← Search

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ། །

ཞབས་དཀར་ཚོགས་དྲུག་རང་གྲོལ།

མགུར་འབུམ་གྱི་མཆོད་བརྗོད།

p. 1

བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། རང་དང་སྐལ་ལྡན་གདུལ་བྱ་ལ། མགྲིན་པ་གདམ་པའི་བང་མཛོད་ནས། གླུ་དབྱངས་དགའ་སྟོན་འགྱེད་རྣམས་བཞུགས།

p. 2

ན་མོ་རུ། དུས་གསུམ་རྒྱལ་བའི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་བོ་ཆོས་དབྱིངས་མཁའ་ལ་ཀུན་གྱི་སྔོན་རོལ་ཏུ། །

p. 3

མངོན་པར་བྱང་ཆུབ་སྐུ་དང་ཡེ་ཤེས་ཡོན་ཏན་རྟ་བདུན་དཀྱིལ་འཁོར་རབ་རྒྱས་འཕྲིན་ལས་འོད་ཟེར་སྟོང་འཕྲོས་པས། །

p. 4

མཁའ་མཉམ་འགྲོ་ལ་ཐར་བའི་ལམ་བཟང་གསལ་བར་མཛད་དེ་ཐོག་མ་མེད་པའི་དུས་ནས་ཀུན་གྱི་དཔལ་དུ་ཤར། །

p. 5

དགེ་ལེགས་ཉིན་མོར་བྱེད་དེ་བདག་བློའི་པད་དཀར་འདབ་སྟོང་དད་པའི་རླུང་གིས་ཕང་ཕུང་གཡོ་བའི་གཙུག་གིས་མཆོད། །

p. 6

མཁའ་མཉམ་འགྲོ་ཀུན་ཀུན་གྱིས་དུས་གཅིག་ཐེ་ཚོམ་ཞུས་ཀྱང་རེ་རེའི་མདུན་དུ་སྐུ་མཆོག་མཆོག་དེ་བསྟན་ནས་ཀྱང་། །སྙན་པའི་གསུང་དབྱངས་དབྱངས་ཀྱིས་གྲངས་མེད་འགྲོ་བ་དེ་དག་ཐེ་ཚོམ་རང་རང་སྒྲ་སྐད་སྐད་དུ་དུས་གཅིག་གཅོད། །ཐུགས་ནི་ཆོས་དབྱིངས་དབྱིངས་ལས་གཡོ་བ་མེད་བཞིན་འཁོར་འདས་གཉིས་ཀྱི་ལེགས་དང་ཉེས་ཀུན་ཀུན་ཀྱང་ས་ལེར་མཁྱེན། །ལུས་ཅན་མཐའ་དག་དག་ཞིང་འཁྲིད་ཕྱིར་འཁོར་བ་མ་སྟོངས་བར་དུ་སྣ་ཚོགས་མཛད་སྟོན་སྟོན་པ་མཉམ་མེད་རྒྱལ། །མཐའ་བྲལ་ལྟ་བ་བཟང་བོའི་གཡུ་རལ་རྒྱས་ཤིང་བྱིང་རྒོད་མེད་པའི་བདེ་གསལ་མི་རྟོག་སྒོམ་པའི་མཆེ་བ་གཙིགས། །ཉམ་ང་མེད་པའི་ཤུགས་འབྱུང་འགགས་མེད་སྤྱོད་པའི་སྡེར་བཞི་བགྲད་ཅིང་སྐུ་གསུམ་འབྲས་བུའི་ཚུལ་གསུམ་ལུས་ལ་རྫོགས། །སྙན་པའི་ང་རོས་སྲིད་གསུམ་ཁྱོན་འགེངས་གངས་ཅན་ཁྲོད་ཀྱི་སེང་གཅིག་མི་ལ་ལ་སོགས་རྒྱ་བོད་མཁས་གྲུབ་ཀྱི། ཞབས་ལ་ཤུགས་དྲགས་དད་པས་ལག་གཉིས་ཐལ་མོ་སྤྱི་བོར་སྦྱར་ཏེ་ཡང་ཡང་གུས་པ་ཆེན་པོས་ཕྱག་བགྱིའོ། །རྣམ་པར་དཀར་བའི་དགེ་ལེགས་གསེར་གྱི་ས་གཞི་ཆེན་པོའི་ཁྱོན་ལས་ལེགས་འཁྲུངས་ཡོན་ཏན་དུ་མའི་འབྱུང་གནས་ཆེ། །རིམ་གཉིས་ཉི་ཟླའི་སྐ་རགས་དང་ལྡན་ཐབས་མཁས་བསྡུ་བ་རྣམ་བཞིའི་གདུལ་བྱ་ཉེར་འཚོ་གནས་ཀྱིས་མཛེས། །དཔལ་དང་འབྱོར་བའི་རླབས་ཀྱི་ཕྲེང་བ་ཆལ་ཆིལ་གཡོ་བ་རྒྱ་མཚོ་ཆེན་པོའི་དབུས་ན་ཕྱོགས་རྣམས་ཐམས་ཅད་ལས། །རྣམ་རྒྱལ་ལྷུན་པོ་གཉིས་པ་
ཆོས་རྒྱལ་ངག་གི་དབང་བོ་བདག་གིས་བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་བཞུགས། །དགོས་འདོད་ཀུན་འབྱུང་ནོར་བུ་ཇི་བཞིན་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་པའི་རྩ་བརྒྱུད་བླ་མ་ཐམས་ཅད་དང་། །གླིང་བཞིའི་དབུས་ཀྱི་ལྷུན་པོ་ཇི་བཞིན་མཆོག་ཐུན་ཡོན་ཏན་དུ་མའི་འབྱུང་གནས་རྒྱལ་བ་ཞི་ཁྲོའི་ལྷ། །མ་ཡིས་བུ་ལ་བརྩེ་བ་ཇི་བཞིན་རྣལ་འབྱོར་པ་ལ་བརྩེ་ཞིང་བར་ཆད་སེལ་མཛད་དཔའ་བོ་མཁའ་འགྲོ་དང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་གཡེལ་མེད་གྲོགས་མཛད་ཆོས་སྐྱོང་སྲུང་མའི་ཚོགས་ལ་སྒོ་གསུམ་གུས་པས་འདུད། །འདབ་བཟང་གཙོ་བོ་བགྲོད་པའི་ལམ་ལ་བྱེའུས་འཕུར་ལྡིང་གཡོ་ཞིང་དར་དིར་སྒྲོག་པ་བཞིན་དུ་བདག་ཉིད་ལ། །རྒྱལ་བ་གོང་མ་ཇི་བཞིན་ཉམས་དང་རྟོགས་པའི་འབྱོར་བས་དབུལ་ཡང་རྣམ་ཐར་རྗེས་སུ་ཁ་མིག་ཡར་བལྟས་ནས། །རང་གཞན་ཆོས་ལ་བསྐུལ་ཕྱིར་ཀླུ་དབྱངས་གང་གི་རྣ་བར་ལྷུང་བ་ཙམ་ཀྱིས་དད་པའི་སྤུ་ལོང་རབ་གཡོ་ཞིང་། །བྱང་ཆུབ་ས་བོན་བསྐྲུན་པར་ནུས་པ་དུས་གསུམ་རྒྱལ་བས་ཡང་དང་ཡང་དུ་བྱིན་གྱིས་བརླབ་པར་མཛད་དུ་གསོལ།

གླེང་གཞི།

p. 7

དེ་ཡང་འཛམ་བུའི་གླིང་གི་ཚེ་ལོ་བརྒྱ་བའི་དུས་སུ་དཔལ་ཀུན་ཏུ་བཟང་བོ་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ཉིད་ཐུན་མོང་གི་གདུལ་བྱ་ལ་ཤཱཀྱ་ཐུབ་པའི་སྐུར་བཞེངས་ཏེ། རྒྱུ་མཚན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཞི་བའི་དབྱིངས་སུ་མཉམ་པར་བཞག་པའི་རྗེས་སུ་སངས་རྒྱས་ཀྱི་

p. 8

སྤྲུལ་བ་བླ་མ་དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པ་བརྙེས་པ་རྒྱ་གར་ཆུ་བོ་གང་གཱ་ཕན་ཆད་དུ་གྲུབ་ཐོབ་བརྒྱད་ཅུ་ལ་སོགས་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱིས་གདུལ་བྱའི་དོན་དུ་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་ཤིང་། ཁྱད་པར་དཔལ་ས་ར་ཧ་ཆེན་པོས་དོ་ཧ་རྡོ་རྗེའི་གླུ་མཛད་པ་དང་། བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་ཡང་བསྟན་པ་སྔ་དར་གྱི་དུས་ན། བསམ་ཡས་མཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ། ལྷ་ས་དང་ཡེར་པར་གྲུབ་ཆེན་བརྒྱ་རྩ། ལྷོ་བྲག་མཁར་ཆུར་གྲུབ་ཆེན་ཉི་ཤུ་རྩ་གཅིགདཔལ་ཆེན་ཆུ་བོ་རིར་གྲུབ་ཆེན་སུམ་ཅུ་སོ་ལྔ་སོགས་བྱོན་པ་རྣམས་ཀྱིས་རྡོ་རྗེའི་མགུར་བཞེངས་པ་བསམ་གྱིས་མི་ཁྱབ་ལ། བསྟན་པ་བར་དར་དང་ཕྱི་དར་གྱི་དུས་སུ་ཡང་བསྐྱེད་རྫོགས་ཟབ་མོའི་དོན་ལ་གྲུབ་པ་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་མར་པ་མི་ལ་རས་པ། །རས་ཆུང་རྡོ་རྗེ་གྲགས་པ། དྭགས་པོ་གླིང་རས་པ། འཁྲུལ་ཞིག་རྒྱ་རས་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རྒོད་ཚང་པ། ཡང་དགོན་པ། རྗེ་བཙུན་སྐལ་ལྡན་རྒྱ་མཚོ་ལ་སོགས་པ་རྣམས་ཀྱིས་རི་ཁྲོད་ཕྱོགས་མེད་འགྲིམས། སྒྲུབ་པ་སྙིང་བོར་མཛད། དཀའ་སྤྱད་དང་དུ་བླངས། རང་དོན་མངོན་དུ་གྱུར་ནས་གཞན་དོན་དུ་རྡོ་རྗེའི་མགུར་བཞེངས་པ་བསམ་གྱིས་མི་ཁྱབ་ལ། བདག་ཀྱང་མཁའ་ལྡིང་དབང་བོ་བགྲོད་པའི་ལྷ་ལམ་ཡངས་པར་བུང་བ་བགྲོད་པའི་རྩལ་སྟོབས་ཞན་ཡང་འཕུར་ལྡིང་གཡོ་ཞིང་དགའ་བའི་སྒྲ་དབྱངས་སྒྲོག་པ་བཞིན་དུ། གྲུབ་ཐོབ་གོང་མ་རྣམས་ལྟར་ཉམས་རྟོགས་
ཡོན་ཏན་མེད་རུང་། རྣམ་ཐར་དྲི་མ་མེད་པའི་རྗེས་སུ་ཁ་མིག་ཡར་ཡར་བལྟས་ནས་དབེན་པར་སྒྲུབ་པ་ལ་གཞོལ་བཞིན་དུ་རང་གཞན་ཆོས་ལ་བསྐུལ་ཕྱིར་ལྷག་བསམ་རྣམ་པར་དག་པས་མགུར་དབྱངས་སྣ་ཚོགས་བླངས་པ་འདི་སྐལ་བཟང་བློ་ལྡན་རྣམས་ལ་དགའ་སྟོན་དུ་འབུལ་ལོ། །

ཆོས་རྒྱལ་མཆོག་གི་ཞབས་པད་བསྟེན་དུས་རྩེ་གཞུང་སོགས་ངེས་མེད་དབེན་པར་བཞེངས་པའི་སྐོར།

p. 9

ཆོས་རྒྱལ་མཆོག་གི་ཞབས་པད་བསྟེན་དུས་རྩེ་གཞུང་སོགས་ངེས་མེད་དབེན་པར་བཞེངས་པའི་སྐོར། ན་མོ་གུ་རུ། འདི་ཕྱིའི་སྐྱབས་ནས་བླ་མ་རྗེ། །དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྐྱབས་གྱུར་རྣམས། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །བརྩེ་བ་ཆེན་པོས་བདག་གཞན་རྒྱུད། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བའི། །ཕྱི་ནང་གསང་བའི་མཆོད་པ་འབུལ། །རླབས་ཆེན་ཚོགས་གཉིས་རབ་རྫོགས་ནས། །སྐུ་གཉིས་ཐོབ་པར་མཛད་དུ་གསོལ། །ཉོན་མོངས་འཁྲུལ་བའི་དབང་གྱུར་པའི། །ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས། །སྔར་བྱས་ལས་ངན་སྡིག་སྒྲིབ་ཀུན། །བྱང་ཞིང་དག་པར་མཛད་དུ་གསོལ། །རང་གཞན་ཀུན་ཀྱི་དགེ་བ་ལ། །སྙིང་ནས་དགའ་བས་རྗེས་ཡི་རང་། །དགེ་ཚོགས་ཡར་ངོའི་ཟླ་བ་བཞིན། །ཐམས་ཅད་གོང་འཕེལ་མཛད་དུ་གསོལ། །ཐེག་པ་རྣམ་པ་སྣ་ཚོགས་པ། །དཔག་མེད་ཆོས་ཀྱི་འཁོར་ལོ་བསྐོར། །རྟག་ཏུ་དམ་པའི་ལྷ་ཆོས་དང་། །འབྲལ་བ་མེད་པར་མཛད་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱང་ངན་མི་

p. 10

འདར་གསོལ་བ་འདེབས། །བསླུ་མེད་སྐྱབས་གནས་ཁྱེད་རྣམས་དང་། །ནམ་ཡང་འབྲལ་མེད་མཛད་དུ་གསོལ། །དུས་གསུམ་བསགས་པའི་དགེ་བ་རྣམས། །མ་གྱུར་འགྲོ་ཀུན་དོན་དུ་བསྔོ། །འགྲོ་ལ་བདག་དགེ་མྱུར་སྨིན་ནས། །བྱང་ཆུབ་ཐོབ་པར་མཛད་དུ་གསོལ། །ཞེས་ཡན་ལག་བདུན་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བརྒྱུད་གསུམ་རྩ་བརྒྱུད་བླ་མ་དང་། །སྐྱབས་གསུམ་རིན་ཆེན་ཚོགས་རྣམས་ལ། །སྒོ་གསུམ་གུས་པ་ཆེན་པོ་ཡིས། །དུས་གསུམ་ཀུན་ཏུ་བདག་ཕྱག་འཚལ། །ཁྱེད་རྣམས་ཐུགས་རྗེའི་སྤྲིན་ཕུང་ལས། །བྱིན་རླབས་བདུད་རྩིའི་ཆར་ཕོབས་ལ། །མ་གྱུར་འགྲོ་བ་མ་ལུས་པའི། །ཉོན་མོངས་ཚ་གདུང་བཅིལ་དུ་གསོལ། །རྫོགས་པ་ཆེན་པོར་རབ་གཞོལ་བའི། །བྱ་བ་ཀུན་བཏང་རྣལ་འབྱོར་ངས། །སྐལ་བར་ལྡན་པའི་གདུལ་བྱ་ལ། །རྒྱལ་བ་གོང་མ་ཕལ་ཆེར་བཞིན། །གླུ་དབྱངས་ལེན་པའི་དུས་ཚོད་དང་། །གླུ་དབྱངས་ཇི་ལྟར་ལེན་ཚུལ་དང་། །གླུ་དབྱངས་བླངས་པའི་ཕན་ཡོན་གསུམ། །གླུ་དབྱངས་ལེན་མཁན་བདག་གིས་འཆད། །སྐལ་ལྡན་བྱ་བཏང་རྣལ་འབྱོར་པས། །གླུ་དབྱངས་ལེན་པའི་དུས་ཚོད་ནི། །ཚོགས་འཁོར་རྒྱ་ཆེན་བསྐོར་བའི་ཚེ། །རྡོ་རྗེའི་གླུ་དབྱངས་ལེན་པ་ཡིན། །དབང་བསྐུར་དཀྱིལ་འཁོར་སྒྲུབ་པའི་ཚེ། །རྡོ་རྗེའི་གླུ་དབྱངས་ལེན་པ་ཡིན། །འཁོར་འདས་རུ་ཤན་འབྱེད་པའི་ཚེ། །རྡོ་རྗེའི་གླུ་དབྱངས་ལེན་པ་ཡིན། །དུར་ཁྲོད་རྣམས་སུ་རྒྱུ་བའི་ཚེ། །རྡོ་རྗེའི་གླུ་དབྱངས་ལེན་པ་ཡིན། །མཚོ་གླིང་སྐྱེད་མོས་ནགས་ཚལ་ནས། །རྡོ་རྗེའི་གླུ་དབྱངས་ལེན་པ་ཡིན། །གཞན་

