← Search

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ། །

ཞབས་དཀར་ཚོགས་དྲུག་རང་གྲོལ།

འགྲོ་མགོན་ཞབས་དཀར་བའི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཐོག་མཐར་བར་དུ་དགེ་བ་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།

p. 1

འགྲོ་མགོན་ཞབས་དཀར་བའི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཐོག་མཐར་བར་དུ་དགེ་བ་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།

p. 2

རྒྱལ་བསྟན་ཡོངས་རྫོགས་མངའ་བདག་ཐུབ་དབང་རྗེ། །ཐུན་མོང་མ་ཡིན་གདུལ་བྱའི་སྣང་ངོ་རུ། །

p. 3

བསྐལ་པ་དཔག་མེད་སྔོན་ནས་སངས་རྒྱས་ཏེ། །གང་འདུལ་སྐུར་བཞེངས་ཆོས་འཁོར་སྐོར་ལ་འདུད། །

p. 4

ཆོས་དབྱིངས་ཞིང་ན་ཆོས་སྐུ་ཀུན་བཟང་གི །སྐུ་རུ་བཞེངས་ནས་རྫོགས་རིམ་མཐར་ཐུག་དོན། །

p. 5

འོད་གསལ་རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་སོགས། །དཔག་མེད་ཆོས་འཁོར་སྐོར་ལ་མགོས་ཕྱག་འཚལ། །

p. 6

འོག་མིན་ཞིང་ན་ལོངས་སྐུ་རྡོ་རྗེ་འཆང་། །སྐུ་རུ་བཞེངས་ནས་གསང་སྔགས་བླ་མེད་ཀྱི། །

p. 7

སྨིན་བྱེད་དབང་བཞི་གྲོལ་བྱེད་བསྐྱེད་རྫོགས་སོགས། །ཚད་མེད་ཆོས་འཁོར་སྐོར་ལ་གུས་ཕྱག་བགྱི། །

p. 8

མི་མཇེད་ཞིང་འདིར་སྤྲུལ་སྐུ་ཐུབ་དབང་གི །སྐུ་རུ་བཞེངས་ནས་མཁའ་མཉམ་འགྲོ་ཀུན་ལ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །གྲངས་མེད་ཆོས་འཁོར་སྐོར་ལ་ལན་བརྒྱར་འདུད། །སྐུ་གསུམ་དབྱེར་མེད་ཨོ་རྒྱན་རིན་པོ་ཆེ། །བོད་དུ་ཕེབས་ནས་ལྷ་སྲིན་སྡེ་བརྒྱད་བཏུལ། །ཕན་བདེའི་འབྱུང་གནས་མདོ་སྔགས་བསྟན་པ་བཙུགས། །སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཉི་མ་ཤར། །ཨོ་རྒྱན་སླར་ཡང་བསྟན་པའི་གསལ་བྱེད་དུ། །མཉམ་མེད་ཇོ་བོའི་སྐུར་སྤྲུལ་བོད་ལ་ཕེབས། །བོད་ཁམས་མདོ་སྔགས་ཆོས་ཀྱིས་དཀར་བོར་བཏང་། །འཕགས་ཡུལ་ལས་ཀྱང་ཆེས་ཆེར་གསལ་བ་བྱུང་། །ཇོ་བོ་སླར་ཡང་སྙིགས་མའི་དུས་སྐབས་འདིར། །འཇམ་མགོན་བླ་མའི་སྐུར་སྤྲུལ་བོད་ལ་ཕེབས། །མདོ་སྔགས་ཡོངས་རྫོགས་མཁའ་ལ་ཉི་ཤར་བཞིན། །དར་ཞིང་རྒྱས་པར་མཛད་ལ་རྗེས་ཡི་རང་། །ཀུན་བཟང་རྡོ་རྗེ་འཆང་དང་ཐུབ་དབང་ནས། །ལེགས་འོངས་མདོ་སྔགས་ཡོངས་རྫོགས་ཟབ་རྒྱའི་ཆོས། །མ་སྦས་ལྷུག་པར་སྟོན་མཛད་ཆོས་

p. 9

ཀྱི་རྒྱལ། །རང་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་རྣམས། །སྩོལ་མཁས་བླ་མ་བཅུ་ཕྲག་བཅོ་བརྒྱད་ཀྱི། །བཀའ་ཆོས་ཚིག་བཞི་ཙམ་རེ་གནང་བ་ཡི། །སྐུ་དྲིན་གཞལ་དགོས་བྱུང་ན་སུ་ཡིས་འཁོར། །འོན་ཀྱང་སྐུ་དྲིན་ཆ་ཤས་ཙམ་རེ་ཡང་། །འཁོར་ཕྱིར་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། །བདག་གི་རྣམ་ཐར་མགུར་དབྱངས་ཐོས་ཚད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་བྱིན་གྱིས་རློབས། །རང་ཉིད་ལོ་གཅིག་ཐོག་ནས་ང་དྲུག་བར། །ཆོས་དང་མཐུན་པའི་བྱ་བ་བྱས་ཚུལ་གྱི། །རྣམ་ཐར་སློབ་མ་མང་པོས་བསྐུལ་པའི་ངོར། །སྔོན་ཆད་རྒྱས་པ་བྱས་ནས་བཤད་ཚར་སོང་། །ད་ནི་ལྔ་བཅུ་ང་བདུན་ཐོག་ནས་བཟུང་། །བདུན་ཅུ་རྩ་གཅིག་བར་དུ་ཆོས་ལྡན་གྱི། །བྱ་བ་བྱས་ཚུལ་རྣམ་ཐར་བཤད་པར་བྱ། །སྐལ་བཟང་སློབ་མ་རྣམས་ཀྱིས་དགའ་བས་ཉོན། དེ་ཡང་སེམས་ཉིད་མཁའ་ལས་ཡངས་

p. 10

པའི་རྣལ་འབྱོར་པ་གུ་ཡངས་ཡན་པ་བློ་བདེ་ཞབས་དཀར་བ་རང་ཉིད་རེབ་གོང་གསེར་མོ་ལྗོངས་ཀྱི་རོང་འབྲོག་གཉིས་ཀྱི་སོ་མཚམས། ཁ་ལྷོར་ལྟ་དགུན་དུས་ཉི་འོད་འཁྱིལ་ཞིང་། དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས་པ། རོང་འབྲོག་པ་གཉིས་ཀྱི་ཟ་མ་མོད་ཅིང་། ཆུ་མེ་ཤིང་ལ་སོགས་མཐུན་རྐྱེན་འཛོམ་པའི་ས་ཕུན་སུམ་ཚོགས་པ་འབྲོང་ལུང་དབེན་པའི་ནགས་ཁྲོད་ཉམས་དགའ་རུ་བསྡད་ནས། འཁོར་འདས་ཀྱི་ལྟད་མོ་མཐོང་ཕྱིར་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་དང་ཟབ་མོ་སྣང་བ་ལ་སོགས་པའི་ངོ་མཚར་བའི་ཏིང་ངེ་འཛིན་གྱི་སྒོ་མོ་བརྒྱ་ཕྲག་འབྱེད་པ་ལ་བརྩོན་བཞིན་ཡོད་པའི་གནས་སྐབས་སུ། དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སྐལ་ལྡན་སྙིང་གི་སློབ་བུ་ཚངས་དབྱངས་ཀྱི་ནུབ་གཅིག་གི་རྨི་ལམ་ལ། ངས་སྐྱ་སེར་ཕོ་མོ་མང་པོ་ལ་གསེར་དངུལ་གཡུ་བྱུར་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་གནང་བ་དང་། མ་གནང་བ་ཡང་མང་པོ་འདུག་པའི་ཁྲོད་དུ་ཁོ་རང་ཡང་བསྡད་ནས། བདག་དང་འདི་ཚོ་ལ་ཡང་གནང་དགོས་ཞེས་ཡང་ཡང་ཞུས་པས། སྔར་གྱི་དེ་བས་ཀྱང་མང་བའི་ནོར་བུ་ལ་སོགས་པའི་རིན་པོ་ཆེ་རྩ་ཅན་མང་པོ་གནང་བས་ཀུན་གྱི་ཡིད་ཚིམས་ཏེ། གཅིག་གིས་གཅིག་གི་རིན་པོ་ཆེ་ལ་ལྟ་ཞིང་

p. 11

དགའ་བཞིན་སྤྲོ་བཞིན་གྱེས་པ་ཞིག་རྨིས་པས་རྐྱེན་བྱས། ཁོ་རང་གི་སེམས་ལ་ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཞུས་ནས། དེའི་ནང་དུ་རང་དང་ཕྱིས་ཀྱི་གྲྭ་བུ་སློབ་ཡོན་བདག་དད་ཅན་རྣམས་ཀྱང་ཐེབས་པ་ཞིག་བྱས་ན་སྐལ་བ་རེ་བཟང་སྙམ། ཉིན་ཞིག་གནས་ཆེན་དེར་ཚེ་རབས་སྔོན་ནས་འབྲེལ་བའི་སྐལ་ལྡན་སྙིང་གི་བུ་ཆེན་གྲུབ་དབང་པདྨ་རང་གྲོལ་གྱི་སྤྲུལ་སྐུ། དགེ་རྒན་དགེ་ལེགས། པདྨ་ཀུན་གྲོལ། ཨ་ལགས་མཁའ་འགྲོ། དབོན་པོ་དཀར་དྲིས། མཚམས་པ་ཀུན་དགའ། དགེ་སློང་བན་ཐོ། མི་བསྐྱོད་རྡོ་རྗེ། གནས་བརྟན། སྐལ་བཟང་ཆོས་འཕེལ་ལ་སོགས་པའི་ལས་ལྡན་གྱི་གྲྭ་བུ་སློབ་མང་པོ་འཚོགས་ཡོད་པའི་དབུས་སུ་འོངས་ནས། ཕྱག་དང་མཎྜལ་ལྷ་རྫས་བཅས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བ། སྐྱབས་མགོན་རིན་པོ་ཆེ། སྔར་བུ་ཆེན་མང་པོས་ཞུས་ནས་སྐུ་ཚེ་སྟོད་ཀྱི་རྣམ་ཐར་གསུངས་པ་བཀའ་དྲིན་ཆེ། ད་ཡང་འདོད་པའི་དོན་ལ་གསོལ་བ་འདེབས་པའི་སྙིང་པོ་ནི། མགོན་ཁྱེད་སྐུ་ཚེ་སྨད་ཀྱི་རྣམ་པར་ཐར་པ་ཡང་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྒྱས་པར་གསུང་དུ་གསོལ་ཞེས་སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་ཕུལ་བ། རྗེ་སྐྱབས་མགོན་མཆོག་ལ་ཕྱག་འཚལ་ལོ། །ལུས་ལོངས་

p. 12

སྤྱོད་དགེ་ཚོགས་མཆོད་པར་འབུལ། །སྔོན་ཐོག་མེད་ནས་བསགས་སྡིག་ལྟུང་བཤགས། །མགོན་ཁྱེད་ཀྱི་མཛད་པར་རྗེས་ཡི་རང་། །ཡིད་གང་འདོད་ཆོས་འཁོར་བསྐོར་བར་བསྐུལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་གང་བསགས་བཞེད་དོན་འགྲུབ་ཕྱིར་བསྔོ། །རྗེ་མཁྱེན་པའི་གཏེར་ཁྱེད་བརྩེ་བས་དགོངས། །སྔོན་བསོད་ནམས་བསགས་པས་སྐུ་ཚེ་འདིར། །ཆུང་གཞོན་ནས་ཆོས་དང་བླ་མར་མཇལ། །དཔེ་མེ་འོབས་ལྟ་བུའི་འཁོར་བ་ལ། །ཐུགས་སྐྱོ་ཤས་ངེས་འབྱུང་གཏིང་ནས་སྐྱེས། །བྱམས་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་པའི། །དགྲ་གཉེན་ཀུན་དྲིན་ཅན་ཕ་མར་མཐོང་། །ལམ་རིམ་གཉིས་བརྟན་པ་ཐོབ་པའི་མཐུས། །ཕྱི་སྣོད་བཅུད་ལྷ་ཡི་འཁོར་ལོར་ཤར། །ནང་རིག་པ་སེམས་ལ་སློབ་གཉེར་བྱས། །ཕྱིའི་སྣང་བ་བརྡའ་དང་དཔེ་ཆར་ཤར། །ཆོས་ཐམས་ཅད་སྟོང་ཉིད་འོད་གསལ་དུ། །བཟོ་མཁས་ཤིང་སློབ་པའི་བཟོ་རིག་མཁན། །ཆོས་ཡེ་ཤེས་ལྔ་ཡི་སྨན་སྦྱོར་གྱིས། །ནད་དུག་ལྔ་སེལ་བའི་སྨན་པ་མཆོག །སྒྲ་ལེགས་ཉེས་ཐམས་ཅད་གྲགས་སྟོང་དུ། །གོ་མཁྱེན་ཅིང་གཟིགས་པའི་སྒྲ་མཁན་པ། །ཆོས་ཀུན་གྱི་རང་བཞིན་བདག་མེད་དུ། །མངོན་སུམ་དུ་ཕེབས་པའི་ཚད་མ་མཁན། །ནང་སྡེ་སྣོད་རྣམ་གསུམ་དོན་ཀུན་རིག །རྗེ་སྙིང་པོ་

p. 13

དོན་གྱི་པཎྜི་ཏ། །ཕྱི་སྣང་བ་ཐམས་ཅད་དཔེར་བཞག་ནས། །དོན་རྒྱལ་བའི་དགོངས་པ་མགུར་དུ་བཞེངས། །མགུར་ཁོ་ན་སྟོང་ཕྲག་མང་པོ་བླངས། །གཞན་ལེགས་བཤད་བརྩམས་པ་བསམ་མི་ཁྱབ། །ལས་སྐལ་བར་ལྡན་པའི་གདུལ་བྱ་ལ། །སྤྱན་མངོན་ཤེས་རྫུ་འཕྲུལ་ཅིར་ཡང་བསྟན། །མགོན་ཁྱེད་ཀྱི་རྣམ་ཐར་ངོ་མཚར་ཆེ། །དུས་ད་དུང་སྐུ་ཚེ་སྨད་འདི་ཡི། །ཕྱི་ནང་དང་གསང་བའི་རྣམ་ཐོར་ཀུན། །ཡང་སྦ་གསང་མེད་པར་བསྟན་དུ་གསོལ། །མགོན་ཁྱེད་ཀྱི་རྣམ་ཐར་གསུང་བཞིན་དུ། །རང་ཚེ་རབས་ཀུན་ཏུ་སྒྲུབ་པར་སྨོན། །ཞེས་ཕུལ་བའི་ལན་དུ་བདག་གིས་འདི་སྐད་སྨྲས། འོ་སྐལ་ལྡན་རིགས་ཀྱི་བུ་ཀུན་ཅུང་ཟད་ཙམ་ཞིག་གསན་པར་ཞུ། དེང་སང་བསྐལ་པ་སྙིགས་མའི་དུས་འདིར། སྔོན་བྱོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་རྣམ་ཐར་དང་གསུང་ལ་ཡང་ལྟ་མཁན་ཙམ་ཡང་མེད་པའི་དུས་འདིར། སོ་སྐྱེས་བདག་ལྟ་བུའི་རྣམ་ཐར་ལ་སུ་ཞིག་གིས་བལྟ། ཁྱེད་དད་ཅན་བུ་སློབ་རྣམས་ལ་སྔར་གྱི་རྣམ་ཐར་དེ་ཀས་ཆོག ད་ངེད་རྣམས་ཀྱི་མི་ཚེ་ཟད་ཚར། ལོ་ཁ་ཤས་ཙམ་རེ་ཨེ་སྡོད་མི་སྡོད་རེད། ང་ལ་རྣམ་ཐར་རྩོམ་ཁོམ་དང་། ཁྱེད་རྣམས་ལ་བལྟ་ཁོམ་ཞིག་མི་སྣང་། ཕྱི་རབས་ཀྱི་གང་ཟག་དད་ཅན་འགའ་རེ་ལ་ཕན་ཐོགས་པའི་སྨོན་ལམ་ཐོབས་

p. 14

དང་། ཕན་ཐོགས་པ་འདི་ཡང་དཀའ་མོ་ཞིག་རེད། ད་ཕྱིན་ཆད་ངའི་སྐུ་ཚེ་ཐ་མའི་རྣམ་ཐར་ཁྱེད་བུ་ཆེན་ཚོས་ཕྲིས། ཁྱེད་རྣམས་དམ་པ་གོང་མའི་རྣམ་ཐར་སྐྱོངས། མི་རྒན་ང་རང་མ་ཤི་བར་དུ་སོས་དལ་བདེ་བར་ཉལ་དུ་ཆུག་ཅེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། ཚེ་དཔག་མེད་མགོན་ཛམྦྷ་ལ། །ཚེ་ལྷ་ནོར་ལྷ་ཐམས་ཅད་ཀྱིས། །ཚེ་ལྡན་སློབ་མ་ཐམས་ཅད་ལ། །ཚེ་དང་ནོར་གྱི་དངོས་གྲུབ་སྩོལ། །ཚུལ་ཁྲིམས་གཙང་ཞིང་བསམ་པ་བཟང་། །དད་བརྩོན་ཤེས་རབ་སྙིང་རྗེ་ཆེ། །ཤེས་བྱའི་གནས་རྣམས་ཀུན་ལ་མཁས། །ཆོས་མཐུན་དབུ་མཛད་ཚངས་དབྱངས་དང་། །དགེ་རྒན་ཀུན་དགའ་ལ་སོགས་པའི། །སློབ་མ་ཡང་སློབ་ཐམས་ཅད་ཀྱིས། །རྣམ་ཐར་ཞུས་པ་སྐལ་བ་བཟང་། །འོན་ཀྱང་བསྐལ་པ་སྙིགས་དུས་འདིར། །སངས་རྒྱས་བྱང་སེམས་རྒྱ་བོད་ཀྱི། །མཁས་གྲུབ་ཚད་ལྡན་རྣམ་ཐར་དང་། །གསུང་ལ་ལྟ་མཁན་དཀོན་དུས་འདིར། །བདག་དང་བདག་འདྲའི་སོ་སྐྱེས་ཀྱི། །རྣམ་ཐར་མགུར་ལ་སུ་ཞིག་ལྟ། །དད་ཅན་བུ་སློབ་ཁྱེད་རྣམས་ལ། །ཚེ་སྟོད་རྣམ་ཐར་དེ་ཀས་ཆོག །ད་ནི་མི་ཚེ་ཟད་ཚར་སོང་། །ལོ་ཤས་ཨེ་སྡོད་མི་སྡོད་རེད། །ང་ལ་རྣམ་ཐར་རྩོམ་ཁོམ་དང་། །ཁྱེད་རྣམས་ལ་ཡང་བལྟ་ཁོམ་མེད། །ཕྱི་རབས་ཆོས་མཛད་ཕོ་མོ་ལ། །ཕན་འདྲ་ཐོགས་པའི་སྨོན་ལམ་རེ། །ཐོབས་

p. 15

དང་ཐོགས་པའང་དཀའ་མོ་རེད། །ཁྱེད་རྣམས་གོང་མའི་རྣམ་ཐར་སྐྱོངས། །ཕྱིན་ཆད་མཛད་པ་ཐ་མ་ཡི། །རྣམ་ཐར་བུ་ཆེན་རྣམས་ཚོས་ཕྲིས། །མི་རྒན་ང་རང་འཆི་རེག་བར། །དབེན་པར་བདེ་བར་ཉལ་དུ་ཆུག །ངས་ཀྱང་ཁྱེད་རྣམས་ཐམས་ཅད་ལ། །འདི་ཕྱིར་ཕན་པའི་སྐྱབས་འཇུག་བྱ། །ཕྱི་མར་མངོན་དགའི་ཞིང་ཁམས་ནས། །མངོན་སུམ་མཇལ་བའི་སྨོན་ལམ་འདེབས། །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ཤོག ། ཅེས་སྨྲས་པས། ཡང་ཁོ་རང་ཡར་ལངས་ཏེ་ཕྱག་དུ་མ་བྱས། སླར་ཡང་གསོལ་བ། སྐྱབས་མགོན་རིན་པོ་ཆེ། སྔར་ཁྱེད་ཀྱི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་བརྩམས་པས་ཀུན་གྱི་རྒྱུད་ལ་ཕན་ཐོགས་ཆེན་པོ་བྱུང་། ་ད་དུང་ཡང་ཁྱེད་སྐྱེ་འཆི་ལ་རང་དབང་ཐོབ་པའི་སྐྱེས་བུ་དམ་པ་ཡིན་པས། བདག་སོགས་གདུལ་བྱ་རྣམས་ཀྱི་དོན་དུ་དགུང་ལོ་བརྒྱ་ཕྲག་མང་པོར་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་དགོས། སྐུ་ཚེ་སྨད་འདིར་ཁྱེད་ཀྱིས་རྗེས་སུ་བཟུང་བའི་དམ་པའི་རྣམ་འཕྲུལ་སྤྲུལ་སྐུ་རྣམས་དང་། སྐལ་བཟང་ལས་འཕྲོ་ཅན་གྱི་སློབ་མ་བུ་ཆེན་ཡོན་བདག་ཕོ་མོ་དད་ཅན་མང་པོ་སྐུ་ཚེ་སྟོད་ཀྱི་རྣམ་ཐར་དུ་མ་ཐེབས་པར་འདུག་པས། དེ་དག་རྣམས་ཀྱང་སྐུ་ཚེ་སྨད་ཀྱི་རྣམ་ཐར་ནང་དུ་ཅིག་འཇུག་དགོས། །དེའི་ཕྱིར་ཅི་ནས་ཀྱང་གསུང་དགོས་ཞེས་

p. 16

ནན་ཏན་ཆེན་པོའི་སྒོ་ནས་ཡང་ཡང་བསྐུལ་པའི་ངོར། འོ་ན་དེ་ཡིན་ན་ངས་ཀྱང་སེམས་ལ་བཞག་ནས་སོས་དལ་བྱས་རྗེས་སུ་བརྩམས་ཡོང་ཞེས་ཁས་བླངས་པས། དེར་འཚོགས་པ་རྣམས་སེམས་རབ་ཏུ་དགའ་ནས་ཕྱག་དང་བཅས་རང་རང་གི་གནས་སུ་སོང་ངོ་། །ཡང་དེའི་རྗེས་སུ་འདུ་འཛི་གྲོང་གི་ཕ་རོལ། གཡའ་དང་སྤང་གི་འདབས་རོལ། རོང་དང་འབྲོག་པའི་སོ་མཚམས། མཁས་གྲུབ་མང་པོའི་བཞུགས་གནས། ནགས་ཚལ་མེ་ཏོག་རྒྱས་ཤིང་འཇའ་སྤྲིན་ན་བུན་འཁོར་བ། ལྷ་དང་ཌཱ་ཀི་འདུ་ཞིང་དམ་པའི་ལུང་གིས་ཟིན་པའི་གནས་ཆེན་བཀྲ་ཤིས་འཁྱིལ་བ་ཞེས་རི་བོ་མཐོ་ལ་ཡངས་པའི་རྩེ་མོ། ཉམས་དགའ་རིག་པ་དྭངས་པའི་བདེ་བ་ཅན་གྱི་ལྷ་ཁང་གི་ཉེ་འདབས་མཚམས་ཁང་འོད་གསལ་ཉི་འོད་འཁྱིལ་བ་ན་བདག་གིས་སྒོམ་མེད་འོད་གསལ་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་སྐྱོང་ཞིང་། ཉམས་མགུར་མང་པོ་ལེན་བཞིན་གནས་པའི་སྐབས་ཤིག མཁས་བཙུན་བཟང་གསུམ་འཛོམ་པའི་བུ་ཆེན་པདྨ་ཀུན་གྲོལ་གྱི་ཐོ་རངས་ཀྱི་རྨི་ལམ་ཞིག་ལ། ངས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞུགས་པའི་ལྷ་ཁང་བཞེངས་གྲུབ་པ་ཞིག་ལ་མཇལ་ནས། ད་དུང་ལྷ་ཁང་འདིའི་སྟེང་དུ་གསེར་གྱི་གཉྫིར་རྒྱལ་མཚན་འཁོར་ལོ་རི་དྭགས་ཕོ་མོ་དང་། ཕྱི་རོལ་ཏུ་བར་ཁྱམས་ལྕགས་རི་ཁོར་ཡུག་

p. 17

གིས་བསྐོར་པ་ཞིག་བྱུང་ན་ཕུན་སུམ་ཚོགས་པ་ཞིག་འདུག་ཞུས་པས། ངས་ཀྱང་དེ་ལྟར་བྱས་གྲུབ་པའི་སྣང་བ་ཞིག་ཤར་བའི་ངང་ལ་གཉིད་སད་པའི་རྐྱེན་བྱས། སྔར་སྐུ་ཚེ་སྨད་ཀྱི་རྣམ་ཐར་འབྲོང་ལུང་ནས་ཀུན་གྱིས་ཞུས་ཡོད་པ་ད་དུང་ཞུ་སྐྱོར་ཞིག་བྱེད་དགོས་སྙམ། གནས་ཆེན་དེར་སྔོན་གྱི་ལས་དང་སྐལ་བར་ལྡན་པའི་འཁོར་ཕུན་སུམ་ཚོགས་པ། བུ་ཆེན་ཁྱུང་དགོན་སྤྲུལ་སྐུ། དགུ་རོང་སྤྲུལ་སྐུ། ཧོར་རྒྱའི་སྐུ་སྐྱེས། མ་ཕྱག་སྐུ་སྐྱེས། ཧོར་སྤྲུལ་སྐུ། སྐལ་ལྡན་སྤྲུལ་སྐུ། ཡེ་ཤེས་དར་རྒྱས། དགེ་འདུན་ནོར་བུ། བློ་བཟང་འཇིགས་མེད། དམག་གསར་སྲས་པོ། ཡོན་ཏན་རྒྱ་མཚོ་སོགས་གྲྭ་བུ་སློབ་མང་པོ་འཚོགས་པའི་ཁྲོད་དུ་འོངས་ནས། རབ་ཏུ་གུས་པས་ཕྱག་དང་མཎྜལ་ལྷ་རྫས་བཅས་ཕུལ་ནས། སྐྱབས་མགོན་རིན་པོ་ཆེ་ཁྱེད་ཀྱིས་འབྲོང་ལུང་དབེན་པའི་དགའ་ཚལ་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས། སྐུ་ཚེ་སྨན་ཀྱི་རྣམ་ཐར་རྩོམ་ཞེས་འགྱུར་མེད་བདེན་པའི་ཞལ་བཞེས་ལྟར། ད་ནི་བསྟན་འགྲོ་ཡོངས་ལ་ཕན་ཕྱིར། སྐུ་ཚེ་སྟོད་ཀྱི་རྣམ་ཐར་དེ་བས་ཀྱང་ལྷག་ཅིག་བཀའ་དྲིན་སྐྱོངས་ཞེས་སླར་ཡང་ཞུ་དོན་ཚིགས་སུ་བཅད་ནས་དབྱངས་སུ་ཕུལ་བ། ཆོས་དབྱིངས་ཞིང་ན་ཆོས་སྐུ་ཀུན་ཏུ་བཟང་། །འོག་མིན་ཞིང་ན་ལོངས་སྐུ་རྡོ་རྗེ་འཆང་། །མི་མཇེད་ཞིང་ན་སྤྲུལ་སྐུ་ཐུབ་དབང་རྗེ། །

p. 18

གདུལ་བྱའི་ཞིང་འདིར་འགྲོ་མགོན་ཞབས་དཀར་པ། །སྐུ་གསུམ་ཀུན་འདུས་ཁྱེད་ལ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མཐོལ་ལོ་བཤགས། །ཕྱི་ནང་གསང་བའི་མཛད་པར་རྗེས་ཡི་རང་། །དཔག་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་ཞབས་པད་བརྟན་པའི་རྒྱུ་རུ་བསྔོ། །སྐྱབས་མགོན་མཁྱེན་བརྩེའི་གཏེར་ཁྱོད་ཡུད་ཙམ་དགོངས། །མགོན་ཁྱོད་གྲངས་མེད་བསྐལ་པའི་སྔོན་རོལ་ནས། །རྡུལ་བྲལ་འདུས་མ་བྱས་པ་ཆོས་ཀྱི་སྐུ། །བརྙེས་ཀྱང་རྒྱལ་དང་རྒྱལ་སྲས་མཛད་པ་ཡི། །བསྟན་འགྲོའི་དོན་ཆེན་སྒྲུབ་ལ་ཐེ་ཚོམ་བྲལ། །སྐུ་ཡི་སྐྱེ་བ་འདི་ལ་ན་ཕྲའི་དུས། །ངེས་འབྱུང་བྱང་ཆུབ་སེམས་དང་འབྲལ་མེད་ཅིང་། །ཡ་རབས་སྐྱེས་བུའི་སྤྱོད་པ་ཡ་མཚན་ཅན། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་རྗེས་སུ་བསྙེགས། །བསྟན་པའི་བདག་པོའི་གཙོ་བྱས་རྒྱལ་བ་དང་། །དེ་སྲས་མཁས་གྲུབ་དུ་མ་མངོན་སུམ་དུ། །རང་རང་སྐུ་ཡི་བཀོད་པ་གསལ་བྱས་ནས། །ཞལ་གཟིགས་འོད་ཟེར་སྣང་བ་རྒྱལ་མཚན་དུ། །བསྐྲུན་ནས་རྒྱལ་བསྟན་གཏད་པའི་བརྡའ་རྟགས་སུ། །ཕྱག་ཏུ་གཏད་ནས་མངའ་གསོལ་གཟེངས་བསྟོད་མཛད། །སྣོད་བཅུད་ཕུན་ཚོགས་གཅིག་ཆར་བསྡུས་འདྲ་བའི། །ཉམས་སུ་དགའ་

p. 19

བའི་གནས་ཁང་དམ་པ་རུ། །ས་བཅུའི་དབང་ཕྱུག་རྨ་རྒྱལ་ས་སྐྱོང་གི །ཚུལ་བཟུང་རབ་ཏུ་མཐོ་བའི་ཁྲིར་བཀུར་ནས། །དབང་གཞུའི་ཁེངས་པ་འཕྲོག་པའི་ཅོད་པན་ཕུལ། །གླུ་དབྱངས་མཁན་ཞེས་སྙན་པའི་མཚན་གསོལ་ཏེ། །བསྟོད་ཚིག་མེ་ཏོག་འཐོར་བའི་དཔལ་འདི་མཚར། །མི་ཟད་ཁྲོ་བ་དྲག་པོ་རབ་རྒྱུས་པའི། །བྱང་གི་གཡག་རྒོད་གཏུམ་པོས་གང་སྐུ་ལ། །འཚེ་བར་སེམས་པའི་རྭ་རྩེས་གཟེས་གྱུར་ཀྱང་། །གཉའ་བར་ཞོན་ནས་རྒྱན་དུ་བྱས་པ་བཞིན། །སྒྲིབ་མེད་མཁའ་འདྲ་དག་པའི་ཡེ་ཤེས་ཀྱི། །ཨུཏྤལ་བཞིན་དུ་སྐྱོན་བྲལ་སྤྱན་རས་ནི། །དག་དང་མ་དག་ཁམས་སུ་གཟིགས་པའི་ཚེ། །མིག་ལྡན་སྐྱེ་བོས་སྣ་ཚོགས་གཟུགས་ལ་བཞིན། །སྣོད་དང་བཅུད་ཀྱི་ཁྱད་པར་ཅི་མཆིས་པ། །མ་འདྲེས་ཡོངས་སུ་རྫོགས་པ་ས་ལེར་སྣང་། །བཀའ་དང་བསྟན་བཅོས་དགོངས་པའི་གླིང་བུ་ནི། །གཞན་ཕན་སེམས་ཀྱི་དབུགས་སྟོབས་ཀྱིས་སྒྲོག་ཚེ། །ངོ་མཚར་གཏམ་རྒྱུད་དུ་མའི་སོར་འཕྲལ་གྱིས། །མཆོག་དམན་བར་བའི་བློར་འཚམ་འགྱུར་ཁུགས་སྟོང་། །སྒྲོགས་མཁས་ཁྱེད་ཀྱི་འཆོས་སྐྱོབ་ཉིས་ལྡན་གྱི། །བསྟན་བཅོས་འདི་དག་སྲས་བཅས་རྒྱལ་བ་ཡི། །ལམ་བཟང་བདེ་བླག་སྟོན་པའི་འཕྲུལ་ཡིན་ཕྱིར། །སྤྲུལ་པའི་གླེགས་བམ་ཞེས་གྲགས་

p. 20

མིང་དོན་མཚུངས། །རླུང་སེམས་ལས་སུ་རུང་བའི་བྱེད་ལས་ཀྱིས། །མཁའ་ལྡིང་དབང་པོ་ཇི་བཞིན་གཤེགས་པ་དང་། །གོར་མོའི་རྡོ་ལ་ཕྱག་རིས་བཀོད་པ་སོགས། །ཡ་མ་ཟུང་གི་རྫུ་འཕྲུལ་སྣ་ཚོགས་པ། །སྐལ་ལྡན་མང་པོར་མངོན་སུམ་ཆོས་སུ་བསྟན། །ཨེ་མ་གྲུབ་པའི་སྤྱོད་པ་ཡ་མཚན་ཅན། །དེ་འདྲ་མང་པོ་བསྟན་ལ་རྗེས་ཡི་རང་། །ད་དུང་དེ་འདྲའི་མཛད་བཟང་ཅི་ཡང་སྟོན། །མགོན་ཁྱོད་སྐུ་ཚེ་སྟོད་ཀྱི་རྣམ་ཐར་བཞིན། །ད་ནི་སྐུ་ཚེ་སྨད་འདིའི་རྣམ་ཐར་ཀྱང་། །སྦ་བསྲི་མེད་པར་རྒྱས་པར་གསུང་དུ་གསོལ། །ཕ་རྗེས་བུ་ཡིས་ཟིན་པར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། འོ་ཁྱེད་རྣམས་ཀྱིས་རབ་ཏུ་དད་ཅིང་གུས་པའི་སྒོ་ནས་ལན་ཅིག་མ་ཡིན་པར་ཡང་ཡང་ཞུ་ན། ངས་ཀྱང་ལྷག་བསམ་དག་པའི་ངོས་ནས་ཕྱིན་ཆད་རྣམ་ཐར་རྒྱས་པ་བྱས་རིམ་གྱིས་བྲིས་ཡོང་ཞེས་ཁས་བླངས་པས། ཁོང་རྣམས་ཀྱིས་ཀྱང་རབ་ཏུ་དགའ་བའི་ངོས་ནས་ཕྱག་དུ་མ་བྱས་རང་རང་གི་གནས་སུ་སོང་། ངས་ཀྱང་དེའི་ཉི་མ་ནས་བཟུང་རྣམ་ཐར་འབྲི་བ་ལ་ཡིད་ཕྱོགས་སོ། །ཆོས་འཁོར་བསྐོར་པའི་ལོ་རྒྱུས། ད་ནི་རྣམ་ཐར་དངོས་ལ། ཐོག་མར་དགེ་བ་སྟོན་པས་འགྲོ་ལ་ཆོས་འཁོར་བསྐོར་པའི་ལོ་རྒྱུས་བཟང་པོ་དང་གཅིག བར་དུ་དགེ་བ་སྐུ་ཚེའི་སྨད་ལ་ཆོས་ལྡན་གྱི་བྱ་བ་བྱས་ཚུལ་གྱི་རྣམ་ཐར་བཟང་པོ་དང་གཉིས། ཐ་མར་དགེ་བ་མཇུག་ཏུ་བསྔོ་བ་སྨོན་ལམ་རྣམ་དག་གིས་

p. 21

མཚམས་སྦྱོར་བྱས་ཚུལ་བཟང་པོ་དང་གསུམ་གྱི་སྒོ་ནས་འཆད་པར་བྱ་སྟེ། དེ་ལ་ཐོག་མར་དགེ་བ་སྟོན་པས་འགྲོ་ལ་ཆོས་འཁོར་བསྐོར་པའི་ལོ་རྒྱུས་བཟང་པོ་ནི། དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་ནམ་མཁའི་འཇའ་ཚོན། ཆུ་ནང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་སྒྱུ་མ་རྨི་ལམ་བཞིན་སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་བ་འདི་དག་ཐམས་ཅད་ཀྱང་། དོན་དམ་པར་མཐའ་བྲལ་ཆོས་དབྱིངས་ནམ་མཁའ་ལྟ་བུའི་དབྱིངས་སུ་རོ་གཅིག་ཏུ་གནས་ཤིང་། དེ་བཞིན་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་དུ་ཆུ་ལ་ཆུ་བཞག་པ་དང་། ནམ་མཁའ་ལ་ནམ་མཁའ་འདྲེས་པ་བཞིན་དབྱེར་མེད་དུ་གནས་ཀྱང་། དེའི་ངང་ལས་ནམ་ཡང་མ་གཡོས་བཞིན་དུ་གང་འདུལ་གྱི་གཟུགས་སྐུ་འཇའ་ཚོན་བཞིན་དུ་ཤར་ནས། མཁའ་མཉམ་མ་གྱུར་འགྲོ་བའི་དོན་མཛད་པ་ཡིན་ཏེ། སངས་རྒྱས་ལ་བསྟོད་པ་རིན་ཆེན་བང་མཛོད་ལས། ཆོས་རྣམས་བྱིས་པས་བཏགས་བཞིན་ཡོད་ན་ནི། །རང་བཞིན་གནས་ཏེ་སུས་ཀྱང་བསྒྱུར་མི་ནུས། །ཆོས་ཀུན་གསོག་གསོབ་རྫུན་པ་རྨི་ལམ་བཞིན། །རྟོག་པས་བཏགས་པ་རྨི་ལམ་དང་མཚུངས་ཤིང་། །

p. 22

རྐྱེན་ལ་རག་ལས་ནམ་མཁའི་གློག་འདྲ་བ། །འདི་འདྲ་འདི་ལ་སེམས་ལ་དབང་ཐོབ་རྣམས། །རྣམ་འཕྲུལ་མཐའ་ཡས་གྲངས་མེད་སྟོན་པ་ལ། །ངོ་མཚར་ཡིད་མི་ཆེས་པ་བྱ་མི་དགོས། །རྨི་ལམ་ཆོ་འཕྲུལ་བརྒྱ་སྟོང་མཐོང་བའི་དཔེས། །རྒྱལ་བའི་ཆོ་འཕྲུལ་ལ་ཡང་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། སེམས་ལ་དབང་ཐོབ་པའི་ཕྱོགས་བཅུའི་སངས་རྒྱས་དང་། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟར། ངོ་མཚར་སྐུ་ཡི་བཀོད་པ་ཅིར་ཡང་བསྟན་ནས་གང་འཚམ་གྱི་ཆོས་གསུངས་ནས་འགྲོ་དོན་མཛད་པ་ཡིན། དེས་ན་རྒྱལ་བ་སྲས་བཅས་ཀྱི་རྣམ་འཕྲུལ་ནི་མཐའ་ཡས་པས། མཐའ་གཅིག་ཏུ་བཟུང་ནས་གུ་དོག་པོ་བྱ་མི་དགོས་སོ། །སངས་རྒྱས་ཐམས་ཅད་ཀྱི་ནང་ནས་པད་དཀར་ལྟ་བུར་བསྔགས་པའི་འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མཉམ་མེད་རྒྱལ་བ་ཤཱཀྱ་ཐུབ་པ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་འདི་ཉིད་ནི། ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་ཀྱི་སྣང་ངོར་བསྐལ་པ་དཔག་ཏུ་མེད་པའི་སྔོན་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་རྨད་དུ་བྱུང་བ་བསྟན་ནས། འགྲོ་ལ་གང་འདུལ་གྱི་ཆོས་སྟོན་པ་ཡིན་ཏེ། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་

p. 23

བུ། ང་ནི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་དང་། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་གྲངས་ནི་སུས་ཀྱང་བཟུང་མེད་པར། །བྱང་ཆུབ་དམ་པ་དེ་ནི་ངས་རྙེད་དེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །གསུངས། ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ཏུ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་འགྲོ་བའི་དོན་མཛད་དོ་གསུངས། ཐུབ་བསྟན་གསལ་བའི་སྒྲོན་མེ་ལས། སྟེང་དང་ཕྱོགས་བཞི་མཚམས་ཀྱི་ཞིང་དེར་ནི། །བཞུགས་པའི་སངས་རྒྱས་དེ་དག་གཞན་མ་ཡིན། །ཤཱཀྱའི་རྒྱལ་པོ་ཉིད་དུ་མཁས་པས་གསུངས། །སྔོན་ཚེ་བསྐལ་པ་དཔག་མེད་གྲངས་ལྡན་ན། །བདེ་བ་ཅན་ལྟར་དག་པའི་ཞིང་ཁམས་སུ། །དབང་པོའི་ཏོག་ཅེས་བྱ་བའི་སངས་རྒྱས་འབྱུང་། །དེ་ཡང་ཤཱཀྱའི་རྒྱལ་པོ་འདི་ཡིན་ཏེ། །སངས་རྒྱས་རྣམས་ཀྱི་ཡོན་ཏན་བསམ་མི་ཁྱབ། །ཅེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི། །ཞིང་ཁམས་དེ་ནི་རྣམ་སྣང་གངས་ཅན་མཚོའི། །སྤུའི་ཁུང་རེ་ནའང་བྱེ་བ་ཕྲག་བརྒྱར་གནས། །སྐུ་ཡི་རྡུལ་ཕྲན་རེ་ལ་དེ་འདྲ་སྟེ། །ཞིང་དེའི་རྡུལ་

p. 24

རེ་ལ་ཡང་དེ་སྙེད་གནས། །རྣམ་སྣང་དེ་ནི་རྒྱལ་བ་ཤཱཀ་ཐུབ་འདིའི། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་ཡིན་ཏེ། །དེ་ཡི་སྐུ་དང་ཞིང་ལ་གང་གནས་པའི། །ཞིང་ཁམས་དེ་ཀུན་གཅིག་ཏུ་བསྡམས་བྱས་པ། །ལོངས་སྤྱོད་རྫོགས་སྐུ་རེ་རེའི་ཞིང་དུ་གསུངས། །ཚུལ་འདིས་ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། །དེ་སྙེད་རྒྱལ་བའི་སྐུ་དང་ཞིང་ཡང་གནས། །ཤིན་ཏུ་ངེས་པའི་དོན་དུ་སྐུ་དང་ཞིང་། །ཚད་མེད་ཕ་མཐའ་བཟུང་བར་མི་ནུས་སོ། །ཞེས་དང་། རྫོགས་ཆེན་སངས་རྒྱས་ལག་བཅངས་ལས། ཤྲཱི་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་ལོ་རྒྱུས་རྣམས་ནས་ཀྱང་། བདག་ཅག་གི་སྟོན་པ་ཐོག་མ་མེད་པ་ནས་སངས་རྒྱས་ཏེ། སངས་རྒྱས་མ་ཐག་བདེ་མཆོག་གི་རྒྱུད་རྒྱས་པར་གསུངས་པ། སེམས་ཅན་བསོད་རྣམས་ཀྱི་དབང་གིས། རེས་འགའ་དར་ལ་རེས་འགའ་ནུབ་པར་འགྱུར་ཞེས་བཤད་པ་དང་། རྫོགས་ཆེན་ན། ཀུན་ཏུ་བཟང་པོ་རང་བྱུང་གི་སངས་རྒྱས་སུ་བ ཤད་པ་རྣམས་དོན་གཅིག དེ་ལ་མདོ་སྡེ་སྐྱེས་རབས་རྣམས་ནས་ཐུབ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་པར་གསུངས་པ་ནི་དྲང་དོན་ཙམ་ཡིན་གྱི། ངེས་པའི་དོན་དུ་མ་ཡིན་ཏེ། དེ་ལྟ་བུའི་ཚུལ་བསྟན་པ་ཙམ་དུ་ངེས་སོ་གསུངས། ཆོས་འབྱུང་འཛམ་གླིང་ཐ་གྲུ་ཡངས་པའི་རྒྱུན་ལས། བདག་ཅག་གི་སྟོན་པ་འདི་དང་

p. 25

པོའི་སངས་རྒྱས་ཀུན་ཏུ་བཟང་པོའི་མཚན་གྱིས་བསྙད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་གང་དུ་སྒྲིབ་པ་མཐའ་དག་སྤུངས་པའི་ཡོན་ཏན་བཀོད་པ་ཟད་མི་ཤེས་པའི་འོག་མིན་ཡེ་ཤེས་རོལ་བའི་རྒྱུན་དུ་བཞུགས་ནས། རྡོ་རྗེ་འཆང་རྒྱ་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་བ་བསམ་གྱིས་མི་ཁྱབ་པའི་མངའ་ཐང་ཆེན་པོས་ཆོས་ཀྱི་སྒྲོན་མ་རྣམ་པར་བཀོད་དེ། ཞེས་གསུངས། འོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁའ་མཉམ་གྱི་འགྲོ་བ་ཡོངས་ལ་ཆོས་ཇི་ལྟར་གསུངས་སྙམ་ན། རྒྱལ་བ་རྡོ་རྗེ་འཆང་ལ་སོགས་པའི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་སོགས་པ་གང་ལ་གང་འདུལ་གྱི་སྐུ་ཡི་བཀོད་པ་ཅིར་ཡང་བསྟན་ནས། འདས་མ་འོངས་ད་ལྟ་དུས་གསུམ་དུ་མདོ་སྔགས་ཀྱི་ཆོས་ཁོ་ན་གསུངས་པ་ཡིན་ཏེ། ཡེ་ཤེས་རོལ་བའི་རྒྱུད་ལས། ཐོག་མའི་རྡོ་རྗེ་འཆང་ཆེན་ངས། །བསྐལ་པ་ཀུན་གྱི་སྔོན་རོལ་ནས། །ཕྱི་མའི་མུ་མཐའ་ཐུག་གྱུར་པ། །དེ་སྲིད་བླ་མེད་གསང་བའི་ཆོས། །རྨད་བྱུང་རྒྱལ་པོ་འགྲོ་བ་ལ། །གསུངས་སོ་གསུང་ངོ་གསུང་བར་འགྱུར། །ཞེས་དང་། རྒྱུད་གཞན་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་

p. 26

ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་བ་བླ་མེད་དོ། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟ་འབྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་རྣམས། །ཞེས་གསུངས་སོ། །ཡང་སངས་རྒྱས་ཀྱིས་ད་ལྟའི་སྐུ་ཐོག་འདི་ལ་ཡང་། ཐུན་མོང་གི་གདུལ་བྱ་རྣམས་ཀྱི་སྣང་ངོར། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་ནས་སྲོད་ལ་བདུད་བ ཏུལ། གུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས། སྐུ་དངོས་དང་རྡོ་རྗེ་འཆང་ལ་སོགས་པའི་སྐུར་བཞེངས་ནས། མདོ་སྔགས་ཀྱིས་བསྡུས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། །ད་དུང་མ་འོངས་པ་ན་ཡང་སངས་རྒྱས་པའི་མཛད་པ་མང་པོ་བསྟན་ནས་འགྲོ་ལ་ཆོས་སྟོན་པ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །གསུངས། དུས་དེང་སང་ཡང་དགེ་བའི་བཤེས་གཉེན་སོགས་ཀྱི་སྐུར་སྤྲུལ་ནས་ཆོས་གསུངས་པ་ཡིན་ཏེ། རྔ་བོ་ཆེའི་

p. 27

མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེའི་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས། འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་མི་ཡི་འཇིག་རྟེན་དུ། །མི་ཡི་ལུས་སུ་ཡང་དག་འབྱུང་། །ཞེས་དང་། མཁའ་འགྲོ་མ་གུར་གྱི་རྒྱུད་ལས། དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། རེ་འགའ་ཞི་ལ་རེ་འགའ་ཁྲོ། །རེ་འགའ་བགེགས་ཆེན་གདོན་མཛད་ཅིང་། །སྐྱེ་དང་རི་བོ་ཐམས་ཅད་དོ། །ཞེས་དང་། གུར་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སོ་སོར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཆང་འཚོང་མ་དང་། སྨད་འཚོང་མར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ་ཞེས་གསུངས། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་གསེར་བའི་རྒྱལ་པོ་ཀ་པི་ན་ཆེན་པོ་བྱ་བ། མཐུ་རྩལ་ཆེན་པོ་དང་ལྡན་པ་ཞིག་ཡོད་པ་

p. 28

དེ་འདུལ་བའི་ཕྱིར། འཁོར་ལོས་བསྒྱུར་རྒྱལ་དམག་གི་ཚོགས་དང་བཅས་པ་སྤྲུལ་ནས། ་ཞག་བདུན་ཚུན་ཆད་ལ་འདིར་མ་སླེབས་ན་ཆད་པ་བཅད་དོ། །གསུངས་པ་སྐྲག་ནས་མྱུར་དུ་འོངས་ནས་ཕྱག་འཚལ་བ་དང་། །སངས་རྒྱས་ཀྱིས་རྫུ་འཕྲུལ་བསྡུས་ཏེ། སྐུ་དངོས་བསྟན་པས་རྒྱལ་པོ་དེ་དད་པར་གྱུར་ནས། རབ་ཏུ་བྱུང་བར་ཞུས་ཏེ་དགེ་སློང་དུ་གྱུར་ཏོ། །ཆོས་ཡིད་ལ་བྱས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས། དེ་བཞིན་དུ་མདོ་རྒྱུད་ཀུན་ནས་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་གསུངས་སོ། །དེས་ན་ཡིད་ཆེས་པར་བྱས་ནས། ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ། བླ་མ་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་མཆིས་པ་རྣམས། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་འཕྲུལ་དུ་གོ་ནས། ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྦྱོང་བཞིན་མཆོད་བསྟོད་བཀུར་ན། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དུས་གཅིག་ལ་ཞུགས་ནས། རྒྱུད་རང་བཞིན་ཤུགས་ཀྱིས་སྨིན་ཅིང་གྲོལ་བར་འགྱུར་རོ། །དེ་ཡི་ནང་ནས་ཀྱང་རང་གི་དྲིན་ཅན་རྩ་བའི་བླ་མ་བདག་ཅག་གི་སྟོན་པའི་རྣམ་འཕྲུལ་ཙམ་དུ་མ་ཟད། དུས་གསུམ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་སུ་བལྟ་དགོས་ཏེ། འདུས་

p. 29

པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་ཀུན་གྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །རྡོ་རྗེ་ལེགས་བྱས་བརྟན་པ་ནི། །མྱ་ངན་འདས་ལ་འཇུག་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་མྱུར་ཐོབ། །ཁྱེད་ཀྱི་དགེ་བ་ཡོངས་སུ་སྨིན། །དེས་ན་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །ཉོན་ཅིག་མཐོང་བ་དོན་ཡོད་ཀྱི། །ཕྱི་མའི་དུས་ན་སེམས་དཔའ་ཆེ། །དང་པོའི་ལས་ཅན་སེམས་ཅན་གྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །དེ་ཚེ་མཐོང་བ་དོན་ཡོད་ཅེས། །བྱུང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་ལ་རབ་དགའ་བས། །ཕྱག་འཚལ་ནས་ནི་མཆི་མ་བསླངས། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། བླ་མ་ཡེ་ཤེས་བླ་མ་དེ། །བླ་མ་སྟོན་པ་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །ཚེ་འདི་ཡི་ནི་ཕྱག་རྒྱ་ཆེ། །དངོས་གྲུབ་རྙེད་པར་ཐེ་ཚོམ་མེད། །ས་བཅུ་ཡི་ནི་དབང་ཕྱུག་དག །དེ་ཡི་བཀའ་དྲིན་གྱིས་ནི་སླ། །དེ་བས་བླ་མ་ལས་ལྷག་གཞན། །སྟོན་པ་ཆེན་པོ་ག་ལ་ཡོད། །བདག་གི་བླ་མའི་བསྟན་བཅོས་ནི། །མཛད་དམ་བཤད་པ་གང་ཡིན་ཡང་། །དེ་ནི་བསྟན་བཅོས་དེ་ཚད་མ། །དེ་ནི་དེ་ཉིད་འཁྲུལ་བ་མེད། །

p. 30

སློབ་དཔོན་གསུངས་དང་བདག་གིས་སྨྲས། །དེ་ལ་བྱེ་བྲག་མི་བྱའོ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཤེས། །བླ་མས་མཛད་པའི་བསྟན་བཅོས་གང་། །དེ་ལ་སྨྲ་དང་སྨྲ་ངན་དུ། །ལྷ་ཡི་དབང་ཕྱུག་བརྟག་མི་བྱ། །སྙན་དངགས་ཟློས་གར་བསྟན་བཅོས་ལ། །སྨྲ་དང་སྨྲ་ངན་བརྟག་བྱ་ཡི། །སྔགས་ཀྱི་བསྟན་བཅོས་གཏན་ལ་ཕབ། །ཅི་ཡི་ཕྱིར་ན་བརྟག་པར་བྱ། །ཞེས་གསུངས་པ་ལྟར་བླ་མ་རྒྱལ་ཀུན་འདུས་པའི་ངོ་བོར་བལྟ་ཞིང་། ཞལ་ནས་གསུངས་པའི་ཆོས་ཀྱང་སངས་རྒྱས་ཀྱི་གསུང་དང་ཁྱད་མེད་པར་བལྟ་བ་ཙམ་དུ་མ་ཟད། བླ་མའི་གསུང་གོ་སླ་འཁྱེར་བདེ་ཚེགས་ཆུང་དོན་ཆེ་བས་སངས་རྒྱས་ཀྱི་གསུང་ལས་ལྷག་ཅིང་ཟབ་པར་བལྟ་དགོས་ཏེ། འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་ནས། མདོ་རྒྱུད་ཀུན་ལས་བླ་མའི་མན་ངག་ཟབ། །མན་ངག་ནང་ནས་གནད་དུ་དྲིལ་བ་ཟབ། །དེ་ཉིད་རང་གིས་ཉམས་སུ་ལེན་པ་ཟབ། །ཉམས་ལེན་ནང་ནས་རྩེ་གཅིག་སྒྲུབ་པ་ཟབ། །གསུངས། བཀའ་གདམས་གསུང་བགྲོས་ཐོར་བུ་ལས། ཇོ་བོའི་ཞལ་ནས། གཞུང་བས་གདམས་ངག་གཙོ་གསུངས། དེ་ཅི་སྟེ་ལགས་ཞུས་པས། སྡེ་སྣོད་གསུམ་ཁ་ཏོན་དུ་འཆད་ཤེས་ཤིང་། ཆོས་ཐམས་ཅད་གྱི་མཚན་ཉིད་ལ་མཁས་ཀྱང་། ཉམས་སུ་ལེན་པའི་དུས་ན་བླ་མའི་གདམས་ངག་གི་ལག་ལེན་མེད་ན་ཆོས་དང་གང་ཟག་སོ་སོར་འགྲོ་གསུངས།

p. 31

སྔོན་རྗེ་བཙུན་ཆེན་པོ་ཏེ་ལོ་དང་ནཱ་རོ་པས་མདོ་སྔགས་ཀྱི་བཅུད་བསྡུས་པའི་མན་ངག་རྣམས་ལྷོ་བྲག་མར་པས་བླངས། རྗེ་མི་ལས་རྩེ་གཅིག་ཏུ་བསྒོམས་པས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཚུལ་ལ་སོམས་དང་ཧ་གོ་ཡོང་། བླ་མ་ལ་འགྱུར་མེད་ཀྱི་དད་གུས་མོས་པ་ཡོད་ན། གང་ཟག་དེའི་རྒྱུད་རང་བཞིན་ཤུགས་ཀྱིས་གྲོལ་བར་འགྱུར་ཏེ། སྔོན་པཎ་ཆེན་ནཱ་རོ་པས་རྗེ་བཙུན་ཏི་ལོ་པ་ལ་དད་གུས་ཁོ་ན་བྱས་པའི་རྗེས་སུ་ཉིན་གཅིག ཏི་ལོ་པས་མཆིལ་ལྷམ་ཕུད་ནས་ནཱ་རོ་པའི་སྨིན་མཚམས་སུ་བརྒྱབ་པས། ནཱ་རོ་པ་ས་ལ་འགྱེལ། བརྒྱལ་སངས་ཙ་ན་ཆོས་རྒྱུད་སྡེ་བཞིའི་ཚིག་དང་དོན་དང་བཅས་པ་བློ་ལ་བྱུང་། ཁྱད་པར་གཏུམ་མོ་ཨ་ཐུང་ལ་སོགས་ནཱ་རོ་ཆོས་དྲུག་ཐུགས་ལ་ཤར་བ་ཡིན་ཞེས་མཉམ་མེད་སྒམ་པོ་པས་གསུངས། སྒམ་པོ་པ་ཁོང་གི་རྣམ་ཐར་ལས། ར་རྫི་སྒོམ་སྐྱེས་ཀྱིས་བསྒོམ་སྐྱེས་པ་དང་། རྒྱ་སྒོམ་རྡོ་རྗེ་སེང་གེས་ཞལ་མ་མཐོང་ན་ཡང་མཎྜལ་ཕུལ། མོས་གུས་བྱས་པ་ཙམ་གྱིས་བསྒོམ་བྱུང་བ་དང་། ནམ་ས་ཕེན་ནེ་ལ་སོགས་པ་མི་མང་པོས་ཞལ་མཐོང་བ་ཙམ་གྱིས་བསྒོམ་བྱུང་བ་དཔག་ཏུ་མེད་དོ། །ཡང་ཉང་སྟོན་དང་ཤེར་སྒོམ་གཉིས་ཀྱིས་བསྒོམ་ཞུར་ཕྱིན་པས། སྒམ་པོར་མ་སླེབས་པར་དེའི་ནུབ་རི་ཐང་མཚམས་སུ་ཉལ་བསྡད་

p. 32

པས། སྲོད་ལ་ཉང་སྟོན་ལ་ཕྱག་རྒྱ་ཆེན་པོའི་བསྒོམ་སྐྱེས། ཐོ་རངས་ཤེར་སྒོམ་ལ་རྟོགས་པ་སྐྱེས། ནངས་པར་བླ་མའི་སྤྱན་སྔར་ཕྱིན་ཏེ། སྣམ་བུ་བུབས་རེ་ཕྱག་རྟེན་བྱས་ནས་ཕྱག་འཚལ་ཞིང་ཡོད་པ་ལ། བླ་མའི་ཞལ་ནས། མདང་ཁྱེད་གཉིས་ཀྱི་དོན་འགྲུབ་ཨང་གསུངས། ཡང་འོལ་ཁའི་མཛེ་མོ་གཅིག་རྐང་ལག་ཆད་ནས་འགྲོ་བའི་ནུས་པ་མེད་པས། བླ་མ་བཞུགས་པའི་གངས་དཀར་པོ་དེ་ལ་བལྟས་ནས་མོས་གུས་བྱས་པས་ནད་ཞི། མ་ཧཱ་མུ་ཏྲི་བསྒོམ་སྐྱེས་དྲོད་རང་འབར་ལ་སོང་། ཕྱིས་བླ་མས་སྣོད་ལྡན་དུ་གཟིགས་ནས་བསྒོམ་བཏབ་པས། བེའུ་ཆུང་དུ་བཙུན་མ་ངོ་མཚར་ཅན་གཅིག་ཏུ་གྱུར་ནས་བན་མོ་ལྔ་བརྒྱ་ཙམ་གྱི་ཚོགས་དཔོན་བྱེད་པ་ཅིག་བྱུང་ངོ་གསུངས། ཡང་གྲུབ་ཐོབ་གླིང་ཆེན་རས་པས། འགྲོ་མགོན་ཕག་མོ་གྲུ་བ་ལ་ནུབ་ཅིག་གི་ཐོ་རངས་ཁར་མོས་གུས་དྲག་པོས་གསོལ་བ་བཏབ་པའི་མོད་ལ། རྟོགས་པ་ཕྱི་གྲོལ་ནང་གྲོལ་དུ་སོང་བས། རྗེ་ཕག་མོ་གྲུ་བའི་ཞལ་ནས། ཆུ་བོ་གངྒཱ་ཕན་ལ་དཔལ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། དེའི་ཚུན་ལ་ཁྱོད་རྟོགས་པ་མཐོ་ཞེས་བསྔགས་བརྗོད་གནང་བར་གདའ། རྗེ་རྨོག་ལྕོག་པའི་ཞལ་ནས། ཐུགས་རྗེ་ཆེན་པོ་རང་དཀར་ནའང་དཀར། རྗེ་བཙུན་མ་དམར་ན་ཡང་དམར། ཀྱི་རྡོ་རྗེ་སྔོ་ནའང་སྔོ། ང་

p. 33

ནི་བླ་མའི་སྣང་བ་དང་འབྲལ་མ་མྱོང་། ཚེ་གཅིག་གི་སངས་རྒྱས་ལམ་དེ་ད་ཡོང་ཡོང་འདྲ་གསུངས། སྔོན་སངས་རྒྱས་མྱ་ངན་ལས་འདའ་བའི་དུས་ན། རྒན་མོ་བུ་དྲུག་ཡོད་པ་ཞིག་ན་རེ། ང་སངས་རྒྱས་དེའི་ཞལ་ཅིག་བལྟ་འདོད་པ་ཡིན་ཏེ། མ་མཐོང་བར་མྱ་ངན་ལས་འདས་ཟེར། ད་བུ་ཀུན་སོང་ལ་སངས་རྒྱས་ཀྱི་སྐུ་གདུང་ཅིག་ཞུས་ལ་ཤོག་ཅིག་ཟེར། བུ་དྲུག་པོ་ཕྱིན་ནས་ཞུས་པས་གདུང་མ་ཐོབ་སྟེ། དེར་ཁོང་རྣམས་ལོག་འོང་བའི་ལམ་ཁ་ན་ཁྱི་རོ་ཅིག་འདུག བུ་གཅིག་ན་རེ། སངས་རྒྱས་ཀྱི་གདུང་མ་རྙེད་བྱས་ན། ཨ་མ་ཡི་མུག་ནས་འཆི་ཉེན་ཆེ་བས། ཁྱི་འདིའི་སོ་གཅིག་ཁྱེར་ལ་སངས་རྒྱས་ཀྱི་ཚེམས་ཡིན་ཞེས་རྫུན་བྱས་པ་དྲག་ཟེར་བས། བུ་གཞན་རྣམས་ན་རེ། དེ་ཡང་འཐད་དོ་ཟེར་ནས་ཁྱིའི་སོ་གཅིག་བཏོན་ནས་དར་གྱིས་དྲིལ་ཏེ། སངས་རྒྱས་ཀྱི་ཚེམས་ཡིན་ཞེས་ཨ་མ་ལ་བྱིན་པས། མ་དེ་དགའ་ནས་དེ་ལ་མཆོད་པ་འབུལ་ཞིང་གསོལ་བ་བཏབ་པས། དང་པོ་ཁྱི་སོ་ལས་འོད་བྱུང་། དེ་ནས་རྒན་མོ་ནམ་མཁའ་ལ་འཕུར་ནུས་པ་བྱུང་སྐད། དེ་ལ་དགོངས་ནས་ཆོས་རྗེ་གཙང་པ་རྒྱ་རས་ཀྱིས། འོ་ན་རང་སྣང་དག་གྱུར་ན། །རྒན་མོས་ཁྱི་རུས་མཆོད་བྱས་པས། །རྒན་མོ་མཁའ་ལ་འཕུར་ཏེ་གཤེགས། །གསུངས། དེས་ན་བླ་མ་མཚན་ཉིད་དང་

p. 34

མི་ལྡན་ཡང་རང་མོས་གུས་ཆེ་ན་བྱིན་རླབས་ཞུགས་ནས་རྒྱུད་གྲོལ་བར་འགྱུར་བས་བླ་མ་ལ་མོས་གུས་འདི་ཤིན་ཏུ་གལ་ཆེ། དེས་ན་ལེགས་ཚོགས་རྩ་བ་བླ་མའི་མོས་གུས་ཁོ་ནས་གྲོལ་བར་འདོད་པས། གང་ཟག་གིས་མོས་གུས་གོང་དུ་གཏོང་བ་ལ་དངོས་བརྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་འདི་གལ་ཆེ་སྟེ། རྗེ་བཙུན་ཏི་ལོའི་རྣམ་ཐར་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཚེ་གཅིག་ལུས་གཅིག་ལ་སྟེར་བའི་ཉེ་ལམ་གསང་སྔགས་ཐེག་པའི་སྒོ་རུ་འཇུག་དགོས། གསང་སྔགས་གྱི་ལམ་ཟབ་མོ་རྒྱུད་ལ་སྐྱེ་བ་བླ་མའི་མོས་གུས་ཁོ་ན་ལ་རག་ལས། མོས་གུས་གཤའ་མ་སྐྱེ་བ་ལ། བླ་མའི་ཡོན་ཏན་མཐོང་དགོས། དེ་མཐོང་བ་ལ་བླ་མའི་རྣམ་ཐར་དགོས། དེས་ན་རྗེ་བཙུན་ཏི་ལོ་པའི་རྣམ་ཐར་རགས་བསྡུས་ཤིག་བཤད་པར་བྱའོ། །ཞེས་གང་གསུངས་པ་ལྟར། འདིར་རང་གི་རྗེས་འཇུག་སློབ་མ་ཡོན་བདག་རྣམས་དང་། མ་འོངས་པའི་ཆོས་མཛད་སྐྱེ་བོ་ཕོ་མོ་ཡ་རབས་དད་གུས་ཅན་རྣམས་ཀྱི་དད་གུས་དག་སྣང་གོང་འཕེལ་དུ་འགྲོ་བའི་ཕྱིར་ལོ་རྒྱུས་ཅུང་ཟད་ཙམ་ཞིག་བཤད་པའོ། །སྨྲས་པ། བསྐལ་བཟང་སངས་རྒྱས་སྟོང་གི་ནང་ནས་ཀྱང་། །པད་དཀར་ལྟ་བུར་བསྔགས་པའི་ཟས་གཙང་སྲས། །བདག་གི་སྤྱི་གཙུག་འཁོར་ལོའི་རྒྱུན་

p. 35

དུ་བཞུགས། །བྱང་ཆུང་མ་ཐོབ་བར་དུ་འགྲོ་ཀུན་སྐྱོངས། །ཐོག་མཐའ་བར་དུ་དགེ་བའི་རྣམ་ཐར་གྱི། །ཐོག་མར་དགེ་བ་སྟོན་པ་སངས་རྒྱས་ཀྱི། །གང་འདུལ་སྐུར་བསྟན་མཁའ་མཉམ་འགྲོ་ཀུན་ལ། །ཆོས་འཁོར་བསྐོར་ཚུལ་ལོ་རྒྱུས་གླུ་རུ་ལེན། །ཡོན་ཏན་རྩ་བ་ཆོས་དང་གང་ཟག་ལ། །ཡིད་ཆེས་དད་གུས་དག་སྣང་སྐྱེ་བའི་ཕྱིར། །རྣར་སྙན་ཡིད་འབབ་ལོ་རྒྱུས་བཟང་པོ་ལ། །སྐལ་བཟང་སྐྱེ་བོ་ཕོ་མོ་དགའ་བས་ཉོན། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ། །ནམ་མཁའི་འཇའ་དང་ཆུ་ནང་ཟླ་བ་དང་། །མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དུ། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བ་མཚར། །སྣང་སྟོང་གཉིས་མེད་འཁོར་འདས་ཆོས་རྣམས་ཀྱང་། །དོན་དམ་ཆོས་དབྱིངས་ནམ་མཁའ་ལྟ་བུ་ཡི། །དབྱིངས་སུ་རོ་གཅིག་གནས་པ་དེ་བཞིན་དུ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ཉིད་དུ། །དཔེར་ན་ཆུ་ལ་ཆུ་བཞག་ནམ་མཁའ་ལ། །ནམ་མཁའ་འདྲེས་བཞིན་དབྱེར་མེད་རོ་གཅིག་ཏུ། །འདྲེས་པའི་ངང་ལས་ནམ་ཡང་མ་གཡོས་བཞིན། །གང་འདུལ་གཟུགས་སྐུ་འཇའ་ཚོན་བཞིན་དུ་ཤར། །གང་འཚམ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །མཁའ་མཉམ་འགྲོ་བ་ཡོངས་ཀྱི་དོན་མཛད་གསུངས། །ཁྱད་

p. 36

པར་བདག་ཅག་སྟོན་པ་ཐུགས་རྗེ་ཅན། །ཐུན་མོང་མ་ཡིན་གདུལ་བྱའི་སྣང་ངོ་རུ། །དཔག་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཏེ། །ཀུན་བཟང་རྡོ་རྗེ་འཆང་དང་ཐུབ་དབང་སོགས། །སངས་རྒྱས་བྱང་སེམས་རྒྱ་བོད་མཁས་གྲུབ་དང་། །བླ་མ་ལ་སོགས་གང་འདུལ་སྐུ་རུ་སྤྲུལ། །འགྲོ་དོན་མཛད་ཅེས་མདོ་རྒྱུད་བསྟན་བཅོས་ནས། །ལན་ཅིག་མ་ཡིན་ཡང་ཡང་གསུངས་ཚུལ་རྣམས། །བསམས་ནས་ཆོས་དང་གང་ཟག་ཐམས་ཅད་ལ། །དད་གུས་དག་སྣང་སྦྱོང་བཞིན་མཆོད་བསྟོད་བཀུར། །དེ་ལྟར་བྱས་ན་ལུང་རྟོགས་ཡོན་ཏན་རྣམས། །འབད་དང་རྩོལ་བ་ཆེན་པོ་མི་དགོས་པར། །རྒྱུད་ལ་སྐྱེས་ནས་ཚེ་གཅིག་སངས་རྒྱས་འགྱུར། །ཐོག་མར་དགེ་བའི་ལོ་རྒྱུས་བཟང་པོ་འདི། །མཐོང་ཐོས་དྲན་རེག་རྒྱུད་ལ་ཕན་ཐོགས་ནས། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཆོས་ལྡན་གྱི་བྱ་བ་བྱས་ཚུལ་གྱི་རྣམ་ཐར། །བར་དུ་དགེ་བ་སྐུ་ཚེ་སྨད་ལ་ཆོས་ལྡན་གྱི་བྱ་བ་བྱས་ཚུལ་གྱི་རྣམ་ཐར་བཟང་པོ་ནི། དེ་ཡང་སེམས་ཉིད་མཁའ་ལས་ཡངས་པའི་རྣལ་འབྱོར་པ་གུ་ཡངས་ཡན་པ་བློ་བདེ་ཞབས་དཀར་བ་རང་ལོ་ལྔ་བཅུ་ང་བདུན་ཐོག་མེ་བྱའི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་སྔ་དྲོ་ཉི་མ་རྩེ་ཤར་གྱི་

p. 37

དུས། ཉམས་དགའ་རིག་པ་དྭངས་པའི་གནས་ཆེན་བཀྲ་ཤིས་འཁྱིལ་བའི་རི་རྩེ་བདེ་བ་ཅན་གྱི་ལྷ་ཁང་གི་ཕྱི་རོལ་ན། ཁམས་སངས་བྱས་བསྡད་ཡོད་དུས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་བོད་ཡུལ་གངས་ཅན་ལྗོངས་འདིའི་ལྷོ་ཕྱོགས་ཀྱི་རི་བོ་རྣམས་ཀྱི་རྩེ་མོ་ན་སྤྲིན་དཀར་པོ་ཞོ་གསར་སྤུངས་འདྲ་ཡར་ལངས་པ་མཐོང་བས་རྐྱེན་བྱས། སྔོན་རྒྱ་གར་འཕགས་པའི་ཡུལ་ན་བདག་ཅག་གི་སྟོན་པ་འཁོར་བཅས་དང་། གཞན་མཁས་གྲུབ་མང་པོ་བྱང་ཆུབ་ཤིང་དྲུང་སོགས་ཉམས་དགའ་རིག་པ་དྭངས་པའི་ནགས་ཁྲོད་དབེན་པའི་དགའ་ཚལ་གྱི་སྔོ་ལྗང་ལྗོན་ཤིང་གི་བསིལ་གྲིབ་ཏུ་འཁོད་ནས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྱེས་ཚུལ་དང་། ལྷ་མིས་གཙོ་བྱས་འགྲོ་བ་ཡོངས་ལ་ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་རྣམས་ཡིད་ལ་ཤར་ནས། སངས་རྒྱས་རྗེས་དྲན་གྱི་མགུར་དབྱངས་འོག་མིན་ཞིང་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ཉིད་བླངས་སོ།། ས་རྒྱ་གར་རྡོ་རྗེ་གདན་གྱི་ཕྱོགས། །བོད་གངས་ཅན་རི་རྣམས་མཁའ་ལ་བསྙེགས། །རི་རེ་རེའི་རྩེ་ན་སྤྲིན་དཀར་ལངས། །དེ་མཐོང་བས་རྒྱ་གར་འཕགས་ཡུལ་དྲན། །སྤྲིན་དཀར་པོ་ལྡིང་བའི་ལྷོ་ཕྱོགས་ན། །ཡུལ་རྒྱ་གར་རྡོ་རྗེ་གདན་དབུས་ན། །ཤིང་བྱང་ཆུབ་ལྗོན་པའི་བསིལ་གྲིབ་ན། །སྔོན་སངས་རྒྱས་བཞུགས་ཚུལ་ཡིད་ལ་

p. 38

ཤར། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་རྒྱ་གར་ཡུལ་ལ་འགྲོ་སྙིང་འདོད། །ངས་བསམ་ཞིང་སངས་རྒྱས་འཁོར་བཅས་དྲན། །གཞན་མཁས་གྲུབ་མང་པོ་དྲན་ནས་བྱུང་། །ལྷའི་དབང་པོ་ཚངས་པ་བརྒྱ་བྱིན་གྱིས། །ཆོས་གསུང་དགོས་གསོལ་བ་བཏབ་པའི་ངོར། །འཁོར་ལྷ་མིས་གཙོ་བྱས་འགྲོ་ཀུན་ལ། །སྔོན་ཆོས་འཁོར་བསྐོར་ཚུལ་ཡིད་ལ་ཤར། །དུས་ད་ལྟ་བསྐོར་ན་དགའ་བ་ལ། །ང་ཞབས་ཏོག་མེད་རུང་ཞུ་སྙིང་འདོད། །ངས་བསམ་ཞིང་སངས་རྒྱས་འཁོར་བཅས་དྲན། །གཞན་མཁས་གྲུབ་མང་པོ་དྲན་ནས་བྱུང་། །དེའི་རྗེས་སུ་རྒྱན་དྲུག་མཆོག་གཉིས་སོགས། །ཁོང་མཁས་གྲུབ་མང་པོ་བྱོན་ཚུལ་དང་། །བོད་ཆོས་རྒྱལ་རིང་ལ་ལོ་ཙཱ་བས། །སྔོན་བཀའ་བསྟན་བསྒྱུར་ཚུལ་ཡིད་ལ་ཤར། །དུས་ད་ལྟ་བསྒྱུར་ན་དགའ་བ་ལ། །ངས་ལོ་ཙཱ་ཞིག་ཀྱང་སློབ་སྙིང་འདོད། །ངས་བསམ་ཞིང་སངས་རྒྱས་འཁོར་བཅས་དྲན། །གཞན་མཁས་གྲུབ་མང་པོ་དྲན་ནས་བྱུང་། །སྔོན་ཆོས་རྒྱལ་ལོ་པཎ་བཀའ་དྲིན་གྱིས། །མགོན་ཐུབ་བསྟན་ཉི་མ་བོད་ལ་ཤར། །ད་དུས་ཀྱི་དབང་གིས་ནུབ་ལ་ཉེ། །ངས་བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། །སྔོན་བྱོན་པའི་བསྟན་འཛིན་སྐྱེས་བུ་རྣམས། །ཐུགས་མཐུན་ཞིང་གཅིག་གིས་གཅིག་ལ་བསྟོད། །དུས་དེང་སང་ཕལ་ཆེར་མི་མཐུན་

p. 39

སྨོད། །ཀུན་ཐུགས་མཐུན་ཡོང་བར་བྱིན་གྱིས་རློབས། །སྔོན་བོད་ལ་བསྟན་པ་དར་དུས་སུ། །ཆོས་ཕྱོགས་རིས་བྱེད་མཁན་མེད་ན་ཡང་། །དུས་དེང་སང་ཕྱོགས་རིས་བྱེད་མཁན་མང་། །ཆོས་ཕྱོགས་རིས་མེད་པར་བྱིན་གྱིས་རློབས། །སྔོན་རྒྱ་གར་ཉན་ཐོས་སྡེ་བ་བཞིན། །བོད་འདིར་ཡང་གྲུབ་མཐའ་མང་ན་ཡང་། །དུས་དེང་སང་ཕལ་ཆེར་ཉམས་ཀྱིན་གདའ། །ཀུན་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །རྗེ་འགྲོ་མགོན་སངས་རྒྱས་འཁོར་བཅས་དང་། །གཞན་མཁས་གྲུབ་མང་པོའི་ཚོགས་དང་བཅས། །རང་འཆི་དུས་མདུན་གྱི་ནམ་མཁར་བྱོན། །ཡར་འོག་མིན་གནས་སུ་འཁྲིད་དུ་གསོལ། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །མགོན་ཐུབ་བསྟན་དར་ཞིང་རྒྱས་པ་དང་། །དེ་འཛིན་པའི་བསྟན་འཛིན་ཐུགས་མཐུན་ཞིང་། །མ་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག །ཅེས་བླངས་ནས་རྒྱ་གར་རྡོ་རྗེ་གདན་ཡིད་ལ་བཀོད་དེ་མཉམ་པར་བཞག་པའི་ཚེ། སྐབས་ཤིག་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དང་། ཇོ་བོ་བྱང་ཆུབ་ཆེན་པོ་སོགས་ལ་སྒྱུ་མ་རྨི་ལམ་བཞིན་དུ་མཇལ་བའི་ཉམས་སྣང་བཟང་པོ་ཤར་བ་བྱུང་ཚེ་སེམས་རབ་ཏུ་དགའ་ཞིང་སྤྲོ་བ་བྱུང་། ཡང་ཉིན་གཅིག་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་ཉེ་གནས་བློ་བཟང་ཤེས་རབ་དང་། དགེ་སློང་བློ་གྲོས་

p. 40

སོགས་དད་ཅན་གྱི་སློབ་མ་མང་པོས། ཕན་བདེ་ལེགས་ཚོགས་ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་དགེ་བའི་བཤེས་གཉེན་བསྟེན་ཚུལ་འདི་ཤིན་ཏུ་གལ་ཆེ་བར་འདུག་པས། བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་ཚུལ་གྱི་ཞལ་གདམས་ཤིག་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། རྗེ་ཀུན་ལ་ཕན་པའི་ཉི་མ་མཆོག །དགོས་འདོད་སྩོལ་བའི་ཡིད་བཞིན་ནོར། །ཆོས་ཀྱི་སྒྲ་འབྱིན་ལྷ་ཡི་རྔ། །ངན་སོང་འཇིགས་ལས་སྒྲོལ་བའི་དཔོན། །ཐར་བའི་ལམ་སྟོན་ས་མཁན་མཆོག ། ཉོན་མོངས་ནད་སེལ་སྨན་གྱི་བླ། །ངོ་མཚར་སྐྱེས་མཆོག་རིན་པོ་ཆེ། །བརྩེ་བ་ཆེན་པོའི་ཐུགས་ཀྱིས་དགོངས། །དག་དང་མ་དག་ཞིང་ཁམས་སུ། །བསྐལ་པ་རྒྱ་མཚོར་བཙལ་གྱུར་ཀྱང་། །ཁྱེད་དང་མཚུངས་པའི་དགེ་བའི་བཤེས། །ནམ་ཡང་རྙེད་པར་དཀའ་བར་གོ །རྙེད་དཀའ་དོན་ཆེ་ཡིད་བཞིན་གྱི། །ནོར་ལས་ལྷག་པའི་མགོན་ཁྱོད་དང་། །མཇལ་བ་སྐལ་བ་བཟང་ངོ་སྙམ། །བསམ་ཞིང་དད་པ་གཏིང་ནས་སྐྱེས། །མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནསོ། །བླ་མ་བསྟེན་ཚུལ་གལ་ཆེ་གསུངས། །དེ་ཕྱིར་བསམ་སྦྱོར་གཉིས་ཀྱི་སྒོས། །ཚུལ་བཞིན་བསྟེན་ཚུལ་ཞལ་གདམས་ཞུ། །ཚིག་ཉུང་དོན་གསལ་མདོར་བསྡུས་ཤིག །རབ་ཏུ་བརྩེ་བས་གསུང་དུ་གསོལ། །མཉམ་

p. 41

མེད་ཇོ་བོ་ཡབ་སྲས་བཞིན། །ནམ་ཡང་འབྲལ་བ་མེད་པར་ཤོག །ཅེས་ཕུལ་བའི་ལན་དུ། འོ་བླ་མ་དགེ་བའི་བཤེས་གཉེན་བསམ་པས་བསྟེན་ཚུལ་ནི། ངའི་བླ་མ་འདི་སངས་རྒྱས་དངོས་ཡིན་སྙམ་པའི་དད་པ་དང་། རང་ལ་གང་འདོད་ཀྱི་མདོ་སྔགས་ཟབ་རྒྱའི་ཆོས་གནང་བའི་བཀའ་དྲིན་རེ་ཆེ་སྙམ་པའི་གུས་པ་ཁྱད་པར་ཅན་བྱ། སྦྱོར་བས་བསྟེན་ཚུལ་ནི། བླ་མ་ལ་ཟང་ཟིང་གི་ནོར་འབུལ་བ། ལུས་ངག་གི་ཞབས་ཏོག་བྱེད་པ། བཀའ་བཞིན་སྒྲུབ་པའི་མཆོད་པ་གསུམ་གྱི་སྒོ་ནས་མཉེས་པར་བྱ་དགོས་ཏེ། རྗེ་རིན་པོ་ཆེའི་ཉམས་མགུར་ལས། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་བསྒྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡི། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་བཏང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱངས་འཚལ་ལོ། །ཞེས་གསུངས་པ་ལྟར་བསྟེན་པའི་ཕན་ཡོན་ནི། ཐལ་འགྱུར་ལས། སྟོན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡིན། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །ཅེས་དང་། རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས། གང་

p. 42

གི་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོས་སྒྱུར་རྒྱལ་འཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པ་སུས་བྱས་པ།། འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་དང་། དགོངས་པ་འདུས་པ་ལས། བཀའ་ཟུར་མ་བཅག་ཆོས་བསྲུང་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་བསྲུང་བར་བྱེད། །ཅེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་ལ་ཡང་དག་རྩོམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །ཞེསདང་། སྤྱན་སྔ་བས། སངས་རྒྱས་ཐམས་ཅད་མངོན་སུམ་མཆོད་པ་བས། །བླ་མའི་བ་སྤུ་གཅིག་མཆོད་བསོད་ནམས་ཆེ། །དེས་ན་མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མར་བསྙེན་བཀུར་གྱིས་ཤིག་ཤཱཀྱའི་སྲས། །ཞེས་པ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་མང་པོ་ནས་ཕན་ཡོན་མཐའ་ཡས་པ་གསུངས་ཚུལ་རྣམས་བསམས་ནས། དགའ་ཞིང་སྤྲོ་བའི་སྒོ་ནས་བསྟེན་པར་བྱའོ་ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། ཕན་བདེ་ལེགས་ཚོགས་མ་ལུས་འབྱུང་བའི་

p. 43

གནས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བླ་མ་དགེ་བའི་བཤེས་གཉེན་བསམ་པ་དང་། །སྦྱོར་བས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །སངས་རྒྱས་བྱང་སེམས་ཐམས་ཅད་སྙིགས་དུས་འདིར། །བླ་མ་དགེ་བའི་བཤེས་གཉེན་ཚུལ་བཟུང་ནས། །འགྲོ་དོན་མཛད་ཅེས་མདོ་རྒྱུད་རྣམས་ལས་གསུངས། །དེ་ཕྱིར་རང་ལ་བཀའ་ཆོས་གནང་བ་ཡི། །དགེ་བའི་བཤེས་གཉེན་རྣམས་ལ་སངས་རྒྱས་ཀྱི། །འདུ་ཤེས་བཞག་ནས་དད་པ་བྱེད་པ་གཅེས། །བླ་མས་རང་ལ་བཀའ་ཆོས་གང་འདོད་རྣམས། །གནང་བའི་བཀའ་དྲིན་དུས་གསུམ་སངས་རྒྱས་ལས། །ལྷག་པར་བསམས་ནས་རབ་ཏུ་གུས་པར་བྱ། །བཀའ་དྲིན་ཆ་ཤས་ཙམ་རེ་འཁོར་བའི་ཕྱིར། །རང་ལ་གང་ཡོད་ཟང་ཟིང་ནོར་འབུལ་ཞིང་། །ལུས་ངག་ཞབས་ཏོག་བཀའ་བཞིན་སྒྲུབ་པས་མཆོད། །དུས་གསུམ་སངས་རྒྱས་ཐམས་ཅད་མཆོད་པ་ལས། །བླ་མའི་བ་སྤུ་གཅིག་མཆོད་བསོད་ནམས་ཆེ། །བསྐྱེད་རིམ་བསྐལ་པའི་བར་དུ་བསྒོམ་པ་ལས། །བླ་མ་དྲན་པ་བསོད་ནམས་འབུམ་ཕྲག་ལྷག །བསྙེན་བསྒྲུབ་བཟླས་པ་ས་ཡ་བྱས་པ་ལས། །བླ་མའི་གསོལ་འདེབས་ལན་ཅིག་བྱས་པ་དགའ། །ཡི་དམ་ལྷ་བརྒྱའི་ཞལ་རས་མཇལ་བ་ལས། །བླ་མ་ཡུད་ཙམ་མཇལ་བ་བསོད་

p. 44

ནམས་ཆེ། །རྟག་ཏུ་ངུ་དང་ནཱ་རོ་མི་ལ་རྗེ། །འབྲོམ་སྟོན་ལ་སོགས་གོང་མའི་རྣམ་ཐར་བཞིན། །བླ་མ་བསམ་དང་སྦྱོར་བས་བསྟེན་ནུས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར། །ཚེ་རབས་ཀུན་ཏུ་བླ་མ་ཚུལ་བཞིན་དུ། །བསྟེན་ནས་ཟབ་དང་རྒྱ་ཆེ་མདོ་སྔགས་ཀྱི། །ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་མཐུས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སྨྲས་པས། ཀུན་དགའ་ཞིང་སྤྲོ་བཞིན་བཀའ་དྲིན་ཆེ་ཞེས་ཚིག་གི་གཏང་རག་ཕུལ་ནས། ཕྱག་དང་སྐོར་བ་བྱས་ཏེ་རང་རང་གི་གནས་སུ་སོང་ངོ་། །ཡང་དེ་དུས་དབུས་གཙང་དག་པའི་ཞིང་གི་སློབ་མ་གྲྭ་བཙུན་འགའ་རེ་སླེབས་ནས། དབུས་གཙང་གི་གཏམ་སྙན་བཤད་ཚེ་ཡིད་སྤྲོ་བའི་ཤུགས་ཀྱིས་ཉམས་མགུར་ཁུ་བྱུག་ཁ་ཡི་རྣར་སྙན་ཞེས་བྱ་བ་འདི་བླངས་སོ། །དཔག་བསམ་ལྗོན་ཤིང་གི་སྟེང་དུ། །རྒྱ་གར་རྨ་བྱ་རྣམས་སླེབས་ནས། །གདུགས་བསྐོར་ཆོས་ཕྱོགས་ལ་བསྒྱུར་པས། །ཉམས་དགའ་སྣང་བ་རང་སྤྲོ་བྱུང་། །ཙན་དན་ལྗོན་ཤིང་གི་ཐོག་ཏུ། །ལྷོ་མོན་ཁུ་བྱུག་རྣམས་སླེབས་ནས། །སྐད་སྙན་ལྷང་ལྷང་དུ་གྲགས་པས། །རྣར་སྙན་ཡིད་ལ་རང་བབས་བྱུང་། །རེབ་གོང་གསེར་མོ་ཡི་ལྗོངས་འདིར། །དབུས་གཙང་སློབ་མ་རྣམས་སླེབས་ནས། །

p. 45

གཏམ་སྙན་སྣ་ཚོགས་ཤིག་བཤད་པས། །ཡིད་ལ་དགའ་བདེ་རང་ཤར་བྱུང་། །བླ་མ་དཀོན་མཆོག་གི་ཐུགས་རྗེས། །འདིར་གནས་དཔོན་སློབ་ཀྱི་ཚོགས་རྣམས། །མ་ཤི་ཚེ་རིང་འདྲ་བྱུང་ན། །དབུས་གཙང་དག་ཞིང་དུ་ཆས་འགྲོ། །སླེབས་ནས་དམ་ཆོས་ཀྱི་དགའ་སྟོན། །སྐལ་བཟང་སློབ་མ་ལ་འགྱེད་ཅིང་། །ཉམས་དགའི་གླུ་དབྱངས་རང་ལེན་པའི། །སྨོན་ལམ་ཡང་ཡང་དུ་འདེབས་སོ། །ཞེས་བླངས་པས་ཀུན་དགའ་ཞིང་སྤྲོ་བ་བྱུང་། དེ་དུས་བླ་མ་ལ་གུས་ཤིང་སེམས་ཅན་ལ་སྙིང་རྗེ་ཆེ་བའི་ཁ་རྒྱའི་ཤཱཀྱ་བཟང་པོ་དང་། བྱ་བྲལ་འགྱུར་མེད་སོགས་སྐལ་བཟང་གི་སློབ་མ་མང་པོས་ཚེ་བློས་གཏོང་ཚུལ་གྱི་ཞལ་གདམས་ཤིག་དགོས་ཞེས་ཞུ་ཡིག་ཚིགས་བཅད་ཀྱི་དབྱངས་ཆུང་འདི་ཕུལ་ལོ། །བསྟན་དང་བསྟན་འཛིན་ཡོངས་ཀྱི་རྒྱན། །འགྲོ་ཀུན་འདི་ཕྱིའི་གཏན་གྱི་སྐྱབས། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །དཔལ་ལྡན་བླ་མ་བརྩེ་བས་དགོངས། །དཔེར་ན་རྨ་ཆུ་རྒྱས་པའི་ཚེ། །རྩི་ཤིང་ནགས་ཚལ་ཁྱེར་ནས་འོང་། །ཕྱོགས་ཕྱོགས་ཀུན་ཏུ་འཕངས་ཙ་ན། །མི་རྣམས་འོངས་ནས་གང་འདོད་ལེན། །རྨ་ཆུ་གང་ལ་མི་ཆགས་པར། །རྒྱལ་ཁམས་ཉུལ་ནས་འགྲོ་བ་བཞིན། །མགོན་ཁྱེད་ཆོས་བཞིན་མཛད་པའི་ཚེ། །གཞན་གྱིས་ཟས་ནོར་ཁྱེར་ནས་འོང་། །ཕྱོགས་ཕྱོགས་སྦྱིན་པར་བཏང་ཙ་ན། །མི་རྣམས་འོངས་

p. 46

ནས་གང་འདོད་ལེན། །མགོན་ཁྱོད་གང་ལ་མི་ཆགས་པར། །རྒྱལ་ཁམས་འགྲིམ་བཞིན་ཕེབས་པ་མཚར། །དཔེར་ན་སྒྱུ་མ་མཁན་པོ་ཡིས། །སྒྱུ་མའི་སྣང་བ་གང་ལ་ཡང་། །རང་བཞིན་མེད་པར་ཤེས་བཞིན་དུ། །སྒྱུ་མའི་རྫས་སྔགས་ལ་བརྟེན་ནས། །སྒྱུ་མའི་རྟ་དང་གླང་ཆེན་སོགས། །སྒྱུ་མའི་རྩེད་མོ་སྣ་ཚོགས་པ། །སྤྲུལ་ནས་དེ་དག་གང་ལ་ཡང་། །ཆགས་པ་མེད་པར་འགྲོ་བ་ལྟར། །སྤྲུལ་པའི་སྐྱེས་མཆོག་ཁྱོད་ཉིད་ཀྱིས། །ཚེ་འདིའི་སྣང་བ་གང་ལ་ཡང་། །རང་བཞིན་མེད་པར་ཤེས་བཞིན་དུ། །ཚེ་འདིའི་ཟས་ནོར་ལ་བརྟེན་ནས། །སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས། །བསྟན་འགྲོར་ཕན་པའི་འཇོག་པ་བྱས། །དེ་དག་གང་ལ་མི་ཆགས་པར། །གང་འདོད་གནས་སུ་འགྲོ་བ་མཚར། །དེ་ལྟར་ངོ་མཚར་མཐའ་ཡས་པའི། །བྱ་བཏང་རྒྱལ་པོ་ཁྱེད་ཀྱིས་ནི། །བདག་ཅག་རྣམས་ལ་ཚེ་འདི་བློས། །གཏོང་ཚུལ་གདམས་པ་སྩལ་དུ་གསོལ། །ཞེས་ཕུལ་བའི་ལན་དུ། ཚེ་འདི་ཉིད་ལ་མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་གང་ཡིན་ཡང་འཐོབ་པར་བྱ་བའི་ཕྱིར་མཚན་ལྡན་གྱི་བླ་མ་བསྟེན་ནས། དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་ཐོག་མར་ཚེ་འདིའི་བྱ་བ་ཐམས་ཅད་བློས་གཏོང་དགོས་ཏེ། རིག་པའི་དབང་ཕྱུག་གིས། ཆོས་ཀྱི་ཉམས་

p. 47

ལེན་སྣ་གཅིག་མ་གྲུབ་པར། །ཁྱོད་ཉིད་ཆོས་པར་རློམ་པ་ཀྱེ་མ་བླུན། །ཆོས་ཀྱི་དང་པོ་ཚེ་འདི་བློས་གཏོང་བ། །རང་གི་རྒྱུད་ལ་འདུག་གམ་མི་འདུག་ལྟོས། །ཞེས་དང་། ས་སྐྱ་པཎྜི་ཏས། ཚེ་འདིའི་ཕུན་ཚོགས་ཆེ་ཐབས་མ་ཤོར་བར། །གཏན་གྱི་ཕན་བདེ་ཐར་པར་རེ་བ་དེ། །རྨོངས་པའི་ཞེ་འདོད་གཟུ་ལུམ་ཉིད་ཡིན་པས། །ཚེ་འདི་བློས་ཐོངས་འབད་པས་བྱང་ཆུབ་སྒྲུབས། །གསུངས། འོ་ན་ཚེ་འདི་བྱ་བ་བློས་གཏོང་དགོས་ན། གང་དང་གང་བློས་གཏོང་དགོས་སྙམ་ན། དམ་པ་གོང་མ་རྣམས་ཀྱིས། ཕ་ཡུལ་དང་། ཉེ་དུ་དང་། འཁོར་གཡོག་དང་། ལུང་འཁྲིད་སོགས་གཞན་དོན་ལྟར་སྣང་དང་། ཡོ་བྱད་ཀྱི་སོག་རུམ་དང་། བཟའ་བཏུང་གི་ཞེན་པ་དང་། ལོངས་སྤྱོད་འབད་མེད་དུ་བྱུང་བ་དང་། མཐུན་འཇུག་ངོ་སྲུང་དང་། ཚེ་འདིའི་བསོད་ནམས་འདུ་ལོང་དང་། འཇིག་རྟེན་ཆོས་བརྒྱད་རྣམས་བློས་གཏོང་དགོས་པར་གསུངས། དེ་རྣམས་བློས་གཏོང་བའི་གདམས་པ་ལ། ཆོས་རྗེ་རྒྱ་རས་པའི་དྲག་སྔགས་གསུམ་ནི། ཅི་ཡོང་བ་ཤོག གང་ལྟར་འགྲོ་བ་སོང་། ཅིས་ཀྱང་དགོས་པ་མེད་ཅེས་བྱ་བ་གསུམ་མོ། །ཆགས་མེད་ཞེན་མེད་འཛིན་མེད་གསུམ་གྱི་ངང་ནས་དྲག་སྔགས་གསུམ་གྱི་ཉམས་ལེན་ལ་འབད་ན། ཚེ་འདི་བློ་ཡིས་ཐོངས་པར་འགྱུར་གསུངས། དམ་པ་གོང་མའི་ཕུགས་

p. 48

ནོར་བཅུའི་གཏད་པ་བཞི་ནི། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་བྲག་ལ་གཏད་པ་ལ་ཟེར། བུད་བསྙེགས་ཐོབ་གསུམ་ནི། མི་གྲལ་ནས་བུད། ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ་པ་ལ་ཟེར། རྡོ་རྗེ་གསུམ་ནི། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་ལ་ཟེར། དེ་བཅུ་ལ་ཕུགས་ནོར་བཅུ་ཡི་ཐ་སྙད་བཏགས་པར་གདའ། འདི་བཅུ་ཡིད་ལ་བཞག་པ་ཙམ་གྱིས། འཇིག་རྟེན་གྱི་འཁྲུལ་བ་འཇོམས། ཆགས་ཞེན་གྱི་རྒྱ་མཚོ་བསྐམས། ཆོས་བརྒྱད་ཀྱི་རི་བོ་བསྙིལ། ཉོན་མོངས་ཀྱི་རྫོང་འགྱེལ། ལས་ངན་གྱི་གྲུ་འཇིག གཉེན་པོའི་ཐང་བདེ་བ་ལ་སླེབས་པས་ཕུགས་ནོར་གྱི་མཆོག་རང་དུ་སྣང་གསུངས་པ་རྣམས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། མཉམ་མེད་ཇོ་བོ་ཡབ་སྲས་དང་། །བླ་མ་གོང་མ་རྣམས་ལ་འདུད། །ཚེ་འདིའི་བྱ་བ་བློས་བཏང་ནས། །ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་གཏོང་ཚུལ་གྱི། །གདམས་པ་ཟབ་མོ་བཤད་པར་བྱ། །སྐལ་ལྡན་སྙིང་གི་སློབ་མ་རྣམས། །རབ་ཏུ་གུས་པའི་ཡིད་ཀྱིས་ཉོན། །ཅི་ཞིག་ཡོང་བ་ཤོག་དང་གཅིག །གང་ལྟར་འགྲོ་བ་སོང་དང་གཉིས། །ཅིས་ཀྱང་དགོས་པ་མེད་དང་གསུམ། །རྒྱ་རས་དྲག་

p. 49

སྔགས་གསུམ་དུ་གྲགས། །ཆགས་མེད་ཞེན་མེད་འཛིན་མེད་ཀྱི། །ངང་ནས་དྲག་སྔགས་ཉམས་ལེན་ལ། །འབདེ་ན་ཚེ་འདི་བློ་ཡིས་ཐོངས། །བློ་ཕུགས་ཆོས་ལ་གཏད་དང་གཅིག །ཆོས་ཕུགས་སྤྲང་ལ་གཏད་དང་གཉིས། །སྤྲང་ཕུགས་ཤི་ལ་གཏད་དང་གསུམ། །ཤི་ཕུགས་བྲག་ལ་གཏད་དང་བཞི། །གཏད་པ་བཞི་ཞེས་ཟེར་བ་ཡིན། །མི་ཡི་གྲལ་ནས་བུད་དང་གཅིག །ཁྱི་ཡི་གྲལ་དུ་བསྙེགས་དང་གཉིས། །ལྷ་ཡི་གྲལ་དེ་ཐོབ་དང་གསུམ། །བུད་བསྙེགས་ཐོབ་གསུམ་བྱ་བ་ལགས། །ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། །ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །རྡོ་རྗེ་གསུམ་ཞེས་བཤད་པ་ཡིན། །དེ་རྣམས་ཕྱོགས་གཅིག་སྡོམ་པ་ལ། །ཕུགས་ནོར་བཅུ་ཡི་ཐ་སྙད་བཏགས། །འདི་བཅུ་ཡིད་ལ་བཞག་ཙམ་གྱིས། །འཁྲུལ་བ་ཀུན་འཇོམས་ཆགས་ཞེན་གྱི། །མཚོ་བསྐམས་ཆོས་བརྒྱད་རི་བོ་བསྙིལ། །ཉོན་མོངས་རྫོང་འགྱེལ་ལས་ངན་གྱི། །གྲུ་འཇིག་གཉེན་པོའི་ཐང་བདེ་ལ། །སླེབས་པའི་ཕུགས་ནོར་མཆོག་ཏུ་སྣང་། །བླ་མ་གོང་མའི་བྱིན་རླབས་དང་། །འདིས་མཚོན་རྣམ་དཀར་དགེ་བའི་མཐུས། །ཀུན་གྱིས་ཚེ་འདི་བློས་ཐོངས་ནས། །ལྷ་ཆོས་བྱས་ནས་འཚང་རྒྱ་ཤོག །ཅེས་སྨྲས་པས། ཆོས་པ་རབ་ཀྱིས་ཞག་གི་མི་

p. 50

འཛིན། །འབྲིང་གིས་ཟླ་བར་མི་འཛིན། །ཐ་མས་ལོར་མི་འཛིན་པའི་ཚེ་བློས་བཏང་གི་ཆོས་པ་མང་པོ་བྱུང་ངོ་། །ཡང་ཉིན་ཅིག་ཚེ་འདིའི་སྣང་ཤས་དོར་ནས་ཕྱི་མ་དོན་དུ་གཉེར་བའི་དཀར་རྩེ་གདོང་གི་རྒྱ་མཚོ་དང་འཇིགས་མེད་སོགས་སྐལ་ལྡན་སློབ་མ་མང་པོས། འཇིག་རྟེན་ཆོས་བརྒྱད་དཀར་ནག་ཁྲ་གསུམ་བློས་གཏོང་ཚུལ་གྱི་ཞལ་གདམས་ཤིག་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། རྒྱལ་བ་གོང་མའི་རྣམ་ཐར་བཞིན། །མགོན་ཁྱོད་ཆོས་ཀྱི་ཐོག་མ་རུ། །ཆོས་བརྒྱུད་དཀར་ནག་ཁྲ་གསུམ་གྱི། །བྱ་བ་ཐམས་ཅད་བློ་ཡིས་བཏང་། །མཚན་ལྡན་བླ་མ་ཚུལ་བཞིན་བསྟེན། །མདོ་སྔགས་ཆོས་ལ་ཐོས་བསམ་བྱས། །དབེན་པར་བསྒོམ་པའི་འབྲས་བུ་ཡིས། །བསྟན་འགྲོའི་དོན་ཆེན་འགྲུབ་པ་མཚར། །དེང་སང་བསྐལ་པ་སྙིགས་དུས་འདིར། །ཆོས་པར་རློམ་པ་ཕལ་ཆེར་གྱིས། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་པོ། །བློ་ཡིས་གཏོང་བ་ཕར་ལ་ཞོག །དེ་དག་གང་རེད་དྲིས་ཙ་ན། །བཤད་ཀྱང་ཤེས་མཁན་དཀོན་པར་གདའ། །འདི་ཕྱིའི་སྐྱབས་མགོན་རིན་པོ་ཆེ། །ཁྱེད་ཀྱི་རྗེས་འཇུག་སློབ་མ་དང་། །མ་འོངས་གདུལ་བྱར་ཕན་པའི་ཕྱིར། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་པོ། །སོ་སོར་མ་འདྲེས་གསལ་བོ་ཞིག །བརྩེ་བ་ཆེན་པོས་གསུང་དུ་གསོལ། །ཞེས་ཕུལ་བའི་ལན་དུ། འོ་འཇིག་རྟེན་ཆོས་བརྒྱུད་གང་

p. 51

ལ་ཟེར་ན། རྙེད་མ་རྙེད། བདེ་མི་བདེ། སྙན་མི་སྙན། བསྟོད་དང་སྨད་པ་འདི་བརྒྱད་ལ་ཟེར་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པས་མགོ་སྙོམས་མཛོད། །ཅེས་དང་། རིག་པའི་དབང་ཕྱུག་གིས། འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར། །བསྟོད་དང་སྨད་དང་གྲགས་མི་གྲགས། །རྙེད་དང་མ་རྙེད་བདེ་དང་སྡུག །དེ་རྣམས་ལ་ནི་དགའ་མི་དགའི། །རྣམ་པར་རྟོག་པ་ཡོད་རིང་ལ། །ཆོས་པ་ཡིན་སྙམ་མ་སེམས་ཤིག །སྔར་བྱས་ཕྱིར་བྱེད་ད་ལྟའི་ལམ། །ཆོས་བརྒྱད་ཀུན་སློང་ཡོད་དམ་མེད། །རང་གིས་རང་ལ་དྲི་བར་གྱིས། །ཞེས་དང་། དཔུང་བཟང་གི་རྒྱུད་ལས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དང་། །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །ཞེས་གསུངས་པ་ལྟར་སྤོང་བ་གལ་ཆེ། ཡང་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གང་ལ་ཟེར་ན། རྒྱལ་དབང་ལྔ་བ་ཆེན་པོས། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གདོན་ཆེན་པོ། །སྙིང་ལ་ཞུགས་པས་སྡུག་བསྔལ་བདེ་བ་རུ། །བཟུང་ནས་གཏན་གྱི་

p. 52

མདུན་མ་རླུང་ལ་བསྐུར། །ཞེས་གསུངས། འཇིག་རྟེན་ཆོས་བརྒྱད་ཀྱིས་རང་གི་འདོད་ཕྱོགས་རྙེད་པ་དང་། བདེ་བ་དང་། སྙན་པ་དང་། བསྟོད་པ་བཞི་བོ་བསྒྲུབ་ཕྱིར་དང་། རང་གི་མི་འདོད་པའི་ཕྱོགས་མ་རྙེད་པ་དང་། མི་བདེ་བ་དང་། མི་སྙན་པ་དང་། སྨད་པ་བཞི་བོ་སྤོང་བའི་ཕྱིར། ཆོས་འཆད། དབང་བསྐུར། ལྷ་བསྒོམ་སྔགས་བཟླ། མཆོད་སྦྱིན་གཏོང་བ་སོགས་བྱས་ན་ཆོས་བརྒྱུད་དཀར་པོ་ཟེར། ཡང་ཆོས་བརྒྱུད་ཀྱིས་རང་གི་འདོད་ཕྱོགས་བཞི་བོ་བསྒྲུབ་པ་དང་། མི་འདོད་པའི་ཕྱོགས་བཞི་བོ་སྤོང་པའི་ཕྱིར། སྲོག་གཅོད་བརྐུ་འཕྲོག་རྫུན་སོགས་མི་དགེ་བ་བྱས་ན་ཆོས་བརྒྱུད་ནག་པོ་ཟེར། ཡང་ཆོས་བརྒྱད་སྤང་བླང་གི་ཕྱིར། ཆོས་འདྲི་ལྷ་བཞེངས། མོ་སྨན་རྩིས་གསུམ། གཏོར་མདོས་གླུད་གསུམ། ཁེ་ཚོང་ཞིང་ལས་འཚོ་སྐྱོང་སོགས་དགེ་སྡིག་འདྲེས་མ་བྱས་ན། ཆོས་བརྒྱད་ཁྲ་བོ་ཟེར། སྔོན་བྱོན་དམ་པ་གོང་མ་རྣམས་ཀྱིས་འཇིག་རྟེན་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་ཕྱིར།་ལུས་ངག་གིས་བརྩོན་པ་ཕར་ཞོག དེའི་ཀུན་སློང་ངན་པ་ཙམ་ཞིག་ཡིད་ལ་ཤར་ཡང་དེ་མ་ཐག་མགོ་ལ་བཟློག་པ་བརྒྱབ་པ་ཡིན་ཏེ། བླ་མ་ཞིང་གིས། འཇིག་རྟེན་ཆོས་བརྒྱད་མགོ་ལ་བཟློག་པ་བརྒྱབ་གསུངས། གཙང་པ་རྒྱ་རས་ཀྱིས། ཆོས་བརྒྱད་འགྲམ་པ་ཐང་ལ་

p. 53

བསྙལ། གསུངས་པ་ལྟར། ངས་ཀྱང་བྱས་པས་ཆོས་པའི་གྲལ་དུ་ཆུད་པ་བྱུང་། ཁྱེད་རྣམས་ཀྱིས་ཀྱང་ཆོས་བརྒྱད་དཀར་ནག་ཁྲ་གསུམ་པོ་དུག་བཞིན་སྤོངས་ལ་རི་ཁྲོད་དབེན་པར་སྒྲུབ་པ་སྙིང་པོར་གྱིས་དང་། སྒྲུབ་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པར་འགྱུར་ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། །རྗེ་བཙུན་མི་ལ་ཡབ་སྲས་སོགས། །མཁས་གྲུབ་གོང་མ་རྣམས་ལ་འདུད། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་པོ། །བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །འཇིག་རྟེན་ཆོས་བརྒྱད་ཟེར་བ་དེ། །གང་ལ་ཟེར་བ་བཤད་ཀྱིས་ཉོན། །རྙེད་དང་མ་རྙེད་བདེ་མི་བདེ། །སྙན་དང་མི་སྙན་བསྟོད་སྨད་ལ། །འཇིག་རྟེན་ཆོས་བརྒྱུད་ཟེར་བ་ཡིན། །འདོད་ཕྱོགས་བཞི་བོ་བསྒྲུབ་པ་དང་། །མི་འདོད་ཕྱོགས་བཞི་སྤོང་བའི་ཕྱིར། །ཆོས་འཆད་དབང་བསྐུར་མཆོད་སྦྱིན་སོགས། །བྱས་ན་ཆོས་བརྒྱད་དཀར་པོ་ཟེར། །སྲོག་གཅོད་བརྐུ་འཕྲོག་མི་དགེའི་ལས། །བྱས་ན་ཆོས་བརྒྱུད་ནག་པོ་ཟེར། །གཏོར་མདོས་གླུད་གསུམ་མོ་རྩིས་སོགས། །བྱས་ན་ཆོས་བརྒྱད་ཁྲ་བོ་ཟེར། །རྗེ་བཙུན་མི་ལ་རས་པ་སོགས། །དམ་པ་གོང་མ་ཐམས་ཅད་ཀྱིས། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་པོ། །སྤངས་ནས་རི་ཁྲོད་དབེན་པ་རུ། །གཅིག་པུར་སྒྲུབ་ལ་གཞོལ་བར་གསུངས། །རྣལ་འབྱོར་ངས་ཀྱང་དེ་ལྟར་བྱས། །ཁྱེད་རྣམས་ཀུན་ཀྱང་

p. 54

དེ་ལྟར་མཛོད། །མཁས་གྲུབ་གོང་མའི་བྱིན་རླབས་དང་། །འདིས་མཚོན་རྣམ་དཀར་དགེ་བའི་མཐུས། །ཆོས་བརྒྱུད་དཀར་ནག་ཁྲ་གསུམ་པོ། །ཀུན་གྱི་བློ་ཡིས་ཐོངས་པར་ཤོག །ཅེས་སྨྲས་པས་སློབ་མ་རྣམས་ཀྱིས་ཆོས་བརྒྱད་ཀྱི་བྱ་བ་བློས་བཏང་སྟེ་སྒྲུབ་པ་བྱས་པས། རྟོགས་ལྡན་འཁྲུལ་ཞིག་གི་རྣལ་འབྱོར་པ་མང་པོ་བྱུང་ངོ་།། ཡང་ཟླ་བ་གཉིས་པའི་ཡར་ཚེས་ལ། དད་གཏོང་བློ་གྲོས་ཆེ་བའི་ལ་དྭགས་མཁན་པོ། སངས་རྒྱས་རིན་ཆེན། རབ་བྱུང་། ཀུན་དགའ། ཕུན་ཚོགས་དགེ་ལེགས་སོགས་ས་ཐག་རིང་པོ་ནས་འོངས་པ་དང་། བློ་ལྡན་རྩ་དགེ་སློང་། གནམ་ཁོའི་བླ་མ། ཁྲོ་རྒྱལ་འབུམ། ལྷ་བཟོ་རིག་འཛིན་ལ་སོགས་པའི་ཐག་ཉེའི་དགེ་འདུན་པ་མང་པོ་དང་། གཡང་སྡེ་བསོད་ནམས་ཅན་འཇམ་གླིང་ཞོ་འོང་ལ་སྟེང་འོག་གི་བླ་མ་དཔོན་པོ། ཡོན་བདག་ལྷ་ཕྱུག་རྒྱལ། ལྷ་འབུམ་བྱམས། རིན་ཆེན་སྐྱིད། བོ་ཆོག་བྱམས་ལ་སོགས་པའི་དད་ཅན་སྐྱ་སེར་ཕོ་མོ་བརྒྱ་ཕྲག་མང་པོ་འཚོགས་པའི་དབུས་ནས། བློ་ལྡན་ཉང་གི་མཚམས་པ་རྒྱ་མཚོས་རབ་ཏུ་གུས་པའི་ལྷ་ཕྱག་སྔོན་དུ་བཏང་། མཎྜལ་ལྷ་རྫས་དྲི་མ་མེད་པ་ཕུལ་ནས། བསྟན་འགྲོ་ཡོངས་ལ་ཕན་པའི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་དགོས་ཞེས་གསོལ་བ་འདི་ལྟར་འདེབས་པར་གདའ། དུས་གསུམ་སངས་རྒྱས་ཐམས་ཅད་ལས། །བཀའ་དྲིན་ལྷག་པར་ཆེ་བ་ཡི། །རྩ་བའི་བླ་མ་རྡོ་རྗེ་འཆང་། །

p. 55

བརྩེ་བ་ཆེན་པོས་བདག་ལ་དགོངས། །དང་པོ་མཚན་ལྡན་བླ་མ་བསྟེན། །བར་དུ་དབེན་པར་ཉམས་ལེན་གནང་། །ཐ་མར་བསྟན་འགྲོར་གང་ཕན་མཛད། །མགོན་ཁྱོད་རྣམ་ཐར་ངོ་མཚར་ཆེ། །སྟོད་ཀྱི་ཉི་མ་འཆར་ས་ནས། །སྨད་ཀྱི་ཉི་མ་ནུབ་སའི་བར། །ཁྱེད་ཀྱི་མཚན་དང་སྙན་གྲགས་ཀྱིས། །ནམ་མཁའ་བཞིན་དུ་ཁྱབ་པ་མཚར། །སྔོན་གྱི་ལས་བཟང་སྨོན་ལམ་གྱིས། །ཚེ་འདིར་མི་ལུས་རིན་ཆེན་ཐོབ། །སྐྱབས་མགོན་ཁྱེད་ཀྱི་གསེར་ཞལ་མཆོག །མཇལ་བ་སྐལ་བ་ཤིན་ཏུ་བཟང་། །ད་ནི་བསྟན་འགྲོར་ཕན་པའི་ཕྱིར། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི །སྙིང་ཁུ་བྱང་ཆུབ་ལམ་རིམ་གྱི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་བླ་མ་དང་། །དམ་ཆོས་མཆེད་གྲོགས་བཟང་པོ་དང་། །ནམ་ཡང་འབྲལ་བ་མེད་པར་ཤོག །ཐོས་བསམ་སྒོམ་གསུམ་གང་གི་དུས། །འགལ་རྐྱེན་བར་ཆད་མི་འབྱུང་བར། །མཐུན་རྐྱེན་བསམ་པའི་དོན་རྣམས་ཀུན། །ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཕུལ་བའི་མཐར། ངས་ཀྱང་ཀུན་ལ་རྡོར་སེམས་ཀྱི་སྒོ་ནས་ཁྲུས་བྱས། སྟོན་པ་སངས་རྒྱས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་བྱིན་རླབས་བྱས། ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་རྣམས་གསལ་བཏབ་སྟེ། ཐོག་མར་ཆོས་བཤད་འདི་ལྟར་བྱས། འོ་དེ་ཡང་འགྲོ་བ་

p. 56

ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ། མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མར་རྒྱ་གར་རྡོ་རྗེའི་གདན་གྱི་བྱང་ཆུབ་ཤིང་དྲུང་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་རྨད་དུ་བྱུང་བ་བསྟན་ནས། ཞིང་བརྒྱ་འོད་ཀྱིས་འགེངས་བཞིན་གདུལ་བྱ་སེམས་ཅན་ཐམས་ཅད་གནས་སྐབས་སུ་མངོན་མཐོ་ལྷ་མིའི་གོ་འཕང་དང་། མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་འཐོབ་པའི་ཐབས་སུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རྣམས་ཚུར་བསྡུ་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་ལམ་བཟང་གཉིས་སུ་འདུ་ལ། མདོ་སྔགས་གཉིས་ཀྱི་བརྗོད་བྱའི་དོན་ཐམས་ཅད་ཚུར་བསྡུ་ན། སངས་རྒྱས་གཉིས་པ་ཇོ་བོ་ཆེན་པོས་མཛད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུ། དེར་ཇི་ལྟར་འདུ་ན། མངོན་མཐོ་ལྷ་མིའི་གོ་འཕང་འཐོབ་ཐབས་རྣམས་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དུ་འདུ། ངེས་ལེགས་ཐར་པའི་གོ་འཕང་ཐོབ་པའི་ཐབས་སྐྱེས་བུ་འབྲིང་གི་ཆོས་སྐོར་དུ་འདུ། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ།

p. 57

ཆོས་ཀྱི་སྙིང་ཁུ་བྱང་ཆུབ་ལམ་གྱི་རིམ་པ་འདི་ནི། སྐྱེ་དགུའི་འདོད་དོན་སྐོང་བའི་ནོར་བུ། ཉོན་མོངས་ནད་ཀུན་འཇོམས་པའི་སྨན་མཆོག་གཞུང་བཟང་ཆུ་བོ་ཀུན་འདུས་རྒྱ་མཚོ་དང་འདྲ་བས། འདི་ལྟ་བུའི་ཆོས་བཟང་པོ་ཞིག་ཇོ་བོ་ཡབ་སྲས་ཀྱི་བཀའ་དྲིན་ལས་བོད་ཡུལ་གངས་ཅན་ལྗོངས་འདིར་བྱུང་བ་མ་གཏོགས། སྔར་ཡང་མ་བྱུང་ཕྱིན་ཆད་ཀྱང་མི་འབྱུང་ཞེས་མཁས་གྲུབ་རྣམས་ཀྱི་བསྔགས་བརྗོད་མང་སྟེ། རྗེ་རིན་པོ་ཆེའི་ཉམས་མགུར་ལས། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ཡིས། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་གོ་འཕང་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་བཟང་དུ་མས་བསྟན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་

p. 58

ཞིག་ཡོད། །གསུངས། ཆོས་རྗེ་སྒམ་པོ་པས། ཐེག་པ་ཐམས་ཅད་བརྗོད་བྱར་བྱས་པ་ཡི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི། །དུས་གསུམ་འཕགས་པ་རྣམས་ཀྱི་གཞུང་ལམ་སྟེ། །གསུངས། མཁས་མཆོག་བདུད་རྩི་གྲགས་ཀྱི་ཞལ་ནས། བླ་མ་སངས་རྒྱས་མང་པོ་ཡིས། །བྱིན་གྱིས་བརླབས་པའི་རིན་པོ་ཆེ། །སྒྲོལ་མས་ལུང་བསྟན་ཨ་ཏི་ཤ །འཛམ་གླིང་སྤྱི་ནོར་སྒོས་ཀྱིས་ཐོབ། །བླ་མ་མཉེས་པའི་སློབ་མ་གཅིག །དཀའ་བ་སྤྱད་པའི་སྐྱེས་བུ་མཆོག །རྒྱལ་བའི་འབྱུང་གནས་བསྟན་པའི་བདག །མར་མེ་གཅིག་ལས་དཔག་མེད་མཆེད། །སེམས་ཅན་དམུ་རྒོད་ཁ་ལོ་བསྒྱུར། །དུ ཁ་ནད་ཀྱི་སྨན་གཅིག་པོ། །སྐྱེས་བུ་གསུམ་གྱི་མན་ངག་མཆོག །སྔོན་ཆད་བོད་དུ་མ་བྱུང་ཆོས། །རྙེད་དཀའི་མི་ལུས་ཐོབ་དུས་འདིར། །ཁ་རག་ལམ་གྱི་སོ་མཚམས་ཡིན། །གཡན་ལམ་འགྲོ་བར་མི་རིགས་ཀྱི། །སྙིང་ནས་དམ་ཆོས་ཉམས་སུ་ལོངས། །གསུངས། བུ་སྟོན་རིན་ཆེན་གྲུབ་ཀྱི་ཞལ་ནས། མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན། མཁས་གྲུབ་ཀུན་གྱི་མན་ངག་འདི། །རྣམ་པ་ཀུན་ཏུ་གསན་པར་ཞུ། །སྐྱེས་བུ་གསུམ་གྱི་དོན་སྒྲུབ་པའི། །རྟེན་མཆོག་དལ་འབྱོར་རིན་ཆེན་འདི། །ཐོབ་དུས་སྙིང་པོ་མ་བླངས་ན། །ཕྱི་ནས་རྙེད་པར་ཤིན་ཏུ་དཀའ། །ཚེ་འདི་ལོང་མེད་མྱུར་དུ་འཆི། །གསོད་སར་འཁྲིད་པའི་དུད་འགྲོ་བཞིན། །

p. 59

སྐད་ཅིག་རེ་རེ་འཆི་ལ་ཉེ། །དེ་བས་བརྩོན་འགྲུས་དྲག་ཏུ་བརྩམས། །གསུངས། དགེ་བའི་བཤེས་གཉེན་སྣེའུ་ཟུར་པའི་ཞལ་ནས། ཨ་ཏི་ཤའི་ཆོས་འདི་ལྟ་བུ་སྔར་ཡང་མ་བྱུང་། ད་ཡང་ཡོང་སྟེ་མི་ཡོང་གསུངས། དགེ་བཤེས་ཤ་བོ་པའི་ཞལ་ནས། སྐྱེས་བུ་རབ་འབྲིང་ཐ་གསུམ་ལ་བློ་སྦྱོང་བ་འདི་སྡོམ་པ་འབོག་བདོ་བ་ཡང་ཡིན། སློབ་གཉེར་བྱེད་བདོ་བ་ཡང་ཡིན། འདིར་བློ་འབྱོང་ན་ནོར་འཚོལ་བའི་བློ་མི་སྐྱེས་པས། ཐམས་ཅད་དད་ནས་ཡོང་བས་ཚོགས་གསོག་བདོ་བ་ཡང་ཡིན་གསུངས། རྗེ་བཙུན་ཕུ་ཆུང་པས་སྤྱན་སྔ་བ་ལ། མངོན་ཤེས་ལྔ་ཐོབ་པ་དང་། རིག་པའི་གནས་ལྔ་ལ་མཁས་པ་དང་། གྲུབ་ཆེན་བརྒྱད་ཐོབ་པ་དང་། ཇོ་བོའི་ལམ་གྱི་རིམ་པ་འདི་རྒྱུད་ལ་སྐྱེས་པ་གང་ལ་གདམས་གསུངས་པས། ལམ་གྱི་རིམ་པ་རྒྱུད་ལ་སྐྱེས་པ་ཕར་ཞོག ལམ་གྱི་རིམ་པ་འདི་ཙུག་ཡིན་སྙམ་དུ་གོ་བ་ཡང་དེ་ལས་གདམས་ཏེ། མངོན་ཤེས་ལྔ་ཐོབ་པ་དང་། རིག་པའི་གནས་ལྔ་ལ་མཁས་པ་དང་། གྲུབ་ཆེན་བརྒྱད་ཐོབ་པ་རྣམས་གྲངས་མེད་པ་ཞིག་བྱས་ཏེ། འཁོར་བ་ལས་མ་འདས་མ་འཕགས། ལམ་གྱི་རིམ་པ་ལ་ངེས་པ་རྙེད། འཁོར་བ་ལས་བཟློག་སྟེ་མཆི་གསུངས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མགུར་ལས། འོ་འོ་བྱང་ཆུབ་ལམ་གྱི་རིམ་པ། །ཨའུ་ཆོས་ཀྱི་སྙིང་ཁུ་ཡིན་ཡ། །ཁོ་རེ་ཚུལ་བཞིན་ཉམས་སུ་ལོངས་

p. 60

དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ ། ཡ་ཡི་ཡ་ཡི། ཞེས་གསུངས། དེས་ན་ཆོས་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་མཐའ་དག་རྒྱས་ཤིང་སེམས་ཅན་ལ་བདེ་སྐྱིད་ཚད་མེད་པ་སྔར་ཡང་བྱུང་། ད་ལྟ་ཡང་ཡོང་བཞིན་པ་དང་། མ་འོངས་པ་ནའང་འོང་བར་འགྱུར་བས་ན། བོད་ཀྱི་བསྟན་འཛིན་སྐྱེས་ཆོག་རྣམས་ཀྱིས། སྙིགས་དུས་ཀྱི་གདུལ་བྱ་གཅིག་ཆར་བ་དང་རིམ་གྱིས་པ་སུ་ཡིན་ཡང་། ཐོག་མར་ལམ་བཟང་འདིར་འཁྲིད་ན། གདོད་མ་ནས་ཆོས་ཀྱི་བབས་མི་བརྡལ་ཞིང་། གཞན་བསྟན་འགྲོ་ཡོངས་ལ་ཡང་དངོས་སམ་བརྒྱུད་ནས་ཕན་ཐོགས་ཡོང་བར་འདུག་པས། གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་ཐམས་ཅད་ལམ་བཟང་འདིར་འཇུག་པར་བྱ་སྟེ། སྤྱོད་བསྡུས་ལས། གོ་རིམ་ཇི་ལྟ་བ་བཞིན་བསླབ་པར་བགྱིའམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཙམ་གྱིས་སོ་སོ་སྣང་བར་བགྱིད། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིམ་གྱིས་འཇུག་པས་བསླབ་པར་བྱ་ཡི། གཅིག་ཆར་ནི་མ་ཡིན་ནོ་གསུངས། ཡང་སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་བསྟན། །ཅེས་གང་གསུངས་པ་ལྟར། སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་འཇུག་པ་ལེགས་སོ། །ཞེས་ཆོས་བཤད་བསྡུས་པ་ཞིག་སྔོན་དུ་བཏང་ནས། ལམ་རིམ་བསྡུས་དོན། མྱུར་ལམ་

p. 61

དམར་འཁྲིད། བློ་སྦྱོང་དོན་བདུན་མ་དང་། ངས་བཤད་པའི་ལམ་རིམ་བློ་སྦྱོང་རྣམས་ཀྱི་ལུང་འཁྲིད་བྱས་པས། དེར་འཚོགས་པ་ཕལ་ཆེར་གྱི་ཆགས་ཞེན་དང་། ཉོན་མོངས་ཆུང་དུ་སོང་། སྙིང་རྗེ་དང་བྱང་སེམས་ཆེ་རུ་སོང་ནས་སྔར་བས་བློ་བསྐྱེད་ཆེན་པོ་བྱུང་། དེའི་དུས་སུ་མཚན་མོ་སྔ་མོ་ནམ་མཁའ་གཡའ་དག་པ་དང་། ཉི་དྲོས་ནས་ཉི་མ་ལ་འཇའ་འཁྱིལ་བ་དང་། ཕྱོགས་ཀུན་ནས་འོ་མ་འཕྱུར་བ་བཞིན་སྤྲིན་དཀར་པོ་ལངས་པས་ཕལ་ཆེར་གྱི་མཐའ་ཀུན་འཇའ་ཚོན་དུ་གྱུར། ཕྱི་དྲོ་ནུབ་ཕྱོགས་ནས་སྤྲིན་སྔོན་པོ་དར་ཡུག་བརྐྱངས་པ་བཞིན་ནམ་མཁའ་ལ་འཐེན་པའི་ནང་ནས། ཁ་བ་ཁ་དོག་དཀར་པོ་བར་སྣང་ལ་འོད་ལམ་ལམ་འཁོར་ཞིང་རེ་ཞིག་ས་ལ་མི་འབབ་པ་དང་། བབས་པ་རྣམས་མེ་ཏོག་པད་དཀར་འདབ་མ་བཞི་བ་བརྒྱད་པ་སོགས་ཀྱི་དབྱིབས་འདྲ་བས་ས་ཕྱོགས་ཕལ་ཆེར་ཁྱབ་པ་བྱུང་། ངས་བསམ་པ་ལ་ད་རེས་ཀྱི་ཆོས་འདི་ལ་ནམ་མཁའི་ལྷས་ཀྱང་མཉན་ནས་དགའ་སྟེ་མེ་ཏོག་གི་ཆར་ཕབ་པ་ཡིན་ནམ་སྙམ་པ་བྱུང་། སླར་ཡང་དེར་འཚོགས་པ་རྣམས་ལ་ལམ་རིམ་གྱི་བསྔགས་བརྗོད་ཞལ་གདམས་ཀྱི་མགུར་དབྱངས་འདི་བླངས་སོ། །སྐྱོན་ཟད་ཡོན་ཏན་ཀུན་ལྡན་ཞིང་། །ཕན་བཏགས་མ་བཏགས་མེད་པ་ཡི། །འགྲོ་ཀུན་མགོན་སྐྱབས་དཔུང་གཉེན་དུ། །གྱུར་པའི་སངས་རྒྱས་མགོས་ཕྱག་འཚལ། །སྐྱེ་འགྲོ་

p. 62

ཡོངས་ཀྱི་མ་འདྲིས་པའི། །མཛའ་བཤེས་སྟོན་པ་སངས་རྒྱས་ཀྱི། །གདུལ་བྱ་སེམས་ཅན་སྙིང་རྗེ་ནས། །མངོན་མཐོ་ལྷ་མིའི་གོ་འཕང་དང་། །ངེས་ལེགས་ཐར་པ་ཙམ་པ་དང་། །ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི། །གོ་འཕང་འཐོབ་པར་བྱ་བའི་ཕྱིར། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས། །དེ་དག་ཐམས་ཅད་ཚུར་བསྡུ་ན། །མདོ་སྔགས་ལམ་བཟང་གཉིས་སུ་འདུ། །མདོ་སྔགས་གཉིས་ཀྱི་བརྗོད་བྱའི་དོན། །བྱང་ཆུབ་ལམ་གྱི་རིམ་པར་འདུ། །སྐྱེས་བུ་གསུམ་གྱི་ལམ་རིམ་འདི། །དམ་ཆོས་ཀུན་གྱི་སྙིང་ཁུ་ཡིན། །མངོན་མཐོ་ལྷ་མི་འཐོབ་འདོད་ན། །སྐྱེས་བུ་ཆུང་ངུའི་སྐབས་ན་ཡོད། །ངེས་ལེགས་ཐར་པ་འཐོབ་འདོད་ན། །སྐྱེས་བུ་འབྲིང་གི་སྐབས་ན་ཡོད། །ཐམས་ཅད་མཁྱེན་པ་འཐོབ་འདོད་ན། །སྐྱེས་བུ་ཆེན་པོའི་སྐབས་ན་ཡོད། །ལམ་རིམ་ནང་ལྟར་སུས་བྱས་ཀྱང་། །རང་གཞན་དོན་གཉིས་འགྲུབ་པར་འགྱུར། །ལམ་རིམ་ཚར་རེ་བཏོན་ན་ཡང་། །ཆོས་ཀུན་བཏོན་པའི་ཕན་ཡོན་འབྱུང་། །ལམ་རིམ་སྔས་མགོར་བཞག་ན་ཡང་། །དད་རྟེན་ཕྱག་མཆོད་ཞིང་དུ་འགྱུར། །ལམ་རིམ་ཁྱེར་ནས་སོང་ན་ཡང་། །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་འབྱུང་། །ལམ་རིམ་མཐོང་ཐོས་དྲན་རེག་གི །ཕན་ཡོན་བཤད་ན་བརྗོད་མི་ལང་། །སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི། །ལམ་རིམ་འདི་འདྲ་སྔོན་ཆད་ཀྱང་། །མ་བྱུང་ཕྱིན་ཆད་མི་འབྱུང་ཞེས། །བཀའ་གདམས་

p. 63

གོང་མ་མང་པོས་གསུངས། །དེའི་ཕྱིར་སྐལ་ལྡན་སློབ་མ་རྣམས། །བྱང་ཆུབ་ལམ་རིམ་ནང་བཞིན་མཛོད། །དེ་ལྟར་མཛད་ན་གནས་སྐབས་བདེ། །མཐར་ཐུག་སངས་རྒྱས་འཐོབ་པར་འགྱུར། །མགུར་དབྱངས་མཐོང་ཐོས་དྲན་རེག་གི །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་བླངས་པས་ཀུན་དགའ་ཞིང་སྤྲོ་བཞིན་ཕྱག་དང་སྐོར་བ་བྱས་ནས་རང་རང་གི་གནས་སུ་སོང་། ཡང་བཀྲ་ཤིས་གཡང་ཆགས་ས་བཟང་ཚ་ཁོའི་ཕྱོགས་ཀྱི་དད་གཏོང་བློ་གྲོས་ཆེ་བའི་རྫོང་འགག་རྒྱལ་མོ་མ་བུ་གཉིས་ཀྱིས། རིན་ཆེན་དང་པོ་ཞོ་བདུན་དྲི་མེད་ལྷ་རྫས་ཀྱི་རྟེན་ཅན་གྱི་ཡི་གེ་རྒྱུ་ཅན་ཞིག་བང་ཆེན་པ་བཞི་ལ་བསྐུར་པའི་ནང་ན། ཡིག་མཁན་མཁས་པ་ཞིག་གིས་ང་ལ་བསྟོད་བསྔགས་མང་པོ་བྱས། དོན་གྱི་གཙོ་བོ་ང་ཚ་ཁོའི་ཕྱོགས་སུ་ཕེབས་དགོས་ཞེས་གདན་འདྲེན་བྱས་སྣང་། ཡང་སྐུ་གཞོགས་ཤར་ཐམས་ཅད་མཁྱེན་པ་ལ་ཡང་ང་ཕེབས་ཆོག་པའི་གནང་བ་སྩོལ་ཞེས་ཞུ་ཡིག་ཕུལ་འདུག ང་འགྲོ་འདོད་སྐྱེས་ནས་སྐུ་གཞོགས་ལ་ཞུས་པས། ཁོང་གི་ཞལ་ནས། ཁྱེད་ས་ཐག་རིང་པོ་དེར་སོང་ན་རིམ་གྱིས་ཁམས་ཕྱོགས་བརྒྱུད་ནས་དབུས་ཚོ་བུད་འགྲོ་བས་ན། ཁྱེད་ད་དུང་རེབ་གོང་སྲིན་ཡུལ་ལྟ་བུ་འདིར་བཞུགས་ནས་འགྲོ་དོན་བྱེད་དགོས། ས་བཟང་ཚ་ཁོ་དེ་རུ་སྐུ་གཞོགས་འཇམ་དབྱངས་བཞད་པ་རིན་པོ་ཆེ་ཡང་ཕེབས། གཞན་གསར་རྙིང་གི་བླ་

p. 64

མ་སྐྱེས་ཆེན་དམ་པ་མང་པོ་བཞུགས་པས་ཕེབས་མི་དགོས། ཁྱེད་ཅིག་ཕེབས་ན་དབུས་པ་མར་འོང་བའི་མཁན་ནང་དང་སྨད་སོག་དད་ཅན་ཡར་འགྲོ། མཚོ་སྔོན་ཕྱོགས་ཀྱི་སྡེ་དགོན་མང་པོ་ལ་གནོད་པའི་མགོ་ལོག་དང་། རང་ངན་ཚོ་ཕེབས་ནས་ཆོས་རེ་གསུངས། ཇག་ཁྲིམས་རྐུན་ཁྲིམས་རེ་བསྡམས་ན་འགྲོ་དོན་ཆེ། ད་རེ་འདི་ལ་མ་ཕེབས་ན་ཆོག་པར་གདའ་གསུངས་ཚེ། ངས་ཀྱང་ཐུགས་བདེན་སྙམ་གསུང་དེ་ལ་ཉན་ནས་མ་སོང་བར་འབྱོར་ལན་ཡི་གེ་རྒྱས་པ། དད་རྟེན་དུ་རང་གི་སྐྲ་ལོ་ན་བཟའི་ཚལ་བུ། ཚེ་རིལ་བསྲུང་མདུད་ལྷ་རྫས་བཅས་ཕུལ་བའི་མཐར། འོ་དད་ཅན་རྒྱལ་མོ་མ་བུ་ཚོ་བློན་དང་བཅས་པའི་སེམས་ལ་ཕན་པའི་བསླབ་བྱ་ལ། སྤྱིར་འཁོར་བའི་ཁྱིམ་ཐབ་འདི་མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་དང་འདྲ། འཁོར་བའི་ཕུན་ཚོགས་རྣམས་ཀྱང་དུག་དང་འདྲེས་པའི་ཁ་ཟས། སྤུ་གྲིའི་ཁ་ཡི་སྦྲང་རྩི། དུག་སྦྲུལ་མགོ་ཡི་ནོར་བུ་ལྟར་བསྟེན་ན་ཕུང་བར་འགྱུར་ལ། ཁྱད་པར་དུ་རྒྱལ་སྲིད་འདི་དུག་གི་སྡོང་པོ་དང་འདྲ་བར་གཟིགས་ནས། བདག་ཅག་གི་སྟོན་པས་ཀྱང་། རྒྱལ་སྲིད་སྤངས་ཚུལ་སོགས་ལ་བསམས་ནས། ཁྱེད་རྣམས་ཀྱང་རྒྱལ་སྲིད་ལ་མ་ཆགས་པར་དམ་པའི་ལྷ་ཆོས་མཛོད་དང་། ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་བཞིན་དུ་འཆར་ངེས། ཞེས་གཞན་ཡང་ཚིགས་སུ་བཅད་ནས་དབྱངས་སུ་བླངས་པ།

p. 65

མཉམ་མེད་ཟས་གཙང་སྲས་པོ་འགྲོ་བའི་མགོན། །མགོན་དེའི་ཞལ་ནས་གསུངས་པ་དམ་པའི་ཆོས། །ཆོས་བཞིན་མཛད་པའི་དགེ་འདུན་གཏན་གྱི་སྐྱབས། །སྐྱབས་གནས་དཀོན་མཆོག་གསུམ་གྱིས་དགེ་ལེགས་སྩོལ། །རྒྱལ་བ་རང་ཉིད་ཞིང་འདིར་བྱོན་པ་ལྟར། །རྒྱལ་བའི་གསུང་རབ་མདོ་སྔགས་མ་ལུས་པ། །རྒྱལ་ཁམས་ཡོངས་ལ་སྤེལ་བའི་བཀའ་དྲིན་ཅན། །རྒྱལ་བ་ཡབ་སྲས་གསུམ་གྱིས་བོད་ཁམས་སྐྱོངས། །དུང་དུང་སྙིང་ནས་རྩ་བའི་བླ་མ་ལ། །ལྷང་ལྷང་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས། །འཛུམ་འཛུམ་དགྱེས་པའི་སྒོ་ནས་རྒྱལ་མོ་ལ། །བཟང་བཟང་བྱིན་རླབས་དངོས་གྲུབ་སྩལ་ཏུ་གསོལ། །མི་རྒན་གླུ་དབྱངས་ལེན་པས་མི་རིགས་ཀྱང་། །བན་རྒན་བདག་གི་རང་གཤིས་ཡིན་པས་ན། །རྣར་སྙན་ཡིད་འབབ་རྒྱང་གླུ་རིང་པོ་ལེན། །སྐལ་ལྡན་རྒྱལ་མོ་རྒྱང་ན་གནས་ཀྱང་གསོན། །ཨེ་མ་དམ་ཆོས་དར་བའི་ཡུལ་དབུས་སུ། །ལེགས་པར་སྐྱེས་པའི་སྐལ་བཟང་ཕོ་མོ་རྣམས། །ཕྱི་མར་དག་པའི་ཞིང་ཁམས་ཉམས་དགའ་རུ། །སྐྱེ་བར་འདོད་ན་དམ་པའི་ལྷ་ཆོས་མཛོད། །རང་ཡུལ་སྐྱིད་ཀྱང་གཏན་དུ་སྡོད་དབང་མེད། །ཕྱི་མར་ལྷ་ཆོས་མ་གཏོགས་ཕན་པ་མེད། །དེ་ཕྱིར་ཆོས་མེད་ཕྱི་མར་འགྲོ་བ་རྣམས། །རིན་ཆེན་གླིང་ནས་སྟོང་ལོག་བྱས་པ་འདྲ། །ཀྱེ་མ་སྙིགས་

p. 66

དུས་ཚེ་ལ་ངེས་པ་མེད། །འཆི་ཚེ་ཟས་ནོར་ཁྱེར་ནས་འགྲོ་ས་མེད། །དེའི་ཕྱིར་གཏོང་ཕོད་ཅན་ཚོ་སྨོས་ཅི་དགོས། །སེར་སྣ་ཅན་ཡང་མ་འདུག་མཆོད་སྦྱིན་ཐོངས། །གཞན་གྱི་དགེ་ལ་རྗེས་སུ་ཡི་རང་རེ། །ཕུལ་ཡང་བསོད་ནམས་དེ་དང་མཉམ་པ་འཐོབ། །དེའི་ཕྱིར་དབུལ་བོས་མཆོད་སྦྱིན་མ་ནུས་ཀྱང་། །གཞན་གྱི་དགེ་བར་རྗེས་སུ་ཡི་རང་གྱིས། །དགེ་བ་རང་གིས་བྱེད་བཞིན་གཞན་དག་ལ། །དགེ་བསྐུལ་བྱས་པས་འདིས་མཚོན་དགེ་བའི་མཐུས། །དགེ་བའི་བཤེས་ཀྱིས་འགྲོ་ཀུན་རྗེས་བཟུང་ནས། །དགེ་ལ་གཞོལ་ནས་མྱུར་དུ་སངས་རྒྱས་ཤོག །ཅེས་དད་གཏོང་བློ་གྲོས་ཆེ་བའི་ཚ་ཁོའི་རྫོང་འགག་རྒྱལ་མོ་བསོད་ནམས་སྒྲོལ་མ་ལ་གདམ་པའོ། །ཡང་སྲས་མོ་བསོད་ནམས་འཚོ་དང་ཆོས་བློན་རྣམས་ལ་གདམས་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་བཞིན། །ཆོས་བཞིན་འཁོར་འབངས་སྡེ་རྣམས་ལེགས་སྐྱོང་བའི། །ཆོས་ལ་ཐོས་བསམ་སྒོམ་གསུམ་མཛད་པ་ཡི། །ཆོས་རྒྱལ་ངག་གི་དབང་པོར་གསོལ་བ་འདེབས། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །དུ་མའི་རི་ཁྲོད་དབེན་པའི་གནས་རྣམས་སུ། །སུ་དང་མ་འཕྲད་གཅིག་པུར་བསྡད་པས་སྐྱིད། །སྐྱིད་པའི་ཤུགས་ཀྱིས་མདོ་སྔགས་གླུ་རུ་ལེན། །ལོག་པའི་ལམ་དུ་ཞུགས་པའི་འགྲོ་བ་རྣམས། །མ་ནོར་ལམ་ལ་རིམ་གྱིས་འཁྲིད་ལ་མཁས། །

p. 67

མདོ་སྔགས་ལམ་གྱི་རིམ་པ་མཐར་ཕྱིན་པའི། །འཁྲུལ་མེད་ལམ་སྟོན་བླ་མ་བསྟེན་པ་གཅེས། །སྐྱོན་མེད་དལ་འབྱོར་རྙེད་དཀའ་དོན་ཆེ་དང་། །ལོང་མེད་འཆི་བ་འདི་ལ་རབ་འཇིགས་ནས། །དོན་མེད་ཚེ་འདིའི་ཟས་ནོར་ལོངས་སྤྱོད་ལ། །ཆགས་མེད་ཆོས་ཀྱི་ཕྱོགས་སུ་བཏང་ན་ལེགས། །འཇིགས་རུང་ངན་སོང་གཡང་ལ་རབ་འཇིགས་ནས། །འཇིགས་ལས་སྐྱོབ་མཁན་དཀོན་མཆོག་སྐྱབས་སུ་བསྟེན། །འཇིག་རྟེན་འདི་རུ་སྡིག་སྤོངས་དགེ་ལ་འབོད། །འཇིགས་པ་མེད་པའི་གདེང་རེ་ཨེ་རྙེད་ལྟོས། །ཕྱི་མར་རྣམ་སྨིན་བརྒྱད་ལྡན་ལུས་ཐོབ་པའི། །རྒྱུ་དེ་རྣམས་ཀྱང་ད་ལྟ་སྒྲུབ་ལ་བརྩོན། །སྡིག་ལྟུང་རྣམས་ནི་འདག་ཐབས་སྟོབས་བཞི་ཡི། །བཤགས་པ་རྣམ་དག་བྱེད་པ་གལ་རེ་ཆེ། །སྲིད་རྩེ་ནས་བཟུང་དམྱལ་ཁམས་ཡན་ཆད་ཀྱི། །སྲིད་གསུམ་གནས་རྣམས་མེ་མུར་འོབས་ལྟར་མཐོང་། །སྲིད་པའི་བདེ་ལ་མངོན་ཞེན་གཏིང་ནས་ལོག །སྲིད་ལས་ཐར་འདོད་ངེས་འབྱུང་ཤུགས་དྲག་བསྐྱེད། །ཐར་དཀའ་འཁོར་བའི་མེ་དོང་ཆེན་པོ་ལས། །ཐར་ཐབས་བསླབ་གསུམ་ཐེམ་སྐས་ལ་བརྟེན་ནས། །ཐར་པར་དཀའ་བའི་འཁོར་བའི་མེ་དོང་ནས། །ཐར་པའི་གོ་འཕང་བདེ་སར་བསྙེགས་རེ་རན། །མ་རིག་ལས་ཉོན་དབང་སོང་སྡུག་མྱོང་བའི། །མ་གྱུར་འགྲོ་བའི་དོན་དུ་སེམས་བསྐྱེད་ལ། །མ་རབས་

p. 68

སྤྱོད་ངན་སྤོངས་ལ་རྒྱལ་སྲས་སྤྱོད། །མ་ལུས་སྒྲུབས་ལ་ཞུམ་པ་མེད་པར་གྱིས། །གསང་སྔགས་ཉམས་སུ་ལེན་མཁན་བླ་མ་ལ། །གསང་སྔགས་དབང་བཞི་ཚད་ལྡན་སྔོན་དུ་ཞུས། །གསང་སྔགས་གཞུང་བཞིན་དམ་ཚིག་ལེགས་བསྲུངས་ནས། །གསང་སྔགས་ཉམས་སུ་ལེན་ལ་བརྩོན་པར་མཛོད། །དབེན་པར་དྲང་སྲོང་གཅིག་པུར་གནས་པ་བཞིན། །དབེན་ཞིང་དམ་པ་གོང་མས་བྱིན་བརླབས་པའི། །དབེན་གནས་གངས་རྫ་གཡའ་དང་ནགས་ཚལ་སོགས། །དབེན་པའི་གནས་སུ་མདོ་སྔགས་ཉམས་སུ་ལོངས། །དེ་ལྟར་ཚེ་འདིར་ཉམས་སུ་ལེན་པའི་ཚེ། །ཚེ་རིང་ནད་མེད་ལུས་སེམས་རྟག་ཏུ་བདེ། །བདེ་འགྲོའི་ལུས་རྟེན་འདི་ལ་རིང་མིན་དུ། །དུ་མའི་ཉམས་རྟོགས་ཡོན་ཏན་འཆར་བར་ངེས། །དམ་གཙང་གྲོགས་དང་འགྲོགས་སམ་གཅིག་པུ་རུ། །དམ་ཚིག་སྡོམ་པ་ཚུལ་བཞིན་ལེགས་བསྲུངས་ནས། །དམ་ཆོས་མདོ་སྔགས་ཉམས་སུ་ལེན་པ་ལ། །དམ་ཅན་ཆོས་སྐྱོང་སྲུང་མས་གྲོགས་བྱེད་ཤོག །ཅེས་ཕུལ་བ་འབྱོར་བ་དང་དངོས་མཇལ་ལྟ་བུའི་དགའ་སྤྲོ་ཤར། རྒྱལ་སྲིད་ལ་ཡང་མ་ཆགས་པར་དམ་པའི་ཆོས་ཁོ་ན་བྱས་པའི་མཐར་མ་བུ་གཉིས་ཀས་འཆི་ཁར་ལམ་སྣ་ཟིན་པར་གྱུར་ཏོ། །ཡང་ཟླ་བ་གསུམ་པའི་ཡར་ངོའི་ཚེས་བཅུའི་ཉིན་པར་ཚོགས་འཁོར་རྒྱ་ཆེན་པོ་བསྐོར་པའི་ཚེ། གྲྭ་བཙུན་ཡོན་བདག་ཕོ་མོ་མང་པོ་འཚོགས་པ་བྱུང་། དེའི་དུས་

p. 69

དད་གཏོང་བློ་གྲོས་ཆེ་བའི་སྐལ་ལྡན་སྙིང་གི་སློབ་བུ་སངས་རྒྱས་རིན་ཆེན་གྱིས་སེམས་ལ་ཕན་པའི་ཞལ་གདམས་ཤིག་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་དབྱངས་སུ་ཕུལ་བ། བསོད་ནམས་ཡེ་ཤེས་ཚོགས་ཀྱི་འཇིངས་ལས་འཁྲུངས། །འགྲོ་དྲུག་ཉོན་མོངས་ཚ་རེག་ཀུན་སེལ་བའི། །རང་བཞིན་གདོད་མའི་གཞིར་གྲོལ་བདུད་རྩིའི་ཟེར། །སྤྲོ་མཛད་འོད་དཀར་ཅན་དེར་གུས་ཕྱག་འཚལ། །འདས་དང་མ་འདས་ཕྱི་ནང་མཆོད་པའི་ཚོགས། །རབ་འབྱམས་ནམ་མཁའི་མཐའ་ཀླས་དག་གིས་མཆོད། །སྡོམ་གསུམ་བཅས་མཚམས་ཕམ་ལྟུང་སྦོམ་པོའི་སྡེ། །འགལ་ཉམས་འདས་རལ་གྱུར་རྣམས་མཐོལ་ལོ་བཤགས། །སོ་སྐྱེས་ཉན་རང་བྱང་སེམས་རིག་འཛིན་དང་། །གང་གི་གསང་གསུམ་མཛད་པར་རྗེས་ཡི་རང་། །ཕྱོགས་བཅུའི་ཞིང་བཞུགས་རབ་འབྱམས་རྒྱལ་བ་དང་། །མགོན་ཁྱོད་གཟུགས་སྐུ་ཚངས་ཆེན་བསྐལ་བརྒྱར་བཞུགས། །ཟབ་དང་རྒྱ་ཆེའི་གསང་ཆེན་ཆོས་རྔའི་སྒྲ། །འཁོར་བ་མ་སྟོངས་བར་དུ་སྒྲོག་པར་གསོལ། །དེ་ལས་བྱུང་བའི་དགེ་ཚོགས་ཉལ་འགྲོའི་རྒྱུན། །རྣམ་མཁྱེན་རྒྱ་མཚོར་འཇུག་པའི་རྒྱུ་རུ་བསྔོ། །སྐུ་མཆོག་མཐོང་ན་སྲིད་ཞིའི་འཇིགས་ལས་སྐྱོབ། །གསུང་ཆོས་ཟབ་བརླིང་འདོད་པའི་རེ་བ་སྐོང་། །ཐུགས་ཟབ་གཡོ་མེད་འགྲོ་ཀུན་

p. 70

བུ་ལྟར་སྐྱོངས། །ལྷར་བཅས་འགྲོ་བའི་སྐྱབས་མགོན་ཡུད་ཙམ་དགོངས། །ཟླ་མེད་མགོན་ཁྱོད་སློབ་བུའི་ཐ་ཤལ་བ། །ཆོས་མེད་སྨྱོན་པའི་རང་རྒྱུད་ལ་བརྟག་ཚེ། །ཆོས་དང་སེམས་གཉིས་མ་འདྲེས་སོ་སོར་གདའ། །ད་ནི་ཆོས་སེམས་འདྲེས་པའི་གདམས་པ་ཞུ། །རྨད་བྱུང་ཞལ་གདམས་དད་པའི་ཡོལ་གོ་རུ། །ལེགས་སྩལ་མཐུ་ཡིས་ཉོན་ཤེས་སྒྲིབ་མཐར་བྱས། །སྐུ་གསུམ་འབྲས་བུ་རྒྱུད་ལ་མྱུར་སྨིན་ནས། །འགྲོ་ཀུན་རྣམ་མཁྱེན་ས་ལ་འགོད་པར་ཤོག ། ཅེས་ཕུལ་བའི་ལན་དུ། འོ་ཕ་རྒན་ངས་སྔར་ཆོས་ཇི་ལྟར་ཉམས་སུ་བླངས་པ་བཞིན། ཁྱེད་རྣམས་ཀྱིས་མདོ་སྔགས་ཀྱི་གདམས་པ་རྣམས་རིམ་བཞིན་དུ་ཉམས་སུ་ལོངས། ཆོས་སེམས་འདྲེས་པའི་ཆོས་པ་བཟང་པོ་རེ་ཡོང་ཞེས་མགུར་དབྱངས་འདི་བླངས་སོ། །ཆོས་མདོ་རྒྱུད་མན་ངག་ཀུན་གྱི་མཛོད། །རྗེ་ཆོས་རྒྱལ་ངག་གི་དབང་པོར་འདུད། །བུའི་ཆོས་ཀྱི་མགོ་ནས་མཇུག་གི་བར། །ཀུན་ཉམས་སུ་ལོན་པར་བྱིན་གྱིས་རློབས། །ཆུང་གཞོན་ནུའི་དུས་ནས་ད་ལྟའི་བར། །ཆོས་ཉམས་སུ་བླངས་པའི་ཕ་རྒན་ངས། །བུས་ཉམས་ལེན་བྱེད་ཚུལ་གླུ་རུ་ལེན། །ཡིད་རབ་ཏུ་དགའ་ཞིང་གུས་པས་ཉོན། །ཁྱོད་ཆུང་ནས་ང་ཡི་དྲུང་དུ་འོངས། །ཆོས་མང་པོ་ཐོས་རྒྱུའི་སྐལ་བ་བྱུང་། དུས་དེང་སང་རྣམ་རིག་ཆེས་ཆེར་གསལ། །ཆོས་

p. 71

གང་ལ་བལྟས་ཀྱང་ཤེས་པར་གདའ། །ད་ཤེས་པས་མི་ཆོག་ཉམས་ལེན་དགོས། །ཆོས་ཉམས་སུ་ལེན་ན་མཆོང་མི་རུང་། །དཔེ་རི་ལ་དལ་བུས་འགྲོ་བ་བཞིན། །ཆོས་རིམ་བཞིན་ཉམས་སུ་ལེན་པ་གཅེས། །དུས་དང་པོ་བཤེས་གཉེན་བསྟེན་ཚུལ་ནས། །འགོ་བཙུགས་ཏེ་སྐྱེས་བུ་གསུམ་གྱི་ལམ། །ཡར་རིམ་པ་བཞིན་དུ་ཉམས་སུ་ལོངས། །ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་འཆར། །དེའི་རྗེས་སུ་མཚན་ལྡན་བླ་མ་ལ། །ཆོས་གསང་སྔགས་ཉེ་ལམ་དབང་བཞི་ཞུས། །ལམ་བསྐྱེད་རྫོགས་ཟབ་མོ་ཉམས་སུ་ལོངས། །མཆོག་ཐུན་མོང་དངོས་གྲུབ་ཅི་ཡང་འབྱུང་། །དེའི་རྗེས་སུ་གསང་སྔགས་མཐར་ཐུག་དོན། །ཆོས་ཕྱག་རྫོགས་དོ་ཧ་ཉམས་སུ་ལོངས། །སེམས་འོད་གསལ་ཆོས་སྐུ་མངོན་གྱུར་ནས། །དུས་རིང་པོར་མི་ཐོགས་སངས་རྒྱས་འགྱུར། །དུས་དེང་སང་སྤྱོད་པ་རྩིང་པོ་མང་། །དེས་བསྟན་འགྲོའི་དོན་ཆེན་མི་འགྲུབ་པས། །ཁྱོད་སྡོམ་གསུམ་མིག་གི་འབྲས་བཞིན་སྲུངས། །བསྟན་འགྲོ་བ་ཡོངས་ལ་ཕན་པར་འགྱུར། །དོན་དེ་ལྟར་ཉམས་སུ་ལེན་འདོད་ན། །ཚེ་འདི་ཡི་བདེ་ལ་མ་ཆགས་པར། །ཁྱོད་མི་ནོར་ཟས་གསུམ་བློ་ཡིས་ཐོངས། །གནས་དབེན་པར་ཚེ་དང་སྒྲུབ་པ་སྙོམས། །གླུ་འདི་ཉིད་བླངས་པའི་དགེ་

p. 72

བའི་མཐུས། །ངའི་སློབ་མ་ཡང་སློབ་ཐམས་ཅད་ཀྱིས། །ཆོས་ཐམས་ཅད་རིམ་བཞིན་ཉམས་སུ་བླངས། །མཆོག་སངས་རྒྱས་གོ་འཕང་མྱུར་འཐོབ་ཤོག །ཅེས་བླངས་པས་དེར་འཚོགས་པ་རྣམས་ཀྱི་རྒྱུད་ལ་ཕན་ཐོགས་ནས་རྗེས་སུ་ཆོས་དང་མཐུན་པའི་ཆོས་པ་མང་པོ་བྱུང་ངོ་། །ཡང་སྔོན་སྦྱངས་ལས་ཀྱི་འཕྲོ་ཅན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པའི་ཁྱུང་དགོན་སྤྲུལ་སྐུས་དངོས་སུ་འབྱོར་བའི་ལྷ་རྫས་མཎྜལ་དང་། ཡིད་ཀྱིས་སྤྲུལ་བའི་མཆོད་ཚོགས་ཕུལ་ནས་ཞལ་གདམས་ཟབ་མོ་ཞིག་གནང་དགོས་ཞེས་ཞུ་དོན་གླུ་རུ་ཕུལ་བ། །ཚོགས་གཉིས་ཆུ་ཤེལ་ཁམས་ལས་གྲུབ། །ཟབ་རྒྱའི་ཆོས་ཀྱི་འོད་དཀར་འཕྲོ། །འགྲོ་ཀུན་མ་རིག་སྨག་རུམ་སེལ། །རྗེ་ཟླ་བ་ལྟ་བུའི་ཞབས་དཀར་བ། །བྱང་ཆུབ་སེམས་ཀྱི་རྩལ་སྟོབས་ཆེ། །ཐབས་མཁས་བཞི་ཡི་རྐང་ལག་བདེ། །བསྟན་འགྲོར་ཕན་པའི་ཁུར་ཆེན་འཁུར། །རྗེ་གླང་ཆེན་ལྟ་བུའི་ཞབས་དཀར་བ། །མཁྱེན་རབ་གསེར་གྱི་ལྡེའུ་མིག་གིས། །གསུང་རབ་རིན་ཆེན་མཛོད་ཀྱི་སྒོ། །ཐམས་ཅད་ཕྱེས་ནས་གང་འདོད་སྟེར། །རྗེ་རྣམ་སྲས་ལྟ་བུའི་ཞབས་དཀར་བ། །ཐབས་མཁས་ཐུགས་རྗེའི་གྲུ་ཆེན་ལ། །བརྟེན་ནས་གདུལ་བྱ་མགྲོན་པོ་རྣམས། །འཁོར་བའི་ཆུ་བོ་ཆེ་ལས་སྒྲོལ། །རྗེ་མཉན་པ་ལྟ་བུའི་ཞབས་དཀར་བ། །

p. 73

མདོ་སྔགས་ཆོས་ཀྱི་སྨན་རྐྱལ་ཐོགས། །འགྲོ་ཀུན་ཉོན་མོངས་ནད་ཀུན་སེལ། །ཉམས་རྟོགས་ལུས་ཟུངས་རྒྱས་པར་བྱེད། །རྗེ་འཚོ་བྱེད་ལྟ་བུའི་ཞབས་དཀར་བ། །བདག་དང་འདིར་འཚོགས་བུ་སློབ་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བའི་ཕྱིར། །མགོན་ཁྱོད་ཐུགས་ལ་འཁྲུངས་པ་ཡི། །ཞལ་གདམས་ཟབ་མོ་གནང་དུ་གསོལ། །འདིས་མཚོན་དུས་གསུམ་དགེ་ཚོགས་རྣམས། །ཁྱེད་ཀྱིས་རྗེས་སུ་འཛིན་ཕྱིར་བསྔོ། །ཚེ་རབས་ཀུན་ཏུ་མགོན་ཁྱོད་དང་། །ནམ་ཡང་འབྲལ་བ་མེད་པར་ཤོག །ཅེས་ཕུལ་བའི་ལན་དུ། རང་གི་ཉམས་ལ་ཤར་བའི་ཞལ་གདམས་ཆོས་ཀྱི་སྙིང་ཁུ་འདི་བྱིན། འོ་དེ་ཡང་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་རྣམས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས། དང་པོ་མཚན་ལྡན་གྱི་བླ་མ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པས་རྒྱུད་སྦྱངས། དེ་ནས་དངོས་གཞི་སེམས་ངོ་སྐྱོང་ཚུལ་ནི། སྣང་གྲགས་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ནི། ནམ་མཁའི་འཇའ་ཚོན། ཆུ་ནང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་བཞིན། རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་ནས་མེད་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་། སྣང་སྟོང་དབྱེར་མེད་སེམས་ཀྱི་རོལ་བར་ཐག་གཅོད་ཅིང་། སེམས་

p. 74

ཉིད་ཀྱི་ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་གདལ་ཀློང་ཡངས་སྤྲོས་བློལ་ནམ་མཁའ་ལྟ་བུ་ཡིན་པ་ལ་ཡིན་པར་ཤེས་ནས། དེའི་ངང་ལ་མཉམ་པར་མཇོག་དུས། དཔེར་ན་རི་མཐོན་པོའི་རྩེ་ནས་། ཕྱོགས་ཀུན་ཏུ་བལྟས་པ་ལྟར་ཡངས་ཁྲོ་ལེར་ཞོག ཟང་ཐལ་ཁ་ཡན་དུ་སྐྱོངས་དང་། དཔེར་ན་ནམ་མཁའ་སྟོང་བ་ལ་བྱ་འཕུར་ན་རྗེས་མི་མངོན་པར་ཡལ་ནས་འགྲོ་བ་ལྟར། མཉམ་གཞག་ནམ་མཁའ་ལྟ་བུའི་ངང་དེར་གནས་ན་རྣམ་རྟོག་ཅི་ཤར་ཡང་། རྗེས་མི་མངོན་པར་རང་ཡལ་ལ་འགྲོ་བར་འགྱུར། དེ་ལྟར་སེམས་ངོ་སྐྱོང་ཤེས་ན་སྐབས་ཤིག་དགྲ་དང་གཉེན་ལ་ཁྱད་མེད། གསེར་དང་ས་རྡོ་ཁྱད་མེད། འདི་དང་ཕྱི་མ་ཁྱད་མེད། སེམས་དང་ནམ་མཁའ་ཁྱད་མེད་པའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཡོང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་སྒོམས་ལ་ཕན་པའི་སྨོན་ལམ་ཐོབས། །དངོས་སུ་ཕན་གང་ཐོགས་ལ་རེམ་དང་། ཚེ་འདིར་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ་ཞེས་ཉམས་མགུར་འདི་བླངས་སོ། །འགྲོ་བ་ནི་ཡོངས་ཀྱི་སྔོན་མ་ནས་མ་འདྲིས། །མཛའ་བཤེས་ནི་ཆེན་པོས་སངས་རྒྱས་རང་མཁྱེན་ནོ། །དུས་གསུམ་གྱི་སངས་རྒྱས་མི་གཟུགས་སུ་ཤར་བའི། །མཚན་ལྡན་གྱི་བླ་མའི་བཀའ་དྲིན་ལ་བརྟེན་ནས། །སངས་རྒྱས་ཀྱི་གསུང་

p. 75

ལ་ཡང་ཡང་དུ་སྦྱངས་པས། །མདོ་སྔགས་ཀྱི་གཞུང་ལུགས་གདམས་པ་རུ་ཤར་བྱུང་། །ཆོས་ཉིད་ཀྱི་ངང་ལ་མཉམ་པར་རང་བཞག་པས། །ཆོས་དབྱིངས་ཀྱི་ཕོ་བྲང་ཡངས་པོ་རུ་སླེབས་སོང་། །མ་གྱུར་གྱི་འགྲོ་ལ་སྙིང་རྗེ་། རང་བསྒོམས་པས། །བདག་པས་ནི་གཞན་གཅེས་བྱང་ཆུབ་སེམས་འབྱོངས་སྣང་། །གནས་ལུགས་ཀྱི་ངང་ནས་འགྲོ་དོན་རང་བྱས་པས། །མི་ཚེ་འདིར་འགྲོ་དོན་རྒྱ་ཆེན་ཞིག་འགྲུབ་བྱུང་། །སྟོང་ཉིད་དང་སྙིང་རྗེ་ཆོས་ཀུན་གྱི་སྙིང་པོ། །ཀུན་གྱིས་ནི་ཐུགས་དམ་མཐིལ་དུ་རང་ཟུངས་ཤིག །སྣང་གྲགས་ཀྱི་ཆོས་རྣམས་དཔེ་རུ་རང་བཀོད་ནས། །སངས་རྒྱས་ཀྱི་གསུང་རྣམས་མགུར་དབྱངས་སུ་བླངས་སོ། །བན་རྒན་ང་ཟས་གཙང་སྲས་པོ་ཡི་བུ་རྒྱུད། །ཆོས་གླུ་འདྲ་ལེན་ན་འདི་འདྲ་རང་བླངས་ཡོང་། །ཕྱི་རབས་ཀྱི་སྟོན་པའི་རྗེས་འཇུག་གི་ཚོགས་རྣམས། །དམ་ཆོས་ཀྱི་གླུ་དབྱངས་འདི་འདྲ་རང་ལོངས་ཤོག །ཅེས་བླངས་པས་ཕ་རྗེས་བུ་ཡིས་ཟིན་པར་གྱུར་ཏོ། །ཡང་དེ་དུས་ཆོས་འཇིག་རྟེན་གྱི་བློ་གྲོས་ཆེ་བའི་ཞོ་འོང་བླ་མ་ཆུང་བས། སྐྱབས་མགོན་རིན་པོ་ཆེ་ཁྱེད་ཕྱོགས་ཕྱོགས་སུ་ཕེབས་དུས་ལྟད་མོ་སྣ་ཚོགས་གཟིགས་པ་ངེད་འདིར་འཚོགས་སྤྲོ་བ་སྐྱེ་ཕྱིར་གསུང་བར་ཞུ་ཟེར་བའི་ལན་དུ་ངས་འདི་སྐད་ཅེས་སྨྲས། འོ་སྐལ་ལྡན་ཀུན་སྔོན་ཕ་དམ་པའི་བུ་ཆེན་འགའ་

p. 76

རེས། དམ་པ་རྒྱལ་ཁམས་ཀུན་ཏུ་བྱོན་ནས་ངོ་མཚར་ཆེ་བ་ཅི་གཟིགས་ཞུས་པས། དམ་པའི་ཞལ་ནས། ངས་ངོ་མཚར་ཆེ་བ་འགའ་རེ་མཐོང་། རྣལ་འབྱོར་པ་གཅིག་སྒོམ་སྒྲུབ་ཉའི་། ཁོག་པར་བྱེད་པ་མཐོང་། གཟིགས་མོ་རྒྱ་མཚོའི་གཏིང་དུ་བལྟ་བ་མཐོང་། སྐྱོ་བསང་རི་བོའི་རྩེ་ལ་བྱེད་པ་མཐོང་། སེམས་ཅན་ཕག་པའི་ལུས་པོ་ལ། བྱའི་མགོ་ཅན་མཇུག་མ་སྦྲུལ་ལས་བྱས་པ་སྒོ་ང་དྲུག་མིག་ནས་སྐྱེས་པ་མཐོང་། ཤིང་ལོ་གཅིག་ཐོགས་ནས་ནམ་མཁའ་ལ་འཕུར་བ་མཐོང་། མེ་ཏོག་ཅིག་ལྟོར་ཟོས་པས་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་ཡང་མཐོང་། ཆུ་ཕོར་གང་འཐུངས་པས་ཚེ་ཉི་ཟླ་དང་མཉམ་པ་ཡང་མཐོང་། ཤ་ཁམ་གཅིག་ཟོས་པས་དངོས་གྲུབ་བརྙེས་པ་ཡང་མཐོང་། རྣལ་འབྱོར་པ་ཅིག་གིས་རྡོའི་མི་ལ་ཆོས་བཤད་པས། རུས་སྦལ་གྱི་རྣ་བར་ཐོས། དེ་རྒྱལ་པོའི་བཙུན་མོའི་ཉམས་སུ་བླངས་པས་གྲུབ་པ་དོང་ནང་གི་བཙོན་བུས་ཐོབ་པ་ཡང་མཐོང་གསུངས་པས་ཀུན་ཡ་མཚན་པར་གྱུར་ཏོ། །ངས་དེ་ལྟ་བུའི་ངོ་མཚར་ཆེ་བ་མང་པོ་མ་མཐོང་མོད། འོན་ཀྱང་ཁྱེད་ཚོར་བལྟས་ན་ཡ་མཚན་ཅན་གྱི་ལྟད་མོ་སྣ་ཚོགས་མཐོང་ཞེས་མགུར་དབྱངས་འདི་བླངས་སོ། །རྗེ་བླ་མ་དཀོན་མཆོག་ཐུགས་རྗེ་ཡིས། །ངར་ཕྱོགས་མེད་རྒྱལ་ཁམས་མང་པོ་དང་། །གནས་ངེས་མེད་རི་ཁྲོད་

p. 77

འགྲིམ་རྒྱུ་བྱུང་། །དེའི་ཞོར་ལ་ལྟད་མོ་སྣ་ཚོགས་མཐོང་། །དགུན་མེ་ཏོག་བཀྲ་བའི་ཡུལ་ཕྱོགས་མཐོང་། །ཕྱིའི་རྒྱ་མཚོའི་གླིང་གི་མི་ཞིག་མཐོང་། །དུས་རྒྱུན་དུ་འབར་བའི་མེ་ཞིག་མཐོང་། །རྡོ་ཀ་མ་རུ་བའི་སྐུ་ཞིག་མཐོང་། །རྗེ་མི་ལ་བཞུགས་པའི་གཡག་རྭ་མཐོང་། །མ་ལབ་ཀྱི་སྒྲོལ་མའི་ཞབས་རྗེས་མཐོང་། །རྗེ་གྲུབ་ཐོབ་མོདའ་འཕྱར་ཕུར་བ་མཐོང་། །དཔལ་ཐང་སྟོང་རྒྱལ་པོའི་ལྕགས་ཟམ་མཐོང་། །མིའི་ཕོ་ཁར་རྡོ་བཞག་གཅོག་པ་མཐོང་། །གྲི་རྣོན་པོའི་ཁ་ནས་ལངས་པ་མཐོང་། །ཤིང་རིང་པོའི་རྩེ་ནས་འཁྲབ་པ་མཐོང་། །རྩེའི་མར་ལ་ཐག་ཤུད་བྱེད་པ་མཐོང་། །ཡུལ་རྒྱ་གར་རུས་སྦལ་གསོན་པོ་མཐོང་། །བྱ་ནེ་ཙོས་མི་སྐད་སྨྲ་བ་མཐོང་། །མི་ཁ་རྒོད་རྡོ་རྗེ་རྣམ་རྒྱལ་མཐོང་། །འབྲས་དཀར་པོ་བསམ་པའི་དོན་འགྲུབ་མཐོང་། །ཁྱེད་རྣམས་ཀྱང་གནས་མཇལ་བྱེད་དུ་སོང་། །ངོ་མཚར་བའི་ལྟད་མོ་མཐོང་བར་འགྱུར། །ད་ས་བལྟ་ཡུལ་བལྟའི་ཕྱིར་དུ་ཡང་། །དབུས་ཡར་ཚོ་ལན་རེ་འགྲོ་ཐུབ་ལྟོས། །ཞེས་བླངས་པས་དེར་འཚོགས་པ་རྣམས་རབ་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏོ། །། ཡང་ཟླ་བ་བཞི་བའི་ནང་ལ་ཆོས་ཐོག་དང་སྨྱུང་གནས་བཟུང་། བན་བོན་སྔགས་གསུམ་གྱིས་གཙོ་བྱས་དང་དད་ཅན་གྱི་སྐྱེ་བོ་ཕོ་མོ་བརྒྱ་ཕྲག་མང་པོ་ལ་ཐུན་མོང་གི་ཆོས་

p. 78

བཤད། དབང་ལུང་མང་པོ་དང་། སེམས་འཁྲིད་འདྲ་བྱས་པས་ཀུན་གྱི་སེམས་ལ་ཕན་པོ་བྱུང་། ཐམས་ཅད་སོ་སོར་གྱེས་ཁར་ཀུན་གྱིས་ཁྱེད་ད་ལོ་ཕྱོགས་གཞན་གྱི་འགྲོ་དོན་ལ་ཕེབས་སོང་ན། མིའི་སྐྱེ་འཆི་ལ་ཁྲིགས་ཁྲིགས་མི་འདུག་པས་ཕྱིན་ཆད་མཇལ་བ་དཀའ་མོ་རེད། །ད་རེ་ཀུན་ལ་ཕན་པའི་ཞལ་གདམས་ཟབ་མོ་ཞིག་གནང་དགོས་ཞེས་ཞུས་ཚེ། ངས་འདི་སྐད་ཅེས་སྨྲས། འོ་ཁྱེད་འདིར་འཚོགས་བན་བོན་སྔགས་གསུམ་གྱིས་གཙོ་བྱས་པའི་སྐལ་ལྡན་གྱི་སློབ་མ་ཀུན་མ་གཡེངས་པར་ལེགས་པར་ཉོན་ཅིག དཔེར་ན་རྒྱུན་བཟང་གི་ཆུ་བོ་ཆེན་པོའི་མགོ་དེ་གངས་ལ་ཐུག་པ་བཞིན། ངའི་གདམས་ངག་གི་ཕུགས་ཀྱི་ཐུག་ས་བདག་ཅག་གི་སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་གྱི་གསུང་རབ་མདོ་སྔགས་ཀྱི་ཆོས་དང་། རྒྱ་བོད་ཀྱི་མཁས་གྲུབ་གོང་མའི་ལེགས་བཤད་རྣམས་ཡིན་པས། དེ་ལས་ལྷག་གི་གདམས་ངག་ཅིག་བཤད་གཏོང་རྒྱུ་མེད། ཁྱེད་རྣམས་ཀྱིས་ད་ཕྱིན་ཆད་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ཀྱིས་གཙོ་བྱས་པའི་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་བཞིན་གསུང་རབ་རྣམས་ལ་ལེགས་པར་ལྟོས་དང་། ཞལ་གདམས་ཟབ་མོ་བརྒྱ་དགོས་ན་སྟོང་འདུག དེ་ལ་དགོངས་ནས་སངས་རྒྱས་གཉིས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། དགེ་བའི་བཤེས་གཉེན་མདོ་སྡེ་ལ་འཆོས་

p. 79

ཞེས་ཞལ་ཆེམས་སུ་གསུངས་ཤིང་། མཉམ་མེད་པོ་ཏོ་བས་ཀྱང་། ད་ལྟ་དཔེ་ཆ་ལ་བལྟ་བ་ལ་འབད་ན། ཉམས་ལེན་པ་མིན་པ་ཙམ་དུ་བརྩི་བར་སྣང་སྟེ། མིན་ན་ཡང་མིན། ནད་ཁྱགས་པར་བྱ་ཡི། གཞུང་ཆེན་པོ་རྣམས་ལ་བལྟ་བ་ལ་འབད་དགོས་གསུངས་པ་དང་། ཕུ་ཆུང་བའི་ཞལ་ནས། ང་ནི་རྒས་ཁར་མདོ་སྡེ་མཛངས་བླུན་ལ་ཁ་གླན་སོང་གསུངས་པ་ལྟ་བུར་བྱེད་དགོས། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། དེ་ཡང་ནས་ཕུང་ཆེན་པོའི་དབུས་ནས། ནས་རྡོག་གཅིག་ཁོ་ན་བཏོན་ནས། འདི་ནས་ཡིན་གྱི་གཞན་མིན་ནོ་ཞེས་ནས་ཕུང་དོར་ནས། ནས་རྡོག་གཅིག་ལ་རྩིས་བྱེད་ན་དབུལ་བོར་འགྱུར་བ་བཞིན། གསུང་རབ་དཔག་ཏུ་མེད་པ་དོར་ནས། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་འདི་གདམས་ངག་ཡིན་ནོ་ཞེས་རྩིས་བྱེད་ཅིང་། གདམས་ངག་གི་དབུལ་བོར་གྱུར་པ་རྣམས་ཀྱི་རྗེས་སུ་མི་འབྲང་བར། ནས་ཕུང་ཐམས་ཅད་ནས་སུ་བྱེད་ཤེས་པས་ཕྱུག་པོར་འགྱུར་བ་བཞིན། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤེས་པར་བྱས་ལ་གདམས་ངག་གིས་ཕྱུག་པར་བྱའོ་ཞེས་གསུངས་པ་ལྟར། བཀའ་འགྱུར་བསྟན་འགྱུར་མཁས་གྲུབ་གོང་མའི་གསུང་འབུམ་རྣམས་ལ་བལྟས་ནས། རང་རྒྱུད་གདམས་ངག་གིས་ཕྱུག་པར་བྱའོ་

p. 80

ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། །ཆུ་མགོ་གངས་ལ་ཐུག་འདྲ་བའི། །གདམས་པ་ཀུན་གྱི་ཐུག་ས་མཆོག །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །རྒྱ་བོད་མཁས་གྲུབ་རྣམས་ལ་འདུད། །དམ་པ་གོང་མ་ཐམས་ཅད་ཀྱི། །གསུང་རབ་དགོངས་འགྲེལ་མ་ལུས་པ། །གདམས་པའི་མཆོག་ཏུ་ལེགས་ཤེས་ཏེ། །སངས་རྒྱས་ལས་ཀྱང་གུས་པར་བྱེད། །ཁྱད་པར་འཕགས་པའི་མཆོད་པ་ཡིས། །མཆོད་ཅིང་མདོ་རྒྱུད་བསྟན་བཅོས་རྣམས། །དཔག་ཚད་སྟོང་དུ་བལྟ་ཕྱིར་འགྲོ། །དེས་ན་སྐད་ཅིག་རེ་རེ་ཡང་། །དམ་པའི་ཆོས་ཀྱི་རྙེད་པ་ནི། །རི་རབ་ལྷུན་པོའི་ཚད་ཙམ་རྙེད། །ཆུ་ལྷུར་ཆུ་ཡིས་མི་ནོན་ལྟར། །གོ་འཕང་བླ་ན་མེད་པར་འགྲོ། །དེས་ན་མདོ་རྒྱུད་བསྟན་བཅོས་ཀྱིས། །མན་ངག་ཐམས་ཅད་སྟོན་པས་ན། །སྟོན་པའི་མདོ་རྒྱུད་བསྟན་བཅོས་ཉིད། །མན་ངག་ཀུན་གྱི་རབ་དང་ཕུལ། །མཆོག་དང་གཙོ་བོར་ཤེས་གྱིས་ལ། །རྣམ་རྟོག་སྤྲོས་པ་ཀུན་སྤངས་ནས། །དུས་དང་རྣམ་པ་ཐམས་ཅད་དུ། །གསུང་རབ་མཆོག་རྣམས་བལྟ་བར་གྱིས། །མདོ་རྒྱུད་བསྟན་བཅོས་མན་ངག་གི །མཆོག་ཏུ་ཤེས་ཤིང་བློ་ཁེལ་ནས། །བལྟ་རྟོགས་གུས་པར་བྱེད་པ་ལ། །རྨོངས་པ་འབྱུང་བ་ག་ལ་སྲིད། །ལུང་དང་རིག་པ་མཐའ་ཡས་པའི། །སྒོ་ནས་རྣམ་གྲངས་མཐའ་ཡས་

p. 81

པར། །སྟོན་པའི་གསུང་རབ་དགོངས་འགྲེལ་ལ། །བལྟས་པས་མཁས་པའི་མཆོག་ཏུ་འགྱུར། །མདོ་རྒྱུད་བཀླགས་པ་རང་ལ་ཡང་། །ཕན་ཡོན་མཐའ་ཡས་མུ་མེད་གསུངས། །དེ་ཕྱིར་དུས་རྣམ་ཐམས་ཅད་དུ། །རྒྱལ་བའི་གསུང་ལ་བལྟ་བར་གྱིས། །རྟག་ཏུ་དམ་ཆོས་མཆོད་བྱེད་ཅིང་། །ཉན་དང་ཀློག་དང་འཛིན་པ་དང་། །ཚུལ་བཞིན་སེམས་དང་བསྒོམ་པ་ལ། །རབ་བརྩོན་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་རྒྱལ་བའི་གསུང་རབ་དགོངས་འགྲེལ་རྣམས་ལ་བལྟས་པའི་ཕན་ཡོན་འདི་ནི་སྤྱན་སྔ་བའི་གསུང་ལྟར་ཡོངས་ལ་གདམས་པས་བློ་ལྡན་ཕལ་ཆེ་བ་ཞིག་གིས། ངས་བཤད་པ་ལྟར་རྒྱལ་བའི་གསུང་རབ་དགོངས་འགྲེལ་རྣམས་ལ་བལྟས་ནས་ཐོས་པ་བཙལ་བས། རྒྱལ་བའི་གསུང་གི་བྱིན་རླབས་ཀྱིས་གོ་རྒྱུ་ཆེན་པོ་བྱུང་། ངའི་རྣམ་ཐར་མགུར་འབུམ་ལེགས་བཤད་གླེགས་བམ་རྣམས་ཀྱང་གདམས་པའི་མཆོག་ཏུ་གོ་ནས། སྔས་མགོ་རུ་བཞག་སྐབས་སྐབས་ཉམས་སུ་བླངས་པས། ཡར་མངོན་མཐོ་ལྷ་མིའི་གོ་འཕང་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སྐལ་བ་ཅན་གྱི་ཆོས་མཛད་སྐྱེ་བོ་ཕོ་མོ་མང་པོ་བྱུང་ངོ་། །དེ་ནས་ཟླ་བ་དྲུག་པའི་ཚེས་པ་བཅུའི་སྔ་དྲོ་དབེན་གནས་བཀྲ་ཤིས་འཁྱིལ་

p. 82

བ་ནས་ཆས་ཏེ། དེ་ན་བཞུགས་པའི་དགེ་འདུན་པ་ཐམས་ཅད་དང་། དེར་འདུག་པའི་གྲྭ་པ་བཙུན་མ་སློབ་མ་ཡོན་བདག་དད་ཅན་མང་པོས་མར་གྱི་ལ་མགོའི་ཉག་ཁ་བར་དུ་བསྐྱལ་ཚེ། དེར་འཚོགས་པ་རྣམས་ལ་ངས་ཕྱོགས་མེད་ཀྱི་རི་ཁྲོད་རྣམས་ལ་གནས་འབྲེལ་བཞག་ནས་སླར་འོང་ཞེས་མགུར་དབྱངས་འདི་བླངས་སོ། །རྒྱ་གར་གྲོང་ཁྱེར་བདེ་ལྡན་ན་གནས་པའི། །དེད་དཔོན་བཟང་པོ་གྲུ་གཟིངས་ལ་ཞུགས་ནས། །ཉམས་དགའ་རིན་ཆེན་གླིང་མཆོག་ཏུ་ཆས་འགྲོ། །རེ་ཞིག་བདེ་ལྡན་སྐྱེ་བོ་ཚོར་བྲལ་ཡང་། །སེམས་འཕྲེང་མི་དགོས་བདེ་བ་རུ་སྡོད་དང་། །ནོར་བུ་བླངས་ནས་བདེ་ལྡན་དུ་སླེབ་ཡོང་། །མ་ཕམ་གཡུ་ཡི་མཚོ་ནང་ན་གནས་པའི། །འགྱུར་ལྕམ་ཉ་མོ་ཆུ་གཞུང་ལ་ཞུགས་ནས། །རབ་དཀར་གངས་རིའི་གླིང་མཆོག་ཏུ་ཆས་འགྲོ། །རེ་ཞིག་གསེར་མིག་ཉ་ཆུང་ཚོར་བྲལ་ཡང་། །སེམས་འཕྲེང་མི་དགོས་བདེ་བ་རུ་སྡོད་དང་། །གངས་ཆུ་འཐུངས་ནས་གཡུ་མཚོ་རུ་སླེབ་ཡོང་། །ལྷོ་རོང་བྲག་གི་སྦྲང་ཚང་ན་གནས་པའི། །སྟག་ཆུང་བུང་བ་ལྷ་ལམ་ལ་ཞུགས་ནས། །མེ་ཏོག་སྣ་ཚོགས་གླིང་མཆོག་ཏུ་ཆས་འགྲོ། །རེ་ཞིག་གཡུ་སྦྲང་གཞོན་ནུ་ཚོར་བྲལ་ཡང་། །སེམས་འཕྲེང་མི་དགོས་བདེ་བ་རུ་སྡོད་དང་། བཅུད་བཟང་མྱངས་

p. 83

ནས་སྦྲང་ཚང་དུ་སླེབ་ཡོང་། །དབེན་གནས་བཀྲ་ཤིས་འཁྱིལ་བ་རུ་གནས་པའི། །རྣལ་འབྱོར་དཔོན་སློབ་བདེ་ལམ་ལ་ཞུགས་ནས། །ཕྱོགས་མེད་རི་ཁྲོད་ཉམས་དགའ་རུ་ཆས་འགྲོ། །རེ་ཞིག་དད་ཅན་ཕོ་མོ་ཚོར་བྲལ་ཡང་། །སེམས་འཕྲེང་མི་དགོས་བདེ་བ་རུ་སྡོད་དང་། །གནས་འབྲེལ་བཞག་ནས་ཡུལ་ཕྱོགས་སུ་སླེབ་ཡོང་། །གལ་ཏེ་མ་སླེབས་ཤི་བ་འདྲ་བྱུང་ན། །ལོ་ལོན་ཡིན་པས་འགྱོད་པ་རང་མི་དགོས། །ཐུགས་དགོངས་རྫོགས་ཕྱིར་མཆོད་མེ་འདྲ་ཞོག་དང་། །ཕྱི་མར་མངོན་དགའི་ཞིང་ཁམས་ནས་མཇལ་ཡོང་། །ཞེས་བླངས་པས་དེར་འཚོགས་པའི་དད་ཅན་ཕལ་ཆེར་གྱི་བསམ་པ་ལ། མི་ཡི་སྐྱེ་འཆི་ལ་ངེས་པ་མེད་ཕྱིན་ཆད་ཚོ་ཨེ་མཇལ་ཅི་ཤེས་སྙམ་སེམས་སྐྱོ་བའི་ཤུགས་ཀྱིས། མིག་ནས་མཆི་མ་གཡོ་ཞིང་ང་ལ་ལྟ་བཞིན་འདུག ངས་ཀྱང་སྐབས་རེར་ཕྱི་མིག་འདྲ་ལྟ་བཞིན་འོང་། དེ་ནས་ཐམས་ཅད་སྔ་ཕྱི་བྱས་རང་རང་གི་ཡུལ་དུ་སོང་། སྡིག་སྤོང་དགེ་སྒྲུབ་ལ་བརྩོན་པར་གྱུར་ཏོ། །ཡང་ཞོ་འོང་བརྒྱུད་ནས་གླིང་རྒྱའི་སྔགས་ཁང་དུ་སོང་། སྔོན་སྦྱངས་ལས་ཀྱི་འཕྲོ་ཅན་དགུ་རོང་སྤྲུལ་སྐུ་དང་། འཇམ་དཔོན་པོ། མདོ་སྔགས་བསྟན་འཛིན། ལྷ་པ། གླིང་རྒྱའི་གཡུང་དྲུང་རྣམ་རྒྱལ།

p. 84

སྔགས་རྒན་པདྨ་ཚེ་རིང་། དཀོན་མཆོག་རྡོ་རྗེ། སྙིང་འབུམ་རྒྱལ། ཕག་མོ་ཚེ་རིང་སོགས། འཇམ་གླིང་སྨད་པའི་སྔགས་པ་ཕལ་ཆེ་བ་ཞིག་ལ། རྟ་ཕག་ཡིད་བཞིན་ནོར་བུའི་དབང་། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་སོགས་བྱས། རྫོགས་ཆེན་མ་རིག་མུན་སེལ་གྱི་ལུང་ཁྲིད་འདྲ་བྱས་པས། བླ་མ་ལ་མོས་གུས། མཆེད་གྲོགས་ལ་བརྩེ་གདུང་། སེམས་ཅན་ལ་སྙིང་རྗེ། ཆོས་ལ་དག་སྣང་འབྱོངས་པ་དང་། སེམས་ཉིད་ཀྱི་རང་ཞལ་མཇལ་བ་མང་པོ་བྱུང་། དེ་དུས་སྔོན་སྦྱངས་ལས་ཀྱི་འཕྲོ་ཅན་རིག་བཟང་བློ་གསལ་ང་རྒྱལ་མེད་ཅིང་སྙིང་རྗེ་ཆེ་ལ་བླ་མ་ལ་གུས་པའི་དགུ་རོང་སྤྲུལ་པའི་སྐུས། ཉིན་ཅིག་དྲི་མ་མེད་པའི་ལྷ་རྫས་རིན་ཆེན་མཎྜལ་བཟང་པོ་ཕུལ་ནས་ཞལ་གདམས་ཟབ་མོ་ཞིག་དགོས་ཞེས་ཞུ་དོན་གླུ་དབྱངས་སུ་ཕུལ་བ། །ཚོགས་གཉིས་རྒྱ་མཚོ་ཆེ་ལས་འཁྲུངས། །ཐུགས་རྗེ་འོད་ལ་ཕྱོགས་རིས་མེད། །འགྲོ་ཀུན་མ་རིག་མུན་པ་སེལ། །རྗེ་ཉི་མ་ལྟ་བུའི་རྣལ་འབྱོར་པ། །སྒྲིབ་གཉིས་སྒོ་ངའི་རྒྱ་ལས་གྲོལ། །ཐབས་ཤེས་གཉིས་ཀྱི་གཤོག་སྒྲོ་རྒྱས། །ཐམས་ཅད་མཁྱེན་པའི་མཁའ་ལ་ལྡིང་། །རྗེ་ཁྱུང་ཆེན་ལྟ་བུའི་རྣལ་འབྱོར་པ། །ལུས་ལ་སྐུ་གསུམ་རྩོལ་གསུམ་རྫོགས། །ཡེ་ཤེས་ལྔ་ཡི་གཡུ་རལ་རྒྱས། །བོད་ཡུལ་གངས་ཅན་ཁྲོད་

p. 85

ཀྱི་རྒྱན། །རྗེ་སེང་གེ་ལྟ་བུའི་རྣལ་འབྱོར་པ། །ལུང་གི་ཆོས་ཀྱི་ཡལ་འདབ་རྒྱས། །རྟོགས་པའི་ཆོས་ཀྱི་འབྲས་བུ་སྨིན། །གདུལ་བྱ་འདོད་ལྷའི་རེ་བ་སྐོང་། །རྗེ་དཔག་བསམ་ལྟ་བུའི་རྣལ་འབྱོར་པ། །འབད་དང་རྩོལ་བ་མི་དགོས་པར། །མཆོག་དང་ཐུན་མོང་དངོས་གྲུབ་ཀྱིས། །སེམས་ཅན་ཡོངས་ཀྱི་རེ་བ་སྐོང་། །རྗེ་ནོར་བུ་ལྟ་བུའི་རྣལ་འབྱོར་པ། །བདག་དང་མ་འོངས་གདུལ་བྱ་ཡི། །ནང་གི་སེམས་ལ་ཕན་པའི་ཕྱིར། །ཁྱེད་ཀྱི་ཐུགས་ལ་ཤར་བ་ཡི། །ཟབ་མོའི་གདམས་པ་བསྟན་དུ་གསོལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །འབྲལ་བ་མེད་པར་རྗེས་སུ་ཟུངས། །ཅི་གསུང་བཀའ་བཞིན་བསྒྲུབ་ནུས་པར། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ཕུལ་བའི་ལན་དུ། རང་གི་སེམས་ལ་ཤར་བའི་ཞལ་གདམས་ཆོས་ཀྱི་ཡང་སྙིང་འདི་བྱིན། འོ་དེ་ཡང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་འདོད་པའི་གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས། དང་པོ་ཚེ་འདི་བློ་ཡིས་བཏང་ནས་མཚན་ལྡན་གྱི་བླ་མ་བསམ་དང་སྦྱོར་བས་ཚུལ་བཞིན་དུ་བསྟེན་ཏེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱིས་རྒྱུད་སྦྱངས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ལ་ཅི་ནུས་སུ་སློབ་ཅིང་། ཁྱད་པར་རང་ལ་ངེས་དོན་སྟོན་པའི་བླ་མ་དེ་ཉིད་རྒྱལ་ཀུན་འདུས་པའི་རང་

p. 86

གཟུགས་སུ་བལྟས་ནས་སྤྱི་བོར་བསྒོམས་ཏེ་གསོལ་བ་བཏབ། དབང་བཞི་བླངས་ཐུགས་ཡིད་བསྲེས་ལ། དེ་ནས་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཉིད་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་འཇོག་དུས། དཔེར་ན་རི་མཐོན་པོའི་རྩེ་ནས་ནམ་མཁའ་ཡངས་པ་ལ་བལྟས་པ་ལྟར། དམིགས་གཏད་ཆོས་མེད་ཧར་ལས་རྒྱ་ཡན་ཆེན་པོའི་ངང་དུ་ཡངས་ཕྱལ་ལེར་ཐོངས། མཐའ་བྲལ་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་དུ་དགའ་ཡལ་ལེར་གནས་པ་ཞིག་གྱིས་དང་། རྣམ་རྟོག་ཐམས་ཅད་རང་སར་ཡལ་ནས་རྟོགས་པ་ནམ་མཁའ་དང་མཉམ་པ་ཡོང་། དེ་ལྟར་མ་རྟོགས་པའི་མ་གྱུར་འགྲོ་ལ་སྙིང་རྗེ་སྒོམས་ལ་ཕན་པའི་སྨོན་ལམ་ཐོབས། ཕན་གང་ཐོགས་ལ་རེམ་དང་ཚེ་འདིར་རང་གཞན་གྱི་དོན་རྒྱ་ཆེན་པོ་དང་། ནམ་ཞིག་འཆི་བ་ཆོས་སྐུ་རུ་གྲོལ་ནས་གཟུགས་སྐུ་འགྲོ་བའི་དོན་ལ་འབྱུང་བར་འགྱུར་རོ་ཞེས་མགུར་དབྱངས་འདི་བླངས་སོ། །བོད་ཡུལ་ལ་བཀའ་དྲིན་སངས་རྒྱས་ལས་ལྷག་པའི། །རྒྱལ་ཀུན་གྱི་ཐུགས་སྤྲུལ་ཨོ་རྒྱན་ཁོང་མཁྱེན་ནོ། །རྣལ་འབྱོར་པ་གུ་ཡངས་བློ་བདེ་ང་སྐྱིད་པ། །སྐྱིད་དགའ་ཡི་ངང་ནས་གླུ་དབྱངས་འདི་ལེན་ནོ། །བླ་མ་ཡི་དྲིན་གྱིས་ཆོས་ཀུན་གྱི་གནས་ལུགས། །སྟོང་པ་

p. 87

ཉིད་ནམ་མཁའ་ལྟ་བུ་རུ་རྟོགས་བྱུང་། །མཉམ་གཞག་གི་ཐང་མ་ཕྱོགས་བཅུ་རུ་བརྡལ་པས། །སྡུག་བ ཙིར་གྱི་འཆིང་བ་ལྷོད་གྲོལ་ལ་ལངས་སོང་། །འོད་གསལ་གྱི་ནམ་མཁའ་མཐའ་ནས་རང་ལངས་པས། །བྱིང་རྒོད་ཀྱི་མུན་པ་རང་ཡལ་ལ་བུད་སོང་། །བདེ་གསལ་དང་མི་རྟོག་ཏིང་འཛིན་རོས་མྱོས་ནས། །ཉིན་མཚན་ཀུན་གར་ཤོར་མི་ཤེས་པ་སྐྱིད་དོ། །ནམ་ཞིག་ནི་འཆི་བ་ཆོས་སྐུ་རུ་གྲོལ་བའི། །བློ་གདེང་ཞིག་སེམས་ལ་རྙེད་པ་འདི་ངོ་མཚར། །ཉམས་སྣང་དང་རྨི་ལམ་བཟང་པོ་རང་ཡོང་སྣང་། །མཚན་ལྡན་གྱི་བླ་མའི་བཀའ་དྲིན་དུ་གོ་བྱུང་། །རྣལ་འབྱོར་ང་ཨོ་རྒྱན་པདྨ་ཡི་བུ་རྒྱུད། །ཉམས་མགུར་འདྲ་ལེན་ན་འདི་འདྲ་རང་བླངས་ཡོང་། །ཨོ་རྒྱན་གྱི་རྗེས་འཇུག་རིག་འཛིན་གྱི་ཚོགས་རྣམས། །དབེན་པ་རུ་ཉམས་མགུར་འདི་འདྲ་རང་ལོངས་ཤིག །ཅེས་བླངས་པས་སྤྲུལ་སྐུ་རིན་པོ་ཆེའི་རྒྱུད་སྨིན་ཅིང་གྲོལ་བ་བྱུང་ངོ་། །ཡང་དབུས་གཙང་དག་པའི་ཞིང་གི་སངས་རྒྱས་གཉིས་པ་ཇོ་བོ་རྗེ་ཡབ་སྲས་རྣམས་བཞུགས་པའི་ཡེར་པ་ལྷ་རི་སྙིང་པོའི་མགུལ་དང་མཚུངས་པའི་ཨ་མྱེས་ལྷ་རིའི་ངོས་སྔགས་འཆང་གནམ་ལྷ་བྱམས་ཀྱི་མཚམས་ཁང་ས་ཆ་ཁོད་ཡངས་པོ་དེ་ནས། འཇམ་གླིང་སྨད་པའི་ཕྱོགས་ཀྱི་དད་ཅན་སྐྱ་སེར་ཕོ་མོ་བརྒྱ་ཕྲག་མང་པོ་ལ་ཆོས་བཤད་གཞན་ཕན་

p. 88

ཉི་མའི་ལུང་བྱས་པས། མི་འགའ་རེས། ཁོང་དབུས་ཕྱོགས་ནས་མདོ་སྨད་འདིར་ཕེབས་ནས་ད་བར་དུ་འདི་འདྲའི་ཆོས་བཤད་རྒྱས་པ་ཞིག་མ་བྱུང་། ད་ལོ་སྐལ་བ་བཟང་པོ་བྱུང་ཟེར་ཀུན་གྱི་ཡིད་ཚིམས་པ་བྱུང་། དད་ཅན་འགོ་བ་དཔལ་ལོ་ན་རེ། ཁོང་གིས་དེ་རིང་ཚོ་ལས་རྒྱུ་འབྲས་ཀྱི་ཆོས་ཟབ་མོ་མང་པོ་གསུངས་པ་བཀའ་དྲིན་ཆེ་སྟེ། དེང་སང་དུས་ཀྱི་སྟབས་ཤིག་ཡིན་ནམ་ཆོས་པ་འཇིག་རྟེན་པ་གཉིས་ཀྱི་ནང་ན་ལས་རྒྱུ་འབྲས་བརྩི་མཁན་མི་འདུག་ཟེར། དེའི་ལན་དུ་ངས་འདི་སྐད་སྨྲས། འོ་ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ལས་རྒྱུ་འབྲས་ཡིན། ལས་རྒྱུ་འབྲས་ཡོད་པར་བལྟ་བ་འདི་ཆོས་པ་འཇིག་རྟེན་པ་ཐམས་ཅད་ལ་གལ་ཆེ་སྟེ། དེའི་རྒྱུ་མཚན་སྔོན་དགེ་སློང་ཤགས་ཕམ་པ་ཞིག་གིས། དགེ་འདུན་པ་རྣམས་ལ་ཁྱེད་ནི་བུད་མེད་དུ་ཟད་དོ་ཞེས་འཐབ་མོས་བརྒལ་བས། དགེ་སློང་དེ་མཐོང་ཆོས་དེ་ཉིད་དུ་སྐྱེས་པའི་མཚན་ནུབ་ནས། མོ་མཚན་ཅན་དུ་གྱུར་པ་དང་། སྔོན་ཙི་ནའི་ཡུལ་དུ་བསྟན་པ་བྱུང་ནས་རིང་པོ་མ་ལོན་པ་ཞིག་ན། ཧྭ་ཤང་མིང་ལྡན་ཞེས་པའི་དགེ་སློང་ཐོས་པ་མང་བ་ཞིག་གིས་ཆོས་སྨྲ་བ་གཞན་ལ། སྦྲུལ་དང་འདྲ་བའི་བསྟན་བཅོས་བྱས་པས། གཞན་ཞིག་ཏུ་སྦྱིན་བདག་གི་ཆོས་སྟོན་ལ་ཕྱིན་པ་ན། ལམ་དུ་ཆོས་གོས་ཕུད་དེ་གཅེར་བུར་འགྲེ་ལྡོག་བྱེད་ཅིང་

p. 89

ལག་པ་གཉིས་རྩིབ་ལོགས་ལ་འབྱར། རྐང་པ་གཉིས་གཅིག་ཏུ་གྱུར་ནས་ཕྲ་ཞིང་རིང་པར་གྱུར་པ་དང་། ཟླ་བོ་རྣམས་ལ། སྤྲུལ་དཔེའི་བསྟན་བཅོས་ཀྱི་རྣམ་སྨིན་མྱོང་དགོས་ཤས་ཆེ་བས། འདུ་ཤེས་མ་འགྱུར་གོང་ཁྱེད་རྣམས་བྲོས་ཤིག་བྱས་པས་འགའ་ཞིག་བྲོས། འགའ་ཞིག་ཤིང་ལ་འཛེགས། མགོ་བོ་ཙམ་འགྱུར་དཀའ་བར་སྣང་ཟེར། མཇུག་རྩེས་མགོ་ལ་ཡང་ཡང་བརྡེགས་པས། ཐོད་པ་གས་ཏེ་མགོ་ཟུང་རལ་པའི་ནང་ནས་སྦྲུལ་མགོ་བྱིལ་ལེ་བ་བྱུང་ནས་ནགས་ཀྱི་གསེབ་ཏུ་སོང་བའི་ལོ་རྒྱུས་དང་། ཉུག་རུམ་ཞིག་གིས་གླང་དག་རླིག་པ་འབྱིན་པ་མཐོང་ནས། བདག་ཀྱང་འདི་འདྲ་བའི་སྡུག་བསྔལ་བར་གྱུར་ཏོ་སྙམ་པའི་བསམ་པ་དྲག་པོས་གླང་དེ་དག་གི་རྨིག་པ་ཕྱུང་བ་ལས་བཏང་བ་དང་། ཉུག་རུམ་པ་དེ་མཐོང་བའི་ཆོས་ཉིད་ལ་དབང་པོ་དང་ལྡན་པར་གྱུར། སྔོན་བྲམ་ཟེ་བཟའ་མི་གཉིས་ཀྱིས་རང་སངས་རྒྱས་ཤིག་ལ་ཆོས་སྟོན་ཞིག་དྲངས་པས། ཚེ་དེ་ཉིད་ལ་ཞིང་གི་ཐོག་ཏུ་གསེར་གྱི་སྙེ་མ་འཁྲུངས་པ་བྱུང་། སྔོན་རྒྱན་པོ་རྒྱལ་བ་ཞེས་བྱ་བ་ཤིན་ཏུ་དབུལ་ཞིང་ཕོངས་པ་ཞིག་གིས། ཆོས་སྨྲ་བ་ཞིག་ལ་རང་གི་སྟོད་གཡོགས་སྨད་གཡོགས་གཉིས། གདུགས་གཅིག་ལྷམ་གཅིག་འགྲོན་བུ་སྤར་གང་ཕུལ་བས། ཁྱིམ་དུ་སླེབས་པ་ན་ཁྲོན་པའི་

p. 90

ནང་ནས་གསེར་བུམ་པ་བདུན་བྱུང་། ཡུལ་དེའི་རྒྱལ་པོ་ཐོབ་པ་བྱུང་། སྔོན་ཕྲེང་ལྡན་མས་སངས་རྒྱས་ལ་བསོད་སྙོམས་ལྷུང་བཟེད་གང་ཕུལ་ནས། དགེ་བའི་རྩ་བ་འདིས་བདག་བྲན་མོ་དང་དབུལ་མོར་མི་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབ་པས། ཚེ་འདི་ཉིད་ལ་རིང་པོར་མ་ལོན་པར་རྒྱལ་པོ་གསལ་རྒྱལ་གྱིས་བླངས་ནས་བཙུན་མོར་གྱུར། དེས་ན་ལས་དགེ་སྡིག་གི་འབྲས་བུ་ཚེ་འདིར་སྨིན་པ་ཡོང་། ཚེ་འདིར་མ་སྨིན་རུང་ཚེ་ཕྱི་མར་སྨིན་ཏེ། སྔོན་དགེ་ཚུལ་ཀྱུན་ཏས། དགེ་སློང་དབྱངས་མི་སྙན་པ་ཞིག་ལ། ཁྱོད་ཀྱི་དབྱངས་ནི་ཁྱི་ཟུག་པ་དང་འདྲའོ་ཞེས་སྨྲས་པས། སྐྱེ་བ་ལྔ་བརྒྱའི་བར་དུ་ཁྱིར་སྐྱེས་པ་དང་། དགེ་སློང་ལུས་རྩལ་ཆེ་བ་ཞིག་ལ། ཁྱོད་ནི་སྤྲེའུ་དང་འདྲའོ་ཞེས་སྨྲས་པས། སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ། དགེ་སློང་ཞིག་གིས་དགེ་སློང་ཟླ་བོ་གཞན་ལ་ངན་སེམས་ཀྱིས་མི་གཙང་བ་ཟོ་ཞིག་སྨྲས་པས། སྐྱེ་བ་དེའི་འོག་ཏུ་བཤང་གཅི་འདོར་བའི་སྣམ་ཁུང་དུ་སྲིན་བུར་སྐྱེས་པ་བྱུང་། སྔོན་སྲན་མ་འཚོང་མཁན་ཞིག་གིས། སངས་རྒྱས་རྣམ་གཟིགས་ལ་དང་བའི་སེམས་ཀྱིས་སྲན་མ་གཏོར་བའི་བཞི་ལྷུང་བཟེད་དུ་སོང་། གཅིག་དབུ་ལ་ཆགས་པས། ཕྱིས་གླིང་བཞི་དང་སུམ་ཅུ་རྩ་གསུམ་ཕྱེད་དབང་བའི་རྒྱལ་པོ་

p. 91

སྤྱི་བོ་སྐྱེས་ཞེས་བྱ་བར་གྱུར། སྔོན་བྲམ་ཟེ་ཞིག་གིས་མཆོད་རྟེན་ཅིག་གི་གླང་པོའི་གཟུགས་ཉམས་པ་ལ་སླར་ཞིག་གསོས་བྱས་པས། ཚེ་རབས་མང་པོར་གླང་པོ་ཆེ་དང་འབྲལ་མེད་བྱུང་། སངས་རྒྱས་ཀྱི་དུས་སུ་ཡང་ཁྱེའུ་བ་གླང་སྐྱོང་ཞེས་བྱ་བ་སྐྱེས་པ་དང་དུས་མཉམ་དུ་གླང་པོ་ཆེ་ཞིག་ཀྱང་སྐྱེས་པ་འབྲལ་མེད་བྱུང་། དེས་ན་ལས་སྡིག་པ་བྱས་པས་སྡུག་པོ་མི་ཡོང་། དགེ་བ་བྱས་པས་སྐྱིད་པོ་མི་ཡོང་ཞེས་དགེ་བ་མི་བྱེད་པར་སྡིག་པ་ལ་འཇོལ་ཉོག་ཏུ་སྤྱད་ན་སངས་རྒྱས་ཀྱི་བསྟན་པ་ནུབ་ལ་ཉེ་བའི་སྔ་ལྟས་ཡིན་ཞེས་མགུར་དབྱས་འདི་བླངས་སོ། །སྔོན་ཆོས་རྒྱལ་དུས་ནས་ད་ལྟའི་བར། །མགོན་ཐུབ་བསྟན་ཉི་མ་བོད་ལ་ཤར། །ད་དུས་ཀྱི་དབང་གིས་ནུབ་ལ་ཉེ། །དེའི་སྔ་ལྟས་ཅུང་ཟད་བཤད་ཀྱིས་ཉོན། །ལས་རྒྱུ་འབྲས་བསྟན་པའི་སྙིང་པོ་ཡིན། །སྡིག་གྲྭ་བས་བྱས་ཀྱང་བསྟན་བཤིག་དང་། །དགེ་མི་སྐྱས་བྱས་ཀྱང་བསྟན་འཛིན་ཟེར། །བསྟན་གནས་དང་མི་གནས་འདི་ལ་ཐུག །དུས་དེང་སང་དགོན་པ་ཕལ་ཆེར་གྱིས། །གྲོང་ལས་ཀྱང་སྡིག་ཟས་ཤ་ཡི་ཕྱིར། །མ་སེམས་ཅན་སྲོག་ལ་འཚེ་བ་མང་། །འདི་བལྟས་ན་བསྟན་པ་ནུབ་ལ་ཉེ། །དུས་དེང་སང་བླ་མ་ཕལ་ཆེ་བ། །གར་ཕེབས་སར་སྡིག་པ་བྱེད་མི་མང་། །ཤ་མེད་ན་བླ་མའི་ཐུགས་མི་དགྱེས། །འདི་བལྟས་ན་བསྟན་

p. 92

པ་ནུབ་ལ་ཉེ། །དུས་དེང་སང་གྲྭ་བ་ཕལ་ཆེར་གྱིས། །བྱམས་སྙིང་རྗེ་མེད་པའི་སྔ་ལྟས་སུ། །དམན་སྤྲང་པོ་ཁྱིམ་ལ་ལྷག་པར་སྣང་། །འདི་བལྟས་ན་བསྟན་པ་ནུབ་ལ་ཉེ། །དུས་དེང་སང་སངས་རྒྱས་བསྟན་པ་འདི། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་སྙམ་ཡང་། །ཕྱིའི་དགོན་ལྷག་རྒྱས་པ་མ་གཏོགས་པ། །དོན་རྒྱུད་ལ་རྒྱས་པ་དཀའ་མོར་གདའ། །དུས་དེང་སང་བསྟན་འཛིན་ཕལ་ཆེར་གྱིས། །སྔགས་བསྟན་པའི་སྙིང་པོ་ཡིན་སྙམ་ཡང་། །ལས་རྒྱུ་འབྲས་བསྟན་པ་འདི་མེད་ན། །མ་འགྲོ་བ་ཡོངས་ལ་ཕན་པ་དཀའ། །དུས་དེང་སང་ཆོས་པ་ཕལ་ཆེར་གྱིས། །མ་འགྲོ་བ་ཡོངས་ལ་ཕན་འདོགས་ན། །སྔགས་ལས་ཀྱང་རྒྱུ་འབྲས་གཙོ་བོར་སྟོན། །མ་འགྲོ་བ་ཡོངས་ལ་ཕན་པར་འགྱུར། །དུས་དེང་སངས་ཀུན་གྱིས་བསྟན་པ་འདི། །ཡུན་རིང་པོའི་བར་དུ་གན ས་འདོད་ན། །ལས་མི་དགེ་སྤོངས་ལ་དགེ་བ་སྒྲུབས། །དུས་རྒྱུན་དུ་བསམ་པ་བཟང་པོ་མཛོད། །མགོན་ཐུབ་པའི་ཐུགས་བསྐྱེད་སྨོན་ལམ་དང་། །རང་གཞན་གྱི་རྣམ་དཀར་དགེ་བའི་མཐུས། །མགོན་ཐུབ་བསྟན་ཉི་མ་འོད་པོ་ཆེ། །དུས་ནམ་ཡང་མི་ནུབ་གནས་པར་ཤོག །ཅེས་བླངས་པས་ཀུན་གྱི་རྒྱུད་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་། ཡང་འགྲོ་ཁར་སླར་ཡང་མཇལ་བའི་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ། །རྗེ་རྩ་བའི་བླ་མ་ཡིད་བཞིན་ནོར། །སྟེང་སྤྱི་གཙུག་བདེ་

p. 93

ཆེན་རྒྱན་དུ་བཞུགས། །མི་འདིར་འཚོགས་བློ་ཁ་ཆོས་ལ་སྒྱུར། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མདོག་སྔོ་ལྗང་ལྗོན་ཤིང་བདེ་བར་བཞུགས། །ང་ཁུ་བྱུག་ཐག་རིང་རི་ལ་འགྲོ། །དུས་ནམ་ཞིག་སྐད་སྙན་སྒྲོག་བཞིན་དུ། །སླར་ལྗོན་ཤིང་རྩེ་རུ་སླེབས་ནས་འོང་། །མདོག་རབ་མཛེས་མེ་ཏོག་བདེ་བར་བཞུགས། །ང་བུང་བ་ཐག་རིང་ཡུལ་ལ་འགྲོ། །དུས་ནམ་ཞིག་སྒྲ་དབྱངས་སྒྲོག་བཞིན་དུ། །སླར་མེ་ཏོག་རྩེ་རུ་སླེབས་ནས་འོང་། །མི་དད་ཅན་འདིར་འཚོགས་བདེ་བར་བཞུགས། །ང་རྣལ་འབྱོར་ཐག་རིང་དབེན་པར་འགྲོ། །དུས་ནམ་ཞིག་མགུར་དབྱངས་ལེན་བཞིན་དུ། །སླར་ཡུལ་ཕྱོགས་འདི་རུ་སླེབས་ནས་འོང་། །ཀུན་ཚེ་རིང་ནད་མེད་སྨོན་ལམ་འདེབས། །ཞལ་ཡང་ནས་ཡང་དུ་མཇལ་བར་ཤོག ། བཀྲ་ཤིས་པས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་བླངས་པས་དད་ཅན་ཕོ་མོ་འགའ་རེས་ད་ཕྱིན་ཆད་མཇལ་མི་མཇལ་ཅི་ཤེས་སྙམ་སེམས་སྐྱོ་ནས་མིག་སྒོར་མཆི་མ་འཁྱིལ་མཁན་ཡང་སྣང་། དེ་ནས་དགུ་ཆུ་བརྒལ་ནས་ནུ་རོང་ཁོག་བརྒྱུད་དེ་གཅན་ཟའི་ཐང་དུ་སོང་། དེ་རུ་དད་ཅན་གཅན་ཟའི་དཔོན་པོ་དང་། ཟླ་ཚང་སྙིང་པོ་ལྷ་ལ་སོགས་པའི་དད་ཅན་འབྲོག་པ་མང་པོ་མཇལ་དུ་འོང་བ་ལ། ངས་བཀའ་བསྒོ་བྱིན་རླབས་མ་ཎིའི་ལུང་འདྲ་བྱས། དེ་ནས་ཡོན་བདག་རྣམས་

p. 94

ལ་ཆོས་བཤད་འདི་ལྟར་བྱས། འོ་རྒྱ་གར་གྱི་མི་དེ་རིགས་བཟང་བས་དྲིན་ཅན་གྱི་ཕ་མ་གཉིས་ལ་བརྩི་བཀུར་ཆེ་བས་བསོད་ནམས་སྐྱེས་པ་ཡིན། བོད་རིགས་ངན་ཡིན་པས་ཕ་མ་ལ་བརྩི་བཀུར་མེད་པས་བསོད་ནམས་མ་སྐྱེས་པ་ཡིན། དེས་ན་བུ་ལ་བསོད་ནམས་སྐྱེ་བར་འདོད་པས། ཕ་མ་གཉིས་དྲིན་ཆེ་ཚུལ་བསམས་ནས་དྲིན་གཟོ་བྱ་དགོས་ཞེས་སྨྲས་པས། དད་ཅན་སྦྱིན་བདག་སྙིང་པོ་ལྷས་ཁྱེད་ཀྱིས་ད་རེ་ངེད་རྣམས་ལ་ཕ་མའི་དྲིན་དྲན་ཚུལ་གྱི་མགུར་ཞིག་གསུང་དུ་གསོལ། ཞེས་བསྐུལ་ངོར་མགུར་དབྱངས་འདི་བླངས་སོ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །ཕ་ཡི་དྲིན་དེ་དྲན་པར་བྱིན་གྱིས་རློབས། །ཚེ་འདིར་དགོས་པའི་བུ་གཅིག་ཡོད་ན་སྙམ། །མོ་རྩིས་རིམ་གྲོ་བྱས་པའི་དྲིན་ཅན་ཕ། །མ་ལ་བུ་དང་བུ་མོ་སྐྱེས་པའི་ཚེ། །ནོར་བུ་རྙེད་ལྟར་དགའ་བའི་དྲིན་ཅན་ཕ། །ཆུང་ངུའི་དུས་ནས་ཁ་ལ་ཟ་རྒྱུ་དང་། །རྒྱབ་ལ་གོན་པ་བསྐོན་པའི་དྲིན་ཅན་ཕ། །ཕྱོགས་ཀུན་འཁྱམས་ནས་ཟས་གོས་ནོར་རྣམས་བཙལ། །གང་མཁོ་ཁྱེར་ནས་འོང་བའི་དྲིན་ཅན་ཕ། །ཉིན་མཚན་མེད་པར་ཞིང་ལས་འཚོ་སྐྱོང་བྱས། །ནམ་ཡང་སྡོད་ཁོམ་མེད་པའི་དྲིན་ཅན་ཕ། །བུ་ལ་མགོ་ན་ཆམ་པ་ཙམ་བྱུང་ཡང་། །མོ་སྨན་རིམ་གྲོ་བྱེད་པའི་དྲིན་ཅན་ཕ། །དེ་ནས་བུ་དང་བུ་མོ་ཆེ་རུ་སོང་། །ལས་རོགས་ཐུབ་

p. 95

ཚེ་དགའ་བའི་དྲིན་ཅན་ཕ། །བུ་ཚ་ལ་ལར་ཆོས་བསླབ་རབ་བྱུང་བྱས། །ལ་ལར་ཆུང་མ་ལེན་པའི་དྲིན་ཅན་ཕ། །བུ་མོ་གནས་ལ་འགྲོ་དུས་གོས་རྒྱན་བཏགས། །ནོར་གྱིས་རྫོངས་པ་བརྒྱག་པའི་དྲིན་ཅན་ཕ། །ཉིན་པར་འགྲོ་ཞིང་མཚན་མོ་ཉལ་ན་ཡང་། །སེམས་ཁུར་མ་ལས་ལྷག་པའི་དྲིན་ཅན་ཕ། །བུ་དང་མནའ་མས་ཁྱིམ་སོ་ཟིན་པའི་ཚེ། །ཡོད་ཚད་དགའ་བཞིན་སྤྲོད་པའི་དྲིན་ཅན་ཕ། །བུ་དང་བུ་མོའི་ལྟོ་རྒྱབ་བསྒྲུབས་བསྒྲུབས་ནས། །དམ་ཆོས་བསྒྲུབ་ལོང་མ་བྱུང་དྲིན་ཅན་ཕ། །ཟས་ནི་ངན་ངོན་གོས་ནི་སློག་ཧྲུལ་གྱོན། །ཚེ་འདིར་སྐྱིད་ཀྱང་མ་བརྒྱབ་དྲིན་ཅན་ཕ། །སྡིག་ལས་མང་པོ་ཞར་དང་ཞོར་ལ་བསགས། །ཕྱི་མར་སྐྱིད་པོ་མི་ཡོང་དྲིན་ཅན་ཕ། །གསོན་དུས་ཟས་གོས་བྱིན་ལ་བྱམས་སྐྱོང་གྱིས། །ཤི་དུས་དགེ་རྩ་དགུང་ཞག་ཡག་པོ་ཐོངས། །དེ་ལྟར་བྱས་ན་བུ་ལ་བསོད་ནམས་སྐྱེ། །ཕྱི་མར་ལྷ་མིའི་རྟེན་བཟང་འཐོབ་པར་འགྱུར། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །མ་ཡི་དྲིན་དེ་དྲན་པར་བྱིན་གྱིས་རློབས། །ལས་ཀྱི་དབང་གིས་ཚེ་འདིར་མ་བུར་གྱུར། །ཟླ་དགུ་ཞག་བཅུར་ཁུར་བའི་དྲིན་ཅན་མ། །ཐུར་སེལ་རླུང་གིས་འབྱུང་བ་གཡོས་པའི་ཚེ། །ཤ་རུས་ཁ་བ ཀར་ཕྲལ་བའི་དྲིན་ཅན་མ། །ཁྲག་དང་ཆུ་སེར་ལྷན་དུ་བཙས་པའི་ཚེ། །མི་གཙང་འོ་མས་བཀྲུས་པའི་དྲིན་ཅན་མ། །

p. 96

ཤ་རུས་ཉོར་ཉོར་ལེན་ན་མེད་པའི་དུས། །ལག་གིས་འཇམ་པོར་བླངས་པའི་དྲིན་ཅན་མ། །མིག་དང་དབང་པོའི་སྒོ་རྣམས་བ ཏོད་པ་ཙམ། །ཁ་འཇམ་ལྕེ་ཡིས་བལྡགས་པའི་དྲིན་ཅན་མ། །མི་གཙང་ལ་སོགས་ཁ་རུ་སོང་བའི་ཚེ། །སྣང་བ་ཞེན་པ་མ་ལོག་དྲིན་ཅན་མ། །བྲང་གི་ནུ་འབུར་འཇམ་ཞིང་རབ་རྒྱས་པའི། །ནུ་ཞོ་ཁ་རུ་བསྣུན་པའི་དྲིན་ཅན་མ། །ཉིན་མཚན་མེད་པར་རུམ་ཕུག་དྲོ་སར་བཅུག །མཆིན་ཁར་འབྲལ་མེད་གླན་པའི་དྲིན་ཅན་མ། །ནུབ་མོ་གཏི་མུག་གཉིད་ཀྱིས་འཁྱེར་བའི་དུས། །གསོད་དོགས་ནུབ་གཉིད་ཆག་པའི་དྲིན་ཅན་མ། །འོ་མས་འགྲངས་ནས་འཛུམ་ཞིང་རྒོད་པའི་དུས། །སེམས་ལ་དགའ་སྤྲོ་ཤར་བའི་དྲིན་ཅན་མ། །ལྟོགས་ནས་མི་སྡོད་གཡོ་ཞིང་ངུ་བའི་དུས། །མི་བཟོད་ནུ་མ་བསྟུན་པའི་དྲིན་ཅན་མ། །ཉི་དུག་རླུང་དང་བསེར་བུ་ཕོག་པའི་ཚེ། །ཚ་གྲང་མྱུར་དུ་སྐྱོབ་པའི་དྲིན་ཅན་མ། །དུད་འགྲོ་བཞིན་དུ་ཅི་ཡང་མི་ཤེས་ཚེ། །འགྲོ་འདུག་སྐད་ཆ་བསླབ་པའི་དྲིན་ཅན་མ། །ཆེར་སོང་མི་ཡི་གྲལ་དུ་ཆུད་པའི་ཚེ། །སེམས་ཀྱིས་ཁོ་ཐག་ཆོད་པའི་དྲིན་ཅན་མ། །གསོན་དུས་ཟས་གོས་བྱིན་ལ་བྱམས་སྐྱོང་གྱིས། །ཤི་དུས་དགེ་རྩ་དགུང་ཞག་ཡག་པོ་ཐོངས། །དེ་ལྟར་བྱས་ན་བུ་ལ་བསོད་ནམས་སྐྱེ། །ཕྱི་མར་ལྷ་མིའི་ལུས་རྟེན་འཐོབ་པར་འགྱུར། །ཞེས་བླངས་པས། ཀུན་ལ་བློ་

p. 97

བསྐྱེད་ཐོན་ནས་ཕ་མ་གཉིས་ལ་བྱམས་མཁན་མང་པོ་བྱུང་ངོ་། །དེའི་ཕྱི་ཉིན་ག་ལེ་བྱས་གཤོང་མོ་ཆེའི་དགོན་པར་སོང་། ཞག་གིས་བསྡད་དགེ་འདུན་པ་རྣམས་ལ་མང་ཇ་བཏང་བསྙེན་བཀུར་ཡག་པོ་བྱས། ཕྱིའི་ཉིན་དམ་པ་གོང་མའི་བྱིན་གྱིས་བརླབས་པའི་མཚར་ལུང་དབེན་པའི་དགའ་ཚལ་དུ་སོང་། ཉི་མ་བཅོ་ལྔ་ཙམ་ལ་གནས་འབྲེལ་བཞག་པའི་ཚེ། མཁས་བཙུན་བཟང་གསུམ་འཛོམ་པའི་ཨ་ལགས་བརྩོན་འགྲུས་དང་། རིག་པ་གསལ་བའི་པདྨ་རིག་འཛིན། དམ་ཚིག་གཙང་བའི་སྔགས་རྒན་ཚེ་བརྟན་དང་། དེའི་བུ་དགེ་སློང་ཚུལ་ཁྲིམས་ལ་སོགས་པའི་སློབ་མ་གསར་རྙིང་མང་པོས། དམ་པ་ཁྱེད་ཀྱི་སྐུ་དྲིན་གྱིས་སྔར་ཕྱག་རྫོགས་གཉིས་ཀྱི་ལྟ་བའི་འགྲོ་ཕྱོགས་རེ་ཤེས་ཀྱང་། དབུ་མའི་ལྟ་བ་དེ་གཞུང་ལུགས་སྦྱངས་པ་འདྲ་མ་གཏོགས་རྟོགས་དཀའ་གསུངས་པ་དེ་བདེན་པར་འདུག་པས། སྐྱབས་མགོན་མཆོག་གིས་བདག་ཅག་རྣམས་ལ་ཐུགས་བརྩེ་བའི་སྒོ་ནས། དབུ་མའི་ལྟ་བ་རྟེན་ཅིང་འབྲེལ་འབྱུང་གི་དོན་ཅིག་གསུང་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། །བདེན་གཉིས་ཆོས་ཀྱི་དོན་རྟོགས་ནས། །ཚོགས་གཉིས་རླབས་ཆེན་བསགས་པའི་མཐུས། །སྐུ་གཉིས་གོ་འཕང་མངོན་གྱུར་པའི། །དོན་གཉིས་ལྷུན་གྲུབ་རིན་པོ་ཆེ། །བདག་ཅག་

p. 98

རྣམས་དང་མ་འོངས་པའི། །སྐལ་བཟང་གདུལ་བྱར་ཕན་པའི་ཕྱིར། །སྟོན་པའི་གསུང་གི་ཁྱད་ཆོས་མཆོག །དམ་པ་གོང་མའི་ཐུགས་དམ་མཐིལ། །ཀུན་རྫོབ་དོན་དམ་བདེན་པ་ལས། །བརྩམས་པའི་ཟབ་མོ་དབུ་མ་ཡི། །ལྟ་བ་རྟེན་ཅིང་འབྲེལ་འབྱུང་གི །ཆོས་ཤིག་ལེགས་པར་གསུང་དུ་གསོལ། །ཞེས་ཞུས་པའི་ལན་དུ། འོ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱི་གསུང་གི་ཁྱད་ཆོས། རྒྱལ་བའི་ལུང་གིས་ཟིན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པའི་དོན། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་ལེགས་པར་བཀྲལ་བའི་ཟབ་མོ་དབུ་མའི་ལྟ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་དམ་པ་གོང་མའི་གསུང་བཞིན་བཤད་པར་བྱ་སྟེ། དེ་ཡང་རྟེན་འབྱུང་ཞེས་པ་མཐའ་བྲལ་སྟོང་པ་ཉིད་ཀྱི་དོན་དུ་བྱ་དགོས་ཏེ། རྩ་བ་ཤེས་རབ་ཉེར་བཞི་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང་། རྩོད་བཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག ། དབུ་མའི་དོན་དུ་དོན་གཅིག་པར། །ཞེས་དེ་གསུམ་རྣམ་གྲངས་སུ་གསུངས་སོ། །དེས་ན་སྟོང་པ་ཉིད་དང་རྟེན་འབྱུང་གཉིས་དོན་གཅིག་སྟེ། ལེགས་བཤད་སྙིང་པོ་ལས། རང་བཞིན་གྱིས་སྟོང་པའི་དོན། རྟེན་འབྱུང་གི་དོན་དུ་གསུངས་པ།

p. 99

སྟོན་པ་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་བླ་ན་མེད་པར་གཟིགས་ནས། སློབ་དཔོན་གྱི་གཞུང་མང་པོར། བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་དེ་ཞེས་གསུངས་པ་བཞིན། རྗེ་རིན་པོ་ཆེས་ཀྱང་། རྟེན་འབྲེལ་བསྟོད་པ་ལས། འདི་ཀུན་ངོ་བོས་སྟོང་པ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །བསྟོད་པར་འགྱུར་གྱིས་གཞན་གྱིས་མིན། །གསུངས། མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་ལ། རྗེ་བླ་མས་རྗེ་བཙུན་རེད་མདའ་བ་ལ་ཕུལ་བའི་ཞལ་གདམས་ལས། དེའང་སྤྱིར་སྟོང་པས་ཡོད་མཐའ་དང་། སྣང་བས་མེད་མཐའ་སེལ་བ་འདི་རྒྱངས་འཕེན་གྱི་བར་ལ་ཐུན་མོང་པ་ཡིན་པས། ཐལ་འགྱུར་བའི་ཁྱད་ཆོས་ལ་སྣང་བས་ཡོད་མཐའ་དང་། སྟོང་པས་མེད་མཐའ་སེལ་ཞིང་། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ་ཞེས་དང་། རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་བསླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་

p. 100

ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་པའང་འོང་བའི་ཚུལ་དང་། རྒྱུ་འབྲས་མི་བསླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་ཡོད་མཐའ་སོགས་དང་བྲལ་བའམ་སྟོང་པར་གྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་བསླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་ཀ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན་ཞེས་གསུངས་ཤིང་། དེ་དག་གི་གནད་འདུས་པ་ལམ་གྱི་གཙོ་བོ་རྣམ་གསུམ་ལས། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེ་འཇོག་མེད་པར་གཅིག་ཆར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །གསུངས། འཇམ་པའི་

p. 101

དབྱངས་དངོས་ཁྲི་གུང་ཐང་པས། སྣང་བ་རྒྱུ་མཚན་དུ་བྱས་ཏེ། གདགས་གཞིའི་ངོས་ནས་མ་གྲུབ་པ་དང་། རང་བཞིན་གྱིས་སྟོང་པ་རྒྱུ་མཚན་དུ་བྱས་ཏེ། སྣང་བ་ཅིར་ཡང་འཆར་རུང་བར་བསྒྲུབས་པས། མཐའ་གཉིས་སེལ་ཚུལ་འདི་ནི་གོང་དུ་སྨོས་པ་ལྟར་སྟོང་པ་ཞེས་པ་དང་། རྟེན་འབྱུང་ཞེས་པ་དོན་གོ་ཚུལ་གཅིག་ཏུ་འབབ་པ་ལ་ཐུག་པས། གཏན་ཚིགས་འདི་ལ་མཐའ་གཉིས་ཆར་སེལ་བའི་རིག་པའི་རྒྱལ་པོ་ཞེས་གསུངས་སོ་གསུངས་ལ། དེ་བཞིན་དུ་པཎ་ཆེན་རིན་པོ་ཆེས། ཆོས་ཉིད་ལ་བལྟས་པས་ཆོས་ཅན་བཀྲ། །ཆོས་ཅན་ལ་དཔྱད་པས་སྟོང་པར་བྲོས། །སྣང་སྟོང་གཉིས་རེ་འཇོག་མི་བྱེད་པའི། །ཟུང་འཇུག་དེ་བླ་མའི་དྲིན་གྱིས་རྙེད། །ཅེས་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་མགུར་ལས། ལར་སྣང་བས་སྟོང་པ་མི་འགོག་ཅིང་། །ཡུལ་སྟོང་པའི་ངང་ལ་སྣང་བ་བཀྲ། །གང་ཤར་ཀྱང་བདེན་པར་མི་ཞེན་པར། །མཚོ་དྭངས་པར་ཤར་བའི་ཟླ་གཟུགས་ལྟར། །དོན་བདེན་གཉིས་སྣང་སྟོང་རྣལ་འབྱོར་ལ། །དུས་ཉིན་བཞིན་ལྟད་མོ་བལྟ་བ་ལ། །བློ་འགྱུར་བ་མེད་པའི་རྣལ་འབྱོར་བདེ། །ཞེས་གསུངས་པ་ལྟར། བདེན་གཉིས་ཀྱི་དོན་ཁོང་དུ་ཆུད་ནས་ཚོགས་གཉིས་གསོག་པ་ལ་འབད་ན། རིང་པོར་མི་ཐོགས་པར་སྐུ་གཉིས་མངོན་དུ་བྱས་ནས་དོན་གཉིས་ལྷུན་གྱིས་འགྲུབ་

p. 102

པར་འགྱུར་རོ་ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། །ཟབ་མོ་རྟེན་ཅིང་འབྲེལ་འབྱུང་དོན་གཟིགས་པའི། །དངོས་བརྒྱུད་བླ་མ་རྣམས་ལ་གུས་ཕྱག་འཚལ། །ལྟ་བའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི། །ལྟ་བ་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །སྟོན་པའི་གསུང་རབ་ཀུན་གྱི་ཁྱད་ཆོས་མཆོག །འཕགས་མཆོག་ཀླུ་སྒྲུབ་བཞེད་སྲོལ་ལྟ་བའི་གནད། །རྒྱལ་བ་ཡབ་སྲས་བླ་མའི་གསུང་བཞིན་དུ། །བདག་གིས་གླུ་རུ་ལེན་གྱིས་དགའ་བས་ཉོན། །ལུང་རིགས་གཉིས་ཀྱིས་ཡང་ཡང་དཔྱད་པའི་ཚེ། །ཆོས་ཀུན་རང་བཞིན་རྡུལ་ཙམ་མེད་པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས། །ཕན་ཚུན་འགལ་མེད་གྲོགས་སུ་འཆར་བ་དགོས། །དཔེར་ན་ནས་ཀྱི་ལྗང་བུ་རིང་པོ་དེ། །ས་བོན་ཆུ་ལུད་དྲོད་གཤེར་གང་ལས་བྱུང་། །དཔྱད་ན་རང་བཞིན་གྲུབ་པ་རྡུལ་ཙམ་མེད། །མེད་བཞིན་རྒྱུ་རྐྱེན་འཚོགས་ལས་འབྱུང་བ་མཚར། །དཔེར་ན་སྒྱུ་མའི་རྟ་དང་གླང་པོ་ཆེ། །སྒྱུ་མ་མཁན་གྱི་རྫས་སྔགས་གང་ལས་བྱུང་། །དཔྱད་ན་རང་བཞིན་གྲུབ་པ་རྡུལ་ཙམ་མེད། །མེད་བཞིན་རྫས་སྔགས་འཚོགས་ལས་འབྱུང་བ་མཚར། །དཔེར་ན་རྨི་ལམ་བཟང་ངན་རྨིས་པ་དེ། །གཏི་མུག་གཉིད་དང་སེམས་ཉིད་གང་ལས་བྱུང་། །དཔྱད་ན་རང་བཞིན་གྲུབ་པ་རྡུལ་ཙམ་མེད། །མེད་བཞིན་གཉིད་སེམས་འཛོམས་ལས་འབྱུང་བ་

p. 103

མཚར། །དེ་ལྟར་ཆོས་ཀུན་རང་བཞིན་མེད་པ་དང་། །རྒྱུ་རྐྱེན་རྟེན་འབྲེལ་འཚོགས་ལས་འབྱུང་བའི་ཚུལ། །ཤེས་ན་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱི། །དགོངས་པའི་མཐར་ཐུག་དབུ་མའི་ཁྱད་ཆོས་ཏེ། །སྣང་བཞིན་སྟོང་པས་ཡོད་པའི་མཐའ་དང་བྲལ། །སྟོང་བཞིན་སྣང་བས་མེད་པའི་མཐའ་དང་བྲལ། །སྣང་སྟོང་གཉིས་པོ་རེ་འཇོག་མི་དགོས་པར། གཅིག་ཆར་ཟུང་འཇུག་རྟོགས་པ་ངོ་མཚར་ཆེ། །དུས་གསུམ་རྒྱལ་བ་སྲས་བཅས་བགྲོད་གཅིག་ལམ། །རྒྱལ་ཡུམ་ཤེར་ཕྱིན་དགོངས་པ་འདི་ཉིད་ཅེས། །བླ་མའི་གསུང་བཞིན་གླུ་རུ་བླངས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་མཆོད་པར་འབུལ། །དོན་གཉིས་སྒྲུབ་འདོད་ཆོས་མཛད་སྐྱེས་བུ་རྣམས། །བདེན་གཉིས་ཆོས་ཀྱི་གླུ་དབྱངས་ལེན་བཞིན་དུ། །ཚོགས་གཉིས་ཟུང་འབྲེལ་གོམ་སྟབས་རབ་བསྒྱུར་ནས། །སྐུ་གཉིས་སངས་རྒྱས་ས་རུ་ད་སོང་ཞིག །ཅེས་བླངས་པས་དེར་འཚོགས་པ་རྣམས་ཀྱིས་བདེན་གཉིས་ཀྱི་དོན་རྟོགས་ནས་ཚོགས་གཉིས་གསོག་པ་ལ་སྔར་བས་བརྩོན་པར་གྱུར་ཏོ། །དེ་ནས་ཆོས་ཀྱི་ཡུལ་དབུས་ལྷ་ལྡན་དང་མཚུངས་པའི་ཡུལ་བཟང་ཁྲི་ཀའི་ཇོ་བོ་ཆེན་པོ་ལ་མཇལ་དུ་སོང་། ཇོ་བོའི་ལྷ་ཁང་དེ་དང་པོ་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས། ས་སྐྱ་པཎ་ཆེན་གྱིས་རབ་གནས་མཛད། དེ་དུས་སངས་རྒྱས་བྱང་སེམས་

p. 104

མང་པོ་ཐིམ་པའི་སྣང་བ་ཤར། ལྷ་ལྡན་ཇོ་བོ་དང་བྱིན་རླབས་མཉམ་ཞེས་ཨ་མདོ་ཆོས་འབྱུང་ལས་གསུངས། ཇོ་བོ་བྱིན་རླབས་ཅན་དེའི་སྐུ་མདུན་དུ་དངུལ་ཀོང་ཆེན་པོ་མར་ཁུས་བཀང་ནས་མར་མེ་གསལ་བོར་སྦར། །གཞན་ཡང་བརྒྱ་མཆོད་དང་ཆུ་གཙང་གི་མཆོད་པ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས། གསོལ་བ་བཏབ་བསྔོ་སྨོན་ཀྱང་བྱས་ཉི་མ་མང་པོ་བསྡད། ཕྱག་དང་སྐོར་བ་མང་པོ་བྱས། དེར་དད་ཅན་ཁྱི་གོ་པ་གོ་ལ་སོགས་ཁྲི་ཀའི་ལུང་བའི་ཡོན་བདག་ཕོ་མོ་ཡ་རབས་བརྒྱ་ཕྲག་མང་པོ་མཇལ་དུ་བྱུང་བ་ལ། དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་ལས་རྒྱུ་འབྲས་ཀྱི་ཆོས་བཤད་ནས་ཀུན་གྱི་བློ་ཁ་དམ་པའི་ཆོས་ལ་ཅི་འགྱུར་བྱས་ཏེ་མགུར་དབྱངས་འདི་བླངས་སོ། །བླ་མེད་སྟོན་པ་སངས་རྒྱས་འགྲོ་བའི་མགོན། །མགོན་དེས་ལེགས་གསུངས་མདོ་སྔགས་དམ་པའི་ཆོས། །ཆོས་ཀྱི་མཛོད་འཛིན་དགེ་འདུན་གཏན་གྱི་སྐྱབས། །སྐྱབས་གནས་དཀོན་མཆོག་གསུམ་གྱིས་འགྲོ་ཀུན་སྐྱོངས། །མི་རྒན་གླུ་དབྱངས་ལེན་པར་མི་རིགས་མོད། །འོན་ཀྱང་རྣལ་འབྱོར་རང་གཤིས་ཡིན་པས་ན། །དམ་པའི་ཆོས་ཀྱི་གླུ་དབྱངས་ལེན་པ་ལ། །ཡོན་བདག་ཕོ་མོ་དགའ་བའི་སེམས་ཀྱིས་ཉོན། །འདི་དང་ཕྱི་མའི་བདེ་སྐྱིད་མ་ལུས་པ། །དམ་པའི་ལྷ་ཆོས་

p. 105

བྱས་ལས་འབྱུང་ངོ་ཞེས། །ཐམས་ཅད་མཁྱེན་པ་སྟོན་པ་སངས་རྒྱས་གསུངས། །སངས་རྒྱས་གསུང་ལ་ནམ་ཡང་བསླུ་བ་མེད། །དེ་ཕྱིར་ནམ་འཆི་ཆ་མེད་ཚུལ་སོམས་ལ། །ཕྱི་མར་འགྲོ་བའི་མི་ཟད་རྒྱགས་ཕྱེ་རུ། །དམིགས་ལ་མཆོད་སྦྱིན་ཕྱག་སྐོར་ཁ་ཏོན་སོགས། །རྣམ་དཀར་དགེ་བའི་ལས་ལ་འབད་པར་མཛོད། །ལྷ་ཆོས་བྱས་ན་ཕྱི་མར་ནམ་འགྲོ་ཡང་། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀུན། ་།འགྲོ་བའི་ལམ་གཅིག་སངས་རྒྱས་ཞིང་གཅིག་ཅིང་། །སངས་ཀྱང་མཉམ་པོར་རྒྱ་བའི་སྐལ་བ་ཡོད། ་།མགུར་དབྱངས་འདི་ཉིད་བླངས་པའི་ས་ཕྱོགས་སུ། །ནད་མུག་འཁྲུག་རྩོད་མིང་ཡང་མི་གྲགས་ཤིང་། །ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །རྒྱལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་བླངས་པས་ཡོན་བདག་རྣམས་སྔར་བས་དད་ཅིང་གུས་པར་གྱུར། །ཡང་ཉིན་ཅིག་བན་བོན་སྔགས་གསུམ། རྒྱ་བོད་སོག་གསུམ་སོགས་ཀྱི་མི་སྣ་མང་པོ་འཚོགས་པའི་དུས་ཤིག་ལ། ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་ཡོང་བའི་ཆོས་བཤད་འདི་ལྟར་བྱས། འོ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་མངོན་མཐོ་ལྷ་མིའི་གོ་འཕང་དང་། མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་

p. 106

སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཕྱིར། གང་འདུལ་གྱི་སྐུའི་བཀོད་པ་ཅིར་ཡང་བསྟན་ནས་གང་འཚམ་གྱི་ཆོས་སྟོན་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ང་ཡི་བསྟན་པ་རྣམ་གཉིས་ཏེ། །དམན་པ་མུ་སྟེགས་ཐེག་པ་དང་། །མཆོག་གྱུར་སངས་རྒྱས་ཐེག་པའོ། །ཞེས་གསུངས། སྔོན་སངས་རྒྱས་ཀྱིས་རང་གི་བསྟན་པའི་ཆེ་བ་འབྱིན་ཕྱིར། རྒྱལ་པོ་རྐང་བ་བརྒྱད་པའི་སྲས་སུ་སྐུའི་སྐྱེ་བ་བཞེས་པའི་ཚུལ་བསྟན་ནས། མུ་སྟེགས་པའི་གཞུང་ལུགས་ཐམས་ཅད་གསུངས་པ་ཡིན་སྐད། དེས་ན་དད་གུས་དག་སྣང་བྱེད་པ་མ་གཏོགས་སྨད་ཅིང་སྤང་མི་རུང་སྟེ། རྣམ་སྣང་མངོན་བྱང་ལས། མུ་སྟེགས་ཅན་ལ་སྨོད་མི་བྱ། །མུ་སྟེགས་ཅན་ལ་སྨད་གྱུར་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །སྤྱན་སྔ་བས། མུ་སྟེགས་ལམ་གྱི་གཙོ་བོ་རྣམས་ཀྱང་། སངས་རྒྱས་བྱང་སེམས་ཀྱིས་བསྟན་པ་ཡིན་པས་སྨོད་པར་མི་བྱ་གསུངས། ཕྱི་ནང་གི་ཆོས་གང་ལ་ཆགས་སྡང་མེད་པ་ནི། བསྟན་པ་འཛིན་པའི་མཆོག་ཡིན་ཏེ། ཡུམ་ལས། གང་དག་སངས་རྒྱས་ཀྱི་ཆོས་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་ལ། མུ་སྟེགས་ཅན་གྱི་ཆོས་ལ་ཁོང་ཁྲོ་བ་མ་མཆིས་པ་དེ་དག་གིས་ཆོས་ཡོངས་སུ་འཛིན་པའོ།། །གང་དག་ཆོས་ཐམས་ཅད་ལ་དབང་བསྒྱུར་ཡང་། ཆོས་དང་ཆོས་མ་ལགས་པའི་འདུ་ཤེས་ལ་མི་སྤྱོད་པ་དེ་དག་གིས་དམ་

p. 107

པའི་ཆོས་ཡོངས་སུ་འཛིན་པའོ། །ཞེས་གསུངས། ཡང་སྟོན་པ་སངས་རྒྱས་ཀྱིས་བོན་གྱི་སྟོན་པ་གཤེན་རབ་སོགས་སུ་སྤྲུལ་ནས་བོན་གྱི་གཞུང་ཕལ་ཆེར་བསྟན་པ་ཡིན་སྐད། འབྲུག་པ་ཀུན་ལེགས་ཀྱིས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། །གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད། །གསུངས། རྒྱལ་བུ་བློ་གྲོས་འཕེལ་གྱིས། རྒྱ་གར་ནང་པའི་བློ་ངོ་ན། །དེ་ནི་མགོན་པོ་སྤྱན་རས་གཟིགས། །བློ་གྲོས་འཕེལ་ཞེས་འབོད་པར་བྱེད། །བོན་པོ་གཤེན་ལྷ་འོད་དཀར་ཞེས། །ད་ལྟ་ལྕགས་འབར་བུ་རུ་འབོད། །ཕྱི་པ་དབང་ཕྱུག་ཆེན་པོ་ཞེས། །ཆོས་ཀྱང་དེ་དང་མཚུངས་པར་སྨྲ། །ཞེས་དང་། སྤྱན་སྔ་བས། བོན་པོའང་ནང་པའི་ཁྱད་ཆོས་རྣམས་ཁས་ལེན་པར་འདུག་པས་ནང་པ་ལ་ཐེ་བར་མངོན་ནོ་གསུངས། ཞང་གཡུ་བྲག་འགྲོ་མགོན་གྱིས། འོ་སྐོལ་བོན་ལའང་རེ་ཆོད་མི་བགྱིའོ་ཞེས་གསུངས། དེས་ན་བོན་ལའང་དད་གུས་དག་སྣང་བྱེད་པ་མ་གཏོགས་ཁས་གཏན་ནས་གཏོང་བར་མི་བྱའོ། །གལ་ཏེ་གྲུབ་མཐའ་གཞན་ལ་སྨད་ན་མི་དེས་བསླབས་ཚད་ཆུ་ལ་འབོ་བ་ཡིན་པས། ནམ་ཡང་ཐར་པ་ཐོབ་མི་སྲིད་དེ། རྗེ་མི་ལ་རས་པའི་ཞལ་ནས། མཁས་བཙུན་ཐམས་ཅད་ཐུགས་མཐུན་པར། །ཕོ་

p. 108

རུས་ཆགས་སྡང་བྱེད་པ་རྣམས། །བསླབས་ཚད་ཆུ་ལ་འབོ་བ་ཡིན། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འཇུ་ཐག་ཆད་པ་ཡིན། །གསུངས། དེས་ན་ཕྱི་རོལ་བ། བོན་པོ། ཧྭ་ཤང་། རྙིང་མ། བཀའ་བརྒྱུད་པ། ས་སྐྱ། དགེ་ལྡན་པ་སོགས་ཕྱི་ནང་གི་ཆོས་ལུགས་གྲུབ་མཐའ་ཐམས་ཅད་ཐུབ་དབང་སྲས་བཅས་ཀྱི་རྣམ་འཕྲུལ་དུ་ཤེས་པར་བྱས། མི་སྤང་བར་གོང་དུ་འཁུར་དགོས་ཏེ། ཞང་གཡུ་བྲག་འགྲོ་མགོན་གྱིས། འོ་སྐོལ་རང་ཅག་ཆོས་དང་ཆོས་མིན་ཞེས། །ཁྱད་དུ་མི་གསོད་རིས་སུ་མི་བཅད་ཅིང་། །ཐམས་ཅད་ཐུབ་དབང་སྲས་བཅས་རྣམ་འཕྲུལ་དུ། །ཤེས་པར་བྱ་ཞིང་མི་སྤང་འཁུར་བགྱིའོ། །ཞེས་དང་། རྗེ་རྒོད་ཚང་བས། ངས་དམ་ཆོས་ཐམས་ཅད་གཅིག་ཏུ་བསྡུས་ནས་བཞག ཚེ་འདི་བློས་གཏོང་བ། སྤྲང་པོའི་དམན་ས་བཟུང་ནས་ཐམས་ཅད་སྤྱི་བོར་འཁུར་བ། ཀུན་ལ་དག་སྣང་སྦྱོང་བ་གསུམ་ཡིན། བསླབ་པ་རིན་པོ་ཆེ་གསུམ་མམ། སྡོམ་པ་གསུམ་ཡང་འདིར་འདུས་སམ་སྙམ་གསུངས་པ་ལྟར། ངས་ཀྱང་གཞོན་ནུའི་དུས་ནས་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས་ཕྱོགས་མེད་ཀྱི་རྒྱལ་ཁམས་གང་བཟང་དང་། ངེས་མེད་ཀྱི་རི་

p. 109

ཁྲོད་ཉམས་དགའ་རྣམས་འགྲིམས་དུས། སྤྲང་པོ་བཞིན་དམན་ས་བཟུང་ནས་ཐམས་ཅད་སྤྱི་བོར་ཁུར། ཕྱི་ནང་གི་གྲུབ་མཐའ་གང་ལའང་དད་གུས་དག་སྣང་སྦྱོང་བཞིན་སོང་བས། གང་དུ་སོང་ཡང་དེ་དག་ཐམས་ཅད་ཀྱིས་ང་ལ་ཡང་མཆོད་བསྟོད་བཀུར་ནས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པ་བྱུང་། དེས་ན་ཁྱེད་རྣམས་ཀྱིས་ཀྱང་དེ་བཞིན་གྱིས་དང་བཟང་གི་ཞེས་བཤད་པས། དེ་ཀུན་གྱིས་ཁྱེད་ཕྱི་ནང་གི་གྲུབ་མཐའ་གང་ལའང་ཕྱོགས་རིས་མེད་པ་ངོ་མཚར་ཆེ། ངེད་རྣམས་ཀྱིས་ཀྱང་དེ་ལྟར་ཡོང་བའི་སྨོན་ལམ་འདེབས་ཞེས་དགའ་ཞིང་སྤྲོ་བཞིན་རང་རང་སོ་སོའི་གནས་སུ་མི་རྟག་སྒྱུ་མའི་རྣམ་འགྱུར་བསྟན་ནས་སོང་ངོ་།། དེ་ནས་ཁྲི་ཀའི་ལུང་བ་གཉིས་ཀྱི་དགོན་གནས་དང་། སྡེ་བ་ཕལ་ཆེར་ཞིག་གི་ནང་དུ་སོང་། དགོན་པ་ཚོའི་རྟེན་ལ་རབ་གནས་བྱིན་རླབས་འདྲ་བྱས། ཁྱིམ་ཚང་ནང་དུ་སོང་བགེགས་བསྐྱེད་བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། ཁྱིམ་ཚང་ཚོ་མཐུན་དགོས་ཕ་མ་ཚོར་བརྩི་བཀུར་གྱིས་སོགས་ཀྱི་ཁ་ཏ་འདྲ་བཅུག་པས། ཀུན་སེམས་དགའ་ནས། རྟ་ནོར་གྲོ་ནས་དོང་ཙེ་རས་དང་ཁ་བཏགས་སོགས་ཀྱི་འབུལ་བ་མང་པོ་ཕུལ་བའི་ནང་ནས། རྒྱ་མཁར་ནང་གི་ལྷ་ཁང་བཞེངས་

p. 110

པའི་དཀར་ཐིག་མཚོན་བྱེད་ལ་རྟ་གཅིག་ཕུལ། དེ་མ་ཡིན་པའི་གཞན་རྣམས་ཇོ་བོའི་ལྷ་ཁང་གི་ཕྱི་ར་ནང་སྐོར་ལ་ཉམས་གསོ་བྱས། ཇོ་བོ་ཆེན་པོ་ལ་སེང་གེས་བཏེགས་པའི་ཁྲི་དང་། གཡས་གཡོན་གྱི་སྐུ་གཉིས་ཀྱི་ཁྲི་ཡང་གྲུབ་དབང་པདྨ་རང་གྲོལ་གྱིས་ཉམས་གསོ་གསར་བསྐྲུན་མཛད། ནང་གི་མདུན་དུ་མཆོད་ཁྲི་ཆེན་པོ་གསུམ་ཕྱི་ཁྱམས་སྐོར་ལམ་གྱི་ངོས་ལ་ལྡེབས་བྲིས་སྣ་ཚོགས་དང་། ས་ལ་མཐིལ་ཤིང་བརྒྱབ་ནས་སླར་གསར་བཞེངས་ལྟ་བུ་ཕྱི་ན་བལྟ་རྒྱུ་དང་། ནང་ན་མཇལ་རྒྱུ་ཡོད་པ་བྱས། དེའི་རྒྱུ་སོང་ལ་དོང་ཙེ་ཁྲོན་སྟོང་ཚོ་ཙམ་ཞིག་གི་རྩིས་སོང་། རབ་གནས་དགའ་སྟོན་ཡག་པོ་བྱས་པས་མི་དགའ་ལྷ་དགའ་བྱུང་། ཡང་དེར་འཚོགས་པའི་དད་ཅན་གྱི་སློབ་མ་ཡོན་བདག་སྐྱ་སེར་ཕོ་མོ་མང་པོ་ལ་འདི་སྐད་སྨྲས། འོ་སྐོལ་རྣམས་ཀྱིས་རྟེན་ཁྱད་པར་ཅན་རྣམས་ལ་ཉམས་གསོ་བྱས། རྟེན་མེད་པའི་ས་ཕྱོགས་ཚོར་སྐུ་གསུང་ཐུགས་རྟེན་རེ་བཞེང་ཐུབ་ན་ཕན་ཡོན་ཆེ་སྟེ། སྔོན་རིག་སྔགས་གྲུབ་པའི་བྲམ་ཟེ་ཞིག་གིས། མཆོད་སྡོང་བསྒྲུབས་ནས་བཞག་པས། རང་ཉིད་ཚེའི་དུས་བྱས་ཀྱང་རྗེས་འཇུག་རྣམས་ཀྱི་འདོད་པ་མཆོད་སྡོང་གིས་སྐོང་བར་བྱེད་པ་ལྟར། སྔོན་བྱོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་

p. 111

རྣམས་ཀྱིས་ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་དང་། ཇོ་བོ་འདི་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་བཞེངས། རབ་གནས་བསྔོ་སྨོན་བཀྲ་ཤིས་བྱས་ནས་བཞག་པས། རྗེས་འཇུག་འོ་སྐོལ་རྣམས་ཀྱི་ཕྱོགས་ལ་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་ཡིན། དེས་ན་རྟེན་ཁྱད་པར་ཅན་རྣམས་ལ་ཉམས་གསོ་བྱས་ཏེ་ཉམས་སུ་མི་འཇུག་པ་དང་། རྟེན་མེད་པའི་ས་ཕྱོགས་ཚོ་ལ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་རེ་བཞེང་ཐུབ་ན་འཁོར་བ་མ་སྟོངས་བར་དུ་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་། བསྐལ་པ་ཞིག་པའི་དུས་སུ་ཡང་རྟེན་ཁྱད་པར་ཅན་རྣམས་ཞིག་པའི་རྡུལ་རྣམས་རྡུལ་གཞན་དང་མི་འདྲེས་པར་ཡིད་བཞིན་གྱི་ནོར་བུར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པར་བཤད་དེ། སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་རྒྱའི་སློབ་དཔོན་ཝེན་ཚེག་གིས། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་བར། ཀླུ་སྒྲུབ་ཀྱིས་ཡུམ་གྱི་འགྲེལ་བའི་ལུང་ཁུངས་སུ་དྲངས་པར། རྟེན་གསུམ་གྱི་རྡུལ་རྣམས་བསྐལ་པ་ཞིག་པའི་དུས་སུ་ཡང་། རྡུལ་གཞན་དང་མི་འདྲེས་པར་ཡིད་བཞིན་གྱི་ནོར་བུར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པར་བཤད་དོ། །ཞེས་གསུངས་འདུག་ཅེས་

p. 112

བཤད་པས་ཀུན་དད་ཅིང་གུས་པའི་སྒོ་ནས་ཕྱག་མང་དུ་བྱས་ཏེ། རང་རང་གི་ཡུལ་དུ་སོང་ངོ་། །ལོ་དེའི་སྟོན་ཀ་རྨ་ཕར་ཁའི་སྒོ་མེའི་ཕྱོགས་སུ་སོང་། ཧོར་རྒྱའི་དད་ཅན་ཡོན་བདག་རྣམས་ལ་ཆོས་བཤད་འདི་འདྲ་བྱས། འོ་དཔེར་ན་ཡིད་བཞིན་གྱི་ནོར་བུ་ལ་ཟས་གོས་སོགས་ཐུན་མོང་གི་དངོས་གྲུབ་འབྱུང་ཡང་། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་མི་འབྱུང་། མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་ཆོས་བྱས་ན་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཚེ་འདིར་འབྱུང་བས་ཡིད་བཞིན་གྱི་ནོར་བུ་ལས་ལྷག་ཟེར་བ་ཡིན། ད་རེ་ཙམ་མ་གཏོགས་ཕྱིན་ཆད་རྙེད་དཀའ་སྟེ། དེའི་རྒྱུ་མཚན་མི་ལུས་རིན་པོ་ཆེ་ཐོབ་པ་ལ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ནས་ཐོབ་དགོས་པས་ན། དེང་སང་འཇིག་རྟེན་གྱི་ཁམས་འདི་ན་རྒྱུ་དེ་གསུམ་སྒྲུབ་པ་དཀོན་པས་ན་རྙེད་དཀའ། རྙེད་པར་དཀའ་བ་ཙམ་དུ་མ་ཟད་འཇིག་པར་སླ་བ་ནམ་མཁའི་གློག་དང་འདྲ་བས་ན། ཚུལ་དེ་བསམས་ནས་སྙིང་པོ་མེད་པའི་ཚེ་འདིའི་བྱ་བ་སྤངས་ནས་དམ་པའི་ཆོས་ཀྱི་སྙིང་པོ་ལེན་དགོས་ཏེ། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། དལ་བའི་རྟེན་འདི་ཡིད་བཞིན་

p. 113

ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེ་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །གསུངས་པ་ཡིན། དཔེར་ན་དཔྱིད་ཀ་རྒྱུ་ས་བོན་མངར་ཁ་གང་བཏབ་པ་རྣམས་སྟོན་ཁ་སོ་སོར་སྨིན་པ་བཞིན། ཚེ་འདིར་རྒྱུ་དགེ་སྡིག་གང་བྱས་ཀྱང་ཚེ་ཕྱི་མར་འབྲས་བུ་བདེ་སྡུག་སོ་སོར་སྨིན་པའི་ཚུལ་ལ་བསམས་ནས། སྡུག་བསྔལ་གྱི་རྒྱུ་སེམས་ཅན་གཞན་གྱི་སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ། རྫུན་གཏམ་པ། ཕྲ་མ་འཇུག་པ། ཚིག་རྩུབ་སྨྲ་བ། དོན་མེད་ངག་འཁྱལ་ལབ་པ། གཞན་གྱི་ནོར་ལ་རྣབ་སེམས་བྱེད་པ། གནོད་སེམས་འཛིན་པ། ལས་རྒྱུ་འབྲས་ལ་ལོག་པར་ལྟ་བ་རྣམས་ལ་མི་དགེ་བ་བཅུ་ཟེར་བ་ཡིན་པས་དུག་བཞིན་དུ་སྤོང་དགོས། སེམས་ཅན་གཞན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། །སྡོམ་པ་བསྲུང་བ། བདེན་པར་སྨྲ་བ། མི་མཐུན་པ་འདུམ་པ། ཞི་ཞིང་དེས་པར་སྨྲ་བ། དོན་དང་ལྡན་པའི་གཏམ་བརྗོད་པ། འདོད་ཆུང་ཆོག་ཤེས་པ། སེམས་ཅན་གཞན་ལ་བྱམས་པ། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་རྣམས་དགེ་བ་བཅུ་ཡིན་པས་

p. 114

དང་དུ་བླངས་ནས་བསྒྲུབ་དགོས། དེ་ཡང་གནས་སྐབས་སུ་མངོན་མཐོ་ལྷ་མིའི་གོ་འཕང་དང་མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་རུ་དམིགས་ནས་བསྒྲུབས་ན། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ཞེས་ལས་རྒྱུ་འབྲས་ཀྱི་མགུར་དབྱངས་འདི་བླངས་སོ། །སྔོན་ལྷ་མིའི་སྟོན་པ་སངས་རྒྱས་ཀྱིས། །མ་འགྲོ་ཀུན་བདེ་ཞིང་སྐྱིད་པའི་ཕྱིར། །ལས་རྒྱུ་འབྲས་བདེན་པའི་ཆོས་འདི་གསུངས། །གསུང་འདི་ལ་ཀུན་གྱིས་གུས་པས་ཉོན། །རྒྱུ་ས་བོན་ཚ་བ་དཔྱིད་བཏབ་ན། །འབྲས་ཚ་བ་སྟོན་དུས་སྨིན་པ་བཞིན། །རྒྱུ་སྡིག་པ་ཚེ་འདིར་བྱས་གྱུར་ན། །འབྲས་སྡུག་བསྔལ་ཕྱི་མར་སྨིན་པར་འགྱུར། །རྒྱུ་ས་བོན་མངར་བ་དཔྱིད་བཏབ་ན། །འབྲས་མངར་བ་སྟོན་དུས་སྨིན་པ་བཞིན། །རྒྱུ་དགེ་བ་ཚེ་འདིར་བྱས་གྱུར་ན། །འབྲས་བདེ་བ་ཕྱི་མར་སྨིན་པར་འགྱུར། །ཚེ་འདི་རུ་ལུས་སེམས་མི་སྡུག་ཕྱིར། །མཚོན་དུག་སོགས་གནོད་ལ་འཛེམས་པ་བཞིན། །ཚེ་ཕྱི་མར་སྡུག་བསྔལ་མི་འབྱུང་ཕྱིར། །ལས་མི་དགེའི་སྡིག་ལ་འཛེམ་པ་དགོས། །ཚེ་འདི་རུ་ལུས་སེམས་བདེ་བའི་ཕྱིར། །ཟས་གོས་སོགས་ཕན་པ་སྒྲུབ་པ་ལྟར། །ཚེ་ཕྱི་མར་བདེ་སྐྱིད་འབྱུང་བའི་ཕྱིར། །ལས་རྣམ་དཀར་དགེ་ལ་འབད་པ་དགོས། །སྨན་དུག་གཉིས་ཤེས་བཞིན་དུག་ཟོས་ན། །མི་དེ་ལས་

p. 115

སྨྱོན་པ་གཞན་མེད་བཞིན། །ལས་རྒྱུ་འབྲས་ཤེས་བཞིན་སྡིག་བསགས་ན། །མི་དེ་ནི་སྙིང་མེད་སྨྱོན་པ་དངོས། །ཆོས་ཟབ་ཟབ་མྱུར་མྱུར་མང་ན་ཡང་། །ལས་རྒྱུ་འབྲས་ཆོས་ལས་ཟབ་པ་མེད། །ཆོས་བྱེད་ན་མང་པོ་ཤེས་མི་དགོས། །ལས་རྒྱུ་འབྲས་བརྩི་བ་གཅིག་པུས་ཆོག །སྡིག་མ་བྱས་ཕྱི་མར་མི་སྡུག་སྙམ། །ནམ་འཆི་རུང་སེམས་ལ་འགྱོད་པ་མེད། །དགེ་བྱས་པས་ཕྱི་མར་སྐྱིད་ཡོང་སྙམ། །སེམས་དགའ་ཞིང་སྤྲོ་བཞིན་འཆི་བར་འགྱུར། །ལས་རྒྱུ་འབྲས་ཡོད་པར་བལྟ་བ་འདི། །ཁྱེད་འཇིག་རྟེན་པ་ཡི་ལྟ་བ་དེ། །མི་གང་གི་རྒྱུད་ན་ཡོད་གྱུར་ཀྱང་། །ཡར་མཐོ་ནས་མཐོ་རུ་འགྲོ་བར་འགྱུར། །ཞེས་ཀུན་གྱི་སེམས་ལ་ཕན་པོ་བྱུང་ནས་ནང་ནས་སྡིག་པ་སྣ་རེ་སྤོང་བ་དང་། དགེ་བ་སྣ་རེ་སྒྲུབ་པའི་ཁས་ལེན་བྱེད་མཁན་མང་པོ་བྱུང་ངོ་། །ཡང་ཉིན་ཅིག་དད་གཏོང་བློ་གྲོས་ཆེ་བའི་སྒོ་མེའི་མཚམས་པ་རིག་གསལ་སོགས་དད་ཅན་སློབ་མ་སྔགས་འཆང་མང་པོས། གསང་སྔགས་སྔ་འགྱུར་འདི་ལ་ཁས་གཏོང་མཁན་མང་པོ་འདི་ཅི་ལས་བྱུང་བ་ཡིན་ནམ་སྙམ།་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། །བླ་མ་ཡོངས་ལ་དད་གུས་ཚེ། །མཆེད་གྲོགས་ཡོངས་ལ་བརྩེ་དུང་ཆེ། །སེམས་ཅན་ཡོངས་ལ་སྙིང་རྗེ་ཆེ། །ཆོས་ལུགས་ཡོངས་ལ་དག་སྣང་ཆེ། །ཆོས་པའི་ཁྱད་ཆོས་ཆེ་བ་བཞི། །ལྡན་པའི་སྐྱབས་མགོན་

p. 116

རིན་པོ་ཆེ། །རྗེ་ཁྱེད་སྙན་གྱི་དབང་པོ་ལ། །ཞུ་བ་དོན་གཞན་མ་ལགས་ཏེ། །སྔ་འགྱུར་རྫོགས་པ་ཆེན་པོ་འདི། །ཉམས་སུ་བླངས་པས་གྲོལ་བ་དང་། །གྲུབ་པ་བརྙེས་པ་དཔག་མེད་ཅིག ། བྱུང་བའི་ངོ་མཚར་ལོ་རྒྱུས་མང་། །འོན་ཀྱང་འདི་ལ་སྔ་མོ་དང་། །ད་ལྟ་ཁ་ཡིས་གཏོང་མཁན་སྣང་། །ཁྱེད་ཀྱིས་དེ་ཡི་རྒྱུ་མཚན་ཞིག །བདག་ཅག་རྣམས་ལ་གསུང་དུ་གསོལ། །ཞེས་ཞུས་པའི་ལན་དུ་ངས་འདི་སྐད་ཅེས་སྨྲས། འོ་དེ་ཡི་རྒྱུ་མཚན་ནི། སྔོན་དགེ་བའི་བཤེས་གཉེན་སངས་རྒྱས་རིན་ཆེན་གྱིས་མཁས་གྲུབ་རིན་པོ་ཆེ་ལ། གསང་སྔགས་རྙིང་མ་བ་འདི་ལ་སྔ་རབས་ཀྱི་མཁས་པ་རྣམས་ཀྱི་ཡང་དགག་པ་འདུག་ཅིང་། ད་ལྟ་ཡང་སྐུར་བ་འདེབས་པ་མང་དུ་འདུག་པ་འདི་ཇི་འདྲ་ཡིན་ཞུས་པ་ལ། ཁོང་གི་ཞལ་ནས། །གསང་སྔགས་བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་པ་ལ་རྙིང་མ་དང་། ཕྱི་དར་གྱི་དུས་བསྒྱུར་པ་ལ་གསར་མ་ཞེས་འབྱུང་བ་ཡིན། རྙིང་མ་ལ་སྐུར་བ་འདེབས་པ་མང་བའི་རྒྱུ་མཚན་ནི། སྔོན་གླང་དར་མས་བསྟན་པ་བསྣུབས་ནས་བར་སྟོང་བྱུང་དུས། །གསང་སྔགས་པ་རྣམས་སྦྱོར་སྒྲོལ་ལ་སོགས་པ་སྤྱོད་པ་ཕྱིན་ཅི་ལོག་བྱེད་པ་བྱུང་བ་དང་། དེང་སང་ཡང་ཁྱིམ་པ་ལྕང་ལོ་ཅན་གྱི་སྤྱོད་པ་མང་བས། གང་ཟག་གི་སྤྱོད་པ་ལ་དཔགས་ནས། ཆོས་ལ་སྨོད་པ་འདི་བྱུང་བ་འདྲ། དེ་མིན་སྔགས་རྙིང་མ་འདི་དང་པོ་ཆོས་རྒྱལ་དམ་པ་རྣམས་ཀྱིས་བི་རོ་ཙཱ་ན་དང་། རྨ་

p. 117

གཉགས་གཉིས། དགེ་སློང་མི་ལྔ་ལ་སོགས་པའི་ཚད་མའི་སྐྱེས་བུར་གྱུར་པའི་ལོ་ཙཱ་བ་རྣམས་ལ་གསེར་བྲེར་གཞལ་ལ་ཡོན་དུ་བསྐུར་ནས་རྒྱ་གར་དུ་བརྫངས་ཏེ། རྫོགས་པ་ཆེན་པོ་ལ་སོགས་པའི་ཆོས་རྣམས་པཎྜི་ཏ་དང་གྲུབ་པ་བརྙེས་པ་རྩོད་མེད་དུ་གྲགས་པ་རྣམས་ལ་ཞུས་ཤིང་བསྒྱུར། གཞན་ཡང་པདྨ་འབྱུང་གནས་དང་། བི་མཱ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་ལ་སོགས་པའང་བོད་དུ་སྤྱན་དྲངས་ནས། དེ་དག་གིས་ཀྱང་གསུངས་པའི་ཆོས། ཐེག་པ་བླ་ན་མེད་པའི་ཆོས་ཟབ་མོ་སྐྱོན་དང་བྲལ་བ་ཡིན་ཏེ། འདིའི་ཚུལ་ཉམས་སུ་བླངས་པས་གྲོལ་བ་དང་། གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་བ་ཚད་མས་གྲུབ་བོ། །བསམ་ཡས་ན་ད་དུང་སྔ་འགྱུར་གྱི་རྒྱ་དཔེ་མང་དུ་ཡོད་པར་འདུག་ཅིང་། བོད་པ་ལོ་ཙཱ་བ་ཡང་རྒྱ་གར་དུ་བྱོན་ནས་ཡུལ་དབུས་འགྱུར་ཚལ་ན་གས་རྙིང་ལུང་གི་མདོ་ལ་སོགས་རྒྱ་དཔེ་འདུག་ཟེར། དེས་ན་འདི་ལྟ་བུའི་ཐེག་ཆེན་བླ་ན་མེད་པའི་ཆོས་ཟབ་མོ་ལ་སྐུར་བ་འདེབས་པ་རྣམས་ནི་དམྱལ་བའི་རྒྱུ་ཁོ་ནར་འདུག་པས་སོ་ཞེས་གསུངས། ཡང་རྗེ་ཡབ་སྲས་གཉིས་ཀའི་དངོས་སློབ་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། གཙོ་བོ་རྙིང་མའི་རྫོགས་རིམ་སོགས་སྟོན་པ་ཡིན་པས་རྫོགས་ཆེན་ལ་སངས་རྒྱས་ཀྱི་ཆོས་མེད་ཅེས་བྱར་མི་རུང་ལ། །ཆོས་སྤོང་ལས་ནི་མཚམས་མེད་ལས་ཀྱང་ལྕི་

