་སེམས་ལ་གང་ཤར་བ་རྣམས་ཐོལ་བྱུང་དུ་བཤད་པས་དད་ཅན་འགའ་རེས་ཁོང་གིས་གཞན་གྱི་སྐྱོན་མཚང་

p. 749

ཐམས་ཅད་མཁྱེན་ནས་ཐོགས་པ་མེད་པར་གསུང་སྣང་། ཐུགས་བརྟགས་ཞུས་ན་མི་མཁྱེན་གསུང་བ་དེ། མ་མཁྱེན་པ་མ་རེད་མ་གསུངས་པ་རེད། གསུང་རྒྱུ་ཡིན་ན་མངོན་ཤེས་ཐོགས་མེད་མངའ་བར་འདུག་ཅེས་དད་གུས་དག་སྣང་བྱེད་མཁན་མང་པོ་བྱུང་། རོང་གི་དགོན་པ་གསར་བ་བྱང་ཆུབ་མེ་ཏོག་ན་འདུག་པའི་སློབ་མ་དད་ཅན་བསོད་ནམས་སྙན་གྲགས་ཟེར་བ་ཞིག་གི་ལྕགས་འབྲུག་ཟླ་བ་བཅུ་བའི་ཚེས་བཅུ་གསུམ་གྱི་མཚན་མོ་རྨི་ལམ་ལ། སྐྱབས་མགོན་ཞབས་དཀར་པ་ཡིན་ཟེར་བ་དབུ་རལ་གཙུག་ཏུ་བཅིངས་ཤིང་མཛོད་སྤུ་ཐལ་ཆེན་གྱིས་བྱུགས་པ་དགུང་ལོ་ཉི་ཤུ་ཙམ་ཞིག་གི་ཞལ་གཟིགས་ནས་མགུར་འདི་གསུངས་སོ། །རྗེ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །མགོན་མཚུངས་པ་མེད་པ་པདྨ་འབྱུང་། །ཕ་དེ་དང་དབྱེར་མེད་ཆོས་ཀྱི་རྒྱལ། །མི་ང་ཡི་སྙིང་གི་དབུས་སུ་བཞུགས། །བུ་སྐལ་ལྡན་དར་ཅིག་ཚུར་ཉོན་དང་། །དལ་འབྱོར་གྱི་རྟེན་བཟང་ཐོབ་པར་དཀའ། །དེ་ཡུན་རིང་མི་རྟག་འཇིག་ངེས་པས། །ད་དམ་ཆོས་མྱུར་དུ་བསྒྲུབ་ན་དགའ། །ལམ་རྩ་བའི་བླ་མ་དགེ་བའི་བཤེས། །དེ་མ་ནོར་མཚན་ཉིད་ལྡན་པ་དགོས། །འདི་ཁེ་ཉེན་ཆེ་བས་ནན་ཏན་རྟོགས། །མཚན་ལྡན་དེའི་རྗེས་སུ་འཇུག་པར་གྱིས། །བཀའ་མདོ་རྒྱུད་མན་ངག་སྙིང་པོའི་དོན། །ཆོས་དབུ་རྫོགས་ཕྱག་གསུམ་གང་ཡིན་ཡང་། །རང་གང་མོས་ཤིག་ལ་ཉམས་ལེན་གྱིས། །ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་འཆར། །ཞེས་གསུངས། ཡང་ཆུ་དགོས་ན་བྱང་ཆུབ་

p. 750

མེ་ཏོག་གི་གཡས་ཀྱི་ཕྱོགས་ན་སྒྲུབ་ཆུ་ཡོད་ཅེས་གསུངས་པ་ལྟར། །ཉིན་གཅིག་བཙལ་བས་རྙེད་བྱུང་བ་ལ་ཀུན་དད་ཅིང་ངོ་མཚར་བར་གྱུར་སྐད། གཞན་ཡང་རྒྱ་གར་རྡོ་རྗེ་གདན་གྱི་ནང་པ་རྣམས་ཀྱི་ཁ་གཏམ་ལ། ནང་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི། དེང་སང་རྒྱ་གར་ན་ཆེན་པོ་མེད་རུང་། བོད་ན་རྒྱ་ཆེན་པོ་ཡོད་པ་རེད། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ལ་དགེ་འདུན་ཁྲི་ཕྲག་འབུམ་ཕྲག་མང་པོ་འཚོགས་པའི་ཁྲོད་ན། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་བརྒྱ་ཕྲག་མང་པོ་དང་། རི་ཕུག་རྣམས་ན་བྱ་བཏང་སྒོམ་ཆེན་པ་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་བརྒྱ་སྟོང་མང་པོ་བཞུགས་པའི་ནང་ནས། རྒྱ་གར་གྱི་གྲུབ་ཐོབ་གོང་མ་ཞིག་གི་སྐུའི་སྐྱེ་བ། གྲུབ་ཐོབ་ཞབས་དཀར་པ་ཟེར་བ་ཞབས་གར་བཞག་པའི་ཡུལ་དེ་རྣམ་དཀར་དགེ་བ་ལ་འགོད་ཅིང་། རི་ཁྲོད་གཞན་དུ་ཕེབས་ཚེ་རི་བྲག་རྣམས་ལ་ཡང་ཐལ་བྱུང་དུ་ཐོགས་པ་མེད་པར་བགྲོད་ནུས་ཤིང་། གར་ཕེབས་སུས་མི་ཚོར་བ། གཞན་གྱིས་ནོར་བསླངས་ན་ཕྱག་ཏུ་ས་རྡོ་གང་ཡིན་ཡང་བླངས་ཏེ་གསེར་དུ་བསྒྱུར་ནས་སྟེར་བ། དད་པ་ཅན་གྱིས་གསོལ་བ་བཏབ་ན། དངོས་ཉམས་རྨི་ལམ་དུ་ཡང་ཞལ་གཟིགས་པ་ཞིག་ཡོད་པ་དེ་དེང་སང་ལ་ཕྱི་གངས་ཀྱི་ར་བ་བྱ་བ་རུ་ཕེབས་ཡོད་པ་རེད། ཅི་འདྲ་ཞིག་ཡོད་དམ། བལྟ་རུ་འགྲོ་མཁན་ཡོད་ན་ཨང་ཞེས་གླེང་བའི་ཚེ། དེ་བདེན་ན་ཁོང་ཚོ་འགྲོ་ཞེས་ཨ་ཙ་ར་གཞོན་པ་བཞི་ང་ཡོད་སར་འོངས་ནས་མཇལ་བའི་ཚེ། གསེར་དངུལ་འདྲ་བྱིན་པ་མི་ལེན་པར་དེ་དགོས་པ་མིན་ཁྱེད་ཀྱི་

p. 751

ཞལ་བལྟ་རུ་འོངས་པ་ཡིན་ཞེས་ཉི་མ་བཞི་ཙམ་ཞིག་བསྡད་ནས་ཕྱིར་སོང་སྟེ། སྐུའི་ཆ་ལུགས་གསུང་གི་འབྱོན་ལུགས་སོགས་འདི་འདྲ་ཞིག་འདུག་ཅེས་རྒྱུ་མཚན་རྣམས་བཤད་པས། དད་ཅན་འགའ་ཞིག་བོད་ཕྱོགས་སུ་ཁ་བལྟས་ནས་ཕྱག་ཀྱང་བྱས་སྐད། ཡང་བལ་ཡུལ་ན་རྒྱ་ཕི་ལིང་གི་དཔོན་པོ་ཡོད་པའི་མདུན་དུ། ངའི་གྲྭ་བཙུན་གནས་སྐོར་དུ་སོང་བ་འགའ་རེའི་ལག་ནས་དཔོན་པོ་དེས་ངའི་མགུར་མ་ཡོད་པ་རྣམས་བླངས་ཏེ། ཤེས་པ་ཚོར་འདོན་དུ་བཅུག་ནས་ཉན་པས། ཁོང་སངས་རྒྱས་ཤིག་ཡིན་པར་སྣང་། འདི་ལྟར་ཆོས་གསུངས་ན་རྒྱལ་ཁྲིམས་ལ་ཡང་ཕན་ཐོགས་པར་གདའ་ཞེས་རྒྱ་ཕི་ལིང་གི་སྐད་དུ་བསྒྱུར་ནས་ཡི་གེར་བྲིས་ཏེ། ཁོང་ཚོའི་རྒྱལ་མོ་ཕྱིའི་རྒྱ་མཚོའི་གླིང་ན་བཞུགས་པ་ལ། འདི་འདྲའི་གཏམ་སྙན་འདུག་ཅེས་ངོ་མཚར་བའི་སྐྱེས་སུའང་ཕུལ་བར་གདའ། གཞན་ཡང་བལ་པོ་དང་མོན་པའི་མི་དྲེགས་དང་བུ་བུ་མོ་གཞོན་ནུ་ཐམས་ཅད་ཉི་མ་བཅུ་བཅོ་ལྔའི་ལམ་ནས་མཇལ་དུ་འོངས་པ་ལ། ལོ་ཙཱ་བ་བཞག་ནས་ལས་རྒྱུ་འབྲས་ཀྱི་ཆོས་བཤད་པའི་ཚེ། དད་པ་ཆེན་པོ་བྱས་ཞབས་སྤྱི་བོར་བླངས་མིག་ནས་མཆི་མ་གཏོང་བཞིན་སྨོན་ལམ་བཏབ་ནས་ལོག་འགྲོ་བ་མང་པོ་བྱུང་། མོན་པ་འབྲས་ཁུར་ནས་འཚོང་དུ་འོང་བ་ལ་ལས། ལམ་ནས་པེ་ཅག་པ་ཟེར་བའི་འབུ་མང་པོ་བསད་ནས་ཟ་བ་རྣམས་ལ་སེམས་ཅན་གཞན་གསོད་མི་ཉན། ཤི་ན་དམྱལ་བར་འགྲོ་ཡོང་མ་གསོད་ཅེས་ཆོས་བཤད་པས་མི་གསོད་པ་བྱུང་།

p. 752

ཁྱེད་རྣམས་སྐྱིད་པར་འདོད་ན་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་ཐོབ་དང་མི་ནོར་ཟས་གསུམ་འཛོམས་ནས་སྐྱིད་པོ་འོང་། གསོལ་བ་ཇི་ལྟར་འདེབས་ན། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་འདི་ལྟར་གསོལ་བ་འདེབས་དགོས་ཞེས་མ་ཎི་བསླབས་ནས། རྗེས་སུ་ཡར་ཚོང་ལ་འོང་དུས་འགའ་རེས་མ་ཎི་པད་དབྱངས་བླངས་ནས་འོང་བ་བྱུང་། དེ་ནས་ལོ་གསུམ་ཡང་སོང་ཚར། མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཡང་གསེར་ཟངས་ཀྱི་ཞབས་ཏོག་ལེགས་པར་འགྲུབ་ཚེ་སེམས་སྤྲོ། གངས་ཅན་བོད་ཡུལ་ཡང་དྲན་ནས་འགྲོ་འདོད་པའི་ཤུགས་ཀྱིས་སྐྱིད་པའི་རྒྱང་གླུ་འདི་བླངས་སོ།། །མཚན་ལྡན་བླ་མ་ཡི་ནོར་བུ། །སྤྱི་བོའི་གཙུག་རྒྱན་དུ་བཞུགས་ཤིག །བྱ་བཏང་རྣལ་འབྱོར་ངས་དེ་རིང་། །སྐྱིད་པའི་རྒྱང་གླུ་ཞིག་ལེན་ནོ། །ལྷོ་རྒྱལ་འཛམ་གླིང་གི་རྒྱན་གཅིག །ཕྱག་དང་མཆོད་པ་ཡི་ཞིང་མཆོག །ངོ་མཚར་མཆོད་རྟེན་ནི་ཆེན་པོ། །བྱ་རུང་ཁ་ཤོར་ནི་ཡིན་སྣང་། །བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས། །ཆོས་འཁོར་བཅུ་གསུམ་ནི་ཡོངས་རྫོགས། །རིན་ཆེན་གསེར་ཟངས་ཀྱི་ན་བཟས། །གཡོགས་ནས་སེར་པོ་རུ་བཏང་ཚར། །གནས་ཆེན་གསུམ་པོ་ཡི་ནང་ནས། །ལ་ཕྱི་འདི་ཀ་རང་ངོ་མཚར། །ཉམས་དགའ་མཁའ་འགྲོ་ཡི་དོ་ར། །རྗེས་སུ་འཇོག་པ་ལ་ཕངས་ཀྱང་། །རྣལ་བྱོར་དཔོན་སློབ་ཀྱི་ཚོགས་རྣམས། །ལྷ་ཆོས་མི་ཆོས་ཀུན་འཛོམ་ས། །རྒྱལ་བ་ཡབ་སྲས་ཀྱི་བཞུགས་གནས། །དབུས་གཙང་དག་ཞིང་དུ་ཆས་འགྲོ། །ལྷ་ལྡན་བསམ་ཡས་ཚོར་མཇལ་བའི། །སྐལ་ལྡན་ལས་ཅན་འདྲ་ཡོད་ན། །ཡུལ་ནས་མ་སྡོད་པར་ཤོག་དང་། །ང་དང་ལྷན་དུ་རང་ཆས་འགྲོ། །འཇིག་རྟེན་མི་ཆོས་རྣམས་སྤངས་ནས། །དམ་པའི་ལྷ་ཆོས་ཀྱི་ཕྱིར་དུ། །དབུས་གཙང་དག་ཞིང་དུ་འགྲོ་བའི། །

p. 753

རྣལ་འབྱོར་དཔོན་སློབ་ཚོའི་སྐྱིད་པ། །སྐྱིད་པའི་རྒྱང་གླུ་རང་ལེན་བཞིན། །སྐྱིད་དགའ་ལོངས་སྤྱོད་ཀུན་འཛོམ་པའི། །སྐྱིད་པོ་བོད་ཡུལ་གྱི་དབུས་སུ། །སྐྱིད་ཆོས་བྱེད་པ་ལ་ཆོས་འགྲོ །དེ་འདྲའི་སྐྱིད་གླུ་དེ་འཐེན་མཁན། །ཚོགས་དྲུག་རང་གྲོལ་ཁོ་ཡིན་སྣང་། །གླུ་འདི་ཐོས་ཚད་ཀྱི་མི་ལ། །ནམ་ཡང་སྐྱིད་པོ་རང་ཤོག་ཤོག །ཅེས་པ་ལ་སོགས་པའི་མགུར་དབྱངས་ལེན་བཞིན་རྗེ་མི་ལའི་སྒྲུབ་གནས་བྲག་དམར་མཆོང་ལུང་དང་། སྤོ་མཐོ་ནམ་མཁའ་རྫོང་། སྐྱིད་ཕུག་ཉི་མ་རྫོང་རྣམས་ལ་གནས་འབྲེལ་བཞག བྲག་དམར་མཆོང་ལུང་དུ་ཉི་མ་གཅིག་ལ་མི་མང་པོས་མཚམས་ཁང་ལྔ་བརྒྱབ། ནང་དུ་མཚམས་པ་ཁ་ཤས་བཞག སྤོ་མཐོ་ན་བཞུགས་པའི་བྲག་དམར་བླ་མ་མཆོག་ནས་དཔོན་སློབ་ཀུན་ལ་ཞབས་ཏོག་ལེགས་པོ་བྱས། དེ་ནས་ཤེལ་ཕུག་ཆུ་ཤིང་རྫོང་དུ་སོང་ནས་གནས་འབྲེལ་བཞག འོ་ཟངས་དགོན་པས་ཞབས་ཏོག་ཡག་པོ་བྱས། འདུ་ཁང་སྟེང་དུ་གསེར་ཟངས་ཀྱི་གཉྫི་ར་ཞིག་བཞག སྤྲོ་སྡེ་རྫོང་དུ་སོང་སྡེ་པ་བཀྲ་ཤིས་བདེ་ལྡན་པ་ཡབ་སྲས་གཉིས་ཀྱིས་ཞབས་ཏོག་ཡག་པོ་བྱས། ཆུ་དབར་དགོན་དུ་སོང་། རྗེ་བཙུན་རིན་པོ་ཆེའི་སྐུ་པུར་ཐལ་ལས་བཞེངས་པའི་རྗེ་བཙུན་མཐོང་བ་དོན་ལྡན་ལ་མཇལ་མཆོད་འབུལ་རྒྱ་ཆེན་པོ་བྱས། དེར་བཞུགས་པའི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཡོངས་འཛིན་པཎྜི་ཏའི་ཐུགས་སྲས་ཆུ་དབར་མཁན་རིན་པོ་ཆེ་ཡོན་ཏན་ལྷུན་གྲུབ་ལ་མཇལ། མདུན་ནས་བློ་སྦྱོང་བདུད་རྩི་སྙིང་པོའི་ཁྲིད།

p. 754

གཅོད་ནམ་མཁའ་སྒོ་འབྱེད་དང་། ཐིག་ལེ་བཅུ་དྲུག་གི་དབང་། དགེ་ལྡན་ཕྱག་ཆེན་གྱི་ལུང་རྣམས་ཞག་པོ་བཅོ་ལྔའི་བར་དུ་ཞུས། མཇུག་ཏུ་ཁོང་གི་ཞབས་བརྟན་དུ་དམིགས་ནས། སྐུ་གསུང་ཐུགས་རྟེན་གྱིས་ཐོག་དྲངས་གསེར་དངུལ་ལ་སོགས་པའི་འབུལ་བ་བཏེགས། ཚུར་ལ་ཡང་གསོལ་རས་མང་པོ་གནང་བྱུང་། དེ་ནས་ཕྱིར་འཁོར་གནས་ཆེན་ལ་ཕྱི་རུ་འོང་། དགོན་པ་གཞུང་གི་བླ་མ་འཕྲིན་ལས་དང་མཚོ་ག ཤམ་བླ་མ། ཡོན་བདག་རྡོར་སྐྱབས་པ། སངས་རྒྱས་ལ་སོགས་པའི་རོང་གི་སློབ་མ་ཡོན་བདག་རྣམས་ཀྱིས་ང་དབུས་སུ་འགྲོ་ཁར་ཚོགས་མཆོད་རྒྱ་ཆེན་པོ་ཕུལ། སྐུ་གསུང་ཐུགས་རྟེན་གྱིས་གཙོ་བྱས་བརྒྱ་འབུལ་མང་པོ་བྱས། རྒྱ་གར་དུ་འགྲོ་བའི་ཁམས་པ་ཚོང་བ་མང་པོས་ཤེལ་གྱི་བུམ་པ་གངྒཱའི་ཆུས་བཀང་བ་མང་པོ་དང་། ཤེལ་གྱི་མར་མེའི་འོད་ཁང་ཆེན་པོ། ལི་སྡེ་པ་གོའི་བླ་མས་ཁྲི་སྙན་ས་ལེའི་པགས་པ་རྭ་དང་བཅས་པ་ཕུལ། བདག་གིས་མཚོ་གཤམ་དགོན་པ་ལ་གསེར་ཟངས་ཀྱི་གཉྫི་ར་ཞིག་ཕུལ། གཞན་ཡོན་བདག་རྣམས་ལ་བྱིན་རྟེན་དབུ་སྐྲ་ན་བཟའ་བྱིན་ཚེ་འདི་ཕྱིར་ཕན་པའི་ཆོས་བཤད་ཁ་ཏ་རྒྱས་པར་བྱས་པའི་མཐར། རོང་ཕྱོགས་ཀྱི་བླ་མ་དཔོན་པོ་རྒན་རྒོན་བུ་དང་མནའ་མ་དད་ཅན་ཐམས་ཅད་ལ་ཕན་པའི་ཞལ་གདམས་འདི་བྱིན་ནོ། །དངོས་བརྒྱུད་བླ་མ་རྣམས་ལ་འདུད། །ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །རང་གི་དད་ཅན་ཐམས་ཅད་ལ། །ཕན་པའི་སྙིང་གཏམ་བཤད་ཀྱིས་ཉོན། །བླ་མས་ཆང་འཐུང་སྒྱུར་འགོང་བརྒྱབ། །ཆུ་དེ་འགོ་ནས་མ་རྙོགས་པར། །གྲྭ་

p. 755

བཙུན་དང་བ་འདྲེན་པའི་ཕྱིར། །ཆོས་བཞིན་ཚད་ལྡན་ཚུལ་མཐུན་གྱིས། །གྲྭ་བཙུན་རྣམས་ཀྱིས་ཆང་འཐུངས་ནས། །སྤྱོད་ངན་ཆལ་ཆོལ་མ་བྱེད་པར། །བླ་མའི་བཀའ་བཞིན་སྡོམ་པ་སྲུངས། །འགྲིག་ལམ་ཀུན་སྤྱོད་ཡག་པོ་གྱིས། །དཔོན་པོས་མི་སེར་ཐམས་ཅད་ལ། །དོན་མེད་ཆད་པ་མ་རྒྱག་པར། །བཙན་པོའི་གཉའ་གནོན་སྙོམས་ཆུང་གི །གཟེངས་བསྟོད་ཐམས་ཅད་བྱམས་པས་སྐྱོངས། །རྒན་རྒོན་འདོད་པ་ཆེར་སོང་ནས། །དོན་མེད་ལབ་ལོབ་མ་མང་བར། །ཁ་ལ་གང་བྱུང་ལྟོ་ཟོ་ལ། །ཁ་རོག་སྡོད་ལ་མ་ཎི་བགྲོངས། །ཁྱིམ་ཚང་ནང་མི་ཐམས་ཅད་ཀྱིས། །ཚིག་ངན་འཐབ་མོ་མ་རྒྱག་པར། །གོང་མས་འོག་མར་གང་བྱམས་གྱིས། །འོག་མས་གོང་གི་ཁ་ལ་ཉོན། །བུ་དང་མནའ་མས་རྒན་རྒོན་ལ། །ལན་སློག་སྡང་པོ་མ་བྱེད་པར། །གང་ཡོད་ཟས་བྱིན་གོས་སྐོན་ལ། །སོས་དལ་བདེ་བར་ཉལ་དུ་ཆུག །གཡོག་པོ་གཡོག་མོར་ལྟོ་མི་སྟེར། །སྡུག་ལས་མང་པོ་མ་གཏོང་བར། །རང་གི་བུ་ལྟར་ལྟོ་གོས་བྱིན། །སྐབས་རེར་ངལ་གསོས་སྡོད་དུ་ཆུག །སྒོ་ན་ཡོད་པའི་ཁྱི་རྒན་ཡང་། །འཁྱགས་དང་ལྟོགས་སུ་མ་འཇུག་པར། །ནངས་ནུབ་ལྟོ་བླུད་དྲོ་སར་ཞོག །མི་ཟས་ཟ་དུས་ཁམ་རེ་བྱིན། །འོ་མ་འདྲེན་མཁན་མཛོ་མོའི་བུ། །དགྲ་ལྟར་ངན་གསོད་མ་བྱེད་པར། །སྙིང་རྗེས་འོ་མའི་ཕྱེད་ཀ་བྱིན། །ནམ་ཡང་རྟོལ་བུ་མ་གསོད་ཨང་། །རང་ཡུལ་བྱ་དང་རི་དྭགས་རྣམས། །རང་གིས་གསོད་པ་ཕར་ལ་ཞོག །གཞན་ལའང་གསོད་དུ་མ་འཇུག་པར། །ཚེ་ཐར་གྱིས་དང་ཡུལ་ལྷ་མཉེས། །

p. 756

ཁྱིམ་མཚེས་གཡས་གཡོན་སུ་ལ་ཡང་། །དོན་མེད་འཁོན་འཛིང་མ་བྱེད་པར། །སྐྱིད་སྡུག་གང་གི་དུས་སུ་ཡང་། །གཅིག་གིས་གཅིག་ལ་ཕན་ཐོགས་གྱིས། །མི་ངན་རེ་རེས་སྐྱོ་མ་བཅུག །ཡུལ་མི་ཕན་ཚུན་མ་དཀྲུགས་པར། །སྔོན་ཆད་འཁོན་པའང་འགྲིགས་སུ་བཅུག །ཕྱིན་ཆད་ཐམས་ཅད་མཐུན་པོ་གྱིས། །འཆི་བ་ནམ་ཡོང་ངེས་པ་མེད། །ཕྱུག་པོ་སེར་སྣ་མ་ཆེ་བར། །ལོ་རེ་བཞིན་དུ་ཡུལ་ཕྱོགས་ཀྱི། །མི་ལ་དགེ་རྩ་སྟོན་མོ་ཐོངས། །དགའ་སྟོན་གཏོང་དུས་ཐམས་ཅད་ཀྱིས། །ཚིག་ངན་རྡུང་རེས་མ་རྒྱག་པར། །བདེ་སྐྱིད་ལྷ་དང་འགྲན་པའི་ཕྱིར། །གླུ་ལོངས་སྐྱིད་པའི་བྲོ་ཆུང་འཁྲོབ། །ཚེ་འདིར་བདེ་རུང་ཡུད་ཙམ་ཡིན། །ཕྱི་མར་ནམ་འགྲོ་ཆ་མེད་སོམས། །དོན་མེད་སྡིག་པ་མ་གསོག་པར། །ཕྱི་མར་ཕན་པའི་ལྷ་ཆོས་རེམ། །རོང་གི་བླ་མ་དཔོན་པོ་དང་། །དད་ཅན་གྲྭ་བཙུན་སྦྱིན་བདག་རྣམས། །ང་ཡིས་མི་བརྗེད་སེམས་ལ་འཇོག །ཁྱེད་རྣམས་རྒྱུན་དུ་དད་གུས་གྱིས། །ད་ནི་ཚེ་འདིར་མཇལ་དཀའ་ཡང་། །ད་དུང་མཇལ་བའི་སྨོན་ལམ་འདེབས། །ཚེ་འདིར་དངོས་སུ་མ་མཇལ་ན། །ཕྱི་མའི་ཡུལ་ལ་མཇལ་བར་ཤོག །ཅེས་སྨྲས་པས་ཐོས་ཚད་ཀྱི་རིགས་ལ་བློ་བསྐྱེད་བྱུང་ནས་སྡིག་ལ་འཛེམ་ཞིང་དགེ་ལ་བརྩོན་པ་མང་པོ་བྱུང་། ཆོས་བྱས་པའི་ལག་རྗེས་སུ་ཡུལ་ཕྱོགས་ལ་ལོ་ལེགས་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་ངོ་། །ཡང་ཡོན་བདག་རྒན་པོ་བྲེ་སྲང་ཚེ་རིང་། དབུ་མཛད་རྒྱ་བོ་ལ་སོགས་པ་ལ་ཕྱི་བ་རྣམས་ཀྱིས་གནས་ཆེན་དེར་སྡོད་རིང་ལ་ཞོ་དར་དང་མར་སོགས་ཀྱིས་

p. 757

ཞབས་ཏོག་བྱས། འགྲོ་ཁར་ཕྱུག་པོ་རྣམས་ཀྱིས་ཚོགས་རྒྱ་ཆེན་པོ་བཏང་། བརྒྱ་འབུལ་བྱས། མེད་པོ་རྣམས་ཀྱིས་ཀྱང་རང་རང་ལ་ཡོད་ཚོད་ཀྱིས་འབྲེལ་བ་བཞག་ནས། སྐྱབས་མགོན་རིན་པོ་ཆེས་སྔར་ཡང་ངེད་ལ་ཕྱི་བ་རྣམས་ལ་བཀའ་དྲིན་ཆེ། ད་དུང་ཡང་བདག་ཅག་རྣམས་ཀྱི་མགོན་དུ་ལོ་རེ་གཉིས་བཞུགས་དགོས། གལ་ཏེ་མི་བཞུགས་ཀྱང་བདག་ཅག་རྣམས་ལ་ཁྱེད་བཞུགས་པ་དང་ཁྱད་མེད་པའི་ཞལ་གདམས་ཟབ་མོ་ཞིག་གནང་དགོས་ཞེས་ཞུས་པའི་ལན་དུ་ཕན་པའི་ཁ་ཏ་རྒྱས་པར་བྱས་པའི་མཐར་ཞལ་གདམས་འདི་ཡང་བྱིན་ནོ། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཅི་བསམ་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །འདི་ཕྱི་གཉིས་ཀར་ཕན་པའི་གཏམ་ཞིག་བཤད། །ཀུན་གྱིས་ཡིད་ལ་ཟུངས་ཤིག་ལ་ཕྱི་བ། །གྲྭ་པ་རྣམས་ཀྱིས་དམ་ཚིག་སྡོམ་པ་སྲུངས། །ཆང་དང་བུད་མེད་སྤོངས་ཤིག་ལ་ཕྱི་བ། །མི་སྐྱ་རྣམས་ཀྱིས་ཡ་རབས་བྱ་བ་གྱིས། །དོན་མེད་སྐྱུར་འགོང་མ་རྒྱག་ལ་ཕྱི་བ། །མོ་རང་མ་རྣམས་སྙོམས་ཆུང་སྡོད་ཤེས་གྱིས། །གཞན་གྱིས་བརྙས་བཅོས་མ་བྱེད་ལ་ཕྱི་བ། །ཚོང་པ་བྱུང་དུས་མགོ་སྐོར་མ་གཏོང་བར། །ཚོང་དེ་དྲང་བོར་རྒྱོབ་ཅིག་ལ་ཕྱི་བ། །གནས་སྐོར་པ་ལ་མཇལ་ཀ་ཡག་པོ་ཐོངས། །ཟ་འདོད་ལྟོགས་ལ་མ་ཆེ་ལ་ཕྱི་བ། །མར་མེ་འབུལ་དུས་གཙང་མ་གྱིས་ལ་ཕུལ། །མར་ཁུ་ཁ་ལ་མ་རྒྱག་ལ་ཕྱི་བ། །སྡུག་རྩ་ཐུག་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན། །བརྐུས་ནས་གཞན་

p. 758

ལ་མ་བཙོང་ལ་ཕྱི་བ། །ལྟོ་གོས་མེད་ཀྱང་མཆོད་རྟེན་ནང་འཇུག་བཏོན། །སྐུ་འདྲའི་ན་བཟའ་མ་བ ཤུ་ལ་ཕྱི་བ། །གཅིག་གིས་གཅིག་ལ་སྐྱོ་མ་འཇུག་རེས་བྱས། །ཆད་པ་འགེལ་རེས་མ་བྱེད་ལ་ཕྱི་བ། །འགོ་ན་འདུག་པས་ཆང་འཐུང་རྡུང་རེས་བརྒྱབ། །ཆུ་དེ་འགོ་ནས་མ་རྙོགས་ལ་ཕྱི་བ། །ཁ་རོག་བསྡད་ན་ཁ་མཆུ་ཡོང་དོན་མེད། །དོན་མེད་ལྐོག་ལབ་མ་རྒྱག་ལ་ཕྱི་བ། །དག་པ་མཁའ་སྤྱོད་འདྲ་བའི་གནས་ནང་ནས། །མཛོ་མོའི་རྟོལ་བུ་མ་གསོད་ལ་ཕྱི་བ། །གནས་ཆེན་འདི་ཡི་བྱ་དང་རི་དྭགས་རྣམས། །གཞན་ལ་གསོད་དུ་མ་འཇུག་ལ་ཕྱི་བ། །བདུད་འདུལ་ཕུག་གི་རི་ངོས་ལྗོན་ཤིང་རྣམས། །ནམ་ཡང་སུས་ཀྱང་མ་གཅོད་ལ་ཕྱི་བ། །རྒན་རྒོན་སྐྱུག་བྲོ་རྣམས་ཀྱི་རོ་བསྲེགས་ནས། །ལྷ་ཀུན་མནོལ་དུ་མ་འཇུག་ལ་ཕྱི་བ། །གནས་འདིའི་ལྷ་ཁང་རྣམས་ལ་ལོ་རེ་བཞིན། །ཉམས་གསོས་ཐུག་ཚགས་རེམ་ཞིག་ལ་ཕྱི་བ། །གནས་འདིར་བཞུགས་པའི་མཚམས་པ་གྲྭ་བཙུན་ལ། །མཐུན་རྐྱེན་གང་ཐུབ་སྦྱོར་ཅིག་ལ་ཕྱི་བ། །དེ་ལྟར་བྱེད་མཁན་ཐམས་ཅད་བདེ་ཞིང་སྐྱིད། །སྐྱིད་ཐབས་དེའི་ལྷག་མེད་དོ་ལ་ཕྱི་བ། །ང་ནི་མི་སྡོད་ཐག་རིང་ཡུལ་ལ་འགྲོ། །ཁྱེད་རྣམས་དེ་ལྟར་མཛོད་ཅིག་ལ་ཕྱི་བ། །ཚེ་འདིར་མཇལ་བ་སྐད་ཅིག་ཡུད་ཙམ་གདའ། །ཕྱི་མར་མཇལ་ནས་འབྲལ་མེད་འགྲོགས་པར་སྨོན། །གཏམ་འདིས་ལ་ཕྱིའི་མི་ལ་ཕན་ཐོགས་ཤིང་། །གནས་འདིར་བཀྲ་ཤིས་གཡང་ཀུན་འཁྱིལ་བར་ཤོག །ཅེས་བྱིན་ཚེ་ཀུན་ལ་གསལ་འདེབས་སུ་སོང་ནས་རྗེས་སོར་མ་རབས་ཀྱི་སྤྱོད་ངན་ཐམས་ཅད་

p. 759

བོར་ཏེ། ཡ་རབས་ཀྱི་བྱ་བ་བྱེད་མཁན་མང་པོ་བྱུང་བས་ཐམས་ཅད་ཀྱང་བསོད་ནམས་ཆེར་སོང་ནས་བདེ་ཞིང་སྐྱིད་པར་གྱུར་ཏོ། །གཞན་ཡང་དད་ཅན་བྲིན་པའི་ཡོན་བདག་ཕོ་མོ་རྣམས་དང་། མཚོ་གཤམ་པ་དང་། གཉའ་ནང་བཀྲ་ཤིས་སྒང་གི་ཡོན་བདག་དྲིན་ཅན་རྣམས་ལ་ཕན་པའི་ཆོས་བཤད་དང་ཁ་ཏ་མང་པོ་བྱས་ནས་གྱེས་ཁར་སྙིང་གཏམ་འདི་དབྱངས་སུ་བླངས་སོ། །རྗེ་བཀའ་དྲིན་གསུམ་ལྡན་བླ་མ་དང་། །ལྷ་ཡི་དམ་ཞི་ཁྲོའི་ཚོགས་རྣམས་ཀྱིས། །མི་འདིར་འཚོགས་སྒོ་གསུམ་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་ཆར་བཞིན་སྙིལ། །དུས་ད་རེས་མི་ལུས་ཐོབ་པ་འདི། །དཔེ་ལམ་གྱི་བཞི་མདོར་སླེབས་པ་འདྲ། །ཀུན་ཡར་འགྲོ་མར་འགྲོའི་ས་མཚམས་ཡིན། །ལམ་འགྲོ་ས་མ་ནོར་ཡོན་བདག་ཚོ། །རང་སྐྱེས་ནས་ལོ་གྲངས་ག་ཙམ་སོང་། །མི་རྒན་གཞོན་ཅི་ཙམ་ཤི་འདུག་ལྟོས། །ད་རང་ཡང་སང་གནངས་མི་འཆི་བའི། །གདེང་གང་ཡང་མེད་ཚུལ་ཡང་ཡང་སོམས། །དགྲ་འཆི་བདག་དམག་དཔུང་སླེབས་པའི་ཚེ། །ཚེ་འདི་རུ་ཞག་གཅིག་སྡོད་དབང་མེད། །བུ་བུ་མོ་ཟས་ནོར་འཁྱེར་དབང་མེད། །ཚེ་འདི་ནས་ཕྱི་མར་གཅིག་པུར་འགྲོ། །ཆོས་བྱས་ཚད་མཐོ་རིས་གནས་སུ་འགྲོ། །སྡིག་བྱས་ཚད་ངན་སོང་གནས་སུ་ལྟུང་། །དོན་དེ་ཕྱིར་མི་དགེའི་སྡིག་ལ་འཛེམ། །ཆོས་བྱེད་ན་མང་པོ་ཤེས་མི་དགོས། །ཡར་རྩ་བའི་བླ་མ་དཀོན་མཆོག་མཆོད། །བར་དགེ་འདུན་སྡེ་ལ་བསྙེན་

p. 760

བཀུར་གྱིས། །མར་དབུལ་པོར་སྦྱིན་པ་ཡང་ཡང་ཐོངས། །དུས་རྒྱུན་དུ་ཕྱག་སྐོར་ཁ་ཏོན་རེམ། །ཡུལ་བྲིན་དང་མཚོ་གཤམ་གཉའ་ནང་པའི། །མི་སྙོམས་ཆུང་སེམས་དཀར་ཆོས་དད་ཆེ། །མི་ངས་ཀྱང་ལ་ཕྱིར་སྡོད་རིང་ལ། །ཀུན་འོང་ཚེ་བློ་ཁ་ཆོས་ལ་བསྒྱུར། །ཆོས་བྱེད་མཁན་ཕོ་མོ་མང་པོ་བྱུང་། །དེ་བསམ་ན་སྐལ་བ་བཟང་ངོ་སྙམ། །ངེད་ཡོན་མཆོད་བརྩེ་གདུང་ཆེ་རུ་སོང་། །ཞག་མང་པོར་ལྷན་དུ་བསྡད་པ་ལགས། །ད་འགྲོ་ཁར་འབྲལ་གླགས་མི་ཕོད་རུང་། །མིག་མཆི་མ་གཏོང་བཞིན་འབྲལ་དགོས་བྱུང་། །ཀུན་འདི་བཞིན་བརྩེ་གདུང་མ་འགྱུར་ན། །ང་ཐག་རིང་ཡུལ་དུ་སོང་ན་ཡང་། །དངོས་ཉམས་དང་རྨི་ལམ་གནས་སྐབས་སུ། །དུས་ད་དུང་མཇལ་ལོ་དད་ཅན་ཚོ། །ཕལ་ཆེ་བས་ད་ནས་མི་མཇལ་ཡང་། །ཚེ་ཕྱི་མར་མཇལ་བའི་སྨོན་ལམ་འདེབས། །ངས་འགྲོ་ཁར་སྨྲས་པའི་སྙིང་གཏམ་འདི། །ཁྱེད་ཀུན་གྱིས་མ་བརྗེད་སེམས་ལ་ཞོག །མི་ང་ཡང་གང་དུ་སོང་ན་ཡང་། །ཁྱེད་ཀུན་ཀྱང་སེམས་ལ་བཞག་ནས་འགྲོ། །གཏམ་དེ་སྐད་སྨྲས་པ་ཐོས་ཚད་ཀྱིས། །ཆོས་ཐམས་ཅད་མི་རྟག་ཚུལ་བསམས་ནས། །བློ་རང་བཞིན་ཤུགས་ཀྱིས་ཆོས་ལ་འགྱུར། །ལས་སྡིག་སྤོང་དགེ་ལ་འབད་གྱུར་ཅིག །ཅེས་བླངས་པས་དད་ཅན་ཕལ་ཆེ་བའི་མིག་ནས་མཆི་མ་མང་པོ་གཏོང་ཞིང་སྲོག་གཅོད་སྤོང་བ་དང་། མ་ཎི་བགྲང་བ་ལ་སོགས་པའི་ཁས་ལེན་དང་། ལ་ལས་རྒྱན་ཆ་བཏགས་པ་ཡང་བཅད་ནས་ཕུལ་ཏེ། སྐྱབས་འཇུག་བསྔོ་སྨོན་ཞུ་བ་དང་། འགའ་རེས་ཕྱག་འཚལ་ཞིང་སྐྱེ་བ་ནས་ཚེ་རབས་ཐམས་

p. 761

ཅད་དུ་མཇལ་བའི་སྨོན་ལམ་བཏབ་ནས་ཕལ་ཆེ་བ་རང་རང་གི་ཡུལ་དུ་སོང་ངོ་། །དེ་ནས་འགྲོ་ཁ་ངོ་མར་སླེབས་ཚེ་དྲང་སྲོང་འཕགས་པའི་བསྟི་གནས། དཔའ་བོ་མཁའ་འགྲོ་འདུ་བའི་དོ་ར། དཀར་ཕྱོགས་ལྷ་རྣམས་འདུ་བའི་སྐྱེད་ཚལ། རྟོགས་པའི་ཆོས་འཁོར་བསྐོར་བའི་ལྟེ་བ། ཐུབ་བསྟན་རྒྱལ་མཚན་ཚུགས་པའི་ཁང་བཟང་། །བཀའ་བརྒྱུད་གོང་མ་བཞུགས་པའི་སྒྲུབ་གནས། སྒྲུབ་བརྒྱུད་བསྟན་པ་ཆེས་ཆེར་དར་ས། བསམ་གཏན་ངང་གིས་འཕེལ་བའི་དབེན་གནས། ངོ་མཚར་འཇའ་འོད་འཁྱིལ་བའི་ཞིང་ཁམས། དག་པ་མཁའ་སྤྱོད་དངོས་དང་མཚུངས་པའི་གནས་ཆེན་འབྲོག་ལ་ཕྱི་གངས་ཀྱི་ར་བའི་བླ་མ་ལྷ་དང་ཌཱཀྐི་ཆོས་སྐྱོང་དཀར་ཕྱོགས་ལ་མངོན་པར་དགའ་བའི་ཚེ་རིང་མཆེད་ལྔ་སོགས་ཡུལ་ལྷ་གཞི་བདག་རྣམས་ལ་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཕུལ། དེར་འཚོགས་པའི་སློབ་མ་རྣམས་ལ་ལྟོ་གོས་སོགས་ལམ་ཆས་ཉེར་མཁོ་རྣམས་བྱིན། ལ་ཕྱིའི་ཡོན་བདག་རྣམས་ལ་གསོལ་རས་དང་བདག་རྐྱེན་ཡང་བྱས། དེར་འཚོགས་པ་རྣམས་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པའི་ཚེ། སློབ་མ་ཡོན་བདག་རྣམས་ལ་ཕན་པའི་ཁ་ཏ་འདི་ལྟར་བྱས་སོ། །འོ་སྐོལ་རྣམས་ཕ་ཡུལ་སྐྱེས་ས་མི་གཅིག་ཀྱང་སྔོན་གྱི་ལས་དང་སྨོན་ལམ་གྱི་དབང་གིས་སུས་ཀྱང་མ་བོས་བཞིན་དུ་ཕྱོགས་ཕྱོགས་ནས་གནས་ཆེན་ཁྱད་པར་ཅན་འདི་རུ་ཚོགས་ཏེ། ལོ་གསུམ་གྱི་བར་དུ་ཆོས་དང་ཟང་ཟིང་

p. 762

གི་འབྲེལ་བ་ཟབ་མོ་བཞག་ནས། ད་ནི་མི་ཀུན་སོ་སོར་གྱེས་ནས་ཕྱིན་ཆད་གནས་འདིར་མི་ཡོང་བ་བཞིན་དུ། ཆོས་ཐམས་ཅད་འདིའི་རང་བཞིན་ཅན་ཡིན། ཁྱད་པར་འཆི་བ་མི་རྟག་པ་བྱུང་ནས་ཚེ་ཕྱི་མའི་ཡུལ་ལ་ཡང་འདི་བཞིན་དུ་འགྲོ་བས། ད་ཕྱིན་ཆད་ཁྱེད་རྣམས་གང་དུ་སོང་ཡང་དྲིན་ཅན་རྩ་བའི་བླ་མ་རྣམས་མ་བརྗེད་པར་དྲན་པར་གྱིས་ལ་གསོལ་བ་ཐོབས། ལོག་ལྟ་མ་བྱེད། དམ་གཙང་རྡོ་རྗེ་མཆེད་ལྕམ་རྣམས་མ་བརྗེད་པར་དྲན་པར་གྱིས་ལ་བརྩེ་གདུང་གྱིས། ལྐོག་ལབ་མ་རྒྱག འཆི་བ་མི་རྟག་པ་མ་བརྗེད་པར་དྲན་པར་གྱིས་ལ་ཚེ་བློས་ཐོངས། ཟས་ནོར་གྱི་གསོག་འཇོག་མ་བྱེད། དག་སྣང་མ་བརྗེད་པར་དྲན་པར་གྱིས་ལ་ཆོས་ལུགས་གཞན་ལ་དད་གུས་གྱིས། ཁས་མ་གཏོང་། སྙིང་རྗེ་མ་བརྗེད་པར་དྲན་པར་གྱིས་ལ་སྤྲང་པོ་སུ་མཐོང་ཡང་ཅི་ཕན་གྱིས། གནོད་པ་མ་བྱེད། སེམས་ཁྲིད་མ་བརྗེད་པར་དྲན་པར་གྱིས་ལ་དུས་རྒྱུན་དུ་སྐྱོངས། དེ་ལྟར་མ་རྟོགས་པ་ལ་ལེགས་པར་སྟོན་ལ་ང་རྒྱལ་མ་བྱེད། བསྔོ་བ་མ་བརྗེད་པར་དྲན་པར་གྱིས་ལ་དགེ་བ་གང་བྱས་ཀྱི་མཇུག་ཏུ་བསྔོ་སྨོན་གྱིས། རློམ་སེམས་མ་བྱེད། དེ་ལྟར་མཛོད་དང་གར་སོང་གི་ཡུལ་ལ་བཀྲ་ཤིས་ཤིང་གང་བསམ་གྱི་དོན་ཐམས་ཅད་ཆོས་བཞིན་འགྲུབ་ནས་ཚེ་འདི་ཕྱི་གཉིས་ཀ་ལ་བདེ་སྐྱིད་ཀྱི་ཉི་མ་ནང་ནས་འཆར་བའི་དུས་ཤིག་འོང་གི འདི་ནས་ཀྱང་ངེད་དཔོན་སློབ་ཡོན་མཆོད་འབྲེལ་བ་ཐོགས་ཚད་ཐམས་ཅད་ལ་ཚེ་འདིར་མི་ནོར་ཟས་གསུམ་འཛོམ། བདེ་སྐྱིད་སྙན་གསུམ་བྱུང་། སྐྱིད་པའི་སྒོ་ནས་དམ་པའི་ཆོས་བྱེད་

p. 763

པའི་སྐལ་བ་དང་ལྡན་ཞིང་ད་དུང་བཀྲ་ཤིས་ཆོས་མཐུན་གྱི་སྒོ་ནས་ཞལ་ཡང་ཡང་མཇལ་བ་དང་། ནམ་ཞིག་འཆི་བའི་ཚེ་ཡང་བླ་མ་དང་ལྷག་པའི་ལྷ་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་མངོན་སུམ་དུ་བྱོན་ནས་ལམ་སྣ་དྲངས་ཏེ། དག་པ་མཁའ་སྤྱོད་མངོན་པར་དགའ་བ་བདེ་བ་ཅན་ལ་སོགས་པ་རང་རང་གང་འདོད་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་བགྲོད་པའི་སྐལ་བ་ཡོད་པ་དང་། སྐྱེ་བ་འདི་ཡི་འོག་རོལ་ཏུ་ངེད་ཐམས་ཅད་དག་པའི་ཞིང་ཁམས་ཉམས་དགའ་བ་ཞིག་ཏུ་མངོན་སུམ་དུ་མཇལ་ཏེ། ཀུན་ཀྱང་འབྲལ་བ་མེད་པར་འགྲོགས་ནས་དགའ་སྤྲོའི་གླེང་མོ་སྣ་ཚོགས་པ་བྱེད་བཞིན་དུ། ཐོགས་པ་མེད་པའི་རྫུ་འཕྲུལ་ལ་བརྟེན་ནས། དག་དང་མ་དག་ཞིང་ཁམས་བྱེ་བ་ཕྲག་རབ་འབྱམས་འགྲིམས་ནས། སངས་རྒྱས་ཐམས་ཅད་མཆོད་ཅིང་སེམས་ཅན་ཐམས་ཅད་འདྲེན་པའི་སྐྱབས་འཇུག་རྩ་གསུམ་ལྷ་ལ་ཞུ་ཞིང་། དེ་དེ་བཞིན་དུ་འགྲུབ་པའི་བསྔོ་བ་དང་སྨོན་ལམ་གྱི་མཚམས་སྦྱོར་ཕུན་སུམ་ཚོགས་པ་སྔར་ཡང་བྱས་ཏེ། ད་དུང་ཡང་བྱ་ཞེས་བསྔོ་སྨོན་རྒྱ་ཆེན་པོ་བྱས་པའི་མཐར། ད་ནི་དཔེར་ན་བཀྲ་ཤིས་ཀྱི་མེ་ཏོག་གཏོར་བ་བཞིན་དཔོན་སློབ་ཀུན་སོ་སོར་འཐོར་སོང་ན། ཕྱིན་ཆད་ས་ཁ་ཐག་རིང་པོས་བར་ཆོད། སྐྱེ་འཆི་གཉིས་ལ་ཁྲིགས་ཁྲིགས་མེད་པས་ཨེ་མཇལ་མི་ཤེས། ད་རེས་གོ་རེ་ཀྱི་ལི་འཚོགས་པའི་དུས་འདིར་ད་དུང་ཡུད་ཙམ་སྡོད་རྒྱུ་བྱུང་ན་དགའ་བ་ལ་སྙམ། སེམས་འཕྲེང་དྲགས་པའི་ཤུགས་ཀྱིས་མགུར་དབྱངས་འདི་བླངས་སོ། །

p. 764

བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཡར་མར་ནས་འོང་སློབ་བུ་ཡོན་བདག་རྣམས། །ཚོང་འདུས་མགྲོན་པོ་བཞིན་དུ་ཡུད་ཙམ་འཚོགས། །ད་ནི་སོ་སོར་གྱེས་ནས་འགྲོ་དུས་འདིར། །ཕན་ཚུན་གཅིག་གིས་གཅིག་ལ་སེམས་འཕྲེང་ཡང་། །མཐུན་པར་འགྲོགས་ནས་སོ་སོར་གྱེས་པ་དེ། །འཇིག་རྟེན་འཁོར་བའི་ཆོས་ཉིད་ཡིན་པས་ན། །སེམས་ནི་འཕྲེང་བར་གྱུར་ཀྱང་བྱ་ཐབས་མེད། །སྐལ་ལྡན་བུ་སློབ་དད་ལྡན་སྦྱིན་བདག་ཀྱང་། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །བྱམས་པའི་སེམས་ཀྱིས་ནམ་ཡང་ངས་མི་བརྗེད། །ད་ནི་ཁྱེད་རྣམས་རང་རང་གནས་སུ་ཕེབས། །འཆི་བ་ནམ་འོང་མི་ཤེས་ཆོས་ལ་འབུངས། །ཚེ་འདིར་ད་དུང་མཇལ་བའི་སྨོན་ལམ་འདེབས། །ས་ཡང་ཁ་ཐག་རིང་པོས་བར་ཆོད་ནས། །ཚེ་འདིར་དངོས་སུ་མཇལ་བར་མ་གྱུར་ན། །ཕྱི་མར་དག་པའི་ཞིང་ནས་མཇལ་བར་ཤོག །དཔོན་སློབ་ཐམས་ཅད་གང་དུ་སོང་ན་ཡང་། །གང་བསམ་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །ཅེས་བླངས་ནས་སེམས་སྐྱོ་བོ་རང་ཡོད་ཚེ། །དམ་གཙང་རྡོ་རྗེ་སློབ་དཔོན་དང་ཡེ་ཤེས་དབང་ཕྱུག་སོགས་གནས་དེར་སྡོད་མཁན་རྣམས་ཀྱིས། ང་ཡང་འགྲོ་ཁར་སླེབས་མཆེད་ལྕམ་གཞན་རྣམས་ཀྱང་ཕྱོགས་ཕྱོགས་སུ་འགྲོ་བའི་གྲབས་བྱེད་པ་མཐོང་ཚེ། སེམས་འཕྲེང་ཞིང་སྐྱོ་བ་ཚད་ལས་འདས་པ་ཡང་ཡང་བྱུང་ནས་ཀུན་གྱིས་གདུངས་དབྱངས་འདི་ཕུལ་ལོ། །ངོ་མཚར་རྗེ་བཙུན་རིན་པོ་ཆེ། །མགོན་ཁྱོད་སྔོན་ནས་སངས་རྒྱས་

p. 765

ཀྱང་། །སྙིགས་དུས་འགྲོ་བ་འདྲེན་པའི་ཕྱིར། །ཐ་མལ་མི་ཡི་གཟུགས་སུ་ཤར། །དང་པོར་མཚན་ལྡན་བླ་མ་བསྟེན། །བར་དུ་དབེན་པར་ཉམས་སུ་བླངས། །ཐ་མར་ཕྱོགས་མེད་འགྲོ་དོན་མཛད། །ཁྱེད་ཀྱི་རྣམ་ཐར་ངོ་མཚར་ཆེ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །ཁྱེད་ཀྱི་བསྟན་པ་སྤེལ་གྲོགས་སུ། །གནས་ཆེན་འདི་རུ་སྤྲིན་ལྟར་འདུ།། ནམ་མཁའ་འཇའ་དང་འོད་ཀྱིས་གང་། །འོག་མིན་ལྟ་བུའི་ཞིང་ཁམས་འདིར། །སྐལ་བཟང་གདུལ་བྱ་ལས་ཅན་རྣམས། །སུ་ཡིས་མ་བསྡུས་བཞིན་དུ་འདུས། །མགོན་ཁྱོད་སེང་གེའི་ཁྲི་ལ་བཞུགས། །འདིར་འཚོགས་ཁྲོམ་གྱི་ལྷ་མི་ལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ནི། །ལོ་གསུམ་བར་དུ་སྐོར་དུས་སུ། །རྡོ་རྗེ་འཆང་དང་མཇལ་ཟིན་པས། །འོག་མིན་ཞིང་དུ་ཕྱིན་ན་ཡང་། །མཇལ་རྒྱུ་འདིས་ལྷག་མེད་དོ་སྙམ། །དགའ་སྤྲོ་ཚད་ལས་འདས་པ་བྱུང་། །ད་ནི་བླ་མ་རྡོ་རྗེ་འཆང་། །འགྲོ་བ་གཞན་གྱི་དོན་ལ་ཆས། །དཔའ་བོ་མཁའ་འགྲོ་ལྟ་བུ་ཡི། །མཆེད་གྲོགས་རྣམས་ཀྱང་གྱེས་ནས་འགྲོ ། ལ་ལ་མངའ་རིས་ཕྱོགས་སུ་འགྲོ །ལ་ལ་དབུས་གཙང་ཞིང་དུ་འགྲོ །ལ་ལ་མདོ་ཁམས་སྨད་དུ་འགྲོ །ལ་ལ་རོང་གི་ཡུལ་ལ་འགྲོ ། བདག་དང་བདག་འདྲའི་ལོ་ལོན་རྣམས། །ཐག་རིང་གནས་སུ་བགྲོད་མི་ནུས། །མཆེད་གྲོགས་ཐམས་ཅད་འཐོར་ཙ་ན། །ཡང་ཡང་མཇལ་རྒྱུ་མི་ཡོང་སྙམ། །བསམ་ཚེ་སྐྱོ་ཤས་སྙིང་རླུང་ལྡང་། །མིག་ནས་མཆི་མ་ཡང་ཡང་ཤོར། །

p. 766

འཇིག་རྟེན་ཕྱི་མའི་ཡུལ་ལ་ཡང་། །ལས་ཀྱི་དབང་གིས་སོ་སོར་འགྲོ །མཇལ་ལམ་མི་མཇལ་མི་ཤེས་སྙམ། །བསམ་ཚེ་སྐྱོ་བ་ཡང་ཡང་སྐྱེས། །འདུས་པའི་ཐ་མ་འབྲལ་བ་དེ། །འཇིག་རྟེན་འཁོར་བའི་ཆོས་ཉིད་དུ། །འདུག་པས་སྐྱོ་ཡང་བྱ་ཐབས་མེད། །ཨེ་མ་བླ་མ་རིན་པོ་ཆེ། །འགྲོ་བའི་དོན་དུ་བདེ་བར་ཕེབས། །རྒྱལ་ཁམས་གང་དུ་ཕེབས་ན་ཡང་། །བདག་ཅག་ཐུགས་ནས་མ་འདོར་ཅིག །དམ་གཙང་རྡོ་རྗེ་མཆེད་ལྕམ་རྣམས། །རང་རང་གནས་སུ་བདེ་བར་ཕེབས། །ས་ཕྱོགས་གང་དུ་སོང་ན་ཡང་། །དབེན་པར་སྒྲུབ་པའི་རྒྱལ་མཚན་ཚུགས། །ཚེ་འདིར་བླ་མ་མཆེད་གྲོགས་ལ། །མཇལ་བའི་ཁོ་ཐག་ཆོད་ན་ཡང་། །ཕྱི་མར་བླ་མའི་ཐུགས་རྗེ་ཡིས། །དག་པའི་ཞིང་དུ་མཇལ་བར་ཤོག །ཅེས་ཕུལ་བའི་ཚེ། དེར་འཚོགས་པ་ཕལ་ཆེར་གྱིས་མཆི་མ་མང་པོ་བཏང་། དེའི་དུས་བདག་གིས་འགྲོ་མཁན་གྱི་སློབ་མ་རྣམས་ལ་བཀྲ་ཤིས་མངའ་གསོལ་གྱི་མགུར་འདི་འཐེན་ནོ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དཀར་ཕྱོགས་ལྷ། །ནམ་མཁར་འཇའ་འོད་ཀློང་དུ་བཞུགས། །བཀྲ་ཤིས་དབྱངས་སྙན་སྒྲོག་པར་མཛོད། །དངོས་དང་བརྒྱུད་པའི་བླ་མ་ལ། །སྨིན་གྲོལ་བྱིན་རླབས་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་སློབ་ཡོངས་ལ་བཀྲ་ཤིས་ཤོག །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ། །མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་སློབ་ཡོངས་ལ་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །འཕྲིན་ལས་རྣམ་

p. 767

བཞིའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་སློབ་ཡོངས་ལ་བཀྲ་ཤིས་ཤོག །ང་རང་ཞབས་དཀར་བླ་མ་ལ། །ཟབ་རྒྱས་ཆོས་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་སློབ་རྣམས་ལ་བཀྲ་ཤིས་ཤོག །འདིར་བཞུགས་ཆོས་མཛད་མཆེད་ལྕམ་ལ། །དད་པ་དམ་ཚིག་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་སློབ་རྣམས་ལ་བཀྲ་ཤིས་ཤོག །འདིར་འཚོགས་དཀར་ཕྱོགས་ལྷ་མི་ལ། །ཆོས་ཀྱི་མཐུན་རྐྱེན་བཀྲ་ཤིས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །བུ་སློབ་རྣམས་ལ་བཀྲ་ཤིས་ཤོག །འགྲོ་མཁན་སློབ་མ་ཐམས་ཅད་ལ། །བཀྲ་ཤིས་གཡང་ཀུན་ཆགས་ནས་ཡོད། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་ཀྱི་མེ་ཏོག་ཕྱོགས་ཀུན་ཏུ་འཐོར་རོ། །དེ་ནས་ང་ཡང་ཆས་ནས་ཡོང་ཚེ་ལ་ཕྱིའི་ཡོན་བདག་དང་དེར་བཞུགས་པའི་བུ་སློབ་སྐྱེལ་མ་བྱེད་པ་རྣམས་ལ་མགུལ་དར་གཡོགས་ནས། ཕྱིར་ལོག་དུས་སེམས་སྐྱོ་བའི་ཤུགས་ཀྱིས་ཡང་དབྱངས་ཆུང་འདི་བླངས་སོ། །རྩ་བའི་བླ་མ་བཀའ་དྲིན་ཅན། །སྙིང་གི་དབུས་ནས་ཡར་བྱོན་ལ། །སྤྱི་གཙུག་བདེ་ཆེན་རྒྱ་མཐོངས་ཁར། །བཞུགས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས། །འདིར་འཚོགས་བློ་སྣ་ཆོས་ལ་སྒྱུར། །ཆོས་མིན་བློ་སྣ་འགག་ཏུ་གསོལ། །ད་དུང་བཀྲ་ཤིས་ཆོས་མཐུན་སྒོས། །ཡང་ཡང་མཇལ་བར་བྱིན་གྱིས་རློབས། །རྣལ་

p. 768

འབྱོར་དཔོན་སློབ་འཁོར་བཅས་ཀུན། །ཕ་ཡུལ་སྐྱེ་ས་མི་གཅིག་ཀྱང་། །སྔོན་གྱི་ལས་བཟང་སྨོན་ལམ་མཐུས། །ད་ལྟ་གནས་ཆེན་འདི་རུ་འཚོགས། །ལོ་གསུམ་བར་དུ་ལྷན་ཅིག་བསྡད། །ཆོས་དང་འཇིག་རྟེན་ཟས་ནོར་གྱིས། །འབྲེལ་བ་བཞག་ནས་ཐམས་ཅད་པོ། །ཚོང་འདུས་མགྲོན་པོ་བཞིན་དུ་གྱེས། །མིག་གིས་བལྟས་ན་མི་མཐོང་ཞིང་། །སྐད་ཀྱིས་བོས་ན་མི་ཐོས་པའི། །ཐག་རིང་ཡུལ་ལ་འགྲོ་བ་ལྟར། །ཕྱི་མའི་ཡུལ་ལའང་འདི་ལྟར་འགྲོ །ས་ཡང་ཁ་ཐག་རིང་པོས་བར། །ཆོད་ཚེ་བླ་མ་མཆེད་གྲོགས་ཀུན། །སྔ་སོར་གནས་ཆེན་འདི་ཉིད་དུ། །ཐམས་ཅད་འཚོགས་ཚུལ་ཡིད་ལ་ཤར། །དེ་བཞིན་ད་ལྟ་ཡོད་ན་སྙམ། །དྲན་ནས་ངུ་བའི་དུས་ཀྱང་འོང་། །དེ་དུས་བླ་མ་དྲན་བཞིན་དུ། །གསོལ་བ་ཡང་དང་ཡང་དུ་ཐོབས། །མཆེད་གྲོགས་རྣམས་ཀྱང་དྲན་བཞིན་དུ། །མཆི་མ་ཡང་དང་ཡང་དུ་ཐོངས། །དངོས་སམ་ཉམས་དང་རྨི་ལམ་ལ། །བླ་མ་གྲོགས་དང་མཇལ་བར་ངེས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །འདི་དང་ཕྱི་མ་བར་དོ་རུ། །མཇལ་ན་འདོད་པའི་དུས་སྐབས་སུ། །ཡང་ཡང་མངོན་སུམ་མཇལ་བར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ཤིང་། །མི་ནད་ཕྱུགས་ནད་ཞི་བ་དང་། །ཚི་རིང་ནད་མེད་ལོ་ཕྱུགས་ལེགས། །ཐམས་ཅད་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་བླངས་པའི་ཚེ། དཔོན་སློབ་ཀུན་གྱིས་གཅིག་སེམས་གཅིག་ལ་འཕྲེང་ཞིང་། སྐྱོ་ཤས་ཚད་མེད་པ་སྐྱེས་ནས་མཆི་མ་ཡང་ཡང་གཏོང་ཞིང་ཕྱི་མིག་ཀྱང་མང་པོ་ཡང་ནས་ཡང་དུ་ལྟ་

p. 769

བཞིན་ཡར་མར་སོ་སོར་གྱེས་ཏེ་མི་རྟག་པའི་རྣམ་འགྱུར་བསྟན་ནས་སོང་ངོ་། །དེ་ལ་བརྟེན་ནས་ཕལ་ཆེ་བས་མི་རྟག་པ་དྲན་དྲགས་ནས་ཉི་མ་རེ་གཉིས་ལ་ལྟོ་ཡང་ཆེར་མི་དྲན་པར་སྐབས་སྐབས་སུ་མིག་ནས་མཆི་མ་ཤོར་བ་བྱུང་ཞིང་། དེའི་རྗེས་སུ་ཐམས་ཅད་ཀྱིས་ཕྱོགས་ཕྱོགས་ཀྱི་རི་ཁྲོད་ན་ཆོས་བཞིན་བྱེད་པའི་གཏམ་སྙན་མང་པོ་ཐོས་ཚེ་དགའ་མགུ་ཡི་རང་བར་གྱུར་ཏོ། །སྨྲས་པ། རྣམ་མང་མདོ་སྔགས་ཆོས་འཁོར་བསྐོར་མཛད་པའི། །རྣམ་མཁྱེན་སངས་རྒྱས་སྤྱི་བོའི་རྒྱན་དུ་བཞུགས། །རྣམ་པ་ཀུན་ཏུ་གུས་པས་གསོལ་བ་འདེབས། །རྣམ་དག་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །བླ་མའི་རྣམ་ཐར་ལན་རེ་བཏོན་ན་ཡང་། །དད་པ་མེད་ལ་དད་པ་སྐྱེ་བའི་ཕྱིར། །ལ་ཕྱིའི་གནས་སུ་སྒྲུབ་པ་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །དེ་ནས་དཔོན་སློབ་ཐམས་ཅད་ཚུར་ལ་འོངས། །བེ་རྩེ་འདོད་ཡོན་རྫོང་ནས་ཞག་གཅིག་བསྡད། །ཕྱི་ཉིན་ལམ་དུ་བོད་ཡུལ་ཆོས་རྒྱལ་མཆོག །གཤེགས་པ་ཚོར་ནས་གདུངས་པའི་སྨྲེ་སྔགས་བླངས། །འཕེལ་རྒྱས་གླིང་གི་དགོན་པའི་མཁན་པོར་མཇལ། །བཀྲ་ཤིས་སྒང་བརྒྱུད་ལ་ཕྱིའི་གངས་ལ་སོང་། །དེ་ལོ་སྦས་པར་བསྡད་ནས་སྒྲུབ་པ་བྱས། །ཉིན་གཅིག་འཇའ་ཚོན་སྣ་ལྔའི་ལམ་ཆེན་ནས། །ཚེ་རིང་མཆེད་ལྔ་འཁོར་བཅས་ཞལ་གཟིགས་བྱུང་། །དེ་དུས་ལན་ཅིག་རྒྱ་གར་རྡོ་རྗེ་གདན། །མཇལ་དུ་སོང་ན་སྙམ་པ་ཡིད་ལ་ཤར། །

p. 770

མཁའ་འགྲོ་སྟག་གི་གདོང་ཅན་ཞལ་བསྟན་ནས། །རྡོ་རྗེའི་གདན་ན་སྔོན་བཞིན་བསྟན་པ་མེད། །སོང་ལ་དགོས་པ་ཆུང་ཞིང་བར་ཆད་ཆེ། །དེ་བས་གནས་འདིར་བསྟན་འགྲོའི་དོན་སྒྲུབས་དང་། །གཡེལ་མེད་གྲོགས་མཛད་གསུངས་པའི་ཉམས་སྣང་ཤར། །དེ་བཞིན་མཚན་མོ་འགྲོ་དོན་འབྱུང་བ་ཡི། །རྨི་ལམ་ལེགས་པོ་ཞིག་ཀྱང་རྨིས་པ་བྱུང་། །རྗེས་མའི་ལོ་ལ་ཐང་ནས་ཆོས་ཁྲི་བརྩིགས། །བདུད་འདུལ་ཕུག་གི་གནས་སྒོ་གསར་དུ་ཕྱེས། །གནས་དེར་བསྡད་ནས་སྐལ་བཟང་ལས་འཕྲོ་ཅན། །འོངས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར། །ལྷ་ཁང་རྙིང་བ་ཉམས་གསོས་གསར་བ་བཞེངས། །དགེ་འདུན་སྡེ་བཙུགས་ཐུགས་མཐུན་ཁྲིམས་གཙང་བྱས། །དགོན་བདག་རྒྱལ་བ་འབྲི་གུང་ཡབ་སྲས་ལ། །རྒྱུ་མཚན་ཞུས་པས་ཐུགས་དགྱེས་བདག་རྐྱེན་བྱུང་། །སློབ་མ་བུ་ཆུང་རྣམས་ཀྱིས་དྲི་བ་དང་། །དྲིས་ལན་ཚུལ་དུ་ཞལ་གདམས་མགུར་དབྱངས་བླངས། །བྱང་ཆུབ་སེམས་ཀྱི་གདམས་པ་ཀུན་གྱི་མཆོག །སྔོན་མེད་རྒྱལ་སྲས་སྤྲུལ་པའི་གླེགས་བམ་བརྩམས། །སྐབས་ཤིག་མི་སྣ་མང་པོ་ཚོགས་པ་ལ། །བལྟས་ན་རྒྱལ་ས་ཞིག་ལ་སླེབས་པ་འདྲ། །ཀུན་གྱིས་སྙན་པའི་གླུ་བླངས་བྲོ་འཁྲབ་པས། །ངོ་མཚར་དགའ་སྤྲོའི་ཉི་མ་གསར་དུ་ཤར། །དགེ་སློང་གྲུབ་ཆེན་རབ་བྱུང་བཙུན་མའི་རིགས། །གཞོན་ནུ་མང་པོས་མཆོད་རྫས་སྣ་ཚོགས་ཐོགས། །སེར་ཕྲེང་བཏང་ཚེ་དཔའ་བོ་མཁའ་འགྲོ་ཡི། །གླིང་དུ་སླེབས་པ་ལྟ་བུའི་ཉམས་ཡང་བྱུང་། །བུ་ཆེན་མང་པོ་བལ་ཡུལ་མཐིལ་དུ་

p. 771

བཏང་། །མཆོད་རྟེན་བྱ་རུང་ཁ་ཤོར་ཆོས་འཁོར་ལ། །རིན་ཆེན་གསེར་གྱི་ན་བཟའ་བསྒྲོན་དུ་བཅུག །བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་བཏབ། །འོ་ཟངས་མཚོ་གཤམ་ལ་ཕྱིའི་འདུ་ཁང་གི །སྟེང་དུའང་གསེར་གྱི་གཉྫི་ར་རེ་བཙུགས། །གནས་དེར་ནད་པ་ཡོད་ཚད་དྲག་པ་དང་། །བྱིན་རླབས་ཆེ་བའི་སངས་རྒྱས་དངོས་རེད་ཟེར། །སྡིག་ཅན་མི་ཡི་སྐྱོན་མཚང་བཏོན་པ་དང་། །མངོན་ཤེས་ཐོགས་མེད་འདུག་ཟེར་དད་པ་སྐྱེས། །མོན་པ་མགར་བ་ཡ་སློང་ཡན་ཆད་ལ། །སྡིག་རྒྱུན་བཅད་ནས་མ་ཎི་འདོན་དུ་བཅུག །རོང་གི་རི་ཁྲོད་དབེན་པའི་ཐག་ཉེ་ནས། །བྱ་དང་རི་དྭགས་གསོད་ས་མེད་པར་བྱས། །རྒྱ་གར་བལ་ཡུལ་ཕི་ལིང་ཚུན་ཆད་ལ། །གྲུབ་ཆེན་ཞབས་དཀར་པ་ཞེས་གྲགས་པའང་བྱུང་། །སར་གནས་བྱང་སེམས་ཆུ་དབར་མཁན་པོར་མཇལ། །གཅོད་དབང་བློ་སྦྱོང་དགེ་ལྡན་ཕྱག་ཆེན་ཞུས། །རོང་དང་ལ་ཕྱིའི་སློབ་མ་ཡོན་བདག་ལ། །ཆོས་བཤད་མགུར་བླངས་སྨོན་ལམ་བཀྲ་ཤིས་བརྗོད། །ཡོང་ཁར་ཐམས་ཅད་ང་ལ་སེམས་འཕྲེང་ཞིང་། །ངས་ཀྱང་ཁོང་ཚོར་སྙིང་རྗེ་འབྲལ་མ་ཕོད། །མི་ཡི་སྐྱེ་འཆི་འདི་ལ་ངེས་པ་མེད། །ས་ཡང་ཁ་ཐག་རིང་པོས་བར་ཆོད་ནས། །ཕྱིན་ཆད་མཇལ་ལམ་མི་མཇལ་མི་ཤེས་སྙམ། །ཀུན་ཀྱང་སེམས་སྐྱོ་མིག་ནས་མཆི་མ་ཤོར། །མཚོ་གཤམ་བུ་དང་བུ་མོ་འགའ་ཞིག་གིས། །ང་ཡི་རྗེས་སུ་འགྲོ་རྒྱུ་ཡིན་ཟེར་ནས། །ཡར་ལ་བརྒྱུགས་ནས་ལ་སྐྱེད་བར་དུ་ཡོང་། །དེ་ཡི་རྗེས་སུ་ཕ་སྤུན་རྣམས་ཀྱང་འོངས། །ང་ནི་ལོ་གསུམ་འཕྲོ་ནས་ལ་ཕྱི་
འདིར། །འོང་བས་ཕྱིར་ལ་སོང་ཞེས་འཁྲིད་དུ་བཅུག །མ་སོང་ས་དེར་བསྡད་ནས་མང་པོ་དུས། །ངུས་པའི་ཐ་མར་སོ་སོར་གྱེས་ནས་སོང་། །དེང་སང་དེ་ཡི་ནང་ནས་གཅིག་ཙམ་ལའང་། །ལན་ཅིག་འཕྲད་རྒྱུ་བྱུང་ན་དགའ་བ་ལ། །འཕྲད་པ་ཕར་ཞོག་གནས་ཚུལ་གསལ་པོ་ཞིག །གོ་རྒྱུ་མེད་པ་འདི་འདྲའི་དུས་ཀྱང་བྱུང་། །མདོར་ན་ལ་ཕྱིའི་གནས་ནས་སྒྲུབ་ལ་འབུངས། །བྱ་རུང་ཁ་ཤོར་ཆོས་འཁོར་གསེར་གྱིས་བསྐྲུན། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །སྒྲུབ་ལ་གཞོལ་བཞིན་མཆོད་རྟེན་ཐམས་ཅད་ལ། །རིན་ཆེན་གསེར་གྱི་ན་བཟའ་བསྒྲོན་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བཅུ་བཞི་པ་དབུས་གཙང་དག་པའི་ཞིང་དུ་ཚུར་ལ་འོངས་ནས་ཕྱོགས་མེད་འགྲོ་དོན་བྱས་ཚུལ།

p. 772

དབུས་གཙང་དག་པའི་ཞིང་དུ་ཚུར་ལ་འོངས་ནས་ཕྱོགས་མེད་འགྲོ་དོན་བྱས་ཚུལ། བཅུ་བཞི་པ་དབུས་གཙང་དག་པའི་ཞིང་དུ་ཚུར་ལ་འོངས་ནས་ཕྱོགས་མེད་འགྲོ་དོན་བྱས་ཚུལ་ནི། སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོ་ཁྲུམས་ཟླའི་ཚེས་བཟང་པོར་ངེད་དཔོན་སློབ་མང་པོ་དང་བཅས་ཏེ། གཉའ་ནང་གྲོད་པ་ཕུག་གི་དགོན་པ་འཕེལ་རྒྱས་གླིང་དུ་འོང་། མཁན་རིན་པོ་ཆེ་དང་དགེ་འདུན་པ་རྣམས་ལ་མཇལ། དགོན་པའི་འདུ་ཁང་གི་སྟེང་དུ་གསེར་ཟངས་ཀྱི་རྒྱལ་མཚན་འཁོར་ལོ་རི་དྭགས་ཕོ་མོ་དང་བཅས་པ་བཙུགས། ནང་དུ་དངུལ་སྲང་བརྒྱ་ལྷག་གི་དངུལ་ཀོང་བཞག འགྱེད་མང་ཇ་བཏང་ནས་ཞབས་ཏོག་བྱས། དེ་ནས་གཉའ་ནང་ཚོང་འདུས་སུ་སོང་ནས་བལ་བོད་ཀུན་ལ་ཚེ་དབང་བསྐུར་ཆོས་བཤད་

p. 773

པས། བལ་བོའི་ཚོང་བ་མང་པོས་ལོ་རེ་བཞིན་ར་ལུག་བྱ་ཕོ་སོགས་སེམས་ཅན་སུམ་བརྒྱ་རེས་ལྷ་ལ་དམར་མཆོད་རྒྱག་པ་བཅད་ནས་དཀར་མཆོད་དུ་བསྒྱུར། བཤན་པ་ཕལ་ཆེར་གྱིས་སྲོག་མི་གཅོད་པའི་དམ་བཅའ་ཕུལ། དངུལ་རྡོ་ཚད་བཅུ་གཅིག་གིས་ལུག་སྟོང་ཕྲག་གཅིག་གི་སྲོག་བླུ་བྱས། དེའི་ལོ་རོང་དུ་ལུག་འདེད་རྒྱུ་མེད་པ་བྱུང་། ལུག་རྣམས་དགོན་པ་འཕེལ་རྒྱས་གླིང་གི་འབྲོག་ཏུ་ཚེ་ཐར་བྱས་ནས་བཞག བལ་རྣམས་དགེ་འདུན་པའི་མཐུན་རྐྱེན་གདན་སོགས་བྱས། དངུལ་རྡོ་ཚད་དགུ་ཡིས་བོད་ནས་རྣམ་ཕྲུག་ཐེར་མ་སོགས་གྲྭ་ཆས་ཉོས་ཏེ། གྲྭ་བཙུན་གོས་མེད་པ་རྣམས་ལ་བྱིན། དེ་ནས་ཡར་ཡོང་ལས་ཤིང་སྒྲོལ་མ་གསུང་འབྱོན་ལ་མཇལ། མཆོད་འབུལ་བྱས་སྨོན་ལམ་བཏབ། དུ་ལུང་འབའ་རོ་སོགས་གཉའ་ནང་སྟོད་ཀྱི་ཕྱུག་པོ་རྣམས་ཀྱིས་ར་ལུག་མི་གསོད་པའི་དམ་བཅའ་ཕུལ། སེམས་ཅན་སྟོང་ཕྲག་མང་པོའི་སྲོག་སྐྱོབ་བྱས། གཉའ་ནང་སྟོད་སྨད་བར་གསུམ་གྱི་བློ་ཁ་ཆོས་ལ་བསྒྱུར་ཏེ་ཡུལ་ཁམས་ཆོས་ཀྱིས་དཀར་པོར་བཏང་ནས། ཟུར་ཚོ་ནས་ལུང་དུ་སོང་། ཡོན་བདག་རྣམས་ལ་ཚེ་དབང་བསྐུར་ཆོས་བཤད་པས། ཡོན་བདག་རྣམས་ཀྱིས་འབུལ་བ་མང་པོ་ཕུལ་བ་ལ་བསྔོ་བ་སྨོན་ལམ་བྱས། གྲུབ་ཐོབ་གཙང་སྨྱོན་པའི་སྒྲུབ་གནས་ལ་མཇལ། གནས་འབྲེལ་བཞག དེ་ནས་སྡེ་གཞུང་བརྒྱུད་ནས་དིང་རི་གླང་བསྐོར་དུ་སོང་། ཕ་དམ་པའི་བཞུགས་ནས་དེར་རེ་ཞིག་གི་བར་དུ་མཚམས་བྱས་ནས་བསྡད། ཕ་དམ་

p. 774

པའི་ཞི་བྱེད་ཀྱི་གདམས་པ་པོ་ཏི་ཆེན་པོ་བཞི་བཞུགས་པ་ཀློག་པས། ཁོང་གི་བྱིན་རླབས་ཀྱིས་སེམས་ལ་ཕན་པོ་བྱུང་། དེ་ནས་ཞིང་རི་དང་། དིང་རིའི་གཞུང་གི་ཡོན་བདག་ཞེ་དཀར་བྱང་པ། ཤར་ལུང་ཚེ་རིང་ལ་སོགས་པའི་ཡོན་བདག་རྣམས་ལ་ཆོས་འཁོར་བསྐོར་བས་ཡོན་བདག་ཕྱུག་པོ་ཁ་ཤས་ཀྱིས་ལོ་རེ་བཞིན་ལུག་ཉིས་བརྒྱ་སུམ་བརྒྱ་རེ་གསོད་པ་རྣམས་ཀྱིས། ཕྱིན་ཆད་ཉི་ཤུ་སུམ་ཅུ་རེ་ལས་ལྷག་མི་གསོད་པའི་དམ་བཅའ་ཕུལ། ཉི་ཤུ་སུམ་ཅུ་རེ་གསོད་པ་རྣམས་ཀྱིས་གཉིས་གསུམ་རེ་ལས་ལྷག་མི་གསོད་པ་དང་། རེ་གཉིས་གསོད་པ་རྣམས་ཀྱིས་ཀྱང་གཏན་ནས་མི་གསོད་པ་ཤ་ཉོ་རྒྱུ་བྱས། སྡིག་རྒྱུན་ཕལ་ཆེར་བཅད་ནས་ལུག་བརྒྱ་སྟོང་མང་པོའི་ཚེ་ཐར་བ་བྱུང་། དེ་ནས་དིང་རི་སྒང་དཀར་ལ་སོང་། ཙོང་ཡེ་དང་མདའ་དཔོན་ལྕང་ལོ་ཅན་གཉིས་ཀྱིས་བསུ་བ་བྱས་ནང་དུ་སོང་། ཞག་ཤས་བསྡད་དེ་ཞབས་བརྟན་རིམ་གྲོ་བྱས། རྒྱ་ཟས་ཞིམ་པོ་མང་པོ་བྱིན། རྒྱུ་མིའི་རྩེད་མོ་ཁྲང་ཞི་འཁྲབ་དགའ་དགའ་སྤྲོ་སྤྲོ་བྱས། ཉིན་གཅིག་འདབས་ཀྱི་སྤང་གཞོངས་ནས། མི་སྟོང་ཕྲག་མང་པོ་ལ་ཚེ་དབང་བསྐུར་ཆོས་བཤད་པས་ཡུལ་ལ་བཀྲ་ཤིས་པོ་བྱུང་། དེའི་རྗེས་སུ་མདའ་དཔོན་ལྕང་ལོ་ཅན་བསམ་གླིང་དུ་འོང་། ཞབས་ཏོག་བཟང་པོ་བྱས། ངས་ཁོང་ལ་སེམས་འཁྲིད་བྱས་གཞན་ཡང་ཆོས་མང་པོ་བཤད་པས། དེ་ནས་བཟུང་ཁོང་གི་བློ་ཁ་ཆོས་ལ་འགྱུར་ཆོས་ལྡན་གྱི་བྱ་བ་མང་པོ་སྒྲུབ་པར་གདའ་ཟེར། དེ་ནས་གནས་ཆེན་རྒྱལ་གྱི་ཤྲཱི་འམ། ཡོངས་གྲགས་རྩིབ་རིའི་བསམ་གླིང་དུ་འོངས་ནས་