p. 11

རྒྱུད་ཆོས་ལ་བསྐུལ་བའི་ཕྱིར། །རྡོ་རྗེའི་གླུ་དབྱངས་ལེན་པ་ཡིན། །དེ་ཚེ་རྡོ་རྗེའི་གླུ་དབྱངས་རྣམས། །རང་གིས་ཤེས་ན་དེ་ཉིད་ལེན། །མི་ཤེས་སྐྱེས་ཆེན་གོང་མ་ཡིས། །གསུངས་པའི་རྡོ་རྗེའི་གླུ་ལེན་ནོ། །འདིར་འབད་ལས་བྱུང་དགེ་བ་རྣམས། །རྣམ་དག་སེམས་གྱིས་མཁའ་མཉམ་མའི། །མ་རིག་སྒྲིབ་དག་ཚོགས་གཉིས་རྫོགས། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་རྡོ་རྗེའི་གླུ་ལེན་པའི་དུས་ཚོད་འདི་ནི་ཚོགས་དྲུག་རང་གྲོལ་ཀྱིས་སྨྲས་པའོ། །རབ་འབྱམས་རྒྱལ་བའི་རྣམ་འཕྲུལ་མགོན། །རབ་དཀར་གངས་ཅན་འགྲོ་རྣམས་ཀྱི། །རབ་མཛེས་གཙུག་རྒྱན་བླ་མ་ལ། །རབ་ཏུ་གུས་པས་ཕྱག་བགྱིའོ། །བདག་ལ་བལྟོས་བཅས་འགྲོ་བ་རྣམས། །ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །དབང་མེད་དད་པའི་སེམས་གཡོ་ཞིང་། །ཉམས་རྟོགས་མྱུ་གུ་བསྐྱེད་དུ་གསོལ། །སྐལ་བར་ལྡན་པའི་རྣལ་འབྱོར་པས། །རྡོ་རྗེའི་གླུ་དབྱངས་ལེན་ལུགས་ནི། །ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། །དབང་བསྐུར་དཀྱིལ་འཁོར་སྒྲུབ་པའི་ཚེ། །ལེན་པ་པོ་ཡིས་ལུས་ཀྱི་ཆས། །ཞི་ཁྲོ་གང་རུང་ན་བཟའ་གསོལ། །ཞི་ཆས་དར་དང་རིན་པོ་ཆེའི། །རྒྱན་ཀྱིས་སྤྲས་ཤིང་གོས་དར་གྱི། །ལྷབ་ལྷུབ་ན་བཟའ་དབུ་རྒྱན་གསོལ། །རྡོ་རྗེའི་དྲིལ་བུ་འཛིན་པའོ། །ཁྲོ་ཆས་རུས་པའི་རྒྱན་དྲུག་དང་། །ཐལ་ཆེན་ལུས་ལ་བྱུགས་པ་དང་། །ཁྲག་ཐིག་ཞག་གི་ཟོ་རིས་བྱ། །བྷནྡྷ་ཕུར་བ་འཛིན་པའོ། །ལུས་ཀྱིས་རྐང་བའི་བྲོ་གར་ནི། །གཡས་བརྐྱངས་གཡོན་བསྐུམས་བྱེད་པ་དང་། །གཡོན་

p. 12

བརྐྱངས་གཡས་བསྐུམས་ལ་སོགས་བསྒྱུར། །ལག་གཉིས་ལྷ་ཡི་ཕྱག་རྒྱའི་གར། །གང་མཛེས་ལེགས་པར་འཆའ་བ་ཡིན། །ངག་གིས་གཞན་ཡིད་འཕྲོག་པ་ཡི། །འདྲེན་འགུགས་ལེགས་པའི་སྐད་སྙན་གྱིས། །དང་པོའི་དུས་སུ་དབྱངས་གསལ་བྱེད། །ཡེ་གེ་རིང་བོ་ཐུང་ངུ་དང་། །འཁྱོག་པོར་སྐད་གདངས་སྙན་པོས་བརྗོད། །དེ་ནས་ཨོ་དང་ཨེ་དང་ཧཱུྃ། །ཧེ་ལ་སོགས་པས་སྣ་དྲངས་ནས། །ཚིག་འབྲུ་སྙན་པའི་གླུ་དབྱངས་ལེན། །སེམས་ཀྱིས་ལྷ་སྐུ་བསྒོམ་པར་བྱ། །འཁོར་འདས་རུ་ཤན་འབྱེད་པའི་ཚེ། །ལུས་ནི་ཐ་མལ་གཅེར་བུ་ལ། །ཕྱག་རྒྱ་བྲོ་གར་སྣ་ཚོགས་བྱ། །ངག་གིས་སྐྱོ་ཤས་སྐྱེ་བའི་གླུ། །སྙན་ལ་རིང་བ་ལེན་པ་ཡིན། །སེམས་ཀྱིས་དོན་བསམ་སྐྱོ་བ་བསྐྱེད། །དབེན་གནས་འགྲིམ་དང་དུར་ཁྲོད་རྒྱུ། །མཚོ་གླིང་ནགས་ཚལ་ལ་སོགས་པར། །རྣལ་འབྱོར་ལྟ་བ་སྐྱོང་བའི་ཚེ། །ལུས་ནི་རྣལ་འབྱོར་པ་ཡི་ཆས། །ཌཱ་མ་རུ་དང་དྲིལ་བུ་དང་། །གླིང་བུ་ལ་སོགས་འབུད་པ་དང་། །མེ་ཏོག་མགོ་རྒྱན་སྤྲས་པར་བྱ། །ངག་གིས་ལྟ་བའི་གླུ་དབྱངས་ལེན། །སེམས་ཀྱིས་ལྟ་བའི་གནས་ལུགས་སྐྱོང་། །ཐ་མལ་མི་ཡིས་མི་མཐོང་བར། །ཤིན་ཏུ་གསང་བའི་སྤྱོད་པ་ཡིན། །གཞན་རྒྱུད་ཆོས་ལ་བསྐུལ་བའི་ཚེ། །ལུས་ནི་ཞི་ཞིང་དུལ་བ་དང་། །ངག་གིས་གཞན་ཡིད་འཕྲོག་པ་ཡི། །མི་རྟག་སྐྱོ་ཤས་བསྐྱེད་མགུར་སོགས། །ཕ་རོལ་བློ་དང་འཚམ་པར་ལེན། །སེམས་ཀྱིས་གཞན་ཕན་ལྷག་བསམ་བསྐྱེད། །འདི་རྣམས་གླུ་ཡི་ལེན་ལུགས་སོ། །འདིར་འབད་ལས་བྱུང་དགེ་བ་འདི། །འདི་མིན་དགེ་རྩ་ཅི་བསགས་རྣམས། །རྣམ་མང་འགྲོ་

p. 13

བ་ཐམས་ཅད་ཀུན། །ཀུན་མཁྱེན་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་རྡོ་རྗེའི་གླུ་ཡི་ལེན་ལུགས་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྩོད་ལྡན་བསྟན་པའི་སྙིགས་མ་ལ། །སྐལ་ལྡན་འགའ་ཡི་དོན་གཟིགས་ནས།།བདེ་ལྡན་ཞིང་ནས་བྱོན་པ་ཡི། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །འདྲེན་མཆོག་མཆོག་གྱུར་འགྲོ་བའི་མགོན། །མགོན་ཁྱོད་ཁྱོད་ཀྱིས་ཉམ་ཐག་ང་། །ང་བདག་བདག་འཛིན་གྱིས་བཅིངས་རྣམས། །རྣམ་མཁྱེན་མཁྱེན་བརྩེའི་ནུས་པས་ཁྲོལ། །སྐལ་བར་ལྡན་པའི་རྣལ་འབྱོར་པས། །ཚེ་འདིའི་བྱ་བ་བློས་བཏང་ནས། །ཐར་ལམ་བྱང་ཆུབ་སྒྲུབ་པའི་ཚེ། །རྡོ་རྗེའི་གླུ་དབྱངས་བླངས་པ་ན། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམ། །མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོག །དཀར་ཕྱོགས་ལྷ་རྣམས་སྤྲིན་བཞིན་འདུ། །དད་དང་ངེས་འབྱུང་གསར་དུ་སྐྱེ། །གདུལ་བྱའི་བློ་ཁ་ཆོས་ལ་འགྱུར། །རང་རིག་བདེ་ཆེན་གསལ་རྣམས་འདེབས། །ལུས་ངག་ཡིད་གསུམ་སྒྲིབ་པ་འདག །ཁྱད་པར་བྱིང་བ་སངས་པའི་མཆོག །དགེ་ལ་བསྐུལ་བའི་བླ་མའི་མཆོག །གཅིག་པུར་འདུག་ཚེ་གྲོགས་ཀྱི་མཆོག །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་འཇུག །ཡི་དམ་མཁའ་འགྲོས་དངོས་གྲུབ་སྟེར། །ཆོས་སྐྱོང་སྲུང་མས་འཕྲིན་ལས་སྒྲུབ། །ལྷ་འདྲེ་མི་གསུམ་མཐུན་རྐྱེན་སྦྱོར། །འཁོར་བའི་འབྲེལ་ཐག་ཆོད་ནས་ཀྱང་། །མྱུར་བ་མྱུར་དུ་འཚང་རྒྱའོ། །མ་འོངས་སྐལ་ལྡན་གདུལ་བྱ་རྣམས། །ཚེ་འདིའི་བྱ་བ་བློས་ཐོངས་ལ། །དབེན་པར་ཉམས་ལེན་བྱེད་བཞིན་དུ། །སྐབས་

p. 14

སྐབས་རྡོ་རྗེའི་གླུ་དབྱངས་འཐེན། །དགེ་འདིས་རང་གཞན་འགྲོ་བ་ཀུན། །ཀུན་གྱི་དོན་གཉིས་ལྷུན་གྱིས་གྲུབ། །གྲུབ་དབང་མི་ལ་ཇི་བཞིན་དུ། །དུ་མས་གླུ་དབྱངས་ལེན་པར་ཤོག །ཅེས་རྡོ་རྗེའི་གླུ་བླངས་པའི་ཕན་ཡོན་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འདི་ཡང་རང་བཟོ་མ་ཡིན་པར་རྒྱུད་ཉི་ཟླ་ཁ་སྦྱོར་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུངས་བཞིན་ནོ། །ན་མོ་གུ་རུ་བྷུ་བདེ་ལྡན་ཞིང་གི་མགོན་པོའི་རྣམ་འཕྲུལ་ལས། །སིནྡྷུའི་རྒྱ་མཚོར་རྫུས་ཏེ་སྐྱེས་པ་ཡི། །དུས་གསུམ་སངས་རྒྱས་སྤྱི་གཟུགས་པད་འབྱུང་དང་། །དབྱེར་མེད་དྲིན་ཅན་བླ་མའི་ཞབས་ལ་འདུད། །སྤྱིར་ན་སྲིད་རྩེ་ནས་བཟུང་མནར་མེད་བར། །འཁོར་བའི་བདེ་སྡུག་རྣམ་པ་སྣ་ཚོགས་ཀུན། །ཐོག་མ་མེད་ནས་ཐ་མ་ད་ལྟའི་བར། །ལས་འདི་མ་མྱོང་བ་ནི་གཅིག་ཀྱང་མེད། །དབང་བོ་བརྒྱ་བྱིན་ལ་སོགས་ལྷར་གྱུར་ནས། །ལྷ་ཡི་བདུད་རྩི་ཁོ་ན་འཐུངས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས་ཀྱང་ལྷག །དེང་སང་རང་ལ་ཕན་པ་ཨེ་འདུག་སོམས། །གླིང་བཞིའི་འཇིག་རྟེན་དག་ལ་དབང་བསྒྱུར་བའི། །འཁོར་ལོ་བསྒྱུར་རྒྱལ་ལ་སོགས་ལུས་བླངས་ནས། །མི་ཡི་ལོངས་སྤྱོད་དཔལ་འབྱོར་ཅི་སྤྱད་ནའང་། །དེང་སང་དེ་ཡིས་ཕན་པ་ཨེ་འདུག་སོམས། །བྱོལ་སོང་བྱིང་གནས་ཁ་འཐོར་ལ་སོགས་བར། །མགོ་བརྙན་མི་འདྲ་ཕྲ་རིགས་ལུས་བླངས་ཏེ། །ཆུང་བ་ཁྱུར་མིད་ཆེ་བ་འབུག་ཟོས་པ། །དེང་སང་ཐོས་སམ་མཐོང་ན་སྔངས་ཤིང་སྐྲག། །ཡི་དྭགས་སོགས་སུ་རྣག་ཁྲག་འཐུངས་པ་དང་། །ཁྱི་ཕག་ལུས་བླངས་མི་གཙང་ཟོས་པ་སོགས། །སྤུངས་ན་རི་

p. 15

རྒྱལ་ལྷུན་པོ་བས་ཀྱང་མཐོ། །ལྕགས་ཀྱི་ས་གཞིར་མེ་ལྕེ་འབར་ཞིང་བསྲེགས། །ལུས་ལ་མཚོན་ཆར་འབེབས་དང་ཟངས་ཆུ་ལྟུད། །གངས་རི་འཁྱགས་པའི་སྦུབས་ཆུད་བུ་ཡུག་འཚུབ། །ཚ་གྲངས་དམྱལ་བར་བཟོད་དམ་བསམ་མནོ་ཐོངས། །མདོར་ན་མཐའ་མེད་ནམ་མཁའི་མཐས་ཁྱབ་པའི། །སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་གང་ན་ཡང་། །མཐའ་གཞལ་མེད་པའི་ས་དང་ནམ་མཁའ་རུ། །འཆི་འཕོ་མ་བྱས་གནས་ནི་ཁབ་རྩེ་ཙམ། །མེད་ཕྱིར་ཐོག་མཐའ་མེད་པའི་འཁོར་བ་ཟེར། །དེ་ལྟའི་གནས་སུ་སངས་རྒྱས་མ་བྱོན་ཞིང་། །ཆོས་ཀྱི་སྒྲ་ཙམ་མེད་པའི་འཇིག་རྟེན་གྱི། །ཁམས་ལ་མུན་བསྐལ་ཞེས་སུ་གྲགས་པ་ཡིན། །དེ་འདྲེའི་མུན་བསྐལ་མང་ལ་སྒྲོན་བསྐལ་ནི། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་ལྟར་གསུངས། །དེས་ན་ད་རེས་ཆོས་དང་མཇལ་དུས་འདིར། །ཚ་གྲང་ལྟོགས་སྐོམ་གཉིད་ལ་མ་ཆགས་པར། །ཉིན་མཚན་དུས་དྲུག་མ་ཡེངས་བརྩོན་འགྲུས་གྱིས། །དམ་པ་གོང་མའི་རྣམ་ཐར་རྗེས་ཞུགས་ནས། །ན་རུང་ཚ་རུང་སྙིང་རུས་སྡུག་བསྲན་བསྐྱེད། །ན་དང་འཆི་བའི་གཡུལ་རྒྱལ་དམ་ཆོས་མཛོད། །ལུས་དང་སེམས་ལ་སྡུག་བསྔལ་མི་འབྱུང་བའི། །འཕགས་པའི་ལམ་དུ་བགྲོད་ཅིག་སྙིང་གི་བུ། །གཞན་ཕན་གཡེལ་མེད་སྐྱོངས་ཤིག་སྙིང་གི་བུ། །མཆོག་གསུམ་དམ་པར་གློ་སྙིང་བྲང་གསུམ་གཏོད། །ཆོས་སྐྱོང་སྲུང་མར་གེགས་སེལ་འཕྲིན་ལས་ཞུས། །འགྲོ་བ་ཡོངས་ལ་སྙིང་རྗེ་ལྷག་བསམ་སྐྱེད། །བུ་ཁྱོད་དེས་ན་བསམ་དོན་མྱུར་དུ་འགྲུབ། །