p. 118

བ་མང་དུ་གསུངས་པས་བག་ཡོད་གྱིས་གསུངས། ལས་ཀྱི་རྡོ་རྗེས་ཞུས་པ། རྫོགས་པ་ཆེན་པོ་འདི་ལྟ་བ་རྣམ་དག་ལགས་སམ། ཞེས་གསོལ་པས། གསང་བདག་གི་ཞལ་ནས། རྫོགས་པ་ཆེན་པོ་ཡང་ལྟ་བ་མཐོན་པོ་ཡིན་གསུངས། ཕ་དམ་པ་ལ་སློབ་མ་ཁ་ཅིག་ན་རེ། དམ་པ་རྫོགས་པ་ཆེན་པོ་ལ་ལས་དཀར་ནག་གི་འབྲས་བུ་མེད་པར་འདོད་སྐད་ན། དེ་བདེའམ་མི་བདེ་ཞུས་པས། རྫོགས་ན་བདེ་གསུངས། དེ་ལྟ་བ་མཐོ་བ་མ་ལགས་སམ་ཞུས་པས། རྫོགས་པ་ཆེན་པོ་ནམ་མཁའ་དང་འདྲ་བ་ཡིན། ནམ་མཁའ་ལ་མཐོ་དམན་གདའ་ཡེ་གསུངས། རས་ཆུང་རྡོ་རྗེ་གྲགས་ཀྱིས། ཆོས་སྔ་འགྱུར་འདི་ལ་ལ་ལས་འཐབ་ཅིང་འདུག་པ། འདི་ལ་སངས་རྒྱས་ཀྱི་གསུང་ངོ་ཤེས་སོ་ཞུས་པས། རྗེ་མི་ལའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་མ་གསུངས་པའི་ཆོས་ཤིག་ལོ་པཎ་སྤྲུལ་སྐུ་རྣམས་ཀྱིས་ཁྱེར་ག་ན་ཡོང་གསུངས། ཡང་མཉམ་མེད་དྭགས་པོ་རིན་པོ་ཆེས། མི་མང་རབ་ཅིག་ཡོད་པའི་དུས་སུ་རྫོགས་ཆེན་ཅི་ཙུག་ལགས་ཞུས་པས། རྗེ་མི་ལས། བླ་མ་མར་པའི་ཞལ་ནས། ཆོས་མིན་པ་སྐད་ཟེར་ཏེ། ཆོས་མིན་པར་མི་འདུག ས་དྲུག་པ་བདུན་པ་ཡན་ཆད་ཀྱི་ཆོས་སུ་འདུག་གསུངས། གྲུབ་ཐོབ་ཨོ་རྒྱན་པའི་ཞལ་ནས། རྫོགས་པ་ཆེན་པོ་ཆོས་མ་ཡིན་ཞེས་ངེས་པའི་དོན་རྩ་བ་

p. 119

ནས་སྤོང་བ། དོན་དམ་པའི་བདེན་པ་རྩ་བ་ནས་སྤོང་བ། ཆོས་ཟབ་མོ་གཏིང་ནས་སྤོང་བ། བསམ་གྱིས་མི་ཁྱབ་པའི་དོན་རྩ་བ་ནས་སྤོང་བ་གསུངས། ཡང་རྫོགས་པ་ཆེན་པོ་ཆོས་མ་ཡིན་ཟེར་བ་ཁས་འཆེས་པས། ཐེག་པ་ཆེན་པོ་སྤོང་བའི་རྩ་ལྟུང་ཡོང་བས་དེ་སྐད་ཟླར་མི་བཏུབ། སྐུར་བ་དེ་ལྟ་བུ་མ་བཏབ་པར། རང་གི་རྒྱུད་དང་མཐུན་པའི་ཆོས་དེ་ཉམས་སུ་བླངས་ན་ལེགས་པ་ཡིན་གསུངས། རྗེ་བཙུན་ཆེན་པོ་སྐལ་ལྡན་རྒྱ་མཚོའི་མགུར་ལས། ཆོས་ལྟ་བའི་རྒྱལ་པོ་རྫོགས་པ་ཆེ། །གསུངས། གཞན་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་རྩེ། །གང་དང་མི་འདྲ་ཀུན་ལས་འཕགས་པས་ན། །འདི་དང་སུ་ཕྲད་ཚེ་འདིར་གྲོལ་བ་ཐོབ། །གསུངས། རྒྱལ་དབང་ལྔ་བ་ཆེན་པོས། པད་འབྱུང་བི་མཱ་ལ་དང་བཻ་རོ་དང་། །བཀའ་གཏེར་ལས་འོངས་སྔ་འགྱུར་རྫོགས་པ་ཆེ། །མཁས་བླུན་བར་མ་གང་གིས་ཉམས་བླངས་ཀྱང་། །ཚེགས་ཆུང་དོན་ཆེ་འཕྲུལ་གྱི་གནད་གསང་ཟབ། །དཔེར་ན་མི་ཕམ་མགོན་པོ་ཆེས་རྒན་པ། །བཻ་རོས་ཚེ་དེར་་བྱང་ཆུབ་ལམ་ལ་ཁྲིད། །རྒྱ་བོད་གཉིས་ཀ་རྟོགས་གྲོལ་དུས་གཅིག་ཏུ། །བྱུང་བའི་ངོ་མཚར་ལོ་རྒྱུས་ཕ་མཐའ་ཡས། །གསུངས། དེ་བཞིན་དུ་གསར་རྙིང་གི་མཁས་གྲུབ་མང་པོའི་བསྔགས་བརྗོད་ཀྱང་མང་། སྔོན་བསགས་བསོད་ནམས་ཅན་མ་གཏོགས་

p. 120

སུ་གང་ཡིན་ཆོས་ཟབ་མོ་འདི་དང་མཇལ་བ་དང་ཐོས་པ་ཡང་དཀའ་སྟེ། ཀུན་མཁྱེན་ཆེན་པོས། ཐེག་ཆེན་བསྐལ་པ་རྒྱ་མཚོའི་རྡུལ་སྙེད་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་པས། །འདི་ལ་འཇུག་པའི་སྐྱེས་བུ་སྐལ་བ་རབ། །གསུངས། རྗེ་འཇམ་དབྱངས་རྒྱ་མཚོས། ཧ་ཧ་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་བཅུད། །ཨ་རུ་རྣམ་རྒྱལ་ལྟ་བུའི་གཅིག་ཆོག་ཆོས། །ཐུན་རེ་བསྒོམ་པ་ལྟ་ཞོག་ཐོས་པ་ཡང་། །བསྐལ་བརྒྱར་བསོད་ནམས་བསགས་པའི་འབྲས་བུར་གདའ། །གསུངས། དེས་ན་སྔོན་སྦྱངས་ལས་འཕྲོ་ཅན་གྱི་གང་ཟག་གཅིག་ཆར་བ་ཞིག་གམ། ཡང་ན་ཚེ་འདིར་མཚན་ལྡན་གྱི་བླ་མ་བསྟེན་ནས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་རྒྱབ་རྟེན་གྱི་ལུང་དང་བཅས་པ་ཞུས་ནས་བསྐྱེད་རྫོགས་ཀྱི་ལམ་ལ་བག་ཆགས་ཅི་ཐེབས་བྱས། དེ་ནས་ཡང་གསང་རྫོགས་པ་ཆེན་པོའི་ཆོས་ཟབ་མོ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་མཆོག་བླ་ན་མེད་པ་འོད་གསལ་དང་སྒྱུ་ལུས་ཐུན་མོང་མ་ཡིན་པའི་ཁྱད་ཆོས། ཐེག་པ་གཞན་ལ་མིང་ཙམ་མ་གྲགས་པའི་གདམས་པ་ཨོ་རྒྱན་ཆེན་པོས་མཁའ་འགྲོའི་གསང་མཛོད་ནས་བླངས་པའི་ཁྲེགས་ཆོད་ཐོད་རྒལ་གཉིས་ཉམས་སུ་བླངས་ན། ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་

p. 121

འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པར་གསུངས་པས། དེས་ན་གང་ཟག་དབང་པོ་རབ་ཀྱིས་ཉམས་སུ་ལོངས། མ་ལོན་ཀྱང་ཆོས་ཟབ་མོ་ཡིན་རྒྱུ་རེད་སྙམ་དུ་དད་གུས་དག་སྣང་རྗེས་སུ་ཡི་རང་གྱིས་དང་། བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་འགྱུར་ཞེས་སྔ་འགྱུར་ཆོས་ཀྱི་ཆེ་བ་དྲུག་གི་གླུ་འདི་བླངས་སོ། །རྒྱ་གར་མཁས་གྲུབ་ལོ་པཎ་ཐམས་ཅད་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །སྔ་འགྱུར་ཆོས་ཀྱི་ཆེ་བ་རྣམ་པ་དྲུག །གླུ་རུ་ལེན་གྱིས་རབ་ཏུ་དགའ་བས་ཉོན། །རྒྱ་གར་འཕགས་པའི་ཡུལ་གྱི་མཁས་གྲུབ་རྣམས། །བོད་ཡུལ་དབུས་སུ་གདན་འདྲེན་མཛད་མཁན་པོ། །འཇམ་དབྱངས་སྤྲུལ་པ་ཆོས་རྒྱལ་རྣམ་གསུམ་མཆོག །ཁྲི་སྲོང་ལྡེའུ་བཙན་ཡོན་བདག་བསོད་ནམས་ཆེ། །ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི། །དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་གྱི། །ཆོས་འཁོར་སྨད་ནས་མདོ་སྔགས་ཆོས་ཀུན་བསྒྱུར། །སྒྲ་བསྒྱུར་གླིང་དེ་བཀྲ་ཤིས་བྱིན་རླབས་ཆེ། །བཻ་རོ་ཙཱ་ན་སྐ་ཅོག་ཞང་གསུམ་སོགས། །སྤྲུལ་པའི་ལོ་ཙཱ་བ་ཡིས་ཆོས་ཀྱི་དོན། །ཇི་ལྟ་བ་བཞིན་གཏན་ལ་ཕབ་པས་ན། །སྒྲ་བསྒྱུར་ལོ་ཙཱ་བ་རྣམས་ཡོན་ཏན་ཆེ། །མཁན་ཆེན་ཞི་འཚོ་སངས་རྒྱས་གསང་བ་དང་། །པདྨ་འབྱུང་གནས་བི་མཱ་མི་ཏྲ་སོགས། །སངས་རྒྱས་བྱང་སེམས་སྤྲུལ་པ་ཤ་སྟག་ཡིན། །པཎྜི་ཏ་རྣམས་མངོན་ཤེས་རྫུ་འཕྲུལ་

p. 122

ཆེ། །གསེར་གྱིས་ཤ་བའི་རླིད་བུ་མང་པོ་བཀང་། །རྒྱ་གར་ཡུལ་དུ་བརྫངས་ཤིང་བྲེ་ལ་གཞལ། །ཕངས་མེད་ཕུལ་ཏེ་ཞུས་པའི་ཆོས་ཡིན་པས། །ཞུ་རྟེན་གསེར་གྱི་མེ་ཏོག་རིན་ཐང་ཆེ། །འཕགས་པའི་ཡུལ་དུ་བསྟན་པ་མ་ཉམས་དུས། །བི་མཱ་ལ་དང་པད་འབྱུང་ལ་སོགས་ཀྱིས། །རྒྱ་གར་ཡུལ་དང་གཞན་ནས་རྫུ་འཕྲུལ་གྱིས། །བླངས་ནས་བསྒྱུར་པའི་ཆོས་ཡིན་ངོ་མཚར་ཆེ། །དེ་ལྟར་ཆོས་ཀྱི་ཆེ་བ་དྲུག་པོ་ལ། །བསམ་ན་ཆུ་མགོ་གངས་ལ་ཐུག་པ་བཞིན། །སྔ་འགྱུར་དུས་སུ་བསྒྱུར་པའི་རྫོགས་ཆེན་སོགས། །འཁྲུལ་མེད་ཡིན་སྙམ་དད་གུས་མཚོ་ལྟར་རྒྱས། །དེའི་ཕྱིར་སློབ་མ་ཕྱི་རབས་ཆོས་མཛད་ཀུན། །སྔ་འགྱུར་རྫོགས་ཆེན་ལ་སོགས་གསང་སྔགས་ཆོས། །དད་གུས་དག་སྣང་རྗེས་སུ་ཡི་རང་གྱིས། །བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་འགྱུར། །ཞེས་བླངས་པས་ཀུན་གྱི་སེམས་ལ་ཕན་པོ་བྱུང་། རྗེས་སུ་ཆོས་ཤེས་མི་ཤེས་གཉིས་ཀས་སྨོད་ཅི་ཐུབ་ཐུབ་བྱས་ཆོས་སྤོང་གི་ལས་ངན་པ་གསོག་པ་རྒྱུན་ཆད་ནས། དག་སྣང་བྱེད་མཁན་མང་པོ་བྱུང་ངོ་། །དེ་ནས་ཧོར་རྒྱ་ཡན་ཆད་ཀྱི་སྒོ་མེའི་ཕྱོགས་ཀྱི་བསྟན་འགྲོའི་དོན་གང་ནུས་བྱས། དེའི་དགུན་ཁ་དྭངས་རྒྱ་དགོན་ནས་མཚམས་བྱས་བསྡད་དགེ་སྦྱོར་འཕེལ་པོ་བྱུང་། ལོ་གསར་ནས་མཁས་གྲུབ་གཉིས་འཛོམ་དྭངས་རྒྱ་སྤྲུལ་སྐུ། རྒོད་རྩེའི་སྤྲུལ་སྐུ། ཨ་ལགས་སྒོམ་ཆེན། དགོན་པའི་དགེ་

p. 123

འདུན་ཡོན་བདག་མང་པོ་ལ་ཚེ་དབང་དང་། ནོར་དབང་བྱས་པའི་དུས་སུ། སྐུ་གཞོགས་རྒོད་རྩེ་རིན་པོ་ཆེས། བདག་ལ་བསྟོད་བསྔགས་མང་པོ་བྱས། ངེད་འདིར་འཚོགས་རྣམས་ཀྱི་སེམས་ལ་ཕན་པའི་ཞལ་གདམས་ཤིག་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། སྐུ་ནི་ཉི་མ་བཞིན་དུ་མཛེས། །གསུང་ནི་ཚངས་དབྱངས་བཞིན་དུ་སྙན། །ཐུགས་ནི་ནམ་མཁའ་བཞིན་དུ་ཡངས། །ཁྱེད་ནི་ནོར་བུ་བཞིན་དུ་བཟང་། །མེ་ཏོག་པདྨར་བཅུད་ཡོད་པས། །བུང་བ་ཐམས་ཅད་འདུ་བ་བཞིན། །ཁྱེད་ལ་བྱང་ཆུབ་སེམས་མངའ་བས། །སྐྱེ་འགྲོ་གདུལ་བྱ་འདུ་བ་མཚར། །ཁྱེད་ཀྱི་ཐབས་མཁས་བསྡུ་བཞི་ཡིས། །འགྲོ་དོན་མཛད་ལ་མི་ངལ་ཞིང་། །འགྲོ་བ་རྣམས་ཀྱིས་མགོན་ཁྱོད་ཀྱི། །བསྟོད་བསྔགས་བརྗོད་ལ་ངལ་མ་གྱུར། །དེའི་ཕྱིར་འགྲོ་ཀུན་མ་འདྲིས་བཤེས། །ཁྱེད་ལ་སྒོ་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས། །འགྲོ་དོན་མཛད་ལ་རྗེས་ཡི་རང་། །རྟག་ཏུ་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་སང་རྒྱས་འཐོབ་ཕྱིར་བསྔོ། །འདི་ཕྱིའི་སྐྱབས་མགོན་བླ་མ་ལ། །རབ་ཏུ་གུས་པས་འདི་སྐད་ཞུ། །འདིར་འཚོགས་སློབ་མ་སྦྱིན་བདག་ལ། །ཕན་པའི་ཞལ་གདམས་གནང་དུ་གསོལ། །དེང་ནས་བཟུང་སྟེ་ཚེ་རབས་ཀུན། །

p. 124

ཁྱེད་ཀྱི་རྣམས་ཐར་གསུང་བཞིན་དུ། །བསྒྲུབ་པར་ནུས་པའི་སྨོན་ལམ་འདེབས། །སྨོན་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། འོ་ཁྱེད་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདི་ན་དབུལ་ཞིང་ཕོངས་པའི་ཉམ་ཐག་ངན་སློང་རྣམས་ཀྱིས་གཙོ་བྱས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བལྟས་ནས། ་ཟས་གོས་སོགས་ཀྱིས་མཆོད་བསྟོད་བཀུར་ན་རང་གཞན་གྱི་དོན་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་པར་གསུངས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལས། གང་དག་དགའ་བར་བྱས་པས་མང་པོ་རྣམས། །འགྲུབ་པར་འགྱུར་བ་སེམས་ཅན་འདི་རྣམས་སོ། །འཇིག་རྟེན་ན་ནི་སེམས་ཅན་དག་ལས་གཞན། །འགྲུབ་པར་འགྱུར་བའི་ཞིང་ནི་ཡོད་མ་ཡིན། །འདི་དག་ཡིད་བཞིན་ནོར་བུ་བུམ་པ་བཟང་། །འདོད་དགུ་བཞོ་བར་བྱ་བའི་བཞོན་དང་མཚུངས། །བླ་མ་དང་ནི་ལྷག་པའི་ལྷ་ཡང་འདྲ། །དེ་ལྟ་བས་ན་དེ་དག་མགུ་བར་བྱ། །ཞེས་དང་། གླང་རི་ཐང་བ་བྱང་ཆུབ་སེམས་དཔས་ཀྱང་། སྤྱིར་སེམས་ཅན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་བསླབས། ཞེས་དང་། ཆོས་རྗེ་རྒྱལ་སྲས་པས་ཀྱང་། ང་རྒྱལ་སྦྲང་བུའི་གཤོག་རྒྱངས་ཀྱིས། །འཁོས་མེད་བློ་འཕང་མ་གཏོད་པར། །སེམས་ཅན་ཡིད་བཞིན་ནོར་བུ་རྣམས། །གུས་པས་སྤྱི་བོར་ལོངས་ཤིག་ཨང་། །ཞེས་

p. 125

སོགས་མང་དུ་གསུངས་སོ། །དེས་ན་སེམས་ཅན་རྣམས་གུས་པས་མཆོད་པ་ཕར་ཞོག སེམས་ཅན་ལ་ཕན་སེམས་རེ་སྐྱེས་ན་ཡང་བསོད་ནམས་དཔག་ཏུ་མེད་པ་འཐོབ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། དཀའ་བ་མེད་པར་ཚོགས་རྫོགས་པའི་ཐབས་ཡོད་ཀྱི་གསུངས། གང་ལགས་ན་བྱས་པས། མི་གཅིག་སྐད་ཅིག་ཐང་ཅིག་རེ་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འགྱུར་མང་པོ་གོམ་པ་ཧངས་པ་རེ་བྱས་ཀྱིན་ཤར་ཕྱོགས་སུ་གཏད་ཕྱིན། ཚུལ་དེ་འདྲ་སྟོབས་མགྱོགས་ཁྱད་ཡོད་པ་ཞིག་གིས། ངལ་གཅིག་ཀྱང་མ་གསོས་པར་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྲངས་ལས་འདས་པ། ཆུ་བོ་གངྒཱའི་ཀླུང་གི་མགོ་མཇུག་བྱེ་མ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པར་ཕྱིན་ཀྱང་། ཤར་ཕྱོགས་ལ་འཇིག་རྟེན་གྱི་ཁམས་ཟད་པ་མེད། དེ་བཞིན་དུ་སྟེང་འོག་ཕྱོགས་བཅུ་ཐམས་ཅད་ལ་ཟད་པ་མེད། ནམ་མཁས་གར་ཁྱབ་ཏུ་སེམས་ཅན་ཡང་། ས་ཐམས་ཅད་ཀྱི་རྡུལ་ལས་གྲངས་མང་བས་ཁྱབ་ཡོད། དེ་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་ནས་སང་རྒྱས་ལ་འགོད་པའི་བསམ་པ་སྐྱེས་པ་ན། དེ་བརྒྱལ་ལམ། གཉིད་ལོག་གམ། མྱོས་སམ། བག་མེད་པར་གྱུར་ཀྱང་། སེམས་ཅན་གྱི་གྲངས་དང་མཚུངས་པའི་བསོད་ནམས་མཐའ་ཡས་མུ་མེད་པ་ཞིག་རྒྱུན་མི་འཆད་

p. 126

པར་འབྱུང་བས། ཚོགས་རྫོགས་པ་ལ་དཀའ་རྒྱུ་མེད། སངས་རྒྱས་འཐོབ་པ་ལའང་དཀའ་རྒྱུ་མེད་གསུངས། དེ་བཞིན་དུ་རིན་ཆེན་ཕྲེང་བ་ལས། ཕྱོགས་རྣམས་ཀུན་ཏུ་ནམ་མཁའ་དང་། །ས་དང་ཆུ་དང་མེ་དང་རླུང་། །ཇི་ལྟར་མཐའ་ཡས་དེ་བཞིན་དུ། །སྡུག་བསྔལ་སེམས་ཅན་མཐའ་ཡས་འདོད། །སེམས་ཅན་མཐའ་ཡས་དེ་དག་ནི། །བྱང་ཆུབ་སེམས་པའི་སྙིང་བརྩེ་བས། །སྡུག་བསྔལ་དག་ལས་དྲངས་བྱས་ཏེ། །སངས་རྒྱས་ཉིད་ལ་འགོད་པར་ངེས། །དེ་ལྟར་བརྟན་པར་གནས་དེ་ནི། །མི་ཉལ་པ་ལམ་ཉལ་ཡང་རུང་། །ཡང་དག་བླངས་པ་ནས་བཟུང་སྟེ། །བག་མེད་གྱུར་ཀྱང་སེམས་ཅན་རྣམས། །མཐའ་ཡས་ཕྱིར་ན་སེམས་ཅན་བཞིན། །བསོད་ནམས་མཐའ་ཡས་རྟག་གསོག་འགྱུར། །མཐའ་ཡས་དེས་ན་སངས་རྒྱས་ཉིད། །མཐའ་ཡས་ཐོབ་མི་དཀའ་ཞེས་བྱ། །ཞེས་གསུངས་པ་རྣམས་ལ་བསམས་ནས། མ་གྱུར་སེམས་ཅན་རྣམས་བློའི་ཕུགས་སུ་བཞག་སྟེ་དུས་རྟག་ཏུ་ཕན་པའི་བསམ་སྦྱོར་ལ་འབད་པར་བྱའོ་ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། འགྲོ་རྣམས་ཡིད་བཞིན་ནོར་བུ་བཞིན། །བསྟེན་ན་ལེགས་ཚོགས་ཀུན་འབྱུང་ཞིང་། །མ་བསྟེན་ལེགས་ཚོགས་མི་འབྱུང་བར། །ཤེས་ནས་འགྲོ་ལ་གུས་ཕྱག་འཚལ། །འགྲོ་དང་ཡིད་བཞིན་ནོར་བུ་ལ། །ཁྱད་པར་གཅིག་ཀྱང་མི་འདུག་ན། །

p. 127

འགྲོ་བ་མཆོད་པར་མི་བྱེད་ལ། །ཡིད་བཞིན་ནོར་བུ་མཆོད་པར་བྱེད། །གཡོ་མེད་ལེགས་པར་མཆོད་ན་ནི། །གཉིས་ཀ་འདོད་དོན་འགྲུབ་པར་མཚུངས། །གཡོ་མེད་ལེགས་པར་མ་མཆོད་ན། །འདོད་དོན་མི་འགྲུབ་པར་ཡང་མཚུངས། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིས། །འགྲོ་ལ་གཡོ་མེད་ལེགས་མཆོད་པས། །ཐུགས་ལ་གང་བཞེད་ལེགས་པར་ཐོབ། །ལེགས་པར་བརྟགས་ན་འགྲོ་རྣམས་ལ། །མཆོད་པས་ཕན་བདེ་ཐོབ་པ་ནི། །ཡིད་བཞིན་ནོར་བུས་དཔེར་མི་ཕོད། །ཚོགས་རྫོགས་སྡིག་པ་མ་ལུས་བྱང་། །ཞེ་སྡང་ལ་སོགས་ཉོན་མོངས་རྣམས། །ལེགས་པར་དུལ་ཞིང་ཞི་བར་འགྱུར། །བྱམས་དང་སྙིང་རྗེ་ལ་སོགས་པའི། །ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །མྱུར་དུ་མངོན་པར་རྫོགས་སངས་རྒྱས། །དངོས་སུ་ཕན་ཐོགས་ལྟ་ཅི་སྨོས། །ཕན་འདོགས་བསམ་པ་སྐྱེས་ཙམ་ལའང་། །ཕན་བདེ་དཔག་མེད་འབྱུང་བ་དང་། །བསོད་ནམས་ཤིན་ཏུ་ཆེ་བ་ཡི། །གནས་སུ་ལེགས་པར་འབྱུང་འགྱུར་ཞིང་། །མཆོད་པས་ཕན་བདེ་ཐོབ་པ་ནི། །ཡིད་བཞིན་ནོར་བུ་ལ་མེད་ཀྱི། །འགྲོ་བ་སེམས་ཅན་རྣམས་ལ་ཡོད། །དེ་ཕྱིར་སེམས་ཅན་སུ་མཐོང་ཡང་། །བྱམས་པའི་མིག་གིས་ལེགས་པར་ལྟོས། །རབ་ཏུ་དགའ་བའི་འཛུམ་གྱིས་བསུས། །ཅི་འདོད་ཡིད་བཞིན་སྒྲུབ་པར་གྱིས། །སློང་བ་ལེགས་པར་ཚིམས་བྱེད་པ། །རང་ཉིད་བདེ་བའི་ཐབས་

p. 128

ཡིན་ལ། །གཞན་ཡང་བདེ་བའི་ཐབས་ཡིན་ན། །མཁས་པ་སུ་ཞིག་དེ་མི་བྱེད། །མདོར་ན་ཡིད་བཞིན་ནོར་བུ་ལྟར། །འགྲོ་ཀུན་མཆོད་བསྟོད་བཀུར་ནུས་ན། །དགོས་འདོད་ཐམས་ཅད་འབྱུང་བར་འགྱུར། །གཅིག་ཆོག་གདམས་པ་འདི་ཀ་ལགས། །ལེགས་བཤད་འདི་ལ་དགེ་བ་གང་། །ཐོབ་པ་དེས་ནི་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་རབ་ཞུགས་ཏེ། །བླ་མེད་བྱང་ཆུབ་འཐོབ་གྱུར་ཅིག །ཅེས་སྤྱན་སྔ་བས་གསུངས་པ་ལྟར་གདམས་པས་ཀུན་གྱི་སེམས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་། དེ་ལྟར་འགྲོ་དོན་བྱས་པས་ཕྱོགས་དེའི་དད་ཅན་རྣམས་ཀྱིས། རྟ་རྒོད་མ་དྲུག་ཅུ་རྩ་བདུན། མཛོ་འབྲི་བ་གླང་ཉིས་བརྒྱ། ར་ལུག་སུམ་བརྒྱ། གཞན་ཡང་ནང་རྫས་ནོམ་པ་ཡང་མང་པོ་ཕུལ་བྱུང་། དེ་རྣམས་ཀྱི་ནང་ནས་ཞབས་ཕྱི་པ་རྣམས་ལ་རྟ་བཟང་པོ་རེ་བྱིན་པས་རྟ་བཅུ་གསུམ་སོང་། ཕྱོགས་དེའི་བླ་མ་དང་མཚམས་པ་རི་ཁྲོད་པ་དགོན་པ་རྣམས་ལ་རྟ་རྒོད་མས་གཙོ་བྱས་ཆེ་རྡོ་ལྔ་བཅུ་ཙམ་ཕུལ། འགྱེད་མང་ཇ་བཏང་། ས་རིག་དགེ་བཤེས་རིན་པོ་ཆེའི་སྐུ་གདུང་མདུན་དུ་མར་མེའི་ཐེབས་སུ་ར་ལུག་དྲུག་ཅུ་རྩ་བདུན་ཕུལ། གཞན་རྣམས་ཚེ་ཐར་དུ་བཏང་། དེ་ནས་མཚོ་སྔོན་པོ་བརྒྱུད་ནས་དབུས་སུ་ཡར་ལ་འགྲོ་སྙམ། སྨད་མདོ་ཁམས་སྒང་གསུམ་གྱི་སློབ་མ་རྣམས་ལ་ཕན་ཕྱིར་ལམ་རིམ་དང་མཐུན་པའི་ཞལ་གདམས་མགུར་དབྱངས་འདི་བླངས་སོ། །ལྷར་བཅས་འགྲོ་བའི་གཙུག་

p. 129

རྒྱན་སངས་རྒྱས་དང་། །མགོན་དེའི་གསུང་རབ་མདོ་སྔགས་དམ་པའི་ཆོས། །དེ་འཛིན་བྱང་སེམས་འཕགས་པའི་དགེ་འདུན་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །ཐུབ་བསྟན་བསྟན་པ་རྒྱས་མཛད་འཛམ་གླིང་གི །གཙུག་རྒྱན་རྒྱན་མཆོག་ཀླུ་སྒྲུབ་ཐོགས་མེད་ལུགས། །ལམ་རིམ་རིམ་པ་བཞིན་དུ་དབྱངས་སུ་ལེན། །རྣམ་གྲོལ་གྲོལ་བ་དོན་གཉེར་ཅན་གྱིས་ཉོན། །མདོ་སྔགས་གཞུང་ལུགས་ཆེན་པོར་རབ་སྦྱངས་པའི། །ཡོངས་འཛིན་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་མཐའ་ཡས་ལ། །གཞོན་ནུའི་དུས་ནས་སྦྱོངས་ཤིག་མདོ་ཁམས་པ། །ཚུལ་ཁྲིམས་གཞི་བཟུང་སྦྱིན་སོགས་གྲོགས་བྱས་ཤིང་། །སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ནས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །དོན་ལྡན་ལྷ་ཆོས་སྒྲུབས་ཤིག་མདོ་ཁམས་པ། །སྒྱུ་མ་ལུས་ཀྱི་མགྲོན་ཁང་རྙིང་བ་དེ། །རྣམ་ཤེས་མགྲོན་པོས་སྟོང་པར་བསྐྱུར་ནས་ནི། །ཕྱི་མའི་ཡུལ་ལ་མྱུར་དུ་འགྲོ་ངེས་པའི། །འགྲོ་གྲབས་ལྷ་ཆོས་གྱིས་ཤིག་མདོ་ཁམས་པ། །ཕྱི་མར་སོང་ན་སྡིག་པའི་ལས་དབང་གིས། །ངན་སོང་གསུམ་དུ་ལྷུང་ན་སྡུག་བསྔལ་ཆེ། །འཇིགས་པ་ཀུན་ལས་སྐྱོབ་པའི་དཀོན་མཆོག་གསུམ། །གཏན་གྱི་སྐྱབས་སུ་སྟེན་ཅིག་མདོ་ཁམས་

p. 130

པ། །རང་གིས་དགེ་སྡིག་གང་བྱས་གཟུགས་བརྙན་རྣམས། །གསུང་རབ་མེ་ལོང་ནང་དུ་བལྟས་ན་གསལ། །མི་དགེ་བཅུ་ཡི་དྲི་མས་གོས་པ་རྣམས། །ཡང་ཡང་བྱི་དོར་གྱིས་ཤིག་མདོ་ཁམས་པ། །ངག་གི་ཉེས་པ་ཕྲ་མོ་རེ་རེས་ཀྱང་། །སྐྱེ་བ་ལྔ་བརྒྱར་སྡུག་བསྔལ་མྱོང་དགོས་ན། །རྫུན་དང་དགོས་མེད་ངག་འཁྱལ་སྤངས་ནས་ནི། །གཟུངས་སྔགས་བཟླས་བརྗོད་གྱིས་ཤིག་མདོ་ཁམས་པ། །མཆོད་རྟེན་རེ་ལ་ཕྱག་རེ་འཚལ་བས་ཀྱང་། །འཁོར་ལོས་བསྒྱུར་རྒྱལ་གྲངས་མེད་ཐོབ་གྱུར་ན། །དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །ཕྱག་དང་སྐོར་བ་གྱིས་ཤིག་མདོ་ཁམས་པ། །ངན་འགྲོར་སྐྱེ་བའི་སྡིག་ལྟུང་ཉེས་པའི་ཚོགས། །གཉེན་པོ་སྟོབས་བཞིའི་སྒོ་ནས་མ་བཤགས་ན། །ཕྱི་མར་ངན་སོང་གནས་སུ་ལྷུང་ཉེན་གདའ། །སྙིང་ནས་བཤགས་སྡོམ་གྱིས་ཤིག་མདོ་ཁམས་པ། །འཁོར་བ་སྤྱི་དང་བྱེ་བྲག་རིགས་དྲུག་གི་སྡུག་བསྔལ་བསམས་ནས་ཐར་འདོད་ཤུགས་དྲག་བསྐྱེད། །ཐར་ཐབས་བསླབ་པ་གསུམ་གྱི་ཉམས་ལེན་ལ། །ཚུལ་བཞིན་སློབ་པར་མཛོད་ཅིག་མདོ་ཁམས་པ། །རང་རྒྱུད་ཞིང་ས་བཏང་སྙོམས་བདེ་འཇམ་ལ། །རྒྱུ་འབྲས་མན་ངག་བདུན་གྱི་ཆུ་ལུད་སྦྱོར། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་ས་བོན་དེ། །ཡང་ཡང་འདེབས་པར་མཛོད་ཅིག་མདོ་ཁམས་པ། །།རྫོགས་པའི་སངས་

p. 131

རྒྱས་མངོན་དུ་བྱེད་པའི་ཐབས། །རྒྱལ་སྲས་ལམ་ལ་སློབ་ཚུལ་མང་ན་ཡང་། །ཕ་རོལ་ཕྱིན་དྲུག་ཐབས་མཁས་བསྡུ་བཞི་ལ། །བརྩོན་པ་དྲག་པོས་སློབས་ཤིག་མདོ་ཁམས་པ། །ཁྱད་པར་སྙིགས་དུས་ཚེ་ཐུང་འདི་ཉིད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པའི་ཐབས། །གསང་སྔགས་སྨིན་གྲོལ་གདམས་པ་ཉམས་སུ་ལོངས། །རང་གཞན་དོན་གཉིས་འགྲུབ་བོ་མདོ་ཁམས་པ། །མདོ་སྨད་རེབ་གོང་ཡུལ་དུ་སྐྱེས་པ་ཡི། །འདོ་མེད་རྒྱལ་ཁམས་ཉུལ་བའི་ཞབས་དཀར་པས། །མདོ་སྔགས་གདམས་པ་གླུ་རུ་བླངས་པ་འདིས། །མདོ་ཁམས་སྐྱེ་བོ་ཡོངས་ལ་ཕན་པར་ཤོག །ཅེས་བླངས་པས་མཐོང་ཐོས་རྣམས་ཀྱིས་ལམ་རིམ་བློ་སྦྱོང་ཚོར་བལྟས་ནས། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རང་རྒྱུད་འདུལ་མཁན་གྱི་སློབ་མ་བུ་ཆེན་མང་པོ་བྱུང་། ང་རྨ་ཕར་ཁ་ནས་དབུས་སུ་འགྲོ་རྒྱུ་རེད་ཟེར་བ་ཚོར་ནས། རོང་བོའི་དགོན་ཆེན་གྱི་གསེར་ཁྲི་སྐུ་གཞོགས་བུས་པ་རིན་པོ་ཆེས་དྲི་མ་མེད་པའི་ལྷ་རྫས་བཅས་གསུང་ཤོག་འདི་སྩལ་སྣང་། ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན། །འདི་ཕྱི་གཏན་གྱི་སྐྱབས་མགོན་དམ་པ་མཆོག །གྲུབ་དབང་ཚོགས་དྲུག་རང་གྲོལ་རིན་པོ་ཆེ། །ཞབས་ཟུང་གསེར་གྱི་འཁོར་ལོས་མཚན་པའི་དྲུང་། །མཁས་བཙུན་བཟང་གསུམ་ཡོན་ཏན་ཀུན་ཚང་བའི། །དགེ་བའི་

p. 132

བཤེས་གཉེན་གོང་མའི་སྤྲུལ་པའི་སྐུ། །མཚན་ཙམ་འཛིན་པའི་བུས་པ་སྐུ་སྐྱེས་ཀྱིས། །རབ་ཏུ་གུས་པས་ནན་ཏན་ཞུ་བའི་འབྲས། །མདོ་སྨད་ཡུལ་གྱི་མཁའ་ལ་ཆེར་འཕགས་པའི། །ཡོན་ཏན་དཀྱིལ་འཁོར་རྫོགས་པའི་ཉིན་བྱེད་ཁྱེད། །སློབ་བུ་རྟ་བདུན་ཤུགས་ཀྱིས་ཉེར་དྲངས་ཏེ། །མི་རིང་དབུས་གཙང་ལྷ་ལམ་བསྙེགས་ཞེས་ཐོས། །ཨེ་མ་དབུས་སུ་བསྟན་འཛིན་བགྲང་ལས་འདས། །དེར་གནས་སྐྱེ་བོ་ཀུན་ཀྱང་རང་རྒྱུད་འཇམ། །ཉི་ཤར་ཕྱོགས་སུ་ཉི་མ་དགོས་དོན་ཆུང་། །ཆོས་ཀྱི་གླིང་ལ་ཁྱེད་བྱོན་ཅི་ཞིག་དགོངས། །སེམས་དཔའ་དམ་པའི་དམ་བཅའ་བརྟན་བྱེད་ན། །མཐའ་འཁོབ་མུན་པར་ཆོས་ཀྱི་སྒྲོན་མེ་སྦོར། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་གྱི། །དཀོན་མཆོག་རྟེན་བཞེངས་བསོད་ནམས་ཞིང་དུ་བསྐྲུན། །མཐའ་འཁོབ་ཡང་འཁོབ་ཆོས་ཀྱིས་ཁ་ལོ་སྒྱུར། །སྣ་ཚོགས་ཐབས་ཀྱིས་གང་འདུལ་འགྲོ་བ་སྐྱོངས། །དབུས་སུ་ལོ་བརྒྱར་བསྟན་པ་སྤེལ་བ་ལས། །ཡུལ་འདིར་ཉིན་གཅིག་ཆོས་བཤད་བསོད་ནམས་ལྷག །དག་ཞིང་དབུས་གཙང་ཡུལ་དབུས་བཞུགས་པ་ལས། །མ་རུངས་གཅིག་འདུལ་ཚོགས་བསགས་རྒྱ་ཆེན་ལགས། །བདེ་སྐྱིད་ཡུལ་བཟང་དམ་པའི་ཞེན་ཡུལ་མིན། །དཔའ་བོ་གཞན་གྱིས་བསྒྱུར་ལ་ཅི་ཞིག་གསན། །བསྟན་འགྲོར་དགོངས་ནས་ཅིས་ཀྱང་བཞུགས་

p. 133

གསོལ་འདེབས། །བདག་ལ་འདི་ཕྱིར་དགེ་བའི་སྐྱབས་འཇུག་ཞུ། །དྲི་མེད་ལྷ་རྫས་དང་བཅས་ཞུ་ཡིག་འདི། །ཕན་བདེའི་འབྱུང་གནས་རོང་བོའི་དགོན་ནས་ཕུལ། །ཞེས་པ་ལ་སོགས་པའི་རེབ་གོང་གི་བླ་སྐྱ་དཔོན་གསུམ་དང་། སྔགས་མང་། ཁྲི་ཀའི་ས་སྒོའི་ཡོན་བདག་དད་ཅན་ཁྱི་གོ་པ་གོ་སོགས་ཀྱིས་བཤོལ་བཏབ་ནས་སྡོད་དགོས་བྱུང་། དེ་ནས་སྒོ་མེའི་བལ་ལོན་ཕྱོགས་ཀྱི་སྐྱ་སེར་རྣམས་ལ་ཁྱེད་རྣམས་ཀྱིས་བསྟན་འགྲོའི་བདེ་ཐབས་སུ་དམིགས་ནས། དགོན་པའི་འདུ་ཁང་ཕུག་ཏུ་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ཀྱི་སྐུས་གཙོ་བྱས་ཉན་ཐོས་གཉིས་དང་། གནས་བརྟན་བཅུ་དྲུག་སོགས་ཀྱི་སྐུ་སྨན་འདམ་ལས་གྲུབ་པ་ཞིག་བཞེངས་ན་བཟང་ཞེས་བཤད་པས། ཁོང་རྣམས་ཀྱིས་རྗེས་ནས་བཞེངས་པའི་ནང་དུ་གསེར་ཤོག་དམར་སེར་གཉིས་ལ་སྟོང་བམ་བརྒྱུད་དང་། ཡོན་གྱི་ནང་དུ་རྟ་རྒོད་མ་གཉིས་བྱིན། ཡུལ་ཕྱོགས་ལ་ཕན་པའི་བྱིན་འབེབས་བཀྲ་ཤིས་ཡག་པོ་བྱས། དེ་ནས་ཕྱིར་ལོག་བླ་མ་གྲུབ་པའི་དབང་ཕྱུག་བྱམས་པ་ཟླ་འོད་རིན་པོ་ཆེར་མཇལ། རྟ་དང་གོས་དར་སོགས་ཕུལ་ནས། འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་གྱི་ལུང་ཞུས་ནས་གནང་། ཉི་མ་ཁ་ཤས་མདུན་ནས་བསྡད། ཁོང་ཐུགས་དགྱེས་ཐུགས་ཡིད་གཅིག་འདྲེས་བྱུང་། འགྲོ་ཁར་ཁོང་

p. 134

དགུང་ལོ་བགྲེས་ཚུལ་བསམས་ནས་ད་ཕྱིན་ཆད་མཇལ་མི་མཇལ་ཅི་ཤེས་སྙམ་ངའི་མིག་ནས་མཆི་མ་བྱུང་བ་དང་། ཁོང་གིས་ཀྱང་སྤྱན་ཆབ་བསིལ་བར་གདའ། དེ་ནས་བཟུང་རྗེས་སུ་མཇལ་རྒྱུ་མ་བྱུང་། དེ་ནས་ཚུར་ཁྲི་ཀ་རུ་འོངས་ནས་ཇོ་བོ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཁྲི་ཀའི་ས་སྒོའི་བླ་མ་དཔོན་པོ་ཡོན་བདག་གལ་ཅན་རྣམས་ལ་རྟ་བཅུ་གཅིག་གིས་གཙོ་བྱས་རྒྱུ་ནོམ་པའི་མཚམས་རྟགས་ཕུལ་བས་ཀུན་དགའ་བར་གྱུར། ཕྱིས་ཆོས་ཀྱི་གྲོགས་བྱས་འགྲོ་ཕན་ཆེན་པོ་བྱུང་། དེ་ནས་ཁྲི་ཀའི་ཡུལ་ལྷ་མཆོད་དུ་སོང་ནང་ནས་ཞག་གཅིག་བསྡད་མཆོད་བསྟོད་གསོལ་བ་བཏབ་པས་རྗེས་སུ་འཕྲིན་ལས་འགྲུབ་པ་བྱུང་། དེ་ནས་ཆོས་རྒྱལ་མངའ་བདག་ཁྲི་རལ་པ་ཅན་གྱི་དབུ་ལོ་ནང་དུ་བཞུགས་པའི་མཆོད་རྟེན་དཀར་པོ་ལ་མཇལ། མཆོད་པ་དང་དགེ་འདུན་པ་རྣམས་ལ་མང་ཇ་བཏང་། ཡང་ནང་རྟེན་དུ་ཕ་བོང་ཞིག་ལ་རྒྱལ་བ་བྱམས་པའི་སྐུ་རང་བྱོན་དུ་བབས་པ་ཞིག་བཞུགས་པའི་ལྷ་དཀར་པོ་ལ་མཇལ་མཆོད་འབུལ་བྱས། ཕྱིའི་ལྕགས་རིའི་རྡོ་རྩིག་གསར་རྒྱག་བྱས། དེ་ནས་གནས་ཆེན་བྲག་དཀར་མེ་ལོང་དུ་སོང་། བྲག་ཕུག་གི་འདུག་ས་གསུམ་བཟོས། ཞིག་པོ་བཅོ་ལྔ་ཙམ་ལ་བསྡད་པས་ཤིན་ཏུ་སྤྲོ་ཞིང་སྐྱིད་པོ་བྱུང་། ཡང་ཨ་ཆུང་གནམ་རྫོང་ཕྱོགས་ཀྱི་བན་སྔགས་ཡོན་བདག་རྣམས་ཀྱིས་གདན་འདྲེན་པ་བྱུང་། བན་སྔགས་ཁ་ཤས་

p. 135

ཀྱིས་ཁྱེད་རི་ཁྲོད་ན་བཞུགས་དུས་ཉིན་རེར་ཇ་ཅི་ཙམ་འཐུང་བ་ཡིན་ཟེར་བའི་ལན་དུ། ངས་དེར་འཚོགས་པ་རྣམས་ལ་ཀུ་རེ་རྩེ་མཚར་གྱི་ཚུལ་དུ་རྣལ་འབྱོར་ཆོས་ཇ་བསྐོལ་ནས་འཐུང་ཚུལ་གྱི་མགུར་དབྱངས་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཆོས་པ་ཚོགས་དྲུག་རང་གྲོལ་ངས། །ཆོས་ཇ་བསྐོལ་ཚུལ་གླུ་རུ་ལེན། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །རི་ཁྲོད་དབེན་པའི་གནས་སུ་སོང་། །རང་རྒྱུད་ཐང་ཀ་ཡངས་པོ་ཡི། །ཀུན་སློང་ངན་པའི་རྡོ་བ་བསལ། །བཏང་སྙོམས་ཆེན་པོའི་ས་གཞི་བརྡལ། །མར་ཤེས་དྲིན་དྲན་དྲིན་གཟོ་ཡི། །རིན་ཆེན་སྒྱེད་པུ་གསུམ་གྱི་ཁར། །བྱམས་པ་ཆེན་པོའི་མཁར་ཟངས་བཙུགས། །སྙིང་རྗེ་ཆེན་པོའི་མེ་ཆེན་སྦར། ་།ལྷག་བསམ་དག་པའི་ཇ་ཆུ་བཙུགས། །སྨོན་འཇུག་བྱང་སེམས་ཇ་བཟང་བསྐོལ། །ཕྱིན་དྲུག་བསྡུ་བཞིའི་འོ་མ་བླུགས། །གསང་སྔགས་དབང་བཞིའི་འབྲི་མར་བརྒྱབ། །བསྐྱེད་རྫོགས་འཁྲིད་ཀྱི་ཐོམ་བུས་འཕྱུར། །བྱིན་རླབས་དྲི་ངད་རླངས་པ་འཐུལ། །ཨེ་མ་འཐུང་ཚད་ཐམས་ཅད་ལ། །ཕན་པའི་མདོ་སྔགས་ཆོས་ཀྱི་ཇ། །བདག་གིས་རྒྱུན་དུ་འཐུང་བ་འདི། །དད་གུས་དཀར་ཡོལ་སྣོད་ལྡན་པའི། །སྐལ་ལྡན་སློབ་མ་ཡང་སློབ་ལ། །ཕངས་པ་མེད་པར་བདག་གིས་སྟེར། །རྣམ་དཔྱོད་ལྗགས་ཀྱིས་

p. 136

གསོལ་ནུས་ན། །ཉོན་མོངས་སྐོམ་གདུངས་ཀུན་ཞི་ནས། །ཉམས་རྟོགས་ཡོན་ཏན་ལུས་སྟོབས་རྒྱས། །ཟུང་འཇུག་རྡོ་རྗེའི་སྐུ་འཐོབ་འགྱུར། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །དམ་ཆོས་ཇ་བཟང་འཐུང་བར་ཤོག །ཅེས་བླངས་པས་དེར་འཚོགས་པའི་དད་ཅན་གྱི་སྐྱེས་ཕོ་མོ་ཀུན་ཡིད་དགའ་ཞིང་སྤྲོ་བར་གྱུར་ཏོ། །གནས་བཟང་པོ་དེ་ནས་ཐོན་ཏེ་བན་ལེའི་སྔགས་རྒན་མཁའ་འགྲོའི་ནང་དུ་སོང་ཞག་གཅིག་གཉིས་བསྡད། བཀའ་བསྒོ་བྱིན་རླབས་བཀྲ་ཤིས་བྱས། ཆོས་བཤད་པས་ཀུན་གྱི་བློ་ཁ་ཆོས་ལ་འགྱུར། རབ་ཏུ་དད་པས་དྲེའུ་གཅིག་གིས་འགོ་བྱས་ཟང་ཟིང་ནོར་གྱི་འབྲེལ་བ་མང་པོ་བཞག དེ་ནས་བང་མཛོད་དང་ཨ་ཛེའི་སྒང་དུ་སོང་། སྔགས་རྒན་ཚེ་རིང་དོན་འགྲུབ་དང་། བློ་བཟང་བཀྲ་ཤིས་གཉིས་ཀྱིས་དྲེའུ་གཉིས་ཀྱིས་འགོ་བྱས་སྡེ་བའི་དད་ཅན་ཚོས་ཟས་ནོར་གྱི་འབྲེལ་བ་མང་པོ་ཕུལ། དེ་ནས་བན་རྒྱག་ཏུ་སོང་ཟས་ནོར་མང་པོ་ཕུལ། སྔོན་གྲུབ་ཐོབ་ཕོ་མོ་བཞུགས་པའི་སྒྲུབ་གནས་དེང་སང་འགྲོ་མི་ཐུབ་ས་ཞིག་འདུག དེའི་ལམ་བདེ་མོ་བཅོས་བྲག་ཕུག་ལ་ཉམས་གསོ་བཏང་། ནང་ནས་ཞག་ཁ་ཤས་བསྡད། བྱིན་རླབས་བྱས་རྗེས་སུ་ངའི་སློབ་མ་མཚམས་པ་རྒྱུ་ལྡང་ལོ་གསུམ་བསྡད་དགེ་སྦྱོར་འཕེལ་པོ་བྱུང་སྐད། དེ་ནས་གནས་ཆེན་ཨ་ཆུང་གནམ་རྫོང་དུ་སོང་། གནས་

p. 137

དེ་ནས་དང་པོ་གཙང་རབ་གསལ་དང་། གཡོ་དགེ་འབྱུང་། དམར་ཤཱཀྱ་སྟེ། བོད་ཀྱི་མཁས་པ་མི་གསུམ་ཡུན་རིང་བཞུགས་ཤིང་བསྒོམ་ཁྲིད་བསྐྱངས། ཕྱིས་སུ་རྒྱལ་དབང་སྡེ་པ་ཆོས་རྗེ་རིན་པོ་ཆེ་དང་། ཆོས་ཀྱི་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་མང་པོ་བཞུགས་ཤིང་བྱིན་གྱིས་བརླབས་པའི་ལྷ་ཁང་ནང་དུ་དགུན་མཚམས་ལ་བསྡད་ནས་དགེ་སྦྱོར་ཡག་པོ་བྱེད་རྒྱུ་བྱུང་། དེའི་དུས་ཉིན་ཅིག་བུ་ཆེན་པདྨ་རིག་འཛིན་སོགས་ཕྱོགས་དེའི་བན་སྔགས་མང་པོས་ལྷ་རྫས་བཅས་གནས་བསྟོད་ཅིག་གསུང་དགོས་ཞེས་བསྐུལ་ངོར། བདག་གིས་གནས་བསྟོད་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་འདི་གླུ་རུ་བླངས་སོ།། །། སྔོན་ཚེ་གནས་འདིར་བྱོན་པ་ཡི། །བསྟན་པའི་རྩ་ལག་དགོངས་པ་གསལ། །འགྲོ་བའི་མགོན་པོ་ཤཱཀྱའི་མཚན། །མཚན་སྙན་དོན་ལྡན་དགེ་བ་འབྱུང་། །བོད་ཀྱི་མཁས་པ་མི་གསུམ་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་འདུད། །གནས་འདིར་འདུག་པ་ཐམས་ཅད་ལ། །བྱིན་རླབས་དངོས་གྲུབ་ཐམས་ཅད་སྩོལ། །གནས་ཀྱིས་གང་ཟག་བྱིན་བརླབས་པའི། །གནས་ཆེན་ཨ་ཆུང་གནམ་རྫོང་ལ། །གནས་བསྟོད་ཅུང་ཟད་ཙམ་ཞིག་བྱས། །གནས་འདིའི་ལྷ་མི་དགའ་བས་ཉོན། །རི་རྒྱལ་ལྷོ་ཡི་འཛམ་གླིང་གི །བྱང་ཕྱོགས་མདོ་སྨད་ཁམས་ར་ཡི། །གནམ་རྫོང་དཔལ་

p. 138

གྱི་བྲག་རི་འདི། །ཟངས་མདོག་དཔལ་གྱི་རི་བོ་འདྲ། །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འཁོར། །ཆོས་སྐྱོང་སྲུང་མ་བྲན་ལྟར་འདུ། །རྩེ་ན་ཐུབ་དབང་པད་འབྱུང་སོགས། །སྐུ་གསུང་ཐུགས་རྟེན་མང་པོ་བཞུགས། །རྩ་ན་ཕན་བདེ་འབྱུང་བའི་གནས། །བན་སྔགས་གཉིས་ཀྱི་སྒྲུབ་སྡེ་ཆགས། །གཡས་གཡོན་ཀུན་ན་ཆུ་གཙང་འབབ། །མཐའ་བསྐོར་ནགས་ཚལ་མང་པོས་བསྐོར། །རི་ངོས་རྩི་ཤིང་མེ་ཏོག་བཀྲ། །ཁུ་བྱུག་འཇོལ་མོ་སྐད་སྙན་འབྱིན། །གནས་ཆེན་དེ་ཡི་ཤར་ལྷོ་ན། །ལྷ་ལུང་དཔལ་རྡོར་སྒྲུབ་གནས་ཡོད། །ཕྱོགས་དེའི་རི་བྲག་འགའ་ཞིག་ལ། །རིགས་གསུམ་མགོན་པོ་སྒྲོལ་མ་སོགས། །ལྷ་ཚོགས་མང་པོ་གནས་སོ་ཞེས། །སྔོན་བྱོན་མཁས་གྲུབ་མང་པོས་གསུངས། །བསྐྱེད་རིམ་འབྱོངས་པས་སྣོད་བཅུད་ཀུན། །གཞལ་ཡས་ཁང་དང་ལྷ་རུ་མཐོང་། །དག་སྣང་ཆེ་བས་རི་བྲག་ལ། །བལྟས་ཀྱང་ལྷ་དང་ལྷ་མོར་འཆར། །དེས་ན་ཆོས་ཀུན་འདུན་པ་ལ། །རག་ལས་ཁྱད་པར་གསང་སྔགས་ཆོས། །མོས་ལམ་ཁོ་ནས་འགྲུབ་པས་ན། །གང་ལ་དག་སྣང་སྦྱོང་བ་གཅེས། །བདག་ཀྱང་གནས་འདི་རྒྱུད་སྡེ་བཞིའི། །ལྷ་ཡི་ཕོ་བྲང་ཆེན་པོ་རུ། །མོས་ནས་མཆོད་བསྟོད་གསོལ་བཏབ་པས། །ཉམས་སྣང་རྣམ་པ་སྣ་ཚོགས་བྱུང་། །ཁྱེད་རྣམས་ཀུན་ཀྱང་དེ་བཞིན་དུ། །མོས་ནས་དངོས་འབྱོར་ཡིད་སྤྲུལ་གྱིས། །མཆོད་ཅིང་གསོལ་བ་འདེབས་ནུས་ན། །མཆོག་དང་ཐུན་

p. 139

མོང་དངོས་གྲུབ་འབྱུང་། །གནས་འདི་བསྟོད་པའི་དགེ་བའི་མཐུས། །གནས་བདག་ལྷ་རྣམས་རབ་དགྱེས་ཏེ། །གནས་འདིར་འདུག་པ་ཐམས་ཅད་ལ། །གནས་པོ་བཟང་པོ་མཛད་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་ལོ་ཕྱུགས་ལེགས། །ཡུལ་མི་ཐམས་ཅད་ཚེ་རིང་ཞིང་། །ཡུལ་ལ་ན་ཚ་གོད་ཁ་མེད། །ཡུལ་ཁམས་བདེ་བའི་བཀྲ་ཤིས་ཤོག །ཅེས་བླངས་པས་ལྷ་མི་ཀུན་དགའ་ཞིང་སྤྲོ་བར་གྱུར་ཏོ། །དེའི་དགུན་སྟོད་ལ་ཁ་ཀྱའི་ཤཱཀྱ་རིན་ཆེན་དང་། མ་ཎི་བ་ཤེས་རབ་བཟང་པོ། དགེ་སློང་བཀྲ་ཤིས་ལྷུན་པོ། །སྟག་ཡན་བསྟན་འཛིན་ནོར་བུ་སོགས་ཚེ་བློས་བཏང་གི་སློབ་མ་མང་པོས་བཀའ་བརྒྱུད་ཀྱི་ཆོས་སྐོར་ཞུས་པར། ངས་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཏིང་ངེ་འཛིན་གྱི་དབང་གིས་བྱིན་རླབས་བྱས་ཏེ། ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གི་ལུང་ཁྲིད་བྱས། དེའི་འཁྲུལ་འཁོར་རྣམས་བསླབས་པས་ཕལ་ཆེར་གྱིས་ཤེས་པ་བྱུང་། དེའི་དུས་གྲུབ་ཐོབ་ལྕེ་སྒོམ་པའི་བརྒྱ་རྩའི་རྣམ་བཤད་ནས་གསུངས་པའི་སྤང་བྱ་རྣམས་ཚིགས་སུ་བཅད་ནས་སྨྲས་པ། སྙིང་རྗེའི་བདག་ཉིད་སངས་རྒྱས་ལ། །རྟག་ཏུ་གུས་པས་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །སྙིང་རྗེའི་རྩ་བ་ལས་

p. 140

བྱུང་བས། །སྙིང་རྗེ་ཉམས་པའི་སྡིག་ཟས་ཤ །སྟོན་པའི་རྗེས་འཇུག་རྣམས་ཀྱིས་སྤོངས། །ཤ་ནི་སྲིན་པོའི་ཟས་ཡིན་པས། །སྡིག་པར་འགྱུར་བས་ཉེས་དམིགས་ཆེ། །ཤ་མི་ཟ་བའི་སེམས་ཅན་རྣམས། །འཇིགས་ཤིང་སྐྲག་པས་ཉེས་པ་ཡོད། །སྟོན་པ་སངས་རྒྱས་ཞལ་སྔ་ནས། །ཤ་ཟ་བ་ལ་སྙིང་རྗེ་མེད། །རྣམ་པར་གྲོལ་བ་རྒྱན་གྱི་མཆོག །འཕགས་པའི་རྒྱལ་མཚན་དག་དང་འགལ། །ཞེས་སོགས་ཉེས་དམིགས་མང་པོ་གསུངས། །ཆང་ནི་གནོད་སྦྱིན་སྨྱོ་ཆུ་ཡིན། །མྱོས་པར་འགྱུར་བས་ཉེས་སྐྱོན་ཡོད། །བྲམ་ཟེ་དྲང་སྲོང་རྣམས་ཀྱིས་དྲི། །ཚོར་ནའང་སྐྱུགས་བྲོ་འབྲོས་པར་འགྱུར། །སྟོན་པ་སངས་རྒྱས་ཞལ་སྔ་ནས། །ཆང་ནི་ཉེས་པའི་རྩ་བ་ཡིན། །རྩྭ་ཟིལ་ཙམ་ཡང་བཏུང་མི་བྱ། །རྣལ་འབྱོར་ཆང་གིས་མྱོས་གྱུར་པ། །ཤི་ནས་ངུ་འབོད་གནས་སུ་འགྲོ། །ཞེས་སོགས་ཉེས་སྐྱོན་མཐའ་ཡས་གསུངས། །ཉ་ཤ་བསེ་རག་ཟས་ཡིན་པས། གཙང་མ་རིགས་ཀྱི་ལྷ་མི་དགྱེས། །ཡི་དྭགས་རིགས་ནི་ཁ་ཅིག་གིས། །སྐྱུགས་བྲོ་བལྟ་བའི་ཉེས་པ་ཡོད། །ལ་ཕུག་འབྱུང་བོའི་ཟས་ཡིན་པས། །གཙང་མ་རིགས་ཀྱི་ལྷ་དང་ནི། །ཡི་དྭགས་ཁ་ཅིག་དགའ་མི་འགྱུར། །ཟས་ངན་འདི་དག་རབ་སྤངས་ནས། །གཏོར་མ་བརྒྱ་རྩ་ཆུ་སྦྱིན་སོགས། །ཚེགས་ཆུང་དོན་ཆེ་རྒྱལ་སྲས་ཀྱི། །སྤྱོད་པ་རྣམས་ལ་བསླབ་པར་གྱིས། །

p. 141

ལེགས་བཤད་འདི་ཡང་ཐོས་ཚད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་སྨྲས་པས་ནང་ནས་སློབ་མ་རེ་གཉིས་ཀྱིས་ཤ་གཏན་ནས་སྤངས་ཤིང་། །གཞན་གྱིས་བརྒྱ་རྩའི་དུས་སུ་མི་ཟ་བ་བྱས་སོ། །ལོ་གསར་ནས་ཕྱོགས་དེའི་སྔགས་མང་ལ་རྫོགས་ཆེན་མ་རིག་མུན་སེལ་གྱི་ལུང་ཁྲིད་བྱས་ཤིང་། སེམས་ཀྱི་ངོ་སྤྲོད་གོ་སླ་འཁྱེར་བདེ་འདི་ཡང་བྱིན། །འོ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཨོ་རྒྱན་རིན་པོ་ཆེའི་གསུང་གཏེར་སྟོན་ཁུངས་བཙུན་ཀརྨ་གླིང་པའི་གཏེར་ཁ་ཟབ་ཆོས་དགོངས་པ་རང་གྲོལ་ལས། ལུས་གནད་ཆོས་བདུན་སྔར་ལྟར་བྱས་ལ། མིག་གིས་མདུན་གྱི་ནམ་མཁའ་འམ། སྣ་རྩེའི་ཐད་ཀྱི་བར་སྣང་ཙམ་ལ་ཚུབ་དང་གྱ་གྱུ་མེད་པར་ཅེར་རེ་ཧྲིག་གེ་བལྟ། ལྟ་སྟངས་ཀྱི་ཡོན་ཏན་ནི། འགྲོ་བ་རྣམས་ཀྱི་སྙིང་གི་དཀྱིལ་དུ་རྩེ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བ་ཡེ་ཤེས་ཀྱི་རྩ་ཞིག་ཡོད་དེ། དེ་ཐུར་དུ་བལྟ་ཞིང་ཁ་ཟུམ་ན་ཡེ་ཤེས་འགྲིབ་ཅིང་གཏི་མུག་འཕེལ་བར་བྱེད་པས། དེས་ན་དུད་འགྲོ་ལ་རྩ་དེ་ཁ་ཐུར་ལ་བསྟན་ནས་ཟུམ་པས་བླུན་ཞིང་གཏི་མུག་པའོ། །མི་ལ་རྩ་དེ་འཕྲེད་ལ་ཕྱོགས་ཤིང་ཅུང་ཟད་ཁ་ཕྱེ་བས། མི་ཤེས་རིག་བཀྲ་ཞིང་། ཤེས་པ་གསལ་བ་ཡིན་ནོ། །གྲུབ་པའི་སྐྱེས་བུ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་རྩ་དེའི་ཁ་ཕྱེ་ནས་གྱེན་དུ་བསྟན་པས།

p. 142

ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དང་། མཁྱེན་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་རྒྱུ་ཆེན་པོ་འཆར་བས། ཡེ་ཤེས་ཀྱི་རྩ་དེ་ཁ་ཕྱེ་བའི་ཡོན་ཏན་ལས་བྱུང་བའོ། །དེས་ན་མིག་བཙུམ་ན། རྩ་དེ་ཁ་ཟུམ་ནས་ཐུར་དུ་ཤེས་པ་ནག་ཐུམ་གྱི་གཏི་མུག་འཐིབ་པའོ། །ལྟ་སྟངས་ཧྲིག་གེ་བྱས་པས་རྩ་དེའི་ཁ་གྱེན་ལ་བསྟན་པས་རིག་པ་དྭངས་སྙིགས་ཕྱེད་ནས། གསལ་ལ་རྟོག་པ་མེད་པའི་ཏིང་ངེ་འཛིན་དང་། དག་པའི་མཐོང་སྣང་དུ་མ་འཆར་བར་འགྱུར་བས་ལྟ་སྟངས་གལ་ཆེའོ་གསུངས། དེ་ཡི་དུས་སུ་བླ་མས་འདི་སྐད་ངོ་སྤྲད་དོ། །འོ་དེ་ལྟར་སེམས་མ་བཅོས་པར་ལྷན་ནེ་བཞག་པའི་དུས་ཀྱི་ཤེས་པ་འདི་ལ་ཅེར་རེ་ལྟོས་ཤིག འོ་ཁྱེད་རང་རྣམས་ཀྱི་སེམས་རྣམ་རྟོག་རང་སར་ཞི་ནས་མ་བཅོས་པའི་ངང་ལ་ལྷན་ནེ་གནས་པ་ཅིག་མི་འདུག་གམ། འདི་ལ་ཞི་གནས་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་ངོ་བོ་མིན་ནོ། །ད་ཁྱོད་རང་གི་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་ཅེར་རེ་ལྟོས་དང་། དངོས་པོ་དབྱིབས་དང་ཁ་དོག་ཅི་ཡི་ངོ་བོར་ཡང་མ་གྲུབ་པ། ཅི་ཡང་མེད་པའི་སྟོང་པ་ལྷང་ངེ་བ་ཅིག་མི་འདུག་གམ། འདི་ལ་ངོ་བོ་སྟོང་པ་བྱ་བ་ཡིན། སྟོང་པ་དེའི་གདངས་མ་འགགས་པར་ས་ལེ་བ་འདྲ་བ། སང་ངེ་བ་འདྲ་བ། ཝལ་ལེ་གསལ་བ་ཅིག་མི་འདུག་གམ། འདི་ལ་རང་བཞིན་གསལ་བ་ཞེས་བྱ་བ་ཡིན། ངོ་བོ་ཅིར་ཡང་མ་གྲུབ་པའི་

p. 143

སྟོང་སང་ངེ་བ་དེ་དང་། དེའི་གདངས་མ་འགགས་པར་ས་ལེ་བ་གཉིས་དབྱེར་མི་ཕྱེད་པར་ཧྲིག་གེ་བ་འདྲ་བ། ལྷང་ངེ་བ་འདྲ་བའི་རིག་པ་ཡོད་རྒྱུ་ཞིག་ཡོད་ལ། ཁར་དངོས་སུ་སྨྲ་རྒྱུ་མ་རྙེད་པའི་ཤེས་པ་ད་ལྟའི་ཧྲིག་གེ་བ་འདི་ལ་རིག་པ་ཞེས་མིང་དུ་བཏགས་པ་ཡིན། བསམ་པར་བྱེད་པའི་མཁན་པོ་ཡང་འདི་ཁོ་ན་ཡིན་པས་སེམས་ཞེས་མིང་དུ་བཏགས་པ་ཡིན། མི་དྲན་དགུ་དྲན་གྱི་མཁན་པོ་ཡང་འདི་ཡིན་པས་དྲན་པ་ཞེས་མིང་དུ་བཏགས་པ་ཡིན། མཐོང་རྒྱུ་མེད་བཞིན་དུ་གསལ་ཧྲིག་གེ་རྗེན་ནེ་ཅེར་རེ་ལྷག་གེས་མཐོང་བས། ལྷག་མཐོང་ཞེས་མིང་དུ་བཏགས་པ་ཡིན་གསུངས། མདོར་ན་རང་ཐ་མལ་རང་དགའ་ལ་གནས་པའི་དུས་ཀྱི་ཤེས་པ་གསལ་ལེ་ཧྲིག་གེ་བ་འདི་ཁོ་ན་ཡིན་ནོ། །འདི་ལ་དབྱིབས་དང་ཁ་དོག་ཅིའི་ངོ་བོ་ཡང་མ་གྲུབ་པས་རྟག་པའི་མཐའ་དང་བྲལ། དེ་བཞིན་དུ་ཧྲིག་གེ་གསལ་ལེ་བ། སུས་ཀྱང་མ་བྱས་པའི་རང་བཞིན་གྱི་འོད་གསལ་བས་ཆད་པའི་མཐའ་དང་བྲལ། དུས་འདི་ཙམ་ནས་བྱུང་། རྒྱུ་རྐྱེན་འདི་ལས་བྱུང་བྱ་བ་མེད་པས། སྐྱེ་བའི་མཐའ་དང་བྲལ། དུས་འདི་ཙམ་ན་སེམས་ལ་ཤི་བའམ། འགགས་བྱ་བ་མེད་པས་འགགས་པའི་མཐའ་དང་བྲལ། མེད་བཞིན་འགགས་མེད་ཀྱི་རྩལ་ཅི་ཅིར་ཡང་འཆར་བས་གཅིག་གི་མཐའ་དང་བྲལ། སྣ་ཚོགས་

p. 144

སུ་འཆར་ཡང་རང་བཞིན་མེད་པར་གྲོལ་བས་དུ་མའི་མཐའ་དང་བྲལ། དེས་ན་མཐའ་བྲལ་གྱི་ལྟ་བ་ཞེས་བྱ་གསུངས། སེམས་ཁོ་རང་ཡེ་གདོད་མ་ནས་ཁོ་རང་གི་རང་གཤིས་དེ་ཀ་ལྟར་ཡོད་པ་ཡིན་ཀྱང་། སྔར་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ནས་ངོ་མ་ཤེས། ཐག་མ་ཆོད། ཞེ་མ་ཚིམས། ཡིད་མ་ཆེས་པས་ད་ལྟ་བར་དུ་འཁྲུལ་བ་ཡིན་མོད། ད་ནི་ནོར་བདག་པོ་ལ་འཕྲོད། རང་ངོ་རང་གིས་ཤེས། རང་མཚང་རང་གིས་རིག སེམས་ངོ་འཕྲོད་པ་ཞེས་བྱ་བ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་སོ། །གཞན་ཡང་ཡིད་ཆེས་པའི་ལུང་ནི། བལྟས་པས་གྲོལ་བའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ་ཉོན་ཅིག རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ། དངོས་པོ་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པ། སྟོང་སང་ངེ་བ་འདི་སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་ཤེས་རིག་གི་ངོ་བོ་སྟོང་བདོ་ཙ་ན་སྟོང་པ་ཕྱད་ཆད་དུ་མ་སོང་བར། རང་གི་ཤེས་རིག་མ་འགགས་པར་ཝལ་ལེ་གསལ་བ་འདི་ཀ་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ། །རང་གི་རིག་པ་དངོས་པོ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང་། རང་གི་ཤེས་རིག་ཝལ་ལེ་གསལ་བར་འདུག་པ་འདི་གཉིས་དབྱེར་མི་ཕྱེད་པར་འདུག་པ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་

p. 145

འདི་ལ་སྐྱེ་འཆི་མེད་པས་སངས་རྒྱས་འོད་མི་འགྱུར་བ་ཡིན་ནོ། །དེ་ངོ་ཤེས་པས་ཆོས་གོ ཞེས་གསུངས་པ་དང་། ཡང་ཡེ་ཤེས་མར་མེའི་རྒྱུད་ལས། གསང་བའི་བདག་པོ་རང་གི་སྙིང་གི་དཀྱིལ་ན་ཆོས་ཀྱི་སྐུ་མཚན་མར་མ་གྲུབ་པས་སྟོང་པར་བཞུགས་སོ། །རིག་པ་མ་འགགས་པར་གསལ་བར་བཞུགས་སོ། །སྒྲིབ་པ་མེད་པར་ཟང་ཐལ་དུ་བཞུགས་སོ། །ལྷུན་གྱིས་གྲུབ་པས་ཕྱོགས་མེད་དུ་འཆར་བཞིན་མ་འགགས་པར་བཞུགས་སོ། །གསང་བའི་བདག་པོ། ཆོས་སྐུ་མཚན་མར་མ་གྲུབ་པས་སྟོང་པར་བཞུགས་པ་ནི། རང་གི་ཤེས་རིག་གི་ངོ་བོ་སྟོང་སང་ངེ་བ་འདི། དངོས་པོ་དང་ཁ་དོག་ཅི་ཡི་ངོ་བོར་མ་གྲུབ་པས། སྟོང་སང་ངེ་བ་འདི་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་སོ། །ཞེས་རྒྱས་པར་བཤད་པས་སེམས་ངོ་སྐྱོང་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་། དེའི་རྗེས་སུ་ཉམས་མགུར་འདི་ཡང་བླངས་སོ། །རང་སེམས་སངས་རྒྱས་ཀྱི་རང་ངོ་སྤྲོད་མཁན་གྱི་བླ་མ། །རང་ལ་སངས་རྒྱས་ལས་བཀའ་དྲིན་ལྷག་པར་དུ་ཆེ་བྱུང་། །མི་ལྟ་སྙམ་ན་ཡང་གསལ་སྟོང་རྗེན་པ་ཁོ་མཐོང་བྱུང་། མི་བསྒོམ་སྙམ་ན་ཡང་སྒོམ་གྱིས་ཚུར་ལ་རང་བསྐྱངས་བྱུང་། །མི་སྤྱོད་སྙམ་ན་ཡང་བདེ་སྟོང་ཏིང་འཛིན་རོས་མྱོས་བྱུང་། །མི་དགོས་སྙམ་ན་ཡང་ཉམས་

p. 146

རྟོགས་ཡོན་ཏན་འདྲ་ཤར་བྱུང་། །མི་སྐྱེ་སྙམ་ན་ཡང་སྙིང་རྗེ་རང་ཤུགས་ཀྱིས་སྐྱེས་བྱུང་། །སྟོང་ཉིད་སྙིང་རྗེ་གཉིས་འབྱོངས་པའི་རྣལ་འབྱོར་ང་སྐྱིད་པ། །ཉམས་མགུར་འདི་ཉིད་ནི་མཐོང་ཐོས་དྲན་རེག་གི་རྒྱུད་ལ། །ཉམས་རྟོགས་ཡོན་ཏན་འདྲ་སྐྱེ་བའི་སྨོན་ལམ་རང་འདེབས་སོ། །ཞེས་བླངས་པས་ཀུན་དགའ་ཞིང་སྤྲོ་བར་གྱུར་ཏོ། །དེའི་དབྱར་སོས་ཆར་ཆེན་པོ་མ་བབས་ཚེ་ཐམས་ཅད་ཀྱིས་ཆར་འབེབས་དགོས་བྱས་པས། འོ་ང་ལ་ཆར་འབེབས་པའི་གདམས་པ་ཚོ་མེད་དེ། ངས་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ཞེས་ཉིན་ཅིག་རི་རྩེ་ནས་མཉམ་གཞག་བྱས་སེམས་ཅན་ལ་སྙིང་རྗེ་བསྒོམས། དེ་ནས་རང་ཉིད་སྐད་ཅིག་ཉིད་ལ་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་ཐུགས་ཀ་ནས། འོད་ཟེར་ཉི་མ་ཤར་བ་ལྟར་ཕྱོགས་བཅུར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས། ཕྱི་སྣོད་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་དག་པའི་ཞིང་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལྷ་ལྷ་མོའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར། ཕུན་སུམ་ཚོགས་པའི་ཞིང་ཁམས་འདི་དག་རྣམས་སུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སོགས་འདོད་

p. 147

པའི་ཡོན་ཏན་ལྔ་དང་ལྡན་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར་ཅེས་མཆོད་པའི་སྤྲིན་གྱི་གཟུངས་བཏོན། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་དང་མཉམ་པའི་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་། ནོར་ལྷ་གཏེར་བདག་ལྷ་ཀླུ་མི་མ་ཡིན་མཐུ་བོ་ཆེ། དཀར་ཕྱོགས་ལ་མངོན་པར་དགའ་བ་ཐམས་ཅད་སྤྱན་དྲངས། ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་ཆར་སྤྲིན་གྱིས་གང་བའི་ཀློང་དུ་དགྱེས་བཞིན་བཞུགས་པའི་གནས་ལྔ་དང་ཕྱག་ཞབས་ཀྱི་མཐིལ། སྐུའི་ཆ་ཐམས་ཅད་ནས་ཆར་སྤྲིན་ཆེན་པོ་བྱུང་ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་ཁྱབ་ནས་ཆར་ཆེན་པོ་བབས། །སྐུའི་ཆ་ལས་ཀྱང་བདུད་རྩིའི་ཆར་རྒྱུན་བབས། ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྟེང་ལྷའི་ཡུལ་གྱི་སྤྲིན་དང་། འོག་ཀླུའི་ཡུལ་གྱི་སྤྲིན་དང་། བར་མིའི་ཡུལ་གྱི་སྤྲིན་དང་། གཞན་ཡང་ཕྱོགས་མཚམས་བརྒྱད་སྟེང་འོག་དང་བཅུ་ན་གནས་པའི་སྤྲིན་ནམ་

p. 148

མཁའི་ཁམས་ལ་མི་ཤོང་བ་ཙམ་ཚུར་བསྡུས། ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་ཁྱབ་ནས་ཆར་ཆེན་པོ་འབབ་པར་གྱུར། ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས། བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས། ཁྱད་པར་དུ་བདག་གི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཚེ་གང་བོ་འདི་ལ་དགེ་བ་བགྱིས་པ་དང་། ཏིང་ངེ་འཛིན་བསྒོམས་པའི་བསོད་ནམས་ཀྱི་མཐུ་དང་ནུས་པ་དེ་རྣམས་ཆར་སྤྲིན་ཆེན་པོའི་རང་བཞིན་དུ་གྱུར་ནས། ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ཁྱབ་ནས་ཆར་ཆེན་པོ་བབས་ཏེ། འཇིག་རྟེན་ཁམས་འདིའི་བཏབ་པའི་ལོ་ཏོག་དང་། མ་བཏབ་པའི་རྩི་ཐོག་ཐམས་ཅད་འཕེལ་ཞིང་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་གྱུར། ཨོ་ཕྱོགས་བཅུའི་ཞིང་གི་རྒྱལ་བ་ཞི་ཁྲོ་རབ་འབྱམས་མཆོད་འོས་སྐྱབས་གྱུར་གྱི་ལྷ་རྣམས་ཀྱིས་ནམ་མཁའ་ལ་སྤྲིན་བསྡུས་ཆར་ཕོབས་སཱ་ཧཱ། ཞེས་ངག་གིས་བཏོན། ཡིད་ཀྱིས་ཆར་སྤྲིན་ལས་ཆར་ཆེན་པོ་འབབ་པའི་དམིགས་པ་བྱས་པའི་རྟེན་འབྲེལ་ལ་བརྟེན་ནས། ཉིན་གུང་ནས་ནམ་མཁའ་ལ་སྤྲིན་ཆེན་པོ་ཕྱོགས་ཕྱོགས་ནས་འདུས་ཏེ། ཆར་ཆེན་པོ་བབས་པས་སློབ་མ་ཡོན་བདག་ཐམས་ཅད་དགའ་ཞིང་སྤྲོ་བ་བྱུང་། དེ་ནས་དངོས་འབྱོར་ཡིད་སྤྲུལ་གྱིས་མཆོད་པ་

p. 149

ཕུལ་བསྔོ་སྨོན་གྱིས་མཚམས་སྦྱོར་ཡང་བྱས། རྗེས་སུ་ཆར་དགོས་པའི་དུས་སུ། དེ་ལྟ་བུའི་ཆར་སྤྲིན་གྱི་ཏིང་ངེ་འཛིན་ལ་བསྡད་པས་ཆར་ཆེན་པོ་བབས་པ་བྱུང་ཚེ། ལྷ་མི་ཐམས་ཅད་ཀྱིས་སྙན་པ་དང་གྲགས་པ་བསྒྲགས། ལོ་ཡག་སྐལ་བཟང་བྱུང་། ཆོས་པ་ནས་བསོད་པ་དང་། ངན་སློང་ཚོ་ལྟོ་མོད་པ་བྱུང་ཚེ། ལྟོགས་ན་རྐུས་དྲན། བརྒྱགས་ན་ཆོས་དྲན་ཟེར་བའི་འཇིག་རྟེན་གཏམ་དཔེ་ལྟར། མ་ཎི་ལ་སོགས་པའི་ཆོས་དྲན་མཁན་མང་པོ་བྱུང་ངོ་། །ངའི་བསམ་པ་ལ་ཆར་འདི་འབེབས་མི་ཐུབ་པ་མ་གཏོགས། ཐུབ་རྒྱུ་ཡིན་ན་ནས་དོ་བོ་ཁྲི་ཕྲག་འབུམ་ཕྲག་མང་པོའི་སྦྱིན་པ་བཏང་བ་ལས་ལྷག་གི་ཕན་ཡོན་འདུག་ཨང་སྙམ་པ་བྱུང་ནས། དབྱར་སོས་རང་གིས་རང་ལ་བསྐུལ་ནས་ཆར་སྤྲིན་གྱི་ཏིང་ངེ་འཛིན་ལ་ཡང་ཡང་སྙོམས་པར་ཞུགས་སོ། །དེའི་དུས་སྐུ་གཞོགས་སྐ་ཕུག་སྤྲུལ་པའི་སྐུ་དང་དགེ་འདུན་པ་རྣམས་ཀྱིས་སྐྱབས་མགོན་གསེར་ཁང་རྡོ་རྗེ་འཆང་གདན་དྲངས་ནས། ཀུན་རིག་གི་དབང་ཞུས་པའི་གྲལ་དུ་ང་ཡང་བསྡད་ནས་དབང་ཐོབ་པའི་སྐལ་བ་བཟང་པོ་བྱུང་། དེའི་ལོ་ཨ་ཆུང་གནམ་རྫོང་རྩེར་མཚམས་ཁང་ཡག་པོ་ཞིག་བཟོས་སྔགས་པ་རྣམས་ཀྱིས་མཚམས་རེ་ཤར། རྩ་རུ་དགོན་པ་བཏབ་དགེ་འདུན་པ་རྣམས་ཀྱིས་དགེ་སྦྱོར་བྱས། རྗེས་སུ་རྩེ་ཡི་བྲག་

p. 150

ཕུག་གོང་དུ་ཟངས་མདོག་དཔལ་རིའི་ཞིང་བཀོད་ཅིག་བཞེངས་ན་བཟང་བྱས་པས། སྔགས་མང་གིས་བཞེངས་ནས་ལེགས་པོ་གྲུབ་པ་བྱུང་། དེ་དག་རྣམས་ཀྱི་རྒྱུ་ཁོང་ཚོས་ཕུལ་བས་འདི་ནས་འགྲོ་དགོས་ཆེན་པོ་མ་བྱུང་། དེ་ནས་སྐྱིད་ལེ་རུ་སོང་རྨ་ཆུའི་ཕ་ཁར་བུད། དེ་རུ་ཇིས་ཚ་ལ་སོགས་རྨ་ཕ་རིའི་མཇལ་བ་བརྒྱ་ཕྲག་མང་པོ་བྱུང་བ་ལ་མཇལ་ཁ་བཏང་། ཀུན་ས་ལ་འཚོགས་པ་དང་ཁྲུས་དང་བྱིན་རླབས་བྱས་པའི་མཐར། འོ་འཁོར་བ་འདི་ལ་སྙིང་པོ་མེད་པ། མི་རྟག་པ་སྡུག་བསྔལ་པའི་རང་བཞིན་ལས་མ་འདས་པས། འཁོར་བའི་སྡུག་བསྔལ་འདི་ལས་ཐོར་པ་ཞིག་བྱ་དགོས། ཐར་པ་ཙམ་གྱིས་ཀྱང་མི་ཆོག་པར་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། དེ་འཐོབ་པའི་ཕྱིར་སེམས་ཅན་གཞན་ལ་གནོད་པའི་ལས་སྡིག་པ་སྤང་དགོས། ཕན་པའི་ལས་དགེ་བ་སྒྲུབ་དགོས། དུས་རྒྱུན་དུ་སེམས་བཟང་པོ་བྱེད་དགོས། དེ་ལྟར་བྱས་ན་གནས་སྐབས་བདེ་ཞིང་མཐར་ཐུག་འཚང་རྒྱ་བར་འགྱུར་ཞེས་མགུར་དབྱངས་འདི་ཡང་བླངས་སོ། །རང་ལྷ་རུ་གསལ་བའི་སྤྱི་བོའི་སྟེང་། །ཞིང་དག་པ་རབ་འབྱམས་ཕོ་བྲང་དབུས། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐུ་རབ་མཛེས་འོད་ཟེར་འཕྲོ་བཞིན་བཞུགས། །བུས་མོས་གུས་གདུངས་པས་གསོལ་བ་འདེབས། །

p. 151

གནས་འདིར་འཚོགས་སྐལ་བཟང་ཕོ་མོ་ཡི། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ངེད་ཐམས་ཅད་གནས་འདིར་ཡུད་ཙམ་འདུས། །ཡུན་མི་རིང་གྱེས་ནས་འགྲོ་བ་བཞིན། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཆོས་ཉམས་སུ་ལེན་ན་མང་མི་དགོས། །ལས་མི་དགེ་སྤོངས་ལ་དགེ་བ་སྒྲུབས། །དུས་རྒྱུན་དུ་བསམ་པ་བཟང་པོ་གྱིས། །ཚིག་དེ་གསུམ་ནང་དུ་ཆོས་ཀུན་འདུས། །འདི་མ་བརྗེད་ཀུན་གྱི་སེམས་ལ་ཟུངས། །ངས་ཁྱེད་རྣམས་མི་བརྗེད་སེམས་ལ་འཛིན། །དུས་ད་རེ་མཇལ་བ་ཡུད་ཙམ་སྣང་། །ཕྱིས་ལྷོད་ལྷོད་བྱས་ནས་མཇལ་བར་སྨོན། །ས་ཐག་རིང་སྐྱེ་འཆི་ཁྲིགས་ཁྲིགས་མེད། །དུས་ད་ནས་ཚེ་འདིར་མ་མཇལ་ན། །ཚེ་ཕྱི་མར་རྒྱལ་བ་རིགས་ལྔ་ཡི། །ཞིང་རྣམས་སུ་ཡང་ཡང་མཇལ་བར་ཤོག །སྟེང་ལྷ་ཡི་ཡུལ་ལ་བཀྲ་ཤིས་ཤོག །འོག་ཀླུ་ཡི་ཡུལ་ལ་བཀྲ་ཤིས་ཤོག །བར་མི་ཡི་ཡུལ་ལ་བཀྲ་ཤིས་ཤོག །བཀྲ་ཤིས་པས་ཡུལ་ཀུན་ཁྱབ་གྱུར་ཅིག ། ཅེས་བླངས་པའི་མཐར་ཡར་ལངས་ཕྱག་དང་སྐོར་བ་བྱས་དད་བཞིན་རང་རང་གི་ཡུལ་དུ་སོང་ནས་སྡིག་སྤོང་དགེ་སྒྲུབ་ལ་བརྩོན་པ་མང་པོ་བྱུང་ངོ་། །དེ་ནས་ཚུར་འོང་ག་ནུབ་ཁམས་རའི་སྡེ་

p. 152

བ་གཞན་རྣམས་ཀྱི་ནང་དུ་སོང་བསྔོ་སྨོན་བཀྲ་ཤིས་བརྗོད་ནས་ཀུན་གྱི་སེམས་དགའ་བར་བྱས། དེ་ནས་དོ་རྒྱ་རུ་འོང་ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་ཞིང་བསྟན་འགྲོ་ཡོངས་ལ་ཕན་པའི་ལྷག་བསམ་ཅན་དོ་རྒྱའི་དཔོན་པོ་ཕ་བུ་སོགས་དམ་ལྡན་སྔགས་འཆང་རྣམས་ཀྱིས་སྔགས་ཁང་གསར་བའི་ནང་དུ་གདན་དྲངས། ཉི་མ་མང་པོའི་བར་དུ་ཞབས་ཏོག་བྱས། སྐུ་གསུང་ཐུགས་རྟེན་རྣམས་ལ་རབ་གནས་ཡང་ཡང་བྱས། མཆོད་པ་ཕུལ་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད། ཕྱོགས་དེའི་སྐྱ་སེར་རྣམས་ཀྱིས་ཟས་ནོར་མང་པོ་ཕུལ་བ་རྣམས་ཀྱི་ནང་ནས་ལྷ་རི་གསང་སྒྲོགས་སོགས་ཕྱོགས་དེའི་དགོན་པ་རྣམས་ལ་བསྙེན་བཀུར་བྱས། ངན་སློང་རྣམས་ལ་ཕྱིང་བ་སྣམ་བུ་བཙེམས་ནས་གོས་ལྷམ་ལྔ་བཅུ་ལྷག་གིས་སྦྱིན་པ་བཏང་། མི་དགའ་ལྷ་དགའ་བྱུང་། ངས་དད་ཅན་ཀུན་གྱི་སེམས་ལ་ཕན་པའི་མགུར་དབྱངས་འདི་བླངས་སོ། །མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་ཡིན། །སྤྱི་བོར་བརྒྱན་ནས་སྙན་པའི་གླུ་དབྱངས་ལེན། །རྣམ་དཀར་དགེ་བའི་ལམ་ཆེན་ལ་ཞུགས་ནས། །སངས་རྒྱས་ས་རུ་འགྲོ་རྣམས་དགའ་བས་ཉོན། །བླ་མས་ཅི་གསུང་བསྒྲུབས་ན་ཅི་བསམ་འགྲུབ། །ཅི་གསུང་བཀའ་བཞིན་སྒྲུབས་ཤིག་ཡོན་བདག་རྣམས། །དལ་འབྱོར་མི་ལུས་ཡང་

p. 153

ཡང་རྙེད་པར་དཀའ། །དོན་མེད་ཆུད་ཟོས་མ་གཏོང་ཡོན་བདག་རྣམས། །འཆི་བ་བསམས་ན་དམ་པའི་ལྷ་ཆོས་འོང་། །ནམ་འཆི་ཆ་མེད་སོམས་ཤིག་ཡོན་བདག་རྣམས། །ཤི་ན་སྡིག་ཅན་དམྱལ་བའི་གནས་སུ་འགྲོ། །མི་དགེའི་སྡིག་པ་མ་བྱེད་ཡོན་བདག་རྣམས། །ལས་ཅན་མཐོ་རིས་ཐར་པའི་གནས་སུ་འགྲོ། །རྣམ་དཀར་དགེ་ལ་འབོད་ཅིག་ཡོན་བདག་རྣམས། །འགྲོ་ཀུན་སྐྱེ་བ་སྔོན་མའི་ཕ་མ་ཡིན། །བྱམས་དང་སྙིང་རྗེ་སྦྱོངས་ཤིག་ཡོན་བདག་རྣམས། །སྐྱིད་སྡུག་གང་གི་དུས་སུ་ཁྱིམ་མཚེས་དགོས། །ཁྱིམ་མཚེས་བྱམས་པོ་གྱིས་ཤིག་ཡོན་བདག་རྣམས། །ཁྱིམ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །ཐམས་ཅད་མཐུན་པར་འགྲོགས་ཤིག་ཡོན་བདག་རྣམས། །སེར་སྣ་ཆེ་ན་ཡི་དྭགས་གནས་སུ་སྐྱེ། །གཡོག་པོར་ཟས་གོས་བྱིན་ཅིག་ཡོན་བདག་རྣམས། །བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན། །རྒྱུན་དུ་མ་ཎི་བགྲོངས་ཤིག་ཡོན་བདག་རྣམས། །བསམ་པ་བཟང་ན་ཡིད་ལ་བསམ་ཚད་འགྲུབ། །བསམ་པ་དཀར་པོ་གྱིས་ཤིག་ཡོན་བདག་རྣམས། །ལྷ་ཆོས་བྱེད་ན་ཞལ་གདམས་མང་མི་དགོས། །འདི་ཙམ་གྱིས་ཀྱང་ཆོག་གོ་ཡོན་བདག་རྣམས། །གླུ་འདི་ཐོས་ཚད་ཡོན་བདག་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་

p. 154

ཤིས་གཡང་འཁྱིལ་ཞིང་། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་བླངས་པས་ཀུན་གྱིས་དེ་ལྟར་བྱས་པས་ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ལོ་ལེགས་བྱུང་ནས་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཏོ། །དེའི་སྐབས་སུ་སྐུ་གཞོགས་ལྷ་རི་ཚང་ལ་སྤྲུལ་སྐུ་གཉིས་འཁྲུངས་པ། དེའི་དོན་དུ་དགོན་པའི་དགེ་འདུན་པ་དང་། ཨ་འབྱུང་གི་བཀྲ་ཤིས་དོན་འགྲུབ་རྣམས་མ་འགྲིགས་པའི་བར་ལ། ངའི་སྐུ་ཚབ་ཏུ་བློ་ལྡན་སྟག་ཡན་བཏང་ནས་ཆོས་གཟུ་བྱས། ཨ་འབྱུང་སྤྲུལ་སྐུའི་ཡབ་བཀྲ་ཤིས་དོན་འགྲུབ་ལ་དངུལ་སྲང་ལྔ་བཅུ་མ་གཅིག་གིས་འགོ་བྱས་དངུལ་རྡོ་ཚད་ལྔའི་རྩིས་བྱིན། གདན་ས་བློས་གཏོང་བ་བྱས། དགེ་འདུན་པ་རྣམས་ཀྱིས་ཁྲི་ཀའི་ཇོའུ་བདག་ཚང་ལ་འཁྲུངས་པའི་སྤྲུལ་སྐུ་དེ་གདན་སར་བཀོད་ནས་ཁྲི་སྟོན་བྱས། ཨ་མགྲོན་སྤྲུལ་སྐུ་ངའི་རྗེས་སུ་ཕེབས། ཕན་ཚུན་གཉིས་ཀ་ལ་བཤད་རྒྱུ་མེད་པར་བཀྲ་ཤིས་པོ་བྱས། དེ་ནས་དོ་རྒྱའི་སྡེ་བ་བར་ཚིགས། ལ་རྔ། ལྷ་ཆུང་། སྲིན་མོ། ཁེན་རྒྱ། སྐ་ཕུག་ཚོ་གསུམ། བོད་བྱ་ཚང་རྣམས་ལ་རིམ་གྱིས་སོང་། ཆོས་བཤད་མགུར་དབྱངས་མང་པོ་བླངས་ནས་ཀུན་གྱི་བློ་ཁ་ཆོས་ལ་བསྒྱུར་ཏེ། ཡུལ་ཁམས་ཆོས་ཀྱིས་དཀར་པོར་བཏང་། དེ་ནས་ཨ་འབྱུང་སྡེ་བའི་ནང་དུ་སོང་། དད་གཏོང་བློ་གྲོས་མཆོག་ཏུ་མངའ་བའི་མགོན་པོ་རྒྱ་མཚོའི་ཁྱིམ་དུ་བསྡད།

p. 155

ཞག་མ་ཁ་ཤས་ཞབས་ཏོག་བྱས། ཕྱོགས་དེའི་དད་ཅན་ཡོན་བདག་རྣམས་ཀྱིས་ངའི་རྗེས་ན་ངན་སློང་བརྒྱ་ལྷག་ཙམ་ཞིག་ཡོད་པ་ལ། ཇ་ཐུག་སོགས་ཀྱི་ཟས་སྦྱིན་རྒྱ་ཆེན་པོ་བཏང་ཀུན་ཚིམས་པར་བྱས་ནས། དད་ཅན་མགོན་པོ་རྒྱ་མཚོས་འདིར་འཚོགས་རྣམས་ཀྱི་སེམས་ལ་ཕན་པའི་བཀའ་ཆོས་ཤིག་གནང་དགོས་ཞེས་ཞུ་ཡིག་ཚིགས་བཅད་འདི་ཕུལ་ལོ། །སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །དེ་ལ་སེམས་ཅན་འགའ་ཞིག་གིས། །གཡས་ནས་ཙན་དན་ལྡེ་གུ་ཡིས། །སྐུ་ལ་བྱུགས་པར་བྱེད་པ་དང་། །གཡོན་ནས་སྟ་གྲིས་གཤགས་པ་གཉིས། །ཉེ་རིང་ཆགས་སྡང་མི་མཛད་པར། །སེམས་ཅན་ཀུན་གྱི་མགོན་དང་སྐྱབས། །དཔུང་གཉེན་མཛད་པའི་རྣམ་ཐར་བཞིན། །སྐྱབས་མགོན་ཁྱེད་ཀྱི་སྙིང་རྗེའི་སྒོས། །སེམས་ཅན་འགྲོ་དོན་མཛད་པའི་ཚེ། །སེམས་ཅན་འགའ་རེས་ཕན་བཏགས་པའི། །ལན་དུ་གནོད་པ་སྐྱེལ་ན་ཡང་། །ད་དུང་ཡལ་བར་མི་འདོར་བར། །སླར་ཡང་བརྩེ་བས་རྗེས་སུ་བཟུང་། །གནོད་ལན་ཕན་པས་འཇལ་བ་ཡི། །རྣམ་ཐར་འདི་ནི་ངོ་མཚར་ཆེ། །ངོ་མཚར་ཆེ་བའི་བླ་མ་ལ། །རབ་ཏུ་གུས་པས་ཕྱག་འཚལ་བསྟོད། །ཁྱེད་ཐུགས་མཉེས་པའི་མཆོད་པ་འབུལ། །རང་གཞན་སྡིག་ལྟུང་མཐོལ་ལོ་བཤགས། །འགྲོ་དོན་མཛད་ལ་རྗེས་ཡི་རང་། །ཟབ་རྒྱའི་

p. 156

ཆོས་འཁོར་བསྐོར་དུ་གསོལ། །བསྐལ་པ་རྒྱ་མཚོར་བཞུགས་གསོལ་འདེབས། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །སྐྱབས་མགོན་ཡིད་བཞིན་ནོར་བུ་ཡིས། །འདིར་འཚོགས་སློབ་མ་ཡོན་བདག་ལ། །འདི་ཕྱི་ཀུན་ཏུ་ཕན་པ་ཡི། །ཞལ་གདམས་བཟང་པོ་སྩལ་དུ་གསོལ། །ཞེས་ཕུལ་བའི་ལན་དུ་ངས་འདི་སྐད་སྨྲས། འོ་དཔེར་ན་འཁོར་ལོས་བསྒྱུར་རྒྱལ་གྱི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར། འཁོར་དང་དཔུང་དང་བཅས་པ་མཆིས་པ་བཞིན། སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིས་པར་གསུངས། དཔེར་ན་མ་བཟང་མོ་ཞིག་གིས་བུ་ལ་སྙིང་རྗེ་མཆིས་ན། གནོད་པ་མི་བྱེད་པས་ཕན་འདོགས་པ་ཆོས་ཉིད་ཡིན་པ་ལྟར། ངེད་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་ཆེན་པོ་མཆིས་ན། སེམས་ཅན་ལ་གནོད་མི་བྱེད་པར་ཕན་འདོགས་པ་ཆོས་ཉིད་ཡིན་ཀྱང་། དེང་སང་ཀུན་གྱིས་སེམས་ཅན་ལ་ཕན་མི་འདོགས་པའི་ཁར་གནོད་སྐྱེལ་བ་འདི་རྒྱུད་ལ་སྙིང་རྗེ་ཆེན་པོ་མ་སྐྱེས་པས་ལན་འདུག་པས། དེས་ན་ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་འདི་གལ་ཆེ་ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། ཐམས་ཅད་མཁྱེན་པ་བྱང་ཆུབ་ཀྱི། །སེམས་ལས་བྱུང་ཞིང་དེ་ཉིད་ཀྱི། །རྩ་བ་སྙིང་རྗེ་ཐབས་ཀྱི་མཐར། །ཕྱིན་ཅེས་རྣམ་སྣང་རྒྱུད་ལས་གསུངས། །མྱུར་དུ་སངས་རྒྱས་འཐོབ་འདོད་པས། །ཐོག་མཐའ་བར་གསུམ་གང་ལ་ཡང་། །སྙིང་

p. 157

རྗེ་བསྒོམ་པ་གལ་ཆེ་ཞེས། །བྱང་ཆུབ་ལམ་རིམ་ཆེན་མོར་གསུངས། །སྙིང་རྗེ་ཆེན་པོའི་ནོར་བུ་མཆོག །ཐོགས་པའི་བྱང་ཆུབ་སེམས་དཔའ་ལ། །ངན་སོང་ངན་འགྲོའི་འཇིགས་མེད་ཅེས། །བྱམས་པའི་རྣམ་ཐར་མདོ་ལས་གསུངས། །སྙིང་བརྩེར་བཅས་པས་རྒྱལ་སྲས་ཀྱི། །སྤྱོད་པར་བསླབ་ན་བྱང་ཆུབ་རིག །འདུས་བྱས་འདུས་མ་བྱས་ཀྱི་དགེ །འབྱུང་ཞེས་སྡུད་པ་དག་ལས་གསུངས། །བྱམས་དང་སྙིང་རྗེ་ཀུན་མཁྱེན་སེམས། །ཡིད་ལ་བྱེད་པས་གནས་པ་འདི། །བྱང་ཆུབ་སེམས་དཔའི་རྒྱན་ནོ་ཞེས། །རྣམ་ངེས་ཆོ་འཕྲུལ་མདོ་ལས་གསུངས། །སྙིང་རྗེའི་ཡོན་ཏན་ནམ་མཁའ་མཉམ། །སྤྱོད་ཡུལ་སྟོན་པ་སངས་རྒྱས་གཅིག །རྒྱུ་སྤྱོད་བསོད་ནམས་ཚོགས་ལྡན་ཞེས། །མཁས་པ་སངས་རྒྱས་གསང་བས་གསུངས། །སྙིང་རྗེ་བརྟན་པའི་བྱང་སེམས་བརྟན། །སྐྱེ་གནས་མཐར་ཕྱིན་རྒྱུ་ཡིན་ཕྱིར། །འགྲོ་ལ་སྙིང་རྗེ་ཆེ་བ་ནི། །རྙེད་དཀའ་རིན་ཆེན་འབྱུང་གནས་གསུངས། །ཐེག་པ་ཆེ་ཆུང་ཁྱད་པར་ཡང་། །ལྟ་བའི་སྒོ་ནས་མ་ཕྱེས་པར། །སྙིང་རྗེའི་སྒོ་ནས་ཕྱེས་སོ་ཞེས། །སངས་རྒྱས་གཉིས་པ་ཇོ་བོས་གསུངས། །སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །བདག་གཞན་མེད་ན་འགྲོ་བའི་དོན། །འགྲུབ་ཅེས་རྗེ་བཙུན་མི་ལས་གསུངས། །དེ་བཞིན་རྒྱལ་བ་སྲས་བཅས་ཀྱིས། །སྙིང་རྗེའི་ཕན་ཡོན་མཐའ་ཡས་གསུངས། །

p. 158

ཆོས་པ་བཟང་པོ་བྱེད་འདོད་ན། །སྙིང་རྗེ་ཕན་སེམས་ལྡན་པར་མཛོད། །ཅེས་སྨྲས་པས་ཀུན་གྱི་སེམས་ལ་ཕན་ཐོགས་ནས་སྤྲང་པོ་ཚོ་ལ་སྦྱིན་པ་གཏོང་མཁན་མང་པོ་བྱུང་ངོ་། །དེ་ནས་ཀུ་བ་དགོན་དུ་འོང་སྐུ་གཞོགས་རིན་པོ་ཆེ་ལ་མཇལ། ཆོས་འབྲེལ་ཞུས་ཁོང་གིས་ཀྱང་ཚུར་གསོལ་རས་བདག་རྐྱེན་ཆེན་པོ་བྱུང་། དེའི་ལོ་ནམ་ཚ་ངན་པས་སྤྲང་པོ་ཇེ་མང་དུ་སོང་སྤྲང་པོ་ཉིས་བརྒྱ་ལྔ་བཅུ་ཙམ་ཁྲིད་ནས། ཡོན་བདག་རྣ་གོང་བ་ཉ་མོ་ཀླུ་རྒྱལ་སོགས་ཕྱོགས་དེའི་སྡེ་བ་ཆེ་ཆུང་མང་པོ་བརྒྱུད་ནས་སོང་ཟས་སྦྱིན་གཏོང་དུ་བཅུག་ནས། ཉམ་ཐག་སྤྲང་པོ་འཆི་ལ་ཉེ་བ་མང་པོའི་སྲོག་ཐར་པར་བྱས། དེའི་དུས་རང་ཉིད་སྦྱིན་པ་ལ་དགའ་བའི་ཤུགས་ཀྱིས་མགུར་དབྱངས་འདི་བླངས་སོ། །། ལུས་དང་ལོངས་སྤྱོད་དགེ་ཚོགས་སྦྱིན་པ་རུ། །གཏོང་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་པོ་སྦྱིན་ལ་དགའ་བའི་རྣམ་ཐར་བཞིན། །གང་ཡོད་སྦྱིན་པར་གཏོང་བར་བྱིན་གྱིས་རློབས། །ཚེ་འདིར་ཟས་ནོར་ལོངས་སྤྱོད་འཛོམ་ན་ཡང་། །ཡུན་རིང་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །ད་ལྟ་ཡུད་ཙམ་འཛོམ་པའི་དུས་སྐབས་སུ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྒོས། །ཟས་སྐོམ་གོས་ལྷམ་སྨན་སོགས་སྦྱིན་པར་ཐོངས། །བུ་ལ་བྱིན་ན་ཕ་མ་དགའ་བ་ལྟར། །སྦྱིན་པ་བཏང་ན་སངས་རྒྱས་བྱང་སེམས་མཉེས། །ལྷ་ཆོས་བྱེད་ན་མང་པོ་ཤེས་མི་དགོས། །

p. 159

ལག་ལེན་དགོས་པས་སྤྲང་པོ་ཉམ་ཐག་ལ། །ཕན་པའི་སེམས་ཀྱིས་ཟན་ཆང་གཅིག་བྱིན་ཀྱང་། །ཕྱི་མ་འབྱོར་བ་ཅན་གྱི་མི་རུ་སྐྱེས། །རིམ་གྱིས་རྫོགས་པའི་སངས་རྒྱས་འཐོབ་པར་གསུངས། །རང་ཉིད་སྦྱིན་ལ་དགའ་བའི་སྤྲོ་ཤུགས་ཀྱིས། །ཀུན་ལ་སྦྱིན་པ་ཐོངས་ཞེས་བཤད་པ་འདི། །ཐོས་ཚད་རྒྱུད་ལ་སྙིང་རྗེ་ཆེན་པོ་སྐྱེས། །ཉམ་ཐག་འགྲོ་ལ་སྦྱིན་པ་གཏོང་བར་ཤོག །ཅེས་བླངས་པས་དད་ཅན་རྣམས་སྦྱིན་པ་གཏོང་བར་ཡིད་སྤྲོ་བ་བྱུང་། དེ་ནས་ངང་རོང་ཟེར་བའི་དགོན་པ་སྐྱིད་པོ་ཞིག་སྣང་། དེ་རུ་སོང་ནས་ཞག་གཅིག་བསྡད་སྐུ་གཞོགས་མོག་ཀྱའི་སྤྲུལ་སྐུ་དང་མཇལ། ཕྱག་རྟེན་ཕྲན་བུ་ཕུལ། དགེ་འདུན་པ་རྣམས་ལ་བསྙེན་བཀུར་ཅུང་ཟད་བྱས། ཚུར་མི་མང་པོར་འཚོ་བ་ཞབས་ཏོག་ཡག་པོ་འདུག དེའི་དུས་ར་རྒོད་སྤྲུལ་སྐུ་ཚང་ལྷུང་བ་ལ་བཀའ་བསྒོ་བྱིན་རླབས་བྱས་པས་དྲུག་པ་བྱུང་། འགྲོ་ཁར་དད་ཅན་དགེ་འདུན་པ་འགའ་རེས་ཕྱིས་སུ་ཡུལ་ཕྱོགས་གང་ལ་ཡང་བཀྲ་མི་ཤིས་པ་མང་པོ་ཡོང་གིན་འདུག་དེ་ལ་ཁྱེད་ཀྱིས་བཀྲ་ཤིས་རེ་བརྗོད་ན་ཟེར་བའི་དུས་སུ་འདི་སྐད་བརྗོད། །ཨོ་ཤར་གྱི་ཕྱོགས་ཀྱི་བཀྲ་ཤིས་ལྷ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག །ནད་གདོན་སྡིག་སྒྲིབ་ཀུན་ཞི་བའི། །བཀྲ་ཤིས་ཤར་གྱི་ཕྱོགས་ནས་ཤོག །ལྷོ་ཡི་ཕྱོགས་ཀྱི་བཀྲ་ཤིས་

p. 160

ལྷ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་ཤོག །ཚེ་དཔལ་བསོད་ནམས་ཀུན་རྒྱས་པའི། །བཀྲ་ཤིས་ལྷོ་ཡི་ཕྱོགས་ནས་ཤོག །ནུབ་ཀྱི་ཕྱོགས་ཀྱི་བཀྲ་ཤིས་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་ཤོག །མི་ནོར་ཟས་གསུམ་དབང་འདུས་པའི། །བཀྲ་ཤིས་ནུབ་ཀྱི་ཕྱོགས་ནས་ཤོག །བྱང་གི་ཕྱོགས་ཀྱི་བཀྲ་ཤིས་ལྷ། །དོན་ཡོད་གྲུབ་པའི་བཀྲ་ཤིས་ཤོག །དགྲ་བགེགས་བར་ཆད་ཚར་གཅོད་པའི། །བཀྲ་ཤིས་བྱང་གི་ཕྱོགས་ནས་ཤོག །དབུས་ཀྱི་ཕྱོགས་ཀྱི་བཀྲ་ཤིས་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་ཤོག །མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །བཀྲ་ཤིས་དབུས་ཀྱི་ཕྱོགས་ནས་ཤོག །ལྷ་ཡི་ཡུལ་ལ་བཀྲ་ཤིས་ཤོག །ཀླུ་ཡི་ཡུལ་ལ་བཀྲ་ཤིས་ཤོག །མི་ཡི་ཡུལ་ལ་བཀྲ་ཤིས་ཤོག ། ཡུལ་ཕྱོགས་ཀུན་ལ་བཀྲ་ཤིས་ཤོག །ནམ་མཁའི་ཁམས་ལ་བཀྲ་ཤིས་ཤོག །བར་སྣང་ཁམས་ལ་བཀྲ་ཤིས་ཤོག །ས་གཞིའི་ཁམས་ལ་བཀྲ་ཤིས་ཤོག །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ཤོག །བཀྲ་ཤིས་དང་དགེ་ལེགས་བདེ་སྐྱིད་ཆེན་པོས་ཕྱོགས་ཐམས་ཅད་ལ་ཁྱབ་པར་གྱུར་ཅིག ཁྱད་པར་དགོན་གནས་འདི་ལ་བྱིན་ཆགས་པར་གྱུར་ཅིག ནང་ཀུན་ལ་གཡང་འཁྱིལ་བར་གྱུར་ཅིག ཅེས་བརྗོད་པའི་རྟེན་འབྲེལ་ལ་བརྟེན་ནས་ཡུལ་ཁམས་ཐམས་ཅད་ལ་བཀྲ་ཤིས་པར་གྱུར་ཏོ། །དེ་ནས་གནས་ཆེན་ལོ་བའི་བྲག་དཀར་དུ་སོང་། གནས་དེ་ནི་

p. 161

ཁ་ལྷོར་བལྟ་བ། མདོག་ཤེལ་ལྟར་དཀར་པ་རི་མཐོ་ལ་ས་གཙང་བ། ལྷ་ཤིང་ཤུག་པ་སོགས་ཤིང་སྣ་ཚོགས་སྐྱེས་པ་ཆུ་ཤིང་འཛོམ་པ་ཡིད་མཐུན་བག་ཕེབས་རི་རྒྱུད་བཟང་ཞིང་བྱིན་ལྡན་གནས་གསུམ་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་གདའ། དེར་ཞག་པོ་བདུན་གྱི་བར་དུ་གནས་འབྲེལ་བཞག་པས། ཉམས་དགའ་རིག་པ་དྭངས་པ་སྤྱིར་དགེ་སྦྱོར་འཕེལ་ཞིང་། ཁྱད་པར་ཉིན་ཅིག་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་པས། སྐབས་ཤིག་མཐའ་དབུས་མེད་པའི་ནམ་མཁས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ། སེམས་ཀྱིས་ཀྱང་ཡོངས་སུ་ཁྱབ་ཅིང་། གཤིས་ཅིར་ཡང་མ་གྲུབ་པ་ཤིན་ཏུ་གསལ་བ་མེ་ལོང་ལྟ་བུ་ལ་འཁོར་འདས་ཀྱི་གཟུགས་བརྙན་ཅིར་ཡང་འཆར་ཞིང་། དེ་ཡང་སེམས་ལས་གཟུགས་གཞན་མ་ཡིན། གཟུགས་ལས་ཀྱང་སེམས་གཞན་མ་ཡིན་པར་སྒྱུ་མ་རྨི་ལམ་བཞིན་མཐོང་ཚེ། ངའི་བསམ་པ་ལ་སེམས་ངོ་སྐྱོང་རྒྱུ་ཡིན་ན་བླ་མའི་བྱིན་རླབས་ཀྱིས་སྐབས་ཤིག་སྔོན་བྱོན་གོང་མའི་གསུང་བཞིན། སྣང་བ་ཕྱི་རུ་མ་ལུས་སེམས་ཉིད་ནང་དུ་མ་ལུས་པར། མཉམ་པར་བཞག་ནམ་མཁའ་ལྟ་བུའི་ངང་ནས་འཁོར་འདས་ཀྱི་ལྟད་མོ་ཅི་ཡང་མཐོང་རྒྱུ་རེད་སྙམ་རབ་ཏུ་དགའ་ཞིང་སྤྲོ་བའི་ངང་ནས་ཉམས་མགུར་འདི་བླངས་སོ། །

p. 162

ཀུན་གསལ་གྱི་ཐུགས་དགོངས་ནམ་མཁའ་ལས་ཡངས་པའི།། ཀུན་མཁྱེན་གྱི་འཇིགས་མེད་གླིང་པ་ཁོང་མཁྱེན་ནོ། །གནས་ལུགས་ཀྱི་ངང་ལ་ཡུན་རིང་དུ་འབྱམས་པའི། །རྣལ་འབྱོར་ངའི་ཉམས་ཤར་གླུ་དབྱངས་སུ་ལེན་ནོ། །ནམ་མཁའ་ལ་ཉི་ཟླ་གཟའ་སྐར་རྣམས་ཤར་བཞིན། །སེམས་ཉིད་ཀྱི་ཀློང་དུ་འཁོར་འདས་ཀུན་ཤར་སྣང་། །འཁོར་འདས་ཀྱི་འཆར་གཞི་རང་སེམས་ཀྱི་གནས་ལུགས། །ནམ་མཁའ་ལས་ཡངས་པའི་ངང་དུ་རང་གློད་པས། །མ་རིག་པའི་མུན་པ་རང་སངས་ལ་སོང་ནས། །འོད་གསལ་གྱི་ནམ་མཁའ་རང་ཤུགས་ཀྱིས་ལངས་སོང་། །བྱིང་རྨུགས་དང་འཕྲོ་རྒོད་གཏན་མེད་དུ་སངས་ནས། །མཉམ་གཞག་ལ་གསལ་འགྲིབ་མེད་པ་འདི་སྐྱིད་དོ། །མཉམ་གཞག་ནི་ནམ་མཁའ་ལྟ་བུ་ཡི་ངང་ནས། །འཁོར་འདས་ཀྱི་ལྟད་མོ་སྣ་ཚོགས་ཤིག་མཐོང་སོང་། །ནམ་མཁའ་ལས་ཉི་མ་འགགས་མེད་དུ་འཆར་བཞིན། །སེམས་ཉིད་ལས་སྙིང་རྗེ་འགགས་མེད་དུ་འཆར་སྣང་། །སྣང་གྲགས་ཀྱི་ཆོས་ཀུན་དཔེ་ཆ་རུ་ཤར་ཞིང་། །མགྲིན་པ་འདི་གླུ་ཡི་མཛོད་ཁང་དུ་འདུག་གོ །རྣལ་འབྱོར་ང་འཇིགས་མེད་གླིང་པ་ཡི་བུ་རྒྱུད། །ཉམས་མགུར་འདྲ་ལེན་ན་འདི་འདྲ་རང་བླངས་ཡོང་། །ཕྱི་རབས་ཀྱི་རྗེས་འཇུག་རིག་འཛིན་གྱི་ཚོགས་རྣམས། །ཉམས་དབྱངས་འདྲ་ལེན་ན་འདི་

p. 163

འདྲ་རང་ལོངས་ཤོག །མ་འོངས་པའི་དད་ཅན་རིག་འཛིན་གྱི་ཚོགས་ལ། །ཉམས་མགུར་འདི་བླངས་པས་ཕན་པར་རང་སྨོན་ནོ། །ཞེས་བླངས་ནས་བསྡད་ཡོད་དུས་སྔགས་རྒན་བཀྲ་ཤིས་དོན་འགྲུབ། གནས་སྐྱབས་འབུམ། ཡུམ་ལོ། རྣ་གོང་བའི་ལྷ་བཟོ་ལ་སོགས་ཕྱོགས་དེའི་སྔགས་པ་བཅོ་ལྔ་ཙམ་འོངས་ནས་ཟས་ནོར་མང་པོ་ཕུལ་ནས། སེམས་ཁྲིད་ཅིག་གནང་དགོས་ཞེས་བཤད་པས། ངས་རྫོགས་ཆེན་མ་རིག་མུན་སེལ་གྱི་སྒོ་ནས་སེམས་ཁྲིད་བྱས། རིག་འཛིན་ནོར་བུ་ལ་སོགས་པའི་སེམས་ཀྱི་གནས་ལུགས་རྟོགས་པ་མང་པོ་བྱུང་། དེ་དུས་སྔགས་པ་འགའ་རེས་བླ་མ་གཞན་ཚོ་ལ་མ་མཁའ་འགྲོས་མ་འོངས་ལུང་བསྟན་འདྲ་བྱུང་བ་ལྟར་ཁྱེད་ལ་ཨེ་ཡོང་གི་ཟེར་བའི་ལན་དུ། ངས་ལུང་བསྟན་བཟང་ངན་གཉིས་ཀ་ཡོང་གི་ཞེས་ཀུ་རེའི་ཚུལ་དུ་འདི་སྐད་སྨྲས། །དེང་སང་བླ་མ་འགའ་རེ་ལ། །མཁའ་འགྲོས་ལུང་བསྟན་བྱུང་བ་བཞིན། །བདག་ལ་བཟང་ངན་གཉིས་ཀ་ཡི། །མ་འོངས་ལུང་བསྟན་ཡོང་བར་གདའ། །འགྲོ་དོན་ཕྱོགས་མེད་བླ་མ་རྣམས། །ཞིང་གཞན་གཤེགས་པའི་ལུང་བསྟན་བྱུང་། །ཐམས་ཅད་མཁྱེན་པའི་དགེ་བཤེས་རྣམས། །སངས་རྒྱས་འཐོབ་པའི་ལུང་བསྟན་བྱུང་། །བྲག་ལ་བསྒོམ་པའི་སྒོམ་ཆེན་རྣམས། །འཆི་ཁར་གྲོལ་བའི་ལུང་བསྟན་བྱུང་། །ཚུལ་ཁྲིམས་

p. 164

བསྲུང་བའི་དགེ་སློང་རྣམས། །དག་ཞིང་སྐྱེ་བའི་ལུང་བསྟན་བྱུང་། །ཕ་མར་བྱམས་པའི་མི་སྐྱ་རྣམས། །ལྷ་རུ་སྐྱེ་བའི་ལུང་བསྟན་བྱུང་། །སྦྱིན་པ་གཏོང་བའི་བུད་མེད་རྣམས། །ཕྱུག་པོར་སྐྱེ་བའི་ལུང་བསྟན་བྱུང་། །ཆོས་དད་ཆེ་བའི་གཡོག་པོ་རྣམས། །དཔོན་པོར་སྐྱེ་བའི་ལུང་བསྟན་བྱུང་། །ཆོས་ལ་དག་སྣང་སྦྱོང་བ་རྣམས། །ཡུལ་དབུས་སྐྱེ་བའི་ལུང་བསྟན་བྱུང་། །ལུང་བསྟན་བཟང་པོ་དེ་རྣམས་སྟེང་། །འགྲོ་ཕྱིར་ཀུན་གྱིས་དེ་བཞིན་གྱིས། །ཞེན་ཆགས་ཆེ་བའི་བླ་མ་རྣམས། །རང་ཡུལ་སྐྱེ་བའི་ལུང་བསྟན་བྱུང་། །ང་རྒྱལ་ཆེ་བའི་དགེ་བཤེས་རྣམས། །སེང་གེར་སྐྱེ་བའི་ལུང་བསྟན་བྱུང་། །ཕྲག་དོག་ཆེ་བའི་སྒོམ་ཆེན་རྣམས། །ཁྱི་རུ་སྐྱེ་བའི་ལུང་བསྟན་བྱུང་། །འདོད་ཆགས་ཆེ་བའི་གྲྭ་ལོག་རྣམས། །བྱ་རུ་སྐྱེ་བའི་ལུང་བསྟན་བྱུང་། །ཞེ་སྡང་ཆེ་བའི་མི་སྐྱ་རྣམས། །སྦྲུལ་དུ་སྐྱེ་བའི་ལུང་བསྟན་བྱུང་། །སེར་སྣ་ཆེ་བའི་བུད་མེད་རྣམས། །ཡི་དྭགས་སྐྱེ་བའི་ལུང་བསྟན་བྱུང་། །གཏི་མུག་ཆེ་བའི་གཡོག་པོ་རྣམས། །ཕག་ཏུ་སྐྱེ་བའི་ལུང་བསྟན་བྱུང་། །ཆོས་ལ་ཕྱོགས་རིས་བྱེད་མཁན་རྣམས། །དམྱལ་བར་སྐྱེ་བའི་ལུང་བསྟན་བྱུང་། །ལུང་བསྟན་ངན་པ་དེ་རྣམས་སྟེང་། །མ་སོང་གོང་འདིར་དོགས་ཟོན་གྱིས། །ཞེས་སྨྲས་པས་ཀུན་དགའ་བར་གྱུར་ཏོ། །དེ་ནས་འགྲོ་ཁར་སྔགས་རྒན་རྣམས་ལ། ངེད་རྣམས་གནས་ཆེན་འདིར་ཡུད་ཙམ་ཞིག་འདུས་ནས་སོ་སོར་གྱེས་པ་བཞིན། ཆོས་

p. 165

ཐམས་ཅད་མི་རྟག་འདིའི་རང་བཞིན་ཅན་ཡིན་པས། མི་ནོར་ཟས་གསུམ་ལ་ཆགས་ཞེན་མ་ཆེ། ཚེ་བློས་ཐོངས་ཕུན་སུམ་ཚོགས་པའི་གནས་མཆོག་འདིར་དགེ་སྦྱོར་འཕེལ་པོ་འདུག་པས། ཁྱེད་རྣམས་ཕྱིན་ཆད་གནས་འདིར་ལོ་རེ་ལོ་ཕྱེད་ཙམ་སྡོད་ལ། རང་གི་ཆོས་གང་ཤེས་རྣམས་ཉམས་སུ་ལོངས་ལ་རྒྱུད་ལ་སྐྱེ་ངེས་རེ་གྱིས། གཞན་ཚེ་བློས་བཏང་གི་རི་ཁྲོད་པ་སྡོད་མཁན་བྱུང་ན་མཐུན་རྐྱེན་རེ་སྒྲུབས་དང་སངས་ཀྱང་མཉམ་པོར་རྒྱུ་བའི་རྟེན་འབྲེལ་ཡོད་བྱས། དེ་ནས་ཐོན་ཏེ་གཅན་ཟའི་ཐང་བརྒྱུད་ནས་ཨ་མྱེས་ལྷ་གཉན་བྲག་དཀར་སྤུན་གསུམ་གྱི་གངས་རིའི་འདབས། གོ་ར་ཀ་རོན་གྱི་ཕུ་ན་འབྲོག་པ་མང་པོ་ཡོད་སར་སོང་། རི་རྩེར་ལྷ་རྣམས་མཉེས་པའི་བསང་བཏང་ཁམས་གསེང་བྱས། ཡོན་བདག་རྣམས་ལ་ཐུན་མོང་གི་ཆོས་བཤད་བྱས་ཀུན་གྱི་བློ་ཁ་ཆོས་ཕྱོགས་ལ་བསྒྱུར། འཇིག་རྟེན་པ་དང་མཐུན་པའི་ཁ་ཏ་འདི་ལྟར་བྱས། འོ་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་མཉན་ཡོད་ན་རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་རི་དྭགས་ཞེས་བྱ་བ་ལ་བུ་བདུན་ཡོད་པ་ལ། ཆུང་ཤོས་དེ་ལ་མནའ་མ་ལྷ་འཚམས་མ་ཞེས་བྱ་བ་ལེན་དུས། ཨ་མ་ན་རེ། བུ་མོ་ཁྱོད་ཀྱིས་དེ་རིང་ཕན་ཆད་ནས་ཉི་མ་ཟླ་བ་གཉིས་ལ་ཕྱག་འཚོལ། གོས་བཟང་གྱོན། ཟས་བཟང་ཟོ། བདེ་བར་ཉོལ། དུས་རྒྱུན་དུ་མེ་

p. 166

ལོང་ལ་ལྟོས་ཤིག་ཟེར་བས། བུ་མོས་དེ་བཞིན་བྱའོ་ཟེར། ནང་དུ་འོངས་ནས་དེ་ལྟར་མ་བྱས་ཚེ། གཞན་གྱིས་ཁྱོད་མས་བསླབས་པ་ལྟར་མི་བྱེད་པ་ཅི་ཡིན་བྱས་པས། མོ་ན་རེ། བདག་གི་མ་ནི་མཁས་མ་ཡིན་པས། ཉི་ཟླ་གཉིས་ལ་ཕྱག་འཚོལ་ཟེར་བ་དེ། ཁྱོ་ཀའི་ཕ་མ་གཉིས་ལ་བརྩི་བཀུར་གྱིས་ཟེར་བ་ཡིན། གོས་བཟང་པོ་གྱོན་ཞེས་པ། རྟག་ཏུ་ངོ་ཚ་ཁྲེལ་འཛེམ་ཆེ་བར་གྱིས་ཟེར་བ་ཡིན། ཞིམ་པོ་ཟོ་ཟེར་བ་ཨ་ཡི་ཨ་མྱེས་ཁྱོ་ཀ་སོགས་ལ་ཟས་དྲངས་ཚར་བའི་རྗེས་ལ་རང་གིས་ཟས་ཟོ་ཟེར་བ་ཡིན། བདེ་བར་ཉོལ་ཟེར་བ། ཁྱིམ་ཚང་བཟའ་མི་ཀུན་ཉལ་བའི་རྗེས་སུ་ཉོལ་ཟེར་བ་ཡིན། རྟག་ཏུ་མེ་ལོང་ལ་ལྟོས་ཟེར་བ། ལས་དང་བྱ་བ་གང་ལ་ཅི་དགོས་པ་ལ་ལྟོས་ཤིག་ཟེར་བ་ལགས་བྱས་པས་ཀུན་དགའ་བར་གྱུར་ཏོ། །དེས་ན་འཇིག་རྟེན་པའི་མནའ་མ་སོགས་ཁྱིམ་ཚང་ནང་མི་རྣམས་ཀྱིས་དེ་ལྟར་བྱས་ན་ལེགས་ཞེས་མགུར་དབྱངས་འདི་བླངས་སོ། །མི་རྟག་ཐུགས་ལ་འཁྲུངས་པ་ཡི། །བླ་མ་རྣམས་ལ་གསོལ་བ་འདེབས། །མི་རྟག་འཆི་བས་རྒྱུད་བསྐུལ་ནས། །ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །འཁོར་བའི་ཆོས་རྣམས་ཐམས་ཅད་པོ། །མི་རྟག་མི་བརྟན་སྙིང་པོ་མེད། །ཁྱད་པར་ཁྱིམ་ཚང་ནང་མི་རྣམས། །དཔེར་ན་ཚོང་འདུས་མགྲོན་པོ་བཞིན། །ཡུལ་ཕྱོགས་གཅིག་ལ་ཡུད་ཙམ་འཚོགས། །ཡུན་རིང་མི་སྡོད་སོ་

p. 167

སོར་གྱེས། །ཕྱི་མར་འགྲོ་བའི་ཚུལ་སོམས་ལ། །དེང་སང་ཁྱིམ་ཚང་ནང་མི་ཀུན། །གོ་རེ་ཀྱིལ་ལེར་འཛོམ་པའི་དུས། །དོན་མེད་ཁོང་ཁྲོ་མི་ལྡང་ཞིང་། །ཁ་ནས་ཚིག་ངན་མི་སྨྲ་བར། །ཐམས་ཅད་བསམ་པ་མཐུན་པའི་སྒོས། །ཞིམ་པའི་ཟས་རེ་ཡོད་ན་ཟོ། །འཇམ་པའི་གོས་རེ་ཡོད་ན་གོན། །སྙན་པའི་གཏམ་རེ་ཡོད་ན་ཤོད། །ཕན་པའི་ཆོས་རེ་ཡོད་ན་གྱིས། །མི་རྣམས་དགའ་བ་ཆོས་ཡིན་པས། །རྒྱུན་དུ་དགའ་དགའ་སྤྲོ་སྤྲོ་གྱིས། །དེ་ལྟར་བྱས་ན་ཚེ་རིང་ཞིང་། །བཀྲ་ཤིས་ཕུན་སུམ་ཚོགས་པ་ཡོང་། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་གྱིས། །ཕན་པའི་ཁ་ཏ་བྱས་པ་འདི། །ཐོས་ཚད་ཁྱིམ་ཚང་མཐུན་པའི་སྒོས། །ཆོས་བྱས་བདེ་ཞིང་སྐྱིད་པར་ཤོག །ཅེས་བླངས་པས་ཆེ་ཆུང་གཉིས་ཀའི་རྒྱུད་ལ་ཕན་པོ་བྱུང་། ནང་མི་ཀུན་མཐུན་པའི་སྒོ་ནས་ཆོས་བྱས་གཞན་གྱི་ཆོས་བྱེད་པའི་གྲོགས་བྱས་པར་མི་ལ་ཚེ་རིང་ནང་ལ་བཀྲ་ཤིས་པོ་བྱུང་། ཡང་ཁ་ཀྱ་བན་ཤུལ་གྱི་རུ་ནང་དུ་སོང་ནས་འགྲོ་དོན་བྱས་པའི་ཚེ། དད་ཅན་ཆོས་མཐུན་དགེ་སློང་ཚུལ་ཁྲིམས་དང་ཆོས་འཕེལ་སོགས་འབྲོག་ཕྱོགས་ཀྱི་སློབ་མ་ཡོན་བདག་དད་ཅན་འགའ་རེས་འཁོར་བ་ལ་སྐྱོ་བ་སྐྱེ་བའི་ཆོས་ཤིག་གསུང་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རྒྱ་བོད་མཁས་གྲུབ་རྣམ་ཐར་བཞིན། །ཁྱེད་ཀྱིས་འཁོར་བ་

p. 168

མེ་ཡི་འོབས། །སྲིན་མོའི་གླིང་དང་དུག་སྦྲུལ་ཚང་། །འཁོར་བའི་ཕུན་ཚོགས་ཟས་ནོར་ཀྱང་། །དུག་དང་འདྲེས་པའི་ཁ་ཟས་དང་། །སྤུ་གྲིའི་ཁ་ཡི་སྦྲང་རྩི་དང་། །དུག་སྦྲུལ་མགོ་ཡི་ནོར་བུ་ལྟར། །རེག་པ་ཙམ་གྱིས་ཕུང་འགྱུར་ན། །དེ་ཉིད་བསྟེན་པ་སྨོས་ཅི་དགོས། །དགོངས་ནས་ཚེ་འདི་བློ་ཡིས་བཏང་། །དམ་པའི་ལྷ་ཆོས་བྱས་ཚུལ་ལ། །བསམ་ཞིང་དད་པ་གཏིང་ནས་སྐྱེས། །ད་ནི་སྐྱེ་མཆོག་ཁྱེད་ཉིད་ལ། །ཞུ་བ་དོན་གཞན་མ་ལགས་ཏེ། །བདག་ཅག་རྗེས་འཇུག་བུ་སློབ་དང་། །སྦྱིན་བདག་རྣམས་ལ་ཕན་པའི་ཕྱིར། །འཁོར་བའི་ཉེས་དམིགས་གསུང་དུ་གསོལ། །འཁོར་བའི་ཉེས་དམིགས་ལེགས་བསམས་ནས། །ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། ངས་འདི་སྐད་ཅེས་སྨྲས། འོ་དེ་ཡང་དཔལ་ལྡན་ས་སྐྱ་བ་སོགས་དམ་པ་གོང་མའི་གསུང་བཞིན་སྐྱེ་འཆི་འཁོར་བའི་སྡུག་བསྔལ་བསམས་ནས། གང་ལ་ཡང་མ་ཆགས་པ་ཞིག་གལ་ཆེ། དེ་ལ་འཁོར་བའི་སྡུག་བསྔལ་རྒྱས་པར་བཤད་ན་བརྗོད་ཀྱིས་མི་ལང་སྟེ། རྗེ་ལྷོ་བྲག་མར་པས། མི་ལ་རས་པ་ཡུལ་དུ་འབྱོན་ཁར། བུ་ཚེ་འདི་དང་དམ་པའི་ཆོས་བསྲེས་ན་ཆོས་ཤོར་ཟིན་པ་དེ་རང་ཡིན། བུ་ཡིས་འཁོར་བའི་སྡུག་བསྔལ་སོམས། །འཁོར་བའི་རང་བཞིན་འདི་འདྲ་ཞེས། །བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས། །བསྐལ་པ་བྱེ་བ་བསམ་ཡས་སུ། །བཤད་ཀྱང་བརྗོད་ཀྱིས་

p. 169

མི་ལང་བས། །ངས་བཤད་དམ་ཆོས་ཆུད་མ་གསན། །གསུངས་པ་ལྟར་ཡིན་ཀྱང་། བསྡུ་ན་གསུམ་དུ་འདུ། གསུམ་པོ་གང་ཞེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་ནི། དམྱལ་བ་ལ་ཚ་བའི་སྡུག་བསྔལ་གྱི་ཐོག་ཏུ་གྲང་བའི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་པའི་སྡུག་བསྔལ་གྱི་ཐོག་ཏུ་སྐོམ་པའི་སྡུག་བསྔལ། དུད་འགྲོ་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ་གྱི་ཐོག་ཏུ་ཤ་པགས་ཀྱི་ཆེད་དུ་བསད་པའི་སྡུག་བསྔལ། མི་ལ་སྐྱེ་རྒས་སྡུག་བསྔལ་གྱི་ཐོག་ཏུ་ན་འཆིའི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་ཅིང་རྩོད་པའི་སྡུག་བསྔལ་གྱི་ཐོག་ཏུ་རྨས་ཤིང་བསད་པའི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་གྱི་ཐོག་ཏུ་མར་ལ་ལྟུང་བའི་སྡུག་བསྔལ་སོགས་སྡུག་བསྔལ་གཅིག་གི་ཐོག་ཏུ་གཉིས། གཉིས་ཀྱི་ཐོག་ཏུ་གསུམ་སོགས་སྡུག་བསྔལ་བརྩེགས་ནས་འོ་བས་ན་སྡུག་བསྔལ་གྱི་སྡུག་བསྔལ་ཟེར། འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་ནང་འདི་ན་བདེ་བ་ལྟར་སྣང་བ་ཐམས་ཅད་ཀྱང་མི་རྟག་པར་གནས་འགྱུར་ནས་སྡུག་བསྔལ་དུ་འགྲོ་སྟེ། ལྷའི་དབང་པོ་བརྒྱ་བྱིན་ལྟ་བུའང་མིའི་བྲན་དུ་སྐྱེ་བ་དང་། ལྷའི་བུ་ཉི་མ་དང་ཟླ་བ་ལྟ་བུའང་མུན་པར་སྐྱེ་བ་དང་། འཁོར་ལོས་བསྒྱུར་རྒྱལ་ཀྱང་མཐའ་འཁོབ་ཀྱི་ཡང་བྲན་དུ་འགྱུར་བ་

p. 170

དང་། མི་ཕྱུག་པོ་སྤྲང་པོར་འགྲོ་བ། ཁ་དྲག་པོ་ཞན་པོར་འགྲོ་བ། མི་མང་པོ་གཅིག་ཏུ་འགྲོ་བ་སོགས་འཇིག་རྟེན་ཁམས་འདི་ན་བདེ་བ་ལྟར་སྣང་བ་རྣམས་ཀྱང་། འགྱུར་ནས་སྡུག་བསྔལ་དུ་འགྲོ་བས་ན། འགྱུར་བའི་སྡུག་བསྔལ་ཟེར། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། སེམས་ཅན་ཐམས་ཅད་ཀྱིས་རང་བདེ་ན་འདོད། སྡུག་ན་མི་འདོད། བདེ་བ་ལ་བརྟེན་ནས་འདོད་ཆགས་སྐྱེ། སྡུག་བསྔལ་ལ་བརྟེན་ནས་ཞེ་སྡང་སྐྱེ། བཏང་སྙོམས་ལ་བརྟེན་ནས་གཏི་མུག་སྐྱེ། དུག་གསུམ་དེ་གང་རུང་གིས་ཀུན་ནས་བསླངས་ཏེ་ངས་འདི་བྱེད་དེ་བྱེད་སྙམ་ཚད་པོ་སྡུག་བསྔལ་གྱི་རྒྱུ་མི་དགེའི་སྡིག་པ་ཁོ་ན་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར་དུག་གསུམ་ཀྱི་དབང་གིས་དགྲ་འདུལ་གཉེན་སྐྱོང་། ཚོང་སོ་ནམ་སོགས་ལས་ཅི་བྱས་ཀྱང་ཚར་དུས་མེད། མི་ཚེ་གང་བོ་ཚེ་འདིའི་གྲབས་ཤོམ་ཁོ་ན་ལ་གཟད་ནས། ཚེ་འདིར་ཚ་གྲང་བཀྲེས་སྐོམ་ངལ་དུབ་སོགས་ཀྱི་སྡུག་བསྔལ་མྱོང་བར་མ་ཟད། ཚེ་ཕྱི་མར་ཡང་སྡུག་བསྔལ་གཞན་གཉིས་པོ་དྲངས་ཡོང་། སྡུག་བསྔལ་འདིས་སེམས་ཅན་ཐམས་ཅད་ལ་ཁྱབ་ནས་ཡོད་པས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། དེའི་ཕྱིར་སྡུག་བསྔལ་འདི་གསུམ་གྱི་འོག་ནས་

p. 171

མ་ཐར་ཕྱིན་ཆད་བདེ་བ་སྐད་ཅིག་ཙམ་ཡང་མེད་པའི་ཚུལ་ལ་བསམས་ནས། འཁོར་བའི་ཕུན་ཚོགས་ལ་ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་བར་ད་རེ་འཁོར་བ་རྒྱལ་པོའི་བཙོན་ར་འདྲ་བ་འདི་ལས་ཐར་པ་ཞིག་ཅི་ནས་ཀྱང་བྱ་དགོས། འཁོར་བའི་སྡུག་བསྔལ་ལས་ཐར་པར་འདོད་པ་རྣམས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས་ཚུལ་གྱི་མགུར་དབྱངས་འདི་བླངས་སོ། །སྤྱིར་འཇིག་རྟེན་ཁྱིམ་ཐབ་བྱས་ཕྱིན་ཆད། །སྡིག་མ་གཏོགས་དགེ་བ་གང་ཡང་མེད། །རོང་ཞིང་ལས་བྱས་པ་སྡིག་པའི་ལས། །འབྲོག་འཚོ་སྐྱོང་བྱས་ཀྱང་སྡིག་པའི་རྒྱུ། །ཟས་ཁམ་གཅིག་ཟོས་རུང་སྡིག་པའི་ཟས། །གོས་ལེབ་གཅིག་གྱོན་རུང་སྡིག་པའི་གོས། །ཕར་གོམ་གསུམ་སྤོས་རུང་སྡིག་པའི་ཕྱོགས། །ལས་སྡིག་པ་མ་གཏོགས་བྱེད་རྒྱུ་མེད། །སྡིག་བྱས་ན་ཕྱི་མར་དམྱལ་བ་སོགས། །མར་ངན་སོང་ངན་འགྲོའི་གནས་སུ་སྐྱེ། །དེར་སྐྱེས་ན་སྡུག་བསྔལ་བཟོད་པར་དཀའ། །དོན་དེ་ཕྱིར་འཇིག་རྟེན་ཁྱིམ་ཐབ་སྤོངས། །ཁྱིམ་སྤངས་ནས་རབ་ཏུ་བྱུང་གྱུར་ན། །ནམ་རབ་ཏུ་བྱུང་བའི་ཉི་མ་ནས། །སྡིག་མི་དགེ་རང་བཞིན་ཤུགས་ཀྱིས་འགགས། །ཆོས་དགེ་བ་ཞར་དང་ཞོར་ལ་འོང་། །ཆོས་དགེ་བ་མང་པོ་བྱས་པའི་མཐུས། །ཚེ་ཕྱི་མར་དག་པའི་ཞིང་དུ་སྐྱེ། །དོན་དེ་ཕྱིར་ཡོན་བདག་ཕོ་མོ་རྣམས། །བུ་ཚ་བོ་ཆ་རེ་ཡོད་པ་ཚོས། །ཀུན་འཁོར་བའི་

p. 172

ཁྱིམ་དུ་མ་འཇོག་པར། །ཡར་རབ་ཏུ་བྱུང་ལ་ལྷ་ཆོས་གྱིས། །དེ་བྱས་ན་ཕ་མ་བུ་གསུམ་སྐྱིད། །ཁྱེད་འདིར་འཚོགས་ཡོན་བདག་ཕོ་མོ་རྣམས། །དུས་ད་ནས་ཚེ་རབས་ཐམས་ཅད་དུ། །མར་འཇིག་རྟེན་འཁོར་བ་འདིའི་ནང་དུ། །དུས་ནམ་ཡང་མི་སྐྱེ་སྨོན་ལམ་ཐོབ། །ཅེས་བླངས་པས་ཀུན་ལ་ངེས་འབྱུང་དང་སྐྱོ་ཤས་སྐྱེས་བུ་ཚ་བོ་ཆ་རེ་ཡོད་པ་ཚོའི་ནང་ནས་ཕལ་ཆེར་རབ་ཏུ་བྱུང་མཁན་མང་པོ་བྱུང་ངོ་། །དེ་ནས་འཁྱམས་རུ་རྐང་ཚའི་རུ་ནང་བརྒྱུད་ནས་ཆུ་བཟང་དགོན་དུ་སོང་། དེ་དུས་ཆུ་བཟང་ལ་ཁར་སྐུ་གཞོགས་ཞབས་དྲུང་དཀར་པོའི་སྤྲུལ་པའི་སྐུ་རབ་ཏུ་བྱུང་བའི་དགའ་སྟོན་བྱེད་པ་དང་ཐུག ཁོང་ལ་ངས་གཙོ་བྱས་བླ་མ་དཔོན་པོ་ཡོན་བདག་རྟ་བ་སྟོང་གིས་ཆིབས་བསུས་ཡག་པོ་བྱས། སྟོན་མོ་ཆེན་པོ་བཏེགས་མཎྜལ་བཤད་པ་བརྒྱབ། བརྒྱ་འབུལ་སྟོང་འབུལ་ཕུལ། ངས་ཀྱང་རྟ་མཛོ་གསེར་དངུལ་གོས་ཕྲུག་ཁ་བཏགས་ནང་མཛོད་བཅས་ཚན་གྲངས་བཅུ་གསུམ་ཙམ་གྱིས་འབུལ་བ་ཕུལ། ཁོང་ཐུགས་དགྱེས་ཚུར་ལ་ཡང་རྟ་གོས་གཉིས་ཀྱི་གསོལ་རས་སྩལ་བ་བྱུང་། དེའི་སྟོན་ཁ་རྗེས་སུ་འོང་བའི་གྲྭ་བཙུན་ངན་སློང་མང་པོ་ལ། རྟ་ནོར་ཆེ་ཆུང་བཅོ་ལྔ། ལུག་ལྔ་བཅུ་ཙམ་གྱི་སྦྱིན་པ་བཏང་ནས་རང་གནས་སུ་བཏང་། དཔོན་པོ་ཕྱག་མཛོད་སོགས་ཞབས་ཕྱི་ཐམས་ཅད་ཆུ་བཟང་དུ་བཞག་ནས། ངེད་དཔོན་སློབ་བཞི་ཙམ་བཅས་རྐང་ཐང་དུ་བུད་ནས་དབེན་པ་ཞིག་ཏུ་འགྲོ་དགོས་སྙམ། །

p. 173

མདོ་ཁམས་སྨད་འདིའི་ཆུ་མགོ་གངས་ལ་ཐུག་པའི་རྨ་ཆུ་ཆེན་པོའི་ཀླུང་འགྲམ། ཆར་རྡོ་གཡང་གི་རྡེའུ་དཀར་སེར་དམར་ལྗང་གཅལ་དུ་བཀྲམ་ཞིང་། རིན་ཆེན་གསེར་གྱི་བྱེ་མ་མང་པོ་གླིང་བར་ན་ཆགས་པ་ལྷ་ཤིང་ཀྱ་རྟ་དམར་ཡག འོ་མ་འབྱུང་བའི་འོམ་བུ། འཇམ་མཉེན་རིང་བའི་ལྕང་མ། སྔོ་ལྗང་རིང་བའི་མ་གཡེར་གྱི་སྡོང་བོ་ཆེན་པོ་ཡལ་ག་ལོ་འདབ་རྒྱས་པའི་ཁྲོད་ན་བྱེའུ་མང་པོའི་ཚང་བཅས་ནས་ཕྲུག་གུ་གསོ་བ། ནེའུ་གསིང་སྤང་གཞོངས་ཡིད་དུ་འོང་བའི་སྟེང་རྣམས་སུ་འདམ་བུ་དྲེས་མ་རྩི་དོ་ལ་སོགས་པའི་སྔོ་ལྗང་རྩྭ་འཇམ་རིང་པོ་མི་ཚད་ཙམ་སྐྱེས་པའི་གསེབ་ན་རི་དྭགས་ཉམ་ཆུང་མང་པོ་བདེ་བར་རྒྱུ་བ། ཆུ་མིག་ཆེ་ཆུང་མང་པོ་དང་རྫིང་བུ་འཁྱིལ་བའི་ཀླུང་ན་ཉ་ཆུང་རྣམས་ཀྱིས་རྩེད་འཇོ་བྱེད་ཅིང་། སྦལ་ལྕོང་མང་པོ་བག་ཕེབས་གནས་པ། མདོག་མཛེས་མེ་ཏོག་མང་པོ་གཅལ་དུ་བཀྲམ་པའི་རྩེ་མོར་བུང་བ་མང་པོས་གར་སྟབས་བསྒྱུར་ཞིང་སྙན་པའི་གླུ་དབྱངས་ལེན་པ། ལྷག་པར་སོས་ཀ་དང་དབྱར་གྱི་དུས་སུ་ལྷ་བྱ་ཁྲུང་ཁྲུང་དཀར་མོ་ངང་དཀར་ངུར་སེར་མཐིང་རིལ་ཁུ་བྱུག་དེ་བོ། འཇོལ་མོ་སོགས་བྱ་རིགས་མི་འདྲ་བ་མང་པོ་འཚོགས་ནས་སྐད་སྙན་སྣ་ཚོགས་ལྷང་ལྷང་སྒྲོག་པ། ལྷ་ཡུལ་གྱི་སྐྱེད་ཚལ་མི་ཡུལ་དུ་འཕོས་འདྲའི་དབེན་གནས་མང་རའི་ཁེ་ཚོའི་རབ་ཁ།

p. 174

མ་ཕྱག་རི་ཁྲོད་བཀྲ་ཤིས་ཉམས་དགའི་གླིང་དུ་སོང་ནས་དགུན་མཚམས་ལ་བསྡད་པའི་ཉིན་གཅིག་དབུས་གཙང་ཕྱོགས་ཀྱི་རི་མཐོན་པོ་ཞིག་གི་རྩེ་མོར་སྤྲིན་དཀར་པོ་འོ་མ་འཕྱུར་བ་བཞིན་ལངས་པ་མཐོང་བས་རྐྱེན་བྱས། སྐྱབས་མགོན་རྒྱལ་བ་ཡབ་སྲས་སོགས་དབུས་ཕྱོགས་ཀྱི་ཆོས་འབྲེལ་ཐོབ་པའི་བླ་མ་རྣམས་དྲན་པའི་གདུངས་དབྱངས་བདེ་ལྡན་ཞིང་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་བླངས་སོ། །ས་དབུས་གཙང་ཕྱོགས་སུ་ཁ་བལྟས་པས། །ནུབ་རི་བོ་མཐོན་པོའི་རྩེ་མོ་ན། །སྤྲིན་དཀར་པོ་འོ་མ་འཕྱུར་བཞིན་ལངས། །དེ་མཐོང་བས་དབུས་གཙང་ཆོས་ཡུལ་དྲན། །སྤྲིན་དཀར་པོ་ལྡིང་བའི་ནུབ་ཕྱོགས་ན། །དབུས་པོ་ཏ་ལ་ཡི་རྩེ་མོ་ན། །གཙང་བཀྲ་ཤིས་ལྷུན་པོའི་ཕོ་བྲང་ན། །རྗེ་སྐྱབས་མགོན་རྒྱལ་བ་ཡབ་སྲས་བཞུགས། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་དབུས་གཙང་ཡུལ་ལ་འགྲོ་སྙིང་འདོད། །ངས་བསམ་ཞིང་རྒྱལ་བ་ཡབ་སྲས་དྲན། །གཞན་བླ་མ་མང་པོ་དྲན་ནས་བྱུང་། །དབུས་སེར་འབྲས་དགེ་གསུམ་གཙོ་བྱས་པའི། །འཁོར་སྐལ་བཟང་བྱེ་བ་ཐེར་འབུམ་ལ། །སྔོན་སྟོན་པའི་སྐྱེས་རབས་སོ་བཞི་སོགས། །ཆོས་ཟབ་ལ་རྒྱ་ཚེ་མང་པོ་གསུངས། །དུས་ད་ལྟ་གསུང་ན་དགའ་བ་ལ། །ང་འབུལ་བ་མེད་རུང་ཉན་སྙིང་འདོད། །ངས་བསམ་ཞིང་རྒྱལ་བ་ཡབ་སྲས་དྲན། །གཞན་བླ་

p. 175

མ་མང་པོ་དྲན་ནས་བྱུང་། །རང་མཐའ་འཁོབ་ཨ་མདོའི་ཡུལ་དུ་སྐྱེ། །ཆོས་བྱེད་ལོའི་ངང་ལ་མི་ཚེ་སོང་། །ལོ་ན་སོ་རྒས་པས་ནོན་ན་ཡང་། །དུས་ད་དུང་གླུ་དབྱངས་ལེན་ལ་དགོངས། །ས་དབུས་གཙང་དག་པའི་ཞིང་ཁམས་སུ། །མགོན་ཐུབ་བསྟན་འཛིན་མཁན་མང་ན་ཡང་། །ཕྱོགས་རིས་མེད་བསྟན་པའི་བདག་པོ་ལ། །མགོན་ཁྱེད་གཉིས་མ་གཏོགས་གཞན་མ་མཆིས། །དུས་དེང་སང་བསྟན་འཛིན་ཕལ་ཆེར་གྱིས། །རང་གཞན་གཉིས་ངན་སོང་འགྲོ་བའི་རྒྱུ། །ཆོས་བཟང་ངན་ཕྱོགས་རིས་བྱེད་མཁན་སྣང་། །འདི་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །རྗེ་སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་། །གཞན་བླ་མ་མང་པོའི་ཚོགས་དང་བཅས། །རང་འཆི་དུས་མདུན་གྱི་ནམ་མཁར་བྱོན། །ཞིང་བདེ་བ་ཅན་དུ་དྲང་དུ་གསོལ། །རྗེ་རྒྱལ་བ་ཡབ་སྲས་ཐུགས་རྗེ་དང་། །རང་དུས་གསུམ་བསགས་པའི་དགེ་བའི་མཐུས། །མགོན་ཐུབ་བསྟན་མཁའ་ལ་ཉི་ཤར་བཞིན། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །ཅེས་བླངས་པའི་མཚན་མོ་རྨི་ལམ་དུ་རང་བཀྲ་ཤིས་ལྷུན་པོའི་ཕོ་བྲང་རྒྱལ་མཚན་མཐོན་པོར་སླེབས་ནས། སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་ལ་མཇལ་བའི་སྣང་བ་བྱུང་། ཁོང་གི་ཞལ་ནས་ཁྱོད་ཀྱིས་སྔར་མདོ་སྨད་བསྟན་འགྲོ་ཡོངས་ལ་གང་ཕན་མཛད་པ་ཤིན་ཏུ་ལེགས། དེ་

p. 176

ལ་ང་དགའ་བ་ཡིན་ད་དུང་ཡང་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྦྱོང་བཞིན། བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་ལ་བརྩོན་དང་། འདི་ནས་ཀྱང་ཁྱོད་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེན་འབྱུང་ཞིང་། ཕྱི་མར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ནས་མངོན་སུམ་མཇལ་བའི་སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱ་གསུངས་ཐུགས་མཉེས་མཉེས་མཛད་པའི་མཐར་རང་གཉིད་ལས་སད་པ་བྱུང་ངོ་། །དེའི་ལོ་ཐུགས་རྗེ་ཆེན་པོ་ཐིག་ལེ་བཅུ་དྲུག་གི་བསྙེན་པ་བཏང་བས། ཟླ་བ་དང་པོའི་ཚེས་བཅུ་གསུམ་གྱི་ནམ་ཐོ་རངས་ཁར། ཉམས་སྣང་ལ་མདུན་གྱི་ནམ་མཁར་འཇའ་འོད་ཀྱིས་གང་བའི་ཀློང་ན་སངས་རྒྱས་གཉིས་པ་ཇོ་བོ་ཡབ་སྲས་རྣམས་བཞུགས་པ་ལ་བདག་གི་སྙིང་ནས་དད་པས་གསོལ་བ་བཏབ་པས། ཇོ་བོ་ཡབ་སྲས་རྣམས་སྐད་ཅིག་དེ་ཉིད་ལ་མི་སྣང་བར་གནས་འགྱུར་ནས། ཐུགས་རྗེ་ཆེན་པོ་ཐིག་ལེ་བཅུ་དྲུག་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར། མངོན་སུམ་ཁྲ་ལམ་མེ་བཞུགས་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གནས་གསུམ་ལས་བདུད་རྩིའི་འོད་ཟེར་དཀར་དམར་མཐིང་གསུམ་རིམ་པ་བཞིན་དང་ཅིག་ཆར་དུ་འཕྲོས། རང་གི་གནས་གསུམ་དུ་རིམ་དང་ཅིག་ཆར་དུ་ཐིམ་པས་ཏིང་ངེ་འཛིན་གྱི་དབང་བཞི་ཐོབ། དེ་ནས་ཡང་མོས་གུས་བྱས་པས་ཐུགས་རྗེ་ཆེན་སྒོ་ཕྱེས། ཐུབ་

p. 177

པ་ཆེན་པོ་རྣམ་སྣང་གངས་ཅན་མཚོས་སྔར་ལྟར་དབང་བསྐུར། དེ་བཞིན་དུ་ཐུབ་པའི་ཐུགས་ཀ་ནས་བཟུང་བླ་མ་སངས་རྒྱས་ཆོས་ཀྱི་སྐུའི་ཐུགས་ཀའི་བར་གྱི་སྒོ་ཕྱེས་ནས་དབང་བསྐུར། དེའི་ཐུགས་ཀའི་སྒོ་ཕྱེས་ནས་ནང་དུ་སོང་བས་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུ་དང་རང་སེམས་གཉིས། ནམ་མཁའ་ལ་ནམ་མཁའ་འདྲེས་པ་བཞིན་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་ངང་ལ་རང་བཞིན་ཤུགས་ཀྱིས་གནས་པ་བྱུང་། དེ་ནས་ཏིང་ངེ་འཛིན་དེ་ལས་ལངས་པ་དང་ཇོ་བོ་ཡབ་སྲས་རྣམས་སྔར་ལྟར་མཇལ་བའི་སྣང་བ་བྱུང་། ཞལ་ནས་སྐལ་ལྡན་རིགས་ཀྱི་བུ་ཕྱི་འདུལ་བ་ནང་གསང་སྔགས་གྱིས་དང་བསྟན་འགྲོ་ལ་ཕན་ཐོགས། ང་དང་དུས་ནམ་ཡང་འདུ་འབྲལ་མེད་པ་ཡོང་ཞེས་ཇེ་མཐོ་ཇེ་མཐོར་གྱུར་ནས་ཡར་དགའ་ལྡན་དུ་གཤེགས་ནས་མི་སྣང་བར་གྱུར། དེ་ནས་བཟུང་སྟེ་སེམས་ལ་དགའ་བདེ་རྒྱུན་མི་འཆད་པ་ཞིག་བྱུང་། དེ་དུས་ཚེ་རབས་སྔོན་ནས་འབྲེལ་བའི་ཡུལ་བཟང་མགོ་ལོག་མུ་རའི་བླ་མ་ཀུན་གྲོལ་དཔོན་སློབ་གཉིས་བྱུང་ནས་བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་ལུང་ཁྲིད་བྱས། དེར་འཚོགས་པའི་སློབ་མ་བཅོ་ལྔ་ཙམ་ལ་ཐིག་ལེ་བཅུ་དྲུག་གི་དབང་བསྐུར། ཕ་ཆོས་བུ་ཆོས་ཀྱི་ལུང་ཁྲིད་བྱས་པས། དབེན་པར་ཉམས་ལེན་བྱེད་མཁན་གྱི་ཆོས་པ་བཟང་པོ་མང་པོ་བྱུང་། ཡང་ཉིན་ཅིག་དབེན་གནས་

p. 178

དེའི་སྟེང་གི་ལབ་རྩེ་བསྟོད་དུ་སོང་། ལབ་རྩེའི་ཁ་ནས་ཨ་མྱེས་རྨ་ཆེན་གྱི་གངས་རི་མཐོང་བས་རྐྱེན་བྱས། སྐྱབས་མགོན་རྒྱལ་བ་ཡབ་སྲས་གཉིས་དྲན་པའི་མགུར་དབྱངས་སྙན་མོ་འདི་ཡང་བླངས་སོ།། རི་བྲག་ན་བུན་གྱིས་བསྐོར་པའི། ་།རྨ་ཆེན་གངས་རི་དེ་མཐོང་བས། །མཁས་བཙུན་བཟང་གསུམ་གྱིས་བསྐོར་པའི། །རྒྱལ་བ་ཡབ་སྲས་དེ་དྲན་བྱུང་། །རྨ་ཆུའི་རབ་ཁ་ན་ངང་བས། །སྐད་སྙན་སྒྲོག་པ་དེ་ཐོས་པས། །རྣར་སྙན་ཡིད་འབབ་ཀྱི་གསུང་གིས། །བཀའ་ཆོས་གནང་བ་དེ་དྲན་བྱུང་། །སྟོང་གསལ་ནམ་མཁའ་ལ་ཤར་བའི། །འོད་གསལ་ཉི་མ་དེ་མཐོང་བས། །ཐུགས་རྗེ་ཕྱོགས་རིས་ནི་མེད་པར། །ཀུན་ལ་སྙོམས་པ་དེ་དྲན་བྱུང་། །བདག་གི་ཆུ་བུར་གྱི་མིག་གི །ལམ་དུ་མཐོང་རྒྱུ་ཞིག་མེད་རུང་། །རང་སེམས་གསལ་བོ་ཡི་ཡུལ་ལ། །ཞལ་རས་ཝལ་ལེ་རང་ཤར་བྱུང་། །མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ལ། །བརྩེ་བའི་ཐུགས་རྗེ་ཡིས་སྐྱོངས་ཤིག །ཚེ་འདིའི་བར་ཆད་ཀུན་སོལ་ལ། །ཕྱི་མའི་ལམ་སྣ་རང་དྲོངས་ཤིག །ཅེས་བླངས་སོ། །ཡང་གནས་དེར་འདུག་པའི་གྲྭ་བུ་སློབ་རྣམས་ཀྱིས་ད་ལོ་གནས་འདིར་དགེ་སྦྱོར་འཕེལ་པོ་བྱུང་བས། གནས་བསྟོད་ཅིག་གསུང་དགོས་ཞེས་བསྐུལ་ངོར་གནས་བསྟོད་ཉུང་འདུས་འདི་ཡང་སྨྲས། ཐུགས་བདེ་སྟོང་ནམ་མཁའ་ཡངས་པ་ལ། །བྱམས་སྙིང་རྗེ་བྱང་སེམས་སྤྲིན་འཁྲིགས་ནས། །

p. 179

གསུང་མདོ་སྔགས་ཆོས་ཆར་འབེབས་མཁས་པའི། །རྗེ་སྐྱབས་མགོན་རྒྱལ་བ་ཡབ་སྲས་མཆོད། །ས་བཀྲ་ཤིས་གཡང་ཆགས་རྨ་ཆུའི་འགྲམ། །གསེར་བྱེ་མ་ཆགས་པའི་རིན་ཆེན་གླིང་། །ཤིང་ནགས་ཚལ་རྒྱས་པའི་སྐྱེད་མོས་ཚལ། །སྤང་མེ་ཏོག་སྣ་ཚོགས་བཀྲ་བའི་ལྗོངས། །བྱ་མི་འདྲ་བདུན་ཙམ་གྲག་པའི་ཡུལ། །སྟེང་ལྷ་ཡུལ་སྐྱེད་ཚལ་མང་པོ་ནས། །གཅིག་ས་སྟེང་འདི་རུ་འཕོས་འདྲ་བའི། །གནས་ཁྱད་འཕགས་བཀྲ་ཤིས་ཉམས་དགའི་གླིང་། །ཁོང་མཁས་གྲུབ་མང་པོ་བཞུགས་པའི་གནས། །ལྷ་དཀར་ཕྱོགས་སྐྱོང་རྣམས་འདུ་བའི་ཞིང་། །གནས་འདི་རུ་རིག་པ་དྭངས་ཤིང་གསལ། །སྔར་མ་བསྒྲུབས་ལྷ་ཞལ་མང་པོ་མཐོང་། །ཉམས་རྟོགས་པའི་གཏེར་ཁ་ནང་ནས་བརྡོལ། །ཆོས་ཟབ་མོ་གླུ་རུ་ལེན་སྙིང་འདོད། །ཁྱེད་ཕྱི་རབས་ཆོས་མཛད་ཕོ་མོ་རྣམས། །གནས་འདི་འདྲ་སྟེན་དང་ཉམས་རྟོགས་འཕེལ། །གནས་འདི་ཉིད་ཅུང་ཟད་བསྟོད་པའི་མཐུས། །ཕྱོགས་འདི་ཡི་ལྷ་མི་ཀུན་དགའ་ནས། །གནས་འདི་རུ་སྡོད་པའི་གང་ཟག་ལ། །ཆོས་སྒྲུབ་པའི་མཐུན་རྐྱེན་སྦྱོར་བར་ཤོག །ཅེས་གླུ་རུ་བླངས་པས་ཀུན་དགའ་ཞིང་སྤྲོ་བ་བྱུང་། །ཡང་ཉིན་ཅིག་ལྷ་བཟོ་ཡེ་ཤེས་ལ་འདིར་གནས་པ་ཚོས་ཇི་ནས་འདྲ་བྱེད་ཀིན་འདུག་བྱས་པས། ཁོས་བཞད་གད་སློང་ཕྱིར་ཚིགས་བཅད་འདི་ཕུལ་བྱུང་། །གང་གི་མཚན་ཙམ་ཡིད་ལ་དྲན་

p. 180

པས་ཀྱང་། །ལེགས་ཚོགས་དངོས་གྲུབ་ཐམས་ཅད་སྩོལ་མཛད་པའི། །ཟླ་མེད་བླ་མ་མཆོག་གི་སྙན་དབང་དུ། །འདིར་གནས་སློབ་བུའི་རྣམ་ཐར་ཆུ་ཐིག་ཙམ། །ཡེ་ཤེས་མིང་ཅན་བདག་གིས་བརྗོད་ལ་དགོངས། །མ་ཏི་པྲ་ཛྙཱ་ཉིན་མཚན་བར་མེད་དུ། །འོད་གསལ་རྒྱུན་ཆད་མེད་པའི་ངང་དུ་འབྱམས། །དམ་པའི་ཡང་སྤྲུལ་རླུང་སེམས་དབང་ཐོབ་པས། །བྱ་ལྟར་ལྡིང་ཞིང་ཆགས་མེད་རླུང་ལྟར་རྒྱུ། །མ་ཎི་རང་གྲོལ་སེམས་ཅན་འགྲོ་དོན་དུ། །ཡི་གེ་མང་པོ་བྲིས་ནས་ཐུགས་བྲེལ་བྱུང་། །མ་ཏི་ཤྲཱི་ལ་གསུང་རབ་མང་བཀླགས་ནས། །ལུས་མགུལ་ངག་གིས་ཆོས་སྒྲ་ཆེན་པོ་འདོན། །ཕུན་ཚོགས་དགེ་ལེགས་ལྟ་དགོངས་རབ་ཏུ་མཐོ། །མེ་ལོང་ཡེ་ཤེས་གངྒཱའི་རྒྱུན་ལ་འགྲན། །བྱ་ཡི་རིགས་ལས་རྩལ་ལྡན་ཁྱུང་ཆེན་ནི། །བྱ་རྩོལ་བྲལ་བའི་རྣལ་འབྱོར་པ་ཞིག་བྱུང་། །རབ་བྱུང་རང་གྲོལ་འཁོར་འདས་སོ་མཚམས་སུ། །རྒྱ་མིའི་ཐང་ཤིང་བསྲུང་བའི་དཔེ་བཞིན་གནས། །བློ་གྲོས་རབ་ཡངས་སྣང་བཞི་མཐར་ཕྱིན་ཏེ། །ཆོས་ཉིད་ཟད་པའི་རྟགས་རྣམས་མངོན་སུམ་བྱུང་། །གསར་བུའི་ཁྲིད་ཕྲུག་རྣམས་ཀྱང་སེམས་ངོ་འཕྲོད། །སྲོག་ཆགས་མགོ་ལ་སྒྲོགས་རྡོ་འཕོག་བཞིན་གནས། །ལྷ་བཟོ་ཆེན་པོ་ཆོས་ཉིད་ཟད་སར་འཁྱོལ། །ཆོས་སྲིད་ཅི་ཡང་མ་ནུས་ཧ་ཐང་ཆད། །སྐབས་འགར་རྒོད་བྲོ་སྐབས་འགར་ཡི་མུག་པའི། །གྲུབ་ཐོབ་

p. 181

སྤྱོད་པ་ཡ་མ་ཟུང་ཅིག་བྱུང་། །ཉིང་འཁྲུལ་ལམ་དུ་མཁའ་འགྲོའི་བརྡས་བསྐུལ་པའི། །འདིར་གནས་རང་བཞིན་བརྗོད་པའི་རྣམ་ཐར་འདི། །སྒྲོ་སྐུར་ཕྲག་དོག་ལོག་ལྟས་བསླད་པ་མེད། །ཕ་རྒན་དགྱེས་པའི་བཞད་གད་འཕེལ་ཕྱིར་ཕུལ། །ཞེས་བྲིས་ནས་ཕུལ་བ་ཀུན་གྱིས་བཏོན་ནས་བཞད་གད་བྱས། གནས་དེར་བསྟན་འགྲོར་ཕན་པའི་ལེགས་བཤད་ཉི་མ་རང་ཤར་བརྩམས། ཡང་སྔོན་སྦྱངས་ལས་ཀྱི་འཕྲོ་ཅན་ཨ་མགྲོན་སྤྲུལ་སྐུ་དང་མཚམས་པ་བློ་གྲོས་གཉིས་ཀྱིས། ཁོང་གཉིས་ལ་ཁྱེད་ཀྱི་ལྟ་བའི་གླུ་དབྱངས་མཁའ་ལྡིང་གཤོག་རླབས་དང་། ལེགས་བཤད་གསེར་གྱི་ཐུར་མའི་ནང་གི་གནད་འགག སེམས་ངོ་སྐྱོང་ཚུལ་གྱི་ཞལ་གདམས་ཉུང་ལ་འདུས་པ་ཞིག་དགོས་ཞེས་བསྐུལ་ངོར་ཚིགས་སུ་བཅད་ནས་འདི་སྐད་ཅེས་སྨྲས། རྟོགས་པ་ནམ་མཁའ་བཞིན་དུ་འགྱུར་མེད་པའི། །རྟོགས་ལྡན་འཁྲུལ་ཞིག་བླ་མ་རྣམས་ལ་འདུད། །རིག་པའི་ངོ་བོ་སྟོང་གསལ་འཛིན་མེད་ཀྱི། །གནས་ལུགས་རྗེན་པར་རྟོགས་པར་བྱིན་གྱིས་རློབས། །རིག་པ་མཁའ་ལྟར་ཡངས་པའི་རྣལ་འབྱོར་པ། །ཕྱོགས་མེད་ཡན་པ་བློ་བདེ་ཞབས་དཀར་པས། །རྫོགས་ཆེན་ལྟ་བའི་གནད་འགག་གླུ་རུ་ལེན། །རིག་པ་དྭངས་སྙིགས་ཕྱེས་ལ་ས་ལེར་ཉོན། །གནས་འགྱུ་གང་

p. 182

གི་དུས་སུ་རིག་པའི་ཆ། །ཟང་ཐལ་རྗེན་པ་ཤེལ་གོང་འདྲ་བ་དེ། །ཀློང་དུ་མ་གྱུར་བར་དུ་ས་ལེར་སྐྱོངས། །གྱུར་ནས་དེ་ཡི་ངང་ལ་འབྲལ་མེད་ཀྱིས། །རྫོགས་ཆེན་ལྟ་བའི་གནད་འགག་རིག་པ་ནི། །རྗེན་ལ་ཕུད་ནས་ས་ལེར་སྐྱོང་བ་ལ། །ཟེར་བས་གནད་འདི་ཁོ་ན་གལ་ཆེ་བས། །རྫོགས་ཆེན་རྣལ་འབྱོར་པ་རྣམས་ཤེས་པར་གྱིས། །མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ། །གང་དུ་སྡོད་ཀྱང་སྣང་བ་ཡངས་ཁྲོལ་ལེ། །སུ་དང་འགྲོགས་ཀྱང་ཤེས་པ་དགའ་ཡལ་ལེ། གནས་པའི་རྣལ་འབྱོར་པ་རེ་ཀུན་གྱིས་མཛོད། །ཐོས་ཚད་སེམས་ཀྱི་གནས་ཆ་དང་བྲལ་ནས། །རིག་པ་ཟང་ཐལ་རྗེན་ལ་འབུད་པ་དང་། །དེ་ཡི་ངང་ལ་ཧར་སངས་རྒྱ་ཡན་དུ། །གློད་ནས་རང་ཡན་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་སྨྲས་པས་ཀུན་གྱི་སེམས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ངོ་། །གཞན་ཡང་ཞལ་གདམས་ཤིག་དགོས་ཞེས་བསྐུལ་པའི་ལན་དུ་མགུར་འདི་བླངས། །གཏན་གྱི་སྐྱབས་མགོན་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངའི། །ཕན་པའི་སྙིང་གཏམ་འདི་ལ་ཉོན། །སྐྱེ་འཆི་འདོད་ཡོན་ཉེས་དམིགས་སོམས། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །དམ་པ་གོང་མའི་རྣམ་ཐར་བཞིན། །སྡོམ་གསུམ་མིག་གི་འབྲས་བཞིན་སྲུངས། །ལམ་རིམ་བློ་སྦྱོང་ཕྱག་རྫོགས་སོགས། །ཟབ་མོའི་

p. 183

གདམས་པ་ཉམས་སུ་ལོངས། །རྒས་ཤིང་རི་ཁྲོད་ཇེ་མཐོར་ཐོངས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །སྨྲ་བ་མང་པོས་ཅི་ཞིག་བྱ། །གནད་ཀྱི་གདམས་ངག་སྙིང་ལ་ཆོངས། །དེ་ལྟར་ཉམས་སུ་བླངས་པའི་མཐུས། །རང་གཞན་གཉིས་ལ་ཕན་པར་ཤོག །ཅེས་བླངས་པས་གཉིས་ཀའི་སེམས་རབ་ཏུ་དགའ་ཞིང་སྤྲོ་བའི་སྒོ་ནས་ལག་ལེན་ལ་གང་ཐེབས་བྱས་སོ། །དེ་ནས་ཨ་ལགས་ཀུན་གྲོལ་སླར་ཡུལ་དུ་འགྲོ་བ་ལ་འདོད་ཆུང་ཆོག་ཤེས་བྱ་དགོས་ཚུལ་གྱི་ཞལ་གདམས་འདི་བྱིན། འདོད་ཆུང་ཆོག་ཤེས་མཛོད་ཁང་ནས། །འཕགས་ནོར་བདུན་གྱིས་ཡོངས་གང་བའི། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཆོག་ཤེས་སྐྱེ་བར་བྱིན་གྱིས་རློབས། །ཟས་གོས་ནོར་རྫས་ཤིག་ཙམ་རེའི། །རྩ་ན་སྡུག་བསྔལ་རི་ཙམ་རེ། །ཡོད་པ་གཟིགས་ནས་སངས་རྒྱས་ཀྱིས། །རྒྱལ་སྲིད་ཐམས་ཅད་སྤངས་པ་ཡིན། །རྗེས་འཇུག་སློབ་མའི་ཚོགས་རྣམས་ལ། །གནས་མལ་ཤིང་དྲུང་ཙམ་དག་དང་། །ཟས་གོས་ངན་ངོན་ཙམ་གྱིས་ནི། །འདོད་ཆུང་ཆོག་ཤེས་གྱིས་ཞེས་གསུངས། །འདོད་པ་ཆུང་ཞིང་ཆོག་ཤེས་པ། །དེ་ནི་སྙིགས་དུས་སངས་རྒྱས་ཏེ། །འགྲོ་བ་ཀུན་གྱི་གཙུག་གི་རྒྱན། །དེ་ཡི་བསྔགས་པ་བརྗོད་པར་བྱེད། །འདོད་པ་ཆུང་ཞིང་ཆོག་ཤེས་པ། །སྡིག་པའི་སྐྱོན་

p. 184

གྱིས་གོས་མི་སྲིད། །རྒྱ་མཚོར་ཆུ་ཕྲན་འདུ་བ་ལྟར། །རྒྱུད་ལ་ཡོན་ཏན་ཐམས་ཅད་འདུ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །རྒྱན་གྱི་རྣམ་པ་མ་བཏགས་ཀྱང་། །ཀུན་གྱི་ནང་ན་མཛེས་པ་ལྟར། །ཆོག་ཤེས་རྒྱན་གྱིས་སྤྲས་པའི་མི། །གོས་ངན་ཧྲུལ་པོའི་ནང་འདུག་ཀྱང་། །དེ་ནི་ཡིད་འོང་མཛེས་པར་སྣང་། །དེ་ཕྱིར་བདེ་བ་ཀུན་འདོད་ན། །འདོད་པ་ཆུང་ཞིང་ཆོག་ཤེས་གྱིས། །ལེགས་བཤད་འདི་བྲིས་དགེ་བ་དེས། །འགྲོ་ཀུན་འདོད་ལ་ཆགས་བྲལ་ཏེ། །སྲེད་པའི་རྩ་བ་དྲུང་ཕྱུངས་ནས། །ཆགས་པ་མེད་པའི་ས་ཐོབ་ཤོག །ཅེས་གདམས་པས་ཕྱག་འཚལ་ཞབས་སྤྱི་བོར་བླངས་དུས་ཡང་ཡང་མཇལ་བའི་སྨོན་ལམ་འདེབས་བཞིན་ཕེབས་སོང་ངོ་། །དེའི་དབྱར་ཀ་བཞི་བའི་ནང་ལ་ཡར་ཡོང་ནས་ཆུ་བཟང་དགོན་པའི་གཡུ་ལོ་བཀོད་པའི་ལྷ་ཁང་བཞེངས། མ་ཎི་ཆོས་འཁོར་བསྐོར། མདོར་འབུམ་ཁང་ཞིག་ཀྱང་བརྒྱབ། དེ་རྣམས་ཀྱི་རྒྱུ་སོང་ལ་དངུལ་རྡོ་ཚད་གཉིས་དང་། ཚེ་རྡོ་ཉི་ཤུ། ར་ལུག་ལྔ་བཅུ་ཙམ་བཏང་། དགེ་འདུན་པ་ཚོར་མཛོ་མོ་བཅུ་དང་ལུག་བརྒྱ་ལྷག་སོགས་ཀྱི་སྤྱི་འཇོག་བཞག ལྷ་ཁང་རབ་གནས་ལ་སྐུ་གཞོགས་གསེར་ཁང་རྡོ་རྗེ་འཆང་གདན་འདྲེན་བྱས། ཁོང་གིས་རབ་གནས་བསྡུས་པ་དང་བཀྲ་ཤིས་རྒྱས་པ་བྱས། ཕྱག་རྟེན་ལ་རྟ་གོས་གཉིས། རྒྱ་ནག་གི་ལྷ་བཟོ་མཁས་པས་བྲིས་པའི་གསང་བདེ་འཇིགས་

p. 185

གསུམ་དང་། ཀུན་རིག་ཚེ་དཔག་མེད་སོགས་ཀྱི་དཀྱིལ་འཁོར་མི་འདྲ་བ་བརྒྱུད། ཟངས་ཀྱི་སྟེགས་གྲུ་བཞི་ཡོལ་གོར་ཅོད་པན་བཞི་དང་བཅས་པ་ཕུལ་བས། དཀྱིལ་འཁོར་ལ་གཟིགས་པས་ཐུགས་མཉེས། རྟ་གོས་གཉིས་པོ་དང་མཛོད་བཏགས་གཅིག་བཅས་ཕྱིར་གནང་། དཀྱིལ་འཁོར་བསྣམས་ནས་ཕེབས་སོང་། དེའི་ལོ་ཁོང་བྱ་ཁོག་མདོའི་རྨ་ཆུའི་འགྲམ་རི་ཁྲོད་ནས་བཞུགས། སོས་ཀ་དཔོན་སློབ་མང་པོས་མཆོད་པ་ཕུལ་སྣང་། ང་ཆུ་བཟང་དགོན་པའི་བྲག་ཕུག་ཅིག་ནས་མཚམས་བྱས་བསྡད། །དེའི་དགུན་ཟླ་བ་བཅུ་གཉིས་པའི་ནང་ལ་གྲུབ་པའི་དབང་ཕྱུག་པདྨ་རང་གྲོལ་རིན་པོ་ཆེ་ཞིང་གཤེགས་སོང་བས། ཐོ་ནོ་ཇི་ལ་སོང་གདུང་མཆོད་བཏང་། ཕྱིར་ཆུ་བཟང་དུ་འོངས་ནས་མཚམས་བྱས་བསྡད། ལོ་གསར་ནས་ཟླ་བ་དང་པོའི་ཚེས་ལ་སྐུ་གཞོགས་གསེར་ཁང་རིན་པོ་ཆེ་ལ་མཚམས་ཞུ་རིན་ཆེན་གསེར་གྱི་ཕྲེང་བ་ཞེས་བྱ་བ་འདི་ཕུལ་ལོ། །རིས་མེད་མདོ་སྔགས་བསྟན་པའི་ཉིན་བྱེད་མཆོག །མཆོག་ཐུན་དངོས་གྲུབ་གཏེར་མཛོད་འགྲོ་ཀུན་སྐྱབས། །སྐྱབས་གནས་གཅིག་མཆོག་ཟླ་བྲལ་མཁས་གྲུབ་རྗེ། །རྗེ་བཙུན་བླ་མའི་ཞབས་ཀྱི་པདྨོའི་དྲུང་། །རྒྱལ་ཁམས་དགེ་ལ་བསྐུལ་བའི་རྣལ་འབྱོར་པ། །ཕྱོགས་མེད་ཡན་པ་བློ་བདེ་ཞབས་དཀར་པས། །སྒོ་གསུམ་དད་པའི་སྤུ་ལོང་རབ་གཡོ་

p. 186

ཞིང་། །སོར་བཅུ་སྙིང་ཀར་སྦྱར་ཏེ་ཞུ་འབྲས་ནི། །ཕུན་ཚོགས་དགེ་ལེགས་འབུམ་གྱིས་ཉེར་བསྐྲུན་པའི། །གང་སྐུ་རིན་ཆེན་རྡུལ་བརྩེགས་ས་འཛིན་དབང་། །ལུང་རྟོགས་ཡོན་ཏན་དུ་མའི་བང་རིམ་མཛེས། །རྨད་བྱུང་མཁྱེན་བརྩེ་ཉི་ཟླའི་རྒྱུན་བཟང་བཀྲ། །འཁོར་སློབ་གསེར་རིའི་ཁྲོད་ན་མངོན་མཐོ་ཞིང་། །ལྟོས་བཅས་གླིང་བཞིའི་ཉེར་འཚོར་བཞུགས་ངོས་ནས། །རླབས་ཆེན་ཟབ་རྒྱའི་ཆོས་འཁོར་བསྐོར་བའི་གཏམ། །ཐོས་ཚེ་དངོས་མཇལ་ལྟ་བུའི་དགའ་སྤྲོ་ཐོབ། །འདི་ན་སློབ་འབངས་ཐ་ཤལ་མི་རྒན་ངས། །མཚམས་བྱས་བཀའ་ཆོས་འོང་རྒྱུ་མ་བྱུང་ཡང་། །ཞབས་བརྟན་གསོལ་འདེབས་གང་ནུས་བྱེད་བཞིན་དུ། །དགེ་བློ་མ་དོར་ཙམ་དུ་བདེ་བར་མཆིས། །རང་གཞན་ཀུན་གྱིས་འདོད་པའི་དོན་གྱི་འབྲས། །མགོན་ཁྱོད་ཞབས་ཟུང་གདོང་ལྔས་བཏེག་པའི་ཁྲིར། །རྟག་བརྟན་འགྱུར་མེད་རྡོ་རྗེའི་རང་བཞིན་དུ། །བསྟན་འགྲོའི་དཔལ་དུ་བཞུགས་ཞེས་གསོལ་བ་འདེབས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དོན་བསྡུས་པའི། །བྱང་ཆུབ་ལམ་རིམ་གསེར་གྱི་རྔ་བོ་ཆེ། །ཕྱོགས་ཀྱི་ཁོར་ཡུག་ཀུན་ཏུ་ལེགས་བརྡུངས་ནས། །འགྲོ་ཀུན་མ་རིག་གཉིས་ལས་བསླང་དུ་གསོལ། །རྒས་པའི་བ་མོས་མནར་བའི་འདམ་སྐྱེས་བདག །གང་གི་གསང་གསུམ་ཉིན་བྱེད་འོད་སྣང་གིས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །རིང་ནས་སྐྱོང་བའི་བརྩེ་གཟིགས་འདོར་

p. 187

མེད་མཁྱེན། །དེ་སྐད་ཞུ་ཡིག་རིན་ཆེན་གསེར་གྱི་འཕྲེང་། །དྲི་མེད་ལྷ་རྫས་དར་གྱིས་ལེགས་དྲིལ་ཏེ། །རབ་ཏུ་གུས་པས་ལྷ་ཕྱག་གྲངས་མེད་བཅས། །ཆུ་བཟང་དབེན་པའི་གནས་ནས་ཟླ་ཚེས་ཕུལ། །ཞེས་ཕུལ་བ་ལ་གཟིགས་ནས་གཞན་ཚོར་བསྟན་ནས་ཐུགས་མཉེས་མཉེས་མཛད་འབྱོར་ལན་ཀྱང་གནང་འདུག ཡང་དེའི་སོས་ཀ་ཉིན་ཅིག་དད་གཏོང་བློ་གྲོས་ཆེ་བའི་སྐལ་ལྡན་སྙིང་གི་སློབ་བུ་མང་རའི་ལྷ་བཟོ་ཡེ་ཤེས་ལ། སྔོན་ལྷ་མོ་དབྱངས་ཅན་མའི་ཕྱག་ཏུ་བསྣམས་ནས་རི་རབ་གླིང་བཞི་གླིང་ཕྲན་བསྟན་པའི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གནད་བསྡུས་པའི་གླེགས་བམ་སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་མོ་བསྟན་ནས་མགུར་དབྱངས་འདི་བླངས་སོ། །། ཀུན་མཁྱེན་ཀློང་ཆེན་པའི་ཞབས་ལ་གསོལ་བ་ཞིག་འདེབས་སོ། །མདོ་སྔགས་ལམ་བཟང་ཀུན་ཤེས་པའི་བློ་གྲོས་ཤིག་སྩོལ་ཅིག །ཀུན་མཁྱེན་ཆེན་པོ་ཡིས་མཛད་པའི་བསྟན་བཅོས་ཀྱི་མཆོག་གྱུར། །གང་ཟག་སོ་སྐྱེས་ཤིག་སོ་སོ་སྐྱེ་བོ་ཡི་ས་ནས། །སངས་རྒྱས་ས་ཡི་བར་འཁྲིད་པའི་མདོ་སྔགས་ཀྱི་ལམ་བཟང་། །ཆོས་རྣམས་ཐམས་ཅད་པོ་གཞུང་ལམ་གཅིག་ཏུ་རང་སྟོན་པའི། །ཤིང་རྟ་ཆེན་པོ་ཡི་ལམ་སྲོལ་འདི་ཉིད་ལ་གཟིགས་དང་། །མདོ་རྒྱུད་མན་

p. 188

ངག་ཀུན་གདམས་པའི་མཆོག་ཅིག་ཏུ་གོ་ཡོང་། །གོ་བ་དེ་བཞིན་དུ་རང་གིས་ཉམས་ལེན་ལ་འབོད་དང་། །མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་ཡོང་། །སྤྲིན་བྲལ་ནམ་མཁའ་ལ་འོད་གསལ་ཉི་མ་ནི་ཤར་བཞིན། །བློ་གྲོས་སྣང་བ་དེ་ཕྱོགས་མེད་རྒྱས་པར་རང་ཤོག་ཅིག །ཅེས་བྱིན་པས་ཁོ་རང་གིས་ཞིབ་ཏུ་བལྟས་པས་བློ་བསྐྱེད་ཆེན་པོ་བྱུང་སྣང་། ཡང་ལེགས་བ ཤད་འདིའི་ནང་ལྟར་སྒྱུ་མ་རྨི་ལམ་ལྟ་བུའི་འཁོར་འདས་ཀྱི་ཆོས་རྣམས་སེམས་ཀྱི་ནང་དུ་ལོངས་ལ་སེམས་ངོ་སྐྱོངས་དང་། ལྟ་བ་ལ་བོགས་ཐོན་ཡོང་ཞེས་མགུར་དབྱངས་འདི་བླངས་སོ། །རྟོགས་པ་ནམ་མཁའ་དང་མཉམ་པའི་བླ་མ་རྣམས་མཁྱེན་ནོ། །རྟོགས་ལྡན་འཁྲུལ་ཞིག་ཅིག་འབྱུང་བར་བྱིན་གྱིས་རང་རློབས་ཤིག །འཁོར་འདས་ཆོས་ཀུན་གྱི་རྩ་བ་རང་སེམས་ཀྱི་གནས་ལུགས། །སྟོང་གསལ་ཁྱབ་གདལ་གྱི་ངང་ལ་རང་བབས་སུ་འཇོག་དུས། །ནམ་མཁར་ཉི་ཟླ་དང་གཟའ་སྐར་འགགས་མེད་དུ་ཤར་བཞིན། །སེམས་ལ་སྣང་གྲགས་ཀྱི་ཆོས་རྣམས་མ་འགགས་པར་ཤར་ཡང་། །འཛིན་པ་མ་ཞུགས་པར་གུ་ཡངས་ཁྲོལ་ལེ་རང་ཞོག་དང་། །ནམ་མཁའ་ལྟ་བུ་ཡི་རྟོགས་ལྡན་འཁྲུལ་ཞིག་ཅིག་འབྱུང་ངེས། །དེ་ལྟར་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་རང་སྒོམས་ལ། །ཕན་པའི་སྨོན་ལམ་རང་ཐོབ་དང་ནམ་ཞིག་ནི་ཕན་ཡོང་། །སྟོང་ཉིད་སྙིང་རྗེ་གཉིས་

p. 189

རྒྱུད་ལ་ངེས་པར་དུ་སྐྱེས་ཚེ། །ཕན་པའི་མགུར་དབྱངས་འདྲ་ལེན་འདོད་རང་ཤུགས་ཀྱིས་སྐྱེས་ཡོང་། །ཞེས་བཤད་པ་ལྟར་ཁོ་རང་གིས་ཉམས་སུ་བླངས་པས་སེམས་ཡག་ཏུ་སོང་རྒྱུད་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས། ཉམ་ཐག་རྣམས་ལ་ཕན་ཐོགས་པའི་ཆོས་པ་བཟང་པོ་ཞིག་བྱུང་ངོ་། །དེའི་ལོ་ང་དབུས་སུ་འགྲོ་སྙམ་ཡང་གཞན་གྱིས་བཤོལ་ནས་ལོ་ཁ་ཤས་འགྲོ་མ་ཐུབ་ཚེ། ཕྱག་མཛོད་གྲུབ་ཆེན་དང་ཀུན་དགའ་ཨ་ཞང་རྣམས་དབུས་གཙང་དུ་མཚམས་ཞུས་ཤིག་ལ་འགྲོ་རྒྱུ་བྱས། ཁོང་རྣམས་ཀྱིས་སྦིས་དཀར་གོན་པ་སོགས་དབུས་སུ་འགྲོ་ཆས་རྣམས་བསྒྲིགས། ངས་སྤྲིང་ཡིག་དང་མཚམས་ཞུས་སོ་སོའི་ཡི་གེ་རྣམས་བྲིས། ཐོག་མར་དབུས་གཙང་རུ་བཞིའི་དད་ཅན་སློབ་མ་ཡོན་བདག་རྣམས་ལ་སྤྲིང་ཡིག་ཀུན་དགའི་དཔལ་སྟེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་ཕུལ། ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །སྐྱབས་གནས་ཀུན་འདུས་བླ་མ་ཡིད་བཞིན་ནོར། །འབྲལ་མེད་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ། །འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་གི་མཆོག །ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུ་དང་། །རྒྱལ་བ་ཡབ་སྲས་རྣམས་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །

p. 190

རྒྱལ་ཁམས་ཆོས་ལ་བསྐུལ་བའི་རྣལ་འབྱོར་པ། །ཕྱོགས་མེད་ཡན་པ་བློ་བདེ་ཞབས་དཀར་པས། །ཀུན་གྱི་ཡིད་ལ་དགའ་བའི་དཔལ་སྟེར་བའི། །ངོ་མཚར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལེན། །ཆོས་ཡུལ་དབུས་གཙང་དག་པའི་ཞིང་ཁམས་ན། །སྐྱབས་མགོན་རྒྱལ་བ་ཡབ་སྲས་གསུང་བཞིན་དུ། །རྣམ་དཀར་དགེ་བའི་ལས་ལ་རབ་བརྩོན་པའི། །དད་ཅན་སློབ་མ་ཡོན་བདག་དགའ་བས་ཉོན། །ཇོ་བོ་རྒྱལ་བ་ཡབ་སྲས་ཐུགས་རྗེ་ལ། །བརྟེན་ནས་ཁྱེད་རྣམས་ཐམས་ཅད་ཁམས་བཟང་ཞིང་། །ཆོས་ལྡན་བྱ་བ་མང་པོ་སྒྲུབ་པའི་གཏམ། །ཐོས་པས་དངོས་སུ་མཇལ་འདྲའི་དགའ་སྤྲོ་ཤར། །བདག་ཅག་དབུས་གཙང་ཞིང་ནས་མདོ་སྨད་འདིར། །འོངས་ནས་མི་ལོ་བཅུ་གཉིས་ཙམ་སོང་ཡང་། །ད་ལྟའི་བར་དུ་དཀོན་མཆོག་ཐུགས་རྗེ་ཡིས། །ལུས་སེམས་བདེ་ཞིང་འགྲོ་དོན་འཕེལ་བར་མཆིས། །ད་ལོ་དབུས་གཙང་དག་པའི་ཞིང་ཁམས་ཀྱི། །ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་ཡབ་སྲས་དང་། །སེར་འབྲས་དགེ་གསུམ་ལ་སོགས་ཕྱག་མཆོད་ཞིང་། །རྣམས་ལ་མཇལ་བར་ཐག་བཅད་ཆས་ན་ཡང་། །རང་ཡུལ་ཕྱོགས་ཀྱི་བླ་དཔོན་ཕལ་ཆེར་དང་། །ཁྱད་པར་ཕུར་ཐོགས་སྟོང་དང་ལྔ་བརྒྱ་ཡིས། །ཡུལ་ཕྱོགས་གཞན་དུ་ཕེབས་ན་མི་ཆོག་ཅེས། །དབང་མེད་བཤོལ་ནས་རེ་ཞིག་སྡོད་དགོས་བྱུང་། །འདིར་གནས་བདག་ཅག་དཔོན་སློབ་ཁམས་བཟང་ཞིང་། །ཆོས་ལྡན་

p. 191

བྱ་བ་མང་པོ་འགྲུབ་པའི་གཏམ། །སྐྱེལ་དུ་སློབ་བུ་འདི་རྣམས་བཏང་ཡོད་པས། །ང་དང་ཕྲད་པ་ལྟ་བུའི་དགའ་སྤྲོ་གྱིས། །མི་རྒན་ང་ཡང་མ་ཤི་ཚེ་རིང་ན། །ད་དུང་དབུས་གཙང་དག་པའི་ཞིང་ཁམས་སུ། །དངོས་སུ་ཀུན་གྱིས་འོང་དུ་མི་འཇུག་ཀྱང་། །ལྐོག་ཏུ་ལྷོ་ཁ་བརྒྱུད་ནས་འོང་རྩིས་ཡོད། །འོན་ཀྱང་ནམ་འཆི་ཆ་མེད་ཚུལ་བསམས་ནས། །ང་ལ་འཕྲད་དུ་འོང་ན་འདོད་མཁན་རྣམས། །གྲོགས་པོ་བཟང་པོར་འགྲོགས་ནས་ལྷོ་བྱང་ལམ། །གང་ནས་འོངས་ཀྱང་ངེད་རྣམས་མཇལ་བར་ངེས། །འོང་མ་ཐུབ་ཀྱང་ཁྱེད་རྣམས་ཐམས་ཅད་ཀྱིས། །ང་ཡི་རྣམ་ཐར་མགུར་མའི་ནང་ལྟར་དུ། །སྡིག་པ་སྤངས་ནས་དགེ་ལ་འབད་ནུས་ན། །ང་ལ་མཇལ་དང་ཁྱད་མེད་སེམས་ལ་ཆོངས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གནས་སྐབས་མཐར་ཐུག་འདོད་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་སྐྱབས་འཇུག་དང་། །ཚེ་རབས་ཀུན་ཏུ་མཇལ་བའི་སྨོན་ལམ་འདེབས། །ངོ་མཚར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདི། །ཐོས་ཚད་རྣམས་ཀྱི་རྒྱུད་ལ་ཕན་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་བཀྲ་ཤིས་ཤིང་། །བཀྲ་ཤིས་ཆེན་པོས་འཛམ་གླིང་ཁྱབ་གྱུར་ཅིག །ཅེས་པ་དང་། ཡང་སྟོད་མངའ་རིས་སྐོར་གསུམ་གྱི་དད་ཅན་སློབ་མ་ཡོན་བདག་རྣམས་ལ། འཕྲིན་ཡིག་རྣར་སྙན་ཡིད་འབབ་དྲི་ཟའི་བུ་

p. 192

མོའི་གླུང་དབྱངས་ཞེས་བྱ་བ་འདི་ཕུལ། །འདི་ཕྱི་བར་དོའི་གཏན་གྱི་སྐྱབས། །དྲིན་ཅན་བླ་མ་རྣམས་ལ་འདུད། །རྣལ་འབྱོར་དཔོན་སློབ་བསམ་དོན་རྣམས། །ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །སེམས་ཉིད་མཁའ་ལས་རབ་ཡངས་པའི། །གླུ་བ་ཚོགས་དྲུག་རང་གྲོལ་ངས། །འཕྲིན་ཡིག་རྣར་སྙན་ཡིད་འབབ་ཀྱི། །དྲི་ཟའི་བུ་མོའི་གླུ་དབྱངས་ལེན། །སྟོད་ཕྱོགས་མངའ་རིས་སྐོར་གསུམ་གྱི། །དད་པ་དམ་ཚིག་གཙང་བ་ཡི། །སྐལ་ལྡན་སློབ་མ་ཡོན་བདག་རྣམས། །ཐག་རིང་གཏམ་ལ་དགའ་བས་ཉོན། །བླ་མ་མཆོག་གསུམ་ཐུགས་རྗེ་ཡིས། །སྐལ་ལྡན་སློབ་མ་ཡོན་བདག་རྣམས། །རབ་ཏུ་བདེ་ཞིང་སྐྱིད་པའི་གཏམ། །གོ་བས་དགའ་ཞིང་སྤྲོ་བ་སྐྱེས། །བདག་ཅག་འདིར་གནས་དཔོན་སློབ་རྣམས། །རྩ་གསུམ་ལྷ་ཡི་བྱིན་མཐུ་ཡིས། །ལུས་སེམས་བདེ་ཞིང་དགེ་སྦྱོར་འཕེལ། །བསྟན་འགྲོར་གང་ཕན་བྱེད་བཞིན་མཆིས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །སྙིང་པོ་མེད་པའི་བྱ་བ་སྤངས། །སྙིང་པོའི་ལྷ་ཆོས་བྱ་སྙམ་ནས། །ཆོས་རྒྱལ་ངག་གི་དབང་པོ་སོགས། །མཚན་ལྡན་བླ་མ་མང་པོ་བསྟེན། །མདོ་སྔགས་ཟབ་རྒྱའི་གདམས་པ་ཞུས། །རི་ཁྲོད་དབེན་པའི་གནས་རྣམས་སུ། །ཉམས་ལེན་བྱས་ནས་རང་རྒྱུད་བཏུལ། །ཕྱོགས་མེད་རྒྱལ་ཁམས་མང་པོ་འགྲིམས། །བསྟན་དང་འགྲོ་ལ་གང་ཕན་བྱས། །

p. 193

ལེགས་བཤད་པོ་ཏི་བཅུ་ལྷག་ཅིག །མ་འོངས་དད་ལྡན་དོན་ལ་བཞག །སློབ་མ་རྣམས་ཀྱིས་བསྐུལ་པའི་ངོར། །ཚེ་འདིར་རང་གིས་ཆོས་བྱས་ནས། །བསྟན་འགྲོའི་དོན་ཆེན་བསྒྲུབས་ཚུལ་གྱིས། །རྣམ་ཐར་པོ་ཏི་གཅིག་ཙམ་བརྩམས། །སྐལ་ལྡན་སློབ་མ་ཡོན་བདག་རྣམས། །ཕ་རྒན་ང་ཡི་རྣམ་ཐར་བཞིན། །སྡོམ་པ་དམ་ཚིག་ཚུལ་བཞིན་སྲུངས། །མདོ་སྔགས་ཆོས་ལ་ཉམས་ལེན་གྱིས། །བླ་མའི་ཞབས་ཏོག་བསྟན་འགྲོ་ལ། །ཕན་པའི་བསམ་སྦྱོར་གོང་འཕེལ་མཛོད། །ད་ལྟ་བདག་ནི་དབེན་པ་རུ། །སོས་དལ་བདེ་བར་བསྡད་པའི་དུས། །སྔོན་ཆད་ལ་ཕྱི་གངས་རི་སོགས། །རི་ཁྲོད་དབེན་པའི་གནས་མཆོག་ཏུ། །ངེད་རྣམས་བསྡད་ཚུལ་ཡིད་ལ་ཤར། །ཡང་ཡང་ཡར་ལ་འོང་སྙམ་ནས། །ཆས་ཀྱང་གཞན་གྱིས་དབང་མེད་བཤོལ། །རེ་ཞིག་འོང་རྒྱུ་མ་བྱུང་ཚེ། །སློབ་མ་འདི་རྣམས་བཏང་བ་ལགས། །རྒྱུ་མཚན་རྒྱས་པ་ངག་ན་གསལ། །མདོར་ན་ང་ནི་ན་སོ་རྒས། །མགོ་ཡང་དཀར་པོར་སོང་ནས་གདའ། །ཁྱེད་རྣམས་ཕལ་ཆེར་ང་བཞིན་དུ། །ན་སོ་ཡར་ལ་རྒས་ཡོད་སྙམ། །ད་ལྟ་ངེད་རྣམས་མཇལ་རེ་རན། །དེ་ཕྱིར་ཁྱེད་རྣམས་ནང་ནས་ཀྱང་། །རྒན་པ་འོང་བར་མ་ནུས་ཀྱང་། །གཞོན་པ་མ་འདུག་མཇལ་དུ་ཤོག །ང་ཡང་མ་ཤི་ཚེ་རིང་ན། །ཡར་ལ་འོང་བའི་ཐབས་ལ་འབད། །

p. 194

ཐམས་ཅད་ལྷན་དུ་མཇལ་རྒྱུ་ཞིག །འོང་བའི་སྐལ་བ་ལྡན་པར་སྨོན། །གལ་ཏེ་ཚེ་ཡི་དུས་བྱས་ནས། །ཚེ་འདིར་དངོས་སུ་མ་མཇལ་ན། །ངས་ཀྱང་མི་བརྗེད་སེམས་ལ་འཇོག །ཁྱེད་རྣམས་ཡིད་ལ་དུང་ངེ་གྱིས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །མངོན་དགའ་དགའ་ལྡན་བདེ་བ་ཅན། །གང་འདོད་དག་པའི་ཞིང་ཁམས་ནས། །མངོན་སུམ་མཇལ་བའི་སྨོན་ལམ་འདེབས། །འཕྲིན་ཡིག་རྣར་སྙན་ཡིད་འབབ་ཀྱི། །དྲི་ཟའི་བུ་མོའི་གླུ་དབྱངས་འདི། །ཐོས་ཚད་སེམས་ལ་ཕན་ཐོགས་ཤིང་། །ཡུལ་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཅེས་པ་དང་། ཡང་དབུས་གཙང་མངའ་རིས་བར་གྱི་ཕྱོགས་ཕྱོགས་ཀྱི་རི་ཁྲོད་དབེན་པའི་དགའ་ཚལ་ན་བཞུགས་པའི་ཚུལ་ཁྲིམས་གྲགས་པ། དགེ་སློང་པདྨ། །སྙེ་མོའི་ཨེམ་ཇི། ཉ་མོའི་སྒོམ་ཆེན། རྒྱལ་ཐང་བླ་མ། དགེ་སློང་བྱམས་པ་རིན་ཆེན། རྩིབ་རི་པ་སངས་རྒྱས་བསྟན་འཛིན་སོགས་བྱ་བཏང་སྒོམ་ཆེན་པ་རྣམས་ལ་སྙིང་གཏམ་དབྱངས་ཅན་པི་ཝང་རྒྱུད་མང་ཞེས་བྱ་བ་འདི་ཕུལ་ལོ། །འགྲོ་བ་ཡོངས་ཀྱི་མ་འདྲིས་པའི། །མཛའ་བཤེས་སྟོན་པ་སངས་རྒྱས་ལ། །རབ་ཏུ་གུས་པས་གསོལ་བ་འདེབས། །ཐུགས་རྗེ་དགོངས་ལ་བྱིན་གྱིས་རློབས། །མདོ་སྨད་རི་ཁྲོད་དབེན་པ་རུ། །གནས་པའི་ཚོགས་དྲུག་རང་གྲོལ་ངས། །ཀུན་ལ་བརྩེ་ཞིང་དུང་བའི་སྒོས། །སྙིང་

p. 195

གཏམ་དབྱངས་ཅན་པི་ཝང་འཁྲོལ། །ཚེ་འདིའི་བྱ་བ་བློས་བཏང་ནས། །རི་ཁྲོད་དབེན་པའི་གནས་རྣམས་སུ། །སྒྲུབ་པའི་རྒྱལ་མཚན་འཛིན་མཁན་གྱི། །སློབ་མ་ཡང་སློབ་དགའ་བས་ཉོན། །བླ་མ་དཀོན་མཆོག་ཐུགས་རྗེ་ཡིས། །ཁྱེད་རྣམས་བདེ་བར་ཡོད་ལས་ཆེ། །བདག་ཅག་དཔོན་སློབ་ལུས་སེམས་བདེ། །དབེན་པར་སྒོམ་སྒྲུབ་བྱེད་བཞིན་མཆིས། །སྐལ་ལྡན་སློབ་མ་ཡང་སློབ་རྣམས། །ཚེ་ཐུང་ནམ་འཆི་ཆ་མེད་སོམས། །འདོད་ཡོན་ལོངས་སྤྱོད་རྩྭ་ལྟར་དོར། །སྡོམ་གསུམ་མིག་གི་འབྲས་བཞིན་སྲུངས། །མདོ་སྔགས་གནད་ཀྱི་གདམས་པ་སྒོམས། །རང་རྒྱུད་ཉོན་མོངས་རྩད་ནས་ཐོན། །ཆོས་བརྒྱད་གདོན་དང་གཏན་བྲལ་གྱིས། །བསྟན་འགྲོ་ཡོངས་ལ་གང་ཕན་མཛོད། །དེང་སང་བསྐུལ་པ་སྙིགས་དུས་འདིར། །གྲོང་དགོན་གང་དུ་བསྡད་ན་ཡང་། །ཆགས་སྡང་ཆོས་བརྒྱད་ངང་གིས་འབྱུང་། །དེ་ཕྱིར་རི་ཁྲོད་དབེན་པར་སྡོད། །སྙིང་གཏམ་དབྱངས་ཅན་པི་ཝང་སྒྲ། །ཐོས་ཚད་སེམས་ལ་ཕན་ཐོགས་ཤིང་། །ཡུལ་ཕྱོགས་ཀུན་ཏུ་སྒྲུབ་བརྒྱུད་ཀྱི། །བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ཅེས་པ་དང་། གཞན་ཡང་རྒྱལ་བ་ཡབ་སྲས་སོགས་བླ་མ་རྣམས་དང་། སློབ་མ་ཡོན་བདག་དྲུག་ཅུ་ལྷག་ཙམ་ལ་མཚམས་ཞུས་ཡི་གེ་ཚིག་ལྷུག་ཚིགས་བཅད་གཉིས་ཀ་བྲིས་ནས། ཡིག་

p. 196

རྟེན་དུ་དངུལ་ཁྲོབ་སྲང་ལྔ་བཅུ་ཙམ་དངུལ་སྲང་གང་རེ་དོ་རེ། གོས་ཆེན་ཁ་གང་ཁ་དོ་དངུལ་ཕྲེང་གཡང་ཊི་པདྨའི་སྙིང་པོ་ཤེལ་ཕྲེང་ཤེལ་གྱི་གསོལ་ཅན་གོས་ཀྱི་ཅོད་པན་དྲིལ་གདན་སོགས་དངོས་པོ་ཕྲན་བུ་དང་། དད་རྟེན་དུ་སྐྲ་ལོ་ན་བཟའི་ཚལ་བུ་འདྲ་སྐུ་ཕྱག་ཐམ་ཚེ་རིལ་རྟེན་འདུས། སྲུང་མདུད་དཀར་སེར་དམར་ལྗང་དྲི་མེད་ལྷ་རྫས་བཅས་བཞག ཤོག་རྒྱ་བརྒྱབ་ནས་ཕུལ་བ་དོ་དམ་བྱས། དེ་ནས་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་ཕྱག་མཛོད་གྲུབ་ཆེན་ནམ་ཀུན་དགའ་ཉི་མས་རིན་ཆེན་དང་པོ་ཞོ་གང་དྲི་མ་མེད་པའི་ལྷ་རྫས་བཅས་ཕུལ་ནས། སྐྱབས་མགོན་རིན་པོ་ཆེ་ཁོ་བོ་མདོ་སྨད་འདིར་འོངས་ནས་ལོ་མང་པོའི་བར་དུ་ཞབས་ཏོག་བྱས་པའི་མཐར་དབུས་སུ་འགྲོ་ཁར་ཁོ་བོར་རྫོངས་པའི་མཆོག་ཏུ། ཁྱེད་ལ་ཆོས་རྒྱལ་རིན་པོ་ཆེས་ཞལ་གདམས་ཕྱག་རྗེས་དང་བཅས་ཏེ་གནང་བ་བཞིན་དུ་བདག་ལ་ཡང་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གནང་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། །རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ལས། །མི་བདག་ལ་བཀའ་དྲིན་ཆེས་ལྷག་པའི། །མགོན་སྐྱབས་རྗེ་ཞབས་དཀར་རྡོ་རྗེ་འཆང་། །སྤུང་སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས། །ཡར་གངས་ལྗོངས་དབུས་གཙང་དག་པའི་ཞིང་། །མི་བདག་དང་རྡོ་རྗེ་སྤུན་གྲོགས་འགའ། །བསྒོམ་སྒྲུབ་པ་བྱ་རུ་འགྲོ་ལགས་ཏེ། །རྗེ་བླ་མ་འབྲལ་སྙམ་སེམས་རེ་སྐྱོ། །

p. 197

སྔོན་ལས་འབྲས་འཕེན་པས་ཡུན་རིང་འགྲོགས། །གྲོགས་རྡོ་རྗེ་སྤུན་ཚོགས་མཆེད་ལྕམ་རྣམས། །ད་ཚེ་འདིར་གསོན་འབྲལ་བྱེད་པའི་དུས། །སེམས་སྐྱོ་བ་སྐྱེས་ནས་བཟོད་གླགས་མེད། །མར་མདོ་སྨད་ཕྱོགས་འདིར་ཡུན་རིང་དུ། །འདྲིས་ཆེ་བའི་ཆོས་མཛད་ཡོན་བདག་རྣམས། །ད་དེང་ནས་ཚེ་འདིར་གང་ནས་འཕྲད། །སེམས་སྐྱོ་བ་སྐྱེས་ནས་བཟོད་གླགས་མེད། །རྗེ་ཁྱེད་ཀྱིས་ཡང་ཡང་ནན་ཏན་དུ། །ཆོས་མི་རྟག་གསུངས་ཀྱང་ངེས་ཤེས་བྲལ། །དུས་ད་རེ་སོ་སོར་འབྲལ་བའི་ཚེ། །ཆོས་མི་རྟག་མངོན་སུམ་རྗེན་པར་མཐོང་། །ད་མི་རྟག་འཆི་བ་སྒོམ་བཞིན་དུ། །ས་ཐག་རིང་དབུས་ལ་འགྲོ་བའི་དུས། །ནོར་ཟང་ཟིང་ལྗོངས་ཀྱིས་ཅི་ཞིག་བྱ། །བདག་རྫོངས་ལ་ཞལ་གདམས་ཟབ་མོ་ཞུ། །སྔར་ཞལ་གདམས་དཔག་མེད་གནང་མོད་ཀྱང་། །རང་གཡེང་བས་ཁུར་ནས་ངེས་འཇོག་མེད། །ད་རང་ལ་ཆེད་དུ་གཉེར་ནས་ཀྱང་། །གསུང་ཟབ་མོའི་བཅུད་ཀྱི་སྙིང་པོ་ཞུ། །ཆོས་མདོ་རྒྱུད་བསྟན་བཅོས་མན་ངག་གི །དོན་ཟབ་དགུའི་སྙིང་པོ་གཅིག་ཏུ་བསྡུས། །བདག་ཉམས་ལེན་བྱེད་པའི་གསལ་འདེབས་སུ། །ཐུགས་བརྩེ་བས་ཞལ་གདམས་གནང་དུ་གསོལ། །མི་བདག་གི་འདོད་དོན་ཐ་མ་འདི། །རྗེ་ཁྱེད་ཀྱིས་བཏང་སྙོམས་མ་མཛད་པར། །ཐུགས་དགྱེས་པའི་འཛུམ་མདངས་དང་བཅས་ཏེ། །དོན་རེ་

p. 198

བའི་འབྲས་བུ་སྨིན་པར་ཤོག །ཅེས་ཕུལ་བའི་ལན་དུ། འོ་སྐལ་ལྡན་སྙིང་གི་བུ་མ་གཡེངས་པར་ཉོན་ལ་ཡིད་ལ་ཟུངས་ཤིག དེང་སང་སྙིགས་མའི་དུས་འདིར་སྐྱ་སེར་ཕོ་མོ་སུ་ཡིན་ཡང་རྒྱལ་བའི་བཀའ་དང་། བླ་མའི་གསུང་བཞིན་བསྒྲུབ་པ་ནི་ཤིན་ཏུ་དཀོན། དཀོར་གྱིས་ཚིམས་ནས་བླ་མའི་གསུང་མི་བརྩི་བར་དམ་སྡོམ་ལྷོད་ནས་ཆོས་མིན་བྱེད་མཁན་སྡིག་པའི་གྲོགས་པོ་མང་དུས་འདིར། སྡིག་པའི་གྲོགས་ཀྱི་དབང་དུ་མ་སོང་བ་བྱས། སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་བཞིན་ཚེ་འདིའི་བྱ་བ་ཐམས་ཅད་འཕོངས་ཕྱིས་པའི་རྡོ་བཞིན་བློས་ཐོངས། རི་ཁྲོད་དབེན་པའི་གནས་མཆོག་སྟེན་ལ་དམ་ཚིག་དང་སྡོམ་པ་རྣམས་མིག་གི་འབྲས་བཞིན་སྲུངས། མདོ་སྔགས་ཆོས་ཀྱི་གནད་བྱང་ཆུབ་ཀྱི་སེམས་གཉིས་དང་། གསང་སྔགས་ཀྱི་རིམ་གཉིས་ཁྲེགས་ཆོད་ཐོད་རྒལ་གཉིས་ལ་སོགས་པའི་བླ་མའི་གདམས་ངག་ཟབ་མོ་རྣམས་ཉམས་སུ་ལོངས་དང་བསམ་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་ཡོང་། འདི་ནས་དེ་ལུགས་ཀྱི་སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱ་ཞེས་ཞལ་གདམས་ཀྱི་མགུར་དབྱངས་འདི་བླངས་སོ། །ཡིད་བཞིན་ནོར་ལས་ལྷག་པ་ཡི། །སྐྱབས་མགོན་བླ་མ་ཡི་དམ་ལྷས། །སྐལ་ལྡན་སྙིང་གི་སློབ་མ་ལ། །བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབ། །ལུས་དང་གྲིབ་བཞིན་རབ་འགྲོགས་

p. 199

པའི། །མཁའ་འགྲོ་ཆོས་སྐྱོང་དཀར་ཕྱོགས་ལྷས། །སློབ་བུའི་འགལ་སྐྱེན་བར་ཆད་སོལ། །མཐུན་རྐྱེན་བསམ་དོན་འགྲུབ་པར་མཛོད། །ཕ་རྒན་ཚོགས་དྲུག་རང་གྲོལ་ངས། །ཕན་པའི་སྙིང་གཏམ་བཤད་པ་ལ། །དད་བརྩོན་ཤེས་རབ་སྙིང་རྗེ་ཅན། །བུ་ཆེན་ཀུན་དགའ་ཉི་མ་ཉོན། །དེང་སང་སྙིགས་མའི་དུས་སྐབས་འདིར། །རྒྱལ་བའི་བཀའ་དང་བླ་མའི་གསུང་། །མི་བརྩི་ཆོས་མིན་བྱེད་མཁན་ལ། །བལྟས་ན་སྐྱོ་ཤས་མི་སྐྱེ་འམ། །ཚུལ་འདི་སོམས་ལ་སྔར་བྱས་གྱི། །ལས་ལ་འགྱོད་ཅིང་ཕྱིན་ཆད་སྡོམས། །དམ་པ་གོང་མའི་རྣམ་ཐར་བཞིན། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །རི་ཁྲོད་དབེན་པའི་གནས་མཆོག་ཏུ། །སྡོམ་གསུམ་མིག་གི་འབྲས་བཞིན་སྲུངས། །།མདོ་སྔགས་ལམ་གྱི་གནད་འདུས་པའི། །བླ་མའི་གདམས་ངག་ཉམས་སུ་ལོངས། །དེ་ལྟར་ཉམས་སུ་ལེན་ནུས་ན། །བུ་ཡི་བསམ་དོན་ཆོས་བཞིན་འགྲུབ། །ཕ་ཡི་སྙིང་གཏམ་ཟབ་མོ་འདི། །མ་བརྗེད་སྙིང་གི་དཀྱིལ་དུ་ཆོངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོག་འབྱུང་བ་དང་། །ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་ཤིང་། །ཆོས་དང་བཀྲ་ཤིས་འཕེལ་བར་ཤོག །ཅེས་བླངས་པས་ཁོ་རང་དགའ་མགུ་ཡི་རང་བའི་སྒོ་ནས། སྔར་སྡོམ་གསུམ་དང་འགལ་

p. 200

བའི་ཉེས་ལྟུང་ལ་སྙིང་ནས་བཤགས་པ་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་བྱས་དུས་ཡང་ཡང་མཇལ་བའི་སྨོན་ལམ་ཀྱང་བཏབ་བོ། །དེ་ནས་ཟླ་བ་བཞི་བའི་ཚེས་པ་བཅུའི་ཉིན་རྩ་གསུམ་ལྷ་ལ་ཚོགས་དང་གཏོར་མ་བཏང་། དབུས་སུ་འགྲོ་བ་དང་གཞི་ལ་འདུག་པ་ཐམས་ཅད་ལ་སྟོན་མོ་རྒྱ་ཆེན་པོ་བྱས། དབུས་པ་ཡར་འགྲོ་རྣམས་ལ་ཟང་ཟིང་ནོར་གྱི་རྫོངས་པ་ལ་དངུལ་རྡོ་ཚད་གཅིག་དང་། ཁྲོབ་སྲང་བཅུ་གསུམ། གསེར་ཞོ་ཁ་ཤས། རས་དཱ་བུ་དཀར་དམར་ཁ་བཏགས་སོགས་ཟོང་རྡོ་ཚད་གཅིག་གིས་རྩིས། རྟ་བཟང་པོ་བདུན། དྲེའུ་གཉིས། མཛོ་བདུན། ཧ་ཁྱི་ཆུང་ཆུང་གཉིས་བཅས་བྱིན། དད་རྟེན་དུ་རྣམ་ཐར་བྲིས་མ་གཅིག་གླེགས་བམ་བཞི། འདྲ་སྐུ་ཕྱག་ཐམ་སྐྲ་ལོ་ན་བཟའ་ཚེ་རིལ་རྟེན་འདུས་སྲུང་མདུད། མཛོད་བཏགས་རིང་པོའི་མགུལ་དར་བསྒྲོན་ནས་ཆོས་ཀྱི་ལྗོངས་པ་ལ་རྣར་སྙན་ཡིད་འབབ་ཀྱི་མགུར་དབྱངས་འདི་བླངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཁྱེད་སྐལ་ལྡན་སྙིང་གི་བུ་སློབ་རྣམས། །ངའི་ཕན་པའི་སྙིང་གཏམ་གླུ་ལ་ཉོན། །བདག་སྐྱེས་ས་མདོ་ཁམས་སྨད་ཡིན་ཀྱང་། །ཡར་འགྲོ་ས་དབུས་གཙང་ཞིང་དུ་སོང་། །སྔོན་ལས་

p. 201

དང་སྨོན་ལམ་དག་པའི་མཐུས། །ངེད་དཔོན་སློབ་དབུས་གཙང་ཞིང་ནས་མཇལ། །ལོ་བཅོ་བརྒྱད་བར་དུ་རང་དོན་དང་། །གཞན་བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབས། །སླར་མདོ་སྨད་ས་ཆ་འདི་རུ་ཡོང་། །ཁོང་ཡོན་བདག་རྣམས་ཀྱིས་ལྷ་བཞིན་བཀུར། །ནོར་ཡོད་དགུ་ཕུལ་ནས་སྐྱབས་འཇུག་ཞུས། །ངེད་རྣམས་ཀྱིས་གསོག་འཇོག་མ་བྱས་པར། །བསྟན་འགྲོ་བ་ཡོངས་ཀྱི་བདེ་ཐབས་སུ། །སྔར་ཡོད་པའི་རྟེན་རྣམས་ཞིག་གསོ་བྱས། །རྟེན་མེད་པའི་ཡུལ་ལ་གསར་དུ་བཞེངས། །ཀུན་འགྲུབ་ཚེ་རབ་གནས་དགའ་སྟོན་བྱས། །མཐར་བསྔོ་བ་སྨོན་ལམ་རྒྱ་ཆེན་བཏབ། །ད་བསམ་ན་སྐལ་བ་ཤིན་ཏུ་བཟང་། །ཁྱེད་སྐལ་ལྡན་སྙིང་གི་བུ་སློབ་རྣམས། །སྟོད་དབུས་ལ་འཁྱེར་རྒྱུའི་ནོར་མེད་རུང་། །སེམས་འདོད་ཆུང་ཆོག་ཤེས་ཁལ་རྟ་ལ། །ཡར་འཕགས་པའི་ནོར་བདུན་ཁོལ་ལ་སོང་། །ས་དབུས་ལམ་བར་ན་དགྲ་མང་ཡང་། །ཁྱེད་རྣམས་ཀྱི་ནོར་ལ་དགྲ་རྐུན་མེད། །ནོར་དཀའ་ལས་མྱངས་ནས་འཁྱེར་མི་དགོས། །ས་དབུས་གཙང་མངའ་རིར་སླེབས་ཙ་ན། །ཁྱོད་མཆེད་ལྕམ་ཡོན་བདག་ཕོ་མོ་མང་། །རྒྱུ་ནོར་རྫས་ནང་དུ་སླེབས་པ་ཡིན། །ང་ད་དུང་མ་ཤི་ཚེ་རིང་ན། །དུས་ལན་ཅིག་དབུས་ལ་འོང་ཐུབ་བལྟ། །ཤི་སོང་རུང་འགྱོད་པ་སྤུ་ཙམ་མེད། །ཡར་སངས་རྒྱས་ཞིང་ནས་ཞིང་

p. 202

དུ་འགྲོ། །ད་ཁྱེད་རྣམས་སྐུ་ཁམས་བདེ་བར་བཞུད། །བགེགས་བར་ཆད་མེད་པའི་སྐྱབས་འཇུག་བྱ། །ས་མདོ་དབུས་བར་ཐག་རིང་ན་ཡང་། །དུས་ད་དུང་མཇལ་བའི་སྨོན་ལམ་འདེབས། །ཚེ་ཕྱི་མར་མངོན་དགའི་ཞིང་ཁམས་སུ། །ངེད་དཔོན་སློབ་ཐམས་ཅད་མཇལ་བར་ཤོག ། ཅེས་དབྱངས་དལ་བོ་བྱས་བླངས་པའི་རྗེས་སུ་སློབ་བུ་གྲུབ་ཆེན་གྱིས་བུང་བ་རྒྱང་རིང་དུ་འཕུར་བ་ལྟར། དབྱངས་རིང་པོ་བྱས་དབུས་སུ་ཡར་འགྲོའི་མགུར་དབྱངས་འདི་ཕུལ་ལོ། །སྐྱབས་མགོན་ཡིད་བཞིན་ནོར་བུ་ཁྱེད། །མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །འདི་ཕྱི་བར་དོ་གང་དུ་ཡང་། །སྐྱབས་དང་སྐྱེལ་མ་མཛད་དུ་གསོལ། །བདག་ཅག་དབུས་སུ་འགྲོ་བ་ལ། །རྗེས་ན་འཕྲེང་བ་རྣམ་གསུམ་དང་། །བར་ན་འཇིགས་པ་རྣམ་གསུམ་དང་། །སྔོན་ན་དགའ་བ་རྣམ་གསུམ་ཡོད། །དྲིན་ཅན་བླ་མ་ཁྱེད་དང་གཅིག །དམ་གཙང་རྡོ་རྗེའི་སྤུན་དང་གཉིས། །ཡུན་རིང་འགྲོགས་པའི་ཡོན་བདག་གསུམ། །རྗེས་སུ་ལུས་པས་སེམས་རེ་འཕྲེང་། །མགོ་ལོག་ཇག་པ་མང་དང་གཅིག །འབྲི་ཆུ་འདམ་ཆུ་རྒྱས་དང་གཉིས། །སྟོད་ཀྱི་ཁ་བ་ཆེ་དང་གསུམ། །བརྒྱུད་ནས་འགྲོ་ལ་ཞེ་རེ་འཇིགས། །ལྷ་ལྡན་ཇོ་བོ་དེ་དང་གཅིག །རྒྱལ་བ་ཡབ་སྲས་དེ་དང་གཉིས། །སེར་འབྲས་དགེ་གསུམ་དེ་དང་གསུམ། །སྔོན་ན་བཞུགས་སྙམ་ཉམས་རེ་དགའ། །བདག་

p. 203

ཅག་དབུས་སུ་འགྲོ་བ་ལ། །ནོར་རྫས་འཁྱེར་རྒྱུ་ཆེར་མེད་རུང་། །འཕགས་པའི་ནོར་བདུན་འཁྱེར་ལ་འགྲོ། །ཐ་མལ་ནོར་གྱིས་ཅི་ཞིག་བྱ། །ས་འདིར་འོངས་པའི་དགོས་པ་ནི། །སྐྱབས་མགོན་འགྲོ་དོན་མཛད་པའི་མཐར། །ཡར་ལ་གདན་འདྲེན་བྱེད་སྙམ་འོངས། །ད་རེ་གདན་འདྲེན་མ་ནུས་པར། །སོང་ན་མཆེད་ལྕམ་ཡོན་བདག་ལ། །འཕྲད་པའི་དུས་སུ་ཅི་བཤད་སྙམ། །ཤིན་ཏུ་ངོ་གནོང་ཞེ་རེ་སྐྱོ། །དྲིན་ཅན་བླ་མ་ཐུགས་རྗེ་ཅན། །ད་རེ་གདན་འདྲེན་མ་ནུས་རུང་། །ཚེ་རབས་ཀུན་ཏུ་བླ་མ་དང་། །ནམ་ཡང་འབྲལ་བ་མེད་པར་ཤོག །ཅེས་བླངས་པའི་ལན་དུ་ངས་པི་ཝང་གླིང་བུ་ལྟར་སྐད་གདངས་སྙན་ལ་རིང་བ་བྱས་སྐྱོ་མགུར་པི་ཝང་རྒྱུད་མང་ཞེས་བྱ་བ་འདི་བླངས་སོ། །ཚེ་འདི་ཕྱིའི་སྐྱབས་མགོན་ཡིད་བཞིན་ནོར། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཕ་ཆོས་རྒྱལ་ངག་གི་དབང་པོ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་ཡི་དམ་ཡུད་ལ་ཤོར་ནས་སོང་། །རང་ཚེ་མཇུག་ལ་མགོའི་ཉི་ཟེར་ཙམ། །ད་ཡུན་རིང་ཚེ་འདིར་མི་སྡོད་སྙམ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །རང་དབུས་ལ་ལན་ཅིག་འགྲོ་འདོད་ཀྱང་། །ས་མདོ་དབུས་བར་ཐག་རིང་བའི་མཐུས། །ལོ་ན་སོ་རྒས་པས་མི་སླེབ་སྙམ། །ངས་བསམ་ཞིང་སྐྱོ་བ་ནང་ནས་

p. 204

སྐྱེས། །ཕྱིས་དབུས་སུ་ལན་ཅིག་སླེབས་ན་ཡང་། །གྲྭ་བུ་སློབ་ཡོན་བདག་རྒན་པ་མང་། །ཕལ་ཆེ་བ་འདས་ནས་མི་ཐུག་སྙམ། ་།ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །ཚེ་ཕྱི་མའི་ཡུལ་དུ་སོང་ན་ཡང་། །ལས་བཟང་ངན་དབང་གིས་སོ་སོར་འགྲོ། །ཀུན་མཇལ་ལམ་མི་མཇལ་ཅི་ཤེས་སྙམ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །སྤྱིར་འདུས་པའི་ཐ་མ་འབྲལ་བ་འདི། །ལར་འཁོར་བའི་ཆོས་ཉིད་ཡིན་པས་ན། །ནམ་ཡིན་ཡང་ཐ་མ་འབྲལ་དགོས་སྙམ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །ཁྱེད་སྐལ་ལྡན་སྙིང་གི་བུ་སློབ་རྣམས། །སེམས་སྐྱོ་བ་བསྐྱེད་ལ་རི་ཁྲོད་འགྲིམས། །ཚེ་བློས་ཐོངས་སྒྲུབ་པ་སྙིང་པོར་གྱིས། །རང་འཆི་ཁར་མི་འགྱོད་ཙམ་རེ་མཛོད། །དུས་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་འདི་ཕྱི་བར་དོ་གང་དུ་ཡང་། །ནམ་མཇལ་ན་འདོད་པའི་དུས་སྐབས་སུ། །ཞལ་ཡང་ནས་ཡང་དུ་མཇལ་བར་ཤོག །ཅེས་བླངས་པའི་ཚེ་རང་ཡང་སྐྱོ་བའི་ཤུགས་ཀྱིས་མིག་ནས་མཆི་མ་ལྷུང་བ་དང་། དེར་འཚོགས་པ་རྣམས་ལ་ཡང་དད་གུས་དང་དག་སྣང་ངེས་འབྱུང་སྐྱོ་ཤས་རང་ཤུགས་ཀྱིས་སྐྱེས་ནས་ཕལ་ཆེ་བའི་མིག་ནས་མཆི་མ་བྱུང་ངོ་། །དེའི་ཕྱི་ཉིན་ཚེས་བཅུ་གཅིག་གི་སྔ་དྲོ་ཉི་མ་རྩེ་ཤར་ལ། དབུས་སུ་འགྲོ་བ་རྣམས་ཀྱིས་མཇལ་དར་ཕུལ་ནས་མཇལ་བ་དང་། ངས་བཀའ་བསྒོ་བྱིན་

p. 205

རླབས་བྱས་མཇལ་དར་ཁོང་རྣམས་ཀྱི་མགུལ་ལ་གཡོགས་ནས་འགྲོ་ཁའི་ཞལ་གདམས་མགུར་དབྱངས་འདི་བླངས་སོ། །གནས་སྤྱི་གཙུག་འཇའ་འོད་གུར་ཁང་ནས། །གདན་པདྨ་ཉི་ཟླའི་སྟེང་བཞུགས་པའི། །མགོན་ཆོས་རྒྱལ་ངག་གི་དབང་པོ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ངེད་དཔོན་སློབ་ཡུལ་ཕྱོགས་མི་གཅིག་རུང་། །ལས་སྨོན་ལམ་དབང་གིས་ཕྱོགས་ཕྱོགས་ནས། །ས་མདོ་ཁམས་སྨད་ཀྱི་ཡུལ་འདིར་འདུས། །ལོ་མང་པོའི་བར་དུ་ལྷན་དུ་བསྡད། །བསྟན་འགྲོ་དོན་མང་པོ་བྱས་པའི་མཐར། །ད་མི་སྡོད་སོ་སོར་གྱེས་པ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཆོས་བྱེད་ལུགས་ཤིན་ཏུ་མང་ན་ཡང་། །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྒོས། །རྒྱུ་ཚོགས་གཉིས་གསོག་ལ་སྒྲིབ་གཉིས་སྦྱོངས། །མཐར་བསྔོ་བ་སྨོན་ལམ་རྒྱ་ཆེན་ཐོབ། །དུས་ད་རེ་སོ་སོར་གྱེས་ན་ཡང་། །ནམ་མཇལ་ན་འདོད་པའི་དུས་སྐབས་སུ། །ཀུན་དངོས་སམ་ཉམས་དང་རྨི་ལམ་དུ། །སླར་ཡང་ནས་ཡང་དུ་མཇལ་བར་ཤོག །ས་ཁ་ཐག་རིང་པོས་བར་ཆོད་ནས། །ཚེ་འདི་རུ་གལ་ཏེ་མ་མཇལ་ན། །ཚེ་ཕྱི་མར་མངོན་དགའི་ཞིང་ཁམས་སུ། །ངེད་དཔོན་སློབ་ཐམས་ཅད་མཇལ་བར་ཤོག །

p. 206

ཅེས་བླངས་པའི་ཚེ་སློབ་བུ་གྲུབ་ཆེན་གྱིས་ངའི་ཞབས་སྤྱི་བོར་བླངས་ནས། ཏིང་ངེ་འཛིན་གྱི་དབང་བཞི་བླངས་པའི་མ ཐར་འབྲལ་མ་ཕོད་པར་ཡུན་རིང་པོ་ཞིག་གི་བར་དུ་ངུས་པས། ངས་ད་མང་པོ་ངུ་མི་དགོས་ད་དུང་ཚེ་འདི་དང་མ་འོངས་པའི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཇལ་ཡོང་ཞེས་བཤད་ཀྱང་ད་དུང་ངུ་བ་བྱུང་། དེ་ཕྱིས་མི་མཇལ་བ་སེམས་ཀྱིས་ཚོར་བ་ཡིན་ནམ་སྙམ། དེ་ནས་མཆེད་གྲོགས་མང་པོས་བསྐྱལ་ནས་རྭ་རྒྱ་བརྒྱུད་ནས་དབུས་གཙང་དག་པའི་ཞིང་དུ་བཞུད་སོང་། ང་ཡང་ཁོ་ལ་ཡུན་རིང་འདྲིས་པའི་སྟབས་ཀྱིས་སེམས་སྐྱོ་བ་བྱུང་། ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་ཅན་རེད་སྙམ་དགེ་སྦྱོར་ལ་ཞུགས་སོ། །དེའི་ལོ་ཕྱོགས་ཕྱོགས་ནས་གྲྭ་བ་མང་པོ་དབུས་སུ་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་ལམ་ཡིག་གཞན་གྱིས་བཏོན་ན་ཚིག་ན་བར་སྙན་ཅིང་དོན་སེམས་ལ་འབབ་པ་འདི་ཡི་གེར་བྲིས་ནས་བྱིན། །ཡུལ་དབུས་གཙང་དག་པའི་ཞིང་ཁམས་ན། །ཞལ་བཞུགས་པའི་རྒྱལ་བ་ཡབ་སྲས་ཀྱིས། །ཡར་དབུས་གཙང་ཞིང་དུ་མཇལ་མཁན་ལ། །ཐུགས་བརྩེ་བས་གཟིགས་ལ་བྱིན་གྱིས་རློབས། །དབུས་འགྲོ་བའི་ལམ་དུ་འཁོད་པ་ཡི། །ཁྱེད་དད་ཅན་སྐྱ་སེར་ཕོ་མོ་ལ། །ངས་དགེ་བའི་གསོལ་འདེབས་གླུ་དབྱངས་ལེན། །སེམས་རབ་

p. 207

ཏུ་དགའ་ཞིང་སྤྲོ་བས་ཉོན། །ཆོས་དགེ་བ་རང་གིས་བྱས་པ་དང་། །གཞན་རྣམས་ལ་བྱེད་དུ་འཇུག་པ་དང་། །དགེ་གང་བྱས་རྗེས་སུ་ཡི་རང་རེ། །སུས་བྱས་ཀྱང་ཕན་ཡོན་མཉམ་པར་གསུངས། །དོན་དེ་ཕྱིར་ལམ་ཁའི་ཡོན་བདག་ཚོ། །ཡར་འགྲོ་མཁན་རྣམས་ལ་ཕན་ཐོགས་དང་། །ཁྱེད་རྣམས་ཀྱིས་དབུས་ལ་མཇལ་བ་དང་། །ཁྱད་མེད་པའི་ཕན་ཡོན་འཐོབ་པར་འགྱུར། །དབུས་འགྲོ་མཁན་ཕལ་ཆེར་གྲྭ་སར་བསྡད། །ཡར་དགའ་ལྡན་གསེར་ཁྲི་ཐོབ་པ་དང་། །དེ་མིན་ཀྱང་ལྷ་རམས་བྱེད་མཁན་མང་། །དེའི་ཕན་ཡོན་མཉམ་དུ་འཐོབ་པར་འགྱུར། །དེ་མིན་ཀྱང་ལོ་ཟླ་མང་པོའི་བར། །ཚོགས་ཆོས་རར་འགྲིམས་ནས་སློབ་གཉེར་བྱས། །བཀའ་རབ་འབྱམས་མིང་བཏགས་བླངས་ནས་ཡོང་། །དེའི་ཕན་ཡོན་མཉམ་དུ་འཐོབ་པར་འགྱུར། །ཆོས་དགེ་བ་མང་པོ་མི་ནུས་ཀྱང་། །དབུས་ལོ་རེ་བཞིན་དུ་འགྲོ་མཁན་གྱི། །སྨན་ཟས་གོས་སོགས་ཀྱིས་ཕན་ཐོགས་དང་། །དེའི་ལྷག་གི་ཆོས་ཤིག་བྱ་མི་དགོས། །ས་ཐག་རིང་ཨ་མདོའི་ཡུལ་ནས་འོང་། །ཡུལ་ཐག་རིང་དབུས་སུ་འགྲོ་མཁན་གྱི། །དམན་སྤྲང་པོ་ཨར་ལྕེ་སྙོམ་ཆུང་ལ། །རྐུས་འཕྲོག་བཅོམ་མ་བྱེད་སྙིང་རེ་རྗེ། །གླུ་ཐོས་ཚད་རྣམས་ཀྱིས་ཨར་ལྕི་བ། །སྙིང་རྗེ་ནས་ཟས་གོས་སྟེར་བར་ཤོག །

p. 208

དེ་མིན་ཀྱང་འཕྲོག་བཅོམ་མི་བྱེད་པར། །ལམ་བསྟན་ནས་བདེ་བར་འགྲོ་གྱུར་ཅིག །ཅེས་པ་ཁོ་རང་རྣམས་ཀྱིས་ཁྱེར་ནས་ཀུན་ལ་བསྟན་པས་དད་ཅན་རྣམས་ཀྱིས་ཟས་གོས་སོགས་ཀྱིས་ཕན་ཐོགས་བྱས་པས་ཀུན་སྐྱིད་པོ་བྱུང་ངོ་། །ཆུ་བཟང་ནས་འགྲོ་ཁར་དགེ་འདུན་པ་རྣམས་འཚོགས་སུ་བཅུག་ནས་མང་ཇ་བཏང་། འོ་ཁྱེད་རྣམས་ཀྱིས་སྤྱིར་ཆོས་བཞིན་འདུལ་བ་བཞིན་གྱིས། ཁྱད་པར་བཅའ་ཡིག་གི་ནང་ལྟར་འགྲིག་ལམ་ཀུན་སྤྱོད་འདོན་ཆོས་སྤྱོད་རྣམས་ཡར་ལྡན་མཛོད་ཅེས་བཤད་ནས་ཡར་ཐོ་ནོ་ཇི་ལ་འོངས། རི་ངོས་ཀྱི་བླ་མ་བདེ་གཤེགས་ཚང་བཞུགས་པའི་མཚམས་ཁང་གི་ནང་དུ་རྣ་གོང་བའི་ལྷ་བཟོས་སྐུ་གདུང་མཆོད་རྟེན་དང་སྐུ་འདྲ་བཞེངས། རྩེ་བ་རུ་ཇོ་བོ་ཡིད་བཞིན་ནོར་བུའི་ལྷ་ཁང་ཞིག་བཞེངས། གཞན་ཇ་ཁང་གཉེར་ཁང་གྲྭ་ཁང་ཁ་ཤས་བཟོས། དངུལ་རྡོ་ཚད་གཅིག་དང་སྲང་ཉི་ཤུའི་གསེར་ཚོན་དང་། ལྷ་བཟོ་ཤིང་བཟོ་ལས་བྱེད་པ་རྣམས་ལ་རྟ་ནོར་བཅུ་དྲུག དེར་སྡོད་པའི་སྐུ་ཚབ་པདྨ་འབུམ་དང་། གྲྭ་པ་སྡོད་མཁན་རྣམས་ལ་མཛོ་མཛོ་མོ་འབྲི་གཡག་བདུན་ལུག་ལྔ་བཅུ་ཙམ་གྱི་སྤྱི་འཇོག་བཞག རབ་གནས་དགའ་སྟོན་བྱས། གྲུབ་དབང་རིན་པོ་ཆེའི་རྣམ་ཐར་གྱི་འཕྲོ་ཡང་བརྩམས། སྤྲུལ་སྐུ་མྱུར་འབྱོན་ཐོན་དང་ཡང་སྤྲུལ་གསལ་བོ་ཡོང་བས་ཀུན་

p. 209

གྱིས་མྱ་ངན་སེམས་ཁྲལ་མ་བྱེད་ཅེས་སེམས་གསོ་བྱས། རྗེས་སུ་སྤྲུལ་སྐུ་ཨ་ལགས་མཁའ་འགྲོ་ཚང་གི་ནང་དུ་འཁྲུངས། བསྟན་འགྲོ་ཡོངས་ལ་ཕན་ཐོགས་པ་ཞིག་བྱུང་། དེའི་དབྱར་ཀ་འཁྱམས་རུ་དང་རྐང་ཚ་སོགས་ཕྱོགས་དེའི་ཡོན་བདག་རྣམས་ཀྱིས་གདན་འདྲེན་བྱས། ཡོན་བདག་ཕལ་ཆེ་བའི་ནང་དུ་སོང་ཚེ་སྒྲུབ་ནོར་སྒྲུབ་གཡང་འབོད་བཀྲ་ཤིས་བྱས། ཐམས་ཅད་ལ་མ་ཎིའི་ལུང་དང་ཆོས་ཀྱང་འདི་ལྟར་བཤད། འོ་ཁྱེད་ཡོན་བདག་དད་ཅན་འགའ་རེས། ཆུང་ནས་ཆོས་ཤིག་བྱ་སྙམ་ཡང་དེའི་ངང་ལ་མི་ཚེ་ཤོར་ནས་འགྲོ་བས། ད་ནི་ཀུན་གྱིས་ནམ་འཆི་ཆ་མེད་སོམས་ལ། ཁ་རྒན་གཞོན་མེད་པས་དམ་པའི་ལྷ་ཆོས་གྱིས་ཞེས་མགུར་དབྱངས་འདི་བླངས་སོ། །། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཚེ་མི་རྟག་དྲན་པར་བྱིན་གྱིས་རློབས། །ཁྱེད་དད་ཅན་སྐྱེ་བོ་ཕོ་མོ་རྣམས། །ངའི་ཕན་པའི་སྙིང་གཏམ་འདི་ལ་ཉོན། །དུས་དང་པོ་ཡུལ་ན་སྡོད་པའི་དུས། །མི་ཀུན་གྱི་གྲལ་གྱི་མཇུག་ཏུ་བསྡད། །ང་ན་སོ་ཅུང་ཞིག་ཆུང་ནས་གདའ། ཆོས་བྱེད་ན་ད་དུང་མི་འོང་སྙམ། །དེའི་རྗེས་སུ་ཡུལ་ན་ཡོད་པའི་དུས། །མི་ཀུན་གྱི་གྲལ་གྱི་བར་དུ་བསྡད། །ང་ན་སོ་ཤིན་ཏུ་གཞོན་པར་གདའ། །ཆོས་བྱེད་ན་ད་ནི་ཡོང་ངམ་སྙམ། །དེའི་རྗེས་སུ་ཡུལ་ན་

p. 210

སྡོད་པའི་དུས། །མི་ཀུན་གྱི་གྲལ་གྱི་མགོ་རུ་བསྡད། །ང་ན་སོ་ཅུང་ཞིག་རྒས་ནས་གདའ། །ཆོས་བྱེད་ན་དཀའ་སྤྱད་མི་ནུས་སྙམ། །དེའི་རྗེས་སུ་ཡུལ་ན་སྡོད་པའི་དུས། །ནང་ཁྱིམ་ཚང་བཟའ་བའི་གྲལ་མགོར་བསྡད། །ང་ན་སོ་ཡར་ལ་རྒས་ནས་གདའ། །ཆོས་ཆུང་ངུའི་དུས་ན་བྱེད་སྙམ་ཡང་། །ལོ་རྗེས་མའི་རྗེས་མར་བྱས་ན་སྙམ། །དེའི་ངང་ལ་མི་ཚེ་ཤོར་ནས་འགྲོ། །དོན་དེ་ཕྱིར་ཡོན་བདག་ཕོ་མོ་རྣམས། །ཆོས་ཕྱི་བཤོལ་བྱས་ནས་འཇོག་མི་རུང་། །གཞན་རྒན་གཞོན་མང་པོ་ཤི་ལ་ལྟོས། །རང་ནམ་འཆི་ཆ་མེད་ཚུལ་སོམས་ལ། །ཁ་རྒན་གཞོན་མེད་པར་ལྷ་ཆོས་གྱིས། །ཞེས་བླངས་པས་ཐམས་ཅད་ཀྱི་སྣང་བ་དམ་པའི་ཆོས་ལ་འགྱུར་ནས། སྡིག་སྤོང་དགེ་སྒྲུབ་ལ་བརྩོན་མཁན་མང་པོ་བྱུང་། ཡུལ་ཕྱོགས་ཀྱང་བདེ་ཞིང་སྐྱིད་པར་གྱུར། དེ་དུས་སྨན་ཞིང་ནས་རྟ་ནོར་ལུག་གསུམ་སུམ་བརྒྱ་ལྷག་ཙམ་རྙེད་པའི་ནང་ནས་ཁྱུང་དགོན་སྤྲུལ་སྐུ་དང་། དགུ་རོང་སྤྲུལ་སྐུ་གཉིས་ལ་རྟ་བཟང་པོ་རེ། རེབ་གོང་སྔགས་མང་གི་རྡོ་རྗེ་སློབ་དཔོན་དབུ་མཛད་ལས་སྣ་བ་དང་། གཞན་གྱི་འབུལ་སྡུད་པ། གྲྭ་རྐྱང་སྤྲང་པོ་རྣམས་ལ་རྟ་ནོར་ལུག་གསུམ་བདུན་ཅུ་ཙམ་གྱིས་མཆོད་སྦྱིན་བཏང་། དེའི་འཕྲོ་ན་གང་ཡོད་དེད་ནས་སྟོན་མཇུག་འབལ་ཕྱོགས་ལ་སོང་། བཀྲ་ཚ་ཤ་བྲང་ཁོ་ནག་སོགས་

p. 211

ཀྱིས་གདན་དྲངས་རབ་གནས་བྱིན་འབེབས་བཀྲ་ཤིས་བྱས། འབུལ་བ་རྟ་ནོར་མང་པོ་ཕུལ། གྲྭ་བཙུན་མང་པོར་གསོལ་རས་བྱིན་ནས་བཀྲ་ཤིས་འཁྱིལ་བར་བརྫངས། ངེད་དཔོན་སློབ་ཉུང་འདུས་བྱས་གཡེར་གཤོང་སུ་རུག་སོགས་ཕྱོགས་དེའི་ཡོན་བདག་རྣམས་ཀྱིས་གདན་དྲངས། ཀུན་ལ་ཚེ་དབང་ནོར་དབང་བྱས་ཆོས་བ ཤད་བསྔོ་སྨོན་བཀྲ་ཤིས་བརྗོད་མགུར་དབྱངས་འདི་བླངས་སོ།། སྐྱབས་མགོན་ཆོས་རྒྱལ་ཡིད་བཞིན་ནོར་བུ་ཡིས། །སྤྱི་བོ་བརྒྱན་ནས་ཆོས་ཀྱི་གླུ་དབྱངས་ལེན། །མ་ནོར་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི། །ས་རུ་འགྲོ་བའི་སྐྱེ་བོ་ཕོ་མོ་ཉོན། །ཕན་བདེའི་འབྱུང་གནས་བླ་མ་དཀོན་མཆོག་གསུམ། །མཆོད་བསྟོད་གསོལ་བ་ཐོབ་ཅིག་ཡོན་བདག་རྣམས། །ཚེ་འདིར་ཕ་མ་ཡན་ན་དྲིན་ཅན་མེད། །རྒས་དུས་བརྩི་བཀུར་གྱིས་ཤིག་ཡོན་བདག་རྣམས། །དཔའ་བོ་མཁའ་འགྲོ་དངོས་དེ་མཆེད་གྲོགས་ཡིན། །གྲོགས་ལ་བརྩེ་གདུང་མཛོད་ཅིག་ཡོན་བདག་རྣམས། །འགྲོ་ཀུན་སྐྱེ་བ་སྔོན་མའི་ཕ་མ་ཡིན། །སྙིང་རྗེ་ཕན་སེམས་སྦྱོངས་ཤིག་ཡོན་བདག་རྣམས། །ཕྱག་དང་སྐོར་བ་བྱས་ན་སྡིག་སྒྲིབ་འདག །རྟེན་ལ་ཕྱག་སྐོར་གྱིས་ཤིག་ཡོན་བདག་རྣམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་ཡིན། །རྒྱུན་དུ་མ་ཎི་བགྲོངས་ཤིག་ཡོན་

p. 212

བདག་རྣམས། །དགེ་བ་གང་བྱས་མཇུག་ཏུ་བསྔོ་སྨོན་མཛོད། །མྱུར་དུ་སངས་རྒྱས་འཐོབ་བོ་ཡོན་བདག་རྣམས། །ལྷ་ཆོས་བྱེད་ན་ཞལ་གདམས་མང་མི་དགོས། །དེ་རྣམས་ཡིད་ལ་ཟུངས་ཤིག་ཡོན་བདག་རྣམས། །གླུ་འདི་ཐོས་ཚད་ཡོན་བདག་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་འགྱུར་བར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་གཡང་ཆགས་ཤིང་། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་བླངས་པས་ཡོན་བདག་རྣམས་ཀྱིས་དད་པ་ཆེར་སོང་རྟ་ནོར་ལུག་གསུམ་མང་པོ་དང་། ཁྱད་པར་མར་ཕྱུར་མང་པོ་འབུལ་མཁན་བྱུང་། དེ་རྣམས་ཁྱེར་ནས་བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་ཆེན་མོའི་གདན་ས་ཁྱད་པར་ཅན་བྱང་རྭ་སྒྲེང་དང་མཚུངས་པའི་རྭ་རྒྱ་དགོན་ཆེན་དུ་སོང་། ཤིང་བཟའ་སྤྲུལ་པའི་སྐུ་དང་། རྒྱལ་བའི་སྤྲུལ་སྐུ། མོན་ཤུལ་ཚང་། ཧོར་བརྡུང་ཚང་སོགས་བླ་མ་རྣམས་ལ་ཕྱག་རྟེན་ཕུལ་ནས་མཇལ། །དགེ་འདུན་པ་རྣམས་ལ་རྐྱལ་མར་ཆེ་ཆུང་བཅུ་གསུམ་ཙམ་དང་། ཕྱུར་བ་དང་རྩམ་པ་དོ་བོ་ཉི་ཤུ་ཙམ་གྱི་ཚབ་ར་བཏང་། རྟ་ནོར་དྲུག་ཅུ་འགྱེད་ཕོགས་ཀྱི་ཐེབས་སུ་ཕུལ། ཕྱག་མཆོད་སྐོར་བ་བྱས། ཞག་མང་པོར་བསྡད། ཉིན་ཅིག་སྐོར་བ་བྱས་པའི་ལམ་ནས་དད་ཅན་དབུ་མཛད་བསྟན་རྒྱས་ཀྱིས། དེ་རིང་ཁྱེད་ཀྱིས་དགེ་འདུན་པ་འདི་རྣམས་

p. 213

ཐུགས་སྤྲོ་བའི་ཕྱིར། ཝ་གྲུ་རྒྱག་པ་འདི་དང་མཐུན་པའི་མགུར་དབྱངས་སྙན་མོ་ཞིག་ལེན་དགོས་ཞེས་བསྐུལ་ངོར་གླུ་དབྱངས་འདི་བླངས་སོ། །བསམ་བཟང་རྭ་རྒྱའི་གྲུ་པ་ཡིས། །ཉིན་རེ་བཞིན་དུ་རྨ་ཆུ་ལ། །ཤིང་གི་ཝ་གསུམ་བ ཤིབས་ནས་བཏང་། །མགྲོན་པོ་མང་པོ་སྒྲོལ་བ་བཞིན། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །འཁོར་བའི་ཆུ་ལས་སྒྲོལ་བའི་ཕྱིར། །མི་ལུས་རིན་ཆེན་ཝ་ནང་དུ། །རིག་པའི་ཁྱེའུ་ཆུང་མགྲོན་པོ་ཞུགས། །དགེ་བའི་བཤེས་གཉེན་གྲུ་པ་ཡིས། །ཐུན་མོང་ཆོས་བཤད་ཕྱག་ཤིང་གིས། །རང་བློས་ཝ་ཁ་གྱེན་དུ་བསྒྱུར། །བྱང་ཆུབ་སེམས་ཀྱི་ཐག་པས་འཐེན། །ཚོགས་གཉིས་ཟུང་འབྲེལ་ཆུ་ཁེམ་བརྒྱབ། །འཁོར་བའི་ཆུ་ཡི་ཕ་རོལ་སྒྲོལ། །དགེ་བའི་བཤེས་གཉེན་གྲུ་པ་ལ། །བཀའ་བཞིན་བསྒྲུབ་པའི་གྲུ་གླ་ཕུལ། །ད་ནི་བདེ་ནས་བདེ་བར་འགྲོ། །གཏན་བདེ་སངས་རྒྱས་ས་རུ་འགྲོ། །དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །རང་སྣང་དམ་པའི་ཆོས་ལ་བསྒྱུར། །ཞེས་བླངས་པས་དགེ་འདུན་པ་རྣམས་ཀྱང་ཐུགས་ཤིན་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏོ། །དེ་ནས་ཡར་ཁྱུང་དགོན་དབེན་གནས་སུ་འགྲོ་ཁར་གནས་བསྟོད་ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་མགུར་དབྱངས་འདི་བླངས་སོ། །རྗེ་གྲུབ་དབང་སྐལ་ལྡན་

p. 214

རྒྱ་མཚོ་དང་། །མགོན་ཡོངས་འཛིན་དགེ་བཤེས་ཆེན་མོ་སོགས། །གནས་འདིར་བཞུགས་བླ་མ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མགོན་ཐུབ་པའི་དབང་པོའི་ལུང་བསྟན་ལས། །མཚན་ཆུ་བོ་གོ་མི་ཞེས་བྱར་གསུངས། །མིང་ཡོངས་གྲགས་རྨ་ཆུ་ཆེན་མོ་ཡི། །ཆུ་དཀར་མོ་གཡས་སུ་འཁྱིལ་བའི་འགྲམ། །གནམ་འཁོར་ལོ་རྩིབས་བརྒྱད་ཕུབ་པའི་འོག །ས་པདྨ་འདབ་བརྒྱད་གྱེས་པའི་སྟེང་། །གནས་བཀྲ་ཤིས་གཡང་ཆགས་རྭ་རྒྱ་ཡི། །དགོན་ཆེན་པོའི་རྒྱབ་ཀྱི་རི་བོ་དེ། །རི་རྒྱ་ཆེ་དཔངས་མཐོ་བརྗིད་ཆགས་པའི། །སྟོང་འཁོར་ལོས་བསྒྱུར་རྒྱལ་གདན་བཞུགས་ནས། །དཔེ་རྒྱལ་སྲིད་ཆོས་བཞིན་སྐྱོང་དང་མཚུངས། །རི་གཞན་རྣམས་རྒྱལ་སྲིད་སྣ་བདུན་དང་། །དབྱིབས་བཀྲ་ཤིས་རྟགས་བརྒྱད་འདྲ་བར་སྣང་། །ལྷ་དཀར་ཕྱོགས་ཀླུ་ཡང་མང་པོ་གནས། །བྱང་རྭ་སྒྲེང་དབེན་པའི་གནས་མཆོག་དང་། །ཁྱད་མེད་པའི་གནས་མཆོག་འདི་ཉིད་དུ། །དཔལ་འཕགས་པ་ཀླུ་སྒྲུབ་སྤྲུལ་པ་དངོས། །མགོན་ཡོངས་འཛིན་དགེ་བཤེས་ཆེན་མོ་ཡིས། །ཕན་བདེ་བའི་འབྱུང་གནས་དགོན་པ་བཏབ། །ཆོས་བཤད་དང་སྒྲུབ་པའི་རྒྱལ་མཚན་བཙུགས། །རྗེ་རྒྱལ་བ་གཉིས་པ་བསྐྱེད་པའི་

p. 215

ཡུམ། །སླར་ངུར་སྨྲིག་གར་གྱི་རྣམ་རོལ་བ། །རྗེ་ཤིང་བཟའ་ཐམས་ཅད་མཁྱེན་པ་ཡིས། །དགོན་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱས། །ཁོང་དགེ་འདུན་སྟོང་ཕྲག་ལྷག་ཙམ་འདུས། །ལྷ་བཅུ་གསུམ་དཀྱིལ་འཁོར་སྒྲུབ་ཆོད་བཙུགས། །རྒྱུ་རིན་ཆེན་དུ་མ་ལས་གྲུབ་པའི། །ལྷའི་སྐུ་གཟུགས་གསུང་རབ་ལྷ་ཁང་བཞེངས། །ཆོས་བཀའ་འགྱུར་ཡོངས་རྫོགས་པར་དུ་བརྐོས། །མགོན་རྒྱལ་བསྟན་ཕྱོགས་བཅུར་རྒྱས་པར་མཛད། །དེའི་རྗེས་སུ་བླ་མ་མང་པོ་ཡིས། །དགོན་དགེ་འདུན་སྡེ་རྣམས་ཆོས་བཞིན་བསྐྱངས། །ཁོང་དགེ་འདུན་ཀུན་ཀྱང་ཁྲིམས་གཙང་ཞིང་། །ཆོས་ཚུལ་བཞིན་བྱེད་པ་ཤ་སྟག་བྱུང་། །ཀུན་ཆོས་བཞིན་བྱས་པའི་ལག་རྗེས་སུ། །ཕྱོགས་འདི་རུ་བདེ་སྐྱིད་ཉི་མ་ཤར། །དོན་དེ་ཕྱིར་ཆོས་མཛད་སྐྱེས་བུ་རྣམས། །གནས་འདི་རུ་བཞུགས་ལ་ལྷ་ཆོས་མཛོད། །གཞན་དད་ཅན་སྐྱེ་བོ་ཕོ་མོ་རྣམས། །དགོན་འདི་ལ་ཕྱག་མཆོད་སྐོར་བ་གྱིས། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །ཆོས་བཤད་སྒྲུབ་བསྟན་པ་འཕེལ་བར་ཤོག །གནས་འདི་རུ་བྱིན་ཆགས་གཡང་འཁྱིལ་ཞིང་། །བཀྲ་ཤིས་པས་ཕྱོགས་འདི་ཁྱབ་གྱུར་ཅིག །ཅེས་བླངས་ནས་རྒྱབ་རིའི་ཁྱུང་དགོན་རི་ཁྲོད་ནས་དེའི་ལོ་དགུན་མཚམས་ལ་

p. 216

བསྡད་ནས། དགེ་སྦྱོར་དང་མཉམ་གཞག་གཙོ་བོར་བྱས་པས། ཉིན་ཅིག་མཉམ་གཞག་གི་ངང་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་དང་འཇིག་རྟེན་ཁམས་མང་པོ་ན། སངས་རྒྱས་དང་སེམས་ཅན་མང་པོ་མཐོང་བ་ལ་རང་ལུས་གྲངས་མེད་སྤྲུལ་ནས་མཆོད་པ་འབུལ་བ་དང་། སྦྱིན་པ་གཏོང་བ་སོགས་ཀྱི་ཉམས་སྣང་སྣ་ཚོགས་པ་བྱུང་། དེའི་མཚན་མོ་རྨི་ལམ་ལ་ཡང་ཕྱོགས་བཅུར་སྤྲུལ་པ་མང་པོ་བཀྱེས་ནས་སངས་རྒྱས་མཆོད་ཅིང་སེམས་ཅན་འདྲེན་པ་སོགས་རྨིས་ནས་སད་ཚེ། ཤིན་ཏུ་ཉམས་སྤྲོ་བའི་ཤུགས་ཀྱིས་གླུ་དབྱངས་འདི་བླངས་སོ། །བལྟ་བས་མི་ངོམས་རྡོ་རྗེའི་སྐུ། །འགགས་མེད་གསུང་སྙན་ཚངས་པའི་དབྱངས། །འཁོར་འདས་གཟིགས་པའི་མཁྱེན་རྒྱ་ཅན། །ཟླ་མེད་བླ་མ་མཆོག་ལ་འདུད། །གཟའ་གཏད་བྲལ་བའི་རྣལ་འབྱོར་པ། །ཕྱོགས་མེད་ཡན་པ་བློ་བདེ་ངས། །ཆོས་དབྱིངས་ཁྱབ་གདལ་ཆེན་པོ་ཡི། །ཀློང་དུ་ཞུགས་ནས་གླུ་ཞིག་ལེན། །མཁའ་ལ་ཁྱུང་ཆེན་ལྡིང་བ་བཞིན། །ཆོས་དབྱིངས་ནམ་མཁའ་ལྟ་བུ་ཡི། །ངང་དུ་རིག་པ་ཡངས་ཁྲོལ་ལེར། །ཕྱོགས་བཅུར་ཡན་པར་གློད་ནས་བཞག །བཞག་པས་འཁོར་འདས་སེམས་སུ་འདྲེས། །ཉམས་སྣང་རྣམ་པ་སྣ་ཚོགས་ཤར། །གང་དུ་བསྡད་ཀྱང་གུ་རེ་ཡངས། །

p. 217

སུ་དང་འགྲོགས་ཀྱང་ཉམས་རེ་དགའ། །ལྟད་མོ་སྣ་ཚོགས་མཐོང་བ་འདི། །དཔལ་ལྡན་བླ་མའི་བཀའ་དྲིན་ཡིན། །བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། །བླ་མ་སྒྲུབ་པས་མཉེས་པར་ཤོག །ཅེས་བླངས་ནས་རབ་ཏུ་དགའ་ཞིང་སྤྲོ་བཞིན་པའི་ངང་ནས་ཡོད་དུས། ཐག་ཉེའི་ཡོན་བདག་འགའ་རེས་གནས་འདིར་ཐུགས་སྤྲོ་བོ་ཨེ་བྱུང་ཟེར་བའི་ལན་དུ། གནས་བསྟོད་དག་སྣང་མ་ཞེས་བྱ་བའི་མགུར་དབྱངས་འདི་བླངས་སོ། །གནས་འདིར་བཞུགས་བླ་མ་ཡི་དམ་ལྷ། །མ་མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ། །བདག་མོས་གུས་གདུངས་པས་གསོལ་བ་འདེབས། །སྤྲང་ལས་སྣང་དག་པར་བྱིན་གྱིས་རློབས། །རྗེ་གྲུབ་དབང་སྐལ་ལྡན་རྒྱ་མཚོ་ཡིས། །གནས་འདི་ཡི་རྒྱབ་རིའི་རྩེ་མོ་ནས། །ལྷ་འཇིགས་བྱེད་གནས་བརྟན་བ་ཀུ་ལའི། །ཞལ་ཡུན་རིང་བར་དུ་གཟིགས་ཞེས་གསུངས། །རྗེ་དགེ་བཤེས་ཆེན་མོས་རྭ་རྒྱ་འདི། །སྔོན་བླ་མ་དྲི་མ་མེད་པ་ཡིས། །ལུང་བསྟན་པའི་རྭ་སྒྲེང་དབེན་གནས་དང་། །ཁྱད་མེད་ཅེས་བསྔགས་བརྗོད་མང་པོ་གནང་། །མི་བདག་གི་དག་པའི་སྣང་ངོ་ལ། །གནས་འདི་ནི་ཨོ་རྒྱན་ཡུལ་དང་མཚུངས། །རིའི་རྩེ་ན་དཔའ་བོ་མཁའ་འགྲོའི་ཚོགས། །བྱ་རྒོད་པོར་སྤྲུལ་ནས་

p. 218

སྐོར་བ་བྱེད། །རིའི་རྐེད་ན་བྱ་བཏང་སྒོམ་ཆེན་ཚོགས། །ནང་ཏིང་འཛིན་སྒོ་བརྒྱ་འབྱེད་ལ་བརྩོན། །རིའི་རྩ་བར་ཁྲིམས་ལྡན་མཁས་མང་ཚོགས། །ཆོས་མདོ་སྔགས་གཞུང་ལ་ཐོས་བསམ་མཛད། །ཕྱོགས་ཀུན་ན་ལྷ་ཀླུ་བྱེ་བ་གནས། །ཆོས་སྒྲུབ་མཁན་རྣམས་ཀྱི་སྡོངས་གྲོགས་བྱེད། །སྟེང་མཁའ་ན་ལྷ་ཡིས་ཁྲུས་གསོལ་བཞིན། །བྲག་མཐོན་པོའི་ཁ་ནས་ཆུ་གཙང་འབབ། །འོག་མདུན་ན་ཀླུ་རྒྱལ་མ་དྲོས་པས། །ཡར་ཡོན་ཆབ་འབུལ་བཞིན་རྨ་ཆུ་འཁྱིལ། །བྱ་རི་དྭགས་རྩི་ཤིང་ནགས་ཚལ་རྣམས། །ལྷའི་སྤྱན་གཟིགས་མཆོད་རྫས་ལྟ་བུར་མཛེས། །རང་འདུག་གནས་བྲག་གི་བྱ་སྐྱིབས་དེ། །དཔེ་གད་པ་གསེར་གྱི་བྱ་སྐྱིབས་འདྲ། །དབྱར་བསིལ་ཞིང་དགུན་དུས་ཉི་མ་དྲོ། །ས་དྲོ་གྲང་སྙོམས་པའི་གནས་མཆོག་འདིར། །ཆོས་ཟབ་མོ་བསྒྲུབ་རྒྱུའི་སྐལ་བ་བྱུང་། །གནས་འདི་རུ་འོངས་པའི་ཉི་མ་ནས། །འཕྲལ་ཉམས་དགའ་རིག་པ་ཤིན་ཏུ་དྭངས། །ཕུགས་ཕན་པའི་དགེ་སེམས་འཕེལ་པོ་བྱུང་། །དོན་དེ་ཕྱིར་བྱ་བཏང་སྒོམ་ཆེན་རྣམས། །གནས་འདི་རུ་སྒྲུབ་པའི་རྒྱལ་མཚན་ཚུགས། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །ཆོས་སྒྲུབ་བརྒྱུད་བསྟན་པ་དར་བར་ཤོག །ཅེས་བླངས་པས་དེར་འཁོད་པའི་སློབ་མ་ཡོན་བདག་ཐམས་ཅད་ཀྱང་སེམས་

p. 219

དགའ་ཞིང་སྤྲོ་བའི་སྒོ་ནས། གནས་དེར་སྡོད་པའི་རིང་ལ་འོ་མ་དང་མེ་ཤིང་ལ་སོགས་པའི་མཐུན་རྐྱེན་གང་དགོས་ཐམས་ཅད་བསྒྲུབ་པ་བྱུང་། དེའི་ལོ་གསར་དགའ་སྟོན་གྱི་ཉིན་པར་དབོན་པོ་དཀར་དྲིས་དང་། བློ་ལྡན་སྟག་ཡན་ལ་སོགས་པའི་ཞབས་ཕྱི་བ་འགའ་རེས། ཁྱེད་ཀྱིས་དེ་རིང་ཚོ་སྐལ་བ་བཟང་བཟང་བྱས་མགུར་དབྱངས་ཤིག་ལེན་དགོས་ཞེས་བསྐུལ་ངོར། ངས་སྐལ་བཟང་གླུ་དབྱངས་འདི་བླངས་སོ། །རྗེ་བླ་མ་དཀོན་མཆོག་སྤྱི་བོར་བཞུགས། །བསྟན་འགྲོ་ལ་ཕན་པར་བྱིན་གྱིས་རློབས། །ངས་སྐལ་བ་བཟང་པོའི་གླུ་ཞིག་ལེན། །ཁྱེད་རྣམས་ཀྱང་རབ་ཏུ་དགའ་བས་ཉོན། །རྗེ་རྒྱལ་བ་ཡབ་སྲས་གཙོ་བྱས་པའི། །ངས་མཁས་གྲུབ་བརྒྱ་དང་རྩ་བརྒྱད་མཇལ། །དེའི་ནང་ན་འབྲེལ་ཚད་དོན་ལྡན་མང་། །འདི་བསམ་ན་སྐལ་བ་བཟང་པོ་བྱུང་། །ཆོས་ལམ་རིམ་ཕྱག་རྫོགས་གཙོ་བྱས་པའི། །ངས་བཀའ་ཆོས་བརྒྱ་དང་རྩ་བརྒྱད་ཐོབ། །དེའི་ནང་ན་ཟབ་མོའི་གདམས་ངག་མང་། །འདི་བསམ་ན་སྐལ་བ་བཟང་པོ་བྱུང་། །ལྷ་ཇོ་ཤཱཀ་རྣམ་གཉིས་གཙོ་བྱས་པའི། །ངས་ལྷ་རྟེན་བརྒྱ་དང་རྩ་བརྒྱད་མཇལ། དེའི་ནང་ན་རང་བྱོན་གསུང་འབྱོན་མང་། །འདི་བསམ་ན་སྐལ་བ་བཟང་པོ་བྱུང་། །གནས་ཙཱ་རི་གངས་

p. 220

རིས་གཙོ་བྱས་པའི། །ངས་དབེན་གནས་བརྒྱ་དང་རྩ་བརྒྱད་བསྟེན། །དེའི་ནང་ན་བྱིན་ཅན་གནས་ཆེན་མང་། །འདི་བསམ་ན་སྐལ་བ་བཟང་པོ་བྱུང་། །ཡུལ་དབུས་གཙང་བལ་བོས་གཙོ་བྱས་པའི། །ངས་རྒྱལ་ཁམས་བརྒྱ་དང་རྩ་བརྒྱུད་འགྲིམས། །བསྟན་འགྲོ་བ་གང་ལ་གང་ཕན་བྱས། །འདི་བསམ་ན་སྐལ་བ་བཟང་པོ་བྱུང་། །སྨད་མདོ་ཁམས་དགོན་དང་གྲོང་ཡུལ་དུ། །ངས་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས། །གཞན་ཕྱག་མཆོད་སྐོར་བ་བྱེད་མཁན་མང་། །འདི་བསམ་ན་སྐལ་བ་བཟང་པོ་བྱུང་། །ངས་སྐལ་བ་བཟང་པོའི་གླུ་དབྱངས་འདི། །ལོ་དྲུག་ཅུ་རེ་གཅིག་ཐོག་ཏུ་བླངས། །དགེ་གང་བསགས་བསྟན་འགྲོར་ཕན་ཕྱིར་བསྔོ། །བསྟན་དར་ཞིང་འགྲོ་ཀུན་སངས་རྒྱས་ཤོག །ཅེས་དབྱངས་རིང་པོ་བྱས་བླངས་པས་ཀུན་དཀའ་ཞིང་སྤྲོ་བར་གྱུར་ཏོ། །དེ་ཡང་མཁས་གྲུབ་གཉིས་འཛོམ་སྐུ་གཞོགས་རྫོགས་ཆེན་རིན་པོ་ཆེས་མཛད་པའི་ལེགས་བཤད་སྤྱི་དང་། ཁྱད་པར་མདོ་རྒྱུད་རིན་པོ་ཆེའི་མཛོད་ཅེས་བྱ་བའི་བསྟན་བཅོས་ཆེན་མོ་ལ་བལྟས་པས་མི་ཕྱེད་པའི་དད་པ་བརྟན་པོ་སྐྱེས། ལོ་གསར་ཚེས་ལ་ཞུ་ཡིག་འདི་ཕུལ་ལོ། །། ཚེ་ཡི་དངོས་གྲུབ་མཆོག་སྩོལ་བའི། །ཚེ་དཔག་མེད་མགོན་སྒྲོལ་དཀར་སོགས། །ཚེ་ལྷ་རྣམས་ཀྱིས་འཆི་