p. 775

ཐོག་མར་གནས་ལ་བསྟོད་པའི་མགུར་དབྱངས་འདི་བླངས་སོ། །ལྷ་ཞི་ཁྲོ་རབ་འབྱམས་འདུས་པའི་བདག །རྗེ་རྒྱལ་བ་ཀུན་ལས་བཀའ་དྲིན་ཅན། །ཕ་ཆོས་རྒྱལ་ངག་གི་དབང་པོ་ལ། །བུས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་དམ་པ་གོང་མས་བསྔགས་པའི་གནས། །གནས་ངོ་མཚར་རྒྱལ་གྱི་ཤྲཱི་ཡི། །ཕྱི་རི་བྲག་རྣམས་ཀྱི་ཁ་དོག་དབྱིབས། །ལྷ་བདེ་གཤེགས་རིགས་ལྔ་རིགས་གསུམ་དང་། །དཔལ་འཕགས་པའི་གནས་བརྟན་བཅུ་དྲུག་སོགས། །སྐུ་ཡིག་འབྲུ་ཕྱག་མཚན་ལ་སོགས་པའི། །ཡ་མཚན་པའི་གཟུགས་སུ་སྣང་བ་མཚར། །ཕྱོགས་མཚམས་ན་རི་ཕྲན་མང་པོ་ཡང་། །བཀྲ་ཤིས་པའི་རྟགས་བརྒྱད་ལ་སོགས་པའི། །ལྷའི་མཆོད་རྫས་སྣ་ཚོགས་ཚུལ་དུ་སྣང་། །མཐའ་ཀུན་ནས་མཚོ་དང་རྫིང་བུ་སོགས། །དཔེ་ཡོན་ཆབ་བཤམས་པ་ལས་ཀྱང་མཛེས། །སྤྱིར་སྐྱེ་འགྲོ་དད་ཅན་ཐམས་ཅད་ཀྱིས། །ཕྱོགས་གང་ནས་བལྟས་ཀྱང་ཡིད་དུ་འོང་། །སྒོས་ཆོས་མཛད་དམ་པའི་གཟིགས་སྣང་ལ། །གནས་མཁའ་སྤྱོད་དག་པའི་ཞིང་དང་མཚུངས། །སྔོན་རྒྱ་གར་དམ་པ་སངས་རྒྱས་དང་། །བོད་གངས་ཅན་མི་ལ་ཡབ་སྲས་དང་། །རྗེ་རྒྱལ་བ་རྒོད་ཚང་ཡང་དགོན་སོགས། །ཁོང་རྒྱ་བོད་མཁས་གྲུབ་མང་པོ་ཡིས། །ཚེ་གཅིག་ལ་གྲུབ་པ་ཐོབ་པའི་ས། །དཔལ་བདེ་མཆོག་འཁོར་ལོ་ལ་སོགས་པའི། །ལྷ་ཞི་ཁྲོ་རབ་འབྱམས་ཕོ་བྲང་མཆོག །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དང་། །ལྷ་ཆོས་སྐྱོང་དཀར་ཕྱོགས་འདུ་བའི་ཞིང་། །གནས་འདི་ཡི་རྩ་གསུམ་ལྷ་

p. 776

ཚོགས་ལ། །ཡིད་གུས་པས་གསོལ་བ་འདེབས་ནུས་ན། །རྐྱེན་བར་ཆད་སེལ་ཞིང་དངོས་གྲུབ་སྩོལ། །གནས་འདི་ཡི་ཡོན་ཏན་བརྗོད་མི་ལང་། །རྗེ་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན། །སྤྲང་བདག་ཀྱང་གནས་ཆེན་འདི་འདྲ་ནས། །ཆོས་ཚུལ་བཞིན་བསྒྲུབ་པའི་སྨོན་ལམ་འདེབས། །གཞན་ཕྱི་རབས་གང་ཟག་ལས་ཅན་རྣམས། །ཚེ་འདི་ཡི་བྱ་བ་བློས་ཐོངས་ལ། །གནས་འདི་རུ་བཞུགས་ལ་སྒོམ་སྒྲུབ་མཛོད། །ཉམས་རྟོགས་པའི་ཡོན་ཏན་འཆར་བར་ངེས། །གནས་འདི་རུ་བཞུགས་པའི་སྒོམ་ཆེན་ལ། །ཁྱེད་ཡོན་བདག་རྣམས་ཀྱང་མཐུན་རྐྱེན་སྦྱོར། །ཆོས་བསྒྲུབ་པའི་མཐུན་རྐྱེན་སྦྱོར་ཚད་ཀུན། །སངས་མཉམ་པོར་རྒྱུ་བའི་སྐལ་བ་ཡོད། །གཞན་སྐལ་ལྡན་ལས་འཕྲོ་ཅན་གྱི་མིས། །གནས་འདི་ལ་ཕྱག་སྐོར་མཆོད་འབུལ་གྱིས། །ཕྱག་སྐོར་བ་མཆོད་པ་སུས་ཕུལ་ཀྱང་། །རྟེན་མི་ལུས་ཐོབ་པ་དོན་ལྡན་འགྱུར། །གནས་འདི་ལ་བསྟོད་པའི་དགེ་བའི་མཐུས། །ཆོས་བཤད་སྒྲུབ་བསྟན་པ་དར་བ་དང་། །ཡུལ་འདི་རུ་ལོ་ལེགས་བཀྲ་ཤིས་ཤིང་། །བཀྲ་ཤིས་པས་བོད་ཁམས་ཁྱབ་གྱུར་ཅིག །ཅེས་བླངས། དེ་ནས་གནས་དེར་སྔ་ཕྱི་རིམ་པ་བྱས་ནས་ཚེ་བློས་བཏང་གི་གྲྭ་བཙུན་སྟོང་ཕྲག་འདུས། ཡོན་བདག་ཕོ་མོ་སྟོང་ཕྲག་མང་པོ་མཇལ་དུ་བྱུང་། སྡེ་པ་རྣམ་རྒྱལ་གྱིས་གསེར་དངུལ་རྡོ་ཚད་མང་པོ་དང་། དངུལ་སྲང་ལྔ་བཅུ་རེ་ཙམ་གྱི་མཆོད་ཀོང་གཉིས། ཚོང་དཔོན་བསོད་ནམས་དར་རྒྱས་ཀྱིས་གསེར་ཞོ་ཉི་ཤུ་དངུལ་སྲང་མང་པོ་དང་། སྐྱིད་གྲོང་ཁམས་པ་ཚེ་བརྟན་གྱིས་གོ་ཊཾ་བརྒྱ་རེའི་རིན་ཐང་ཅན་གྱི་ཤེལ་གྱི་གོང་བུ་ཆེན་པོ་ནང་སྟོང་བ་ཕྱོགས་ཐམས་

p. 777

ཅད་སྒྲིབ་མེད་དུ་གསལ་བའི་མར་མེའི་འོད་ཁང་གཉིས་དང་རྒྱང་ཤེལ་གཅིག་ཆུ་བོ་གངྒཱའི་ཆུས་བཀང་བའི་བུམ་པ། སྡེ་པ་སྲས་ཀྱིས་དངུལ་རྡོ་ཚད་བདུན་ཙམ་གྱི་རྩིས་ཀྱི་ནོར་རྫས་དང་རྒྱན་གོས། ཀོ་ཐང་གནས་པོའི་བུ་མོས་ཆོས་བྱས་པའི་མགོ་རྒྱན་དངུལ་སྲང་དྲུག་ཅུ་རི་བ་ཞིག་དང་། གཞན་ཡང་དད་ཅན་གྲྭ་བཙུན་ཡོན་བདག་ཕོ་མོ་ཉིན་རེ་བཞིན་དུ་ལུས་གོས་དང་རྒྱན་ཆ་འབུལ་མཁན་མང་པོ་བྱུང་། ཁྱད་པར་ཇ་མར་དང་རྩམ་པ་ཁལ་མང་པོ་བྱས་འབུལ་མཁན་བྱུང་བ་རྣམས་ཀྱིས་ཁང་བའི་ནང་བཀང་བ། ཁྱེམ་གྱིས་བཅུས་ནས་མཚམས་པ་དེ་དག་རྣམས་ལ་ཕོགས་བརྒྱབ། ཇ་མར་ཀྱང་མི་བཅུ་བཅོ་ལྔ་ལ་ཇ་སྒམ་མར་དོ་བྱས་ཕོགས་བརྒྱབ་པས་འགའ་རེས་ལྷག་པ་བྱུང་ནས་བཙོང་རྒྱུ་ཡང་བྱུང་སྐད། ཐག་རིང་གི་གནས་སྐོར་བ་བྱུང་ཚད་ལྟོ་གོས་ཆོས་གསུམ་གྱི་སྒོ་ནས་བསྐྱངས། སྐབས་སྐབས་རྩམ་པ་དོ་པོ་བཅུ་བཅོ་ལྔ་ཉི་ཤུ་སུམ་ཅུ་ཙམ་རེ་བརྫིས་ནས་བྱིག་ཙེ་བརྒྱབ། རི་རབ་བང་རིམ་ལྟར་བརྩིགས། མཐའ་བསྐོར་དུ་ཤ་ཆང་ཤིང་ཐོག་སོགས་ཟས་སྣ་མང་པོ་བཞག་ནས་ཚོགས་འཁོར་རྒྱ་ཆེན་པོ་བསྐོར་ཏེ། ཁྱིམ་པ་ཕོ་མོ་དེར་འཚོགས་པ་རྣམས་ཀྱིས་གླུ་བླངས་བྲོ་འཁྲབ་ཅིང་བདེ་སྐྱིད་ལྷ་དང་འགྲན་པ་བྱས། བསམ་གླིང་བྱམས་ཆེན་ལྷ་ཁང་ཉམས་གསོ་བྱས། སྟེང་དུ་གསེར་གྱི་འཁོར་ལོ་བཙུགས། བྱམས་པའི་དྲུང་དུ་མར་ཁུའི་རྒྱ་མཚོ་ལ་སྡོང་བུ་ལག་ངར་ཙམ་བཙུགས་ནས་ཉིན་མཚན་མེད་པར་སྦར་བས། ལྷ་ལྡན་ཇོ་བོའི་དྲུང་དུ་སླེབས་པ་

p. 778

བཞིན་ནང་ཀུན་དྲོ་བ་བྱུང་། དེ་ཐམས་ཅད་ཀྱི་རྒྱུ་སོང་ལ་དངུལ་རྡོ་ཚད་བཅོ་ལྔའི་རྩིས་སོང་། གཞན་ཡང་ཕྱག་མཛོད་དང་གྲྭ་པ་མང་པོ་སོང་ནས་དིང་རིའི་གླིང་བསྐོར་གྱི་མཆོད་རྟེན་ལ་ཉམས་གསོ་བཏང་དེ་ལ་དངུལ་རྡོ་ཚད་གཅིག་གི་རྩིས་སོང་། གནས་དེར་ལོ་གཅིག་ལྷག་ཙམ་སོང་ནས་སྟོད་ཕྱོགས་ཀྱི་སློབ་མ་མང་ནང་བླ་མ་སོགས་ཐག་རིང་གི་སློབ་མ་རྣམས་རང་རང་གི་ཡུལ་ལ་འགྲོ་ཁར་ཐམས་ཅད་ལ་ཕན་པའི་སྙིང་གཏམ་མགུར་དབྱངས་འདི་བླངས་སོ། །གནས་སྤྱི་གཙུག་འཇའ་གུར་འཁྱིལ་བའི་དབུས། །གདན་སེང་གེས་བཏེགས་པའི་ཁྲི་སྟེང་ན། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ། །ཕ་ཆོས་རྒྱལ་ངག་གི་དབང་པོ་བཞུགས། །བུས་མོས་གུས་གདུང་བས་གསོལ་བ་འདེབས། །ཁྲོམ་འདིར་འཚོགས་སྣང་བ་ཆོས་ལ་སྒྱུར། །བློ་ཆོས་མིན་སྣང་བ་འགག་ཏུ་གསོལ། །ངེད་འདིར་འཚོགས་སྐྱེས་ས་མི་གཅིག་ཀྱང་། །སྔོན་ལས་བཟང་སྨོན་ལམ་དག་པའི་མཐུས། །དུས་ད་རེས་གནས་ཆེན་འདི་རུ་འཚོགས། །ཆོས་ཟང་ཟིང་འབྲེལ་བ་ཡང་ཡང་བཞག །ད་མི་སྡོད་སོ་སོར་གྱེས་པ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །དུས་དེ་རིང་ཉི་མ་ཕར་བཟུང་ནས། །ཕར་མིག་གིས་བལྟས་ན་མི་མཐོང་ཞིང་། །གཏམ་སྙན་པོས་བོས་ཀྱང་མི་ཐོས་པའི། །ཡུལ་སོ་སོའི་གནས་སུ་སོང་ཙ་ན། །ས་ཁ་ཐག་རིང་པོས་བར་ཆོད་ནས། །དུས་ད་ལྟའི་འདི་བཞིན་མཇལ་བར་དཀའ། །ཚེ་ཕྱི་མར་མཇལ་བར་སྨོན་ན་ཡང་། །ལས་བཟང་ངན་མང་པོ་བསགས་པའི་

p. 779

མཐུས། །ཀུན་མཇལ་ལམ་མི་མཇལ་མི་ཤེས་སྙམ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །ངེད་འདིར་འཚོགས་ཁྲོམ་གྱི་ལྷ་མི་རྣམས། །སེམས་དགའ་བཞིན་འཚོགས་པ་ད་རེས་ཙམ། །ཀུན་གོ་རེ་ཀྱི་ལེ་འཚོགས་དུས་འདིར། །ངའི་ཕན་པའི་སྙིང་གཏམ་འདི་ལ་ཉོན། །ཆུང་མ་ལས་སྐྱེས་ནས་ད་བར་ལ། །གཞན་རྒན་གཞོན་མང་པོ་ཤི་ཚུལ་སོམས། །དུས་དེང་སང་ཡིན་ཡང་ངོ་ཤེས་ཀྱི། །མི་མང་པོ་ཤི་བ་རྣམས་ལ་ལྟོས། །རང་ནམ་འཆི་ཆ་མེད་ཡང་ཡང་སོམས། །ཚེ་འདི་རུ་སྡོད་མཁན་གཅིག་ཀྱང་མེད། །ཚེ་ཕྱི་མར་ཕན་པ་ཆོས་མིན་མེད། །ནོར་བསགས་ནས་མ་འཇོག་མཆོད་སྦྱིན་ཐོངས། །ཆོས་ཆེན་པོ་བྱེད་རྒྱུ་མ་བྱུང་ཀྱང་། །སྡིག་སྲོག་གཅོད་མ་བྱེད་བཤགས་སྡོམ་རེམ། །ནང་ཞེ་སྡང་གདུག་པའི་བསམ་སྦྱོར་སྤོངས། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་སྦྱོངས། །མདོ་ཧྲིལ་གྱིས་དྲིལ་བའི་སྙིང་པོ་ལ། །ཆོས་བྱས་ནས་མཐོ་རིས་མི་འགྲོ་ཡང་། །སྡིག་ཁུར་ནས་དམྱལ་བར་མ་འགྲོ་ཞིག །འདི་དོ་གལ་ཆེ་བས་སེམས་ལ་ཞོག །ད་ཁྱེད་རྣམས་སྐུ་ཁམས་བདེ་བར་བཞུད། །ཀུན་ཚེ་རིང་ནད་མེད་སྨོན་ལམ་འདེབས། །ངེད་དཔོན་སློབ་རྣམས་ཀྱང་མི་སྡོད་པར། །གཞན་ཕྱོགས་མེད་རི་ཁྲོད་འགྲིམ་དུ་འགྲོ། །དུས་ད་དུང་མཇལ་ན་འདོད་པའི་དུས། །ཀུན་ཡང་དང་ཡང་དུ་མཇལ་བར་སྨོན། །ས་ཁ་ཐག་རིང་བས་མ་མཇལ་ན། །ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག །འདི་

p. 780

མཐོང་ཐོས་སྣང་བ་ཆོས་ལ་འགྱུར། །ཆོས་བྱེད་མིས་ས་སྟེང་ཁྱབ་གྱུར་ཅིག །ཅེས་བླངས་པས་ཉིན་རེ་བཞིན་སློབ་མ་བརྒྱ་ཕྲག་མང་པོ་སོང་བས། ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་ལས་མ་འདས་སྙམ་སེམས་སྐྱོ་བ་བྱུང་། དེར་འཚོགས་པ་ཀུན་ཀྱང་སྐྱོ་བཞིན་སོ་སོར་གྱེས་ནས་སོང་ངོ་། །དེའི་རྗེས་སུ་ངེད་དཔོན་སློབ་མང་པོས་གཞི་བཏེགས་ཏེ། གནས་ཆེན་རྒྱལ་གྱི་ཤྲཱི་ལ་གཡས་སྐོར་བྱས། དགོན་པ་རྣམས་ལ་འགྱེད་མང་ཇ་བཏང་། དགུང་ལོ་བརྒྱ་བཞེས་པའི་ནེའུ་རིང་བླ་མ་རིན་པོ་ཆེ་ལ་ཚེ་དབང་ཞུས། གསེར་ལ་སོགས་པའི་འབུལ་བ་བཏེགས་མཐར་བསྐོར་ལམ་ན་ཡོད་པའི་ཡོན་བདག་རྣམས་ལ་ཆོས་བཤད་པས། ཡོན་བདག་ཕྱུག་པོ་རེ་གཉིས་ཀྱིས་ལོ་རེ་བཞིན་ལུག་བཞི་བརྒྱ་ལྔ་བརྒྱ་རེ་བསད་ནས་རང་གི་ནང་མིས་ཟོས། གཞན་ལ་དཔྱིད་ཀ་བཙོངས་པ་རྣམས། ཕྱིན་ཆད་བཞི་བཅུ་ལྔ་བཅུ་ལས་ལྷག་མི་གསོད་པའི་དམ་བཅའ་བྱས། གཞན་ལུག་གསོད་པ་ཕལ་ཆེ་བས་ཤ་ཉོས་ནས་ཟ་བ་མ་གཏོགས། རང་གི་ནང་ནས་ལུག་མི་གསོད་པའི་ཁས་ལེན་བྱེད་མཁན་མང་པོ་བྱུང་། སྡིག་རྒྱུན་བཅད། དགེ་རྒྱུན་སྤེལ་ནས་ཐམས་ཅད་ཀྱི་བློ་ཁ་ཆོས་ལ་བསྒྱུར། དེ་ནས་ཤེལ་དཀར་ཆོས་སྡེ་རུ་སོང་། རང་གི་ཞོན་པའི་རྟ་སྒ་སྟན་སྲབ་གསུམ་བཅས་སྤྱི་ཐོག་ཏུ་ཕུལ། གསེར་ཟངས་ཀྱི་འཁོར་ལོ་ཞིག་ལྷ་ཁང་གི་སྟང་དུ་བཙུགས། མང་ཇ་དང་འགྱེད་བཏང་། ཁོང་རྣམས་ཀྱི་ཐུགས་མཉེས་པ་བྱུང་། ནང་ནས་གྲྭ་པ་ཕྱུག་པོ་དད་ཅན་འགའ་རེས་ནང་དུ་བོས་ནས་སོང་དངུལ་སྲང་མང་པོ་ཕུལ་ཏེ་ཆོས་འབྲེལ་ཀྱང་ཞུས། དེ་ནས་གཞུང་

p. 781

དེའི་སྡེ་པ་རྣམས་བརྒྱུད་ནས་མཚོ་སྒོ་དང་དྲང་སོ་རུ་འོངས། སྡེ་པ་མཚོ་སྒོའི་ལྕམ་དང་། སྡེ་པ་བཀྲས་སྡེའི་རུ་དཔོན་སོགས་ཡོན་བདག་ཕོ་མོ་མང་པོ་ལ་ཚེ་དབང་བསྐུར་ཆོས་བཤད་མགུར་དབྱངས་བླངས་ནས་ཐམས་ཅད་ཀྱི་སྣང་བ་ཆོས་ལ་བསྒྱུར་བས། སྲོག་གཅོད་སྤོང་བ་དང་། དགེ་བ་སྒྲུབ་མཁན་མང་པོ་བྱུང་། ཕྱོགས་དེའི་ཕྱུག་པོ་དད་ཅན་རྣམས་ཀྱིས་ལུས་གོས་རྒྱན་ཆ་གསེར་དངུལ་མང་པོ་དང་ཁྱད་པར་དུ་ནས་མང་པོ་འབུལ་མཁན་བྱུང་བ་རྣམས་ཀྱི་ནང་ནས། དྲང་སོའི་དགོན་པ་ཟུང་དཀར་ཆོས་སྡེ་ལ་འགྱེད་མང་ཇ་བཏང་། བདེ་ཆེན་ཕུག་ཏུ་སྡོད་པའི་མཚམས་པ་རྣམས་ལ་ནས་ཀྱི་ཕོགས་བརྒྱབ། དེ་ནས་ཡོན་བདག་ཕྱུག་པོ་ཞུ་ལུང་མགོན་པོ་དང་ཡུལ་དེའི་སྡེ་པ་རྣམས་ལ་དབང་བསྐུར་ཆོས་བཤད་པས། གསེར་དངུལ་གོས་དར་ལུས་ཀྱི་རྒྱན་ཆ་ཟས་ནོར་ལོངས་སྤྱོད་འབུལ་མཁན་མང་པོ་བྱུང་། དེ་ནས་བསམ་པ་བཟང་ཞིང་ལྷ་ཆོས་ལ་དགའ་བའི་དད་ཅན་སྦྱིན་བདག་ཕྱུག་པོ་ཕུ་དམར་བར་ཚོའི་ནང་དུ་སོང་ཆོས་བཤད་དབང་བསྐུར་བཀྲ་ཤིས་བརྗོད་པས། ཁོང་ཚང་གིས་ལོ་རེ་ལ་ལུག་ལྔ་བརྒྱ་རེ་གསོད་པ་སྤངས་ནས། ལོ་རེ་ལ་ལུག་ལྔ་བཅུ་ལས་ལྷག་མི་གསོད་པའི་དམ་བཅའ་ཕུལ། ཇ་མར་རྩམ་པ་གང་འདོད་དང་། གསེར་དངུལ་གཡུ་བྱིར་སྤོས་ཤེལ་སོགས་ལུས་ཀྱི་རྒྱན་ཆ་ཡང་མང་པོ་ཕུལ། དེ་རུ་དགོན་བྱང་བླ་མ་རིན་པོ་ཆེ་གདན་དྲངས། བྱང་གཏེར་རིག་འཛིན་གདུང་སྒྲུབ། །ཐུགས་

p. 782

རྗེ་ཆེན་པོ་གུར་དྲག་གསུམ་གྱི་དབང་ཞུས། གསེར་གཡུ་གོས་དར་སོགས་ཀྱི་འབུལ་བ་བཏེགས། ཡོན་བདག་ཕོ་མོ་རྣམས་ལ་འགྲོ་ཁར་ཕན་པའི་བསླབ་བྱ་འདི་ལྟར་བྱས་སོ། །གཏན་གྱི་སྐྱབས་མགོན་བླ་མ་རྗེ། །སྤྱི་གཙུག་བདེ་ཆེན་རྒྱན་དུ་བཞུགས། །བདག་དང་སློབ་མ་སྦྱིན་བདག་ལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །རིགས་རུས་བསོད་ནམས་དཔལ་གྱི་མཐོ། །དད་གཏོང་བློ་གྲོས་ཆེ་བ་ཡི། །སྦྱིན་བདག་ཕུ་དམར་བར་ཚོ་ལ། །ཕན་པའི་སྙིང་གཏམ་བཤད་ཀྱིས་ཉོན། །མི་ལུས་རིན་ཆེན་ཐོབ་དུས་འདིར། །ལྷ་ཆོས་མྱུར་དུ་མ་བྱས་ན། །སྙིགས་དུས་ཚེ་ལ་ངེས་པ་མེད། །དོ་ནུབ་ཡིན་ཡང་འཆི་ཉེན་གདའ། །ཕྱི་མར་དགེ་བ་ཅན་གྱི་མི། །མཐོ་རིས་ཐར་པའི་གནས་སུ་འགྲོ། །མི་དགེ་སྡིག་པ་བྱས་པའི་མི། །ངན་སོང་གསུམ་གྱི་གནས་སུ་འགྲོ། །ད་ལྟ་གང་ལ་འགྲོ་བའི་དབང་། །རང་གི་ལག་ན་ཡོད་དུས་འདིར། །མར་འགྲོ་མི་དགེའི་སྡིག་པ་སྤངས། །ཡར་འགྲོའི་དགེ་ལ་འབད་རེ་རན། །མི་དགེ་སྡིག་པའི་ཆེ་ཤོས་ནི། །སྲོག་གཅོད་ཡིན་པས་དུག་བཞིན་སྤོངས། །རང་གི་ནོར་ལ་སེར་སྣ་དང་། །གཞན་གྱི་ནོར་ལ་ཧམ་པ་ཆེ། །དོན་མེད་ཁོང་ཁྲོ་ལྡང་བ་དང་། །ཕྲག་དོག་འགྲན་སེམས་མ་བྱེད་ཅིག །སྔར་བྱས་སྡིག་ལ་འགྱོད་བཤགས་དང་། །ཕྱིན་ཆད་མི་བྱེད་བཤགས་སྡོམ་གྱིས། །རྣམ་དཀར་དགེ་བའི་ཆེ་ཤོས་ནི། །མཆོད་སྦྱིན་ཡིན་པས་རྒྱུན་དུ་ཐོངས། །བྲན་གཡོག་རྣམས་ལ་གང་བྱམས་དང་། །ཁྱིམ་མཚེས་རྣམས་ལ་གང་ཕན་མཛོད། །

p. 783

སྒོ་ཡི་ཁྱི་དང་ཕྱུགས་ལ་ཡང་། །བརྡེག་བརྡུང་མ་བྱེད་གསོ་སྐྱོང་རེམ། །སྔར་བྱས་དགེ་ལ་དགའ་བ་སྒོམས། །ཕྱིན་ཆད་བྱེད་པའི་བློ་རྒྱ་སྐྱེད། །གཞན་ཡང་ཕྱག་དང་ཁ་ཏོན་གྱིས། །རང་སེམས་སྟོང་གསལ་ངང་ལ་ཞོག །མ་གྱུར་འགྲོ་ལ་སྙིང་རྗེ་སྒོམས། །བསྔོ་བ་སྨོན་ལམ་རྒྱ་ཆེན་ཐོབས། །ལྷ་ཆོས་བྱེད་ན་མང་མི་དགོས། །སྙིང་གཏམ་དེ་ཚོས་ཆོག་པ་ཡིན། །དེ་ལྟར་བྱས་པའི་བསོད་ནམས་ཀྱིས། །ཚེ་རབས་ཀུན་ཏུ་བདེ་བར་ཤོག །ཅེས་སྨྲས་པས་ཐམས་ཅད་རབ་ཏུ་གུས་པས་ཕྱག་འཚལ། དུས་ཡང་ཡང་མཇལ་བའི་སྨོན་ལམ་བཏབ་བོ། །དེ་ནས་དཔལ་ལྡན་ས་སྐྱའི་ཆོས་སྡེ་ཆེན་པོར་འོང་། རྗེ་བཙུན་མ་བགྲེས་མོ་དང་། ཁྲི་ཀུན་དགའ་རྒྱལ་མཚན་དང་། དངོས་གྲུབ་དཔལ་འབར་རྣམས་ལ་མཇལ། ཟངས་ཀྱི་དུང་ཆེན་ཆ་གཅིག་སྒྲུབ་ཆོལ་རྒྱ་གླིང་སོགས་མཆོད་རྫས་དང་གསེར་དངུལ་གཡུ་བྱིར་སོགས་ནོར་རྫས་ཕུལ་ནས། ཚེ་དབང་ཕུར་པ་གུར་དྲག་རྣམས་ཀྱི་དབང་ཞུས། སྔར་སྤྲུལ་པའི་ལྷ་ཁང་ཆེན་མོའི་ནང་དུ་ཕྱག་མཛོད་སྡེ་པ་དབང་བོ་ལ་འཇོག་ཏུ་བཅུག་པའི་གསེར་ཀོང་ནང་དུ་མར་མེ་སྦར་ནས་སྨོན་ལམ་ཆེན་པོ་བཏབ། གཞན་གྱི་ལྷ་ཁང་རྣམས་ལ་ཡང་མཆོད་འབུལ་བྱས། དགེ་འདུན་སྡེ་ལ་མང་ཇ་དང་འགྱེད་བཏང་། ཞིག་པོ་བཅོ་ལྔ་བསྡད་ཕྱག་དང་སྐོར་བ་བྱས། མདོས་ཆེན་གྱི་ལྟད་མོ་ལ་བལྟས། དེ་ནས་བྱང་གི་ལྷ་རྩེའི་ཕྱོགས་སུ་སོང་སྡེ་པ་གཞི་ཆེན་རྟ་ནག་པའི་ནང་དུ་སོང་ཞག་གཉིས་བསྡད། ཚེ་དབང་ཞིག་བསྐུར། ཇ་མར་རྩམ་པ་དངུལ་བཅས་

p. 784

ཟས་ནོར་མང་པོ་ཕུལ། དེ་ནས་རྒྱུང་གི་ཡོན་པོ་ལུང་དུ་སོང་། ཟླ་བ་གཉིས་གསུམ་ཙམ་བསྡད་པས། བྱང་ལྷ་རྩེའི་ཡོན་བདག་བརྒྱ་སྟོང་མང་པོ་བྱུང་། དེ་རྣམས་ལ་སྔ་ཕྱི་རིམ་པ་བྱས། ཚེ་དབང་བསྐུར་ཆོས་བཤད་པས་ཐམས་ཅད་ཀྱི་བློ་ཁ་ཆོས་ལ་འགྱུར། འབུལ་བ་མང་པོ་བྱུང་། དེར་སྡོད་དུས་མདོ་སྨད་ཕྱོགས་ནས་བླ་མ་པདྨ་རང་གྲོལ་དཔོན་གཡོག་མང་པོ་འོངས། རྒྱ་དངུལ་སྲང་བརྒྱས་འགོ་བྱས་ནོར་སྣ་མང་པོ་ཕུལ། ཚེ་དབང་ཞུས་པས། མ་ཅིག་གྲུབ་རྒྱལ་མའི་ལུགས་ཀྱི་ཚེ་དབང་བསྐུར། སྐུ་ཚེ་རིང་བའི་རྟེན་འབྲེལ་བསྒྲིགས། ཁོང་ལ་ཕན་པའི་བསླབ་བྱ་འདི་བྱས་སོ། །བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འདུད། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །དད་བརྩོན་ཤེས་རབ་སྙིང་རྗེ་ཅན།། བུ་ཆེན་པདྨ་རང་གྲོལ་དང་། །དད་ཅན་སྨན་པ་གཉེར་བ་སོགས། །སྐལ་ལྡན་སྙིང་གི་སློབ་བུ་རྣམས། །བྱང་ལམ་བརྒྱུད་ནས་འོང་བའི་དུས། །བླ་མ་མཆོག་གསུམ་ཐུགས་རྗེ་ཡིས། །ཀུན་ལ་ཉེས་སྐྱོན་མ་བྱུང་བར། །དབུས་གཙང་དག་པའི་ཞིང་དུ་སླེབས། །ཇོ་ཤཱཀ་རྣམ་གཉིས་བསམ་ཡས་དང་། །བཀྲ་ཤིས་ལྷུན་པོར་མཇལ་བཞིན་དུ། །ཕྱོགས་འདིར་འོང་བ་ཐོས་པས་སྤྲོ། །མི་རྒན་ང་ཡང་མ་ཤི་བར། །གངས་རི་བལ་ཡུལ་ལ་ཕྱི་སོགས། །དབེན་གནས་རྒྱལ་ཁམས་མང་པོ་བསྐོར། །ད་ལྟ་དབུས་གཙང་ཕྱོགས་འདིར་སླེབས། །ཀུན་གྱིས་དུས་གྲྭ་བསྒྲིགས་པ་བཞིན། །སྔོན་གྱི་ལས་བཟང་སྨོན་ལམ་མཐུས། །སློབ་དཔོན་ཆེན་པོའི་སྒྲུབ་གནས་མཆོག །རྒྱང་གི་ཡོན་པོ་ལུང་ནས་མཇལ། །ཐམས་ཅད་བཀྲ་ཤིས་

p. 785

ཆོས་མཐུན་སྒོས། །མཇལ་ཚེ་དགའ་ཞིང་སྤྲོ་བ་སྐྱེས། །ཨེ་མ་སྐལ་ལྡན་སློབ་བུ་རྣམས། །དབུས་གཙང་དག་པའི་ཞིང་འདི་ན། །བལྟ་རྒྱུ་མཇལ་རྒྱུ་མང་པོ་སྣང་། །མར་ལ་སོང་ནས་ཅི་ཞིག་བྱ། །ད་ནི་ལོ་རེ་ལོ་ཕྱེད་ལ། །བསྡད་ན་སྐལ་བ་ཤིན་ཏུ་བཟང་། །བག་ཕེབས་གླེང་མོ་ཞིབ་ཏུ་བྱེད། །ཕན་པའི་སྙིང་གཏམ་རིམ་པས་བྱ། །འོན་ཀྱང་བླ་མའི་ཞབས་ཏོག་དང་། །མདོ་སྨད་བསྟན་འགྲོའི་དོན་བསྒྲུབ་ཕྱིར། །ད་ལོ་མར་ལ་འགྲོ་ན་ཡང་། །ཐམས་ཅད་ལམ་ནས་འགྲིག་པོ་གྱིས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །འདུས་ནས་སོ་སོར་གྱེས་པ་ལྟར། །ཆོས་རྣམས་མི་རྟག་འདི་དང་འདྲ། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །སྙིང་ནས་ལྷ་ཆོས་བྱེད་འདོད་ན། །འཇིག་རྟེན་ཆོས་བརྒྱུད་བློ་ཡིས་ཐོངས། །སྡོམ་པ་དམ་ཚིག་གཙང་མ་གྱིས། །བླ་མའི་བཀའ་བཞིན་སྒྲུབ་ལ་བརྩོན། །སྒྲུབ་པ་མཛད་པའི་དཔོན་སློབ་རྣམས། །ད་དུང་ཚེ་མཇུག་འདི་ཉིད་ལ། །མཇལ་ན་འདོད་པའི་དུས་སྐབས་སུ། །ད་ལྟའི་འདི་བཞིན་མཇལ་བར་ཤོག །སྙིགས་དུས་ཚེ་ལ་ངེས་པ་མེད། །ས་ཡང་ཁ་ཐག་རིང་པོས་བར། །ཆོད་ནས་ཚེ་འདིར་མ་མཇལ་ན། །ཕྱི་མའི་ཡུལ་ནས་མཇལ་བར་ཤོག །ཅེས་སྨྲས་པས་ཁོང་གིས་མདོ་སྨད་ན་བསྟན་འགྲོའི་དོན་ཡོད་པས་མར་འགྲོ་དགོས་ཚུལ་གྱི་རྒྱུ་མཚན་ཕུལ་བས། ངས་ཀྱང་གནང་བ་བྱིན། དེ་དུས་རྩ་བའི་བླ་མ་ཆོས་རྒྱལ་ངག་གི་དབང་བོའི་སྲས་ཝང་བཀྲ་ཤིས་འབྱུང་གནས་མཆོག་ལ། ཕ་མེས་གོང་མའི་ལུགས་སྲོལ་བཟང་པོའི་ནང་ལྟར་དབུས་གཙང་དག་པའི་ཞིང་དུ་ལན་ཅིག་མཇལ་དུ་ཕེབས་ཞེས་ཞུ་ཤོག་འདི་ཕུལ་ལོ། །སངས་རྒྱས་

p. 786

བསྟན་པའི་སྦྱིན་བདག་མཆོག །སོག་པོའི་རྒྱལ་པོ་ཆིང་ཝང་ཞེས། །སྙན་གྲགས་དབྱར་གྱི་འབྲུག་བཞིན་དུ། །ཕྱོགས་ཀུན་ལྡིར་བའི་ཞབས་དྲུང་དུ། །སྔོན་གྱི་ལས་བཟང་སྨོན་ལམ་གྱིས། །འབྲེལ་བའི་ཚོགས་དྲུག་རང་གྲོལ་ངས། །ཐག་རིང་རྒྱང་ནས་བརྩེ་གདུང་གི །ཤུགས་ཀྱིས་བསྐྱོད་ནས་འདི་སྐད་ཞུ། །ཆོས་རྒྱལ་ཡབ་ཡུམ་ཞིང་བརྗེས་ཀྱང་། །སྐྱེས་མཆོག་ཁྱེད་ཀྱིས་རྒྱལ་ས་བཟུང་། །རྒྱལ་ཁམས་བདེ་ལ་འགོད་པའི་གཏམ། །ཐོས་པས་དགའ་སྤྲོ་དཔག་མེད་བྱུང་། །བདག་ཀྱང་ཆོས་རྒྱལ་བཀའ་དྲིན་གྱིས། །དབུས་གཙང་དག་པའི་ཞིང་ཁམས་ན། །ལུས་དང་སེམས་ལ་སྡུག་བསྔལ་མེད། །དགའ་ཞིང་སྤྲོ་བཞིན་བདེ་བར་མཆིས། །འོན་ཀྱང་ཆོས་རྒྱལ་ཡབ་ཡུམ་གཉིས། །དག་པའི་ཞིང་དུ་གཤེགས་ལ་སྐྱོ། །ཚེ་ཐུང་ནམ་འཆི་ཆ་མེད་པས། །ཁྱེད་ཀྱང་ལྷ་ཆོས་མཛད་རེ་རན། །བསོད་ནམས་ཅན་གྱི་རྒྱལ་པོ་ཁྱེད། །སྔོན་གྱི་ཕ་མེས་ལུགས་སྲོལ་ལྟར། །དགེ་བ་སྟོབས་ཆེན་བསྒྲུབ་པའི་ཕྱིར། །དབུས་གཙང་དག་པའི་ཞིང་འདིར་ཕེབས། །གཞོན་པའི་དུས་འདིར་མ་ཕེབས་ན། །རྒས་དུས་འགྱོད་པ་སྐྱེས་ནས་འོང་། །ད་ལྟ་སྐུ་ན་གཞོན་དུས་འདིར། །མྱུར་དུ་ཕེབས་དང་སྐལ་བ་བཟང་། །སྔོན་ཚེ་ཡུམ་མཆོག་ཨ་བཱ་དེ། །དབུས་སུ་ཕེབས་ཚེ་འབུལ་ཆེན་བཏེགས། །མང་འགྱེད་ཚད་མེད་མཛད་པའི་ཚེ། །སྙན་པས་ས་སྟེང་ཁྱབ་པ་བྱུང་། །དེའི་སྲས་སྐྱེས་མཆོག་ཁྱེད་ཉིད་ཀྱང་། །དབུས་སུ་བྱོན་ནས་འབུལ་ཆེན་བཏེགས། །མང་ཇ་འགྱེད་རྣམས་དེ་བཞིན་དུ། །གཏོང་དགོས་སྙམ་པ་ཐུགས་ལ་ཆོངས། །སྔོན་དུས་ཆོས་རྒྱལ་ཡབ་ཡུམ་གཉིས། །དབུས་སུ་འབྱོན་པའི་དུས་སྐབས་སུ། །

p. 787

འགལ་རྐྱེན་བར་ཆད་མ་བྱུང་བར། །ཐུགས་ཀྱི་བཞེད་དོན་འགྲུབ་པ་ལྟར། །ཁྱེད་ཀྱང་དེ་ཡི་རྟེན་འབྲེལ་གྱིས། །དབུས་སུ་བྱོན་པའི་དུས་སྐབས་སུ། །འགལ་རྐྱེན་བར་ཆད་མི་འབྱུང་བར། །མཐུན་རྐྱེན་བསམ་དོན་འགྲུབ་པར་ངེས། །མི་རྒན་བདག་གིས་སྔ་སོར་ཡང་། །ཁྱེད་ལ་ཞབས་བརྟན་གང་ཤེས་ཕུལ། །ད་དུང་ཡིན་ཡང་ཡང་དག་བྱ། །མྱུར་དུ་མཇལ་བའི་སྨོན་ལམ་འདེབས། །དེ་ལྟར་སྨྲས་པ་ཐོས་ཚད་ཀྱིས། །ཡུལ་ལ་བཀྲ་ཤིས་གཡང་ཆགས་ཤིང་། །མི་ལ་ཚེ་རིང་ནད་མེད་པར། །བསམ་དོན་ཆོས་བཞིན་འགྲུབ་པར་ཤོག །ཅེས་འཚམས་རྟགས་སུ་གོས་དང་གསེར་གྱི་ཊཾ་ཀ་གཡུ་བྱིར་སོགས་རིན་པོ་ཆེ་སྣ་ཚོགས་པའི་ཕྲེང་བ་བཅས་ཕུལ་ལོ། །དེ་ནས་བླ་མ་པདྨ་རང་གྲོལ་ཕེབས་ཁ་རུ། སྐུ་གསུང་ཐུགས་རྟེན་དང་རྒྱ་གར་ནས་བྱུང་བའི་ཁ་ཊཾ་ཀ རྟེན་གསུམ་ན་བཟའ་བྱིན་ཅན་མང་པོ། དངུལ་ཊཾ་རྡོ་ཚད་གཅིག གཡུ་བྱི་རུ་རིན་པོ་ཆེ་དུ་མས་རྫོངས་པ་བྱས། ཡང་ཡང་མཇལ་བའི་སྨོན་ལམ་བཏབ་ནས་ཕེབས་སོ། །དེ་དུས་ཚོང་དཔོན་བསོད་ནམས་དར་རྒྱས་ཀྱིས་གསེར་སྲང་མང་པོ་ཕུལ་བ་མ་བླངས་པར་ཁོང་རང་ལ་ཕྱིར་བྱིན་ནས། ཁྱོད་ཀྱིས་འདི་ལ་སྣོན་པ་གྱིས་ལ་རི་བོ་བཀྲ་བཟང་གི་རྩེ་མོའི་ལྷ་ཁང་གི་གུ་རུ་གསུང་འབྱོན་གྱི་དྲུང་དུ། གསེར་ཀོང་ཞིག་ཕུལ་ཞེས་བསྐུལ་བས། དེར་ཁོས་གསེར་སྲང་ཉི་ཤུའི་གསེར་ཀོང་བཟང་པོ་མར་མེ་རྒྱུན་སྦར་གྱི་སྦྱོར་འཇགས་དང་བཅས་ཏེ་ཕུལ་བ་ལ་བསྔོ་སྨོན་གྱི་རྒྱས་འདེབས་བྱས། དེ་ནས་རྒྱང་འབུམ་མོ་ཆེའི་ནང་དུ་མཇལ་མར་མེས་མཆོད་འབུལ་བྱས། བྲང་མོ་ཆེའི་དགོན་པར་

p. 788

སོང་འགྱེད་མང་ཇ་བཏང་། ཞག་གཅིག་བསྡད། ཕྱི་ཉིན་བྱང་ལྷ་རྩེར་འགྲོ་ཞོར་ལ་གཙང་ཆུས་ཡུལ་དགོན་ལ་གནོད་པ་ལ།་རིགས་གསུམ་མགོན་པོའི་ཐོ་ཞིག་བརྩིགས་ནས་རབ་གནས་བྱས། ཆུ་ཕར་བསྒྱུར་བའི་དམིགས་པ་བྱས་བདེན་སྟོབས་བརྗོད་པས། རྗེས་སུ་དཀོན་མཆོག་གི་ཐུགས་རྗེས་ཆུ་ཕར་ལོག་ནས་ཡུལ་དགོན་ལ་མ་གནོད་པས་ཐམས་ཅད་ཀྱིས་གྲུབ་རྟགས་རེད་ཅེས་དད་པ་གོང་འཕེལ་དུ་གྱུར། དེ་ནས་རྟ་ཀོ་སྡེ་པའི་ནང་དུ་བོས་རྒྱ་ནག་ནས་ཁྱེར་འོང་བའི་གསེར་གྱི་གཉྫི་ར་གསེར་དངུལ་རྩམ་པ་སོགས་ཟས་ནོར་མང་པོ་ཕུལ། གསེར་གྱི་གཎྜི་ར་བྱང་ལྷ་རྩེའི་གྲྭ་ཚང་གི་ལྷ་ཁང་ཞིག་གི་སྟེང་དུ་བཙུགས། དགོན་པའི་དགེ་འདུན་པ་ལ་མང་ཇ་དང་འགྱེད་བཏང་། ཚུར་ལ་ཡང་ཞབས་ཏོག་ཡག་པོ་བྱས་བྱུང་། དེ་ནས་ཚ་རོང་དུ་འོང་། སྨན་དགོན་ནས་ཞག་ཤས་བསྡད། བླ་མ་མཆོག་གསུམ་ནོར་བུ་བཞིན་སྤྱི་བོར་བཀུར་ཞིང་རྣམ་དཀར་དགེ་སྦྱོར་ལ་བརྩོན་པའི་དད་ཅན་སྦྱིན་བདག་མོ་ཚ་རོང་ལྕམ་ཆོས་དབྱིངས་སྒྲོལ་མ་སོགས་ཕྱོགས་དེའི་ཡོན་བདག་རྣམས་ལ་ཚེ་དབང་བསྐུར། སེམས་ཁྲིད་བྱས་ནས་ཞལ་གདམས་འདི་ཡང་བྱིན་ནོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཉམས་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཁྱེད་དད་ཅན་ཆོས་དབྱིངས་སྒྲོལ་མ་ལ། །ངས་སེམས་ངོ་སྐྱོང་ཚུལ་བཤད་ཀྱིས་ཉོན། །དཔེ་ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །སེམས་སྟོང་གསལ་ངང་ལ་རྩོལ་མེད་ཞོག །དཔེ་ཉི་མ་སྤྲིན་དང་བྲལ་བ་བཞིན། །སེམས་ཀུན་གསལ་མདངས་དང་ལྡན་པར་ཞོག །དཔེ་བུ་ཆུང་ལྷ་ཁང་བལྟ་བ་བཞིན། །སེམས་གསལ་ལ་འཛིན་པ་མེད་པར་ཞོག །དཔེ་རྒྱ་མཚོ་རླབས་དང་

p. 789

བྲལ་བ་བཞིན། །སེམས་གཡོ་འགུལ་མེད་པར་ལྷན་ནེར་ཞོག །དཔེ་མཁའ་ལ་བྱ་འཕུར་རྗེས་མེད་བཞིན། །སེམས་རྣམ་རྟོག་རང་ཡལ་རྗེས་མེད་ཞོག །དཔེ་དེ་ལྟར་མཉམ་པར་བཞག་ཙ་ན། །ནང་སེམས་ལ་ཉམས་རྟོགས་འདི་ལྟར་འཆར། །དཔེ་ངོས་བཟུང་མེད་པའི་བར་སྣང་བཞིན། །བཤད་མི་ཤེས་སྟོང་སང་ཉམས་ཤིག་འཆར། །དཔེ་ལྐུགས་པས་རྨི་ལམ་རྨིས་པ་བཞིན། །བརྗོད་མི་ཤེས་གསལ་བའི་ཉམས་ཤིག་འཆར། །དཔེ་ན་ཆུང་བདེ་བས་མྱོས་པ་བཞིན། །སྨྲ་མི་ཤེས་བདེ་བའི་ཉམས་ཤིག་འཆར། །དཔེ་དུར་ཁྲོད་བོར་བའི་བེམ་རོ་བཞིན། །བསམ་མི་ཤེས་རྟོགས་མེད་ཉམས་ཤིག་འཆར། །ཉམས་བདེ་གསལ་མི་རྟོག་གང་ཤར་ཡང་། །བློའི་འཛིན་པ་མ་ཞུགས་ས་ལེར་སྐྱོངས། །དོན་དེ་ལྟར་སེམས་ངོ་སྐྱོང་ནུས་ན། །མཐར་འཆི་བ་ཆོས་སྐུར་གྲོལ་བར་འགྱུར། །འདི་མ་བརྗེད་སྙིང་གི་དཀྱིལ་དུ་ཆོངས། །གཞན་ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཅེས་བླངས་པས་དེར་འཚོགས་པ་རྣམས་ཀྱི་སེམས་ལ་ཕན་པ་བྱུང་། ལྕམ་ཆེ་ཆུང་གཉིས་དང་ཡུལ་མི་རྣམས་ཀྱིས་གཡུ་བྱི་རུ་མུ་ཏིག་སྤོས་ཤེལ་དངུལ་སྲང་ཉིས་བརྒྱའི་རྩིས་དང་། རྩོམ་པ་དོ་པོ་མང་པོ་ཕུལ་བར་བསྔོ་བ་སྨོན་ལམ་གྱི་མཚམས་སྦྱོར་ཡང་དག་བྱས། རྩམ་པ་རྣམས་གྲྭ་བཙུན་ལྔ་བརྒྱ་ལ་ཕོགས་བརྒྱབ་ནས། །མར་བཀྲ་ཤིས་ལྷུན་པོ་ལ་བཏང་བས་ཉི་མ་གཉིས་གསུམ་ཙམ་ལ་བར་མ་ཆད་པར་སོང་ཚེ། གཞིས་ཀ་རྩེ་བ་དང་། བཀྲ་ཤིས་ལྷུན་པོའི་གྲྭ་པ་ཕལ་ཆེར་གྱིས་འདི་འདྲ་འོང་བ་གང་རེད་ཟེར། དེ་བླ་མ་ཞབས་དཀར་པ་ཡོང་གི་ཡོད་པ་རེད། འདི་རྣམས་དེའི་གྲྭ་བཙུན་རེད་བྱས་པས། ཐམས་ཅད་ཀྱིས་བླ་མ་ཞབས་

p. 790

དཀར་པ་ཟེར་བ་དེ་ཅི་འདྲ་ཞིག་ཡོད་པ་ཡིན་ནམ། ལན་ཅིག་བལྟ་དགོས་སྙམ་ཡོད་དུས། ང་ངོར་དགོན་པར་སོང་བླ་མ་ཁྲི་པར་མཇལ། འབུལ་བ་ཕུལ་ཆོས་འབྲེལ་ཞུས། དགོན་པར་འགྱེད་མང་ཇ་བཏང་། རྒྱ་དངུལ་རྡོ་ཚད་གཅིག་གི་དངུལ་ཀོང་ཆེན་པོ་ཞིག་བཞག དེ་ནས་མར་གཞིས་ཀ་རྩེར་འོང་དུས་སུ་བཀྲ་ཤིས་ལྷུན་པོའི་གྲྭ་པ། གཞིས་ཀ་རྩེའི་ཡོན་བདག་ཆེ་ཆུང་གཉིས་ཀ་ལམ་ཁ་ན་སྟོང་ཕྲག་གསུམ་ཙམ་ཞིག་གི་ཚོད་ལྟད་མོ་ལ་འདུག་པས། ང་ཡང་ངོ་མཚར་བ་བྱུང་། གཞིས་ཀ་རྩེའི་གུ་རུ་བྱང་མ་ནས་བསྡད། ཉི་མ་མང་པོར་མཇལ་ཀ་བཏང་། ཁ་བཏགས་སྐར་ལྔ་ཕྱེད་བརྒྱད་མང་པོ་བྱུང་། དེ་ནས་བཀྲ་ཤིས་ཀུན་ཁྱབ་གླིང་དུ་སོང་ནས་སྐྱབས་མགོན་པཎ་ཆེན་རིན་པོ་ཆེར་མཇལ། ཤེལ་གྱི་མར་མེའི་འོད་ཁང་གོ་ཊཾ་བརྒྱ་རི་བའི་ཆེན་པོ་གཅིག དངུལ་རྡོ་ཚད་གཉིས་རྟ་དང་ནོར་རྫས་གཞན་ཡང་མང་པོ་ཕུལ། བཀྲ་ཤིས་ལྷུན་པོར་སོང་ནས་པཎ་ཆེན་བློ་བཟང་ཡེ་ཤེས་དང་། དཔལ་ལྡན་ཡེ་ཤེས་གཉིས་ཀྱི་གསེར་གདུང་གི་དྲུང་དུ་དངུལ་རྡོ་ཚད་ལྔའི་ལྷུང་བཟེད་ཆེན་པོ་ཕྱི་ལ་གསེར་སྲང་གསུམ་གྱིས་གསེར་ཚོས་བརྒྱབ་པ་གཅིག་དང་། དངུལ་རྡོ་ཚད་གཅིག་གི་དངུལ་ཀོང་ཆེན་པོ་གཅིག་གིས་སྦྱོར་འཇགས་བྱས། དགོན་པའི་དགེ་འདུན་པ་སུམ་སྟོང་བརྒྱད་བརྒྱ་ལ་མང་ཇ་དང་འགྱེད་ཕྱེད་བརྒྱད་རེ་བཏང་། དེ་ནས་ཉིན་གཅིག་སྐྱབས་མགོན་པཎ་ཆེན་རིན་པོ་ཚེས་བདག་མདུན་དུ་བོས་ནས། ཁྱོད་ཀྱིས་སྔར་ཡང་བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་ཉམས་གསོ་ཞབས་ཏོག་བྱས་པ་ཤིན་ཏུ་ལེགས།

p. 791

ད་རེས་ཡང་སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་སྟོད་ཧོར་སོགས་མཐའ་དམག་གི་ཁ་གནོན་དང་། བོད་ཀྱི་བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས་གཅུང་གི་རི་བོ་ཆེར་མཆོད་རྟེན་བཀྲ་ཤིས་སྒོ་མང་བཞེངས་པ་ཡང་དུས་དབང་གིས་ཆོས་འཁོར་བཅུ་གསུམ་མེ་ཡིས་ཉམས་སོང་བ། སླར་ཁྱེད་ཀྱི་ལྷག་བསམ་དག་པས་ཉམས་གསོ་ཞིག་གྱིས་ཞེས་བཀའ་ཕེབས་པ་བདག་གིས་ཀྱང་དང་དུ་བླངས་ནས་ཕྱག་འཚལ་སྐྱབས་འཇུག་ཞུས་པས། དེར་ཁོང་གིས་ཁ་བཏགས་ནང་མཛོད་ཅིག་བདག་གི་མགུལ་དུ་གཡོགས་ནས་ངས་ཀྱང་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ཡོང་། ཁྱོད་ཀྱིས་སྐྱོ་ངལ་སུན་པ་མེད་པར་བརྩོན་འགྲུས་སྐྱེད་ལ་སྒྲུབས་དང་། སྔོན་སྨོན་ཐུགས་བསྐྱེད་བཟང་པོའི་རྟེན་འབྲེལ་དེང་འདིར་འགྲིགས་པས་གེགས་མེད་བདེ་བླག་ཏུ་འགྲུབ་ངེས་གསུངས་པས། ངས་ཀྱང་གསུང་དེ་ཚད་མར་བཟུང་ནས་མར་ཡོང་རྒྱུ་བཞག་སྟེ། ཡར་ལོག་ནས་བཀའ་བརྒྱད་དུ་སོང་ཞག་ཁ་ཤས་གནས་འབྲེལ་བཞག དེ་ནས་གཅུང་རི་བོ་ཆེར་སོང་ནས་ཉམས་གསོ་བྱེད་པའི་མཐུན་རྐྱེན་སྒྲུབ་དུས་ཐོག་མར། ཐུགས་རྒྱུད་འཇམ་ཞིང་ཆོས་བཞིན་མཛད་པའི་མགྲོན་ལྷའི་བླ་མ་ཀུན་བཟང་སྙན་གྲགས་རིན་པོ་ཆེ་གྲྭ་བཙུན་མང་པོ་དང་བཅས་ཏེ་འོང་། གསེར་ཞོ་བཅོ་ལྔ་དངུལ་ཊཾ་བརྒྱ་ཕྲག་གཡུ་བྱི་རུ་དངུལ་གྱི་གའུ་ཁ་ཤས་ཕུལ་ནས་ཆོས་འབྲེལ་ཞུས་པས། ཆོས་བཤད་ཚེ་དབང་ཕུལ། དེར་ཁོང་གིས་ཞལ་གདམས་ཤིག་དགོས་ཞེས་བསྐུར་ངོར་མགུར་དབྱངས་འདི་བླངས་སོ། །རྗེ་བླ་མ་ཆོས་རྒྱལ་ངག་གི་དབང་། །

p. 792

མགོན་ཁྱོད་ཞབས་པདྨོར་གུས་པས་འདུད། །བུ་བདག་དང་བདག་གི་རྗེས་འཇུག་ལ། །ཐུགས་བརྩེ་བས་གཟིགས་ལ་བྱིན་གྱིས་རློབས། །ཡུལ་བྱང་ཕྱོགས་མགྲོན་ལྷའི་བླ་མ་ཁྱོད། །རྟེན་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རྗེ་མཚན་ལྡན་བླ་མ་མང་པོར་མཇལ། །ཆོས་ཉམས་སུ་ལེན་པ་སྐལ་བ་བཟང་། །སྤྱིར་འཁོར་བའི་གནས་ན་བདེ་བ་མེད། །སྒོས་བསགས་པའི་ནོར་ལ་སྙིང་པོ་མེད། །ཚེ་ཡུན་ཐུང་ནམ་འཆི་ཆ་ཡང་མེད། །ད་ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །གནས་རི་ཁྲོད་དབེན་པའི་དགའ་ཚལ་སྟེན། །རྗེ་བླ་མར་སྙིང་ནས་གསོལ་བ་ཐོབས། །སེམས་སྟོང་གསལ་འཛིན་མེད་ངང་ལ་ཞོག །གཞན་མ་གྱུར་འགྲོ་ལ་སྙིང་རྗེ་སྒོམས། །ཆོས་ཉམས་སུ་ལེན་ན་མང་མི་དགོས། །དེ་ཐུགས་ལ་ཆོངས་ཤིག་བླ་མ་ལགས། །དུས་ད་དུང་བྱང་ཆུབ་མ་ཐོབ་བར། །ཞལ་ཡང་དང་ཡང་དུ་མཇལ་བར་སྨོན། །མགོན་སངས་རྒྱས་བསྟན་པ་དར་བ་དང་། །མ་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་ཕུལ་ལོ། །དེ་ནས་ཤིང་སྤྲེལ་ལོའི་སྨོན་ཟླ་ལ་འགོ་བཙུགས་ཏེ་ཕྱག་མཛོད་སྐལ་བཟང་འཕྲིན་ལས་དང་། ལ་དྭགས་མཁན་པོ། རྟ་ཀོ་སྡེ་པ་སོགས་ཀྱིས་ཁ་འགོ་བྱས་ཕྱོགས་ཕྱོགས་ཀྱི་གྲྭ་བཙུན་གནས་སྐོར་བ་དྲུག་བརྒྱ་ཙམ་འདུས་པས་ལས་ཀ་ལས། སྐབས་ཤིག་སྟོང་ཕྲག་ལྷག་ཙམ་བྱུང་བས། ཐམས་ཅད་ཀྱིས་རྩེ་ཞོར་དགོད་ཞོར་ལ་མཆོད་རྟེན་ཆེན་པོའི་རྩ་བ་ནས་རྩེ་མོའི་བར་དུ་ཕྱི་ནང་གཉིས་ཀ་ཉམས་གསོ་བྱས། ཆོས་འཁོར་བཅུ་གསུམ་དང་རྩེ་མོའི་གདུགས་གཉྫི་ར་དང་བཅས་པ་གསེར་ཟངས་ལས་གྲུབ་པ་བྱས། གྲྭ་བཙུན་དྲུག་བརྒྱས་ཉི་མ་མང་པོའི་བར་དུ་གཙང་པོའི་ཆུ་དཀྱིལ་དུ་རྡོ་

p. 793

མང་པོ་སྤུངས་ནས་ལྕགས་ཟམ་དམའ་རུ་སོང་ཡོད་པ་ཡར་མཐོར་བཏང་། དེ་དག་ཐམས་ཅད་ཁྲུམས་ཟླའི་ནང་དུ་ལེགས་པར་གྲུབ་རྗེས་སུ་མཆོད་རྟེན་ཆེན་པོ་ལ་རབ་གནས་ཀྱི་དགའ་སྟོན་བྱས་པའི་ཉིན། གྲྭ་བཙུན་ཡོན་བདག་ཕོ་མོ་སྟོང་ཕྲག་གསུམ་ཙམ་འདུས་རྩོམ་པ་དོ་བོ་ལྔ་བཅུའི་ཚོགས་དང་།་དངུལ་རྡོ་ཚད་ཉེར་ལྔའི་འགྱེད་བཏང་། དེའི་རྒྱུ་སོང་ལ། བླ་མ་སྐལ་ལྡན་རང་གྲོལ་ནས་དངུལ་རྡོ་ཚད་ལྔ་བཅུ། བླ་མ་སྦྱིན་པ་ནོར་བུ་ནས་དངུལ་རྡོ་ཚད་བཞི་བཅུ། བླ་མ་གངས་རི་བའི་རྡོ་ཚད་སུམ་ཅུ། རྟ་ཀོ་སྡེ་པའི་གསེར་ཞོ་བརྒྱ་ལ་སོགས་པའི་ཕྱོགས་ཕྱོགས་ནས་སློབ་མ་བུ་ཆེན་ཡོན་བདག་ཕོ་མོ་རྣམས་ཀྱིས་ཕུལ་བ་རྣམས་ཁྱོན་བསྡོམས་པས་དངུལ་རྡོ་ཚད་བདུན་བརྒྱའི་རྩིས་སོང་། རྒྱས་པར་དཀར་ཆག་གསལ་བའི་མེ་ལོང་ན་གསལ་ལོ། །ཐོག་མར་མཆོད་རྟེན་ཆེན་པོ་བཞེངས་ཚུལ་ལེགས། །བར་དུ་ཀུན་གྱིས་ཉམས་གསོ་མཛད་ཚུལ་ལེགས། །ཐ་མ་བསྔོ་བ་སྨོན་ལམ་འདེབས་ཚུལ་ལེགས། །ཐོག་མཐའ་བར་གསུམ་གང་དུ་བལྟས་ཀྱང་ལེགས། །སྐྱབས་མགོན་རྒྱལ་བ་ཡབ་སྲས་ཐུགས་རྗེ་དང་། །སློབ་མ་ཡོན་བདག་རྣམས་ཀྱི་དད་མོས་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །མཆོད་རྟེན་ལེགས་པར་འགྲུབ་བོ་ལྷ་མི་ཚོ། །བཟོ་བོ་མཁས་པས་གདུགས་དང་གཉྫིར། །ཆོས་འཁོར་བཅུ་གསུམ་སངས་རྒྱས་སྟོང་སྐུ་ལ། །རིན་ཆེན་གསེར་གྱི་ན་བཟའ་བསྒྲོན་ལེགས་པའི། །འོད་སྣང་ཕྱོགས་བརྒྱར་འཕྲོ་ལ་ད་ལྟོས་ཤིག །ཨེ་མ་དད་ཅན་བཟོ་བོ་མཁས་པ་རྣམས། །ཀུན་གྱིས་སྐྱེས་

p. 794

རྟགས་འཇོག་ན་འདི་འདྲ་ཞོག གཞན་གྱིས་ཡིད་སྨོན་འདོད་པའི་དཔོན་པོ་ཚོ། །ཀུན་གྱིས་སྨོན་རྒྱུ་བཟོ་ན་འདི་འདྲ་གྱིས། །མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་ཚོ། །བསྟན་འགྲོར་ཕན་ཐོགས་མཛད་ན་འདི་འདྲ་མཛོད། །འདོད་མེད་ང་དང་ང་འདྲའི་རི་ཁྲོད་པས། །རི་ལ་སྡོད་མ་ཚུགས་ན་འདི་འདྲ་གྱིས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་སྐྱེས་མཆོག་ཐམས་ཅད་སྐུ་ཁམས་བཟང་། །ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བར་ཤོག །ཕྱོགས་རིས་མེད་པར་མི་ནོར་ཟས་གསུམ་འཛོམ། །འབད་རྩོལ་མེད་པར་བདེ་སྐྱིད་སྙན་གསུམ་འབྱུང་། །མཐོ་དམན་མེད་པར་ཐམས་ཅད་བདེ་ཞིང་སྐྱིད། །ཉིན་མཚན་མེད་པར་ཆོས་ལ་སྤྱོད་པར་ཤོག །མཆོད་རྟེན་ཆེན་པོར་འབྲེལ་བ་ཐོགས་ཚད་ཀྱི། །ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་ཀུན་དག་ནས། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག །སྔོན་དུས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡིས། །མཆོད་རྟེན་བཞེངས་ནས་སྨོན་ལམ་བཏབ་པ་བཞིན། །ད་ཡང་མཆོད་རྟེན་ཆེན་པོར་ཉམས་གསོ་བྱས། །སྨོན་ལམ་འདེབས་པས་དེ་བཞིན་འགྲུབ་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་མི་ནད་ཕྱུགས་ནད་སོགས། །མི་འདོད་ཉེར་འཚེའི་མིང་ཡང་མི་གྲགས་ཤིང་། །རྟག་ཏུ་ཚེ་རིང་ནད་མེད་ལོ་ཕྱུགས་ལེགས། །ཐམས་ཅད་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་སྨྲས། དེ་དུས་སྟོད་མངའ་རིས་སྐོར་གསུམ་གྱི་སྐལ་ལྡན་གྱི་སློབ་མ་དད་ལྡན་གྱི་སྦྱིན་བདག་ཕོ་མོ་རྣམས་ལ། བདག་ནི་མདོ་སྨད་ཕྱོགས་སུ་

p. 795

འགྲོ་དོན་ལ་འགྲོ་བ་ཡིན་པས་ཁྱེད་ཡོང་ཐུབ་པ་རྣམས་ང་ལ་འཕྲད་དུ་ཤོག མི་ཐུབ་པ་རྣམས་ཀྱི་སེམས་ལ་འདི་ཟུངས་ཞེས་སྤྲིངས་ཡིག་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་འདི་སྤྲིངས་སོ། །དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བར་དུ་ཚོགས་གཉིས་བསགས་པའི་མཐུས། །ཐ་མར་མངོན་པར་སངས་རྒྱས་པའི། །སངས་རྒྱས་ཐུགས་རྗེ་ཅན་ལ་འདུད། །དེ་ཡི་བསྟན་པ་སྤེལ་མཁས་པའི། །སྐྱབས་མགོན་རྒྱལ་བ་ཡབ་སྲས་སོགས། །བླ་མ་སྐྱེས་མཆོག་ཐམས་ཅད་ལ། །རབ་ཏུ་གུས་པས་བདག་ཕྱག་འཚལ། །རང་ལ་བཀའ་དྲིན་སངས་རྒྱས་ལས། །ལྷག་པའི་རྩ་བའི་བླ་མ་ལ། །རྟག་ཏུ་གུས་པས་གསོལ་བ་འདེབས། །བྱང་ཆུབ་བར་དུ་བདག་སྐྱོངས་ཤིག །བྱ་བཏང་ཚོགས་དྲུག་རང་གྲོལ་ང་། །ཕྱོགས་འདིར་འོངས་ནས་ལོ་མང་སོང་། །ད་ནི་རྒན་པོ་འཆི་ལ་ཉེ། །མ་ཤི་ན་ཡང་མི་སྡོད་པར། །མདོ་ཁམས་ཕྱོགས་སུ་འགྲོ་བར་ངེས། །འགྲོ་ཁར་འཇིག་རྟེན་པ་རྣམས་ཀྱང་། །བུ་ལ་ཁ་ཏ་འཇུག་པ་ལྟར། །བདག་ཀྱང་འགྲོ་ཁར་དད་ཅན་ལ། །བརྩེ་བའི་བསླབ་བྱ་བཤད་ཀྱིས་ཉོན། །དེ་ཡང་སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་ལ་ཁ་མིག་ཡར་བལྟ་བྱས། ཕྱོགས་མེད་ཀྱི་རྒྱལ་ཁམས་གང་བཟང་དང་ངེས་མེད་ཀྱི་རི་ཁྲོད་ཉམས་དགའ་རྣམས་འགྲིམས་པའི་བྱ་བཏང་གུ་ཡངས་བློ་བདེ་བདག་གིས་སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམས་ནས། ཚེ་འདིའི་བྱ་བ་བློ་ཡིས་བཏང་། དང་པོར་མཚན་ལྡན་བླ་མ་བསྟེན་ནས་ཟབ་རྒྱས་གདམས་པ་ཉན། བར་དུ་རི་ཁྲོད་དབེན་

p. 796

པའི་གནས་སུ་ཉམས་ལེན་བྱས། ཐ་མ་ད་ལྟ་བསྟན་དང་འགྲོ་བ་གང་ལ་གང་ཕན་བྱས། ཁྱད་པར་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་སུ་དམིགས་ནས། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཆོས་འཁོར་བཅུ་གསུམ་ལ་རིན་ཆེན་གསེར་ཟངས་ཀྱི་ན་བཟའ་ཕུལ། དུས་ད་ལྟ་ཡང་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་རིན་ཆེན་གསེར་ཟངས་ཀྱི་གདུགས་དང་གཉྫི་ར་ཆོས་འཁོར་བཅུ་གསུམ་འབུལ་བའི་སྐབས་ཡིན། དེ་ནས་མ་ཤི་ཚེ་རིང་བྱུང་ན་དད་ཅན་སྣང་བ་ཆོས་ལ་བསྒྱུར་ཕྱིར་ཡུལ་ཐག་རིང་མདོ་ཁམས་སྨད་དུ་འགྲོ་ངེས་ཡིན་གཤིས།་ད་ནི་བདག་གིས་གསོན་པོའི་དུས་ཀྱི་ཁ་ཏ། ཤི་བའི་དུས་ཀྱི་ཁ་ཆེམས་འཇོག་རྒྱུ་ལ། ཁྱེད་རྣམས་ཀྱིས་ཆོས་ཐམས་ཅད་མི་རྟག་མི་བརྟན་སྙིང་པོ་མེད་ཅིང་། ཁྱད་པར་ཚེ་ཐུང་ནམ་འཆི་ཆ་མེད་ཡིན་ཚུལ་ཉི་མ་རེ་རེ་བཞིན་ཡང་དང་ཡང་དུ་ཡིད་ལ་སོམས་ལ། ཚེ་མཇུག་ལ་མགོའི་ཉི་མ་ཙམ་པ་ཡུན་ཐུང་ངུ་འདིའི་རིང་ལ། ད་ང་ཚེ་མཇུག་འདིར་ཡུན་རིང་པོ་ཞིག་བསྡད་ཡོང་སྙམ་པ་མ་བྱེད་པར། སང་གནངས་གློ་བུར་དུ་ཤི་ན་ཅི་ཞིག་བྱ་སྙམ་དུ་ཚེ་ཕྱི་མར་ཕན་པའི་བརྒྱུགས་ཕྱེ་དམ་པའི་ལྷ་ཆོས་ལ་ཉིན་མཚན་མེད་པར་འབད་པ་གལ་ཆེ། གལ་ཏེ་ཆོས་རྒྱ་ཆེན་པོ་མ་བྱུང་ཀྱང་། སྲོག་གཅོད་ལ་སོགས་པའི་དོན་མེད་སྡིག་པའི་ལས་གཏན་ནས་མ་བྱེད། དུས་རྒྱུན་དུ་སེམས་ཅན་ཐམས་ཅད་ཕ་མར་སྒོམས་ལ་སྙིང་རྗེ་སྐྱེད། ཕན་སེམས་བཟང་པོ་མཛོད། ཕན་པའི་སྨོན་ལམ་རྒྱ་ཆེན་པོ་ཐོབས་དང་། ཚེ་འདི་ཕྱི་གཉིས་ཀར་བདེ་སྐྱིད་ཀྱི་ཉི་མ་གསར་དུ་འཆར་བར་གདོན་མི་ཟ། འདི་ནས་ཀྱང་

p. 797

ངེད་དཔོན་སློབ་ཡོན་མཆོད་རྣམས། ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུགས་དག་པའི་ཞིང་ནས་མཇལ་ཏེ། ཕྱོགས་བཅུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱར་ལྷན་དུ་སོང་ནས། སངས་རྒྱས་ཐམས་ཅད་མཆོད་ཅིང་སེམས་ཅན་ཐམས་ཅད་འདྲེན་པའི་སྐལ་བ་ཡོད་པའི་སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱ། ཞེས་ད་རེས་བང་ཆེན་པ་འདི་རྣམས་ཀྱི་གདོང་ལ་ཁྱེད་རྣམས་ཀྱི་མགོ་ལ་འཇོག་རྒྱུའི་སྐུ་འདྲ། མགུལ་དུ་འདོགས་རྒྱུའི་བསྲུང་མདུད། ཁ་ལ་ཟ་རྒྱུའི་དམ་རྫས། རྣ་བར་སྒྲོག་རྒྱུའི་སྙིང་གཏམ་ཡི་གེར་བཀོད་ནས་ཕུལ་ཡོད་པས། འབྱོར་བ་དང་དུས་མཉམ་དུ་དངོས་སུ་མཇལ་བ་ལྟར་དགའ་སྤྲོ་ཚད་མེད་པ་། མཛོད་ཅིག །སྨྲས་པ། ཆོས་རྒྱལ་ངག་གི་དབང་བོ་ལ། །སྙིང་ནས་དད་པས་གསོལ་བ་འདེབས། །བདག་དང་སློབ་མ་སྦྱིན་བདག་ལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །སྟོད་ཕྱོགས་མངའ་རིས་སྐོར་གསུམ་གྱི། །སྐལ་ལྡན་སྙིང་གི་སློབ་བུ་དང་། །དད་ཅན་སྦྱིན་བདག་ཕོ་མོ་ལ། །ཕན་པའི་སྙིང་གཏམ་བཤད་ཀྱིས་ཉོན། །ཕྱོགས་མེད་རྒྱལ་ཁམས་གང་བཟང་དང་། །ངེས་མེད་རི་ཁྲོད་ཉམས་དགའ་རྣམས། །འགྲིམས་པའི་རྣལ་འབྱོར་ཞབས་དཀར་པས། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བསྐྱུར། །དབུས་གཙང་དག་པའི་ཞིང་དུ་འོངས། །སྟོད་ཕྱོགས་མངའ་རིས་སྐོར་གསུམ་དང་། །བར་གྱི་དབུས་གཙང་རུ་བཞིའི་ཆར། །མི་ལོ་བཅོ་ལྔ་ཙམ་ཞིག་སོང་། །དེ་ཡི་བར་ལ་ཆོས་ལྡན་གྱི། །བྱ་བ་མང་པོ་འགྲུབ་པ་བྱུང་། །

p. 798

བསམས་ན་སྐལ་བ་ཤིན་ཏུ་བཟང་། །ད་ནི་ན་སོ་རྒས་དུས་འདིར། །དབུས་གཙང་ཞིང་ནས་སྡོད་སྙམ་ཡང་། །ད་ལོ་དད་ཅན་མང་པོ་འོངས། །སྨད་ཕྱོགས་མདོ་ཁམས་སྒང་གསུམ་དུ། །འགྲོ་དོན་བྱེད་དུ་ཡོང་དགོས་ཞེས། །ཡང་དང་ཡང་དུ་བསྐུལ་བའི་ཚེ། །དེ་དག་ཀུན་ལ་སྙིང་རྗེ་ནས། །འགྲོ་བའི་ཁས་ལེན་ཤོར་བུད་སོང་། །དེ་ནས་མ་ཤི་ཚེ་རིང་ན། །གདུལ་བྱ་གཞན་ལ་ཕན་པའི་ཕྱིར། །རྒྱ་ནག་རི་བོ་རྩེ་ལྔ་སོགས། །ཐག་རིང་རི་ཁྲོད་དབེན་པ་རུ། །རིམ་གྱིས་རིམ་གྱིས་འགྲོ་བར་ངེས། །སོང་ཚེ་ངེད་རྣམས་ཚེ་འདི་ལ། །མཇལ་བའི་དུས་ཤིག་མི་འོང་སྙམ། །སྐབས་རེ་བསམ་ཚེ་སྐྱོ་བ་སྐྱེས། །ད་རེས་ལན་ཅིག་མ་ཐུག་ན། །ཕྱིན་ཆད་ཕྲད་པ་ཕར་ལ་ཞོག །གནས་ཚུལ་ཙམ་ཡང་གོ་བ་དཀའ། །ཤི་བ་ཞིག་དང་ཁྱད་མི་གདའ། །བརྩེ་གདུང་ཆེ་བའི་དྲིན་ཅན་མ། །ཕྱིན་ཆད་བུ་ལ་མི་ཐུག་པའི། །ཐག་རིང་ཡུལ་ལ་འགྲོ་ཙ་ན། །སེམས་འཕྲེང་ཕྲད་སྙིང་འདོད་པ་ལྟར། །བདག་ཀྱང་སློབ་མ་ཡོན་བདག་ལ། །ཕྱིན་ཆད་ནམ་ཡང་མི་ཐུག་པའི། །མདོ་སྨད་ཕྱོགས་སུ་འགྲོ་ཁ་ལ། །ལན་ཅིག་ཕྲད་སྙིང་འདོད་པ་བྱུང་། །དེའི་ཕྱིར་བྱ་ལོ་ཚུན་ཆད་ལ། །ང་ལ་ཕྲད་འདོད་དད་ཅན་ཀུན། །ཁ་ཙམ་ཚིག་ཙམ་མ་ཡིན་པར། །དབུས་གཙང་དག་པའི་ཞིང་དུ་ཤོག །དབུས་སུ་ཡོང་མཁན་ཐམས་ཅད་ལ། །གཞི་དང་ལམ་བར་ཐམས་ཅད་དུ། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་དོན་འགྲུབ་པར་སྨོན། །སེམས་ལ་ཡོང་འདོད་ཤར་ན་ཡང་། །རྐྱེན་ངན་གཞན་གྱིས་དབང་དུ་སོང་། །ས་ཡང་ཁ་ཐག་རིང་བའི་མཐུས། །ཕལ་

p. 799

ཆེར་ཡོང་འདྲ་མ་ཐུབ་ན། །གནས་ཚུལ་ཡི་གེ་ཅིས་ཀྱང་ཐོངས། །བླ་མའི་བཀའ་བཞིན་ལྷ་ཆོས་རེམ། །འདི་ནས་མཇལ་དང་ཁྱད་མེད་པའི། །སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱ། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཐུགས་ཡིད་འདྲེས་པའི་དཔོན་སློབ་རྣམས། །མངོན་དགའ་དགའ་ལྡན་བདེ་བ་ཅན། །གང་འདོད་ཞིང་ནས་མཇལ་བར་ཤོག །ཕན་པའི་སྙིང་གཏམ་ཚིགས་སུ་བཅད། །ཡི་གེར་བཀོད་ནས་ཕུལ་བ་ལགས། །མཐོང་ཐོས་ཚེ་རིང་ནད་མེད་ཅིང་། །ཆོས་དང་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་སྤྲིངས་པའི་རྗེས་སུ་སློབ་མ་ཡོན་བདག་ཕལ་ཆེ་བ་འོངས་ཏེ་དབུས་གཙང་དག་པའི་ཞིང་ནས་མདོ་སྨད་དུ་འགྲོ་ཁར་མཇལ་རྒྱུ་བྱུང་། དེ་ནས་འོང་ཞོར་ལ་ཐར་བ་གླིང་རིན་ཆེན་སྡིངས་སོགས་ལུང་བ་དེའི་མདོའི་བར་དུ་ཡོད་པའི་སྡེ་པ་དང་། བྱང་ལྷ་རྩེའི་སྡེ་པ་ཏ་ཀོའི་གཞི་ཀ་སོགས་ཡུལ་ཕྱོགས་དེའི་སྡེ་པ་ཕལ་ཆེར་ལ་སོང་ནས། ཐམས་ཅད་ལ་ཆོས་བཤད་མགུར་དབྱངས་བླངས་ནས་སྣང་བ་ཆོས་ལ་བསྒྱུར། འགྲོ་ཁར་དད་གཏོང་བློ་གྲོས་ཆེ་བའི་སྡེ་པ་རྟ་ཀོ་ལྕམ་གཉིས་ཀྱིས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་འདི་སྐད་སྨྲས། །དུས་གསུམ་སངས་རྒྱས་ཐམས་ཅད་ལས། །བཀའ་དྲིན་ཆེ་བའི་བླ་མ་ལྷ། །ཡང་ཡང་དྲན་ཞིང་གསོལ་བ་འདེབས། །བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །འབྱོར་ལྡན་བསྟན་པའི་སྦྱིན་བདག་མཆོག །རྟ་ཀོའི་སྡེ་པ་མགོན་སྐྱབས་དང་། །དད་ཅན་ལྷ་ལྕམ་རྣམ་གཉིས་ཀྱིས། །ཕན་

p. 800

པའི་སྙིང་གཏམ་འདི་ལ་ཉོན། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ། །བསགས་པ་འཛད་ཅིང་མཐོན་པོ་ཀརྨ་ལྟུང་། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་ནས་ལྷ་ཆོས་མཛད་རེ་རན། །རབ་ནི་ཚེ་གཅིག་སངས་རྒྱས་ཕྱིར། །རྣལ་འབྱོར་མི་ལ་རས་པ་ལྟར། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །དབེན་པར་ཚེ་དང་སྒྲུབ་པ་སྙོམས། །འབྲིང་ནི་དག་ཞིང་བགྲོད་པའི་ཕྱིར། །བཀའ་གདམས་གོང་མའི་རྣམ་ཐར་ལྟར། །སྡོམ་པ་དམ་ཚིག་གཙང་མ་སྲུངས། །དགོན་པར་སྡོད་ལ་དགེ་སྦྱོར་མཛོད། །ཐ་མའང་མི་ལུས་འཐོབ་པའི་ཕྱིར།་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟར། །རང་གི་ཡུལ་ནས་སྡོད་ན་ཡང་། །ཕྱག་སྐོར་མཆོད་སྦྱིན་ཁ་ཏོན་རེམ། །མདོར་ན་དྲན་རྒྱུ་མ་མང་བར། །དུས་དང་རྣམ་པ་ཐམས་ཅད་དུ། །རང་སེམས་སྟོང་གསལ་ངང་དུ་ཞོག །སྙིང་རྗེ་ཕན་སེམས་ཆེ་བར་མཛོད། །རྒྱལ་ཁམས་འགྲིམ་པའི་ཞབས་དཀར་པས། །ཕན་པའི་སྙིང་གཏམ་བཤད་ནས་སོང་། །རྗེས་སུ་སྡོད་མཁན་རྣམས་ཀྱིས་ཀྱང་། །ནམ་ཡང་མ་བརྗེད་སེམས་ལ་ཞོག །ད་ནི་ས་ཐག་རིང་པོས་བར། །ཆོད་ནས་ཚེ་འདིར་མི་མཇལ་ཡང་། །ཕྱི་མར་དག་པའི་ཞིང་ཁམས་ནས། །མཇལ་ནས་འབྲལ་བ་མེད་པར་ཤོག །ཅེས་གདམས་པས། དེར་ཁོང་རྣམས་ཀྱིས་ཕྱག་དང་སྐོར་བ་བྱས། ཡང་ཡང་མཇལ་བའི་སྨོན་ལམ་བཏབ་ནས་འབུལ་བ་མང་པོ་ཕུལ་བ་བྱུང་། དེ་ནས་ཀུན་མཁྱེན་ཇོ་ནང་ཏཱ་ར་ན་ཐཱའི་གདན་ས་དགའ་ལྡན་ཕུན་ཚོགས་གླིང་གི་དགོན་པར་མཇལ། འགྱེད་མང་ཇ་བཏང་། གསུང་འབུམ་པོ་ཏི་བཅོ་བརྒྱད་ཡོད་པ་ཚང་མ་སྤར་ནས་