p. 16

བུ་ཁྱོད་དེས་ན་བར་གཅོད་ཡོངས་མི་འཚེ། །བུ་ཁྱོད་དེས་ན་ལུས་འདི་དོན་དང་ལྡན། །བསོད་ནམས་ཡེ་ཤེས་ཚོགས་ནི་འདི་ཡིན་ནོ། །དེ་ལྟ་བས་ན་རང་གཞན་ཐམས་ཅད་ལ། །སེམས་བསྐྱེད་སྨོན་ལམ་གཉིས་ཀྱིས་མཚམས་སྦྱོར་མཛོད། །ཅེས་པ་འདི་ཡང་དད་ལྡན་དམ་ཚིག་གཙང་ཞིང་སྙིང་དང་འདྲ་བའི་སློབ་མ་ཚོགས་དྲུག་རང་གྲོལ་གྱིས་འཁོར་བ་ལ་སྐྱོ་ཤས་སྐྱེ་བའི་ཞལ་གདམས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ཨོ་རྒྱན་ཆོས་ཀྱི་བདག་པོར་རློམ་པ་ངག་དབང་མིང་ཅན་གྱིས་བྲིས་པ་དགེ་ལེགས་འཕེལ། །ན་མོ་གུ་རུ། ཀ་དག་ཆོས་དབྱིངས་སྐྱེ་བ་མེད་པ་ལ། །ཁ་ཡིས་བརྗོད་པ་ཙམ་དུ་མ་སོང་བར། །ག་འདྲར་གྱུར་ཀྱང་ལམ་དུ་བསྲེ་ནུས་ཤིང་། །ང་བདག་འཛིན་པའི་རྩ་བ་དབྱུང་བར་བྱ། །ཅ་ཅོའི་གཡེང་བ་དག་ལ་མ་ཡེངས་པར། །ཆ་ལུགས་ངན་ངོན་ཙམ་གྱིས་ཆོག་ཤེས་ནས། །ཇ་སོགས་འདོད་ཡོན་སྲིད་པ་ཡོངས་སྤངས་ཏེ། །ཉ་ལྟོ་བ་ལྟར་སྒྲུབ་པ་སྙིང་བོར་གྱིས། །ཏ་ཐཱ་ག་ཏའི་བསྟན་ལ་ཞུགས་དུས་འདིར། །ཐ་ཆད་ཉོན་མོངས་དུག་ལྔ་ཡོངས་སྤངས་ཏེ། །ད་ནས་བཟུང་སྟེ་ཉིན་མཚན་དུས་དྲུག་ཏུ། །ན་འཆི་ངེས་མེད་ཆོས་ལ་སྙིང་རུས་གྱིས། །པ་སངས་ལྟ་བུར་རབ་དཀར་ལྷག་བསམ་གྱིས། །ཕ་མཐའ་བྲལ་བའི་སེམས་ཅན་ཐམས་ཅད་ཀྱི། །བ་ལང་ལྟ་བུར་རྨོངས་པའི་མ་རིག་ཀུན། །མ་ལུས་དྲུངས་འབྱིན་བླ་མེད་སར་འགོད་བརྩོན། །ཙཱ་རི་ལ་སོགས་དབེན་པའི་གནས་རྣམས་སུ། །ཚ་གྲང་ཁྱད་དུ་བསད་ནས་སྙིང་རུས་གྱིས། །ཛ་ཞེས་མཆོག་གསུམ་ཐུགས་རྗེ་རབ་བསྐུལ་ཏེ། །ཝ་ལེར་རང་གནས་བསམ་གཏན་སྐྱོང་བར་མཛོད། །ཞྭ་ལྟར་

p. 17

དྲིན་ཅན་བླ་མ་གཙུག་ཏུ་བསྟེན། །ཟ་མ་ལ་སོགས་དུས་ཀུན་དོན་ལྡན་དུ། །འ་འུར་འདུ་འཛིའི་གནས་ལས་དབེན་པ་རུ། །ཡ་མཚན་སྙིང་བོ་ལོངས་ཤིག་སྙིང་གི་བུ། །རྭ་ལྟར་གྱོང་བའི་སེམས་འདི་རབ་བཏུལ་ནས། །ལ་ལ་ཙམ་མིན་མཁའ་ཁྱབ་འགྲོ་དོན་དུ། །ཤ་རུས་གཏིང་ནས་དཀའ་ཐུབ་བསྟེན་བྱས་ནས། །ས་ལམ་མ་ལུས་ཐོབ་པའི་དམ་ཆོས་མཛོད། །ཧ་ཅང་མང་བོའི་ཚིག་གིས་དགོས་པ་མེད། །ཨ་དོན་དམིགས་མེད་སྙིང་རྗེ་ཟུང་འཇུག་གིས། །ཧ་ལའི་དུག་འདྲའི་སྲིད་པ་དྲུངས་ཕྱུང་སྟེ། །ཨ་དོན་སྐྱེ་མེད་བཙན་ས་ཟིན་པར་འཚལ། །ཅེས་པ་འདི་ནི་དད་ལྡན་གྱི་སློབ་མ་ཚོགས་དྲུག་རང་གྲོལ་གྱིས་ཞལ་གདམས་ཤིག་དགོས་ཞེས་ཡང་ཡང་བསྐུལ་ངོར། རིག་འཛིན་ངག་དབང་དར་རྒྱས་ཀྱིས་བྲིས་པའོ། །ཡང་བླ་མ་རིག་འཛིན་ངག་གི་དབང་བོའི་ཞབས་པད་བསྟེན་ཡོད་པའི་དུས་སུ་དྲིན་དང་ལྡན་པའི་བླ་མ་རྒྱལ་མཁན་ཆེན་རིན་པོ་ཆེས་མ་ལྟར་བརྩེ་བའི་ཐུགས་ཀྱིས་བདག་ལ་ཞལ་གདམས་འདི་རྣམས་གནང་། །ཀ་དག་ཆོས་དབྱིངས་དགའ་མའི་ལྟོ་བ་ནས། །ཁ་ཏོག་འོད་ལྔ་འཕྲོ་བའི་རྡོ་རྗེའི་སེམས། །ག་ལེའི་ཞིང་གི་འགྲོ་དྲུག་སྒྲོལ་བའི་སླད། །ང་ཡི་བླ་མ་ངག་གི་དབང་བོར་ཤར། །ཅ་ཅོའི་འདུ་འཛི་ཆོས་བརྒྱུད་རྒྱང་བསྲིང་བའི། །ཆ་ལུགས་དགེ་སྦྱོང་སྡོམ་པ་གསུམ་ལྡན་ཁྱོད། །ཇ་སོགས་གང་བྱུང་འཚོ་བ་ལ་བརྟེན་ནས། །ཉ་ལྟར་འཁྱུག་པའི་རང་སེམས་འཚོལ་ལ་འབོད། །ཏ་ཐཱ་ག་ཏའི་གོ་འཕང་དམ་པ་ཡང་། །ཐ་མལ་བཞིན་དུ་གཞན་ནས་མི་འཚོལ་བར། །ད་ལྟ་འཐོབ་བྱེད་རང་གྲོལ་ཨ་ཏིའི་ལམ། །ན་རྒ་འཆི་བའི་འཇིགས་ལས་སྒྲོལ་འདིར་

p. 18

འབོད། །པ་སངས་ལྟར་དཀར་གཞན་ཕན་སེམས་བསྐྱེད་ནས། །ཕ་རྒོད་བླ་མའི་ཞབས་པད་ཚུལ་བཞིན་བསྟེན། །བ་ལང་ལྟ་བུར་རྨོངས་པའི་དྲ་བ་ཀུན། །མ་ལུས་བླ་མའི་གདམས་ངག་སྤུ་གྲིས་ཆོད། །ཙཱ་རི་ལ་སོགས་དབེན་པ་མ་བསྟེན་ཡང་། །ཚ་ཟེར་བདག་པོ་འདྲ་བའི་ཆོས་རྒྱལ་དྲུང་། །ཛ་ལང་གཟུང་འཛིན་སྒྲོལ་བའི་ཐབས་མཁས་ལམ། །ཝ་ལེར་འཆར་བ་དེ་ལས་དབེན་གནས་གང་། །ཞྭ་ཡི་ཏོག་འདྲའི་ཐེག་པ་ཀུན་གྱི་རྩེ། །ཟ་ཟིའི་སྒྱུ་མ་ལྟ་བུའི་ཆོས་ཀུན་གཤིས། །འ་ཅག་མཆོག་དམན་བར་མའི་རྟོགས་བྱེད་ཐབས། །ཡ་མཚན་གཅིག་ཤེས་ཀུན་གྲོལ་འདི་རྨད་བྱུང་། །རྭ་ལོ་ལྟ་བུའི་སྔོན་བྱོན་གྲུབ་ཆེན་རྣམས། །ལ་ལ་བཞིན་དུ་ངལ་བ་མ་བྱས་པར། །ཤ་ཆང་རིགས་མའི་འདོད་ཡོན་སྤྱོད་བཞིན་དུ། །ས་གསུམ་བསྟན་དང་འགྲོ་བའི་དོན་དུ་བྱོན། །ཧ་ཧ་ཆོས་དང་མཐུན་པའི་གྲོགས་པོ་ཁྱོད། །ཨ་དོན་སྐྱེ་མེད་ལྟ་བའི་རྒྱལ་པོ་རུ། །ཧེ་ཧེ་གོ་ན་དབུ་རྫོགས་ཕྱག་གསུམ་གནད། །ཨོ་ཨོ་སངས་རྒྱས་འཐོབ་བྱེད་གཅིག་མཆོག་ལགས། །ཞེས་པ་འདི་ནི་པདྨ་བཞད་པའི་རྡོ་རྗེས་སྦྱར་བའོ། །ཀྭ་ཡེ་མ་གཅིག་དོན་དུ་ཐུགས་ངལ་མ་མཛད་པར། །ཁ་རོག་མ་གྱུར་སེམས་ཅན་ཀུན་དོན་དུ། །ག་ལེར་དོན་གཉིས་འབྱུང་བའི་བྱང་ཆུབ་སེམས། །ང་བདག་བྲལ་བ་མི་ལ་ལྟ་བུར་མཛོད། །ཅ་ཙོའི་བསླུ་བྲིད་རྗེས་སུ་མི་འབྲང་བར། །ཆ་ལུགས་བཙུན་ཚུགས་སྡོམ་གསུམ་ཚུལ་བཞིན་སྲུངས། །ཇ་སོགས་འདོད་ཡོན་དཀོར་ལ་ཆོག་ཤེས་དང་། །ཉ་ལྟོ་ལྟ་བུའི་

p. 19

ཆོས་རྒྱལ་ཞབས་པད་སྟེན། །ཏ་ཐཱ་ག་ཏའི་བསྟན་ལ་ཞུགས་དུས་འདིར། །ཐ་སྙད་ཚིག་ལ་མ་དགའ་ཉམས་ལེན་གྱིས། །ད་ནས་ཚེ་འདི་བློས་ཐོངས་གཏན་འདུན་བསྒྲུབས། །ན་རྒ་འཆི་བས་གཏུགས་ཚེ་འགྱོད་མེད་གྱིས། །པ་ཏྲ་ལྟ་བུའི་རྣམ་རྟོག་མ་མང་བར། །ཕ་ཡུལ་བདུད་ཀྱི་བཙོན་རའི་ཞེན་པ་ཆོད། །བ་ཚོགས་འོ་རྒྱུན་བེའུས་བཏུང་བ་བཞིན། །མ་ནོར་ལམ་སྟོན་བླ་མའི་གདམས་ངག་ལོངས། །ཙཱ་རི་ལ་སོགས་དབེན་པ་གང་བཟང་དུ། །ཚ་གྲང་ཁྱད་དུ་བསད་ནས་སྒོམ་སྒྲུབ་གྱིས། །ཛ་ཧ་བིར་བཞིན་ཉམས་ལེན་བྱེད་ནུས་ན། །ཝ་ལེར་གྲོལ་རྟོགས་མི་རིང་མྱུར་ལམ་ཡིན། །ཞ་ལོང་མ་ཡིན་དལ་འབྱོར་ཐོབ་དུས་འདིར། །ཟ་མ་ཞག་དུས་སོས་དལ་མི་བྱེད་པར། །འ་ཅག་འཆི་བ་སླེབས་ཚེ་འགྱོད་མེད་གདེང་། །ཡ་མཚན་ཆེ་བའི་ཉམས་ལེན་གཅིག་དྲིལ་དགོས། །ར་བ་གངས་རིས་བསྐོར་བའི་ཡུལ་ལྗོངས་སུ། །ལ་ལུང་བཙལ་ཀྱང་རྙེད་དཀའི་ཟབ་ལམ་འདི། །ཤ་ཚ་སྙིང་ཉེའི་མ་རྒན་དོན་དུ་ཡང་། །ས་དེར་ཉམས་ལེན་བྱས་ན་འཕྲལ་ཕུགས་བདེ། །ཧ་ཧ་མ་རྒན་དམ་ཆོས་བར་ཆད་དུ། །ཨ་ཨ་འགྲོ་སྙམ་འཕྲིན་ཆུང་འདི་ཕུལ་བ། །ཧེ་ཧེ་སངས་རྒྱས་ལས་ཀྱང་ལྷག་ཡིན་པས། །ཨོ་ཨོ་སྙིང་དུ་ཆོངས་ལ་ཐུགས་སྟོབས་སྐྱེད། །ཨེ་མ་བློ་བདེ་མཛོད་དང་གཏན་བདེ་སྐྱིད། །ཅེས་པ་འདི་ཡང་པདྨ་མ་བཞད་པའི་རྡོ་རྗེས་སྨྲས་པའོ། །ཧ་ཧ་ཤ་ལ་ཧ་ཅང་མ་དགའ་ཨ་མའི་ཤ །ཇ་ཞོ་འཐུངས་ན་ལུས་འཚོ་རིག་པ་དྭངས། །གཟུངས་མར་

p. 20

ཧ་ཅང་མ་ཆགས་ཉོན་མོངས་འཕེལ། །ཡེ་ཤེས་ཕྱག་རྒྱས་བདེ་ཆེན་ངང་གིས་འདྲེན། །གོས་ལ་ཧ་ཅང་མ་ཆགས་ཧྲལ་ཧྲུལ་རྒྱུ། །གཏུམ་མོའི་གོས་བཟང་གྱོན་ན་བདེ་དྲོད་འབར། །ཟས་ལ་ཧ་ཅང་མ་ཆགས་མི་གཙང་རྒྱུ། །བསམ་གཏན་ཟས་ཀྱི་འཚོ་བ་འཛད་མེད་ཟས། །ནོར་ལ་ཧ་ཅང་ཆགས་ན་ཡི་དྭགས་རྒྱུ། །ཆོག་ཤེས་ནོར་ཚོལ་ནོར་གཞན་ཚོགས་སུ་སྔོས། །གཉེན་ལ་ཧ་ཅང་མ་ཆོགས་འཆིང་བྱེད་ཡིན། །འགྲོ་ཀུན་གཉེན་དུ་བཟུང་ན་སངས་རྒྱས་རྒྱུ། །དགྲ་ལ་ཧ་ཅང་སྡང་ན་རང་ཉིད་ཕམ། །སྔོན་གྱི་ལས་སུ་གོ་ན་བློ་སྦྱོང་མཆོག །ཡུལ་ལ་ཧ་ཅང་ཞེན་ན་ཆགས་སྡང་རྒྱུ། །གཏན་ཡུལ་ཐར་བ་ཆེན་པའི་གྲོང་ཁྱེར་བཟང་། །ཆོས་ལ་ཧ་ཅང་བླང་དོར་མི་བྱེད་པར། །དག་སྣང་ནུས་ན་ཀུན་ཀྱང་ཐར་བའི་རྒྱུ། །ཉམས་ལེན་ཧ་ཅང་མཆོང་རྒྱུག་མི་བྱེད་པར། །བླ་མ་བདེ་ལེགས་རྩ་བར་གོ་བར་གྱིས། །བློ་སྣ་ཧ་ཅང་དྲན་རྒྱུ་མ་མང་བར། །བླ་མའི་བཀའ་བཞིན་བསྒྲུབས་ན་ཅི་བསམ་འགྲུབ། །སྐྱབས་ཡང་ཧ་ཅང་མང་ན་འཆོལ་བའི་རྒྱུ། །བླ་མ་སྐྱབས་གནས་ཀུན་འདུས་གཏན་གྱི་སྐྱབས། །རྟག་འཛིན་ཧ་ཅང་ཆེ་ན་ཆོས་སྐལ་འཆད། །འཆི་ངེས་ཆ་མེད་དམ་ཆོས་བསྒྲུབ་ན་ལེགས། །འཁོར་བར་ཧ་ཅང་ཆགས་ན་སྡུག་བསྔལ་རྒྱུ། །གཏན་བདེའི་གོ་འཕང་བགྲོད་ཕྱིར་སེམས་མཆོག་སྐྱེད། །ཐོས་རྗེས་ཧ་ཅང་འབྲངས་ན་སངས་རྒྱས་རིང་། །ཉེ་ལམ་ཉམས་ལེན་བླ་མའི་གསུང་བཞིན་མཛོད། །བླ་མ་ཆོས་ཀྱི་རྒྱལ་པོ་དང་། །སློབ་མ་ཆོས་ཀྱི་སྣོད་ལྡན་ལ། །མཇལ་ཕྱིར་ཆོས་མེད་ཡོང་རྒྱུ་ལགས། །དེའི་བར་ཆོས་བདག་བདེ་མོར་བཞུགས། །