p. 221

མེད་ཀྱི། །ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི། །ཐུགས་ཀྱི་སྤྲུལ་པ་ཨོ་རྒྱན་རྗེ། །སླར་ཡང་མཁས་གྲུབ་གཉིས་འཛོམ་ཚུལ། །འཛིན་པའི་སྐྱེས་མཆོག་བདག་ལ་དགོངས། །མགོན་ཁྱོད་སྔོན་ནས་སངས་རྒྱས་ཀྱང་། །ཕྱི་རབས་རྗེས་འཇུག་གདུལ་བྱ་ལ། །སངས་རྒྱས་འདི་ལྟར་སྒྲུབ་དགོས་ཞེས། །རྣམ་ཐར་ཁོ་ནས་སྟོན་པའི་ཕྱིར། །དང་པོ་ཚེ་འདི་བློ་ཡིས་བཏང་། །མཁས་གྲུབ་དུ་མའི་ཞབས་པད་བསྟེན། །མདོ་རྒྱུད་མན་ངག་གདམས་པ་ཞུས། །ཐོས་བསམ་ཕྱི་ཡི་སྒྲོ་འདོགས་བཅད། །བར་དུ་རི་ཁྲོད་དབེན་པ་རུ། །བསྒོམས་པས་ནང་གི་སྒྲོ་འདོགས་བཅད། །ཉམས་རྟོགས་ཡོན་ཏན་གཏེར་ཁ་རྡོལ། །བླ་མ་ལྷ་ཡི་ལུང་བསྟན་ལྟར། །ཐ་མ་སྐལ་བཟང་གདུལ་བྱ་ཡིས། །བསྐུལ་ངོར་དབང་ལུང་ཁྲིད་གསུམ་སོགས། །འཆད་རྩོད་རྩོམ་པས་ཉིན་མཚན་འདས། །བསྟན་འགྲོའི་ཕན་བདེ་མཆོག་ཏུ་སྤེལ། །བསྟན་པའི་བདག་པོ་ཐུབ་དབང་སོགས། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཀྱི། །བཀའ་རྒྱ་ཆེ་བའི་མདོ་སྡེ་དང་། །ཟབ་པ་རྒྱུད་སྡེ་རྒྱ་མཚོའི་བཅུད། །པཎ་གྲུབ་དུ་མས་རྒྱལ་བའི་བཀའི། །དགོངས་འགྲེལ་བསྟན་བཅོས་ཀུན་གྱི་གནད། །བསྟན་འཛིན་སྐྱེས་ཆེན་

p. 222

ཐམས་ཅད་ལས། །བརྒྱུད་པའི་ཕྱག་ལེན་ཉམས་མྱོང་ཁྲིད། །མཁས་པའི་བཞེད་ཚུལ་བཤད་པའི་རྒྱུན། །མདོ་སྔགས་ཐེག་པའི་གཞི་ལམ་འབྲས། །ལྟ་སྒོམ་སྤྱོད་གསུམ་སྡོམ་པ་གསུམ། །རིག་པའི་གནས་ལྔ་ཆེ་ཆུང་དང་། །ཐེག་པ་མཐའ་དག་དོན་གསལ་བ། །ཚང་ལ་མ་ནོར་ལེགས་བཤད་གཏེར། །ནོར་བུའི་བང་མཛོད་ལྟ་བུ་ཡི། །མདོ་རྒྱུད་རིན་པོ་ཆེ་ཡི་མཛོད། །བསྟན་འགྲོ་སྤྱི་ཡི་བདེ་ཐབས་དང་། །ཁྱད་པར་ད་ལྟ་མ་འོངས་པའི། །སྐལ་ལྡན་རྣམས་ལ་ཕན་པའི་ཕྱིར། །འཇོག་པ་མཛད་པ་བཀའ་དྲིན་ཆེ། །བཀའ་དྲིན་ཆེ་བའི་བླ་མ་ལ། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །མ་དད་ལོག་ལྟའི་སྡིག་པ་བཤགས། །རྣམ་ཐར་མཆོག་ལ་རྗེས་ཡི་རང་། །ད་དུང་ཆོས་འཁོར་བསྐོར་བར་བསྐུལ། །ལོ་བརྒྱར་བཞུགས་པར་གསོལ་བ་འདེབས། །དགེ་ཚོགས་ཞབས་པད་བརྟན་ཕྱིར་བསྔོ། །བླ་མ་སྐུ་ཁམས་བཟང་ཞིང་དྭངས། །མཆོག་ཏུ་སྐུ་ཚེ་རིང་པར་ཤོག །བླ་མའི་སྐུ་བསོད་སྙན་གྲགས་རྒྱས། །ལྷག་པར་སྐུ་དོན་འགྲུབ་པར་ཤོག །བསྟན་འཛིན་བུ་སློབ་ཐམས་ཅད་ཀྱང་། །བསྟན་འགྲོའི་དོན་དུ་ཞབས་བརྟན་ཤོག །བསྟན་པའི་སྦྱིན་བདག་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པར་ཤོག །ཐམས་ཅད་མཇལ་ན་འདོད་

p. 223

པའི་དུས། །ཡང་ཡང་མཇལ་བའི་བཀྲ་ཤིས་ཤོག །ཀུན་ཀྱང་སྐྱིད་དགའ་ལོངས་སྤྱོད་བཞིན། །ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཡིག་རྟེན་དུ་ཚེ་སྒྲུབ་བྱས་པའི་རིལ་བུ་ཚེ་སྐུ་ཅན་གྱི་ལྷ་རྫས་བཅས་ཕུལ་བའི་ལན་དུ་གསུངས་འདི་འདུག ། ཚེ་དང་བསོད་ནམས་གཟི་བརྗིད་དཔག་མེད་མགོན། །ཚེ་ཡི་དངོས་གྲུབ་ཆར་ཆེན་འབེབས་པ་ཉིད། །ཚེ་ལ་དབང་བའི་རིག་འཛིན་སྐུར་བསྟན་ནས། །ཚེ་གཅིག་གཏན་བདེར་སྦྱོར་བ་གང་ཁྱོད་རྒྱལ། །ཚེ་འདིར་གཅེས་པའི་རྟེན་འདི་རིང་འཚོའི་ཕྱིར། །ཚེ་སྒྲུབ་རིལ་བུ་བཅུད་ལེན་གྲུབ་པའི་རྗེས། །ཚེ་དཔག་མེད་མགོན་ཕྱག་མཚན་བུམ་བཟང་གི །ཚེ་ཆུའི་རྒྱུན་དང་གཉིས་མེད་རྩོལ་བཞིན་དུ། །ཚེ་ལ་བར་ཆད་མེད་པའི་བདེན་ཚིག་གིས། །ཚེ་རིང་ལུས་བདེ་སྐྱིད་པའི་ཉི་གཞོན་རྒྱས། །ཚེ་འདིར་བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ། །ཚེ་དབང་རིག་འཛིན་མཚོ་སྐྱེས་རྡོ་རྗེ་ལྟར། །ཚེ་ཆོས་འཁོར་ནོར་འཕེལ་བར་གྱུར་ཅིག་ཅེས། །ཚེ་མདའི་དར་གྱི་གཡབ་མོ་དང་བཅས་ཏེ། །ཚེ་གཡང་དཔལ་འབྱོར་འཁོར་འདས་སྟོབས་བཅུད་ཀུན། །ཚེ་ལྷ་རྒྱ་མཚོའི་སྐུ་ཡི་ཕྱག་རྒྱ་དང་། །ཚེ་བསྙེན་སྔགས་ཕྲེང་རང་སྒྲ་སྒྲོག་པ་དང་། །ཚེ་བུམ་ཕྱག་མཚན་བདུད་རྩིའི་བཅུད་འཁྱིལ་བ། །ཚེ་རིལ་མྱངས་

p. 224

པས་འཆི་མེད་དཔལ་སྟེར་དང་། །ཚེ་ཆང་བཏུང་བས་གཡུང་དྲུང་ཚེ་འགྲུབ་པ། །ཚེ་རྫས་སྤྲིན་ཆེན་གཏིབས་འདྲའི་ཆར་འབེབས་པའི། །ཚེ་དམིགས་མཛད་པའི་བདེན་པ་བསླུ་མེད་མཐུས། །ཚེ་ཡི་དངོས་གྲུབ་སྩོལ་མཛད་མགོན་ཁྱོད་དང་། །ཚེ་ཡི་དངོས་གྲུབ་སྩོལ་ཡུལ་རྣལ་འབྱོར་ང་། །ཚེ་འདིར་ལྟོས་བཅས་གྲྭ་སློབ་ཡོན་བདག་ཀུན། །ཚེ་དཔལ་སྟོབས་འབྱོར་མཆོག་ཏུ་འཕེལ་བའི་ཚུལ། །ཚེ་རིང་ལྷ་ཀླུའི་དབང་པོ་དང་མཚུངས་ཤིང་། །ཚེ་གཅིག་རྡོ་རྗེའི་སྲོག་ལ་དབང་འབྱོར་པ། །ཚེ་དཔག་མེད་དང་སྐལ་བ་མཉམ་པར་ཤོག །ཚེ་འདིའི་སྣང་ཞེན་འཁྲུལ་བའི་རྒྱ་གྲོལ་ཏེ། །ཚེ་ལྷའི་ཞིང་ལྟར་དག་མཉམ་གདལ་བ་ཆེ། ་།ཚེ་དང་ཡོ་བྱད་མོས་སོགས་དབང་བཅུར་དབང་། །ཚེ་རིང་བདེ་སྐྱིད་འཕེལ་འདོད་གདུལ་བྱའི་ཚོགས། །ཚེ་གཅིག་གྲོལ་བའི་ཉེ་ལམ་གྱིས་སྨིན་ཏེ། །ཚེ་དབང་དྲང་སྲོང་གྲུབ་པའི་ཚོགས་བཞིན་དུ། །ཚེ་ལ་འཕོ་འགྱུར་མེད་པའི་དཔལ་ཐོབ་ཤོག །ཚེ་སྲོག་འགྱུར་མེད་རི་རབ་ལྟར་བརྟན་ཅིང་། །ཚེ་དཔལ་གཟི་བརྗིད་ཉི་ཟླའི་འོད་ལྟར་འབར། །ཚེ་བཅུད་དཔལ་གཡང་རྒྱ་མཚོ་ཆེ་ལྟར་འཁྱིལ། །ཚེ་སྟོབས་འབྱོར་པ་ནོར་བུའི་གླིང་ལྟར་རྒྱས། །ཚེ་མཐའ་ལྕགས་རི་མུ་ཁྱུད་ལྟ་བུར་བརྟན། །ཚེ་རིང་བསམ་པའི་དོན་ཀུན་ཡོངས་གྲུབ་པའི། །ཚེ་ཆར་བཀྲ་ཤིས་དགེ་

p. 225

ལེགས་རྟག་འབབ་ཤོག །ཅེས་དྲི་མེད་ལྷ་དར་རིང་པོ་མར་ཞིག་དང་བཅས་གནང་བྱུང་། ཡང་དེ་དུས་སྐྱབས་མགོན་གསེར་ཁང་རྡོ་རྗེ་འཆང་གི་ཐུགས་སྲས་བྱང་ཆུབ་ཀྱི་སེམས་མངའ་བའི་མཁས་པའི་དབང་པོ་ཁམས་རྡོ་སྨད་བླ་མ་འཇམ་དཔལ་བསྟན་འཛིན་གྱིས། ངོ་མཚར་བའི་སྐྱེས་ཀྱི་མཆོག་ཏུ་ལེགས་བཤད་ཀྱི་དགའ་སྟོན་འདི་གནང་འདུག ། ནང་གསལ་སྤྲོས་བྲལ་གཞོན་ནུ་བུམ་སྐུ་རུ། །གདོད་ནས་མངོན་བྱང་ཆུབ་ཀྱང་གདུལ་བྱའི་ངོར། །ལྷུན་གྲུབ་རྩལ་ལས་ཡེ་ཤེས་སྒྱུ་མའི་གར། །བསྒྱུར་མཁས་ཕྱག་ན་པདྨོ་གཉིས་པའི་དྲུང་། །ཉི་མའི་ཁ་ཆུ་འཐུང་བའི་པདྨོ་དག །ཟིལ་མངར་སྐྱུགས་པ་བུང་བའི་དགའ་སྟོན་བཞིན། །ཁྱོད་ཐུགས་བདག་པས་གཞན་གཅེས་གོམས་པའི་འབྲས། །བཤེས་བྲལ་བྱེ་བའི་བདེ་སྐྱིད་རོལ་མཚོར་གྱུར། །བླ་ཆེན་ཕལ་ལ་འབྱོར་ལྡན་བུ་དང་ནི། །ཆགས་ལྡན་མདུན་སར་མཚར་སྡུག་སྒེག་མོ་བཞིན། །འབྱོར་དང་ལང་ཚོས་མ་བཟུང་མགོན་མེད་བརྒྱ། །གང་ལ་ངོ་སོ་མཐོ་ཞེས་ངོ་མཚར་གཏམ། །ཀེ་ལ་ཤ་རིའི་མགུལ་ན་གནས་སོ་ཅོག །ཁྱོད་ལ་དད་དང་མི་དད་མགྲིན་གཅིག་ཏུ། །སྒྲོག་པའི་གྲགས་དཀར་སྲིད་ལས་བརྒལ་པ་དེས། །བདག་ཡིད་དབང་མེད་ཕྱོགས་དེར་དྲངས་པ་ནི། །ཡིད་འོང་

p. 226

འཛུམ་པའི་རླབས་ཀྱིས་ཡོངས་བསུས་ཏེ། །ཕེབས་པར་སྨྲ་བའི་གཏམ་གྱིས་བྲིད་པ་བཞིན། །དེ་ལྟ་ནའང་མ་འདྲིས་བཤེས་ཁྱོད་ཞལ། །མ་མཐོང་ཚུལ་འདི་བསམ་གྱིན་སེམས་པ་སྐྱོ། །ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་དེས། །བསམ་བཞིན་མཛམ་གླིང་འདི་རུ་བསྒྱུར་བའི་གར། །རྔ་ཡབ་གླིང་པ་སྲས་བཅས་རྒྱལ་བའི་ཚབ། །ཁྱོད་ལས་སྙིགས་དུས་འདི་ན་གཞན་སུ་ཞིག །སྨིན་བྱེད་དབང་བཞི་བསྐུར་ཐབས་ངོ་སྤྲོད་དང་། །དཀྱུས་བཤད་གཞུང་ཆེན་འགྲེལ་ཊཱིཀ་སྟོང་མཐུན་དང་། །སྙན་བརྒྱུད་གདམས་ངག་གནད་ཡིག་དམར་ཁྲིད་དང་། །ཕྱག་བཞེས་འཕྲིན་སྒྲུབ་བསྟན་སྲུང་དྲག་སྔགས་བཅས། །བཀའ་བབས་ཆུ་བོ་བཞི་ཡི་འབྱུང་བའི་ཁུངས། །རིག་འཛིན་རྣམ་བཞིའི་གདེངས་ཁ་རིམ་མཛེས་པའི། །མཁས་མང་ཀླུ་དབང་བྱེ་བས་རོལ་བའི་གནས། །རྙིང་བསྟན་ཡན་ལག་བརྒྱད་ལྡན་འོ་མའི་མཚོ། །མཆོག་དམན་བར་ལས་རིས་བཅད་བློའི་རྟོགས་པས། །ཤིན་ཏུ་རྙོག་པར་བྱས་གང་མགོན་ཁྱོད་ཀྱི། །ཐུགས་བསྐྱེད་ནོར་བུ་མཐོན་ཀའི་འདུ་བྱེད་ཀྱིས། །ཀུན་ནས་ཀུན་ཏུ་དྲི་མ་དང་བྲལ་མཛོད། །ལུས་ཅན་ཀུན་དང་ཁྱད་པར་བྱང་ཕྱོགས་འདིར། །སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཅན། །པདྨ་ཀ་རའི་བྱིན་

p. 227

མཐུས་མགོན་པོ་ཁྱོད། །རྡོ་རྗེའི་ཁྲི་ལ་ཀཱ་ཡ་ཨུ་ཏིཥ། །ཉེས་བརྒྱའི་འབྱུང་གནས་འཁོར་བ་དུག་ཅན་མཚོར། །རང་བྱས་ལས་ཀྱི་གཞན་དབང་གིས་བྱིང་བདག །རང་དང་སྐལ་བ་མཉམ་པའི་ལུས་ཅན་གྱི། །སྡུག་བསྔལ་མ་ལུས་བདག་ལ་སྨིན་པ་དང་། །བསགས་དང་གསོག་འགྱུར་བཟང་པོའི་ལེགས་བྱས་འབྲས། །སྲིད་འདིའི་དཔལ་དུ་སྨིན་པ་ཁོ་ན་ལ། །སྨོན་པའི་སྙིང་པོ་བགྱིད་དེ་མི་རིང་བར། །བསམ་བཞིན་འགྲུབ་པའི་སྐྱབས་འཇུག་གཡེལ་མེད་ཞུ། །ཞུ་མཆིད་དབྱངས་སུ་ལེན་པ་ཀུ་ཧུའི་མགྲིན། །དྲི་བྲལ་གོས་ཀྱི་གཤོག་པ་ཟུང་བསྐྱོད་དེ། །དམ་པའི་མདུན་ས་མ་ལ་ཡ་ཡི་རིར། །དད་པའི་འཁྲི་ཤིང་གཞོན་ནུའི་རྩེ་ནས་འཕུར། །ཞེས་པའི་ལན་དུ་འདི་སྐད་སྨྲས། གང་གི་འཕྲིན་ལས་ཟད་པ་མེད་པའི་རྒྱུན། །འགྲོ་ལ་རྟག་ཏུ་འཇུག་པའི་སྐབས་ཕྱེ་བ། །འཇིག་རྟེན་ཀུན་གྱི་མ་འདྲིས་མཛའ་བཤེས་མཆོག །ཤཱཀྱའི་རྒྱལ་པོས་དུས་ཀུན་ཁྱོད་ལ་སྲུངས། །དམ་པའི་ཞབས་ཟུང་སིནྡྷཱ་ཝ་རའི་འཛུམ། །སྤྱི་གཙུག་རྒྱན་དུ་ཐོགས་པའི་དགེ་སྦྱོང་ཁྱོད། །མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་ཏེ། །ཐོས་དོན་དབེན་པར་སེམས་པ་དམ་པའི་སྲོལ། །དེང་སྐབས་འདི་ན་བྱ་བྲལ་རྒན་པོ་བདག །བསྟན་འགྲོར་ཕན་པའི་

p. 228

ལྷག་བསམ་དཀར་མུ་ནས། །འགྲོ་ཕན་ཆོ་གར་སྙད་བཏགས་ཟང་ཟིང་གི །ཟིན་མེད་འདུ་འགོད་བྱ་བས་ཅི་ཡང་བྲེལ། །འོན་ཀྱང་བདོག་པའི་དངོས་པོ་བྱུང་ངོ་ཅོག །དཀོན་མཆོག་མཆོད་དང་རྟེན་བཞེངས་དགེ་འདུན་སྡེར། །ཞབས་ཏོག་སྦྱིན་གཏོང་དགེ་རྩ་གང་བསྒྲུབ་ཚོགས། །རྫོགས་བྱང་བསྔོ་བ་ཁོ་བོའི་གནས་ཚུལ་ལགས། །རེ་འགའ་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན། །གཡའ་དང་གངས་ཁྲོད་དབེན་པའི་རི་སུལ་དུ། །དཀའ་བ་ཁྱད་བསད་བླ་མའི་གདམས་ངག་རྣམས། །རྩེ་གཅིག་སྒོམ་པ་ཁོ་བོའི་ཉམས་ལེན་ལགས། །ཁྱོད་ཐུགས་བྱམས་བརྩེའི་སྤྲིན་གྱི་གདེངས་ཁ་ལས། །ལེགས་བཤད་ཆུ་ཡི་ཁུར་གྱི་ལྗིད་ལྡན་པ། །སྤྲིང་ཡིག་ནམ་མཁའི་གླང་བོ་གླལ་བའི་སྒྲས། །སེམས་ཀྱི་མདོངས་མཐའ་རབ་དགའི་གར་གྱིས་བྲེལ། །ལྷ་སྔགས་ཏིང་འཛིན་གདང་བུ་སྦྲེལ་བའི་སྐུས། །རིམ་གཉིས་སྤྱོད་པའི་བ་གམ་སྒོར་བཙུགས་པར། །འཛེགས་ནས་གཏན་བདེའི་ཕོ་བྲང་སུམ་རྩེན་གྲོང་། །བགྲོད་པའི་གོམ་འགྲོས་བདེ་བར་སྤྱོད་ལགས་སམ། །ཁྱོད་ཀྱི་སྙན་གྲགས་ཨུཏྤལ་བདོག་པའི་སྐྱེས། །གཟུར་གནས་སྐྱེ་བོའི་ངག་གི་སྲད་བུ་ལ། །ལེགས་པར་བརྒྱུས་པའི་དོ་ཤལ་མཚར་བོ་ཡིས། །ཕྱོགས་ཀྱི་བུ་མོའི་མགྲིན་པ་ཡིད་འོང་བྱས། །

p. 229

རྒྱལ་གསུང་དམ་ཆོས་སྦྲང་རྩི་མངར་བའི་རོ། །ཐར་པའི་སྲོག་ཟུངས་གསོ་བའི་བཅུད་ལེན་སྨན། །མཁའ་ཁྱབ་ཡོངས་ལ་འཆད་མེད་སྤྲོ་དབྱིངས་ནས། །འདིར་ཡང་ཕེབས་ཚོགས་གངྒཱའི་རྒྱུན་བཞིན་ཞུ། །དེ་ལྟའི་ཞུ་མཆིད་སྐལ་བཟང་མིག་ཡངས་མ། །ལྷ་རེག་དར་གྱི་སྟོད་གཡོགས་གཡོ་བ་ཅན། །སྡེབ་ལེགས་ཚིག་གི་ལང་ཚོ་ངོམ་བཞིན་དུ། །ཁྱོད་དྲུང་འཆི་མེད་དགའ་ས །བའི་ཚལ་དེར་ཐལ། །ཞེས་ཡིག་རྟེན་སྟོང་མིན་ཙམ་དུ་ཚེ་རིལ་ལྷ་རྫས་བཅས་ཤོག་རྒྱ་བརྒྱབ་ནས། ཁྲི་ཀའི་ཇོ་བོའི་དཀོར་གཉེར་བརྒྱུད་ནས་ཕུལ་བས་ཐུགས་མཉེས་པ་བྱུང་། །ཡང་སྔར་མཚམས་ཞུས་སུ་སོང་བ་རྣམས་འཚམས་པོར་ལྷ་སར་སླེབས། ཇོ་བོ་རྣམ་གཉིས་ལ་མཇལ་མར་མེ་བརྒྱ་མཆོད་ཕུལ། སེར་འབྲས་དགེ་གསུམ་ལ་མཇལ་མང་ཇའི་ཞལ་འདེབས་བྱས། བཀྲ་ཤིས་ལྷུན་པོར་སོང་སྐྱབས་མགོན་པཎ་ཆེན་རིན་པོ་ཆེར་མཇལ། མཚམས་ཞུ་ཕུལ་དགེ་འདུན་ཡོངས་ལ་མང་ཇ་བཏང་ཕྱག་སྐོར་བྱས། རྒྱལ་རྩེར་སོང་མདའ་དཔོན་ལྕང་ལོ་ཅན་ལ་མཚམས་ཞུ་ཕུལ། གྲུབ་ཆེན་ཨ་མ་ལ་ཐུག་ཏུ་སོང་ཕྱིར་འོང་མདའ་དཔོན་ལྕང་ལོ་ཅན་ནས་མཐུན་རྐྱེན་འཚོ་བ་བྱིན། རྒྱལ་རྩེའི་ཕུའི་རི་ཁྲོད་ཅིག་ནས་མཚམས་ལ་བསྡད་ཉམས་

p. 230

ལེན་བྱས། ཨ་ཞང་གིས་གནས་མཇལ་བྱས་ལྷོ་ཁ་བརྒྱུད་ནས་མར་འོངས། ཀུན་དགས་དབུས་གཙང་གི་སློབ་མ་ཡོན་བདག་རྣམས་ཀྱི་འབྱོར་ལན་རྣམས་བླངས་ནས། མར་འོང་མཁན་གྱི་མགར་རྩེའི་ནུ་བྱིས་སྔོན་ལ་བསྐུར། སྟོད་ཕྱོགས་ཀྱི་མཚམས་ཞུས་ཡི་གེ་རྣམས་ཁྱེར་ནས་སློབ་མ་ཡོན་བདག་སོ་སོར་སྤྲད། འགྲོ་མགོན་སྦྱིན་པ་ནོར་བུ་རིན་པོ་ཆེ་ལ་མཇལ་མཚམས་ཞུ་ཕུལ་བས་ཐུགས་ཤིན་ཏུ་མཉེས། ཁོང་གི་སློབ་མ་སྦྱིན་པ་བཏང་གཉིས་ཀས་སྟོད་ཕྱོགས་ཀྱི་འབྱོར་ལན་རྣམས་ཁྱེར་འོང་། བཀྲ་ཤིས་ལྷུན་པོ་ནས་དངོས་པོ་གང་ཡོད་བཙོངས་ནས་གསེར་དུ་བསྒྲིལ་གསེར་སྲང་བཅུ་དྲུག་བྱུང་། པཎ་ཆེན་རིན་པོ་ཆེ་ལ་ཡར་ཞུ་ཤོག་ཕུལ་བའི་ནང་ལྟར། གསེར་ཁང་རྡོ་རྗེ་འཆང་གི་སྐྱེས་ཕྲེང་གསོལ་འདེབས་ལྗགས་རྩོམ་དང་། བཀའ་ཤོག་གསར་བ་འབྱོར་ལན་གསུང་ཤོག་རྟེན་གསུམ་སྲུང་མདུད་བདུག་སྤོས་ཆུན་པོ་གསུམ་བཅས་གནང་བ་དེ་རྣམས་ཁྱེར་ནས། ང་ཁྱུང་དགོན་ན་གནས་པའི་སྐབས་དེར་སླེབས་ནས། འབྱོར་ལན་ཡོད་ཚད་ཕུལ་བས་ཐམས་ཅད་དགའ་བ་བྱུང་། གསེར་གྱི་ནང་ནས་སྲང་བཅུ་གཉིས་རྣམ་ཐར་གྱི་པར་འཕུད་རྒྱུའི་སྣོན་པ་བྱས། གཞན་གསེར་གཡུ་བྱུ་རུ་འཇམ་དར་རྣམས་ཤར་ཐམས་ཅད་མཁྱེན་

p. 231

པ་སོགས་བླ་མ་རྣམས་ལ་མཇལ་རྟེན་ཕུལ་བ་ལགས། དེ་ནས་གནས་དེར་མཚམས་ཁང་ཁ་ཤས་རྒྱག་ཏུ་བཅུག རྩ་རང་ཨ་ལགས་དང་སྨན་ཤུལ་སྤྲུལ་སྐུ་སོགས་མཚམས་པ་འགའ་སྡོད་རྒྱུ་བྱས། མང་ཇའི་ཐེབས་སུ་གསེར་ཞོ་གང་ཕུལ། ཡར་གྱི་བྲག་ངོས་ལ་མང་རའི་ལྷ་བཟོ་ཡེ་ཤེས་དང་དཀར་དྲིས་གཉིས་ལ་སངས་རྒྱས་ཀྱི་སྐུ་འདྲ་ཁ་ཤས་འབྲི་རུ་བཅུག བཀའ་གདམས་མཆོད་རྟེན་ཆུང་ཆུང་ཞིག་རྡོ་ལ་བརྩིགས་ནས་བཞེངས། དགོན་པའི་དཀྱིལ་ནས་དབྱེན་བཟླུམས་མཆོད་རྟེན་ཞིག་བཞེངས་པའི་ས་འདུལ་བརྒྱབ། བཀའ་འགྱུར་བར་གྱི་ལྷ་ཁང་དང་། སྐུ་གཞོགས་ཤིང་བཟའ་རིན་པོ་ཆེའི་གཟིམ་ཁང་ལ་ཉམས་གསོ་ཐིགས་ཆགས་ཟླ་བ་གཅིག་ཙམ་ལ་བྱས། སྒྲུབ་མཆོད་ལྟད་མོ་ཚོ་བལྟས་ནས་ད་ནི་དབུས་གཙང་དག་པའི་ཞིང་དུ་འགྲོ་སྙམ་ཆས་པས། རེབ་གོང་གི་དད་གུས་དག་སྣང་ཆེ་བའི་བླ་མ་དང་སྔགས་མང་གིས་ཡི་གེ་བསྐུར་ནས་བཤོལ་བཏབ་པ་བཞིན། དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཀྱང་འགྲོར་མ་བཅུག་ཚེ། ད་ཡང་ཕྱིར་འགྲོ་སྙམ་ཆས་པས་ཕྱག་མཛོད་གསུང་རབ་སོགས་རྒན་ལས་སྣེ་བ་མང་པོས་གཞུང་ལམ་གྱེན་དུ་ཡར་བསྐྱལ་ནས། ས་མགོ་མཐོ་ས་ཞིག་ནས་ས་ལ་ངལ་གསོས་བསྡད་པས་ཀུན་གྱིས་

p. 232

མཇལ་དར་ཕུལ་ཕྱག་དབང་བླངས། ཕྱག་མཛོད་ཀྱིས་ཁྱེད་ཀྱིས་སྔར་དགོན་པ་ལ་བཀའ་དྲིན་ཆེ་ཚུལ་དང་། ད་དུང་ཡང་ཡང་ཡང་ཕེབས་དགོས་ཚུལ་གྱི་གཏམ་བཤད་པ་ཚར་བ་དང་། ངས་ཀུན་གྱི་སེམས་ལ་ཕན་པའི་ལུགས་གཉིས་ཀྱི་སྙིང་གཏམ་མང་པོ་སྨྲས། འགྲོ་ཁར་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡང་ཡང་མཇལ་བའི་སྨོན་ལམ་གྱི་མགུར་དབྱངས་འདི་བླངས་སོ། །རང་སྤྱི་བོའི་སྟེང་གི་ནམ་མཁའ་ལ། །འཇའ་སྣ་ལྔའི་གུར་ཁྱིམ་ཕུབ་པའི་དབུས། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐུ་གཟི་བརྗིད་འོད་ཟེར་འཕྲོ་བཞིན་བཞུགས། །མགོན་ཁྱོད་ཀྱི་ཐུགས་ཀའི་འོད་ཟེར་འཕྲོས། །མི་འདིར་ཚོགས་ལུས་སེམས་ཡོངས་ལ་ཞུགས། །ལས་སྡིག་སྒྲིབ་ཉེས་ལྟུང་ཀུན་དག་ནས། །ཉམས་རྟོགས་པ་འབྱུང་བར་བྱིན་གྱིས་རློབས། །ངེད་ཐམས་ཅད་ད་ལོ་ཕྱོགས་གཅིག་བསྡད། །ད་མི་སྡོད་སོ་སོར་འགྲོ་བ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད། །ཆོས་བྱེད་ན་གོང་མའི་རྣམ་ཐར་བཞིན། །གནས་ཤིན་ཏུ་དབེན་པའི་དགའ་ཚལ་དུ། །ཆོས་ཟབ་མོ་ཉམས་སུ་ལེན་ནུས་ན། །ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་འཆར། །ད་ཁྱེད་རྣམས་སྐུ་ཁམས་བདེ་བར་བཞུགས། །ང་མི་སྡོད་གཞན་ལ་འཁྱམས་སུ་འགྲོ། །དུས་ད་ལོ་ཡུན་རིང་འདྲིས་སྟབས་ཀྱིས། །ཀུན་གྱིས་ཁར་

p. 233

འབྲལ་གླགས་མི་ཕོད་པར། །སེམས་འཕྲེང་བའི་ཤུགས་ཀྱིས་མཆི་མ་ཤོར། །སླར་ལན་ཅིག་ཙམ་ཡང་མ་མཇལ་ན། །ཤི་སོང་རུང་ཞེ་འདི་འཕྲེང་ཉེན་གདའ། །དོན་དེ་ཕྱིར་མཇལ་བའི་སྨོན་ལམ་འདེབས། །ཚེ་འདི་རུ་གལ་ཏེ་མ་མཇལ་ན། །ཚེ་ཕྱི་མར་དག་པའི་ཞིང་ཁམས་ནས། །ཀུན་མཇལ་ནས་ཆོས་ལ་སྤྱོད་པར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་བླངས་པས་ཀུན་ལ་ངེས་འབྱུང་དང་སྐྱོ་ཤས་སྐྱེས་ནས། མིག་ནས་མཆི་མ་གཡོ་བཞིན་ང་ནམ་མཐོང་གི་བར་དུ་ས་དེར་བཞུགས་ནས་མ་མཐོང་བ་དང་ཁོང་རྣམས་ཕྱིར་ཕེབས། ང་ཡར་ཡོང་ནས་མི་རྟག་སྒྱུ་མའི་རྣམ་འགྱུར་བསྟན་སོང་བའི་རྗེས་སུ་ཕྱག་མཛོད་དང་དབུ་མཛད་སོགས་ཕལ་ཆེ་བ་གཤེགས་ནས་མཇལ་རྒྱུ་མ་བྱུང་། དེ་ནས་ངེད་དཔོན་སློབ་རྣམས་མགར་རྩེ་རུ་ནང་བརྒྱུད་ནས་མཁས་གྲུབ་གཉིས་འཛོམ་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེར་མཇལ་དུ་སོང་། ཁོང་གིས་བསུ་བ་སེར་ཕྲེང་བྱས་གཟིམ་ཁང་ནང་ནས་མཇལ་ཁོང་རང་བཞུགས་པའི་ཁྲི་ཁར་བཞག འཚོ་བ་ཞབས་ཏོག་ཕུན་སུམ་ཚོགས་པ་བྱས། དེ་ནས་གསེར་གྱི་གའུ་ལ་སོགས་པའི་ཕྱག་རྟེན་ཕུལ་ནས། ཐོག་མར་ཚེ་དབང་ཞུས་ནས་གནང་། དེ་ནས་མདོ་རྒྱུད་རིན་པོ་ཆེའི་བསྟན་བཅོས་རྩ་འགྲེལ་གྱི་ལུང་

p. 234

ཁྲིད་ཞུས་དགྱེས་བཞིན་གནང་། དེ་ནས་ཟླ་བ་ཕྱེད་ལྷག་ཙམ་བསྡད། བཀའ་དྲིན་གཏང་རག་ཏུ་རྟ་ནོར་ལུག་གསུམ་ཁ་ཤས་ཕུལ་བ་མ་བཞེས་པར་ཚུར་ལ་གནང་། ཁོང་རང་གིས་རྟ་ནོར་ལུག་གསུམ་གོས་ཕྲུག་མང་པོ་ཕུལ་ནས། ཁྱེད་བསྟན་པ་དང་འགྲོ་བའི་དོན་དུ་བསྐལ་པ་བྱེ་བ་དུ་མའི་བར་བཞུགས་དགོས་ཚུལ་གྱི་ཞབས་བརྟན་རྒྱས་པར་ཕུལ། ངས་འབུལ་བ་རྣམས་བླངས་བསྔོ་བ་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་དང་། ནང་ཐམས་ཅད་ལ་བཀྲ་ཤིས་རྒྱས་པར་བརྗོད་པས་ཁོང་ཐུགས་དགྱེས་པ་བྱུང་། དེ་ནས་ཁོང་གི་མ་ཡུམ་དངོས་གྲུབ་སྒྲོལ་མས་ང་ནང་དུ་གདན་དྲངས། ཇ་ཞུས་བྱས་རྟ་ནོར་ལུག་གསུམ་གྱི་ནང་ནས་ཁ་ཤས་ཕུལ་ནས་འཕོ་ལུང་ཞུས་པས། འཕོ་བ་བཏབ་པས་རྟགས་བཟང་པོ་བྱུང་། དེ་ནས་ཁ་བརྡའ་འདྲ་བྱས་པས་མོ་ན་རེ། ཁྱེད་ཀྱིས་ཤ་མ་བཞེས་པར་ལོ་ཅི་ཙམ་སོང་། ད་ལྟ་ཤ་བཞེས་ཀི་ཨེ་ཡོད་ཟེར་བའི་ལན་དྲང་པོར་བཤད་པའི་རྗེས་སུ་ཚེ་མཚར་དུ་གླུ་དབྱངས་འདི་བླངས་སོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བླ་དཔོན་རྣམས་ཀྱིས་ཤ་བཞེས་བཞིན། །བདག་ཀྱང་ཟོས་ཚུལ་གླུ་རུ་ལེན། །ཆོས་མཛད་ཕོ་མོ་དགའ་བས་ཉོན། །ངེས་འབྱུང་བརྟན་པོའི་ཐང་ཀ་རུ། །བྱང་སེམས་སྦྱིན་བདག་སྟོབས་ཅན་

p. 235

གྱིས། །ཚུལ་ཁྲིམས་རྣམ་གསུམ་འཁོར་གཡོག་པོས། །བདག་འཛིན་ཕུང་རྒན་གཡག་རྒོད་དེ། །གཡོ་མེད་ཞི་གནས་ཐག་པས་བཀྱིགས། །ཤེས་རབ་རལ་གྲིས་སྲོག་རྩ་བཅད། །ཆོས་བརྒྱུད་ཕྱི་ཡི་པགས་པ་བཤུས། །ནང་གི་བསམ་ངན་གྲོད་པུ་བཏོན། །ལུང་རིགས་མཚོན་ཆས་ལྷུ་རུ་བ སིལ། །དེ་བཞིན་དུག་གསུམ་ར་ལུག་ཕག །ཉོན་མོངས་རྣམ་རྟོག་སྲོག་ཆགས་རྣམས། །བསད་ནས་དུམ་བུ་མང་པོ་བྱས། །མཉམ་བཞག་ཁང་བ་ཡངས་པོ་རུ། །བདེ་གསལ་མི་རྟོག་ཐབ་ཆེན་བཟུང་། །མཐའ་བྲལ་ཆོས་དབྱིངས་ཟངས་ཆེན་བཙུགས། །དམིགས་མེད་སྙིང་རྗེ་ཆུ་ཡིས་བཀང་། །བདག་འཛིན་ཉོན་མོངས་ཤ་རྣམས་འཕངས། །རང་བྱུང་རིག་པའི་ཁྱེའུ་ཡིས། །བརྩོན་འགྲུས་སྦུད་པ་དྲག་ཏུ་བརྒྱབ། །ཡེ་ཤེས་ལྔ་ཡི་མེ་ཆེན་སྦར། །ཉམས་རྟོགས་མཐའ་རུ་ཕྱིན་པར་བཙོས། །ཉིན་རེ་བཞིན་དུ་རྣལ་འབྱོར་ངས། །སྐྱེ་མེད་ཆོས་སྐུའི་ཞལ་དུ་བསྟབས། །དམིགས་མེད་ཕོ་བའི་ནང་དུ་བསྟིམ། །ཟག་མེད་བདེ་བས་གཏིང་ནས་མྱོས། །འབད་མེད་ཉམས་རྟོགས་ལུས་སྟོབས་རྒྱས། །ཕྱི་རབས་ཆོས་མཛད་ཕོ་མོ་རྣམས། །ཕ་མའི་ཤ་ལ་མི་དགའ་བར། །འདི་འདྲའི་མཾ་ས་ག སོལ་ནུས་ན། །ཨེ་མ་རྨད་བྱུང་སྐལ་བ་བཟང་། །

p. 236

ཞེས་བླངས་པས་མོ་དགའ་ཞིང་སྤྲོ་བ་བྱུང་། དེ་ནས་དག་པ་རབ་འབྱམས་དང་། འཇིགས་མེད་ལ་སོགས་པའི་ཤར་ཚང་གི་སློབ་མ་ཡོན་བདག་རྣམས་ཀྱི་ཕལ་ཆེ་བའི་ནང་དུ་སོང་བྱིན་འབེབས་བཀྲ་ཤིས་འདྲ་བྱས་ཆོས་བཤད་པས། རྟ་ནོར་ལུག་གསུམ་མང་པོ་ཕུལ་སྐྱབས་འཇུག་ཞུས་ཞལ་གདམས་དགོས་ཞེས་བསྐུལ་ངོར། གྲུབ་མཐའ་གང་ལའང་ཕྱོགས་རིས་བྱེད་མི་ཉན་དག་སྣང་སྦྱོང་བཞིན་རང་ཉིད་གང་མོས་ཆོས་ལ་ཉམས་ལེན་བྱེད་དགོས་ཚུལ་གྱི་མགུར་དབྱངས་འདི་བླངས་སོ། །བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། །བསྟན་འཛིན་རྒྱ་བོད་མཁས་གྲུབ་ཡོངས་ལ་འདུད། །བསྟན་པའི་སྙིང་པོ་དབུ་རྫོགས་ཕྱག་གསུམ་གྱི། །བསྟན་པ་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །འཁོར་འདས་སེམས་སུ་རྫོགས་པའི་རྫོགས་ཆེན་དང་། །སྲིད་ཞིའི་སྤང་བླང་བྲལ་བའི་ཕྱག་ཆེན་དང་། །སྤྲོས་པའི་མཐའ་བརྒྱད་བྲལ་བའི་དབུ་མ་སྟེ། །ལྟ་བ་འདི་གསུམ་སྔོན་ནས་བོད་འདིར་གྲགས། །མི་ལའི་ཐུགས་སྲས་རས་ཆུང་རྡོར་གྲགས་ཀྱིས། །རྫོགས་པ་ཆེན་པོའི་ལྟ་བ་ཕྱོགས་རིས་མེད། །ཕྱག་རྒྱ་ཆེན་པོའི་ལྟ་བ་དགག་སྒྲུབ་མེད། །དབུ་མ་ཆེན་མོའི་ལྟ་བ་ངོས་བཟུང་མེད། །ཅེས་གསུངས་ཆོས་རྗེ་གཙང་བ་རྒྱ་རས་ཀྱིས། །རྫོགས་པ་ཆེན་པོའི་ལྟ་

p. 237

བའི་ཕུ་ཐག་ཁྲུས། །ཕྱག་རྒྱ་ཆེན་པོའི་ལྟ་བའི་ངོ་བོ་མཐོང་། །དབུ་མ་ཆེན་མོའི་ལྟ་བའི་ངང་དུ་ཉལ། །ཞེས་གསུངས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། །དབུ་རྫོགས་ཕྱག་གསུམ་ལ་སོགས་ལྟ་བ་ཀུན། །མཁས་པ་ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཅེས་གསུངས། །དེ་ཕྱིར་བདག་གིས་དབུ་རྫོགས་ཕྱག་གསུམ་ཆོས། །དག་སྣང་སྦྱོང་བཞིན་གང་ནུས་ཉམས་སུ་བླངས། །ཕྱི་རབས་རྣམས་ཀྱང་དག་སྣང་སྦྱོང་བཞིན་དུ། །གང་ལའང་ཉམས་ལེན་བྱས་ནས་འཚང་རྒྱ་ཤོག །ཅེས་བླངས་པ་ཀུན་གྱི་སེམས་ལ་འབབ་པོ་བྱུང་ནས་ཆོས་ལུགས་གཞན་ལ་དག་སྣང་སྦྱོང་བཞིན་རང་ལུགས་རྫོགས་ཆེན་ལ་ཉམས་ལེན་བྱས་པས་འཆི་ཁར་ལམ་སྣ་ཟིན་པ་མང་པོ་བྱུང་ངོ་། །དེ་ནས་འགྲོ་ཁར་ཐག་ཉེའི་སློབ་མ་ཡོན་བདག་ཡོངས་ལ་རྡོ་རྗེ་འཆང་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་བྱིན་རླབས་བྱས། ངེད་ཐམས་ཅད་ད་རེ་འདིར་འདུས་ནས་སོ་སོར་གྱེས་པ་འདི་བཞིན་དུ། ཆོས་ཐམས་ཅད་མི་རྟག་ཅིང་ཁྱད་པར་ཁྱིམ་ཚང་ནང་མི་རྣམས་ཁ་རྒན་གཞོན་མེད་པར་ཚེ་ཕྱི་མའི་ཡུལ་ལ་འདི་ལྟར་འགྲོ་བས། འཆི་བ་མི་རྟག་པ་སོམས་ལ་ཚེ་ཕྱི་མར་ཕན་པའི་ཆོས་གྱིས་ཞེས་མགུར་དབྱངས་འདི་བླངས་སོ། །རྗེ་བླ་མ་

p. 238

རྣམས་ལ་གསོལ་བ་འདེབས། །མི་འདིར་འཚོགས་སྒོ་གསུམ་བྱིན་གྱིས་རློབས། །ངེད་འདིར་འཚོགས་དཔོན་སློབ་ཡོན་མཆོད་རྣམས། །སུས་མ་བསྡུས་བཞིན་དུ་གནས་འདིར་འདུས། །ད་མི་སྡོད་སོ་སོར་གྱེས་པ་ལྟར། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །ཀུན་ཚེ་འདིར་བསྡད་ན་འདོད་མོད་ཀྱང་། །ཡུན་རིང་པོར་མི་སྡོད་ཕྱི་མར་འགྲོ། །ཚེ་ཕྱི་མའི་ཡུལ་ལ་འགྲོ་བའི་དུས། །ཆོས་མ་གཏོགས་གང་གིས་ཕན་པ་མེད། །ད་ཚེ་འདིར་སྡོད་གཤོམ་མ་མཛད་པར། །ཚེ་ཕྱི་མར་འགྲོ་གྲབས་ལྷ་ཆོས་མཛོད། །ཆོས་བྱེད་ན་མང་པོ་ཤེས་མི་དགོས། །སྡིག་མི་དགེ་སྤོངས་ལ་དགེ་བ་སྒྲུབས། །ཆོས་ཀུན་གྱི་སྙིང་པོ་མ་ཎི་ཐོན། །དུས་རྒྱུན་དུ་བསམ་པ་དཀར་པོ་གྱིས། །དོན་དེ་ལྟར་མཛད་པའི་མི་རྣམས་ལ། །ཚེ་འདི་ཕྱིར་སྐྱིད་པའི་ཉི་མ་འཆར། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །མ་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བླངས་པས་དད་ཅན་འགའ་རེས་སེམས་སྐྱོ་ནས་མཆི་མ་གཏོང་མཁན་བྱུང་། དེ་ནས་གྲུབ་དབང་རྫོགས་ཆེན་པ་དཔོན་སློབ་མང་པོས་སྐྱེལ་ཐུང་བྱས་ང་ཡར་ཧོར་ཕྱོགས་སུ་ཡོང་། སྐུ་གཞོགས་འཇམ་དབྱངས་བཞད་པ་རིན་པོ་ཆེ་ཧོར་སོག་གཉིས་མ་འགྲིགས་པའི་བར་ལ་གཟུ་བྱེད་དུ་ཕེབས་ནས་བཞུགས་ཡོད་པའི་དྲུང་དུ་སོང་། རྟ་གོས་གསེར་ཞོ་

p. 239

གང་གི་ཕྱག་རྟེན་ཕུལ་ནས་མཇལ་ཧོར་སོག་གི་འཁྲུག་པ་ཞི་བར་བྱས། གཞན་ཐུགས་རྗེ་ཆེན་པོའི་རྗེས་གནང་དང་། ཛམ་དཀར་གྱི་རྗེས་གནང་མཛད་པའི་གྲལ་དུ་བསྡད་ནས་ཐོབ། གསོལ་རས་སུ་རྟ་གཅིག་དང་། ཞབས་ཕྱི་ཚོར་གཡག་གསར་གཅིག་གནང་། ཧོར་བོན་རྒྱུ་སོགས་འབྲོག་པ་དེ་ན་ཡོད་པ་རྣམས་ཀྱིས་གདན་དྲངས་ནས་སོང་། འགྲོ་དོན་བྱས་པས་རྟ་ནོར་ལུག་གསུམ་མར་ཕྱུར་མང་པོ་སྟེར་མཁན་བྱུང་། དེ་ནས་དབེན་གནས་རྫོང་དམར་དུ་འོང་ལྷ་ཁང་གཅིག་དང་། མཚམས་ཁང་གཉིས་ཀྱང་བརྒྱབ་མཚམས་པ་གཉིས་བཞག ཤིང་བཟོ་གཉིས་ལ་མཛོ་གཅིག་རྐྱལ་མར་ཆེ་ཆུང་བཞི་ཙམ་གྱི་འགྲོ་དགོས་བཏང་། དེ་ནས་སླར་རེབ་གོང་གསེར་མོ་ལྗོངས་འདིར་ཡོང་མཁར་གོང་གྲུབ་གནས་ལ་མཚམས་ཁང་བརྒྱབ། ཨ་མགྲོན་སྤྲུལ་སྐུ་མཚམས་ལ་བཞག དེ་ནས་རོང་བོའི་དགོན་ཆེན་དུ་འོང་། དགོན་པ་ལ་མང་ཇ་བཏང་། ཕྱུར་བ་དོ་བོ་བཅུ་རྐྱལ་མར་ཆེ་ཆུང་བཅུ་གསུམ་བགོས་ནས་ཕུལ་བས་གྲྭ་རྐྱང་ཚོ་དགའ་བར་གྱུར། ཤར་ཐམས་ཅད་མཁྱེན་པ་ལ་རྟ་གཅིག་གསེར་ཞོ་གསུམ་གྱི་ཕྱག་རྟེན་ཕུལ་ནས་མཇལ་ཆོས་འབྲེལ་ཞུས་ཞག་པོ་བདུན་བསྡད། འགྲོ་ཁར་རྟ་གོས་སོགས་གསོལ་རས་མང་པོ་

p. 240

གནང་ནས། ཁྱོད་ཐབས་མཁས་པས་རེབ་གོང་གི་འཁྲུག་པ་ལ་ཐབས་དུ་མའི་སྒོ་ནས་ཕན་ཐོགས་རེ་གྱིས་གསུངས། ཚུར་ལམ་གཉན་ཐོག་དང་སྐྱི་གཉིས་འཐབ་རྩོད་བྱས་མི་མང་པོ་བསད་པའི་བར་དུ་སོང་། ཁ་ངོ་ཆོས་འབྲེལ་བཙོང་གཟུ་བཤད་སྐུ་ཚབ་བཞག་ནས་རིམ་གྱིས་འགྲིགས་སུ་བཅུག བཅུ་གཅིག་པའི་ནང་ལ་དབེན་གནས་བཀྲ་ཤིས་འཁྱིལ་བར་ཡོང་ནས་རེ་ཞིག་ངལ་གསོས་ནས་བསྡད་ཡོད་དུས། ཐག་ཉེའི་སློབ་མ་ཡོན་བདག་ཚོས་གོ་ནས་ལོ་ཁ་ཤས་མ་མཇལ་བའི་སྟབས་ཀྱིས་མང་པོ་མཇལ་དུ་འོངས་ནས། མཇལ་ཚེ་ཐམས་ཅད་སེམས་དགའ་ནས་ཡུན་རིང་པོར་བསྡད་དུས། འོ་དེ་རིང་ཚོ་སོས་དལ་གི་ངས་ཁྱེད་ཚོར་ཕྱོགས་གཞན་གྱི་སྐད་ཆ་བཤད་ལ་གང་དགའ་དགའ་བྱ། ཆོས་ན་ཡང་། བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ། །བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །གསུངས། འཇིག་རྟེན་པ་འགའ་རེས་ཀྱང་། སེམས་ངན་མ་ཎི་འདོན་པ་ལས། །སེམས་བཟང་སྐད་ཆ་བཤད་ན་དགའ། ཟེར་བ་ཡང་འདུག དེས་ན་མི་དགའ་བ་ཆོས་ཡིན་པས། ངས་སྐད་ཆ་བཤད་པ་ལ་ཆོས་ཉན་པ་བཞིན་ཀུན་གྱིས་ཉོན། སྔོན་སངས་རྒྱས་གཉིས་པ་ཇོ་བོ་རྗེ་བླ་མ་གསེར་གླིང་པ་ལ་མཇལ་དུ་རྒྱ་མཚོར་གྲུ་བཏང་ནས་སོང་དུས། གླིང་བར་ཞིག་ན་གསེར་སྐུ་

p. 241

ཆེན་པོ་ཞིག་འདུག དེའི་འོག་ཏུ་མི་གཅིག་གིས་ཟན་ཅིག་ཟ་ཡུན་ཙམ་ལ་འགྲོ་རྒྱུ་འདུག་གསུངས། ཡང་ཐག་རིང་ནས་ཆུ་སྲིན་ཉའི་རིགས་ཅན་རི་རྒྱུད་ཙམ་ཞིག་མཐོང་། དེ་ཡང་གྱུར་མིད་རྒྱག་པའི་ཉ་ཆེན་པོ་རྒྱ་མཚོའི་གཏིང་ན་ཡོད་གསུངས། རྒྱ་གར་གྱི་ཨ་ཙ་ར་ཞིག་ན་རེ། ཁ་ཆེའི་ཕྱོགས་ཀྱི་ས་ཐག་རིང་པོ་ཞིག་ན། རི་ཆེན་པོ་ཞིག་ལ་ཉིན་མཚན་མེད་པར་མེ་འབར་བ་ཞིག་གདའ། མེའི་འོད་ཀྱིས་མཚན་མོ་ཉི་མ་གསུམ་རེའི་བར་ལ་མུན་པ་མེད་པར་ཉིན་པར་འདྲ་བ་འདུག དེའི་ནང་དུ་ཕྱི་རོལ་པས་སྦྱིན་སྲེག་གི་རྫས་འདེབས་ཤིང་ནང་པས་ཕྱག་མཆོད་སྐོར་བ་བྱེད་པ་ཞིག་གདའ་ཟེར། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱ་མཚོ་དང་ཆུ་བོ་གངྒ་གཉིས་འདྲེས་མཚམས་ལ་རྒྱ་གར་ཤར་ཕྱོགས་ཀྱི་ཚོང་པ་ཆུ་བོ་གངྒཱ་བརྒྱུད་ནས་སོང་བ་དང་། རྒྱ་མཚོའི་ནང་གི་ཚོང་པ་གཉིས་འདུས་ནས་ཚོང་བྱེད་དུས། རྒྱ་མཚོའི་ནང་ན་གནས་པའི་ཆུ་མི་དང་ཆུ་རྟ་ཆུ་ལུག་རྣམས་མཐོང་བ་བྱུང་ཟེར། རྒྱ་གར་ཤར་ཕྱོགས་ཀྱི་ཀ་ལ་ཀ་ཏ་བྱ་བའི་གྲོང་ཁྱེར་ཆེན་པོ་གཅིག་ན་མི་ཚང་འབུམ་ཕྲག་སུམ་ཅུ་སོ་བཞི་འདུག་ཟེར། གྲོང་ཁྱེར་དེའི་གེ་ཤང་ལ་ལྟད་མོ་བལྟ་ན་ཤར་སྒོ་ནས་ནུབ་སྒོའི་བར་དུ་ཉི་མ་ལྔ་འགྲོ་དགོས་ཟེར། རྒྱ་གར་ནུབ་ཕྱོགས་ཀྱི་

p. 242

རྒྱལ་པོ་གཅིག་གི་ཕོ་བྲང་གི་མཁར་སྒོ་ལ་ཉ་ཆེན་པོ་ཞིག་གི་མིག་གི་རུས་པ་ཞིག་བརྒྱབ་འདུག་པའི་ནང་དུ་གླང་པོ་ཆེ་ལ་མི་ཞོན་ནས་སོང་ན་ཡང་། ཡངས་ཤོལ་ལེ་འགྲོ་ཆོག་པ་ཞིག་འདུག་ཟེར། སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་རྒྱ་གར་དུ་ཕེབས་དུས། རྒྱ་གར་ཟངས་གླིང་ན། མཆོད་རྟེན་བཀྲ་ཤིས་སྒོ་མང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། བྱང་ཆུབ་ཤིང་གི་སྲོག་ཤིང་ཅན། བང་རིམ་བཞི་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་དང་། བུམ་པ་ཡན་ལ་བླ་མ་སྐུ་བཞིའི་ལྷ་ཚོགས་བཞུགས་པ་བལྟ་བས་ཆོག་མི་ཤེས་པ་བྱིན་རླབས་ཞུས་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་དུ་མ་འཆར་བ་སངས་རྒྱས་ཀྱིས་རབ་གནས་མཛད་པ་ཞིག་འདུག་ཟེར། ཡང་དབུས་གཙང་དག་པའི་ཞིང་གི་ལྷ་སའི་པོ་ཏ་ལའི་ཕོ་བྲང་དམར་པོ་དགུ་ཐོག་ཡོད་པའི་བར་གྱི་ཐོག་ཚད་གཉིས་ཀྱི་ནང་ན། ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་དབང་ལྔ་བའི་སྐུ་གདུང་མཆོད་རྟེན་འཛམ་གླིང་རྒྱན་གཅིག་ཅེས་པ་རིན་ཆེན་གསེར་སྲང་བྱེ་བ་ཞིག་ལས་གྲུབ་པ། རིན་པོ་ཆེ་སྣ་ལྔ་སྣ་བདུན་སྣ་ཚོགས་པའི་ཕྲ་ཡིས་བརྒྱན་པ། ནང་རྟེན་བསམ་གྱིས་མི་ཁྱབ་པ་བྱིན་རླབས་ཀྱི་ཕུང་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་ཞིག་བཞུགས་སྣང་། གཞན་ཡང་བཀའ་བརྒྱུད་ཀྱི་བསྟན་པ་དར་དུས་སུ་གདན་ས་མཐིལ་ཁོ་ན་ལ་ཡང་མཆོད་རྟེན་

p. 243

བཀྲ་ཤིས་སྒོ་མང་གསེར་ཟངས་ལས་གྲུབ་པ། སྟེང་ན་ལྷ་ཚོགས་ཉིས་སྟོང་དགུ་བརྒྱ་ཅན་དང་ཉིས་སྟོང་བརྒྱད་བརྒྱ་ཅན་དང་། ཉིས་སྟོང་བཞི་བརྒྱ་ཅན་གྱི་མཆོད་རྟེན་ཆེན་པོ་བརྒྱད་ཙམ་ལ་དུས་ད་ལྟ་ཡང་མཇལ་རྒྱུ་ཡོད་པར་གདའ། ཡང་རྒྱ་ནག་གི་འཇམ་དབྱངས་གོང་མ་རྒྱལ་པོའི་གསེར་མཁར་གྱི་བྱང་ཕྱོགས་རྒྱ་མཚོའི་ཁ་ལ་ཐག་ཉེ་བའི་ཚོང་པ་ཕྱིའི་རྒྱ་མཚོའི་གླིང་དུ་ཚོང་ལ་སོང་བ་རླུང་ལོག་གིས་ཁྱེར་ནས། བྱང་སྒྲ་མི་སྙན་གྱི་ཐག་ཉེར་སླེབས་ཚེ། བྱང་སྒྲ་མི་སྙན་གྱི་མི་རྣམས་གཟུགས་ཆེ་བ་ངོ་གྲུ་བཞི་བ་དེ་མཐོང་བ་དང་ཚོང་པ་ཚོར་དགོད་ཤོར། བྱང་སྒྲ་མི་སྙན་པའི་སྐྱེ་ཕོ་མོ་རྣམས་ཀྱིས་ཚོང་པ་རྣམས་གཟུགས་ཆུང་བ་ངོ་ནར་མོ་དེ་མཐོང་བ་དང་ཡུན་རིང་བལྟས་ནས་དགོད་ཤོར། ཞེས་མཐུན་པའི་རླུང་དང་འགྲོགས་ནས་ཕྱིར་འོང་བའི་ཚོང་དཔོན་ཚོས་བཤད་ནས་དགོད་པར་གདའ་ཟེར། བྱང་ཕྱོགས་དེ་ན་ཨུ་རུ་སུ་ཟེར་བའི་རྒྱལ་པོའི་ཕོ་བྲང་ཆེན་པོ་ཞིག་ཡོད་པའི་ཐག་ཉེའི་རྒྱ་མཚོའི་ཁ་ན་ཤིང་གི་གྲུ་ཆེན་པོ་རྒྱ་མཁར་ཆུང་ཆུང་ཙམ་ཞིག་གི་སྟེང་འོག་གཉིས་ན་འཁོར་ལོ་ཆེན་པོ་རྩིབས་སྟོང་དང་ལྡན་པ་རེ་གདའ། ཕྱིའི་རྒྱ་མཚོའི་གླིང་ཚོ་ཚོང་སོགས་ལ་འགྲོ་དགོས་བྱུང་ཚེ། འོག་གི་འཁོར་ལོའི་རྩིབས་སྟེང་དུ་ཁྲོ་ཡི་ཧོ་བན་དུ་རྡོ་སོལ་སྤུངས་མེ་སྦར་ཚེ་

p. 244

མེའི་ངར་གྱིས་སྟེང་འོག་གི་འཁོར་ལོ་གཉིས་འཁོར་ནས་ཉི་མ་མང་པོའི་ལམ་ཉིན་རེ་ལ་བཅད་ནས། བྱང་ཕྱོགས་ཤམྦྷ་ལའི་ཡུལ་གྱི་གངས་རི་ཚོ་མཐོང་བ་ཡང་གདའ་ཟེར། ཡང་ཨུ་རུ་སུའི་རྒྱལ་པོའི་དྲུང་ན། ཕྱོགས་གཞན་མཐོང་བའི་རྒྱངས་ཤེལ་ཅིག་འདུག་ཟེར། དེ་ལ་བལྟ་ན་ཐོག་མར་ཤེལ་གྱི་ཅོག་རྩེ་ཆེ་པོ་ཞིག་བཞག དེའི་ཐོག་ཏུ་ཤེལ་གྱི་ཀ་ཏོ་ར་ཆེན་པོ་གཅིག་བཞག དེའི་ནང་དུ་ཤེལ་གོང་དྭངས་པ་མི་ཞིག་གི་མགོ་ཙམ་ཞིག་བཞག དེ་ནས་ལྟ་མཁན་གྱི་མི་དེ་འོངས་ནས་ཡར་ལངས་ལག་པ་གཉིས་སྐེད་པ་བརྒྱབ་གྲུ་མོ་གཉིས་བརྒྱངས་ནས་མིག་མི་འཛུམ་པར་བལྟས་པས། ཐོག་མར་ཐག་ཉེའི་ཡུལ་ཕྱོགས་མཐོང་། དེ་ནས་ཡུན་རིང་བལྟས་ན། ངེད་ཚོའི་མཚོ་སྔོན་པོའི་ཚྭ་མཚོ་དཀར་མོ་ཚོ་མཐོང་ནས་བཤད་པར་གདའ་ཟེར། ཡུལ་ཁམས་གཞན་ཚོ་འཁྲུག་པ་ཆེན་པོ་ཡོད་ན་དེའི་ནང་དུ་བལྟས་ན་མཐོང་བ་ཡིན་སྐད། ཡང་གོང་མའི་ཕོ་བྲང་ལ་ཐག་ཉེ་ས་ཞིག་ན་རྒྱ་དཔོན་བྱང་ཆུབ་སེམས་དཔའ་ཞིག་ཡོད་པ་དེས་གོང་མ་ལ་ཁྲལ་ཡག་པོ་བྱས་ཕུལ། ལོ་མ་ཤིང་པའི་དུས་བེ་སང་ཚོར་གྲོ་ནས་ཀྱི་བསྐྱི་བསུ་བྱས། ངན་སློང་ལ་ཇི་ཐུག་གི་སྦྱིན་པ་བཏང་ནས་གསོས་པའི་གཏམ་སྙན་གོང་མ་རིན་པོ་ཆེས་གོ་ནས་མདུན་དུ་བོས། ན་བཟའ་སེར་པོ་

p. 245

པདྨ་རཱ་གའི་ཏོག་རྨ་བྱའི་སྒྲོ་མདོངས་མིག་མང་པོ་ཅན་དང་། གཞན་ཡང་བདག་རྐྱེན་ཆེན་པོ་གནང་ནས་གཞན་དཔོན་པོ་ཏོག་ཅན་མང་པོ་མདུན་དུ་བོས་ནས། ཁྱེད་རྣམས་ཀྱིས་མི་འདི་བཞིན་བེ་སང་ཚོ་བྱམས་སྐྱོང་མཛོད། དེང་ཕྱིན་ཆད་བདག་རྐྱེན་ཡོད་ཅེས་གསུང་བྱོན་སྐད། ཡང་སྨད་སོག་ཕྱོགས་ཤིག་ན་སོག་པོ་ཕྱུག་པོ་གཅིག་ལ་རྟ་སྟོང་ཕྲག་དགུ་དང་དགུ་བརྒྱ་ཡོད། ད་བརྒྱ་ཡོད་ན་ཁྲི་ཚོ་གཅིག་ལོངས་པའི་ཚོད་ལ་ཁོ་རང་ན་ནས་འཆི་ཁར་བུ་རྣམས་ལ་ང་ལ་ཆོས་གཞན་བཅའ་མི་དགོས། རྟ་ཁྲི་ཚོ་གཅིག་ལ་ཕུད་ལ་འཚོས་དང་དེས་ཆོག་ཅེས་ཁ་ཆེམས་བཞག་ནས་ཤི་སོང་བས། བུ་རྣམས་ཀྱིས་རྟ་བརྒྱ་ཁར་བསྣན་ནས་ཁྲི་ཚོ་གཅིག་ཙམ་ལོང་ཚེ་གློ་བུར་དུ་རྟའི་ནང་དུ་ནད་ཅིག་བྱུང་ཤི་སྟེ་སྟོང་ཕྲག་གཅིག་ལ་ཐུག་སོང་ཚེ། འགའ་རེས་རྒྱུ་མི་རྟག་ཚྭ་ཁའི་ཟིལ་བ་འདྲ་ཟེར་བ་དེ་བདེན་པར་གདའ་ཟེར། ཡང་ཟི་ཞིའི་མཁར་མོ་ཆེ་ཟེར་བའི་མཁར་ཆེན་པོ་སྒོ་དགུ་ཡོད་པ་ནམ་ལངས་ནས་ས་སྲིབས་ཀྱི་བར་དུ་མིའི་རྒྱུ་འགྲུལ་ལ་འཆད་རྒྱུ་མེད་པ། ཉིན་རེ་མི་ཤི་བའི་རོ་བརྒྱ་རེ་མཁར་གྱི་ཕྱི་རོལ་ཏུ་འཁྱེར་བ་མཐོང་ཞིང་། ཚུར་བརྒྱ་ལྷག་རེ་སྐྱེས་པ་ཡིན་སྐད། སྤྲང་པོར་སྦྱིན་པ་གཏོང་བ་ཚོས་དངུལ་སྲང་བརྒྱ་རེའི་དོང་ཙེ་ཉོས་

p. 246

ནས་བཏང་ན་རེ་རེ་ཙམ་ལས་མི་ཐེམ་པར་གདའ་ཟེར་སྤྲང་པོ་ཁོ་ན་དེ་ཙམ་ཡོད་ན། གཞན་མི་མང་པ་སྨོས་ཅི་དགོས། མི་དེ་ཙམ་མང་རུང་ནང་ན་ཆོས་བྱེད་མཁན་ཤིན་ཏུ་ཉུང་བར་གདའ་ཟེར། ཡང་རྒྱ་ནག་ཕྱོགས་གྱི་མཁར་ཞིག་གི་ནང་ལོགས་ཀྱི་བར་སྣང་ན་ལྕགས་ཀྱི་ཕྱག་ན་རྡོ་རྗེ་ཞིག་བརྟེན་མེད་པར་འདུག་པ་ཅི་ཡིན་དྲིས་ན། མཁར་དེའི་ཕར་ཀ་ཚུར་ཀ་ན་རྡོ་ཁབ་ལེན་ཡོད་པ་རེད་ཟེར། ཡང་རྒྱ་ནག་གི་ཕྱོགས་ཀྱི་ནགས་ཤིག་ན་སྤང་བུ་ཆུང་ཟེར་བ་ཤིང་གི་ནང་ནས་སྐྱེས་པའི་མི་ཁྲུ་གང་ཙམ་གྱིས་ལུང་བ་གང་བ་ལ། བོད་ཕྱོགས་ནས་བྱ་འོལ་བ་ཡོང་ནས་ཟ་བ་ལ་ཀུན་ཕྱོགས་གཅིག་ཏུ་དཔུང་བསྒྲིལ་ཏེ་མདའ་འཕེན་པ་སོགས་ཡོད་ཟེར། ལང་གྲུ་སྡེ་བཞིའི་ཕྱོགས་ཀྱི་མི་ཚང་ཕྱུག་པོ་གཅིག་ལ་རྟ་སྟོང་དང་ལྔ་བརྒྱ། ནོར་དཀར་པོ་སྟོང་ཕྲག་བཞི་ལུག་ཁྲི་ཚོ་གཅིག་དང་སྟོང་ཕྲག་བརྒྱད། དེའི་ཚོད་ཀྱི་ནང་རྫས་ནོམ་པ་ཡོད་པ་ཞིག་དེ་མགོ་ལོག་དང་རིང་ངན་གྱི་ཇག་པས་བརྒྱབ་ནས། སྒོའི་རྒྱུ་ཁྱིམ་གྱི་ནོར་རྫས་རྣམས་ཁྱེར་ནས་ཉིན་གཅིག་ལ་སྤྲང་པོར་བཏང་ཚེ། ཁྱིམ་བདག་གིས་ཟི་ལིང་ཨ་འབན་ལ་གཏུགས་པས། ཨ་འབན་གྱིས་དེ་ཙམ་ཞིག་ཡོད་ན་དེའི་སྔོན་དུ་ཆོས་རེ་བཅོ་མོད། ད་མ་བཟང་སྤྱང་ཀིའི་ཁ་ནང་དུ་ལུག་གུ་ཤོར་ནི་འདྲ་བ་རེད། བསད་གཏོང་ན་མ་

p. 247

གཏོགས་ཕྱིར་ཡོང་རྒྱུ་ཡོད་ནི་མ་རེད། གོང་མ་རིན་པོ་ཆེ་ལ་ཞུས་ནས་དམག་འཕུད་ཅེས་གསུངས་སྐད། དེས་ན་རྒྱུ་ནོམ་པ་འཛོམ་དུས་ཆོས་བཅའ་དགོས་པར་གདའ། ཞེས་བ ཤད་པས་དེར་འཚོགས་པ་ཐམས་ཅད་ངོ་མཚར་སེམས་སྤྲོ་གོ་རྒྱུ་ཆེན་པོ་བྱུང་ནས། ཆོས་ཕྱོགས་ཚོར་ཇེ་དགའ་སོང་ཀུན་གྱི་སེམས་ལ་ཕན་ཐོགས་བྱུང་ངོ་། །ཡང་ཉིན་ཅིག་བློ་ལྡན་སློབ་བུ་སངས་རྒྱས་རིན་ཆེན་གྱིས་སྐྱབས་མགོན་རིན་པོ་ཆེ་ཁྱེད་ཀྱི་རྣམ་ཐར་མགོ་ན་སྐུ་གསུམ་གྱི་མཆོད་བརྗོད་མཛད་པ་གང་གི་ལུགས་ལྟར་མཛད་ལགས་ཟེར་བ་ལ། འོ་རྒྱལ་བ་ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པས། གང་ལྟར་བརྗོད་ཀྱང་འགལ་བ་མེད། ངས་འདི་སྔོན་རྗེ་བཙུན་མི་ལ་རས་པ་ལ། ཉ་མ་དཔལ་དར་འབུམ་གྱིས་ཁྱེད་ཆོས་པ་རྣམས་ཀྱི་རྒྱུད་པའི་ལོ་རྒྱུས་བཤད་པས། བུ་སློབ་རྣམས་ཡིད་ཆེས་པ་དང་སྣང་བ་འགྱུར་བའི་གདམས་ངག་བྱ་བ་ཡོད་ཟེར་བ་ཁྱེད་ཀྱིས་རྒྱུད་པ་དེ་གསུངས་དང་ཟེར་བ་ལ། རྗེ་བཙུན་གྱིས་བུ་མོ་དེ་ལས་ཅན་གྱི་སློབ་མར་དགོངས་ནས་རྒྱུད་པའི་ཐུག་ཚུལ་འདི་མགུར་དུ་གསུངས་སོ། །ཆོས་སྐུ་ཀུན་ལ་ཁྱབ་པའི་ཀུན་ཏུ་བཟང་པོ་དང་གཅིག །ལོངས་སྐུ་མཚན་

p. 248

དཔེས་སྤྲས་པ་རྡོ་རྗེ་འཆང་ཆེན་དང་གཉིས། །སྤྲུལ་སྐུ་འགྲོ་དོན་མཛད་པའི་ཤཱཀྱ་ཐུབ་པ་དང་གསུམ། །རྒྱུད་པ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་དེ། །རྒྱུད་པ་དེ་གསུམ་ལ་དད་པའི་ཉ་མ་འདྲ་ཡོད་དམ། །གསུངས་པས། རྒྱུད་པ་ངོ་མཚར་ཆེ་བར་གདའ། དཔེ་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་ཞིག་འདུག་ཅེས་ཞུས་པ་ལྟར་བཤད་པ་ལགས་སྨྲས་པས། ཡང་ཁོ་ན་རེ། ཆུ་མགོ་གངས་ལ་ཐུག་པ་ལྟ་བུའི་རྒྱུད་པའི་ཕུགས་ཀྱི་ཐུག་ས་དེ་གསུམ་ལ་གསོལ་འདེབས་ཤིག་དགོས་ཞེས་ཟེར་བ་ལ། དྲི་མེད་ནམ་མཁའ་ལྟ་བུར་རྣམ་དག་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །ཐོག་མའི་སངས་རྒྱས་སྲིད་ཞི་ཡོངས་ཀྱི་དཔལ། །ཆོས་སྐུ་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །ཟབ་གསལ་ཐུགས་ཀྱི་ཀློང་ནི་མཁའ་ལྟར་ཡངས། །འཁོར་འདས་ཆོས་རྣམས་གཅིག་ཀྱང་མ་ལུས་པ། །སོ་སོར་མ་འདྲེས་ས་ལེར་གཟིགས་པ་ཡི། །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །འཁོར་འདས་ཆོས་རྣམས་ལག་མཐིལ་སྐྱུ་རུ་ར། །རློན་པ་བཞག་ནས་བལྟས་ལྟར་ས་ལེར་མཁྱེན། །ཞལ་ནས་ནམ་ཡང་རྫུན་གྱི་ཚིག་མི་གསུང་། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་བཞིན། །

p. 249

བློ་གྲོས་སྣང་བ་ཕྱོགས་མེད་རབ་རྒྱས་ནས། །ཤེས་བྱའི་ཆོས་རྣམས་གཅིག་ཀྱང་མ་ལུས་པ། །ཐམས་ཅད་ས་ལེར་ཤེས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་ཐོབས་དང་། ཇི་ལྟ་བ་དང་ཇི་སྙེད་པའི་གནས་ལུགས་ཐམས་ཅད་ས་ལེར་ཤེས་པར་འགྱུར་རོ་བྱས་པས། ཐུགས་རྗེ་ཆེ་ཟེར། ཡང་ཁོ་ན་རེ། བསྟན་པའི་བདག་པོ་ཨོ་རྒྱན་རིན་པོ་ཆེ་དང་། མཉམ་མེད་ཇོ་བོ་རྗེ། རྗེ་བདག་ཉིད་ཆེན་པོ་རྣམས་ཐུགས་རྒྱུད་གཅིག་ཚུལ་གྱི་ལུང་བསྟན་གསལ་བོ་གང་ན་ཡོད་ལགས་ཟེར། འོ་རྒྱལ་བ་ཐམས་ཅད་ཐུགས་ཆོས་སྐུའི་དབྱིངས་སུ་རོ་གཅིག་ཡིན་པས་གང་དང་གང་གི་སྤྲུལ་པ་ཡིན་ཞེས་ཀྱང་ཆོག ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྤྲུལ་པ་སློབ་དཔོན་རིན་པོ་ཆེ་དང་། ཇོ་བོ་རྗེ། རྗེ་བདག་ཉིད་ཆེན་པོ་རྣམས་ཐུགས་རྒྱུད་གཅིག་ཚུལ་ནི། བཀའ་གདམས་གླེགས་བམ་ལས། བླ་མ་དྲི་མ་མེད་པས། རྒྱལ་བུ་དཀོན་མཆོག་འབངས་ལ་གསུངས་པ། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེ་བཟུང་། །བོད་ནི་རྒྱལ་པོ་དག་ལ་མཚན་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཨོ་རྒྱན་ཡུལ་དུ་ཇི་སྐད་སྨྲས་པ་བཞིན། །བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་གསུངས་པ་དེ་

p. 250

ཨོ་རྒྱན་རིན་པོ་ཆེ་དང་། སྤྲུལ་པ་གཅིག་ནི་རྒྱ་གར་གནས་ལ་འགྲོ། །ཞེས་གསུངས་པ་དེ་ཇོ་བོ་རྗེ་དང་། སྤྲུལ་པ་གཅིག་ནི་བལ་བོའི་མཐིལ་དུ་འགྲོ། །ཞེས་གསུངས་པ་དེ་པཎྜི་ཏ་པདྨ་བཛྲ་དང་། སྤྲུལ་པ་གཅིག་ནི་མདོ་ཁམས་སྨད་དུ་འགྲོ། །ཞེས་གསུངས་པ་དེ་རྗེ་བདག་ཉིད་ཆེན་པོ་ཡིན་པར་ལུང་བསྟན། དེས་ན་དད་གུས་དག་སྣང་སྐྱེ་ཐབས་ཤིག་ལ་ཨོ་རྒྱན་རིན་པོ་ཆེ་དང་། ཇོ་བོ་རྗེ། རྗེ་རིན་པོ་ཆེ་རྣམས་ཐུགས་རྒྱུད་གཅིག་པ་འདི་ཁོ་ནས་ཆོག་པར་གདའ། དེ་བཞིན་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། གྲུབ་དབང་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ། །ཁྱོད་མིན་བདག་ལ་སྐྱབས་གཞན་གང་། །ཞེས་དང་། །རྒྱལ་བ་དགེ་འདུན་རྒྱ་མཚོའི་ཞལ་ནས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །ཅེས་དང་། རྗེ་བཙུན་བཀྲ་ཤིས་རྒྱ་མཚོས། གཟི་བརྗིད་འོད་དཔག་མེད་མགོན་ཨོ་རྒྱན་རྗེ། །ཨ་ཏི་ཤ་དང་འཇམ་དཔལ་བློ་བཟང་གྲགས། །ཡེ་ཤེས་གཅིག་ལ་རྣམ་འགྱུར་ཆུ་ཟླའི་གར། །ངེས་པ་སྙིང་ནས་རྙེད་པས་ལན་བརྒྱར་འདུད། །ཅེས་དང་། འཇམ་པའི་

p. 251

དབྱངས་དངོས་ཁྲི་གུང་ཐང་པ་རིན་པོ་ཆེས། གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་། །དེ་དོན་རྒྱུད་ལ་སྦྱོར་མཛད་ཨ་ཏི་ཤ །དེ་ལ་འཁྲུལ་བ་སེལ་མཛད་ཙོང་ཁ་པ། །རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ། །ཅེས་གསུངས་པ་སོགས་དུས་དེང་སང་གི་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་དང་དབྱངས་གཅིག་ལྟར་གསུངས་ཚུལ་ལ་བསམས་ནས། བསྟན་པའི་བདག་པོ་དེ་གསུམ་དང་། རྗེས་འཇུག་གསར་རྙིང་གི་ཆོས་མཛད་ཡོངས་ལ་དད་གུས་དག་སྣང་སྦྱངས་ཏེ། མཆོད་བསྟོད་བཀུར་བ་ལ་བརྩོན་པར་བྱའོ་ཞེས་སྨྲས། ཡང་ཁོ་ན་རེ། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ནས། བྱང་ནས་བྱང་དུ་དར་པའི་ལུང་བསྟན་གང་ན་ཡོད་ལགས་ཟེར་བ་ལ། འོ་དེ་དགོས་ན་མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་ན་དམ་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་རྒྱས་པར་འདུག་སྟེ། སེམས་ཅན་ཐམས་ཅད་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་

p. 252

རོ། །མཐའ་འཁོབ་དེ་འདུལ་བའི་གཉེན་པོ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ནོ། །ཞེས་དང་། འཇམ་དཔལ་བརྟན་པ་རོལ་བའི་རྒྱུད་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སངས་རྒྱས་བསྟན་པ་གང་རྒྱས་པ། །བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། །ཞེས་དང་། མདོ་རྒྱས་འབྲིང་དག་ལས། །སངས་རྒྱས་བསྟན་པ་ཡུལ་བར་ཏ་ནི་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །དེ་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་ཆ་དེ་ཉིད་དུ་རྒྱས་པར་འགྱུར་རོ། །ཞེས་དང་། བཀའ་གདམས་གླེགས་བམ་ལས། ཕྱི་མའི་དུས་སུ་གྱུར་པའི་ཚེ། །བྱང་གི་ཆ་ནས་བྱང་ཕྱོགས་སུ། །རྒྱ་ཡུལ་རྒྱས་པར་འགྱུར་རོ་ཞེས། །བདེ་བར་གཤེགས་པའི་བཀའ་ལུང་ཡོད། །གསུངས། སྔོན་ངས་རྨི་ལམ་རྨིས་ཚུལ་ཞུས་པས། ཆོས་རྒྱལ་རིན་པོ་ཆེའི་ཞལ་ནས། བྱང་དུ་འོད་ཟེར་འཕྲོ་བ་དེ། །བུ་ཁྱོད་གདུལ་བྱ་བྱང་ན་ཡོད། །མི་མང་འོད་ནང་རྒྱུག་པ་དེ། །གདུལ་བྱའི་ཉམས་ལེན་ནུས་པར་གོ །ཞེས་གསུངས་པ་སོགས་ལུང་བསྟན་དེ་དག་གི་ནང་ལྟར། འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དུ་མས་སངས་རྒྱས་ཀྱི་བསྟན་པ་བྱང་ཕྱོགས་ཤམྦྷ་ལ་དང་སྒྲ་མི་སྙན་གྱི་མཐའ་བར་དུ་རིམ་གྱིས་དར་བར་མཛད་པའི་

p. 253

ཚུལ་ལ་བསམས་ནས་རྗེས་སུ་ཡི་རང་བྱ་ཞིང་། ངས་ཀྱང་ལུང་བསྟན་དེ་དག་གི་ནང་ལྟར་ཁྱེད་རྣམས་ཀྱིས་གཙོ་བྱས་བྱང་ཕྱོགས་ཁ་བ་ཅན་གྱི་གདུལ་བྱ་མང་པོར་ཕན་ཐོགས་ཚུལ་སོམས་ལ་དད་གུས་དག་སྣང་བྱའོ་ཞེས་སྨྲས། ཡང་ཁོ་ན་རེ། དཔལ་ས་ར་ཧའི་དོ་ཧ་འདི་བོད་སྔ་རབས་པ་ཁ་ཅིག་གིས་ཁས་མི་ལེན་པ་བྱུང་ཡང་། འདི་ཁུངས་བཙུན་པའི་ཚད་ལྡན་གྱི་ལུང་གང་ན་ཡོད་ཟེར་བ་ལ། འོ་དཔལ་ལྡན་ས་ར་ཧའི་དོ་ཧའི་གདམས་པ་འདི་སྟོན་པ་རྡོ་རྗེ་འཆང་གིས། སྤྱན་རས་གཟུགས་ཀྱི་སྤྲུལ་པ་བྱང་སེམས་བདེ་བའི་མགོན་པོ་ལ་གསུངས། དེས་འཕགས་ཡུལ་པའི་གྲུབ་ཆེན་ཐམས་ཅད་ཀྱི་སྤྱི་མེས་ལྟ་བུར་གྱུར་པ། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་གསུངས་པས་གཅིག་ཆར་དུ་གྲོལ་བར་གྲགས། དེས་རྒྱལ་བ་གཉིས་པ་ལྟར་གྲགས་པ་མགོན་པོ་ཀླུ་སྒྲུབ་ལ་གསུངས། འདི་གཉིས་ནི་འཕགས་ཡུལ་པའི་གྲུབ་ཆེན་སྔ་རབས་པ་ཕལ་ཆེ་བའི་བླ་མར་གྱུར་ཅིང་། ཁྱད་པར་ཀླུ་སྒྲུབ་ཀྱིས་ཅིག་ཆར་པའི་ལས་ཅན་མཆོག་ཏུ་གྱུར་ཅིང་གར་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་དཔལ་ཤ་ཝ་རིའི་དབང་ཕྱུག་གྲོལ་བར་མཛད་པ་དང་། དེ་ལ་མངའ་བདག་མི་ཏྲི་པ་ཆེན་པོས་གདམས་པ་མ་ལུས་པ་

p. 254

མནོས་ཏེ། དེ་ནས་མང་དུ་འཕེལ་བར་གསུངས། སངས་རྒྱས་གཉིས་པ་ཇོ་བོའི་ཞལ་ནས། འབྲོམ་འཚང་རྒྱ་བ་ལ་ཉེ་བ་ཞིག་དགོས་ན་གསང་སྔགས་ཟབ་མོ་རྣམས་འདོམས། ཁྱད་པར་དུ་དོ་ཧ་སེམས་ལ་ཚུད། འཚང་རྒྱུ་བ་ལ་དེ་ལས་ཐག་ཉེ་བ་མེད། སྟོན་དུས་ཀྱི་ལོ་ཏོག་ཁམ་རུམ་མེ་བ་དང་འདྲ། གྲུབ་ཐོབ་ཆེན་པོ་རྣམས་ཀྱི་ཉམས་ལེན་ཡིན། ཁྱད་པར་དུ་དོ་ཧ་འདི་ཀུན་བྱས་ན་ལུང་སྟོང་ན་ཕར་ལ་རྣལ་འབྱོར་བཟང་པོ་ཉམས་གར་རྩེ་ཞིང་ཌཱ་མ་རུ་ཁྲོལ་ལེ་བ་འོང་སྲིད་ཅེས་དང་། གསོན་གསང་སྔགས་ཐེག་པའི་ཡང་རྩེ་ཡིན། །སྒོམ་དམ་ཆོས་ཟབ་མོ་དོ་ཧ་དེ། །རྗེ་ས་ར་ཧ་ཡིས་ང་ལ་བྱིན། །བུ་ཐུགས་ཀྱི་དཀྱིལ་དུ་འདི་ཆོངས་གསུངས། །ལ་སོགས་པའི་དོ་ཧའི་བསྔགས་བརྗོད་མང་པོ་གསུངས་སྣང་། རྗེ་རིན་པོ་ཆེས་གསུངས་པའི་རིམ་ལྔ་གསལ་སྒྲོན་ལས། བྲམ་ཟེ་ཆེན་པོའི་དོ་ཧ་སོགས་ཀྱང་སྔར་བཤད་པའི་ལམ་མཐོན་པོའི་སྐབས་དེ་དག་ཏུ་སྤྲོས་པ་གཞན་དོར་ནས། ལྷན་སྐྱེས་ཡེ་ཤེས་ཀྱི་སྐོར་ཉིད་གཙོ་བོར་བྱས་ཏེ་སྐྱོང་དགོས་པའི་ཚུལ་སྟོན་པ་ཡིན་གསུངས། པཎ་ཆེན་རིན་པོ་ཆེས་མཛད་པའི་ཕྱག་ཆེན་ཡང་གསལ་སྒྲོན་མེ་ལས། རྗེ་ཐམས་ཅད་མཁྱེན་པའི་གསལ་སྒྲོན་སོགས་སུ་དོ་ཧ་སོགས་མ་གསུངས་པ་ནི། །སྔགས་ལམ་མཐོན་པོའི་

p. 255

ཉམས་ལེན་ཡིན་གསུངས་པ་བཀའ་གཞན་དུ་མི་འགྱུར་བ་ཡིན་ཏེ་གསུངས། དེས་ན་རྗེ་ཡབ་སྲས་སོགས་སྐྱེས་བུ་དམ་པ་གོང་མ་མང་པོས་དོ་ཧ་སོགས་གདམས་ངག་ཟབ་མོ་རྣམས་གསང་ནས་ཉམས་སུ་བཞེས་ཀྱང་། སྙིགས་དུས་འདིར་གང་ཟག་དབང་པོ་ཡང་རབ་དཀོན་པར་མཁྱེན་ནས། དོ་ཧ་སོགས་ལ་རྩལ་བཏོན་ནས་མ་གསུངས་པར། གང་ཟག་མཆོག་དམན་བར་བ་ཐམས་ཅད་ལ་ཕན་ཐོགས་པའི་ཕྱིར། སྐྱེས་བུ་གསུམ་ཀྱི་ལམ་གྱི་རིམ་པ་སོགས་ལ་རྩལ་བཏོན་ནས་གསུངས་པས། དེང་སང་བསྟན་འགྲོ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་བ་འདི་ཀ་ལགས་བྱས་པས། བཀའ་དྲིན་ཆེ་ཞེས་ཚིག་གི་གཏང་རག་ཕུལ་ནས་ཕྱག་དུ་མ་བྱས་རང་གནས་སུ་སོང་ངོ་། །ཡང་བསླབ་གསུམ་རྒྱན་གྱིས་མཛེས་ཤིང་འཕགས་ནོར་བདུན་གྱིས་ཕྱུག་པའི་སྐལ་ལྡན་སྙིང་གི་སློབ་བུ་ཉང་གི་མཚམས་པ་རྒྱ་མཚོས་ལྷ་རྫས་མཎྜལ་བཅས་ངེས་དོན་ཟབ་མོའི་གདམས་པ་ཞིག་ཞུ་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། །ཟབ་གསལ་ཐུགས་ཀྱི་བུམ་བཟང་དུ། །ཟབ་རྒྱའི་ཆོས་ཀྱི་བདུད་རྩི་འཁྱིལ། །སྣོད་ལྡན་སློབ་མ་ཡོངས་ལ་སྟེར། །མགོན་ཁྱོད་གཏེར་ཆེན་བུམ་བཟང་འདྲ། །བྱང་ཆུབ་ལམ་

p. 256

རིམ་རྔ་བོ་ཆེ། །མཁྱེན་རབ་དབྱུག་གུས་བརྡུང་བའི་ཚེ། །དཀར་ཕྱོགས་ལྷ་མི་དགའ་བས་ཉན། །མགོན་ཁྱོད་ལྷ་ཡི་རྔ་ཆེན་འདྲ། །སྡེ་སྣོད་གསུམ་གྱི་ཤམ་བུས་མཛེས། །རྒྱུད་སྡེ་བཞི་ཡི་ཏོག་གིས་མཚན། །གདུལ་བྱ་ལྷ་ཁང་སྟེང་གི་རྒྱན། །མགོན་ཁྱོད་བསྟན་པའི་རྒྱལ་མཚན་འདྲ། །སྐུལ་ཚིག་བསེར་བུས་བསྐྱོད་ནུས་ན། །རྣམ་དཔྱོད་ཡལ་འདབ་རྒྱས་པ་ལས། །ཞལ་གདམས་དྲི་བཟང་ངད་པ་འཐུལ། །མགོན་ཁྱོད་ཙན་དན་སྡོང་བོ་འདྲ། །དབེན་པའི་ནགས་ཁྲོད་ཉམས་དགའ་འགྲིམས། །ལྷང་ལྷང་གླུ་ཡི་སྐད་སྙན་སྒྲོག །ཐོས་ཚད་གཞན་ཡིད་དབང་མེད་འགུག །མགོན་ཁྱོད་བྱ་རྒྱལ་ཁུ་བྱུག་འདྲ། །ཁྱེད་དང་འདྲ་བའི་དགེ་བའི་བཤེས། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ། །བསྐལ་པ་བྱེ་བ་བསམ་ཡས་པར། །ཡང་ཡང་བཙལ་ཀྱང་རྙེད་པར་དཀའ། །ད་རེ་ལན་ཅིག་མཇལ་བ་ཡང་། །ཚེ་སྔོན་བསྐལ་པ་མང་པོའི་བར། །ཚོགས་བསགས་སྨོན་ལམ་བཏབ་པ་ཡི། །འབྲས་བུ་ཡིན་པར་ད་གཟོད་གོ །ད་ལྟ་མཇལ་བའི་དུས་སྐབས་འདིར། །གདམས་ངག་ཚིག་འགའ་མ་ཞུས་ན། །མ་མཇལ་བ་དང་ཁྱད་ཅི་ཡོད། །རྒྱལ་ཁམས་མི་ལ་ཇི་སྐད་སྒྲོག །ཐོས་པས་ངན་འགྲོར་མི་ལྟུང་ཞིང་། །བསྒོམས་པས་འཁོར་བར་མི་འཁྱམས་པའི། །ངོ་མཚར་ཟབ་མོའི་

p. 257

གདམས་པ་ཞིག །སྦ་གསང་མེད་པར་བསྟན་དུ་གསོལ། །བླ་མེད་བྱང་ཆུབ་མ་ཐོབ་བར། །ཁྱེད་དང་ནམ་ཡང་མི་འབྲལ་ཤོག །བྱང་ཆུབ་ཐོབ་ཀྱང་རིགས་བདག་གི །ཚུལ་དུ་འབྲལ་མེད་སྤྱི་བོར་བཞུགས། །ཞེས་ཕུལ་བའི་ལན་དུ་འདི་སྐད་ཅེས་སྨྲས། འོ་དེ་ཡང་ཚེ་འདིར་བསྟན་འགྲོ་ཡོངས་ཀྱི་དོན་མཛད་སྙམ་པ་ཞིག་གིས་རིག་གནས་ཤེས་བྱའི་ཕྱོགས་ལ་སྦྱངས་ན་བཟང་། ཚེ་ཐུང་ནམ་འཆི་ཆ་མེད་བསམས་ནས་ཚེ་འདི་ལ་རང་གི་ལམ་སྣ་ཟིན་པར་འདོད་པས། དབེན་པའི་གནས་སུ་དོན་ཐོག་ཏུ་དར་ཅིག་བཞག་པ་དགའ་སྟེ། སངས་རྒྱས་གཉིས་པ་ཇོ་བོ་ཆེན་པོས་མཛད་པའི་འཁོར་བ་ལ་སྐྱོ་བའི་གླུ་ལས། བླ་མའི་གདམས་ངག་ཅེས་བྱའི་བདུད་རྩིའི་རོ། །གང་ཞིག་མཉམ་པར་འཇོག་པ་དེ་ཙམ་ཞིག །ཡོངས་སུ་བཙལ་གྱིས་གཞུང་མང་ཅི་ཞིག་དགོས། །དེ་དག་ཡིད་ནི་འཁྲུལ་བར་བྱེད་པའི་རྒྱུ། །ཞེས་གསུངས། དེ་བཞིན་དུ་ཚེ་གཅིག་ལ་གྲུབ་པ་མཆོག་བརྙེས་པའི་དཔལ་ལྡན་ས་ར་ཧ་ཆེན་པོས་མཛད་པའི་དོ་ཧ་རྡོ་རྗེའི་གླུ་ལས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུངས་སེལ་བསིལ་བ་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་

p. 258

པས་གདུངས་ཏེ་འཆི་བར་ཟད། །ཅེས་གསུངས་པ་ལྟར་རིག་ནས་ཤེས་བྱའི་ཕྱོགས་ལ་བློ་མ་འབྲངས་པར། གཅིག་ཤེས་ཀུན་གྲོལ་མདོ་སྔགས་གནད་ཀྱི་གདམས་པ་འདི་ལྟར་ཉམས་སུ་ལོངས་དང་བཟང་། དེ་ཡང་ཚེ་ཐུང་ནམ་འཆི་ཆ་མེད་འཁོར་བའི་ཉེས་དམིགས་རྣམས་སོམས་ལ་མ་གྱུར་འགྲོ་བའི་དོན་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་དེ་ནས་རང་ཉིད་ལྷར་གསལ་བའི་སྤྱི་བོར། རང་ལ་ངེས་དོན་སྟོན་པའི་བླ་མ་དེ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་སྒོམས་ལ་གསོལ་བ་ཐོབ་དབང་བཞི་ལོངས་ཐུགས་ཡིད་གཅིག་ཏུ་བསྲེས། རིག་པ་ཁ་ཡན་དུ་གློད་ལ་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཉིད་ཀྱི་ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་འཇོག་དུས། དཔེར་ན་རི་མཐོན་པོའི་རྩེ་ནས་ནམ་མཁའ་ཡངས་པ་ལ་བལྟས་པ་ལྟར། དམིགས་གཏད་ཆོས་མེད་ཧར་སངས་རྒྱ་ཡན་ཆེན་པོའི་ངང་དུ་ཡངས་ཆོད་དེ་ཐོངས། མཐའ་བྲལ་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་དུ་དགའ་ཡལ་ལེར་གནས་པ་ཞིག་གྱིས་དང་། རྣམ་རྟོག་ཐམས་ཅད་རང་སར་ཡལ་ནས་རྟོགས་པ་ནམ་མཁའ་དང་མཉམ་པ་ཡོང་། དེ་ལྟར་མ་རྟོགས་པའི་མ་གྱུར་འགྲོ་ལ་སྙིང་རྗེ་སྒོམས་ལ་ཕན་

p. 259

པའི་སྨོན་ལམ་ཐོབས། ཕན་གང་ཐོགས་ལ་འབོད་དང་། ཚེ་འདིར་ཡང་རང་གཞན་གྱི་དོན་ཡང་རྒྱ་ཆེན་པོ་ཡོང་། ནམ་ཞིག་འཆི་བ་ཆོས་སྐུ་རུ་གྲོལ་ནས་གཟུགས་སྐུ་འགྲོ་བའི་དོན་ལ་འབྱུང་བར་འགྱུར་རོ། །འདི་ལྟར་སེམས་ངོ་སྐྱོངས་དང་བླ་མའི་ཞབས་ཏོག་ཕ་མའི་དྲིན་གཟོ་སེམས་ཅན་གྱི་འགྲོ་དོན་ལ་འདི་ཁོ་ནས་ཆོག་པ་ཡིན་པས། །སྐལ་ལྡན་སྙིང་གི་སློབ་བུ་ཁྱོད་ཀྱི་སེམས་ལ་ཟུངས་ལ་དགའ་བར་མཛོད་ཅེས་ཉམས་མགུར་འདི་བླངས་སོ། །དགོངས་པ་ཟབ་མོ་ནི་ནམ་མཁའི་ཕ་མཐའ་དང་མཉམ་ཞིང་། །རྟོགས་ལྡན་རྗེ་བཙུན་གྱི་བླ་མ་སྙིང་དབུས་སུ་བཞུགས་ཤིག །སྔོན་བསགས་ལེགས་བྱས་ཀྱི་མཐུ་ལས་མི་ལུས་ནི་ཐོབ་བྱུང་། །སངས་རྒྱས་མི་གཟུགས་སུ་ཤར་བའི་ཆོས་རྒྱལ་དང་མཇལ་སྣང་། །རང་སེམས་ཆོས་སྐུ་ཡི་རང་ཞལ་མངོན་སུམ་དུ་བསྟན་བྱུང་། །མི་བལྟ་སྙམ་ན་ཡང་སེམས་ཉིད་རང་བཞིན་གྱིས་གསལ་སྣང་། །མི་བསྒོམ་སྙམ་ན་ཡང་བདེ་གསལ་སྒོམ་གྱིས་ཚུར་བསྐྱངས་བྱུང་། །མི་སྤྱོད་སྙམ་ན་ཡང་བདེ་སྟོང་ཡེ་ཤེས་རོས་མྱོང་སྣང་། །ལྟ་སྒོམ་སྤྱོད་པ་ལས་ལོག་ན་འབྲས་བུ་ཞིག་མི་གདའ། །བརྟན་པ་ཐོབ་པའི་ཚེ་འབྲས་བུ་ཆོས་སྐུ་དེ་ཡིན་སྣང་། །ཆོས་སྐུའི་

p. 260

དབྱིངས་ལས་ནི་གཟུགས་སྐུ་གྲངས་མེད་ཅིག་བྱུང་ནས། །མཐའ་ཡས་འགྲོ་དོན་རང་བྱེད་པའི་སྨོན་ལམ་ནི་འདེབས་སོ། །བྱ་བཏང་རྣལ་འབྱོར་ང་ཆོས་རྒྱལ་ངག་དབང་ཝང་བུ་རྒྱུད། །ཤུགས་འབྱུང་འགགས་མེད་ཀྱི་ཉམས་དབྱངས་འདི་འདྲ་རང་བླངས་ཡོང་། །ཕྱི་རབས་རྗེས་འཇུག་གི་སློབ་མ་ཡང་སློབ་ཀྱི་ཚོགས་རྣམས། །སེམས་ངོ་སྐྱོང་བཞིན་དུ་འདི་འདྲའི་ཉམས་དབྱངས་འདྲ་ལོངས་ཤིག །ཅེས་པ་འདི་ཡང་སེམས་ལ་ཤར་བ་ལྟར་གདམས་པས་ཁོ་རང་གི་་ལྟ་སྒོམ་ལ་བོགས་ཐོན་རྟོགས་པ་ནམ་མཁའ་དང་མཉམ་སྟེ། དེའི་ངང་ནས་འགྲོ་དོན་བྱས་པས་མཐོང་ཐོས་དྲན་རེག་གི་གདུལ་བྱ་མཐའ་དག་ལ་ཕན་ཐོགས་པའི་སློབ་བུ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་བྱུང་ངོ་། །ཡང་དད་བརྩོན་ཤེས་རབ་སྙིང་རྗེ་ཆེ་བའི་པར་ཡིག་འབྲི་མཁན་སློབ་བུ་བསྐལ་བཟང་སྐྱབས་ཀྱིས་ཁོ་བོ་ལ་ཡང་སྐལ་བ་བཟང་བཟང་བྱས། ཞལ་གདམས་ཤིག་གནང་དགོས་ཞེས་ལྷ་རྫས་རིང་པོ་བཅས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། བསྐལ་པ་སྙིགས་མའི་ཐ་མ་ལ། །སངས་རྒྱས་བསྟན་པ་ཉམས་དམའ་བའི། །སྐབས་འདིར་བོད་ཁམས་སྙིང་རྗེ་ནས། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །ཐ་མལ་མི་ཡི་ཚུལ་དུ་བྱོན། །སྟོད་

p. 261

ཀྱི་གངས་དཀར་ཏེ་སེ་ནས། །སྨད་ཀྱི་མདོ་སྨད་ཨ་མདོའི་བར། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། །ལས་དང་སྐལ་བར་ལྡན་པ་ཡི། གདུལ་བྱ་བྱེ་བ་ཐེར་འབུམ་ལ། །སྟོན་པ་ཐུགས་རྗེ་ཆེན་པོ་ཡི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི །སྙིང་ཁུ་བྱང་ཆུབ་ལམ་རིམ་སོགས། །ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་བསྐོར། །ཐམས་ཅད་མངོན་མཐོ་ལྷ་མི་དང་། །ངེས་ལེགས་ཐར་པ་ཙམ་པ་དང་། །ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི། །གོ་འཕང་མཆོག་ལ་བཀོད་པའི་མོད། །ནུབ་ཕྱོགས་ཛ་ལནྡར་ནས། །ཤར་ཕྱོགས་རྒྱ་མཚོར་ཐུག་གི་བར། །ཁྱེད་ཀྱི་མཚན་དང་སྙན་གྲགས་ཀྱིས། །ནམ་མཁའ་བཞིན་དུ་ཁྱབ་པ་མཚར། །ད་དུང་མགོན་ཁྱོད་བསྐལ་བརྒྱའི་བར། །འགྲོ་བའི་དོནཾ་དུ་ལེགས་བཞུགས་ནས། །མདོ་སྔགས་ཆོས་ཀྱི་འཁོར་ལོ་ནི། །རྒྱུན་འཆད་མེད་པར་བསྐོར་བར་བསྐུལ། །བདག་དང་བདག་འདྲའི་བུ་སློབ་ཀུན། །འདི་ཕྱི་བར་དོའི་གནས་སྐབས་སུ། །ཟབ་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས།། །ནམ་ཡང་འདོར་མེད་གནང་བ་མཁྱེན། །གཞན་གྱི་ཞལ་གདམས་ཞུས་པ་བཞིན། །བདག་ཀྱང་སྐལ་བ་བཟང་བཟང་བྱས། །སེམས་ལ་ཕན་པའི་ཞལ་གདམས་ཤིག །ཞུ་བས་བརྩེ་

p. 262

བས་གནང་དུ་གསོལ། །ཞེས་ཞུས་པའི་ལན་དུ། འདི་སྐད་ཅེས་སྨྲས། ཀྱེ་སྐལ་ལྡན་སྙིང་གི་བུ་ཁྱོད་ཀྱིས་ད་ལྟ་ཡི་གེ་བྲིས་པ་ལ་ཡང་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཏེ། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆང་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསུངས། དེ་བས་ཀྱང་ཚེ་མཇུག་འདིར་སྔོན་བྱོན་གྱི་སངས་རྒྱས་བྱང་སེམས་རྒྱ་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན། ཤིན་ཏུ་ཉམས་དགའ་རིག་པ་དྭངས་པའི་རི་ཁྲོད་དབེན་པའི་གནས་སུ་ཟབ་མོའི་སྒྲུབ་པ་ལ་གཞོལ་དང་། འོད་གསལ་གྱི་ཉི་མ་སྙིང་དབུས་སུ་ཤར་ནས་ཚེ་རབས་གཏན་དུ་བདེ་ཞིང་སྐྱིད་པའི་སྐལ་བ་ཡོད་ཅེས་རང་གི་སེམས་ལ་ཤར་བ་ལྟར་སྐྱོད་པའི་རྒྱངས་གླུ་འདི་བླངས་སོ། །སྣང་སྲིད་འཁོར་འདས་ཆོས་ཀུན་གྱི་འབྱུང་གནས། །མཐའ་བྲལ་ཆོས་དབྱིངས་ཆེན་པོ་ཡི་ཀློང་ནས། །འཁོར་འདས་ལྟད་མོ་ཐམས་ཅད་ལ་གཟིགས་པའི། །ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཚོའི་སྐྱིད་པ། །ཆོས་ཀུན་སྣང་སྟོང་སྒྱུ་མ་རུ་རྟོགས་ནས། །དེ་

p. 263

ལྟར་མ་རྟོགས་འགྲོ་བ་ཀུན་སྙིང་རྗེའི། །བདག་པས་གཞན་གཅེས་བྱང་ཆུབ་སེམས་འབྱོངས་པའི། །སར་གནས་བྱང་ཆུབ་སེམས་དཔའ་ཚོའི་སྐྱིད་པ། །ཕྱི་སྣོད་ཐམས་ཅད་དག་ཞིང་དང་གཞལ་ཡས། །ནང་བཅུད་ལྷ་དང་ལྷ་མོ་རུ་ཤར་ཞིང་། །བདེ་སྟོང་མཆོག་གི་བདུད་རྩིའི་རོས་མྱོས་པའི། །རྒྱ་བོད་མཁས་གྲུབ་ཕོ་མོ་ཚོའི་སྐྱིད་པ། །སྐྱིད་པོ་དེ་ཀུན་རྗེས་སུ་རང་སྙོགས་པའི། །བྱ་བཏང་ཆོས་མཛད་ཕོ་མོ་འདྲ་ཡོད་ན། །དབེན་པའི་གནས་སུ་སྒྲུབ་པ་ལ་གཞོལ་དང་། །འོད་གསལ་ཉི་མ་སྙིང་གབུས་སུ་ཤར་ཡོང་། །ན་སོ་རྒས་རུང་ལུས་སེམས་གཉིས་བདེ་ཚེ། །འདི་དང་འདི་འདྲའི་སྐྱིད་གླུ་འདྲ་ལེན་རྒྱུའི། །སྐལ་བ་བཟང་པོ་ཚེ་མཇུག་འདིར་བྱུང་བ། །དཔལ་ལྡན་བླ་མའི་བཀའ་དྲིན་རང་ལགས་སོ། །ཞེས་བླངས་པས་ཁོ་རང་གི་སེམས་ལ་ཕན་པོ་བྱུང་ནས་ཕྱག་འཚལ། བླ་མའི་གསུང་བཞིན་ཚེ་མཇུག་རི་ཁྲོད་དབེན་པའི་གནས་སུ་ཟབ་མོའི་སྒྲུབ་པ་ལ་གཞོལ་བས་རང་གཞན་གྱི་དོན་གཉིས་འགྲུབ་པའི་རྣལ་འབྱོར་པ་བཟང་པོ་ཞིག་བྱུང་ངོ་།། ཡང་སྐལ་ལྡན་སློབ་བུ་ཀུན་དགའ་དང་དགེ་སློང་སྦྱིན་པ། བཙུན་མ་དོན་གྲུབ་སྒྲོལ་མ་དང་ཆོས་སྒྲོན་སོགས་དད་ཅན་གྲྭ་བཙུན་མང་པོས། ཁྱེད་ཀྱི་ཐུགས་རྒྱུད་ལ་མངའ་བའི་

p. 264

སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ་བདག་གཞན་ཡོངས་ཀྱི་རྒྱུད་ལ་སྐྱེ་བའི་ཟབ་མོའི་གདམས་པ་ཞིག་གསུང་དགོས་ཞེས་ཞུས་པའི་ལན་དུ་མགུར་དབྱངས་འདི་བླངས་སོ། །རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །དཔེ་ཡིད་བཞིན་ནོར་བུ་བསམ་འཕེལ་འདྲ། །རྗེ་བླ་མས་སེམས་ངོ་སྤྲོད་པ་དེ། །དཔེ་ལོང་བའི་མིག་གཉིས་ཕྱེས་པ་འདྲ། །སྤྱིར་འཁོར་འདས་ཆོས་རྣམས་མ་ལུས་པ། །དཔེ་སྣང་སྟོང་བར་སྣང་འཇའ་ཚོན་འདྲ། །ཕྱོགས་ཀུན་ཁྱབ་འགྱུར་མེད་སེམས་ཀྱི་དབྱིངས། །དཔེ་སྟོང་གསལ་ནམ་མཁའི་དབྱིངས་རུམ་འདྲ། །དེའི་ངང་ལ་མཉམ་པར་བཞག་ཙ་ན། །དཔེ་ཁྱུང་ཆེན་མཁའ་ལ་ལྡིང་བ་འདྲ། །མཉམ་བཞག་ནས་བྱིང་རྒོད་བྲལ་བའི་ཚེ། །དཔེ་སྤྲིན་མེད་དྭངས་པའི་ནམ་མཁའ་འདྲ། །དེའི་ངང་ནས་སྙིང་རྗེ་འཆར་བ་དེ། །དཔེ་མཁའ་ལས་ཉི་མ་ཤར་བ་འདྲ། །སེམས་སྟོང་ཉིད་སྙིང་རྗེ་མི་འབྲལ་བ། །དཔེ་ནམ་མཁའ་ཉི་མ་མི་འབྲལ་འདྲ། །སྙིང་རྗེ་ཡིས་འགྲོ་ལ་ཕན་པ་དེ། །དཔེ་ཉི་མས་འགྲོ་ལ་ཕན་པ་འདྲ། །ཕའི་རྒྱུད་ཀྱི་སྟོང་ཉིད་སྙིང་རྗེ་འདི། །བུ་ཀུན་གྱི་རྒྱུད་ལ་སྐྱེ་བར་ཤོག །ཅེས་བླངས་པས་སྐལ་ལྡན་སློབ་མ་རྣམས་ཀྱི་སེམས་ལ་ཕན་པོ་བྱུང་ངོ་། །དེ་ནས་སྐལ་ལྡན་སློབ་བུ་ཀུན་དགའ། དགེ་སློང་སྦྱིན་པ་གཉིས་ཡར་དབུས་གཙང་ཞིང་དུ་འགྲོ་རྒྱུ་བྱས། ངས་

p. 265

དབུས་གཙང་དག་པའི་ཞིང་གི་སློབ་མ་ཡོན་བདག་རྣམས་ཀྱིས་འདིར་མཚམས་རྟགས་བསྐུར་པའི་འབྱོར་ལན་དུ་སྤྲིང་ཡིག་བདེ་སྐྱིད་ཉི་མ་རང་འཆར་ཞེས་བྱ་བ་འདི་ཕུལ། །ཐུགས་རྗེ་ཉེ་རིང་མི་མངའ་བའི། །སྐྱབས་མགོན་རྒྱལ་བ་ཡབ་སྲས་ལ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །བརྩེ་བའི་མ་ཡིས་རྒྱངས་རིང་ནས། །བུ་ལ་སྙིང་གཏམ་བསྐུར་པ་བཞིན། །བདག་ཀྱང་སློབ་མ་སྦྱིན་བདག་ལ། །བརྩེ་བའི་སྙིང་གཏམ་བཤད་ཀྱིས་ཉོན། །བླ་མ་དཀོན་མཆོག་ཐུགས་རྗེ་ཡིས། །ཁྱེད་རྣམས་བདེ་བའི་གཏམ་སྙན་དང་། །ཡི་གེ་རྟེན་བཅས་འབྱོར་བའི་མོད། །དངོས་སུ་མཇལ་འདྲའི་དགའ་སྤྲོ་ཤར། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །རྒྱལ་བ་ཡབ་སྲས་ཐུགས་རྗེ་ཡིས། །ཐམས་ཅད་བདེ་ཞིང་སྐྱིད་པའི་སྒོས། །དམ་པའི་ཆོས་ལ་སྤྱོད་བཞིན་མཆིས། །ངོ་མཚར་དབུས་གཙང་ཆོས་ཡུལ་གྱི། །ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་དང་། །སྐྱབས་མགོན་རྒྱལ་བ་ཡབ་སྲས་སོགས། །དྲན་ཚེ་མཇལ་འདོད་ཡིད་ལ་ཤར། །བདག་ནི་དབུས་གཙང་དག་ཞིང་དུ། །ལན་གཉིས་ཆས་ཀྱང་ཡུལ་ཕྱོགས་འདིའི། །གདུལ་བྱ་དད་ཅན་ཐམས་ཅད་ཀྱིས། །བཤོལ་བཏབ་འོང་དུ་མ་

p. 266

བཅུག་ཚེ། །དངོས་སུ་འགྲོ་རུ་མི་འཇུག་ན། །ལྐོག་ཏུ་བྲོས་ནས་འགྲོ་ངེས་ཞེས། །བཤད་ཚེ་ཕལ་ཆེར་གྲོས་མཐུན་སྒོས། །འབྲུག་ལོ་ཚུན་ལ་གཏོང་རྩིས་ཡོད། །དེ་དུས་ཡོང་འདྲ་མ་ཐུབ་ན། །དེ་རྗེས་དབུས་སུ་འོང་འདོད་ཀྱང་། །སྒྱུ་ལུས་རྒས་པས་ལམ་སྐབས་སུ། །ཚ་གྲང་མི་ཐེག་འོང་མི་ནུས། །དེ་ཕྱིར་གྲྭ་བཙུན་གཞོན་པ་ཚོ། །བླ་མའི་གདན་ས་མཇལ་བ་དང་། །ས་བལྟ་ཡུལ་བལྟའི་ཕྱིར་དུ་ཡང་། །ལན་རེ་མཇལ་དུ་འོང་ཐུབ་ལྟོས། །གལ་ཏེ་འོང་འདྲ་མ་ཐུབ་ན། །དབེན་པར་ཚེ་དང་སྒྲུབ་པ་སྙོམས། །ངས་ཀྱང་མི་བརྗེད་སེམས་ལ་འཇོག །ཁྱེད་རྣམས་རྒྱུན་དུ་གསོལ་བ་ཐོབ། །ངེད་རྣམས་དངོས་སུ་མ་མཇལ་ཡང་། །གཅིག་གཅིག་གནས་ཚུལ་གོ་བའི་ཚེ། །སེམས་ལ་དགའ་སྤྲོ་འཆར་བར་གདའ། །དངོས་སུ་མཇལ་དང་ཁྱད་ཅི་ཡོད། །ད་དུང་མ་ཤི་ཚུན་ཆད་ལ། །སྐབས་རེ་གནས་ཚུལ་ཡི་གེ་གཏོང་། །ལན་དུ་ཡི་གེ་རྒྱས་པ་རེ། །ཐོངས་དང་མཚམས་རྟགས་མཆོག་ཏུ་གདའ། །ད་དུང་ལོ་གསུམ་ཚུན་ཆད་ལ། །ཡིད་མ་ཆད་པར་ཨང་ཉན་གྱིས། །སེམས་ན་ལན་ཅིག་མཇལ་ཡོང་སྙམ། །མྱུར་དུ་མཇལ་བའི་སྨོན་ལམ་འདེབས། །གལ་ཏེ་ཚེ་འདིར་མ་མཇལ་ན། །ཕྱི་མར་མངོན་དགའི་ཞིང་ཁམས་སོགས། །གང་འདོད་དག་པའི་ཞིང་ཁམས་ནས། །མཇལ་ནས་འབྲལ་མེད་

p. 267

འགྲོགས་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་ཤིང་། །རྒྱལ་བའི་སྐུ་ཚེ་རིང་བ་དང་། །བོད་ཁམས་ཀུན་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བའི་བཀྲ་ཤིས་ཤོག །ཅེས་པ་དང་། ཡང་མངའ་རིས་ཕྱོགས་ཀྱི་དད་ཅན་སློབ་མ་ཡོན་བདག་རྣམས་ལ་སྙིང་གཏམ་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཕུལ། །འདི་ཕྱིའི་སྐྱབས་མགོན་བླ་མ་དང་། །བསླུ་མེད་དཀོན་མཆོག་རིན་ཆེན་ལ། །རབ་ཏུ་གུས་པས་གསོལ་བ་འདེབས། །བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབ། །བླ་མ་མཆོག་གསུམ་ཐུགས་རྗེ་ཡིས། །ཁྱེད་རྣམས་ལུས་སེམས་རབ་བདེ་ཞིང་། །རྣམ་དཀར་དགེ་ལ་གཞོལ་བའི་གཏམ། །ཐོས་པས་དགའ་ཞིང་སྤྲོ་བ་སྐྱེས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱང་། །བླ་མ་ལྷ་ཡི་བྱིན་མཐུ་ཡིས། །སྒྱུ་ལུས་བདེ་ཞིང་བསྟན་འགྲོ་ལ། །ཕན་པའི་ལྷག་བསམ་གོང་འཕེལ་མཆིས། །ད་ནི་ཕན་པའི་སྙིང་གཏམ་ལ། །ཚེ་རབས་ཀུན་ཏུ་བདེ་བའི་ཕྱིར། །མི་དགེ་སྤོངས་ལ་དགེ་བ་སྒྲུབས། །རྒྱུན་དུ་བསམ་པ་བཟང་པོ་གྱིས། །རྣལ་འབྱོར་བདག་གིས་ཁྱེད་རྣམས་ཀུན། །འདི་ཕྱི་ཀུན་ཏུ་བདེ་བའི་ཕྱིར། །སྐྱབས་འཇུག་བསྔོ་སྨོན་གང་ཤེས་བྱ། །ཡང་ཡང་མཇལ་བའི་སྨོན་ལམ་འདེབས། །མི་ལོ་སྟོང་ཕྲག་ཐུབ་པ་ཡི། །བྱང་ཕྱོགས་

p. 268

སྒྲ་མི་སྙན་གྱི་ལུགས། །འཆི་བ་མེད་པའི་རང་གཟུངས་སྒོས། །བསྒྲུབས་པའི་ཚེ་རིལ་བཅས་ཏེ་ཕུལ། །སྙིང་གཏམ་ཚངས་པའི་སྒྲ་དབྱངས་འདི། །མཐོང་ཐོས་རྒྱུད་ལ་ཕན་ཐོགས་ཤིང་། །ཆོས་དང་བཀྲ་ཤིས་ཆེན་པོ་ཡིས། །དབུས་གཙང་མངའ་རིས་ཁྱབ་གྱུར་ཅིག ། ཅེས་པ་དང་། ཡང་རོང་མཚམས་ཀྱི་དད་ཅན་སློབ་མ་ཡོན་བདག་ཡོངས་ལ་ཕན་པའི་བསླབ་བྱ་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ཕུལ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཆོད། །སྐལ་ལྡན་སློབ་མ་སྦྱིན་བདག་ལ། །མཆོག་མཐུན་དངོས་གྲུབ་ཆར་བཞིན་ཕོབ། །བླ་མ་མཆོག་གསུམ་ཐུགས་རྗེ་ཡིས། །སྐལ་ལྡན་སློབ་མ་ཡོན་བདག་རྣམས། །རབ་ཏུ་བདེ་ཞིང་སྐྱིད་པའི་གཏམ། །གོ་བས་དགའ་ཞིང་སྤྲོ་བ་སྐྱེས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱང་། །བླ་མ་ལྷ་ཡི་ཐུགས་རྗེ་ཡིས། །ལུས་བདེ་སེམས་བཟང་དགེ་སྦྱོར་འཕེལ། །བསྟན་འགྲོའི་དོན་ཆེན་སྒྲུབ་བཞིན་མཆིས། །དད་ལྡན་སློབ་མ་ཡོན་བདག་ལ། །སྔོན་ཆད་མང་པོ་སྨྲས་ཟིན་པས། །ད་ནི་དགེ་བའི་གསལ་འདེབས་སུ། །ཕན་པའི་བསླབ་བྱ་ཅུང་ཟད་སྨྲ། །བླ་མ་མཆོག་གསུམ་ཡིད་བཞིན་ནོར། །ཡི་དམ་ལྷ་མཆོག་དཔག་བསམ་ཤིང་། །མཁའ་འགྲོ་ཆོས་སྐྱོང་བུམ་

p. 269

བཟང་གསུམ། །མཆོད་བསྟོད་བཀུར་དང་དངོས་གྲུབ་འབྱུང་། །སྡོམ་གསུམ་ཡིད་བཞིན་ནོ་བུ་ལ། །དྲན་ཤེས་བྱི་དོར་ཡང་ཡང་གྱིས། །ཉེས་ལྟུང་དྲི་མས་མ་གོས་ན། །འདི་ཕྱིའི་བདེ་སྐྱིད་དགོས་འདོད་འབྱུང་། །སེམས་ཉིད་ཀ་ལ་པིངྐའི་བྱ། །ཚོགས་གཉིས་འདབ་གཤོག་རྒྱས་སུ་ཆུག །རྣམ་མཁྱེན་མཁའ་ལ་ལེགས་འཕུར་ནས། །ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་ངེས། །ཕ་རྒན་བདེ་བར་ཡོད་པའི་རྟགས། །ཁྱེད་རྣམས་དད་པའི་རྟེན་ཙམ་དུ། །སྐྲ་ལོ་གོས་ཀྱི་ཚལ་བུ་དང་། །བྱིན་རྟེན་སྲུང་མདུད་བཅས་ཏེ་ཕུལ། །དེ་ལྟར་ཕུལ་བའི་བསོད་ནམས་མཐུས། །སློབ་མ་ཡོན་བདག་ཐམས་ཅད་ཀྱིས། །བསམ་དོན་ཆོས་བཞིན་འགྲུབ་པ་དང་། །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ཤོག །ཅེས་པ་དང་། ཡང་དད་ཅན་ཆོས་དྲུང་སོགས་སློབ་མ་ཡོན་བདག་འགའ་ཞིག་ལ་ཕན་པའི་བསླབ་བྱ་འདི་ཡང་ཕུལ། འཁོར་བ་སྙིང་པོ་མེད་པའི་ཚུལ་བསམས་ནས། །ཆོས་བཞིན་མཛད་པའི་བླ་མ་རྣམས་ལ་འདུད། །ཀུན་གྱིས་སྙིང་པོ་མེད་པའི་ནོར་རྫས་ཀྱིས། །ཆོས་བྱས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད། །ཁྱིམ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །དྲིན་ཅན་ཕ་མ་ཉེ་

p. 270

འབྲེལ་འདས་པ་ལ། །མྱ་ངན་མ་བྱེད་ཕན་པའི་དགེ་བ་ཐོངས། །ཚེ་འདས་སླར་ཡང་མི་ལུས་གཙང་མ་ཐོབ། །བླ་མ་ཆོས་གྲོགས་བཟང་དང་མཇལ་བར་ངེས། །ངེད་རྣམས་ས་ཐག་རིང་པོས་བར་ཆོད་ནས། །མི་འཕྲད་པ་ལ་སེམས་ཁྲལ་བྱེད་མི་དགོས། །བླ་མ་ཁ་ཐག་རིང་ཡང་སེམས་ཐག་ཉེ། །ཟེར་བཞིན་སྙིང་ནས་གསོལ་བ་འདེབས་ནུས་ན། །བྱིན་རླབས་ལ་ཡང་རྒྱངས་ནི་རིང་ཐུང་མེད། །དད་པ་ཅན་ལ་མཇལ་བའི་སྣང་བ་ཡོང་། །ཁས་བླངས་སྡོམ་པ་དམ་ཚིག་ཉམས་པ་ཡི། །བླ་མའི་དྲུང་ནས་བཤགས་རྒྱུ་མ་བྱུང་ཡང་། །གནས་ཆེན་རྟེན་བཟང་བླ་མ་གཞན་དྲུང་ནས། །སྙིང་ནས་བཤགས་པ་གྱིས་དང་འདག་པར་འགྱུར། །རྒྱུན་དུ་བྱམས་དང་སྙིང་རྗེ་ཆེན་པོའི་སྒོས། །ཡུལ་མི་ཁྱིམ་མཚེས་གནས་སྐོར་ངན་སློང་སོགས། །ཉམ་ཐག་འགྲོ་བ་ཡོངས་ལ་སྦྱིན་པ་ཐོངས། །དཀོན་མཆོག་མཆོད་པ་ཙམ་གྱིས་ཕན་ཡོན་ཡོང་། །འདི་ནས་བདག་གིས་ཁྱེད་རྣམས་ཐམས་ཅད་ལ། །འདི་ཕྱི་ཀུན་ཏུ་ཕན་པའི་སྐྱབས་འཇུག་བྱ། །ཚེ་རབས་ཀུན་ཏུ་བླ་མས་རྗེས་འཛིན་ཅིང་། །ཚེ་བསོད་ཉམས་རྟོགས་ཡོན་ཏན་རྒྱས་པར་ཤོག །ཅེས་ཕུལ། གཞན་ཡང་སྐྱབས་མགོན་པཎ་ཆེན་རིན་པོ་ཆེའི་གསུང་ཤོག་འབྱོར་ལན་དང་། བླ་མ་སྦྱིན་

p. 271

པ་ནོར་བུ། ལོ་ཆེན་པ། རྩི་ཆང་དགའ་སོགས་དད་ཅན་སློབ་མ་ཡོན་བདག་སོ་སོར་འབྱོར་ལན་ཡི་གེ་བྲིས། ཡིག་རྟེན་གང་ཡོད་བཞག་རྒྱ་བརྒྱབ་ནས་འགྲོ་མཁན་གཉིས་ལ་སྤྲད། ཁལ་རྟ་བྲོ་ཆས་ཡག་པོ་བྱིན་ནས། ཟླ་བ་བཞི་བའི་ཚེས་པ་བཅུ་གཅིག་གི་ཉིན་དབུས་ཕྱོགས་སུ་སོང་ངོ་། །ཡར་སླེབས་ནས་དབུས་གཙང་མངའ་རིས་བར་གྱི་སློབ་མ་ཡོན་བདག་ཡོངས་ལ་སྤྲིང་ཡིག་དང་འབྱོར་ལན་རྣམས་སྤྲད་པས་དངོས་མཇལ་ལྟ་བུའི་དགའ་སྤྲོ་ཚད་ལས་འདས་པ་བྱུང་ངོ་། །བདག་གིས་ཀྱང་ལྔ་བ་ཚེས་ནས་དད་ཅན་ཡོན་བདག་རྒན་རྒྱའི་རིང་ངན་དང་། ཨ་བར་ཐེའུ་ཞོ་འོང་ལ་སྟེང་འོག་གི་འབྲོག་པ་རྣམས་ལ་འགྲོ་དོན་ལ་སོང་ནས་ཆོས་ཀྱང་འདི་ལྟར་བཤད། འོ་སྐོལ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་ཡིད་བཞིན་གྱི་ནོར་ལས་ལྷག་པ་འདི་ཉིད་ཐོབ་པའི་དུས་འདིར། ཚེ་འདིར་ཡུན་རིང་པོ་ཞིག་བསྡད་ཡོང་སྙམ་པའི་བློ་རྒྱ་མི་བསྐྱེད་པར། ནམ་ཞིག་ལ་ཤི་འགྲོ་ཅི་ཤེས་སེམས་ལ་ཚེ་ཕྱི་མར་ཕན་པའི་ཆོས་གྱིས། ཆོས་བྱེད་ཚུལ་མང་ན་ཡང་ཁྱེད་རྣམས་ཀྱིས་སེམས་ཅན་གཞན་ལ་གནོད་པའི་བསམ་སྦྱོར་སྤོངས་ལ། ཕན་པའི་བསམ་སྦྱོར་གོང་འཕེལ་དུ་ཐོངས། ཁྱད་པར་སྲོག་གཅོད་ཀྱི་སྡིག་པ་ལ་འཛེམ། ཚེ་ཐར་དང་མཆོད་སྦྱིན་གང་ཐུབ་

p. 272

ཐོངས། ཉིན་རེ་བཞིན་ཕྱག་མཆོད་དང་སྐོར་བ་མ་ཎི་ལ་སོགས་པའི་ཁ་ཏོན་ལ་བརྩོན། དུས་རྒྱུན་དུ་མ་གྱུར་སེམས་ཅན་ལ་བྱམས་སྙིང་རྗེ་ཕན་སེམས་སྦྱོངས་དང་། གནས་སྐབས་སུ་ལྷ་མིའི་གོ་འཕང་ཐོབ་ནས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་ངེས་པས། དེས་ན་མི་ལུས་ཐོབ་པ་དམ་པའི་ཆོས་ཀྱི་སྒོ་ནས་དོན་ལྡན་རེ་མཛོད་ཅིག་ཅེས་མགུར་དབྱངས་འདི་བླངས་སོ། །སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །དེ་གཅིག་ཏུ་བསྡུས་པའི་བདག་ཉིད་མཆོག །ཕ་ཆོས་རྒྱལ་ངག་གི་དབང་པོ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མགོན་རྒྱལ་བསྟན་དར་བའི་ཡུལ་དུ་སྐྱེས། །རྗེ་མཚན་ལྡན་བླ་མ་མང་པོར་མཇལ། །ཆོས་ཟབ་རྒྱའི་གདམས་པ་ཐོབ་དུས་འདིར། །རང་གཏན་བདེའི་གོ་འཕང་སྒྲུབ་རེ་རན། །སྔོན་སྟོན་པས་དམ་ཆོས་མང་གསུངས་ཀྱང་། །ལས་རྒྱུ་འབྲས་གནད་ལ་ཆོས་ཀུན་འདུས། །ཚིག་མང་པོ་ཤེས་པའི་ཁ་ན་མེད། །དོན་རང་སེམས་འདུལ་བ་མན་ངག་ཡིན། །ལས་སྡིག་པ་ཆུང་ངུ་བྱས་པས་ཀྱང་། །རྒྱུན་རིང་པོར་བཟོད་དཀའི་སྡུག་བསྔལ་འབྱུང་། །དོན་དེ་ཕྱིར་སྲོག་ལ་བབ་ན་ཡང་། །ལས་སྡིག་པ་ཆུང་ངུ་ཡིན་ཡང་འཛེམ། །ལས་དགེ་བ་ཆུང་ངུ་བྱས་པས་ཀྱང་། །འཕྲལ་

p. 273

ཕན་ཞིང་ཕུགས་སུ་བདེ་བ་སྟེར། །དོན་དེ་ཕྱིར་ཉི་མ་རེ་རེ་བཞིན། །ལས་དགེ་བ་ཆུང་ངུ་ཡིན་ཡང་སྒྲུབས། །དུས་རྒྱུན་དུ་མ་གྱུར་སེམས་ཅན་ལ། །བྱམས་སྙིང་རྗེ་ཕན་པའི་སེམས་སྦྱོངས་དང་། །དུས་གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །གླུ་འདི་ཉིད་བླངས་པའི་དགེ་ཚོགས་རྣམས། །མ་འགྲོ་བ་ཡོངས་ལ་ཕན་ཕྱིར་བསྔོ། །དེའི་མཐུ་ལས་འགྲོ་ཀུན་བདེ་ཞིང་སྐྱིད། །མཐར་གཏན་བདེའི་སངས་རྒྱས་འཐོབ་པར་ཤོག །ཅེས་བླངས་པས་ཀུན་དད་པ་ཆེར་སོང་། རྟ་དྲེའུ་མཛོ་མཛོ་མོ་འབྲི་གཡག་ལྔ་བཅུ་ལུག་བརྒྱ་ལྷག་གཞན་ཡང་རྒྱུ་ནོམ་པ་མང་པོ་འབུ་མཁན་བྱུང་། དེ་དུས་མགར་རྩེ་བྱམས་ཆེན་གྱི་སྟེང་གི་གྱོ་མག་རྣམས་ཆག ཤིང་ཆ་རུལ་ནས་ཐིགས་པ་རྒྱག་པ་མཐོང་ནས་སླར་ཉམས་གསོ་བྱས། དེ་ལ་རྒྱུ་ནོམ་པའི་འགྲོ་དགོས་མང་པོ་བཏང་། དེའི་ལོ་རྗེས་མ་དེ་ལ་མཚམས་ལ་བསྡད། ཁྱུང་དགོན་སྤྲུལ་སྐུ་དང་། དགུ་རོང་སྤྲུལ་སྐུ། དམག་གསར་སྲས་པོ་མི་བསྐྱོད་རྡོ་རྗེ། རྐང་ཚའི་བློ་བཟང་སོགས་སློབ་མ་མང་པོ་མཚམས་ལ་བསྡད་ཉམས་ལེན་གང་ནུས་བྱས་པས་ཉམས་རྟོགས་ཡོན་ཏན་སྐྱེས་པ་མང་པོ་བྱུང་། དེའི་སོས་ཀ་བཀྲ་ཤིས་འཁྱིལ་བའི་

p. 274

འདུ་ཁང་ལ་རྡོ་བརྩིགས་བརྒྱབ། རྡོ་བཟོ་ཤིང་བཟོ་སོགས་ལས་བྱེད་པ་རྣམས་ཀྱི་ལྟོ་ཆས་ལ་རྐྱལ་མར་ཆེ་ཆུང་བཅུ། ཇ་ལན་ཆེན་གསུམ། ཕྱེ་རྩམ་དོ་བོ་ལྔ་བཅུ། ཡོན་ལ་དངུལ་སྲང་ལྔ་བཅུ་ཙམ་གྱི་རྒྱུ་ནོམ་པ་བྱིན་པས་དགའ་སོང་། དེའི་དབྱར་ཁ་ལྔ་བའི་ནང་ལ་སྔོན་ལས་ངན་པ་དང་འཕྲལ་རྐྱེན་གྱོད་འདྲེ་ངན་པ་མི་འགའ་རེའི་སྙིང་ལ་ཞུགས་ནས། རོང་བོ་དང་བླ་བྲང་གི་སྡེ་རྣམས་འཁྲུག ཕན་ཚུན་གྱི་མི་དང་དུད་འགྲོ་མང་པོ་བསད། དེ་ལ་ཐུགས་སྐྱོ་ནས་ཤར་ཐམས་ཅད་མཁྱེན་པ་གློ་བུར་དུ་ཞིང་གཤེགས་སོང་བས་རེ་གོང་གི་བླ་མ་དཔོན་པོ་སྐྱ་སེར་ཕོ་མོ་ཡ་རབས་དད་ཅན་རྣམས་ཀྱིས་ད་རེབ་གོང་ཕྱོགས་ལ་ཉི་མ་ནུབ་སོང་། ཞེས་མྱ་ངན་སེམས་སྡུག་གིས་ཡིད་གདུངས་པའི་ཤུགས་ཀྱིས་མཆི་མ་འདོན་མཁན་མང་པོ་བྱུང་། ངས་ཀྱང་གོ་ནས་སེམས་སྐྱོ་བའི་ཤུགས་ཀྱིས་སྤྲུལ་སྐུ་མྱུར་འབྱོན་གྱི་གདུང་དབྱངས་འདི་བླངས་སོ། །ཕྱག་ན་པདྨ་སྙིགས་དུས་གདུལ་བྱའི་ངོས། །ངུར་སྨྲིག་འཆང་བའི་ཚུལ་འཛིན་སྐྱབས་མགོན་རྗེ། །མི་མངོན་དབྱིངས་ནས་མགོན་མེད་གདུལ་བྱ་ཡི། །མྱ་ངན་གདུང་བའི་དབྱངས་འདི་ཡུད་ཙམ་དགོངས། །ཁྱེད་སྐུ་ཉི་མ་གློ་བུར་ནུབ་སོང་བ། །ཀུན་གྱི་ཡིད་ལ་ཝལ་ལེར་དྲན་པའི་མོད། །མིག་ནས་མཆི་མ་ཆར་བཞིན་

p. 275

འབབ་པ་འདི། །གཟིགས་ནས་ཐུགས་ཀྱིས་བཟོད་དམ་སྙིང་རྗེ་གཏེར། །སྐྱབས་མགོན་ཡིད་བཞིན་ནོར་བུ་མེད་ཤུལ་དུ། །དད་ལྡན་ལྟོས་བཅས་རེ་བ་སུ་ཡིས་སྐོང་། །ཀྱེ་མ་ཀྱེ་ཧུད་གདུལ་བྱ་སྙིང་རྗེ་ནས། །སླར་ཡང་སྤྲུལ་སྐུ་འབྱོན་པར་མཛད་དུ་གསོལ། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་སྐུ་ཡི་གྲིབ་མ་བཞིན། །རྗེས་སུ་འབྲངས་ཤིང་གསུང་གི་བདུད་རྩི་ལ། །ངོམས་པ་མེད་པར་ལོངས་སུ་སྤྱོད་པར་ཤོག །ཅེས་བླངས་པས་གཞན་དད་ཅན་སྐྱ་སེར་འགའ་ཞིག་གིས་ཁྱེར་ནས་གདུང་མདུན་ནས་བཏོན་པས། མིག་ནས་མཆི་མ་གཏོང་མཁན་མང་པོ་བྱུང་སྐད། དེའི་རྗེས་སུ་ཉིན་ཅིག་སྐྱབས་མགོན་མཆོག་དེ་དྲན་ནས་ཡང་རང་ལ་ཕན་ཕྱིར་སྐྱོ་མགུར་འདི་བླངས་སོ། །། བོད་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས། །ཕྱི་ངུར་སྨྲིག་གར་གྱི་རྣམ་རོལ་པ། །ཤར་ཐམས་ཅད་མཁྱེན་པ་ཞེས་གྲགས་པའི། །ཕ་བླ་མ་ཁྱེད་ལ་གསོལ་བ་འདེབས། །ངེད་གདུལ་བྱ་རྟག་འཛིན་ཅན་གྱི་རིགས། །ཆོས་བསྐུལ་ཕྱིར་སྐུ་ན་གཞོན་ཐོག་འདིར། །སྐུ་མི་རྟག་གློ་བུར་གཤེགས་ཚུལ་བསྟན། །འདི་བསམ་ཞིང་སྐྱོ་བ་གཏིང་ནས་སྐྱེས། ་།ཁོང་སྐྱེ་འཆིར་དབང་ཐོབ་རྗེ་བཙུན་ཀྱང་། །སྐུ་མི་རྟག་འཇིག་པའི་ཚུལ་སྟོན་ན། །ལས་

p. 276

ཉོན་མོངས་གཞན་གྱི་དབང་གྱུར་པའི། །སྤྲང་རང་ཉིད་འཆི་བ་སྨོས་ཅི་དགོས། །དོན་དེ་ཕྱིར་མདོ་མེད་སྙོམས་ལས་པ། །རྗེ་སྐྱབས་མགོན་ཞིང་གཞན་གཤེགས་པ་འདི། །ཆོས་མི་རྟག་སྟོན་པའི་སློབ་དཔོན་དུ། །རང་ཤེས་པར་གྱིས་ལ་ཉམས་ལེན་རེམས། །ཆོས་ཉམས་སུ་ལེན་ན་མང་མི་དགོས། །མཆོག་སངས་རྒྱས་གོ་འཕང་འཐོབ་པའི་ཕྱིར། །ལུས་ལྷར་བསྒོམ་ངག་གིས་བཟླས་བརྗོད་གྱིས། །སེམས་གསལ་སྟོང་འཛིན་མེད་ངང་ལ་ཞོག །དགེ་འདིས་མཚོན་དུས་གསུམ་གང་བསགས་པ། །རྗེ་བླ་མའི་ཐུགས་དགོངས་རྫོགས་ཕྱིར་བསྔོ། །སླར་སྤྲུལ་སྐུ་གསལ་པོ་མྱུར་བྱོན་ནས། །རང་གཞན་ཀུན་རྗེས་སུ་འཛིན་པར་ཤོག །ཅེས་བླངས་ནས། ད་སྤྲུལ་སྐུ་རེ་བྱུང་ན་སྙམ་རེ་བ་བྱས་པ་བཞིན་ཆུ་བཟང་དུ་འཁྲུངས་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པ་ཞིག་བྱུང་། ཡང་འཕགས་པའི་ནོར་གྱིས་ཕྱུག་པའི་ཧོར་རྒྱུའི་སྐུ་སྐྱེས་དང་། བསླབ་གསུམ་རྒྱན་གྱིས་མཛེས་པའི་ཡེ་ཤེས་དར་རྒྱས་གཉིས་ཀྱིས། ཉིན་ཅིག་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་སྐྱབས་མགོན་རྡོ་རྗེ་འཆང་ལ་ཞུ་བ། སྙིགས་དུས་ཚེ་ཐུང་ནམ་འཆི་ཆ་མེད་ལ་ཆོས་མང་པོ་ཤེས་རུང་བསྒོམ་ལོ་མི་འདུག་པས། ད་ནི་རྗེ་མི་ལ་ཡབ་སྲས་སོགས་བཀའ་བརྒྱུད་གོང་

p. 277

མའི་ཐུགས་དམ་གྱི་མཐིལ། གཅིག་ཤེས་ཀུན་གྲོལ་འོད་གསལ་ཕྱག་རྒྱ་ཆེན་པོའི་གནད་ཀྱི་གདམས་ངག་ཅིག་གནང་དུ་གསོལ་ཞེས་སླར་ཡང་ཞུ་དོན་གླུ་རུ་ཕུལ་བ། བསླབ་པ་གསུམ་དང་རིམ་གཉིས་ཀྱི། །རྟོགས་པའི་ཆོས་ཀྱི་ནོར་བུའི་གཏེར། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །ལུང་གི་ཆོས་ཀྱི་ནམ་མཁའི་མཛོད། །མཁས་གྲུབ་གཉིས་འཛོམ་ཁྱེད་འདྲ་བ། །དེང་སང་འཛམ་གླིང་འདི་ན་དཀོན། །བསོད་ནམས་ཅན་ཞིག་མ་གཏོགས་པ། །གཞན་མ་ཁྱེད་དང་མཇལ་བ་དཀའ། །ངོ་མཚར་སྐྱེས་མཆོག་རིན་པོ་ཆེ། །ཁྱེད་ལ་ངེད་གཉིས་མཇལ་ལུགས་ཀྱིས། །སྐལ་ལྡན་བུ་གཉིས་ཡིན་ནམ་སྙམ། །རབ་ཏུ་དགའ་ཞིང་སྤྲོ་བ་སྐྱེས། །མགོན་ཁྱེད་ཉམས་ལ་ཤར་བ་ཡི། །ངེས་དོན་ཉམས་མགུར་གསུང་དུ་གསོལ། །ཁྱེད་ཀྱི་ཉམས་མགུར་ནང་བཞིན་དུ། །ངེད་གཉིས་ཉམས་སུ་ལེན་པར་བྱ། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ཀྱིས། །རྗེས་སུ་འཛིན་པའི་སྐྱབས་འཇུག་ཞུ། །ཁྱེད་ཀྱི་གསུང་བཞིན་སྒྲུབ་པ་ལ། །ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ཞེས་ཕུལ་བའི་ལན་དུ། ངས་འདི་སྐད་ཅེས་སྨྲས། འོ་དེ་ཡང་རང་ལུས་སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་གདོད་ནས་སྟོང་

p. 278

ཞིང་བདག་མེད་པ་སྤྲོས་པའི་མཐའ་དང་བྲལ་བ་ནམ་མཁའ་ལྟ་བུ། ཚུར་ལས་བཟང་ངན་གྱི་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་ནས་སྣང་བ་རྣམས་ནམ་མཁའི་འཇའ་ཚོན་ཆུ་ནང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་བཞིན་སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། སྣང་སྟོང་སྒྱུ་མ་རྨི་ལམ་ལྟ་བུ་འདི་སེམས་ཀྱིས་བྱས། སེམས་སུ་སྣང་། སེམས་ཀྱི་རྣམ་རོལ། སེམས་ཉིད་ཀྱི་ངོ་བོ་ནི་གདོད་ནས་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ཡིན་པ་ལ་ཡིན་པར་ངོ་ཤེས་ནས་དེའི་ངང་ལ་ནམ་མཁའ་ལྟར་དཔངས་བསྟོད། ས་གཞི་ལྟར་རྒྱ་བསྐྱེད། རི་བོ་ལྟར་ལྷུན་ཕོབ། ཉི་ཟླ་ལྟར་གསལ་ཐོབ། ཤེལ་གོང་བཞིན་ཟང་ཐལ་ལེར་ཞོག དེ་ལྟར་བཞག་པས་རྟོགས་པ་ནམ་མཁའ་དང་མཉམ་སྟེ་དགྲ་དང་གཉེན་ལ་ཁྱད་མེད། གསེར་དང་ས་རྡོ་ཁྱད་མེད། འདི་དང་ཕྱི་མ་ཁྱད་མེད། སེམས་དང་ནམ་མཁའ་ཁྱད་མེད་པའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཡོང་ཞེས་ཉམས་མགུར་འདི་བླངས་སོ། །དཔེ་ནམ་མཁའ་ལྟ་བུའི་སེམས་ཀྱི་དབྱིངས། །དེ་རྗེན་པར་སྟོན་མཛད་བླ་མར་འདུད། །རྗེ་མི་ལ་ཡབ་སྲས་ཐུགས་དམ་མཐིལ། །ཆོས་ཕྱག་ཆེན་ལྟ་བའི་གླུ་དབྱངས་ལེན། །སེམས་

p. 279

རང་ངོ་མ་འཕྲོད་འཁོར་བར་འཁྱམས། །ངོ་འཕྲོད་ན་ཚེ་རབས་ཀུན་ཏུ་བདེ། །འདི་བཀའ་བརྒྱུད་གོང་མས་རྗེན་པར་གཟིགས། །གཞན་འོ་སྐལ་རྣམས་ཀྱིས་ངོས་མ་ཟིན། །རྗེ་བླ་མ་མཁས་པས་ངོ་སྤྱད་ན། །སེམས་སྟོང་གསལ་འཛིན་མེད་ངོ་བོ་དེ། །དཔེ་སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་། །དེའི་ངང་ལ་མཉམ་པར་འཇོག་ནུས་ན། །ལས་ཉོན་མོངས་རྟོགས་ཚོགས་སྤྲིན་ལྟར་དྭངས། །ཉམས་རྟོགས་པའི་ཡོན་ཏན་ཉི་ལྟར་འཆར། །གླུ་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །སེམས་ཆོས་སྐུའི་རང་ཞལ་མཇལ་བར་ཤོག །ཅེས་པ་དང་། ཡང་། ཐུགས་དགོངས་ནམ་མཁའ་ལས་ཡངས་པའི། །བཀའ་བརྒྱུད་བླ་མ་རྣམས་མཁྱེན་ནོ། །གུ་ཡངས་བློ་བདེ་ངས་སེམས་ངོ་། །སྐྱོང་ཚུལ་གླུ་དབྱངས་སུ་ལེན་ནོ། །ཆོས་རྣམས་ཐམས་ཅད་ཀྱི་རྩ་བ། །རང་སེམས་གདོད་མ་ཡི་གནས་ལུགས། །སྟོང་གསལ་མཐའ་དབུས་དང་བྲལ་བའི། །ནམ་མཁའ་ལྟ་བུ་ཡི་ངང་ལ། །ཤེས་པ་གློད་ནས་རང་ཞོག་དང་། །ཉོན་མོངས་སྤྲིན་ཚོགས་ཀུན་དག་ནས། །རྟོགས་པ་ནམ་མཁའ་དང་མཉམ་པའི། །འཁྲུལ་ཞིག་རྣལ་འབྱོར་ཞིག་འབྱུང་ངེས། །སྣང་གྲགས་ཆོས་རྣམས་ཀུན་སྣང་སྟོང་། །འཇའ་ཚོན་བྲག་ཆ་ལྟར་ལྟོས་

p. 280

ལ། །མ་རྟོགས་འགྲོ་བ་ལ་སྙིང་རྗེ། །སྒོམས་ལ་ཕན་ཐོགས་རང་མཛོད་ཅིག །འདི་ཉིད་མཐོང་ཐོས་ཀྱི་འགྲོ་རྣམས། །འཆི་བ་ཆོས་སྐུ་རུ་གྲོལ་ནས། །གཟུགས་སྐུ་རྣམ་གཉིས་ཀྱི་འགྲོ་དོན། །དཔག་མེད་འབྱུང་བར་རང་སྨོན་ནོ། །ཞེས་བླངས་པས་གཉིས་ཀར་བློ་བསྐྱེད་ཆེན་པོ་བྱུང་། རྗེས་སུ་ཚེ་བློས་བཏང་ནས་རི་ཁྲོད་དབེན་པའི་གནས་སུ་གཅིག་པུར་ཉམས་སུ་བླངས་པས། སྤྲིན་མེད་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་སྒོམ་བྱུང་གི་ཤེས་རབ་ཕྱོགས་མེད་དུ་བརྡོལ་ནས། གསར་རྙིང་རིས་མེད་ཀྱི་ཆོས་ཐམས་ཅད་ལ་མཁས་པར་གྱུར་ཏེ། བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ངོ་། ཡང་ཉིན་ཅིག་ནམ་མཁའ་གཡའ་དག་པ་ལ་ཉི་མ་ཤར་སྤྲིན་དཀར་གཞོན་ནུ་ཕྱོགས་ཕྱོགས་ནས་ལངས། བྱ་རྒྱལ་རྒོད་པོ་མང་པོ་འཁོར་བ་མཐོང་བས་རྐྱེན་བྱས་ཉམས་མགུར་འདི་བླངས་སོ། །དགོངས་པ་ཟབ་མོ་ནི་ནམ་མཁའི་ཕ་མཐའ་དང་མཉམ་ཞིང་། །ཅི་ཡང་ས་ལེ་རང་གཟིགས་པའི་རྡོ་རྗེ་འཆང་མཁྱེན་ནོ། །དགུང་སྔོན་མཐོན་པོ་ཡི་དཀྱིལ་ན་བྱ་རྒོད་ནི་སྤྲོ་བཞིན། །སེམས་ཉིད་ཁྱབ་གདལ་གྱི་ཀློང་ན་རྣལ་འབྱོར་ངའི་སྐྱིད་པ། །སྤྲིན་དཀར་གཞོན་ནུ་ཡི་ཚོགས་རྣམས་ནམ་མཁའ་ལ་རྡོལ་བཞིན། །བདེ་གསལ་མི་རྟོག་པའི་ཉམས་མྱོང་ཀློང་ནས་རང་བརྡོལ་བྱུང་། །

p. 281

འོད་གསལ་ཉི་མ་ཡི་འོད་ཀྱིས་འཛམ་གླིང་ཀུན་ཁྱབ་བཞིན། །རྟོགས་ལྡན་རྣལ་འབྱོར་ངའི་སྙིང་རྗེས་འགྲོ་ཀུན་ལ་ཁྱབ་སོང་། །སྐྱི་བསེར་རླུང་པོ་ཁོ་ཆགས་མེད་བར་སྣང་ལ་རྒྱུ་བཞིན། །བྱ་བཏང་རྣལ་འབྱོར་ང་ཕྱོགས་མེད་འགྲོ་དོན་ལ་ཆས་འགྲོ། །འཁྲུལ་ཞིག་རྣལ་འབྱོར་ང་བཀའ་བརྒྱུད་གོང་མ་ཡི་བུ་རྒྱུད། །རྣར་སྙན་ཡིད་འབབ་ཀྱི་ཉམས་མགུར་འདི་འདྲ་རང་བླངས་ཡོང་། །མི་ལ་ཡབ་སྲས་ཀྱི་བུ་རྒྱུད་རྟོགས་ལྡན་གྱི་ཚོགས་རྣམས། །དབེན་པར་ཉམས་མགུར་འདྲ་ལེན་ན་འདི་འདྲ་རང་ལོངས་ཤོག །ནམ་ཞིག་མངོན་དགའ་སོགས་དག་པའི་ཞིང་ཁམས་ནི་མང་པོར། །འདི་འདྲའི་མགུར་དབྱངས་འདྲ་ལེན་བཞིན་འགྲོ་བར་རང་སྨོན་ནོ། །ཞེས་བླངས་པས། གནས་དེར་འཁོད་པའི་སྐལ་བཟང་སློབ་མ་རྣམས་ཀྱི་སེམས་ཁ་ཡངས་སུ་སོང་སྙིང་རྗེ་ཆེ་རུ་སོང་ནས། མཐོང་ཐོས་ཀྱི་སེམས་ཅན་ལ་ཕན་ཐོགས་པ་བྱུང་ངོ་། །ཡང་ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བ་ན་ཡོད་དུས། ཁྲི་གུང་ཐང་པ་རིན་པོ་ཆེའི་གསུང་གི་ཉམས་མྱོང་རྒད་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད་མཐོང་བས་རྐྱེན་བྱས། ཡིད་ལ་རང་གཞན་ཆོས་ལ་བསྐུལ་བའི་རྒན་གཞོན་གྱི་གཏམ་ངོ་མཚར་སེམས་ཀྱི་རི་མོ་ཞེས་བྱ་བ་འདི་

p. 282

ཤར་བྱུང་། འོ་སེམས་ཉིད་མཁའ་ལས་ཡངས་པའི་རྣལ་འབྱོར་པ་ཡངས་ཡན་པ་བློ་བདེ་ཞབས་དཀར་པ་རང་ཉིད་སྐབས་ཤིག། ཀུན་གསལ་ཆོས་དབྱིངས་བདེ་བ་ཆེན་པོ་ཟེར་བའི་རི་མཐོན་པོ་ཞིག་གི་རྩེར་ཕྱིན་ནས། ཁམས་བསང་བྱས་ཕྱོགས་ཐམས་ཅད་ལ་ལྟད་མོ་བལྟས་པས། འཁོར་འདས་ཀྱི་ལྟད་མོ་ཅི་ཡང་མཐོང་ཞིང་། ཉིན་ཅིག་མངོན་མཐོ་ལྷ་མི་འཚོགས་པའི་སྐྱེད་ཚལ་ཉམས་དགའ་བ་ཞིག་ན། ངོ་མཚར་ཅན་གྱི་རྡོ་རྗེ་ཚེ་རིང་ཟེར་བའི་མི་རྒན་མགོའི་སྐྲ་དཀར་ཁའི་སོ་ལྷུང་ཐོད་པ་གཉེར་མ་ཆགས་པ་རྒས་པའི་མཚན་མས་ནོན་པ་ཞིག་ངལ་གསོ་ཞིང་འདུག་པ་ལ། ཡ་མཚན་ཅན་གྱི་བཀྲ་ཤིས་དོན་འགྲུབ་ཟེར་བའི་གཟུགས་མཛེས་སྐད་སྙན་སེམས་གསལ་བ་ལང་ཚོ་དར་ལ་བབས་པ་བལྟ་བས་ཆོག་མི་ཤེས་པ་ཞིག་འོངས་ནས། མི་རྒན་དེ་ལ་འདི་སྐད་ཟེར་བར་གདའ། མི་རྒན་རྡོ་རྗེ་ཚེ་རིང་། །ཁྱོད་ཀྱི་ལུས་རྟེན་འགྱུར་ནས། །གཞོན་པ་ང་དང་མི་འདྲ། །ལུས་པོར་ཅི་ཞིག་བྱུང་སོང་། །ཟེར་བའི་ལན་དུ། མི་རྒན་གྱིས་སྨྲས་པ། གཞོན་ནུ་ཤ་རྒྱས་ཁྲག་རྒྱས། །ང་ཡང་སྔོན་ཆད་ཁྱོད་འདྲ། །རྒས་པས་དབང་མེད་ནོན་ནས། །འདི་འདྲ་ཞིག་ཏུ་གྱུར་སོང་། །ཁྱོད་ཀྱང་ལོ་འགའི་འཕྲོ་ན། །ང་འདྲ་ཞིག་ལ་ཚེགས་མེད། །དེ་བས་གཞོན་ནུའི་དུས་འདིར། །དམ་པའི་

p. 283

ཆོས་ཤིག་མཛོད་ཨང་། །ཞེས་སྨྲས་པའི་ལན་དུ། གཞོན་ནུ་ན་རེ། སྔོན་ཆད་མི་ཞིག་རྒྱས་ཤིང་། །འཆི་རྒྱུ་མེད་པ་ཨེ་མཐོང་། །ཕྱིན་ཆད་རྒས་ནས་འཆི་རྒྱུ། །མེད་པའི་མི་འདྲ་ཨེ་ཡོང་། །ཞེས་སྨྲས་པའི་ལན་དུ། མི་རྒན་ན་རེ། མི་ངས་འཇིག་རྟེན་ཁམས་འདིར། །རྒས་ནས་འཆི་རྒྱུ་མེད་པ། །སྔོན་ནས་ད་བར་མ་མཐོང་། །ཕྱིན་ཆད་མཐོང་བར་མི་འགྱུར། །དེ་ཕྱིར་གཞོན་ནུ་དོན་འགྲུབ། །ད་ལྟ་མ་རྒས་གོང་འདིར། །མྱུར་དུ་ལྷ་ཆོས་གྱིས་ཤིག །མི་རྒན་སྙིང་གཏམ་ཡིན་ཟེར། །ཡར་ལངས་ག་ལེ་བྱས་མ་ཎི་རིང་འདོན་ཐུང་འདོན་བྱས་ཕར་སོང་ཚེ། གཞོན་ནུ་དེ་རྗེས་སུ་སོང་ནས། མི་རྒན་ལ། ཁོ་བོས་གཞོན་ཐོག་འདི་རུ། །ཆོས་ཤིག་བྱས་ན་འདོད་པས། །ལྷ་ཆོས་བྱས་པའི་ཕན་ཡོན། །ཁྱོད་ཀྱིས་ཅུང་ཟད་ཤོད་དང་། །བྱས་པ། ཡང་མི་རྒན་ན་རེ། ལྷ་ཆོས་བྱས་ན་ཚེ་འདིར། །བདེ་ཞིང་ཕྱི་མར་སངས་རྒྱས། །རྒས་རུང་འཆི་བར་མི་འཚེར། །འཆི་ཁར་དགའ་སྤྲོ་འཆར་ངེས། །ཞེས་སྨྲས་པས། གཞོན་ནུའི་སེམས་དམ་པའི་ཆོས་ལ་འགྱུར་ནས་མི་རྒན་ལ། ཆོས་བྱེད་ན་ཇི་ལྟར་བྱེད་དགོས་ཞེས་པས། མི་རྒན་ན་རེ། ཆོས་ཤིག་སྙིང་ནས་བྱེད་ན། །དགེ་བའི་བཤེས་གཉེན་བསྟེན་ལ། །སྔོན་དུ་སྐྱེས་བུ་གསུམ་གྱི། །ལམ་ལ་རིམ་པས་རྒྱུད་སྦྱོངས། །

p. 284

དེ་ནས་རྡོ་རྗེ་ཐེག་པའི། །དབང་ཞུས་དབང་དུས་ཁས་བླངས། །སྡོམ་པ་དམ་ཚིག་བསྲུང་ལ། །བསྐྱེད་རྫོགས་གཉིས་ཀྱི་ཉམས་ལེན། །ཁྱད་པར་རྫོགས་རིམ་མཐར་ཐུག །འོད་གསལ་ཕྱག་ཆེན་སྒོམས་དང་། །ཚེ་གཅིག་ལུས་གཅིག་པོ་ལ། །རྫོགས་པའི་སངས་རྒྱས་ཐོབ་ངེས། །མི་རྒན་ང་ནི་ཚེ་འདིར། །དེ་འདྲ་ཅན་པོ་མ་རེད། །མ་ཎི་ཆ་རེ་འདོན་དང་། །ཕྱི་མར་དེ་ཀས་ཕན་ཟེར། །དེ་གོ་བ་དང་མཉམ་དུ་གཞོན་ནུ་དེ་ཡུལ་དུ་ཡང་མ་ལོག་པར། ལུང་བའི་ཕུ་དེ་ན་མངོན་དགའ་ཆོས་གླིང་ཟེར་བའི་རི་ཁྲོད་ཉམས་དགའ་ཞིག་ན། མ་ནོར་ཐར་པའི་ལམ་སྟོན་ཟེར་བའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་བཞུགས་པའི་སྐུ་དྲུང་དུ་སོང་ནས། བསམ་དང་སྦྱོར་བས་ཚུལ་བཞིན་དུ་བསྟེན་ནས་མདོ་སྔགས་གཉིས་ལ་ཐོས་པ་བྱས། ཡང་ཡང་བསམས་ནས་སྒྲོ་འདོགས་ཆོད་ཚེ། ཚེ་བློས་བཏང་ནས་རི་ཁྲོད་དབེན་པའི་གནས་སུ་སོང་སྟེ། གཅིག་པུར་རྩེ་གཅིག་ཏུ་བསྒོམས་པས་མཐར་གྲུབ་པ་ཐོབ་ནས་ནམ་མཁའ་ལ་འཕུར་བ་བྱུང་། དེ་ལྷ་མི་ཀུན་གྱིས་མཐོང་ཞིང་ཐོས་པས། ལས་དང་སྐལ་བར་ལྡན་པའི་གདུལ་བྱ་ལྷ་མི་གཞོན་ནུ་མང་པོས་དགེ་བའི་བཤེས་གཉེན་བསྟེན་ནས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱས་པས་ཚེ་འདིར་གཏན་གྱི་ལམ་སྣ་ཟིན་ཏེ། རང་གཞན་དོན་གཉིས་འགྲུབ་པ་མང་པོ་

p. 285

བྱུང་བར་གྱུར་ཏོ། །ཞེས་རྒན་གཞོན་གཉིས་ཀྱི་གཏམ་ངོ་མཚར་སེམས་ཀྱི་རི་མོ་ཞེས་བྱ་བ་འདི་བྲིས་ནས། སློབ་མ་ཡོན་བདག་ཡོངས་ལ་བསྟན་པས་ཀུན་གྱི་སེམས་ལ་གོ་རྒྱུ་ཆེན་པོ་བྱུང་། ཡང་བློ་ལྡན་བུ་ཆེན་པདྨ་ཀུན་གྲོལ་གྱིས་ཞལ་གདམས་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བའི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི། །རྩ་བའི་བླ་མ་རིན་པོ་ཆེ། །ཁྱེད་ཀྱིས་མདོ་སྔགས་འགལ་མེད་རྟོགས། །གསུང་རབ་དགོངས་འགྲེལ་གདམས་པར་གོ །རྒྱལ་བའི་དགོངས་དོན་ཇི་བཞིན་རྙེད། །ཆོས་སྤོང་དྲི་མ་ཀུན་དང་བྲལ། །བསྟན་པ་ཡོངས་ཀྱི་མངའ་བདག་མཆོག་གྲུབ་མཐའ་ཡོངས་ཀྱི་གཙུག་གི་རྒྱན། །འདི་ཕྱི་བར་དོའི་གཏན་གྱི་སྐྱབས། །མགོན་ཁྱོད་ཞབས་ཀྱི་པདྨོ་ལ། །རབ་ཏུ་གུས་པས་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་འདི་སྐད་ཞུ། །བདག་གཞན་ཡོངས་ལ་ཕན་ཐོགས་པའི། །ཟབ་རྒྱའི་གདམས་པ་སྩལ་དུ་གསོལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་། །ཁྱེད་ཀྱི་གསུང་བཞིན་འགྲུབ་པའི་མཐུས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་ཕུལ་བའི་ལན་དུ། འོ་དེ་ཡང་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པའི་

p. 286

སྐལ་བཟང་ལས་འཕྲོ་ཅན་གྱིས་ཚེ་བློས་བཏང་ནས་རི་ཁྲོད་དབེན་པའི་གནས་སུ། མཚན་ལྡན་གྱི་བླ་མའི་གསུང་བཞིན་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་ལས་འབྲས་འཁོར་བའི་ཉེས་དམིགས་རྣམས་བསམས་ནས། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་མཎྜལ་བླ་མའི་རྣལ་འབྱོར་བསྒོམ་པ་རྣམས་སྔོན་དུ་བཏང་ནས། དངོས་གཞི་རང་ལ་སྔར་བླ་མས་སེམས་ངོ་སྤྲད་པ་ལྟར། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་སེམས་ཀྱི་རོལ་པ་དང་། །སེམས་ཉིད་ཀྱི་ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ནམ་མཁའ་ལྟར་ཤེས་པར་བྱ། དེའི་ངང་ལ་ཤེས་པ་ལྷོད་ཀྱིས་གློད་ནས་མཉམ་པར་བཞག ཡང་རྣམ་རྟོག་སྐྱེས་པ་བྱུང་ན་སྔར་བཞིན་བཞག་པས། རྟོག་ཚོགས་ཐམས་ཅད་རང་སར་གྲོལ་ནས་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཡོང་། མཇུག་ཏུ་དགེ་བ་རྫོགས་བྱང་དུ་བསྔོ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །དེ་ལྟར་བྱས་ན་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་མགུར་དབྱངས་འདི་བླངས་སོ།། རྗེ་མཚན་ལྡན་བླ་མ་ཡི་བཞིན་ནོར། །སྟེང་སྤྱི་གཙུག་བདེ་ཆེན་རྒྱན་དུ་བཞུགས། །ཡིད་མོས་གུས་གདུངས་པས་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ། །དཔེ་དཔག་བསམ་ལྗོན་ཤིང་ལྟ་

p. 287

བུ་ཡི། །རྗེ་བླ་མར་དད་གུས་རབ་ཆེ་བའི། །བུ་བསམ་དོན་ཆོས་བཞིན་འགྲུབ་རྒྱུ་བོ། །ཁྱོད་འདི་འདྲའི་ཡིད་སྨོན་གྱིས་ཤིག་ཨང་། །དཔེ་སྤྲིན་བྲལ་ནམ་མཁའི་དབྱིངས་རུམ་ནས། །འོད་རབ་གསལ་ཉི་མ་ཤར་བ་བཞིན། །སེམས་སྐྱེ་མེད་སྤྲོས་བྲལ་ངང་ཉིད་ལས། །ཕྱོགས་ཀུན་ཁྱབ་སྙིང་རྗེ་ཤར་ན་ཨང་། །དཔེ་མཐོ་ལ་ཡངས་པའི་ལྷ་ལམ་ལ། །བྱ་རྒོད་པོས་གཤོག་རྩལ་སྦྱོང་བ་བཞིན། །ཡུལ་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །ཉམས་རྟོགས་པའི་རྩལ་སྦྱོང་བྱས་ན་ཨང་། །དཔེ་མཁའ་ལ་སྤྲིན་ཕུང་ཆེར་འཁྲིགས་ནས། །ས་ཡངས་སར་ཆར་བ་འབབ་པ་བཞིན། །རང་རྒྱུད་ལ་བྱང་ཆུབ་སེམས་འབྱོངས་ནས། །མ་འགྲོ་ལ་ཆོས་ཆར་ཕབ་ན་ཨང་། །དཔེ་ཆར་བས་ས་གཞི་བརླན་པ་ན། །སའི་གསེབ་ནས་མེ་ཏོག་སྐྱེ་བ་བཞིན། །ཆོས་ཟབ་མོས་གཞན་གྱི་རྒྱུད་སྨིན་ནས། །ཉམས་རྟོགས་པའི་ཡོན་ཏན་རྒྱས་ན་ཨང་། །ཞེས་བླངས་པ་ལྟར་ཁོ་རང་གིས་ཀྱང་ཡིད་སྨོན་བྱས་སོ། །མཁས་བཙུན་བཟང་གསུམ་འཛོམ་པའི་དགེ་རྒན་དགེ་འདུན་བདེ་ལེགས་ཀྱིས་ཉིན་ཅིག་ལྷ་རྫས་བཅས་ཞུ་ཡིག་ཚིགས་བཅད་འདི་ཕུལ་བྱུང་། སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །སེམས་ཅན་རྣམས་ཀྱི་ཉོན་མོངས་པ། །བརྒྱད་ཁྲི་བཞི་སྟོང་གཉེན་པོ་རུ། །ཆོས་ཕུང་བརྒྱད་ཁྲི་

p. 288

བཞི་སྟོང་གསུངས། །གསུང་བཞིན་ཀུན་གྱིས་སྒྲུབ་དཀའ་ཡང་། །མགོན་ཁྱོད་ངེས་འབྱུང་གོ་ཁྲབ་གྱོན། །བྱང་ཆུབ་སེམས་ཀྱི་སྙིང་སྟོབས་བསྐྱེད། །ཡང་དག་ལྟ་བའི་མདུང་རིང་ཐོགས། །རི་ཁྲོད་དབེན་པའི་ཐང་ཐོག་ནས། །བདག་འཛིན་ཉོན་མོངས་དགྲ་ལ་འཐབ། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྒྲལ། །རྒྱབ་རྟེན་རྩ་གསུམ་ལྷ་རྣམས་ཀྱིས། །ཉོན་མོངས་གཡུལ་རྒྱལ་རྔ་ཆེན་བརྡུང་། །སྙན་དང་གྲགས་པའི་དར་ཆེན་འཕྱུར། །འདི་ཕྱིའི་བདེ་སྐྱིད་དཔའ་དར་གནང་། །དཔའ་བོ་ཁྲོམ་གཤོག་ཆོ་ལོ་བཏགས། །དེ་འདྲའི་དཔའ་བོ་ཆེན་པ་ཡི། །།ཞབས་ལ་ཕྱག་འཚལ་མཆོད་པ་འབུལ། །སྡིག་བཤགས་མཛད་པ་རྗེས་སུ་རང་། །ཆོས་གསུང་མྱ་ངན་མི་འདའ་བཞུགས། །དགེ་ཚོགས་ཞབས་པད་བརྟན་ཕྱིར་བསྔོ། །ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་། །གཅིག་ལ་གསུང་རུང་ཀུན་ལ་ཕན། །ཐོགས་པའི་མགུར་ཞིག་གསུང་དུ་གསོལ། །ཞེས་ཞུས་པའི་ལན་དུ། འོ་སྔོན་སྐུ་མཆེད་གསུམ་གྱིས་འབྲོམ་རིན་པོ་ཆེ་ལ། ཆོས་དང་ཆོས་མ་ཡིན་པ་འབྱེད་པའི་གནམ་ཐིག་གང་ལགས་ཞུས་པས། འབྲོམ་རིན་པོ་ཆེས། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་འགྲོ་ན་ཆོས་མིན་གསུངས། དེས་ན་མདོ་སྔགས་ཀྱི་ཆོས་གང་ཡིན་ཡང་ཉོན་མོངས་པའི་གཉེན་པོར་འགྲོ་བ་ཅིག་མཛོད་ཅེས་ཞལ་གདམས་

p. 289

མགུར་དབྱངས་འདི་བླངས་སོ། །མདོ་སྔགས་ཆོས་ཀྱི་མཚོན་ཐོགས་ནས། །ཉོན་མོངས་དགྲ་ནམས་འཇོམས་མཛད་པའི། །བླ་མ་རྒྱལ་སྲས་དཔའ་བོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རི་མགོའི་ཕ་བོང་ཐོ་བ་ཡིས། །བཅོས་ནས་མར་ལ་འཕེན་པ་ལྟར། །མདོ་ལུགས་པ་ཡིས་ཉོན་མོངས་པ། །གཉེན་པོས་སྤངས་ནས་གྲོལ་བར་བྱེད། །ཕ་བོང་སྟེང་དུ་མེ་སྦར་བསྲེགས། །ཆུ་བླུགས་བཀས་ནས་གཏོར་བ་ལྟར། །གསང་སྔགས་པ་ཡིས་ཉོན་མོངས་པ། །ཐབས་ཀྱིས་བསྒྱུར་ནས་གྲོལ་བར་བྱེད། །ཕ་བོང་རྩ་བ་ཅུང་ཟད་རློག །འབྱའ་ཤིང་བརྒྱབ་ནས་རྫོགས་པ་ལྟར། །ཕྱག་རྫོགས་པ་ཡིས་ཉོན་མོངས་པ། །སྤངས་བསྒྱུར་མི་དགོས་གྲོལ་བར་བྱེད། །མདོ་སྔགས་ཆོས་ནི་གང་ཡིན་ཡང་། །ཉོན་མོངས་གཉེན་པོར་འགྲོ་དགོས་པས། །བདག་འཛིན་ཆགས་སྡང་ཉོན་མོངས་པའི། །གཉེན་པོར་འགྲོ་བའི་ཆོས་དེ་ཟབ། །ཉོན་མོངས་གཉེན་པོར་མི་འགྲོ་བའི། །ཆོས་དང་གང་ཟག་བཟང་ཟེར་ཡང་། །དགྲ་བོ་གསོད་པར་མི་ནུས་པའི། །དཔའ་བོ་མཚོན་ཆ་བཟང་དང་འདྲ། །དཔའ་བོས་མཚོན་ཆ་གཅིག་གིས་ཀྱང་། །དགྲ་རྣམས་ཐམས་ཅད་འཇོམས་པ་ལྟར། །ཆོས་པས་གདམས་ངག་གཅིག་གིས་ཀྱང་། །ཉོན་མོངས་ཐམས་ཅད་འཇོམ་པ་དགོས། །དེང་སང་ཆོས་པ་མང་ན་ཡང་། །ཉོན་

p. 290

མོངས་ཐུལ་བ་ཉུང་བར་གདའ། །ཟབ་ཆོས་མང་རུང་ཉོན་མོངས་པའི། །གཉེན་པོར་འགྲོ་བ་དཀའ་མོར་གདའ། །དེ་ཕྱིར་སྐལ་ལྡན་སློབ་བུ་ཁྱོད། །ཉོན་མོངས་དགྲ་བོ་འབུར་འཇོམས་གྱིས། །གླུ་འདི་ཐོས་ཚད་ཆོས་པ་ཡིས། །ཉོན་མོངས་དགྲ་ཀུན་ཐུལ་བར་ཤོག །ཅེས་བླངས་པས་ཀུན་གྱི་རྒྱུད་ལ་ཕན་ཐོགས་པ་བྱུང་། ཡང་མི་བསྐྱོད་རྡོ་རྗེས། ཁོ་བོ་ལ་ངེས་དོན་ཟབ་མོའི་ཞལ་གདམས་ཤིག་གནང་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། སངས་རྒྱས་བསྟན་པའི་སྲོག་ཤིང་མཆོག །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན། །མཁས་ཤིང་གྲུབ་པ་མཆོག་བརྙེས་པའི། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །མགོན་ཁྱོད་སྐྱེ་འགྲོ་ཐམས་ཅད་ལ། །ཕན་པའི་འཛམ་གླིང་ཉི་མ་འདྲ། །གསོལ་བ་བཏབ་ནས་དགོས་འདོད་ཀུན། །འབྱུང་བའི་ཡིད་བཞིན་ནོར་བུ་འདྲ། །ཁྱེད་ཀྱི་ཞབས་ཀྱི་པདྨོ་ཡི། །དྲུང་དུ་ཡན་ལག་བདུན་པ་དང་། །ཁྱད་པར་ལུས་དང་ལོངས་སྤྱོད་དགེ། །རིན་ཆེན་མཎྜལ་བཟང་པོ་འབུལ། །སྐྱབས་མགོན་ཁྱེད་ཀྱི་སྙན་ལམ་དུ། །ཞུ་བ་དོན་གཞན་མ་མཆིས་ཏེ། །བདག་གཞན་ཡོངས་ལ་ཕན་ཐོགས་པའི། །ཟབ་མོའི་གདམས་པ་ཞུ་བ་ལགས། །དེང་ནས་བྱང་ཆུབ་མ་ཐོབ་བར། །མགོན་ཁྱོད་འབྲལ་མེད་བསྟེན་པར་ཤོག །ཟབ་མོའི་གདམས་པ་ཉམས་བླངས་

p. 291

ནས། །རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་ཕུལ་བའི་ལན་དུ། འོ་སྐལ་ལྡན་བུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པའི་གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས་ཚེ་བློས་བཏང་ནས། མཚན་ལྡན་གྱི་བླ་མ་བསམ་དང་སྦྱོར་བས་ཚུལ་བཞིན་དུ་བསྟེན་ཏེ། ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རིམ་པས་རྒྱུད་སྦྱངས་པ་སྔོན་དུ་བཏང་ནས། དངོས་གཞི་སྐྱབས་གནས་ཀུན་འདུས་ཀྱི་བླ་མར་གསོལ་བ་འདེབས་ཤིང་། དབང་བཞི་ལེན་ཐུགས་ཡིད་བསྲེས། དེ་ནས་སྔར་བླ་མས་སེམས་ངོ་སྤྲད་པའི་ནང་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཉིད་ཀྱི་ངོ་བོ་སྟོང་གསལ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་ལྷོད་ཀྱིས་གློད་ནས་བཞག་ཚེ། བྱིང་རྒོད་གང་ཡང་མེད་པར་སྟོང་སང་ངེ་། གསལ་ཧྲིག་གེ དགའ་ཡལ་ལེ་གནས་པའི་ངོས། རྣམ་རྟོག་གང་ཤར་ཀྱང་། དེའི་རྗེས་སུ་མི་འབྲང་བར་སྔར་རྒྱུན་ལྟར་མཉམ་པར་བཞག་པས། རྣམ་རྟོག་གང་ཤར་རང་སར་གྲོལ་ནས་རྟོགས་པ་ནམ་མཁའ་དང་མཉམ་ཡོང་། དེའི་རྗེས་སུ་མ་སེམས་ཅན་ལ་སྙིང་རྗེ་སྒོམས་ལ་ཕན་པའི་བསྔོ་བ་དང་སྨོན་ལམ་ཐོབ། ཕན་གང་ཐོགས་ལ་འབོད་དང་། ཚེ་འདིར་ཡང་བསྟན་འགྲོ་མང་པོ་ལ་ཕན་ཐོགས་པར་འགྱུར་ཞེས་སྐྱིད་པའི་རྒྱངས་གླུ་

p. 292

འདི་བླངས་སོ།། །བདེ་ཆེན་ཆོས་སྐུ་ཡི་རྣམ་རོལ། །བདེ་གཤེགས་ཆོས་རྒྱལ་ནི་ཡབ་ཡུམ། །བདེ་ཆེན་འཁོར་ལོ་རུ་བཞུགས་ལ། །བདེ་སྟོང་ཡེ་ཤེས་ནི་སྩོལ་ཅིག །ཕྱག་རྫོགས་དོ་ཧ་སོགས་གསང་སྔགས། །ཟབ་མོའི་ཉེ་ལམ་ལ་ཞུགས་ནས། །བདེ་ཆེན་སངས་རྒྱས་སར་འགྲོ་བའི། །སྐལ་བཟང་རྣལ་འབྱོར་ངའི་སྐྱིད་པ། །བདེ་སྟོང་ཏིང་འཛིན་རོས་མྱོས་ནས། །མིག་གི་ལྟ་སྟངས་ཡང་ནམ་མཁའི། །ཁམས་སུ་རང་ཤུགས་ཀྱིས་ཤོར་བས། །རྟོགས་ལྡན་རྣལ་འབྱོར་ངའི་སྐྱིད་པ། །བདེ་གསལ་མི་རྟོག་པའི་ཉམས་འབར། །ཉམས་ཀྱི་རྩལ་སྦྱོང་གི་ཕྱིར་དུ། །ཉམས་མགུར་སྣ་ཚོགས་རང་ལེན་པའི། །འཁྲུལ་ཞིག་རྣལ་འབྱོར་ངའི་སྐྱིད་པ། །སྐྱིད་པའི་རྒྱངས་གླུ་འདྲ་ང་མིན། །དེང་སང་ལེན་མཁན་ནི་མི་སྣང་། །ཕྱི་རབས་སྒོམ་ཆེན་པའི་ཚོགས་རྣམས། །སྐྱིད་པའི་རྒྱངས་གླུ་འདྲ་ལོངས་ཤིག ། འདིས་མཚོན་དུས་གསུམ་གྱི་དགེ་ཚོགས། །བསྟན་འགྲོར་ཕན་ཕྱིར་དུ་བསྔོ་འོ། །བསྟན་པ་དར་ཞིང་ནི་རྒྱུས་ལ། །འགྲོ་ཀུན་བདེ་ཞིང་རང་སྐྱིད་ཤོག །ཅེས་བླངས་པས། ཁོ་རང་གི་ཚེ་འདིའི་བྱ་བ་རྣམས་བློས་བཏང་ནས་མདོ་སྨད་ཀྱི་རི་ཁྲོད་རྣམས་དང་། །དབུས་གཙང་གི་རི་ཁྲོད་རྣམས་འགྲིམས་ནས། སྒྲུབ་པ་སྙིང་པོར་བྱས་བསྒྲུབས་འབྲས་ཀྱིས་བསྟན་འགྲོ་ཡོངས་

p. 293

ལ་ཕན་ཐོགས་པའི་ཆོས་པ་བཟང་པོ་ཞིག་བྱུང་ངོ་། །ཡང་དབུས་སུ་ལོ་སྔ་མ་ཡར་སོང་བའི་ཀུན་དགའ་ཡོས་ལོའི་སྟོན་ཁ་ཕྱིར་ཐོན་པའི་འབྱོར་ལན་མཚམས་ཞུས་ལ། མཁས་བཙུན་བཟང་གསུམ་འཛོམ་པའི་བླ་མ་སྦྱིན་པ་ནོར་བུས་རྒྱ་གར་ལི་སེར་ལས་གྲུབ་པའི་ཚེ་སྐུ་དང་། གསེར་གྱི་ཚེ་བུམ། དངུལ་གྱི་བདུན་ཚར། གོས་ཆེན་གྱི་སྟོད་འགགས། ཐེར་མའི་ཤམ་ཐབས། གོས་ཆེན་གྱི་ན་བཟའ། འགོ་རྣམ་གྱི་སྟོད་ཐུང་། གཙུགས་རུག་གི་ཐུལ་བ། སྨྱུག་སྒྲོག་ཆབ་རིལ་སོགས་དངོས་པོ་རྩ་ཅན་མང་པོ་རྡོ་ཚད་ལྔའི་རྩིས། བླ་མ་གངས་རི་བས་དངུལ་རྡོ་ཚད་གཅིག་གི་རྒྱུ་སོང་ཡོད་པའི་ངའི་འདྲ་སྐུ། བླ་མ་ཡེ་ཤེས་ཀྱིས་གསེར་གྱི་གའུ་གཡུ་དྲུག་དཀར་གྱི་ཕྲ་ལྡན། སྟོད་འགགས་རྒྱན་དྲུག བླ་མ་ལོ་ཆེན་པ་དང་། བླ་མ་ཡོན་ཏན་རྒྱ་མཚོ། རྩེ་ཆང་དགའ། ཆོས་དྲུང་སྤུན་གསུམ་སོགས་སློབ་མ་ཡོན་བདག་མང་པོས་ན་བཟའ་ཆ་ཚང་རེ་རེ། གསེར་གྱི་ཚེ་བུམ་དང་དངུལ་གྱི་མཆོད་ཀོང་ཆེ་ཆུང་བདུན་ལ་སོགས་པའི་དངོས་པོ་རྡོ་ཚད་བཅུ་ལྷག་ཅིག་གི་རྩིས་ཙམ་ཕུལ་ནས། ཡར་ཕེབས་དགོས་ཚུལ་གྱི་ཞུ་ཤོག་ལ་བླ་མ་སྦྱིན་པ་ནོར་བུས་ཚིགས་སུ་བཅད་ནས་ཕུལ་བ་འདི་ལྟ་སྟེ། །དུས་གསུམ་གྱི་སངས་རྒྱས་སྤྲུལ་པའི་སྐུ། །འཁོར་འདས་ཀྱི་

p. 294

དཔལ་མགོན་ཞབས་དཀར་པ། །མཁྱེན་བརྩེ་བ་ལུང་རྟོགས་མངའ་བདག་ལ། །གསོལ་འདེབས་ཀྱི་ང་རོ་འདི་སྐད་སྒྲོག །ཁྲི་གདུགས་ཀྱི་ཉི་མ་ཤར་བའི་འོག །ཤར་ཕྱོགས་ཀྱི་མདོ་སྨད་ས་ཆ་ན། །དབེན་པ་དང་གྲོང་དགོན་ངེས་མེད་ན། །འདི་ཕྱི་ཡི་སྐྱབས་མགོན་ཐུགས་རྗེའི་གཏེར། །སངས་རྒྱས་ཀྱི་མི་གཟུགས་དེ་ཀོ་བཞུགས། །མཚན་སྙན་གྱི་ཞབས་དཀར་རྡོ་རྗེ་འཆང་། །གུས་ལྡན་གྱི་བུ་ལ་ཡུད་ཙམ་དགོངས། །གངས་ཅན་གྱི་སྤྲང་འཁྱམས་སྦྱིན་པ་བདག །འབྱུང་འདུས་ཀྱི་ཕུང་པོ་རིམ་གྱིས་རྒས། །ལམ་སྟོན་གྱི་ཆོས་རྗེ་སྙིང་ནས་དྲན། །ཉིན་མཚན་དུ་ཁྱོད་མིན་བསམ་དྲན་བྲལ། །མཛེས་སྐུ་དང་བྲལ་ནས་ཡུན་རིང་ཐལ། །ཡི་མུག་ལ་སངས་པའི་དུས་སྐབས་མེད། །ཐུགས་རྗེ་རེ་ཆུང་ངམ་རིན་པོ་ཆེ། །གསེར་ཞལ་གྱི་སྣང་བརྙན་མི་སྟོན་ནམ། །སྡུག་བསྔལ་འདི་སངས་པར་མི་མཛད་དམ། །བོད་སྟོད་ཀྱི་སྤྲང་འཁྱམས་སྦྱིན་པ་བདག །སྔོན་སྨོན་ལམ་དག་པས་མཚམས་སྦྱར་ནས། །གནས་ཡོངས་གྲགས་གངས་དཀར་ཏེ་སེ་རུ། །རྗེ་སངས་རྒྱས་ཁྱེད་དྲུང་བསྙེགས་པའི་དུས། །སྐུ་གཟི་བརྗིད་འོད་འབར་ལྷམ་མེར་མཇལ། །ཞལ་མཐོང་བ་ཙམ་གྱིས་སྣང་བ་འགྱུར། །ཆོས་བརྒྱད་ཁྲི་བཞི་སྟོང་ལེགས་འདོམས་པའི། །གསུང་ཐོས་པ་ཙམ་གྱིས་ངེས་ཤེས་སྐྱེས། །

p. 295

དབྱིངས་འོད་གསལ་མཁའ་ལྟར་ཀློང་ཡངས་པའི། །ཐུགས་དྲན་པ་ཙམ་གྱིས་བྱིན་རླབས་ཞུགས། །ཕ་རྗེ་བཙུན་ཐུགས་རྗེའི་ལྕགས་ཀྱུ་དེས། །བུ་སྐལ་ལྡན་བདག་གི་སྙིང་ལ་ཟུག །ལས་ཉོན་མོངས་རྦ་རླབས་འཁྲུགས་པ་ཡི། །གནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས། །དུས་ད་རེ་ཕྱི་ཕྱག་འཚལ་ནས་ཀྱང་། །ལམ་བྱང་ཆུབ་སྐམ་སར་ཕྱིན་པ་འདི། །ཕ་སངས་རྒྱས་ཁྱེད་ཀྱི་བཀའ་དྲིན་ཡིན། །དོན་དེ་ཕྱིར་རྒྱལ་བ་སྤྲུལ་པའི་སྐུ། །ཁྱེད་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། །སྤྲང་བཀའ་དྲིན་དྲན་པ་སྦྱིན་པའི་མིང་། །དྲིན་འཇལ་བློའི་ནུས་པ་ཆེར་མེད་ཀྱང་། །རྗེ་ཁྱེད་ཀྱི་དྲི་མེད་རྣམ་ཐར་ལྟར། །བསྟན་འགྲོ་བ་ཡོངས་ལ་གང་ཕན་དང་། །རྗེ་ཆོས་སྐུར་མཐོང་བའི་མོས་གུས་ལ། །དུས་ནམ་ཡང་རྒྱུན་ཆད་ཡོད་རེ་སྐན། །གཏམ་རིན་པོ་ཆེ་ཡི་ཕྲེང་བ་འདི། །ཕ་བླ་མ་དགྱེས་པའི་མཆོད་སྤྲིན་མཛོད། །གླུ་འདི་ཀོ་སྐུ་དྲིན་དྲན་པའི་གླུ། །དབྱངས་རོལ་མོར་འབུལ་ལོ་སྐྱབས་ཀྱི་མཆོག །ད་ཞུ་བ་དོན་གྱི་སྙིང་པོ་ལ། །རྗེ་ཐུགས་རྗེ་བདག་ཉིད་ཡུད་ཙམ་དགོངས། །སེམས་སྐྱོ་བའི་སྨྲེ་སྔགས་འདི་ལ་དགོངས། །ས་དབུས་གཙང་དག་པའི་ཞིང་ཁམས་འདིར། །རྗེ་ཁྱེད་ཀྱི་ཐུགས་རྗེ་སྨོན་ལམ་མཐུས། །བདག་སྐལ་ལྡན་

p. 296

གདུལ་བྱ་སྤྲིན་ལྟར་འཐིབས། །ལོ་འགའ་ཙམ་རྗེས་སུ་བཟུང་མོད་ཀྱང་། །དེ་ཡུད་ཙམ་རྨི་ལམ་སྒྱུ་མ་དངོས། །དུས་དེ་ནས་མདོ་སྨད་ཕྱོགས་སུ་ཕེབས། །མི་བདག་དང་སློབ་འབངས་ཐམས་ཅད་ལ། །མི་རེ་རེའི་སྙིང་རེ་འཐོན་དང་བའི། །སེམས་སྡུག་བསྔལ་དུ ཁའི་ཁུང་བུར་ཚུད། །དུས་དེ་དུས་འོན་ཀྱང་ཞལ་བཞེས་བཟང་། །ཁྱེད་བུ་སློབ་མ་སྡུག་ང་ཉིད་ནི། །ལོ་བདུན་ནས་སླེབས་ཞེས་ཞལ་བཞེས་མཛད། །གསུང་དེ་ཀོ་བྱིས་པའི་མགོ་བསྐོར་དངོས། །ལོ་བདུན་པོ་ལོ་ངོ་བཅུ་བཞིར་སོང་། །མི་རྒས་པོ་ནད་དང་ཁུར་གྱིས་ནོན། །རྗེ་བླ་མས་འདི་འདྲའི་མཛད་པ་བསྟན། །ཕ་བླ་མ་དྲན་ནས་བཟོད་གླགས་མེད། །འདི་ཕོད་པར་འདུག་གམ་བཀའ་དྲིན་ཅན། །ཁོང་བར་སྣང་འཇའ་ཚོན་མཐོང་བའི་ཚེ། །རྗེ་བླ་མའི་མཛེས་སྐུ་ཡིད་ལ་ཤར། །སྐུ་མཐོང་བ་དོན་ལྡན་རིན་པོ་ཆེ། །མཚན་དཔེ་ཡི་དཀྱིལ་འཁོར་བསྟན་དུ་གསོལ། །དགུང་གཡུ་འབྲུག་སྒྲ་སྐད་ཐོས་པའི་ཚེ། །རྗེ་བླ་མའི་གསུང་སྙན་ཡིད་ལ་ཤར། །གསུང་ཚངས་དབྱངས་ཀྱི་མདོ་སྔགས་ཆོས་ཀྱི་ཆར། །ད་མྱུར་མྱུར་དུ་ཕོབ་མཛོད་བདག་ཅག་ལ། །དགུང་སྤྲིན་བྲལ་ནམ་མཁའ་མཐོང་བའི་ཚེ། །རྗེ་བླ་མའི་ཐུགས་དགོངས་ཡིད་ལ་ཤར། །དབྱངས་མཁའ་ཀློང་འདི་ཡིན་མ་མཆིས་ཀྱང་། །གནས་སྐབས་ཀྱི་ཐུགས་

p. 297

འདུན་བོད་ལ་གཏོད། །འོད་གསལ་གྱི་ཉི་མ་ཤར་བའི་ཚེ། །རྗེ་བླ་མའི་ཐུགས་རྗེ་ཡིད་ལ་ཤར། །ད་ཐུགས་རྗེ་ཡི་དཔྱངས་ཐག་མ་ཆད་ན། །སྙིང་རྗེ་ཡི་འོད་ཟེར་བོད་ལ་བཀྱེ། །དགུང་སྔོན་ལ་སྐར་ཚོགས་བཀྲ་བའི་ཚེ། །རྗེ་བླ་མའི་མཁྱེན་བརྩེ་ཡིད་ལ་ཤར། །བརྩེ་བ་ལ་ཕྱོགས་རིས་མ་མཆིས་ན། །བདག་ཅག་གི་མྱ་ངན་བསལ་དུ་གསོལ། །བརྡ་ཇི་འདྲ་མཐོང་ཡང་བླ་མ་དྲན། །ཞལ་མཇལ་འདོད་ཁོང་ནས་མེ་ལྟར་འབར། །བདག་ཅག་ལ་ཐུགས་རྗེས་མི་གཟིགས་སམ། །དབུས་གཙང་འདིར་ཆིབས་ཁ་མྱུར་དུ་སྒྱུར། །མདོ་སྨད་དེར་ཁོ་བོ་ཡོང་ནས་ཀྱང་། །རྗེ་བླ་མ་གདན་འདྲེན་ཞུ་འདོད་ཀྱང་། །ལོ་མང་གི་ཁུར་གྱིས་བན་རྒན་ནོན། །ནག་པོ་ཡི་སྐྲ་ལོ་དཀར་པོར་སོང་། །ཁ་ནང་གི་སོ་དཀར་རྗེས་མེད་ཐལ། །དཔྲལ་བ་ལ་གཉེར་མའི་བང་རིམ་ཆགས། །མདའ་མོ་ལས་དྲང་བའི་ལུས་པོ་སྒུར། །འབྱུང་འདུས་ཀྱི་ལང་ཚོ་དེ་ལྟར་རྒུད། །ལྷག་པར་དུ་མདོ་སྨད་ས་ཐག་རིང་། །བན་རྒན་ང་ཡོང་བའི་རེ་བ་བྲལ། །སངས་རྒྱས་ཀྱི་རྣམ་འཕྲུལ་རྗེ་ཁྱེད་ནི། །མཛེས་སྐུ་ནི་རྡོ་རྗེའི་རང་བཞིན་ཅན། །བགྲེས་རྒུད་ཀྱི་མཛད་པ་མ་བསྟན་པར། །བདག་ཅག་གི་བསོད་ནམས་བགོ་སྐལ་ལགས། །དེའི་ཕྱིར་དུ་སྐྱབས་མགོན་ཐུགས་རྗེའི་

p. 298

གཏེར། །ཐུགས་རྗེ་ཡི་བརྩེ་བ་རྒྱ་བསྐྱེད་ལ། །བོད་ཁམས་འདིར་མྱུར་དུ་ཆིབས་ཁ་སྒྱུར། །བདག་ཅག་གིས་རྗེ་ཡི་བཀའ་བཞིན་བསྒྲུབ། །འདོད་དགུ་ཡི་ནོར་ལ་ཁྱེད་དགྱེས་ན། །སྟོང་འབུལ་དང་ཁྲི་འབུལ་མ་མཆིས་ཀྱང་། །གང་ཡོད་རྣམས་སྤོང་ཐག་རྗེ་ལ་བྱེད། །མཆོད་སྦྱིན་གྱི་རྣམ་དཀར་རྒྱ་ཆེར་མཛོད། །འདག་སྦྱར་དང་སྒྲུབ་པར་ཁྱེད་དགྱེས་ན། །ཚེ་མཇུག་འདིར་སྒྲུབ་པའི་དམ་བཅའ་འབུལ། །ཉམས་རྟོགས་ནི་བརྒྱ་འབུལ་སྟོང་འབུལ་བྱེད། །སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བར་མཛོད། །དཀོན་མཆོག་ལ་མཆོད་པ་འབུལ་སྤྲོ་ན། །དབུས་གཙང་འདིར་ནང་རྟེན་བསམ་མི་ཁྱབ། །དགེ་འདུན་ལ་བསྙེན་བཀུར་ཞུ་འདོད་ན། །རིས་མེད་ཀྱི་དགེ་འདུན་སྐར་ཚོགས་ཙམ། །ངན་སློང་ལ་སྦྱིན་པ་གཏོང་སྤྲོ་ན། །ས་སྟེང་འདི་ཉམ་ཐག་སྤྲང་པོས་ཁྱབ། །རྩེ་གཅིག་ཏུ་སྒྲུབ་ལ་གཞོལ་འདོད་ན། །བྱིན་ཅན་གྱི་གྲུབ་གནས་བགྲང་ལས་འདས། །རྗེ་ཁྱེད་ཀྱི་དགྱེས་པའི་ལེགས་ཚོགས་ཀུན། །དག་ཞིང་འདིར་ཡོད་དོ་མྱུར་དུ་བྱོན། །དོན་དེ་ཚོ་བདག་གིས་མ་ཞུས་ཀྱང་། །རྗེ་ཁྱེད་ཀྱི་ཐུགས་ནས་ས་ལེར་མཁྱེན། །བདག་རྒན་བུས་གཙོ་བྱས་དབུས་གཙང་གི །གྲྭ་སློབ་འབངས་ཡོན་བདག་འཁོར་བཅས་ལ། །དུས་ད་རེས་ཐུགས་རྗེ་མ་འདོར་བར། །ཞལ་

p. 299

མྱུར་དུ་དབུས་གཙང་ཕྱོགས་སུ་སྒྱུར། །དུས་དང་པོའི་ཞལ་བཞེས་བཟང་པོ་དེ། །ད་བསྙེལ་ཐབས་མེད་དོ་རིན་པོ་ཆེ། །དོན་དེ་ཕྱིར་སྦྱིན་པ་ནོར་བུ་བདག །གཅིག་པུ་ཡི་རང་འདོད་མ་ཡིན་པར། །དད་དམ་ཚིག་ལྡན་པའི་མཆེད་ལྕམ་དང་། །ཁོང་ཡོན་བདག་ཀུན་ཀྱང་དད་པའི་ཕྱིར། །ཚིག་སྡེབ་སྦྱོར་སྤྲོས་པ་མེད་མོད་ཀྱང་། །སེམས་གང་ཤར་ཤོག་གུའི་ལོགས་ལ་བཀོད། །མི་བདག་ཀྱང་བསམ་པའི་འཁྱེར་སོ་ལ། །རྗེ་ཁྱེད་ཉིད་དབུས་སུ་ཕེབས་བསམས་ནས། །གནས་གངས་རིའི་ཕྱོགས་ནས་དབུས་གཙང་འདིར། །བདག་འོངས་ནས་ལོ་ངོ་ལྔ་ཙམ་སོང་། །རྗེ་བླ་མ་མ་ཕེབས་སྡུག་རེ་བསྔལ། །སེམས་ཉོན་མོངས་དུ ཁས་ནོན་པའི་དུས། །གསུང་དྲི་མེད་འབྱོར་བས་དགའ་གཏེར་རྡོལ། །དུས་ད་ལོ་འབྲས་མོ་ལྗོངས་ལ་འགྲོ། །རྗེ་བླ་མ་བོད་འདིར་མ་ཕེབས་བར། །སྟོད་གངས་རིར་འགྲོ་འདོད་ཡིད་ན་མེད། །རྗེ་བླ་མ་གསང་ཐཔས་གདན་ཞུའི་ཕྱིར། ཁོང་བང་ཆེན་འདི་ཚོ་ཆེད་མངགས་བཏང་། །དོན་འབྲས་བུ་སྨིན་པར་མ་མཛད་ན། །བདག་སློབ་འབངས་ཐམས་ཅད་བསད་དང་འདྲ། །ཚིག་འདི་ཀོ་དོ་གལ་ཆེ་བས་ཞུས། །རྗེ་དབུས་གཙང་ཕྱོགས་ལ་ཕེབས་པ་ལ། །གདོང་ཕེབས་བསུར་སྣ་ལེན་ང་རང་ཡོང་། །ཁོང་བང་

p. 300

ཆེན་ཡར་ལ་མྱུར་དུ་ཐོངས། །གསུང་སྙན་པའི་ལེགས་བཤད་ཁོང་ཚོར་བསྐུར། །བཀའ་ཇི་བཞིན་མ་བསྒྲུབས་བདག་རེ་ངན། །རྗེ་དབུས་སུ་མ་ཕེབས་ཁྲེལ་རེ་ཆུང་། །མི་རྒས་པོ་རྒན་འཆལ་ལངས་པ་དང་། །རྗེ་བླ་མ་དྲན་པའི་སྡུག་ཡུས་ཀྱིས། །ཚིག་འགྲིག་མིན་སྣ་ཟིན་སྤུ་ཟིན་བྱས། །རང་ངལ་མེད་ཡི་གེར་བཀོད་ནས་ཕུལ། །གཏམ་འདི་ལ་རྗེ་ཡིས་མ་གསན་ནས། །དུས་ད་དུང་མདོ་སྨད་དེར་བཞུགས་ན། །རྗེ་ཉེ་རིང་མེད་པའི་སངས་རྒྱས་ཀྱང་། །དུས་དེང་སང་ཉེ་རིང་ཅན་དུ་གྱུར། །བདག་རྗེས་འཇུག་བོད་ཀྱི་ལས་ངན་རྣམས། །ཉ་བྱེ་ཚན་ལྟ་བུར་སྡུག་རེ་བསྔལ། །འདི་ཕོད་པར་གདའ་ཡེ་འགྲོ་བའི་མགོན། །ནངས་ཤར་བའི་ཉི་མ་ནུབ་སོང་ཡང་། །སླར་འགྲོ་བའི་དོན་དུ་ཤར་ནས་འཆར། །དོན་དེ་ཕྱིར་མྱུར་དུ་མ་ཕེབས་ན། །ང་སྒྱུ་ལུས་མི་ཐང་སྡོད་པར་དཀའ། །ལྷ་རྩ་གསུམ་དམ་ཅན་རྒྱ་མཚོ་རྣམས། །ཐུགས་སྐད་ཅིག་གཡེལ་བ་མ་མཛད་པར། །རྗེ་སངས་རྒྱས་གཉིས་པ་ཞབས་དཀར་རྗེ། །ས་དབུས་སུ་ཕེབས་པའི་མཐུན་གྲོགས་མཛོད། །ཕ་བཀའ་དྲིན་ཅན་གྱི་གསེར་ཞལ་དེ། །བུ་མོས་གུས་ཅན་གྱིས་མྱུར་དུ་མཇལ། །དུས་ཉིན་མཚན་མེད་པར་ཆོས་འཁོར་བསྐོར། །ཀུན་དགའ་བདེའི་དཔལ་ལ་

p. 301

སྤྱོད་པར་ཤོག །ཅེས་པ་སོགས་སློབ་མ་བུ་ཆེན་ཡོན་བདག་བསོད་ནམས་ཅན་མང་པོས་མགོན་ཁྱེད་དབུས་གཙང་དུ་ཡར་ཅིག་ཕེབས་དང་། ཞབས་ཏོག་གང་དགོས་རྣམས་བསྒྲུབ་ཅེས་ཞུ་ཤོག་ཚིག་ལྷུག་ཚིགས་བཅད་བརྒྱ་ཕྲག་ཙམ་ཞིག་བྱུང་བ་ཁ་ཕྱེས་ནས་བལྟས་ཚེ། ང་ཡང་སྐོམ་པ་ཆུ་འདོད་པ་བཞིན་དབུས་སུ་འགྲོ་འདོད་ཆེར་གྱུར་ནས། ལོ་རྗེས་མ་ཤིང་འབྲུག་གི་ལོ་ནོར་རྫས་གང་ཡང་མ་ཁྱེར་པ་བྱས་ཟླ་བ་བཞི་བ་ལྔ་བའི་ནང་ལ་འབྲོག་ཕྱོགས་སུ་འགྲོ་བ་ལྟར་བྱས། ཕར་རྭ་རྒྱ་དགོན་བརྒྱུད་མགོ་ལོག་དང་ཁམས་ལ་བྱོན་ནས་ཡར་འགྲོ་སྙམ་ཞབས་ཕྱི་ནང་མ་རེ་གཉིས་ལ་ལྐོག་གཏམ་བྱས། དེ་ནས་ཁྱུང་དགོན་སྤྲུལ་སྐུ་དང་རེབ་གོང་སྔགས་མང་ཡོངས་ལ་དད་རྟེན་དུ། །ན་མོ་གུ་རུ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །འདྲ་སྐུ་འདི་ཉིད་མཐོང་ཐོས་དྲན་རེག་གིས། །བླ་མའི་རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །དེ་ཡང་ཇི་སྐད་དུ། ཨ་ཏི་བཀོད་པ་ཆེན་པོ་ལས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །གསེར་དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་གྲངས་མེད་བྱས་པ་ལས། །

p. 302

བླ་མའི་སྐུ་འབག་སུས་བྲིས་པ། །འདི་ནི་བསོད་ནམས་ཁྱད་པར་འཕགས། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །གང་གི་བླ་མའི་སྐུ་འབག་ལ། །མཆོད་ཅིང་བསྟོད་པ་སུས་བྱས་པ། །རྡོ་རྗེ་འཆང་ལ་བསྐལ་པ་བརྒྱར། །མཆོད་ཅིང་བསྟོད་ལས་བསོད་ནམས་ཆེ། །འབུམ་ཕྲག་སུམ་ཅུ་རྩ་ལྔའི་ཆར། །ཕོད་ཅིང་མཉམ་པ་མ་ཡིན་ནོ། །གསུངས། བླ་མ་གོང་མའི་གསུང་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གཟུགས་བཞེངས་པ་ལས། བླ་མའི་སྐུ་འདྲ་གཅིག་བཞེངས་པ་ཕན་ཡོན་ཆེ། རྡོ་རྗེ་འཆང་ལ་བསྐལ་པ་བརྒྱའི་བར་དུ་མཆོད་པ་ཕུལ་བ་ལས། བླ་མའི་འདྲ་སྐུའི་མདུན་དུ་མཆོད་པ་ལན་ཅིག་ཕུལ་བ་ཕན་ཡོན་ཆེ་ཞེས་གསུངས་པ་ལ་དགོངས་ནས། མཁས་གྲུབ་གཉིས་འཛོམ་བླ་མ་གངས་རི་པས། བསོད་ནམས་བསགས་པའི་ཕྱིར་སྐུ་རྒྱུ་རུ་རྒྱ་དངུལ་སྲང་ལྔ་བཅུ་ཕུལ་ནས། འཇམ་དབྱངས་རྣམ་འཕྲུལ་མཁན་པོ་ཞི་བ་ཚེ་རིང་གིས་ཐུགས་བཀོད་གནང་། གཞུང་དགའ་ལྡན་ཕོ་བྲང་གི་འདོད་དཔལ་གྱི་བལ་པོའི་བཟོ་བོ་མཁས་པས་དངུལ་གར་བླུགས་བྱས་པའི་བཟོ་རྒྱུ་ཕུན་སུམ་ཚོགས་པ་འདིའི་ནང་གི་གཟུངས་གཞུག་ཏུ། སངས་རྒྱས་ཀྱི་འཕེལ་གདུང་སོགས་རྟེན་ཁམས་ཅན་

p. 303

དང་། ངའི་སྐྲ་ལོ་ན་བཟའ་བཅས་བཅུག རྒྱལ་བ་ཡབ་སྲས་ཀྱིས་ཕྱག་ནས་འཐོར། ངས་ཀྱང་རབ་གནས་ཡང་ཡང་བྱས་པའི་འདྲ་སྐུ་འདི་ཉིད། རེབ་གོང་གསེར་མོ་ལྗོངས་འདིའི་དམ་ལྡན་རིག་འཛིན་སྔགས་འཆང་འདུས་པ་རྒྱ་མཚོའི་དད་རྟེན་དུ་བྱིན་པ་ཡིན་པས། མ་ཎི་ཆོས་ཐོག་ནམ་འོང་གི་དུས་སུ་ཚོགས་དབུ་རུ་ཞོག་ལ་ཕྱག་མཆོད་མཛོད་དང་། ཚོགས་རྫོགས་སྒྲིབ་པ་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །སྨྲས་པ། འདྲ་སྐུ་འདི་ཉིད་མཐོང་ཐོས་དྲན་རེག་ཀུན། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཤོག །འདྲ་སྐུ་གང་དུ་གནས་པའི་ས་ཕྱོགས་སུ། །ལོ་ཡག་སྐལ་བཟང་འབྱུང་བའི་བཀྲ་ཤིས་ཤོག །ཅེས་ལོ་རྒྱུས་དང་བཅས་བྱིན་པས་ཐམས་ཅད་དགའ་ཞིང་སྤྲོ་བར་གྱུར། དུས་ད་ལྟ་ཡང་ཁྱུང་དགོན་གྱི་ནང་རྟེན་གྱི་གཙོ་བོ་རུ་བཞུགས་སོ། །ཡང་ཞོ་འོང་ལ་ཁའི་སྔགས་མང་གི་དད་རྟེན་དུ། ན་མོ་གུ་རུ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །ཕུར་བུ་འདི་ཉིད་མཐོང་ཐོས་འགྲོ་རྣམས་ཀྱིས། །ཉོན་མོངས་དགྲ་བགེགས་ཐུལ་བར་བྱིན་གྱིས་རློབས། །དེ་ཡང་བླ་མ་གྲུབ་པའི་དབང་ཕྱུག་སྐལ་ལྡན་རང་གྲོལ་

p. 304

མཆོག་གིས། འཇམ་དབྱངས་རྣམ་འཕྲུལ་མཁན་པོ་ཞི་བ་ཚེ་རིང་ལ། ཕུར་བའི་རྒྱུ་རུ་དངུལ་སྲང་བཅོ་ལྔ་ཕུལ་ནས་མཁན་པོས་ཐུགས་བཀོད་གནང་། གཞུང་དགའ་ལྡན་ཕོ་བྲང་གི་བལ་པོའི་བཟོ་བོ་མཁས་པས། སྐུའི་རྒྱུ་སྟོད་གསེར་ཟངས་དང་སྨད་གནམ་ལྕགས་ལས་གྲུབ་པ་བཟོ་རྒྱུ་ཕུན་སུམ་ཚོགས་པ། རྒྱལ་བ་ཡབ་སྲས་ཀྱི་ཕྱག་ནས་ཕོག་པ་འདི་ཉིད་བླ་མ་སྐལ་ལྡན་གྱིས་ལོ་གཅིག་བསྣམས་ནས། མཁས་གྲུབ་གཉིས་འཛོམ་བླ་མ་པདྨ་རང་གྲོལ་རིན་པོ་ཆེ་ལ་ཕུལ་བ། ཁོང་གིས་ལོ་མང་པོ་མགུལ་ཕུར་བྱས། དེས་བདག་ལ་ཕུལ་བ་ལོ་བཅོ་ལྔ་ཙམ་ལ་བཟུང་ནས་བྱིན་གྱིས་བརླབས་པ་ཡིན་པས་འདི་ཉིད། ད་ནི་ཁྱེད་དམ་ལྡན་ཞོ་འོང་ལ་ཁའི་རིག་འཛིན་སྔགས་འཆང་རྣམས་ལ་དད་རྟེན་དུ་བྱིན་པ་ཡིན་པས། གསེར་སྲང་སྟོང་བྱིན་པ་ལས་ལྷག་པའི་དགའ་བར་མཛོད་ལགས། སྨྲས་པ། ཕུར་བུ་འདི་ཉིད་མཐོང་ཐོས་དྲན་རེག་གིས། །ཞི་རྒྱས་དབང་དྲག་འཕྲིན་ལས་མྱུར་འགྲུབ་ཤོག །ཕུར་བུ་གང་དུ་གནས་པའི་ས་ཕྱོགས་སུ། །ལོ་ཡག་བསྐལ་བཟང་འབྱུང་བའི་བཀྲ་ཤིས་ཤོག །ཅེས་ལོ་རྒྱུས་དང་བཅས་བྱིན་པས་ཀུན་དགའ་ཞིང་སྤྲོ་བ་བྱུང་། དུས་ད་ལྟ་ཡང་ཞོ་འོང་ལ་ཁའི་སྔག་མང་གི་ཆོས་ཐོག་གི་སྐབས་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་

p. 305

བསྣམས་ནས་འོང་བའི་ཕྱག་སྲོལ་ཚུགས་སོ། །ཡང་སྐྱེས་མཆོག་སྤྱང་ལུང་རྡོ་རྗེ་འཆང་གི་སྤྲུལ་སྐུ་རིན་པོ་ཆེ་རྣམ་པ་གསུམ་ལ་ཞལ་གདམས་འདི་ཉིད་བྱིན། རྗེ་འགྲན་གྱིས་དོ་མེད་ཆོས་རྒྱལ་ལ། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །ངའི་རྗེས་འཇུག་སྤུ་སྐུ་རྣམ་གསུམ་གྱིས། །བསྟན་འགྲོ་ལ་ཕན་པར་བྱིན་གྱིས་རློབས། །ཚེ་སྔོན་སྦྱངས་བག་ཆགས་སད་པའི་མཐུས། །ཐུགས་ཆོས་མཐུན་སྤྲུལ་སྐུ་རྣམ་གསུམ་ལ། །དཔེ་གསལ་བའི་ཐོག་ཏུ་སྒྲོན་མེ་བཞིན། །ཆོས་དགེ་བའི་གསོལ་འདེབས་བསླབ་བྱ་ཞུ། །ཁྱེད་རྣམ་གསུམ་སྐུ་ན་གཞོན་པའི་དུས། །དགྲ་ལེ་ལོའི་དབང་དུ་མ་གཏོང་བར། །ནང་རིག་པ་སྒྲ་ཚད་བཟོ་གསོ་སོགས། །སྤྱིར་རིག་གནས་ཀུན་ལ་མཁས་པར་སྦྱོངས། །སྒོས་མཚན་ལྡན་བླ་མ་མང་པོ་ལ། །ཆོས་རིང་བརྒྱུད་བཀའ་མ་ཉེ་བརྒྱུད་གཏེར། །གཞན་ཟབ་མོ་དག་སྣང་ཆོས་སྐོར་སོགས། །དབང་ལུང་འཁྲིད་མང་པོ་ཡང་ཡང་ཞུས། །ད་ཞུས་པ་ཙམ་དུ་མ་བཞག་པར། །ཆོས་ལམ་རིམ་བློ་སྦྱོང་ཕྱག་རྫོགས་སོགས། །རང་གང་མོས་ཆོས་ལ་ལྷག་པར་དུ། །གནས་དབེན་པ་བསྟེན་ལ་ཉམས་ལེན་མཛོད། །ནང་ལྟ་དགོངས་ཤིན་ཏུ་མཐོ་ན་ཡང་། །ཕྱིའི་སྤྱོད་པ་ཆལ་

p. 306

ཆོལ་མཛད་མི་རུང་། །དེ་བྱས་ན་འགྲོ་དོན་མི་འོང་བས། །སྔགས་བྱང་སེམས་སོ་ཐར་སྡོམ་པ་སྲུངས། །སྤྱིར་དད་ཅན་སྐྱ་སེར་ཕོ་མོ་ལ། །སྡིག་མི་དགེ་བྱས་པའི་ཉེས་དམིགས་དང་། །ཆོས་དགེ་བ་བྱས་པའི་ཕན་ཡོན་གསུངས། །ཀུན་བློ་ཁ་དམ་པའི་ཆོས་ལ་སྒྱུར། །སྒོམས་སྔགས་འཆང་རྣམས་ཀྱི་ཆོས་ཐོག་ལ། །དུས་རྒྱུན་དུ་བྱོན་ལ་བཀའ་ཆོས་གནོངས། །འདོན་ཆོས་སྤྱོད་འགྲིག་ལམ་ཀུན་སྤྱོད་རྣམས། །ལོ་རེ་རེ་བཞིན་དུ་ཇེ་བཟང་ཐོངས། །ནོར་ལོངས་སྤྱོད་གསོག་འཇོག་མ་མཛད་པར། །ལོ་རེ་རེ་བཞིན་དུ་ཆོས་ཐོག་ཟུངས། །དུས་རྒྱུན་དུ་ལོ་མཚམས་ཟླ་མཚམས་སྡོམས། །ལྷའི་བསྙེན་པ་སེམས་ངོ་སྐྱོང་བར་མཛོད། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །ཆོས་མདོ་སྔགས་བསྟན་པ་རྒྱས་པ་དང་། །མ་འགྲོ་བ་ཀུན་ཀྱང་གནས་སྐབས་བདེ། །མཐར་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །ཅེས་བྱིན། ཡང་དད་ཅན་སྔགས་རྒན་མཁར་ལོ་དང་པདྨ་ཚེ་རིང་། ཚགས་ལོ། །སྤྱང་ལུང་ཀུན་བཟང་། ཀོའུ་སྡེའི་ངག་དབང་བཀྲ་ཤིས། རྒྱལ་པོའི་རྟ་མགྲིན་སྐྱབས། སྙིང་གར་དཔའ། ལྷ་ཁང་དབུ་མཛད་སོགས་རེབ་གོང་གི་ཕུར་ཐོགས་སྟོང་དང་ལྔ་བརྒྱས་གཙོ་བྱས་སློབ་མ་སྔགས་འཆང་དམ་ལྡན་ཡོངས་ལ་ཞལ་གདམས་འདི་

p. 307

བྱིན། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སེམས་ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཁྱེད་དམ་ལྡན་སྔགས་འཆང་ཚོགས་རྣམས་ཀྱིས། །ངའི་ཕན་པའི་གླུ་དབྱངས་འདི་ལ་ཉོན། །ལོ་གཞོན་དུས་ཡི་གེ་ལྷ་བྲིས་དང་། །སྨན་རྩིས་སོགས་རིག་པའི་གནས་ལ་སློབས། །དེའི་རྗེས་སུ་མཚན་ལྡན་བླ་མ་ལ། །ཆོས་མདོ་སྔགས་དབང་ལུང་ཁྲིད་གསུམ་ཞུས། །རྗེ་བླ་མ་འབྲལ་མེད་སྤྱི་བོར་སྒོམས། །ལུས་ལྷར་བསྐྱེད་ངག་གིས་བཟླས་བརྗོད་གྱིས། །སེམས་གསལ་སྟོང་འཛིན་མེད་ངང་ལ་ཞོག །མ་ཉམ་ཐག་འགྲོ་ལ་སྙིང་རྗེ་སྒོམས། །ལྷ་བཀའ་བརྒྱུད་དམ་པ་རིགས་བརྒྱ་ཡི། །མཚན་བརྗོད་པས་ངན་འགྲོར་ལྟུང་མི་སྲིད། །མཆོད་བསྟོད་པས་མཆོག་ཐུན་དངོས་གྲུབ་ཐོབ། །དུས་རྒྱུན་དུ་ཆོས་ཐོག་ཆག་མེད་མཛོད། །རང་ཡུལ་གྱི་དགེ་སྦྱོར་བརྒྱ་བྱས་ལས། །ལྷ་བླ་མ་མཆེད་གྲོགས་ཚོགས་གྲལ་དུ། །གཅིག་བྱས་པ་ཕན་ཡོན་བརྒྱ་འགྱུར་ལྷག །དོན་དེ་ཕྱིར་ཆོས་ཐོག་ཀུན་ལ་ཕེབས། །ལྷ་བླ་མ་མཆེད་ལྕམ་དམ་ཚིག་རྣམས། །བསྲུང་ནུས་ན་སྐྱེ་བ་བཅུ་དྲུག་ཚུན། །ཆོས་མ་བསྒོམས་ན་ཡང་འཚང་རྒྱ་གསུངས། །ཆང་མ་འཐུང་སྡོམ་པ་དམ་ཚིག་སྲུངས། །བསྟན་འགྲོ་ལ་གནོད་པའི་དགྲ་ལ་ཡང་། །ལྷ་ཆོས་སྐྱོང་བསྐུལ་བ་མ་གཏོགས་པ། །ཀླུར་གཏད་དང་གཉན་སར་མནན་

p. 308

པ་སོགས། །གཞན་ས་བརྐོ་རྡོ་སློག་མ་བྱེད་བཟང་། །སྐབས་སྐབས་སུ་འཆི་བ་མི་རྟག་སོམས། །རང་ཁོམ་དུས་ཕྱག་མཆོད་སྐོར་བ་གྱིས། །ནོར་ཡོད་དུས་མཆོད་སྦྱིན་གང་ནུས་ཐོངས། །དུས་རྒྱུན་དུ་མཚམས་གྱིས་ཉམས་ལེན་མཛོད། །དོན་དེ་ལྟར་བྱས་ན་ཆོས་དང་མཐུན། །ཆོས་དགེ་བ་བྱས་པའི་འབྲས་བུ་ཡིས། །དུས་གནས་སྐབས་ཀུན་ཏུ་བདེ་ཞིང་སྐྱིད། །མཐར་སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །མ་འགྲོ་ཀུན་བདེ་ཞིང་སྐྱིད་པ་དང་། །ཆོས་མདོ་སྔགས་བསྟན་པ་རིན་པོ་ཆེ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །ཅེས་བྱིན། གཞན་ཡང་བཅའ་ཡིག་དང་བསླབ་བྱ་འདྲ་བྱས་པས། ཀུན་ཡིད་ཅིག་མ་ཆེས་པར། ཞབས་ཞུ་འགའ་རེར་དྲིས་པས་གཅིག་གིས་ལྐོག་གཏམ་བྱས། ལོ་རྗེས་མར་དབུས་སུ་ཕེབས་ཐག་ཆོད་རེད་ཅེས་བཤད་པ་རིམ་གྱིས་མཁས་པའི་དབང་པོ་གྲུབ་པའི་དབང་ཕྱུག་རོང་བོའི་སྐུ་གཞོགས་བསམ་འགྲུབ་རིན་པོ་ཆེས་གསན་ཚེ་གསུང་ཤོག་འདི་གནང་འདུག ། དཔག་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཏེ། །སྤྲུལ་པའི་སྒྱུ་འཕྲུལ་ཆུ་ལ་ཟླ་གཟུགས་བཞིན། །སྐལ་ལྡན་ཞིང་དུ་ཟབ་རྒྱའི་ཆོས་ཆར་འབེབས། །སྐྱབས་གཅིག་རྣལ་འབྱོར་ཆེན་པོའི་ཞབས་པད་དྲུང་། །ཚུལ་འཆོས་གོས་ཀྱིས་བཙུན་པའི་གཟུགས། །

p. 309

ནང་དུ་རྙེད་བཀུར་ཁྲམ་པ་དངོས། །ཚུལ་མིན་ལས་ཀྱིས་དུས་འདའ་བ། །སྐྱེས་མིང་ཞིག་གིས་འདི་སྐད་ཞུ། །དེང་དུས་སྙིགས་མའི་དུས་ངན་འདིར། །བྱ་བྱེད་རྐྱེན་ངན་རུ་འཛིངས་ཏེ། །བསྟན་འགྲོའི་བདེ་སྐྱིད་ཉམས་དམའ་བ། །རི་མོའི་མར་མེ་ལྟ་བུའི་དུས། །ཐུགས་བསྐྱེད་སྨོན་ལམ་ཤར་རིའི་རྩེར། །སྤངས་རྟོགས་དཀྱིལ་འཁོར་མངོན་པར་རྫོགས། །སྙིང་རྗེའི་ཉི་མ་ཁྱོད་ཤར་བས། །ད་དུང་ཐར་པའི་ལམ་མ་ནུབ། །ཆོས་སྲིད་འདོད་དགུ་འཇོ་བ་ཡིས། །འབྲེལ་ཚད་དོན་ལྡན་ལ་སྦྱོར་བའི། །སེམས་དཔའ་ཆེན་པོའི་རྣམ་ཐར་ལ། །རྣམ་པ་ཀུན་ཏུ་ཡི་རང་སྨོན། །དེ་ལྟར་ཐུགས་ལ་གང་དགོངས་པའི། །དོན་ཆེན་འབད་མེད་འགྲུབ་པས་ན། །ཡུལ་ངན་ཉམ་ཐག་སྐྱེ་བོའི་ཚོགས། །དོར་ནས་གཞན་དུ་སྤྲོས་དམིགས་ཀྱིས། །བྱ་བའི་ཤིང་རྟ་བང་སློང་ན། །གདུལ་བྱ་བཟང་ངན་སྤང་བླང་གི །སྤུ་རིས་ཕྱེ་ཞིང་ཚུལ་འདི་ནི། །དམ་པས་སྨད་པའི་ལས་མིན་ནམ། །བདེན་རྫུན་རང་བཞིན་མ་དམིགས་པར། །ཆོས་ཀྱི་དབྱིངས་སུ་རོ་མཉམ་ཡང་། །བྱིས་པ་བསླུ་བའི་གཏམ་འདི་ནི། །འཕགས་པའི་སྤང་བྱར་མ་ལགས་སམ། །དེ་ལྟར་གསེར་ལྗོངས་སའི་ཐིག་ལེར། །ཞབས་མཐིལ་པདྨ་དཀར་པོའི་རིས། །ཀུན་གྱི་མིག་གི་བདུད་རྩི་རུ། །འཕོ་མེད་བརྟན་པར་བཞུགས་སུ་གསོལ། །

p. 310

མདོར་ན་བདག་སོགས་སྐྱེ་རྒུ་ཀུན། །ཕྱི་ནང་ཉེར་འཚེ་གཡུལ་ལས་རྒྱལ། །རྣམ་དཀར་ལས་ལ་ཉེར་ཞུགས་ཏེ། །དམ་པའི་མགོན་དང་འབྲལ་མེད་ཤོག །ཅེས་དྲི་མ་མེད་པའི་ལྷ་རྫས་རིང་པོ་དང་བཅས་ཏེ་སྩལ་སྣང་། ལོ་གསར་ནས་ཟླ་བ་དང་པོའི་ཚེས་བཅུ་ཙམ་ལ་རོང་བོའི་དགོན་ཆེན་དུ་ཤར་ཐམས་ཅད་མཁྱེན་པའི་སྐུ་གདུང་ལ་མཇལ་དུ་སོང་། དངུལ་སྲང་བཅུ་དྲུག་ཙམ་གྱི་དངུལ་གྱི་བདུན་ཚར་དང་དངུལ་ཀོང་གཅིག ཁ་བཏགས་ནང་མཛོད་ཀྱི་སྙན་ཤལ་དང་བཅས་ཏེ་ཕུལ། སྤྲུལ་སྐུ་མྱུར་འབྱོན་བཏོན་ནས་གསོལ་བ་བཏབ་ཞག་པོ་བདུན་བསྡད་ནས། མར་མེ་དང་ཆུ་གཙང་གི་མཆོད་པ་སྐུ་གཞོགས་གསེར་ཁང་རྡོ་རྗེ་འཆང་གི་ཕྱག་ལེན་ལྟར་ཕུལ་ནས་འདོད་གསོལ་བསྔོ་སྨོན་བྱས། དེ་དུས་མཁས་བཙུན་བཟང་གསུམ་འཛོམ་པའི་སྐུ་གཞོགས་བསམ་འགྲུབ། བྱང་རྩེ་རིན་པོ་ཆེ། བུས་པ་གསེར་ཁྲི། རོང་བོ་སྤྲུལ་སྐུ། ཕྱག་མཛོད་ལ་སོགས་པའི་རོང་བོའི་བླ་སྐྱ་དཔོན་གསུམ་སྔགས་མང་བཅས་ཀྱིས་ཉིན་ཅིག་སྡེར་ཁ་མང་པོ། འཇམ་དར་བཅས་ཕུལ་ནས། སྐུ་གཞོགས་བསམ་འགྲུབ་རིན་པོ་ཆེས། བླ་མ་རིན་པོ་ཆེ་ཁྱེད་ད་ལོ་དབུས་ལ་ཕེབས་རྒྱུ་རེད་ཟེར་བ་གོ་ནས་སེམས་མ་བདེ། དབུས་གཙང་ལ་ཉི་མའི་ཐོག་ཏུ་ཉི་མ་བཞིན་ཁྱེད་མི་དགོས་པས། རེབ་གོང་མུན་པའི་གླིང་ལྟ་བུ་འདིར་བཞུགས་ནས་འགྲོ་

p. 311

དོན་བྱེད་དགོས་གསུངས་པའི་རྗེས་སུ། དེ་བཞིན་དུ་བླ་མ་བྱང་རྩེ་ཚང་ལ་སོགས་པའི་དེར་བཞུགས་པ་རྣམས་ཀྱིས་རྒྱུ་མཚན་མང་པོ་བཅས་ཞུ་བ་ནན་གྱིས་ཕུལ་བའི་ལན་དུ། ངས་འདི་སྐད་ཞུས། རེབ་གོང་ལྷ་མ་ཡིན་གྱི་འཐབ་རྩོད་ཀྱི་གནས་ལྟ་བུ་འདི་ལ་ཕན་ཆེན་པོ་མི་ཐོགས་པར་གདའ། ད་ཡར་ཚོ་བུད་སོང་ན་སྙམ་པ་ཡིན་ཏེ། ཁྱེད་རྣམས་ཀྱིས་རེ་བ་ཆེན་པོ་བྱེད་ན། ཤར་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་ཉི་མ་བཞིན་དུ་འཆར་རག་གི་བར་དུ་འདུག་ཅེས་ཞུས་པས། ཀུན་ཐུགས་དགྱེས་ནས་ད་ཕྱིན་ཆད་ཞལ་བཞེས་མི་འགྱུར་བ་ཐུགས་ལ་ཟུངས་ཟེར། ཡང་ཟླ་བ་བཞི་བའི་ནང་ལ་སྐྱབས་མགོན་གསེར་ཁང་རྡོ་རྗེ་འཆང་སྤྲེའུ་མདོའི་དགོན་པར་ཕེབས་པ་ལ་མཇལ་དུ་སོང་། ཚེ་དཔག་མེད་རྒྱ་གར་ལི་མ་གཅིག གསེར་གྱི་ཚེ་བུམ་རིན་ཆེན་ཕྲ་ལྡན། ཚེ་མདོ། གསེར་ཞོ་གང་རས་གོས་དྲི་མེད་ལྷ་རྫས་འཇམ་དར་རིང་པོ་བཅས་ཕུལ་ནས་མཇལ། སྐྱབས་འཇུག་ཚིག་ལྷུག་པར་གྲོལ་ནས་ཞུས་པའི་མཐར་སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་ཕུལ་བ། །རྒྱལ་བསྟན་ཡོངས་རྫོགས་ཕྱོགས་ཀུན་ཏུ། །དར་ཞིང་རྒྱས་པར་མཛད་པ་ཡི། །སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱི། །རྒྱལ་

p. 312

ཚབ་ཆེན་པོ་བདག་ལ་དགོངས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །ལུང་གི་ཆོས་ཀྱིས་རྒྱུད་ཕྱུག་ཅིང་། །བསླབ་པ་གསུམ་དང་རིམ་གཉིས་ཀྱི། །རྟོགས་པའི་ཆོས་ཀྱིས་རྒྱུད་གྲོལ་བའི། །ངོ་མཚར་སྐྱེས་མཆོག་རིན་པོ་ཆེ། །ཁྱེད་ནི་བསྟན་དང་འགྲོ་བ་ཡི། །དོན་དུ་བསྐལ་པ་རྒྱ་མཚོའི་བར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཁྱེད་ཀྱི་རྗེས་འཇུག་བདག་ཅག་རྣམས། །དེང་ནས་བྱང་ཆུབ་མ་ཐོབ་བར། །འབྲལ་བ་མེད་པར་རྗེས་སུ་ཟུངས། །ཟབ་རྒྱའི་ཆོས་འཁོར་བསྐོར་བར་བསྐུལ། །འདིས་མཚོན་དུས་གསུམ་དགེ་ཚོགས་རྣམས། །མགོན་ཁྱོད་ཞབས་པད་བརྟན་ཕྱིར་བསྔོ། །མགོན་པོ་ཚེ་དཔག་མེད་པ་བཞིན། །རྟག་ཏུ་ཞབས་པད་བརྟན་པར་ཤོག །ཁྱེད་བཞིན་བུ་སློབ་རྣམས་ཀྱིས་ཀྱང་། །ཕྱི་རུ་འདུལ་བའི་ཀུན་སྤྱོད་གཙང་། །ནང་དུ་གསང་སྔགས་རིམ་གཉིས་བསྒོམ། །ཟུང་འཇུག་གོ་འཕང་ཐོབ་གྱུར་ཅིག །ཅེས་ཕུལ་བས། ཁོང་གིས་ཐུགས་མཉེས་མཉེས་མཛད། ཞལ་གསུང་མང་པོ་འབྱོན་པར་གདའ། དེ་དུས་དགོན་པའི་དགེ་འདུན་པས་ཞུས་ནས། ལེགས་བཤད་སྙིང་པོའི་ལུང་ཁྲིད་འཆད་པ་ལ་ཉན་ནས་ཉི་མ་བཅོ་ལྔ་སོང་། དེ་དུས་ཉན་ཐོས་བྱེ་བྲག་སྨྲ་བ། མདོ་སྡེ་བ། དབུ་མ་སེམས་ཙམ་པ། དབུ་མ་ཐལ་འགྱུར་བ་སྟེ། ནང་

p. 313

པའི་གྲུབ་མཐའ་བཞིའི་བཞེད་སྲོལ་མི་འདྲ་བ་ལ་ནང་བྱན་ཆུད་པའི་གསུང་བཤད་ཀྱིས་བློ་བསྐྱེད་ཆེན་པོ་བྱུང་། ཉིན་ཅིག་ང་ཁོང་གི་མདུན་དུ་བོས་ནས། གདན་མཐོན་པོར་བཞག་སྔོན་དུ་སིལ་ཐོག་ལ་སོགས་པའི་སྡེར་ཁ་བསྒྲིགས། གསོལ་ཇ་གནང་། བསྟན་པའི་བདག་པོ་རུ་མངའ་གསོལ་བ་ཡིན་གསུངས་ནས། ཐུབ་དབང་གི་སྐུ་ལི་མ་གཅིག་དང་བློ་སྦྱོང་ཉི་མའི་འོད་ཟེར། ཁེབ་བུ་སུའི་ཁྲི་རྒྱབ་ཡོལ། གཟན་སེར་བོ་གཅིག་གོས་ཕྲུག་གཡུ་བྱུར་དངུལ་སྲང་མང་པོ་བཅས་གནང་། ཁ་བཏགས་ནང་མཛོད་རིང་པོ་ཞིག་ཕྱག་ཏུ་བསྣམས་ནས། འོ་ཁྱེད་ཀྱི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བཟང་། འཕྲལ་དུ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ད་སྔ་ཡན་ཆད་ལ་མདོ་སྨད་ཀྱི་བསྟན་འགྲོ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་བས་བཀའ་དྲིན་ཆེ། ད་དུང་ཡང་ཁྱེད་དབུས་ལ་སོགས་པའི་ཡུལ་ཕྱོགས་གཞན་ཚོར་མ་ཕེབས་པར། རེབ་གོང་ལ་སོགས་པའི་དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་འདུལ་བའི་ཕྱིར་དུ་མདོ་སྨད་འདིར་ཡུན་རིང་བཞུགས་དགོས་ཞེས་ཡར་བཞེངས་ནས་ཁ་བཏགས་ང་ལ་གནང་བ་བྱུང་། ངས་མགུལ་དུ་བླངས་ནས་ཕྱག་གསུམ་འཚལ་ལག་པ་ཐལ་མོ་སྦྱར་ནས། སྐྱབས་མགོན་རིན་པོ་ཆེ། ངས་ཁོང་གི་དགོངས་

p. 314

བཞེད་ལྟར། ཡུལ་ཕྱོགས་ཐམས་ཅད་ལ་ཕན་རེ་ཐོགས་ན་བསྡད་ཡོང་། ཕན་ཐོགས་པའི་སྐྱབས་འཇུག་ཐུགས་ལ་ཟུངས་ཞུས་པས། དེ་ལ་ཁོང་ཐུགས་གཏིང་ནས་དགྱེས་པ་བྱུང་། ད་བཟང་བཟང་གསུངས། ཡང་ངའི་ཉེ་གནས་བློ་བཟང་ཤེས་རབ་ཀྱིས་དྲི་མེད་ལྷ་རྫས་བཅས། ང་ལ་ཞབས་བརྟན་གསོལ་བདེབས་ཤིག་དགོས་ཞེས་བསྐུལ་ངོར། ཁོང་གི་ཐུགས་བརྩེ་བའི་སྒོ་ནས་སམ་ཊ་ཞིག་ཁྱེར་ཤོག་གསུངས་ནས་དྲུང་ཡིག་མདུན་དུ་བོས་འབྲི་རུ་བཅུག་སྟེ། ཚོགས་དྲུག་ཡུལ་སྣང་ཆོས་སྐུའི་རོལ་བར་ཤར། །ཉོན་མོངས་དུག་ལྔའི་འཆིང་བ་མ་ལུས་པ། །བརྗོད་བྲལ་སྟོང་པའི་དབྱིངས་སུ་རང་སར་གྲོལ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཆེས་ཆེར་སྙིགས་མ་ལྔ་བདོའི་དུས་མཐའ་འདིར། །སྡིག་ལ་རྔམ་པའི་མི་བསྲུན་སྐྱེ་བོ་རྣམས། །ཐབས་ཚུལ་དུ་མས་བདེ་ལ་འགོད་པའི་ཕྱིར། །མགོན་ཁྱོད་སྲིད་མཐའི་བར་དུ་བརྟན་པར་བཞུགས། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་བདེན་སྟོབས་དང་། །ཤུགས་དྲག་དད་པས་རྩེ་གཅིག་གསོལ་བཏབ་མཐུས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །ཅེས་པ་ཐོགས་པ་མེད་པར་བརྩམས་ནས་ལུང་དང་བཅས་ཏེ་གནང་བ་

p. 315

བྱུང་། དེ་དུས་བླ་མ་སེར་རབ་ཚང་ཕེབས་ནས། ངེད་རྣམ་གཉིས་ལ་གཟུ་བསྐུལ་བྱས་པའི་ངོར། སྤྲེའུ་མདོའི་དགོན་ནས་ཐོན་ཏེ་ཚུར་རོང་བོ་དགོན་ཆེན་དུ་འོངས། རེབ་གོང་དང་བླ་བྲང་གཉིས་ཀྱི་གྱོད་ཅིག་འགྲིགས་ན་སྙམ། རོང་བོའི་ནང་སོ་སོགས་བླ་སྐྱ་དཔོན་གསུམ་ལ་ཉི་མ་མང་པོར་གཏམ་བཤད་གཟུ་སྣེ་ཞིག་དགོས་བྱས་ཀྱང་། ཟླ་བ་གཅིག་ཙམ་ལ་དམག་ལ་མི་འགྲོ་བའི་ཁ་ངོ་ཙམ་ལས་མ་བྱུང་བས། ཁོང་ཐུགས་སྐྱོ་ནས་ཁྲི་ལུང་དབེན་པའི་ནགས་ཁྲོད་དུ་ཕེབས་སོང་། ང་རོང་བོའི་དགོན་ཆེན་དེ་ན་ཡོད་ཐོག་དེར་སྐལ་ལྡན་སྙིང་གི་བུ་ཆེན་ཉ་མོའི་གནམ་སྐྱབས་འབུམ་མམ། མིང་གཞན་སྔགས་འཆང་རིག་འཛིན་ནོར་བུས་ཞལ་གདམས་ཟབ་མོ་ཞིག་དགོས་ཞེས་བསྐུལ་ཚིག་འདི་སླེབས་བྱུང་། ཐུགས་དགོངས་ཀློང་སངས་རྒྱས་ཀུན་དང་མཉམ། །སྐུ་ཐ་མལ་སྣང་ངོར་བཤེས་གཉེན་ཚུལ། །གསུང་ལེགས་བཤད་ཉམས་དབྱངས་ཆར་འབེབས་པའི། །ཕ་ཀུན་མཁྱེན་བླ་མར་གུས་པས་འདུད། །རང་རིག་དང་བླ་མ་དབྱེར་མེད་དུ། །རྟོགས་གདེངས་བཅས་སོར་བཅུ་ཐལ་སྦྱར་ནས། །གདུང་ཤུགས་ཀྱིས་རང་ཉམས་དབྱངས་སུ་འབུལ། །ཐུགས་བརྩེ་བས་དགྱེས་བཞིན་གསན་པར་ཞུ། །

p. 316

གང་སྐུ་ཁམས་བཟང་ཞིང་བདེ་ངོས་ནས། །འཕྲིན་མཛད་བཟང་བསྟན་འགྲོར་སྨན་མཛད་བཞིན། །སླར་དེང་སང་རོང་བོར་ཕེབས་ཐོས་པས། །ཞལ་དངོས་མཇལ་ལྟ་བུའི་དགའ་སྤྲོ་འཕེལ། །ཁྱེད་རིས་མེད་བསྟན་འགྲོའི་དོན་ཆེད་དུ། །ཕྱོགས་ངེས་མེད་རྒྱལ་ཁམས་ཞབས་ཐེག་དུས། །བདག་གུས་འབངས་སློབ་བུའི་ཐ་ཤལ་བ། །ལུས་འབྱུང་རྒུད་ན་རྒས་གཏུགས་པ་ཡིས། །རྗེས་མ་ཟིན་ཕ་ཡུལ་ཆགས་སྡང་གི །རྐྱེན་ཟུག་རྔུས་བསླད་བཞིན་རྡོལ་ཐབས་ཟུག །ཞལ་ལྟ་འདོད་འདུན་པ་ཆེར་ལྡན་ཡང་། །ས་བསྐོར་ཐག་རིང་པོས་བར་བཅད་ནས། །ཞལ་ཡང་ཡང་མཇལ་རྒྱུའི་སྐབས་མ་བྱུང་། །ང་དེ་ཕྱིར་བསམ་ཞིང་གདུང་བ་འཕྱོ། །རྗེའི་མཛད་བཟང་བཀའ་དྲིན་ཐོབ་ཚུལ་དང་། །སྐུ་རྗེན་པའི་ཞལ་འཛུམ་སེམས་ལ་ཞེན། །གསུང་སྙན་འཇེབས་ཚངས་དབྱངས་རྣ་བར་བཏགས། །ཐུགས་བྱམས་བརྩེ་མ་ལས་ཆེར་ལྷག་པའི། །མགོན་དྲན་པའི་གདུང་སེམས་རྒྱུན་འཆད་མེད། །ལུས་སྤུ་གཡོ་སེམས་ཀྱིས་བཅོས་མིན་པའི། །ཤུགས་འབྱུང་གི་མོས་གུས་ཁོང་ནས་རྒྱས། །རྒྱུད་དད་པའི་ནོར་ལྡན་སློབ་བུ་ངར། །ཕའི་གར་བཞུགས་ཞིང་ནས་ཐུགས་རྗེ་ཡིས། །བུའི་གདུང་སོལ་བདག་རྒྱུད་བྱིན་གྱིས་རློབས། །ཞལ་གདམས་

p. 317

ཀྱི་ཉིང་ཁུ་ཟབ་མོ་ཞིག །སྔར་ཡང་ཡང་ཞུས་པ་ལེགས་དགོངས་ལ། །གནང་གསུངས་པའི་ཞལ་བཞེས་རྡོ་རྗེའི་ཚིག །བསླུ་མེད་ལ་རེ་བའི་སྐལ་ལྡན་བུའི། །རེ་འདོད་དེ་བརྩེ་བ་ཆེན་པོའི་སྒོས། །རིང་མིན་དུ་སྐོང་བའི་བཀའ་དྲིན་སྩོལ། །བདག་དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཁྱེད་མིན་རེ་ས་གཞན་མ་མཆིས། །དུས་ད་ནས་ཚེ་མཇུག་བག་ཙམ་པོ། །གཤིས་མ་བཅོས་ངང་དེར་སྙོམས་ནུས་ཤིང་། །རང་རྒྱུད་ལ་ས་ལམ་གཅིག་ཆར་དུ། །དུས་རིང་མིན་རྫོགས་པར་བྱིན་གྱིས་རློབས། །ཕྲལ་ཡུན་གྱི་ལེགས་ཚོགས་ཅི་མཆིས་པ། །མགོན་དམ་པའི་བཀའ་དྲིན་ཁོ་ན་ལ། །རག་ལས་ཕྱིར་བཙན་ས་མ་ཟིན་བར། །བཤེས་འབྲལ་མེད་ཚུལ་བཞིན་བསྟེན་པར་སྨོན། །ཞེས་ལྷ་རྫས་ཀྱི་རྒྱས་བཏབ་སྟེ་ཕུལ་བའི་ལན་དུ། གར་བཞུགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ན་སྣང་བ་ཡངས་པོ་བྱས། དུས་རྒྱུན་དུ་དགའ་ཡལ་ལེ་འཛུམ་འབོལ་ལེར་གནས་པའི་རྣལ་འབྱོར་ཞབས་དཀར་པས། རབ་ཏུ་དགའ་ཞིང་སྤྲོ་བའི་ཤུགས་ཀྱིས་ངེས་དོན་གྱི་ཞལ་གདམས་ཟབ་མོ་ཞིག་འབུལ་བས། དུས་རྒྱུན་དུ་སེམས་ལ་ཆོངས། དེ་ཡང་ཚེ་ཐུང་ནམ་འཆི་ཆ་མེད་སོམས་ལ་ཕྱིའི་སྤྲོས་པ་མང་

p. 318

པོ་མི་བྱ་བར། ཉིན་རེ་བཞིན་ཟབ་ལམ་བླ་མའི་རྣལ་འབྱོར་སྔོན་དུ་ཐོངས་ལ། དངོས་གཞི་སེམས་ངོ་སྐྱོང་ཚུལ་ནི། སྣང་གྲགས་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ནི། ནམ་མཁའི་འཇའ་ཚོན་ཆུ་ནང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་བཞིན། རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ལ་མེད་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་། སྣང་སྟོང་དབྱེར་མེད་སེམས་ཀྱི་རོལ་པར་ཐག་གཅོད་ཅིང་། སེམས་ཉིད་ཀྱི་ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ཡིན་པ་ལ། ཡིན་པ་ཤེས་ནས་དེའི་ངང་ལ་མཉམ་པར་འཇོག་དུས། དཔེར་ན་རི་མཐོན་པོའི་རྩེ་ནས་ཕྱོགས་ཀུན་ཏུ་བལྟས་པ་ལྟར་ཡངས་ཁྲོལ་ལེར་ཞོག ཟང་ཐལ་ཁ་ཡན་དུ་སྐྱོངས་དང་། དཔེར་ན་ནམ་མཁའ་སྟོང་པ་ལ་བྱ་འཕུར་ན་རྗེས་མི་མངོན་པར་ཡལ་ནས་འགྲོ་བ་ལྟར། མཉམ་གཞག་ནམ་མཁའ་ལྟ་བུའི་ངང་དེར་གནས་ན་རྣམ་རྟོག་ཅི་ཤར་ཡང་རྗེས་མི་མངོན་པར་རང་ཡལ་དུ་འགྲོ་བར་འགྱུར། དེ་ལྟར་སེམས་ངོ་སྐྱོང་ཤེས་ན། སྐབས་ཤིག་དགྲ་དང་གཉེན་ལ་ཁྱད་མེད། གསེར་དང་ས་རྡོ་ཁྱད་མེད། འདི་དང་ཕྱི་མ་ཁྱད་མེད། སེམས་དང་ནམ་མཁའ་ཁྱད་མེད་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཡོང་། །དེ་ལྟར་མ་རྟོགས་པའི་

p. 319

སེམས་ཅན་ཐམས་ཅད་ལ་སྙི་རྗེ་ཀུན་ཁྱབ་ཏུ་སྒོམས་ལ་ཕན་པའི་སྨོན་ལམ་ཐོབ། དངོས་སུ་ཡང་ཕན་གང་ཐོགས་ལ་རེམ་དང་། ཚེ་འདིར་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ། །སྨྲས་པ། འདི་ཕྱིའི་གཏན་གྱི་སྐྱབས་མགོན་ཡིད་བཞིན་ནོར། །མི་འབྲལ་སྤྱི་བོའི་གཙུག་གི་རྒྱན་དུ་བཞུགས། །བདག་དང་སློབ་མ་ཡང་སློབ་ཐམས་ཅད་ལ། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཆར་བཞིན་ཕོབ། །ཕ་རྒན་བདག་གི་ཕན་པའི་སྙིང་གཏམ་ལ། །སྐལ་ལྡན་བུ་ཆེན་རིག་འཛིན་ནོར་བུ་ཉོན། །སྔོན་གྱི་ལས་བཟང་སྨོན་ལམ་དག་པའི་མཐུས། །ཚེ་འདིར་ངེད་གཉིས་མཇལ་བ་སྐལ་བ་བཟང་། །ངས་ནི་ཁྱོད་ལ་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་སེམས་ཀྱི་གནས་ལུགས་རང་ངོ་སྤྲད། །ཁྱོད་ཀྱི་འང་ལེ་ལོ་མ་བྱས་ཉམས་སུ་བླངས། །བླ་མའི་བྱིན་རླབས་ཚོགས་གསོག་སྒྲིབ་སྦྱོང་མཐུས། །ད་ལྟ་སེམས་ཉིད་རང་བཞིན་འོད་གསལ་བའི། །ངང་ལ་རང་བཞིན་ཤུགས་ཀྱིས་འགྲོ་བ་མཚར། །ད་ནི་སྤྲོས་པ་མང་པོས་ཅི་ཞིག་བྱ། །སྤྲོས་མེད་འོད་གསལ་ཀློང་དུ་ངལ་གསོས་ཤིག །དེ་ལྟར་མ་རྟོགས་མ་གྱུར་སེམས་ཅན་ལ། །བཅོས་མ་མིན་པའི་སྙིང་རྗེ་སྐྱེ་བ་

p. 320

དེ། །རྫོགས་ཆེན་ལྟ་བའི་ཁྱད་ཆོས་ཡིན་པས་ན། །ཁྱད་ཆོས་འདི་དང་ཅིས་ཀྱང་ལྡན་པར་མཛོད། །ནམ་ཞིག་འཆི་བ་ཆོས་ཀྱི་སྐུར་གྲོལ་ནས། །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་འོང་བར་འགྱུར། །ཕན་པའི་སྙིང་གཏམ་གླུ་རུ་བླངས་པ་འདི། །ཐོས་ཚད་རྣམས་ཀྱི་སེམས་ལ་ཕན་པར་ཤོག །ཅེས་བསྐུར་པས་སེམས་ལ་ཕན་ཐོགས་ཤིང་ཕྱོགས་དེའི་ལས་དང་སྐལ་བར་ལྡན་པ་རྣམས་ལ་ཡང་ཕན་ཐོགས་པ་བྱུང་། གཞན་དད་ཅན་འགའ་རེས། བླ་བྲང་རོང་བོ་གཉིས་འཁྲུགས་ནས། ད་དགེ་ལུགས་པའི་ནང་ལ་ཡང་ལྟས་ངན་བྱུང་མ་བཟང་ཟེར་དུས། དེ་ལ་ངས་བཟློག་པ་རྒྱག་དང་སྐྱོན་མེད་ཅེས་འདི་སྐད་བརྗོད། །ཧཱུཾ་ཧཱུཾ། དགེ་སློང་ལུས་ལ་གོ་མཚོན་ཅན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བཟློག །དགེ་སློང་ལུས་ལ་དམག་དར་ཅན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བཟློག །དགེ་སློང་ལུས་ལ་དམག་ཞུས་མཁན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བཟློག །དགེ་སློང་ལུས་ལ་ཆང་འཐུང་མཁན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བཟློག །དགེ་

p. 321

སློང་ལུས་ལ་བུད་མེད་ཅན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བཟློག །དགེ་སློང་ལུས་ལ་དུད་འཐེན་མཁན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བཟློག །དགེ་སློང་ལུས་ལ་བྲེ་རྒྱ་ཅན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བཟློག །དགེ་སློང་ལུས་ལ་ཞྭ་དཀར་ཅན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་བ ཟློག །དེ་ལ་སོགས་པའི་ལྟས་ངན་རྣམས། །ཐམས་ཅད་བདག་འཛིན་དགྲ་ལ་བཟློག །ཐམས་ཅད་ཉོན་མོངས་བགེགས་ལ་བྷོ། །ཞེས་དེང་སང་དུས་དེར་རྗེ་བདག་ཉིད་ཆེན་པོའི་རིང་ལུགས་དང་མི་མཐུན་པའི་ལྟས་ངན་མང་པོ་བྱུང་བ་ལ། འདི་བཞིན་བཟློག་པ་རྒྱག་རྒྱུ་བྱུང་ན་བཟང་ངོ་ཞེས་ཀུ་རེ་བྱས་པས་དགོད་མཁན་མང་པོ་འདུག བླ་རྒན་དད་ཅན་རེ་གཉིས་ཀྱིས། འབྲུག་པ་ཀུན་ལེགས་ཀྱི་གསུང་བཞིན། ཀུ་རེའི་ནང་ན་དོན་དམ་གོ་རྒྱུ་ཆེན་པོ་འདུག་སྐྱབས་སུ་མཆི་ཟེར་བ་བྱུང་ངོ་། དེ་ནས་ཡར་ཉ་ལུང་གི་གྲུབ་དབང་ནམ་མཁའ་རིན་པོ་ཆེའི་གདན་ས་དགོན་ལ་ཁར་སོང་། ཁོང་འབྲོག་ལ་ཕེབས་ནས་མི་བཞུགས་ཀི ང་ཞག་ཁ་ཤས་ཤིག་བསྡད་ནས་ངལ་གསོས། དགོན་པ་ལ་དར་རྒྱས་འོང་བའི་སྐྱབས་འཇུག་བསྔོ་སྨོན་བཀྲ་ཤིས་བྱས། དེ་ནས་རྗེ་སྐལ་

p. 322

ལྡན་རྒྱ་མཚོས་བསྟོད་པའི་གནས། ས་བཀྲ་ཤིས་གཡང་ཆགས་སྤངས་ལུག་བྲག་ཏུ་སོང་། ཞག་བཅོ་ལྔ་ཙམ་ལ་གནས་འབྲེལ་བཞག་པས་དགེ་སྦྱོར་འཕེལ་པོ་བྱུང་། ཉིན་གཅིག་དེང་སང་དུས་ངན་བསྐལ་པ་སྙིགས་མའི་དུས་འདིར་དགོན་པ་ཆེ་ཆུང་ཚོའི་བསམ་སྦྱོར་ཚོར་བལྟས། དམ་པ་གོང་མའི་གསུང་སྒྲོས་ཚོ་བསམས་ན། ད་རྗེ་བདག་ཉིད་ཆེན་པོའི་བསྟན་པ་འདི་ཡང་གཟུགས་བརྙན་ཙམ་དུ་འགྲོ་ཉེན་གདའ་སྙམ་སེམས་སྐྱོ་བའི་ཤུགས་ཀྱིས་མགུར་དབྱངས་འདི་བླངས་སོ། །མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་མཛད་པའི། །རྗེ་སྐྱབས་མགོན་རྒྱལ་བ་ཡབ་སྲས་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་བདག་ཉིད་ཆེན་པོའི་བསྟན་པ་འདི། །དུས་ད་བར་ཚུལ་བཞིན་གནས་ན་ཡང་། །ད་གཟུགས་བརྙན་ཙམ་དུ་འགྲོ་ཉེན་གདའ། །དེའི་སྔ་ལྟས་ཅུང་ཟད་བཤད་ཀྱིས་ཉོན། །དུས་དེང་སང་གྲྭ་པ་ལ་ལ་ཡིས། །ཟོང་མང་པོ་བསྡུས་ནས་ཁེ་ཚོང་བྱོས། །ནང་ལ་ལ་ཚོང་ཁང་ཞིག་དང་འདྲ། །འདི་བལྟས་ན་གཟུགས་བརྙན་ཙམ་དུ་གདའ། །དུས་དེང་སང་གྲྭ་པ་ལ་ལ་ཡིས། །ནོར་མཛོ་འབྲི་བ་གླང་ཚགས་བྱས་ནས། །ནང་

p. 323

ལ་ལ་གནག་རྫིའི་སྡོད་ས་འདྲ། །འདིར་བལྟས་ན་གཟུགས་བརྙན་ཙམ་དུ་གདའ། །དུས་དེང་སང་གྲྭ་པ་ལ་ལ་ཡིས། །ཞིང་རྨོ་བའི་ཐོང་གཤོལ་ནང་དུ་བཞག །ནང་ལ་ལ་གྲོང་བའི་སྡོད་ས་འདྲ། །འདི་བལྟས་ན་གཟུགས་བརྙན་ཙམ་དུ་གདའ། །དུས་དེང་སང་གྲྭ་པ་ལ་ལ་ཡིས། །དངོས་ལྐོག་ན་དུད་ཆང་བུད་མེད་བསྟེན། །ནང་ལ་ལ་ཁྱིམ་ཚང་ཞིག་དང་འདྲ། །འདི་བལྟས་ན་གཟུགས་བརྙན་ཙམ་དུ་གདའ། །དུས་དེང་སང་གྲྭ་པ་ལ་ལ་ཡིས། །ནུབ་ནམ་གུང་བརྐུས་དང་འཕྲོག་བཅོམ་བྱས། །ནང་ལ་ལ་རྐུན་ཚང་ཞིག་དང་འདྲ། །འདི་བལྟས་ན་གཟུགས་བརྙན་ཙམ་དུ་གདའ། །དུས་དེང་སང་གྲྭ་པ་ལ་ལ་ཡིས། །དམག་འཁྲུག་པའི་ཁ་འགོ་དམག་ཇུས་བྱས། །ནང་ལ་ལ་དམག་གི་འགོ་པ་འདྲ། །འདི་བལྟས་ན་གཟུགས་བརྙན་ཙམ་དུ་གདའ། །དུས་དེང་སང་སྐྱེས་བུ་དམ་པ་ཡིས། །ཚོང་འཚོ་སྐྱོང་ཞིང་ལས་མ་བྱེད་སོགས། །ཆོས་གསུང་རུང་ཉན་མཁན་དཀོན་པར་སྣང་། །འདི་བལྟས་ན་གཟུགས་བརྙན་ཙམ་དུ་གདའ། །དུས་དེང་སང་དགོན་ལྷག་རྒྱས་ན་ཡང་། །བསྟན་གཟུགས་བརྙན་ཙམ་དུ་འགྲོ་ཉེན་གདའ། །རྗེའི་བསྟན་པ་ཚུལ་བཞིན་གནས་

p. 324

འདོད་ན། །ཀུན་ཆོས་བཞིན་འདུལ་བ་བཞིན་དུ་མཛོད། །རྗེ་ཡབ་སྲས་ཐུགས་བསྐྱེད་སྨོན་ལམ་དང་། །རང་གཞན་གྱི་རྣམ་དཀར་དགེ་བའི་མཐུས། །རྗེའི་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དེ། །ཕྱོགས་ཀུན་ཏུ་ཚུལ་བཞིན་ཚུགས་པར་ཤོག །ཅེས་བླངས་ནས་གོའུ་སྡེའི་ཕུའི་བཀྲ་ཤིས་ཉམས་དགའ་རུ་སོང་། དགེ་སྦྱོར་བྱེད་ཞོར་ལ་སྐུ་གཞོགས་གསེར་ཁང་རྡོ་རྗེ་འཆང་གི་ཐུགས་སྲས་རྫོང་དཀར་བློ་གྲོས་སོགས་སྐྱ་སེར་མང་པོ་ལ་ངའི་རྣམ་ཐར་སོགས་ཀྱི་ལུང་བྱས། བཀྲ་ཤིས་ཉམས་དགའ་རུ་མཚམས་ཁང་ཞིག་ཀྱང་བརྒྱབ། མཚམས་པ་ཁ་ཤས་བཞག དེ་ནས་གནས་ཆེན་ཤེལ་ཇིའི་གྲུབ་གནས་སུ་སོང་། ཞག་བཅོ་ལྔ་ཙམ་ལ་གནས་འབྲེལ་བཞག དེ་དུས་ས་བཟང་ཚྭ་ཁོའི་ཡུལ་གྱི་སོ་མང་རྒྱལ་པོ་དང་རྫོང་འགགས་རྒྱལ་མོ་གཉིས་མི་བཟང་བས། རྫོང་འགགས་རྒྱལ་མོས་ང་ལ་མཚམས་ཞུས་བརྟག་པ་ཞུ་རུ་བང་ཆེན་པ་ཚར་གཉིས་ཐོན་པ་ལ། དོགས་པ་སྐྱེས་ནས་སོ་མང་རྒྱལ་པོས་མཚམས་ཞུས་ཀྱི་ཚུལ་དུ་ཡི་གེ་ཞིག་བསྐུར་བ་བང་ཆེན་པ་གཉིས་ཀྱིས་ཁྱེར་བྱུང་བའི་ལན་དུ། ངས་འདི་ནས་དེ་ལ་དོགས་པ་མི་དགོས་ཚུལ་གྱི་མཚམས་ཞུས་ཡི་གེ་རྒྱས་པ་འདི་ཉིད་ཕུལ་ལོ། །ཕན་བདེའི་འབྱུང་གནས་བླ་མ་མཆོག་གསུམ་ནོར་བུ་

p. 325

བཞིན་སྤྱི་བོའི་རྒྱན་དུ་འཛིན་ཅིང་། །རྣམ་དཀར་དགེ་ཕྱོགས་ལ་རབ་ཏུ་དགའ་བའི་ཡུལ་བཟང་ཚྭ་ཁོའི་སོ་མང་རྒྱལ་པོ་ཡུམ་བློན་དང་བཅས་པའི་སྐུ་དྲུང་དུ། རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་ཞབས་དཀར་པས་རབ་ཏུ་གུས་པའི་ཡིག་ཆུང་ཞིག་འབུལ་འབྲས། མཆོག་གསུམ་ཐུགས་རྗེས་ཁྱེད་རྣམས་སྐུ་ཁམས་བཟང་ཞིང་ཆོས་ལྡན་གྱི་བྱ་བ་ལ་བརྩོན་བཞིན་པའི་ངོས་ནས། འདིར་ཡིག་རྟེན་རྡོར་དྲིལ་ཆ་གཉིས་ལྷ་རྫས་དྲི་མེད་གསུམ་བཅས་སྩལ་བ་འབྱོར་བས་དངོས་མཇལ་ལྟ་བུའི་དགའ་སྤྲོ་ཚད་ལས་འདས་པ་བྱུང་། གུས་ཕྲན་མི་རྒན་མགོ་དཀར་བདག་ཀྱང་སྒྱུ་མའི་ལུས་པོ་བདེ་ཞིང་བསྟན་འགྲོ་ཡོངས་ལ་ཕན་པའི་ལྷག་བསམ་གོང་འཕེལ་དུ་མཆིས། མཚམས་ཞུས། བདག་གིས་ཆུང་ནས་བསམ་པ་བཟང་བོའི་སྒོ་ནས་ཆོས་ལྡན་གྱི་བྱ་བ་གང་ནུས་བསྒྲུབ་པ་མ་གཏོགས། མཐུ་ངན་སྔགས་འདྲ་བྱེད་མ་མྱོང་། ད་མགོ་དཀར་པོར་སོང་འཆི་ལ་ཉེ་བའི་དུས་འདིར་ཆོས་གསུངས་ཀྱང་མཐུ་ངན་སྔགས་ག་ལ་བྱེད། ལྷག་པར་ཁྱེད་ཚང་ལ་བྱེད་དོན་མེད། རྫོང་འགགས་རྒྱལ་མོ་མ་བུ་གཉིས་ཀྱིས་སྔར་མཚམས་ཞུས་ཐུགས་བརྟག་གི་ཡི་གེ་ཁ་ཤས་བྱུང་བ་མ་གཏོགས། མཐུ་བྱེད་དགོས་ཟེར་བའི་ཡི་གེའི་རིགས་གཏན་ནས་མ་བྱུང་དཀོན་མཆོག་གསུམ་དཔང་ཞེས་

p. 326

མནའ་བསྐྱལ་བ་ཡིན་པས་ཡིད་ཆེས་པར་གྱིས་ལ། གཞན་སུ་གང་ལ་ཡང་ཁ་མཆུ་འདྲ་གཏན་ནས་མ་བྱེད་དང་བཟང་། ངས་འདི་ནས་ཡོན་མཆོད་རྣམས་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུགས་དག་པའི་ཞིང་ནས་མཇལ་ཏེ། སངས་ཀྱང་མཉམ་པོར་རྒྱ་བའི་སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱ་ཞེས་ཡིག་རྟེན་སྟོང་མིན་ཙམ་དུ་ལྷ་རྫས་དྲི་མེད་ཚེ་ཡི་རིལ་བུ། སྐྱེ་བདུན་རིལ་བུ་སྐྲ་ལོ་ན་བཟའི་ཚལ་བུ། སྲུང་མདུད་བཅས། དབེན་གནས་ཤེལ་ཇི་ནས་ཕུལ་བ་མཐོང་ཐོས་ཀྱི་ཡུལ་ལ་བཀྲ་ཤིས་ཤིང་ལོ་ཡག མི་ཐམས་ཅད་ཚེ་རིང་ཞིང་ཆོས་འཕེལ་བར་གྱུར་ཅིག་ཅེས་སྨོན་ལམ་ཡང་འདེབས་པ་ལགས་སོ། །སྨྲས་པ། མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་ཡིས། །སྤྱི་བོ་བརྒྱན་ནས་སྙན་པའི་གླུ་དབྱངས་ལེན། །བླ་མས་ཅི་གསུངས་བསྒྲུབས་ན་ཅི་བསམ་འགྲུབ། །ཅི་གསུངས་བཀའ་བཞིན་སྒྲུབས་དང་སོ་མང་བ། །དལ་འབྱོར་མི་ལུས་ཡང་ཡང་རྙེད་པར་དཀའ། །དོན་མེད་ཆུད་ཟོས་མ་གཏོང་སོ་མང་བ། །མི་ཚེ་ཡད་མ་ཡུད་ལ་ཤོར་ནས་འགྲོ། །མི་རྟག་ཆི་བ་ཡོང་ངོ་སོ་མང་བ། །ཤི་ན་སྡིག་ཅན་དམྱལ་བའི་གནས་སུ་འགྲོ། །ལས་ངན་སྡིག་པ་མ་གསོག་སོ་མང་བ། །ལས་ཅན་མཐོ་རིས་ཐར་པའི་གནས་སུ་འགྲོ། །རྣམ་དཀར་དགེ་ལས་འབོད་ཅིག་སོ་མང་བ། །

p. 327

འགྲོ་ཀུན་སྐྱེ་བ་སྔོན་མའི་ཕ་མ་ཡིན། །བྱམས་དང་སྙིང་རྗེ་སྒོམས་ཤིག་སོ་མང་བ། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །ཀུན་ལ་ཕན་སེམས་སྦྱོངས་ཤིག་སོ་མང་བ། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ལོ་ལེགས་ཤིང་། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་ཕུལ་བ་མཐོང་ཞིང་ཐོས་པ་དང་སྔར་གྱི་རྣམ་རྟོག་ངན་པ་ཐམས་ཅད་རང་སར་ཞི་ནས་ཐུགས་དགའ་ཞིང་སྤྲོ་བ་བྱུང་སྐད། ཡང་ཚེ་བློས་བཏང་གི་སློབ་མ་རི་ཁྲོད་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་པའི་གླིང་རྒྱའི་ཨ་ལགས་བློ་བཟང་དར་རྒྱས་ཀྱིས། རི་ཁྲོད་དབེན་པའི་གནས་རྣམས་སུ་སྡོད་དུས་ཆོས་ཕྱིར་དཀའ་སྤྱད་སྙིང་རུས་རེ་སྐྱེ་ནུས་པའི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར། ངས་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཆོས་ཕྱིར་དཀའ་བ་སྤྱད་པའི་རྣམ་ཐར་རགས་རིམ་ཙམ་ཞིག་བཤད་ནས་སླར་ཡང་མགུར་དབྱངས་འདི་བླངས་སོ། །བདག་ཅག་སྟོན་པ་སངས་རྒྱས་ཀྱིས། གཙོ་བྱས་དམ་པ་གོང་མ་ཡི། །རྣམ་ཐར་དྲན་

p. 328

བཞིན་གུས་ཕྱག་འཚལ། །དཀའ་ཐུབ་ནུས་པར་བྱིན་གྱིས་རློབས། །དམ་པ་གོང་མའི་རྣམ་ཐར་བཞིན། །ཆོས་ཕྱིར་དཀའ་བ་སྤྱད་འདོད་པའི། །སྐལ་ལྡན་སྙིང་གི་སློབ་མ་ལ། །གོང་མའི་རྣམ་ཐར་བཤད་ཀྱིས་ཉོན། །སྟོན་པས་སློབ་པ་ལམ་གྱི་དུས། །ཆོས་ཚིག་བཞི་བ་ཙམ་རེའི་ཕྱིར། །སྐུ་ལུས་མར་མེ་སྡོང་བཙུགས་ཤིང་། །ལྕགས་གཟེར་སྟོང་གིས་བཏབ་ཚུལ་སོམས། །སྐུ་ཚེ་འདི་ལ་ལོ་དྲུག་བར། །ནི་རཉྫ་ནའི་ཆུ་འགྲམ་དུ། །འབྲས་ཉག་ཆུ་ཡི་ཐིག་པ་རེ། །བསྟེན་ནས་དཀའ་བ་སྤྱད་ཚུལ་སོམས། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། །ཆོས་ཕྱིར་ཤ་རུས་བཙོངས་པ་དང་། །ལྷ་ཆེན་རྣམས་ལ་ཁྲག་གཏར་ནས། །ས་ལ་ཆག་ཆག་བཏབ་ཚུལ་སོམས། །རྣལ་འབྱོར་དབང་ཕྱུག་མི་ལ་ཡིས། །ཆོས་ཕྱིར་སྒལ་མིག་གསུམ་ཙམ་བཏོན། །དབེན་པར་མི་ལོ་བཅོ་བརྒྱད་བར། །ཟུ་ལ་དཀའ་ཐུབ་སྤྱད་ཚུལ་སོམས། །དམས་ཤོད་ཆོས་རྗེ་ལོ་རས་པས། །གནམ་མཚོ་ཕྱུག་མོའི་མཚོ་དབུས་སུ། །ལོ་གཅིག་འཚོ་བ་ལ་བརྟེན་ནས། །ལོ་མང་དཀའ་བ་སྤྱད་ཚུལ་སོམས། །རྒྱལ་གྱི་ཤིའི་རྒོད་ཚང་པས། །ལྷ་ཁབ་དབེན་པའི་མཚོ་དབུས་སུ། །ཆུ་ཡི་བཅུད་ལེན་ལ་བརྟེན་ནས། །ལོ་གསུམ་སྒྲུབ་པ་མཛད་ཚུལ་སོམས། །འབུམ་ཐང་དུང་མཚོ་རས་པ་

p. 329

ཡིས། །ཆུ་ཡི་བཅུད་ལེན་ཁོ་ན་ལ། །བརྟེན་ནས་མི་ལོ་སུམ་ཅུའི་བར། །དབེན་པར་སྒྲུབ་པ་མཛད་ཚུལ་སོམས། །གྲུབ་ཐོབ་རྒྱལ་པོ་ཉི་ཕུག་པས། །རྟ་སྒོ་དབེན་པའི་མཐའ་རྩ་རུ། །རྗེ་དགུའི་འཚོ་བ་བྱས། །ལོ་བདུན་སྒྲུབ་པ་མཛད་ཚུལ་སོམ་ཕུའི་རིན་ཆེན་རྨོག་ཅོག་པས། །ཤིང་གི་ལོ་མའི་བཅུད་ལེན་ལ། །བརྟེན་ནས་མི་ལོ་བཅུ་གསུམ་བར། །སྒྲུབ་པའི་རྒྱལ་མཚན་བཙུགས་ཚུལ་སོམས། །དེ་བཞིན་མེ་ལོང་རྡོ་རྗེ་དང་། །གྲུབ་ཐོབ་ཐར་པའི་རྒྱལ་མཚན་སོགས། །སྔོན་བྱོན་དམ་པ་ཐམས་ཅད་ཀྱིས། །ཆོས་ཕྱིར་དཀའ་བ་སྤྱད་ཚུལ་སོམས། །རྒྱལ་བ་གོང་མ་དེ་རྣམས་ཀྱིས། །སྙིང་རུས་བྱས་ལ་གྲུབ་པ་བརྙེས། །སོས་དལ་སྐྱིད་ཆོས་མཁན་རྣམས་ལ། །ཇི་འདྲ་བྱུང་འདུག་བསམ་བློ་ཐོངས། །དེ་ཕྱིར་གོང་མའི་རྣམ་ཐར་བཞིན། །དཀའ་སྤྱད་སྙིང་རུས་ཆེན་པོ་ཡིས། །དབེན་པར་སྒྲུབ་པ་མཛད་ནུས་ན། །ཉམས་རྟོགས་ཉི་མ་འཆར་བར་ངེས། །འདིས་མཚོན་དུས་གསུམ་དགེ་བ་རྣམས། །གོང་མའི་རྣམ་ཐར་ཟིན་ཕྱིར་བསྔོ། །དེའི་མཐུས་སློབ་མ་ཡང་སློབ་ཀྱིས། །ཆོས་ཕྱིར་དཀའ་སྤྱད་འཚང་རྒྱ་ཤོག །ཅེས་བླངས་པའི་ནང་ལྟར་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་བཀའ་ཕྱག་ཆུ་བོ་ཉིས་