p. 801

ཡོང་། དེ་ནས་བོ་དོང་བཀྲ་ཤིས་སྒང་ཁྲོ་ཕུའི་བྱམས་ཆེན་སོགས་ལ་མཇལ། མཆོད་འབུལ་བྱས་འགྱེད་མང་ཇ་བཏང་། དེ་ནས་སླར་བཀྲ་ཤིས་ལྷུན་པོར་སོང་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལ་མཇལ། མཆོད་རྟེན་ཉམས་གསོ་བྱས་པའི་འཕྲོ་ན་ཟངས་ལ་སོགས་པའི་ལྷག་མ་གང་ཡོད་དང་རྟ་བཟང་པོ་གཉིས་གསེར་དངུལ་གཡུ་བྱིར་སྤོས་ཤེལ་སོགས་ལམ་ནས་འགྲོ་དོན་བྱས་ཏེ་གང་རྙེད་རྣམས་ཕུལ་ནས་ཆོས་འབྲེལ་ཞུས་པས། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཚེ་དབང་བསྐུར། པཎ་ཆེན་སྐུ་སྔོན་མ་རྣམས་ཀྱི་གསུང་གི་ལམ་རིམ་དང་བློ་སྦྱོང་གི་ལུང་གནང་། རྗེ་ཡབ་སྲས་གསུམ་དང་། པཎ་ཆེན་སྐུ་སྔ་ཕྱི་རྣམས་ཀྱི་གསུང་འབུམ་པར་མ་པོ་ཏི་ལྔ་བཅུ། །བདེ་མཆོག་གི་བྲིས་ཐང་གཟིམས་ཆུང་དུ་བ ཤམས་པ་གཅིག པཎ་ཆེན་སྐུ་སྔ་མའི་ན་བཟའ་སྐུ་གཟན་སེར་པོ་གཅིག སྐྱེ་བདུན་རིལ་བུ་གང་མང་། ངེད་དཔོན་སློབ་ལྔ་ལ་གོས་ཀྱི་སྟོད་འགགས་རེ། བྱིན་རྟེན་བསྲུང་མདུད་མགུལ་དར་བཅས་བདག་རྐྱེན་ཆེན་པོ་བྱས། ཁྱད་པར་མདོ་སྨད་ཀྱི་བསྟན་འགྲོ་ཡོངས་ལ་ཕན་པའི་བཀའ་ཤོག་གནང་ཚུལ་ནི། བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཉི་མའི་གཉེན་གྱི་རིང་ལུགས་འཛིན་ཅིང་སྤེལ་བ་ལ་སྙིང་སྟོབས་ཀྱི་འཇུག་པ་ཕུལ་དུ་བྱུང་བ། ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་གཏམ། འཛམ་གླིང་ནོར་གྱི་བློ་གྲོས་མའི་དཀྱིལ་

p. 802

འཁོར་ལ་ལོངས་སྤྱོད་པའི་སྐྱེ་དགུ་སྤྱི་དང་། བྱེ་བྲག་སོག་པོ་ཚོ་ཆེན་ཞེ་དགུས་མཚོན་པའི་སོག་རིགས། མཚོ་ཁྲི་གཤོག་རྒྱལ་མོའི་ཉེ་འགྲམ། ཟི་ལིང་། སྟོང་སྐོར། མདོ་ཁམས་སྒང་དྲུག མགོ་ལོག རང་ངན། ཨ་རིག་སོགས་ཀྱི་སའི་ཆར་འཁོད་པའི་བླ་མ། སློབ་དཔོན། གྲྭ་རིགས། གོང་མ་བདག་པོ་ཆེན་པོའི་གསེར་ལུང་གིས་སྐབས་དབྱེ་བའི་མི་དྲག ཝང་། པའི་ལི། པའི་སི། གུང་། ཇ་སག མི་རིང་། ཇ་གི་རུག་ཆི། ཐ་བུ་ནང་། ཇེ་སང་། མི་སང་། རྡ་རོ་ཁ། དམངས་སྐྱེ་བོ་ཇི་སྙེད་པ་སོགས་སེར་སྐྱ་མཆོག་དམན་མཐའ་དག་ལ་སྤྲིངས་པ། ཇི་སྐད་དུ། ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །ཞེས་གསུངས་པ་ལྟར། ལུས་ཅན་ཀུན་ལ་ཕན་བདེ་འབྱུང་བའི་གཞི་དང་རྟེན་ནི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཁོ་ནར་ངེས་ཤིང་། བསྟན་པ་དེ་ཉིད་ཀྱང་དགེ་འདུན་གྱི་སྡེ་ནས་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་རག་ལས་པས་ན། ཞབས་དཀར་པ་བྱ་བཏང་ཚོགས་དྲུག་རང་གྲོལ་འདི་པ་གཞོན་དུས་ནས་དམ་པའི་ཆོས་ཚུལ་གྱི་བགྱི་བ་མི་དམན་པའི་ཁར། གངས་རིའི་ར་བས་བསྐོར་བའི་ཞིང་ལྗོངས་འདིས་མཚོན་གནས་ཁྱད་པར་ཅན་རྣམས་དང་། དབེན་པའི་རི་ཁྲོད་སོགས་སུ་ཐོས་སྒོམ་གྱི་སྒྲུབ་པ་ལྷུར་ལེན་པ། ལྷག་ཏུ་མཐའ་དམག་བཟློག་ཐབས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེངས་པའི་དཔལ་རི་བོ་ཆེའི་མཆོད་རྟེན་དུས་དབང་གིས་ཉམས་ཆགས་སུ་སོང་བར། ལེགས་སྨོན་གྱི་

p. 803

མཚམས་སྦྱོར་དར་བ་དང་། བློ་གྲོས་ཀྱི་འཇུག་པ་མི་དམན་པས། སྟོད་སྨད་བར་གསུམ་ལ་དགེ་བསྐུལ་གྱིས་མཚོན་ལྷག་བསམ་བཟང་པོའི་སྒོ་ནས། མཆོད་རྟེན་བཀྲ་ཤིས་སྒོ་མང་དང་། མཐའ་བསྐོར་ལྷ་ཁང་ཁག་ལ་ཉམས་གསོ་དགོས་རིགས་དང་འབྲེལ་བའི་མཆོད་རྟེན་རིན་པོ་ཆེའི་བྲེ་ཡན་ཆོས་འཁོར་བཅུ་གསུམ་གདུགས་བཅས་གསེར་ཟངས་ཤ་སྟག་ལས་གྲུབ་པ་བཟོ་བཀོད་ཕུན་སུམ་ཚོགས་པས་སྤུད་དེ་ལེགས་པར་ཚགས་ཚུད་བགྱིས་པ་དང་། དེ་འབྲེལ་དགོན་གནས་ཁག་ཏུ་གསེར་ཟངས་ཀྱི་རྒྱལ་མཚན་དང་། ཆོས་འཁོར་སོགས་གསར་སྦྱོར། གཞན་ཡང་ཇོ་ཤཱཀ་རྣམ་གཉིས་དང་། འཇམ་མགོན་རྒྱལ་བ་གཉིས་པའི་གསེར་གདུང་རིན་པོ་ཆེ་དབུས། རྟེན་གསུམ་བྱིན་ཅན་ཁག་ལ་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་ཆ་དང་། མཆོད་འབུལ། རིས་མེད་དགེ་འདུན་གྱི་སྡེར་མཆོད་སྤྲིན་དང་བསྙེན་བཀུར་སྟོབས་པ་སོགས་རྒྱལ་བ་དོན་ཀུན་འགྲུབ་པའི་སྲི་ཞུ་དང་། སྐྱེ་འགྲོ་མཐའ་དག་གི་མིག་རྒྱན་ལ་ཕན་པའི་རྣམ་དཀར་རླབས་ཆེན་གྱི་དགེ་སྟོབས་མི་དམན་པ་བསྒྲུབས་གཤིས། བསྔགས་འོས་ཀྱི་ཡུལ་དུ་གྱུར་པ་བཅས། འདི་པ་འཁོར་བཅས་སྟོད་སྨད་བར་གསུམ་ཡུལ་ཕྱོགས་གང་དུ་འགྲོ་འདུག་ཅི་བྱེད་ཀྱང་། གོང་འོག་དྲག་ཞན་ཚང་མ་ནས་རང་གཞན་རྣམ་དཀར་ལ་གཞིགས་པའི་འཚོ་བ་གནས་མལ་སོགས་མཐུན་རྐྱེན་ཡིད་བཞིན་དུ་བསྒྲུབ་པ་དང་། དགྲ་ཇག་རྐུན་གསུམ་སོགས་སེམས་ཅན་

p. 804

ལ་གནོད་འགལ་དུ་འགྲོ་རིགས་སྤོང་བས་མཚོན་རྣམ་དཀར་དགེ་བའི་བསྐུལ་མ་བགྱིས་རིགས་ཚང་མས་དང་དུ་ལེན་དགོས་རྒྱུ་ཡིན། ཞེས་དེ་ལྟར་བསྒོ་བ་བཞིན་སྒྲུབ་པ་རྣམས་ལ་འདི་ཕྱི་དུས་གནས་ཀུན་ཏུ་དགེ་བའི་ཏིང་ངེ་འཛིན་གྱི་སྐྱབས་འཇུག་སྨོན་འདུན་བཟང་པོ་རྒྱུན་མར་བགྱིད་པ་ཡིན་ཅིང་། གལ་ཏེ་ལོག་པར་བཅད་ན་དམ་ཅན་ཆོས་སྲུང་རྒྱ་མཚོས་དྲག་པོའི་ཆད་པས་མནར་བར་འགྱུར་བ་གདོན་མི་ཟ་བས་བག་ཡོད་བསྟེན་འཚལ། ཞེས་བརྡ་སྤྲོད་པའི་ཡི་གེ་ཤིང་སྤྲེལ་རྒྱལ་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོ་རྒྱལ་མཚན་མཐོན་པོ་ནས་བྲིས། ཞེས་པ་གོས་ཆེན་སེར་བོ་ཁ་གསུམ་གྱི་དཀྱིལ་དུ་བྲིས་ཏེ་སྦུག་ཐམ་ཆེན་མོ་བརྒྱབ་ནས་གནང་བ་བྱུང་། འགྲོ་ཁར་དུས་ནམ་ཡང་ཐུགས་དམ་སྐྱབས་འོག་ནས་མི་འདོར་བ་དང་སླར་ད་དུང་མཇལ་རྒྱུ་ཡོང་བའི་སྐྱབས་འཇུག་ཞུས་པས། དེ་ལུགས་ཀྱི་སྐྱབས་འཇུག་བྱ། ཡུན་རིང་མ་སྡོད་པར་ཤོག་དང་མཇལ་ཡོང་གསུངས། དེ་ནས་འཁོར་གྲྭ་བཙུན་ལྔ་བརྒྱ་དང་བཅས་ཏེ་ཉ་མོ་རུ་འོངས། སྡེ་པ་བསྟན་པ། གྲུབ་ཆེན་ཆོས་དར། ཆོས་ལ་སོགས་ཀྱི་ཞབས་ཏོག་ཡག་པོ་བྱུང་། ཆོས་བཤད་ཚེ་དབང་བསྐུར། ཡོན་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱས། དེ་ནས་མར་རོང་ཆུང་བརྒྱུད་ནས་སྙེ་མོ་རུ་འོངས། སྡེ་པ་བཀོད་ཆགས་པས་རྩམ་པ་དོ་པོ་བརྒྱ་ལྷག གཞན་ཡང་རྩོམ་པ་མང་པོ་འབུལ་མཁན་བྱུང་། ཚོགས་རྒྱ་ཆེན་པོ་

p. 805

བཏང་། རྩམ་པའི་ཕོགས་བརྒྱབ། ཀུན་གྱིས་ཐེག་ཚོད་ཁུར་ནས། ཐམས་ཅད་ཀྱིས་སྔ་ཕྱི་རིམ་པ་བྱས་ལྷ་ས་རུ་སོང་། ང་རྗེས་སུ་བསྡད་ཡོན་བདག་རྣམས་ལ་ཆོས་བཤད་ཚེ་དབང་བསྐུར། ཐམས་ཅད་ཀྱི་བློ་ཁ་ཆོས་ལ་བསྒྱུར། སྡེ་པ་དམར་ལམ་པ་དང་། བཀའ་བློན་ཐོན་པའི་གཞི་ཀ་སོགས་ཕྱོགས་དེའི་ཡོན་བདག་རྣམས་ཟས་ནོར་ལོངས་སྤྱོད་འབུལ་མཁན་དང་ཆོས་བྱེད་མཁན་མང་པོ་བྱུང་། དེ་ནས་རི་སྣ་དགོན་པར་འོང་རྩ་བའི་བླ་མ་ཨོ་རྒྱན་བསྟན་འཛིན་རིན་པོ་ཆེ་དང་མཇལ། གསེར་ཞོ་ལྔས་འགོ་བས་འབུལ་བ་ཕུལ། དགོན་པར་ཚོགས་དང་མང་འགྱེད་བཏང་། དེ་ནས་ལྷ་ས་རུ་འོངས་བཀའ་བློན་ཟུར་ཁང་གི་ནང་དུ་བསྡད། ཁོང་གིས་འགོ་འདྲེན་གཞན་དང་མི་འདྲ་བ་གནང་མཐུན་རྐྱེན་གང་དགོས་བསྩལ་བས་སྦྱིན་བདག་ཀུན་གྱི་ནང་ནས་དྲིན་ཅན་གྱི་མཆོག་ཏུ་གྱུར། དེ་དུས་མཁན་པོ་ཞི་བ་ཚེ་རིང་ཆུ་ནད་ཀྱིས་བསྙུངས་ནས་གཤེགས་ལ་ཉེ་བ་ཞབས་བརྟན་སྐུ་རིམ་བྱས་སྨན་བཏང་བས་དྲག་པ་བྱུང་། བཀའ་དྲིན་གཏང་རག་ཏུ་དངུལ་རྡོ་ཚད་གཉིས་ཕུལ་བ་ལྷ་སའི་སྨོན་ལམ་གྱི་འགྱེད་ལ་སྣོན་པ་བྱས། དེ་ནས་ཉིན་གཅིག་སྐྱབས་མགོན་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་གསེར་ཞལ་མཇལ་དུ་ཕྱིན། སྐུ་གསུང་ཐུགས་རྟེན་མཎྜལ་དང་། རྒྱ་ཕི་ལིང་ནས་ཐོན་པའི་ཤེལ་གྱི་མར་མེའི་འོད་ཁང་ཟླུམ་པོ་ཕྱོགས་གང་ནས་བལྟས་ཀྱང་སྒྲིབ་གཡོགས་དང་བྲལ་བ་ཆེན་པོ་གཅིག གསེར་རྡོ་ཚད་གཅིག་གིས་འགོ་བྱས་དངུལ་རྡོ་ཚད་ལྔའི་རྩིས་ཀྱི་

p. 806

ནོར་སྣ་མང་པོ་ཕུལ། རིགས་གསུམ་མགོན་པོ་དང་རྟེན་འབྲེལ་བསྟོད་པ་རྣམས་ཀྱི་ལུང་ཞུས། བོད་ཀྱི་རྒྱལ་པོ་ཚེ་སྨོན་གླིང་པ་ལ་མཇལ། རྒྱང་ཤེལ་གཅིག དངུལ་རྡོ་ཚད་གཅིག་བཅས་ཕུལ་ནས་ཆོས་འབྲེལ་ཞུས། དེ་ནས་ལྷ་ལྡན་རང་གི་གནས་ཚང་བཀའ་བློན་ཟུར་ཁང་ནང་མི་ལ་ཚེ་དབང་བྱིན། ཚེ་རིང་བའི་རྟེན་འབྲེལ་བསྒྲིགས། དེ་བཞིན་དུ་བཀའ་བློན་ཐོན་པ། བསམ་འགྲུབ་ཕོ་བྲང་། རྒྱལ་ཡུམ་དོན་འགྲུབ་སྒྲོལ་མ། སྡེ་པ་ཕྲན་ཙ་ལྷོ་པ། མཁན་པོ་ལྕགས་ཟམ་པ་སོགས་ཀྱིས་བོས་ནས་སོང་ཚེ་དབང་བསྐུར་གང་ཤེས་ཀྱི་ཆོས་བཤད་པས། ཐམས་ཅད་ཀྱི་ཐུགས་མཉེས་དངུལ་རྡོ་ཚད་མང་པོ་བྱིན་བྱུང་བ་རྣམས་ལྷ་སའི་སྨོན་ལམ་འབྱེད་ཀྱི་སྣོན་པ་བྱས། གཞན་ཡང་ཡོན་བདག་ཁ་ཆེ་བལ་པོའི་ཚོང་དཔོན། ཐ་ན་རག་རྒྱབ་རྭ་ཡི་ཁང་བ་ཕུག་ནས་སྡོད་པ་ཡན་ཆད་ཀྱིས་བོས་ནས་སོང་། ནང་དུ་བཀྲ་ཤིས་བརྗོད་པས་ཊཾ་ཀ་མང་པོ་འབུལ་མཁན་བྱུང་། དེ་དུས་ཡོན་བདག་ཀུན་ལ་ཚེ་རིང་བའི་ཞལ་གདམས་འདི་བྱིན། །འཆི་མེད་ཚེ་ལ་མངའ་བརྙེས་པའི། །ཚེ་ལྷ་ཡོངས་ལ་གུས་པས་འ དུད། །ཆོས་ལྡན་བྱ་བ་བྱེད་རྣམས་ཀྱི། །ཚེ་སྲོག་བརྟན་པར་བྱིན་གྱིས་རློབས། །ཚེ་རིང་ནད་མེད་བདེ་བའི་ཕྱིར། །བླ་མ་རྣམས་ལ་ཚེ་དབང་ཞུས། །དཀོན་མཆོག་གསུམ་ལ་གསོལ་བ་ཐོབས། །ཚེ་གཟུངས་འཆི་མེད་རྔ་སྒྲ་ཐོན། །དགེ་འདུན་སྡེ་ལ་མང་ཇ་དང་། །ངན་སློང་རྣམས་ལ་སྦྱིན་པ་ཐོངས། །རྒན་པ་རྣམས་ལ་བརྩི་བཀུར་དང་། །ནད་པར་སྨན་སྦྱིན་ནད་

p. 807

གཡོག་གྱིས། །གཞན་ཡང་བརྒྱ་རྩ་ཆུ་སྦྱིན་དང་། །ཚེ་ཐར་སྲོག་བླུ་ཅི་མང་བྱ། །ཁ་ངན་ཚིག་ངན་མི་སྨྲ་ཞིང་། །ཁ་ཏ་ཚུད་ལ་བཀྲ་ཤིས་བརྗོད། །གང་དུ་འགྲོ་འམ་འདུག་ཀྱང་རུང་། །སྤྱི་བོར་བླ་མ་ཚེ་དཔག་མེད། །སྒོམས་ལ་གསོལ་བ་ཡང་ཡང་ཐོབས། །ཚེ་ཡི་དངོས་གྲུབ་སྩོལ་བར་དམིགས། །ཕྱི་སྣོད་ཚེ་དཔག་མེད་ཀྱི་ཞིང་། །ནང་བཅུད་རང་གཞན་ཚེ་དཔག་མེད། །སྣང་སྟོང་འོད་ཀྱི་སྐུ་རུ་སྒོམས། །སྒྲ་རྣམས་ཛི་ཝཱནྟི་ཡི་སྒྲ། །སེམས་ཉིད་འཆི་མེད་ཆོས་ཀྱི་སྐུར། །བལྟས་ནས་ཚེ་གཟུངས་ཅི་མང་བཟླ། །ཚེ་རིང་ནད་མེད་བསྔོ་བ་དང་། །སྨོན་ལམ་བཀྲ་ཤིས་ཚིགས་བཅད་བརྗོད། །དེང་སང་ཚེ་ལ་བར་ཆད་མང་། །དེ་བཞིན་མཛོད་དང་མི་ཚེ་རིང་། །ལེགས་བཤད་འདི་ཉིད་མཐོང་ཐོས་ཀུན། །ཚེ་རིང་ནད་མེད་བདེ་སྐྱིད་ཤོག །ཅེས་སྨྲས་པས་ཕལ་ཆེ་བས་དེ་བཞིན་བྱས་པས་ཚེ་རིང་བ་བྱུང་། དེ་དུས་ལྷ་ལྡན་དུ་སྟོད་སྒར་གྱི་བསྟན་འཛིན་ཉི་མ་སྙེ་མོ་ནས་བསྟན་འཛིན་རང་གྲོལ་སོགས་སྔོན་སྦྱངས་ལས་འཕྲོ་ཅན་གྱི་བུ་སློབ་བསྟན་པ་དང་འགྲོ་བའི་དོན་ཡོང་བ་མང་པོ་བྱུང་བ་ལ། དབང་དང་གདམས་པ་བྱིན་ནས་སྨིན་གྲོལ་གྱི་ལམ་ལ་བཀོད། གྲྭ་བཙུན་རྣམས་ཀྱིས་ཇོ་ཤཱཀ་རྣམ་གཉིས་ལ་སྐོར་ཚད་བསགས། སྨྱུང་གནས་ཀྱང་མང་པོ་བསྲུངས་པས་དད་ལྡན་དང་བ་འདྲེན་པ་བྱུང་། ཟླ་བ་གཅིག་ལྷག་ཙམ་བསྡད། དེ་ནས་རང་གི་དྲིན་ཅན་རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་མཁར་རྡོ་ཆོས་ཀྱི་རྡོ་རྗེ་རིན་པོ་ཆེའི་གདན་ས་ཁྱད་

p. 808

པར་ཅན་མཁར་རྡོ་བསམ་གཏན་གླིང་དུ་སོང་། གནས་དེའི་བསྔགས་པ་ཅུང་ཟད་ཅིག་བརྗོད་ན་འདི་ལྟ་སྟེ། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་ཡབ་སྲས་ཀྱི་བུ་རྒྱུད་ཞང་གཡུ་བྲག་འགྲོ་མགོན་རིན་པོ་ཆེ་ཞེས་སྙན་པ་ཕྱོགས་ཀུན་ཏུ་གྲགས་པ་གང་དེས་ལྷ་ལྡན་ཇོ་བོ་ཆེན་པོའི་ཞབས་ཏོག་མང་པོ་མཛད། ཕྱོགས་དེར་དགེ་འདུན་གྱི་སྡེ་ཡང་མང་པོ་བཙུགས། གནས་ཆེན་མཁར་རྡོ་དེར་བཞུགས་ཤིང་བྱིན་གྱིས་བརླབས། བསྟན་འགྲོའི་དོན་ཡང་རླབས་ཆེན་མཛད། བཀའ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་གསུངས། དེའི་རྗེས་སུ་གངས་རིའི་མགོན་པོ་འཕགས་པ་སྤྱན་རས་གཟིགས་མི་ཡི་གར་གྱི་རྣམ་རོལ་རྒྱལ་དབང་ལྔ་པ་བྱོན། ཐམས་ཅད་དབང་དུ་བསྡུས་ཟིལ་གྱིས་མནན། རྗེ་བདག་ཉིད་ཆེན་པོའི་བསྟན་པ་ཉི་ལྟར་གསལ་བར་མཛད། དེའི་ཡང་སྤྲུལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དུས། སྡེ་སྲིད་རིན་པོ་ཆེས་གནས་ཆེན་དེར་རྒྱལ་མཚན་གྱི་ཏོག་གི་ནོར་བུ་ལྟ་བུར་རྒྱལ་བའི་གཟིམས་ཁང་བརྒྱབ། རྒྱལ་དབང་དྲུག་པས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས། ཁྱད་པར་རྗེ་བདག་ཉིད་ཆེན་པོའི་བསྟན་པ་ལ་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་གྲུབ་པའི་མཚུངས་མེད་བཟོད་པ་རྒྱ་མཚོ་གནས་འདིར་ཡུན་རིང་བཞུགས་ནས། བཀའ་གདམས་ཀྱི་རྣམ་པར་ཐར་པ་ལྷུར་བཞེས། བསྟན་འགྲོའི་དོན་རྒྱ་ཆེན་མཛད། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་སྒྲུབ་སྡེ་བཙུགས། དེའི་སྤྲུལ་སྐུ་ཆོས་ལྡན་དབང་བོ་དང་། དེའི་སྤྲུལ་སྐུ་གྲུབ་དབང་ཆོས་ཀྱི་རྡོ་རྗེ་གཉིས་ཀྱིས་

p. 809

ཀྱང་སྒྲུབ་པ་སྙིང་པོར་བྱས། བསྒྲུབས་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་གང་ཕན་མཛད། གཞན་ཡང་གནས་དེར་ཆོས་མཛད་སྐྱེས་ཆེན་དམ་པ་དུ་མ་བྱོན་ནས། གཡོ་མེད་ཞི་གནས་ཀྱི་མཁར་བཙན་པོ་བཟུང་། འཁྲུལ་མེད་ལྷག་མཐོང་གི་སྒྱོགས་རྡོ་ཆེན་པོ་འཕངས་ནས། བདག་འཛིན་ཉོན་མོངས་འཇིག་རྟེན་ཆོས་བརྒྱད་ཀྱི་དགྲ་རྣམས་ཕྱེ་མར་འཐག་པར་མཛད་པས། མིང་དོན་གཉིས་ཀ་མཐུན་པའི་མཁར་རྡོ་བསམ་གཏན་གླིང་ཞེས་གྲགས་པའི་གནས་མཆོག་དེ་ཉིད་ཀྱི་ཡོན་ཏན་ནི། ཁ་ལྷོར་བལྟ་དགུན་དུས་ཉི་འོད་འཁྱིལ་ཞིང་། དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས་པ། ཆུ་མེ་ཤིང་ལ་སོགས་མཐུན་རྐྱེན་འཛོམ་པ། རྒྱབ་བྲག་རིའི་རྩེ་མོ་མཐོ་ལ་མཛེས་ཤིང་། ཤར་ལོགས་ན་བྱ་རྒྱལ་རྒོད་པོ་རྒྱུན་དུ་གནས་པས་དེ་ཉིད་མཐོང་ཚེ། བྱ་བཏང་སྒོམ་ཆེན་པ་རྣམས་རྒྱུན་དུ་བྲག་ལ་གནས་དགོས་སྙམ་པ་འཆར་དུ་འཇུག་པ། སྐབས་སྐབས་སུ་ན་བུན་དངུལ་གྱི་མདོག་འདྲ་སྐེད་ལ་འཁྲིལ་ཞིང་། ཞྭ་ལྟར་མཛེས་པའི་རང་བྱུང་ཉམས་དགའི་བྲག་ཕུག་ཆེ་ཆུང་མང་པོ་ཡོད་པས། སྔོན་སྦྱངས་ལས་ཀྱི་འཕྲོ་ཅན་རྣམས་ལ་ན་བུན་གོས་ལྟར་གྱོན་ཅིང་བྲག་ཕུག་ཞྭ་ལྟར་བསྟེན་འདོད་འབྱུང་དུ་འཇུག་པ། སྤང་གཞོངས་སྨན་ལྗོངས་ལ་མེ་ཏོག་སྣ་ཚོགས་བཀྲ་ཞིང་བུང་བ་ཆེ་ཆུང་མང་པོས་སྙན་པའི་སྒྲ་དིར་དིར་སྒྲོག་པ་མཐོང་ཚེ། གཞུང་གི་བླ་སྨན་མཁས་པ་རྣམས་ཀྱང་ལོ་མ་མེ་ཏོག་འབྲས་བུ་ཅན་གྱི་སྔོ་སྨན་འཐུ་རུ་འོང་དུ་འཇུག་པ།

p. 810

ས་ཕྱོགས་གཙང་ཞིང་མདོག་སྣུམ་དྲི་ཞིམ་རི་རྒྱུད་རྣམས་བཟང་ཞིང་རི་རྩེར་ཕྱིན་ན་མཐོང་རྒྱུ་ཆེ་བས། དབྱར་གྱི་དུས་སུ་གཞུང་གི་སྐུ་དྲག་ལྕམ་སྲས་རྣམས་དང་བལ་པོའི་ཚོང་དཔོན་གཞོན་ནུ་རྣམས་ཀྱང་ཁམས་བསང་སྐྱིད་སྐྱིད་གཏོང་ཕྱིར་འོང་དུ་འཇུག་པ། རྒྱབ་རིའི་སྤང་གཞོངས་ཀུན་ན་འབྲོག་པའི་རུ་ཁག་གནས་པའི་སྒོ་ཕྱུགས་རྣམས་ཀྱིས་ནུས་པ་ཅན་གྱི་སྨན་སྣ་ཟོས་པས། དེའི་ཞོ་དར་འཐུང་བ་རྣམས་ཀྱི་རླུང་མཁྲིས་བད་ཀན་གྱི་ནད་ཀྱང་ཕལ་ཆེར་རང་སར་ཞིར་འཇུག་པ། རི་ཁར་སོས་དལ་སྡོད་པའི་རྫི་བོ་རྣམས་ཀྱིས་འགྲོ་འདུག་གི་ཞོར་ལ་སྙན་པའི་གླུ་དབྱངས་སྣ་ཚོགས་བླངས་པས། གནས་དེར་སྡོད་པའི་སྒྲུབ་པ་པོ་རྣམས་ཀྱི་རྣ་བས་གོ་ཚེ་དགོད་ཁ་རང་དབང་མེད་པར་འཆོར་དུ་འཇུག་པ། རི་ངོས་ན་ཆུ་གཙང་ཡན་ལག་བརྒྱད་ལྡན་དུ་མ་འབབ་ཅིང་ཆུ་མིག་འཁྱིལ་བ། ཆུ་རྣམས་ཀྱི་ནང་ན་ལྕོང་མོ་ལ་སོགས་པའི་སྲོག་ཆགས་ཕྲ་མོ་རྣམས་ཀྱིས་ལུས་ཀྱི་དགའ་བའི་རྣམ་འགྱུར་དུ་མ་སྟོན་བཞིན་གནས་པ། ཆུ་རྣམས་བསིལ་བས་ཅུང་ཟད་འཐུངས་ཀྱང་སྐོམ་པའི་གདུངས་པ་སེལ་ཞིང་། ཤིང་ཏུ་དྭངས་པས་ལུས་ཡུད་ཙམ་བཀྲུས་ན་ལུས་ཀྱི་དྲི་མ་མཐའ་དག་དག་ནས་ལུས་སེམས་ལ་སྔར་མེད་པའི་བདེ་བ་འབར་ཏེ་ཁམས་ཀྱང་རང་དབང་མེད་པར་གསེང་དུ་འཇུག་པ། །སྤང་དང་བྲག་གི་བར་མཚམས་སུ། རྣ་བ་དང་གླ་བ་སོག་སྤུ་སྡུག་ཡིད་འོང་གི་རི་དྭགས་དུ་མ་བག་ཕེབས་རྒྱུ་ཞིང་བང་རྩེ་བ། ལྷ་བྱ་གོང་མོ་དང་འཇོལ་མོ་ལ་སོགས་པའི་ཡིད་འོང་བྱ་དང་བྱིའུ་རྣམས་ཀྱང་དགའ་ཞིང་འཕྱོ་བཞིན་སྐད་སྙན་མི་འདྲ་བ་སྣ་ཚོགས་བསྒྱུར་བས། གནས་དེར་འོངས་ཚད་

p. 811

རྣམས་ཀྱི་ཡིད་རང་དབང་མེད་པར་འཕྲོགས་ནས་ཞག་ཤས་དབང་མེད་སྡོད་དུ་འཇུག་པ། དབྱར་ཟླ་བ་བཞི་པ་དང་ལྔ་པའི་མཚམས་སུ་བྱ་ཡི་རྒྱལ་པོ་ཁུ་བྱུག་སྔོན་མོ་ཡང་འོངས་ནས་མཛེས་པའི་གཟུགས་ཀྱིས་དགའ་བའི་རྣམ་འགྱུར་སྟོན་བཞིན་ཡིད་ལ་འབབ་པའི་སྐད་གདངས་སྙན་པོ་ཡང་ཡང་བསྒྲགས་ཚེ། དེའི་རྐྱེན་བྱས་སྔར་མི་ཡུལ་དུ་འཁྱམས་པ་རྣམས་ཀྱིས་ཀྱང་རང་གི་ཕ་ཡུལ་དྲན་ཞིང་། རྒས་པའི་དྲིན་ཅན་གྱི་ཕ་མས་གཏམ་གང་བཤད་ཀྱི་ནང་ནས་ཕལ་ཆེར་དྲན་དུ་འཇུག་པ། ཁྱད་པར་བྱ་བཏང་སྒོམ་ཆེན་པ་ཚེ་བློས་བཏང་ནས་རི་ཁྲོད་འགྲིམས་པ་རྣམས་ཀྱིས་རང་གི་དྲིན་ཅན་རྩ་བའི་བླ་མའི་གདན་ས་དྲན་ཞིང་། བླ་མས་བཀའ་ཆོས་གང་གནང་བའི་ནང་ནས་ཕལ་ཆེར་དྲན་ལ། དེའི་དུས་སུ་གསུང་འདི་ལྟར་འབྱོན་ཞིང་དམ་གཙང་རྡོ་རྗེ་མཆེད་ལྕམ་རྣམས་ཀྱང་འདི་འདྲ་ཡོད། ཆོས་ཀྱི་གླེང་མོ་དང་སྐྱོ་བསངས་རྩེ་དགོད་སྣ་ཚོགས་བྱས་ཚུལ་ཡན་ཆད་ཡིད་ལ་ཝ་ལེར་དྲན་པས། སེམས་རྩ་གཏིང་ནས་སྐྱོ་སྟེ་རང་དབང་མེད་པར་མཆི་མ་མང་པོ་འཆོར་དུ་འཇུག་པ། ཟྭ་དང་རུག་པ་ཐུལ་བ་སྐྱུར་པོ་ཤིང་འབྲས་ལ་སོགས་པ་བཅུད་མྱང་ན་ཞིམ་པའི་བྲོ་བ་ཅན་གྱི་ཁ་ཟས་མོད་པས། རི་ཁྲོད་པ་རྣམས་ཀྱིས་ཀྱང་རྗེ་བཙུན་མི་ལའི་རྣམ་ཐར་དྲན་ནས་དཀའ་ཐུབ་ཀྱི་ཟས་དེ་འདྲ་ལ་ལོངས་སྤྱོད་པའི་སྐལ་བ་འབྱུང་དུ་འཇུག་པ། ཕྱག་དང་མཆོད་པའི་ཞིང་ས་གཙུག་ལག་ཁང་ངོ་མཚར་བ་མང་པོ་དང་། སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་དུ་མ་བཞུགས་པས་གནས་འདིར་ཡོད་ཚད་ཀྱིས་ཞོར་ལ་ཕྱག་མཆོད་སྐོར་

p. 812

བ་བྱས་པས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་བདེ་བླག་ཏུ་རྫོགས་སུ་འཇུག་པ། ཕྱོགས་ཕན་ཚུན་གྱི་ཉམས་དགའ་རིག་པ་དྭངས་པའི་རི་ཁྲོད་ན་བླ་མ་དགེ་བའི་བཤེས་གཉེན་དང་། གྲོགས་ཆོས་བཞིན་མཛད་པ་དུ་མས་ཁེངས་པས། གང་ཟག་ལས་དང་པོ་བ་རྣམས་ལ་དབང་དང་གདམས་ངག་གེགས་སེལ་བོགས་འདོན་གང་དགོས་ཀྱང་འོང་བ། མདོ་ན་འདོད་དགུའི་ཟས་ནོར་འཛོམ་པའི་ལྷ་ལྡན་སྐྱིད་པའི་གྲོང་ཁྱེར་ཆགས་པས། ཆོས་ཀྱི་མཐུན་རྐྱེན་གང་དགོས་འབད་མེད་ལྷུན་གྲུབ་ཏུ་འོང་བའི་གནས་ཕུན་སུམ་ཚོགས་པ་དེར་སྔོན་གྱི་ལས་བཟང་སྨོན་ལམ་དག་པའི་མཐུ་ལ་བརྟེན་ནས། རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་ཞབས་དཀར་པ་དཔོན་སློབ་རྣམས་སླེབས་ནས། མཁར་རྡོ་བཟོད་པ་རྒྱ་མཚོའི་སྒྲུབ་ཕུག་འོད་གསལ་ཕུག་མོ་ཆེ་ནས་བླ་མའི་བཀའ་བཞིན་སྒྲུབ་པ་བྱས་དུས། ཉམས་དགའ་རིག་པ་དྭངས་པའི་ཤུགས་ཀྱིས་སླར་ཡང་གནས་ལ་བསྟོད་པ་ཚིགས་སུ་བཅད་ནས་སྨྲས་པ། བྱིན་རླབས་སྩོལ་བའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་ཡིས། །བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབ། །རྡོ་རྗེ་གདན་དང་ཆ་མཚུངས་པའི། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་། །གངས་ཅན་མགོན་པོ་སྤྱན་རས་གཟིགས། །བཞུགས་གནས་ཕོ་བྲང་པོ་ཏ་ལ། །བསོད་ནམས་གསོག་པའི་ཞིང་གི་མཆོག །སེར་འབྲས་དགེ་གསུམ་ལ་སོགས་པའི། །དགེ་འདུན་སྡེ་དང་ཐག་ཉེ་བའི། །དབེན་གནས་མཁར་རྡོ་བསམ་གཏན་གླིང་། །སྒྲུབ་བརྒྱུད་བསྟན་པ་དར་བའི་རི། །མཁས་

p. 813

གྲུབ་མང་པོ་བཞུགས་པའི་ཤུལ། །མཁའ་འགྲོ་ཆོས་སྐྱོང་འདུ་བའི་གནས། །དཀར་ཕྱོགས་ལྷ་རྣམས་འཁོར་བའི་ས། །ས་ཕྱོགས་གཙང་ཞིང་རི་བཀྲ་ལེགས། །ཁ་ཡང་ལྷོར་བལྟ་ཉི་ཐག་རིང་། །དབྱར་དུས་དྲི་བཞོན་ལྡང་བས་བསིལ། །དགུན་དུས་ཉི་འོད་འཁྱིལ་བས་དྲོ། །རྒྱབ་རི་ཤིན་ཏུ་མཐོ་ལ་མཛེས། །ལོགས་ལ་བྱ་རྒྱལ་རྒོད་པོ་གནས། །མཐོང་ཚེ་བྱ་བཏང་རི་ཁྲོད་པ། །འདི་ལྟར་གནས་དགོས་སྙམ་པ་འཆར། །དངུལ་གྱི་མདོག་འདྲའི་ན་བུན་འཁོར། །ཞྭ་ལྟར་མཛེས་པའི་བྲག་ཕུག་མང་། །མཐོང་ཚེ་ན་བུན་གོས་ལྟར་གྱོན། །བྲག་ཕུག་ཞྭ་ལྟར་བསྟེན་འདོད་འབྱུང་། །རི་ངོས་སྤང་གཞོངས་སྨན་ལྗོངས་དང་། །ལྗོན་ཤིང་མེ་ཏོག་སྣ་ཚོགས་བཀྲ། །དེ་ཉིད་མཐོང་ཚེ་སྨན་པ་ཡང་། །ཕལ་ཆེར་སྔོ་སྨན་འཐུ་རུ་འོང་། །རི་རྣམས་མདོག་སྣུམ་རི་རྒྱུད་བཟང་། །རི་རྩེར་ཕྱིན་ན་མཐོང་རྒྱ་ཆེ། །དེ་ཕྱིར་སྐུ་དྲག་ཚོང་དཔོན་ཡང་། །ཁམས་བསང་སྐྱིད་སྐྱིད་གཏོང་ཕྱིར་འོང་། །འབྲོག་པའི་སྒོ་ཕྱུགས་རྣམས་ཀྱིས་ཀྱང་། །ནུས་པ་ཅན་གྱི་སྨན་ཟོས་པས། །དེ་ཡི་ཞོ་དར་འཐུངས་ཚད་ཀྱི། །ནད་རྣམས་ཕལ་ཆེར་རང་སར་ཞི། །རི་ཁར་སྡོད་པའི་རྫི་བོ་ཡིས། །སྙན་པའི་གླུ་དབྱངས་སྣ་ཚོགས་ལེན། །དེར་བཞུགས་བྱ་ཐོཏང་སྒོམ་ཆེན་པས། །གོ་ཚེ་དབང་མེད་དགོད་ཁ་འཆོར། །དྭངས་ཤིང་བསིལ་བའི་ཆུ་མིག་ན། །ལྕོང་མོ་ལ་སོགས་སྲོག་ཆགས་གནས། །ཁྲུས་བྱས་འཐུང་བ་ཙམ་གྱིས་ཀྱང་། །ཁམས་བསངས་རིག་པ་ཤིན་ཏུ་དྭངས། །རི་དྭགས་སྣ་ཚོགས་བག་ཕེབས་

p. 814

རྒྱུ། །བྱ་དང་བྱིའུས་སྐད་སྙན་སྒྲོག །གནས་འདིར་འོངས་ཚད་ཐམས་ཅད་ཀྱི། །ཡིད་འཕྲོག་སྡོད་འདོད་ཡང་ཡང་འབྱུང་། །དབྱར་དུས་ཁུ་བྱུག་སྔོན་མོ་འོངས། །མཛེས་པའི་གཟུགས་བསྟན་སྐད་སྙན་འབྱིན། །དེ་དུས་བླ་མ་ཕ་མ་ཡང་། །དྲན་ནས་དབང་མེད་མཆི་མ་འཆོར། །ཞྭ་དང་རུག་པ་ཐུལ་བ་སོགས། །དཀའ་ཐུབ་ཟས་ཀྱང་སྣ་ཚོགས་ཡོད། །དེ་མཐོང་མི་ལའི་རྣམ་ཐར་ཡང་། །དྲན་ནས་དཀའ་བ་སྤྱོད་སྙིང་འདོད། །ཕྱག་མཆོད་ཞིང་མཆོག་གཙུག་ལག་ཁང་། །སྐུ་གསུང་ཐུགས་རྟེན་བྱིན་ཅན་བཞུགས། །གནས་འདིར་ཡོང་ཚད་ཐམས་ཅད་ཀྱིས། །ཕྱག་དང་སྐོར་བ་ཞོར་ལ་འོང་། །ཕན་ཚུན་རི་ཁྲོད་དབེན་པ་ན། །བླ་མ་མཆེད་གྲོགས་མང་པོ་བཞུགས། །གང་ཟག་ལས་ནི་དང་པོ་པར། །དབང་དང་གདམས་ངག་གང་དགོས་འོངས། །མདོ་ན་འདོད་དགུའི་ནོར་འཛོམ་པའི། །ལྷ་ལྡན་སྐྱིད་པའི་གྲོང་ཁྱེར་ཆགས། །འཚོ་བའི་ཡོ་བྱད་གང་དགོས་ཀྱང་། །འབྱོར་ལྡན་དད་ཅན་ཡོན་བདག་མང་། །ཨེ་མ་ཕུན་སུམ་ཚོགས་པའི་གནས། །མཁར་རྡོ་བསམ་གཏན་གླིང་མཆོག་གི ། སྒྲུབ་ཁང་འོད་གསལ་ཕུག་མོ་ཆེར། །བདག་ཀྱང་སླེབས་པ་སྐལ་བ་བཟང་། །ད་ནི་བླ་མའི་བཀའ་བཞིན་དུ། །བསྡད་ནས་བསྒྲུབ་པ་གཙོ་བོར་བྱས། །སྒྲུབ་པའི་འབྲས་བུས་བསྟན་འགྲོ་ལ། །ཕན་པའི་སྨོན་ལམ་ཡང་ཡང་འདེབས། །གོང་མའི་རྣམ་ཐར་སྐྱོང་འདོད་ཅིང་། །ཚེ་འདི་བློ་ཡིས་གཏོང་འདོད་དང་། །སྙིང་ནས་ཆོས་བཞིན་མཛད་འདོད་རྣམས། །གནས་འདིར་བྱོན་དང་ལྷ་ཆོས་འོང་། །དད་ཅན་གནས་སྐོར་བྱེད་འདོད་དང་། །སྨན་པ་སྔོ་སྨན་འཐུ་འདོད་

p. 815

དང་། །སྐུ་དྲག་ཁམས་བསང་བྱེད་འདོད་ཀུན། །གནས་འདིར་ཕེབས་དང་འགྲོ་དོན་འགྲུབ། །གནས་འདི་བསྟོད་པའི་དགེ་བའི་མཐུས། །ཆོས་པས་རི་ཁྲོད་ཟིན་པ་དང་། །ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་ཤིང་། །ཀུན་ཀྱང་ཆོས་ལ་སྤྱོད་པར་ཤོག །ཅེས་བསྟོད་ཅིང་གནས་དེར་ཟླ་བ་དགུ་ཙམ་བསྡད་ནས་སྒྲུབ་ལ་གཞོལ་བའི་ཐུན་མཚམས་རྣམས་སུ། སྤྱིར་འདོད་ཡོན་ལྔ་དང་། ཁྱད་པར་ལྟོ་གོས་བུད་མེད་ལུས་ཀྱི་ཉེས་དམིགས་བསམས་ནས། ལུས་སྲོག་ལོངས་སྤྱོད་གང་ལ་ཡང་མི་ཆགས་པར་ཚེ་བློས་བཏང་ནས། དབེན་པའི་གནས་སུ་སྒྲུབ་པ་ལ་གཞོལ་དགོས་ཚུལ་གྱི་ལེགས་བཤད་ཡ་མཚན་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་བརྩམས། དེ་དུས་མདོ་སྨད་ནས་ཚ་པོ་དཀར་དྲིས་དང་ཚེ་མགོན་ཚུལ་ཁྲིམས་སོགས་མང་པོ་ཞིག་འོངས་པ་རྗེས་སུ་བཟུང་ནས་དབང་དང་གདམས་པ་བྱིན། སློབ་མ་བུ་ཆེན་རྣམས་དགོན་པའི་ནང་དུ་བཞུགས། གྲྭ་བཙུན་ཕལ་ཆེ་བ་ཞིག་གིས་བྲག་དང་ཕ་བོང་ཆེན་པོ་མང་པོའི་རྩ་བ་ནས་འདུག་ས་ཆུང་ཆུང་རེ་བཅོས་ཏེ་རི་དྭགས་བཞིན་དུ་བསྡད། བཅུ་བའི་ལྔ་མཆོད་ཀྱི་གླིང་མེ་སྦར་དུས་རི་ངོས་ཀྱི་ཕ་བོང་ཆེན་པོ་ཐམས་ཅད་ཀྱི་སྟེང་ནས་ཀུན་གྱིས་མར་མེ་མང་པོ་སྦྱར་བས། དཔེར་ན་ནམ་མཁའ་ལ་སྐར་མ་ཤར་བ་བཞིན་རི་ཡི་ངོས་ཐམས་ཅད་རེ་ཞིག་གི་བར་དུ་མར་མེ་ཁྲ་ཆེམ་མེ་གང་བ་ལྷ་ལྡན་གྱི་དད་ཅན་རྣམས་ཀྱིས་མཐོང་བས་རྗེས་སུ་ཡི་རང་བ་བྱུང་། བྱིས་པ་རྣམས་ཀྱིས་ཡ་གི་ལ་ལྟོས་ཞེས་ངོ་མཚར་བར་གྱུར། དེ་དུས་ཕྱོགས་ཕྱོགས་ཀྱི་བླ་མ་དགེ་བའི་

p. 816

བཤེས་གཉེན་སློབ་མ་བུ་ཆེན་གྲྭ་བཙུན་ཡོན་བདག་ཕོ་མོ་བརྒྱ་སྟོང་མང་པོ་ལ། ཟླ་བ་ཁ་ཤས་ཀྱི་བར་དུ། ཉིན་རེ་བཞིན་དུ་ཆོས་ཐུན་རེ་ལ་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཐམས་ཅད་དང་། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་། ལམ་རིམ་ཆེན་མོ། བཀའ་གདམས་གླེགས་བམ། དཔེ་ཡི་ལམ་རིམ་རིན་ཆེན་སྤུངས་པ། དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོ་དང་། རང་གིས་བརྩམས་པའི་ལེགས་བཤད་རྣམས་ཀྱི་ལུང་ཁྲིད་བྱས་པས། སློབ་མ་ཡོན་བདག་ཐམས་ཅད་ཀྱི་རྒྱུད་ལ་ཕན་རྒྱ་ཆེན་པོ་ཐོགས་པ་བྱུང་། ཆོས་བཤད་གྲུབ་པ་དང་དགའ་སྟོན་གྱི་ཉིན་སྟོད་ཀྱི་བླ་མ་རབ་རྒྱས་ནས་རྒྱུ་དངུལ་རྡོ་ཚད་བདུན་གྱིས་འགོ་བྱས་ནོར་རྫས་རྡོ་ཚད་བཅོ་ལྔའི་རྩིས་ཕུལ། རུ་ཐོག་ཆོས་མཛད་ནས་དངུལ་རྡོ་ཚད་གཉིས་ཀྱིས་འགོ་བྱས་ནོར་རྫས་རྡོ་ཚད་ལྔའི་རྩིས་ཕུལ། བླ་མ་རིག་འཛིན་ཨོ་རྒྱན་རྣམ་རྒྱལ་ནས་དངུལ་རྡོ་ཚད་གསུམ། གཞན་ཡང་སློབ་མ་ཡོན་བདག་མང་པོས་སྔ་ཕྱི་རིམ་པ་བྱས་ནས་ཕུལ་བ་ལ། གསེར་ཞོ་ཁོ་ན་བདུན་བརྒྱ་ཙམ་དང་། དངུལ་ཊཾ་རྡོ་ཚད་མང་པོ་བྱུང་། གསེར་རྣམས་ཚེ་སྨོན་གླིང་བ་ལ་དངུལ་དང་བརྗེས་ནས་ལྷ་སའི་སྨོན་ལམ་གྱི་འགྱེད་མང་ཇའི་ཐེབས་བྱས། དེ་དུས་གྲུབ་དབང་མཁར་རྡོ་རིན་པོ་ཆེའི་སྤྲུལ་སྐུ་གདན་སར་དགོད་པ་ལ་དངུལ་རྡོ་ཚད་བདུན་གྱི་རྩིས་བྱ་ནི། ཡར་མར་ལ་འགྲོ་བསྡད་མང་པོ་དང་། ཕན་གང་ཐོགས་བྱས་པས། ཕྱག་མཛོད་དང་སྲས་མོ་གཉིས་ཀྱིས་རབ་ཏུ་དགའ་བའི་ངོས་ནས། མཁར་རྡོ་རིན་པོ་ཆེའི་ཐུགས་དམ་གྱི་རྟེན་ཞིང་བཀོད་

p. 817

ཀྱི་ཐང་ཀ་བདུན་དབུ་ཞྭ་ན་བཟའ་བྱིན་རྟེན་ཁྱད་འཕགས་མང་པོ་བྱིན་བྱུང་། དེ་དུས་སེར་རའི་འདུ་ཁང་དུ་དངུལ་སྲང་ལྔ་བཅུའི་མཆོད་ཀོང་ཆེན་པོ་ཞིག་བཞག་ནས་མང་ཇ་བཏང་། ཕྱོགས་ཕྱོགས་ཀྱི་སློབ་མ་གྲྭ་བཙུན་ཡོན་བདག་ཕོ་མོ་གནས་སྐོར་བ་བཅས་འཚོགས་པ་སྟོང་ཕྲག་མང་པོ་བྱུང་བས་ཕལ་ཆེ་བ་ལ། ཇ་མར་རྩམ་པའི་ཕོགས་དང་། སྐབས་སྐབས་སུ་རྩམ་པ་དོ་པོ་བཅུ་བཅོ་ལྔ་ཉི་ཤུའི་ཚོགས་ལན་མང་པོ་བཏང་། །བསོད་ནམས་གསོག་པའི་ཞིང་མཆོག་སེར་འབྲས་དགེ་གསུམ་ལ་སྔ་ཕྱི་རིམ་པ་བྱས་དཔོན་སློབ་ཀུན་གྱིས་ཇ་ཐུག་བཅུ་གསུམ་ཙམ་བཏང་། དེའི་ལོ་སྨོན་ལམ་ཆེན་མོར་ཇ་ཐུག་གཉིས་དང་དངུལ་ཊོ་རེའི་འགྱེད་བཏང་། སྤྲང་པོ་སྟོང་ཕྲག་གཉིས་ལ་དངུལ་ཕྱེད་བརྒྱད་རེ་བཏང་། དེ་ཐམས་ཅད་ལ་དངུལ་རྡོ་ཚད་བརྒྱ་ལྷག་ཅིག་གི་རྩིས་སོང་། དེ་ལྟར་ཚོགས་བསགས་པ་རྣམས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་མ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འབྱུང་བའི་རྒྱུ་རུ་བསྔོས་ནས་སོས་དལ་བདེ་བར་བསྡད་ཡོད་པའི་དུས། ཉིན་གཅིག་ཉེ་གནས་མཁས་པས་ཁོང་གི་དབུ་ཞྭ་འདིའི་བརྡ་མཚོན་ཞིག་གསུང་དགོས་ཞེས་བསྐུལ་ངོར་འདི་སྐད་ཅེས་སྨྲས། བྱ་བཏང་ཚོགས་དྲུག་རང་གྲོལ་གྱི། །མགོ་ལ་གྱོན་པའི་ཞྭ་ཡི་མིང་། །པད་ཞྭ་པདྨ་མཐོང་གྲོལ་ཟེར། །མཐོང་ཚད་དོན་ལྡན་བྱེད་པའི་བརྡ། །ཞྭ་ཡི་ཁ་དོག་སེར་བ་དེ། །སངས་རྒྱས་བསྟན་ལ་ཞུགས་པའི་བརྡ། །ཞྭ་ཡི་གཟེངས་དེ་

p. 818

མཐོ་བ་དེ། །དཀོན་མཆོག་དབུ་འཕང་བསྟོད་པའི་བརྡ། །རྒྱལ་མཚན་ཏོག་གིས་མཛེས་པ་དེ། །ཐུབ་བསྟན་རྒྱལ་མཚན་བསྒྲེངས་པའི་བརྡ། །འཇའ་ཚོན་རི་མོས་བསྐོར་བ་དེ། །ཡེ་ཤེས་ལྔ་དང་ལྡན་པའི་བརྡ། །མདུན་གྱི་པད་འདབ་གསུམ་པོ་དེ། །འབྲས་བུ་སྐུ་གསུམ་བརྙེས་པའི་བརྡ། །དེ་ཡང་ཁ་དོག་སྣ་ཚོགས་དེ། །ལས་བཞི་འགྲོ་དོན་བྱེད་པའི་བརྡ། །མདུན་དུ་ཅུང་ཟད་གུག་པ་དེ། །བླ་མར་མོས་གུས་ཆེ་བའི་བརྡ། །ཞྭ་དེ་མགོ་ལ་གྱོན་པ་དེ། །ཐམས་ཅད་སྤྱི་བོར་ཁུར་བའི་བརྡ། །ཞྭ་ཡི་མཚོན་དོན་བརྡ་ཆོས་བཞིན། །ཀུན་ཀྱང་ཆོས་ལ་སྤྱོད་པར་ཤོག །ཅེས་སྨྲས། དེ་ནས་བླ་མ་རབ་རྒྱས་ལ་འགྲོ་ཁར་དད་རྟེན་དུ་རིན་པོ་ཆེ་དུ་མས་ཕྲ་རྒྱན་མཛེས་པའི་ཇོ་བོའི་སྐུ་འབྱོན་གཙང་དངུལ་སྲང་བརྒྱའི་རྒྱུ་སོང་ཅན་གཅིག རུ་ཐོག་ཆོས་མཛད་ལ་དགོན་པའི་སྦྱོར་འཇགས་ཀྱི་ཆེད་དུ་རྒྱ་དངུལ་རྡོ་ཚད་གཅིག་གི་དངུལ་ཀོང་ཆེན་པོ་གཅིག་དང་། གཞན་ཡང་གང་ལ་གང་འཚམས་ཀྱི་འ ཐོན་ཕྱག་བྱིན་ནས་ཕལ་ཆེར་རང་རང་གི་ཡུལ་ཕྱོགས་ཀྱི་རི་ཁྲོད་རྣམས་སུ་སྒྲུབ་པའི་རྒྱལ་མཚན་འཛིན་དུ་སོང་། གཞན་གྲྭ་བཙུན་མང་པོ་དང་བཅས་ཏེ་ལྷ་ལྡན་དུ་སོང་ནས་ཚོགས་མཆོད་སྐབས་བླ་མ་སྦྱིན་པ་ནོར་བུས་གཙོ་བྱས་སློབ་མ་གྲྭ་བཙུན་ཡོད་ཚད་ཀྱིས་ཕྱི་སྐོར་ཆེན་མོ་ལ་བརྐྱངས་ཕྱག་འཚལ་བས། སྐོར་ལམ་ཐམས་ཅད་ཆོད་ནས་གཞན་སྐོར་མིས་ལམ་མི་རྙེད་པ་ཙམ་བྱུང་བས། ད་ལོའི་བརྐྱངས་ཕྱག་པའི་མང་ཞིག་སྔར་ཡོང་མི་དྲན་ཞེས་ཀུན་གྱིས་གླེང་བ་བྱུང་། ཚོགས་མཆོད་ལྟད་མོ་ལ་

p. 819

བལྟས། དེ་ནས་བཟུང་སྟེ་ཟླ་བ་ལྔའི་བར་དུ་ལྷ་ལྡན་དུ་བསྡད། ངེད་དཔོན་སློབ་ཀུན་གྱིས་སྨྱུང་གནས་བསྲུངས་པས་སྟོང་ཕྲག་མང་པོ་སོང་། དེ་ཡི་མཐུན་རྐྱེན་རྣམས་ལྷ་ལྡན་ཡོན་བདག་དད་ཅན་རྣམས་ཀྱིས་བསྒྲུབས་པ་བྱུང་། ས་ག་ཟླ་བའི་བཅོ་ལྔའི་ཉིན་མཆོད་པ་ལ་མེ་ཏོག་འཚོང་བ་ཀུན་སློབ་མ་གྲྭ་བཙུན་རྣམས་ཀྱིས་ཉོས་ནས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་མཐའ་ལ་ཕུལ་བས་ནང་ཀུན་ཁེངས་པ་བྱུང་། གཞན་ཡང་ལྷ་ས་ནས་སྡོད་རིང་ལ། བཅོ་ལྔ་གནམ་གང་ཚེས་བརྒྱད་སོགས་ལ། ཕྱི་སྐོར་ཆེན་མོར་འགྲོ་ཞོར་ལ་རྩམ་པ་བརྫིས་ནས་དོ་པོ་བྱས་ཁྱེར་ནས་ཁྱི་ལྡོམ་མང་པོར་བྱིན། དཀར་རྩམ་སྒྲོ་བ་གསུམ་བཞི་རེ་ཁྱེར་ནས་སྤྲང་པོ་ལ་བྱིན། ནང་ནས་མིག་ལོང་བ། ནད་པ་འགྲོ་མི་ཐུབ་པའི་ཉམ་ཐག་པ་རྣམས་ལ་ཊཾ་ཀ་ཕྱེད་བརྒྱད་ཙམ་རེ་བྱིན། ཡང་ཡང་སོང་བས་སྐབས་ཤིག་མི་ཁྱི་གཉིས་ཀས་ངོ་ཤེས་ནས། སྔོན་དུ་བརྒྱུགས་ནས་བསུ་རུ་ཡོང་། དེ་བཞིན་དུ་སྟོད་སྨད་བར་གསུམ་གྱི་ཉམ་ཐག་སྤྲང་པོ་རྣམས་ཀྱི་མགོན་སྐྱབས་ཁོ་ན་བྱས་པས། སྤྲང་པོ་མང་པོས་ངེད་ཚའི་སྐྱབས་མགོན་ཞེས་བོས་པས། གཞན་ཀུན་གྱིས་ཀྱང་སྐྱབས་མགོན་ཞབས་དཀར་པ་ཞེས་འབོད་པ་བྱུང་། དེ་དུས་རྒྱ་གར་གྱི་ཨ་ཙ་ར་ཤ་ཆང་སྒོག་ཙོང་བུད་མེད་སོགས་མི་བསྟེན་པར། སྤྱོད་པ་གཙང་མ་བྱས་ནས་གནས་ངེས་མེད་འགྲིམས་ནས་འགྲོ་བ་དཔོན་སློབ་གཉིས་ཀྱིས་ངའི་སྙན་པ་གོ་ནས། ཉིན་གཅིག་ཡོང་ནས་མཇལ་ཏེ། ཁྱེད་

p. 820

ནོར་རྫས་ལ་ཆགས་ཞེན་མེད་པར་ངན་སློང་རྣམས་ལ་སྦྱིན་པ་གཏོང་བ་ཤིན་ཏུ་ལེགས། ཁྱེད་ཀྱི་མཛད་པ་འདི་ངེད་ཚོའི་རྒྱ་གར་གྱི་བླ་མ་བཟང་པོ་དང་འདྲ་བར་གདའ། སྤྱོད་པ་ཡང་ངེད་ཚོ་དང་མཐུན་པར་འདུག་པས་སེམས་དགའ་བ་བྱུང་། གཞན་བོད་ན་བླ་མ་སྐུ་ཡོན་ཅན་མང་པ་འདུག་སྟེ། ཁྱེད་འདྲ་བའི་སྙིང་རྗེ་ཅན་དཀོན་པར་གདའ། བླ་མ་བྱང་ཆུབ་སེམས་དཔའ་ཁྱེད་ཀྱིས་ཁོ་བོ་ལ་སྐྱབས་འཇུག་དགོས། ཕྱི་མར་བདེ་བ་ཅན་ནས་མཇལ་བའི་སྨོན་ལམ་འདེབས་ཞེས་ཕྱག་འཚལ་ཞབས་སྤྱི་བོར་བླངས་ནས་སླར་རྒྱ་གར་དུ་སོང་བ་ལ་ང་ཡང་པ་སེམས་འཕྲེང་བ་ཞིག་བྱུང་། དེ་དུས་སེར་འབྲས་ཀྱི་བླ་རྒན་འགའ་རེས། དེང་སང་སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱི་འོག་ནས། །དགའ་ལྡན་གསེར་ཁྲི་ལས་བླ་མ་ཞབས་དཀར་སྐད་ཆེ་བར་གདའ། ཁོང་ལ་དབང་སྡུད་ཞེད་པོ་ཞིག་ཡོད་པ་མིན་ནམ་ཟེར། ནང་ནས་གཅིག་ན་རེ། དབང་སྡུད་ཅིག་གིས་ཀྱང་དེ་ཙམ་ཞིག་མི་ཡོང་། ཁོང་གི་རྒྱུད་ཀྱི་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས་སྐྱེ་འགྲོ་མང་པོ་འདུས་པ་རེད་ཟེར། གཅིག་ན་རེ་ཁོ་བོས་ཅང་མི་ཤེས་ཏེ། ཁོང་གི་མཛད་པ་གང་ལ་བལྟས་ཀྱང་སྐྱོན་འདོགས་རྒྱུ་ཞིག་མི་གདའ། གང་ལྟར་ནའང་ཁས་གཏོང་རྒྱུ་ཞིག་མ་རེད་ཟེར་སྐད། དེ་ནས་ཡར་དགའ་ལྡན་དུ་སོང་། གསེར་གདུང་ཆེན་མོར་མཇལ། ཞག་གཉིས་བསྡད། གསེར་ཀོང་མར་ཁུས་བཀང་བརྒྱ་མཆོད་ཕུལ། བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ། དེ་ནས་བསམ་ཡས་མཆིམས་ཕུ་དང་བྲག་དམར་གཡའ་

p. 821

མ་ལུང་གཉིས་ལ་མཇལ་ཞག་རེ་ཙམ་བསྡད་ནས་ཕྱག་མཆོད་སྐོར་བ་བྱས། ཚོགས་བཏང་བསྔོ་བ་སྨོན་ལམ་བཏབ། དེ་ནས་བསམ་ཡས་ལ་སོང་ཉི་མ་བཅོ་ལྔར་ཉིན་རེ་བཞིན་གྲྭ་བཙུན་ཐམས་ཅད་ཀྱིས་བརྐྱངས་ཕྱག་མང་པོ་འཚལ། མཆོད་འབུལ་བྱས། བསྟན་འགྲོར་ཕན་པའི་སྨོན་ལམ་ཡང་ཡང་བཏབ། མཆོད་རྟེན་དམར་པོའི་ཐག་ཉེའི་སྡེ་པ་ལྕམ་གཉིས་ཀྱིས་དེར་སྡོད་རིང་ལ་འཚོ་བ་ཞབས་ཏོག་བྱས། འགྲོ་ཁར་མཛོད་བདུན་དང་དྭགས་པོའི་བཀའ་འབུམ་གྱི་དཔེ་ཆ་ཕུལ། དེ་ནས་མར་ལྷོ་ཁའི་གནས་ཆེན་ཁྱད་འཕགས་རྗེ་ཕག་མོ་གྲུ་པའི་གདན་ས་མཐིལ་དུ་སོང་། །གནས་དེའི་ལྷ་ཁང་ཆེན་མོ་ལ་གཞུང་དགའ་ལྡན་ཕོ་བྲང་གིས་ཉམས་གསོ་མཛད་པའི་སྡེ་པ་དཔོན་གཡོག་རྣམས་ཀྱི་གྲོགས་བྱས། དངུལ་རྡོ་ཚད་གཅིག་ཙམ་གྱིས་ཞལ་འདེབས་ཀྱང་བརྒྱབ། གནས་དེར་གྲྭ་བཙུན་ལྔ་བརྒྱ་ཙམ་འདུས། མཚམས་བསྙེན་བསྒྲུབ་ཚོགས་བསགས་སྒྲིབ་སྦྱོང་ཁོ་ན་བྱས། དེ་རྣམས་ཀྱི་ཕལ་ཆེ་པོ་ལ་ཇ་མར་རྩམ་པའི་ཕོགས་དང་། སྐབས་སྐབས་སུ་རྩམ་པ་དོ་བོ་བཅུ་བཅོ་ལྔ་ཙམ་རེ་བརྫིས་ནས་གྱིག་ཙེ་བརྒྱབ་སྟེ་རི་རབ་ཀྱི་ཚུལ་དུ་བརྩིགས། མཐའ་ལ་ཚོགས་རྫས་གཞན་མང་པོ་བཞག་ནས་ཚོགས་རྒྱ་ཆེན་པོ་ལན་མང་པོ་བཏང་། དེ་དུས་མདོ་སྨད་ནས་གྲུབ་དབང་རྫོགས་ཆེན་པ་རིན་པོ་ཆེའི་བུ་ཆེན་གང་ཤར་རང་གྲོལ་དང་། ངའི་སློབ་མ་ཀུན་བཟང་རང་གྲོལ། སྦྱིན་བདག་དཔོན་པོ་བནྡེ་ཐར་སོགས་

p. 822

ཡོན་བདག་ཕོ་མོ་མང་པོ་སླེབས་ནས། བླ་མ་གང་ཤར་གྱིས་དངུལ་རྡོ་ཚད་གཅིག་གིས་འགོ་བྱས་ཐམས་ཅད་ཀྱིས་དངུལ་སྲང་བརྒྱ་ཕུལ་ནས། དཔོན་པོས་མདོ་སྨད་དུ་ཕེབས་དགོས་ཚུལ་གྱི་རྒྱུ་མཚན་རྣམས་ངག་ནས་ཞུས། བུ་ཆེན་ཀུན་བཟང་རང་གྲོལ་གྱིས་ཞུ་ཤོག་འདི་ཕུལ་ལོ། །ཕུན་ཚོགས་ཚོགས་གཉིས་ལས་བསྐྲུན་མཚན་དཔེའི་སྐུ། །འགྲོ་ཚོགས་རེ་སྐོང་ཡན་ལག་དྲུག་ཅུའི་གསུང་། །སྒྲིབ་ཚོགས་རང་གྲོལ་ཤེས་བྱ་ཀུན་གཟིགས་ཐུགས། །ལེགས་ཚོགས་ཀུན་སྩོལ་སྐུ་གསུང་ཐུགས་ལ་འདུད། །རབ་འབྱམས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །རབ་དཀར་གངས་རིའི་མདངས་འཛིན་སྤྱན་རས་གཟིགས། །རབ་རྨོངས་འགྲོ་ངོར་སྐྱབས་མགོན་ཞབས་དཀར་རྗེ། །རབ་གསལ་མཚན་སྙན་འཛམ་གླིང་གྲགས་དེས་དགོངས། །སྐལ་ལྡན་གདུལ་བྱའི་རང་བློ་དང་འཚམས་པར། །བྱིན་ལྡན་སྨིན་གྲོལ་ཆོས་འཁོར་བསྐོར་མཛད་པའི། །རྟོགས་ལྡན་འཁྲུལ་ཞིག་ལྷུན་གྲུབ་རིག་འཛིན་རྗེ། །དད་ལྡན་བདག་གི་དབྱངས་འདིར་ཅུང་ཞིག་གསོན། །བློ་གྲོས་རྣམ་དཔྱོད་བཟང་པོའི་རིགས་རྣམས་ཀུན། །རི་བོང་རྭ་དང་རིན་ཆེན་ལྟར་དཀོན་ནས། །ཀུན་བཟང་དགོངས་བཅུད་རང་གྲོལ་མྱུར་ལམ་ཡང་། །རིང་ལམ་མཛད་མཁན་དེ་ཡིས་ཞུ་བའི་འབྲས། །ཕ་ཡུལ་ཕ་མ་སྤུན་སོགས་བློ་ཡིས་བ ཏང་། །ཕལ་ཆེར་བགྲོད་དཀའི་བ ཤུལ་རིང་ལམ་བརྒྱུད་ནས། །ཕ་མ་ཉམ་ཐག་འགྲོ་རྣམས་བདེར་འགོད་ཕྱིར། །ཕ་རྒན་གདན་འདྲེན་ཞུ་སྙམ་དབུས་འདིར་ཡོང་། །ཆོས་རྗེ་དམ་པ་

p. 823

དབུས་གཙང་ཞིང་བྱོན་ནས། །ཆོས་པས་ས་སྟེང་བཀང་བ་ཉམས་དགའ་ཡང་། །ཆོས་མེད་ཕ་ཡུལ་གང་གིས་བློས་བཏང་འཕྲོ། །ཆོས་མིན་སྣ་ཚོགས་བྱེད་འདིར་ང་རེ་སྐྱོ། །སྔོན་དུས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡིས། །བོད་ཀྱི་རྗེ་འབངས་གྲོགས་རྣམས་བློས་བཏང་ནས། །མི་བསྲུན་སྲིན་པོའི་ཁ་གནོན་མཛད་ཕྱིར་དུ། །ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་པ་བཞིན། །འདི་ལོ་སྐྱབས་མགོན་རིན་པོ་ཆེ་ཁྱེད་ཀྱང་། །དབུས་གཙང་སློབ་མ་ཡོན་བདག་བློས་བཏང་ནས། །དམུ་རྒོད་འགྲོ་རྣམས་བློ་ཁ་ཆོས་བསྒྱུར་ཕྱིར། །མདོ་སྨད་ཕ་ཡུལ་ཕྱོགས་སུ་འབྱོན་པར་ཞུ། །ཨེ་མ་དགོངས་ཤིག་བླ་མ་རིན་པོ་ཆེ། །སྟོད་ཕྱོགས་མངའ་རིས་སྐོར་གསུམ་སློབ་མ་ཡིས། །གསེར་དངུལ་འབུལ་ཆེན་བཏེགས་པས་ཐུགས་མཉེས་ནས། གསེར་དངུལ་དང་བྲལ་མདོ་སྨད་བློས་བཏང་ན། །བྱང་ཆུབ་སེམས་དཔའི་དམ་བཅའ་མི་འགལ་ལམ། །མདོ་སྨད་ཡུལ་གྱི་སྐྱ་སེར་ཕོ་མོ་རྣམས། །རྗེ་ལ་འཕྲེང་བཞིན་ཕལ་ཆེར་ཚེ་དུས་བྱས། །ད་ལྟར་གནས་རྣམས་ད་ལོ་སྐྱབས་མགོན་རྗེ། །ཕེབས་ཡོང་བསམ་པའི་རེ་བ་སྙིང་ནས་ཡོད། །ཇོ་སྐུ་རྣམ་གཉིས་རྒྱལ་དབང་པཎ་ཆེན་ལ། །བརྟག་རིལ་སྒྲིལ་དང་ལུང་བསྟན་ཞུ་རྒྱུའང་མེད། །ད་ལོ་ཅིས་ཀྱང་ཨ་མདོར་ཕེབས་པར་ཞུ། །དེ་ནས་ལོ་བདུན་ལོ་བཅུ་ཙམ་བཞུགས་འཕྲོ། །དབུས་གཙང་མངའ་རིས་ཕྱོགས་སུ་ཕེབས་དགོངས་ན། །ངེད་ཅག་སློབ་མ་ཡོན་བདག་ཐམས་ཅད་ཀྱིས། །སླར་ཡང་དབུས་གཙང་

p. 824

ཞིང་འདིར་གདན་འདྲེན་བྱེད། །རིས་མེད་བརྩེ་ལྡན་འགྲོ་མགོན་ཞབས་དྲུང་དུ། །ཉམས་མེད་ཁྲིམས་ལྡན་བླ་མ་དགེ་བཤེས་དང་། །འཛད་མེད་འབྱོར་ལྡན་ཡོན་བདག་ཕོ་མོ་རྣམས། །འབྲལ་མེད་རྒྱུན་ལྡན་ཚོགས་ནས་བསྐོར་བཞུགས་ཚེ། །ཆོས་མེད་སྤྲང་པོ་ཀུན་བཟང་རང་གྲོལ་ངས། །ནོར་མེད་སྟབས་ཀྱིས་ངག་ནས་ཞུ་མ་སྤོབས། །དྲི་མེད་ཤོག་གུར་ཞུ་ཚིག་རྣམས་བཀོད་ནས། །ཟླ་མེད་བླ་མའི་སྤྱན་སྔར་ཕུལ་བའི་དགེས། །ས་གསུམ་འགྲོ་མགོན་དབུས་གཙང་རུ་བཞི་ནས། །ས་ཆ་མདོ་ཁམས་སྨད་དུ་མྱུར་བྱོན་ཏེ། །ས་དེར་གནས་པའི་སྐལ་ལྡན་གདུལ་བྱ་རྣམས། །ས་བཅུའི་དཔལ་ལ་འགོད་པའི་བཀྲ་ཤིས་ཤོག །ཅེས་ཕུལ་བས་ངས་ཀྱང་འགྲོ་བར་ཁས་བླངས། བླ་མ་ཀུན་བཟང་རང་གྲོལ་བཞུགས་རྒྱུ་བྱས། བླ་མ་གང་ཤར་ལ་འོལ་ཁའི་གསང་ཡེ་ཆོས་ཚན་དང་། གཞན་ཡོན་བདག་རྣམས་ལ་རྟེན་གསུམ་བྲོ་ཁ་གང་དགོས་བྱིན། ངའི་དཔེ་ཆའི་དོ་པོ་ཕལ་ཆེར་ཁོང་རྣམས་ཀྱིས་ཁྱེར་ནས་སོང་། གནས་དེར་འཚོགས་པའི་གྲྭ་བཙུན་ཐམས་ཅད་ལ་སྐབས་སྐབས་སུ་ལམ་རིམ་མྱུར་ལམ་དང་བློ་སྦྱོང་དོན་བདུན་མ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། རྫོགས་ཆེན་མ་རིག་མུན་སེལ་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། ཀུན་གྱིས་རང་རང་གང་མོས་ཀྱི་ཆོས་ལ་ཉམས་ལེན་བྱས་ནས་བསྡད་དུས། དད་ལྡན་བློ་གྲོས་མཆོག་མངའ་སློབ་བུ་ཡོན་ཏན་རྒྱ་མཚོས་གནས་ཆེན་འདི་ལ་བསྟོད་པ་ཞིག་དགོས་ཞེས་བསྐུལ་ངོར་གནས་

p. 825

ལ་བསྟོད་པའི་མགུར་དབྱངས་འདི་བླངས་སོ། །།ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །གནས་འདིར་འཚོགས་ཡོངས་ལ་ཐུགས་རྗེས་གཟིགས། །རྗེ་བཀའ་བརྒྱུད་གོང་མའི་གདན་སའི་མཐིལ། །ལྷ་ཞི་ཁྲོ་རབ་འབྱམས་བཞུགས་པའི་ཞིང་། །མ་མཁའ་འགྲོ་ཆོས་སྐྱོང་འདུ་བའི་ས། །གནས་ཁྱད་འཕགས་ཀུན་བཟང་ནགས་ཁྲོད་ཀྱི། །ཕྱི་རྒྱབ་རི་རྒྱལ་པོ་གདན་བཞུགས་འདྲ། །གཡས་བྲག་རི་རིན་ཆེན་སྤུངས་པ་འདྲ། །གཡོན་སྤང་རི་གླང་ཆེན་འགྱིང་བ་འདྲ། །མདུན་གཙང་པོ་ཡོན་ཆབ་འཁྱིལ་བ་འདྲ། །ནང་ལུང་བ་པད་དཀར་ཁ་ཕྱེ་འདྲ། །དབུས་ལྷ་ཁང་པདྨའི་ཟེའུ་འབྲུ་འདྲ། །རྟེན་ཁྱད་འཕགས་དཔག་ཏུ་མེད་པ་བཞུགས། །གནས་འདི་ནི་འོག་མིན་ཞིང་དང་མཚུངས། །རྗེ་བཀའ་བརྒྱུད་རྣམ་ཐར་སྐྱོང་འདོད་ཀུན། །གནས་འདི་རུ་སྒྲུབ་པའི་རྒྱལ་མཚན་ཚུགས། །མཆོག་ཐུན་མོང་དངོས་གྲུབ་ཐོབ་འདོད་ཀུན། །གནས་འདི་ལ་ཚོགས་དང་མཆོད་པ་ཕུལ། །ལས་སྡིག་པ་འདག་འདོད་ཕོ་མོ་རྣམས། །གནས་འདི་ལ་ཕྱག་དང་སྐོར་བ་གྱིས། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་གྱུར་ཅིག །ཅེས་གནས་བསྟོད་ཕུལ་ནས་ལྷ་མི་ཐམས་ཅད་དགའ་བར་བྱས་སོ། །ཡང་གནས་དེའི་རྩ་ན་འདུག་པའི་ཡོན་བདག་རྣམས་ཀྱིས་ཆར་འབེབ་ཅིག་གནང་དགོས་ཟེར་བ་ལ། ང་ལ་ཆར་འབེབ་ཀྱི་གདམས་པ་ནི་མེད་དེ། འོན་ཀྱང་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་

p. 826

ཞེས་བསམ་པ་བཟང་པོའི་སྒོ་ནས། བླ་མ་དཀོན་མཆོག་ལ་ལོ་ལ་ཕན་པའི་ཆར་ཕོབ་ཅེས་གསོལ་བ་བཏབ། ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་ཐམས་ཅད་ནམ་མཁའི་ཁམས་ལ་སྤྲིན་གྱི་ཕུང་པོ་ཆེན་པོར་གྱུར་པའི་ནང་ནས་ཆར་ཕང་ལོ་ཙམ་འབབ་པའི་ཏིང་ངེ་འཛིན་ལ་བསྡད་པས། དགོང་མོ་འབྲུག་མེད་པའི་ཆར་ཐོག་ཆེན་པོ་བརྒྱབ་ནས་ཡོན་བདག་རྣམས་ཀྱི་བསམ་པ་རྫོགས་པ་བྱུང་། དེ་ནས་བཟུང་ཆར་ནམ་འདོད་དུས་སུ་བབས་ནས་རྒྱལ་ཁམས་ཡོངས་ལ་དེའི་ལོ་ལོ་ཡག་ཅིག་བྱུང་། ཡང་དྭགས་པོ་བློ་པའི་ལྕམ་སྒྲོལ་མ་སྐྱིད་འཛོམ་གྱིས་རང་གི་ལུས་ཀྱི་རྒྱན་ཆ་ཁ་ཤས་དང་ཟས་ནོར་གཞན་ཡང་མང་པོ་ཕུལ་ནས། འཁྲུངས་རབས་གསོལ་འདེབས་ཤིག་དགོས་ཞེས་ནན་ཏན་བསྐུལ་བའི་ངོར་འདི་སྐད་ཅེས་སྨྲས་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས། །མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། །རྒྱལ་བའི་བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །།གང་ལ་གང་འདུལ་སྐུར་བསྟན་འགྲོ་དོན་མཛད། །སངས་རྒྱས་དུས་སུ་འཕགས་པ་སྤྱན་རས་གཟིགས། །རྒྱུ་གར་ཡུལ་དུ་འཇམ་དཔལ་བཤེས་གཉེན་མཆོག །བོད་ཡུལ་དབུས་སུ་དྲན་པ་ནམ་མཁར་གྱུར། །བཀའ་བརྒྱུད་བསྟན་ལ་མི་ལ་རས་པ་དངོས། །བཀའ་གདམས་དུས་སུ་རྒྱལ་སྲས་ཐོགས་མེད་དཔལ། །དགའ་ལྡན་བསྟན་ལ་བློ་གྲོས་རྒྱལ་མཚན་རྗེ། །རིས་མེད་འགྲོ་ངོར་ཐང་སྟོང་རྒྱལ་པོར་སྤྲུལ། །ད་ལྟའི་དུས་འདིར་འགྲོ་མགོན་ཞབས་དཀར་པ། །མ་འོངས་མངོན་

p. 827

དགའ་ལ་སོགས་རིགས་ལྔ་ཡི། །ཞིང་དུ་རིགས་ཀྱི་བདག་པོ་དེ་དག་གི །དྲུང་དུ་སྲས་ཀྱི་ཐུ་བོ་རེ་རེར་གྱུར། །འབྲེལ་ཐོགས་གང་འདོད་ཞིང་དུ་འདྲེན་པར་འགྱུར། །འདས་དང་མ་འོངས་ད་ལྟ་དུས་གསུམ་དུ། །གང་ལ་གང་འདུལ་སྣ་ཚོགས་སྐུར་བསྟན་ནས། །བསྟན་དང་འགྲོ་དོན་མཛད་པའི་ཐུགས་རྗེ་ཅན། །སྐྱབས་མགོན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །ཕྱོགས་བཅུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ། །བསྐལ་པ་རྒྱ་མཚོར་བཙལ་ཀྱང་རྙེད་དཀའ་ཞིང་། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་བུ་ལས། །ལྷག་པའི་བླ་མར་མཇལ་བ་སྐལ་བ་བཟང་། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱོད་དང་ནམ་ཡང་མི་འབྲལ་ཞིང་། །གསུང་གི་བདུད་རྩིས་བདག་རྒྱུད་སྨིན་གྲོལ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སྨྲས་པས་སློབ་མ་ཡོན་བདག་ཀུན་གྱི་དད་པའི་གསོས་སུ་གྱུར་ཏོ། །ཡང་གནས་དེར་ཆོས་རྒྱལ་ལྷ་རྒྱ་རི་རིན་པོ་ཆེའི་སྲས་མོ་ཆོས་བྱེད་དུ་འོངས་པ་རབ་ཏུ་བྱུང་། མཚན་ལྷག་བསམ་སྒྲོལ་མར་བཏགས། མོ་རང་གི་མགོ་རྒྱན་ལུས་ཆས་ཕལ་ཆེར། མཆོད་སྒམ་གཉིས་དང་། ནང་ཚང་ཅན་གྱི་འབོལ་གདན་བཟང་པོ་དང་བཅས་ཏེ་དངུལ་སྲང་བརྒྱ་ལྷག་ཙམ་གྱི་རྩིས་ཕུལ། གཞན་ཟངས་རི་དང་། སྒྲགས་ཀྱི་ཆོས་ལ་སོགས་ཆོས་བྱེད་མཁན་གྱི་གྲྭ་བཙུན་ཕོ་མོ་མང་པོ་བྱུང་། དེ་རྣམས་ལ་ཆོས་བཞིན་འདུལ་བ་བཞིན་བྱེད་དགོས་ཚུལ་རྒྱས་པར་བཤད་པས། སྡོམ་གཙང་གི་ཆོས་པ་མང་པོ་