p. 21

ཆོས་གོས་རྒྱུ་གཙང་འབུལ་ལོ་བཞེས། །སྒྱུ་མའི་ནོར་རྫས་ཕུན་ཚོགས་ཀྱང་། །སྒྱུ་མ་ལྟ་བུར་མཐོང་བ་ལ། །སྒྱུ་མའི་ནོར་གྱིས་དགོས་པ་ཅི། །སྒྱུ་མར་འབྲས་བུ་བསྐྱེད་པའི་ཕྱིར། །གདམས་ངག་ཞུ་བའི་ཕྱག་རྟེན་དུ། །ལྷ་རྫས་ཁ་ཤས་ཚེས་ལ་ཕུལ། །ཞེས་པ་འདི་ཡང་པདྨ་བཞད་པའི་རྡོ་རྗེས་སྨྲས་པའོ། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་དང་། །དབྱེར་མེད་ཆོས་ཀྱི་རྒྱལ་པོ་ཡིས། །རྗེས་སུ་བཟུང་བའི་ལས་འཕྲོ་ཅན། །གྲོགས་ཁྱེད་ཕྱོགས་ལས་རྣམ་པར་རྒྱལ། །ཚོགས་གཉིས་བསྐལ་པར་བསགས་པ་དང་། །བླ་མ་ཚུལ་བཞིན་བསྟེན་པའི་འབྲས། །ལམ་བཟང་རྟོགས་པ་མངོན་གྱུར་པའི། །གྲོགས་ཁྱོད་བདག་སོགས་གཙུག་གི་རྒྱན། །ཉམས་དང་རྟོགས་པ་ཀུན་གྱི་སྒོ། །ལོང་མེད་མི་རྟག་འཆི་བ་དང་། །འདི་སྣང་ཞེན་ལོག་ངེས་འབྱུང་བློ། །མི་ལྡོག་བཅོས་མིན་ཁྱོད་ལ་བྱུང་། །བླ་མའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་བག་ཆགས་སད་པའི་རྟགས། །དགེ་ལེགས་གཞི་གཅིག་བླ་མ་དེ། །སངས་རྒྱས་དངོས་སུ་ལེགས་མཐོང་ནས། །བསམ་དང་སྦྱོར་བས་བཀའ་བཞིན་བསྒྲུབས། །ཚོགས་བསགས་སྒྲིབ་སྦྱོང་ཁྱོད་ཀྱིས་བྱས། །བླ་མའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་བག་ཆགས་སད་པའི་རྟགས། །མར་ཤེས་དྲིན་དྲན་དྲིན་གཟོ་སོགས། །མན་ངག་བདུན་གྱིས་སྣ་དྲངས་པའི། །བདག་གཞན་མཉམ་བརྗེས་གཞན་ཕན་སེམས། །མི་འབྲལ་རྟག་ཏུ་ཁྱོད་དང་འགྲོགས། །བླ་མའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་ལས་འཕྲོ་སད་པའི་རྟགས། །

p. 22

འགྲོ་འོང་བདེ་སྡུག་ཀུན་གྱི་གཞི། །སེམས་ཞེས་གྲགས་པའི་མཚང་ཕྱུང་བས། །ངོ་བོ་ངོས་གཟུང་བྲལ་བ་ལས། །བཙལ་ཀྱང་ཁྱོད་ཀྱིས་རྙེད་མི་འགྱུར། །བླ་མའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་ལས་འཕྲོ་སད་པའི་རྟགས། །དེ་ལྟའི་སེམས་ཀྱི་གནས་ལུགས་དང་། །ཆོས་རྣམས་རང་བཞིན་མཉམ་ཉིད་ངང་། །གཟུང་འཛིན་ཞེན་མེད་གཡོ་མེད་པར། །རྟོག་མེད་ཏིང་འཛིན་ཁྱོད་ལ་བྱུང་། །བླ་མའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་བག་ཆགས་སད་པའི་རྟགས། །རྣམ་རྟོག་ཐད་ཀར་གཅོད་པའི་ལམ། །ཀ་དག་གནས་ལུགས་ངོ་འཕྲོད་ནས། །སྨྲ་བསམ་བརྗོད་ཡུལ་ལས་འདས་ཤིང་། །གང་ཤར་རང་གྲོལ་ཁྱོད་ལ་བྱུང་། །བླ་མའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་བག་ཆགས་སད་པའི་རྟགས། །རིག་པ་མ་རིག་སྒོང་རྒྱ་ལས། །གྲོལ་བའི་རང་རིག་ཡེ་ཤེས་གདངས། །ཟེར་གྱིས་ཁྲིད་ནས་ཐིག་ཚོམ་དང་། །རྡོར་སེམས་ཞི་ཁྲོ་ཁྱོད་ལ་སྣང་། །བླ་མའི་བྱིན་རླབས་ཞུགས་པ་དང་། །སྔོན་སྦྱངས་བག་ཆགས་སད་པའི་རྟགས། །གཞི་ལམ་དབྱིངས་རིག་མ་དང་བུ། །ངོ་འཕྲོད་ཆོས་དབྱིངས་རང་གྲོལ་བའི། །འཇའ་ལུས་འོད་སྐུར་ཡོངས་གྲོལ་ཞིང་། །གྲོགས་ཁྱོད་ཚེ་གཅིག་ཡེ་སངས་རྒྱ། །བདག་ཀྱང་སྔོན་གྱི་ལས་འཕྲོ་ཅན། །ལམ་དེར་མོས་པའི་སྐལ་བཟང་ཡང། །ཟིན་མེད་རྣམ་གཡེང་དབང་སོང་ནས། །ཚུལ་དེ་བསྒྲུབ་པའི་སྐལ་བ་དམན། །ཆེ་འདོད་རྒྱལ་འགོང་སྙིང་དུ་ཞུགས། །གོ་འཕང་མཆོག་དེ་རྒྱང་དུ་ལུས། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །མྱུར་དུ་སྒོམ་སྒྲུབ་ནུས་པར་ཤོག །མི་དགེའི་འཁོར་

p. 23

སློབ་དབུས་ན་འགྱིངས། །བླ་མའི་ཞབས་པད་གནས་ཀྱི་རིང་། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །འབྲལ་མེད་རྟག་ཏུ་བསྟེན་པར་ཤོག །འདོད་ཡོན་དཀོར་ནག་དུག་ཆུས་མྱོས། །གདམས་དོན་འཆི་མེད་བདུད་རྩིས་དབེན། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །གདམས་པས་འཚོ་བར་བྱིན་གྱིས་རླབས། །གྲགས་སྟོང་འཇའ་ཚོན་རྗེས་སུ་རྒྱུག །མི་རྟག་གློག་འདྲའི་འཆི་བ་བརྗེད། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །ནམ་འཆི་ངེས་མེད་དྲན་པར་ཤོག །ཆོས་བརྒྱུད་འཆིང་བས་དམ་བཅིངས་ནས། །ངེས་འབྱུང་ཡིད་བཞིན་ནོར་བུ་སྟོར། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །བཅོས་མིན་ངེས་འབྱུང་སྐྱེ་བར་ཤོག །མ་དང་གཉེན་ལ་ཞེན་ཅིང་ཆགས། །མ་གྱུར་འགྲོ་ཀུན་རིས་སུ་བོར། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །ཕྱོགས་མེད་སྙིང་རྗེ་སྐྱེ་བར་ཤོག །དགྲ་ལ་ཞེ་སྡང་མེ་ལྟར་འབར། །དུག་གསུམ་དགྲ་བོ་གཅེས་པར་བཟུང་། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །གཉིས་འཛིན་ས་བོན་དྲུངས་འབྱིན་ཤོག །བདག་འཛིན་འགོང་བོ་ཕུགས་སུ་བཅུག །སེམས་ངོ་མ་བསྐྱངས་རང་དགར་བཏང་། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །གནས་ལུགས་དོན་ལ་ངོ་འཕྲོད་ཤོག །སྣང་བཞིའི་ལམ་གྱི་ཆོས་ཀྱི་དབྱིངས། །ཟད་སར་མ་བསྐྱལ་ཐ་མལ་ལུས། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །ཐོད་རྒལ་ཡེ་ཤེས་མངོན་གྱུར་ཤོག །ངན་སོང་རྒྱུ་ཚོགས་ལྷུར་བླངས་ནས། །ཡང་དག་ལམ་དང་རྒྱང་རིང་བྱས། །

p. 24

ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །ལམ་སྣ་མྱུར་དུ་ཟིན་པར་ཤོག །ཚེ་གཅིག་ཁྱབ་བདག་ཀུན་བཟང་ཞལ། །མཇལ་བའི་སྐལ་བཟང་མ་བྱུང་ཡང་། །ད་རེས་མགོན་ཁྱོད་ཐུགས་རྗེའི་མཐུས། །བར་དོར་རང་ངོ་ཤེས་པར་ཤོག །གལ་ཏེ་བར་དོར་མ་གྲོལ་ཀྱང་། །གསང་བསྔགས་སྒྲུབ་པའི་རྟེན་རྙེད་ནས། །ཚེ་དེར་གོ་འཕང་མཆོག་ཐོབ་ཤོག །ཀྱེ་ཀྱེ་གྲོགས་པོ་ཁྱོད་ཉིད་ཀྱང་། །རྙེད་དཀའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་མི་ལྡོག་པར། །གཏན་གྱི་བཙན་ས་ཟིན་པར་མཛོད། །ཆོས་དང་མཐུན་པར་ཚེ་རབས་སུ། །འབྲེལ་བའི་གྲོགས་ངན་བདག་ཀྱང་ནི། །འབྲལ་མེད་ཐུགས་བརྩེས་རྟག་བསྐྱུངས་ནས། །གོང་གསོལ་རེ་འབྲས་མྱུར་སྨིན་པའི། །སྐྱབས་འཇུག་ཡང་དག་གཡེལ་མེད་དང་། །བླ་མའི་ཐུགས་དང་རང་གི་སེམས། །གྲོགས་ཀྱི་སེམས་གསུམ་དབྱེར་མེད་པའི། །ཆོས་དབྱིངས་ཆེན་པོར་རྟག་རོལ་ཞིང་། །ཐུགས་རྗེ་ཆུ་ཟླའི་ཟློས་གར་བཞིན། །སྤྲུལ་བའི་བཀོད་པ་བགྲང་ཡས་ཀྱིས། །འགྲོ་བ་ཀུན་ཁྱབ་བུམ་བཟང་ལྟར། །དགེ་ལེགས་བཀྲ་ཤིས་ཆར་ཆེན་ཕོབས། །ཞེས་པ་འདི་ཡང་རྗེ་བཙུན་པདྨ་བཞད་པའི་རྡོ་རྗེས་བདག་ལ་སྨྲས་པའོ། །། ཨ་མ་གྲངས་མེད་བྱས་པའི་འགྲོ་ཀུན། །ཨ་མར་ཤེས་པའི་སྙིང་རྗེ་ཕྱོགས་མེད། །ཨ་མ་ཡོངས་ལ་ཚུལ་བཞིན་བྱུང་ན། །ཨ་མར་བརྟེན་ནས་སངས་རྒྱས་འཐོབ་བོ། །ཨ་མ་འདི་བཞིན་ཆགས་ཤིང་ཞེན་ཚེ། །ཨ་མ་འཁོར་བའི་རྟོད་ཕུར་ཡིན་ཞིང་། །ཨ་མ་ཐར་བའི་གེགས་སུ་འགྲོ་བས། །ཨ་མ་སྲིད་ལས་སྒྲོལ་ཐབས་དཀའོ། །

p. 25

ཨ་མ་དཀོར་ནག་དུག་ཆུས་བསྐྱངས་ནས། །ཨ་མ་ངན་འགྲོའི་གནས་སུ་བསྐྱུར་ན། །ཨ་མར་ཁ་དཀར་གཏིང་ནག་དེ་ལས། །ཨ་མའི་བུ་ངན་ན་རག་སུ་ཡོད། །ཨ་མ་ཀུན་ཏུ་བཟང་མོའི་ཀློང་དུ། །ཨ་མ་མ་ལུས་སྒྲོལ་བར་ནུས་ན། །ཨ་མར་དྲིན་གཟོ་བྱེད་མཁན་དེ་འདྲ། །ཨ་མའི་བུ་བཟང་ཡིན་ཞེས་གྲགས་སོ། །ཨ་མ་མ་བརྗེད་དྲན་པས་སྐྱོངས་ལ། །ཨ་མའི་དོན་དུ་བྱང་ཆུབ་སྒྲུབས་ཤིག །གཉེན་དང་ཉེ་དུ་བརྩེ་གདུང་ཅན་དང་། །ཡུལ་མཁར་ཁང་ཁྱིམ་མ་ལུས་དབང་མེད། །བསྒྱུར་དགོས་དུས་དེ་ནམ་འོང་ཆ་མེད། །དེ་དུས་རང་གཞན་འདི་ཕྱི་གཉིས་འཕུང་། །དེ་ཕྱིར་ད་ལྟ་རང་དབང་ཡོད་དུས། །བློས་བཏང་ཀུན་ལ་ཕན་ཕྱིར་རྣམ་དཀར། །ཚུལ་བཞིན་སྒྲུབ་ལ་བརྩོན་པ་འདི་ནི། །འཕྲལ་ཕུགས་འདུན་མའི་ཡང་རྩེ་ཡིན་ནོ། །རྣམ་འདྲེན་སྟོང་དང་བཀའ་གདམས་རིམ་བྱོན། །མར་མི་རོང་སྟོན་སྐལ་ལྡན་ཡབ་སྲས། །སྔོན་བྱོན་དམ་པའི་རྣམ་ཐར་ཕྱོགས་རེ། །དུས་འདིར་འཛིན་ནུས་སྐལ་བཟང་ལགས་སོ། །ཞེས་པ་འདི་ཡང་རྗེ་བཙུན་པདྨ་བཞད་པའི་རྡོ་རྗེས་བདག་ལ་གནང་བའོ། །བཀའ་དྲིན་གསུམ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨོར་གུས་པས་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ཁྱོད། །ཁ་ལ་ཉན་ན་འདི་བཞིན་མཛོད། །བླ་མ་བསམ་སྦྱོར་གཉིས་ཀྱིས་བསྟེན། །དྲིན་ཅན་24ཕ་མར་དྲིན་གཟོ་གྱིས། །བཟང་བོ་སྤྱི་བོའི་ཐོད་བཞིན་ཁུར། །དམན་ལ་བུ་བཞིན་བྱམས་པར་མཛོད། །གྲོགས་ལ་བྲན་བཞིན་གུས་པར་གྱིས། །སྡིག་པའི་