p. 330

འདྲེས་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླངས་པས་གཤེགས་ཁར་ལམ་སྣ་ཟིན་པར་གྱུར་ཏོ།། ཡང་དད་ཅན་གོའུ་སྡེའི་སྔགས་འཆང་ངག་དབང་བཀྲ་ཤིས་ཀྱིས་རབ་ཏུ་གུས་པའི་ལྷ་ཕྱག་མང་པོ་ཕུལ། ལག་པ་ཐལ་མོ་སྦྱར་ནས་སྐྱབས་མགོན་རིན་པོ་ཆེ། ཁོ་བོ་ན་སོ་རྒས་པས་གཞན་གྱི་ཉམས་ལེན་མང་པོ་ཞིག་མི་ཐུབ་པར་གདའ། སེམས་ངོ་རེ་བས ། བསྐྱངས་ན་སྙམ་པས་དེ་སྐྱོང་བ་ལ་སྤྲོ་ཤུགས་འབྱུང་བའི་ཕྱིར། སེམས་ཉིད་ཉི་ཟླ་ནམ་མཁའ་ཆུ་བོ་རྒྱ་མཚོ་རི་རབ་ནོར་བུ་རྣམས་དང་འདྲ་བའི་ཡོན་ཏན་ཡོད་ཚུལ་གྱི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་མགུར་དབྱངས་འདི་བླངས་སོ། །ངོ་བོ་འཕེལ་འགྲིབ་མེད་པ་དང་། །རང་བཞིན་སྒྲིབ་མེད་འོད་དུ་གསལ། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །སེམས་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །རང་བཞིན་རྣམ་པར་དག་པ་དང་། །བྱང་ཆུབ་སེམས་ཀྱི་འོད་དཀར་གྱིས། །ཉོན་མོངས་མུན་པ་སེལ་བས་ན། །སེམས་ཉིད་ཟླ་བའི་དཀྱིལ་འཁོར་འདྲ། །རང་བཞིན་ཐོགས་རྡུགས་མེད་པ་དང་། །ཕྱོགས་རིས་མེད་པར་ཀུན་ལ་ཁྱབ། །སྣང་བ་ཐམས་ཅད་འགགས་མེད་སྣང་། །སེམས་ཉིད་ནམ་མཁའི་དབྱིངས་དང་འདྲ། །ཐོག་མ་མེད་ནས་ཐ་མའི་བར། །རང་བཞིན་མི་འགྱུར་རྒྱུན་ཆད་

p. 331

མེད། །རང་གི་དྲི་མ་རང་གིས་སྦྱོངས། །སེམས་ཉིད་ཆུ་བོའི་རྒྱུན་དང་འདྲ། །རྣམ་རྟོག་རླུང་གིས་མི་གཡོ་ཞིང་། །རིག་རྩལ་གཟུགས་བརྙན་ཅིར་ཡང་འཆར། །ཡོན་ཏན་ནོར་བུའི་འབྱུང་གནས་ཡིན། །སེམས་ཉིད་རྒྱ་མཚོ་ཆེན་པོ་འདྲ། །ནམ་ཡང་གཡོ་མེད་རྩ་བ་བརྟན། །ཉམས་དང་རྟོགས་པའི་བང་རིམ་མཛེས། །དངོས་གྲུབ་རྣམ་གཉིས་ཉི་ཟླས་བརྒྱན། །སེམས་ཉིད་རི་རྒྱལ་ལྷུན་པོ་འདྲ། །གློ་བུར་དྲི་མ་དག་པ་དང་། །ནམ་ཡང་རྟོག་པ་མི་མངའ་བའི། །དགོས་འདོད་ཐམས་ཅད་འབྱུང་བར་འགྱུར། །སེམས་ཉིད་ཡིད་བཞིན་ནོར་བུ་འདྲ། །དེ་འདྲའི་ཡོན་ཏན་ཀུན་ལྡན་པའི། །སེམས་ཀྱི་གནས་ལུགས་རྟོགས་པའི་ཚེ། །དབེན་པར་ཉམས་སུ་ལེན་ནུས་ན། །རང་གཞན་དོན་གཉིས་འགྲུབ་པར་འགྱུར། །ཞེས་བླངས་པས་ཁོ་རང་གི་སེམས་ལ་སྔར་བས་ལྷག་པའི་ཡིད་ཆེས་ངེས་ཤེས་ཆེན་པོ་སྐྱེས་ནས་སེམས་ངོ་བསྐྱངས་པས། ཆགས་ཞེན་ཆུང་དུ་སོང་། སྙིང་རྗེ་ཆེ་རུ་སོང་སྟེ་ཉམ་ཐག་སེམས་ཅན་ཡོངས་ལ་ཕན་ཐོགས་པའི་ཆོས་པ་བཟང་པོ་ཞིག་བྱུང་ངོ་།། དེ་ནས་གྲུབ་གནས་བརྒྱད་ཀྱི་ནང་གི་གོང་མ་རྫོང་དམར་གྲུབ་གནས་སུ་སོང་། ཞག་པོ་མང་པོ་བསྡད། དད་གཏོང་བློ་གྲོས་ཆེ་བའི་ཧོར་རྒྱའི་

p. 332

སྐུ་སྐྱེས། དགེ་སློང་ཡེ་ཤེས་དར་རྒྱས་སོགས་ཚེ་བློས་བཏང་གི་སློབ་མ་མང་པོ་ལ། དྭགས་པོ་བཀའ་འབུམ་སོགས་བཀའ་བརྒྱུད་ཀྱི་ཆོས་སྐོར་མང་པོའི་ལུང་བྱས་ནས་མགོན་ཤུལ་དང་མགར་རྩེ། དཔྱི་ས། ཧོར་སོ་ནག་བོན་རྒྱ་དམེ་ཤུལ་སོགས་འབྲོག་ཕྱོགས་སུ་སོང་། དད་ཅན་རྣམས་ལ་ཆོས་བཤད། ཚེ་དབང་དང་ནོར་དབང་བསྐུར། འགྲོ་དོན་བྱས་པས་ཐམས་ཅད་དད་པའི་ངོས་ནས། རྟ་མཛོ་འབྲི་གཡག་ཆེ་ཆུང་སུམ་ཅུ། ལུག་ལྔ་བརྒྱུ། རྐྱལ་མར་ཆེ་ཆུང་བརྒྱད་ཅུ། ཕྱུར་བ་དོ་བོ་ཉི་ཤུ། ཚར་བུ་པགས་པ་ཕྱིང་དཀར་སོགས་ཟས་ནོར་ལོངས་སྤྱོད་མང་པོ་འབུལ་མཁན་བྱུང་། དེའི་ནང་ནས་སློབ་མ་གྲྭ་པ་མཚམས་པ་ཉམ་ཐག་སྤྲང་པོ་གནས་སྐོར་བ་དབུས་སུ་འགྲོ་མཁན་བརྒྱ་ཙམ་ལ། ཚར་བུ་པགས་པ་ཕྱིང་དཀར་སོགས་ཀྱི་གོན་པ་བརྒྱ་དང་ཇ་མར་བཅས་བྱིན། མཛོ་རྟ་འབྲི་གཡག་ར་ལུག་ཁ་ཤས་ཀྱང་བྱིན། རོང་བོའི་ནང་སོ་འབྲོག་ཏུ་ཕེབས་ཡོད་པ་ལ་མཚམས་ཞུས་སུ་རྟ་གཅིག་ཕུལ། བླ་བྲང་གི་ཐོག་ཏུ་འབྲོག་པའི་དམག་མི་འགྲོ་བའི་ངོ་ཆེན་ཞུས། གྱོད་གཏམ་རྒྱུ་བྱས། དངོས་སམ་བརྒྱུད་ནས་བསྟན་འགྲོ་ཡོངས་ལ་ཕན་རྒྱ་ཆེན་པོ་ཐོགས་པ་བྱུང་། ཚུར་འོང་ཁར་མགུར་དབྱངས་འདི་བླངས་སོ། །མི་རྟག་སྟོན་པའི་སློབ་

p. 333

དཔོན་རྣམས། །མི་འབྲལ་སྤྱི་བོའི་རྒྱུན་དུ་བཞུགས། །མི་ངས་མི་རྟག་དབྱངས་སུ་ལེན། །མི་རྣམས་སྐྱོ་བའི་སེམས་ཀྱིས་ཉོན། །སྐྱེ་བ་ཐམས་ཅད་འཆི་བ་ཡིན། །མི་རྟག་འཆི་བའི་ཚུལ་སོམས་ལ། །མ་ཤི་གོང་དུ་ཕྱག་སྐོར་གྱིས། །ནམ་ཞིག་ཤི་རུང་འགྱོད་པ་མེད། །འདུས་པའི་ཐ་མ་འབྲལ་བ་ཡིན། །མི་རྟག་འབྲལ་བའི་ཚུལ་སོམས་ལ། །མ་བྲལ་གོང་དུ་མཐུན་པར་འགྲོགས། །ནམ་ཞིག་བྲལ་རུང་འགྱོད་པ་མེད། །བསགས་པའི་ཐ་མ་འཛད་པ་ཡིན། །མི་རྟག་འཛད་པའི་ཚུལ་སོམས་ལ། །མ་ཟད་གོང་དུ་མཆོད་སྦྱིན་ཐོངས། །ནམ་ཞིག་ཟད་ས །རུང་འགྱོད་པ་མེད། །མཐོན་པོའི་ཐ་མ་ལྟུང་བ་ཡིན། །མི་རྟག་ལྟུང་བའི་ཚུལ་སོམས་ལ། །མ་ལྷུང་གོང་དུ་དམན་པ་སྐྱོངས། །ནམ་ཞིག་ལྷུང་རུང་འགྱོད་པ་མེད། །བརྩིགས་པའི་ཐ་མ་འཇིག་པ་ཡིན། །མི་རྟག་འཇིག་པའི་ཚུལ་སོམས་ལ། །མ་ཞིག་གོང་དུ་རྟེན་བཞེང་གྱིས། །ནམ་ཞིག་ཞིག་རུང་འགྱོད་པ་མེད། །ཚེ་འདིའི་བྱ་བ་ཐམས་ཅད་ལ། །བསམ་ན་མི་རྟག་སྙིང་པོ་མེད། །གང་ལ་མ་ཆགས་ལྷ་ཆོས་མཛོད། །ཕྱི་མར་སོང་ཡང་འགྱོད་པ་མེད། །ཚེ་འདིར་ངེད་རྣམས་ཡུད་ཙམ་ཞིག །མཇལ་ནས་སོ་སོར་གྱེས་ན་ཡང་། །ཕྱི་མར་འགྲོགས་ནས་

p. 334

སངས་རྒྱས་ཀྱི། །ཞིང་དུ་འགྲོ་བའི་སྨོན་ལམ་འདེབས། །ཞེས་བླངས་པས་ཀུན་གྱིས་ཕྱག་འཚལ་སྐོར་བ་བྱས་རང་རང་གི་ཡུལ་དུ་སོང་། ངེད་དཔོན་སློབ་རྣམས་མཐའ་སྨུག་ཏུ་འོངས་དུས། ནམ་ཟླ་སྟོན་གྱིས་གཏུགས་རྩི་ཤིང་སེར་པོར་སོང་ཚེ་སེམས་སྐྱོ་བའི་ཤུགས་ཀྱིས་དབེན་པ་དྲན་ནས་མགུར་དབྱངས་འདི་བླངས་སོ། །སྤང་ལྗོངས་མེ་ཏོག་གི་ཁྲོད་ན། །སྦྲང་མ་ཆེ་ཆུང་ཀུན་སྐྱིད་ཀྱང་། །ཡུན་རིང་མི་སྡོད་པར་བ་མོ།། །འོང་སྙམ་སྐྱོ་བ་རང་སྐྱེས་སོང་། །ཐང་བདེ་རྩྭ་སྔོན་གྱི་ཁྲོད་ན། །རི་དྭགས་ཕོ་མོ་ཀུན་སྐྱིད་ཀྱང་། །ཡུན་རིང་མི་སྡོད་པར་རྔོན་པ། །འོང་སྙམ་སྐྱོ་བ་རང་སྐྱེས་སོང་། །གྲོང་ཡུལ་ཟས་ནོར་གྱི་ཁྲོད་ན། །རྣལ་འབྱོར་དཔོན་སློབ་ཀུན་སྐྱིད་ཀྱང་། །ཡུན་རིང་མི་སྡོད་པར་འཆི་བ། །འོང་སྙམ་སྐྱོ་བ་རང་སྐྱེས་སོང་། །སྨུག་ཆུང་ཤ་བ་ནི་མང་པོ། །རྫ་རི་མཐོན་པོ་ལ་བཞུད་སོང་། །ཤ་བ་རྭ་མཛེས་ཁྱོད་མ་སྡོད། །རྫ་རི་མཐོན་པོ་རང་སྙོགས་ཤིག །རྩལ་ལྡན་ཉེའུ་ཆུང་ནི་མང་པོ། །ཆུ་ཀླུང་ཆེན་པོ་རུ་བཞུད་སོང་། །ཉ་མོ་གསེར་མིག་ཁྱོད་མ་སྡོད། །ཆུ་ཀླུང་ཆེན་པོ་རང་སྙོགས་ཤིག །བློ་ལྡན་ཆོས་གྲོགས་ནི་མང་པོ། །དབེན་པའི་རི་ཁྲོད་ལ་བཞུད་སོང་། །བྱ་བཏང་རྣལ་འབྱོར་ཁྱོད་མ་སྡོད། །

p. 335

དབེན་པའི་རི་ཁྲོད་རང་སྙོགས་ཤིག །ཅེས་བླངས་ནས་འབྲོང་ལུང་དུ་ཡོང་། རབ་བྱུང་སོགས་ཞབས་ཕྱི་བ་མང་པོས་ཟས་ནོར་ཕལ་ཆེར་ཁྱེར་ནས་རོང་བོ་བརྒྱུད་ནས་བཀྲ་ཤིས་འཁྱིལ་བར་སོང་། མར་གྱི་ནང་ནས་རྒྱལ་མར་ཆེ་ཆུང་བཅུ་གསུམ། ཕྱུར་བ་དོ་བོ་བཅུ་ཙམ་ཞིག་རོང་བོའི་དགོན་ཆེན་ལ་བཏང་། དེའི་འཕྲོ་རྣམས་དགོན་པ་ཆེ་ཆུང་མང་པོར་མང་ཇ་བཏིང་། མཚམས་པ་རི་ཁྲོད་པ་ཞབས་ཕྱི་སྤྲང་པོ་རྣམས་ཀྱི་མཐུན་རྐྱེན་བྱས། འབྲོང་ལུང་དུ་མཚམས་ཁང་ཆེ་ཆུང་བཅུ་གསུམ་བརྒྱབ། སྦྲ་ནག་བདུན་ཙམ་ཕུབ། མི་ལྔ་བཅུ་ཙམ་ཞིག་དགུན་མཚམས་བྱས་བསྡད། ཀུན་ལ་དགེ་སྦྱོར་འཕེལ་པོ་བྱུང་། ཉིན་ཞིག་དད་གཏོང་བློ་གྲོས་མཆོག་ཏུ་མངའ་བའི་ཧོར་དཔོན་པོ་དབང་ཆེན་དང་། དབོན་པོ་རྡོ་རེ། ཨ་ལགས་མཁའ་འགྲོ། ཨོ་རྒྱན་དང་། གནམ་གོ་སོགས་དད་ཅན་མང་པོས་གནས་བསྟོད་ཅིག་གསུང་དགོས་ཞེས་བསྐུལ་ངོར། ལྷ་དང་ཊཱ་ཀི་དཀར་ཕྱོགས་སྐྱོང་བ་རྣམས་སྤྲིན་བཞིན་དུ་འདུ་བའི་གནས་མཆོག་འབྲོང་ལུང་མངོན་དགའ་ཆོས་གླིང་གི་གནས་བསྟོད་དགེ་ལེགས་ཀུན་འབྱུང་ཞེས་བྱ་བའི་མགུར་དབྱངས་འདི་བླངས་སོ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་ཡིས། །མཆོག་ཐུན་

p. 336

མོང་དངོས་གྲུབ་ཆར་བཞིན་ཕོབ། །གཞན་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡིས། །ཆོས་སྒྲུབ་རྣམས་ཀྱི་སྡོངས་གྲོགས་མཛོད། །ཡུལ་བཀྲ་ཤིས་གཡང་ཆགས་ཧོར་གྱི་ཡུལ། །རི་ཕུན་ཚོགས་འབྲོང་ལུང་དཔལ་གྱི་རི། །རྒྱབ་བྲག་རིའི་རྩེ་མོ་མཁའ་ལ་བསྙེགས། །དེ་ཆོས་མཛད་ཚེ་སྲོག་སྲ་བའི་རྟགས། །སྟེང་ནམ་མཁའ་ཡངས་ཤིང་ཉི་ཟླ་འཆར། །དེ་ལྟ་སྒོམ་ཉམས་སུ་ལོན་པའི་རྟགས། །མར་ལུང་མདོ་དོག་ཅིང་ཕན་ཚུན་བསྣོལ། །དེ་སྡོམ་པ་དམ་ཚིག་ཐུབ་པའི་རྟགས། །ངོས་ཀུན་ནས་རྫ་ཆུ་བསིལ་མ་འབབ། །དེ་བྱིན་རླབས་དངོས་གྲུབ་འབྱུང་བའི་རྟགས། །ཕར་མདུན་ན་ཆུ་ལམ་ཐང་གསུམ་འཛོམ། །དེ་ཆོས་ཀྱི་མཐུན་རྐྱེན་འཛོམ་པའི་རྟགས། །ཕྱི་ལྕགས་རི་རིམ་པ་གཉིས་ཀྱིས་བསྐོར། །དེ་འགལ་རྐྱེན་བར་ཆད་མི་འབྱུང་རྟགས། །ནང་དྲི་བཟང་ལྷ་ཤིང་ཤུག་པས་གང་། །དེ་ཁྲིམས་ལྡན་དགེ་འདུན་འདུ་བའི་རྟགས། །བྱ་ཁུ་བྱུག་སྔོན་མོས་སྐད་སྙན་འབྱིན། །དེ་བླ་མས་བཀའ་ཆོས་གནང་བའི་རྟགས། །རྐང་དྲུག་ལྡན་སྦྲང་མས་གླུ་དབྱངས་ལེན། །དེ་རྣལ་འབྱོར་ཉམས་མགུར་ལེན་པའི་རྟགས། །དབྱར་སྤང་རྫོངས་མེ་ཏོག་སྣ་ཚོགས་སྐྱེས། །དེ་ཉམས་རྟོགས་ཡོན་ཏན་སྐྱེ་བའི་རྟགས། །སྒྲོ་སྤུ་མཛེས་བྱ་དང་རི་དྭགས་མང་། །དེ་སློབ་མ་ཡོན་བདག་འཁོར་བའི་རྟགས། །ཆུ་ཤིང་རྣམས་གཡས་གཡོན་ཐག་ཉེར་གནས། །དེ་ཉེ་གནས་གཅིག་ཀྱང་མི་དགོས་རྟགས། །དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས། །དེ་འབྱུང་བ་ཚ་གྲང་སྙོམས་པའི་རྟགས། །སྒྲ་འ་འུར་

p. 337

མེད་པས་ཤིན་ཏུ་དབེན། །དེ་དགེ་སྦྱོར་ངང་གིས་འཕེལ་བའི་རྟགས། །ཆོས་དགའ་བའི་ལྷ་ཀླུ་ཡུལ་འདིར་མང་། །དེ་ཆོས་ཀྱི་མཐུན་རྐྱེན་འོང་བའི་རྟགས། །ས་ཕུན་ཚོགས་དགེ་ལེགས་འབྱུང་བའི་གནས། །གནས་འདི་འདྲ་ཡུལ་ཕྱོགས་གཞན་ན་དཀོན། །དོན་དེ་ཕྱིར་ཆོས་བྱེད་ཕོ་མོ་དང་། །སྒོས་བྱ་བཏང་སྒོམ་ཆེན་གནས་འདིར་བྱོན། །གནས་འདི་རུ་སྒྲུབ་ལ་གཞོལ་ནུས་ན། །ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་འཆར། །གནས་འདི་ཉིད་བསྟོད་པའི་དགེ་བའི་མཐུས། །ཡུལ་འདི་ཡི་ལྷ་མི་ཀུན་དགའ་ནས། །གནས་འདི་རུ་ལྷ་ཆོས་བསྒྲུབ་རྣམས་ལ། །ཆོས་སྒྲུབ་པའི་མཐུན་རྐྱེན་སྦྱོར་བར་ཤོག །ཅེས་ཚིགས་སུ་བཅད་ནས་དབྱངས་སུ་བླངས་པས་དེར་འཚོགས་པའི་ལྷ་མི་ཐམས་ཅད་རབ་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏོ། །གནས་ཆེན་བཟང་པོ་དེར་གནས་པ་རྣམས་ལ་ཕན་པའི་བསླབ་བྱ་འདི་ཉིད་བྱིན་ཏེ། དེ་ཡང་ཕན་བདེ་འབྱུང་གནས་བླ་མ་མཆོག་གསུམ་ཡིད་བཞིན་གྱི་ནོར་བུ་རྣམས་ལ་རབ་ཏུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ལ་བྱིན་རླབས་དང་དངོས་གྲུབ་མཐའ་དག་སྩལ་དུ་གསོལ། དེ་ཡང་བཀྲ་ཤིས་གཡང་ཆགས་ས་བཟང་འབྲོང་ལུང་དབེན་པའི་དགའ་ཚལ་ན་གནས་པའི་མཚམས་པ་ཞབས་ཕྱི་མཐའ་བ་རྣམས་ལ། རྣལ་འབྱོར་ཞབས་

p. 338

དཀར་པས་དགེ་བའི་གསལ་འདེབས་ཅུང་ཟད་ཞུ་བ། ཁྱེད་རྣམས་ཀྱིས་སྐབས་རེ་རང་ལ་དགེ་བསྐུལ་འདི་ལྟར་མཛོད། འི་བླ་མ་དཀོན་མཆོག་མཁྱེན་ཚེ་ཉི་མ་ནམ་ཚ་ཤོར་ཐལ། ནམ་ཞིག་ལ་ཤི་འགྲོ་ཅི་ཤེས། སང་གནངས་ཚོ་ཤི་འདྲ་སོང་ན་གང་དུ་འགྲོ་སྙམ་དུ་ནམ་འཆི་ཆ་མེད་སོམས་ལ། ཆོས་ལོ་སྔ་མ་ཕྱི་མ་གཉིས་ཀྱི་སྔ་མ། དེ་རིང་ནངས་པར་གཉིས་ཀྱི་དེ་རིང་ཙམ་ལའང་བྱེད་དགོས་པས་མི་ཚད་འཕྱིས་སོང་འདུག་སྙམ་དུ་སོམས་ལ། ་ཉིན་མཚན་མེད་པར་ཁྱེད་མཚམས་པ་རྣམས་ཀྱིས། རང་རང་གི་གང་ཤེས་ཀྱི་ཐུགས་དམ་དགེ་སྦྱོར་ལ་འབོད། གཞན་ཞབས་ཕྱི་མཐའ་བ་རྣམས་ཀྱིས་མཚམས་པ་རྣམས་ལ་ཕན་གང་ཐོགས་གྱིས། ནངས་ནུབ་ཀུན་ཏུ་ཕྱག་སྐོར་མ་ཎི་སོགས་ཁ་ཏོན་གང་ཤེས་ཐོན། གཅིག་གཅིག་ལ་ཁོང་ཁྲོ་མ་ལྡང་། ཚིག་ངན་མ་རྒྱག དུས་རྒྱུན་དུ་བསམ་པ་བཟང་པོ་ཞི་བ་དུལ་བ་གྱིས་དང་། ཚེ་འདི་ཕྱི་གཉིས་ཀར་སྐྱིད་པོ་ཡོང་། འདི་ནས་ངེད་དཔོན་སློབ་ཡོན་མཆོད་རྣམས། ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུགས་དག་པའི་ཞིང་ནས་མཇལ་ཏེ། སངས་ཀྱང་མཉམ་པོར་རྒྱ་བའི་སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱ། ཁྱེད་རྣམས་ཀྱིས་སྐབས་རེར་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་ཕྱིར་ཀཿ ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་རིན་

p. 339

པོ་ཆེའི་གསུང་བྱིན་ཅན་བླ་མ་རྒྱངས་འབོད་འདི་ཐོན་དང་བཟང་། །མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ། །རྩ་གསུམ་དཀྱིལ་འཁོར་གྱི་སྤྱི་དཔལ། །སྐུ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད། །འགྲན་བྲལ་སངས་རྒྱས་རང་མཁྱེན་ནོ། །འེ་འི་བླ་མ། འོ་སངས་རྒྱས། བཀའ་བརྒྱུད་བླ་མ་ཡི་རྒྱལ་པོ། །ཟབ་དགུ་གདམས་མཆོག་གི་མཛོད་འཛིན། །སྨིན་གྲོལ་སྙིང་པོ་ཡི་དོན་སྟེར། །མཚན་ལྡན་བླ་མ་རང་མཁྱེན་ནོ། །རེ་རེ་བླ་མ། འོ་སངས་རྒྱས། བསླུ་མེད་ཐུགས་རྗེ་ཡི་མངའ་བདག །གཏན་བདེ་བྱང་ཆུབ་ཀྱི་དེད་དཔོན། །འདི་ཕྱི་འདྲེན་མཛད་ཀྱི་དྲིན་ཅན། །རྩ་བའི་བླ་མ་རང་མཁྱེན་ནོ། །འེ་འེ་བླ་མ། འོ་སངས་རྒྱས། བདག་འདྲའི་ལས་ངན་གྱི་སེམས་ཅན། །སྐྱིད་སྡུག་ཅི་བྱུང་ཡང་ཁྱེད་ལས། །བློ་ཕུགས་གཏད་ས་གཞན་མ་མཆིས། །མཐོ་དམན་གར་གཏང་ཡང་ཁྱེད་ཤེས། །སྙིང་ནས་གསོལ་འདེབས་ཀྱི་བུ་ལ། །ཐུགས་རྗེ་གཡེལ་མེད་དུ་གཟིགས་ཤིག །ཅེས་པ་འདི་རྗེ་བཙུན་མི་ལའི་གྲུབ་གནས་བྲག་དཀར་རྟ་སོ་ན་ཚོགས་སུ་བཙུགས་ནས་དབྱངས་སྙན་པོ་བྱས་འདོན་པ་གོ་བས་སེམས་ལ་ཕན་པོ་བྱུང་། དེའི་ཤུགས་ཀྱིས་སློབ་མ་རྣམས་ལ་སྨྲས་པའོ། །ཡང་

p. 340

ཉིན་ཅིག་སེམས་ལ་ཤར་བ་ལྟར་རང་གི་སློབ་མ་མཚམས་པ་ཞབས་ཕྱི་མཐའ་བ་རྣམས་ལ་ཕན་ཕྱིར་ཞལ་གདམས་འདི་ཡང་བྱིན། ན་མོ་ཨརྱ་ལོ་ཀི་ཤྭ་ར་ཡ། བོད་ཀྱི་ལྷ་སྐལ་གངས་རིའི་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐེག་ཆེན་ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུྃ། དེ་ཡང་དབེན་གནས་གསར་བ་འབྲོང་ལུང་དབེན་པའི་དགའ་ཚལ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་གནས་རི་ཞིག་ཡིན་པའི་ཚོད་ན་འདུག་པས། འདི་ནས་དགེ་སྦྱོར་གང་བྱས་ཀྱང་འཕེལ་པར་གདའ། ཁྱེད་རྣམས་ཀྱིས་སྐྱེ་འཆི་འཁོར་བའི་ཉེས་དམིགས་སོམས་ལ་མྱུར་དུ་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར། སྙིང་རྗེའི་ལྷ་མཆོག་ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ། ཚད་མེད་བཞིའི་ངང་ནས་ནངས་ནུབ་ཀུན་ཏུ་ཆོས་ཀུན་སྙིང་པོ་མ་ཎི་ཡི་གེ་དྲུག་མའི་བཟླས་བརྗོད་ལ་བརྩོན། སྒོ་གསུམ་རང་བབས་སུ་ཞོག་ལ། སེམས་ཉིད་གསལ་སྟོང་འཛིན་མེད་ཀྱི་ངོ་བོ་མ་གཡེངས་པར་དུས་རྒྱུན་དུ་སྐྱོངས། དེའི་ངང་ནས་མ་གྱུར་སེམས་ཅན་སྡུག་བསྔལ་

p. 341

གྱིས་ཉམ་ཐག་པ་རྣམས་ལ་སྙིང་རྗེ་སྒོམས་ལ། རྒྱུད་ལ་སྙིང་རྗེ་ཕྲག་ཕྲུག་རེ་སྐྱེ་བ་དང་། མྱུར་དུ་སངས་རྒྱས་ནས་མ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་བསྔོ་སྨོན་རྒྱ་གང་ཆེ་གྱིས་དང་། །འཕགས་པས་རྗེས་སུ་འཛིན་པར་འགྱུར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། གསེར་སྦྱངས་བཙོ་མ་ལྟ་བུའི་སེམས་ཀྱི་དབྱིངས། །གསལ་བར་སྟོན་མཛད་བླ་མ་སྤྱི་བོས་མཆོད། །སེམས་ཉིད་གསལ་སྟོང་ངང་ནས་རང་ཤུགས་ཀྱིས། །བཅོས་མིན་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །མྱུར་དུ་སངས་རྒྱས་འགྲོ་ལ་ཕན་འདོད་ན། །ཆོས་ཀུན་སྙིང་པོ་སྟོང་ཉིད་སྙིང་རྗེ་སྒོམས། །དེ་ཉིད་རྒྱུད་ལ་སྐྱེ་ཐབས་ཚོགས་གསོག་དང་། །སྒྲིབ་སྦྱོང་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་བརྩོན། །སེམས་ཉིད་གསལ་སྟོང་ངང་ནས་རང་ཤུགས་ཀྱིས། །ཉམ་ཐག་ཕ་མར་གྱུར་པའི་སེམས་ཅན་ལ། །བཅོས་མིན་སྙིང་རྗེ་སྐྱེ་འམ་མི་སྐྱེ་ལྟོས། །སྐྱེས་ན་འཕགས་པས་རྗེས་སུ་བཟུང་བའི་རྟགས། །མ་སྐྱེས་ད་དུང་རྗེས་སུ་མ་བཟུང་བས། །ཡི་དམ་སྙིང་རྗེ་ཅན་གྱི་བསྒོམ་བཟླས་གྱིས། །དེ་ལྟར་བསྒོམས་ན་སྐབས་ཤིག་རང་ཤུགས་ཀྱིས། །བཅོས་མིན་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར། །དེ་དུས་འགྲོ་དོན་རང་བཞིན་ཤུགས་ཀྱིས་

p. 342

འོང་། །སྟོང་ཉིད་སྙིང་རྗེ་རྒྱུད་ལ་སྐྱེས་ཙ་ན། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར། །ཆོས་ཀྱི་སྙིང་པོ་གླུ་རུ་བླངས་པ་འདི། །ཐོས་ཚད་རྣམས་ཀྱི་སེམས་ལ་ཕན་པར་ཤོག །སྟོང་ཉིད་སྙིང་རྗེ་གཉིས་པོ་འབྱོངས་པ་ཡི། །ཆོས་པས་ས་སྟེང་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་བླངས་པས་ཀུན་གྱི་སེམས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ངོ་། །ལོ་གསར་ཚེས་ལ་ལྷ་བསང་ཆེན་པོ་བཏང་། དར་འཕྱར་དུང་བུས་ཚེ་ཐར་བཏགས། གཡང་འགུགས་བྱས་ཚེ་གཟུངས་དང་ཀླུང་རྟའི་དར་ལྕོག་བཙུགས། ཐམས་ཅད་ལ་ལོ་གསར་དགའ་སྟོན་བྱས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཆོས་མཛད་ཕོ་མོ་མང་པོ་འཚོགས་པའི་མགོ་ནས་བདག་གིས་སྐྱིད་པའི་རྒྱངས་གླུ་འདི་བླངས་སོ། །སྟེང་ནས་རྩེ་བརྒྱུད་བླ་མས། །བྱིན་རླབས་སྤྲིན་ལྟར་གཏིབས་བྱུང་། །བར་ན་ཡི་དམ་ལྷ་ཡིས། །དངོས་གྲུབ་ཆར་ལྟར་ཕབ་བྱུང་། །འོག་ཏུ་མཁའ་འགྲོ་སྲུང་མས། །འཕྲིན་ལས་གློག་ལྟར་འཁྱུག་བྱུང་། །དམ་གཙང་མཆེད་ལྕམ་ཚོགས་ཀྱིས། །གླུ་དབྱངས་འབྲུག་ལྟར་བསྒྲགས་བྱུང་། །གནས་འདིར་བྱིན་རླབས་དངོས་གྲུབ། །དབྱར་གྱི་མཚོ་བཞིན་འཁྱིལ་བྱུང་། །སྡིག་དང་མ་འདྲེས་ཚོགས་ཀྱི། །འཁོར་ལོའི་ཡོ་བྱད་འཛོམས་བྱུང་། །དག་

p. 343

པའི་ཞིང་ཞིག་མི་ཡུལ། །འཕོས་པ་ལྟ་བུ་བྱུང་སྣང་། །འདི་འདྲའི་སྐྱིད་པོ་བྱུང་བ། །བླ་མ་དཀོན་མཆོག་བཀའ་དྲིན། །དྲིན་ལན་སྒྲུབ་པའི་མཆོད་པ། །ནམ་འཚོའི་བར་དུ་འབུལ་ལོ། །ཕྱི་རབས་ཆོས་མཛད་རྣམས་ལ། །འདི་འདྲའི་སྐྱིད་པོ་ཤོག་ཅིག །ཅེས་དང་། ཡང་ཉམས་དགའ་བདེ་བའི་གླུ་འདི་བླངས། །ཨ་ཧོ་ཡེ། བླ་མ་ཞིག་ཞུ་ན་པདྨ་ཡི་རྒྱལ་པོ། །བྱིན་རླབས་གཞན་ལ་རེ་དགོས་ནི་མི་འདུག །ཨ་ཧོ་ཉམས་སང་གི་བདེ་བ། །ཡི་དམ་ཞིག་ཞུ་ན་རྟ་ཕག་ཡིད་བཞིན་གྱི་ནོར་བུ། །དངོས་གྲུབ་གཞན་ལ་རེ་དགོས་ནི་མི་འདུག །ཨ་ཧོ་ཉམས་སང་གི་བདེ་བ། །མཁའ་འགྲོ་ཞིག་ཞུ་ན་གསང་བ་ཡི་ཡེ་ཤེས། །འཕྲིན་ལས་གཞན་ལ་རེ་དགོས་ནི་མི་འདུག །ཨ་ཧོ་ཉམས་སང་གི་བདེ་བ། །ཆོས་སྐྱོང་ཞིག་ཞུ་ན་མགོན་དཀར་ཡིད་བཞིན་གྱི་ནོར་བུ། །དགོས་འདོད་གཞན་ལ་རེ་དགོས་ནི་མི་འདུག ཨ་ཧོ་ཉམས་སང་གི་བདེ་བ། །དམ་ཆོས་ཤིག་ཞུ་ན་རྫོགས་པ་ཡི་ཆེན་པོ། །སངས་རྒྱས་གཞན་ལ་རེ་དགོས་ནི་མི་འདུག །ཨ་ཧོ་ཉམས་སང་གི་བདེ་བ། །མཆེད་གྲོགས་ཤིག་ཞུ་ན་དམ་གཙང་གི་མཆེད་ལྕམ། །མཆེད་གྲོགས་གཞན་ལ་རེ་དགོས་ནི་མི་འདུག །ཨ་ཧོ་ཉམས་སང་གི་བདེ་བ། །དབེན་གནས་ཤིག་ཞུ་ན་གནས་

p. 344

མཆོག་གི་འབྲོང་ལུང་། །རི་ཁྲོད་གཞན་ལ་རེ་དགོས་ནི་མི་འདུག །ཨ་ཧོ་ཉམས་སང་གི་བདེ་བ། །ཞེས་པ་དང་། ཡང་གནས་གསུམ་མཁའ་འགྲོ་མཛའ་གྲོགས་སུ་འགུགས་པའི་རྡོ་རྗེའི་གླུ་དབྱངས་འདི་ཡང་བླངས་སོ། །དག་པ་མཁའ་སྤྱོད་ན་བཞུགས་པའི། །མཁའ་འགྲོ་མཛའ་གྲོགས་ལ་བྱོན་ཅིག །ཡུལ་ཆེན་ཉེར་བཞི་སོགས་གནས་གསུམ། །མཁའ་འགྲོ་མཛའ་གྲོགས་ལ་བྱོན་ཅིག །དངོས་ཉམས་རྨི་ལམ་ནི་གང་ལའང་། །ལུས་དང་གྲིབ་མ་བཞིན་འགྲོགས་ནས། །བདེ་སྟོང་ཏིང་འཛིན་གྱི་རོ་ཡིས། །རྟག་ཏུ་མྱོས་པ་ཞིག་སྩོལ་ཅིག །འོད་གསལ་སྒྱུ་ལུས་གཉིས་ཟུང་དུ། །འཇུག་པའི་ལམ་བཟང་ལ་བསླབས་ནས། །ཚེ་གཅིག་སངས་རྒྱས་ཀྱི་གོ་འཕང་། །མྱུར་དུ་འཐོབ་པ་རང་མཛོད་ཅིག །ནམ་ཞིག་གདུལ་བྱ་རྣམས་རྫོགས་ནས། །ཞིང་ཁམས་གཞན་དག་ཏུ་འཕོ་ཚེ། །གནས་གསུམ་མཁའ་འགྲོ་ཡི་ཚོགས་ཀྱིས། །ཞལ་བཟང་མངོན་སུམ་དུ་བསྟན་ནས། །རྡོ་རྗེ་གླུ་གར་དང་རོལ་མོའི། །ངོ་མཚར་མཆོད་སྤྲིན་གྱིས་བསུས་ཏེ། །དག་པ་མཁའ་སྤྱོད་སོགས་གང་འདོད། །ཞིང་དུ་འདྲེན་པར་རང་མཛོད་ཅིག །བླ་མ་མཆེད་གྲོགས་ཀྱི་ཞབས་པད། །བསྐལ་པ་རྒྱ་མཚོའི་བར་བརྟན་ཅིང་། །གསང་ཆེན་ཐེག་པ་ཡི་རྩེ་དགའ། །ལོངས་སུ་སྤྱོད་པར་རང་གྱུར་

p. 345

ཅིག །ཅེས་བླངས་ནས་བདེ་སྟོང་གི་ཉམས་བསྐྱང་ངོ་། །དེ་ནས་དད་ཅན་སློབ་བུ་སྙན་གྲགས། དབོན་པོ་དཀར་དྲིས། སྟག་ཡན་སྐལ་བཟང་། འབྲུག་རྩེ་ཡགས་སོགས་ཞབས་ཕྱི་བ་རྣམས་ལ། ད་ལོ་ཚོ་སྐལ་བ་བཟང་བཟང་གྱིས། གླུ་འདྲ་ཤེས་ན་ལོངས་བྱས་པས། ཀུན་གྱིས་དེ་རེད་ཟེར། དགའ་དགའ་སྤྲོ་སྤྲོ་བྱས་གླུ་ཁ་མཚར་འདི་འདྲ་ལེན་པར་གདའ། འི་སྟོད་ཀྱི་རི་འདི་གསེར་གྱི་རི། །གསེར་གྱི་རི་ལ་ཉི་མ་ཤར། །བར་གྱི་རི་འདི་དུང་གི་རི། །དུང་གི་རི་ལ་ཟླ་བ་ཚེས། །སྨད་ཀྱི་རི་འདི་མཆོང་གི་རི། །མཆོང་གི་རི་ལ་མར་ཁུ་འཁྱིལ། །འི་རི་སྨུག་པ་ཅན་ལ་འཇའ་ཚོན་འཐེན། །ཕ་བླ་མ་མཇལ་བའི་རྟེན་འབྲེལ་རེད། །རྩྭ་ཚིགས་དྲུག་མགོ་ལ་འབྲས་དྲུག་འཁྲུངས། །ཟས་སྦྲང་དཀར་ཟ་བའི་རྟེན་འབྲེལ་རེད། །ཆུ་རྨ་ཆུའི་ཁ་ན་རྨ་དར་ཆགས། །རྒྱ་ཁེ་བ་གཤར་བའི་རྟེན་འབྲེལ་རེད། །འི་སྟོད་ཀ་ན་རི་བོ་ན་བུན་ཅན། །རི་ན་བུན་ཅན་ལ་རི་དྭགས་འཁྱུ། །སྨད་ཀ་ན་རྒྱ་མཚོ་རླངས་པ་ཅན། །མཚོ་རླངས་པ་ཅན་ལ་ཉ་སྲམ་འཁྱུ། །བར་འདི་ན་བླ་མ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་སློབ་མ་འཁྱུ། །འི་སྟེང་ནམ་མཁའ་ཡངས་པར་ལྷོ་སྤྲིན་འཁྲིགས། །ཆར་ཡག་པོ་འབབ་པའི་རྟེན་འབྲེལ་རེད། །འོག་ས་གཞི་ཡངས་པར་དྲོད་གཤེར་འཛོམ། །

p. 346

ལོ་ཡག་པོ་ཡོང་བའི་རྟེན་འབྲེལ་རེད། །བར་འཇིག་རྟེན་ཁམས་ན་ཟས་ནོར་འཛོམ། །ཀུན་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་རེད། །འེ་སྐྱིད་ཀྱི་སྐྱིད་ལུང་གོང་མ་ན། །བླ་མ་བཟང་པོའི་དབོན་པོ་སྐྱིད། །དབོན་བྱམས་སེམས་ཆེ་ན་གྲྭ་བ་སྐྱིད། །སྐྱིད་ཀྱི་སྐྱིད་ལུང་བར་མ་ན། །དཔོན་པོ་བཟང་པོའི་བློན་པོ་སྐྱིད། །བློན་བྱམས་སེམས་ཆེ་ན་སྡེ་བ་སྐྱིད། །སྐྱིད་ཀྱི་སྐྱིད་ལུང་འོག་མ་ན། །ཨ་ནེ་བཟང་མོའི་མནའ་མ་སྐྱིད། །མནའ་མ་བྱམས་སེམས་ཆེ་ན་ཁྱིམ་ཚང་སྐྱིད། །འི་མ་བརྡུངས་མཚོན་ན་རིག་ནི་བོ། །བྲེ་སེར་འབྲོང་གི་རུ་ཐུར་རེད། །མ་བྲིས་རི་མོ་རིག་ནི་བོ། །རྒྱ་སྟག་དར་མའི་ཐིག་ལེ་རེད། །མ་བྱུགས་ཚོན་ལ་རིག་ནི་བོ། །རྨ་བྱ་གཞོན་ནུའི་སྒོ་མདོངས་རེད། །སེར་པོ་གསེར་ལ་མཐུན་ནི་བོ། །འཛམ་གླིང་ཉི་མ་སེར་པོ་རེད། །དཀར་པོ་དངུལ་ལ་མཐུན་ནི་བོ། །བཅོ་ལྔའི་ལྷ་ཟླ་དཀར་པོ་རེད། །ཁྲ་བོ་གཟི་ལ་མཐུན་ནི་བོ། །སྟོད་ཀི་རྫ་རི་ཁྲ་མོ་རེད། །འེ་སྟོད་ཀི་དབུས་གཙང་དག་ཞིང་ན། །སྐྱབས་མགོན་རྒྱལ་བ་ཡབ་སྲས་བཞུགས། །ཁོང་གི་ཐུགས་རྗེས་བོད་ཁམས་སྐྱིད། །སྨད་ཀི་རྒྱ་ནག་གསེར་མཁར་ན། །གནམ་སྐྱོང་གོང་མ་རྒྱལ་པོ་བཞུགས། །ཁོང་གི་ཐུགས་རྗེས་རྒྱལ་ཁམས་སྐྱིད། །བར་གྱི་མདོ་ཁམས་སྒང་འདི་ན། །སྐྱབས་མགོན་ཡིད་བཞིན་ནོར་བུ་བཞུགས། །

p. 347

ཁོང་གི་ཐུགས་རྗེས་མདོ་ཁམས་སྐྱིད། །འེ་སྐྱིད་གཅིག་འདི་ཇོ་བོའི་མདུན་ན་ཡོད། །ཇོ་བོ་མཇལ་ཡུན་རིང་ན་སྐྱིད་གཅིག་རེད། །སྐྱིད་གཅིག་འདི་བླ་མའི་དྲུང་ན་ཡོད། །བླ་མ་སྐུ་ཚེ་རིང་ན་སྐྱིད་གཅིག་རེད། །སྐྱིད་གཅིག་འདི་ཕ་མའི་རྩེ་ན་ཡོད། །ཕ་མ་ཚེ་ཐག་རིང་ན་སྐྱིད་གཅིག་རེད། །འེ་སེར་པོ་གསེར་གྱི་ཁྲི་ཐོག་ན། །ཡོན་ཏན་ཅན་གྱི་བླ་མ་སྐྱིད། །དཀར་པོ་དངུལ་གྱི་ཁྲི་ཐོག་ན། །བསོད་ནམས་ཅན་གྱི་དཔོན་པོ་སྐྱིད། །ཐིག་ལེ་ཅན་གྱི་གདན་ཐོག་ན། །རིག་པ་ཅན་གྱི་བློན་པོ་སྐྱིད། །འེ་ལྷ་དབང་བརྒྱ་བྱིན་ཞབས་དྲུང་ན། །ལྷ་མོས་གླུ་དབྱངས་ལེན་པའི་དུས། །ལྷ་རྣམས་དགའ་བའི་སེམས་ཀྱིས་ཉོན། །དཔག་བསམ་ལྗོན་པའི་ཤིང་དྲུང་ནས། །ཁུ་བྱུག་སྐད་སྙན་སྒྲོག་པའི་དུས། །མི་རྣམས་དགའ་བའི་སེམས་ཀྱིས་ཉོན། །མཚན་ལྡན་བླ་མའི་ཞབས་དྲུང་ནས། །གཞོན་ནུས་གླུ་དབྱངས་ལེན་པའི་དུས། །འདིར་འཚོགས་དགའ་བའི་སེམས་ཀྱིས་ཉོན། །འེ་གླུ་ལེན་ན་ལྷ་ཆེན་དྲུང་ནས་ལོངས། །ལྷ་རྣམས་དགའ་བའི་གླུ་དབྱངས་ལོངས། །ལྷ་ཕྲུག་འཛུམ་རྒོད་འཆོར་ནི་ལོངས། །གླུ་ལེན་ན་ཀླུ་ཆེན་དྲུང་ནས་ལོངས། །ཀླུ་རྣམས་དགའ་བའི་གླུ་དབྱངས་ལོངས། །ཀླུ་ཕྲུག་འཛུམ་རྒོད་འཆོར་ནི་ལོངས། །གླུ་ལེན་ན་མི་ཆེན་དྲུང་ནས་ལོངས། །

p. 348

མི་རྣམས་དགའ་བའི་གླུ་དབྱངས་ལོངས། །གཅེས་ཕྲུག་འཛུམ་རྒོད་འཆོར་ནི་ལོངས། །འི་ཡར་སྟེང་ནས་འབྲུག་ཅིག་གྲག་ནི་བོ། །དགུང་ཆར་སྐུ་འབབ་པའི་རྟེན་འབྲེལ་རེད། །མར་ས་ན་ཞིང་ཞིག་འདེབས་ནི་བོ། །ཟས་སྦྲང་དཀར་ཟ་བའི་རྟེན་འབྲེལ་རེད། །བར་འདི་ན་གླུ་ཞིག་ལེན་ནི་བོ། །ཁ་ཇ་ཆང་འཛོམ་པའི་རྟེན་འབྲེལ་རེད། །གླུ་ཤེས་ནི་མིན་ཏེ་རྩེ་འདོད་ཡིན། །འི་སྟོད་ཀ་ན་དུང་ཅིག་འབུད་ནི་བོ། །སྟོད་དབུས་གཙང་བླ་མའི་ཚོགས་དུང་རེད། །ཚོགས་ཡོད་པའི་གྲྭ་པའི་སྐྱིད་ལ་མེད། །སྨད་ཀ་ན་རྔ་ཞིག་རྡུང་ནི་བོ། །སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་རྔ་རེད། །ཁྲིམས་ཡོད་པའི་རྒྱ་ཡི་སྐྱིད་ལ་མེད། །བར་འདི་ན་དར་ཅིག་འཕྱུར་ནི་བོ། །རྗེ་མཚན་ལྡན་བླ་མའི་ཆོས་དར་རེད། །ཆོས་དར་བའི་ཡུལ་འདིའི་སྐྱིད་ལ་མེད། །འེ་གོས་གཅིག་གིས་སེམས་ཅན་དྲོས་ནི་བོ། །དཔེ་བཞག་ན་འཛམ་གླིང་ཉི་མ་རེད། །ཟས་གཅིག་གིས་སེམས་ཅན་གསོས་ནི་བོ། །དཔེ་བཞག་ན་སྦྲང་དཀར་རྩམ་པ་རེད། །དཔོན་གཅིག་གིས་རྒྱལ་ཁམས་སྐྱོང་ནི་བོ། །དཔེ་བཞག་ན་གོང་མ་རྒྱལ་པོ་རེད། །གླུ་ཁ་རེ་བསྐོར་དང་ད་དུང་ལེན། །འེ་སྟོད་དབུས་གཙང་དུང་དཀར་ཁོག་པ་འདྲ། །འབུད་མི་དགོས་དུང་དཀར་རང་གྲགས་རེད། །སྨད་རྒྱ་ནག་དངུལ་དཀར་མེ་ལོང་འདྲ། །ཕྱི་མི་དགོས་མེ་ལོང་རང་

p. 349

གསལ་རེད། །བར་བོད་ཡུལ་བྱུར་དཀར་ཕྲེང་བ་འདྲ། །འདོན་མི་དགོས་མ་ཎི་རང་འགྲུབ་རེད། །འོ་བྱ་གཤོག་པ་ཅན་ལ་ནམ་མཁའ་བདེ། །ནམ་མཁའ་བདེ་ནི་མ་རེད་ཏ། །བྱ་རང་གི་གཤོག་པ་བདེ་ནི་རེད། རྟ་གོམ་པ་ཅན་ལ་ས་གཞི་བདེ། །ས་གཞི་བདེ་ནི་མ་རེད་ཏ། །རྟ་རང་གི་གོམ་པ་བདེ་ནི་རེད། །བུ་རིག་པ་ཅན་ལ་རྒྱལ་ཁམས་བདེ། །རྒྱལ་ཁམས་བདེ་ནི་མ་རེད་ཏ། །བུ་རང་གི་རིག་པ་བདེ་ནི་རེད། །འི་ཕུག་སྟོད་ཀ་ན་ཁྲབ་ཅིག་ཡོད། །དེ་བུག་པ་མེད་ཀི་མཁར་ཅིག་རེད། །ཁ་ར་ཀ་ན་རྟ་ཅིག་ཡོད། །ཀ་གཤོག་པ་མེད་ཀི་བྱ་ཅིག་རེད། །གོ་ཁ་ཀ་ན་བུ་ཅིག་ཡོད། །ཀ་ཐིག་ལེ་མེད་ཀི་སྟག་ཅིག་རེད། །ཀ་གསུམ་དགོས་པའི་དུས་ཚོད་ཡོང། །ཀ་ལ་བྱི་དོར་ཡང་ཡང་གྱིས། །བཀྲ་ཤིས་ཀྱི་གླུ་ནི། འི་ཟས་བཟང་པོ་སྦྲང་དཀར་རྩམ་པ་རེད། །ཁ་ཟས་དང་མི་འབྲལ་བཀྲ་ཤིས་ཤོག །གོས་བཟང་པོ་བལ་དཀར་སྣམ་བུ་རེད། །རྒྱབ་གོས་དང་མི་འབྲལ་བཀྲ་ཤིས་ཤོག །འེ་གོས་བཟང་པོ་ལྷ་ཡི་ཡུལ་ན་ཡོད། །ལྷའི་གོས་ཆེན་འབུམ་གྱི་བཀྲ་ཤིས་ཤོག ། ནོར་བཟང་པོ་ཀླུ་ཡི་ཡུལ་ན་ཡོད། །ཀླུའི་ནོར་བུ་འབུམ་གྱི་བཀྲ་ཤིས་ཤོག །ཆོས་བཟང་པོ་མི་ཡི་ཡུལ་ན་ཡོད། །མིའི་ལྷ་ཆོས་འབུམ་གྱི་བཀྲ་ཤིས་ཤོག །

p. 350

འེ་གསེར་བཟང་པོ་མངའ་རིས་སྟོད་ན་ཡོད། །ལག་གསེར་དང་མི་འབྲལ་བཀྲ་ཤིས་ཤོག །རྟ་བཟང་པོ་མདོ་ཁམས་སྨད་ན་ཡོད། །རྐང་རྟ་དང་མི་འབྲལ་བཀྲ་ཤིས་ཤོག །ནས་བཟང་པོ་དབུས་གཙང་ཞིང་ན་ཡོད། །ཁ་ཟས་དང་མི་འབྲལ་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་གླུ་བླངས་པས། དེའི་ཉིན་པར་ཀུན་དགའ་ཞིང་སྤྲོ་བ་བྱུང་། དེས་ན་འཇིག་རྟེན་པའི་གླུ་འདི་རྣམས་ཆོས་པ་འཇིག་རྟེན་པ་རྣམས་ཀྱི་བྱིང་རྨུགས་གཉིད་གསུམ་སངས་པ་དང་། ཉམས་དགའ་སྣང་བ་སྤྲོ་བའི་ཕྱིར་ཡི་གེར་བྲིས་པ་ལགས། ཡང་ཉིན་ཅིག་རྗེ་བཙུན་རེད་མདའ་བའི་གསུང་ངག་དྲིས་ལན། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་བས་རྗེ་བཙུན་འཇམ་དབྱངས་ལ་ཞུས་ནས་ཕུལ་བའི་ནང་ལྟར་ཐུགས་ཉམས་སུ་བཞེས་ཚུལ་ལ་ཞིབ་ཏུ་བལྟས་པས། སེམས་ལ་སྔོན་དུས་རྒྱལ་བ་ཡབ་སྲས་དང་དེའི་བུ་རྒྱུད་རྣམས་ཀྱིས་དབེན་པའི་གནས་སུ་འདི་བཞིན་ཉམས་སུ་བཞེས་པ་ལྟ་བུ་དེང་སང་གི་རྗེས་འཇུག་རྣམས་ཀྱིས་དཀའ་སྙམ་ཡང་། བདག་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་གསེར་ཁང་རྡོ་རྗེ་འཆང་ཡབ་སྲས་ཀྱིས་རི་ཁྲོད་དབེན་པར་འདི་བཞིན་ཉམས་ལེན་མཛད་ཚུལ་ལ་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བྱུང་ཚེ་སླར་ཡང་ཚིག་སུ་བཅད་ནས་སྨྲས་པ། རྗེ་བཙུན་རེད་མདའ་བ་ཡིས་དྲིས་

p. 351

པའི་ལན། །རྗེ་ཙོང་ཁ་བ་ཡིས་འཇམ་དབྱངས་ལ། །ཞུས་ནས་ཕུལ་བའི་ནང་ལྟར་མདོ་སྔགས་ཀྱི། །གནད་རྣམས་ཡོངས་རྫོགས་ཕྱོགས་གཅིག་དྲིལ་ནས་ནི། །སྔོན་དུས་རྒྱལ་བ་ཡབ་སྲས་བུ་རྒྱུད་ཀྱིས། །དབེན་པའི་གནས་སུ་ཉམས་སུ་བཞེས་པ་བཞིན། །དེང་སང་རྗེས་འཇུག་རྣམས་ཀྱིས་དཀའ་སྙམ་ཡང་། །འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡི། །བསྟན་པ་འཛིན་སྐྱོང་སྤེལ་ལ་ཟླ་བྲལ་བ། །གསེར་ཁང་རྡོ་རྗེ་འཆང་དབང་ཡབ་སྲས་ཀྱིས། །དབེན་པར་ཉམས་ལེན་མཛད་པའི་ཚུལ་འདི་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་བྱུང་། །ཕྱི་རབས་ཆོས་མཛད་སྐྱེ་བོ་ཕོ་མོ་དང་། །ཁྱད་པར་འཇམ་མགོན་བླ་མའི་རྗེས་འཇུག་རྣམས། །བླ་མའི་རྗེས་སུ་ཁ་མིག་ཡར་བལྟ་བྱས། །མདོ་སྔགས་གནད་ལ་སློབས་ཞེས་གསོལ་བ་འདེབས། །དམར་སེར་འོད་ཕུང་འཕྲོ་བའི་འཇམ་དབྱངས་དང་། །དབྱེར་མེད་ངུར་སྨྲིག་འཆང་བའི་ཙོང་ཁ་བ། །ནོར་བུ་བཞིན་དུ་སྤྱི་བོའི་རྒྱན་དུ་བཞུགས། །ཆོས་ཀུན་སེམས་ལ་འཆར་བར་བྱིན་གྱིས་རློབས། །ངོ་མཚར་ནགས་ཁྲོད་དབེན་པའི་དགའ་ཚལ་དུ། །མང་ཐོས་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་ངས། །མདོ་སྔག་བདུད་རྩི་འཐུངས་པས་མྱོས་པའི་མོད། །ཉམས་མྱོང་

p. 352

གནད་ཀྱི་མན་ངག་གླུ་རུ་ལེན། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །རིམ་གཉིས་ནང་དུ་མདོ་སྔགས་གནད་འགག་ཚང་། །དེ་འདྲའི་གནད་འགག་ཚང་བའི་ལམ་བཟང་ལ། །དབེན་པར་ཉམས་ལེན་བྱེད་པ་སྐལ་བ་བཟང་། །དེ་ལྟར་ཉམས་ལེན་བྱས་པའི་ལག་རྗེས་ལ། །བསམ་པ་བཟང་ཞིང་ཀུན་ལ་དགའ་སྣང་འབྱོངས། །རིས་མེད་བསྟན་འགྲོ་ཡོངས་ལ་ཕན་ཐོགས་འབྱུང་། །ཀུན་ལ་དེ་འདྲ་ཡོང་བའི་སྨོན་ལམ་འདེབས། །ལྟ་བ་བདེན་པ་གཉིས་སུ་གཏན་ལ་དབབ། །སྒོམ་པ་ལམ་རིམ་རིམ་གཉིས་ནང་ལྟར་སྒོམས། །སྤྱོད་པ་སྡོམ་པ་གསུམ་དང་མཐུན་པར་སྤྱོད། །འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་འབྱུང་། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་གནད་ཚང་བའི། །མདོ་སྔགས་ཆོས་ལ་བག་ཆགས་འཇོག་འདོད་ན། །བླ་མའི་དྲུང་ནས་བྱང་ཆུབ་ལམ་རིམ་གྱིས། །རྒྱུད་སྦྱོངས་གསང་སྔགས་དབང་ཞུས་བསྐྱེད་རྫོགས་སློབས། །ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ། །བླ་མའི་གསུང་བཞིན་ཉམས་ལེན་བྱེད་ནུས་ན། །ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་པ་དང་། །མ་གྱུར་འགྲོ་བ་ཡོངས་ལ་ཕན་པར་འགྱུར། །ཞེས་བླངས་པ་མཐོང་ཐོས་ཀྱི་ཆོས་པ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བྱས་སོ། །དེ་དུས་དབུས་གཙང་དུ་སོང་བའི་སློབ་མ་འོངས་པ་འགའ་རེས། སྐྱབས་

p. 353

མགོན་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་སྤྲུལ་སྐུ་མཁས་གྲུབ་རྒྱ་མཚོ་ཁམས་ཕྱོགས་སུ་འཁྲུངས་པ་དབུས་གཙང་དག་པའི་ཞིང་དུ་གདན་དྲངས་སོང་ཟེར་བའི་གཏམ་སྙན་གོ་ཚེ། ཡིད་སྤྲོ་བའི་ཤུགས་ཀྱིས་སྐྱིད་པའི་རྒྱངས་གླུ་འདི་བླངས་སོ། །རི་རབ་བརྟན་ཅིང་བརྗིད་པ། །གླིང་བཞིའི་དཔལ་དུ་ཆེ་ཞིང་། །ཉི་ཟླ་གཟི་མདངས་འབར་བ། །ནམ་མཁའི་རྒྱན་དུ་མཛེས་སོ། །ཆུ་ཀླུང་དུ་མ་འབབ་པ། །རྒྱ་མཚོའི་དཔལ་དུ་ཆེ་ཞིང་། །པདྨ་ཕང་ཕུང་གཡོ་བ། །སྐྱེད་ཚལ་རྒྱན་དུ་མཛེས་སོ། །རྒྱལ་བའི་སྤྲུལ་སྐུ་འཁྲུངས་པ། །བསྟན་འགྲོའི་དཔལ་དུ་ཆེ་ཞིང་། །པཎ་ཆེན་ཆོས་འཁོར་བསྐོར་པ། །དབུས་གཙང་རྒྱུན་དུ་མཛེས་སོ། །ཤར་རིའི་རྩེ་ནས་འོད་གསལ། །ཉི་མ་གསལ་བོ་ཤར་བྱུང་། །སྐྱེད་མོས་ཚལ་ན་གནས་པའི། །མེ་ཏོག་ཚོགས་རྣམས་སྐྱིད་པ། །སྐྱེད་མོས་ཚལ་ནས་པདྨའི། །དྲི་ཞིམ་ཕྱོགས་ཀུན་འཐུལ་བྱུང་། །རོ་མངར་སྦྲང་རྩི་འཐུང་བའི། །བུང་བའི་ཚོགས་རྣམས་སྐྱིད་པ། །ཁམས་ཀྱི་ཕྱོགས་ནས་རྒྱལ་བའི། །སྤྲུལ་སྐུ་དབུས་སུ་ཕེབས་སོང་། །གསེར་ཞལ་མཇལ་ན་འདོད་པའི། །གདུལ་བྱ་རྣམས་ཚོའི་སྐྱིད་པ། །སྐྱིད་པའི་རྒྱངས་གླུ་འདི་ཡང་། །ཁ་ནས་དབང་མེད་ཤོར་སོང་། །ཐོས་ཚད་ཀུན་ཀྱང་དགའ་ནས། །རྒྱངས་

p. 354

གླུ་ལེན་པར་གྱུར་ཅིག །ཅེས་བླངས་པས་དེར་འཚོགས་པ་རྣམས་ཀྱང་ཤིན་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏོ། །ཡང་ང་འབྲོང་ལུང་ན་ཡོད་དུས་མཁས་བཙུན་བཟང་གསུམ་དང་ལྡན་པའི་བདེ་ཆེན་ཚངས་དབྱངས་ཀྱིས་མཚམས་ཞུས་འདི་ཕུལ་བྱུང་། ཚོགས་ཆེན་གཉིས་རྫོགས་མཚན་དཔེའི་སྐུ། །དྲུག་ཅུའི་དབྱངས་རྣམས་སྒྲོག་པའི་གསུང་། །རང་གཞན་དོན་གཉིས་ལྷུན་འགྲུབ་ཐུགས། །སྲིད་གྲོལ་བཤེས་གཉེན་མཆོག་དེའི་དྲུང་། །ཞུ་ཚིག་མེ་ཏོག་ཆུ་སྐྱེས་དཀར། །དད་གུས་སོར་མོས་འཛིན་བཞིན་དུ། །གུས་ཕྲན་དཀོན་མཆོག་ཚངས་དབྱངས་ཀྱིས། །འདྲེན་མཆོག་སྙན་དུ་འདི་སྐད་ཞུ། །སྐུ་མཆོག་གསེར་གྱི་རི་བོ་དེ། །ཉེར་འཚེ་རླུང་གིས་བསྒུལ་ནུས་མིན། །སྤངས་རྟོགས་གཉིས་པོ་མཐར་ཕྱིན་པའི། །རྡོ་རྗེ་སྐུ་སྟེ་ཁྱོད་མིན་སུ། །འགྲོ་བའི་ཕན་བདེ་ཆུ་སྐྱེས་ཚལ། །ཁྱོད་ཀྱི་ཐུགས་རྗེ་གཟི་འོད་ཀྱིས། །བཞད་པའི་དགའ་སྟོན་འདི་ཐོས་ནས། །བདག་ཡིད་སྤྲོ་དགའ་ཆེན་པོ་ཐོབ། །ཉམ་ཆུང་བདག་ཀྱང་འདུ་ཕུང་གི །རྫས་ལྔ་སོ་སོར་མ་བཀྱེས་པར། །རྣམ་གཡེང་ངང་ལ་གནས་བཞིན་དུ། །མགོན་ཁྱོད་ཡིད་ལ་དྲན་བཞིན་ཡོད། །མཚམས་ཞུས། བདག་ཅག་མགོན་མེད་གཙུག་རྒྱན་དུ། །མི་འགྱུར་ཞབས་སེན་ནོར་

p. 355

བུའི་ཏོག །བསྐལ་བརྒྱར་མི་གཡོ་བརྟན་པ་རུ། །བཞུགས་སུ་གསོལ་ཞེས་གསོལ་བ་འདེབས། །བསོད་ནམས་དུས་ལས་མི་འདའ་བའི། །དགེ་རྩ་ཆེན་པོ་མ་བསགས་ཤིང་། །ཕྱི་མར་བདེ་སྡུག་གང་མྱོང་དགོས། །རང་གི་ཚེ་འདིའི་བྱ་བས་གོ །དམ་པ་ཁྱེད་ཉིད་མ་གཏོགས་པའི། །ཕྱི་མའི་སྐྱེལ་མ་སུ་ཞིག་འཚོལ། །འདི་ཕྱིའི་ལེགས་ཉེས་སྐྱིད་སྡུག་རྣམས། །དཀོན་མཆོག་གསུམ་དངོས་ཁྱེད་རང་མཁྱེན། །བདག་འདྲའི་རྗེས་འཇུག་སློབ་མ་ཡི། །རྒྱུད་ལ་ཕན་ཐོགས་འབྱུང་བའི་ཕྱིར། །ཆོས་ཀུན་སྙིང་པོ་མཐར་ཐུག་ཅིག །མགུར་དབྱངས་ཚུལ་དུ་གནང་བར་ཞུ། །ཞུ་ཡིག་ལྷ་བྱ་ངང་མོ་ཡིས། །ལྷ་རྫས་དར་གྱི་གཤོག་བརྐྱངས་ཏེ། །མགོན་ཁྱོད་ཞབས་ཟུང་པདྨོ་ཡི། །དྲུང་དུ་དགའ་བཞིན་འཕུར་ནས་ཐལ། །ཞེས་ཕུལ་བའི་ལན་དུ་མགུར་དབྱངས་འདི་ཕུལ་ལོ། །ཚེ་འདི་ཕྱི་བར་དོའི་གཏན་གྱི་སྐྱབས། །མགོན་ཐུབ་པའི་དབང་པོའི་ཞལ་སྔ་ནས། །འཁོར་ལྷ་མིས་གཙོ་བྱས་འགྲོ་ཀུན་ལ། །ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས། །དེ་རྣམས་ཀྱི་བརྗོད་བྱ་མཐའ་ཡས་ཀྱང་། །ཚུར་བསྡུ་ན་མདོ་སྔགས་གཉིས་སུ་འདུ། །མདོ་བསླབ་གསུམ་སྡེ་སྣོད་གསུམ་ལ་འདུ། །སྔགས་རྒྱུད་སྡེ་ཆེན་པོ་བཞི་ལ་འདུ། །

p. 356

དེ་རྣམས་ཀྱི་བརྗོད་བྱའི་ཚིག་མང་ཡང་། །དོན་བསྡུ་ན་རྒྱལ་བ་གཉིས་པ་ཡི། །གསུང་ལམ་རིམ་སྔགས་རིམ་གཉིས་སུ་འདུ། །དེ་དོན་གྱི་གནད་འགག་ཚུར་བསྡུ་ན། །མདོ་ལམ་གྱི་གཙོ་བོ་རྣམ་གསུམ་དང་། །སྔགས་བླ་མེད་བསྐྱེད་རྫོགས་གཉིས་སུ་འདུ། །དེ་རྫོགས་རིམ་འོད་གསལ་མཐར་ཐུག་དོན། །ཆོས་ཕྱག་རྫོགས་དོ་ཧ་རྣམས་ལ་འདུ། །ངས་བཀའ་བསྟན་གཉིས་ཀྱིས་གཙོ་བྱས་པའི། །ཁོང་རྒྱ་བོད་མཁས་གྲུབ་མང་པོ་ཡི། །གསུང་ལེགས་བཤད་པོ་ཏི་སྟོང་ཕྲག་ལྷག །ཁ་ཕྱེ་ནས་ཡང་ཡང་བལྟས་པའི་ཚེ། །ཚིག་འདི་ལས་ལྷག་པ་ཡོད་མོད་ཀྱང་། །དོན་འདི་ལས་ལྷག་ཅིག་མཐོང་མ་མྱོང་། །དོན་དེ་ཕྱིར་སྐལ་ལྡན་སློབ་བུ་རྣམས། །ཆོས་ཐུན་མོང་ལམ་གྱིས་རྒྱུད་སྦྱོངས་ལ། །སྔགས་བླ་མེད་བསྐྱེད་རྫོགས་གཉིས་ལ་སློབས། །དེའི་མཐར་ཐུག་ཕྱག་རྫོགས་དོ་ཧ་གསུམ། །རང་གང་མོས་ཤིག་ལ་ནན་ཏན་མཛོད། །ཚེ་འདི་རུ་གྲོལ་བར་གདོན་མི་ཟ། །ཆོས་མདོ་རྒྱུད་མན་ངག་ཞོ་བཞིན་དཀྲུགས། །ཁོང་མཁས་གྲུབ་བརྒྱ་ཡིས་ཞལ་ཕྱེས་ཀྱང་། །ཚིག་འདི་ལས་ལྷག་པ་ཡོང་ཡང་སྲིད། །དོན་འདི་ལས་ལྷག་པ་ཡོད་རེ་སྐན། །ཁྱེད་ལན་རེ་ཡིད་འདྲ་མི་ཆེས་ན། །རྗེ་རྒྱལ་བའི་བཀའ་ལ་ཡང་ཡང་ལྟོས། །བཀའ་དྲི་མེད་ཚིག་གིས་ངེས་ཤེས་སྐྱེ། །ངའི་སྙིང་འདི་བསྟན་རུང་ཤ་

p. 357

ཞིག་ཡིན། །གཏམ་སྙིང་ནས་སྨྲས་པ་དེ་ལས་ལྷག ། བུ་ཁྱེད་ཀྱིས་མ་བརྗེད་སྙིང་ལ་ཆོངས། །གཞན་མཐོང་ཐོས་སངས་རྒྱས་འཐོབ་པར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་ཕུལ་བ་ཀུན་ལ་བསྟན་པས་སེམས་ལ་ཕན་པོ་བྱུང་། ཁོ་རང་གིས་ཆོས་ཟབ་མོ་ཕྱག་རྫོགས་དོ་ཧ་རྣམས་ཀྱི་དགོངས་དོན་བཞིན་ཉམས་སུ་བླངས་པས་འཆི་ཁར་ལམ་སྣ་ཟིན་པ་ཞིག་བྱུང་ངོ། །ལོ་དེའི་སོས་ཀ་ས་དྲོས་ནས། ལྷ་ལྡན་ཇོ་བོའི་སྐུ་ཚད་དང་མཉམ་པའི་ཇོ་བོ་ཡིད་བཞིན་གྱི་ནོར་བུ། ཐུགས་རྗེ་ཆེན་པོ་སྒྲོལ་མ་གསུམ་གཙོ་བྱས་པའི་ལྷ་ཁང་གྱན་གསུམ་ཅན་ཅིག་གི་གཞི་བཏིངས་བྱུང་བཟང་པོ་ཞིག་བརྡུང་དུ་བཅུག དེ་ནས་ང་རོང་བོ་བླ་བྲང་གཉིས་ཀྱི་གྱོད་དོན་ལ་འགྲོ་དགོས་བྱུང་། གཉེར་བ། དབོན་པོ། སྟག་ཡན་རྣམས་ལ་བཀོད་པ་བཏང་། སྟོན་དགུ་བ་ཚུན་ལ་འགྲུབ་པ་གྱིས་ཞེས་བཤད་པ་བཞིན་འགྲུབ་པ་བྱུང་། དེའི་སྦྱིན་བདག་ཧོར་དཔོན་པོ། རྡོ་རེ། ཨ་མགྲོན་ཨ་ཁུ་དཔལ་ལོ། ར་བསོད་ནམས་འབུམ། བོན་རྒྱུའི་དཔའ་མཁར་རྒྱལ་ལ་སོགས་པའི་འབྲོག་པ་རྣམས་ཀྱིས་བྱས། གསེར་ཚོན་རིན་ལ་དངུལ་སྲང་བརྒྱ་དང་ཉི་ཤུ། ལྷ་བཟོ་ཤིང་བཟོ་ལས་བྱེད་པ་རྣམས་ལ་དོང་ཙེ་ཁྲོན་དྲུག་བརྒྱ་ཙམ་གྱི་རྟ་ནོར་ལུག་

p. 358

གསུམ། དཱ་བུ་དཀར་དམར་རས། བལ་སོགས་བྱིན་ནས་དགའ་བར་བྱས། དེ་ན་ཡོད་པའི་བླ་མ་དགེ་སློང་རྣམས་ཀྱིས་རབ་གནས་དང་དགའ་སྟོན་ཡག་པོ་བྱས་སྣང་། ང་བཞི་བའི་ནང་ལ་རེབ་གོང་དུ་མར་འོང་དུས་ཆར་དཀོན་པོ་འདུག་པས། ངས་བླ་མ་དཀོན་མཆོག་ལ་གསོལ་བ་འདི་ལྟར་བཏབ། བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཆར་ཆུ་དུས་སུ་འབབ་པར་བྱིན་གྱིས་རློབས། །ལོ་ཕྱུགས་རྟག་ཏུ་ལེགས་པར་བྱིན་གྱིས་རློབས། །མི་ནད་ཕྱུགས་ནད་ཞི་བར་བྱིན་གྱིས་རློབས། །དུས་འཁྲུག་མུ་གེ་མེད་པར་བྱིན་གྱིས་རློབས། །དགྲ་ཇག་ཆོམ་རྐུན་ཞི་བར་བྱིན་གྱིས་རློབས། །སད་སེར་ཐན་པ་མེད་པར་བྱིན་གྱིས་རློབས། །རྒྱལ་ཁམས་བདེ་ཞིང་སྐྱིད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ཆར་སྤྲིན་ཆེན་པོའི་ཏིང་ངེ་འཛིན་ལ་བསྡད་པས། གོའུ་སྡེ་ཚོར་ཐོན་པའི་དགོང་མོ་ནས་བཟུང་ཆར་ཆེན་པོ་གང་འདོད་བབས་པས་ཐམས་ཅད་དགའ་བ་བྱུང་། ངས་ཡོན་བདག་ཐམས་ཅད་ལ་ཁྱེད་རྣམས་ཀྱིས་འབྲོང་ལུང་ལྷ་ཁང་གི་ཁ་བཅོས་ལ་ནས་ཤིག་ཕུལ་དང་། ངས་ལོ་ཡག་སྐལ་བཟང་ཡོང་བའི་སྐྱབས་འཇུག་བྱ་ཞེས་བཤད་པས། གོའུ་སྡེའི་ཡོན་བདག་རྣམས་ཀྱིས་ནས་དོ་བོ་ལྔ་བཅུ། གྱང་སྐྱ་སྤྱང་ལུང་གཉིས་ཀྱིས་

p. 359

བཅུ་ལྷག་ཙམ་ཕུལ་བས། ངས་བསྔོ་བ་སྨོན་ལམ་གྱི་མཚམས་སྦྱོར་ཡང་དག་བྱས་པས། དེའི་ལོ་གཞན་དང་མི་འདྲ་བའི་ལོ་ལེགས་ཤིག་བྱུང་བས་ཀུན་དགའ་སོང་། དེ་ནས་རྒན་རྒྱུའི་ཉི་མ་ལུང་དུ་སོང་། སྐུ་གཞོགས་འཇམ་དབྱངས་བཞད་པ་རིན་པོ་ཆེ་ལ་མཇལ། ཁོང་ལ་ཞུས་ནས་བླ་བྲང་གིས་རེབ་གོང་གི་མི་རྩི་རྣམས་ལ་རྒྱུ་ནོམ་པ་སྟེར་རྒྱུ་བྱས། ངས་གཟུ་རོགས་བོས་ནས་གཟུ་གཏམ་རྒྱུ་བྱས་ཀྱང་། རེ་ཞིག་གི་བར་དུ་འགྲིག་རྒྱུ་མ་བྱུང་། རྗེས་ནས་རིམ་གྱིས་འགྲིགས་པར་གྱུར། དེ་ནས་ང་དགེ་འཕེལ་དུ་ཡོང་ནས་བསྡད་ཡོད་དུས་ཡང་ཞོ་འོང་དཔྱིས་ཀྱིས་སྤྲེའུ་མདོའི་མི་མང་པོ་བསད། མི་གསུམ་བཟུང་ཡོད་པ་སྙིང་རྗེ་ནས་སོང་མི་རྣམས་ཕྱིར་སྤྲད། ཨ་ལགས་དཔལ་ལྡན་ཚང་དང་། གནམ་ཁོའི་བླ་མ་ངེད་རྣམས་ཀྱིས་བར་ནས་བཤད་པས་འགྲིགས། དེ་ནས་བཀྲ་ཤིས་འཁྱིལ་བར་འོངས་ནས་མཚམས་ལ་བསྡད་པས་དགེ་སྦྱོར་འཕེལ་པོ་དང་རིག་པ་དྭངས་པོ་བྱུང་། ཐུན་མཚམས་སུ་རང་གཞན་གཉིས་ཀ་འཚེངས་པའི་གདམས་ངག་གསེར་གྱི་རི་བོ་ཞེས་བྱ་བ་བརྩམས། དེའི་རྒྱུ་མཚན་ཅུང་ཟད་ཙམ་ཞིག་བརྗོད་ན། སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམས་ནས་མ་གྱུར་འགྲོ་བའི་དོན་དུ་འཐོབ་བྱ་བླ་ན་མེད་པ་

p. 360

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་དུ་འཐོབ་པར་བྱ་བའི་ཕྱིར་དུ། ལམ་རིམ་བློ་སྦྱོང་ཕྱག་ཆེན་དོ་ཧ་སོགས་མདོ་སྔགས་ཆོས་ཀྱི་སྙིང་པོ་རྣམས་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ཐུན་མཚམས་ཀྱི་བྱ་བ་རྣམས་ཤེས་ནས་ཉམས་སུ་བླངས་ན། ཉམས་ལེན་ཕུན་སུམ་ཚོགས་པ་གསེར་གྱི་རི་བོ་ལྟར་འབྱུང་བར་དགོངས་ནས། རྩ་བའི་བླ་མ་གསེར་ཁང་རྡོ་རྗེ་འཆང་ཡབ་སྲས་རྣམས་གྱིས་སྦྱོར་བའི་ཆོས་དྲུག་ལྟར། མཆོད་འབུལ་ཚོགས་གསོག་སྒྲིབ་སྦྱོང་མཛད་ཅིང་། གཞན་གྲོང་དགོན་རྣམས་ལ་ཡང་སྔར་མེད་པའི་མཆོད་པའི་སྲོལ་ཆེན་པོ་བཙུགས་པ་ལ་རབ་ཏུ་དགའ་བའི་རྗེས་སུ་ཡི་རང་ཡང་ཡང་བྱུང་། དེ་ལྟར་བྱས་པའི་ཕན་ཡོན་རྣམས་མདོ་རྒྱུད་བསྟན་བཅོས་ན་མང་པོ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། དད་ཅན་རྣམས་ལ་བསྟན་ན་ཡིད་ཆེས་ངེས་ཤེས་འབྱོངས་ནས་དགེ་སྦྱོར་ལ་སྤྲོ་ཤུགས་ཆེར་འགྲོའམ་སྙམ་པའི་བློས་འདྲི་འདོད་ཡོད་པའི་ཁར། མཁས་བཙུན་བཟང་གསུམ་འཛོམ་པའི་དགེ་རྒན་དགེ་འདུན་བདེ་ལེགས། དད་གཏོང་བློ་གྲོས་ཆེ་བའི་ཆོས་མཐུན་དགེ་སློང་བློ་གྲོས། སྨན་སོགས་རིག་གནས་མཁས་པའི་བླ་མ་པདྨ་ཀུན་གྲོལ། ལུང་དང་རིགས་པར་སྨྲ་བའི་

p. 361

བློ་ལྡན་ཡེ་ཤེས་དར་རྒྱས། དད་གུས་དག་སྣང་ཆེ་བའི་སློབ་བུ་འཕྲིན་ལས་དར་རྒྱས། ངག་དབང་བཀྲ་ཤིས། མཚམས་པ་བསོད་ནམས་རྒྱལ་ལ་སོགས་པའི་དད་ཅན་གྱི་སློབ་མ་མང་པོས་ཀྱང་དགེ་བའི་གསལ་འདེབས་སུ་འདི་ལྟ་བུའི་གདམས་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར། ལེགས་པར་བརྩམས་ནས་མཇུག་ཏུ་ཚིགས་སུ་བཅད་པའི་མགུར་དབྱངས་འདི་བླངས་སོ། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །སློབ་མ་ཡོན་བདག་ཡོངས་ལ་ཐུགས་རྗེས་གཟིགས། །རྣལ་འབྱོར་མགོ་དཀར་ཚོགས་དྲུག་རང་གྲོལ་ངས། །ད་དུང་སོ་དཀར་དུས་བཞིན་གླུ་དབྱངས་ལེན། །སྔོན་ཚེ་བསོད་རྣམས་དཔག་མེད་བསགས་ལགས་པས། །ད་ལྟ་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རིན་ཆེན་གསེར་གྱི་གླིང་དུ་ཕྱིན་པ་བཞིན། །མདོ་སྔགས་ཆོས་དང་མཇལ་བ་སྐལ་བ་བཟང་། །བསམ་པ་བཟང་པོ་བྱང་ཆུབ་སེམས་ཀྱི་སྒོས། །ཚོགས་བསགས་རེ་རེ་བྱས་པའི་ཕན་ཡོན་ཡང་། །གཟུགས་སུ་གྲུབ་རྒྱུ་ལྟ་བུ་ཞིག་ཡིན་ན། །ས་དང་བར་སྣང་ནམ་མཁར་ཤོང་མི་འགྱུར། །དེ་ལ་དགོངས་ནས་གསེར་ཁང་རྡོ་རྗེ་འཆང་། །ཡབ་སྲས་རྣམས་ཀྱིས་བླ་མ་གསེར་གླིང་པ། །ཇོ་བོ་བཀའ་གདམས་གོང་མའི་རྣམ་

p. 362

ཐར་བཞིན། །ཚོགས་གསོག་སྒྲིབ་སྦྱོང་མཛད་ལ་རྗེས་ཡི་རང་། །མདོ་སྔགས་ཆོས་ཀྱི་ཉམས་ལེན་བྱེད་པ་ལ། །སྦྱོར་དངོས་རྗེས་གསུམ་ཐུན་མཚམས་བྱ་བ་རྣམས། །ཤེས་ནས་དེ་བཞིན་ཉམས་སུ་བླངས་གྱུར་ན། །ཉམས་ལེན་ཕུན་སུམ་ཚོགས་པ་ངོ་མཚར་ཆེ། །དེ་ཕྱིར་ནམ་འཆི་ཆ་མེད་ཚུལ་བསམས་ནས། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་འདོད་པའི། །སྐལ་བཟང་ལས་ཅན་སྐྱེ་བོ་ཕོ་མོ་རྣམས། །འདི་ལྟར་མཛོད་ཅེས་ཡང་ཡང་ཐལ་མོ་སྦྱོར། །གསེར་གྱི་རི་ལ་བརྟེན་པའི་འདབ་ཆགས་རྣམས། །ཁ་དོག་སེར་པོ་གསེར་དུ་སྣང་བ་བཞིན། །གདམས་ངག་འདི་ལ་བརྟེན་པའི་གང་ཟག་རྣམས། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་འགྱུར། །རིན་ཆེན་གསེར་གྱི་རི་བདུན་ནམ་གནས་བར། །གདམས་ངག་འདི་ཡང་མི་ཉམས་ས་སྟེང་འདིར། །གནས་ནས་ཕན་བདེའི་འབྱུང་གནས་བསྟན་པ་དང་། །མར་གྱུར་འགྲོ་བ་ཡོངས་ལ་ཕན་པར་ཤོག །རྒྱལ་བ་ཡབ་སྲས་སྐུ་ཚེ་བརྟན་པ་དང་། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས། །རྒྱལ་བློན་སྡེ་རྣམས་ཚེ་བསོད་སྙན་གྲགས་རྒྱས། །རྒྱལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་དབྱངས་སུ་བླངས་པས་སྐུལ་བ་པོ་རྣམས་རབ་ཏུ་དགའ་བའི་རྗེས་སུ་ཡི་རང་བྱུང་ངོ་། ཡང་བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་

p. 363

པའི་གླེགས་བམ་ཞེས་བྱ་བ་ཞིག་ཀྱང་བརྩམས། དེ་ཇི་ལྟར་བརྩམས་པའི་ལོ་རྒྱུས་ཅུང་ཟད་ཙམ་ཞིག་བརྗོད་ན། བདག་གིས་སྔོན་དུ་སྤྲུལ་པའི་གླེགས་བམ་མང་པོ་ཞིག་བརྩམས་པ་རྣམས་ལ་བལྟས་ནས། ཨོ་རྒྱན་ཆེན་པོའི་རྗེས་འཇུག་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྤྲུལ་སྐུ་རྣམ་གསུམ་དང་། དམག་གསར་རྡོ་རྗེ་འཆང་གི་སྲས་གཉིས། བླ་མ་བཟང་པོ་རྒྱ་མཚོ། རྟོགས་ལྡན་མཁའ་འགྲོ། ཉང་གི་མཚམས་པ། ལྷ་ཁང་དབུ་མཛད་སོགས་རེབ་གོང་ཕྱོགས་ཀྱི་དད་ཅན་སྔགས་འཆང་མང་པོས། སྐྱབས་མགོན་རིན་པོ་ཆེ་ཁྱེད་ཀྱིས་སྔར་གདུལ་བྱ་ཡོངས་ལ་ཕན་པའི་སྤྲུལ་པའི་གླེགས་བམ་མང་པོ་བརྩམས་པ་བཀའ་དྲིན་ཆེ། ད་དུང་ཁྱེད་ཀྱིས་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཟབ་གནད་ཐམས་ཅད་ཚང་བའི་སྔར་མེད་པའི་ལེགས་བཤད་ཁ་གསལ་པད་འབྱུང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་ཞིག་རྩོམ་དགོས་ཞེས་སྔ་ཕྱི་རིམ་པ་བྱས་ཡང་ཡང་བསྐུལ་ངོར། བདག་གིས་ཀྱང་རྩོམ་དགོས་སྙམ་ཞག་མང་པོའི་བར་དུ་ས་སྐྱའི་གསུང་གི་ཨོ་རྒྱན་བླ་མའི་རྣལ་འབྱོར་ཞིག་ལ་བརྟེན་ནས་གསོལ་བ་བཏབ་པའི་ནུབ་ཅིག་གི་ཐོ་རངས་ཉམས་སྣང་ལ། ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་

p. 364

འཁོར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བགྲང་ལས་འདས་པའི་ཚོགས་ཀྱིས་བསྐོར་བའི་ཞལ་གཟིགས་པའི་སྣང་བ་ཤར། དེ་དག་རྣམས་ལ་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་རབ་ཏུ་གུས་པས་ཐལ་མོ་སྦྱར་ཏེ། བདག་གིས་ཆུང་ནས་བཟུང་སྟེ་དུས་ད་བར་དུ་གསོལ་བ་བཏབ་ཀྱང་ལྷ་ཞལ་ད་བར་དུ་མི་གཟིགས་པ་ཐུགས་རྗེ་རེ་ཆུང་ཞུས་པས། ཞལ་འཛུམ་པ་དང་བཅས་ཏེ་དགྱེས་བཞིན་བཀའ་སྩལ་བ། ཀྱེ་རིགས་ཀྱི་བུ་ཉོན་ཅིག ངས་སྔོན་ཁྱོད་ཀྱིས་བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྟེན་འབྲེལ་དུ། ཐོག་མར་མཚོ་སྙིང་ནས་རྗེ་རིན་པོ་ཆེའི་རྣམ་པར་བསྟན་ནས་རྒྱུད་བྱིན་གྱིས་བརླབས་ཏེ་ལམ་རིམ་གནང་། དེའི་རྗེས་སུ་རྨ་འགྲམ་རི་ཁྲོད་བཀྲ་ཤིས་ཉམས་དགའི་གླིང་ན་འདུག་དུས་ཇོ་བོ་རྗེའི་རྣམ་པར་བསྟན་ནས། ཐུགས་ཀའི་སྒོ་ཕྱེས་ཐིག་ལེ་བཅུ་དྲུག་གི་ཏིང་ངེ་འཛིན་གྱི་དབང་བསྐུར་བཀའ་གདམས་གླེགས་བམ་གནང་། ད་ནི་ཞལ་དངོས་སུ་བསྟན་ནས་ཆོས་དངོས་སུ་གནང་བ་ཡིན་པས་དགའ་བར་མཛོད་ཅིག སྤྱིར་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་ཅིང་། སྒོས་སུ་ངེད་རྣམ་པ་གསུམ་ཐུགས་རྒྱུད་གཅིག་ཚུལ་ཁྱོད་ཀྱིས་སྔར་ཤེས་པ་དེ་ཀ་ལྟར་ཡིན་ལ། ཁྱད་པར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་

p. 365

པ་རང་གི་དྲིན་ཅན་རྩ་བའི་བླ་མའི་རྣམ་འཕྲུལ་དུ་གོ་དགོས་ཤིང་། རྩ་བའི་བླ་མ་ཡང་རང་གི་སེམས་ཀྱི་རྣམ་རོལ། སེམས་ཉིད་ཀྱི་ངོ་བོ་ཡང་གདོད་ནས་སྟོང་པ་ནམ་མཁའ་བཞིན་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། བརྟན་གཡོ་ཀུན་ལ་ཁྱབ་པ། འཁོར་འདས་ཀྱི་འཆར་གཞིར་གྱུར་པ་སྟོང་གསལ་ཆོས་སྐུ་རུ་ངོ་ཤེས་ན་ཆོས་ཀྱི་གཏིང་གོ་བ་ཡིན་གསུངས། ཡང་ཞུས་པ། ད་ནི་རྒྱལ་དབང་ཁྱེད་ཀྱི་ཐུགས་བཅུད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གནད་ཐམས་ཅད་འདུས་པའི་པད་འབྱུང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་ཞིག་བརྩམས་ན་སྙམ་པས། ཁྱེད་ཀྱི་དགོངས་དོན་ཇི་ལྟ་བ་བཞིན་རྩོམ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཞུས་པས། ཁོང་གི་ཞལ་ནས། འོ་གསང་སྔགས་ཀྱི་མཐར་ཐུག་རྒྱུད་ཀྱི་དགོངས་དོན་བ སྐྱེད་རྫོགས་རྫོགས་པ་ཆེན་པོའི་གནད་རྣམས། རྒྱལ་བའི་རྣམ་འཕྲུལ་ཀློང་ཆེན་རབ་འབྱམས་དང་མཁྱེན་བརྩེ་སོགས་མཁས་པའི་དབང་པོ་རྣམས་ཀྱིས་བརྩམས་པ་དང་། ཁྱོད་ཀྱིས་རྩ་བའི་བླ་མས་གསུངས་པ་རྣམས་ཉམས་སུ་ལོངས་ན་དེ་ཀས་ཆོག་པར་འདུག་དེའི་ལྷག་ཅིག་མི་དགོས། དེ་བས་མ་འོངས་སྙིགས་མའི་དུས་སུ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་གྱི་ལུང་བསྟན་ལྟར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཕྱི་རོལ་

p. 366

པ་སོགས་ཀྱིས་མི་འཇིག་པར། ནང་བའི་ཆོས་པ་ནང་ཕན་ཚུན་གྱིས་ཆོས་ཀྱི་བཟང་ངན་བརྩད་ནས་ཆགས་སྡང་འཐབ་རྩོད་བྱས་བསྟན་པ་འཇིག་པར་གསུངས་པས། དེའི་ཕྱིར་མ་འོངས་པའི་དུས་སུ་ཆོས་པ་འཇིག་རྟེན་པ་སུ་ཞིག་གི་མགོ་ཐོག་ཏུ་བཞག་ཀྱང་། ཆོས་ཀྱི་ཕྱོགས་རིས་ཀུན་ཞི་ནས་དག་སྣང་ཕྱོགས་མེད་དུ་འཆར་བའི་སྔར་མེད་པའི་ལེགས་བཤད། བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་ཞིག་རྩོམ་དང་བཟང་ཞེས་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་ནས་བདག་གི་སྙིང་ཁར་ཟུག་པ་དང་དུས་མཉམ་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་། ཐུགས་རྗེ་འོད་ཟེར་གྱི་དབང་བསྐུར་པའི་མཐར་འོད་ཟེར་རྣམས་ཚུར་འདུས་ཡོངས་སུ་གྱུར་པ་ལས། འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་འཆར་བའི་མེ་ལོང་ཆེན་པོ་ཞིག་ཏུ་གྱུར་པ་བདག་ལ་གཏད་ནས། མེ་ལོང་འདི་ལ་བྱི་དོར་གྱིས་ལ་ལྟོས་དང་། འཁོར་འདས་ཀྱི་ལྟད་མོ་ཐམས་ཅད་མཐོང་བར་འགྱུར་རོ་གསུངས་ནས་ཡར་ཇེ་མཐོ་ཇེ་མཐོར་སོང་ནས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཕེབས་ནས་མི་སྣང་བར་གྱུར་པ་དང་། རང་ཡང་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་ལ་རང་བཞིན་གྱིས་གནས་ནས་བདེ་གསལ་མི་རྟོག་པའི་ཉམས་འབར་བ་བྱུང་།

p. 367

དེ་ལ་བརྟེན་ནས་རྩོམ་འདུན་ཡོད་པའི་ཁར། སླར་ཡང་ཆོས་ལུགས་ཡོངས་ལ་དག་སྣང་ཆེ་བའི་ཁྲིམས་ལྡན་མཁན་ཆེན་ཞི་བ་འཚོའི་སྤྲུལ་སྐུ་དང་། རྟོགས་ལྡན་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་པ་ནམ་མཁའ་རྒྱ་མཚོ། ཐུགས་རྒྱུད་བཟང་ཞིང་བློ་གྲོས་ཆེ་བའི་ཨ་མགྲོན་སྤྲུལ་སྐུ། དད་གུས་ཆེ་བའི་མཚམས་པ་བསོད་ནམས་རྒྱལ། ཆོས་མཐུན་རི་ཁྲོད་པ་དཔལ་རིའི་དགེ་སློང་རྣམ་གཉིས་སོགས་དད་ཅན་སློབ་མ་དུ་མས་ཀྱང་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར། ལེགས་པར་བརྩམས་ནས་མཇུག་ཏུ་བསྔོ་བ་སྨོན་ལམ་གྱིས་མཚམས་སྦྱོར་འདི་ལྟར་བྱས། །རབ་མཛེས་སྐུ་ནི་གསེར་གྱི་རི་ལས་མཛེས། །རབ་སྙན་གསུང་ནི་ཚངས་པའི་དབྱངས་ལས་སྙན། །རབ་གསལ་ཐུགས་ནི་ནམ་མཁའི་དབྱིངས་ལས་གསལ། །རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་དགོངས། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པའི་ཐབས། །ཡན་ལག་བདུན་པ་ལ་སོགས་རྒྱལ་སྲས་ཀྱི། །སྤྱོད་པ་རྣམས་ལ་སློབ་པའི་སྨོན་ལམ་འདེབས། །རྣམ་དག་སྤྱོད་ལམ་འགྲུབ་པར་བྱིན་གྱིས་རློབས། །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་ལ། །ཕྱོགས་བཅུའི་ཞིང་གི་རྡུལ་གྱི་གྲངས་མཉམ་པའི། །རང་ལུས་གྲངས་མེད་སྤྲུལ་ནས་གུས་ཕྱག་འཚལ། །

p. 368

སངས་རྒྱས་རྣམས་དང་འབྲལ་བ་མེད་པར་ཤོག །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་ཚོགས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཡིན། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། །རྒྱལ་བ་སྲས་བཅས་འཕྲིན་ལས་འཇུག་པར་ཤོག །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་པར་ཤོག །དུས་གསུམ་རྒྱལ་བའི་རྨད་བྱུང་མཛད་པ་དང་། །སྐྱེས་འཕགས་རྣམས་ཀྱིས་དགེ་བ་བསགས་ཚད་ལ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་། །དགེ་ཚོགས་མི་ཟད་གོང་དུ་འཕེལ་བར་ཤོག །ཕྱོགས་བཅུའི་ཞིང་ན་མངོན་པར་སངས་རྒྱས་ནས། །བཞུགས་པ་རྣམས་ལ་འཁོར་ལོ་དུང་དཀར་སོགས། ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དམ་པའི་ཆོས་དང་འབྲལ་བ་མེད་པར་ཤོག །མྱ་ངན་འདའ་བར་བཞེད་པའི་སངས་རྒྱས་ལ། །གཡུང་དྲུང་རྡོ་རྗེས་མཚན་པའི་གདན་ཕུལ་ནས། །བསྐལ་ཆེན་གྲངས་མེད་བཞུགས་པར་གསོལ་བ་འདེབས། གསོལ་བ་བཏབ་པ་བཞིན་དུ་ཐེབས་པར་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །ཕན་བདེ་འབྱུང་གནས་བསྟན་པ་

p. 369

དར་བ་དང་། །འགྲོ་ཀུན་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཉེན་པོ་རུ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལེགས་གསུངས་པའི། །སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་དང་། །ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་ཤོག །ཕྱི་རུ་ཉན་ཐོས་བྱང་སེམས་སྤྱོད་པ་སྐྱོངས། །ནང་དུ་གསང་སྔགས་རིམ་གཉིས་རྣལ་འབྱོར་བརྩོན། །གསང་བ་འོད་གསལ་རྫོགས་ཆེན་དོན་ལ་བརྩོན། །ཨོ་རྒྱན་པདྨའི་བསྟན་དང་མཇལ་བར་ཤོག །རྒྱལ་བའི་གསུང་རབ་དགོངས་འགྲེལ་མ་ལུས་པ། །གདམས་པར་ཤར་ནས་གཞན་ལ་འདོམས་མཁས་པའི། །སངས་རྒྱས་གཉིས་པ་ཇོ་བོ་ཡབ་སྲས་ཀྱི། །བསྟན་པ་རིན་པོ་ཆེ་དང་མཇལ་བར་ཤོག །ཕུལ་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་ཏིང་འཛིན་བརྩོན། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །བདག་གཞན་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་དང་མཇལ། །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་སྒོས། །རྒྱལ་བསྟན་མ་ལུས་འཛིན་སྐྱོང་སྤེལ་བར་ཤོག །བདག་ནི་སྐྱེ་བ་འདི་ཡི་

p. 370

འོག་རོལ་ཏུ། །མངོན་དགའ་ལ་སོགས་ཕྱོགས་བཅུའི་ཞིང་ཀུན་ཏུ། །སོང་ནས་སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །འབྲེལ་ཐོགས་གང་འདོད་ཞིང་དུ་འདྲེན་པར་ཤོག །བསྟན་པ་སྤྱི་དང་ཁྱད་པར་ཐུབ་དབང་གི །བསྟན་ལ་ཕན་པའི་ཨོ་རྒྱན་གླེགས་བམ་འདི། །བསྟན་པ་ནམ་གནས་བར་དུ་ལེགས་གནས་ནས། །བསྟན་དང་འགྲོ་བ་ཡོངས་ལ་ཕན་པར་ཤོག །མདོར་ན་ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །རྒྱལ་ཀུན་མཆོད་བསྟོད་དམ་པའི་ཆོས་འཛིན་ཅིང་། །ནམ་མཁའི་མཐའ་མཉམ་འགྲོ་ལ་གང་འདོད་བྱིན། །ཆོས་བསྟན་སངས་རྒྱས་ས་ལ་འགོད་པར་ཤོག །ཕྱི་ལྟར་ལག་ལེན་སྡེ་སྣོད་གསུམ་ལྟར་སྤྱོད། །ནང་ལྟར་གསང་སྔགས་རྒྱུད་སྡེ་བཞི་ལྟར་སྤྱོད། །གསང་བ་ཕྱག་རྫོགས་དོ་ཧའི་ལུགས་ལྟར་སྤྱོད། །མདོ་སྔགས་ཡོངས་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་ལ། །བྱིན་རླབས་དངོས་གྲུབ་ཇི་སྙེད་ཡོད་པ་ཀུན། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ། །ཉིན་མཚན་རྟག་ཏུ་འབྱུང་བའི་བཀྲ་ཤིས་ཤོག །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཐམས་ཅད་ལ། །ནད་ཡམས་མུ་གེ་འཐབ་རྩོད་མི་འབྱུང་ཞིང་། །ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་

p. 371

བཀྲ་ཤིས་ཤོག ། འཁོར་ལོ་རྩིབས་བརྒྱད་གནམ་ལ་བཀྲ་ཤིས་ཤོག །པདྨ་འདབ་བརྒྱད་ས་ལ་བཀྲ་ཤིས་ཤོག །བར་འདིར་འཁོད་ཚད་ཡོངས་ལ་བཀྲ་ཤིས་ཤོག །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་སྨོན་ལམ་བཀྲ་ཤིས་བརྗོད་པས། ཞུ་བ་པོ་རྣམས་ཀྱིས་ཀྱང་སྨོན་ལམ་དེ་ཤིན་ཏུ་ངོ་མཚར་ཆེ་ཟེར་རྗེས་སུ་བྲིས་ནས་ཁ་ཏོན་བྱེད་མཁན་ཡང་མང་པོ་བྱུང་ངོ་།། ཡང་བསམ་པ་གཞན་ལས་བཟང་བའི་སྐལ་ལྡན་སྙིང་གི་བུ་མཆོག་བྱང་ཆུབ་རྒྱ་མཚོས་ནས་དོ་བོ་བདུན་དང་ལྷ་རྫས་དྲི་མེད་བཅས་ཞལ་གདམས་དགོས་ཞེས་ཞུ་དོན་གླུ་རུ་ཕུལ་བ། །ངོ་མཚར་སྐྱེས་མཆོག་རིན་པོ་ཆེ། །བརྩེ་བ་ཆེན་པོས་བདག་ལ་དགོངས། །མགོན་ཁྱོད་སྔོན་ནས་སངས་རྒྱས་ཀྱང་། །སྙིགས་དུས་གདུལ་བྱའི་སྣང་ངོ་རུ། །ཆུང་ནས་བླ་མ་མང་པོ་བསྟེན། །གསུང་བཞིན་དབེན་པར་ཉམས་སུ་བླངས། །སླར་ཡང་ཡང་སངས་རྒྱས་པའི་ཚུལ། །བསྟན་པ་འདི་ནི་ངོ་མཚར་ཆེ། །གདུལ་བྱ་དུས་ལ་བབ་པའི་ཚེ། །ཐབས་མཁས་བསྡུ་བ་རྣམ་བཞིའི་སྒོས། །འགྲོ་བའི་དོན་ལ་བརྩོན་པའི་མོད། །སྙན་དང་གྲགས་པས་ས་སྟེང་ཁྱབ། །སྐལ་བཟང་གདུལ་བྱ་སྤྲིན་ལྟར་འདུ། །ཟས་ནོར་ལོངས་སྤྱོད་ཆར་

p. 372

བཞིན་བབས། །སློབ་མ་ཡང་སློབ་མང་པོ་ཡིས། །དབེན་པའི་རི་སུལ་གང་བ་མཚར། །ད་དུང་གདུལ་བྱའི་སྣང་ངོ་རུ། །ལྷུང་ཚུལ་ཙམ་ཡང་མི་སྟོན་པར། །བསྐལ་པ་བྱེ་བ་བསམ་ཡས་པར། །ཆོས་འཁོར་སྐོར་བཞིན་བཞུགས་སུ་གསོལ། །བདག་ནི་མི་རྒན་འཆི་ལ་ཉེ། །མང་པོ་བསྒོམ་ལོང་མི་འདུག་པས། །མ་བསྒོམས་པར་ཡང་འཚང་རྒྱ་བའི། །ཟབ་མོའི་གདམས་པ་གནང་དུ་གསོལ། །དེང་ནས་སངས་རྒྱས་མ་ཐོབ་བར། །ཇོ་བོ་རྗེ་དང་འབྲོམ་སྟོན་བཞིན། །ཚེ་རབས་ཀུན་ཏུ་བླ་མ་དང་། །ནམ་ཡང་འབྲལ་བ་མེད་པར་ཤོག །ཅེས་ཞུས་པའི་ལན་དུ་འདི་ལྟར་གདམས། འོ་སྐལ་ལྡན་རིགས་ཀྱི་བུ་རབ་ཏུ་དགའ་བས་ཉོན་ཅིག སྔོན་སངས་རྒྱས་གཉིས་པ་ཇོ་བོ་རྗེའི་ཞལ་ནས། ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །ཡུན་རིང་སྡོད་པའི་མཐུ་མེད་པས། །ཚིག་རྗེས་དཔྱད་པས་མི་ནུས་ཀྱིས། །སྙིང་པོ་མྱུར་དུ་བསྡུ་བར་རིགས། །ཞེས་པ་དང་། ལྷོ་བྲག་མར་པའི་ཞལ་ནས། དེང་དུས་བསྟན་པའི་སྙིགས་མ་ལ། །ཚེ་ལ་ལོང་མེད་རྐྱེན་མང་བས། །ཤེས་བྱའི་གཤིས་ལ་མ་འཆོར་བར། །སྒྲུབ་པ་ཉམས་སུ་ལོངས་ཤིག་གསུངས། །ཞེས་གསུངས་པ་ལྟར། ཚེ་ཐུང་ནམ་འཆི་ཆ་མེད་བསམས་ནས་ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོངས་ལ། ཉམས་ལེན་གྱི་སྙིང་པོ་ལ་སློབ་དཔོན་སེང་གེ་བཟང་པོའི་

p. 373

ཞལ་ནས། ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གི་ངལ་གསོས་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཞེས་པ་དང་། མཁྱེན་བརྩེ་རིན་པོ་ཆེས། ད་ནི་རྨི་ལམ་ཙམ་གྱི་མི་ཚེ་འདིར། །རྣམ་གཡེང་ཆོས་སུ་མིང་བཏགས་དེ་ཅི་བྱ། །ཀུན་རྟོག་རྟོགས་དཔྱོད་རྣོན་པོ་ཅི་དགར་ཐོངས། །རིག་པ་འོད་གསལ་ཀློང་དུ་ངལ་གསོས་ཤིག །ཅེས་གསུངས་པ་ལྟར། བདེ་བའི་སྟན་ལ་ལུས་ངག་ཡིད་གསུམ་རང་བབས་སུ་ལྷོད་ཀྱིས་གློད་ལ་སེམས་ཉིད་སྟོང་གསལ་འཛིན་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་ཉིན་མཚན་བར་མ་ཆད་དུ་འཇོག་པ་ལ་བརྩོན་པར་གྱིས་ཤིག ཅེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། བདེ་ཆེན་འགྱུར་མེད་ཆོས་ཀྱི་སྐུ། །རྗེན་པར་སྟོན་མཛད་བླ་མ་མཆོད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་རང་བབས་འདུད། །རང་བབས་གསུམ་གྱི་ངང་ཉིད་ལས། །ཕྱག་ཆེན་རྟོགས་པ་མངོན་དུ་འགྱུར། །ཐག་པ་ཆད་པའི་སོག་ཕོན་བཞིན། །ལུས་ནི་གཡོ་མེད་རང་བབས་ཞོག །རྒྱུད་གསུམ་ཆད་པའི་པི་ཝང་བཞིན། །ངག་ནི་སྨྲ་མེད་རང་བབས་ཞོག །ལྟག་ཆུ་བཅད་པའི་རང་འཐག་བཞིན། །སེམས་ནི་རྟོགས་

p. 374

མེད་རང་བབས་ཞོག །དེ་ལྟར་རང་བབས་བཞག་ཙ་ན། །གསལ་ལ་རྟོགས་པ་མེད་པའི་ཉམས། །བར་སྣང་དག་པའི་དཀྱིལ་ལྟར་ཤར། །དེ་ནི་ཕྱག་ཆེན་རྟོགས་པ་ཡིན། །དེ་ཡི་ངང་ལ་འཇོག་ནུས་ན། །ཉོན་མོངས་རྟོགས་ཚོགས་རང་སར་དྭངས། །ཕྱག་ཆེན་རང་བབས་མངོན་གྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་འགྱུར། །དགེ་འདིས་ཕྱག་རྒྱ་ཆེན་པོ་ཡི། །རྟོགས་པ་རང་བབས་མངོན་གྱུར་ནས། །ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་། །བྲལ་བའི་ཆོས་སྐུར་སངས་རྒྱ་ཤོག །ཅེས་གདམས་པས་ཁོ་རང་གིས་བཀའ་བརྒྱུད་གོང་མའི་གསུང་བཞིན་ལུས་ངག་ཡིད་གསུམ་མ་བཅོས་རང་བབས་སུ་བཞག་པས་སེམས་ལ་གཡོ་མེད་ཀྱི་བརྟན་པ་ཐོབ་པ་བྱུང་ངོ་། །ཡང་རིག་པ་དྭངས་པའི་དུས་ཤིག་ལ་དད་ཅན་སྔགས་འཆང་ཡི་དམ་ལ་ཞལ་གདམས་འདི་བྱིན། འོ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན་སྣང་སྟོང་སེམས་ཀྱི་རོལ་བ། སེམས་ཉིད་ཀྱི་ངོ་བོ་སྟོང་པ་གསལ་བ་དྭངས་པ་ཡངས་པ་ཆེ་བ་དེའི་ངང་ལ་བཞག་ན། བདེ་བ་འཇམ་པ་དགའ་བ་སྤྲོ་བ། དཔེར་ན་མགོ་བཏུམས་བསངས་པ་འདྲ་བ། ཁོག་ཀྱང་ཡངས་ཆ་ཆེ་བ། ཁ་གཡེང་མིག་གཡེང་མཆོང་རྒྱུགས་གར་སྟབས་ཅི་བྱས་ཀྱང་ཇེ་གསལ་ཇེ་བརྟན་དུ་གྱུར་ནས། སྣང་བ་ཐམས་ཅད་བན་

p. 375

བུན་ལང་ལོང་དུ་ཤག་ཤིག་ཁྲལ་ཁྲོལ་དུ་སོང་ནས། བུ་ཆུང་བཞིན་སྤང་བླང་དགག་སྒྲུབ་བླང་དོར་རེ་དོགས་ལས་འདས་པ། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ཆེད་དུ་གཉེར་ནས་མ་བསྒོམས་ཀྱང་སྣང་སེམས་ཐམས་ཅད་འདྲེས་ནས་ཕན་ཚུན་འབྱེད་རྒྱུ་མེད་པར། དུ་མ་རོ་གཅིག་ཏུ་ཤར། རོ་གཅིག་དུ་མར་ཤར། སྟོང་ཉིད་རྒྱུ་འབྲས་སུ་ཤར། རྒྱུ་འབྲས་སྟོང་ཉིད་དུ་ཤར། སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། སྣང་སྟོང་སྒྱུ་མ་རྨི་ལམ་ལྟ་བུར་སོང་ནས་ཆོས་ཉིད་ཡངས་པ་ཆེན་པོའི་ངང་དུ་དགའ་ཡལ་ལེ། འཛུམ་འབོལ་ལེར་གནས་པའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཤུགས་ཀྱིས་སྐྱེས་ནས་འགྲོ་དོན་བྱེད་མཁན་ཞིག་བྱུང་ན་ངོ་མཚར་ཆེ་ཞེས་གླུ་དབྱངས་འདི་བླངས་སོ། །འཁོར་འདས་སེམས་སུ་རྫོགས་པའི་རྫོགས་པ་ཆེན་པོ་དང་གཅིག །སྲིད་ཞི་སྤང་བླང་བྲལ་བའི་ཕྱག་རྒྱ་ཆེན་པོ་དང་གཉིས། །སྤྲོས་པའི་མཐའ་བརྒྱད་བྲལ་བའི་དབུ་མ་ཆེན་མོ་དང་གསུམ། །འདི་གསུམ་ཡོངས་སུ་གྲགས་པའི་ལྟ་བའི་ཡང་རྩེ་གསུམ་ལགས། །ཆོས་ཀུན་སེམས་ཀྱིས་བྱས་ཤིང་སེམས་ཀྱི་དབྱིངས་སུ་ནི་སྣང་། །སྣང་སྟོང་སྒྱུ་མ་བཞིན་

p. 376

དུ་རྒྱུ་རྐྱེན་འགྲིགས་པ་ལས་བྱུང་། །བྱུང་བའི་འཁོར་འདས་ཆོས་ཀུན་ངོ་བོ་གདོད་མ་ནས་སྟོང་། །སྟོང་བཞིན་སྣང་བ་ལྟོས་དང་སྟོང་ཉིད་རྒྱུ་འབྲས་སུ་འཆར། །རྟོགས་ལྡན་མཁས་པས་བལྟས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་རོ་གཅིག་ཏུ་གདའ། །དབུ་རྫོགས་ཕྱག་གསུམ་ལྟ་བ་བལྟས་ན་མི་གཅིག་རྒྱུ་མེད། །དཔྱད་བསྒོམ་འཇོག་བསྒོམ་གྱིས་དང་ཧ་དེ་གོ་ནས་རང་འོངས། །སངས་རྒྱས་འཐོབ་པའི་ཐབས་ནི་གསར་རྙིང་ཐམས་ཅད་ལ་ཡོད། །ཆོས་སྤོང་ལས་ངན་མ་གསོག་ཐམས་ཅད་མཐུན་པོ་རང་གྱིས། །ཀུན་ལ་དག་སྣང་སྦྱོངས་ལ་གང་མོས་ཉམས་སུ་ནི་ལོངས། །ཉམས་ལེན་ལེགས་པོ་གྱིས་དང་ཉམས་རྟོགས་ཉི་མ་བཞིན་འཆར། །ཞེས་བླངས་པས་ཁོ་རང་གི་སེམས་ལ་ཡང་ཕན་པོ་བྱུང་། ཡང་ནང་འཁོར་སྙོམས་ཆུང་དང་སྤྲང་པོ་རྣམས་ལ་བྱམས་ཤིང་སློབ་མ་ཡོན་བདག་རྣམས་ཀྱི་སེམས་ལ་བབས་པའི་གཉེར་བ་ཁ་དྲོན་རབ་བྱུང་ལ་ཕན་པའི་བསླབ་བྱ་འདི་སྐད་སྨྲས། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །།བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །བླ་མས་ཅི་གསུངས་བཀའ་བསྒྲུབས་ན། །ཅི་བསམ་ཐམས་ཅད་ཆོས་བཞིན་འགྲུབ། །བླ་མའི་ནོར་རྫས་རང་སྲོག་ལས། །

p. 377

གཅེས་ན་ཚེ་དང་བསོད་ནམས་རྒྱས། །རང་ནོར་བླ་མར་འབུལ་ནུས་ན། །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་འཐོབ། །བླ་མའི་ཞབས་ཏོག་བྱས་པ་ལས། །ལྷག་པའི་ཆོས་ཤིག་གཞན་ན་མེད། །ཚེ་རབས་ཀུན་ཏུ་བླ་མ་ཡི། །ཞབས་ཏོག་བྱེད་པའི་སྨོན་ལམ་ཐོབ། །བསམ་བཟང་སྐལ་ལྡན་སློབ་བུ་ཁྱོད། །མཚན་ལྡན་བླ་མའི་བཀའ་བཞིན་དུ། །སྔར་ཡང་བྱས་ཏེ་ད་ཡང་སྒྲུབས། །ཅི་བསམ་ཐམས་ཅད་འགྲུབ་ནས་འོངས། །བླ་མའི་ནོར་གྱིས་ཕན་མི་ཐོགས། །བླ་མའི་བཀའ་བཅག་ཐུགས་དཀྲུགས་ན། །ཚེ་ཐུང་ནད་མང་མི་ཁས་སྡང་། །བླ་མའི་ནོར་ལ་བདག་ཐོབ་བྱས། །བཟུང་ན་ཕྱི་མར་དམྱལ་བར་སྐྱེ། །བླ་མའི་ཞབས་འདྲེན་བྱས་པ་ལས། །ལྷག་པའི་སྡིག་ཅིག་གཞན་ན་མེད། །དེ་ཕྱིར་སྐལ་ལྡན་སློབ་བུ་ཁྱོད། །ཚེ་རབས་ཀུན་ཏུ་བླ་མ་ཡི། །ཞབས་འདྲེན་མི་བྱེད་སྨོན་ལམ་ཐོབ། སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་སྨྲས་པ་བཞིན་དུ་བསྒྲུབས་པས་གཉེར་བ་དེའི་རིང་ལ་ངས་ཀྱང་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་བྱུང་། ལོ་རྗེས་མ་དེ་ལ་ཡང་མཚམས་བྱས་ཉམས་རྟོགས་ཡོན་ཏན་གོང་འཕེལ་དུ་གཏོང་བཞིན་པའི་ངོས་ནས་སྙིང་རྗེ་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་ཞིག་

p. 378

བརྩམས། དེའི་རྒྱུ་མཚན་ཅུང་ཟད་ཙམ་ཞིག་བརྗོད་ན། ཐེག་ཆེན་ཆོས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན། དེའི་རྩ་བ་སྙིང་རྗེ་ཆེན་པོ་འདི་ཡིན་ཚུལ་དང་། སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གེགས་བྱེད་ཀྱི་གཙོ་བོ་སྡིག་ཟས་ཤ་འདི་ཡིན་ཚུལ་རྣམས་རང་གི་ཡིད་ལ་གོམས་པ་དང་སྐལ་བཟང་གཞན་ལ་ཕན་པའི་ཕྱིར་སྔ་གོང་ནས་རྩོམ་འདུན་ཡོད་པའི་ཁར། གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཀུན་དང་ལྡན་པའི་སྤྲུལ་སྐུ་རྣམ་གསུམ་དང་། མཁས་གྲུབ་གཉིས་འཛོམ་ཀུན་བཟང་སྟོབས་ལྡན་དབང་པོའི་ཐུགས་སྲས་རྣམ་གཉིས། སྐལ་བཟང་ལས་འཕྲོ་ཅན་གྱི་དགེ་སློང་བློ་གྲོས། མི་གཞི་ལྷ་ལས་བཟང་བའི་མཚམས་པ་ཚེ་མགོན། སྒྲུབ་བརྒྱུད་བསྟན་པ་འཛིན་པའི་བྱ་བྲལ་འཇིགས་མེད། གུ་ཡངས་བློ་བདེའི་སློབ་བུ་བློ་བཟང་མཁས་མཆོག་སོགས་ཐེག་པ་ཆེན་པོའི་སྣོད་ལྡན་གྱི་སློབ་མ་མང་པོས། ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་འདི་ཀུན་གྱི་རྒྱུད་ལ་སྐྱེ་དཀའ་བར་འདུག་པས། ཕྱིན་ཆད་སྙིང་རྗེ་སྐྱེ་བའི་ཐབས་སུ་འདི་ལྟ་བུའི་ལེགས་བཤད་ཟབ་མོ་ཞིག་དགོས་ཞེས་ལྷ་རྫས་དང་བཅས་ཏེ་ཡང་ཡང་བསྐུལ་པའི་ངོར་ལེགས་པར་བརྩམས་པའི་མཇུག་ཏུ་ཚིགས་སུ་བཅད་ནས་སྨྲས་པ།

p. 379

སྙིང་རྗེ་ཆེན་པོའི་སྒོ་ནས་དུས་ཀུན་ཏུ། །སྙིང་རྗེའི་ཡུལ་གྱུར་འགྲོ་ལ་ལྷ་ཆོས་ཀྱི། །སྙིང་པོ་སྙིང་རྗེ་ཆོས་ཀྱི་ཆར་འབེབས་པའི། །སྙིང་རྗེའི་མངའ་བདག་བླ་མ་སྤྱི་བོར་བཞུགས། །ཆོས་མཛད་སྐྱེས་བུ་རྣམས་ཀྱི་རྒྱུན་གྱི་མཆོག །དཔག་མེད་ཡོན་ཏན་མ་ལུས་འབྱུང་བའི་གནས། །ཆོས་ཀྱི་རྩ་བ་སྙིང་རྗེ་རིན་པོ་ཆེའི། །ཡོན་ཏན་དྲན་བཞིན་བསྟོད་བསྔགས་མེ་ཏོག་འཐོར། །སྙིང་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་འདྲ། །སྙིང་རྗེ་ཆེན་པོ་གཏེར་ཆེན་བུམ་བཟང་འདྲ། །སྙིང་རྗེ་ཆེན་པོ་དཔག་བསམ་ལྗོན་ཤིང་འདྲ། །སྙིང་རྗེ་ཆེན་པོ་འཛམ་གླིང་ཉི་མ་འདྲ། །སྙིང་རྗེ་ཡོད་ན་ཆོས་ཀྱི་རྩ་བ་ཚུགས། །སྙིང་རྗེ་ཡོད་ན་བདག་གཞན་དོན་གཉིས་འགྲུབ། །སྙིང་རྗེ་ཡོད་ན་སངས་རྒྱས་དངོས་དང་མཚུངས། །སྙིང་རྗེ་ཡོད་ན་ལྷ་མི་ཀུན་གྱིས་སྨོན། །སྙིང་རྗེ་ཡོད་ན་ཐོག་མར་སེམས་ཅན་གྱི། །དོན་དུ་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནུས། །སྙིང་རྗེ་ཡོད་ན་བར་དུ་རྒྱལ་སྲས་ཀྱི། །སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་ནུས། །སྙིང་རྗེ་ཡོད་ན་ཐ་མར་སངས་རྒྱས་ཚེ། །ཞི་བར་མི་གནས་སེམས་ཅན་འདྲེན་པར་ནུས། །སྙིང་རྗེ་ཆེ་ན་གསང་སྔགས་སྒོར་ཞུགས་ནས། །ཚེ་གཅིག་སངས་རྒྱས་གོ་འཕང་འཐོབ་པར་ནུས། །སྙིང་རྗེ་ཡོད་ན་བསྟན་འགྲོར་ཕན་པའི་ཕྱིར། །ཐོས་བསམ་

p. 380

སྒོམ་གསུམ་འཆད་རྩོད་རྩོམ་གསུམ་ནུས། །སྙིང་རྗེ་ཆེན་པོས་བདག་ཡིད་རབ་བསྐྱོད་ནས། །འགྲོ་ལ་ཕན་ཕྱིར་སྙིང་རྗེའི་གླེགས་བམ་བརྩམས། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །སྙིང་རྗེའི་མངའ་བདག་བླ་མ་རྒྱལ་སྲས་ཀྱིས། །གང་བརྩམས་འགྲོ་ལ་ཕན་པར་བྱིན་གྱིས་རློབས། །ལུང་དང་རིགས་པའི་སྡེབ་སྦྱོར་ཀུན་ཚང་བའི། །།ཆོས་ཀྱི་རྩ་བ་སྙིང་རྗེའི་སྨན་མར་འདི། །སྐལ་བཟང་ཆོས་མཛད་ཡོངས་ཀྱིས་གསོལ་ནུས་ན། །བྱང་ཆུབ་སེམས་ཀྱི་ལུས་སྟོབས་རྒྱས་པར་འགྱུར། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །སྙིང་རྗེ་ཆེན་པོ་སྐྱེ་བའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་སྙིང་རྗེ་ཆེན་པོ་དང་། །འབྲལ་བ་མེད་པར་ཤོག་ཅེས་སྨོན་ལམ་འདེབས། །འདི་ཕྱི་བར་དོ་ཚེ་རབས་ཐམས་ཅད་དུ། །སྙིང་རྗེ་ཅན་གྱི་བླ་མར་མཇལ་བར་ཤོག །སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས་དབང་དང་། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་གྱུར་ཅིག །ས་གཞི་ནམ་གནས་བར་དུ་གླེགས་བམ་འདིས། །ས་ཐོག་འདི་ན་སྡིག་ཟས་ཤ་ཡི་ཕྱིར། །ས་ལ་བསྒྱེལ་ནས་སེམས་ཅན་གསོད་ཚད་ཀྱི། །ས་སྟེང་སྐྱེ་འགྲོ་ཡོངས་ལ་ཕན་པར་ཤོག །རྒྱལ་མཚན་རྩེ་མོའི་ཏོག་གི་ནོར་བུ་ལྟར། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རབ་བསྔགས་པའི། །རྒྱལ་བསྟན་

p. 381

སྙིང་པོ་སྙིང་རྗེ་ནོར་བུ་ཡིས། །རྒྱལ་ཁམས་ཡོངས་ལ་ཕན་པའི་བཀྲ་ཤིས་ཤོག །ཅེས་སྨྲས་པས་ཞུ་བ་པོ་སོགས་དེར་འཚོགས་པ་ཀུན་གྱིས་སྙིང་རྗེ་ཆེན་པོ་ཐུགས་དམ་གྱི་མཐིལ་དུ་བཟུང་ནས། མཐོང་ཐོས་ཀྱི་འགྲོ་བ་ཡོངས་ལ་ཕན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་བྱུང་ངོ་།། ཡང་བཀྲ་ཤིས་འཁྱིལ་བའི་མཁྱེན་བརྩེའི་གྲུབ་གནས་འདུག་པའི་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་བསོད་ནམས་རྒྱལ་གྱིས་ཉིན་ཅིག་དྲི་མ་མེད་པའི་ལྷ་རྫས་དང་བཅས་ཏེ་ཞུ་ཤོག་འདི་ཕུལ། །འགྲན་ཟླ་མེད་ཕ་རྒན་རིན་པོ་ཆེ། །བུ་མགོན་མེད་སྤྱི་བོའི་རྒྱུན་དུ་བཞུགས། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །བུས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཚེ་ཐོག་མེད་དུས་ནས་ད་ལྟའི་བར། །ཡུལ་མཐའ་མེད་འཁོར་བའི་གནས་འདིར་འཁྱམས། །བདག་ད་ལྟ་དལ་འབྱོར་མི་ལུས་ཐོབ། །ཕ་ཁྱེད་དང་མཇལ་བ་སྐལ་བ་བཟང་། །ཆོས་ཟབ་རྒྱའི་གདམས་པ་གནང་བཞིན་དུ། །གནས་འདི་རུ་བཞུགས་པ་བཀའ་དྲིན་ཆེ། །རྗེ་བཀའ་དྲིན་ཅན་ལ་གུས་ཕྱག་འཚལ། །དངོས་འབྱོར་དང་ཡིད་སྤྲུལ་མཆོད་ཚོགས་འབུལ། །བདག་མ་རིག་དབང་གྱུར་མཐོལ་ལོ་བཤགས། །ཕའི་མཛད་སྤྱོད་ཀུན་ལ་རྗེས་ཡི་རང་། །ཆོས་ཟབ་

p. 382

རྒྱའི་འཁོར་ལོ་བསྐོར་བར་བསྐུལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །རང་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །མ་འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་བསྔོ། །མགོན་རྒྱལ་བའི་རྣམ་འཕྲུལ་ཕ་རྒན་རྗེ། །རྗེ་ཁྱེད་ཀྱི་རྣམ་ཐར་སྐྱོང་སྙིང་འདོད། །འདོད་བཞིན་དུ་འགྲུབ་པ་ཕ་རྒན་མཁྱེན། །མཁྱེན་རབ་ཀྱི་ཐུགས་ཀྱིས་བུ་ལ་དགོངས། །དཔེ་ཐོ་བས་དངོས་པོ་འཇོམས་པ་བཞིན། །དགྲ་ཉོན་མོངས་གཅིག་ཆར་གཞོམ་ནུས་པའི། །ཆོས་ཕྱག་ཆེན་རྩ་བའི་གནད་འགག་ཅིག །ཐུགས་བརྩེ་བས་བུ་ལ་གསུང་དུ་གསོལ། །ཞེས་ཕུལ་བའི་ལན་དུ། འོ་བུ་ཁྱོད་ཀྱིས་མཚན་ལྡན་བླ་མ་དམ་པའི་གསུང་བཞིན་སྐྱེ་འཆི་འཁོར་བའི་ཉེས་དམིགས་སོམས་ལ། འགྲོ་ཀུན་དོན་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྔོན་བྱོན་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན་ཚེ་འདིའི་བྱ་བ་ཐམས་ཅད་བློས་ཐོངས་ལ། མི་མེད་པའི་གངས་དང་རི་སུལ་རྣམས་སུ་ན་བུན་གོས་ལྟར་གྱོན། བྲག་ཕུག་ཞྭ་ལྟར་སྟེན། གྱོང་ལྟོ་གོས་གཏམ་གསུམ་ལ་བཏང་ནས། སྟེང་ནས་གནམ་བརྡིབས། འོག་ནས་ས་འགུལ། གཡས་ནས་ཤིང་ཆག གཡོན་ནས་བྲག་ཉིལ་རུང་སྟན་གྱི་ཐོག་ཏུ་སྤང་ལ་ཕུར་བ་བཏབ་པ་བཞིན་ལུས་གཡོ་མེད་དུ་ཀྲོང་ངེ་། མིག་ཟུམ་མེད་དུ་ཧྲིག་གེ སེམས་གསལ་སྟོང་དུ་

p. 383

ལྷང་ངེ་ཞོག་དང་ཚེ་འདི་ཉིད་ལ་ཉོན་མོངས་པའི་དགྲ་རྣམས་ཆམ་ལ་ཕབ་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པར་འགྱུར་ཞེས་མགུར་དབྱངས་འདི་ཡང་བླངས་སོ། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་སེམས་ཀྱི་གནས་ལུགས་ནི། །སྟོང་གསལ་ནམ་མཁའ་ལྟ་བུ་རུ། །རྟོགས་པའི་ངང་ལ་མཉམ་འཇོག་དུས། །ལུས་བསྲངས་མིག་གཉིས་ཧ་རེ་བ། །སྔར་འདས་རྗེས་ནི་མི་གཅོད་ཅིང་། །མ་འོངས་པ་ཡི་སྔོན་མི་བསུ། །ད་ལྟ་བ་ལ་བཟོ་མི་བྱ། །དྲན་པ་མེད་པར་ཧད་དེ་བཞག །དམིགས་པ་མེད་པར་སང་ངེར་བཞག །དེ་ལྟར་མཉམ་པར་བཞག་ཙ་ན། །རྟོག་མེད་དགའ་བདེ་གསལ་ཉམས་འཆར། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དག །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ལམ་རྟགས་ཡོན་ཏན་ཅི་ཡང་འབྱུང་། །ཉོན་མོངས་དགྲ་རྣམས་གཅིག་ཆར་དུ། །འཇོམས་པའི་གདམས་ངག་འདི་ཡིན་ཞེས། །རྗེ་བཙུན་མི་ལའི་བུ་རྒྱུད་མཆོག །གྲུབ་ཐོབ་ཨོ་རྒྱན་པ་ལ་སོགས། །བཀའ་བརྒྱུད་གོང་མ་མང་པོས་གསུངས། །ང་ཡིས་རྗེས་བཟློས་བྱས་པ་ཡིན། །རྗེས་འཇུག་བུས་ཀྱང་དེ་བཞིན་མཛོད། །ཐོས་ཚད་ཡོངས་ལ་ཕན་པར་ཤོག །ཅེས་བླས་

p. 384

པས་ཁོ་རང་གིས་བཀའ་བརྒྱུད་གོང་མའི་གསུང་བཞིན་མཉམ་པར་བཞག་པས་བརྟན་པ་ཐོབ་པར་གྱུར་ཏོ། །ཡང་རྟོགས་ལྡན་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་པ་ཀ་རིང་ཨ་ལགས་རྟ་མགྲིན་སོགས་ཆོས་མཛད་ཕོ་མོ་མང་པོས་ཞལ་གདམས་ཟབ་མོ་ཞིག་དགོས་ཞེས་བསྐུལ་ངོར་གདམས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཀྱི་ངོ་བོ་སྐྱོང་ཚུལ་ནི། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་གདན་བཤམས་པ་ཉིད་ལ་སྐུ་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །གསུངས་པ་ལྟར། བདེ་བའི་སྟན་ལ་ལུས་དྲང་པོར་བསྲངས་ནས་གཡོ་འགུལ་མེད་པར་བསྡད་པས། ལུས་མ་འགུལ་བས་རྩ་མི་འགུལ། རྩེ་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་དུས་གསུམ་གྱི་རྣམ་རྟོག་རྣམས་ཡལ་བའི་རྗེས་སུ་སྤྲིན་མེད་པའི་ནམ་མཁའ་བཞིན། སལ་ལེ། སང་ངེ། ཝལ་ལེར་སེམས་ཉིད་རང་བཞིན་གྱིས་འོད་གསལ་བར་འགྱུར་བས། དེའི་ངང་ལ་མཉམ་པར་འཇོག་པ་ཡིན་ཏེ། ཞང་གཡུ་བྲག་འགྲོ་མགོན་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །འདི་ཞེས་ཏིག་པོ་མི་བདོག་གི །ཐོག་མ་བར་དང་མཐའ་མེད་པར། །ནམ་དྲན་དུས་སུ་གློད་ལ་ཞོག །ཤེས་པ་ལྷོད་ཀྱིས་གློད་པའི་ཚེ། །གསལ་ལ་རྟོག་པ་མེད་པའི་ཉམས། །བར་སྣང་དག་པའི་དཀྱིལ་

p. 385

ལྟར་ཤར། །དེ་ནི་འོད་གསལ་ཆོས་སྐུ་ཡིན། །གསུངས། རྫོགས་པ་ཆེན་པོ་ཚིག་གསུམ་པའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ། རང་གི་རིག་པ་འགགས་པ་མེད་པར་ཝལ་ལེར་གསལ་བ་འདི་སངས་རྒྱས་ཡིན་ནོ། །རང་གི་རིག་པ་འགགས་པ་མེད་པར་ཝལ་ལེར་གསལ་བ་འདི་དང་འབྲལ་བ་མེད་པའི་སངས་རྒྱས་ཆོས་སྐུ་བསྒོམ་དུ་མེད་དོ། །རང་གི་རིག་པ་འགགས་པ་མེད་པར་ཝལ་ལེར་གསལ་བ་འདི་སངས་རྒྱས་ཡིན་པ་རང་གིས་ངོ་ཤེས་པས་ཆོག་གོ་ཞེས་གསུངས་པ་ལྟར་བསྐྱང་བར་བྱའོ། །ཞེས་མགུར་དབྱངས་འདི་ཡང་བླངས་སོ། །དགོངས་པ་ཟབ་མོ་ནམ་མཁའ་དང་། །མཉམ་པའི་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་ཡིད་གཉིས། །གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཆོས་ཉིད་ཡངས་པ་ཆེན་པོ་ཡི། །ཀློང་ན་རྒྱུན་དུ་དགའ་ཡལ་ལེ། །སྐྱེ་བོ་ཕོ་མོ་སུར་འགྲོགས་ཀྱང་། །མི་དགའ་མེད་པར་འཛུམ་འབོལ་ལེ། །རྒྱལ་ཁམས་ཕྱོགས་མེད་གར་ཕྱིན་ཀྱང་། །སྣང་སོ་མདའ་ལས་རབ་བདེ་བའི། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །ཀུན་ལ་ཕན་པའི་གླུ་དབྱངས་ལེན། །ཁྱེད་རྣམས་སེམས་ཁ་ཡངས་པོ་གྱིས། །རབ་ཏུ་དགའ་ཞིང་སྤྲོ་བཞིན་ཉོན། །གསེར་སྲང་སྟོང་ཙམ་བྱིན་པ་ལས། །གླུ་འདིས་

p. 386

ཀུན་ལ་ཕན་ཐོགས་ཡོང་། །ཡངས་སར་ཡངས་དགོས་ལྟ་བ་ནི། །ནམ་མཁའ་ལས་ཀྱང་ཡངས་པ་དགོས། །དོག་སར་དོག་དགོས་སྤྱོད་པ་ནི། །ས་རོང་ལས་ཀྱང་དོག་པ་དགོས། །ལྟ་བ་ཡངས་སུ་མི་བགྱི་རུ། །ཆོས་ཀྱི་དབྱིངས་ལས་ཡངས་པ་མེད། །སྤྱོད་པ་ཞིབ་ཏུ་མི་བགྱི་རུ། །རྒྱུ་འབྲས་འདི་ལས་ཞིབ་པ་མེད། །གནས་ལུགས་ལྟ་བ་ནམ་མཁའ་ལས། །ཤིན་ཏུ་མཐོ་ཞིང་ཡངས་ན་ཡང་། །སྤྱོད་པ་ཁྱི་དང་ཕག་གཉིས་ལས། །རྩིང་ན་བསྟན་འགྲོར་ཕན་མི་འགྱུར། །ལྟ་སྤྱོད་གཉིས་པོ་ཟུང་འབྲེལ་ན། །རང་གཞན་བསྟན་འགྲོ་ཡོངས་ལ་ཕན། །དེ་ཕྱིར་ཆོས་མཛད་ཕོ་མོ་རྣམས། །ལྟ་སྤྱོད་གཉིས་པོ་ཟུང་འབྲེལ་མཛོད། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ལྟ་སྤྱོད་ཡ་མ་བྲལ་བའི་སྒོས། །རང་གཞན་བསྟན་དང་འགྲོ་བ་ལ། །ཕན་ཐོགས་རྒྱ་ཆེན་འབྱུང་བར་ཤོག །ཅེས་གདམས་པའི་ནང་ལྟར་བྱས་པས་རང་གཞན་བསྟན་འགྲོ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ངོ་། །ཡང་ཉིན་ཅིག་བདག་གིས་བསམ་བློ་འདི་ལྟར་བཏང་། རང་ཉིད་མདོ་སྨད་འདིར་སླེབས་ནས་ལོ་མང་པོ་སོང་། དབུས་གཙང་དག་པའི་ཞིང་དུ་འགྲོ་འདོད་སྐོམ་པ་ཆུ་འདོད་ལྟ་བུ་ཡང་ཡང་བྱུང་ནས། ལན་གསུམ་བར་དུ་ཆས་ཀྱང་། གཞན་གྱིས་ཞི་དྲག་ཐབས་དུ་མའི་སྒོ་ནས་བཤོལ་བཏབ་པས་ཡར་འགྲོ་རྒྱུ་ཞིག་མ་

p. 387

བྱུང་། དེའི་བར་ལ་ལོ་བཅོ་བརྒྱུད་ཙམ་ཞིག་སོང་ཚར་རང་ཡང་ལོ་དྲུག་ཅུ་རྩ་དྲུག་ལོན་སོང་། ད་སོང་རུང་བསྡད་རུང་ལོས་གཏུགས་ནས་འགྲོ་དོན་ཆེན་པོ་ཞིག་བྱེད་ཁོམ་མི་འདུག་མོད། །འོན་ཀྱང་རྩ་གསུམ་ལྷ་ལ་གསོལ་བ་བཏབ་ནས་བརྟག་རིལ་ཅིག་བསྒྲིལ་ནས་འགྲོ་བསྡད་ཅིག་བྱེད་དགོས་སྙམ། བརྟག་པའི་ཡི་གེ་གཉིས་འདི་ལྟར་བྲིས་ཏེ། གཅིག་ལ། རྩ་གསུམ་ལྷ་ཡི་ལུང་བླ་མ་ཚེ་དཔག་མེད་སོགས་ཀྱི་ཐུགས་རྗེས་ཁྱོད་ཚེ་རིང་པོ་ཡོང་། མ་མཐའ་ཡང་ལོ་བརྒྱ་ལོན་ཡོང་། ད་དུང་ས་གཅིག་ནས་སྡོད་པའི་དུས་མ་ཡིན། བསྡད་ན་འགྲོ་དོན་མི་འོང་མགོ་ལོག་ཁམས་ཕྱོགས་ལྷོ་ཁ་བརྒྱུད་ནས་དབུས་སུ་སོང་ན་གདུལ་བྱ་མང་ཐུགས་དམ་འཕེལ། ཚེ་མཇུག་འདི་ལ་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་བས་དེ་ལུགས་གྱིས་ཞེས་ཕུལ་བ་དགེ་ལེགས་འཕེལ་ཅེས་བྲིས། ་ཡང་གཅིག་ལ། རྩེ་གསུམ་ལྷ་ཡི་ལུང་། སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཚང་ལ་སྐུ་ཚེ་མཇུག་ཏུ་མ་མཁའ་འགྲོས་ལུང་བསྟན་བྱུང་ནས། གཅུང་གི་རི་བོ་ཆེའི་རྩེ་ནས་བཞུགས་ཏེ་འགྲོ་དོན་བྱས། རྗེ་བཙུན་སྐལ་ལྡན་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་མང་པོས་སྐུ་ཚེ་མཇུག་ཏུ་ས་གཅིག་ནས་འགྲོ་དོན་མཛད་འདུག་པས། ད་ཁྱོད་ཀྱང་དགུང་ལོ་བགྲེས་ནས་གདའ། མདོ་སྨད་ཀྱི་ཕྱོགས་འདི་ནས་

p. 388

བསྡད་དེ། བསྟན་འགྲོའི་དོན་བྱས་ན་སྐུ་ཚེ་རིང་ཐུགས་དམ་འཕེལ། བསྟན་འགྲོའི་དོན་ཡང་རྒྱ་ཆེན་པོ་འབྱུང་བས་དེ་ལུགས་གྱིས་ཞེས་ཕུལ་བ་དགེ་ལེགས་འཕེལ། ཞེས་བྲིས་ཏེ་དེ་གཉིས་ཟན་གྱི་རིལ་བུ་གཉིས་ཀྱི་ནང་དུ་བཅུག རིལ་བུ་གཉིས་ཀ་ཏོ་ར་ཆེན་པོ་ཞིག་གི་ནང་དུ་བཞག ལག་ཏུ་ཐོགས་ནས་གསོལ་བ་བཏབ། བདེན་པ་ཡག་པོ་ཞིག་བརྡར་ནས། ག་ལེ་བྱས་ལག་གི་ཀ་ཏོ་ར་བསྐོར་པས་སྐབས་ཤིག་ནང་ནས་རིལ་བུ་གཅིག་ཡར་ནས་རང་གི་པང་དུ་སླེབས་བྱུང་བ་ཁ་ཕྱེས་ནས་བལྟས་པའི་ཚེ། དབུས་སུ་འགྲོ་བའི་ཡི་གེ་དེ་མ་བྱུང་བར། འདི་ནས་སྡོད་པའི་ཡི་གེ་དེ་ཡིན་ཚེ། རང་འགྲོ་འདོད་ཆེ་བའི་སྟབས་ཀྱིས་དབུས་ཕྱོགས་ཀྱི་ཡི་གེ་མ་བབས་པ་ལ་ཡིད་ཕམ་པོ་ཞིག་བྱུང་ཡང་། སྔོན་གླང་བོ་ཆེ་བགྲེས་པ་ཞིག་གིས་གཞོན་པའི་སྒང་ལ་ལུང་བ་འདིའི་ཚུར་ཁ་ནས་མཆོངས་ན་ཕར་ཁར་སླེབས་ཡོང་། ད་དུང་ཡང་སླེབས་ཡོང་མོད་སྙམ་ནས་མཆོངས་པས་ཕར་ཁར་མ་སླེབས་པར། ལུང་བའི་ནང་དུ་ལྷུང་ནས་སྐེད་པ་ཆག་ཚེ། གཞོན་ནུའི་དུས་བཞིན་ལོ་ལོན་པའི་དུས་མི་ཡོང་བར་འདུག ཁོ་ལ་ལྟོས་ཞེས་ཁ་ཆེམས་བཞག་ནས་ཤི་བའི་ལོ་རྒྱུས་བཞིན། བརྟག་རིལ་ལ་མ་བབས་པར། ལོ་གཞོན་པའི་དུས་བཞིན་ཨུ་ཚུགས་བྱས་དབུས་སུ་

p. 389

སོང་ན། ལོ་ན་སོ་རྒས་པའི་སྟབས་ཀྱིས་ལམ་ཞིག་ནས་ཤི་འདྲ་སོང་ན། རི་ཡུལ་སྟོད་སྨད་གཉིས་ཀའི་སློབ་མ་ཡོན་བདག་དང་དད་ཅན་རྣམས། སེམས་སྡུག་ཅིག་ལ་གཏད་པ་ལས། གཞན་ཅི་ཡང་མི་འོང་བར་གདའ། དེ་བས་འབྲེལ་ཐོགས་རྣམས་ཀྱིས་གཙོ་བྱས་སེམས་ཅན་ཐམས་ཅད་སེམས་ཀྱི་དབྱིངས་སུ་བཞག་ནས། དེའི་དོན་དུ་དབེན་པའི་རི་ཁྲོད་རྣམས་སུ་ཟབ་མོའི་སྒྲུབ་པ་ལ་གཞོལ་ན་རང་གཞན་གཉིས་ཀ་འཚེངས་ཏེ། སངས་རྒྱས་ཐུགས་རྗེ་ཅན་གྱིས། མང་དུ་ཐོབ་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་དང་། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་པར་འགྱུར། །ཞེས་དང་། རྗེ་བདག་ཉིད་ཆེན་པོས། དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོགས་ཆེན་པོ་ག་ལ་འགྱུར། །དེ་བས་སྒྲུབ་པ་ལྷུར་ལེན་དབེན་པ་བསྟེན། །རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་སྙམ། །ཞེས་གསུངས་པ་སོགས་དམ་པ་གོང་མའི་གསུང་དེ་དང་འདྲ་བ་རྣམས་སེམས་ལ་བཞག་ནས་ཡར་ལ་འོང་རྒྱུའི་སྤྲོས་པ་བཅད་དེ། རི་ཁྲོད་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་པའི་གོ་ཆ་བཟུང་བ་ཡིན་

p. 390

པས། ཁྱེད་རྣམས་ཚེ་འདི་རང་ལ་ལན་ཅིག་མ་མཇལ་བ་ལ་སེམས་མ་འཕྲེང་། སྐྱོ་སྣང་ཆེན་པོ་མ་བྱེད་པར། བླ་མ་ཕ་མ་ཡིན་ཡང་མི་རྟག་པའི་ཚུལ་འདི་ཡང་ཡང་སོམས་ལ། ད་ནི་གང་ལ་ཡང་མ་ཆགས་པར་ཚེ་འདི་བློ་ཡིས་ཐོངས་ལ། དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་དང་བླ་མའི་ཞབས་ཏོག ཕ་མའི་དྲིན་གཟོ། སེམས་ཅན་གྱི་འགྲོ་དོན་རྣམས་དུས་གཅིག་ལ་འགྲུབ་པར་གདོན་མི་ཟའོ། །ཞེས་སྤྱི་ལ་ཕུལ་ནས། གཞན་ཡང་དབུས་གཙང་དག་པའི་ཞིང་གི་དད་ཅན་སློབ་མ་ཡོན་བདག་རྣམས་ལ་སྤྲིང་ཡིག་ཉི་མའི་འོད་ཟེར་ཞེས་བྱ་བ་འདི་ཕུལ། འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་གི་མཆོག །ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་ཡབ་སྲས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་དཔོན་སློབ་ཀུན། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །སྔོན་གྱི་ལས་བཟང་སྨོན་ལམ་དག་པའི་མཐུས། །ངེད་རྣམས་དབུས་གཙང་མངའ་རིས་ཕྱོགས་ནས་མཇལ། །ཡུད་ཙམ་འཚོགས་ནས་སོ་སོར་གྱེས་པ་ལྟར། །ཆོས་རྣམས་ཐམས་ཅད་མི་རྟག་འདི་དང་འདྲ། །ཆགས་ཡུལ་བླ་མ་ཕ་མ་ལས་ལྷག་མེད། །དེ་དག་མེད་ན་ཁྱེད་རྣམས་སུ་ལ་ཆགས། །ད་ནི་ཚེ་འདིའི་བྱ་བ་བློས་ཐོངས་ལ། །དབེན་པའི་གནས་སུ་དམ་པའི་རྣམ་ཐར་

p. 391

སྐྱོངས། །བདག་གི་མགོ་ཡི་སྐྲ་དཀར་སོ་ཡང་ལྷུང་། །རྒས་པའི་དབང་གིས་དབུས་སུ་མ་སླེབས་ཀྱང་། །སྔོན་དུས་བདག་གིས་ཆོས་བཤད་བྱས་པ་ལས། །ལྷག་ཅིག་དབུས་སུ་སླེབས་རུང་བཤད་རྒྱུ་མེད། །བླ་མའི་གསུང་བཞིན་སློབ་མས་སྒྲུབ་ནུས་ན། །བླ་མར་མཇལ་བ་ལས་ཀྱང་བསོད་ནམས་ཆེ། །དད་པ་ཡོད་ན་གོང་མའི་རྣམ་ཐར་བཞིན། །བླ་མར་དངོས་སམ་ཉམས་ལ་མཇལ་རྒྱུ་ཡོང་། །ཧ་བོས་གངས་ལ་ཐག་ཉེར་བཏུད་པ་ལས། །རྒྱངས་ནས་བལྟས་ན་དཀར་དུ་འགྲོ་བ་བཞིན། །བླ་མར་མཉམ་དུ་འགྲོགས་ལས་ཐག་རིང་ནས། །ཡིད་ལ་དྲན་ན་དད་པ་ཇེ་ཆེར་འགྲོ །བླ་མར་མ་བྲལ་སློབ་མ་སུ་ཡང་མེད། །མྱ་ངན་མ་བྱེད་བྱེད་མཁན་སེམས་ལ་ལྟོས། །རང་སེམས་བླ་མའི་ཐུགས་དང་བསྲེས་ལ་ཞོག །དོན་དམ་ཆོས་དབྱིངས་ངང་ནས་འདུ་འབྲལ་མེད། །བླ་མ་ཁ་ཐག་རིང་རུང་སེམས་ཐག་ཉེ། །ངས་ནི་ཁྱེད་རྣམས་མི་བརྗེད་སེམས་ལ་འཇོག །ཁྱེད་རྣམས་ཀུན་ཀྱང་བླ་མ་སྙིང་དབུས་སྒོམས། །གསོལ་བ་ཐོབ་དང་བྱིན་རླབས་དངོས་གྲུབ་འབྱུང་། །བླ་མ་འབྲལ་མེད་བསྟེན་དགོས་ཟེར་བ་དེ། །རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམས་པ་དང་། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ། །བསྲེས་ནས་མཉམ་པར་འཇོག་ལ་ཟེར་བ་ཡིན། །

p. 392

མང་པོ་བཤད་ན་དོན་རྩ་མི་ཟིན་པས། །འདི་ནི་ཚིག་བརྒྱའི་མདོ་འགག་ཡིན་པས་ན། །རྒྱུན་དུ་བླ་མ་སྒོམས་དང་ཚེ་འདིར་ཡང་། །བླ་མའི་སྣང་བ་འབྲལ་བ་མེད་པར་འགྱུར། །ཕྱི་མར་མངོན་དགའི་ཞིང་ནས་མངོན་སུམ་དུ། །མཇལ་ནས་དགའ་སྤྲོའི་གླེང་མོ་བྱེད་བཞིན་དུ། །དག་དང་མ་དག་ཞིང་ཁམས་རབ་འབྱམས་འགྲིམས། །རྒྱལ་བ་མཆོད་ཅིང་འགྲོ་ཀུན་འདྲེན་པར་སྨོན། །ཉི་མའི་འོད་ཟེར་མེ་ཏོག་པད་ཚལ་ལ། །ཕོག་ཚེ་ཐམས་ཅད་ཁ་ཕྱེ་བཞད་པ་ལྟར། །བདག་གི་སྤྲིང་ཡིག་སློབ་མ་ཡོན་བདག་ལ། །འཕྲོད་ཚེ་ཐམས་ཅད་དགའ་ཞིང་སྤྲོ་བར་ཤོག །ཅེས་པ་དང་། ཡང་སྟོད་མངའ་རིས་བསྐོར་གསུམ་གྱི་སློབ་མ་ཡོན་བདག་དད་ཅན་རྣམས་ལ་སྤྲིང་ཡིག་ཟླ་བའི་འོད་ཟེར་ཞེས་བྱ་བ་འདི་ཕུལ། རྩ་བའི་བླ་མ་ཕྱོགས་བཅུའི་སངས་རྒྱས་ལ། །ལག་གཉིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བདག་གི་སློབ་མ་ཡོན་བདག་ཐམས་ཅད་ལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཇོ་ཤཱཀ་རྒྱལ་བ་ཡབ་སྲས་བཞུགས་པའི་ཞིང་། །དབུས་གཙང་མངའ་རིས་བར་དུ་འཁོད་པ་ཡི། །སྡོམ་གསུམ་འཕགས་པའི་ནོར་གྱིས་རབ་ཕྱུག་པའི། །སློབ་མ་ཡོན་བདག་རྣམས་ཀྱི་སྐུ་དྲུང་དུ། །གནས་བརྟན་བགྲེས་པོ་བཞིན་དུ་སོ་ལྷུང་ཞིང་། །

p. 393

ཚེ་རིང་ལྷ་བཞིན་སྐྲ་དང་ཁ་སྤུ་དཀར། །རྒས་པའི་མཚན་མས་ནོན་པའི་ཕ་རྒན་ངས། །ཕན་པའི་སྙིང་གཏམ་ཡི་གེར་བཀོད་ནས་འབུལ། །ཁྱེད་རྣམས་ཐམས་ཅད་སྐུ་ཁམས་བཟང་པོའི་སྒོས། །མཚམས་རྟགས་བསྐུར་པ་མ་ཉམས་འབྱོར་བའི་མོད། །ཀུན་ལ་དངོས་སུ་མཇལ་འདྲའི་དགའ་སྤྲོ་ཤར། །བླ་མ་མཉེས་པའི་མཆོད་པའི་མཆོག་ཏུ་འགྱུར། །བདག་གི་སེམས་ལ་རྒས་རྒྱུ་མ་མཆིས་ཀྱང་། །སྒྱུ་ལུས་རྒས་ནས་འགྲོ་དོན་མ་ཕེར་ཚེ། །ཡིད་ཀྱིས་རང་ལུས་གྲངས་མེད་སྤྲུལ་བྱས་ནས། །ཕྱོགས་མེད་འགྲོ་དོན་བྱེད་བཞིན་བདེ་བར་མཆིས། །མཚམས་ཞུས་ངེད་རྣམས་དབུས་ན་ཡོད་པའི་དུས། །ཁྱེ་རྣམས་ཀུན་གྱིས་བདག་ལ་ཞབས་ཏོག་བྱས། །ངས་ཀྱང་ཁྱེད་རྣམས་ཀུན་ལ་ཆོས་བཤད་བྱས། །ཐམས་ཅད་ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། །དོན་དམ་ཆོས་དབྱིངས་བདེ་བ་ཆེན་པོ་ཡི། །ཀློང་ན་ནམ་ཡང་འདུ་འབྲལ་མ་མཆིས་མོད། །འོན་ཀྱང་ཀུན་རྫོབ་སྒྱུ་ལུས་སོ་སོ་རུ། །སོང་གཤིས་སེམས་ལ་བརྟན་པ་མ་ཐོབ་པས། །ཚོང་འདུས་མགྲོན་པོ་བཞིན་དུ་སོ་སོ་རུ། །གྱེས་ནས་ཡུན་རིང་སོང་ཚེ་ཐུག་འདོད་སྐྱེས། །ཁྱེད་རྣམས་ཀུན་གྱིས་ང་ལ་ཡར་ཕེབས་ཞེས། །ལོ་རེ་བཞིན་དུ་ཡི་གེ་བསྐུར་བའི་ཚེ། །ང་ཡང་ཁྱེད་

p. 394

རྣམས་ཀུན་ལ་ཐུག་འདོད་སྐྱེས། །ལན་གསུམ་ཆས་ཀྱང་ད་བར་ལུས་པ་བྱུང་། །ད་རུང་ཡར་ལ་འོང་ན་འདོད་མོད་ཀྱང་། །ན་སོ་རྒས་པས་གཏུགས་ནས་འོང་མ་ཐུབ། །གལ་ཏེ་སྙིང་རུས་བསྐྱེད་ནས་འོང་ན་ཡང་། །གླང་ཆེན་ལོ་ལོན་མཆོངས་པའི་ལོ་རྒྱུས་བཞིན། །གཞོན་པའི་དུས་བཞིན་ཡར་ལ་མ་སླེབས་པར། །བར་ལམ་ཞིག་ནས་ཤི་ན་ཅི་ཞིག་བྱ། །མ་ཤི་སླེབས་ཀྱང་སྐོམ་པས་ཆུ་འདོད་ལྟར། །མཇལ་ན་འདོད་པའི་དད་ཅན་མང་པོ་ཞིག །སེམས་འཕྲེང་བཞིན་དུ་འཇིག་རྟེན་ཕྱི་མ་རུ། །སོང་བ་རྣམས་ལ་ཐུག་རྒྱུ་མེད་པར་གདའ། །མ་ཤི་མཇལ་འདོད་ཡོད་ན་ལན་ཅིག་ཙམ། །མཇལ་ན་དགའ་བ་བསམ་གྱིས་མི་ཁྱབ་ཀྱང་། །ཐམས་ཅད་རྒས་པས་ཡུད་ཙམ་པ་ཞིག་ལས། །ཡུན་རིང་ལྷན་དུ་སྡོད་པའི་དུས་མི་གདའ། །ད་ངས་བསམ་ཚེ་རྒས་པའི་དུས་སྐབས་འདིར། །ཚེ་རིང་ལྷ་དང་གནས་བརྟན་རྒན་པོ་བཞིན། །བྲག་རིའི་ཕུག་དང་ལྗོན་ཤིང་བསིལ་གྲིབ་ཏུ། །བསྡད་ན་བསྟན་འགྲོའི་མིག་རྐྱེན་མཆོག་ཏུ་འགྱུར། །ཁྱེད་རྣམས་གཙོ་བྱས་མ་གྱུར་སེམས་ཅན་ཀུན། །སེམས་ཉིད་འོད་གསལ་བདེ་བ་ཆེན་པོ་ཡི། །དབྱིངས་སུ་བཞག་ནས་འདི་ཕྱི་བར་དོ་རུ། །ཕན་པའི་སྐྱབས་འཇུག་བསྔོ་སྨོན་བྱས་ན་བཟང་། །ཁྱེད་རྣམས་ཀུན་ཀྱང་མདོ་སྨད་ཤར་ཕྱོགས་ཀྱི། །ཉམས་དགའི་རི་ཁྲོད་ཅིག་ན་

p. 395

བཞུགས་སྙམ་དུ། །བློ་སེམས་བདེ་བའི་ངང་ནས་གསོལ་བ་ཐོབ། །བྱིན་རླབས་རྒྱངས་ན་གནས་ཀྱང་འཇུག་པར་འགྱུར། །ད་ནི་རྨི་ལམ་ཙམ་གྱི་ཚེ་མཇུག་འདིར། །སྐྱིད་རུང་སྡུག་རུང་ཡུད་ཙམ་པ་ཞིག་གདའ། །སྐྱོ་ནས་ཅི་བྱ་གནས་སྐོར་བ་ཡི་ཁས། །ཕན་ཚུན་གཅིག་གཅིག་གནས་ཚུལ་གོ་བར་གདའ། །ཕྱི་མར་ཤར་ཕྱོགས་མངོན་པར་དགའ་བ་སོགས། །ཕྱོགས་བཅུའི་ཞིང་ཁམས་གང་འདོད་མང་པོ་ནས། །མཇལ་ཡོང་སྙམ་པའི་བློ་ཡི་གདེང་ཚད་ཡོད། །ཁྱེད་རྣམས་སེམས་ལ་ཟུངས་ལ་དགའ་བར་གྱིས། །སྙིང་གཏམ་འདི་ཉིད་མཐོང་ཐོས་དྲན་ཚད་ཀྱིས། །བླ་མ་ཕ་མ་ཡིན་ཡང་མི་རྟག་པར། །གོ་ནས་གང་ལའང་ཆགས་ཞེན་མི་བྱེད་པར། །དབེན་པར་ལྷ་ཆོས་བྱས་ནས་སངས་རྒྱས་ཤོག །ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་ཡབ་སྲས་དང་། །བླ་མ་ཕ་མ་དྲན་ནས་འགྲོ་མཁན་ལ། །ལམ་ལ་གེགས་དང་གོལ་ས་མི་འབྱུང་བར། །ཀུན་གྱིས་བསམ་པའི་ནང་བཞིན་མཇལ་བར་ཤོག །རབ་དཀར་གངས་ལ་ཟླ་འོད་ཕོག་པ་བཞིན། །སེམས་དཀར་སློབ་མ་ཡོན་བདག་ཐམས་ཅད་ལ། །བདག་གི་སྤྲིང་ཡིག་འདི་ཉིད་འབྱོར་བའི་མོད། །སྔར་བས་དད་གུས་དགའ་སྤྲོ་འཕེལ་གྱུར་ཅིག །ཅེས་པ་དང་།

p. 396

ཡང་བལ་བོད་གཉིས་ཀྱི་སོ་མཚམས་རོང་ཕྱོགས་ཀྱི་དད་ཅན་སློབ་མ་ཡོན་བདག་རྣམས་ལ་སྤྲིང་ཡིག་ནོར་བུའི་འོད་ཟེར་ཞེས་བྱ་བ་འདི་ཕུལ། བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །རྣལ་འབྱོར་བདག་གིས་ཕན་པའི་རྒྱངས་གླུ་ལེན། །ཁྱེད་རྣམས་མ་ཡེངས་དགའ་བའི་སེམས་ཀྱིས་ཉོན། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ་བ་དང་།བསགས་པ་འཛད་ཅིང་མཐོན་པོ་ལྟུང་བ་སོགས། །གང་གང་འགྲོ་མགོན་སངས་རྒྱས་གསུངས་པ་རྣམས། །དེ་དེ་བཞིན་དུ་སྣང་བའི་ཚུལ་ལ་ལྟོས། །ཁྱད་པར་ངེད་རྣམས་ཚོང་འདུས་མགྲོན་པོ་བཞིན། །སོ་སོར་གྱེས་ནས་འཇིག་རྟེན་ཁམས་འདི་དང་། །ལ་ལ་འཇིག་རྟེན་ཕྱི་མར་སོང་ཚུལ་ལ། །སོམས་དང་སྐྱོ་བ་སྐྱེ་བའི་རྒྱུ་ཞིག་གདའ། །ཉི་མ་ནུབ་ཁའི་ལ་མགོའི་ཉི་འོད་བཞིན། །མི་ཚེ་ཡུན་ཐུང་ནམ་འཆི་ངེས་པ་མེད། ད་ནི་ཚེ་འདིའི་བྱ་བ་བློས་ཐོངས་ལ། །གཅིག་པུར་དབེན་པར་སྒྲུབ་པ་སྙིང་པོར་གྱིས། །རང་ཉིད་ངལ་ཞིང་བསྟན་འགྲོར་མི་ཕན་པའི། །གཞན་དོན་ལྟར་སྣང་འདི་ཡིས་ཅི་ཞིག་བྱ། །ཚེ་མཇུག་ལོ་ཟླ་ཁ་ཤས་ཅི་ཡོད་བར། །རིག་པ་ཆོས་དབྱིངས་ཀློང་དུ་ངལ་གསོས་ཤིག །དབྱིངས་རིག་དབྱེར་མེད་ནམ་མཁའ་ལྟ་བུ་ཡི། །ངང་

p. 397

ལས་ནམ་ཡང་གཡོ་བ་མེད་བཞིན་དུ། །འགགས་མེད་གཟུགས་སྐུ་འཇའ་ཚོན་བཞིན་དུ་ཤར། །མར་གྱུར་འགྲོ་བ་འདྲེན་པའི་སྨོན་ལམ་ཐོབ། །གལ་ཏེ་དེ་འདྲའི་སྐལ་བ་མི་ལྡན་ན། །དོན་མེད་འགྲོ་འདུག་མང་པོ་བྱེད་པ་ལས། །མཚན་ལྡན་བླ་མའི་ཕྱོགས་སུ་ཁ་བལྟས་ནས། །གོམ་པ་བདུན་ཙམ་སྤོས་པ་བསོད་ནམས་ཆེ། །ལྷ་བརྒྱའི་ཞལ་ལས་བླ་མའི་གསེར་ཞལ་གཅིག །མཇལ་བ་བསོད་ནམས་ཆེ་ཞེས་དམ་པས་གསུངས། །ཆགས་ཡུལ་བླ་མ་ཡོད་ཀྱང་བླ་མ་ལས། །ལྷག་ཅིག་སུ་ཡོད་གང་ལ་མ་ཆགས་པར། །མདོ་སྨད་ཕྱོགས་འདིའི་གཅེས་ཕྲུག་མང་པོ་ཡིས། །ཕ་མ་བསྐྱུར་ནས་དབུས་སུ་འོང་བ་བཞིན། །ཤོག་དང་ལམ་ལ་བར་ཆད་མི་འབྱུང་བར། །དཔོན་སློབ་ལྷན་ཅིག་འཛོམ་པའི་སྐྱབས་འཇུག་བྱ། །བདག་ནི་སྐྱེ་བ་འདི་ཡི་འོག་རོལ་ཏུ། །ངོ་མཚར་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་སོང་། །རྒྱལ་བ་མཆོད་ཅིང་འབྲེལ་ཐོགས་མ་ལུས་པ། །རང་རང་གང་འདོད་ཞིང་དུ་འདྲེན་པར་སྨོན། །སྤྲིང་ཡིག་ནོར་བུའི་འོད་ཟེར་ཞེས་བྱ་འདི། །མཐོང་ཐོས་རྣམས་ཀྱི་སེམས་ལ་ཕན་ཐོགས་ཤིང་། །གར་སོང་ཡུལ་དུ་ལོ་ལེགས་འབྲུ་ནོར་འཕེལ། །གང་བསམ་དོན་རྣམས་འགྲུབ་པའི་བཀྲ་ཤིས་ཤོག །

p. 398

ཅེས་པ་དང་། ཡང་བདེ་ལྡན་ཞིང་གི་མགོན་པོ་ངུར་སྨྲིག་གར་གྱི་རྣམ་རོལ་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་ཀྱི་པདྨོའི་དྲུང་དུ། སྐྱབས་འཇུག་གི་ཞུ་ཤོག་འདི་ཕུལ།། བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །སླར་ཡང་ངུར་སྨྲིག་གར་གྱི་རྣམ་རོལ་པ། །སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་ཞེས། །ཡོངས་སུ་གྲགས་པའི་ཞབས་ཀྱི་པདྨོའི་དྲུང་། །གུས་ཕྲན་སྒྱུ་ལུས་པདྨ་དཀར་པོ་ཡི། །འཇམ་མཉེན་རབ་མཛེས་སོར་བཅུའི་འདབ་མ་རྣམས། །སྤྱི་བོའི་ཟེའུ་འབྲུའི་ངོས་ལ་ཡར་ཕྱོགས་ཏེ། །རབ་ཏུ་གུས་པའི་ཞུ་ཚིག་དྲི་བསུང་སྤྲོ། །མགོན་ཁྱོད་གཟུགས་སྐུ་ནམ་མཁའི་ནོར་བུ་ལ། །མི་འདོད་སྒྲ་གཅན་འཚེ་བས་རིང་ནས་དབེན། །ཐུགས་རྗེའི་འོད་ཀྱིས་བསྟན་པའི་པད་ཚལ་དང་། །གདུལ་བྱ་གླིང་བཞི་ཡོངས་ལ་ཁྱབ་བོ་ཞེས། །སྙན་གྲགས་དབྱར་གྱི་རྔ་གསང་སྟོང་ལྡིར་བས། །ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་གང་བའི་མོད། །བདག་བློ་རྨོངས་པའི་གར་མཁན་གཞོན་ནུ་ཡང་། །དགའ་དད་ཟློས་གར་ལན་སྟོང་བསྒྱུར་དགོས་བྱུང་། །གུས་ཕྲན་སྒྱུ་ལུས་ཉམ་ཆུང་པདྨ་ཡང་། །མི་འདོད་རྒས་པའི་ནམ་ཟླས་གཏུགས་ན་ཡང་། །ན་འཆི་བ་མོས་ཧ་ཅང་མ་མནར་བར། །རྣམ་

p. 399

ཤེས་སྦྲང་བུ་འཁོར་བཞིན་བདེ་བར་མཆིས། །མགོན་ཁྱོད་བདེ་ལྡན་ཞིང་གི་མགོན་པོ་ལྟར། །ནམ་ཡང་བགྲེས་ཚུལ་ཙམ་ཡང་མི་སྟོན་པར། །བསྐལ་པ་ཁྲི་ཕྲག་འབུམ་ཕྲག་མང་པོའི་བར། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི །དོན་འདུས་བྱང་ཆུབ་ལམ་རིམ་རྔ་བོ་ཆེ། །ཆེས་ཆེར་བརྡུངས་ནས་གདུལ་བྱའི་ཞིང་ཀུན་གྱི། །འགྲོ་ཀུན་མ་རིག་གཉིད་ལས་བསླང་དུ་གསོལ། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ། །བཞུགས་ནས་འབྲལ་བ་མེད་པར་བྱིན་གྱིས་རློབས། །དེ་ལྟར་སྐྱབས་འཇུག་ཞུས་པའི་དགེ་བའི་མཐུས། །ཚེ་འདིར་བསྟན་འགྲོའི་དོན་ཆེན་འགྲུབ་པ་དང་། །ཕྱི་མར་བདེ་བ་ཅན་དང་དགའ་ལྡན་སོགས། །གང་འདོད་ཞིང་ནས་ཡང་ཡང་མཇལ་བར་ཤོག །ཅེས་ཚེ་རབས་མང་པོར་རྗེས་སུ་འཛིན་པའི་རྟེན་འབྲེལ་དུ་རིན་ཆེན་གསེར་བྱེའི་ཕྲེང་བ་བྱུ་རུའི་རྒྱན་ལྡན་དྲི་མ་མེད་པའི་ལྷ་རྫས་བཅས་རབ་ཏུ་གུས་པས་ཕུལ་ལོ། །ཡང་གངས་ཅན་འགྲོ་བའི་ལྷ་སྐལ་ཕྱག་ན་པདྨོའི་རྣམ་འཕྲུལ་སྐྱབས་མགོན་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་ཞབས་ཀྱི་

p. 400

པདྨོའི་དྲུང་དུ། སྐྱབས་འཇུག་གི་ཞུ་ཤོག་འདི་ཕུལ། གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །སླར་ཡང་ངུར་སྨྲིག་གར་གྱི་རྣམ་རོལ་པ། །སྐྱབས་མགོན་རྒྱལ་བ་མཁས་གྲུབ་རྒྱ་མཚོ་ཞེས། །ཡོངས་སུ་གྲགས་པའི་ཞབས་ཀྱི་པདྨོའི་དྲུང་། །ཁྱེད་ཀྱི་གདུལ་བྱའི་ཞིང་ཁམས་འདི་ཉིད་དུ། །སྐྱེས་པའི་མདོ་མེད་སྙོམས་ལས་ཞབས་དཀར་པས། །མགོན་ཁྱོད་ཕྱོགས་སུ་ལྷ་ཕྱག་གྲངས་མེད་བྱས། །ལག་གཉིས་ཐལ་མོ་སྦྱར་ནས་འདི་སྐད་ཞུ། །ཁྱེད་སྐུ་དཔག་བསམ་ལྗོན་ཤིང་བཟང་པོ་ལ། །མི་འདོད་ཉེར་འཚེ་མེད་པར་ཆེས་ཆེར་རྒྱས། །བྱམས་བརྩེ་བྱང་ཆུབ་སེམས་ཀྱི་བསིལ་གྲིབ་ལ། །གདུལ་བྱ་ལྷ་མི་བྱེ་བ་ཐེར་འབུམ་འཁོད། །སྙན་པའི་བ་དན་དཀར་པོ་ཕྱོགས་ཀུན་ཏུ། །གཡོ་བ་སྒྲ་འཛིན་དབང་བོར་སོན་པའི་མོད། །དད་གུས་དག་སྣང་དགའ་སྤྲོའི་གཏེར་ཁ་བརྡོལ། །རང་སེམས་ཁང་ཆུང་ནང་ཀུན་ཁེངས་པ་བྱུང་། །ཕྲན་ཆུང་སྒྱུ་ལུས་པད་དཀར་རྙིང་ན་ཡང་། །ན་འཆི་གྲང་རེག་བ་མོ་མ་ཕོག་པར། །ཕན་སེམས་དྲི་ངད་ཕྱོགས་ཀུན་འཐུལ་བཞིན་དུ། །རྣམ་ཤེས་སྦྲང་མས་མ་བཏང་ཙམ་དུ་མཆིས། །མགོན་ཁྱོད་ཚེ་དཔག་མེད་པ་ཇི་བཞིན་དུ། །བསྐལ་པ་བྱེ་བ་ཐེར་འབུམ་གྲངས་

p. 401

མེད་བར། །གདུལ་བྱའི་དོན་དུ་བརྟན་པར་བཞུགས་དགོས་ཞེས། །གསོལ་བ་འདེབས་པས་རེ་འབྲས་མཆིས་པར་མཛོད། །ཕན་བདེ་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས་པའི་ཕྱིར། །རིས་མེད་འགྲོ་ལ་མདོ་སྔགས་ཟུང་འབྲེལ་གྱི། ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་། །བྱང་ཆུབ་ཐོབ་ཀྱང་གཙུག་གི་རྒྱན་དུ་བཞུགས། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །དེ་ལྟར་སྐྱབས་འཇུག་ཞུ་བའི་ཡིག་ཆུང་ལ། །ཐུགས་རྗེའི་སྤྱན་གྱིས་ཡུད་ཙམ་གཟིགས་པའི་རྟེན། །སྟོང་མིན་ལྷ་རྫས་དང་བཅས་ཕུལ་བའི་མཐུས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །ཅེས་ཚེ་རབས་མང་པོར་རྗེས་སུ་འཛིན་པའི་རྟེན་འབྲེལ་དུ། གཡང་ཊིའི་ཕྲེང་བ་མ་ན་ཧོའི་རྒྱུན་ལྡན་དང་དྲི་མེད་ལྷ་རྫས་བཅས་ཕུལ་ལོ། །གཞན་ཡང་བོད་ཀྱི་རྒྱལ་པོ། བླ་མ་ལྕགས་ཟམ་པ། རི་སྣ་དགོན་བླ་མ། མཁར་རྡོ་སྤྲུལ་པའི་སྐུ། བླ་མ་སྦྱིན་པ་ནོར་བུ། བླ་མ་གངས་རི་བ། བླ་མ་ཡེ་ཤེས་སོགས་བླ་མ་རྣམས་དང་། སྦྱིན་བདག་རྩ་ཆང་དགའ། ཕུ་དམར་བར་ཚོ། སྡེ་པ་རྣམ་

p. 402

རྒྱལ་སོགས་སྦྱིན་བདག་རྣམས་ལ་མཚམས་ཞུས་ཡི་གེ་ཚིག་ལྷུག་ཚིགས་བཅད་བཅས་བརྒྱ་དང་བཅུ་གཅིག་བྲིས། ཡིག་རྟེན་དུ་གསེར་དངུལ་བསིལ་མ། གོས་ཀྱི་ཅོད་པན་དྲིལ་གདན། ཤེལ་ཅན། ཤེལ་གྱི་ཕྲེང་བ། པདྨའི་སྙིང་པོའི་ཕྲེང་བ་སོགས་དངོས་པོ་གང་ཡོད་དང་། དད་རྟེན་དུ་སྐུ་ལོ། ན་བཟའི་ཚལ་བུ། ཚེ་རིལ་རྟེན་འདུས་བསྲུང་མདུད་དཀར་སེར་དམར་ལྗང་། ཕྱི་མཛོད་ནང་མཛོད་འཇམ་དར་ཁོ་ན་བཅུག་རྒྱུ་བརྒྱབ་ནས་འགྲོ་མཁན་ལ་སྤྲད། སྐྱེས་ཀྱི་མཆོག་ཏུ་རྣམ་ཐར་མགུར་འབུམ་རྣམས་ཀྱི་པར་བརྒྱབ་ནས། གླེགས་བམ་བཞི་བཅུ་ལྷག་ཙམ་ལ་ཀོ་ཁྲ་བརྒྱབ་ནས་དོ་དམ་བྱས། འགྲོ་མཁན་ཀུན་དགའ། བློ་བཟང་དོན་འགྲུབ་རྣམས་ཀྱིས་ཁལ་རྟ་བྲོ་ཁ་གོས་ལྷམ་སྦིས་དཀར་ལམ་ཆས་བཟང་པོ་བཅས། མེ་ལུག་ལོའི་ཟླ་བ་བཞི་བའི་ཚེས་ལ་རེབ་གོང་ནས་ཐོན་སྦྲ་ནག་གི་མགྲོན་པོ་ཡོད་ས་འབལ་བར་དུ་སོང་། དེའི་ལོ་ནོར་ལ་གོར་བྱུང་ནས་འགྲོ་རྒྱུ་མ་བྱུང་བར་བསྡད་ནས། ལོ་རྗེས་མ་ས་སྤྲེལ་ལོ་ཟླ་བ་བཞི་བའི་ཚེས་བཅུ་གཅིག་ཉིན་ལམ་ལ་བུད་ནས་སོང་བས། དབུས་གཙང་དག་པའི་ཞིང་དུ་མགྲོན་པོ་ཐམས་ཅད་བདེ་བར་སླེབས། དབུས་གཙང་མངའ་རིས་བར་གྱི་སློབ་མ་ཡོན་བདག་རྣམས་ལ་སྤྱི་དང་སྒོས་ཀྱི་མཚམས་ཞུས་རྣམས་སྤྲད་པས། ང་ཁམས་

p. 403

བཟང་ཞིང་འགྲོ་དོན་འཕེལ་པོ་ཡོང་བ་ལ་དགའ་ཞིང་། ད་ནི་ཚེ་འདིར་མཇལ་རྒྱུ་མ་རེད་སྙམ་དད་ཅན་རྣམས་ཀྱི་སེམས་ལ་སྐྱོ་སྣང་ཤར་ནས་མིག་ནས་མཆི་མ་གཡོ་བ་བྱུང་སྣང་། ཡང་དེའི་ལོ་ང་ཡང་འབྲོག་པ་རྒྱུད་པ་གྲྭ་ཚང་། མདོ་པ། མགོན་ཤུལ། མགར་རྩེ། དཔྱི་པ། ཧོར། སོ་ནག སྐྱ་རྒྱ། བོན་རྒྱུ། ཨ་མགྲོན་སོགས་ལ་སོང་འགྲོ་དོན་འདྲ་བྱས། དེའི་ལོ་མགོན་ཤུལ་ཕར་བཟུང་ལ་ནོར་ནད་བྱུང་ནས་མཛོ་མོ་འབྲི་གཡག་བརྒྱ་སྟོང་མང་པོ་འཆི་བ་མཐོང་ཚེ་སྙིང་རྗེ་སྐྱེས་ཕན་རེ་ཨེ་ཐོགས་སྙམ་རི་མཐོན་པོ་ཐམས་ཅད་ཀྱི་རྩེར་སོང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་སྐྱབས་འགྲོ་བྱས། དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་བཏབ། ཡུལ་ལྷ་ལ་བསང་། སྡེ་བརྒྱད་ལ་གསེར་སྐྱེམས་བཏང་། ཚེ་གཟུངས་དང་རིགས་གསུམ་མགོན་པོའི་དར་ལྕོག་བཙུགས། གཞན་ཡང་ཡི་དམ་ལྷའི་སྒོ་ནས་བགེགས་བསྐྲད་སྲུང་འཁོར་བསྒོམས། བྱིན་འབེབས་བཀྲ་ཤིས་བརྗོད་པ་སོགས་བྱས་ཀྱང་། སེམས་ཅན་གྱི་ལས་དབང་གིས་ཕལ་ཆེ་བ་ཞིག་མ་གཏོགས་གཞན་ཐམས་ཅད་ལ་ཕན་མ་ཐོགས་པར། །དེའི་རྐྱེན་བྱས་འཆི་བ་མི་རྟག་པ་དྲན་ནས་ཡོན་བདག་རྣམས་ལ་སྤྱིར་ཆོས་ཐམས་ཅད་མི་རྟག་ཅིང་། སྒོས་སུ་ངེད་

p. 404

རྣམས་ཀྱང་འདི་བཞིན་འཆི་བ་ལས་མ་འདས་པས་ད་ཕྱིན་ཆད་ཆོས་གྱིས་ཞེས་མགུར་དབྱངས་འདི་བླངས་སོ། །སྐྱབས་མགོན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །འདོད་དགུའི་དངོས་གྲུབ་ཐམས་ཅད་ཆར་བཞིན་ཕོབ། །འདི་ཕྱིར་བདེ་བའི་ཆོས་ཀྱི་མགུར་དབྱངས་ལེན། །གཉིད་རྨུགས་སྤོངས་ལ་དགའ་བའི་སེམས་ཀྱིས་ཉོན། །ད་ལོ་སྒོ་ནོར་ཤི་བ་འདི་བཞིན་དུ། །ངེད་རྣམས་ཀུན་ཀྱང་འཆིའོ་ཡོན་བདག་རྣམས། །འཆི་བ་སོམས་ལ་ཕྱི་མར་འགྲོ་གྲབས་གྱིས། །འགྲོ་གྲབས་ལྷ་ཆོས་ཡིན་ནོ་ཡོན་བདག་རྣམས། །ནོར་རྫས་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །ཡོད་དུས་མཆོད་སྦྱིན་ཐོངས་ཤིག་ཡོན་བདག་རྣམས། །ཕན་བདེ་འབྱུང་གནས་བླ་མ་དཀོན་མཆོག་ལ། །རྟག་ཏུ་གསོལ་བ་ཐོབ་དང་ཡོན་བདག་རྣམས། །ཕ་མར་བཀུར་ན་བུ་ལ་བསོད་ནམས་སྐྱེ། །རྒས་དུས་བརྩི་བཀུར་གྱིས་ཤིག་ཡོན་བདག་རྣམས། །དཔའ་བོ་མཁའ་འགྲོ་དངོས་དེ་མཆེད་གྲོགས་ཡིན། །གྲོགས་ལ་བརྩེ་གདུང་མཛོད་ཅིག་ཡོན་བདག་རྣམས། །འགྲོ་ཀུན་སྐྱེ་བ་སྔོན་མའི་ཕ་མ་ཡིན། །སྙིང་རྗེ་ཕན་ཐོགས་མཛོད་ཅིག་ཡོན་བདག་རྣམས། །ཕྱག་དང་སྐོར་བས་ལས་ངན་སྡིག་སྒྲིབ་འདག །རྟེན་ལ་ཕྱག་སྐོར་

p. 405

གྱིས་ཤིག་ཡོན་བདག་རྣམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་ཡིན། །རྒྱུན་དུ་མ་ཎི་བགྲོངས་ཤིག་ཡོན་བདག་རྣམས། །དགེ་བ་གང་བྱས་མཇུག་ཏུ་བསྔོ་སྨོན་མཛོད། །མྱུར་དུ་སངས་རྒྱས་འཐོབ་བོ་ཡོན་བདག་རྣམས། །ལྷ་ཆོས་བྱེད་ན་ཞལ་གདམས་མང་མི་དགོས། །དེ་རྣམས་ཡིད་ལ་ཟུངས་ཤིག་ཡོན་བདག་རྣམས། །གླུ་འདི་ཐོས་ཚད་ཡོན་བདག་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་གཡང་ཆགས་ཤིང་། །གཡང་ནོར་མང་པོས་ས་སྟེང་ཁྱབ་གྱུར་ཅིག །ཅེས་བླངས་པས་ཡོན་བདག་ཕོ་མོ་དད་ཅན་རྣམས་ཀྱིས་འཆི་བ་མི་རྟག་པ་བསམས་ནས་ཚེ་ཕྱི་མའི་རྒྱགས་ཕྱེ་རུ་དམིགས་ཏེ། ང་ལ་སྔ་ཕྱི་རིམ་ཅན་བྱས་རྟ་རྒོད་མ་ཉི་ཤུ་རྩ་ལྔ་། ནོར་ནག་བརྒྱ་དང་ལྔ་བཅུ། ལུག་སྟོང་ཕྲག་གཅིག རྐྱལ་མར་ཆེ་ཆུང་བཅོ་ལྔ། ཕྱུར་བ་དོ་བོ་བདུན། ཚར་བུ་པགས་ཆུང་གོས་འདང་བཅུ། རས་བླ་བུ་དཀར་དམར་བཅུ་གསུམ། ཝ་ལྤགས་བརྒྱད། བྷུ་ལའི་ལྷམ་དྲུག སྒ་ཐག་འབྲེང་ཟངས་ང་ཀ་ཅ་སོགས་མཁོ་དགུའི་ཡོ་བྱད་ཁལ་མང་པོ་བཅས་ཕུལ་བ་རྣམས་བླངས་ནས་གསོག་འཇོག་མ་བྱས་པར་ཆ་གསུམ་དུ་བཏང་ནས།

p. 406

གཉིས་ཀྱིས་མཆོད་སྦྱིན་བྱས། གཅིག་ངེད་དཔོན་སློབ་རྣམས་ཀྱི་ལོ་གཅིག་གི་མཐུན་རྐྱེན་དུ་བཞག་ནས། དཔོན་སློབ་ཁ་ཤས་ཤིག་དང་བཅས་ཏེ་འབྲོང་ལུང་དབེན་པའི་ནགས་ཁྲོད་དུ་འོངས། ཉི་མ་ཁ་ཤས་ཁམས་བསང་བྱས། དེ་ན་ཡོད་པའི་ནོར་རྣམས་མ་ཤི་འདུག དེ་ནས་མཚམས་པ་མང་པོ་དང་བཅས་ཏེ་ནང་དུ་བསྡད་ནས། དེའི་ལོ་ངེད་རྣམས་ཀྱི་ལམ་ཉམས་ལེན་གྱི་གཙོ་བོ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ནང་ལྟར་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསམས་ནས་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བག་ཡོད་དྲན་ཤེས་བསྟེན་ནས་སྤྱིར་ཕར་ཕྱིན་དྲུག་དང་། ཐབས་མཁས་བསྡུ་བ་རྣམ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ཡིད་དུ་འོང་བ་ཐམས་ཅད་ལ་ཅི་ནུས་སུ་བསླབས་ཤིང་། ཁྱད་པར་འགྲོ་ཀུན་ཕ་མར་བསམས་ནས་བྱམས་སྙིང་རྗེ་བདག་གཞན་མཉམ་བརྗེས་ཀྱི་བློས་ཁེ་དང་རྒྱལ་ཁ་གཞན་ལ་སྟེར་ཞིང་། གྱོང་དང་ཕམ་ཁ་རང་གིས་ལེན་པ་དང་། ཕན་བཏགས་པའི་ལན་དུ་གནོད་པ་སྐྱེལ་མཁན་བྱུང་ན་ཡང་བཟོད་པ་བསྒོམ་པ་ཙམ་དུ་མ་ཟད། གནོད་ལན་དུ་བཀའ་དྲིན་གཏང་རག་འབུལ་བའི་བསམ་སྦྱོར་གོང་འཕེལ་དུ་བཏང་བས། ཀུན་གྱི་ཉོན་མོངས་ཆགས་ཞེན་ཇེ་ཆུང་དུ་སོང་། སྙིང་རྗེ་ཕན་སེམས་ཇེ་ཆེ་རུ་སོང་ནས། སྙིགས་

p. 407

དུས་ཀྱི་ཉམ་ཐག་སེམས་ཅན་མང་པོ་ལ་ཕན་ཐོགས་ནས་གནས་སྐབས་སུ་བདེ་ཞིང་། མཐར་ཐུག་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་འགོད་ནུས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཤ་སྟག་བྱུང་ངོ་། །ཡང་ཉིན་ཅིག་དད་བརྩོན་ཤེས་རབ་སྙིང་རྗེ་འཛོམ་པའི་ཨ་ལགས་མཁའ་འགྲོ་སོགས་གནས་དེར་འདུག་པ་རྣམས་ཀྱིས་སེམས་ལ་ཕན་པའི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཆོས་མཛད་ཡོངས་ལ་ཕན་པའི་མགུར་དབྱངས་འདི་བླངས་སོ། །སྙིང་རྗེ་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས། །སྙིང་རྗེ་ཆེན་པོས་འགྲོ་ཀུན་བུ་བཞིན་སྐྱོངས། །སྟོང་ཉིད་སྙིང་རྗེ་གཉིས་པོ་ཆོས་ཀུན་གྱི། །སྙིང་པོ་ཡིན་པ་རྒྱལ་བ་སྲས་བཅས་གསུངས། །སྲིད་ཞིའི་མཐའ་ལ་མི་གནས་སངས་རྒྱས་རྒྱུ། །དེ་གཉིས་ཡིན་པ་ས་ར་ཧ་པས་གསུངས། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་རུལ་ཞེས། །ཨོ་རྒྱན་ཆེན་པོས་རྗེ་འབངས་རྣམས་ལ་གསུངས། །དེ་ཕྱིར་བཀའ་གདམས་བླ་མ་གོང་མ་ཡིས། །སྟོང་ཉིད་ལས་ཀྱང་སྙིང་རྗེ་གལ་ཆེ་གསུངས། །སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེའོ་ཞེས། །རྗེ་བཙུན་མི་ལ་རས་པའི་ཞལ་ནས་གསུངས། སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ་བ་གཉིས། །དུས་མཉམ་ཡིན་ཞེས་

p. 408

དམ་པ་སངས་རྒྱས་གསུངས། །གང་ལྟར་ན་ཡང་སྟོང་ཉིད་སྙིང་རྗེ་གཉིས། །མེད་ཐབས་མེད་པའི་ཆོས་ཤིག་ཡིན་པར་གསུངས། །དེ་ཕྱིར་ཆོས་པ་བཟང་པོ་ཞིག་བྱེད་ན། །སྟོང་ཉིད་སྙིང་རྗེ་ཐུགས་དམ་མཐིལ་དུ་ཟུངས། །མ་ཡིས་མཐོང་སར་བུ་ཆུང་མེ་ནང་དུ། །ལྷུང་བ་མཐོང་ན་སྙིང་རྗེ་སྐྱེ་བ་ལྟར། །མཉམ་གཞག་སྒང་ལ་སྡུག་བསྔལ་ཅན་མཐོང་ན། །དེ་ལ་བཅོས་མིན་སྙིང་རྗེ་སྐྱེ་བ་དགོས། །བུ་ཆུང་ངུ་སྒང་ཨ་མ་སླེབས་པའི་ཚེ། །ངུ་འཕྲོ་ཆད་ནས་དགའ་བདེ་འཆར་བ་ལྟར། །སྙིང་རྗེ་སྒང་ལ་མཉམ་གཞག་སླེབས་པའི་ཚེ། །སེམས་སྡུག་ཆད་ནས་དགའ་བདེ་འཆར་བ་དགོས། །དེ་ལྟར་བྱུང་ན་སྟོང་ཉིད་སྙིང་རྗེ་གཉིས། །འབྱོངས་པ་ཡིན་ཀྱང་ད་དུང་ཟུང་འབྲེལ་བྱས། །སྦྱངས་ན་སྙིགས་དུས་ཆོས་པ་ཐམས་ཅད་ལས། །རབ་དང་ཕུལ་དང་མཆོག་ཏུ་འགྱུར་བར་ངེས། །སྟོང་ཉིད་སྙིང་རྗེ་གླུ་འདི་ཐོས་ཚད་ཀྱི། །རྒྱུད་ལ་ཕན་ཐོགས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བླངས་པས་འཕགས་པའི་ཐུགས་རྗེས་ཀུན་ལ་བཅོས་མ་མ་ཡིན་པའི་ང་རྗེ་སྐྱེས་པ་བྱུང་ངོ་། །ཡང་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་མཚོ་ང་རི་ཁྲོད་པ་ངག་དབང་རིན་ཆེན་དཔོན་སློབ་གཉིས་ཀྱིས་སྐུ་གསུང་ཐུགས་རྟེན་དང་རྟ་གཉིས་དངུལ་སྲང་སུམ་ཅུ་རྩ་ལྔ། ལི་

p. 409

ཡི་གསོལ་དེམ། འགོ་སྣམ་གྱི་སྟོད་ཐུང་སོགས་ནོར་སྣ་མང་པོའི་འབུལ་བ་དང་བཅས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། སྐྱབས་གནས་ཀུན་འདུས་ཁྱུང་ལུང་རས་པ་སོགས། །ཆོས་འབྲེལ་ཐོབ་པའི་བླ་མ་ཐམས་ཅད་ལ། །བདག་གཞན་སྒོ་གསུམ་གུས་པས་གསོལ་བ་འདེབས། །ཕ་རྗེས་བུ་ཡིས་ཟིན་པར་བྱིན་གྱིས་རློབས། །འཇིག་རྟེན་འཁོར་བའི་བྱ་བ་ཐམས་ཅད་ལ། །མངོན་ཞེན་གཏིང་ནས་ལོག་པའི་ཞབས་དཀར་རྗེ། །མགོན་ཁྱོད་གོང་མ་རྒྱལ་པོའི་མངའ་ཐང་ལ། །ཡིད་སྨོན་སྤུ་ཙམ་མེད་པ་བདེན་ན་ཡང་། །བདག་གཞན་འགྲོ་ཀུན་ཚོགས་གཉིས་རྫོགས་པའི་ཕྱིར། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །བཞེས་ནས་བདག་སོགས་འགྲོ་བ་མ་ལུས་པ། །རྗེ་བཙུན་ཁྱེད་ཀྱིས་རྗེས་སུ་གཟུང་དུ་གསོལ། །བདག་དང་བདག་འདྲའི་ཤེས་རབ་དམན་པ་ལ། །གོ་སླ་འཁྱེར་བདེའི་གདམས་པ་བསྟན་དུ་གསོལ། །བསྟན་པ་བཞིན་དུ་རང་གིས་ཉམས་སུ་བླངས། །གཞན་ལ་ཕན་ཐོགས་འབྱུང་བར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ་ངས་ཕན་པའི་བསླབ་བྱ་ཚིགས་སུ་བཅད་ནས་སྨྲས་པ། བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །

p. 410

སྐྱབས་འགྲོའི་རྩ་བ་དད་པ་བརྟན་པར་གྱིས། །སེམས་བསྐྱེད་རྩ་བ་བྱམས་དང་སྙིང་རྗེ་སྒོམས། །བྱིན་རླབས་རྩ་བ་བླ་མར་མོས་གུས་གྱིས། །དངོས་གྲུབ་རྩ་བ་ཡི་དམ་བསྐྱེད་རྫོགས་སྒོམས། །འཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་མཆོད། །ཡོན་ཏན་རྩ་བ་སྡོམ་གསུམ་ཚུལ་བཞིན་སྲུངས། །ཉམས་ལེན་རྩ་བ་བྱང་ཆུབ་སེམས་གཉིས་སྒོམས། །འདུན་མའི་རྩ་བ་དགེ་སྡིག་བླང་དོར་གྱིས། །མི་ཆོས་རྩ་བ་ཀུན་དང་མཐུན་པར་གྱིས། །ལྷ་ཆོས་རྩ་བ་གཞན་ཕན་གང་ཆེ་གྱིས། །ཉམས་ལེན་ནུས་ན་ཧ་ཅང་མང་མི་དགོས། །དེ་ཙམ་གྱིས་ཀྱང་རང་གཞན་དོན་གཉིས་ཡོང་། །རྗེས་འཇུག་སློབ་མ་རྣམས་ཀྱིས་སེམས་ལ་ཟུངས། །མཐོང་ཐོས་དད་ཅན་རྣམས་ལ་ཕན་པར་ཤོག །ཅེས་སྨྲས་པ་བཞིན་དུ་བསྒྲུབས་པའི་མཐུས་རྗེས་སུ་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པའི་ཆོས་པ་བཟང་པོ་གཉིས་བྱུང་ངོ་། །ཡང་ཚ་ཁོའི་འབྲོག་ཕྱོགས་ཀྱི་ཆོས་ལ་ཕྱོགས་རིས་མེད་པའི་བླ་མ་བཟང་པོ་གཞན་ཕན་འོད་ཟེར་དང་། དཔལ་འབྱོར་གཉིས་བྱོན་ནས་བདག་ལ་བྱང་ཆུབ་ཀྱི་སེམས་གཉིས་ལ་སོགས་པའི་སེམས་ལ་ཕན་པའི་ཆོས་འདྲ་ཞུས། ཉམས་ལེན་འདྲ་བྱས་ནས་ཕེབས་ཁར་བསྟན་འགྲོ་ཡོངས་ལ་ཕན་པའི་ཞལ་གདམས་བཟང་པོ་ཞིག་དགོས་ཞེས་བསྐུལ་ངོར། ངས་འདི་སྐད་ཅེས་སྨྲས་

p. 411

སོ། །འོ་དེ་ཡང་འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་འདི་ལ། རྒྱ་གར་འཕགས་པའི་ཡུལ་དུ་ཉན་ཐོས་ཕལ་ཆེན་སྡེ་དང་། ཡོད་སྨྲ་སྡེ་དང་། གནས་བརྟན་སྡེ་དང་། མང་པོས་བཀུར་བའི་སྡེ་སྟེ་རྩ་བའི་སྡེ་བཞི་བྱུང་། ཕལ་ཆེན་སྡེ་ལས། ཤར་གྱི་སྡེ་དང་། ནུབ་ཀྱི་སྡེ་དང་། གངས་རིའི་སྡེ་དང་། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་དང་ལྔ་གྱེས། ཡོད་སྨྲ་སྡེ་ལས། གཞི་ཀུན་པའི་སྡེ་དང་། འོད་སྲུངས་སྡེ་དང་། ས་སྲུངས་སྡེ་དང་། ཆོས་སྲུངས་སྡེ་དང་། མང་ཐོས་སྡེ་དང་། གོས་དམར་སློབ་མའི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་སྟེ་བདུན་གྱིས། གནས་བརྟན་སྡེ་ལས། རྒྱལ་བྱེད་ཚལ་ན་གནས་པའི་སྡེ་དང་། འཇིགས་བྱེད་གནས་ན་གནས་པའི་སྡེ་དང་། གཙུག་ལག་ཁང་ཆེན་ན་གནས་པའི་སྡེ་སྟེ་གསུམ་གྱེས། ་མང་བཀུར་སྡེ་ལས། ས་སྒྲོགས་རིས་ཀྱི་སྡེ་དང་། སྲུང་བའི་སྡེ་དང་། གནས་མའི་བུ་ཡི་སྡེ་སྟེ་གསུམ་གྱེས་པས་ཉན་ཐོས་སྡེ་བ་བཅོ་བརྒྱད་བྱུང་བ་དེ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཡིན་ཏེ། སློབ་དཔོན་དུལ་བ་ལྷས། ཤཱཀྱ་སེང་གེའི་བསྟན་པ་ནི། །དེ་ལྟར་དབྱེ་བ་བཅོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་འཕྲིན་

p. 412

ལས་ངེས་པ་ཡིན། །གསུངས་སོ། །དེའི་རྟེན་འབྲེལ་གྱིས་གངས་ཅན་ལྗོངས་འདིར་ཡང་གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་བྱུང་སྟེ། དེ་ལ་ཉན་ཐོས་རྩ་བའི་སྡེ་བཞི་ལྟ་བུ་ལ། སྔ་འགྱུར་རྙིང་མ་དང་། བཀའ་བརྒྱུད་པ་དང་། བཀའ་གདམས་པ་དང་། ས་སྐྱ་པ་སྟེ། གྲུབ་མཐའ་རྐང་ཚུགས་པ་བཞི་བྱུང་། རྙིང་མ་ལ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ་དང་། ཟབ་མོ་དག་སྣང་གི་སྐོར་ཏེ་གསུམ་གྱེས། བཀའ་བརྒྱུད་པ་ལ་ཀརྨ་པ་དང་། འབྲུག་པ་དང་། འབྲི་ཁུང་པ་དང་། སྟག་ལུང་པ་སྟེ་བཞི་གྱེས། བཀའ་གདམས་པ་ལ། བཀའ་གདམས་གཞུང་པ་དང་། མན་ངག་པ་སྟེ་གཉིས་གྱེས། དེ་ལས་མཆེད་པའི་དགེ་ལྡན་པ་ལ། དགེ་ལྡན་གཞུང་པ་དང་། སྙན་བརྒྱུད་པ་གཉིས་གྱེས། དཔལ་ལྡན་ས་སྐྱ་པ་ལས་ངོར་བ་གྱེས་པས་གཉིས། གཞན་ཡང་ཕ་དམ་པའི་ཞི་བྱེད་དང་། མ་ཅིག་གི་གཅོད་དང་། ཤངས་པ་བཀའ་བརྒྱུད་དང་། ཇོ་ནང་དང་བོ་དོང་པ་སྟེ། གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་ཙམ་ཞིག་གྱེས་པ་འདི་ཐམས་ཅད། སངས་རྒྱས་ཀྱི་བསྟན་པ་ལས་མར་མེ་གཅིག་ལས་གཉིས་མཆེད་པས། ཕན་དེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་སྣ་ཚོགས་ནས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་བྱུང་བ་ལ། ལོག་ལྟ་ཐེ་

p. 413

ཚོམ་ཕྲག་དོག་འགྲན་སེམས་སོགས་སྤུ་ཙམ་ཡང་མི་བྱེད་པར་ཐམས་ཅད་ལ་དད་གུས་དག་སྣང་སྦྱངས་ནས། ཀུན་གྱིས་མཆོད་བསྟོད་བཀུར་བ་ལ་བརྩོན་དང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བར་འགྱུར་རོ་ཞེས་མགུར་དབྱངས་འདི་བླངས་གསར་རྙིང་ཆོས་ལ་ཕྱོགས་རིས་མ་མཆིས་པའི། །དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །བོད་དུ་དར་བའི་གྲུབ་མཐའ་ཐམས་ཅད་ཀྱི། །ཉེ་རིང་ཆགས་སྡང་ཞི་བར་བྱིན་གྱིས་རློབས། །ཨོ་རྒྱན་པདྨ་བོད་དུ་མ་བྱོན་ན། །བོད་ཀྱི་ལྷ་འདྲེ་ཐམས་ཅད་སུ་ཡིས་འདུལ། །ལྷ་འདྲེ་བཏུལ་ནས་བསྟན་པ་མ་བཙུགས་ན། །བཀའ་དང་བསྟན་བཅོས་འདི་རྣམས་གང་ནས་ཡོང་། །བཀའ་གདམས་ས་སྐྱ་དགེ་ལྡན་མ་བྱུང་ན། །སངས་རྒྱས་བསྟན་པའི་གཞི་མ་སུ་ཡིས་འཛིན། །རྙིང་མ་བཀའ་བརྒྱུད་ཞི་བྱེད་གཅོད་མེད་ན། །སྒྲུབ་བརྒྱུད་བསྟན་པའི་ཁྱད་ཆོས་སུ་ཡིས་འདོན། །ས་པཎ་དུས་སུ་མདའ་འཕྱར་མེད་གྱུར་ན། །འཕྲོག་བྱེད་དགའ་བོར་རྫུ་འཕྲུལ་སུ་ཡིས་འགྲན། །ཆོས་ལུགས་གྲུབ་མཐའ་མང་པོ་མ་དར་ན། །བསྟན་པ་དར་ཞིང་རྒྱས་པ་སུ་ཡིས་བྱེད། །སངས་རྒྱས་བསྟན་ལས་སོ་སོར་གྱེས་པ་ཡི། །རྒྱ་གར་

p. 414

ཉན་ཐོས་སྡེ་བ་བཅོ་བརྒྱད་དང་། །བོད་དུ་དར་བའི་གྲུབ་མཐའ་མ་ལུས་པ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ན་བཟང་། །ཆོས་ལུགས་གྲུབ་མཐའ་མི་འདྲ་སོ་སོ་ཡིས། །རང་རོང་ཕྱོགས་ཀྱི་བསྟན་པ་བཟུང་གྱུར་ན། །རིས་མེད་བསྟན་པ་དར་ཞིང་རྒྱས་པ་དང་། །མཁའ་མཉམ་འགྲོ་ལ་བདེ་སྐྱིད་ཚད་མེད་འབྱུང་། །དེ་ཕྱིར་བོད་དུ་དར་བའི་གྲུབ་མཐའ་རྣམས། །ཕན་ཚུན་ཆགས་སྡང་རྩོད་པ་མ་བྱེད་པར། །རང་རང་ཕྱོགས་ཀྱི་བསྟན་པ་ཟུངས་ཤིག་ཅེས། །ཚོགས་དྲུག་རང་གྲོལ་ཐལ་སྦྱར་གསོལ་བ་འདེབས། །བདག་གིས་ལེགས་པར་བཤད་པའི་གཏམ་སྙན་འདི། །ཆོས་ལུགས་གྲུབ་མཐའ་གང་གིས་གོ་ན་ཡང་། །རྒྱུད་ཀྱི་གྲུབ་མཐའི་ཕྱོགས་རིས་ཀུན་ཞི་ནས། །ཕྱོགས་མེད་དད་གུས་དག་སྣང་འཆར་བར་ཤོག །ཅེས་བླངས་པས་གཉིས་ཀའི་སེམས་ལ་ཕན་པོ་བྱུང་། ཡུལ་དུ་སོང་ནས་གཞན་ལ་བསྟན་པས་ཀྱང་ཆོས་དང་གང་ཟག་མང་པོ་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་པ་བྱུང་ངོ་། །དེའི་ལོའི་ཟླ་བ་བཞི་བའི་ནང་ལ་འབྲོག་པའི་གནས་མཇལ་བ་སྟོང་ཕྲག་མང་པོ་བྱུང་། དེ་དག་རྣམས་ལ་དབང་ལུང་མང་པོ་བྱས། དེ་རྣམས་ལ་ཁྱེད་རྣམས་ཀྱིས་དབང་ཡོན་དུ་དམིགས་ནས་རྡོ་རེ་སྐྱོལ་ལ་སོང་བྱས་པས། ཀུན་གྱིས་རྡོ་རེ་བླངས་པས་རྗེས་ནས་སངས་རྒྱས་

p. 415

སྟག་ཡན་གཉིས་ཀྱིས་བརྩིགས་པའི་རྡོའི་མཆོད་རྟེན་ཆེན་པོ་ཞིག་བྱུང་། འབྲོག་པ་རྣམས་ཀྱིས་རྒྱལ་བའི་ཡུམ། །ཏིང་འཕགས་བསྐལ་གསུམ་སོགས་གསེར་དངུལ་ལས་བྲིས་པའི་ཆོས་བརྒྱ་ལྷག་བསྐྱལ་བ་ལ་གདོང་དར་བརྒྱབ་ནས། ཇོ་ཁང་ནང་གི་ཀུན་དགའ་ར་བར་བསྒྲིགས། ལྷ་བཟོ་ཡེ་ཤེས་དར་རྒྱས་དང་། གོར་སིའི་གཉིས་ཀྱིས་ང་སྡོད་སའི་མཚམས་ཁང་ནང་དུ་སྐུ་འདྲ་ཁྲུ་གང་རེ་ཡོད་པ་བདུན་བཞེངས། ཇོ་བོའི་ལྷ་ཁང་གི་རྒྱ་མཐོངས་ནང་དུ་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་བླ་སྐུ་མང་པོ་བྲིས། སྐུ་གསུང་ཐུགས་རྟེན་རྣམས་འགྲུབ་པ་དང་། དགེ་ཚོགས་རྣམས་བསྟན་འགྲོ་སྤྱི་དང་ཁྱད་པར་འབྲེལ་ཐོགས་རྣམས་གནས་སྐབས་བདེ་ཞིང་། །མཐར་ཐུག་སངས་རྒྱས་པའི་ཕྱིར་བསྔོ་བ་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་བྱས། ལྷ་བཟོ་ཤིང་བཟོ་རྡོ་བཟོ་ལས་བྱེད་པ་རྣམས་ལ་གསོལ་རས་རྒྱ་ཆེན་པོ་བྱིན་ཐམས་ཅད་དགའ་བར་བྱས། དེར་བཞུགས་པའི་བླ་མ་གྲྭ་པ་མཚམས་པ་རྣམས་ཀྱི་ཆོས་ཀྱི་མཐུན་རྐྱེན་དུ་མཛོ་འབྲི་ཁལ་རྟ་ཉི་ཤུ་ལུག་བརྒྱ་ལྷག་བཞག་ཐམས་ཅད་ཀྱིས་ཆོས་བཞིན་འདུལ་བཞིན་བླ་མའི་བཀའ་བཞིན་བསྒྲུབས་པས། ཡུལ་ཕྱོགས་ཐམས་ཅད་ལ་ཆར་ཆུ་དུས་སུ་བབས། ལོ་ཕྱུགས་

p. 416

རྟག་ཏུ་ལེགས་མི་ནད་ཕྱུགས་ནད་ཞི། དུས་འཁྲུག་ནད་མུག་མེད། རོང་འབྲོག་ཐམས་ཅད་བདེ་ཞིང་སྐྱིད་པའི་སྒོ་ནས་དམ་པའི་ཆོས་བྱེད་པའི་སྐལ་བ་བཟང་པོ་བྱུང་ངོ་། །ཡང་དེ་དུས་སྐ་གསར་ཀླུ་འབུམ་སྤུན་གྱི་ཕ་རྒན་གཤེགས་པའི་དོན་དུ་བསྔོ་ཞུས་ཁྱེར་ཡོང་བའི་འབྱོར་ལན་དུ་སླར་ཡང་ཚིགས་བཅད་འདི་ཕུལ་ལོ། །མཁས་བཙུན་བཟང་གསུམ་འཛོམ་པའི་ལྷ་རམས་པ། །དད་གཏོང་བློ་གྲོས་ཆེ་བའི་ཀླུ་འབུམ་ལ། །རབ་ཏུ་གུས་པས་འབྱོར་ལན་ཡི་གེ་འབུལ། །ཁྱེད་རང་རྣམས་ལ་ཤིན་ཏུ་དྲིན་ཆེ་བའི། །ཕ་རྒན་སྒྱུ་ལུས་མེ་ཏོག་འཐོར་སོང་བ། །གོ་ཚེ་རྣམ་ཤེས་སྦྲང་མ་འདྲ་བ་ལ། །ཕན་པའི་སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱས། །ཁྱེད་རང་རྣམས་ཀྱིས་ཕ་མའི་དྲིན་གཟོ་རུ། །དམིགས་ནས་དབུས་གཙང་གཉིས་པ་བླ་བྲང་དང་། །རོང་བོའི་དགོན་ཆེན་བཀྲ་ཤིས་འཁྱིལ་བ་དང་། །ཚེ་ཚེས་བཞི་སོགས་དགོན་སྡེ་མཐའ་དག་ལ། །མཆོད་སྦྱིན་རྒྱ་ཆེན་མཛད་པ་ཐོས་པའི་མོད། །རབ་ཏུ་དགའ་བའི་རྗེས་སུ་ཡི་རང་བྱུང་། །འདི་རུ་བསྔོ་རྟེན་བསྐོལ་ཇ་ལན་ཆེན་གཉིས། །བསྐུར་པ་འཕྲོད་པས་བཀའ་དྲིན་ཤིན་ཏུ་ཆེ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །ཚེ་འདས་འཁོར་བ་ངན་སོང་སྡུག་བསྔལ་ལས། །གྲོལ་ནས་ལྷ་མིའི་རྟེན་བཟང་ལེགས་

p. 417

བརྒྱུད་ནས། །རིམ་གྱིས་སངས་རྒྱས་གོ་འཕང་འཐོབ་པར་ངེས། །རྗེས་ན་ཡོད་པའི་ཚེ་ལྡན་ཐམས་ཅད་ཀྱིས། །ཆོས་ལྡན་བྱ་བ་རྣམས་ལ་ལེགས་བརྩོན་དང་། །ཚེ་དང་བསོད་ནམས་མངའ་ཐང་རིགས་རྒྱུད་སོགས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་ཡོང་། །ཡིག་རྟེན་མི་ལོ་སྟོང་ཕྲག་ཐུབ་པ་ཡི། །སྒྲ་མི་སྙན་གྱི་འཆི་མེད་རིང་གཟུངས་སྒོས། །བསྒྲུབས་པའི་འཆི་མེད་ཚེ་ཡི་རིལ་བུ་བཅས། །ཟླ་ཚེས་བཟང་པོར་ཕུལ་བ་དགེ་ལེགས་འཕེལ། །ཞེས་ཕུལ་བ་འབྱོར་བས་མཐོང་ཐོས་ཀྱི་སེམས་དགའ་བ་བྱུང་ངོ་། །ཡང་དད་ཅན་སློབ་བུ་ཁམས་པ་འགྱུར་མེད་དང་པདྨ་བསམ་འགྲུབ་གཉིས་ཀྱིས་སེམས་ལ་ཕན་པའི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར། དབྱིངས་རིག་དབྱེར་མེད་གནས་ལུགས་སྐྱོངས་དང་སེམས་ཁ་ཡངས་པོ་ཡོང་། དེ་ལ་ལུས་མི་གཡོ་བར་རོ་སྟོང་སེང་ངེ་བྱས། མིག་མི་འགུལ་བར་སྣང་དུ་ཧ་རེ་བྱ། སྣང་ཡུལ་མ་འགགས་པར་གསལ་བར་ཤར་ཡང་། འཛིན་པས་མ་བསླད་པར། རིག་པ་རྒྱ་བསྐྱེད་དཔངས་བསྟོད། ཕྱལ་ཡས་སུ་བཏང་ནས་བཞག་པས། ཁར་ཡངས་ཁོར་ཡངས་གུ་ཡངས་ཟང་ཐལ་དུ་སོང་ནས་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཡོང་སྟེ། ཀུན་མཁྱེན་ཀློང་ཆེན་པའི་

p. 418

ཞལ་ནས། འཛིན་པས་མ་བཅིངས་བཟུང་བའི་ཡུལ་ལས་འདས། །དམིགས་གཏད་ཆོས་མེད་ཧར་སངས་རྒྱ་ཡན་པ། །མ་ཡེངས་དྲན་པ་ཟད་པའི་དགོངས་པ་ནི། །མཁའ་ལྟར་ཕྱལ་ཡས་བསྒོམ་དང་མི་བསྒོམ་མེད། །འདི་ནི་ཀུན་བཟང་དགོངས་པའི་ཀློང་ཆེན་པོ། །ཞེས་གསུངས་པ་ལྟར་མཉམ་པར་བཞག་པའི་དུས་སུ། །བྱིང་རྨུགས་གཉིད་གསུམ་རྣམ་རྟོག་འཕྲོ་རྒོད་གང་བྱུང་ཡང་། གཉེན་པོ་གཞན་གང་ཡང་མི་བསྟེན་པར་སྔར་རྒྱུན་ལྟར་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་ལ་བཞག་པས། ནམ་མཁའ་ལ་སྤྲིན་དྭངས་པ་བཞིན་སོང་ནས་དབྱིངས་རིག་དབྱེར་མེད་ཀྱི་གནས་ལུགས་རྗེན་སངས་ཀྱིས་འཆར་བར་འགྱུར་རོ། །དེ་ལྟར་ཡང་ཡང་ཡུན་རིང་མཉམ་པར་བཞག་པས་སྐབས་ཤིག་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་དུ་སྣང་སེམས་ཐམས་ཅད་འདྲེས་ཏེ། མངོན་ཤེས་དང་རྫུ་འཕྲུལ་ཀྱང་ཐོབ་པར་འགྱུར་བའི་བསྒོམ་པ་ལ་བརྩོན་པར་མཛོད་ཅིག ཅེས་མགུར་དབྱངས་འདི་ཡང་བླངས་སོ། །ཐུགས་དགོངས་ནམ་མཁའི་མཐའ་དང་མཉམ། །མཉམ་གཞག་ནམ་མཁའ་ལྟ་བུ་ལས། །ལས་འབྲས་ལེགས་ཉེས་ས་ལེར་མཁྱེན། །མཁྱེན་བརྩེ་མངའ་བདག་བླ་མ་མཆོད། །སློབ་མ་ཡང་སློབ་ཐམས་ཅད་ཀྱི། །སེམས་

p. 419

ཁ་ཡངས་པར་བྱིན་གྱིས་རློབས། །ཆོས་དབྱིངས་ཀློང་དེ་གུ་རེ་ཡངས། །གུ་ཡངས་ཉམས་དགའི་གླུ་དབྱངས་ལེན། །རང་རིག་འཁོར་འདས་ཆོས་རྣམས་ཀྱི། །ངོ་བོ་སྟོང་ཞིང་སྤྲོས་དང་བྲལ། །ཆོས་དབྱིངས་ནམ་མཁའ་ལྟ་བུ་ཡི། །གནས་ལུགས་རྟོགས་ན་ཉམས་རེ་དགའ། །འཁོར་འདས་ཆོས་རྣམས་ཅི་སྣང་ཡང་། དཔེར་ན་སྒྱུ་མ་རྨི་ལམ་བཞིན། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་། །སྣང་སྟོང་གཉིས་མེད་ངོ་མཚར་ཆེ། །ཨེ་མ་སྐལ་ལྡན་སློབ་བུ་རྣམས། །སྡུག་བ ཙིར་བྱས་ནས་བསྒོམ་མི་དགོས། །ཆོས་དབྱིངས་ཁྱབ་གདལ་ཆེན་པོ་ཡི། །ངང་དུ་ཤེས་པ་གློད་ལ་ཞོག །དེ་ལྟར་མཉམ་པར་འཇོག་ནུས་ན། །སེམས་ཁ་དོག་པོ་མ་ཡངས་པར། །ཆོས་དབྱིངས་ངང་དུ་དགའ་ཡལ་ལེར། །གནས་པའི་རྣལ་འབྱོར་ཆེན་པོ་ཡོང་། །ནམ་ཞིག་འཆི་བ་ཆོས་སྐུ་རུ། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །གླུ་འདི་ཐོས་ཚད་ཐམས་ཅད་པོ། །ཆོས་ཀྱི་དབྱིངས་སུ་འཚང་རྒྱ་ཤོག །ཅེས་སྨྲས་པས་གཉིས་ཀའི་སེམས་ལ་ཕན་པོ་བྱུང་ངོ་། །ཡང་ཉིན་ཅིག་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་མང་རའི་ལྷ་བཟོ་ཡེ་ཤེས་ཀྱིས་དོན་དམ་བྱང་ཆུབ་སེམས་ཀྱི་ཞལ་གདམས་ཤིག་དགོས་ཞེས་ལྷ་རྫས་དྲི་མེད་བཅས་ཞུ་དོན་ཚིགས་སུ་བཅད་

p. 420

ནས་དབྱངས་སུ་ཕུལ་བ། །དབྱིངས་རྣམ་དག་སྤྲོས་བྲལ་ངང་ཉིད་ལས། །སྐུ་ཅིར་ཡང་འཆར་བའི་ཉིན་བྱེད་གཟིས། །ཞིང་ཀུན་ཁྱབ་རྒྱལ་བའི་མཛད་པ་ཅན། །རྗེ་ཟླ་མེད་བླ་མའི་ཞབས་ལ་འདུད། །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །བློ་གཏད་སའི་སྐྱབས་གཞན་མི་འཚོལ་བས། །ཐུགས་བརྩེ་བས་དགྱེས་བཞིན་རྗེས་བཟུང་སྟེ། །སེམས་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །བཀའ་མདོ་རྒྱུད་དྲི་མེད་ཐམས་ཅད་ལས། །མགོན་ཐེག་མཆོག་བཤེས་དང་མཇལ་དཀའ་ཞིང་། །དེས་དགྱེས་བཞིན་རྗེས་སུ་འཛིན་པ་ནི། །དཔེ་ཨུ་དུམ་ཝ་རར་འདྲ་གསུངས་ན། །དུས་ད་ལྟ་རང་ཅག་ལས་འཕྲོ་ལྡན། །རྗེ་དུས་གསུམ་སངས་རྒྱས་དངོས་དང་མཇལ། །ཆོས་ཟབ་རྒྱས་གདམས་པ་མང་དུ་ཐོས། །འདི་བསམ་ན་སྐལ་བ་ཤིན་ཏུ་བཟང་། །ད་དེ་ཕྱིར་དུས་རྣམས་ཐམས་ཅད་དུ། །བློ་བླ་མར་བཀལ་ནས་གསོལ་འདེབས་དང་། །ཕྱག་མཆོད་འབུལ་ཅི་ནུས་བྱེད་བཞིན་ནས། །ལས་དཀར་པོའི་བག་ཆགས་འདེབས་པར་མཆིས། །སླར་ཁྱེད་ལ་གསོལ་འདེབས་སྙིང་པོ་ནི། །སྔར་མགུར་དབྱངས་ལེགས་བཤད་སྣ་ཚོགས་པ། །བདག་རྗེས་འཇུག་ཡོངས་ལ་སྩལ་ལགས་ཀྱང་། །དུས་ད་རེ་ཕྲན་གྱི་བགོ་སྐལ་དུ། །རྗེ་ཁྱེད་ཀྱིས་ཐུགས་ཉམས་ལ་བཞེས་པའི། །

p. 421

མགུར་སྙན་ལ་རིང་བའི་ངེས་དོན་མགུར། །ལམ་ལྟ་སྒོམ་སྤྱོད་པའི་གནད་ཚང་ཞིང་། །ཁོང་དགོངས་བརྒྱུད་ཀྱི་བྱིན་རླབས་འཐིབས་སེ་བ། །མ་མཁའ་འགྲོ་ཐམས་ཅད་དགྱེས་བྱེད་ཅིང་། །མི་སྐལ་ལྡན་སུ་ཡིས་ཐོས་ན་ཡང་། །དཔེ་ལོང་བའི་མིག་ནི་ཕྱེ་བ་ལྟར། །སེམས་གསལ་སྟོང་རྗེན་པར་འཆར་ནུས་པའི། །གསུང་དྲི་མེད་བདག་སོགས་གུས་ལྡན་འགར། །ཐུགས་བརྩེ་བས་གཟིགས་པ་མི་ཆུང་བར། །འབངས་སྤྱི་བོར་སྩོལ་ཞིག་བླ་མ་མཁྱེན། །ཞེས་ཞུས་པའི་ལན་དུ་ངས་འདི་སྐད་ཅེས་སྨྲས། འོ་སྐལ་ལྡན་རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཀྱི་གནས་ལུགས་གདོད་ནས་སྟོང་བ་གསལ་བ་དྭངས་པ་ཡངས་པ་ཆེ་བ་བདེ་བ་འཇམ་པ་བརྟན་གཡོ་ཀུན་ལ་ཁྱབ་པ། འཁོར་འདས་ཀྱི་གཟུགས་བརྙན་འཆར་བ་ནམ་ཡང་འགྱུར་བ་མེད་པ་ནམ་མཁའ་ལྟ་བུར་ཤེས་པར་གྱིས་ལ་སྐྱོངས་ཞེས་མགུར་དབྱངས་འདི་བླངས་ཐུགས་མཁའ་ལས་ཡངས་པའི་འཇམ་དབྱངས་དང་། །དབྱེར་མ་མཆིས་ཆོས་རྒྱལ་ཞབས་ལ་འདུད། །དཔེ་ནམ་མཁའ་ལྟ་བུའི་སེམས་ཀྱི་དབྱིངས། །དུས་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །སེམས་གནས་ལུགས་མ་གཏོགས་འཁོར་བར་འཁྱམས། །འདི་རྟོགས་

p. 422

ན་མྱུར་དུ་སངས་རྒྱས་ཐོབ། །དོན་དེ་ཕྱིར་སྐལ་ལྡན་སྙིང་གི་བུ། །ཁྱོད་ངེས་དོན་ཞུ་བ་སྐལ་བ་བཟང་། །སྤྱིར་འཁོར་འདས་ཆོས་རྣམས་འཇའ་སྤྲིན་བཞིན། །ནང་རང་གི་སེམས་ཉིད་གཅིག་པུས་འཕྲུལ། །སེམས་དེ་ཡང་བརྟག་ན་སྐྱེ་འགགས་བྲལ། །དཔེ་སྟོང་གསལ་སྤྲོས་བྲལ་ནམ་མཁའ་འདྲ། །དེའི་ངང་ལ་རང་བབས་མཉམ་ཞོག་དང་། །བདེ་གསལ་དང་མི་རྟོག་སྟོང་སེང་ངེ་། །དེ་མ་ཡེངས་སྐྱོངས་དང་གཡེང་བ་འབྲལ། །དགྲ་བདག་འཛིན་ཉོན་མོངས་རང་སར་སངས། །བྱམས་སྙིང་རྗེ་ཉམས་རྟོགས་ཡོན་ཏན་རྒྱས། །ཚེ་འདིར་ཡང་བསྟན་འགྲོ་ཡོངས་ལ་ཕན། །མཐར་འཆི་བ་ཆོས་སྐུར་གྲོལ་བར་འགྱུར། །ཆོས་གཅིག་ཆོག་རྒྱལ་པོ་འདི་ཀ་ལགས། །དཔལ་ས་ར་ཧ་དང་ཨ་ཏི་ཤ །རྗེ་མར་པ་མི་ལ་ཡབ་སྲས་སོགས། །ཁོང་མཁས་གྲུབ་གོང་མའི་ཐུགས་དམ་མཐིལ། །འདི་ཡིན་པས་མ་བརྗེད་སེམས་ལ་ཟུངས། །ཆུ་མ་རྙོག་བཞག་ན་དྭངས་པ་བཞིན། །སེམས་མ་བཅོས་བཞག་ན་བདེ་བར་ཤོག །སེམས་ཆོས་ཉིད་ངང་དུ་དགའ་ཡལ་ལེར། །དུས་རྒྱུན་དུ་གནས་པའི་བཀྲ་ཤིས་ཤོག །ཅེས་དབྱངས་སུ་བླངས་པས་ཁོ་རང་གི་སེམས་ལ་ཕན་ཐོགས་པ་བྱུང་ངོ་། །ཡང་སློབ་མ་འགའ་རེས། ཨ་ལགས་ཝ་མང་ཚང་གིས། བན་མིན་

p. 423

བོན་མིན་པདྨ་བསྔགས། །ཤ་སྐལ་ཐུད་སྐལ་ཀུན་ལོན་ཀྱང་། །ཕོ་མིན་མོ་མིན་མ་ནིང་བཞིན། །བན་ཁྱུ་བོན་ཁྱུར་མི་ཆུད་པས། །ཅི་བདེར་སྣོམས་ལ་གཙྪ་མུ། །ཞེས་དགག་པ་བཏང་འདུག་ཟེར། ངས་དེ་དགག་པ་མ་རེད་ཀུ་རེ་གསུངས་པ་རེད། དེའི་ལན་དུ་ངས་ཀྱང་ཁོང་ལ་ཀུ་རེ་ཞིག་འབུལ་ཞེས་འདི་སྐད་ཅེས་སྨྲས། བན་མིན་བོན་མིན་པད་འབྱུང་སྲས། །ཤ་མིན་ཐུད་མིན་སྦྲང་དཀར་ཟ། །བྱ་མིན་བྱི་མིན་ཁྱུང་ཆེན་བཞིན། །བན་ཁྱུ་བོན་སྐྱུར་མི་འདྲེས་པར། །རིག་འཛིན་འདུས་པའི་གྲལ་དུ་འགྲོ། །བྱས་པས། སློབ་བུ་རིག་གྲོལ་ན་རེ། ཨ་ལགས་ཝ་མང་ཚང་གི་གསུང་འདིའི་བབ་ལ་བལྟས་ན། ཕྱིས་སུ་བན་བོན་གཉིས་ཀ་ནང་གཤིན་པོ་ཡོད་པའི་ཚོད་རེད་ཧ་ཧ་ཧ་ཧེ་ཧེ་ཡི་ཞེས་དགོད་པར་གདའ། ཡང་དད་བརྩོན་ཤེས་རབ་སྙིང་རྗེ་ཆེ་བའི་དགུ་རོང་སྤྲུལ་སྐུ་སྣ་ཚོགས་རང་གྲོལ། བླ་མ་ཀཿ ཐོག་པ། མི་བསྐྱོད་རྡོ་རྗེ་སོགས་སློབ་མ་བུ་ཆེན་མང་པོས་ཚེ་བློས་བཏང་ནས། རེབ་གོང་གྲུབ་གནས་རྣམས་སུ་སོང་ནས་གནས་འབྲེལ་བཞག དེ་ནས་རིམ་པས་ཨ་ཆུང་གནམ་རྫོང་དང་། མཚོ་སྙིང་། རི་བོ་རྩེ་ལྔ། དབུས་གཙང་དག་པའི་ཞིང་ལ་སོགས་པའི་རི་ཁྲོད་དབེན་

p. 424

པར་འགྲོ་དུས། ཀུན་གྱི་སེམས་ལ་ཕན་པའི་ཞལ་གདམས་གླུ་དབྱངས་འདི་བླངས་སོ།། དང་པོ་བླ་མའི་དྲུང་ནས་ཐོས་བསམ་བྱས། །བར་དུ་རི་ཁྲོད་དབེན་པར་སྒོམ་སྒྲུབ་བྱས། །ཐ་མ་བསྟན་འགྲོ་ཡོངས་ལ་གང་ཕན་བྱས། །རྣལ་འབྱོར་བདག་གི་བྱ་བ་ཚར་ནས་གདའ། །ད་ནི་ན་སོ་རྒས་པའི་དུས་སྐབས་འདིར། །ཉམས་དགའ་རིག་པ་དྭངས་པའི་དབེན་གནས་སུ། །རིག་པ་ཆོས་དབྱིངས་ངང་དུ་ངལ་གསོས་ནས། །སོས་དལ་བདེ་བར་སྡོད་པའི་དུས་ལ་བབ། །ངོ་མཚར་རིག་པའི་ཁྱེའུ་ཆུང་མིག་ཡངས་པོ། །ཆོས་དབྱིངས་བདེ་ཆེན་ཕོ་བྲང་ཉམས་དགའ་རུ། །འཁོད་ནས་མདོ་སྔགས་ཆོས་ཀྱི་གླུ་དབྱངས་བླངས། །འགྲོ་ཀུན་ཁ་ལོ་ཆོས་ལ་བསྒྱུར་བར་སྨོན། །བླ་མ་གོང་མའི་རྣམ་ཐར་བདག་གིས་བསྐྱངས། །བདག་གི་རྣམ་ཐར་སློབ་མ་རྣམས་ཀྱིས་སྐྱོངས། །བདེ་སྐྱིད་ཉི་མ་བཞིན་དུ་འཆར་བར་ངེས། །སྐལ་ལྡན་སློབ་མ་རྣམས་ཀྱི་ཡིད་ལ་ཟུངས། །ཞེས་བླངས་པའི་མཐར་དེར་འཚོགས་པ་རྣམས་ཀྱིས་བསྐྱལ་ནས། གྱེས་ཁར་ཕན་ཚུན་བརྩེ་གདུང་གི་དབང་གིས་འབྲལ་མ་ཕོད་པར་གཅིག་གཅིག་ལ་འཆང་ནས་མིག་ནས་མཆི་མ་མང་པོ་གཏོར་བཞིན་སོ་སོར་གྱེས་སོ།། དེའི་སྟོན་ཁ་སྔ་འགྱུར་བསྟན་པའི་སྲོག་ཤིང་

p. 425

མཁས་གྲུབ་གཉིས་འཛོམ་སྐུ་གཞོགས་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་རིན་པོ་ཆེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཞིང་ཁམས་གཞན་དུ་གཤེགས་སོང་བས། དེ་རུ་སོང་ནས་ཐུགས་དགོངས་རྫོགས་ཕྱིར། ཁོང་ཚང་གི་སློབ་མ་མང་པོ་དང་བཅས་ཏེ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཞལ་ཕྱེས་ནས། ཁོང་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པར་བསྐྱེད་ནས་མཆོད་བསྟོད་བདག་འཇུག་བླངས། །སྤྲུལ་སྐུ་མྱུར་འབྱོན་བཏོན། ཐུགས་དགོངས་རྫོགས་ཕྱིར་བསྔོ་བ་སྨོན་ལམ་ཡང་བྱས། སྲས་གཉིས་དང་ཕྱག་རྒྱ་མ་སོགས་སློབ་མ་ཞབས་ཕྱི་རྣམས་ལ་སེམས་གསོ་དང་། གདུང་མཆོད་བྱེད་ཚུལ་གྱི་བཀོད་པ་བཏང་ནས་འགྲོ་བར་འབུལ་བ་ལ། སྐུ་གསུང་ཐུགས་རྟེན། བཅིབ་རྟ་སྒ་སྟན་སྲབ་གསུམ། བན་རྟ་བན་ཕྱིང་བན་ཐག་ན་བཟའ་ཆ་ཚང་། རྟ་དྲེའུ་མཛོ་མཛོ་མོ་བདུན། ལུག་བརྒྱ་ལ་སོགས་པའི་དངུལ་རྡོ་ཚད་ལྔའི་རྩིས་ཕུལ་བ་ལ། ངས་དེ་ལྟར་ཕུལ་བའི་དགེ་ཚོགས་རྣམས་བསྟན་འགྲོ་ཡོངས་ལ་ཕན་ཞིང་ཁྱད་པར་དུ་གྲུབ་དབང་རིན་པོ་ཆེའི་གནས་སྐབས་དང་མཐར་ཐུག་གི་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་བདེ་བླག་ཏུ་འགྲུབ་པའི་བསྔོ་སྨོན་རྒྱ་

p. 426

ཆེན་པོ་བྱས། དངོས་པོ་ཕུལ་བ་དེ་དག་མར་ཁྱེར་ནས་འོང་། ལོ་གཅིག་ཚུན་ལ་ཆོས་ཕྱོགས་སུ་བཏང་ནས། ཐམས་ཅད་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོས། དེ་ནས་རྫོང་དཀར་རྫོང་སྔོན། བདེ་ཆེན་གྱི་དགོན་པར་སོང་། བླ་མ་རྣམས་ལ་མཇལ་རྟེན་ཕུལ་སྐྱབས་འཇུག་ཞུས། དགོན་པ་གསུམ་ལ་མང་ཇ་བཏང་། རྟ་མཛོ་ཁ་ཤས་སྤྱི་འཇོག་བཞག དགོན་པའི་བླ་མ་རྣམས་དང་དགེ་འདུན་དད་ཅན་རྣམས་ཀྱི་ནང་དུ་བོས་ནས་ཇ་དྲངས། ཆོས་འབྲེལ་ཞུས་དཱ་དམར་ལ་སོགས་པའི་འབུལ་བ་མང་པོ་བྱུང་། །རྫོང་དཀར་ཤོད་དུ་ཁེ་རིས་སྙིང་དཀར་དང་དེའི་རུ་སྐོར་གྱི་ཡོན་བདག་ཕོ་མོ་དད་ཅན་མང་པོ་མཇལ་དུ་བྱུང་། མཇལ་རྟེན་ལ་གོས་ཆེན་རྒྱུན་བཞི་གཅིག འགོ་སྣམ་གཉིས། རྐྱལ་མར་གཅིག ཕྱུར་བ་དོ་བོ་གཅིག དྭ་བུ་དཀར་དམར་རས་དང་ཁ་བཏགས་མཇལ་དར་མང་པོ་ཕུལ་བ་ལ། ཐུན་མོང་གི་ཆོས་བཤད། ཆོས་ཀྱི་སྙིང་པོ་མ་ཎི་ཡི་གེ་དྲུག་མའི་ལུང་དང་། མ་བསྒོམས་པར་འཚང་རྒྱུ་བའི་འཕོ་ལུང་བྱས། བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་པས། ཡོན་བདག་ཕོ་མོ་རྣམས་རབ་ཏུ་དགའ་ནས་ད་རེ་སྐལ་བ་བཟང་པོ་བྱུང་། ད་དུང་ཡང་ཡང་མཇལ་བའི་སྨོན་ལམ་ཐོབ་ཟེར་ཐམས་ཅད་ཀྱིས་ཕྱག་གྱང་འགྱེལ་བ་ལྟར་དུས་མཉམ་དུ་འཚལ། སྐོར་བ་

p. 427

མང་པོ་བྱས་རང་གནས་སུ་སོང་། ང་ཡང་འདམ་བུ་བྲག་དཀར་གྲུབ་གནས་སུ་འོངས་ནས་ངལ་གསོས་བསྡད་ཡོད་དུས། །གནས་སྐོར་བ་ཞིག་གི་ཁ་ནས་མི་སྙན་པའི་གཏམ། བསྟན་པའི་སྲོག་ཤིང་འགྲོ་བའི་སྐྱབས་མགོན་སྦས་པའི་སངས་རྒྱས། འབྲེལ་ཚད་དོན་ལྡན་མཚན་བརྗོད་པར་དཀའ་བ་གསེར་ཁང་རྡོ་རྗེ་འཆང་དེ་ཉིད་དབུས་ནས་ཞིང་གཤེགས་སོང་ཟེར་བ་རྣ་བས་གོ་བ་དང་། ཡིད་ཚོ་ཅང་མ་འོང་བར་ཧ་ལས་པར་གྱུར། ཨ་ཧོ་ཧོ་བྱ་འདི་བཙོག་ཨང་ལས་འདིའི་ངན་ན། མར་ཅིག་ཕེབས་ནས་མཇལ་རྒྱུ་ཞིག་ཀྱང་མ་བྱུང་སྙམ་སྐུའི་དབྱིབས་གསུང་གི་གདངས་རྣམས་ཡིད་ལ་ཝལ་ལེར་ཤར་བ་དང་མིག་ནས་མཆི་མ་མང་པོ་ཤོར། དེ་ནས་ཐུགས་དགོངས་རྫོགས་ཕྱིར་མར་མེ་ལ་སོགས་པའི་མཆོད་པ་ཅི་འབྱོར་པ་བཤམས། ཡན་ལག་བདུན་པ་ཕུལ་དགེ་ཚོགས་རྣམས་ཐུགས་དགོངས་རྫོགས་ཕྱིར་བསྔོ་བ་སྨོན་ལམ་བཏབ་སྤྲུལ་སྐུ་མྱུར་འབྱོན་བཏོན། དེ་ནས་སེམས་ལ་ད་ནི་བླ་མ་རྣམས་ཀྱང་གཤེགས་སོང་། རང་ཡང་ནམ་ཞིག་ལ་ཤི་འགྲོ་ཅི་ཤེས་སྙམ་སེམས་སྐྱོ་བའི་ཤུགས་ཀྱིས་སྐྱོ་མགུར་མང་པོ་བླངས་ནས་ངུས་པས། དེར་འཚོགས་པའི་སློབ་མ་ཡོན་བདག་རྣམས་ཀྱིས་

p. 428

ཀྱང་མཆི་མ་གཏོང་མཁན་མང་པོ་བྱུང་། དེ་ནས་གོའུ་སྡེའི་དགོན་པར་ཡོང་མཁས་བཙུན་བཟང་གསུམ་འཛོམ་པའི་ཨ་ལགས་ཞི་བ་འཚོ་སྐུ་སྙིང་བ་ལ་བཀའ་བསྒོ་བྱིན་རླབས་འདྲ་བྱས། ཞག་བདུན་ཙམ་ལ་བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་བྱས། ལུས་ཀྱི་དབུས་སུ་ལྕགས་ཀྱི་སྲོག་རྩ་བསྒོམས་ནས་ཚེ་དབང་བརྒྱ་རྩ་བརྒྱད་བྱས་པས་ཚེ་གེགས་ལས་གྲོལ་ནས་སྐུ་ཚེ་རིང་པོ་བྱུང་། ཁོང་ཐུགས་མཉེས་པའི་སྒོ་ནས་རྟ་བཟང་པོ། སྣམ་བུ་དཀར་པོ་ཤེལ་གྱི་གའུ་སོགས་ནོར་རྫས་མང་པོ་ཕུལ་བའི་ནང་ནས་སྣམ་བུ་དཀར་པོ་དེ་བླངས། གཞན་རྣམས་བཞག་ནས་འོ་ཁྱེད་སྐུ་བདེ་བ་དེ་འབུལ་བའི་གཙོ་བོ་ལགས། ད་ཕྱིན་ཆད་ཡབ་ཆེན་དམ་པའི་མདོ་སྔགས་ལེགས་བཤད་ཀྱི་པོ་ཏི་འདི་རྣམས་པར་དུ་ཅིག་འཕུལ་ཐུབ་ལྟོས་ཞེས་བཤད། ཡང་མར་གོའུ་སྡེ་རུ་སོང་། དད་གཏོང་བློ་གྲོས་ཆེ་བའི་སྐལ་ལྡན་སློབ་བུ་ངག་དབང་བཀྲ་ཤིས་ཀྱིས་སྔ་ཕྱི་རིམ་ཅན་བྱས། ཇ་ལན་ཆེན་གཉིས་དང་། རྐྱལ་མར་གཉིས། གྲོ་ནས་སྒྲོ་བ་བཅོ་ལྔ། ཧ་སག་གི་སྟོད་ཐུང་ལྷ་རྫས་བཅས་ཕུལ་ནས་ཞལ་གདམས་ཉུང་ལ་འདུས་པ་ཞིག་དགོས་ཞེས་བསྐུལ་ངོར་བདག་གིས་འདི་སྐད་ཅེས་སྨྲས། འོ་དེ་ཡང་གང་ཟག་ལས་ལྡན་ཅིག་གནས་སྐབས་ཀུན་ཏུ་བདེ་ཞིང་། མཐར་ཐུག་

p. 429

གཏན་བདེ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་འཐོབ་ཕྱིར་མཚན་ལྡན་གྱི་བླ་མ་ཞིག་གི་གསུང་སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམས་ནས། ཚེ་འདི་ཉིད་ལ་མ་ཆགས་མ་ཞེན་པར་མ་གྱུར་འགྲོ་བའི་དོན་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། །རང་ཉིད་ཡི་དམ་ལྷ་རུ་གསལ་བའི་སྤྱི་བོར་བླ་མ་ཡིད་བཞིན་གྱི་ནོར་བུ་བསྒོམས། གསོལ་བ་བཏབ་དབང་བཞི་བླངས། ཐུགས་ཡིད་བསྲེས། དེ་ནས་ཆོས་ཐམས་ཅད་ཀྱི་འབྱུང་གནས་སེམས་ཉིད་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག རྗེས་སུ་སྒྱུ་མ་རྨི་ལམ་ལྟར་ཚོགས་བསགས་སྒྲིབ་སྦྱོང་བྱ། མཇུག་ཏུ་བསྔོ་བ་སྨོན་ལམ་གྱི་མཚམས་སྦྱོར་བྱས་ན། འཆི་ཁའམ་བར་དོའམ་མ་འོངས་པའི་སྐྱེ་བ་དེ་ལ་སངས་རྒྱས་པར་འགྱུར་རོ་ཞེས་སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་བླངས་པ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མྱུར་དུ་སངས་རྒྱས་འཐོབ་འདོད་ན། །མཚན་ལྡན་བླ་མའི་གསུང་བཞིན་དུ། །སྐྱེ་འཆི་འཁོར་བའི་ཉེས་དམིགས་སོམས། །སྨོན་འཇུག་བྱང་ཆུབ་སེམས་མཆོག་སྐྱེད། །རང་ཉིད་ལྷར་གསལ་སྤྱི་བོ་རུ། །བླ་མ་ཡིད་བཞིན་ནོར་བུ་སྒོམས། །

p. 430

གསོལ་བ་ཐོབ་ལ་དབང་བཞི་ལོངས། །འོད་ཞུ་ཐུགས་ཡིད་གཅིག་ཏུ་བསྲེས། །ཆོས་ཀུན་རྩ་བ་རང་གི་སེམས། །སྟོང་གསལ་ནམ་མཁའ་ལྟ་བུ་ཡི། །ངང་ལ་རྩེ་གཅིག་མཉམ་པར་ཞོག །རྗེས་སུ་ཚོགས་གསོག་སྒྲིབ་སྦྱོང་གྱིས། །མཇུག་ཏུ་བསྔོ་བ་སྨོན་ལམ་ཐོབ། །དེ་ལྟར་བྱས་ན་གནས་སྐབས་བདེ། །མཐར་ཐུག་སངས་རྒྱས་འཐོབ་པར་འགྱུར། །ཞེས་བླངས་པས་ཁོ་དགའ་ཞིང་སྤྲོ་བཞིན་ཉམས་སུ་བླངས་པས་འཆི་ཁར་ལམ་སྣ་ཟིན་པར་གྱུར་ཏོ། །ཡང་དད་ཅན་སྔག་འཆང་བློ་བཟང་ཚེ་རིང་གིས། ཁོང་མདོ་སྨད་འདིར་ཕེབས་ནས་གྲུབ་རྟགས་ཤིག་མ་བསྟན་པ་མ་གཏོགས། ་གཞན་བསྟན་འགྲོ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་བས་བཀའ་དྲིན་ཆེ་ཟེར་བའི་ལན་དུ་ངས་མགུར་དབྱངས་འདི་བླངས་སོ། །སྤྱིར་ཚེ་འདིའི་བྱ་བ་ཐམས་ཅད་དང་། །སྒོས་ཤ་ཆང་བུད་མེད་འདོད་ཡོན་ལ། །སེམས་མངོན་ཞེན་གཏིང་ནས་ལོག་པ་འདི། །ངས་ངེས་འབྱུང་བསྒོམས་པའི་གྲུབ་རྟགས་ཡིན། །མ་ཉམ་ཐག་སེམས་ཅན་སྙིང་རྗེ་ནས། །དུས་རྒྱུན་དུ་ལྟོ་གོས་ཆོས་གསུམ་གྱིས། །སེམས་སྐྱོ་ངལ་མེད་པར་སྐྱོང་བ་འདི། །ངས་བྱང་སེམས་བསྒོམས་པའི་གྲུབ་རྟགས་ཡིན། །ཆོས་ཐམས་

p. 431

ཅད་སྣང་སྟོང་སྒྱུ་མར་ཤར། །ནང་བདག་འཛིན་ཉོན་མོངས་རང་སར་ཞིག །དགྲ་གཉེན་ལ་ཁྱད་པར་མེད་པ་འདི། །ངས་ལྟ་བ་བསྒོམས་པའི་གྲུབ་རྟགས་ཡིན། །ཕྱི་ཐ་མལ་སྣང་ཞེན་ཀུན་དག་ནས། །རང་གང་སྣང་ལྷ་ཡི་འཁོར་ལོར་ཤར། །ནང་འོད་གསལ་རྒྱུན་འཆད་མེད་པ་འདི། །ངས་རིམ་གཉིས་བསྒོམས་པའི་གྲུབ་རྟགས་ཡིན། །དུས་སྙིགས་མའི་འགྲོ་བ་འདུལ་བའི་ཕྱིར། །ཆོས་མདོ་རྒྱུད་བསྟན་བཅོས་མན་ངག་གི །གནད་སྙན་པའི་གླུ་རུ་ལེན་པ་འདི། །ངས་ཆོས་རྣམས་བསྒོམས་པའི་གྲུབ་རྟགས་ཡིན། །དེ་ལྟ་བུའི་གྲུབ་རྟགས་བསྟན་པའི་མོད། །བསྟན་འགྲོ་བ་ཡོངས་ལ་ཕན་ཐོགས་བྱུང་། །དོན་དེ་ཕྱིར་དད་ལྡན་སྔགས་འཆང་ལགས། །ཁྱོད་གྲུབ་རྟགས་འདོད་ན་དེ་ལ་གྱིས། །ཞེས་བླངས་པས། ཁོ་ན་རེ། དེ་ཁྱེད་ཐུགས་བདེན་པར་གདའ། དེང་སང་འགའ་རེས་ལྕགས་མདུད། རྡོ་གཅུར་མངོན་ཤེས་ཚོ་བཤད་ནི་འདུག་སྟེ། བསྟན་འགྲོ་ལ་མི་ཕན་པའི་ཁར། ལོག་ལྟ་ཅན་འགའ་རེས་སྒྲོ་འདོགས་སྐུར་འདེབས་བྱེད་མཁན་ཡང་སྣང་། ད་བསམས་ན་དེང་སང་སྙིགས་དུས་འདིར་ཁྱེད་ཚང་གི་མཛད་པ་འདི་ངོ་མཚར་ཆེ་ཟེར་དད་གུས་དག་

p. 432

སྣང་ཆེར་སོང་ངོ་། །ཡང་རེབ་གོང་གྱོད་ཁ་མཆུ་བྱེད་མཁན་རྣམས་ལ་ཁ་ཏ་འདི་ལྟར་བྱས། འོ་ཁྱེད་རྣམས་ཀྱིས་ཉན་རྒྱུ་དེ་ལ། ཡུལ་གྱི་བཀྲ་མི་ཤིས་པ་གསུམ་ནི། ནད་ཡམས་དང་། མུ་གེ། འཐབ་རྩོད་གསུམ་ཡིན། འཐབ་རྩོད་བྱས་ཕྱིན་ཆད་གྱོད་པ་ཕན་ཚུན་སུ་ཡིན་ཡང་། ཞིང་ལས་འཚོ་སྐྱོང་། ཁེ་ཚོང་སོགས་སོ་ནམ་གྲོང་རྒྱ་རེམ་པོ་རྣམས་ཤོར་ཡོང་བས་དེའི་ཞོར་ལ་མུ་གེ་ཞིག་ཤུགས་ཀྱིས་ཡོང་། ཉིན་རེ་བཞིན་དམག་ལ་སོང་། ཕན་ཚུན་འཐབ། ཉིན་པར་སོ་བྱས། མཚན་མོ་ཐུན་བྱེད་དགོས། དེ་བྱས་ན་ཚ་གྲང་མི་སྙོམས་པར་ན་ཚ་ཡང་ཡོང་། དེ་རྣམས་ཡོང་ན་ཕན་ཚུན་གཉིས་ཀ་མི་ཟད་རྒྱུ་ཟད་ཡོང་། ལོ་རེ་བཞིན་ཁ་ཐུར་དུ་འགྲོ་ངེས། དེས་ན་འཇིག་རྟེན་པ་རྣམས་ཀྱིས་ཀྱང་། གྱོད་མ་བྱས་བློ་ཁ་ཚེར་ལས་རྩུབ། གྱོད་བྱས་ན་བློ་ཕུགས་ཆུ་ལས་གྲང་། གྱོད་འདི་ཉལ་སྔས་ཀྱི་རྡོ་དང་། ཉལ་ཕུག་གི་ཆུ་ཡིན། གྱོད་ཡུལ་ངན་གཉིས་ཀ་ཞེ་ནག གྱོད་ཀྱི་རྔ་མ་ན་འགྱོད་ཡོད། གྱོད་ཡ་མི་སྐྱིད། གྱོད་ཡ་མི་སྡུག མི་ཡིས་མི་འདོད་ནི་བོ་ཁྱོད་ཡིན། ཕྱུགས་ཀྱིས་མི་འདོད་ནི་བོ་གོད་ཡིན། གཉན་པོ་དམོ་ས་མེད་ན་སྐྱིད། བཙན་པོ་འཐབ་ས་མེད་ན་སྐྱིད། ཅེས་གཏམ་དཔེ་

p. 433

མང་པོ་ཚོ་སོམས་དང་། བསམ་ཤེས་ཚོ་ཞེས་བཤད་ནས། སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །གྱོད་ཁ་མཆུ་འགྲིགས་པར་བྱིན་གྱིས་རློབས། །སྤྱོད་མ་བྱས་བློ་ཁ་ཚེར་ལས་རྩུབ། །གྱོད་བྱས་ན་བློ་ཕུགས་ཆུ་ལས་གྲང་། །ཁྱོད་ཉལ་སྔས་རྡོ་དང་ཉལ་ཕུག་ཆུ། །གྱོད་ཡུལ་ངན་གཉིས་ཀ་ཞེ་རེ་ནག །གྱོད་བྱས་པས་མི་ཕུང་བདག་བརླག་ཡོང་། །གྱོད་བྱས་པས་མི་ཟད་རྒྱུ་ཟད་འོང་། །གྱོད་བྱས་པས་ན་ཚ་གོད་ཁ་འོང་། །གྱོད་བྱས་པས་ཕྱི་མར་དམྱལ་བར་འགྲོ། །གྱོད་བྱས་པས་འདི་སྡུག་ཕྱི་སྡུག་འོང་། །གྱོད་མེད་པའི་ས་དེའི་སྐྱིད་ལ་མེད། །གྱོད་ནམ་ཡང་མི་བྱེད་སྨོན་ལམ་ཐོབ། །གྱོད་མ་བྱེད་སྐྱ་སེར་ཕོ་མོ་ཚོ། །གྱོད་གྲོད་པུ་གཉིས་ཀྱི་ཁ་ཡི་ཟུངས། །གྱོད་ཁ་མཆུ་ཁྲག་དང་རྣག་བཞིན་འཛེམ། །གྱོད་བཤད་མཁན་གཟུ་བའི་ཁ་ལ་ཉོན། །གྱོད་མ་རབས་འདུན་མ་བཅད་ན་བཟང་། །གཏམ་འདི་ཉིད་ཐོས་ཚད་ཡུལ་ཕྱོགས་ཀྱི། །གྱོད་ཁ་མཆུ་ཐམས་ཅད་འགྲིག་པར་ཤོག །ཅེས་བླངས་པས་རེབ་གོང་གི་གྱོད་ཁ་མཆུ་བྱེད་མཁན་རྣམས་ལ་ཕན་ཐོགས་པ་བྱུང་། ཡང་གནས་

p. 434

ཆེན་མཁར་གོང་དུ་འོང་དད་བརྩོན་ཤེས་རབ་སྙིང་རྗེ་སོགས་སློབ་མའི་མཚན་ཉིད་ཚང་བའི་བྱ་བྲལ་རི་ཁྲོད་པ་འཇམ་དབྱངས་རྒྱ་མཚོས། ངེད་དཔོན་སློབ་མང་པོ་ལ་ཞག་བདུན་གྱི་འཚོ་བ་ཕུལ་ནས་ཁོ་བོ་ལ་བདག་འཛིན་ཉོན་མོངས་པ་ཐམས་ཅད་གཅིག་ཆར་དུ་འཇོམས་པའི་ཐོ་བ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་གནད་ཀྱི་གདམས་པ་ཟབ་མོ་ཞིག་དགོས་ཞེས་ཞུ་དོན་གླུ་རུ་ཕུལ་བ། གྲུ་འཛིན་སྤོ་ན་ལེགས་བཞུགས་པའི། །རྒྱལ་ཀུན་སྙིང་རྗེ་རང་གཟུགས་ལྷ། །ངུར་སྨྲིག་གར་གྱི་རྣམ་རོལ་བ། །སྐྱབས་མགོན་མཆོག་ལ་གུས་ཕྱག་འཚལ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བཀའ་བཞིན་བསྒྲུབ་པའི་མཆོད་པ་འབུལ། །ཐོག་མ་མེད་ནས་བསགས་པ་ཡི། །ཉམས་ཆག་སྡིག་ལྟུང་མཐོལ་ལོ་བཤགས། །མགོན་ཁྱོད་གསང་གསུམ་མཛད་པ་ལ། །རབ་ཏུ་དགའ་བས་རྗེས་ཡི་རང་། །འགྲོ་ལ་གང་འཚམ་ཆོས་འཁོར་ནི། །རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །མགོན་ཁྱོད་གདུལ་བྱའི་དཔལ་མགོན་དུ། །བསྐལ་བརྒྱའི་བར་དུ་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་དགེ་ཚོགས་རྣམས། །།འབྲལ་མེད་རྗེས་སུ་འཛིན་ཕྱིར་བསྔོ། །སླར་ཡང་ཁྱོད་ཞལ་པདྨོ་ལ། །

p. 435

བཏུད་དེ་གསོལ་བ་འདེབས་པའི་དོན། །བདག་ལ་བརྩེ་བ་ཆེན་པོའི་སྒོས། །ངེས་དོན་གདམས་པ་བསྟན་དུ་གསོལ། །དེང་ནས་ཚེ་རབས་ཐམས་ཅད་དུ། །འདུ་འབྲལ་མེད་པའི་སྐྱབས་འཇུག་ཞུ། །ཞེས་ཕུལ་བའི་ལན་དུ། འདི་སྐད་ཅེས་སྨྲས། འོ་དེ་ཡང་སྐྱེས་བུ་རྩལ་སྟོབས་ཆེ་བ་མང་པོས་ནམ་མཁའི་མཐའ་འཚོལ་བའི་ཕྱིར། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པར། ཕྱོགས་གང་དུ་སོང་ནས་བཙལ་ཀྱང་ནམ་མཁའི་མཐའ་མི་རྙེད་པ་ལྟར། རང་གཞན་གྱི་སེམས་དང་། བླ་མ་སངས་རྒྱས་ཀྱི་ཐུགས་དང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་གསལ་ཆོས་ཀྱི་དབྱིངས་མཐའ་ཡས་མུ་མེད་པ་ནམ་མཁའ་དང་མཉམ་ལ། དེ་ལྟ་བུའི་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུའི་ཀློང་ན་ནམ་མཁའ་ལ་ཉི་ཟླ་གཟའ་སྐར་བཀྲ་བ་ལྟར། དག་དང་མ་དག་པའི་ཞིང་དང་། སངས་རྒྱས་སེམས་ཅན་རྣམས་མཐའ་ཡས་མུ་མེད་པར་གནས་པའི་ཚུལ་ཤེས་ནས། ཆོས་དབྱིངས་ནམ་མཁའ་ལྟ་བུའི་ཀློང་དུ་མཉམ་པར་བཞག་ན། སྐབས་ཤིག་འཁོར་འདས་ཀྱི་ལྟད་མོ་སྣ་ཚོགས་པ་མཐོང་བར་འགྱུར་རོ་ཞེས་

p. 436

ཆོས་དབྱིངས་གཟིགས་མོའི་རྒྱངས་གླུ་འདི་བླངས་སོ། །དབྱིངས་རིག་དབྱེར་མེད་ཆོས་ཀྱི་སྐུ། །ནམ་མཁའ་ལྟ་བུའི་ངང་ཉིད་ལས། །འཇའ་ཚོན་བཞིན་དུ་གཟུགས་སྐུ་འབྱུང་། །འགྲོ་དོན་མཛད་པ་རྣམས་ལ་འདུད། །ཆོས་ཀུན་གནས་ལུགས་ཆོས་ཀྱི་དབྱིངས། །མཐའ་བྲལ་ནམ་མཁའ་ལྟ་བུར་གནས། །གདོད་ནས་དག་པའི་རང་རིག་ཉིད། །སྟོང་གསལ་ཀུན་ལ་ཁྱབ་པར་གདའ། །དབྱིངས་རིག་དབྱེར་མེད་ཀློང་ཡངས་ན། །ཆོས་རྣམས་བར་སྣང་འཇའ་ལྟར་སྣང་། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་། །སྣང་སྟོང་མ་འདྲེས་སོ་སོར་སྣང་། །ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། །ཆོས་སྐུས་གར་ཁྱབ་ལོངས་སྐུས་ཁྱབ། །ལོངས་སྐུས་གར་ཁྱབ་སྤྲུལ་སྐུས་ཁྱབ། །སྐུ་ཡིས་གར་ཁྱབ་གསུང་གིས་ཁྱབ། །གསུང་གིས་གར་ཁྱབ་ཐུགས་ཀྱིས་ཁྱབ། །ཐུགས་ཀྱིས་གར་ཁྱབ་ཐམས་ཅད་ལ། །མར་གྱུར་འགྲོ་བ་ཡོངས་ཀྱིས་ཁྱབ། །ཁྱབ་གདལ་ནམ་མཁའ་ལྟ་བུ་ཡི། །ཆོས་དབྱིངས་ངང་ལ་མཉམ་པར་ཞོག །ཡུན་རིང་མཉམ་པར་བཞག་ཙ་ན། །མཁའ་ལྟར་ཡངས་ཤིང་ཉི་ལྟར་གསལ། །ཤེལ་ལྟར་དྭངས་ཤིང་མི་གཡོ་བ། །རི་ལྟར་བརྟན་པའི་

p. 437

དུས་ཙ་ན། །མཉམ་གཞག་ངང་ནས་འཁོར་འདས་ཀྱི། །ལྟད་མོ་ཐམས་ཅད་མཐོང་བ་ཡིན། །ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་མཛོད། །གླུ་འདི་ཐོས་ཚད་ཐམས་ཅད་པོ། །ཆོས་ཀྱི་དབྱིངས་སུ་འཚང་རྒྱ་ཤོག །ཅེས་བླངས། དེ་ནས་མར་རོང་བོའི་དགོན་པར་འོང་ཞག་མང་པོར་བསྡད། དེ་དུས་མགོ་ལོག་ཕྱོགས་ནས་ཡིན་པའི་མཁས་བཙུན་བཟང་གསུམ་འཛོམ་ཞིང་ང་ལ་མཇལ་འདོད་ཀྱི་དད་གུས་དག་སྣང་ཆེ་བའི་བླ་མ་དགེ་བའི་བཤེས་གཉེན་དབང་མདའ་སྤྲུལ་པའི་སྐུ་མཚན་སྙན་པ་རྗེ་བཙུན་མཐོང་གྲོལ་རྡོ་རྗེ་ཞེས་བྱ་བ་དེ་ཉིད་ཞིང་གཤེགས་ཁར་སློབ་མ་རྣམས་ལ། འབྲེལ་ཚད་དོན་ལྡན་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་མགོན་ཞབས་དཀར་པ་ལ་ལན་ཅིག་མཇལ་ན་སྙམ་སྟེ། ད་ཚེ་འདིར་མཇལ་རྒྱུ་མ་བྱུང་ཁྱེད་རྣམས་མཇལ་དུ་སོང་ལ། ངའི་རྒྱུ་མཚན་ཞུས་ལ་སྐྱབས་འཇུག་ཞུ་རྟེན་འདི་རྣམས་ཕུལ་ཞེས། ང་ལ་རྒྱ་དངུལ་རྡོ་ཚད་བཅུ་དྲུག་དང་གོས་ཆེན་རྒྱུན་བཞི་གཅིག གོས་སེར་པོ་གོས་འདང་བཅས་བསྐུར་པ། སློབ་མ་རྣམས་ཀྱིས་ཁྱེར་འོངས་ནས་ཕུལ་བ་ལ། ངས་ཁོང་གི་

p. 438

གནས་སྐབས་དང་མཐར་ཐུག་གི་ཡིད་ལ་སྨོན་པའི་གནས་རྣམས་དེ་དེ་བཞིན་དུ་འགྲུབ་པའི་བསྔོ་སྨོན་ཡང་དག་བྱས། འབྱོར་ལན་རྣམ་མགུར་སོགས་གསུང་འབུམ་ཁ་ཤས་ཕུལ། དངོས་པོ་དེ་དག་རྣམས་ཀྱང་ནང་དུ་མ་བཞག་པར་དངུལ་རྡོ་ཚད་ལྔའི་ནང་ནས་གཅིག་རོང་བོའི་དགོན་ཆེན་ལ་ཕུལ། གཞན་བཞི་བོ་དངུལ་སྲང་ལྔ་དང་བཅུ་ལ་སོགས་པ་བྱས་ནས་དགོན་པ་གཞན་རྣམས་ལ་ཕུལ། རྡོ་ཚད་གཞན་རྣམས་མཚམས་པ་གྲྭ་བཙུན་ཞབས་ཕྱི་སྤྲང་པོ་གནས་སྐོར་སོགས་མི་སུམ་བརྒྱ་དང་བདུན་ཅུ་ཙམ་གྱི་མཐུན་རྐྱེན་ཇ་མར་ཕྱེ་རྩམ་སོགས་ལ་བཙོངས་ནས་དགུན་དཔྱིད་ཀྱི་མཚམས་རྒྱུགས་ལ་རིམ་གྱིས་བཏང་ནས་དགེ་སྦྱོར་གང་ནུས་བྱས། དེ་ལྟར་མཆོད་སྦྱིན་དུ་བཏང་བའི་དགེ་ཚོགས་རྣམས་འབྲེལ་ཐོགས་རྣམས་ཀྱིས་གཙོ་བྱས། མ་སེམས་ཅན་རྣམས་འ ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུ་རུ་བསྔོས། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པའི་གནས་སྐབས་ཚུན་ཆད་དུ་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་དུ་སྐྱེས་པའམ། ཡང་ན་ལྷ་ལུས་མི་ལུས་གཙང་མ་ཐོབ་ནས། སྔོན་བྱོན་དམ་པ་གོང་མའི་རྣམ་པར་ཐར་པ་བཞིན། མ་ནོར་ལམ་སྟོན་དགེ་བའི་བཤེས་གཉེན་ཚུལ་

p. 439

བཞིན་དུ་བསྟེན་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ། མཐར་སངས་རྒྱས་པའི་རྒྱུ་རུ་དམིགས་ནས་བསྔོ་སྨོན་རྒྱ་ཆེན་པོ་བྱས་སོ། །ཡང་དམག་འཁྲུག་བརྒྱབ་ནས་རྒྱལ་ཁམས་ཕུང་ལ་གཏོང་བ་རྣམས་ལྷ་ལ་གཉེར་གཏད་འདི་ལྟར་བྱས། ཧཱུྃ་མི་མངོན་དབྱིངས་ན་བཞུགས་པའི་ཞི་ཁྲོའི་ལྷ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །མཛོད་ཅིག་མཛོད་ཅིག་སེམས་ཅན་དོན་མཛོད་ཅིག །མི་རྣམས་ལས་ཉོན་གྱོད་འདྲེའི་དབང་དུ་སོང་། །དམག་འཁྲུག་བརྒྱབ་ནས་མི་རྟ་གསོད་མཁན་གྱི། །རྒྱུད་ཀྱི་ཆགས་སྡང་གྱོད་འདྲེ་ཀུན་ཞི་ནས། །ཕན་པ་བྱང་ཆུབ་སེམས་དང་ལྡན་པར་མཛོད། །ཞི་བའི་སྒོ་ནས་མི་ཐུལ་གྱོད་འདྲེ་རྣམས། །དྲག་པོ་མངོན་སྤྱོད་སྒོ་ནས་མྱུར་དུ་སྒྲོལ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ད་དྲོངས་ཤིག །ཐུགས་དམ་གནད་ནས་བསྐུལ་ལོ་ཞི་ཁྲོའི་ཚོགས། །ཞེས་གཉེར་གཏད་དྲག་པོ་བྱས་པས་རེ་ཞིག་གྱོད་འདྲེ་རྣམས་རང་སར་ཞི་ནས་རེབ་གོང་གསེར་མོ་ལྗོངས་བདེ་བར་བྱུང་། དེ་ནས་བཀྲ་ཤིས་འཁྱིལ་བར་འོངས། བཅུ་བ་ནས་མཚམས་ལ་བསྡད།

p. 440

བྱང་ཆུབ་སེམས་ཀྱི་བདག་པོ་སློབ་དཔོན་ཞི་བ་ལྷ་ལ་གསོལ་བ་འདེབས་བཞིན་སྤྱོད་འཇུག་དང་དེའི་འགྲེལ་བ་རྒྱལ་ཚབ་རྗེའི་གསུང་བཞིན། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་པས། བདག་པས་གཞན་གཅེས་ཀྱི་བློས་ཁེ་དང་རྒྱལ་ཁ་གཞན་ལ་སྟེར་ཞིང་། གྱོང་དང་ཕམ་ཁ་རང་གིས་ལེན་པ་ལ་སྔར་བས་སྙིང་སྟོབས་ཆེ་བ་བྱུང་། ས་བྱ་ལོའི་ཟླ་བ་བཞི་བ་བར་དུ་མཚམས་བྱས་ནས་བསྡད། བཞི་བ་ཚེས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས་ནས། མདོ་སྔགས་ཟུང་དུ་འབྲེལ་བའི་ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་བསྐོར་པས་མི་སྟོང་ཕྲག་མང་པོ་འཚོགས། བཅོ་ལྔའི་ཉིན་པར་སྨྱུང་གནས་བརྒྱད་བརྒྱ་བསྲུང་རྒྱུ་བྱུང་། མཇུག་ཏུ་བསྔོ་བ་དང་སྨོན་ལམ་གྱི་མཚམས་སྦྱོར་བྱས། དེའི་ལོ་བསམ་པ་དཀར་ཞིང་བློ་གྲོས་ཆེ་བའི་དབོན་པོ་དཀར་དྲིས། གཉེར་བ་རབ་བྱུང་གཉིས་ཀྱིས། བཀྲ་ཤིས་འཁྱིལ་བའི་དགེ་འདུན་པའི་འདུ་ཁང་ལ་ཚོན་རྩི་གཏོང་བའི་ཁ་མགོ་བྱས། སེང་གེ་གཤོང་གི་འབག་བཟོ་འཇམ་དབྱངས་བཀྲ་ཤིས་ཀྱི་ཚ་བོ་དགེ་སློང་དང་། ལྷ་བཟོ་ཡེ་ཤེས་དར་རྒྱུས། སྙན་གྲགས་དགེ་སློང་སོགས་དཔོན་གཡོག་བདུན་བརྒྱུད་ཙམ་གྱིས་འབག་བཞེངས་ཚོན་བཏང་། རྣ་གོང་མའི་

p. 441

ལྷ་བཟོས་གཟིམ་ཁང་ནང་དུ་ངའི་འདྲ་སྐུ་མི་ཚད་ལས་ལྷག་ཙམ་ཞིག་དང་། གཞན་སྐུ་འདྲ་མང་པོ་བཞེངས། ནང་རྟེན་གཟུངས་གཞུག་རྣམས་ཉང་གི་མཚམས་པས་ཕུལ། ནང་ཐམས་ཅད་སྐུ་གསུང་ཐུགས་རྟེན་གྱིས་བཀང་། ཕྱི་ན་བལྟ་རྒྱུ་དང་། ནང་ན་མཇལ་རྒྱུ་ཡོད་པ་བྱས། དེ་རྣམས་ཀྱི་གསེར་ཚོན་གྱི་རིན་ལ། དངུལ་སྲང་བརྒྱ་དང་བཅུ་གསུམ་སོང་། གཞན་འབག་བཟོ་ལྷ་བཟོ་ཤིང་བཟོ་ལས་རོགས་པ་རྣམས་ལ་རྟ་ནོར་ལུག་གསུམ་གོས་ལྷམ་དཱ་བུ་དཀར་དམར་རས་སོགས་ཁྱོན་སྡོམ་པའི་དོང་ཙེ་ཁྲོན་སུམ་བརྒྱ་ལྷག་ཙམ་བྱིན། རབ་གནས་དགའ་སྟོན་བྱས། དགེ་ཚོགས་རྣམས་ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་། འཁོར་གསུམ་མི་དམིགས་པའི་ཟབ་མོ་སྟོང་པ་ཉིད་ཀྱི་རྩི་ཡིས་ཟིན་པར་བྱས་ནས། འབྲེལ་ཐོགས་རྣམས་ཀྱིས་གཙོ་བྱས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་རྫོགས་པའི་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོས། བྱང་ཆུབ་མ་ཐོབ་བར་དུ་མཐོ་རིས་ཀྱི་རྟེན་བཟང་པོ་ལྷ་ལུས་མི་ལུས་ཐོབ་ནས། དམ་པའི་ཆོས་བྱས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་