p. 828

བྱུང་། གནས་དེ་ནས་འགྲོ་ལ་ཉེ་དུས་གྲྭ་བཙུན་རྣམས་ཀྱིས་བསྡུས་ནས་ཚོགས་རྒྱ་ཆེན་པོ་བཏང་། སྐུ་གསུང་ཐུགས་རྟེན་གྱིས་འགོ་བྱས་བཀའ་དྲིན་གཏང་རག་གི་ཡོན་རང་རང་ལ་གང་ཡོད་རྣམས་ཕུལ་ནས། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྐྱབས་འཇུག་ཞུས་པའི་དུས་སུ། བདག་གིས་ཀྱང་དེ་ལུགས་ཀྱི་སྐྱབས་འཇུག་བསྔོ་སྨོན་རྒྱ་ཆེན་པོ་བྱས་པའི་མཐར་ཞལ་གདམས་འདི་བྱིན་ནོ། །སྐྱབས་གནས་དཀོན་མཆོག་གསུམ་པོ་ལ། །སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །སྐྱབས་མགོན་ཡིད་བཞིན་ནོར་བུ་ཡིས། །སྐྱབས་དང་སྐྱེལ་མ་མཛད་དུ་གསོལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །སྐྱེས་པའི་ཕ་ཡུལ་མི་གཅིག་ཀྱང་། །སྔོན་གྱི་ལས་བཟང་སྨོན་ལམ་མཐུས། །སུ་ཡིས་ནམ་ཡང་མ་བསྡུས་བཞིན། །ལ་ལ་མངའ་རིས་སྟོད་ནས་འོངས། །ལ་ལ་མདོ་ཁམས་སྨད་ནས་འོངས། །ལ་ལ་དབུས་གཙང་བར་ནས་འོངས། །ད་ལྟ་གནས་འདིར་ཡུད་ཙམ་འདུས། །ད་ནི་འདུས་བྱས་མི་རྟག་ཚུལ། །སྟོན་ཕྱིར་སོ་སོར་གྱེས་ནས་འགྲོ །ལ་ལ་རི་ཁྲོད་དབེན་པ་རུ། །སྒྲུབ་པའི་རྒྱལ་མཚན་འཛུགས་སུ་འགྲོ །ལ་ལ་རྒྱལ་ཁམས་ཕྱོགས་མེད་ཀྱི། །གནས་ཆེན་བཟང་པོ་བསྐོར་དུ་འགྲོ །ལ་ལ་རང་གི་ཕ་ཡུལ་གྱི། །དྲིན་ཅན་ཕ་མར་ཕྲད་དུ་འགྲོ །མིག་གིས་བལྟས་ན་མི་མཐོང་ཞིང་། །རྣ་བས་ཉན་ན་མི་ཐོས་པའི། །རང་རང་ཡུལ་དུ་ལོག་ཙ་ན། །ཕྱིན་ཆད་ཚེ་འདིར་མཇལ་བར་དཀའ། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ། །བསགས་པ་འཛད་ཅིང་མཐོན་པོ་ལྟུང་། །འཇིག་

p. 829

རྟེན་འཁོར་བའི་ཆོས་རྣམས་ཀུན། །མི་རྟག་མི་བརྟན་སྙིང་པོ་མེད། །འདིར་འཚོགས་སྐལ་ལྡན་ཕོ་མོ་ཀུན། །འཆི་བ་ནམ་ཡོང་མི་ཤེས་པས། །ཚེ་འདིའི་བྱ་བ་བློས་ཐོངས་ལ། །ཐམས་ཅད་དམ་པའི་ལྷ་ཆོས་མཛོད། །རྣལ་འབྱོར་འགྲོ་ཁའི་སྙིང་གཏམ་འདི། །ཁྱེད་རྣམས་ཀུན་གྱིས་སྙིང་ལ་ཟུངས། །ཚེ་རིང་ནད་མེད་སྨོན་ལམ་འདེབས། །བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་སྨྲས་པས་ཐམས་ཅད་ཀྱིས་འདུས་བྱས་མི་རྟག་པའི་ཚུལ་ལ་བསམས་ནས་སྐྱོ་བ་སྐྱེ་མཁན་མང་པོ་བྱུང་། དེ་ནས་འགྲོ་ཁར་སློབ་མ་ཡོན་བདག་མང་པོས་ཕུལ་བའི་སྟེང་ནས་ཚོགས་རྒྱ་ཆེན་པོ་བཏང་། ཐག་རིང་དུ་འགྲོ་མཁན་རྣམས་ལ་གོས་ལྷམ་ལམ་ཆོས་བྱིན་རྟེན་བསྲུང་མདུད་རྣམས་བྱིན་ནས་ཡང་སེམས་སྐྱོ་བའི་ཤུགས་ཀྱིས་མགུར་དབྱངས་འདི་བླངས་སོ། །སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག །སྤྱི་གཙུག་བདེ་ཆེན་རྒྱན་དུ་བཞུགས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །མཆོག་ཐུན་དངོས་གྲུབ་ཆར་བཞིན་ཕོབ། །འདིར་འཚོགས་སྐལ་ལྡན་ཕོ་མོ་རྣམས། །ད་ནི་རིང་པོར་མི་ཐོགས་པར། །ཚོང་འདུས་མགྲོན་པོ་བཞིན་དུ་གྱེས། །རང་རང་གང་འདོད་གནས་སུ་འགྲོ །ཡུལ་ཕྱོགས་སོ་སོར་སོང་ཙ་ན། །ས་ཡང་ཁ་ཐག་རིང་བའི་མཐུས། །ཁྱེད་ཀུན་མར་ལ་འོང་མི་ནུས། །རེ་གཉིས་ཙམ་རེ་ཡོང་ན་ཡང་། །ལམ་ན་དགྲ་ཇག་འཇིགས་པ་ཆེ། །ཆུ་ཆེན་མང་པོ་བགྲོད་པར་དཀའ། །ང་ནི་ཡར་ལ་འོང་སྙམ་ཡང་། །

p. 830

ད་ལྟ་ན་སོ་རྒས་པའི་ཁར། །ན་དང་འཆི་བ་ནམ་ཡོང་མེད། །འོན་ཀྱང་མཆོག་གསུམ་ཐུགས་རྗེ་ཡིས། །གལ་ཏེ་མ་ཤི་ཚེ་རིང་ན། །ལན་ཅིག་ཕྲད་ཕྱིར་འོང་ཐུབ་ཀྱང་། །ཁྱེད་རྣམས་ནང་ནས་ཕལ་ཆེར་ཞིག །ན་སོ་རྒས་ནས་འཆི་བ་མང་། །གཞོན་ནུ་རྣམས་ཚོ་སྡོད་སྙམ་ཀྱང་། །དེང་སང་ཚེ་ལ་བར་ཆད་མང་། །གཞོན་རུང་སྡོད་པའི་ངེས་པ་མེད། །གང་གི་ས་ནས་བསམས་ན་ཡང་། །ཕྱིན་ཆད་མཇལ་བར་མི་འགྱུར་སྙམ། །བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། །སྔ་སོར་མཇལ་བའི་གནས་སྐབས་ཀྱང་། །ད་ལྟ་བསམས་ན་ཡུད་ཙམ་གདའ། །ད་ནི་སོ་སོར་གྱེས་ཁ་རུ། །སེམས་འཕྲེང་འབྲལ་གླགས་མི་ཕོད་རུང་། །མིག་ནས་མཆི་མ་འཁྲིགས་བཞིན་དུ། །སེམས་ལ་ཕན་པའི་སྙིང་གཏམ་དང་། །ལུས་ལ་ཕན་པའི་ཟས་གོས་རེ། །སྟེར་བ་མ་གཏོགས་བྱ་ཐབས་མེད། །ཁྱེད་རྣམས་ཕྱིན་ཆད་ཕྲད་ན་ཡང་། །ཕ་མ་སྤུན་ཟླ་ཕྲད་པ་ལྟར། །གཅིག་གིས་གཅིག་ལ་བརྩེ་གདུང་གྱིས། །ལྟོ་གོས་ཆོས་ཀྱིས་ཕན་ཐོགས་མཛོད། །སྦྱིན་བདག་རྣམས་ཀྱིས་བླ་མ་ལ། །བསམས་ནས་སློབ་མ་ཉམ་ཐག་དང་། །བདག་མེད་ནད་པ་སྤྲང་པོ་ལ། །ཟས་གོས་ནོར་གྱིས་ཕན་ཐོགས་མཛོད། །དཔེར་ན་བུ་ལ་ཕན་བཏགས་ན། །ཕ་མ་གཏིང་ནས་དགའ་བ་ལྟར། །ཉམ་ཐག་འགྲོ་ལ་ཕན་བཏགས་ན། །ང་ཡང་དགའ་ཞིང་སྤྲོ་བར་ངེས། །བླ་མ་དགྱེས་པའི་བསོད་ནམས་ཀྱིས། །དད་ཅན་སྦྱིན་བདག་སུ་ཡིན་ཡང་། །དེང་ནས་བྱང་ཆུབ་མ་ཐོབ་བར། །དགའ་བདེའི་དཔལ་ལ་སྤྱོད་པར་འགྱུར། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཀུན་གྱི་རྒྱུད་ལ་སྐྱེ་

p. 831

བར་ཤོག །ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་ཤིང་། །ཆོས་དང་བཀྲ་ཤིས་འཕེལ་བར་ཤོག །ཅེས་བླངས། གཞན་ཡང་འདི་ཕྱིར་ཕན་པའི་བསླབ་བྱ་མང་པོ་བྱས་ནས་སློབ་མ་རྣམས་ཀྱི་ནང་ནས་ཕལ་ཆེ་བ་ཡུལ་ཕྱོགས་གཞན་གྱི་རི་ཁྲོད་ལ་བཏང་བས། དེ་ཀུན་ངེད་དཔོན་སློབ་རྗེས་ན་གནས་པ་རྣམས་ལ་འཕྲེང་ནས་མིག་ནས་མཆི་མ་གཏོང་བཞིན་དུ་སོང་ངོ་། །དེ་ནས་བདག་ཀྱང་མདོ་སྨད་ལ་ཆས་དུས། སྐལ་ལྡན་སྙིང་གི་བུ་མཆོག་བླ་མ་ཀུན་བཟང་རང་གྲོལ་ཀྱང་སྟོད་ཕྱོགས་ཀྱི་རི་ཁྲོད་ལ་འགྲོ་ཁར་བདག་ལ་བདེ་ཞུས་ཀྱི་དབྱངས་འདི་ཕུལ་ལོ། །སྟེང་ལྷ་ལམ་ཡངས་པའི་རྒྱན་གཅིག་པུ། །ཁྱེད་བཅུ་གཉིས་བདག་པོ་བདེ་བར་ཕེབས། །གླིང་གཞན་གསུམ་འཁོར་ནས་རིང་མིན་དུ། །སླར་འཛམ་གླིང་ནམ་མཁའི་རྒྱན་ཤར་ནས། །འོད་འབུམ་ཕྲག་ཕྱོགས་བཅུར་འགྱེད་པའི་ཚེ། །ང་པད་དཀར་གཙོ་བྱས་ཆུ་སྐྱེས་རྣམས། །མདོག་རབ་གསལ་འདབ་མ་བཞད་བཞིན་དུ། །ལྷ་དཀོན་མཆོག་མཆོད་པའི་སྨོན་ལམ་འཚལ། །བར་ཆུ་འཛིན་འཁྲིགས་དབུས་རྒྱན་གཅིག་པུ། །ཁྱེད་གཡུ་འབྲུག་སྔོན་མོ་བདེ་བར་ཕེབས། །རྫ་རི་བྲག་འཁོར་ནས་རིང་མིན་དུ། །སླར་སྤྲིན་ཕུང་འཁྲིགས་པའི་དབུས་བྱོན་ནས། །སྒྲ་སྙན་ལ་ལྡིར་བ་སྒྲོག་པའི་ཚེ། །ང་རྨ་བྱས་གཙོ་བྱས་གཉིས་སྐྱེས་རྣམས། །མདོག་རབ་མཛེས་སྒྲོ་མདོངས་ངོམ་བཞིན་དུ། །ཀུན་དགའ་བའི་ཟློས་གར་བསྒྱུར་བར་སྨོན། །ས་དབུས་གཙང་རུ་བཞིའི་རྒྱུན་གཅིག་པུ། །ཕ་བླ་མ་ཡབ་

p. 832

སྲས་བདེ་བར་ཕེབས། །ཡུལ་མདོ་སྨད་འཁོར་ནས་རིང་མིན་དུ། །སླར་དབུས་གཙང་ཡུལ་འདིར་མྱུར་བྱོན་ནས། །ཆོས་འཇིག་རྟེན་གསུང་གླེང་སྒྲོག་པའི་ཚེ། །ང་ཀུན་བཟང་གཙོ་བྱས་སློབ་བུ་རྣམས། །ཉམས་རྟོགས་པའི་ཡོན་ཏན་འབར་བཞིན་དུ། །མགོན་ཁྱོད་དང་ཞལ་མཇལ་སྨོན་ལམ་འཚལ། །སླར་བཀྲ་ཤིས་ཉི་མར་ཞལ་མཇལ་དུས། །བཀྲ་ཤིས་པས་ཕྱོགས་འདི་ཁྱབ་གྱུར་ཅིག །བཀྲ་ཤིས་པས་ཕྱོགས་འདི་ཁྱབ་པའི་མཐུས། །ཀུན་ཆོས་བཞིན་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཕུལ་ནས་གྲོགས་སློབ་མ་འགའ་དང་བཅས་ཡར་སྟོད་ཀྱི་གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་འཛིན་དུ་ཕེབས་སོ། །བདག་ཅག་དཔོན་སློབ་རྣམས་ཀྱང་གདན་ས་མཐིལ་ནས་འཐོན་པའི་ཉིན་གནས་དེར་བཞུགས་པའི་དགེ་འདུན་པ་རྣམས་ཀྱིས་མདུན་གྱི་རི་གདོང་བར་དུ་བསྐྱལ་ནས་གྱེས་ཁར་ཀུན་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཇལ་བའི་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ།། །རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །འདིར་འཚོགས་ཚེ་འདིའི་བར་ཆད་སོལ། །ཕྱི་མར་འགྲོ་དུས་ལམ་སྣ་དྲོངས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །འདུས་ནས་སོ་སོར་གྱེས་པ་ལྟར། །ཆོས་རྣམས་མི་རྟག་འདི་དང་འདྲ། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །ད་རེས་མཇལ་བ་སྐལ་བ་བཟང་། །ད་ནི་སོ་སོར་གྱེས་གྱུར་ན། །ས་ཡང་ཁ་ཐག་རིང་དང་གཅིག །ང་རྣལ་འབྱོར་ན་སོ་རྒས་དང་གཉིས། །ནམ་འཆི་ངེས་

p. 833

པ་མེད་དང་གསུམ། །དེ་གསུམ་འཛོམ་པའི་དུས་ཚོད་ན། །ཕྱིན་ཆད་ཡང་ཡང་མཇལ་བ་དཀའ། །འོན་ཀྱང་ཚེ་མཇུག་འདི་ཉིད་ལ། །ཐུགས་ཡིད་འདྲེས་པའི་དཔོན་སློབ་རྣམས། །མཇལ་ན་འདོད་པའི་དུས་སྐབས་སུ། །དངོས་སུ་ཡང་ཡང་མཇལ་བར་ཤོག །དངོས་སུ་མཇལ་བར་མ་གྱུར་ན། །མཇལ་ན་འདོད་པའི་དུས་སྐབས་སུ། །ཉམས་དང་རྨི་ལམ་གནས་སྐབས་སུ། །ཡང་དང་ཡང་དུ་མཇལ་བར་ཤོག །གལ་ཏེ་ཚེ་འདིར་མ་མཇལ་ན། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །མངོན་དགའ་ལ་སོགས་སངས་རྒྱས་ཀྱི། །ཞིང་ནས་མངོན་སུམ་མཇལ་བར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ཤིང་། །མི་ནད་ཕྱུགས་ནད་རྒྱུན་ཆད་ནས། །ཚེ་རིང་ནད་མེད་ལོ་ཕྱུགས་ལེགས། །ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཅེས་བླངས་པའི་མ ཐར་ཀུན་བདག་ལ་ཞེ་འཕྲེང་བཞིན་ཕྱིར་ཕེབས། ངེད་དཔོན་སློབ་རྣམས་ཟངས་རི་སྡེ་པ་རྡོ་རྗེ་དང་ལྕམ་གཉིས་ཀྱི་གཞིས་ཀར་སོང་། ལམ་ནས་མངའ་རིས་གྲྭ་ཚང་ལ་མང་ཇ་ཞིག་འབུལ་དུ་བཏང་། སྐྱབས་འཇུག་ཞུས། ཟངས་རིའི་གཞིས་ཀ་ནས་ཞག་འགའ་བསྡད། ཚེ་དབང་བསྐུར། ཆོས་བཤད་ཁ་ཏ་མང་པོ་བྱས་ཏེ་ཐམས་ཅད་ཀྱི་སྣང་བ་ཆོས་ལ་བསྒྱུར། ཡོན་བདག་ཕོ་མོ་རྣམས་ཀྱིས་ལུས་ཀྱི་རྒྱན་གོས་དང་། དངུལ་ཊཾ་མང་པོ་བྱིན། མ་ཅིག་གི་གདན་ས་ཟངས་རི་མཁར་དམར་གྱི་གནས་ཀྱི་རྟེན་རྣམས་ལ་མཇལ། མཆོད་འབུལ་བྱས་སྨོན་ལམ་བཏབ། དེ་ནས་གཙང་པོ་ལ་ཀོ་གྲུ་བཏང་ནས་

p. 834

ཆུ་ཡི་ཕ་ཁར་སོང་། རྩྭ་ཚང་དགའ་དང་། གཡུ་ཁང་མཁན་པོ་ཞི་བ་ཚེ་རིང་རྣམས་ཀྱི་ནང་དུ་སོང་། ཚེ་དབང་བསྐུར། སེམས་ཁྲིད་བྱས། ཚོགས་ཀྱི་དགའ་སྟོན་ཕུལ་ཏེ་གླུ་ཤེས་པ་རྣམས་ཀྱིས་གླུ་བླངས། ཞབས་བྲོ་བརྒྱབ། དེ་དུས་དད་ཅན་ཆོས་དྲུང་ཤེས་རབ་སྒྲོལ་མས་སྐྱབས་འཇུག་གི་མགུར་དབྱངས་འདི་ཕུལ་ལོ།། །སྐྱབས་མགོན་བཀའ་དྲིན་གྱི་འཁོར་མེད། །རྗེ་བཙུན་ཚོགས་དྲུག་གི་རང་གྲོལ། །སྙིང་ནས་གསོལ་བ་རང་འདེབས་སོ། །ཐུགས་རྗེ་བྱིན་རླབས་ཀུན་སྩོལ་ཅིག །དུང་དུང་མོས་གུས་ཀྱི་ངང་ནས། །ཆོས་དྲུང་ཤེས་རབ་ཀྱི་སྒྲོལ་མའི། །ལྷང་ལྷང་གདུང་ཤུགས་ཀྱི་དབྱངས་ལ། །སྙན་དབང་དར་ཅིག་རང་གསན་འཚལ། །འཁོར་བའི་ཉེས་དམིགས་ཀུན་བསམ་ཞིང་། །སྐྱོ་ཤས་ངེས་འབྱུང་གིས་རྒྱུད་བསྐུལ། །ཐར་པའི་ཕན་ཡོན་རྣམས་དྲན་པས། །དད་པས་ལྷག་བསམ་ནི་རབ་དཀར། །རྒྱུ་འབྲས་བསླུ་མེད་དུ་ངེས་པས། །བླང་དོར་མ་ནོར་བར་སྤྱོད་ཅིང་། །མ་གྱུར་འགྲོ་ཀུན་གྱི་དོན་དུ། །བྱང་ཆུབ་འཐོབ་པ་ཞིག་སྨོན་ནོ། །རྒྱལ་ཀུན་སྐུ་གསུམ་གྱི་ངོ་བོ། །སྐྱབས་མགོན་ཡིད་བཞིན་གྱི་ནོར་བུ། །འབྲལ་མེད་སྤྱི་བོ་རུ་བསྒོམས་ནས། །བཀའ་བཞིན་སྒྲུབ་པ་ཡིས་མཆོད་དོ། །རྗེས་འཇུག་བུ་མོ་ངའི་གཏན་འདུན། །སྐྱབས་མགོན་རྗེ་བཙུན་ཁྱེད་མཁྱེན་ནོ། །བདག་གིས་དུས་གསུམ་གྱི་དགེ་ཚོགས། །གང་བསགས་ནུས་མཐུ་ལ་བརྟེན་ནས། །ཉམས་དགའ་དབེན་པ་ཡི་གནས་སུ། །རྩེ་གཅིག་རྣལ་འབྱོར་ལ་བརྩོན་ཞིང་། །སྐྱབས་མགོན་རྡོ་རྗེ་

p. 835

ཡི་འཆང་དང་། །ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ། །བདག་གཞན་དོན་གཉིས་ཀུན་ལྷུན་གྲུབ། །སྐྱབས་འཇུག་ཐུགས་རྗེ་ཡིས་གཟིགས་ཤིག །མདོར་ན་དེང་ནས་རང་བཟུང་སྟེ། །ཇི་སྲིད་ཚེ་རབས་ཀུན་འབྲལ་མེད། །དེ་སྲིད་སྐྱབས་མགོན་རྗེ་བླ་མའི། །ཐུགས་ཀྱི་སྲས་མཆོག་ཏུ་བདག་གྱུར། །གར་བཞུགས་དག་པ་ཡི་ཞིང་ཁམས། །ངོ་མཚར་གཞལ་མེད་ཀྱི་ཕོ་བྲང་། །བྱང་ཆུབ་སྤྱོད་པ་ནི་ཡིད་འོང་། །ཡོངས་སུ་རྫོགས་པ་རུ་གྱུར་ཅིག །ཅེས་བླངས། གཞན་ཡང་མགུར་དབྱངས་མང་པོ་བླངས་ནས་དགའ་དགའ་སྤྲོ་སྤྲོ་བྱས། དེ་ནས་མདོ་སྨད་དུ་འགྲོ་བའི་རྫོངས་པ་ལ། མཁན་པོ་ནས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་སྐུ་འགགས། མཆོད་རྟེན་གྱི་གསེར་ཐང་ཐུབ་དབང་གི་བྲིས་ཐང་།་ས་སྐྱའི་བདུད་རྩི་རིལ་བུ་ལས་གྲུབ་པའི་སྐུ་འདྲ་བྱིན་ཅན་མང་པོ། སངས་རྒྱས་ཀྱི་འཕེལ་གདུང་སོགས་བྱིན་རྟེན་ཁྱད་འཕགས་དང་། དངུལ་རྡོ་ཚད་གཅིག ཁ་བཏགས་ནང་མཛོད་ཨ་ཡུ་ཤ་བཅས་བྱིན། དེ་བཞིན་རྩྭ་ཆང་དགའ་དང་གཡུ་ཁང་སོགས་ནས་གསེར་གཡུ་བྱི་རུའི་རྒྱན་ཆ། ཐེར་མ་སྣམ་བུ། རྩོམ་དོ་མང་པོ་བཅས་བྱིན། ཐམས་ཅད་ཡུན་རིང་འདྲིས་པའི་སྟབས་ཀྱིས་འབྲལ་མ་ཕོད་པར་ཉི་མ་ཁ་ཤས་སྡོད་དགོས་བྱུང་། དེ་ནས་འགྲོ་ཁར་འབྲལ་མི་ཕོད་རུང་། ཕན་ཚུན་ཀུན་གྱི་མིག་ནས་མཆི་མ་གཏོང་བཞིན་དུ་བྲལ་ནས་ཡར་སོང་ནས་ནེའུ་རིང་དགོན། དེབ་རི་དགོན། ལབ་ཀྱི་གནས་རྣམས་ལ་མཇལ།

p. 836

མང་ཇ་འགྱེད་དང་ཚོགས་བཏང་། དེ་ནས་ཡར་སྡེ་པ་ཁང་གསར་ནང་དུ་སོང་། ཚེ་དབང་བསྐུར་ཆོས་བཤད་ནས་སྣང་བ་ཆོས་ལ་བསྒྱུར་བས། ཟས་ནོར་མང་པོ་བྱིན།། དེ་ནས་ལྷ་རྒྱ་རིར་སོང་། ཆོས་རྒྱལ་རིན་པོ་ཆེ་ཡབ་ཡུམ་སྲས་དང་བཅས་པ་ལ་མཇལ། ཆོས་འབྲེལ་བཞག དེ་ནས་ཆོས་རྒྱལ་རིན་པོ་ཆེས་གསེར་སྐུ་ལི་མ་བྱིན་ཅན་གཅིག སྐྱེས་རབས་སོ་བཞི་བའི་ཐང་ཀ་བཅུ་གསུམ། བདུད་རྩི་ཆོས་སྨན་སོགས་བྱིན་རྟེན་མང་པོ་དང་། གསང་ཡེ་སོགས་དཔེ་ཆ་མང་པོ་གནང་། འགྲོ་ཁར་སྐྱབས་འཇུག་ཞུ་རྟེན་ཁ་བཏགས་དང་བཅས་ཏེ་མགུར་དབྱངས་འདི་ཕུལ་ལོ། །།ཚེ་འདི་ཕྱི་བར་དོ་གང་དུ་ཡང་། །བློ་གཏད་ན་མི་བསླུ་གཏན་གྱི་སྐྱབས། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཐུགས་བརྩེ་བས་བདག་ལ་ཅུང་ཟད་དགོངས། །སྤྱིར་སྙིགས་དུས་སེམས་ཅན་ཚེ་ཐུང་ཞིང་། །སྒོས་ཚེ་ལ་བར་ཆད་རྐྱེན་ངན་མང་། །ལུས་ཆུ་བུར་བཞིན་དུ་འཇིག་པར་སླ། །རང་གང་ལ་བསམ་ཀྱང་འཆི་ལ་ཉེ། །སྤྲང་གང་དུ་འགྲོ་འམ་འདུག་ཀྱང་རུང་། །ཚེ་བར་ཆད་མེད་པའི་སྐྱབས་འཇུག་ཞུ། །ཚེ་ཕྱི་མའི་ཡུལ་ལ་འགྲོ་དུས་སུ། །ཡར་ལམ་སྣ་དྲོངས་ཞེས་གསོལ་བ་འདེབས། །ལྷའི་སྐུ་གཟུགས་བས་ཀྱང་ཞལ་རས་མཛེས། །ལྷ་ཚངས་པའི་དབྱངས་ལས་གསུང་གདངས་སྙན། །ལྷའི་གོས་དར་བས་ཀྱང་ཐུགས་འཇམ་པའི། །ལྷ་བླ་མ་སྐུ་ཁམས་བདེ་བར་བཞུགས། །ཚེ་འདི་ཕྱི་བར་དོ་གང་དུ་ཡང་། །དངོས་ཉམས་དང་རྨི་ལམ་གནས་སྐབས་སུ། །ཞལ་མཇལ་ཞིང་གསུང་ཆོས་ཐོས་པར་སྨོན། །ཡིད་སྨོན་

p. 837

པ་བཞིན་དུ་འགྲུབ་པར་ཤོག །ཅེས་ཡང་ཡང་མཇལ་བའི་སྨོན་ལམ་བཏབ་ནས་རོང་མཆད་དཀར་ཆོས་སྡེར་འོང་། མཁན་རིན་པོ་ཆེར་མཇལ། ཕྱག་རྟེན་ཕུལ། དགོན་པར་འགྱེད་མང་ཇ་བཏང་། མཁན་རིན་པོ་ཆེ་ནས། འདུལ་བ་རྣམ་རྒྱལ་གསེར་མདོག་གི་ཕྱག་དཔེ་ཞིག་གནང་། ཐུགས་སྐྱོ་བའི་རྣམ་པ་མང་པོ་མཛད་པར་གདའ། བདག་ཀྱང་སེམས་འཕྲེང་བཞིན་འོང་། དེ་ནས་ཆོས་རྒྱལ་ལྷ་རྒྱ་རིའི་རྗེ་བཙུན་མ་དཔོན་སློབ་གཉིས་ཀྱིས་བསྐྱལ་ནས་མར་གྱི་ཐང་ཞིག་ཏུ་འོང་། མིག་ནས་མཆི་མ་མང་པོ་གཏོང་བཞིན་དུ་བཞུགས་པ་དང་། །བདག་ཅག་རྣམས་ཀྱང་འབྲལ་མི་ཕོད་བཞིན་དུ་གྱེས་ནས་ཕྱི་མིག་མང་པོ་ལྟ་བཞིན་ཡོང་། དེ་ནས་རྩེ་ཐང་དུ་སོང་། རྩེ་ཐང་དགོན་པར་འགྱེད་མང་ཇ་བཏང་། ཡར་ཀླུང་སྒྲོལ་མ་གསུང་འབྱོན་དང་། ཤེལ་བྲག་སློབ་དཔོན་གསུང་འབྱོན་སོགས་རྟེན་གང་ཡོད་ལ་མཇལ་མཆོད་འབུལ་བྱས་སྨོན་ལམ་བཏབ། ཕྱོགས་དེའི་རྫོང་དཔོན་སྦྱིན་བདག་རྣམས་ལ་ཆོས་བཤད་སྨོན་ལམ་བཀྲ་ཤིས་བརྗོད་པས། ཡོན་བདག་རྣམས་ཀྱིས་ཟས་ནོར་གྱི་འབྲེལ་བ་གང་བཞག་རྣམས་བླངས་ནས་གྲྭ་ནང་དུ་སོང་། བྱམས་པ་གླིང་གི་མཆོད་རྟེན་ཆེན་པོ་དང་དགོན་པར་མཇལ་མཆོད་འབུལ་བྱས་མང་འགྱེད་བཏང་། སྡེ་པ་རྡོ་རྗེས་ཞབས་ཏོག་བྱས། རྒྱལ་བ་རིགས་ལྔའི་སྐུ་འདྲ་ལི་མ་ལྔ་དང་། ཇ་མར་རྩམ་པ་གང་མཁོ་བྱིན། དེ་ནས་གསང་

p. 838

སྔགས་སྔ་འགྱུར་བསྟན་པའི་འབྱུང་ཁུངས། ཆུ་འགོ་གངས་ལ་ཐུག་པ་ལྟ་བུའི་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་པར་སོང་། ཁྲི་པ་གདུང་པ་རྗེ་བཙུན་མ་རྣམས་ལ་མཇལ། གསེར་དངུལ་གཡུ་བྱིར་གོས་དར་མང་པོའི་ཕྱག་རྟེན་ཕུལ། ཆོས་འབྲེལ་མང་པོ་ཞུས། དགེ་འདུན་པ་རྣམས་ལ་འགྱེད་མང་ཇ་བཏང་། ཞག་པོ་བདུན་བསྡད་ཕྱག་མཆོད་སྐོར་བ་བྱས། འགྲོ་ཁར་ཚུར་ལ་བྱིན་རྟེན་གསོལ་རས་མང་པོ་གནང་བ་བྱུང་། རྙིང་མའི་དགོན་པའི་ནང་ན་དེ་འདྲའི་གཙང་མ་དང་སྐྱིད་པོ་ཞིག་མི་འདུག ད་དུང་བསྡད་ན་འདོད་པ་རང་བྱུང་། དེ་ནས་སྔ་འགྱུར་བསྟན་པའི་སྲོག་ཤིང་ལྟ་བུའི་རྡོ་རྗེ་བྲག་ལ་སོང་། སྤྲུལ་སྐུ་རིན་པོ་ཆེར་མཇལ། ཕྱག་རྟེན་དུ་དངུལ་སྲང་ཁ་ཤས་ཕུལ། ཆོས་འབྲེལ་ཞུས། དགོན་པར་མང་ཇ་གཅིག་བཏང་། དེ་ནས་སྒྲགས་ཡང་རྫོང་ལ་མཇལ་མཆོད་འབུལ་བྱས། ཟུང་མཁར་ཐེག་ཆེན་གླིང་པའི་སྲས་གཉིས་ལ་མཇལ། སྲས་ཆེ་བ་ལ་ཆོས་འབྲེལ་ཞུས། སྲས་ཆུང་བར་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། ཐུགས་ཡིད་གཅིག་འདྲེས་བྱུང་། དེ་ནས་ལྷ་ས་རུ་འོང་། བཀའ་བློན་ཟུར་ཁང་གི་ནང་དུ་བསྡད་ནས། མདོ་སྨད་དུ་འགྲོ་བའི་གྲ་བསྒྲིགས། མཁན་པོ་ལྕགས་ཟམ་པ་དང་། རྒྱལ་ཡུམ་དོན་འགྲུབ་སྒྲོལ་མ་སོགས་སྔར་གྱི་སློབ་མ་ཡོན་བདག་མང་པོས་བོས་ནས། ཟས་ནོར་དང་སྐུ་གསུང་ཐུགས་རྟེན་མང་པོས་རྫོངས་པ་བྱས། བདག་གིས་ཀྱང་འགྲོ་ཁར་ཀུན་གྱི་ནང་དུ་བཀྲ་ཤིས་སྨོན་ལམ་བརྗོད། ཚེ་འདི་

p. 839

ཕྱིར་ཕན་པའི་བསླབ་བྱ་བྱས། འགྲོ་ཁར་ལྷ་སའི་ཕྱོགས་ཀྱི་དད་ཅན་ཡོངས་ལ་ཕན་ཕྱིར་ཞལ་གདམས་འདི་བྱིན་ནོ། །བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །མཆོད་གནས་ཇོ་བོ་ཡིད་བཞིན་ནོར་བུ་གཉིས། །རྟག་ཏུ་མཆོད་བསྟོད་བཀུར་ཅིག་ལྷ་ས་པ། །གཏན་གྱི་སྐྱབས་གནས་རྒྱལ་བ་ཡབ་སྲས་གཉིས། །ཀུན་གྱི་གཙུག་ཏུ་བཀུར་ཅིག་ལྷ་ས་པ། །བོད་ཁམས་སྐྱོང་བའི་རྒྱལ་པོ་སུ་ཡིན་ཀྱང་། །དེ་ཡི་བཀའ་ཁྲིམས་རྩིས་ཤིག་ལྷ་ས་པ། །བསོད་ནམས་ཞིང་མཆོག་སེར་འབྲས་དགེ་གསུམ་ལ། །འགྱེད་ཕོགས་མང་ཇ་ཐོངས་ཤིག་ལྷ་ས་པ། །འགྲོ་ཀུན་སྐྱེ་བ་སྔོན་མའི་ཕ་མ་ཡིན། །བྱམས་དང་སྙིང་རྗེ་སྒོམས་ཤིག་ལྷ་ས་པ། །ལྷ་ལྡན་ཕྱི་སྐོར་ལམ་གྱི་ཁྱི་རྒན་དང་། །སྤྲང་པོར་སྦྱིན་པ་ཐོངས་ཤིག་ལྷ་ས་པ། །བཤན་པས་ར་ལུག་གཡག་གསུམ་གསོད་ལ་ལྟོས། །སྙིང་རྗེས་སྲོག་བླུ་གྱིས་ཤིག་ལྷ་ས་པ། །རང་གིས་ཁབ་ཀྱིས་གཙགས་པ་མི་བཟོད་པར། །གཞན་སྲོག་གི་ཡིས་མ་གཅོད་ལྷ་ས་པ། །ཤ་ཡི་ཕྱིར་དུ་སེམས་ཅན་གྲངས་མེད་འཆི། །སྡིག་ཟས་ཤ་ལ་མ་དགའ་ལྷ་ས་པ། །མཐོན་པོ་རྣམས་ལ་ཕྲག་དོག་མ་ཆེ་བར། །ཐམས་ཅད་གོང་དུ་ཁུར་ཅིག་ལྷ་ས་པ། །དམའ་བ་རྣམས་ལ་སྡང་སེམས་མ་ཆེ་བར། །ཐམས་ཅད་བྱམས་པས་སྐྱོངས་ཤིག་ལྷ་ས་པ། །

p. 840

མཉམ་པ་རྣམས་ལ་འགྲན་སེམས་མ་ཆེ་བར། །ཐམས་ཅད་མཐུན་པར་འགྲོགས་ཤིག་ལྷ་ས་པ། །མི་སེར་མེད་ན་དཔོན་པོ་སུ་ཡིས་བཀུར། །ཁྲལ་དང་འུ་ལག་མ་མང་ལྷ་ས་པ། །དཔོན་པོ་མེད་ན་མི་སེར་སུ་ཡིས་སྐྱོང་། །ཁྲེལ་མེད་ངོ་ལོག་མ་རྒྱག་ལྷ་ས་པ། །བླ་མ་མེད་ན་ཆོས་འཁོར་སུ་ཡིས་བསྐོར། །སློབ་མས་བླ་མ་བཀུར་ཅིག་ལྷ་ས་པ། །སློབ་མ་མེད་ན་ཆོས་འཁོར་སུ་ལ་བསྐོར། །བླ་མས་སློབ་མ་སྐྱོངས་ཤིག་ལྷ་ས་པ། །དམ་པའི་ཆོས་ལ་མི་ཟབ་གང་ཡང་མེད། །དོན་མེད་ཕྱོགས་རིས་མ་ཆེ་ལྷ་ས་པ། །བོད་དུ་དར་བའི་ཆོས་ལུགས་གང་ལ་ཡང་། །ཞབས་ཏོག་གང་ནུས་སྒྲུབས་ཤིག་ལྷ་ས་པ། །རྒྱལ་པོས་ཆད་པ་འགེལ་ཡང་སྐུ་དྲག་རྣམས། །མཐར་སྨྱུགས་བཙོན་དུ་མ་འཛིན་ལྷ་ས་པ། །སྐུ་དྲག་རྣམས་ཀྱིས་ཆགས་སྡང་འགྲན་སེམས་ཀྱིས། །རྒྱལ་པོར་ཞུ་ལོག་མ་འབུལ་ལྷ་ས་པ། །རྒྱ་ལོའི་སྨོན་ལམ་ཚོགས་མཆོད་ཆེན་མོའི་དུས། དོན་མེད་འཁྲུག་གཞི་མ་སློང་ལྷ་ས་པ། །སེར་འབྲས་གྲྭ་པ་ཕལ་ཆེར་ཤེད་ཆེ་ཡང་། །གསོད་པའི་ཁས་ལེན་མ་བྱེད་ལྷ་ས་པ། །རྫོང་དཔོན་རྣམས་ཀྱིས་རྒན་པོར་ཆད་པ་བཀལ། །རྒན་པོས་མི་སེར་མ་བཅོམ་ལྷ་ས་པ། །གཅིག་པོས་གནོད་པ་གཅིག་པོའི་ཞེ་ལ་བཞག །གནོད་ལན་མཇལ་རེས་མ་བྱེད་ལྷ་ས་པ། །སྡེ་པ་གཞུང་གི་བཀའ་ཁྲིམས་ཞབས་འདྲེན་དུ། །མཐེབ་གྲི་པ་རྣམས་མ་འཇོག་ལྷ་ས་པ། །མཐེབ་གྲི་པ་ཡིས་ཕྲན་བུའི་ནོར་བརྐུ་ཡང་། །གོས་རྒྱུན་བཅད་ནས་མ་འཁྱེར་ལྷ་ས་པ། །མཐོ་དམན་འབྲིང་གསུམ་ཀུན་གྱིས་རྒྱུ་འབྲས་རྩིས། །བདེ་སྐྱིད་ཉི་མ་

p. 841

འཆར་རོ་ལྷ་ས་པ། །གཏམ་འདི་དབུས་གཙང་དག་པའི་ཞིང་ཁམས་ཀྱི། །མཆོག་དམན་འབྲིང་གསུམ་ཡོངས་ལ་ཕན་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་གཡང་ཆགས་ཤིང་། །བཀྲ་ཤིས་ཆེན་པོས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པ་བྱིན་ནས་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་རྣམས་མངོན་མཐོ་ངེས་ལེགས་ཀྱི་ལམ་བཟང་མཆོག་ལ་བཀོད། དེ་ནས་རྩེ་རུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་དྲུང་དུ་ཐོན་ཕྱག་ཞུ་རུ་སོང་། སྐྱབས་འཇུག་ཞུས་པས་བརྩེ་བས་བཀའ་མང་པོ་ཕེབས་པ་བྱུང་། འགྲོ་ཁར་སྣམ་བུ་ཐེར་མ་ཇ་མར་སོགས་ལམ་ཆས་ཀྱི་གསོལ་རས། སངས་རྒྱས་ཀྱི་འཕེལ་གདུང་བཀའ་གདམས་ལྷ་བཞིའི་བྱིན་རྟེན་ལེའུ་ཚན་མང་པོ་བསྲུང་མདུད་ཆེན་པོ་ཁ་བཏགས་ནང་མཛོད་བཅས་བསྩལ་པ་བྱུང་། བོད་ཀྱི་རྒྱལ་པོ་ལ་ཐོན་ཕྱག་ཞུས་པས། གསོལ་རས་བདག་རྐྱེན་བྱིན་རྟེན་མང་པོ་གནང་། ཁྱད་པར་མདོ་སྨད་བསྟན་འགྲོ་ཡོངས་ལ་ཕན་པའི་བཀའ་ཤོག་ནི། །འཇམ་དབྱངས་གོང་མ་བདག་པོ་ཆེན་པོའི་བཀའི་ལུང་གིས། བོད་ཀྱི་ལས་དོན་ཁུར་འཛིན་ཞྭ་སེར་བསྟན་པ་འཛིན་བྱེད་དཔལ་ལྡན་ནོ་མིན་ཧན་རྒྱལ་ཚབ་དགའ་ལྡན་ཤེ་རེ་ཀེ་ཐུ་ཤ་ཛིན་ནི་བྷ་དར་ཀོལ་ཧུ་ས་མ་ཏི་པཀྴིར་འབོད་པའི་གཏམ། འཛམ་བུའི་ལྗོན་པས་མཚན་པའི་གླིང་ཆེན་པོར་འཁོད་པའི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཚོ་ཆེན་ཞེ་དགུ། ཨོ་རོད་ཚོ་བ་

p. 842

བཞི། མཚོ་ཁྲི་གཤོག་རྒྱལ་མོའི་འགྲམ་གནས་དང་། མདོ་ཁམས་སྒང་དྲུག ཨ་མདོ་སྟོད་སྨད། ལྕགས་མོ་མགོ་ལོག རང་ངན། སྦྲ་ནག་སོགས་ཀྱི་སའི་ཆར་འཁོད་པའི་བླ་མ། དཔོན་པོ། ཝང་། པའི་ལི། པའི་སི། གུང་། ཇ་སག ཐའི་ཇི། ཇའི་སང་། མི་བཟང་སོགས་སེར་སྐྱ་མཆོག་དམན་བར་མར་བཅས་པ་མཐའ་དག་ལ་བཟློ་བ། ཨ་མདོ་པ་བྱ་བྲལ་ཚོགས་དྲུག་རང་གྲོལ་ཟེར་བ་འདི་པ་སྔོན་གོམས་བཟང་པོའི་བག་ཆགས་ཀྱི་མཐུ་བརྟས་པའི་འཁོར་བ་ལ་ངེས་འབྱུང་གི་བསམ་པས་ཡིད་དྲངས་ཏེ་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་མནོས་ཏེ་དབེན་གནས་ངེས་མེད་དུ་སྒྲུབ་པ་ལ་ནན་ཏན་དུ་གཞོལ་ཞིང་འབྲེལ་ཚད་ལ་ཆོས་དང་ཟང་ཟིང་གི་སྒོ་ནས་འགྲོ་ཕན་རྒྱ་ཆེར་བགྱིས་པར་མ་ཟད། བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་དང་། ལ་སྟོད་གཅུང་རི་བོ་ཆེའི་མཆོད་རྟེན་བཀྲ་ཤིས་སྒོ་མང་གཉིས་ཀྱི་ཆོས་འཁོར་བཅུ་གསུམ་ལ་གསེར་ཟངས་ཀྱི་ན་བཟས་ལེགས་པར་བརྒྱུན་སོང་བ་དང་། ལྷ་ལྡན་ཇོ་བོ་རིན་པོ་ཆེ་དང་། བསམ་ཡས་ཇོ་བོ་བྱང་ཆུབ་ཆེན་པོ། དགའ་ལྡན་གསེར་གདུང་རིན་པོ་ཆེ་སོགས་ལ་རིན་ཆེན་དང་པོ་ལས་གྲུབ་པའི་མཆོད་ཀོང་གསར་བསྐྲུན་གྱིས་ཕུལ་ཐོག མར་མེ་མཆོད་སྤྲིན་སྤེལ་ཞིང་། སྤུ་ཧྲེངས་བཤད་འཕེལ་གླིང་དང་། ཤེལ་དཀར་ཆོས་སྡེ་བཅས་ལ་གསེར་ཟངས་ཀྱི་གཉྫི་ར་དང་། འཁོར་ལོ་སོགས་བཙུགས། གནས་ཆེན་ལ་ཕྱི་རྒྱལ་གྱི་ཤྲཱིའི་བྱམས་ཆེན་སོགས་གཙུག་ལག་ཁང་

p. 843

དུ་མར་ཉམས་གསོ་ལེགས་པར་བགྱིས་ཤིང་། ལྷ་ལྡན་སྨོན་ལམ་ཆེན་མོའི་འདུས་པ་རྒྱ་མཚོར་མང་འགྱེད་ཀྱི་བསྙེན་བཀུར་གྱ་ནོམ་ཕུལ་སོང་བས་མཚོན་རྣམ་པར་དཀར་བའི་སྤྱོད་ཚུལ་རླབས་ཆེན་དུ་བགྱིས་པ་སོགས་སྒོ་དུ་མ་ནས་གཞན་ཕན་ལྷག་བསམ་དཀར་བ་བཅས། སླར་ཡང་ཡུལ་ཕྱོགས་ཀུན་ཏུ་འདི་པས་སྐྱེ་འགྲོ་རྣམས་ལ་ཆོས་ཕྱོགས་ཀྱི་བསླབ་བྱ་ཇི་ལྟར་འདོམས་པ་རྣམས་ཡིད་ལ་རྟོན་པའི་དང་བ་དང་ལུང་དང་མཐུན་པའི་ཕན་ཆར་གང་འགྲོ་ལས། གནོད་འགལ་ལོག་པར་འགྲོ་བ་མ་བྱེད། ཚུལ་བཞིན་དུ་སྒྲུབ་པ་རྣམས་ལ་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་ཏེ་འདི་ཕྱིར་དགེ་བའི་སྐྱབས་འཇུག་བགྱིད་པ་ཡིན། ཞེས་གོ་བར་བྱ་བའི་ཡི་གེ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོའི་ཟླ༣ ཚེས༢༥ དགེ་བར་ལྷ་ལྡན་ར་ས་འཕྲུལ་སྣང་གི་གནྡྷོལ་དང་ཟུང་དུ་འབྲེལ་བའི་ཐུབ་བསྟན་རྣམ་རྒྱལ་ཚེ་སྨོན་གླིང་ནས་བྲིས། ཞེས་པ་གོས་ཆེན་ལ་བྲིས་ནས་ཐམ་ཁ་ཆེན་པོས་མནན་ནས་གནང་བ་བྱུང་། བཀའ་བློན་ཟུར་ཁང་མཆོག་ནས་ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ་པོ་ཏི་བཅུ་ཐམ་པ། གཞན་ལམ་ཆས་རྩམ་པ་གང་དགོས་རྣམས་གནང་། དགའ་ལྡན་གསེར་ཁྲི་རིན་པོ་ཆེ་ལ་མཇལ་ནས་སྐྱབས་འཇུག་ཞུས་པས། སངས་རྒྱས་ཀྱི་གསེར་སྐུ་ལི་མ་གཅིག་གནང་ནས། འདི་ཁྱེད་ལ་ཕུལ་ནས་བསྟན་པའི་བདག་པོ་རུ་མངའ་གསོལ་བ་ཡིན་གསུངས། འགྲོ་ཁར་རྟེན་འབྲེལ་ཡག་པོ་འགྲིགས་སྙམ་ནས་དགའ། དེ་ནས་མདོ་སྨད་

p. 844

དུ་འོང་བའི་ཉིན་སྔ་མ་དེ་ལ་ཇོ་ཤཱཀ་རྣམ་གཉིས་ལ་མཇལ་ནས། བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པས་མཚན་མོ་རྨི་ལམ་དུ། ང་རྫུ་འཕྲུལ་གྱིས་ནམ་མཁར་བྱ་ལྟར་འཕུར་ནས་ཉི་ཟླའི་མཚམས་བར་དུ་སོང་ནས། མདོ་སྨད་ཕྱོགས་སུ་ལྟད་མོ་བལྟས་པས། མཚོ་སྙིང་དང་མུ་གེ་ཐང་གཉིས་སྟོང་པར་འདུག་པ་མཐོང་ནས་ངའི་བསམ་པ་ལ། ད་ང་ལ་རྫུ་འཕྲུལ་ནི་འདུག མཚོ་སྔོན་པོའི་དཀྱིལ་གྱི་མཚོ་སྙིང་དུ། ལྷ་ལྡན་ཇོ་བོ་ཤཱཀྱ་མུ་ནེ་རྟེན་བརྟེན་པ་དང་བཅས་པ་གདན་དྲངས་ན་བཟང་སྙམ། རྫུ་འཕྲུལ་གྱིས་ལག་ཏུ་བླངས་ནས། མ་ཉམས་པར་སྟེང་དུ་བཞག་པས། མཚོ་སྙིང་གང་བའི་མཐའ་ན་སྔོ་ལྗང་ལྗོན་ཤིང་སྣ་ཚོགས་སྐྱེས་པའི་རྩེ་ལ། མཚོ་སྙིང་ན་གནས་པའི་བྱ་རིགས་མི་འདྲ་བ་བདུན་ཡོད་པ་ཐམས་ཅད་བསྡད་ནས་སྐད་སྙན་སྒྲོག་ཅིང་འཕུར་ལྡིང་གཡོ་བའི་སྣང་བ་བྱུང་། ཡང་མུ་གེ་ཐང་ལ་གོང་མ་རིན་པོ་ཆེའི་མཛོད་ཁང་ཞིག་གདན་དྲངས་ན་བཟང་སྙམ། གོང་མའི་མཛོད་ཁང་ཞིག་རྫུ་འཕྲུལ་གྱིས་ལག་ཏུ་བླངས་ནས་མ་ཉམས་པར་མུ་གེ་ཐང་དཀྱིལ་དུ་བཞག་པས་ཕྱོགས་བཞི་ནས་ཆུ་རྒྱུན་བཞི་བྱུང་བ། མི་དང་སྲོག་ཆགས་མང་པོས་འཐུང་སྐྱིད་པོ་བྱས་འདུག་པའི་སྣང་བ་བྱུང་། རྨི་ལམ་དེ་ནི་བདག་གིས་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་མདོ་སྨད་ཀྱི་བསྟན་འགྲོ་ཡོངས་ལ་ཕན་ཐོགས་ཡོང་བའི་རྟེན་འབྲེལ་ཡིན་ནམ་སྙམ་པ་བྱུང་ངོ་། །སྨྲས་པ། དབང་ཕྱུག་ཆེན་པོ་ཚངས་པ་བརྒྱ་བྱིན་སོགས། །དབང་ཅན་ཀུན་གྱི་

p. 845

སྤྱི་བོའི་གཙུག་གི་རྒྱན། །དབང་ཕྱུག་བརྒྱད་ལྡན་ཤཱཀྱའི་རྒྱལ་པོ་མཆོད། །དབང་བསྐུར་བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབ། །བླ་མའི་རྣམ་ཐར་ལན་རེ་བསམས་ན་ཡང་། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པའི་ཕྱིར། །དབུས་གཙང་ཞིང་ནས་འགྲོ་དོན་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་ཉོན། །ལ་ཕྱིའི་གནས་ནས་དཔོན་སློབ་མང་པོ་དང་། །བཅས་ཏེ་གཉའ་ནང་གྲོད་པ་ཕུག་ཏུ་འོངས། །དགོན་པ་འཕེལ་རྒྱས་གླིང་གི་འདུ་ཁང་གི། །སྟེང་དུ་གསེར་གྱི་རྒྱལ་མཚན་འཁོར་ལོ་བཙུགས། །ནང་དུ་དངུལ་གྱི་མཆོད་ཀོང་ཆེན་པོ་བཞག །ཚོང་འདུས་སོང་ནས་བལ་པོའི་ཚོང་པ་ཡིས། །དམར་. མཆོད་རྒྱག་པ་བཅད་ནས་དཀར་མཆོད་བསྒྱུར། །ལྷ་རྣམས་དགྱེས་པའི་རྟགས་སུ་ནམ་མཁའ་ལ། །འཇའ་ཚོན་ཤར་ཞིང་མེ་ཏོག་ཆར་བ་བབས། །དེ་ནས་གཉའ་ནང་སྟོད་སྨད་བར་གསུམ་ལ། །ཆོས་བཤད་ར་ལུག་མང་པོའི་ཚེ་ཐར་བཏང་། །ཟུར་ཚོ་དིང་རིར་འོངས་ནས་འགྲོ་དོན་བྱས། །སྲོག་གཅོད་སྡིག་པ་སྤོང་མཁན་མང་པོ་བྱུང་། །དིང་རིའི་ཙོང་ཡེ་མདའ་དཔོན་ལྕང་ལོ་ཅན། །གཉིས་ཀྱིས་བཀུར་ཞིང་ཆོས་ཀྱི་འབྲེལ་བ་བཞག །དམ་པའི་གདན་ས་གླིང་བསྐོར་གནས་སུ་བསྡད། །ཞི་བྱེད་གདམས་པར་བལྟས་པས་དད་པ་སྐྱེས། །རྒྱལ་གྱི་ཤྲཱིར་འོངས་ནས་སྒྲུབ་ལ་གཞོལ། །བསམ་གླིང་བྱམས་ཆེན་ཉམས་པ་ཞིག་གསོ་བྱས། །སྟེང་དུ་གསེར་

p. 846

གྱི་འཁོར་ལོ་ཞིག་ཀྱང་བཙུགས། །སྐལ་བཟང་སྐྱེ་བོ་སྟོང་ཕྲག་མང་པོ་ལ། ངོ་མཚར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །སོ་སོར་གྱེས་ཁར་མི་རྟག་སྐྱོ་མགུར་བླངས། །དགུང་ལོ་བརྒྱ་ལྷག་བཞེས་པའི་ནེའུ་རིང་གི །གྲུབ་དབང་བླ་མར་མཇལ་ནས་ཚེ་དབང་ཞུས། །ཤེལ་དཀར་དགོན་དུ་གསེར་གྱི་འཁོར་ལོ་བཙུགས། །གཞུང་དེའི་ཡོན་བདག་རྣམས་ལ་ཆོས་བཤད་བྱས། །དགོན་བྱང་བླ་མར་བྱང་གཏེར་དབང་ལུང་ཞུས། །ས་སྐྱུར་སོང་ནས་ལྷ་ཁང་ཆེན་མོར་མཇལ། །རིན་ཆེན་གསེར་ཀོང་ཕུལ་ནས་སྨོན་ལམ་བཏབ། །རྗེ་བཙུན་མ་དང་བླ་མ་རྣམས་ལ་མཇལ། །ཆོས་འབྲེལ་ཞུས་ནས་བྱང་གི་ལྷ་རྩེར་སོང་། །ཡོན་པོ་ལུང་ནས་པདྨ་རང་གྲོལ་དང་། །མཇལ་ནས་ཆོས་མཐུན་གླེང་མོ་སྣ་ཚོགས་མཛད། །རི་བོ་བཀྲ་བཟང་སློབ་དཔོན་སྐུ་མདུན་དུ། །བསོད་ནམས་དར་རྒྱས་གསེར་ཀོང་འབུལ་དུ་བཅུག །ལྷ་རྩེའི་སྡེ་དགོན་ལ་གནོད་གཙང་པོ་ལ། །ཆུ་ལྡོག་བྱས་པས་ཕར་ཕྱོགས་ཤིག་ལ་འགྱུར། །ཚ་རོང་ཕྱོགས་སུ་འོངས་ནས་འགྲོ་དོན་བྱས། །ངོར་གྱི་དགོན་པར་མཇལ་ནས་དངུལ་ཀོང་ཕུལ། །དེ་ནས་གཞིས་ཀ་རྩེ་རུ་འོངས་པའི་དུས། །ལམ་ནས་ལྟད་མོ་ལྟ་མཁན་སུམ་སྟོང་ལྷག །འདུག་པ་མཐོང་ནས་ང་ཡང་ངོ་མཚར་སྐྱེས། །བཀྲ་ཤིས་ལྷུན་པོར་མཇལ་ནས་མང་འགྱེད་བཏང་། །གསེར་གདུང་གཉིས་ལ་དངུལ་ཀོང་ལྷུང་བཟེད་ཕུལ། །པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ་བའི་ཚེ། །ཁྱོད་ཀྱིས་མཆོད་

p. 847

རྟེན་བཀྲ་ཤིས་སྒོ་མང་ལ། །ལྷག་བསམ་དག་པས་ཞིག་གསོ་གྱིས་ཤིག་ཅེས། །གསུངས་པས་བཀའ་བཞིན་རི་བོ་ཆེ་རུ་སོང་། མཆོད་རྟེན་ཕྱི་ནང་གཉིས་ཀ་ཉམས་གསོ་བྱས། །ཆོས་འཁོར་གདུགས་ཏོག་རིན་ཆེན་གསེར་ལས་བསྐྲུན། །སླར་ཡང་སྐྱབས་མགོན་རིན་པོ་ཆེ་ལ་མཇལ། །ཁོང་གི་ཐུགས་དགྱེས་ཚེ་དབང་བཀའ་ཆོས་གནང་། །གསོལ་རས་བདག་རྐྱེན་ཁྱེར་ནས་ལྷ་སར་འོང་། །འདི་ཕྱིའི་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ། །བོད་ཀྱི་རྒྱལ་པོར་མཇལ་ནས་ཆོས་འབྲེལ་ཞུས། །མཁར་རྡོའི་དགོན་པར་སོང་ནས་མཚམས་ལ་བསྡད། །སྐབས་ཤིག་སློབ་མ་རྣམས་ལ་ཆོས་འཁོར་བསྐོར། །མཁར་རྡོ་སྤྲུལ་པའི་སྐུ་ཡི་ཁྲི་འདོན་མཛད། །སྨོན་ལམ་ཆེན་མོར་མང་ཇ་ཊཾ་འགྱེད་བཏང་། །སེར་རའི་འདུ་ཁང་ནང་དུ་དངུལ་ཀོང་བཞག །ས་ག་ཟླ་བར་སྨྱུང་གནས་མང་པོ་བསྲུངས། དེ་ནས་དགའ་ལྡན་བསམ་ཡས་མཇལ་དུ་སོང་། །གསེར་གྱི་མཆོད་ཀོང་ནང་དུ་མར་མེ་ཕུལ། །བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་བཏབ། གདན་ས་མཐིལ་དུ་སོང་ནས་མཚམས་ལ་བསྡད། །ལས་དང་སྐལ་བར་ལྡན་པའི་གདུལ་བྱ་ལ། །ཆོས་འཁོར་བསྐོར་ནས་སྨིན་གྲོལ་ལམ་ལ་བཀོད། །དེ་ནས་མདོ་སྨད་ཕྱོགས་ཀྱི་གདན་འདྲེན་པ། །བྱུང་བས་ལྷོ་ཁའི་ཡོན་བདག་རྣམས་ལ་འཕྲད། །ཟངས་རི་ཡར་ལུང་སྨིན་གླིང་རྡོ་རྗེ་བྲག །སྒྲགས་ཀྱི་ཡང་རྫོང་མཇལ་
ནས་ལྷ་སར་འོང་། །རྒྱལ་བ་རིན་པོ་ཆེ་དང་རྒྱལ་ཚབ་ལ། །ཐོན་ཕྱག་ཞུས་པས་བྱིན་རྟེན་བཀའ་ཤོག་གནང་། །ཇོ་ཤཱཀྱ་གཉིས་ལ་འགྲོ་ཁར་མཆོད་འབུལ་བྱས། །འགྲོ་དོན་འོང་བའི་རྨི་ལམ་ཡག་པོ་བྱུང་། །མདོར་ན་དབུས་གཙང་ཕྱོགས་ནས་འགྲོ་དོན་བྱས། །མཆོད་རྟེན་བཀྲ་ཤིས་སྒོ་མང་ཉམས་གསོ་བྱས། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །འགྲོ་དོན་བྱེད་བཞིན་ས་སྟེང་ལྷ་ཁང་དང་། །མཆོད་རྟེན་རྣམས་ལ་ཉམས་གསོ་བྱེད་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བཅོ་ལྔ་པ་མདོ་ཁམས་སྨད་འདིར་འོངས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྒྲུབས་པའི་ཚུལ།

p. 848

མདོ་ཁམས་སྨད་འདིར་འོངས་ནས་བསྟན་པ་དང་འགྲོ་བའི་དོན་ཆེན་བསྒྲུབས་ཚུལ། བཅོ་ལྔ་པ་མདོ་ཁམས་སྨད་འདིར་འོངས་ནས་བསྟན་པ་དང་འགྲོ་བའི་དོན་ཆེན་བསྒྲུབས་ཚུལ་ནི། ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོའི་ས་ག་ཟླ་བའི་ཚེས་དགུའི་ཉིན་པར། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་པོ་ཏི་ལྔ་བརྒྱ་དང་། བྱིན་རྟེན་རྒྱབ་གཅིག་སྐུ་ཆེ་ཆུང་བརྒྱ་ལྷག ཐང་ཀ་བརྒྱད་ཅུ། དཔོན་སློབ་བཅོ་བརྒྱད་ཙམ་གྱི་ལམ་བརྒྱགས་དང་བཅས་ཏེ་ལྷ་ལྡན་ནས་ཐོན་བླ་མ་སྦྱིན་པ་ནོར་བུ། ལོ་ཆེན་སྐལ་ལྡན་སོགས་གྲྭ་བཙུན་ལྔ་བཅུ་ཙམ་གྱིས་བསྐྱལ་བའི་ལམ་བར་དུ། སྟག་ལུང་ཡབ་སྲས་དང་། རྭ་སྒྲེང་

p. 849

ཁྲི་ཆེན་རིན་པོ་ཆེའི་སྤྲུལ་སྐུ་རྣམས་ལ་མཇལ། ཕྱག་རྟེན་ཕུལ། ཆོས་འབྲེལ་ཞུས། རྭ་སྒྲེང་ཁུ་བྱུག་མཆོད་པར་བསྡད་ནས་ཐམས་ཅད་ཀྱིས་ཕྱག་དང་སྐོར་བ་བྱས། སེམས་ལ་ཕན་པའི་ཁ་ཏ་མང་པོ་བྱས་པའི་མཐར་ཚུར་ཐང་བདེ་ས་ཞིག་ཏུ་བསྐྱལ་ཡོང་། དཔོན་སློབ་ཐམས་ཅད་ཐང་དེར་བསྡད། ངས་ཁོང་ཚོར་བཀའ་བསྒོ་བྱིན་རླབས་བྱས་ནས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཇལ་བའི་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །རྗེ་སྐྱབས་མགོན་ཡིད་བཞིན་ནོར་བུ་བཞུགས། །ཡིད་མོས་གུས་གདུངས་པས་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ། །ལས་སྨོན་ལམ་དག་པས་མཚམས་སྦྱར་ནས། །ངེད་དཔོན་སློབ་ཐང་འདིར་ཡུད་ཙམ་འཚོགས། །ད་མི་སྡོད་སོ་སོར་གྱེས་པ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །ཚེ་ཕྱི་མར་ནམ་འགྲོ་ཆ་མེད་པས། །ཁྱེད་སྐལ་ལྡན་སྙིང་གི་སློབ་བུ་རྣམས། །ཚེ་འདི་ཡི་བྱ་བ་བློ་ཡིས་ཐོངས། །རྗེ་དམ་པ་གོང་མའི་རྣམ་ཐར་བཞིན། །སྡོམ་དམ་ཚིག་མིག་འབྲས་བཞིན་དུ་སྲུངས། །གནས་ཡིད་འོང་དབེན་པའི་ས་ཕྱོགས་སུ། །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྒོས། །ཆོས་མདོ་སྔགས་ཉམས་སུ་ལེན་པར་མཛོད། །མི་ང་ནི་རང་ཡུལ་མདོ་སྨད་དུ། །མགོན་ཐུབ་པའི་བསྟན་པ་སྤེལ་དུ་འགྲོ། །ལས་སྐལ་བར་ལྡན་པའི་གདུལ་

p. 850

བྱ་རྣམས། །ཡར་སངས་རྒྱས་ས་ལ་འགོད་དུ་འགྲོ། །དཔེ་བརྩེ་ཞིང་དུང་བའི་མ་བུ་བཞིན། །ཀུན་སེམས་འཕྲེང་འབྲལ་གླགས་མི་ཕོད་རུང་། །སྨད་མདོ་ཁམས་བསྟན་འགྲོའི་དོན་བསྒྲུབ་ཕྱིར། །སྟོད་དབུས་གཙང་སློབ་མར་འབྲལ་དགོས་བྱུང་། །རྗེ་བླ་མ་དཀོན་མཆོག་ཐུགས་རྗེ་ཡིས། །བདག་ད་དུང་མ་ཤི་ཚེ་རིང་ན། །ས་དབུས་གཙང་དག་པའི་ཞིང་ཁམས་སུ། །སླར་མྱུར་དུ་འོང་བའི་སྨོན་ལམ་འདེབས། །མིའི་སྐྱེ་འཆི་འདི་ལ་ཁྲིགས་ཁྲིགས་མེད། །དུས་ད་ནས་ཚེ་འདིར་མ་མཇལ་ན། །ཚེ་ཕྱི་མར་དག་པའི་ཞིང་ཁམས་སུ། །ཀུན་མཇལ་ནས་བྲལ་བ་མེད་པར་ཤོག །ཅེས་བླངས་ནས། ད་ནི་བྱང་ཐང་ལ་སྐྱེལ་མི་དགོས། ཐམས་ཅད་འདི་ནས་ཁྲིགས་སེ་སྡོད་ལ། ང་ནམ་མཐོང་གི་བར་དུ་ལྟོས་ལ་ཡང་ཡང་མཇལ་བའི་སྨོན་ལམ་ཐོབས། ངས་ཀྱང་ཁྱེད་རྣམས་སེམས་ཀྱི་ཕུགས་ལ་བཞག་ནས་འགྲོ ད་དུང་མཇལ་བའི་སྐལ་བ་ཡོད་པས་སེམས་མ་སྡུག ང་ཡང་རང་ཡུལ་ལ་འགྲོ་བ་འདི་རེད་ཁྱེད་རྣམས་ཀྱང་རེ་ཞིག་གི་བར་དུ་རང་རང་གི་ཡུལ་ཕྱོགས་ཀྱི་རི་ཁྲོད་རྣམས་སུ་སོང་ལ་སྒྲུབ་པའི་རྒྱལ་མཚན་ཚུགས་དང་། བླ་མའི་ཞབས་ཏོག་ཕ་མའི་དྲིན་གཟོ་སེམས་ཅན་གྱི་འགྲོ་དོན་དེ་ཀ་ཡིན་པས། ཀུན་གྱིས་མ་བརྗེད་པར་སེམས་ལ་ཟུངས་ཞེས། འབྲལ་མི་ཕོད་བཞིན་དུ་བྲལ་ནས་འོང་དུས། བླ་མ་སྦྱིན་པ་ནོར་བུས་འགོ་བྱས་སློབ་མ་དེར་འཚོགས་པ་རྣམས་ཀྱི་ནང་ནས་མཆི་མ་མི་གཏོང་བ་གཅིག་ཀྱང་མི་འདུག འགའ་རེ་སྐད་ཆེན་པོས་ངུ་བ་ཡང་འདུག ངས་ཀྱང་

p. 851

ཕྱི་མིག་མང་པོ་ལྟ་བཞིན་འོང་བའི་དུས། ཐམས་ཅད་ས་དེ་ནས་ཡར་ལ་ལངས་ནས་སྨུག་ཕུང་ངེ་འདུག་པ་མཐོང་བས་འགྲོ་མ་ཕོད་པར་ཁ་ཕྱིར་ཕྱོགས་ཏེ་རེ་ཞིག་བསྡད་ནས་ཚུར་ལོག་འོངས་པས་མ་མཐོང་བ་དང་ལྷག་པར་འདུག་རྒྱུ་ཞིག་བྱུང་། ཁོང་རྣམས་ཀྱིས་ཀྱང་ནམ་མཐོང་གི་བར་དུ་མིག་ནས་མཆི་མ་གཡོ་བཞིན་དུ་བསྡད་ནས། མ་མཐོང་ཚེ་ལྷག་པར་དུ་མཆི་མ་མང་པོ་ཞིག་གཏོང་བཞིན་སོ་སོའི་གནས་སུ་རིམ་པ་བཞིན་དུ་སོང་ངོ་། །དེ་ནས་ནགས་ཆུ་ཁ་པ་དང་། མཚོ་མོ་ར། སྡེ་དགེ་རི་ཤོར་བ་རྣམས་ཀྱི་ཡུལ་དུ་སོང་ནས་འགྲོ་དོན་བྱས་པས། རྟ་མཛོ་ཁལ་མ་བཞི་བཅུ་དང་མར་ལྟང་མང་པོ་ཕུལ་བྱུང་། གང་ཡོད་ཐམས་ཅད་ཁལ་མ་དེ་རྣམས་ལ་བཀལ་ནས། གཞུང་གི་གོས་སྒྲུབ་པ། ཟི་ལིང་སྒར་དཔོན། ཚོང་དཔོན་མང་པོ་དང་འགྲོགས་ཏེ་བྱང་ལམ་རིང་མོ་བཅད་ནས་ཡོང་། འབྲི་ཆུའི་ཐག་ཉེར་སླེབས་པའི་ཚེ། མགོ་ལོག་གི་ཇག་པ་སྟོང་ཕྲག་ལྷག་ཙམ་ཞིག་བྱུང་ནས། ངེད་རྣམས་དང་ཚོང་དཔོན་གཞན་ཐམས་ཅད་སྡེབ་གཅིག་ལ་བླངས་སོ། །རྒྱུ་མཚན་བཤད་སྐྱབས་མགོན་པཎ་ཆེན་རྒྱལ་ཚབ་རྣམ་གཉིས་ཀྱི་བཀའ་ཤོག་བསྟན་པས། སྒར་དཔོན་གོས་སྒྲུབ་པ་ངེད་གསུམ་གྱི་རྟ་མཛོ་ཁལ་དང་བཅས་པ་ཕྱིར་སྤྲད་བྱུང་། ཚོང་དཔོན་གཞན་རྣམས་ཀྱི་ཁལ་མ་བླངས་དོ་པོ་ཐམས་ཅད་བཤིགས་ནས་རྣམ་ཐེར་སོགས་ནོམ་པ་རྣམས་བླངས། སྐུ་གསུང་ཐུགས་རྟེན་དང་བྱིན་རྟེན་རིལ་བུ་

p. 852

རྣམས་ས་ལ་ཕོ་ནས་ཇག་པ་རྣམས་སོང་ངོ་། །འབྲི་ཆུ་རྒྱས་ནས་མ་ཐར་བར་ཟླ་བ་གཅིག་དང་ཞག་བཅུ་ཙམ་སྡོད་དགོས་བྱུང་། དེའི་བར་ལ་ཤོར་མ་བདུན་ཅུ་རྩ་གསུམ་ཙམ་ལ་ངས་རྩོམ་ཐུག་རེ་བྱིན། ཤ་འདྲ་ཟོས་ནས་བསྡད་ཀྱང་། བྲོ་ཁ་ཚར་སོང་ན་ཤོར་མ་ཐམས་ཅད་མུ་གེས་འཆི་བ་ལ་སྙིང་རྗེ་ནས་བླ་མ་སྐལ་ལྡན་རིན་པོ་ཆེས་སྙིང་སྟོབས་ཆེན་པོས་ལུས་སྲོག་ལ་མ་བལྟས་པར་ཆུ་ལ་རབ་བཙལ་བའི་ཕྱིར་ཕེབས་ནས། ཆུ་ཆེ་བའི་རྐྱེན་བྱས་ཞིང་གཤེགས་པས་སེམས་ལ་སྐྱོ་བ་ཚད་ལས་འདས་པ་བྱུང་ནས་སྨྲེ་སྔགས་འདི་ལྟར་ཐལ་ལོ། །གདུལ་བྱ་རྟག་འཛིན་ཕྱི་བཤོལ་མཁན། །ཐམས་ཅད་ཆོས་ལ་བསྐུལ་བའི་ཕྱིར། །གཟུགས་སྐུ་མྱ་ངན་འདས་པའི་ཚུལ། །སྟོན་པ་རྣམས་ལ་གསོལ་བ་འདེབས། །སྔོན་དུས་སྟོན་པ་སངས་རྒྱས་ཀྱིས། །བདག་ཅག་ཆོས་ལ་བསྐུལ་བའི་ཕྱིར། །རྩྭ་མཆོག་གྲོང་ནས་གཤེགས་ཚུལ་བསྟན། །དེ་དུས་དགྲ་བཅོམ་གྲངས་མེད་གཤེགས། །ཤཱ་རིའི་བུ་དང་མོངྒལ་བུ། །གཤེགས་དུས་དགྲ་བཅོམ་གྲངས་མེད་གཤེགས། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས། །རྒྱ་བོད་མཁས་གྲུབ་རྣམས་ཀྱང་གཤེགས། །དམ་པ་གོང་མ་གཤེགས་ཤུལ་དུ། །ཆོས་རྒྱལ་ངག་གི་དབང་བོ་སོགས། །ཞལ་མཇལ་གསུང་ཐོས་བླ་མའི་རིགས། །གཤེགས་པའི་ཚུལ་བསམ་སྐྱོ་བ་སྐྱེས། །ཁྱད་པར་ལྷོ་བྲག་མར་པའི་སྲས། །དར་མ་མདོ་སྡེ་རྟས་འཕངས་ནས། །གཤེགས་དུས་ཁོག་པའི་སྙིང་ཐོན་བཞིན། །

p. 853

ཡབ་ཡུམ་ཐུགས་ཁྲལ་བྱུང་བ་ལྟར། །དེ་བཞིན་བླ་མ་རིན་པོ་ཆེས། །ཤོར་མ་ཐམས་ཅད་སྙིང་རྗེ་ནས། །ཆུ་ལ་རབ་ཅིག་ཨེ་རྙེད་ཕྱིར། །ཕེབས་པས་ཆུ་ཡིས་རྐྱེན་བྱས་གཤེགས། །ཀྱེ་ཧུད་ཡིད་བཞིན་ནོར་བུ་མཆོག །གློ་བུར་ཆུ་ལ་ཤོར་བ་ལས། །ལྷག་པའི་འགྱོད་པ་གཏིང་ནས་སྐྱེས། །མིག་ནས་མཆི་མ་ཆར་བཞིན་བབས། །དེ་ལྟར་ཐམས་ཅད་མི་རྟག་པའི། །ཚུལ་ལ་བསམས་ནས་ལྷ་ཆོས་བྱེད། །ལྷ་ཆོས་བྱས་པའི་བསོད་ནམས་ཀུན། །སྐལ་ལྡན་བུ་ལ་ཕན་ཕྱིར་བསྔོ། །དེ་མཐུས་བླ་མ་རིན་པོ་ཆེ། །མཁའ་སྤྱོད་ཞིང་དུ་སྐྱེ་བར་ཤོག །ཅེས་མྱ་ངན་ཆེན་པོ་བྱས། མིག་ནས་མཆི་མ་ཡང་ཡང་བཏང་བས་ཁོང་གི་ཐུགས་རྗེས་སྐུ་གཤེགས་པའི་འོག་ནས་ཆུ་ལ་རབ་ཅིག་བྱུང་། དེ་དུས་དབུས་ལ་ཡར་འགྲོ་བའི་སྦྲ་ནག་ཁག་གསུམ་གྱི་རང་གི་སྔར་གྱི་ཡོན་བདག་མང་པོ་འབྲི་ཆུའི་ཕར་ཁར་སླེབས་པ་ལ་སྐད་བཏང་བས། ནང་ནས་ཆུ་པ་མང་པོ་ཡོད་པ་རྣམས་ཀྱིས་མཛོ་རྟ་མང་པོ་ཁྱེར་ཡོང་ནས་ཤོར་མ་རྣམས་ལེན་རོགས་བྱས། ཐམས་ཅད་ཆུ་ཡི་ཕ་རོལ་ཏུ་ཉེས་སྐྱོན་མེད་པར་ཐོན། སྐུ་གཞོགས་རྙེ་ཐམས་ཅད་མཁྱེན་པ་དང་། བན་གསར་རིན་པོ་ཆེར་མཇལ། འཁྱམས་རུའི་ནོར་བུ་སོགས་སྦྲ་ནག་ཁག་གསུམ་གྱི་དད་ཅན་ཡོན་བདག་ཕོ་མོ་མང་པོར་འཕྲད་པས་དགའ་སྤྲོ་ཚད་ལས་འདས་པ་བྱུང་། ཉིན་གཅིག་བསྡད་ནས་ཚེ་དབང་བསྐུར་བྱིན་རྟེན་མང་པོ་བྱིན་པས། ཁོང་རྣམས་ཀྱིས་ཇ་མར་རྩམ་པ་ཁལ་

p. 854

རྒྱབ་བཅོ་བརྒྱད། དེ་རྣམས་འགེལ་བའི་ཁལ་རྟ་དང་བཅས་བྱིན་པས། ཤོར་མ་ཐམས་ཅད་མུ་གེས་མ་ཤི་བར་ཡུལ་དུ་ཐོན་པ་ཡོན་བདག་དེ་རྣམས་ཀྱི་བཀའ་དྲིན་ཡིན་སྙམ་པ་རྗེས་སུ་ཡང་ཡང་ཡིད་ལ་དྲན་པ་བྱུང་། དེ་ནས་མར་འོང་སྡེ་པ་གཞུང་གི་མཁན་པོ་ནང་སོ་ཚོང་དཔོན་ཡར་འགྲོ་རྣམས་ལ་ཐུག དེ་ཚོས་ཀྱང་ཇ་མར་རྩམ་པ་མང་པོ་བྱིན། དེ་རྣམས་ལ་བརྟེན་ནས་ཤོར་མ་བདུན་ཅུ་ལྷག་ཙམ་ཞིག་ལྟོ་གོས་ཀྱིས་བསྐྱངས་ནས་འོངས། སྒར་དཔོན་གྱིས་ཉིན་གཅིག་ཅོ་ནེའི་ཕྱོགས་ཀྱི་ཡིན་པའི་ལག་རྡོ་བ་ཞིག་བཞག་བཏང་བ་ངས་སྙིང་རྗེ་ནས་ལམ་བར་ནས་བསྡད་དེ། སློབ་བུ་གྲུབ་ཆེན་སྔ་དྲོ་གཅིག་གི་ལམ་དུ་ཕྱིར་སོང་ནས་ཁྱེར་འོང་། །ཐམས་ཅད་ཀྱིས་དཀའ་ལས་མང་པོ་མྱོང་བཞིན་དུ་འོངས། ཧ་ཐོའི་ལ་མགོ་ནས་མཚོ་སྙིང་མཐོང་བས། གནས་དེ་ན་སྔར་བཞུགས་པའི་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེ་དྲན་ནས་འདི་སྐད་ཅེས་སྨྲས། འདི་ཕྱིའི་གཏན་གྱི་སྐྱབས་མགོན་རྗེ། །མཚན་ལྡན་བླ་མ་རིན་པོ་ཆེ། །བདེ་བ་ཅན་གྱི་ཞིང་ཁམས་ནས། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །སྔོན་དུས་མཚོ་སྙིང་དབེན་པ་ན། །ཡོད་དུས་རང་ཡང་ན་སོ་གཞོན། །མཚན་ལྡན་བླ་མ་སྐུ་ཁམས་བཟང་། །དབུས་སུ་སོང་རུང་ཚེ་མཇུག་འདིར། །བླ་མ་ལན་ཅིག་མཇལ་ཡོང་སྙམ། །དབུས་གཙང་དག་པའི་ཞིང་དུ་སོང་། །ལོ་གྲངས་མང་པོར་མ་མཇལ་ཚེ། །སྐོམ་པ་རྣམས་ཀྱིས་ཆུ་འདོད་བཞིན། །བླ་མར་མཇལ་