p. 26

གྲོགས་པོ་ཐབས་ཀྱིས་སྤོངས། དགེ་བའི་གྲོགས་པོ་རྒྱུན་དུ་སྟེན། །དགེ་བ་ཆུང་ངུ་ཡིན་ཡང་གསོགས། །སྡིག་པ་ཕྲན་བུ་ཡིན་ཡང་འཛེམས། །རང་སྐྱོན་རྐུན་མ་ངོ་ཡིས་ཟུངས། །རང་མཚང་མལ་འོག་རྡོ་བཞིན་སོལ། །སངས་རྒྱས་ཆོས་ལ་དད་པ་སྐྱེད། །འགྲོ་བ་ཡོངས་ལ་སྙིང་རྗེ་སྐྱེད། །དད་པ་ཅན་ལ་དམ་ཆོས་ཤོད། །གཞན་གྱི་ཆོས་ལ་སྐུར་མ་འདེབས། །ཆོས་བརྒྱུད་ཚེ་འདིའི་དོན་མ་སྒྲུབས། །མང་བོའི་ནང་དུ་གཏམ་མ་མང་། །ལྐོག་ཏུ་སྡོམ་ཁྲིམས་ཁྱད་མ་གསོད། །བཤད་སྒྲུབ་བསྟན་ལ་གང་ཕན་གྱིས། །ལྟོགས་པ་རྣམས་ལ་བཟའ་བ་བྱིན། །སྐོམ་པ་རྣམས་ལ་བཏུང་བ་བླུད། །གྲང་བ་རྣམས་ལ་གོན་པ་བྱིན། །དབུལ་བོ་རྣམས་ལ་ནོར་རྫས་བྱིན། །གནས་མེད་རྣམས་ལ་གནས་ཁང་བྱིན། །མགོན་མེད་ཉམ་ཐག་མགོན་སྐྱབས་མཛོད། །ཞིམ་པའི་ཟས་ལ་མ་དགའ་ཞིག །མཛེས་པའི་མཆོར་ལ་མ་དགའ་ཞིག །གཞན་གྱི་སྐྱོན་བརྗོད་མ་བྱེད་ཅིག །ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་ཕམ་ཁ་རང་གིས་ལོངས། །མདོར་ན་བདག་པས་གཞན་གཅེས་གྱིས། །འདི་ལྟར་བྱས་ན་ཆོས་དང་མཐུན། །དགེ་འདིས་རང་གཞན་ལ་ཕན་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ཉིད་ལ་སྨྲས་པའོ། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ཁྱོད། །ཆོས་འབྲེལ་ཡོད་ཚད་བླ་མ་ལ། །བཟང་ངན་མེད་པར་བཀུར་སྟི་གྱིས། །ཆོས་ཀྱིས་བསྡུས་པའི་སྤུན་རྣམས་ལ། །ཉེ་རིང་མེད་པར་གང་ཕན་གྱིས། །རྒྱས་པའི་དྲིན་ཅན་ཕ་མ་ལ། །འདི་དང་ཕྱི་མར་བདེ་

p. 27

ཐབས་གྱིས། །རང་སེམས་གྱོང་བོ་འདུལ་བའི་ཕྱིར། །དབེན་པའི་ནགས་ཁྲོད་རྒྱུན་དུ་སྟེན། །སྙིང་རྗེ་མ་ནུས་པ་ལ་གྱིས། །སྦྱིན་པ་ལན་པོ་མེད་ལ་ཐོངས། །རང་ལུས་ཡི་དམ་ལྷ་རི་སྒོམས། །སྙིང་བོ་ལྷག་ཆད་མེད་པར་ཐོན། །རྒྱུན་དུ་རང་གི་སེམས་ལ་ལྟོས། །དགེ་བ་འགྲོ་ཀུན་དོན་དུ་སྔོས། །གླུ་འདི་བླངས་པའི་བསོད་ནམས་ཀྱིས། །རང་གཞན་ཆོས་དང་མཐུན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་སོ། །བློ་ཕུགས་གཏད་ན་མི་བསླུའི་སྐྱབས། །རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ། །སྙིང་ནས་འདུད་དོ་ཐུགས་རྗེས་ཟུངས། །མི་ལུས་ཐོབ་ནས་ཆོས་མེད་པ། །མི་ཚེ་སྟོང་ལོག་བྱས་པ་ཡིན། །ཕྱི་མ་མི་དྲན་སྙིང་མེད་པོ། །ཕྱིན་ཆད་ཁྱོད་ཀྱིས་འདི་བཞིན་གྱིས། །ཕ་ནི་སྙིང་རྗེའི་འགྲོ་བ་སྐྱོངས། །འཇིག་རྟེན་ཕ་འདི་མི་རྟག་འཆི། །མ་ནི་སྟོང་བའི་གནས་ལུགས་སྐྱོངས། །འཇིག་རྟེན་མ་འདི་མི་རྟག་འབྲལ། །གྲོགས་ནི་བདེ་གཤེགས་བཀའ་ལ་ལྟོས། །འཇིག་རྟེན་གྲོགས་ཀྱིས་སྡིག་ལ་སྦྱོར། །བུ་ནི་བསྐྱེད་རྫོགས་གཡེལ་མེད་སྒོམས། །འཇིག་རྟེན་བུ་གསོས་དོན་མེད་ཡིན། །ལོངས་སྤྱོད་འཕགས་པའི་ནོར་བདུན་ཟུངས། །འཇིག་རྟེན་ལོངས་སྤྱོད་ཡོད་ཀྱང་འཛད། །ནོར་ནི་ཆོག་ཤེས་དགོས་མེད་གསོགས། །འཇིག་རྟེན་ནོར་རྫས་ཡོད་ཀྱང་འདོར། །ཁང་ཁྱིམ་བདག་མེད་བྲག་ཕུག་ཟུངས། །འཇིག་རྟེན་ཁང་བ་བཙོན་ཁང་ཡིན། །ཞིང་ནི་དད་པའི་ཞིང་ས་

p. 28

སྐྱེད། །འཇིག་རྟེན་ལོ་ཏོག་སད་སེར་མང་། །སོ་ནམ་ཆོས་སྤྱོད་འབད་ལ་གྱིས། །འཇིག་རྟེན་ལས་ལ་ཟིན་པ་མེད། །འདུ་འཛི་བསྐྱེད་རིམ་སྤྲོ་བསྡུ་གྱིས། །འཇིག་རྟེན་གཡེང་བ་སངས་པ་མེད། །མཆོད་གནས་དཀོན་མཆོག་གསུམ་པོ་མཆོད། །འཇིག་རྟེན་དཔོན་འདི་བཟང་ཡང་བསླུ། །འཁོར་ནི་མཁའ་འགྲོ་ཆོས་སྐྱོང་སྟེན། །འཇིག་རྟེན་འཁོར་གཡོག་ཉོན་མོངས་རྒྱུ། །གོས་ནི་ངོ་ཚ་ཁྲེལ་འཛེམ་གྱོན། །འཇིག་རྟེན་གོས་རྣམས་འཛད་པ་ཡིན། །རྒྱན་ནི་སྡོམ་ཁྲིམས་གཙང་མ་སྲུངས། །འཇིག་རྟེན་གསེར་གཡུ་འཆི་ཚེ་འཇོག །གཉེན་ནི་རང་སེམས་བྱ་རས་སྐྱོངས། །འཇིག་རྟེན་གཉེན་འདི་མཐུན་ཡང་འབྲལ། །དགྲ་ནི་བདག་འཛིན་འཕུང་རྒན་ཐུལ། །འཇིག་རྟེན་དགྲ་འདི་བཏུལ་ཀྱང་མང་། །ལྟ་བ་རང་སེམས་སྙིང་བོར་ལྟོས། །འཇིག་རྟེན་ཆོས་འདིར་བལྟས་ཤིང་གཡེང་། །སྒོམ་པ་སེམས་ཉིད་སྟོང་གསལ་སྒོམས། །འཇིག་རྟེན་ཆོས་ལ་ཉོན་མོངས་ལྡང་། །སྤྱོད་པ་དུག་ལྔ་རང་གྲོལ་ཐོངས། །འཇིག་རྟེན་ཆོས་ལ་ཆགས་སྡང་འབྱུང་། །འབྲས་བུ་རང་སེམས་སངས་རྒྱས་རྟོགས། །འཇིག་རྟེན་བསམ་པ་འགྲུབ་དུས་མེད། །མདོ་དོན་དམ་པའི་ལྷ་ཆོས་གྱིས། །འཇིག་རྟེན་ཆོས་ལ་སྙིང་བོ་མེད། །དེ་རྣམས་ལྡན་ན་མི་ཡིན་ངེས། །མི་ལྡན་བྱོལ་སོང་རྐང་གཉིས་ཡིན། །དགེ་འདིས་རང་གཞན་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོག་འབྱུང་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཕ་ཡུལ་དང་པོ་སྐྱིད་སྐྱིད་པོ། །བསྡད་ཀྱིན་བསྡད་ཀྱིན་བསྡད་ན་སྙམ། །

p. 29

ཅི་ཙམ་བསྡད་ཀྱང་ཆོག་ཤེས་མེད། །བར་དུ་སོ་ནམ་རྨོ་རྐོ་ཡིས། །ལུས་ངག་ཡིད་གསུམ་འོ་བརྒྱལ་མྱོང་། །ས་བོན་ཕར་བཏབ་ནས་བཟུང་སྟེ། །ལོ་ལེགས་ཨེ་ཡོང་ཨེ་ཡོང་སྙམ། །སད་དང་སེར་བ་བྱུང་གིས་དོགས། །རྒྱུན་དུ་ཞིང་གི་ལེགས་ཉེས་བལྟས། །སང་ཕོད་ཞིང་གི་སོ་ནམ་བྱས། །ནམ་ཡང་དལ་བའི་གོ་སྐབས་མེད། །དགྲ་ལ་ཞེ་སྡང་མེ་ལྟར་འབར། །གཉེན་ལ་འདོད་ཆགས་ཆུ་ལྟར་ཁོལ། །མི་ཤེས་གཏི་མུག་མུན་ལྟར་འཐིབས། །དམ་ཆོས་ཡིད་ལ་འོང་སྐབས་བཅོམ། །ལན་རེར་བཏབ་པའི་ལོ་ལེགས་རྣམས། །སད་དང་སེར་བ་བྱུང་ནས་བརྡུངས། །ས་བོན་ཕར་བཏབ་ཚུར་མི་འོང་། །བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་། །བརྐུས་དང་འཕྲོག་བཅོམ་འཐབ་རྩོད་བྱེད། །ཡུལ་ངན་མུ་གེའི་ཕ་ཡུལ་དེ། །བཟའ་མེད་ཡི་དྭགས་གྲོང་ཁྱེར་འདྲ། །ཐ་མ་བསྐྱུར་ནས་འགྲོ་བ་ཡིན། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །སྡིག་གསོག་འཕུང་གཞི་ཕ་ཡུལ་ལ། །མ་ཆགས་མ་ཆགས་སེམས་མ་ཆགས། །མ་འདུག་མ་འདུག་འབྲོས་རེ་རན། །འབྲོས་ན་དབེན་པའི་རི་ལ་ཕྲོས། །འདུལ་ན་ཉོན་མོངས་ས་རྒོད་ཐུལ། །ལས་ན་དགེ་བའི་སོ་ནམ་རེམ། །འདེབས་ན་ཐར་བའི་ས་བོན་ཐོབས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ནོར་ནི་དང་པོ་བདག་སྐྱིད་པོ། །བསོད་ནམས་ཅན་ཟེར་གཞན་སྨོན་པོ། །ཡོད་ཀྱིན་ད་དུང་ཡོད་ན་སྙམ། །ཅི་ཙམ་ཡོད་ཀྱང་ཆོག་

p. 30

ཤེས་མེད། །བར་དུ་ཕྱུགས་ལུག་བཏང་འདོགས་ཀྱིས། །ཆར་ཆུའི་ནང་ན་འོ་རེ་བརྒྱལ། །ཕྱུགས་རྣམས་རི་ཁར་བཏང་ནས་བཟུང་། །རྐུན་ཇག་ཨེ་འོང་ཨེ་འོང་སྙམ། །སྤྱང་ཀིས་ཕྱུགས་རྣམས་གསོད་ཀྱིས་དོགས། །བཀྲེས་སྐོམ་མྱོང་བཞིན་ལེགས་ཉེས་བལྟས། །སྲོད་ནས་རྐུན་མ་བྱུང་གིས་དོགས། །མཚན་མོའི་གཉིད་ཀྱི་བདེ་བ་བཀག །དགེ་བའི་ཕྱོགས་སུ་གཏོང་མི་ཕོད། །དམ་ཆོས་འོང་བའི་གོ་སྐབས་མེད། །ཕལ་ཆེར་རང་ཡང་མུ་གེས་འཆི། །སྡུག་བསྔལ་དྲག་པོས་སེམས་རྩ་ནོན། །སྐབས་སྐབས་ཇག་པ་རྐུན་མས་འཁྱེར། །ར་མདར་བརྒྱུགས་ནས་རང་ཡང་གསོད། །འཕུང་སྣ་འདྲེན་པའི་རྒྱུ་ནོར་དེ། །དགྲ་འདྲེ་འབོད་པའི་གཡབ་མོ་འདྲ། །ཐ་མར་སྦྲང་མའི་སྦྲང་རྩི་བཞིན། །རང་གིས་སྤྱད་པར་མ་ཕོད་པའི། །ནོར་རྣམས་གཞན་གྱིས་ཅི་བདེར་སྤྱོད། །རང་ཉིད་ཕྱི་མར་ལག་སྟོང་འགྲོ། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །རྒྱུ་ནོར་འཛོམས་པའི་གནས་སྐབས་སུ། །བསགས་པའི་ནོར་ལ་སྙིང་བོ་ལོངས། །གང་ཡོད་ཆོས་ཀྱི་ཕྱོགས་སུ་ཐོངས། །མ་གསོགས་མ་གསོགས་ནོར་མ་གསོགས། །བསོག་ན་འཕགས་པའི་ནོར་བདུན་གསོགས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །གྲོགས་དང་པོ་ལྷ་མོ་བཞད་ཁ་མ། །ལུས་ལ་རྒྱན་དང་གོས་ཀྱིས་བཀླུབས། །ཁ་འཇམ་ཚིག་གིས་སྤྲོ་བ་བསྐྱེད། །གདོང་ལ་བལྟས་ན་འཛུམ་གྱིས་བསུ། །བལྟས་ཀྱིན་ད་དུང་བལྟས་ན་སྙམ། །ཅི་ཙམ་བལྟས་ཀྱང་ཆོག་རྒྱུ་མེད། །བར་དུ་སྲིན་མོ་ཁྲོ་གཏུམ་མ། །ཅུངཟད་ཙམ་ལ་མི་