p. 442

པས། དེར་འཚོགས་པ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བྱས་སོ། །དེ་དུས་མཁས་བཙུན་བཟང་གསུམ་འཛོམ་པའི་རི་རྩེའི་སྐུ་སྐྱེས་ཕེབས་ནས་རྟ་གོས་གཉིས་ལྷ་རྫས་དྲི་མེད་བཅས་ཕུལ་ནས། བླ་མ་རིན་པོ་ཆེ་ཁོ་བོ་ལ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གདམས་པ་ཟབ་མོ་ཞིག་དགོས་ཞེས་ཞུས་པའི་ལན་དུ། ངས་ཆོས་བཤད་མང་པོ་བྱས་པའི་རྗེས་སུ། འོ་རྒྱུད་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུའི་སེམས་ཀྱིས་ནི། །ནམ་མཁའ་ལྟ་བུར་བསྒོམས་བྱས་ན། །ནམ་མཁའ་ལྟ་བུར་འཚང་རྒྱའོ། །ཞེས་གསུངས་པ་ལྟར། དཔེར་ན་ནམ་མཁའ་འདི་ལ་མཐའ་དབུས་མེད། ཕྱི་ནང་མེད། འགྲོ་འོང་མེད། སྐྱེ་འཆི་མེད། གསལ་འགྲིབ་མེད། ཁྱབ་གདལ་ཀློང་ཡངས་ཆེན་པོར་ཡེ་གདོད་མ་ནས་གནས་པ་ལྟར། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་རིག་པས་ཡང་ཡང་དཔྱད་ཚེ། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར། ཡེ་གདོད་མ་ནས་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་ཐ་དད་ཀྱི་སྤྲོས་པའི་མཐའ་བརྒྱུད་དང་བྲལ་བ། ཆོས་ཀྱི་དབྱིངས་ཆེན་པོ་གསལ་ཞིང་དྭངས་ལ་སྒྲིབ་གཡོགས་

p. 443

དང་བྲལ་བ། ཕྱི་ནང་མེད་པར་ཟང་ཐལ། ཕྱོགས་རིས་མེད་པར་ཁྱབ་པ། རྒྱ་ཆད་མེད་པར་བརྡལ་བ། མཐའ་དབུས་མེད་པར་ཀློང་ཡངས་ནམ་མཁའ་ལྟ་བུའི་ངང་ལ། ནམ་མཁའ་ལྟ་བུར་ཕྱོགས་བཅུར་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་བཏང་། ལྷོད་ཀྱིས་གློད་ནས་བཞག་པས། དཔེར་ན་རོང་ཁུང་དོག་ས་ནས་ལ་ཁ་མཐོན་པོ་ལ་བུད་པ་དང་། རི་མཐོན་པོའི་རྩེ་ནས་ནམ་མཁའ་ཞེང་ཆེ་སར་བལྟས་པ་ལྟར། གུ་ཡངས་ལ་བློ་བདེ་བ། ཟང་ཐལ་ལ་ཕྱམ་བརྡལ་ལེར་གནས་པ་དེ་ཆོས་སྐུ་ནམ་མཁའ་ལྟ་བུའི་དགོངས་པ་ཡིན་པར་ངོ་ཤེས་པར་གྱིས་ལ། ཁྱབ་གདལ་ཀློང་ཡངས་ཆེན་པོར་ཉམས་སུ་ལོངས་ཤིག་དང་། ནམ་མཁའ་ལྟ་བུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཡང་རྒྱུད་ལས། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུའི་སེམས་ཀྱིས་ནི། །སྒྱུ་མ་ལྟ་བུར་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་འཚང་རྒྱའོ། །ཞེས་གསུངས་པ་ལྟར། དཔེར་ན་སྒྱུ་མ་མཁན་གྱིས། སྒྱུ་མའི་རྫས་སྔགས་ཀྱི་རྟེན་འབྲེལ་ལ་བརྟེན་ནས། རྟ་དང་གླང་པོ་ལ་སོགས་པའི་སྒྱུ་མའི་ལྟད་མོ་སྣ་ཚོགས་པ་འབྱུང་བ་བཞིན་དུ། ལས་

p. 444

བཟང་ངན་གྱི་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས། བདེ་སྡུག་གི་སྣང་བ་སོགས་ཆོས་ཐམས་ཅད་ཀྱི་འབྱུང་ཚུལ་བསམས་ནས། ལས་འབྲས་ལ་ངེས་ཤེས་ཤུགས་དྲག་བསྐྱེད། དེ་ལྟར་མ་རྟོགས་པའི་མ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་མེད་བསྒོམས། དེའི་དོན་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྒྱུ་མ་ལྟ་བུར་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བ་ལ་འབད་ན་སྒྱུ་མ་ལྟ་བུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། མཉམ་གཞག་ནམ་མཁའ་ལྟ་བུ་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུ་ཡི། །ཏིང་འཛིན་མངོན་གྱུར་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐྱེ་འཆི་འཁོར་བའི་ཉེས་དམིགས་རྣམས། །བསམས་ནས་ཚེ་འདི་བློ་ཡིས་བཏང་། ་།དབེན་པར་ཉམས་ལེན་མཛད་མཁན་གྱི། །སྐལ་ལྡན་བུ་ཁྱོད་འདི་བཞིན་སྒོམས། །བྱམས་དང་སྙིང་རྗེ་བྱང་སེམས་སྒོས། །ཚོགས་གསོག་སྒྲིབ་སྦྱོང་གཉིས་ལ་འབོད། །ཁྱད་པར་བླ་མའི་རྣལ་འབྱོར་སྒོམས། །གསོལ་བ་ཐོབ་ལ་དབང་བཞི་ལོངས། །བླ་མའི་ཐུགས་དང་རང་སེམས་བསྲེས། །ད་ནས་སྣང་སྲིད་འཁོར་འདས་ཀྱིས། །བསྡུས་

p. 445

པའི་ཆོས་རྣམས་མ་ལུས་པ། །མིང་གིས་ཕར་བཏགས་མ་གཏོགས་པ། །རང་ངོས་གྲུབ་པ་རྡུལ་ཙམ་མེད། །ངོ་བོ་སྟོང་ཞིང་བདག་མེད་པ། །སྤྲོས་པའི་མཐའ་བརྒྱད་དང་བྲལ་བ། །ནམ་མཁའ་ལྟ་བུ་ཡིན་པ་ལ། །རྣམ་པ་རྒྱུ་རྐྱེན་རྟེན་འབྲེལ་ལ། །བརྟེན་ནས་འགགས་མེད་སྣང་བ་རྣམས། །ནམ་མཁའི་འཇའ་ཚོན་ཆུ་ནང་ཟླ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་། །སྣང་སྟོང་སྒྱུ་མ་ལྟར་ཤེས་ནས། །མཉམ་གཞག་ནམ་མཁའ་ལྟ་བུ་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུ་ཡི། །སྟོང་ཉིད་གཉིས་ཀ་ཡུན་རིང་སྒོམས། །དེ་ནས་སྣང་བ་མི་སྣང་བ། །མི་སྣང་སྣང་བར་བསྒོམས་པ་སོགས། །སྤྲུལ་བསྒྱུར་སྣ་ཚོགས་བསྒོམས་གྱུར་ན། །སྐབས་ཤིག་དེ་ལྟར་རྨི་ལམ་དུ། །འོང་ཞིང་དེ་ནས་ཉམས་ལ་ཡོང་། །དེ་ནས་དངོས་སུ་སྤྲུལ་བསྒྱུར་སོགས། །རྫུ་འཕྲུལ་སྣ་ཚོགས་སྟོན་པར་ནུས། །དེ་ཕྱིར་སྐལ་ལྡན་སློབ་བུ་ཁྱོད། །དེ་ལྟར་བསྒོམས་ལ་འབད་པར་མཛོད། །དེ་སྐད་སྨྲས་པའི་དགེ་བའི་མཐུས། །དེ་བཞིན་མངོན་དུ་འགྱུར་བར་ཤོག །ཅེས་སྨྲས་པས་ལྟ་བ་ཡངས་ལ་སྤྱོད་པ་ཞིབ་མོ་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པ་ཞིག་

p. 446

བྱུང་ངོ་། །ཡང་དད་པ་ཆེ་བའི་བློ་ལྡན་ཆོས་མཛད་ཀྱིས་ཤི་གསོན་གང་གི་སྐྱབས་འཇུག་ཞུ་རྟེན་དུ་ལུག་ལྔ་བཅུ། ཧ་སག་གི་སྟོད་ཐུང་གཅིག རིན་ཆེན་རྒྱན་ལྡན་པདྨའི་ཟེའུ་འབྲུའི་ཕྲེང་བ་འཇམ་དར་བཅས་སྐྱབས་འཇུག་གི་ཚིགས་སུ་བཅད་ནས་ཕུལ་བ། སྐུ་རབ་མཛེས་མཚན་དཔེ་གཟི་འོད་འབར། །གསུང་རབ་སྙན་ཡན་ལག་དྲུག་ཅུ་ཚང་། །ཐུགས་རབ་ཡངས་མཁྱེན་བརྩེ་ནུས་པར་ལྡན། །ཞིང་རབ་འབྱམས་རྒྱལ་ཀུན་འདུས་པའི་མགོན། །དུས་བསྐལ་པ་སྔོན་ནས་སངས་རྒྱས་ཀྱང་། །དུས་སྙིགས་མའི་འགྲོ་རྣམས་འདྲེན་པའི་ཕྱིར། །དུས་ད་ལྟ་རང་རེའི་བླ་མར་གྱུར། །དུས་ལན་ཅིག་མཇལ་འདི་ལས་འཕྲོ་བཟང་། །འབངས་བདག་གིས་བླ་མ་མང་བསྟེན་ཀྱང་། །མགོན་ཁྱེད་ཀྱི་རྣམ་ཐར་བསམ་ཙ་ན། །ཡིད་གཡོ་བའི་དད་པ་དབང་མེད་སྐྱེས། །དུས་ད་ལོ་ཕ་ཁྱེད་བསམས་ནས་ཡོང་། །གནས་འདི་རུ་འོང་བ་དོན་དང་ལྡན། །མགོན་ཁྱོད་ཀྱི་ཞལ་མཐོང་གསུང་ཐོས་ནས། །སྐུའི་ཉེ་དྲུང་འདི་རུ་ལོ་གཅིག་ལ། །རང་གང་ནས་བསྒོམ་བསྒྲུབ་བྱས་པའི་ཚེ། །སེམས་ཆོས་བརྒྱད་དབང་དུ་སོང་བ་ཡི། །སྡུག་བཙིར་གྱི་བསྒོམ་བསྒྲུབ་མ་བྱས་པར། །

p. 447

རང་སྣང་བ་གུ་ཡངས་བློ་བདེ་ངོས། །ཕ་བླ་མ་སྤྱི་བོར་སྒོམ་བཞིན་དུ། །ལུས་ངག་གི་འབད་རྩོལ་མི་དགོས་པའི། །དུས་རྒྱུན་དུ་སེམས་ངོ་བསྐྱངས་པའི་ཚེ། །ཉམས་རྟོགས་པ་ཆེན་པོ་མི་འཆར་ཡང་། །ཡིད་དད་གུས་དག་སྣང་གོང་དུ་འཕེལ། །མི་རྟག་དང་སྐྱོ་ཤས་ཐན་ཐུན་སྐྱེ། །མ་འགྲོ་ལ་ཕན་སེམས་སྐྱོང་བཞིན་གནས། །ལུས་བདེ་ཞིང་སྐྱིད་ལ་སེམས་ཁ་ཡངས། །འདི་ཀུན་ཀྱང་མགོན་ཁྱོད་བཀའ་དྲིན་ཡིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །ཉམས་དགའ་འོ་སྐྱིད་དོ་བླ་མ་མཁྱེན། །དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །ཕ་ཁྱེད་མིན་རེ་ས་གཞན་ན་མེད། །ཐུགས་བརྩེ་བས་མ་འདོར་ཐུགས་རྗེས་ཟུངས། །ཚེ་འདི་ཕྱིའི་འདུན་མ་ཁྱེད་རང་མཁྱེན། །མགོན་ཁྱེད་ཀྱིས་ཐུན་མོང་མ་ཡིན་པའི། །ལམ་བསྐྱེད་རྫོགས་རྫོགས་ཆེན་གནད་འགག་ཅིག །ཐུགས་བརྩེ་བས་གསུངས་ཤིང་གསུང་བཞིན་དུ། །རང་བསྒྲུབ་ཀྱང་ནུས་པར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །ཐུན་མོང་མ་ཡིན་བསྐྱེད་

p. 448

རྫོགས་དང་། །རྫོགས་ཆེན་གནད་འགག་འདི་ལྟར་སྒོམས། །རང་ལུས་སྣོད་བཅུད་འོད་དུ་ཞུ། །མི་དམིགས་སྟོང་པ་ཉིད་དུ་སྒོམས། །སྟོང་པའི་ངང་ལས་སྣོད་བཅུད་ཀུན། །གཞལ་ཡས་ཁང་དང་ལྷ་རུ་སྒོམས། །ལྷ་རྣམས་བདེ་བའི་རང་བཞིན་དང་། །བདེ་བ་སྟོང་པའི་རང་བཞིན་དང་། །ངོ་བོ་བདེ་སྟོང་རྣམ་པ་ལྷ། །དེ་རྣམས་གསུམ་སྒྲིལ་གྱིས་ལ་སྒོམས། །རང་སེམས་ཆོས་ཀུན་གདོད་མའི་གཤིས། །མཐའ་བྲལ་ཆོས་ཀྱི་དབྱིངས་ཡིན་པས། །དེ་ཡི་ངང་དུ་གློད་ལ་ཞོག །འོད་གསལ་མཐའ་དབུས་མེད་པར་འཆར། །འོད་གསལ་ངང་ལས་མ་གཡོས་བཞིན། །སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་། །དེ་ལྟར་ཡང་ཡང་སློབ་ནུས་ན། །མི་སློབ་ཟུང་འཇུག་མངོན་དུ་འགྱུར། །མ་བསྒོམས་བཞིན་དུ་ཟུང་འཇུག་སྐུ། །བརྙེས་ཐབས་ཁྲེགས་ཆོད་ཐོད་རྒལ་ལམ། །སྔ་འགྱུར་རྫོགས་ཆེན་ཁྱད་ཆོས་ཡིན། །གསང་ནས་ཉམས་སུ་ལེན་པ་གཅེས། །ཞེས་གང་བཤད་པ་ལྟར་ཉམས་སུ་བླངས་པས་ཉམས་རྟོགས་པའི་ཡོན་ཏན་མང་པོ་རྒྱུད་ལ་ཤར་བ་བྱུང་། ཡང་དད་ཅན་ཀུན་བཟང་། མདོ་སྔགས། ཆོས་གྲགས་སོགས་སྐལ་ལྡན་གྱི་སློབ་མ་འགའ་ཞིག་གིས་འཕགས་པ་ཀུན་ཏུ་

p. 449

བཟང་པོའི་མཆོད་སྤྲིན་ལྟར་དམིགས་ནས་མཆོད་པ་འབུལ་ན་ཇི་ལྟར་མོས་དགོས་ཟེར་བའི་ལན་དུ། འོ་དེ་ལ་མཎྜལ་གྱི་སྐབས་སུ་སོ་བདུན་མའི་ནང་ལྟར། དབང་ཆེན་གསེར་གྱི་ས་གཞི། ཕྱིའི་ལྕགས་རི། དབུས་སུ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག རྒྱལ་སྲིད་སྣ་བདུན། མཆོད་པའི་ལྷ་མོ་བརྒྱད། ཉི་མ་ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་རང་རང་ལ་མངའ་བའི་ཡོན་ཏན་ཆ་མཐུན་གྱི་ལོངས་སྤྱོད་ཉི་ཟེར་ལ་རྡུལ་འཁྲིགས་པའམ། ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུར་ལང་ལོང་དུ་འཕྲོ་ཞིང་། དེ་འདྲ་བའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་བཤད་མ་ཐག་པའི་མཎྜལ་རྡུལ་སྙེད་དུ་འཁྲིགས་ཤིང་། སོ་སོའི་སྐྱེ་བོའི་བློས་དཔག་པར་མི་ནུས་ཤིང་། མཐས་གཏུགས་པ་མེད་པའི་བར་དུ་ཏིང་ངེ་འཛིན་གྱིས་རྣམ་པར་སྤྲུལ་ནས་འབུལ་བ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་

p. 450

རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པ་འབུལ་ཚུལ་དུ་གྲགས་ལ། ཡང་ལུགས་ལ་ལར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་གཅིག་གི་ཐུགས་ཀ་ནས། འོད་ཟེར་བྱེ་བ་ཐེར་འབུམ་ཁུག་པ་གསུམ་གྱི་གྲངས་ཀྱིས་ཀྱང་མི་ཆོད་པ་སྤྲོས་པའི་སྣེ་མོར་ཀུན་ཏུ་བཟང་པོ་སྤྲོས་ཏེ་མཎྜལ་འབུལ་བ་པོར་བགྱིས་ནས། དེ་ལྟ་བུ་རེ་རེའི་ལྟེ་བ་ལས་ཀྱང་། འོད་ཟེར་དེ་འདྲ་བ་སྤྲོས་ནས་མཁའ་ཁྱབ་ཏུ་ཕུལ་བ་ལ། ཀུན་ཏུ་བཟང་པོའི་མཎྜལ་དུ་བཞེད་པའོ། །།ཞེས་དགེ་རྩེ་པཎྜི་ཏས་གསུངས། གཞན་ཡང་སྣང་སྤྱོད་ཐམས་ཅད་མཆོད་པར་འབུལ་ཚུལ་ནི། སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་རྣམ་པར་དག་པ། ཐོག་མཉེན་པ། ལོགས་འཇམ་པོ། འོག་བདེ་བ། ཡེ་ཤེས་རིན་པོ་ཆེའི་ཁང་བ། རི་ཐམས་ཅད་རིན་པོ་ཆེའི་ཕུང་པོ། ཆུ་ཐམས་ཅད་ཁྲུས་ཀྱི་རྫིང་བུ། ཤིང་ཐམས་ཅད་དཔག་བསམ་གྱི་ཤིང་། སྒྲ་ཐམས་ཅད་གླུ་དང་དབྱངས་སྙན་ཚིགས་སུ་བཅད་པའི་སྒྲ། གོས་ཐམས་ཅད་བླ་བྲེ་དང་། ན་བཟའ་དང་། གདུགས་དང་རྒྱལ་མཚན་དང་། རྫས་ཐམས་ཅད་བཟའ་བ་དང་བཏུང་བའི་མཆོག འགྲོ་བ་ལྷ་དང་ལྷ་མོ། རྐང་བ་གར་སྟབས་བྱེད་པ། ལག་པས་གར་བསྒྱུར་བས་ཕྱོགས་བཅུའི་ནམ་མཁའི་ཁམས་གང་

p. 451

བར་བསམ་ལ་འབུལ་ལོ། །དེ་ནི་སྣང་སྤྱོད་ཐམས་ཅད་མཆོད་པར་དམིགས་ནས་འབུལ་ཚུལ་ལགས། དེ་ལྟར་ཕུལ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཞེས་སྨྲས་པས། ཁོང་རྣམས་ནས་དེ་འདྲའི་དམིགས་པ་དཀའ་ཡང་མོས་མོས་སེམས་སེམས་རེ་བྱེད་པ་ལ་ཕན་ཐོགས་ཆེན་པོ་བྱུང་བས་བཀའ་དྲིན་ཆེ་ཟེར། ཡང་སྤྲུལ་སྐུ་དགེ་འདུན་དར་རྒྱས་དང་། ངག་དབང་འོད་ཟེར། དགེ་སློང་དཀོན་མཆོག་རྒྱལ་མཚན་དང་། ངག་དབང་བསྟན་འཛིན། ངག་དབང་བསྟན་རྒྱས། ཡེ་ཤེས་རྒྱ་མཚོ་སོགས་སྐལ་ལྡན་གྱི་སློབ་མ་མང་པོས། ཕྱག་ཆེན་གསོལ་འདེབས་ལས། སེམས་ཉིད་ལྷན་སྐྱེས་ཀྱི་རང་ངོ་འཕྲོད་པ་དང་། ལམ་གང་ཤར་ལ་སྤང་བླང་མེད་པ་དང་། སྣང་སྲིད་སྐུ་གསུམ་དུ་འཆར་བར་བྱིན་གྱིས་རློབས། ་ཞེས་གསུངས་པའི་དོན་ལྟར། སེམས་ཉིད་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ངོ་འཕྲོད་པ་ལ། ཐོག་མར་ལོང་བ་མིག་ཕྱེས་པ་ལྟ་བུའི་ངོ་སྤྲོད་ཀྱི་གདམས་པ་གསལ་བོ་ཞིག་བསྟན་དུ་གསོལ། ཞེས་ཞུས་པའི་ལན་དུ། འོ་དེ་ཡིན་ན་ངས་བྱ་ཞེས།

p. 452

རང་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་གི་སྐུར་བསྒོམས་ནས། །ཏིང་ངེ་འཛིན་གྱི་དབང་བཞི་བསྐུར་ནས་རྒྱུད་བྱིན་གྱིས་བརླབས་ཏེ། དེ་ནས་ངོ་སྤྲོད་ཀྱི་གདམས་པ་དངོས་ནི། རྗེ་བཙུན་གྲོལ་མཆོག་པའི་ཞལ་ནས། སེམས་རང་ལུགས་སུ་ལྷོད་བཞག་པས། རྟོག་པ་རང་སར་ཉལ་ཞི་ནས་ངོས་བཟུང་མེད་པའི་ཤེས་པ་གསལ་སེང་ངེ་རང་རིག་རང་གསལ་དུ་རྗེན་ནེ་བ་དེ་ལ། སངས་རྒྱས་ཀྱི་དགོངས་པ་ཟེར་བ་ཡིན། སེམས་ཅན་གྱི་སེམས་ཀྱི་མཚན་ཉིད་ཟེར་བ་ཡིན། དངོས་པོའི་གནས་ལུགས་ཟེར་བ་ཡིན། རང་གི་སེམས་བྱ་བ་ངོས་བཟུང་མེད་པའི་ཤེས་པ་གསལ་སེང་ངེ་བ་འདི་ཡིན་ནོ། །བླ་མས་དེ་ངོ་སྤྲད་པ་ཡིན། སློབ་མས་དེ་ཤེས་པར་བྱེད་པ་ཡིན། དེ་ལྟར་ངོ་ཤེས་པ་ལ་སེམས་ངོ་ཤེས་པ་ཟེར་བ་ཡིན། སངས་རྒྱས་མཁན། འཁོར་བར་འཁྱམས་མཁན། དགའ་དང་མི་དགའ་བ། མདོར་ན་སྲིད་དང་ཞི་བའི་ཆོས་ཀྱི་བྱེད་མཁན་ཐམས་ཅད་འདི་ཡིན། སྔར་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ཡིན། ད་ལྟ་རྣམ་རྟོག་རྒྱུན་ཆད་ནས་ངོ་ཤེས་པ་ཡིན་ནོ། །སེམས་དེ་ལ་ངོས་བཟུང་ཅི་ཡང་མེད་པ་སེམས་ཀྱི་རང་བཞིན་ཡིན། མེད་བཞིན་པ་ས་ལེ་ཝ་ལེ་བ་དེ་སེམས་ཀྱི་མཚད་ཉིད་ཡིན།

p. 453

སྟོང་གསལ་རིག་པའི་ངོ་བོ་སེང་ངེ་ཡེ་རེ་བ་དེ་ངོ་བོ་ཡིན་ནོ། །དེ་ལ་ངོ་ཤེས་པ་ཅིག་མཛོད། སེམས་ཉིད་ལྷན་ཅིག་སྐྱེས་པར་ངོ་སྤྲད་པའོ། །ཞེས་དང་། རྒྱལ་སྲས་ཐོགས་མེད་རིན་པོ་ཆེས། སློབ་དཔོན་སྐྱོབ་པ་ལ་གདམས་པ། སེམས་རྟོག་མེད་ཀྱི་ངང་ལས་གསལ་སེང་ངེ་པ་དེའི་ངོ་བོ་ལ་བལྟས་ནས་ཅིར་ཡང་མ་གྲུབ་པར་སྟོང་སེང་ངེ་གནས་པ་དེ་ལ། རིག་པ་གསལ་སྟོང་འཛིན་མེད་ཟེར་བ་ཡིན། དེ་དང་པོ་ནས་ཐམས་ཅད་ལ་ཡོད་མོད་ཀྱི་གཟུང་འཛིན་གྱི་རྣམ་པར་རྟོག་པས་བསྒྲིབས་པས་ངོ་མ་ཤེས་པ་ཡིན། ཁྱེད་རང་གི་ཉམས་ལེན་གྱི་སྟོབས་ཀྱིས་ངོ་བོ་མཐོང་བ་ཡིན་པས། སེམས་ཀྱི་ངོ་བོ་སྟོང་པར་འདུག་པ་དེ་ལ་ལེགས་པར་ལྟོས། དེའི་ཐོག་ཏུ་ཞོག་མཛོད། ཡོན་ཏན་གྱི་འཆར་ཚུལ་གོང་ནས་གོང་དུ་འབྱུང་ཞིང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བས། དགའ་བ་སྒོམས་ལ་ཉམས་སུ་ལོངས་མཛོད། ཅེས་གསུངས་པ་ལྟར་ཉམས་སུ་ལོངས་དང་། ཉོན་མོངས་པ་ཐམས་ཅད་ཆུ་ལ་དབྱུ་གུས་རི་མོ་བྲིས་པ་བཞིན་དུ་རང་ཡལ་དུ་སོང་ནས་མི་གནོད་པར་མཐར་འཆི་བ་ཆོས་སྐུར་གྲོལ་བར་འགྱུར་ཏེ། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཞལ་ནས། འཆི་ཁར་ཚེ་འདིའི་འཁྲི་བ་ཐམས་

p. 454

ཅད་རྦད་ཀྱིས་བཅད་ལ། དོན་དམ་པར་སེམས་ལ་སྐྱེ་འཆི་མེད་པར་ཐག་བཅད། ཕྱག་རྒྱ་ཆེན་པོ་ལ་སྒོམ་དུ་མེད་པར་ཐག་བཅད། བསྒོམ་མེད་ཀྱི་དོན་ལ་མ་ཡེངས་པར་བཞག་པས་བར་དོ་མེད་པར་འཚང་རྒྱའོ། །ཞེས་གསུངས་པ་ལྟར་འཆི་ཁར་ལམ་སྣ་ཟིན་པ་ཁ་ཤས་བྱུང་ངོ་། །ཡང་དད་གཏོང་བློ་གྲོས་ཆེ་བའི་བདེ་ཆེན་མཚམས་པ་དང་། དད་ཅན་རིག་གྲོལ་ལ་སོགས་པའི་སྐལ་ལྡན་གྱི་སློབ་མ་མང་པོས། སྐྱབས་མགོན་རིན་པོ་ཆེ། རྗེ་ལྷོ་བྲག་མར་པས། གདམས་པ་ཀུན་ལ་ཡོད་མོད་ཀྱང་། །སྙན་བརྒྱུད་ཡོད་ན་ཡོད་པ་ཡིན། །བསྒོམས་ཏེ་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམས་རྒྱ་ན་རྒྱུ་བ་ཡིན། །གསུངས་པ་ལྟར། སྙིགས་དུས་ཚེ་ཐུང་ནམ་འཆི་ཆ་མེད། ཆོས་གཞན་སྒོམ་ལོང་མི་འདུག་པས་ད་ནི་མ་བསྒོམས་པར་འཚང་རྒྱ་བའི་གདམས་པ་ཟབ་མོ་ཞིག་དགོས་ཞེས་ཞུས་པའི་ལན་དུ། འོ་དེ་ཡིན་ན་སྔོན་ཇོ་བོ་རྗེ་རྒྱ་གར་ཤར་ཕྱོགས་བྷ་དུ་རའི་གྲོང་ན་བཞུགས་དུས། བུད་མེད་གཅེར་བུ་རུས་རྒྱན་ཅན་ཞིག་རེས་ངུ་རེས་དགོད་པ་ཞིག་གཟིགས་ནས། ཡིད་ཀྱིས་གསོལ་བ་བཏབ་པས། ང་རེས་ངུ་རེས་དགོད་པའི་དོན་ཤེས་སམ་གསུངས། མ་འཚལ་ཞུས་པས། སེམས་ཅན་རྣམས་

p. 455

རང་རྒྱུད་ཀྱི་ཡེ་ཤེས་མ་རྟོགས་པར་འཁོར་བའི་སྡུག་བསྔལ་ལ་སྤྱོད་པས་དུ་བ་ཡིན། རྟོགས་ན་ད་ལྟ་ཉིད་དུ་སངས་རྒྱས་པ་ཡིན་པས་དགོད་པ་ཡིན་གསུངས་ནས། རྡོ་རྗེ་རྣལ་འབྱོར་མའི་དབང་ཚེགས་ཆུང་ལ་དོན་ཆེ་བ་བྱིན་རླབས་ཀྱི་ལུགས་བྱ་བས་དབང་བསྐུར་ནས་རྣལ་འབྱོར་མའི་ཞལ་ཇི་ལྟ་བ་བཞིན་གཟིགས། གདམས་ངག་མ་ལུས་པར་ཞུས་ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུངས། དེས་ན་མྱུར་དུ་མངོན་པར་སངས་རྒྱས་པར་འདོད་པས་དབང་དང་གདམས་ངག་ལས་སླ་བ་དེ་འདྲ་ཞུས་ནས་ཉམས་སུ་ལེན་དགོས། དེས་ན་ངས་ཀྱང་ཁྱེད་རྣམས་ལ་དེ་ལྟར་བྱ་ཞེས། རང་ཉིད་སྐད་ཅིག་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མའི་སྐུར་བསྐྱེད་ནས། ཏིང་ངེ་འཛིན་གྱི་དབང་བཞི་བསྐུར་ནས་རྒྱུད་བྱིན་གྱིས་བརླབས་ཏེ། དེ་ནས་གདམས་པ་དངོས་ལ། ལུས་གནད་དྲང་པོར་བསྲངས་མིག་འབྲས་རང་གི་ཐད་ཀར་མི་འཛུམ་པའི་ཚུལ་དུ་བལྟ་སྟེ། གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་དཔལ་ལྡན་ས་ར་ཧ་ཆེན་པོས། མིག་ནི་མི་འཛུམ་བསྒོམ་དུ་མེད་པའི་རྣལ་འབྱོར་དང་། ཞེས་

p. 456

གསུངས། གཞན་དུའང་། མིག་མ་བཙུམས་པའི་རྣལ་འབྱོར་པ། །རྣལ་འབྱོར་ཀུན་ལས་ཁྱད་པར་འཕགས། །ཞེས་དང་། མུ་སྟེགས་ཚངས་པ་གྱེན་དུ་བལྟ། །ཉན་ཐོས་ཞི་བ་ཐུར་དུ་བལྟ། །རྡོ་རྗེའི་མིག་ནི་ཐད་ཀར་བལྟ། །ཞེས་གསུངས་པ་ལྟར་ཐད་ཀར་བལྟ། སྐབས་དེར་ཤེས་པས་ཅིར་ཡང་མི་འཛིན། ཅིར་ཡང་མི་རྟོག དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཤེས་པ་རང་སར་ལྷོད་ཀྱིས་གློད་ནས་བཞག་པས། བླ་མའི་བྱིན་རླབས་ཀྱིས་སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བ་སྟོན་ཀའི་ཉི་མ་གུང་གི་ནམ་མཁའ་སྤྲིན་མེད་པའི་དཀྱིལ་ལྟ་བུ། དག་པ་དམིགས་པ་མེད་ཅིང་སྣང་བ་མེད་པ་ཉིད། མཐོང་མེད་ཚུལ་དུ་རང་གིས་མཐོང་ལ། ངེས་ཤེས་སྐྱེས་པ་དེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྟོགས་པ་ཡིན་ཏེ། སྔོན་བླ་མ་རིག་པའི་ཁུ་བྱུག་ལ་ཇོ་བོས་རྟོགས་པ་ཕུལ་བ། ཁོ་བོས་ཏིང་འཛིན་ཅིག་ལ་མཉམ་བཞག་ཚེ། །ནམ་མཁའ་སྤྲིན་དང་བྲལ་བ་ཇི་བཞིན་དུ། །གསལ་ཞིང་དྭངས་ལ་རྙོག་པ་མི་གདའ་ན། །བླ་མ་ཆོས་ཀྱི་གནས་ལུགས་དེ་ལགས་སམ། །ཞེས་ཞུས་པས། །དེ་ལྟར་ལགས་གསུངས། དེས་ན་ད་དུང་མངོན་དུ་

p. 457

མ་གྱུར་གྱི་བར་དུ་སྐྱོང་བ་ནི་གདམས་ངག་བླ་ན་མེད་པའོ། །ཞེས་གདམས་པས། ཐམས་ཅད་ཀྱིས་དེ་ལྟར་ཉམས་སུ་བླངས་པས། བདག་འཛིན་ཉོན་མོངས་ཐམས་ཅད་རང་སར་སངས། རྟོགས་པ་ནམ་མཁའ་དང་མཉམ་པ་རྒྱས། ནམ་ཞིག་འཆི་བ་ཆོས་སྐུ་རུ་གྲོལ་བའི་བློ་གདེང་རྙེད་པ་མང་པོ་བྱུང་ངོ་། །ཡང་བློ་ལྡན་འཇིགས་མེད་སོགས་སྐལ་ལྡན་སློབ་མ་འགའ་རེས། བླ་མ་རིན་པོ་ཆེ། བཀའ་རྒྱུད་ཀུན་གྱི་གཙུག་རྒྱན་མཉམ་མེད་སྒམ་པོ་བས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་མདངས། །ཞེས་གསུངས་པའི་དོན་ལྟར། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ལ། ཐོག་མར་ཆོས་སྐུ་མཛུབ་ཚུགས་མའི་གདམས་པ་ཞིག་བསྟན་དུ་གསོལ་ཞེས་ཞུས་པའི་ལན་དུ། འོ་དེ་ཡིན་ན་ཁྱེད་རྣམས་ཀྱིས་ལུས་གནད་དྲང་པོར་བྱ། མིག་བར་སྣང་དུ་ཧ་རེ་གྱིས། ཤེས་པ་ལྷོད་ཀྱིས་གློད་ལ་ཞོག་དང་། ཆོས་སྐུ་མཛུབ་ཚུགས་ཀྱི་གདམས་པ་དངོས་ནི། མཉམ་མེད་སྒམ་པོ་རིན་པོ་ཆེའི་ཞལ་ནས། ངས་ཁྱོད་

p. 458

ལ་ངོ་སྤྲོད་ཅིག་བྱ་གསུངས། ད་ཁྱོད་རང་གི་ཤེས་པ་གསལ་སེང་ངེ་བ་དེ་ཆོས་སྐུ་ཡིན། ལོགས་ན་མེད། ད་ལྟ་འདི་ནས་ལངས་ལ་ཕ་གིར་བསྡད་ཙ་ན་ཡང་། ཤེས་པ་ལ་བལྟས། གསལ་སེང་ངེ་འདུག་པ་དེ་ཁོ་ན་ཆོས་ཀྱི་སྐུ་ཡིན། དེ་ནས་ཡང་ཁྱིམ་དུ་ཕྱིན་ནས་མལ་དུ་བསྡད་དེ། སེམས་ལ་བལྟས། གསལ་སེང་ངེ་བ་ངོས་བཟུང་དང་བྲལ་བ་འདུག་ན། དེ་ཁོ་ན་ཆོས་སྐུ་ཡིན། དེ་ལ་གནས་པ་ཡུན་ཐུང་སྟེ་སྐད་ཅིག་ཙམ་ཡང་མི་གནས་པ་དེ་ཆོས་སྐུ་ཡིན། ཤེས་པ་འཕྲོ་བ་ལ་སྐྱོན་དུ་མི་བལྟ། མི་འཕྲོ་བ་ལ་ཡོན་ཏན་དུ་མི་བལྟ་བར་ཤེས་པ་གསལ་སེང་ངེ་བ་ལ་ངེས་སུ་གཞུག་སྟེ། འོང་ན་ཡེ་ཤེས་འཆར་རོ། །དེ་ཙ་ན་རང་མཁས་པ་འོང་བ་ཡིན་གསུངས་པ་ལྟར། ཤེས་པ་གསལ་སེང་ངེ་བའི་ངང་ལ་རྩེ་གཅིག་ཏུ་གནས་པ། རྩེ་གཅིག་གི་རྣལ་འབྱོར། རྣམ་རྟོག་གི་སྤྲོས་པ་དང་བྲལ་བ་སྤྲོས་བྲལ་གྱི་རྣལ་འབྱོར། སྣང་སེམས་གཉིས་འདྲེས་པ་རོ་གཅིག་གི་རྣལ་འབྱོར། བསྒོམ་རྒྱུ་མེད་པ་སྒོམ་མེད་ཀྱི་རྣལ་འབྱོར་ཏེ། གང་ཟག་བརྩོན་འགྲུས་ཅན་གྱི་ཚེ་འདིར་རྣལ་འབྱོར་བཞི་མཐར་ཕྱིན་ཏེ་ཆོས་སྐུར་སངས་རྒྱས་པར་འགྱུར་ཏེ། སློབ་དཔོན་ཆེན་པོས། སངས་རྒྱས་ཀྱི་དགོངས་པ་རྣལ་མ་སྐྱོན་མེད་འདི་ཁོ་ན་ཡིན་ཏེ། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་བར་དེ་

p. 459

ན་འདི་ཡིན་མེད་པའི་གསལ་ཞིང་དྭངས་པ། སྨྲ་རྒྱུ་མེད་པའི་ཉམས་སུ་མྱོང་རྒྱུ་ཞིག་འདུག་པ་དེ་ཀ་ལྟར་ཡེ་གདོད་མ་ནས་གནས་པ་ཡིན་ཏེ། གནས་སྐབས་སུ་གློ་བུར་གྱི་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་པས། ད་ནི་དུས་དེ་རིང་ནས་བཟུང་སྟེ་སངས་རྒྱས་ལག་ཏུ་གཏད་པ་ཡིན་པས། ད་ཕན་ཆད་གནས་ལུགས་འདི་དང་མ་བྲལ་བར་འདི་ཀ་ལྟར་དུ་ཉམས་སུ་ལོངས་ཤིག་དང་། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་འཐོབ་པར་གདོན་མི་ཟའོ། །ཞེས་གསུངས་པ་ལྟར་སློབ་མ་རྣམས་ཀྱིས་ཉམས་སུ་བླངས་པས་བདག་འཛིན་ཉོན་མོངས་རྣམས་སྦྲུལ་གྱི་མདུད་པ་བཤིག་པ་ལྟར་རང་གྲོལ་དུ་སོང་ནས། རྟོགས་ལྡན་འཁྲུལ་ཞིག་གི་རྣལ་འབྱོར་པ་མང་པོ་བྱུང་ངོ་། །ཡང་མཚོ་སྙིང་རི་ཁྲོད་པ་ཡོང་ནས་དངུལ་སྲང་བཅུ་གསུམ་ཇ་ནག་གཅིག་འཇམ་དར་བཅས་ཉམས་རྟོགས་ཀྱི་འབུལ་བ་འདི་ཕུལ། སྙིགས་དུས་འགྲོ་བའི་སྐྱབས་མགོན་ཆོས་ཀྱི་རྗེ། །ཁྱེད་ཐུགས་ཆོས་དབྱིངས་སྤྲོས་བྲལ་ནམ་མཁའ་ལ། །ཐུགས་རྗེ་ཆུ་འཛིན་འཁྲིགས་ལ་བདག་སེམས་དགའ། །དམ་ཆོས་སྦྲང་ཆར་ཡོང་སྙམ་སྤྲོ་ནས་ཡོད། །དད་མོས་རིན་ཆེན་

p. 460

གསེར་བྱེ་བརྡལ་བའི་ཀློང་། །མ་དད་ལོག་ལྟ་ས་རྡོའི་མིང་ཡང་མེད། །སེམས་ཉིད་ཀུན་ཁྱབ་ལྟ་བའི་ཀློང་ན་བདེ། །འཛིན་མེད་ཟང་ཐལ་སྒོམ་པའི་ཀློང་ན་བདེ། །བློ་ཚིག་ཡུལ་འདས་སྤྱོད་པའི་ཀློང་ན་བདེ། །སྐུ་གསུམ་ཡེ་གྲོལ་འབྲས་བུའི་ཀློང་ན་བདེ། །དེ་ལྟར་བདེ་བའི་བྱ་བྲལ་རྣལ་འབྱོར་ང་། །རྒྱལ་བ་ཀློང་ཆེན་པ་ཡི་བུ་རྒྱུད་ཡིན། །བླ་མ་ཞབས་དཀར་པ་ཡི་སློབ་མ་ཡིན། །མཚོ་སྙིང་རི་ལ་བསྡད་པའི་རི་བ་ཡིན། །ད་དུང་རི་ནས་རང་རྒྱུད་ཉོན་མོངས་འདུལ། །ལྟ་སྒོམ་སྤྱོད་པའི་གནད་ཅིག་བསྟན་དུ་གསོལ། །ཞེས་ཕུལ་བའི་ལན་དུ། འོ་ཁྱོད་ཀྱི་ལྟ་སྒོམ་སྤྱོད་འབྲས་དེ་ཤིན་ཏུ་བཟང་། ཀུན་མཁྱེན་ཀློང་ཆེན་པའི་མགུར་ལས། ཡངས་སོ་ཆེའོ་ཆོས་ཀྱི་དབྱིངས། །ནམ་མཁའ་འདྲ་སྟེ་སྤྲོས་དང་བྲལ། །ལྟ་བ་རྟོགས་པའི་ཚད་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །བདེའོ་གསལ་ལོ་མི་རྟོག་ངང་། །ཉི་ཟླ་འདྲ་སྟེ་འོད་རི་གསལ། །སྒོམ་པ་དག་པའི་ཚལ་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །ཐམས་ཅད་རང་སྣང་གཟུང་འཛིན་བྲལ། །སྒྱུ་མ་འདྲ་སྟེ་བདེན་ཞེན་མེད། །སྤྱོད་པ་འབྱོངས་པའི་ཚལ་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །རང་རིག་དྲི་མེད་ཆོས་ཀྱི་སྐུ། །ནོར་བུ་འདྲ་

p. 461

སྟེ་ལྷུན་གྱིས་གྲུབ། །འབྲས་བུ་དག་པའི་ཚལ་དུ་ཕྱིན། །འདུན་མ་རྩེ་མོར་ཕྱིན་པ་ལགས། །གསུངས་པ་དང་མཐུན་པ་བྱུང་། ད་ནི་མདོ་འགག་ཅིག་བཤད་ན་འདི་ཡིན་ཏེ། ཨེ་མ་སྐལ་ལྡན་སློབ་བུ་ལགས། །གཟའ་གཏད་ཡོད་ན་ལྟ་བ་མིན། །བྱིང་རྒོད་ཡོད་ན་སྒོམ་པ་མིན། །བླང་དོར་ཡོད་ན་སྤྱོད་པ་མིན། །རེ་དོགས་ཡོད་ན་འབྲས་བུ་མིན། །འོ་ན་ཅི་འདྲ་ཟེར་ཙ་ན། །གཟའ་གཏད་མེད་ན་ལྟ་བ་ཡིན། །བྱིང་རྒོད་མེད་ན་སྒོམ་པ་ཡིན། །བླང་དོར་མེད་ན་སྤྱོད་པ་ཡིན། །རེ་དོགས་མེད་ན་འབྲས་བུ་ཡིན། །ལྟ་སྒོམ་སྤྱོད་འབྲས་མཐར་ཐུག་ལགས། །སེམས་ལ་ཞོག་ལ་ཉམས་སུ་ལོངས། །འོ་ཉམས་སུ་ལེན་ན་གདམས་ངག་མང་མི་དགོས། འདི་ཙམ་གྱིས་སྙིང་ཚིམས་པར་མཛོད་ལ། ཁ་རོག་པ་ཤིན་ཏུ་སྤྲོས་མེད་སྨྲ་བསམ་བརྗོད་མེད་ཀྱི་ངང་ལ་ཞོག་དང་། །ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །ཞེས་སྨྲས་པས་ཁོ་རང་དགའ་སོང་། ཡང་སྐལ་ལྡན་སློབ་མ་རྣམས་ལ་གདམས་པ། འོ་གསང་སྔག་ཀྱི་རྣལ་འབྱོ་པ་རྟོགས་པ་མཐོན་པོར་སླེབས་ནས། ཤ་ཆང་བུད་མེད་སོགས་

p. 462

འདོད་ཡོན་མ་སྤངས་རྒྱན་དུ་རོལ་པ་རྣམས་ལ་ཁས་གཏོང་མི་རུང་སྟེ། བདེ་མཆོག་ར་ལའི་རྒྱུད་ལས། བུམ་པའི་དབང་ཐོབ་དགེ་བསྙེན་ཏེ། །གསང་བའི་དབང་ཐོབ་དགེ་ཚུལ་ཡིན། །ཤེས་རབ་ཡེ་ཤེས་དགེ་སློང་སྟེ། །རྫོགས་པ་དགེ་སློང་ཆེན་པོ་ཡིན། །གསུངས། དེ་ལ་དགོངས་ནས་གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་ས་ར་ཧ་ཆེན་པོས་མདའ་མཁན་གྱི་བུ་མོ་ཕྱག་རྒྱུར་བཞེས་ནས། ཁ་སང་ཕན་ཆད་བྲམ་ཟེ་ཡིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཚངས་པར་སྤྱོད་པ་དགེ་སློང་སྟེ། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །གསུངས། འགྲན་གྱི་དོ་མེད་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཞལ་སྔ་ནས། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །དམ་ཉམས་གསོད་པ་སྔགས་ཀྱི་དམ་ཚིག་ཡིན། །རིག་མ་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ང་ཡིས་དེ་ལྟར་ཤེས་པའི་སྐབས་ཤིག་ན། །འདུལ་འཛིན་དགེ་སློང་དག་དང་འགལ་བ་མེད། །དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་དགུ །ཞག་བདུན་ཐོ་རངས་གཤེགས་སུ་གསོལ་བར་བྱ། །ཞེས་ཡི་གེ་སྤྲིངས་ནས། འདུལ་འཛིན་བྱང་ཆུབ་སེམས་དཔའ་ཞིག་ཞག་བདུན་གྱི་ཐོ་རངས་གྲོངས་སྐད། ཡང་ཁོང་གི་ཞལ་ནས། དར་མ་མདོ་སྡེས་

p. 463

ཐོག་དྲངས་པའི། །ས་སྟེང་སེམས་དཔའ་བཅུ་གསུམ་བཀྲོངས། །དམྱལ་བར་སོང་ཡང་འགྱོད་པ་མེད། །གསུངས་སྐད། དེས་ན་དེ་ལྟ་བུའི་སྔགས་ཀྱི་བསྐྱེད་རྫོགས་མཐར་ཕྱིན་པའི་རྣལ་འབྱོར་པས་གཞན་བསད་པ་གསོ་ནུས། གསང་བ་གོ་ནུས། རྫུ་འཕྲུལ་སྣ་ཚོགས་པ་སྟོན་ནུས་པའི་ཞིང་བཅུ་ཚང་བའི་བསྟན་དགྲ་བསྒྲལ་ཀྱང་། སྐྱོན་གྱིས་མི་གོས་པར་མ་ཟད་འཚེངས་པ་གསུམ་ཡང་འབྱུང་བར་བཤད་སྣང་། དེས་ན་དེ་ལྟ་བུའི་སྔགས་ཀྱི་རྣལ་འབྱོར་པས་ཤ་ཆང་བུད་མེད་ལ་སྤྱོད་ཀྱང་ཁས་གཏོང་མི་ཉན། དག་སྣང་མི་སྦྱོང་ཡང་བཏང་སྙོམས་སུ་འཇོག་དགོས། མ་བཞག་པར་ཁས་བཏང་ན་དེ་འདྲ་ཚོ་མགོ་ལ་འོང་ཉེན་ཡོད་པས་དོགས་ཟོན་གྱིས་དང་བཟང་ངོ་། །ཡང་བྱ་ལོའི་སྟོན་མཇུག་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་ཁྲི་འདོན་མཛད་དུས། གཉེར་བ་རབ་བྱུང་སོང་ནས་སྐུ་གསུང་ཐུགས་རྟེན་མཎྜལ་དང་ཌ་མ་རུ་དྲིལ་བུ། ཤེལ་གྱི་གསོལ་ཅན། རྒྱངས་ཤེལ། གོས་གཟན། དབུས་ལྷམ། རྟ་བཟང་པོ། གོས་ཆེན་རྒྱན་བཞི། ལྷ་རྫས་རིང་པོ་འདོམ་དྲུག་མ་བཅས་ཕུལ། ཚུར་སྟོན་སྐལ་ཡག་པོ་དང་ནང་མཛོད་

p. 464

རིང་པོ་ཞིག་དང་བཅས་གནང་འདུག འདི་ནས་སྤྲུལ་སྐུ་རིན་པོ་ཆེ་སྐུ་ཚེ་རྒྱལ་མཚན་ཡུན་རིང་བརྟན་ཅིང་། རྣམ་དཀར་མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་ཕྱིར། བླ་མ་དཀོན་མཆོག་ལ་གསོལ་བ་འདེབས། མཁའ་འགྲོ་ཆོས་སྐྱོང་ལ་འཕྲིན་བཅོལ། ་བསྔོ་བ་སྨོན་ལམ་གྱི་མཚམས་སྦྱོར་ཡང་དག་བྱས། སྤྲུལ་སྐུ་རིན་པོ་ཆེ་རོང་བོའི་དགོན་པར་ཕེབས་པའི་ཉིན་པར། ཆིབས་བསུ་བ་བརྒྱ་ཕྲག་མང་པོ་དང་། གོས་རྒྱན་མཛེས་པའི་ལྟད་མོ་བ་དང་། མཇལ་མི་སྟོང་ཕྲག་མང་པོ་འཚོགས་པ་ལ། རྒྱ་འགའ་རེས་བལྟས་ནས། མི་གཅིག་གི་བསོད་ནམས་ལ་བརྟེན་ནས་འདི་རྣམས་འཚོགས་པ་རེད། སྤྲུལ་སྐུ་འདི་བསོད་ནམས་ཅན་ཞིག་ཡིན་པར་གདའ་ཞེས་ཟེར་སྐད། །ངས་འདི་སྐད་སྨྲས། རྒྱ་ཆེར་རོལ་བ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་བསགས་པའི་མི་ཡི་ཡིད་ལ་བསམ་ཚད་འགྲུབ། །གསུངས་པ་ལྟར་ཁོང་གི་བསོད་ནམས་ཀྱི་མཐུས། སྤྱིར་འགྲོ་བ་ཡོངས་དང་། སྒོས་སུ་རེབ་གོང་གསེར་མོ་ལྗོངས་འདིའི་སྐྱ་སེར་ཡོངས་ཀྱི་བསམ་དོན་འགྲུབ་རྒྱུ་རེད་བྱས་པས། དད་ཅན་འགའ་རེས། ད་ནི་

p. 465

རེབ་གོང་ལ་ཉི་མ་ཤར་སོང་བ་ཡིན་ཟེར། སྐལ་བ་བཟང་བཟང་བྱེད་པ་བྱུང་ངོ་། །ཡང་ཉིན་ཅིག་སློབ་བུ་ཡེ་ཤེས་དར་རྒྱས་ཀྱིས་ཡན་ལག་བདུན་པ་དང་བཅས་པའི་ཞུ་ཡིག་འདི་ཕུལ་བ། རབ་འབྱམས་རྒྱལ་བ་མ་ལུས་པའི། །གསང་གསུམ་བཀོད་པ་གཅིག་བསྡུས་པ། །ཁམས་གསུམ་འགྲོ་བའི་གཉེན་གཅིག་པུ། །བཀའ་དྲིན་མཚུངས་མིན་ཞབས་ལ་འདུད། །འགྱུར་མེད་ཆོས་སྐུའི་ནམ་མཁའ་ལ། །སྤྲོས་པ་ཐམས་ཅད་ཉེར་ཞི་ཡང་། །ཆོས་ཀུན་གསལ་བར་གཟིགས་པ་ཡི། །རྣམ་དག་ཆོས་ཀྱི་སྐུ་ལ་འདུད། །རང་སྣང་དོན་གྱི་འོག་མིན་དུ། །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་། །ནམ་མཁའ་ཇི་སྲིད་རྟོག་བཞུགས་པ། །ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་ལོ། །མཐའ་ཡས་འགྲོ་བ་ཐམས་ཅད་ལ། །བརྩེ་ཆེན་ཐུགས་རྗེས་ཉེར་གཟིགས་ནས། །དཔག་མེད་སྤྲུལ་པ་སྣ་ཚོགས་ཀྱིས། །འགྲོ་བ་འདྲེན་ལ་ཕྱག་འཚལ་ལོ། །མུ་མཐའ་བྲལ་བའི་ཞིང་ཁམས་ན། །མཉེས་པར་བྱེད་པའི་མཆོད་པའི་ཚོགས། །བདག་གི་དགེ་བའི་ཚོགས་དང་བཅས། །བློ་ཡིས་བླངས་ནས་ཁྱེད་ལ་འབུལ། །

p. 466

བདག་དང་མཁའ་མཉམ་སེམས་ཅན་གྱིས། །དུག་གསུམ་སྒོ་ནས་ལས་བགྱིས་པ། །དེ་དག་ཐམས་ཅད་མགོན་ཁྱོད་ཀྱི། །སྤྱན་སྔར་བསམ་པ་ཐག་པས་བཤགས། །སྐུ་གསུམ་ཐུགས་ཡོན་འཕྲིན་ལས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཇི་སྙེད་མཆིས་པ་ཐམས་ཅད་ལ། །རབ་ཏུ་དགའ་བས་ཡི་རང་ངོ་། །འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས། །མྱུར་དུ་སྒྲོལ་བར་བྱ་བའི་ཕྱིར། །ཐེག་པ་བླ་ན་མེད་པ་ཡི། །ཆོས་འཁོར་རྒྱུན་དུ་བསྐོར་བར་བསྐུལ། །བདག་སོགས་ཤིན་ཏུ་ཉམ་ཐག་པའི། །ལུས་ཅན་ཀུན་ལ་བརྩེར་དགོངས་ནས། །ནམ་མཁའ་ཟད་པར་མ་གྱུར་བར། །གཟུགས་སྐུ་བརྟན་པར་བཞུགས་སུ་གསོལ། །དུས་གསུམ་རྒྱལ་དང་རྒྱལ་སྲས་དང་། །རང་རྒྱལ་སློབ་མའི་ཚོགས་རྣམས་དང་། །བདག་སོགས་འགྲོ་བའི་དགེ་རྩ་རྣམས། །མགོན་ཁྱོད་བཞེད་དོན་འགྲུབ་ཕྱིར་བསྔོ། །བདག་ཡིད་དད་པས་ཀུན་བསླངས་ཏེ། །པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །གུས་པས་ཚིག་འགའ་ཞུ་བ་ལ། །བརྩེ་བས་ཅུང་ཟད་དགོངས་པར་ཞུ། །ཕན་མཛད་ཁྱོད་ཀྱི་བཀའ་དྲིན་ལས། །ཟབ་མོའི་གདམས་ངག་ཉམས་

p. 467

བླངས་པས། །ཉམས་ཀྱི་སྐྱེས་ལུགས་ཅུང་ཟད་འདི། །མགོན་ཁྱོད་མཉེས་པའི་མཆོད་པར་འབུལ། །རྗེ་ལ་རྩེ་གཅིག་གསོལ་བཏབ་ནས། །རྟོག་མེད་སེམས་འཛིན་བྱས་པའི་ཚེ། །ལུས་སེམས་ཤིན་ཏུ་སྦྱངས་པ་དང་། །ལྡན་པའི་གཡོ་མེད་ཏིང་འཛིན་རྙེད། །དེ་ཡི་ངང་ལ་སོར་རྟོག་གིས། །སེམས་དང་བདག་ལ་དཔྱད་པ་ན། །སེམས་ཉིད་སྐྱེ་བ་མེད་པ་དང་། །བདག་མ་རྙེད་པས་རབ་ཏུ་འཇིགས། །ངེས་ཤེས་དེ་ཡི་རྒྱུན་དེ་ཉིད། །དཔྱད་བཞིན་ལེགས་པར་བསྐྱངས་པ་ཡིས། །ཆོས་དང་གང་ཟག་བདག་མེད་ལ། །ངེས་པ་གོང་དུ་འཕེལ་བར་གྱུར། །རང་གསལ་རང་གདངས་མ་འགགས་པའི། །ཐ་མལ་ཤེས་པ་མ་བཅོས་པ། །རྒྱུན་ཆད་མེད་པར་བསྐྱངས་གྱུར་ན། །དེ་ཀས་ཆོག་པར་ལེགས་པར་གོ །མཚན་འཛིན་དམིགས་པའི་གཏད་སོ་ཞིག །འཁོར་འདས་རང་བཞིན་མཉམ་པ་ཉིད། །འོད་གསལ་འགྲོ་འོང་མེད་པ་དེ། །ཕྱག་རྒྱ་ཆེན་པོ་ཡིན་ནམ་སྙམ། །མཉམ་གཞག་ནམ་མཁའ་ལྟ་བུ་ལ། །ཡིད་ངོར་གཉིས་སྣང་ནུབ་པ་དང་། །ཡོད་དང་མེད་པའི་མཐའ་ཡས་འདས། །འདི་

p. 468

ཡིན་འདི་མིན་ངེས་བཟུང་བྲལ། །རྗེས་ཐོབ་དུས་སུ་གང་སྣང་གི །ཆོས་ཀུན་སྒྱུ་མ་ལྟ་བུར་གོ །དེ་ལ་འཛིན་པས་མི་འཆིང་བར། །རང་སར་སྣང་བ་ཙམ་དུ་འདུག །དེ་ལྟར་མཉམ་པར་བཞག་པ་ལས། །འཐོབ་བྱ་ཐོབ་བྱེད་ལས་འདས་ཀྱང་། །རྟོགས་པར་རིམ་གྱིས་ནར་སོན་ཏེ། །ཆོས་ཀྱི་སྐུ་དང་མཇལ་བར་ཤོག །མགོན་པོ་ཁྱོད་ལ་དད་པ་དང་། །ཡིད་ནི་དགའ་བས་གང་བ་དང་། །ཚེ་ལྷག་སྒྲུབ་པས་འདའ་སྙམ་པའི། །སྤྲོ་བ་ཡང་དང་ཡང་དུ་བྱུང་། །རྗེས་སུ་མཁའ་མཉམ་འགྲོ་བ་ལ། །དམིགས་པའི་སྙིང་རྗེ་ཆེར་བསྐྱེད་ནས། །དེ་ལས་བྱུང་བའི་དགེ་རྩ་རྣམས། །རྣམ་གྲོལ་འཐོབ་ཕྱིར་ནན་ཏན་བསྔོས། །གོ་ཡུལ་རྟོགས་པ་ཉུང་ཟད་འདི། །དུས་གསུམ་དགེ་དང་ཆབས་གཅིག་པར། །དཔལ་ལྡན་བླ་མ་མཉེས་ཕྱིར་ཕུལ། །བཞེས་ནས་བདག་ལ་བྱིན་གྱིས་རློབས། །རིང་མིན་ཟུང་འཇུག་མངོན་གྱུར་ནས། །ལུས་ཅན་སྐྱེ་དགུ་མཐའ་དག་ལ། །ཕན་བདེ་དཔལ་ཡོན་སྦྱིན་ནུས་པར། རྗེ་བཙུན་བླ་མས་བྱིན་གྱིས་རློབས། །དེང་ནས་ཚེ་རབས་ཐམས་ཅད་དུ། །བཀའ་དྲིན་མཚུངས་མེད་ཁྱོད་ཉིད་དང་། །སྐད་ཅིག་ཙམ་ཡང་མི་འབྲལ་བར། །འགྲོ་བའི་དོན་ལ་བརྩོན་པར་ཤོག །

p. 469

ཅེས་ཕུལ་བའི་ལན་དུ། ཀྱེ་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ཀྱིས་ཞི་གནས་ཀྱི་ངང་ནས་དཔྱད་བསྒོམ་འཇོག་བསྒོམ་ཡང་ཡང་བྱས་པས་བླ་མའི་བྱིན་རླབས་ཀྱིས། སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱི་འོད་གསལ་བ། སྟོན་ཀའི་ཉི་མ་གུང་གི་ནམ་མཁའ་སྤྲིན་མེད་པའི་དཀྱིལ་ལྟ་བུ་དག་པ། དམིགས་པ་མེད་ཅིང་། སྣང་བ་མེད་པ་ཉིད། མཐོང་མེད་ཚུལ་དུ་རང་གིས་མཐོང་ལ། ངེས་ཤེས་སྐྱེས་པ་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་མཐོང་བའི་རྟོགས་པ་ཡིན་ནོ། །ད་དུང་མངོན་དུ་མ་གྱུར་གྱི་བར་དུ་རི་ཁྲོད་དབེན་པ་ད་བསྟེན་ལ། དེ་ལྟར་དུ་སྐྱོངས་དང་། སེམས་ངོ་སྐྱོང་ཚུལ་བླ་ན་མེད་པ་ཡིན་ནོ། །རྗེ་མར་པ་ལོ་ཙཱས། རྗེ་བཙུན་མི་ལ་རས་པ་ལ། བུ་ཁྱོད་ལ་དེ་ལྟ་བུ་ཞིག་རེ་ཡང་རེ་སྟེ། བྱུང་ཡང་བྱུང་འདུག་གསུངས་པ་ལྟར་འདུག་པས་དགའ་བ་སྒོམས། བླ་མ་ལ་གསོལ་བ་རེ་ཐོབ་ལ། སྤྲོས་མེད་ཁོ་ན་གྱིས་དང་། ཚེ་འདི་ཉིད་ལ་གཏན་གྱི་ལམ་སྣ་ཟིན་པར་འགྱུར་རོ། །འདི་ནས་དེ་ལུགས་ཀྱི་སྐྱབས་འཇུག་བསྔོ་སྨོན་བྱ་ཞེས་ཕུལ་བ་ཉམས་རྟོགས་འཕེལ་བར་གྱུར་ཅིག ཅེས་སྨྲས་པས་ཁོ་དགའ་ཞིང་སྤྲོ་བར་གྱུར་

p. 470

ཏོ།། ཡང་སྐལ་ལྡན་སློབ་མ་མང་པོ་ཡོད་པའི་དུས་ཤིག་ལ། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་དགེ་སློང་ཡོན་ཏན་གྱིས། སྐྱབས་མགོན་རིན་པོ་ཆེ། སྔར་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་ནང་ནས་བཤད་སྒྲུབ་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་སུས་བྱས་འདུག་ལགས་ཞུས་པས། དེའི་ལན་དུ་འདི་སྐད་སྨྲས། ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་རྗེ་རིན་པོ་ཆེས་བྱ་བ་རྒྱ་ཆེན་པོ་མཛད་མཛད་ཅིག་སུ་གང་གིས་མ་མཛད་འདུག ཁོང་གིས་ཆུང་ནས་བཟུང་ཐོས་པ་རྒྱ་ཆེན་པོ་བཙལ། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་གཞན་གྱིས་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་དྲི་མས་འབགས་པ་རྣམས། ལུང་རིགས་བརྒྱ་ཕྲག་དུ་མའི་སྒོ་ནས་བྱི་དོར་ཡང་ཡང་མཛད་ནས་གསེར་སྦྱངས་བཙོ་མ་ལྟ་བུར་བྱས། ལྷ་ལྡན་ཇོ་བོ་རིན་པོ་ཆེ་ལ། རིན་པོ་ཆེའི་དབུ་རྒྱན་ཕུལ། རྒྱ་ལོའི་སྨོན་ལམ་ཆེན་མོ་བཙུགས། སྔར་མེད་པའི་མཆོད་པའི་སྲོལ་བཏོད། ས་ཀུན་ལི་ཁྲིས་འབགས་པ་ལྟར་བསླབ་གསུམ་ནོར་བུའི་རྒྱན་གྱིས་མཛེས་ཤིང་། འཕགས་ནོར་རིན་ཆེན་བདུན་གྱིས་ཕྱུག་པའི་ངུར་སྨྲིག་འཛིན་པའི་དགེ་འདུན་འདུས་པ་རྒྱུ་མཚོས་ལྷ་ལྡན་འཛིན་མའི་ཁྱོན་ཀུན་དོག་པོར་བགྱི་ནུས་པ་

p. 471

ཙམ་འཚོགས་པ་བྱུང་། དེ་ཀུན་གྱིས་སྨོན་ལམ་རྒྱ་ཆེན་པོ་གསུངས། ཁོང་གི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་སྟོད་ཛ་ཏི་དབྱུག་གུས་བརྡུངས་ས་མན་ཆད་ནས། སྨད་རྒྱ་མོ་ཆུ་ལ་དར་འཐག་ས་ཡན་ཆད་རྒྱལ་བའི་བསྟན་པ་ཕྱོགས་རེ་ཙམ་དུ་མ་སོང་བར། མདོ་སྔགས་ཟུང་དུ་འབྲེལ་བའི་ཟབ་པ་དང་རྒྱ་ཆེ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ། དཔེར་ན་གངས་རི་དཀར་པོ་ལ་ཉི་མ་སེར་པོ་ཤར་བ་བཞིན་དུ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་རྒྱུ་བྱུང་བ་འདི་ཁོང་གི་དྲིན་ཡིན། དེང་སང་བོད་དུ་དར་བའི་གྲུབ་མཐའ་ཐམས་ཅད་ཀྱི་ནང་ནས་རྗེ་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པ་ཞེས་གཞན་ལས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་འདི་བྱུང་ངོ་། །ཡང་སྒྲུབ་བརྒྱུད་ཀྱི་བསྟན་པའི་ཆེ་བ་འབྱིན་པ་ལ་རྗེ་བཙུན་མི་ལ་རས་པ་ལྟ་བུ་ཞིག་སྔར་མ་བྱུང་། སྔོན་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་ཕྲེང་ཞིག་རྒྱ་ནག་ཏུ་ཕེབས་དུས། ཉིན་ཅིག་གོང་མ་རིན་པོ་ཆེས། ཁྱེད་ཚོའི་བོད་ལ་སྔར་ཕོ་རྒོད་པོ་སུ་བྱུང་འདུག་ཅེས་བཀའ་ཕེབས་པ་ལ། ཁོང་གིས་རྗེ་བཙུན་མི་ལ་རས་པ་ཟེར་

p. 472

བའི་ཕོ་རྒོད་པོ་ཞིག་བྱུང་འདུག་ཞུས། ཁོས་ཕོ་རྒོད་པོའི་བྱ་བ་གང་བྱས་འདུག་གསུངས། ཁོས་དང་པོ་མཐུ་བརྒྱབ་ནས་མི་སུམ་ཅུ་སོ་ལྔ་བསད། སེར་བ་ཕབ་ནས་ལོ་ཏོག་ཐམས་ཅད་བཅོམ། བྱ་བྱི་བྲ་བྱི་བགྲང་ལས་འདས་པ་བསད་པ་ལ་འགྱོད་ནས་ཆོས་བྱས། ཐོག་མར་རྗེ་ལྷོ་བྲག་མར་པ་ལོ་ཙཱ་བསྟེན་དུས་སྲས་མཁར་དགུ་ཐོག་བརྩིགས། རྒྱབ་ལ་སྒལ་པ་གསུམ་ཐོན་རག་བར་དུ་ས་རྡོ་ཁུར་ནས་བརྩིགས་གྲུབ་པ་དང་སྙན་བརྒྱུད་ཀྱི་གདམས་པ་གནང་། དེ་ནས་བྲག་དཀར་རྟ་སོའི་དབེན་གནས་སུ་མི་ལོ་དྲུག་གི་བར་དུ་ཟུ་ལ་དཀའ་བ་སྤྱད། ཤ་ཟད་པགས་པ་ལ་སྤུ་སྔོ་ཞོལ་ལེ་སྐྱེས་རག་བར་དུ་སྙིང་རུས་བསྐྱེད་ནས་བསྒོམས་པས། རིང་པོར་མི་ཐོགས་པར་ཚེ་གཅིག་ལུས་གཅིག་པོ་ལ་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས། དངོས་སུ་ནམ་མཁའ་ལ་འཕུར་བ་དང་། རི་བྲག་ལ་འཛུལ་བ་དང་། ཆུ་ལ་མ་བྱིང་བ་དང་། ལུས་ལྷའི་དཀྱིལ་འཁོར་དུ་སྤྲུལ་ནས་སྐྱེ་བོ་གཞན་ལ་སྟོན་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་པ་བསྟན་ནས། མ་དད་ལོག་ལྟ་ཐེ་ཚོམ་ཅན་གྱི་སྣང་བ་ཡང་རང་དབང་མེད་པར་ཆོས་ལ་བསྒྱུར་ནས། མཐོང་ཐོས་དྲན་

p. 473

རེག་གི་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་མཐར་གདུལ་བྱ་རྫོགས་པ་དང་། དགུང་ལོ་བརྒྱད་ཅུ་གྱ་བཞིའི་ལོ་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་སྐྱེ་བོ་ཕལ་བ་ཀུན་གྱི་མིག་གི་ལམ་དུ་ཡང་གསལ་བར་བསྟན་ནས་ཐམས་ཅད་དད་པའི་སྤུ་ལོང་གཡོ་ཞིང་། བྱང་ཆུབ་མཆོག་གི་ས་བོན་སྐྲུན་བཞིན་དུ་གང་ཟག་ལས་དག་པའི་སྣང་ངོར་སེང་གེ་དཀར་མོ་རྒྱན་དུ་མས་བརྒྱན་པ་གཅིག་ལ་ཆིབས་ནས་རྡོ་རྗེ་ཕག་མོས་ཆིབས་མཐུར་ནས་ཁྲིད་དེ་འོད་ཀྱི་ལམ་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་གཤེགས་སོང་འདུག་ལགས་ཞུས་པས། གོང་མས་ཀྱང་ཕྱག་ཐལ་མོ་སྦྱར་ནས། འོ་དེ་དང་ཕོ་རྒོད་པོ་བྱུང་འདུག་གསུངས་སྐད། དེས་ན་བཤད་སྒྲུབ་ཀྱི་བསྟན་པ་ལ་བྱ་བ་དེ་འདྲ་བྱ་དགོས་པར་གདའ་སྟེ། དེ་འདྲ་དཀའ་མོར་གདའ། འོན་ཀྱང་ཁྱོད་ཀྱིས་བསྟན་འགྲོའི་མིག་རྐྱེན་དུ་འགྲོ་བའི་བྱ་བ་ཅི་བྱས་སྙམ་ན། ངས་ཀྱང་ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས། སྙིང་རྗེ་ཆེན་པོ་འདི་ཉམས་དམའ་རུ་སོང་ནས། ཆོས་པ་རྣམས་ཀྱི་རྒྱུད་ན་ཡང་སྙིང་རྗེ་མེད་པར་དམན་སྤྲང་པོ་རྣམས་ལ་ལྷག་པར་སྡང་བའི་སྙིགས་

p. 474

མའི་དུས་འདིར། ཆུང་ནས་བླ་མ་དགེ་བའི་བཤེས་གཉེན་གྱི་གསུང་བཞིན་དུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱངས། བདག་པས་གཞན་གཅེས་པའི་བློས་ཁེ་རྒྱལ་གཞན་ལ་གཏོང་ཞིང་ཕམ་ཁ་རང་གིས་ཡིན་པ། གནོད་ལན་ཕན་པས་འཇལ་ནུས་པའི་གདེང་ཐོབ་པའི་ཚེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་གསུམ་གྱི་ཚེ་སྔོན་ཕ་མར་གྱུར་པའི་དྲིན་ཅན་རྣམས། ཚེ་འདིར་ལྟོ་གོས་ཀྱིས་ཕོངས་ནས་ཉམ་ཐག་པའི་སྤྲང་པོ་འཆི་ལ་ཉེ་བ་བརྒྱ་ཕྲག་སྟོང་ཕྲག་དུ་མ་ལྟོ་གོས་ཆོས་གསུམ་གྱིས་བསྐྱངས་ནས་ཀུན་གྱི་མགོན་སྐྱབས་དཔུང་གཉེན་བྱས་པའི་ཚེ། དེ་ཀུན་གྱིས་ཀྱང་ང་ཡང་མཆོད་བསྟོད་བཀུར་ནས་དེང་སང་ཆོས་མཐུན་སྙོམས་ཆུང་བརྒྱ་སྟོང་མང་པོའི་མགོན་སྔར་མེད་པའི་སྤྲང་དཔོན་གསར་བ་བླ་མ་ཞབས་དཀར་པ་ཞེས་ཡོངས་སུ་གྲགས་པ་ཅིག་བྱུང་། ད་ང་ལོ་ལོན་རེད་ཤི་ན་ཡང་ཆོས་པ་སྙིང་རྗེ་ཅན་དང་སྤྲང་པོ་རྣམས་ཀྱིས་གླེང་བའི་དམིགས་རྣམས་ཡག་པོ་ཞིག་ཕྱེ་སོང་སྙམ། ཞེས་བཤད་པས་ཀུན་གྱིས་དེང་སང་དུས་འདིར་ཁྱེད་ཀྱི་མཛད་པ་འདི་ཡང་བཀའ་དྲིན་ཆེ་བར་གདའ། ཞེས་རྗེས་སུ་ཡི་རང་བྱེད་མཁན་བྱུང་། ཡང་མ་ཕྱག་སྤྲུལ་སྐུ། ཧོར་སྤྲུལ་སྐུ། སྐལ་

p. 475

ལྡན་སྤྲུལ་སྐུ་སོགས་སྐལ་བཟང་སློབ་པ མ་ཡོངས་ལ་གདམས་པ། དེ་ཡང་མཁས་གྲུབ་གཉིས་འཛོམ་རྒྱལ་བ་ཡང་དགོན་པའི་ཞལ་ནས། རྒྱལ་བ་སྲས་བཅས་ཀྱི་གཤེགས་པའི་ཤུལ། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་བསྒྲོད་པ་གཅིག་པའི་ལམ་ཟབ་པ་དང་རྒྱ་ཆེ་བ་འདི་གོ་དགོས། བསྟན་པའི་ཁོག་སྲོལ་ཆེན་པོ་འདི་མ་གོ་ན། གདམས་ཆུང་ཨི་ཐི་མཚལ་མགོ་མ་རེ་ལ་ཙིར་ཟིན་དུ་བསྒོམས་པས་ཅིར་འགྱུར་ཆ་མེད་གསུངས། རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་ཞལ་ནས། གདམས་ངག་ལ་ནང་བྱན་ཚུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར་ཞེས་པ་དང་། ཇོ་བོ་ཆེན་པོའི་སློབ་མ་སྒོམ་པ་རིན་ཆེན་བླ་མས། ཨ་ཏི་ཤའི་གདམས་ངག་ལ་སྟན་ཐོག་གཅིག་ཏུ་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས་པས། ད་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་གོ་བ་གཅིག་བྱུང་། གསུངས། དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང་། བསྟན་པ་རིན་པོ་ཆེ་གྲུ་བཞི་ལམ་གྱིས་འ ཁྱེར་ཤེས་པ་ངའི་བླ་མ་ཞེས་གསུངས། དེས་ན་མདོ་

p. 476

སྔགས་ཀྱི་ལམ་ཡོངས་སུ་རྫོགས་པ་ཕྱོགས་རེར་མ་སོང་བར། ཐམས་ཅད་ལ་བློ་སྦྱངས་ནས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་མཁས་པ་སངས་རྒྱས་གཉིས་པ་ཇོ་བོ་རྗེ་དང་། འཇམ་གོན་བླ་མ་ཙོང་ཁ་བ་ཡབ་སྲས། སྐྱབས་མགོན་རྒྱལ་བ་པཎ་ཆེན་རྣམ་གཉིས་ལྟ་བུ་ལ་ཡིད་སྨོན་བྱ་བ་དགོས་ཏེ། ཀུན་མཁྱེན་ཁྲི་གུང་ཐང་པ་རིན་པོ་ཆེས། ཕྱོགས་རེར་མ་གྱུར་ཐོས་པའི་དོན། །བསམ་དང་སྒོམ་པས་ཉམས་བླངས་ན། །རྒྱལ་བ་དགྱེས་པའི་ལམ་བཟང་པོ། །ཚང་ལ་མ་ནོར་རྙེད་གྱུར་ཅིག །ཅེས་གསུངས་པ་ལྟར་སྨོན་ལམ་ཡན་ཆད་འདེབས་པ་ལ་འབད་པར་བྱའོ། །ཞེས་སྨྲས་པས་ཀུན་གྱིས་དེ་ལྟར་བྱས་བསྟན་འགྲོ་ལ་ཕན་ཐོགས་པ་ཤ་སྟག་བྱུང་ངོ་། །ཡང་སློབ་མ་ཚེ་བློས་བཏང་རི་ཁྲོད་པ་རྣམས་ཀྱི་སེམས་ལ་འཛིན་རྒྱུ་དེ་ལ། དང་པོ་སེམས་ཅན་ལ་དམིགས་པའི་བྱམས་སྙིང་རྗེ་སྒོམས་ལ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་ནས་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་ལ་འཇོག་དུས། སྣང་བ་ཚོ་ཡངས་ཁྲོལ་ལེ། ཤེས་པ་ཚོ་དགའ་ཡལ་ལེར་ཞོག་དང་། རྗེས་སུ་སེམས་ཅན་ལ་སྙིང་རྗེ་ཚོ་བརྩེ་དུང་ངེ་། མིག་ནས་

p. 477

མཆི་མ་ཚོ་མོད་ཆིལ་ལེ་བྱུང་ན། ཚད་མེད་བཞིའི་སྨོན་ལམ་ཐོབ་དང་། དེ་ཁོ་ནས་ཆོས་པ་བཟང་པོ་ཞིག་འོང་ངེས། ཆོས་མང་མི་དགོས། གནད་ལ་འགྲོ་དགོས། འོ་ཆོས་ཀྱི་གནད་འགག་དེ་གང་ཡིན་སྙམ་ན། དེ་འདི་ཡིན་ཏེ། དགེ་བཤེས་གླང་རི་ཐང་བའི་ཞལ་ནས། ཁོ་བོས་ཆོས་ཅི་ཙམ་པའི་ཞལ་ཕྱེས་ནས་བལྟས་ཏེ། སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན། དེའི་གནད་ཀའི་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་ཕམ་ཁ་རང་གིས་ལོངས་བྱ་བ་འདི་མིན་པ་གོ་རྒྱུ་མི་འདུག་གསུངས། དེས་ན་ཆོས་རྣམ་དག་ཅིག་བྱེད་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་འདྲ་ལ་སློབ་དགོས། ཞེས་སྨྲས་པས་ཁེ་རྒྱལ་གཞན་ལ་བྱིན། ཕམ་ཁ་རང་གིས་ལེན་ནུས་པའི་ཆོས་པ་བཟང་པོ་ཁ་ཤས་བྱུང་ངོ་། །ཡང་ཉིན་གཅིག་བཀྲ་ཤིས་འཁྱིལ་བའི་རི་རྩེར་ཁམས་བསང་བྱས་ནས་སྡོད་དུས་ཙོང་ཁའི་སྐྱེས་རི་མཐོང་བའི་རྐྱེན་བྱས་རྩ་བའི་བླ་མ་གསེར་ཁང་རྡོ་རྗེ་འཆང་དྲན་ནས་གདུང་དབྱངས་འདི་བླངས་སོ། །ཤར་ཙོང་ཁའི་སྐྱེས་རིའི་རྩེ་མོ་ན། །སྤྲིན་དཀར་པོ་ཡར་ལ་ལངས་

p. 478

པ་མཐོང་། །དེ་མཐོང་བས་མཚན་ལྡན་བླ་མ་དྲན། །སྐུའི་བཀོད་པ་གསུང་གདངས་ཡིད་ལ་ཤར། །སྤྲིན་དཀར་པོ་ལྡིང་བའི་འོག་ཕྱོགས་ཀྱི། །གནས་གསེར་ཁང་དབེན་པའི་དགའ་ཚལ་དུ། །མཚན་ཡོངས་གྲགས་གསེར་ཁང་རྡོ་རྗེ་འཆང་། །དུས་ཡུན་རིང་བཞུགས་ནས་སྒྲུབ་པ་མཛད། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་མོས་གུས་ཆུང་རུང་མཇལ་སྙིང་འདོད། །ངས་བསམ་ཞིང་དྲིན་ཅན་བླ་མ་དྲན། །འཁོར་མཆེད་གྲོགས་རྣམས་ཀྱང་དྲན་ནས་བྱུང་། །སྤྱིར་མདོ་སྨད་ཕྱོགས་འདིའི་བསྟན་འགྲོ་ལ། །མགོན་ཁྱོད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །སྒོས་བྱ་བཏང་རི་ཁྲོད་པ་རྣམས་ཀྱི། །བློ་ཆོས་ལ་ཕྱོགས་པ་ཁྱོད་ཀྱི་དྲིན། །སྤང་བྱ་བཏང་རི་ཁྲོད་པ་རྣམས་ལ། །ནོར་ཟང་ཟིང་འབུལ་བ་མ་མཆིས་ཀྱང་། །དུས་ད་ནས་ཇི་སྲིད་འཚོ་ཡི་བར། །ཆོས་སྒྲུབ་པའི་མཆོད་པ་རྒྱུན་དུ་འབུལ། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ནས། །རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །བུ་བདག་སོགས་གདུལ་བྱ་ཐམས་ཅད་ལ། །ཐུགས་བརྩེ་བས་གཟིགས་ལ་བྱིན་གྱིས་རློབས། །མགོན་ཁྱེད་དང་མཇལ་བའི་སྐལ་ལྡན་རྣམས། །དུས་ནམ་ཞིག་འཆི་བའི་དུས་སྐབས་སུ། །ཡར་དགའ་ལྡན་ཞིང་དུ་ལེགས་ཁྲིད་ནས། །མགོན་

p. 479

ཁྱོད་དང་ནམ་ཡང་མི་འབྲལ་ཤོག །ཅེས་བླངས་པས་དེར་འཁོད་པའི་བུ་སློབ་རྣམས་ཀྱིས་ཀྱང་ཁོང་གི་བཀའ་དྲིན་དྲན་ནས། མིག་ནས་མཆི་མ་གཏོང་བ་ཡང་བྱུང་། ཡང་དད་ཅན་གྱི་སློབ་མ་མང་པོ་འཛོམ་པའི་དུས་ཤིག་ལ། མཁས་བཙུན་བཟང་གསུམ་འཛོམ་པའི་སྤྲུལ་སྐུ་ཞི་བ་འཚོས། བླ་མ་རིན་པོ་ཆེ། སེམས་ལ་ཕན་པའི་བཀའ་ཆོས་ཤིག་གནང་དགོས་ཞེས་ཞུས་པས། ངའི་སེམས་ལ་བཀའ་གདམས་པའི་གསུང་གིས་ཕན་པ་བྱུང་། ཁྱེད་རྣམས་ཀྱི་སེམས་ལ་ཡང་ཕན་ཡོང་ཞེས་འདི་སྐད་སྨྲས། འོ་སྔོན་ཇོ་བོ་རྗེ་ལ། འབྲོམ་སྟོན་པས་ཆོས་ཐམས་ཅད་ཀྱི་མཐར་ཐུག་གང་ལགས་ཞུས་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་གསུངས། དཔེར་ན་འཇིག་རྟེན་ན་སྨན་དཔའ་བོ་གཅིག་ཐུབ་བྱ་བ། ནད་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཞིག་ཡོད་པ་ཡིན། དཔེ་དེ་བཞིན་དུ་སྨན་དཔའ་བོ་གཅིག་ཐུབ་ལྟ་བུ། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཡིན་གསུངས། འོ་ན་སྟོང་ཉིད་རྟོགས་ཟེར་བ་ཀུན་གྱིས་ཆགས་སྡང་ཁ་མ་བྲི་བར་གདའ་བ་ཅི་ལགས་ཞུས་པས། ཇོ་

p. 480

བོའི་ཞལ་ནས། དེ་ཀུན་ཁ་སྟོང་དུ་སོང་བ་ཡིན། སྟོང་པ་ཉིད་ཀྱི་དོན་གཤའ་མ་རྟོགས་ན། ལུས་ངག་ཡིད་གསུམ་རས་བལ་རྡོག་པས་མནན་པ་འམ། ཕྱེ་ཐུག་ལ་ཟོ་མར་བསྐྱུར་བ་བཞིན་དུ་འགྲོ་གསུངས། དགེ་བཤེས་སྟོན་པ་ལ་སློབ་མ་སྐུ་མཆེད་གསུམ་གྱིས། ཐམས་ཅད་མཁྱེན་པའི་ལམ་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་ཉམས་སུ་བླངས་པའི་ཐབས་ཤིག་ཞུ་ལགས་ཞུས་པས། འབྲོམ་སྟོན་པའི་ཞལ་ནས། རྟེན་གྱི་གང་ཟག་གཅིག་ཐམས་ཅད་མཁྱེན་པའི་སངས་རྒྱས་འཐོབ་པར་བྱེད་པ་ལ་ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། རྒྱུད་ལ་སྐྱེ་བར་བྱ་རྒྱུའི་དངོས་པོ་གཅིག་ལས་མེད། གཅིག་པོ་གང་ཡིན་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན། དེ་ལ་བྱེ་བྲག་ཏུ་ཕྱེ་ན། སྟོང་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནམ། གནས་ལུགས་ཡེ་ནས་སྐྱེ་མེད་དུ་རྟོགས་པ་དེ་ཡིན། སྙིང་རྗེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་དེ་ཡིན། དེས་ན་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་རྣམས་ཀྱིས། དང་པོ་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་

p. 481

ཐབས་ལ་འབད་ཅིང་། །བར་དུ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་དེ་ཉིད་ལ་སྦྱངས་པས། ཐ་མ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་མངོན་སུམ་དུ་འཐོབ་ངེས་པ་ཡིན་གསུངས། དེས་ན་ཉམས་ལེན་ནུས་ན་འདི་ཁོ་ནས་ཆོག་པར་གདའ། ཡང་འཕན་ཡུལ་སྤྲས་ཀྱི་འབྲོམ་ཟ་ལོ་འཚོ་མས། རྭ་སྒྲེང་དུ་ནས་ཡ་བཞི་བཅུ་ཕུལ་ནས། མིང་པོ་འབྲོམ་ཚིགས་པས། ད་རེས་གཏམ་གཏང་བ་ལ། དགེ་བའི་བཤེས་གཉེན་པ་ལགས། འདི་ན་བཞུགས་པའི་གྲྭ་པ་འདི་རྣམས་ཀྱང་། ཐམས་ཅད་མཁྱེན་པའི་སངས་རྒྱས་འཐོབ་པར་བྱ་བའི་དོན་དུ་འདུས་པ་ལགས། བདག་ཅག་མིང་སྲིང་ཡང་དེ་ཉིད་འཐོབ་པར་བྱ་བའི་ཕྱིར་འདུས་པ་ལགས་པས། དགེ་བའི་བཤེས་གཉེན་པ་ལ་ཇོ་བོ་ལྷ་གཅིག་གི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེ་རིང་སངས་རྒྱས་འཐོབ་པར་བྱ་བའི་གདམས་ངག་མི་གསང་བར་ཞུ་འཚལ་ཞུས་པས། དགེ་བཤེས་སྟོན་པའི་ཞལ་ནས། དང་པོ་འཆི་བ་མི་རྟག་པ་དང་ལས་འབྲས་མང་དུ་བསྒོམས་ལ། རང་གིས་ཁས་བླངས་པའི་བསྲུང་སྡོམ་ཀུན་དག་པར་བྱ། བྱམས་པ་དང་སྙིང་རྗེ་མང་དུ་བསྒོམས་

p. 482

ལ། བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེའི་ཕྱིར་ཚོགས་གཉིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསགས། སྒྲིབ་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྦྱངས་པ་ལ་འབད་པར་བྱ། ཆོས་ཐམས་ཅད་འཁོར་གསུམ་མི་དམིགས་པའི་རྩིས་ཟིན་པས། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། དེ་ལྟར་བྱས་ན་ཇོ་བོ་རྗེ་དང་མ་མཇལ་སྙམ་པའི་མྱ་ངན་བྱེད་མི་དགོས། སངས་རྒྱ་བར་བྱེད་པ་ལ་ཆོས་དེ་ལས་མེད། ཕྱིས་ནས་འབྲོམ་རྒད་པོ་དང་མ་འཕྲད་སྙམ་པའི་མྱ་ངན་བྱ་མི་དགོས། ཆོས་དེ་ལས་མེད་གསུངས། དེས་ན་ཇོ་བོ་ཡབ་སྲས་དང་མཇལ་ཡང་སངས་རྒྱ་བ་ལ་གདམས་ངག་དེས་ལྷག་ཅིག་སྟོན་རྒྱུ་མི་འདུག ང་ལ་ཡང་དེས་ལྷག་ཅིག་ཡོད་ན་བྱས་མནའ་ཐོན་པས། ཀུན་ཡིད་ཆེས་པར་གྱིས་ལ་ཉམས་ལེན་ལ་འབད་འཚལ། ཞེས་བཤད་པས་སྣམ་བུ་ཚོས་ཀྱིས་བསྒྱུར་པ་ལྟར་ཀུན་གྱི་བློ་ཁ་ཆོས་ལ་འགྱུར་ནས་ཆོས་པ་བྱང་ཆུབ་སེམས་དཔའ་མང་པོ་བྱུང་། ཡང་ཉིན་ཅིག་བློ་ལྡན་འཚོ་འདུའི་སྤྲུལ་སྐུ། སྤྱི་རམ་པ་སོགས་དད་འདུས་ཀྱི་སློབ་མ་རྣམས་ཀྱི་སེམས་ལ་ཕན་ཕྱིར་བཀའ་གདམས་གོང་མའི་གསུང་དང་མཐུན་པའི་ཆོས་བཤད་འདི་བྱས། འོ་དེ་ཡང་དགེ་བཤེས་སྤྱན་སྔ་

p. 483

བའི་ཞལ་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པར་བྱེད་པ་ལ། འཇིག་རྟེན་པ་དང་མི་མཐུན་པ་ཞིག་ལ་བསླབ་དགོས། དེ་ལ་འཇིག་རྟེན་པ་ནི། སེམས་ཅན་པས་སངས་རྒྱས་གཅེས་པར་འཛིན། གཞན་པས་རང་གཅེས་པར་འཛིན། གནོད་པ་བྱེད་པ་བས་ཕན་འདོགས་པ་གཅེས་པར་འཛིན། སྡུག་བསྔལ་བས་བདེ་བ་གཅེས་པར་འཛིན། འོ་སྐོལ་དེ་དག་ལས་བཟློག་དགོས་པས། དེ་ལ་སངས་རྒྱས་པས་སེམས་ཅན་གཅེས་པར་འཛིན་དགོས་པས། རང་བས་གཞན་གཅེས་པར་འཛིན་དགོས། ཕན་འདོགས་པ་བས་གནོད་པ་སྐྱེལ་བ་གཅེས་པར་འཛིན་དགོས། བདེ་བ་བས་སྡུག་བསྔལ་གཅེས་པར་འཛིན་དགོས། དེ་ལྟར་འཇིག་རྟེན་པ་དང་མི་མཐུན་པའི་ཆོས་བཞི་ཡོད་ན། མོ་མ་རྣོན་པོས་མོ་བཟང་བ་བཞིན་ཅི་ཡང་བྱ་མི་དགོས། བཞི་པོ་དེ་མེད་ན་མོ་ངན་པ་བཞིན་ཅི་བྱས་ཀྱང་མི་ཕན་གསུངས། ཡང་ཆོས་བརྒྱད་དོན་དུ་གཉེར་བའི་འཇིག་རྟེན་པ་དང་མི་མཐུན་པ་ཞིག་བྱེད་དགོས། དེ་ལ་འཇིག་རྟེན་པའི་ཆོས་བརྒྱད་ཀྱི་འདོད་ཕྱོགས། རྙེད་པ་དང་། བདེ་བ། སྙན་པ་དང་། བསྟོད་པ་བཞི་བྱུང་ན་དང་དུ་ལེན་ཅིང་། མི་འདོད་ཕྱོགས་རྙེད་པ་དང་། མི་བདེ་བ། མི་སྙན་པ་དང་། སྨད་

p. 484

པ་བཞི་བྱུང་ན་སྤོང་བ་ཡིན། འོ་སྐོལ་ཆོས་པ་རྣམས་དེ་ལས་བཟློག་དགོས། དེ་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་མི་འདོད་ཕྱོགས་མ་རྙེད་པ། མི་བདེ་བ། མི་སྙན་པ་དང་། སྨད་པ་བཞི་བྱུང་ན་དང་དུ་ལེན་ཅིང་། འདོད་ཕྱོགས་རྙེད་པ་དང་། བདེ་བ། སྙན་པ་དང་བསྟོད་པ་བཞི་བྱུང་ན་སྤོང་བ་ཡིན། དེ་ལྟར་འཇིག་རྟེན་པ་དང་མི་མཐུན་པ་ཅིག་བྱས་ན། ཆོས་པ་རྣམ་དག་ཡོང་། མདོར་ན་འཇིག་རྟེན་པས་ཁེ་དང་རྒྱལ་ཁ་རང་གིས་ལེན་ཅིང་། གྱོང་དང་ཕམ་ཁ་གཞན་ལ་སྟེར་ཡོང་། ཆོས་པས་དེ་དང་མི་མཐུན་པར། ཁེ་དང་རྒྱལ་ཁ་གཞན་ལ་སྟེར་ཞིང་། གྱོང་དང་ཕམ་ཁ་རང་གིས་ལེན་དགོས། དེ་ལྟར་བྱས་ན་འཇིག་རྟེན་པ་ཕར་ཞོག་ཆོས་པ་ཀུན་གྱི་ནང་ནས་ཀྱང་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ཅིག་འོང་། དེ་ལྟར་མ་ཡིན་པའི་འཇིག་རྟེན་པ་དང་མི་མཐུན་པའི་ཆོས་པ་སྤྲོ་རྐྱལ། མི་སུ་ལ་ཡང་མི་མཐུན་པ་ཐག་ཉེར་བ ཏུད་ཚུད་མེད་ནི་ཞིག་གྱིས་ཞེས་བཤད་ནི་མ་རེད་བྱས་པས། འགའ་རེ་འཛུམ་པ་བྱུང་། ཡང་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སྐལ་ལྡན་སློབ་མ་རྣ་གོང་457 ། མའི་ལྷ་བཟོས་ཧ་སག་གོས་འདང་། ཇ་ནག དྲི་མེད་ལྷ་རྫས་རིང་པོ་བཅས་ཕུལ་ནས། ཚེ་འདི་ཕྱི་བར་དོར་ཐུགས་དམ་སྐྱབས་འོག་ནས་མ་འདོར་སེམས་ལ་ཕན་པའི་ཞལ་གདམས་

p. 485

ཤིག་ཀྱང་བཀའ་དྲིན་སྐྱོངས་ཞེས་ཞུས་པའི་ལན་དུ། འོ་དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན་སྣང་སྟོང་སེམས་ཀྱི་རོལ་པ། སེམས་ཉིད་ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ཁྱབ་གདལ་ནམ་མཁའ་ལྟ་བུར་རྟོགས་ནས། །དེའི་ངང་ལ་ཤེས་པ་ལྷོད་ཀྱིས་གློད་ནས་བཞག་པའི་ཚེ། ཕྲ་རགས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ནམ་མཁའ་ལ་སྤྲིན་དྭངས་པ་དང་ཆུ་ལ་རྙོག་མ་དྭངས་པ་བཞིན། རང་སར་སངས་ནས་དཔེར་ན་རི་མཐོན་པོ་ཞིག་གི་རྩེ་ནས་ཁམས་བསང་བྱས་པ་བཞིན་དུ། མཉམ་གཞག་དེའི་ངོ་བོ་ཡངས་པ་ཆེ་བ་གསལ་བ་དྭངས་པ་དེའི་ངང་ལ་མཉམ་པར་བཞག་ན། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད་གསུངས་པ་ལྟར། བྱིང་རྒོད་སོགས་གང་ཡང་མི་ཡོང་ཞིང་། གལ་ཏེ་ཡོང་ན་ཡང་། སྔར་ལྟར་མཉམ་པར་བཞག་པ་དང་། རང་སར་གྲོལ་ནས་རྟོགས་པ་ཀློང་དུ་གྱུར་ཏེ། རྗེ་མི་ལའི་མགུར་ལས། སྣང་དང་སྟོང་པ་དབྱེར་མེད་ན། ལྟ་བ་ཀློང་དུ་གྱུར་པ་ཡིན། །རྨི་ལམ་ཉིན་པར་ཁྱད་མེད་ན། །སྒོམ་པ་ཀློང་དུ་གྱུར་པ་ཡིན། །བདེ་དང་སྟོང་པ་ཁྱད་མེད་ན། །སྤྱོད་པ་ཀློང་དུ་གྱུར་པ་

p. 486

ཡིན། །སྐྱིད་སྡུག་གཉིས་པོ་ཁྱད་མེད་ན། །གདམས་ངག་ཀློང་དུ་གྱུར་པ་ཡིན། །ཉོན་མོངས་ཡེ་ཤེས་ཁྱད་མེད་ན། །རྟོགས་ཚད་ཀློང་དུ་གྱུར་པ་ཡིན། །སེམས་དང་ནམ་མཁའ་ཁྱད་མེད་ན། །ཆོས་སྐུ་ཀློང་དུ་གྱུར་པ་ཡིན། །འདི་དང་ཕྱི་མ་ཁྱད་མེད་ན། །གནས་ལུགས་ཀློང་དུ་གྱུར་པ་ཡིན། །རང་སེམས་སངས་རྒྱས་ཁྱད་མེད་ན། །འབྲས་བུ་ཀློང་དུ་གྱུར་པ་ཡིན། །ཞེས་གསུངས་པ་ལྟར་ཀློང་དུ་མ་གྱུར་གྱི་བར་དུ་མཉམ་པར་འཇོག་པ་ལ་བརྩོན་པར་བྱའོ། །སྨྲས་པས་སེམས་ལ་སྔར་བས་ཕན་ཐོགས་རྒྱ་ཆེན་པོ་བྱུང་ངོ་། །ཡང་ངས་ཁྱེད་རྣམས་ལ་ཕན་ཕྱིར། གཉིད་རྨུགས་ཀྱི་ཉེས་དམིགས་ཤིག་བཤད་པ་ལ་ཀུན་གྱིས་ལེགས་པར་ཉོན། འོ་དེ་ཡང་ཇི་སྐད་དུ། ལྷག་བསམ་བསྐུལ་བའི་མདོ་ལས། གང་ཞིག་གཉིད་དང་རྨུགས་ལ་དགའ་འགྱུར་བ། །བད་ཀན་རླུང་དང་དེ་བཞིན་མཁྲིས་པ་རྣམས། །།དེ་དག་དེ་ཡི་ལུས་ལ་ཤེས་ཆེར་འབྱུང་། །དེ་ཡི་ཁམས་རྣམས་རབ་ཏུ་འཁྲུགས་པར་འགྱུར། །གང་ཞིག་གཉིད་དང་རྨུགས་ལ་དགའ་འགྱུར་བ། །ཁ་ཟས་ཉེས་པས་ལྟོ་བ་མ་དག་ཅིང་། །ལུས་ཀྱང་ལྕི་ལ་ཟོ་མདོག་བདེ་མ་ཡིན། །དེ་ཡི་ཚིག་ཀྱང་གསལ་བར་མི་འགྱུར་རོ། །གང་ཞིག་རྨུགས་དང་གཉིད་ལ་

p. 487

དགའ་འགྱུར་བ། །མི་ཤེས་ལེ་ལོ་སྙོམས་ལས་ཤེས་རབ་འཆལ། །མི་མ་ཡིན་པ་དག་གིས་གླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ན་འཚེ་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེས་ནི་དགེ་སེམས་རྟག་ཏུ་མི་འདོད་དེ། །དེ་ནི་ཆོས་ལ་འདུན་པ་བསྐྱེད་མི་བྱེད། །ཕྱིར་ཞིང་ཆོས་མ་ཡིན་ལ་དེ་དགའ་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་བྱེད་པ། །དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས། །བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས། །དཀར་པོ་འཇོམས་ཤིང་མུན་པར་འགྲོ་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །འཇིགས་པར་འགྱུར་ཞིང་སེམས་ཀྱང་རབ་ཏུ་ཞུམ། །དེ་ནི་རྟག་པར་མཆོག་ཏུ་དགའ་མི་འགྱུར། །གཉིད་ཀྱིས་ནོན་པས་ལུས་ཀྱང་ལྷོད་པར་འགྱུར། །གང་ཞིག་གཉིད་དང་རྨུགས་ལ་དགའ་འགྱུར་བ། །བདག་ཉིད་མི་ཤེས་ལེ་ལོ་ཅན་གྱུར་ན། །བརྩོན་འགྲུས་སྟོབས་དང་ལྡན་ལ་ཕྲག་དོག་དང་། །བརྩོན་འགྲུས་ལྡན་པ་རྣམས་ལ་མི་སྙན་སྨྲ། །ཞེས་གསུངས་པ་ལྟར་གཉིད་རྨུགས་ཀྱི་ཉེས་དམིགས་རྣམས་བསམས་ནས། གཉིད་དང་རྨུགས་པའི་དབང་དུ་འགྲོ་བར་མི་བྱའོ། །

p. 488

ཞེས་བཤད་པས་ཀུན་ལ་ཕན་ཐོགས་ཆེན་པོ་བྱུང་། ཡང་ཉིན་ཅིག་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་རི་ཁྲོད་པ་དགེ་སློང་བློ་གྲོས་ན་རེ། ཁྱེད་ཀྱིས་དུས་རྒྱུན་དུ་ཤའི་ཉེས་དམིགས་གསུངས། ཆོས་པ་འཇིག་རྟེན་པ་ཡོངས་ལ་ཤ་མ་ཟ་ཞེས་ཡང་ཡང་གསུངས་པའི་དགོངས་གཞི་གང་ལགས་ཟེར་བ་ལ། འོ་ངའི་བསམ་པ་ལ། སྤྱིར་ངན་སོང་ངན་འགྲོར་སྐྱེ་བའི་རྒྱུ་དང་། སྒོས་སུ་དམྱལ་བའི་རྒྱུ་ཡི་གཙོ་བོ་སྲོག་གཅོད་རེད། སྲོག་གཅོད་པའི་རྩ་བ་ཤ་འདི་ལ་ཐུག་འདུག ཡང་སྒོས་ཁྱད་པར་ཅན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ནི། བྱང་ཆུབ་ཀྱི་སེམས་ལས་བྱུང་། དེ་སྙིང་རྗེའི་རྩ་བ་ལས་བྱུང་། སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གེགས་ཀྱི་ཆེ་ཤོས་ནི། ཤའི་སྲེད་པ་འདི་ཡིན་པར་འདུག་པས་ཤ་འདི་ཅིག་སྤོང་ཐུབ་ན་ཉེས་བྱས་ཀྱི་སྒོ་མང་པོ་ཞིག་ཁེགས་ནས། དངོས་སམ་བརྒྱུད་ནས་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་རེ་འབྱུང་ངམ་སྙམ་ནས་བཤད་པ་ཡིན་བྱས་པས། ཡང་ཁོ་ན་རེ། སྔོན་རྒྱལ་པོའི་ཁབ་ཀྱི་ཁྱིམ་བདག་གཅིག་གིས། དགེ་འདུན་ལ་ཟས་བྱིན་པས་འཕྲལ་དུ་ཕྱུག་པོར་གྱུར་པ་མཐོང་ནས། ཁྱིམ་བདག་གཞན་ཞིག་གི་བསམ་པ་ལ། ནོར་སྒྲུབ་པའི་ཐབས་དེ་བཟང་སྟེ། བདག་གིས་

p. 489

ཀྱང་དེ་བྱའོ་སྙམ་ནས་ཤ་དང་ཞུན་མར་སྦྱར་བའི་ཐུག་པ་བསྐོལ་ཏེ། སྒོ་བ་ལ་དགེ་འདུན་དག་ནང་དུ་ཐོངས་ཤིག་ཅེས་སྨྲས་ཏེ། སྒོ་བས་དགེ་སློང་དག་ལ་སྐད་སྦྱར་ནས། དགེ་སློང་བསོད་སྙོམས་ལ་འོང་བ་དག་གི་ལྷུང་བཟེད་ཤ་ཐུག་གིས་བཀང་སྟེ་བྱིན་ནོ་ཞེས་པ་དང་། ཡང་སྟོན་པ་འཁོར་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཏེ། དགེ་འདུན་ཐམས་ཅད་ལ་ཉ་ཤ་དང་། འཁུར་བ་ལ་སོགས་པའི་ཟས་བསོད་པས་ཚིམས་པར་བྱས་སོ་ཞེས་འདུལ་བ་ལུང་རྣམ་འབྱེད་ནས་གསུངས་པ་དེ་གང་ལ་དགོངས་ནས་བཞེས་པ་ཡིན་ལགས་ཟེར། འོ་སངས་རྒྱས་ཀྱི་གསུང་འདི་དགག་བྱ་ལས་དགོས་པ་གཙོ་བས། དགེ་སློང་གཞན་ལ་ཕན་ན་ར་ལུག་སོགས་ཀྱི་ཤ་ཙམ་དུ་མ་ཤད། ཡམི་ཡི་ཤ་ཁྲག་ཟོས་ཀྱང་འདུལ་བ་དང་མི་འགལ་ཏེ། སྟོན་པ་ཐུགས་རྗེ་ཅན་གྱི་སློབ་པ་ལམ་གྱི་དུས་ན། རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་སྲས་མོ་ཡེ་ཤེས་ལྡན་དུ་གྱུར་པའི་ཚེ། བསྟན་པའི་ཐ་མ་ཆོས་སྨྲ་བའི་མཆོག་ཏུ་གྱུར་པ་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཞིག་བཞུགས་པ་དེ། འབྲུམ་བུ་མེ་དབལ་ནག་པོའི་ནད་གསོ་དཀའ་བས་ཐེབས་པའི་

p. 490

ཚེ། རྒྱལ་པོའི་རྨི་ལམ་དུ་མིའི་ཤ་གསར་པ་དང་། ཁྲག་གིས་སྨན་བྱས་ན་འཚོ་བར་འགྱུར་ཞེས་ལུང་བསྟན་པའི་ཚུལ། འཁོར་ཚོགས་ཀྱི་དབུས་སུ་བསྒྲགས་ཀྱང་དང་དུ་ལེན་པ་མ་བྱུང་བ་ན། སྲས་མོ་ཡེ་ཤེས་ལྡན་གྱིས་རང་གི་ཤ་དང་ཁྲག་ཕངས་པ་མེད་པར་བཏང་བ་དགེ་སློང་གིས་ཟོས་པས་ནད་སོས་པ་བྱུང་། ཡང་རང་ལ་མི་གནོད་གཞན་ལ་ཕན་པའི་དགོས་པ་ཆེ་ན། དུག་ཀྱང་བཞེས་པ་ཡིན་ཏེ། སྔོན་གཅེར་བུ་པ་ཉེ་ཐུང་གིས་ཁྱིམ་བདག་དཔལ་སྦས་ལ་ཟས་དུག་ཅན་སྦྱོར་དུ་བཅུག་ནས། སངས་རྒྱས་འཁོར་བཅས་སྤྱན་དྲངས་པས། སངས་རྒྱས་ཀྱིས་མཁྱེན་བཞིན་དུ་ཕེབས་ནས། ཁྱིམ་བདག་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་ཚིག་འདི་རྣམས་སྦྱོར་ལ་དྲོངས་དང་སྐྱོན་མི་ཡོང་གསུངས་པས། ཁྱིམ་བདག་གིས་ཚིགས་བཅད་དེ་གསུམ་བཏོན་ནས་དྲངས་པས། །སངས་རྒྱས་འཁོར་བཅས་ཀྱི་སྐུ་ལ་མི་གནོད་པ་ཙམ་དུ་མ་ཟད། སྔར་བས་སྐུའི་གཟི་མདངས་རྒྱས་པར་གསུངས། གཞན་ཡང་དགོས་

p. 491

པའི་དབང་གིས་སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས། དགེ་སློང་བྲོ་འཚལ་བ་མི་གཙང་བའི་ཁྲོད་དུ་བྱིང་བ་ཞིག་གཟིགས་ཏེ། ཁོང་རང་བྱོན་ནས་ཕྱག་བདར་བྱས་ཏེ་རིམ་གྲོ་མཛད་ཚུལ་འདུལ་བ་ལུང་སོགས་ནས་གསུངས། ཡང་སྔོན་བཀའ་གདམས་པའི་དགེ་སློང་ཞིག་གིས་བུད་མེད་ནད་མ་ཞིག་ཁུར་ཏེ། ཆུ་ཞིག་གི་ཕ་རོལ་ཏུ་བསྒྲལ་ནས་རེག་པ་བཟོད་པར་གསོལ་གསུངས། །འབྲུག་པ་ཀུན་ལེགས་ཀྱིས་ཁྱི་ཞིག་ཤོར་འོང་དུས། དགག་བྱ་བ་ལས་དགོས་པ་གཙོ། །ཁྱི་ལ་པོ་ཏིའི་བཀྲ་ཤིས་ཤོག །ཅེས་ཁྱིའི་མགོ་ལ་བརྒྱབ་སྐད། དགོས་པའི་དབང་གིས་དམིགས་བསལ་གྱི་གནང་བ་ཡོད་པར་མི་ཤེས་པར། ལུས་སྲོག་ལ་བབ་ཀྱང་གླེན་པའི་ཨུ་ཚུགས་བྱས་ཤ་མ་ཟོས་འཆི་རུ་བཅུག་ན། མཁས་པའི་དབང་པོ་རྣམས་ཀྱིས་མི་གླེན་པ་ཞེས་སྨོད་པའི་གནས་སུ་འགྱུར་ཏེ་མཁས་གྲུབ་རྗེའི་སྡོམ་གསུམ་རྣམ་བཤད་ལས། ཉན་ཐོས་རྣམ་གསུམ་དག་པའི་ཤ །ནམ་ཡང་བཟའ་བར་མི་རུང་ཞེས། །བ་ལང་ཁྱུ་ཡི་ཚོགས་ནང་ན། །ཝ་སྐྱེས་འཇམ་པའི་རག་གིས་སྒྲོག ། གསུངས། དེ་བཞིན་དུ་ས་སྐྱ་པཎ་ཆེན་སོགས་

p. 492

མཁས་པ་མང་པོས་གསུངས། དེ་འདྲའི་དགོས་པ་ཆེན་པོ་མེད་ན། ཐེག་ཆེན་བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། ཐེག་དམན་ཉན་རང་རྣམས་ལ་ཡང་རྣམ་གསུམ་མ་དག་པ་ཕར་ཞོག་དག་པ་ཡང་ནམ་ཡང་མ་གནང་བས་ན་ཟར་མི་རུང་སྟེ། སངས་རྒྱས་ཀྱི་ཞལ་ནས། བློ་གྲོས་ཆེན་པོ་ངས་ཤའི་ཟས་ནི་སུ་ལ་ཡང་མ་གནང་མི་གནང་གནང་བར་མི་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ཤའི་ཟས་ནི་ནམ་ཡང་མི་རུང་བར་ངས་བཤད་དོ། །ཞེས་དང་། ཡང་རིགས་ཀྱི་བུ་དེང་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་བཟར་མི་རུང་ངོ་། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་ཟོ་བཞིན། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་བླངས། །ཤིན་ཏུ་མི་ཟད་དམྱལ་བར་ནི། །སྡིག་པའི་ལས་ཅན་དེ་དག་འགྲོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་ན་ཁྱོད་ཀྱིས་ཤ་མ་ཟ་ཞེས་སྨྲས་པས། ཁོང་རང་གིས་ཤ་སྔར་ནས་མི་ཟ་བའི་དམ་བཅའ་བརྟན་པོ་བྱུང་། །སྙིང་རྗེ་ཆེན་པོ་སྐྱེས་ནས་གཞན་ལ་ཕན་ཐོགས་པའི་ཆོས་པ་བཟང་པོ་ཞིག་བྱུང་ངོ་། །ཡང་བྱ་བཏང་རི་ཁྲོད་པ་ཤཱཀྱ་རིན་ཆེན་དང་། བསྟན་འཛིན་ནོར་བུ་གཉིས་ཀྱིས་རྩེ་གཞུང་དབེན་པའི་དགའ་ཚལ་ཐ་ཡན་ཅི་ནས་མཚམས་ཞུས་ཀྱི་

p. 493

མཇུག་ཏུ་ཞལ་གདམས་དགོས་ཚུལ་འདི་ཕུལ་འདུག །མཐའ་ཡས་ཆོས་ཀྱི་ཡང་རྩེ་རྫོགས་ཆེན་གྱི། །མཐའ་བྲལ་ཕྱོགས་ལྷུང་མེད་པའི་དགོངས་པ་རྟོགས། །མཐའ་མེད་འགྲོ་ལ་ཆོས་སྟོན་ཞབས་དཀར་ཞེས། །མཐའ་དབུས་ཡོངས་ལ་གྲགས་པའི་ཞབས་དྲུང་དུ། །ཆོས་མཛད་གོང་མའི་རི་ཁྲོད་བཞུགས་གནས་ནས། །ཆོས་བྱེད་སློབ་བུ་གཉིས་ཀྱིས་འདི་སྐད་ཞུ། །ཆོས་སྐུའི་ཀློང་ན་གཟུགས་སྐུ་བདེ་ལགས་སམ། །ཆོས་པའི་གཟུགས་བརྙན་གཉིས་ཀྱང་བདེ་བར་མཆིས། །མ་ཞིག་ཞིག་བརྫུས་ཤཱཀྱ་ནོར་བུ་གཉིས། །མ་རྣམས་དོན་དུ་སྒྱུ་ལུས་དབེན་པར་གནས། །མ་རིག་ཉོན་མོངས་ཅི་སངས་བྱས་ན་ཡང་། །མ་སངས་རྐྱེན་ངན་བྱུང་ཚེ་ལངས་ཉེན་གདའ། །མ་དག་འཁོར་བར་འཁྱམས་པའི་སློབ་བུ་གཉིས། །མ་ཧཱ་གུ་རུའི་ཐུགས་ནས་མི་འདོར་བར། །མ་བཅོས་བཞག་པའི་སེམས་ཉིད་འོད་གསལ་དོན། །མ་བསྒོམས་འཚང་རྒྱུའི་གདམས་པ་བསྟན་དུ་གསོལ། །ཞེས་ཕུལ་བའི་ལན་དུ། འོ་དེ་ཡང་ནམ་མཁའ་ལ་ཕྱོགས་གང་ནས་བལྟས་ཀྱང་མཐའ་མེད། དབུས་མེད། ཕྱི་ནང་མེད། འགྲོ་འོང་མེད། སྐྱེ་འཆི་མེད། གསལ་འགྲིབ་མེད་པ་དེ་བཞིན་དུ་

p. 494

རང་གི་སེམས་ལ་ལྟོས་དང་། ་མཐའ་དབུས་མེད། ཕྱི་ནང་མེད། འགྲོ་འོང་མེད། སྐྱེ་འཆི་མེད། གསལ་འགྲིབ་མེད་པ་ཡིན་ལ། དེའི་ངང་ལ་མཉམ་པར་འཇོག་དུས། སྣང་བ་རང་བཞིན་གྱིས་མ་གྲུབ་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་ནང་དུ་ལོངས་ལ། སེམས་ཉིད་ནམ་མཁའ་ལྟར་ཕྱོགས་བཅུར་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་ཐོངས་ལ། གུ་ཡངས་ཡན་པ་བློ་བདེར་གྱིས་ལ་སྐྱོངས་དང་། དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་རེ་ཡོང་ཞེས་མགུར་དབྱངས་འདི་བླངས་སོ། །སྣང་སྟོང་སྒྱུ་མ་ལྟ་བུའི་འཁོར་འདས་ཆོས། །ཐམས་ཅད་སེམས་ཀྱིས་རྟོགས་ཤིང་སེམས་ཉིད་ནི། །སྟོང་གསལ་ནམ་མཁའ་ལྟ་བུར་རྟོགས་པ་ཡི། །བླ་མ་རྣམས་ལ་རབ་ཏུ་གུས་པས་འདུད། །སྒྱུ་མ་མཁན་གྱིས་སྒྱུ་མའི་རྫས་སྔགས་ལ། །བརྟེན་ནས་སྒྱུ་མའི་ལྟད་མོ་འབྱུང་བ་ལྟར། །སེམས་ཀྱིས་བཟང་ངན་ལས་བྱས་རྟེན་འབྲེལ་ལ། །བརྟེན་ནས་འཁོར་འདས་ཆོས་རྣམས་ཐམས་ཅད་འབྱུང་།ཆོས་ཀུན་རྩ་བ་སེམས་ཉིད་གདོད་ནས་སྟོང་། །སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ཉིད་དུ། །བཞག་ན་མགོ་བོ་བཏུམས་པ་སངས་པ་བཞིན། །བྱིང་རྨུགས་གཉིད་གསུམ་སངས་ནས་ཡངས་ཆ་ཆེ། །ཁ་

p. 495

ཡེངས་མིག་ཡེངས་མཆོངས་རྒྱུག་གང་བྱས་ཀྱང་། །ཇེ་གསལ་ཇེ་བརྟན་གྱུར་ནས་ནམ་མཁའ་ལྟར། །ཆོས་ཉིད་ཡངས་པའི་ངང་དུ་དགའ་ཡལ་ལེ། །གནས་པའི་རྣལ་འབྱོར་བྱུང་ན་ངོ་མཚར་ཆེ། །དེ་ལྟར་མ་རྟོགས་མ་གྱུར་སེམས་ཅན་ལ། །བཅོས་མ་མིན་པའི་སྙིང་རྗེ་ཆེན་པོ་སྐྱེས། །སྐྱོ་ངལ་མེད་པར་ཉམ་ཐག་འགྲོ་བའི་དོན། །བྱེད་རྒྱུ་བྱུང་ན་དེ་བས་ངོ་མཚར་ཆེ། །གླུ་དབྱངས་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །ཆོས་རྣམས་ཐམས་ཅད་སེམས་ཀྱིས་བྱས་པར་རྟོགས། །སེམས་ཀྱི་ངོ་བོ་སྟོང་གསལ་ནམ་མཁའ་ལྟར། །རྟོགས་ནས་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །ཅེས་སྨྲས་པས། ཁོང་གཉིས་ཀྱིས་དེ་ལྟར་ཉམས་སུ་བླངས་པས་བདག་འཛིན་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེན་པོ་རེ་བྱུང་ངོ་། །དེའི་ལོ་དབུས་ལྷོ་ཁ་ནས་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་བླ་མ་ཡོན་ཏན་རྒྱ་མཚོ་མཆོག་གིས། སྔར་མཚམས་ཞུས་ཕུལ་བའི་འབྱོར་ལན་དུ། སློབ་བུ་ཀུན་དགའ་ནོར་བུ་ལ་ཁལ་རྟ་བྲོ་ཁ་བཟང་པོ་བཅས། ཁོ་རང་ལ་གང་ཡོད་བསྐུར་པ་ཐམས་ཅད་ཡི་གེའི་ནང་བཞིན་འདིར་སླེབས་པ་ཞབས་བརྟན་གྱི་ཚུལ་དུ་

p. 496

ཕུལ་བའི་འབུལ་ཐོ་ལ། ཐོག་མར་ཚེ་དཔག་མེད་ཀྱི་ཁ་རྒྱན་ཅན་གྱི་ཚེ་བུམ་གསེར་དངུལ་འདྲེས་མ་གཡུ་དམར་བྱུ་རུའི་ཕྲ་ཅན་ནང་ན་རིན་ཆེན་རིལ་བུ་ཡོད་པ་གཅིག གོས་ཆེན་གྲོ་ལོ་མའི་དབུ་ཞྭ་འཇའ་མ་གཡུ་དམར་གྱི་ཕྲ་དང་གསེར་གྱི་རྒྱལ་མཚན་གྱི་ཏོག་གིས་མཚན་པ་གཅིག་སྐུ་འགགས་ཆོས་གོས་སྨད་ཤམ་མཚལ་ཁ་མ་གཅིག གོས་ཆེན་རྒྱན་བཞི་དང་གོས་སེར་པོ་འཁོར་ལོ་མའི་ཕུ་ཐུང་རིང་ཐུང་གཉིས། སྟོང་སྐུད་སེར་པོའི་སྐ་རགས་གཅིག གསེར་དངུལ་འདྲེས་མའི་མཆོད་ཀོང་ཆེ་བ་གཅིག དངུལ་ཀོང་དཀྲོལ་མ་ཆུང་བ་གཉིས། དངུལ་གྱི་ཏིང་ཕོར་ལྔ་ཚར། དངུལ་གྱི་ཀ་པ་ལ་གཅིག གསེར་དངུལ་ཟངས་གསུམ་ཡོད་པའི་བུམ་པ་ན་བཟའ་ཁ་རྒྱུན་དང་བཅས་པ་ཆ་འགྲིག་གཅིག་ཞབས་པད་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ་དབུས་ལྷམ་འཇའ་ཆེན་སྤུས་ལེགས་གཅིག རས་ཟོན་ནོར་བུ་ཆ་བདུན་མ་གཅིག བདུད་རྩི་ཆོས་སྨན། གུར་ཀུམ། གུ་གུལ་སྤོས་དཀར། རས་ཀྱི་གནམ་ཡོལ། རྟ་སྒ་ཆ་སྒ་འཁོར་བཅས། ཁྱོན་སྡོམ་དངུལ་འབབ་ལ་རྡོ་ཚད་ལྔ་དང་དངུལ་སྲང་བཅུའི་རྩ་བ་ཕུལ་ལགས། སྐྱེ་བ་འདི་ནས་བཟུང་སྟེ་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་སྐྱབས་འཇུག་ཟབ་

p. 497

གསལ་ཐུགས་ཀྱི་ཀློང་ནས་དུས་ནམ་ཡང་མི་འདོར་བ་མཁྱེན་མཁྱེན། ཨེ་མ་མངོན་དགའ་མཁའ་སྤྱོད་ལ་སོགས་སངས་རྒྱས་ཀྱི། །ཞིང་དང་མཚུངས་པའི་བཀྲ་ཤིས་འཁྱིལ་བ་རུ། །ཤཱཀ་ཐུབ་ཨོ་རྒྱན་ལ་སོགས་རྒྱལ་ཀུན་དང་། །དབྱེར་མེད་སྐྱབས་མགོན་མཆོག་གི་ཞབས་དྲུང་དུ། །རྩྭ་མིན་ཤིང་མིན་དབེན་པའི་ནགས་ཁྲོད་ན། །སྐྱ་མིན་སེར་མིན་ཉོན་མོངས་རྒྱ་མཚོའམ། །ཤི་མིན་གསོན་མིན་གློ་སྨོན་དུག་གསུམ་པས། །གོས་མིན་རས་མིན་ན་བཟའི་རིགས་གྱུར་དང་། །གསེར་མིན་དངུལ་མིན་མཆོད་པའི་ཡོ་བྱད་ལ། གཡུ་མིན་བྱུར་མིན་ཕྲ་ཡིས་བརྒྱན་པ་འདི། །དྲེལ་མིན་བོང་མིན་རྟ་ལ་བཀལ་ནས་ནི། །སྐྱོ་སྡུག་གཉིས་མེད་ངང་ནས་གུས་པས་ཕུལ། །བདག་དང་བདག་ལ་འབྲེལ་ཐོགས་མ་ལུས་པ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །རྣམ་མཁྱེན་ས་ལ་འགོད་པའི་སྐྱབས་འཇུག་མཁྱེན། །ཞེས་གང་ཕུལ་བ་རྣམས་བླངས་ནས་ཁོ་རང་གིས་སྐྱབས་འཇུག་ཞུས་པའི་ནང་ལྟར། དགེ་ཚོགས་རྣམས་གནས་སྐབས་དང་མཐར་ཐུག་གི་ཡིད་ལ་སྨོན་པའི་གནས་རྣམས་དེ་དེ་བཞིན་དུ་འགྲུབ་པའི་

p. 498

སྐྱབས་འཇུག་བསྔོ་སྨོན་གྱིས་མཚམས་སྦྱོར་ཡང་དག་བྱས་སོ། །ཡང་གསར་རྙིང་རིས་མེད་ཀྱི་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་འབྱོངས་པའི་ངང་རོང་མཁན་པོས། བདག་གིས་བསྟན་དང་འགྲོ་བ་སྤྱི་དང་། ཁྱད་པར་རིན་པོ་ཆེའི་བསྟན་པ་ལ་གང་ཕན་བྱེད་དུས། གཞན་གྱིས་ལོག་བསྒྲུབ་བྱེད་པ་ལ་བཟོད་པ་བསྒོམས་པ་ཙམ་དུ་མ་ཟད། དེ་ལ་བུ་གཅིག་ལྟར་བརྩེ་བས་ཕན་པ་འབའ་ཞིག་བསྒྲུབ་པའི་ངོ་མཚར་བའི་གཏམ་འདི་གསན་པས་ཐུགས་དྲངས་ཏེ། བསྟོད་བསྔགས་མེ་ཏོག་གི་ཕྲེང་བ་འདི་བསྐུར་འདུག ། སྙིང་ལ་རབ་ཏུ་དྲེགས་པས་འཁྲི་ཤིང་ཅན། །ཚངས་དབང་བྱེ་བས་བསྙེམས་པ་ཡོངས་དོར་ནས། །གུས་པས་བཏུད་པའི་གཙུག་རྒྱན་ནོར་བུའི་འོད། །གང་དང་འདྲེས་པའི་ཞབས་སེན་དམར་པོའི་མདངས། །མཚམས་སྤྲིན་གཞོན་ནུས་ནམ་ཡང་མཚོན་མིན་པའི། །ཡིད་འོང་འོད་ཟེར་སྟོང་གི་དཔལ་འབར་བ། །དེ་ཡིས་ཉེ་བར་ཕྱེས་པའི་པདྨ་དེས། །དྲུང་དུ་ཐལ་མོ་སྦྱར་ཏེ་འདི་སྐད་གསོལ། །རྒྱལ་ཀུན་མཁྱེན་བརྩེ་གོ་ལའི་ལམ་ཡངས་པོར། །ལྷག་བསམ་འོད་དཀར་འབུམ་གྱི་དྲ་བ་ཅན། །མཚན་དཔེའི་ཟླ་བ་གསར་བ་ཁྱོད་ཤར་ཚེ། །གངས་ཅན་བདེ་སྐྱིད་ཀུ་མུད་ཅིར་ཡང་འཛུམ། །

p. 499

མ་ལུས་ལུས་ཅན་སྲིད་ལས་སྒྲོལ་བའི་ཁུར། །མགོན་པོ་ཁྱོད་ཀྱིས་བདག་གིར་མཛད་པའི་ཚེ། །གྲགས་པ་སྲིད་པའི་ཁོངས་ལས་རབ་བརྒལ་ཏེ། །རྒྱལ་རྣམས་དགྱེས་པའི་རོལ་མོར་གྱུར་པ་མཚར། །གཞན་ལ་ཕན་པ་འབའ་ཞིག་ལྷུར་ལེན་པ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ངང་ཚུལ་ཏེ། །ཆེས་ཆེར་དམན་ལ་ལྷག་པར་ཆགས་པ་འདི། །འདྲེན་པ་ཁྱེད་ཀྱི་ཐུན་མོང་མིན་པའི་ཆོས། །ཕྱི་དང་ནང་གི་བདོག་པ་ཀུན་བཏང་ཡང་། །སྦྱིན་པ་པོ་ཞེས་བསྔགས་པར་མི་འགྱུར་ཏེ། །གང་ཕྱིར་སློང་བ་རྣམས་ཀྱིས་ཁྱོད་ཀྱི་ནོར། །རང་གི་བགོ་སྐལ་ཉིད་དུ་བསམས་ནས་ལེན། །ཕྱོགས་ལྷུང་གདོན་གྱིས་ཡིད་རབ་བརླམས་པ་ཡི། །མི་བསྲུན་སྐྱེ་བོས་ཁྱོད་ལ་གླགས་བཙལ་ཀྱང་། །རིང་མོ་ཉིད་ནས་བཟོད་པ་གོམས་པའི་ཡིད། །ཁྲོ་བས་གཡོ་བ་མེད་ལ་མཚར་དུ་ཅི། །དེ་ལ་བུ་གཅིག་ལྟ་བུར་བརྩེར་དགོངས་ནས། །རབ་ཏུ་ཕན་པ་འབའ་ཞིག་བསྒྲུབ་པ་ཡི། །བླ་ན་མེད་པའི་ངོ་མཚར་མཛད་པ་འདིས། །བདག་གི་ཡིད་དབང་ཞགས་པ་མེད་པར་བཅིངས། །དེས་ན་སྐོམ་པས་གདུངས་པའི་གླང་ཆེན་བཞིན། །ཁྱོད་དྲུང་པདྨའི་རྫིང་བུར་འཇུག་པའི་བློ། །ཉིན་རེ་བཞིན་དུ་རྣམ་པར་འཕེལ་གྱུར་ཀྱང་། །

p. 500

རྣམ་གཡེང་ལྕགས་ཀྱུ་རྣོན་པོའི་གཞན་དབང་གྱུར། །དེ་ལྟ་ན་ཡང་རིང་པོར་མི་ཐོགས་པར། །བསོད་ནམས་བརྒྱ་བའི་ཞབས་ཀྱི་འཁོར་ལོ་ནི། །སྤྱི་བོར་རེག་པའི་སྐལ་བཟང་མངོན་གྱུར་ཏེ། །ཁྱོད་གསུང་ལེགས་བཤད་བདུད་རྩིས་འཚོ་བར་སྨོན། །མཚམས་ཞུས། བསླུ་མེད་བླ་མ་མཆོག་གསུམ་བདེན་སྟོབས་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེའི་རྩ་ལག་མཆོག །ཁྱོད་ཞབས་རྡོ་རྗེའི་རང་བཞིན་ཆོས་ཀྱི་ཁྲིར། །བསྐལ་བརྒྱར་གཡོ་བ་མེད་པར་བརྟན་གྱུར་ཅིག །བདག་ཀྱང་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །ཁྱོད་ཉིད་མཉེས་པ་འབའ་ཞིག་ལྷུར་བྱེད་ཅིང་། །ནམ་ཡང་ཐུགས་རྗེ་ལྕགས་ཀྱུས་མི་འདོར་བའི། །གསུང་མཆིད་གངྒཱའི་རྒྱུན་བཞིན་འཆད་མེད་ཞུ། །དེ་སྐད་ཞུ་མཆིད་བུང་བའི་ན་ཆུང་མ། །བཀྲ་ཤིས་ལྷ་རྫས་གསར་བའི་སྐྱེས་དང་བཅས། །ཁྱོད་དྲུང་མཚོ་སྐྱེས་བཞད་པའི་དགའ་ཚལ་དེར། །དད་གུས་འདབ་མ་ཟུང་གིས་བསྐྱོད་དེ་འཕུར། །ཞེས་བསྐུར་པའི་གསུང་ཤོག་གི་ལན་དུ། མི་རྒན་སྙོམས་ལས་ང་ཡང་ཁམས་བཟང་པོ་བྱུང་ཚེ་ཕྱོགས་དེར་འོང་བས་ངེད་གཉིས་མཇལ་ཡོང་། གལ་ཏེ་མ་མཇལ་བ་འདྲ་བྱུང་ཚེ། སྔར་ལྟར་དད་གུས་དག་སྣང་མ་འགྱུར་བ་མཛོད་དང་། འདི་ནས་

p. 501

མཇལ་བ་དང་ཁྱད་མེད་པའི་སྐྱབས་འཇུག་བསྔོ་སྨོན་ཡང་དག་བྱ་ཞེས་ཕུལ་བ་འབྱོར་བས་ཐུགས་མཉེས་པ་བྱུང་སྐད། ཡང་བཞི་བའི་བཅོ་ལྔ་ཞིག་གི་ཉིན། མི་མང་པོ་འཚོགས་པ་ལ། ངས་འོ་སྔོན་སངས་རྒྱས་གཉིས་པ་ཇོ་བོ་རྗེ་རྒྱ་གར་ནས་བལ་ཡུལ་འཕགས་པ་ཤིང་ཀུན་ཏུ་ཕེབས་དུས། མངའ་རིས་ཀྱི་ལྷ་བཙུན་པའི་བསུ་བ་རྟ་བ་གཙོ་བོ་མི་དྲུག་ཀྱང་དེར་སླེབས་ནས། བོད་ཀྱི་ལུགས་ཀྱི་ཇ་ཐབ་ཆེན་པོ་བརྒྱབ་གཙོ་བོ་སུམ་པ་བྱ་བས་གསེར་སྲང་ལྔ་ཙམ་རི་བའི་དཀར་ཡོལ་འབྲུག་རྒྱབ་ཇ་བཙོ་མས་མེར་གྱིས་བཀང་ནས། རིན་ཆེན་འབྲུག་རྒྱབ་སྲང་ལྔ་རི་བ་འདིར། །ལྕེ་བདེ་བློ་གསལ་འགྲོ་ན་མགྱོགས་པ་ཡི། །དཔག་བསམ་ཤིང་གི་བཅུད་དུ་རབ་དམིགས་ནས། །བླ་མ་ཁྱེད་ལ་མཆོད་པར་འབུལ་བར་བགྱི། །ཞེས་ཕུལ་བ་གསོལ་བ་དང་། ཨ་ཏི་ཤའི་ཞལ་ནས། རྟེན་འབྲེལ་ཐམས་ཅད་ཤིན་ཏུ་ལེགས། སྣོད་དང་བཅུད་གཉིས་འཛོམ། བཏུང་བ་འདི་ལ་ཅི་ཟེར་བ་ཡིན་གསུངས། དེར་ལོ་ཙཱ་བས། འདི་ལ་ཇ་ཟེར་བ་ལ་གས། བོད་ཀྱི་རབ་བྱུང་རྣམས་ཀྱིས་བཏུང་བ་ཡིན། འདི་ཤིང་བཟའ་རྒྱུ་མི་ཉན། བཙོས་

p. 502

ནས་ཁུ་བ་འཐུང་བ་ཡིན། འདི་ལ་ཡོན་ཏན་མང་པོ་ཡོད་ཅེས་ཞུས་པས། ཇོ་བོའི་ཞལ་ནས། འདི་བོད་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱི་བསོད་ནམས་ལས་གྲུབ་པའི་དངོས་པོ་ཞིག་སྣང་། ཤིན་ཏུ་ཕུན་སུམ་ཚོགས་གསུངས། དེས་ན་རབ་བྱུང་རྣམས་ཀྱི་བཏུང་བའི་མཆོག་རྒྱ་ཇ་འདི་ཡིན་པས། དགེ་འདུན་གྱི་སྡེ་ཆེ་ཆུང་གང་ལ་ཡང་བཅོ་ལྔ་གནམ་གང་ཚེས་བརྒྱད་སོགས་ལ། མང་ཇ་ཡག་པོ་རེ་དྲངས་ནས། སྐྱབས་འགྲོ་ལྟུང་བཤགས་བླ་མ་མཆོད་པ་བཟང་སྤྱོད་སྨོན་ལམ་རེ་གསུང་དུ་བཅུག་ན། དེ་ཁོ་ནས་མི་ལུས་ཐོབ་པ་དོན་ལྡན་པར་འགྱུར་ཞེས་བཤད་པས། ཕལ་ཆེར་གྱིས་དེ་སེམས་ལ་བཞག་ནས། རང་རང་གི་ཕྱོགས་ཀྱི་དགོན་པ་ཚོ་ལ་ཆེད་དུ་གཉེར་ནས་མང་ཇ་གཏོང་མཁན་མང་པོ་བྱུང་། །ཡང་ཁྱིའི་ལོ་དབྱར་དུས་ཤིག་ལ་གོང་མ་རིན་པོ་ཆེའི་བླ་མཆོད་གྱི་གྲངས། མཚན་སྒྲོགས་མཁན་རིན་པོ་ཆེའི་སྤྲུལ་སྐུ་དང་དབོན་པོ་བློ་བཟང་། དགེ་རྒན་འབའ། ས་དཀྱིལ་རྒྱ་ནག་པ་རྣམས་བཀའ་ཆོས་ཞུ་རུ་བཀྲ་ཤིས་འཁྱིལ་བར་ཕེབས་པ་ལ། ངས་རྟེན་འབྲེལ་གྱི་ཐོག་མར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་ཁུ་ལམ་རིམ་བསྡུས་དོན། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ། ཇོ་བོས་ལྷ་བཙུན་བྱང་ཆུབ་

p. 503

འོད་ལ་གདམས་པ་སེང་གེའི་སྒྲ་དབྱངས། ཕ་དམ་པ་རྒྱ་གར་གྱི་དིང་རི་བརྒྱད་ཅུ། ཁ་རག་སྒོམ་ཆུང་བའི་ཨང་ཡིག་བདུན་ཅུ། རྒྱལ་སྲས་ཐོགས་མེད་ཀྱི་རྒྱལ་སྲས་ལག་ལེན་སུམ་ཅུ་རྣམས་ཀྱི་བཤད་ལུང་དང་། མ་ཅིག་གྲུབ་རྒྱལ་མའི་ལུགས་ཀྱི་ཚེ་དབང་། ནཱ་རོ་མཁའ་སྤྱོད་མའི་དབང་རྣམས་བྱས། ཚུར་འབུལ་བ་ལ་སྐུ་གསུང་ཐུགས་རྟེན་རྒྱ་དངུལ་སྲང་ལྔ་བཅུ་གོས་ཆེན་གཅིག ཁ་བཏགས་ཕྱི་མཛོད་ནང་མཛོད་བཅས་ཕུལ་བྱུང་། ཕར་ལ་ངའི་རྣམ་ཐར་མགུར་འབུམ་ལྷ་རྫས་བཅས་ཕུལ་བས། དཔོན་སློབ་ཀུན་ཐུགས་མཉེས་བཞིན་དུ་རོང་བོར་ཕེབས་སོང་། ཡང་མགོ་ལོག་གི་སྐལ་ལྡན་སློབ་བུ་མདོ་སྔགས་རྒྱ་མཚོས་ཉིན་ཅིག་ཁོ་རང་གི་རྒྱུ་མཚན་ཚིགས་བཅད་འདི་ཕུལ་བྱུང་། འཁོར་འདས་ཕྱི་ནང་རྟོག་ཚོགས་ཕྲ་རགས་ཀུན། །རྣམ་དག་ཆོས་སྐུར་ཡོངས་གྲོལ་རིག་དྲུག་པ། །རྡོ་རྗེ་འཆང་དབང་རང་གཞན་འགྲོ་བའི་ངོར། །མི་ཡི་རོལ་གར་སྐལ་ལྡན་གྲོལ་མཛད་དགོངས། །གང་ཐུགས་ཟག་མེད་སྒྲིབ་བྲལ་མེ་ལོང་དུ། །ཕལ་བའི་ལྐོག་ཏུ་གྱུར་པའི་ཆོས་སོ་ཅོག །མ་འདྲེས་སོ་སོར་ཇི་

p. 504

བཞིན་མངོན་པར་གཟིགས། །དེ་ལྟ་ནའང་རང་ཚུལ་གསོལ་ལ་སྤྲོ། །བདག་ནི་ཆུང་ངུའི་དུས་ནས་བུ་གཅིག་པུ། །ཡིན་སྟབས་ཕ་མས་ཁྱིམ་ཐབ་འཛིན་པར་བསྐོས། །དེ་ལྟར་གྱུར་ཀྱང་ཡི་གེ་འདོན་འབྲིར་བསླབས། །ལེགས་པར་ཤེས་ཤིང་ལོ་གྲངས་བཅུ་དགུ་ལ། །སོན་ཚེ་ངེས་འབྱུང་ཅུང་ཟད་ཅིག་གིས་བསྐུལ། །ཕ་མ་གཉེན་འདུན་ཆུང་མ་ཟས་ནོར་སྤངས། །བླ་མ་བསྟེན་ཏེ་བསྟན་པའི་སྒོ་རུ་ཞུགས། །མགོན་ཁྱོད་རྣམ་ཐར་མཐོང་ཐོས་ཉིན་མཚན་དུ། །བཟའ་བཏུང་གཉིད་ཀྱང་འགགས་ནས་མཇལ་འདུན་སྐྱེས། །ཞལ་རས་མཇལ་བར་ལྷགས་ཚེ་ཞལ་མཇལ་ཞིང་། །མདོ་སྔགས་གདམས་པའི་གནད་རྣམས་ཇི་བཞིན་ནོད། །གང་ཁྱོད་དྲིན་ལས་ངེས་འབྱུང་བྱང་སེམས་ཟུང་། །རང་གི་རྒྱུད་ལ་ཅུང་ཟད་སྐྱེས་པ་དང་། །བསྒོམས་ན་ཚེ་གཅིག་འཚང་རྒྱ་ནུས་པ་ཡི། །ཕྱག་རྫོགས་ལྟ་འཁྲིད་ཡང་ཡང་གནང་བ་བཞིན། །ཡེ་གྲོལ་མ་བཅོས་རིག་པ་ཟང་ཐལ་ལེ། །བཟང་ངན་རྟོག་པས་མ་བསླད་ཡེ་ཇི་བཞིན། །སྒོམ་མེད་ཡེངས་མེད་ངང་ལ་མ་བཟླས་པས། །གསལ་སྟོང་བརྗོད་མེད་བློ་བྲལ་གདེང་ཞིག་རྙེད། །ངེས་པར་འཆི་ཡང་འགྱོད་པ་མེད་པ་འདྲ། །འདི་ཉིད་མཚན་ལྡན་བླ་མ་ཁྱོད་ཀྱི་དྲིན། །བསྐལ་དང་བསྐལ་པར་བཙལ་ཀྱང་རྙེད་དཀའ་བའི། །

p. 505

མགོན་ཁྱོད་ཞབས་ཟིན་ཡུན་ཐུང་ཙམ་བསྟེན་ཏེ། །ཐག་རིང་འབྲལ་མི་རིགས་ཤིང་ཡུན་རིང་དུ། །ཁྱོད་ཞབས་བསྟེན་ལ་སེམས་པ་རྟག་པར་ཕྱོགས། །མགོན་ཁྱོད་བཀའ་དྲིན་སྟོང་གསུམ་གསེར་ཁོ་ནས། །བཀང་སྟེ་ཕུལ་ཡང་འཇལ་བར་མི་ནུས་ཀྱང་། །ཚེ་མཇུག་སྒྲུབ་པའི་ཞབས་ཏོག་ཅི་ལྕོགས་འབུལ། །འདིའི་མཐུས་མགོན་ཁྱོད་ཞབས་ཟུང་རྡོ་རྗེའི་ཁྲིར། །རིས་མེད་བསྟན་འགྲོའི་དཔལ་དུ་བརྟན་པ་དང་། །བདག་ཀྱང་ཚེ་རབས་ཀུན་ཏུ་རྗེས་བཟུང་སྟེ། ཟུང་འཇུག་གོ་འཕང་མཆོག་ལ་དཀྲི་གྱུར་ཅིག །ཅེས་ཕུལ་བའི་ལན་དུ་ངས་ཁོ་རང་གི་སེམས་ཀྱི་བོགས་འདོན་ལ་འདི་སྐད་སྨྲས། རིགས་འཛིན་ཤྲཱི་སིང་ཧའི་ཞལ་ནས། སངས་རྒྱས་ཀྱི་ཐུགས་ཁྱབ་བརྡལ་དུ་གནས། སེམས་ཅན་གྱི་རིག་པ་དུམ་བུར་གནས། ནམ་མཁའ་ལྟ་བུར་རྒྱུ་བསྐྱེད་པ་བོགས་ཆེ། དྲི་མེད་བཤགས་རྒྱུད་ལས། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །གསུངས། ཕྱག་ཆེན་གངྒཱ་མ་ལས། སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་པ་ཡང་དེ་ལྟར་བལྟ། །ཞེས་གསུངས་པ་ལྟར་རིག་པ

p. 506

འམ་སེམས་ཀྱི་གནས་ལུགས་ཤེས་ནས། སེམས་ཉིད་ནམ་མཁའ་ལྟར་ཕྱོགས་བཅུར་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་བཏང་། འཁོར་འདས་ཐམས་ཅད་སེམས་ཀྱི་ནང་དུ་ལོངས་ལ་ཤོང་བར་མ་ཟད། ད་དུང་ཡངས་ཁྲོལ་ལེར་གནས་པ་ལྟ་བུའི་སེམས་ཁ་ཡངས་པོ་གྱིས། སྣང་བ་ཕྱི་རུ་མ་ལུས། སེམས་ཉིད་ནང་དུ་མ་ལུས། སྣང་བས་སྟོང་པ་མ་བསྒྲིབས། སྟོང་པས་སྣང་བ་མ་བཀག སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པར་གྱིས་ལ། དུས་ནམ་ཡང་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་བཞིན་དུ་སྒྱུ་ལུས་འདིའི་ཐོག་ནས་རྨི་ལམ་སྒྱུ་མ་ལྟ་བུར་འགྲོ་བའི་དོན་གྱིས་དང་། སེམས་ཀྱིས་འཁོར་འདས་ཅི་ཙམ་ལ་མངའ་དབང་བསྒྱུར་བ་དེ་ཙམ་དུ་འགྲོ་དོན་ཡོང་། ནམ་ཞིག་འཆི་བའི་ཚེ་འགྲོ་མགོན་གཙང་བ་རྒྱ་རས་ཀྱིས། འོད་གསལ་ངང་ལ་མཉམ་རྗེས་མེད། །རྣལ་འབྱོར་ལུས་རྒྱ་ཞིག་ཙ་ན། །མཐའ་བྲལ་འཁོར་འདས་ཡོངས་ལ་ཁྱབ། །ཚེ་ཕྱི་མ་ཁྱོད་སྐུ་ཁམས་ཅི་བདེར་བཞུགས། །གསུངས་པ་ལྟར་འཆི་བ་ཆོས་སྐུར་གྲོལ་ནས། དེ་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་བསམ་གྱིས་མི་ཁྱབ་པ་བྱུང་

p. 507

ནས། འགྲོ་བའི་དོན་འཁོར་བ་མ་སྟོངས་བར་དུ་མཛད་ནས་རང་གཞན་གྱི་དོན་གཉིས་འགྲུབ་པར་འགྱུར་རོ། །ཞེས་སྨྲས་པས་ཁོ་རང་གིས་ཀྱང་རྗེས་སུ་ཚེ་དང་སྒྲུབ་པ་བསྙམས་པས་གཏན་དུ་བདེ་བའི་བཙན་ས་ཟིན་པར་བྱུང་ངོ་། །ཡང་ཐོ་རྒྱ་ལ་སོང་དུས་ཤིག་ལ་དམག་མི་འགའ་རེ་ར་ནང་ཞིག་ན་མདའ་ཁ་བྱེད་པ་མཐོང་བས་རྐྱེན་བྱས། རྣལ་འབྱོར་མདའ་རྩེད་ཀྱི་གླུ་འདི་བླངས་སོ། །ས་གཞི་ཡངས་པའི་ར་ནང་དུ། །འཇིག་རྟེན་པ་རྣམས་མདའ་ཁ་བྱེད། །དེ་ལ་བལྟས་ནས་རྣལ་འབྱོར་ངས། །དམ་པའི་ཆོས་ཀྱི་མདའ་རྩེད་བྱ། །དད་པ་བརྟན་པའི་ས་གཞི་ལ། །ངེས་འབྱུང་བརྟན་པོའི་ར་བས་བསྐོར། །ཚུལ་ཁྲིམས་གཙང་མའི་ས་སྟེགས་ཁར། །རང་བྱུང་རིག་པའི་གཞོན་ནུ་ཡིས། །བྱང་ཆུབ་སེམས་ཀྱི་གཞུ་མོ་ལ། །བག་ཡོད་དྲན་ཤེས་གཞུ་རྒྱུད་བསྒྲེངས། །སྟོང་པ་ཉིད་ཀྱི་མདའ་མོ་ལ། །ཚད་མེད་བཞི་ཡི་སྒྲོ་ཡིས་བརྒྱན། །ཤེས་རབ་རྣོན་པོའི་མདེའུ་བཙུགས། །ཐབས་ཤེས་གཉིས་ཀྱི་རྐང་བ་བགྲད། །བརྩོན་འགྲུས་ལག་པས་གཞུ་མོ་འཐེན། །བདག་མེད་སྟོང་པའི་མདའ་ཞིག་འཕངས། །བདག་འཛིན་འབེན་གྱི་དཀྱིལ་དུ་བརྒྱབ། །

p. 508

མེ་ལོང་ཡེ་ཤེས་མདའ་ཞིག་འཕངས། །ཞེ་སྡང་འབེན་གྱི་མགོ་ལ་བརྒྱབ། །སོར་རྟོག་ཡེ་ཤེས་མདའ་ཞིག་འཕངས། །འདོད་ཆགས་འབེན་གྱི་རྩ་བར་བརྒྱབ། །ཆོས་དབྱིངས་ཡེ་ཤེས་མདའ་ཞིག་འཕངས། །གཏི་མུག་འབེན་གྱི་སྐེད་པར་བརྒྱབ། །མཉམ་ཉིད་ཡེ་ཤེས་མདའ་ཞིག་འཕངས། །ང་རྒྱལ་འབེན་གྱི་གཡས་སུ་བརྒྱབ། །བྱ་གྲུབ་ཡེ་ཤེས་མདའ་ཞིག་འཕངས། །ཕྲག་དོག་འབེན་གྱི་གཡོན་དུ་བརྒྱབ། །དེ་ལྟར་བརྒྱབ་པས་ཉོན་མོངས་འབེན། །ཐམས་ཅད་སྟོང་ཉིད་ས་ལ་འགྱེལ། །ཀུན་གྱིས་དགའ་བའི་སྒྲ་དབྱངས་འུར། །སྐྱེན་པོ་མཇུག་རྒྱལ་ཆོ་ལོ་བཏགས། །ཚེ་རིང་བཀྲ་ཤིས་དཔའ་དར་གནང་། །ཀུན་གྱིས་དམག་རྩེད་འདི་ལྟར་གྱིས། །ཞེས་བླངས་པས་དེ་ན་ཡོད་པ་རྣམས་ཀྱིས་གོ་བས་ཐམས་ཅད་ངོ་མཚར་དགའ་ཞིང་སྤྲོ་བར་གྱུར་ཏོ། །དེའི་སྟོན་ཁ་སྔར་དབུས་སུ་མཚམས་ཞུས་སུ་སོང་བའི་སློབ་བུ་ཀུན་དགའ་དང་བློ་བཟང་དོན་འགྲུབ་གཉིས་ཀྱིས་འབྱོར་ལན་ཡི་གེ་རྟེན་བཅས་ཁྱེར་འོངས་པ་དང་ལྷན་དུ་དབུས་གཙང་མངའ་རིས་ཕྱོགས་ཀྱི་སློབ་མ་གྲྭ་བཙུན་མང་པོ་བཅས་འོངས་པ་རྣམས། བླ་མ་དཀོན་མཆོག་གི་ཐུགས་རྗེས་ལམ་སྐབས་ཚོའི་དགྲ་ཇག་ཆོམ་རྐུན་ཆུ་ཡི་གནོད་པ་སོགས་གང་ཡང་མ་བྱུང་བར་ཐམས་

p. 509

ཅད་འཚམས་པར་བདེ་མོར་སླེབ་པ་བྱུང་། འབྱོར་ལན་དུ་སློབ་མ་ཡོན་བདག་རྣམས་ཀྱི་ཡིག་རྟེན་དུ་ཐུབ་པ་རྡོར་གདན་མ། རྒྱ་གར་ཤར་ལི་ནུབ་ལི་དང་། དངུལ་གྱི་ངའི་འདྲ་སྐུས་གཙོ་བྱས་སྐུ་གསུང་ཐུགས་རྟེན་རྩ་ཅན་མང་པོ། སྟོད་གསེར་སྲང་ལྔ་བཅུ། གསེར་གྱི་གའུ་ལྔ། རྒྱུ་དངུལ་སྲང་ཉིས་བརྒྱ་དང་ལྔ་བཅུ། བོད་ཊཾ་རྡོ་ཚད་གཅིག་ལྷག གཡུ་བྱུར་ཆེ་ཆུང་བརྒྱ་ཕྲག་གསེར་ཟངས་ཀྱི་གཉྫི་ར། དངུལ་གྱི་མཆོད་ཀོང་ཆེ་ཆུང་ཉི་ཤུ་རྩ་བདུན། ནང་མཆོད་ཕུད་མཆོད་འཇོག་སྣོད། བདུན་ཚར་མ་ཎི་ལག་འཁོར། མཆོད་དེམ་སོགས་དངུལ་གྱི་མཆོད་ཆ་མང་པོ། ན་བཟའ་ཆ་ཚང་ལྔ། གཞན་གོས་འགགས་གཟན་ཤམ་ཐབ་འབུ་རས་ཀྱི་གཟན་སོགས་ལྔ་བཅུ་ལྷག གོས་ཆེན་དང་མགོ་སྣམ་ཚོས་གཉིས་མ་དང་། དབུས་ལྷམ་ཁོ་དར་ཕྱི་མཛོད་ནང་མཛོད་བརྒྱ་ལྷག སྨན་སྣ་མང་པོ་རྟ་དྲེའུ་ཁལ་མ་མཛོ་གཡག་ཉི་ཤུ་སོགས་ཁྱོན་བསྡོམས་པས་དངུལ་རྡོ་ཚད་ལྔ་བཅུའི་རྩིས་ཡོད་པ་ཞབས་བརྟན་དུ་དམིགས་ནས་ཕུལ་བ་ལ། ངས་ལེགས་པར་བླངས་ནས་དགེ་ཚོགས་རྣམས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། མ་སེམས་ཅན་ཐམས་

p. 510

ཅད་ལ་བདེ་སྐྱིད་འབྱུང་བ་དང་། ཁྱད་པར་དུ་འབྲེལ་ཐོགས་དཔོན་སློབ་ཡོན་མཆོད་རྣམས་གནས་སྐབས་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུགས་མངོན་དགའ་བདེ་བ་ཅན་ལ་སོགས་པའི་གང་འདོད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་མཇལ་ནས། སངས་ཀྱང་མཉམ་པོར་རྒྱ་བའི་རྒྱུ་རུ་བསྔོས་ནས་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་ཡང་དག་པ་བྱས་པའི་མཐར། སྟོན་མོ་རྒྱ་ཆེན་པོ་བྱས་ཚོགས་འཁོར་བསྐོར་པས་ལྷ་མི་ཐམས་ཅད་དགའ་ཞིང་སྤྲོ་བ་བྱུང་། དངོས་པོ་དེ་དག་ཀྱང་གསོག་འཇོག་མ་བྱས་པར་མཆོད་ཀོང་སོགས་མཆོད་ཆ་རྣམས་དགེ་འདུན་གྱི་སྡེ་རྣམས་ཀྱི་འདུ་ཁང་དུ་བཞག གཟན་ཤམ་ཐབ་སྟོད་འགགས་སོགས་སྟོན་པའི་གོས་མནབ་རྣམས་བླ་མ་དང་སྤྲུལ་སྐུ་མཚམས་པ་མང་པོར་ཕུལ། གསེར་དངུལ་རྣམས་ཇ་མར་རྩམ་པ་སོགས་ལ་བཙོངས་ནས། ལྟོ་གོས་ཆོས་གསུམ་གྱིས་ཕོངས་པའི་ཉམ་ཐག་སྤྲང་པོ་བརྒྱ་ཕྲག་སྟོང་ཕྲག་མང་པོ་ལ་བྱིན་ནས་དགེ་རྩ་རྣམས་རང་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོས། སྨོན་ལམ་ཡང་དེ་བཞིན་དུ་བཏབ་ནས་ཐ་མལ་ནོར་ཀྱང་མཆོག་ཏུ་བསྒྱུར་ཏོ། །ཡང་དབུས་གཙང་མངའ་རིས་དང་མགོ་

p. 511

ལོག་ཁམས་ཕྱོགས་སོགས་ནས་འོང་བའི་དད་འདུས་རྣམས་ལ་ཉིན་ཅིག་ཕན་པའི་ཁ་བརྡ་འདི་ལྟར་བྱས། འོ་མི་རྒན་ང་རང་བསམས་ནས་གནས་འདིར་འདུག་པ་རྣམས་ལ། ཕན་པའི་ཁ་བརྡ་ཅུང་ཟད་ཙམ་ཞིག་བྱེད་པས། ཀུན་གྱིས་ཉོན་ལ་ཡིད་ལ་ཟུངས། ངེད་རྣམས་མི་རྟག་ཚོང་འདུས་ཀྱི་མགྲོན་པོ་དང་འདྲ་བས་ཡུན་རིང་མི་སྡོད་པར་ཐམས་ཅད་སོ་སོར་གྱེས་ཡོང་། དེའི་བར་ལ་ཚེ་ཐུང་ནམ་འཆི་ཆ་མེད་པས། དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་ནི་སུ་ལ་ཡང་མེད། སང་གནངས་ཙམ་ལ་ཤི་ན་སྔར་གྱི་གང་ཡོད་འདི་ཚོ་ཡང་ཟ་ལོང་འཐུང་ལོང་ཡོད་མེད་ཅི་ཤེས་སོམས་ལ། སང་གནངས་ཕན་ཆད་ཀྱི་བསམ་བློ་མ་གཏོང་། རང་མ་ཤི་བར་བསྡད་ན་ལས་སླ་ཡོང་། ཁྱེད་ཡོད་པ་ཚོས་གནས་འདིར་འདུག་པའི་ཅང་མེད་པ་ཚོར་ཟན་འཆང་རེ་ཡན་ཆད་ཀྱིས་ཕན་ཐོགས་མཛོད། མེད་ནི་ཚོས་ཡོད་པ་ལོ་ལོན་རྒན་པ་དང་། ནད་པ་ཚོ་ལ་ཆུ་ཤིང་རེའི་ཕན་ཐོགས། ཁྱེད་ཐམས་ཅད་ཀྱི་སེམས་བསམ་པ་མཐུན་པོ་གྱིས། སྤྲོ་མ་ལྡང་། ལྐོག་ལབ་མ་རྒྱག སྡོམ་དམ་ཚིག་ལ་ངོ་ལྐོག་མེད་པ་གྱིས། རང་གི་སྔར་གང་ཤེས་ཐོན། བླ་མ་གཞན་གྱིས་གང་གསུངས་

p. 512

ཉམས་སུ་ལོངས། དེའི་ཐོག་ཏུ་ངས་བཤད་པའི་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་ཞོག སེམས་ཁ་ཡངས་པོ་གྱིས། སྡུག་བ ཙིར་མ་བྱེད་དང་བཟང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམས་ལ་ཕན་པའི་སྨོན་ལམ་ཐོབ་དང་། རང་གཞན་ཡོངས་ལ་ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་བཞིན་དུ་ཤར་ཡོང་ཞེས་སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་བླངས་པ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གནས་འདིར་འདུག་དད་ཅན་ཕོ་མོ་ལ། །ངས་ཕན་པའི་ཁ་བརྡ་ཅུང་ཟད་བྱ། །ངེད་འདིར་འཚོགས་ཚོང་འདུས་མགྲོན་པོ་འདྲ། །ཡུན་རིང་པོར་མི་སྡོད་སོ་སོར་གྱེས། །དེའི་བར་ལ་ནམ་འཆི་ངེས་པ་མེད། །དུས་དེ་རིང་ཙམ་ཡང་མི་འཆི་བའི། །གདེང་མེད་པས་སང་གནངས་ཤི་ཙ་ན། །སྔར་གང་ཡོད་འདི་ཡང་ཟ་ལོང་མེད། །སང་གནངས་ཀྱི་བསམ་བློ་མ་གཏོང་དང་། །རང་མ་ཤི་བསྡད་ན་ལས་སླ་ཡོང་། །ཁྱེད་ཡོད་པ་རྣམས་ཚོས་འདིར་འདུག་པའི། །ཅང་མེད་པ་རྣམས་ཚོར་ཕན་ཐོགས་མཛོད། །

p. 513

ཅང་མེད་པ་རྣམས་ཚོས་ཆུ་ཤིང་རེས། །གཞན་ལོ་ལོན་ནད་པར་ཕན་ཐོགས་གྱིས། །ཁྱེད་ཐམས་ཅད་བསམ་པ་མཐུན་པོ་མཛོད། །སྤྲོ་མ་ལྡང་ལྐོག་ལབ་མ་རྒྱག་ཅིག །སྡོམ་དམ་ཚིག་ངོ་ལྐོག་མེད་པར་སྲུངས། །སྔར་རང་གིས་གང་ཤེས་ཁ་ཏོན་གྱིས། །གཞན་བླ་མས་གང་གསུངས་ཉམས་སུ་ལོངས། །དེའི་ཐོག་ཏུ་ང་ཡིས་བཤད་པ་ཡི། །སེམས་སྟོང་གསལ་འཛིན་མེད་ཆོས་ཀྱི་དབྱིངས། །དཔེ་ནམ་མཁའ་ལྟ་བུའི་ངང་ལ་ཞོག །དུས་རྒྱུན་དུ་སེམས་ཁ་ཡངས་པོ་གྱིས། །གཞན་མ་རྟོགས་འགྲོ་ལ་སྙིང་རྗེ་སྒོམས། །ཕན་ཐོགས་པའི་བསྔོ་བ་སྨོན་ལམ་ཐོབ། །ཚེ་འདི་ཕྱིར་བདེ་སྐྱིད་ཉི་མ་འཆར། །གླུ་འདི་ཐོས་རྒྱུད་ལ་ཕན་ཐོགས་ནས། །གནས་འདི་དང་འདི་འདྲའི་དབེན་པ་རུ། །ཆོས་ཟབ་མོ་ཚུལ་བཞིན་ཉམས་བླངས་ནས། །མཆོག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་བླངས་པས་ཀུན་གྱི་སེམས་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ངོ་། །ཡང་ཉིན་ཅིག་གངས་རིའི་དགེ་སློང་བྱམས་པ་ཐབས་མཁས་དང་ཆོས་གྲགས། བློ་གྲོས་སོགས་དབུས་གཙང་མངའ་རིས་དང་མགོ་ལོག ཁམས་ཕྱོགས་ནས་འོངས་པའི་སྐལ་ལྡན་གྱི་སློབ་མ་གྲྭ་བཙུན་མང་པོས་ཞལ་

p. 514

གདམས་ཟབ་མོ་ཞིག་དགོས་ཞེས་བསྐུལ་ངོར་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་ཀྱིས་ཚེ་བློས་ཐོངས་ལ་མི་མེད་པའི་ལུང་སྟོང་བྲག་ཕུག་རྣམས་འགྲིམས་ལ། རྟོགས་ལྡན་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་པ་རེ་གྱིས། དེ་ཡི་གདམས་པ་ཁོ་བོས་བཤད་ཀྱིས་ཡིད་ལ་ཟུངས། དེ་ཡང་བཀའ་བརྒྱུད་བླ་མ་གོང་མ་རྣམས་ཀྱིས་ཆུ་མ་རྙོག་ན་དྭངས། སེམས་མ་བཅོས་ན་གསལ་གསུངས། རྒྱུད་སམྦུ་ཊ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གསལ། །ཞེས་དང་། གསང་འདུས་རིམ་ལྔ་ལས། སེམས་དང་སེམས་བྱུང་སྤྲོས་པ་ཀུན། །ཉེ་བར་ཞི་བ་དེ་ཡི་ཚེ། །འོད་གསལ་བ་ཡི་ཡེ་ཤེས་ནི། །མི་རྟོག་མཐའ་དབུས་མེད་པར་འཆར། །གསུངས་པ་ལྟར། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། མིག་བར་སྣང་ལ་ཧ་རེ་བྱ། སེམས་སྔར་འདས་ཀྱི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟ་བ་ལ་བཟོ་མི་འཆོས་པར། དྲན་མེད་དུ་ཧད་དེ། དམིགས་མེད་དུ་སེང་ངེ་། འཛིན་མེད་དུ་ལྷོད་དེར་བཞག་པས། ཐོག་མར་རྟོག་མེད་མི་རོ་ལྟ་བུའི་ཉམས་མྱོང་ཡོང་། དེ་ནས་

p. 515

གཞོན་ནུ་མ་བདེ་བས་མྱོས་པ་ལྟ་བུའི་ལུས་བདེ་ཉམས་ཡོང་། དེ་ནས་སེམས་དྭངས་སྙིགས་ཕྱེ་ནས་སྟོན་གནམ་གཡའ་དག་པ་ལྟ་བུའི་གསལ་ཉམས་ཡོང་། དེ་ནས་རོང་ཁུང་དམའ་ས་ནས་རི་མཐོན་པོའི་རྩེ་ལ་བུད་པ་ལྟར་སྣང་བ་ཡངས་པོ་ཡོང་། དེའི་ངང་ལ་ཁར་ཡངས་ཁོར་ཡངས་གུ་ཡངས་བློ་བདེར་བཞག་པས། སྐབས་ཤིག་རྟོགས་པ་ནམ་མཁའ་དང་མཉམ་སྟེ་དགྲ་དང་གཉེན་ལ་ཁྱད་མེད། གསེར་དང་ས་རྡོ་ཁྱད་མེད། འདི་དང་ཕྱི་མ་ཁྱད་མེད། སེམས་དང་ནམ་མཁའ་ཁྱད་མེད། དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཡོང་སྟེ། རྗེ་མར་པ་ལོ་ཙཱས། རྗེ་ནཱ་རོ་མི་ཏྲིའི་བུ་བརྒྱུད་ལ། དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་མང་གསུངས། དེ་དུས་ཉོན་མོངས་པ་ཚོ་ལོང་ཤོག་བྱས་ཀྱང་མི་ལངས་པར། ཆོས་ཉིད་ཡངས་པ་ཆེན་པོའི་དབྱིངས་སུ་དགའ་ཡལ་ལེར་གནས་པ་འབྱུང་། དེ་ལྟར་ཉམས་གང་ཤར་ཀྱང་མ་ཆགས་མ་ཞེན་པར་ཟང་ཐལ་ཁ་ཡན་དུ་བསྐྱངས་པས་མ་བསྒྲུབས་པའི་ལྷ་ཞལ་མཇལ་བ་དང་། མངོན་ཤེས་དང་རྫུ་འཕྲུལ་འཆོར་བ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཅིར་ཡང་འབྱུང་བར་འགྱུར་ཞེས་སླར་ཡང་ཚིགས་སུ་བཅད་ནས་

p. 516

སྨྲས་པ། འཁོར་འདས་ཆོས་རྣམས་ཐམས་ཅད་པོ། །སྣང་སྟོང་སྒྱུ་མ་རྨི་ལམ་བཞིན། །སེམས་སུ་སྣང་ཞིང་སེམས་ཉིད་ཀྱི། །ངོ་བོ་སྟོང་གསལ་ནམ་མཁའ་ལྟར། །རྟོགས་པའི་ངང་ལ་འཇོག་པའི་ཚེ། །སྒོམ་གསུམ་རང་བབས་ཉིད་དུ་ཞོག །དེ་ལྟར་མཉམ་པར་བཞག་ཙ་ན། །རྟོག་མེད་མི་རོ་ལྟ་བུ་ཡི། །ཉམས་ཤིག་ཐོག་མར་འབྱུང་བར་འགྱུར། །དེ་ནས་མཉམ་པར་བཞག་ཙ་ན། །ན་ཆུང་བདེ་བས་མྱོས་པ་བཞིན། །ལུས་སེམས་བདེ་བའི་ཉམས་ཤིག་འབྱུང་། །དེ་ནས་མཉམ་པར་བཞག་ཙ་ན། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །གསལ་ལ་དྭངས་པའི་ཉམས་ཤིག་འབྱུང་། །བདེ་གསལ་མི་རྟོག་ཏིང་ངེ་འཛིན། །དེ་དག་གང་ལའང་མ་ཆགས་པར། །ཡུན་རིང་མཉམ་པར་བཞག་ཙ་ན། །མཉམ་གཞག་ནམ་མཁའ་ལྟ་བུ་ཡི། །ངང་ལ་འཁོར་འདས་ཆོས་རྣམས་ཀུན། །ལག་པའི་མཐིལ་དུ་སྐྱུ་རུ་ར། །རློན་པ་བཞག་ནས་བལྟས་པ་ལྟར། །ས་ལེར་མཐོང་བར་འགྱུར་རོ་ཞེས། །མི་ལ་ཡབ་སྲས་ལ་སོགས་པའི། །བཀའ་བརྒྱུད་གོང་མ་མང་པོས་གསུངས། །རྗེས་འཇུག་རྣམས་ཀྱང་དེ་བཞིན་མཛོད། །ལམ་རྟགས་ཡོན་ཏན་འཆར་བར་ངེས། །ཞེ་གདམས་པ་ལྟར་ཉམས་

p. 517

སུ་བླངས་པས། སེམས་ཁ་གཞན་ལས་ཡངས་པའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་མང་པོ་བྱུང་ངོ་། །ཡང་གྲུབ་དབང་ནམ་མཁའ་ཚང་དང་སྔགས་འཆང་མང་པོས་ངའི་ཞབས་བརྟན་དུ་སྦྱིན་སྲེག་བྱས་པའི་ཚེ། དད་ཅན་སྔགས་བྱིས་འགའ་རེས་ཁྱེད་ཀྱིས་སྦྱིན་སྲེག་འདྲ་ཨེ་གནང་ཟེར་བའི་ལན་དུ། ངས་ཀྱང་བྱེད་ལ་ཞེས་རྩེ་མཚར་དུ་མགུར་དབྱངས་འདི་བླངས་སོ།། དམ་པའི་ཆོས་ཀྱི་མེ་སྦར་ནས། །ཉོན་མོངས་བུད་ཤིང་བསྲེག་མཛད་པའི། །དངོས་བརྒྱུད་བླ་མ་རྣམས་ལ་འདུད། །ཉོན་མོངས་བསྲེག་པར་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །སྦྱིན་བསྲེག་བྱས་ཚུལ་གླུ་འདི་ཉོན། །དད་པའི་ས་གཞི་གཙང་མ་ལ། །ཐུན་མོང་སྔོན་འགྲོའི་ས་སྟེགས་བརྡུངས། །བྱང་ཆུབ་སེམས་ཀྱི་ཐིག་ཆེན་བཏབ། །ཕ་རོལ་ཕྱིན་པའི་རྡུལ་ཚོན་བཏང་། །ཞི་གནས་བརྟན་པོའི་ཡམ་ཤིང་བརྩིགས། །བག་ཡོད་དྲན་ཤེས་དཔལ་འབར་ཐོགས། །བདག་འཛིན་ཉོན་མོངས་བུད་ཤིང་ལ། །བདག་མེད་སྟོང་པའི་མེ་ཆེན་སྦར། །དམ་ཚིག་གཙང་མའི་སྒང་གཟར་གྱིས། །རིམ་གཉིས་མར་

p. 518

ཁུ་རྫས་ཆེན་རྣམས། །རིམ་པ་བཞིན་དུ་བླུགས་པའི་མོད། །ཉམས་རྟོགས་མེ་དཔུང་ཆེས་ཆེར་འབར། །སྒྲིབ་གཉིས་ཚང་ཚིང་ལྷག་མེད་བསྲེགས། །ཟག་མེད་ཡེ་ཤེས་མེ་མཆོད་ཀྱིས། །སེམས་ཉིད་འོད་གསལ་ཆོས་སྐུ་ཡི། །རྣམ་རོལ་མེ་ལྷའི་ལྷ་ཚོགས་མཆོད། །དེ་ལྟར་མཆོད་པས་ལྷ་རྣམས་མཉེས། །བདག་ལ་ཅི་འདོད་དངོས་གྲུབ་བྱིན། །ཁྱེད་རྣམས་དེ་འདྲའི་སྦྱིན་བསྲེག་གྱིས། །བྱས་ན་ལས་ངན་སྒྲིབ་གཉིས་སངས། །ལུང་དང་རྟོགས་པའི་ཡོན་ཏན་རྒྱས། །མྱུར་དུ་སངས་རྒྱས་འཐོབ་པར་འགྱུར། །ཞེས་བླངས་པས་དེར་འཚོགས་པ་རྣམས་ཀྱིས་སྦྱིན་བསྲེག་དེ་ངོ་མཚར་ཆེ་ཞེས་རབ་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏོ། །ཡང་མཁས་བཙུན་བཟང་གསུམ་འཛོམ་པའི་སྐུ་གཞོགས་འགའ་དག་རིན་པོ་ཆེ་ལ། གཉེར་བ་རབ་བྱུང་སོགས་ཞབས་ཕྱི་བ་རྣམས་ཀྱིས་ང་ལ་ཞབས་བརྟན་ཚེ་སྒྲུབ་ཅིག་མཛད་དགོས་ཞུས་པས། ཁོང་གིས་ཚེ་བསྒྲུབ་གནང་ནས་ཚེ་ཆུ་ཚེ་རིལ་ཚེ་ཆང་ཚེ་དཔག་ལྷ་དགུའི་ལྷ་རྫས་བཅས་ནས་གསུང་ཤོག་འདི་ཡང་གནང་འདུག ། རྒྱལ་བར་གྱུར། རང་རིག་གདོད་མའི་མགོན་པོ་ཚེ་མཐའ་ཡས། །ལྷུན་གྲུབ་ལོངས་སྤྱོད་རྫོགས་པ་པདྨ་འབྱུང་། །སྙིང་རྗེའི་

p. 519

གར་མཁན་འཆི་མེད་ཐང་སྟོང་རྗེ། །ཚེ་ལྷ་རྒྱ་མཚོས་རྡོ་རྗེའི་སྲོག་རྩ་སྒྲུབས། །སྲིད་པའི་དངོས་བརྒྱ་མཆིལ་མའི་ཐལ་བ་བཞིན། །སྤངས་དང་ལྷན་ཅིག་མཁས་རྟགས་རིག་གནས་དོར། །རང་རིག་འོད་གསལ་གཅིག་ཏུ་ཉེར་གཞོལ་བའི། །ཀུན་མཁྱེན་སར་སླེབས་གྲུབ་དབང་མཆོག་དེའི་དྲུང་། །ཆེན་པོའི་མིང་བཟུང་རྩོད་པའི་གྲལ་དུ་ཞུགས། །རིགས་བྱེད་མང་ཐོས་བསྟན་འགྲོའི་ཁ་འཛིན་ལ། །སྙད་བཏགས་ཆོས་བརྒྱུད་ཁོལ་བོར་ལོ་ལོན་པའི། །དགེ་སྦྱོང་རྣམ་གཡེང་མཁན་པོའི་མཆིད་འདི་གསོན། །སྐྱེ་འཆི་གདོད་ནས་སྤངས་ཀྱང་ཐ་མལ་ངོར། །གྲུབ་ཆེན་ཚུལ་བསྟན་ཟོ་མདོག་བདེ་ངོས་ནས། །སེམས་དཔའ་མཆོག་གི་རྣམ་ཐར་ཟླ་མེད་ཀྱིས། །འགྲོ་ཀུན་འདྲེན་ལ་ངལ་མེད་རྗེས་ཡི་རང་། །མཚམས་ཞུས། ངན་བུའི་ཆོས་སྲིད་བྱ་བཞག་ལིང་བསྐྱུར་གྱིས། །མ་བཅོས་ལྷུག་པར་བཞག་ནས་རེ་ཞིག་ཐག །རྟོགས་པའི་གདེང་དང་བྲལ་ཡང་རེ་དོགས་ཀྱིས། །ནམ་ཡང་གོས་མེད་རང་སེམས་སྐྱིད་དེ་མཆིས། །པད་འབྱུང་ཐང་སྟོང་མི་ཡི་གར་བསྒྱུར་ལ། །ཚེ་སྒྲུབ་བྱེད་དགོས་མེད་ཀྱང་བདག་ཅག་ལ། །ཚོགས་གསོག་དགོངས་

p. 520

ཏེ་ཚེ་སྒྲུབ་གྱིས་ཤིག་པར། །བཀའ་སྩལ་ཇི་བཞིན་ཚེ་ཆུ་རིལ་བུ་ཕུལ། །སྙིགས་མ་ལྔ་བདོའི་ཚུལ་ལ་མི་སྐྱོ་བར། །དཔག་མེད་བསྐལ་པར་བཞུགས་པ་པད་འབྱུང་བཞིན། །ལྷོ་ནུབ་མི་བཞུད་སྲིན་པོའི་ཡུལ་འདི་སྐྱོངས། །སྐལ་ལྡན་མང་ཕྱིར་བཞུགས་འདུན་མི་བསྐྱུར་ཞུ། །རྒྱལ་རྣམས་ཆོས་སྐུར་རང་སེམས་རོ་གཅིག་ཀྱང་།རྣམ་སྨིན་ལུས་རྒྱས་སྣང་ཞེན་དབྱེན་སྤྱོས་པས། །བློ་འདི་ཟད་ཀྱང་ཆོས་ཟད་མི་འབྱུང་བས། །ཟད་སར་ཡང་དག་འཁྱོལ་བའི་སྐྱབས་འཇུག་ཞུ། །ཚེ་འཛིན་འཚོ་རྒྱལ་མས། །ཚེ་བུམ་སྐྱེས་བཏེགས་ནས། །བཻ་རོའི་དད་མོས་ལྟར། །ཨོ་རྒྱུན་དྲུང་དུ་ཐལ། །བཛྲ་ཨཱ་ཡུར་ཥསཱ་ཧཱ། ཞེས་གནང་བ་འབྱོར་བས་ཡིད་རབ་ཏུ་དགའ་ཞིང་སྤྲོ་བ་བྱུང་། འབྱོར་ལན་དུ་ཡི་གེ་རྟེན་བཅས་ཕུལ། དེ་ལྟ་གྲུབ་དབང་ནམ་མཁའ་རིན་པོ་ཆེ་ལ་སོགས་པའི་ཕྱོགས་ཕྱོགས་ཀྱི་བླ་མ་དང་། ཚེ་མཚམས་པ་དགེ་འདུན་རིག་འཛིན་གྱི་སྡེ་མང་པོ་ནས། ཚེ་སྒྲུབ་ཞབས་བརྟན་ཕུལ་བའི་རྟེན་འབྲེལ་ལ་བརྟེན་ནས། ཉི་མ་སྤྲིན་ལས་གྲོལ་བ་བཞིན་ཚེ་ཡི་གེགས་ལས་གྲོལ་ནས། ལོ་མང་པོའི་བར་དུ་ལུས་སེམས་བདེ་བའི་ངོས་ནས་མདོ་སྨད་ཕྱོགས་ཀྱི་བསྟན་འགྲོའི་དོན་ཆེན་མང་པོ་སྒྲུབ་རྒྱུ་འོང་བའི་

p. 521

ཁ་གཡང་བརྗོད་པས་ཐམས་ཅད་དགའ་བ་བྱུང་། ཡང་སློབ་མ་སྐལ་བཟང་འགའ་རེས། སྐྱབས་མགོན་རིན་པོ་ཆེ། སྙིགས་དུས་འདིར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྒྲུབ་པའི་གང་ཟག་དེ་ཇི་ལྟ་བུ་ཞིག་དགོས་ཟེར་བ་ལ། འོ་དེ་ལ་ཚེ་འདི་ལ་འདོད་པ་ཏིལ་འབྲུ་ཙམ་ཞིག་མེད་པ་ཞིག་དགོས་ཏེ། རྗེ་དྭགས་པོ་ལྷ་རྗེས། དགེ་བཤེས་སྙུག་རུམ་པ་ལ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བ་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་སྤུ་ཙམ་མེད་པ་ཞིག་དགོས་པ་ཡིན་གསུངས། དེ་ཙམ་དུ་མ་ཟད་སྙིང་རྗེ་ཆེན་པོའི་སྒོས། རང་གི་ངོས་ནས་མ་སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི་མེ་ནང་དུ་བསྐལ་པ་རྒྱ་མཚོར་གནས་དགོས་རུང་སྙིང་རྗེས་མི་སྐྱོ་ཞིང་། མ་སེམས་ཅན་གྱི་སྡུག་བསྔལ་བསམས་ནས་སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ནས། སངས་རྒྱས་ཀྱི་གོ་འཕང་དེ་རིང་ནངས་པར་གཉིས་ཀྱི་དེ་རིང་ཐོབ་ནས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བཀྱེས་ནས། འགྲོ་བའི་དོན་ཞིག་བྱེད་རྒྱུའི་སྐལ་བ་ཞིག་བྱུང་ན་སྙམ་པ་སྐོམ་པ་ཆུ་འདོད་པ་ལྟ་བུ་ཞིག་དགོས། སངས་རྒྱས་འཐོབ་པའི་ཐབས་རིག་གནས་མདོ་སྔགས་ཀྱི་གཞུང་རྒྱ་ཆེན་པོ་ཚོ་ལོས་ཡིན་ཀྱང་། ཚེ་ཐུང་

p. 522

ནམ་འཆི་ཆ་མེད་ལ་དེ་རྣམས་ལ་ཐོས་བསམ་སྒོམ་གསུམ་བྱེད་ཁོམ་མི་འདུག གསང་སྔགས་ཀྱི་ཉེ་ལམ་བསྒྲུབ་དགོས་སྙམ་མཚན་ལྡན་གྱི་བླ་མ་བསྟེན་ནས། ཐོག་མར་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས། དེ་ནས་གསང་སྔགས་བླ་མེད་ཀྱི་སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་ཁྲིད་ཞུས་ནས། མི་མེད་པའི་གངས་དང་རི་སུལ་རྣམས་ནས་གཅིག་པུར་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་ནས། །ན་བུན་གོས་ལྟར་གྱོན། བྲག་ཕུག་ཞྭ་ལྟར་བསྟེན་གྱོང་ལྟོ་གོས་གཏམ་གསུམ་ལ་བཏང་། རྟག་ཏུ་རིའི་བུ་བྱས་སྐྱབས་གནས་ཀུན་འདུས་བླ་མ་ལ་གསོལ་བ་འདེབས་བཞིན་བསྐྱེད་རྫོགས་གཉིས་དང་། ཁྱད་པར་རྫོགས་རིམ་འོད་གསལ་དང་མཐུན་པའི་ཉམས་ལེན་ཕྱག་རྫོགས་དོ་ཧ་སོགས་ལྟ་བ་མཐོན་པོ་ཚོའི་སྐྱོང་ཚུལ་བཞིན་འཇོག་བསྒོམ་གཙོ་བོར་བྱས་ན། སྙིགས་དུས་ཀྱི་ཚེ་ཐུང་འདི་ཉིད་ལ་འོད་གསལ་སྒྱུ་ལུས་ཟུང་དུ་འཇུག་པའི་ལམ་བཟང་མངོན་དུ་བྱས་ཏེ། རང་གཞན་བསྟན་འགྲོའི་དོན་ཆེན་འགྲུབ་པར་གདོན་མི་ཟའོ་ཞེས་མགུར་དབྱངས་འདི་བླངས་སོ། །ལུང་རྟོགས་ཡོན་ཏན་དཔག་མེད་གཏེར། །མདོ་སྔགས་བསྟན་པའི་མངའ་བདག་མཆོག །འགྲོ་བ་ཡོངས་ཀྱི་

p. 523

སྐྱབས་མགོན་རྗེ། །མཚན་ཉིད་ཀུན་ལྡན་བླ་མ་ལ། །དད་བརྩོན་ཤེས་རབ་སྙིང་རྗེ་དང་། །ལྡན་པའི་སྣོད་ལྡན་སློབ་མ་ཡིས། །རབ་ཏུ་དད་ཅིང་གུས་པའི་སྒོས། །མཆོད་པ་གསུམ་གྱིས་མཉེས་པར་བྱས། །བླ་མ་དེས་ཀྱང་བརྩེ་བའི་སྒོས། །རྗེས་སུ་བཟུང་ནས་ཐུན་མོང་བ། །ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །དབང་བསྐུར་བསྐྱེད་རྫོགས་ལམ་བཟང་ཁྲིད། །ཁྱད་པར་རྫོགས་རིམ་མཐར་ཐུག་གི །འོད་གསལ་སེམས་ཉིད་གཉུག་མའི་དོན། །རང་གསལ་མངོན་སུམ་རྗེན་པར་བསྟན། །དེ་ནས་སྐལ་བཟང་སློབ་མ་དེས། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །རི་ཁྲོད་དབེན་པའི་དགའ་ཚལ་དུ། །གཅིག་པུར་ཉམས་སུ་ལེན་ནུས་ན། །འོད་གསལ་ཆོས་སྐུ་མངོན་དུ་བྱས། །གང་འདུལ་གཟུགས་སྐུས་འགྲོ་དོན་མཛད། །ཚེ་འདི་ཉིད་ལ་རང་གཞན་གྱི། །དོན་གཉིས་ལྷུན་གྱིས་འགྲུབ་པར་ངེས། །དེ་ཕྱིར་སྐལ་ལྡན་སློབ་བུ་རྣམས། །རབ་ཏུ་དགའ་བས་ཉམས་སུ་ལོངས། །དེ་ལྟར་ཉམས་སུ་ལེན་པའི་དུས། །བླ་མ་ལྷ་ཡི་བྱིན་གྱིས་རློབས། །ཞེས་སྨྲས་པས། ཀུན་གྱིས་ཚེ་འདིའི་འཁྲི་བ་བཅད་ནས་དབེན་པར་ཚེ་དང་སྒྲུབ་པ་བསྙམས་

p. 524

པས་གཏན་གྱི་ལམ་སྣ་ཟིན་པ་མང་པོ་བྱུང་ངོ་། །ཡང་ཉིན་ཅིག་དད་ཅན་སློབ་མ་པར་ཡིག་འབྲི་མཁན་ལྷ་ཁང་དབུ་མཛད་དང་། པར་དཔོན་སྐྱིའི་བླ་མ། ཧོར་ནག་བསམ་འགྲུབ་སོགས་པར་བརྐོ་མཁན་རྣམས་ལ་བརྩོན་འགྲུས་ཀྱི་ལྕག་འདེབས་སུ། དེ་ཡང་ཇི་སྐད་དུ་མདོ་ལས། གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་གསུངས་པ་བཞིན། ཡི་གེ་འབྲི་བ་བརྐོ་བ་སོགས་ཆོས་ལྡན་གྱི་བྱ་བ་གང་བྱེད་ཀྱང་། རྣམ་གཡེང་ལེ་ལོ་བྱས་ན་མི་ཡོང་བས། བརྩོན་འགྲུས་རྒྱུན་རིང་བ། བར་མ་ཆད་པ་ཤུགས་དྲག་པ་གསུམ་འཛོམ་ན། དགོས་པ་ཐམས་ཅད་འགྲུབ་པ་ཡིན་ཏེ། སྤྱན་སྔ་བས། ཁྱོད་ཀྱིས་བརྩོན་འགྲུས་བྱས་གྱུར་ན། །ངེས་པར་ཁྱོད་ཀྱི་དགོས་པ་འགྲུབ། །གསུངས་པ་ལྟར་ཁྱེད་རྣམས་ཀྱིས་པར་ཡིག་འབྲི་བ་དང་བརྐོ་བ་ལ་ཉིན་རེ་བཞིན་བརྩོན་འགྲུས་ཆེས་ཆེར་བསྐྱེད་དང་། པར་མང་པོ་མྱུར་དུ་འགྲུབ་ཡོང་བས་དེ་ཀུན་གྱི་སེམས་ལ་ཞོག་ལ་རེམ་རེམ་བྱས་པས། རྟ་བཟང་ལ་ལྕག་གིས་བསྐུལ་པ་བཞིན་དུ་གྱུར་ནས། པར་ཡིག་པར་པོ་ཏི་མང་པོ་མྱུར་དུ་འགྲུབ་པ་བྱུང་། ཡང་ཉེ་གནས་ཀུན་དགའ་སོགས་དད་ཅན་གྲྭ་བཙུན་འགའ་རེས་ཁྱེད་ཀྱིས་

p. 525

གཞན་ལ་ཞལ་གདམས་མང་པོ་གནང་བར་གདའ། ཁོང་ཚོར་ཡང་ཞལ་གདམས་ཤིག་གནང་དགོས་ཞེས་བསྐུལ་བ་ལ། འོ་ཞལ་གདམས་ནང་བཞིན་བྱེད་ན་སྟེར་ཞེས་འདི་བྱིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་སྡིག་པ་འདག་གོ །དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཚུལ་ལས་རྣམ་པར་འཕྲུལ་བར་ངེས་པ་གཟི་བརྗིད་འབྱུང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱའོ། །ཨོཾ་ཨ་བྷི་ར་ཧཱུཾ་ཁེ་ཙ་ར་མཾ། འདི་དྲན་པ་ཙམ་གྱིས་མཚམས་མེད་པ་ལྔ་བྱང་ཞིང་མྱང་འདས་ཐོབ་བོ། །ཏདྱ་ཐཱ། ཨོཾ་ཀྵ་འདི་རབ་ཏུ་གསང་ནས་བཟླས་ན་དོན་དང་ལས་ཐམས་ཅད་འགྲུབ་པར་གསུངས། ཨོཾ་བྷེ་ཙ་ན་ཧཱུྃ། ཞེས་པ་འདི་ལན་ཅིག་བརྗོད་ཀྱང་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་འདག་གོ །སྔོན་སློབ་དཔོན་དགའ་རབ་རྡོ་རྗེས།

p. 526

ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་སངས་རྒྱས་པར་གསུངས། ཨོ་ཧི པདྨ་ནིར་ཏི་ཤྭ་རི་ཧཱུྃ། གཟུངས་འདི་ལན་ཅིག་བརྗོད་པའི་ཕན་ཡོན་ནི། མ་ཎི་དུང་ཕྱུར་སུམ་ཅུ་རྩ་གསུམ་བཏོན་པ་དང་མཉམ་པར་པདྨ་དྲ་བའི་རྒྱུད་ལས་གསུངས། ལོ་ལོན་དང་ལེ་ལོ་ཅན་སོགས་མ་ཎི་དུང་ཕྱུར་འདོན་མི་ཐུབ་པ་རྣམས་ཀྱིས་མ་ཎིའི་མཇུག་ཏུ་གཟུངས་འདི་ཡང་ཁ་ཤས་བཏོན་ན་བཟང་། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ས་བོན་ཨོཾ་ཨཱཿ ཧཱུཾ་ལན་ཅིག་བརྗོད་ཀྱང་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་འདག་ཅིང་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་འགྱུར་རོ། །ཏདྱ་ཐཱ། ཨོཾ་པརྩི་གྲི་ཡ་ཨ་བ་བྷོ་དྷན་ཡེ་སྭཱ་ཧཱ། གཟུངས་འདི་ལན་ཅིག་བརྗོད་ཀྱང་སྨོན་ལམ་བཏབ་ཚད་འགྲུབ་པར་གསུངས། ཨོ་ཡི་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤམ་ཎཿ ཡེ་སྭཱ་ཧཱ། ཞེས་བརྗོད་ན་བཀྲ་ཤིས་པ་ལ་སོགས་ཕན་ཡོན་བརྗོད་ལས་འདས་པ་གསུངས། ཨོ་པདྨོ་ཊཱི་ཥ་བི་མ་ལེ་ཧཱུཾ་ཕཊ། གཟུངས་འདིའི་འོག་ཏུ་ཞུགས་ན་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་འདག་ཅེས་དོན་ཡོད་ཞགས་པའི་རྒྱུད་ནས་གསུངས། དེས་ན་གཟུངས་འདི་ཁ་འདོན་

p. 527

བར་དུ་བཞག་ནས་ཁ་ཏོན་འགྲུབ་པ་དང་དཔེ་ཆ་མགོ་ཐོག་ཏུ་བཞག་ན་བཟང་ངོ་། །རིན་ཆེན་གླིང་དུ་ཕྱིན་ནས་ནོར་བུའི་རིགས། །ཆེ་ཆུང་གང་ཡང་བླངས་ན་འཚེངས་པ་ལྟར། །ཆོས་ཀྱི་ཡུལ་དབུས་སྐྱེས་ནས་དམ་ཆོས་རིགས། །ཆེ་ཆུང་གང་ཞིག་བྱས་ཀྱང་འཚེངས་པར་འགྱུར། །ཞེས་སྨྲས་པས་ཀུན་གྱིས་དེ་བཞིན་བསྒྲུབ་རྒྱུའི་སྐལ་བ་བྱུང་ངོ་། །ཡང་སྔོན་སྦྱངས་བག་ཆགས་སད་པའི་སྐལ་ལྡན་སྤྲུལ་སྐུ་ལ་བཀའ་གདམས་གླེགས་བམ་གཡོར་དུས་འདི་སྐད་སྨྲས། །བཀའ་དང་དགོངས་འགྲེལ་ཐམས་ཅད་གདམས་པར་ཤར། །བཀའ་ལྟར་མཛད་པའི་ཇོ་བོ་ཡབ་སྲས་སོགས། །བཀའ་གདམས་བླ་མ་རྣམས་ལ་གུས་བཏུད་ནས། །བཀའ་གདམས་གླེགས་བམ་བསྔགས་བརྗོད་ཅུང་ཟད་བྱ། །བཀའ་དང་བསྟན་བཅོས་ཀུན་གྱི་སྙིང་པོའི་དོན། །བཀའ་གདམས་ཕ་ཆོས་བུ་ཆོས་གཉིས་ལ་འདུས། །བཀའ་ཆོས་ནང་བཞིན་བསྒྲུབས་པས་སྔོན་གྱི་དུས། །བཀའ་གདམས་པ་ཡིས་ས་སྟེང་ཁྱབ་པ་བྱུང་། །བཀའ་འགྱུར་བསྟན་འགྱུར་བལྟ་བར་མི་ནུས་པས། །བཀའ་གདམས་གླེགས་བམ་འདི་ལ་ལེགས་པར་ལྟོས། །བཀའ་བཞིན་

p. 528

དབེན་པར་ཉམས་སུ་ལེན་ནུས་ན། །བཀའ་གདམས་གོང་མའི་རྣམ་ཐར་ཟིན་པར་འགྱུར། །ཞེས་སྨྲས་པ་བཞིན་སྒྲུབ་པའི་བཀའ་གདམས་གོང་མའི་རྣམ་ཐར་དང་མཐུན་པའི་ཚེ་བློས་བཏང་གི་ཆོས་པ་བཟང་པོ་ཞིག་བྱུང་ངོ་། །ཡང་སྟོད་གངས་རི་མན་ཆད་ཀྱི་དབེན་གནས་རྣམས་སུ་སོང་ནས་གནས་འབྲེལ་བཞག་ནས་འོངས་པའི་བེའུ་ཐང་མཚམས་པ་དང་། ལྷ་ཁང་མཚམས་པ་གཉིས་ལ་དྭགས་པོ་བཀའ་འབུམ་གཡོར་དུས་འདི་སྐད་སྨྲས། བཀའ་འགྱུར་བསྟན་པའི་ཡང་མེས་ཏེ་ལོ་སོགས། །བཀའ་འགྱུར་བླ་མ་ཐམས་ཅད་སྤྱི་བོས་མཆོད། །བཀའ་འགྱུར་ཀུན་གྱི་གཙུག་རྒྱན་སྒམ་པོ་པའི། །བཀའ་འབུམ་པོ་ཏི་གཉིས་ལ་ལེགས་པར་ལྟོས། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་གདམས་པ་འདི། །བཀའ་གཏེར་གཞན་ལས་ངོ་མཚར་བྱིན་རླབས་ཆེ། །བཀའ་ཆོས་ཟབ་མོ་འདི་ཉིད་ལ་བརྟེན་ནས། །བཀའ་བརྒྱུད་གོང་མ་ཐམས་ཅད་གྲུབ་པ་བརྙེས། །བཀའ་དྲིན་མཚུངས་མེད་བླ་མའི་ཐུགས་རྗེ་ཡིས། །བཀའ་བརྒྱུད་བསྟན་དང་མཇལ་བ་སྐལ་བ་བཟང་། །བཀའ་བརྒྱུད་ཆོས་ལ་མོས་པའི་སློབ་བུ་གཉིས། །བཀའ་འབུམ་ནང་བཞིན་མཛོད་དང་ཉམས་རྟོགས་འཆར། །ཞེས་གང་

p. 529

སྨྲས་པ་བཞིན་བྱས་པས་བཀའ་བརྒྱུད་གོང་མའི་རྣམ་ཐར་ཟིན་པའི་རྟོགས་ལྡན་འཁྲུལ་ཞིག་ནམ་མཁའ་ལྟ་བུའི་རྣལ་འབྱོར་བཟང་པོ་གཉིས་བྱུང་། ཡང་བཀའ་བརྒྱུད་ཀྱི་བདེ་མཆོག་གི་དབང་དང་སྙན་བརྒྱུད་བརྡ་ཡི་དབང་བཞི་བསྐུར་དུས་དབང་བཤད་འདི་འདྲ་བྱས། འོ་དེ་ཡང་བླ་མས་དབང་བསྐུར་བའི་ཕན་ཡོན་ནི་གསང་བ་མཛོད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་དང་། རྒྱུད་རྡོ་རྗེའི་ཕྲེང་བ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །གསུངས། སློབ་མའི་དབང་ཐོབ་པའི་ཕན་ཡོན་ནི། སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ནས། །གསང་སྔགས་ཐམས་ཅད་མ་བསྒྲུབས་འགྲུབ། །ཅེས་དང་། ཀློང་གསལ་ལས། དབང་ཐོབ་རྒྱུད་སྨིན་ཆོས་སྒོ་འབྱེད། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། །ཞེས་དང་། ཁྱད་པར་དུ་དེ་ཉིད་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་དང་། །ཕྱི་མར་མངོན་པར་རྫོགས་

p. 530

སངས་རྒྱས། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དང་པོ་རེ་ཞིག་གང་ཚེ་སློབ། །ལན་ཅིག་དབང་རྣམས་ཀྱི་ནི་བསྐུར། །དེ་ཚེ་གསང་སྔགས་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པའོ། །ཞེས་དང་། ལུང་གཞན་ལས། གསང་སྔགས་དབང་དང་ལྡན་པའི་སྐྱེས་བུ་གང་། །ངེས་པའི་དོན་གྱི་ཆོས་ལ་སྤྱོད་དབང་ཞིང་། །ཕ་ནོར་བུ་ལ་ཐོབ་པ་ཇི་བཞིན་ནོ། །གསུངས། དབང་མ་ཐོབ་པའི་ཉེས་དམིགས་ནི། སངས་རྒྱས་ཐོད་པ་ལས། དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་དང་། རྒྱུད་རྡོ་རྗེའི་ཕྲེང་བ་ལས། ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པ་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བ ཙིར་ལ་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལས་ནི་དབང་དོན་ཞུ། །ཞེས་དང་། ཀློང་གསལ་ལས།

p. 531

དཔེར་ན་ཞིང་ས་གཤིན་པོ་ལ། །སོ་ནམ་རིམ་པར་མ་བྱས་ན། །འབྲས་བུ་སྨིན་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་མེད་འཁོར་བའི་མཐའ་བསྙེགས་ཏེ། །འདི་ཕྱིའི་བདེ་བ་ཐོབ་པ་མེད། །ཅེས་དང་། ལུང་གཞན་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །དཔེར་ན་མཉན་པ་ལག་སྐུ་མེད་པ་བཞིན། །ཞེས་སོགས་རྒྱུད་སྡེ་ཆེན་པོ་མང་པོ་ནས་གསུངས་པས། དེས་ན་དབང་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས་རྣམས་བསམས་ནས། མཚན་ལྡན་གྱི་བླ་མའི་ཞབསདྲུང་ནས་གསང་སྔགས་ཀྱི་དབང་བཞི་ཟབ་མོ་ཡོངས་སུ་རྫོགས་པ་ནོད་པར་བྱའོ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱི་ལྟ་དགོངས་ཀྱི་མཐོ་དམན་དང་། སློབ་མའི་བློ་ཁ་མཐོ་དམན་གྱི་དབང་གིས་དབང་བསྐུར་ཚུལ་མི་འདྲ་སྟེ། སྔོན་སངས་རྒྱས་ཀྱིས་སློབ་མ་ས་བཅུའི་རྒྱུན་མཐའ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་མཛོད་སྤུ་ལས་སྤྲོས་པའི་འོད་ཟེར་ཆེན་པོའི་དབང་བསྐུར་པ་དང་། །སངས་རྒྱས་གཉིས་པ་སློབ་དཔོན་པདྨས་སྟག་ཚང་སེང་ཕུག་

p. 532

ཏུ་མཁར་ཆེན་བཟའ་ལ་ཕུར་བའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་བསྟན་ནས་དབང་བསྐུར་པ་དང་། སློབ་དཔོན་སངས་རྒྱས་གསང་བས་མཚོ་མ་ཕང་ལ་ཐིག་བཏབ་ནས། དཔལ་མཉྩ་ཤྲཱི་སོགས་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར་པ་དང་། བྱང་ཤམྦྷ་ལར་རིགས་ལྡན་འཇམ་དཔལ་གྲགས་པས་བློས་བསླང་གི་དཀྱིལ་འཁོར་དུ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་སྨིན་པར་མཛད་པ་བཞིན། སངས་རྒྱས་དང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་རྒྱ་བོད་ཀྱི་པཎ་གྲུབ་གོང་མ་རྣམས་ཀྱིས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། དབྱིངས་རིག་སྤྲུལ་པའི་དཀྱིལ་འཁོར། རིག་པ་ཉམས་ཀྱི་དཀྱིལ་འཁོར། རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ་སོགས་ལ་བརྟེན་ནས་སློབ་མའི་རྒྱུད་སྨིན་པར་མཛད་པའི་ངོ་མཚར་ལོ་རྒྱུས་མང་དུ་སྣང་། དེ་འདྲའི་རྡོ་རྗེ་སློབ་དཔོན་རྣམས་ལ་དཀྱིལ་འཁོར་ཡང་དབྱིབས་གྲུ་བཞི་སྒོ་བཞི་སོགས་མཐའ་གཅིག་ཏུ་མ་ངེས་ཏེ། དུས་འཁོར་སྡོམ་ཆེན་གྱི་དཀྱིལ་འཁོར་ཟླུམ་པོ་སྒོ་བརྒྱད་དུ་སྣང་བ་དང་། ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ་དང་། སྒོ་སྤངས་པ་ཡང་ཡོད་དེ། ཤེས་རབ་མ་ཡི་རྒྱུད་མཐར་ཐུག་ཐམས་ཅད་དཀྱིལ་འཁོར་ཆོས་འབྱུང་གི་རྣམ་པ་དང་།

p. 533

པདྨ་འདབ་བརྒྱད་ལ་སོགས་མ་ངེས་པ་དུ་མར་སྣང་བས། མཐའ་གཅིག་ཏུ་བཟུང་ནས་ཁས་གཏོང་བར་མི་བྱའོ། །དེ་འདྲ་མ་ཡིན་པའི་རང་རེ་སོ་སྐྱེས་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས། རྡོ་རྗེ་འཆང་གི་གསུང་དང་དམ་པ་གོང་མའི་ཕྱག་ལེན་བཞིན་དབང་བསྐུར་ན། རབ་རྡུལ་ཚོན་གྱི་དཀྱིལ་འཁོར། འབྲིང་རས་བྲིས་ཀྱི་དཀྱིལ་འཁོར། ཐ་མ་མཎྜལ་གྱི་ཚོམ་བུ་ལ་བརྟེན་ནས་རང་རང་གི་ཆོ་གའི་ནང་བཞིན་བདག་མདུན་ཐ་དད་དུ་བསྒྲུབ་པའམ། ཐ་མི་དད་གང་རུང་དུ་བསྒྲུབས་ནས་བདག་འཇུག་བླངས་ནས་སློབ་མ་ལས་དང་པོ་པ་རྣམས་ལ། སྔགས་མོས་ལམ་གྱིས་འགྲུབ་པ་ཡིན་པས། གང་མོས་མོས་སེམས་སེམས་བྱས་དབང་བསྐུར་བར་བྱའོ། །དབང་ལ་ཡང་རྒྱུད་སྡེ་བཞི་སོ་སོ་ལ་དབང་མི་འདྲ་བ་མང་ཞིང་། ཇོ་བོའི་དམ་ཚིག་བསྡུས་པ་ལས། བླ་མའི་ཞལ་ལས་བྱུང་བའི་དབང་དང་། ཡི་དམ་གྱི་བྱིན་གྱིས་བརླབས་པའི་དབང་དང་། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང་། རང་གི་སེམས་ཉིད་ཀྱི་རྩལ་གྱིས་ཐོབ་པའི་དབང་དང་བཞིའོ་ཞེས་བཤད་ལ། གཞན་ཡང་མཁས་པ་པཎྜི་ཏའི་དབང་དང་། གླེགས་བམ་པོ་ཏིའི་དབང་དང་། ཡི་དམ་ལྷའི་བྱིན་གྱིས་

p. 534

བརླབས་པའི་དབང་དང་། རིག་པའི་རྩལ་གྱི་དབང་སྟེ་དབང་གི་ཐ་སྙད་མང་ཡང་། གསང་སྔགས་བླ་མེད་ཀྱི་བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་སྟེ་བཞི་བོ་འདི་དབང་ཀུན་གྱི་ནང་ནས་མཆོག་ཏུ་བསྔགས་ཏེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས། བུམ་དབང་གངྒའི་ཆུ་རྒྱུན་བསྐུར་བ་ཡིས། །ཐ་མལ་སྣང་ཞེན་ལུས་ཀྱི་དྲི་མ་བཀྲུས། །གསང་བ་ཡེ་ཤེས་བདུད་རྩི་མྱང་བ་ཡིས། །ངག་གནས་རླུང་གི་རྒྱུ་བ་སྔགས་སུ་འཆར། །གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུ་ཡིས། །ཡིད་ཀྱི་སྐྱེས་བུ་དོན་དམ་དབྱིངས་སུ་དྲངས། །བཞི་བ་ཟུང་འཇུག་དོན་ལ་ངོ་སྤྲོད་པས། །མཐར་ཐུག་སྐྱེལ་སོའི་གནད་ལ་ཐེ་ཚོམ་བཅད། །དབང་བཞིའི་གནད་དོན་ཚུལ་བཞིན་ངེས་པ་ལས། །མཆོག་ཏུ་གྱུར་པའི་གདམས་པ་ཡོད་མིན་ཞེས། །རང་གི་རྟོགས་པ་གླུ་རུ་བླངས་པ་འདི། །བླ་མ་རྣམས་དང་འཇམ་དཔལ་དབྱངས་ལ་འབུལ། །ཞེས་གསུངས། དེ་ལྟ་བུའི་དབང་ཐོབ་ནས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་བར་གལ་ཆེ་སྟེ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། རྡོ་རྗེ་ཐེག་ལ་དད་ཅིང་མ་སྨིན་ལས། །ཟབ་མོ་བསྒོམས་ཀྱང་འབྲས་བུ་ངན་འགྲོ་ལས། །མཆོག་གཞན་

p. 535

མི་འགྲུབ་སངས་རྒྱས་གསུངས་པས་ན། །བླ་མ་མཆོག་ལ་དབང་བསྐུར་ནོད་པར་མཛོད། །དབང་ཐོབ་མན་ངག་ཟབ་མོ་འཚོལ་བ་ཡིས། །ས་སྟེང་རྒྱས་པར་ཀུན་ཏུ་བཙལ་བྱས་ཀྱང་། །ཕན་པའི་དོན་པོ་གདམས་ངག་དམ་ཚིག་སྟེ། །འདི་རྨེད་འགྲམ་རྩ་ཟད་པའི་ཁང་རུལ་འདྲ། །ལེགས་པར་སྨིན་ལས་དམ་ཚིག་བསྲུང་བྱས་ན། །རིམ་གཉིས་ཟབ་མོའི་མན་ངག་མ་བསྟེན་ཀྱང་། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་བོ་ཞེས། །འགྲོ་བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཡང་། །དྲི་མེད་རྒྱུད་ལས་ལེགས་གསུངས་མཐོང་བས་ན། །དབང་བླངས་དམ་ཚིག་བསྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །ཞེས་གསུངས་པ་ནི་རྒྱུད་སྡེའི་གནད་མཁྱེན་པའི་གཏམ་ཡིན་ཏེ། བདག་ཀྱང་དེ་ལྟར་གསོལ་བ་འདེབས་སོ་ཞེས་རྗེ་རིན་པོ་ཆེས་གསུངས། གཞན་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས་ནས། འབྲས་བུ་རྡོ་རྗེ་ཐེག་པའི་དབང་ཐོབ་བསྐྱེད་རྫོགས་ཀྱི་ལམ་བཟང་ལ་བསླབས་ན། བརྩོན་འགྲུས་ཅན་རྣམས་རིང་པོར་མི་ཐོགས་པར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་པར་འགྱུར་ཏེ། སམྦུ་ཊ་ལས། བསྐལ་

p. 536

པ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །གསུངས། བརྩོན་འགྲུས་འབྲིང་བར་དོར་གྲོལ་བ་ནི། རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་བོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོམས་པར་མི་འགྱུར་རོ། །གསུངས། དབང་པོ་ཐ་མའི་རབ་རྣམས་སྐྱེ་བ་ཕྱི་མར་གྲོལ་ཏེ། མཚན་བརྗོད་ལས། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ཐོབ། །གསུངས། ཐ་མའི་འབྲིང་ནི་སྐྱེ་བ་བདུན་ན་གྲོལ་ཏེ། གསང་བ་མཛོད་ལས། དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །གསུངས། ཐ་མའི་ཐ་མ་ཡང་སྐྱེ་བ་བཅུ་དྲུག་ཚུན་ལ་འཚང་རྒྱ་སྟེ། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པ་ནི། །བསྐལ་པ་གྲངས་མེད་མི་ཐོབ་པའི། །གལ་ཏེ་རྣལ་འབྱོར་པ་དེས་བརྩོན། །ཚེ་འདི་ཉིད་

p. 537

ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོ་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་དང་། དམ་ཚིག་ལྔ་བ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་དང་། རྣམ་གྲོལ་ཟླ་བས་ཀྱང་། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་པ་རྣམས་ལ་བསམས་ནས་གསང་སྔགས་ཀྱི་ཉེ་ལམ་བསླབ་པར་བྱའོ། །ཞེས་བཤད་པས་ཀུན་གྱི་སེམས་ལ་ཕན་པོ་བྱུང་། ཡང་སློབ་བུ་སྐལ་ལྡན་གནས་བརྟན་དང་མཛོད་དགེ་སོགས་ཚེ་བློས་བཏང་གི་སློབ་མ་མང་པོས་རི་ཁྲོད་དབེན་པའི་བསྔགས་བརྗོད་ཅིག་གསུང་དགོས་ཞེས་བསྐུལ་ངོར། འོ་དེ་ཡང་མཚན་ལྡན་གྱི་བླ་མ་རྣམས་ཀྱི་ཞལ་སྔ་ནས། མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་ཐོབ་ནས། བླ་མ་སྤྱི་བོར་བསྒོམས། གདམས་ངག་སེམས་ལ་བཟུང་། བེའུ་བུམ་རྒྱབ་ཏུ་འཁུར། སྦ་དབྱུག་ལག་ཏུ་ཐོགས། ངག་གིས་གསོལ་འདེབས་འདྲ་འདོན་བཞིན། དམ་པ་གོང་མའི་རྗེས་སུ་ཁ་མིག་ཡར་བལྟ་བྱས། རི་ཁྲོད་དབེན་པའི་དགའ་ཚལ་དུ་འགྲོ་རྒྱུའི་སྐལ་བ་

p. 538

ཞིག་བྱུང་ན། མི་དེ་བསྐལ་བརྒྱར་བསོད་ནམས་བསགས་པའི་འབྲས་བུ་ཅན་ཡིན་ཏེ། འདུས་བྱས་འཁོར་བའི་ཆོས་ཐམས་ཅད་ལ། སྙིང་པོ་མེད་པ། མི་རྟག་པ་སྡུག་བསྔལ་བའི་ཚུལ་ལ་བསམས་ནས་ཡིད་གཏིང་ནས་སུན་ཏེ། འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློས། རི་ཁྲོད་དགོན་པའི་ཕྱོགས་སུ་གོམ་པ་བདུན་ཙམ་བོར་ན་བསོད་ནམས་ཆེ་སྟེ། མདོ་ལས། དགོན་པ་བསམས་ནས་གོམ་པ་བདུན་བོར་ན། །དེ་ནི་ས་བདུན་བར་དུ་འཕགས་པར་འགྱུར། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱི་དགོན་པ་རབ་དབེན་དུ། །བླ་མེད་བྱང་ཆུབ་བརྙེས་པར་གྱུར། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་པས། སྔོན་གྱི་རྒྱལ་བའི་ཡོན་ཏན་དང་། །གྲུབ་ཐོབ་གོང་མའི་ཡོན་ཏན་ཡང་། །དབེན་པ་བསྟེན་ནས་བྱུང་བར་གསུངས། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །ཅེས་གསུངས་པ་ལྟར་དམ་པ་གོང་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ་ལ། རྒྱལ་པོའི་ལ་ཐོད་བཞིན་རི་རྩེ་གངས་ཀྱིས་མཛེས་པ། གཡས་གཡོན་ན་བློན་འབངས་ལྟར་རི་རྒྱུད་བཟང་བ། སྔ་

p. 539

དྲོ་ཉི་མ་སྔ་བར་འཆར་ཞིང་། ཕྱི་དྲོ་ནུབ་པའི་ཉི་ཚེ་རིང་བ། རི་ངོས་ན་ནགས་ཚལ་སྟུག་པོ་དར་སྔོན་པོས་སྟོད་གཡོགས་བྱས་པ་བཞིན་དུ་མཛེས་པར་སྣང་བ། ཤིང་ལོ་ཁ་དོག་དབྱིབས་མི་འདྲ་བ་དག་ནི་རི་ཁྲོད་པ་ལ་བཞུགས་གནས་སུ་ཆེད་དུ་བཤམས་པ་བཞིན་དུ་སྣང་བ། འབབ་ཆུ་མང་པོ་དག་ནི་རི་ཁྲོད་པ་ལ་མཆོད་ཡོན་འབུལ་ཕྱིར་ཆེད་དུ་རྒྱུག་པ་བཞིན་དུ་ཁ་དུ་མ་ནས་འབབ་པ། ནགས་ཚལ་གྱི་ཁྲོད་ན་སྤུ་སྡུག་བྱ་དང་རི་དྭགས་དུ་མས་རི་ཁྲོད་པ་གཅིག་པུར་སྐྱོ་ཡིས་དོགས་ནས། བྱ་རྣམས་ཀྱིས་སྐད་སྙན་སྒྲོག་ཅིང་རི་དྭགས་རྣམས་ཀྱིས་རྩེད་བྲོ་བརྡུང་བ། རི་མོ་ཅན་གྱི་གོས་ཆེན་ས་ལ་བརྡལ་འདྲའི་སྤང་གཞོངས་འཇམ་པོ་མེ་ཏོག་སྣ་ཚོགས་བཀྲ་བའི་ལྗོངས་ན་བུང་བ་མང་པོས་རི་ཁྲོད་པ་ལ་ཤིས་པ་བརྗོད་ཕྱིར་དྲི་ཟའི་གླུ་དབྱངས་ལྟར་རྒྱུན་མི་འཆད་པའི་སྒྲ་དི་རི་རི་ཟེར་བ། ཤིང་ལྗོན་པ་མེ་ཏོག་དང་འབྲས་བུ་སྣ་ཚོགས་དང་ལྡན་པ་དག་ནི། རི་ཁྲོད་པ་ལ་འཚོ་བ་འབུལ་བའི་ཕྱིར་ལྷས་ཆེད་དུ་བཤམས་པ་ལྟ་བུ། བསེར་བུ་བསིལ་བ་ཡིད་དུ་འོང་བ་ལངས་པས་ནི། རི་ཁྲོད་པ་ལ་ཉི་འོད་ཚ་བ་དང་སྦྲང་བུ་སོགས་ཀྱིས་གནོད་པ་མི་རུང་ངོ་ཞེས་བསིལ་ཡབ་བྱེད་པ་བཞིན་དུ་གཡོབ་པ། གྲུབ་པ་དང་

p. 540

རིགས་སྔགས་འཆང་བའི་ན་ཆུང་རྣམས་ཀྱི་རྩེད་མོའི་སར་འོས་པ། ལྷའི་སྐྱེད་མོས་ཚལ་ཉམས་དགའ་བ་དང་ཆེས་མཚུངས་པའི་ཉམས་དགའ་རིག་པ་དྭངས་པའི་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་པའི་གོ་ཆ་འཛིན་དགོས་ཞེས་མགུར་དབྱངས་འདི་བླངས་སོ། །། དམ་པ་གོང་མའི་ཞབས་ཀྱིས་བཅགས། །བྱིན་གྱིས་བརླབས་པའི་དབེན་པའི་གནས། །རྒྱབ་རི་མཐོན་པོའི་སྟེང་ཕྱོགས་ན། །སྤྲིན་དཀར་འོ་མ་འཕྱུར་བཞིན་ལྡིང་། །ཉི་ཟླ་གཟའ་སྐར་རིམ་བཞིན་འཆར། །རི་རྩེར་རབ་དཀར་གངས་རི་ཆགས། །ན་བུན་དངུལ་མདོག་སྐེད་ལ་འཁྲིལ། །ལོ་མ་མེ་ཏོག་འབྲས་བུ་ཡིས། །བརྒྱན་པའི་སྔོ་ལྗང་རྩི་ཤིང་རྒྱས། །ཆུ་གཙང་ལྷུང་སྒྲ་སྒྲོག་བཞིན་འབབ། སྤང་གཞོངས་བདེ་འཇམ་མེ་ཏོག་བཀྲ། །གཟུགས་མཛེས་སྦྲང་མས་གླུ་དབྱངས་ལེན། །ལྷ་བྱ་ཁྱ་བྱུག་འཇོལ་མོ་སོགས། །བྱ་རྣམས་སྙན་པའི་སྐད་འབྱིན་འཕྱོ། །ཤ་བ་རྣ་བ་དགོ་བ་སོགས། །རི་དྭགས་དུ་མ་བག་ཕེབས་རྒྱུ། །རོ་མངར་སིལ་ཐོག་སྣ་ཚོགས་དང་། །སྔོ་ཚོད་མང་པོས་ཁོར་ཡུག་གང་། །འདོད་པའི་ཡོན་ཏན་ཀུན་ཚང་བའི། །རི་ཁྲོད་དབེན་པའི་བསིལ་གྲིབ་ཏུ། །དྲང་སྲོང་བསམ་གཏན་བསྒོམ་པ་བཞིན། །ཡེངས་མེད་སྒྲུབ་ལ་བརྩོན་པ་ཡི། །རྣལ་འབྱོར་དེ་ལས་སྐྱིད་པ་ཞིག །འཇིག་

p. 541

རྟེན་ཁམས་ན་མ་མཆིས་པས། །དེ་ལ་ལྷས་ཀྱང་སྨོན་པ་འཆོར། །དེ་འདྲའི་དབེན་པའི་དགའ་ཚལ་དུ། །འཁོད་ནས་དགེ་སྦྱོར་བྱེད་རྒྱུ་ཞིག །བྱུང་བའི་བསོད་ནམས་ཕུང་པོ་ནི། །ནམ་མཁའི་ཁམས་ལ་ཤོང་མི་འགྱུར། །དེ་ཕྱིར་དབེན་པའི་གནས་མཆོག་ཏུ། །ཚེ་དང་སྒྲུབ་པ་སྙོམས་ནུས་ན། །ངོ་མཚར་བདེ་སྐྱིད་ཉི་མ་འཆར། །ཞེས་ཀུན་ལ་གདམས་པའོ། །ཡང་སྐབས་རེར་རང་གཞན་ལ་ཕན་པའི་ཚེ་སྒྲུབ་འདི་ལྟར་བྱས། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ། ཚུར་སྒྱུ་མ་རྨི་ལམ་ལྟ་བུར་སྣང་བའི་སྣོད་བཅུད་ཐམས་ཅད་སྐད་ཅིག་ཉིད་ལ་གནས་འགྱུར་ནས། ཕྱི་སྣོད་ཐམས་ཅད་ཚེ་དཔག་མེད་ཀྱི་ཞིང་ཁམས། ནང་བཅུད་སེམས་ཅན་ཐམས་ཅད་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོར། ཕྱོགས་བཅུའི་ཞིང་གི་རྒྱལ་བ་རབ་འབྱམས་རྣམས་དང་། ཁྱད་པར་ཚེ་ལྷ་རྣམ་གསུམ་ལ་སོགས་འགྲོ་ལ་ཚེ་ཡི་དངོས་གྲུབ་སྟེར་བ་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་རྣམ་པར་བཞུགས་ནས། སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། ཕྱག་གི་

p. 542

བུམ་པ་ལས་བདུད་རྩིའི་རྒྱུན་ཁོལ་ཞིང་ལུད་ནས་བྱུང་བ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་ཚང་བུག་ནས་ཞུགས། ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས། ནང་ཐམས་ཅད་ཡོངས་སུ་གང་བས་རྫས་ཀྱི་རྡོ་རྗེ་ཕ་ལམ་བཞིན་དུ་ཕར་ལ་དངོས་པོར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཚུར་ལ་གང་གིས་ཀྱང་གཞོམ་ཞིང་གཞིག་པ་དང་བྲལ་བའི་འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་གྱུར། ཨོཾ་ཨ་མ་ར་ནི་ཛི་ཝནྟི་ཡེ་སྭཱ་ཧཱ། ཞེས་ཅི་མང་བཟླས་མཐར། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག འཆི་བ་མེད་པའི་ཚེ་ཡི་རིག་འཛིན་འཐོབ་པར་གྱུར་ཅིག ཁྱད་པར་དུ་ཡང་འཇམ་དབྱངས་གོང་མ་རྒྱལ་པོ། སྐྱབས་མགོན་རྒྱལ་བ་ཡབ་སྲས། རྒྱལ་ཚབ་དམ་པ་དགའ་ལྡན་གསེར་ཁྲི། རང་གི་དྲིན་ཆེན་རྩ་བའི་བླ་མ་སོགས་འཇིག་རྟེན་ཁམས་ན་འཚོ་ཞིང་གཞེས་པའི་བསྟན་འཛིན་གྱི་སྐྱེས་མཆོག་སྙེད་ཅིག་མཆིས་པ་རྣམས་ཀྱི་སྐུ་ཚེ་བསྐལ་པ་ཁྲི་ཕྲག་འབུམ་ཕྲག་མང་པོའི་བར་དུ་བརྟན་ཅིང་། རྣམ་དཀར་མཛད་འཕྲིན་ཕྱོགས་བཅུར་རྒྱས་པར་གྱུར་ཅིག འཆི་མེད་ཚེ་ཡི་དཔལ་ལ་

p. 543

ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིག་གང་ཤེས་བརྗོད། ཡང་སྐབས་རེ་རང་གཞན་ལ་ཕན་པའི་ནོར་སྒྲུབ་འདི་ལྟར་བྱས། རང་ཉིད་སྐད་ཅིག་ཉིད་ལ་ཨརྱ་ཛམ་བྷ་ལ་སྐུ་མདོག་བུང་བ་ལྟར་གནག་པ། རི་རབ་ལྟར་བརྗིད་ཆགས་པ། ཉི་མ་ལྟར་འོད་གསལ་བ། ནོར་བུ་བཞིན་དགོས་འདོད་ཀྱི་ཆར་འབེབས་པ་ཞིག་ཏུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་རྣམས་དང་། ཁྱད་པར་དུ་ནོར་ལྷ་གཏེར་བདག་འགྲོ་ལ་ནོར་གྱི་དངོས་གྲུབ་སྟེར་བ་ཐམས་ཅད་ནོར་བདག་ཛམ་བྷ་ལའི་སྐུའི་རྣམ་པར་སྤྱན་དྲངས་ནམ་མཁའི་ཁམས་ཁྱབ་པར་བཞུགས་ནས་དགོས་འདོད་ཀྱི་ཆར་ཕབ་སྟེ། མ་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་གྱུར། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་ཅི་མང་བཟླས་མཐར། བདག་མདུན་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྟེང་ཕྱོགས་ལྷའི་ཡུལ་གྱི་

p. 544

པཉྩ་ལི་ཀའི་གོས་ལ་སོགས་པའི་གོས་ཀྱི་རིགས་དང་། འོག་ཕྱོགས་ཀླུའི་ཡུལ་གྱི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་རིན་པོ་ཆེའི་རིགས་དང་། བར་མིའི་ཡུལ་གྱི་ཅང་ཤེས་ཀྱི་རྟ་ལ་སོགས་པའི་ཁལ་རྟ་བཞོན་མའི་རིགས་དང་། གཞན་ཡང་འཇིག་རྟེན་ཁམས་ན་གསེར་དངུལ་ཟངས་ལྕགས་འབྲུ་སྨན་ནོར་བུ་དར་ཟབ་སོགས་མཁོ་དགུའི་ཡོ་བྱད་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་འགྱུར་བ། བཀྲ་ཤིས་པའི་དངོས་པོ་ཇི་སྙེད་ཅིག་མཆིས་པ་རྣམས་ཕྱོགས་ཀུན་ནས་ཚུར་བསྡུས་ཏེ། ཡུལ་ཕྱོགས་འདིས་མཚོན་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རི་ལྟར་དུ་སྤུངས་ཤིང་། མཚོ་ལྟར་དུ་འཁྱིལ་ནས་ནམ་ཡང་འཛད་པ་མེད་པའི་གཏེར་དང་། ནམ་མཁའ་མཛོད་ལ་མངའ་དབང་བསྒྱུར་ནས་ཀུན་གྱིས་རྫོགས་ལྡན་གྱི་དུས་བཞིན་དུ། བདེ་སྐྱིད་ཀྱི་དཔལ་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་བ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོའི་མཆོག་གི་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་བཀྲ་ཤིས་ཅི་རིགས་བརྗོད་པའི་རྟེན་འབྲེལ་གྱིས་རྒྱལ་ཁམས་ཐམས་ཅད་ལ་བཀྲ་ཤིས་བྱིན་ཆགས་གཡང་འཁྱིལ་

p. 545

ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་ངོ་། །གཞན་ཡང་ངའི་རྣམ་ཐར་འདི་སངས་རྒྱས་ཀྱི་གསུང་འཁོར་ལོ་གསུམ་གྱི་དབང་དུ་བྱས་ནས་བརྗོད་ན། ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་ཆུང་ནས་ད་ལྟའི་བར་དུ་འབྲེལ་ཚད་དོན་ལྡན་གྱི་བླ་མ་དགེ་བའི་བཤེས་གཉེན་བརྒྱ་ལྷག་གི་ཞབས་ལ་གཏུགས་ནས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་གསུང་རབ་མདོ་རྒྱུད་བསྟན་བཅོས་བླ་མའི་མན་ངག་རྣམས་ཀྱི་སྙིང་ཁུ་ལམ་རིམ་བློ་སྦྱོང་ཕྱག་ཆེན་རྫོགས་ཆེན་དོ་ཧ་ལ་སོགས་པའི་དབང་ལུང་ཁྲིད་གསུམ་མང་པོ་ཞུས་ཤིང་རྒྱལ་བའི་གསུང་རབ་དགོངས་འགྲེལ་རྣམས་ཀྱི་གླེགས་བམ་པོ་ཏི་མི་འདྲ་བ་སྟོང་ཕྲག་ཁ་ཕྱེས་བཀླགས་ནས་ཐོས་བསམ་བྱས། སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་ལ་སྟོད་ཀྱི་གནས་ཆེན་ཙཱ་རི་གངས་རི་ལ་ཕྱི་དང་། སྨད་ཀྱི་རྨ་ཆེན་མཚོ་སྙིང་བྲག་དཀར་སྤྲེལ་རྫོང་སོགས་དམ་པ་གོང་མས་བྱིན་གྱིས་བརླབས་པའི་དབེན་གནས་བརྒྱ་ཕྲག་ནས་མདོ་སྔགས་གཉིས་ཀྱི་སྙིང་པོ་བྱང་ཆུབ་སེམས་གཉིས། གསང་སྔགས་ཀྱི་རིམ་གཉིས། འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཐོད་རྒལ་གཉིས་ལ་ལོ་དུ་མའི་བར་དུ་སྒྲུབ་པ་བྱས་པས། དེ་དག་དང་མཐུན་པའི་ཡོན་ཏན་མང་

p. 546

པོ་རྒྱུད་ལ་སྐྱེས་པ་བྱུང་། བྱ་བ་ལས་ཀྱི་འཁོར་ལོ་ལ་སྒྲུབ་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་ཕན་ཕྱིར་སྐུ་རྟེན་དུ་སྔར་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས་པའི་ཁར། །གསུང་རྟེན་ལ་དགོན་པ་གྲོང་ཡུལ་ཆུ་ཁ་རྣམས་སུ་མ་ཎི་ཆོས་འཁོར་ལན་ཅིག་བསྐོར་ན་མ་ཎི་དུང་ཕྱུར་རེ་འགྲོ་བ་དང་། ལན་ལྔ་དང་བཅུ་བསྐོར་ན་མ་ཎི་དུང་ཕྱུར་ལོངས་པའི་ཆོས་འཁོར་ཆེ་ཆུང་བརྒྱ་ཕྲག ཐུགས་རྟེན་དུ་རྡོ་དང་གྱོ་མོག་གིས་བརྩིགས་པའི་མཆོད་རྟེན་ཆེན་པོ་རྨང་གཞི་ལ་ཕྱོགས་རེར་འདོམ་པ་བཅུ་དང་བརྒྱད་ཡོད་པ་དང་། ལྔ་ཡན་ཆད་ལོངས་པའི་མཆོད་རྟེན་བརྒྱ་ཕྲག་དང་། རང་དང་གྲྭ་བཙུན་ཡོན་བདག་རྣམས་ལ་སྐུ་འདྲ་དང་ས་ཚ་རྒྱག་ཏུ་བཅུག་ནས་འབུམ་ཁང་ཁོ་ན་སྟོང་ཕྲག་གཅིག་དང་། རྒྱལ་བའི་གསུང་རབ་ཀྱི་གནད་རྣམས་བསྡུས་པའི་ལེགས་བཤད་གླེགས་བམ་པོ་ཏི་བཅོ་ལྔ་བརྩམས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བྱས། གཞན་ཡང་རང་གི་སྔོན་གྱི་སེམས་བསྐྱེད་དང་སྨོན་ལམ། ཚེ་འདིར་ཐབས་མཁས་བསྡུ་བཞིའི་སྒོ་ནས་འགྲོ་བའི་དོན་བྱས་པས། འཁོར་སྐལ་བཟང་གདུལ་བྱ་མཆོག་དམན་འབྲིང་གསུམ་འདུས་པའི་གྲངས་ལ་སྔོན་སྦྱངས་ལས་འཕྲོ་ཅན་གྱི་བླ་མ་སྐུ་སྐྱེས་བུ་ཆེན་སློབ་མ་རང་དོན་ཚགས་སུ་ཆུད་ནས། གཞན་བསྟན་འགྲོ་ཡོངས་ལ་ཕན་

p. 547

ཐོགས་པ་བརྒྱ་ཕྲག་དང་། ཚེ་འདི་བློས་བཏང་བའི་བྱ་བྲལ་རི་ཁྲོད་པ་དང་གནས་ངེས་མེད་སྐོར་མཁན་དང་། དབུས་ཀྱི་གྲྭ་སར་འགྲོ་བའི་གྲྭ་བ་ཉིས་སྟོང་བདུན་བརྒྱ་དང་། ཡུལ་གྱི་དགོན་པ་དང་གྲོང་ཡུལ་ན་ཁས་བླངས་པའི་སྡོམ་པ་དང་དམ་ཚིག་སྲུང་བཞིན་ཚོགས་གསོག་སྒྲིབ་སྦྱོང་བྱེད་མཁན་དང་། བསྙེན་སྒྲུབ་ལས་གསུམ་ལ་འབད་པའི་དགེ་འདུན་པ་དང་། བོན་སྔགས་གཅོད་གསུམ་སུམ་སྟོང་བརྒྱད་བརྒྱ་ཙམ་དང་། སྐྱ་སེར་ཕོ་མོ་དད་ཅན་ཆོས་འབྲེལ་ཐོབ་པ་ཁྲི་ཚོ་གཅིག་དང་། གཞན་མཐོང་ཐོས་དྲན་རེག་བཟང་ངན་གྱི་འབྲེལ་ཐོགས་པ་བྱེ་བ་ཐེར་འབུམ་བགྲང་ལས་འདས་པ་ཡོད་དམ་སྙམ། གཞན་ཡང་སྔོན་བསགས་བསོད་ནམས་ཀྱི་མཐུ་དང་། ཚེ་འདིར་ཆོས་བཞིན་བྱས་པའི་ལག་རྗེས་སུ་ཚུར་ལ་འདོད་དགུའི་ནོར་རྫས་ལོངས་སྤྱོད་ཆར་བཞིན་བབས་ཚུལ་དང་། ཕར་ལ་སྤྲིན་བཞིན་གཏོར་ཚུལ་རྣམས་རྒྱས་པར་བྲིས་ན་མངས་ཀྱིས་དོགས་ནས་འདིར་རགས་རིམ་ཙམ་ལས་མང་པོ་མ་སྤྲོས་སོ། །གཞན་ཡང་ངའི་རྣམ་ཐར་འདི་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། སྡོམ་པ་གསུམ། བསླབ་པ་གསུམ། སྡེ་སྣོད་གསུམ་ལ་སོགས་པའི་དམ་པའི་ཆོས་

p. 548

གང་དང་བསྟུན་ན་ཡང་མཐུན་ལ། གཞན་ལ་བསྟན་ན་ཡང་དངོས་སམ་བརྒྱུད་ནས་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ། །ད་ངའི་རྣམ་ཐར་མདོར་བསྡུ་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་སྤངས། མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་བསྒོམས་པའི་མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་པ་ཡིན་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྒྱལ་སྲིད་སྤངས་ནས། རྒྱ་གར་དུར་ཁྲོད་བརྒྱད་སོགས་གནས་ཆེན་རྣམས་སུ་རིག་འཛིན་བརྒྱད་བསྟེན་བཀའ་བརྒྱད་སྒྲུབ་པ་མཛད། །དངོས་གྲུབ་བརྒྱུད་ཐོབ་གུ་རུ་མཚན་བརྒྱད་དུ་གྲགས། བོད་དུ་བྱོན་ནས་བོད་ཡུལ་མུན་པའི་གླིང་ལྟ་བུར། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། སངས་རྒྱས་གཉིས་པ་ཇོ་བོ་རྗེས། ཕོ་བྲང་རྒྱལ་མཚན་མཐོན་པོ་སོགས་སྟོབས་འབྱོར་རྒྱ་ནག་རྒྱལ་པོ་དང་མཉམ་པའི་རྒྱལ་སྲིད་སྤངས་ཏེ་བླ་མ་མང་པོ་བསྟེན་ནས། ཟབ་རྒྱའི་གདམས་པ་དཔག་མེད་གསན། ཁྱད་པར་རྒྱ་མཚོར་གྲུ་བཏང་ནས་ཟླ་བ་བཅུ་གསུམ་གྱི་བར་དུ་རྒྱ་མཚོའི་ནང་ནས་དཀའ་བ་སྤྱད། བླ་མ་གསེར་གླིང་པའི་དྲུང་དུ་

p. 549

བྱོན་ནས་ལོ་བཅུ་གཉིས་ཀྱི་བར་དུ་འབྲལ་མེད་དུ་བསྟེན། བྱང་ཆུབ་སེམས་ཀྱི་གདམས་པ་ཞུས། དབེན་པ་བསྟེན་ནས་ཚུལ་བཞིན་དུ་བསྒོམས་པས་རང་དོན་མངོན་དུ་གྱུར། གཞན་དོན་དུ་རྗེ་བཙུན་སྒྲོལ་མས་ལུང་བསྟན་བོད་དུ་ཕེབས་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་གསར་དུ་སྦར་ནས། འཕགས་ཡུལ་ལས་ཀྱང་ཆེས་ཆེར་གསལ་བ་བྱུང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཕ་ཡུལ་སྤངས་ནས་དབུས་སུ་བྱོན། དང་པོ་མཚན་ལྡན་གྱི་བླ་མ་དུ་མ་བསྟེན་ནས་རྒྱ་ཆེན་ཐོས་པ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། མཐའ་མར་དབེན་པ་བསྟེན་ནས་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པས་རང་དོན་མཐར་ཕྱིན། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་མཛད་ནས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་ལྟར། རྒྱལ་ཁམས་ཡོངས་ལ་དར་ཞིང་རྒྱས་པར་མཛད། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པས་ཚེ་བློས་བཏང་ནས་ལྷོ་བྲག་མར་པ་བསྟེན། ཟབ་མོའི་གདམས་པ་གསན་རི་ཁྲོད་དབེན་པ་བསྟེན་དཀའ་སྤྱད་དྲག་པོ་བྱས། མ་ཡེངས་རྩེ་གཅིག་ཏུ་བསྒོམས་པས།

p. 550

ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ནས་ནམ་མཁར་བྱ་ལྟར་འཕུར། ཆུ་ལ་ཉ་ལྟར་འཕྱོ། ཕ་བོང་འདམ་ལྟར་བརྫིས། རི་བྲག་ཐལ་བྱུང་དུ་ཕུག ལུས་ལྷའི་དཀྱིལ་འཁོར་དུ་སྤྲུལ་ནས་སྐྱེ་བོ་གཞན་ལ་སྟོན་པ་སོགས་ངོ་མཚར་ཕུལ་དུ་བྱུང་བའི་རྫུ་འཕྲུལ་བསྟན་ནས། སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེངས། དེ་བཞིན་དུ་གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས། མ་ཅིག་ལབ་ཀྱི་སྒྲོན་མ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྒྱ་གར་གྲུབ་ཐོབ་བརྒྱད་ཅུ། བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་རྒྱ་བོད་ཀྱི་མཁས་གྲུབ་སྔར་བྱོན་ཚད་ཐམས་ཅད་ཀྱིས་དེ་ལྟར་མཛད་པས་མཆོག་ཐུན་གྱི་དངོས་གྲུབ་བརྙེས། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པར་གདའ། ངས་ཀྱང་དམ་པ་གོང་མ་དེ་རྣམས་ཀྱི་ཕལ་ཆེ་བའི་རྣམ་ཐར་མཐོང་བས་ཡིད་ཕྲོགས། དེ་དག་གི་རྗེས་སུ་ཁ་མིག་ཡར་བལྟ་བྱས། དང་པོ་ཚེ་འདི་བློ་ཡིས་བཏང་ནས་མཚན་ལྡན་གྱི་བླ་མ་བསྟེན་ནས་ཐོས་བསམ་བྱས། བར་དུ་རི་ཁྲོད་དབེན་པ་བསྟེན་ནས་སྒོམ་སྒྲུབ་བྱས། མཐའ་མར་བསྟན་དང་འགྲོ་བ་ཡོངས་ལ་ཕན་ཐོགས་བྱས་པས་དེང་སང་སྙིགས་མའི་དུས་འདིར། བསྟན་པ་དང་འགྲོ་བའི་མིག་རྐྱེན་མཆོག་ཏུ་འགྲོ་བ་འདི་བྱུང་། དངོས་བརྒྱུད་བླ་མ་རྣམས་

p. 551

ཀྱི་རྣམ་པར་ཐར་པ་ཁྱེད་རྗེས་འཇུག་སློབ་མ་ཡང་སློབ་རྣམས་ཀྱིས་ཉམས་ལེན་དུ་འཁྱེར་རྒྱུ་བྱུང་ན་ཚེ་འདིར་ཚོགས་གཉིས་རྫོགས། །སྒྲིབ་གཉིས་བྱཁཾ་སྐུ་གཉིས་ཐོབ། དོན་གཉིས་ལྷུན་གྱིས་འགྲུབ་པར་གདོན་མི་ཟའོ། །ཞེས་སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །གོང་མའི་རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །རྣལ་འབྱོར་རང་གི་རྣམ་ཐར་མདོར་བསྡུས་ཙམ། །གླུ་རུ་ལེན་གྱིས་རྗེས་འཇུག་དགའ་བས་ཉོན། །སྔོན་དུས་བདག་ཅག་སྟོན་པ་བཅོམ་ལྡན་འདས། །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །སངས་རྒྱས་གཉིས་པ་མཉམ་མེད་ཇོ་བོ་རྗེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་དང་། །དམ་པ་རྒྱ་གར་མ་ཅིག་ལབ་སྒྲོན་སོགས། །རྒྱ་བོད་མཁས་གྲུབ་གོང་མ་ཐམས་ཅད་ཀྱི། །རྣམ་ཐར་ཕལ་ཆེར་མཐོང་བས་བདག་ཡིད་ཕྲོགས། །དེ་དག་རྗེས་སུ་ཁ་མིག་ཡར་བལྟ་བྱས། །རྣམ་ཐར་གསུང་བཞིན་བསྒྲུབས་པས་སྙིགས་དུས་འདིར། །བསྟན་འགྲོའི་མིག་རྐྱེན་མཆོག་ཏུ་འགྲོ་བ་ཞིག །དངོས་བརྒྱུད་བླ་མའི་རྣམ་པར་ཐར་པ་རྣམས། །རྗེས་འཇུག་སློབ་མ་རྣམས་ཀྱིས་

p. 552

ཉམས་ལེན་དུ། །འཁྱེར་རྒྱུ་བྱུང་ན་ཚེ་འདིར་ཚོགས་གཉིས་རྫོགས། །སྒྲིབ་གཉིས་ཀུན་བྱང་སྐུ་གཉིས་མངོན་དུ་བྱས། །དོན་གཉིས་ལྷུན་གྱིས་འགྲུབ་པར་གདོན་མི་ཟ། །རྣམ་ཐར་མདོར་བསྡུས་འདི་ཉིད་ཐོས་ཚད་ཀྱི། །རྒྱུད་ལ་ཕན་ཐོགས་དཔག་མེད་འབྱུང་བར་ཤོག །ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་ཆོས་འཕེལ་ཞིང་། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་བླངས་པས་རྗེས་འཇུག་སློབ་མ་ཡང་སློབ་རྣམས་དང་། ཕྱི་རབས་ཆོས་མཛད་རྣམས་ཀྱི་རྒྱུད་ལ་ཕན་ཐོགས་ཆེན་པོ་བྱུང་ངོ་། །སྨྲས་པ། རྒྱལ་བ་གོང་མ་རྣམས་ལ་གུས་ཕྱག་འཚལ། །གོང་མའི་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས། །རྣམ་ཐར་འདི་ལས་དམ་ཆོས་དགོས་འདོད་འབྱུང་། །འགྲོ་ཀུན་རེ་བ་སྐོང་བའི་ནོར་བུ་འདྲ། །རྣམ་ཐར་འདི་ནི་དང་པོའི་ལས་ཅན་ལ། །མ་ནོར་ལམ་བཟང་སྟོན་པའི་བླ་མ་འདྲ། །རྣམ་ཐར་འདི་ནི་འཁོར་བའི་ཆུ་བོ་ལས། །སྒྲོལ་བར་འདོད་པ་རྣམས་ལ་གྲུ་ཆེན་འདྲ། །རྣམ་ཐར་འདི་ནི་ཐར་པའི་གླིང་མཆོག་ཏུ། །བགྲོད་འདོད་རྣམས་ལ་དེད་དཔོན་བཟང་པོ་འདྲ། །རྣམ་ཐར་ནང་ན་བླ་མ་དྲན་མགུར་ཡོད། །སློབ་མ་དད་པ་ཅན་ཚོའི་དགའ་སྟོན་མཛོད། །རྣམ་ཐར་ནང་ན་ལས་འབྲས་རྣམ་གཞག་ཡོད། །སྡིག་

p. 553

སྤོང་དགེ་སྒྲུབ་མཁན་གྱི་དགའ་སྟོན་མཛོད། །རྣམ་ཐར་ནང་ན་མི་རྟག་སྐྱོ་མགུར་ཡོད། །བཙུན་པ་སྐྱོ་ཤས་ཅན་གྱི་དགའ་སྟོན་མཛོད། །རྣམ་ཐར་ནང་ན་སྙིང་རྗེ་ཆོས་སྐོར་ཡོད། །བཟང་པོ་བྱང་ཆུབ་སེམས་དཔའི་དགའ་སྟོན་མཛོད། །རྣམ་ཐར་ནང་ན་ལྟ་མགུར་སྣ་ཚོགས་ཡོད། །མཁས་པ་ཉམས་མྱོང་ཅན་ཚོའི་དགའ་སྟོན་མཛོད། །རྣམ་ཐར་ནང་ན་དག་སྣང་སྦྱོང་ཚུལ་ཡོད། །ཆོས་ལ་ཕྱོགས་རིས་མེད་པའི་དགའ་སྟོན་མཛོད། །རྣམ་ཐར་ནང་ན་དབེན་པའི་བསྔགས་བརྗོད་ཡོད། །བྱ་བཏང་རི་ཁྲོད་པ་རྣམས་དགའ་སྟོན་མཛོད། །རྣམ་ཐར་ནང་ན་སྙན་པའི་གླུ་དབྱངས་ཡོད། །དཀར་ཕྱོགས་ལྷ་མི་རྣམས་ཀྱི་དགའ་སྟོན་མཛོད། །རྣམ་ཐར་འདི་ཉིད་ལྷག་བསམ་དག་པས་བརྩམས། །མ་འོངས་འགྲོ་བ་ཡོངས་ལ་ཕན་པར་ཤོག ། རྣམ་ཐར་འདི་ནི་སངས་རྒྱས་བསྟན་པ་དང་། །བསྟན་འཛིན་རྣམས་ཀྱི་རྒྱན་དུ་འགྱུར་བར་ཤོག །རྣམ་ཐར་ནོར་བུ་གར་གནས་ས་ཕྱོགས་སུ། །ཆོས་དང་བཀྲ་ཤིས་དགེ་ལེགས་འབར་གྱུར་ཅིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བསྔོ་བ་སྨོན་ལམ་རྣམ་དག་གིས་མཚམས་སྦྱོར་བྱས་ཚུལ། ཐ་མར་དགེ་བ་མཇུག་ཏུ་བསྔོ་བ་སྨོན་ལམ་རྣམ་དག་གིས་མཚམས་སྦྱོར་བྱས་ཚུལ་བཟང་པོ་ནི།

p. 554

དེ་ཡང་རྣམ་དཀར་དགེ་བ་གང་བྱས་ཀྱི་མཇུག་ཏུ་བསྔོ་སྨོན་བྱས་པའི་ཕན་ཡོན་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བློ་གྲོས་རྒྱ་མཚོ། མཆིལ་མའི་ཐིགས་པ་གཅིག་བྱེ་མའི་སྟེང་དུ་བོར་ན་དེ་ཉིད་དུ་བསྐམ་པར་འགྱུར་ལ། དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན། ཇི་སྲིད་རྒྱ་མཚོ་ཆེན་པོ་ཟད་ཅིང་བསྐམ་པར་མི་འགྱུར་བ་དེ་སྲིད་དུ། མཆིལ་མའི་ཐིགས་པ་དེ་ཡང་མི་སྐམ་མོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པའི་དགེ་བའི་རྩ་བ་ནི་ཟད་ཅིང་འཕེལ་བར་མི་འགྱུར་ལ། གང་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་རྩ་དེ་ནི་མི་ཟད་ཅིང་འཕེལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ཚིགས་བཅད་ཡོངས་གྲགས་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱུ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། བསོད་ནམས་དམ་པའི་མདོ་ལས། མི་ལུས་ཐོབ་པའི་དུས་འདིར་དགེ་བ་ཆུང་ངུ་ནས་བསག་དགོས། དེ་ཡང་བསྔོ་དགོས། མ་བསྔོས་པའི་རྫས་རྣམས་ནི་བྱེ་ཚན་ལ་ཆུ་ཐིགས་བརྒྱབ་ན་མྱུར་དུ་སྐམ་པ་དང་འདྲ། བསྔོ་བ་བྱས་པའི་ཕན་ཡོན་ནི་རྒྱ་མཚོ་ཆེན་པོར་ཆུ་ཐིགས་ཤིག་བླུགས་ན།

p. 555

དེ་མི་ཟད་ཅིང་སླར་འཕེལ་བར་འགྱུར་བ་དང་འདྲ་གསུངས། བརྒྱད་སྟོང་འགྲེལ་ཆེན་ལས། ཡོངས་སུ་བསྔོ་བ་ནི་ཆུད་མ་ཟོས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་འདྲ་བར་ཟད་པ་མེད་པའི་ཕྱིར་རོ། །ཞེས་དང་། འགྲེལ་ཆུང་དོན་གསལ་ལས། བསྔོ་བ་ཡིད་ལ་བྱེད་པས་ནི་གསེར་མགར་གྱི་རྒྱན་ལ་སོགས་པ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །ཞེས་དང་། དེ་བཞིན་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། ཡང་དག་བསྔོ་བའི་རྒྱས་བཏབ་ན། །འགྲོ་ཀུན་རྣམ་མཁྱེན་ས་ལམ་སྒྲོལ། །ཞེས་དང་། མཉམ་མེད་དྭགས་པོ་ལྷ་རྗེས། སྔོན་བྱང་ཆུབ་སྙིང་པོ་མ་ཐོབ་པ། །རྒྱུ་བར་མདོ་རུ་ཆུད་ཟོས་པ། །གནད་བསྔོ་བ་མ་ཤེས་གཅིག་པུས་ལན། །དེ་བས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་དང་། འབྲི་ཁུང་པ་འཇིག་རྟེན་མགོན་པོས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །བསྔོ་སྨོན་གྱི་བྱི་དོར་མ་བྱས་ན། །དགོས་འདོད་གྱི་འབྲས་བུ་མི་འབྱུང་བས། །དེ་བས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་དང་། འགྲོ་མགོན་གཙང་བ་རྒྱ་རས་ཀྱིས། སྦྱིན་པ་ལོངས་སྤྱོད་ཀྱི་རྟ་ཕོ་ལ། །བསྔོ་བ་སྲབ་ཀྱིས་ཁ་བསྒྱུར་ན། །རང་གང་འདོད་ཀྱི་ས་དེར་

p. 556

སླེབས་པ་ཡིན། །གསུངས། སྔོན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བསྙེན་བཀུར་བྱས། དགེ་བ་བྱང་ཆུབ་ཏུ་བསྔོར་བཅུག་པས། དེ་བཞིན་གཤེགས་པ་འོད་དཔག་མེད་དུ་གྱུར། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་བཅས་ལ་རྒྱལ་པོ་ནོར་ལྡན་གྱིས་བསྙེན་བཀུར་ནས། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པས། ཕྱིས་རྒྱལ་བ་བྱམས་པར་འགྱུར་ཞེས་ལུང་བསྟན་པ་བྱུང་། དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ལ། འཁོར་ལོས་བསྒྱུར་རྒྱལ་ནམ་མཁས་བསྙེན་བཀུར་བྱས། དགེ་བ་རྫོགས་བྱང་དུ་བསྔོས་པས། རྗེས་སུ་རྗེ་བཙུན་འཇམ་དབྱངས་སུ་གྱུར། སྔོན་དབུལ་མོ་གཉེན་དགའ་མོས། རྒྱ་རལ་ཞིག་གི་ནང་དུ་མར་མེ་ཆུང་ངུ་ཞིག་སྦྱར་ནས། སངས་རྒྱས་ཀྱི་སྤྱན་སྔར་ཕུལ་ཏེ། དགེ་བའི་རྩ་བ་འདིས་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། འཇིག་རྟེན་དུ་སྟོན་པ་ཤཱཀྱ་ཐུབ་པ་དེ་བཞིན་དུ། བདག་ཀྱང་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ། བུ་མོ་འདི་མ་འོངས་པའི་དུས་ན་སངས་རྒྱས་མར་མེའི་འོད་ཅེས་བྱ་བ་དབང་བཅུ་དང་ལྡན་པ་ཞིག་ཏུ་འགྱུར་ཞེས་ལུང་བསྟན་པ་བྱུང་། སྔོན་སངས་རྒྱས་དབང་ཕྱུག་རྒྱལ་པོའི་དྲུང་དུ། དགེ་སློང་

p. 557

ཆོས་ཀྱི་འབྱུང་གནས་ཞེས་བྱ་བས། རང་གིས་སངས་རྒྱས་ཀྱི་ཞིང་བཟུང་བ་ཇི་བཞིན་དུ། བདག་ཀྱང་སྨོན་ལམ་འདེབས་ཀྱིས་འགྲུབ་པར་གྱུར་ཅིག་ཅེས་བརྗོད་པས། བདེ་བ་ཅན་གྱི་ཞིང་ཁམས་འགྲུབ་པར་གྱུར། སྔོན་པདྨའི་མིག་གིས་སངས་རྒྱས་ཀྱི་མཆོད་རྟེན་ལ་རིན་པོ་ཆེ་མཐོན་ཀ་གཅིག་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཉིས་ཀྱི་བར་དུ་འབྱོར་བ་ཆེ་བར་གྱུར། འབྲས་བུ་ཐོབ་པའི་སྨོན་ལམ་བཏབ་པས། དགྲ་བཅོམ་པར་གྱུར་པའི་ལོ་རྒྱུས་དེ་འདྲ་བ་མང་པོ་འདུག་པས། བསྔོ་བ་སྨོན་ལམ་རྣམ་དག་འདེབས་པ་འདི་ཤིན་ཏུ་གལ་ཆེ་བར་གདའ། ད་ནི་བསྔོ་སྨོན་བྱ་བ་ནི། ཕྱོགས་བཅུའི་ཞིང་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས། བདག་སོགས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གཟིགས་ཤིང་དགོངས་སུ་གསོལ། ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས། བདག་གཞན་དུས་གསུམ་བསགས་པའི་དགེ་བ། ཁྱད་པར་དུ་ཡང་བདག་གི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས། ཚེ་གང་བོ་འདི་ཉིད་ལ་དགེ་བ་

p. 558

བགྱིས་པ་དང་། ཏིང་ངེ་འཛིན་བསྒོམས་པའི་བསོད་ནམས་ཐམས་ཅད་བློ་ཡིས་བླངས་ནས། བསྟན་པ་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དུ་ཡོངས་སུ་བསྔོ་བར་བགྱིའོ། །དེའི་མཐུ་ལ་བརྟེན་ནས་ཕན་བདེའི་ལེགས་ཚོགས་མ་ལུས་པའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་སྣ་ཚོགས་ནས། ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག མ་སེམས་ཅན་ཐམས་ཅད་གནས་སྐབས་སུ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ནས་བདེ་ཞིང་། མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཉིད་དུ་འཐོབ་པར་གྱུར་ཅིག ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཤེས་རྒྱུད་ལ་དགེ་བའི་རྩ་བ་མཐའ་དག་ཡོངས་སུ་རྫོགས་པར་སྨིན་ནས། དེའི་མཐུ་ལ་བརྟེན་ནས་སྐྱེ་བ་འདིའམ་མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས། མཐར་ཐུག་འཐོབ་བྱ་བླ་ན་མེད་པ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བ་མྱུར་དུ་འཐོབ་པར་གྱུར་ཅིག དེ་ལྟ་བུའི་གོ་འཕང་མཆོག་མ་ཐོབ་པའི་གནས་སྐབས་སུ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐེག་མཆོག་འཁོར་ལོ་བཞི་དང་

p. 559

མི་འབྲལ་བ་ལ་མཉམ་མེད་ཇོ་བོ་རྗེ་ཡབ་སྲས་ལྟ་བུར་གྱུར་ཅིག་ལེགས་ཚོགས་རྩ་བ་བླ་མ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ལ་འཕགས་པ་རྟག་ཏུ་ངུ་དང་། བྱང་སེམས་ནོར་བཟང་ལྟ་བུར་གྱུར་ཅིག ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་བསྲུང་བ་ལ། ཉེས་ལྟུང་གི་དྲི་མས་མ་གོས་པ་དགེ་སློང་མི་འཁྲུགས་པ་ལྟ་བུར་གྱུར་ཅིག ཤེས་རབ་ཆེ་བ་ལ་མཁྱེན་རབ་ཀྱི་བདག་པོ་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུར་གྱུར་ཅིག སྙིང་རྗེ་ཆེ་བ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུར་གྱུར་ཅིག མཐུ་སྟོབས་ཆེ་བ་ལ་ཡི་དམ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ཅིག ལྷ་འདྲེ་ཐམས་ཅད་བཏུལ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པ་ལ་ཨོ་རྒྱན་པདྨ་འབྱུང་གནས་ལྟ་བུར་གྱུར་ཅིག རིག་པའི་གནས་ལྔ་ལ་མཁས་པ་ལ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ལྟ་བུར་གྱུར་ཅིག དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་སྒྲུབ་བརྒྱུད་ཀྱི་བསྟན་པའི་ཆེ་བ་འབྱིན་པ་ལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་ཡབ་སྲས་ལྟ་བུར་གྱུར་ཅིག བྱམས་པ་དང་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རྒྱུད་ལ་འབྱོངས་པ་ལ། སློབ་དཔོན་ཞི་བ་ལྷ་དང་རྒྱལ་སྲས་ཐོགས་མེད་དཔལ་བཟང་པོ་ལྟ་བུར་གྱུར་

p. 560

ཅིག གསང་སྔགས་ཀྱི་བསྐྱེད་རྫོགས་གཉིས་མཐར་ཕྱིན་པ་ལ། རྭ་ལོ་རྡོ་རྗེ་གྲགས་དང་གྲུབ་ཆེན་ལྭ་ཝ་པ་ལྟ་བུར་གྱུར་ཅིག རྐྱེན་ངན་ཐམས་ཅད་ལམ་དུ་སློང་བ་ལ། ཕ་ཅིག་དམ་པ་རྒྱ་གར་ལྟ་བུར་གྱུར་ཅིག བདག་འཛིན་ཉོན་མོངས་རྩད་ནས་གཅོད་པ་ལ་མ་ཅིག་ལབ་ཀྱི་སྒྲོན་མ་ལྟ་བུར་གྱུར་ཅིག ཆོས་ལུགས་གྲུབ་མཐའ་གང་ལ་ཕྱོགས་རིས་མེད་པ་ལ་རྒྱལ་བ་དགེ་འདུན་གྲུབ་དང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལྟ་བུར་གྱུར་ཅིག འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ལ་མཁས་པའི་དབང་པོ་རྒྱན་དྲུག་དང་མཆོག་གཉིས་ལྟ་བུར་གྱུར་ཅིག མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པ་ལ་རྗེ་འབངས་ཉེར་ལྔ་དང་གྲུབ་ཐོབ་བརྒྱད་ཅུ་ལྟ་བུར་གྱུར་ཅིག དུས་མ་ཡིན་པའི་འཆི་བ་མཐའ་དག་འཇོམ་པ་ལ་མགོན་པོ་ཚེ་དཔག་མེད་ལྟ་བུར་གྱུར་ཅིག དུག་གསུམ་གྱི་ནད་ཐམས་ཅད་སེལ་བ་ལ་སངས་རྒྱས་སྨན་བླ་ལྟ་བུར་གྱུར་ཅིག སེམས་ཅན་གྱི་དབུལ་པའི་སྡུག་བསྔལ་སེལ་བ་ལ་ནོར་བདག་རྣམ་ཐོས་སྲས་དང་མགོན་པོ་ཛམྦྷ་ལ་ལྟ་བུར་གྱུར་ཅིག ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ་བ་ལ་འཕགས་པ་ཀུན་ཏུ་བཟང་པོ་ལྟ་བུར་གྱུར་ཅིག སངས་རྒྱས་ནས་མཁའ་མཉམ་

p. 561

གྱི་འགྲོ་བའི་དོན་བྱེད་པ་ལ་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྟ་བུར་གྱུར་ཅིག སྟོད་ཛ་ཏི་དབྱུག་པས་བརྡུང་ས་ནས་སྨད་རྒྱ་མོ་ཆུ་ལ་དར་འཐག་ས་ཡན་ཆད་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་པ་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལྟ་བུར་གྱུར་ཅིག ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས། བདག་གཞན་དུས་གསུམ་བསགས་པའི་དགེ་བ། ཁྱད་པར་དུ་བདག་གི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་དགེ་བ་བགྱིས་པ་དང་། ཏིང་ངེ་འཛིན་བསྒོམས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བསྔོ་བ་སྨོན་ལམ་ཅི་བཏབ་ཚད་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ། བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མཐོལ་ལོ་བཤགས། །རང་གཞན་སྐྱེ་འཕགས་དགེ་ལ་རྗེས་ཡི་རང་། །ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་ཚོགས་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །དེ་མཐུས་རང་གཞན་སངས་རྒྱས་མྱུར་ཐོབ་ཤོག །བླ་མ་དཀོན་མཆོག་

p. 562

གསུམ་གྱི་ཐུགས་རྗེ་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །ཚེ་རབས་ཀུན་ཏུ་བླ་མར་མཇལ་བ་ལ། །ཇོ་བོ་རྗེ་དང་འབྲོམ་སྟོན་ལྟ་བུར་ཤོག །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ལ། །རྟག་ཏུ་ངུ་དང་ནོར་བཟང་ལྟ་བུར་ཤོག །ངོམས་པ་མེད་པར་ཐོས་བསམ་བྱེད་པ་ལ། །ཀུན་མཁྱེན་བློ་བཟང་ཡབ་སྲས་ལྟ་བུར་ཤོག །ཆོས་བཞིན་འདུལ་བ་བཞིན་དུ་བྱེད་པ་ལ། །བཀའ་གདམས་སྐུ་མཆེད་སློབ་བརྒྱུད་ལྟ་བུར་ཤོག །ཆོས་ཕྱིར་དཀའ་སྤྱད་སྙིང་རུས་བྱེད་པ་ལ། །བཀའ་བརྒྱུད་མི་ལ་ཡབ་སྲས་ལྟ་བུར་ཤོག །རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལྟ་བུར་ཤོག །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སྟོན་པ་ལ། །རྒྱ་གར་གྲུབ་ཐོབ་བརྒྱད་ཅུ་ལྟ་བུར་ཤོག །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བ་ལ། །པད་འབྱུང་རྗེ་འབངས་ཉེར་ལྔ་ལྟ་བུར་ཤོག །མཁྱེན་རབ་ཆེན་པོས་བླང་དོར་འབྱེད་པ་ལ། །དབྱངས་ཅན་མ་དང་འཇམ་དབྱངས་ལྟ་བུར་ཤོག །མཐུ་སྟོབས་ཆེན་པོས་ལོག་འདྲེན་འདུལ་བ་ལ། །རྟ་མགྲིན་ཕྱག་ན་རྡོ་རྗེ་ལྟ་བུར་ཤོག །ཟུག་རྔུའི་ནད་ཀུན་སེལ་བར་བྱེད་པ་ལ། །བཅོམ་ལྡན་སྨན་པའི་རྒྱལ་པོ་ལྟ་བུར་ཤོག །དུས་མིན་འཆི་བ་མ་ལུས་འཇོམ་པ་ལ། །

p. 563

མགོན་པོ་ཚེ་དཔག་མེད་པ་ལྟ་བུར་ཤོག །བླ་མའི་ཚུལ་བཟུང་འགྲོ་དོན་བྱེད་པ་ལ། །སྐྱབས་མགོན་རྒྱལ་བ་ཡབ་སྲས་ལྟ་བུར་ཤོག །རྒྱལ་པོའི་ཚུལ་བཟུང་རྒྱལ་ཁམས་འདུལ་བ་ལ། །འཇམ་དབྱངས་གོང་མ་རྒྱལ་པོ་ལྟ་བུར་ཤོག །སྐྱོ་ངལ་མེད་པར་འགྲོ་ཀུན་འདྲེན་པ་ལ། །སྤྱན་རས་གཟིགས་དང་སངས་རྒྱས་ལྟ་བུར་ཤོག །མདོར་ན་རང་གཞན་དོན་གཉིས་བསྒྲུབ་པ་ལ། །དངོས་དང་བརྒྱུད་པའི་བླ་མ་ལྟ་བུར་ཤོག །གང་གང་སྨོན་ལམ་ཇི་ལྟར་བཏབ་པ་ལྟར། །དེ་དེ་བཞིན་དུ་ཐམས་ཅད་འགྲུབ་པར་ཤོག ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དྲང་སྲོང་རྣམས། །བདག་གིས་བསྔོ་སྨོན་བྱེད་པའི་དཔང་པོ་མཛོད། །བླ་མ་མཆོག་གསུམ་བྱིན་རླབས་ནུས་མཐུ་དང་། །དྲང་སྲོང་བདེན་མཐུས་བསྔོ་སྨོན་འགྲུབ་གྱུར་ཅིག །བདག་གཞན་ཚེ་འདིར་བསགས་པའི་དགེ་བ་ཡིས། །གཙོ་བྱས་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །དེའི་མཐུས་རང་གཞན་སངས་རྒྱས་མྱུར་ཐོབ་ཤོག །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །སྐྱེས་བུ་གསུམ་གྱི་དོན་རྣམས་སྒྲུབ་པའི་རྟེན། །དལ་འབྱོར་ལུས་ཐོབ་སྔོན་སྦྱངས་བག་ཆགས་སད། །

p. 564

དགེ་བའི་བཤེས་བསྟེན་ཆོས་ལ་སྤྱོད་པར་ཤོག །འགྲོ་ལ་བདེ་སྐྱིད་མ་ལུས་འབྱུང་བའི་གནས། །རྒྱལ་བའི་དམ་ཆོས་ཡིན་པར་ཡིད་ཆེས་ནས། །ཚེ་རབས་ཀུན་ཏུ་ཐབས་མཁས་བསྡུ་བཞིའི་སྒོས། །འགྲོ་བ་ཡོངས་ལ་དམ་ཆོས་སྟོན་པར་ཤོག །ཕན་བདེ་འབྱུང་གནས་བསྟན་པ་རིན་པོ་ཆེ། །འཇིག་རྟེན་ཁམས་སུ་ཡུན་རིང་བར་དུ་གནས། །ལྷ་མིས་གཙོ་བྱས་མ་གྱུར་འགྲོ་ཀུན་ལ། །བདེ་སྐྱིད་ཉི་མ་བཞིན་དུ་འཆར་བར་ཤོག །སངས་རྒྱས་བསྟན་པ་ཇི་སྲིད་ནམ་གནས་བར། །བདག་གི་རྣམ་ཐར་མགུར་འབུམ་ལེགས་བཤད་ཀྱང་། །གནས་ནས་རིས་མེད་བསྟན་དང་འགྲོ་ཀུན་ལ། །ཕན་ཐོགས་དཔག་ཏུ་མེད་པ་འབྱུང་བར་ཤོག །རྣམ་ཐར་མཐོང་ཐོས་དྲན་རེག་ཆོས་མཛད་ཀྱི། །ཚེ་དང་ཆོས་ལ་བར་ཆད་མི་འབྱུང་བར། །ཆོས་མགོ་མཐའ་རུ་ཐོན་ནས་ཚེ་འདིར་ཡང་། །བདག་གཞན་བསྟན་འགྲོ་ཡོངས་ལ་ཕན་པར་ཤོག །ཡིད་བཞིན་ནོར་བུ་གང་དུ་གནས་ན་ཡང་། །ཡུལ་ལ་ཕན་བདེ་བཀྲ་ཤིས་འབྱུང་བ་ལྟར། །རྣམ་ཐར་གང་དུ་གནས་པའི་ས་ཕྱོགས་སུ། །ཆོས་དང་བཀྲ་ཤིས་དགེ་ལེགས་འཕེལ་བར་ཤོག །ཡིད་བཞིན་ནོར་བུར་མཆོད་བསྟོད་གསོལ་བཏབ་ན། །འགྲོ་ལ་དགོས་འདོད་ཐམས་ཅད་འབྱུང་བ་ལྟར། །རྣམ་

p. 565

ཐར་ནང་བཞིན་མཛད་མཁན་ཐམས་ཅད་ཀྱི། །རྒྱུད་ལ་ཉམས་རྟོགས་ཡོན་ཏན་འབྱུང་བར་ཤོག །རྣམ་ཐར་ལན་ཅིག་ཙམ་རེ་བཏོན་ན་ཡང་། །གྲུབ་མཐའི་ཆགས་སྡང་ཕྱོགས་རིས་ཀུན་ཞི་ནས། །གང་ལ་དད་གུས་དག་སྣང་འབྱོངས་པ་དང་། །ཕྱོགས་མེད་ཐོས་བསམ་སྒོམ་གསུམ་བྱེད་པར་ཤོག །རྒྱལ་བ་གོང་མའི་སྐུ་གཟུགས་གར་བཞུགས་སར། །ཆོས་དང་བཀྲ་ཤིས་ངང་གིས་འཕེལ་བ་ལྟར། །བདག་གི་འདྲ་སྐུ་གྲོང་དགོན་གར་གནས་ཀྱང་། །བདེ་སྐྱིད་ཡར་ངོའི་ཟླ་བཞིན་འཕེལ་བར་ཤོག །འདྲ་སྐུ་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི། །རྒྱུད་ཀྱི་བསམ་ངན་སྦྱོར་རྩུབ་ཀུན་ཞི་ནས། །ཕན་པ་བྱང་ཆུབ་སེམས་དང་ལྡན་གྱུར་ཏེ། །རྒྱལ་སྲས་བཟང་པོའི་སྤྱོད་ལ་འཇུག་པར་ཤོག །བདག་ནི་ན་སོ་རྒས་ནས་ཤི་སོང་ཡང་། །རྗེས་འཇུག་སློབ་མ་ཡང་སློབ་ཐམས་ཅད་ཀྱིས། །ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས། །དབེན་པར་བདག་གི་རྣམ་ཐར་སྐྱོང་བར་ཤོག །ཤུལ་ན་ལུས་པའི་རྟེན་གསུམ་མཆོད་རྫས་དང་། །ན་བཟའ་སྐུ་ལ་གདུང་རུས་ལ་སོགས་པ། །གང་དུ་འཁྱེར་བའི་ས་ཕྱོགས་ཐམས་ཅད་ལ། །ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས་པར་ཤོག །བདག་ལ་བཟང་ངན་འབྲེལ་བ་ཐོགས་ཚད་

p. 566

དང་། །འབྲེལ་བ་མེད་པའི་གདུལ་དཀའི་སེམས་ཅན་ཡང་། །ཐམས་ཅད་བྱང་ཆུབ་སེམས་ཀྱིས་དབང་བསྡུས་ནས། །ཆོས་བསྟན་ཐར་པའི་ལམ་ལ་འགོད་ནུས་ཤོག །སེམས་ཅན་འཇིགས་པས་ཉེན་པ་ཐམས་ཅད་ཀྱིས། །བདག་ནི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འཇིགས་སྐྲག་སྡུག་བསྔལ་ཀུན་ལས་ཐར་གྱུར་ནས། །ཚེ་རབས་ཀུན་ཏུ་བདེ་ཞིང་སྐྱིད་པར་ཤོག །མ་འོངས་མངོན་དགའ་དགའ་ལྡན་བདེ་བ་ཅན། །པོ་ཏ་ལ་དང་དག་པ་མཁའ་སྤྱོད་སོགས། །གང་འདོད་དག་པའི་ཞིང་ཁམས་ཉམས་དགའ་ནས། །སློབ་མ་ཡོན་བདག་རྣམས་ལ་མཇལ་བར་ཤོག །མཇལ་ནས་དགའ་སྤྲོའི་གླེང་མོ་བྱེད་བཞིན་དུ། །ཐོགས་པ་མེད་པའི་རྫུ་འཕྲུལ་ལ་བརྟེན་ནས། །ཕྱོགས་བཅུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ། །སོང་ནས་ངོ་མཚར་ལྟད་མོ་བལྟ་བར་ཤོག །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་རྣམས། །མཆོད་ཅིང་གསུང་གི་བདུད་རྩི་མྱང་བ་དང་། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ། །ཆོས་བསྟན་སངས་རྒྱས་ས་ལ་འགོད་པར་ཤོག །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །ཇི་ལྟར་བསྔོ་བ་སྨོན་ལམ་བཏབ་པ་བཞིན། །དེ་ལྟར་མྱུར་བ་མྱུར་དུ་འགྲུབ་པར་ཤོག །ཅེས་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་བྱས་པའོ། །ད་ནི་མཇུག་ཏུ་བཀྲ་ཤིས་བརྗོད་པ་ནི། །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །སངས་རྒྱས་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཆོས་

p. 567

ཀྱི་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །དགེ་འདུན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །བླ་མའི་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཡི་དམ་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །མཁའ་འགྲོའི་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །ཆོས་སྐྱོང་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ནོར་ལྷའི་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཡུལ་ལྷའི་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །སྐུ་རྟེན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །གསུང་རྟེན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཐུགས་རྟེན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །མཁས་གྲུབ་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །གྲྭ་སློབ་ཚོགས་ཀྱིས་གང་

p. 568

བའི་བཀྲ་ཤིས་ཤོག །ཡོན་བདག་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །བྱིན་རླབས་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །དངོས་གྲུབ་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །བདེ་སྐྱིད་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །མི་ནོར་ཟས་གསུམ་འཛོམ་པའི་བཀྲ་ཤིས་ཤོག །ལྟོ་གོས་ཆོས་གསུམ་འཛོམ་པའི་བཀྲ་ཤིས་ཤོག །ཐམས་ཅད་འཛོམ་གསུམ་ཡོང་བའི་བཀྲ་ཤིས་ཤོག །ཅེས་འགྲོ་མགོན་ཞབས་དཀར་པའི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཐོག་མཐའ་བར་དུ་དགེ་བ་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ནི། དད་བརྩོན་ཤེས་རབ་སྙིང་རྗེ་ལ་སོགས་པའི་སློབ་མའི་མཚན་ཉིད་ཚང་བའི་སྐལ་ལྡན་བུ་ཆེན་མང་པོས་ཡང་ཡང་བསྐུལ་ངོར། སེམས་ཉིད་མཁའ་ལས་ཡངས་པའི་རྣལ་འབྱོར་གུ་ཡངས་ཡན་པ་བློ་བདེ་ཞབས་དཀར་པས། དམ་པ་གོང་མའི་གདན་ས། བླ་མ་ལྷ་ཡི་ཕོ་བྲང་། དཔའ་

p. 569

བོ་མཁའ་འགྲོའི་འདུ་ཞིང་། འདུ་འཛི་གྲོང་གི་གོང་རོལ། གཡའ་དང་སྤང་གི་འདབས་རོལ། སྤྲིན་དང་ན་བུན་འཁོར་ཞིང་འཇའ་ཚོན་རི་མོ་འཆར་བ། ཁུ་བྱུག་སྐད་སྙན་སྒྲོག་ཅིང་བུང་བ་ལང་ལིང་འཕུར་བ། ལྗོན་ཤིང་ལོ་འདབ་རྒྱས་ཤིང་མེ་ཏོག་སྣ་ཚོགས་བཀྲ་བ། ནམ་མཁའ་མཐོང་རྒྱ་ཆེ་ཞིང་ཉམས་དགའ་རིག་པ་དྭངས་པ། བཀྲ་ཤིས་གཡང་ཀུན་འཁྱིལ་ཞིང་མིང་དང་དོན་མཐུན་པའི་གནས་མཆོག་བཀྲ་ཤིས་འཁྱིལ་བའི་བདེ་བ་ཅན་གྱི་ཉེ་འདབས་མཚམས་ཁང་འོད་གསལ་ཉི་འོད་འཁྱིལ་བ་ནས་ལེགས་པར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་འཁོར་བ་མ་སྟོངས་ཀྱི་བར་དུ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག ཅེས་སྨོན་ལམ་ཡང་ཡང་འདེབས་པ་ལགས་སོ། །སརྦ་མངྒ་ལཾ།