p. 855

འདོད་སྙིང་ནས་སྐྱེས། །བྱང་ལམ་རིང་མོ་བཅད་ནས་འོངས། །དེ་རིང་མཚོ་སྙིང་མཐོང་ས་རུ། །སླེབས་དུས་བླ་མ་མི་བཞུགས་པར། །ཞིང་ཁམས་གཞན་དུ་གཤེགས་པ་ཐོས། །སྐྱོ་ཤས་ངེས་འབྱུང་སྙིང་རླུང་ལངས། །ད་ལྟ་བཞུགས་ན་དགའ་བ་ལ། །མཇལ་ནས་ཞབས་ཏོག་བྱེད་སྙིང་འདོད། །ཡུད་ཙམ་མཇལ་རུང་རབ་དགའི་ས། །ཐོབ་པ་ཙམ་གྱི་དགའ་སྤྲོ་ཡོང་། །ཀྱེ་ཧུད་བདག་ཅག་བསོད་ནམས་དམན། །དཔོན་སློབ་འཛོམ་པའི་དུས་མ་བྱུང་། །སྔོན་དུས་མཚོ་སྙིང་དབེན་པ་རུ། །བཞུགས་ཚུལ་དྲན་ནས་མཆི་མ་ཤོར། །།ཕྱོགས་དེར་ལྷ་ཕྱག་མང་པོ་བྱས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ནམ་ཞིག་འཆི་བ་བྱུང་དུས་སུ། །བླ་མ་ཁྱེད་ཀྱང་ལེགས་བྱོན་ལ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཐོགས་པ་མེད་པར་དྲང་དུ་གསོལ། །དག་པའི་ཞིང་ཁམས་མང་པོར་སོང་། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །མ་དག་འཇིག་རྟེན་ཁམས་འདིར་འོང་། །སེམས་ཅན་ཐམས་ཅད་འདྲེན་པར་ཤོག །ཅེས་སྨྲས་ནས་མཚོ་ཁར་འོང་ངལ་གསོས་ནས་བསྡད་ཚེ། ལྷ་རམས་པ་རྣམས་ཀྱིས་གཙོ་བྱས་སོག་ཕྱོགས་ཀྱི་ཤོར་མ་གྲྭ་པ་རྣམས་ཀྱིས་ཁྱེད་ཀྱི་ཐུགས་རྗེས་སྲོག་ཐར་པ་བྱུང་ཞེས་ཐམས་ཅད་དགའ་སྤྲོ་ཚད་ལས་འདས་པ་བྱུང་། བཀའ་དྲིན་གཏང་རག་ཏུ་དངུལ་ཕུལ་བ་རྣམས་ཕྱིར་བྱིན་ནས། རང་རང་སོ་སོའི་གནས་སུ་འགྲོ་ཁར་གཅིག་སེམས་གཅིག་ལ་འཕྲེང་

p. 856

ནས་མཆི་མ་མང་པོ་གཏོང་བཞིན་དུ་སོང་ངོ་། །མཚོ་སྔོན་པའི་ཁ་ནས། ཨ་རིག་གི་སློབ་མ་ཁྲོམ་ཚའི་གཅོད་པས་འགོ་བྱས་སྔར་ངོ་ཤེས་པའི་སློབ་མ་ཡོན་བདག་མང་པོར་ཕྲད་པས་སེམས་དགའ། གཅོད་པ་ལ་མཁར་རྡོ་རིན་པོ་ཆེའི་དགོངས་གཏེར་གྱི་ལྷའི་ཐང་ཀ་རྒྱབ་ན་ཡབ་སྲས་གཉིས་ཀའི་ཕྱག་ཐམ་ཡོད་པ་ཞིག་དད་རྟེན་དུ་བྱིན། ཨ་རིག་གི་ཐག་ཉེ་ན་སྡེ་དགེའི་འབྲོག་པ་ལྔ་བཅུ་ཙམ་འདུག་པས་ནང་དུ་བོས་ནས་སོང་བས་རྟ་མཛོ་འབྲི་གཡག་མང་པོ་ཕུལ། དེ་རྣམས་ལ་ན་བཟའ་བྱིན་རྟེན་མང་པོ་བྱིན། དེ་དུས་སློབ་བུ་གྲུབ་དབང་པདྨ་རང་གྲོལ་དང་ཁོང་གི་ཡབ་ཨ་ཀ་དཔོན་གཡོག་འགའ་ཞིག་ལ། དཔོན་ཚང་ཆིང་ཝང་རིན་པོ་ཆེ་ནས་འཚམས་ཞུས་ཡི་གེ་ཁ་བཏགས་བཅས་གནང་བ་ཁྱེར་ནས་མཚོ་སྔོན་པོའི་ཁར་འོང་ཀྱང་། ང་ཟི་ལིང་དུ་སོང་བ་དང་ཐུག་ནས་མ་མཇལ་ཚེ། ཕྱིར་ཕེབས་ནས་སྒོ་མེའི་ཕྱོགས་ན་བསྒུགས་ནས་བཞུགས་འདུག ང་དེ་དུས་སྟོང་སྐོར་བརྒྱུད་ནས་ཟི་ལིང་དུ་སོང་། ཨ་འབན་ལ་འཚམས་ཞུས་ཕུལ། ཐུགས་བརྩེ་བའི་སྒོ་ནས་ཁྱོད་ཀྱིས་ཤོར་མ་མང་པོ་མུ་གེས་འཆི་རུ་མ་བཅུག །ཟས་གོས་ཀྱིས་བསྐྱངས་ནས་འོང་བ་ཤིན་ཏུ་བཟང་དེ་ལ་ང་སེམས་དགའ་བ་ཡིན་གསུང་ཇ་གོས་སོགས་ཀྱི་བདག་རྐྱེན་བྱས། དེ་ནས་ཚུར་སྐུ་འབུམ་དུ་འོང་བླ་མ་ཁྲི་པ་ལ་མཇལ། བླ་མ་སྐལ་ལྡན་གྱི་དགོངས་རྫོགས་སུ་དམིགས་ནས་བླ་མ་ཡོད་ཚད་ལ་མཛོ་རྟ་ཁ་ཤས་ཕུལ་ནས་སྐྱབས་འཇུག་ཞུས། དགེ་འདུན་

p. 857

གྱི་སྡེ་ལ་མང་ཇ་དང་དོང་ཙེ་ཁྲོན་སུམ་བརྒྱའི་འགྱེད་བཏང་། གསེར་གདུང་རིན་པོ་ཆེ་ལ་བྱི་རུའི་ཕྲེང་བ་རིན་ཆེན་དུ་མའི་རྒྱུན་ལྡན་དང་། རྒྱ་དངུལ་སྲང་དྲུག་གི་དངུལ་ཀོང་། མར་མེ་བརྒྱ་མཆོད་བཅས་ཕུལ་ནས་བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་བཏབ། ཞག་པོ་བཅུ་གསུམ་ལ་ངལ་གསོས་ནས་བསྡད། ཕྱག་སྐོར་བ་ཁ་ཤས་བྱས། དེ་ནས་ཚུར་ནང་གི་རྡིས་ཚ་རུ་འོངས། སྔགས་པ་མང་པོས་ཞབས་ཏོག་བྱས། གྲུབ་དབང་པདྨ་རང་གྲོལ་དཔོན་གཡོག་འཁོར་བཅས་ལ་མཇལ། རྟ་གཅིག་མར་རྐྱལ་གཅིག་ཆིང་ཝང་གི་འཚམས་ཞུས་ཁ་བཏགས་དང་ཡི་གེ་རྣམས་བྱིན་པས་སེམས་དགའ་བ་བྱུང་། འཚམས་རྟགས་ལ་སྐུ་གསུང་ཐུགས་རྟེན་འཕེལ་གདུང་བྱིན་རླབས་རྟེན་གསུམ་ཁྱད་འཕགས་ན་བཟའ་སྟོད་འགགས་རིན་ཆེན་རྒྱུན་གྱིས་མཛེས་པའི་ཕྲེང་བ་རྣམས་ཕུལ། ཆིང་ཝང་རིན་པོ་ཆེ་ལ་སྐུ་གསུང་ཐུགས་རྟེན་སངས་རྒྱས་ཀྱི་འཕེལ་གདུང་། བྱི་རུ་ལྷ་རྫས་བཅས་ཕུལ་བས་ཐུགས་མཉེས། རྗེས་ནས་བཀྲ་ཤིས་འཁྱིལ་དུ་དངུལ་སྲང་ལྔ་བཅུ་མ་གཅིག་བསྐུར་བྱུང་། དེ་དུས་སྒོ་མེའི་ཕྱོགས་ཀྱི་མཇལ་བ་མང་པོ་རྨ་ཁར་འོང་། ཕྱུག་པོ་འགའ་ཞིག་གིས་རྟ་ཕུལ་བས། རྟ་གསུམ་ཇ་ནག་བཞི་ཁ་བཏགས་མང་པོ་བྱུང་། དེ་ནས་རྨ་ཆུའི་ཚུར་ཁར་འོངས། ཁྲི་ཀའི་ཇོ་བོའི་ལྷ་ཁང་ལ་མཇལ། མཆོད་འབུལ་བྱས་ཞག་ཁ་ཤས་བསྡད་པས། ཇོ་ཁང་ཁོར་

p. 858

ཡུག་ཀུན་ཁྲི་ཀའི་ཕྱོགས་ཀྱི་སྐུ་སེར་ཕོ་མོ་སྟོང་ཕྲག་མང་པོས་གང་བ་བྱུང་། དེ་རྣམས་ལ་མཇལ་ཁ་བཏང་། ཐུན་མོང་གི་ཆོས་བཤད་བྱས། རིགས་གསུམ་མགོན་པོ་དང་དམིགས་བརྩེ་མ། བཛྲ་གུ་རུ་ཚེ་གཟུངས་རྣམས་ཀྱི་ལུང་བྱས་པའི་མཇུག་ཏུ་མགུར་དབྱངས་འདི་བླངས་སོ། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདག་ཅག་རྗེས་འཇུག་ཡོངས་ལ་ཐུགས་རྗེས་གཟིགས། །དགེ་བའི་ཕན་ཡོན་སྙན་པའི་གླུ་རུ་ལེན། །ཁྱེད་རྣམས་མ་ཡེངས་དགའ་བའི་སེམས་ཀྱིས་ཉོན། །དཀོན་མཆོག་གསུམ་ལ་སྤོས་སམ་མེ་ཏོག་གཅིག །ཙམ་གྱིས་མཆོད་ཀྱང་མི་གཡོའི་ཞིང་དུ་སྐྱེ། །མར་མེ་ཕུལ་བས་ཕྱི་མར་གཟུགས་བྱད་མཛེས། །རབ་ཏུ་གསལ་བའི་ལྷ་མིག་འཐོབ་པར་འགྱུར། །དགེ་འདུན་རྣམས་ལ་འཁོར་གཡོག་ཕུལ་གྱུར་ན། །ཚེ་རབས་ཀུན་ཏུ་རྒྱལ་པོ་ཆེན་པོར་འགྱུར། །ཞིང་ས་ལོ་ཏོག་བཅས་ཏེ་ཕུལ་གྱུར་ན། །མཐོ་རིས་ལྷ་མཆོག་བདེ་བ་རབ་འཕེལ་འགྱུར། །ཕ་མ་བཀུར་ན་སྨད་པར་མི་འགྱུར་ལ། །ཕྱི་མ་མཐོ་རིས་གནས་སུ་འགྲོ་བར་འགྱུར། ཁ་ཟས་བྱིན་པས་ཚེ་རིང་མདོག་བཟང་ཞིང་། །སྟོབས་ལྡན་ཟས་ནོར་ལོངས་སྤྱོད་ཆེ་བར་འགྱུར། །བ ཏུང་བ་བྱིན་པས་དབང་བོ་ཀུན་ཚང་ཞིང་། །སྐོམ་དུས་བ ཏུང་བ་ཞིམ་པོ་འཐོབ་པར་འགྱུར། །གོན་པ་བྱིན་པས་གཟུགས་བཟང་ཁ་དོག་ལེགས། །ཚེ་རབས་ཀུན་ཏུ་གོས་བཟང་རྙེད་པར་འགྱུར། །བཞོན་པ་བྱིན་པས་རྫུ་འཕྲུལ་རྐང་བ་བཞི། །ཐོབ་ཅིང་གང་འདོད་ཞིང་དུ་འགྲོ་བར་འགྱུར། །

p. 859

བཞོན་མ་བྱིན་པས་སྟོབས་ཆེ་མདོག་བཟང་ཞིང་། །འོ་ཞོ་མར་སོགས་ལོངས་སྤྱོད་ཆེ་བར་འགྱུར། །གྲོག་ཚང་ཆེན་པོར་སྦྱིན་པ་བཏང་གྱུར་ན། །ཡུལ་གྲུ་ཆེན་པོའི་རྒྱལ་པོར་སྐྱེ་བར་འགྱུར། །ཆོས་ཀྱི་སྦྱིན་པ་བཏང་ན་མངོན་ཤེས་འཆར། །ཚེ་རབས་དྲན་ཞིང་མྱུར་དུ་སངས་རྒྱས་འགྱུར། །གྲུ་ཟམ་ལམ་ངན་བཅོས་ན་ཚེ་རབས་ཀུན། །བདེ་ནས་བདེ་བར་འགྲོ་ཞིང་ཀུན་གྱིས་བཀུར། །སྐུ་གསུང་ཐུགས་རྟེན་བཞེངས་ན་ཚེ་བསོད་རྒྱས། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་འགྱུར། །ཕྱག་སྐོར་བྱས་ན་ལུས་ཀྱིས་ནོན་ཚད་ཀྱི། །ས་རྡུལ་གྲངས་མཉམ་འཁོར་ལོས་བསྒྱུར་བར་སྐྱེ། །མ་ཎི་བཏོན་ན་ནད་མེད་སྐྱེ་བ་དྲན། །འཆི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར། །སྙིང་རྗེ་ཆེ་ན་ཚེ་རིང་ལྷ་ཆོས་འོང་། །ཞི་བར་མི་གནས་སེམས་ཅན་འདྲེན་པར་འགྱུར། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །དགེ་བ་བྱས་ནས་མྱུར་དུ་སངས་རྒྱས་ཤོག །ཅེས་བླངས་པས་དེར་འཚོགས་པའི་ཁྲོམ་ལྷ་མི་ཐམས་ཅད་རབ་ཏུ་དགའ་ཞིང་དད་པར་གྱུར། དེ་དུས་གནུབ་ཁམ་རའི་སྔགས་མང་གི་འཚམས་ཞུ་བ་བྱུང་ནས་ཇ་ནག་མང་པོ་ཕུལ། དེ་རྣམས་ལ་དད་རྟེན་དུ་དབུས་ཐང་ཞིག་ཕུལ། རང་གི་ཕ་ཡུལ་ཞོ་འོང་ལ་ཁའི་དཔོན་པོ་བཀྲ་ལོ་ཚེ་ལོ་རྣམས་ཀྱིས་གཙོ་བྱས་རྟ་བ་རྐང་ཐང་བརྒྱ་ཙམ་གྱི་བསུ་བ་བྱུང་། མཇལ་བས་ཐམས་ཅད་སེམས་དགའ་བར་གྱུར། དེ་ནས་ཡར་སོང་ཁྲི་

p. 860

ཀའི་ཡུལ་ལྷར་མཇལ། གོས་ཆེན་གསེར་དངུལ་གྱི་མཛུབ་དཀྲིས་གཉིས་གཡུ་བྱི་རུ་ཁ་ཤས་བཅས་ཕུལ། བསྟན་འགྲོ་ཡོངས་ལ་ཕན་པའི་འཕྲིན་བཅོལ་བྱས། འཇམ་མོའི་བླ་མ་ཆེ་ཆུང་གཉིས་དང་། སྐུ་གཞོགས་ཞབས་དྲུང་དཀར་པོ་རྣམ་གསུམ་ལ་མཇལ། སྐུ་གསུང་ཐུགས་རྟེན་འཕེལ་གདུང་བྱིན་རྟེན་ཁྱད་འཕགས་དང་། བླ་ཛབ་ཀྱི་གསོལ་ཅན་ཕྲེང་བ་བཅས་ཕུལ། ཆོས་འབྲེལ་ཞུས། །ཚུར་ལ་ཡང་ཁོང་རྣམས་ཀྱི་རྟ་གོས་ལ་སོགས་པའི་གསོལ་རས་བདག་རྐྱེན་མང་པོ་བྱུང་། དེ་ནས་ཁྲི་ཀའི་སྡེ་གཞུང་གི་དགོན་པ་རྣམས་ལ་མཇལ་བྱིན་རྟེན་ཕུལ། སྡེ་པའི་སྐྱེ་བོ་ཕོ་མོ་ལ་ཆོས་བ ཤད་བསྔོ་སྨོན་བཀྲ་ཤིས་བརྗོད་པས། དད་ཅན་རྣམས་ཀྱིས་ནས་དང་དོང་ཙེ་རས་ཁ་ཁ་བཏགས་ཕུལ་བ་ཁྲོན་སུམ་བརྒྱ་ལྷག་ཙམ་གྱི་རྩིས་བྱུང་བ་སྐུ་འབུམ་གྱི་འགྱེད་དོང་ཙེ་བསྐྱིས་པའི་ཚབ་ཏུ་སྤྲད། དེ་ནས་རིམ་གྱིས་རེབ་གོང་གསེར་མོ་ལྗོངས་སུ་འོང་། ཐང་ལ་ཁར་རོང་པོའི་དགོན་ཆེན་གྱི་ཤར་ཐམས་ཅད་མཁྱེན་པའི་ཕྱག་མཛོད་ནང་ཆེན་རྣམས་ཀྱི་རྟ་བསུ་བ་མང་པོ་འབྱོར། དེ་དང་འགྲོགས་ནས་རོང་པོའི་དགོན་ཆེན་དུ་འོང་། རོང་པོའི་ནང་དུ་སླེབས་པའི་ཉིན་པར་ནམ་མཁའ་ལ་འཇའ་ཚོན་མང་པོ་ཤར་བ་རྒྱ་བོད་གཉིས་ཀས་མཐོང་བས། རྟེན་འབྲེལ་ཡག་པོ་འདུག་ཅེས་དད་ཅན་ཐམས་ཅད་སེམས་དགའ་བ་བྱུང་། དེ་ནས་བདག་གིས་ཐོག་མར་སྐུ་གཞོགས་ཤར་ཐམས་ཅད་མཁྱེན་པ་རིན་པོ་

p. 861

ཆེར་མཇལ། ན་བཟའ་ཆ་ཚང་། ཁྲི་སྙན་ས་ལེའི་པགས་པ་རྭ་གཉིས་དང་བཅས་པ། གསེར་ཟངས་ཀྱི་ཚེ་བུམ་ཚེ་དཔག་མེད་ཀྱི་ཁ་རྒྱན་ཅན། གནས་བརྟན་བཅུ་དྲུག་གི་དབུས་ཐང་སྤུས་གཙང་གསུམ། གསུང་འབུམ་སྣ་ཚོགས་ཀྱི་པོ་ཏི་བརྒྱད་ཅུ་གྱ་བརྒྱད། རྟ་གཅིག་དྲེའུ་གཅིག་གཡག་ཉི་ཤུ་རྩ་ལྔ་སྒ་དང་བཅས་པ་ཕུལ། རིགས་གསུམ་མགོན་པོ་དང་ཚེ་གཟུངས་ཡོན་ཏན་གཞི་གྱུར་མ་རྣམས་ཀྱི་ཆོས་འབྲེལ་ཞུས། རྩ་བའི་བླ་མ་གཙུག་གི་ནོར་བུ་རུ་བཀུར། གཞན་ཡང་མཁན་ཆེན་སྤྲུལ་སྐུ་དང་། གཡེར་གཤོང་སྤྲུལ་སྐུ། རོང་པོ་ཚང་། སྐུ་གཞོགས་བསམ་འགྲུབ། བྱང་རྩེ་ཚང་། རྫོང་དཀར་ཆེ་ཆུང་། བདེ་ཆེན་ཆེ་ཆུང་སོགས་རོང་པོའི་བླ་མ་ཐམས་ཅད་ལ་མཇལ། ཆོས་འབྲེལ་ཞུས། ནང་ཆེན་ཐམས་ཅད་ལ་གཡག་སྒ་དང་བཅས་པ་རེ་ཕུལ། དགོན་པའི་གྲྭ་པ་རྣམས་ལ་ཇ་ལན་ཆེན་བཅུ་ཡིས་འགྱེད་མང་ཇ་བཏང་། དེ་དུས་རེབ་གོང་གི་བླ་མ་དཔོན་པོ་སྐྱ་སེར་ཕོ་མོ་ཁྲི་ཕྲག་མང་པོ་མཇལ་དུ་བྱུང་། ཉི་མ་མང་པོར་མཇལ་ཁ་བཏང་བའི་སྐབས་སུ་དད་ཅན་གྱི་བླ་མ་དཔོན་པོ་ཕལ་ཆེར་གྱིས། ཁྱེད་དང་པོ་ཕ་ཡུལ་ནས་ཕེབས་ནས་བཟུང་ད་བར་དུ། གནས་ཆེན་གང་ལ་ཕེབས། བླ་མ་དང་རྟེན་ཁྱད་པར་ཅན་ཇི་ཙམ་ལ་མཇལ། ལྟད་མོ་ཅི་འདྲ་གཟིགས། ངེད་རྣམས་ལ་དེ་རིང་རྒྱས་པ་ཞིག་གསུང་དགོས་ཟེར་བའི་ལན་དུ། རང་གིས་གནས་ཆེན་རྣམས་འགྲིམས་ནས་

p. 862

ཉམས་ལེན་བྱས་ཚུལ། བླ་མ་དང་རྟེན་མང་པོར་མཇལ་ཞིང་། ས་ཆ་ཡུལ་ཕྱོགས་ཀྱི་མི་ཡི་ཆ་ལུགས་མི་གཅིག་པ་མང་པོ་མཐོང་ཚུལ་རྣམས་རྒྱས་པར་བཤད་པའི་མཇུག་ཏུ་མདོར་བསྡུས་ཏེ་ཚིགས་སུ་བཅད་ནས་སྨྲས་པ། །བླ་མ་རྣམས་ལ་གསོལ་བ་འདེབས། །བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །དང་པོ་སྐྱེས་པའི་ཕ་ཡུལ་ནས། །ཐོན་ཏེ་རྡོ་བིས་དགོན་པར་སོང་། །ཡོངས་འཛིན་ཨ་རིག་དགེ་བཤེས་མཇལ། །མདུན་ནས་དགེ་སློང་སྡོམ་པ་བླངས། །ཚུལ་ཁྲིམས་ཆོས་ཀྱི་རྩ་བར་གོ །དགོངས་བསྲུང་འདུལ་བའི་ནང་བཞིན་བྱས། །དེ་ནས་སོག་པོའི་ཡུལ་དུ་སོང་། །ཆོས་རྒྱལ་ངག་གི་དབང་བོར་མཇལ། །མདོ་སྔགས་ཟུང་འབྲེལ་གདམས་པ་ཐོབ། །སྡོམ་གསུམ་མིག་གི་འབྲས་བཞིན་བསྲུངས། །དེ་ནས་རྩེ་གཞུང་དབེན་པར་སོང་། །ལོ་ལྔའི་བར་དུ་ཉམས་ལེན་བྱས། །ཆོས་རྒྱལ་ཡབ་ཡུམ་བཀའ་དྲིན་གྱིས། །སྐྱིད་ཅིང་ཉམས་རྟོགས་གོང་འཕེལ་བྱུང་། །དེ་ནས་མཚོ་སྙིང་དབེན་པར་སོང་། །ལོ་གསུམ་བར་དུ་ཉམས་ལེན་བྱས། །ཉམས་དང་རྨི་ལམ་གནས་སྐབས་སུ། །བླ་མ་ལྷ་ལས་ཆོས་ཉན་ཐོས། །བྱ་རིགས་མི་འདྲ་བདུན་ཙམ་གྲགས། །ཉམས་དགའ་སྣང་བ་སྤྲོ་བ་བྱུང་། །དེ་ནས་རྨ་ཆེན་གངས་ལ་སོང་། །ཟླ་བ་དགུ་ལ་ཉམས་ལེན་བྱས། །དངོས་སམ་ཉམས་དང་རྨི་ལམ་ལ། །ལྷ་ཡི་ཞལ་གཟིགས་མང་པོ་བྱུང་། །

p. 863

ཚུར་ལམ་སྟབས་ཀ་ཡག་པོ་ཞིག །འཕྲོད་ནས་འབྲོང་ལ་ཞོན་རྒྱུ་བྱུང་། །དེ་ནས་བྲག་དཀར་སྤྲེལ་རྫོང་སོང་། །ཟླ་བ་དྲུག་ལ་ཉམས་ལེན་བྱས། །གནས་དེའི་ནང་གི་བྲག་ངོས་ཀྱི། །རང་བྱུང་ལྷ་སྐུ་མང་པོར་མཇལ། །སྦྲ་ནག་ཁག་གསུམ་ཡོན་བདག་གིས། །མཐུན་རྐྱེན་ཆར་བཞིན་ཕབ་པ་བྱུང་། །ཨ་མ་ཤི་བས་རྐྱེན་བྱས་ནས། །དབུས་གཙང་དག་པའི་ཞིང་དུ་སོང་། །ལྷ་ལྡན་ཇོ་བོ་རྣམ་གཉིས་མཇལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། །རྒྱལ་བ་རིན་པོ་ཆེ་ལ་མཇལ། །ཕྱག་ན་པདྨོ་དངོས་སུ་མཐོང་། །རྒྱལ་བའི་ཕོ་བྲང་པོ་ཏ་ལ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ལྷ་ལྡན་མི་ཡི་རྒྱན་གོས་མཛེས། །ལྷ་ཡི་ཆས་དང་འདྲའམ་སྙམ། །སྨོན་ལམ་ཚོགས་མཆོད་ཆེན་མོ་ཡི། །ངོ་མཚར་ལྟད་མོ་སྣ་ཚོགས་མཐོང་། །དེ་ནས་ཕྱག་མཆོད་ཞིང་གི་མཆོག །དགའ་ལྡན་གསེར་གདུང་ཆེན་མོར་མཇལ། །རྒྱལ་བ་བློ་བཟང་གྲགས་པ་ལ། །དངོས་སུ་མཇལ་འདྲའི་སྣང་བ་ཤར། །དེ་ནས་དཔལ་གྱི་བསམ་ཡས་སོང་། །དབུ་རྩེ་རིགས་གསུམ་སོགས་ལ་མཇལ། །མཁན་སློབ་ཆོས་གསུམ་སྐུ་དྲིན་དྲན། །དཔག་ཏུ་མེད་པའི་དད་པ་སྐྱེས། །བསམ་ཡས་མདོ་སྡེ་མཆོད་པ་ཡི། །ངོ་མཚར་ལྟད་མོ་སྣ་ཚོགས་མཐོང་། །དེ་ནས་ཙཱ་རི་རོང་བསྐོར་དུ། །སོང་བས་སྐྱིད་སྡུག་གཉིས་ཀ་མྱང་། །གློ་བ་འགའ་རེའི་རྣ་བ་ལ། །ཏིང་ཤགས་བཏགས་

p. 864

པ་མཐོང་ནས་བགད། །ཙཱ་རིའི་ཕོ་བྲང་གཡུ་མཚོ་དེ་གཡུ་ཡི་མཎྜལ་བཤམས་པ་འདྲ། །གྲུབ་ཆེན་རྣམས་ཀྱིས་རས་རྐྱང་མནབས། །གངས་ཁྲོད་ཞག་གིས་བཞུགས་པ་མཐོང་། །གནས་དེར་ལོ་གཅིག་ཉམས་ལེན་བྱས། །ཉམས་སྣང་རྣམ་པ་སྣ་ཚོགས་བྱུང་། །ཚུར་ལམ་དྭགས་ལ་སྒམ་པོར་འོང་། །དྭགས་པོ་ལྷ་རྗེའི་གདན་སར་མཇལ། །བཀའ་བརྒྱུད་གོང་མའི་རྣམ་ཐར་དྲན། །གནས་དེར་ཟླ་བ་བཞི་ཙམ་བསྡད། །དེ་ནས་བཀྲ་ཤིས་ལྷུན་པོར་སོང་། །པཎ་ཆེན་རིན་པོ་ཆེ་ལ་མཇལ། །བདེ་ལྡན་ཞིང་མགོན་དངོས་སུ་མཐོང་། །གཙུག་ལག་ཁང་གི་རྒྱ་ཕིབས་རྣམས། །གསེར་གྱི་ཉི་མ་ཤར་བ་འདྲ། །དེ་འདྲའི་དགོན་ཆེན་སྐྱིད་པོ་ཞིག །འཇིག་རྟེན་ཁམས་ན་དཀོན་པར་གདའ། །དེ་ནས་སྟོད་ཀྱི་ཕྱོགས་སུ་སོང་། །ཇོ་བོ་དངུལ་སྐུ་མཆེད་གསུམ་མཇལ། །སྤུ་ཧྲེངས་མི་རྣམས་ཆོས་དད་ཆེ། །མཐུན་རྐྱེན་སྟེར་མཁན་མང་པོ་བྱུང་། །དེ་ནས་གངས་དཀར་ཏེ་སེར་སོང་། །ལོ་གསུམ་བར་དུ་མཚམས་ལ་བསྡད། །བུག་སྒོར་བསྡད་ནས་ཆོས་བཤད་བྱས། །རང་གཞན་དོན་གཉིས་འགྲུབ་པ་བྱུང་། །གངས་དཀར་ཏེ་སེ་ཞེས་བྱ་དེ། །དཔེར་ན་ཤེལ་གྱི་མཆོད་རྟེན་འདྲ། །ས་དེར་གསེར་གྱི་ཐོན་ཁུངས་དང་། །ཀ་ར་བུ་རམ་མང་པོ་གདའ། །དེ་ནས་གློ་ཡི་ཡུལ་དུ་སོང་། །ཆུ་མིག་བརྒྱ་རྩ་ཞེས་བྱར་མཇལ། །ཆུ་དང་ས་རྡོའི་ཁོང་གསེང་ནས། །རྒྱུན་དུ་མེ་ཞིག་འབར་བ་མཐོང་། །དེ་ནས་བལ་བོད་ས་མཚམས་སོང་། །རང་བྱུང་ཝ་ཏི་བཟང་པོར་མཇལ། །

p. 865

འཕགས་པ་དེ་ཡི་བྱིན་རླབས་ཀྱིས། །ས་དེའི་མི་རྣམས་སྐྱིད་པར་སྣང་། །དེ་ནས་བལ་ཡུལ་མཐིལ་དུ་སོང་། །མཆོད་རྟེན་ཆེན་པོ་རྣམ་གཉིས་མཇལ། །དགུན་ཡང་སྔོ་ལྗང་མེ་ཏོག་བཀྲ། །ཉམས་དགའ་ལྷ་ཡི་ཡུལ་དང་འདྲ། །སྣ་ལ་གསེར་གྱི་ཨ་ལོང་གི །རྒྱུན་གྱིས་མཛེས་པའི་བུད་མེད་མཐོང་། །དེ་ནས་ལ་ཕྱི་གངས་ལ་སོང་། །ལོ་གསུམ་བར་དུ་ཉམས་ལེན་བྱས། །ལྷ་དང་ཌཱཀྐིའི་བྱིན་རླབས་ཀྱིས། །གནས་དེར་འཇའ་སྤྲིན་སྣ་ཚོགས་མཐོང་། །དེ་ནས་སླར་ཡང་དབུས་སུ་ཡོང་། །སྔར་བཞིན་བླ་མ་རྟེན་ལ་མཇལ། །འགྲོ་དོན་བྱས་པས་རང་དོན་ཡང་། །དེ་ཡི་ཞོར་ལ་འགྲུབ་པ་བྱུང་། །དེ་ནས་མདོ་ཁམས་སྨད་འདིར་འོངས། །ད་རེས་བཀྲ་ཤིས་ཆོས་མཐུན་སྒོས། །ཐམས་ཅད་མཇལ་བའི་དགའ་སྟོན་ལ། །གཏམ་སྙན་མང་པོ་ཕུལ་བ་ལགས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ཤིང་། །ཀུན་ཀྱང་ཆོས་ལ་སྤྱོད་པར་ཤོག །ཅེས་སྟོད་དབུས་གཙང་སོགས་ཀྱི་གཏམ་སྙན་བརྗོད་པས་ཐམས་ཅད་དགའ་མགུ་ཡི་རང་བར་གྱུར་ཏོ། །དེའི་སྐབས་སུ་སྐུ་གཞོགས་དམག་གསར་རིན་པོ་ཆེ་སྐུ་སྙུང་ནས་གཤེགས་ལ་ཉེ་བ་དང་མཇལ་དུ་སོང་། མཇལ་བའི་རྗེས་སུ་ཐུགས་མཉེས་བཞིན་དུ་གཤེགས་སོང་བས་སེམས་སྐྱོ་བ་ཚད་ལས་འདས་པ་བྱུང་། རྟ་མཛོ་གཉིས་བིས་དཀར་ཆེན་པོ་

p. 866

གཅིག་གོས་དར་བཅས་ཕུལ་བ་ལ། ཐུགས་དགོངས་རྫོགས་པའི་བསྔོ་སྨོན་བྱས་ཐམས་ཅད་ལ་སེམས་གསོ་བཏང་། དགོན་པའི་བདག་པོ་བྱས། དེ་ན་གྲུབ་དབང་ནམ་མཁའ་རིན་པོ་ཆེ་དང་། རྒོད་རྩེ་སྤྲུལ་པའི་སྐུ་གཉིས་བཞུགས་པ་དང་མཇལ། རང་གི་སྔར་གྱི་བུ་ཆེན་ཨ་ལགས་བདེ་ཆེན་གྱིས་ནང་དུ་བོས། སྐུ་གསུང་ཐུགས་རྟེན་ཐེག་ཆེན་གན་དྲིལ། རྟ་ནོར་ལྔ་རས་ཆེན་བརྒྱ། ཁ་བཏགས་བརྒྱ་དང་བཅས་ཏེ་ཕུལ། བསྔོ་སྨོན་བྱས་ནས་བླངས། དེ་ནས་གོའུ་སྡེ་ཕུའི་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་སྒྲུབ་གནས་བཀྲ་ཤིས་ཉམས་དགའ་རུ་སོང་ནས་ཞག་ཤས་བསྡད། དེ་དུས་གླིང་རྒྱའི་སྡེ་པ་གསུམ་དང་། འཇམ་སྨད་པ་སྡེ་བདུན་འཁྲུགས་ནས་མེ་འབར་འབར་དང་ཆུ་ཁོལ་ཁོལ་བྱས། མི་བཅོ་བརྒྱད་ཙམ་བསད་སོང་བ་གོ་ཚེ་མར་སོང་ནས། ཐམས་ཅད་ལ་བྱིན་རླབས་བྱས་པས་གྱོད་འདྲེ་དང་བསམ་ངན་སྦྱོར་རྩུབ་ཐམས་ཅད་རང་སར་ཞི་བ་བྱུང་། ཆོས་དང་འཇིག་རྟེན་གྱི་གཏམ་བཤད་ནས་བསྒྲིགས་པས་བར་སྐབས་ཤིག་སྐུ་ཚབ་ལ་དཔོན་ཚང་བཀྲ་ལོ་བཞག་ནས། བདག་ཅག་དཔོན་སློབ་རྣམས་ཤེལ་དགོན་དུ་སོང་ནས་སྐུ་གཞོགས་ཆུ་དམར་རིན་པོ་ཆེར་མཇལ། སྐུ་གསུང་ཐུགས་རྟེན་ཕུལ་ནས་ཆོས་འབྲེལ་ཞུས། ཁོང་གིས་བདག་ཐག་རིང་གི་མགྲོན་པོ་རུ་དགོངས་འཚོ་ཆས་གང་དགོས་གནང་། འགྲོ་དུས་དྲེའུ་གཅིག་རིས་མང་པོ་དང་གོས་དར་བཅས་གནང་བ་བྱུང་། དེ་ནས་ཡང་མར་སོང་ནས་གྱོད་བསྒྲིགས་པས་མི་མང་པོའི་སྲོག་བཤོལ་

p. 867

བ་བྱུང་། གསེར་ཁའི་ཆུ་ལ་ཆད་འགྲུམ་ཆེ་བས་ཆུའི་ཐོག་ནས་ནང་འཐབ་མང་པོ་འཆོར་བ་ལ་བྱིན་རླབས་བྱས་པས། དེའི་ལོ་ནས་བཟུང་ཆུ་ཆེར་སོང་རྒྱུན་འཆད་མེད་པ་བྱུང་། ས་དེར་སྔར་མེད་པའི་རྩི་ཤིང་ནགས་ཚལ་ན་མང་པོ་འབད་རྩོལ་མེད་པར་རང་བཞིན་ཤུགས་ཀྱིས་རྒྱས་པས་མི་ཐམས་ཅད་དད་པ་ལྷག་པར་སྐྱེས་གྲུབ་རྟགས་རེད་ཟེར། དེ་ནས་བཟུང་སྟེ་ཆུའི་ཐོག་ནས་འཐབ་རྩོད་བྱས་མི་གསོད་པ་གཏན་ནས་བྱེད་མ་དགོས་པ་བྱུང་ངོ་། །དེ་ནས་ལམ་དཀར་པོ་གྱེན་བརྒྱུད་ནས་ཞོ་འོང་ལ་ཁའི་རང་གི་ཕ་ཡུལ་གཉན་རྒྱ་རུ་སོང་། སྲིང་མོ་གཉིས་དང་ཚ་བོ་ཤ་ཉེ་ཡུལ་མི་རྣམས་ལ་འཕྲད་པས་ཐམས་ཅད་ཀྱི་སེམས་ལ་དགའ་སྤྲོ་ཚད་ལས་འདས་པ་བྱུང་། སྡེ་བའི་སྤྱི་ཐོག་ནས་སྟོན་མོ་རྒྱ་ཆེན་པོ་བཏང་བའི་རྗེས་སུ་ཐམས་ཅད་ཀྱིས་ནང་དུ་བོས། རྟ་ནོར་བཅོ་བརྒྱད་ནས་དོ་པོ་བཞི་བཅུ་ཙམ་ཕུལ། དེ་ནས་སྔོན་ཨ་མ་སྡོད་སའི་ཁང་བ་སྟོང་པའི་ཤུལ་དུ་སོང་ནས་བལྟས་པས། གྲུ་ཁ་ཞིག་ན་ཁང་ཆུང་ཞིག་གི་ནང་ནས་གྲིབ་ཀྱིས་ཟིན་པའི་ནད་མ་ཞིག་ལས་མི་འདུག་པས། ནད་མས་ང་མཐོང་བ་དང་སེམས་སྡུག་ནས་དུས། ངས་མོ་ཡང་སྙིང་རྗེ་ཞིང་། སྔོན་མ་རྒན་མོ་ཡོད་ཚུལ་ཡིད་ལ་ཤར་ནས། ད་ལྟ་མ་མེད་ན་མེད་མོད་དེ། མ་སྡོད་སའི་ཁང་བ་ཡང་ཞིག་ནས་མི་འདུག་སྙམ་མཆི་མ་ཤོར། དེ་དུས་ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་ཅན་རེད་སྙམ་སྐྱོ་མགུར་འདི་བླངས་སོ། །

p. 868

བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །ཨ་མ་རིགས་དྲུག་གར་གནས་ཀྱང་། །བདེ་ཆེན་དག་པའི་ཞིང་དུ་དྲོངས། །བུ་ང་ཡུལ་ན་ཡོད་དུས་སུ། །རང་ཡང་ན་སོ་གཞོན་པར་གདའ། །ཨ་མ་རང་ཡང་རྒན་མོ་མིན། །ཡུལ་ཕྱོགས་གཞན་དུ་སོང་ན་ཡང་། །ད་དུང་འཇིག་རྟེན་དཀར་ངོགས་འདིར། །མ་ལ་ལན་ཅིག་འཕྲད་ཡོང་སྙམ། །དྲིན་ཅན་ཨ་མ་ཡོད་དུས་སུ། །བུ་ང་ཐག་རིང་ཡུལ་ལ་སོང་། །བུ་ང་ཡུལ་དུ་སླེབས་པའི་དུས། །ཨ་མ་འཇིག་རྟེན་ཕྱི་མར་སོང་། །མ་བུ་འཛོམ་པའི་དུས་མ་བྱུང་། །བསམ་ཞིང་ཨ་མ་དྲན་ནས་བྱུང་། །ད་ལྟ་ཡོད་ན་དགའ་བ་ལ། །མ་བུ་ཕྱོགས་གཅིག་འཛོམ་སྙིང་འདོད། །ཡུད་ཙམ་འཛོམ་རུང་ཤི་གསོན་གཉིས། །ཐུག་པ་ལྟ་བུའི་དགའ་སྤྲོ་ཡོང་། །ཀྱེ་ཧུད་འཁོར་བའི་ཆོས་རྣམས་ལ། །མི་རྟག་མི་བརྟན་སྙིང་པོ་མེད། །ཨ་མ་མེད་ན་མེད་མོད་ཀྱང་། །སྡོད་སའི་ཁང་བ་ཡན་ཆད་མེད། །མ་དང་ཁང་བ་གཉིས་ཀ་ཡིས། །མི་རྟག་སྒྱུ་མའི་བརྡའ་ཆོས་བསྟན། །དེ་ལ་བསམས་ནས་རྣལ་འབྱོར་ངའི། །སེམས་ལ་སྐྱོ་བ་གཏིང་ནས་སྐྱེས། །སྙིང་པོ་མེད་པའི་བྱ་བ་སྤངས། །སྙིང་པོའི་ལྷ་ཆོས་བྱེད་སྙིང་འདོད། །ལྷ་ཆོས་བྱས་པའི་འབྲས་བུ་ཡིས། །ཕྱི་མར་དག་པའི་ཞིང་ཁམས་སུ། །མ་བུ་ལྷན་ཅིག་འཛོམས་ནས་ཀྱང་། །དགའ་སྤྲོའི་གླེང་མོ་བྱེད་བཞིན་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སེམས་ཅན་ཐམས་ཅད་འདྲེན་པར་ཤོག །ཅེས་བླངས་པས་སྐྱོ་བ་གཏིང་ནས་སྐྱེས།

p. 869

ཡུལ་གྱི་ཁོ་ཐག་ཆོད། རང་ཡང་ནམ་ཞིག་ལ་ཤི་འགྲོ་ཅི་ཤེས་སྙམ་དགེ་ཕྱོགས་ལ་བརྩོན་པ་ཆེར་སོང་། རྗེས་སུ་ནད་མ་དེ་ཤི་བ་དང་། ནང་དུ་ལྷ་ཁང་བརྒྱབ་མཆོད་རྟེན་བཞེངས། མ་ཎི་ཆོས་འཁོར་བསྐོར་ནས་དགེ་བའི་རྒྱུན་བཙུགས་པས། ཡུལ་མི་རྣམས་ཀྱིས་ཀྱང་། ནངས་ནུབ་ཀུན་ཏུ་ཕྱག་སྐོར་མཆོད་འབུལ་མ་ཆག་པ་བྱུང་། དེ་ནས་དབེན་གནས་བཀྲ་ཤིས་འཁྱིལ་དུ་འོངས། དགོན་པའི་ས་བདག་ཞོ་འོང་བླ་མ་ཆེ་ཆུང་། དཔོན་པོ་ནོར་བུ་སོགས་སྡེ་བའི་སྐྱེས་ཕོ་མོ་ཐམས་ཅད་ཡར་ལ་མཇལ་དུ་འོང་། ཐུགས་རྗེ་ཆེན་པོའི་དབང་ཞུས། དེའི་ཉིན་ནམ་མཁའ་འཇའ་འོད་ཀྱིས་གང་བ་མཐོང་ནས་ཐམས་ཅད་ཀྱི་དད་པ་གོང་འཕེལ་དུ་གྱུར། ཇ་མར་རྩམ་པ་སོགས་མཐུན་རྐྱེན་གང་དགོས་ཕུལ། དེ་དུས་རྟོགས་པ་མཆོག་ལྡན་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་པ་མཆེད་གྲོགས་མཆོག་ལྡན་གྱིས། ཁོ་ལ་སེམས་ངོ་སྐྱོང་ཚུལ་གྱི་ཞལ་གདམས་ཉུང་ལ་འདུས་པ་ཞིག་གསུང་དགོས་ཞེས་བསྐུལ་ངོར་འདི་སྐད་ཅེས་སྨྲས། ཨ་ཁུ་མཆོག་ལྡན་མ་ཡེངས་པར་ཉོན་ཅིག རང་ལུས་སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ངོ་བོ་གདོད་ནས་སྟོང་པ་ནམ་མཁའ་ལྟ་བུ་ཡིན་པ་ལ། རྣམ་པ་ལས་བཟང་ངན་གྱིས་རྒྱུ་རྐྱེན་སྣ་ཚོགས་པ་བསྒྲིགས་པས་རྟེན་འབྲེལ་ལ་བརྟེན་ནས། དཔེར་ན་ནམ་མཁའི་འཇའ་ཚོན་ཆུ་ནང་གི་ཟླ་བ་

p. 870

མེ་ལོང་ནང་གི་གཟུགས་བརྙན་བཞིན་མེད་བཞིན་དུ་སྣང་སྣང་བཞིན་དུ་སྟོང་། སྣང་སྟོང་སྒྱུ་མའི་རྣམ་རོལ་འདི་ཐམས་ཅད། རང་གི་སེམས་ཀྱིས་བྱས། སེམས་སུ་སྣང་། སེམས་ཀྱི་དབྱིངས་སུ་གནས། སེམས་ཉིད་ཀྱི་ངོ་བོ་ནི་གདོད་ནས་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་གདལ་ཀློང་ཡངས་མཐའ་ཡས་མུ་མེད་འབྱམས་ཀླས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབྱིངས་སུ། གུ་ཡངས་ཡིན་པར་གློད་ནས་བཞག་པས། དགྲ་དང་གཉེན་ལ་ཁྱད་མེད་གསེར་དང་ས་རྡོ་ཁྱད་མེད་འདི་དང་ཕྱི་མ་ཁྱད་མེད་པའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་འབྱུང་ངོ་ཞེས་མགུར་དབྱངས་འདི་བླངས་སོ།། རྟོགས་པ་ནི་ནམ་མཁའི་ཁྱོན་ལྟར་དུ་ཡངས་པའི། །རྟོགས་ལྡན་གྱི་བླ་མར་གསོལ་བ་རང་འདེབས་སོ། །ཐུགས་རྗེ་ཡི་སྤྱན་གྱིས་དུས་ཀུན་ཏུ་གཟིགས་ལ། །ཐུགས་ཡིད་གཉིས་འདྲེས་པར་བྱིན་གྱིས་རང་རློབས་ཤིག །འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀྱི་འབྱུང་གནས། །རང་སེམས་ཀྱི་གནས་ལུགས་སྟོང་གསལ་ནི་ཁྱབ་གདལ། །ནམ་མཁའ་ལྟར་ཡངས་པའི་ངང་ལ་རང་འཇོག་དུས། །ཁ་ཡན་དུ་གློད་ནས་རང་ཡན་དུ་ཞོག་དང་། །མཉམ་བཞག་ནི་ནམ་མཁའ་ལྟ་བུ་ཡི་ངང་ལ། །རང་བཞིན་གྱིས་ལྷོད་ལྷོད་འགྲོ་བ་འདི་སྐྱིད་དོ། །དེ་ལྟར་དུ་མཉམ་པར་འཇོག་ཚུལ་ལ་མཁས་ན། །རྟོགས་པ་ནི་ནམ་མཁར་རང་ཤུགས་ཀྱིས་མཉམ་མོ། །ནམ་མཁའ་ལས་ཉི་མ་འགགས་མེད་དུ་འཆར་བཞིན། །མ་རྟོགས་པའི་འགྲོ་ལ་སྙིང་རྗེ་ཡང་འཆར་ངེས། །

p. 871

རྣལ་འབྱོར་ང་ཀློང་ཆེན་རབ་འབྱམས་ཀྱི་བུ་རྒྱུད། །ཉམས་མགུར་འདྲ་ལེན་ན་འདི་འདྲ་རང་བླངས་ཡོང་། །རྟོགས་པ་ནི་མཆོག་ལྡན་འཁྲུལ་ཞིག་གི་རྣལ་འབྱོར། །སེམས་ངོ་རང་སྐྱོང་ན་འདི་ལྟར་དུ་སྐྱོངས་ཨང་། །ནམ་ཞིག་ནི་འཆི་བ་ཆོས་སྐུ་རུ་གྲོལ་ནས། །གཟུགས་སྐུ་ཡི་འགྲོ་དོན་འོང་བ་རང་སྨོན་ནོ། །ཞེས་བླངས་པས་ཁོ་རང་གིས་ཀྱང་དེ་ལྟར་ཟང་ཐལ་ཁ་ཡན་དུ་གློད་ནས་རང་ཡན་དུ་བཞག་པས་སེམས་ལ་སྔར་བས་གསལ་ཆ་དང་ཡངས་ཆ་ཆེ་བ་བྱུང་ནས། དེ་ནས་བཟུང་གང་དུ་སྡོད་ཀྱང་སྣང་བ་ཡངས་ཁྲོལ་ལེ། སུ་དང་འགྲོགས་ཀྱང་ཤེས་པ་དགའ་ཡལ་ལེ་བྱུང་། རྗེས་སུ་གཤེགས་ཁར་ཡང་ཆོས་ཉིད་ཡངས་པ་ཆེན་པོའི་ངང་དུ་ཤེས་པ་དགའ་ཡལ་ལེ་གཤེགས་པས་ནམ་མཁའ་གཡའ་དག་པ་སོགས་འཆི་བ་ཆོས་སྐུ་རུ་གྲོལ་བའི་རྟགས་ཡང་དག་པ་བྱུང་ངོ་། །དེ་ནས་ཡོན་མཆོད་ཐམས་ཅད་གྲོས་བྱས། དགོན་པ་ཉམས་ཡོད་པ་ཞིག་གསོ་བྱེད་པ་ལ། ཞོ་འོང་ལ་སྟེང་འོག་དང་། གླིང་རྒྱ་ཚོ་འདུ་ཚུན་ཆད་ཀྱི་དད་ཅན་གྱི་སྐྱེས་ཕོ་མོ་ཐམས་ཅད་འོངས། མི་མང་པོ་ལས་ཀ་ལས། ཨ་བར་ཐེའུ་རྐང་ཚ་ལྷ་ཞིས་སོགས་འབྲོག་པ་ཐམས་ཅད་ཀྱིས་ཇ་མར་འོ་མ་ཞོ་དར་ཆུར་སོགས་མཐུན་རྐྱེན་ཁྱེར་ནས་སྐྱེས་ཕོ་མོ་མང་པོ་མཇལ་དུ་འོང་། རོང་འབྲོག་གཉིས་ཀས་ཉམས་གསོ་སྒྲུབ་པའི་སྒང་ལ། བླ་མ་རྡོ་རྗེ་འཆང་

p. 872

སྐུ་གཞོགས་གསེར་ཁང་རིན་པོ་ཆེ་ཕེབས། དགོན་པ་ཉམས་གསོའི་ཞལ་འདེབས་ལ་རྟ་ནོར་མང་པོ་གནང་། མཆོད་རྟེན་གྱི་གནས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་ནས། ཁོང་གིས་མདང་ངའི་རྨི་ལམ་བཟང་། བཀྲ་ཤིས་འཁྱིལ་བ་འདིའི་རི་ཡི་རྩེ་མོའི་བར་དུ་ལྷ་ཁང་དང་མཚམས་ཁང་གིས་གང་ནས་ཡོད་པ་ཞིག་རྨིས་གསུངས། རྗེས་སུ་ཁོང་གི་ལུང་བསྟན་ནང་བཞིན་བྱུང་། ཕན་ཚུན་ལ་ཆོས་དམ་ཚིག་གི་འབྲེལ་བ་གཞན་དང་མི་འདྲ་བ་བཞག ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། དེ་དུས་སྐུ་གཞོགས་ཧོར་ཚང་དང་། སྤྱང་ལུང་སྤྲུལ་བའི་སྐུ། ཨ་ལགས་དྲག་པོ་ཆེ་ལ་སོགས་པའི་བླ་མ་དགེ་བའི་བཤེས་གཉེན་མང་པོ་ཕེབས་ནས་རྟ་ནོར་མང་པོ་ཕུལ་ཆོས་འབྲེལ་ཞུས་པར་ཟབ་ལམ་གཅོད་ལ་སོགས་པའི་རང་གང་མོས་ཀྱི་དབང་ལུང་ཕུལ། གཞན་སྔགས་མང་དང་སྐྱེས་ཕོ་མོ་མང་པོར་ཟླ་བ་ཁ་ཤས་ལ། སྐབས་སྐབས་བཀའ་གདམས་ཐུགས་རྗེ་ཆེན་པོ་ཐིག་ལེ་བཅུ་དྲུག་གི་དབང་། རྡོར་སེམས་ཕུར་པ་ཚེ་དབང་ནོར་དབང་ལ་སོགས་པའི་དབང་ལུང་ཁྲིད་གསུམ་མང་པོ་བྱས། བསྙེན་རྫོགས་ཀྱང་མང་པོ་བསྒྲུབས་པས། ཐམས་ཅད་ཀྱི་བློ་ཁ་ཆོས་ལ་འགྱུར་ནས། སྒོ་མེའི་བློ་གྲོས་དང་། ཁ་རྒྱུའི་དགེ་སློང་། མང་རའི་ལྷ་བཟོ། སོག་པོའི་རིག་གྲོལ་སོགས་ཚེ་བློས་བཏང་གི་སློབ་མ་དང་ཇོ་མོ་མང་པོ། སྦས་པའི་རྣལ་འབྱོར་པདྨ་རིག་འཛིན། མཐོང་སའི་མཚམས་པ། རིན་ཆེན་རྡོ་རྗེ་སོགས་ཚེ་དང་སྒྲུབ་པ་སྙོམས་པའི་རྣལ་འབྱོར་པ་དང་། ལོ་མཚམས་ཟླ་མཚམས་

p. 873

ལ་སྡོད་པའི་བན་སྔགས་བརྒྱ་ཕྲག་དུ་མ་བྱུང་ངོ་། །ལྷ་ཁང་ཉམས་གསོ་ལ་མཐུན་རྐྱེན་མཁོ་བའི་དུས་སུ། རང་གི་ཉེ་བ་ཨ་ཁུ་སྨན་པས་རྟ་སྒ་སྟན་སྲབ་གསུམ་ལུས་གོས་ཆ་ཚང་ཇ་ལན་ཆེན་གཅིག མར་ལོག་ཆེ་ཆུང་གཉིས་དང་། ཁོང་གི་ཞབས་ཕྱི་དགེ་སློང་བསྟན་པ་དར་རྒྱས་ནས་ཀྱང་ཇ་ལན་ཆེན་གཅིག དངུལ་སྲང་དོ། ནས་དོ་པོ་ལྔ་རས་ཆེན་ཁ་ཤས་བཅས་ཕུལ་བས་ཕན་ཐོགས་ཆེན་པོ་བྱུང་། ཁོང་གཉིས་ལ་ལམ་རིམ་བསྡུས་དོན་གྱི་ལུང་ཁྲིད་དང་། མ་བསྒོམས་པར་འཚང་རྒྱ་བའི་འཕོ་ལུང་བྱས། སངས་རྒྱས་ཀྱི་འཕེལ་གདུང་དང་བྱིན་རྟེན་མང་པོ་བྱིན། ཕྱིས་ལྷ་ཁང་འགྲུབ་པ་དང་། འབག་བཟོ་འཇམ་དབྱངས་བཀྲ་ཤིས་དང་ཁྲོ་རྒྱལ་འབུམ། ལྷ་བཟོ་བསོད་ནམས་རིན་ཆེན་སོགས་ཀྱིས་བྱས་ནས། ནང་དུ་སྐུ་གསུང་ཐུགས་རྟེན་བཞེངས། ཕྱི་ནང་ཀུན་ཏུ་རི་མོ་སྣ་ཚོགས་བྲིས། དགེ་འདུན་གྱི་སྡེ་བཙུགས། དེ་རྣམས་ཀྱི་རྒྱུ་སོང་ལ། གསེར་ཤོག་དམར་སེར་གཉིས་ཀ་ཁྲི་བམ་དགུ། ལྷ་བཟོ་བ་རྣམས་ལ་རས་ལྔ་བརྒྱ། ཤིང་བཟོ་བ་རྣམས་ལ་ཡང་རས་ལྔ་བརྒྱ་བྱིན་པ་སོགས་ཁྱོན་བསྡོམས་པས་དངུལ་སྲང་སྟོང་ཕྲག་གཅིག་ལྷག་གི་རྒྱུ་ནོམ་པ་སོང་ངམ་སྙམ། གཞི་དེར་ཕབ་ནས་དབུས་གཙང་ནས་ཁྱེར་འོངས་པའི་རྟེན་ཕལ་ཆེར་བཀྲ་ཤིས་འཁྱིལ་བར་བཞག གཞན་སྐུ་དང་ཐང་ཀ་རྣམས་ཕྱོགས་ཕྱོགས་ཀྱི་དགོན་པ་རྣམས་ལ་བྱིན། འཕེལ་གདུང་སོགས་

p. 874

བྱིན་རྟེན་ཁྱད་འཕགས་རྣམས་གཞན་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ནང་དུ་སྐུ་གསུང་ཐུགས་རྟེན་བཞེངས་པའི་ནང་གཞུག་དང་། གཞན་ཡང་དད་ཅན་རྣམས་ལ་རིམ་གྱིས་བྱིན་པས། རྟེན་གསུམ་གྱིས་ཡུལ་ཁམས་ཐམས་ཅད་ལ་ཁྱབ་པ་བྱུང་། དེ་དུས་ལྷ་ཁང་རྣམས་ཀྱི་རབ་གནས་དགའ་སྟོན་རྣམས་བྱས་ནས་གནས་ལ་བསྟོད་པའི་མགུར་དབྱངས་འདི་བླངས་སོ།། །དབེན་པ་བསྟེན་ནས་སངས་རྒྱས་པའི། །སྔོན་བྱོན་རྒྱལ་བ་རྣམས་ལ་འདུད། །རྗེས་འཇུག་ཆོས་མཛད་ཐམས་ཅད་ཀྱིས། །རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །དབུས་ཀྱི་རི་རྒྱལ་ལྷུན་པོའི་ལྷོ། །རྒྱ་གར་རྡོ་རྗེ་གདན་གྱི་བྱང་། །དབུས་གཙང་དག་པའི་ཞིང་གི་ཤར། །ཙོང་ཁའི་སྐྱེས་རི་མཐོན་པོའི་ལྷོ། །རེབ་གོང་གསེར་མོ་ལྗོངས་ཀྱི་ས། །གྲུབ་གནས་བརྒྱད་དང་ཉེ་བའི་གནས། །རྩི་ཤིང་ནགས་ཚལ་རྒྱས་པའི་གོང་། །སྤང་རི་མེ་ཏོག་བཀྲ་བའི་འདབས། །རོང་དང་འབྲོག་པ་གཉིས་ཀྱི་མཚམས། །རི་བོ་མཐོ་ལ་ཡངས་པའི་རྩེ། །གནས་ཆེན་བཀྲ་ཤིས་འཁྱིལ་བ་ཞེས། །གོང་མའི་ལུང་གིས་ཟིན་པའི་གནས། །མཁས་གྲུབ་མང་པོ་བཞུགས་པའི་ཤུལ། །ལྷ་དང་ཌཀྐི་འདུ་བའི་ཞིང་། །གནས་འདིའི་ཡོན་ཏན་ཤེས་མ་ཤེས། །གནས་འདིའི་ཡོན་ཏན་མ་ཤེས་ན། །ས་གཞི་པདྨ་འདབ་བརྒྱད་ལ། །གནམ་ཡང་འཁོར་ལོ་རྩིབས་བརྒྱད་འདྲ། །གནས་ཆེན་འདི་ཡི་རི་དབྱིབས་ནི། །དཔེར་ན་གླང་ཆེན་འགྱིང་བ་འདྲ། །བདེ་བ་

p. 875

ཅན་གྱི་ལྷ་ཁང་དེ། །གླང་ཆེན་གཙུག་གི་ནོར་བུ་འདྲ། །རིག་འཛིན་ལྷ་ཁང་བྱམས་ཁང་སོགས། །རིན་ཆེན་གསེར་གྱི་རྒྱན་ཆ་འདྲ། །རི་ངོས་བཀྲ་ཤིས་རྟགས་བརྒྱད་དང་། །རྒྱལ་སྲིད་སྣ་བདུན་རྣམས་ཀྱང་ཚང་། །ཤར་ན་ཁྲུབ་ཆེན་མཐོ་དང་གཅིག །ལྷོ་ན་གཉན་དམར་བརྗིད་དང་གཉིས། །ནུབ་ན་རྒོད་རྫོང་ཕྱུག་དང་གསུམ། །བྱང་ན་ཇ་སྒྲོན་དམར་ཡག་བཞི། །བཀྲ་ཤིས་འཁྱིལ་བར་ཞལ་གཟིགས་ནས། །བསྲུང་ཞིང་སྐྱོབ་པའི་ཚུལ་དུ་གདའ། །མཐའ་བསྐོར་ནགས་ཚལ་ཕྲེང་བ་ནི། །ཡོན་བདག་ཕོ་མོས་བསྐོར་བ་འདྲ། །གཡས་གཡོན་གཉིས་སུ་ཆུ་བོ་ཡང་། །གནས་རིར་དར་དཀར་འཐེན་པ་འདྲ། །ཁུ་བྱུག་འཇོལ་མོ་རི་དྭགས་སོགས། །བག་ཕེབས་རྒྱུ་ཞིང་སྐད་སྙན་སྒྲོག །སིལ་ཐོག་རྣམ་པ་སྣ་ཚོགས་དང་། །ཞྭ་དང་སྒོག་སོགས་ཚོད་མ་མོད། །སྔོ་ལྗང་ལྗོན་ཤིང་བསིལ་གྲིབ་དང་། །སྤང་གཤོང་མེ་ཏོག་བཀྲ་བ་མང་། །རོང་གི་རྩམ་པ་གོ་རེ་དང་། །འབྲོག་གི་ཞོ་དར་མར་ཆུར་མོད། །གཞན་ཡང་མཐུན་རྐྱེན་གང་དགོས་ཀྱང་། །རོང་འབྲོག་ཐག་ཉེ་བཙལ་ཡང་སླ། །དགྲ་ཇག་གཅན་གཟན་གནོད་པ་སོགས། །མི་འདོད་ཉེར་འཚེ་གཅིག་ཀྱང་མེད། །འདོད་དགུ་འཛོམ་པའི་གནས་མཆོག་འདི། །འདོད་ཁམས་ལྷ་ཡི་ཡུལ་དང་འདྲ། །ཕྱོགས་འདིའི་དབེན་གནས་ཐམས་ཅད་ཀྱི། །ནང་ནས་གནས་འདི་ཉམས་རེ་དགའ། །འདི་རུ་འདུག་པའི་གང་ཟག་

p. 876

གི །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །རྒྱུད་ལ་ཉམས་རྟོགས་ཉི་མ་འཆར། །གནས་འདི་ཅུང་ཟད་བསྟོད་པའི་མཐུས། །སྒྲུབ་བརྒྱུད་བསྟན་པའི་གཡང་གི་རིགས། །དབེན་གནས་འདི་རུ་རབ་ཆགས་ནས། །སྒྲུབ་བརྒྱུད་བསྟན་པ་དར་བར་ཤོག །ཅེས་བླངས་པས་ཐམས་ཅད་ཀྱི་ཉམས་དགའ་སྣང་བ་སྤྲོ་བ་བྱུང་ངོ་། །དེ་དུས་གསར་རྙིང་ཀུན་མཁྱེན་ཅིང་གོང་མ་རྒྱལ་པོའི་བླ་མཆོད་ཀྱི་གྲངས། སྐུ་གཞོགས་མཚན་སྒྲོགས་མཁན་པོ་རིན་པོ་ཆེ་རྒྱ་ནག་ཕོ་བྲང་ན་བཞུགས་པ་ལ། འཚམས་ཞུས་ཀྱི་ཞུ་ཤོག་དང་། དུར་ཁྲོད་བརྒྱད་ཀྱི་རི་མོས་མཛེས་པའི་གཅོད་ཀྱི་ཌཱ་མ་རུ། རྐང་དུང་དངུལ་གྱིས་ཤན་པའི་སྟེང་དུ་གཡུ་བྱིར་གྱིས་ཕྲ་བཀོད་པ། གསེར་ཟངས་ལས་གྲུབ་པའི་ཕུར་བུ་འབྱོན་གཙང་ཞིག་དང་ས་སྣ་རྟེན་སྣ་ལྷ་རྫས་དྲི་མེད་བཅས་ཕུལ་བའི་འབྱོར་ལན་དུ་རྗེས་སུ་ཁོང་གིས་ཚིགས་སུ་བཅད་པའི་བཀའ་ཡི་གླེགས་བུ་འདི་བསྩལ་བྱུང་། །སྲས་བཅས་རྒྱལ་བའི་ཐུགས་རྗེ་ནུས་པའི་འཕྲུལ། །འགྲོ་ལ་ཕན་བདེ་སྒྲུབ་པའི་བྱེད་པོ་རུ། །ཡོངས་ཤར་ཕྱག་ན་པདྨོའི་ཟློས་གར་འཛིན། །གྲུབ་དབང་བརྟན་པའི་འཁོར་ལོ་ག་ལ་བར། །ཆོས་བརྒྱད་འུད་ཀྱི་སྤུ་མདོག་རྣམ་བཀྲ་ཡང་། །རྣམ་དཀར་དགེ་བའི་སྲོག་གི་གཤེད་མ་རུ། །འགྲོ་བར་མ་ཤེས་བླུན་པོའི་ངང་ཚུལ་ཅན། །མཛའ་གྲོགས་ཝ་མོ་འདྲ་བས་འདི་སྐད་དོ། །རིང་ནས་མཛའ་བའི་ཉེ་བར་འབྲེལ་བ་ཡི། །མི་ཕྱེད་མ་བཅོས་དད་པའི་སོར་མོ་བཅུ། །སྤྱི་བོར་ཤུགས་ཀྱིས་ཕྱོགས་ཏེ་སྙན་ཚིག་གི །མེ་ཏོག་

p. 877

ཕོན་པོ་དེ་ཡང་ཕྱོགས་དེར་འཐོར། །ཚོགས་གཉིས་དཔལ་ལས་བསྐྲུན་པའི་གང་གི་སྐུ། །མཚན་དཔེ་དགེ་མཚན་ཡོངས་སུ་རྫོགས་པ་ཡི། །རྟ་ལྗང་དབང་བོའི་དཀྱིལ་འཁོར་མངོན་གསལ་ཞིང་། །ལུགས་གཉིས་མཛད་འཕྲིན་སྣང་བས་ཕྱོགས་བཅུར་ཁྱབ། །མདོ་སྔགས་སྨིན་གྲོལ་ལམ་བཟང་མཐའ་དག་པ། །གསལ་བྱས་ཐུབ་བསྟན་པདྨོའི་དགའ་ཚལ་དུ། །སྐལ་བཟང་སྦྲང་མར་ཚོགས་བདེར་སྤྱོད་པ་ཡི། །དཔལ་ལ་འགོད་པའི་གྲགས་པ་སྲིད་རྩེར་འབར། །གནས་དང་སྨོན་ལམ་ལས་ཀྱི་རྐྱེན་འཛོམ་པའི། །མི་ཤིགས་མཛའ་བས་བཅིངས་པའི་རང་རྟགས་སུ། །ཤར་ནུབ་ཡུལ་གྱི་བསྐལ་ཡང་བྱ་བའི་དུས། །གཅིག་ཏུ་འཛོམ་པ་འདི་ཀོ་ངོ་མཚར་རྨད། །རྗེས་བརྩེའི་གངས་ཀྱི་རི་ལས་བབས་པ་ཡི། །རྟེན་དང་གཅོད་ཌཱ་རྐང་གླིང་ཕུར་བུ་སོགས། །ལས་བཞིའི་འཕྲིན་ལས་འགྲུབ་པའི་རྟེན་འབྲེལ་དུ། །བདག་བློའི་དཔྱིད་དུ་སྨིན་པས་དགའ་སྤྲོ་ཐོབ། །འདིར་ཡང་སྲོག་འཚོའི་མེ་ཏོག་ཅུང་རྒས་ཀྱང་། །འཚེ་བྱེད་བ་མོས་མ་རེག་ཙམ་ཞིག་ལས། །འདི་ཡིན་འདི་མིན་མེད་པའི་རྣམ་གཡེང་གི །ཆུ་གཉེར་ཟད་པ་མེད་པའི་ངང་དུ་གནས། །སླད་ཀྱང་ཤཱཀྱའི་རྒྱལ་པོས་ཐུགས་བསྐྱེད་བཞིན། །འགྲོ་བ་སྤྱི་དང་ཁྱད་པར་དམུ་རྒོད་རྣམས། །འདུལ་ཆེད་ཕྱིར་ཞིང་ཐུགས་སྟོབས་ཆེར་བསྐྱེད་པའི། །འཕགས་ཆེན་དམ་པའི་རྣམ་ཐར་བདག་གིར་བཞེས། །ད་ལྟའི་འགྲོ་བའི་བློ་དང་འཚམས་པ་ཡི། །

p. 878

མཛད་ཚུལ་དཀའ་བས་མཁས་གྲུབ་ཕལ་མོ་ཆེ། །ལ་ལ་གཤེགས་དང་ལ་ལ་སྒྲུབ་པ་ལ། །གཞོལ་བའི་ཟོལ་གྱིས་ངལ་གསོ་མཛད་མོད་ཀྱང་། །ཉིད་ནི་གཞན་དོན་མཛད་ལ་ཟླ་བྲལ་བའི། །སླར་ཡང་ཐུགས་བསྐྱེད་བླ་ནས་བླར་སྤེལ་ཏེ། །ཕན་བདེའི་དཔལ་དུ་ཡུན་རིང་འཚོ་གཞེས་དང་། །བརྩེ་ཆེན་ཀློང་ནས་བདག་ཀྱང་འདོར་མེད་ཞུ། །ཞུ་ཚིག་དོན་གྱི་ཆུ་བོ་ཆེར་རྒྱས་པ། །རབ་དཀར་དུང་ཤོག་གཞོང་བར་མ་ཤོང་སྟེ། །ཕོ་ཉའི་བློ་མཚོར་དལ་གྱིས་བ སྐྱིལ་བའི་ཆབ། །མཉེས་གཤིན་ཐུགས་ཀྱི་ཀླུང་དུ་འདྲེན་པར་ཞུ། །ཞེས་འདེགས་རྟེན་ལྷ་རྫས། ན་བཟའ། སྐུ་ལྕག དབུ་མནབས་བཅས་ཟླ་ཚེས་ལ་ཡུང་དགོན་ནས་གུས་པས་ཕུལ། ཞེས་དགྱེས་བཞིན་བསྩལ་པ་འབྱོར་བས་དངོས་སུ་མཇལ་བ་ལྟ་བུའི་དགའ་སྤྲོ་ཆེན་པོ་བྱུང་། དེ་ནས་ནུབ་གཅིག་ངའི་རྨི་ལམ་ལ།། གཡུ་ལོ་བཀོད་པའི་ཞིང་ཡིན་ཟེར་བའི་ས་གཞི་ཁོད་སྙོམས་ཤིང་དྲི་མ་དང་བྲལ་བ་རྒྱ་ཆེ་ཞིང་ཡིད་དུ་འོང་བའི་མཐའ་ལོ་མ་མེ་ཏོག་འབྲས་བུས་མཛེས་པའི་ལྗོན་ཤིང་སྣ་ཚོགས་པས་བསྐོར་བའི་དབུས་ན། རིན་པོ་ཆེའི་ཁང་བཟང་སུམ་བརྩེགས་མཐོ་བའི་རྩེ་མོ་གསེར་གྱི་རྒྱ་ཕིབས་ཀྱིས་མཛེས་པ་སེར་ལམ་མེ་བ། ཞིང་བཀོད་བྲིས་ཡོད་པ་དང་མཚུངས་པའི་བསྐོར་ལམ་དུ་སླེབས་པའི་ཚེ། བུ་མོ་གཞོན་ནུ་མ་གསུམ་གྱིས་སྐོར་བ་བྱས་ནས་འོངས་པ ས་གཅིག་གིས། ང་ལ་བལྟས་བལྟས་ནས། མོ་ཁྱོད་ཀྱིས་ངོ་མི་ཤེས་མོད་ཟེར། མི་ཤེས་འདུག་

p. 879

བྱས་པས། མོ་ན་རེ། བུ་ཁྱོད་ཀྱི་སྐྱེ་བ་འདིའི་ཨ་མ་ང་ཡིན་ཏེ། ཤི་ནས་འདིར་འོངས། ཁྱོད་དང་མ་ཕྲད་པར་ལོ་མང་པོ་སོང་། ད་རེས་ལན་ཅིག་འཕྲད་པ་བཟང་། ད་བུ་ཁྱོད་ཀྱང་རྒས་འདུག་ཟེར། ངས་ཨ་མ་རྒན་མོ་ལོ་ལོན་པའི་དུས་སྐབས་དེ་ཝལ་ལེར་དྲན་ནས་ངུས་པས། མོ་ཡང་མིག་ནས་མཆི་མ་གཏོང་བར་གདའ། གཞན་བུ་མོ་འདི་གཉིས་གང་ནས་ཡིན་དྲིས་པས། ངེད་ཚོའི་ཡུལ་གྱི་སྔོན་སྒྲོལ་མ་འདོན་པའི་རྒན་མོ་གཉིས་ཀྱི་མིང་བཤད་ནས། དེ་གཉིས་ཡིན་ཞེས་བཤད་པས། བུ་མོ་དེ་གཉིས་ཀྱིས་ཀྱང་ང་ལ་བལྟས་ནས་མཆི་མ་གཏོང་བར་གདའ། །ངས་ཀྱང་ཨ་ཡེས་རྒན་མོ་དེ་གཉིས་ཡིད་ལ་ཤར་ནས་མཆི་མ་བྱུང་། ད་ཁྱེད་རྣམས་སྐྱིད་པོ་བྱུང་ཡོད་པ་བཟང་། རྒྱུན་དུ་གང་ན་བསྡད་ཡོད་དྲིས་པས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ན་ཡོད། ད་ནངས་འདིར་རྗེ་བཙུན་སྒྲོལ་མ་ལ་ཕྱག་སྐོར་བྱེད་དུ་འོང་བ་ཡིན། ད་ཁྱོད་ཀྱིས་འགྲོ་དོན་གྱིས་ལ་ཤོག་དང་། རྗེས་སུ་ཞིང་ཁམས་གང་ན་ཡོད་ཀྱང་མཇལ་ཡོང་ཟེར་བུ་མོ་གསུམ་པོ་སྐོར་བ་ལ་སོང་ངོ་། །བདག་ཀྱང་སྐོར་བ་ལ་འགྲོ་སྙམ་པ་དང་གཉིད་སད་བྱུང་། དེ་བསམ་བློ་བཏང་ན་མ་རྒན་མོ་དང་། དེའི་རོགས་པ་རྒན་མོ་གཉིས་ཀྱིས་སྒྲོལ་མ་མང་པོ་བཏོན་པའི་ཐུགས་རྗེས་དེ་ལྟར་བྱུང་བ་ཡིན་ནམ་སྙམ་ནས་དགའ་བ་བྱུང་། དེའི་ལོ་དབྱར་མ་སྟོན་གྱི་མཚམས་ལ། མགར་རྩེ་གྲྭ་ཚང་གིས་དགོན་པར་

p. 880

བོས་ནས་སོང་། དགེ་འདུན་སྤྱི་ཐོག་ནས་ཇ་ལན་ཆེན་གཅིག་གིས་འགོ་བྱས་ནོར་རྫས་བརྒྱ་འབུལ་བྱས། གཞན་གྲྭ་པ་ཕྱུག་པོ་རྣམས་ཀྱིས་ནང་དུ་བོས། ཇ་ལན་ཆེན་མང་པོ་ཕུལ། དེ་ནས་ཤུག་ཉིན་རི་ཁྲོད་དུ་སོང་། སྐུ་གཞོགས་མགར་རྩེ་ཚང་ནས་ཇ་ལན་ཆེན་གཅིག་གོས་ཕྲུག་གཉིས་བཅས་གནང་། མགར་རྩེ་ཆུང་བ་ནས། རྟ་མཛོ་གཉིས་དང་གོས་ཕྲུག་གཉིས་གནང་། བླ་རྒན་བསྟན་འཛིན་གྱིས་ལན་ཆེན་གཅིག གཞན་གྲྭ་པ་དང་མཐའ་བ་རྣམས་ཀྱིས་ཀྱང་ཟས་ནོར་མང་པོ་ཕུལ། ཕར་ལ་འགྱེད་ཕོགས་མང་ཇ། བླ་མ་རྣམ་གཉིས་ལ་འབུལ་བ་ཕུལ། ཆོས་འབྲེལ་ཞུས། དེ་ནས་བཟུང་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱས་ཆོས་ལྡན་གྱི་བྱ་བ་མང་པོ་སྒྲུབ་རྒྱུ་བྱུང་། དེ་ནས་འབྲོག་པ་ཨ་བར་ཐེའུ། །རྐང་ཚ། ལྷ་ཞིས། རང་ངན། རྒན་རྒྱུ། ཀླུ་ཆུ་ཐང་རྣམས་ལ་རིམ་གྱིས་སོང་བས་ཐམས་ཅད་ཀྱིས་ལྷ་བྱོན་དཔལ་བྱོན་བྱས། རྟ་བསུ་བ ཏང་། སྤྱི་ཐོག་ནས་ཇ་ཐབ་བཟང་ཆོས་ཞུས་པས། སྡེ་དེ་རྣམས་ལ་སོ་སོར་ཚེ་དབང་དང་ནོར་དབང་བསྐུར། གང་འདོད་ཀྱི་ཆོས་བཤད་པས། ཐམས་ཅད་ཀྱི་བློ་ཁ་ཆོས་ལ་འགྱུར། རབ་ཏུ་དད་པས་ནོར་ལོངས་སྤྱོད་ཡོད་མེད་གཉིས་ཀས་ཕུལ་བའི། རྟ་ནོར་བརྒྱད་ཅུ། ཇ་ལན་ཆེན་བདུན། མར་ལྟང་ཆེ་ཆུང་སུམ་ཅུ་རྩ་གསུམ། ཕྱིང་དཀར་སུམ་ཅུ་རྩ་གཅིག བལ་དང་རས་ཁ་བ ཏགས་མང་པོ་བྱུང་། དེ་དུས་ལྷ་ཞིས་ས་ཆ་ནས། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་སྟག་ཚང་

p. 881

ལྷ་མོའི་གསེར་ཁྲི་རིན་པོ་ཆེར་མཇལ། རྟ་གཅིག་ཕུལ་ཆོས་འབྲེལ་ཞུས། ཉི་མ་ལུང་གི་དགོན་པར་སོང་། ཨ་ལགས་ཧོར་ཚང་ལ་མཇལ། དེ་དུས་ཀྱང་རྟ་ནོར་མང་པོ་གནང་། ཕར་དགོན་པ་ལ་འགྱེད་མང་ཇའི་དོད་དུ་རྟ་ནོར་ཁ་ཤས་ཕུལ། རྒན་རྒྱ་རུ་སོང་དུས་གནས་ཆེན་བྲག་དཀར་ལ་མཇལ། ཉི་མ་མང་པོར་གནས་ཁང་དུ་བསྡད་གནས་འབྲེལ་བཞག བྲག་དཀར་མཁའ་འགྲོ་མ་ལ་མཇལ། རྟེན་གསུམ་ཕུལ་ནས་ཆོས་འབྲེལ་ཞུས། དགོན་པར་མང་ཇའི་དོད་དུ་རྟ་གཅིག་ཕུལ་ཞག་གཉིས་བསྡད་ནས་ཕྱག་སྐོར་བྱས། ཚུར་འོངས་ནས་སྟོན་དགུན་མཚམས་ལ་ཞོ་འོང་དཔྱིས་ཀྱི་སྡེ་པ་ལ་དབང་བསྐུར་ཆོས་བཤད་ནས་འགྲོ་དོན་བྱས་པས། གྲོ་ནས་དོ་པོ་ཆེ་ཆུང་བརྒྱ་དང་ལྔ་བཅུ། རྟ་ནོར་ཉི་ཤུ་རྩ་སྟོད་ཙམ་བྱུང་། དེ་ནས་དགུན་ཁ་ཞོ་འོང་ལ་ཁའི་སྡེ་པ་སོ་སོ་རུ་སོང་ནས་ཆོས་བཤད་དབང་བསྐུར་བས་ཐམས་ཅད་ཀྱིས་དགའ་སྟོན་གྱི་དུས་སུ་གླུ་འདི་འདྲ་ལེན་པར་གདའ། གླུ་བ་གནམ་ལྷ་རྒྱལ་གྱིས། གོས་གཅིག་གིས་སེམས་ཅན་དྲོས་ནི་པོ། །དཔེ་བཞག་ན་འཛམ་གླིང་ཉི་མ་རེད། །ཟས་གཅིག་གིས་སེམས་ཅན་སོས་ནི་པོ། །དཔེ་བཞག་ན་སྦྲང་དཀར་རྩམ་པ་རེད། །དཔོན་གཅིག་གིས་སྡེ་མགོ་ཐུབ་ནི་པོ། །དཔེ་བཞག་ན་གོང་མ་རྒྱལ་པོ་རེད། །ཟེར། གླུ་བ་ཚེ་དབང་རྒྱལ་གྱིས། རི་མཐོ་ནི་ཙོང་ཁའི་སྐྱེས་རི་མཐོ། །བྱ་གཡས་ཀྱི་འཕུར་ནས་གཡོན་གྱི་འབབ། །ཆུ་ཆེ་ནི་རྨ་ཆུ་ལུ་མ་

p. 882

ཆེ། །རབ་གོང་གི་བརྒྱབ་ན་ཞོལ་གི་འབུད། །དཔོན་ཆེ་ནི་གོང་མ་རྒྱལ་པོ་ཆེ། །གསུང་ན་ནིང་བྱོན་ན་ད་ལོ་སྙན། །ཟེར། ཡང་བུ་མོ་གཉིས་ཀྱིས་སྐད་འདྲིལ་བྱས་ནས། ཉི་མ་ཁུས་གི་བུད་དུས་སུ། །ཉིན་སྲིབ་མེད་པར་དྲོ་རེ་ལྟོས། །ཟླ་བ་ཐོད་གི་བུད་དུས་སུ། །རི་ཐང་མེད་ལ་གསལ་རེ་ལྟོས། །སྐྱབས་མགོན་དབུས་གི་ཕེབས་དུས་སུ། །ཁ་རྒན་གཞོན་མེད་ལ་སྐྱིད་རེ་ལྟོས། །ཟེར། བུ་ཚ་གཞོན་པ་ཞིག་གིས། བླ་མ་དགུང་གི་ཉི་མ་རེད། །ཉིན་རེ་བསྡད་གི་ཇེ་གསལ་རེད། །ཕྱག་མཛོད་ཁུས་ཁའི་ལབ་ཙེ་རེད། །ཉིན་རེ་བསྡད་གི་ཇེ་ཕྱུག་རེད། །གྲྭ་པ་གནམ་གི་སྐར་མ་རེད། །ཉིན་རེ་བསྡད་གི་ཇེ་མང་རེད། །ཟེར། དེ་བཞིན་དུ་གླུ་དང་གར་མི་འདྲ་བ་རྣམ་པ་སྣ་ཚོགས་པ་བྱས་པས། ཡུལ་མི་ཐམས་ཅད་དགའ་ཞིང་སྤྲོ་བ་བྱུང་། དེ་དུས་དཔོན་པོ་བཀྲ་ལོས་དངུལ་རྡོ་ཚད་གཅིག་དང་། ནས་དོ་པོ་ལྔ། དཔོན་པོ་ཚེ་ལོས་ནས་དོ་པོ་ཉི་ཤུ་རྩ་ལྔ། དངུལ་སྲང་བཅུ། གོས་ཆེན་གཅིག་སོགས་གཞན་ཡོད་མེད་གཉིས་ཀས་གང་འཛོམ་ཕུལ་བའི། རྟ་ནོར་སུམ་ཅུ། ནས་དོ་པོ་ཆེ་ཆུང་སུམ་བརྒྱ་ལྷག་ཙམ་བྱུང་། དགུན་ཁ་བཀྲ་ཤིས་འཁྱིལ་བ་ནས་མཚམས་བྱས་ནས་བསྡད། སོས་ཀ་དྲོད་བབ་དུས་ལམ་རིམ་བློ་སྦྱོང་སེམས་ཁྲིད་སོགས། ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་སུ། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་དགོས་ཚུལ་གྱི་ཞལ་གདམས་མགུར་དབྱངས་འདི་བླངས་སོ། །སྙིང་རྗེའི་གཏེར་ཆེན་སྤྱན་རས་