p. 31

མགུ་བར། །རྒྱབ་ལོག་མིག་ལོག་ཡང་ཡང་བྱེད། །བདུད་མོའི་སྡང་མིག་སེམས་ལ་གནོད། །ལྷག་པར་ཆོས་ཀྱི་བར་ཆད་བྱེད། །ཕར་ལ་ཚིག་གཅིག་བཤད་པའི་བར། །ཚུར་ལ་ཡིན་མིན་བཅོ་བརྒྱད་སྨྲ། །ཁྲོས་ནས་སྐྲའི་བཟུང་བརྡུངས་པ་ན། །སྐྱིད་པར་འཇུས་ནས་མོ་སོད་ཟེར། །སྐྱོན་མཚང་ཚིག་གིས་སྙིང་རྩ་བྲོག །ཐ་མ་མི་སྡུག་ཁྲོ་གཉེར་ཅན། །བཟའ་སྡིགས་ཐུག་པ་བསྐོལ་བསྐོལ་བྱེད། །བལྟས་ཀྱིན་བལྟས་ཀྱིན་ཇེ་བཙོག་འགྲོ། །རྒྱུན་དུ་འགྲོགས་ན་སྐྱུགས་བྲོ་ལྡང་། །དེས་ན་ཚོགས་དྲུག་རང་གྲོལ་ཁྱོད། །བདུད་མོའི་འཐབ་ཡ་མ་འདོད་པར། །བསྟེན་ན་མཚན་ལྡན་བླ་མ་སྟེན། །འགྲོགས་ན་རྡོ་རྗེའི་སྤུན་ལ་འགྲོགས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །དང་པོ་ཁྱིམ་མཚེས་ཕན་ཕན་པོ། །གཡོར་སྐྱིའི་དུས་སུ་དགོས་དགོས་འདྲ། །བར་དུ་ཁྲེལ་མེད་ན་རག་པོ།།གཡར་བོ་མ་བྱས་འཁེང་ར་མང་། །གཡར་ན་མི་སྟེར་གཡར་བསྡོས་བྱེད། །ཐ་མར་སེམས་ངན་གནག་སེམས་ཅན། །རྒྱུ་ནོར་འཛོམ་དུས་རྐུ་འཕྲོག་བྱེད། །ཞིང་ལས་བྱེད་དུས་ཞིང་མཚམས་རྩོད། །སྒོ་རྣམས་ཕྱེ་དུས་ཁྱིམ་འཛུལ་བྱེད། །རྫུན་དང་ཕྲ་མས་ཁྱིམ་ཚང་དཀྲུག །ཉིན་རེ་བཞིན་དུ་འཐབ་ཅིང་འཛིང་། །ཆགས་སྡང་དགྲ་སྐད་བཟོད་གླགས་མེད། །ཁྱིམ་མཚེས་མིང་ལ་ཆོམ་རྐུན་དངོས། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །ཁྱིམ་མཚེས་དགྲ་དང་མ་

p. 32

འཐབ་པར། །འདུག་ན་གྲོགས་མེད་གཅིག་པུར་སྡོད། །བསྟེན་ན་དགེ་བའི་བཤེས་གཉེན་སྟེན། །བྱེད་ན་དམ་པའི་ལྷ་ཆོས་མཛོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །དང་པོ་ཨ་ཁུ་ཆོས་མཛད་པོ། །གཟན་ཤམ་གྱོན་པའི་བཙུན་ཆུང་བོ། །ཆོས་གོས་གྱོན་པའི་ཁྲིམས་ལྡན་པོ། །ཁྱིམ་ཚང་བཟའ་བས་ཐོད་བཞིན་ཁུར། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །ངེད་ཀྱི་ཨ་ཁུ་དྲིན་ཅན་ཞེས། །ཁ་འཇམ་ཚིག་གིས་གཏང་རག་གཏོང་། །ཁོ་ཡང་དགའ་ཞིང་སྤྲོ་བ་སྐྱེས། །དད་ཟས་གཤིན་ཟས་མང་བོ་བསྡུས། །དད་ཟས་གཤིན་ཟས་དུག་ཆུ་དེ། །འཐུང་གིན་ད་དུང་འཐུང་ན་འདོད། །ཅི་ཙམ་འཐུངས་ཀྱང་ཆོག་ཤེས་མེད། །མི་གཅིག་ཤི་བའི་ནངས་པར་ནས། །ཁོ་བོའང་ཨེ་འབོད་ཨེ་འབོད་བསམ། །བོས་ན་ཇ་མར་ཨེ་བཟང་དང་། །ཡོན་ནི་ཅི་སྟེར་གང་སྟེར་སྙམ། །ཡོན་ནི་ཆུང་ན་བཤད་རྒྱུ་མང་། །བར་དུ་ཨ་ཁུ་དབང་ཅན་པོ། །རྩག་རྒན་གྱོན་པའི་རྒད་པོ་བོ། །བུད་མེད་བསྟེན་པའི་གྲུབ་ཐོབ་པོ། །དོམ་པ་འོངས་དུས་ཤགས་འདེབས་པོ། །རྡུང་རེས་བྱེད་པའི་ཤེད་ཅན་པོ། །ཁེ་ཚོང་བྱེད་པའི་ཚོང་བ་བོ། །ཟས་ནོར་གསོག་པའི་གསོག་འཇོག་མཁན། །རང་སྐལ་གཅོད་པའི་སྐལ་ཆད་པོ། །གཤིས་ངན་སེར་སྣ་སྒོས་སུ་བྱེད། །ཁྱིམ་ཚང་བཟའ་བར་ཁ་ཚག་མང་། །ཁྱིམ་ཚང་བཟའ་བ་ཆེ་ཆུང་གིས། །དངོས་སུ་ཨ་ཁུས་ཟེར་བཞིན་བྱེད། །ལྐོག་ཏུ་ཟས་བཟང་ཅི་བདེར་སྤྱོད། །ཨ་ཁུ་ཁྱིམ་དུ་འོང་གི་ཞེས། །ཁ་དང་ལག་པ་ཡང་ཡང་ཕྱིས། །ཨ་ཁུའི་ལུས་

p. 33

ལ་ཡི་དྭགས་སེམས། །ཨ་ཁུས་རང་སྐལ་རང་གིས་བཅད། །ར་ལུག་གསོད་ཀྱང་ཨ་ཁུར་འདྲི། བཤའ་འམ་བཤའ་ན་གང་བཤའ་ཟེར། །ཨ་ཁུས་ངེས་པར་བཤའ་དགོས་ཟེར། །བཤའ་ན་ཚོན་པོ་ཞིག་ཤོས་ཟེར། །ཨ་ཁུའི་ལུས་ལ་བཤན་པའི་སེམས། །ཐ་མ་ཨ་ཁུ་དབང་མེད་པོ། །འཚོ་སྐྱོང་བྱེད་པའི་གཡོག་རྒན་པོ། །ཆད་ཆོད་གྱོན་པའི་སྤྲང་རྒན་པོ། །ངན་ངོན་ཟ་བའི་ཁྱི་རྒན་པོ། །ཁྱིམ་ཚང་ནང་ནས་བཟའ་ལྷག་པོ། །འབྱུང་བཞི་འདུས་པའི་སྒྱུ་ལུས་སྒུར། །དགེ་སྦྱོར་བྱེད་པའི་སྟོབས་རྣམས་ཟད། །ནོར་རྣམས་ཚ་བོས་བདག་ཏུ་བཟུང་། །དྲོན་པོ་འདོད་ཀྱང་སྐྱོན་མཁན་དཀོན། །ཟས་རྣམས་མནའ་མའི་ལག་ཏུ་ཤོར། །ཞིམ་པོ་འདོད་ཀྱང་སྟེར་མཁན་མེད། །ངེད་ཀྱི་བན་རྒན་ཧོན་ལོག་ཅེས། །ཀུན་གྱིས་དམན་ས་ཞིག་ཏུ་འཇོག །ཨ་ཁུ་འགྱོད་པ་དེ་དུས་སྐྱེས། །ཨ་ཁུ་ཤི་བའི་ནངས་པར་དུ། །རྟ་རྒན་ཁ་ན་སོ་མེད་ཅིག །བླ་མ་ཞིག་ལ་ཕུལ་བའི་ཚེ། །ཨ་ཁུའི་དགེ་རྩ་དེ་ནས་འགྲུབ། །བསགས་པའི་ནོར་ལ་སེར་སྣ་བྱེད། །ཨ་ཁུའི་ཕྱོགས་སུ་གཏོང་བ་དཀོན། །དེ་དུས་ཨ་ཁུ་ལས་ངན་པོས། །དཀོར་གྱི་རྣམ་སྨིན་རྒྱབ་ཏུ་འཁུར། །གྲོགས་མེད་བར་དོའི་འཕྲང་རིང་འགྲིམ། །ཨ་ཁུ་དེ་དུས་ཡི་མུག་ལྡང་། །མཇུག་ཏུ་ཚ་བོ་ཚ་མོས་ཀྱང་། །ཨ་ཕ་ཨ་མའི་བསྔོ་ཞུས་མང་། །ཨ་ཁུའི་བསྔོ་ཞུས་ཐོས་པ་དཀའ། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །ཨ་

p. 34

ཁུའི་གོ་ས་མ་འཛིན་པར། །ཕ་ཡུལ་བཙོན་ར་རྒྱབ་ཏུ་ཞོག །དཀོར་ནག་དུག་གི་ཆུ་མ་ཐུངས། །རི་ཁྲོད་དབེན་པའི་དགའ་ཚལ་དུ། །དམ་པ་གོང་མའི་རྣམ་ཐར་བཞིན། །ཚེ་དང་སྒྲུབ་པ་སྙོམས་པར་མཛོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །གཉེན་ནི་དང་པོ་མཐོང་འཛུམ་པོ། །རྒྱང་ནས་འོངས་ཀྱང་སྔོན་ནས་བསུ། །འདིར་ཤོག་འདིར་སྡོད་ལུང་བ་འགེངས། །བར་དུ་ཟས་ཀྱི་ཁ་ལན་ཅན། །ཚུར་གཅིག་བྱིན་ན་ཕར་གཅིག་དགོས། །འབྱོར་ཚེ་ཅུང་ཟད་ཕན་སྲིད་ཀྱང་། །རྒུད་ཚེ་བརྙས་པའི་ཐོག་མར་འོང་། །ཟས་ནི་ཁམ་གང་བྱིན་ན་ཡང་། །དྲིན་འདྲེན་མ་ཎི་འདོན་འདོན་བྱེད། །ལྷག་པར་ཆོས་ལ་མར་བཤོལ་འདེབས། །ཐ་མ་ཆགས་སྡང་གྱོད་གཞི་ཅན། །སྡུག་ཚེ་མི་ཕན་བྱོལ་ནས་འགྲོ། །སྐྱིད་ཚེ་ཟ་གྲོགས་དེ་སྤོངས་ལ། །ཚོགས་དྲུག་རང་གྲོལ་མིང་ཅན་ཁྱོད། །གཉེན་ནི་འགྲོ་དྲུག་སེམས་ཅན་སྐྱོངས། །གྲོགས་སུ་ཆོས་མཛད་དམ་པ་སྟེན། །ལྟད་མོ་རང་གི་སེམས་ལ་ལྟོས། །བལྟ་རྒྱུ་ལེགས་པོ་དེ་ན་ཡོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །འཁོར་བའི་བཙོན་དོང་མཁར་ཁང་དེ། །དང་པོ་ས་རྡོ་ཤིང་གི་ཕྱིར། །ལུས་ཀྱིས་ངལ་དུབ་སྡུག་བསྔལ་མྱོང་། །བར་དུ་ཞིག་དོགས་ཐིགས་ཆག་བྱས། །ཐ་མར་ཞིག་ཅིང་རལ་ནས་འཕུང་། །སྔོན་གྱི་མི་དེའི་ཤུལ་འདི་ཞེས། །ཕྱིས་ཀྱི་མི་ཡིས་ཡང་ཡང་གླེང་། །གཙུག་ལག་ཁང་རྣམས་མ་གཏོགས་པར། །འཇིག་རྟེན་ཁང་བརྩིགས་དོན་མེད་ཡིན། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །མཁར་ཁང་རྒྱ་ཆེན་མ་

p. 35

བྱེད་པར། །བརྩིག་ན་བསམ་གཏན་མཁར་ཁང་རྩིགས། །ཕྱག་བདར་བྱིང་རྒོད་གཉིས་ལ་གྱིས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །དང་པོ་གཅོད་སྔགས་འཇིགས་འཇིགས་པོ། །འདྲེ་ལ་བརྡུང་བའི་མཐུ་ཆེན་པོ། །མགོ་ལ་དོམ་ལྤགས་ཁོར་ཞིག་གྱོན། །སྐྱེ་ལ་ཕྲེང་བ་ཉིས་ཚར་བྱས། །གློ་ལ་ལིང་སྒམ་རྐང་དུང་བཏགས། །ཡོན་བདག་རྣམས་ཀྱིས་མཐོང་མ་ཐག །ཨ་ཁུ་གཅོད་སྔགས་འོང་གི་ཟེར། །བཏགས་པའི་ར་ལུག་ས་ལ་བསྐྱེལ། །ལྟོ་ཕྲལ་པགས་པ་དམར་བཤུ་བྱས། །བར་དུ་བདུད་པོ་སྙིང་ནག་པོས། །ཁྲག་དང་ཤ་སྣ་ག་རེ་ཟེར། །རྒྱང་ནས་འབོད་པའི་སྐད་པོ་ཆེ། །ར་ལུག་གཡང་གཞི་མཁའ་ལ་བརྒྱངས། །གཅོད་སྔགས་ལུས་ལ་གཤིན་རྗེའི་སེམས། །ལུག་གི་པགས་པས་བཏུམས་པ་ཡི། །རྔ་ནག་རྡུང་བའི་སྙིང་ནག་པོ། །ཧཱུཾ་དང་ཕཊ་ཀྱི་ང་རོ་སྒྲོག །སོད་དང་གཏུབས་ཀྱིས་ལུང་བ་འགེངས། །ཁ་བཏུམས་གཏོར་གདན་གཏོར་གདུགས་ཞེས། །མི་དགོས་དགུ་དགོས་བརྣབ་སེམས་ཅན། །ཅུང་ཟད་ཙམ་ལ་མ་མགུ་ན། །མཐུ་སྡིགས་བྱེད་པའི་ཁོག་ནག་པོ། །ཐ་མ་འཁོར་བའི་གདུང་སེམས་ཅན། །གང་ཡོད་རྟ་ཡི་ཤ་བཏགས་བྱས། །མྱུར་དུ་རྟ་ལ་ཞོན་ནས་རྒྱུག །ལྷ་འདྲེའི་ཟ་སྐལ་འཕྲོག་པའི་སྟབས། །ཡུལ་དུ་ན་ཚ་གོད་ཁ་མང་། །ཧཱུྃ་ཕཊ་ཟེར་བའི་ངལ་མེད་པོ། །རྙེད་ཚད་གླུད་དང་ཡས་སུ་གཏོང་། །ཡར་ལ་འགྲོ་བའི་གོ་སྐབས་མེད། །ལོ་རེ་བཞིན་དུ་ཁ་

p. 36

ཐུར་འགྲོ། །ཤ་ཁྲག་མཆོད་པའི་གཅོད་སྔགས་ལ། །ཡེ་ཤེས་སྤྱན་ལྡན་རྒྱལ་བ་རྣམས། །དཔག་ཚད་མང་བོའི་བར་དུ་འབྲོས། །འཆི་ཁར་མནར་གཅོད་སྡུག་བསྔལ་ཆེ། །ཕྱི་མར་དམྱལ་བའི་གནས་སུ་ལྷུང་། །ཐར་ནས་ལྷ་མིར་སྐྱེས་ན་ཡང་། །ཚེ་ཐུང་ནད་མང་ཅན་དུ་སྐྱེ། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །མི་དགེ་སྡིག་པའི་ལག་པ་ཡིས། །དམྱལ་བའི་ཟངས་ཆེན་ཁ་མ་འབྱེད། །ཁྲོ་ཆུ་ཁོལ་མ་ཁར་མ་ཐུངས། །འདྲེ་འདུལ་གྲོང་ཆོག་བློས་ཐོངས་ལ། །དཀར་བོ་དགེ་བའི་ལྡེ་མིག་གིས། །མངོན་མཐོ་ལྷ་མིའི་གསེར་སྒོ་ཕྱེ། །བདེ་ཆེན་ཐར་བའི་གསེར་གླིང་སྙོགས། །གཏན་བདེའི་བཙན་ས་ཟིན་པར་མཛོད། །གལ་ཏེ་གྲོང་ཆོག་ཁྱོད་བྱེད་ན། །གཏོར་ཤའི་ར་ལུག་ཚེ་ཐར་གྱིས། །གལ་ཏེ་ཤ་ཁྲག་ཕུད་དགོས་ན། །སྔོན་ནས་སྟ་གོན་བྱས་ན་རྙེད། །གལ་ཏེ་བཙལ་ནས་མ་རྙེད་ཀྱང་། །ཟན་སོགས་རྣམ་པ་ཤ་ཁྲག་ལ། །ངོ་བོ་ཟག་མེད་བདུད་རྩི་རུ། །བྱིན་གྱིས་བརླབས་ནས་ཕུལ་ཆོག་པ། །བླ་མ་དམ་པའི་དགོངས་པ་ཡིན། །དེ་ལྟར་ལག་ཏུ་ལེན་ནུས་ན། །འདི་དང་ཕྱི་མའི་བདེ་སྐྱིད་འབྱུང་། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །དང་པོ་ལྷ་བུ་ཡིད་འོང་པོ། །གཅེས་ཀྱིན་ད་དུང་གཅེས་ན་སྙམ། །བརྩེ་བའི་སེམས་ལ་བཟོད་གླགས་མེད། །བར་དུ་ཁ་ཡི་ཟས་འཕྲོག་པོ། །མི་ཡི་བུ་མོ་ནང་དུ་བཅུག །དྲིན་ཅན་ཕ་མ་སྒོ་རུ་བཏོན། །ལྐོག་ཏུ་ཟས་ཀྱི་ཁ་ཞིམ་བྱས། །ཕ་ཡིས་བོས་ན་ལན་མི་སྟེར། །ཨ་མས་བོས་ཀྱང་ཨང་མི་ཁུག །ལ་ལས་མི་བསད་རྐུ་འཕྲོག་བྱས། །