ས་གསུམ་འགྲོ་བའི་མགོན་པོ་མཆོག་གི་སྐུ་ཚེ་ཐ་མའི་རྣམ་ཐར་བྱུང་ཚུལ་བློ་ལྡན་དྲན་པའི་ལྕགས་ཀྱུ།

p. 570

ས་གསུམ་འགྲོ་བའི་མགོན་པོ་མཆོག་གི་སྐུ་ཚེ་ཐ་མའི་རྣམ་ཐར་བྱུང་ཚུལ་བློ་ལྡན་དྲན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ངོ་བོ་འཕོ་འགྱུར་ཀུན་དང་བྲལ་བ་ཆོས་ཀྱི་སྐུ། །རང་བཞིན་མ་འདྲེས་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །ཐུགས་རྗེ་ཅིར་ཡང་འཆར་བ་སྣ་ཚོགས་སྤྲུལ་པའི་སྐུ། །རྣམ་གསུམ་དབྱེར་མེད་བཤེས་གཉེན་མཆོག་ལ་གུས་ཕྱག་འཚལ། །ཟག་བྲལ་རྡོ་རྗེ་སྐུ་མཆོག་དཀྱིལ་འཁོར་རྒྱ་མཚོའི་ཚོགས་ཀྱི་རྗེ། །བརྗོད་

p. 571

བྲལ་ནཱ་དའི་གསུང་སྙན་གནས་རིགས་དྲུག་ན་ལྷང་ངེར་གྲགས། །སྒྲིབ་བྲལ་གསལ་སྟོང་ཐུགས་ནི་རང་བབས་ངང་དུ་ལྷོད་དེ་བ། །མཚུངས་བྲལ་རྣམ་གྲོལ་བདེ་སྟེར་སྐྱབས་མཆོག་སྙིང་ཀའི་པད་མཚོར་རོལ། །གང་གི་ཞིང་འདིའི་གདུལ་བྱ་རྫོགས་གྱུར་ནས། །ཞིང་ཁམས་གཞན་དུ་གཟིགས་པ་ཐ་མ་ཡི། །རྣམ་ཐར་བྱུང་ཚུལ་དྲང་པོར་བརྗོད་པའི་གཏམ། །བློ་ལྡན་དྲན་པའི་གསོས་སུ་སྤེལ་བ་ལ། །མཆོག་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མ་ཡི། །བྱིན་རླབས་སྤྲིན་གཡོས་འཕྲིན་ལས་གློག་ཕྲེང་འཁྱུག །གསང་གསུམ་ཡོན་ཏན་དབྱར་སྐྱེས་རྔ་ཆེན་སྒྲས། །དད་ལྡན་མདོངས་མཐའི་ཚོགས་གཉིས་མངལ་ཁུར་སྦྲུམས། །ཕན་བདེའི་དཔལ་སྦྱིན་སྤྲིན་གྱི་མྱུ་གུ་ཡིས། །

p. 572

མཆོག་དམན་གདུལ་བྱའི་ཞིང་ས་སིམ་གྱུར་ནས། །བྱང་ཆུབ་སེམས་གཉིས་སྙེ་མ་གཡུར་ཟ་ཞིང་། །དོན་གཉིས་འབྲས་བུ་སྨིན་པར་བྱིན་གྱིས་རློབས། །དད་དང་ངེས་འབྱུང་བྱང་སེམས་ཡང་དག་ལྟའི། །རྒྱུད་ཕྱུག་ཐར་འདོད་སློབ་བུའི་ཚོགས་རྣམས་དང་། །མཆོག་དམན་ཡོན་བདག་གྲྭ་སློབ་ཐམས་ཅད་ཀྱིས། །དད་དང་གུས་པས་རྣ་བའི་དཔྱིད་དུ་ལོངས། །ཞེས་མཆོད་པར་བརྗོད་ཅིང་། གང་བཤད་པར་བྱ་བའི་ཆོས་ནི། དེ་ཡང་ཇི་སྐད་དུ། སློབ་དཔོན་དཔའ་བོས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །འཇིག་རྟེན་མཆོག་གི་སྤྱོད་པ་དམ་པའི་ཕྱོགས་ཙམ་གྱིས། །བདག་གི་སྙན་དངགས་མཉན་དུ་རུང་བར་བྱ་བའི་ཕྱིར། །ལུང་དང་གཙུག་ལག་རིག་པར་མི་འགལ་ལམ་ངག་གིས། །དེ་ལྟར་འཇིག་རྟེན་དོན་འགྱུར་སྙམ་ནས་འདི་བརྩམས་སོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ། རྣམ་པར་ཐར་པ་ཕྱོགས་ཙམ་ཞིག་ཡི་གེའི་ལམ་དུ་སྤེལ་བ་ལ། ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་

p. 573

རོལ་ནས་མངོན་པར་བྱང་ཆུབ་ཀྱང་། དག་དང་མ་དག་པའི་གདུལ་བྱའི་མོས་པ་སྣ་ཚོགས་པའི་དབང་ལས། མདོ་སྡེ་ཟ་མ་ཏོག་བཀོད་པར། གང་དང་གང་གི་གཟུགས་ཀྱིས་འདུལ་བའི་སེམས་ཅན་འདུལ་བར་འགྱུར་བ་དེ་དང་དེའི་གཟུགས་ཀྱིས་ཆོས་འཆད་དེ། ཞེས་གསུངས་པ་ལྟར། མཁས་པ། གྲུབ་པ། བརྟུལ་ཞུགས་སྤྱོད་པ། སྦས་ཚུལ་ཅན། འཁོར་ལོ་བསྒྱུར་བའི་རྒྱལ་པོ། རྒྱལ་ཕྲན། བློན་པོ། སྣ་བོ། ཁྱིམ་བདག བུད་མེད། བྱ། རི་དྭགས། གྲུ་ཟམ། ཟས་གོས། གནས་མལ་སོགས་གང་ལ་གང་འདུལ་གྱི་བཀོད་པས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་རྣམས་སྨིན་པར་མཛད་པ་འདིའོ་ཞེས་དབྱེ་བའི་ཚིག་གི་ཡུལ་ལས་འདས་ཤིང་། རང་ཅག་རྣམས་ཀྱི་དཔལ་དུ་བྱོན་པའི་སྐུ་ཚེ་འདི་ཉིད་ཀྱིས་ཀྱང་རྣམ་ཐར་རགས་རིམ་ཙམ་རྗེ་ཉིད་ཀྱིས་མཛད་པའི་གླེགས་བུ་གཉིས་སུ་གསལ་བ་ལྟར་ལས། གསང་གསུམ་གྱི་ཡོན་ཏན་རྣམས་ཞིབ་པར་སྨྲ་བ་ནི་བདག་འདྲས་ལྟ་ཅི། ས་ལ་གནས་པའི་སེམས་དཔའ་ཆེན་པོ་གསུང་གི་དབང་ཕྱུག་ལ་མངའ་དབང་འབྱོར་པ་རྣམས་ཀྱིས་ཀྱང་དཔོག་པར་མི་ནུས་པའི་ཕྱིར་རོ། །རང་ཉིད་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་ཀུན་

p. 574

དང་མི་ལྡན་ཞིང་། འདི་ལྟ་བུ་བྲི་བ་ལ་སྤོབས་པའི་མཐུ་དཔལ་དང་བྲལ་ཡང་སྤྱི་བརྟོལ་བསྐྱེད་དེ། རྗེ་བཙུན་བླ་མ་མཆོག་གི་ཐུགས་དགོངས་རྫོགས་ཕྱིར་དང་། བདག་དང་བདག་འདྲའི་གྲྭ་སློབ་ཡོན་བདག་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བ་དམ་པ་གང་གི་བཀའ་དྲིན་རྗེས་སུ་དྲན་དེ་དད་གུས་ཀྱི་གསོས་སུ་འགྱུར་སླད། མ་འོངས་འབྱོན་འགྱུར་གྱི་གང་ཟག་མཆོག་དམན་བར་བ་ཐམས་ཅད་དད་གདུང་མོས་པ་བསྐྱེད་ཕྱིར་སྐུ་ཚེ་ཐ་མའི་རྣམ་ཐར་འབྲི་བ་ལ་ཡིད་ཕྱོགས་སོ། །དེ་ཇི་ལྟར་འབྲི་ན་རྣམ་པར་ཐར་པ་མདོར་བསྡུས་ཀྱི་མཚམས་སྦྱར་ཏེ་མྱ་ངན་ལས་འདས་པར་མངོན་པར་ཕྱོགས་པའི་ཚུལ། ཡང་དག་པའི་དོན་ལ་གཞོལ་བ་རྣམས་བརྩོན་པ་ཆེས་ཆེར་བསྐྱེད་པ་དང་། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བ་དང་། ལྷ་མིན་གྱི་བརྟུལ་ཞུགས་འཆང་བ་རྣམས་ལ་དགའ་བ་སྦྱིན་པ་སོགས་དགོས་པ་དུ་མ་ཞིག་ལ་བརྟེན་ནས་གློ་བུར་དུ་མྱ་ངན་ལས་འདས་པའི་ཚུལ། སྐུ་གདུང་རིན་པོ་ཆེ་དཀྱིལ་འཁོར་རྒྱ་མཚོའི་བདག་པོར་བྱས་ནས་གདུལ་བྱ་མཆོག་དམན་རྣམས་ཀྱིས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱུ་མཚོས་མཆོད་དེ་ཞུགས་ལ་སྦྱངས་པས། མ་འོངས་པའི་ལས་ལྡན་དད་པ་གསུམ་ལ་འགོད་པ་དང་། ད་ལྟའི་གདུལ་བྱའི་གནས་སྐབས་ཀྱི་དུ ཁ་སེལ་ཕྱིར་སྐུ་གདུང་རིང་བསྲེལ་

p. 575

ཇི་ལྟར་ཕེབས་པ་དང་། བདག་ཅག་ད་ལྟའི་གདུལ་བྱའི་ཚོགས་རྫོགས་ཤིང་མ་འོངས་པའི་སྐྱེ་རྒུའི་བསོད་ནམས་གསོག་པའི་ཞིང་དུ་མཆོད་སྡོང་རིན་པོ་ཆེ་བསྐྲུན་ཏེ། དགེ་ཚོགས་གོང་འཕེལ་བསྔོ་སྨོན་ཤིས་བརྗོད་དང་དུས་གསུམ་གཟིགས་པའི་བརྡ་རྟགས་ཅུང་ཟད་ངོམ་སླད་བཀའ་སྩལ་བའི་མཐའ་བརྟེན་པའི་ཚུལ་དང་གསུམ་གྱི་སྒོ་ནས་འབྲི་བར་བྱའོ། །དེ་ཡང་མས་བུ་གཅིག་པ་ལ་བརྩེ་བ་ལྟར་མཁའ་ཁྱབ་ཀྱི་སེམས་ཅན་ཡོངས་ལ་བྱམས་སྡང་མི་མངའ་ཞིང་ཕན་བདེའི་དཔལ་སྦྱིན་པར་བྱེད་པའི་བདག་ཉིད་ཆེན་པོ་གང་གི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་འཕྲིན་ལས་རིན་ཆེན་འབྱུང་གནས་ལྟ་བུ་ལས། ཚུར་མཐོང་གི་བློས་སྤྱོད་ཡུལ་དུ་གྱུར་པ་ཆུ་ཐིགས་ཙམ་ཞིག་དད་པའི་ལྕུག་ཕྲན་གཞོན་ནུས་འཐོར་ན། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག ། དེ་ཉིད་རབ་ཏུ་རྟོག་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པ་ལྟར། དུལ་བ་ཚུལ་ཁྲིམས་ཀྱི་བསླབ་པའི་ལོ་འདབ་མེ་ཏོག་གིས་མངོན་པར་

p. 576

དད་ཅིང་། ཞི་བ་ཏིང་ངེ་འཛིན་གྱི་བསླབ་པའི་གེ་སར་ཟེའུ་ཐོལ་གྱི་ཕྲེང་བ་ཚར་དུ་དངར་བ། ཉེ་བར་ཞི་བ་ཤེས་རབ་ཀྱི་བསླབ་པའི་བཅུད་ཀྱིས་གཏམས་ཤིང་ཕན་བདེའི་དྲི་བསུང་ཞིང་མཐའ་གྲུར་ཁྱབ་པ། ཐུབ་བསྟན་གྱི་རྒྱ་མཚོ་མཛེས་པར་མཛད་པའི་ཡོན་ཏན་ཁྱད་པར་འཕགས་པའི་ནོར་བདུན་གྱི་འདབ་མ་བརྩེགས་ལེགས་པས་བརྒྱན་པ། སྐལ་ལྡན་རྐང་དྲུག་ཚོགས་ལ་ཟབ་དགུའི་སྦྲང་རྩི་སྟོབས་པ་ལ་ངལ་བ་སྤངས་པའི་བརྩོན་འགྲུས་ཅན། སུ་ཞིག་གིས་འདོད་པའི་ཡོལ་གོ་གཟེད་པ་ན་འགེངས་པ་ལ་ཇི་མི་སྙམ་པའི་ལུང་གི་གེ་སར་གྱི་རྡུལ་ཟད་མི་ཤེས་པས་ཕྱུག་པ། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཉི་ཟེར་འཐུངས་པས་དེ་ཉིད་རབ་ཏུ་རྟོགས་པ་ལ་དཔངས་མཐོ་ཞིང་བསྟེན་པས་འཁོར་བའི་འདམ་རྫབ་བསྙེགས་པ་མེད་པ། གདུལ་བྱའི་བློ་ཁ་དང་མཐུན་པའི་ཚིག་སྙན་པར་སྨྲ་བའི་གེ་སར་འཛུམ་པ་ལ་མཁས་པ། ཟང་ཟིང་གི་རྫི་ཆར་ལ་མི་ལྟོས་པ་འགྲོ་བ་ལ་སྙིང་བརྩེ་བའི་རྒྱ་མཚོ་ལ་གནས་པ། བསྡུ་བ་བཞིའི་ཕང་ཕུང་སྐྱེ་རྒུའི་ཕན་བདེ་སྤེལ་བའི་སླད་དུ་གཡོ་བ་ལ་སྐྱོ་བ་སྤང་བའི་བདག་ཉིད། ཐུབ་བསྟན་རིན་ཆེན་འབྱུང་གནས་མཛེས་པའི་རྒྱན་མཆོག་གཅིག་པུ་བར་བས་སོ། །དེ་ལྟ་བུའི་བདག་ཉིད་ཆེན་པོའི་གདུལ་བྱའི་ཉེར་འཚོར་འཁྲུངས་མ་ཐག་

p. 577

ནས། ཐབས་ལ་མཁས་པས་མཛད་པ་དང་སྙིང་རྗེ་དབང་དུ་གྱུར་པ་ཞིག་སྟེ། ཡུལ་མི་ཀུན་ལ་མཐུན་ཞིང་གང་ཕན་བྱེད་པ་དང་། དབུལ་བོར་ཆེས་བརྩེ་བ་ནི་རང་གི་མ་དང་ཁྱད་མེད་དེ། ཆུང་ངུའི་དུས་གཞན་གྱི་མཆོད་གནས་སུ་བྱོན་སྐབས་ཤིག་ལ། ཨ་མ་ལ་བསྐུར་བའི་གོས་གསར་བ་ལབ་ལུང་ནང་ནས་སྤྲང་པོ་གྲང་བས་ཉེན་པ་ཞིག་ལ་སྩལ་པ་སོགས་མཐའ་ཡས་ཤིང་། རིམ་གྱིས་ནར་སོན་ནས་ཕྱི་ནང་གི་མཛད་པ་ཇི་ལྟར་བརྩམ་པ་ནི་བཀའ་ལས་བྱུང་བ་ལྟར་ལ། སྐབས་འགར་ལས་དག་པའི་སྣང་ངོར་སྤྲུལ་པ་སྐུའི་རྫུ་ཕྲུལ་ཇི་ལྟར་བསྟན་པ་ནི། སྲས་ཀྱི་ཐུ་བོ་པདྨ་རང་གྲོལ་རིན་པོ་ཆེས་གང་གི་ཞབས་ཟུང་རྩི་མར་དྲི་བཟང་གིས་སྦག་པས་བསྐུ་མཉེ་ཕུལ་སྐབས། ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་རྣམ་པར་བསྟན་པ་དང་། དེ་ཉིད་ཀྱིས་མཚོ་སྙིང་ནས་རྗེའི་ས་ལམ་གར་སོན་ཞུས་པའི་ལན་དུ། ཁོ་བོ་གནས་སྐབས་འདིར་རིག་པ་ཚད་ཕེབས་ཡིན་ནམ་སྙམ་གསུངས་པས། །དེའི་རྟགས་ཅི་ལགས་ཞུས་པས། རྡོ་ལེབ་ངོས་ཤིན་ཏུ་མཉམ་པ་ཞིག་ཕྱག་ཏུ་བཞེས་ནས་ཞལ་སྒོ་ལས་འོད་ཟེར་ལྔ་འཕྲོས་ཏེ། རྡོའི་ངོས་སུ་ཕབ་པས་འཇའ་ཚོན་བཞིན་བཀྲ་བ་གྲུབ་དབང་མཆོག་ནས་བསྣམས་ཡོང་བ་རྗེས་ནས་

p. 578

ཐམས་ཅད་ལ་མཇལ་རྒྱུ་བྱུང་བ་དང་། ལ་ཕྱི་གངས་ན་བཞུགས་སྐབས་ཆུ་དབར་མཁན་རིན་པོ་ཆེའི་མདུན་དུ་བྱོན་ནས་འབེལ་མཆིད་གནང་སྟེ། ཕྱིར་འབྱོན་པ་གཞོན་ནུ་མ་ཞིག་གིས་མཐོང་ནས་གཞན་ལ་སྦྲན་པས། གཞན་གྱིས་གཟིམ་ཁང་གི་གྱང་ཁ་ན་ཁ་བཏགས་ཤིག་དཔྱངས་པ་ལས་མ་མཐོང་ཞིང་། བལ་བོའི་ཡུལ་དང་ཐག་ཉེ་བའི་མགྲོན་ཁང་ཞིག་ནས་མོན་པ་ཞིག་གིས་མཇལ་ཞིང་། སླར་ལ་ཕྱི་ནས་མཇལ་སྐབས་བླ་མ་འདི་ཁོ་བོས་མཐོང་བ་དེ་རེད་ཟེར་བ་ཞབས་ཕྱི་འགའ་རེས་མོན་པ་ལས་ཐོས། མང་ཡུལ་སྐྱིད་གྲོང་ཇོ་བོའི་ལྷ་ཁང་ན་བཞུགས་སྐབས། ཉེ་གནས་བློ་བཟང་ཤེས་རབ་ཀྱིས་སྨྱུང་གནས་བསྲུངས་ནས་སྐུ་མདུན་དུ་བསྡད་པས། སྐབས་ཤིག་སེང་ཁྲི་པད་ཟླའི་གདན་ལ་ཉིད་རིན་པོ་ཆེ་འཕགས་པ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་རྣམ་པ་ཅན། སྐུ་མདོག་གསེར་བཙོ་མ་ལ་ཉི་ཟེར་ཕོག་པ་ལྟར་འོད་ཟེར་སེར་པོ་འཕྲོ་བ། འཁོར་དུ་མི་བསྐྱོད་རིན་འབྱུང་སྣང་མཐའ་དོན་གྲུབ་ལྔས་བསྐོར་བར་མཇལ་བ་དང་། ཞལ་ནས་ཡི་གེ་དྲུག་མའི་སྒྲ་བྱུང་བའི་རྐྱེན་གྱིས་ཕྱི་ནང་ཐམས་ཅད་ཡི་གེ་དྲུག་མའི་གཟུགས་ཀྱིས་གང་ནས། སྤྱོད་ལམ་ལ་འཇུག་པའི་ཡུལ་མི་རྙེད་པ་ལྟ་བུ་བྱུང་ཟེར། སྲས་ཀྱི་ཐུ་བོ་སྐལ་ལྡན་རང་གྲོལ་རིན་པོ་ཆེ་ཇོ་མོ་ཁ་རག་ན་

p. 579

བཞུགས་སྐབས་ཤིག་ཉེ་གནས་ཀྱིས་གར་ཕེབས་ཞུས་པས། ཁོ་བོ་སྐྱབས་རྗེ་མཇལ་བར་ཕྱིན་གསུངས་པས། ཉེ་གནས་ཀྱིས་ཞལ་མཇལ་ལགས་སམ་ཞུས་པས། བཀའ་ལས། ཁོ་བོའི་མདུན་དུ་རིན་པོ་ཆེ་བ་བྱོན་པས་ལངས་ནས་མཇལ་བར་ཕྱིན་པ་ན་མི་བཞུགས་པར་བྱོན་སོང་བའི་རྗེས་སུ་སོང་སོང་བས་ཕེབས་རྗེས་ཟིན་དུ་ཉེ་བ་ན། གོར་མ་འདིར་ཐིམ་པ་དང་སྣང་བརྙན་འདིར་གྱུར་གསུངས་ནས། རྡོ་བའི་ངོས་སུ་གང་གི་སྣང་བརྙན་པར་བཏབ་པ་བཞིན་ཤིན་ཏུ་གསལ་བ་ཞིག་ཕྱག་ཏུ་བསྣམས་འདུག་པ་བསྟན་པ་དང་། སྐབས་ཤིག་འདུས་པ་མང་རབས་ཤིག་ལ་གསུང་ཆོས་འཆད་པའི་དུས་སུ་སྤྱན་མི་འཛུམ་པར་ནམ་མཁའ་ལ་ཧྲིག་གེ་གཟིགས་པས་རྒྱུ་ཅི་ལགས་ཞུས་པས། ཁོ་བོས་སྐྱབས་རྗེའི་ཞལ་ལ་བལྟ་བ་ཡིན་གསུངས། འཁོར་རྣམས་ཀྱིས་བལྟས་པས་སྤྲིན་མེད་པའི་ནམ་མཁའ་ལ་འཇའ་ཚོན་ཁ་དོག་སྣ་ལྔ་བའི་གུར་ཁྱིམ་གྱི་ནང་འོད་ཟེར་གྱིས་གང་བ་ཞིག་ཏུ་མཐོང་། གདན་ས་མཐིལ་དུ་གྲུབ་དབང་སྐལ་ལྡན་རང་གྲོལ། བྱང་སེམས་སྦྱིན་པ་ནོར་བུ་གཉིས་སྐུ་མདུན་དུ་བཞུགས་པའི་ནུབ་གཅིག་སློབ་བུ་སངས་རྒྱས་རིན་ཆེན་གྱིས་

p. 580

གསོལ་ཇ་ཁྱེར་ཏེ་སོང་ནས་ཡབ་སྲས་གསུམ་ལ་ཕུལ་བས། །རིན་པོ་ཆེའི་སྐུ་མར་མེའི་འོད་ཀྱིས་མི་སྣང་བ་བྱས་བཞུགས་པ་ལ་ཕྱག་འཚལ་ཡིད་ཀྱིས་གསོལ་བ་བཏབ་པ་ན། ཇི་ཞིག་ན། རིན་པོ་ཆེ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་བ་འོད་དཀར་པོའི་ནང་ན་བཞུགས་ཤིང་འབེལ་མཆིད་གནང་བ་རྣམས་གང་གི་གསུང་ལས་མ་འདས་པ་ཞིག་མཇལ། ཡང་རིན་པོ་ཆེ་རྩ་ཆང་དགའ་དང་། མཁན་པོ་ཞི་བ་ཚེ་རིང་སོགས་ཀྱིས་ས་ག་ཟླ་བར་རྩ་ཡུལ་དུ་སྤྱན་དྲངས་ཏེ་སྲི་ཞུ་བླ་ན་མེད་པ་བསྟབས་ཤིང་དེ་དུས་ཆར་ཤིན་ཏུ་དཀོན་པས་ཆར་འབེབས་ཞུས་པར། ཡུལ་དེ་ག་ན་སྐྱེད་ཚལ་ཤིན་ཏུ་ཉམས་དགའ་བ་མཐའ་ལྕང་མ་དང་། སྟར་ཁ་དང་། ཁམ་བུ་དང་། གཡེར་མ་ལ་སོགས་པའི་ལྗོན་པ་ཡལ་ཀ་དང་ལོ་མ་མེ་ཏོག་གིས་དུད་པའི་ར་བས་བསྐོར་བའི་དབུས་ནེའུ་གསིང་ཁ་དོག་གཡུའི་མདངས་འཕྲོག་པས་མཛེས་པའི་དབུས་ན། ཆུ་མིག་ཡན་ལག་བརྒྱད་དང་ལྡན་པ་འབབ་པ་དབང་པོའི་སྐྱེད་ཚལ་ལ་འགྲན་པ་ལྟ་བུ་ཞིག་ཡོད་པ་དེར། ཐུགས་སྤྲོ་བའི་ཡོ་བྱད་མ་ཚང་བ་མེད་པས་སྤུད་པའི་དབུས་སུ་གདན་བཤམས་པ་ལ་བཞུགས་སུ་གསོལ་ཞིང་དགྱེས་པ་བསྐང་ངོ་། །ཇི་ཞིག་ན། རིན་པོ་ཆེ་ཆུ་མིག་གི་གམ་དུ་བྱོན་ཏེ་ཕྱག་དང་ཞབས་བསིལ་

p. 581

བའི་ཚེ། ནམ་མཁའི་མདངས་ཤིན་ཏུ་གསལ་བ་མཐིང་ཞུན་གྱིས་བྱུགས་པ་ལྟ་བུ་ལས། ཆར་གྱི་རྒྱུན་བཟང་པོ་ས་གཞིའི་རྡུལ་ནོན་པ་ཙམ་ཞིག་འབབ་པའི་རྫུ་འཕྲུལ་ཡང་སྟོན་པར་མཛད་པའི་ཕྱི་ཉིན་ནས་ཆར་གྱི་རྒྱུན་བཟང་པོས་སྐྱེ་རྒུ་ལ་ཕན་བདེ་སྩལ་པ་དང་། བཀྲ་ཤིས་འཁྱིལ་བའི་བདེ་བ་ཅན་གྱི་ལྷ་ཁང་ནས་གསེར་ཁང་རྡོ་རྗེ་འཆང་གི་དངོས་སློབ་ཨ་ལགས་ཁེན་རྒྱ་དང་། བློ་བཟང་དར་རྒྱས་སོགས་སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་བྱ་བྲལ་གྱི་བརྟུལ་ཞུགས་འཆང་བ་འགའ་ལ། ཟབ་ཆོས་ནཱ་རོ་ཆོས་དྲུག་སོགས་བཀའ་བརྒྱུད་ཕྱོགས་ཀྱི་གདམས་པ་མང་པོ་སྩལ་པའི་སྐབས། ཤིན་ཏུ་གསང་བ་ལུས་དཀྱིལ་ལ་བརྟེན་པའི་དབང་བཞི་བསྐུར་བའི་གྲལ་དུ་སློབ་བུ་སངས་རྒྱས་རིན་ཆེན་ཡང་བསྡད་པས། གང་གི་སྐུ་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་སྤྱི་བོར་སངས་རྒྱས་ཐོད་པ། མགྲིན་པར་མ་ཧཱ་མ་ཡ། ཐུགས་ཀར་གསང་བ་འདས་པ། ལྟེ་བར་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་བསྟན་ནས་དབང་བཞི་དུས་གཅིག་ལ་བསྐུར་ཞིང་སྨིན་པར་མཛད་པས། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ཤིང་དད་གུས་ཚད་ལས་འདས་པ་བྱུང་། ཡང་བཀྲ་ཤིས་འཁྱིལ་

p. 582

བར་དད་འདུས་ཀྱི་སློབ་མ་མང་པོ་ལ་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བའི་སྐབས་འགའ་རེ་ལ་ཉེ་གནས་བློ་བཟང་ཤེས་རབ་ཀྱིས་མཐོང་སྣང་ལ། ནམ་མཁའི་ཁམས་ནས་ལྷ་དང་ལྷ་མོ་མང་པོ་སྐུ་མདོག་ཕྱག་མཚན་སྣ་ཚོགས་ཐོགས་པ་ཆེ་ཆུང་མི་ཚད་གསུམ་བཞི་ལས་ལྷག་ཙམ་མང་པོ་འཚོགས་ནས། ལ་ལས་ཕྱག་འཚལ། ལ་ལས་བསྟོད་པ་འདོན། ལ་ལས་མེ་ཏོག་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབེབས། ལ་ལས་རོལ་མོའི་སྒྲ་སྒྲོག་པ་དང་། ལུས་ངག་གི་གླུ་གར་སོགས་རྣམ་འགྱུར་སྣ་ཚོགས་སྟོན་པ། ལུས་ངག་ཡིད་གསུམ་གུས་པའི་ཚུལ་གྱིས་ཉན་པ་སོགས་ནམ་མཁའི་ཁམས་ལ་མི་ཤོང་བ་ཙམ་བྱུང་བ་དང་། སྐབས་འགར་འཇའ་སྤྲིན་གྱིས་ནམ་མཁའི་ཁམས་གང་ཞིང་། ཐིག་ལེ་ཐིག་ཕྲན་སྣ་ཚོགས་པའི་དབུས་འོད་ལྔའི་དགའ་བ་འཁྱིལ་བ་ཆེ་ཞིང་མཛེས་པའི་ལྟེ་བར་སྣ་ཚོགས་རྡོ་རྗེའི་མཚན་པ་སོགས་བརྗོད་ལས་འདས་པ་མཐོང་བ་ཁོ་བོའི་ངག་ལས་ཐོས། ཡང་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྨྱུང་གནས་གནང་ཡོད་དུས་ཉང་གི་མཚམས་པ་རྒྱ་མཚོས། ཁྲི་ཁར་ཉིད་ཀྱི་སྐུ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་བཞེངས་སྟབས་ཅན་ཁ་སར་པཱ་ཎིའི་རྣམ་པ་ཅན་དུ་མཐོང་བ་དང་། ཞབས་

p. 583

དྲུང་བ་དགེ་སློང་བློ་གྲོས་སྐུ་མདུན་པ་བྱས་ཏེ་བཞུགས་ཡོད་པའི་ཉིན་ཅིག་གཟིམ་ཁང་སྒོ་ལ་ཕྱི་ལྕགས་བརྒྱབ་སྟེ། ནང་དུ་ཐུགས་དམ་ལ་བཞུགས་ཡོད་སྐབས། མགུར་སྡོང་གི་ནགས་ན་ཞབས་ཕྱི་པ་མང་པོས་ཤིང་ལེན་དུ་ཡོད་སར་ཕེབས་ནས། ཁྱོད་རང་རྣམས་ཀྱིས་གཡོ་མ་བྱེད་པར་ཡག་པོ་བྱས་ལས་དགོས། ངེད་ཁྱོད་རྣམས་ལ་བལྟ་རྟོག་བྱེད་དུ་འོང་བ་ཡིན་གསུངས་ནས་ཞབས་ཕྱི་གང་ཡང་མེད་པར་གཅིག་པུར་བྱོན་ཚུལ་རྗེས་སུ་བནྡེ་སྐྱབས་བེ་ཟེར་བས་ཉེ་གནས་ལ་བཤད་པས། ཉེ་གནས་ཀྱིས་སྐུ་མདུན་དུ་ཞུས་པས་ཞལ་འཛུམ་མཛད་དེ། ལས་དག་པའི་སྣང་ངོར་སྒྱུ་མའི་ཆོ་འཕྲུལ་ལྟར་ཅི་ཡང་སྟོན་ཞིང་། །ཅིར་ཡང་འཆར་བ་ཆོས་ཉིད་ཡིན་ཨང་གསུངས། དམ་པ་ཉིད་ལ་མ་དག་ཐ་མལ་གྱི་སྣང་བ་ཐམས་ཅད་དང་བྲལ་ནས། གང་དུ་བཞུགས་ཀྱང་ཕྱི་ནང་སྣོད་བཅུད་དག་པ་འབའ་ཞིག་ལས་མི་(ཆར་ཡང་། རྗེས་འཇུག་བུ་སློབ་རྣམས་ཀྱིས་ཚོགས་བསོགས་སྒྲིབ་པ་སྦྱོང་ཕྱིར་ས་ལས་བྱེད་དགོས་ཞེས་གསུངས་པ་དང་དུ་བླངས་ཏེ། ཉང་གི་མཚམས་པས་ཁ་འགོ་བྱས་སྨད་པའི་སྔགས་མང་གིས་ཉི་མ་མང་པོའི་བར་དུ་ལས་པས། བདེ་བ་ཅན་གྱི་ལྷ་ཁང་གི་ཕྱིར་ལྕགས་རི་རྒྱ་ཆེ་བ་ཆོས་ཉིད་འགྱུར་བ་མེད་པའི་བརྡ་ཡིན་གསུངས་ནས།

p. 584

ཀུན་ནས་ཟླུམ་པོར་བསྐོར་བའི་ལྷོ་ངོས་ཀྱི་ནང་དུ་གཟིམ་ཁང་བཞེངས་པའི་ནང་ལ། བསླབ་གསུམ་རྒྱུན་གྱིས་རྣམ་པར་མཛེས་ཤིང་ལུང་རིགས་ཡོན་ཏན་དུ་མས་མངོན་པར་འཕགས་པའི་ལྷ་བཟོ་ཀླུ་འབུམ་དང་ཡེ་ཤེས་དར་རྒྱས། ཉང་མཚམས་རྒྱ་མཚོ་དང་སྔགས་པ་གནས་བརྟན་སོགས་བཟོ་བོ་ལྔ་དྲུག་ཙམ་གྱིས། དུས་གསུམ་སངས་རྒྱས་དང་། རྒྱན་དྲུག་མཆོག་གཉིས། ཀུན་བཟང་རྡོར་སེམས་སོགས་དང་། རེབ་གོང་ཡུལ་གྱི་གྲུབ་ཆེན་བརྒྱད། བཏགས་གྲོལ་གྲོང་ཁྱེར་སྒྲོལ་བ། དགོངས་འདུས་མཐོང་གྲོལ་ཆེན་མོ་སོགས་ཕྱི་ནང་ལ་ལྡེབས་བྲིས་སྣ་ཚོགས་བཞེངས་པའི་མཐུན་རྐྱེན་རྣམས་གྲྭ་སློབ་ཡོན་བདག་རྣམས་དང་། རང་ཅག་ནས་བགྱིས་པའི་སྐབས་འགར་སྟེང་ཕྱོགས་ནས་འཇའ་སྤྲིན་ཁ་དོག་སྣ་ཚོགས་པ་འཁྲིགས་ཤིང་། མེ་ཏོག་གི་ཆར་འབབ་པ་རོལ་མོའི་སྒྲ་སྣ་ཚོགས་སྒྲོག་པ། དྲི་བཟང་པོ་རྒྱུན་རིང་འཐུལ་བ། ཉམས་དང་རྨི་ལམ་སྣ་ཚོགས་པར་ལྷ་དང་བསྲུང་མ་དཀར་ཕྱོགས་པ་རྣམས་ཀྱིས་ལས་གྲོགས་བགྱིས་ནས། ས་རྡོ་ཤིང་སྐྱེལ་བ་སོགས་ངོ་མཚར་དུ་མ་དང་བཅས་འགྲུབ་ནས། དགའ་སྟོན་དུ་ཚོགས་འཁོར་རྒྱ་ཆེན་པོ་བསྐོར། བཟོ་བོ་རྣམས་ལ་ཡོན་གནང་། བསྔོ་སྨོན་

p. 585

རྒྱས་པར་གནང་ནས། ད་ལམ་གྱི་གཟིམ་ཁང་འདི་དབྱར་དུས་བསིལ་དྲོད་སྙོམས་ཤིང་། དགུན་དུས་དྲོ་ལ་ཉི་འོད་རྒྱུན་དུ་འཁྱིལ་བས། ནང་དུ་བསྡད་ན་བག་ཕེབས་ལ། འ་འུར་ཟང་ཟིང་གིས་དབེན་པས། བདེ་གསལ་མི་རྟོག་པའི་ཉམས་རྒྱུན་ཆད་མེད་པར་འཕེལ་བས་ཤིན་ཏུ་བཟང་འདུག འདིའི་མིང་ལ་གཟིམ་ཁང་འོད་གསལ་ཉི་འོད་འཁྱིལ་བ་ཞེས་འདོགས་དགོས་གསུངས་ནས། ཡུན་རིང་ནང་དུ་མཚམས་ལ་བཞུགས་པའི་སྐབས་ཤིག་ལ། བདག་དང་ཉང་གི་མཚམས་པ་སོགས་མཆེད་གྲོགས་གཉིས་གསུམ་ཙམ་སྐུ་མདུན་དུ་སོང་བས། ཉིད་ཀྱི་ཞལ་ནས་སྔོན་བྱོན་སྐྱེས་མཆོག་རྣམས་ཀྱི་རྣམ་ཐར་སྣ་ཚོགས་ཤིག་གསུངས་ཤིང་། ཁྱད་པར་ལས་དག་པའི་སྣང་ངོར་སྤྲུལ་བསྒྱུར་སྣ་ཚོགས་བྱས་ཚུལ་མང་པོ་གསུངས་པའི་སྐབས་ཤིག་བདག་ཅག་རྣམས་ཀྱི་སེམས་ལ། ཉིད་རིན་པོ་ཆེ་སེམས་དཔའ་ཆེན་པོ་གཞན་དང་མི་འདྲ་བའི་ཏིང་ངེ་འཛིན་ལ་མངའ་དབང་བསྒྱུར་བ་ཡིན་པས། སྔོན་བྱོན་གོང་མའི་རྣམ་ཐར་བཞིན་དམ་པ་མཆོག་གི་བཀོད་པ་ལུས་ཀྱི་རྫུ་འཕྲུལ་རེ་བདག་ཅག་རྣམས་ཀྱིས་མཐོང་རྒྱུའི་སྐལ་བ་ཞིག་བྱུང་ན་དགའ་བ་ལ་སྙམ་ནས་གསོལ་བ་བཏབ་པས། གང་གི་སྐུ་

p. 586

མཆོག་རྒྱལ་བའི་དཀྱིལ་འཁོར་དུ་སྤྲུལ་ནས་བསྟན་ཏེ་མགུར་དབྱངས་འདི་གསུངས་སོ། །རང་རིག་ཆོས་སྐུའི་རོལ་རྩལ་ལས། །བདག་ཉིད་རིགས་དང་དཀྱིལ་འཁོར་གྱི། །མངའ་བདག་རྡོ་རྗེ་སེམས་དཔའི་སྐུ། །མེ་ལོང་གཟུགས་བཞིན་གསལ་བ་ཡི། །ཙིཏྟ་འོད་ལྔའི་གཞལ་ཡས་ན། །ཞི་བ་སུམ་ཅུ་སོ་དྲུག་བཞུགས། །མགྲིན་པ་ལོངས་སྤྱོད་གཞལ་ཡས་ན། །རིག་འཛིན་ལྷ་ཚོགས་ཐམས་ཅད་བཞུགས། །ཀླད་པ་དུང་ཁང་གཞལ་ཡས་ན། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས། །ལྟེ་བ་སྤྲུལ་པའི་གཞལ་ཡས་ན། །མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་བཞུགས། །གསང་གནས་བདེ་སྐྱོང་གཞལ་ཡས་ན། །རྡོ་རྗེ་ཕུར་བའི་ལྷ་ཚོགས་བཞུགས། །སྤྱི་བོ་མགྲིན་པ་སྙིང་ཀ་དང་། །ལྟེ་བ་གསང་གནས་རྐང་མཐིལ་ན། །སྤྲུལ་སྐུ་ཐུབ་པ་དྲུག་པོ་བཞུགས། །ལུས་ཀྱི་བ་སྤུ་ལ་སོགས་པ། །ཕྱི་ནང་རྡུལ་ཕྲན་རེ་རེའི་ཁྱོན། །སངས་རྒྱས་ཞིང་ཁམས་གྲངས་མེད་བཞུགས། །ལས་དང་སྐལ་བ་ལྡན་པ་ཡི། །དད་པས་གསོལ་བ་འདེབས་ནུས་ཤིང་། །གུས་པའི་མིག་གིས་བལྟ་ཤེས་ན། །ལྷ་ཚོགས་དེ་དག་གསལ་བར་མཐོང་། །འོད་ཟེར་ཆེན་པོས་དབང་བསྐུར་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་

p. 587

སྟེར། །ཚེ་རབས་ཀུན་ཏུ་ལྷ་ཚོགས་ཀྱིས། །བརྩེ་བས་རྗེས་སུ་འཛིན་པར་འགྱུར། །ཞེས་དབྱངས་བྱས་གསུང་བཞིན། ཏིང་ངེ་འཛིན་གྱིས་དབང་བསྐུར་པས། ཐམས་ཅད་ཀྱིས་དེ་ལྟར་དུ་མཐོང་ཞིང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ཏུ་ཐོབ་པ་བྱུང་སྙམ་དགའ་བ་བསམ་གྱིས་མི་ཁྱབ་པ་བྱུང་། རྗེས་ནས་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་བྱ་བ་ལྗགས་རྩོམ་གནང་ནས། འདི་ཐོན་ལ་ཉམས་ལེན་གྱིས་དང་། མ་འོངས་པ་ན་སྣང་སྲིད་དག་པ་རབ་འབྱམས་འབའ་ཞིག་ཏུ་སོང་ནས། ལུས་ལྷའི་དཀྱིལ་འཁོར་དུ་སྤྲུལ་ནུས་པ་སོགས་ཏིང་ངེ་འཛིན་ལ་མངའ་དབང་འབྱོར་བ་རེ་གཉིས་འབྱུང་སྲིད་སྙམ་གསུངས། རེ་ཞིག་སུ་ལ་ཡང་མི་བཤད་པའི་གསང་རྒྱས་བཏབ་བོ། །ཡང་འབྲོང་ལུང་དབེན་པའི་དགའ་ཚལ་ན་བཞུགས་དུས་ཉིན་ཅིག་ཆུང་ནས་བཟུང་སྟེ་དད་གུས་དག་སྣང་ཆེ་ཞིང་། འཆད་རྩོད་རྩོམ་གསུམ་ལ་ངག་གི་དབང་ཕྱུག་ལྟར་སྨྲ་བའི་སྤོབས་པ་དང་ལྡན་པའི་དགུ་རོང་སྤྲུལ་སྐུ་དང་། མཁའ་འགྲོ་ལ་སོགས་པའི་གང་ཟག་ལས་སྣང་དག་པ་འགའ་ལ། སྐུ་ལུས་ཡི་དམ་ལྷའི་དཀྱིལ་འཁོར་དུ་སྤྲུལ་ནས་བསྟན་ཏེ། མགུར་དབྱངས་འདི་གསུངས་སོ། །

p. 588

རང་རིག་ཆོས་སྐུའི་རོལ་རྩལ་ལས། །བདག་ཉིད་དུས་གསུམ་རྒྱལ་བ་ཀུན། །བསྐྱེད་པའི་རྟ་ཕག་ཡབ་ཡུམ་སྐུ། །མེ་ལོང་གཟུགས་བཞིན་གསལ་བ་ཡི། །སྙིང་ཀ་ཆོས་ཀྱི་འཁོར་ལོ་ན། །གསང་བ་འདུས་པའི་ལྷ་ཚོགས་བཞུགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །བདེ་མཆོག་འཁོར་ལོའི་ལྷ་ཚོགས་བཞུགས། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །དགྱེས་པ་རྡོ་རྗེའི་ལྷ་ཚོགས་བཞུགས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་བཞུགས། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །རྡོ་རྗེ་འཇིགས་བྱེད་ལྷ་ཚོགས་བཞུགས། །སྟོང་ཕྲག་བདུན་ཅུ་དོན་གཉིས་ཀྱི། །རྩ་ཁམས་རྒྱུད་བཞིའི་ལྷ་ཚོགས་བཞུགས། །ཡན་ལག་ལྷུ་ཚིགས་ཆ་ཤས་ན། །གནས་ཡུལ་དུར་ཁྲོད་ལྷ་རྣམས་བཞུགས། །ལུས་ཀྱི་རྡུལ་རེའི་ཁྱོན་ཙམ་ན། །སངས་རྒྱས་བྱང་སེམས་ཚད་མེད་བཞུགས། །བ་སྤུ་ས་ཡ་དྲུག་འབུམ་ན། །ཉན་རང་དགྲ་བཅོམ་གྲངས་མེད་བཞུགས། །སྐྲ་ལོ་ཉི་ཁྲི་ཆིག་སྟོང་ན། །མཁའ་འགྲོ་ཆོས་སྐྱོང་དཔག་མེད་བཞུགས། །ལས་དང་སྐལ་བ་ལྡན་པ་ཡི། །དད་པས་གསོལ་བ་འདེབས་ནུས་ཤིང་། །གུས་པའི་མིག་གིས་བལྟ་ཤེས་ན། །ལྷ་ཚོགས་དེ་དག་གསལ་བར་མཐོང་། །འོད་ཟེར་ཆེན་པོས་དབང་བསྐུར་ཞིང་། །མཆོག་

p. 589

དང་ཐུན་མོང་དངོས་གྲུབ་སྟེར། །ཚེ་རབས་ཀུན་ཏུ་ལྷ་ཚོགས་ཀྱིས། །བརྩེ་བས་རྗེས་སུ་འཛིན་པར་འགྱུར། །ཞེས་དབྱངས་སུ་ལེན་བཞིན་ཏིང་ངེ་འཛིན་གྱིས་དབང་བསྐུར་པས། ཐམས་ཅད་ཀྱིས་དེ་ལྟར་དུ་མཐོང་ཞིང་། རྒྱལ་བ་རྣམས་ཀྱི་དབང་དུས་གཅིག་ལ་ཐོབ་པའི་སྐལ་བ་བཟང་པོ་བྱུང་སྙམ་དགའ་བ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །རེ་ཞིག་སུ་ལ་ཡང་མི་བཤད་པའི་གསང་རྒྱས་བཏབ་བོ། །དེ་དག་ནི་གདུལ་བྱའི་སྤྱོད་ཡུལ་དུ་གྱུར་པའི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་ལ། གཞན་དུ་ནི་མཐའ་ཡས་མོད་སྐལ་བར་མ་ཐོབ་བོ།། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། གདུལ་བྱའི་དཔལ་དུ་བྱོན་པའི་གླེགས་བམ་རྣམས་ཀྱིས་མདོ་ཙམ་ཤེས་ལ། རྒྱས་པར་ནི་སྨོས་ཀྱིས་མི་ལང་ངོ་། །དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་ཐུགས་ཀྱི་གསང་བ་ནི། ཐུགས་ཀྱི་བློའི་སྤྱོད་ཡུལ་ནི་ཆོས་ཀྱི་དབྱིངས་ཟབ་ཅིང་རྒྱ་ཆེ་བ། འཁོར་འདས་ཀྱི་ཆོས་གཅིག་ཀྱང་མ་ལུས་མི་ལུས་ལུས་པ་མེད་པར་གཟིགས་པས། འདི་མཐའ་འདི་ཙམ་རྟོགས་པ་ཡིན་ནོ་ཞེས་བརྗོད་པའི་ཡུལ་ལས་འདས་པ་ཉིད་དོ། །འོན་ཀྱང་ཐོས་འཛིན་གྱི་ཡུལ་དུ་བྱུང་ཞིང་མངོན་དུ་གྱུར་པ་འགའ་ཞིག་

p. 590

བྲི་ན། རྨ་ཆེན་གངས་ན་བཞུགས་དུས། མ་ཡུམ་གཤེགས་ལ་ཉེ་བ་ཐུགས་ཀྱིས་དགོངས་ཏེ་མཇལ་བར་བྱོན་པས། བྲག་དཀར་སྤྲེལ་རྫོང་ནས་དད་ལྡན་གྱིས་གསོལ་བ་བཏབ་པའི་ངོ་མ་ལྡོག་པར་བཞུགས་ཏེ། ཀུན་བཟང་རང་གྲོལ་སོགས་ལས་ལྡན་གྱི་རི་བ་འགའ་ལ་རྫོགས་ཆེན་མ་རིག་མུན་སེལ་གྱི་ལུང་ཁྲིད་སྩོལ་སྐབས་གློ་བུར་དུ། བཀའ་ཆོས་གནང་འཕྲོ་བསྐྱུངས་ཏེ། ཉི་མ་བདུན་གྱི་བར་དུ་འོད་གསལ་གྱི་ངང་དུ་མཉམ་པར་འཇོག་པ་ལ་གཞོལ་བར་གྱུར་ཏོ། །དེ་ནི་མ་ཡུམ་གཤེགས་པའི་ཉིན་ཡིན་པས་མ་ཡུམ་ལ་ཕན་བདེ་སྩལ་པ་གོར་མ་ཆག་གོ །རྒྱལ་གྱི་ཤྲཱི ན་བཞུགས་སྐབས་གཅུང་བླ་མ་ལས་བཀྲ་ཤིས་སྒོ་མང་མེས་འཇིག་པ་ལ་ཞིག་གསོས་མཛད་དགོས་པར་བསྐུལ་ཡང་ཞལ་གྱིས་མ་བཞེས་མོད། མཆོད་རྟེན་རིན་པོ་ཆེའི་སྲོག་ཤིང་ལྡང་བའི་ཤུག་པ་ཉི་མ་བཅོ་ལྔའི་ས་ནས་དྲངས་ཏེ། རྒྱལ་གྱི་ཤྲཱི ཡི་ཉེ་འདབས་སུ་བཞག་པ། ཕྱིས་སྐྱབས་མགོན་པཎ་ཆེན་མཆོག་ནས་བཀའ་ཕེབས་པ་ལ་ཞལ་ལེན་གནང་ནས་མཆོད་རྟེན་བཞེངས་སྐབས་དགོས་མ་ཐག་ཏུ་ལེན་པར་མཛད་པ་དང་། གང་གི་འཕྲིན་ལས་པ་ཀུན་དགའ་ཉི་མ་དབུས་སུ་འབྱོན་སྐབས། ཁྱོད་དབུས་སུ་སོང་ལ་ཚེ་དང་སྒྲུབ་པ་སྙོམས་དང་། རང་གཞན་གྱི་དོན་གཉིས་

p. 591

ལྷུན་གྱིས་འགྲུབ་པར་ངེས། ཁོ་བོར་ལོ་བརྒྱད་ཀྱི་བར་ལ་ཨང་ཉན་གྱིས་ལོ་བརྒྱད་ཐལ་ན་འབྱོན་མི་ཐུབ་ཅེས་བཀའ་སྩལ་བའི་ཐོག་ཏུ་བབ་པ་ནི་འདི་ཀའོ། །གང་གི་སྐུ་དོན་བསྒྲུབ་པའི་ཚེ་ལུས་སྲོག་ལའང་ཇི་མི་སྙམ་པའི་སྤོབས་པ་ཅན་ཀུན་དགའ་དོན་གྲུབ་དབུས་སུ་ཐ་མ་འགྲོ་དུས། བཀའ་ལས། ཁྱོད་ལོ་གསུམ་ལས་མ་འགོར་བ་གྱིས་དེའི་བར་ལ་དཔོན་སློབ་ཐམས་ཅད་ལ་བར་ཆད་མི་ཡོང་ཞེས་ཕེབས་པ་སོགས་གདུལ་བྱ་རང་རང་ལ་གསུངས་པ་ནི་སྨོས་ཀྱིས་མི་ལང་ངོ་། །གང་གི་གདུལ་བྱ་ལས་དང་སྐལ་བར་ལྡན་པ་དག་ལ་ནི་རང་རང་གི་བློ་ཡུལ་ལ་ངེས་ཤེས་འདྲོངས་པ་འདི་ཀ་ལགས་ལ་གསལ་འདེབས་ཅི་འཚལ། མ་འོངས་པའི་ལས་ལྡན་གྱི་དད་པའི་རྒྱུར་ནི་དེ་ཙམ་གྱིས་ཆོག་པར་སེམས་སོ། །ཐེ་ཚོམ་དང་ལོག་རྟོག་གི་དྲ་བར་ཚུད་པ་དག་ལ་ནི་ཇི་ལྟར་འདོམས་ཀྱང་ཕན་པར་མི་འགྱུར་བ་ཉིད་དོ། །དེ་བས་ན་བློ་དང་ལྡན་པ་རྣམས་ཀྱིས་དམ་པའི་མཛད་པ་དད་པ་གསུམ་གྱིས་བསྙེན་ཞིང་། རང་ཉིད་ཀྱིས་ཀྱང་དེ་ལྟ་བུ་འཐོབ་པའི་ཐབས་ལ་གཞོལ་བར་བྱའོ། །དེ་ལྟ་བུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཆེན་པོ་དེས་སྟོད་ཛ་ཏིའི་རྐང་འཐུང་དཀྲིགས་པ་ནས། སྨད་རྒྱ་མོ་ཆུ་ལ་དར་འཐག་སའི་བར་གྱི་

p. 592

བསྟན་འགྲོ་ལ་སྨན་ཡོན་བླ་ན་མ་མཆིས་པ་སྩལ་ཅིང་། ཁྱད་པར་ལས་ལྡན་གྱི་གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་བཀོད་དེ་ཆོས་ཀྱི་དབྱིངས་ཟབ་ཅིང་རྒྱ་ཆེ་བའི་ཀློང་དུ་མནལ་བར་དགོངས་སོ། །དེ་ཅིས་མངོན་ཞེ་ན། རྣམ་ཐར་དགོས་འདོད་ཀུན་འབྱུང་ལས་གསལ་བར་མཛད་པས་སོ། །གཞན་ཡང་ལས་དང་སྐལ་བར་ལྡན་པ་ཞལ་བལྟ་བར་འདོད་པ་རྣམས་ལ། ལྕགས་ཁྱིའི་ལོའི་ས་ག་ཟླ་བའི་ཚེས་ལ་བཀྲ་ཤིས་འཁྱིལ་བར་འདུས་ཤིག་དམ་པ་ཆོས་ཀྱི་སྒོ་འཕར་བླ་ན་མེད་པ་དབྱེ་བར་བྱའོ། །ཞེས་པའི་བཀའ་ཕྱོགས་ཐམས་ཅད་དུ་དྲིལ་སྒྲོག་ཏུ་བཅུག བཀྲ་ཤིས་འཁྱིལ་བའི་རི་རྩེར་སྔར་བཞུགས་ཁྲི་རྙིང་བ་ཡོད་པ་ལ་ཉམས་གསོ་གཏོང་དགོས་ཚུལ་གསུངས་པ་ལྟར། གཉེར་བ་རབ་བྱུང་གིས་ཁ་འགོ་བྱས་ཏེ་ཞབས་ཕྱི་པ་རྣམས་ཀྱིས་ཆོས་ར་གསར་དུ་རྒྱ་ཆེར་བསྐྱེད་ནས། འདུས་པ་རྣམས་ཀྱི་དོན་དུ་གྲྭ་ཁང་མང་པོ་གསར་རྒྱག་གནང་། ཁྲི་ཁང་གི་གྱང་ལོགས་ལ། མཉམ་མེད་ཤཱཀྱའི་རྒྱལ་པོ། འཕགས་པ་སེམས་ཉིད་ངལ་གསོ། རྗེ་བཙུན་སྒྲོལ་མ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། ལྷོ་བྲག་གྲུབ་ཆེན་སོགས་མཁས་གྲུབ་མང་པོའི་སྐུ་བརྙན་ལྡེབས་བྲིས་ལ་བཀོད། དེ་ནས་ལོ་གསར་ཚེས་ལ་ལྕགས་ཁྱིའི་གནམ་ལོའི་དགའ་སྟོན་བླ་ན་མེད་པ་བགྱི་བ་ཡིན། མིའི་སྐྱེ་

p. 593

འཆི་ལ་ངེས་པ་ཅང་མ་མཆིས་པས་ན་མི་དགའ་བ་འཚོགས་པ་ད་ལན་ཙམ་ཡིན་ནོ། །ཁོ་བོ་ཁམས་བཟང་ཞིང་ཁྱེད་སློབ་མ་ཡོན་བདག་རྣམས་རྐྱེན་ཕྱི་ནང་གི་ཉེར་འཚེ་མེད་པར་གནས་པ་ནི། གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་བླ་སློབ་ཡོན་བདག ནང་ན་ཕ་མ་བུ་གསུམ། བར་ན་བདེ་སྐྱིད་སྙན་གསུམ་འཛོམ་པའི་དུས་འདིར། བདེ་བའི་མཆོག་ནི་ནད་མེད་པ། སྐྱིད་པའི་མཆོག་ནི་སེམས་སྐྱིད་པ་བྱ་བ་ཡིན། བདེ་ཞིང་སྐྱིད་པའི་སྒང་འདིར་ལྷ་ཆོས་མི་ཆོས་གང་བསྒྲུབ་ཀྱང་འཚེངས་པ་ཡིན། དེས་ན་མི་དགའ་ལྷ་དགའ་བྱེད་དགོས་པས། ངས་ཁྱེད་རང་རྣམས་ཚེ་རིང་བའི་ཕྱིར་ཚེ་དབང་བསྐུར། །རྗེས་སུ་དགའ་སྟོན་དུ་གླུ་གར་སོགས་རྒྱས་པར་བྱེད་དགོས་གསུངས་ནས་ཆོས་བཤད་དང་ཚེ་དབང་རྒྱས་པར་གནང་རྗེས་ད་ཁྱེད་གླུ་ཤེས་པ་རྣམས་ཀྱིས་གླུ་ལོངས། གཞས་ཤེས་པ་རྣམས་ཀྱིས་གཞས་ཐོངས་ལ་བྲོ་འཁྲབ་དགོས་གསུངས་པ་ལྟར། གཞོན་པ་རྣམས་ཀྱིས་རང་རང་གི་གང་ཤེས་ཀྱི་གླུ་སྣ་ཚོགས་པ་བླངས་སོང་། དབུས་གཙང་སྟོད་ནས་ཡོང་བའི་གྲྭ་པ་འགའ་རེས་འདི་འདྲ་ཟེར་བར་འདུག ནོར་བུ་མེ་ཤེལ་ཆུ་ཤེལ། །རྒྱུ་ཡི་ནོར་བུ་ཡིན་པ། །བོད་ཁམས་སྐྱོང་བའི་ནོར་བུ། །སྐྱབས་མགོན་ཡིད་བཞིན་

p. 594

ནོར་བུ། །དམ་ཆོས་ཟབ་མོའི་འདོད་དགུ། །གངས་ལྗོངས་འགྲོ་ལ་ཕབ་ནས། །ལས་ཅན་ཐར་པའི་ལམ་ལ། །སྐྱིད་གླུ་ལེན་བཞིན་བཞུད་སོང་། །ང་རང་བླ་མའི་གཅེས་ཕྲུག །རྗེ་ལ་གཡས་སྐོར་བརྒྱབ་ནས། །རི་ཁྲོད་འགྲིམས་ལ་ཆས་འགྲོ། །ཕ་ཤུལ་བུ་ཡིས་ཟིན་ཤོག །ཡང་བེའུ་ཐང་སྔགས་བྱིས་དང་། ལྷ་ཁང་སྔགས་བྱིས་ཀུན་དགའ་ནོར་བུ་གཉིས་ཀྱིས། སྐྱབས་མགོན་ཡིད་བཞིན་ནོར་བུ། །ཐུབ་བསྟན་རྒྱལ་མཚན་རྩེར་བཞུགས། །མ་གྱུར་འགྲོ་བ་ཡོངས་ལ། །དགོས་འདོད་ཆར་བཞིན་ཕབ་སོང་། །སྐྱབས་མགོན་རི་རྒྱལ་ལྷུན་པོ། །མི་འགྱུར་གདན་ལ་བཞུགས་ཡོང་། །སྣོད་ལྡན་སློབ་མའི་ཚོགས་ཀྱིས། །གསེར་རི་བཞིན་དུ་སྐོར་སྣང་། །སྐྱབས་མགོན་འཛམ་གླིང་ཉི་མ། །འོད་ཟེར་ཕྱོགས་བཅུར་འཕྲོས་ནས། །མ་གྱུར་འགྲོ་བ་ཡོངས་ཀྱི། །མ་རིག་མུན་པ་སངས་སོང་། །ཞེས་པ་ལ་སོགས་པའི་གཞས་བཏང་བྲོ་འཁྲབ། ཀླུ་ཡང་མང་པོ་བླངས་ཤིང་། ཉི་མ་ལྔ་ཙམ་ལ་དགའ་སྟོན་ཕུན་སུམ་ཚོགས་པ་སྩལ་ཅིང་ལྷའི་བདེ་སྐྱིད་ཀྱི་ཁེངས་པ་ཡང་འཕྲོག་པ་ཙམ་མཛད་དེ་སླར་ཡང་སྐུ་མཚམས་ལ་བཞུགས། དེ་ནས་ས་ག་ཟླ་བའི་ཡར་ཚེས་ལ་ཆོས་འཁོར་བསྐོར་བའི་དབུ་བཙུགས་ཉིན་ནངས་སྔ་མོ་ཉི་མ་རྩེ་ཤར་ལ། ཉིད་ནས་

p. 595

ཐུགས་བཀོད་གནང་བ་ལྟར། བན་སྔགས་གྲྭ་བཙུན་སྐྱ་སེར་ཐམས་ཅད་ཀྱིས་གོས་རྒྱན་མཛེས་པར་བྱས། གདུགས་རྒྱལ་མཚན་བ་དན་སྤོས་ཕོར་རོལ་མོ་སོགས་མཆོད་རྫས་སྣ་ཚོགས་ཐོགས་ཏེ། སེར་ཕྲེང་ཚར་དུ་དངར་བ་བྱས་སྔོན་བསུས་ནས་ཕེབས་ཏེ། ཆོས་ཁྲིར་བཞུགས་ནས། ལས་དང་སྐལ་བ་ལྡན་པ་ཡོངས་ལ་ལམ་རིམ་བློ་སྦྱོང་ཕྱག་ཆེན་དང་རྫོགས་ཆེན་སོགས་གང་དགོས་རང་རང་གི་འདོད་བློ་དང་བསྟུན་ཏེ་གནང་ནས། སྐབས་ཤིག་ཞལ་གདམས་འདི་ཉིད་ཀྱང་གནང་ངོ་། །རྗེ་མཚན་ལྡན་བླ་མ་ཡིད་བཞིན་ནོར། །སྟེང་སྤྱི་གཙུག་བདེ་ཆེན་འཁོར་ལོར་བཞུགས། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ། །དེའི་རྗེས་སུ་འཇུག་པའི་སྐལ་ལྡན་གྱི། །སློབ་མ་དང་ཡང་སློབ་ཐམས་ཅད་ཀྱི། །ཤེས་རྒྱུད་ལ་ཉམས་དང་རྟོགས་པ་ཡི། །བྱིན་རླབས་ཀྱི་མཚན་མ་མངོན་གྱུར་མཛོད། །དཔེ་སྤྲིན་བྲལ་ནམ་མཁའི་དབྱིངས་རུམ་ན། །འོད་རབ་གསལ་ཉི་ཟླ་ཤར་བ་བཞིན། །སེམས་སྐྱེ་མེད་སྤྲོས་བྲལ་ཀློང་ཡངས་ནས། །ཕྱོགས་ཀུན་ཁྱབ་སྙིང་རྗེ་ཤར་ན་ཨང་། །དཔེ་མཐོ་ལ་ཡངས་པའི་བར་སྣང་ལ། །བྱ་རྒོད་པོས་གཤོག་རྩལ་

p. 596

སྦྱོང་བ་བཞིན། །ཡུལ་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །ཉམས་རྟོགས་པའི་རྩལ་སྦྱོང་བྱས་ན་ཨང་། །དཔེ་མཁའ་ལ་སྤྲིན་ཕུང་ཆེར་འཁྲིགས་ནས། །ས་ཡངས་པར་ཆར་བ་འབེབས་པ་བཞིན། །རང་རྒྱུད་ལ་བྱང་ཆུབ་སེམས་འབྱོངས་ནས། །མ་འགྲོ་ལ་ཆོས་ཆར་ཕབ་ན་ཨང་། །དཔེ་ཆར་བས་ས་གཞི་བརླན་པ་ན། །སའི་ནང་ནས་མེ་ཏོག་སྐྱེ་བ་བཞིན། །ཆོས་ཟབ་མོས་གདུལ་བྱའི་རྒྱུད་སྨིན་ནས། །ཉམས་རྟོགས་པ་ནང་ནས་རྒྱས་ན་ཨང་། །ཕ་བླ་མ་མཇལ་རྒྱུ་ཡོད་དུས་མཇོལ། །ཕྱིས་རྨི་ལམ་བསྒུག་དགོས་དུས་ཤིག་འོང་། །དུས་ད་ལྟ་མཐོང་དུས་ཞལ་རས་ལྟོས། །ཕྱིས་ཞབས་ཕྱི་མཐོང་ན་དགའ་དུས་འོང་། །དུས་ད་ལྟ་གསུང་ཆོས་ཡང་ཡང་ཉོན། །ཕྱིས་ཉན་རྒྱུ་མེད་པའི་དུས་ཤིག་འོང་། །བཀའ་བཀྱོན་པའི་དུས་སུ་དགའ་བ་སྒོམས། །ཕྱིས་ཞལ་གསུང་མི་ཐོས་དུས་ཤིག་འོང་། །དུས་ད་ལྟ་འབུལ་ན་ཡོད་ཚད་ཕུལ། །ཕྱིས་འབུལ་ས་མེད་པའི་དུས་ཤིག་འོང་། །དུས་ད་ལྟ་བླ་མའི་དྲུང་ནས་སྡོད། །ཕྱིས་སྡོད་རྒྱུ་མེད་པའི་དུས་ཤིག་འོང་། །ལས་རྒྱུ་འབྲས་སྤོང་ལེན་ཤེས་ཙ་ན། །གཞན་ཐོས་ཆུང་ཟེར་ཡང་ཨའུ་ཙི། །སེམས་རང་ངོ་ཤེས་ན་འཕྲིན་ལས་ལ། །དབང་མ་ཐོབ་ཟེར་ཡང་ཨའུ་ཙི། །ཚེ་བློ་ཡིས་ཐོངས་ན་བླ་མ་ལ། །ནོར་འབུལ་རྒྱུ་མེད་རུང་ཨའུ་ཙི། །

p. 597

རང་བརྡར་ཤ་ནང་ནས་ཆོད་ཙ་ན། །ཆོས་སྒོམ་ཡུན་ཐུང་རུང་ཨའུ་ཙི། །སྨོན་ལམ་དང་སྙིང་རྗེ་གཉིས་ཡོད་ན། །ཕྲལ་འགྲོ་དོན་མེད་རུང་ཨའུ་ཙི། །དུས་ད་ལྟ་འཆི་རུང་མི་འཇིགས་ན། །ཉམས་རྟོགས་པ་དམའ་རུང་ཨའུ་ཙི། །རང་སྒོ་གསུམ་ལྷ་སྐུར་གསལ་ཙ་ན། །ཕྱིར་གྲུབ་རྟགས་མེད་རུང་ཨའུ་ཙི། །ཅིར་སྣང་ཚད་བདེན་མེད་ཤེས་ཙ་ན། །ཆོས་མ་བྱས་བསྡད་རུང་ཨའུ་ཙི། །རྗེ་བླ་མ་སངས་རྒྱས་མཐོང་ཙ་ན། །སེམས་མོས་གུས་ཆུང་རུང་ཨའུ་ཙི། །ཁྱིམ་བཟའ་ཚང་འཐབ་མོ་མཐོང་ཙ་ན། །སྨན་གོ་རྒས་མ་ཚོ་སྐྱིད་པར་གདའ། །ཡུལ་ཡོད་པའི་ཆགས་སྡང་མཐོང་ཙ་ན། །ཕོ་ཡུལ་མེད་པ་ཚོ་སྐྱིད་པར་གདའ། །ནོར་གསོག་བསྲུང་དཀའ་ལས་མཐོང་ཙ་ན། །ཕོ་ནོར་མེད་པ་ཚོ་སྐྱིད་པར་གདའ། །བུ་གསོ་བའི་དཀའ་ལས་མཐོང་ཙ་ན། །རྒན་བུ་མེད་པ་ཚོ་སྐྱིད་པར་གདའ། །སོ་ན་བའི་སྡུག་བསྔལ་མཐོང་ཙ་ན། །བན་ཁ་འུག་པ་ཚོ་སྐྱིད་པར་གདའ། །དགོན་གྲྭ་སའི་ཆགས་སྡང་མཐོང་ཙ་ན། །ཁོང་རི་ཁྲོད་པ་ཚོ་སྐྱིད་པར་གདའ། །ཡུལ་གྲོང་བའི་ནང་དུ་སྡོད་དུས་ཀྱང་། །སེམས་ཆགས་སྡང་སྐྱོན་གྱིས་མ་གོས་ཤིག །མི་མང་པོའི་ནང་དུ་སྡོད་དུས་ཀྱང་། །གཞན་ངོ་འཛིན་སྐྱོན་གྱིས་མ་གོས་ཤིག །མ་འགྲོ་བ་གཞན་གྱི་

p. 598

དོན་བྱེད་ཀྱང་། །རང་འདོད་ཀྱི་སྐྱོན་གྱིས་མ་གོས་ཤིག །རང་གཅིག་པུར་རི་ཁྲོད་འགྲིམས་དུས་ཀྱང་། །ཉན་རང་གི་སྐྱོན་གྱིས་མ་གོས་ཤིག །དུས་རྟག་ཏུ་འདོད་ཡོན་ལོངས་སྤྱོད་ཀྱང་། །ཞེན་ཆགས་ཀྱི་སྐྱོན་གྱིས་མ་གོས་ཤིག །ལས་དགེ་སྒྲུབ་སྡིག་པ་སྤོང་དུས་ཀྱང་། །གཡོ་ཟོལ་གྱི་སྐྱོན་གྱིས་མ་གོས་ཤིག །སྤྱིར་ཆོས་ཀྱི་ཕྱོགས་སུ་སྡུག་ཐུབ་པ། །ཅིག་གྱིས་དང་སྐྱིད་པའི་དུས་ཤིག་འོང་། །སྡོམ་དམ་ཚིག་བསྲུང་དུས་སྡུག་ཐུབ་པ། །ཅིག་གྱིས་དང་ཐར་པ་ཐོབ་ནས་འོང་། །ཆོས་སློབ་གཉེར་ཕྱོགས་སུ་སྡུག་ཐུབ་པ། །ཅིག་གྱིས་དང་ཐམས་ཅད་མཁྱེན་པ་འོང་། །ཚེ་སྟོད་ལ་བཙུན་པ་བྱས་བྱས་ནས། །མཐར་ཁྱིམ་ཐབ་བྱས་པའི་དཔེ་ཡོད་གཟོབ། །ཚེ་གང་བོར་ཐོས་པ་བྱས་བྱས་ནས། །མཐར་བཟའ་དཔོན་བྱས་པའི་དཔེ་ཡོད་གཟོབ། །ཚེ་སྟོད་ལ་རི་ཁྲོད་འགྲིམས་འགྲིམས་ནས། །མཐར་གྲོང་ནས་འཆི་བའི་དཔེ་ཡོད་གཟོབ། །ནོར་མང་པོ་དགྲ་བོའི་གཡབ་མོ་ཡིན། །དོན་དེ་ཕྱིར་ཟས་ནོར་མ་གསོག་ཅིག །གྲོགས་ངན་པ་འཁོར་བའི་དཔྱང་ཐག་ཡིན། །རང་གཅིག་པུར་སྡོད་དང་དགེ་སྦྱོར་འཕེལ། །མདོར་བསྡུ་ན་མང་དུ་སྨོས་ཅི་དགོས། །བཀའ་མདོ་རྒྱུད་མན་ངག་དཔང་པོར་ཞོག །རང་རྒྱུད་དང་ཆོས་གཉིས་འདྲེས་པར་གྱིས། །རྗེ་དམ་པ་གོང་མའི་རྣམ་ཐར་སྐྱོངས། །དགེ་འདི་ཡིས་སྐལ་ལྡན་

p. 599

སློབ་མའི་ཚོགས། །ཚེ་མི་རྟག་འཆི་བའི་ཚུལ་བསམས་ནས། །ཆོས་ཟབ་མོ་ཉམས་སུ་བླངས་པའི་མཐུས། །མཆོག་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །ཞེས་གསུངས་ནས། སྤྱིར་ཆོས་ཐམས་ཅད་མི་རྟག་པའི་ཚུལ་དང་། སྒོས་སུ་རང་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་ཆོས་རྒྱལ་ངག་དབང་ཝང་ཡབ་སྲས་དང་། བླ་མ་འཇམ་དབྱངས་རྒྱ་མཚོ་སོགས་ཞིང་ཁམས་གཞན་དུ་དགོངས་ཚུལ། ལུས་སྲོག་བསྐྱེད་པའི་དྲིན་ཅན་གྱི་མ་རྒན་མོ་སོགས་བཞུད་ཚུལ་རྣམས་གསུངས་ནས་སྤྱན་ཆབ་མང་པོ་བསིལ་ཞིང་། ད་ང་ཡང་ལོ་ལོན་ཁྱེད་སློབ་མ་ཡོན་བདག་གི་ནང་ནས་ཀྱང་ཕལ་ཆེ་བ་འཇིག་རྟེན་ཕྱི་མའི་ཡུལ་དུ་བཞུད་ཚར། ད་ཡོད་པ་རྣམས་ཀྱང་ཕལ་ཆེར་གྱི་ཚེ་ཕྱེད་ཀ་ཚར། ཕལ་ཆེར་གྱི་ཉིས་ཆ་དང་སུམ་ཆ་ལ་ཐུག་ནས་ངའི་རྗེས་ལ་བསྙེགས་ཚར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཞལ་མཇལ་བ་ལས་བླ་མའི་ཞལ་ལན་ཅིག་མཇལ་བ་སྐལ་བ་བཟང་། ཡི་དམ་ལྷ་བརྒྱའི་ཞལ་མཇལ་བ་ལས་བླ་མའི་ཞལ་རས་ཡུད་ཙམ་ཅིག་མཇལ་བ་བསོད་ནམས་ཆེ་གསུང་པ་ཡིན་པས། ད་ལོ་འུ་ཅག་ཐམས་ཅད་འདིར་ལན་ཅིག་འཚོགས་པ་སྐལ་བ་བཟང་། སང་ཉི་མ་རེ་གཉིས་ཀྱི་འཕྲོ་ནས་བཟུང་ཐག་ཉེ་རིང་གང་ནས་འོང་བ་ཐམས་ཅད་རིམ་པ་

p. 600

བཞིན་རང་རང་གནས་སུ་གྱེས་ནས། མི་རྟག་པའི་ཚུལ་སྟོན་པ་བཞིན་ཐམས་ཅད་འདིའི་རང་བཞིན་ཡིན་པས། ཁྱེད་བྱ་བཏང་རི་ཁྲོད་པའི་ཁུར་འཛིན་པ་རྣམས་ཀྱིས་རི་ཁྲོད་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་ལ་དམ་པ་གོང་མའི་རྣམ་ཐར་བཞིན་ཨེ་ཐུབ་ལྟོས། གཞན་དགོན་པའི་དགེ་འདུན་པ་དང་སྔགས་འཆང་འདུས་པ་རྣམས་ཀྱིས་རང་རང་གི་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་སྲུངས། ་ཚེས་བཅུ་དང་ཆོས་ཐོག་སྔར་ཡོད་པ་ཉམས་སུ་མ་འཇུག་མཚམས་སྒྲུབ་ལ་རེམ། གཞན་གྲོང་པའི་སྐྱེ་བོ་ཕོ་མོ་རྣམས་ཀྱིས་བཅོ་ལྔ་གནམ་གང་ཚེས་བརྒྱད་ལ་སྨྱུང་གནས་བསྙེན་གནས་རེ་བསྲུང་རྒྱུ། སྐུ་གསུང་ཐུགས་རྟེན་གང་ཡོད་ཀྱི་མདུན་དུ་སྤོས་མར་མེ་ཡོན་ཆབ་རེ་འབུལ་གང་ཐུབ་གྱིས། ངས་འདི་ནས་ཁྱེད་རྣམས་ཀྱིས་ཅི་བསམ་ཆོས་བཞིན་འགྲུབ་པའི་སྐྱབས་འཇུག་བྱ། ལོ་རྗེས་མ་ཚུན་ལ་བར་ཆད་འདྲ་མ་ཡོང་ན་ཟླ་བ་བཞི་བའི་ནང་ལ་ཆོས་འཁོར་འདི་ལས་ཆེ་བ་ཟླ་བ་གཅིག་ལྷག་ཙམ་ལ་བསྐོར་འདུག་ཡོད། དེའི་སྐབས་ཁྱེད་རང་རྣམས་ཀྱང་ཤོག གཞན་མཇལ་འདོད་པ་སུ་ཡོད་ཀྱང་ཤོག དེ་ཕན་ལ་ཡང་ཆོས་འཁོར་བསྐོར་ཨེ་ཐུབ་མི་ཤེས། ང་ཡང་ན་སོ་རྒས། མིག་ཀྱང་མི་གསལ། ཚེགས་དཀའ། རྐྱེན་ཆེན་པོ་མི་ཐུབ་པས། རི་བོ་

p. 601

རྨ་རྒྱལ་ལྟ་བུའི་མི་མེད་པའི་གངས་དང་རི་སུལ་ཞིག་སྙོག་ཐུབ་ན་རབ། དེ་མ་ཐུབ་རུང་འབྲོང་ལུང་བཀྲ་ཤིས་འཁྱིལ་བ་སོགས་ནས་འགོལ་བོ་བྱས་འཆི་བ་ནམ་འོང་བསྒུགས་ནས་འདུག་སྙམ་པ་ཡོད་གསུངས་པ་སོགས། གསུང་དོགས་གཞི་ཅན་མང་དུ་གསུངས། བཅོ་ལྔ་ལ་དད་ཅན་སློབ་བུ་བསྐལ་བཟང་ཆོས་འཕེལ་དང་ཆལ་ལེ་བ་གཉིས་ཀྱིས་མཐུན་རྐྱེན་སྦྱར་ཏེ། ཁོང་གིས་དབུ་མཛད་ནས་སྐྱ་སེར་སྟོང་ཕྲག་མང་པོས་སྨྱུང་གནས་ལེགས་པར་བསྲུངས། རྗེས་ནས་ཆོས་འཁོར་གྲོལ་བ་དང་ཞོ་འོང་དཔྱིས་ལ་རིན་པོ་ཆེ་དཔོན་སློབ་ཉིས་བརྒྱ་ཙམ་ཕེབས། དེའི་ལོ་སྡེ་བས་མཆོད་རྟེན་ཆེན་པོ་ཞིག་གསར་བཞེངས་བྱས་པ་ལ་རབ་གནས་བྱིན་འབེབས་གནང་། ཚོགས་འཁོར་དང་དགའ་སྟོན་རྒྱས་པར་བྱས། སྡེ་བས་སྤྱི་ཐོག་ནས་སྟོན་འཁོར་ཡོངས་རྫོགས་ལ་ཇ་ཐུག་དང་། གྲོ་ནས་དོ་བོ་ཉི་ཤུ་རྩ་བདུན། དཱ་བུ་དཀར་དམར་དོང་ཙེ་སོགས་འབུལ་བ་ཞབས་ཏོག་བསམ་ལས་འདས་པ་བྱུང་། དེ་ནས་སྐྱེས་ལྷ་ཇ་སྒྲོན་གྱི་རི་ངོགས་ལ་ཕུག་པ་རྙིང་བ་ཞིག་ཡོད་པ། རྡོ་བཟོ་ལ་ལས་སུ་བཅུག་ནས་ཉིད་ཀྱི་ཐུགས་བཀོད་ལྟར་མཚམས་ཁང་བཞེངས། བྱ་བཏང་རི་ཁྲོད་པ་དགེ་སློང་བློ་གྲོས་ལོ་མང་པོའི་བར་དུ་ནང་དེར་བསྡད་ནས་སྒྲུབ་པ་བྱས་

p. 602

པའི་མཚམས་ཁང་འགོལ་བོ་མཐོང་རྒྱ་ཆེ་ཞིང་བསིལ་དྲོད་སྙོམས་ལ། དམ་པ་གོང་མ་རྣམས་ཀྱིས་དབེན་པའི་བསྔགས་བརྗོད་གནང་བ་དང་མཐུན་པ་ཞིག་ཡོད་པ་དེར། །མཆོད་ཁང་གི་ནང་དུ་ཨོ་རྒྱན་ཆེན་པོ་དང་། ཕྱག་རྡོར། ཛམ་ནག་གི་སྐུ་འདྲ་རྣམས་གསར་བཞེངས་བྱས་ཡོད་པ་དེར་ཕེབས་ནས་རབ་གནས་དང་བསྔོ་སྨོན་རྒྱས་པར་གནང་། བཀའ་ལས། གནས་འདི་ནི་བྱིན་ཆགས་ཤིང་ཉམས་སྤྲོ་ལ་རྩ་བ་གསུམ་ཀྱི་ལྷ་ཚོགས་སྤྲིན་བཞིན་འཐིབ་པའི་གནས་ཁྱད་འཕགས་ཟངས་མདོག་དཔལ་གྱི་རི་བོ་དངོས་དང་མཚུངས་པ་ཡིན་པས། མཚམས་ལ་འདུག་མཁན་རྣམས་རྒྱུན་ལྡན་དུ་སྡོད་དང་ཅི་བསམ་ཆོས་བཞིན་འགྲུབ། མ་འོངས་པ་ན་གནས་འདི་སྔོན་བླ་མ་ཞབས་དཀར་པ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་གནས་ཡིན་ཞེས་མཐོང་ཐོས་ཐམས་ཅད་ཀྱི་དད་པའི་སྤུ་ལོང་གཡོ་ཞིང་། ཕྱག་དང་མཆོད་པའི་ཞིང་དུ་འགྱུར་བས། སྐོར་བ་དང་འབྲེལ་ཐོགས་ཐམས་ཅད་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ཚེའི་བར་ཆད། ཆག་ཆེ་ཉམ་ང་ཐམས་ཅད་རང་ཞི་ལ་འགྲོ་བ་ཞིག་འོང་ཞེས་འབྱུང་འགྱུར་གྱི་ལུང་བསྟན་མང་པོ་གསུངས། དེ་ནས་ཞོ་འོང་ལ་ཀའི་སྡེ་བ་རྣམས་ལ་རིམ་པ་བཞིན་ཕེབས་ནས་ཞག་གཉིས་གསུམ་རེ་བཞུགས། དད་ཅན་སོ་སོའི་ནང་དུ་བྱོན་ནས་

p. 603

འབུལ་བ་དང་ཞབས་ཏོག་གང་ཕུལ་བཞེས་བསྔོ་སྨོན་དང་ཕྱག་ནས་འཐོར་བཀའ་བསྒོ་བྱིན་རླབས་མཛད། ཡོན་བདག་ཕོ་མོ་ཀུན་ལ་འདི་ཕྱིར་ཕན་པའི་བསླབ་བྱ་དང་། མགུར་དབྱངས་སོགས་ཞལ་གདམས་མང་པོ་རྒྱས་པར་གནང་། དེ་ནས་ལུག་ར་པད་དཀར་ཆོས་གླིང་གི་དགོན་པ་གསར་བཞེངས་བྱེད་པའི་གནས་སུ་ཕེབས་ནས་ས་འདུལ་བྱིན་རླབས་མཛད་སྐབས་སུ། གློ་བུར་དུ་སྤྲིན་འཐིབས་ནས་ཆར་གྱི་རྒྱུན་བཟང་པོ་བབས་ཤིང་། །འབྲུག་གིས་སྒྲ་དབྱངས་ཕྱོགས་ཀུན་ཏུ་ཁྱབ་པར་བསྒྲགས་པ་སོགས་ངོ་མཚར་བའི་རྟེན་འབྲེལ་བསམ་ལས་འདས་པ་འགྲིགས། དགེ་འདུན་པ་དང་སྔགས་མང་གི་འདུ་ཁང་གི་ས་གནད་སོགས་ཕྲལ་ཕུགས་ཀྱི་ཐུགས་བཀོད་དང་། བཀྲ་ཤིས་བྱིན་འབེབས་རྒྱས་པར་གནང་། དེ་ནས་ཤེལ་དགོན་དུ་ཕེབས་པས། དགེ་འདུན་པ་རྣམས་ཀྱིས་བསུ་བ་རྒྱ་ཆེན་པོ་བྱས་ཇ་ཐུག་སོགས་ཞབས་ཏོག་ཕུལ། དྲུག་པའི་སྨོན་ལམ་ཆེན་མོ་ཉམས་ཡོད་པའི་དོན་དུ་ཡོན་བདག་རྣམས་ལ་ཞལ་གསུང་གནང་ནས་འཛིན་དུ་བཅུག སྒྲུབ་ཕུག་གི་ངོས་ནས་ཞག་ཁ་ཤས་བཞུགས། སྒྲུབ་ཕུག་གི་སྒོའི་ཕྱི་ལོགས་སུ་མཚམས་ཁང་གསར་བཞེངས་གནང་། དགོན་པའི་དགེ་

p. 604

འདུན་པ་རྣམས་ལ་མཚམས་རྒྱུན་ཡོད་པར་བྱས། དེ་ནས་ཞོ་འོང་འབྲོག་རུ་བརྒྱུད་ནས་མགར་རྩེ་དགོན་པར་ཕེབས་པས། འདུས་སྤྱི་ནས་མང་ཇ་ཚབ་ར་སོགས་རྒྱས་པ་བྱས་སྣེ་ལེན་ཡག་པོ་གནང་། གྲྭ་ཤག་མང་པོར་གདན་དྲངས་གསོལ་ཇ་ཞུས། འབུལ་བ་ཇ་ལན་ཆེན་བཅུ་ཙམ། རས་དཱ་བུ། མར་དོང་ཙེ་ཁྲོན་བརྒྱ་ལྷག་ཙམ་བཅས་ཕུལ་བ་རྣམས། འདུ་ཁང་རྙིང་བའི་ཤུལ་དུ། ཇོ་བོའི་ལྷ་ཁང་གསར་བཞེངས་བྱེད་རྒྱུའི་ཐུགས་བཀོད་གནང་སྟེ། དེའི་ཐེབས་སུ་བཞག་ནས། ས་ལས་ཀྱི་ཁ་འགོར་ཆོས་སྲིད་ཀུན་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་དབོན་པོ་དཀར་དྲིས་དང་། །སྟག་ཡན་སོགས་ཞབས་ཕྱི་པ་འགའ་ལ་ཐུགས་བཀོད་གནང་ནས་བཞག དེ་ནས་བཀྲ་ཤིས་དགེ་འཕེལ་དགོན་པར་ཕེབས་ནས་ཉི་མ་བཅུ་ལྷག་ཙམ་བཞུགས། ཚེ་དབང་ནོར་དབང་སོགས་རང་རང་ལ་གང་མཁོའི་རེ་བ་བསྐངས། སྔར་ནས་འདུ་ཁང་གསར་བ་བཞེང་རྒྱུའི་ཐུགས་བཀོད་ཡོད་ཀྱང་བཏང་སྙོམས་སུ་ལུས་པ་ལ། དེང་སྐབས་འདུ་ཁང་གི་ས་འདུལ་དགོས་གསུངས་ནས་ས་བཏུལ། རབ་གནས་མཛད། ཡག་པོ་ཞིག་བཞེང་དགོས་ཚུལ་ཐུགས་བཀོད་མཁན་རིན་པོ་ཆེ་དང་། དར་གྲོང་དགེ་སློང་། དགོན་པའི་དགེ་འདུན་པ་རྣམས་ལ་

p. 605

ནན་ཆེར་གནང་བ་ནི། ཕྱིས་སུ་མི་འབྱོན་པའི་བརྡར་མངོན་ནོ། །རང་ངན་ཨ་བར་ཐེ་བུའི་རུ་སྡེ་རྣམས་སུ་ཕེབས་པས། ཡོན་བདག་རྣམས་ནས་རྟ་རྒོད་མ། ནོར་ལུག་ཇ་རས་དངུལ་དོང་ཙེ་མར་ཕྱུར་བ་སོགས་འབུལ་བ་རྒྱ་ཆེར་ཕུལ། བསྔོ་སྨོན་རྒྱས་པར་གནང་། དེ་ནས་རིམ་པར་ཞོ་འོང་དཔྱིས་བརྒྱུད་ནས་ཕེབས་ལམ་དུས་དཀར་ཤར་གྱི་དགེ་འདུན་པ་དད་ཅན་འགས་ཐབ་བསུ་ཕུལ་བ་བཞེས་ནས། འཇམ་ལ་ཕེབས། སྡེ་ཐོག་ནས་ཇ་ཐུག་སོགས་ཞབས་ཏོག་ཕུལ་ཞག་འགའ་བཞུགས། དད་ཅན་རྣམས་ཀྱི་ནང་དུ་ཕེབས་ནས་ཕྱག་ནས་འཐོར་བསྔོ་སྨོན་རྒྱས་པར་གནང་། ཐམས་ཅད་ཀྱི་གྲོ་ནས་དོ་བོ་མང་པོའི་འབུལ་བ་བྱུང་། ལྷ་ཁང་དུ་ཕེབས་དབུ་མཛད་བསྐལ་བཟང་སྐྱབས་ཀྱི་ནང་དུ་གདན་དྲངས། ཉིད་རིན་པོ་ཆེའི་སྐུ་འདྲ་གསར་བཞེངས་བྱས་ཡོད་པ་ལ་རབ་གནས་མཛད། ཞག་ཁ་ཤས་བཞུགས། སྡེ་བས་སྤྱི་ཐོག་ནས་ཞབས་ཏོག་རྒྱས་པར་ཕུལ། གཞན་གདན་འདྲེན་ཞུ་མཁན་རྣམས་ཀྱི་ནང་དུ་བྱོན་ནས་འབུལ་བ་ཞབས་ཏོག་གང་ཕུལ་བཞེས། . རུ་རྩའི་སྔགས་ཁང་གསར་བཞེངས་བྱས་པའི་ནང་དུ་ཕེབས་ནས། ཨོ་རྒྱན་རིན་པོ་ཆེའི་གཙོས་སྐུ་གསུང་ཐུགས་རྟེན་མང་པོ་བཞེང་

p. 606

རྒྱུའི་ཞལ་བཀོད་གནང་། དེ་ནས་ནག་རྒྱུ་དང་སེར་རྒྱུ། ཕྱི་སྐོར་རྣམས་ལ་ཕེབས་ནས། ཡོན་བདག་དད་ཅན་རྣམས་ཀྱི་ནང་དུ་ཕྱག་ནས་འཐོར་བཀྲ་ཤིས་བརྗོད་བཞིན་བྱོན་པས། ཀུན་གྱིས་གྲོ་ནས་སོགས་དངོས་འབུལ་ཞབས་ཏོག་རྒྱ་ཆེར་ཕུལ་བ་རྣམས་རྒྱས་པར་བཞེས། བསྔོ་སྨོན་དང་བཀའ་བསྒོ་བྱིན་རླབས་མཛད། སྐྱེས་ཕོ་མོ་ཐམས་ཅད་ལ་འདི་ཕྱིར་ཕན་པའི་བསླབ་བྱ་རྒྱས་པར་གནང་། གོང་མོའི་གུར་ཁང་གི་གྲུབ་གནས་སུ་ལྷ་ཁང་མཚམས་པ་དགེ་འདུན་ནོར་བུས་ཇོ་བོའི་ལྷ་ཁང་གསར་བཞེངས་བྱས་པའི་རབ་གནས་སུ་གདན་དྲངས་པར་ཕེབས་ནས། ཐུགས་དགྱེས་བཞིན་རབ་གནས་བྱིན་འབེབས་བྱས་ཞལ་གདམས་དང་བསླབ་བྱ་མང་པོ་གནང་། ཞག་གསུམ་ཙམ་བཞུགས་པའི་རིང་ལ་གནས་ལ་བྱིན་འབེབས་ཡང་ཡང་བྱས། འབུལ་བ་ཞབས་ཏོག་གང་ཕུལ་ལ་བསྔོ་སྨོན་རྒྱས་པར་གནང་། ཡིད་དགའ་དགོན་པར་ཕེབས་དགེ་འདུན་པ་རྣམས་ཀྱིས་བསུ་བ་རྒྱ་ཆེན་པོ་བྱས། འདུ་ཁང་དུ་གདན་དྲངས་དཔོན་སློབ་འཁོར་བཅས་ལ་ཞབས་ཏོག་ཡག་པོ་བསྒྲུབས། འབུལ་བ་ཕུལ་བའི་ནང་ནས་ཕྲན་ཚེགས་ཙམ་མ་གཏོགས་ཕྱིར་གནང་། དགེ་འདུན་པ་ཡོངས་ལ་ལམ་རིམ་བསྡུས་དོན་གྱི་ལུང་དང་། འཕྲལ་ཕུགས་ཀུན་གྱི་བསླབ་སྟོན་

p. 607

རྒྱས་པར་གནང་། དགོན་པའི་ཕྱི་ནང་ཀུན་ཏུ་བཀྲ་ཤིས་པའི་མེ་ཏོག་འཐོར་ཞིང་བསྔོ་སྨོན་གྱི་མཚམས་སྦྱོར་བྱས། ཁྱུང་པོ་དང་སྡོང་སྐམ་ཧ་ར་བ་སྡེར་རྣམས་སུ་ཕེབས་ནས་འགྲོ་དོན་མཛད་པས་ཁྱིམ་ཚང་ཕལ་ཆེ་བའི་ནང་དུ་གདན་དྲངས། གྲོ་ནས་དོང་ཙེ་སོགས་ཀྱི་འབུལ་བ་གང་ཡོད་བཞེས་བསྔོ་སྨོན་དང་ལུགས་གཉིས་ཀྱི་བསླབ་བྱ་འདི་ཕྱིར་ཕན་པའི་ཞལ་གདམས་མང་པོ་གནང་བཞིན་བཞུགས་ཡོད་སྐབས་སུ། གློ་བུར་དུ་སྨོན་ལམ་ལོག་པའི་བདུད་རིགས་ཀྱིས་འཚེ་བ་བརྩམས་པས། དབོན་པོས་མགར་རྩེའི་བྱམས་ཁང་གི་ཁ་འགོ་བྱེད་དུ་ཡོད་དུས། གྲིབ་རྐྱེན་ལྟ་བུའི་བསྙུན་གཞི་བྱུང་བ་ལ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་རིམ་གྲོ་ཅི་མང་བྱས་ཀྱང་ཕན་པ་མ་བྱུང་བར་ཇེ་ཐུར་སོང་བས། །སྐུ་མདུན་དུ་གདན་འདྲེན་ལ་ཐོན་པས་སྐྱབས་རྗེ་ཉིད་ཀྱང་གློ་བུར་བྲེལ་སྟབས་སུ་ཕེབས་པའི་ལམ་བར་ནས་ཆར་བ་དྲག་པོ་བབས་ནས་ཕེབས་ཚུལ་མ་བྱུང་བར་ཞོ་འོང་དཔྱིས་ནས་ཞག་བཞུགས་གནང་། ཕྱི་ཉིན་སྔ་མོ་ནས་ཕེབས་ཏེ་བཀའ་བསྒོ་བྱིན་རླབས་སོགས་གནང་ཡང་། ཐབས་མ་བྱུང་བར་དུས་ལས་འདས་སོང་བ་ལ་ཐུགས་འགྱོད་དྲག་པོ་གནང་ཞིང་། མགར་རྩེ་བླ་མ་སོགས་བླ་མ་དགེ་བའི་བཤེས་གཉེན་དང་། དགོན་པའི་དགེ་འདུན་པ། དགོན་ཁག་མང་

p. 608

པོ་ལ་མང་ཇ་འགྱེད་སྤྱི་འཇོག་མང་པོ་ཕུལ་ནས་བསྔོ་སྨོན་གྱི་མཚམས་སྦྱོར་རྣམ་དག་གནང་། སྐབས་ཤིག་དད་གུས་དག་སྣང་ཆེ་ཞིང་དམ་པའི་གསུང་བཞིན་འགྲོ་ལ་གང་ཕན་བྱེད་པའི་རྩ་དགེ་སློང་སྐུ་མདུན་དུ་ཕྱིན་པ་ན་གསུང་བགྲོས་མང་པོ་གནང་མཐར་ཁོ་བོ་ལོ་ལོན་རེད། ཚེ་ཉི་མ་ནམ་ཚ་ཅི་ཡོད་མི་ཤེས། དབོན་པོ་བདེར་གཤེགས་ད་རུང་ལོ་ཡང་ཆུང་། ཁོ་རང་ཆོས་སྲིད་གང་ལ་བློ་གྲོས་རྒྱས་ཤིང་། རང་གཞན་ཡོངས་ལ་ཕན་ཐོགས་པ་ཞིག་ཡིན། ཚེ་རིང་རྒྱུ་ཞིག་བྱུང་ན། ཁོ་བོའི་བསམ་པ་ལ་སྤྲུལ་སྐུ་འདྲ་རྗེས་ནས་མི་ཡོང་སྙམ། འོན་ཀྱང་མེད་བཞིན་སྣང་བའི་འགྲོ་བ་ཡོངས་ལ་ཕན་པའི་སླད་དུ། སྤྲུལ་སྐུ་རེ་ཡོང་ན་བདག་ཡག་པོ་ཐུབ་སྙམ་པ་ཡོད་ཀྱང་རང་གཞན་ལ་དེའི་སྐལ་བ་མ་བྱུང་། ཁྱེད་རྣམས་ཀྱིས་ཀྱང་རྗེས་ནས་ཕན་གང་ཐོགས་བྱེད་དགོས་སོགས་ཕེབས་པར་བ་སྤུ་ཟིང་ངེ་བ་ཞིག་བྱུང་ཡང་ཅང་ཞུ་བ་ནི་མ་སྤོབས་སྣང་། དེ་ནས་འགྲོ་བ་སེམས་ཅན་གྱི་བསོད་ནམས་དམན་པ་དང་། ནག་ཕྱོགས་བདུད་རིགས་རྣམས་ཀྱི་རེ་སྨོན་འགྲུབ་པ་དང་། ཐ་མའི་མཛད་པ་སྟོན་པ་ལ་འཇུག་པར་ཉེ་བ་སོགས་གང་ཅིའི་ངོས་ནས། ལྕགས་ཁྱིའི་དགུན་ཟླ་ར་བའི་ནག་ཕྱོགས་རྒྱལ་བ་གཉིས་པར་སྐུ་རླུང་གི་རྣམ་པ་ལྟ་བུས་ཉིན་ཞག་གཅིག་བསྙུན་ཚུལ་བཞེས་

p. 609

པར་ཉེ་འཁོར་རྣམས་རྟ་རྟབ་པོར་གྱུར་ཏེ། ཕྱོགས་ཕྱོགས་སུ་རྒྱུ་མཚན་བསྙད་པས། རེབ་གོང་སྟོད་སྨད་ཀྱི་རེ་ལྟོས་ཅན་ཡིད་བློང་བློང་བོར་གྱུར་ཅིང་། རེབ་གོང་སྔགས་མང་དང་ཕྱོགས་ཕྱོགས་ཀྱི་བྱ་བཏང་རི་ཁྲོད་པ་རྣམས་ཀྱང་འདུས། བདག་ཀྱང་ལྷ་རིའི་མཚམས་ཁང་དུ་བསྙེན་མཚམས་ཤིག་ལ་བསྡད་ཡོད་པ་ཧར་འདོན་བྱས་བྲེལ་སྟབས་སུ་སོང་བ་ལ། གང་གི་འཕྲིན་ལས་པ་མཁན་ཆེན་དགེ་བའི་བཤེས་གཉེན་བཀྲ་ཤིས་དགེ་འཕེལ་ན་བཞུགས་པ་ཡང་གདན་དྲངས་ནས་ཕེབས་ཏེ། སྐུ་མདུན་དུ་བཞུགས་ཡོད་པ་ལ་བསྙུན་གཞི་མེད་དུ་དེངས་ནའང་། ཉེ་གནས་བློ་བཟང་ཤེས་རབ་དང་། ཀུན་དགའ་དོན་གྲུབ། སངས་རྒྱས་རིན་ཆེན། ཕུན་ཚོགས་དགེ་ལེགས། གཉེར་བ་རབ་བྱུང་སོགས་ལྟོས་བཅས་ཐུན་མོང་ནས་ཞབས་བརྟན་ཞིག་བསྒྲུབས་ན། གང་གི་སྐུ་ལ་བསྙུན་ཡེ་མེད་པ་ལ་ད་ལམ་གྱི་འདི་བདག་ཅག་གི་སྟོན་པའི་དཔལ་གྱི་མགུལ་ལས་སྦྲིད་པ་བྱུང་བ་ལྟར། སོམ་ཉིའི་གནས་སོ་ཞེས་བགྲོས་པ་ན། མཁན་རིན་པོ་ཆེའི་ཞལ་ནས། ལར་ཆོས་ཉིད་ལ་དབང་མ་འབྱོར་བ་དག་ལ་འཐད་མོད། ཆོས་ཉིད་ལ་བདག་གིར་སྤྱོད་པ་རྣམས་ལ་དེ་ལྟ་མ་ཡིན་ནོ། །འོན་ཀྱང་ཆོས་ཅན་མི་བསླུ་བ་ཉིད་ཀྱི་ཕྱིར་མི་རིགས་པའང་མ་ཡིན་མོད། ཁོ་བོ་ཅག་ནི་

p. 610

གང་གི་ཐུགས་དགོངས་ལ་རག་ལས་པ་མ་གཏོགས། བློ་ཙབ་ཙུབ་ཀྱི་ཁ་ན་མེད་སྙམ་གསུངས་པ་ནི་སྟོན་འཁོར་དགོངས་པ་མཉམ་པའི་མངོན་རྟོགས་ངོམ་པ་ཉིད་དོ། །དེ་ནའང་རྗེ་ལ་ཞུས་ནས་གང་གསུངས་པ་དེ་བསྒྲུབ་པར་རིགས་ཀྱིས། གྱ་ཚོམ་དུ་མ་ཡིན་ནོ་ཕེབས་པ་ལྟར་རྗེའི་སྙན་དུ་གསོལ་པས། བཀའ་ལས། སྔོན་གྱི་ལས་ལ་རག་གིས་ཞབས་བརྟན་གྱི་ཁ་ན་མེད་དོ། །ཟང་ཟིང་གི་སྦྱོར་བ་མ་བསྒྲུབས་ཤིག ཁོ་བོ་ལ་བརྟེན་བཅས་པའི་ཉམ་ཐག་པའི་འགྲོ་བའི་མཐུན་རྐྱེན་ཆུད་མ་གཟོན་ཅིག ས་གའི་ཟླ་བ་ལ་ཆོས་འཁོར་སྐོར་བའི་མཐུན་རྐྱེན་ཀྱང་དགོས་སོ་གསུངས་ཏེ་མ་གནང་བས། ཚུར་མཐོང་གི་བློས་མ་ནུས་པས་སླར་ནན་གྱིས་གསོལ་པས། བཀའ་ལས། ངས་ཁྱེད་རྣམས་ལ་དཀའ་ལས་མ་བཏང་བར་བསྡད་ན་སྐྱོན་མེད་སྙམ། འོན་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་ཕྱིར་རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་སུ་བསྲུང་བཟློག་སོགས་འཕྲིན་ལས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ཕྱིར་ཁྱོད་རང་རྣམས་ཀྱི་འདོད་བློ་དང་བསྟུན་ཏེ། ཞབས་བརྟན་གང་ཐུབ་ཕུལ་དང་བསམ་པ་བཞིན་དུ་འགྲུབ་པའི་རྟེན་འབྲེལ་ཡོད་གསུངས་ནས་བདག་གིར་བཞེས་པ་ལྟར། ངེད་དང་པདྨ་ལྷུན་གྲུབ་རྒྱ་མཚོའི་གཙོས་སྔགས་འཆང་འདུས་པ་ཉི་ཤུ་རྩ་གྲངས་ཀྱིས། བདེ་

p. 611

གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་སྦྲགས་མ་ཉི་མ་ཉི་ཤུ་རྩ་གཅིག་གི་སྒོ་ནས་བསྲེགས་འཕངས་ཀྱི་ལས་སྦྱོར་རྒྱས་པར་བགྱིས། གྲུབ་དབང་སྐལ་ལྡན་རང་གྲོལ་མཆོག་གི་ཡང་སྤྲུལ་དང་། བདེ་ཆེན་གར་དབང་རྡོ་རྗེའི་སྤྲུལ་སྐུ་བློ་བཟང་སྙན་གྲགས་སོགས་བླ་མ་དགེ་བའི་བཤེས་གཉེན་མང་རབ་ཀྱིས་ཚེ་སྒྲུབ་ཚད་ལྡན། དགོན་ཁག་མང་པོ་དང་རི་ཁྲོད་པ་གྲྭ་བཙུན་མང་པོ། གཞན་སྡེ་བ་སོ་སོ་ནས་ཚེ་མདོ་དང་། ཡིག་བརྒྱ། སྒྲོལ་མ། བསམ་ལྷུན། བཛྲ་གུ་རུ་སོགས་དུང་ཕྱིར་མང་པོ་བསྒྲུབས། ཟབ་གཏེར་མངའ་བདག་གྲུབ་དབང་ནམ་མཁའ་མཆོག་ནས་ཀློང་སྙིང་བླ་མ་རིག་འཛིན་འདུས་པའི་ཚེ་སྒྲུབ་དང་མཁའ་འགྲོའི་བསུན་བཟློག ཞི་རྒྱས་ཀྱི་མེ་མཆོད་སོགས་ངེད་དཔོན་སློབ་ལྷན་རྒྱས་ནས་གནད་སྨིན་བགྱིས་ཏེ། གྲུབ་དབང་མཆོག་གིས་ཚེ་དཔག་མེད་ཀྱི་སྐུ་ལི་མ་ཞིག་གི་གཙོས་འབུལ་བ་གྱ་ནོམ་པ་ཕུལ་ནས་བརྟན་བཞུགས་ཕུལ་བར། བཀའ་ལས། བསྟན་འགྲོ་ལ་སྨན་ན་ཚེ་རིང་དགོས་པ་མིན་ཏེ། རྒྱལ་བ་ཙོང་ཁ་པ་དང་ཀློང་ཆེན་རབ་འབྱམས་སོགས་དགུང་ལོ་ལྔ་བཅུ་ཙམ་ལས་མ་བཞུགས་པའི་ཕྱིར། བསྟན་འགྲོར་མི་ཕན་ན་ཚེ་རིང་བ་ཙམ་དུ་ཟད་མོད། འོན་ཀྱང་ཞབས་བརྟན་ཕུལ་བའི་རྟེན་འབྲེལ་དང་། བདག་གི་ལྷག་བསམ་གྱི་བདེན་པས་

p. 612

ཚེ་རིང་པོ་འོང་བའི་འདུན་པ་བྱེད་གསུངས། གྲུབ་དབང་ནམ་མཁའ་རིན་པོ་ཆེས་ནན་གྱིས་གསོལ་བས། བརྒྱ་དང་བཅུ་གཅིག་བར་དུ་བཞུགས་པར་ཞལ་གྱིས་བཞེས་པ་ཡིན་ནོ་ཞེས་གསུངས་མོད། དེ་ནི་དགོངས་པ་ཅན་ཞིག་སྟེ། དེའི་ཕྱི་དྲོ་སྐུ་མདུན་དུ་ཡོད་པ་འགའ་ལ་སྐྱེ་འཆི་འཁོར་བའི་ཉེས་དམིགས་དང་། སྙིགས་དུས་ཚེ་ཐུང་ནམ་འཆི་ཆ་མེད་ཚུལ་སོགས་གསུང་ཞིང་ལར་མངོན་ཤེས་ནི་མེད། སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས་ཅིར་འགྱུར་ནི་རང་ལ་ཆ་མེད་པས། དེ་རིང་ཡང་གཞན་གྱི་ངོར་ཡུན་རིང་འཚོ་བར་ཁས་བླངས་ཀྱང་། རྟེན་འབྲེལ་ཙམ་ཡིན་གྱི་ངེས་པ་ནི་ཅང་མ་མཆིས། དེ་བས་ན་དེ་རིང་འཆི་རུང་འགྱོད་པ་མེད། ལྷ་ཆོས་སྒྲུབ་པ་ལ་འབད་དགོས་གསུངས་པ་ནི་དོན་ལ་གནས་སོ། །དེ་ཡན་ལ་ཡར་མར་གྱི་ཚེས་བཅུ་ལ་ཚོགས་འཁོར་རྒྱུན་དུ་གནང་ཡང་། ཚོགས་གདན་བང་རིམ་བཞིའི་སྟེང་ཚོགས་གཏོར་ནོར་བུའི་དབྱིབས་ཅན་ཚེ་བ་རེ་རེ་ལས་མི་མཛད་པ་ལ། རྒྱལ་ཟླའི་ཚེས་བཅུ་ནས་བཟུང་སྟེ་ཡར་མར་གྱི་ཚེས་བཅུ་ནམ་བྱུང་ལ། ཞོ་འོང་དཔྱིས་སྨད་པ་གླིང་རྒྱུ་རྣམས་ལ་ཚོགས་འཁོར་གྱི་ཕྱིར་གསོལ་དཔོན་ཀུན་དགའ་ནོར་བུ་ཆེད་མངགས་བྱས་ནས། རྩམ་པ་འཁུར་བ་ཤ་སོགས་མང་པོ་བསྡུས་ནས། ཚོགས་འཁོར་སྟོང་དང་བརྒྱ་ལྷག་ཙམ་རེ་དུས་གཅིག་ལ་མཛད་པས།

p. 613

དཔྱོད་ལྡན་ཀུན་གྱིས་སྔར་འདི་འདྲ་མི་མཛད་པ་ལ་ད་ལོའི་འདི་ཐེ་ཚོམ་གྱི་གནས་སོ། །ཞེས་པ་ལས་ཅང་ཞུ་མ་སྤོབས་ཀྱང་རྗེས་སུ་བསམས་ན་ཞིང་འདིའི་མཛད་པ་རེ་ཞིག་བསྡུ་བའི་རྟགས་སུ་མངོན་ནོ། །དེ་ནས་ལྕགས་ཕག་གི་གནམ་ལོ་གསར་ཚེས་ལ་དགའ་སྟོན་རྒྱས་པར་བཏང་། དྲུང་ན་གནས་པ་རྣམས་དང་། ཕྱོགས་ཕྱོགས་ཀྱི་མཇལ་བ་སྐྱ་སེར་ཕོ་མོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལ་ཉི་མ་ལྔའི་རིང་ལ་ཚེ་དབང་ཆོས་བཤད་བསྔོ་སྨོན་རྒྱས་པར་གནང་ནས། སླར་སྐུ་མཚམས་སུ་བཞུགས། ཟླ་བ་གསུམ་པའི་བཅུ་གསུམ་ལ་ཐུགས་སྲས་དགུ་རོང་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་རིན་པོ་ཆེ་དཔོན་སློབ་ལྔ་བཅུ་ཙམ་སྐུ་མདུན་དུ་བྱོན། བཅོ་ལྔའི་ཉིན་དངོས་སྐྱེས་གྱ་ནོམ་པའི་ཕྱག་རྟེན་ཕུལ་ཞིང་ཞབས་པད་བརྟན་པའི་གསོལ་བ་བཏབ་དུས། བཀའ་ལས། ཁྱོད་འོངས་པ་ལེགས་ཀྱིས་དཔོན་སློབ་ལྷན་ཅིག་འཛོམ་པའི་དུས་ཡིན་ནོ། །ཁོ་བོས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་ཟིན། ད་ཁོ་བོ་ན་སོ་ཡང་སྨིན་པས་ཁྱོད་སློབ་མ་རྣམས་ཀྱི་རིང་ལ་བབ་བོ། །ཁོ་བོའི་རྗེས་སུ་ཁ་མིག་ཡར་བལྟ་གྱིས་ལ་རྣམ་ཐར་སྐྱོང་གང་ཐུབ་ལ་རེམ། ཁོ་བོ་ངལ་གསོ་བའི་དུས་ལ་བབ་བོ་ལ་སོགས་པའི་བཀའ་མཆིད་དོགས་གཞི་ཅན་མང་

p. 614

དུ་ཕེབས་ཀྱང་ཅང་ཞུ་བ་ནི་མ་སྤོབས། དམར་ཕྱོགས་ཀྱི་ཚེས་བཅུའི་ཚོགས་འཁོར་ཕུལ་བའི་མཐར། དགུ་རོང་སྤྲུལ་སྐུ་དང་སངས་རྒྱས་རིན་ཆེན་གཉིས་ལ་སྐུ་ཚེ་སྨད་ཀྱི་རྣམ་ཐར་ལྗགས་རྩོམ་གནང་བ་མགོ་ཐོག་ཏུ་བཞག་སྟེ་བྱིན་རླབས་གནང་མཐར། ཁྱོད་གཉིས་ཆོས་འདིའི་བདག་པོར་མངའ་གསོལ་བ་ཡིན་པས་དག་པོ་གྱིས་ལ་བྲིས་ཞིབ་ཏུ་ལྟོས་ལ་དོགས་པ་འདྲ་ཡོད་ན་ཆོད་དང་། རྗེས་ནས་པར་ལ་འཕུད་དགོས་ཀྱི་རེ་ཞིག་གཞན་སུ་ལ་ཡང་མ་སྟོན་ཅིག ཉང་གི་མཚམས་པ་མཆོག་ལ་ཡང་རྩོམ་གཞི་དུམ་པ་ཞིག་འབྲི་རྒྱུ་ཡོད་ཚུལ་སོགས་གསུངས་པས། སྙིང་མི་དགའ་ཕྱོད་པ་ཞིག་བྱུང་ཡང་བྱ་ཐབས་གཞན་ཟད་ལགས། རྣམ་པར་ཐར་པ་རིན་པོ་ཆེ་འདི་འདྲ་སྩལ་པ་བཀའ་དྲིན་ཆེ་སྟེ་ཐུགས་དགོངས་ལ་ཅི་ཡོད་མ་འཚལ་བས། སྙིགས་དུས་ཀྱི་བསྟན་འགྲོ་ལ་སྨན་ཕྱིར་སྐུ་ཚེ་བསྐལ་བརྒྱར་བརྟན་པར་གསོལ་བ་འདེབས་པ་ལགས་ཞུས་པས། བཀའ་ལས། ཁྱོད་རྣམ་རྟོག་བྱེད་མི་དགོས། དེ་ལོས་ཡིན་གཞན་གྱི་འདོད་པ་སྐོང་ཕྱིར་བྲིས་པ་ཡིན་ཞེས་ཕེབས། ཞོར་ལ་འདི་ཕྱི་ཀུན་ཏུ་དགེ་བའི་འབེལ་མཆིད་དང་། རྣམ་ཐར་འཕྲོ་མཐུད་དགོས་ཚུལ་སོགས་རྒྱས་པར་གསུངས། སྐབས་ཤིག་གཉེར་བ་རབ་བྱུང་གཅིག་པུ་ལ་ཡང་འདི་ཕྱི་ཀུན་ལ་ཕན་པའི་ཞལ་

p. 615

གདམས། བཀྲ་ཤིས་འཁྱིལ་བ་དང་། དགེ་འཕེལ། འབྲོང་ལུང་དགོན་པ་སོགས་ཀྱི་དོ་དམ་བྱེད་ཚུལ། གསུང་འབུམ་པར་དུ་མ་འཁོད་པ་རྣམས་ཀྱང་སློབ་མ་ཡོན་བདག་རྣམས་ལ་བསྐུལ་ནས་པར་ལ་འཕུད་དགོས་ཚུལ་སོགས་གསུངས་ནས། ཁོ་བོ་འགྲོ་དོན་ལ་ཕྱོགས་གཞན་དུ་འགྲོ་བའམ། མ་སོང་ཡང་མཚམས་འདྲ་བྱས་བསྡད་ན། ཁྱོད་རང་རྣམས་ཀྱིས་ཞབས་ཕྱི་སྔར་ལྟར་ལེ་ལོར་མ་སོང་བ་བྱས་བསྒྲུབ་དགོས། ཁྱད་པར་ད་ལོ་ཟླ་བ་བཞི་བའི་བཀའ་ཆོས་འདི་ཟླ་ཆོས་ལོང་དགོས་རྟེན་འབྲེལ་གྱི་གནད་ཅིག་ཡོད། མཐུན་རྐྱེན་འཚོ་ཆས་ལ་བསྣོན་པ་གང་དགོས་ཡོན་བདག་ཕྱུག་པོ་ཚོ་ལ་བཤད་ནས་བཙལ་དགོས་ཚུལ་སོགས་ནན་ཆེར་གསུངས། དེ་ནས་དབོ་ཟླའི་དམར་ཕྱོགས་ལ་ཞབས་བརྟན་དུ་དམིགས་ནས་གྲུབ་དབང་ནམ་མཁའ་རྒྱ་མཚོ་མཆོག་གིས་དབུ་མཛད་ནས། ངེད་དཔོན་སློབ་བཅོ་ལྔ་ཙམ་གྱིས་བཀའ་བརྒྱད་དཔལ་ཆེན་འདུས་པའི་བཟློག་སྒྲུབ་ཉི་མ་དགུ་ཙམ་གྱི་སྒོ་ནས། བསྲེག་འཕངས་ཀྱི་ལས་སྦྱོར་གནད་སྨིན་བགྱིས་ཀྱང་འགྲོ་བའི་བསོད་ནམས་དམན་པ་དང་། དམ་པའི་ཐ་མའི་མཛད་པ་ལ་རིང་མིན་འཇུག་པའི་རྟགས་སུ་གཏོར་བཀྲ་སོགས་ལ་གནས་སྐབས་ལས་ཡུན་རིང་འཚོ་བའི་ངོ་མ་

p. 616

ཤར། དེ་སྐབས་རྒྱ་ནག་རྒྱལ་པོའི་དབུ་བླ་ལྕང་སྐྱ་ཐམས་ཅད་མཁྱེན་པའི་ཡང་སྤྲུལ་གྱི་ཞབས་བརྟན་གྱི་ཆེད་དུ་གོས་ཆེན་རྒྱན་བཞི་མ་གཅིག་དང་། དངུལ་སྲང་སུམ་ཅུ་རྩ་གྲངས་ཝ་ནག་གྲི་མེ་ཆ་སོགས་དང་། ཞུ་ཡིག་བཅས་ཕུལ་ནས། སྤྲུལ་སྐུའི་ཞབས་བརྟན་དུ་ཚེ་སྒྲུབ་སྲུང་བཟློག་གི་འཕྲིན་ལས་གང་འོས་ཐུགས་ཉམས་སུ་བཞེས་དགོས་ཚུལ་ཞུས་པ་ལྟར། ངེད་དཔོན་སློབ་བཅུ་ཙམ་ལ་ཞབས་བརྟན་བསྒྲུབ་པའི་བཀའ་ཕེབས་པས། བཀའ་བརྒྱད་བདེ་གཤེགས་འདུས་པའི་བཟློག་བསྒྲུབ་སྦྱིན་བསྲེག་ཚད་ལྡན་དང་། ཉིད་ནས་ཚེ་སྒྲུབ་གནད་སྨིན་གནང་བས་སྔར་ལས་སྐུ་ཁམས་དྭངས་ཤིང་མཛད་འཕྲིན་རྒྱས་པ་བྱུང་། དེ་ནས་ཧོར་ལུགས་ཀྱི་ས་ག་ཟླ་བའི་ཚེས་གཅིག་ནས་དབུ་བཙུགས་ཏེ། ཆོས་ཀྱི་འཁོར་ལོ་ཉིན་མཚན་བར་མ་ཆད་དུ་ཟླ་བ་གཅིག་གི་བར་ལ་བསྐོར་བའི་མཛད་པ་བརྩམས། ཚེས་གཅིག་གི་ཉིན་གང་གི་འཕྲིན་ལས་པ་ཀུན་དགའ་དོན་གྲུབ་ཀྱིས་ཞབས་བརྟན་དུ་དམིགས་ནས། ཚེ་མདོ་གསེར་གྱིས་གསར་བསྐྲུན་བྱས་པའི་གཙོས་དངོས་འབུལ་རྒྱ་ཆེན་དང་། གྲྭ་སློབ་ཐུན་མོང་ནས་ཀྱང་ཅི་ཡོད་པའི་དངོས་འབུལ་བཅས་ཞབས་པད་བརྟན་པའི་གསོལ་བ་བཏབ་པར་ཞལ་བཟང་ལྟ་བུའི་ཞལ་ལེན་ལས་མ་གནང་། དེ་ནས་བཟུང་ཉི་མ་རེ་རེ་ཞིང་སྔ་དྲོའི་ཆ་ལ་འདོད་ལྷ་སྣ་ཚོགས་

p. 617

པའི་དབང་རྗེས་གནང་རིགས་གཏད་སོགས་གནང་ནས། ཕྱི་དྲོའི་ཆ་ལ་ལུང་ཁྲིད་ཟབ་རྒྱས་སྣ་ཚོགས་སྩལ་ཅིང་། ཚེས་བདུན་གྱི་སྔ་དྲོའི་ཆ་ལ་སྨན་བླ་མཆེད་བརྒྱད་ཀྱི་རྗེས་གནང་གྲུབ་རྗེས་བཀའ་ལས། དེ་རིང་ཕྱི་དྲོའི་ཆ་ལ་ཁ་བརྡ་འདྲ་བྱེད། ཁྱེད་རྣམས་ཀྱིས་གུང་ཚིགས་དལ་མོ་གྱིས་ལ་ཤོག་དེ་རིང་བཀའ་ཆོས་གནང་རྒྱུ་མིན་ཞེས་ཕེབས། དེ་ནས་སླར་འདུས་པ་ན་རྗེ་ཉིད་དུས་དང་རྣམ་པ་ཀུན་ཏུ་ཐུགས་འཇམ་ཞིང་བཀའ་བཀྱོན་དྲག་པོ་བྱེད་པ་ཡེ་མི་སྲིད་མོད། དེའི་ཉིན་ཅུང་ཟད་ཐུགས་སྐྱོ་བའི་རྣམ་པ་དང་བཅས་ཁྱེད་སློབ་མ་ཡོན་མཆོད་སུ་ཐད་ནས་ཀྱང་། ཁོ་བོས་བཤད་པ་ལ་ཉན་པ་ཉིན་སྐར་ལས་དཀོན་ཞིང་། ངས་མ་བྱེད་བྱས་པ་དེ་ལྷག་པར་བྱེད་ཅིང་། འདི་དང་འདི་འདྲ་བ་གྱིས་ཞེས་ཁ་ལྕེ་ལྦུ་བ་འཁྲིགས་རག་བར་དུ་བཤད། ཡི་གེར་བྲིས་པར་ཡན་ཆད་དུ་ཕུད་ནས་ཕན་རེ་ཨེ་ཐོགས་སྙམ་པ་ཡིན་པས། ཁྱེད་རྣམས་སུ་ཡིན་ཀྱང་ཡར་བསྐྱེད་ལས་མར་བསྐྱེད་ཐོན་པ་མང་ཞིང་ང་ལ་ཕྱིན་ཅི་བྱེད་པ་ལྟ་བུར་འདུག ད་ཡུན་རིང་བསྡད་དེ་ལོ་རེ་བཞིན་དུ་ཆོས་བཤད། རྒྱུ་མཚན་སོགས་ཇི་ཙམ་སྨྲས་ཀྱང་རང་ལ་དཀའ་ལས་གཏོང་བ་ལས་ཕན་བསྐྱེད་ནི་མ་མཆིས། གང་ལྟར་ཀྱང་རང་གིས་ཉན་མི་

p. 618

ཉན་གང་ཡིན་རུང་ཁ་ཁྲལ་ཕུད་ཚར་ནི་ཡིན། དེང་ཕྱིན་ཆད་འདི་ལྟར་འཚོགས་རྒྱུ་ཨེ་ཡོང་མི་ཤེས། འཇིག་རྟེན་ཁ་གཏམ་ལ། ཡང་ཡང་ཁྲོམ་པ་སྒང་ལ་མི་འཚོགས། ཡང་ཡང་གྱི་ལིང་ལ་སྒྲ་མི་བསྟོད་ཟེར་བ་ལྟར་མི་དགའ་བ་འཚོགས་པ་ད་ལན་ཙམ་ཡིན། ཁོ་བོ་ལོ་ན་ཚོད་ཀྱིས་གཏུགས། ལོ་ལྔ་བཅུ་ལོན་ན་ཚེ་མེད། བྱ་ཕོ་འགོ་མ་གྲག་ན་ནམ་མེད་ཟེར་བ་ལྟར། ལྔ་བཅུ་མ་ཟད་བདུན་ཅུ་དོན་གཅིག་ཏུ་སོན། ཁྱེད་རྣམས་ཕལ་ཆེར་ཀྱང་ངའི་རྗེས་སུ་བསྙེགས། གཞོན་པ་རྣམས་ཀྱང་འཛམ་གླིང་མིའི་ཚེ་ལ་ངེས་པ་མེད་པས། དེ་རིང་ཡང་མི་འཆི་བའི་གདེང་སུ་ལ་ཡང་མེད་པས་དེ་རིང་འཆི་རུང་། ཆོས་པ་རབ་འཆི་བ་ལ་བྲོད། འབྲིང་མི་འཚེར། ཐ་མ་མི་འགྱོད་ཟེར་བས་ན། ཐ་མ་མི་འགྱོད་པ་ཞིག་ཅིས་ཀྱང་དགོས་མོད་དེ། ཁྱེད་རྣམས་ཀྱིས་སྤྱོད་ཚུལ་འདི་ལ་བལྟས་ན། མི་འགྱོད་པ་ཞིག་ཀྱང་དཀའ་ཚོད་ན་གདའ། ད་བན་རྒན་ང་བླ་མ་ཞིག་གི་རྩིས། ཁྱེད་སློབ་མ་ཡོན་བདག་རྣམས་ཀྱིས་བྱེད་ན། ཁྱེད་བླ་མ་སྐུ་སྐྱེས་རི་ཁྲོད་པ་རྣམས་ཀྱིས་བཀའ་བརྒྱུད་གོང་མའི་རྣམ་ཐར་ལྟར་ན་བུན་གོས་སུ་གྱོན། བྲག་ཕུག་ཞྭ་ལྟར་བསྟེན། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར། ཆོས་ཀྱི་བར་གཅོད་ཆོས་བརྒྱད་ལ་རྡོག་བརྫིས་ཐོངས། ཉོན་མོངས་ལ་འབུར་འཇོམས་གྱིས་ལ་

p. 619

ད་རེས་ཀྱི་མི་ཚེ་དམ་པའི་ཆོས་ཀྱི་སྒོ་ནས་དལ་འབྱོར་ལ་སྙིང་པོ་ལེན་ཅི་ཐུབ་གྱིས། ཟབ་པ་དང་རྒྱ་ཆེ་བའི་གདམས་པ་ངས་བསྟན་པ་རྣམས་ཀྱི་ནང་ནས་རང་ཉིད་གང་མོས་དེ་ཉམས་སུ་ལོངས། གཞན་ཆོས་ལུགས་གྲུབ་མཐའ་ཡོངས་ལ་དག་སྣང་སྦྱོངས་ལ་ཁས་མ་གཏོང་། ཉམས་ལེན་བྱས་པའི་ལག་རྗེས་ལ་ཆོས་པ་རབ་ལ་ཉིན་བསྐྱེད། འབྲིང་ལ་ཟླ་བསྐྱེད། ཐ་མ་ལོ་བསྐྱེད་ཐོན་དགོས་པ་ཡིན། ཉོན་མོངས་དང་ཆགས་ཞེན་ཇེ་ཆུང་། ངེས་འབྱུང་དང་བྱང་སེམས་ཡང་དག་པའི་ལྟ་བ། རིམ་གཉིས་ཀྱི་རྣལ་འབྱོར་ལ་གོམས་འདྲིས་ཇེ་ཆེར་སོང་ནས། སྔར་ཤེས་རྒྱུད་གཡག་རྭ་ལས་གྱོང་བ་རྣམས་ཀྱང་ཕྱིས་རས་བལ་ལས་འཇམ་པ་ཞིག་ཡོང་དགོས་པ་ཡིན། དེའི་སྟེང་དུ་བླ་མ་ལ་མོས་གུས། མཆེད་གྲོགས་ལ་བརྩེ་གདུང་། ཆོས་ལུགས་གྲུབ་མཐའ་ཡོངས་ལ་དག་སྣང་། ཉམ་ཐག་པའི་འགྲོ་བ་ལ་སྙིང་རྗེ་ཕྱོགས་མེད་དུ་འབྱོངས་པ་ཞིག་དགོས། དེ་ལྟ་བུའི་གང་ཟག་དེ་ལྷ་མི་སུ་ཡིས་མཐོང་ཡང་སྨོན་པའི་གནས་ཡིན་ཏེ། ཁྱེད་མཆོག་དམན་སུ་ཡིན་ཀྱང་བདེ་བ་མི་འདོད་པ་ནི་གཅིག་ཀྱང་མེད་བདེ་ཞིང་སྐྱིད་པར་འདོད་ན། དེ་བསྒྲུབ་པའི་ཐབས་སུ་ཞིག་གིས་མི་བྱེད་སྙམ་དུ། ཉིན་མཚན་ཁོར་མོ་ཡུག་ཏུ་དམ་པའི་ཆོས་

p. 620

ཀྱིས་དུས་འདའ་བ་ཞིག་གྱིས། གཅིག་ལ་བཤད་པས་ཀུན་གྱིས་གོ་བ་གཅིག་དགོས་པས། ཁྱེད་གྲྭ་ས་སྒྲུབ་སྡེའི་དགེ་འདུན་པ་རྣམས་ཀྱིས་གྲྭ་སའི་འགྲིག་ལམ་ཀུན་སྤྱོད་རྣམས་ཡར་ལྡན་ངོས། ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་རྣམས་ཁྲལ་ཆོས་སུ་མ་སོང་བར་ནམ་བཞག་གཏན་གྱི་སོ་ནམ་དུ་འགྲོ་བ་ཞིག་གྱིས། སྔགས་པ་རྣམས་ཀྱིས་ལོ་མཚམས་ཟླ་མཚམས་བྱེད་མི་ཐུབ་ཀྱང་། ཉི་མ་བདུན་རེ་ལ་མཚམས་ཁང་ནས་རང་རྒྱུད་ལ་རྟོག་ལ། ངས་ཀྱང་དེ་ལྟ་བུ་མ་བྱུང་ཡང་དེའི་ཆ་འདྲ་རེ་ཨེ་འོང་སྙམ་པ་གྱིས་ལ་ཅི་ནུས་ཀྱིས་དགེ་སྦྱོར་ལ་བརྩོན། དོན་མེད་པའི་མཐུ་གཏད་ངན་སྔགས་མ་བྱེད། གསད་གསོས་ཀྱི་ནུས་པ་མེད་པར་མངོན་སྤྱོད་ཀྱི་ལས་བརྩམས་ན་དམྱལ་བར་འགྲོ་བའི་རྒྱུ་དེའི་ཆེ་ཞིག་གཞན་ན་མེད། ལར་ལས་ཆེན་བཅུ་གཉིས་ཀྱིས་མཚོན་ཞི་དྲག་གི་ལས་རབ་འབྱམས་རྣམས་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་མངའ་བ་དེས་གདུལ་བྱ་འདུལ་བའི་ཐབས་ལ་མ་རྨོངས་ཤིང་། གདུལ་བྱའི་བསམ་པ་མཁྱེན་པས་བསྟན་འགྲོའི་བདེ་ཐབས་ལ་དགོངས་ནས་བསྟན་པ་ཡིན། རང་ཅག་སོ་སྐྱེ་རྣམས་ཀྱིས་ཅི་ཐོད་ཐོད་དུ་བྱ་བར་མ་གསུངས། དེང་སང་ལས་རུང་གི་བསྙེན་པ་ཙམ་ཡང་

p. 621

མ་སོང་བའི་གང་ཟག་གིས་མཐུ་གཏད་ངན་སྔགས་བྱེད་པ་འདི་མེ་ཕར་བུས་ན་སྨ་ར་ཚུར་འཚིག་པའི་དཔེར་འདུག་གཤིས། ཆོས་ཆེན་པོ་མ་ནུས་ཀྱང་དུས་རྒྱུན་དུ་བསམ་པ་བཟང་པོའི་སྒོས། ཚེས་བཅུ་དང་ཆོས་ཐོག་གང་ཡོད་མ་ཆག་པ་གྱིས། བཅའ་ཡིག་གི་ནང་ལྟར་འགྲིག་ལམ་གང་ཞིབ་ཞིབ་གྱིས། ཡོན་བདག་རྣམས་ཀྱིས་རྐུས་དང་ཇག་མ་བྱེད། དོན་མེད་པའི་ཁ་མཆུའི་ཁ་འགོ་མ་བྱེད། སྡེ་བ་ཚོ་བའི་སྐྱིད་སྡུག་གི་དུས་སུ་ཕན་ཐོགས་བསམ་པ་བཟང་པོ་གྱིས། ཆོས་མ་ནུས་རུང་དོན་མེད་པའི་སེམས་ཅན་གྱི་སྲོག་མ་གཅོད། ནང་མི་བྲན་དང་སྒོ་ཁྱི་ཕྱུགས་ལ་བྱམས་སྐྱོང་གྱིས། སྒོར་འོང་བའི་སྤྲང་པོ་ལ་ཟན་ཆང་རེ་ལས་མེད་ཀྱང་བྱིན་དང་ཞར་དང་ཞོར་གྱི་ཆོས་ཡིན། ཁོམ་དུས་ཕྱག་སྐོར་ཁ་ཏོན་གང་ཤེས་གྱིས། དུས་རྒྱུན་དུ་མ་ཎི་བགྲོངས་ཉ་སྟོང་བརྒྱད་གསུམ་ལ་སྨྱུང་གནས་དང་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་སྲུངས། དེ་ལྟར་བྱས་ན། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཆོས་ལུགས་ལ། །བརྟེན་ན་ཐར་པ་གམ་ན་གདའ། །གསུངས་པ་དེ་འོང་བ་ཡིན། ཆོས་དང་འཇིག་རྟེན་གང་བྱེད་ཀྱང་སྔོན་དུ་བསམ་བློ་ཡག་པོ་ཐོངས་

p. 622

ལ་ཞུགས། འཇིག་རྟེན་པའི་ཁ་དཔེ་ལ། མི་ལ་རྟོག་དཔྱོད་མེད་ན་དུད་འགྲོ་ཡིན། རྟ་ལ་གོམ་འགྲོས་མེད་ན་བོང་བུ་ཡིན་ཟེར་བ་ལྟར། རྟོག་དཔྱོད་མེད་པའི་མི་ལ་མཚང་དེ་ལས་ཆེ་བ་མེད། མདོར་ན་མང་དུ་སྨོས་ཅི་དགོས། རྒྱལ་བ་གོང་མའི་གཤེགས་ཤུལ་མི་ཟིན་རུང་། ངའི་རྗེས་སུ་ཁ་མིག་ཡར་བལྟ་གྱིས་ལ། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་རྒྱ་བོད་ཀྱི་མཁས་གྲུབ་གོང་མའི་རྣམ་ཐར་གསུང་སྒྲོས་རང་གི་རྩ་བའི་བླ་མའི་གསུང་རྣམས་དཔང་པོར་ཞོག་ལ། རང་ཞེ་རང་གིས་མི་ཁྲེལ་བ་རེ་མཛོད། བན་རྒན་ངས་ཆོས་ལྡན་གྱི་བྱ་བ་ཅི་ནུས་བགྱིས་ཚར། ད་མི་མེད་པའི་གངས་དང་རི་སུལ་ཞིག་ནས་འཆི་བ་བསྒུག་འདོད་ཡོད་ཀྱང་། སྙིང་རྗེ་ཕྲག་ཕྲུག་རེས་ཡིད་བསྐྱོད་ནས་བསམ་ཐོག་ཏུ་མི་ཁེལ་བ་འདྲ་ཡང་། ད་སྒྱུ་ལུས་གོག་པོ་འདི་ལ་བེད་བཅད་ཚར། འགའ་རེས་ཁ་རྒྱག་ལ། ལ་ཁའི་ཤི་ན་བྱ་རོ། ཆུ་ཁའི་ཤི་ན་ཉ་རོ་ཟེར་བ་ལྟར། རང་སྣང་དག་པའི་རྣལ་འབྱོར་པ་ལ་མནར་མེད་དམྱལ་བ་དང་། དག་པའི་ཞིང་ལ་ཁྱད་མེད་པས་འཆི་ས་ལ་གདམ་ང་མེད། རང་གི་དགེ་རྩ་རང་གིས་བཅས་ཚར་བས་དགོངས་རྫོགས་མི་དགོས། སྔར་རྣམ་ཐར་དང་གླེགས་བམ་རྣམས་སུ་ལན་ཅིག་མ་ཡིན་པར་ཡང་ཡང་བཤད་པས། དེའི་ལྷག་ཁ་ཆེམས་

p. 623

འཇོག་རྒྱུ་མེད། སྤོང་ལེན་གྱི་ཆོས་ཅན་ཆོས་ཉིད་དུ་སངས་པས། སྤྲུལ་སྐུའི་རེ་བ་ཡང་མེད། གདུལ་བྱའི་མོས་པ་ལ་རག་ལས། ཁོ་བོའི་ཡོངས་འཛིན་ཨ་རིག་དགེ་བཤེས་རིན་པོ་ཆེའི་རྣམ་པར་ཐར་པ་དེ་བཞིན་བྱས་པ་ཡིན་ལ་སོགས་པའི་ཞིང་ཁམས་གཞན་དུ་དགོངས་པ་ཡོལ་བའི་གསུང་ཉིན་ཐོག་ཐག་གསུངས་པས། ཐམས་ཅད་ཀྱི་ཡིད་བློང་བློང་བོར་གྱུར་ཀྱང་ཐབས་གཞན་ནི་མ་རྙེད་དེ། ཚེས་བཅུ་གཅིག་གི་ཉིན་དགུ་རོང་སྤྲུལ་སྐུ་རིན་པོ་ཆེས་གཙོར་མཛད། བླ་མ་དགེ་བཤེས་སྐུ་སྐྱེས་མང་པོ་དང་། སྔགས་མང་གྲྭ་སློབ་སྤྱི་ནས་ཅི་ཡོད་ཀྱི་ནོར་རྫས་མང་པོ་ཕུལ་ནས། ཞབས་པད་བརྟན་པའི་གསོལ་བ་ནན་ཏན་དུ་བཏབ་ཀྱང་། བཀའ་ལས། ཁོ་བོ་བསྡད་ན་ལོས་འདོད་ཤི་ནས་ཁྱེད་རྣམས་སེམས་སྡུག་མྱ་ངན་གྱིས་ནོན་དུ་འཇུག་བསམ་པ་མེད་མོད། ཡུན་རིང་སྡོད་པའི་ཁས་ལེན་བྱས་ཀྱང་རྟེན་འབྲེལ་ཡིན། རང་ལ་མངོན་ཤེས་མེད་ཅིང་སྔོན་ལས་ཀྱིས་ཅིར་འགྱུར་མི་ཤེས་པས་དཀའ་མོ་ཞིག་འདུག འོན་ཀྱང་ཁྱོད་རང་རྣམས་ཀྱི་དད་མོས་བཞིན་རེ་ཞིག་བར་དུ་འདུག་པའི་འདུན་པ་བྱེད། བསྡད་ཀྱང་ཕན་ཐོགས་པ་དཀའ། གསེར་ཁང་རྡོ་རྗེ་འཆང་ཡབ་སྲས་སོགས་

p. 624

བྱང་ཆུབ་སེམས་དཔའ་མང་པོ་ཞིང་ཁམས་གཞན་ལ་ཕེབས་ཚུལ་བསམ་ན། སེམས་ཀྱང་དབང་མེད་དུ་སྐྱོ་ཚུལ་སོགས་ཐུགས་སྐྱོ་བའི་ཞལ་གསུང་མང་དུ་གནང་ཞིང་སྤྱན་ཆབ་བསིལ་བས། ཚོགས་པ་སྟོང་ཕྲག་མང་པོ་འཚོགས་པ་རྣམས་ཀྱང་མཆི་མའི་ཉེ་རག་བྱེད་པར་ཐུག་གོ །སྔར་གཏེར་སྟོན་རིག་འཛིན་ཆེན་པོ་བདེ་རྒྱལ་ཆེན་པོའི་གཏེར་ཆོས་རྣམས་བཀའ་དམ་པོ་གནང་ནས་ཅི་ཐོད་ཐོད་དུ་མི་སྤེལ་བ་ལ། འདིའི་སྐབས་དབང་ལུང་ཡོངས་རྫོགས་དང་། བཀའ་སྲུང་སོ་སོའི་སྲོག་གཏད་བཅས་ལྷག་མེད་དུ་གནང་། གཞན་ཐུན་མོང་དུ་ཞལ་གདམས་འདི་རྣམས་ཀྱང་གནང་བྱུང་། སློབ་བུ་ཚེ་བློས་བཏང་བའི་རི་ཁྲོད་པ་རྣམས་ཀྱིས་ཉམས་སུ་བླང་བྱའི་ཆོས་ནི། ཟབ་པ་དང་རྒྱ་ཆེ་བའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་ཁུ་བྱང་ཆུབ་ལམ་རིམ་དང་བློ་སྦྱོང་། །ཚེགས་ཆུང་དོན་ཆེ་བའི་སྔགས་བླ་མེད་ཀྱི་བསྐྱེད་རྫོགས། ཁྱད་པར་རྫོགས་རིམ་གྱི་མཐར་ཐུག་འོད་གསལ་ཕྱག་རྫོགས་དོ་ཧ་སོགས་ཉམས་སུ་ལོངས། དེ་ཀུན་ཀྱང་མདོ་ཧྲིལ་གྱིས་དྲིལ་ནས་ཉམས་སུ་ལེན་པའི་སྙིང་པོ་ནི། སྒྱུ་མ་རྨི་ལམ་ལྟ་བུའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་རང་སེམས་གདོད་མ་གཤིས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་

p. 625

ཟང་ཐལ་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུར་རྒྱུ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་བཏང་ལྷོད་ཀྱིས་གློད་ནས་བཞག་པས། དཔེར་ན་རོང་ཁུང་དོག་ས་ནས་ལ་ཁ་མཐོན་པོར་བུད་པ་དང་། རི་མཐོན་པོའི་རྩེ་ནས་གནམ་ཁ་ཞེང་ཆེ་སར་བལྟས་པ་ལྟར། གུ་ཡངས་ལ་བློ་བདེ་བ། ཟང་ཐལ་ལ་ཕྱམ་བརྡལ་བ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཆོས་སྐུ་འགྱུར་བ་མེད་པའི་རང་ངོ་ཤེས་པར་གྱིས་ལ་ངང་དྭངས་འཛིན་མེད་རྒྱ་འབྱམས་ཡེ་གྲོལ་ཆེན་པོར་ཉམས་སུ་ལོངས་ཤིག་དང་། རྟོགས་པ་ནམ་མཁའ་དང་མཉམ་ཡོང་། ཐུན་མཚམས་རྣམས་སུ། བཀའ་འགྱུར་བསྟན་འགྱུར་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་གསུང་འབུམ་རྣམས་ལ་ལྟོས་དང་། རང་གི་ཉམས་སུ་བླང་བྱའི་ཆོས་རྣམས་ལ་ཡིད་ཆེས་ངེས་ཤེས་འདྲོངས་པར་འགྱུར། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་སྒོ་ནས་སྒྱུ་མ་རྨི་ལམ་ལྟར་གང་ལ་ཡང་མི་ཆགས་པར་དངོས་པོ་རྣམས་སྦྱིན་པར་བཏང་ནས་འགྲོ་དོན་བྱས་ན། ཚེ་འདིར་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་བས་ཀུན་གྱི་སེམས་ལ་ཞོག གཞན་ཡང་ཉམས་ལེན་ཕུན་སུམ་ཚོགས་པ་ཞིག་བྱེད་ན། སྦྱོར་དངོས་རྗེས་གསུམ་ཐུན་མཚམས་ཀྱི་བྱ་བ་རྣམས་ཤེས་དགོས། དེ་ལ་

p. 626

ཆོས་གང་ཉམས་སུ་ལེན་ཀྱང་། སྦྱོར་བ་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་རྟེན་བཀྲམ་པ་སོགས་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་། དངོས་གཞི་མདོ་སྔགས་ཀྱི་ཆོས་ཀྱི་སྙིང་ཁུ་ལམ་རིམ་བློ་སྦྱོང་བསྐྱེད་རྫོགས། རྫོགས་ཆེན་སོགས་ཉམས་སུ་ལོངས། རྗེས་སུ་བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བྱ། ཐུན་མཚམས་རྣམས་སུ་ཕྱག་མཆོད་སྐོར་བ་སོགས་ཚོགས་གསོག་སྒྲིབ་སྦྱོང་བྱ། དེའི་ཚུལ་རྒྱས་པར་གདམས་ངག་གསེར་གྱི་རི་བོ་སོགས་སྦྱོར་བའི་ཆོས་དྲུག་རྣམས་ལས་ཤེས་པར་གྱིས། ཡང་མེ་ཏོག་ནང་ནས་པདྨ་དཀར་པོ་ལྟ་བུར་བསྔགས་པའི་དམ་ལྡན་རིག་འཛིན་སྔགས་འཆང་རྣམས་ལ་གདམས་པ། སྔོན་བྱུང་རིག་འཛིན་གོང་མ་རྣམས་ཀྱི་ཐུགས་དམ་གྱི་མཐིལ། ཆོས་ཀྱི་རྩ་བ་རིག་པ་འཛིན་ཚུལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་སྒྱུ་མ་རྨི་ལམ་བཞིན། སྣང་སྟོང་རིག་པའི་རང་རྩལ་དུ་གོ་ཞིང་། རིག་པའི་ངོ་བོ་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་གདལ་ཀློང་ཡངས་ནམ་མཁའ་ལྟར་རྟོགས་པའི་ངང་ལ་ཤེས་པ་ལྷོད་ཀྱིས་གློད་ནས་བཞག་པའི་ཚེ། གསལ་བ་དྭངས་པ་ཡངས་པ་ཆེ་བ། གཟའ་གཏད་དང་བྲལ་བ། བར་སྣང་དྭངས་པའི་དཀྱིལ་ལྟ་བུའི་ཉམས་ཤིག་འཆར་བ་འབྱུང་། དེ་དུས་བྱིང་རྒོད་བྱུང་ཡང་

p. 627

སྔར་རྒྱུན་ལྟར་བཞག་པས་རང་སར་གྲོལ་བར་འགྱུར་བས། །དེས་ན་རིག་པའི་ངོ་བོ་སྟོང་གསལ་འཛིན་མེད་བར་སྣང་དྭངས་པའི་དཀྱིལ་ལྟ་བུ་འདི་གཅིག་པུ་ངོ་ཤེས་པས། ཉོན་མོངས་པ་ཀུན་རྒྱ་གྲོལ་ལ་འགྲོ་བའི་གནད་ཀྱི་གདམས་པ་འདི་ཡིན་ཏེ། སྙིང་ཐིག་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུར་འགྱུར་བ་མེད། །གསལ་ལེ་སེང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག ། ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེས་ལ་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་ཡོ་བ་མེད་པར་ཞོག །ཅེས་གསུངས་པ་ལྟར་རིག་པ་འཛིན་ཤེས་ན། རིག་འཛིན་རྣམ་བཞི་དང་སྐལ་བ་མཉམ་པར་འགྱུར་རོ་གསུངས། གཞན་བུ་སློབ་རང་རང་དང་འདུས་པ་སྤྱི་ལ་འདི་ཕྱིར་ཕན་པའི་ཞལ་གདམས་མང་དུ་སྩལ། དེ་ནས་བཅུ་གསུམ་གྱི་ཉིན་གསོལ་

p. 628

ཚིགས་ཀྱི་དུས་སྐུ་མདུན་དུ་མཁན་ཆེན་དགེ་བའི་བཤེས་གཉེན་དང་། ཀུན་དགའ་དོན་གྲུབ་གཉིས་ལ་མགར་རྩེའི་བྱམས་ཁང་གསར་བསྐྲུན་གྱི་ནང་རྟེན་འདི་ལྟར་བཞེང་དགོས་ཀྱི་ཞལ་བཀོད་ཞིབ་རྒྱས་སྩལ། བཅོ་ལྔ་ལ་སྐྱ་སེར་ཕོ་མོ་སྟོང་ཕྲག་མང་པོས་སྨྱུང་གནས་བསྲུང་བའི་ཡོན་བདག་རིན་ཆེན་རྒྱལ་མ་བུ་གཉིས་ཀྱིས་བྱས། གཞན་སྟོད་སྨད་བར་གསུམ་གྱི་ཞལ་འདེབས་བྱེད་མཁན་མང་དུ་བྱུང་། དེ་ནས་རིམ་གྱིས་ཟླ་ཆོས་ཚར་བ་དང་གཞན་བྱ་ཐབས་མ་རྙེད་པར་བཀྲ་ཤིས་འཁྱིལ་བར་བཞུགས་པར་གསོལ་བ་ནན་གྱིས་བཏབ་ཀྱང་། དུས་དང་རྣམ་པ་ཀུན་ཏུ་གཏན་པ་མེད་པའི་མཆོད་སྦྱིན་ལ་འགྲུས་པས། གཏང་བྱའི་དངོས་པོ་རྣམས་ཚོང་དཔོན་དུ་སྐྱེས་པའི་རབས་ལྟར་གྱུར་ཀྱང་གོམས་པ་བརྟན་པ་ནི། སྐྱེས་རབས་ལས། སྦྱིན་པར་འདོད་པའི་དགེ་བ་རྣམས། །སྙིང་རྗེ་གོམས་པ་ལས་སྐྱེས་པས། །སྡུག་བསྔལ་སྲོག་ལ་བབ་ན་ཡང་། །དམན་ཞིང་ཞུམ་པ་ཡོངས་མི་འགྱུར། །ཞེས་པ་ལྟར་འཕོངས་པའི་སྐྱེ་བོ་ཆེས་མང་བའི་སྟབས་ཀྱིས་དེ་དག་ལ་ཕན་པ་རྩོལ་བ་དང་། ལས་སྨོན་ལོག་པའི་སྐྱེ་བོའི་ཆགས་སྡང་གི་བྱེད་པས་འཐབ་རྩོད་ཀྱིས་འགྲོ་བ་བསོད་ནམས་དམན་པ་ཕལ་མོ་ཆེའི་སྲོག་ལ་རྒོལ་བ་དེ་རྣམས་

p. 629

འདུམ་པའི་ཆེད་དང་། ཐ་མའི་གདུལ་བྱར་གྱུར་པ་རྣམས་འདུལ་བར་དགོངས་ཏེ་མ་གནང་བར་ལྗོངས་རྒྱུ་བ་ལ་ཕྱོགས་པར་གྱུར་ཏོ། །སྨྲས་པ། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །འཆི་མེད་རིག་འཛིན་སྤྲུལ་སྐུ་པདྨ་འབྱུང་། །རྣམ་གསུམ་དབྱེར་མེད་དྲིན་ཅན་བླ་མར་འདུད། །བདག་སོགས་སྐལ་ལྡན་སློབ་མའི་ཚོགས་རྣམས་དང་། །ལས་ལྡན་དད་ཅན་ཡོན་བདག་ཕོ་མོ་སོགས། །མཐོང་ཐོས་དྲན་རེག་འབྲེལ་ཚད་ཐམས་ཅད་ལ། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །ངུར་སྨྲིག་གར་གྱི་རྣམ་རོལ་སྐྱབས་མགོན་རྗེ། །མཚན་སྙན་ཞབས་དཀར་རྡོ་རྗེ་འཆང་ཆེན་ཞེས། །ལྷ་མིའི་སྟོན་མཆོག་སྙིགས་མའི་དུས་འདིར་བྱོན། །མགོན་དེའི་གསང་གསུམ་ཡོན་ཏན་རྨད་པོ་ཆེ། །བདག་འདྲའི་ལྟ་ཞོག་སར་གནས་སེམས་དཔའ་ཆེ། །རྡོ་རྗེ་གསུང་ལ་མངའ་དབང་བསྒྱུར་རྣམས་ཀྱིས། །བསྐལ་པར་བརྗོད་ཀྱང་བསྡུ་བྱའི་ཡུལ་ལས་འདས། །འོན་ཀྱང་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཤིང་། །བདག་ཅག་རྗེས་འཇུག་ཚོགས་གཉིས་སྤེལ་བ་དང་། །མ་འོངས་ལས་ལྡན་དད་

p. 630

གུས་འབྱུང་བའི་ཕྱིར། །རྣམ་ཐར་མདོར་བསྡུས་ཙམ་གྱིས་ཐོགས་དྲངས་ནས། །ཞིང་ཁམས་གཞན་དུ་གཟིགས་པ་ཡོལ་བའི་ཚུལ། །ཐ་མའི་རྣམ་ཐར་ཡི་གེའི་རིས་སུ་བཀོད། །དམ་པ་མཆོག་ཉིད་ཆུང་ངུའི་དུས་ནས་བཟུང་། །ཆགས་སྡང་ཀུན་བྲལ་དམན་ལ་ལྷག་པར་བརྩེ། །གཞོན་ནུའི་དུས་ནས་མཚན་ལྡན་བླ་མ་བསྟེན། །མདོ་སྔགས་གཞུང་ལ་ཐོས་བསམ་བྱས་ཚུལ་སོགས། །བཀའ་ཡི་གླེགས་བུ་གཉིས་སུ་གསལ་བ་ལྟར། །སྐབས་འགར་ལས་ཅན་དག་པའི་སྣང་ངོ་རུ། །སྐུ་ལས་འཕགས་མཆོག་ལོ་ཀེ་ཤྭ་ར་དང་། །རྡོ་རྗེ་སེམས་དཔའ་དབང་ཆེན་རྟ་ཕག་སོགས། །གྲངས་མེད་ལྷ་ཡི་འཁོར་ལོར་གསལ་བྱས་ནས། །ཏིང་ངེ་འཛིན་གྱི་དབང་བཞི་བསྐུར་བ་སོགས། །རང་རང་གདུལ་བྱའི་མོས་ངོར་གང་འཚམ་བསྟན། །ཐ་མའི་རྣམ་ཐར་སྐྱོང་ལ་ཉེ་བའི་ཚེ། །བཀའ་ཆོས་ཞུ་ཞིང་མཇལ་འདོད་ཡོད་པ་རྣམས། །ས་གའི་ཚེས་ལ་ཤོག་ཅེས་བཀའ་འཕྲིན་བསྒྲགས། །ཆོས་ཁྲིའི་རྩིག་ངོས་ཐུབ་དབང་སྤྱན་རས་གཟིགས། །སྒྲོལ་མ་ལ་སོགས་ལྡེབས་བྲིས་སྣ་ཚོགས་བཀོད། །གསར་བཞེངས་གནང་ཞིང་ཁང་ཆུང་སུམ་ཅུ་སྐོར། །འཚོགས་པ་མང་ཚེ་དགོས་གསུངས་ལེགས་པར་བཟོས། །ས་ག་ཟླ་བའི་ཚེས་གཅིག་ནས་བཟུང་སྟེ། །ཆོས་ཀྱི་འཁོར་

p. 631

ལོ་རྒྱུན་ཆད་མེད་པར་བསྐོར། །བཅོ་ལྔར་དད་ཅན་སློབ་བུས་ཡོན་སྦྱར་ནས། །སྨྱུང་གནས་སྟོང་ཕྲག་མང་པོ་བསྲུང་ཐུབ་བྱུང་། །དེ་ནས་རིམ་བཞིན་ཞོ་འོང་དཔྱིས་བརྒྱུད་ནས། །ཇ་སྒྲོན་གྲུབ་ཁང་ཤེལ་དགོན་གྲུབ་གནས་དང་། །ལུག་ར་དགོན་གསར་གནས་ལ་བྱིན་རླབས་གནང་། །སྐུ་སུང་ཐུགས་རྟེན་ཀུན་ལ་རབ་གནས་འཐོབ། །དེ་ནས་རིམ་བཞིན་མགར་རྩེ་དགེ་འཕེལ་དགོན། །རང་ངན་ཨ་བར་ཐེའུ་ཀུན་ལ་ཕེབས། །ཐུགས་བཀོད་ཞལ་གདམས་བསྔོ་སྨོན་ཤིས་པ་བརྗོད། །གོང་མོའི་གུར་ཁང་ཡིད་དགའ་དགོན་པ་སོགས། །ཕེབས་ཤིང་བསྔོ་སྨོན་ཆོས་ཀྱི་འབྲེལ་བ་གནང་། །གྲོང་སྡེ་རྣམས་སུ་འགྲོ་དོན་གནང་སྐབས་སུ། །གློ་བུར་ནག་ཕྱོགས་འབྱུང་པོས་འཚེ་བ་ལས། །དབོན་པོ་དུས་འདས་སྐྱོ་བའི་ཚུལ་བསྟན་ནས། །སྐུ་མཚམས་དམ་པོར་བསྡམས་ནས་བཞུགས་སྐབས་སུ། །ཕག་ཟླའི་དམར་ཕྱོགས་རྒྱལ་བ་གསུམ་པའི་ཉིན། །སྐུ་རླུང་བཞེས་ནས་ཞག་གཅིག་བསྣུན་ཚུལ་བསྟན། །རིག་འཛིན་ཆེན་པོ་མཐའ་བྲལ་རྡོ་རྗེ་སོགས། །བླ་སློབ་དང་ལྡན་ཡོན་བདག་ཐབས་ཅད་ཀྱིས། །ཚེ་སྒྲུབ་ཞབས་བརྟན་བརྟན་བཞུགས་གང་མང་བསྒྲུབས། །གསོལ་བ་བཏབ་པས་ཞལ་

p. 632

ལེན་གནང་ཙམ་བྱུང་། །དེ་ནས་བཟུང་སྟེ་དད་ཅན་ཐམས་ཅད་ལ། །འདི་ཕྱིར་ཕན་པའི་བསླབ་སྟོན་རྒྱས་པ་དང་། །ཆོས་རྣམས་མི་རྟག་སྟོན་ཚུལ་ལ་སོགས་པ། །ཡིད་མི་ཆེས་པའི་ཞལ་གསུང་མང་པོ་གནང་། །སྐུ་ཚེ་སྨད་ཀྱི་རྣམ་པར་ཐར་པ་སོགས། །གསུང་རྩོམ་ཀུན་གྱི་མཇུག་བསྡུས་བསྔོ་སྨོན་གནང་། །ལྕགས་ཕག་ལོ་ཡི་ས་ག་ཟླ་བ་ལ། །དད་ཅན་སྐྱ་སེར་ཕོ་མོ་ཐམས་ཅད་ལ། །དབང་ལུང་རྗེས་གནང་ཟབ་ཁྲིད་མན་ངག་བཅས། །བཀའ་རྒྱ་བཀྲོལ་ཞིང་ལྷག་ལུས་མེད་པར་གནང་། །སློབ་མ་ཡོན་བདག་གྲྭ་བཙུན་ཐམས་ཅད་ལ། །རང་རང་བློ་དང་བསྟུན་ཏེ་ཞལ་གདམས་བྱིན། །བཅོ་ལྔའི་ཉིན་པར་དད་ཅན་ཡོན་བདག་གིས། །མཐུན་རྐྱེན་སྦྱར་ཏེ་དཔོན་སློབ་འཁོར་བཅས་ཀྱིས། །སྨྱུང་གནས་བསྲུངས་པས་སྟོང་ཕྲག་མང་པོ་བྱུང་། །དེ་ནས་འཕོངས་པའི་སྐྱེ་བོ་འདུལ་ཕྱིར་དང་། །ཆགས་སྡང་དབང་གིས་འཁྲུག་པ་འདུམ་ཆེད་དང་། །ཐ་མའི་གདུལ་བྱར་གྱུར་རྣམས་འདུལ་བར་ཕྱོགས། །བཞུགས་པར་ཞུས་ཀྱང་མ་གནང་བཤོལ་ཐབས་བྲལ། །སྣོན་ཟླའི་ཚེས་ནས་བཟུང་སྟེ་འབྱོན་པར་ཆོས། །ཕྱི་ནང་ཀུན་ཏུ་རབ་གནས་མེ་ཏོག་འཐོར། །གྲྭ་བཙུན་རྣམས་ལ་སྤྱི་སྒོས་ཞལ་གདམས་གནང་། །གྲོང་དགོན་ཀུན་ཏུ་འགྲོ་

p. 633

བའི་དོན་ལ་བྱོན། །རྗེ་བཙུན་བླ་མའི་རྣམ་ཐར་ཐ་མ་རུ། །ཞུགས་པའི་ཚུལ་གྱི་བརྗོད་པ་དེ་ལྟར་ལགས། །འདས་དང་ད་ལྟ་བཞུགས་དང་མ་འོངས་པར། །འབྱོན་པའི་ཆོས་མཛད་སྐྱེ་བོ་ཕོ་མོ་རྣམས། །ཚུལ་འདིར་རྗེས་སུ་ཡི་རང་བསྒོམ་བྱས་ལ། །བླ་མེད་བྱང་ཆུབ་བསྒྲུབ་ལ་མྱུར་བརྩོན་ཅིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་སྣོན་ཟླའི་ཡར་ཚེས་ལ་བཀྲ་ཤིས་འཁྱིལ་བའི་འདུ་ཁང་དང་། བྱམས་ཁང་གཟིམ་ཆུང་བཀྲ་ཤིས་འབྱུང་གནས་རྣམས་སུ་ཕེབས་ནས་མེ་ཏོག་འཐོར་ཞིང་བྱིན་འབེབས་བཀྲ་ཤིས་རྒྱས་པར་གནང་། གྲྭ་ཤག་འགའ་ལ་ཞུས་པར་ཕེབས་ནས་དགྱེས་བཞིན་བསྙེན་བཀུར་ཕུལ་བ་བཞེས་ནས་བསྔོ་སྨོན་དང་བཀྲ་ཤིས་མཛད། སང་ཚེས་གསུམ་ནས་སྐུ་ཚེ་སྨད་ཀྱི་རྣམ་ཐར་པར་ལ་འཕུད་པའི་མགོ་འཛུགས་དགོས་ཚུལ། དེའི་དགའ་སྟོན་གྱི་ཡོ་བྱད་གྲ་བསྒྲིག་དགོས་ཚུལ་སོགས་ཀྱི་ཐུགས་བཀོད་གཉེར་བ་རབ་བྱུང་ལ་གནང་། རི་རྩེ་དང་ནགས་གསེབ་རྣམས་སུ་ཐུགས་སྤྲོ་སྤྲོ་ལྟར་ཁམས་བསང་ལ་གཤེགས་ཤིང་འདི་ཕྱིར་དགེ་བ་ལ་ཞལ་གསུང་མང་དུ་སྩལ། །ཚེས་གསུམ་གྱི་སྔ་

p. 634

མོ་གསོལ་ཇ་དང་བཞེས་པ་གནང་འཕྲོ་བཞག་སྟེ་གསོལ་དཔོན་ལ་ལམ་དུ་ཁྱེར་ནས་བཞེས་དགོས་གསུངས་ནས་ཚོམས་ཁང་དུ་ཕེབས་ཏེ། པར་རྐོན་རྣམས་ལ་སྟོན་མོ་དྲངས། པར་རྐོན་དང་ནང་འཁོར་གྲྭ་གཉེར་བ་སོགས་ལ་གང་ཅིའི་ཞལ་བཀོད་ལེགས་པར་གནང་ཞིང་། འདུས་བྱས་ཀྱི་ཆོས་ཐམས་ཅད་འོ་སྐོལ་དཔོན་སློབ་སོ་སོར་གྱེས་པ་འདིའི་རང་བཞིན་ཡིན་པས། བླ་མའི་ཅི་གསུང་གི་བཀའ་སྒྲུབ་ཅིང་གང་ནུས་ཀྱི་དགེ་སྦྱོར་དང་བསྟུན་ལ་རང་རང་ལ་གཉེར་དུ་གཏད་པའི་ལས་དོན་རྣམས་ཚགས་སུ་ཆུད་ངེས་རེ་མཛོད། ངས་ཁྱེད་རྣམས་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུགས་དག་པའི་ཞིང་ནས་མཇལ་ཏེ་སངས་ཀྱང་མཉམ་པོར་རྒྱ་བའི་བསྔོ་སྨོན་ཡང་དག་བྱ། ང་ད་ལོ་བསྡད་ན་འདོད་ཀྱང་ནམ་ཚ་ངན་པའི་སྟབས་ཀྱིས་སྤྲང་པོ་འདི་རྣམས་ཀྱང་མི་སོས་པར་འདུག་པས། རེ་ཞིག་ཡོན་བདག་རྣམས་ཆོས་ལ་བསྐུལ་བ་དང་། ངན་སློང་འདི་རྣམས་ལྟོ་གོས་ཀྱིས་མི་ཕོངས་པ་དང་། རེབ་གོང་གི་གྱོད་ངན་མང་པོ་འདིའི་ཁ་རེ་བསུམ་ཐབས་རེ་ཨེ་ཐུབ་བལྟས་འོང་གི་གསུངས་སྤྱན་ཆབ་མང་པོ་གཡོ་བར་མཛད་པ་ནི། ཕྱིར་ཕེབས་མི་ཐུབ་པའི་སྔ་ལྟས་སུ་འདུག དེ་ནས་མར་ལ་བྲག་རྒྱ་སྒོ་ཟེར་བར་ཕེབས་ནས་བཞུགས་ཏེ་

p. 635

གསོལ་ཇ་དང་བཞེས་པའི་འཕྲོ་ཡོད་པ་བཞེས། དེར་འཚོགས་པ་རྣམས་ལ་གསོལ་རས་གང་ཡོད་གནང་། སླར་ཡང་ཞལ་གདམས་དང་བསྔོ་སྨོན་རྒྱས་པར་སྩལ། བཞུགས་གདན་སྣ་ཚོགས་རྡོ་རྗེས་མཚན་པ་ཞིག་ཡོད་པ་ལ་གཟིགས་ནས་འདི་འཁྱེར་མི་དགོས། ཕྱིར་ཁྱེར་ལ་གདན་སར་ཞོག་ཅེས་ནན་ཆེར་གསུངས་ནས་ཕྱིར་བསྐུར་པ་ནི། གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཡང་སྤྲུལ་གསལ་བོ་མྱུར་མོར་འབྱོན་པའི་བརྡ་ཡིན་ནམ་སྙམ། དེ་ནས་བྲག་དཀར་རྩེའི་མཚམས་ཁང་དུ་ཕེབས་བྱིན་རླབས་གནང་། ཞོ་འོང་དཔྱིས་སུ་ཕེབས་སྡེ་བའི་སྤྱི་ཐོག་ནས་དཔོན་སློབ་ཉིས་བརྒྱ་བརྒལ་བ་ལ་ཇ་ཐུག་ལ་སོགས་པའི་བསྙེན་བཀུར་ཕུན་སུམ་ཚོགས་པ་བགྱིས། དད་ཅན་ཕྱུག་པོ་རྣམས་ཀྱིས་ཀྱང་གདན་དྲངས་དངོས་འབུལ་རྒྱ་ཆེ་བྱས། ཞོ་འོང་དང་རྒྱལ་པོའི་རུ་སྡེ་གཉིས་ཀྱི་ཁ་མཆུའི་དོན་ལ་ཞལ་གསུང་ཕེབས་ནས་སྐུ་ཚབ་བཞག་པས་རྗེས་སུ་མྱུར་མོར་འགྲིགས། ས་དཀར་ཤར་གྱི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གདན་དྲངས། གསོལ་ཇ་དང་འབུལ་བ་ཕུལ་བ་ལ་བསྔོ་སྨོན་གནང་ནས་ཕྲན་ཚེགས་ཙམ་བཞེས་ནས་ཕྱིར་གནང་། སྐུ་གཞོགས་རྒྱལ་ཚང་། བསྟན་འཆང་། གཞན་གྲྭ་བ་འགའ་

p. 636

རེས་ཞུས་པར་ཡང་ཕེབས། ཉང་མཚམས་བསྟན་འཛིན་རྒྱ་ཚོས་བཀྲ་ཤིས་ཆོས་གླིང་དུ། །ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོ་དང་། ཉིད་ཀྱི་འདྲ་སྐུ་གསར་བཞེངས་བགྱིས་པར་རབ་གནས་ལ་ཞུས་ཀྱང་ད་རེབ་ཕེབས་པ་དང་ཁྱད་མེད་པའི་སྐྱབས་འཇུག་བྱ། རྗེས་ནས་ཕེབས་ཆོག་གསུངས་ནས། གླིང་རྒྱའི་བོན་ཚང་མར་ཕེབས་བསེའི་ཁང་ལ་རབ་གནས་བྱིན་འབེབ་གནང་སྐབས་མཁའ་ལ་སྤྲིན་འཐིབས་ནས་འབྲུག་སྒྲ་སྒྲོག་ཆར་འཇམ་པོ་བབས་པ་སོགས་ལྟས་བཟང་པོ་ཤར། །དེ་ནས་ཏཱ་ཐང་དུ་ངེད་ཀྱི་མཚམས་ཁང་པད་དཀར་ཆོས་གླིང་དུ་སྟོན་འཁོར་ལྷན་རྒྱས་གདན་དྲངས་ཕེབས་སྐབས་སུ་ལྷ་རིའི་རྩེ་ནས་གློ་བུར་དུ་སྤྲིན་བྱུང་ནས། སྦྲང་ཆར་འཛམ་པོ་བབས་འབྲུག་སྒྲ་བསྒྲགས་པ་སོགས་དཀར་ཕྱོགས་སྐྱོང་བའི་གཞི་བདག་གིས་སྔོན་བསུས་པའི་རྟགས་མཚན་བསམ་ལས་འདས་པ་བྱུང་། ཕྱི་དྲོ་འཇའ་འོད་ཀྱི་གུར་ཁྱིམ་འཁྲིགས་ཤིང་འོད་འཇམ་པོས་ཁྱབ་པ་བྱུང་བས། །བཀའ་ལས། དེ་རིང་སྔ་དྲོ་དགོས་འདོད་ཀྱི་ཆར་བབས། ཕྱི་དྲོ་བདེ་སྐྱིད་ཀྱི་ཉི་མ་ཤར་བས་བཟང་། ཕྱིན་ཆད་གནས་འདིར་སྒྲུབ་པ་བྱེད་མཁན་རྣམས་བདེ་ཞིང་སྐྱིད་ངོས་ནས་ཆོས་ལྡན་གྱི་བྱ་བ་གང་བརྩམས་མཐར་ཕྱིན་པའི་རྟེན་འབྲེལ་དུ་

p. 637

འདུག་གསུངས། ཨོ་རྒྱན་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་གྱི་རྣམ་པ་ཅན་ཡབ་ཡུམ་གསུམ་ལ་འཁོར་རིག་འཛིན་བརྒྱད་རྗེ་འབངས་ཉེར་ལྔ་སོགས་བཞི་བཅུ་ལྷག་ཙམ་གསར་བསྐྲུན་བྱས་པ་ལ་རབ་གནས་བྱིན་འབེབས་རྒྱས་པར་གནང་། ཕྱི་ནང་ཀུན་ལ་མེ་ཏོག་འཐོར། ཉིན་ཞག་གཅིག་ཙམ་བཞུགས་རིང་ལ་ཇ་ཐུག་སོགས་ཀྱིས་མཉེས་པར་བགྱིས། ཞོང་བཟའ་ཚང་གི་སྔགས་ཁང་བདེ་སྐྱིད་བསམ་གཏན་གླིང་དུ་ཕེབས། སྡེ་བའི་སྤྱི་ཐོག་ནས་དཔོན་སློབ་འཁོར་བཅས་ལ་ཞབས་ཏོག་ཕུན་སུམ་ཚོགས་པ་ཕུལ། ཀུན་ལ་ཕྲལ་ཕུགས་སུ་ཕན་པའི་བསླབ་བྱ་མང་པོ་གནང་། དད་ཅན་སྔགས་འཆང་སྙིང་གར་དཔའ་ཚང་གི་ནང་དུ་ཞུས་ཞག་བཞུགས་གནང་། ཉིད་ཀྱི་ཐུགས་བཀོད་ལྟར་མཆོད་ཁང་ནང་དུ་ཨོ་རྒྱན་རིན་པོ་ཆེ་དང་། ཐུགས་རྗེ་ཆེན་པོ། སྒྲོལ་མ། སུམ་ཅུ་སོ་ལྔ། འདྲ་སྐུ། ཛམ་ནག་བཅས་གསར་དུ་བཞེངས་པ་ལ་རབ་གནས་རྒྱས་པར་གནང་། དཔོན་སློབ་འཁོར་བཅས་ལ་འཚོ་བ་བཟང་པོ་དང་། གྲོ་ནས་སོགས་དངོས་པོ་ཕུལ་བ་ལ་བསྔོ་སྨོན་གནང་། དེ་ནས་རིམ་པ་བཞིན་གླིང་རྒྱའི་དད་ཅན་ཡོན་བདག་མང་པོས་གདན་དྲངས་ཏེ་ཕལ་ཆེར་ནས་ཞག་བཞུགས་དང་འཕོ་ལུང་ཞུས་ཤིང་། དཔོན་སློབ་ཚང་མར་

p. 638

བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་དང་། གྲོ་ནས་སྲན་གསུམ་རྟ་ལུག་གོས་དཱ་བུ་དཀར་དམར་ལ་སོགས་པའི་འབུལ་བ་མང་པོ་ཕུལ་ཞིང་། སྡེ་བ་སོ་སོའི་སྔགས་ཁང་ལ་ཕྱག་ནས་འཐོར། ཡ་རུའི་སྔགས་ཁང་ཅུང་ཟད་ཉམས་ཡོད་པ་གསར་བཞེངས་བྱེད་དགོས་ཚུལ་གྱི་ཞལ་བཀོད་དང་གནང་སྦྱིན་སྩལ། སྐབས་དེར་ཉང་གི་མཚམས་པ་མཆོག་ལ་གསུང་རྩོམ་གྱི་འཕྲོ། སངས་རྒྱས་རྗེས་སུ་དྲན་པ་ཆོས་ཀྱི་སྒོ་འབྱེད་ལ་སོགས་པ་གླེགས་བུ་ཆུང་ངུ་ཞིག་བུ་དཔེར་འབེབས་རྒྱུར་གནང་བའི་ནང་ན་སྤྲུལ་སྐུ་མྱུར་འབྱོན་ཞིག་ཀྱང་ཡོད་པ་མཐོང་ནས་སྙིང་མི་དགའ་ལོག་གེ་བྱུང་། བཀའ་ལས། རྩོམ་གཞི་པོ་ཏི་གཉིས་ལྷག་ཙམ་ཡོད་ཀྱང་ད་རེབ་འདིས་ཆོག འདི་ཡང་འབྲི་ཁོམ་ཨེ་ཡོད་ཅི་ཤེས། གཞན་པ་རྣམས་རྗེས་ནས་བྲི་དགོས། གང་ལྟར་ཆོས་ལྡན་གྱི་བྱ་བ་མཐའ་དག་ལ་འབད་རྩོལ་གྱིས་དང་བསམ་པ་བཞིན་འགྲུབ་ཡོང་གསུང་བ་ནི་བུ་ཆེན་འདི་ཉིད་ལ་གསུང་གི་ཐ་མའོ། །རིན་ཆེན་གསང་ཕུག་ཏུ་བྱོན། ཟབ་ལམ་འཁོར་བ་དབྱིངས་སྒྲོལ་གྱི་མཚམས་རྒྱུན་ལོ་མང་པོར་མ་ཉམས་པར་ཡོད་པ་རྣམས་ཀྱིས་སྤྱན་རས་གཟིགས་དང་། ཨོ་རྒྱན་ཆེན་པོ། ཉིད་ཀྱི་འདྲ་སྐུ་རྣམས་བཞེངས་ཡོད་པ་ལ་རབ་གནས་འཐོར། མཆོག་དམན་ཀུན་ལ་སྨན་པའི་

p. 639

བཀའ་མཆིད་དང་མགུར་དབྱངས་སྣ་ཚོགས་པ་བླངས་ཏེ་རྫོགས་ལྡན་གསར་བའི་དགའ་སྟོན་ལ་སྦྱར། གླིང་རྒྱུ་དང་ཀ་རིང་གཉིས་ཀྱིས་ཁ་མཆུའི་ལས་དོན་ལ་མི་རྟ་མང་པོ་གསོད་རེས་བྱས། ལོ་མང་པོའི་བར་དུ་མ་འགྲིགས་པར་ཡོད་པ་ལ་ཞལ་གསུང་ཕེབས་པར་ཀུན་གྱིས་ཉན་ནས་རྗེས་སུ་མྱུར་མོར་འགྲིགས། འཇམ་གྱི་སྔགས་ཁང་མཚོ་གླིང་པདྨ་བཀོད་དུ་ཕེབས། སྡེ་བའི་སྤྱི་ཐོག་ནས་མང་ཇ་དྲངས་ཞབས་ཏོག་རྒྱ་ཆེར་ཕུལ། དད་ཅན་སོ་སོའི་ནང་དུ་བྱོན་འབུལ་བ་ཞབས་ཏོག་གང་ཕུལ་བཞེས་བསྔོ་སྨོན་གནང་། དེ་ནས་སྤེན་དཀར་ཐང་གི་དགེ་འདུན་པ་རྣམས་ཀྱིས་གདན་དྲངས་འབུལ་བ་ཞབས་ཏོག་གྲོ་ནས་སོགས་ཕུལ་ནས་ཆོས་འབྲེལ་ཞུས། བཀའ་ཆོས་དང་བསླབ་བྱ་བསྔོ་སྨོན་འདུ་ཁང་དང་བྱམས་ཁང་རྣམས་ལ་རབ་གནས་རྒྱས་པར་གནང་། ཐོ་རྒྱུའི་ཡ་མུན་དུ་ཙོང་ཡེ་བསོད་ནམས་དར་རྒྱས་ཀྱིས་གདན་འདྲེན་ཞུས་པས། དགྱེས་བཞིན་ཕེབས་པ་ལ་སྤོས་རོལ་སོགས་རྒྱ་ནག་ལུགས་ཀྱི་བསུ་བ་རྒྱ་ཆེར་བྱས། དཔོན་སློབ་འཁོར་བཅས་ངན་སློང་སུམ་བརྒྱ་ཙམ་ལ་ཉི་མ་བཞིའི་བར་དུ་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྟབས། ཁ་མཆུ་ཞིག་གི་ལས་དོན་ལ་མི་བཅོ་ལྔ་ཙམ་བཙོན་དུ་བཟུང་ཡོད་པའི་དོན་ལ། བདག་རྐྱེན་དུ་རྟ་ཞིག་གནང་ཞལ་གསུང་ཕེབས་ནས་བཙོན་ལས་ཐར་པར་བྱས། ཡ་མུན་ཕྱི་ནང་

p. 640

དང་། གཤིན་རྗེའི་ལྷ་ཁང་། གེ་སར་ལྷ་ཁང་། སྒྲོལ་མའི་ལྷ་ཁང་སོགས་རྒྱ་མཁར་གྱི་ཕྱི་ནང་ཀུན་ལ་བགེགས་བསྐྲད་དང་བྱིན་འབེབས་བྱས་བཀྲ་ཤིས་གནང་། ཙོང་ཡེ་དང་རྒྱ་མི་དྲག་གཞན་ཐམས་ཅད་ལ་ལས་དགེ་བ་བྱས་པའི་འབྲས་བུ་བདེ་བ་དང་། མི་དགེ་བ་བྱས་པའི་འབྲས་བུ་སྡུག་བསྔལ་བྱུང་ཚུལ་སོགས་རྒྱུ་འབྲས་ཀྱི་རྣམ་གཞག་རྒྱས་པར་གསུངས་པས་ཀུན་གྱི་བློ་ཁ་འགྱུར་ཞིང་། དེ་ནས་བཟུང་སྟེ་པ་སང་ཀུན་བྱམས་པ་བྱུང་། བོད་སྐོར་སྔགས་ཁང་ནང་དུ་ཕེབས་ནས་ཞག་གཅིག་བཞུགས་སྐུ་གསུང་ཐུགས་རྟེན་རྣམས་ལ་བྱིན་འབེབས་རབ་གནས་གནང་། བཞན་སྡེ་བའི་ནང་ཡལ་ཆེར་ལ་ཕེབས་ནས་འབུལ་བ་གང་ཕུང་བཞེས་བསྔོ་སྨོན་གནང་། དེ་ནས་གར་རྩ་བ་གདོང་ལ་ཕེབས་ཡོན་བདག་དད་ཅན་རྣམས་ཀྱིས་འབུལ་བ་ཞབས་ཏོག་ཕུན་སུམ་ཚོགས་པ་ཕུལ་བ་བཞེས་བསྔོ་སྨོན་གནང་ནས། དེ་ན་གྱོད་དོན་ཞིག་གི་ཕྱིར་བླ་རྒན་ཞིག་གཙོན་དུ་བཟུང་ཡོད་པར་བརྩེ་བས་མ་བཟོད་པ། སྡེ་པ་ལ་ཁྱེད་རྣམས་ཀྱིས་ཆོས་དང་བླ་མ་སོམས་ལ་བླ་རྒན་བཙོན་ནས་ཐོངས་ལ་ང་ལ་སྤྲོད། ཁྱེད་རྣམས་ཀྱི་ཁ་མཆུ་འགྲིགས་ཐབས་ངས་བྱེད་ཅེས་ནན་གྱིས་ཞལ་གསུང་དུ་མ་ཕེབས་ཀྱང་། ནག་ཕྱོགས་བདུད་རིགས་སྙིང་ལ་ཞུགས་པ་འགས་བླ་རྒན་གཏོང་དུ་མ་

p. 641

བཅུག་པས། དེ་ན་ཐུགས་སྐྱོབ་བའི་རྣམས་པ་དང་བཅས་མི་གཅིག་གི་ཁ་ངོ་མེད་དུས། ཁོ་བོའི་གདུལ་བྱ་རྫོགས་ཟིན་ཏོ་གསུངས་གློ་བུར་དུ་ཡར་ཕེབས། རྐྱེན་དེའི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདུད་ཀྱིས་མྱ་ངན་ལས་འདས་པར་གསོལ་བ་བཏབ་པ་ལྟར། གང་གི་གཟིགས་པ་ཞིང་ཁམས་གཞན་དུ་ཡོལ་བའི་ཁར་བསྐུལ་མ་བཏབ་པ་ལྟར་གྱུར་རམ་སྙམ། སེང་གེ་གཤོང་གོང་འོག་གི་སྡེ་བ་དང་། དགོན་པ་སོ་སོ་ནས་གདན་དྲངས་ཞག་འགའ་བཞུགས་དངོས་འབུལ་དང་ཞབས་ཏོག་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ་བ་ལ་ཞལ་གདམས་བསྔོ་སྨོན་རྒྱས་པར་གནང་། ལམ་བར་ནས་ཧོར་རྒྱའི་སྡེ་བའི་སྤྱི་ཐོག་ནས་ཐབ་བསུ་རྒྱ་ཆེན་པོ་བྱས། རོང་པོའི་དགོན་ཆེན་ཏུ་ཕེགས་ཕྲལ། སྔར་བླ་རྒན་བཟུང་ཡོད་པའི་གཟུ་དོན་ཡང་ཁོང་ལ་ཕུལ། གཞན་ཆུ་མ་དང་རོང་པོའི་སྡེ་བདུན་ཀོའུ་སྡེ་དང་སྤྱང་ལུང་སོགས་ཀྱི་ཁ་མཆུའི་དོན་ལ་ཡང་། བཀའ་ཤོག་དང་མི་སྣ་བཏང་ནས་མྱུར་མོར་འགྲིགས་ཐབས་བྱེད་འདུན་ཡོད་ཐོག་སྐུ་བསྙུང་བཞེས་ཚུལ་བསྟན་ཚེ། གྲྭ་ས་གསུམ་དང་སྔགས་མང་། གཞན་སྡེ་བ་སོ་སོའི་བོན་སྔགས་སྐྱ་སེར་ཐམས་ཅད་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་། སྲུང་ཟློག་ལ་སོགས་པའི་ཞབས་བརྟན་མང་པོ་ཕུལ་

p. 642

ཀྱང་། སྙུན་བབས་ཇེ་ལྗི་ལས་དྭངས་རྐྱེན་དུ་མ་སོང་། གང་གི་འཕྲིན་ལས་པ་མཁན་རིན་པོ་ཆེ་མགར་རྩེའི་ཇོ་ཁང་བཞེངས་ཕྱིར་བཞུགས་ཡོད་པ། གདན་འདྲེན་དུ་བྱུང་ནས་མཁན་ཆེན་པ་འབྱོན་ཁར། བཀྲ་ཤིས་འཁྱིལ་བར་བང་མི་མངགས་ནས་བརྡ་སྤྲད་པས། གཉེར་པ་རབ་བྱུང་དང་། སངས་རྒྱས་རིན་ཆེན། ལྟ་ཁང་དབུ་མཛད་སོགས་དང་། བཀྲ་ཤིས་འཁྱིལ་བའི་དགོན་པའི་དགེ་འདུན་པ་རྣམས་དང་། གཉན་རྒྱའི་སྡེ་བ། གཞན་ཀོའུ་སྡེ་སོགས་ཀྱི་སློབ་མ་ཡོན་བདག་དད་ཅན་མང་པོ་ཕྱོགས་ཕྱོགས་ནས་ཐོན་ཕྲལ། སྐུ་སྔར་བས་གཟི་མདངས་དང་ལྡན་ཡང་སྐུ་ལྕི་བ་སྙམ་བགྱིད་ཅིང་། གསུང་ཤུགས་ཆུང་བ་ཙམ་ལས་སྙུན་འདི་ཡིན་ཞེས་པ་ནི་མི་སྣང་ཞིང་། མཁན་རིན་པོ་ཆེས་ཀྱང་ཕྱག་རྩ་ལ་བརྟགས་ན་སྐུ་ཚ་ཅུང་ཞིག་ཡོད་པ་འདྲ་བ་མ་གཏོགས། གཞན་པའི་སྙིང་ནི་མེད་པ་འདྲ་བ་ཞིག་འདུག་ཀྱང་། དམ་པའི་ཕྱག་རྩེ་འདི་ཤིན་ཏུ་རྟོགས་དཀའ་བ་ཞིག་རེད། ད་གང་ལྟར་ཀྱང་དམ་པ་ཁྱེད་བསམ་བཞིན་དུ་འགྲོ་བའི་དོན་དུ་བྱོན་པ་ཡིན་གཤིས། སྙིགས་དུས་འདིར་ཉམ་ཐག་པའི་འགྲོ་བ་མགོན་མེད་ང་དང་ང་འདྲ་བ་རྣམས་ཐུགས་ནས་མི་འདོར་བར། སྐུ་ཚེ་ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པའི་བཀའ་དྲིན་མི་ཆུང་བ་མཁྱེན་ཞུས་ཤིང་། སྨན་དཔྱད་

p. 643

ཞབས་བརྟན་སོགས་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ལགས་པས་ངེད་རྣམས་ཚུར་མཐོང་གི་བློ་གཅིག་པུའི་ངང་ཚུལ་ཤ་སྟག་ལགས་ན། བརྩེ་ཆེན་ཐུགས་རྗེས་གཟིགས་པ་དུས་ལས་མི་ཡོལ་བའི་བཀའ་མཆིད་ཅིས་ཀྱང་གནང་བ་མཁྱེན་མཁྱེན་ལགས་ཞུས་པས། བཀའ་ལས། །ཁོ་བོ་ལང་ན་མི་འདོད་པ་ཙམ་ལས་ན་ཟུག་ནི་གང་ཡང་མི་འདུག་པས་ཞབས་བརྟན་མི་དགོས་སྐྱོན་མེད་མོད། ཞབས་བརྟན་ལ་སྙད་བཏགས་ནས་རྒྱུ་རྫས་མ་བརླགས། ཞབས་འབྲང་བ་གཉོམ་ཆུང་རྣམས་གསོ་བའི་ཆ་རྐྱེན་དུ་དགོས་གསུངས། བདག་གིས་ཞུས་པ། དམ་པ་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་མངོན་པར་བྱང་ཆུབ་ཀྱང་། དག་དང་མ་དག་པའི་འགྲོ་བ་འདུལ་བའི་ཕྱིར་སྤྲུལ་པ་སྣ་ཚོགས་འགྱེད་བཞིན་པར། སྐུ་ཚེ་འདིར་ཡང་བསམ་བཞིན་འགྲོ་བའི་དོན་དུ་བྱོན་ནས་ཚེ་དང་སྒྲུབ་པ་མཉམ་པར་བྱས། བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་སོགས་གང་ཅིའི་ངོས་ནས་སྐྱེ་འཆིའི་འཇིགས་པ་ལས་བྲལ་བའི་རྣལ་འབྱོར་པ་ཡིན་གཤིས། སྐུ་སྙུང་ཕྲན་ཚེགས་ལ་སྙད་བཏགས་ནས་བདག་དང་བདག་འདྲའི་ཚོགས་རྣམས་ཐུགས་ཀྱིས་མ་འདོར་བར་བཅོམ་ལྡན་མགོན་པོ་ཚེ་མཐའ་ཡས་པ་དང་། འཆི་མེད་

p. 644

རིག་འཛིན་པདྨ་འབྱུང་གནས་ལྟར་ཇི་སྲིད་བསྐལ་པ་རྒྱ་མཚོའི་བར་དུ་ཞབས་པད་བརྟན་པར་བཞུགས་པའི་ཐུགས་འདུན་བཀའ་དྲིན་སྐྱོང་དགོས་ཞུས་པས། ང་ལ་སྤྱན་གྱིས་ཅེར་རེ་གཟིགས་ནས། བཀའ་ལས། དེ་ལོས་ཡིན། བསྡད་ན་མི་འདོད་པ་སུ་ཡོད་དེ། འཆི་བ་ཟེར་བ་དེ་ཐོག་ཏུ་བབ་ན་བཟློག་མི་ནུས་པ་སྔོན་བྱོན་ཐུབ་པའི་རྣམ་ཐར་ལ་ལྟོས། གཞན་སུས་བཟློག་ནུས། དེས་ན་དུས་ལ་བབ་པ་རེད། ངས་ཁྱེད་རྣམས་ལ་མི་རྟག་པའི་རྒྱུ་མཚན་སྔར་ཡང་ཡང་བཤད་པ་དང་། ད་ལྟ་ལྟོས་དང་གོ་ཡོང་། ཕྱིན་ཆད་འདི་སོམས་ལ་རབ་མི་མེད་པའི་གངས་དང་རི་སུལ་ནས་སྒྲུབ་པ་གྱིས་ལ་ཕྱོགས་མེད་ཞེན་མེད་ཀྱི་བྱ་བཏང་གྱིས། དེ་མ་བྱུང་ན་སྔར་གང་ཤེས་ཚོ་ཉམས་སུ་ལེན་བཞིན་འགྲོ་ལ་གང་ཕན་གྱིས། མ་ཎི་དང་། ཆོས་ཐོག་ཚེས་བཅུ་སོགས་སྔགས་མང་ལ་གང་ཡོད་ཉམས་སུ་མ་འཇུག་ཡར་ལྡན་གྱིས། མཆོད་སྦྱིན་ལ་འབད་གང་ཐུབ་རེམ། གདན་ས་དང་མཚམས་ཁང་སོགས་ཉམས་སུ་མ་འཇུག སྔར་བཀོད་པ་གང་ཡོད་ལྷག་མེད་དུ་སྒྲུབས། བཤད་རྒྱུ་མ་མང་། ང་བདེ་བར་ཉལ་དུ་ཆུག་གསུངས། རྒྱལ་དབོན་ཆུང་ནས་ཀྱང་དེ་བཞིན་ཞུས་པར་བཤད་བཤད་མ་མང་ཁོ་བོ་བྱ་བ་ལས་དོན་ཐམས་ཅད་ཚར་ཞིང་

p. 645

གདུལ་བྱ་རྫོགས་ཤི་རུང་འགྱོད་པ་མེད་ཅེས་ཕེབས་པས། བྱ་ཐབས་གཞན་མ་རྙེད། སྐུ་གཞོགས་བསམ་འགྲུབ་རིན་པོ་ཆེ་བྱོན་ནས་ཚེ་དཔག་མེད་ཀྱི་སྐུ་ཞིག་ཕུལ་ནས། བརྟན་བཞུགས་ཕུལ་བས་རིམ་བཞིན་བདེ་ཞིང་ཞབས་པད་བརྟན་པའི་སྨོན་འདུན་བགྱི་བ་ཡིན། ཁྱེད་རྣམས་ཀྱི་དད་འདུན་ལྷག་བསམ་གྱི་མཐུས་སྐྱོན་མེད་ཅེས་གསུངས་པ་ནི། སྐུ་གཞོགས་རིན་པོ་ཆེའི་ཞལ་ངོ་བཟུང་བའི་གསུང་ངོ་། །དེ་ནས་སང་ཉེར་ལྔའི་ཉིན་སྔ་མོ་ནས་བཀྲ་ཤིས་འཁྱིལ་བར་སྤང་ལྗོངས་བརྒྱུད་ནས་འགྲོ་དགོས་ཞེས་གཉེར་བ་དང་ཞབས་ཕྱི་རྣམས་ལ་གསུངས་པས། སྙུན་མ་དྭངས་པས་ཕེབས་ན་སྙན་བབ་ཇེ་ལྕི་ལ་འགྲོ་སྣང་། སྙན་དྭངས་དགོས་ཞུས་ཀྱང་མ་གནང་། སྤང་ལྗོངས་བརྒྱུད་ནས་ཕེབས་ན་ལ་ཐུར་ལྕི་བས་རོང་ལམ་ནས་ཕེབས་ན་བཟང་ཚུལ་ཞུས་ཀྱང་མ་གསན་པར་ཆས་ཚེ། ཡང་སྐུ་གཞོགས་བསམ་འགྲུབ་རིན་པོ་ཆེས་ནན་གྱིས་བཞུགས་པར་གསོལ་ཀྱང་མ་གནང་བར། གཉེར་བ་རབ་བྱུང་ལ་མཁའ་འགྲོའི་བསུ་མ་ཐོན་ཚར་སོང་། ད་འདུག་པའི་དུས་མིན་རེམ་རེམ་གསུངས་ནས། ཆིབས་བསྐྱོད་དེ་རྒྱལ་པོའི་བྱེ་དྲིའི་ཀ་དར་ལ་ཀ་བྱ་བ་ནས། སྐྱེ་བོ་ཕོ་མོ་བརྒྱ་ཕྲག་མང་

p. 646

པོ་ལ་ཞལ་མཇལ་སྩལ་ཏེ་གསོལ་ཇ་བཞེས་འཕྲལ། བཀའ་ལས། ཁྱེད་རྣམས་མང་གཤིས་མཇལ་ཁ་གནང་བ་མི་ལྕོགས་པས་མཇལ་བ་དང་ཁྱད་མེད་པའི་སྐྱབས་འཇུག་བྱ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཞལ་ཡང་ཡང་མཇལ་བའི་སྨོན་ལམ་འདེབས་ཞེས་གསུངས། དེ་ནས་ཡར་ཕེབས་པའི་ལམ་ནས་སྐབས་ཤིག་གཉེར་བ་རབ་བྱུང་ལ། དེ་རིང་བཀྲ་ཤིས་འཁྱིལ་བར་འགྲོ་མི་ཐུབ། ས་ཡག་པོ་ཞིག་ནས་འདུག་དགོས་གསུངས་པ་ལ། ཞུས་པ། ལགས་ཤུག་པ་རྔ་བརྡུང་དང་མཁར་དངུལ་ལུང་གཉིས་ཀྱི་གཅིག་ནས་བཞུགས་སམ་ཞུས་པས། དེ་མིན་གསུངས། འོ་ན་ཨ་བོ་སྐྱབས་ནས་བཞུགས་ན་ཞུས་པས་དེ་ཡིན། སྔོན་ལ་སོང་ལ་ལྟོས་ས་ཡག་ས་ཞིག་ནས་འདུག་དགོས་གསུངས་པ་ལྟར། །དེ་ནས་བྲག་གི་ངོས་ལ་ཨ་ཡིག་རང་བྱོན་ཡོད་པ་ལ་སྐྱབས་སུ་གསོལ་ནས་བསྡད་པས། དེ་ལས་ཨ་བོ་སྐྱབས་བུ་བཞིར་གྲགས་པ་གྱེས་ཏེ་རིམ་གྱིས་འཕེལ་བས། དེང་སང་རྒྱལ་པོའི་རླུངས་ཚང་ཞེས་གྲགས་པའི་ས། ཨ་བོ་སྐྱབས་ཞེས་པའི་ཉེ་འདབས་སྤང་ལྗོངས་མེ་ཏོག་སྣ་ཚོགས་བཀྲ་བའི་སྒྲོལ་མའི་ཐང་ཞེས་པར་ཕྱག་ཕབ་པས་ཐུགས་དགྱེས་ཉམས་དང་བཅས། ད་ནི་ས་འདི་དབེན་ཅིང་སྐྱེ་བོའི་

p. 647

ཅ་ཅོ་མེད་པས་ཏིང་ངེ་འཛིན་ལ་ངང་གིས་གནས་ཤིང་ཅི་བྱེད་ཀྱི་རང་དབང་ཐོབ་ཅིང་། ཁོ་བོའི་ནད་གཞི་ཡང་ཇེ་དྭངས་སུ་སོང་འདུག་ཅེས་མདུན་དུ་འཚོགས་པའི་གྲྭ་སློབ་རྣམས་དབུགས་དབྱུང་བར་མཛད་པས། བདག་ཅག་རྣམས་མ་རིག་པའི་གཞན་དབང་ཅན་རྟག་པ་རིལ་བོར་འཛིན་པའི་བློ་ཅན་དུ་སོང་གཤིས། ངེས་པར་སྐྲུན་ལས་གྲོལ་ལོ་སྙམ་པའི་དགའ་སྤྲོ་ལས་གཞན་ནི་སེམས་ལ་མ་དྲན། རྗེའི་མཛད་པ་ནི་སྔར་རྒྱུན་ལྟར་ཐུགས་དགྱེས་པའི་སྒོ་ནས་ཞལ་བཀྱལ་ཁ་ཡར་གསུངས་མཐར། །འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་སྣང་ལ་བདེན་པར་མ་གྲུབ་མོད། འོན་ཀྱང་སྨིག་རྒྱུའི་ཆུས་རི་དྭགས་བྲིད་པ་ལྟར་མེད་པ་གསལ་སྣང་གི་ཆོས་ལ་ལོག་པའི་སྐྱེ་བོ་དག་འཁྲུལ་བ་ཡིན་ཏེ། མཛངས་བླུན་ལས། འགྲོ་བ་རྨི་ལམ་ལྟ་བུ་སྟེ། །དེ་བཞིན་ལས་ནི་རྨི་ལམ་བཞིན། །བྱེད་པོ་ཉེ་བར་ལེན་པ་རྣམས། །ཐམས་ཅད་རྨི་ལམ་འདྲ་བ་ཡིན། །ཞེས་དང་། གསང་སྙིང་ལས། ཨེ་མ་ཧོ། བདེར་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་

p. 648

ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་དང་། ཀུན་མཁྱེན་ཆེན་པོས། མེད་བཞིན་སྣང་ལ་བདེ་སྡུག་སོ་སོར་མྱོང་། །ཡུན་རིང་དུས་ནས་གོམས་པ་འདི་དག་ཀུན། །གནས་དང་དུས་དང་ལོངས་སྤྱོད་ལ་སོགས་པ། །རང་སྣང་དགེ་སྡིག་ལས་བྱུང་བདེ་སྡུག་བསྔལ། །རྣམ་པ་སྣ་ཚོགས་རི་མོ་བྲིས་འདྲ་བ། །གཅིག་ཉིད་འཕྲུལ་ལས་མང་པོར་སྣང་གྱུར་ཏེ། །དུ་མར་བཟུང་ལས་འཁྲུལ་སྣང་རྒྱུན་མི་འཆད། །ཨེ་མ་སྲིད་པའི་རང་བཞིན་རྨི་ལམ་བཞིན། །ཞེས་གསུངས་པ་ལྟར་འཁྲུལ་བ་རང་དགར་བཟུང་བས་བདེ་སྡུག་སྣ་ཚོགས་མྱོང་བ་ཡིན། རང་རེ་རྣམས་ཀྱིས་སྣང་ཡང་བདེན་པར་མ་གྲུབ་པའི་ཚུལ་ལ་གོམས་པ་བྱ་བ་ཡིན་ཏེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ལ། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ཏུ། །སྒྱུ་མ་བྱེད་པ་དག་གི་གཟུགས་སྤྲུལ་ཏེ། །རྟ་དང་གླང་བོ་ཤིང་རྟ་སྣ་ཚོགས་བྱས། །དེ་དག་མི་བདེན་སྣ་ཚོགས་སྣང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། ཁྱེའུ་

p. 649

རབ་སྣང་གིས་ཞུས་པའི་མདོ་ལས། གང་ཚེ་སྣ་ཚོགས་ཆོས་རྣམས་ཀུན། །རང་བཞིན་གྱིས་ནི་མ་སྐྱེས་པ། །རྨི་ལམ་བཞིན་དུ་དངོས་མེད་དེ། །དངོས་པོ་རྣམས་དང་བྲལ་བ་ཡིན། །ཞེས་དང་། ཁྲི་བརྒྱད་སྟོང་པ་ལས། ལྷའི་བུ་དག་འཁོར་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་སྣང་ལ་རང་བཞིན་གྱིས་མ་གྲུབ་པའི་ཆོས་ཉིད་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཉུག་མ་ལྷན་ཅིག་སྐྱེས་པའམ། བདེ་སྟོང་ཕྱག་རྒྱ་ཆེན་པོ། ལྷུན་གྲུབ་རྫོགས་པ་ཆེན་པོ། མཐའ་བྲལ་དབུ་མ་ཆེན་པོ་སོགས་མིང་གི་རྣམ་གྲངས་ཅིར་སྨོས་ཀྱང་དོན་ལ་རང་སེམས་མཐའ་དབུས་མེད་པའི་ཟང་ཐལ། རྒྱ་ཆད་མེད་པར་བརྡལ་བ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་འཛིན་གྱིས་མ་བཅིངས་པའི་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྩིས་ཟིན་པའི་ཚོགས་གསོག་སྒྲིབ་པ་སྦྱོང་ཞིང་། དེ་ལྟར་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་བསྒོམ་ཞིང་སྒྱུ་མར་སྦྱོང་བ་ལ་འདུན་པ་བྱས་པས། དེ་ལྟ་བུ་ཉམས་སུ་ལེན་པ་ལ་འབད་ན་

p. 650

རིང་པོར་མི་ཐོགས་པར་འཆི་མེད་བདེ་ཆེན་གྱི་བཙན་ས་ཡེ་ཤེས་སྒྱུ་མ་མངོན་དུ་འགྱུར་ངེས་ཏེ། ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་བརྒྱད་པ་ལས། སྒྱུ་མ་ཆོས་དབྱིངས་ཀུན་གཞི་སྟེ། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །ཞེས་གསུངས་པས། མདོར་ན་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་མེད་པ་གསལ་སྣང་གི་རང་བཞིན་དུ་གོ་ནས། སྒྱུ་མ་རྨི་ལམ་དང་འདྲ་བའི་ཆོས་ཅན་རྣམས། སྒྱུ་མའི་དཔེ་བརྒྱད་དུ་རྟོགས་ན་སྡུག་བསྔལ་བདེ་བར་འཆར་བ་ཡིན་ལ་སོགས་པའི་འབེལ་མཆིད་ཟབ་མོ་མང་དུ་སྩལ། མཐར་ད་ཁྱེད་རྣམས་ཀྱི་སྨན་བླ་དང་། བསམ་ལྷུན་བར་ཆད་ལམ་སེལ། མདོ་གདུགས་དཀར་སོགས་གང་ཤེས་ཐོན། ད་ཁ་བརྡ་དེ་ཙམ་གྱིས། ངས་ངལ་བསོས་ཀྱིས་ཕེབས་པས། རྗེའི་གསུང་གདངས་བཞེས་པ་སྐུའི་གཟི་མདངས་སོགས་ཀྱིས་ཡིད་གསོས་པར་མཛད་པས། ཐམས་ཅད་ཀྱིས་ངེས་པར་སྙུན་ལས་གྲོལ་ངེས་སྙམ་པ་ལས་ཅི་ཡང་མ་སེམས་པར་ཡིད་བདེ་བར་གནས་མོད། གང་གི་དགོངས་པ་ནི་ཆོས་ཀྱི་དབྱིངས་ཟབ་ཞི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མནལ་བའི་མཛད་པ་སྟོན་པ་ལ་ཉེ་བར་ཕྱོགས་ཤིང་མཚན་ཐོག་ཐག་

p. 651

སྤྱན་མི་བཙུམ་པར་ནམ་མཁའ་ལ་གཟིགས་པའི་ལྟ་སྟངས་དང་ལྡན་པའི་ངང་ནས་འོད་གསལ་མཉམ་པར་འཇོག་པར་མཛད། དེ་ནས་ནངས་པར་གསོལ་ཇ་བཞེས་པའི་ཚེ། བཀའ་ལས། ཁྱེད་རྣམས་ཇ་འདི་འཐུངས་ཚར་བ་དང་སྒོར་སོང་ལ་སྡོད། རེ་ཞིག་ཁོ་བོ་གཟིམ་དགོས་སྦིས་དཀར་གྱི་སྒོ་ཡང་གཏན་ལ་ཞོག ཁྱོད་རྣམས་སུ་ཡང་སྦིས་དཀར་གྱི་ཐག་ཉེ་ནས་མ་འདུག་ཅེས་ཕེབས་ཀྱང་། མཁན་ཆེན་པས་མི་གཟིམ་པར་ཞུ་ལགས་སྙན་ལ་གཟིམས་ན་མི་འགབ་ཚུལ་ཞུས་པས། བཀའ་ལས། ཁོ་བོ་ལ་གཟིམ་བྱ་གཟིམ་བྱེད་ཀྱི་སྤྲོས་པ་ཉེ་བར་ཞི་ཞིང་ཆོས་ཉིད་འོད་གསལ་གྱི་ཀློང་བདེ་བ་ཆེན་པོར་ཕྱམ་གདལ་བ་ལ་ཐ་མལ་བའི་གཉིད་མེད་པས་ཕན་གནོད་བྲལ། དེ་བས་ཁྱེད་རྣམས་སྒོར་དེངས་ཤིག་ཅེས་བཀའ་སྩལ་ཀྱང་། མཁན་ཆེན་པ་དང་། སངས་རྒྱས། སྟག་ཡན། ངེད་རང་རྣམས་སྐུ་མདུན་དུ་འདུག་པར་ཞུས་པས། འགྲོ་བ་ལ་ཉེ་འཁོན་མེད་ཅིང་བརྩེ་བའི་བདག་ཉིད་ཡིན་གཤིས་ཞལ་འཛུམ་མཛད་པ་ལས་ཅང་མི་གསུང་བར་བཞུགས། དེ་ནས་གཟིམས་ཚུལ་མཛད་པ་ན་མི་ཉན་ཚུལ་ལན་ཁ་ཡར་ཞུས་པས། སྐབས་ཤིག་ཁྱོད་

p. 652

རྣམས་ཀྱིས་འདི་བྱས་བསྡད་ན་བདེ་འདོད་ཀྱང་དེ་མི་བདེ། དེ་བས་བདེ་གསལ་མི་རྟོག་པའི་ངང་ལ་མཉམ་བཞག་བསྡད་ན་བདེ་བས་ཁ་རོག་སྡོད་གསུངས། ཇི་ཞིག་ན་སྤྱན་ནམ་མཁའ་ལ་ཅེར་རེ་གཟིགས་ཏེ། དེ་རིང་གཞན་དང་མི་འདྲ་བའི་ཁམས་དྭངས། གྲོང་ཡུལ་དང་དགོན་པ་ལས་ཐག་བསྲིངས་པས་སྐྱེ་བོའི་ཅ་ཅོ་མེད། བས་མཐའ་འདི་ཤིན་ཏུ་དབེན་ཅིང་ནམ་དུས་ཀྱི་སྟབས་ས་གཞི་ཡང་གཡུའི་མདངས་དང་ལྡན་ཞིང་། ཆུ་སྐྱེས་མང་པོའི་གེ་སར་རྒོད་པ་ནི་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཏབ་པ་ལྟར་བཀྲ། ཀོ་ཀི་ལ་དང་ལྕོང་ཀ་ལ་སོགས་པའི་གཉིས་སྐྱེས་ཀྱི་ཚོགས་རྣམས་དགའ་བའི་འཕུར་ལྡིང་རྩེན་ཞིང་། །སྒྲ་ལྷང་ལྷང་གྲགས་པས་དབེན་པའི་བསྔགས་བརྗོད་གླུར་ལེན་པ་དང་མཚུངས། དཀར་ཕྱོགས་ལ་མངོན་པར་དགའ་བའི་གཞི་བདག་སེ་ཀུ་བྱ་ཁྱུང་དང་སྟག་ལུང་ལ་སོགས་པ་རྣམས། རྣལ་འབྱོར་པ་ལ་དགྱེས་པའི་ཚུལ་གྱིས་ཁོ་ར་ཁོར་ཡུག་ཀུན་བཀར་ཞིང་བག་ཕེབས་པས། སྣང་བ་འདི་གུ་ཡངས་ཁྲོལ་ལེ། རིག་པ་གསལ་ཧྲིག་གེ། འབྱུང་བཞི་ཁོད་སྙོམས་པ ས་ཕུང་པོ་བསིལ་སེང་ངེ་། ཤེས་པ་དགའ་ཡལ་ལེ་སྐྱིད་པ་རང་ཅིག་བྱུང་། རོང་བོའི་འ་འུར་དང་ཚ་གདུང་དེའི་ནང་ནས་ཐོན་པས་ཕུང་ཁམས་ཡང་བདེ། དེ་རིང་སྡོད་དམ་གསུངས་

p. 653

པས། མཁན་ཆེན་པས་དེ་ལྟར་ལགས། དེ་རིང་སྐུ་ངལ་ཞིག་གསོས་ན་སྐུ་མི་འཁྲུག་པས་དེ་ལྟར་མཛད་པར་ཞུ་ཞེས་ཞུས་པས། དེ་ག་ལྟར་བྱའོ་འདིར་མི་མང་པོ་སྡོད་མི་དགོས་པས་སང་བསུ་མ་ལ་ཤོག་ཅིག དེ་རང་ཁྱེད་རྣམས་བཀྲ་ཤིས་འཁྱིལ་བར་སོང་ཞིག་གསུངས་པས། ཐམས་ཅད་ཀྱིས་ད་ནི་ངེས་པར་སྙན་དྭངས་པར་ངེས་སོ་སྙམ་སྟེ་བཀྲ་ཤིས་འཁྱིལ་བའི་དགེ་འདུན་པ་སོགས་གྲྭ་སློབ་སུམ་ཅུ་ཙམ་ཡུལ་དུ་སོང་། སྐུ་མདུན་དུ་མཁན་རིན་པོ་ཆེ་དང་། ཉེ་གནས་བློ་བཟང་ཤེས་རབ། ཀུན་དགའ། སངས་རྒྱས། ལྷ་ཁང་དབུ་མཛད། ངག་དབང་བཀྲ་ཤིས། ཧོར་ཚང་མཚམས་པ་སོགས་ངེད་དང་བཅས་གྲྭ་སྐོར་ཉུང་ཤས་ཤིག་མ་གཏོགས་མེད་ཅིང་ཤིན་ཏུ་དབེན་པར་གྱུར་པ་ན། འདི་ལྟར་ཐེག་མཆོག་རྒྱལ་པོའི་རྣལ་འབྱོར་པ་དག་འདའ་ཀ་མའི་ཚེ། རི་དྭགས་དང་། སེང་གེ་དང་། སྤྲང་པོ་དང་། བུ་ཆུང་དང་། མཁའ་འགྲོ་དང་། རིག་འཛིན་དང་། མེ་དཔུང་ལྟར་རབ་འབྲིང་གི་འཆི་ལུགས་ཞེས་གསུངས་པ་ལྟར། གང་གི་དགོངས་པ་ཟབ་ཅིང་རྒྱ་ཆེ་བས་གར་བཞུགས་འོག་མིན་གྱི་ཞིང་དང་། གང་སྣང་ལྷ་དང་ལྷ་མོའི་རྣམ་རོལ་ཏུ་ཤར་

p. 654

བས། གནས་སྤང་བླང་དང་ཞེན་འཛིན་གྲོལ་བའི་མངོན་རྟགས་ངོམ་པ་དང་། གདུལ་བྱའི་དབང་ལས་རབ་ཀྱི་འདའ་ལུགས་བཞི་མངོན་དུ་མ་གྱུར་པའི་ཚུལ་མཛད་ནས། ཡུལ་གྱི་མངོན་ཞེན་ལོག་སྟེ་གང་ལའང་འཇིགས་པ་དང་བྲལ་བའི་རྟགས་གསལ་བ་དང་། བས་མཐའ་དེ་ཉིད་ཀྱང་སྐྱེ་རྒུའི་བསོད་ནམས་གསོག་པའི་ཞིང་དུ་བྱིན་གྱིས་བརླབས་པ་དང་། ཆོས་མཐུན་གྱི་གསུང་སྐྱེས་རྣམས་ཀྱང་ལོང་མེད་འཆི་བས་རྒྱུད་བསྐུལ་ཏེ། ཆོས་ལ་ཉིན་མཚན་བར་མེད་དུ་བརྩོན་ཞིག་པར་བསྐུལ་པ་དང་། རྟག་པ་དང་རིལ་བོར་འཛིན་པའི་བློ་ལས་ལྡོག་པ་དང་། རྙེད་བཀུར་སྙན་གྲགས་འབའ་ཞིག་ལྷུར་ལེན་ཅིང་དམ་པའི་མཛད་པར་འཁུ་བ་དགེ་སློང་ལེགས་སྐར་དང་ལྷས་བྱིན་གྱི་བརྟུལ་ཞུགས་འཆང་ཞིང་། ལོ་ཀའི་ཆོས་བརྒྱུད་ཀྱི་སྟེགས་ལ་རྨོངས་ཞེན་གྱི་གོས་ཀྱིས་བཀླུབས་པ་དག་གི་ཕྲག་དོག་གི་ཟུག་རྔུ་ཞི་བར་བྱ་བ་སོགས་དགོས་པ་ཁྱད་པར་ཅན་དུ་མ་ཞིག་ལ་དགོངས་ཏེ། རྡོ་རྗེ་སྐུ་བརྙེས་ཟིན་ཀྱང་ཐ་མལ་གྱི་སྣང་ངོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བར་གཞོལ་ཏེ། དགུང་ལོ་དོན་གཅིག་སྟེང་རབ་ཡིད་ལྕགས་ཕག་ལོའི་དཔལ་ལྡན་དུས་འཁོར་ལུགས་ཀྱི་ས་ག་ཟླ་བའི་མར་

p. 655

ངོའི་ཚེས་བཅུ། ཧོར་ལུགས་ཀྱི་སྣོན་ཟླའི་དམར་ཕྱོགས་ཉེར་དྲུག་ཡོས་བུའི་ཉིན། རེས་གཟའ་མིག་དམར། ཟླ་སྐར་ནམ་གྲུ། ཉི་སྐར་མགོ། དུས་ཚོད་སྦྲུལ་དུས་ཀྱི་དབྱུ་གུ་བཅུ་གཉིས་རྫོགས་མཚམས་སུ་སླེབ་པ་ན། འགྲོ་བ་ལྷ་དང་བཅས་པའི་སྐྱབས་མཆོག་གང་དེས་ཞིང་ཁམས་བྱེ་བ་ཕྲག་བརྒྱར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བཀྱེས་ནས་འགྲོ་བའི་དོན་མཛད་པའི་བརྡར། སྐུ་དྲང་པོར་བསྲངས་ཏེ་ཞལ་ལྷོ་ནུབ་ཏུ་གཟིགས། བཟང་པོའི་བཞུགས་སྟངས་ཀྱིས་བཞུགས། སྲིད་ཞིའི་འཇིགས་པ་བྲལ་བའི་བརྡར། ཕྱག་གཉིས་ས་གནོན་གྱི་ཕྱག་རྒྱས་པུས་མོའི་ལྷ་ང་ཁེབ་པར་མཛད་དེ། མདུན་ན་ཡོད་པ་རྣམས་ལ་སྤྱན་ཅེར་རེ་གཟིགས་ཏེ་ཞལ་འཛུམ་མཛད་ནས། བཀའ་ལས། ལོ་ཁོ། ངས་དང་པོ་འཁོར་བའི་བྱ་བ་མཐའ་དག་སྙིང་པོ་མེད་པར་མཐོང་ཞིང་ཡིད་འབྱུང་སྟེ། ཐར་པའི་ཡོན་ཏན་གྱིས་ཡིད་ཕྲོགས་ཤིང་ཆོས་རྒྱལ་ངག་གི་དབང་པོ་སོགས་མཚན་ལྡན་གྱི་བླ་མ་བརྒྱ་ཕྲག་བསྟེན་ནས། ཟབ་པ་དང་རྒྱ་ཆེ་བའི་ཟབ་རྒྱས་ཀྱི་གདམས་པ་མང་དུ་མནོས། བར་དུ་ཉན་ལོ་ཐོས་ལོ་ཙམ་དུ་མ་སོང་བར་རི་ཁྲོད་དབེན་པ་བརྒྱ་ཕྲག་འགྲིམས་ནས་ཐོས་དོན་ཚུལ་བཞིན་ཉམས་སུ་

p. 656

བླངས། ཐ་མ་བསྒྲུབ་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་གང་ལ་གང་ཕན་བྱས། ཐ་ན་སྤྲང་པོ་ཉམ་ཐག་འཆི་ལ་ཉེ་བ་བརྒྱ་ཕྲག་མང་པོའི་ཚེ་ཐར་པར་བྱས་ཤིང་ཆོས་ལྡན་གྱི་བྱ་བ་ཐམས་ཅད་མཐར་ཕྱིན་ནས། ད་ནི་རེ་ཞིག་འདོད་ལྡན་པདྨའི་ཚལ་ལ་འཇུག་པའམ། བུ་ཕ་ཁྱིམ་དང་བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར། ཤར་ཕྱོགས་མངོན་པར་དགའ་བ་སོགས་དག་པའི་ཞིང་ཁམས་རྣམས་སུ་སོང་ནས་སངས་རྒྱས་རྣམས་ཀྱི་ཞལ་མཇལ་གསུང་གི་བདུད་རྩི་ལ་ལོངས་སྤྱོད་ནས། སླར་ཡང་སྤྲུལ་པ་བྱེ་བ་ཕྲག་རབ་འབྱམས་བཀྱེས་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་གསུངས་པའི་འཕྲོ་རྣམས་ཞལ་གསུང་སྦུབས་སུ་ལྷུང་སྙམ་བགྱིད་པས་ཐོས་འཛིན་གྱི་བུ་གར་མ་སོན་པ་དང་། བཞུགས་སྟངས་དེ་ཉིད་ལས་མི་གཡོ་བར་སྤྱན་ནམ་མཁའི་མཐོངས་སུ་གཟིགས་ཞལ་འཛུམ་པའི་དགྱེས་ཉམས་དང་བཅས་ཏེ། ཐུགས་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཆོས་སྐུའི་དབྱིངས་ལས་འཕོ་འགྱུར་སྤངས་ཀྱང་། སྤྲུལ་པ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་འདུས་ཤིང་རྩལ་མ་འགགས་པའི་སྣང་ཆ་སྒྱུ་མའི་རོལ་གར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་གཤེགས་བཤུལ་དུ་མཁའ་ལ་སྤྱོད་

p. 657

པའི་དཔའ་བོ་དང་ཌཱཀྐིའི་ཚོགས་ཀྱིས་གདུགས་རྒྱལ་མཚན་བ་དན་རོལ་མོ་སྣ་ཚོགས་པས་མངོན་པར་བསུས་ཏེ། དོན་མཐུན་གྱི་མགྲོན་པོ་རྒྱ་མཚོའི་གླིང་ནས་ཁྱིམ་དུ་སོན་པ་ལྟར། ལས་དང་སྐལ་བར་ལྡན་པའི་འབྲེལ་ཚད་ཀྱི་གདུལ་བྱ་ཕོ་མོ་བྱེ་བ་ཐེར་འབུམ་བསམ་ལས་འདས་པ་དང་བཅས་དྲངས་ཏེ་དཔའ་བོ་ཌཱཀྐིའི་ཚོགས་ཀྱིས་མཛེས་པའི་གར་སྟབས་སྣ་ཚོགས་བསྒྱུར་ཞིང་། ཤིན་ཏུ་གསང་བ་བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་རྡོ་རྗེ་གསང་བའི་གླུ་དབྱངས་སྣ་ཚོགས་པ་ལེན་བཞིན་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དཔོན་དུ་གཤེགས་པར་གྱུར་ལ། རིམ་གྱིས་བཀའ་ལས་བྱུང་བ་ལྟར་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་སུ་གཤེགས་ཤིང་སྤྲུལ་པའི་ཟློས་གར་བསྒྱུར་བ་གདོན་མི་ཟའོ། །དེ་ལྟ་བུའི་མཛད་པ་བསྟན་མ་ཐག་ནམ་མཁའི་དབྱིངས་ཁོ་ར་ཁོར་ཡུག་ཏུ་སྤྲིན་གསེབ་རྣམས་སུ་ལྷ་དང་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོགས་པ་ལྟ་བུས་གང་ཞིང་། དབུས་དྲང་ཐད་ནས་ཁ་དོག་སྣ་ལྔའི་དབང་པོའི་གཞུ་རིས་གདུགས་ལྟར་བཀྲ་ཞིང་། རྩེབ་ཤར་དང་གྱེན་འགྲེངས་འོད་དང་འོད་ཁྱིམ་དང་། ལུ་གུ་རྒྱུད་དུ་འབྲེལ་བ་དང་སྣམ་བུ་བརྐྱངས་པ་ལྟར་འཐེན་

p. 658

པས་གང་བ་སྐྱེ་བོ་ཀུན་ལ་མིག་གི་བདུད་རྩིར་སྦྱིན་པར་བྱས་པས། ཧོར་ཚང་ནས་སྣང་ར་ཚུན་གྱི་རྟོགས་དཔྱོད་དང་ལྡན་པ་དག་འདི་ཅིའི་ལྟས་ཞེས་ནེམ་ནུར་གྱི་གནས་ལ་བཀོད་ཅིང་། བས་མཐའ་དེ་དང་ཐག་མི་རིང་བའི་ཤར་ཕྱོགས་ནས་ཆར་སྤྲིན་འཐིབས་པའི་ནང་ནས་ཆར་རྒྱུན་བབས་ཤིང་། ས་གཞི་ཀུན་ཀྱང་འདར་ཡེད་ཡིད་བྱེད་པའི་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུའི་སྒྲ་སྒྲོག་ཅིང་ཐང་ལ་ལྷུང་བ་སྙམ་བྱེད་པའི་གཟུགས་ཀྱང་འགའ་ཞིག་མཐོང་བ་སོགས། གཞན་གྱི་སྤྱོད་ཡུལ་དུ་མི་འོས་པའི་རྟགས་མང་དུ་བྱུང་བ་ནི། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས་མ་བཟོད་པར་གདུང་བའི་སྨྲེ་སྔགས་བཏོན་ཞིང་མཆོད་པ་བྱས་པའི་ལྟས་དང་། བདག་ཉིད་ཆེན་པོ་ཐབས་ལ་མཁས་པའི་མཛད་པས། ཐེག་པ་མཆོག་གི་རྒྱལ་པོ་རྣལ་འབྱོར་ལ་ནང་བྱན་ཆུད་པའི་སྐྱེས་མཆོག་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བའི་མངོན་རྟོགས་ངོམ་པ་ཡིན་ཏེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་ཁོར་ཡུག་བཅས་པ་ནི། །གང་གི་བཤུལ་ལ་བྱུང་བ་ན། །འདི་ནི་བར་དོ་དང་པོ་ལ། །ངེས་པར་ཡིས་ནི་འབྲས་བུ་ཐོབ། །གལ་ཏེ་གྱེན་དུ་འགྲེང་བ་ན། །འདི་ནི་བར་དོ་མི་སྣང་བར། །སྐད་ཅིག་

p. 659

ལས་ནི་སངས་རྒྱས་སོ། །འོད་ནི་རྩིབས་ལས་སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་རྙེད་དོ། །ཅེས་དང་། ཡང་དེ་ཉིད་ལས། གང་དུ་འདས་པའི་གནས་ཁང་གི། ཤར་གྱི་ཕྱོགས་ནས་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲགས་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲས་ནི་རིན་ཆེན་རིགས་སུ་སྣང་། །ནུབ་ཏུ་པདྨ་དེ་བཞིན་ནི། །བྱང་དུ་ལས་ཀྱི་རིགས་སུ་གྱུར། །དེ་བཞིན་སྟེང་དུ་དེ་བཞིན་གཤེགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདི་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པའི་སངས་རྒྱས་སོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས་པའི་དགོངས་དོན་གསལ་བར་མཛད་དེ། བསྟན་པའི་སྒྲོན་མེ་འགྲོ་བའི་སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཕྱག་ན་པདྨ་ངུར་སྨྲིག་

p. 660

འཛིན་པའི་ཟློས་གར་བསྒྱུར་བ་ཆོས་དབྱིངས་གདོད་མའི་ཀློང་དུ་མནལ་བར་གྱུར་ཏོ། །རྗེ་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་དངོས། །ཕ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །བདག་ཉམ་ཐག་ཡོངས་ལ་སྤྱན་གྱིས་གཟིགས། །ཐུགས་བརྩེ་བས་དོར་རམ་སྐྱབས་མགོན་རྗེ། །སྔོན་བསྐལ་པ་དཔག་མེད་གོང་རོལ་ནས། །མ་འགྲོ་ཀུན་སྒྲོལ་བར་ཐུགས་བསྐྱེད་ནས། །དཔལ་ཡང་དག་རྫོགས་སངས་རྒྱས་ཟིན་ཀྱང་། །དུས་སྙིགས་མའི་འགྲོ་བ་འདུལ་བའི་ཕྱིར། །མགོན་སྐྱབས་མཆོག་དམ་པར་བྱོན་བྱས་ནས། །བསྟན་འགྲོ་ཡི་དོན་ཆེན་མཛད་ལེགས་ཀྱང་། །དེང་ཉམ་ཐག་གདུལ་བྱ་དོར་བྱས་ནས། །ཞིང་དག་པ་རབ་འབྱམས་གཤེགས་གྱུར་ན། །སྔོན་ཐུགས་བསྐྱེད་དམ་བཅའ་དོར་རམ་ཅི། །ལྷོ་འཛམ་བུ་གླིང་གི་རྒྱན་གཅིག་པུ། །འོད་སྟོང་འབར་ཉི་མ་ནུབ་རིར་ཕྱོགས། །གླིང་མུན་པའི་ཁྱོན་དུ་བསྒྱུར་བྱས་པས། །ད་འཛམ་གླིང་སྐྱེ་བོས་ཅི་ཞིག་བྱ། །སྟེང་ངོ་མཚར་ལྷ་ཡི་དཔག་བསམ་ཤིང་། །དགོས་འདོད་ཀྱི་ཆར་འབེབས་གློ་བུར་འགྱེལ། །འདོད་ལྷ་ཡི་དཔལ་ཀུན་བཅོམ་བྱས་པས། །ད་འདོད་དགུ་ཡི་རེ་བ་སུ་ཡིས་སྐོང་། །འོག་མ་དྲོས་ཀླུ་ཡི་མཚོར་གནས་པའི། །ཕན་བདེ་ཡི་མཆོག་སྩོལ་དབང་གི་རྒྱལ། །གློ་བུར་དུ་ནག་ཕྱོགས་ཆོམ་པོས་

p. 661

ཁྱེར། །ཀླུ་དབང་ཚོ་ཉེར་འཚོ་སུ་ཡིས་བྱེད། །ཕས་མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །བུའི་གདུང་བ་སོལ་ཅིག་རིན་པོ་ཆེ། །ཐུབ་མཆོག་གི་ལུང་དང་བསྟན་པ་ཡི། །གསལ་བྱེད་དུ་བསམ་བཞིན་བྱོན་གྱུར་ཀྱང་། །རིང་མིན་དུ་དག་ཞིང་བྱོན་པ་འདི། །བརྩོན་འགྲུས་ཀྱི་གོ་ཆ་དོར་རམ་ཅི། །གདུལ་དཀའ་འགྲོའི་དོན་དུ་མི་བཞུགས་པར། །ཞི་བདེ་ཡི་ཁང་བཟང་ལ་ཕྱོགས་ན། །གནས་ཡུལ་མཆོག་དག་པ་མཁའ་སྤྱོད་ཀྱི། །དགའ་མ་ཡི་ཚོགས་ཀྱིས་བསླུས་སམ་ཅི། །སྔོན་བྱོན་གྱི་པད་འབྱུང་བི་མ་ལ། །ཇི་བཞིན་དུ་བཞུགས་པར་མི་འགྱུར་ཀྱང་། །མཛད་པའི་མཐའ་ལོ་བརྒྱར་མི་བསྐྱུངས་པ། །བརྩེ་ཆེན་གྱི་གཟིགས་པ་ཡོལ་ལམ་ཅི། །ཕས་མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །བུའི་གདུང་བ་སོལ་ཅིག་རིན་པོ་ཆེ། །ཇི་ལྟ་དང་ཇི་སྙེད་གནས་ལུགས་ཀུན། །མ་ལུས་པ་ཇི་བཞིན་ས་ལེར་གཟིགས། །ལེགས་ཉེས་དང་བླང་དོར་འབྱེད་མཁས་པའི། །མཁྱེན་པ་མཆོག་ཕུལ་བྱུང་དྲིན་ཆེན་རྗེ། །མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་ལ། །ཉེ་རིང་དང་ཆགས་སྡང་གཏན་བྲལ་བའི། །མ་བཟང་མོས་བུ་ལ་བྱམས་པ་ལྟར། །བརྩེ་བ་ཡི་བདག་ཉིད་རིན་པོ་ཆེ། །མི་མཐུན་ཀུན་འཇོམས་ལས་

p. 662

མི་མཛད་ཀྱང་། །བསླབ་གསུམ་དང་རིམ་གཉིས་རྣལ་འབྱོར་མཐུས། །རྒོལ་ངན་ཀུན་རང་སར་ཞི་བ་ལ། །མཐུ་ནུས་རྩལ་ཟླ་བྲལ་དྲིན་ཅན་རྗེ། །ཕས་མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །བུའི་གདུང་བ་སོལ་ཅིག་རིན་པོ་ཆེ། །ཞིང་དག་པ་རབ་འབྱམས་ན་བཞུགས་པའི། །དཔལ་སངས་རྒྱས་བྱང་སེམས་སྲས་བཅས་ཀྱིས། །མགོན་དམ་པའི་ཞབས་པད་ཡུན་བརྟན་པའི། །བྱིན་རླབས་ཀྱི་མཐུ་དཔལ་ཆུང་ངམ་ཅི། །གྲངས་མེད་པའི་ཞི་དང་ཁྲོ་བོའི་གར། །སྣ་ཚོགས་པར་སྟོན་མཛད་ཡི་དམ་ལྷས། །བསྟན་འགྲོའི་མགོན་ཞབས་པད་ཡུན་བརྟན་པའི། །དངོས་གྲུབ་ཅིས་མི་སྩོལ་ཐུགས་རྗེ་ཆུང་། །གནས་ཡུལ་ཀུན་སྐྱོང་མཛད་དཔའ་བོ་དང་། །མཁའ་འགྲོ་མའི་ཚོགས་རྣམས་ཐམས་ཅད་ཀྱིས། །དམ་པ་ཡི་ཕྱི་ནང་ཉེར་འཚེ་ཀུན། །སེལ་བ་ཡི་སྡོངས་གྲོགས་ཅིས་མ་བྱས། །དཔལ་མ་མགོན་གཟའ་རྡོར་ཚེ་རིང་མས། །སྐྱེ་རྒུ་ཡི་ཕན་བདེའི་སྲོག་ཤིང་མཆོག །སྐུ་ཚེ་བསྲིང་ཞབས་པད་ཡུན་བརྟན་པའི། །ལས་མི་སྒྲུབ་འཕྲིན་ལས་ཅི་ལ་དགོངས། །ཕས་མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །བུའི་གདུང་བ་སོལ་ཅིག་རིན་པོ་ཆེ། །མགོན་སྙིང་རྗེ་ཅན་གྱིས་

p. 663

ལེགས་དགོངས་ནས། །སྣ་ཚོགས་པའི་བརྫུ་བག་མི་མཛད་པར། །འགྲོ་འདུལ་གྱི་ཡང་སྤྲུལ་གསལ་བོ་ཡི། །དགྱེས་འཛུམ་ཞལ་རིང་མིན་མྱུར་མཇལ་སྩོལ། །མཆོག་གསུམ་དང་རྩ་གསུམ་སྲུང་མའི་ཚོགས། །རང་གཞན་གྱི་དགེ་ཚོགས་ཟབ་མོའི་མཐུས། །འགྲོ་མགོན་གྱི་ཡང་སྤྲུལ་འཁྲུལ་མེད་ཀྱིས། །མྱུར་མྱུར་དུ་རྗེས་སུ་འཛིན་གྱུར་ཅིག །ཅེས་སྨྲེ་སྔགས་གདུངས་དབྱངས་ཚིགས་སུ་བཅད་ནས་སྨྲས་སོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ཆོས་ཀྱི་དབྱངས་སྤྲོས་པ་དང་བྲལ་བའི་ཀློང་དུ་མནལ་བར་གྱུར་མ་ཐག་འཇིག་རྟེན་གྱི་ཁམས་འདི་སྟོང་པ་ལྟར་ལྟོས་བཅས་རྣམས་ཀྱིས་སྐྱབས་དང་། མགོན་དང་དཔུང་གཉེན་དུ་གྱུར་པ་སུ་ཞིག་ཡོད་ཟེར་ཞིང་། ལ་ལ་དག་སྨྲེ་སྔགས་དང་ཆོ་ངེ་དྲག་ཏུ་འདེབས་ཤིང་ལུས་ས་ལ་དྲག་ཏུ་རྡེབ་ཅིང་མགོ་ལུས་སོགས་འབྲལ་ལམ་སྙམ་པ་དང་། ལ་ལ་དྲན་པ་ཉམས་ཤིང་བརྒྱལ་བ་དང་མྱོས་པ་དང་། ཡིད་བློང་བློང་བོར་ཤུགས་རིང་ནར་ནར་བྱེད། ལ་ལ་དྲན་བསམ་གང་ཡང་མེད་པ་ཧང་རིག་གེ་གནས་ཀྱང་ཐབས་ཀྱིས་དབུལ་བས། ཐུགས་དག་པ་གཉིས་ལྡན་གྱི་ངང་ལས་དུས་དང་རྣམ་པ་ཀུན་ཏུ་གཡོ་

p. 664

བ་མི་མངའ་ཕྱིར་ཐུགས་དམ་གསལ་འདེབས་སོགས་ཀྱི་དགོས་པ་མ་མཆིས་ཀྱང་། བདག་ཅག་རྣམས་ནས་སྣང་མཆེད་ཐོབ་པའི་ཡེ་ཤེས་སྒྲིབ་རྐྱེན་དང་བྲལ་བའི་སྟོང་པ་གསུམ་གྱི་འོད་གསལ་གྱི་མཐར་ཐུག་དག་པ་གཉིས་ལྡན་གྱི་ཆོས་སྐུའི་འོད་གསལ་མངོན་དུ་མཛད་དེ། གཡོ་བ་མེད་པར་རེ་ཞིག་བདག་ཅག་ལ་བརྩེ་བར་དགོངས་ཏེ་བཞུགས་པ་དང་། རིམ་གྱིས་མི་ཤིགས་ཟུང་འཇུག་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད་དེ། ནམ་མཁའ་ཇི་སྲིད་ཀྱི་བར་དུ་སྤྲུལ་པའི་རོལ་པ་བསམ་ཡས་རྒྱུན་མི་འཆད་དུ་སྟོན་པ་དང་། ཁྱད་པར་ཞིང་འདིར་བདག་ཅག་རྣམས་ཀྱི་མགོན་དུ་རིང་མིན་མཆོག་གི་སྤྲུལ་སྐུའི་རང་ཞལ་འཁྲུལ་བྲལ་སྟོན་དགོས་ཚུལ་སོགས་ཀྱི་གསོལ་འདེབས་ནན་ཏན་དུ་ཞུས་ཤིང་། བདག་གིས་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་ཤིག་ཀྱང་བྲིས་ནས། མཁན་ཆེན་པ་དང་དཔོན་སློབ་འགས་ཀྱང་གདུངས་ཤུགས་དྲག་པོས་གསོལ་བ་བཏབ་ཅིང་། སྒོ་དམར་རི་ཁྲོད་པ་སོགས་དགེ་འདུན་པ་བརྒྱད་གྲྭ་ཙམ་གྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོག་རྣམ་པར་དག་པའི་སྒོས་སྐུ་གདུང་རིན་པོ་ཆེ་དཀྱིལ་འཁོར་གྱི་གཙོ་བོར་བྱས་སྤྱན་འདྲེན་ཁྲུས་གསོལ་མཆོད་འབུལ་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་

p. 665

འདེབས་ནན་ཏན་དུ་ཞུས། ཐག་ཉེ་བའི་ཕྱོགས་ཕྱོགས་ནས་དད་ཅན་གྱི་སྐྱ་སེར་ཕོ་མོ་བསམ་གྱིས་མི་ཁྱབ་པ་ཐོན་ནས། གདུངས་པའི་སྨྲེ་སྔགས་བཏོན་ནས་ངུ་འབོད་རྒྱུན་མི་འཆད་དུ་བསྒྲགས་པས། མི་སྙན་པའི་སྒྲས་སྲིད་པའི་ཁྱོན་ཀུན་གོང་སྙམ་པ་བྱུང་། དེ་ནས་གཉེར་བ་རབ་བྱུང་དང་། ཞབས་ཕྱི་སྟག་ཡན། ཀུན་དགའ་དོན་གྲུབ་སོགས་ཀྱིས་བརྡ་སྤྲད་ནས། མགར་རྩེ་དང་བཀྲ་ཤིས་འཁྱིལ་བའི་དགེ་འདུན་པ་རྣམས་སྐུ་གདུང་གདན་འདྲེན་དུ་ཐོན་འཕྲལ། སྐུ་གདུང་རིན་པོ་ཆེ་ཕེབས་བྱང་དུ་བཀོད་དེ། གདན་ས་བཀྲ་ཤིས་འཁྱིལ་བར་གདན་དྲངས་ཤིང་། ཚུར་མཐོང་གི་བློ་ངོ་དང་བསྟུན་ཏེ་རོང་བོའི་གྲྭ་ཚང་གི་གསེར་ཁྲི་རིན་པོ་ཆེ་བློ་བཟང་ཐོགས་མེད་ཚུལ་ཁྲིམས་གདན་དྲངས་ཏེ། ཐུགས་དམ་གསལ་འདེབས་དང་འདོད་དོན་གོང་ལྟར་གསོལ་བར་མཛད་པ་བཞིན། ཉིན་ཞག་དགུའི་བར་དུ་ཐུགས་ཀའི་དྲོད་མ་ཡལ་ཞིང་། སྐུ་གཟི་མདངས་དང་ལྡན་པའི་ངོས་རྐྱེན་གང་གིས་ཀྱང་བརྫི་བ་མེད་པར་འོད་གསལ་ཆོས་ཀྱི་སྐུ་ལས་མི་གཡོ་བར་མཉམ་པར་བཞག་ཅིང་། གདོད་ཟུང་འཇུག་གི་སྐུར་བཞེངས་པའི་བརྡར་ཁམས་དམར་ཤངས་སྒོ་ནས་ཆེར་བབས་ཤིང་། གཟི་མདངས་

p. 666

ཅུང་ཟད་ཉམས་ཤིང་ཚུལ་ཁྲིམས་ཀྱི་ངད་ཆུང་དུ་སོང་སྙམ་པ་སོགས་མཚན་མ་གསལ་བར་མཛད་དོ། །ངེད་དང་། སྒོ་དམར་རི་ཁྲོད་པ། ཡེ་ཤེས་དར་རྒྱས། འཇིགས་མེད་ཚུལ་ཁྲིམས། བློ་བཟང་མཁས་མཆོག་རྣམས་རྒྱུན་པར་གདུང་མདུན་ནས་སྲིད་ཞིའི་ཆེད་དུ་བསྡད་ནས། སྤོས་མར་མེ། ཞལ་ཟས། ཡོན་ཆབ་སོགས་དངོས་པོ་ཅི་འབྱོར་བའི་མཆོད་པ་རྒྱུན་ཆད་མེད་པར་ཕུལ། དེའི་ཞོར་ལ་ངེད་ཀྱིས་ཧོར་སྤྲུལ་སྐུ་དང་། བྱ་བྲལ་དགེ་སློང་བློ་གྲོས་སོགས་སྒྲུབ་པ་ལ་གཞོལ་བ་མང་པོ་དང་ལྷན་དུ་ཀློང་སྙིང་བླ་མ་མཆོད་པ་དང་། རྡོར་སེམས་ཐུགས་སྒྲུབ། སྐུ་གསུམ་ཞི་ཁྲོ་རྣམས་ཀྱི་སྒོ་ནས་སྐུ་གདུང་རིན་པོ་ཆེ་དཀྱིལ་འཁོར་གྱི་གཙོ་བོར་དམིགས་ནས་བདག་འཇུག་ལེན་པ། ཚོགས་ཀྱི་འཁོར་ལོ་བསྐོར་བ། ཐུགས་དགོངས་ཡོངས་སུ་རྫོགས་པའི་བསྔོ་སྨོན་གྱི་མཚམས་སྦྱོར། གདུལ་བྱ་རྗེས་སུ་འཛིན་པའི་ཡང་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་རྣམས་ཉིན་རེ་བཞིན་ཆག་མེད་དུ་བྱས། དེ་བཞིན་དུ་སྐལ་ལྡན་རང་གྲོལ་སྤྲུལ་སྐུ། མར་ཕྱག་སྤྲུལ་སྐུ་དགེ་འདུན་ལྷུན་གྲུབ་སོགས་འདུས་པ་ཉི་ཤུ་ཙམ་གྱིས་གྲུབ་མཆོག་ལུ་ཨི་པའི་ལུགས་ཀྱི་བདེ་མཆོག་ལྷ་དྲུག་ཅུ་མའི་བདག་འཇུག་ཚོགས་འཁོར་བསྔོ་སྨོན་གསོལ་འདེབས་སོགས་གནང་། ཞི་བར་མནལ་བའི་གནས་ཚུལ་ཐོས་མ་

p. 667

ཐག་འདི་ལྟར་ཐོར་པོ་ལ་རྒྱབ་ཀྱིས་བདེ་བདེ་འགྲོ་མིའི་ལུས་ལ་བརྟེན་ནས་ངན་སོང་གསུམ་གྱི་གཡང་ཁ་འགྲིམ་དུ་ཉེ་བ་རེ་གཉིས་ཙམ་ལས། སྟོད་ཛ་ཏིའི་རྐང་འཐུང་འཁྲིགས་པ་ནས། སྨད་རྒྱ་མཚོའི་མཐའ་ལ་ཐུག་གི་བར་གྱི་སྐྱེ་འགྲོ་རྣམས་གང་གི་སྐུ་གསུང་ཐུགས་ཀྱི་མཛད་པའི་གདུལ་ཞིང་དུ་མ་གྱུར་པ་འགའ་ཡང་མེད་གཤིས། གནས་ཀྱིས་རིང་དུ་བརྒལ་བ་དག་མ་གཏོགས། རེབ་གོང་སྟོད་སྨད་རྨ་ཕ་རི་ཚུར་ཁ་སྒོ་མེ། ཁྲི་ཀ་ཧོར་ཚང་། འབལ་མང་ར། མགོ་ལོག་སྟོད་སྨད་སོགས་ཀྱི་དད་ལྡན་བླ་དཔོན་སེར་སྐྱ་ཕོ་མོ་རྣམས་དབྱར་དུས་ཀྱི་སྤྲིན་ཆེན་ལྷོངས་པ་ལྟར་སྐུ་གདུང་རིན་པོ་ཆེར་མཇལ་བར་ལྷགས་ཤིང་། ཅི་འབྱོར་བའི་མཆོད་པའི་སྤྲིན་ཕུང་ཀུན་བཟང་མཆོད་པའི་རྗེས་སུ་ཞུགས་ཤིང་། སེམས་ཁོང་དུ་ཆུད་པས། ཀྱེ་མ་བླ་མ། ཀྱེ་མ་རྗེ་བཙུན། འགྲོ་བ་ཡོངས་ལ་མ་བུ་ལྟར་བརྩེ་བ། དགྲ་གཉེན་ལ་བྱམས་སྡང་མི་མངའ་བའི་བདག་ཉིད་འགྲོ་བའི་སྐྱབས་མགོན་དམ་པ་གང་དུ་གཤེགས། བདག་སོགས་འགྲོ་བ་སེམས་ཅན་འདི་རྣམས་སྙིང་རེ་མི་རྗེའམ། ཐུགས་རྗེ་རེ་ཆུང་ཞེས་སྨྲེ་སྔགས་དང་ཆོ་ངེའི་སྒྲས་ནམ་མཁའི་གླང་པོ་གླལ་བའི་སྒྲ་ཡང་ཟིལ་གྱིས་གནོན་བཞིན་པའི་ངོས་ནས་ལ་ལས་ནི་ཕྱག་འཚལ། ལ་ལས་

p. 668

ནི་མཆོད་པ་འབུལ། ལ་ལས་ནི་སྡིག་པ་བཤགས། ལ་ལས་ནི་གསོལ་འདེབས་དང་སྐོར་བ་བྱེད་པ་སོགས་ལ་བརྩོན་པ་སོགས་རང་མཁོས་དང་བསྟུན་པའི་ཐུགས་དགོངས་རྫོགས་ཐབས་དང་ཚོགས་གསོག་སྒྲིབ་སྦྱོང་ལ་བརྩོན་པར་བྱས། བདག་ཉིད་ཆེན་པོ་འདི་ལ་བོད་དང་བོད་ཆེན་པོའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཏུ་མདོ་སྨད་ཡུལ་ནས། དབུས་གཙང་མངའ་རིས་ཚུན་གྱི་དད་ལྡན་རྣམས་ཀྱིས་ཡོད་དགུའི་ཟས་ནོར་དང་། གཅེས་དགུའི་ལུས་ངག་གི་ཞབས་ཏོག་སྒྲུབ་མཁན་ཤ་སྟག་ཏུ་སོང་གཤིས། དངོས་པོ་ལ་བདག་བཟུང་མཛད་རྒྱུ་ཡིན་ན་ངལ་གསོའི་བུའི་མཛོད་ཀྱི་ཁེངས་པ་ཡང་འཕྲོག་སྙམ་ཡོང་ཀྱང་། སྔོན་བྱོན་སྟོན་པའི་རྣམ་ཐར་གྱི་རྗེས་སུ་འབྲངས་ནས་སྐུ་ཚེ་གང་པོར་ངན་སློང་བརྒྱ་ཕྲག་ལས་བརྒལ་བ་དང་། བྱ་བཏང་སྒོམ་ཆེན་པ་སྟོང་རྩ་མང་པོ་ལྟོ་གོས་ཆོས་གསུམ་གྱིས་སྐྱོང་བར་མཛད་ཅིང་། ལོ་གཅིག་འདངས་ཙམ་པའི་ཉེར་སྤྱད་ལས་ཚགས་མི་མཛད་པར་དངོས་པོ་ཇི་ཙམ་འབྱོར་བ་དེ་ཙམ་གྱིས་མཆོད་སྦྱིན་ཡང་རླབས་པོ་ཆེ་མཛད་པའི་བྱ་བ་བཏང་བའི་བརྟུལ་ཞུགས་ཁོ་ན་གནང་གཤིས། གདུང་མཆོད་སོགས་རྒྱ་ཆེན་གཏོང་བའི་ཡོ་བྱད་ཀྱིས་དབེན་པར་གྱུར་ཀྱང་། འདོད་ལ་མི་སྟེར་མི་འདོད་པ་ལ་སྤུངས། ཞེས་པ་

p. 669

ལྟར་བླ་དཔོན་སེར་སྐྱ་མཆོག་དམན་ཐམས་ཅད་ནས་མཆོད་པའི་ཡོ་བྱད་དུ་རྟ་དྲེའུ། མཛོ་མཛོ་མོ་འབྲི་གཡག ར་ལུག་ཇ་མར་རས་དཱ་བུ་དཀར་དམར་གོས་ཕྲུག་ཧ་སག་དངུལ་བྱུ་རུ། ནས་རྩམ་པ་གྲོ་མ་ཁུར་བ། ཕྱེ་འཕྱུར་བ། ཇ་ནག་དོང་ཙེ་སོགས་བསམ་ལས་འདས་པ་ཁྱེར་བྱུང་བ་དང་། དབུས་གཙང་ནས་འོངས་པའི་གྲྭ་བཙུན་རྣམས་དང་། རི་ཁྲོད་པ་རྣམས་ཀྱིས་རང་རང་གི་དངོས་པོ་ཕུལ་བ་ཐམས་ཅད་ནས་ཕྲན་ཚེགས་ཀྱང་ཆུད་ཟོས་སུ་མ་བཏང་བར་མཁན་རིན་པོ་ཆེ་དང་། ཀུན་དགའ། གཉེར་བ་རབ་བྱུང་། ཉང་གི་མཚམས་པ། རྩ་དགེ་སོགས་ནས་ཁ་འགོ་བྱས་བཀྲ་ཤིས་འཁྱིལ་བའི་དགེ་འདུན་པ་དང་། སྔགས་མང་གི་འགྲིགས་བདག་ནས་ལས་བྱེད་པ་བགྱིས་ཏེ། ཤར་ཐམས་ཅད་མཁྱེན་པ་དང་། འཇམ་དབྱངས་བཞད་པ་སོགས་ཀྱི་མདུན་དུ་མཆོད་འབུལ་ཁྱེར། གཞན་མགར་རྩེ་སྐུ་གཞོགས། རྒྱལ་མཁན་ཆེན། ཆུ་དམར་ཆེ་ཆུང་སོགས་བླ་ཆེན་མང་པོ་དང་། མགར་རྩེ་གྲྭ་ཚང་ཤུག་ཉིན་རི་ཁྲོད། ཚ་རྒྱལ། དགེ་སྟེང་། ས་དཀར་ཤར། ཤེལ་དགོན་ལུག་རྭ། བཀྲ་ཤིས་འཁྱིལ་དགེ་འཕེལ་ལ་སོགས་པའི་དགོན་ཁག་མང་པོ་གདན་དྲངས་ཞབས་ཏོག་ཕུལ་བས། ཁོང་རྣམས་ནས་ཀྱང་དཀྱིལ་

p. 670

འཁོར་གྱི་གཙོ་བོ་ཉིད་དུ་སྒྲུབ་ཅིང་མཆོད་པ་དང་། བསྙེན་ཅིང་གསོལ་བ་འདེབས་པ། སྤྱན་འདྲེན་ཁྲུས་གསོལ། ཡང་སྤྲུལ་གསལ་བ་མྱུར་འབྱོན་གྱི་གསོལ་འདེབས་སོགས་གདུང་ཤུགས་དྲག་པོས་གནད་སྨིན་དུ་བསྐྱངས། གྲུབ་དབང་ནམ་མཁའ་རྒྱ་མཚོ་དང་། མཁན་ཆེན་ཞི་བ་འཚོ། ཚོ་འདུ་མཁན་པོ། དགུ་རོང་སྤྲུལ་སྐུ། ཨ་དར་སྤྲུལ་སྐུ། རི་རྩའི་སྐུ་སྐྱེས། པདྨ་རང་གྲོལ་ཡང་སྤྲུལ། མཁའ་འགྲོ་དགྱེས་པ་རྡོ་རྗེ་སོགས་མཁས་གྲུབ་མང་པོས་ཀློང་སྙིང་བླ་མ་མཆོད་པའི་ཆོ་ག་དང་། མཁའ་འགྲོ་བདེ་ཆེན་རྒྱལ་མོ། ཞི་ཁྲོ་ངན་སོང་སྦྱོང་བ། རྟ་ཕག་ཡིད་བཞིན་ནོར་བུ་རྣམས་ཀྱི་སྒོ་ནས་ཚོགས་བརྒྱ་བསྐང་བརྒྱ་བདག་དབང་ལེན་པ་དང་། ཁྱད་པར་མཆོག་གི་སྤྲུལ་སྐུ་རྩོད་བྲལ་གསལ་དྭངས་ངེས་པ་རྙེད་པ་མྱུར་དུ་འབྱོན་པའི་ཐུགས་སྨོན་གྱི་གསོལ་འདེབས་བདེན་ཚིག་གིས་རིམ་པ་ནན་ཆེར་ཡང་ཡང་བགྱིས། རོང་བོའི་དགོན་ཆེན་གྱི་གཙོས་སྒྲུབ་སྡེ་བཅོ་བརྒྱད་དང་། དགོན་ལྷག་རྣམས་ལ་མང་ཇའི་ཐེབས་གང་ཡོད་ཕུལ། གདུང་མཇལ་དུ་ལྷགས་པའི་སེར་སྐྱ་ཁྲི་ཕྲག་བརྒལ་བ་ལ་སྔ་ཕྱི་རིམ་ཅན་དུ་འོང་བ་རྣམས་ལ་བཟའ་བཏུང་གིས་ཚིམ་པར་བྱས་ཤིང་། ངན་སློང་དྲུག་བརྒྱ་ཙམ་ལ་ཉིན་རེ་

p. 671

བཞིན་ཇ་ཐུག་བཞི་རེ་བཏང་། བདེ་བ་ཅན་གྱི་ལྷ་ཁང་གི་མདུན་ངོས་ས་ཁོད་ཡངས་པ་དེར་ཉང་གི་མཚམས་པ་དང་། སྒོ་དམར་རི་ཁྲོད་པ་ནས་ས་བརྟགས་སྦྱངས་འདུལ་བ་ལྟོ་འཕྱེ་མཆོད་པའི་རིམ་པ་རྣམས་བྱས། དགུ་རོང་སྤྲུལ་སྐུ་མཆོག་གིས་ཁ་འགོ་གནང་ནས་གྲྭ་བཙུན་རྣམས་ཀྱིས་རྡོ་དང་གྱོ་མོག་ལས་པུར་ཁང་མཆོད་རྟེན་གྱི་དབྱིབས་ཅན་ཆ་ཚད་སོགས་ལུང་དང་མཐུན་པར་བརྩིགས། དེ་ནས་བསླབ་གསུམ་རྒྱན་གྱིས་མཛེས་ཤིང་ལུང་རིག་ཡོན་ཏན་དུ་མའི་མཛོད་ཀྱིས་ཕྱུག་པའི་སྐུ་གཞོགས་བསམ་འགྲུབ་རིན་པོ་ཆེ་གདན་དྲངས། དུས་འཁོར་བའི་སྣོན་ཟླ། ཧོར་ལུགས་ཀྱི་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུའི་སྔ་དྲོའི་ཆ་ལ་སྐུ་གདུང་རིན་པོ་ཆེ་ཞུགས་ལ་སྦྱངས་རྒྱུའི་ཉེར་བསྡོགས་མ་ཚང་བ་མེད་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཇི་ལྟར་འོས་པ་འདུ་བགྱིས་ཏེ། པུར་ཁང་དུ་སྤྱན་དྲངས་པ་ན། ཨ་མྱེས་གཉན་དམར་ནས་སེ་ཀུ་བྱ་ཁྱུང་དང་ཟ་ལུང་། གོང་མོའི་རྩེ་ནས་བཟུང་མཐའ་དབུས་ཐམས་ཅད་འཇའ་ཚོན་སྣ་ལྔའི་ཟ་འོག་གི་གུར་ལ་ཅོ་འདྲི་བ་ལྟར་འཐེན་ཞིང་། ནམ་མཁའི་མདངས་མཐིང་ཞུན་གྱིས་བྱུགས་པ་ལྟར་གསལ་ཞིང་དྭངས་པར་གྱུར་པ་ནི་འོད་གསལ་ཆོས་ཀྱི་

p. 672

སྐུ་ལས་མ་གཡོས་བཞིན་དུ་སྒྱུ་མ་ལོངས་སྐུར་བཞེངས་པའི་བརྡ་རྟགས་གདུལ་བྱའི་མོས་ངོར་གསལ་བར་མཛད་པ་ཡིན་ལ། རེག་བྱ་འཇམ་པའི་དྲི་བཞོན་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་གཡོ་བའི་སྒྲ་འུར་འུར་བ་རྒྱུན་རིང་ཞིང་འཇམ་པ་གཡོ་བ་ནི། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་སྐུ་གདུང་མཆོད་པའི་ཕྱིར་ལྷགས་པའི་ལྟས་སུ་གོར་མ་ཆག་གོ །སྐུ་གཞོགས་རིན་པོ་ཆེ་ཞབས་ཕྱི་གྲྭ་ཚང་དབུ་མཛད་སོགས་བརྒྱད་གྲྭ་དང་བཅས་པས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་བརྟེན་ནས། གདུང་སྒྲུབ་དང་པུར་སྦྱོང་བའི་ཆོ་ག་ལྷ་སྔགས་ཏིང་འཛིན་གྱི་ངར་དང་ལྡན་པའི་སྒོ་ནས། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སྤུད་དེ། ཞུགས་ལ་སྦྱངས་པ་ན་སྐུ་ལས་འོད་ཟེར་དཔག་མེད་བཀྱེས་ཏེ།། ཁམས་གསུམ་མ་ལུས་པ་ཁྱབ་པར་མཛད་ནས་ངན་སོང་ལ་སོགས་པའི་སྡུག་བསྔལ་བའི་རིགས་སྦྱངས་ནས་བདེ་བ་ལ་བཀོད། སླར་སྐུ་ལ་ཐིམ་མ་ཐག་ལྟེ་བ་ནས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་རང་འབར་དུ་གྱུར་པས། གདུང་དུད་ཀྱང་འོ་མ་འཕྱུར་བ་ལྟར་དཀར་བ་ལ་བེ་ཌཱུརྱའི་མདངས་ཀྱིས་བརྒྱན་པ་ལྟ་བུ་དབུས་དྲང་ཐད་དུ་འཐེན་ཞིང་། གདུགས་ལྟར་ཆགས་པ་རིམ་གྱིས་ནུབ་ཕྱོགས་སུ་འཁོར་ལོ་ནོར་བུ་གླང་པོ་ཆེ་སོགས་རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་འཐེན་ཞིང་།

p. 673

མེ་ལྕེ་རྣམས་བྱུ་རུའི་སྡོང་བོ་ལ་གཡུའི་ཡལ་གས་འཁྱུད་པ་ལྟར། མེ་བྱིངས་དམར་ཞིང་རྩེ་བ་སྔོ་བ། མཆོད་རྫས་སྣ་ཚོགས་པའི་གཟུགས་སུ་འབར་བས་དྲི་བཟང་པོས་ཁོར་ཡུག་ཀུན་ཁྱབ་པར་གྱུར་ལ། བྱ་རོག་ཅིག་འོངས་ནས་བདེ་བ་ཅན་གྱི་ལྷ་ཁང་གི་གསེར་འཕྲུའི་ཐུམ་བསལ་བ་དང་། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་འདབ་ཆགས་ཀྱི་རྣམ་པར་གདུང་ཁང་གི་སྟེང་གི་མཁའ་ལ་ལྡིང་ཞིང་འཁོར་ནས་ཡུན་རིང་གནས་པ་དང་། བྱ་རྒོད་ཐང་དཀར་ཞིག་གང་ནས་འོང་ཆ་མེད་པར་གཡས་བསྐོར་དུ་ལྡིང་ཞིང་ཇེ་མཐོ་ཇེ་མཐོར་སོང་སྟེ་ཤར་ཕྱོགས་སུ་ཐལ་གྱིས་སོང་བ་དང་། དབང་པོའི་གཞུ་འཁོར་ལོ་ལྟར་ཟླུམ་པ་དཀྱིལ་དྲ་མིག་ཅན་མུ་འཁྱུད་ཀྱི་མཐའ་མ་ཟ་ར་ཚག་ཆུན་འཕྱང་འཕན་ལ་སོགས་པ་དཔྱངས་པ། ཡུད་ཙམ་ཞིག་འཁོར་ཞིང་གདུགས་ལྟར་ཕུབ་པ་སོགས། དེར་འཚོགས་པ་རྣམས་ལ་མཐོང་སྣང་མི་འདྲ་བ་སྣ་ཚོགས་པ་བྱུང་བས། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བླ་ལྷག་འཕེལ་ཞིང་། དད་མེད་རྣམས་ཀྱི་ཤེས་རྒྱུད་ལ་ཡང་དད་པའི་ས་བོན་བསྐྲུན་པར་མཛད་དོ། །དེ་ནས་གདུང་ཁང་གི་སྒོ་བསྡམས་ཏེ་ཉི་མ་ལྔའི་བར་ལ་མཆོད་ཅིང་

p. 674

ཁྲུས་གསོལ་བ་སོགས་སྲི་ཞུ་བགྱིས་ཏེ། ཚེས་བཅོ་ལྔའི་ཉིན་མཁན་རིན་པོ་ཆེ་དང་། དགུ་རོང་སྤྲུལ་སྐུ། ངེད་དཔོན་སློབ་ཉུང་ཤས་ཤིག་གིས་གདུང་ཞལ་ཕྱེས་པའི་ཚེ་ཕྱག་གཉིས་ཀྱིས་མཚོན་པའི་སྐུ་སྟོད་ཀྱི་ཆ་ཕལ་ཆེར་དང་ཁྱད་དུ་འཕགས་པའི་གདུང་རྣམས་མི་སྣང་བས་དཔའ་བོ་མཁའ་འགྲོའི་ཚོགས་དང་། ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་རང་རང་གི་གནས་སུ་ཕྱག་དང་མཆོད་པའི་ཞིང་དུ་གདན་དྲངས་སོང་བར་སྣང་། བདག་ཅག་རྣམས་ཀྱི་བགོ་སྐལ་དུ་གྱུར་པ་ནི་སྐུ་སྨད་དང་། དབུ་ཐོད་ཚལ་བུ་ཉུང་ཤས་ལུས་པ་དག་ལ་སྐུ་གདུང་རིང་བསྲེལ་བྱོན་པའི་ཚུལ་ནི། བཀའ་གདམས་གླེགས་བམ་ལས། རྣལ་འབྱོར་སྤྱོད་པའི་དབུ་མ་ལ། །དབུ་མའི་དབྱིངས་སུ་དབུ་མ་འགྲོ། །ཤི་ལྟས་ནམ་མཁའ་དྭངས་པ་ཡིན། །ཚུལ་ཁྲིམས་གཙང་ལ་མེ་ཏོག་འབབ། །བྱང་ཆུབ་སེམས་ལ་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱོན། །ཁྲིམས་གཙང་ཕུང་པོ་གཙང་མ་སྟེ། །ལྷ་རྣམས་ཀུན་གྱིས་བསུ་བར་བྱེད། །ཕྱིར་མི་ལྡོག་ལ་དུང་འཁྱིལ་སྟེ། །འཁོར་བ་མི་སྤོངས་སེམས་དཔའ་ལ། །ཐུགས་དང་ལྗགས་ན་འབྱོན་པར་འགྱུར། །སྤྱིར་ནི་དམ་པ་གཤེགས་པ་ལ། །ལྷ་ཡི་སྔ་

p. 675

ལྟས་འཇའ་འོད་འབྱུང་། །གནས་ལུགས་སྔ་ལྟས་སྤྲིན་མེད་ཡིན། །ཞེས་དང་། སྐུ་གདུང་འབར་བ་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མའི་ཟག་བཅས་ཀྱི། །ཕུང་པོའི་རྗེན་ཤུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །ཞེས་དང་། སྐྱེས་མཆོག་མྱ་ངན་འདས་པ་ལ། །སངས་རྒྱས་ཀུན་གྱི་གདུང་ཡང་འབྱུང་། །སངས་རྒྱས་རིགས་ཀྱི་ཁྱད་པར་ལས། །གདུང་གི་རིགས་ནི་ལྔ་ལྔ་འབྱུང་། །ཤ་རི་རམ་ནི་བདེར་གཤེགས་གདུང་། །དེ་བཞིན་བ་རཱི་རམ་ཞེས་ནི། །རྡོ་རྗེ་རིགས་ཀྱི་གདུང་ནི་ཡིན། །ཆུ་རི་རམ་ནི་རིན་པོ་ཆེ། །བསེ་རཱི་རམ་ནི་པདྨའོ། །དེ་བཞིན་ཉ་རཱི་རམ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་གསུངས་པ་དང་མཐུན་པར་གདུང་རུས་ཀྱི་ངོས་དང་། རིང་བསྲེལ་གོང་བུར་གྱུར་པ་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ། བདེ་མཆོག་ལྷན་སྐྱེས། རྟ་ཕག་ཡབ་ཡུམ། །སྒྲོལ་མ་ཛམ་ནག་སོགས་དང་། རྡོ་རྗེ། རིན་ཆེན། པདྨ། རལ་གྲི། པི་ཝང་། འབྲས་བུ་ཅན་གྱི་སྡོང་བོའི་དབྱིབས་ཅན་མང་པོ་བྱུང་། གདུང་རུས་ལས་འབུར་ཞིང་ཐང་ལ་མ་

p. 676

ལྷུང་བའི་གདུང་རིགས་ལྔ་ལས་ཁ་དོག་མཐིང་ཁ་ཤས་ཆེ་བ་ལྔ་ཚོམ་དང་སྐུའི་དབྱིབས་ཅན་སོགས་དང་། རིང་བསྲེལ་ཕྲ་མོ་བགྲང་ལས་འདས་པ་ཕེབས་པས། བདག་སོགས་རྣམས་ཀྱི་གནས་སྐབས་ཀྱི་མྱ་ངན་ཀྱང་སངས་པར་མཛད་ཅིང་དད་པའི་སྤུ་ལོང་ཆེས་ཆེར་གཡོ་བར་གྱུར་པའི་བཀའ་དྲིན་འདི་གཅིག་པུ་ཡང་སྲིད་མཐའི་བར་དུ་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བར་མ་ཆད་དུ་ཕུལ་ཡང་འཁོར་བར་དཀའ་བ་ཉིད་དུ་འཁུམ་མོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་ལ་གདུང་མཆོད་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བ་ནི་བཀའ་ལས་བྱུང་བ་ལྟར་ལགས་ནའང་། རྗེས་འཇུག་རྣམས་ཀྱིས་བསོད་ནམས་བསགས་ཕྱིར་དང་། དམ་པ་གང་གི་ཐུགས་དགོངས་ཟབ་མོ་གང་ཡོད་ཡོངས་སུ་རྫོགས་ཕྱིར། བསྟན་འགྲོའི་དོན་དུ་མཆོག་གི་སྤྲུལ་སྐུ་གསལ་བོ་མྱུར་དུ་འབྱོན་པའི་རྟེན་འབྲེལ་དུ་དམིགས་ནས། ཡུལ་དུས་དང་མཐུན་པའི་མཆོད་སྦྱིན་བྱས་པའི་སོང་ཐོ་རགས་རིམ་ཙམ་བཀོད་པ་ལ། ཇ་ལན་ཆེན་ཉེར་ལྔ། གོས་ཕྲུག་བརྒྱ་ལྷག རྟ་དྲེའུ་ཉི་ཤུ། མར་རྒྱ་མ་ཉིས་སྟོང་ལྔ་བརྒྱ་ཙམ། རས་ཉིས་བརྒྱ། དཱ་བུ་དཀར་དམར་བཞི་བརྒྱ། ཕྱེ་རྩམ་དོ་བོ་བརྒྱད་བརྒྱ། སྣུམ་ནག་རྒྱ་མ་བདུན་བརྒྱ། དོང་ཙེ་ཁྲོན་བརྒྱ་ལྷག་ཙམ་དང་། གཞན་མཆོད་རྫས་ཡོ་བྱད་ཁ་དར་སོགས་བགྲང་ལས་