p. 883

གཟིགས་དབང་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །མི་ལ་སྙིང་རྗེ་ཡོད་ན་སངས་རྒྱས་ཡིན། །མི་ལ་སྙིང་རྗེ་མེད་ན་གཤིན་རྗེ་ཡིན། །སྙིང་རྗེ་ཡོད་ན་ཆོས་ཀྱི་རྩ་བ་ཚུགས། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །མི་ལ་སྙིང་རྗེ་ཡོད་ན་ཁྲོ་ཡང་བྱམས། །མི་ལ་སྙིང་རྗེ་མེད་ན་འཛུམ་ཡང་གསོད། །སྙིང་རྗེ་ཡོད་ན་དགྲ་ཡང་གཉེན་དུ་འགྱུར། །སྙིང་རྗེ་མེད་ན་གཉེན་ཡང་དག་རུ་ལྡང་། །སྙིང་རྗེ་ཡོད་ན་ཆོས་རྣམས་ཐམས་ཅད་ཡོད། །སྙིང་རྗེ་མེད་ན་ཆོས་རྣམས་ཐམས་ཅད་མེད། །སྙིང་རྗེ་ཡོད་ན་ནང་པ་སངས་རྒྱས་ཡིན། །སྙིང་རྗེ་མེད་ན་ཕྱི་རོལ་པ་ལས་ཐུ། །སྟོང་ཉིད་སྒོམ་ཡང་སྙིང་རྗེ་སྙིང་པོ་དགོས། །ཆོས་པ་སྙིང་རྗེའི་རང་བཞིན་ཅན་ཞིག་དགོས། །ནང་པ་སངས་རྒྱས་ཁྱད་ཆོས་སྙིང་རྗེ་ཡིན། །ཆོས་རྣམས་ཀུན་གྱི་སྙིང་པོ་སྙིང་རྗེ་ཡིན། །སྙིང་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འདྲ། །སྙིང་རྗེ་ཆེན་པོས་བདག་གཞན་རེ་བ་སྐོང་། །དེ་ཕྱིར་ཆོས་པ་འཇིག་རྟེན་པ་རྣམས་ཀྱིས། །སྙིང་རྗེ་སྒོམས་དང་སངས་རྒྱས་འཐོབ་པར་འགྱུར། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །སྙིང་རྗེ་ཆེན་པོས་འགྲོ་ལ་ཕན་པར་ཤོག །ཅེས་བླངས་པས་ཀུན་གྱི་རྒྱུད་ལ་ཕན་ཐོགས་བྱུང་ནས། མས་བུ་ལ་བྱམས་པ་ལྟར། སྙིང་རྗེ་ཆེན་པོའི་སྒོ་ནས་

p. 884

སེམས་ཅན་ཉམ་ཐག་ལ་བྱམས་པའི་ཆོས་པ་མང་པོ་བྱུང་། དབྱར་ཁ་བདག་དང་སྐུ་གཞོགས་མགར་རྩེ་རིན་པོ་ཆེ། བླ་རྒན་བསྟན་འཛིན་སོགས་ངེད་དཔོན་སློབ་མང་པོ་དང་བཅས་ཏེ་རྡོ་བིས་དང་སེ་ཅང་གཉིས་ཀྱི་གྱོད་ཆེན་ལོ་བཅོ་བརྒྱད་ལ་མ་འགྲིགས་པར་ཕན་ཚུན་གྱི་མི་རྟ་བརྒྱད་ཅུ་ལྷག་ཙམ་བསད་ཚར་ནས། ད་དུང་གསོད་རེས་རྐྱང་བྱེད་པ་རྒྱའི་མི་དཔོན་བོད་ཀྱི་བླ་དཔོན་གང་གིས་ཀྱང་བསྒྲིགས་མ་ཐུབ་པར་ལུས་ཡོད་པ་དེ་ཉིད་བསྒྲིག་ཏུ་སོང་། ཕན་ཚུན་གཉིས་ཀ་ལ་བཤད་ནས་རིམ་གྱིས་འགྲིག་པ་བྱུང་། དེའི་བར་ལ་ཕྱོགས་དེ་ན་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བཻ་ཌཱུརྱའི་ལྷུང་བཟེད་གང་ནང་ན་ཡོད་པའི་མཆོད་རྟེན་རྣམ་དག་ཆེན་མོ་ཟེར་བ་ཞིག་འདུག་པ་དེ་ཉམས་ཡོད་པ་ལ་ཉམས་གསོ་བྱས། རབ་གནས་དགའ་སྟོན་གྱི་ཉིན་མཆོད་རྟེན་ཆེན་མོའི་རྩ་བ་ནས་ཆོས་བཤད་དུས། རྒྱུ་སོག་པོ་ཟ་ལར་ཡན་ཆད་དད་པ་སྐྱེས་ནས་ཆོས་ལ་ཉན། རྗེས་སུ་ངེད་ཚོའི་ཀ་ཅུའི་སངས་རྒྱས་གསུང་དང་བོད་ཀྱི་བླ་མ་ཞབས་དཀར་པའི་གསུང་གཉིས་གཅིག་རེད་ཟེར་སྐད། །དེ་དུས་ཟི་ལིང་དོ་ཐེ་ཡེ་ས་བསྐོར་དུ་ཕེབས་པས། ངས་སྤྲང་པོ་མང་པོར་སྦྱིན་པ་གཏོང་བ་དང་། ཁྱད་པར་ལམ་བར་ནས་མགོ་ལོག་གི་ཇག་པས་བླངས་པའི་ཤོར་མ་མང་པོ་འཆི་རུ་མ་བཅུག་པར་གསོས་ནས་འོང་བ་དང་། ཡུལ་ཁམས་ལ་ཕན་ཐོགས་པ་གསན་ནས། ཡ་རྫི་རུ་ཕེབས་དུས་བདག་མདུན་དུ་བོས། ཁྱེད་ཀྱི་རྒྱུ་མཚན་རྣམས་གོ་

p. 885

བས་སེམས་དགའ་བ་བྱུང་ཁྱོད་ཆོས་པ་དགའ་མོ་ཞིག་རེད་གསུངས། བདག་རྐྱེན་དུ་གོས་ཆེན་གཅིག་དང་ཇ་ནག་གཅིག་མེ་ལོང་བཅས་གནང་ནས། ད་ཕྱིན་ཆད་ཀྱང་སྔར་རྒྱུན་ལྟར་འགྲོ་དོན་གྱིས། ཁྱད་པར་སྦྲ་ནག་ཁག་གསུམ་གཉའ་སྐྱ་རུལ་གྱི་ཇག་པ་རྣམས་ལ་ཇག་ལ་མ་འགྲོ། གོང་མའི་གསུང་རྩིས་ཞེས་རེ་རེ་ཤོད་དང་ས་སྒོ་ཚོར་ཕན་པར་གདའ། ཁྱེད་རི་བོ་རྩེ་ལྔ་ལ་མཇལ་དུ་ཕེབས་ན་ངས་ཕན་ཐོགས་བྱ་གསུངས། ངས་ཁོང་ལ་ཞུས་ནས་ཡ་རྫིའི་བཙོན་མ་མང་པོ་ཐར་བས། རྒྱ་ཟ་ལར་ཡན་ཆད་ཀྱིས་དད་གུས་བྱས་སོ། །དེ་ནས་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་སྒྲུབ་གནས་ཤར་རྫོང་དུ་སོང་། ཞག་མང་པོར་གནས་འབྲེལ་བཞག རྡོ་ཡི་མཆོད་རྟེན་གཅིག་ཀྱང་བརྩིགས། གྲྭ་ཚང་འདབས་ནས་ཆོས་ར་ཞིག་བརྒྱབ། ནང་དུ་གནས་ཆུང་ཆོས་སྐྱོང་གི་སྐུ་མཁར་ཅིག་བརྩིགས་ནས། དགོན་པ་དར་རྒྱས་ཡོང་བའི་འཕྲིན་བཅོལ་བྱས། སྡེ་པ་ཐམས་ཅད་ལ་ཚེ་དབང་བསྐུར་ཆོས་བཤད་པས་ཐམས་ཅད་དད་པར་གྱུར། ཟས་ནོར་ལོངས་སྤྱོད་མང་པོ་འབུལ་མཁན་བྱུང་། གྲྭ་ཚང་ལ་ཞབས་ཏོག་ཞུས། ནས་དོ་པོ་མང་པོ་བཀྲ་ཤིས་འཁྱིལ་དུ་བཀལ་འོངས་པས་ཕན་ཐོགས་ཆེན་པོ་བྱུང་། དེ་ནས་ཐོག་མར་གླིང་རྒྱ་རུ་སོང་། ཐམས་ཅད་ལ་ཆོས་བཤད་དབང་བསྐུར་མགུར་དབྱངས་བླངས། །ཐབས་དུ་མའི་སྒོ་ནས་བློ་ཁ་ཆོས་ལ་བསྒྱུར་བས་ཐམས་ཅད་རབ་ཏུ་དད་པས་གྲོ་དོ་པོ་བརྒྱ། ནས་དོ་པོ་ཆེ་ཆུང་ཉིས་

p. 886

བརྒྱ་ཙམ་བྱུང་། དེ་དུས་སྐལ་ལྡན་སློབ་བུ་འགྱུར་མེད་གྲོགས་བཟང་སྟོབས་ཚང་མཚམས་པ་དང་འགྲོགས་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་བྱེད་དུ་སོང་། གཞན་ཐམས་ཅད་ཀྱིས་ཞབས་ཕྱི་བྱས་ནས། འཇམ་སྨད་པ་སྡེ་པ་བཅུ། ཉང་། དར་གྲོང་། བྱང་ཆུབ། སྐྱིད་ཚང་། ཚོ་འདུ། རྒྱལ་པོ། འཕྲང་ཡར་ནང་། བསེས་དོ་རུ་ཉིན། ཆུ་མ། ཤ་བྲང་། བློན་ཆོས། ཧོར་ནག་ལ་ཁ། རོང་པོའི་སྡེ་བདུན། རྒྱ་ཁྲེས་ཙི་བཞི་པོ་སོགས་རེབ་གོང་གསེར་མོ་ལྗོངས་ཀྱི་ཡུལ་སྡེ་སྟོད་སྨད་བར་གསུམ་ཐམས་ཅད་ལ་རིམ་གྱིས་སོང་། ཡོན་བདག་ཕོ་མོ་ཐམས་ཅད་ལ་ཆོས་བཤད་དབང་བསྐུར། ཁྱད་པར་འཇིན་རྟེན་འདིའི་བསླབ་བྱ་མང་པོ་བྱས། འཐབ་རྩོད་འཁྲུག་སློང་ཐམས་ཅད་ཀྱི་རྒྱུན་བཅད། རྣམ་དཀར་དགེ་རྒྱུན་མང་པོ་བཙུགས། ཁྱད་པར་ལྷ་ཁང་དང་། མ་ཎི་ཆོས་འཁོར། མཆོད་རྟེན་མེད་ས་ཐམས་ཅད་ལ་སྐུ་གསུང་ཐུགས་རྟེན་བཞེངས་སུ་བཅུག་གོ །རེབ་གོང་དགུ་ཉིན་སྲིབ་ཀྱི་སྦྱིན་བདག་ཕོ་མོ་མཆོག་དམན་བར་གསུམ་ཐམས་ཅད་ཀྱིས་རབ་ཏུ་དད་པས་ཟས་ནོར་མང་པོ་ཕུལ་བ་ལ། ནས་དོ་པོ་སྟོང་ཕྲག་གཅིག་དང་སུམ་ཅུ། རྟ་མཛོ་འབྲི་གཡག་བ་གླང་རྣམས་བསྡོམས་པས་ཉིས་བརྒྱ། མར་དོ་པོ་ཆེ་ཆུང་བཅུ་གསུམ། ཇ་ལན་ཆེན་ལྔ། དངུལ་རྡོ་ཚད་གཉིས། དཱ་དམར་ཤོང་ལན་རས་དང་ཁ་བཏགས་སྟོང་ཕྲག་མང་པོ་བྱུང་། དེ་དུས་སློབ་མ་ཡོན་བདག་རྣམས་ཀྱིས་ཅི་བསམ་འགྲུབ་པའི་སྨོན་ལམ་འདི་ལྟར་བཏབ་བོ། །

p. 887

དཀོན་མཆོག་བྱིན་རླབས་སེམས་ལ་འཇུག་པར་ཤོག །དགེ་ཚོགས་སྣོད་བཅུད་ཡོངས་ལ་སྨིན་པར་ཤོག །ཕྱི་སྣོད་ཐམས་ཅད་དག་པའི་ཞིང་དུ་ཤོག །ནང་བཅུད་སེམས་ཅན་ལྷ་དང་ལྷ་མོར་ཤོག །ཡུལ་ཕྱོགས་རྩྭ་མེད་རྣམས་ལ་རྩྭ་སྐྱེས་ཤོག །ལུང་བ་ཆུ་མེད་རྣམས་ལ་ཆུ་རྡོལ་ཤོག །ས་ཆ་ཤིང་མེད་རྣམས་ལ་ཤིང་སྐྱེས་ཤོག །ཞིང་ས་ལོ་མེད་རྣམས་ལ་ལོ་ཡག་ཤོག །རྨང་པོ་བུ་མེད་རྣམས་ལ་བུ་སྐྱེས་ཤོག །དབུལ་པོ་ནོར་མེད་རྣམས་ཀྱིས་ནོར་འཐོབ་ཤོག །གླེན་པ་གོ་མེད་རྣམས་ལ་བློ་བསྐྱེད་ཤོག །བན་སྔགས་ཆོས་མེད་རྣམས་ལ་ཆོས་འཕེལ་ཤོག །བླ་མ་སློབ་མ་ཡོན་བདག་མཇལ་བར་ཤོག །བཀྲ་ཤིས་ཆོས་མཐུན་སྒོ་ནས་མཇལ་བར་ཤོག །ཆོས་ལྡན་བྱ་བ་བྱེད་དུས་མཇལ་བར་ཤོག །རང་གཞན་དོན་གཉིས་སྒྲུབ་དུས་མཇལ་བར་ཤོག །མི་ཕྱུགས་རྒས་ཁར་སྐྱིད་དང་འཕྲད་པར་ཤོག །ཕ་མ་རྒས་ཁར་ཆོས་དང་འཕྲད་པར་ཤོག་།ཐམས་ཅད་འཆི་ཁར་ལམ་སྣ་ཟིན་པར་ཤོག །ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ་པས་ཡོན་བདག་ཐམས་ཅད་ཀྱང་རབ་ཏུ་དགའ་ནས། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་མཐུན་འགྱུར་བྱེད་མཁན་བྱུང་། བདག་ཡར་ནང་འདམ་བུ་བྲག་དཀར་ན་ཡོད་དུས་སུ། སྐུ་གཞོགས་རྫོང་སྔོན་རིན་པོ་ཆེ་ཕེབས་པ་དང་མཇལ། ཁོང་གིས་བདག་

p. 888

ལ་རྟ་གོས་དུང་དཀར་སོགས་ཟས་ནོར་མང་པོ་ཕུལ། ཕར་ཁོང་ལ་རྟེན་གསུམ་བྱིན་ཅན་མང་པོ་དང་། ཆོས་འབྲེལ་ཕུལ་ནས་ཁྱེད་ཀྱིས་བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས། བྱམས་ཁང་ཞིག་བཞེངས་ན་ལེགས་ཚུལ་ཞུས་པས། དེ་ལྟར་བཞེངས་རྒྱུ་བྱུང་། དེ་དུས་མགར་རྩེ་ཨ་ལགས་ཆེ་ཆུང་གཉིས་ལ་མཇལ། ཕར་ཚེ་དབང་དང་བྱིན་རྟེན་ཕུལ། ཚུར་ལ་རྟ་གོས་སོགས་ཞབས་ཏོག་ཕུན་སུམ་ཚོགས་པ་བྱས་ཐུགས་ཡིད་གཅིག་འདྲེས་བྱུང་། སྐབས་དེར་འདམ་བུ་བྲག་དཀར་གནས་སྒོ་རུ་མཚམས་ཁང་ཞིག་བཟོ་བའི་ལས་གྲོགས་ལ། ཨ་ལགས་ཆུང་བ་ཕེབས་པ་མཚམས་ཁང་སྟེང་ནས་ཐོག་ཚད་གསུམ་གྱི་ས་ལ་ལྷུང་ཡང་ཉེས་སྐྱོན་གང་ཡང་མ་བྱུང་བས། ཐམས་ཅད་ཀྱིས་སྐྱབས་མགོན་གྱི་ཐུགས་རྗེས་ཁོང་གི་གྲུབ་རྟགས་བསྟན་པ་རེད་སྐྱོན་མེད་པ་ངོ་མཚར་ཆེ་ཟེར་བ་བྱུང་། འགའ་རེས་ཡུལ་བ་ཚོ་ལ་ཨ་ལགས་ལྷུང་སོང་བ་རེད་མ་ཟེར་འཕུར་སོང་གྱིས་ཤོད་ཟེར་དགོད་པར་གདའ། རྗེས་སུ་ཡང་ཡང་མཇལ་ཞིང་སྐུ་གསུང་ཐུགས་རྟེན་ཀྱང་མང་པོ་བཞེངས་རྒྱུ་བྱུང་། །དམག་གསར་དུ་སོང་དུས་སྐལ་ལྡན་སློབ་བུ་མཁའ་འགྲོས་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་ལྷ་ཁང་བཞེངས་པའི་རབ་གནས་ལ་བོས། རབ་གནས་དགའ་སྟོན་ལ་རྟ་མཛོ་གཉིས་མར་རྐྱལ་གཅིག་རས་བརྒྱ་བཅས་ཕུལ། བསྔོ་སྨོན་གྱི་མཚམས་སྦྱོར་བྱས། གོའུ་སྡེར་སོང་དུས་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་རྣམས་ལ་མཇལ། སྐུ་གསུང་ཐུགས་རྟེན་འཕེལ་

p. 889

གདུང་སོགས་བྱིན་རྟེན་མང་པོ་ཕུལ། །ཆོས་འབྲེལ་ཞུས། ཚུར་ལ་ཁོང་གིས་རྟ་གོས་ཇ་མར་མཁོ་བ་གནང་། དེ་ནས་རོང་པོའི་དགོན་ཆེན་ལ་རྒྱ་ལོའི་སྨོན་ལམ་ཆེན་མོའི་དུས། གྲོ་དོ་པོ་བཞི་བཅུ་རྩ་སྟོད་ཀྱི་གོ་རེ་བཙོས་ནས་ཚོགས་ལ་བརྒྱབ་ཇ་ཐུག་ཡག་པོ་བཏང་། འཇམ་དབྱངས་ཀུན་གཟིགས་ཀྱི་དྲུང་དུ་དངུལ་སྲང་བརྒྱ་དང་བརྒྱད་ཀྱི་དངུལ་ཀོང་ཆེན་པོ་གཅིག་དང་། རག་གི་བདུན་ཚར་ཆེན་པོ་བཅས་བཞག ལུག་ར་པད་དཀར་ཆོས་གླིང་དུ། རྟེན་གྱི་གཙོ་བོ་ཇོ་བོ་དང་བྱམས་འཇམ་དབྱངས་བྱས་ལྷ་ཁང་ཆེན་པོ་གཅིག་བཞེངས། དེའི་རྒྱུ་འགྲོ་ལ་ནས་དོ་པོ་བརྒྱ་ལྷག གྲོ་དོ་པོ་བཅུ། གསེར་ཤོག་དམར་སེར་གཉིས་ཀ་ཁྲི་བམ་བཅུ་གསུམ། ལྷ་བཟོའི་ཡོན་ལ་ཇ་ལན་ཆེན་བཅོ་བརྒྱད་ཀྱི་རྩིས། ཤིང་བཟོ་རྣམས་ལ་རས་ཆེན་ལྔ་བརྒྱའི་རྩིས། གཞན་ཡང་ཇ་མར་སོགས་རྒྱུ་ནོམ་པ་མང་པོ་སོང་། ས་དཀར་ཤར་ཇོ་ཁང་ཐེབས་སུ། དངུལ་སྲང་བཞི་བཅུ། ཇ་ལན་ཆེན་ལྔའི་རྩིས་སོང་། སྐུ་གཞོགས་མཚན་སྒྲོགས་མཁན་རིན་པོ་ཆེའི་རོང་པོའི་ལྷ་ཁང་ཞལ་འདེབས་སུ་གྲོ་ནས་དོ་པོ་སུམ་ཅུ་རྩ་གསུམ། སྐུ་གཞོགས་བསེས་རིན་པོ་ཆེའི་ཕྱག་མཛོད་ལ། མགར་རྩེའི་བྱམས་ཁང་ཉམས་གསོའི་ཆེད་དུ། ནས་དོ་པོ་ཉི་ཤུ་རྩ་ལྔ། མཛད་བརྒྱ་དཔག་བསམ་འཁྲི་ཤིང་གི་ཐང་ཀ་སུམ་ཅུ་རྩ་གཅིག་བཞེངས་པའི་ཡོན་དུ།

p. 890

རྟ་ནོར་སུམ་ཅུ། གྲོ་ནས་དོ་པོ་བཅུ་གཉིས། དངུལ་སྲང་བཅུ་དགུ་བྱིན། གོང་གཤམ་ལ་གོས་ཆེན་བཅོ་ལྔ། དེའི་ནང་མ་ལ་རས་ཁྲུ་བཅུ་སོང་། སྤྲང་པོ་མང་པོ་ལ་སྔ་ཕྱི་བྱས། ནས་དོ་པོ་བརྒྱ་ལྷག་ཅིག་གི་སྦྱིན་པ་བཏང་། དེའི་ཕྱི་ལོ་དབྱར་དུས་སྐལ་ལྡན་སློབ་བུ་མཁས་པ་ཨ་ཆུང་གནམ་རྫོང་ལ་མཚམས་བྱེད་དུ་སོང་བས་རྗེས་སུ་དགེ་སྦྱོར་དང་ཉམས་རྟོགས་འཕེལ་པོ་བྱུང་འདུག མཁན་པོ་དང་མ་ཆེན་ཀུན་དགའ་བསྟན་འཛིན་གཉིས། བཀྲ་ཤིས་འཁྱིལ་བར་བསྡད་ནས་ལྷ་ཁང་རྣམས་ཀྱི་འཕྲོ་རྣམས་བསྒྲུབས། ཨོ་རྒྱན་དང་གྲུབ་ཆེན་ལ་སོགས་པའི་གྲྭ་པ་རྣམས་ཀྱིས་ཞབས་ཕྱི་བྱས་ནས། ཞོ་འོང་ལ་སྟེང་འོག་གི་རྟ་པ་བརྒྱས་ཁུག་ཡའི་གསེར་གཞོང་བར་དུ་བསྐྱལ། དེ་རུ་ཞག་གཅིག་བསྡད། ཐམས་ཅད་ཀྱིས་རྟ་རྒྱུག་བ ཏང་། གླུ་བླངས་གར་སྣ་ཚོགས་བྱས། དེ་ནས་སྐྱེལ་མི་རྟ་པ་ཀུན་ཕྱིར་ལོག ངེད་དཔོན་སློབ་མང་པོ་དང་བཅས་ཏེ། སྤྱང་ལུང་གི་འབྲོག་ཏུ་སོང་། སྤྱི་ཐོག་ནས་ཚེ་དབང་ཞུས་པས། དབང་བསྐུར་ཆོས་བཤད། ཇག་ཁྲིམས་བསྡམས། ནོར་ཡོད་མེད་གཉིས་ཀའི་སྦྲ་ནང་དུ་སོང་། བསྔོ་སྨོན་བཀྲ་ཤིས་བརྗོད། རྟ་ནོར་དང་མར་བསོད་ཡག་པོ་ཕུལ། དེ་ནས་མདོ་པའི་འབྲོག་ཏུ་སོང་། རྟ་བསུ་བ་མང་པོ་བྱུང་། རྟ་རྒྱུག་བཏང་། རྩེད་མོ་སྣ་ཚོགས་བྱས། སྤྱི་ཐོག་ནས་ཆོས་ཞུས། མི་བཞི་བརྒྱ་ལྔ་བརྒྱ་ཙམ་ལ། ཚེ་དབང་དང་། ཛམ་ལྷའི་རྗེས་གནང་བྱས་ཆོས་བཤད་མགུར་དབྱངས་བླངས། ཇག་པ་

p. 891

མང་པོས་ཇག་མི་བྱེད་པར་ཁས་བླངས། ཇག་ཁྲིམས་དང་རྐུས་ཁྲིམས་བསྡམས། ཕྱུག་པོ་ཐམས་ཅད་ཀྱིས་ནང་དུ་བོས། བསྔོ་སྨོན་ཁ་གཡང་བཀྲ་ཤིས་བརྗོད། རྟ་ནོར་མར་ཆུར་མང་པོ་ཕུལ། སྤྱང་ལུང་དང་མདོ་པའི་འབུལ་བ་རྟ་ནོར་བཞི་བཅུ། རྐྱལ་མར་བཅུ་བཞི་ཡོད་པ་བཀྲ་ཤིས་འཁྱིལ་དུ་ཁྱེར་འོངས་ནས་ལྷ་ཁང་སོགས་ཀྱི་མཐུན་རྐྱེན་བྱས། དེ་ནས་མགོན་ཤུལ། དཔྱི་བ། དམེ་ཤུལ། མགར་རྩེ་རྣམས་ལ་སོང་། སྡེ་པ་སོ་སོར་དབང་བསྐུར་ཆོས་བཤད་པས། ཐམས་ཅད་ཀྱིས་དད་པས་དངུལ་རྡོ་ཚད་དང་། རྟ་ནོར་མང་པོ་ཕུལ། དེ་ནས་སོག་ཡུལ་རྩེ་གཞུང་དུ་སོང་། སྐུ་གཞོགས་ལ་ཁ་རིན་པོ་ཆེར་མཇལ། སྐུ་གསུང་ཐུགས་རྟེན་འཕེལ་གདུང་བྱིན་རླབས་ཁྱད་འཕགས་ཕྱག་དཔེ་མང་པོ་ཕྱེ་རྩམ་རྟ་གོས་བཅས་ཕུལ། ཆོས་འབྲེལ་ཞུས། ཁོང་གིས་ཐུགས་བརྩེ་བའི་སྒོ་ནས་ཚུར་ལ་གསོལ་རས་སུ། དངུལ་སྲང་ལྔ་བཅུ་མ་གཉིས། རས་བརྒྱ། རྟ་མཛོ་བཅུ་གསུམ། རྟ་སྒ་བཞི། ཞབས་ཕྱི་པ་རྣམས་ལའང་ལུག་མང་པོ་གནང་། བླ་བྲང་གི་སྐུ་གཞོགས་སྡེ་པ་ཚང་ལ་མཇལ། ཕྱེ་རྩམ་རྟ་གོས་ཕུལ། ཆོས་འབྲེལ་ཞུས། གསོལ་རས་གོས་གཅིག་ཁ་བཏགས་བཅས་གནང་བྱུང་། དེ་ནས་དཔོན་ཚང་ཆིང་ཝང་རིན་པོ་ཆེར་མཇལ། ཕྱེ་རྩམ་རྟ་གོས་རྟེན་གསུམ་ཚེ་སྒྲུབ་རིལ་བུ་བཅས་ཕུལ། ཚུར་སྡེར་ཁ་གོས་ཆེན་ཁ་བཏགས་བཅས་གནང་། རྗེས་སུ་མཇལ་

p. 892

རྒྱུ་བྱས། དེ་དུས་སྦྲ་ནག་ཁག་གསུམ་དང་། ཧོར་སྡེ་གཉིས་འཁྲུག་པའི་དུས་ཡིན་པས། དེའི་དོན་ལ་ཕྱིར་མྱུར་དུ་འོང་དགོས་བྱུང་། སོག་པོའི་ཡོན་བདག་མང་པོས་གདན་འདྲེན་བྱས་ཀྱང་འགྲོ་མ་ཐུབ། ན་མོ་ཝན་སྟོད་ན་ཧོར་ཡོད་པའི་ནང་དུ་ཚུར་འོངས། ཧོར་དཔོན་པོས་གཙོ་བྱས་རྟ་པ་མང་པོ་བསུ་རུ་བྱུང་། སྡེ་ཐོག་ནས་ཆོས་ཞུས། འཚོགས་པ་སྟོང་ཕྲག་ལྷག་ཙམ་ལ་ཚེ་དབང་ནོར་དབང་བྱས། ཆོས་དང་འཇིག་རྟེན་འདིའི་བསླབ་བྱ་མང་པོ་བྱས་པའི་མཐར་མགུར་དབྱངས་འདི་བླངས་སོ། །ཆོས་འཇིག་རྟེན་མཁྱེན་པའི་བླ་མ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ངས་ཕན་པའི་སྙིང་གཏམ་གླུ་རུ་ལེན། །ཁྱེད་འཇིག་རྟེན་པ་རྣམས་དགའ་བས་ཉོན། །གཏམ་བཤད་པའི་ཐོག་མར་འཛུམ་གྱིས་བསུས། །གཏམ་རྗེས་སུ་འཇོག་དུས་འཛུམ་ལ་ཞོག །གཏམ་དགོས་དོན་གང་ཡིན་གསལ་པོར་སྨྱོས། །གཏམ་མང་ཉུང་རན་པར་ཤོད་ཅིག་ཨང་། །ཟས་ཞིམ་པོར་ངོ་ཡོད་གཞན་ལ་བྱིན། །ནོར་བཟང་པོར་དགྲ་ཡོད་བཙན་སར་སྦོས། །གྲོས་བྱས་པར་གཡང་ཡོད་ཀུན་དང་བསྟུན། །གཏམ་བཤད་པར་དོན་ཡོད་རྒྱུ་མཚན་ཉོན། །རྐུ་བྱས་ན་ཐ་མར་སྤྲང་པོར་འགྲོ །ཇག་བྱས་ན་ཐ་མར་མཚོན་ཁར་འཆི། །གྱོད་བྱས་ན་ཐ་མར་འགྱོད་པོ་འོངས། །མི་བསད་ན་ཕྱི་མར་དམྱལ་བར་སྐྱེ། །མི་ཕྱི་ཐག་ཐུང་དང་གྲོགས་མ་བྱེད། །ཁོག་ནག་པའི་མི་ལ་བློ་མ་འདྲི། །འདྲིས་ཆུང་བའི་མི་ལ་བློ་མ་འགེལ། །གལ་ཆུང་

p. 893

བའི་མི་ལ་གཏམ་མ་སྨྲ། །གཏམ་མཁས་ན་ལྷ་མི་འཚོགས་སར་ཤོད། །གོས་ཡག་ན་ཁྲོམ་ཆེན་དཀྱིལ་དུ་ངོམ། །བུ་བཟང་ན་རྒྱལ་ཁམས་བདེ་ལ་བཀོད། །ཆོས་བྱེད་ན་གཞོན་ནུའི་དུས་སུ་གྱིས། །སྨན་འཆལ་མོར་མ་འགྲོགས་མི་ཁ་འདུ། །ཁྲ་བྱི་ལ་མ་གསོ་སྡིག་པ་གསོག །ཟས་མི་འཕྲོད་མ་ཟ་ཕོ་བ་ན། །རི་གཉན་སར་མ་གཉིད་ལྷ་འདྲེས་གནོད། །དགོས་ངེས་པའི་གྲོགས་པོ་འཛུམ་གྱིས་བསུས། །གྲོས་འདྲི་ན་ཉམས་ཅན་རྒན་ལ་དྲིས། །ཁོང་ཕྱུག་པོ་རྣམས་ཀྱིས་ཆོག་ཤེས་སྟེན། །ནོར་མེད་པ་རྣམས་ཀྱིས་ཟ་ཤེས་གྱིས། །གཏམ་མི་ལ་འཕོག་པ་ཁར་མ་འདོན། །རང་འགྲས་པའི་དགྲ་དང་ཐག་མ་ཉེ། །ཟས་མི་ཞིམ་པ་ལ་སྣ་མ་གཉེར། །ཇ་ཞིམ་པོ་ཆང་ལ་ཧུབ་མ་ཆེ། །ཟས་ཟ་དུས་རྒན་རིམ་གྱིས་ལ་ཟོ། །ལས་བྱེད་དུས་གཞོན་རིམ་གྱིས་དང་བཟང་། །ལྷ་དཀོན་མཆོག་མཆོད་ན་བསམ་དོན་འགྲུབ། །རྗེ་བླ་མ་བསྟེན་ན་ལྷ་ཆོས་འོང་། །སྒོམ་སྒྲུབ་པ་བྱས་ན་ཉམས་རྟོགས་འཆར། །བྱམས་སྙིང་རྗེ་ཆེ་ན་འགྲོ་དོན་འོང་། །གླུ་འདི་ཉིད་ཐོས་ཚད་སྐྱེ་བོ་ཡིས། །ཆོས་འཇིག་རྟེན་གཉིས་ཀ་ཤེས་པར་ཤོག །ཅེས་བླངས་པས་ཀུན་དད་ཅིང་གུས་པར་གྱུར་ཏོ། །དེ་དུས་སྤྲིན་འཇའ་ཉི་མ་དུས་གཅིག་ལ་འཛོམས་ནས་སྦྲང་ཆར་འཇམ་པོ་འབབ་ཅིང་། གཡུ་འབྲུག་སྔོན་མོ་ཞིག་ས་ལ་བབས་ནས་ཆུ་འཐུངས་སླར་ནམ་མཁའ་ལ་སྒྲ་དབྱངས་སྒྲོག་བཞིན་འགྲོ་བ་མཐོང་ཚེ་ཐམས་ཅད་

p. 894

ཀྱིས་བལྟས་ནས་ངོ་མཚར་ཆེ་ཟེར། རྒོད་པོ་ཞིག་ན་རེ། གཡུ་འབྲུག་སྔོན་མོ་འདི་ནམ་མཁའ་ན་ལྷང་ལྷང་གྲག་པ་ཐོས་ཀྱང་། མཐོང་ཡོང་སྙམ་པ་མ་བྱུང་སྟེ། ད་ལོ་ས་ལ་བབས་ནས་མཐོང་རྒྱུ་བྱུང་། སྐྱབས་མགོན་རིན་པོ་ཆེ་སྟོད་ཉི་མ་དབུས་གཙང་ན་སྙན་གྲགས་འབྲུག་བཞིན་གྲག་པ་ཐོས་ཀྱང་མཇལ་འོང་བསམ་པ་མ་བྱུང་སྟེ། ད་ལོ་ས་འདིར་ཕེབས་ནས་མཇལ་རྒྱུ་བྱུང་། བསྐལ་པ་བཟང་པོ་མ་རེད་ན་ཅི་རེད། ཚེ་འདིར་འདིའི་ཕན་གྱི་བསྐལ་པ་བཟང་པོ་ཞིག་མི་འོང་ཟེར། དགའ་དགའ་བྱེད་པར་གདའ། དེ་ནས་ཇག་དཔོན་ངན་པ་མང་པོ་ལ་གསོལ་རས་བདག་རྐྱེན་མང་པོ་བྱིན་ནས་ཇག་མི་བྱེད་པར་ཁས་ལེན་དུ་བཅུག ཇག་ཁྲིམས་བསྡམས། སྦྲ་ནག་དང་ཁ་གཉིས་ཀྱི་འཁྲུག་པ་མནན་ནས། རིམ་པས་འགྲིག་ཏུ་བཅུག རྟ་མཛོ་འབྲི་གཡག བྷུ་ལ། དཱ་བུ། ཝ་ལྤགས། མར་ཆུར་འབུལ་མཁན་མང་པོ་བྱུང་། དེ་དུས་རྗེས་ན་ཡོད་པའི་ཞབས་ཕྱི་གྲྭ་བཙུན་རྒྱ་སྤྲང་དང་བཅས་ཡོད་ཚད་ལ་ལྟོ་གོས་ཀྱི་ཐེབས་སུ། རྟ་ནོར་ཆེ་ཆུང་བདུན་ཅུ་རྩ་ལྔ་བྱིན། འཕྱི་གསོད་ཡན་ཆད་ལ་འཕྱི་བ་མི་གསོད་པའི་དམ་བཅའ་འབུལ་དུ་བཅུག་ནས་རྟ་རེ་བྱིན་པས་ཡོན་བདག་ཀུན་ཀྱང་ངོ་མཚར་བར་གྱུར། དེ་དུས་རང་གཞན་ཀུན་ལ་ཕན་པའི་སྨོན་ལམ་འདི་བཏབ་བོ། །བདག་དང་གཞན་གྱི་འདིས་མཚོན་པའི་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྣམས། སེམས་ཅན་ཟས་མེད་པ་ལ་ཟས། གོས་མེད་པ་

p. 895

ལ་གོས། གྲོགས་མེད་པ་ལ་གྲོགས། བུ་མེད་པ་ལ་བུ། རྟ་མེད་པ་ལ་རྟ། བཞོན་མ་མེད་པ་ལ་བཞོན་མ། གནས་ཁང་མེད་པ་རྣམས་ལ་གནས་ཁང་དུ་གྱུར་ནས། སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག སྐྱིད་པར་ཤོག་ཅིག གཞན་ཡང་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྣམས། སེམས་ཅན་བླ་མ་མེད་པ་ལ་བླ་མ། ཆོས་མེད་པ་ལ་ཆོས། གྲོགས་མེད་པ་ལ་གྲོགས། དབེན་པ་མེད་པ་ལ་དབེན་གནས། འཚོ་བ་མེད་པ་ལ་འཚོ་བར་གྱུར་ནས། ཐམས་ཅད་ལ་ཆོས་འོང་བར་གྱུར་ཅིག སངས་རྒྱས་པར་གྱུར་ཅིག བདག་གིས་ཚེ་རབས་ཐམས་ཅད་དུ། །སེམས་ཅན་རྣམས་ལ་ཕན་པར་ཤོག །ནམ་ཡང་འགྲོ་ལ་མི་ཕན་ཞིང་། །གནོད་པའི་ལུས་སུ་མི་སྐྱེ་ཤོག །ཚེ་རབས་ཀུན་ཏུ་སེམས་ཅན་ལ། །ཕན་ཐོགས་འབྱུང་བའི་ལུས་འཐོབ་ཤོག །འགྲོ་ཀུན་སྐྱིད་ན་སྐྱིད་གྲོགས་དང་། །སྡུག་ན་སྡུག་གྲོགས་བྱེད་པར་ཤོག །སེམས་ཅན་ཡལ་བར་འདོར་བའི་བློ། །ནམ་ཡང་སེམས་ལ་མི་སྐྱེ་ཤོག །སེམས་ཅན་གཅིག་ཀྱང་མ་ལུས་པར། །དེ་སྲིད་འགྲོ་དོན་བྱེད་པར་ཤོག །འགྲོ་ཀུན་སངས་རྒྱས་གོ་འཕང་ལ། །བཀོད་ནས་འགྲོ་དོན་མཐར་ཕྱིན་ཤོག །དེ་ལྟར་བྱས་པའི་བསོད་ནམས་ཀྱིས། །བདག་ཀྱང་འབད་མེད་སངས་རྒྱས་ཤོག །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །བསམ་དོན་ཡིད་བཞིན་འགྲུབ་པར་ཤོག །སྨོན་

p. 896

ལམ་ཇི་ལྟར་བཏབ་པ་བཞིན། །དེ་དེ་བཞིན་དུ་འགྲུབ་པར་ཤོག །ཅེས་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་བྱས། དེ་ནས་བོན་རྒྱ་རུ་སོང་། རྟ་པ་མང་པོ་བསུ་རུ་འོང་།་རྟ་རྒྱུག་བྱས། ཡུལ་དུ་སླེབས་ནས་སྡེ་ཐོག་ནས་ཆོས་ཞུས། ཡུལ་མི་ཐམས་ཅད་ལ་དབང་བསྐུར་ཆོས་བཤད་དེ་ཀུན་གྱི་སྣང་བ་དམ་པའི་ཆས་ལ་བསྒྱུར། དད་ཅན་ཐམས་ཅད་ཀྱི་ནང་ལ་བོས་ནས་སོང་། སྨོན་ལམ་བཀྲ་ཤིས་བརྗོད་པས། རྟ་ནོར་ལུག་གསུམ་ལྷག་པར་དུ་མར་ཆུར་འབུལ་མཁན་མང་པོ་བྱུང་བ་དང་། རོང་པོའི་དགོན་ཆེན་ལ་རྟ་ནོར་བདུན་ཅུ། རྐྱལ་མར་ཉི་ཤུ་རྩ་གཉིས། ཇ་ཐུག་གི་རྒྱུར་དངུལ་སྲང་བཅུ་དྲུག་རེབ་གོང་སྒྲུབ་སྡེ་བཅོ་བརྒྱད། མར་ནང་རྡོ་བིས་དགོན་པ་ཚུན་ཆད་ཀྱི་དགོན་པ་ཆེ་ཆུང་ཐམས་ཅད་ལ། རྟ་མཛོ་འབྲི་གཡག་བསྡོམས་པས་བརྒྱ་ལྷག་རྐྱལ་མར་ཉི་ཤུ་ཐམ་པ། དངུལ་སྲང་ལྔ་བཅུ། ཁ་བཏགས་མང་པོ་དང་བཅས་བཏང་། བླ་བྲང་བཀྲ་ཤིས་འཁྱིལ་ལ་འགྱེད་ཕོགས་མང་ཇ་གྱ་ནོམ་པ་བཅས་གྲྭ་པ་མང་པོས་ཁྱེར་བས། ངེད་ཚང་གི་གྲྭ་པ་སྣ་ཚོགས་པ་ཡིན་གཤིས། ནང་ན་བླ་བྲང་གི་ཚོགས་ནས་ཕུད་བཏང་བའི་དམ་ཉམས་གཅིག་ཡོད་པ་དེ་ངེད་ཚོས་མ་ཤེས་པར་རྒྱུས་ཡོད་བྱེད་དུ་བཏང་བས། དེ་འཕུད་མཁན་ཚོས་མཐོང་ནས་གྲྭ་པ་དམ་ཉམས་དེའི་ལག་ནས་འཐུང་ཚུལ་མེད་ཅེས་གཏོང་དུ་མ་བཅུག་པར་ཕྱིར་ལོག་བྱུང་། འགའ་རེས་དེ་ཡིན་པར་མ་ཤེས་པར་གྲུབ་མཐའི་ཕྱོགས་རིས་བྱས་

p. 897

ནས་མ་འཐུངས་པ་རེད་ཟེར། གང་ཡིན་ཡང་དགེ་བའི་ཁ་འགེགས་ཤིག་བྱུང་། གཏོང་མ་ཐུབ་པར་འགྱོད་པ་སྐྱེས། གཞན་མང་ཇ་རྒྱག་པའི་ཞལ་འདེབས་བྱས་སོ། །དེ་ནས་ཡོན་བདག་གླེ་བ། དཔལ་མཆོག བདུད་ཤུལ་སོགས་ལ་རིམ་པ་བཞིན་དུ་སོང་། ཐམས་ཅད་ཀྱིས་རྟ་བསུ་བྱས། ཡུལ་དུ་སོང་ནས་ཆོས་བཤད་དབང་བསྐུར་བས། ཐམས་ཅད་ཀྱི་ནང་དུ་བོས། དངུལ་སྲང་ལྔ་བཅུ་མ་མང་པོ་དང་། རྟ་ནོར་ལུག་གསུམ་གང་མང་འབུལ་མཁན་བྱུང་། དེ་ནས་མང་ར་ཁ་སྟོད་ན་འདུག་པའི་གྲ་ཚའི་ཕྱག་རྡོར་སྐོར་དང་། བན་ཤུལ་གཉིས་ལ་སོང་། ཐབ་བསུ་བ་བྱུང་། ཐུད་དང་ཞུན་སྡེ་ཐོག་ནས་ལྔ་བཅུ་ལྷག་བཅས་ཕུལ། ཆོས་ཞུས་པར་དབང་དང་གདམས་པ་བྱིན། ཐམས་ཅད་ཀྱི་ནང་དུ་སོང་། རྟ་ནོར་མང་པོ་ཕུལ། དེ་ནས་གྲུབ་དབང་པདྨ་རང་གྲོལ། མང་ར་སྨད་ཀྱི་འཁྱམས་རུ་རྐང་རྩའི་ཡོན་བདག་རྣམས་དང་བཅས་ཀྱི་བསུ་བ་བྱུང་། ཁོང་གི་སྒར་ཁར་སོང་། སྟོན་མོ་ཆེན་པོ་བྱས། ཞུན་ཐུད་བརྒྱ་ཕྲག་དུ་མ་ཕུལ། ཁྲོམ་ལྷ་མི་སྟོང་ཕྲག་མང་པོ་འཚོགས་པ་ལ་ཚེ་དབང་ནོར་དབང་རྒྱས་པར་བྱས། ལས་རྒྱུ་འབྲས་བདེན་པའི་ཆོས་བཤད། འཇིག་རྟེན་འདི་ཡི་བསླབ་བྱ་བསྟན་ཏེ་མགུར་དབྱངས་འདི་བླངས་སོ། །ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན། །

p. 898

སྐྱབས་མགོན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བདག་དང་སློབ་མ་ཡོན་བདག་ཕོ་མོ་ལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཕྱི་གཉིས་ཀར་ཕན་པའི་སྙིང་གཏམ་བྱ། །ཁྱེད་རྣམས་མ་ཡེངས་ཉོན་ཅིག་ཡོན་བདག་ཚོ། །ཚེ་འདིར་རྒྱལ་ཁམས་ཐམས་ཅད་བདེ་འདོད་ན། །གོང་མ་རྒྱལ་པོའི་བཀའ་ཁྲིམས་བརྩིས་ན་ལེགས། །ཕྱི་མའི་ཡུལ་ལ་བདེ་ཞིང་སྐྱིད་འདོད་ན། །སངས་རྒྱས་གསུང་བཞིན་རྒྱུ་འབྲས་བརྩིས་ན་ལེགས། །འདི་ཕྱི་གཏན་གྱི་སྐྱབས་མགོན་བླ་མ་ལ། །གསོལ་བ་སྙིང་ནས་བཏབ་ན་བྱིན་རླབས་འཇུག །ནམ་ཡང་བསླུ་མེད་དཀོན་མཆོག་གསུམ་པོ་ལ། །སྙིང་ནས་སྐྱབས་འགྲོ་གྱིས་དང་ཅི་བསམ་འགྲུབ། །རྒས་པའི་ཕ་མ་ཡན་ན་དྲིན་ཅན་མེད། །དྲིན་གཟོ་གྱིས་དང་བུ་ལ་བསོད་ནམས་སྐྱེ། །གཤིན་པོར་དགེ་བ་བྱེད་དུས་ར་ལུག་གཡག །བསད་ནས་ཆོས་ལོག་ནམ་ཡང་མ་བཅོ་ཞིག །མནའ་མ་ལེན་དུས་སྡིག་པོ་མང་པོ་བྱས། །སྟོན་མོ་ཆེན་པོ་ནམ་ཡང་མ་རྒྱག་ཅིག །ཉེས་པ་ཡོད་རུང་མེད་རུང་གླིང་བཏབ་ནས། །སྙོམས་ཆུང་ལག་ནས་ཟས་ནོར་མ་འཕྲོག་ཅིག །ཀུན་གྱིས་ནག་ཅན་ཇག་པ་ཡིན་པར་བཏང་། །ཉེས་མེད་མང་པོ་རྒྱ་ལ་མ་སྤྲོད་ཅིག །སྡུག་རྩ་ཐུག་ནས་རང་ཉིད་འགྲོ་དགོས་ཀྱང་། །ཨ་མཆོད་བཟུང་ནས་འཚབ་ཏུ་མ་སྤྲོད་ཅིག །ཇག་དང་རྐུན་མ་འཁོན་གྱི་གཞི་མ་ཡིན། །ཕྱིན་ཆད་གང་གི་ས་ནས་བཅད་ན་བཟང་། །དབྱར་ཁ་

p. 899

ལོན་ན་འཕྱི་བ་གསོད་པ་སོགས། །དོན་མེད་སྡིག་པའི་ལས་ལ་མ་རྔམས་ཤིག །རང་གིས་སྐྱི་བཤུས་ཙམ་ཡང་མི་བཟོད་པར། །མི་རྟ་ཁྱི་ལ་གྲི་ཡིས་མ་རྒྱག་ཅིག །གཉན་པོ་དུག་སྡོང་ལྟ་བུར་གནོད་བསྐྱལ་ནས། །ན་ཚ་གོད་ཁའི་རྒྱུ་ལ་མ་འབད་ཅིག །དོན་ཡལ་ནོར་ཟད་སྤྲང་པོར་འགྲོ་བའི་རྒྱུ། །དུད་ཆང་ཡིན་པས་གཏན་ནས་མ་དགའ་ཞིག །དཔེ་ངན་གཞན་ལ་བཏོན་ན་རང་ལ་འཁོར། །དཔོན་པོས་གཟུ་ལོག་ཁྲིམས་ལོག་མ་བྱེད་ཅིག །བཙན་པོ་ཡིན་ཡང་བཙན་ཚོད་མི་ཟིན་པར། །སྙོམས་ཆུང་རྣམས་ཀྱི་ལག་ནས་མ་འཆི་ཞིག །ཆུང་མས་གཡོག་པོར་བརྡུང་ཚོད་མི་ཟིན་པར། །དམེ་རྒན་ཆོ་ལོ་ནམ་ཡང་མ་ལེན་ཞིག །ཁྱིམ་མཚེས་འགྲན་སེམས་ཅན་གྱིས་བསྟོད་ར་བས། །ཕ་མས་ངན་མཚང་བྲུས་ཤིང་བརྡུངས་ན་དགའ། །ཅི་ཙམ་བཤད་ཀྱང་ཁ་ལ་མི་ཉན་པའི། །འཁོར་གཡོག་མང་པོ་ཡོད་ལས་མེད་ན་དགའ། །གྱོད་སྣ་ཁ་མཆུ་མང་པོ་འགྲོ་མཁན་གྱི། །བུ་ལས་རབས་ཆད་ཕོ་མོ་ཡིན་ན་དགའ། །བཟང་ཚང་གཡོག་འཁོར་ཀུན་ལ་མི་བྱམས་པའི། །མནའ་མ་བདུད་མོ་ཡོད་ལས་མེད་ན་དགའ། །ཕུ་རུ་ཀ་ཅ་གཅོག་པའི་བྱིས་པའི་རིགས། །ནང་དུ་འཇོག་ལས་ཕྱི་སྒོར་ཕུད་ན་དགའ། །བཟའ་བསྡིགས་ཐུག་པ་རྒྱུན་དུ་སྐོལ་མཁན་གྱི། །རྒད་པོ་རྣམས་ཀྱི་ཁ་ལ་ཐལ་བ་རྒྱོབ། །ནམ་ཡང་ངོ་ལ་སྐྱིད་ཅིག་བཟུང་ཡོད་

p. 900

པའི། །རྒན་མོ་རྣམས་ཀྱི་ངོ་སོ་ཡར་ལ་བསྟོད། །མི་ཚེ་སྐྱིད་དང་ཆོས་ལ་གཟད་གྱུར་ན། །མི་ལུས་ཐོབ་པ་དོན་དང་ལྡན་པར་འགྱུར། །གླུ་འདི་ཐོས་ཚད་ཡོན་བདག་ཕོ་མོ་ཡི། །སྣང་བ་དམ་པའི་ཆོས་ལ་འགྱུར་བར་ཤོག །ཡུལ་ཕྱོགས་འདི་རུ་བཀྲ་ཤིས་གཡང་ཆགས་ཤིང་། །གཡང་ནོར་མང་པོས་ས་སྟེང་ཁྱབ་གྱུར་ཅིག །ཅེས་བླངས་པས་ཐམས་ཅད་དད་པ་སྐྱེས། ཇག་པ་རྐུན་མ་མང་པོས་ཇག་བརྐུས་བཅད། ཇག་ཁྲིམས་དང་རྐུན་ཁྲིམས་བསྡམས། བསྙེན་གནས་སྨྱུང་གནས་ལྔ་མཆོད་དུས་བཟང་ཚེས་བཅུ་སོགས་ཀྱི་རྒྱུན་བཙུགས། གྲུབ་དབང་པདྨ་རང་གྲོལ་ནས་རྟ་ནོར་བཅོ་ལྔ་ལུག་ལྔ་བཅུ་བྱིན་པའི་ནང་ནས་ཕྱེད་ཀ་ཕྱིར་ཕུལ། དེ་ནས་མང་རའི་རྐང་རྩ་འཁྱམས་རུ་རང་ངན་བྲིས་ནག་ཐར་ཤུལ་ཞབས་དྲུང་གི་རུ་སྡེ་རྣམས་ལ་རིམ་གྱིས་སོང་བཀའ་བསྒོ་བྱིན་རླབས་བྱས། རྒན་རྒོན་ཚོར་འཕོ་ལུང་། བསྔོ་སྨོན་བཀྲ་ཤིས་བརྗོད་པས། ཉིན་རེ་ལ་རྟ་ནོར་བཞི་བཅུ་ལྔ་བཅུ་དང་། ལུག་ཀྱང་མང་པོ་འབུལ་མཁན་བྱུང་། དངུལ་ཀྱང་རྡོ་ཚད་མང་པོ་བྱུང་། དེའི་ཐོག་ནས་རྭ་རྒྱ་དགོན་ལ་རྟ་མཛོ་འབྲི་གཡག་ཆེ་ཆུང་ལྔ་བཅུ། མར་རྐྱལ་བརྒྱད། ནས་དོ་པོ་དྲུག ལ་མོ་བདེ་ཆེན་དགོན་པ་ལ། རྟ་མཛོ་འབྲི་གཡག་ཆེ་ཆུང་ལྔ་བཅུ། མར་རྐྱལ་བཅུ། ཇ་ཐུག་གི་དོད་དུ་དངུལ་སྲང་བཅུ། ཁྲི་ཀའི་ཇོ་བོ་ཆེན་པོའི་དྲུང་དུ་དངུལ་སྲང་ཉིས་བརྒྱའི་མཆོད་ཀོང་ཆེན་པོ་

p. 901

གཅིག་བཞག་ནས། སྟོང་མཆོད་ཕུལ་སྨོན་ལམ་རྒྱ་ཆེན་པོ་བཏབ། །ཁྲི་ཀའི་ཕྱོགས་ཀྱི་དགོན་པ་སུམ་ཅུ་སོ་དྲུག་ཙམ་ལ། མཛོ་རེ་དང་དངུལ་སྲང་གང་རེ་ཕུལ། གཞན་དགོན་པའི་ལས་ཚན་འབུལ་སྡུད་པ་འོང་བ་རྣམས་ལ་རྟ་མཛོ་ཉི་ཤུ་ཙམ་སོང་། སློབ་བུ་མཁས་པ་དང་ཚེ་མགོན་གཉིས་ཀྱིས་ཨ་ཆུང་གནམ་རྫོང་གི་ལྷ་ཁང་ཉམས་གསོ་བྱས་པའི་ནང་དུ་རྟ་གཅིག་མར་ཆུར་དོ་པོ་གཉིས་ཕུལ། བདེ་ཆེན་དཔོན་སློབ་རིན་པོ་ཆེ་ལ་མཇལ། རྟ་གོས་གཉིས་ཕུལ་ཆོས་འབྲེལ་ཞུས། ཨ་རིག་དགེ་བཤེས་རིན་པོ་ཆེའི་སྤྲུལ་སྐུ་ལ་མཇལ། བྱིན་རྟེན་དང་རྟ་གཅིག་ཕུལ་ནས་སྐྱབས་འཇུག་ཞུས། མ་ཕྱག་སྤྲུལ་པའི་སྐུ་མཇལ་དུ་ཕེབས་པ་ལ་ཐིག་ལེ་བཅུ་དྲུག་གི་དབང་ལུང་ཕུལ། རྟ་གཅིག་གནང་བ་ཕྱིར་ཕུལ། དེའི་དགུན་ཞབས་ཕྱི་པ་མང་པོ་ཆུ་བཟང་དུ་བསྡད། ངས་རྨ་འགྲམ་མ་ཕྱག་དགོན་ནས་མཚམས་བྱས། དགེ་འདུན་པ་རྣམས་ལ་འགྱེད་ཕོགས་ཀྱི་དོད་དུ། རྟ་ནོར་བདུན་བྱིན། འདུ་ཁང་ནང་དུ་རྗེ་བདག་ཉིད་ཆེན་པོའི་སྐུ་གཅིག་བཞེངས། དེའི་ལོ་གྲྭ་བཙུན་སློང་མཁན་མང་པོ་ལ་སྔ་ཕྱི་བྱས་རྟ་མཛོ་འབྲི་གཡག་བརྒྱད་ཅུ། ཆུ་བཟང་ནས་སྤྲང་པོ་མང་པོ་ལ། དངུལ་རྡོ་ཚད་དགུ་དང་། རྟ་རྒོད་མ་བཅུ་གསུམ་གྱི་རྩམ་པ་ཉོས་ནས་བྱིན། དེས་མ་འདངས་པར་ལུག་བརྒྱ་ལྷག་ཙམ་བྱིན་པས་སྤྲང་པོ་མུ་གེས་འཆི་ཐག་ཆོད་

p. 902

བརྒྱ་ལྷག་ཅིག་གི་ཚེ་ཐར་བ་བྱུང་། དེའི་ཚེ་དབུས་གཙང་མངའ་རིས་ཕྱོགས་ཀྱི་སློབ་མ་ཡོན་བདག་རྣམས་ལ་ཕན་པའི་སྤྲིང་ཡིག་སྙན་པའི་བ་དན་དཀར་པོ་ཞེས་བྱ་བ། རང་གི་སློབ་བུ་བཀྲ་ཤིས་ལྷུན་པོ་ཁམས་ལྷོ་ཁ་བརྒྱུད་ནས་དབུས་གཙང་དག་པའི་ཞིང་དུ་འགྲོ་བ་ལ་བསྐུར་ཚུལ་ནི། འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་གི་མཆོག །ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་ཡབ་སྲས་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་སྤྱན་གྱིས་གཟིགས། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཐོག་མར་དགེ་བའི་བཤེས་ལ་བཀའ་ཆོས་ཞུས། །བར་དུ་རི་ཁྲོད་དབེན་པར་དགེ་སྦྱོར་བྱས། །ཐ་མ་སློབ་མ་ཡོན་བདག་དགེ་ལ་སྦྱར། །ཐོག་མཐའ་བར་དུ་དགེ་བའི་ཞབས་དཀར་པས། །དབུས་གཙང་དག་པའི་ཞིང་ནས་མདོ་སྨད་དུ། །སླེབས་ནས་ལོ་ལྔ་ཚུན་ལ་ཆོས་ལྡན་གྱི། །བྱ་བ་ལེགས་པོ་མང་པོ་བསྒྲུབས་ཚུལ་གྱི། །སྙན་པའི་བ་དན་དཀར་པོ་ཕྱོགས་ཀུན་གཡོ། །དབུས་གཙང་མངའ་རིས་ཕྱོགས་ན་གནས་པ་ཡི། །སྐལ་ལྡན་སློབ་མ་དད་ཅན་སྦྱིན་བདག་སོགས། །དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་མི་རྣམས། །རབ་ཏུ་དགའ་བའི་སེམས་ཀྱིས་མ་ཡེངས་ཉོན། །དཔལ་ལྡན་བླ་མ་དཀོན་མཆོག་ཐུགས་རྗེ་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །ཁྱེད་རྣམས་ཐམས་ཅད་བདེ་ཞིང་སྐྱིད་པའི་སྒོས། །རྣམ་དཀར་དགེ་ལ་གཞོལ་བཞིན་ཡོད་ལས་ཆེ། །

p. 903

བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །ལམ་སྐབས་རྣམས་སུ་མི་འདོད་སྣ་ཚོགས་ཤིག །བྱུང་ཡང་རྒྱལ་བ་ཡབ་སྲས་ཐུགས་རྗེ་ཡིས། །མདོ་ཁམས་ཕྱོགས་སུ་བདེ་བར་སླེབས་པ་བྱུང་། །ཡུལ་འདིའི་སྐྱ་སེར་དྲག་ཞན་ཐམས་ཅད་ལ། །རྒྱུ་འབྲས་གཙོ་བོར་བཏོན་ནས་ཆོས་བཤད་པས། །རེབ་གོང་སྟོད་ཀྱི་ཇག་པ་རྐུན་མ་དང་། །རེབ་གོང་སྨད་ཀྱི་འཐབ་རྩོད་ཐམས་ཅད་ཆོད། །རོང་པོའི་བསྐོར་མཐའི་འཕྲོག་བཅོམ་ཀུན་ཞི་ནས། །ད་ལྟའི་དུས་འདིར་ཡུལ་ལ་སྔར་མེད་ཀྱི། །བདེ་སྐྱིད་ཉི་མ་གསར་དུ་ཤར་བ་བྱུང་། །ཀུན་ཀྱང་དགའ་བའི་གཏམ་སྙན་ཕྱོགས་བཅུར་སྒྲོག །ཡུལ་ཕྱོགས་འདི་ཡིས་རང་རང་འབྱོར་ཚད་ཀྱི། །ཟས་ནོར་ལོངས་སྤྱོད་མང་པོ་འབུལ་མཁན་བྱུང་། །བྱུང་མ་ཐག་ནས་གསོག་འཇོག་མ་བྱས་པར། །ཕྱོགས་འདིའི་དགེ་བའི་བཤེས་ལ་ཞབས་ཏོག་ཞུས། །སྐུ་གསུང་ཐུགས་རྟེན་རྣམས་ལ་མཆོད་པ་ཕུལ། །དགེ་འདུན་སྡེ་ལ་འགྱེད་ཕོགས་མང་ཇ་བཏང་། །ངན་སློང་སྟོང་ཕྲག་མང་པོར་སྦྱིན་པ་བཏང་། །ཚེ་ཐར་སྲོག་བླུའི་རིགས་ཀྱང་མང་པོ་བྱས། །ཁྱད་པར་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་དང་། །སྐྱབས་མགོན་རྒྱལ་བ་ཡབ་སྲས་ཞབས་བརྟན་དུ། །དམིགས་ནས་ལྷ་ཁང་ཉམས་པ་མང་པོ་གསོས། །རྟེན་བཞེངས་སྔར་མེད་དགོན་དང་གྲོང་ཡུལ་ལ། །གཙུག་ལག་ཁང་ཀྱང་མང་པོ་བཞེང་དུ་

p. 904

བཅུག །ཁྱོན་བསྡོམས་ལྷ་ཁང་བརྒྱ་དང་རྩ་བརྒྱད་འགྲུབ། །སྐུ་རྟེན་ཆེ་ཆུང་གཉིས་ལ་ཁྲི་ཕྲག་གཅིག །གསུང་རྟེན་མདོ་རྒྱུད་བསྟན་བཅོས་གླེགས་བམ་སྟོང་། །ཐུགས་རྟེན་མཆོད་རྟེན་ཆེ་ཆུང་བརྒྱ་ཕྲག་ལྷག །གཞན་ཡང་དབེན་པར་མཚམས་ཁང་མང་པོ་དང་། །སྐུ་འབུམ་ཚ་འབུམ་མང་པོ་རྒྱག་མཁན་དང་། །མཚམས་དང་སྒྲུབ་པ་བྱེད་མཁན་མང་པོ་བྱུང་། །མདོར་ན་དངོས་སམ་བརྒྱུད་ནས་བསྟན་འགྲོ་ལ། །ཕན་ཐོགས་རྒྱ་ཆེར་བྱུང་བའི་ལོ་རྒྱུས་རྣམས། །སྙན་གྲགས་འདོད་པའི་བློ་ཡིས་མ་བཅིངས་པར། །དཀར་པོའི་ཕྱོགས་ལ་དགའ་བའི་ལྷ་མི་དང་། །ཁྱད་པར་རང་གི་བླ་མ་མཆེད་གྲོགས་དང་། །སློབ་མ་ཡོན་བདག་ཁྲི་ཕྲག་འབུམ་ཕྲག་རྣམས། །དགའ་ཞིང་སྤྲོ་བ་འཕེལ་བའི་མཆོད་སྤྲིན་དུ། །སྤྲོས་པས་མཐོང་ཐོས་དཀར་ཕྱོགས་ལྷ་མི་ཀུན། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་མཛོད། །བསོད་ནམས་མཉམ་པོར་འཐོབ་པའི་སྐལ་བ་ཡོད། །ད་དུང་མ་ཤི་ཚེ་རིང་བྱུང་གྱུར་ན། །ལོ་རེ་ལོ་གཉིས་བསྡད་ནས་ཡུལ་ཕྱོགས་འདིའི། །བསྟན་དང་འགྲོ་བ་ཡོངས་ལ་གང་ཕན་བྱས། །ཆོས་ལྡན་བྱ་བ་ཐམས་ཅད་མཐར་ཐོན་ཚེ། །སླར་ཡང་གྲོགས་བཟང་དང་བཅས་དབུས་གཙང་གི །འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་གི་མཆོག །ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་ཡབ་སྲས་དང་། །སེར་འབྲས་དགེ་གསུམ་སློབ་མ་ཡོན་བདག་ལ། །མཇལ་དུ་

p. 905

ཡོང་དགོས་སྙམ་པ་ཡིད་ལ་ཤར། །འདོད་པའི་ནང་བཞིན་དབུས་སུ་མྱུར་སླེབས་ནས། །ཇོ་བོ་ཡིད་བཞིན་ནོར་བུར་མཆོད་པ་ཕུལ། །རྒྱལ་བ་ཡབ་སྲས་གཉིས་ལ་ཞབས་ཏོག་ཞུས། །བསྟན་འགྲོ་ཡོངས་ལ་ཕན་པའི་སྨོན་ལམ་འདེབས། །འབྲུག་གི་ལོ་ལ་གཏམ་སྙན་དབྱར་གྱི་རྔ། །དབུས་གཙང་ཕྱོགས་སུ་ལྡིར་བའི་རྟེན་འབྲེལ་ལ། །བརྟེན་ནས་ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས། །རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །སྐྱབས་མགོན་རྒྱལ་བ་ཡབ་སྲས་ཐུགས་རྗེ་དང་། །སློབ་མ་ཡོན་བདག་རྣམས་ཀྱི་དད་མོས་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །ཡིད་ལ་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག །ཅེས་པ་དང་། གཞན་ཡང་སྤྲིང་ཡིག་ཀ་ལ་པིངྐའི་སྒྲ་དབྱངས། ཉམས་མགུར་ཁུ་བྱུག་སྔོན་མོའི་སྐད་སྙན། འདུན་མ་ལེགས་པའི་མགུར་དབྱངས་གདངས་སྙན་པི་ཝང་གླིང་བུ། དམ་ཆོས་གསེར་འོད་དམ་པའི་རྔ་སྒྲ་ཞེས་བྱ་བ་རྣམས་བསྐུར་བ་མགུར་འབུམ་ན་གསལ། དེ་དག་རྣམས་སློབ་མ་ཡོན་བདག་རྣམས་ཀྱི་ལག་ཏུ་འབྱོར་བས་དངོས་སུ་མཇལ་བ་ལྟ་བུའི་དགའ་སྤྲོ་ཚད་ལས་འདས་པ་བྱུང་སྐད། དེའི་ལོ་རྗེས་མ་དེ་ལ་སློབ་བུ་གྲུབ་ཆེན་དང་། དབོན་པོ་དཀར་དྲིས་སྟག་ཡན་རྣམས་ཆུ་བཟང་ནས་བསྡད་ནས་ཇོ་བོའི་ལྷ་ཁང་བརྒྱབ།

p. 906

དེའི་རྒྱུ་སོང་ལ་དངུལ་རྡོ་ཚད་གསུམ་གྱི་གསེར་ཤོག་དང་ཚོན་རྩི། ལྷ་བཟོའི་ཡོན་ལ། རྟ་མཛོ་འབྲི་གཡག་ཉི་ཤུ་དང་། ལུག་ལྔ་བཅུ། དངུལ་སྲང་བཅུ་གསུམ། ཤིང་བཟོ་རྣམས་ལ། རྟ་ནོར་ཉི་ཤུ་དངུལ་སྲང་ཉི་ཤུ་རྩ་ལྔ་སོང་། ངེད་དཔོན་སློབ་མང་པོ་ཆུ་བཟང་ནས་ཕར་འབལ་ཕྱོགས་སུ་སོང་། གསེར་ལག་དགོན་པའི་རྒྱ་ཟའི་ཁྲི་པ་རིན་པོ་ཆེར་མཇལ། དགོན་པ་གསར་རྒྱག་མཛད་པའི་ཐེབས་སུ་རྟ་ནོར་བཅོ་ལྔ། ཇ་ལན་ཆེན་ཕྱེད། རྐྱལ་མར་གཅིག་དང་བཅས་ཕུལ་ནས་ཆོས་འབྲེལ་ཞུས། དེ་ནས་སྔར་གྱི་ཡོན་བདག་རྙིང་བ། བོང་སྟག་བན་ལོ། ཆོས་སྐྱབས། སྦྲ་ཆེའི་རིན་ཆེན་བྱམས་ཀྱི་ནང་དང་། རྒྱུ་ཟའི་དཔོན་པོ་སྐལ་ལོ། ཡུལ་སྐྱོང་ཆོས་སྨྱོན། ཁོ་ནག་དཔོན་པོ་རྣམས་ཀྱི་རུ་སྐོར་ལ་རིམ་གྱིས་སོང་། ཐམས་ཅད་ལ་ཚེ་དབང་བསྐུར། ཆོས་བཤད་སྨོན་ལམ་བརྗོད་པས། དངུལ་རྡོ་ཚད་དང་། རྟ་གོས་ནོར་ལུག་མང་པོ་འབུལ་མཁན་བྱུང་། ཁྱོན་བསྡོམས་པས་འབྲོག་པ་ཐམས་ཅད་ཀྱིས་རྒྱུ་ནོམ་པ་ཕུལ་བའི་ཐོ་ལ། རྟ་མཛོ་འབྲི་གཡག་ཆེ་ཆུང་སྟོང་ཕྲག་གཅིག་དང་སུམ་བརྒྱ། ལུག་སྟོང་དང་བདུན་བརྒྱ། རྐྱལ་མར་བརྒྱ་དང་བརྒྱད་ཅུ། ཆུ་ར་དོ་པོ་བརྒྱ། ཇ་ལན་ཆེན་བཅུ། དངུལ་རྡོ་ཚད་སུམ་ཅུ་སོ་གསུམ། བྷུ་ལ་ཀོ་བུབས་བདུན་ཅུ། བྷུ་ལའི་ལྷམ་དྲུག་ཅུ། ལ་ལྤགས་བཞི་བཅུ། རས་དང་དཱ་བུ་ལྔ་བརྒྱ་ལྷག

p. 907

ཁ་བཏགས་ཆེ་ཆུང་སྟོང་ཕྲག་མང་པོ་བྱུང་། དེ་དུས་སློབ་མ་ཡོན་བདག་རྣམས་ལ་ཕུན་སུམ་ཚོགས་པའི་བཀྲ་ཤིས་འདི་བརྗོད་དོ། །ཨོཾ་སྭཱ་སྟི། སངས་རྒྱས་ནམ་མཁའ་གང་བའི་བཀྲ་ཤིས་ཤོག །ཆོས་ཀྱིས་བར་སྣང་གང་བའི་བཀྲ་ཤིས་ཤོག །དགེ་འདུན་ས་གཞི་གང་བའི་བཀྲ་ཤིས་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མཐོན་པོའི་ནམ་མཁའ་ལ་ཡང་བཀྲ་ཤིས་ཤོག །དམའ་མོའི་ས་གཞི་ལ་ཡང་བཀྲ་ཤིས་ཤོག །ཡངས་པོའི་བར་སྣང་ལ་ཡང་བཀྲ་ཤིས་ཤོག གནམ་ས་བར་སྣང་ཁྱབ་པའི་བཀྲ་ཤིས་ཤོག །ནམ་མཁའི་ཆར་བ་འབབ་པའི་བཀྲ་ཤིས་ཤོག །བར་སྣང་འཇའ་སྤྲིན་འཁྲིགས་པའི་བཀྲ་ཤིས་ཤོག །ས་གཞི་ལོ་ཕྱུགས་ལེགས་པའི་བཀྲ་ཤིས་ཤོག །བདེ་སྐྱིད་ཉི་མ་འར་བའི་བཀྲ་ཤིས་ཤོག །ཕ་མ་བུ་གསུམ་འཛོམ་པའི་བཀྲ་ཤིས་ཤོག །མི་ནོར་ཟས་གསུམ་འཛོམ་པའི་བཀྲ་ཤིས་ཤོག །ལྟོ་གོས་ཆོས་གསུམ་འཛོམ་པའི་བཀྲ་ཤིས་ཤོག །བདེ་སྐྱིད་སྙན་གསུམ་འཛོམ་པའི་བཀྲ་ཤིས་ཤོག ལྷ་མིས་དགའ་སྟོན་འགྱེད་པའི་བཀྲ་ཤིས་ཤོག །སྙན་པའི་གླུ་དབྱངས་ལེན་པའི་བཀྲ་ཤིས་ཤོག །སྐྱིད་པའི་བྲོ་ཆུང་འཁྲབ་པའི་བཀྲ་ཤིས་ཤོག །དགའ་བའི་གར་ཡང་བསྒྱུར་བའི་བཀྲ་ཤིས་ཤོག །ལྷ་ཡི་ཡུལ་བཞིན་བདེ་བའི་བཀྲ་ཤིས་ཤོག །རྫོགས་ལྡན་དུས་

p. 908

བཞིན་སྐྱིད་པའི་བཀྲ་ཤིས་ཤོག །རྟག་ཏུ་དགའ་ཞིང་སྤྲོ་བའི་བཀྲ་ཤིས་ཤོག །ཐམས་ཅད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་པས་འབལ་མང་རའི་ས་ཆ་རྩྭ་མི་སྐྱེ་ས་ཐམས་ཅད་ལ་རྩྭ་ཡག་པོ་སྐྱེས། ལུང་བ་ཆུ་མེད་ས་ཐམས་ཅད་ལ་ཆུ་རྡོལ་བ་སོགས་བཀྲ་ཤིས་པོ་བྱུང་བས་ཀུན་སྔར་བས་དད་ཅིང་གུས་པར་གྱུར་ཏོ། །དེ་ནས་ཤིང་བཟའ་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་རིན་པོ་ཆེར་མཇལ་རྟ་གཅིག་ཕུལ། རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེའི་སྤྲུལ་སྐུར་མཇལ་རྟ་གཅིག་ཕུལ། བླ་བྲང་ཨ་ལགས་མགོན་པོ་ལ་མཇལ་རྟ་གཅིག་ཕུལ། དྲིན་ཅན་རྩ་བའི་བླ་མ་རྒྱལ་མཁན་ཆེན་རིན་པོ་ཆེའི་སྤྲུལ་སྐུ་རྒྱ་ཟའི་ཨ་ཁུ་བནྡེ་ཚང་གི་ནང་ན་འཁྲུངས་ཡོད་པ་དང་མཇལ། རྟ་མཛོ་བཅོ་ལྔ་ལུག་ལྔ་བཅུ་དངུལ་སྲང་བཅུ་ཇ་མར་ཆུ་ར་དོ་པོ་བཅས་ཕུལ། གཙང་དགོན་པ་ལ། རྟ་མཛོ་འབྲི་གཡག་ཆེ་ཆུང་སུམ་ཅུ། རྒྱལ་མར་བཞི་ཇ་ལན་ཆེན་གཅིག་བཅས་ཕུལ། དེ་དུས་རེབ་གོང་དང་སྦྲ་ནག་ཁག་གསུམ་པོ་མ་འགྲིགས་པར་འཁྲུག་གྲབས་བྱས་པས། བྱང་རྩེ་མཁན་རིན་པོ་ཆེ་དང་ངེད་རྣམ་གཉིས་ཀྱིས་བར་ནས་གཟུ་བྱས་ཏེ། རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱས་པས་མི་མང་པོའི་སྲོག་ཐར་བ་བྱུང་། །དེ་ནས་དབེན་གནས་བཀྲ་ཤིས་འཁྱིལ་བར་འོངས་ནས་མཚམས་བྱས་ནས་བསྡད་དུས། ཤ་ཆང་བུད་མེད་སྡིག་པའི་ཉེས་དམིགས་བསམས་ནས་སྤང་དགོས་ཚུལ་གྱི་

p. 909

ལུང་འདྲེན་མང་པོ་ཡོད་པའི་རྨད་བྱུང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་བརྩམས། དབྱར་ཁ་སྐུ་དྲིན་འཁོར་མེད་རྩ་བའི་བླ་མ་ཆོས་རྒྱལ་ངག་གི་དབང་བོ་ཡབ་ཡུམ་རྣམས་དང་པོ་བཞུགས་པའི་གདན་ས་རྣམས་དྲན་ནས་མཇལ་སྙིང་འདོད་དེ། ས་བཟང་སོག་ཕྱོགས་སུ་སོང་། ཐོག་མར་ཆོས་རྒྱལ་རིན་པོ་ཆེའི་སྲས་ལ་མཇལ་འཚམས་ཞུས་ཕུལ། ཚུར་ལ་ཡང་གོས་ཆེན་སོགས་ཀྱི་བདག་རྐྱེན་གནང་བ་བྱུང་། དེ་ནས་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་སྐུ་གཞོགས་ལ་ཁ་རིན་པོ་ཆེ་ལ་མཇལ། ཟླ་བ་གཅིག་ལྷག་བསྡད་སྐུ་མདུན་ནས་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ལས། རིག་འཛིན་འདུས་པ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་གཉིས་ཀྱི་དབང་ལུང་ཞུས། ཕར་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་། སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་རྣམས་ཕུལ། ཁོང་ལ་གསང་བ་རྒྱ་ཅན་གྱི་པོ་ཏི་གསུམ་སོགས་མཁོ་བའི་ཕྱག་དཔེ་མང་པོ་དང་། ཕྱེ་རྩམ་ཕྲན་བུ་བཅས་ཕུལ། ཚུར་བདག་ལ་རྟ་ནོར་བཅོ་ལྔ། ལུག་ལྔ་བཅུ། རས་ཡུག་སུམ་ཅུ། ཇ་མར་སོགས་མཁོ་ཆས་རྣམས་གནང་། ཡང་ཟབ་ལམ་གཅོད་ཀྱི་བསྟན་པའི་བདག་པོ་རྗེ་བཙུན་བསོད་ནམས་གྲགས་པའི་ཡང་སྤྲུལ་མཆོག་ལ་མཇལ། གསོལ་རྩམ་ཞིག་ཕུལ་ནས་ཞི་བ་ལམ་ཟབ་གཅོད་ཀྱི་ལུང་ཞུས། ཁ་བརྡའ་མང་པོ་བྱས་པས་ཐུགས་མཉེས་པོ་བྱུང་། གསོལ་རས་

p. 910

བདག་རྐྱེན་ཡང་གནང་། དེ་ནས་སོག་པོའི་མགོ་པ་ཙིག་གེ་སོགས་དད་ཅན་ཡོན་བདག་མང་པོས་བོས། དེར་སོང་ནས་ཚེ་དབང་བྱས་ཆོས་བཤད་ལུགས་གཉིས་ཀྱི་བསླབ་བྱའི་མགུར་དབྱངས་འདི་བླངས་སོ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །བདག་གཞན་ཡོངས་ལ་ཐུགས་རྗེས་གཟིགས། །ལྷ་ཆོས་མི་ཆོས་ལུགས་གཉིས་ལ། །ཕན་པའི་བསླབ་བྱ་བཤད་ཀྱིས་ཉོན། །སུ་ཞིག་འོངས་ཀྱང་མཐོང་མ་ཐག །བཞིན་མདངས་འཛུམ་བཞིན་འཚམས་འདྲི་གྱིས། །མགྲོན་པོ་གང་ཡོང་ལྷ་བཞིན་བཀུར། །ཇ་ཆང་བྱིན་ལ་གཏམ་སྙན་སྨྲོས། །དྲན་ཚད་ཁ་རུ་མ་འདོན་པར། །སྨྲ་ཚོད་ཟུངས་ལ་རན་པར་སྨྱོས། །ངག་འཇམ་བློ་ཁོག་ཡངས་པའི་སྒོས། །རང་གཞན་དོན་གང་ཡིན་ཡང་སྒྲུབས། །ལོ་རྒྱུས་དོན་དག་མ་བཤད་ན། །ཕས་ཀྱང་མི་གོ་རྒྱུ་མཚན་ཤོད། །ཡག་ཉེས་ཞིབ་ཏུ་མ་བཤད་ན། །བུས་ཀྱང་མི་ཉན་ཁ་ཏ་ཆུག །མ་བྱིན་བུ་ཡང་མི་འཁོར་བས། །འཁོར་གཡོག་གཉེན་ལ་ཟས་གོས་བྱིན། །མ་བསླབས་སུས་ཀྱང་མི་ཤེས་པས། །ལུགས་གཉིས་གང་ལའང་མཁས་པར་སློབས། །སྤྱི་ཡི་དགྲ་རུ་མ་ལེན་པར། །གཉེན་དུ་ཁུག་དང་རང་ལ་བཟང་། །བཟང་པོའི་ཆེ་བ་འདོན་མི་དགོས། །དམན་ས་བཟུང་རུང་ཀུན་གྱིས་བཀུར། །ངན་པས་ཆེ་ཚུགས་བཟུང་ན་ཡང་། །གཞན་གྱིས་མཐོང་ན་ཞེ་ཁྲེལ་འཕྱ། །ཁ་བཟང་གཏམ་པས་གཉེན་མི་དགའ། །སེམས་ལ་ཞོག་ལ་ཕན་ཐོགས་