p. 37

མཁར་ཞིང་ནོར་རྫས་གཞན་ལ་འཆོར། །སྡུག་བསྔལ་སེམས་ལ་བཟོད་གླགས་མེད། །ཕ་མར་བྱམས་པའི་བུ་ཚ་དཀོན། །ཆོས་བྱེད་བུ་ནི་དེ་བས་དཀོན། །མ་རབས་སྡིག་པའི་ལས་བྱས་ནས། །ཕ་མ་བུ་གསུམ་དམྱལ་བར་འགྲོ། །ཐ་མ་རང་སྐྱེས་སྙིང་ནག་དགྲ། །ཕ་ལ་འཕུང་རྒན་འཆི་མེད་ཟེར། །མ་ལ་འཆི་མེད་མ་འདི་ཞེས། །ཚིག་ངན་མཚོན་གྱི་ཆར་བ་འབེབས། །འདི་གཉིས་འཆི་དུས་མི་འདུག་ཟེར། །སྡང་མིག་ལྟ་ཞིང་རྡོག་ཐོས་བསྣུན། །སྡུག་བསྔལ་ཡི་མུག་གཏིང་ནས་སློང་། །མཚོན་གྱི་རྨ་ལ་སོས་དུས་ཡོད། །ཚིག་ངན་རྨ་ལ་སོས་དུས་མེད། །གྲང་ཞིང་ལྟོགས་ཀྱང་བཅོས་མ་ཟེར། །ཟས་ཞིམ་འཇམ་ཡང་གོས་འདོད་ཀྱང་། །གྲང་ལ་རྙོག་པའི་བཟའ་བཏུང་དང་། །ལྕི་ལ་ཧྲིལ་བོའི་དུག་པོ་བསྐོན། །བུ་ཡི་ལུས་ལ་གཤེད་མའི་སེམས། །དེ་ནས་ཕ་མ་ཤི་ཙ་ན། །མིག་སྔར་མྱ་ངན་ཅུང་ཟད་བྱེད། །མེད་དང་མུག་རབས་སྨྲེ་སྔགས་ནི། །རྒྱུན་དུ་མ་ཎི་བཞིན་དུ་འདོན། །ཉི་མ་ཁ་ཤས་སོང་འཕྲོ་ནས། །དྲན་རྒྱུ་ཕ་མའི་དྲིན་མི་དྲན། །མི་དྲན་རྒྱུ་ཡི་གླུ་དབྱངས་ལེན། །དེ་དུས་རང་ཉིད་འཆི་བདག་གིས། །འཆོར་མེད་ཞགས་པས་བཅིངས་ནས་འཁྲིད། །ཕྱི་ནས་ཕན་པའི་དགེ་རྩ་མེད། །སྔོན་ནས་རང་དབང་ཡོད་དུས་སུ། །བུ་ཚར་དགོས་སྙམ་ཆོས་མ་བྱས། །གཤིན་རྗེའི་དྲུང་དུ་སླེབས་པའི་དུས། །ཡི་མུག་སྙིང་རླུང་ཡང་ཡང་ལྡང་། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །མ་འདོད་མི་འདོད་བུ་མ་འདོད། །མ་གསོ་མ་གསོ་བུ་མ་གསོ། །

p. 38

སྤོང་ན་རང་སྐྱེས་དགྲ་བོ་སྤོངས། །གསོ་ན་རིག་པའི་ཁྱེའུ་ཆུང་གསོས། །བསྟེན་ན་དགེ་བའི་བཤེས་གཉེན་སྟེན། །འགྲོགས་ན་ཆོས་མཛད་གྲོགས་དང་འགྲོགས། །འདུག་ན་དབེན་པའི་རི་ལ་སྡོད། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །སྒྲོལ་ན་འཁོར་བའི་ཕ་རོལ་སྒྲོལ། །བསྙེག་ན་རྒྱལ་བའི་གོ་འཕང་སྙོགས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ཉིད་ཆོས་ལ་བསྐུལ་ཕྱིར་སྨྲས་པའོ། །བུ་མོ་དང་པོ་མཛེས་འཛུམ་མ། །བརྩེ་བའི་སེམས་ཀྱིས་གཅེས་ན་སྙམ། །ལས་ངན་དབང་གིས་ཁྱིམ་དད་ཆེ། །དོན་མེད་མི་ཡི་གཡོག་ལ་དགའ། །གྲོགས་ཀྱི་ཕྱོགས་སུ་ཤི་ལྕེབ་བྱེད། །དྲིན་ཅན་ཕ་མ་རྒྱབ་ཏུ་བོར། །གཅེས་ནོར་འཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མེད་མ། །ཕ་མར་དངོས་སུ་བསླངས་ནས་འཁྱེར། །མིང་བོས་ལྐོག་ཏུ་བརྐུས་ནས་འཁྱེར། །ཅི་ཙམ་བྱིན་ཀྱང་མགུ་དུས་མེད། །ཐ་མ་དྲི་མོ་གདོང་དམར་མ། །ཉེས་ན་ཕ་མའི་སྡུག་བསྔལ་གཞི། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །འཕུང་གཞི་བུ་མོ་མ་འདོད་པར། །ཡར་ལ་བླ་མ་དཀོན་མཆོག་མཆོད། །མར་ལ་དབུལ་ཕོངས་སྦྱིན་པ་ཐོངས། །རྒྱུན་དུ་དམ་པའི་ལྷ་ཆོས་མཛོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །རྗེ་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །བདག་སྣང་ངོར་ཐ་མལ་ཚུལ་འཛིན་པ། །ཕ་བཀའ་དྲིན་གསུམ་ལྡན་ཆོས་ཀྱི་རྒྱལ། །ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་སུ་གསོལ། །གྲོང་ཡུལ་ན་རྟག་ཏུ་སོ་ནམ་བྱེད། །དགོན་ན་ཡང་ཚོང་དང་བུན་བསྐྱེད་བྱེད། །དུས་དེང་

p. 39

སང་རི་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག །གྲོང་ཡུལ་ན་ནོར་ཕྱིར་ལུས་སྲོག་གཏོང་། །དགོན་ན་ཡང་ནོར་ཕྱིར་སྡོམ་པ་གཏོང་། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག །གྲོང་ཡུལ་ན་ཚེ་འདི་དོན་དུ་གཉེར། །དགོན་ན་ཡང་ཆོས་བརྒྱུད་དོན་དུ་གཉེར། །དུས་དེང་སང་རུ་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག །གྲོང་ཡུལ་ན་འཐབ་རྩོད་འཁྲུག་ལོང་བྱེད། །དགོན་ན་ཡང་ཕན་ཚུན་ཕྲག་དོག་བྱེད། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག །གྲོང་ཡུལ་ན་མི་དགེའི་སྡིག་ལ་རྔམས། །དགོན་ན་ཡང་འདོད་ཡོན་དཀོར་ལ་རྔམས། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག །གྲོང་ཡུལ་ན་བཟའ་ཚང་སྐྱོང་དགོས་མང་། །དགོན་ན་ཡང་དགོན་པའི་སྐྱོང་ཁུར་མང་། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག །གྲོང་ཡུལ་ན་རྣམ་གཡེང་འདུ་འཛི་བྱེད། །དགོན་ན་ཡང་ཆོས་མིན་བྱ་བ་བྱེད། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག །གྲོང་ཡུལ་ན་སྡུག་བསྔལ་མཚོ་ཆེན་བརྡོལ། །དགོན་ན་ཡང་ཆགས་སྡང་ཆུ་མིག་བརྡོལ། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །བདག་དབེན་པའི་

p. 40

དགའ་ཚལ་ཉམས་དགའ་བསྙེག །རྗེ་བཀའ་གདམས་རྣམ་ཐར་སྐྱོང་འདོད་དང་། །ཆོས་སྒྲུབ་པའི་རྒྱལ་མཚན་འཛིན་འདོད་རྣམས། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །གནས་དབེན་པའི་དགའ་ཚལ་ཉམས་དགར་ཤོག །ཆོས་སྙན་བརྒྱུད་བློ་སྦྱོང་སྐྱོང་འདོད་དང་། །ཆོས་བྱང་ཆུབ་ལམ་རིམ་བསྒོམ་འདོད་རྣམས། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །གནས་དབེན་པའི་དགའ་ཚལ་ཉམས་དགར་ཤོག །ལམ་བསྐྱེད་རྫོགས་ཟབ་མོ་བསྒོམ་འདོད་དང་། །ལམ་འོད་གསལ་རྫོགས་ཆེན་བསྒོམ་འདོད་རྣམས། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །གནས་དབེན་པའི་དགའ་ཚལ་ཉམས་དགར་ཤོག །ཚེ་འདི་ལ་ཕྱི་མིག་མི་བལྟ་བར། །ཚེ་སྒྲུབ་པ་སྙོམས་འདོད་སྐལ་ལྡན་ཀུན། །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད། །གནས་དབེན་པའི་དགའ་ཚལ་ཉམས་དགར་ཤོག །དགེ་འདིས་ཀྱང་རང་གཞན་ལ་ཕན་ནས། །རྗེ་དམ་པ་གོང་མའི་རྣམ་ཐར་བཞིན། །གནས་དབེན་པའི་དགའ་ཚལ་བསྟེན་ནས་ཀྱང་། །ཆོས་ཉམས་སུ་བླངས་ནས་འཚང་རྒྱ་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །རྗེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །ཕ་ཆོས་རྒྱལ་ངག་གི་དབང་བོ་ལ། །བདག་སྙིང་ནས་དད་པས་གསོལ་བ་འདེབས། །སེམས་གྱོང་བོ་ཐུལ་བར་བྱིན་གྱིས་རློབས། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །སྨན་ལྗོངས་དང་ནགས་ཚལ་གངས་རིས་མཛེས། །ཟས་རང་གྲུབ་ཤིང་ཐོག་ཚོད་མ་མོད། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །

p. 41

གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །བྱ་ཁུ་བྱུག་སྔོན་མོས་སྐད་སྙན་འབྱིན། །ཆུ་གཙང་མས་ལྷུང་ལྷུང་སྙན་པ་སྒྲོག །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །གྲོགས་རི་དྭགས་བག་ཕེབས་རྒྱུ་ཞིང་རྩེ། །མདོག་རབ་མཛེས་མེ་ཏོག་གཅལ་དུ་བཀྲམ། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །སུས་མ་བྱས་རང་བྱུང་བྲག་ཁུང་དེ། །དགུན་དྲོ་ཞིང་དབྱར་དུས་རབ་ཏུ་བསིལ། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །དགྲ་གཉེན་གཉིས་གང་དང་འབྲེལ་བ་མེད། །ཆགས་སྡང་གི་ཟག་པ་ངང་གིས་འགྲིབ། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །གཞན་ཆེ་ཆུང་མི་ཡི་རྒྱུ་འགྲུལ་མེད། །སེམས་གཡོ་སྒྱུ་ཚུལ་འཆོས་ངང་གིས་འགྲིབ། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །ཚེ་འདི་ཡི་རྣམ་གཡེང་འདུ་འཛི་མེད། །རང་གཅིག་པུར་དགེ་སྦྱོར་ངང་གིས་འཕེལ། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །དུས་བཞི་བོ་རིམ་གྱིས་འགྱུར་བའི་ཚེ། །ཚེ་མི་རྟག་དྲན་ནས་སྐྱོ་ཤས་འཕེལ། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །བློ་རྣམ་རིག་དབང་བོ་རབ་ཏུ་གསལ། །

p. 42

ཉམས་རྟོགས་པའི་ཡོན་ཏན་ངང་གིས་འཆར། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །ཁོང་བླ་མ་མཁས་གྲུབ་མང་བོ་བཞུགས། །།ནང་སེམས་ལ་ཕན་པའི་མགུར་དབྱངས་ལེན། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །རྗེ་བླ་མ་ལྷ་ཡིས་བྱིན་གྱིས་རློབ། །མ་མཁའ་འགྲོའི་ཚོགས་ཀྱིས་དངོས་གྲུབ་སྟེར། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །དཔའ་ཆོས་སྐྱོང་སྲུང་མས་བར་ཆད་བསྲུང་། །ལྷ་དཀར་ཕྱོགས་རྣམས་ཀྱིས་མཐུན་རྐྱེན་སྦྱོར། །བདེ་སྐྱིད་གཉིས་རི་ཁྲོད་གནས་ན་ཡོད། །ང་རྣལ་འབྱོར་ཚེ་ལྷག་རི་ལ་སྐྱེལ། །མི་སྐལ་ལྡན་ཡོད་ན་རི་ལ་ཤོག །དུས་ཀུན་ཏུ་རི་ཁྲོད་དབེན་པ་བསྟེན། །ཚེ་འདི་ནས་བདེ་ནས་བདེ་བར་འགྲོ། །ང་བཟའ་མེད་དགོས་མེད་སློང་མོ་བ། །འཁོར་གཡོག་མེད་དཔོན་མེད་རང་གཅིག་པུར། །གནས་མི་མེད་ཁྱི་མེད་ལུང་སྟོང་ན། །འཕྲལ་དཔག་མེད་ཚད་མེད་སྐྱིད་ནས་བླངས། །གླུ་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱང་། །རྒྱུད་དམ་པའི་ཆོས་ལ་རབ་ཕྱོགས་ནས། །ནང་སེམས་ཉིད་གྱོང་བོ་འདུལ་ཕྱིར་དུ། །གནས་དབེན་པའི་རི་ངོགས་བསྟེན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོས་གྱིས་སྨྲས་པའོ། །མ་ནོར་ཐར་བའི་ལམ་སྟོན་པའི། །མཚན་ལྡན་རྩ་བའི་བླ་མ་ཡི། །ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་འདི་མི་རྟག་སྐར་

p. 43

མདའ་བཞིན། །ལང་ཚོ་སྟོན་དུས་མེ་ཏོག་འདྲ། །དབང་མེད་འཇིག་རྟེན་ཕ་རོལ་འགྲོ། །འཆི་ཁར་མི་འགྱོད་ཆོས་ཤིག་དགོས། །ད་ལྟའི་དུས་འདིར་ལེ་ལོ་དང་། །རྣམ་གཡེང་ངང་ལ་ཚེ་ཤོར་ན། །ཕྱི་མར་གར་སྐྱེ་ཆ་མེད་པས། །འཆི་ཁར་མི་འགྱོད་ཆོས་ཤིག་དགོས། །འཇིག་རྟེན་ཕྱི་མར་འགྲོ་བའི་ཚེ། །ཉེ་འབྲེལ་ནོར་རྫས་ཤུལ་དུ་བཞག །རང་གི་ལུས་ཀྱང་འདོར་དགོས་པས། །འཆི་ཁར་མི་འགྱོད་ཆོས་ཤིག་དགོས། །གློ་བུར་འཆི་བ་བྱུང་བའི་དུས། །དམ་པའི་ལྷ་ཆོས་མ་གཏོགས་པ། །གཞན་རྣམས་ཀུན་གྱིས་བསླུ་བར་ངེས། །འཆི་ཁར་མི་འགྱོད་ཆོས་ཤིག་དགོས། །རང་དབང་ད་ལྟ་ཡོད་དུས་འདིར། །དམ་པའི་ལྷ་ཆོས་མ་བྱས་ན། །རང་གིས་རང་ཉིད་བསླུས་པ་ཡིན། །འཆི་ཁར་མི་འགྱོད་ཆོས་ཤིག་དགོས། །དེ་ཕྱིར་གྲོས་འདི་གསན་ནས་ཀྱང་། །མི་དགེའི་སྡིག་ལ་རབ་ཏུ་འཛེམ། །ཚོགས་གཉིས་བྲེ་གསོག་ཕུལ་གསོག་གྱིས། །འཆི་ཁར་མི་འགྱོད་དགའ་བར་ངེས། །དུས་གསུམ་བདག་གིས་ཅི་བསགས་དགེ ། ཁམས་གསུམ་འགྲོ་ལ་མྱུར་སྨིན་ནས། །དུས་གསུམ་ཉོན་མོངས་ལས་གྲོལ་ཏེ། །སྐུ་གསུམ་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ། དྲིན་ཅན་གྱི་བླ་མ་ཆོས་རྒྱལ་རྗེ། །བྱང་ཆུབ་ཀྱི་བར་དུ་བདག་སྐྱོངས་ཤིག །རེབ་གོང་གི་ཡུལ་སྐྱེས་བྱ་བཏང་ངས། །རང་ཉིད་ལ་རང་གིས་སྙིང་གཏམ་སྨྲ། །ཨའོ་ཁྱོད་གཏམ་གྱི་རང་ཚོད་ཟུངས། །ལབ་ལབ་གཏམ་ཧ་ཅང་མང་དྲགས་