p. 677

འདས་པ་སོང་ངོ་། །དེའི་ཚེ་བླ་མ་རྣམས་དང་དེར་འཁོད་ཀྱི་རི་ཁྲོད་པ་གྲྭ་བཙུན་མང་པོ་བཀྲ་ཤིས་ཀྱི་མེ་ཏོག་འཐོར་བ་བཞིན་ཕྱོགས་ཕྱོགས་སུ་གྱེས་སོང་ཚེ། ཉང་གི་མཚམས་པས་བླ་མ་ཐུགས་རྗེ་ཅན་གྱི་སྐུའི་དབྱིབས་གསུང་གི་གདངས། ཐུགས་བརྩེ་བས་གདུལ་བྱ་བསྐྱངས་ཚུལ་རྣམས་དྲན་ནས་མང་པོ་ངུས་མཐར། གདུངས་དབྱངས་འདི་བླངས་སོ། །ལྷ་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །མགོན་བཤེས་གཉེན་དམ་པའི་རྣམ་རོལ་པ། །ཕ་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་། །བུའི་གདུངས་དབྱངས་ཐལ་ལོ་ཐུགས་རྗེ་ཅན། །སྤྱིར་རྒྱལ་ཁམས་ཡོངས་ལ་ཉི་མ་ནུབ། །སྒོས་སྐལ་ཆད་བདག་དང་བདག་འདྲ་ཡི། །མིག་དོན་སྙིང་དང་བྲལ་དགོས་འདོད་ཀྱི། །ཡིད་བཞིན་གྱི་ནོར་བུ་ལག་ནས་ཤོར། །བདག་འགྲོ་རྣམས་མགོན་མེད་སྐྱབས་མེད་གྱུར། །ཕ་མཚན་ལྡན་བླ་མར་གང་ནས་མཇལ། །ད་ཅི་བྱེད་སྐྱབས་མགོན་རྡོ་རྗེ་འཆང་། །བུའི་གདུངས་པ་སོལ་ཅིག་བཀའ་དྲིན་ཅན། །ལྷག་བསམ་གྱི་རྩ་བ་རབ་བརྟན་ཅིང་། །སྙིང་རྗེ་ཡི་ཁོ་ལག་ཕྱོགས་བརྒྱར་གཡོ། །གཞན་ཕན་གྱི་འབྲས་བུ་གཡུར་ཟ་བའི། །ཕ་དཔག་བསམ་ལྗོན་ཤིང་གློ་བུར་

p. 678

འགྱེལ། །དད་གསུམ་གྱི་རྟ་བདུན་ཤུགས་ཀྱིས་དྲངས། །བྱམས་བརྩེ་ཡི་འོད་སྟོང་འབུམ་དུ་འགྱེད། །སྐལ་ལྡན་གྱི་གདུལ་བྱའི་པདྨོ་སྐྱོངས། །ཕ་འཛམ་གླིང་ཉི་མ་ནུབ་རིར་ཞུད། །ཕྱོགས་མེད་ཀྱི་གདུལ་བྱ་བུ་ལྟར་གཟིགས། །ཟབ་རྒྱས་ཀྱི་ཆོས་ཆར་འགྲོ་ལ་འབེབས། །ཉམ་ཐག་གི་འགྲོ་བ་རྒྱུན་དུ་སྐྱོང་། །ཕ་མཚན་ལྡན་བླ་མ་གློ་བུར་གཤེགས། །གནས་བཀྲ་ཤིས་འཁྱིལ་བའི་རྩེ་མོ་ན། །ཁ་ལྷོ་བལྟའི་གཟིམ་ཁང་ཉམས་དགའ་ན། །རྗེ་བླ་མ་བཞུགས་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །གནས་དེ་ཡི་ཉེ་འདབས་ཆོས་ར་ནས། །ཕྱོགས་རིས་མེད་དད་འདུས་སྟོང་ཕྲག་ལ། །ཆོས་དབང་ལུང་གནང་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །རང་སྐབས་སྐབས་མདུན་དུ་མཇལ་དུས་སུ། །ཐུགས་བརྩེ་བ་ཆེན་པོས་ལེགས་གཟིགས་ནས། །ཞལ་འཛུམ་གྱིས་བསུ་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །གསུང་བསླབ་བྱས་དབུགས་དབྱུང་གསོལ་རས་གནང་། །ཆོས་ཟབ་རྒྱས་བཅུད་ཀྱིས་སྨིན་མཛད་དེ། །རང་འདོད་པ་སྐོང་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །ས་མདོ་སྨད་ཕྱོགས་ཀྱི་དད་ལྡན་རྣམས། །བློ་ཆོས་

p. 679

ལ་བསྒྱུར་ནས་རྟེན་བཞེངས་སོགས། །ཆོས་དགེ་ལ་བསྐུལ་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །ཕྱོགས་ཕྱོགས་ནས་འོང་བའི་གྲྭ་བཙུན་དང་། །དམན་ངན་སློང་ལྟོ་གོས་ཆོས་གསུམ་གྱིས། །དུས་རྒྱུན་དུ་སྐྱོང་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །ནོར་དངོས་པོ་ཕུལ་ཚད་མི་འཛིན་པར། །ཡར་དཀོན་མཆོག་མཆོད་དང་རྟེན་བཞེངས་དང་། །མར་དབུལ་པོར་སྦྱིན་ཚུལ་ཡིད་ལ་ཤར། ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །གནས་སྒྲུབ་གནས་རི་ཁྲོད་ཉམས་དགའ་རྣམས། །ཁོང་སློབ་མ་བུ་ཆེན་མང་པོས་བཀང་། །ཀུན་ཆོས་ཀྱིས་བསྐྱངས་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །གྲོང་རི་དགོན་ཐམས་ཅད་རྟེན་བཞེངས་དང་། །ཆོས་སྨྱུང་གནས་མ་ཎིའི་རྒྱུན་བཟང་བཙུགས། །ཕྱག་མཆོད་པར་བསྐུལ་ཚུལ་ཡིད་ལ་ཤར།་།ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །ས་རེབ་གོང་འཁྲུག་པ་ཡོད་ཚད་རྣམས། །གསུང་བཀའ་ཤོག་ཙམ་རེས་མཐུན་པར་བསྡུམས། །ཀུན་བདེ་བར་བཀོད་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །ཡུལ་ཀུན་ཏུ་ལོ་ལེགས་འོང་བའི་ཕྱིར། །ཆར་

p. 680

འབེབས་སོགས་འགྲོ་བའི་བདེ་ཐབས་གནང་། །ཡུལ་བདེ་ཞིང་སྐྱིད་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །ས་སྟོད་སྨད་འབྲེལ་ཐོགས་ཕོ་མོ་ཡིས། །གསུང་བསྒྲུབས་ནས་དགེ་བསྒྲུབ་སྡིག་སྤོང་གིས། །ས་དཀར་པོར་བཏང་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །སྐུའི་བཀོད་པ་བསྡུས་ཚེ་ནམ་མཁའ་དྭངས། །འཇའ་ཁ་དོག་ལྔ་ལྡན་རྒྱུན་དུ་ཤར། །ཀུན་སྣང་བ་འགྱུར་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་དྲན། །གདུང་རིང་བསྲེལ་ལྷ་སྐུ་ཡིག་འབྲུ་སོགས། །ངོ་མཚར་བའི་དངོས་གྲུབ་བགོ་སྐལ་གྱིས། །དྲིན་ལྷག་པར་སྩལ་ཚུལ་ཡིད་ལ་ཤར། །ངས་བསམ་ཞིང་མཚན་ལྡན་བླ་མ་དྲན། །ཕྱོགས་གང་དུ་སོང་ཡང་བླ་མ་དྲན། །ས་གང་དུ་བསྡད་ཀྱང་བླ་མ་དྲན། །བརྡ་ཇི་ལྟར་ཤར་ཡང་བླ་མ་དྲན། །དུས་ཉིན་མཚན་ཀུན་ཏུ་བླ་མ་དྲན། །དྲན་དྲགས་ཚེ་སེམས་ཀྱིས་མི་ནུས་གི །དབུགས་སྟོད་དུ་འཚངས་ཚེ་མི་ནོན་གི །མིག་མཆི་མས་གང་ནས་མི་ཟུངས་གི །འདི་གཟིགས་སམ་སྐྱབས་མགོན་སྙིང་རྗེའི་གཏེར། །བུའི་དྲན་པའི་སེམས་ལ་བཟོད་གླགས་མེད། །ཕས་མི་མངོན་དབྱིངས་ནས་གསན་ལགས་སམ། །དུས་ད་ལྟ་ཉམས་དང་རྨི་ལམ་དུ། །སྐུའི་དཀྱིལ་འཁོར་མྱུར་དུ་

p. 681

བསྟན་དུ་གསོལ། །གསུང་ཚངས་པའི་དབྱངས་ཀྱིས་བསླབ་བྱ་སྟོན། །ཐུགས་དགོངས་པས་བདག་ལ་བྱིན་གྱིས་རློབས། །བུ་སྐལ་དམན་བདག་ལ་སེམས་གསོ་གནོངས། །ཁྱེད་གར་བཞུགས་ཞིང་ཁམས་དེ་རུ་དྲོངས། །བུས་དེ་ལྟར་གདུངས་དབྱངས་བླངས་པའི་མཐུས། །ཕ་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཤིང་། །དུས་རིང་མིན་སྤྲུལ་སྐུའི་ཉི་གཞོན་གྱིས། །བསྟན་འགྲོ་བའི་པད་ཚལ་ལེགས་སྐྱོང་ཤོག །དེ་ནས་ཐུགས་སྲས་དགུ་རོང་སྤྲུལ་སྐུས་བཟོ་ཡོན་དང་གསེར་ཚོན་ཕུལ་ནས། ཤིང་བཟོ་ཧྭ་ཤང་གིས་དྲི་བཟང་པོའི་ཤུག་པ་ལས་བྱང་ཆུབ་མཆོད་རྟེན་བཟོ་བཀོད་ཕུན་སུམ་ཚོགས་པ་ཁང་ཚད་ཙམ་བསྐྲུན་ཏེ། དུས་ཚེས་དགེ་བར་མཁན་རིན་པོ་ཆེ་དང་། ཉང་གི་མཚམས་པ། ཡེ་ཤེས་དར་རྒྱས། ཨ་ཁུ་ཀུན་དགའ། སངས་རྒྱས་རིན་ཆེན་བཅས་པས་སྐུ་གདུང་རིང་བསྲེལ་རང་བྱོན་རྣམས་དང་། རྗེའི་ཕྱག་བྲིས་དགོངས་གཞི་ཅན་སངས་རྒྱས་ཀྱི་སྐུ་གདུང་ཆ་བརྒྱད་དུ་བགོས་ཚུལ་བཀོད་པ་གནང་བ་བཞིན། སྐུ་གདུང་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་དབུས་གཙང་མངའ་རིས་ཕྱོགས་དང་། །ཆ་གཅིག་མདོ་སྨད་ཀྱི་

p. 682

དད་ལྡན་རྣམས་ལ་བགོ་རྒྱུ་བྱས། ཆ་གཅིག་དང་རྗེའི་ཐུགས་དམ་ཀྱི་རྟེན་ཆོས་རྒྱལ་རིན་པོ་ཆེའི་ཞལ་གདམས་ཕྱག་རྗེས་ཀྱི་རྒྱས་བཏབ་པ། ཀུན་བཟང་སྙིང་ཐིག་སོགས་རི་ཁྲོད་འགྲིམས་དུས་ཀྱི་ཕྱག་དཔེ་པོད་ཆུང་གཉིས་དང་། ཆོས་རྒྱལ་རིན་པོ་ཆེས་སྩལ་པའི་འཇའ་ཤེལ་བྱིན་ཅན། རྩ་གསུམ་གྱི་ཙཀླི་དང་ལྷན་དུ་ཟ་མ་ཏོག་ཏུ་འདུ་བགྱིས་ཏེ། གཞན་རིང་བསྲེལ་རྣམ་བཞི་འབུལ་ཚུལ་སོགས་མ་འཆོལ་མ་འཁྲུགས་པར། །རྒྱ་བོད་མཁས་གྲུབ་དུ་མའི་ཕྱག་སྲོལ་ལྟར་འབུལ་བ་པོ་གསུམ་ལྡན་རྡོ་རྗེ་འཛིན་པ་ཉང་མཚམས་རྒྱ་མཚོས་མཆོད་སྡོང་རིན་པོ་ཆེར་བཞུགས་སུ་གསོལ་ཞིང་སྐྱ་བཟོ་གྲུབ་འཕྲལ། སྤྲེལ་ཟླའི་ཚེས་བཅུ་ལ་དཔོན་སློབ་འགས་ཡི་དམ་རྟ་མཆོག་རོལ་བའི་སྒོ་ནས། དངོས་སྟ་ཉིན་གཉིས་མའི་རབ་ཏུ་གནས་པའི་མེ་ཏོག་འཐོར་བས། ས་གཡོ་བ་དང་འཇའི་གུར་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་ཀྱང་བྱུང་། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པ་བརྟན་པའི་དགེ་སློང་ཡེ་ཤེས་དར་རྒྱས་ཀྱིས་ལྷ་བཟོ་བ་བགྱིས་ཏེ། རིན་པོ་ཆེ་སྣ་ཚོགས་ལས་སྤྲས་པའི་མཆོད་སྡོང་། གསེར་སྦྱངས་བཙོ་མ་ལས་གྲུབ་པ་ལྟ་བུའི་སྙིགས་དུས་འགྲོ་བ་ལྷ་དང་བཅས་པའི་ཕྱག་དང་མཆོད་པའི་ཞིང་མཆོག་བླ་ན་མེད་པ་

p. 683

ཉིད་དུ་གསལ་བར་བྱས་ཏེ། བྱའི་ཟླ་བའི་ཚེས་བཅུ་ལ་ཚོ་འདུ་མཁན་ཆེན་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་། ཚོགས་བརྒྱ་དང་བརྒྱ་མཆོད་སོགས་མཆོད་པའི་སྤྲིན་གྱིས་མཐའ་རྒྱས་སུ་བྱས་ཤིང་། དེའི་རྗེས་སུ་བདག་དང་། ཧོར་སྤྲུལ་སྐུ། ཉང་གི་མཚམས་པ། ཡེ་ཤེས་དར་རྒྱས། བདེ་ཆེན་རི་ཁྲོད་པ་འཇིགས་མེད་ཚུལ་ཁྲིམས་བཅས་དཔོན་སློབ་ལས། ཟབ་ལམ་འཁོར་སྒྲོལ་གྱི་སྒོ་ནས་རབ་གནས་དམ་པ་གོང་མའི་ཕྱག་བཞེས་བཞིན། ཉིན་བདུན་གྱི་རིང་ལ་བགྱིས་ནས་ཚོགས་བརྒྱ་དང་ཞི་རྒྱས་ཀྱི་སྦྱིན་སྲེག་བཅས་བསྒྲུབས་ནས་བསྔོ་སྨོན་གྱིས་མཚམས་སྦྱོར་ཡང་དག་པ་བྱས། རྗེའི་མཛད་པའི་ཐ་མ་མགར་རྩེའི་ཇོ་བོའི་ལྷ་ཁང་དུའང་ཇོ་བོ་ཡིད་བཞིན་ནོར་བུ་གཙོ་འཁོར་གསུམ། འཕགས་པ་སེམས་ཉིད་ངལ་གསོ། རྗེ་བཙུན་སྒྲོལ་མ། གནས་བརྟན་བཅུ་དྲུག་སོགས་ཀྱི་སྐུ་བརྙན་སྨན་འདམ་ལས་བཞེངས་པ་དང་། གནམ་རྒྱན་ལ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རེབ་གོང་ཡུལ་གྱི་གྲུབ་ཐོབ་བརྒྱད་སོགས་ཀྱི་སྐུ་བརྙན་རི་མོར་བྲིས། གསེར་ཚོན་བཅས་ལེགས་པར་མཁན་རིན་པོ་ཆེ་དང་། ཀུན་དགའ་ནས་ཁྲུམས་ཟླའི་ནང་དུ་ལྷག་ལུས་མེད་

p. 684

པར་འགྲུབ་པའི་རྒྱུ་སོང་ལ་རྡོ་ཚད་བཅུའི་རྩིས་སོང་། མགར་རྩེ་གྲྭ་ཚང་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་། བཟོ་བོ་བཅུ་ཕྲག་ཡོན་དང་ཐོག་མཐའི་དགའ་སྟོན་གྱིས་མཉེས་པར་བྱས། དེའི་རྗེས་སུ་དམ་པ་ཉིད་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ས་ཨ་བོ་སྐྱབས་ནས། ཉང་གི་མཚམས་པས་ཁ་འགོ་བྱས་རྒྱལ་པོ་དང་། ཚོ་འདུ། བྱང་ཆུབ་སོགས་ཀྱི་སེར་སྐྱ་མཆོག་དམན་ཐམས་ཅད་ཀྱིས་འབད་རྩོལ་ཆེན་པོས་བྱང་ཆུབ་མཆོག་གི་མཆོད་རྟེན་ས་རྡོ་ཤིང་གསུམ་ལས་གྲུབ་པ་ཚད་ལས་འདས་པ་བཞེངས། བཀྲ་ཤིས་དགེ་འཕེལ་དགོན་པ། འབྲོང་ལུང་དབེན་པའི་དགའ་ཚལ། ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་། །བདེ་སྐྱིད་བསམ་གཏན་གླིང་། མཚོ་གླིང་པདྨ་བཀོད། མཚམས་ཁང་བཀྲ་ཤིས་ཆོས་གླིང་རྣམས་ཀྱིས་གཙོས་གདན་ས་དང་། སྔགས་ཁང་འདུ་ཁང་མང་པོར་སྐུ་གདུང་མཆོད་རྟེན་ཆེ་བ་ཁང་ཚད་ལྷག་ཙམ་དང་། ཆུང་བ་ཁྲུ་གསུམ་བཞི་ཙམ་མང་པོ་བཞེངས། མདོ་སྨད་དུ་བཀྲམ་རྒྱུའི་སྐུ་གདུང་ཆ་གཅིག་རེབ་གོང་སྟོད་སྨད་བར་གསུམ། རྨ་ཕ་རི་ཚུར་ཁ་རྣམས་སུ་དད་ལྡན་གདུང་རྟེན་བཞེང་ཐུབ་ཚད་ལ་བཀྲམ་པས་མཆོད་རྟེན་ཆེ་ཆུང་ལྔ་བརྒྱ་ལྷག་ཙམ་བཞེང་མཁན་

p. 685

བྱུང་ངོ་། །སྐུ་གདུང་ཆ་གཅིག་བུ་ཆེན་ཀུན་དགའ་དོན་གྲུབ་ཀྱིས་དབུས་གཙང་མངའ་རིས་བར་གྱི་དད་ཅན་ཐམས་ཅད་ལ་ཕྱག་མཆོད་དད་པའི་རྟེན་དུ་གདན་དྲངས་སོ། །སྐུ་ཚེ་སྨད་ཀྱི་རྣམ་ཐར་དགོས་འདོད་ཀུན་འབྱུང་གིས་མཚོན་གསུང་འབུམ་པར་དུ་མ་འཁོད་པ་རྣམས་ཀྱང་། དམ་པ་ཉིད་ནས་ཐུགས་བཀོད་ཡོད་པ་བཞིན། གཉེར་བ་རབ་བྱུང་དང་། སངས་རྒྱས་རིན་ཆེན། ངེད་རང་སོགས་ཤུལ་དུ་ལུས་པ་རྣམས་ཀྱིས་རང་ངོས་ནས་ཅི་འབྱོར་དང་། གཞན་ལ་བསྐུལ་བ་སོགས་ཐབས་ཚུལ་དུ་མའི་ངོས་ནས་ལེགས་པར་བསྒྲུབ་ལ་བརྩོན་བཞིན་མཆིས། དེ་ལྟར་བགྱིས་པའི་དགེ་ཚོགས་བསྔོ་བ་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་གསུང་གི་རྗེས་སུ་ཟློས་ཏེ། འཁོར་གསུམ་ཡོངས་དག་ཆོས་དབྱིངས་སྤྲོས་བྲལ་མུ་མཐའ་མེད་པའི་ཀློང་ཟད་པ་མེད་པའི་གཏེར་དུ་རྒྱས་བཏབ་བོ།། །སྨྲས་པ། ཞལ་མཐོང་ཙམ་གྱིས་འགྲོ་བའི་ལས་སྒྲིབ་འདག །ཚངས་དབྱངས་གསུང་གིས་ཆོས་ཀྱི་ཆར་བ་འབེབས། །ཐུགས་རྗེ་བརྩེ་བས་

p. 686

གདུལ་བྱ་ཐར་པར་འདྲེན། །རྣམ་འདྲེན་རྒྱལ་བའི་གདུང་འཚོབ་དྲིན་ཅན་རྗེ། །ཞིང་འདིར་བསམ་བཞིན་འགྲོ་བའི་དོན་ལ་བྱོན། །སེམས་ཅན་བགྲང་ཡས་ཐར་པའི་ལམ་ལ་བཀོད། །མཛད་པ་འཕྲིན་ལས་ཐམས་ཅད་མཐར་ཕྱིན་ནས། །གཟུགས་སྐུའི་བཀོད་པ་བསྡུས་པའི་མཛད་པ་ནི། །ས་ག་ཟླ་བར་དམ་པའི་ཆོས་ཆར་གྱིས། །གདུལ་བྱའི་ཡིད་ཀྱི་རེ་བ་བསྐངས་པའི་མཐར། །རིམ་བཞིན་འགྲོ་དོན་གནང་ཞིང་རོང་བོར་ཕེབས། །བསྟུན་ཚུལ་མཛད་ནས་སྣོན་ཟླའི་ཉེར་ལྔའི་ཉིན། །རྒྱལ་པོའི་ས་ཆ་ཨ་བོ་སྐྱབས་ཞེས་པར། །བསྐྱོད་དེ་གཞི་ཕབ་ཕྱི་ཉིན་སྔ་དྲོའི་ཆར། །ངོ་མཚར་ལྟས་དང་བཅས་པར་གཟུགས་སྐུ་ཡི། །བཀོད་པ་བསྡུས་ཚེ་ཅི་བྱ་གཏོལ་མེད་གྱུར། །བཀྲ་ཤིས་འཁྱིལ་དུ་སྐུ་གདུང་གདན་དྲང་ཏེ། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་གྱིས་མཆོད། །མདོ་སྨད་ཕྱོགས་ཀྱི་སྐྱེ་བོ་དུ་མ་ཡིས། །རྒྱུ་ནོར་དངོས་པོ་གྱ་ནོམ་ཕུལ་བ་རྣམས། །བསྡུས་ནས་དགོངས་རྫོགས་མཆོད་སྦྱིན་རྒྱ་ཆེན་བཏང་། །སྐུ་པུར་ཞུགས་ལ་སྦྱངས་ཚེ་འཇའ་འོད་འཁྲིགས། །སྐུ་གདུང་རིང་བསྲེལ་ལྷ་སྐུ་ཕེབས་པ་རྣམས། །ཆ་

p. 687

གསུམ་བགོས་ནས་མཆོད་རྟེན་གྲངས་མེད་བཞེངས། །གསུང་བཀོད་ཇི་བཞིན་རྟེན་བཞེངས་འཕྲོ་རྣམས་དང་། །གསུང་འབུམ་པར་ལ་འཁོད་དང་ངན་སློང་སྐྱོང་། །གདན་སའི་དོ་དམ་སོགས་ལ་བརྩོན་བཞིན་པའི། །ངང་ནས་དགེ་ཚོགས་བསྔོ་སྨོན་རྒྱ་ཡིས་བཏབ། །བསྐལ་པ་བརྒྱ་ཁྲིར་བཙལ་ཀྱང་རྙེད་དཀའ་བའི། །མཚན་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ད་ནི་དངོས་སུ་མཇལ་རྒྱུའི་སྐལ་བ་རྫོགས། །སླད་ནས་སྤྲུལ་སྐུའི་གསེར་ཞལ་མཇལ་བར་ཤོག །མགོན་དེའི་མཛད་བཟང་རྒྱ་མཚོ་ལྟ་བུ་ལས། །ཐ་མའི་རྣམ་ཐར་ཆུ་ཐིགས་ལྟ་བུ་ཞིག །མ་འོངས་གདུལ་བྱའི་དད་པའི་གསོས་སུ་སྦྱར། །འདི་ཡི་དགེ་བས་ཐུགས་དགོངས་ཡོངས་རྫོགས་ཤོག །རྣམ་ཐར་ཡིད་བཞིན་ནོར་བུ་འདི་ཉིད་ཀྱིས། །བསྟན་དང་འགྲོ་བ་ཡོངས་ལ་སྨན་པ་དང་། །ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་འབྲུ་ནོར་འཕེལ། །བདེ་སྐྱིད་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་ས་གསུམ་འགྲོ་བའི་མགོན་པོ་མཆོག་གི་སྐུ་ཚེ་ཐ་མའི་རྣམ་ཐར་བྱུང་ཚུལ་བློ་ལྡན་དྲན་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི།

p. 688

དམ་པ་གང་གི་ཉེ་གནས་དམ་པ་བློ་བཟང་ཤེས་རབ་དང་། མཆོག་དམན་ཡོངས་ལ་བརྩེ་བའི་གཉེར་བ་རབ་བྱུང་། ངང་རྒྱུད་རིང་ཞིང་ཆོས་ལ་དད་པའི་ཀུན་དགའ། དམ་ཚིག་གཙང་ཞིང་བརྩོན་འགྲུས་ཕུལ་བྱུང་ལྷ་ཁང་དབུ་མཛད། རྣམ་དཀར་དགེ་ལ་བརྩོན་ཞིང་ཆོས་སྲིད་འབྱོར་བ་རྒྱས་པའི་ངག་དབང་བཀྲ་ཤིས་སོགས་དད་ལྡན་དུ་མས་རབ་དཀར་ལྷ་རྫས་བཅས་ནན་ཆེན་པོས་བསྐུལ་ངོར། རང་ལ་ངེས་པ་རྣམས་རགས་རིམ་ཟིན་བྲིས་བགྱིས་ཤིང་། མི་ངེས་པ་རྣམས་སྐུ་མདུན་པ་དང་ཞབས་ཕྱི་པའི་ངག་སྒྲོས་ཀྱིས་ཟུར་བརྒྱན། གོང་འོག་གི་ལེགས་པའི་ཆ་ཚིགས་སུ་བཅད་པ་རྣམས་སངས་རྒྱས་རིན་ཆེན་གྱིས་བགྱིས་ནས། སྒྲིག་པ་པོ་དམ་པ་གང་དེའི་ཞབས་རྡུལ་སྤྱི་བོའི་གཙུག་རྒྱན་དུ་ཐོབ་པའི་སྤྱང་ལུང་སྤྲུལ་མིང་ཁྱབ་གདལ་ཀློང་ཡངས་སུ་འབོད་པས། གནས་གསུམ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་དམ་པའི་གདན་ས་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བ་དགེ་བར་གྱུར་ཅིག །སྐྱབས་མགོན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །རང་གཞན་ཡོངས་ལ་བྱིན་རླབས་དངོས་གྲུབ་སྩོལ། །མགོན་པོ་གང་དེའི་རྣམ་ཐར་

p. 689

དབང་གི་རྒྱལ། །གཅིག་ལས་དུ་མར་སྤེལ་བའི་པར་གྱི་རྒྱུན། །བསྐྲུན་པའི་བྱེད་པོ་གཉེར་བ་བླ་སྨྱོན་སོགས། །པར་རྐོན་བཅོ་ལྔ་ཙམ་གྱིས་ལེགས་པར་བསྒྲུབས། །མཐུན་རྐྱེན་ཨ་མགྲོན་སྤྲུལ་སྐུ་ལྷ་བཟོ་སོགས། །རོང་དང་འབྲོག་པའི་ཡོན་བདག་རྣམས་ཀྱིས་ཕུལ། །མི་ཟད་འདོད་འབྱུང་པར་གྱི་ནོར་བུ་འདི། །བཀྲ་ཤིས་འཁྱིལ་བའི་རྒྱལ་མཚན་རྩེ་ན་བཞུགས། །འདི་ཡི་དགེ་བས་རྒྱལ་བསྟན་དར་ཞིང་རྒྱས། །འབྲེལ་ཐོགས་ཐམས་ཅད་སངས་རྒྱས་མྱུར་འཐོབ་ཤོག །གཞན་ཡང་ལྗོངས་འདིར་ནད་མུག་འཁྲུག་རྩོད་ཞི། །ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །ཀུན་ཀྱང་བདེ་སྐྱིད་ཆོས་ལ་སྤྱོད་པ་ཡི། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །འདིར་སྨྲས་པ། རྨད་བྱུང་མཚངས་མེད་ཐུབ་དབང་རྒྱལ་བའི་སྲས་སེམས་དཔལ་ཆེན་པོའི་རྣམ་ཐར་འགྲོ་ཀུན་ཀྱིས་རྣམ་མཁྱེན་ལམ་བཟང་བསོད་ནམས་དམ་པའི་ཞིང་། སྤར་དུ་བསྒྲུབ་དགོས་དོན་གཉིས་དཔལ་ཐོབ་ཤོག ཅེས་པའང་སྤྲང་མ་ཎི་ལོ་ཆེན་ཞེས་བྱའི་བྲིས་པས་བདག་དང་སྦྱིན་པའི་བདག་པོའི་གཙོས་སེམས་ཅན་ཐམས་ཅད་ཀྱི་ཚེ་འདི་ཉིད་ལ་མཆོག་ཐུན་མོངས་ཀྱི་དངོས་གྲུབ་དམ་པ་ཐོབ་པས་ཐོག་མཐར་བར་དུད་དགེ་ཞིང་བཀྲ་ཤིས་པ་གྱུར་ཅིག ཛ་ཡནྟུ་མངྒ་ལཾ། དགེའོ།། དགེའོ།། དགེའོ།།

p. 690

ཤོག་སྟོང།

རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་གསང་བའི་རྟོགས་བརྗོད་མནྡཱ་ར་བའི་ཕྲེང་བ་དེ་ཁོ་ན་ཉིད་སྣང་བ་འཕགས་མའི་ཞལ་ལུང་།

p. 691

རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་གསང་བའི་རྟོགས་བརྗོད་མནྡཱ་ར་བའི་ཕྲེང་བ་དེ་ཁོ་ན་ཉིད་སྣང་བ་འཕགས་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

p. 692

དག་པ་ཉིས་ལྡན་སྤྲོས་བྲལ་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །མཚན་དཔེ་གསལ་རྫོགས་སྣ་ཚོགས་སྤྲུལ་པའི་སྐུ། །སྐུ་གསུམ་བདག་ཉིད་འཁོར་ལོའི་མགོན་དེར་འདུད། །སྲིད་གསུམ་འགྲོ་བའི་འདྲེན་པ་ཤཱཀྱའི་ཏོག །གང་དེའི་བསྟན་པ་ལུང་རྟོགས་དམ་པའི་ཆོས། །འཛིན་སྐྱོང་སྤེལ་མཛད་རིག་གྲོལ་འཕགས་པའི་ཚོགས། །སྐྱབས་གནས་དཀོན་མཆོག་གསུམ་གྱིས་དགེ་ལེགས་སྩོལ། །ཟུང་འཇུག་སྤྲོས་བྲལ་ཚོགས་གཉིས་རང་མདངས་ལས། །ཁམས་དྲུག་

p. 693

སྣང་ཆའི་གཟུགས་སྐུ་ངོམ་པ་ཅན། །རང་གྲོལ་རྒྱལ་བའི་གདུང་འཚོབ་ཞབས་དཀར་རྗེ། །བྱང་ཆུབ་བར་དུ་སྙིང་ཁའི་པད་མཚོར་རོལ། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྒྱུ་མའི་གར། །སྣང་སྟོང་ཟུང་འཇུག་རྟ་ཕག་ཡབ་ཡུམ་སྲས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་སྙིལ། །སྣང་སྲིད་ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཀློང་། །སྣང་སྟོང་དབྱེར་མེད་སྒྱུ་འཕྲུལ་དྲ་བའི་གར། །སྣང་ཆ་འགོག་མེད་ཨ་དན་ཡི་ངོས། །སྣང་ལ་

p. 694

རང་བཞིན་མེད་སྟོན་ཏཱ་རེས་སྐྱོངས། །ཆོས་དབྱིངས་ཀློང་ན་ཤེས་རབ་ཀུན་བཟང་མོ། །ལོངས་སྐུའི་ཞིང་ན་སྣང་སྟོང་ཝ་ར་དྷི། །ཉེར་བཞིའི་ཡུལ་ན་ཞིང་སྐྱོང་རྣལ་འབྱོར་མ། །ཚེ་རིང་མཆེད་ལྔ་ལུས་དང་གྲིབ་བཞིན་འགྲོགས། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་གར། །གངས་ཅན་བསྟན་འགྲོའི་རྩ་ལག་འབྲོག་གནས་ཆེ། །ས་བཅུའི་སེམས་དཔའ་རྨ་རྒྱལ་སྦོམ་ར་བ། །ཡབ་ཡུམ་སྲས་བློན་རྣམས་ཀྱིས་རྟག་པར་སྐྱོངས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་ཉུལ་མ། །གནས་གསུམ་མ་སྲུང་དམ་ཅན་རྒྱ་མཚོ་

p. 695

ཡིས། །ཀོ་ལོང་རུ་ང་ཕྲག་པ་མི་དོག་པར། །བར་ཆད་ཀུན་སེལ་མཐུན་རྐྱེན་སྡོངས་གྲོགས་མཛོད། །མེ་འབྲུག་གནམ་ལོའི་རང་ཞལ་གསར་ངོམ་པའི། །དགའ་བ་དང་པོའི་སྔ་དྲོའི་ཆ་ཉིད་ལ། །རྗེ་བཙུན་ལྷ་མོས་རྗེས་སུ་བཟུང་བ་ཡི། །རྣལ་འབྱོར་དབང་ཕྱུག་ཀུན་བཟང་སྙན་གྲགས་ཀྱིས། །འཁོར་འདས་ཀུན་གསལ་ཨ་དརྣ་ཡི་ངོས། །ལྐོག་གྱུར་ལས་ཀྱང་ཤིན་ཏུ་ལྐོག་གྱུར་པའི། །སྐྱབས་གཅིག་འཁོར་ལོའི་མགོན་པོ་ཞབས་དཀར་རྗེའི། །གསང་བའི་རྟོགས་བརྗོད་མནྡ་ར་བའི་ཕྲེང་། །དེ་

p. 696

ཉིད་སྣང་བ་འཕགས་མའི་ཞལ་ལུང་འདི། །རྒྱང་ཞགས་ལམ་དུ་མངོན་སུམ་སྣང་གྱུར་པ། །རང་གཞན་གདུལ་བྱ་ཡོངས་ཀྱི་ཉེར་འཚོ་རུ། །མི་བརྗེད་གཟུངས་སུ་བཀོད་པ་འདི་ནའོ། །སྣང་སྟོང་ཟུང་འཇུག་སྒྱུ་མའི་གར་མཁན་རྗེའི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལ། །མི་ཕྱེད་དད་པ་ཐོད་དུ་འཆང་རྣམས་ཀྱིས། །དད་གསུམ་དང་བས་རྣ་བ་བློགས་ཏེ་ཉོན།། དེ་ཡང་བླ་མའི་གདན་ས་བཀྲ་ཤིས་འཁྱིལ་ནས་ལོ་གསར་གྱི་སྔ་དྲོའི་ཆ་ལ། རྗེ་བཙུན་འཕགས་མ་མདུན་གྱི་ནམ་མཁར་དམིགས་ནས་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རྒྱ་མཚོས་མཆོད་དེ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་གསང་བའི་རྟོགས་བརྗོད་ཀུན་གསལ་མེ་ལོང་དྭངས་པའི་ངོས་ལ་སྣང་ཆ་འགོག་མེད་ཀྱི་ཡི་གེར་ཤར་བའི་ཚུལ་ནི་འདི་ལྟ་སྟེ། ཟླ་ཚེས་མུན་བརྩེགས་མར་སྣང་བའི་འོག་ཏུ་ཚེ་དཔག་མེད་འོད་དཀར་པོ་ཞིག་གི་འདབ་ན་དར་དཀར་པོ་འོད་ཟེར་ལྔ་འཕྲོ་བའི་སྟེང་ན་བུ་མོ་ལྔ་གར་བྱེད་བཞིན་པའི་ངང་ལ་དར་ལ་ཐིམ་པའི་མོད་དར་གྱི་ངོས་ཡིག་རིགས་མི་གཅིག་པ་བསམ་གྱིས་མི་ཁྱབ་པས་གང་བ་ཇེ་གསལ་དུ་སོང་བའི་མུར་ཡི་གེ་འདི་སྣང་ངོ་། ཨཙ ཀ་ཊརྦཙཱ། ཙརྣན་མོ་གུ་རུ། གང་སྐུ་མཚན་དཔེ་ཉི་མའི་དཀྱིལ་འཁོར་ལྷུན་པོའི་སྤོ་ནས་འཛམ་གླིང་འདིར་ལེགས་པར་ཤར་བའི་དུས་ན་ལྷ་མི་ཡོངས་ཀྱིས་མགྲིན་

p. 697

གཅིག་ཏུ་རྗེ་བཙུན་མི་ལ་ཞེས་བྱའི་སྐྱེས་བུ་དེའི་སྤྲུལ་པ་འཇིག་རྟེན་གྱི་ཁམས་འདིར་བྱོན་ནོ་ཞེས་གཏམ་སྙན་དགའ་བའི་མེ་ཏོག་གི་ཆར་བ་ཕབ་པས་བཅུ་དྲུག་ལང་ཚོས་མཛེས་པའི་དགའ་འཁྱིལ་དུང་གི་རི་མོ་ཐོད་དུ་འཆང་བ་ལྷ་མོའི་སྤྲུལ་པ་དེ་ཉིད་ཀྱིས་བྱི་དོར་ལེགས་པར་བྱས་ནས་རྒྱལ་མཚན་ནོར་བུའི་རྩེ་མོར་མཆོད་ནས་བསླབ་གསུམ་དར་གྱི་སྣང་བ་འཆང་ཞིང་སྲེད་མེད་ཀྱི་བུ་ཡང་དགའ་སྤྲོ་བྱེད་ཅིང་འཇིག་རྟེན་གྱི་མགོན་དུ་གྱུར་པའི་ལེའུ་སྟེ་དང་པོའོ། །ས་མ་ཡ། རྗེ་བཙུན་ཁྲོ་གཉེར་མ་ཡི་སྤྲུལ་པ་ཞིག །གོས་འཁྱུད་རི་མོ་སྟོང་གིས་རབ་བརྒྱན་པའི། །གསང་བའི་འོད་འཕྲོ་ཐུགས་ཀྱི་གའུ་ལ། །རྒྱལ་ཚུལ་ལྟ་བུའི་སྤྲུལ་པ་སྣང་བའི་རྒྱན། །འདི་ཞེས་བྱ་བའི་གསང་བའི་གཏམ་ཚིག་འདི། །ཨུ་དུམ་ཝ་རའི་གསང་བའི་རྣམ་ཐར་ལགས། །སྨྲས་སོ། དེའི་མུར་དར་དཀར་པོ་འོད་ཟེར་ལྔ་འཕྲོ་བའི་སྟེང་ན་བུ་མོ་ལྔ་གར་བྱེད་བཞིན་པའི་ངང་ལ་དར་ལ་ཐིམ་པའི་མོད་དར་གྱི་ངོས་ཡིག་རིགས་མི་གཅིག་པ་བསམ་གྱིས་མི་ཁྱབ་པས་གང་བ་ཇེ་གསལ་དུ་སོང་བའི་མུར་འདི་སྣང་ངོ་། སྐུ་གསུམ་བླ་མའི་ཞབས་

p. 698

རྡུལ་སྤྱི་བོས་མཆོད། དེ་ནས་བགྲང་བྱ་བཅུ་དང་གསུམ་གྱི་དུས། །ཨོ་ཊའི་ཡ་ནའི་སློབ་དཔོན་ཆེན་པོ་ཡི། །སྙིང་པོ་ཡང་དག་བགྲངས་པས་ཞལ་གཟིགས་བྱུང་། །ཞལ་ནས་ལྷོ་ཕྱོགས་ང་སྤྲུལ་གདམས་པ་ལོངས། །དབུགས་དབྱུང་གཟེངས་བསྟོད་མཛད་ནས་ཐུགས་ཀར་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡང་ཅིག་དབོ་ཟླའི་ཚེས་བཅུའི་མཚན་མོ་ལ། །རྗེ་བཙུན་འཇམ་དབྱངས་མངོན་སུམ་བྱོན་ནས་ཀྱང་། །འདུལ་བ་ལུང་གི་རྣམ་དབྱེ་འདི་དག་ལ། །ལྟོས་ཤིག་གསུངས་ནས་གླེགས་བམ་ཕྱག་ཏུ་གཏད། །གཟིགས་པ་ཙམ་གྱིས་འོད་ཞུ་ཐུགས་ཀར་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འཁོར་བ་མེ་འོབས་ལྟར་དུ་རབ་མཐོང་ནས། །ཐུགས་ཡིད་ཆོས་རྒྱལ་དྲུང་དུ་རླུང་གིས་དྲངས། །གྱི་ཐང་རྟ་ལ་བསྐྱོན་ནས་མདུན་དུ་ཕེབས། །ནམ་མཁར་འཇའ་འོད་འོད་ཟེར་དཔག་མེད་འཕྲོས། །གཡས་འཁྱིལ་དུང་དཀར་ཆ་གཉིས་སྙན་དུ་ཕུལ། །སློབ་དཔོན་དངོས་སུ་བཞུགས་པ་ཐུགས་ལ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མཁྱེན་པའི་ཡེ་ཤེས་སྤྱན་ཡངས་ནམ་

p. 699

མཁར་གཟིགས། །བུ་ཁྱོད་མདུན་དུ་དེ་རིང་ཐོན་ནོ་ཞེས། །སྙན་པའི་གཏམ་བརྗོད་རྟ་ཕག་སྐུ་རུ་བཞེངས། །སྐལ་ལྡན་སློབ་མའི་ཤེས་རྒྱུད་བྱིན་རླབས་མཛད། །དེ་དུས་སྨིན་གྲོལ་གདམས་པ་ཐུགས་ལ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡང་ཅིག་རྗེ་བཙུན་འཇམ་དབྱངས་མདུན་དུ་བྱོན། །གནས་མེད་འགྲོ་འོང་བྲལ་བའི་ཡུལ་ལ་ལྟོས། །ངུར་སྨྲིག་སྐལ་ལྡན་རྗེས་སུ་འཛིན་དོན་དུ། །བྱང་ཆུབ་ལམ་རིམ་གླེགས་བམ་ཕྱག་ཏུ་གཏད། །བསྟན་པ་འགལ་མེད་དགོས་པ་ཐུགས་ལ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྔོན་བྱོན་མཁས་གྲུབ་དམ་པའི་ལེགས་བཤད་ལ། །ཐོས་བསམ་ཚིག་གིས་ཕུ་ཐག་རབ་བཅད་ནས། །བསྒོམས་པས་ཉམས་སྣང་འོད་གསལ་ཐུགས་ལ་ཤར། །དེ་ནས་ཞལ་བཟང་མགོན་པོའི་ཞལ་བསྟན་ནས། །སྔགས་ཀྱི་དབང་བཞི་ཆོས་རྒྱལ་ཞུས་ཤིག་གསུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཆོས་རྒྱལ་ཆེན་པོར་ཉེར་ལྔའི་མཚན་མོ་ལ། །མཁའ་འགྲོ་སེང་གདོང་མ་ཞིག་མདུན་དུ་བྱོན། །སྐལ་ལྡན་བུ་མཆོག་དཀྱིལ་

p. 700

འཁོར་སྟོན་ཅིག་ཅེས། །བརྡ་དོན་སྒྲ་ལ་དྲངས་པ་སློབ་མར་བསྙད། །དགའ་སྤྲོ་དཔག་མེད་ཐུགས་ལ་ཡང་དག་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འབྲུག་ཟླའི་ཡར་ཚེས་དུས་ཀྱི་སྐར་བཟང་ལ། །ཡང་གསང་རྟ་ཕག་དཀྱིལ་འཁོར་ཞལ་ཕྱེ་ནས། །བུམ་དབང་ཡེ་ཤེས་ཤེར་དབང་དོན་རྒྱུད་རྣམས། །གནང་བའི་དུས་སུ་རྟ་ཕག་དངོས་སུ་མཐོང་། །དབང་བཞིའི་ཡེ་ཤེས་དག་པ་ཐུགས་ལ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྨིན་གྲོལ་ལམ་གྱི་གདམས་པ་སྩལ་པའི་དུས། །མ་བསྒོམས་པར་ཡང་ཅིག་ཆར་ཐུགས་ལ་འཁྲུངས། །ཆོས་རྒྱལ་སློབ་དཔོན་སྐུར་མཐོང་ཐུགས་ཀ་ནས། །ཨ་ཡིག་དཔག་མེད་ནམ་མཁའ་གང་ནས་ཀྱང་། །སློབ་དཔོན་ཐུགས་གཏད་ཨ་ཡིག་དངོས་སུ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གདམས་པ་རྣམས་ལོན་གཅིག་པུར་སྒོམ་པའི་ཚེ། །འཁོར་འདས་གཞི་གཅིག་རྟོགས་པའི་ངང་དུ་བཞུགས། །ནམ་མཁའ་འོད་གསལ་དག་པའི་དཀྱིལ་ཞིག་ན། །རྡོར་སེམས་རིགས་ལྔའི་ལྷ་ཚོགས་མདུན་དུ་བྱོན། །ཁྱོད་ཀྱིས་སྒྲུབ་པ་ད་དུང་གྱིས་ཤིག་

p. 701

གསུངས། །རྡོར་སེམས་སྐད་ཅིག་ཉིད་ལ་སྤྱི་བོར་ཐིམ། །སྔར་མེད་ཏིང་འཛིན་འོད་གསལ་ཉི་ཟླ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡེ་ཤེས་ལོངས་སྐུའི་འདུག་སྟངས་ནམ་མཁར་གཟིགས། །འོད་གསལ་ཉམས་ཀྱི་འཕེལ་འགྲིབ་ཐུགས་ལ་བཞག །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །འོད་གསལ་ངང་ནས་ནམ་མཁར་འཕགས་པའི་ཚེ། །འཇམ་དབྱངས་ས་སྐྱ་པཎྜི་ཏ་དེ་བྱོན། །ད་དུང་འོད་གསལ་ཁོར་ཡུག་ཉིན་མཚན་ལྟོས། །མ་འོངས་འགྲོ་དོན་འོང་བའི་ལུང་བསྟན་ཐོབ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དག་པ་གསུམ་གྱི་འཁོར་ལོའི་ངང་ཉིད་ནས། །གང་ཡིན་རི་ཁྲོད་དབེན་པའི་དགའ་ཚལ་དུ། །མཉམ་པར་བཞག་པའི་དུས་སུ་མགོན་པོ་བྱོན། །སྐྱབས་མཆོག་ཆོས་རྒྱལ་དྲུང་དུ་སོང་ཞིག་ཅེས། །དྲི་མེད་ཤེལ་གྱི་མཆོད་རྟེན་ཞིག་གནང་བས། །འོད་གསལ་ངང་ལས་བཞེངས་པའི་དུས་ཤིག་ལ། །མཆོད་རྟེན་ནམ་མཁར་འཕགས་ནས་བྱང་དུ་སོང་། །མགོན་པོས་བརྡ་ཞིག་བཏང་བ་ཐུགས་ལ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་

p. 702

འདེབས། །དབྱར་དུས་རིག་པ་དྭངས་པའི་དུས་ཤིག་ལ། །ཆོས་རྒྱལ་ཆེན་པོའི་མདུན་དུ་བཞུགས་པའི་སྐབས། །ཆོས་རྒྱལ་ཞལ་ནས་འདི་ལ་ལྟོས་ཤིག་གསུངས། །ཤེལ་གྱི་མཆོད་རྟེན་གྲོང་ཁྱེར་ལྔ་ལྡན་ཞིག །ནམ་མཁར་ཡོད་པ་བསྟན་ནས་འདི་དག་ལ། །མ་འོངས་དུས་སུ་ཞིག་གསོས་གྱིས་ཤིག་གསུངས། །དབུགས་དབྱུང་ལུང་བསྟན་བརྒྱ་ཕྲག་ཐུགས་ལ་བསྙད། །གསུང་གི་གོ་རིམ་བཞིན་དུ་འགྲོ་དོན་གནང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མ་ཧཱ་དེ་བ་ཞེས་བྱའི་གནས་ཆེན་གྱི། །དཀྱིལ་ན་གནས་པའི་རི་བོ་ཆེན་པོའི་གནས། །ཀླུ་མོ་དཀར་མོས་དར་དཀར་ཞིག་ཕུལ་ནས། །འདི་རུ་ཕེབས་པ་བཀའ་དྲིན་ཆེའོ་ཞེས། །སྙན་དུ་ཕུལ་ནས་ཐུགས་ཀྱི་དཀྱིལ་འཁོར་དགྱེས། །མཉམ་བཞག་འོད་གསལ་ངང་དུ་ཉིན་མཚན་

p. 703

བཞུགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རེ་ཞིག་བར་དུ་དམ་བཅའི་རི་མོ་བྲིས། །ཉིན་ཅིག་ནམ་མཁར་འཇའ་འོད་འོད་ཕུང་འཁྲིགས། །ཀློང་ན་ཡེ་ཤེས་མཁའ་འགྲོ་གསང་བ་དེའི། །ཞལ་གྱི་བུམ་བཟང་དུང་གི་ཚེམས་བསྟན་ནས། །གསང་སྔགས་དགོངས་དོན་དཆཟུག གསུངས། ཡང་ཡང་བསྐུལ་ནས་མགུར་དབྱངས་ཆར་བ་ཕབ། །སྐལ་ལྡན་གདུལ་བྱ་སྨིན་གྲོལ་ལམ་ལ་བཀོད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འོད་གསལ་ངང་ལ་ཤེལ་གྱི་སྐས་ལ་བུད། །སྟེང་དུ་བཞུགས་ནས་ནམ་མཁར་གཟིགས་པའི་ཚེ། །རྗེ་བཙུན་བློ་བཟང་གྲགས་པ་མདུན་དུ་བྱོན། །མ་འོངས་འགྲོ་དོན་བྱེད་པའི་མིག་འདྲེན་ལ། །བསླབ་གསུམ་གོས་དར་འབྲལ་མེད་ཆོངས་ཞེས་གསུངས། །གསེག་ཤིང་ལྷུང་བཟེད་གཏད་ནས་ནམ་མཁར་བཤེགས། །འགྲོ་དོན་འགྲན་ཟླ་བྲལ་བ་འོང་ངོ་སྙམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྣང་བ་རྒྱན་དུ་བྱས་ནས་མགུར་བླངས་དུས། །རྨ་ཆེན་སྲས་པོ་བཀྲ་ཤིས་འབྱུང་གནས་བྱོན། །གངས་ཁྲོད་གཡའ་ཡི་མཚམས་ཀྱི་

p. 704

འདབ་རོལ་ན། །སྲ་ཞིང་བརྟན་པའི་ཁང་བཟང་སྐྱེས་སུ་འབུལ། །དེ་ལ་ཞབས་ཀྱི་པདྨོ་ངེད་ལ་སྟོན། །གསུངས་ནས་ཅུང་ཞིག་བསྡད་ནས་ནམ་མཁར་གཤེགས། །རྨ་རྒྱལ་འདྲེན་དུ་འོང་བ་ཐུགས་ལ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསེར་གྱི་གྭའུ་ཉིས་བརྩེགས་འོད་དམར་པོ་འཕྲོ་བའི་ནང་དུ་གཞལ་ཡས་ཁང་ཐོག་སོ་གསུམ་ཅན་སྨད་ལྗོན་ཤིང་གིས་བརྒྱན་པ། བར་པ་ན་རིན་པོ་ཆེའི་མཛོད་བརྩིགས་པ། སྟེང་མ་ན་རྒྱལ་པོ་སྐུ་མདོག་དམར་པོ་་བཟའ་ཟབ་བེར་སྔོན་པོ་གསོལ་བ་ཕྱག་ན་ཤེལ་བུམ་དང་ཤེལ་ཕྲེང་འཛིན་པ། གཡོན་ཕྱོགས་སུ་བུ་མོ་སྐུ་མདོག་དམར་མོ་ན་བཟའ་ལྗང་གུ་ཅན་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་རྒྱན་པ་རིན་པོ་ཆེའི་ཁྲི་ལ་འཁོད་པ། གཡས་ན་མི་དཀར་པོ་ན་བཟའ་དམར་པོ་དང་དམར་ནག་ཉིས་བརྩེགས་གསོལ་བ་བཞུགས་གདན་ཁ་ཁྱུད་ལྗང་ཁུ་ལ་གཡུང་དྲུང་རིས་ཀྱི་མཐའ་ལྕགས་ཅན། འཁོར་དུ་སྐུ་མཆོག་དམར་སེར་ལྗང་ཁུ་སོགས་སྣ་ཚོགས་པ་གོ་མཚོན་རལ་གྲི་མདའ་མདུང་སོགས་མཚོན་ཆ་སྣ་ཚོགས་པ་འཛིན་པས་གཏམས་པའི་སྟེང་གི་ནམ་མཁའ་ལ་འོད་དཀར་པོ་གྲུ་བཞི་ཞིག་གི་

p. 705

སྟེང་ན། འཇའ་ཚོན་གུར་ཁྱིམ་ཕུབ་པའི་དབུས་སུ་ཨོ་རྒྱན་སྣང་སྲིད་ཞིལ་གནོན་རྒྱལ་པོ་རོལ་སྟབས་སུ་བཞུགས་པ་ཁྲུ་གང་བ་ཞིག་བཞུགས་པ་སྣང་བའི་མོད། ཆོས་རྒྱལ་མཁའ་སྤྱོད་གཤེགས་པས་ཐུགས་སྐྱོ་ནས། །མཚོ་སྙིང་རི་ལ་ཁམས་ཡེངས་བྱེད་པའི་དུས། །སློབ་དཔོན་ཆེན་པོའི་ཕྱག་རྗེས་མཚོ་ལས་མཐོང་། །དེ་ནས་འོད་དཀར་ཟླ་བ་ཤར་འདྲ་བའི། །ཞལ་བསྟན་ཀླུ་མོས་སིལ་ཏོག་མདུན་དུ་ཕུལ། །ཁྱེད་ཐུགས་མ་སྐྱོ་ཆོས་དབྱིངས་དག་པ་ན། །ཆོས་རྒྱལ་ཞལ་གྱི་དཀྱིལ་འཁོར་མངོན་སུམ་གཟིགས། །ཡང་དག་དོན་ལ་ཕེབས་པ་མིན་ནོ་ཞེས། །སྙན་དུ་ཕུལ་ནས་ཀླུ་མོ་རང་གནས་སོང་། །གངས་ཁྲོད་དབེན་གནས་ཐུགས་ལ་ཝ་ལེར་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དར་དཀར་ལྷ་ལམ་བརྒྱུད་ནས་གངས་ལ་ཕེབས། །གངས་མཆོད་ཕུལ་བའི་དུས་སུ་རྨ་ཆེན་གྱིས། །གངས་སེང་བཅིབས་ནས་བསྐོར་བ་ལན་གསུམ་བྱས། །ལམ་དཀར་བསྟན་ནས་ཕོ་བྲང་དབུས་ལ་བཞུད། །འོད་གསལ་འཆར་སྒོ་འབར་བ་ཐུགས་ལ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་

p. 706

གསོལ་བ་འདེབས། །ལྷོར་བལྟས་འོད་གསལ་ཉི་མ་རང་ཤར་གྱི། །དེ་ནས་རྩྭ་གདན་སྟེང་དུ་ཆོས་བདུན་བྱས། །མི་ཤིགས་རྡོ་རྗེ་གསུམ་གྱིས་རྒྱས་བཏབ་ནས། །མི་འགྱུར་ཀློང་ཡངས་ཆེན་པོར་བལྟས་པའི་ཚེ། །མི་འགྱུར་ཁང་བཟང་རྨ་ཆེན་ཕོ་བྲང་དེར། །སྲས་དང་སྲས་མོ་ཐུགས་དམ་བསྐུལ་དུ་བཏང་། །དེ་ལ་བརྟེན་ནས་ཕོ་བྲང་དབུས་སུ་བཞུད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རིན་ཆེན་ཁྲི་ཡི་གདན་གྱི་སྟེང་དུ་བཞུགས། །རྨ་ཆེན་སྲས་པོ་འཁོར་ཚོགས་དང་བཅས་པས། །མི་ཡུལ་མེད་པའི་ཟས་སྣ་དཔག་མེད་ཕུལ། །ལས་དང་འབྲས་བུའི་ཆོས་ཀྱི་ཆར་བ་ཕབ། །སྔོན་གྱི་རྒྱལ་བའི་རྣམ་ཐར་ཡང་ཡང་བཤད། །རྨ་ཆེན་དགའ་ནས་གོས་ཀྱི་དབུ་ཞྭ་ཕུལ། །བསྟན་འགྲོར་ཕན་ཐོགས་འབྱུང་བ་ཐུགས་ལ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གནས་དེ་ནས་ངེས་དོན་འོད་གསལ་འགྲུབ། །གདངས་འགྱུར་བ་མེད་པའི་སྙིང་རྗེ་སྐྱེས། །ལམ་སྦྱངས་བགྲོད་མེད་པའི་ཕུ་ཐག་ཆོད། །ཉམས་འོད་གསལ་འབར་བའི་སྣང་བ་ལ། །སྔོན་སྟོན་པ་སངས་རྒྱས་འཁོར་ཚོགས་བཅས། །མངོན་སུམ་དུ་

p. 707

མདུན་དུ་བྱོན་པའི་ཚེ། །གཞི་ཐལ་འགྱུར་ལྟ་བའི་དོགས་པ་བཅད། །འཁོར་རེ་རེ་བཞིན་དུ་གསུང་དབྱངས་བྱོན། །གསུང་དེ་ལ་བརྟེན་ནས་བསྒོམ་སྙིང་འདོད། །སྔོན་བསྐལ་པ་བཟང་པོའི་དུས་ཡིན་སྙམ། །ཐུགས་ཟག་པ་མེད་པའི་ཀློང་ལ་འཁྲུངས། །རྗེ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡང་དག་སླར་ཡང་རྗེ་བཙུན་མི་ལ་བྱོན། །ནམ་མཁར་ལྟ་སྟངས་མཛད་ནས་འདི་སྐད་གསུངས། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐའ་དབུས་མེད། །རིས་མེད་འགྲོ་ལ་ཕན་པའི་སྙིང་རྗེ་ཡིས། །གཞན་རྣམས་རྗེས་སུ་འཛིན་པའི་དུས་ཡིན་ནོ། །ཞལ་གྱིས་གསུངས་ནས་ནམ་མཁའི་དབྱིངས་ལ་གཤེགས། །འགྲོ་དོན་བྱེད་པ་ཐུགས་ལ་ཝ་ལེར་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེ་ནས་ཡུན་རིང་སྐབས་ཤིག་བཅོ་ལྔའི་ཉིན། །ཟླ་བའི་དཀྱིལ་འཁོར་འོད་ཟེར་དེའི་མཐུ་ལས། །དཀྱིལ་ནས་བྱུང་བ་ཚངས་པ་ཆེན་པོ་དང་། །བརྒྱ་བྱིན་གཉིས་ཀྱིས་འཁོར་འབངས་མང་པོ་དང་།་བཅས་ཏེ་མདུན་དུ་འཁྲིགས་སེ་ཞལ་བསྟན་བཞུགས། །འདི་ནས་འོད་གསལ་ལྷ་རིགས་ཡུལ་ལྗོངས་

p. 708

ཤིག །འགྲོ་དོན་བྱེད་དུས་དངོས་གྲུབ་སྟེར་རོ་ཞེས། །གསུངས་ནས་གཡས་བསྐོར་བརྒྱབ་ནས་ནམ་མཁར་གཤེགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཕྱོགས་བཅུའི་རྒྱལ་བའི་ཞལ་གཟིགས་གྲངས་མེད་འོང་། །འོད་གསལ་ངང་ནས་ཁོར་མོ་ཡུག་ཏུ་མཇལ། །ལྷ་རྣམས་ཞལ་གྱི་གསུང་དབྱངས་རེ་རེ་བྱོན། །གསུང་དེར་བརྟེན་ནས་དོགས་པ་དཔག་མེད་ཆོད། །རྒྱལ་བའི་དགོངས་དོན་འཆད་པ་མི་དཀའ་སྙམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེ་ལས་འོད་གསལ་སྣང་བའི་ངོས་ཤིག་ཏུ། །མཁའ་འགྲོ་སྟག་གདོང་འབར་མ་བྱོན་ནས་ཀྱང་། །རིན་ཆེན་དུང་ཤེལ་སྦུག་གུ་སྙན་ལ་བཙུགས། །འདི་ནས་བྱང་དུ་འགྲོ་དོན་གྱིས་ཤིག་གསུངས། །གསུང་གིས་བསྐུལ་ནས་འགྲོ་བའི་དོན་ལ་ཆས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྣང་སྟོང་གཉིས་མེད་རྡོར་སེམས་སྐུ་རུ་བཞེངས། །བསྲེག་གཏོར་བཀྲུས་པའི་ཡི་གེ་འཕྲོས་པ་ལས། །བསངས་ཀྱི་དངོས་འཛིན་ཐམས་ཅད་རབ་སྦྱངས་ནས། །ལྷ་ཆེན་རྨ་རྒྱལ་སྲས་བློན་འཁོར་བཅས་བྱོན། །གདུགས་དང་རྒྱལ་མཚན་དར་དཀར་བུམ་པ་ཕུལ། །

p. 709

བདེ་འཚམས་ཞུས་ནས་རྨ་རྒྱལ་འཁོར་བཅས་བྱོན། །དེ་ནས་འོད་གསལ་ཆེན་པོའི་ངང་ལ་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དར་དཀར་ལྷ་ལམ་བརྒྱུད་ནས་བྱང་དུ་ཕེབས། །འོད་གསལ་ངང་ལ་ནམ་མཁར་གཟིགས་པའི་ཚེ། །དྲན་པ་ནམ་མཁའ་སྟག་ལ་བཅིབས་ནས་བྱོན། །མི་ཤིགས་རྡོ་རྗེ་ཐུགས་དམ་བསྲུང་བ་སྒོམས། །ཞལ་གྱིས་གསུངས་ནས་འོད་ཞུ་ཡུངས་འབྲུར་གྱུར། །སྨིན་མཚམས་ནས་ཞུགས་ཐུགས་དང་དབྱེར་མེད་འདྲེས། །ཧར་སངས་རྒྱ་ཡན་ཕྱམ་ཅིག་ལུས་ནས་ཀྱང་། །དེ་དུས་མངོན་གྱུར་གྲུབ་རྟགས་དཔག་མེད་བསྟན། །ནམ་མཁའི་ལྷ་མོས་སྙན་གྲགས་ཕྱོགས་བཅུར་སྤེལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བྲག་དཀར་གནས་སུ་ཞབས་ཟུང་རི་མོ་བཀོད། །སྙིང་རྗེ་ཆེན་པོའི་འོད་ཟེར་བརྒྱ་ཕྲག་སྤྲོས། །སྙིང་རྗེ་སྟོང་པའི་རང་མདངས་གྱུར་པའི་ཚེ། །ནམ་མཁར་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །རྔམ་བརྗིད་ཁྲོ་བའི་ཚུལ་བཟུང་ཙམ་ལ་བཞུགས། །ནེའུ་ལེའི་ཞལ་ནས་ནོར་བུ་དཔག་མེད་གནང་། །འདི་ནི་ཁྱེད་ཀྱི་ཕྱག་

p. 710

ལ་སྟིམ་ཞིག་གསུངས། །ཕྱག་ཏུ་བསྣམས་དུས་ཕྱག་གཡས་རི་མོར་ཐིམ། །ནོར་ལྷའི་ཚོགས་ཀྱིས་དངོས་གྲུབ་ཆར་དུ་བསྙིལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ནོར་ལྷ་དེ་ཡི་དབུས་སུ་འོད་ཕུང་དབུས། །སྨན་མོའི་ཚུལ་འཛིན་བུད་མེད་དམར་མོ་ཞིག །སྐུ་ལུས་དར་དམར་ཚོགས་ཀྱིས་རབ་བརྒྱན་ནས། །བུ་མོའི་ཐུགས་ཀ་ཕྱེས་ནས་ལྕགས་ཀྱུ་བླངས། །ཕྱག་གཡོན་གཏད་ནས་གཞན་གྱི་སྙིང་ཁར་ཐོབ། །གསུངས་ནས་སྐད་ཅིག་ཉིད་ལ་ནུབ་ཏུ་གཤེགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྟ་ལྗང་འཆར་ཕྱོགས་ཡུལ་གྱི་མཐའ་ཞིག་ནས། །མིག་ཤེས་ཟུང་ལྡན་ཅན་ནམ་མཁར་འཕུར་བ་མཐོང་། །ཡིད་དབང་འོད་གསལ་གྱི་ལྟ་བའི་གདངས་ཤིག་ན། །འཁོར་མེད་དྲིན་སྐྱོང་གི་ཤེལ་སྡོང་ལོ་འདབ་ཅན། །ལས་རླུང་དྲི་ཅན་གྱི་རི་དབང་མེད་བརླགས་ནས། །མངོན་སུམ་རྟག་བརྟན་གྱི་རི་མོ་བྲིས་བཞིན་གསལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེ་ནས་སྟོན་པ་ཆོས་སྐུ་ཀུན་བཟང་སྐུར། །ར་ནི་མེད་པར་གསལ་བའི་སྐུ་དབུས་སུ། །དབུ་མ་ཡེ་ཤེས་རླུང་དཀྱིལ་ལྗང་གུའི་སྟེང་། །

p. 711

མ་ཡི་རྣམ་ཤེས་ཨ་ཡིག་དཀར་པོར་གསལ། །ནུབ་ཕྱོགས་ཞིང་ལ་རོལ་མོའི་སྒྲ་དང་བཅས། །འོད་ཁྱིམ་རིགས་བདག་ལྷ་ཡི་ཐུགས་ཀར་འཕོས། །དེ་ནས་སྣང་ཆར་ལངས་ནས་མི་དམིགས་ངང་། །བསྔོ་བ་དམ་པས་རྒྱས་འདེབས་ཡང་དག་བྱས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སླར་ཡང་སྙིང་རྗེའི་གདངས་ལས་འགྲོ་དོན་གནང་། །མི་དང་མི་མིན་ལྷ་ཀླུས་ཆོས་ཉན་བྱས། །འགྲོ་བ་དེ་དག་ཁ་ལོ་ཆོས་ལ་བསྒྱུར། །ལེགས་ཚོགས་བསོད་ནམས་རྣམ་ཐོས་སྲས་ལ་འགྲན། །ཐུགས་ཡིད་དྲི་བཞོན་ཤིང་རྟས་ཉེར་དྲངས་ནས། །སཱ་ལའི་ལྗོངས་སུ་སྒྲོལ་མས་སོང་ཞེས་གསུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དར་དཀར་ལྷ་ལམ་བརྒྱུད་ནས་ཕེབས་པའི་ཚེ། །ནམ་མཁར་འོད་ཕུང་འཁྲིགས་པའི་དབུས་ཉིད་ན། །གོ་ཁྲབ་གྱོན་པའི་དར་མདུང་ཐོགས་པ་ཞིག །སྐད་ཅིག་ཉིད་ལ་སར་བབས་ཕྱག་འཚལ་ནས། །འབྲས་ཆང་ཕོར་བ་གང་དེ་ཕྱག་ཏུ་ཕུལ། །འདི་ནི་སྐལ་ལྡན་གདུལ་བྱ་ཡོངས་ལ་ཕུལ། །ང་ནི་མི་འབྲལ་ཁྱེད་དང་ལྷན་ཅིག་འགྲོ། །གསུངས་

p. 712

ནས་རྨ་རྒྱལ་སྦོམ་རས་སྐྱེལ་མ་མཛད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཀློང་གྱུར་ལྟ་བའི་ངང་ནས་ཕེབས་པའི་ཚེ། །མ་དང་མཁའ་འགྲོ་མི་མིན་ཚོགས་ཀྱིས་བསྐོར། །ལྷ་རིགས་ལྗོངས་སུ་ཞབས་ཟུང་རི་མོ་བཀོད། །སྣང་སྲིད་ཐམས་ཅད་རྡོར་སེམས་སྐུ་རུ་ཤར། །དེ་ནས་ཆོས་སྐྱོང་མགོན་པོ་མདུན་དུ་བྱོན། །ཇོ་ཤཱཀ་གཉིས་ལ་མཆོད་འབུལ་ཕུལ་ཞེས་བསྐུལ། །སྐད་ཅིག་ཉིད་ལ་པོ་ཏ་ལ་རུ་གཤེགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཇོ་བོར་མཆོད་སྤྲིན་རྒྱ་མཚོ་བསྟབས་པའི་ཚེ། །ཇོ་བོའི་ནམ་མཁར་ཀླུ་སྒྲུབ་ཐོགས་མེད་དང་། །གངས་ཅན་མཁས་གྲུབ་ཡོངས་ཀྱིས་བསྐོར་པ་གཟིགས། །ཇོ་བོའི་ཐུགས་ནས་འོད་ཟེར་དཔག་མེད་བཀྱེས། །ཐུགས་ཀར་ཕོག་པས་སྙིང་རྗེ་ཆེན་པོ་འཁྲུངས། །བདག་པས་གཞན་གཅེས་སེམས་མཆོག་ཡང་ཡང་བསྐྱེད། །འགྲོ་རྣམས་རྗེས་སུ་བཟུང་ཞེས་ཇོ་བོས་གསུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེའི་ཚེ་ཟླ་བའི་ཉེར་ལྔའི་མཚན་མོ་ལ། །རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གཟིགས་བྱུང་། །ཁྱེད་ཀྱི་དག་གཞི་ཤེལ་གྱི་མེ་ལོང་ལ། །ཡང་ཡང་བྱི་

p. 713

དོར་བྱས་ལ་གཡའ་མི་གོས། །འཁོར་འདས་དབྱིངས་སུ་ཆུད་པ་ཡ་མཚན་ཆེ། །གསུངས་ནས་འོད་ཞུ་ཐུགས་ཀྱི་གའུར་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལེགས་ཚོགས་བསོད་ནམས་དཔུང་ཚོགས་བཅས་ནས་ཀྱང་། །ངུར་སྨྲིག་རྣམ་རོལ་རྒྱལ་བའི་མདུན་དུ་མཇལ། །འཕགས་མཆོག་པད་དཀར་འཛིན་པ་དངོས་སུ་མཐོང་། །ཞལ་ནས་སྐལ་ལྡན་ཡོངས་ལ་ཕན་ཐོགས་གྱིས། །ལན་མང་གསུངས་ནས་མངའ་དབང་བསྟོད་པ་བརྒྱབ། །དཔལ་ལྡན་མགོན་པོར་སྐྱེས་མཆོག་སྲུངས་ཤིག་གསུངས། །འཕྲིན་ལས་བཅོལ་ནས་བསྟོད་དབྱངས་མེ་ཏོག་འཐོར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དབེན་རིར་རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྒོམས། །དེ་ཡི་ངང་ལ་བཞུགས་པའི་སྣང་ཆ་ལ། །ཡུལ་ཕྱོགས་མེ་རླུང་ཚ་བ་འཁྲུགས་པ་མཐོང་། །དེ་དག་གཞན་དོན་མཉམ་བརྗེས་བྱས་པའི་དུས། །ཡེ་ཤེས་མགོན་པོ་མངོན་སུམ་བྱོན་ནས་ཀྱང་། །རྟག་བརྟན་སྙིང་པོར་མི་གཞིག་གདན་ཁྲི་ཕུལ། །དེ་ཡི་མཐུ་ལས་མུན་པ་རང་དྭངས་གསལ། །ཡུལ་ཕྱོགས་ནད་རིམས་ཀུན་ལ་ཕན་པ་བྱུང་། །རྗེ་

p. 714

བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སླར་ཡང་མགོན་པོ་མདུན་དུ་བྱོན་ནས་ཀྱང་། །གསེར་གྱི་གླེགས་བམ་གཡུ་ཡི་ཁ་ཐིག་ཅན། །ཕྱག་ཏུ་བཞག་ནས་བཀའ་ཡི་གདམས་པ་ཡིན། །གསུངས་ནས་འོད་ཞུ་ནམ་མཁའི་དབྱིངས་ལ་ཐིམ། །མ་འོངས་འགྲོ་བའི་དོན་དུ་འཇོག་དགོས་བསམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཉིན་ཅིག་ནམ་མཁར་འཇའ་འོད་གུར་ཁྱིམ་ཀློང་། །དར་ལྗང་ན་བཟའ་ཐིག་ལེ་སྟོང་ལྡན་ཅན། །གྱོན་པའི་མཁའ་འགྲོ་མ་ཞིག་མདུན་དུ་བྱོན། འདི་ནས་ངེད་ཀྱི་ཕོ་བྲང་བྱོན་ཞེས་གཏམ། །གསུངས་ནས་དར་དཀར་ལམ་དྲངས་མཁའ་ལ་གཤེགས། །གནས་ལ་བསྐོར་བ་བྱེད་དགོས་ཐུགས་ལ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གནས་ཆེན་བསྐོར་བའི་ཉིན་ཅིག་དགོང་མོའི་ཆར། །མཁའ་ལ་འཇའ་ཚོན་འཁྲིགས་པའི་རྐྱེན་བྱས་ནས། །ཐུགས་ཡིད་གཏད་པའི་འོད་ཕུང་ཞིག་ཏུ་གྱུར། །དེ་ཡི་དབུས་སུ་བྱུ་རུའི་ཁྲི་ཞིག་ན། །ཚེ་དཔག་མེད་མགོན་སྐུ་མཆོག་མངོན་པར་བཀྲ། །དེ་ཡི་ཞལ་ནས་བདུད་རྩི་དཀར་པོ་འཕྲོས། །སྤྱི་བོར་ཐིམ་པས་ཚེ་དབང་

p. 715

དངོས་སུ་བསྐུར། །སྐུ་ཚེ་སྲིད་མཐར་ཕྱིན་པ་ཐུགས་ལ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཤར་གྱི་གནས་ཕྱོགས་ཕོ་བྲང་ཆེན་པོའི་དབུས། །ལོ་ཟླའི་ངང་དུ་ཉིན་མཚན་ཁོར་ཡུག་འབྱམས། །ཉིན་ཅིག་མཁའ་འགྲོ་མ་དེ་མདུན་དུ་བྱོན། །མཁའ་འགྲོ་དེ་ཡིས་གླེགས་བམ་གང་ཡོད་སྟོན། །གསུངས་ནས་མཁའ་འགྲོའི་ཕྲོ་བྲང་དེ་རུ་བྱོན། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མཁའ་འགྲོས་བརྡས་བསྐུལ་ཇོ་བོ་སླར་ཡང་བྱོན། །མདུན་དུ་བཞུགས་ནས་ཞལ་གྱི་བུམ་བཟང་ལས། །རྒྱ་གར་སམ་བྷུར་སྒྲ་ཡིས་དྲངས་པ་ཡི། །ང་ཡི་ལེགས་བཤད་སྣང་བའི་རྒྱན་གྱུར་དེ། །ཁྱོད་ཀྱིས་ཀློག་ཅིག་གསུངས་ནས་ཐུགས་ཀར་ཐིམ། །ལེགས་བཤད་བརྩམས་ན་ཕན་ཐོགས་ཐུགས་ལ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྟ་ཡི་ཟླ་བའི་ཉེར་ལྔའི་མཚན་མོ་ལ། །ཡེ་ཤེས་མཁའ་འགྲོས་དར་ལམ་དཀར་པོར་དྲངས། །ཕོ་བྲང་ཁང་བཟང་ལྟ་ན་སྡུག་པར་བྱོན། །དེ་དབུས་དཀྱིལ་འཁོར་བཀྲམ་ནས་ཚོགས་འཁོར་བསྐོར། །དབུས་སུ་ཁྲི་གདན་མཐོན་པོའི་མཁར་བཞུགས་

p. 716

གསོལ། །མཁའ་འགྲོ་གཅིག་གིས་དར་དཀར་ཕུལ་ནས་ཀྱང་། །ཁྱེད་ཀྱིས་རྡོ་རྗེའི་གླུ་ཞིག་ལོངས་ཞེས་བསྐུལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མགུར་དབྱངས་བླངས་པ་ཉན་ནས་ཚོགས་ཕུད་དྲངས། །ཅུང་ཞིག་གསོལ་བའི་སྐབས་ལ་བདེ་ཆེན་འབར། །དགའ་བཞི་ཡེ་ཤེས་ངོ་བོར་ལྷན་སྐྱེས་ཐོབ། །མཁའ་འགྲོ་གསང་བའི་བརྡ་སྐད་དཔག་མེད་བཤད། དེར་བརྟེན་གླེགས་བམ་བརྩམས་ནས་མ་འོངས་བཞག །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡར་ངོའི་དུས་ཀྱི་ཚེས་བཅུའི་སྐབས་ཤིག་ལ། །མཁའ་འགྲོ་མང་པོས་ཟས་སྣ་དཔག་མེད་གནང་། །མཁའ་འགྲོའི་གཙོ་མོ་དར་ལྗང་ཅན་ཞིག་གིས། །ཕྱག་གཡས་བུམ་པ་གཡོན་པར་ཐོད་པ་བསྣམས། །བུམ་པ་ཐོད་པ་ཕྱག་ཏུ་གཏད་ནས་ཀྱང་། །དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས་ཕོ་བྲང་ན། །རྗེས་འཛིན་གདུལ་བྱའི་རེ་བ་བྱས་ནས་ཡོད། །དེ་ཡི་རེ་འདོད་བུམ་པ་འདི་ཡིས་སེལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡང་ཅིག་བཅོ་ལྔའི་མཚན་མོར་མཁའ་འགྲོ་ཞིག །དཔའ་བོས་གདུགས་དང་དཔའ་མོས་རྒྱལ་མཚན་ཐོགས། །

p. 717

དཔག་མེད་མདུན་དུ་བྱོན་ནས་འོད་ཕུང་བཞུགས། །གཙོ་མོའི་ཞལ་ནས་སྐལ་ལྡན་ནོར་བུ་དང་། །གངས་སེང་འདྲ་བའི་བུ་རྒྱུད་རྣམ་གཉིས་ཡོད། །གནས་མཆོག་དེ་རུ་མྱུར་མོར་ཕེབས་ཞེས་གསུངས། །འོད་ཕུང་སྒྲ་དང་བཅས་ཏེ་བཞུགས་གནས་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསེར་ལྡན་ཟླ་འདྲའི་རྒྱང་ཤེལ་མི་འགོག་དངོས། །རྐང་འཐུང་ཡལ་འདབ་རྟ་ལ་རབ་བསྐྱོན་ནས། །རི་རབ་ལྷུན་པོར་གདོང་ལྔ་འགྱིང་བའི་སྤོར། །སྣང་སྒྲོན་དག་པ་བསིལ་ཁང་རང་བྱུང་དུ། །ཐིག་གདན་རྒྱ་ལ་མི་འདའི་དགོངས་པར་བཞུགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལམ་བར་དྭངས་བསིལ་རྒྱ་མཚོ་ནས་འོངས་པའི། །ཀླུ་མོས་འཕྲུལ་གྱི་སེང་གེ་ཞོན་ནས་བསུས། །གངས་དཀར་མཐོང་ཚེ་གངས་སེང་སྔོན་དུ་བྱུང་། །།ལྟད་མོར་གཟིགས་ནས་དགོངས་པའི་ངང་དུ་བཞུད། །དགྲ་བཅོམ་ཚོགས་ཀྱི་སེར་ཕྲེང་བསྒྲིགས་ལ་མཇལ། །རེ་རེ་བཞིན་དུ་གངས་ཀྱི་མཐའ་ལ་བཞུད། །ངོ་མཚར་མཐོང་ནས་གནས་ལ་ཞབས་ཟུང་བཀོད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་

p. 718

འདེབས། །བུདྡྷཱའི་ཞབས་ཟུང་དཀར་པོ་འཁྱིལ་བའི་གནས། །སྐུ་ཡི་དཀྱིལ་འཁོར་རི་མོ་གསུམ་པ་ལས། །རྡོ་རྗེའི་གསུང་དབྱངས་དྲུག་ཅུའི་གདངས་བསྒྱུར་པར། །ནོར་བུའི་ཐུགས་ཡིད་གནས་དེར་ཌཱ་ཀིས་བསྐུལ། །ཡེ་ཤེས་དགོངས་དོན་ཞལ་ནས་ཐོན་བཞིན་བསྐྱོད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དྲི་བཟང་སྣ་ཚོགས་འཐུལ་བའི་གནས་མཆོག་དེར། །ཟླ་དག་ལྔ་ཡི་བར་དུ་འོད་གསལ་བཞུགས། །དེ་ནས་མཚན་མོ་སྐྱ་རེངས་དྲངས་པའི་ཚེ། །དགྲ་བཅོམ་ཆོས་གོས་རྣམ་གསུམ་གྱོན་པ་ཞིག །མདུན་དུ་བྱོན་ནས་ཕྱག་འཚལ་པུས་བཙུགས་ནས། །རྒྱ་གར་སངས་རྒྱས་ཉེ་གནས་ཀུན་དགའ་བོ། །འདི་རུ་ཕེབས་ནས་བཞུགས་པ་བཀའ་དྲིན་ཆེ། །གསུངས་ནས་མཚན་ཉིད་མེད་པའི་བགྲོ་གླེང་བྱས། །ཐུགས་ཡིད་བསྲེས་པས་འོད་ཞུ་ཐུགས་ཀར་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡང་ཅིག་མཁའ་འགྲོ་སེང་གེ་གདོང་ཅན་བྱོན། །ཐུགས་ཀ་ཕྱེས་ནས་སྒྲོམ་བུ་ཕྱག་ཏུ་གཏད། །འགྲོ་རྣམས་ཆོས་འཁོར་བསྐོར་བའི་སྐབས་ཤིག་ལ། །ཅུང་ཟད་བར་ཆད་བགེགས་ཀྱི་འཚེ་བ་ཡོད། །

p. 719

དེ་དུས་འདི་ཡི་ནང་ན་གསལ་ལོ་ཞེས། །གསུངས་ནས་ནམ་མཁར་འོད་ཀྱི་རང་བཞིན་གྱུར། །འགྲོ་དོན་བྱེད་དགོས་ཐུགས་ལ་ཡང་དག་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེ་ནས་འོད་གསལ་ངང་དུ་གཟིགས་པའི་ཚེ། །སྐལ་ལྡན་ནོར་བུ་འོང་བ་ས་ལེར་མཁྱེན། །སྔོན་དུ་ཤེལ་གྱི་མཆོད་རྟེན་ཞིག་སྤྲུལ་ནས། །མཆོད་རྟེན་དབུས་ན་རྟ་ཕག་སྐུ་རུ་བཞེངས། །སློབ་མས་མཐོང་ནས་སྣང་བ་ཏུ་རེ་འགགས། །མ་དྲོས་ཀླུ་མོ་བཞད་སྒྲ་ཐག་གེ་བྱུང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས། །སྐལ་ལྡན་ཡོངས་ལ་དབང་བསྐུར་ནོད་པའི་ཚེ། །བརྡ་དག་དོན་གྱི་དབང་བཞི་བྱིན་རླབས་གནང་། །དེ་དུས་ཡེ་ཤེས་ཆོས་སྐུའི་སྐུ་རུ་བཞེངས། །ནམ་མཁར་འཕགས་ནས་ཤེར་དབང་དོན་རྒྱུད་བསྐུར། །སློབ་མར་དག་སྣང་བྱིན་རླབས་དངོས་སུ་ཞུགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཉིན་ཅིག་ཉམ་ཐག་མང་པོ་མདུན་དུ་འོང་། །ཕྱག་འཚལ་གྲལ་ལ་བསྒྲིགས་ནས་བསྡད་པའི་ཚེ། །གངས་འདབས་གནས་པའི་

p. 720

གཞི་བདག་འཕྲུལ་ཡིན་པར། །མཁྱེན་ནས་ཕྱག་གིས་འབྲུ་དག་འཐོར་བའི་ཚེ། །སྐད་ཅིག་གནས་འགྱུར་རང་རང་གཟུགས་བསྟན་ནས། །བུ་རྒྱུད་མཐུན་རྐྱེན་སྦྱོར་བར་ཁས་བླངས་བྱས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དུས་ཀྱི་ཡར་ཚེས་ཟླ་བའི་དང་པོ་ལ། །ཚོགས་ཀྱི་འཁོར་ལོ་ཆེན་པོ་བཏང་བའི་སྐབས། །ཚོགས་གྲལ་དབུས་སུ་རཀྟའི་སྟོན་པ་བྱོན། །ང་ཡི་དངོས་སྐལ་བདེ་ཆེན་རྒྱལ་པོས་དྲངས། །དེ་ཡིས་གསུངས་པའི་ཡང་གསང་ཡང་ཟབ་དེ། །སྐལ་ལྡན་ཡོངས་ལ་བུམ་པ་གང་བྱོར་གནོངས། །ང་ཡི་ཐུགས་ཀྱི་རྒྱ་ལས་གྲོལ་བ་ཡིན། །གསུངས་ནས་ནམ་མཁར་ལྟ་སྟངས་མཛད་བཞིན་བཞུད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རི་མོ་སྟོང་ལྡན་སྐུ་ཡི་སྣང་བར་བསྒྱུར། །དེ་སྟེང་གཟིགས་པས་ཕོ་བྲང་ཉམས་དགའ་མཐོང་། །དེ་དབུས་དགྲ་བཅོམ་ཚོགས་ཀྱིས་གསོ་སྦྱོང་བླངས། །དེ་ཡི་དབུས་སུ་དངོས་སུ་བཞུགས་ནས་ཀྱང་། །དགྲ་བཅོམ་ཡོངས་ལ་གསོ་སྦྱོང་ཡང་བསྐྱར་ཕུལ། །དགྲ་བཅོམ་ཚོགས་ཀྱིས་གཡས་བསྐོར་ལན་གསུམ་བརྒྱབ། །དོན་དེ་ལྟོས་མེད་ངང་དུ་

p. 721

གནས་ལ་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཉིན་གཅིག་གསོལ་ཇའི་ཕུད་ཅིག་མཆོད་པའི་སྐབས། །ནམ་མཁར་འོད་འཁྱིལ་དཀར་པོ་ལྡེམ་ལྡེམ་སྣང་། །དེ་ཡི་དབུས་ན་སྔགས་སྲུང་རིལ་གཅིག་མ། །ལན་ཅིག་བཞད་ནས་འདི་ལ་ལྟོས་ཤིག་གསུངས། །ཁང་བཟང་ནོར་བུས་བཀང་བ་ཞིག་བསྟན་ནས། །ནོར་བུ་འདི་ལས་དགོས་འདོད་འབྱུང་ངོ་གསུངས། །བརྡ་ཡིས་སྒྲ་དྲངས་གསུང་སྒྲོས་སྣ་ཚོགས་བྱོན། །བཀའ་འདི་ང་ཡིས་སྲུང་ངོ་གསུངས་ནས་ཀྱང་། །ཇེ་མཐོར་སོང་ནས་གངས་ཀྱི་མགུལ་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཚོགས་ཀྱི་ཕུང་པོ་རྒྱ་ཆེན་ཕུལ་བའི་མཐུས། །གནས་དེར་བཞུགས་པའི་དཔའ་བོ་དཔའ་མོའི་ཚོགས། །ཚོགས་ལ་རོལ་ནས་གར་སྟབས་གསུང་ཡང་བྱོན། །གསུང་གི་གདངས་ལ་གངས་སྐོར་ཕེབས་ཞེས་སྒྲ། །མངོན་སུམ་ཐོས་འཛིན་ཟུང་གི་ལམ་ལ་ལྷུང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རིན་ཆེན་རི་བོའི་ལྕགས་རིར་འཁོར་བའི་དུས། །བྱང་གི་ངོས་ནས་ཚོགས་མཆོད་ཕུལ་བ་ན། །འོད་ཀྱི་ལམ་ལ་

p. 722

གཟིགས་པའི་འོད་ལྔའི་བར། །ནཱ་རོ་བོན་ཆུང་བསིལ་ལི་སྒྲོག་བཞིན་བྱོན། །བསྔོ་དང་མུ་ཤེའི་ཡི་གེ་སྣ་ཚོགས་སྟོན། །དེ་ནས་ཕྱག་འཚལ་མཇལ་ནས་འདིར་ཕེབས་པ། །བཀའ་དྲིན་ཆེ་བས་ང་ནི་གནས་འདིར་གནས། །ཞེས་གསུངས་ཅུང་ཞིག་ཕར་ལ་དགྱེས་ནས་འདུག །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྔོན་གྱི་མི་ལས་རྫུ་འཕྲུལ་བསྟན་པ་གང་། །ཁྱེད་ཀྱིས་ད་དུང་འདི་ལ་སྟོན་ཅིག་གསུངས། །དེ་སྟེང་རྡོ་ལ་ཞབས་རྗེས་ཕྱག་རྗེས་བཞག །བཞག་པ་ནཱ་རོས་བལྟས་ནས་ཅུང་ཞིག་འཛུམ། །ང་ནི་ཁྱེད་ལ་མི་གུས་མ་ཡིན་ཏེ། །སྔོན་དུ་ཁྱེད་མདུན་མ་འོངས་ཐུགས་མ་གནོད། །གནས་དེར་མི་འོང་དམ་བཅའ་སྔོན་ལ་བྱས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཅུང་ཞིག་བསྡད་ནས་བསེར་བུས་བསྐྱོད་ནས་སོང་། །གྲྭ་སློབ་རྣམས་ལ་དེ་རིང་ཡ་མཚན་ཆེ། །ནཱ་རོ་འོངས་པ་ཁྱེད་རྣམས་མ་རིག་གམ། །ག་རེ་ཞུས་དུས་ཕྱག་རྗེས་བསྟན་ནས་ཀྱང་། །འདི་དུས་འོངས་པ་ཡིན་ནོ་ཞལ་གྱིས་གསུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཚངས་པས་གསེར་འཁོར་ཕྱག་ཏུ་བསྣམས་ནས་ཀྱང་། །འཁོར་ལོ་དེ་དག་

p. 723

བསྐོར་ནས་ཕྱོགས་བཞིར་ཕེབས། །ཕྱོགས་བཞིར་ལྷ་མོས་གཎྜི་རྡུང་བཞིན་དྲངས། དེ་དུས་ཉིན་ཅིག་༼བརྡ་ཡིག༽ ། །དུང་གིས་བྲིས་པའི་གླེགས་བམ་ཕྱག་ཏུ་གཏད། །སྐད་ཅིག་ཉིད་ལ་ནམ་མཁའི་དབྱིངས་ལ་གཤེགས། རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མ་དྲོས་ཀླུ་མོས་རིན་ཆེན་ཟོང་གི་མཛོད། །གནང་ནས་གླིང་མཆོག་དེ་རུ་བཞུགས་ཞེས་ཕུལ། །ཀླུ་མོས་བཤོལ་བཏབ་གནས་མཆོག་དྲི་མེད་ལ། །སྐུ་ཡི་དཀྱིལ་འཁོར་བཀོད་ནས་འོད་གསལ་ངང་། །བཞུགས་ནས་རྒྱལ་བའི་དགོངས་དོན་དཔག་མེད་གཟིགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གླང་གི་ཟླ་བའི་ཚེས་གསུམ་མཚན་མོ་ལ། །ཕལ་ཆེར་སྐུ་མདོག་སྨུག་པོར་བསྒྱུར་བའི་མདོག །གོས་ཆེན་རེ་ཁཱ་གསོལ་བའི་རྣལ་འབྱོར་ཞིག །མདུན་དུ་བྱོན་ནས་སཾ་སྐྱི་སྒྲ་ལ་དྲངས། །གསུངས་པ་ཐམས་ཅད་ཐུགས་ན་ཝ་ལེར་མཁྱེན། །ཡང་ཅིག་རྣལ་འབྱོར་དེ་དག་ཅིག་བཞད་ནས། །ང་ནི་མཆོད་རྟེན་དབུས་ནས་ཁྱེད་འདྲེན་འོངས། །གསུངས་ནས་གར་སྟབས་བསྒྱུར་ནས་ནམ་མཁར་གཤེགས། །

p. 724

རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འབྱོར་ལྡན་རྒྱལ་པོའི་ཡུལ་ལ་འདབ་མ་བསྐྱོད། །ལམ་བར་ཐུགས་རྟེན་བཟང་པོར་མཇལ་བའི་དུས། །མཚན་བཟང་སུམ་ཅུས་བརྒྱན་པས་སངས་རྒྱས་ཤིག །ཕྱག་ན་ལྷུང་བཟེད་བསྣམས་ནས་མདུན་དུ་བཞུགས། །ལྷུང་བཟེད་ནང་ནས་འབྲས་དཀར་སྐྱོགས་གང་ཕུལ། །མ་འོངས་འགྲོ་ལ་ཕན་ཐོགས་གྱིས་ཤིག་གསུངས། །སྤྲིན་དཀར་ཞིག་གྱུར་མཆོད་རྟེན་དབུས་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདེ་གཤེགས་རྒྱལ་བ་ཡོངས་ཀྱིས་མགྲིན་གཅིག་ལ། །ལན་བརྒྱར་བརྗོད་པས་བསྟོད་དབྱངས་སྲིད་རྩེའི་བར། །ཁྱབ་པའི་མཆོད་རྟེན་ཆེན་པོའི་དྲུང་དུ་མཇལ། །འོད་སྣང་དབུས་ན་བོ་དྷི་ས་ཏཱ་བཞུགས། །ཕྱག་གཡས་སྤྱི་བོར་བཞག་ནས་བྱིན་རླབས་མཛད། །ཁྱེད་ནི་འདི་ནས་ལ་ཕྱིའི་གངས་ལ་ཕེབས། །འགྲོ་དོན་དཔག་མེད་ང་ཡི་སྨོན་ལམ་ཡིན། །གསུངས་ནས་སྐད་ཅིག་ཉིད་ལ་མི་སྣང་གྱུར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཞབས་ཟུང་མཚན་བཟང་རི་མོ་གནས་དེར་བཀོད། །གོར་མོའི་བསིལ་ཁང་གཞིག་བྲལ་ཡང་ཕུག་ཏུ། །འགྱུར་མེད་

p. 725

རྡོར་གདན་ས་བར་ཏི་ཥྛནྟུ། །བཛྲ་མ་ཧཱ་ཆེན་པོའི་དགོངས་པར་བཞུགས། །ཨེ་ཀ་ཀྲོ་དྷའི་སྣང་ཆ་བརྟན་པོར་བཟུང་། །ཧེ་རུ་ཀ་དཔལ་ཐུགས་དཀྱིལ་མངོན་སུམ་གཟིགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གང་སྐུ་ལྷུན་པོའི་སྨིན་མཚམས་ཐད་དྲང་དུ། །ཀུ་མུད་སྟོང་ལྡན་བཞད་པའི་དབུས་ཉིད་ན། །བདེ་ཆེན་དགའ་བཞི་སྟེར་བའི་མཚོ་རྒྱལ་གྱི། །ཕྱག་གཡས་འདབ་མའི་གར་གྱིས་ཁང་བཟང་བསྟན། །ཨ་མོ་ལི་ཀའི་གདན་མཆོག་གཡས་ཟུར་ན། །ཕྱག་ཆེན་བསྒོམ་པའི་རྣལ་འབྱོར་ཡང་ཕུག་ཡོད། །གསུངས་ནས་འོད་ཞུ་ཐུགས་དང་དབྱེར་མེད་འདྲེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རི་བཀྲ་རྒྱལ་པོའི་གཡང་གཞིའི་སྟེང་ཉིད་དུ། །ག་ན་ཙཀྲ་ཕུང་པོར་སྲུང་བའི་དུས། །རཱཀྐི་ལྕུག་ཕྲན་གར་སྒྱུར་རོལ་བཞིན་དུ། །དཀྱུས་རིང་བུང་བའི་ཟུར་མིག་ལན་བརྒྱར་གཡོས། །འོད་དམར་མཆུ་སྒྲོས་འདབ་མས་ལེགས་བཤད་བཀྲམ། །དག་གསུམ་རྡོ་རྗེའི་ཐུགས་ཀྱི་རྒྱ་མཚོར་འདྲེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གཞི་དབྱིངས་འགྱུར་མེད་རྩལ་གྱི་

p. 726

གདངས་ཆེན་ནས། །མཐོང་བྱེད་འདབ་མས་མཁའ་དབྱིངས་གར་བྱེད་དུས། །དབང་གཞིའི་འོད་ཕུང་དབུས་ན་འོད་ལྔའི་ཁྲིར། །ཤིང་རྟའི་འཁོར་ལོ་ཟུང་གིས་མདུན་དུ་དྲངས། །ཁྲི་སྟེང་སྨན་བཙུན་ལྷ་མོས་སྒྲོམ་བུ་ཟུང་། །ཕྱག་ཏུ་ཕུལ་ནས་སྦོས་ཤིག་གསུངས་ནས་གཤེགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ནུབ་གཅིག་མཁའ་འགྲོ་སྤུན་ལྔ་མདུན་དུ་བྱོན། །རིན་ཆེན་གསེར་གྱི་མཆོད་སྒམ་ཞིག་གནང་ནས། །རིན་ཆེན་ས་ལེ་སྦྲམ་གྱི་ཕུང་པོ་ཡོད། །གསུངས་ནས་ཡང་གཅིག་བཞད་ནས་འདི་སྐད་གསུངས། །དབང་བཞི་བདེ་ཆེན་ངོ་བོའི་འཁྲིད་ཅིག་ཐོབ། །གསུངས་ནས་སྐུ་ཡི་འདབ་མ་ལེགས་བསྟན་ནས། །སྦྱོར་ཆེན་བདེ་ཆེན་འདི་ལ་རོལ་ཅིག་གསུངས། །བཞེངས་ནས་བསྐོར་བ་ལན་གསུམ་བརྒྱབ་ནས་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལྷུན་པོའི་སྤོ་ནས་ཁྱོན་ཡངས་ལམ་ནས་འོངས། །ཚངས་པས་གསེར་གྱི་འཁོར་ལོ་ཕྱག་ཏུ་ཕུལ། །ཐུགས་རྟེན་རིན་ཆེན་དང་པོས་དཀྲིས་པའི་ཚེ། །འཁོར་ལོའི་དབུས་ནས་རིན་ཆེན་ལོངས་ཤིག་གསུངས། །ལན་ཅིག་ཕྱག་འཚལ་འོད་ལམ་བཞུད་

p. 727

དེ་ཐལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རིན་པོ་ཆེ་ཡིས་དཀྲིས་ནས་འབྲུ་འཐོར་ཚེ། །དཔལ་ལྡན་ཡེ་ཤེས་མགོན་པོས་གདན་དྲངས་ནས། །མཆོད་རྟེན་ནམ་མཁར་བཞུགས་ནས་རབ་གནས་མཛད། །སྐུ་གསུང་སྤྲུལ་པ་དག་སྣང་ཅན་གྱིས་མཐོང་། །བདེ་གཤེགས་རྒྱལ་བ་མཆོད་རྟེན་དབུས་ལ་བཞུགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཁྱེའུ་ལོ་བརྒྱད་དུང་གཤོག་ཅན་ཞིག་བྱུང་། །འདི་ནས་འོད་དམར་ཕོ་བྲང་ལྡིང་ཁང་ན། །རྒྱལ་བ་བཞུགས་པའི་གནས་མཆོག་ཤཱི་ཞེས། །མ་འོངས་ཨོ་རྒྱན་སྤྲུལ་པ་བྱོན་པའི་སར། །ཞབས་ཀྱི་དུང་འཁྱིལ་དཀར་མོ་དེ་ལ་བཀོད། །ཞེས་པ་བརྡ་འགའ་གསུངས་ནས་རང་གནས་བཞུད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྤྲིན་དང་ན་བུན་འདྲེས་པའི་ཀློང་ཞིག་ན། །འོད་འཁྱིལ་ལྗང་གུའི་ཁྲི་ཡི་རི་མོ་མཐོང་། །དེ་ལ་གཟིགས་པས་གཞི་བདག་གཉན་པོ་ཞིག །མདུན་དུ་བྱོན་ནས་ང་ནི་ཤར་ཕྱོགས་ཀྱི། །རྒྱ་ནག་གོང་མས་བཏང་བ་ཡིན་ནོ་ཞེས། །དར་སེར་ཡུག་གཅིག་གསེར་གྱི་གའུ་ཕུལ། །འདི་ནི་མ་འོངས་དོན་དུ་འཇོག་

p. 728

ཅིག་གསུངས། །རྒྱ་ཡི་སྐད་ཀྱིས་བཀོད་པ་སྣ་ཚོགས་མཛད། །ཐ་མར་རྒྱལ་པོའི་ཕོ་བྲང་དབུས་སུ་གཤེགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མཁས་གྲུབ་དུ་མའི་དོ་ར་ཡངས་པོ་དེར། །སྐུ་ཡི་གནས་ལྔའི་དཀྱིལ་འཁོར་མངོན་སུམ་བསྟན། །ཨ་ཧི་ཞུ་བདེས་དྲངས་ན་འདི་ལྟར་ཡིན། །གསུངས་ནས་འོད་ཟེར་བརྒྱ་ཕྲག་ཕྱོགས་བཅུར་སྤྲོས། །སྐལ་ལྡན་སློབ་མས་མཐོང་ནས་ངོ་མཚར་སྐྱེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྐྱ་རེངས་བདག་པོས་ལྷུན་པོའི་སྤོ་ནས་བསུས། །སྣང་བའི་འོད་ཀྱི་ཡངས་པ་ཆེན་པོ་དང་། །འགྲོགས་ནས་ཤྲཱིའི་ཕོ་བྲང་ཆེན་པོར་ཕེབས། །རྡོར་སེམས་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེངས། །དག་པ་རབ་འབྱམས་ངང་དུ་འབྲལ་མེད་བཞུགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འོད་གསལ་ཕྱག་རྒྱ་ཆེན་པོའི་མནལ་ལམ་དུ། །ཆོས་གོས་གྱོན་པའི་དགེ་སློང་གླེགས་བམ་ཅན། །མདུན་དུ་བྱོན་ནས་ང་ཡིས་ལུང་བྱེད་གསུངས། །ཆོས་དྲུག་གདམས་པའི་གནད་ཀྱི་ལུང་དེ་གནང་། །བཀའ་བརྒྱུད་བསྟན་པའི་བདག་པོར་གསོལ་བ་ཡིན། །གསུངས་ནས་

p. 729

དག་པ་མཁའ་སྤྱོད་ཞིང་ལ་འཕུར། །མཉམ་མེད་དྭགས་པོ་ཡིན་ནོ་ཐུགས་ལ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འོད་ཁྱིམ་ཆུ་འདྲས་ནང་རྣམས་གང་བ་བྱུང་། །དེ་ཡི་དབུས་ན་ལམ་ཞིག་མདུན་དུ་ཟུག །ཁ་ཊཾ་ཐོད་པ་ཐོགས་པའི་རྣལ་འབྱོར་བྱོན། །ང་ནི་ཀུ་ཀུ་ཡིན་ཞེས་སྐུ་དབུས་བསྟན། །གསང་བ་འདུས་པའི་དཀྱིལ་འཁོར་དངོས་སུ་གཟིགས། །གཙོ་བོའི་ཐུགས་ནས་འོད་ཟེར་སྐུ་ལ་ཕོག །ཐུགས་ཡིད་བསྲེས་པས་རྒྱ་མཚོའི་དབུས་ལ་བྱོན། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མཁའ་ནས་དར་དཀར་མཁའ་འགྲོས་གནས་དེར་འཐེན། །ལམ་དེ་བརྒྱུད་ནས་མཁའ་ལ་ཕེབས་པའི་ཚེ། །བཻཌཱུར་ཁང་པ་བྱུ་རུའི་གདུང་མ་ཅན། །མུ་ཏིག་དྲ་ཕྱེད་བ་གམ་གཡུ་ལས་བྱས། །དེ་དབུས་པདྨ་དམར་པོ་གྱེས་པའི་དབུས། །ཆོས་རྒྱལ་བཞུགས་པ་མཇལ་དུས་ཞལ་ནས་ཀྱང་། །བུ་ཁྱོད་འདི་རུ་ལན་གཅིག་ངས་འབོད་བཏང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གཡས་ཕྱོགས་ཁྲི་ཁར་ཁྱོད་སྡོད་གསུངས་ནས་ཀྱང་། །ཡང་ཐིག་གནད་ཀྱི་དྲི་བ་གང་རྒྱས་

p. 730

གསུངས། །བུ་རམ་སྒོར་གཅིག་འདི་བཞེས་ལག་ནས་ཕུལ། །བཞེས་འཕྲོ་འཛམ་གླིང་འགྲོ་བ་ཡོངས་ལ་བྱིན། །ཞལ་གྱིས་ཐོན་ནས་བུ་ཁྱོད་སྙིང་རུས་ཆེ། །ཕ་རྒན་མཇལ་བའི་རྫུ་འཕྲུལ་ངོ་མཚར་ཆེ། །གསུངས་མ་ཐག་ཏུ་འཕུར་ནས་རང་གནས་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཚེས་བཅུའི་ཚོགས་མཆོད་ཕུལ་བའི་སྤྱན་འདྲེན་དུས། །འོད་ཁྱིམ་དཀར་པོའི་དབུས་ན་སྟག་གདན་དང་། །ཨང་རག་སྒོམ་ཐག་གསེར་གྱི་རྣ་ལོང་ཅན། །ཕུར་བུ་ཐོད་ཁྲག་དབུ་མནབ་མི་གཅིག་པ། །གྱོན་པའི་གྲུབ་ཆེན་ཅིག་གི་ཞལ་ནས་ཀྱང་། །འཕགས་མཆོག་འདི་རུ་ཕེབས་པ་བཀའ་དྲིན་ཆེ། །ང་ནི་རས་ཆུང་རྡོ་རྗེ་གྲགས་པ་ཡིན། །རས་པའི་ཚོགས་ཀྱི་ཞལ་གཟིགས་དུས་གཅིག་བྱུང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དུས་ཀྱི་བར་སྐབས་ཉིན་ཅིག་རླུང་ནག་འཚུབ། །དབུས་ན་སྐྲ་དང་སེན་མོ་ལྕགས་ཡིན་པའི། །མིག་དམར་ཁ་གདངས་ལྕེ་བརྐྱངས་འདྲེ་ཞིག་འོངས། །ང་ནི་མཐའ་འཁོབ་ཀློ་ཡི་ཡུལ་ནས་ཡིན། །ཁྱོད་ལ་ད་རེ་ལྟ་རུ་འོང་ཟེར་ནས། །ཁ་ནས་མེ་འབར་སྣ་ནས་དུ་བ་འཐུལ། །ཧ་སྒྲ་

p. 731

སྒྲོགས་ནས་ནང་རྣམས་གང་བའི་དུས། །སྙིང་རྗེ་ཞིག་བསྒོམས་སྐད་ཅིག་ཉིད་ལ་དེངས། །ཡུལ་དེར་མི་གནོད་རྒྱུ་མཚོའི་ནང་དུ་སོང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྟོང་གསུམ་བདག་མོས་དྲི་ཞིམ་མདུན་དུ་ཕུལ། །དུང་གི་རི་མོའི་དབུས་ནས་བརྡ་དག་བཀྲམ། །རྣམ་སྣང་བུམ་པའི་མགུལ་ནས་གསུང་སྒྲོས་བྱོན། །གསུང་དེར་བརྟེན་ནས་འདི་རུ་ཁྱོད་འདྲེན་འོངས། །བར་ཆད་ངས་སེལ་དོགས་པ་མི་དགོས་གསུངས། །སྐད་ཅིག་རླུང་ལ་ཐིམ་ནས་བར་སྣང་ཡལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མགྱོགས་འགྲོའི་ཤུགས་ཀྱིས་སྐུ་ཡི་དཀྱིལ་འཁོར་དྲངས། །བུང་བ་འཕུར་སྒྲའི་སྒྲ་ཡིས་མགུར་དབྱངས་བླངས། །འགྲོ་རྣམས་སྨིན་གྲོལ་འཐོབ་པའི་བདུད་རྩིར་གསུངས། །ཁ་ལོ་བསྒྱུར་ཕྱིར་ཕོ་བྲང་དབུས་སུ་ཕེབས། །འཁོར་འདས་རྡོ་རྗེ་འཆང་གི་སྐུ་རུ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལྷུན་པོའི་ཕོ་བྲང་རྩེ་མོའི་ཡང་སྟེང་ན། །རྡོ་རྗེ་འཆང་དངོས་ཞལ་གྱི་དཀྱིལ་འཁོར་མཇལ། །དར་གྱི་མགུལ་དཀྲིས་ཤེལ་གྱི་བུམ་པ་ཕུལ། །བྱང་གི་ཕྱོགས་སུ་

p. 732

ཞལ་བསྟན་བཞུགས་ནས་ཀྱང་། །མ་འོངས་ང་ཡི་འཁོར་གྱི་ཐོག་མར་ཤོག །གསུངས་ནས་བསྟན་པའི་བདག་པོར་མངའ་དབང་གསོལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཁས་ལེན་བྲལ་བའི་རོ་གཅིག་ངང་གནས་དུས། །དཀྱིལ་འཁོར་འོད་ཟེར་བརྒྱ་ཕྲག་འཕྲོ་བ་ཞིག །མདུན་གྱི་ནམ་མཁར་བཞུགས་པའི་དབུས་ཉིད་ན། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་མངོན་སུམ་གཟིགས། །ཨེ་ཝཾ་རྒྱུད་དོན་འགགས་མེད་རང་ཤར་བྱུང་། །པཎ་ཆེན་ཐུགས་ནས་སྤྲུལ་པ་ཡིན་ནོ་སྙམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཚོན་གྱི་རི་མོའི་མདངས་ལ་འཁྱུད་ནས་ཀྱང་། །སྐྱི་བསེར་རླུང་གི་འདབ་མ་བཏེག་ནས་ནི། །སྔོན་བྱོན་རྒྱལ་བའི་ཐུགས་རྟེན་དྲུང་དུ་བསྙེགས། །ཉི་འོད་འཁྱིལ་འདྲའི་པད་རག་གིས་བརྒྱན་དུས། །བྱམས་སེམས་གཤོག་པས་མཁའ་དབྱིངས་ཆོད་པ་བྱས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རང་སྣང་ཀ་དག་བུམ་སྐུའི་རང་ཞལ་ན། །གཟུགས་སྐུ་འོད་ཕུང་ཅན་གྱི་རང་བཞིན་བསྟན། །སྒྲ་དོན་རིག་པ་དྲི་མེད་རྒྱུད་བཤད་གནང་། །རྣམ་དག་སྐུ་ཡི་དཀྱིལ་འཁོར་འདི་ལ་ལྟོས། །

p. 733

གསུངས་ནས་ཐང་སྟོང་རྒྱལ་པོའི་སྐུ་རུ་གྱུར། །ཧི ། དཀའ་ཚེགས་མེད་པར་འགྲུབ་འདི་ཨེ་མ་མཚར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མེ་ཏོག་ཆར་ཕབ་དར་དཀར་ལམ་བརྒྱུད་ཕེབས། །ཉིན་ཅིག་ལྷ་མོ་ཟིཏཐཏཏྟཱ ཎརྡ། །མཁའ་འགྲོ་མང་པོའི་ཚོགས་ཀྱིས་བསྐོར་ནས་བྱུང་། །གཙོ་མོའི་ཕྱག་ནས་ཡི་གེ་ཞིག་གནང་བ། །དེ་ཡི་ཁ་ཕྱེས་བལྟས་པས་སྟེང་ཉིད་ན། །དོན་གྱི་རི་མོ་གཡུ་འབྲུག་ལྟོ་ལ་བཅིབས། །དབྱངས་སྙན་སྒྱུར་སྒྲ་སྟོང་གི་སྒྲ་ལ་དྲངས། །ཞེས་པ་ལ་སོགས་ལུང་བསྟན་མང་པོ་ཡོད། །དེ་ཉིད་མཐོང་བས་ངོ་མཚར་ཤིན་ཏུ་སྐྱེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཐུགས་ཡིད་སྤྲིན་དཀར་ཇོ་བོའི་དྲུང་དུ་གཡོས། །ལྗང་སྔོན་སྒྲ་དང་ཆར་རྒྱུན་འབེབ་བཞིན་ཕེབས། །ལེགས་ཚོགས་བསོད་ནམས་དཔུང་གི་རྟེན་འབྲེལ་གྱིས། །བག་རྩེ་ལྕམ་སྲིང་བྱ་རོག་གདོང་ལ་སོགས། །བཀའ་སྲུང་མང་པོ་སྤྲིན་ལྟར་བསུ་རུ་འོང་། །བཀའ་རྣམས་བསྒྲུབས་ནས་ཇོ་བོའི་མདུན་དུ་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྒྲིབ་བྲལ་བུ་མོའི་ལྟོ་ལས་བྱུང་བ་ཡི། །ཚངས་གནས་ལྷ་ལས་འཕོས་འདྲའི་ཕོ་བྲང་

p. 734

དབུས། །ཀྲྀ་གཉན་པགས་སྟེང་བཞུགས་པའི་ཇོ་བོ་ཡི། །མདུན་ན་བཞུགས་པའི་དུས་ཀྱི་སྐབས་ཤིག་ལ། །རྒྱལ་ཚབ་རྗེ་བཙུན་མ་ཕམ་མགོན་པོ་བྱོན། །གསུང་འགྱུར་ལྟ་བའི་གཞི་གྲུབ་མཚམས་སྦྱོར་ལས། །རེ་ཞིག་བགྲོ་གླེང་བྱས་པས་ཐུགས་ཡིད་འདྲེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བཀྲ་ཤིས་དགེ་མཚན་ཁྱབ་པའི་གནས་མཆོག་འཁོད། །ཐུགས་དམ་སྲུང་བའི་འཁོར་ལོའི་དབུས་ཉིད་དུ། །ནོར་བདག་ནོར་ལྷའི་སྐུ་ཡི་སྣང་ཆ་བཟུང་། །རིགས་བདག་ཞལ་གྱིས་གཞན་ལ་དངོས་གྲུབ་གནང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཨ་བྷི་དྷ་ར་དཔལ་སེང་མངོན་སུམ་དུ། །བྱོན་ནས་ཐུགས་ནས་འོད་ཟེར་ལྔ་ལྡན་འཕྲོས། །འོད་ཟེར་ཀློང་ན་གྲུབ་ཆེན་དབུ་རལ་ཅན། །དེ་ཡི་ཞལ་ནས་ང་ནི་ཆོས་རྡོར་ཡིན། །གསུངས་ནས་གནས་དེར་བསྐོར་ནས་དབྱིངས་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དར་དང་རིན་པོ་ཆེ་ཡི་རྒྱུན་བྱས་པའི། །རྒྱལ་པོ་སྐུ་མདོག་དཀར་པོ་ཞིག་བྱོན་ནས། །ལག་ནས་དར་ལྗང་སོག་ཡིག་ཅན་ཞིག་བསྟན། །འདི་ནི་ཕོ་བྲང་རྩེ་མོས་གནང་བ་ཡིན། །

p. 735

ང་ནི་ཆོས་འཁོར་བསམ་ཡས་དབུས་ལ་འགྲོ། །སྐད་ཅིག་ཉིད་ལ་འོད་ཞུ་ནམ་མཁར་དེངས། །མཚོ་བྱུང་མགྲིན་པའི་རྫ་རྔ་བརྡུངས་པ་ལས། །སྒྲ་ཡིས་དྲངས་པའི་ལམ་ཆེན་ཤད་དེ་བུད། །འོད་ཟེར་གཡུ་མདངས་འཕྲོག་པའི་ནུས་པ་བསྟན། །འོད་ཟེར་དེ་དབུས་བརྒྱུད་ནས་ཆིབས་ཁ་བསྒྱུར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྟོང་གསལ་ཡངས་པ་བལྟ་ན་སྡུག་པ་རུ། །ནོར་བུ་དྲི་མ་མེད་པའི་བ་གམ་ཅན། །སུས་རྟོགས་བརྡ་དག་བརྡ་ཡི་གནས་མཆོག་ནས། །མ་བྱས་ལྷུན་གྲུབ་འོད་གསལ་ཁང་པ་ཡོད། །དེ་དབུས་གཏེར་གྱི་སྒྲོམ་བུ་སྣ་ཚོགས་ཕུལ། །དེ་དག་མ་བཞེས་རང་རང་གནས་སུ་སྦོས། །མ་འོངས་བདག་པོ་འོངས་པ་ངས་ཤེས་སོ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འཛུམ་པའི་མདངས་ཀྱིས་རྩེ་དགའ་རྒོད་པ་ལས། །ཟེའུ་འབྲུ་བདུད་རྩི་ལེན་པའི་དགའ་སྟོན་ལ། །དྲི་ངད་ཁོར་ཡུག་ལྡང་བའི་འགྲམ་ནས་འོངས། །ཏི་ར་ལུ་ཧི་པ་ཡི་ཞལ་གཟིགས་བྱུང་། །བེ་ཏ་ལྷ་མོས་དྲི་བཟང་སྐྱེས་སུ་ཕུལ། །ཕྱག་འཚལ་མཛད་ནས་

p. 736

སྐྱོང་བར་ཁས་བླངས་སོ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྨད་བྱུང་མཛད་བཟང་འོད་དཀར་ཕྲེང་བ་འགྱེད། །རིས་བྲལ་བསྟན་པའི་གསོས་གྱུར་དགོན་སྡེར་མཇལ། །རིན་ཆེན་གསེར་གྱི་ཁྲི་མཆོག་ལྟ་ན་སྡུག །གཞོན་ཚུལ་རྗེ་བཙུན་དགེ་ལེགས་དཔལ་བཟང་པོས། །གསང་བ་ཐོད་པའི་རྒྱུད་ཀྱི་དཀྱིལ་འཁོར་བསྟན། །གཡེལ་མེད་སྐྱོང་བ་ཡིན་ནོ་བུ་མཆོག་རྒྱལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དུང་ཕྲེང་རྒྱུན་གྱིས་སྤུད་པའི་ལག་པད་ལས། །གར་རྒྱུན་དྲི་མ་འཁྲུད་པའི་བདུད་རྩི་བླུགས། །སྣང་བ་འཕྲོག་པའི་གདོང་བཞིའི་བུམ་པ་བསྟན། །རྒྱལ་མཚན་རྩེ་མོའི་ནོར་བུ་ཁྱུང་གིས་བ ཏེག །སྔོ་མདངས་རྡོ་རྗེ་ཐོགས་པའི་ཞལ་གཟིགས་བྱུང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལྷ་དང་ལྷ་མིན་བརྩིགས་པའི་ཕོ་བྲང་ཆེར། །དྭངས་གསལ་འཇུག་ངོགས་བདེ་བའི་ཤེལ་རི་ལ། །འདེགས་སྐས་རིམ་པས་དུང་རི་དཀར་པོར་བུད། །ཡང་སྟེང་ལྷ་ཡི་འོད་གསལ་ཁང་པ་ན། །གཉིས་མེད་དཀྱིལ་འཁོར་མངོན་སུམ་གཟིགས་པ་བྱུང་། རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྟོང་

p. 737

གསུམ་འདུས་པའི་དྲི་ངད་ལྡང་བའི་དབུས། །གར་དགུའི་ཉམས་ཀྱིས་སཾ་སྐྲྀ་སྒྲ་དོན་ལས། །དུང་ཤོག་སྣང་ཅན་རི་མོ་བཀོད་མཛེས་པ། །བརྡ་དོན་ཀློང་ལ་བསྟིམ་པའི་བཻ་རོ་ཡི། །ཞལ་གྱི་དཀྱིལ་འཁོར་གཟིགས་ནས་བརྡ་དོན་གསུངས། །བརྡ་རྣམས་ཡེ་ཤེས་རྒྱ་མཚོའི་ཀློང་ལ་འདྲེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཕོ་བྲང་དེ་དབུས་པད་རག་གིས་བརྒྱན་པ། །སྨིན་མ་མཁུར་ཚོས་བྱུ་རུའི་མདོག་གིས་བརྒྱན། །དུང་གི་སྒྲོམ་བུ་ཕྱག་གཉིས་བསྣམས་ནས་ཀྱང་། །ང་ནི་ལྷ་མོ་འོད་འཆང་མ་ཡིན་པས། །གསུངས་ནས་སྒྲོམ་བུ་ཕྱག་ཏུ་ཕུལ་ནས་ཀྱང་། །སྐེད་སྐབས་ཕྱེ་བས་རི་མོའི་བརྡ་མཚོན་མཐོང་། །སྒེག་འགྲོས་དགའ་བཞིའི་བདེ་ཆེན་འོད་དུ་འབར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དྲང་ལྡན་དཀར་ནག་བདག་པོ་འཁོར་ལོ་ཅན། །མུ་ཁྱུད་འཛིན་རིའི་གཡས་བསྐོར་ན་བུན་ལས། །འོངས་ནས་མཐོང་བྱེད་ཡུལ་ལ་ལྡེའུ་བཀྲམ། །བསྒྱུར་རྩིས་འདི་ལ་ལྟད་མོ་གཟིགས་རྟོགས་མཛོད། །གསུངས་ནས་སྐད་ཅིག་རི་བཀྲ་བཅིབས་ནས་བཞུད། །རྗེ་བཙུན་ཐུགས་རྗེ་ཅན་ལ་

p. 738

གསོལ་བ་འདེབས། །ནུབ་གཅིག་གཡག་དཀར་ཞོན་པའི་མཚན་སྡུག་པ། །ཤིན་ཏུ་རྔམ་པའི་གཞི་བདག་ཅིག་བྱོན་ནས། །ལེགས་ལམ་དར་དཀར་གདན་པའི་ཕྱོགས་ལ་ཡོད། །འཇའ་ཚོན་ཤར་འདྲའི་སྣང་བ་འགོག་མེད་ཀྱི། །གནས་འགྱུར་གཅིག་གི་ངང་དུ་དེ་རུ་འཁོད། །ཟེར་བཞིན་གཞི་བདག་མང་པོས་བསྐོར་བ་བྱས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསེར་འོད་དཀྲིས་འདྲའི་སྐུ་ཡི་ལྷུན་པོ་འཁོད། །གདོང་བཞིའི་སྒྲ་ལས་བསྒྲུན་དུ་མེད་པའི་གསུང་། །དབྱངས་བསྒྱུར་དྲུག་ཅུའི་མགུར་དབྱངས་བླངས་དུས་ལ། །དཀར་དམར་མདངས་ལྡན་བུ་མོ་ཞིག་བྱུང་ནས། །ཨ་མའི་དགོངས་དོན་རྟོགས་པ་ངོ་མཚར་ཆེ། །འབུམ་ཕྲག་རྩེ་དགའ་རྒོད་བཞིན་འཇའ་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྟ་བདུན་བདག་པོ་ནུབ་རིའི་རྩེ་ལ་འཐེན། །དག་པའི་དབྱིངས་ན་གཟའ་སྐར་འབུམ་ཕྲག་བཞད། །དཔལ་ལྡན་ཟླ་བའི་ཟླ་ཟེར་གསལ་བའི་དུས། །བདག་གི་ཆུ་སྐྱེས་ཀུ་མུད་ཕྱོགས་བཅུར་བཞད། །བཅུད་འཛིན་དབུས་ལ་སྐད་ཅིག་གཉིས་མེད་གྱུར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །

p. 739

འོད་ཟེར་སྟོང་འབར་གཞན་གྱིས་འགྲན་མེད་ཅིག །ཤར་ཕྱོགས་ནམ་མཁའི་དབྱིངས་ནས་མདུན་དུ་ཟུག །འོད་ཕུང་དབུས་ན་དར་དཀར་ཐོད་བཅིངས་པ། །རྒྱལ་པོའི་ཚུལ་འཛིན་ཞིག་བྱུང་མདུན་དུ་བསྡད། །རྩེ་གཅིག་གུས་པས་སྐུ་ལ་མངོན་ཕྱོགས་ཏེ། །ཅུང་ཞིག་ཞུ་བས་ཐུགས་རྗེ་ཅན་གྱིས་དགོངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྐད་ཅིག་གནས་འགྱུར་ཤིན་ཏུ་མི་བཟོད་པའི། །སྐུ་མཆོག་ཅིག་གྱུར་དར་དཀར་ཞིག་ཕུལ་ནས། །རྒྱུ་སྐར་དབུས་ན་ཟླ་བ་ཤར་བ་ལྟར། །ཞིང་འདིར་ད་རེ་འགྲོ་དོན་དཔག་མེད་བྱུང་། །ང་ནི་སེམས་དཔའ་ཆེན་པོ་རྨ་རྒྱལ་ཡིན། །རྡོ་རྗེ་ཚིག་ལ་འདའ་བ་མི་སྲིད་པའི། །གསུང་དོན་སྟེང་དུ་ད་རེ་བབས་འདུག་པས། །མདོ་ཁམས་ལན་ཅིག་ཕེབས་ཞེས་ཐལ་མོ་སྦྱོར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མགུར་དབྱངས་བླངས་ནས་འགྲོ་དོན་བྱེད་བཞིན་དུ། །སླར་ཡང་ཇོ་བོའི་མདུན་དུ་སྐུ་མཆོག་བཀོད། །ནུབ་ཅིག་ཇོ་བོའི་མདུན་དུ་བྱོན་པའི་ཚེ། །མི་རྣམས་སུ་ཡང་མེད་པའི་དུས་ཤིག་ལ། །ཇོ་བོའི་ཐུགས་ནས་འོད་ཟེར་ལྔ་

p. 740

ལྡན་འཕྲོས། །དེ་ཡི་དབུས་ན་མཁའ་འགྲོ་མ་ཞིག་གིས། །པི་ཝང་སྒྲ་ལས་མདོ་ཁམས་སྨད་ལ་ཕེབས། །བདུད་རྩིའི་བྱིན་རླབས་ལན་ཅིག་འགྱེད་བྱོས་ལ། །སླར་ཡང་འདི་རུ་ཕེབས་དང་འགྲོ་དོན་འོང་། །གསུངས་ནས་སླར་ཡང་ཐུགས་ཀར་ཐིམ་པ་གཟིགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཇོ་བོའི་ལུང་བསྟན་ཐོབ་ནས་སྨད་ལ་ཆས། །གདུལ་བྱ་འདུལ་བའི་དུས་ལ་བབས་འདུག་སྙམ། །བྱམས་པའི་ཏིང་ངེ་འཛིན་གྱིས་ངང་ནས་ཕེབས། །ཡང་ཡང་མཁའ་སྤྱོད་དབྱིངས་ནས་མཁའ་འགྲོ་འོང་། །ལན་ཅིག་མཁའ་འགྲོའི་ཡུལ་ལ་ཕེབས་ཞེས་བསྐུལ། །སྐལ་ལྡན་སྐྱེས་བུའི་ཐུགས་ནས་ས་ལེར་མཁྱེན། །གདེངས་བྲལ་བུམ་པའི་རྒྱ་ལས་ཐོན་ནས་ཀྱང་། །མཁའ་སྤྱོད་མཁའ་འགྲོར་འགྲོ་དོན་བྱེད་ལ་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དགོངས་གཞི་དག་དྲན་ཤེལ་གྱི་རི་བོ་ལ། །ན་བུན་བདུད་ཀྱིས་ཅུང་ཟད་གོས་པ་བྱུང་། །མི་རྟོག་དབྱིངས་ཀྱི་ཐུགས་དགོངས་རྒྱ་མཚོ་ལས། །དབང་རྒྱལ་ནོར་བུའི་ཞབས་པད་དུང་རི་ཅན། །ཡངས་པའི་ཁྱོན་གྱི་རླབས་ཆེན་སྤྱོད་ལ་བཀོད། རྗེ་བཙུན་ཐུགས་རྗེ་

p. 741

ཅན་ལ་གསོལ་བ་འདེབས། །རིན་ཆེན་ཐང་གི་རི་བོ་ཆེན་པོ་ནས། །ནུབ་ཅིག་འཇའ་ཚོན་རི་མོ་བཀྲ་བ་ལས། །སེར་ཕྲེང་བསྒྲིགས་ནས་མདུན་དུ་བསུ་རུ་འོངས། །དེ་ཡི་དབུས་ན་ཆོས་གོས་གསེག་ཤང་ཅན། །སྣེ་རིང་གྱོན་པའི་དགེ་སློང་ཞིག་གིས་ཀྱང་། །འདི་རུ་ཕེབས་པ་ངོ་མཚར་ཆེ་ཞེས་ལགས། །ང་ནི་དགེ་བཤེས་ཁྱེད་ཀྱི་བླ་མ་ཡིན། །གསུངས་ནས་སེར་ཕྲེང་རྫུ་འཕྲུལ་ནམ་མཁར་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྟོད་སྨད་གོས་དར་མི་གཅིག་གྱོན་པ་ཡི། །དྲེའུ་དཀར་ཞོན་པའི་འཁོར་མང་མདུན་དུ་འོང་། །ཏ་ཤི་མུ་ཏེ་གསེར་ཡིག་གྲོང་ལྡན་དབུས། །གོ་ཆབ་བརླན་གྱིས་དཔའ་གཏུམ་དྲེགས་པ་ཆུམས། །གཡེལ་མེད་ང་ཡིས་སྐྱོང་ཞེས་ཁས་བླངས་ནས། །སྙིང་རྗེའི་འོད་ཀྱིས་ལན་བརྒྱ་གཡོ་བཞིན་དུ། །ཟིལ་གནོན་རྩལ་གྱིས་རྔམ་བསྒྲགས་རྒྱལ་དེ་བྱོན། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྐང་འཐུང་ལོ་འདབ་མེ་ཏོག་རྒྱས་པའི་དབུས། །འདུས་སྡེ་གཏན་འཁྱིལ་མཚོ་མོའི་དབུས་ཉིད་དུ། །རྗེ་བཙུན་བླ་མའི་ཞབས་དྲུང་ག་ལ་བར། །ཞབས་ཟུང་འཁོད་པའི་སྣང་བའི་

p. 742

ནམ་མཁའ་ན། །ཉམས་ཀྱི་ཞལ་རས་སྟོན་པའི་བླ་མ་ཞིག །མདུན་དུ་བྱོན་ནས་སྐྱེས་བུ་བདེ་ལགས་སམ། །དྲི་མེད་རིག་པ་སྟོན་པའི་སྐྱེས་བུ་ང་། །ཆོས་རྗེ་ཡིན་ནོ་གསུངས་ནས་ལྷོ་རུ་ཕེབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འགོག་མེད་དལ་འགྲོའི་ལྟོ་བ་བརྒལ་ནས་ཀྱང་། །ལྗོངས་ཆེན་གསེར་རིའི་མུ་ཏིག་རྒྱན་འཛིན་ལ། །མཆོད་སྤྲིན་བསྟབས་ནས་བཞུགས་པའི་དུས་ཉིད་ན། །སྐུ་མདོག་དམར་ནག་བེང་དབྱུག་ཐོགས་པ་ཞིག །ང་ནི་ཁྱེད་ལ་མཇལ་དུ་འོངས་པ་ཡིན། །འདི་ནས་ང་ཡི་གནས་མཆོག་ཕེབས་ཞེས་བསྐུལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསེར་ལྗོངས་དགའ་མའི་ཚལ་ལ་ཐུགས་ཡིད་བསྐྱོད། །་ལམ་བར་འོད་ཟེར་དམར་ནག་དབུས་ཉིད་ན། །གོ་ཁྲབ་རྨོག་མོ་གྱོན་པའི་འཁོར་རྣམས་འཁྲིད། །ལན་ཅིག་འོངས་ནས་ཕྱག་འཚལ་བསྐོར་བ་བྱས། །རྡོ་དང་ཤེལ་ལ་བཟོས་པའི་ཤོ་གཉིས་གནང་། །འདི་ཡིས་བདེན་བརྫུན་གང་ཡིན་དཔྱོད་དང་གསལ། །ཟེར་བཞིན་བྲག་དཀར་སྨུག་པ་ཅན་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མཁའ་ལ་འཇའ་འཁྲིགས་བར་ན་

p. 743

ཆོས་སྐྱོང་རྣམས། །བསུ་བཞིན་དྲི་མེད་རང་ཡུལ་དགོན་སྡེར་མཇལ། །ལྷ་མིའི་ཁྲོམ་ཚོགས་དབུས་ཉིད་བཞུགས་པའི་དུས། །སྤྲིན་དཀར་འོ་མ་འཕྱུར་འདྲའི་དབུས་ཉིད་ན། །མཆོད་རྟེན་ཕྱག་ཏུ་བསྣམས་ནས་འདི་སྐད་ཟེར། །ང་ནི་རི་གནས་ཆོས་པ་ཡིན་ཟེར་ནས། །མི་སྣང་འོད་ཞུ་སྤྲིན་གྱི་དབུས་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྙིང་རྗེ་ཆེན་པོས་བུ་ལྟར་སྐྱོང་བཞིན་དུ། །ཀ་དག་རིག་པ་འཕྲོད་པའི་གནས་མཆོག་ནས། །རྡོ་རྗེ་དབང་པོའི་ཞལ་གཟིགས་དངོས་སུ་བྱུང་། །འདི་ནས་ནགས་ཚལ་གླང་ཆེན་རི་བོའི་རྩེར། །གླང་པོའི་གཙུག་ལ་རྒྱན་ཆ་ཐོགས་ཤིག་གསུངས། །གསུང་གི་ནང་བཞིན་སྐུ་མཆོག་དེར་འཁོད་དོ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འོད་གསལ་མདངས་ཀྱི་རི་མོའི་ངོས་ཤིག་ན། །རྒྱ་མཚོ་འཁྱིལ་འདྲའི་འོད་དཀར་དྭངས་པའི་དབུས། །ཕྱོགས་བཞིར་དཀྱིལ་འཁོར་བཀྲ་བ་དངོས་སུ་མཐོང་། །རྡོ་རྗེ་གཞོན་ནུ་ཡང་གསང་རྟ་ཕག་དང་། །དྲག་དམར་གཤིན་རྗེའི་ལྷ་ཚོགས་དངོས་སུ་མཐོང་། །དོན་བརྒྱུད་གདམས་པ་གནང་དགོས་ཐུགས་ལ་

p. 744

འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཁྱེའུ་བུམ་པ་བདུད་རྩིས་གང་བ་ཞིག །ཕྱག་ཏུ་ཕུལ་ནས་ཕྱག་འཚལ་པུས་བཙུགས་ནས། །ང་ནི་ནུབ་ཕྱོགས་ཕོ་བྲང་ག་ནས་འོངས། །སྔ་སོར་རང་གཟུགས་ཡང་ཡང་མདུན་དུ་བསྟན། །ཞལ་ནས་གསུང་སྒྲོས་ཟེགས་མ་མ་འཐོར་བས། །བདག་གི་ཡིད་ལ་ཅུང་ཞིག་ནོངས་པ་བྱུང་། །སྐད་ཅིག་གནས་འགྱུར་དྲག་པོའི་སྐུར་གྱུར་ནས། །བཀའ་རྣམས་སྒྲུབ་པར་ཁས་བླངས་ཕོ་བྲང་བཞུད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཉིན་མཚན་དུས་དྲུག་གནས་བདག་ཚོགས་རྣམས་ཀྱིས། །རེ་རེ་བཞིན་དུ་མཇལ་ནས་བདེ་འཚམས་ཞུས།་།དེའི་མཐར་གློག་དམར་འོད་ཟེར་འཁྱུག་པ་ཞིག །མདུན་དུ་བརྡལ་བའི་ཕོ་བྲང་གྲུ་གསུམ་དབུས། །བཀའ་སྲུང་དྲེགས་པ་གཟའ་བདུད་མདུན་དུ་བྱོན། །ང་ནི་ཁྱོད་ལ་འཕྲིན་ལས་སྒྲུབ་ཏུ་འོངས། །ཞིང་འདིར་ང་འདྲའི་གདུག་རྩུབ་མེད་གྱུར་ན། །མི་འདུལ་ཟེར་ནས་ནམ་མཁའ་གང་བ་བྱུང་། །བསྟན་འགྲོར་འཚེ་བ་འདི་ལ་བཅོལ་དགོས་སྙམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཕྱོགས་ཀྱི་འགྲོ་དོན་གནང་བའི་སྐབས་

p. 745

ཤིག་ལ། །ཕག་ལོའི་གནས་མཆོག་བྲག་དཀར་ལྡིང་ཁང་ནས། །ལྷ་རྣམས་མི་འདྲ་བཅུ་དྲུག་ཞལ་གཟིགས་བྱུང་། །འདི་རྣམས་གང་ཡིན་རིག་པ་་གཏད་པའི་ཚེ། །གཡས་སྐོར་ལམ་ནས་བྲག་གི་ངོས་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བླ་མར་སྦྲང་རྩི་སྡུད་བཞིན་ཕྱོགས་ཀུན་འཕུར། །ཕྱོགས་ཀུན་རེ་ནས་ལྷ་རྣམས་དཔག་མེད་གཟིགས། །འཇའ་འོད་འཁྱིལ་འདྲ་ཉིན་ཅིག་ཤར་བའི་ཚེ། །དེའི་དབུས་བླ་མ་འཇམ་དབྱངས་རྒྱ་མཚོ་བྱོན། །དེ་ཡིས་ཡིད་ཀྱི་སྣང་བ་འཕྲོག་ཅིང་འབྱམས། །ཡུན་རིང་ལུས་པས་མི་རྣམས་ངོ་མཚར་སྐྱེས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ནུབ་ཅིག་འོད་གསལ་གཟིམས་པའི་ནམ་གུང་ལ། །ནང་རྣམས་རླུང་གི་འུར་སྒྲ་ཆེམས་ཐག་བྱུང་། །མནལ་གྱི་འོད་གསལ་བསླངས་ནས་གཅིག་གཟིགས་པས། །མདུན་དུ་ཁྲབ་རྨོག་དཔའ་ཆས་བྱས་པ་ཞིག །མཇལ་ནས་དར་དཀར་སྲན་མ་སྡེར་གང་ཕུལ། །ང་ནི་དྲག་རྩལ་ལྷ་རི་ཡིན་ཞེས་པས། །ང་ཡི་ཚོགས་གྲོང་འགྲོ་དོན་བྱེད་དུ་ཕེབས། །ཞེས་གསུངས་སྐད་ཅིག་མི་སྣང་ནམ་མཁར་

p. 746

ཡལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེས་བསྐུལ་རྐྱེན་བྱས་འགྲོ་དོན་བྱེད་རྒྱུའི་སོང་། །གསེར་ལྗོངས་སྟོད་སྨད་མགུར་དབྱངས་ཆར་བ་ཕབ། །སྟོད་ཀྱི་བྲག་དཀར་གནས་མཆོག་བཞུགས་པའི་དུས། །སྐུ་མདོག་སྔོ་བའི་གྲུབ་ཆེན་ཞིག་བྱོན་ནས། །ཤེལ་གྱི་མེ་ལོང་ཨ་རུའི་སྡོང་བོ་ཕུལ། །ང་ནི་འཕགས་པ་ལི་ཁྲོད་ཅེས་བྱ་ཡིན། །སྔོན་ལ་དཔོན་སློབ་ཡིན་པ་ངས་ཤེས་གསུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གོང་མོ་སྟེང་འཁྱིལ་ནམ་མཁའི་རི་མོ་ཤར། །མདོག་ལྡན་སྐྱེས་དྲང་གཡུ་ཡི་སྨིན་ཚོས་ལ། །ཕྱག་འཁོར་ལོ་འདབ་འཁྱིལ་བའི་སྒྲ་དག་ཅན། །གསུང་སྒྲོས་འོད་ཀྱི་སྣང་བ་མི ་འགོག་པས། །དེར་བརྟེན་རྒྱ་མཐོངས་ལམ་གྱིས་སྐུ་ལུས་བསྟན། །སྐད་ཅིག་འོད་ཞུ་ཐིག་ལེ་རི་ངོགས་ཡལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྣང་བ་རྟེན་འབྱུང་སྒྱུ་མའི་རང་གཟུགས་ལ། །ཐུགས་ཀྱི་པད་དཀར་འདབ་མ་གཡོ་བཞིན་དུ། །ནག་ཕྱོགས་འགྲོ་བའི་སྙིང་ལ་བདུད་རྩི་བྱུགས། །ཆོས་སྐུའི་མཁའ་ལ་རིག་པ་ཁུ་བྱུག་གིས། །འདབ་གཤོག་གཉིས་ལྡན་གར་སྟབས་འཁོར་བཞིན་དུ། །གླང་

p. 747

ཆེན་ལྟོ་བར་གསུང་སྒྲོས་སྙན་བཞིན་བབས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གང་སྐུ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་ལ། །བྱིན་རླབས་གང་འདོད་འདོད་འཇོའི་ནོར་བུ་ཕབ། །སྣང་ཆ་མི་འགོག་ཤེལ་གྱི་མེ་ལོང་ལ། །འཁོར་འདས་གཡང་སྡུད་ཛམ་ལྷ་དཀར་པོ་ཡི། །གཡུ་འབྲུག་སྔོན་མོའི་སྟེང་དུ་དཀྱིལ་འཁོར་བསྟན། །སྐད་ཅིག་འོད་ཞུ་ནོར་བུ་གཅིག་གྱུར་ནས། །མི་འགྱུར་ཞབས་ཀྱི་མཐེ་བོང་སྟེང་དུ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བང་རྩལ་འགྲོས་ཀྱིས་མི་མིན་ཚོགས་ཀྱིས་བསྐྱལ། །ཕྱོགས་ཀྱི་ཡུལ་ལ་རིག་པ་རྒྱ་ཡན་འཕུར། །དེ་སྟེང་ལམ་གྱི་སྤྲིན་སྔོན་དབུས་ཉིད་ན། །རྟ་ནག་ཁྲབ་ཅན་འཁོར་བཅས་མདུན་དུ་བསྡད། །གཙོ་བོས་ལྕུག་ཕྲན་དར་གྱིས་བརྒྱན་པ་ཕུལ། །གུས་ཚུལ་སྒོ་ནས་ང་ལ་བྱིན་རླབས་གྱིས། །ང་ནི་གཉན་གྱི་སྡེ་དཔོན་ཆེན་པོ་ཡིན། །གཡས་སུ་བསྐོར་ནས་སྤྲིན་གྱི་གཟེབ་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདེ་སྐྱིད་དཔལ་གཡང་དཔོན་སློབ་ཞལ་འཛོམ་དུས། །ནམ་མཁར་སྤྲིན་འཁྲིགས་ཆར་རྒྱུན་དལ་གྱིས་

p. 748

བབས། །ས་ནས་གངས་ཆུ་གཡུ་འབྲུག་ལྟོ་ལ་དྲངས། །ངོ་མཚར་ལྟད་མོའི་འཕྲུལ་གྱིས་ཡུལ་ལྗོངས་གང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེ་ནས་ནུབ་ཅིག་ནང་རྣམས་འོད་ཀྱིས་གང་། །དར་ལྗང་གདན་སྟེང་ཧཱུྃ་ཆེན་ཀ་ར་བཞུགས། །སྔོན་གྱི་རྟེན་འབྲེལ་འགྲིགས་པའི་ས་འདི་ནས། །དུང་གི་སྒྲོམ་བུ་གསེར་གྱི་ཚོས་ཅན་ཡོད། །དངོས་སྐལ་ཡིན་པས་བརྡ་ལ་དྲོངས་ཤིག་གསུངས། །སྡིགས་མཛུབ་ནམ་མཁར་བསྟན་ནས་ཐུགས་ཀར་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལོག་འཚོ་རྣམས་ཟད་བསོད་ནམས་བསགས་ཕྱིར་ཕེབས། །འགྲོ་བའི་གཙུག་རྒྱན་རྒྱལ་མཚན་ཏོག་ལྟར་གྱུར། །བློ་ཁ་ཡངས་པའི་རི་མོའི་ངོས་ཤིག་ན། །ཤིན་ཏུ་སྐུ་མདོག་དམར་བའི་ལྷ་ཞིག་མཐོང་། །ང་ནི་གཤེན་ལྷ་གཙུག་ཕུད་ཅེས་བྱ་ཡིན། །ལྟ་། བསྒོམ་སྤྱོད་པ་འབྲས་བུའི་ངོས་ཤེད་ན། །གང་བསྒྱུར་ཆོས་ལ་དབྱེ་བ་མ་མཆིས་རྟོགས། །དེར་སྣང་ངོ་བོར་ངས་གཟུགས་བསྟན་པ་ཡིན། །འཇའ་ཚོན་ཞིག་དང་དབྱེར་མེད་འདྲེས་པ་གཟིགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ངོ་མཚར་གར་གྱི་ཕྲེང་བ་སྤེལ་

p. 749

བཞིན་དུ། །ཡངས་པའི་ཁྱོན་ན་འགྲན་ཟླ་དང་མཚུངས་པའི། །གནས་ཀྱི་ལྟོ་ལ་སྐུ་མཆོག་རི་མོ་བཀོད། །དད་ལྡན་མིག་འདྲེན་བཟོ་ཡི་ཕུལ་བྱུང་མཛད། །གང་གི་ཕྱག་མཆོད་བསྐོར་བའི་སྣང་ངོར་བཞག །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ལྟོ་དཀར་ཆགས་གནས་ཆབ་ཀྱི་འགྲམ་རོལ་ན། །ལྡེམ་ལྡེམ་གར་གྱིས་ཕང་ཕུང་གཡོ་བའི་ཚལ། །ཆད་མེད་དྲི་བཟང་འཐུལ་བའི་ནགས་ཀླུང་དབུས། །རྩིབས་བརྒྱད་རྟ་ལྗང་དུས་རྒྱུན་སྐྱོང་བའི་སར། །མི་གནས་ཆོས་སྐུའི་དགོངས་པའི་སྣང་ཆ་ལ། །གྲུབ་ཆེན་ལས་རྡོར་ཞེས་བྱ་མདུན་དུ་བྱོན། །རྡོ་རྗེ་གཅིག་ཕུལ་དབྱིངས་ཀྱི་ནམ་མཁར་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འོད་དམར་འཁྱུག་འདྲའི་ཟླ་གམ་ཞིག་མཐོང་ནས། །དེའི་དབུས་རིན་ཆེན་སྣ་ཚོགས་གྲུབ་པའི་ཁྲིར། །ཆོས་འཆད་ཕྱག་རྒྱ་བྱས་པའི་བླ་མ་ཞིག །མདུན་དུ་བྱོན་ནས་གསུང་སྒྲོས་སྣ་ཚོགས་གནང་། །ཐེག་གསུམ་མ་ཧཱ་མ་ཡའི་རྒྱུད་དོན་ལས། །བརྡ་དོན་འདྲེན་པའི་གཞུང་ལུགས་ངས་བཤད་ཡོད། །ཇི་ལྟར་འཕྱུག་མེད་རྟོགས་པ་ངོ་མཚར་ཆེ། །ང་ནི་

p. 750

ཀུན་མཁྱེན་ཡིན་ཞེས་ཁྲིར་དབུས་ཐིམ། །ཨ་ཡིག་གྱུར་ནས་ནམ་མཁར་གཤེགས་པ་མཐོང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མདོ་དང་རྒྱུད་སྡེའི་དགོངས་དོན་ཅིག་ཅར་དུ། །རྟོགས་པ་ང་འདྲའི་སྐྱིད་པ་གཞན་ན་མེད། །སྣང་བ་ཀུ་ཡངས་རླབས་ཀྱིས་གཤོག་བརྒྱངས་ནས། །ཐེག་དགུའི་དགོངས་དོན་མགུལ་གྱི་བུམ་པ་ནས། །ཝ་ལེར་འདྲེན་ལྟར་ཆད་མེད་རྒྱུན་ཕབ་ནས། །ནགས་ཚལ་སྟུག་པོའི་དཀྱིལ་འཁོར་དཀར་པོའི་དབུས། །མི་ནུབ་རྒྱལ་མཚན་ཡུ་བ་དེ་ལ་འཁོད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མི་འཇིག་ཁྲི་སྟན་མཐོན་པོའི་ཁར་བཞུགས་ནས། །མི་དང་ལྷ་མིན་ཆོས་ཀྱི་ཆར་བ་ཕབ། །དེའི་དུས་ཡར་ངོའི་ཚེས་བཅུའི་ཉིན་ཅིག་ལ། །གཡུ་ཉ་ཞིག་བཅིབས་མཁའ་ལྡིང་བཅིབས་པ་གཉིས། །གསེར་གྱིས་བྲིས་པའི་རྒྱ་ཡིག་ཅིག་བསྟན་ནས། །མི་འགྱུར་ཕོ་བྲང་བྱིན་རླབས་བྱེད་དགོས་པས། །གསུང་དོན་བྱེད་ལ་ཁྱེད་ཅིག་ཕེབས་དགོས་ཞེས། །གསུངས་ནས་བྱང་ཕྱོགས་ནམ་མཁའི་དབྱིངས་ལ་གཤེགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དེ་ནས་ལམ་བར་རོང་གི་གནས་

p. 751

མཆོག་ཏུ། །ཁྱེའུ་ཞིག་དང་མཁའ་འགྲོ་ཞིག་འོངས་ནས། །ཁྱེད་ཀྱིས་གཟིགས་དང་ང་ཡིས་སྟོན་ནོ་ཞེས། །བྲག་དབྱིངས་སྡིགས་མཛུབ་བསྟན་ནས་ལྟོས་ཤིག་ཟེར། །གླེགས་བམ་མཆོད་རྫས་དཔག་མེད་གཟིགས་པ་བྱུང་། །སྣང་རྟོགས་ཡེ་མ་བཏང་བར་གནས་ལུགས་བསྐྱངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ནམ་མཁའ་དྭངས་པའི་དབུས་ན་འཇའ་ལམ་བྱུང་། །དེའི་སྟེང་མི་མིན་ཁྲོམ་ཚོགས་ལྟ་བུར་མཐོང་། །དེའི་དབུས་རྒྱལ་པོའི་ཚུལ་བཟུང་བེར་ཁྲབ་ཅན། །ཞིག་གིས་དར་དཀར་མདུན་དུ་ཕུལ་ནས་ཀྱང་། །ང་ཡི་འབངས་འཁོར་ཡོངས་ཀྱིས་འཕྲིན་ལས་སྒྲུབ། །ཟེར་བཞིན་འཇའ་ཡི་ལམ་ཆེན་བརྒྱུད་ནས་བཞུད། །ཙོང་ཡུལ་གཞི་བདག་བསུ་རུ་འོངས་སྙམ་འཁྲུངས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྔོན་རབས་གླིང་བཞིའི་ཁྱོན་ལ་འགྲན་ཟླ་བྲལ། །ཚངས་གནས་འཕོས་འདྲའི་འོད་ཟེར་བརྒྱ་ཕྲག་འབར། །ཕོ་བྲང་ཆེན་པོ་ལྟ་ན་སྡུག་པ་རུ། །སྐྱེས་མཆོག་ཆེན་པོའི་སྐུ་ལ་མཇལ་དུས་སུ། །སློབ་དཔོན་པྲ་བྷ་ཧཱ་སྟི་དངོས་སུ་མཐོང་། །རྗེ་བཙུན་ཐུགས་རྗེ་ཅན་

p. 752

ལ་གསོལ་བ་འདེབས། །སྟོང་གསུམ་བདག་པོ་ཚངས་པ་ཆེན་པོ་ཡི། །བཞུགས་གནས་ལྷ་ཡུལ་འདི་འདྲ་ཡིན་སྙམ་བསམ། །ཉིན་མཚན་ལྟད་མོའི་རྩེད་འཇོའི་ངང་དུ་གནས། །ཉིན་གཅིག་ས་ལའི་འབྲས་དཀར་འཐོར་བའི་དུས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱོན་པ་རྣམས། །འོད་དུ་ཞུ་ནས་ཕོ་བྲང་དབུས་སུ་ཐིམ། །འགོག་མེད་ཟུང་ལྡན་ཡུལ་ལ་སྣང་བ་ཐོབ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྒྱལ་སྲས་རྒྱལ་བ་སྤྱི་བོར་བཀོད་ནས་ཀྱང་། །དྲི་མེད་དྭངས་གསལ་ངོས་ཡངས་རབ་བརྒྱུད་ནས། །ཟླ་རྒྱས་དཀྱིལ་འཁོར་ལྷུན་པོའི་ལྷོ་ནས་ཤར། །ལྷག་བསམ་ཟླ་ཟེར་འཕྲོ་བཞིན་པད་ཚལ་འཁོར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གཞིག་བྲལ་རི་མོ་གཡས་འཁྱིལ་ཡུན་རིང་བརྟན། །སྙིང་རྗེ་སྟོང་ཉིད་ཟུང་གིས་ལེགས་བསྐྲུན་ནས། །འདབ་ལྡན་མཁའ་ལྡིང་རིག་པ་རྒྱ་ཡན་འཕུར། །ཡང་ཅིག་འོད་མདངས་ནམ་མཁའ་ཤར་བའི་དབུས། །མཁའ་འགྲོ་མཆེད་ལྔས་རིན་ཆེན་སྣ་ཚོགས་ཕུལ། །སྔར་མེད་རྣམ་ཐར་རྒྱལ་སྲས་ནོར་བུའི་མཛོད། །ལ་འགྲན་བང་མཛོད་ནོར་བུ་ཀེ་ཏ་ཀ །ངེད་རྣམས་

p. 753

གསོས་སུ་རྒྱལ་མཚན་རྩེར་འགོད་དགོས། །ལན་ཅིག་གསུངས་ནས་གངས་ཀྱིས་མགུལ་ལ་ཐིམ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འདས་དང་མ་འདས་ལྷ་རྣམས་ཐམས་ཅད་ཀྱིས། །དོན་གྱི་རི་མོ་ཡང་ཡང་བསྐུལ་ནས་ཀྱང་། །འཛམ་གླིང་རྒྱན་ཕྲེང་ནོར་བུ་རིན་པོ་ཆེ། །སྐྱེས་མཆོག་དམ་པའི་དུང་ཕྲེང་དབུས་ནས་ཕྱུང་། །མ་འོངས་འགྲོ་བའི་དོན་དུ་སྤེལ་འཚལ་ལོ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཚོགས་གཉིས་བདེ་བླག་རྫོགས་པའི་འབྲས་བུ་ལ། །འགྲོ་དྲུག་རང་རང་སྐད་ཀྱི་བརྡ་ལ་ཤེས། །རང་རང་གནས་ནས་ཐལ་མོ་སྙིང་ཁར་ཟུམ། །སྨིན་གྲོལ་ས་ལ་འགོད་པའི་རྟེན་འབྲེལ་ཤར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བཀྲ་ཤིས་དོན་གྱི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས། །རིག་པ་ཀློང་ཡངས་མཁའ་ལྡིང་ཞོན་ནས་ཀྱང་། །འབྲས་བུ་སྐུ་གཉིས་གཤོག་པ་རབ་བརྒྱངས་ནས། །དོན་གཉིས་འབྲས་བུ་སྟེར་བཞིན་བྱང་དུ་འཕུར། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གནས་མཆོག་ངེས་མེད་རི་ཀླུང་དགའ་ཚལ་དུ། །ཉམས་ཀྱི་སྣང་

p. 754

བ་འཕྱོ་ཞིང་གཡོ་བའི་ཚེ། །དོན་ཡོད་གྲུབ་པ་ལ་སོགས་སྲས་བཅས་རྣམས། །མ་ལུས་ལུས་པ་མེད་པའི་ཞལ་མཇལ་ནས། །ཉོན་མོངས་འདོད་གདུངས་ཚ་བས་མྱོས་པ་རྣམས། །བྱིན་རླབས་ཆོས་ཀྱི་ཆར་བས་བརླན་བྱས་ནས། །ཕྱོགས་དང་རིས་མེད་འགྲོ་རྣམས་བདེ་སྐྱིད་བྱུང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ནུབ་ཕྱོགས་རྨ་ཆེན་འཁོར་བཅས་བསུ་རུ་འོངས། །ཁྱུང་གིས་བཏེག་འདྲའི་རི་བོའི་མགུལ་ཞིག་ནས། །རྡོ་རྗེའི་ཏིང་འཛིན་ལྟ་བུའི་འོད་གསལ་ངང་། །ཉིན་མཚན་བཞུགས་པའི་ནུབ་ཅིག་མནལ་ལམ་དུ། །རྗེ་བཙུན་འཕགས་མ་ནམ་མཁར་ཕེབས་ནས་ཀྱང་། །ཆོས་འཁོར་རིམ་པ་མཐའ་མ་བོད་ནས་བསྐོར། །ཞེས་གསུངས་ཐུགས་ཀྱི་ཀློང་དུ་ངེས་སིམ་ཞིག །བརྡ་དོན་དྲན་པས་ཐུགས་ཡིད་བོད་ལ་ཆས། །ཐུགས་ཡིད་རབ་དཀར་གཡུ་འབྲུག་ལྟོ་བས་བཅད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ནུབ་ཕྱོགས་སྣང་མཐའི་གཙོ་བྱས་ནམ་མཁར་བྱོན། །སངས་རྒྱས་གྲངས་མེད་དཔག་ཏུ་མེད་པས་བསྐོར། །ཞལ་གཟིགས་བྱུང་བ་གྲངས་འདས་བརྗོད་མི་ལངས། །ནམ་མཁར་འོད་ཕུང་འཁྱིལ་ནས་ནུབ་ཕྱོགས་གཤེགས། །རྗེ་བཙུན་

p. 755

ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཆོས་སྡེ་དུང་འཁྱིལ་དཀར་མོའི་འགྲམ་རོལ་ནས། །གཡོ་བྱེད་རླུང་གིས་རྟ་བདུན་འཆར་ཕྱོགས་དྲངས། །གཡོ་མེད་རིག་པ་ཕྱོགས་ཀུན་ལྟ་བཞིན་དུ། །རིགས་བདག་ཐོད་དཀྲིས་དབུས་ལ་དཀྱིལ་འཁོར་འཁོད། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཤར་ཕྱོགས་རྡོ་རྗེ་སེམས་དཔའ་དབུས་བཞུགས་ནས། །སྒྲིབ་བྲལ་མཁའ་ལ་སྐར་ཚོགས་ཤར་བ་བཞིན། །གྲངས་མེད་འདས་པའི་ཞལ་གཟིགས་དཔག་མེད་བྱུང་། །དེ་རྣམས་བརྗོད་ཀྱང་ཕ་མཐའ་གཞལ་དཀའ་བའི། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཤར་ཕྱོགས་ཙན་དན་ནགས་ཀྱི་ཚལ་ཤེད་ནས། །ལྷོ་ཕྱོགས་གཡུ་འབྲུག་ལྟོ་ལ་འཁོར་བཞིན་འབབ། །ལྷོ་ངོས་དར་དཀར་དྲི་མེད་ལྡིང་ཁང་ནས། །སེང་གེའི་ཁྲིས་བཏེག་པདྨ་འབུམ་བརྡལ་དབུས། །རིན་འབྱུང་ལ་སོགས་ཁྲོ་བོ་ཁྲོ་མོའི་ཚོགས། །རྡུལ་གྱི་གྲངས་བཞིན་སྣང་ཡུལ་གང་བ་གཟིགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྗེ་བཙུན་ལྷ་མོས་བརྡ་སྤྲད་ཡིན། །སྟོད་སྨད་ཡོངས་ལ་མགུར་དབྱངས་ལེན་

p. 756

བཞིན་དུ། །སྐུ་གསུང་ཐུགས་རྟེན་བཞེངས་དང་དགོན་སྡེ་གསོས། །ལན་ཅིག་མ་ཡིན་ཡང་ཡང་ཕྱག་ནས་འཐོར། །མ་དག་དག་ཞིང་དག་པ་རབ་འབྱམས་ངང་། །ལྷ་རྣམས་འབྱོན་བཞུགས་མ་ལུས་ས་ལེར་གསལ། །གསང་བའི་རྟོགས་མཐའ་བརྗོད་ལས་འདས་པ་བྱུང་། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མ་ལུས་འགྲོ་རྣམས་སྙིང་རྗེའི་ཡུལ་བྱས་ནས། །རྡོ་རྗེའི་སེམས་དཔའི་སྣང་ཆའི་ངང་ཉིད་དུ། །སྟོབས་ལྡན་གཙུག་ཏུ་གདན་མཆོག་དྲི་མེད་འཁོད། །སྐུ་ཡི་དཀྱིལ་འཁོར་རྒྱ་ཡིས་ལེགས་བསྡམས་ནས། །འོད་གསལ་ངང་ལ་འཁོར་མོ་ཡུག་ཏུ་བཞུགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསུང་གི་སྤྲོ་བསྡུཋཏནཙན། འོངས། །བྱར་མེད་བློ་འདས་ཆོས་སྐུའི་དགོངས་པར་བཞུགས། །ཆོས་ཟད་བློ་འདས་ཐིག་ལེ་འབྲལ་མེད་འཆར། །མཐར་ཕྱིན་ཉམས་འདས་པ་ལ་གཤིས་ལུགས་རྫོགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསེར་ལྗོངས་རྒྱ་མཚོའི་ལྟོ་བར་ནོར་བུ་བཀོད། །གསུང་གི་བྱིན་རླབས་འོད་ཟེར་སྤྲོ་བཞིན་དུ། །དྲི་མེད་དུང་ལ་རི་མོ་སྣ་ཚོགས་བཀོད། །

p. 757

གཞི་ཅན་གསུང་གིས་བརྡ་དག་ངེས་མེད་བསྟན། །སྣང་བ་རེས་བསྒྱུར་རེ་འགའ་དད་པ་བྱུང་། །འདབ་མ་ཆོས་འཁོར་ཟུམ་ནས་གསོལ་བ་བཏབ། །ཉི་མའི་དཀྱིལ་འཁོར་སྤྲིན་གྱི་ཡོལ་བ་བསལ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསང་བ་གསུམ་གྱི་ཡོན་ཏན་བརྗོད་དཀའ་བས། །ཅུང་ཟད་མདོར་བསྡུས་མཁའ་འགྲོའི་ཀློང་དྲངས་པ། །དད་གུས་ཕྱག་རྒྱས་མི་ཤིགས་ཐོད་དུ་འཆངས། །རང་བཞིན་བརྗོད་བྲལ་གཉུག་མའི་དོན་རྟོགས་རྣམས། །ཟབ་དང་རྒྱ་ཆེ་དགོངས་པའི་ཡང་ཟབ་ལ། །བླ་མའི་གསང་གསུམ་རྟོགས་བརྗོད་རྟོགས་པར་དཀའ། །འདི་དག་ངེས་དོན་ཚིག་གིས་དྲངས་པའོ། །རྗེ་བཙུན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཆོས་དབྱིངས་མཁའ་ཁྱབ་ཏིང་འཛིན་ཆེན་པོ་དང་། །མི་གནས་ཡེ་ཤེས་བུམ་སྐུའི་རང་ཞལ་དུ། །ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་པའི། །མཐར་ཐུག་སྐུ་གཉིས་འབྲས་བུ་གཡུར་ཟ་ཤོག །གངས་ཅན་ཡུལ་ལ་བདེ་སྐྱིད་གསར་བྱུང་ནས། །མི་འདོད་ཉེར་འཚེ་གང་ཡོད་རབ་ཞི་ནས། །རྫོགས་ལྡན་གསར་བའི་དུས་བཞིན་བདེ་ལེགས་

p. 758

རྣམས། །འབད་མེད་གང་བསམ་འགྲུབ་པའི་བཀྲ་ཤིས་ཤོག །སྔོན་གྱི་སྨོན་ལམ་གྱི་མཐུ་ལས་སྒྲིབ་བྲལ་དག་པའི་དབྱིངས་སུ་འགྱུར་མེད་འོད་མདངས་གསལ་བ་རྗེ་བཙུན་ལྷ་མོའི་ཐུགས་ཀྱི་དགོངས་པའི་ཡང་ཟབ་ལས་རང་ཤར་བ་བརྡ་ཚིག་གིས་སྐྱེས་མཆོག་དམ་པའི་གསང་བ་ལྐོག་གྱུར་གྱི་གཞི་དབྱིངས་འགྱུར་མེད་རྒྱ་མཚོའི་རྟོགས་བརྗོད་འདི་ཡང་རིགས་རུས་བུ་རྒྱུད་གངས་ཅན་གནས་པ་རྣམས་ཀྱི་ཐུགས་ལ་སིམ་ཞིག ། ཨ་ཧོ་ཡེ། སྤྲོས་བྲལ་གཉུག་མའི་རང་མདངས་འགོག་མེད་ཀྱི་ངང་ནས། །སྣང་སྲིད་གཞིར་བཞེངས་རྗེ་བཙུན་བླ་མ་ཡི་ཞལ་རས། །རྩོལ་སྒྲུབ་མི་དགོས་ཅོག་བཞག་ལྷུག་པ་རུ་བསྟན་ནས། །བརྗོད་བྱའི་ཆོས་ཉིད་རྗོད་བྱེད་བརྡ་ཚིག་ལ་དྲངས་ཏེ། །སྣང་སྲིད་ཀུན་གསལ་ཡེ་ཤེས་མེ་ལོང་གི་ངོས་ན། །སྣང་ཆ་འགོག་མེད་རང་ཆས་ལྷུན་གྲུབ་ཏུ་གསལ་བའི། །སྣང་སྟོང་སྒྱུ་མའི་གར་མཁན་བླ་མ་རྗེའི་རྟོགས་བརྗོད། །སྣང་བ་བདེན་མེད་རིག་རྩལ་གུ་ཡངས་ཀྱི་ངང་ནས། །མ་འོངས་བསྟན་དང་འགྲོ་བའི་ཉེར་འཚོ་ཡི་གཞི་དང་། །ད་ལྟའི་རང་རེའི་མཆེད་ལྕམ་བུ་སློབ་ཀྱི་ཚོགས་ལ། །སྨན་

p. 759

པའི་ལྷག་བསམ་འོད་དཀར་ཕྲེང་བ་དེ་འགྱེད་བཞིན། །དྲི་མེད་དུང་ཤོག་ངོས་ལ་སུག་བྲིས་སུ་བགྱིས་ནས། །མི་ཕྱེད་དད་པ་ཐོད་དུ་འཆང་བ་ཡི་ཚོགས་ལ། །འཕངས་པ་མེད་པར་གཏན་མེད་མཆོད་སྦྱིན་དུ་འབུལ་ལོ། །སྐལ་མེད་ལོག་རྟོག་དྲ་བར་ཚུད་པ་ཡི་ཚོགས་ལ། །བསྟན་ན་སྙིང་ཁྲག་ཚེ་རིང་མཆེད་ལྔ་ཡིས་རོལ་ཅིག །འདི་ལས་བྱུང་བའི་དགེ་ཚོགས་ཟླ་ཤེལ་གྱི་སྤུ་ལོང་། །ལས་ལྡན་སྐྱེ་དགུའི་ཀུ་མུད་དོ་ར་རུ་ལྷུང་མཐུས། །ཚོགས་གཉིས་འདབ་སྟོང་གེ་སར་ཕྱོགས་བརྒྱ་རུ་བཞད་ནས། །སྐུ་གཉིས་སྦྲང་རྩི་འཕྱུར་བའི་ཡིད་སྨོན་ཞིག་འཆའ་འོ། །རྨད་བྱུང་མཛད་བཟང་མནྡ་ར་བ་ཡི་ཕྲེང་བ། །གང་གི་མགུལ་། བའི་རྒྱན་དུ་འཆིང་བ་ཡི་ཚོགས་ལ། །ཆོས་དང་དགེ་ལེགས་འདོད་དགུའི་དཔལ་འབྱོར་གྱི་ཚོགས་རྣམས། །འབད་མེད་དབྱར་མཚོ་ལྟར་འཕེལ་བཀྲ་ཤིས་རང་ཤོག་ཤོག །ཅེས་སྐྱབས་གཅིག་འཁོར་ལོའི་མགོན་པོ ༧ ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་མི་ཟད་རྒྱན་གྱི་འཁོར་ལོ་ལས་འཕྲོས་པའི་རྟོགས་བརྗོད་མནྡ་ར་བའི་ཕྲེང་བ་དེ་ཁོ་ན་ཉིད་སྣང་བ་

p. 760

འཕགས་མའི་ཞལ་ལུང་ཞེས་བྱ་བ་འདིའི་ལོ་རྒྱུས་མདོ་ཙམ་བརྗོད་ན། དེ་ཡང་སྐྱབས་གཅིག་འཁོར་ལོའི་མགོན་པོའི་ཐུགས་སྲས་ཀྱི་ཐུ་བོ་ཀུན་སྤངས་པ་ཆེན་པོ་ཀུན་བཟང་སྙན་གྲགས་རིན་པོ་ཆེ་དེ་ཉིད་སྔོན་གྱི་སྨོན་ལམ་དང་ཚོགས་གཉིས་རླབས་པོ་ཆེ་སྤྱད་པའི་འབྲས་བུ་དུས་སུ་སྨིན་ཅིང་སྐྱབས་རྗེའི་སྙིང་རྗེ་བྱིན་རླབས་ང་ལ་སིམ་པའི་མཐུ་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་གསལ་བར་གཟིགས་པའི་སྣང་གསལ་པྲ་ཡི་དངོས་གྲུབ་ཐོབ་པ་ལ་ངོ་མཚར་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་རྙེད་པ་ལ་བརྟེན་ནས། རབ་ཡིད་ཤིང་ཡོས་ལོར་ཀུན་སྤངས་པ་ཆེན་པོ་བླ་མའི་གདན་སར་ཕེབས་སྐབས་གང་གི་བཀའ་འབངས་ཀྱི་ཐ་ཤལ་བ་སངས་རྒྱས་རིན་ཆེན་གྱིས་ཀུན་རྟོག་གི་རི་མོར་ཤར་བ་བཞིན་གསང་བའི་རྟོགས་བརྗོད་གཟིགས་པར་གསོལ་བ་བཏབ་པས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ། སླར་མེ་འབྲུག་གནམ་། ལོའི་རང་ཞལ་གསར་དུ་ངོམ་པའི་དགའ་བ་དང་པོའི་ཚེས་ལ་དབུ་བཙུགས་ཤིང་། གནམ་ལོའི་རང་ཞལ་ངོམ་པའི་དགའ་སྟོན་རྩེ་དགའ་ལ་རོལ་པ་ནས་བླ་མའི་བཀའ་བཞིན་སྒྲུབ་པའི་དགེ་སློང་དཔལ་རི་པ་ངག་དབང་

p. 761

བསྟན་རྒྱས་ནས་ཀྱང་ཆ་རྐྱེན་སྦྱར་ཞིང་། །པར་རྐོན་ངག་དབང་བསྟན་འཛིན་ནས་ཀྱང་མཚམས་མལ་གསོལ་བ་བཏབ་སྟེ། དད་དམ་ལུ་གུ་རྒྱུད་དུ་སྦྲེལ་བའི་ངང་ནས་ངོ་མཚར་བའི་རྟོགས་བརྗོད་དྭངས་ཤེལ་མེ་ལོང་གི་ངོས་ན་ཀུན་སྤངས་པ་ཆེན་པོའི་སྤྱན་ལམ་དུ་མངོན་པར་བཀྲ་བ་ཇི་ལྟ་བ་བཅོས་བསྒྱུར་གྱིས་མ་སླད་ཅིང་ཆད་ལྷག་མེད་པར་ཡི་གེ་ལམ་དུ་འགོད་པ་དང་ཀླད་ཀྱི་མཆོད་བརྗོད་དང་མཇུག་གི་སྨོན་ཚིག་ཅུང་ཟད་དང་བཅས་པ་བུདྡྷཱ་རཏྣས་བགྱིས་ཏེ་མཉམ་མེད་བུ་རམ་ཤིང་པས་བདེན་བཞིའི་ཆོས་འཁོར་བསྐོར་ནས་ཟླ་བའི་ཕུང་པོ་ཉིས་སྟོང་བདུན་བརྒྱ་གྱ་གཉིས་འདས་ཤིང་། རང་བྱུང་པདྨ་སཾ་བྷ་ཝ་ཀོ་ཤའི་མཚོ་དབུས་མཚན་དཔེའི་གཟི་བྱིན་ངོམ་ནས་ཉིས་སྟོང་བདུན་བརྒྱ་སོ་གཉིས་འཁོར་བའི་མགོན་པོ་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་གཟིམས་ནས་བགྲང་བྱ་ལྔ་འདས་པ་མཆུ་ཟླའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ་རྟ་བདུན་དབང་པོ་ཆུ་སྲིན་གྱི་ཁྱིམ་ན་རྒྱུ་ཞིང་བསིལ་ཟེར་ཅན་སྐག་གིས་ཉ་བའི་ཚེས་ལ་འགྲུབ་པར་བགྱིས་པ་སརྦ་ཛ་ག་ཏཾ།།

གྲུབ་པའི་དབང་ཕྱུག་དམ་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་པར་ཐར་བ་སྙིང་བོར་དྲིལ་བ་སྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན།

p. 762
p. 763

༄༅། །གྲུབ་པའི་དབང་ཕྱུག་དམ་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་པར་ཐར་བ་སྙིང་བོར་དྲིལ་བ་སྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན་ཞེས་བྱ་བ་བཞུགས་སོ།།

p. 764

དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །དོན་གཉིས་ལྷུན་གྲུབ་སྟོབས་བཅུའི་དཔལ་ལྡན་རྣམ་འདྲེན་ཡང་དག་རྫོགས་སངས་རྒྱས། །བདེན་གཉིས་ངོ་བོ་ཉོན་མོངས་གདུང་སེལ་ཆགས་བྲལ་བསྟན་པ་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་གཉིས་ལྡན་འཕགས་པའི་དགེ་འདུན་འགྲོ་ཀུན་སྐྱབས་ཀྱི་མཆོག །སྐྱབས་གནས་བསླུ་མེད་དཀོན་མཆོག་གསུམ་གྱི་དགེ་མཚན་རྒྱ་མཚོས་ཤིས་པ་སྩོལ། །ངོ་བོ་གདོད་ནས་སྤྲོས་བྲལ་ཆོས་སྐུ་འཕོ་འགྱུར་མེད། །རང་བཞིན་ལྷུན་གྲུབ་མ་འགགས་འོད་

p. 765

གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུས་འགྲོ་བའི་དོན་མཛད་པའི། །བརྒྱུད་པ་དགུ་ལྡན་བླ་མ་རྣམས་ཀྱིས་འགྲོ་འདི་སྲུངས། །རབ་འབྱམས་བདེ་གཤེགས་རྒྱལ་བའི་མཚན་དཔེའི་གཟུགས། །རབ་དྭངས་སེམས་ཀྱི་ཨ་དརྴ་ཡི་ངོས། །རབ་མཛེས་སྣང་བརྙན་འགོག་མེད་ཅིག་ཅར་དུ། །རབ་ཤར་དྲིན་ཅན་བླ་མར་སྙིང་ནས་འདུད། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ལམ་བཟང་སྒོས། །ཚེ་གཅིག་གྲུབ་རྙེས་ཨ་ཏིའི་རྣལ་འབྱོར་བ། །འབྲེལ་ཚད་དོན་ལྡན་ཧེ་རུ་ཀདཔ་ལ་མཆོག །

p. 766

ནམ་མཁའ་འཇིགས་མེད་འགྲོ་ཀུན་གཙུག་ན་མཛེས། །གང་དེའི་མཛད་ཕྲིན་མ་དྲོས་ཆུ་གཏེར་ལས། །བདག་བློས་གང་དཔོག་ཉལ་འགྲོའི་རྒྱུན་ཆེན་པོ། །རྣམ་དཔྱོད་ཡུར་བའི་ལམ་ནས་རབ་དྲངས་ཏེ། །སྐལ་བཟང་དད་པའི་འཛིན་མར་དེང་འདིར་འགྱེད། །རྣམ་མང་འགྲོ་བའི་མགོན་དེའི་ཞབས་ཀྱི་པད། །རྣམ་ཀུན་དད་པས་བསྟེན་མཛད་སློབ་མ་དང་། །རྣམ་དག་ལྷག་བསམ་དག་པའི་ཆོས་སྒོ་རུ། །རྣམ་དཀར་བག་ཆགས་འཇོག་རྣམས་གུས་པས་ཉོན། །དེ་ཡང་སྙིགས་དུས་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་རྣམ་

p. 767

གྲོལ་མགོན་པོའམ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཅེས་གྲགས་པའི་མཚན་སྙན་བ་དན་དཀར་པོ་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་འདི་ཉིད་ཀྱི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་རང་བློས་གང་དཔོག་གྲོང་ཚིག་གི་ལམ་ནས་འགོད་པར་བྱེད་པ་ལ། གང་སྔོན་གྱི་མཐའ་མི་དམིགས་པ་ནས་སྙིང་རྗེ་ཆེན་པོ་ཤུགས་དྲག་ཏུ་གོམས་པའི་ཡིད་བསྐྱོད་པའི་བདག་ཉིད་ཆེན་པོ་རྣམས་ནི། སྤྱན་དང་མངོན་ཤེས་ཀྱིས་འགྲོ་ལ་རྟག་ཏུ་གཟིགས་ཤིང་། དེའི་མོད་ལ་ཡིད་ཅན་མ་ལུས་པ་འཁོར་

p. 768

བའི་མེ་འོབས་སུ་ལྷུང་བ་རྣམས་ཀྱི་དོན་དུ་དམྱལ་བའི་མེ་དོང་ཡིན་ཡང་འདོད་ལྡན་པད་མའི་ཚལ་ཏུ་རྒྱུ་བ་ལྟར་ཡིན་ལ། ངེས་པའི་དོན་དུ་ཡེ་གདོད་མ་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་བདེ་བ་ཆེན་པོ་གཞོན་ནུ་བུམ་སྐུའི་བདག་ཉིད་ཅན་ནམ། གདོད་མའི་མགོན་པོ་དཔལ་ཧེ་རུ་ཀ་སོགས་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་བཞེངས་ནས། ཡེ་ཤེས་རང་སྣང་གི་འཁོར་མུ་མཐའ་མེད་པའི་དབུས་སུ་དུས་བཞི་འཕོ་འགྱུར་མེད་པར་བཞུགས་པ་ལས་མ་གཡོས་བཞིན་ཏུ་གཞན་ཕན་གྱི་སྤྲོས་པ་རྨད་དུ་བྱུང་བའི་རྫུ་འཕྲུལ་བསམ་ཡས་སུ་འགྱེད་པར་མཛད་པའི་ཕྱིར་ན་སྤྱིར་སྤྲུལ་པ་ལའང་སྐུ་སྐྱེ་སྔ་ཕྱི་བསྟར་ཆགས་སུ་འབྲེལ་བའི་སྤྲུལ་པ་དང་། དུས་གཅིག་ཏུ་སྤྲུལ་པའི་སྤྲུལ་བ་དང་། བྱིན་གྱིས་བརླབས་པའི་སྤྲུལ་པ་སོགས་འབྱུང་ཞིང་། དེ་དག་ཀྱང་མཐའ་གཅིག་ཏུ་མ་ངེས་པ་ཆུ་སྣོད་སོ་སོར་ཟླ་བའི་གཟུགས་བརྙན་དེ་སྙེད་དུ་འཆར་བ་ལྟར་ཕ་མཐའ་ཚད་བཟུང་དང་བྲལ་བར་མ་ཟད་རྗེ་འདིའི་སྐུའི་སྐྱེ་སྤྲུལ་ཡང་འདི་དང་འདིའོ་ཞེས་རང་མཉམ་གྱིས་བློས་དཔག་པར་མི་ནུས་ཤིང་། སྐུ་ཕྲེང་གོང་

p. 769

མའི་འཁྲུངས་རབ་སོགས་བརྗོད་བྱའི་ཡུལ་ལས་འདས་པས་རེ་ཞིག་བཏང་སྙོམས་སུ་བྱས་ཏེ། ད་ལྟའི་རང་ཅག་རྣམས་ཀྱི་མགོན་དུ་བསམ་བཞིན་དུ་བྱོན་པའི་སྐུ་ཐོག་འདིའི་རྣམ་ཐར་མདོར་བསྟན་ཞིག་འཆད་པ་ལ། ས་བཅད་བདུན་ཏེ། དེ་ཡང་དང་པོར་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱི་འཁྲུངས་ཡུལ་དང་དེ་རུ་འཁྲུངས་ཞེས་དམ་པ་གོང་མས་ལུང་བསྟན་པའི་ཚུལ། གཉིས་པ་རིགས་རུས་ཀྱི་ཁུངས་མཆེད་ཇི་ལྟར་བལྟམས་པ་དང་། གཞོན་ནུ་རོལ་རྩེད་དང་འབྲེལ་བར་དགྲ་གཉེན་རིས་སུ་བཅད་པའི་མཛད་པ་གྱ་མ་དོ་ཕྲར་བསྟན་ཚུལ། གསུམ་པ་སྡུག་ལྡན་འཁོར་བའི་ཉེས་དམིགས་གཟིགས་ནས་ངེས་འབྱུང་གི་རྒྱུད་བསྐུལ་ནས་འདིར་སྣང་ཕུན་ཚོགས་བློ་ཡིས་བཏང་ཤིང་མཚན་ལྡན་བླ་མ་བསྟེན་ནས་ཟབ་རྒྱས་ཆོས་ལ་ཐོས་བསམ་གནང་སྟེ་བསགས་སྦྱང་གི་རིམ་པ་ལ་ནན་ཏན་མཛད་ཚུལ། བཞི་པ་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་ཤིང་ཐོས་བསམ་སྒོམ་གསུམ་ལ་བརྩོན་པས་ཉམས་རྟོགས་ཐུགས་ལ་འཁྲུངས་ནས་དག་པའི་སྣང་བར་བླ་མ་ལྷ་ཡི་ལུང་བསྟན་ཐོབ་པ་ལྟར་དབུས་གཙང་དག་པའི་ཞིང་དུ་ལན་གཉིས་

p. 770

ཕེབས་ནས་གདུལ་བྱའི་འགྲོ་ལ་ཆོས་ཆར་ཕབ་ཚུལ། ལྔ་བ་ལུང་བསྟན་བཞིན་ཁྱུང་དགོན་ནས་སྒར་གཞི་བཟུང་སྟེ་འགྲོ་བ་ཡོངས་ཀྱི་མཆོད་པའི་ཞིང་དུ་རྟེན་བཞེངས་སོགས་གྲུབ་ནས་བསྟན་པ་ལ་བྱ་བ་བྱས་ཚུལ། དྲུག་པ་རིས་མེད་ཀྱི་གདུལ་བྱ་རྣམས་ལ་འགྲོ་དོན་ཕྱོགས་མེད་དུ་གནང་ནས་ཆོས་རྒྱུན་མང་པོ་བཙུགས་ཤིང་གསང་སྔགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཚུལ། བདུན་པ་འགྲོ་དོན་ལེགས་པར་གྲུབ་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་ལོ། །དང་པོ། གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་གྱི་འཁྲུངས་ཡུལ་དང་དེ་རུ་འཁྲུངས་ཞེས་དམ་པ་གོང་མས་ལུང་བསྟན་པའི་ཚུལ། དེ་ཡང་མདོ་སྨད་ས་ཡི་ཐིག་ལེ་རེབ་གོང་སྟོད་ཀྱི་སའི་ཆ་གྲུབ་གནས་བརྒྱད་ཀྱི་ནང་ཚན་སྤྱང་གི་རྭ་རྩེ་རྫོང་ཡིག་མཁན་ཉེ་གནས་འུར་བ་གྲུབ་པ་ཐོབ་པའི་གནས་ཀྱི་བྲག་ངོས་ན། ༀ་ཨཱཿཧཱུཾ། སོགས་ཡི་གེ་རང་བྱོན་དང་ལྷའི་དཀྱིལ་འཁོར་སོགས་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་རང་བྱོན་གོང་མའི་ཕྱག་ཞབས་ཀྱི་རྗེས་དང་ཕྱག་ཁར་བཙུགས་ཤུལ་སོགས་གསལ་བར་བཞུགས་

p. 771

པའི་གནས་མཆོག་ཆེན་པོ་དེའི་ཉེ་འདབས། གནས་བདག་དགེ་གཉེན་ཆེན་པོ་བྱིའུ་བྲག་ནག་ཟོར་ཞེས་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཆེན་པོ་དེ་ཉིད་ཀྱིས་བསྲུང་བའི་ཡུལ། ཁང་ས་ཞིང་ས་ཁང་ཤིང་འབུད་ཤིང་། མཆིག་རྡོ་བརྩིགས་རྡོ། གམ་འབྲོག་རྒྱངས་འབྲོག །ཡུར་ཆུ་བསྐོར་ཆུ་སྟེ། ས་ལ་དགེ་བཅུ་ཚང་པའི་ཡུལ་གྲུ་ཆེན་པོ་དེར་སྔ་རབས་པའི་གཏམ་དཔེ་ལ། སྟོད་ལྷ་ཆེན་ཁམས་པ་སྨན་གྱི་ལྗོངས། །སྨད་ཀླུ་ཆེན་དཀར་རྒྱལ་ཆར་གྱི་ལྗོངས། །བར་བཀག་ནགས་ཡིད་བཞིན་ནོར་བུའི་ལྗོངས། །ཞེས་པ་ལྟར་སྟོད་སྨད་ཀུན་ན་སྨན་ཤིང་མེ་ཏོག་འབྲས་བུ་ཤིང་ཐོག་ལོ་འབྲས་སོགས་ཚར་དུ་དངར་བའི་ཡུལ་བཟང་པོ་སྤྱང་ལུང་ཞེས་ཡོངས་སུ་གྲགས་པ་དེ་ཉིད། དམ་པ་གོང་མའི་ལུང་གིས་ཟིན་ཏེ། རིག་འཛིན་ཆེན་པོ་དཔལ་ལྡན་བཀྲ་ཤིས་རིན་པོ་ཆེས། དེ་ལ་མདོ་སྨད་ཁམས་ཀྱི་ཆར་གཏོགས་པ་སྦས་པའི་ལུང་ཆེན་རེབ་གོང་གསེར་མོ་ལྗོངས་ཞེས་བྱ་བའི་ཡུལ་ཕྱོགས་འདི་ལ། སྔོན་གྱི་དུས་སུ་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱི་དགོངས་པ་གཏད་ཅིང་ཏིང་ངེ་འཛིན་གྱིས་དྲོད་ཕབ། སྤྲུལ་བ་

p. 772

བཀྱེས་ཏེ་ལྷ་སྲིན་དམ་ལ་བཏགས། སྤྲུལ་པའི་རིག་འཛིན་བརྒྱད་ཀྱིས་གྲུབ་རྟགས་བསྟན་ཅིང་བྱིན་གྱིས་བརླབས། དེའི་ནང་ནས་ཁྱད་པར་དུ་གྱུར་བ། མཚོ་རུང་ཀླུ་སྨན་ཕྱུག་མོ་དང་གོང་གསང་ཨཀྵ་ལྷ་མོ་གནས་བདག་གི་ཚུལ་དུ་བཞུགས་ཤིང་། སེང་རི་དང་སྨན་རི་གཉིས་ཀྱིས་ཕྱོགས་བསྟན་པའི་གནས་འདི་ཉིད། གནས་མཆོག་ཁམས་གྱི་སེང་བྲག་ཏུ། །མ་སངས་གཡའ་སྤང་དམ་ལ་བཏགས། །ཞེས་བྲག་སེང་གེ་འདི་ཡང་མིང་དོན་མཐུན་ཞིང་མ་སངས་རྡོ་རྗེ་ལེགས་པ་དང་། འཁོར་གཡའ་སྤང་སྐྱེས་གཅིག་གི་སྨན་མོ་མཆེད་བཞི་སོགས་མདོར་ན་ཡུལ་ཕྱོགས་འདིར་གནས་ཀྱི་ལྷ་ཀླུ་གཞི་བདག་འབྱུང་པོའི་རིགས་གྱུར་དམ་ལ་བཏགས་ཤིང་མ་འོངས་སྒྲུབ་པ་པོ་རྣམས་ཀྱི་བསྟན་པ་བསྲུང་བ་དང་གྲོགས་བྱེད་པར་གཉེར་དུ་གཏད། དེ་དག་གིས་ཀྱང་ཁས་བླངས་ཤིང་རྟེན་ཆགས་པའི་གནས་གོང་གསང་སེང་གེའི་རལ་པ། མི་འགྱུར་རྡོ་རྗེའི་ཕོ་བྲང་། མ་དང་མཁའ་འགྲོའི་ཚོགས་ཁང་། རྣལ་འབྱོར་ཡོངས་ཀྱི་བསྟི་གནས་འདིར་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་ཆེན་པོ་པད་མས་བྱིན་གྱིས་བརླབས། དེ་ནས་བར་སྐབས་སུ་འབྲི་

p. 773

གུང་བླ་མ་རིན་ཆེན་བཟང་པོ་དང་སྔགས་སྤྱོད་རིག་པ་འཛིན་པ་མཚོ་བཞིའི་དགེ་བའི་བཤེས་གཉེན་གྱིས་ཞབས་ཀྱིས་བཅགས་ཤིང་རིག་འཛིན་བརྒྱུད་པ་ས་ལ་བཞག །ཕྱི་དར་གྱི་དུས་སུ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། དེ་ཡང་སྦས་ཡུལ་འདིའི་ཕུ་མཐའ་སྨུག་རྫོང་དམར་ནས་མདའ་དགུ་ཆུ་འཁྱིལ་མོ་ཡན། ཤར་གཉའ་གོང་བྲག་དཀར་ནས་ནུབ་ཁྲི་ཁ་ལྷ་དཀར་ཚུན་ཆད་རེབ་གོང་གསེར་མོ་ལྗོངས་ཞེས་བྱ་བའི་གནས་འདིར་གྲུབ་པ་ཐོབ་པའི་རིག་འཛིན་ཆེན་པོ་དགུས་སྒྲུབ་པ་ཆེན་པོ་སྡེ་དགུའི་ལྷ་ཚོགས་ཞལ་གཟིགས་ཤིང་གྲུབ་པའི་རྟགས་མཚན་དུ་མ་བསྟན། དེའི་ནང་ཚན་དུ་གྱུར་པ་ཡུལ་གྱི་ལྷ་གཉན་ཆེན་པོ་སྟག་ལུང་ལྷ་རྒོད་མཐུ་ཆེན་དང་ལྷ་ལྕམ་གྱོ་མ་སྨན་མོ། བཀའ་སྲུང་ལྷ་ཀླུ་བདུད་བཙན་སོགས་རྟེན་ཆགས་པའི་རི་སྟག་ལུང་དཔལ་གྱི་རི་བོའི་སྒྲུབ་གནས་ཆེན་པོ་དང་འདབ་འབྱར་བའི་གནས། སེང་གེ་གནམ་ལ་འཕྱོ་འདྲའི་བྲག །གླང་ཆེན་བྲེས་ལ་ཉལ་འདྲའི་རི། གཡུ་ཡི་མཎྜལ་བཤམས་འདྲའི་མཚོ། ལྷོ་སྤྲིན་ས་ལ་

p. 774

བབས་འདྲའི་ནགས། ཡུལ་ལ་གཡང་ཆགས་ཤིང་དགེ་བཅུ་ཚང་བ། སྨན་ཤིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། བྱ་དང་རི་དྭགས་མང་པོ་རྩེད་འཇོ་བྱེད་པ། ཤར་ནུབ་གཉིས་ཀྱི་ཉི་ཟླའི་རྒྱུ་ལམ་རིང་བ། ཉམས་དགའ་ཞིང་བག་ཕེབས་པ། ཕྱོགས་མཚམས་ཀུན་ཏུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་འཁོར་འདྲའི་ས་དཔྱད་ཚང་བ། གནས་ཀྱི་ལྟེ་བ་སྤྱང་གི་རྭ་རྩེ་གསེར་གཞོང་མར་ཁུས་བཀང་འདྲའི་དཀྱིལ་ལམ། རུས་སྦལ་ཁོག་རྩེ་འདྲ་བའི་སྙིང་ཀའི་དམིགས་ལ་མ་ནོར་བ་ཀླུའི་སྙན་ཁུང་ལྟ་བུ་སྟེ། ཞེས་ཁྱུང་དགོན་གྱི་གནས་དང་སྤྱང་ལུང་གི་ཡུལ་སྤྱི་ཁྱབ་ལུང་བསྟན། གོའུ་སྡེའི་པཎ་སྔགས་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེས། ཁྱེད་ཀྱིས་ཁྲ་ཟེ་དཀར་ཟེ་དེེར། །གྲུབ་ཐོབ་བླ་མ་མང་དུ་བྱོན། །མ་སངས་གཡའ་སྤང་དམ་ལ་བཏགས། །གནས་རི་བྱིན་རླབས་གཏེར་ཁ་སྦས། །རྩེ་ན་ནོར་བུ་དབང་རྒྱལ་ཡོད། །ཡི་གེ་ཨེ་ཡིས་མཚན་པ་ཡོད། །མདའ་རུ་ཆུ་འབབ་རྒྱ་གྲམ་ཚུལ། །འདུ་མོ་རྫོང་ངམ་ལྷ་འདུ་རུ། །སྲིན་མོ་གན་རྐྱལ་བསྒྱེལ་ནས་བཏུལ། །སྲིན་མོ་གཟུགས་རྗེས་བབ་ནས་ཡོད། །ལྷ་སྲིན་དེར་འདུས་དམ་ལ་

p. 775

བཏགས། །པད་མ་རྒྱལ་པོའི་ཞབས་རྗེས་དང་། །རྫུ་འཕྲུལ་རྟ་བོའི་རྨིག་རྗེས་ཡོད། །དེ་དང་དེ་ཡི་རྟེན་འབྲེལ་གྱིས། །གྲུབ་པ་ཐོབ་པ་མང་དུ་ཡོང་། །ཞེས་པ་ལྟར་སྤྱང་ལུང་གི་འདབ། ལྷ་འདུ་ཐང་ཞེས་པར་ཕ་བོང་ཆེན་པོ་ཞིག་གི་སྟེང་ན། སྲིན་མོ་གན་རྐྱལ་ཉལ་འདྲའི་རྗེས། འཇིག་རྟེན་པའི་གེ་སར་ཉལ་ས་ཟེར་བ་དང་དེའི་ཉེ་ལོག་ན་ཞབས་རྗེས་དང་རྨིག་རྗེས་གསལ་པོར་ཡོད་དོ། །དེ་ལྟར་ལུང་གིས་ཟིན་པའི་ཡུལ་དེ་རུ་སྐྱེས་བུ་དམ་པ་འདི་ཉིད་འཁྲུངས་པར། ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་ཏེ། དེ་ཡང་ཇི་སྐད་དུ། མ་འོངས་མདོ་སྨད་ཁམས་ཞེས་བྱ་བ་ཡི། །ཆུ་བོ་རྒྱ་གྲམ་རྭ་མཚམས་ལྷ་འདུ་རུ། །པདྨ་ང་ཡིས་བྱིན་གྱིས་བརླབས་པའི་བུ། །སྣ་ནམ་སྤྲུལ་པ་ནམ་མཁའི་མིང་ཅན་འབྱུང་། །ཞེས་གསུངས་པ་ལྟར་ཆུ་བོ་ཕན་ཚུན་རྒྱ་གྲམ་དུ་འབབ་པའི་རྭ་མཚམས་ལྷ་འདུ་ཐང་ཞེས་པ་དང་། ཁད་ཤིན་ཏུ་ཉེ་བ་ན། འཁྲུངས་ཡུལ་བདེ་ཁ་ཟེར་བ་ཡོད་དོ། །དེར་མ་ཟད་རིག་འཛིན་དཔལ་ལྡན་བཀྲ་ཤིས་རིན་པོ་ཆེའི་ལུང་བསྟན་བརྡ་ཆོས་སྐོར་གསུམ་ལས། ལྕགས་བྱིའི་ཟླ་ཚེས་ལ་ཆོས་འཁོར་ལྷ་སར་

p. 776

བུ་མོ་གཉིས་ཀྱི་གཞར། ལྔ་བརྒྱ་དུས་ཀྱི་ཐ་མ་ན། །མདོ་སྨད་ཁམས་ཞེས་བྱ་བ་རུ། །པད་མ་དབང་གི་རྣལ་འབྱོར་བ། །སྡང་མིག་ཙམ་གྱིས་ཕས་རྒོལ་འཇོམས། །ཆོས་སྐྱོང་དམ་ཅན་དངོས་སུ་ཁུག །གསང་རྟགས་ཡི་གེ་ཨེ་ཡིས་མཚན། །པདྨའི་ཆོས་ལ་ལྷག་པར་གུས། །མི་དེ་དབང་ཆེན་དངོས་ཡིན་ནོ། །ཟེར། དེ་སྐབས་ཁོ་བོའི་བསམ་པ་ལ། བུ་མོ་གཉིས་ནི་ལྷ་ལྕམ་དང་མཚོ་རྒྱལ་གཉིས་ཀྱི་སྤྲུལ་པ་རེད། གླུ་འདི་བརྡ་ཆོས་ལྟ་བུར་འདུག་སྟེ་ཡིན་པ་ང་རང་གི་རྩ་བའི་བླ་མ་དེ་ཡིན་པར་འདུག་བསམ་གསུངས་པས། རྩ་བའི་བླ་མ་ནི་རྡོ་བྲག་རིག་འཛིན་ཆེན་པོ་དང་། གསང་རྟགས་ཡི་གེ་ཨེ་ཡིས་མཚན་ཞེས་དམ་པ་འདི་ཉིད་ཀྱི་གསང་རྡོར་ངོས་ན་ཨེ་ཡིག་ཡོད་པ་དང་ངོ་འཕྲོད་ཅེས་ཉིད་ཀྱི་ཞལ་ནས་གསུངས། གཞན་ཡང་ལུང་བསྟན་མང་དུ་ཡོད་པ་འོག་གི་སྐབས་ཐོབ་རྣམས་སུ་བྲི་བར་བྱའོ། །སྨྲས་པ། མ་འོངས་ལྐོག་གྱུར་རྗེན་པར་གཟིགས་པ་ཡི། །བླ་ཆེན་རྣམས་ཀྱིས་མགྲིན་གཅིག་བསྔགས་བརྗོད་ཚེ། །ཉམ་ཐག་འགྲོ་རྣམས་ལྟ་ཅི་ཚངས་དབང་ཡང་། །ཁེངས་པ་སྐྱངས་ཏེ་སྲི་ཞུ་བྱེད་ལ་བྲེལ། །དགེ་བཅུ་ཀུན་ཚང་ཀུན་གྱིས་

p. 777

སྨོན་པའི་ས། །དམ་པ་དུ་མས་ལུང་གིས་ཟིན་པའི་ཡུལ། །མ་གསོད་ཤུ་ལུ་འུར་བ་གྲུབ་པའི་གནས། །ལྷ་སྐུ་ཡིག་འབྲུ་རང་བྱོན་བསམ་འདས་གསལ། །དེ་ཡི་ཉེ་འདབས་སྤྱང་ལུང་ཞེས་གྲགས་པའི། །མདའ་རུ་ཆུ་བོ་རྒྱ་གྲམ་འབབ་པའི་སྟེང་། །ལྷ་འདུ་བདེ་ཁ་སོགས་ཀྱི་ས་རྟགས་ཀུན། །གསལ་པོར་མཐོང་ཚེ་ཡིད་ཆེས་དད་པ་རྙེད། །ཆོས་ཀྱི་མཐུན་རྐྱེན་ཚང་བའི་ཡུལ་དབུས་སུ། །ཆོས་ཀྱི་སྤྱན་ལྡན་དམ་པའི་ལུང་བསྟན་བཞིན། །ཆོས་པའི་གཟུགས་སུ་བསམ་བཞིན་སྐུ་འཁྲུངས་པ། །ཆོས་ཀྱི་བདག་པོ་ཉིད་ལས་གཞན་ན་སུ། །དེ་ལྟར་འཁྲུལ་མེད་རྡོ་རྗེའི་ལུང་། །ལུང་རིགས་རྟོགས་པའི་མེ་ལོང་དུ། །དུ་མར་ཤར་བའི་གཟུགས་བརྙན་ངོམ། །ངོམས་མེད་ལྟོས་ཤིག་སྐལ་ལྡན་ཀུན། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ། རིགས་རུས་ཀྱི་ཁུངས་མཆེད་ཇི་ལྟར་བལྟམས་པ་དང་། གཞོན་ནུ་རོལ་རྩེད་དང་འབྲེལ་བར་དགྲ་གཉེན་རིས་སུ་བཅད་པའི་མཛད་པ་གྱ་མ་དོ་ཕྲར་བསྟན་ཚུལ། དེ་ལྟར་ལུང་གིས་ཟིན་པའི་ཡུལ་སྤྱང་ལུང་ཞེས་པའི་ནང་ཚན་འབྲོ་ཚང་ཞེས་པ། རུས་ནི་

p. 778

བོད་ཀྱི་མིའུ་གདུང་དྲུག་ལས་འབྲི་ཞེས་པའི་རིགས་ཤིང་ལྕགས་ཁམས་པར་གཏོགས་ལ། དང་པོ་དབུས་ཀྱི་འབྲུག་པ་ལས་ཆད་པ་ཡིན་ཡང་ཟེར། བརྒྱུད་པ་ནི་རྒྱ་ནག་ཐོར་ཅོག་ཅན་གྱི་སྐྲ་རིང་ལ་མདོ་བའི་འབྲོ་ཚང་ལས་ཆད། སྤྱང་ལུང་ཆེན་ཧུ་གནམ་ལྷ་ཞེས་པའི་དཔོན་པོ་རྒྱ་ནག་ཐོར་ཅོག་ཅན་གྱི་གསེར་ཡིག་གསེར་ཐམ། ལས་ལྭ་ལས་ལྷམ་སོགས་གནང་ཡོད་པའི་རྩར་ཡོང་བའི་ཨ་མྱེས་མིང་ལ་འབྲོ་གཡོན་དམར་ཟེར་བའི་མི་བརྒྱུད་ཡིན་ལ། མདོ་བའི་འབྲོ་ཚང་ལ་འབྲོ་གྲུབ་ཆེན་ཟེར་བ་ཞིག་འཁྲུངས་པ་དེས་སྐབས་ཤིག་གཤིན་པོ་ཞིག་གི་པུར་བསྲེག་པའི་ཤིང་ཁྲི་བརྩིགས་པ་གཞན་གནས་བཟང་སར་སྤོ་དགོས་བྱུང་ཚེ་མ་བསྒལ་བར་གཟན་ལྕགས་གྱིས་བརྒྱབ་ནས་དེད་དེ་གནས་བཟང་སར་བསྐྱལ་བ་སོགས་གྲུབ་རྟགས་མང་པོ་བསྟན་པ་དེའི་ཕྱག་ཕུར་དེང་སང་ཧོར་འབྲོ་ཚང་ན་ཡོད་པ་དབྱར་སེར་བ་འགོག་དུས་བསྟན་པ་ཙམ་གྱིས་ཆོག་པ་དེའི་བརྒྱུད་པ་ལས་འབྲོ་ཚང་ལ་གྲུབ་ཐོབ་མང་པོ་བྱོན། དེར་མ་ཟད་འབྲོ་ཚང་འདིར་འབྲོ་དོན་གྲུབ་རྒྱ་མཚོ་ཞེས་རྨ་ཆེན་སྤོམ་རའི་ཞལ་གཟིགས་པ་རྒྱལ་དབང་བླ་སྨན་དར་མོ་སྨན་རམས་པ་ནས་ཞང་བློན་

p. 779

སྲོག་གཏད་ཐོབ་པ་དེའི་བརྒྱུད་པ་ལས་འབྲོ་ཚང་ལ་རྒྱ་ནག་གོང་མའི་ཕྱག་རྩ་ལྟ་བའི་སྨན་པ་ཞིག་གིས་མཚོན། སྨན་པ་བཟང་པོའི་བརྒྱུད་པ་བར་མ་ཆད་པ་བྱུང་། འབྲོ་གཅོད་པ་ཞེས་སོག་པོའི་རྒྱལ་པོ་ཆང་ཝང་གི་སྐུ་གེགས་ཟློག་པའི་གཅོད་པ་ཞིག་སྐྱེས་པ་སོགས་མཁས་བཙུན་བཟང་གསུམ་འཛོམས་པའི་ཆོས་པ་མང་པོ་བྱུང་སྟེ། འཇིག་རྟེན་པའི་ཁ་དཔེ་ལ། འབྲོ་དགེ་ཐམས་ཅད་ཉི་མ་ཡིན་ཟེར་སྐད། བརྒྱུད་པ་དེ་ལས་ཡབ་སྔགས་འཆང་བླ་མ་སྐྱབས་ཞེས་པ་སྐྱེ་སྒོ་དང་གཟུགས་བྱད་གཞན་ལས་ཁྱད་པར་དུ་འཕགས་པ་ལྷ་དང་བླ་མས་རྗེས་སུ་བཟུང་ཞིང་ཡི་དམ་ལྷའི་ཞལ་མཐོང་བའི་རྣལ་འབྱོར་བ་ཆེན་པོ་དེ་དང་། ཡུམ་ནི་ཚེ་ཡག་ཞེས་པ་འཇིག་རྟེན་པའི་བུད་མེད་ཀྱི་སྐྱོན་དང་བྲལ་བ། བསམ་པ་བཟང་ཞིང་ཆོས་ལ་དད་པ། ཌཱཀྐིའི་མཚན་རྟགས་ཚང་བ་དེ་གཉིས་འདུས་པའི་སྲས་སུ་སྲིད་པ་བཟུང་སྟེ་ལྷུམས་སུ་ཞུགས་པ་ན། ཡུམ་གྱི་ངོ་མཚར་བའི་རྨི་ལྟས་མང་པོ་དང་། ཡུམ་སྐུ་ལུས་བདེ་ཞིང་ཟོ་མདོག་བཟང་བ། དགེ་སྦྱོར་ལ་བརྩོན་ཁུལ་ཆེ་བ་སོགས་ཡ་མཚན་པ་བྱུང་། དེ་ནས་རབ་བྱུང་བཅུ་གསུམ་པའི་

p. 780

ནང་ཚན་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར་ད་ནའི་ཉི་མ་ལུང་ཞེས་མཚན་སྙན་པའི་འབྲོག་གི་སྦ་ཁྱིམ་ནས་གཟའ་སྐར་བཟང་པོའི་ཉིན་མོར་བྱེད་པ་དབང་ཕྱོགས་ལྷུན་པོའི་གཙུག་ཏོར་ལས་ཚེས་པ་དང་དུས་མཉམ་དུ་ཡུམ་གྱི་མངལ་ཁུར་ལས་གྲོལ་ཚེ་ངོ་མཚར་བའི་རྟེན་འབྲེལ་མང་པོ་འགྲིགས་ཏེ་ཡུལ་ལུགས་དང་བསྟུན་པའི་བཙས་སྟོན་དང་། ལྷ་བསངས་བཏང་ནས་མཚན་ལ་འགྲོ་བ་ཡོངས་ཀྱི་མགོན་པོར་འགྱུར་ཞིང་བདུད་སྡེ་དགྲ་ལས་རྒྱལ་བའི་བརྡར་མགོན་པོ་རྒྱལ་ཞེས་གསོལ། ཆུང་དུས་ནས་མཆོག་གསུམ་ལ་དད་ཅིང་ཡིག་རིགས་སྟོན་པའི་སློབ་དཔོན་ཁག་མང་པོར་གཏུགས་ནས་ཀློག་འགྲོལ་དང་རི་མོའི་ལམ་དུ་འདྲེན་པ་སོགས་ངལ་བ་མེད་པར་མཁྱེན་ཅིང་། ཐུགས་དམ་གྱི་གཙོ་བོ་སྐྱབས་འགྲོ་དང་དམིགས་བརྩེ་མ། ཡིག་དྲུག་སོགས་ལ་མཛད། རྐྱེན་ངན་རེ་བྱུང་དུས་ཡང་སྐྱབས་འགྲོ་བྱེད་ཅིང་། སྐབས་ཤིག་ཕྱུགས་ཀྱི་རྫི་བོ་མཛད་སྐབས་སྤྱང་ཀི་བརྒྱུག་ཚེ་ཉིད་ནས་སྐྱབས་འགྲོ་བྱས། ཕྱག་འཚལ་ཚེ་སྤྱང་ཀིས་ཕྱུགས་མ་བསད་པར་གྲག །སྐུ་ནར་སོན་པ་དང་ཕོ་རྩལ་སྣ་དགུ་དང་ལྡན་ཞིང་། སྐྱེ་སྒོ་དྲེགས་པའི་སྟབས་

p. 781

ཀྱིས་ཕ་རོལ་ཆམ་ལ་འབེབས་ནུས་པའི་དཔལ་རྩལ་དང་། རྐུ་ཇག་རི་དྭགས་གསོད་པ་སོགས་རྩིང་སྤྱོད་མཛད་ཀྱང་ཡིག་དྲུག་འདྲེན་པ་སོགས་དགེ་སྦྱོར་ཆག་མེད་དང་། རི་དྭགས་ལ་མེ་མདའ་འཕེན་དུས་སུ་ཡང་ཕྲེང་བ་འདྲེན་མཚམས་ལ་མ་ཐུགས་པར་མེ་མདའ་མི་རྒྱག་པ་དང་། སྐབས་ལ་ལར་གླ་བ་སོགས་ལ་མེ་མདའ་མི་འཕེན་པར་དེད་ནས་བཟུང་ཚེ། སྐད་ངན་བཏོན་པ་དང་སྙིང་རྗེ་ནས་བཏང་བ་ཡང་མང་ཞིང་། མེ་མདའ་འཕེན་དུས་སྙིང་རྗེ་གློ་བུར་དུ་འཁྲུངས་ནས་མ་འཕངས་པ་ཡང་མང་པོ་ཡོད་གསུངས། རི་དྭགས་ཀྱང་ཝ་སྤྱང་སོགས་ཆེ་བ་རྣམས་གསོད་པ་ལས་རི་བོང་སོགས་ཉམ་ཆུང་རྣམས་མི་གསོད་པ་དང་། རྐུ་ཡང་ཕྱུག་པོ་སེར་སྣ་ཅན་ཆོས་ཕྱོགས་སུ་གཏོང་མི་ནུས་པ་རྣམས་ལ་བརྐུས་ནས་ཆོས་ཕྱོགས་སུ་གཏོང་བ་ལས་དབུལ་པོ་ཉམ་ཆུང་ཆོས་པ་སོགས་ལ་མི་རྐུ་བ་སོགས་ངོ་མཚར་བའི་མཛད་པ་གནང་། དགུང་ལོ་བཅོ་བརྒྱད་སྟེང་། ད་ནའི་འབྲོག་རུ་ནས་རྟ་རྒོད་མ་མང་རབ་ཞིག་ཕ་མེས་གོང་མའི་རིང་ལ་ཨ་མཆོག་ཚང་གིས་དེད་སོང་བའི་རྩད་དུ་གྲོགས་ཉུང་ངུ་ཞིག་ཁྲིད་ནས་ཕེབས། གྲོགས་

p. 782

གཞན་རྣམས་རི་རྩེ་ཞིག་ཏུ་སྦས་ཏེ་ཉིད་གཅིག་པུ་ཕེབས་ནས་ཨ་མཆོག་གི་སྦྲ་ཁྱིམ་མཐོང་ས་ནས་རྟ་མང་པོ་དེད་འོངས་ཏེ་སྐུ་དོན་གྲུབ། རྗེས་སོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཡང་ཡང་ཕེབས་སྐབས་ཤིག་ལ། ས་འགག་དོག་པ་ཞིག་ནས་ཕ་རོལ་གྱི་དམག་མི་མང་པོས་བསྒུགས་ཡོད་པ་མཐོང་བཞིན་མ་འཇིགས་པར་སྟེང་དུ་བརྒྱུགས་ནས་དམག་མང་པོ་བྱིའུ་ཁྲས་བདས་པ་ལྟར་ཡང་ཡང་བདས་ཀྱང་ཆིབས་རྟ་ངན་པས་མཐའ་མ་འཁྱོལ་པར་རྟ་བསད་ནས་ཐང་དུ་འཕངས་ཀྱང་རེ་ཞིག་འཛིན་མ་ཐུབ། དམག་མི་མང་བའི་དཔུང་ཤུགས་ཀྱིས་སྐབས་ཤིག་བཟུང་ནས་བརྡེག་བཙོག་མང་པོ་བྱས་བཙོན་དོང་དུ་བཅུག་ཀྱང་བ་སྤུ་ཙམ་ཡང་མ་གཡོས་ཚེ་ཐམས་ཅད་ཧ་ལས། ཕྱིན་ཆད་གནོད་ཀྱིས་དོགས་ནས་བཅིངས་པ་ལས་བཀྲོལ་ཞིང་རྟ་རྒོད་མ་རྣམས་སྤྲད་ཀྱང་ད་དུང་ངེད་ཕྱོགས་ཀྱི་རྟ་ནོར་ཨ་མཆོག་གིས་དེད་ཚད་མ་སྤྲད་ཚེ་ད་དུང་འདུན་མ་མེད་གསུང་ཚེ། སྔར་གྱི་རྟ་རྒོད་མ་འཇལ་བཤགས་དང་བཅས་པའི་སྟེང་དངུལ་སྲང་ལྔ་བཅུ་རི་བའི་རྟ་ཞིག་དང་གོས་སོགས་ཕུལ། འཇིག་རྟེན་པའི་སྲོལ་ལྟར་མགོ་ལ་ཆོས་དང་བར་ལ་མནའ་ཞེས་པ་ལྟར་གསེར་

p. 783

ཐར་ཞིག་གཏད་པ་སོགས་བཤགས་པ་ཕུལ། ཕྱིན་ཆད་རང་ཕྱོགས་ཀྱི་རྟ་ནོར་མི་འདེད་པའི་ཐ་ཚིག་བླངས་ནས་རང་ཡུལ་དུ་ཕེབས་ཚེ་དཔའ་རྩལ་རྒྱ་སྟག་ལས་ཆེ་བའི་སྙན་གྲགས་ཐོབ། གཞན་སྟོད་སྨད་ཐམས་ཅད་ཀྱིས་རྟ་བསྐྱོན་གོས་བསྐོན་སོགས་བསྙེན་བཀུར་གཟེངས་བསྟོད་ཕུན་སུམ་ཚོགས་པ་བྱུང་ནས་འཇིག་རྟེན་གྱི་ལུགས་ལ་འགྲན་གྱི་དོ་མེད་པའི་དཔལ་ཡོན་ཐོབ་ཀྱང་དེ་ལ་དངོས་ཞེན་གྱི་འཁྲི་བ་བཅད་དེ། དགུང་ལོ་ཉེར་ལྔའི་སྟེང་ནས་ཚེ་འདིའི་བྱ་བ་དོར་ནས་ཆོས་རྣམ་དག་ཅིག་བསྒྲུབ་སྙམ་པ་ཐུགས་ལ་ཤར་བ་ཡིན་ནོ། །སྨྲས་པ། ཆོས་དབྱིངས་ཞི་བའི་བདེ་ལ་རྟག་རོལ་ཀྱང་། །སྲིད་པའི་ཡིད་ཅན་འགྲོ་བ་སྒྲོལ་བའི་ཕྱིར། །གཞན་ཕན་གོ་ཆ་བགོས་པའི་ཡང་སྲིད་ནི། །བཟུང་ཞེས་སྤྱང་ལུང་བདེ་ཁ་ཞེས་གྲགས་པར། །རུས་འབྲི་ཤིང་ལྕགས་ཁམས་པ་ཡབ་ཀྱི་མིང་། །བླ་མ་སྐྱབས་དང་ཡུམ་མིང་ཚེ་ཡག་གཉིས། །འདུས་པའི་སྲས་སུ་གཟིགས་ཤིང་སྐུ་བལྟམས་ཚེ། །རབ་དྭངས་གཙང་མའི་དག་བྱེད་རྒྱུན་སྦྲེངས་ནས། །མངལ་གྱི་དྲི་མ་འཁྲུད་པའི་རིམ་གྲོ་བ། །ལྷ་དང་ལྷ་མིའི་བུན་ལོང་ཉེ་

p. 784

འཁོར་གྱིས། །མ་མཐོང་སྐྱེ་བོ་ལས་ཉོན་སྒྲིབ་པའི་སྐྱོན། །ངོ་མཚར་ལྟད་མོར་ཡེ་ཤེས་སྤྱན་ལྡན་བྲེལ། །འགྲོ་བའི་མགོན་དང་བདུད་ལས་རྒྱལ་བའི་བརྡར། །མགོན་པོ་རྒྱལ་ཞེས་མཚན་གྱིས་ཡོངས་སུ་བསྔགས། །ཕོ་རྩལ་སྣ་དགུས་གཞན་སྣང་ཟིལ་གནོན་པ། །མཛད་པས་ཕས་རྒོལ་བརླག་ནུས་རྩལ་ཤུགས་ཐོབ། །སྲིད་འབྱོར་མེ་འོབས་ལྟར་མཐོང་སྐྱོ་ཤས་ཀྱིས། །ཐུགས་རྒྱུད་བསྐུལ་ནས་མ་འོངས་གདུལ་བྱ་ཡི། །སྡིག་སྤོང་དགེ་སྒྲུབ་བྱེད་རྒྱུའི་བརྡ་ཆོས་སུ། །བློ་ངན་ལིང་སྐྱུར་དམ་པའི་ཆོས་སྒོར་ཞུགས། །མི་མཆོག་རྒྱལ་བའི་བློ་གྲོས་དེས། །མི་དགེ་སྤངས་ནས་དགེ་བཅུ་བསྒྲུབས། །མི་ལ་རས་པའི་སྙིང་རུས་ལྟར། །མི་འགྱུར་བརྩོན་འགྲུས་གོ་ཆར་གཞོལ། །ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ། སྡུག་ལྡན་འཁོར་བའི་ཉེས་དམིགས་གཟིགས་ནས་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་འདིར་སྣང་ཕུན་ཚོགས་བློ་ཡིས་བཏང་ཞིང་མཚན་ལྡན་བླ་མ་བསྟེན་ནས་ཟབ་རྒྱས་ཆོས་ལ་ཐོས་བསམ་གནང་སྟེ་བསགས་སྦྱང་གི་རིམ་པ་ནན་ཏན་མཛད་ཚུལ། དེ་ཡང་སྔར་རྩིང་སྤྱོད་གནང་སྐབས་སྤྱང་ལུང་གི་སྔགས་

p. 785

རམས་པ་ནུས་ལྡན་སྤུན་གཉིས་ཡོད་པའི་རྟ་བརྐུས་པ་ཤེས་ཀྱང་འཛུགས་མ་ནུས་པར་གཞན་ནུས་ལྡན་མང་པོ་ཟླ་ལ་བཅོལ་ནས་ཆོས་རྒྱལ་ལྕགས་མཁར་ཚད་ལྡན་བཙུགས། ལོ་གཅིག་གི་རིང་ལ་མ་འབུམ་ཁོ་ན་ཅིག་དྲིལ་དུ་འབད། རྒྱ་ནག་ལྕེ་མདུང་སོགས་སེལ་གཏད་མང་པོ་ས་གཉན་ཆུ་གཉན་གྲགས་ཆེ་བ་མང་པོ་བརྒྱབ་ནས་ངན་སྔགས་དམོད་པ་བྱས་ཚེ། ཉིད་ཀྱི་མཐུ་ཤ་བཅད་ནས་ཁོང་གཅིག་པུ་ཁོ་རང་ཚོའི་ཁང་པ་ཡོད་སར་ཉིན་པར་བརྒྱུགས་ནས་སྒོ་བཅག་མེ་མདའ་འཕངས་རྟ་ཞིག་བསད་པ་སོགས་སྙིང་ནད་ཆེར་བཏང་ཀྱང་ངན་སྔགས་ཀྱི་དམོད་པས་མ་ཚུགས། ངན་སྔགས་དམོད་པ་ཕྱིར་ལ་ཟློག་ཐབས་སུ་སྤྱང་ལུང་པཎ་སྔགས་སམ་བོང་ཤུལ་གཅོད་པ་ཞེས་ནུས་ལྡན་ཞིག་ཡོད་པ་བླ་མར་བསྟེན་ནས་ཉི་གྲགས་སེང་གདོང་གི་དབང་ལུང་མན་ངག་ཡོངས་རྫོགས་གནང་བ་གསན་ནས་ཟླ་བ་དྲུག་གི་རིང་རྟགས་ཐོན་དུ་བསྒྲུབས་ནས་བྱད་མ་བཟའ་མི་བཅས་རང་ཕུང་དུ་བཏང་། དེ་ནས་བཟུང་སྐུ་ལུས་ཀྱི་ཤིག་སྲོ་དག་གསང་བའི་ཡི་དམ་རྟ་མགྲིན་ཡང་གསང་ལ་བྱེད་དགོས་པའི་ལུང་བསྟན་གནང་བ་ལྟར་སྒྲུབ།

p. 786

བླ་མ་ཉིད་ཀྱི་སྐུ་དགྲ་ཞིག་གི་དོན་དུ་རྡོར་ལེགས་སྒྲུབ་ནས་སྐུ་དགྲ་འགའ་ཚར་བཅད། ཉིད་ཀྱི་ཞལ་ནས་ང་ལ་གནོད་འཚེ་བྱེད་མཁན་རྣམས་ལ་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་བགྱིད་འདོད་ཀྱི་བློ་ཆེར་མེད་མོད། འོན་ཀྱང་དགོས་ཚེ་དཀའ་རྒྱུ་མི་འདུག་སྟེ། ཡི་དམ་གྱི་བསྐྱེད་རིམ་ཁོ་ནས་ཆོག་པ་ཡིན་ཏེ། སྔོན་ཆད་ཉེས་ཅན་འགའ་རེ་ལ་ཡི་དམ་གྱི་ང་རྒྱལ་དང་གསལ་སྣང་གི་ངང་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས་ཆོས་སྐྱོང་བསྐུལ་ཏེ་རྦད་ཚད་ལ་རྟགས་མ་ཐོན་པ་མེད་གསུངས། རྒྱལ་པོའི་ཆོས་ཐོགས་ཤིག་ལ་ཕེབས་དུས་ཁོང་གིས་གཏོར་མ་བརྡབས་པས། དེ་ན་ཡོད་པའི་སྐུ་རྟེན་པ་ཞིག་གིས། ད་རེས་ཀྱི་གཏོར་མ་དེ་ཀླུའི་ཕོ་བྲང་ཞིག་ལ་ཕོག་པས་ཀླུ་མང་པོ་ལ་གནོད་པ་བྱས་འདུག་པས་ཀླུ་སྨན་གྱིས་གསོ་དགོས་ཟེར་སྐད། དེ་ལྟར་རྭ་ལོ་ལྟ་བུའི་བསྐྱེད་རིམ་དང་ང་རྒྱལ་ནུས་པ་སོགས་ཆེར་ཐོན་ཀྱང་ཐུགས་རྒྱུད་ལ་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོ་ཞིག་སྐྱེས་ནས་སྔར་གྱི་ངན་སྤྱོད་རྣམས་ལིངས་ཀྱིས་སྐྱུར་ནས་མེ་མདའ་བཅག་སྟེ་དེང་ནས་སྒྲུབ་པ་སྙིང་བོར་མཛད་དགོས་དགོངས་ཐུགས་དམ་གྱི་གཙོ་བོ་དམིགས་བརྩེ་མ་དང་བླ་མའི་རྣལ་

p. 787

འབྱོར་ལ་རྩེ་གཅིག་ཏུ་གཞོལ་སྐབས་ཨོ་རྒྱན་རིན་པོ་ཆེའི་བྲིས་ཐང་ཞིག་ལ་གཟིགས་ནས་དབུ་གཙུག་ནས་ཞལ་ཕྱིར་བསྟན་གྱིས་བསྒོམས་ཀྱང་དབང་བཞིའི་སྐབས་སྤྱི་བོར་བདུད་རྩི་བབ་ཅིང་སྐུ་ལུས་ལ་དྲོད་རྟགས་བྱུང་། དེ་ནས་བཟུང་འཁོར་བར་ཞེན་ལོག་དང་ཐར་པ་དོན་གཉེར་གྱི་འདུན་པ་ལ་བརྩོན་པ་ཇེ་དྲག་ཏུ་སོང་། རྒྱུ་ནོར་ལ་སྙིང་པོ་མེད་པར་གཟིགས་ནས་རྒྱུ་ཟས་ཀྱི་འབྱོར་བ་ཅི་ཡོད་ཀྱིས་བླ་མ་དཀོན་མཆོག་ལ་མཆོད་པ་ངན་སློང་ལ་སྦྱིན་གཏོང་སོགས་དང་། རོང་པོའི་སྨད་རྒྱུད་གྲྭ་ཚང་ལ་ལོ་རེ་བཞིན་ཉིན་ཆགས་ཀྱི་མང་ཇ་དང་། རེབ་གོང་སྟོད་ཀྱི་སྔགས་མང་ལ་ཆོས་ཐོག་ཉི་མ་བདུན་གྱི་རིང་ཁུར་བྱས་ནས་འཛིན་པ་སོགས་དང་། འདུས་བྱས་ཀྱི་དགེ་རྩ་སྨྱུང་གནས་བསྙེན་གནས་ཕྱག་མཆོད་སོགས་གོང་འཕེལ་དུ་བཏང་། དེ་ནས་བཟུང་སྟེ་འཇིག་རྟེན་གྱི་བྱ་བ་མཛའ་གཅུགས་ཀྱི་རེག་བྱའི་བདེ་བ་སོགས་འཁོར་བའི་ཕུན་ཚོགས་ཐམས་ཅད་མེ་མུར་གྱི་འོབས་དང་དུག་སྦྲུལ་གྱི་ཚང་ལྟར་གཟིགས་ནས་གསར་རྙིང་རིས་མེད་ཀྱི་བླ་མ་མང་པོ་བསྟེན། ཁྱད་པར་རིག་འཛིན་དཔལ་ལྡན་བཀྲ་ཤིས་རིན་པོ་ཆེའི་ཡང་སྤྲུལ་

p. 788

བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེའི་མཚན་གསན་པ་ཙམ་གྱིས་ཐུགས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་དང་། སྐུ་ལུས་ཀྱི་བ་སྤུ་གཡོ་བའི་བདེ་བ། སྤྱན་ཆབ་གཡོ་བའི་མོས་གུས་ཚད་མེད་པ་ཞིག་བྱུང་བས་ཐུགས་རྩེ་གཅིག་ཏུ་བསྒྲིམས་ནས་སྐྱབས་མགོན་དེ་ཉིད་ཀྱི་གསེར་ཞལ་མཇལ་བར་སྐོམ་པ་ཆུ་འདོད་པའམ། བུ་ཕྲུག་གིས་མ་དྲན་པ་ལྟར་བྱུང་ནས་ཟླ་བོ་ཞིག་ཁྲིད་དེ་མཇལ་དུ་ཕེབས་དུས་སྨན་རིའི་ངོས་ཀྱི་ངམ་གྲོག་གཡང་ས་འཁྱག་དར་གྱིས་ཆོད་པ་སུ་གང་ཡང་འགྲོ་བ་ཕར་ཞོག་མིག་གིས་བལྟ་བར་མི་བཟོད་པ་ཞིག་ཡོད་པའི་སྟེང་དུ་ཐོགས་མེད་དུ་ཕེབས་ནས། ཟླ་བོ་ལ་བླ་མར་གསོལ་བ་ཐོབས་ལ་ཤོག་དང་མི་སྐྱོན་གསུངས་ཀྱང་ཁོ་རང་འགྲོ་མ་ཕོད་པར་གཞན་དུ་བསྐོར་དགོས་བྱུང་། དེ་ནས་ཕེབས་ཚེ་བླ་མ་རིན་པོ་ཆེའི་གདན་ས་རྒྱལ་པོའི་ཆུ་ཆལ་རིག་འཛིན་རབ་འཕེལ་གླིང་གི་ཕྱི་རོལ་ན་བླ་མ་རིན་པོ་ཆེ་ཚུར་འབྱོན་པ་དང་ཐུག་བྱུང་བས་རྗེས་སུ་འཛིན་པའི་རྟེན་འབྲེལ་དུ་གཟིགས། ཉིད་ཀྱི་ཞལ་ནས་ང་ཁྱོད་བསུ་བ་ལ་བྱོན་པ་ཡིན་གསུངས། ཐུགས་བརྩེ་བས་རྗེས་སུ་བཟུང་ནས་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་ཀྱིས་མཚོན་དབང་ལུང་

p. 789

མང་པོ་གསན། སྐུ་མདུན་དུ་ཡང་ཡང་ཕེབས་དུས་བླ་མ་རིན་པོ་ཆེ་ཕྱི་རོལ་ཏུ་འབྱོན་པ་དང་ཐུག་པ་བྱུང་། ཉིན་ཞིག་བླ་མ་རིན་པོ་ཆེའི་ཞལ་ནས། ཨ་ཁུ་མགོན་པོ་རྒྱལ་ཁྱོད་གཞན་དང་མི་འདྲ་བའི་ཁྱད་ཆོས་འདུག་ཁྱོད་སྔ་སོར་ཡོང་དུས་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་ཐོག་འབྲུག་གློག་གསུམ་དང་བཅས་ཕེབས་ད་རེས་ཨ་མྱེས་སྟག་ལུང་གི་ཞྭ་ཕུད་ནས་བསུ་བ་ལ་ལྟོས་གསུངས་སྟག་ལུང་གི་དབུ་རྩེ་ན་སྤྲིན་དུམ་བུ་ཞིག་ཡོད་པ་གློ་བུར་དུ་ཡལ་ནས་སླར་ཡང་འཛིན་པ་བསྟན། དེ་སྐབས་རེབ་གོང་སྔགས་མང་གིས་བླ་མ་རིན་པོ་ཆེ་ལ་དབང་ལུང་མང་པོ་ཞུ་སྐབས་ཡིན་པས། དབང་ལུང་རེའི་འཕྲོར་དཔེ་ཆ་ཉིད་ཀྱི་དབུ་ལ་བཞག་ནས་ཨ་ཁུ་མགོན་པོ་རྒྱལ་ཁྱེད་ཀྱིས་དབང་ཆོག་འདི་ཅིག་བྲིས་དང་རྗེས་ནས་ཁྱེད་ཀྱིས་སྔགས་མང་ལ་དབང་ལུང་གནང་དགོས་ཞེས་ཕྱིས་འབྱུང་གི་ལུང་བསྟན་གནང་། དེ་ནས་རེབ་གོང་གྲུབ་གནས་བརྒྱད་དང་སྤྲེལ་རྫོང་བྲག་དཀར་ཅུ་གང་སྒམ་བྲག་སོགས་གནས་ཆེན་རྣམས་སུ་མཚམས་སྒྲུབ་གནང་། ཁྱད་པར་སྤྱང་གི་རྭ་རྩེ་རྫོང་གི་སྒྲུབ་གནས་སུ་ཟླ་བ་བཅོ་བརྒྱད་ཀྱི་མཚམས་སྒྲུབ་བྱེད་རྒྱུའི་

p. 790

དམ་བཅའ་གནང་ནས་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཉམས་ཁྲིད་བསྐྱངས་ནས་གནས་ལུགས་ཀྱི་ངང་ལ་རྩེ་གཅིག་ཏུ་གཞོལ་སྐབས་རྐྱེན་དབང་གི་བརྒྱགས་ཆད་ལན་གཉིས་བྱུང་བས། དང་པོའི་དུས་སུ་གླ་བའི་རོ་དྲོད་མ་ཡལ་བ་ཞིག་སྒྲུབ་ཁང་གི་སྒོ་དྲུང་དུ་ལྷུང་བ་གནས་བདག་བྱིའུ་བྲག་གུ་མཐུན་རྐྱེན་དུ་གཟིགས་ནས་དགའ་བྲོད་མ་སྐྱེས་པར་ཚོགས་འཁོར་མཛད། བརྒྱགས་ཆད་གཉིས་པའི་སྐབས་སྒྲུབ་ཁང་གི་ཉེ་འདབས་ལ་བྱ་གླག་ཞིག་གིས་ཟིག་རྒྱག་པ་གསན་ནས་གཟིགས་ཚེ་ཡང་གླ་བ་ཞིག་བསད་ནས་བུམ་རིལ་དུ་བཞག་ཡོད་པ་གཟིགས་ནས་གནས་བདག་གི་མཐུན་རྐྱེན་ཡིན་རུང་ལོག་འཚོར་འདུག་པས་ལེན་མི་རུང་དགོངས་ནས་ཕྱོགས་ཕྱོགས་སུ་དུམ་བུར་བཏང་ནས་འཕངས་ཕྱིན་ཆད་མི་ལེན་པའི་དམ་བཅའ་གནང་། འཚོ་བ་ཅུང་ཟད་ཙམ་མེད་ནའང་འབྲུ་ཚོམ་ཉུང་ངུ་རེ་གདུས་པའི་ཁུ་བ་སྐོམ་དུ་བརྟེན་ནས་དཀའ་སྤྱད་དྲག་པོ་གནང་བ་ནི་སྔོན་བྱོན་དམ་པའི་རྣམ་ཐར་དང་མཚུངས། དེ་ལྟར་མཉམ་བཞག་ལ་རྩེ་གཅིག་ཏུ་གཞོལ་སྐབས་ཤིག་ཐུགས་ཉམས་ལ་ཁྲོ་བོ་ཀརྨ་དྲག་པོ་རྩལ་གྱི་སྐུར་བཞེངས་ནས། གཡས་རྡོ་རྗེ་ནམ་མཁར་འཕྱར་ཞིང་

p. 791

གཡོན་དྲིལ་བུ་དཀུར་བརྟེན་པ་ནམ་མཁའ་ལ་འཕགས་ཤིང་སྤྱན་གྱི་ལྟ་སྟངས་ཀྱིས་ནམ་མཁའ་ལ་གཏད་ཅིང་བསྡིགས་པས་ལྷ་ཐམས་ཅད་དབང་དུ་འདུས། བར་སྣང་ལ་གཏད་ཅིང་བསྡིགས་པས་བར་སྣང་ན་གནས་པའི་རིགས་དབང་དུ་འདུས། ས་གཞི་ལ་གཏད་ཅིང་བསྡིགས་པས་ས་བདག་ཀླུ་གཉན་ཐམས་ཅད་ཙི་དི་རི་རི་བྱེད་ཅིང་དབང་དུ་བསྡུས། སྣང་སྲིད་ཐམས་ཅད་ལ་མངའ་དབང་བསྒྱུར་བའི་གདེངས་ཐོབ། དེ་སྐབས་རྡོ་རྗེ་བྲག་རིག་འཛིན་ཆེན་པོ་དང་ཐུགས་རྒྱུད་གཅིག་པའི་ཉམས་ཤར་གསུངས། ཡང་སྐབས་ཤིག་གཅེར་བུར་མདུང་ཞིག་བསྣམས་ནས་གནས་པ་དང་། མདུན་གྱི་ནམ་མཁའི་དབྱིངས་སུ་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་མངོན་སུམ་དུ་ལྷམ་མེར་བཞུགས་ཡོད་པ་མཐོང་བས་དད་གདུང་མི་བཟོད་པ་ཞིག་སྐྱེས་ཏེ་ཉིད་ཀྱིས་ཕྱག་གི་མདུང་ལ་བརྟེན་ནས་སྐུ་མདུན་དུ་མཆོངས་ནས་མདུན་དུ་ཐོན་ཚེ། སློབ་དཔོན་ཆེན་པོས་ཅི་ཡང་མི་གསུངས་པར་སྡིགས་མཛུབ་ནམ་མཁའི་དབྱིངས་སུ་གཏད་དེ་བཞུགས་འདུག་པ་དེའི་ཚེ་ཉིད་ཀྱི་ཐུགས་དགོངས་ལ་ནམ་མཁའ་མཚོན་བརྗོད་ཀྱི་ཡུལ་ལས་འདས་

p. 792

ཤིང་སྤྲོས་དང་བྲལ་བ་བཞིན་དུ་རང་རིག་གི་ངོ་བོ་མཚོན་བརྗོད་གྱི་ཡུལ་ལས་འདས་ཤིང་སྟོང་ཆེན་འོད་གསལ་བར་ངོ་སྤྲོད་པའི་བརྡ་དང་། ཅང་མི་གསུངས་བ་ནི་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་ཚིག་གི་བརྗོད་བྱར་གདོད་ནས་གྲུབ་པ་མེད་པར་སྟོན་པའི་བརྡར་གོ་ཞིང་། མཐར་སློབ་དཔོན་ཆེན་པོ་ནམ་མཁའི་དབྱིངས་སུ་འཇའ་ལྟར་ཡལ་ནས་མི་དམིགས་པར་གྱུར་ཚེ་གང་ཤར་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་ཤིང་རང་རིག་སྟོང་བའི་གདངས་འགགས་མེད་ཀྱི་རྩལ་དང་རོལ་པར་ཤར་ཏེ་སླར་རིག་པའི་ཀློང་དུ་ཐིམ་པའི་བརྡ་རུ་གོ་གསུངས། འདི་མཚོན་བྱེད་ཙམ་ཡིན་ཞིང་རྒྱས་པར་སློབ་དཔོན་ཆེན་པོའི་རང་རིག་ངོ་སྤྲོད་མཛད་པའི་ཚུལ་ཡོད་གསུངས། སྐབས་ཤིག་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱང་ཞལ་གཟིགས། མཚན་ལམ་དུ་ནམ་མཁའ་ལ་རྔ་ཆེན་པོ་ཞིག་བཏགས་ནས་རྡུང་བ་ཞིག་རྨིས་པ་ཁོང་གི་ནང་ལྟར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པ་དང་། ཕྱི་ལྟར་མཚན་སྙན་གྲགས་རྒྱས་པའི་བརྡ་རུ་གསུངས། དེ་སྐབས་རི་ཁྲོད་པ་ཞིག་གིས་རིག་འཛིན་དཔལ་ལྡན་བཀྲ་ཤིས་རིན་པོ་ཆེའི་ལུང་བསྟན་བརྡ་ཆོས་

p. 793

སྐོར་གསུམ་ལས། གླག་ཚང་ངམ་ལྷུན་གྲུབ་དཀྱིལ་རྫོགས་སྒྲུབ་གནས་ཀྱི་ལུང་བསྟན་ཕུལ་བ་ནི་འདི་ལྟ་སྟེ། འདི་ནས་ཤར་ཕྱོགས་སྐྱེས་པའི་ནོར་འཛིན་ན། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཚང་བ་ཡོད། །དེ་ཡི་ལྷོ་ཕྱོགས་བྲག་རི་དཀར་པོ་ལ། །དབེན་པའི་རི་སུལ་གྲུབ་པའི་གནས་མཆོག་ཡོད། །གཡས་གཡོན་རི་ལ་དཔག་བསམ་ལྗོན་ཤིང་རྒྱས། །མཚམས་སུ་བདུད་རྩིའི་ཆུ་མིག་འཁྱིལ་བ་ཡོད། །མདུན་ན་སྤང་ལྗོངས་མེ་ཏོག་པད་མས་བརྒྱན། །རྒྱབ་རི་རྩེ་ལ་ནོར་བུ་དབང་རྒྱལ་ཡོད། ཡིད་དགའ་བག་ཕེབས་རིག་པ་དྭངས་ཤིང་སྤྲོ། །ཕུན་སུམ་ཚོགས་པའི་གནས་མཆོག་ཁྱད་པར་འཕགས། །བྲག་རི་དེ་ལ་བྱ་ཚོགས་གར་སྟབས་བསྒྱུར། །རི་སུལ་དེ་ལ་རི་དྭགས་རྩེ་བྲོ་འཁྲབ། །ནགས་ཚལ་དེ་ལ་ལྷ་བྱ་སྐད་སྙན་སྒྲོགས། །ཆུ་མིག་དེ་ལ་གསེར་ཉ་འགྱུ་ཞིང་འཕར། །སྤང་ལྗོངས་དེ་ལ་བུང་བ་གླུ་དབྱངས་ལེན། །རྒྱབ་རི་དེ་ལ་བྱ་རྒོད་ནམ་འཕང་གཅོད། །ས་ཕྱོགས་དེ་ཡི་མི་རྣམས་ཆོས་ལ་དཀར། །ཆོས་བྱེད་སྐྱེ་བོ་ཕོ་མོས་བཀུར་ཞིང་བསྔགས། །དེ་རུ་ཐེ་ཚོམ་མེད་པར་སྒྲུབས་ཤིག་དང་། །ཚེ་འདི་

p. 794

ཉིད་ལ་མཆོག་གི་དངོས་གྲུབ་ཐོབ། །ཐུན་མོང་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་དང་། །འདོད་དགུའི་བསམ་པ་འགྲུབ་པ་ལྟ་ཅི་སྨོས། །གདུལ་བྱ་རིས་མེད་ལྷ་འདྲེ་མི་གསུམ་འདུ། །འགྲོ་ལ་ཕན་པའི་སྐལ་བ་ཤིན་ཏུ་བཟང་། །ཨེ་མ་བྱང་ཆུབ་སྤྱོད་པ་མྱུར་དུ་སྤྱོད། །རྟེན་འབྲེལ་རབ་འགྲིགས་དགེ་བའི་དཔལ་ཡོན་ཆེ། །ཞེས་དང་། བོན་གྱི་བླ་མ་ཞིག་གི་ལུང་བསྟན་ལས། ཨ་མདོ་སྤྱང་ལ་ནམ་མཁའི་མཚན་ཅན་གྱིས། །བྱ་རྒོད་བྲག་ལས་བོན་གྱི་དངོས་གྲུབ་ལེན། །ཞེས་པ་གཟིགས་ནས་གླག་ཚང་དུ་ཕེབས། ཟླ་བ་བཅོ་བརྒྱད་ཀྱི་དམ་བཅའ་གནང་ནས་ཉམས་ལེན་གྱི་གཙོ་བོ་ཁྲེགས་ཆོད་དང་ཐོད་རྒལ་ལ་གཞོལ་བའི་ཚེ། ཚེས་བཅུ་ཞིག་གི་ཉིན་ཨོ་རྒྱན་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་མཉམ་བཞག་ལ་བཞུགས་སྐབས་དྲི་བཟང་བོས་ཁྱབ་ཚེ་ཕྱི་རོལ་ཏུ་གཟིགས་པས་བྲག་ངོས་ནས་དཀྱིལ་འཁོར་བཅུ་ཙམ་རང་བྱོན་དུ་གསལ་བར་ཤར་བ་ད་ལྟ་ཡང་ཡོད། དེ་སྐབས་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེ་ཞིང་ཁམས་གཞན་དུ་དགོངས་པའི་རྐྱེན་གྱིས་ངེས་དོན་སྟོན་པའི་བླ་མ་ཞིག་བཙལ་དགོས་དགོངས་ནས་སྒོ་གསུམ་གྱི་བྱ་བ་དགུ་

p. 795

ཕྲུགས་སུ་བཏང་ནས་གནས་ལུགས་ཀྱི་ངང་ལ་བཞུགས་དུས་དག་པའི་སྣང་བར། ཡེར་ཞེས་བྱ་བའི་ས་ཡི་ཆར། །ལྷའམ་བསམ་གཏན་དགོན་པ་རུ། །ཆོས་ཀྱི་མཚན་ཅན་བླ་མ་བསྟེན། །ཀུན་བཟང་དགོངས་པ་མངོན་དུ་འགྱུར། །ཞེས་པའི་ལུང་བསྟན་སྒྲ་ཚིག་གི་ལམ་ནས་ཐོས་པ་མ་ཡིན་པར་གནས་ལུགས་ཀྱི་སྟོང་གདངས་འགགས་པ་མེད་པར་རྩལ་ལས་རང་ཤར་དུ་བྱུང་བས། ལུང་དེ་དང་མཐུན་པའི་བླ་མ་དེ་གང་ན་བཞུགས་ཀྱང་བཙལ་དགོས་དགོངས་དབུས་འགྱུར་ཆོས་ཀྱི་མདུན་སར་ཆས་ནས་ཕེབས་ཁར་སློབ་བུ་འགའ་རེས། ལགས་ཁྱེད་ལྟ་བུའི་སྙིང་རུས་བསྐྱེད་མཁན་དཀོན་པས་ཁྱེད་ལ་སྐྱེ་བ་སྔ་ཕྱི་གང་ཡིན་དང་། བསྐྱེད་རྫོགས་ཀྱི་རྟགས་མ་ཡོང་ན་གཞན་ཚོ་ལ་མི་ཡོང་བར་ཐག་ཆོད། ཁྱེད་ལ་བསྙེན་སྒྲུབ་ཀྱི་དྲོད་རྟགས་ཅི་འདྲ་བྱུང་རྗེས་འཇུག་རྣམས་ལ་ཕན་ཕྱིར་སྦ་གསང་མེད་པར་གསུངས་པར་ཞུ། ཞེས་ཞུས་ཚེ། ཉིད་ཀྱི་ཞལ་ནས། འོ་སྙིང་རུས་དང་བླ་མ་དཀོན་མཆོགཽ་ལ་དད་གུས་དང་དག་སྣང་ཆེ་ཞིང་བློ་ཐེ་ཚོམ་དང་བྲལ་ན་ལྷ་འགྲུབ་རྒྱུ་དྲོད་དང་རྟགས་མཚན་མི་འབྱུང་བ་ག་ལ་སྲིད།

p. 796

དུས་སྙིགས་ཡིན་ཀྱང་སློབ་དཔོན་ཆེན་པོའི་གཏེར་ཆོས་རྣམས་ལྷག་པར་སྙིགས་མའི་དུས་ན་བྱིན་རླབས་མྱུར། དུས་སྐབས་རང་རང་གི་སྐལ་བའི་གཏེར་སྟོན་རེ་བྱོན་པས་སྐབས་དེའི་ཆོས་གང་རྙེད་པ་དེ་ཟབ། ང་འཁོར་བའི་བྱ་བ་ལ་སྙིང་པོ་མེད་པར་མཐོང་ཞིང་ཐར་པ་ཆེན་པོའི་གོ་འཕང་འཐོབ་ཕྱིར་བརྩོན་འགྲུས་བསྐྱེད་དེ་ཉམས་ལེན་བགྱིད་ཐུབ་པ་འདི་བླ་མ་དང་སློབ་དཔོན་ཆེན་པོ་དབྱེར་མེད་པའི་རྣལ་འབྱོར་བསྒོམས་ནས་བཛྲ་གུ་རུའི་བཟླས་པ་དང་བདུད་རྩི་འབེབས་སྦྱངས་ལ་དམིགས་པ་གཏད་པའི་དུས་ན་སྤྱི་བོ་ལ་ཟ་འཕྲུག་ལྡང་ཞིང་བ་སྤུ་གཡོ་བ་མིག་ནས་མཆི་མ་གཡོ་བཞིན་དད་གུས་ཇེ་ཆེར་སོང་། ཆོས་རྣམ་དག་སྒྲུབ་སྙིང་ཞིག་ཤར་ནས་མཚན་ལྡན་གྱི་བླ་མ་བསྟེན་སྒྲུབ་པ་ཁོ་ནར་འབད་པས་འཁོར་བར་ཞེན་ལོག་དང་ཐར་པ་དོན་གཉེར་གྱི་བློ་ཇེ་བཟང་ཇེ་འཕེལ་དུ་སོང་བ་ཡིན། ཡི་དམ་གྱི་རྟགས་མཚན་མཐོང་བ་སྨྲ་མི་རུང་དངོས་གྲུབ་ཡལ་འགྲོ། ཕལ་ཆེར་དཔོན་སློབ་དྲུང་ཡིག་རིན་པོ་ཆེར་ཞུས་ཡོད་པས་ཁོང་ལ་གསལ། ང་ལ་རྟགས་ཀྱི་སྙིང་པོ་འཁོར་བར་ལས་ཉོན་དབང་གིས་ལྷུང་བའི་དོགས་པ་མེད། བར་དོ་ནས་འཚང་རྒྱ་

p. 797

བའི་རྟགས་བྱུང་། ད་ངེད་ལ་བླ་མ་ཉམས་མྱོང་ཅན་ཞིག་ལ་ཞུ་རྒྱུ་ཞིག་འདུག །དེ་བས་གཙོ་བོར་བླ་མ་འཚོལ་དུ་འགྲོ་ཁྱོད་ཚོས་ཀྱང་ང་ལྟར་རུས་ཐུབ་ན་བསྙེན་སྒྲུབ་ཀྱི་དྲོད་རྟགས་ལ་དཀའ་རྒྱུ་མི་འདུག །ངས་བཟའ་བཏུང་ཚོགས་འཁོར་ལ་དམིགས་ཏེ་ཟས་ཅི་བསྟེན་ཀྱང་ཕུད་མཆོད་དང་ལྷག་མ་བཞག་ནས་ནང་གི་ན་སྲེག་དང་གསང་བའི་སྦྱིན་སྲེག་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་རྣམས་ང་ལ་འབད་མེད་ལྷུན་གྲུབ་ཏུ་འོང་བ་ཡིན། སྐྱེ་བ་སྔ་ཕྱི་ཡང་། སྐབས་རྣམས་སུ་ལྷོ་བྲག་མར་བའི་སྐྱེ་བ་ཡིན་པ་ཞིག་དང་། རྡོ་རྗེ་བྲག་རིག་འཛིན་ཆེན་པོ། པཎ་ཆེན་བི་མ་ལ་མི་ཏྲ་སོགས་ཀྱི་སྐྱེ་བ་ཡིན་པ་དྲན། རྒྱ་གར་གྱི་ཚོང་འདུས་ཤིག་ན་སྟེགས་ཀྱི་སྟེང་དུ་བྱམ་བཞུགས་བྱས་ཏེ་གླང་པོ་ཆེའི་ཕྲུ་གུ་གཉིས་མཆན་གཡས་གཡོན་དུ་བཟུང་ཡོད་པའི་གྲུབ་ཐོབ་ཞིག་ཏུ་སྐྱེས་པ་ཡང་དྲན་གསུངས། ཡང་གསུང་སྒྲོས་ཀྱི་ཞོར་ལ། ཡ་ཁྱོད་ཚོ་ཅི་ལ་སྐྲག །ང་གཤིན་རྗེ་ཆོས་རྒྱལ་དེ་ལ་སྐྲག །གཞན་གསོད་མཁན་བྱུང་ཡང་མི་སྐྲག ཁྱོད་རང་ཚོ་གསོད་མཁན་གྱི་གཤེད་མ་ལ་སྐྲག་ཅིང་འཇིགས། འོ་སྐོལ་སྐྲག་པ་དང་འཇིགས་པ་མི་

p. 798

གཅིག་པས་ཁྱོད་ཚོ་ད་ནས་བཟུང་སྟེ་འཆི་བྲོད་ཚགས་སུ་ཆུད་པའི་དམ་པའི་ལྷ་ཆོས་སྒྲུབས་དང་འཕྲལ་ཡུན་ཀུན་ཏུ་བདེའོ་ཞེས་སློབ་སྟོན་ཞིབ་རྒྱས་བསྩལ་ནས་སྔར་གྱི་ལུང་བསྟན་པའི་བླ་མ་འཚོལ་ཕྱིར་ལྷོ་ཁ་བརྒྱུད་དབུས་གཙང་དག་པའི་ཞིང་དུ་བྱ་བཏང་གི་འགྲོས་ཀྱིས་ཕེབས་པ་ཡིན་ནོ། །སྨྲས་པ། སྔོན་གོམས་ཐུགས་བསྐྱེད་ཟླ་བའི་མ་མ་ལས། ལེགས་འོངས་ངེས་འབྱུང་བྱང་སེམས་དབང་གི་རྒྱལ། །བཤེས་གཉེན་དེད་དཔོན་ལ་བསྟེན་ལོན་པ་ཡི། །རྣམ་ཐར་འདི་ཀོ་བསམ་བཞིན་དད་པ་འཕེལ། །ཕས་རྒོལ་ངན་སྔགས་བཟློག་ཕྱིར་ཡོངས་འཛིན་རྗེས། །སིང་ཧ་མུ་ཁའི་ལས་སྦྱོར་རྩེ་བརྒྱའི་མཚན། །རིག་འཛིན་ལྷ་དབང་ཕྱུག་ཏུ་གཏད་པའི་མོད། །ཡིད་སྲུབས་ལྷ་མིན་དོན་སྙིང་ལྐོག་མར་ཕྱུང་། །དེར་བསྟེན་འཁོར་བ་དུག་སྦྲུལ་ཚང་ལྟ་བུར། །གཟིགས་ནས་ཐར་པའི་གྲོང་ཁྱེར་ཉམས་དགར་གཤེགས། །བླ་མའི་རྣལ་འབྱོར་བསྒོམས་པའི་དྲོད་རྟགས་ཀྱིས། །ཐུགས་ལ་སྔར་བས་བརྩོན་འགྲུས་དྲག་པོ་འཁྲུངས། །བླ་མ་བསྟེན་ཕྱིར་བྲག་གཡང་ཐོགས་མེད་བྱོན། །བླ་མ་ཕྱིར་འབྱོན་དང་འཕྲད་རྟེན་འབྲེལ་འགྲིགས། །བླ་མའི་

p. 799

ཞལ་ནས་དབང་ཆོག་རྣམས་བྲིས་དང་། །བླ་མ་བྱེད་དུས་མཁོ་གསུངས་ལུང་བསྟན་གནང་། །བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་ཞལ་སྔ་ནས། རྫོགས་ཆེན་ཁྲིད་སོགས་གདམས་ངག་ཡོངས་རྫོགས་གསན། །གྲུབ་གནས་བརྒྱད་དང་སྤྲེལ་རྫོང་སྒམ་བྲག་སོགས། །གནས་ཆེན་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། །ཁྱད་པར་སྤྱང་གི་རྭ་རྩེའི་སྒྲུབ་གནས་སུ། །ཟླ་གྲངས་བཅོ་བརྒྱད་བསྙེན་སྒྲུབ་གནང་བའི་ཚེ། །བརྒྱགས་ཆད་ལན་གཉིས་བྱུང་བའི་སྔོན་མའི་དུས། །བྱིའུ་བྲག་མཐུན་རྐྱེན་རི་དྭགས་ལམ་ས་ཕུལ། །བརྒྱགས་ཆད་གཉིས་པར་སྔར་བཞིན་ཕུལ་ན་ཡང་། །ལོག་འཚོར་གཟིགས་ནས་མ་བཞེས་འབྲུ་ཚོམ་གྱི། །ཁུ་བ་ལ་བསྟེན་ཡུན་རིང་དཀའ་སྤྱད་ནས། །སྔོན་བྱོན་མི་ལ་རས་པའི་རྣམ་ཐར་བསྐྱངས། །སྐབས་ཤིག་ཀརྨ་དྲག་པོ་རྩལ་གྱི་སྐུར་བཞེངས་སྤྱན་གྱིས་ལྟ་སྟངས་ཀྱིས། །སྟེང་འོག་བར་གསུམ་བསྡིགས་པས་ལྷ་སྲིན་དམ་ལ་འདུས་ཤིང་བྲན་དུ་བཀོལ། །ཡང་ཅིག་ཨོ་རྒྱན་ཞལ་གཟིགས་མདུང་ལ་བརྟེན་ནས་ནམ་མཁར་མཆོངས། །མདུན་དུ་བྱོན་ཚེ་ཨོ་རྒྱན་ཆེན་པོས་ཕྱག་གིས་ངེས་དོན་བརྡ་དབང་

p. 800

བསྐུར། །དེ་ནས་རིག་འཛིན་ཆེན་པོའི་ལུང་གིས་བསྐུལ། །ལྷུན་གྲུབ་དཀྱིལ་རྫོགས་བསམ་གཏན་ཁང་བར་བཞུགས། །ཚེས་བཅུའི་དུས་སུ་དཀྱིལ་འཁོར་རང་བྱོན་བབས། །བླ་མ་བསྟེན་དགོས་ལུང་བསྟན་དག་སྣང་ཤར། །ལྷ་དང་ཌཱཀྐིའི་ལུང་བསྟན་བཞིན། །ལྷ་ལྡན་ཆོས་ཀྱི་ཕོ་བྲང་ནས། །ལྷ་ཆོས་ཕྱོགས་འདིར་སྤེལ་བའི་སླད། །ལྷ་ལམ་འདབས་བཟང་བཞིན་དུ་གཤེགས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་བ། ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་ཤིང་ཐོས་བསམ་སྒོམ་གསུམ་ལ་བརྩོན་པས་ཉམས་རྟོགས་ཐུགས་ལ་འཁྲུངས་ནས་དག་པའི་སྣང་ངོར་བླ་མ་ལྷ་ཡི་ལུང་བསྟན་ཐོབ་པ་ལྟར་དབུས་གཙང་དག་པའི་ཞིང་དུ་ལན་གཉིས་ཕེབས་ནས་གདུལ་བྱའི་འགྲོ་ལ་ཆོས་ཆར་ཕབ་ཚུལ། དེ་ལྟར་དགུང་ལོ་ཞེ་གསུམ་པ་ས་མོ་ལུག་གི་ལོར་ལུང་བསྟན་དང་མཐུན་པའི་ས་ཆ་དང་བླ་མ་ཨེ་རྙེད་ཀྱི་ཐུགས་འདུན་གནང་བཞིན་གྲོགས་སློབ་བུ་ཞིག་དང་བསྡེབས་ནས་ཁམས་ཕྱོགས་བརྒྱུད་ནས་ཕེབས་རྡོ་བླ་ཀུན་བཟང་གཞན་ཕན་རིན་པོ་ཆེ་དང་མཇལ་དབང་དང་གདམས་པ་ཞུས་ནས་བཞུགས་པའི་སྐབས་ཤིག་ཐུགས་ཉམས་

p. 801

ལ་རྡོ་བླ་རིན་པོ་ཆེ་རྒྱང་རིང་ནས་ཕེབས་པ་གཟིགས་ཤིང་ཐག་ཉེར་བརྒྱུད་ཚེ་ཨོ་རྒྱན་ཆེན་པོར་གནས་འགྱུར་བ་མཇལ་ཚེ་གདམས་ངག་ཐམས་ཅད་འདུས་པའི་གླེགས་བམ་ཡིན་ཞེས་གླེགས་བམ་ཞིག་སྤྱི་བོར་བཅིངས་ནས་ཁྱོད་ཀྱི་མིང་ལ་ཨོ་རྒྱན་བསྟན་པའི་ཉི་མའི་སྙིང་པོར་བཏགས་པ་ཡིན་ནོ་གསུངས་ཤིང་མི་སྣང་བར་གྱུར་བ་ཤར་བས་བླ་མ་རྡོ་བླ་རིན་པོ་ཆེ་ཨོ་རྒྱན་དངོས་སུ་མཐོང་བའི་མོས་གུས་ཐུགས་ལ་འཁྲུངས། དེ་ནས་ལྷོ་ཁ་བརྒྱུད་དེ་རིམ་པར་ཕེབས་ནས་ཀ་ཐོག་དགེ་རྩེ་རིན་པོ་ཆེ། རྒྱལ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ། ཟེ་ཆེན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་སོགས་བླ་མ་བཟང་དགུ་དང་མཇལ་བཞིན་ཕེབས། ཁམས་སྲིན་མོ་རྫོངས་སུ་ཕེབས་རྒྱུའི་སྔར་ཉིན་བླ་མ་ཞིག་ལ་ན་བཟའ་ཕུལ་ནས་ཆོས་ཞུས། ཕྱི་ཉིན་བོན་པོ་ཞིག་གིས་ན་བཟའ་ཕུལ་བ་བཞེས་ནས་ལམ་དྲིས་པར། ལུང་པ་འདི་ནས་ཕེབས་ན་ཐག་ཉེ་ཡང་བྲག་གཡང་སོགས་ལམ་རྩུབ་པས་གྲུབ་རྟགས་སྟོན་ནུས་པ་ཞིག་མ་གཏོགས་ཕེབས་མི་ཐུབ་ཞུས་ཚེ་བྲག་གཡང་སོགས་སུ་ཐོགས་མེད་དུ་བྱོན། ཁམས་སྲིན་མོ་རྫོངས་སུ་ཕེབས། ཉི་

p. 802

གྲགས་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོར་མཇལ་ཞིང་བཀའ་ཆོས་ཞུས་ཏེ་ལྷ་སར་ཕེབས་ནས་ཇོ་ཤཱཀ་རྣམ་གཉིས་རྒྱལ་བ་ཡབ་སྲས་མཇལ། དེ་ནས་མཚན་སྒྲོགས་མཁན་ཆེན་རིན་པོ་ཆེ་མཇལ་སྔར་གྱི་ལུང་བསྟན་ལྟར་ཞུས་པས། མཁན་ཆེན་རིན་པོ་ཆེའི་ཞལ་ནས། མཁར་རྡོ་བསམ་གཏན་དགོན་དུ་བླ་མ་ཆོས་ཀྱི་རྡོ་རྗེ་ཞེས་གྲུབ་པའི་དབང་ཕྱུག་དམ་པ་ཞིག་བཞུགས་ཚུལ་གསན་ཐུགས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་དང་མོས་གུས་ཚད་མེད་པ་ཞིག་བྱུང་པས་ཐུགས་རྩེ་གཅིག་ཏུ་སྒྲིལ་ནས་སྐྱབས་མགོན་དེ་ཉིད་ཀྱི་ཞལ་མཇལ་བ་ལ་སྐོམ་པ་ཆུ་ལ་གདུངས་པ་ལྟ་བུའི་ངང་ནས་ལམ་རྒྱུས་སོགས་དྲིས། མཇལ་དར་ཞིག་གནང་བ་བསྣམས་ནས་ལུང་པ་གྱེན་དུ་ཕེབས་ཚེ་གྲྭ་བ་ཞིག་མར་འབྱོན་པ་དང་འཕྲད། བླ་མ་རིན་པོ་ཆེ་བཞུགས་ས་སོགས་གང་ཡིན་དྲིས་པས། ཁྱེད་ཕེབས་ལ་གཟིམ་ཁང་དང་ཉེ་བའི་འདབས་ན་རྡོ་ཏིང་ཞིག་འདུག་པ་བརྡུང་དང་ལམ་འཁྲིད་མཁན་ཡོང་། ཁྱེད་ཡོང་རྒྱུ་ཁོང་གིས་མཁྱེན་འདུག །ལྷ་དར་འདི་ཁོང་ལ་ཕུལ་ཞེས་མཇལ་དར་ཞིག་གནང་བ་བསྣམས་ནས་ཁོ་རང་གི་ངག་ལྟར་རྡོ་ཏིང་བརྡུངས་ཚེ་གྲྭ་བ་ཞིག་ཡོང་ནས་མདུན་

p. 803

དུ་ཁྲིད། ཞལ་རས་མཐོང་ཚེ་མི་ཕྱེད་པའི་དད་པ་ཐུགས་ལ་འཁྲུངས། ཉིད་མ་ཕེབས་སྔོན་དུ་བླ་མ་རིན་པོ་ཆེའི་སྐུ་མདུན་ན་སྐུ་དྲག་འགའ་རེ་བཞུགས་པ་ལ། དེ་རིང་ས་ཆ་ཨ་མདོའི་ཡུལ་ནས་སྐལ་ལྡན་གྱི་སློབ་བུ་ངའི་དག་སྣང་གི་ཆོས་བདག་གཅིག་ཡོང་རྒྱུ་ཡིན། ཁྱེད་ཚོ་སྡོད་ལ་ངེད་རྣམ་གཉིས་ཀྱི་ཞལ་བརྡར་ཉོན་གསུངས་ཡོད་སྟབས་སྐུ་དྲག་འགའ་ཡང་མདུན་ན་བཞུགས་འདུག །སྔར་ལུང་པ་ནས་འཕྲད་པའི་གྲྭ་བ་དེ་ཡང་འདུག་པས་ཁོང་གིས་བསུ་བ་ལ་བཏང་བ་འདྲ་གསུངས། དེ་ནས་མཁར་རྡོ་རིན་པོ་ཆེའི་ཞལ་ནས། དག་སྣང་སྐོར་འདིའི་ཆོས་བདག་ཁྱོད་ཡིན་པས་ཨ་མདོའི་ཕྱོགས་སུ་གདུལ་བྱ་མང་པོར་སྤེལ་རུང་ངོ་གསུངས་ནས་སྨོན་ལམ་གཏད་རྒྱ་མཛད་པར་རྗེ་འདིའི་ཞལ་ནས། འོ་ལགས་ཁྱེད་ཀྱི་ཞལ་སྨོན་གཏད་རྒྱ་བཅས་གནང་བ་ལ་ཐེ་ཚོམ་བྱས་པ་མ་ཡིན་མོད་འོན་ཀྱང་ངས་དེ་ལྟ་བུའི་དབང་ལུང་ཁྲིད་སོགས་མི་རུང་བས། ཉིད་ནས་དབང་ཁྲིད་ལུང་གསུམ་ཞིབ་རྒྱས་སུ་གནང་བ་མཁྱེན་ཞེས་ཞུས་ཚེ། བླ་མའི་ཞལ་ནས། དེ་ལ་སྐྱོན་ག་ལ་མཆིས། ཁྱོད་སྒོ་དྲུང་ནས་ངས་མཐོང་མ་ཐག་

p. 804

ངའི་རྒྱུད་ཀྱི་རྟོགས་པ་ཁྱོད་ལ་འཕོས་ཚར་བས་དེ་ལས་ལྷག་གི་དབང་ལུང་ག་ལ་དགོས། ངའི་ཞལ་མཐོང་བ་ཁོ་ནས་ཆོག་མོད། འོན་ཀྱང་ཁྱོད་ཀྱི་རེ་འདོད་ལྟར་ཡོང་གསུངས། དག་སྣང་སྐོར་ཡོངས་རྫོགས་ཀྱི་དབང་ལུང་གླེགས་བམ་བཅས་གནང་ཞིང་ཆོས་ཀྱི་བདག་པོར་མངའ་གསོལ། ངེས་དོན་རྫོགས་པ་ཆེན་པོ་དང་ཐབས་ལམ་ཟབ་མོའི་གདམས་པ་རྣམས་གབ་སྦས་མེད་པར་ཉམས་ཁྲིད་མཛད་པ་ཐུགས་ཉམས་སུ་བསྟར་བས་རྩ་རླུང་ལས་སུ་རུང་། དགའ་བཞི་འདྲེན་ནུས་པའི་རྟོགས་པ་མངོན་དུ་གྱུར་བས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་འཕྲོད། དེ་ནས་བཟུང་བྱང་སེམས་དྲངས་པའི་རྟགས་ཀྱིས་གཟུངས་མ་རྣམས་ཀྱི་ཤ་སུལ་སྡུད་ཅིང་ཉམ་ཕྲ་བ། ཉིད་རིན་པོ་ཆེའི་སྐུའི་བཀྲག་མདངས་རྒྱས་པ་སོགས་རྟགས་མཚན་མངོན་དུ་གྱུར། ཉིད་ཀྱི་ཞལ་ནས་དགའ་བཞི་འདྲེན་པ་ལ་དཀའ་ལས་ཆེར་མེད་གསུངས། དེ་ལྟར་ལུང་བསྟན་དང་མཐུན་པའི་བླ་མ་དམ་པ་ཆོས་ཀྱི་རྡོ་རྗེ་དེ་ཉིད་ཀྱི་ལུང་རྟོགས་ཀྱི་ཡོན་ཏན་གྱི་ཚད་གཞལ་བར་མི་ནུས་པས། གཏུམ་མོའི་དྲོད་རྟགས་ཕྱིར་གསལ་བས་དབང་རྫས་སོགས་མགོ་ལ་འཇོག་དུས་མེ་

p. 805

མདག་ཚ་མོ་ཐག་ཉེར་སླེབས་པ་ལྟར་ཚ་འུར་རེ་འགྲོ་བ་དང་། བླ་མ་ཉིད་འོག་ཁང་དུ་བཞུགས་ཀྱང་སྟེང་གི་མཆོད་པ་མི་འཁེངས་པ་དང་། ཨོ་རྒྱན་རིན་པོ་ཆེར་མངོན་སུམ་དུ་མཇལ་ནས་བདུད་འདུལ་ཀཱི་ལཱ་ཡའི་དབང་སྐུར་ཐོབ་པ་སོགས་ལྷ་དང་ཌཱ་ཀིའི་ཞལ་མཐོང་བ་དང་། ལོག་སྦྱོར་དཔོན་གྱིས་ཁྲིམས་ལ་ཕབ་ཀྱང་རྫུ་འཕྲུལ་མངོན་དུ་བསྟན་པས་རྒྱ་དཔོན་རྣམས་ཀྱི་སྣང་བ་བསྒྱུར་བ་སོགས་གྲུབ་རྟགས་ཚད་མེད་པ་སྟོན་ནུས་པ་དེ་ཉིད་ཀྱི་སྐུ་མདུན་ནས་ཡུན་རིང་བཞུགས་སྐབས། ཉིན་གཅིག་མཉམ་བཞག་ཅིག་གི་དུས་ས་རྡོ་ཤིང་ལོ་སོགས་དངོས་པོ་ཐམས་ཅད་ཀྱི་སྟེང་ཐམས་ཅད་མཁའ་འགྲོའི་བརྡ་ཡིག་ཏུ་ཤར་བས་ལྗོན་ཤིང་རླུང་གིས་བསྐྱོད་པའི་སྒྲ་ལས་བརྡ་ཡིག་གི་རང་སྒྲ་སྒྲོགས་པ་རྣམས་གོ་ལ་ཁད་ཀྱི་ཉམས་ཤར་བ་ལྟར་བླ་མའི་དྲུང་དུ་ཞུས་པ། སྣང་བ་ཐམས་ཅད་མཁའ་འགྲོའི་བརྡ་ཡིག་སྟེ། །འདི་ནི་ཅི་ཡི་བརྡ་དང་རྟེན་འབྲེལ་ལགས། །ཞེས་ཞུས་པའི་ལན་དུ། ཉམས་ལ་བརྟེན་ནས་དོན་དམ་མཐོང་བའི་རྒྱུ། །དེ་ཉིད་ཕྱག་རྒྱ་དག་ལ་རག་ལས་སོ། །གསུངས། སྐབས་ཤིག་མཉམ་བཞག་ལ་གཞོལ་སྐབས།

p. 806

མདུན་དུ་རེས་འགའ་ཨོ་རྒྱན་རིན་པོ་ཆེ་ཡིན་པ་ལ་རེས་འགའ་མཁར་རྡོ་རིན་པོ་ཆེ་ཡིན་པ་འདྲ་བའི་སྣང་བ་རེས་འཇོག་གི་ཚུལ་གྱིས་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་ཡོངས་རྫོགས་བསྐུར་བས་བསྒྲལ་དབང་སྐབས་ལིངྒ་ལ་འགུགས་བསྟིམ་མ་བྱས་པ་ཞིག་གི་ཉམས་ཤར། ཡང་ལྷ་སྐུ་མདོག་སེར་པོ་ཅན་ཞིག་ཀྱང་གཟིགས་ཚེ་ཅི་ཡིན་མ་དགོངས། དེ་ནས་ཐམས་ཅད་མི་དམིགས་པའི་ངང་དུ་ཡལ་སོང་བ་དང་། ཡང་སྐབས་ཤིག་མཁར་རྡོ་རིན་པོ་ཆེས་ཤོག་སེར་རིང་པོ་ཞིག་གི་ངོས་ན་མཁའ་འགྲོའི་བརྡ་ཡིག་ཡོད་པའི་ཤོག་དྲིལ་ཞིག་ཉིད་ཀྱི་ཕྱག་ཏུ་གཏད་དེ་ཁྱོད་ཀྱི་ཤོག་སེར་འདིའི་སྣ་ནས་ཟུངས་གསུངས་རིང་དུ་འཐེན་ཚེ་ཤོག་དྲིལ་དེ་དམ་པ་རིགས་བརྒྱའི་ལྷ་ཚོགས་སུ་གྱུར་ནས་ཡུན་རིང་པོར་གར་འཁྲབ་པའི་སྣང་བ་དང་། དེ་ནས་ཞི་བའི་ལྷ་ཚོགས་རྣམས་དགེ་སློང་གི་ཆ་བྱད་དུ་གནས་འགྱུར། ཁྲོ་བོ་ལྷ་ཚོགས་རྣམས་རང་རང་གི་སྐུ་མདོག་ཕྱག་མཚན་སོགས་དེ་ཁོ་ནར་གནས་པ་ཉིད་ཀྱིས་ཕ་ཡུལ་དུ་གདན་འདྲེན་རྒྱུ་ཡིན་ཞེས་སྤོས་དུད་བཟུང་ནས་སྣ་ཁྲིད། བླ་མ་རིན་པོ་ཆེས་རྒྱབ་བསྟེན་བྱས་འབྱོན་གྱིན་ཡོད་པའི་སྐབས་ཤིག་འབྱོན་འཕྲོ་གཞན་