p. 911

གྱིས། །ཁ་པོ་ཆེ་བས་དགྲ་མི་ཐུལ། །ཐབས་མཁས་འཇམ་པོས་བ ཏུལ་ན་བཟང་། །སེར་སྣ་ཆེ་ཡང་ནོར་མི་གསོག །ཕར་གཏོང་ཚུར་ལེན་ཤེས་པ་དགོས། །འདུན་མར་ཆུང་མ་མཁས་ན་ཡང་། །གྲོས་དབང་ཁྱོ་ཀས་བཟུང་ན་མཛེས། །གྲོགས་པོ་བཟང་ལ་བརྩི་བཀུར་གྱིས། །ནམ་དགོས་དུས་སུ་སླེབས་ནས་འོང་། །འཛོམ་ན་སྐྱིད་དེ་ཁྱག་པ་དང་། །ཕོངས་ན་སྡུག་ཀྱང་ཁྱག་པ་དགོས། །མ་བསམ་པ་ལ་ཐག་མ་གཅོད། །གང་གི་ཐོག་ཏུ་འབབ་མི་ཤེས། །མ་འགྲུབ་བར་ལ་ཁ་པོ་དེ། །མ་སྨྲ་ཅི་འགྱུར་ཤེས་པ་དཀའ། །ངན་ལ་སྨད་ར་མ་ཆེ་དང་། །ཕྱི་ནས་བཟང་པོ་ཡོང་ནའང་ཐང་། །བཟང་ལ་བསྟོད་ར་མ་སྔ་དང་། །ཕྱི་ནས་ངན་པར་འགྲོ་ཡང་སྲིད། །བསྡིགས་བརྡུང་དྲག་པོ་གཡོག་ལ་ཡང་། །མ་བྱེད་འཁོར་མཁན་གཅིག་མི་འོང་། དབང་ཅན་དྲག་པོ་སུ་ལ་ཡང་། །མ་བྱེད་ཞེ་ལ་བཞག་ནས་གནོད། །བརྙས་སྨོད་མཚང་འབྲུ་གྲོགས་ལ་ཡང་། །མ་བྱེད་སེམས་ལ་གནོད་པ་ཡིན། །སྡེ་པ་སྤྱི་ཡི་དོན་སྒྲུབས་དང་། །།རང་དོན་ཤུགས་ཀྱིས་འགྲུབ་ནས་འོངས། །མདོར་ན་རྒྱུ་འབྲས་ཞིབ་ཏུ་རྩིས། །ལྷ་མིའི་བདེ་སྐྱིད་ངང་གིས་འབྱུང་། །ལེགས་བཤད་འདི་ཉིད་ཐོས་ཚད་ཀྱིས། །མི་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་བླངས་པས་ཀུན་གྱི་སྣང་བ་ཆོས་ལ་འགྱུར་ནས། རྟ་ནོར་མར་ཆུར་མང་པོ་འབུལ་མཁན་བྱུང་། དེ་ནས་རྩེ་གཞུང་དབེན་པའི་དགའ་ཚལ་ཐཱ་

p. 912

ཡན་ཆི་རུ་སོང་། ཞག་མ་བདུན་བསྡད། མཚམས་ཁང་ལ་ཉམས་གསོ་བཏང་། ནང་དུ་སངས་རྒྱས་ཀྱི་སྐུ་ཁྲུ་གང་ཡོད་པ་ཞིག་བཞེངས། ལྷ་བཟོ་ལ་མཛོ་གཅིག་ཕུལ། གནས་དེར་གཙང་ཨ་རིག་གི་མཇལ་བ་མང་པོ་འོངས་ནས་མར་ཆུར་མང་པོ་འབུལ་མཁན་བྱུང་། ཆོས་བཤད་བསྔོ་སྨོན་བྱས། སློབ་བུ་རིག་གྲོལ་དང་། ཁམས་པ་གྲུབ་ཆེན་གཉིས་ལ་ལོ་རེའི་ཕོགས་བྱིན་ནས་མཚམས་ལ་སྡོད་དུ་བཅུག དེ་ནས་ཆོས་རྒྱལ་ཡབ་ཡུམ་དང་པོ་བཞུགས་པའི་གདན་ས་ཉིན་མཐའ་ཡན་ཆད་ལ་སོང་ནས་ཕྱག་བྱས་གསོལ་བ་བཏབ། བླ་མ་དྲན་པའི་གདུང་དབྱངས་འདི་བླངས་སོ། །གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས། །མི་མངོན་དབྱིངས་ན་བཞུགས་པ་ཡི། །ཞལ་མཇལ་གསུང་ཐོས་བླ་མ་རྣམས། །ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །སྔོན་དུས་ཞལ་མཇལ་གསུང་ཐོས་པའི། །རང་གི་ཡུལ་ཕྱོགས་བླ་མ་རྣམས། །ད་ལྟ་བཞུགས་ན་དགའ་བ་ལ། །མཇལ་ནས་ཞབས་ཏོག་བྱེད་སྙིང་འདོད། །ད་ལྟ་གཅིག་ཀྱང་མི་བཞུགས་པར། །དག་པའི་ཞིང་ཁམས་གཞན་དུ་གཤེགས། །ནང་ནས་བླ་མ་གཅིག་ཡིན་ཀྱང་། །མི་བཞུགས་ཤུལ་ལུས་སྐལ་ཆད་པོ། །བསམ་ཞིང་མཆི་མ་ཆར་བཞིན་བབས། །བླ་མ་ཐམས་ཅད་རིམ་པས་དྲན། །མི་བཞུགས་དེ་ཡང་མི་བཞུགས་སྙམ། །བསམ་ཞིང་བསམ་ཞིང་ཤེས་པ་འཕྱོ། །ཁྱད་པར་ཆོས་རྒྱལ་ཡབ་ཡུམ་གྱི། །ཞལ་རས་གསུང་དབྱངས་མཛད་སྤྱོད་དང་། །སྐུ་དྲིན་ཆེ་ཚུལ་

p. 913

དྲན་པའི་མོད། །སེམས་སྡུག་མྱ་ངན་ཡང་ཡང་བྱུང་། །ཤུལ་ལུས་རང་ཡང་འཆི་ལ་ཉེ། །མ་ཤི་གོང་འདིར་ལྷ་ཆོས་བྱེད། །ཕྱི་མར་དག་པའི་ཞིང་ཁམས་ནས། །བླ་མ་རྣམས་དང་མཇལ་བར་ཤོག །ཅེས་བླངས་པ ས་བླ་མ་རེ་རེ་བཞིན་དྲན་པ་བྱུང་། ཁྱད་པར་ཆོས་རྒྱལ་ཡབ་ཡུམ་གཉིས་ཡིད་ལ་ཝལ་ལེར་དྲན་པས་སེམས་སྐྱོ་བ་ཚད་ལས་འདས་པ་བྱུང་མིག་ནས་མཆི་མ་མང་པོ་ཤོར་རོ། །དེ་ནས་ཚུར་འོང་ཞོར་ལ་རེབ་གོང་སྟོད་ཀྱི་ཤུག་འདུས་གྲུབ་གནས་ལ་མཇལ། ཞག་པོ་ཁ་ཤས་ལ་གནས་འབྲེལ་བཞག ཁ་སོག་ལ་ཁ། དཀར་རོན་ཁོག བཙན་མོ་ཐང་སོགས་ཕྱོགས་དེའི་རོང་འབྲོག་གི་ཡོན་བདག་རྣམས་ཀྱིས་བོས། ནང་དུ་སོང་རྟ་ནོར་མང་པོ་ཕུལ། སྨོན་ལམ་བཀྲ་ཤིས་བརྗོད་ཡུལ་མི་ཐམས་ཅད་ཕྱོགས་གཅིག་ཏུ་འཚོགས་སུ་བཅུག ཆོས་བཤད་མགུར་དབྱངས་བླངས་ཏེ་བློ་ཁ་ཆོས་ལ་བསྒྱུར། དེ་ནས་རྫོང་དཀར་རྫོང་སྔོན་བདེ་ཆེན་དགོན་པ་རྣམས་ལ་མཇལ། ལྷ་ཁང་ལ་མར་མེ་ཕུལ། འགྱེད་མང་ཇ་བཏང་། སྐུ་གཞོགས་རྫོང་སྔོན་ཚང་གི་བྱམས་ཁང་ཐེབས་ལ་རྟ་གཅིག་དང་བྱིན་རྟེན་མང་པོ་ཕུལ། ཚུར་ལ་སྐུ་གསུང་ཐུགས་རྟེན་རྟ་གོས་བྱི་རུ་མང་པོ་བཅས་གནང་བ་བྱུང་། དེ་ནས་ཡང་བཀྲ་ཤིས་འཁྱིལ་བར་འོངས་ནས་མཚམས་བྱས་བསྡད་དུས། འདོད་ཡོན་མ་སྤངས་རྒྱན་དུ་རོལ་བའི་བླ་མ་སྐྱེས་ཆེན་དམ་པ་རྣམས་དང་།

p. 914

གསང་སྔགས་རིམ་གཉིས་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ལ་དད་གུས་དག་སྣང་སྦྱོང་དགོས་ཚུལ་ལུང་རིགས་ཀྱི་ལམ་ནས་དྲངས་པའི་དག་སྣང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་བརྩམས། དེའི་རྗེས་ནས་ཡང་ལོ་གཅིག་ཧྲིས་ནག་དང་གཅན་ཟའི་ཐང་གི་འབྲོག་ལ་འགྲོ་དོན་ལ་སོང་། ཧྲིས་ནག་བླ་མ་སོགས་ཡོན་བདག་ཐམས་ཅད་ལ་ཚེ་དབང་ནོར་དབང་བྱས། ལས་རྒྱུ་འབྲས་ཀྱི་ཆོས་བཤད། ཕན་པའི་གཏམ་རྣམས་མགུར་དབྱངས་སུ་བླངས་ལུགས་གཉིས་མཁྱེན་པ་རྣམས་ལ་འདུད། །ལེགས་ཉེས་ཤེས་པར་བྱིན་གྱིས་རློབས། །ལྷ་མིའི་བདེ་སྐྱིད་འབྱུང་བའི་ཕྱིར། །ཕན་པའི་གླུ་དབྱངས་ལེན་ལ་ཉོན། །སྡུག་པའི་མི་ལ་མ་འཕྱ་དང་། །སྡུག་པོ་རང་ལ་འོང་ཉེན་ཡོད། །སྐྱིད་དུས་མི་ལ་མ་ངོམ་དང་། །སྐྱིད་པོ་གཞན་ལ་འོང་ཡང་ཐང་། །གྲོས་ཉེས་བྱུང་ལ་འགྱོད་པ་འདྲ། །མ་བསྐྱེད་ནོར་འཁྲུལ་རང་ལའང་ཡོང་། །ཕན་བཏགས་པ་ལ་དྲིན་མ་འདྲེན། །བྱིན་པ་ངོ་མེད་ཡལ་ནས་འགྲོ །མི་ཁ་བྱམས་དང་སྤྱོད་པ་ལ། །རག་ལས་མཛད་སྤྱོད་མི་དང་བསྟུན། །རྫུན་དང་གཡོ་སྒྱུ་མ་བྱས་ན། །གང་ལ་སོང་ཡང་ལྟོ་གོས་རྙེད། །ཁ་ཉུང་ལག་པ་གཙང་བ་ན། །གང་དུ་བསྡད་ཀྱང་མི་ཡིས་བྱམས། །འདོད་པ་ཆུང་ཞིང་ཆོག་ཤེས་ན། །སུ་དང་འགྲོགས་ཀྱང་མཐུན་པོ་འོང་། །མི་ངན་མ་རབས་ལག་ཏུ་དབང་། །མ་འཇོག་ཀུན་ལ་སྡུག་ལས་གཏོང་། །མི་བཟང་ཡ་རབས་མཐོ་སར་ཞོག །

p. 915

དེ་ལ་བརྟེན་ནས་རང་གཞན་བདེ། །ཡོན་ཏན་ཡོད་ཚད་བུ་ལ་སློབས། །ནམ་ཕུགས་ཕ་བུ་གཉིས་ཀ་སྐྱིད། །དྲིན་ཅན་བླ་མ་ཕ་མ་ལ། །ཅི་མཉེས་གྱིས་དང་ཅི་བསམ་འགྲུབ། །མཐོ་དམན་བར་གསུམ་གོང་དུ་ཁུར། །ལྷ་མི་ཐམས་ཅད་དགའ་བར་འགྱུར། །བསམ་པ་བཟང་པོས་གཞན་གྱི་དོན། །བསྒྲུབས་ན་རང་ཉིད་ཤུགས་ཀྱིས་སྐྱིད། །མི་གཤིས་ཡག་པོ་ལྷ་འདྲ་བ། །གང་དུ་སོང་ཡང་ཀུན་གྱིས་བཀུར། །མདོར་ན་དོན་དག་གང་བྱེད་ཀྱང་། །རྒྱུ་འབྲས་དཔང་པོར་ཞོག་ལ་གྱིས། །དེ་ལྟར་བྱས་ན་ཚེ་འདིར་བདེ། །ཕྱི་མ་ལྷ་མིའི་གོ་འཕང་འཐོབ། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤིང་། །ཚེ་རིང་ནད་མེད་བདེ་སྐྱིད་ཤོག །ཅེས་བླངས་ནས་ཡུལ་ཕྱོགས་ལ་ཕན་པའི་བྱིན་འབེབས་བྱས། བཀྲ་ཤིས་བརྗོད་པས། དེ་ནས་བཟུང་ན་ཚ་གོད་ཁ་ཐམས་ཅད་ཞི་ཞིང་གཅན་ཟའི་ཐང་ལ་སྔར་མེད་པའི་རྩྭ་ཡག་པོ་སྐྱེས་པ་བྱུང་ནས། ཡོན་བདག་ཀུན་དད་ཅིང་གུས་པར་གྱུར་ཏེ། ཇག་བརྐུས་འཇོག་པ་དང་སྲོག་གཅོད་སྤོང་བ། དགེ་བའི་ཁས་ལེན་བྱེད་མཁན་མང་པོ་བྱུང་། འབུལ་བ་རྟ་ནོར་བརྒྱ་དང་ལུག་བདུན་ཅུ་བྱུང་། དེ་དུས་གཉེར་པ་ཨོ་རྒྱན་དཔོན་གཡོག་ཁ་ཤས་བཅས་དབུས་གཙང་དག་པའི་ཞིང་ལ་མཆོད་འབུལ་དུ་འགྲོ་བར་བྱས་ནས། རྒྱུ་དངུལ་རྡོ་ཚད་བཅུ། བྷུ་ལ། ཁེ་བུ་སུ། གོས་ཆེན་གཡུ་བྱིར་

p. 916

ཁ་བཏགས་མང་པོ། རྟ་མཛོ་སུམ་ཅུ་སོ་གསུམ་བཅས་སོང་དུས། དབུས་གཙང་གི་སློབ་མ་ཡོན་བདག་མཆོག་དམན་བར་མ་ཡོངས་ལ་དགེ་བའི་གསལ་འདེབས་སུ་ལེགས་བཤད་ནོར་བུའི་ཕྲེང་བ་འདི་ཕུལ་ལོ། །ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན། །རྒྱལ་བ་ཡབ་སྲས་གཉིས་ལ་པ།སོལ་བ་འདེབས། །ལྷ་མི་ཡོངས་ལ་ཐུགས་རྗེ་སྤྱན་གྱིས་གཟིགས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བློ་དམན་བདག་འདྲས་ལེགས་བཤད་འདོམས་པ་ལ། །བློ་ལྡན་རྣམས་ཀྱང་ཉོན་ཅིག་དབུས་གཙང་པ། །དལ་འབྱོར་མི་ལུས་ཡིད་བཞིན་ནོར་ལས་ལྷག །དོན་མེད་ཆུད་ཟོས་མ་གཏོང་དབུས་གཙང་པ། །སྙིགས་དུས་ཚེ་ཐུང་ནམ་འཆི་ངེས་པ་མེད། །ཚེ་འདིའི་བློ་རྒྱ་མ་ཆེ་དབུས་གཙང་པ། །ཡེངས་མ་ལམ་ལ་མི་ཚེ་ཟད་ནས་འགྲོ །ཕྱི་མའི་ས་ལམ་འཆོས་ཤིག་དབུས་གཙང་པ། །དཀོན་མཆོག་སྐྱབས་སུ་བསྟེན་ན་འདི་ཕྱིར་བདེ། །རྟག་ཏུ་སྐྱབས་འགྲོ་གྱིས་ཤིག་དབུས་གཙང་པ། །ཇོ་བོ་ཡིད་བཞིན་ནོར་བུ་རྣམ་གཉིས་ལ། །མཆོད་བསྟོད་གསོལ་བ་ཐོབས་ཤིག་དབུས་གཙང་པ། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་ཡིན། །ཀུན་གྱིས་མ་ཎི་བགྲོངས་ཤིག་དབུས་གཙང་པ། །འདི་ཕྱིའི་སྐྱབས་གནས་རྒྱལ་བ་ཡབ་སྲས་ཡིན། །སྙིང་ནས་གསོལ་བ་ཐོབས་ཤིག་དབུས་གཙང་པ། །གཏན་གྱི་བདེ་ཐབས་རྒྱལ་བའི་གསུང་རབ་ཡིན། །སྟོན་པའི་གསུང་བཞིན་སྒྲུབས་ཤིག་དབུས་གཙང་

p. 917

པ། །རྒྱལ་ཁམས་བདེ་ལ་འགོད་མཁན་གོང་མ་ཡིན། །གོང་མའི་བཀའ་ཁྲིམས་རྩིས་ཤིག་དབུས་གཙང་པ། །བླ་མས་ཅི་གསུངས་བསྒྲུབས་ན་ཅི་བསམ་འགྲུབ། །ཅི་གསུངས་བཀའ་བཞིན་སྒྲུབས་ཤིག་དབུས་གཙང་པ། །བསོད་ནམས་གསོག་པའི་ཞིང་མཆོག་དགེ་འདུན་ཡིན། །སེར་འབྲས་དགེ་གསུམ་མཆོད་ཅིག་དབུས་གཙང་པ། །ཕ་མ་བཀུར་ན་བུ་ལ་བསོད་ནམས་སྐྱེ། །རྒྱུན་དུ་ལྷ་བཞིན་བཀུར་ཅིག་དབུས་གཙང་པ། །ཕྱག་དང་སྐོར་བས་ནད་གདོན་སྡིག་སྒྲིབ་འདག །ལྷ་ལྡན་བསམ་ཡས་སྐོར་ཅིག་དབུས་གཙང་པ། །རྙེད་ཚད་བསགས་ནས་བཞག་ན་དགྲ་འདྲེས་འཁྱེར། །མ་གསོག་སྦྱིན་པ་ཐོངས་ཤིག་དབུས་གཙང་པ། །བླ་མ་དཔོན་པོས་ཕྱུག་པོའི་ངོ་བཟུང་ནས། །གཟུ་ལོག་ཁྲིམས་ལོག་མ་བྱེད་དབུས་གཙང་པ། །རྒྱལ་བློན་ཀུན་གྱིས་དྲང་པོར་ཐག་བཅད་ནས། །འབངས་ཀྱིས་ཞུ་ལོག་མ་བྱེད་དབུས་གཙང་པ། །ཡ་རབས་གོང་དུ་བཀུར་ན་ཀུན་ལ་བྱམས། །གོ་ས་མཐོན་པོར་སྐྱོལ་ཅིག་དབུས་གཙང་པ། །མ་རབས་མཐོ་སར་སླེབས་ན་དམན་ལ་སྡང་། །ལས་ཚན་མཐོན་པོར་མ་བསྐོ་དབུས་གཙང་པ། །ཁྱིམ་མཚེས་ཆགས་སྡང་ཅན་གྱིས་བསྟོད་ར་བས། །ཕ་མས་སྨད་ར་དགའ་འོ་དབུས་གཙང་པ། །དྲན་ཚད་ཁ་རུ་བཏོན་ན་ཁ་མཆུར་འཐུག །དོན་མེད་ལབ་ལོབ་མ་མང་དབུས་གཙང་པ། །གཡོག་པོ་གཡོག་མོས་གང་བཅོལ་གོ་ཆོད་དགོས། །

p. 918

རྐུ་དང་རྫུན་ལ་མ་དགའ་དབུས་གཙང་པ། །སྐྱབས་མགོན་རྒྱལ་བ་ཡབ་སྲས་ཞབས་བརྟན་དུ། །ཚེ་ཐར་སྲོག་བླུ་གྱིས་ཤིག་དབུས་གཙང་པ། །སྲོག་གཅོད་མང་ན་ཆར་བ་འབབ་པ་དཀའ། །དབྱར་ཁ་སྲོག་གཅོད་མ་བྱེད་དབུས་གཙང་པ། །བན་སྔགས་བོན་དང་འགྲས་ན་བྱད་ཁ་སྡང་། །འདི་ལ་དོགས་ཟོན་གྱིས་ཤིག་དབུས་གཙང་པ། །དགེ་ཚོགས་འཇོམས་ཤིང་དམྱལ་བར་འགྲོ་བའི་རྒྱུ། །ཞེ་སྡང་ཁོང་ཁྲོ་མ་མང་དབུས་གཙང་པ། །དགེ་རྩ་འཕེལ་ཞིང་སངས་རྒྱས་འཐོབ་པའི་རྒྱུ། །བསྔོ་སྨོན་རྒྱ་ཆེན་གྱིས་ཤིག་དབུས་གཙང་པ། །ངོ་མཚར་ལེགས་བཤད་ནོར་བུའི་ཕྲེང་བ་འདི། །སྐྱེས་ཀྱི་མཆོག་ཏུ་བསྐུར་རོ་དབུས་གཙང་པ། །ཡ་རབས་རྣམས་ཀྱི་མགུལ་པའི་རྒྱན་དུ་ལོངས། །རྒྱན་གྱི་མཆོག་ཏུ་འགྱུར་རོ་དབུས་གཙང་པ། །གཏམ་འདི་རྒྱལ་ཁམས་གང་དུ་སྒྲོག་ན་ཡང་། །ཐོས་ཚད་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ལོ་ཡག་ཅིང་། །ལོ་ཡག་སྙེ་མས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པ་དང་། གཞན་ཡང་རྒྱལ་བ་ཡབ་སྲས་ཀྱི་ཞུ་ཤོག །ཇོ་ཤཱཀ་རྣམ་གཉིས་ཀྱི་གསོལ་འདེབས། མན་ངག་གསེར་གྱི་ཐུར་མ། སྐྱོ་མགུར་པི་ཝང་རྒྱུད་མངས་བསྐུར་བ་རྣམས་མགུར་འབུམ་ན་གསལ་ལོ། །དེ་ནས་དགུ་རོང་ཕུ་པ་རུ་སོང་། ཆོས་བཤད་འགྲོ་དོན་བྱས་པས། དགུ་རོང་ཕུ་མཐིལ་གཉིས་ཀྱི་ཡོན་བདག་རྣམས་ཀྱི་དྲེའུ་སྒ་སྟན་སྲབ་གསུམ་ལྔ། མཛོ་མོ་འབྲི་གཡག་བ་གླང་བཅུ། །ར་ལུག་གཉིས་ཀ་སུམ་

p. 919

ཅུ་བྱུང་། དགུ་རོང་མ་ཎི་ཐང་གི་ལྷ་ཁང་རྒྱ་ཟ་ལར་གྱི་དམག་གིས་མེ་བརྒྱབ་ནས་བསྲེགས་སོང་བ་སླར་གསར་རྒྱག་བྱེད་པར་ཁས་བླངས། སངས་རྒྱས་ཀྱི་སྐུ་ལི་མ་གཅིག་དང་འཛམ་བུ་གླིང་གི་ས་སྣ་རྟེན་སྣ་བྱིན། དེ་ནས་ཤིང་དཀར། དགུར་སྟེང་། སྣང་ར་རྣམས་ལ་སོང་ནས་དབང་བསྐུར་ཆོས་བཤད་པས་ཐམས་ཅད་ཀྱི་སྣང་བ་ཆོས་ལ་འགྱུར། ཆོས་རྗེ་དོན་རིན་པོ་ཆེའི་རབ་གནས་ཕོག་པའི་སྣང་རའི་གསེར་ཁང་གི་རྟེན་གྱི་གཙོ་བོ་ཐུབ་དབང་ལ་མཇལ་ནས་མཆོད་འབུལ་བྱས། ཡོན་བདག་རྣམས་ལ་ལྷ་ཁང་གི་ཕྱིའི་ལྕགས་རི་རྣམས་གྲོ་མག་གིས་བ ཏུམས་སུ་བཅུག མཆོད་རྟེན་ཆེན་པོ་ལ་ཉམས་གསོ་བཏང་། དེ་ནས་ལོ་རྡོ་རྗེ་བྲག་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་བྱ་རྒོད་དུ་སྤྲུལ་ནས་བྲིས་པར་གྲགས་པའི་ལོ་བའི་གསེར་ཡུམ་ལ་མཇལ། སྐྱ་རིང་མཆོད་རྟེན་ལ་རབ་གནས་བྱས། དེ་ནས་རི་སྙིང་པོར་སོང་ཞག་པོ་མང་པོ་བསྡད། སྔགས་པ་དད་ཅན་མང་པོ་ལ་སེམས་ཁྲིད་བྱས། ཆོས་འཁོར་ཆེན་པོའི་ལྷ་ཁང་རྒྱབ་ལ་ཉམས་གསོ་བཏང་། དགོན་བདག་དཀོན་མཆོག་དང་དེར་འདུག་པའི་དགེ་སློང་རྣམས་ལ་ཕན་ཐོགས་བྱས། སྦྲུལ་ལྕེ་དང་རྡོ་རིང་ལ་སོང་། མ་ཎི་ལྷ་ཁང་ལ་རབ་གནས་བཀྲ་ཤིས་བརྗོད། ཧོར་པ་ཤི ཧྲིས་ནག འཁྱམས་ཚང་། ལྟོ་ཚང་། ཞོ་འཛོམ་ལ་ཁ། ཀེའུ་ཆུ་ལ་སོགས་པའི་ཕྱོང་།ས་དེའི་སྡེ་པ་མང་པོར་སོང་ནས་ཚེ་དབང་བསྐུར་ཆོས་བཤད་མགུར་དབྱངས་

p. 920

འདི་ཡང་བླངས་སོ། །བླ་མ་དཀོན་མཆོག་བྱིན་རླབས་ཅན། །འདིར་འཚོགས་སྒོ་གསུམ་བྱིན་གྱིས་རློབས། །དཔོན་པོ་ཕོ་སྐྱེས་བུད་མེད་ལ། །དགོས་པའི་གླུ་དབྱངས་ལེན་གྱིས་ཉོན། །ཁ་ཡི་སྨྲ་བ་བཟང་དང་གཅིག །ཁོག་གི་བསམ་པ་ཡག་དང་གཉིས། །གཏམ་རྣམས་དྲང་པོར་སྨྲ་དང་གསུམ། །བསམ་མནོ་ལེགས་པར་གཏོང་དང་བཞི། །ཉེ་རིང་མི་བྱེད་པ་དང་ལྔ། །རང་འདོད་ཆུང་དང་དྲུག་པོ་འདི། །དཔོན་པོ་རྣམས་ལ་དགོས་པ་ཡིན། །གཏོང་ཕོད་རབ་ཏུ་ཆེ་དང་གཅིག །གདོང་བཙན་ཤིན་ཏུ་དྲག་དང་གཉིས། །བློ་ཁ་མི་འགྱུར་བརྟེན་པ་གསུམ། །འགྲན་ཟླ་བྱུང་ན་ཐུབ་དང་བཞི། །ལུས་སེམས་སྟོབས་རྩལ་ཆེ་དང་ལྔ། །ཚོད་ཟིན་པོ་དང་དྲུག་པོ་འདི། །ཕོ་སྐྱེས་རྣམས་ལ་དགོས་པ་ཡིན། །ཆོ་རིགས་ཤིན་ཏུ་བཙུན་དང་གཅིག །ཁྲེལ་ཡོད་ངོ་ཚ་ཆེ་དང་གཉིས། །ནོར་གྱི་གསོག་ཚུལ་ཤེས་དང་གསུམ། །འཁོར་གཡོག་སྐྱོང་ལ་མཁས་དང་བཞི། །ཁྱོ་ཀ་གཞན་མི་བསྟེན་དང་ལྔ། །གྲོགས་ལྷར་མཐོང་དང་དྲུག་པོ་འདི། །བུད་མེད་རྣམས་ལ་དགོས་པ་ཡིན། །དཔོན་པོ་ཕོ་སྐྱེས་བུད་མེད་ལ། །དགོས་པ་དྲུག་གི་གླུ་དབྱངས་འདི། །ཚོགས་དྲུག་རང་གྲོལ་བླངས་པ་ཡིན། །ཐོས་ཚད་ཡོངས་ལ་ཕན་པར་ཤོག །ཅེས་བླངས་ནས་ཀུན་གྱི་སྣང་བ་ཆོས་ལ་བསྒྱུར་བས། ཡོན་བདག་ཕོ་མོ་རྣམས་ཀྱིས་རབ་ཏུ་དད་པའི་སྒོ་ནས། དྲེའུ་བཞི། མཛོ་མོ་གཉིས། བ་གླིང་བཞི་བཅུ། ནས་དོ་པོ་

p. 921

ཉིས་བརྒྱ། གདན་དཀར་བཅོ་ལྔ། ཇ་ནག་བཅོ་བརྒྱད། མེ་མདའ་བཅུ་གསུམ། དཀར་ཡོལ་སུམ་ཅུ། གཡུ་བྱི་རུ་མང་པོ་བཅས་ཕུལ་བ་བྱུང་། དེ་དུས་བདེ་ཆེན་དགོན་པ་ལ་འབྲི་གཡག་སུམ་ཅུ། རྐྱལ་མར་གཉིས། ལུག་ལྔ་བཅུ། ཇོ་བོའི་ལྷ་ཁང་ཉམས་གསོའི་ཆེད་དུ་དོང་ཙེ་ཁྲོན་བརྒྱ་ཇ་མར་རྩམ་པ་བཅས་ཕུལ། གཞན་ཕྱོགས་དེའི་དགོན་པ་ཆེ་ཆུང་ཡོད་ཚད་ལ། རྟ་ནོར་རེ་གཉིས། གསུམ་བཞི་བཅས་བྱིན་པས་བཞི་བཅུ་སོང་། དེ་ནས་རྨ་ཕ་རིར་སོང་ནས་ཨ་དར་ཆགས་ཀ་དང་ཤེས་བཞིན་གཉིས་འཁྲུགས་ནས། མི་མང་པོ་གསོད་པ་ཐབས་དུ་མའི་སྒོ་ནས་འགྲིག་ཏུ་བཅུག དེ་དུས་ཁོང་གཉིས་ཀྱི་རྩོད་གཞི། གཞི་གསར་སྡེ་པའི་ནང་གི་སྡོང་པོ་ཆེན་པོ་ཞིག་གི་ཁོག་པའི་ནང་གི་བསིལ་གྲིབ་ལ་བསྡད་ནས་ཁམས་བསངས་བྱས་ཡོད་པས། ངའི་རྩར་རྒྱ་སོག་པོ་རྒད་པོ་ཞིག་འོངས་ནས་ཡུན་རིང་ཞིག་གི་བར་དུ་བལྟས་ནས། ཁོ་ན་རེ། ཁྱོད་སྔ་མོ་ཞིག་ནས་ངའི་རྣ་བས་གོ་གིན་བསྡད་ལ། མཇལ་ཡོང་བསམ་པ་མ་བྱུང་། ད་རེས་མཇལ་བ་དང་ང་ཡང་སེམས་དགའ་བ་ཞིག་བྱུང་། སྔོན་ཡིན་ན་ཨ་རིག་དགེ་བཤེས་བླ་མ་བཟང་པོ་དེ་བཟང་ཟེར། དེང་སང་ཨ་ལགས་ཞབས་དཀར་ཁྱེད་བཟང་གི་ཟེར། ང་ལ་ནོར་ཅང་མེད་དེ། ཁྱོད་ང་ཡོད་སར་ཇ་ཞིག་འཐུང་དུ་འགྲོ་ཟེར། ང་སོང་ནས་ཁོའི་ནང་དུ་ཇ་འཐུང་གོ་རེ་ཟོས་ནས། ཁོ་ལ་ངེད་ཚོ་

p. 922

ནམ་ཞིག་ལ་ཤི་འགྲོ་མི་ཤེས། ནང་མི་ཚོར་བཟའ་བསྡིགས་འདྲ་མ་བྱེད། སེམས་ཡག་པོ་གྱིས་དང་། མ་ཤི་ན་ནོར་རྙེད་ཡོང་། ཚེ་མཇུག་སྡུག་པོ་མི་ཡོང་། བྱ་བྱིས་ཚོ་ཆེར་སོང་ན་ཕ་བུ་ཀུན་ཚེ་མཇུག་སྐྱིད་པོ་འོང་ཞེས་ཁ་ཏ་བྱས། འགྲོ་ཁར་བསྔོ་སྨོན་བྱས། བཀྲ་ཤིས་དབྱངས་བྱས་བརྗོད་ཚེ། བུད་མེད་རྒྱ་མོ་ཞིག་འདུག་པ་དེ་ཡང་དད་ནས་མིག་ནས་མཆི་མ་ཞིག་གཏོང་བར་གདའ། ཁོས་ང་ཚུར་བསྐུལ་ནས། ཨ་ལགས་ད་དུང་འདིར་རེ་རེ་ཤོག་ཟེར། ངས་ཡ་ཡ་མ་ཤི་ན་ཡོང་། ད་ཁྱོད་བདེ་མོར་བྱས་པས། ད་ཨ་ལགས་བདེ་མོར་ཟེར་ནས་ནང་དུ་ཕྱིར་སོང་། ཡང་དེ་དུས་ཨ་དར་ཆགས་ཀའི་ཐང་གི་ལྷ་ཁང་གསར་བཞེངས་བུ་ཆེན་བསྟན་འཛིན་ཉི་མ་བྱས་པའི་རྒྱུ་སོང་ལ། རྟ་ནོར་བཅོ་བརྒྱད། གསེར་ཤོག་ཁྲི་བམ་གཅིག་དང་སྟོང་བམ་གསུམ། ཇ་མར་རྩམ་པ་མང་པོ་སོང་། ཨ་དར་ཆགས་ཀའི་དཔོན་པོས་དྲེའུ་གཅིག་མེ་མདའ་ཤང་ལང་ཇ་ནག་གཅིག་བཅས་ཕུལ། ཁྱ་ར་མགོས་རྟ་གཅིག་དང་གཡུ་བྱི་རུ་མང་པོ་ཕུལ། དེ་བཞིན་དུ་ཕྱོགས་དེ་ནས་བ་གླང་གྲོ་ནས་སོགས་ཟས་ནོར་མང་པོ་འབུལ་མཁན་བྱུང་། དེ་ནས་བྱ་ཁྱུང་དགོན་པར་མཇལ། རྟ་མཛོ་འབྲི་གཡག་ཆེ་ཆུང་བཞི་བཅུ། སྐྱོལ་མར་བཞི། ཇ་ནག་བཞི་རྣམས་ཕུལ་ནས་འགྱེད་མང་ཇ་བཏང་། དེ་དུས་སྐུ་གཞོགས་ལྕང་སྐྱ་ཐམས་ཅད་མཁྱེན་པ་མཆོག་དང་། ཆུ་བཟང་རིན་པོ་ཆེ་རྣམ་གཉིས་ལ་འཚམས་ཞུས་སུ་སློབ་བུ་གྲུབ་ཆེན་དང་གནས་

p. 923

བརྟན་གཉིས་བཏང་དུས་ཞུ་ཤོག་འདི་ཕུལ་ལོ། །མཐའ་དབུས་མེད་པའི་མཁའ་ཀློང་ཡངས་པོར་འོད་གསལ་ཉི་ཟླ་ཟུང་དུ་ཤར་བ་བཞིན་ལྷོ་རྒྱལ་འཛམ་གླིང་དཔལ་དུ་ཤར་བའི་ལྕང་སྐྱ་ཐམས་ཅད་མཁྱེན་པ་མཆོག་དང་། ཆུ་བཟང་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་ཟུང་གསེར་གྱི་འཁོར་ལོས་མཚན་པའི་དྲུང་དུ། རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་ཞབས་དཀར་པས་རབ་ཏུ་གུས་པས་ལྷ་ཕྱག་གྲངས་མེད་བཅས་ཏེ་གསོལ་བ་འདེབས་འབྲས། སྐྱབས་མགོན་རྗེ་བཙུན་རྣམ་གཉིས་གཟུགས་སྐུ་བདེ་ཞིང་ཐུགས་བསྐྱེད་རྒྱ་ཆེན་པོའི་སྒོ་ནས། བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་སྐྱེ་འགྲོ་ཡོངས་ལ་བཀའ་དྲིན་ཀུན་གྱི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་ལགས། ཕྲན་ཀྱང་བླ་མ་མཆོག་གསུམ་གྱི་ཐུགས་རྗེ་ལ་བརྟེན་ནས། ལུས་སེམས་བདེ་ཚེ། བྱ་རྒོད་ལད་མོ་བྱིའུས་བྱེད་བཞིན་དམ་པ་གོང་མའི་རྣམ་ཐར་རྗེས་སུ་ཁ་མིག་ཡར་བལྟ་བྱས་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཅི་ནུས་སུ་སློབ་བཞིན་མཆིས། འཚམས་ཞུ། སྐྱབས་རྗེ་དམ་པ་གཉིས་ཀྱིས་བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས། །སྔར་མེད་པའི་ངོ་མཚར་རྨད་དུ་བྱུང་བའི་གཙུག་ལག་ཁང་རྟེན་བརྟེན་པ་གསར་དུ་བཞེངས་པ་ཀུན་ཐུགས་ཀྱི་བཞེད་པ་ལྟར་འབད་མེད་ལྷུན་གྱིས་གྲུབ་ཚེ། ལྷ་མི་ཡོངས་ཀྱིས་མགྲིན་གཅིག་ཏུ། དབུས་གཙང་དག་པའི་ཞིང་གི་སྔོན་ཆོས་རྒྱལ་སྲོང་བཙན་

p. 924

སྒམ་བའི་དུས་སུ་བཞེངས་པའི་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་རྟེན་བརྟེན་པ་མདོ་སྨད་གདུལ་བྱའི་དཔལ་དུ་འཕོས་པ་དང་འདྲ་ཞེས་གཏམ་སྙན་དབྱར་དུས་ཀྱི་འབྲུག་བཞིན། ཕྱོགས་ཀུན་ཏུ་ལྡིར་བ་ལན་ཅིག་མ་ཡིན་པར་ཡང་ཡང་ཐོས་པས། དད་གུས་དག་སྣང་མཇལ་འདོད་རྣམས་དབྱར་གྱི་མཚོ་ལྟར་རྒྱས་ཤིང་། ཁ་ཙམ་མིན་པར་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བྱུང་། སླར་ཡང་ཆེད་གསོལ། ད་དུང་ཡང་བསྟན་འགྲོའི་དོན་དུ་སྐུ་ཚེ་བརྟན་ཅིང་རྣམ་དཀར་མཛད་པ་འཕྲིན་ལས་རྣམས་ལོ་རེ་བཞིན་གོང་འཕེལ་མཛད་དུ་གསོལ་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས། འདི་ནས་ཀྱང་བསྟན་པའི་སྲོག་ཤིང་འཛིན་པའི་སྐྱེས་མཆོག་རྣམ་གཉིས་ལ་དུས་རྒྱུན་དུ་རང་གི་གང་ཤེས་ཀྱིས་ཞབས་བརྟན་འབུལ། སྐྱབས་མཆོག་རྣམ་གཉིས་ཀྱིས་ཀྱང་བདག་དང་བདག་འདྲའི་གདུལ་བྱ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྐྱབས་འཇུག་ཟབ་ཡངས་ཐུགས་ཀྱི་ཀློང་ནས་ནམ་ཡང་མི་འདོར་བ་མཁྱེན་མཁྱེན་ཞེས་འཚམས་ཞུས་མཚོན་བྱེད་རྟ་བཟང་པོ་གཉིས། དྲེའུ་གཅིག དྲི་མ་མེད་པའི་ལྷ་རྫས་ཟུང་བཅས་དགོན་གནས་དམ་པ་བྱ་ཁྱུང་ནས་ཟླ་ཚེས་བཟང་པོར་ཕུལ། སླར་ཡང་ཚིགས་སུ་བཅད་དེ་སྨྲས་པ། །མཐའ་དབུས་མེད་པའི་མཁའ་ཀློང་ཡངས་པོ་རུ། །འོད་གསལ་ཉི་ཟླ་ཟུང་གཅིག་ཤར་བ་བཞིན། །ལྷོ་རྒྱལ་

p. 925

འཛམ་གླིང་དཔལ་དུ་ལེགས་ཤར་བའི། །སྐྱབས་མགོན་རྣམ་གཉིས་ཞབས་ཀྱི་པདྨོའི་དྲུང་། །ཕྱོགས་མེད་རྒྱལ་ཁམས་ངེས་མེད་རི་ཁྲོད་རྣམས། །འགྲིམས་པའི་རྣལ་འབྱོར་གུ་ཡངས་བློ་བདེ་ངས། །རབ་ཏུ་གུས་པས་ལྷ་ཕྱག་གྲངས་མེད་བཅས། །ལག་གཉིས་ཐལ་མོ་སྦྱར་ནས་འདི་སྐད་ཞུ། །སྐྱབས་མགོན་རྣམ་གཉིས་སྔོན་ནས་སངས་རྒྱས་ཀྱང་། །སྙིགས་མའི་དུས་འདིར་གདུལ་བྱའི་སྣང་ངོ་རུ། །གསུམ་ལྡན་ངུར་སྨྲིག་འཛིན་པའི་ཚུལ་བཟུང་ནས། །བསྟན་དང་འགྲོ་དོན་མཛད་པ་བཀའ་དྲིན་ཆེ། །ཕྲན་ཀྱང་བླ་མ་མཆོག་གསུམ་ཐུགས་རྗེ་ལ། །བརྟེན་ནས་ལུས་སེམས་ཤིན་ཏུ་བདེ་བའི་མོད། །བྱ་རྒོད་ལད་མོ་བྱིའུས་བྱེད་པ་བཞིན། །གོང་མའི་རྣམ་ཐར་རྗེས་སུ་འཇུག་བཞིན་མཆིས། །སྔོན་དུས་ཆོས་རྒྱལ་དུས་སུ་བཞེངས་པ་ཡི། །ར་ས་འཕྲུལ་སྣང་རྟེན་དང་བརྟེན་པར་བཅས། །མདོ་ཁམས་སྨད་དུ་འཕོས་འདྲའི་གཙུག་ལག་ཁང་། །རིང་པོར་མ་ཐོགས་མྱུར་དུ་འགྲུབ་འདུག་ཅེས། །གཏམ་སྙན་དབྱར་གྱི་འབྲུག་བཞིན་གྲགས་པ་དེ། །ཡང་ཡང་ཐོས་པས་དད་གུས་དག་སྣང་དང་། །མྱུར་དུ་མཇལ་འདོད་རྗེས་སུ་ཡི་རང་རྣམས། །ལན་ཅིག་མ་ཡིན་ཡང་དང་ཡང་དུ་བྱུང་། །ད་ཡང་གསོལ་བ་འདེབས་པའི་སྙིང་པོ་ལ། །སྐྱབས་མགོན་རྣམ་གཉིས་སྐུ་ཚེ་བརྟན་པ་དང་། །བསྟན་དང་འགྲོ་དོན་གོང་འཕེལ་མཛོད་ཅིག་ཅེས། །ཁ་ཙམ་མིན་པར་ཡང་ཡང་གསོལ་བ་འདེབས། །

p. 926

བདག་དང་བདག་འདྲའི་གདུལ་བྱ་མ་ལུས་པ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་སྐྱབས་མགོན་རྣམ་གཉིས་ཀྱིས། །འབྲལ་མེད་རྗེས་སུ་འཛིན་པའི་སྐྱབས་འཇུག་ཞུ། །སྐྱབས་འཇུག་ཞུ་རྟེན་སྟོང་བ་མིན་ཙམ་དུ། །རྟ་དྲེའུ་གསུམ་དང་ལྷ་རྫས་དྲི་མེད་བཅས། །ཕན་བདེའི་འབྱུང་གནས་བྱ་ཁྱུང་དགོན་ཆེན་ནས། །ཟླ་ཚེས་བཟང་པོར་རབ་ཏུ་གུས་པས་ཕུལ། །ཞེས་པ་འདི་ཁྱེར་ནས་སོང་། ཁོང་གཉིས་ཕྱིར་འཁོར་ནས་རྒྱུ་མཚན་རྣམས་བཤད་པས་མཇལ་འདོད་ཆེར་སོང་། བདག་གིས་རེ་ཞིག་གི་བར་དུ་བྱ་ཁྱུང་གསེར་གདུང་སོགས་ལ་མཆོད་འབུལ་བྱས། བླ་མ་རྣམས་ལ་མཇལ། སྐྱབས་འཇུག་ཞུས། ཕྱག་སྐོར་བྱས་གནས་བསྡད། དེ་ནས་ཕར་སོང་དོ་ཤོ་ལ་སོགས་པའི་སྡེ་པ་ཁ་ཤས་ལ་སོང་། འགྲོ་དོན་བྱས་གྲོ་ནས་དང་དོང་ཙེ་འབུལ་མཁན་མང་པོ་བྱུང་། ཞོང་ཤན་ལྷ་ཆེན་དཔལ་འབར་ལ་མཇལ། མཆོད་འབུལ་བྱས་སྨོན་ལམ་བཏབ། དེ་ནས་མི་ཉུང་ཉུང་བྱས་ཡར་གསེར་ཁང་དུ་སོང་ནས་ཞག་གཅིག་བསྡད། ཕྱིར་ཉིན་སྔ་མོ་ནས་ཙོང་ཁའི་སྐྱེས་རིའི་གཡས་ཕྱོགས་ཀྱི་རི་རྩེ་ནས་ཕར་ནང་དུ་རྐང་ཐང་ལ་སོང་། ཕར་ནང་ནས་དྲེའུ་ཞོན་ནས་ཆུ་བཟང་དུ་སོང་། སྐུ་གཞོགས་ལྕང་སྐྱ་ཐམས་ཅད་མཁྱེན་པར་མཇལ་ཚེ་དཔག་མེད་ཀྱི་སྐུ་གཅིག་ཐེག་མཆོག་མཛོད་ཀྱི་གླེགས་བམ་གཅིག རང་ཉིད་ཞོན་པའི་དྲེའུ་སྒ་སྲབ་དང་བཅས་པ་ཕུལ་ནས། བློ་སྦྱོང་མཚོན་ཆའི་འཁོར་ལོའི་འགྲེལ་བའི་

p. 927

ལུང་ཞུས། སྐུ་གཞོགས་ཆུ་བཟང་རིན་པོ་ཆེར་མཇལ། གོས་གཅིག་ཕུལ་ཆོས་འབྲེལ་ཞུས། ཁྲི་རྒྱ་ནག་པའི་སྤྲུལ་སྐུ་རིན་པོ་ཆེར་མཇལ། གོས་གཅིག་ཕུལ་སྐྱབས་འཇུག་ཞུས། དེ་ནས་ལྷ་ཁང་འགྲུབ་པའི་དགའ་སྟོན་ལ་སྐྱེས་ལྷའི་ལབ་ཙེ་བསྟོད་དུ་སྐུ་གཞོགས་ལྕང་སྐྱ་རིན་པོ་ཆེ། ཆུ་བཟང་ཚང་། རྒྱ་ནག་གསེར་ཁྲིའི་སྤྲུལ་སྐུ། ར་གོར་ཚང་། རྗེ་དྲུང་ཚང་། ཤར་ཚང་སོགས་བླ་ཆེན་མང་པོ་ཕེབས་ནས་ལབ་ཙེ་བསྟད་ལྷ་བསང་བཏང་བའི་རྗེས་སུ། ཐང་ནས་གུར་ཕུབ་སྟོན་མོ་ཆེན་པོ་བྱས་དུས། སྐྱབས་མཆོག་ལྕང་སྐྱ་རིན་པོ་ཆེ་ནས་བདག་ལ་མགུར་དབྱངས་ཤིག་ལོངས་ཞེས་བཀའ་བསྩལ་པ་བཞིན། ཕུན་སུམ་ཚོགས་པ་ལྔའི་མགུར་དབྱངས་འདི་བླངས་སོ། །བྱིན་རླབས་སྩོལ་བའི་བླ་མ་རྗེ། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོའི་ཚོགས། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །འདིར་འཚོགས་དཀར་ཕྱོགས་ལྷ་མི་ལ། །བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབ། །བདེ་སྐྱིད་ཕུན་སུམ་ཚོགས་དུས་འདིར། །ཉམས་དགའ་སྤྲོ་བའི་མགུར་དབྱངས་ལེན། །གནས་འདི་ངོ་མཚར་དག་པའི་ཞིང་། །མགོན་འདི་ལྕང་སྐྱ་རྡོ་རྗེ་འཆང་། །འཁོར་འདི་ལས་ཅན་དག་པའི་འཁོར། །ཆོས་འདི་བླ་མེད་ཐེག་ཆེན་ཆོས། །དུས་འདི་རྫོགས་ལྡན་ཉིན་མོའི་དུས། །བཀྲ་ཤིས་ཕུན་སུམ་ཚོགས་

p. 928

པ་ལགས། །ཕུན་སུམ་ཚོགས་པའི་གནས་མཆོག་འདིར། །བླ་མ་ཡི་དམ་སྤྲིན་ལྟར་གཏིབས། །དཔའ་བོ་མཁའ་འགྲོ་འཇའ་ལྟར་བཀྲ། །ཆོས་སྐྱོང་སྲུང་མ་གློག་ལྟར་འཁྱུགས། །བྱིན་རླབས་དངོས་གྲུབ་ཆར་ལྟར་བབས། །སྙན་དང་གྲགས་པ་འབྲུག་བཞིན་ལྡིར། །འདོད་ཡོན་ལོངས་སྤྱོད་མཚོ་ལྟར་འཁྱིལ། །བདེ་སྐྱིད་ཉི་མ་བཞིན་དུ་ཤར། །ཉམས་རྟོགས་ཡོན་ཏན་ཟླ་ལྟར་རྒྱས། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །ཕུན་སུམ་ཚོགས་པའི་གླུ་དབྱངས་འདི། །ཐོས་ཚད་བདེ་ཞིང་སྐྱིད་པར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པའི་སྒོས། །ལྷ་ཆོས་བྱེད་པའི་བཀྲ་ཤིས་ཤོག །ཅེས་པ་དང་། གཞན་ཡང་སྔར་ཚོགས་ཀྱི་འཁོར་ལོའི་སྐབས་སུ་ལེན་པའི་ངོ་མཚར་སྐྱིད་པའི་གླུ་དབྱངས་ཅུང་ཟད་བཅོས་ནས་འདི་ལྟར་བླངས་སོ། །ངོ་མཚར་བྱིན་རླབས་ཞུ་བ་ལ། །དངོས་དང་བརྒྱུད་པའི་བླ་མ་ཡོད། །བྱིན་རླབས་གཞན་ལ་རེ་དགོས་མེད། །འོ་སྐོལ་རྣམས་ཚོའི་དགའ་བ་ལ། །མཆོག་ཐུན་དངོས་གྲུབ་སྟེར་བ་ལ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཡོད། །དངོས་གྲུབ་གཞན་ལ་རེ་དགོས་མེད། །འོ་སྐོལ་རྣམས་ཚོའི་དགའ་བ་ལ། །འགལ་རྐྱེན་བར་ཆད་སེལ་བ་ལ། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་ཡོད། །ལྷ་སྲུང་གཞན་ལ་རེ་དགོས་མེད། །འོ་སྐལ་རྣམས་ཚོའི་དགའ་བ་ལ། །ཚེ་གཅིག་སངས་རྒྱས་ཐོབ་པ་ལ། །གསང་སྔགས་སྨིན་གྲོལ་གདམས་པ་

p. 929

ཡོད། །སངས་རྒྱས་མི་རྒྱ་ཐེ་ཚོམ་མེད། །འོ་སྐོལ་རྣམས་ཚོའི་སྐྱིད་པ་ལ། །བླ་མེད་བྱང་ཆུབ་སྒྲུབ་གྲོགས་ལ། །དམ་གཙང་རྡོ་རྗེ་མཆེད་ལྕམ་ཡོད། །སངས་ཡང་མཉམ་པོར་རྒྱ་བ་ལགས། །འོ་སྐོལ་རྣམས་ཚོའི་སྐྱིད་པ་ལ། །བསོད་ནམས་གསོག་པའི་ཞིང་མཆོག་ཏུ། །སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཡོད། །བསམ་དོན་ཡིད་བཞིན་འགྲུབ་པ་ལགས། །འོ་སྐོལ་རྣམས་ཚོའི་སྐྱིད་པ་ལ། །སྐྱིད་པའི་གླུ་དབྱངས་བླངས་པ་ཡིས། །བླ་མ་མཆེད་ལྕམ་མཉེས་གྱུར་ཅིག །དཀར་ཕྱོགས་ལྷ་མི་དགའ་བར་ཤོག །ཡུལ་འདིར་བཀྲ་ཤིས་འབྱུང་གྱུར་ཅིག །ཅེས་བླངས་པས་དེར་བཞུགས་པའི་བླ་དཔོན་ཐམས་ཅད་ཐུགས་མཉེས། ལྕང་སྐྱ་རིན་པོ་ཆེས་ཁ་བཏགས་ནང་མཛོད་ཅིག་གསོལ་རས་སུ་གནང་ངོ་། །གཞན་ཡང་རབ་གནས་བརྒྱ་དང་བརྒྱད་འགྲུབ་པའི་མཇུག་ཏུ་ང་ལ་ཡང་རབ་གནས་དང་བཀྲ་ཤིས་བརྗོད་དགོས་གསུངས་ནས་བྱས་པས། ཁོང་རྣམ་གཉིས་ནས་ཐུགས་རབ་ཏུ་དགྱེས་པའི་སྒོ་ནས་རྒྱ་དངུལ་རྡོ་ཚད་གཅིག་དང་། རྟ་གཅིག་གོས་ཆེན་གཉིས། བྱི་རུའི་རྒྱན་གྱིས་མཛེས་པའི་ཕྲེང་བ་ཁ་བཏགས་ནང་མཛོད་གཉིས་བཅས་བསྩལ་པ་གཞན་རྣམས་བླངས་དངུལ་ཕྱིར་ཕུལ་ནས། ལྷ་ཁང་ལ་སྟོང་མཆོད་དགེ་འདུན་ལ་མང་ཇ་ངན་སློང་ལ་སྦྱིན་པ་གཏོང་དུ་བཅུག་ནས་སྐྱབས་མགོན་རྣམ་གཉིས་ལ་ཞབས་བརྟན་དང་

p. 930

སྨོན་ལམ་གྱི་མཚམས་སྦྱོར་ཡང་དག་བྱས། ཁོང་ཚང་གི་ཚ་བོ་ཚ་མོ་གཉིས་ལ་རྒྱ་འདྲེས་གནོད་པ་ལ་བཀའ་བསྒོ་བྱིན་རླབས་བྱས་པས་དྲག་པ་བྱུང་། དཔལ་རིའི་ཕྱོགས་ཀྱི་ཡོན་བདག་འགའ་རེས་ཁོང་ཚོའི་ཡུལ་ཕྱོགས་ལ་ཕེབས་ཞེས་གདན་འདྲེན་བྱས་ཀྱང་། ད་རེས་ཡོང་མི་ཐུབ་པར་གདའ། རྗེས་ནས་འོང་ཨེ་ཐུབ་བལྟ་ཞེས་མ་སོང་། དེ་དུས་བདག་གི་བསམ་པ་ལ་ལྕང་སྐྱ་རིན་པོ་ཆེ་དང་ལྷན་དུ་རྒྱ་ནག་རི་བོ་རྩེ་ལྔ་ལ་ལན་ཅིག་གནས་མཇལ་དུ་སོང་ན་སྟབས་བདེ་སྙམ་ཁོང་ལ་ཞུས་པས། སྐྱེས་མཆོག་དམ་པ་ཁོང་གི་ཞལ་ནས། ཁྱེད་དབུས་ནས་མདོ་སྨད་འདིར་བསམ་བཞིན་དུ་འགྲོ་དོན་ལ་བྱོན་ནས་ཕྱོགས་འདིའི་འགྲོ་དོན་ཐམས་ཅད་བཞག་ནས། རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ན་གནས་མཇལ་ཞིག་ལོས་འོང་སྟེ། འགྲོ་དོན་མི་འོང་། དེ་གང་ཡིན་ན་ཁྱེད་ཀྱིས་རྒྱ་སྐད་སོག་སྐད་གཉིས་ཀྱི་གཅིག་ཀྱང་མི་ཤེས་པའི་སྟབས་ཀྱིས། སྐད་རིགས་མ་གོ་ན་གཅིག་གིས་གཅིག་ལ་ཕྲད་ཀྱང་། དུད་འགྲོ་དུད་འགྲོར་ཕྲད་པ་དང་འདྲ། དེ་བས་སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི་རོང་པོ་རེབ་གོང་དང་རྨ་ཆུའི་ཕ་རི་ཚུར་ཁ་ནས་མི་ངན་གྱོང་པོ་རང་ཀར་སྡོད་མི་ཐུབ་པར། དོན་དག་ཕྲན་ཚེགས་རེའི་ཕྱིར་མི་མང་པོ་གསོད་པ་འདི་རྣམས་ལ་སྔར་ཡང་ཕན་ཐོགས་པོ་བྱུང་འདུག ད་དུང་ཀྱང་ལོ་ཁ་ཤས་འདི་རྣམས་ལ་འགྲོ་དོན་བྱས་ན། རི་བོ་རྩེ་ལྔར་མཇལ་བ་ལས་ཀྱང་བརྒྱ་འགྱུར་གྱིས་ཕན་ཡོན་འདི་ཚེ་བར་འདུག ཁྱེད་དགུང་ལོ་ཡང་

p. 931

བགྲེས་པར་གདའ། རྒྱ་ནག་ཡུལ་ཚ་བ་ཡང་ཆེ། འབྱུང་བཞི་ལ་ཡང་ཨེ་འཕྲོད་མི་ཤེས། སྐུ་ཚེ་ལ་བར་ཆད་འདྲ་ཡང་མི་ཡོང་བའི་ངེས་པ་མེད། དེ་བས་རང་ཡུལ་འདིར་བཞུགས་ནས་ཆུ་འཕྲོད་འགྲོ་དོན་ཡང་འདིར་འཕེལ་བར་འདུག་པས། ངའི་བསམ་པ་ཡིན་ན་ཡུལ་ཕྱོགས་འདིར་བཞུགས་ན་ལེགས་ཞེས་གསུངས། དེ་བཞིན་དུ་ཤར་ཐམས་ཅད་མཁྱེན་པས་ཀྱང་། ཁྱེད་ཕྱོགས་གཞན་ལ་མ་འབྱོན། ཁྱེད་ཀྱི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། འཕྲལ་དུ་ཐབས་མཁས་པའི་སྟབས་ཀྱིས། རེབ་གོང་སྟོད་སྨད་བར་གསུམ་ལ་སྔར་ཕན་ཐོགས་པོ་བྱུང་། ད་དུང་ཡང་ལོ་ཁ་ཤས་སྐྱོ་ངལ་སུན་པ་མ་བྱེད་པར་ཕྱོགས་འདིའི་གདུལ་བྱ་གྱོང་པོ་འདི་རྣམས་ལ་ཕན་བཏགས་ན། དུས་གསུམ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བར་མ་ཟད། སྙིགས་དུས་བླ་མ་ང་ལྟ་བུ་ཡང་སེམས་དགའ་བར་འདུག་གསུངས་ཚེ། རི་བོ་རྩེ་ལྔར་འགྲོ་བའི་བསམ་སྦྱོར་བོར་ནས། ཁོང་རྣམ་གཉིས་ཀྱི་གསུང་བཞིན་ཚུར་འོངས་རྨ་ཕ་རིའི་ཁ་སྒང་ལ་འགྲོ་དོན་བྱེད་དུས། རྗེ་བཙུན་གསེར་ཁང་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་ཨ་ལགས་བློན་ཆོས་ཚང་གིས་ཚིགས་སུ་བཅད་པའི་གླེགས་བུ་འདི་བདག་ལ་བསྩལ་བྱུང་། །གཉུག་སེམས་ལྷན་སྐྱེས་སྤྲོས་བྲལ་འོད་གསལ་མཐོང་། །གང་སྣང་སྒྱུ་མའི་ཡོ་ལང་ཇི་བཞིན་རྟོགས། །དགག་སྒྲུབ་སྤང་བླང་བྲལ་བའི་རྣལ་འབྱོར་པ། །སྔགས་འཆང་

p. 932

ཆེན་པོ་གང་དེའི་ཞབས་དྲུང་དུ། །ཉམ་ཆུང་བན་སྤྲང་རྒད་པོས་དྲང་གཏམ་ཞུ། །འདི་སྣང་ཆོས་བརྒྱད་སྨྱོན་པའི་ཟློས་གར་དང་། །སྲིད་པའི་ངང་ཚུལ་མེ་འོབས་ལྟར་མཐོང་སྟེ། །སྐྱོ་ཤས་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །བསྟན་པའི་སྒོར་ཞུགས་གསང་སྔགས་ཡང་རྩེར་མཇལ། །གཅིག་པུར་རི་དྭགས་རྨས་མ་ཇི་བཞིན་དུ། །ངེས་མེད་བས་མཐའི་དབེན་གནས་འགྲིམས་འགྲིམས་ནས། །ཐོས་བསམ་སྒོམ་པས་ཕྱི་ནང་སྒྲོ་འདོགས་བཅད། །ཉམས་རྟོགས་ཀློང་བརྡོལ་གཟུང་འཛིན་སྒྲོག་ལས་གྲོལ། །ཤུགས་འབྱུང་སྤྱོད་པའི་དགག་སྒྲུབ་སྤང་བླང་བྲལ། །དབང་མེད་བྱམས་བརྩེ་ལྷག་བསམ་བཟང་པོའི་མཐུས། །རིས་མེད་བསྟན་འགྲོར་ཕན་པའི་ཐབས་བརྩོན་ཏེ། །བསྡུ་བ་རྣམ་བཞིས་གདུལ་བྱ་སྨིན་གྲོལ་མཛད། །སྐུ་གསུང་ཐུགས་རྟེན་རིམ་གྲོ་དཔག་མེད་བགྱིས། །དགེ་འདུན་རྣམས་ལ་བསྙེན་བཀུར་ཞབས་ཏོག་བསྒྲུབས། །ཐབས་མཁས་སྤྱོད་པས་འཐབ་རྩོད་བསྡུམས་པ་དང་། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་སོགས། །ཁྱོད་ཀྱི་རྨད་བྱུང་རྣམ་ཐར་མཛད་འཕྲིན་ལ། །བདག་ཀྱང་བསམ་པ་ཐག་པས་ཡི་རང་སྐྱེས། །དེང་སང་སྙིགས་མ་ལས་ཀྱང་ཆེར་སྙིགས་ཏེ། །སྙིགས་དུས་ངན་པའི་རང་མཚང་བདོ་དུས་འདིར། །ཕན་བཏགས་ལན་དུ་དྲིན་ལན་གནོད་མཇལ་སོགས། །ངན་དགུའི་གཡོ་ཁྲམ་སྒོ་འདོགས་བྱེད་ན་ཡང་། །བཟོད་པའི་གོ་བགོས་བདག་པས་གཞན་གཅེས་ཀྱི། །སྙིང་སྟོབས་ཆེན་པོས་

p. 933

བསྟན་འགྲོར་ཕན་ཕྱིར་དུ། །ཀུན་བཟང་འཇམ་དབྱངས་སྤྱན་རས་གཟིགས་དབང་སོགས། །ཡ་རབས་དམ་པའི་རྣམ་ཐར་སྐྱོང་བཞིན་དུ། །བསྐལ་པ་རྒྱ་མཚོའི་བར་དུ་བཞུགས་པར་ཞུ། །བདག་གིས་ཁ་ཏོན་ཅུང་ཟད་བགྱིས་པ་སོགས། །བསམ་སྦྱོར་དགེ་བ་ཕྲ་རགས་གང་བྱས་རྣམས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་། །བླ་མེད་བྱང་ཆུབ་ཐོབ་པའི་སྐྱབས་འཇུག་ཞུ། །ཞུ་རྟེན་ལྷ་རྫས་ཟུང་བཅས་གུས་པས་ཕུལ། །དགེ་བས་མ་གྱུར་འགྲོ་ཀུན་བདེ་གྱུར་ཅིག །ཅེས་པ་བསྩལ་པའི་ལན་དུ་སླར་འཚམས་ཞུས་ཀྱང་ཕུལ་ནས་དག་སྣང་སྦྱོང་རེ་བྱས། ཁ་སྒང་གི་ལོ་སེར་བས་བརྡུང་བ་ལ། བྱིན་རླབས་བྱས་པས་སེར་ལམ་ཆད་པ་བྱུང་། དེ་དུས་ཤཱཀྱ་བུ་རྒྱུད་ཀྱི་སློབ་མ་ཡོན་བདག་རྣམས་ལ་ཞལ་གདམས་འདི་བྱིན་ནོ། །སྔོན་བྱོན་སྐྱེས་མཆོག་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འགྲོ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །མི་ཡི་ཆོས་ལུགས་ལ་བརྟེན་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཆོས་ལུགས་ལ། །བརྟེན་ན་ཐར་པ་གམ་ན་འདུག །གསུང་ལྟར་ལྷ་མིའི་ཆོས་བརྟེན་ན། །ངེས་ལེགས་ཐར་པ་འཐོབ་པར་འགྱུར། །དེ་ཕྱིར་ཐོག་མར་མངོན་མཐོ་ཡི། །ལྷ་མིའི་རྟེན་བཟང་ཐོབ་པའི་ཐབས། །ངོ་ཚ་ཁྲེལ་ཡོད་ལྡན་པའི་སྒོས། །མི་དགེ་བཅུ་ལ་རྒྱུན་དུ་འཛེམས། །

p. 934

ཕ་མ་ཉེ་འབྲེལ་འགྲོ་རྣམས་ལ། །བྱམས་དང་བརྩེ་བའི་མིག་གིས་ལྟོས། །ཐམས་ཅད་དམ་པའི་ཆོས་ལ་བསྐུལ། །མི་དགེ་སྡིག་ལས་ལྡོག་པར་བྱ། །བླ་མ་དཀོན་མཆོག་མཆོད་པ་དང་། །ཕོངས་པ་རྣམས་ལ་སྦྱིན་པ་ཐོངས། །རྒན་པ་རྣམས་ལ་སྲི་ཞུ་དང་། །ཕ་མ་གཉིས་ལ་བཀུར་བསྟི་བྱ། །ཐག་རིང་མགྲོན་པོར་ཕན་ཐོགས་དང་། །ཡུན་རིང་ནད་པར་ནད་གཡོག་བྱ། །གྲུ་ཟམ་ལམ་ངན་བཅོ་བ་དང་། །ཆུ་ལ་རག་དང་མགྲོན་ཁང་རྒྱག །ལམ་འཕྲང་ཆུ་ལས་སྒྲོལ་འདོན་དང་། །དགྲ་ཇག་ཆེ་སར་སྐྱེལ་བསུ་བྱ། །ར་ལུག་བྱ་དང་རི་དྭགས་ཉ། །གསོད་པ་མཐོང་ན་སྲོག་བླུ་བྱ། །མཆོད་རྟེན་ལྷ་ཁང་སྐུ་གཟུགས་ལ། །ཕྱག་སྐོར་དད་པས་ཐལ་མོ་སྦྱར། །དྭངས་པས་བལྟ་ཞིང་གུས་པས་མཆོད། །རྙིང་བ་གསོ་ཞིང་ཞིག་རལ་བཅོ། །ཉེ་རིང་མེད་པར་སེམས་སྙོམས་ཤིང་། །སྙན་པར་སྨྲས་ནས་ཆོས་ལ་བསྐུལ། །ཁྲོ་དང་འཐབ་རྩོད་ཚིག་སྤོང་ཞིང་། །གཞན་གྱི་ཡིད་དང་མཐུན་པར་བྱ། །འགའ་རེས་མི་སྙན་ཚིག་སྨྲ་ཡང་། །རྩུབ་མོའི་ཚིག་གིས་ལན་མི་གདབ། །རྟག་ཏུ་ཁོག་པ་ཡངས་པར་བྱ། །གཞན་ལ་མི་གནོད་ཅི་ཕན་སྒྲུབས། །གཡོ་སྒྱུ་ཟོལ་ཟོག་མི་བྱ་བར། །རྒྱུན་དུ་རང་སེམས་དྲང་པོར་བྱ། །བཟང་པོའི་དྲིན་རྣམས་མི་བརྗེད་ཅིང་། །ཕྱི་ཐག་བསྲིང་ཞིང་གཞུང་བཟང་བསྟེན། །གཞན་སེམས་མི་དཀྲུགས་ཕྲག་དོག་སྤོངས། །འགྲན་སེམས་ཆགས་སྡང་འཐབ་རྩོད་དོར། །འབྱོར་བའི་ཚེ་ན་དྲེགས་མི་བྱ། །གཞན་ལ་ཁྱད་དུ་གསོད་པ་སྤོངས། །དབུལ་ཀྱང་ཞུམ་པར་མི་བྱ་ཞིང་། །

p. 935

སྔོན་གྱི་ལས་སུ་བལྟ་བར་བྱ། །ཆོས་དང་འཇིག་རྟེན་ཕལ་ཆེར་མཐུན། །ཀུན་མཐུན་ཆོས་མཐུན་གཉིས་ཀ་གྱིས། །མདོར་ན་སྡིག་སྤོངས་དགེ་བ་སྒྲུབས། །རྟག་ཏུ་བསམ་པ་བཟང་པོ་མཛོད། །འཇིག་རྟེན་དགེ་བ་ཅན་རྣམས་ཀྱིས། །རྣམ་ཐར་བཟང་པོ་འདི་ཀ་སྐྱོངས། །གདམས་པ་བདུད་རྩི་ལྟ་བུ་འདིས། །རང་གཞན་ཡོངས་ལ་ཕན་པར་ཤོག །ཅེས་བྱིན་པས་ཀུན་གྱི་སེམས་ལ་ཕན་པོ་བྱུང་། དེ་ནས་མར་ནང་ཚོ་ལྔའི་ཕྱོགས་ལ་ཚུར་འོང་།་དད་ཅན་སྔགས་ཆང་རྟ་མགྲིན་སོགས་ཚོ་ལྔའི་སྔགས་མང་གིས་ཞབས་ཏོག་ཡག་པོ་བྱས་ཆོས་བཤད་བྱས་པས་སྡིག་སྤོང་དགེ་བ་སྒྲུབ་མཁན་དང་། མགུར་ཆུང་གི་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་བཞེང་མཁན་མང་པོ་བྱུང་། དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་འཕེལ་གདུང་སོགས་རྟེན་ཁྱད་འཕགས་མང་པོ་བྱིན། རྨ་ཕ་རི་ཚུར་ཁའི་ཡོན་བདག་རྣམས་རབ་ཏུ་དད་པས་རྟ་གསུམ། མཛོ་མོ་འབྲི་གཡག་བ་གླང་སུམ་ཅུ། ར་ལུག་ཉི་ཤུ། ཇ་ནག་ལྔ། གདན་དཀར་བཅུ། ནས་དོ་པོ་བརྒྱ། དཀར་ཡོལ་བཏགས་མང་པོ་བྱུང་། དེའི་ནང་ནས་རྨ་ཕ་རི་དང་ཚུར་ཁའི་དགོན་པ་རྣམས་ལ། རྟ་མཛོ་འབྲི་གཡག་བ་གླང་བསྡོམས་པས་སུམ་ཅུ་ཙམ་ཕུལ། གཞན་དགོན་དང་གྲོང་ཡུལ་སོ་སོར་ལྷ་ཁང་བརྒྱ་དང་བརྒྱད། གསུང་རབ་མ་ཎི་ཆོས་འཁོར་མཆོད་རྟེན་བརྒྱ་ཕྲག་དུ་མ་བཞེང་དུ་བཅུག་ནས་སྔ་ཕྱི་། རིམ་ཅན་དུ། གསེར་དངུལ་རྟ་མཛོ་འབྲི་གཡག་བ་གླང་ར་

p. 936

ལུག་ཇ་རས་གོས་དར་གྲོ་ནས་བྱིན་པ་རྣམས་བརྩིས་ན་གྲངས་ཀྱིས་མི་ཟིན་པ་ཙམ་ཞིག་སོང་། དེ་དུས་རང་གཞན་ཀུན་ལ་ཕན་པའི་སྨོན་ལམ་འདི་ལྟར་བཏབ། བདག་དང་གཞན་གྱི་འདིས་མཚོན་པའི་དུས་གསུམ་དུ་བསགས་པའི་དགེ་བའི་མཐུ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སྒོས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཚད་མེད་པ་འབྱུང་བར་གྱུར་ཅིག ཡང་སྒོས་ཁྱད་པར་ཅན་དུ་བདག་དང་སློབ་མ་སྦྱིན་བདག་རྣམས་ཀྱི་ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག བསོད་ནམས་རི་རྒྱལ་དང་མཉམ་པར་གྱུར་ཅིག སྙན་གྲགས་ནམ་མཁའ་དང་མཉམ་པར་གྱུར་ཅིག འགྲོ་དོན་སངས་རྒྱས་དང་མཉམ་པར་གྱུར་ཅིག སྡུག་བསྔལ་གྱི་མིང་ཙམ་ཡང་མི་ཐོས་པར་གྱུར་ཅིག བདེ་སྐྱིད་དང་སྐད་ཅིག་ཙམ་ཡང་མི་འབྲལ་བར་གྱུར་ཅིག ནམ་ཞིག་བདག་གིས་སེམས་ཅན་གྱི། །སྡུག་བསྔལ་ཐམས་ཅད་སེལ་ནུས་ཤོག །ནམ་ཞིག་དབུལ་པོའི་སེམས་ཅན་རྣམས། །འབྱོར་བ་ཆེན་པོ་འཇོག་ནུས་ཤོག །ནམ་ཞིག་ཤ་དང་ཁྲག་བཅས་པས། །སེམས་ཅན་འགྲོ་དོན་ནུས་པར་ཤོག །ནམ་ཞིག་དམྱལ་བར་ཡུན་རིང་དུ། །གནས་ནས་ཕན་ཐོགས་ནུས་པར་ཤོག །ནམ་ཞིག་སྲིད་ཞིའི་འབྱོར་བ་ཡིས། །སེམས་ཅན་རེ་བ་ཡོངས་སྐོང་ཤོག །ནམ་ཞིག་སངས་རྒྱས་སེམས་ཅན་གྱི། །

p. 937

སྡུག་བསྔལ་ངེས་པར་འབྱིན་ནུས་ཤོག །ནམ་ཡང་འགྲོ་ལ་མི་ཕན་ཞིང་། །གནོད་ལ་དགའ་བར་མ་གྱུར་ཅིག །ནམ་ཞིག་བདག་གཞན་བདེ་སྡུག་གཉིས། །བརྗེས་ནས་འགྲོ་ཀུན་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་དང་ལྡན། །སྡུག་བསྔལ་ཀུན་དང་འབྲལ་བར་ཤོག །ནམ་ཡང་བདེ་དང་མི་འབྲལ་ཞིང་། །བཏང་སྙོམས་ཚད་མེད་ལ་གནས་ཤོག །ཅེས་བྱང་ཆུབ་སེམས་དཔའི་རྣམ་རྟོག་བརྒྱད་དང་། ཚད་མེད་བཞིར་མཐུན་པའི་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་ཡག་པོ་བྱས། གཞན་ཡང་མགར་རྩེའི་འདུ་ཁང་ནང་དུ་དངུལ་སྲང་བཅུ་གསུམ་གྱི་མཆོད་ཀོང་གཅིག བཀྲ་ཤིས་འཁྱིལ་བའི་ལྷ་ཁང་ནང་དུ་དངུལ་སྲང་ཉི་ཤུ་རྩ་ལྔའི་རིན་གྱི་ལི་ཏིང་བདུན་ཚར། སྦུབ་ཆལ། དུང་དཀར་བཞག་པ་སོགས་ཕྱོགས་ཕྱོགས་ཀྱི་ལྷ་ཁང་རྣམས་ལ་མཆོད་ཆ་མང་པོ་བཞག ལྷ་སྐུ་རྣམས་ལ་གོས་དང་ཁ་བཏགས་ཆེན་པོའི་ན་བཟའ་མང་པོ་ཕུལ་ནས་སྨོན་ལམ་བཏབ། ལུག་བདུན་བརྒྱ་བཀྲ་ཤིས་འཁྱིལ་བར་དེད་འོངས་ནས་ཚེ་ཐར་བྱས་བཞག་དེ་རྣམས་ཀྱི་བལ་གྱིས་མཐུན་རྐྱེན་བྱས། ལུག་གཞན་རྣམས་འབུལ་སྡུད་པ་སློང་མཁན་ཡོད་ཚད་ལ་བྱིན་ནས་མི་གསོད་པར་བྱས། བཀྲ་ཤིས་འཁྱིལ་བ་ནས་ཡུལ་མེད་ཀྱི་གྲྭ་བཙུན་སྙོམས་ཆུང་དང་། གཞན་སྤྲང་པོ་བདག་མེད་དྲུག་ཅུ་བདུན་ཅུ་ཙམ་རེ་ལོ་མང་པོའི་བར་དུ་གསོས། ལོ་རེ་བཞིན་བཞི་པའི་བཅོ་ལྔ་ལ།

p. 938

དགེ་འདུན་པ་དང་སྐྱེས་ཕོ་མོ་བརྒྱ་ཕྲག་མང་པོ་ལ་སྨྱུང་གནས་བཟུང་། བཞི་པའི་ཉི་ཤུའི་ནང་ལ་རེབ་གོང་སྔགས་པ་ཕུར་ཐོགས་སྟོང་དང་ལྔ་བརྒྱ་ལ་བཀའ་བརྒྱུད་ཆོས་ཐོག་ཉི་མ་ལྔ་རེ་བཟུང་། དེའི་ཇ་མར་གྱི་ཐེབས་སུ་མཛོ་མོ་དང་འབྲི་བརྒྱ་ལྷག་ཅིག་བཞག་ཡོད་པ། ནོར་དགྲ་འདྲེ་འབོད་པའི་གཡབ་མོ་ཡིན་གསུངས་པ་ལྟར། ཙ་ཡི་ཨ་མཆོག་གི་ཇག་པས་དེད་སོང་བའི་རྗེས་སུ་ཕུར་ཐོགས་སྟོང་གི་བབས་སོང་། ཕྱོགས་དེ་ཐམས་ཅད་མཐུ་ལ་འཇིགས་ནས་བཤགས་པ་དང་བཅས་ཏེ་ཕྱིར་ལ་སྤྲད་ཀྱང་། དེ་ནས་བཟུང་ནོར་བསགས་པ་ཆོས་སུ་མི་འགྲོ་བར་འདུག་སྙམ་དེ་ཐམས་ཅད་མཆོད་སྦྱིན་དུ་བཏང་བས། ནོར་མེད་ཙ་ན་དགྲ་དང་བྲལ་གསུངས་པ་ལྟར། དགྲ་ཇག་རྐུན་གསུམ་མེད་པར་འཇམ་ཅག་གེར་གནས་རྒྱུ་བྱུང་། དེ་ནས་ཆོས་ཐོག་གི་སྦྱིན་བདག་ཞོ་འོང་དང་། འཇམ་གླིང་གིས་བྱས། ལོ་རེ་བཞིན་སྟོན་ནས་བསོད། །དབྱར་མར་བསོད། གཤིན་པོའི་དོན་དུ་བསྔོ་འབྲེལ་འབུལ་བ་སོགས་ཞབས་ཏོག་ཡག་པོ་བྱས་བྱུང་། ཡང་ཀཿ ཐོག་བླ་མ་རིན་པོ་ཆེ་ཆུ་བཟང་ནས་ཕེབས་པ་དབེན་གནས་བཀྲ་ཤིས་འཁྱིལ་བར་གདན་དྲངས། ཞབས་ཏོག་ཡག་པོ་བྱས། སྔགས་མང་ལ་ཞི་ཁྲོའི་དབང་དང་། ངེད་དཔོན་སློབ་སུམ་ཅུ་ཙམ་ལ་སྙིང་ཐིག་ཡ་བཞིའི་དབང་ལུང་ཡོངས་རྫོགས་གནང་། བཀའ་དྲིན་གཏང་རག་ཏུ་སྒྲོལ་མའི་སྐུ་གཅིག ལམ་རིམ་ཐར་པའི་རྒྱན། བཀའ་གདམས་མཆོད་རྟེན་

p. 939

གཅིག རྟ་གཅིག་དྲེའུ་གཅིག་མཛོ་བཞི་ས་དང་བཅས་ཏེ་ཕུལ། དེའི་རྗེས་སུ་འབྲེལ་ཚད་དོན་དང་ལྡན་པའི་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་གསེར་ཁང་རིན་པོ་ཆེ་རོང་པོར་ཕེབས་པ་དང་མཇལ། ཕྱག་རྟེན་དུ་ཐུགས་རྗེ་ཆེན་པོའི་སྐུ་གཅིག་དང་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་གཅིག རྟ་གོས་གཉིས་བཅས་ཕུལ། དེའི་རྗེས་སུ་རོང་པོའི་དགོན་ཆེན་གྱི་ཚོགས་མང་གིས་གསང་འདུས་དང་བདེ་མཆོག་གི་དབང་མོ་ཆེ་ཞུ་པས་གྲལ་དུ་བསྡད་ནས་ཉན། རྗེས་སུ་གཉན་ཐོག་གིས་གདན་དྲངས། ཐུགས་རྗེ་ཆེན་པོའི་རྗེས་གནང་ཞུས་པར་ཡང་ཉན། ཉིན་གཅིག་སྐུ་མདུན་དུ་སོང་བས། ཞལ་གསུང་མང་པོ་ཕེབས། ཐུགས་བརྩེ་བརྩེ་མཛད། གསོལ་རས་གོས་ཆེན་སེར་པོ་གཅིག གོས་གཟན་དམར་པོ་གཅིག་ཀ་ར་ཤིང་ཐོག་སྡེར་ཁ་མང་པོ་ཁ་བཏགས་ཆེན་པོ་གཉིས་དང་བློ་སྦྱོང་ཉི་མའི་འོད་ཟེར་ཞིག་བཅས་བསྩལ་བྱུང་། དེ་ནས་བཀྲ་ཤིས་འཁྱིལ་དུ་འོངས་ནས་བསྡད་ཡོད་དུས་ཁོང་གི་སློབ་མ་བསླབ་གསུམ་རྒྱན་ལྡན་བློ་བཟང་དར་རྒྱས་དང་བྱམས་པ་མཁས་གྲུབ་སོགས་ཚེ་བློས་བཏང་གི་དགེ་འདུན་པ་དྲུག་ཙམ་ལ། བཀའ་བརྒྱུད་ཀྱི་ཆོས་སྐོར་ཕྱག་རྒྱུ་ཆེན་པོ་དང་། ནཱ་རོ་ཆོས་དྲུག་སྙན་བརྒྱུད་སྐོར་གསུམ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་དང་འཁྲུལ་འཁོར་རྣམས་ཀྱི་ལུང་ཁྲིད་རྒྱས་པར་བྱས་པས། རྗེས་སུ་བུ་ཆེན་བློ་བཟང་དར་རྒྱས་ཀྱིས་ཞལ་གདམས་

p. 940

ཤིག་དགོས་ཞེས་བསྐུལ་ངོར་ངོ་མཚར་ཆེ་བའི་ཞལ་གདམས་འདི་བྱིན། །འགྲོ་ལ་བུ་གཅིག་ལྟར་བརྩེ་བའི། །སྟོན་པ་སངས་རྒྱས་ཞལ་སྔ་ནས། །སེམས་ཅན་རྣམས་ལ་ཕན་བཏགས་ན། །ཁོང་ལ་ཕན་ཐོགས་བྱས་པ་འདྲ། །སེམས་ཅན་རྣམས་ལ་གནོད་བྱས་ན། །ཁོང་ལ་གནོད་པ་བྱས་པ་འདྲ། །དཔེར་ན་བུ་ལ་ཕན་བཏགས་ན། །མ་ཡི་སེམས་ནི་དགའ་བ་ལྟར། །སེམས་ཅན་སུ་ལ་ཕན་བཏགས་ཀྱང་། །ཁོང་གི་ཐུགས་ནི་དགྱེས་པར་གསུངས། །བུ་ལ་གནོད་པ་བྱས་གྱུར་ན། །མ་ཡི་སེམས་ཀྱིས་ཁྲེལ་བ་ལྟར། །སེམས་ཅན་སུ་ལ་གནོད་བྱས་ཀྱང་། །ཁོང་གི་ཐུགས་ཀྱིས་ཁྲེལ་བར་གསུངས། །དེ་ཕྱིར་གནོད་འཚེ་མི་བྱ་བར། །ཕན་བདེའི་ཐབས་ལ་འབད་པར་བྱ། །སྤོས་དང་མེ་ཏོག་མར་མེ་སོགས། །སངས་རྒྱས་མཆོད་པའི་མཆོག་མ་ཡིན། །སེམས་ཅན་རྣམས་ལ་ཕན་བཏགས་ན། །སངས་རྒྱས་མཆོད་པའི་མཆོག་ཏུ་འགྱུར། །དེ་ཕྱིར་སངས་རྒྱས་མཆོད་པའི་ཕྱིར། །སེམས་ཅན་རྣམས་ལ་ཕན་ཐོགས་བྱ། །དེ་ལྟར་མཆོད་ན་སངས་རྒྱས་དགྱེས། །སེམས་ཅན་ཐམས་ཅད་དགའ་བར་འགྱུར། །སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད། །གསུངས་པའི་ཚིག་རྐང་འདི་གཉིས་པོ། །དཔྱད་ན་གནད་འགགས་ཟབ་པར་གོ །སངས་རྒྱས་དགྱེས་པར་བྱས་གྱུར་ན། །ཁོང་གིས་དགྱེས་བཞིན་རྗེས་སུ་འཛིན། །ཁོང་གིས་རྗེས་སུ་བཟུང་ཙ་ན། །གཏན་དུ་བདེ་ཞིང་སྐྱིད་པར་འགྱུར། །སངས་རྒྱས་

p. 941

སེམས་ཅན་ཀུན་དགའ་བའི། །དགེ་བ་འདི་ལྷག་གཞན་ན་མེད། །ནམ་ཞིག་འབད་རྩོལ་མ་བྱས་ཀྱང་། །རང་གི་ཚོགས་རྫོགས་སངས་རྒྱས་འགྱུར། །རང་གཞན་གཉིས་ཀ་འཚེངས་པ་ཡི། །གདམས་པ་འདི་ནི་ངོ་མཚར་ཆེ། །ངོ་མཚར་ཆེ་བའི་ཞལ་གདམས་འདི། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཅེས་གདམས། གཞན་ཡང་རེབ་གོང་གྲུབ་པ་ཐོབ་པའི་གནས་ཆེན་བརྒྱད་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་སྒྲུབ་གནས་སོགས་དབེན་གནས་རྣམས་སུ་སྐབས་སྐབས་སོང་ནས། ཟླ་རེ་ཟླ་ཕྱེད་ཞག་པོ་བདུན་རེ་ཙམ་ལ་མཚམས་བྱས་ནས་གནས་འབྲེལ་བཞག་བྱིན་འབེབས་བྱས། སྨོན་ལམ་བཀྲ་ཤིས་བརྗོད། མཚམས་ཁང་མེད་ས་རུ་མཚམས་ཁང་ཆུང་ཆུང་རེ་ཕུབ་ནས་རི་ཁྲོད་དབེན་པའི་བསྔགས་བརྗོད་ཀྱི་མགུར་དབྱངས་འདི་བླངས་སོ། །རེབ་གོང་གསེར་མོ་ལྗོངས་འདི་ཡི། །གནས་ཆེན་བརྒྱད་དུ་སྔོན་བྱོན་པའི། །གྲུབ་ཐོབ་བརྒྱད་ལ་གསོལ་བ་འདེབས། །རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཨེ་མ་གནའ་དུས་བཟང་པོ་ནུབ། །ཀྱེ་མ་ད་དུང་ངན་པ་ཤར། །གནའ་མི་མཁས་པ་ཐམས་ཅད་འདས། །ད་མི་བླུན་པོ་མང་པོ་སྐྱེས། །ལྷ་ཆོས་དར་གྱི་མདུད་པ་གྲོལ། །མི་ཆོས་སོག་མའི་ཕོན་ཐག་ཆད། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག །གཙོ་བོ་གྲོས་ཀྱི་རྒྱ་མཚོ་བསྐམས། །དཔའ་བོ་སྟག་གི་རི་མོ་ཡལ། །མོ་བཙུན་ངོ་ཚའི་

p. 942

གཡང་ལུགས་བུད། །ཡ་རབས་རྣམས་ཀྱི་སྲོལ་མི་འཛིན། །མ་རབས་རྣམས་ཀྱི་སྤྱོད་པ་སྐྱོང་། །ཕུགས་ཀྱི་ཁེ་ལ་མི་བསམ་པར། །འཕྲལ་གྱི་རྩིས་གྲངས་ཞིབ་ཏུ་གཏོང་། །ལེགས་པའི་སྲོལ་བཟང་མི་འཛིན་པར། །ཉེས་པའི་དཔེ་ངན་མང་པོ་འདྲེན། །མཁས་པའི་གཞུང་ལུགས་མི་འཛིན་པར། །བླུན་པོས་བཤད་པའི་རྗེས་སུ་འབྲངས། །བཟང་པོའི་དོ་ཡ་མི་བྱེད་པར། །ངན་པའི་ཁ་ཡ་བྱེད་དུས་འདིར། །དམ་པ་གོང་མའི་རྣམ་ཐར་བཞིན། །ཚེ་འདི་བློ་ཡིས་གཏོང་དུས་ཡིན། །གྲུབ་ཐོབ་གོང་མའི་བཞུགས་གནས་སུ། །ཟབ་མོའི་སྒྲུབ་ལ་གཞོལ་དུས་ཡིན། །ཨེ་མ་སྔོན་གྱི་མཁས་གྲུབ་ཀྱིས། །མཆོག་གི་དངོས་གྲུབ་བརྙེས་པའི་ས། །རི་ཁྲོད་དབེན་པའི་དགའ་ཚལ་ན། །ཚེ་འདིའི་བྱ་བས་གཡེང་བ་མེད། །ལྷ་ཡུལ་དབང་བོའི་སྐྱེད་ཚལ་ན། །ལྷ་དང་ལྷ་མོ་རྩེ་བ་བཞིན། །སྨན་ལྗོངས་ནགས་ཚལ་སྤང་གཞོངས་ན། །བྱ་དང་རི་དྭགས་བག་ཕེབས་རྩེ། །ངོ་མཚར་དག་པའི་ཞིང་ཁམས་ན། །སངས་རྒྱས་བྱང་སེམས་བཞུགས་པ་ལྟར། །ཉམས་དགའི་ལྗོན་ཤིང་བསིལ་གྲིབ་ན། །ཆོས་མཛད་སྐྱེས་བུ་དམ་པ་བཞུགས། །གྲུབ་པ་ཐོབ་པའི་གནས་བརྒྱད་དང་། །རྗེ་བཙུན་སྐལ་ལྡན་སྒྲུབ་གནས་ནས། །བླ་མེད་བྱང་ཆུབ་སྒྲུབ་མཁན་གྱི། །རྒྱུད་ལ་ཉམས་རྟོགས་ཉི་མ་འཆར། །དེ་ཕྱིར་བན་བོན་སྔགས་གསུམ་གྱི། །ནང་ནས་ལས་ལྡན་སྐྱེས་བུ་རྣམས། །རང་རང་ཕྱོགས་ཀྱི་གནས་ཆེན་ནས། །

p. 943

སྒྲུབ་པའི་རྒྱལ་མཚན་བཙུགས་ན་ལེགས། །གླུ་འདི་ཐོས་ཚད་ཆོས་མཛད་རྣམས། །རང་གི་ཡུལ་ནས་མི་སྡོད་པར། །ཤིན་ཏུ་དབེན་པའི་གནས་བསྟེན་ནས། །སྒྲུབ་པ་སྙིང་པོར་བྱེད་པར་ཤོག །ཅེས་བླངས་པས་བན་བོན་སྔགས་གསུམ་ཕལ་ཆེར་གྱིས་གནས་ཆེན་རྣམས་སུ་མཚམས་བསྙེན་སྒྲུབ་བྱས། གྲོང་ནས་ལོ་རེ་བཞིན་མ་ཎི་ཆོས་ཐོག་བཙུགས། གཞན་ཐམས་ཅད་ལ་རང་རང་གི་ཡུལ་ནས་ལུས་ངག་ཡིད་གསུམ་གྱིས་དམ་པའི་ཆོས་མང་པོ་བྱེད་རྒྱུའི་སྐལ་བ་བཟང་པོ་བྱུང་། དེ་ལྟར་ཡུལ་ཁམས་ཐམས་ཅད་དམ་པའི་ཆོས་ཀྱིས་དཀར་ལམ་མེར་བཏང་ནས། ཨ་མདོའི་ཕྱོགས་ཀྱི་སྐྱེས་ཕོ་མོ་ཡོངས་ལ་ཕན་ཕྱིར། མི་ཆོས་གནད་ཀྱི་ཕྲེང་བ་ཞེས་བྱ་བའི་མགུར་དབྱངས་འདི་བླངས་དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ལྷ་ཆོས་བྱས་ན་མི་ཆོས་ཞོར་ལ་འོང་། །རྟག་ཏུ་ལྷ་ཆོས་གྱིས་ཤིག་ཨ་མདོ་པ། །དཀར་པོའི་ཆོས་ལ་ཕྱི་བཤོལ་མ་བྱེད་པར། །མྱུར་བ་མྱུར་དུ་སྒྲུབས་ཤིག་ཨ་མདོ་པ། །ཟ་འདོད་སྐྱིད་འདོད་དགའ་ན་ཆོས་མི་འོང་། །དཀའ་སྤྱད་སྙིང་རུས་གྱིས་ཤིག་ཨ་མདོ་པ། །སུ་ཡི་དོན་དུ་དཀའ་བ་སྤྱད་ན་ཡང་། ངས་བྱས་སྡུག་ཡུས་མ་ཆེ་ཨ་མདོ་པ། །མཛེ་སྤྲང་ལ་སོགས་སུ་ཡིས་ཆོས་ཞུས་ཀྱང་། །གདམས་ངག་ལྷུག་པར་སྟོན་ཅིག་ཨ་མདོ་པ། །འགའ་རེས་ཉམས་

p. 944

ཚོད་བལྟ་ཕྱིར་ཆོས་འདྲི་ཡང་། །ཕུལ་དུ་ཕྱིན་པ་སྟོན་ཅིག་ཨ་མདོ་པ། །ཟང་ཟིང་སྒྱུ་མའི་ནོར་ལ་མ་བལྟ་བར། །དམ་ཆོས་ཐང་མ་རྡོལ་ཅིག་ཨ་མདོ་པ། །ངེས་པར་གང་ལ་གསང་བར་འོས་པ་རྣམས། །ལྐུགས་པའི་ཚུལ་གྱིས་མ་བཤད་ཨ་མདོ་པ། །ཆོས་པ་འཕུང་བའི་འགབ་འདྲེ་ཆགས་སྡང་ཡིན། །ཉེ་རིང་ཆགས་སྡང་མ་ཆེ་ཨ་མདོ་པ། །ཟས་ནོར་ཡོད་དུས་སེར་སྣ་མ་ཆེ་བར། །རང་སྤྱོད་མི་ལ་བྱིན་ཅིག་ཨ་མདོ་པ། །ཟས་ནོར་མེད་དུས་ལོག་དོམ་མ་ལེན་པར། །ཟ་ཤེས་འཐུང་མཁས་གྱིས་ཤིག་ཨ་མདོ་པ། །རྣམ་འགྱུར་བཙོག་པ་སུ་ལའང་མ་སྟོན་པར། །ཐམས་ཅད་འཛུམ་གྱིས་བསུས་ཤིག་ཨ་མདོ་པ། །གྲོང་དགོན་གང་ནའང་དོན་མེད་སྨྲ་མཆུ་མང་། །གཏམ་ངན་གང་ལའང་མ་ཉན་ཨ་མདོ་པ། །སྟོད་སྨད་ས་ཆ་གང་ནའང་དགྲ་རྐུན་མང་། །སེམས་ཆུང་དོགས་ཟོན་གྱིས་ཤིག་ཨ་མདོ་པ། །ཁྲེལ་མེད་མི་ལ་ནམ་ཡང་བློ་མ་གཏོད། །བློ་གཏད་ཐུབ་པར་འགྲོགས་ཤིག་ཨ་མདོ་པ། །དུས་ངན་མི་ལ་རེ་བ་མ་ཆེ་བར། །ལྷ་ལ་གསོལ་བ་ཐོབས་ཤིག་ཨ་མདོ་པ། །ས་ཕྱོགས་གང་དུ་འགྲོ་འམ་འདུག་ཀྱང་རུང་། །ཀུན་ལ་མཐུན་པར་མཛོད་ཅིག་ཨ་མདོ་པ། །རང་གི་ནོར་ལ་ཆགས་ཞེན་ཆེ་ན་ཡང་། །གཞན་གྱི་ནོར་ལ་མ་རྔམས་ཨ་མདོ་པ། །རང་ཉིད་ལས་དང་འདུན་མར་མཁས་ན་ཡང་། །སྤྱི་དོན་ཀུན་ལ་དྲིས་ཤིག་ཨ་མདོ་པ། །རང་གིས་བསགས་པའི་ནོར་རྫས་ཡིན་ན་ཡང་། །མང་པོའི་ཁྲོད་དུ་མ་ངོམ་ཨ་མདོ་པ། །རང་ཉིད་ཀུན་གྱིས་ཡར་ལ་

p. 945

བཀུར་ན་ཡང་། །ཆེ་བའི་ང་རྒྱལ་མ་ཆེ་ཨ་མདོ་པ། །རང་ཉིད་དགེ་བའི་བཤེས་སུ་མངའ་གསོལ་ཡང་། །ཁས་དམན་རྣམས་ལ་མ་བརྙས་ཨ་མདོ་པ། །གཞན་གྱི་བླ་མ་དཔོན་པོ་བརྒྱ་ངན་རུང་། །ཕྱག་དང་ཞེ་ས་མཛོད་ཅིག་ཨ་མདོ་པ། །རང་དང་མཉམ་པའི་གང་ཟག་སུ་བྱུང་ཡང་། །རང་གི་གོང་དུ་བཀུར་ཅིག་ཨ་མདོ་པ། །བྱ་བ་གང་ལའང་འདོད་ཆུང་ཆོག་ཤེས་དང་། །རྟག་ཏུ་དམན་ས་ཟུངས་ཤིག་ཨ་མདོ་པ། །མདོར་ན་མཐོ་བཀུར་དམའ་བ་བྱམས་པས་སྐྱོངས། །མཉམ་ལ་མཐུན་པར་འགྲོགས་ཤིག་ཨ་མདོ་པ། །དེ་ལྟར་ཆོས་དང་མཐུན་པའི་བྱ་བ་གྱིས། །མིས་སྨོན་བདག་སྐྱིད་འོང་ངོ་ཨ་མདོ་པ། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་དོན་ལ་མཁས་པར་ཤོག །གླུ་འདི་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱིས། །རང་གཞན་དོན་གཉིས་ཚེ་འདིར་འགྲུབ་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ལོ་ལེགས་ཤིང་། །བཀྲ་ཤིས་ཆེན་པོས་ས་སྟེང་ཁྱབ་གྱུར་ཅིག །ཅེས་བླངས་པས་ཆོས་པ་འཇིག་རྟེན་པ་ཕལ་ཆེ་བ་ཞིག་ལ་བློ་བསྐྱེད་ཆེན་པོ་བྱུང་ངོ་། །དེ་དུས་སྡེ་པ་རེ་རེ་བཞིན་སོང་ནས་ཉི་མ་ཁ་ཤས་རེར་བསྡད་ནས་འགྲོ་ཁར་ཡོན་བདག་ཀུན་གྱིས་སྐྱེལ་ཐུང་བྱས་པའི་སར། ཐམས་ཅད་ལ་བཀའ་བསྒོ་བྱིན་རླབས་བྱས་ཁ་ཏ་བཅུག་པས་མཐར་ཡོན་བདག་ཕོ་མོ་ཀུན་གྱི་སེམས་ལ་ཕན་པའི་ཞལ་གདམས། གནས་སྤྱི་གཙུག་འཇའ་གུར་མ་ཞེས་བྱ་བའི་མགུར་དབྱངས་འདི་

p. 946

བླངས་སོ། །གནས་སྤྱི་གཙུག་འཇའ་གུར་འཁྱིལ་བའི་ཀློང་། །གདན་སེང་། གེས་བཏེགས་པའི་ཁྲི་སྟེང་ན། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ། །ཕ་ཆོས་རྒྱལ་ངག་གི་དབང་བོ་བཞུགས། །བུ་མོས་གུས་གདུངས་པས་གསོལ་བ་འདེབས། །མི་འདིར་འཚོགས་སྣང་བ་ཆོས་ལ་སྒྱུར། །བློ་ཆོས་མིན་སྣང་བ་འགག་ཏུ་གསོལ། །ངེད་འདིར་འཚོགས་སྐྱེས་ས་མི་གཅིག་ཀྱང་། །སྔོན་ལས་བཟང་སྨོན་ལམ་དག་པའི་མཐུས། །མི་ལ་ལ་དབུས་གཙང་ཞིང་ནས་འོང་། །མི་ལ་ལ་ཁམས་ཀྱི་ཕྱོགས་ནས་འོང་། །མི་ལ་ལ་མདོ་ཁམས་སྨད་ནས་འོང་། །དུས་ད་རེས་གནས་འདིར་ཡུད་ཙམ་འཚོགས། །ཆོས་ཟས་ནོར་འབྲེལ་བ་ཡང་ཡང་བཞག །ཡུན་མི་རིང་སོ་སོར་གྱེས་པ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །ཚེ་འདི་རུ་སྡོད་མཁན་གཅིག་ཀྱང་མེད། །ཚེ་ཕྱི་མའི་ཡུལ་ལ་འགྲོ་དུས་སུ། །ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད། །ཁྱེད་འདིར་འཚོགས་ཡོན་བདག་ཕོ་མོ་རྣམས། །དུས་ད་ནས་ནམ་འཆི་ངེས་མེད་སོམས། །ཚེ་འདི་ལ་ཞེན་ཆགས་མ་ཆེ་བར། །ཚེ་ཕྱི་མའི་ས་ལམ་ལྷ་ཆོས་རེམ། །ཆོས་མ་ནུས་ན་ཡང་སྡིག་ལ་འཛེམས། །དུས་རྒྱུན་དུ་བསམ་པ་དཀར་པོ་གྱིས། །མི་ང་ཡང་གང་དུ་སོང་ན་ཡང་། །ཚེ་འདི་ཕྱིར་ཕན་པའི་སྐྱབས་འཇུག་བྱ། །ད་ཡོན་བདག་ཕོ་མོ་བདེ་བར་བཞུགས། །ང་རྣལ་འབྱོར་མི་སྡོད་ཆས་ནས་འགྲོ། །དུས་ད་དུང་ཚེ་མཇུག་འདི་ཉིད་ལ། །

p. 947

སླར་ཡང་ནས་ཡང་དུ་མཇལ་བར་ཤོག །དུས་སྙིགས་མའི་ཚེ་ལ་ངེས་པ་མེད། །ས་ཁ་ཐག་རིང་པོས་བར་ཆོད་ནས། །དུས་ད་ནས་མཇལ་རྒྱུ་མ་སོང་ན། །ཚེ་ཕྱི་མའི་ཡུལ་ནས་མཇལ་བར་ཤོག །འདི་དད་ཅན་ཡོན་བདག་ཕོ་མོ་ལ། །ངས་འགྲོ་ཁར་སྙིང་གཏམ་སྨྲས་པ་ཡིན། །གླུ་འདི་ཉིད་ཐོས་ཚད་ཕོ་མོ་ཀུན། །དུས་གཏན་དུ་བདེ་ཞིང་སྐྱིད་པར་ཤོག །ཡུལ་འདི་རུ་བཀྲ་ཤིས་གཡང་ཆགས་ཤིང་། །བཀྲ་ཤིས་པས་ས་གསུམ་ཁྱབ་གྱུར་ཅིག །ཅེས་བླངས་པས་དེར་འཚོགས་པ་ཐམས་ཅད་ལ་ངེས་འབྱུང་དང་སྐྱོ་ཤས་སྐྱེས། ཕལ་ཆེར་ལ་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲིགས་པའི་དད་པ་སྐྱེས་ནས། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཇལ་བའི་སྨོན་ལམ་འདེབས་བཞིན། ཕྱག་དང་སྐོར་བ་བྱས་པའི་མཐར་གྱེས་ནས་ཕྱོགས་ཕྱོགས་སུ་སོང་ངོ་། །དེའི་ལོ་ཨ་མྱེས་ཇ་སྒྲོན་གྱི་སྒྲུབ་གནས་གསར་དུ་བཅོས་ནས། ནང་དུ་སོང་ཞག་པོ་བདུན་ཙམ་ཞིག་ལ་བསྡད་པས། ཉིན་གཅིག་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེ་དྲན་ནས།་ཁོང་གི་གདུང་རྟེན་ལ་མཇལ་དུ་སོང་བས། གདུང་རྟེན་ཞིག་ནས་ས་ཕུང་ཞིག་ཏུ་གྱུར་པ་མཐོང་ཚེ། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་དུ་འདུག་སྙམ་སེམས་ལ་སྐྱོ་བ་སྐྱེས། བླ་མ་རྗེ་བཙུན་སྙིང་ནས་དྲན་ཏེ་ཕྱག་འཚལ། ས་ཕུང་དེ་ལ་མགོ་གཏུགས་ནས་མཇལ་བས་མིག་ནས་མཆི་མ་ཤོར་

p. 948

བ་བྱུང་། དེ་ནས་ཚོགས་མཆོད་ཅིག་ཕུལ། གསོལ་འདེབས་ཚར་མང་པོ་བཏོན། སྨོན་ལམ་རྒྱ་ཆེན་པོ་བཏབ། ཕྱག་དང་སྐོར་བ་མང་དུ་བྱས་ཡུན་རིང་བསྡད་ནས། འགྲོ་ཁར་ས་ཕུང་དེ་ལ་མགོ་གཏུགས་ནས་བླ་མ་དྲན་པའི་གདུངས་དབྱངས་འདི་བླངས་སོ། །རྗེ་དྲིན་ཅན་བླ་མ་རིན་པོ་ཆེ། །མཚན་སྙན་པ་འཇམ་དབྱངས་རྒྱ་མཚོ་ལ། །བུས་མོས་གུས་གདུངས་པས་གསོལ་བ་འདེབས། །ཕས་མི་མངོན་དབྱིངས་ནས་གཟིགས་ཤིང་དགོངས། །ངས་དང་པོ་བླ་མའི་སྐུ་ལ་མཇལ། །སྐུ་མི་རྟག་གཤེགས་པའི་ཚུལ་བསྟན་ནས། །ངས་བར་དུ་བླ་མའི་གདུང་ལ་མཇལ། །གདུང་མཆོད་རྟེན་ཞིག་པའི་ཚུལ་བསྟན་ནས། །ངས་ཐ་མ་ས་ཕུང་ཞིག་ལ་མཇལ། །ད་ཕྱིན་ཆད་ས་མཐར་འཁྱམས་ཙ་ན། །སའི་ཕུང་པོ་འདི་ཡང་གང་ནས་མཐོང་། །ངས་བསམ་ཞིང་དྲིན་ཅན་བླ་མ་དྲན། །ཁྱོད་དྲན་པའི་མོད་ལ་སེམས་སྡུག་ནས། །གདོང་མིག་ནས་མཆི་མ་དབང་མེད་ཤོར། །དུས་དེ་རིང་རྟག་འཛིན་ཅན་གྱི་བུར། །སྤྱིར་འདུས་བྱས་ཆོས་རྣམས་མི་རྟག་པར། །དཔེ་འདི་བཞིན་ཐ་མར་འཇིག་ཚུལ་དང་། །སྒོས་འབྱུང་བཞི་འདུས་པའི་སྒྱུ་ལུས་ཀྱང་། །དཔེ་འདི་བཞིན་འཇིག་པའི་བརྡའ་རུ་གོ །རང་ཚེ་མཇུག་ལ་མགོའི་ཉི་ཟེར་ཙམ། །ཡུན་ཐུང་ངུ་འདི་ཡི་རིང་འདི་ལ། །ཚེ་འདི་ཡི་བྱ་བ་མི་བྱེད་པར། །ཚེ་ཕྱི་མར་ཕན་པའི་ལྷ་ཆོས་བྱེད། །རྗེ་རྩ་བའི་བླ་མ་ཐུགས་རྗེ་ཅན། །ཞིང་དག་པ་རབ་འབྱམས་གར་བཞུགས་ཀྱང་། །བུ་འཆི་

p. 949

ཁར་བྱོན་ལ་སེམས་གསོ་མཛོད། །ཁྱེད་གར་བཞུགས་ཞིང་དེར་བདག་དྲོངས་ཤིག །ཞིང་དེ་ནས་བཟུང་སྟེ་དཔོན་སློབ་གཉིས། །དུས་ནམ་ཡང་འདུ་འབྲལ་མེད་པར་ཤོག་།རྗེ་དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས། །ཡུལ་འདི་རུ་རྟག་ཏུ་ལོ་ལེགས་ཤོག །ཅེས་བླངས་པས་དེར་གྲྭ་སློབ་སྦྱིན་བདག་འགའ་རེ་ཡོད་པ་རྣམས་ལ་ཡང་ངེས་འབྱུང་དང་དད་གུས་སྐྱེས་པ་བྱུང་ངོ་། །དེ་ནས་ཚུར་འོང་སྟེ་གྲུབ་གནས་ལ་རབ་གནས་བྱིན་འབེབས་བཀྲ་ཤིས་བརྗོད་ནས། དམ་པ་གོང་མའི་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བར་འོང་། ལོ་མཚམས་ལ་བསྡད་ནས། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ་ལྟར། སེམས་འོད་གསལ་གྱི་ངང་ལ་ངལ་གསོས་སོ། །བླ་མས་ཅི་གསུང་བཀའ་བཞིན་སྒྲུབ་པའི་མཁན་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས། སྟོད་ཀྱི་བཀྲ་ཤིས་དགེ་འཕེལ་རེབ་གོང་དམག་གིས་གཏོར་བ། སླར་དགོན་པ་གསར་རྒྱག་བྱས། རྒྱལ་བ་བྱམས་པའི་སྐུ་ཆེ་བ་གཅིག་བཞེངས། དེའི་རྒྱུ་འགྲོ་ལ། གསེར་ཤོག་ཁྲི་བམ་གཅིག་དང་སྟོང་བམ་བདུན། རྟ་མཛོ་འབྲི་གཡག་ཉི་ཤུ། ལུག་སུམ་ཅུ། ཕྱེ་རྩམ་དོ་པོ་བཞི་བཅུ་རྩ་ལྔ། མར་ལྟང་བཅུ། ཇ་ལན་ཆེན་གཉིས་སོང་། ཨ་ལགས་བསྟན་འཛིན་ཉི་མ། རབ་བྱུང་། ནུ་བྱིས་རྣམས་ཀྱིས་སྨད་ཀྱི་དགུ་རོང་གི་ལྷ་ཁང་རྒྱ་དམག་གིས་མེ་ལ་བསྲེགས་པའི་ཤུལ་དུ་སླར་གསར་རྒྱག་བྱས། དེའི་

p. 950

རྒྱུ་སོང་ལ། རས་ཆེན་ཉིས་བརྒྱ་དང་བརྒྱད་ཅུ། ཕྱེ་རྩམ་དོ་པོ་བཞི་བཅུ་ཙམ། གྲོད་མར་བརྒྱུད། ཇ་ལན་འདུ་ཕྱེད་ལྷག་ཙམ་སོང་། ཕྱག་མཛོད་གྲུབ་ཆེན་དང་བསྟན་འཛིན་སོགས་གྲྭ་བཙུན་མང་པོས། བར་གྱི་རང་ཉིད་གནས་པའི་བཀྲ་ཤིས་འཁྱིལ་གྱི་དགོན་པའི་མཐའ་ལ་ཚ་འབུམ་དང་མན་ཐང་བརྒྱབ་ནས་ཚོགས་གསོག་སྒྲིབ་སྦྱོང་བྱེད་རྒྱུའི་སྐལ་བ་བྱུང་། བདག་གིས་ཉིན་རེ་ལ་གུང་ཚིགས་རེ་བྱས་ནས། གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག རྗེས་ཐོབ་ཏུ་ཚེ་སྒྲུབ་བསྐྱེད་རྫོགས་སྤྲུལ་བསྒྱུར་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ཕྱེས་སོ། །དེ་དུས་བདག་གིས་བསམ་བློ་འདི་ལྟར་བཏང་། འཇིག་རྟེན་གཏམ་དཔེ་ལ། ལོ་ལྔ་བཅུ་ལོན་ན་ཚེ་མེད། བྱ་ཕོ་འགོ་མ་གྲག་ན་ནམ་མེད་ཟེར་བ་བཞིན། ད་ནི་རང་ལོ་ལྔ་བཅུ་རྩ་དྲུག་ལོན་ཚར། མགོ་བོ་དཀར་པོར་སོང་། མིག་དམར་པོར་སོང་། འཆི་ལྟས་ཐམས་ཅད་མགོ་ལ་སླེབས་འདུག ད་ལྟ་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་མེད་པར། རིག་པ་གསལ་སྨྲ་ལྕེ་བདེ་བའི་དུས་འདིར་སློབ་མ་རྣམས་ལ་སྟེར་རྒྱུ་འདྲ་ཡོད་ན་བྱིན། བཤད་རྒྱུ་འདྲ་ཡོད་ན་བཤད་ཡག་བྱས་ན་བཟང་སྙམ། རང་ཉིད་གསོན་པའི་དུས་ཀྱི་ཁ་ཏ། ཤི་བའི་དུས་ཀྱི་ཁ་ཆེམས་ཀྱི་གོ་ཆོད་པའི་ཞལ་གདམས་མགུར་དབྱངས་འདི་བླངས་སོ། །བྱིན་རླབས་སྩོལ་བའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མར། །ཕྱག་འཚལ་མཆོད་བསྟོད་

p. 951

གསོལ་བ་འདེབས། །བདག་དང་སློབ་མ་སྦྱིན་བདག་ལ། །རྟག་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །ནམ་འཆི་ངེས་པ་མེད་སྙམ་ནས། །ད་ནི་མ་ཤི་གོང་འདི་ལ། །སློབ་མ་རྣམས་ལ་གང་མཁོ་སྟེར། །སྡོམ་པ་དམ་ཚིག་ཤིན་ཏུ་གཙང་། །འདོད་ཆུང་ཆོག་ཤེས་ཤེས་རབ་ཆེ། །སྙིང་རུས་ཆེ་བའི་སློབ་མ་ལ། །དམ་པ་གོང་མའི་སྒྲུབ་གནས་སྟེར། །རྒྱལ་བ་གོང་མའི་རྣམ་ཐར་བཞིན། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །དབེན་པར་སྡོད་ནུས་སློབ་མ་ལ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྟེར། །སྒྲུབ་པ་བྱས་པའི་རང་རྒྱུད་ཐུལ། །བྱམས་དང་སྙིང་རྗེ་བྱང་སེམས་འབྱོངས། །འགྲོ་དོན་ནུས་པའི་སློབ་མ་ལ། །བཤད་ཆོས་གསེར་གྱི་འཁོར་ལོ་སྟེར། །ཆུང་ནས་དད་དང་སྙིང་རྗེ་ལྡན། །ཐོས་བསམ་བསྒོམ་ལ་བརྩོན་པ་ཆེ། །ཤེས་རབ་ཆེ་བའི་སློབ་མ་ལ། །མདོ་རྒྱུད་མན་ངག་དཀོར་མཛོད་སྟེར། །གཞོན་དུས་ཐོས་བསམ་ཕྱོགས་མེད་མཛད། །གྲུབ་མཐའ་གང་ལའང་དག་སྣང་འབྱོངས། །ཕྱོགས་རིས་བྲལ་བའི་སློབ་མ་ལ། །དབུ་རྫོགས་ཕྱག་གསུམ་ནོར་བུ་སྟེར། །ཆོས་ཀྱི་སྐལ་བ་མི་ལྡན་ཞིང་། །ནོར་གྱི་བསོད་ནམས་མ་མཆིས་པའི། །ཉམ་ཐག་མགོན་མེད་སློབ་མ་ལ། །འཕྲལ་གང་བདེ་བའི་ཟས་ནོར་སྟེར། །བྱ་བཏང་ཚོགས་དྲུག་

p. 952

རང་གྲོལ་ངས། །ནམ་འཆི་ཆ་ཡང་མེད་སྙམ་ནས། །ད་ལྟ་སྨྲ་ལྕེ་བདེ་དུས་སུ། །སློབ་མ་རྣམས་ལ་ཁ་ཆེམས་འཇོག །ཆོས་དད་ཆེ་བའི་སློབ་མ་རྣམས། །ལོ་འགའི་འཕྲོ་ནས་ནོར་དད་སྐྱེས། །ཁེ་ཚོང་འདྲེ་འདུལ་གྲོང་ཆོག་བྱས། །ཆོས་པའི་ཞབས་འདྲེན་མ་བྱེད་ཅིག །སྒྲུབ་པ་མཛད་པའི་སློབ་མ་རྣམས། །ལོ་འགའི་འཕྲོ་ནས་གསོག་འཇོག་བྱས། །ཁབ་དང་སྐུད་པའི་རྩིས་གྲངས་བཏང་། །སྒྲུབ་བརྒྱུད་བླ་བཙོང་མ་བྱེད་ཅིག །འགྲོ་དོན་མཛད་པའི་སློབ་མ་ཡིས། །ལོ་འགའི་འཕྲོ་ནས་རང་དོན་བསྒྲུབས། །ཆོས་པ་གཞན་ལ་ཕྲག་དོག་བྱས། །ཆོས་བཤད་ཆུད་ཟོས་མ་གཏོང་ཞིག །ཐོས་བསམ་བྱས་པའི་སློབ་མ་ཡིས། །ལོ་འགའི་འཕྲོ་ནས་ཕྱོགས་རིས་བྱས། །གཞན་གྱི་ཆོས་ལ་སྨད་ར་བཏང་། །ཆོས་སྤོང་ལས་ངན་མ་གསོག་ཅིག །སྡོམ་པ་གཙང་བའི་སློབ་མ་ཡིས། །ལོ་འགའི་འཕྲོ་ནས་ནག་ཆང་བསྟེན། །འཇིག་རྟེན་སྐྱེ་བོ་མི་ནག་ལས། །ལོད་པའི་བྱ་བ་མ་བྱེད་ཅིག །ཤུལ་དུ་ལུས་པའི་སློབ་མ་ཡིས། །ཞག་འགའི་འཕྲོ་ནས་མྱ་ངན་སངས། །ཟས་ནོར་སྟེང་ནས་མི་འགྲིག་པར། །བླ་མའི་ཞབས་འདྲེན་མ་བྱེད་ཅིག །ཐམས་ཅད་ངེས་པར་འཆི་བ་ཡིན། །འཆི་དུས་གང་གིས་ཀྱང་ཕན་པ་མེད། །ཕན་ངེས་དམ་པའི་ཆོས་ཡིན་པས། །ཀུན་གྱིས་དམ་པའི་ལྷ་ཆོས་མཛོད། །གསོན་པའི་དུས་ཀྱི་ཁ་ཏ་ཡིན། །ཤི་བའི་དུས་ཀྱི་ཁ་ཆེམས་ཡིན། །ཞལ་གདམས་ཀུན་གྱི་མཐར་ཐུག་ཡིན། །འདི་བཞིན་བྱས་ན་ལེགས་པ་ཡིན། །ཐོས་ཚད་དད་ཅན་ཕོ་མོ་ཡི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཚེ་འདིར་འབྲེལ་ཐོགས་མ་

p. 953

ལུས་པ། །ཕྱི་མར་ང་ཡིས་འདྲེན་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་ལོ་ཕྱུགས་ལེགས། །ཆོས་དང་བཀྲ་ཤིས་འཕེལ་བར་ཤོག །ལེགས་ཚོགས་ཡོན་ཏན་མ་ལུས་པ། །ཡར་ངོའི་ཟླ་ལྟར་རྒྱས་པར་ཤོག །ཅེས་བླངས་པས་སློབ་མ་ཕལ་ཆེ་བའི་སེམས་ལ་ཕན་པོ་བྱུང་ནས་རྗེས་སུ་ཚེ་བློས་བཏང་སྟེ་རི་ཁྲོད་འགྲིམས་མཁན་ཡང་མང་པོ་བྱུང་ངོ་། །གཞན་ཡང་ཉིན་གཅིག་མཉམ་བཞག་གི་ངང་ལ་རང་བཞིན་ཤུགས་ཀྱིས་སོང་བས། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱི་རོས་མྱོས་ནས་ཡུན་རིང་སོང་བའི་མཐར། ངའི་སློབ་མ་དད་ཅན་ཐམས་ཅད་ལ་བསྒོམ་མི་དགོས་པར་འདི་བཞིན་དུ་གནས་ལུགས་ཀྱི་ངང་དུ་འགྲོ་བ་ཞིག་བྱུང་ན་ཅི་མ་རུང་སྙམ། རང་གི་ཉམས་ལ་ཤར་བའི་བླ་མ་མཆོག་གསུམ་ནོར་བུ་མ་ཞེས་བྱ་བའི་མགུར་དབྱངས་འདི་བླངས་སོ། །བླ་མ་དང་མཆོག་གསུམ་ཡིད་བཞིན་གྱི་ནོར་བུས། །བྱིན་རླབས་དང་དངོས་གྲུབ་ཆར་བཞིན་དུ་ཕོབ་ཅིག །སྣང་སོ་ནི་གང་བདེ་གུ་ཡངས་ཀྱི་ཡན་པ། །བློ་བདེ་ངས་སྐྱིད་པའི་རྒྱང་གླུ་ཞིག་ལེན་ནོ། །ཆོས་ཀུན་གྱི་རྩ་བ་རང་སེམས་ལ་བལྟས་ཚེ། །སྟོང་སངས་ཤིག་མ་གཏོགས་ངོས་བཟུང་ནི་མི་འདུག །ཕྱི་ནང་ཡང་མེད་པར་ཟང་ཐལ་དུ་གྱུར་སྣང་། ཕྱོགས་རིས་སུ་མ་ཆད་ཁྱབ་གདལ་དུ་འདུག་གོ །གཟའ་གཏད་དང་བྲལ་བ་བར་སྣང་དང་མཚུངས་ཤིང་། །མཐའ་དབུས་དང་བྲལ་བ་ནམ་མཁའ་དང་འདྲ་བའི། །གནས་ལུགས་ཀྱི་ལྟ་བ་ཡངས་པོ་ཡི་ཀློང་དུ། །

p. 954

སྣང་སོ་ནི་གང་བདེར་གློད་ནས་རང་བཏང་བས། །ཆོས་དབྱིངས་ཀྱི་ཐང་ཀ་ཡངས་པོ་རུ་སླེབས་སོང་། །མཐའ་ཡས་དང་མུ་མེད་སྟོང་དབྱིངས་སུ་བྱམས་པས། །རང་སེམས་དང་ནམ་མཁའ་སྣང་གྲགས་ཀུན་འདྲེས་ནས། །སོ་སོ་རུ་ཡོད་མེད་བློ་ཞིག་ཀྱང་མ་བྱུང་། །དོན་དམ་གྱི་དབྱིངས་སུ་རོ་གཅིག་ཏུ་འདྲེས་ཀྱང་། །ཀུན་རྫོབ་ཏུ་སོ་སོར་སྣང་བ་འདི་ངོ་མཚར། །གསལ་ཞིང་ནི་དྭངས་ལ་རྙོགས་པ་དང་བྲལ་བའི། །འོད་གསལ་གྱི་བདེ་བས་གཏིང་ནས་རང་མྱོས་ཚེ། །དགའ་སྤྲོ་ཡི་བྲོ་གར་འཁྲབ་སྙིང་རང་འདོད་ཅིང་། །ཤུགས་འབྱུང་གི་གླུ་དབྱངས་ལེན་འདོད་རང་སྐྱེས་བྱུང་། །དེ་ལྟར་དུ་མ་རྟོགས་མཁའ་མཉམ་གྱི་འགྲོ་ལ། །ཕྱོགས་མེད་ཀྱི་སྙིང་རྗེ་རང་ཤུགས་ཀྱིས་སྐྱེས་བྱུང་། །ཆོས་དབྱིངས་ཀྱི་ནམ་མཁའ་ཡངས་པོ་ཡི་ཀློང་དུ། །རང་སེམས་ཀྱི་ཁྱུང་ཆེན་འཛིན་མེད་དུ་འཕྱོ་སྣང་། །གནས་འགྱུ་ཡི་དྲན་བསམ་བྲག་འཕྲང་དུ་མ་ཆུད། །བློས་བྱས་ཀྱི་ལྟ་བསྒོམ་ཐག་རྙི་ཡིས་མ་ཟིན། །བྱིང་རྒོད་ཀྱི་ཆར་སྤྲིན་རླུང་པོ་དང་མ་འཕྲད། །ཀུན་ཁྱབ་ཀྱི་མིག་ཡངས་ཕྱོགས་བརྒྱ་རུ་གཡོ་བཞིན། །ལྷོད་ལྷོད་རང་འཕུར་ནས་འགྲོ་བ་འདི་སྐྱིད་དོ། །མཉམ་བཞག་ནི་ནམ་མཁའ་ལྟ་བུ་ཡི་ཀློང་ན། །འཁོར་འདས་ཀྱིས་བསྡུས་པའི་སྣང་གྲགས་ཀྱི་ཆོས་ཀུན། །སྣང་བཞིན་དུ་སྟོང་ཞིང་སྟོང་བཞིན་དུ་སྣང་ངོ་། །སྣང་བཞིན་དུ་སྟོང་བའི་རྟག་མཐའ་དག་བྲལ་ཞིང་། །སྟོང་བཞིན་དུ་སྣང་བའི་ཆད་མཐའ་དང་བྲལ་ལོ། །རྟག་ཆད་ཀྱི་མཐའ་གཉིས་རང་ཤུགས་ཀྱིས་བྲལ་བའི། །མཐའ་བྲལ་གྱི་ལྟ་བ་ཡངས་པོ་

p. 955

ཡི་ཀློང་ནས། །སྐྱིད་གླུ་འདི་རང་བཞིན་ཤུགས་ཀྱིས་རང་ཐོན་སོང་། །སྟོང་ཉིད་ཀྱི་ལྟ་བ་ནམ་མཁའ་ལས་ཡངས་ཤིང་། །བྱམས་པ་དང་སྙིང་རྗེ་ཉི་ཟླ་ལྟར་ཤར་ནས། །བསྟན་པ་དང་འགྲོ་བ་མཐའ་དག་ལ་ཕན་པའི། །སྨོན་ལམ་ནི་རྒྱ་ཆེན་ཡང་ཡང་དུ་འདེབས་སོ། །ནད་ཡམས་དང་མུ་གེ་འཁྲུག་རྩོད་ཀུན་ཞི་ནས། །ཐམས་ཅད་པོ་བདེ་ཞིང་སྐྱིད་པོ་རང་ཤོག་ཤོག་།ཅེས་བླངས་པའི་རྗེས་སུ་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུའི་སྟོང་ཉིད་ཀྱི་རྩིས་ཟིན་པར་བྱས་ནས། ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བ་སོགས་ཚེགས་ཆུང་ངུའི་སྒོ་ནས་ཚོགས་གཉིས་བདེ་བླག་ཏུ་རྫོགས་པའི་ཐབས་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་ལ་ཅི་ནུས་སུ་བསླབས་ནས། དགེ་ཚོགས་རྣམས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོས་ནས། སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་དང་། བཀྲ་ཤིས་པའི་ཚིགས་བཅད་མང་པོས་མཐའ་བརྒྱན་པར་བྱས་༄༅། །སྨྲས་པ། འགྲོ་བ་ཡོངས་ལ་བུ་གཅིག་ལྟར་བརྩེ་ཞིང་། །འགྲོ་དོན་རྒྱུན་མི་འཆད་པའི་ཐུགས་རྗེ་ཅན། །འགྲོ་མགོན་ཐུབ་པའི་དབང་པོར་གསོལ་བ་འདེབས། །འགྲོ་དོན་རྒྱ་ཆེན་འབྱུང་བར་བྱིན་གྱིས་རློབས། །བླ་མའི་རྣམ་ཐར་གཞན་ལ་སྒྲོག་འདོད་པའི། །དད་ཅན་སློབ་མ་རྣམས་ལ་ཕན་པའི་ཕྱིར། །མདོ་ཁམས་སྨད་དུ་འགྲོ་དོན་བྱས་པའི་ཚུལ། །སླར་ཡང་གླུ་རུ་ལེན་གྱིས་དགའ་བས་

p. 956

ཉོན། །ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་། །ཐག་ཉེ་བཀའ་བློན་ཟུར་ཁང་ཞེས་བྱ་ཡི། །ནང་ནས་ཟླ་བ་བཞི་པའི་ཚེས་པ་དགུའི། །ཉིན་པར་ཐོན་ཏེ་བྱང་གི་རྭ་སྒྲེང་བར། །དབུས་གཙང་སློབ་མ་རྣམས་ཀྱིས་བསྐྱལ་ནས་འོངས། །དེ་ནས་དཔོན་སློབ་ཐམས་ཅད་ཐང་ཞིག་ནས། །སོ་སོར་གྱེས་ཁར་འབྲལ་གླགས་མ་ཕོད་པར། །ཀུན་གྱིས་ང་ལ་བལྟས་ནས་མང་པོ་དུས། །ངས་ཀྱང་སྙིང་རྗེ་མིག་ནས་མཆི་མ་ཤོར། །ཕན་ཚུན་གཅིག་གིས་གཅིག་ལ་སེམས་འཕྲེང་བཞིན། །སོ་སོར་གྱེས་ནས་ཡོང་ཚུལ་ད་ལྟ་ཡང་། །སྐབས་རེ་དྲན་ཚེ་མིག་ནས་མཆི་མ་ཤོར། །དེ་ནས་བྱང་ལམ་རིང་མོ་བཅད་ནས་འོང་། །འབྲི་ཆུའི་ཐག་ཉེར་སླེབས་ཚེ་མགོ་ལོག་གི །ཇག་པ་བྱུང་ནས་ཚོང་དཔོན་ཐམས་ཅད་བླངས། །ཉི་མ་གཅིག་ལ་ཐམས་ཅད་སྤྲང་པོར་བཏང་། །འབྲི་ཆུར་མ་ཐར་ཁ་ནས་ཡུན་རིང་བསྡད། །བླ་མ་སྐལ་ལྡན་དཔོན་སློབ་གསུམ་ཙམ་གྱིས། །ཆུ་ལ་རབ་རེ་ཨེ་རྙེད་བལྟ་བའི་ཕྱིར། །ཕེབས་པས་ཆུ་ཡི་རྐྱེན་བྱས་ཞིང་གཞན་གཤེགས། །ཀུན་ཀྱང་སེམས་སྡུག་མཆི་མ་མང་པོ་བཏང་། །གཤེགས་པའི་འོག་ནས་ཆུ་ལ་རབ་ཅིག་བྱུང་། །དབུས་པ་ཡར་འགྲོ་ཆུ་ཡི་ཕར་ཁར་སླེབས། །དེ་རྣམས་གྲོགས་བྱས་ཆུ་ཡི་ཕ་རོལ་སོན། །སྦྲ་ནག་ཁག་གསུམ་ཡོན་བདག་དྲིན་ཅན་གྱིས། །ཇ་མར་རྩམ་པ་ཁལ་རྒྱབ་བཅོ་བརྒྱད་དང་། །དེ་ཉིད་འགེལ་བའི་ཁལ་རྟ་བཅས་ཏེ་བྱིན། །དེ་ལ་བརྟེན་ནས་ཐམས་ཅད་འོང་རྒྱུ་བྱུང་། །དེ་དུས་

p. 957

མུ་གེས་འཆི་རུ་མི་འཇུག་པའི། །སྦྲ་ནག་ཁག་གསུམ་ཡོན་བདག་དྲིན་ཅན་གྱི། །དྲིན་དེ་ནམ་ཡང་བརྗེད་པའི་དུས་མ་བྱུང་། །སྐབས་རེ་དྲན་ཚེ་ཁ་ནས་དྲིན་ཅན་ཤོར། །སྡེ་པ་གཞུང་གི་མཁན་ནང་ཚོང་དཔོན་ལ། །ཐུག་པས་དེས་ཀྱང་གསོལ་རས་མང་པོ་གནང་། །དེ་དག་རྣམས་ལ་བརྟེན་ནས་ཤོར་མ་ཀུན། །ཁྲི་གཤོག་རྒྱལ་མོའི་མཚོ་ཡི་ཐག་ཉེར་སླེབས། །ཧ་ཐོའི་ཉག་ཁའི་མཚོ་སྙིང་དབེན་པ་མཐོང་། །རྗེ་བཙུན་བསྟན་འཛིན་ཉི་མ་ཡིད་ལ་དྲན། །སྐུ་དྲིན་བསམས་ནས་མིག་ནས་མཆི་མ་ཤོར། །མཚོ་སྙིང་ཕྱོགས་སུ་ལྷ་ཕྱག་མང་པོ་འཚལ། །བདེ་བ་ཅན་ནས་མཇལ་བའི་སྨོན་ལམ་བཏབ། །དེ་ནས་ས་སྒོའི་ཟི་ལིང་ཨ་འབན་ལ། །འཚམས་ཞུ་བྱེད་དུ་སོང་བའི་དུས་སྐབས་སུ། །ཤོར་མ་ཐམས་ཅད་འཆི་རུ་མ་བཅུག་པར། །བསྐྱངས་ནས་ཟི་ལིང་བར་དུ་འོང་བ་ལ། །ཐུགས་མཉེས་གསོལ་རས་བདག་རྐྱེན་མང་པོ་བྱུང་། །དེ་ནས་སྐུ་འབུམ་གསེར་གདུང་ཆེན་མོར་མཇལ། །མཆོད་པ་ཕུལ་ནས་གསོལ་བཏབ་སྨོན་ལམ་གྱིས། །མཚམས་སྦྱར་དགེ་འདུན་སྡེ་ལ་མང་འགྱེད་བཏང་། །ཉི་མ་ཁ་ཤས་བར་དུ་ངལ་གསོས་བསྡད། །དེ་ནས་ཁྲི་ཁ་བརྒྱུད་ནས་རོང་པོར་སླེབས། །ཐམས་ཅད་མཁྱེན་པ་སྐུ་གཞོགས་ཤར་ལ་མཇེལ། །དེ་ཡི་ཉིན་པར་ནམ་མཁའ་འཇའ་འོད་ཀྱིས། །གང་བ་རྒྱ་བོད་གཉིས་ཀས་མཐོང་ནས་དད། །འགྲོ་དོན་འོང་བའི་རྟེན་འབྲེལ་ལྷ་ཡིས་བསྒྲིགས། །དབང་

p. 958

བསྐུར་ཆོས་བཤད་མགུར་དབྱངས་བླངས་པ་ཡིས། །ཇག་རྐུན་འཕྲོག་བཅོམ་དམག་འཁྲུག་རྒྱུན་ཆད་ནས། །སྐུ་གསུང་ཐུགས་རྟེན་གསར་དུ་བཞེང་མཁན་དང་། །བན་སྔགས་མཚམས་ལ་སྡོད་མཁན་མང་པོ་བྱུང་། །ཀུན་གྱིས་སྡིག་སྤོང་དགེ་སྒྲུབ་ཁོ་ན་བྱས། །རོང་འབྲོག་རྣམས་ལ་བྱིན་རླབས་བྱས་པའི་མཐུས། །ཡུལ་ལ་བཀྲ་ཤིས་མི་ལ་ཚེ་རིང་ཞིང་། །ནོར་ལ་གཡང་འཁྱིལ་ཟས་ལ་བཅུད་བྱུང་ནས། །ཀུན་ལ་བདེ་སྐྱིད་ཉི་མ་བཞིན་དུ་ཤར། །ཡོན་བདག་ཀུན་ཀྱང་དད་པ་ལྷག་པར་སྐྱེས། །ཡོད་མེད་གཉིས་ཀས་ཟས་ནོར་འབྲེལ་བ་བཞག །གསེར་དངུལ་རྟ་ནོར་གོས་དར་གྲོ་ནས་སོགས། །གསོག་རྒྱུ་ཡིན་ན་ལོ་གཅིག་ཕྱུག་པོར་འགྱུར། །ལྕང་སྐྱ་ཐམས་ཅད་མཁྱེན་པ་ཆུ་བཟང་དང་། །ཀཿ ཐོག་བླ་མ་འགྲོ་མགོན་གསེར་ཁང་སོགས། །བླ་མ་རྣམས་ལ་ཆོས་ཞུས་འབྲེལ་བ་བཞག །དགེ་འདུན་སྡེ་མཆོད་དབུལ་པོར་སྦྱིན་པ་བཏང་། །དེ་ལྟར་བྱས་པས་མཆོག་དམན་ཐམས་ཅད་དགའ། །རང་ཡང་ས་ཆུ་འཕྲོད་ཅིང་སྐྱིད་པོ་བྱུང་། །མི་ལོ་དགུ་ཙམ་བར་དུ་བསྡད་ན་ཡང་། །ཀུན་ལ་ཡུད་ཙམ་ཞིག་གི་སྣང་བ་ཤར། །མདོར་ན་མདོ་ཁམས་སྨད་དུ་འགྲོ་དོན་བྱས། །ལྷ་ཁང་ཁོ་ན་བརྒྱ་དང་བརྒྱད་ཙམ་བཞེངས། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་སྐྱོང་བར་མཛོད། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །འགྲོ་དོན་བྱེད་ཅིང་རྟེན་རྙིང་ཉམས་གསོ་བྱས། །མེད་སར་ལྷ་ཁང་

p. 959

གསར་དུ་བཞེང་བར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་རྣམ་ཐར་མདོར་བསྡུས་ཏེ་མཇུག་ཏུ་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་བྱ་བ་ནི། སྔོན་བསགས་བསོད་ནམས་ཀྱི་མཐུས་ཚེ་འདིར་དལ་འབྱོར་གྱི་མི་ལུས་གཙང་མ་ཐོབ། ཆུང་ནས་ད་ལྟའི་བར་དུ། བླ་མ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ནས། མདོ་སྔགས་ཟུང་དུ་འབྲེལ་བའི་ཟབ་ཅིང་རྒྱ་ཆེ་བའི་གདམས་པ་མང་པོ་ཡང་དང་ཡང་དུ་ཞུས། །སྟོད་ཀྱི་གངས་དཀར་ཏེ་སེ་མན་ཆད་ནས་སྨད་ཀྱི་མཚོ་སྙིང་མ་ཧཱ་དེ་བ་ཡན་ཆད་ཀྱི་རི་ཁྲོད་དབེན་པ་བརྒྱ་ཕྲག་དུ་མ་འགྲིམས་ནས་ཉམས་ལེན་བྱས། དེ་ནས་གྲོང་དགོན་བརྒྱ་ཕྲག་དུ་མར་སོང་ནས། བསྟན་པ་དང་འགྲོ་བ་ཡོངས་ལ་གང་ཕན་བྱས་ཏེ། དེ་ཡང་ལོ་ཉི་ཤུ་རྩ་གཅིག་ནས་བཞི་བཅུའི་བར་དུ་གུང་ཚིགས་འཆག་མེད་བྱས། སྨྱུང་གནས་སུམ་བརྒྱ་ལྷག་ཙམ་བསྲུངས། ཡིག་བརྒྱ་བྱེ་བ་གཅིག་དང་། མ་ཎི་ས་ཡ་གཅིག་གིས་གཙོ་བྱས་ཁ་ཏོན་བཟླས་བརྗོད་ཀྱང་མང་པོ་བཏོན། ལོ་ཉི་ཤུ་ནས་སུམ་ཅུའི་བར་དུ་རང་དོན་སྒྲུབ་པ་གཙོ་བོ་བྱས། སུམ་ཅུ་ནས་ལྔ་བཅུའི་བར་དུ་གཞན་དོན་གཙོ་བོར་བྱས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་གསུམ་ནས། མི་ལོ་དགུ་རེ་ཙམ་བསྡད་ནས་སྐྱོ་ངལ་མེད་པར་འགྲོ་དོན་བྱས། དུས་རྒྱུན་དུ་སྡོམ་གསུམ་གཙང་

p. 960

མ་བྱས་ནས་བསྲུངས། ཤ་ཆང་སྒོག་ཙོང་ཐ་མ་ཁ་རྣམས་གཏན་དུ་སྤངས། ཟས་དཀར་གསུམ་མངར་གསུམ་ཇ་མར་རྩམ་གསུམ་ལ་བརྟེན་ནས། སྟོད་སྨད་བར་གསུམ་ལ་སོང་ཚེ། སྐྱེས་ཕོ་མོ་ཐམས་ཅད་ལ་ནམ་འཆི་ཆ་མེད་ཡིན། དོ་ནུབ་སང་གནངས་ཙམ་ལ་ཡང་ཤི་འགྲོ་ནའང་ཐང་མོད། ལས་རྒྱུ་འབྲས་བརྩི་དགོས། མ་བརྩིས་པར་གློ་བུར་དུ་ཤི་ན་སྡིག་ཅན་རྣམས་དམྱལ་བར་སྐྱེ་ཞིང་། དགེ་བ་བྱས་པ་རྣམས་མཐོ་རིས་སུ་སྐྱེ་བས་ན། དེའི་ཕྱིར་སྡིག་ལ་འཛེམས་ཤིང་དགེ་ལ་འབད་དགོས། ཁྱད་པར་དུས་དང་རྣམ་པ་ཐམས་ཅད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས། སྡིག་ཟས་ཕ་མ་སེམས་ཅན་གྱི་ཤ་འདི་ཟོས་ན་ཉེས་པ་ཆེ་བས་སྤང་དགོས། གལ་ཏེ་སྤོང་མ་ཐུབ་ན་རྣམ་གསུམ་དག་པའི་ཤ་མ་གཏོགས། ཤའི་ཆེད་དུ་སྲོག་གཅོད་གཏན་ནས་བྱེད་མི་རུང་། སྡོམ་པ་དང་དམ་ཚིག་གཙང་མ་བྱས་བསྲུངས་ནས་མདོ་སྔགས་ཟུང་དུ་འབྲེལ་བའི་ཟབ་རྒྱའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱེད་དགོས་ཞེས་ནན་ཏན་བྱས་བཤད་པའི་ལག་རྗེས་སུ། ཡུལ་སྟོད་སྨད་བར་གསུམ་ནས་ལས་འབྲས་བརྩི་ཞིང་ཚུལ་ཁྲིམས་དང་ལྡན་པ། བསམ་པ་བཟང་ཞིང་གནས་ལུགས་ཀྱི་དོན་རྟོགས་པ། བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་རང་བྱན་ཚུད་ཅིང་ཡི་དམ་ལྷའི་ཞལ་མཐོང་བ། གཞན་གྱི་སྐྱིད་སྡུག་ལེགས་ཉེས་ཤེས་ཤིང་། བསྟན་འགྲོའི་དོན་ཡོང་བའི་སློབ་མ་བུ་ཆེན་མཁས་ཤིང་གྲུབ་པ་བརྙེས་པ་བརྒྱ་ཕྲག་ལྷག་དང་། ནམ་ཡང་ཤ་མི་ཟ་བའི་ཆོས་པ་སྙིང་

p. 961

རྗེ་ཅན་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ལ་བློ་འབྱོངས་པ་སུམ་བརྒྱ་ལྷག་དང་། ཕ་ཡུལ་མི་གཅིག་པ་ཕྱོགས་ཕྱོགས་ནས་འདུས་པའི་ཚེ་བློས་བཏང་གི་སློབ་མ་གྲྭ་བཙུན་རི་ཁྲོད་ཟིན་པ་སྡོམ་པ་དམ་ཚིག་གཙང་བ་སྟོང་དང་བརྒྱད་བརྒྱ་བྱུང་། གཞན་ཡང་ཕྱག་མཆོད་སྐོར་བ་ཁ་ཏོན་བཟླས་བརྗོད་ལ་བརྩོན་པའི་དགོན་པའི་དགེ་འདུན་པ་དང་། ཡི་དམ་ལྷའི་བསྙེན་སྒྲུབ་ལ་བརྩོན་པའི་གྲོང་སྔགས་དང་། བསྙེན་གནས་སྨྱུང་གནས་བསྲུང་ཞིང་མ་ཎི་འདོན་པའི་ཁྱིམ་པ་ཕོ་མོ་བགྲང་ལས་འདས་པ་བྱུང་། ར་ལུག་གཡག་དང་བྱ་རི་དྭགས་ཁྲི་ཕྲག་འབུམ་ཕྲག་མང་པོའི་ཚེ་ཐར་བ་དང་། སྤྲང་སློང་དང་གནས་སྐོར་པ་བ ཤུལ་རིང་མགྲོན་པོ། ཡུན་རིང་ནད་པ། ནག་ཅན་བཙོན་དུ་བཟུང་བ། ཕན་ཚུན་འཐབ་ནས་གསོད་པ་སོགས། འཆི་ལ་ཉེ་བ་ལྔ་བརྒྱ་ལྷག་ཙམ་གྱི་མི་ཡི་སྲོག་སྐྱོབ་རྒྱུའི་སྐལ་བ་བྱུང་། མདོ་སྨད་འདིར་འོངས་ནས་ཀྱང་། ཆོས་འཇིག་རྟེན་རྒྱུ་ནོམ་པ་ཐབས་དུ་མའི་སྒོ་ནས་མི་མང་པོ་གསོད་པའི་སྡེ་འཁྲུག་ཆེན་པོ་བཅོ་བརྒྱད་ཀྱི་དམྱལ་བའི་བང་ཁ་གཏན་པ་སོགས། མདོར་ན་དངོས་སམ་བརྒྱུད་ནས་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་། འགྲོ་དོན་ལ་གང་དུ་འགྲོ་ཡང་ཡིད་ཀྱིས་ཡུལ་ཕྱོགས་མཐོང་ཚད་ལ་བཀྲ་ཤིས་བྱས། རི་ཁྲོད་མཐོང་ཚད་ལ་བྱིན་འབེབས་བྱས། རྟེན་མཐོང་ཚད་ལ་རབ་གནས་བྱས། མི་མཐོང་ཚད་ལ་དབང་བསྐུར་བྱས། སེམས་ཅན་ཤི་ཚད་ལ་སྨོན་ལམ་

p. 962

བཏབ། གཞན་ཡང་སེམས་ཅན་བདེ་བ་མེད་པ་མཐོང་ན་བྱམས་པ། སྡུག་བསྔལ་ཅན་མཐོང་ན་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་མཐོང་ན་དགའ་བ། ཉེ་རིང་ཆགས་སྡང་ཅན་མཐོང་ན་བཏང་སྙོམས་བསྒོམས་ནས་ངག་ཏུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་བརྗོད་བཞིན་དུ་སོང་། ཆོས་ལྡན་གྱི་བྱ་བ་གང་བྱས་རྣམས་ཀྱི་མཇུག་ཏུ། ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཉི་མ་བཞིན་དུ་འཆར་བའི་བསྔོ་བ་སྨོན་ལམ་བཏབ་པའི་མཐུ་ལས། སྤྱིར་རྒྱལ་ཁམས་ཐམས་ཅད་སྒོས་རང་ཉིད་སོང་བའི་ཡུལ་ཁམས་ཀུན་ལ་ཆར་ཆུ་དུས་སུ་བབས། ལོ་ཕྱུགས་རྟག་མི་ཏུ་ལེགས། མི་ནད་ཕྱུགས་ནད་ཆད། ཚེ་དང་བསོད་ནམས་རྒྱས། གནས་སྐབས་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ། ནམ་ཕུགས་དག་པའི་ཞིང་ནས་མཇལ་ཏེ། སངས་ཡང་མཉམ་པོར་རྒྱ་བའི་སྐལ་བ་བཟང་པོ་བྱུང་བ་ལགས་སོ། །སྨྲས་པ། མཉམ་མེད་རྒྱལ་བ་ཤཱཀྱ་ཐུབ་པ་དང་། །དབྱེར་མེད་ཆོས་རྒྱལ་ངག་གི་དབང་བོ་རྗེ། །འབྲལ་མེད་སྤྱི་

p. 963

གཙུག་འཁོར་ལོའི་རྒྱན་དུ་བཞུགས། །འཛད་མེད་བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབ། །བདག་གི་ཕྱི་ནང་གསང་བའི་རྣམ་ཐར་དང་། །མགུར་འབུམ་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །བླུན་པོས་རང་གི་རྣམ་ཐར་བརྩམས་པ་ལ། །མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་མོད། །འོན་ཀྱང་དད་ཅན་ཡོངས་ལ་ཕན་པའི་ཕྱིར། །སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་ལེན། །སྔོན་བྱོན་སངས་རྒྱས་བྱང་སེམས་མཁས་གྲུབ་ནས། །ད་ལྟའི་རྩ་བའི་བླ་མ་ཡན་ཆད་ཀྱི། །རྣམ་ཐར་ཚུལ་བཞིན་སྐྱོང་བར་འདོད་པ་ཡི། །སྐལ་བཟང་ལས་འཕྲོ་ཅན་རྣམས་དགའ་བས་ཉོན། །སྐྱེ་བ་སྔོན་མ་རྣམས་སུ་རང་ཉིད་ཀྱིས། །ཚུལ་ཁྲིམས་གཞི་བཟུང་སྦྱིན་སོགས་གྲོགས་བྱས་ནས། །སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་མཐུས། །ཚེ་འདིར་རྙེད་དཀའི་མི་ལུས་རིན་ཆེན་ཐོབ། །ཆུང་ངུའི་དུས་ནས་ཆོས་ཀྱི་བག་ཆགས་སད། །བླ་མ་དཀོན་མཆོག་གསུམ་ལ་དད་པ་ཆེ། །ཆེར་སོང་འབྲེལ་ཚད་དོན་ལྡན་དགེ་བའི་བཤེས། །མང་པོ་བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན། །མདོ་རྒྱུད་མན་ངག་གདམས་པ་མང་པོ་ཞུས། །སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་བསྲུངས། །ཤ་ཆང་སྒོག་ཙོང་ཐ་མ་ཁ་རྣམས་སྤངས། །དཀར་གསུམ་མངར་གསུམ་ཇ་མར་རྩམ་པར་

p. 964

བརྟེན། །སྟོད་ཀྱི་གངས་དཀར་ཏེ་སེ་མན་ཆད་ནས། །མཚོ་སྙིང་མ་ཧཱ་དེ་བ་ཡན་ཆད་ཀྱི། །རི་ཁྲོད་དབེན་པ་ཁྱད་འཕགས་མང་པོ་ནས། །བཤད་དང་སྒྲུབ་པའི་བསྟན་པའི་རྒྱལ་མཚན་བཙུགས། །སྟོད་སྨད་བར་གསུམ་རྒྱལ་ཁམས་མང་པོར་སོང་། །ལས་དང་སྐལ་བར་ལྡན་པའི་གདུལ་བྱ་ལ། །ཟབ་དང་རྒྱ་ཆེ་དམ་པའི་ཆོས་བསྟན་ནས། །གདུལ་བྱ་མངོན་མཐོ་ངེས་ལེགས་ལམ་ལ་བཀོད། །རང་དོན་མངོན་གྱུར་གཞན་དོན་ནུས་པ་ཡི། །མཁས་ཤིང་གྲུབ་བརྙེས་བུ་ཆེན་བརྒྱ་དང་བརྒྱད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་པས། །ཤ་མི་ཟ་བའི་ཆོས་པ་སུམ་བརྒྱ་ལྷག །ཚེ་འདི་བློས་བཏང་དབེན་པར་སྒོམ་བྱེད་པའི། །སྒོམ་ཆེན་ཕོ་མོ་སྟོང་དང་བརྒྱད་བརྒྱ་བྱུང་། །ཕྱག་མཆོད་སྐོར་བ་དགེ་སྦྱོར་མཛད་པ་ཡི། །དགོན་པའི་དགེ་འདུན་ཁྲི་ཕྲག་མང་པོ་དང་། །བསྙེན་སྒྲུབ་སྨྱུང་གནས་མ་ཎི་འདོན་མཁན་གྱི། །གྲོང་སྔགས་ཁྱིམ་པ་བགྲང་ལས་འདས་པ་བྱུང་། །ར་ལུག་བྱ་དང་རི་དྭགས་ཉ་ལ་སོགས། །སེམས་ཅན་འབུམ་ཕྲག་མང་པོའི་ཚེ་ཐར་བྱས། །ལྟོགས་འཁྱགས་ནད་གདོན་དགྲ་ཡིས་གཙེས་པ་ཡི། །ཉམ་ཐག་མི་ཡང་ལྔ་བརྒྱའི་ཚེ་སྲོག་བསྐྱབས། །སྡེ་འཁྲུག་ཆེན་པོ་བྱས་ནས་མི་རྟ་བསད། །དམྱལ་བའི་བང་ཁ་ཕྱེས་པ་བཅོ་བརྒྱད་གཏན། །མདོར་ན་བླ་མ་དཀོན་མཆོག་ཐུགས་རྗེ་ཡིས། །བསྟན་འགྲོ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་བྱུང་། །ཆོས་ལྡན་བྱ་བ་གང་བྱས་ཐམས་ཅད་ཀྱི། །མཇུག་ཏུ་བསྔོ་བ་སྨོན་ལམ་རྒྱ་ཆེན་བཏབ། །

p. 965

འབྲེལ་ཐོགས་གནས་སྐབས་བདེ་ཞིང་མཐར་ཐུག་ཏུ། །སངས་ཡང་མཉམ་པོར་རྒྱ་བའི་རྟེན་འབྲེལ་འགྲིགས། །ད་ནི་ན་སོ་རྒས་པས་གཏུགས་ན་ཡང་། །འགྱོད་པ་མེད་པའི་རང་གཞན་དོན་གཉིས་འགྲུབ། །མདོར་ན་སྐྱེས་ནས་བཟུང་སྟེ་ང་དྲུག་བར། །རྣལ་འབྱོར་བདག་གི་རྣམ་ཐར་དེ་ལྟར་ལགས། །ཕྱི་རབས་རྗེས་འཇུག་སློབ་མ་བུ་རྒྱུད་རྣམས། །བླ་མའི་རྣམ་ཐར་དེ་བཞིན་སྐྱོང་བར་མཛོད། །རྒྱལ་བ་ཤཱཀྱ་ཐུབ་པའི་བུ་རྒྱུད་བཞིན། །བསྟན་དང་འགྲོ་བ་ཡོངས་ལ་ཕན་པར་ཤོག །སློབ་དཔོན་པདྨ་འབྱུང་གནས་བུ་རྒྱུད་བཞིན། །བཀའ་གཏེར་དག་སྣང་ཆོས་ཀྱིས་ཕྱུག་པར་ཤོག །མཉམ་མེད་ཇོ་བོ་རྗེ་ཡི་བུ་རྒྱུད་བཞིན། །གསུང་རབ་མ་ལུས་གདམས་པར་འཆར་བར་ཤོག །རྒྱལ་བ་བློ་བཟང་གྲགས་པའི་བུ་བརྒྱུད་བཞིན། །བསླབ་གསུམ་ནོར་བུའི་རྒྱན་གྱིས་མཛེས་པར་ཤོག །ས་སྐྱ་པཎྜིཏ་ཡི་བུ་རྒྱུད་བཞིན། །གཞུང་ལུགས་བཤད་སྲོལ་འགྲན་ཟླ་བྲལ་བར་ཤོག །རྗེ་བཙུན་མི་ལ་རས་པའི་བུ་རྒྱུད་བཞིན། །སྒྲུབ་ལ་དཀའ་སྤྱད་སྙིང་རུས་ཆེ་བར་ཤོག །ཕ་ཅིག་དམ་པ་རྒྱ་གར་བུ་རྒྱུད་བཞིན། །རྐྱེན་ངན་ཐམས་ཅད་ལམ་དུ་སློང་བར་ཤོག །མ་ཅིག་ལབ་ཀྱི་སྒྲོལ་མའི་བུ་རྒྱུད་བཞིན། །བདག་འཛིན་ཉོན་མོངས་ཚུད་ནས་ཆོད་པར་ཤོག །རང་ཉིད་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཤོག །རྣམ་ཐར་མགུར་

p. 966

འབུམ་མིག་གིས་མཐོང་ཚད་ཀྱི། །ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་པར་ཤོག །རྣམ་ཐར་མགུར་འབུམ་རྣ་བས་ཐོས་ཚད་ཀྱི། །ཕྱི་མར་ལྷ་མིའི་ལུས་རྟེན་ཐོབ་པར་ཤོག །རྣམ་ཐར་མགུར་འབུམ་དྲན་དང་རེག་པ་ཀུན། །རང་ཉིད་གར་བཞུགས་ཞིང་དེར་སྐྱེ་བར་ཤོག །རྣམ་ཐར་མགུར་འབུམ་འདྲི་ཞིང་འདོན་ཚད་ཀྱི། །རྒྱུད་ལ་བྱིན་རླབས་ཞུགས་ནས་གྲོལ་བར་ཤོག །རྣམ་ཐར་མགུར་འབུམ་ནང་བཞིན་བྱེད་རྣམས་ཀྱི། །བསམ་དོན་ཐམས་ཅད་ཆོས་བཞིན་འགྲུབ་བར་ཤོག །རྣམ་ཐར་མགུར་འབུམ་གྲོང་དགོན་གར་གནས་ཀྱང་། །ནོར་བུ་གནས་བཞིན་དགོས་འདོད་འབྱུང་བར་ཤོག །རྣམ་ཐར་མགུར་འབུམ་ཁྱེར་བའི་ས་ཕྱོགས་སུ། །ཆོས་དང་བཀྲ་ཤིས་དགེ་ལེགས་འབར་གྱུར་ཅིག །ཅེས་ཚིགས་སུ་བཅད་པའི་སྨོན་ལམ་གྱིས་མཐའ་བརྒྱན་པའོ། །དེ་ལྟར་ཚིག་ལྷུག་དང་ཚིགས་བཅད་གཉིས་ཀྱི་སྒོ་ནས་རང་གི་རྣམ་ཐར་རྒྱས་པར་བྲིས་ནས་འགྲུབ་པ་དང་། ཉིན་གཅིག་སློབ་མ་ཡོན་བདག་མང་པོ་ལ་ལུང་བྱས་པས། དེར་འཚོགས་པའི་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་ལྷ་མི་རྣམས་ཀྱི་རྒྱུད་ལ་དད་གུས་དག་སྣང་ངེས་འབྱུང་ཁྱད་པར་ཅན་སྐྱེས་ནས། ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲིགས་པ་མང་པོ་བྱུང་ངོ་། །དེ་དུས་ཉང་གི་མཚམས་པས། སྐྱབས་མགོན་རིན་པོ་ཆེས་ད་རེས་རྣམ་པར་ཐར་པ་རྒྱས་པར་གསུངས་པ་བཀའ་དྲིན་ཆེ་ལགས། ཁྱེད་ཀྱི་སྐུ་ཚེ་གཅིག་ལ་

p. 967

རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་རྣམ་ཐར་འདི་ལྟ་བུ་ཞིག་གང་གི་ས་ནས་བསམས་ན་དཀའ་མོད། འོན་ཀྱང་རྗེས་སུ་ཞུགས་ནས་དེའི་ཆ་འདྲ་ཙམ་རེ་ཨེ་འོང་བལྟ་བས། དུས་དང་རྣམ་པ་ཐམས་ཅད་དུ་ཐུགས་དམ་སྐྱབས་འོག་ནས་མི་འདོར་བར་ཞུ་ལགས་བྱས་པས། དེར་འཚོགས་པ་རྣམས་ཀྱང་དགའ་མགུ་ཡི་རངས་ཏེ། བདག་ལ་བསྟོད་ནས་ཕྱག་དང་སྐོར་བ་བྱས་སོ། །ཞེས་སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་རྒྱས་པར་བཤད་པ། སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ནི། སྐལ་ལྡན་གྱི་སློབ་མ་དད་ལྡན་གྱི་སྦྱིན་བདག་ཕོ་མོ་ཐམས་ཅད་ཀྱིས་བསྐུལ་ངོར། ཕྱོགས་མེད་ཀྱི་རྒྱལ་ཁམས་དང་ངེས་མེད་ཀྱི་རི་ཁྲོད་འགྲིམས་པའི་རྣལ་འབྱོར་པ་ཚོགས་དྲུག་རང་གྲོལ་གྱིས། སྨན་ལྗོངས་ནགས་ཚལ་རྒྱས་པའི་གོང་རོལ། སྤང་གཞོངས་མེ་ཏོག་བཀྲ་བའི་འདབས་རོལ། རོང་དང་འབྲོག་པ་གཉིས་ཀྱི་ས་མཚམས། རི་བོ་མཐོ་ལ་ཡངས་པ། ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའི་ཡི་གེ་པ་ནི་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སྐལ་ལྡན་སློབ་བུ་སངས་རྒྱས་རིན་ཆེན་གྱིས་བགྱིས་པ་འདིས་ཀྱང་བསྟན་པ་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག སརྦ་མངྒ་ལཾ། །

མཇུག་བྱང་།

p. 968

ཨོཾ་སྭཱ་སྟི། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། །དེ་ཡི་གསུང་རབ་མདོ་སྔགས་དམ་པའི་ཆོས། །དེ་ཉིད་འཛིན་སྐྱོང་སྤེལ་མཁས་དགེ་འདུན་སྡེ། །བསླུ་མེད་དཀོན་མཆོག་གསུམ་གྱི་ཤིས་པས་སྐྱོངས། །རྣམ་འདྲེན་སྟོང་གི་ནང་ནས་པད་དཀར་ལྟར། །བསྔགས་པའི་འདྲེན་པ་མཉམ་མེད་ཟས་གཙང་སྲས། །དེ་ཡི་རྗེས་འཇུག་ཆོས་མཛད་ཞབས་དཀར་པས། །རྣམ་ཐར་དད་ཅན་རྣམས་ལ་ཕན་ཕྱིར་སྦྱར། །ཡི་གེ་གཅིག་ལས་བརྒྱ་སྟོང་ཁྲི་འབུམ་སོགས། །དཀའ་ཚེགས་མེད་པར་མང་པོར་འཕེལ་བའི་འཕྲུལ། །པར་ཡིག་ཡིན་པར་གོ་ནས་རྣམ་ཐར་གྱི། །པར་ཡིག་འཕུད་ལ་ཐམས་ཅད་སྤྲོ་བར་གྱུར། །ལྷག་བསམ་རྣམ་དག་མཁན་པོས་ཁ་འགོ་མཛད། །དབོན་པོ་རབ་བྱུང་སོགས་ཀྱིས་མཐུན་རྐྱེན་བསྒྲུབས། །དབུ་མཛད་བསྐལ་བཟང་སྐྱབས་ཀྱིས་པར་ཡིག་བྲིས། །ཞུ་དག་བྱེད་ལ་སངས་རྒྱས་རིན་ཆེན་བསྔགས། །སྟག་ཡན་ཀུན་དགའ་སོགས་ཀྱིས་པར་ཤིང་བཅད། །རྒྱ་བཟོ་གཅིག་གིས་པར་ཤིང་ལེགས་པར་བཅོས། །པར་དཔོན་བླ་སྨྱོན་བསམ་འགྲུབ་ཧོར་ནག་དང་། །རྒྱ་མཚོ་སྙན་གྲགས་པདྨ་དྲུག་གིས་བརྐོས། །པར་གྱི་ཡོན་རྣམས་སྟོད་སྨད་བར་གསུམ་གྱི། །སློབ་མ་སྔགས་འཆང་ཡོན་བདག་རྣམས་ཀྱིས་སྦྱར། །པར་ཤིང་རེ་ལ་དོང་ཙེ་ཁྲོན་རེ་ཕུལ། །འཚོ་བ་ཞབས་ཏོག་དགའ་སྟོན་ལེགས་པར་བྱས། །སྐལ་བཟང་གདུལ་བྱའི་ཤེས་རྒྱུད་ཞིང་ས་ལ། །ལེགས་ཚོགས་ཡོན་ཏན་ལོ་ཡག་བསྐྲུན་པའི་ཕྱིར། །ཆོས་སྦྱིན་འཛད་མེད་པར་གྱི་

p. 969

ཆུ་བོ་འདི། །དབེན་གནས་བཀྲ་ཤིས་འཁྱིལ་བའི་རྩེ་ན་བཞུགས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །སློབ་མ་ཡོན་བདག་རྣམས་ཀྱིས་གཙོ་བྱས་པའི། །མ་གྱུར་འགྲོ་བའི་ཚོགས་རྫོགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་ཐོབ་བླ་མ་བཟང་དང་མཇལ། །མདོ་སྔགས་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །གཞན་ཡང་ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས། །འདོད་དགུའི་ཟས་ནོར་ལོངས་སྤྱོད་ཐམས་ཅད་འཛོམ། །རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པའི་སྒོས། །ཉིན་མཚན་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པར་བྱང་ཉུང་འདུས་འདི་ནི་ཞབས་དཀར་པས་སྦྱར་བའོ། །སུ་མངྒ་ལཾ་བྷ་ཝནྟུ་སརྦ་ཛཱག་སྟི།

Pecha page