p. 807

གྱིས་བཀག་ཚེ། ཉིད་སླར་ལོག་སྟེ་བསྡིགས་མོ་བྱས་པ་དང་འབྱོན་འཕྲོ་མཐུད་ནས་རང་ཡུལ་དུ་གདན་འདྲེན་པའི་སྣང་བ་ཤར། ཡང་རི་རྩེ་ཞིག་ཏུ་སླེབས་ཚེ་སྟེང་ཕྱོགས་ནས་གནམ་སྒོ་ཞིག་ཕྱེ་ནས་བྱོན་ཚེ་སྟེང་ཕྱོགས་ལ་ཕེབས་པ་དང་ལོངས་སྐུ་གཙོ་འཁོར་བཅས་གཟིགས་ཤིང་འདི་འོག་མིན་གྱི་གནས་ཡིན་ཟེར་ཞིང་བུམ་པ་ཞིག་ནས་བདུད་རྩི་བླུད་ཅིང་ཁྱོད་ལོ་བཞི་བཅུའི་འཕྲོ་ནས་འདིར་ཡོང་དགོས། ཡང་ན་ཚེའི་རིག་འཛིན་ཐོབ་ནའང་གསུངས་པ་གསན་པའི་ཉམས་ཤར་གསུངས། དེ་ལྟར་བླ་མ་རིན་པོ་ཆེའི་མདུན་ནས་དབང་ལུང་མན་ངག་ཐམས་ཅད་རྫོགས་པར་མནོས་ནས་འབྲལ་མི་ཕོད་པའི་ངང་ནས་ལེ་ལོའི་འགྲོས་ཀྱིས་ཕེབས། སྐབས་ཤིག་ཕྱི་དྲོའི་ཆ་ལ་ལྷ་སའི་ཚོང་འདུས་ན་རས་གུར་ཞིག་ཕུབ་ཡོད་པ་གཟིགས་པས་དེར་བྱོན་པ་དང་སྒོ་བཏེགས་ཚེ་ནང་ན་མི་ཆེན་ཝ་ནག་གི་ད་ཞྭ་ཅན་ཞིག་བཞུགས་པའི་མདུན་ན་ཆང་སེར་དཀར་ཡོལ་གང་བལ་གྱིས་དཀྲིས་ཤིང་ཁ་མར་གྱིས་བརྒྱན་པ་ཞིག་བཞག །མདུན་གྱི་གཡས་གཡོན་ན་བུད་མེད་གཉིས་ཀྱང་འདུག །མདུན་དུ་ཕེབས་ཚེ་ཅང་མི་གསུངས་པར་དགྱེས་ཉམས་

p. 808

ཀྱིས་མདུན་གྱི་ཆང་དེ་དྲངས་ཚེ་ལྷག་མེད་དུ་བཞེས། གཡས་གཡོན་གྱི་བུད་མེད་གཉིས་ཀྱིས་ཆང་སྣོད་གཉིས་བཟུང་ནས་རེས་མོས་སུ་དྲངས་པ་བཞེས་ཚེ་སྐུ་ལུས་ཐམས་ཅད་བདེ་བས་གང་། བདེན་པར་བཟུང་ནས་གཞན་ཚོ་ལ་ཚོང་འདུས་ན་རས་གུར་ཕུབ་ནས་སྡོད་པ་དེ་སུ་ཡིན་དྲིས་ཚེ། ཐམས་ཅད་ཀྱིས་ཕྱི་དྲོ་ཚོང་འདུས་སུ་རས་གུར་ཕུབ་ནས་སྡོད་མི་སྲིད་པས་ཁྱེད་ལ་དག་སྣང་དུ་ཤར་བ་རེད་ཅེས་ཞུས་ཚེ། རྗེས་ནས་ཨོ་རྒྱན་ཡབ་ཡུམ་གསུམ་གྱིས་རྗེས་སུ་བཟུང་བར་དགོངས། གཞན་ཡང་གོ་རིམ་མ་ངེས་ཀྱང་བླ་མ་བསྟེན་ཚུལ་རགས་རིམ་ཙམ་ནི། རྒྱལ་བ་པཎ་ཆེན་རྣམ་གཉིས། མཁར་རྡོ་རིན་པོ་ཆེ། མཁྱེན་བརྩེ་འཇིགས་མེད་གླིང་པ། འོལ་དགའ་སྣང་མཛད་རྡོ་རྗེ། ས་སྐྱ་རིན་པོ་ཆེ། སྨིན་གླིང་ཁྲི་ཆེན་འཕྲིན་ལས་རྣམ་རྒྱལ། རྡོར་བྲག་སྤྲུལ་སྐུ་པད་མ་ཐེག་མཆོག་བསྟན་འཛིན། རྭ་སྒྲེང་ཁྲི་ཆེན། ནོར་རྒྱ་ཚང་། བྱམས་པ་བསམ་གཏན། ཉི་གྲགས་སྤྲུལ་སྐུ། རྒྱལ་རོང་ཚང་། ཀ་ཐོག་དགེ་རྩེ་སྤྲུལ་སྐུ། རྫོགས་ཆེན་དགོན་གྱི་སྤྲུལ་སྐུ། ཟེ་ཆེན་སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། བསོད་ནམས་ཆོས་བཟང་། རྡོ་བླ་ཀུན་བཟང་

p. 809

གཞན་ཕན་རིན་པོ་ཆེ་སོགས་དབུས་གཙང་ཁམས་ཕྱོགས་ཀྱི་བླ་མ་ཚད་ལྡན་བདུན་ཅུ་བསྟེན་ནས། རྒྱལ་བའི་བཀའ་འགྱུར། སྔ་འགྱུར་རྒྱུད་འབུམ། ཀུན་མཁྱེན་མཛོད་བདུན། ཤིང་རྟ་རྣམ་གསུམ། མདོ་དབང་ཆེན་མོ། ཀློང་སྡེ་རྡོ་རྗེ་ཟམ་པ། སྨིན་གླིང་ཉི་གྲགས་སོགས་ཀྱི་གཏེར་ཆོས་མང་པོ། ཀློང་ཆེན་སྙིང་ཐིག །མཁར་རྡོ་རིན་པོ་ཆེའི་དག་སྣང་ཡོངས་རྫོགས། བཀའ་བརྒྱད་དབང་ཆེན་སོགས་དབང་ལུང་མན་ངག་ཐམས་ཅད་མནོས་ཏེ་ལྷོ་ཁ་བརྒྱུད་ནས་མཁར་རྡོ་རིན་པོ་ཆེའི་དགོངས་གཏེར་ཡོངས་རྫོགས། ཀུན་མཁྱེན་མཛོད་བདུན་སོགས་གདམས་ངག་བཀའ་ཆོས་མང་པོ་གདན་དྲངས་ནས་དགུང་ལོ་ཞེ་དྲུག་སྟེང་ཆུ་ཁྱི་ལོར་ཕ་ཡུལ་གདུལ་བྱའི་ཞིང་དུ་ཕེབས་པ་ཡིན་ནོ། །དེ་ནས་ཡུལ་ཕྱོགས་སློབ་མ་བུ་ཆེན་སྔགས་མང་ནས་ཆིབས་བསུ་དང་གསར་སྟོན་བྱས་ཤིང་གཙུག་གི་ནོར་བུ་ལྟར་བཀུར། དབང་ལུང་ཁྲིད་གསུམ་གནང་དགོས་ཚུལ་གྱི་གསོལ་བ་བཏབ་པ་བཞིན། ཡུལ་ཕྱོགས་འདིར་གྲགས་ཆེ་བའི་བླ་ཆེན་བསེ་རྡོ་རྗེ་འཆང་། རྒྱལ་མཁན་ཆེན་རིན་པོ་ཆེ། སྐུ་ཕྱོགས་ཙ་ཡི་ཚང་སོགས་ཀྱི་

p. 810

ཐོག་དྲངས་སྟོད་སྨད་བར་གསུམ་གྱི་སྔགས་མང་སྐྱ་སེར་མང་པོ་ལ་མཁར་རྡོ་རིན་པོ་ཆེའི་དག་སྣང་སྐོར་ཡོངས་རྫོགས་ཀྱི་དབང་ལུང་། ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་། །ཀློང་ཆེན་སྙིང་ཐིག སྨིན་གླིང་ཉི་གྲགས་ཀྱི་གཏེར་ཆོས་སོགས་གསར་རྙིང་རིས་མེད་ཀྱི་འདོད་ཆོས་མང་དུ་གསུངས། རེབ་གོང་སྔགས་མང་གིས་གསོལ་བ་བཏབ་པའི་ངོར་སྤྱང་གི་རྭ་རྩེ་ནས་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་རྒྱས་པར་བསྩལ་ཅིང་སོ་སོའི་རེ་འདོད་བསྐངས། དེ་ནས་རིག་འཛིན་དཔལ་ལྡན་བཀྲ་ཤིས་རིན་པོ་ཆེའི་ལུང་བསྟན་བརྡ་ཆོས་ལས། གནས་དེ་ཀའི་དབང་གི་ཕྱོགས་རོལ་ན། །མཚོ་ཞེས་བྱའི་ཕྱོགས་དང་ཉེ་བའི་ཆར། །ཀླུ་དམ་ལ་བཏགས་པའི་རི་གདོང་ཡོད། །དེར་སྔགས་འཆང་ཚེ་དང་རྒྱལ་གྱི་མིང་། །ཐབས་རྟེན་འབྲེལ་འགྲིགས་ན་འགྲོ་དོན་རྒྱས། །ཚེ་སྔ་མའི་ལས་འཕྲོ་ཞིག་ཡོད་པས། །བྱང་བཙུན་པའི་དབེན་ལ་དོགས་ཟོན་གྱིས། །སྔོན་སྔགས་པཎ་རྡོ་རྗེ་མིང་ཅན་གྱིས། །རྒྱས་བཏབ་པའི་ཕ་ཆོས་དང་དུ་ལོངས། །མ་མཁའ་འགྲོའི་ལུང་བསྟན་བྱུང་བའི་ཚེ། །ཚེ་འདི་ཡི་མི་ཁ་རླུང་ལ་སྐུར། །རིགས་པད་མའི་རྟགས་འཆང་ནི་གུ་ལ།

p. 811

ཐབས་བདེ་བའི་དངོས་པོ་དང་དུ་ལོངས། །རྩ་གཉིས་བྲལ་ཛྙཱ་ནའི་རླུང་དང་བསྟུན། །ལུང་མ་བྱུང་ཚེ་ན་སྔར་དུས་བཞིན། །སྒོ་གསུམ་སྡོམ་བག་ཡོད་བྱི་ལའི་གཟུགས། །ཚུལ་འཆོས་རུང་སྙིགས་དུས་སྐྱེ་བོ་འགར། །ཐབས་རང་རང་གཟུགས་ཀྱིས་འདུལ་བ་ཡོང་། །དེ་འོན་ཀྱང་ཡང་དག་ལྟ་བའི་རྫོང་། །གཞི་རྨང་ནས་འཇོམས་པ་ག་ལ་སྲིད། །ལས་ལེགས་ལམ་བདེ་བའི་དཔལ་ཡོན་ཆེ། །ཚོད་རང་ཚོད་བཟུང་ན་ཕུགས་སུ་འཁྱོལ། །དེ་མ་ཡིན་བབས་སུ་འཆོལ་བ་ན། །ཕུགས་རང་སྲོག་དམ་སྲིས་སྡུད་ཉེན་ཡོད། །དེ་ཟློག་བྱེད་བྱི་ལའི་སྤྱོད་པ་དགོས། །ལུས་གཅིག་ཏུ་མ་ཟད་ངག་ཀྱང་ཞིམ། །ཐབས་ཟས་ནད་དུས་ངན་འཚུབས་ལྷོང་འཇོམས། །རྒྱ་རྒྱ་རྒྱ་ཞེས་དང་། དེ་ཡང་ཇི་སྐད་དུ། བླ་མ་དགེ་བཤེས་དགོན་པའི་གནས། །ཀླུ་ཡི་མིག་དང་སྙན་ལ་གདབ། །གསུངས་པ་ལྟར་ཁྱུང་དགོན་གྱི་གནས་རི་འདིའི་དབྱིབས་བྱ་ཁྱུང་ལྟ་བུ་ཡིན་ཞིང་། ཞབས་འོག་གི་ཀླུའི་སྙན་དང་མིག་ལྟ་བུའི་ས་མིག་ན་ཆུ་མིག་སོགས་ཡོད་པ་དང་། ཁྱུང་གི་རྭ་བར་ལྟ་བུའི་རི་རྩེ་ན་རྡོ་རིང་ཆེན་པོ་ཞིག་ཡོད་པ་དམ་ཅན་

p. 812

གྱི་བླ་རི་ཡིན་པ་སོགས་ཀྱི་ལུང་དང་མཐུན་པར་ཁྱུང་དགོན་གྱི་སྒར་གཞི་འདེབས་པའི་དབུ་བཙུགས་ནས། དགུང་ལོ་ཞེ་བརྒྱད་པ་ཤིང་ཕོ་བྱི་བའི་ལོ་སླར་ཡང་དབུས་གཙང་ཕྱོགས་ཀྱི་བླ་མ་བཀའ་དྲིན་ཅན་རྣམས་ལ་གཏང་རག་འབུལ་དུ་འགྲོ་གསུངས་སྔར་དབང་ཡོན་དུ་ཕུལ་བའི་དངོས་པོ་ཡོད་ཚད་བསྣམས་ནས་ཟླ་གྲོགས་གཉིས་དང་བསྡེབས་ནས་དབུས་གཙང་དུ་ཆིབས་ཁ་བསྒྱུར། ལྷོ་ཁ་བརྒྱུད་ནས་རིམ་པར་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་ལྷ་ས་བསམ་ཡས་སོགས་ལ་མཆོད་འབུལ་གནང་། སྐྱབས་མགོན་རྒྱལ་བ་ཡབ་སྲས་མཁར་རྡོ་རིན་པོ་ཆེ་སོགས་སྔར་གྱི་བླ་མ་རྣམས་ལ་གཏང་རག་ཕུལ་ཞིང་བཀའ་ཆོས་ཀྱི་འཕྲོ་རྣམས་ཞུས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྲུབ་གནས་སུ་ཕེབས་སྐབས་གནས་ཆེན་འདི་ལྟ་བུར་འཇའ་ལུས་འགྲུབ་ན་བཟང་གསུངས། གློ་བུར་དུ་སྐྱ་ཇེ་ཆུང་ལ་སོང་ཚེ་སློབ་བུ་བནྡེ་ཟེར་པའི་སྨེ་སྔགས་བཏོན་ཚེ་ང་ལ་རྟགས་དང་རྟེན་འབྲེལ་བཟང་པོ་འགྲིགས་ནས་འཇའ་ལུས་འགྲུབ་རྒྱུ་ཡིན་ཀྱང་། ཁྱོད་རང་སྙིང་རྗེ་ཡུལ་གྱི་སློབ་མ་སྔགས་རྒན་རྣམས་ལ་ཕྱིར་ཕེབས་རྒྱུའི་ཞལ་ལན་གནང་ཡོད་པ་བསླུ་མི་རུང་

p. 813

གསུངས། བཞེས་པ་བཅུད་ཅན་གསོལ་ནས་སྐུ་སྔར་ལྟར་གཟི་འོད་འབར་བ་སོགས་གྲུབ་རྟགས་མང་པོ་བསྟན་པ་མང་ཡང་ཞིབ་ཆ་རྒྱས་པར་རྒྱུས་ཡོད་ཀྱི་གྲྭ་བ་མེད་པས་མ་ངེས། དེ་ལྟར་བླ་མ་རྣམས་ལ་བསྔོ་སྨོན་གྱིས་མཚམས་སྦྱོར་གནང་ཞིང་རིམ་པར་ལྷོ་ཁ་བརྒྱུད་ནས་ཕེབས། སྡེ་དགེ་ནས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་གདན་དྲངས་ཤིང་ཁམས་ཕྱོགས་ཀྱི་བླ་མ་རྣམས་ལ་གཏང་རག་ཕུལ་ཞིང་བཀའ་ཆོས་འཕྲོ་རྣམས་ཞུ་བཞིན་རྡོ་བླ་རིན་པོ་ཆེའི་མདུན་དུ་ཕེབས། གཏང་རག་ཕུལ་ཞིང་བཀའ་ཆོས་ཞུས་ནས་ཕེབས་ཁར་འགྲོ་རྫོང་ལུང་བསྟན་མང་པོ་དང་། ཁྱད་པར་ལྷུན་གྲུབ་དཀྱིལ་རྫོགས་ཀྱི་གནས་བཤད་འགྲོ་རྫོངས་སུ་གནང་བ་ནི་འདི་ལྟར། ཡང་ཅིག་གསོན་དང་རྣལ་འབྱོར་བ་ཨ་ཡེ། །ཁྱོད་རང་བསྟེན་གནས་པད་མ་ཡི་འབུམ་རྫོང་། །སློབ་དཔོན་པད་མ་རྫུ་འཕྲུལ་གྱིས་བྱོན་ནས། །གནས་དེར་རྩ་གསུམ་ཞི་བ་དང་ཁྲོ་བོ། །ལྷ་ཚོགས་བསམ་ཡས་གསལ་འཕྲོས་ཤིང་བསྟིམས་ནས། །མཐོང་ཐོས་འགྲོ་རྣམས་ཕན་བདེ་ལ་སྦྱོར་བའི། །བསྐྱེད་རྫོགས་ཟབ་མོའི་ཏིང་འཛིན་གྱི་དྲན་པས། །ཆོས་ལོངས་

p. 814

སྤྲུལ་གསུམ་རིགས་ལྔ་དང་རིགས་གསུམ། །སེམས་དཔའ་བཅུ་དྲུག་ལ་སོགས་ཀྱི་མངོན་རྟོགས། །ཆུ་ཟླ་ཇི་བཞིན་སྒྱུ་འཕྲུལ་གྱི་བཀོད་པ། །མ་སྒྲིབ་ཐོགས་མེད་བཞུགས་པ་འདི་ངོ་མཚར། །གཞན་ཡང་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས། །ཏིལ་ལ་མར་བཞིན་ཡོངས་ཁྱབ་ཏུ་གནས་སོ། །མདོར་ན་ལས་བཞིའི་མདངས་ལྡན་གྱི་བྲག་དང་། །ཡིག་བརྒྱ་ཡིག་དྲུག་རྟེན་འབྲེལ་གྱི་སྙིང་པོ། །ཨ་ཡིག་དཀར་ནག་ཆོས་བོན་གྱི་གཡུང་དྲུང་། །སྣ་ཚོགས་རི་མོའི་གཟུགས་བརྙན་གྱི་བཀོད་པ། །རྟ་ཡི་རྒྱལ་པོའི་ཟངས་གླིང་གི་གྲོང་ནས། །འཛམ་གླིང་མི་འགའ་ཐར་པ་ལ་བཀོད་ཚུལ། །ཧྱ་གྷི་ཝའི་མངོན་རྟོགས་ཀྱི་དཀྱིལ་འཁོར། །དེ་སོགས་མང་བཞུགས་དེ་ཉིད་ལ་གུས་པས། །ཕྱག་མཆོད་བསྐོར་བ་གནས་འབྲེལ་སོགས་སུས་བྱས། །དེ་ཀུན་ནུབ་ཕྱོགས་བདེ་ཆེན་དུ་འགྲོ་ངེས། །དེ་ཕྱིར་ཀུན་གྱིས་རྣམ་དཀར་ལ་བརྩོན་འཚལ། །དེ་སྐད་ཐོལ་བྱུང་ཐོགས་མེད་ཀྱི་གླུ་འདི། །རྣལ་འབྱོར་ཁྱོད་ལ་འགྲོ་རྫོངས་སུ་གདམས་པས། །མཐོང་ཐོས་དྲན་རེག་མཆོག་དམན་གྱི་འགྲོ་རྣམས། །ཁྱོད་ཀྱི་འདྲེན་པའི་མཐུ་སྟོབས་དང་ལྡན་ཤོག །དྲུག་ལྡན་བླ་མའི་

p. 815

བྱིན་རླབས་དང་ནུས་སྟོབས། །སྐལ་ལྡན་ཁྱོད་ལ་ཡོངས་འདུས་སུ་སྨིན་པས། །བསྟན་འགྲོ་ཡོངས་ཀྱི་ནོར་མཆོག་ཏུ་གྱུར་ཅིག །ཅེས་པ་དང་གཞན་ཡང་ཞལ་གདམས་མང་པོ་གནང་། ཡང་ཡང་མཇལ་བའི་སྨོན་ལམ་བཏབ་སྟེ་དགུང་ལོ་ང་གཅིག་པ་མེ་མོ་ཡོས་ཀྱི་ལོ་ལ་རང་ཡུལ་དུ་ཕེབས་པ་ཡིན་ནོ། །སྨྲས་པ། གངས་ཅན་ཡུལ་དབུས་ལྷ་ཡི་སྐྱེལ་ཚལ་དུ། །རིམ་བགྲོད་ཁམས་ཕྱོགས་པད་མ་བཀོད་གླིང་ནས། །སྐྱབས་རྗེ་ཀུན་བཟང་གཞན་ཕན་གསེར་ཞལ་མཇལ། །ཨོ་རྒྱན་དངོས་སུ་གཟིགས་པས་དབང་བསྐུར་ཐོབ། །རིམ་བཞིན་ཀ་ཐོག་ཞེ་རྫོགས་དགོན་པ་ཡི། །བླ་མ་བཟང་དགུ་མཇལ་ཞིང་ལྷ་སར་ཐོན། །མཚན་སྒྲོགས་མཁན་ཆེན་ཞལ་ནས་ལུང་བསྟན་ལྟར། །རིག་འཛིན་ཆོས་ཀྱི་རྡོ་རྗེ་མཚན་སྙན་གསན། །སྐྱབས་རྗེ་ཞབས་དྲུང་བསྙེགས་ཚེ་བསུ་མས་དབུགས་དབྱུང་ངག་ལྟར་རྡོ་ཏིང་བརྡུངས། །རྡུང་ཚེ་ཕོ་ཉས་ལམ་དྲངས་གསེར་ཞལ་མཇལ་ཚེ་བཅོས་མིན་དད་པ་ཐོབ། །ཐོབ་དཀའ་དག་སྣང་ཆོས་སྐོར་བདག་པོར་མངའ་གསོལ་དབང་ལུང་མན་ངག་གནང་། །གནང་དང་ཆབས་ཅིག་བརྡ་ཡིག་

p. 816

ཤོག་སེར་གདན་དྲངས་ལ་སོགས་དག་སྣང་ཤར། །ལྷ་སའི་ཇོ་བོར་མཆོད་འབུལ་དང་། །ལྷ་སའི་ཚོང་འདུས་རས་གུར་ནས། །ལྷ་འདྲའི་མི་ཆེན་ཌཀྐི་ཟུང་། །ལྷ་ཡི་བདུད་རྩིའི་པུཙྪ་བསྟབས། །རྒྱལ་བ་ཡབ་སྲས་གཙོ་མཛད་པའི། །རྒྱལ་བའི་རྣམ་འཕྲུལ་བླ་མའི་དྲུང་། །རྒྱལ་བའི་བཀའ་འགྱུར་ཐོག་དྲངས་པའི། །རྒྱལ་བསྟན་རིས་མེད་བཀའ་ཆོས་གསན། །སླར་ཡང་འཁྲུངས་ཡུལ་གདུལ་བྱའི་འཛིན་མ་ལ། །དམ་ཆོས་ཆར་པ་འབེབས་ཕྱིར་ཁམས་བརྒྱུད་ནས། །འདབ་བཟང་དབང་པོ་ལྷ་ལམ་རྒྱུ་བ་ལྟར། །རྫུ་འཕྲུལ་སྟོབས་ཀྱིས་རང་ཡུལ་བདེ་བར་འབྱོར། །ཡུལ་འདིའི་ཆེ་བླ་གྲགས་ཆེན་རྣམས་དང་སློབ་མ་ཡོན་བདག་རྣམས་ལ་བཀའ་ཆོས་གནང་། །གནང་འཕྲོ་ལུང་བསྟན་གཟིགས་ནས་ཁྱུང་དགོན་རྨང་བཏིང་ཤིང་བྱི་ལོ་ལ་དབུས་གཙང་དུ། །དུ་མས་དབང་ཡོན་ཕུལ་ཚད་བསྣམས་ནས་བླ་མ་རྣམས་ལ་གཏང་རག་ཕུལ། །ཕུལ་འཕྲོ་རིང་མིན་ལྷོ་ཁ་བརྒྱུད་ནས་སྔ་འགྱུར་རྒྱུ་འབུམ་གདན་དྲངས་རང་ཡུལ་བྱོན། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལྔ་བ། ལུང་བསྟན་ལྟར་ཁྱུང་དགོན་ནས་སྒར་གཞི་བཟུང་

p. 817

སྟེ་འགྲོ་བ་ཡོངས་ཀྱི་མཆོད་པའི་ཞིང་དུ་རྟེན་བཞེངས་སོགས་གྲུབ་ནས་བསྟན་པ་ལ་བྱ་བ་བྱས་ཚུལ། དེ་ནས་རང་ཡུལ་དུ་ཕེབས། སྔགས་མང་ནས་ཆིབས་བསུ་ཕེབས་སྟོན་སོགས་རྒྱས་པར་བྱས། འཁྲུངས་ཡུལ་བདེ་ཁ་ནས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཆོས་ཐོག་བཙུགས། ཁྱུང་དགོན་དུ་ཕེབས་སྔགས་མང་རྣམས་ལ་སྔ་འགྱུར་རྒྱུད་འབུམ་གྱི་ལུང་སོགས་དབང་ལུང་མང་པོ་གནང་། དེ་ནས་ས་མོ་སྦྲུལ་གྱི་ལོ་བླ་མ་རིག་འཛིན་ཆེན་པོའི་ལུང་བསྟན་ལས། དབང་དྲག་ཆོས་ཀྱི་འཁོར་ལོ་བསྐོར། །འབྲེལ་ཚད་པད་མ་ཅན་དུ་འདྲེན། །ཀུན་བཟང་བདེ་ཆེན་ཀློང་དུ་གཟིམ། །ཞེས་པ་ལྟར་ཞི་བ་ཐུགས་རྗེ་ཆེན་པོ་དང་ཁྲོ་བོ་རྟ་མགྲིན་གཉིས་ཡིན་པ་དང་། བྱ་གླང་སྦྲུལ་གྱི་མཚན་དཔེ་ལྟར་བདུད་རྩི་ཡོན་ཏན་ལྷ་ཚོགས་བཞེངས། གསུངས་པ་ལྟར་ཉིད་ཀྱི་དགུང་སྙིང་གླང་དང་སྦྲུལ་གྱི་ལོ་མ་ཎིའི་སྒྲུབ་ཆེན་འཛུགས་དགོས་པའི་ལུང་བསྟན་ལྟར་ཁྱུང་དགོན་ནས་ཁང་ཆུང་ཞིག་གི་ནང་ནས་རྟེན་འབྲེལ་གྱིས་འཕགས་མཆོག་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒོ་ནས་མ་ཎིའི་སྒྲུབ་ཆེན་བཙུགས་

p. 818

ནས་རེབ་གོང་ཕྱོགས་ཀ་གསུམ་གྱི་སྔགས་མང་རྣམས་ལ་འགྲིགས་ལམ་ཀུན་སྤྱོད་ཞིབ་རྒྱས་སུ་བཏང་། དེ་ཡར་སྔོན་ལ་སྔགས་པ་རྣམས་ལ་ཚེས་བཅུ་དང་ཆོས་ཐོག་དུས་བཟང་གི་སྲོལ་ཡོད་ཀྱང་བསྙེན་བཀུར་ཀྱི་གཙོ་བོ་ཆང་ལ་བྱེད། སྔགས་པ་རྒན་པོ་མཆོག་ཏུ་རློམ་པ་རལ་བ་ཉི་ལེ་བ་ཚོས་གླ་བ་སོགས་བསད་ནས་ཁུར་ཡོང་བ་ཚོ་ལ་གཞན་གྱིས་མི་ཁྲེལ་བར་ཁྱོད་ཀྱིས་འདི་གང་ནས་བསད་ཇི་ལྟར་བསད་ཅེས་སྨོན་གནས་བྱེད་ཅིང་འཕྱ་སྨོད་བྱེད་མཁན་མེད། སྔགས་པ་རྐུ་ཇག་བྱེད་པ་ཚོ་ལ་ཡང་། སྔགས་པ་དེ་ཚོ་ལ་ཆོས་འཇིག་རྟེན་གཏམ་ཁ་ལྕེ་དགྲ་རི་དྭགས་བཟང་ཞེས་བསྔགས་བརྗོད་བྱེད་པའི་སྤྱོད་ངན་ཐམས་ཅད་རིང་དུ་དོར་བའི་དྲིན་གྱིས་དེང་སང་འདོན་ཕྱག་ལེན་གར་ཐིག་དབྱངས་གསུམ་ཤེས་པ་རྣམས་ལ་སྨོན་གནས་བྱེད་ཅིང་། སྔགས་པ་རལ་བའི་ལྕང་ལོ་འཆང་བ་ཞིག་གིས་རི་དྭགས་གསོད་པ་དང་ཆང་འཐུང་ནས་ལམ་ཁ་ཚོ་ན་ཉལ་འདུག་པ་མཐོང་ན་ཐམས་ཅད་ཀྱིས་ལྟས་ངན་མི་སྲིད་པ་ཞིག་མཐོང་བ་དང་ཁྱད་མི་འདུག་པ་འདི་གཅིག་པུས་བསྟན་པའི་ག་དར་བྱས་པའི་བཀའ་དྲིན་ཡང་གཞལ་བར་མི་ནུས། དེར་མ་ཟད་ཚོགས་གྲལ་དུ་

p. 819

འཚོགས་དུས་སྐྲ་ཕབ་ཅིང་ཕྱག་འཚལ་བ། ཚོགས་ན་བཞུགས་དུས་སྐྱབས་སེམས་སྐབས་ཐལ་སྦྱར་དང་མཉམ་བཞག །དབང་བཞི་ལེན་དུས་རལ་བ་ཕབ་པ། ལུས་དྲང་པོར་བསྲང་ནས་བཟླས་པའི་དུས་ཕྲེང་བ་སྙིང་ཀའི་ཐད་ནས་འདྲེན་པ། ཇ་སྐབས་རྣམས་སུ་གཏམ་ཤབ་ཤུབ་མི་སྨྲ་བ་སོགས་སྐལ་ལྡན་དྭངས་བ་འདྲེན་པའི་མིག་རྟེན་དུ་འགྱུར་བའི་འགྲིགས་ལམ་ལ་བསླབ་ཅིང་། དེ་དང་འགལ་བ་གཟིགས་ཚེ་ཁྲི་ཁ་ནས་ཕེབས་ཏེ་ཕྱག་འབེབས་གནང་ཞིང་། དགེ་སྐུལ་གྱིས་འགྲིགས་ལྷོད་ན་དགེ་སྐུལ་ཚོ་ལ་བཀའ་བཀྱོན་ཕྱག་འབེབས་གནང་བ། མཁོ་བའི་ཡོ་བྱད་ཌ་དྲིལ་གླེགས་བམ་སོགས་མ་ཚང་ན་འགྲིགས་ལ་གཏད་ཅིང་། མ་ཎིའི་སྒྲུབ་ཆེན་ཉི་མ་བཅོ་ལྔ་ཙམ་ཡིན་དུས་སུ་ཉིན་རེ་ལ་མ་ཡོང་ན་རས་ར་ཡ་རེའི་འགྲིགས་བྱས་ཤིང་འགྲིགས་ལམ་ཀུན་སྤྱོད་དམ་པར་བསྡམས་པའི་དཔེ་སྲོལ་བཟང་བོ་ད་ལྟའི་བར་དུ་མ་ཉམས་པ་འདི་གཅིག་པུའི་བཀའ་དྲིན་གཞལ་བར་དཀའ། དེ་ནས་ལྕགས་རྟའི་ལོ་རིག་འཛིན་དཔལ་ལྡན་བཀྲ་ཤིས་རིན་པོ་ཆེའི་གདུང་བརྒྱུད་སྔགས་འཆང་བཀྲ་ཤིས་འབུམ་ནས་ལུང་བསྟན་

p. 820

ལྟར་གྱི་འདུ་ཁང་གི་བཀོད་པ་ཕུལ་བ་ནི་འདི་ལྟར། རྡོ་རྗེ་ཕོ་བྲང་དམ་ཆེན་སྲུང་མའི་གནས། །ཕྱི་ལྟར་རི་རབ་གླིང་ཕྲན་བཀོད་པས་བརྒྱན། །ནང་ལྟར་གཙུག་ལག་ཁང་གི་རྣམ་པ་ཅན། །གསང་བ་སྐུ་གསུམ་རྒྱལ་བའི་གཞལ་ཡས་ཁང་། །འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང་། །ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་གསུམ། །གཅིག་ཏུ་བསྡུས་ནས་ས་སྟེང་འདི་རུ་འཕོས། །པད་མའི་ཚལ་ལ་བུང་བ་འདུ་བ་དང་། །ཉལ་འགྲོའི་མཚོ་ལ་ངང་མོ་རྩེན་པ་བཞིན། །གནས་འདིའི་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །རྟག་ཏུ་འདུ་ན་ཕྲིན་ལས་ཅིས་མི་མྱུར། །དེ་ཕྱིར་སྙན་གྲགས་ནམ་མཁའི་འབྲུག་ལས་ཆེ། །ལོངས་སྤྱོད་དབྱར་གྱི་ཆར་སྤྲིན་ལྟ་བུར་རྒྱས། །མཐུ་སྟོབས་གནམ་ལྕགས་དྲག་པོའི་ཐོག་ལས་ཚ། །འཕྲིན་ལས་རྣོ་ངར་བར་སྣང་གློག་ལྟར་མྱུར། །ཞེས་པ་ལྟར། གཙུག་ལག་ཁང་གྲུ་བཞི་བ། དབུས་ཀྱི་རྒྱ་མཐོང་ངམ་རྩེ་ཐོག་ཀ་བ་འདོམ་ཕྱེད་བཞིར་ཡོད་པ་བཞི་སྟེ། མཐར་ཀ་བ་འདོམ་ཕྱེད་གསུམ་རེ་ཡོད་པ་བཅུ་གཉིས། དེ་མཐར་ཀ་བ་འདོམ་ཕྱེད་དོ་རེ་ཡོད་པ་ཉི་ཤུ། དེ་མཐར་གློ་འབུར་བཞི་ལ་ཀ་བ་བཅུ་དྲུག །

p. 821

དེ་སྟེང་གློ་འབུར་བཞི་ལ་ཀ་བ་བརྒྱད། ཁྱོན་སྡོམ་ཀ་བ་དྲུག་ཅུ་ཐམ་པའོ། །བར་ཐོག་གི་གློ་འབུར་ཀ་རིང་འདོམ་ཕྱེད་གསུམ་རེ་ཡོད་པ་ཉི་ཤུ་བྱས་ཚེ་ཁྱོན་ཀ་བ་ང་གཉིས་འདུག །ལྷོའི་གློ་འབུར་ཐ་མ་སྒོ་ཁང་། ནུབ་ཀྱི་མེ་ཚང་། བྱང་གི་མགོན་ཁང་། ཤར་གྱི་སྤྱོད་ལམ་དང་སྣ་ཚོགས། ཤར་ལྷོའི་གྲྭ་མགྲོན་ཁང་། ལྷོ་ནུབ་གྲྭ་མེ་ཤིང་ནུབ་བྱང་གྲྭ་མལ་ས། བྱང་ཤར་གྲྭ་གང་བདེ། བར་ཐོག་གི་གློ་འབུར་བཞི། ལྷོའི་ཉི་འོད། ནུབ་ཀྱི་གཟིམ་ཁང་། བྱང་གི་མགྲོན་ཁང་། ཤར་གྱི་གྲྭ་ཤག །ཐོག་གི་རྒྱ་མཐོང་ལྷོ་འགྱུ་དར་དཀར་གྱི་ཡོལ་བ་ཅན། དེ་སྟེང་རྔ་ཐུག་གི་རྒྱན་སོགས་ཕྱོགས་མཚམས་དར་ལྕོག་གིས་མཛེས་པའོ། །ཞེས་དང་། ཡང་བརྡ་ཆོས་ལས། མི་ཁྱོད་ཀྱི་འདུག་ས་རྡོ་རྗེའི་མིང་། །ཕོ་བྲང་གྲུ་བཞི་ལོགས་བརྒྱད་པ། །མི་འགྱུར་བདེ་བ་ཆེན་པོའི་གནས། །གསང་སྔགས་བསྟན་པ་དར་ཞིང་རྒྱས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གླིང་། །ཞིང་མཆོག་དེ ནི་ཁྱད་པར་འཕགས། །ཞེས་དང་། གོའུ་སྡེ་པཎ་སྔགས་རིན་པོ་ཆེ་སྤྱང་ལུང་གི་འཇམ་དཔལ་ཆོས་ཐོག་ཅིག་གི་སྟེང་ན་བཞུགས་

p. 822

དུས་མནལ་ལམ་དུ་སྤྱང་ལུང་གི་ཨེ་ཡིག་ལུང་པ་གྱེན་ལ་ཕེབས་དུས་ཁྱུང་དགོན་གྱི་ངོས་ན་ལྷ་ཁང་ཟུར་བཞི་ལོགས་བརྒྱད་ཞིག་གི་ལྷོ་ངོས་ན་སྔགས་འཆང་རལ་པའི་ཐོར་ཅོག་ཅན་ཞིག་བཞུགས་ཡོད་པ་གཟིགས་ཚེ་ཁོང་གི་ཐུགས་དགོངས་ལ་པཎ་ཆེན་བི་མ་མི་ཏྲ་ཡིན་པར་འདུག་ཐུགས་ལ་ཤར་བ་རྨིས་གསུངས་པ་དང་། གཞན་ཡང་དབུས་ཕྱོགས་སོགས་ནས་ལུང་བསྟན་མང་པོ་ཡོད་པ་དང་མཐུན་པར་འདུ་ཁང་གི་རྨང་བཏིང་སྐབས་ཉིད་དང་གཟུངས་མ་གཉིས་ཀྱིས་ས་གཤོལ་བརྒྱབ་ནས་ས་ལས་གནང་ཚེ། ལམ་འགྲོ་འགའ་ཞིག་གིས་མཐོང་ནས་རྒྱ་ཆེ་སྟབས་མི་འགྲུབ་སྙམ་གད་མོ་ཤོར་བ་གསན་ནས་ཐུགས་དགོངས་ལ་ཉིད་ནས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་ཆོས་སྐྱོང་རྣམས་ལ་ཕྲིན་ལས་བཅོལ་ན་ལས་འགྲུབ་དགོངས་ཐུགས་བརྩོན་གནང་ཚེ་ཐུགས་ཉམས་ལ་ཉིད་པཎ་ཆེན་བི་མ་ལ་མི་ཏྲའི་སྤྲུལ་བ་ཡིན་པ་ཤར་བས་འདུ་ཁང་འགྲུབ་པ་སྲིད་དགོངས་ཐུགས་བློ་རྫོགས་པ་བྱུང་། དེ་ནས་རེབ་གོང་ཕྱོགས་ཁ་གསུམ་གྱི་སྔགས་མང་རྣམས་ནས་བརྩོན་པ་ཆེར་བསྐྱེད་ནས་ལས། ཉིད་ནས་ཀྱང་ལས་ཁུར་བསྣམས་ནས་ས་ལས་ཤ་སྟག་

p. 823

གནང་སྟེ་ལོ་གཅིག་གི་རིང་ལ་གྲུབ་ནས་མ་ཎི་འཛུགས་ཐུབ་པ་བྱུང་ཚེ་ཐམས་ཅད་ཀྱིས་བསྟོད་བསྔགས་དང་མི་ཕྱེད་པའི་དད་པ་སྐྱེས། འདུ་ཁང་ནང་ནས་བཀའ་བརྒྱད་དབང་ཆེན་གནང་། བཀའ་བརྒྱད་ཁྱུང་དགུ་མའི་སྒྲུབ་ཆེན་ཉི་མ་བཅོ་ལྔ་ཙམ་ལ་བཙུགས། རེབ་གོང་སྔགས་སྡེ་སོ་སོ་ནས་གདན་དྲངས་ནས་བཀའ་བརྒྱད་དབང་ཆེན་སོགས་དབང་ལུང་མང་པོ་གནང་། སྐབས་ཤིག་ཐུགས་ཉམས་ལ་མཁར་རྒོང་འདབས་ཀྱི་འཕྲང་ངོས་ན་བུད་མེད་ལྔས་རྡོ་ཁང་གྲུ་བཞི་ཞིག་བཏེགས་ཤིང་མཁར་རྒོང་གི་གནས་སོགས་བསྟན་ནས་གྲུབ་གནས་བརྒྱད་ལ་གཏེར་འབུལ་དགོས་ཚུལ་བསྟན་པ་ཚེ་རིང་མཆེད་ལྔས་བརྡས་བསྐུལ་བར་གཟིགས་ནས། ལུང་བསྟན་ལས། བྱ་གླང་སྦྲུལ་གྱི་མཚན་དཔེ་བདུད་རྩི་ཡོན་ཏན་ལྷ་ཚོགས་བཞེངས། གསུངས་པ་དང་མཐུན་པར་རེབ་གོང་སྒྲུབ་གནས་སོ་སོར་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་རྡོ་སྐུ་དང་གཏེར་ཕུལ་དུས་ཚེ་མཆོག་གི་རྡོ་སྐུ་ལས་བདུད་རྩི་བབས་པ་བྱུང་། གནས་སོ་སོར་གཏེར་ཕུལ་དུས་ནམ་མཁའ་ལ་འཇའ་འོད་ཀྱི་གུར་མེ་ཏོག་ཆར་དྲི་བཟང་པོ་འཐུལ་བ་སོགས་

p. 824

ངོམཚར་བའི་ལྟས་མང་པོ་བྱུང་བས་ཀུན་དད་པར་གྱུར་ཏོ། །དེ་ནས་བཟུང་ཡུལ་ཕྱོགས་ལ་ལོ་ཕྱུགས་རྟག་ཏུ་ལེགས་ཤིང་བཀྲ་ཤིས་སོགས་བྱུང་། གནས་དེ་དག་ཏུ་པཎ་སྔགས་རྣམས་ཀྱིས་མཚམས་བསྙེན་སྒྲུབ་བྱེད་མཁན་ཡང་མང་པོ་བྱུང་ངོ་། །འཇམ་ནས་བཀའ་བརྒྱད་དབང་ཆེན་གནང་དུས་སྔགས་པ་ཞིག་གིས་ཆང་གི་ཉེས་དམིགས་ཤོག་གཅིག་ཅིག་ཕུལ་བ་གཟིགས་ནས། འོ་འདིའི་ནང་ན་ཆང་ལ་ཉེས་པ་མང་པོ་ཡོད་ཅིང་། ཁྱད་པར་ཆང་འཐུང་པད་མ་ང་ཉིད་བསླུས་པ་ཡིན་གསུངས་ཡོད་པས། ངེད་ཅག་རྣམས་ནས་་ཨོ་རྒྱན་པད་མ་བསླུས་ནས་སྐྱབས་སུ་ལ་འཚོལ། ད་ནས་བཟུང་སྟེ་ངས་ཆོས་རྒྱན་ལ་ཞུགས་པ་རྣམས་ཀྱིས་ཆང་གཏན་ནས་འཐུང་ས་མེད་ཅེས་འགྲིགས་བཞག །ཆང་འཐུང་མཁན་རྣམས་ལ་ཇ་ལན་ཆེན་རེའི་རྒྱུ་སོང་ཡོད་པའི་གྱན་ཐང་དང་མ་ཎི་བཞེངས་པ་དང་ལོ་མཚམས་རེའི་འགྲིགས་བཞག །ཆོས་ཐོག་སྟེང་ནས་ཚོགས་ཆང་ཚེ་ཆང་ནང་ཆང་སོགས་ལ་ཆང་སེར་ཀ་པ་ལ་གང་རེ་བཞག་ནས་ལྕེ་ཐོག་ཏུ་ཐིགས་པ་རེ་འཇོག་པ་དང་། ཚོགས་ཤ་ལ་ཡང་རྣམ་གསུམ་དག་པའི་ཤ་དམ་རྫས་ཙམ་མ་གཏོགས་སྲོག་

p. 825

གཅོད་མི་བྱེད་པ་སོགས་སྟོད་སྨད་བར་གསུམ་གྱི་སྔགས་པ་ཐམས་ཅད་ཀྱི་ཆོས་ཐོག་གར་ཡོད་པར་འགྲིགས་ཁྲིམས་གང་ཞིབ་ཏུ་བཏང་། ཞོ་འོང་ལ་ཁའི་སྔགས་མང་གིས་གདན་དྲངས་ནས་གྲུབ་དབང་དམ་པ་པད་མ་རང་གྲོལ། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། གྲུབ་དབང་སྐལ་ལྡན་རང་གྲོལ་སོགས་ཀྱི་གཙོས་སྔགས་མང་སྐྱ་སེར་མང་པོར་བཀའ་བརྒྱད་དབང་ཆེན། བསམ་པ་ལྷུན་གྲུབ་མའི་དབང་། བྱ་རྒྱུད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སོགས་གནང་། རེབ་གོང་གི་སྔགས་སྡེ་སོ་སོའི་འདོད་མོས་ལྟར་སྨིན་གླིང་ཉི་གྲགས་ཀློང་སྙིང་སོགས་ཀྱི་མཚོན་དབང་ལུང་མང་པོ་གནང་། ཆང་དང་དུ་བ་རྐུ་ཇག་གཡང་གཞི་སོགས་གཏན་ནས་བཅད་ཅིང་ཚག་འཛིན་བྱས། སྔགས་པ་ཆང་འཐུང་མཁན་ཕར་ཞོག་བླ་མ་པད་མ་རང་གྲོལ་རིན་པོ་ཆེ་རིམ་གཉིས་ཀྱི་རྟོགས་པ་མངོན་དུ་གྱུར་བའི་གྲུབ་ཆེན་དེ་ལྟ་བུས་ཀྱང་གསོལ་ཆང་བསྟེན་པར་བཀའ་བཀྱོན་དང་ཕྱག་འབེབས་གནང་ཞིང་ཚར་གཅོད་པའི་ཚུལ་མཛད། གཡང་གཞི་ལེན་མཁན་གཞན་ཕར་ཞོག་ཐ་ན་སྐུ་དབོན་རླུང་གིས་ན་ནས་རླུང་བཅོས་ལ་ལུག་ཤ་

p. 826

ཞིག་དགོས་ཚུལ་ནན་དུ་ཞུས་པར། ཤི་ན་ཡང་སྲོག་གཅོད་པ་མེད་ཅེས་མ་གནང་། ལྐོག་ནས་ལུག་གཅིག་བཤས་པ་མཁྱེན་ནས་མཚམས་བཅད་ནས་ཡུན་རིང་བར་སྐུ་མདུན་དུ་མ་ཆུད། དུ་བ་འཐེན་མཁན་ཆོས་པ་ཕར་ཤོག་ཐ་ན་ཤིང་བཟོ་ཡན་ལ་འདུ་ཁང་བཞེངས་ཚར་རག་བར་དུ་བ་འཐེན་དུ་མ་བཅུག་སྐད། དེ་ལྟར་འགྲིགས་ལམ་ཀུན་སྤྱོད་དམ་པར་གནང་ནས་འགྲོ་བ་ཡོངས་ཀྱི་གཙུག་ཏུ་བཀུར་ཞིང་ཆོས་ཀྱི་བདག་པོར་མངའ་གསོལ་ནས་བཞུགས་སྐབས། གསུང་སྒྲོས་ཀྱི་ནོར་ལ། ང་རྩེ་སྨད་ལྷ་མོའི་བླ་མཚོར་མཇལ་སྐབས་མཚོ་ནང་ནས་འོད་དཀར་པོ་ཕྱོགས་ཐམས་ཅད་དུ་བརྐྱངས་པའི་ཁང་བ་མི་འདྲ་བ་ཞིག་གི་ཀ་ཕོག་བྲེས་པ་ལྟ་བུ་གསལ་བོར་མཐོང་ཡང་གང་ཡིན་མ་མངོན། རྗེས་སོར་འདུ་ཁང་གི་ཀ་ཕོག་བྲེས་ཚེ་སྔར་གྱི་མཚོ་ནང་གི་བཀོད་པ་ཤར་བ་དང་ངོ་འཕྲོད་གསུངས། སྐབས་ཤིག་རྒྱལ་པོའི་སྔགས་རྒན་རྟ་མགྲིན་སྐྱབས་ཀྱིས་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཕྱི་རབས་རྗེས་འཇུག་རྣམས་ཀྱི་དོན་དུ་རྣམ་ཐར་ཞིག་གསུངས་པར་མཁྱེན་ཞུས་ཚེ། འོ་ང་ལ་རྣམ་ཐར་རྩོམ་ན་བྱ་བ་ལས་ཀྱི་རྣམ་ཐར། མཛད་པ་ཕྲིན་ལས་ཀྱི་རྣམ་ཐར། གསང་

p. 827

བ་ཉམས་སྣང་གི་རྣམ་ཐར་བཅས་པོ་ཏི་གསུམ་ཙམ་བརྩམ་ཆོག་ཀྱང་ངེད་ཀྱིས་མི་རྩོམ་རྗེས་ནས་ངེད་ཀྱི་གསུང་རྟིང་ནོན་ཅིང་ང་ལ་རྣམ་ཐར་རྩོམ་མཁན་ཞིག་ཡོང་བས་དེ་ལ་ཞུས། ངེད་ཀྱི་རྣམ་ཐར་བླ་མས་རྗེས་བཟུང་མའི་གསོལ་འདེབས་དེས་ཀྱང་ཡོང་། དེ་དང་མཐུན་པར་འཁོར་བར་ཞེན་ལོག་དང་ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་ཞིག་ཡོད་པ་འདི་ངའི་རྣམ་ཐར་གྱི་གཙོ་བོ་ཡིན། དེ་མིན་ངེད་ཀྱི་རྣམ་ཐར་རི་མོར་འབྲི་ན་གླ་བ་བསད་ནས་སྟེང་གི་སྤུ་འབལ་བ་ཚོ་བྲི་དགོས། དེ་བྲིས་ན་གཞན་གྱིས་བཞད་གད་འཆོར་མོད་གསུངས་བཞད་ཅིང་སྐུ་རྩེད་གནང་། མ་ཎིའི་རིལ་བུ་འགྱེད་དུས་ཞིག་ལ་སྔགས་པ་རྟ་མགྲིན་ཟེར་བའི་མཐོང་སྣང་ལ་ཉིད་ཀྱི་དབུ་གཙུག་ཏུ་རྒོད་ལྡེམ་གསུམ་ཡོད་པ་མངོན་སུམ་དུ་མཐོང་བ་ཞུས་ཚེ། ཉིད་ནས་ང་རང་སྣ་ནམས་རྡོ་རྗེ་བདུད་འཇོམས་དང་རིག་འཛིན་རྒོད་ལྡེམ་སོགས་ཀྱི་སྤྲུལ་པ་ཡིན་པའི་རྟགས་རེད་ཅེས་ཞལ་བཞེས་གནང་སྐད། སྐབས་ཤིག་གྲུབ་ཐོབ་ཧབ་ཁྱི་ཁྲིད་ནས་འགྲོ་བ་ཞིག་སྐུ་མདུན་དུ་ཡོང་ནས་སྤྱང་རྭ་རྩེར་སྒྲུབ་པ་བྱེད་དུ་འགྲོ་ཞུས་ཚེ། ཉིད་ཀྱི་ཞལ་ནས་ཁྱོད་

p. 828

གནས་དེར་མཚམས་ལ་འདུག་ན་གནས་བདག་བྱིའུ་བྲག་ལ་དཀར་གཏོར་རེ་བསྔོ་དགོས་གསུངས་ཚེ། གྲུབ་ཐོབ་ན་རེ། ངས་བྱིའུ་བྲག་ཟེར་བ་དེ་ལྷམ་ནང་དུ་འཇུག་ཐུབ་ཟེར་སོང་། ཉི་མ་ཁ་ཤས་འཕྲོར་བྱིའུ་བྲག་གི་འཕྲུལ་གྱིས་གྲུབ་ཐོབ་ལ་ན་ཟུག་ཆེན་པོ་བྱུང་ནས་མ་བཟོད་པར་ཉིད་ལ་སྐྱབས་འཇུག་ཞུས་པས། ཉིད་ནས་གུ་རུ་དྲག་པོའི་ང་རྒྱལ་གྱིས་བྱིའུ་བྲག་གཟིར་བས། བྱིའུ་བྲག་གླང་ལ་ཞོན་ནས་སྐུ་མདུན་དུ་ཚུགས་མ་ཐུབ་པར་ཕར་ཚུར་རྒྱུག་ཅིང་བཟོད་གསོལ་ཕུལ། དེ་ནས་བྱིའུ་བྲག་གི་འཁོར་མང་པོ་བྱུང་ནས་བླ་མ་རིན་པོ་ཆེ་ཐུགས་དགོངས་ལྷད། ངེད་ཚོའི་ལ་ལའི་མགོ་བཅད། ལ་ལའི་རྐང་ལག་བཅད་པ་སོགས་སྡུག་བསྔལ་དུ་གྱུར་བས། ངེད་རྣམས་ཀྱི་སྲོག་གི་སྙིང་བོ་འབུལ་བཀའ་བཞིན་སྒྲུབ་ཅེས་ཕྱག་འཚལ་བའི་ཚེ། ཉིད་ནས་ཕྱིན་ཆད་དམ་ལ་གནས་པའི་གཉེར་ཕོག །གྲུབ་ཐོབ་ལ་གནོད་པ་མི་བྱེད་པའི་ཁས་ལེན་བྱས་པའི་ནུབ་གྲུབ་ཐོབ་ཀྱི་རྨི་ལམ་དུ་རྒྱབ་ནས་གོས་ནག་པོ་ཞིག་བླངས་པ་རྨིས་པས་ནད་ལས་གྲོལ། དེ་སྔོན་བྱིའུ་བྲག་གི་ཞལ་གཟིགས་སྟོན་ཚེ་བླ་དཔོན་སྐུ་དྲག་ཀྱི་ཆ་བྱད་སྟོན་པ་ལ་དེ་ནས་བཟུང་།

p. 829

ཡུལ་མི་རྒད་པོ་ཞིག་གི་ཆ་བྱད་སྟོན་ཅིང་གུས་འདུད་བྱེད་ཅེས་གསུངས། ཁྱུང་དགོན་གྱི་ཉེ་འདབས་ན་ཆུ་མིག་ཆུང་ངུ་ཞིག་ཡོད་པ་ཉིད་ཀྱིས་བྱིན་རླབས་གནང་། ཀླུ་སྨན་དང་བཞེས་ལྷག་རེ་བསྐྱལ་བས་ཆུ་ཇེ་མང་དུ་སོང་ནས་མ་ཎིའི་སྐབས་ཚོགས་ཆུ་ཡོང་བ་ད་བར་ཡོད་པ་སོགས་ཀླུ་དེ་ཡང་དམ་ལ་གནས། ཡང་གསུང་འཕྲོས་ཀྱི་ཞོར་ལ་ཁམས་སུ་ཕེབས་སྐབས་རྒྱལ་རོང་ཚང་དང་སྐུ་དབོན་གཉིས་ཀྱི་དབུ་སྙུང་བར་ངེད་ལ་བྱིན་རླབས་ཞུས་པས་སྔགས་བཏབ་པའི་ནུབ་མོ་མནལ་ལམ་དུ་དྲང་སྲོང་ཆེན་པོའི་ལྟོ་བར་ཉི་མ་ཟླ་བ་གཉིས་མིད་ནས་ལྟོ་བར་ན་ཕར་རྒྱུག་ཚུར་རྒྱུག་བྱེད་པ་མཐོང་ནས་ཉིད་ཀྱི་ཐུགས་དགོངས་ལ་ཉི་ཟླ་གཉིས་འདིས་ཟོས་ན་སེམས་ཅན་མུན་པའི་བསྐལ་པར་ཚུད་པ་ཡིན་པས་འདི་དམ་ལ་འདོགས་དགོས་ཞེས་ཡི་དམ་རི་རབ་ཙམ་གྱི་སྐུར་བསྐྱེད་ནས་གཟིར་བས་གཟའི་སྦྲུལ་མཇུག་གམ་དུ་ན་ར་ར་བྱུང་བ་ཕྱག་གིས་བཟུང་ནས་ས་ལ་བརྡབ་པས་ཉི་ཟླ་གཉིས་ཁ་ནས་ལྷུང་བ་རྨིས་པའི་ཕྱི་ཉིན་ཁོང་རྣམ་གཉིས་སྐྲུན་གཞི་ལས་གྲོལ་སོང་། ཡ་ཨ་རོག་ཚོ་ང་སུ་ལ་ཡང་མི་སྐྲག་ངས་དེ་འདྲ་བྱེད་ཐུབ་གསུངས།

p. 830

བླ་མ་རྒྱལ་པོ་རིན་པོ་ཆེའི་གདན་ས་ཆུ་ཆལ་རིག་འཛིན་རབ་འཕེལ་གླིང་ནས་ལོ་ལྟར་གྱིས་ཨ་ཏི་ཟབ་དོན་གྱི་ཁྲིད་གནང་། ཁྱུང་དགོན་ནས་མཚམས་ཁང་མང་པོ་བཏབ་ནས་སྔགས་མང་ལ་མཚམས་རེ་གཤར་ནས་སྒྲུབ་པ་ཤ་སྟག་བྱེད་དུ་བཅུག །ཁོང་ཕྱོགས་གཞན་དུ་གདུལ་བྱ་ཞིག་ལ་ཕེབས་དུས་བདེ་ཁའི་སྨན་པས། ཉིད་རིན་པོ་ཆེ་ཁྱེད་ཀྱིས་འགྲིགས་ཁྲིམས་འདི་ཧ་ཅང་དམ་དྲགས་པས་གདུལ་བྱ་འགག་རྐྱེན་དུ་འདུག་པས་བསྲུང་བྱ་སྤྱི་ལས་ཆང་འདི་སུས་ཀྱང་སྲུང་མཁན་དཀོན་པས་དེ་ཙམ་མ་བསྡམས་ན་ལེགས། དེར་མ་ཟད་དགག་བྱ་གང་ཡིན་ཚོད་རན་པ་ཞིག་ལ་ཐུགས་ཉམས་གནང་བ་མཁྱེན། ངས་ཆང་མི་འཐུང་ཐ་མ་ཁ་མ་བྱིན་ལེན་སྲོག་གཅོད་སོགས་བྱ་དོན་མེད་པས་རང་དོན་ཞུས་པ་མིན། སྔགས་པ་རྣམས་ཀྱིས་ཁོང་ལ་ཞུ་རྒྱུ་མ་སྤོབས་པ་ལས་སྲུང་མཁན་དཀོན་ལགས། ངས་གཞན་དོན་ལ་ནན་ཆེར་ཞུས་པ་ཡིན་ཞེས་སྙན་དུ་གསོལ་ཚེ་ཁོ་ལ་བཀའ་བཀྱོན་དྲག་པོ་གནང་ཞིང་རྗེས་སུ། འོ་ཁྱོད་སེམས་ཅན་ཞིག་གིས་ང་སངས་རྒྱས་ཞིག་ལ་ཁ་ཏ་འདི་འདྲ་བྱེད་པ་རེད། ཁྱོད་བསམ་རྒྱུ་དེ་ངས་བླ་མ་གཞན་ཚོ་ལྟར་སོ་བྱང་སྔགས་

p. 831

གསུམ་དང་མཐུན་པའི་སྤང་བྱ་ལྷོད་དེ་དབང་སྐུར་བ་སོགས་བྱས་ན་འདོད། དེ་ལྟར་བྱས་ན་རང་གཞན་དམྱལ་བར་ལྷུང་ངེས། ང་ལམ་སྟོན་གྱི་བླ་མ་ཡིན་པས་ལམ་དྲང་པོར་སྟོན་དགོས། ལམ་རབ་རིབ་སྟོན་ཚུལ་ག་ལ་སྲིད། མ་ནོར་ལམ་སྟོན་རྒྱལ་བ་ཀུན་གྱི་དངོས། །གསུངས་པ་དེ་ཉིད་མ་གོ་བ་ཨེ་ཡིན། ང་ལ་གདུལ་བྱ་མང་བ་ཁོ་ནས་དགའ་རྒྱུ་མེད། ང་ལ་དམ་ཉམས་བརྒྱ་བས་དམ་ལྡན་གཅིག་ལ་དགའ་གསུངས། དེ་ལྟར་གཞན་གྱིས་ཇི་ལྟར་ཞུས་ཀྱང་འགྲིགས་ཁྲིམས་ཇེ་དམ་དུ་བཏང་བ་སོགས་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་བསྔགས་བརྗོད་མཛད་པ་ལགས་སོ། །སྨྲས་པ། བསྟན་པའི་གཞི་མ་ཁྱུང་དགོན་རི་ཁྲོད་དུ། །བསྟན་པ་འཛུགས་ཕྱིར་ཐོག་མར་ཆོས་འཁོར་བསྐོར། །བསྟན་འགྲོའི་ཕན་བདེ་སྤེལ་སླད་ལྟོ་འགྲོས་ལོར། །བསྟན་ལ་བྱ་བ་བྱས་ཤིང་སྒྲུབ་ཆེན་བཙུགས། །རྡོ་རྗེ་བདུད་འཇོམས་སླར་ཡང་སྔགས་ཆང་ཚུལ་འཛིན་གང་དེས་འགྲོ་ལ་ཕན་བདེའི་ཕྱིར། །རྡོ་རྗེ་ཐེག་པའི་ཡང་བཅུད་འཁོར་བ་དབྱིངས་སྒྲོལ་ཆོས་རྒྱན་འཛུགས་པའི་རྟེན་འབྲེལ་འགྲིགས། །རྡོ་རྗེ་ཆོས་

p. 832

སྲུང་རྣམས་ཀྱིས་འཕྲིན་ལས་སྒྲུབ་ཅིང་འདུ་ཚོགས་གོང་འཕེལ་གྱུར། །རྡོ་རྗེ་འཛིན་པ་གང་དེས་སྔ་འགྱུར་རྒྱུད་འབུམ་ལ་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །ལྷ་དང་བླ་མའི་ལུང་བསྟན་བཞིན། །ལྷ་ཁང་གྲུབ་ཚེ་ནམ་མཁའ་ནས། ལྷ་དང་ལྷ་མོ་མང་པོ་རྣམས། །ལྷ་ལམ་བཞུགས་ནས་མེ་ཏོག་འཐོར། །ཆོས་ཀྱི་སྙིང་པོ་བཀའ་བརྒྱད་སོགས། །གསང་ཆེན་སྔགས་ཀྱི་ཆོས་འཁོར་བསྐོར། །ཆོས་ཐོག་དུས་བཟང་ཚེས་བཅུ་ལ་སོགས་འགྲིགས་ལམ་བཞག་ནས་ཚགས་འཛིན་གནང་། །ཆོས་ཀྱི་བར་ཆད་དུ་ཆང་ལ་སོགས་གཏན་ནས་བཀག་ཅིང་བསྲུང་སྡོམ་བྱས། །ཆོས་སྤྱོད་ཁ་ཏོན་ཕྱག་སྐོར་ལ་སོགས་དགེ་རྒྱུན་བཟང་པོ་དེ་ནས་ཚུགས། །རབ་མྱུར་དྲག་རྩལ་ལྡན་པའི་བྱིའུ་བྲག་ཀྱང་། །རབ་ཏུ་བྲེད་ནས་སྲོག་གི་སྙིང་བོ་ཕུལ། །རབ་གཏུམ་དུག་རླངས་ལྡན་པའི་གཟའ་རྒོད་ཀྱང་། །རབ་ཏུ་གཟིར་ནས་ཆ་ལང་བཞིན་དུ་བརྡབས། །དཀར་ཕྱོགས་སྐྱོང་བའི་ཀླུ་སྨན་གྱིས། །དཀར་ཆོས་སྒྲུབ་ཆེན་ཚོགས་ཆུ་ཕུལ། །དཀར་སྐྱོང་ལྷ་ཀླུ་གཞི་བདག་རྣམས། །དཀར་པོ་དགེ་བའི་ཕྲིན་ལས་བསྒྲུབས། །མང་མང་ལྐོག་གྱུར་ཡང་ཡང་གསུངས་

p. 833

པའི་ཚེ། །ལ་ལ་ཙམ་མིན་བཟང་བཟང་སྐྱེ་དགུའི་ཚོགས། །སྙན་སྙན་གསོལ་འདེབས་དུང་དུང་གུས་པ་ཡིས། །རང་རང་ངོས་ནས་ཟབ་ཟབ་ཆོས་རྒྱུན་ཚུགས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དྲུག་པ། རིས་མེད་ཀྱི་གདུལ་བྱ་རྣམས་ལ་འགྲོ་དོན་ཕྱོགས་མེད་དུ་གནང་ནས་ཆོས་རྒྱུན་མང་པོ་བཙུགས་ཤིང་གསང་སྔགས་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཚུལ། རང་ཕྱོགས་ཀྱི་གདུལ་བྱ་རྣམས་ལ་བསྟན་པ་ལེགས་པར་བཙུགས་ནས་དགུ་རོང་གི་སྦས་ཡུལ་དུ་བྱོན་ཚུལ་ནི། རིག་འཛིན་ཤྲི་ཝན་མངྒའི་ལུང་བསྟན་ལས། དབང་ཆེན་དྲག་པོའི་ཆོས་སྐོར་ཏེ། །རལ་པའི་གསེབ་ཏུ་ཁུར་བྱས་ནས། །ཕྱོགས་མེད་རི་ཁྲོད་འགྲིམས་ནུས་ན། །ཕྱག་རྒྱ་པད་མ་ཅན་དང་འཕྲད། །ཀ་ཡ་རྩ་མདུད་གྲོལ་བར་འགྱུར། །ལས་རླུང་དྷུ་ཏིར་དག་ནས་འོང་། །ཟག་བཅས་ཕུང་པོ་མི་སྣང་ནས། །ཟག་མེད་བདེ་ཆེན་མངོན་དུ་བྱེད། །ཅེས་དང་། ཡང་རྟེན་འབྲེལ་ཞིག་འགྲིགས་པ་འདི་ལྟ་སྟེ། །ས་པད་མ་འདབ་བརྒྱད་ཚུལ་དུ་ཆགས། །གནམ་འཁོར་ལོ་རྩིབས་བརྒྱད་ར་བས་བསྐོར། །ལོགས་

p. 834

བཀྲ་ཤིས་རྟགས་བརྒྱད་མཚན་མས་སྤྲས། །ནགས་ལྷོ་སྤྲིན་འཐུག་པོས་རི་ངོགས་བརྒྱན། །བྲག་རིན་ཆེན་བརྩེགས་པས་རྒྱབ་བརྟེན་བྱས། །སྤང་མེ་ཏོག་བཀྲ་བས་མདུན་ནས་མཛེས། །ཆུ་གཡུང་དྲུང་འཁྱིལ་བ་གཡས་སུ་འབབས། །དེ་དབང་ཆེན་སྒྲུབ་པའི་གནས་སུ་བཟང་། །ཞེས་དང་། །གཞན་ཡང་། བླ་མ་རིག་འཛིན་ཆེན་པོའི་ལུང་བསྟན་སྐལ་ལྡན་སྙིང་གི་ནོར་བུ་ལས། དེ་ཡང་གནས་ཀྱི་ཁྱད་པར་ནི། །ཆོས་འཁོར་གཉན་པོའི་བྱང་ཤར་མཚམས། །བདུད་ཡུལ་བརྒལ་བའི་ཕ་རོལ་ན། །སྲིད་པ་ཆགས་པའི་ལྷ་ཆེན་པོ། །གངས་རིའི་དམག་དཔོན་སྤོམ་ར་ཡོད། །དེ་དང་ཉེ་བའི་བྱང་ཕྱོགས་སུ། །མཚོ་སྨན་རྒྱལ་མོ་མཆེད་ལྔའི་གཙོ། །ཁྲི་གཤོག་ཀླུ་ཡི་ཕོ་བྲང་ཡོད། །གནས་འདིའི་ཤར་ཕྱོགས་ཅོང་ཁའི་རྒྱུད། །གཡེར་མོ་ཐང་དང་ཉེ་བའི་ཆར། །རོང་ཞེས་གྲགས་པའི་གནས་ཆེན་ཡོད། །དེ་ཡི་ལམ་ཡིག་འདི་ལྟ་སྟེ། །རོང་དགུ་འདུས་པ་ས་ཡི་མདོ། །རྨ་ཆུ་འཁྱིལ་བའི་ཁུག་པ་རུ། །དགུ་འདུས་ཆུ་བོ་དྲག་ཏུ་འབབ། །གནས་དེར་སྡེ་བརྒྱད་རྦ་ཀློང་འཚུབ། །ཁྱད་པར་ཀླུ་སྲིན་ཕོ་མོ་གཉིས། །གནས་སྒོ་སྲུང་བའི་ཚུལ་དུ་ཡོད། །

p. 835

དེ་ནས་ཉི་མ་ལྷོ་ཕྱོགས་སུ། །ཐ་མལ་མི་ཡི་འགྲོས་ཀྱི་ཁྱོན། །ཉི་མ་ཕྱེད་དང་བརྒྱད་ཀྱི་བར། །རིག་འཛིན་སྔགས་ཀྱི་སྒྲུབ་གནས་ཡོད། །གནས་མཆོག་དེ་ཡི་ཆགས་ཚུལ་ནི། །རི་རྒྱལ་མཁའ་ལ་ལྡིང་འདྲའི་འདབས། །ཆུ་ཆེན་དྲག་པོ་འབབ་པའི་ལུང་། །འབྲུ་རིགས་སྣ་ཚོགས་སྐྱེ་བའི་ཡུལ། །རི་རྣམས་རྒྱལ་པོ་གདན་བཞུགས་འདྲ། །བྲག་རྣམས་མདའ་སྒྲོ་གཤིབས་པ་འདྲ། །གནས་མཆོག་དེ་ཡི་ཡོན་ཏན་ནི། །གནམ་ས་པད་མ་འཁོར་ལོ་རིས། །ཆོས་འབྱུང་བྷ་གའི་དབྱིབས་སུ་ཡོད། །ཉི་ཟླའི་རྒྱུ་ལམ་ཕྱོགས་མ་ལོག །རྟེན་འབྲེལ་དེ་ཡི་ཁྱད་པར་གྱིས། །གསང་སྔགས་སྒྲུབ་སྡེ་མང་དུ་འབྱུང་། །མི་ཆེན་བརྒྱུད་པ་ཡུན་དུ་གནས། །ཕྱི་ལྟར་རིན་ཆེན་གསེར་གཞོང་ལ། །སྙིང་པོ་མར་གྱིས་བཀང་བ་འདྲ། །མངའ་ཐང་ལོངས་སྤྱོད་རྒྱས་པ་ཡོང་། །ནང་ལྟར་རུས་སྦལ་ཁོག་པ་ལ། །གབ་རྩེ་དགུ་ཡིས་བརྒྱན་པ་འདྲ། །རིག་གནས་སྣ་དགུ་ཤེས་པ་ཡོང་། །གསང་སྔགས་བསྟན་པ་མཐའ་རུ་རྒྱས། །ཞེས་པ་ལྟར་ལུང་གིས་ཟིན་པའི་སྦས་ཡུལ་ཆེན་པོ་དགུ་རོང་ཞེས་གྲགས་པ་དེར་ཇི་ལྟར་ཕེབས་ཚུལ་ནི།

p. 836

ཐོག་མར་ཡང་རོང་ཀླུ་འབུམ་རྒྱལ་དང་ཕུ་བའི་སྨན་པ་དགེ་ཞིས་གཉིས་ཀྱིས་ཡང་རོང་དུ་གདན་དྲངས་ནས་ཉི་གྲགས་བླ་མ་གསང་འདུས་སོགས་དབང་ལུང་མང་པོ་ཞུས། དགུ་རོང་སྔགས་པ་རྟ་མགྲིན་ཟེར་བ་ནད་ངན་ཞིག་གིས་ཐེབས་ནས་ཁོ་རང་གདན་འདྲེན་ཞུ་རྒྱུར་འགྲོ་མ་ཐུབ་པར་སྔགས་པ་མཁར་འབུམ་རྒྱལ་དང་སྐྱབས་ལོ་གཉིས་མངགས་པས། ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཞལ་གྱིས་བཞེས་ཏེ་ཕེབས་ནས་ཟབ་ཆོས་པད་མ་དྲག་ཁྲོས་དང་། བསམ་པ་ལྷུན་འགྲུབ་མ། འཇམ་དབྱངས་ན་ག་རཀྵ་སོགས་ཀྱི་དབང་ལུང་གནང་། ཁོ་རང་ལ་བཀའ་བསྒོ་བྱིན་རླབས་གནང་ཞིང་ཁྱོད་རང་གིས་ལོ་མཚམས་བཅད་རྒྱ་དམ་པོ་གྱིས་དང་ནད་ལས་གྲོལ་ངེས་ཞེས་ལུང་བསྟན་གནང་བ་བཞིན། ཕྱི་ལོ་ནད་ལས་གྲོལ་ཞིང་ལོ་མཚམས་མཐར་ཕྱིན་ནས་སྟེང་སོ་དྲུག་དང་གླེ་གསུམ་གྱི་སྔགས་མང་ཐམས་ཅད་གདན་དྲངས་ནས་མཚམས་སྟོན་ལ་ཚོགས་བརྒྱ་བཏང་། རྟ་མགྲིན་ཁོ་རང་གིས་སྟེང་བསྐུལ་བྱས་ནས་དེར་འཁོད་ཀྱི་སྔགས་པ་ཐུན་མོང་གིས་ཁོང་རིན་པོ་ཆེ་གདན་དྲངས་ནས་བཀའ་བརྒྱད་དབང་ཆེན་དང་རཏྣའི་གུར་དྲག་སོགས་ཀྱི་དབང་ལུང་

p. 837

གནང་དུས། སྔགས་པ་རྟ་མགྲིན་གྱིས་ཐུབ་པའི་སྐུ་ཞིག་དང་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་ཡིག་ཁ་ཚང་ལྷ་རྫས་བཅས་ཕུལ་ནས། བླ་མ་རིན་པོ་ཆེ་ད་རེས་བདག་ཀྱང་ཁྱེད་ཀྱི་ཐུགས་རྗེས་ནད་ལས་གྲོལ་ཞིང་དབང་ལུང་མང་པོ་གནང་བའི་བཀའ་དྲིན་གཏང་རག་ཏུ་བདག་གིས་ཡོངས་བཟུང་བུ་དང་བུ་མོ་འཁོར་དང་ལོངས་སྤྱོད་སོགས་གང་ཡོད་བླ་མ་ཁྱེད་ལ་ཕུལ་བ་ལགས་པས། ཐུགས་བརྩེ་བ་ཆེན་པོས་བཞེས་ནས་དམ་པའི་ལུང་གིས་ཟིན་པའི་སྦས་ཡུལ་ཆེན་པོ་འདིར་བཞུགས་ནས་གསང་སྔགས་ཀྱི་བསྟན་པའི་རྒྱལ་མཚན་འཛུགས་རྒྱུའི་བཀའ་དྲིན་སྐྱོངས་དགོས་ཞེས་ཁོ་རང་གི་ཡོ་བྱད་གང་ཡོད་ཡི་གེར་བཏབ་ནས་ཕུལ་བས། ཐུགས་ཤིན་ཏུ་དགྱེས་ཤིང་། ད་རེས་ངེད་ལ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས། ཕྱག་རྒྱ་པད་མ་ཅན་དང་འཕྲད། །ཅེས་པའི་ལུང་བསྟན་ཡོད་པ་ཡང་ངོ་འཕྲོད་ཅིང་རྟེན་འབྲེལ་ཡང་འགྲིགས་སོང་བས། ད་ཁྱོད་ཀྱིས་མ་ཎི་རང་བྱོན་གྱི་མདུན་ནས་ང་ལ་གཟིམ་ཁང་ཞིག་ཐོབ་དང་དེ་ནས་བཞུགས་དགོས་གསུངས་ཞལ་ལེན་གནང་བ་དང་། མ་ཎི་ཐང་ནས་གཟིམ་ཁང་ཆུང་ངུ་ཞིག་

p. 838

བཏབས་ནས་གདན་དྲངས་པར་ཕེབས་ནས་བཞུགས་སྐབས་སྐུ་མཚམས་ཀྱི་ཞབས་ཏོག་དང་ཁོ་རང་གིས་ཕུལ་བའི་བུ་མོ་ཀླུ་མོ་རྒྱལ་གྱིས་མཚམས་གཡོག་བསྒྲུབས། སྐུ་མཚམས་གྲོལ་ཚེ་ཉིད་ཀྱི་ཞལ་ནས། སྔགས་རྒན་ཁྱོད་ཀྱིས་ང་ལ་དངོས་པོ་ཡོད་ཚད་ཕུལ་བས་རྟེན་འབྲེལ་གྱི་སྒོ་ལེགས་པར་འགྲིགས་ཡོད་པས། ད་ཁྱོད་གྱིས་དངོས་པོ་རྣམས་ཁྱོད་རང་གིས་བདག་གིར་གྱིས། ང་ལ་ནོར་རྫས་ཀྱི་དགོས་པ་མེད། སྔ་སོར་ཁྱོད་ཀྱི་ཚོགས་རྫོགས་ཕྱིར་བླངས་པ་ཡིན་གསུངས་ཚེ། སྔགས་རྒན་གྱིས། ལགས་ང་ལ་ཆོས་ཤིག་དགོས་པ་ཡིན་དངོས་པོ་རྣམས་ཁྱེད་ཀྱིས་བཞེས་ནས་ཕྱོགས་འདིར་བསྟན་པ་ཞིག་འཛུགས་པ་བཀའ་དྲིན་སྐྱོངས་ཞེས་ཞུས་པར། དེ་ཡང་སླ་གསུངས་སྔགས་རྒན་གྱི་གཞི་ཀ་ནས་ལོ་འགའ་ལ་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྒོ་ནས་མ་ཎིའི་སྒྲུབ་ཆེན་གྱི་རྒྱུན་བཙུགས་ནས་ལོ་མང་པོར་བསྒྲུབས། རྟ་མགྲིན་གྱི་བུ་ཚེ་དབང་རིག་འཛིན་གྱིས་མ་ཎི་རང་བྱོན་མདུན་ནས་རྡོ་ཁ་དོག་སྔོན་པོ་དཀྱུས་སུ་མཐོ་གང་བ་ཞེང་དུ་སོར་གང་ཡོད་པ་ལེབ་མོ་ཞིག་གི་ངོས་ཀུན་མཚལ་གྱིས་བྲིས་པ་ལྟ་བུའི་ཡིག་རྒོད་ཀྱིས་གང་

p. 839

བ་ཞིག་རྙེད་ནས་ཁོང་ལ་ཕུལ་བས་དབུར་བཞག་སྐུ་རུམ་དུ་བཟུང་ནས་གཏེར་གྱི་ཁ་བྱང་ཞིག་ཡིན་པ་འདྲ་ཞེས་ཐུགས་མཉེས། མ་ཎི་ཐང་ན་བཞུགས་སྐབས་ས་ག་ཟླ་བའི་ཚེས་བཅུའི་ཉིན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་བླ་མ་ལྷ་དང་། ཌཀྐི་ཆོས་སྲུང་དམ་ཅན་རྒྱ་མཚོ་རྣམས་མཉེས་པར་མཛད་ནས། སྟོན་དུས་འཁོར་སློབ་ཡོན་བདག་ཀུན་གྱིས་མཐོང་སར་མ་ཎི་ཐང་ཞེས་པའི་ཕ་བོང་ཞིག་གི་སྟེང་ནས་ཨོ་རྒྱན་ཆེན་པོས་རྫུ་འཕྲུལ་གྱིས་བཞག་པའི་ཞབས་རྗེས་གསལ་བར་བསྟན། གཡུ་བྲག་ཟེར་བའི་བྲག་ངོས་གཡས་གཡོན་ནས་རྡོ་རྗེ་སེམས་དཔའི་སྐུ་རང་བྱོན་དང་། ཧཱུཾ་ཡིག་རང་བྱོན་གཉིས་ཀ་གསལ་བར་བསྟན། མ་ཎི་ཐང་གི་རྡོ་ངོས་ནས་ཀྱང་ཡིག་འབྲུ་མང་པོ་གསལ་བར་བསྟན། ལོ་གསར་ཚེས་གཅིག་ཉིན་ཁྱུང་དགོན་ལ་ཕེབས་དུས་དེ་རིང་ཁྱེད་རྣམས་ལ་ངོ་མཚར་བའི་ལྟད་མོ་ཞིག་སྟོན་རྒྱུ་ཡོད་གསུངས། གནས་དེའི་ཐག་ཉེ་བྲག་རྡོ་རྗེ་ཨ་ལོང་གི་ངོས་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རང་བྱོན་དང་གཡས་གཡོན་ན་འབྲུག་གི་རི་མོ་སོགས་ཡོད་པ་བསྟན། གཞན་ཡང་རི་བྲག་རྣམས་ལ་

p. 840

ཐོགས་པ་མེད་པར་འབྱོན་བཞུད་མཛད་ནས། གཏེར་གྱི་ཁ་བྱང་བླངས། རི་བོའི་རྩེ་ནས་གཏེར་གྱི་ཤོག་སེར་བླངས་པ་སོགས་ངོ་མཚར་བའི་རྫུ་འཕྲུལ་སྣ་ཚོགས་བསྟན་པས་དེར་འཚོགས་པ་ཐམས་ཅད་ལ་དད་གུས་དག་སྣང་ཚད་མེད་སྐྱེས། གཞན་ཡང་གནས་དེའི་ཉེ་ལོགས་ཨ་རྟགས་ཕྲེང་ཞེས་པ་ན་ཨ་ཡིག་རང་བྱོན་དང་། རྒྱལ་མཚན་གཏེར་ཁ་ཟེར་བ་དང་བྲག་དམར་སོགས་ན་ཆོས་ནོར་གྱི་གཏེར་ཁ་མང་པོ་ཡོད་གསུངས། དེ་ནས་དམ་པ་གོང་མའི་ལུང་གིས་ཟིན་པའི་གནས་དེར་འབུམ་ཟ་བུ་བརྒྱད་ཀྱི་སྔགས་མང་ནས་ལུང་བསྟན་ལྟར་འདུ་ཁང་ཆེན་པོ་གསང་སྔགས་དར་རྒྱས་གླིང་ཞེས་པ་བཞེངས། མ་ཎིའི་སྒྲུབ་ཆེན་གྱི་རྒྱུན་བཙུགས། བུ་ཆེན་སྤྲེའུ་ནག་མཚམས་པས་མཐུ་ཆེན་བསྒྲུབས་ནས་རྟེན་བཞེངས་ཁྱད་འཕགས་བསྒྲུབས། འདུ་ཁང་བཞེངས་དུས་ཀ་རིང་ཞིག་གི་རྩ་བ་བཅད་པ་ནས་པད་མ་འདབ་བརྒྱད་རང་བྱོན་བབ་པའི་ལྟེ་བ་ནས་གསེར་རྡོག་པོ་ཞིག་རྙེད་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། རབ་གནས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་གནང་། ནུབ་གཅིག་མཚན་ལམ་དུ་སྐྱ་མི་རྟ་ངང་བ་ལ་ཞོན་པ་ཞིག་དང་རྟ་ནག་ལ་ཞོན་པ་

p. 841

གཉིས་ཀྱིས་ཀླུ་རྒྱལ་ལ་ཕེབས་དགོས་ཞུས་པ་ལྟར་ཕྱི་ཉིན་ཀླུ་རྒྱལ་གྱི་ཡུམ་ལོ་སོགས་སྔགས་པ་འགའ་གདན་འདྲེན་དུ་འོང་བ་ལྟར་གླིང་རི་ནས་འདུ་ཁང་བཞེངས་ནས་མ་ཎི་སྒྲུབ་ཆེན་བཙུགས། རིག་འཛིན་གདུང་སྒྲུབ་གྱི་ཕྱི་ནང་གསང་བའི་བསྙེན་སྒྲུབ་ཉིད་རིན་པོ་ཆེ་དབུར་གཙོར་མཛད་འདུས་པ་ལྔ་བཅུ་ཙམ་གྱིས་ཟླ་གཅིག་གི་རིང་ལ་བསྒྲུབས་པས་རྟགས་མཚན་ངོ་མཚར་བ་མང་པོ་བྱུང་། སྔགས་པ་རྣམས་ལ་མཚམས་རྒྱུན་གཤར། ཀླུ་རྒྱལ་གྱི་ཡུམ་ལོ་དང་ཞིང་ལོ་གཉིས་ལ་བདུད་འདུལ་ཀི་ལཱ་ཡ་འཇམ་དཔལ་གྱི་དབང་མ་གཟའ་རྡོར་གསུམ་གྱི་རྗེས་གནང་སོགས་དབང་ལུང་མང་པོ་གནང་། སྐབས་དེར་འབུམ་ཟ་བུ་བརྒྱུད། ལྷ་སའི་ཚོ་བཅུ། ཆེ་ཚང་མ་སོགས་ཕྱོགས་ཁ་བདུན་གྱི་སྔགས་པ་རྣམས་ཀྱིས་ལོ་རྡོ་རྗེ་བྲག་ཏུ་གདན་དྲངས་ཏེ་གསོལ་བ་བཏབ་པའི་ངོར་བཀའ་བརྒྱད་དབང་ཆེན་ཉི་མ་བཅོ་ལྔ་ཙམ་ལ་གནང་། དེའི་ཚེ་ནམ་མཁའ་འཇའ་འོད་ཀྱིས་གང་བ་སོགས་ལས་དག་རྣམས་ཀྱི་སྣང་ངོར་ངོ་མཚར་བའི་ལྟས་བཟང་མང་དུ་ངོམ་པས་ཡུལ་ཕྱོགས་དེའི་སྐྱེ་འགྲོ་རྣམས་དད་པའི་ལམ་ལ་བཀོད་ཅིང་།

p. 842

སྔགས་པ་ཐམས་ཅད་ལ་དབང་ལུང་ཐོབ་པ་ཙམ་གྱིས་མི་ཆོག །དབང་ལས་བྱུང་བའི་ལམ་བསྒོམས་ནས་མཆོག་ཐུན་གྱི་དངོས་གྲུབ་འཐོབ་པའི་རྒྱུ་མ་ནོར་བ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་བ་ལ་རག་ལས་པས། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་ཁྱད་པར་བླ་མ་མཆེད་གྲོགས་ཀྱི་དམ་ཚིག་དང་དུ་ཆང་གཡང་གཞི་ཇག་རྐུས་རི་དྭགས་གསོད་པ་འདི་རྣམས། ངའི་ཆོས་རྒྱུན་ལ་ཞུགས་པ་རྣམས་ཀྱིས་གཏན་ནས་མི་རུང་ཞེས་དམ་སྡོམ་གྱི་གནད་རྣམས་ཞིབ་རྒྱས་སུ་གསུངས་པས་ཐམས་ཅད་ཀྱིས་བཀའ་བཞིན་སྒྲུབ་པའི་དམ་བཅའ་ཕུལ་བས། དེ་ནས་བཟུང་དམ་པ་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་ལག་རྗེས་བཟང་པོ་དེ་རྣམས་མ་ནུབ་པར་གནས། དེ་ནས་སྐབས་ཤིག་ལྕང་སྐྱ་ཐམས་ཅད་མཁྱེན་པས་ཆུ་བཟང་དུ་གདན་དྲངས་ནས་ཕེབས་པའི་ལམ་བར་ཞིག་ནས་འདྲེ་མོ་གདུག་རྩུབ་ཅན་ཞིག་གིས་ཉམས་སད་བྱས་ཀྱང་ལྷ་སྔགས་ཏིང་འཛིན་གྱིས་ཟིལ་གྱིས་གནོན་པར་མཛད། ལྕང་སྐྱ་རིན་པོ་ཆེས་དབང་ལུང་འགའ་ཞིག་ཞུས་ནས་བླ་མར་བསྟེན། རིན་པོ་ཆེའི་རྒྱན་ཅན་གྱི་ཕྲེང་བ་སོགས་དངོས་འབུལ་རྒྱ་ཆེན་བཏེགས། དེ་ནས་བཟུང་ད་ལྟའི་བར་དུ་

p. 843

སྔགས་མང་ལ་ཡང་གསུངས་ཤོག་གསོལ་རས་སོགས་གནང་རྒྱུའི་བཀའ་དྲིན་ཐོབ། ལྕང་སྐྱ་རིན་པོ་ཆེའི་མ་ཡུམ་གྱིས་སྒྲོལ་ལྗང་གི་རྗེས་གནང་ཞུས་ནས་གོས་ཆེན་སྔོན་པོ་དང་བྱུ་རུའི་ཕྲེང་བ་ཞིག་ཕུལ། གཞན་ཡང་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་སྐྱེས་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་ལུང་རྟོགས་ཡོན་ཏན་དུ་མའི་གཏེར་མཛོད་སེམས་ཉིད་ཨ་གྱོང་རིན་པོ་ཆེ་དང་། སེམས་ཉིད་མཁན་རིན་པོ་ཆེ་སོགས་ཕྱོགས་དེའི་བླ་ཆེན་འགར་ཆོས་ལུང་མང་པོ་གནང་། དེ་ནས་ཐང་རིང་གི་རྒན་ཁར་ཉིད་རིན་པོ་ཆེ་གདན་དྲངས་ནས་དབང་ལུང་འགའ་ཞིག་ཞུས་ནས་གཏང་རག་དངོས་འབུལ་རྒྱ་ཆེར་བསྟབས། དེ་ནས་ཚུར་རང་ཡུལ་གདུལ་བྱ་རྣམས་ཀྱི་མགོན་དུ་བྱོན། གནུབས་ཁམས་རའི་སྔགས་པ་རྣམས་ཀྱིས་གདན་འདྲེན་ཞུས་ནས་སྤྱན་རས་གཟིགས་འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་གནང་། ཨ་ཆུང་གནམ་རྫོང་ནས་ཁམས་རའི་སྔགས་པ་རྣམས་ལ་མ་ཎི་སྒྲུབ་ཆེན་གསར་འཛུགས་བྱས། གནམ་རྫོང་རྩ་བ་ནས་འདུ་ཁང་བཞེངས་རྒྱུའི་ཐུགས་བཀོད་གནང་། བོད་བྱ་ཚང་དུ་ཕེབས། བྱ་ཚང་གི་བྲག་

p. 844

ཁང་ལ་ཁ་བྱ་བར་སྔགས་ཁང་དང་མཚམས་ཁང་མང་པོ་གསར་རྒྱག་བྱེད་དུ་བཅུག །དབང་ལུང་ཁྲིད་གསུམ་མང་པོ་གནང་། མ་ཎི་སྒྲུབ་ཆེན་གྱི་རྒྱུན་བཙུགས། དེ་ནས་རྨ་ཕ་རིའི་རོང་པོའི་སྔགས་པ་རྣམས་ཀྱིས་ཞུང་ཞན་ལྷ་ཆེན་དཔལ་འབར་དུ་གདན་དྲངས། འདུས་པ་ལྔ་བརྒྱ་ཙམ་ལ་བཀའ་བརྒྱད་དབང་ཆེན་གནང་། མེ་ཉག་ལྡེའུ་ཚའི་སྔགས་པ་རྣམས་ཀྱིས་གདན་དྲངས་ཏེ་གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་སོགས་འདོད་ཆོས་མང་པོ་ཞུས། ཨོ་སྟོབས་ལ་ཁ་བྱ་བ་ནས་སྔགས་ཁང་དང་མཚམས་ཁང་གསར་རྒྱག་བྱེད་དུ་བཅུག་ནས་མ་ཎི་སྒྲུབ་ཆེན་དང་མཚམས་རྒྱུན་བཙུགས། དེ་དུས་མགོན་པོ་བྲག་ནག་གི་རི་སྐེད་ཅིག་བསྟན་ནས་གནས་དེ་ཀ་ནས་ཁོང་གི་སྐྱེ་བ་སྔོན་མ་ཞིག་ལ་མཚམས་ལ་བསྡད་པ་དྲན། མཚམས་ཁང་གི་ཤུལ་ཡོད་གསུངས། དེ་ནས་ཨ་འདར་ཆ་གའི་དཔོན་པོ་སོགས་ཀྱིས་གདན་དྲངས་ནས་དབང་ལུང་མང་པོ་ཞུས། ཁོ་ཚེ་ཆེན་ཧུ་དང་ཤེས་བཞིན་བེ་ཧུ་སོགས་ཕྱོགས་དེའི་སྔགས་པ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་གྲོང་སྡེ་དེར་བཅུ་གཅིག་པའི་ནང་ཞིག་ལ་འདུས་པ་ལྔ་བརྒྱ་ལྷག་ཙམ་ལ་བཀའ་བརྒྱད་

p. 845

དབང་ཆེན་དང་གུ་རུ་དྲག་པོ་སོགས་ཀྱི་དབང་གནང་ཚེ་ནམ་མཁའ་གཡའ་དག་པ་དང་འཇའ་འོད་ཁ་དོག་སྣ་ལྔའི་གུར་ཁྱིམ་ཟླུམ་པོ་ཐིག་ལེ་ཐིག་ཕྲན་གྱི་རྣམ་པ་ལྟ་བུ་ཕྱོགས་མཚམས་ཀུན་གང་བར་ཤར་བ་ཀུན་གྱིས་མཐོང་བས་དེར་འཚོགས་པ་རྣམས་ལ་དད་གུས་དག་སྣང་སྐྱེས། དེ་ནས་ཁ་སྒང་ཤཱཀྱ་བུ་བརྒྱུད། བྲག་དཀར་རྒྱ། ཁྲི་ཁ་སོགས་ཡུལ་ཕྱོགས་རྣམས་སུ་གདན་དྲངས་ནས་དབང་ལུང་ཁྲིད་གསུམ་མང་པོ་གནང་། མ་ཎི་སྒྲུབ་ཆེན་མང་པོ་བཙུགས། ལྷ་སའི་ལྷ་ཁང་སྣ་ཟེར་བར་ལྷ་སའི་སྔགས་པ་རྣམས་ཀྱིས་གདན་དྲངས། འདུ་ཁང་དང་མཚམས་ཁང་མང་པོ་བསྒྲུབས། འདུས་པ་དྲུག་བརྒྱ་ཙམ་ལ་རྫོགས་ཆེན་ཨ་ཏི་ཟབ་དོན་གྱི་ཁྲིད་ཉི་མ་བཅོ་ལྔ་ཙམ་ལ་གནང་། མ་ཎི་སྒྲུབ་ཆེན་དང་མཚམས་རྒྱུན་བཙུགས། མར་ནང་ཚོ་ལྔ་སོགས་རྨ་ཕ་རི་ཚུ་རི་ཐམས་ཅད་ལ་རིམ་བཞིན་ཡང་ཡང་ཕེབས་ནས་དབང་ལུང་གནང་མ་ཎིའི་སྒྲུབ་ཆེན་མང་པོ་བཙུགས། ཡུལ་ཁམས་ཐམས་ཅད་དམ་པའི་ཆོས་ཀྱིས་དཀར་ལམ་མེར་བཏང་། ཁྱད་པར་ཨ་འདར་ཆ་གའི་ལྷ་ཁང་གི་ས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་

p. 846

ནས་གསོལ་རས་བདག་རྐྱེན་མང་པོ་གནང་། ཕྱོགས་དེའི་དཔོན་པོ་སྔགས་པ་རྣམས་ལ་འདུ་ཁང་བཞེངས་སུ་བཅུག་ནས་མ་ཎི་སྒྲུབ་ཆེན་བཙུགས། བཅུ་གཅིག་པའི་བཅོ་ལྔ་ཞིག་ལ་ཨ་འདར་ཆ་ག་ནས་སྔགས་མང་ལ་གུ་རུ་དྲག་དམར་གྱི་དབང་རྫས་བརྒྱུད་དུས་ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་གང་བ་མཐོང་ནས་ཐམས་ཅད་ལ་མོས་གུས་ཚད་མེད་པ་སྐྱེས་སྐད། སྒོ་མེའི་ངག་དབང་ཆོས་སྐྱོང་གཙོར་མཛད་དེ་ཕྱོགས་ཀྱི་སྔགས་མང་རྣམས་ལ་བཀའ་བརྒྱད་དབང་ཆེན་གནང་། དེ་ནས་སྐབས་ཤིག་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་རིན་ཆེན་གྲུབ་དབང་པད་མ་རང་གྲོལ་ནས་གདན་དྲངས་བཀྲ་ཤིས་འཁྱིལ་དུ་ཕེབས་དུས་ལོག་སྦྱོར་གྱི་གདོན་ཆེན་པོས་བརླམས་པ་འགའ་ཞིག་གིས་དཔོན་སློབ་ཀྱི་བར་དུ་ཕྲ་མ་བཅུག་ཅིང་སོ་སོར་རིས་སུ་བཅད། སྐབས་དེར་རས་པ་ཚང་ལ་ཟས་དུག་ལྟ་བུའི་སྙུན་གཞི་ཕྲ་མོ་ཞིག་བྱུང་བ་སྐྱེས་བུ་དམ་པ་འདིས་ཟས་ངན་དྲངས་པའི་རྐྱེན་རེད་ཅེས་སྒྲོ་བཏགས་ནས་མི་སྙན་པ་བསྒྲགས་པ་གསན་ནས་རས་པ་ཚང་རྡོ་བླ་རིན་པོ་ཆེའི་སློབ་བུ་ཡིན་སྟབས་ཁོང་མ་ཡིན་པའི་དག་གཙང་བྱེད་དུ་ཐམས་ཅད་མཁྱེན་པ་རྡོ་བླ་རིན་པོ་ཆེའི་སྐུ་

p. 847

མདུན་དུ་ཕེབས་རྒྱུ་ཡིན་ཞེས་གློ་བུར་དུ་ཆས་ནས། ཆུ་བྱའི་ལོ་བཅུ་གཅིག་པའི་ཚེས་བརྒྱད་ཀྱི་ཉིན་ལམ་ལ་ཞུགས། བཅུ་གཉིས་ཀྱི་ཉི་ཤར་དུས་ལྷ་མོའི་བླ་མཚོ་ཁར་ཐོན། མཚོ་ནང་དུ་གཟིགས་ནས་གྲྭ་བ་རྣམས་ལ་མཚོ་ནང་འདི་ནས་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་གུར་སྒར་ཞིག་གཟིགས། ཁྱེད་ཚོས་ཅི་མཐོང་གསུངས། ཁོང་ཚོས་ཅང་ཡང་མི་མཐོང་ཞུས་ཚེ། མཚོ་འདིའི་ནང་ན་ངོ་མཚར་བའི་གཟིགས་མོ་སྣ་ཚོགས་འདུག་གསུངས། གྲྭ་པ་རྣམས་ནས་མཚོ་ནང་གི་གནས་རྡོ་སོགས་རྟེན་སྐལ་བཟུང་ནས་འོང་། དེ་ནས་ཕེབས་ཚེ་ལམ་སྐབས་ཤིག་ནས་གྲྭ་བ་ཞིག་གིས་ངེད་ཚོས་མཚོ་ནང་ནས་གནས་རྡོ་བླངས་ཞེས་ཞུས་པར་བཀའ་བཀྱོན་གནང་ནས་མཚོ་དེའི་ས་རྡོ་ཕྲ་མོ་རེའི་སྟེང་ན་དཔའ་བོ་མཁའ་འགྲོ་རེ་གནས་ཡོད་པས་ཁྱོད་ཚོས་གང་ནས་བླངས་སར་ཕྱིར་སྐྱོལ་གསུངས་པ་ལྟར་མཚོ་ནང་དུ་བསྐྱལ། དེ་ནས་རྨ་ཆུའི་ཁར་ཐོན་ཚེ་རྨ་དར་བཟུང་མེད་སྟབས་ཆུ་ཁ་ནས་བཞུགས། ནུབ་མོ་མཉམ་བཞག་ལ་བཞུགས་སྐབས་ཁོང་ལ་བྱིན་བབས་ནས་བྲོ་གར་མང་བོ་འཁྲབ། དེ་ནས་གྲྭ་བ་རྣམས་ལ་ཁྱེད་ཚོས་སེམས་སྡུག་བྱེད་

p. 848

མི་དགོས་ནངས་སྔ་མོ་རྨ་དར་འཛིན་ངེས་གསུངས། ནངས་པར་ད་འགྲོ་རབ་གར་སླེབས་ནས་སྡོད་པ་མེད་གསུངས་ཆིབས་པར་ལྕག་གིས་བྲབ་ནས་དར་སོབ་སྟེང་དུ་ཕེབས་ནས་རྗེ་བཙུན་གྱི་གསུངས་ལྟར་བུ་ཕ་དང་མཉམ་ན་གཡག་རུའི་ནང་དུ་ཤོག་ཅེས་ན་བཟའ་དང་རྟ་སོགས་ཆུས་མ་གོས་ཤིང་ཕ་ཁར་ཐོན། དེ་ནས་དར་སོབ་ལེགས་པར་ཆགས་ནས་ཐམས་ཅད་འགྲོ་ཐུབ་པ་བྱུང་། དེ་ནས་ཁེ་ཐ་ཟེར་བར་སླེབ་ཚེ་ཡངརྨ་ཆུར་ཐུག་རྨ་དར་བཟུང་མེད་པས། ཉིད་ནས་དར་ལམ་བཙལ་ན་ལོས་རྙེད་གསུངས་ཆུ་འགྲམ་ཕན་ཚུན་དུ་བཙལ་བས་ཐོང་ལྕགས་ཀྱི་དབྱིབས་འདྲའི་དར་ལེབ་ཞིག་འགྲམ་ན་བཟུང་ཡོད་པ་གཟིགས་ནས་སྔགས་པ་གསང་བདག་སྐྱབས་ཟེར་བ་ལ་ཁྱོད་དར་ལེབ་འདིའི་སྟེང་དུ་མཆོངས་དགོས་གསུངས་ཚེ་ཁོ་བོ་སྐྲག་ནས་མ་ཕོད་པར་བསྡད་པས་བཀའ་བཀྱོན་དང་ཕྱག་འབེབས་གནང་ནས་ཚམ་ཚོམ་མེད་པར་མཆོངས་དགོས་གསུངས་ཚེ། བླ་མའི་བཀའ་ཕེབས་དུས་འཆི་ན་ཡང་འཆི་དགོས་རྒྱུ་རེད་བསམ་མཆོངས་པས་དར་ལེབ་འགུལ་ཚེ་ཁོང་བཞད། དེ་ནས་གྲྭ་བ་རྣམས་ལ་མཆོངས་གསུངས། མ་ཕོད་ཚེ་འོ་བླ་མའི་

p. 849

བཀའ་ཕེབས་དུས་ན་རོ་བའི་རྣམ་ཐར་ལྟར་གསུང་སྒྲུབ་ན་སྐྱོན་མེད་ཀྱང་ཁྱོད་ཚོས་མ་ཕོད། ད་འཇིག་རྟེན་པའི་གཏམ་དཔེ་ལྟར་ཆུ་ཁར་སླེབ་ན་རྟ་ཁ་འཐེན་པ་མེད་གསུངས་ཆིབས་རྟར་ལྕག་གིས་བྲབ་ནས་ཕེབས་ཚེ་དར་ལམ་ཕྲ་མོ་ཞིག་ཟམ་པ་ལྟར་བཟུང་བའི་སྟེང་ནས་དཔོན་སློབ་ཐམས་ཅད་ཕེབས་ཐུབ་པ་སོགས་རྫུ་འཕྲུལ་བསྟན། ཡང་ནུབ་གཅིག་གཟིམ་མལ་ནས་བཞེངས་ཏེ་ཨ་རོག་ཚོ་རྐུན་མ་སླེབས་འདུག་གསུངས། ཐམས་ཅད་ཀྱིས་རིག་པ་བསྒྲིམས་ནས་བསྡད་ཚེ་རྐུན་མ་ཞིག་འོང་བ་རེད། དེ་ནས་གཉན་པོ་གཡུ་རྩེའི་གམ་དུ་སླེབས་དུས་མི་སྐྱ་མི་གསུམ་བྱུང་ནས་གསོལ་རས་དགོས་ཞེས་འཇིགས་པོ་བཏང་བར། ཉིད་ཀྱིས་ལྟ་སྟངས་དྲག་པོས་གསོལ་རས་དགོས་ན་འདི་གྱིས་ཞེས་ཕྱག་ལྕག་གིས་བྲབ་ནས་བཀའ་བཀྱོན་གནང་ཚེ་སྐྲག་ནས་བྲོས་སོང་། གཡུ་རྩེའི་འདབས་ཀྱི་སྔོ་མཚོ་ཟེར་བའི་འགྲམ་དུ་སླེབ་དུས་མཚོ་ནང་ནས་སྒྲ་སྙན་མོ་ལྡིར་ཚེ་ཆིབས་ནས་བབས། མཚོ་འདིའི་ནང་ན་གཟིགས་མོ་སྣ་ཚོགས་དང་ངོ་མཚར་བའི་སྒྲ་མང་པོ་སྒྲོགས་པས་འདི་བྱིན་ཆེ་བས་གནས་རྡོ་སོགས་རྟེན་སྐལ་གང་འདོད་བླངས་ཆོག་

p. 850

གསུངས། གཡུ་རྩེའི་ལྷོ་ངོས་ཀྱི་བྲག་ངོས་ཕྱོགས་ཕྱོགས་ལ་གཟིགས་ཚེ། གསང་བདག་སྐྱབས་ཀྱིས་ཅི་རེད་ཞུ་མ་སྤོབས་པར། བྲག་རི་འདི་ཤིན་དུ་མཛེས་པར་འདུག་ལགས་ཞུས་པས། འོ་བྲག་འདི་བྱིན་ཅན་ཞིག་རེད། བྲག་གི་སྟོད་ཆ་རྣམས་དཔའ་བོ་མཁའ་འགྲོ་སྨད་ཀྱི་ཆ་རྣམས་ཆོས་སྐྱོང་སྲུང་མས་གང་བར་འདུག །ང་རང་བྲག་ངོས་འདི་ནས་ཡུན་རིང་བསྡད་པ་ཡིན་གསུངས་པར། གྲྭ་ན་རེ་ཁོང་དབུས་ལ་ཕེབས་ཚེ་མར་ལམ་སོགས་ལ་བཞུགས་པ་ལགས་སམ་ཞུས་པར། མིན་ངའི་སྐུ་ཚེ་སྔོན་མར་བསྡད་པ་ཡིན་གསུངས། དེ་ནས་ཕེབས་ཚེ་བུ་ཆེན་པད་མ་རང་གྲོལ་ཚང་ཁམས་ཕྱོགས་ནས་མར་ཕེབས་པ་དང་ཐུག །ཉིད་ནས་གསོལ་ཆང་བསྟེན་པ་དང་ཕྲ་མ་ཤོར་ཡོད་སྟབས་ཀྱིས་བཀའ་བཀྱོན་དྲག་པོ་གནང་ཞིང་ཞུ་འབུལ་བྱས་ཀྱང་མ་གསན་པར་ཕེབས་གྲབས་མཛད་ཚེ་པད་མ་རང་གྲོལ་གྱིས་ཁོང་གི་ཆིབས་ཁས་བཟུང་སྟེ་ཞུ་བ་ནན་དུ་ཕུལ་བར་ཕྱག་འབེབས་དྲག་པོ་གནང་ཞིང་བཀའ་བཀྱོན་ཡང་ད་དུང་མ་བཏང་བར་ཅིས་ཀྱང་ཆིབས་བཤོལ་དགོས་ཞུས་ཚེ་སྐབས་ཤིག་ཐུགས་ཅུང་ཟད་ལྷོད་ནས་ཆིབས་བཤོལ་པར་སྐུ་གཟན་ས་

p. 851

ལ་བཏིང་ནས་སྟེང་དུ་བཞུགས་སུ་གསོལ་ཞིང་རྒྱུ་མཚན་ཞུས་ཚེ་ཉིད་ནས་ཞལ་གསུང་ཕེབས་ཤིང་ཐུགས་ཡིད་འདྲེས། དེ་རྫོགས་ཆེན་རྡོ་བླ་རིན་པོ་ཆེའི་དགོན་དུ་ཕེབས། རྫོགས་ཆེན་རྡོ་བླ་ཀུན་བཟང་གཞན་ཕན་རིན་པོ་ཆེར་མཇལ་ཞིང་རྒྱུ་མཚན་ཞུས་ཡུན་རིང་བཞུགས། དེ་ནས་རྒྱལ་རོང་ཚང་དང་ཞེ་ཆེན་ཚང་སོགས་ལ་མཇལ་དུ་ཕེབས་རྒྱུ་རྡོ་བླ་རིན་པོ་ཆེར་ཞུས་ཚེ། ཁྱོད་རང་དཔའ་བོ་མཁའ་འགྲོའི་སྲུང་སྐྱོབ་མཛད་ཡོད་པས་གར་ཕེབས་ཀྱང་སྐུ་དོན་འགྲུབ་གསུངས། དེ་ནས་ཡར་ཕེབས་རྒྱལ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ་རིན་པོ་ཆེར་མཇལ། ཞེ་ཆེན་དགོན་དུ་ཕེབས་ཞེ་ཆེན་ཚང་ལ་མཇལ་སྐྱབས་འཇུག་ཞུས། བོད་ལོའི་ཚེས་བརྒྱད་ཉིན་གློ་བུར་དུ་ཕྱིར་འབྱོན་དགོས་གསུངས་ཚེ་རྒྱལ་རོང་ཚང་ནས་ནངས་སྔ་སྤྱང་ལུང་གྲུབ་ཆེན་རིན་པོ་ཆེ་ཕེབས་རྒྱུ་ཡིན་པས་ཚེ་དབང་ཞིག་གི་བཤམས་བཀོད་སྒྲུབས་གསུངས་སྐད། དེ་ནས་ཕེབས་ཚེ་རྒྱལ་རོང་ཚང་ནས་ཚེ་དབང་བསྒྲུབས་ནས་བཞུགས་ཡོད་པ་དང་དུས་ཐུག་པས་བླ་སློབ་གཉིས་ཀྱིས་མཁྱེན་པར་ངེས། རྒྱལ་རོང་ཚང་གིས་ཚེ་དབང་གནང་མཐར་གླེགས་བམ་

p. 852

དང་གཏེར་བྱོན་གྱི་རྡོ་རྗེ། སྒྲོལ་མའི་སྐུ་སོགས་གནང་། ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དབང་གནང་དུས་ཉིད་ཀྱི་ཐུགས་ཉམས་ལ་ཞིང་ཁམས་ཐམས་ཅད་མར་མེས་ཁྱབ་པར་གཟིགས། སྔགས་བདག་འབར་མའི་དབང་གནང་ནས་སྐུ་གཟན་གཡུང་དྲུང་གིས་རྒྱས་བཏབ་པ་གནང་སྟེ་འདི་ལ་རྟེན་འབྲེལ་གྱི་གནད་ཡོད་པས་སྲུང་མའི་གཙོ་བོ་མགོན་པོ་དང་ལྷ་མོ་བསྟེན་དགོས་ཚུལ་གྱི་ལུང་བསྟན། ཕེབས་ཁར་རྒྱལ་རོང་ཚང་གིས་ཞལ་གདམས་མགུར་མ་མང་པོ་གསུངས། རས་པ་ཚང་དང་ཐུགས་ཡིད་འདྲེས་དགོས་ཚུལ་དང་། ངེད་ཅག་བླ་སློབ་ཟངས་མདོག་དཔལ་རི་ནས་མཇལ་དགོས་གསུངས་ཞབས་སྤྱི་བོར་བླངས་ནས་མར་ཕེབས་དུས་རྡོ་བླ་རིན་པོ་ཆེ་སྐུ་སྙུན་ཚུལ་གནང་ཡོད་པར་ཉིད་ནས་ཁོང་དེ་རིང་འདིར་ཕེབས་པ་བཟང་། མ་ཕེབས་ན་བླ་མ་རིན་པོ་ཆེ་ཞིང་གཞན་དུ་གཤེགས་ཕེབས་ཚར། ད་བཟང་ངེད་ཀྱིས་བརྟན་བཞུགས་ཕུལ་ན་བཞུགས་ངེས་ཞེས་བརྟན་བཞུགས་ཕུལ་ཚེ་བཞུགས་རྒྱུའི་ཞལ་ལེན་གནང་ཞིང་སྙུན་ལས་གྲོལ་ཚུལ་བསྟན། དེ་ནས་ཁྱུང་ལུང་རས་པ་ཚང་དང་རྣམ་གཉིས་མཇལ་འཕྲད་གནང་ཐུགས་ཡིད་

p. 853

གཅིག་ཏུ་འདྲེས། གྲྭ་བ་རྣམས་ཀྱིས་ཞུས་པ་ལྟར་རྡོ་བླ་རིན་པོ་ཆེས་ཉིད་ལ་སྐྱེས་འཕྲེང་གསོལ་འདེབས་ཕུལ་བ་འདི་ལྟ་སྟེ། ན་མོ་གུ་རུ། སྔོན་ཚེ་གྲུབ་མཆོག་ཛ་ལནྡྷ་ར་དང་། །པད་མའི་དྲུང་དུ་མཉན་ཆེན་དཔལ་དབྱངས་རྗེ། །ཆོས་ཀྱི་བློ་གྲོས་སློབ་བུ་མགོ་ལེགས་དང་། །མི་ལའི་མཆེད་གྲོགས་དཔའ་བོ་སྟོབས་ལྡན་པ། །སླར་ཡང་ནུས་པའི་རྩལ་ཐོན་རྟ་ནག་རྗེ། །དུས་འདིར་བསྟན་འགྲོར་ཕན་ཕྱིར་རིག་པ་འཛིན། །དཔལ་ཆེན་ནམ་མཁའ་འཇིགས་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་རླབས་སྩོལ། །ཅེས་ཕུལ་བ་ཉིད་ཀྱིས་གཟིགས་ནས་མ་འོངས་པ་ན་འདིའི་དོན་བཀྲོལ་ནས་ཀྱང་ང་ལ་རྣམ་ཐར་རྩོམ་མཁན་འབྱུང་གསུངས། དེ་ནས་སྐྱབས་འཇུག་སྨོན་ལམ་གནང་ནས་བླ་སློབ་སོ་སོར་གྱེས་ནས་ལེ་ལོའི་འགྲོས་ཀྱིས་ཕེབས། ཉིད་ཀྱི་ཞལ་ནས། གཡུ་རྩེ་གམ་ནས་གྲྭ་བ་ཞིག་དང་རྟ་གཉིས་ལ་སེམས་ཆུང་བྱེད་དགོས་གསུངས་པ་ལྟར། གཉན་པོ་གཡུ་རྩེའི་འཕྲུལ་གྱིས་རྟ་གཅིག་དང་གྲྭ་བ་གཅིག་མ་བདེ་བས། ཉིད་ནས་གཡུ་རྩེ་དྲག་ཏུ་གཟིར་ཚེ་གཡུ་རྩེའི་རི་དང་རྩི་ཤིང་ཐམས་ཅད་ཁོང་ལ་

p. 854

འདུད་པའི་ཉམས་ཤར་གསུངས། ཕྱི་ཉིན་མི་རྟ་གཉིས་བདེ་སོང་ཚེ། ད་ཕྱིན་ཆད་སྔགས་པ་རྣམས་ལ་གནོད་པ་མི་བྱེད་ཅིང་སྡོང་གྲོགས་བྱེད་གསུངས། དེ་ནས་ཡར་ལམ་སྐྱ་མི་གསུམ་གྱིས་རྒོལ་བ་བྱས་པ་དེ་གསུམ་སྐུ་མདུན་དུ་འོངས་ནས། ངེད་གསུམ་གྱིས་ཁྱེད་ལ་རྒོལ་བ་བྱས་པས་ངེད་རྣམས་ལ་རྐྱེན་ངན་པ་བྱུང་། ད་རེབ་གཉན་པོ་གཡུ་རྩེས་ངེད་གསུམ་ལ་བླ་མ་རིན་པོ་ཆེ་མར་ཕེབས་དུས་བཤགས་པ་བྱེད་དགོས་ཚུལ་བསྙད་ཡོད་སྟབས་དུས་གྲ་བསྒྲིགས་ཡོད་པས་ཉིད་གཅིག་པུ་ངེད་གསུམ་གྱི་མགྲོན་དུ་འབྱོན་དགོས་ཞེས་གདན་དྲངས། ཕྱིར་བསྐྱལ་འོངས་ཚེ་གྲྭ་བ་རྣམས་ལ་ཁྱེད་ཚོས་ཉོན་དང་སྐྱ་མི་འདི་གསུམ་ལ་གཉན་པོ་གཡུ་རྩེའི་གནས་ཚུལ་ཞིབ་ཏུ་འདྲི་དགོས་གསུངས། གཉན་པོ་གཡུ་རྩེའི་གནས་རིའི་ཞིབ་ཆ་ལོ་རྒྱུས་སོགས་དྲི་རྟོག་གནང་ནས་འགྲོ་ཁར་ཁྱེད་ཚོས་ཕྱིན་ཆད་སྔགས་པ་རྣམས་ལ་མཐུན་རྐྱེན་སྒྲུབ་དགོས་གསུངས། དེ་གསུམ་པོ་སོང་ཤུལ་གྲྭ་བ་རྣམས་ལ་ཁྱེད་ཚོས་བལྟས་ན་སྐྱ་མི་གསུམ་པོ་འདི་ཅི་རེད་གསུངས། ཁོང་ཚོས་མ་ཤེས་ཞུས་ཚེ། སྐྱ་མི་གསུམ་པོ་གཉན་པོ་གཡུ་རྩེའི་འཕྲུལ་ཡིན་པ་འདྲ་གསུངས།

p. 855

དེ་ནས་ཕེབས་དུས་བྲག་གཡང་ཞིག་ཏུ་ཆིབས་རྟར་ཆིབས་ནས་རྒྱུག་པ་སོགས་དང་། ལམ་སྐབས་རྣམས་སུ་ཕྱིས་འབྱུང་གི་ལུང་བསྟན་གསུངས་པ་ཐོག་ཏུ་ཁེལ་བ་མང་བོ་བྱུང་གསུངས། གསུང་སྒྲོས་ལ། ངེད་ལ་མཁའ་འགྲོའི་གཏད་རྒྱ་བྱས་པའི་ཤོག་སེར་ཞིག་ཡོད། བླ་མ་ཐམས་ཅད་ལ་གཟིགས་འབུལ་བྱས་ཡོད་པས། ཁྱོད་ཚོ་སྐལ་བ་ལྡན་ན་བསྟན་ཆོག །རྒྱལ་རོང་ཚང་གིས་ང་ལ་ཁྱོད་སློབ་དཔོན་བཻ་རོ་ཙཱ་ན་ཡིན་གསུངས་ཡོད་པས། ཁྱོད་ཚོས་ངའི་ཞབས་ཕྱི་སྒྲུབ་པ་སྐལ་བ་བཟང་གསུངས། དེ་ནས་ཁྱུང་དགོན་དུ་ཕེབས། མ་ཎིའི་སྒྲུབ་ཆེན་གྱི་ཚོགས་དབུ་ནས་ཁམས་ཕྱོགས་ལ་ཕེབས་པའི་རྒྱུ་མཚན་རྣམས་རྒྱ་ཆེར་གསུངས་སྒྲོས་གནང་ནས་འགའ་ཞིག་གི་རྒྱུད་ཀྱི་མ་དད་ལོག་ལྟ་ཐེ་ཚོམ་གྱི་དྲི་མ་བསལ་བས། དེར་འཚོགས་པ་ཐམས་ཅད་ལ་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ནས། ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲུགས་པའི་དད་གུས་ཚད་མེད་པ་འཁྲུངས། དེ་ནས་ལོ་བདུན་གྱི་བར་ལ་རེབ་གོང་སྟོད་སྨད་བར་གསུམ། རྨ་ཕ་རི་ཚུར་ཁ། རོང་འབྲོག་གི་ས་ཕྱོགས་གང་ན་ལས་

p. 856

དང་སྐལ་བར་ལྡན་པའི་གདུལ་བྱ་ཡོད་ཀྱང་ཐག་ཉེ་རིང་མེད་པར་ཕེབས་ནས། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་སྐོར་ལ་སོགས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས། སྐལ་ལྡན་གྱི་སློབ་མ་དད་ལྡན་གྱི་སྦྱིན་བདག་ཕོ་མོ་བགྲང་ལས་འདས་པ་མངོན་མཐོ་ལྷ་མིའི་གོ་འཕང་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་འགོད་པར་མཛད་དོ། །སྨྲས་པ། རིག་འཛིན་གོང་མའི་ལུང་བཞིན་དགུ་རོང་དུ། །ཕྱག་ཕེབས་ཨོ་རྒྱན་ཆེན་པོའི་ཞབས་རྗེས་དང་། །ལྷ་སྐུ་ཡིག་འབྲུ་ལ་སོགས་གསལ་བར་བཏོན། །མ་ཎི་ཐང་ནས་ལུང་བཞིན་དགོན་གཞི་བཟུང་། །ཆོས་ཀྱི་སྙིང་པོ་འཁོར་བ་དབྱིངས་སྒྲོལ་གྱི། །ཆོས་རྒྱུན་བཙུགས་ཤིང་ངོ་མཚར་རྫུ་འཕྲུལ་བསྟན། །ཆོས་ཐོག་དུས་བཟང་ལ་སོགས་དགེ་རྒྱུན་བཙུགས། །ཆོས་སྒྲུབ་སློབ་བུ་དུ་མས་གཙུག་ཏུ་བཀུར། །དམ་པའི་ལུང་བཞིན་སྦས་པའི་གནས་ཆེན་ནས། །དམ་ལྡན་སློབ་མས་བདོག་དགུའི་འབུལ་བ་དང་། །དམ་ཚིག་ཕྱག་རྒྱའི་གྲོགས་ཀྱི་རྟེན་འབྲེལ་གྱིས། །དམ་གཙང་འདུས་སྡེའི་བསྟན་པའི་རྒྱལ་མཚན་

p. 857

ཚུགས། །གདན་ས་དེ་ལས་མར་མེ་གཅིག་ལས་གཉིས་མཆེད་བཞིན་དུ་ཨ་འདར་ཆ་ག་དང་། །གདན་ས་དུ་མར་སྒྲུབ་ཆེན་བཙུགས་ཤིང་དགེ་སྒྲུབ་སྡིག་སྤོང་རྣམ་དཀར་སྒྲུབ་ཕྱོགས་སུ། །གདན་དྲངས་རིམ་པར་ཕེབས་ཤིང་དབང་ལུང་ཁྲིད་གསུམ་གནང་ཞིང་འགྲོ་བློ་ཆོས་སུ་བསྒྱུར། །གདན་གསུམ་ལྷ་ཡི་དཀྱིལ་འཁོར་རྫོགས་པའི་གྲུབ་དབང་དེ་ལ་བསམ་བཞིན་དད་གུས་འཕེལ། །ལོག་སྦྱོར་ཕྲ་མའི་རྐྱེན་དབང་གིས། །ལོག་རྟོག་ཐེ་ཚོམ་སེལ་བའི་སླད། །ལོག་གནོན་བརྟུལ་ཞུགས་གདོང་ལྔ་ཡིས། །ལོག་སྨྲའི་ཝ་ཚོགས་ཟིལ་གྱིས་མནན། །ཁམས་ཕྱོགས་ཕེབས་རྒྱུའི་གྲ་སྒྲིག་གཉིས་སྐྱེས་ལོར། །ཁམས་ལ་ཕེབས་ཤིང་ལམ་སྐབས་རྫུ་འཕྲུལ་བསྟན། །ཁམས་ཕྱོགས་ཟོ་དོར་གཉན་པོ་གཡུ་རྩེ་ཡིས། །ཁམས་ཀྱི་མི་སྣའི་ཚུལ་བཟུང་གུས་པས་བཏུད། །ལམ་སྐབས་ཕྱིས་འབྱུང་ལུང་བསྟན་མང་གསུངས་དེ་ཐོག་ཁེལ་ཚེ་དད་པ་སྐྱེས། །ལམ་ནས་ཆུ་ཆེན་བསྒྲལ་སོགས་ངོ་མཚར་རྫུ་འཕྲུལ་མང་པོ་བསྟན་ནས་ཀྱང་། །ལམ་ལ་ཉེར་འཚེ་མེད་པར་བླ་མའི་དྲུང་དུ་ཕེབས་ཤིང་ཐེ་ཚོམ་བསལ། །ལམ་སྟོན་

p. 858

བླ་མ་ཟུང་ལ་མཇལ་ཕྱིར་ཕེབས་ཤིང་ཆོས་ཞུས་སྐུ་དོན་གྲུབ། །རིང་མིན་མྱུར་དུ་གདན་སར་ཕེབས། །སློབ་འཁོར་ཚོགས་དབུས་གསུང་གླེང་གིས། །མ་དད་ལོག་ལྟའི་ཐེ་ཚོམ་བསལ། །དེ་ནས་འགྲོ་དོན་ཕྱོགས་མེད་གནང་། །གདུལ་བྱ་བགྲང་ལས་འདས་པ་ཞིག །མངོན་མཐོ་ངེས་ལེགས་གོ་འཕང་ལ། །བཀོད་པའི་རྣམ་པར་ཐར་པ་བཞིན། །རྗེས་འཇུག་རྣམས་ཀྱང་སྒྲུབ་པར་སྨོན། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བདུན་པ། འགྲོ་དོན་ལེགས་པར་གྲུབ་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ། རྡོ་བླ་རིན་པོ་ཆེས་གསུངས་ཤོག་བྱུང་བ་དང་བསྟུན་ད་ལོ་ངེད་ཀྱིས་སྔར་བཀའ་བཀྱོན་གནང་ཚད་ཀྱི་རྙིང་མའི་བླ་མ་རྣམས་དང་ཐུགས་ཡིད་གཅིག་འདྲེས་བྱེད་དགོས་གསུངས་ནས། བུ་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཀུན་བཟང་སྟོབས་ལྡན་དབང་པོ་རྣམས་གཉིས་ལ་མཇལ་འཕྲད་གནང་ནས་གང་ཅིའི་བསླབ་སྟོན་གནང་། པདྨ་རང་གྲོལ་འདི་ངེད་ཀྱི་སྐལ་ལྡན་སྙིང་གི་སློབ་བུ་ཡིན་གཤིས་ངེད་འདུག་རྒྱུ་ཡིན་འདོད་དམ་ཅི་ང་གདན་འདྲེན་བྱེད་རན་

p. 859

གསུངས་པ་དང་བསྟུན་བུ་ཆེན་བླ་མ་པད་མ་རང་གྲོལ་ནས་བཀྲ་ཤིས་འཁྱིལ་པར་མ་ཎིའི་ཚོགས་དབུར་གདན་དྲངས་པ་དང་དུས་ཐུག །ཐམས་ཅད་ནས་བླ་སློབ་གཉིས་ཀྱིས་མཁྱེན་པར་གདོན་མི་ཟ་ཞེས་དད་པ་སྐྱེས་སྐད། དེ་ལྟར་གདན་དྲངས་ནས་མཁྱེན་བརྩེ་རིན་པོ་ཆེའི་སྤྲུལ་སྐུ་ཚང་དང་བླ་མ་པད་མ་རང་གྲོལ་གཉིས་ཀྱི་ཐོག་དྲངས། རེབ་གོང་ཞོ་འོང་རོང་འབྲོག་སོགས་ཀྱི་སྔགས་པ་སུམ་བརྒྱ་ཙམ་ལ་ཆོས་འབྲེལ་དང་ལུགས་གཉིས་ཀྱི་བསླབ་བྱ་བསྩལ། པད་མ་རང་གྲོལ་ཚང་ནས་ཆིབས་རྟ་སྒ་སྲབ་ཐོང་སྡོམ་བཅས་དང་བན་རྟ་བན་ཁལ་བཅས་བླ་ཆས་ཚང་མ་གོས་དར་སོགས་འབུལ་ཆེན་ཕུལ། ཉིད་ཀྱི་ཞལ་ནས་གོས་དར་སོགས་ལ་དྲི་མས་མ་གོས་པ་དང་བླ་ཆས་སོགས་ཕུལ་བ་འདིའི་རྟེན་འབྲེལ་འགྲིགས་པས་ངེད་བླ་སློབ་གཉིས་ལ་སེལ་ཕྲ་མོ་ཙམ་ཡང་མ་ཤོར་སློབ་བུ་ཁྱོད་ལ་འདི་ལྟ་བུའི་རྟགས་དང་རྟེན་འབྲེལ་ཞིག་རེ་ཡང་རེ་ལ་འགྲིག་ཀྱང་འགྲིག་གསུངས། ཡང་གསུང་འཕྲོས་ཀྱི་ཞོར་ལ་དམ་ཉམས་ཁ་ཤས་ཀྱིས་ང་ལ་བླ་མ་པད་མ་རང་གྲོལ་གྱིས་མ་ཎིའི་སྟེང་ནས་ཆང་མང་པོ་བསྐྱིལ་ནས་ཐམས་ཅད་བཟི་ནས་

p. 860

ཞབས་འདྲེན་བྱེད་ཅིང་། ཀུན་གྱིས་གྲུབ་ཆས་བྱས་འདུག་ཟེར་བ་ངས་བདེན་སྙམ། འདི་ན་འགྲིགས་ལམ་ཀུན་སྤྱོད་ཐམས་ཅད་གཙང་སང་ངེ་འདུག་སྟེ་ཆང་མེད་པ་མཐོང་ཚེ་ང་དགའ། དམ་ཉམས་ཕྲ་མ་མཁན་དེ་ཚོ་ཞེས་བཀའ་བཀྱོན་ཞིང་བླ་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། ཕེབས་ཁར་ཕྱིན་ཆད་ཁོང་ཕེབས་མི་ཐུབ། རྗེས་ནས་ཆོས་རྒྱུན་སོགས་ལ་དོ་དམ་གནང་དགོས་ཚུལ་གསུང་དགྱེས་ཉམས་གྱིས་ཕེབས། དེ་ནས་དགུ་རོང་། འབུམ་ཟ་བུ་བརྒྱུད། བོད་བྱ་ཚང་། ཁམས་ར། སྒོ་མེ། ལྡེའུ་ཚ་སོགས་སུ་ཕེབས་ནས་དབང་ལུང་གནང་བའི་སྐབས་ཤིག་དམ་སེལ་ཅན་འགའ་དབང་གྲལ་དུ་འོངས་པའི་དམ་གྲིབ་ཀྱི་རྐྱེན་བྱས་སྐུ་ཅུང་ཚད་སྙུན་ཚུལ་བསྟན། བཀའ་ཆོས་ཀྱི་སྐབས་གསུང་སྒྲོས་ཀྱི་ཞོར་ལ་ཁོང་ད་ལོ་ནས་མི་ཕེབས་དབོན་པོ་ཡོང་ན་ཆོག་གསུངས། ཞལ་གསུང་དོགས་གཞི་ཅན་མང་པོ་གསུངས། ཨ་འདར་ཆ་གའི་བཀྲ་ཤིས་ཕུན་ཚོགས་གླིང་གི་ས་འདུལ་གནང་ཚེ་ནམ་མཁའ་འཇའ་འོད་ཀྱིས་གང་། འདུ་ཁང་མྱུར་དུ་བཞེངས་དགོས་ཞེས་དཔོན་སློབ་བློ་བཟང་རབ་བརྟན་སོགས་སྔགས་པ་རྣམས་ལ་བཅོལ་གདམ་བྱས་ཤིང་

p. 861

ཆ་ཁམས་རའི་སྔགས་མང་ནས་ཉིད་ཀྱི་གསུང་བཀོད་ལྟར་ཕུལ་ཁོང་ད་ལོ་ཕེབས་མི་ཐུབ་གསུངས། ཨ་འདར་ཆ་གའི་ཁྲི་ཁ་ནས་བཞུགས་གདན་དང་གསོལ་དཀར། བེ་རྩའི་ཨོ་རྒྱན་ཆོས་གྲགས་ཚང་ནས་དབུ་མནབས་བཞག་སྟེ་མ་འོངས་པ་ན་སྤྲུལ་སྐུ་རེས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཡིན་གསུངས། དེ་ནས་འབུམ་ཟ་བུ་བརྒྱུད་སོགས་སྔགས་པ་ཐམས་ཅད་ཀྱིས་བརྟན་བཞུགས་ཕུལ་ཡང་ཞལ་བཞེས་མ་གནང་། ཐམས་ཅད་ཀྱིས་དགུ་རོང་དུ་གདན་དྲངས་བརྟན་བཞུགས་དང་སྐྱབས་འཇུག་ཞུས་པར་ཁྱེད་རྣམས་ཀྱིས་ཁོང་གིས་སྔར་གསུང་རྣམས་སྒྲུབས་དང་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གསུངས། དགུ་རོང་ནས་རྟེན་བཞེངས་ཀྱི་འཕྲོ་མྱུར་དུ་བསྒྲུབ་དགོས་གསུངས་ཐམས་ཅད་ཀྱིས་གཟུངས་གཞུག་སོགས་སྒྲུབ་སྐབས་ཉིད་ནས་བད་ཀན་ལྟ་བུའི་སྙུན་གཞི་ཐུ་མོ་ཞིག་བཞེས་པར་སྨན་དཔྱད་རིམ་གྲོ་སོགས་སྒྲུབ་ཏུ་མ་བཅུག །གདན་ས་ཁྱུང་དགོན་དུ་ཕེབས་ན་ཞེས་སྤྱང་ལུང་དང་རེབ་གོང་སྔགས་མང་ཐམས་ཅད་ཀྱིས་གདན་འདྲེན་ཞུས་པར། རྟེན་བཞེངས་གྲུབ་ནས་རབ་གནས་མ་ཚར་བར་ཤི་རུང་མི་འགྲོ། དེའི་

p. 862

འཕྲོ་ཁྱོད་ཆོས་མཚམས་བསྙེན་སྒྲུབ་བསྲུང་བྱའི་དམ་ཚིག་སོགས་སྔར་ངས་གང་བཤད་ཀྱི་ཁས་ལེན་ཞེས། མནའ་ཚིག་མ་ཕུལ་བར་མི་འགྲོ་གསུངས་མ་ཕེབས། དེ་ནས་རྟེན་བཞེངས་རྣམས་གྲུབ་རབ་གནས་གནང་ཚར་འཕྲོ་ཐམས་ཅད་ཀྱིས་མཚམས་སྒྲུབ་སོགས་སྔར་གང་གསུངས་ལྟར་སྒྲུབ་ཅེས་དམ་བཅའ་ཕུལ་ནས་ཁྱུང་དགོན་དུ་ཕེབས་ཁར་བུ་ཆེན་སྤྲེལ་ནག་མཚམས་པ་དང་གཟུངས་མ་སོགས་ཀྱིས་ཆིབས་སྐྱེལ་བྱས་ཏེ། རི་བོ་ཆེའི་ཉག་ཀ་ནས་ཞལ་ཕྱིར་བསྒྱུར་ནས་ད་ཁྱེད་རྣམས་ཀྱིས་རྟེན་འབྲེལ་གྱིས་འདི་ཕན་སྐྱེལ་མི་དགོས་ང་མྱུར་མོར་ཕེབས་རྒྱུ་ཡིན་ཞེས་ཕྱག་དབང་གནང་ནས་ཕེབས། ལམ་སྐབས་རྣམས་ནས་ཀྱང་ཆང་མ་འཐུང་དུ་བ་མ་འཐེན་གཡང་གཞི་མ་ལེན་མཚམས་སྒྲུབ་ལ་རེམ་ཞེས་དམ་བཅའ་སྒྲུབ་ཏུ་བཅུག །དེ་ནས་སྤྱང་ལུང་སོགས་སྟོད་སྨད་ཀྱི་སྔགས་པ་ཐམས་ཅད་ནས་ངུ་ངག་གིས་མཆི་མ་ཕྱུང་སྟེ་ད་དུང་བཞུགས་དགོས་ཞེས་བརྟན་བཞུགས་ཕུལ་ཚེ། འོ་ངེད་ཀྱི་ལུས་རྟེན་འདིས་ཁྱོད་ཚོ་ལ་ཕན་མི་ཐོག །ངའི་རྗེས་ནས་ངའི་རྣམ་ཐར་དང་མཐུན་ཞིང་གསུང་རྟིང་གནོན་མཁན་གྱི་བླ་མ་བཟང་པོ་ཞིག་ཡོང་། དེའི་སྐབས་སུ་

p. 863

ངས་སྤྲུལ་བ་འགྱེད་རྒྱུ་ཡིན། རྒྱལ་ཚབ་བུ་ལ་འཁོར་དོགས་ཡོད། །མ་ཡི་ཞུན་ཐིག་སྤྱང་གིས་ལོན། །ཞེས་ལུང་བསྟན་ཞིག་ཡོད་པས་གདན་ས་འདིར་ཡང་ངའི་སྤྲུལ་སྐུ་མྱུར་དུ་འབྱུང་། གཞན་ངའི་སྤྲུལ་སྐུ་ཡིན་ཟེར་བ་མང་པོ་བྱུང་ནས་ཕྱོགས་ཕྱོགས་ཀྱི་ཆོས་རྒྱུན་མ་བཟུང་ན་ང་གཅིག་པུས་གོ་མི་ཆོད། ངའི་སྤྲུལ་སྐུ་ཙམ་དུ་མ་ཟད་སྐབས་དེ་དག་ཏུ་བླ་དཔོན་ཆེ་དྲེགས་མི་ཆེན་མཚམས་པ་མང་པོའི་ཚུལ་བཟུང་ནས་ཡོང་ཆོག་ཅེས་སྤྱི་ཁྱབ་ཀྱི་གསུང་འཕྲོས་གནང་ཞིང་སྐུ་མདུན་དུ་སུ་ཡང་ཡོང་མི་ཆོག་ཅེས་མཉམ་གཞག་ཁོ་ནར་བཞུགས་ནས་ཞལ་ལན་མ་གནང་ཚེ་ཐམས་ཅད་ཀྱིས་ཁྱེད་ཅིས་ཀྱང་མི་བཞུགས་ན་ངེད་ཚོ་ལ་གང་ཅིའི་བསླབ་བྱ། སྤྲུལ་སྐུ་རེ་ཕེབས་རྒྱུའི་གསལ་ཁ་སོགས་གནང་བར་ཞུ་ཞེས་ཞུས་པར། ངས་ཕལ་པ་ལྟར་ཁ་ཆེམས་མང་པོ་མི་འཇོག །གདུང་མཆོད་ལ་འབྱོར་ཀྱང་མི་དགོས། ཕྱག་རྒྱུ་ཡོད་ཚད་ཨ་འདར་ཆ་གའི་འདུ་ཁང་གི་ཐེབས་གྱིས། ངས་བཞེངས་པའི་ལྷ་ཁང་རྣམས་སུ་མར་མེ་སོགས་མཆོད་འབུལ་གྱིས། སྤྲུལ་སྐུ་ནི་ངའི་ལྟ་སྤྱོད་དང་མཐུན་ཞིང་ང་ལྟར་བྱེད་མཁན་ཞིག་ཡོང་ན་

p. 864

ངའི་སྤྲུལ་སྐུ་ཡིན། མིན་ན་སྤྲུལ་སྐུ་མིན། སྔར་ངས་གང་བཤད་ཀྱི་འགྲིགས་ལམ་སོགས་ལ་ནན་ཏན་གྱིས་ཞེས་དགོངས་ལོ་རེ་ལྔ་བཞེས་པའི་ཐོག་ལྕགས་མོ་སྦྲུལ་གྱི་ལོ་ཧོར་ཟླ་དྲུག་པའི་ཚེས་གཉིས་ཀྱི་ཕྱི་དྲོའི་ཆ་ལ་ཕྱག་གཉིས་པད་སྐོར་གྱི་ཕྱག་རྒྱ་དང་མཉམ་གཞག་བྱས་ནས་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ། །དེའི་ཉིན་ཉེ་འཁོར་གྱི་སློབ་མ་ཐམས་ཅད་ཀྱིས་སྙིང་ཐོན་འགྲོ་བ་ལྟ་བུའི་མྱ་ངན་གྱི་ཁང་བུར་ཆུད་ནས་ནམ་མཁའ་སོགས་ལ་བལྟ་རྒྱུ་དྲན་ཡང་ཕན་ཚུན་གྱི་མཐོང་སྣང་ལ་ཁྱུང་དགོན་ཐད་གྱི་ནམ་མཁའ་ནས་འབྲུག་སྒྲ་སྦྲང་ཆར་བབས་པའི་འཕྲོ་ནམ་མཁའ་གཡའ་དག་ཅིང་འཇའ་འོད་ཐིག་ལེ་ཐིག་ཕྲན་གྱི་རྣམ་པ་མང་བོ་མཐོང་ནས་ཐམས་ཅད་ལ་བཅོས་མིན་གྱི་དད་པ་སྐྱེས་སྐད། དེ་ནས་ཡུལ་དུས་དང་བསྟུན་པའི་གདུང་མཆོད་རྒྱས་པར་ཕུལ། སྐུ་གདུང་ཞུགས་འབུལ་སྐབས་ནམ་མཁའ་གཡའ་དག་ཅིང་འཇའ་འོད་ཐིག་ལེ་ཐིག་ཕྲན་གྱི་རྣམ་པ་མང་པོ་པུར་ཁང་གི་ཕྱོགས་སུ་འཁྲིགས་ཤིང་ཕྱག་མགོ་མེས་མ་བསྣད་པར་བཞུགས་པ་དང་གདུང་རུས་ཀྱི་སྟེང་དུ་ལཉྫ་དང་བརྡ་ཡིག་བོད་ཡིག་མང་པོ་བབས་པ་ཀུན་གྱི་མཐོང་

p. 865

སྣང་དུ་གྲགས་ཤིང་བླ་མ་སངས་རྒྱས་དངོས་ཀྱི་དད་གུས་དག་སྣང་འཁྲུངས། སྐུ་གདུང་མཆོད་རྟེན་ལེགས་པར་གྲུབ་པའི་རྗེས་སུ་ཡང་ཁོང་གིས་ཐུགས་རྗེ་བྱིན་རླབས་ཀྱིས་སྐྱེ་ཕོ་མོ་རྣམས་ཀྱིས་དད་གུས་ཀྱི་སྒོ་ནས་ཚོགས་གསོག་པ་སྒྲིབ་པ་སྦྱོང་བ་སྨྱུང་གནས་བསྙེན་གནས་མ་ཎི་འདོན་པ་དང་། སྔགས་མང་རྣམས་ཀྱིས་ངེས་འབྱུང་དང་སྐྱོ་ཤས་ཀྱི་སྒོ་ནས་བླ་མའི་གདན་ས་སོགས་ནས་མཚམས་བསྙེན་སྒྲུབ་མཛད་པ་དང་། ཁྱད་པར་ལོ་རེ་བཞིན་མ་ཎི་ཆོས་ཐོག་མ་ཆད་པར་བཙུགས་པས་བླ་མའི་ཞབས་ཏོག་བསྟན་འགྲོའི་མིག་རྐྱེན་མཆོག་ཏུ་གྱུར། ཁོང་གི་ཐུགས་བསྐྱེད་སྨོན་ལམ་ནང་ལྟར་སླར་ཡང་ཁྱུང་དགོན་དང་དགུ་རོང་ཨ་འདར་ཆ་ག་གསུམ་ནས་ཉི་ཟླ་ནོར་བུ་བཞིན་དུ་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་གསུམ་འཁྲུངས་ནས་རང་རང་ཕྱོགས་ཀྱི་གདན་ས་རྣམས་བཟུང་ནས། ཆོས་བཞིན་མཛད་པས་དད་ལྡན་གདུལ་བྱ་རྣམས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་རྒྱུའི་སྐལ་བ་བཟང་པོ་བྱུང་ངོ་། །སྨྲས་པ། མ་ནོར་ལམ་སྟོན་བླ་མའི་གསུང་བཞིན་དུ། །མ་གྱུར་འགྲོ་རྣམས་ཐེ་ཚོམ་སེལ་བའི་སླད། །མ་ལུས་སློབ་

p. 866

མར་ཐུགས་ཡིད་གཅིག་འདྲེས་གནང་། །མ་རིག་དབང་གྱུར་འགྲོ་ལ་ལྡེམ་དགོངས་ཀྱི། །མ་ངེས་ཞལ་གསུང་མང་པོ་ཕེབས་ན་ཡང་། །མ་ཤེས་ད་དུང་རྟག་འཛིན་བློ་མ་བསྟུངས། །མ་ལྟར་བརྩེ་བའི་ཡོངས་འཛིན་གང་དེ་ཡིས། །མ་རྒན་འགྲོ་བ་སྒྲོལ་བའི་ཁུར་བསྣམས་ནས། །མ་རྟོག་ལོག་རྟོག་སྣང་བ་ཆོས་ལ་བསྒྱུར། །མ་སྨད་གསང་ཆེན་བསྟན་ལ་བྱ་བ་བྱས། །མ་རུང་གདུག་པའི་བསམ་སྦྱོར་ཅན་རྣམས་ལ། །མ་ཡིན་གསུངས་ཤིང་རྣམ་དཀར་དགེ་ལ་བསྒྱུར། །མ་འོངས་ལྐོག་གྱུར་ལུང་གིས་དབུགས་དབྱུང་ནས། །མ་བཅོས་ལྷུན་རྫོགས་གདོད་མའི་གཞི་དབྱིངས་སུ། །མ་རྣམས་སྒྲོལ་ཕྱིར་རྣམ་དཀར་དགེ་རྒྱུན་ཚུགས། །མ་ལུས་འགྲོ་དོན་མཐར་ཕྱིན་ཞི་བར་གཤེགས། །ཀྱེ་ཧུ་མཇལ་དཀའི་བླ་མ་མཆོག་དེས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དུ། །དུ་མའི་སློབ་ཚོགས་རྣམས་ལ་ཕྱིས་འབྱུང་ལུང་བསྟན་ཞིང་ཁམས་གཞན་དུ་དགོངས་པ་གཏད། །གཏད་ཚེ་མེ་ཏོག་ཆར་དང་དབྱར་རྔ་དབང་གཞུ་ལ་སོགས་ངོ་མཚར་རྫུ་འཕྲུལ་བསྟན། །བསྟན་དུས་འགྲོ་རྣམས་མི་ཕྱེད་དད་དང་སྐྱོ་ཤས་ཀྱིས་བསྐུལ་དམ་ཆོས་སྒྲུབ་ལ་གཞོལ། །

p. 867

འགྲོ་མགོན་ཞལ་དཀྱིལ་བཀོད་པ་དབྱིངས་སུ་བསྡུས། །འགྲོ་ཀུན་མ་རིག་ཐུན་གསུམ་རུམ་གནས་དུས། །འགྲོ་རྣམས་སྒྲོལ་ཕྱིར་ཡང་སྤྲུལ་ཉི་གཞོན་གྱིས། །འགྲོ་བའི་མུན་བློ་བསལ་ནས་ངལ་བསོས་སོ། །དེ་ལྟར་ཡོངས་འཛིན་དམ་པའི་རྣམ་པར་ཐར། །ཐར་པར་འཁྲིད་པའི་དེད་དཔོན་ཞེས་བྱ་སྦྱར། །སྦྱར་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་ཀུན། །ཀུན་མཁྱེན་བླ་མ་གང་དེའི་སྤྱན་སྔར་བཤགས། །ལེགས་བཤད་གཞུང་ལུགས་སྟན་བཅོས་མ་ལགས་ཀྱང་། །ལེགས་པའི་ཆ་ཡི་དགེ་བ་ཅི་མཆིས་ཀུན། །ལེགས་ལམ་བསྟན་པའི་དཔལ་ལྡན་བླ་མ་དེས། །ལེགས་པར་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །རྒྱལ་བ་གོང་མའི་ཐུགས་དགོངས་ཡོངས་རྫོགས་ཤིང་། །རྒྱལ་བའི་རྣམ་འཕྲུལ་བླ་མའི་ཞབས་པད་བརྟན། །རྒྱལ་བསྟན་སྙིང་པོ་ཡུན་རིང་གནས་པ་དང་། །རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །བཀྲ་ཤིས་ཕུན་ཚོགས་དགེ་མཚན་རྨད་བྱུང་བས། །བཀྲ་ཤིས་ཆོས་མཐུན་བསྟན་འཛིན་བུ་སློབ་རྣམས། །བཀྲ་ཤིས་ཚེ་རིང་ནད་མེད་བདེ་ཞིང་སྐྱིད། །བཀྲ་ཤིས་ཆེན་པོས་ཕྱོགས་འདིར་ཁྱབ་གྱུར་

p. 868

ཅིག །ཅེས་གྲུབ་པའི་དབང་ཕྱུག་དམ་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་པར་ཐར་པ་སྙིང་བོར་དྲིལ་བ་སྐལ་བཟང་ཐར་བར་འཁྲིད་པའི་དེད་དཔོན་ཞེས་བྱ་བ་འདི་ནི་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་ཉང་གི་མཚམས་པ་དང་། དགེ་རྒན་བདེ་ལེགས། སྤྱང་ལུང་བདེ་ཁའི་སྨན་པ། དད་ཅན་ཚེ་གཟུངས། གསང་བདག་སྐྱབས། བློ་བཟང་། སྤྱང་སྐྱའི་རྟ་མགྲིན་དང་། སྒོམ་པ། ཀོའུ་སྡེའི་ཚེ་དབང་རྡོ་རྗེ་དང་ངག་དབང་བཀྲ་ཤིས། རྒྱལ་པོའི་སྔགས་རྒན་རྟ་མགྲིན་སྐྱབས་དང་། རྣམ་འཇོམས། རིག་འཛིན། སྨད་པའི་དབུ་མཛད་མཁར་ལོ། ཚེགས་ལོ། རྟ་མགྲིན། གནམ་ལྷ་བྱམས། པད་མ་ཚེ་རིང་སོགས་རེབ་གོང་ཕྱོགས་ཁ་གསུམ་གྱི་དམ་ལྡན་སྔགས་འཆང་ཡོངས་ཀྱིས་བསྐུལ་ངོར། ཕྱོགས་མེད་ཀྱི་རྒྱལ་ཁམས་དང་། ངེས་མེད་ཀྱི་རི་ཁྲོད་འགྲིམ་པའི་རྣལ་འབྱོར་ཞབས་དཀར་པས་རྗེས་འཇུག་རྣམས་ལ་ཕན་པའི་ལྷག་བསམ་གྱིས། དབེན་གནས་ཉམས་དགའ་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། །འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་ལས་སྐུ་ཚེ་སྟོད་ཀྱི་མཛད་པ།

p. 869

༄༅། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་ལས། སྐུ་ཚེ་སྟོད་ཀྱི་མཛད་པ་ཅུང་ཟད་ཚིགས་སུ་བཅད་པ་བཞུགས་སོ།།

p. 870

རྒྱལ་བ་ཤཱཀ་ཐུབ་བསྟན་པའི་མཇུག་འདི་ལ། །རྒྱལ་སྲས་རྣམས་ཀྱི་རྣམ་ཐར་ལྷར་བཞེས་པའི། །རྒྱལ་བའི་རྣམ་འཕྲུལ་མཚན་ལྡན་བླ་མ་རྗེ། །རྒྱལ་ཁམས་འགྲིམ་པའི་བུ་ལ་བརྩེ་བས་དགོངས། །ཞྭ་སེར་དམར་སོགས་བསྟན་པ་ཡོངས་ཀྱི་རྒྱན། །བསྟན་འཛིན་ཉི་མ་ཞེས་གསོལ་མཚན་རེ་སྙན། །མགོན་ཁྱོད་བསྐལ་པ་དཔག་མེད་སྔོན་རོལ་ནས། །སྒྲིབ་བྲལ་ཟུང་འཇུག་གོ་འཕང་བརྙེས་ཚར་ཡང་། །སྙིགས་དུས་དམུ་རྒོད་འགྲོ་རྣམས་འདྲེན་སླད་དུ། །སྔོན་དུས་གྲུབ་ཆེན་སྐལ་ལྡན་འཁྲུངས་སའི་

p. 871

ཕྱོགས། །རེབ་ཀོང་གསེར་མོ་ལྗོངས་ཀྱི་ས་ཆའི་སྨད། །སྒོ་དམར་ཞེས་བྱའི་སྡེ་བ་ཆེན་པོ་ཡི། །རིགས་བཟང་ཡུམ་གྱི་མངལ་དུ་ཞུགས་པའི་ཚེ། །མ་ཡི་ལག་ཏུ་པད་དཀར་ལེན་པ་སོགས། །ངོ་མཚར་རྨི་ལམ་ལེགས་པོ་རྨིས་སོ་སྐད། །མངལ་དུ་ཞུགས་ནས་ཟླ་བཅུའི་བར་གནས་དུས། །མ་ཡི་ཟོ་མདོག་བཟང་ཞིང་ལུས་པོ་བདེ། །ངག་གི་ཆོས་མཐུན་གཏམ་རྣམས་སྨྲ་བ་བྱུང་། །སེམས་ལ་བཅོས་མིན་བྱམས་དང་སྙིང་རྗེ་འཁྲུངས། །བཙས་ནས་ཡབ་ཡུམ་གཉིས་ཀྱི་བརྩེ་བས་བསྐྱངས། །

p. 872

བྱིས་པ་གཞན་དང་ལྷན་ཅིག་རྩེ་བའི་དུས། །ཆོས་ཀྱི་ཁྲི་བརྩིག་འཆད་ཉན་བསྒོམ་པ་སོགས། །ཆོས་དང་མཐུན་པའི་རྩེད་མོ་མང་པོ་བྱེད། །ཆགས་ཞེན་ཆུང་ཞིང་སྡིག་ལ་ཤིན་ཏུ་འཛེམས། །བྱམས་དང་སྙིང་རྗེ་ཆེ་ཞིང་ཡིག་དྲུག་བཟླ། །རྒན་གཞོན་ཕལ་གྱིས་འདི་ནི་བག་ཆགས་བཟང་། །དམ་ཆོས་བསླབས་ན་ཆོས་པ་བཟང་པོ་ཞིག །ངེས་པར་ཡོང་ཞེས་ཡང་ཡང་གླེང་བ་བྱུང་། །ཆེར་སོང་རབ་ཏུ་བྱུང་ནས་ཆོས་ལ་སྦྱངས། །འབྲི་འདོན་ཀློག་གསུམ་གང་ཡང་ཚེགས་མེད་མཁྱེན། །དེ་དུས་བྲག་ཁུང་ནགས་ཚལ་ཉམས་དགའ་བ། །མཐོང་ན་འདུག་འདོད་སྐྱེས་པའི་གྲོགས་པོ་ཞིག །ཡོད་པར་སྨྲས་པས་ཁྱོད་ནི་བླ་ཞིག་གི །སྤྲུལ་སྐུ་ཞིག་འདྲ་མིན་ནམ་ཟེར་ནས་བཞད། །དགུང་ལོ་ཉི་ཤུ་ལོན་ནས་བསྙེན་རྫོགས་བྱས། །བླ་མ་མང་པོ་བསྟེན་ཅིང་ཁྱད་པར་དུ། །གྲུབ་དབང་མི་ལ་རས་པའི་རྣམ་འཕྲུལ་རྗེ། །ངག་དབང་དགེ་འདུན་ཟླ་གྲགས་ཡུན་རིང་བསྟེན། །མདོ་སྔགས་དབང་ལུང་རྗེས་གནང་ཁྲིད་མང་ཐོབ། །དེ་ནས་ཉི་ཟླ་བཞིན་དུ་རི་ཁྲོད་འགྲིམས། །དཀའ་སྤྱད་སྙིང་རུས་བསྐྱེད་ནས་ཉམས་ལེན་བྱས། །དགུང་ལོ་སུམ་ཅུའི་ནང་ལ་

p. 873

གྲོགས་བཟང་དང་། །འགྲོགས་ནས་དབུས་གཙང་དག་པའི་ཞིང་དུ་བྱོན། །ཇོ་ཤཱཀ་རྒྱལ་བ་པཎ་ཆེན་སོགས་ལ་མཇལ། །གནས་ཆེན་འགའ་རེར་ཟླ་རེའི་གནས་འབྲེལ་བཞག །ཕྱིར་བྱོན་མཚོ་སྙིང་རི་ལ་ཆས་པའི་ཚེ། །གཉེན་བཤེས་གྲོགས་ཀྱིས་ཆུ་མེད་གནམ་ཐོག་ངན། །མཐུན་རྐྱེན་འཛོམས་དཀའ་འཆི་ཉེན་ཆེ་ལ་སོགས། །བཤོལ་མང་བཏབ་ཚེ་ལན་དུ་འདི་སྐད་གསུངས། །ཁྱེད་རྣམས་བདག་ལ་ཤ་ཚ་བྱེད་སྙམ་ཡང་། །སྐྱེས་མཐའ་འཆི་བ་ངེས་པར་ཡོང་དགོས་ན། །འཆི་བ་མི་ཡོང་ས་ཕྱོགས་གང་ལ་ཡོད། །མ་ཤི་བསྡད་ན་སྒོམ་སར་གནས་དེ་བཟང་། །གལ་ཏེ་ཤི་རུང་དུར་ས་མཆོག་གོམ་སྙམ། །རི་པའི་འཆི་ས་རི་ཁྲོད་དབེན་པ་ཡིན། །ཆོས་ཕྱིར་ཤི་ན་ཕྱི་མར་རང་ཉིད་འཚེངས། །ཞེས་གསུངས་ལུས་དང་སྲོག་ལ་མ་བལྟས་པར། །གནས་དེར་ཕེབས་ཚེ་སྔར་ལོ་ཆུ་མེད་པར། །རི་བ་གཞོན་ནུ་ཞིག་ཀྱང་གཤེགས་པ་མཐོང་། །ནམ་འཆི་ཆ་མེད་མྱུར་དུ་ཆོས་སྒྲུབ་དགོས། །ཆོས་ཕྱིར་འཆི་དགོས་ཟེར་བའི་བརྡ་རུ་གོ །ཆོས་ལ་སྔར་བས་ལྷག་པའི་བརྩོན་འདོད་བྱུང་། །ཆོས་ཕྱིར་འཆི་རུ་འཇུག་པའི་གོ་ཆ་

p. 874

བཟུང་། །རི་བ་སྔར་གཤེགས་མལ་དུ་བཞུགས་ས་བཅས། །ཐུགས་དམ་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་མཛད། །དཔྱིད་ཁ་མཚོ་སྙིང་འགྲམ་ནས་སྔོན་མེད་པའི། །བ་ཚྭ་མེད་པའི་དོང་ཆུ་གསར་བ་ཕུལ། །མ་བསྙུང་མ་གཤེགས་བདེ་བར་བཞུགས་པ་དང་། །སྔོན་མེད་དོང་ཆུ་གསར་པ་ཕུད་འདུག་ཅེས། །ཀུན་གྱིས་ཐོས་ནས་སྙན་གྲགས་དབྱར་རྔ་ལྡིར། །ལོ་ནི་བཅུ་གཉིས་བར་དུ་ཕྱི་རོལ་དུ། །གོམ་གང་མ་བྱོན་ཉམས་ལེན་ཁོ་ན་མཛད། །སྨྱུང་གནས་སྟོང་ཕྲག་གཅིག་ལས་ལྷག་ཙམ་བསྲུངས། །ལོ་གཅིག་བྲོ་ཆད་བྱུང་ནས་ལྷ་བཤོས་ཤིག །ཡོད་པས་སྨྱུང་གནས་བཅུ་ཡི་སྦྱོར་བ་བྱས། །རྩམ་ཁུག་ཕྱི་ནང་གཉིས་ཅན་གཅིག་ཡོད་པའི། །སྲུབས་ན་རྩམ་སྐྱ་ཅུང་ཟད་ཡོད་པ་བླངས། །སྨྱུང་གནས་གཉིས་ཀྱི་སྦྱོར་བ་མཛད་ཅེས་གསུངས། །དེ་ལྟར་ཡེངས་མེད་སྒྲུབ་ལ་བརྩོན་པའི་མཐུས། །ཟས་ནོར་གང་ལ་མངོན་ཞེན་གཏིང་ནས་ལོག །བྱམས་བརྩེ་བྱང་ཆུབ་སེམས་ཀྱི་གཏེར་ཁ་རྡོལ། །ཞི་གནས་ལྷག་མཐོང་རྟོགས་པ་མངོན་དུ་གྱུར། །རིམ་གཉིས་ལམ་ལ་བག་ཆགས་བཟང་པོ་ཐེབས། །བསྒྲུབས་དང་མ་བསྒྲུབས་ཡི་དམ་ལྷ་མང་

p. 875

མཐོང་། །ལུས་ཀྱི་ཕྱི་ནང་སྲིན་བུ་ཟད་དང་བདེ། །ངག་གི་ཅི་གསུང་གཞན་གྱི་རྒྱུད་ལ་ཕན། །ལྷ་འདྲེ་མ་རུངས་པ་རྣམས་ཐམས་ཅད་ཀྱིས། །དངོས་སམ་རྨི་ལམ་ནང་དུ་ཆོ་འཕྲུལ་ཅི། །བསྟན་རུང་ཡ་ང་བག་ཚ་ཅང་མ་མཆིས། །ཆོ་འཕྲུལ་ཅི་བསྟན་སྒྱུ་མའི་ལྟད་མོར་མཐོང་། །ཉིན་གཅིག་ཕྱག་ན་པད་དཀར་འཆང་བ་གཟིགས། །ཞལ་ནས་མ་འོངས་བདེ་བ་ཅན་དུ་ཁྱོད། །སྐྱེས་ནས་མ་དག་འགྲོ་བ་འདྲེན་པར་གསུངས། །བྱ་དང་ལྗོན་ཤིང་ནམ་མཁའ་ལ་སོགས་ནས། །སྙན་པའི་དབྱངས་ཀྱིས་ཡི་གེ་དྲུག་མ་སོགས། །ངོ་མཚར་དམ་ཆོས་སྒྲ་ཡང་མང་པོ་ཐོས། །ཉིན་ཞག་དྲུག་བདུན་རེ་ལ་ཆུ་ཐིགས་པ། །མ་གསོལ་ན་ཡང་ཏིང་འཛིན་ཟས་ཀྱིས་འཚོ། །ཁྲི་གཤོག་རྒྱལ་མོ་བུ་མོ་གཞོན་ནུ་མའི། །ཆ་བྱད་བཟུང་ནས་ཉིན་གཅིག་རབ་དཀར་གྱི། །འོ་མ་ཤེལ་དཀར་བུམ་པ་ཞིག་གི་གང་། །དྲངས་ནས་གར་སོང་ཆ་མེད་གྱུར་ཅེས་གསུངས། །གཞན་ཡང་ན་བཟའ་གཤོག་པ་མཛད་ནས་མཁར། །བྱ་ལྟར་འཕུར་ནས་འགྲོ་བ་རྫི་བོ་དང་། །རྔོན་པ་ལས་དག་འགའ་རེས་མཐོང་ངོ་སྐད། །ཉིན་གཅིག་སྒྲུབ་

p. 876

ཁང་ཕུག་ནས་ཕྱི་རོལ་ཏུ། །ཟངས་ཐལ་ཕེབས་བཞུད་མཛད་པ་ངས་ཀྱང་མཐོང་། །ལོ་གཅིག་ཉེ་གནས་བློ་བཟང་ནོར་འཕེལ་ལ། །ནངས་པར་ཁྱོད་ནི་ཡུལ་དུ་ཅིས་ཀྱང་སོངས། །གནངས་ཉིན་མཚོ་དར་ལྷུང་ཉེན་ཆེ་ཞེས་གསུངས། །ཕྱིར་ཉིན་སོང་བས་གས་ཀ་འདོམ་བཞི་ཙམ། །ཡོད་པ་མཐོང་ནས་ཉིད་ལ་གསོལ་བཏབ་པས། །ཕྱོགས་གཞན་དར་ཞིག་ཆད་ནས་བར་དུ་འཚེངས། །དེ་ལ་བརྟེན་ནས་མཚོ་ཡི་ཕ་མཐར་སོན། །ཕྱིར་ཉིན་གསུང་བཞིན་མཚོ་ཡི་ན་བཟའ་བརྗེས། །རྦ་རླབས་ཆལ་ཆིལ་གཡོ་བ་མཐོང་ནས་དད། །གཞན་ལ་ལེགས་ཉེས་གང་འོང་གསུང་ཞོར་ལ། །གསུང་རྣམས་དེ་དག་སྟེང་དུ་འགྲོ་འོ་ཞེས། །ཉེ་གནས་གྲྭ་སློབ་ཡོན་བདག་ཕལ་ཆེར་གྱི། །གླེང་ནས་ལག་གཉིས་སྤྱི་བོར་ཡང་ཡང་འཁྱེར། །མཚོ་སྙིང་གནས་ནས་རི་བོ་རྩེ་ལྔ་རུ། །འབྱོན་ཁར་ར་བརྒྱ་ལྷག་ཡོད་ཚེ་ཐར་བཏང་། །ར་མ་སུམ་བརྒྱ་མཆོད་སྦྱིན་བཏང་ནས་ཕེབས། །རྒྱ་ནག་ཕྱོགས་སུ་སྔོན་མེད་ཉི་མ་ཤར། །མདོར་ན་ལུང་རྟོགས་ཡོན་ཏན་ཀུན་མངའ་ཡང་། །ཡོན་ཏན་ཅི་ཡོད་ཐམས་ཅད་ནང་དུ་སྦས། །ཕྱི་རུ་མི་མངོན་བཀའ་གདམས་རྣམ་ཐར་

p. 877

བཞིན། །བྱེད་པ་འདི་ལས་ངོ་མཚར་གཞན་ན་གང་། །ཁྱེད་ལ་ཡོན་ཏན་འདི་འདྲ་ཡོད་པ་དེ། །དམ་པ་མ་གཏོགས་ཕལ་པས་ག་ལ་མཐོང་། །བདག་གིས་ད་ལྟ་མགོན་ཁྱོད་རྣམ་ཐར་དྲན། །འགྱུར་མེད་དད་གུས་ཐོབ་ལ་ཟོག་མ་མཆིས། །ཞབས་པད་བསྟེན་པའི་གྲོགས་དང་གྲྭ་སློབ་ཀུན། །མཇལ་དཀའ་དགེ་བའི་བཤེས་གཉེན་བསྟེན་པའི་དུས། །ཁུར་དུ་མ་སོང་རྒྱན་དུ་འགྲོ་བ་ཞིག །གྱིས་ཞེས་མདུན་འདུག་པ་རྣམས་ཡོངས་ལ་སྨྲར། །མཐོང་ཐོས་དྲན་རེག་དོན་ལྡན་བླ་མ་རྗེ། །རི་བོ་རྩེ་ལྔར་ཡུན་རིང་མ་བཞུགས་པར། །རང་ཡུལ་གདུལ་བྱའི་མགོན་དུ་མྱུར་བྱོན་ཞེས། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས། །ནམ་ཞིག་མགོན་ཁྱོད་ངོ་མཚར་ལྟས་དང་བཅས། །བདེ་སྐྱིད་དཔག་མེད་བདེ་བ་ཅན་དུ་གཤེགས། །འོད་དཔག་མེད་མགོན་སྲས་ཀྱི་ཐུ་བོ་རུ། །གྱུར་དུས་བདག་གཞན་དེ་རུ་དྲངས་དུ་གསོལ། །བླ་མའི་རྣམ་ཐར་ཅུང་ཟད་དྲན་པའི་གླུ། །བླ་མའི་ཐུགས་སྲས་བྱམས་པ་ཆོས་དར་བླངས། །བླ་མ་བཞིན་དུ་རྨ་རྒྱལ་མགུལ་དུ་འགྲོ། །བླ་མ་ཚེ་འདིར་མྱུར་དུ་མཇལ་བར་སྨོན། །རང་ལ་སངས་

p. 878

རྒྱས་ལས་ཀྱང་དྲིན་ཆེ་བའི། །རང་གི་བླ་མའི་རྣམ་ཐར་ཆ་ཤས་ཙམ། །རང་བཟོ་མིན་པར་དྲང་པོར་སྨྲས་པའི་མཐུས། །རང་གཞན་དད་གུས་ཆེས་ཆེར་འཕེལ་བར་ཤོག །ཅེས་རྩ་བའི་བླ་མ་༧བསྟན་འཛིན་ཉི་མ་རིན་པོ་ཆེ་རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་སྐབས་སུ་༧བྱ་བཏང་བྱམས་པ་ཆོས་དར་རམ། མིང་གཞན་ཚོགས་དྲུག་རང་གྲོལ་དུ་འབོད་པས་མཚོ་སྙིང་ནས་སྦྱར་བའོ། །

གྲུབ་དབང་པདྨ་རང་གྲོལ་རིན་པོ་ཆེའི་སྐུ་ཚེའི་སྟོད་ཀྱི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བའི་སྨད་ཆ་རིན་ཆེན་ཕྲེང་མཛེས།

p. 879

༄༅། །གྲུབ་དབང་པདྨ་རང་གྲོལ་རིན་པོ་ཆེའི་སྐུ་ཚེའི་སྟོད་ཀྱི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བའི་སྨད་ཆ་རིན་ཆེན་ཕྲེང་མཛེས།

p. 880

ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། །བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། །སློབ་དཔོན་ཆེན་པོའི་ཞབས་ལ་གུས་པས་འདུད། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཕྱི་གཏན་གྱི་སྐྱབས་མགོན་རིན་པོ་ཆེ། །ཆོས་རྒྱལ་ངག་གི་དབང་པོ་སྤྱི་བོར་བཞུགས། །རྣམ་ཐར་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོག་འབྱུང་བར་བྱིན་གྱིས་རློབས། །ཕན་བདེའི་འབྱུང་གནས་བསྟན་པའི་སྲོག་ཤིང་མཆོག །

p. 881

སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ། །མཁས་གྲུབ་གཉིས་འཛོམ་པདྨ་རང་གྲོལ་གྱི། །སྐུ་ཚེ་སྨད་ཀྱི་རྣམ་ཐར་བདག་གིས་བཤད། །བླ་མའི་རྣམ་ཐར་རྗེས་འཇུག་ཉམས་ལེན་དུ། །འཁྱེར་བར་འདོད་པའི་སྐལ་བཟང་སློབ་མ་དང་། །མ་འོངས་ཆོས་མཛད་དད་གུས་དག་སྣང་ཅན། །རྣམས་ཀྱིས་རབ་ཏུ་དགའ་བའི་སེམས་ཀྱིས་ཉོན། །དེ་ཡང་ཕན་བདེའི་འབྱུང་གནས་བསྟན་པའི་སྲོག་ཤིང་སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་གནས། མཁས་གྲུབ་གཉིས་འཛོམས་བླ་མ་བདེར་

p. 882

གཤེགས་པ་མཚན་སྙན་པདྨ་རང་གྲོལ་རིན་པོ་ཆེ་འདི་ཉིད་ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པར་གྲགས་ཤིང་། སློབ་དཔོན་གཡུ་སྒྲ་སྙིང་པོ། འདུལ་འཛིན་བརྩོན་འགྲུས་རྒྱ་མཚོ་སོགས་སྐྱེས་མཆོག་དུ་མའི་སྐྱེ་བ་བརྒྱུད་པའི་མཐར། སྐུ་ཚེ་འདི་ལ་ས་བཟང་སོག་པོའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཆུང་ནས་བཟུང་ཟས་ནོར་ལ་ཆགས་ཞེན་ཆུང་། ངན་སློང་ལ་སྙིང་རྗེ་ཆེ། བླ་མ་རྣམས་ལ་དད་གུས་དང་ཆོས་ལུགས་གང་ལ་དག་སྣང་ཆེ་བ་སོགས་སྔོན་སྦྱངས་ཆོས་ཀྱི་བག་ཆགས་བཟང་ཞིང་། ཆེར་སོང་ནས་ཆོས་སྒོར་ཞུགས། ཆོས་བཞིན་མཛད་ཚུལ་ཉིད་ཀྱིས་མཛད་པའི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ན་གསལ་ལ། འདིར་སྐུ་ཚེ་སྨད་ཀྱི་རྣམ་ཐར་རགས་རིམ་ཙམ་ཞིག་བརྗོད་པ་ལ། རེབ་གོང་གསེར་མོ་ལྗོངས་ཀྱི་གདུལ་བྱ་རྣམས་ལ་སྔ་ཕྱི་རིམ་ཅན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཕལ་ཆེར་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་། ཉིད་ཀྱི་དངོས་ཉམས་རྨི་ལམ་དུ་མ་མཁའ་འགྲོའི་ཚོགས་ཀྱིས་གནས་གཞན་དུ་ཕེབས་ན་ཐུགས་དམ་འཕེལ་ཞིང་གཞན་དོན་ཡོང་བའི་ལུང་བསྟན་བྱུང་ནས། གནས་ཆེན་བཀྲ་ཤིས་འཁྱིལ་བ་ནས་ཐོན་ཧོར་སོག་པོ་སོགས་འབྲོག་

p. 883

ཁྲོད་མང་པོ་བརྒྱུད་ནས་ས་ཕུན་སུམ་ཚོགས་པ་མང་རའི་མཁའ་འགྲོ་མ་བརྒྱ་རྩའི་གནས་ཀྱི་ཐག་ཉེ་ཐོ་ནོ་ཅིའི་སྒྲུབ་གནས་བདེ་ཆེན་དགའ་ཚལ་ཞེས་བྱ་བ། དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞིང་ཁམས། ཁ་ལྷོར་ལྟ་དགུན་དུས་ཉི་འོད་འཁྱིལ་ཞིང་། དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས་ས། ཕར་བལྟས་ན་ནམ་མཁའ་ཁ་ཞེང་ཆེ་ཞིང་བྱ་རྒོད་པོ་མང་པོ་མཁའ་ལ་ལྡིང་བ། རི་ངོས་རྩི་ཤིང་མང་པོ་རྒྱས་པའི་ཁྲོད་ན་ཁུ་བྱུག་འཇོལ་མོ། བྱེའུ་རྣམས་ཀྱི་སྐད་སྙན་སྒྲོག་ཅིང་རྒོད་དང་བྱ་རོག་རྣམས་ཀྱི་ཚང་ཡོད་པ། རྩ་བ་ན་མང་རའི་ཆུ་ཆེན་པོ་ཕར་འཁྱིལ་ཚུར་འཁྱིལ་ནས་ཡོན་ཆབ་བཞིན་དུ་གནས་པ། མདུན་ན་ཆུ་མིག་མང་པོ་ཁ་ཚུར་བལྟས་ནས་འབབ་ཅིང་། ལྷ་བྱ་ཁྲུང་ཁྲུང་དཀར་མོ་ངང་བ་ངུར་བ་མཐིང་རིལ་རྣམས་ཀྱིས་སྐད་སྙན་སྒྲོག་བཞིན་བག་ཕེབས་པར་གནས་པ། ནེའུ་གསེང་སྤང་གཞོང་གསེར་གྱི་མཎྜལ་བཤམས་པ་བཞིན་ཆགས་པའི་སྟེང་ན་སྨན་ལྗོངས་མེ་ཏོག་སྣ་ཚོགས་ཚོམ་བུ་བཞིན་གཅལ་དུ་བཀྲམ། རྩེ་ན་བུང་བ་མང་པོས་དགའ་བའི་གར་སྟབས་བསྒྱུར་ཞིང་སྙན་པའི་རྒྱངས་གླུ་རིང་མོ་བྱས་

p. 884

ནས་ལེན་པ། གོང་འོག་ཀུན་ན་ཡོན་བདག་འབྲོག་པ་དད་ཅན་མང་པོའི་སྐྱིད་དགའ་ལོངས་སྤྱོད་དང་ལྡན་ཞིང་ཆོས་སྒྲུབ་པའི་མཐུན་རྐྱེན་ནམ་དགོས་པའི་དུས་སུ་སྟེར་བ། རི་ཐང་ཀུན་ན་ཕྱུགས་རྫི་ན་ཆུང་རྣམས་ཀྱི་རྩེད་མོ་སྣ་ཚོགས་རྩེ་ཞིང་ཉམས་བྱུང་རྒྱལ་གྱི་གླུ་དབྱངས་མང་པོ་ལེན་པ། རྟག་ཏུ་ཉམས་དགའ་རིག་པ་དྭངས་པའི་དབེན་གནས་ཁྱད་པར་ཅན་དེར་ཕེབས་ནས་ལོ་མང་བོའི་བར་དུ་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་བྱས། སྐབས་ཤིག་བློ་ཁ་ལྷས་ཁྲིད་ནས་དངུལ་དང་ཁལ་རྟ་བསྒྲིགས་ནས་གྲོགས་པོ་བཟང་པོ་དང་བཅས་ཏེ་དབུས་སུ་ཕེབས། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ལ་དངུལ་དང་གོས་དར་སོགས་ཀྱི་འབུལ་བ་ཕུལ་ནས་མཇལ་ཆོས་འབྲེལ་ཞུས། སྨོན་ལམ་ཆེན་མོར་སེར་འབྲས་དགེ་གསུམ་ལ་ཐུག་པ་ཞིག་དྲངས། ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས། བསམ་ཡས་བྱང་ཆུབ་ཆེན་མོ་སོགས་ལ་མཇལ་མཆོད་འབུལ་རྒྱ་ཆེན་པོ་མཛད། དེ་ནས་འོལ་དགར་ཕེབས་རྡོ་རྗེ་སློབ་དཔོན་གྱི་དྲུང་ནས་གསང་ཡེས་ཆོས་སྐོར་ཞུས། ཡར་ལུང་ཤེལ་བྲལ། སྨིན་གྲོལ་གླིང་དང་རྡོ་རྗེ་བྲག་ལ་མཇལ། བླ་མ་རྣམས་ལ་འབྲེལ་བ་

p. 885

བཞག་ཆོས་འབྲེལ་ཞུས། ཡར་བཀྲ་ཤིས་ལྷུན་པོར་ཕེབས། སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་ལ་དངུལ་སྲང་ཁ་ཤས་ཕུལ་ནས་མཇལ་ཆོས་འབྲེལ་སྐྱབས་འཇུག་ཞུས། དེ་ནས་ང་ཡོད་སར་བསླེབས། ངེད་གཉིས་བྱང་གི་ཡོལ་མོ་ལུང་ནས་མཇལ། ཕན་ཚུན་ལོ་མང་པོར་མ་མཇལ་བའི་སྟབས་ཀྱིས་ཤི་གསོན་ངོ་འཕྲད་པ་ལྟར་དགའ་སྤྲོ་ཚད་ལས་འདས་པ་བྱུང་། དངུལ་སྲང་མང་པོ་བསྩལ། ཕར་ལ་ཚེ་དབང་ཞིག་ཕུལ། ཟླ་བ་གཅིག་ལྷག་བཞུགས། ཕེབས་ཁར་དད་རྟེན་དུ་ཁ་ཊཱཾ་ཀ་ཞིག་དང་རྟེན་གསུམ་གང་ཡོད་མཐུན་རྐྱེན་གང་དགོས་ཕུལ། དེ་ནས་ས་སྐྱར་ཕེབས་ནས་ཡབ་སྲས་ཐམས་ཅད་ལ་མཇལ་འབྲེལ་བ་བཞག །སྐྱབས་འཇུག་ཞུས་ནས་ཚ་རོང་དུ་ཕེབས། ལྕམ་ཆེ་ཆུང་རྣམས་ཀྱིས་ཞབས་ཏོག་ཕུལ་བ་བཞེས་བསྔོ་སྨོན་གྱི་མཚམས་སྦྱོར་བྱས། ལྷ་ལྡན་དུ་འབྱོར། དེ་ནས་རིམ་གྱིས་ཕེབས། སླར་མང་རའི་མཚམས་ཁང་དུ་བསླེབས། སློབ་མ་ཡོན་བདག་ཀུན་ལ་བྱིན་རྟེན་འཚམས་རྟགས་གནང་ནས་བཞུགས་སོ། །དེའི་རྗེས་སུ་ང་དབུས་ནས་ཡོང་བ་ལ་ཁོང་མཚོ་སྔོན་པོའི་ཁ་བར་དུ་འོངས་ནས་

p. 886

བསུ་བ་བྱས། རྟ་བཟང་ཇ་མར་སོགས་གང་མཁོ་བསྩལ། ཕར་ལ་རྟེན་གསུམ་ཕྱག་ཕྲེང་ན་བཟའ་སོགས་མཚམས་རྟགས་ཕུལ། ལོ་གཅིག་རིས་མེད་བསྟན་འགྲོའི་དཔལ་མགོན་སར་གནས་བྱང་ཆུབ་སེམས་དཔའ་མཁས་བཙུན་བཟང་གསུམ་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་སྐུ་ཞབས་གསེར་ཁང་རིན་པོ་ཆེ་མང་ར་རུ་ཕེབས་དུས་མཚམས་ཁང་དུ་གདན་དྲངས། ཟས་ནོར་གྱི་འབྲེལ་བ་བཞག །དབང་ལུང་དང་སྐྱབས་འཇུག་ཞུས། ཁོང་གི་ཐུགས་དགྱེས་བཞིན་གསུང་གླེང་མང་པོ་མཛད། གསོལ་རས་མང་པོ་གནང་། རྗེས་སུ་ཡང་མཇལ་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། ཡང་མཁས་པའི་དབང་པོ་གྲུབ་པའི་དབང་ཕྱུག་སྦས་པའི་སངས་རྒྱས་འབྲེལ་ཚད་དོན་ལྡན་བླ་མར་འོས་ཀྱང་སློབ་མའི་ཚུལ་འཛིན་པའི་སྐུ་ཞབས་རྫོགས་ཆེན་རིན་པོ་ཆེ་དང་ཁོང་གཉིས་ལན་མང་པོའི་བར་དུ་ཕར་ཕེབས་ཚུར་ཕེབས་མཛད། ཆོས་ཀྱི་ཕྱོགས་འཇིག་རྟེན་གྱི་སྒོ་ཐམས་ཅད་ནས་གཅིག་གིས་གཅིག་ལ་ཕན་ཐོགས་མཛད་སྣང་། ཆོས་ཉིད་ཀྱི་དགོངས་པ་ལ་བར་མཚམས་མེད་པའི་སྐུ་ཞབས་ལ་ཁ་རིན་པོ་ཆེར་ལན་མང་བོར་

p. 887

མཇལ་ཞིང་ཆོས་འབྲེལ་ཞུས། གསོལ་རས་ཀྱང་ཡང་ཡང་གནང་། སྐབས་ཤིག་རེབ་གོང་དུ་ཕེབས་ནས་སྤྱང་ལུང་སྤྲུལ་སྐུ་རིན་པོ་ཆེ་དང་སྔགས་མང་ཞོ་འོང་པཎ་སྔགས་སོགས་ལ་བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ། ཞི་ཁྲོ་དམ་པ་རིགས་བརྒྱ། གྲུབ་ཐོབ་བརྒྱད་ཅུ། རིག་འཛིན་གདུང་སྒྲིབ་སོགས་ཀྱི་དབང་ལུང་མང་པོ་གནང་། ང་ཡང་ལོ་གཅིག་བཀྲ་ཤིས་འཁྱིལ་བ་ནས་ཐོན་འབྲོག་ཁྲོད་བརྒྱུད་ནས་འགྲོ་དོན་བྱེད་བཞིན་མང་ར་རུ་ཡོང་ནས་ཁོང་དང་མཇལ། མཚམས་ཁང་ནས་ངེད་གཉིས་ཟླ་བ་གཅིག་ལྷག་ཙམ་ལ་ལྷན་དུ་བསྡད། ངས་རྩོམ་པ་གང་བྱས་ཀྱི་ལུང་ཁོང་ལ་ཕུལ། ཁོང་གི་གང་བརྩམས་རྣམས་གསུང་གི་བཅུག་ནས་ངས་ཉན། དེ་དུས་ཁོང་དཔོན་སློབ་རྣམས་ཀྱིས་གནས་བསྟོད་ཞིག་དགོས་ཞེས་བསྐུལ་ངོར་ངས་ཕུན་སུམ་ཚོགས་མས་མགུར་འདི་བླངས་སོ། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབ། །གནས་འདི་འོག་མིན་དག་པའི་ཞིང་། །མགོན་འདི་དྲུག་པ་རྡོ་རྗེ་འཆང་དང་། །འཁོར་འདི་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་འདི་

p. 888

ཐེག་ཆེན་གསང་སྔགས་ཆོས། །དུས་འདི་རྫོགས་ལྡན་ཉིན་མོའི་དུས། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །ཕུན་སུམ་ཚོགས་པའི་གནས་མཆོག་འདིར། །བཞུགས་པའི་ཆོས་མཛད་སྐྱེས་བུ་ལ། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབབ། །བདེ་སྐྱིད་ཉི་མ་བཞིན་ཏུ་འཆར། །གནས་འདི་བསྟོད་པའི་དགེ་བའི་མཐུས། །ཡུལ་འདིར་བཀྲ་ཤིས་གཡང་ཆགས་ཤོག །ཅེས་བླངས་པས་ཀུན་དགྱེས་པར་གྱུར་ཏོ། །དེའི་རྗེས་སུ་དཔལ་ལྡན་ས་ར་ཧའི་རྣམ་འཕྲུལ་ཧལ་ཧནོ་ཡོན་ཧུ་ཐོག་ཐུ་དང་། འཇམ་དབྱངས་གོང་མས་གསེར་ལུང་གི་མངོན་པར་མཐོ་བའི་ཆོས་རྗེ་ཧུ་ཐོག་ཐུ་རྣམ་གཉིས་ཀྱིས་གསུང་ཤོག་བསྩལ་བའི་འབྱོར་ལན་ཕུལ། ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་བུ་ཆེན་མི་ཕམ་འགྲོ་འདུལ་རྡོ་རྗེ་ཤར་ཕྱོགས་སོག་ཡུལ་དུ་ཕེབས་པ་ལ་ཞལ་གདམས་གནང་། ཁོང་གིས་ཐུགས་དམ་འབའ་ཞིག་ལ་གཞོལ་ནས་བཞུགས་སོ། །མདོར་ན་མང་ར་ནས་སྒར་ཁ་བཟུང་། ལོ་རེ་བཞིན་ཁྲི་ཀ །ཨ་ཆུང་གནམ་རྫོང་། རྨ་ཕ་རི་ཚུ་རི། རེབ་གོང་མར་ནང་རྣམས་སུ་རེས་མོས་བྱས་ཡང་ཡང་ཕེབས་ནས་གསར་རྙིང་རིས་མེད་ཀྱི་མདོ་སྔགས་

p. 889

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ལས་དང་སྐལ་བར་ལྡན་པ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། ང་དབུས་ནས་འདིར་བསླེབས་པ་ནས་བཟུང་ངེད་རྣམ་གཉིས་ཟུང་འབྲེལ་གྱི་སྒོ་ནས་མདོ་སྨད་སྤྱི་དང་། ཁྱད་པར་རེབ་གོང་སྟོད་སྨད་སྦྲ་ནག་ཁ་གསུམ་གྱི་སྐྱེས་ཕོ་མོ་རྣམས་ལ་ལས་རྒྱུ་འབྲས་ཀྱི་ཆོས་མང་པོ་བཤད་ནས་འཐབ་རྩོད་ཇག་རྐུ་སྲོག་གཅོད་ཀྱི་སྡིག་རྒྱུན་བཅད། དགེ་རྒྱུན་སྤེལ་ནས་ཡུལ་ཁམས་ཐམས་ཅད་དམ་པའི་ཆོས་ཀྱིས་དཀར་པོར་བཏང་ངོ་། །སྨྲས་པ། འབྲེལ་ཚད་དོན་ལྡན་སྐྱེས་མཆོག་དམ་པ་འདིས། །རེབ་གོང་གསེར་མོ་ལྗོངས་ཀྱི་གདུལ་བྱ་ལ། །མདོ་སྔགས་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །གདུལ་བྱ་ཕལ་ཆེར་སྨིན་གྲོལ་ལམ་ལ་བཀོད། །དེ་ནས་མ་དང་མཁའ་འགྲོའི་ལུང་བསྟན་བཞིན། །འབྲོག་པ་བརྒྱུད་ནས་མང་རའི་གཞུང་ལ་ཕེབས། །སྒྲུབ་གནས་བདེ་ཆེན་དགའ་བའི་ཚལ་དུ་བཞུགས། །ལོ་མང་སྐུ་མཚམས་བསྟན་དང་འགྲོ་དོན་མཛད། །དེ་ནས་སྐབས་ཤིག་བློ་ཁ་ལྷ་ཡིས་བསྐྱོད། །གྲོགས་བཟང་ཁྲིད་ནས་དབུས་ལ་མཇལ་དུ་ཕེབས། །རྒྱལ་བ་

p. 890

ཡབ་སྲས་སོགས་ལ་འབྲེལ་བ་བཞག །ལྷ་ལྡན་བསམ་ཡས་སོགས་ལ་མཆོད་པ་ཕུལ། །ང་དང་འཕྲད་ནས་སླར་ཡང་ཕྱིར་ལ་ཕེབས། །གནས་དེར་གཞི་བཟུང་ཕྱོགས་མེད་འགྲོ་དོན་མཛད། །རྗེས་ནས་ངེད་གཉིས་ཟུང་དུ་འབྲེལ་བའི་སྒོས། །ཡུལ་ཁམས་ཆོས་ཀྱིས་དཀར་པོར་བཏང་བ་མཚར། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཞན་ཡང་ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྒྲུབ་པ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ། གསུམ་གྱི་དབང་དུ་བཏང་ན། སྔ་མ་གཉིས་རྣམ་ཐར་ན་གསལ་ཞིང་། བྱ་བ་ལས་ཀྱི་འཁོར་ལོ་ལ་བསྟན་འགྲོ་སྤྱི་ཡི་བདེ་ཐབས་དང་། ཁྱད་པར་འབྲེལ་ཐོགས་རྣམས་གནས་སྐབས་བདེ་ཞིང་མཐར་ཐུག་སངས་ཡང་མཉམ་པོར་རྒྱ་བའི་ཆེད་དུ་དམིགས་ནས། སྐུའི་རྟེན་དུ་ཁོང་གི་གདན་ས་གནས་ཆེན་བཀྲ་ཤིས་འཁྱིལ་བ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྤྲུལ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐུ་བརྙན་མཐོང་བ་རྣམ་གྲོལ་མི་ཚད་ཙམ་དང་། ལྷ་ལྕམ་མཚོ་རྒྱལ་ཉིད་ཀྱི་འདྲ་སྐུ། དམ་ཅན་ར་གདོང་སོགས་སྐུ་འདྲ། ཐང་སྐུ་ཆེ་ཆུང་མང་པོ་བཞེངས།

p. 891

གླིང་རྒྱའི་མ་རུའི་སྔགས་ཁང་ནང་དུ་གུ་རུ་སྣང་སྲིད་ཟིལ་གནོན་མི་ཚད་གཅིག་དང་མཚོ་རྒྱལ་ལྷ་ལྕམ་ཁྲུ་གང་བ་གཉིས་བཞེངས་སུ་བཅུག །སྔར་ངས་དབུས་ནས་བྱིན་པའི་ཁ་ཊཱཾ་བྱིན་ཅན་རྒྱ་གར་ནས་འོངས་པ་དེ་སྐུ་འདྲའི་མཆན་ཁུང་གཡོན་དུ་ཕུལ། གླིང་རྒྱའི་ཡར་སྐོར་ཞོང་ཟ་ཚང་གི་སྔགས་ཁང་ནང་དུ་རྟ་མགྲིན་གྱི་སྐུ་མི་ཚད་ཙམ་བཞེངས་སུ་བཅུག་ནང་རྟེན་དུ་རྒྱ་གར་ནས་འོངས་པའི་ཀ་ཤི་ཀའི་རས་ཀྱི་གཟན་རྙིང་ཞིག་ངས་བྱིན་ཡོད་པ་དེ་བཞག །གཞན་ནང་རྟེན་ཅི་ཡོད་རྟེན་དེ་རྣམས་ཀྱི་དཀར་ཆག་ན་གསལ། ཨ་ཆུང་གནམ་རྫོང་གི་པཎ་སྔགས་གཉིས་ཀྱི་འདུ་ཁང་དུ་སངས་རྒྱས་སྟོང་སྐུ། ཞི་ཁྲོ་དམ་པ་རིགས་བརྒྱ་བཞེངས། ཁྲི་ཀའི་ལན་འགྲོའི་སྔགས་ཁང་ནང་དུ་གུ་རུ་གཙོ་འཁོར་གསུམ་བཞེངས་སུ་བཅུག་ནས་ནང་རྟེན་གནང་། དོ་རྒྱའི་སྔགས་ཁང་ནང་དུ་ཇོ་བོའི་སྐུ་མི་ཚད། ཐུགས་རྗེ་ཆེན་པོ། གུ་རུ་རིན་པོ་ཆེ། ཞི་ཁྲོ་རྣམས་ཀྱི་སྐུ་བཞེངས་སུ་བཅུག་ནས་ནང་རྟེན་གནང་། གསུང་གི་རྟེན་ལ་ཁྲི་ཀའི་ཇོ་བོའི་ལྷ་ཁང་རྒྱབ་ཀྱི་མ་ཎི་ཆོས་འཁོར་གྱིས་ཐོག་དྲངས། རེབ་གོང་མང་ར་རྣམས་ནས་མ་ཎི་ཆུ་འཁོར་དང་

p. 892

ལག་འཁོར་ཆེ་ཆུང་བཞི་བཅུ་ལྷག་བཞེངས། རྒྱུད་རྒྱལ་གསང་བ་སྙིང་པོ། རྫོགས་ཆེན་མ་རིག་མུན་སེལ། ཞི་ཁྲོའི་ཆོ་ག །བཏགས་གྲོལ། མཐོང་གྲོལ། མ་ཎི་སོགས་ཀྱི་པར་ཆེ་ཆུང་མང་བོ་བརྐོས་ནས་བཀྲ་ཤིས་འཁྱིལ། གནུབས་ཁམས་ར་ཐོ་ནོ་ཅིའི་གདན་ས་རྣམས་ལ་བཞག །ཐུགས་ཀྱི་རྟེན་ལ་གསེར་ཟངས་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དང་། ས་ལས་གྲུབ་པའི་མཆོད་རྟེན་དང་ས་ཚའི་འབུམ་ཁང་མང་པོ་བཞེངས། དེ་དག་རྣམས་ལ་རྒྱུ་འགྲོ་མང་པོ་བཏང་། རབ་གནས་བསྔོ་སྨོན་བཀྲ་ཤིས་ཀྱི་མཚམས་སྦྱོར་ཡང་དག་པ་མཛད་སྣང་། གཞན་ཡང་འཆད་རྩོད་རྩོམ་གསུམ་གྱི་དབང་དུ་བྱས་ན། ཆོས་འཆད་ཚུལ་ནི་རྣམ་ཐར་ལྟར་དང་། མཚན་ཉིད་མ་བརྩད་ཀྱང་གཞན་གྱི་ལོག་རྟོག་བསལ་བའི་ཕྱིར་ལུང་རིགས་གཉིས་ཀྱི་སྒོ་ནས་རྩོད་ལན་མང་བོ་མཛད། རྩོམ་པ་ལ་སྔ་འགྱུར་རྙིང་མའི་བླ་རབས་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་རིན་ཆེན་ཕྲེང་བ་གཞོན་ནུའི་མགུལ་རྒྱན་དང་། སྒྱུ་འཕྲུལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་གི་ཆོ་ག་སྐུ་བཞིའི་ས་བོན་བསྐྲུན་པའི་བྱིན་རླབས་ཆར་འབེབས་སྤྲིན་ཕུང་། ཞི་ཁྲོ་ངན་

p. 893

སོང་སྦྱོང་བའི་ཆོ་ག་དང་དེའི་རྣམ་བཤད་ཟུང་འཇུག་ལམ་མཆོག་བགྲོད་པའི་ཐེམ་སྐས། ཡི་དམ་ཞི་དྲག་གང་ལ་སྦྱར་ཆོག་པའི་སྦྱིན་སྲེག་བར་ཆད་མུན་པ་སེལ་བའི་ཉི་མ། སྒྱུ་འཕྲུལ་ཞི་ཁྲོའི་སྒོ་ནས་སྐུ་གསུང་རྟེན་རབ་ཏུ་གནས་པའི་ཆོ་ག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པདྨོ་བཞད་པའི་ཉི་མ། རབ་གནས་ཤིན་ཏུ་བསྡུས་པ་དགེ་ལེགས་འོད་འབར། ཚེ་རྟ་མགོན་གསུམ་གྱི་རྗེས་གནང་དུས་མིན་འཆི་སྐྱོབ་བགེགས་དཔུང་མཐར་བྱེད་རྡོ་རྗེའི་གུར་དང་། སྐྱབས་མགོན་ཆོས་རྒྱལ་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་དགེ་ལེགས་ཀུན་འབྱུང་། ཉིད་ཀྱི་རྣམ་ཐར་གསོལ་འདེབས་རིན་ཆེན་ཕྲེང་བ། ཨོ་རྒྱན་རྗེས་དྲན་གསོལ་འདེབས། གྲུབ་ཐོབ་བརྒྱད་ཅུའི་གསོལ་འདེབས། དེ་ཡི་མངོན་རྟོགས་ཤིན་ཏུ་བསྡུས་པ། སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་བསྒྲིགས་པ། ངེད་རྣམ་གཉིས་ཀྱི་ཚེ་སྟོད་ཀྱི་རྣམ་ཐར་གཉིས་དང་ཁོང་གི་མགུར་འབུམ། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་ཆེན་དང་ཟུར་འདེབས། ཞོ་འོང་སྔགས་མང་གི་བཅའ་ཡིག །གཏེར་གསར་གསང་ཡེས་གཏོར་ཟློག །དམ་ཅན་གྱི་སྒྲུབ་པ་

p. 894

བྱ་ཚུལ། དམ་ཅན་གྱི་སྐྱེས་བུ་ཆེན་པོའི་འཕྲིན་བཅོལ་དགོས་འདོད་ཀུན་སྩོལ། ཐོབ་ཡིག་རྣམ་བཞག་གཏན་གྱི་བསོད་ནམས་རིན་ཆེན་ཕུང་པོ། བར་དོའི་ཆོས་བཤད། རོ་བསྲེག་བྱེད་ཚུལ། བསྔོ་བ་སྨོན་ལམ་བཀྲ་ཤིས་ལ་སོགས་པའི་ལེགས་བཤད་ཐམས་ཅད་ཁྱོན་བསྡོམས་པའི་མདའ་ཚད་མའི་པོ་ཏི་ཆེན་པོ་བཞི་ཙམ་མཛད་སྣང་། གཞན་ཡང་ཆོས་ལྡན་གྱི་བྱ་བ། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་དཔག་མེད་འཐོབ། །ཅེས་དབུས་མཐའ་ནས་གསུངས་པ་ལྟར་ཐུགས་བསྐྱེད་བཟང་པོའི་སྒོ་ནས་ཚོགས་བསོགས་སྒྲིབ་སྦྱོང་ཞལ་འདོན་དགེ་སྦྱོར་ལ་ཉིན་མཚན་མེད་པར་བརྩོན་པར་མཛད་པའི་རྣམ་པར་ཐར་པ་ནི་བརྗོད་པའི་ཡུལ་ལས་འདས་སོ། །སྨྲས་པ། མགོན་ཁྱོད་སྔོན་དུས་སྐུ་ཚེ་མང་པོའི་བར། །དམ་པའི་ལྷ་ཆོས་མཛད་ནས་སངས་རྒྱས་ཏེ། །ད་ནི་ཡང་སངས་རྒྱས་རྒྱུ་མ་མཆིས་ཀྱང་། །གདུལ་བྱ་ཆོས་ལ་བསྐུལ་ཕྱིར་ཚེ་གང་བོ། །ཀློག་པ་ཐོས་བསམ་སྒྲུབ་པ་བསམ་

p. 895

གཏན་དང་། །བྱ་བ་ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཆད་རྩོད་རྩོམ་གསུམ་སྒོ་ནས་རྒྱལ་བའི་བསྟན། །འཛིན་སྐྱོང་སྤེལ་ལ་ཁྱེད་ལས་ལྷག་པ་གང་། །གཞན་ཡང་ཆོས་ལྡན་བྱ་བ་མང་པོ་དང་། །ཚོགས་གསོག་སྒྲིབ་སྦྱོང་ཞལ་འདོན་དགེ་སྦྱོར་ལ། །ཉིན་མཚན་མེད་པར་བརྩོན་པར་མཛད་པ་ཡི། །རྣམ་ཐར་བཤད་ན་བརྗོད་ཀྱིས་མི་ལངས་སོ། །དེ་དག་ནང་ནས་བསྟན་པའི་མིག་རྐྱེན་ལ། །ཕན་ཕྱིར་བྱ་བ་ལས་ཀྱི་འཁོར་ལོ་དང་། །བསྟན་འགྲོར་ཕན་པའི་ལེགས་བཤད་གང་བརྩམས་རྣམས། །བཤད་པ་འདིས་ཀྱང་ཀུན་ལ་ཕན་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་ནི། དེའི་ལོ་དོ་རྒྱ་བོད་བྱ་ཚང་གནུབས་ཁམས་ར་རྣམས་སུ་ཕེབས་ནས་དབང་འདོད་འཇོའི་བུམ་བཟང་སོགས་དབང་ལུང་ཁྲིད་གསུམ་མང་པོ་བྱས། ཀུན་གྱིས་ལོ་མཚམས་ཟླ་མཚམས་རེ་ཁས་ལེན་དུ་བཅུག །ཡར་ཕེབས་ཁར་ཁོ་བོ་ན་སོ་རྒས་ནས་འཆི་ལ་ཉེ་ཁྱེད་རྣམས་ཀྱང་ནམ་འཆི་ངེས་པ་མེད། ཐམས་ཅད་ཚེ་འདིའི་བྱ་བས་མ་གཡེང་

p. 896

བར་འཆི་ཁར་ཕན་ངེས་ཀྱི་ཉམས་ལེན་ལ་བརྩོན། ད་ཕྱིན་ཆད་ཡང་ཡང་ཨེ་མཇལ་མི་ཤེས་གསུངས་ནས་ཡུལ་བཟང་ཁྲི་ཀ་བརྒྱུད་ནས་མང་ར་རུ་ཕེབས། ཟླ་བ་གཅིག་ཙམ་མཚམས་ལ་བཞུགས་དུས་སྐུ་ལ་སྙུང་རྒྱུ་ནི་ཆེར་མེད་པར་སྐུ་ཤེད་ཆུང་དུ་ཆུང་དུ་སོང་ཚེ། མདུན་འདུག་པ་རྣམས་ཀྱིས་སྐུ་ཁམས་བདེའམ་དྲིས་པས། ཅུང་མི་བདེ་བ་ཞིག་འདུག་གསུངས། དེ་དུས་ཁོང་གི་ཡབ་ཨ་ཀ་དང་། བུ་ཆེན་སོག་ཚའི་དགེ་ཞིས་མཐུ་སྟོབས་ཐོགས་མེད་རྡོ་རྗེ། ཐུགས་སྲས་དབོན་པོ་དཀར་དྲིས། སྙིང་སློབ་ཚངས་དབྱངས་འབྲུག་སྒྲ། གསོལ་དཔོན་བན་ཕྲུག །རིག་གེ །དོན་གྲུབ་སོགས་དེར་འཁོད་པའི་གྲྭ་བུ་སློབ་རྣམས་ཀྱིས་སྨན་དཔྱད་རིམ་གྲོ་འདྲ་བྱས་ན་ཞུས་པས། ཉིད་ཀྱི་ཞལ་ནས། འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཟག་བཅས་ཉེར་ལེན་ཕུང་པོ་འདི། །བདེ་བ་སྒྲུབ་ཀྱང་སྡུག་བསྔལ་རྒྱུ། །གསུངས་པ་བཞིན་འཁོར་བ་འདིར་ལུས་ངན་འདི་བླངས་ཕྱིན་ཆད་སྐྱེ་རྒན་འཆིའི་སྡུག་བསྔལ་མི་འབྱུང་བ་གཅིག་ཀྱང་མེད། ཀུན་ལ་ཡོང་བའི་འཆི་བ་དེ་མགོ་ཐོག་ཏུ་བྱུང་བ་རེད་བཅོས་ཐབས་མེད།

p. 897

ཁོ་བོའི་ཚེ་ཚད་དང་འདུལ་སྐལ་གཉིས་ཀ་རྫོགས་པ་ཡིན། ད་བླ་མ་རིན་པོ་ཆེ་ཐག་ཉེར་ཡོད་ཐོག་འདིར་ཤི་ན་རབ་ཡིན། དངོས་ཉམས་རྨི་ལམ་གང་ལ་བལྟས་ཀྱང་ད་རེ་འཆི་བར་འདུག །ཁྱེད་རྣམས་ང་འཆི་བ་ལ་མྱ་ངན་བྱེད་མི་དགོས། ཁོ་བོ་ལ་ཁ་སང་ནས་བཟུང་མ་མཁའ་འགྲོའི་བསུ་མ་མང་པོ་བྱུང་། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་སོང་ནས་སློབ་དཔོན་ཆེན་པོར་མཇལ་བ་དང་། དག་པ་མཁའ་སྤྱོད་དུ་སོང་ནས་དཔའ་བོ་མཁའ་འགྲོའི་ཚོགས་དཔོན་བྱེད་པའི་སྣང་བ་ཤར། ཁྱེད་རྣམས་ཀྱིས་ཁོ་བོ་འཆི་བ་མི་རྟག་པ་སྟོན་པའི་སློབ་དཔོན་དུ་སོམས་ལ་སྐྱབས་མགོན་རིན་པོ་ཆེའི་བཀའ་བཞིན་ཉམས་ལེན་ལ་འབོད་དང་། ཕྱི་མར་མཁའ་སྤྱོད་དག་པའི་ཞིང་ནས་མཇལ་བའི་སྐལ་བ་ཡོད་གསུངས། ཀུན་གྱིས་ད་དུང་གདུལ་བྱ་ངེད་རྣམས་སྙིང་རེ་རྗེ་ཁྱེད་སྐུ་ཚེ་རྒྱལ་མཚན་བརྟན་དགོས། གལ་ཏེ་མི་བཞུགས་ན་ཞལ་བཀོད་ཅིག་དང་སླར་ཡང་སྤྲུལ་སྐུ་གཅིག་ཅི་ནས་འབྱོན་དགོས་ཞེས་གསོལ་བ་ནན་ཆེར་བཏབ་ནས་ངུས་པས། རེ་ཞིག་ཅུང་མི་གསུང་བར་བཞུགས་ནས། སྐབས་ཤིག་སྤྱན་ཆབ་ཅིག་བསིལ་ནས་ད་ཁྱེད་

p. 898

ཚོ་སྙིང་རེ་རྗེ་ངུ་མི་དགོས་ཁོ་བོས་ཁ་ཆེམས་ཤིག་ཀྱང་འཇོག་ཅེས་མགུར་འདི་གསུངས་སོ། །སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །ཀུན་གྱིས་བསམ་དོན་ཆོས་བཞིན་དུ། །འགྲུབ་པའི་བྱིན་རླབས་དངོས་གྲུབ་སྩོལ། །བྱ་བྲལ་པདྨ་རང་གྲོལ་ངས། །ཐམས་ཅད་མི་རྟག་སྒྱུ་མར་བསམས། །ནོར་ལ་བསོག་འཇོག་མ་བྱས་པར། །ཡོངས་ཚད་ཆོས་ཀྱི་ཕྱོགས་སུ་བཏང་། །ལུས་གོས་མཆོད་རྫས་ཁལ་རྟ་ཙམ། །མ་གཏོགས་ནོར་རྫས་གང་ཡང་མེད། །དེ་ཕྱིར་གདུང་མཆོད་འདི་ཐོངས་ཞེས། །ཁ་ཆེམས་འཇོག་རྒྱུ་གང་ཡང་མེད། །བུ་སློབ་ཀུན་ལ་གསོན་དུས་སུ། །ཆོས་བཤད་མགུར་དབྱངས་བླངས་པ་རྣམས། །འཆི་ཁའི་དུས་ཀྱི་ཁ་ཆེམས་ཡིན། །ད་ནི་དེས་ལྷག་བཤད་རྒྱུ་མེད། །འཆི་ཁ་གཏམ་དང་ཉལ་ཁ་ཆུ། །མ་མང་ཟེར་བའི་གཏམ་དཔེ་བཞིན། །འཆི་ཁར་ལབ་ལབ་མང་མི་རུང་། །ཁ་རོག་ཤི་བ་གདམས་ངག་ཟབ། །འོན་ཀྱང་དྲིན་ཅན་ཕ་མ་ཡིས། །འཆི་ཁ་བུ་ཚ་སྙིང་རྗེ་ནས། །ཁ་ཆེམས་ཚིག་འགའ་སྨྲ་བ་ལྟར། །གཏམ་གྱི་ཐ་མ་འདི་ལ་ཉོན། །ད་རེ་ཁོ་བོ་འཆི་བ་

p. 899

འདི། །ཀུན་ལ་འཆི་བ་མི་རྟག་པ། །སྟོན་པའི་སློབ་དཔོན་ཡིན་སོམས་ལ། །ཐམས་ཅད་དམ་པའི་ལྷ་ཆོས་མཛོད། །དད་པ་ཆེ་ན་བྱིན་རླབས་འཇུག །དམ་ཚིག་བསྲུངན་དངོས་གྲུབ་འབྱུང་། །ཕན་སེམས་ཆེ་ན་རྒྱལ་བ་མཉེས། །དག་སྣང་སྦྱངས་ན་ཞིང་ཁམས་མཐོང་། །བསོད་ནམས་བསགས་ན་བསམ་དོན་འགྲུབ། །སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་ཆེ་ན་འགྲོ་དོན་ཡོང་། །འགྲོ་དོན་བྱས་མཐར་ང་དང་མཇལ། །ཚེ་འདིར་འགྲོགས་པ་ཡུད་ཙམ་གདའ། །ཕྱི་མར་མཁའ་སྤྱོད་ཞིང་ནས་མཇལ། །འགྲོགས་ནས་ཞིང་ཁམས་ཐམས་ཅད་དུ། །སོང་ནས་སངས་རྒྱས་མཆོད་པར་ཤོག །གསུངས་ནས་ཅུང་ཟད་ངལ་གསོས་ཏེ། ཡང་ཁྱེད་ཀུན་གྱིས་རྩ་གསུམ་ལྷ་ལ་གསོལ་བ་ཐོབས་དང་ཁོ་བོས་ཀྱང་སྤྲུལ་སྐུ་ཞིག་ཡོང་ཨེ་ཐུབ་བལྟ། གཉིས་གསུམ་འདྲ་བྱུང་ན་བླ་མ་ལྷ་ལ་བརྟགས་པ་ཞུས་ལ་གཅིག་ལོངས་དང་ཕན་ཐོགས་ཡོད་གསུངས་པའི་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་རྟག་འཛིན་ལས་བཟློག་པ་དང་། དམ་པའི་ཆོས་དང་དགེ་བའི་བཤེས་གཉེན་ལ་རྙེད་དཀའ་བའི་འདུ་ཤེས་བསྐྱེད་པའི་

p. 900

ཕྱིར་དགུང་ལོ་ལྔ་བཅུ་ང་གསུམ་ཐོག་ས་ཁྱིའི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་གི་སྔ་དྲོའི་ཉི་མ་རྩེ་ཤར་གྱི་དུས། སྐུ་དྲང་བོར་བསྲངས། སྤྱན་ནམ་མཁའ་ལ་གཟིགས་ནས་ཆོས་ཐམས་ཅད་ཀྱི་རྩ་བ་རང་སེམས་གདོད་མ་གཤིས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་ཁྱབ་བརྡལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དགོངས་པ་ལ་མཉམ་པར་བཞག་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །དེ་ནས་དབོན་པོ་དཀར་དྲིས་ཀྱིས་སྐུ་གདུང་གི་ཞབས་ཏོག་དང་མདུན་དུ་མཆོད་འབུལ་བྱས། དགེ་འདུན་པ་མང་པོ་གདན་དྲངས་ཆོ་ག་གསུང་དུ་བཅུག །གཞན་གྲྭ་བུ་སློབ་ཀུན་གྱིས་འཇིག་རྟེན་པའི་ཕ་མ་བུ་གཅེས་ཤི་བ་ལས་ཐུ་བའི་མྱ་ངན་བྱས། ཧོས་བཏབ་སྨྲེ་སྔགས་བཏོན། མང་པོ་ངུས་ནས་ཡུན་རིང་པོ་སོང་བའི་མཐར་གདུང་དབྱངས་འདི་ཡང་ཕུལ་ལོ། །མ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ས། །གནས་ཁྱད་འཕགས་བདེ་ཆེན་དགའ་ཚལ་ནས། །ཁྱི་ལོ་ཡི་དགུན་ཟླ་ཐ་ཆུང་གི །ཚེས་བཅུ་དྲུག་སྔ་དྲོ་ཉི་ཤར་དུས། །རྗེ་འཁོར་འདས་གཟིགས་པའི་མཁྱེན་རྒྱ་ཅན། །ཡར་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས།

p. 901

གྲྭ་བུ་སློབ་སྐྱབས་མེད་མགོན་མེད་རྣམས། །ཕ་ཤི་བའི་དྭ་ཕྲུག་བཞིན་དུ་ལུས། །རྗེ་གྲུབ་དབང་འོད་གསལ་ཉི་མ་ནུབ། །ད་མ་རིག་མུན་པ་སུ་ཡིས་སེལ། །མ་འགྲོ་མགོན་གྲུ་ཆེན་རྒྱ་མཚོར་ཞིག །ད་འཁོར་བའི་མཚོ་ལས་སུ་ཡིས་སྒྲོལ། །སྔར་རྟག་ཏུ་བསྟེན་ནས་ཆོས་ཉན་ཀྱང་། །དུས་ད་ལྟ་བསམས་ན་ཡུད་ཙམ་གདའ། །མགོན་ཁྱེད་སྐུ་ཉི་མ་ཡིད་ལ་ཤར། །སེམས་གདུང་བ་སྐྱེས་ནས་མཆི་མ་ཤོར། །དུས་དེ་རིང་གཟུགས་སྐུའི་འཇའ་ཚོན་དེ། །ཡར་ཆོས་དབྱིངས་མཁའ་ལ་བསྡུས་སོང་ཡང་། །དུས་ད་དུང་མི་མངོན་དབྱིངས་ཤེད་ནས། །གྲྭ་བུ་སློབ་ཡོངས་ལ་ཐུགས་རྗེས་གཟིགས། །ཡུལ་མདོ་སྨད་ཕྱོགས་ཀྱི་གདུལ་བྱ་ཡི། །སྐྱབས་མགོན་དུ་སླར་ཡང་སྤྲུལ་སྐུ་ཞིག །དུས་མྱུར་བ་ཉིད་དུ་ལེགས་བྱོན་ནས། །ཀུན་སྨིན་གྲོལ་ལམ་ལ་འགོད་དུ་གསོལ། །ངེད་ཤུལ་ལུས་གྲྭ་བ་བུ་སློབ་རྣམས། །དུས་ནམ་ཞིག་འཆི་བའི་དུས་སྐབས་སུ། །མགོན་ཁྱོད་ནི་ཞིང་ཁམས་གར་བཞུགས་ཀྱང་། །ཞིང་དེ་རུ་ཐམས་ཅད་དྲང་དུ་གསོལ། །སྐྱབས་རྩ་གསུམ་ལྷ་ཡི་ཐུགས་རྗེ་དང་། །རང་གཞན་གྱི་དུས་གསུམ་

p. 902

དགེ་བའི་མཐུས། །རྗེ་བླ་མའི་ཐུགས་དགོངས་རྫོགས་པ་དང་། །གྲྭ་བུ་སློབ་བསམ་དོན་འགྲུབ་པར་ཤོག །ཅེས་ཕུལ་ནས་ལྷག་པར་མང་པོ་ངུས་ཚེ་བདག་གིས་ཀྱང་མིག་ནས་མཆི་མ་མང་པོ་ཤོར། སྐུ་གཤེགས་ནས་བཟུང་ཉིན་ཞག་དུ་མའི་བར་དུ་འཆི་བ་ཆོས་སྐུ་རུ་གྲོལ་བའི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་གཟུགས་འགྲོ་བའི་དོན་ལ་འབྱོན་པའི་རྟགས་སུ་ནམ་མཁའ་གཡའ་དག་པ་ལ་སྤྲིན་འཇའ་ཉི་མ་དུས་གཅིག་ཏུ་ཤར་བའི་ནང་ནས་ཁ་བ་ལྟ་བུའི་རྟེན་འབྲེལ་དཀར་པོའི་ཆར་འབབ་ཅིང་དྲི་བཟང་དང་རོལ་མོའི་སྒྲ་ཐོས་པ་བྱུང་། བདག་གིས་ཀུན་ལ་ཀྱེ་སྐལ་ལྡན་བུ་རྣམས་འཇིག་རྟེན་པའི་ཕ་མ་དང་ཆོས་པ་རྣམས་ཀྱི་བླ་མ་མ་གཤེགས་པ་སུ་ཡོད། ངེད་རྣམས་ཀྱང་འདིའི་རང་བཞིན་ལས་མ་འདས། མྱ་ངན་བྱས་པས་མི་ཕན། དངོས་པོ་གང་ཡོད་ཀྱི་གདུང་མཆོད་བཏང་ན་བཟང་། སངས་རྒྱས་ཀྱིས། སེམས་ཅན་ལས་ཀྱི་འཆི་བ་ལ། །མྱ་ངན་མ་བྱེད་ཀུན་དགའ་བོ། །གསུངས་པ་ལྟར་མྱ་ངན་མ་བྱེད་ཅེས་སེམས་གསོ་བྱས། དེ་ནས་དངོས་པོ་གང་ཡོད་ཀྱི་ཁར་བདག་དང་སོག་ཚའི་དགེ་ཞིས། དཔོན་པོ་ཟླ་གྲགས། ཀླུ་རྒྱལ་འབུམ།

p. 903

རྡོ་རེ་སོགས་དད་ཅན་སློབ་མ་ཡོན་བདག་རྣམས་ཀྱིས་རྟ་མཛོ་ར་ལུག་ཇ་མར་ནས་སོགས་ཀྱི་ཞལ་འདེབས་མང་པོ་བྱས་པ་རྣམས་ཀྱིས་ནང་ནས་སྐུ་ཞབས་གསེར་ཁང་རིན་པོ་ཆེ་དང་། རྫོགས་ཆེན་རིན་པོ་ཆེ། ཤར་ཐམས་ཅད་མཁྱེན་པ། སྤྱང་ལུང་སྤྲུལ་སྐུ་སོགས་ལ་བསྔོ་འབྲེལ་ཕུལ། དགེ་འདུན་སྡེ་ལ་མང་འགྱེད་བཏང་། དབུལ་པོ་རྣམས་ལ་སྦྱིན་གཏོང་བྱས། སྐུ་གདུང་ལ་བརྒྱ་མཆོད་ཕུལ། ཞག་པོ་བདུན་གྱི་བར་དུ་སྐུ་ཞབས་གསེར་ཁང་ཚང་དང་ངས་བཤད་པའི་སྤྲུལ་སྐུ་མྱུར་འབྱོན་ལ་བརྩོན་ཞིང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཇལ་བའི་བསྔོ་སྨོན་གྱི་མཚམས་སྦྱོར་ཡང་དག་བྱས་སོ། །དེ་ནས་དགུང་ལོ་བརྒྱད་ཅུ་གྱ་བཞི་བཞེས་པའི་གྲུབ་པའི་དབང་ཕྱུག་བླ་མ་འཇུ་ཆེ་བ་སང་གདན་དྲངས་གདུང་ཁང་བརྩིགས་སྐུ་པུར་ནང་དུ་གདན་དྲངས། མཆོད་པ་བཤམས། ཁོང་དཔོན་སློབ་རྣམས་ཀྱིས་ཆོ་ག་བཏང་། ངས་ཀྱང་དམིགས་པ་གང་ཤེས་འདྲ་བྱས་ནས་མེ་མཆོད་འབུལ་དུས་སྐུ་ལས་འོད་ཟེར་དཔག་མེད་བཀྱེས་ཏེ་ཁམས་གསུམ་མ་ལུས་པ་ཁྱབ་པར་མཛད་ནས་ངན་སོང་སོགས་ཀྱི་སྡུག་བསྔལ་སྦྱངས་ནས་

p. 904

བདེ་བ་ལ་བཀོད། སླར་ཡང་སྐུ་ལ་ཐིམ་མ་ཐག་ལྟེ་བ་ནས་ཡེ་ཤེས་ཀྱི་མེ་འབར་བས་སྐུ་གདུང་བསྲེགས་པའི་མེ་ལྕེ་རྣམས་ཀྱང་བཀྲ་ཤིས་པའི་རྟགས་རྫས་བརྒྱད་སོགས་ཀྱི་རྣམ་པར་འབར་ཞིང་དུད་པ་རྣམས་ཀྱང་དཀར་ཞིང་དྭངས་པ་ཡར་འཕྱུར་ནས་ནམ་མཁའ་ལ་འགྲོ་བ་རྣམས་ཀྱང་འཁོར་ལོ་ནོར་བུ་གླང་པོ་ཆེ་སོགས་རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་པོ་ཆེ་སྣ་བདུན་གྱི་རྣམ་པར་འཕྲོ་ཞིང་། དུད་པའི་ཐད་ཀྱི་ནམ་མཁའ་ན་དཔའ་བོ་མཁའ་འགྲོ་རྣམས་བྱ་རྒོད་ཀྱི་རྣམ་པར་འཁོར་ནས་ཡུན་རིང་གནས་པ་དང་། གདུང་རུས་རྣམས་ཀྱི་སྟེང་ན་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་མང་པོ་དང་། གདུང་རིང་བསྲེལ་དུ་མ་བྱུང་བ་རྣམས་ལ་ཁྲུས་གསོལ་དར་སྣ་ཚོགས་ཀྱིས་དྲིལ་ནས་གསེར་སྒམ་དུ་བཞག་ནས་ཕྱག་མཆོད་བྱས། པུར་ཐལ་རྣམས་མང་ཆུ་ལ་བསྐྱོན་པའི་ཚེ་ཆུ་ལ་འཇའ་ཚོན་འཁྲིགས་པ་སོགས་གང་ཟག་ལས་སྣང་དག་པའི་ངོར་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་སྣ་ཚོགས་བྱུང་ངོ་། །སྨྲས་པ། སྙིང་རྗེ་ཆེ་བའི་ཕྱག་ན་པད་དཀར་དངོས། །མཁྱེན་རབ་གསལ་བའི་རྗེ་བཙུན་འཇམ་པའི་དབྱངས། །མཐུ་སྟོབས་ཐོགས་མེད་གོས་སྔོན་ཅན་དང་

p. 905

མཚུངས། །རིག་གསུམ་མགོན་པོའི་རྣམ་འཕྲུལ་བླ་མ་རྗེ། །འཇིག་རྟེན་ཁམས་འདིར་ཉི་མ་བཞིན་དུ་ཤར། །རིས་མེད་བསྟན་འགྲོར་ཕན་ཐོགས་མཛད་པའི་མཐར། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །གཟུགས་སྐུ་ཉི་མ་གློ་བུར་ནུབ་ལ་སྐྱོ། །ཀྱེ་ཧུད་འཆི་བ་མགོ་རྔ་མ་མཆིས་པས། །རྒན་རྒོན་འགའ་རེའི་བུ་དེ་སྔོན་ལ་ཤི། །ཤུལ་ནས་མྱ་ངན་བྱེད་པ་ཇི་བཞིན་དུ། །ཤུལ་ལུས་བདག་ཀྱང་སེམས་སྡུག་མཆི་མ་ཤོར། །འོན་ཀྱང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ། །བསྡུས་པའི་སྐབས་ཀྱི་ངོ་མཚར་ལྟས་བཟང་རྣམས། །མཐོང་བས་དད་པའི་སྤུ་ལོང་རབ་གཡོ་ཞིང་། །བྱང་ཆུབ་མཆོག་གི་ས་བོན་བསྐྲན་ནམ་སྙམ། །བདག་ཅག་རྣམས་ཀྱང་འཆི་ཚེ་འགྲོ་མགོན་ཁྱེད། །མངོན་སུམ་བྱོན་པས་འཛུམ་བཞིན་བསུ་བ་བྱས། །མཁའ་སྤྱོད་དག་པའི་ཞིང་དུ་ལེགས་ཁྲིད་ནས། །དཔའ་བོ་མཁའ་འགྲོའི་ཚོགས་དཔོན་བྱེད་པར་ཤོག །ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེའི་རྗེས་སུ་མཚམས་ཁང་བདེ་ཆེན་དགའ་ཚལ་དུ་གནམ་གོང་བའི་ལྷ་བཟོ་ལ་རྒྱུ་ལྷ་ཤིང་ལས་བྱས་པའི་

p. 906

མཆོད་རྟེན་མི་ཚད་ཙམ་ཞིག་བཞེངས་སུ་བཅུག །གདུང་རུས་རྣམས་གདན་དྲངས་ནས་གསེར་གྱི་མཆོད་རྟེན་གྱི་ནང་རྟེན་དུ་ཕུལ། འདྲ་སྐུ་ཡང་མི་ཚད་ཙམ་ཞིག་བཞེངས་ནས་གཟུངས་གཞུག་ཕུལ་རབ་གནས་བསྔོ་སྨོན་བྱས། ལོ་རྗེས་མ་ས་ཕག་གི་ལོར་དབོན་པོ་དཀར་དྲིས་སྟག་ཡན་གནས་བརྟན་སོགས་གྲྭ་བུ་སློབ་ཐམས་ཅད་ཀྱིས་དང་བླང་བྱས་ནས་རྩ་བའི་གདན་སར་ཕྱོགས་འདིའི་བསྟན་འགྲོའི་བདེ་ཐབས་སྤྱི་དང་ཁྱད་པར་ཁོང་གི་དྲིན་གཟོ་རུ་དམིགས་ནས་ཇོ་བོའི་ལྷ་ཁང་གསར་དུ་བཞེངས། བཅུ་པའི་བཅོ་ལྔ་ལ་རབ་གནས་བྱས་པས་ནམ་མཁའ་ལ་དབྱར་གྱི་སྤྲིན་འཁྲིགས་འབྲུག་གི་སྒྲ་དབྱངས་བསྒྲགས་སྦྲང་ཆར་འཇམ་པོ་བབས་པ་སོགས་ངོ་མཚར་བའི་ལྟས་བཟང་བོ་བྱུང་བས་དེར་འཚོགས་པ་ཀུན་ཡ་མཚན་པར་གྱུར། གནས་དེར་མཚམས་པ་དང་དགེ་འདུན་གྱི་སྡེ་བཙུགས་ནས་བཤད་སྒྲུབ་བསྟན་པའི་བྱ་བ་རྣམས་ཡར་ངོའི་ཟླ་ལྟར་འཕེལ་བར་བྱས། གདུང་མཆོད་ལྷ་ཁང་རྣམས་ཀྱི་རྒྱུ་འགྲོ་ལ་གང་བཏང་བ་རྣམས་ཁྱོན་སྡོམ་པས་དངུལ་སྲང་ཉིས་བརྒྱ། རྟ་མཛོ་འབྲི་གཡག་ལྔ་བཅུ། ལུག་བརྒྱ་ལྷག །ཇ་མར་ཕྱེ་རྩམ་འབོར་གང་ཆེ་སོང་།

p. 907

རྒྱུ་གང་སོང་ཞིབ་ཏུ་བྲིས་པ་ལ་དགོས་པ་ཆེན་པོ་མི་འདུག་སྙམ་བཏང་སྙོམས་སུ་བཞག་ནས་ཆེར་མ་སྤྲོས། གཞན་ཡང་རེབ་གོང་དང་གནུབས་ཁམས་ར་རྣམས་སུ་གདུང་རུས་ཁྱེར་ནས་སློབ་མ་བུ་ཆེན་རྣམས་ཀྱིས་མཆོད་རྟེན་དང་འདྲ་སྐུ་ཆེ་ཆུང་མང་བོ་བཞེངས་སྐད། རྗེས་འཇུག་གི་སློབ་མ་ལ། རེབ་གོང་ཕུར་ཐོགས་སྟོང་གི་གཙོ་བྱས་མར་ནང་ཚོ་ལྔ། རྨ་ཕ་རིའི་སྒོ་མེ་ཀ་བྱར། རྡིས་ཚ་ཨ་སྐོང་། རྨ་ཚུ་རིའི་བོད་བྱ་ཚང་། དོ་རྒྱ། གནུབས་ཁམས་ར། ཁྲི་ཀ །འབལ་མང་ར་རྣམས་སུ་ཆོས་མཐུན་གྱི་བན་སྔགས་སྟོང་ཕྲག་མང་པོ་བྱུང་། དེ་ཡི་ནང་ནས་ཐུགས་སྲས་བུ་ཆེན་རགས་རིམ་ཙམ་ཞིག་བརྗོད་ན། མཁས་ཤིང་གྲུབ་པ་བརྙེས་པའི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཀུན་བཟང་སྟོབས་ལྡན་དབང་བོ། སྤྱང་ལུང་སྤྲུལ་སྐུ་རྣམ་གཉིས། བདེ་ཆེན་གར་དབང་རྡོ་རྗེ། གྲུབ་པའི་དབང་ཕྱུག་ལེགས་ཚོགས། རྗེ་བཙུན་མ་རིག་མུན་སེལ། རྟོགས་ལྡན་ལྷུན་གྲུབ་རིག་འཛིན། ཁྲི་ཀའི་ཨ་ལགས་བརྩོན་འགྲུས། མགར་རྩེའི་བཟང་པོ་རྒྱ་མཚོ། མཛོད་དགེའི་ངག་དབང་འགྱུར་མེད། ཨ་རིག་རྡོ་རྗེ་རིག་

p. 908

གྲོལ། སྒོམ་ཆེན་པདྨ་དབང་ཕྱུག །རྒྱལ་པོའི་བཀྲ་ཤིས་འབུམ་དང་། སྤྱང་ལུང་ཨ་ཁུ་སྨན་པ། མཁས་པ་ཨ་ཁྱུང་སྤྲུལ་སྐུ། འགྲོ་མགོན་མགར་རྩེའི་སྨན་རྒན། དམ་ལྡན་ཨ་ཁུ་ཐེག་ཆེན། སེམས་བཟང་དམག་གསར་ཨ་ལགས་རྫོགས་ཆེན་རྣལ་འབྱོར་མཁའ་འགྲོ། མཐུ་སྟོབས་ཐོགས་མེད་རྡོ་རྗེ། རྟོགས་ལྡན་རྡོ་རྗེ་ཆོས་འཕེལ། འཁྲུལ་ཞིག་ཀུན་བཟང་རང་གྲོལ། རིག་འཛིན་གང་ཤར་རང་གྲོལ། དད་ཅན་ཆོས་དབྱིངས་རང་གྲོལ། ལྷ་བཟོ་ཡེ་ཤེས་བསྟན་འཛིན། བྱ་བྲལ་སྒོ་མེའི་བློ་གྲོས། ཀ་རིང་སྔགས་འཆང་རྟ་མགྲིན། ཞབས་ཕྱི་དར་གྲོང་དབུ་མཛད། ཁོ་ཚེའི་པདྨ་རིག་འཛིན། སོག་པོའི་སར་གནས་རིག་འཛིན། ཁམས་རའི་སྔགས་འཆང་རིག་འཛིན། ཁྲི་ཀའི་ཀུན་དགའ་རིག་འཛིན། མི་ཕམ་འགྲོ་འདུལ་རྡོ་རྗེ། བློ་ལྡན་དཀོན་མཆོག་རྡོ་རྗེ། གྲུབ་ཐོབ་བུདྷ་རྡོ་རྗེ། བྱ་བཏང་འཇིགས་མེད་རྡོ་རྗེ། ཉང་གི་རྒྱ་མཚོ། བྱང་ཆུབ་རྒྱ་མཚོ། རིག་གྲོལ་རྒྱ་མཚོ། རྣམ་གྲོལ་རྒྱ་མཚོ། མཐོང་བའི་མཚམས་པ། ཟུང་ཚང་མཚམས་པ། བན་ཤུལ་མཚམས་པ། ལོ་བའི་མཚམས་པ་ལ་སོགས་པའི་བུ་ཆེན་བརྒྱ་ཕྲག་

p. 909

གཅིག་ཙམ་བྱུང་། དེ་དག་ཕལ་ཆེ་བ་ལ་ལས་ཅན་གྱི་སློབ་མ་མང་པོ་འདུས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བྱས་སོ། །དེ་ལྟར་བཤད་པའི་དགོས་དོན་ནི། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་གོང་མའི་རྣམ་པར་ཐར་པ་རྣམས་འོ་སྐོལ་རྗེས་འཇུག་རྣམས་ཀྱི་ཉམས་ལེན་དུ་འཁྱེར་དགོས་པ་བཞིན། བདག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་རྣམ་ཐར་ཅུང་ཟད་བརྗོད་པ་ཕྱི་རབས་རྗེས་འཇུག་དད་ཅན་རྣམས་ཀྱི་ཉམས་ལེན་དུ་འཁྱེར་བར་བྱའོ། །སྨྲས་པ། རིས་མེད་བསྟན་པའི་གསལ་བྱེད་དགེ་བའི་བཤེས། །སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་པུ། །མཚན་སྙན་གྲུབ་དབང་པདྨ་རང་གྲོལ་ཞེས། །སྙན་པའི་བ་དན་ཕྱོགས་ཀུན་གཡོ་བ་འདི། །ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པར་གྲགས། །གཡུ་སྒྲ་སྙིང་བོ་འདུལ་འཛིན་བརྩོན་འགྲུས་སོགས། །སྐྱེས་མཆོག་དུ་མའི་སྐྱེ་བ་བརྒྱུད་པའི་མཐར། །སྐུ་ཚེ་འདི་ལ་སོག་པོའི་ཡུལ་ནས་འཁྲུངས། །ཆུང་ནས་ཟས་ནོར་གང་ལ་ཆགས་ཞེན་ཆུང་། །བླ་མ་ཆོས་མཛད་ཡོངས་ལ་དད་གུས་ཆེ། །ཆོས་ལུགས་གསར་རྙིང་གང་ལ་

p. 910

དག་སྣང་ཆེ། །འགྲོ་ལ་སྙིང་རྗེ་གཞན་ཕན་ཐུགས་བསྐྱེད་བཟང་། །མཁས་གྲུབ་མང་པོའི་དྲུང་ནས་མདོ་སྔགས་གསན། །རི་ཁྲོད་མང་པོ་བསྟེན་པས་ཉམས་ལེན་མཛད། །གདུལ་བྱ་མང་པོ་བསྡུས་ནས་མདོ་སྔགས་ཀྱི། །ཆོས་འཁོར་བསྐོར་ནས་སྨིན་གྲོལ་ལམ་ལ་བཀོད། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཐོན་པོ་དེ། །སྲིད་པའི་རྩེ་མོའི་བར་དུ་བསྒྲེངས་པའི་མཐར། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། །ཕྱི་རབས་རྗེས་འཇུག་སློབ་མ་ཡང་སློབ་ཀྱིས། །བླ་མའི་རྣམ་ཐར་ཟིན་པའི་སྨོན་ལམ་འདེབས། །ཡོན་བདག་ཕོ་མོ་དྲིན་ཅན་ཐམས་ཅད་ཀྱང་། །བླ་མ་གར་བཞུགས་ཞིང་དུ་སྐྱེ་བར་ཤོག །རྣམ་ཐར་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི། །རྒྱུད་ལ་དད་གུས་དག་སྣང་འཆར་བར་ཤོག །རྣམ་མགུར་གང་དུ་གནས་པའི་ས་ཕྱོགས་སུ། །ཆོས་དང་བཀྲ་ཤིས་དགེ་ལེགས་འབར་གྱུར་ཅིག །ཅེས་གྲུབ་དབང་པདྨ་རང་གྲོལ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བའི་སྨད་ཆ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ནི། དད་གཏོང་བློ་གྲོས་མཆོག་ཏུ་མངའ་བའི་སོག་ཚའི་

p. 911

དགེ་ཞེས། དབོན་པོ་དཀར་དྲིས། གླིང་རྒྱའི་དགེ་སློང་སོགས་སྐལ་ལྡན་གྱི་སློབ་མ། དད་ལྡན་གྱི་ཡོན་བདག་ཕོ་མོ་རྣམས་ཀྱིས་བསྐུལ་ངོར། རྒྱལ་ཁམས་ཆོས་ལ་བསྐུལ་བའི་རྣལ་འབྱོར་ཞབས་དཀར་པས། བཀྲ་ཤིས་གཡང་ཆགས་རྨ་ཆུ་ཆེན་པོའི་ཀླུང་འགྲམ། རིན་ཆེན་གསེར་གྱི་བྱེ་མ་ཆགས་པའི་གླིང་མཆོག །རྩི་ཤིང་ནགས་ཚལ་སྣ་ཚོགས་རྒྱས་པའི་སྐྱེད་ཚལ། ནེའུ་གསེང་སྤང་གཞོང་མེ་ཏོག་བུང་བའི་ཕ་ཡུལ། ཆུ་མིག་རྫིང་བུ་ཉ་སྲམ་སྦལ་ལྕོང་འགྱུ་བ། ཤིང་འབྲས་སྔོ་ཚོད་མང་པོ་སྐྱེས་པའི་ས་ཆ། བྱ་རིགས་མི་འདྲ་བདུན་ཙམ་གྲག་པའི་དབེན་གནས། ཁེ་ཆེ་བདེ་སྐྱིད་ཉམས་དགའ་གླིང་ནས་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

བླ་མ་སྐལ་ལྡན་བདེ་བར་གཤེགས་པའི་རྣམ་པར་ཐར་པ་ལས་སྐུ་ཚེ་ཐ་མའི་རྣམ་ཐར་ཡི་གེ་ཉུང་ངུའི་ལམ་ནས་སྟོན་པ་མི་རྟག་འཆི་བ་སྟོན་པའི་སློབ་དཔོན།

p. 912
p. 913

༄༅། །བླ་མ་སྐལ་ལྡན་བདེ་བར་གཤེགས་པའི་རྣམ་པར་ཐར་པ་ལས། སྐུ་ཚེ་ཐ་མའི་རྣམ་ཐར་ཡི་གེ་ཉུང་ངུའི་ལམ་ནས་སྟོན་པ་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་ཞེས་བྱ་བ་བཞུགས་སོ།།

p. 914

ན་མོ་གུ་རུ། བླ་མ་བདེ་བར་གཤེགས་པ་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །བདག་དང་བདག་འདྲའི་རྟག་འཛིན་ཅན་རྣམས་ཀྱི། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མཁས་པའི་དབང་པོ་གྲུབ་པའི་དབང་ཕྱུག་མཆོག །སར་གནས་བྱང་སེམས་འབྲེལ་ཚད་དོན་ལྡན་གྱི། །བླ་མ་སྐལ་ལྡན་བདེ་བར་གཤེགས་པ་འདི། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །སྐྱེས་བུ་དམ་པ་མང་པོའི་སྐྱེ་བ་བཞེས། །ཆོས་ཕྱིར་དཀའ་སྤྱད་མང་པོ་

p. 915

བྱས་བྱས་པས། །སྔོན་སྦྱངས་བག་ཆགས་ཚེ་འདིར་སད་པའི་མཐུས། །དང་པོ་ཡུལ་ན་བཞུགས་པའི་གནས་སྐབས་སུ། །སྙིང་སྟོབས་གཞན་ལས་ལྷག་པ་ཡོད་ཅེས་སྐད། །བར་དུ་དབེན་པ་བརྟེན་ནས་ཆོས་མཛད་ཚེ། །སྨྱུང་གནས་ཁོ་ན་སྟོང་ཕྲག་ལྷག་ཙམ་བསྲུངས། །འཆི་ཡང་ཚད་ཚད་མང་པོ་བྱུང་བའི་དུས། །སྙིང་རུས་བསྐྱེད་ནས་བསྲུང་བ་མངོན་སུམ་མཐོང་། །ཐ་མ་ད་རེས་ཡིན་ཡང་ངེད་རྣམས་ལ། །ཕན་ཕྱིར་སྐུ་སྲོག་ལ་ཡང་མ་ཕངས་པར། །འདོད་ལྡན་པདྨའི་ཚལ་ལ་འཇུག་པ་ལྟར། །ཆུ་

p. 916

བོ་ཆེན་པོར་བརྒལ་བའི་རྐྱེན་བྱས་ནས། །གློ་བུར་དག་པའི་ཞིང་དུ་གཤེགས་པའི་ཚུལ། །ཀུན་ལ་སྐྱོ་བ་སྐྱེ་ཕྱིར་བདག་གིས་བཤད། །དབུས་གཙང་མངའ་རིས་ཕྱོགས་འདིའི་མཆེད་ལྕམ་དང་། །སློབ་མ་སྦྱིན་བདག་ཕོ་མོ་དད་ཅན་རྣམས། །མི་རྟག་འཆི་བ་སྟོན་པའི་སློབ་དཔོན་དུ། །གོ་ནས་སྐྱོ་བ་སྐྱེས་རུང་དུང་པས་ཉོན། །དེ་ཡང་དབུས་གཙང་དག་པའི་ཞིང་ནས་ངེད་དཔོན་སློབ་རྣམས་ཀྱིས་མདོ་སྨད་ཀྱི་བསྟན་འགྲོ་ལ་ཕན་པའི་ལྷག་བསམ་གྱིས་འགྲོ་ཁར། ཇོ་ཤཱཀ་རྣམ་གཉིས་ཀྱི་གཙོར་བྱས་དབུས་གཙང་གི་རྟེན་བྱིན་རླབས་ཅན་ཐམས་ཅད་ལ་མཆོད་འབུལ་བྱས། གེགས་བར་ཆད་མེད་པར་གསོལ་འདེབས་སྨོན་ལམ་རྒྱ་ཆེན་པོ་བརྒྱབ། སྐྱབས་མགོན་རྒྱལ་བ་ཡབ་སྲས། སེར་འབྲས་དགེ་གསུམ་སོགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་སྐྱབས་འཇུག་དང་བསྔོ་སྨོན་རྒྱ་ཆེན་པོ་ཞུས་ནས། སྐུ་གསུང་ཐུགས་རྟེན་གདམས་ངག་བྱིན་རྟེན། རྒྱལ་བ་ཡབ་སྲས་ཀྱི་ན་བཟའ་བཅས། རྟེན་ཁྱད་འཕགས་བསམ་གྱིས་མི་ཁྱབ་པ་མཛོ་རྟ་མང་པོར་བཀལ་ནས། བྱང་ལམ་རིང་མོ་བཅད་ནས་འོང་དུས། ཆོས་ཟབ་ན་བདུད་ཟབ་ཟེར་བའི་དཔེ་ལྟར།

p. 917

ལམ་ནས་མགོ་ལོག་གི་ཇག་པར་ཐུག་ནས། མཐའ་ན་ཡོད་པའི་ཚོང་དཔོན་དང་། སོག་པོའི་འགྲུལ་བ་མང་པོ་ཡོད་པ་ཐམས་ཅད་བླངས་ནས། དེ་རྣམས་ཀྱི་མཛོ་རྟ་སྟོང་ཕྲག་མང་པོ་ལ་བཀལ་ཡོད་པའི་ཟས་ནོར་ཐམས་ཅད་བླངས། དཔེ་ཆ་པོ་ཏི་སྟོང་ཕྲག་མང་པོ་དང་། བྱིན་རྟེན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ས་ལ་ཕོས་ནས་ཆུད་ཟོས་སུ་སོང་ཤུལ་ན་དགེ་བཤེས་ལྷ་རམས་པ་བཞིའི་གཙོར་བྱས། ཆོས་མཛད་དགེ་སློང་ལག་དོ་བ་འཆི་ཐག་ཆོད་བདུན་ཅུ་རྩ་གསུམ་ཙམ་ཞིག་ལུས་འདུག་པ་ངེད་རྣམས་ཀྱི་མཐའ་ལ་འདུས་ནས་ངུས་པའི་ཚེ། ཐམས་ཅད་སྙིང་རྗེ་ནས་གསོ་དགོས་བབ། དེ་དུས་ཆར་ཆེན་པོ་བབ་ནས་འབྲི་ཆུ་ཆེར་རྒྱས་ནས་རབ་མ་རྙེད་པར་ཟླ་བ་གཅིག་ལྷག་ཙམ་སོང་། ཀུན་གྱི་བཟའ་རྒྱུ་ཐམས་ཅད་ཚར་ནས་འཆི་ལ་ཐུག་ཀྱང་། ཚོང་དཔོན་སུ་གང་གིས་ཆུ་ལ་རབ་བཙལ་མ་ཕོད་པར་ལུས་ཚེ། སྔོན་སངས་རྒྱས་ཐུགས་རྗེ་ཅན་གྱིས་སློབ་པ་ལམ་གྱི་གནས་སྐབས་སུ། སེམས་ཅན་མང་པོའི་དོན་དུ་སྐུ་ལུས་ཕངས་པ་མེད་པར་བཏང་བའི་རྣམ་ཐར་ལྟར། བླ་མ་རིན་པོ་ཆེ་འདིས། དགེ་བཤེས་ཚོང་དཔོན་

p. 918

བརྒྱ་ཕྲག་མང་པོ་མུ་གེས་འཆི་བ་ལ། མི་བཟོད་པའི་སྙིང་རྗེ་ཆེན་པོ་ཤུགས་དྲགས་པོ་སྐྱེས། འདི་རྣམས་ཐམས་ཅད་ཆུ་ཆེན་པོ་འདིའི་ཕ་རོལ་ཏུ་བགྲོད་པའི་རབ་ཅིག་རྙེད་པ་བྱུང་ན་ཤི་ཡང་རུང་སྙམ། སྐུ་སྲོག་ལ་ཕངས་པ་མེད་པར་སྙིང་སྟོབས་ཆེར་བསྐྱེད་ནས། རྟ་ལ་བཅིབས་ཏེ། ཨ་རོག་ཚོ། ང་འགྲོ་ཆུ་ལ་རབ་ཡོད་མེད་ཀྱི་ཚོད་ཅིག་བལྟ། ཤི་འདྲ་སོང་ན་ལམ་བར་ནས་ཁོང་གི་སྐུ་ལ་སེམས་ཆུང་གྱིས། ཞབས་ཕྱི་ཡག་པོ་བྱོས། མར་སླེབས་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དུས་གསུང་བཞིན་སྒྲུབས་ཞེས་གསུངས་ཚེ། ཀུན་གྱིས་བླ་མ་རིན་པོ་ཆེ་ཆུ་ཆེན་པོ་འདུག །ད་རེས་མ་ཕེབས་ན་ཞུས་ཀྱང་། བླ་མ་དཀོན་མཆོག་མཁྱེན། འདི་རྣམས་སྙིང་རེ་རྗེ། སྐྱོན་མེད་མོད་གསུངས། གྲོགས་སུ་མཁན་པོ་རྒྱ་མཚོ་གཉིས་དང་བཅས་འདི་ན་རབ་ཅིག་ཡོད་དམ་སྙམ་པའི་ཐང་གཅིག་ནས། གཙང་ལག་ཆེན་པོ་གསུམ་ཙམ་ཞིག་བརྒལ་བའི་མཚམས་ཤིག་ལ། རྟ་འགྱེལ་ནས་གློ་བུར་དུ་བལྟ་མི་བཟོད་བཞིན་གཟུགས་སྐུ་མི་སྣང་བར་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར། དགུང་ལོ་ལྔ་བཅུའི་ཐོག་ཡོངས་འཛིན་ཞེས་པ་བྱི་བའི་ལོའི་ཟླ་བ་བདུན་

p. 919

པའི་ཉི་ཤུ་ཐམ་པའི་ཉི་དྲོས་ཀྱི་ཚེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །དེ་དུས་ཆུའི་ཚུར་རོལ་ན་འདུག་པ་ཐམས་ཅད་ཀྱི་སེམས་དྭངས་ཞིང་མི་རེའི་ཁོག་ནས་སྙིང་རེ་ཐོན་སོང་བ་ལྟ་བུའི་ཕངས་སེམས་ཀྱིས་ཕལ་ཆེར་དྲན་མེད་དུ་འགྱེལ་བ་ཙམ་བྱུང་། ལུས་སྲོག་ལ་བལྟ་ལོང་མེད་པར་ཐམས་ཅད་རྟ་ལ་ཞོན་ནས་འགབ་ཀྱི་ཆུ་ལ་བརྒལ་ནས་བརྒྱུགས་ཏེ། འཛིན་སྙམས་ཀྱང་འཛིན་རྒྱུ་ཕར་ཞོག །སྐུ་གདུང་ཡང་བཙལ་བས་མ་རྙེད་ཚེ། ཐམས་ཅད་ཀྱི་མིག་ནས་མཆི་མ་ཆར་བཞིན་དུ་བབ་པ་བྱུང་། རང་གཞན་གཉིས་ཀ་འཆི་ཚད་པ་རེ་བྱུང་ཡང་སྐྱོན་མ་བྱུང་ངོ་། །ཁོང་གི་ཐུགས་བསྐྱེད་ཀྱི་སྟབས་ཀྱིས་སྨད་དེ་ནས་རབ་བཟང་པོ་ཞིག་རྙེད་ནས། གཞན་ཚོང་པ་བརྒྱ་ཕྲག་མང་པོ་ཡོད་པ་རྣམས། རབ་དེ་ལས་བརྒལ་བས་ཉེས་སྐྱོན་མེད་པར། ཐམས་ཅད་ཆུ་ཆེན་པོ་དེའི་ཕ་རོལ་ཏུ་བདེ་བར་སླེབས་པ་བྱུང་། དེ་དུས་བླ་མ་བདེ་བར་གཤེགས་པ་འདི་མེད་ན། ཐམས་ཅད་ཀྱིས་ཆུ་ལ་རབ་ཚད་བལྟ་མི་ནུས་པར། མི་ཕྱུགས་བརྒྱ་ཕྲག་མང་པོ་མུ་གེས་འཆི་བར་ཐག་ཆོད་དེ། ཁོང་གི་སྐུ་སྲོག་དོར་བའི་རྗེས་སུ་ཆུ་ལ་རབ་རྙེད་དེ།

p. 920

ངེད་དཔོན་སློབ་རྣམས་ཀྱིས་གཙོར་བྱས། མི་ཕྱུགས་དེ་ཐམས་ཅད་ཚེ་ཐར་བ་བྱུང་། དེས་ན་དེ་ཐམས་ཅད་བླ་མ་སྐྱེས་བུ་དམ་པ་ཁོང་གི་བཀའ་དྲིན་ཡིན་པར་ཁུམས། རྗེས་སུ་བསམས་ན་དེ་དུས་ངེད་རྣམས་ཀྱི་ཚེ་ཚབས་སུ་སྐུ་ལུས་བསམ་བཞིན་དུ་མ་བཏང་བའི་ངེས་པ་མི་འདུག་སྙམ་ནས་དད་གུས་དག་སྣང་གདུངས་སེམས་རྣམས་དབྱར་གྱི་མཚོ་ལྟར་རྒྱས། སྐུའི་མེ་ཏོག་འཐོར་བའི་འོག་ན་རབ་རྙེད་པའི་སྨད་དེའི་ཆུ་བོའི་ཐད་ཀྱི་ནམ་མཁའ་ལ་དེ་ཉིན་ནས་བཟུང་། ཉི་མ་གསུམ་ཙམ་གྱི་བར་དུ་འཇའ་ཚོན་ཤར་ཡོད་པ་དེར་འདུག་པ་ཐམས་ཅད་ཀྱིས་མཐོང་ནས་ཁོང་སྐྱེས་བུ་དམ་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་འདུག་ཟེར། ཐམས་ཅད་ལ་མི་ཕྱེད་པའི་དད་པ་ལྷག་པར་སྐྱེས། མཆི་མ་ཆེན་པོ་གཏོང་བ་མང་པོ་བྱུང་། དེ་དུས་མདོ་སྨད་ཀྱི་སློབ་མ་དད་ཅན་ཞིག་གི་རྨི་ལམ་དུ། བླ་མ་རིན་པོ་ཆེ་དག་པ་མཁའ་སྤྱོད་དུ་ཕེབས་རྒྱུ་ཡིན་ཟེར། རྟ་ཞིག་ལ་བཅིབས་ནས་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་འོད་ཀྱི་ལམ་ལ་འགྲོ་བ། དཔའ་བོ་དང་མཁའ་འགྲོ་མའི་ཚོགས་མང་པོས་བསུས་ནས་རོལ་མོའི་སྒྲ་དང་བཅས་ཏེ་སོང་བའི་རྐྱེན་བྱས་གཉིད་སད་པ་

p. 921

སྐད། དེས་ན་གང་ཟག་ལས་སྣང་དག་པའི་སྣང་ངོར་སྐུ་པུར་གཏན་ནས་མ་རྙེད་པ་དང་། སྐུ་གཤེགས་མ་ཐག་ནས་ནམ་མཁར་འཇའ་ཚོན་འཐེན་པ་དང་། རྨི་ལམ་དེ་དག་གང་ལ་བསམས་ནའང་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཞིང་དུ་གཤེགས་སོང་བར་རིགས་སོ། །འོན་ཀྱང་རྒྱལ་པོ་སྲོང་བཙན་སྒམ་པོ་ཡབ་ཡུམ་གསུམ་མ་དག་པའི་སྣང་ངོར། གསུམ་ཀ་སྔ་ཕྱི་བྱས་ནས་ཚད་པས་གཤེགས་སོང་བའི་སྣང་བ་ཤར་བ་ལྟར། གང་ཟག་ཕལ་པའི་སྣང་ངོར་ཆུའི་རྐྱེན་བྱས་ནས་སྐུ་གཟུགས་མི་སྣང་བར་ཆོས་ཀྱི་དབྱིངས་སུ་བསྡུས་པར་མངོན་ནོ། །གང་ལྟར་ན་ཡང་རང་འདོད་ཀྱི་འཁྲིས་གཏན་ནས་མེད་པར། ངེད་རྣམས་ཀྱི་དོན་དུ་ཆུ་ལ་རབ་ཡང་ཡང་བཙལ་བའི་མཐར། དེ་ལ་བརྟེན་ནས་གཤེགས་པ་ཡིན་པས། སྐྱེས་མཆོག་འདིའི་སྐུ་ཚེའི་མཇུག་ཏུ་ཡང་སངས་རྒྱས་ཀྱི་རྣམ་ཐར་བཟུང་ནས་གཤེགས་པར་གདོན་མི་ཟའོ། །འོ་ན་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་དེ་འདྲ་ལ། གང་ནས་བསམ་ན་གཤེགས་རྐྱེན་ངན་པ་དེ་འདྲ་འབྱུང་བ་དཔེ་མི་སྲིད་དམ་སྙམས་ན། སྔོན་སངས་རྒྱས་ཀྱི་འཁོར་ཉན་ཐོས་དགྲ་བཅོམ་

p. 922

པ་རྫུ་འཕྲུལ་ཅན་ཀུན་གྱི་མཆོག་ཏུ་གྱུར་པ་མོའུ་གལ་གྱི་བུ་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་བཟུང་ནས་འདམ་བུ་ལྟར་བཅོམ་པའི་དུས་སུ། ཤཱ་རིའི་བུས། དེ་དུས་རྫུ་འཕྲུལ་སྟོན་མོད་བྱས་པས། ལས་ཀྱིས་ནོན་ནས་རྫུ་བ་ཡང་མ་དྲན་ན། འཕྲུལ་བ་ལྟ་ཅི་སྨྲོས་གསུངས། དེའི་རྐྱེན་བྱས་གཤེགས་ཚུལ་བསྟན་པ་དང་། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ལྷོ་བྲག་མར་པའི་སྲས་དར་མ་མདོ་སྡེ་ཡང་། མའི་ངག་ལ་ཡང་མ་གསན་པར་སྟོན་ཐོག་ཏུ་ཕེབས་ནས་ཚུར་ལམ་རྟས་དྲུད་ནས་དབུ་ཚལ་པ་མང་པོར་སོང་ནས་གཤེགས་པ་དང་། གཞན་ཡང་སར་གནས་ཀྱི་སེམས་དཔའ་ཆེན་པོ་རྒྱ་བོད་ཀྱི་པཎ་གྲུབ་ལོ་ཙཱ་བ་མང་པོ་རྒྱ་གར་དང་བོད་ཀྱི་ལམ་བར་ནས་དུག་སྦྲུལ་གྱིས་ཟོས་པ་དང་། ཆུས་ཁྱེར་བ་དང་། ཚ་གྲང་མ་སྙོམས་པར་ཚད་པས་གཤེགས་པ་དང་། པཎ་ཆེན་རིན་པོ་ཆེ་ཡང་རྒྱ་ནག་ནས་གཤེགས་པ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་ཕེབས་པའི་ལམ་བར་ནས་གཤེགས་པ་དང་། བླ་མ་འཇམ་དབྱངས་བཞད་པའི་སྐུ་ཕྲེང་བར་བ་ཡང་གདོང་དམར་སྣ་ནས་གཤེགས་པ་དང་། སྡེ་སྲིད་རིན་པོ་ཆེ་ཡང་སྐུ་ཚེའི་མཇུག་ཏུ་ས་

p. 923

གཞན་ནས་གཤེགས་པ་དང་། གླིང་གེ་སར་རྒྱལ་པོ་ཡང་འདམས་མའི་ལུག་རྫིའི་ལག་ནས་གཤེགས་པ་སོགས། ཆོས་པ་འཇིག་རྟེན་པ་གང་གི་ཐད་ན་ཡང་། གཤེགས་རྐྱེན་དེ་དང་དེ་འདྲ་བ་མང་པོ་ཡོད་པའི་ལོ་རྒྱུས་རྣམས་ལ་བལྟས་ནས་དེ་དག་ཐམས་ཅད་ཀྱིས་མ་མཁྱེན་པ་དང་། གོ་མ་ཆོད་པ་བྱུང་བ་མ་ཡིན་པར། བསྟན་འགྲོ་ལ་ཕན་པའི་དགོངས་གཞི་རེ་ཡོད་ནས་དེའི་དོན་དུ་གཤེགས་པ་ཡིན་ཚུལ་བསམསན། ཆོས་དང་སྐྱེས་བུ་དམ་པ་ལ་བརྟེན་ནས། ལོག་རྟོག་བྱུང་བ་རྣམས་རང་སར་ཞི་བར་འགྱུར་རོ། །གཞན་ཡང་འཇིག་རྟེན་ཁམས་ན། མི་སྡུག་ཤོས་ཁ་ཅིག་གིས་ལྟོ་གོས་ཀྱི་ཕྱིར་དུ་ཡང་ཡུལ་གཞན་བགྲོད་མི་ཐུབ་པར་སའི་སེར་ཁའི་བར་གྱི་འབུ་བཞིན་སྐྱེས་པ་མིས་མ་ཚོར། རྒས་པ་རང་གིས་མ་ཚོར་བར་མི་ཚེ་སྡུག་ཟད་ལ་བསྐྱལ་ནས་ཤི་བ་དང་། ཚོང་བ་ཧེབ་རྒན་འགའ་རེས་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམས་ཀྱི་ཕྱིར་དུ་ས་མཐའ་བྱང་ཐང་སོགས་ནས་ཤི་བ་དང་། ཆོས་པ་ཕལ་ཆེར་གྱིས་སྐྱིད་ཆོས་བྱ་ཕྱིར་གྲོང་ཆོག་བདས་ནས་ཤི་བ་དང་། ཕལ་ཆེ་བས་རི་ཁྲོད་ལ་ཆགས་ནས་ས་

p. 924

གཅིག་ནས་བསྡད། གཞན་གྱིས་ཕྲག་དོག་མང་པོ་བྱུང་། ཁྲག་རླུང་གཏིང་ནས་ལངས་བས་ན་སྟེ། དེས་རྐྱེན་བྱས་གློ་བུར་དུ་གཤེགས་པ་ལྟ་བུ་མ་ཡིན་པར་སྔོན་གྱི་སྐྱེས་བུ་ཆེན་པོ་དམ་པ་གོང་མའི་རྣམ་ཐར་ལྟར། བླ་མ་རིན་པོ་ཆེ་འདིས་སྐུ་ཚེ་གང་པོར་སྒྲུབ་པ་སྙིང་པོར་མཛད། བསྒྲུབས་འབྲས་ཀྱིས་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་བྱས་པའི་རྣམ་ཐར་མཐོང་ན་དད་གུས་དག་སྣང་དབྱར་གྱི་མཚོ་ལྟར་དུ་རྡོལ་བར་འགྱུར་རོ། །འོན་ཀྱང་སྲས་དར་མ་མདོ་སྡེ་མ་གཤེགས་ན། བོད་ལ་འཕོ་བ་གྲོང་འཇུག་གི་གདམས་ངག་དར་རྒྱུ་ཡིན་པ་ལ། བོད་བསོད་ནམས་ཆུང་བའི་མཐུས་མ་ཐུབ་པར་བར་ཆད་བྱུང་ནས་གྲོང་པ་ཡིན་ཟེར་བ་བཞིན། བླ་མ་རིན་པོ་ཆེ་འདི་བྱང་ལམ་ནས་མ་གཤེགས་ན། ཉི་ཟླ་ཟུང་འབྲེལ་བཞིན། ངེད་རྣམ་གཉིས་ཟུང་འབྲེལ་བྱས། མདོ་ཁམས་སྨད་དུ་བསླེབས་ན། རས་ཆུང་སྙན་བརྒྱུད་སོགས་གདམས་ངག་ཟབ་ཁྱད་ཅན་མང་པོ་ཞིག་དར་བའི་ཚོད་ན་འདུག་སྟེ། མདོ་ཁམས་སྨད་འདི་བསོད་ནམས་ཆེ་བའི་ནང་ནས་ཆུང་བ་ཞིག་བྱུང་ནས། བསོད་ནམས་ཀྱི་མཐུས་མ་ཐུབ་པར་བར་ཆད་ཆེན་པོ་བྱུང་སྙམས། མྱ་ངན་

p. 925

དང་སེམས་སྡུག་ཚད་ལས་འདས་པ་བྱུང་། དུས་ད་དུང་དྲན་ཚེ་མིག་ནས་མཆི་མ་དབང་མེད་དུ་འཆོར་བ་བྱུང་། མཇུག་གི་བསྡུ་རིམ་ནི། སྐུ་གཤེགས་པ་ནས་བཟུང་དགེ་བཤེས་རྣམས་ཀྱི་གཙོར་བྱས་དགེ་སློང་བཞི་བཅུ་ཙམ་གྱིས་དགོངས་རྫོགས་ལ་དམིགས་ནས། ལམ་བར་རྣམས་སུ་ཚོགས་བསགས་སྒྲིབ་སྦྱོང་སྨོན་ལམ་མང་པོ་འདེབས་བཞིན་ཡོང་། མདོ་སྨད་རང་ཡུལ་དུ་བསླེབས་ནས་དགོངས་རྫོགས་ལ། སྐུ་འབུམ་གྱི་གསེར་གདུང་ལ་མཆོད་འབུལ་རྒྱ་ཆེན་པོ་དང་། དགེ་འདུན་པ་སྟོང་ཕྲག་ལྔ་ལ་མང་ཇ་དང་དོང་ཙེ་ཁྲོན་སུམ་བརྒྱའི་འགྱེད་བཏང་། རོང་པོའི་སྐུ་ཕྱོགས་ཤར་རིན་པོ་ཆེ་ལན་བཟའ་ཆ་ཚང་། ཕྱག་དཔེ་ནོར་རྫས་བརྒྱ་འབུལ། གྲྭ་པ་སྟོང་ཕྲག་གཅིག་ལ་མང་ཇ་ཉིན་ཁུར། ཇ་ལེན་ཆེན་བཅུ་ཡི་འགྱེད་བཏང་། གཞན་ཡང་ས་དཀར་ཤར་སོགས་རི་ཁྲོད་དགོན་པ་མང་པོ་ལ་མང་ཇ་འགྱེད་དང་སྤྱི་འཇོག་གང་ཐུབ་བཏང་། དེ་བཞིན་དུ་ཡུལ་བས་ཀྱང་དགེ་བ་གང་ཐུབ་བཏང་། དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་མཆོད་རྟེན་ལེགས་པོ་ཞིག་ཀྱང་བཞེངས་པ་ལགས། ཀུན་གྱིས་མི་རྟག་

p. 926

འཆི་བ་སྟོན་པའི་སློབ་དཔོན་དུ་སོམས་ལ་རྣམ་དཀར་དགེ་བའི་ལས་ལ་འབད་པར་མཛོད་ཅིག །སྨྲས་པ། སྔོན་དུས་སྐྱེ་འཆིར་དབང་ཐོབ་སངས་རྒྱས་ཀྱིས། །གདུལ་བྱ་རྟག་འཛིན་ཕྱི་བཤོལ་མཁན་གྱི་རིགས། །ཆོས་ལ་བསྐུལ་ཕྱིར་རྩྭ་མཆོག་གྲོང་ནས་གཤེགས། །དེ་དུས་ཉན་ཐོས་དགྲ་བཅོམ་གྲངས་མེད་འདས། །དེ་བཞིན་ཤཱ་རིའི་བུ་དང་མོ་འགལ་བུ། །གཤེགས་དུས་ཉན་ཐོས་དགྲ་བཅོམ་མང་པོ་གཤེགས། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་སོགས། །སྔོན་བྱོན་དམ་པ་གོང་མ་གཤེགས་ཤུལ་དུ། །རང་གི་དྲིན་ཅན་རྩ་བའི་བླ་མ་སོགས། །ཞལ་མཇལ་གསུང་ཐོས་བླ་མ་མཆེད་གྲོགས་གཤེགས། །རྒས་ནས་ཐམས་ཅད་ཤུལ་དུ་ལུས་ཚུལ་ལ། །སྐབས་རེ་བསམས་ཚེ་མིག་ནས་མཆི་མ་ཤོར། །ཁྱད་པར་སྐྱེས་མཆོག་སྒྲ་བསྒྱུར་མར་པའི་སྲས། །གློ་བུར་གཤེགས་དུས་ཡབ་ཡུམ་གཉིས་ཀ་ལ། །ཁོག་པའི་སྙིང་དང་དཔྲལ་བའི་མིག་ཐོན་བཞིན། །ཐུགས་ཁྲལ་ཚད་ལས་འདས་པ་བྱུང་བ་ལྟར། །བདག་ཅག་རྣམས་ཀྱི་བླ་མ་རིན་པོ་ཆེ། །གློ་བུར་རྟ་འགྱེལ་ཆུ་ཡིས་ཁྱེར་བ་དང་། །མི་རེའི་ཁོག་ནས་སྙིང་རེ་ཕྱུང་སྙམ་གྱི། །སེམས་

p. 927

སྡུག་དྲན་མེད་བརྒྱལ་བ་ཙམ་རེ་བྱུང་། །ཡང་ཡང་རྙེད་དཀའི་ནོར་བུ་རིན་པོ་ཆེ། །རྙེད་ནས་སླར་ཡང་རྒྱ་མཚོར་ཤོར་བ་བཞིན། །ཀྱེ་ཧུད་རྙེད་དཀའི་བླ་མ་རིན་པོ་ཆེ། །སླར་ཡང་དག་པའི་ཞིང་ཁམས་གཞན་དུ་གཤེགས། །བསམ་ཞིང་བསམ་ཞིང་འགྱོད་པ་གཏིང་ནས་སྐྱེས། །ཀུན་གྱི་མིག་ནས་མཆི་མ་ཆར་བཞིན་བབ། །ད་དུང་སྐབས་རེ་ཡིད་ལ་དྲན་པའི་མོད། །དབང་མེད་མིག་ནས་མཆི་མ་ཤོར་བ་བྱུང་། །འཇིག་རྟེན་པ་རྣམས་དགྲ་འདུལ་གཉེན་སྐྱོང་དང་། །ཚོང་དང་སོ་ནམ་ཕྱིར་དུ་ཤི་བ་དང་། །ཆོས་པ་འགའ་རེས་སྐྱིད་ཆོས་བྱ་བའི་ཕྱིར། །ལུས་སྲོག་དོར་བ་མང་ཡང་དགོས་པ་ཆུང་། །སྔོན་ཚེ་སྟོན་པས་སློབ་པ་ལམ་གྱི་དུས། །སེམས་ཅན་དོན་དུ་སྐུ་ལུས་བཏང་པ་ལྟར། །བདག་ཅག་དོན་དུ་བླ་མ་རིན་པོ་ཆེས། །སྐུ་སྲོག་བཏང་ལ་བློ་ལྡན་ཅིས་མི་དད། །ཐམས་ཅད་ཆུ་ལ་བརྒལ་བར་མ་ནུས་པར། །མུ་གེས་འཆི་ལ་ཐུག་པའི་ཚེ་ཚབ་ལ། །དེ་དུས་སྐྱེས་མཆོག་འདི་ཡིས་བསམ་བཞིན་དུ། །སྐུ་སྲོག་བཏང་སྙམ་དད་གུས་མཚོ་ལྟར་རྒྱས། །ས་ཐོབ་བྱང་ཆུབ་སེམས་དཔའ་འདི་ཉིད་ཀྱིས། །བདག་

p. 928

ཅག་རྣམས་ཀྱང་ཆོས་ལ་བསྐུལ་བའི་ཕྱིར། །གློ་བུར་ཉིད་དུ་གཤེགས་པའི་ཚུལ་བསྟན་ཚེ། །ནམ་འཆི་ཆ་མེད་སྙིང་ནས་དྲན་པ་བྱུང་། །དེ་ཡི་རྐྱེན་བྱས་གཞན་དོན་ལྟར་སྣང་གི །བྱ་བ་བྱེད་འཕྲོ་ཐམས་ཅད་ཆམ་གྱིས་བཞག །སླར་ཡང་ཕྱིར་སོང་མི་མེད་ལུང་སྟོང་དུ། །གཅིག་པུར་ཚེ་དང་སྒྲུབ་པ་སྙོམ་འདོད་བྱུང་། །འོན་ཀྱང་མདོ་སྨད་བསྟན་འགྲོར་ཕན་ཕྱིར་དུ། །འོང་བའི་སྔོན་གྱི་དམ་བཅའ་ཏུར་གྱིས་དྲན། །ཕྱིར་ལ་སོང་ན་ངོ་ཡང་མི་ཚ་འམ། །བསམ་ཞིང་མདོ་སྨད་ཕྱོགས་སུ་ཆས་པར་གྱུར། །བླ་མ་ཁོང་གི་ཐུགས་བསྐྱེད་སྨོན་ལམ་མཐུས། །གཤེགས་པའི་འོག་ཏུ་ཆུ་ལ་རབ་ཅིག་རྙེད། །ཐམས་ཅད་ཆུ་ཡི་ཕ་རོལ་བདེ་བར་སླེབས། །སླེབས་རུང་བླ་མ་བདེ་གཤེགས་དྲན་ནས་ངུས། །དེ་དུས་ཀུན་ལ་སྡུག་བསྔལ་སྣ་ཚོགས་པ། །བྱུང་ཚུལ་ཐམས་ཅད་བཤད་ན་སྐྱོ་བའི་རྒྱུ། །དེ་ལྟར་ཐམས་ཅད་མི་རྟག་ཚུལ་བསམས་ནས། །གང་ལ་ཆགས་པ་མེད་པར་རླུང་ལྟར་འཕྱོ། །ཅི་གསུང་བཀའ་བཞིན་སྒྲུབ་པའི་སྐལ་ལྡན་བུ། །ད་ལྟ་མིག་གི་ལམ་དུ་མི་སྣང་ཡང་། །མཇལ་ནི་འདོད་པས་གནས་སྐབས་ཐམས་ཅད་དུ། །དངོས་

p. 929

ཉམས་རྨི་ལམ་ཀུན་དུ་མཇལ་བར་སྨོན། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །སངས་རྒྱས་གཉིས་པ་ཇོ་བོ་ཡབ་སྲས་བཞིན། །དག་དང་མ་དག་ཞིང་ཁམས་རབ་འབྱམས་ནས། །ཡང་ཡང་མཇལ་ཞིང་འབྲལ་མེད་འགྲོགས་པར་ཤོག །ཅེས་བླ་མ་སྐལ་ལྡན་བདེ་བར་གཤེགས་པའི་རྣམ་པར་ཐར་པ་ལས། སྐུ་ཚེ་ཐ་མའི་རྣམ་ཐར་ཡི་གེ་ཉུང་ངུའི་ལམ་ནས་སྟོན་པ་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་ཞེས་བྱ་བ་འདི་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཀུན་དང་ལྡན་པའི་ལ་དྭགས་མཁན་རིན་པོ་ཆེ་དང་། བསྟན་འཛིན་ཉི་མ་སོགས་བུ་སློབ་ཀུན་གྱིས་བསྐུལ་ངོར། བླ་མའི་ཁུར་འཛིན་༧ཞབས་དཀར་པས་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། །འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱིས་མི་རྟག་འཆི་བ་དྲན་ནས་དམ་པའི་ཆོས་ཁོ་ན་སྒྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག། །།

Pecha page