p. 44

ན། །ཚིག་མདའ་དེ་གཞན་ལ་འཕོག་དོགས་ཡོད། །འཆལ་གཏམ་གྱི་སྨྲ་བ་ཉུང་ན་བཟང་། །ཨའོ་ཁྱོད་ཟས་ཀྱི་རང་ཚོད་ཟུངས། །ཟ་མ་ཡིས་ཧ་ཅང་འགྲང་དྲགས་ན། །གཏི་མུག་གི་གཉིད་ཀྱིས་དགེ་སྦྱོར་ཆག །དཀའ་ཐུབ་དང་བཅུད་ལེན་བྱས་ན་བཟང་། །ཨའོ་ཁྱོད་གོས་ཀྱི་རང་ཚོད་ཟུངས། །མཆོར་བོ་ལ་ཧ་ཅང་དགའ་དྲགས་ན། །མི་ཚེ་ནི་ཡད་མ་ཡུད་ལ་འཆོར། །ངན་ངོན་གྱི་གོན་པ་གྱོན་ན་བཟང་། །ཨའོ་ཁྱོད་གྲོགས་ཀྱི་རང་ཚོད་ཟུངས། །གྲོགས་པོ་དེ་ཧ་ཅང་མང་དྲགས་ན། །སྡིག་གྲོགས་དང་དགེ་གྲོགས་སྣ་ཚོགས་ཡོད། །ཆོས་གྲོགས་ནི་རེ་རེ་ཙམ་བསྟེན་བཟང་། །ཨའོ་ཁྱོད་གནས་ཀྱི་རང་ཚོད་ཟུངས། །གནས་གཅིག་ཏུ་ཧ་ཅང་བསྡད་གྲགས་ན། །ཆགས་སྡང་དང་གཏམ་ངན་སྣ་ཚོགས་འོང་། །ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་ན་བཟང་། །ཨའོ་ཁྱོད་གང་ལའང་རང་ཚོད་ཟུངས། །བྱ་བྱེད་དེ་ཧ་ཅང་མང་དྲགས་ན། །ཉམས་ལེན་ནི་འོང་བ་དཀའ་མོར་གདའ་། །བྱར་མེད་ཀྱི་བྱ་བཏང་བྱས་ན་བཟང་། །ཞེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཆོས་ཀྱི་རྒྱལ་པོའི་ཞབས་པད་ལ། །ཡང་ཡང་གུས་པས་གསོལ་བ་འདེབས། །དེང་ནས་བྱང་ཆུབ་མ་ཐོབ་བར། །འབྲལ་བ་མེད་པར་བདག་སྐྱོངས་ཤིག །གསོན་དང་སྐལ་ལྡན་བྱ་བཏང་བ། །ཕན་པའི་སྙིང་གཏམ་ཟབ་མོ་ཞིག །སྙིང་ནས་བཤད་ཀྱིས་འདི་དག་རྣམས། །སྙིང་ལ་ཆོངས་ལ་དམ་ཆོས་མཛོད། །ཚེ་སྔོན་བསོད་རྣམས་བསགས་པའི་མཐུས། །ཚེ་འདིར་རྙེད་དཀའི་རྟེན་

p. 45

བཟང་ཐོབ། །མཇལ་དཀའ་ཆོས་དང་མཇལ་དུས་འདིར། །སྙིང་ནས་དམ་པའི་ལྷ་ཆོས་མཛོད། །ད་ལྟར་རང་དབང་རང་ལ་ཡོད། །སོ་ཐར་བྱང་སེམས་བླ་མེད་ཀྱི། །སྡོམ་གསུམ་རྒྱུད་ལ་ཚང་དུས་འདིར། །སྙིང་ནས་དམ་པའི་ལྷ་ཆོས་མཛོད། །མཚན་ལྡན་བླ་མས་སྐལ་ལྡན་ལ། །གདམས་ངག་ཐུགས་ཀྱི་ཡང་ཞུན་དེ། །གང་ལ་གང་འདོད་གནང་དུས་འདིར། །སྙིང་ནས་དམ་པའི་ལྷ་ཆོས་མཛོད། །རང་སེམས་སྐྱེ་མེད་སྤྲོས་བྲལ་དོན། །གནས་ལུགས་མངོན་སུམ་བསྟན་པའི་ཚེ། །རང་སེམས་རང་ངོ་འཕྲོད་དུས་འདིར། །སྙིང་ནས་དམ་པའི་ལྷ་ཆོས་མཛོད། །དགེ་འདིས་རང་གཞན་ཐམས་ཅད་ཀྱིས། །སྔོན་བྱོན་དམ་པའི་རྣམ་ཐར་ལྟར། །དམ་པའི་ལྷ་ཆོས་ཉམས་བླངས་ནས། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །བཀའ་དྲིན་གསུམ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨོར་གུས་པས་འདུད། །བླ་མ་བཟང་རུང་ཕན་པ་མེད། །གསོལ་བ་འདེབས་དགོས་རི་ཁྲོད་པ། །མི་ལུས་ཐོབ་པ་ད་རེས་ཡིན། །སྟོང་ལོག་མ་བྱེད་རི་ཁྲོད་པ། །འཆི་བ་ནམ་འོང་ངེས་པ་མེད། །བློ་རྒྱ་མ་ཆེ་རི་ཁྲོད་པ། །ཡུལ་མི་ཁྱིམ་མཚེས་ཤི་བ་རྣམས། །བྱ་གཏོང་ཡིན་ནོ་རི་ཁྲོད་པ། །འདོད་ཡོན་སྤྱད་ཀྱང་ངོམས་པ་མེད། །ཞེན་པ་མ་བྱེད་རི་ཁྲོད་པ། །བྱས་པའི་ལས་ལ་ཚར་དུས་མེད། །བྱ་བ་ཐོངས་ཤིག་རི་ཁྲོད་པ། །ཕ་ཡུལ་བདུད་ཀྱི་བཙོན་ར་འདྲ། །གཏན་ནས་སྤོངས་ཤིག་

p. 46

རི་ཁྲོད་པ། །དགེ་སྡིག་ལས་ལ་བསླུ་བ་མེད། །སྤང་བླང་མཛོད་ཅིག་རི་ཁྲོད་པ། །འཁོར་བའི་གནས་ན་བདེ་བ་མེད། །ཐར་ལམ་སྒྲུབས་ཤིག་རི་ཁྲོད་པ། །རང་ཉིད་བདེ་འདོད་ཐེག་དམན་ཡིན། །སེམས་བསྐྱེད་མ་ཆུང་རི་ཁྲོད་པ། །ཉམས་ལེན་མང་བོ་དགོས་པ་མེད། །གཅིག་ལ་དྲིལ་ཅིག་རི་ཁྲོད་པ། །ཚེ་འདིའི་བྱ་བ་བློས་ཐོངས་ལ། །དབེན་པ་སྟེན་ཅིག་རི་ཁྲོད་པ། །འདི་བཞིན་མཛད་ན་བདེ་སྐྱིད་ཀྱི། །ཉི་མ་འཆར་རོ་རི་ཁྲོད་པ། །དགེ་འདིས་རང་གཞན་ཐམས་ཅད་ཀྱི། །བློ་ཁ་ཆོས་ལ་ཕྱོགས་པར་ཤོག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །སྤྱི་གཙུག་སེང་གེས་བཏེགས་པའི་ཁྲི་སྟེང་དུ། །ཡོན་ཏན་དུ་མའི་ཚོགས་ཀྱིས་རབ་བརྒྱན་པའི། །སྐྱོན་གྱིས་མ་གོས་དྲིན་ཅན་ཆོས་ཀྱི་རྒྱལ། །མི་འབྲལ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །ངོ་ཚའི་གོས་ཀྱི་མཆོག་ནི་ཚུལ་ཁྲིམས་ཡིན། །དུ་ཀཱུ་ལ་ཡི་གོས་ཀྱིས་གཡོགས་ཀྱང་མིན། །ལུས་ནི་རབ་ཏུ་མཛེས་པར་ཁྱོད་འདོད་ན། །ཚུལ་ཁྲིམས་གོས་གྱོན་ཀུན་གྱི་མིག་ཏུ་མཛེས། །སྤྱི་བོའི་གཙུག་གི་རྒྱན་མཆོག་བླ་མ་ཡིན། །ཀླུ་དབང་གཙུག་གི་ནོར་བུས་སྤྲས་ཀྱང་མིན། །སྤྱི་བོའི་གཙུག་དེ་རབ་ཏུ་མཛེས་འདོད་ན། །བླ་མས་གཙུག་རྒྱན་གྱིས་དང་ཀུན་གྱིས་སྨོན། །རྣ་རྒྱན་མཆོག་ནི་མདོ་སྔགས་ཐོས་པ་ཡིན། །རིན་པོ་ཆེ་ཡི་རྣ་རྒྱུན་བཏགས་ཀྱང་མིན། །རྣ་བ་རབ་ཏུ་མཛེས་པ་ཁྱོད་འདོད་ན། །ཐོས་པའི་རྒྱན་དེ་ཐོགས་དང་གཞན་ངོར་མཛེས། །མགུལ་བའི་རྒྱན་གྱི་མཆོག་ནི་ལེགས་བཤད་ཡིན། །རིན་ཆེན་སྣ་བདུན་དོ་ཤལ་

p. 47

འཆིང་ཀྱང་མིན། །མགྲིན་པ་རབ་ཏུ་མཛེས་པར་ཁྱོད་འདོད་ན། །ལེགས་བཤད་རྒྱུན་དེ་གསོལ་དང་གཞན་ཡིད་འཕྲོག །ལག་པའི་རྒྱན་གྱི་མཆོག་ནི་སྦྱིན་གཏོང་ཡིན། །རིན་ཆེན་གསེར་གྱི་གདུ་བུས་བརྒྱན་ཀྱང་མིན། །ལག་པ་རབ་ཏུ་མཛེས་པར་ཁྱོད་འདོད་ན། །གཏོང་བའི་རྒྱན་གྱིས་བརྒྱན་ན་ཀུན་གྱིས་སྨོན། །དགེ་འདིས་རང་ཉིད་རྒྱན་མཆོག་འདི་རྣམས་ཀྱིས། །སྤྲས་ནས་གར་སོང་མཐོང་ཐོས་འགྲོ་རྣམས་ཀྱི། །དབང་མེད་ཡིད་འཕྲོག་དེ་དག་ཐམས་ཅད་ཀྱང་། །རྒྱུན་གཞན་བོར་ནས་རྒྱན་མཆོག་འདི་གསོལ་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ཉིད་ལ་སྨྲས་པའོ། །མི་ངའི་འདི་ཕྱིའི་སྐྱབས་མགོན་ཆོས་རྒྱལ་རྗེ། །མི་འབྲལ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །དལ་མེད་ཆོས་ལ་འབུངས་ཤིག་བྱ་བཏང་པ། །འཆི་བ་གློ་བུར་ནམ་འོང་ཆ་མེད་པས། །འཆི་ཆོས་སྙིང་ནས་གྱིས་ཤིག་བྱ་བཏང་པ། །ལས་ཀྱི་འབྲས་བུས་ནམ་ཡང་མི་བསླུ་བས། །ལས་འབྲས་ཞིབ་མོ་གྱིས་ཤིག་བྱ་བཏང་པ། །འཁོར་བའི་ཆོས་ལ་སྙིང་བོ་ཏིལ་ཙམ་མེད། །འཁོར་དང་ལོངས་སྤྱོད་སྤོངས་ཤིག་བྱ་བཏང་པ། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ལགས། །དབེན་གནས་རི་ཁྲོད་ཟུངས་ཤིག་བྱ་བཏང་པ། །རྣམ་གཡེང་ངོ་སྲུང་མཐུན་འཇུག་བྱ་བ་རྣམས། །རྣམ་པ་ཀུན་ཏུ་སྤོངས་ཤིག་བྱ་བཏང་པ། །ཅི་ལའང་མ་ཆགས་མཚན་ལྡན་བླ་མའི་གསུང་། །

p. 48

ཅི་བཞིན་བསྒྲུབ་ལ་གཞོལ་ཞིག་བྱ་བཏང་པ། །གཞན་རྣམས་ཐམས་ཅད་བདེ་ལ་འགོད་འདོད་བློས། །གཞན་ཕན་ཐབས་ལ་འབོད་ཅིག་བྱ་བཏང་པ། །གང་ཤར་ཐམས་ཅད་སེམས་ཀྱི་རོལ་བ་སྟེ། །གང་ལའང་དགག་སྒྲུབ་མ་བྱེད་བྱ་བཏང་པ། །བསྒོམ་བྱ་སྒོམ་བྱེད་བློ་དང་བྲལ་བ་ཡིན། །སྒོམ་མེད་གནས་ལུགས་སྐྱོངས་ཤིག་བྱ་བཏང་པ། །སྣང་སྟོང་གཉིས་མེད་རང་བྱུང་འོད་གསལ་གྱི། །སྣང་བཞིའི་ཉམས་ལེན་གྱིས་ཤིག་བྱ་བཏང་པ། །མདོར་ན་སྒོམ་ཡུན་མ་ཐུང་ཚེ་དང་སྙོམས། །མདོར་བསྡུས་གནད་འགག་ཡིན་ནོ་བྱ་བཏང་པ། །ཚོགས་དྲུག་རང་གྲོལ་འདི་བཞིན་ཉམས་བླངས་ན། །ཚོགས་རྫོགས་སྒྲིབ་སྦྱང་སངས་རྒྱས་འཐོབ་པར་འགྱུར། །བདག་གིས་འདིས་མཚོན་དགེ་བ་ཅི་བསགས་པ། །བདག་གཞན་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །གསུམ་ལྡན་གྱི་བླ་མ་ཐམས་ཅད་མཁྱེན། །གུས་ལྡན་གྱི་བུ་ལ་རྒྱང་ནས་གཟིགས། །ཆོས་པའི་གཟུགས་ཆོས་མེད་བྱ་བྲལ་ངས། །རང་ཉིད་ཀྱིས་རང་ལ་སྙིང་གཏམ་སྨྲ། །བླ་མ་ལ་མོས་གུས་མ་སྐྱེས་པར། །ཉམས་མྱོང་ནི་བཟང་བོ་སྐྱེས་ཟེར་རྫུན། །ལོ་ཟླ་ཡི་མཚམས་ཡང་མ་བྱས་པར། །ཡི་དམ་ལྷའི་ཞབས་མཐོང་ཟེར་བའང་རྫུན། །མི་རྟག་དང་འཁོར་བའི་ཉེས་དམིགས་གཉིས། །མ་དྲན་པར་ཚེ་བློས་ཐོངས་ཟེར་རྫུན། །ལས་འབྲས་ལ་ཡིད་ཆེས་མ་རྙེད་པར། །སྡིག་པ་ཁོས་མ་བྱས་ཟེར་བ་རྫུན། །ཕན་ཐོགས་ནི་རྡུལ་ཙམ་མེད་བཞིན་དུ། །

p. 49

བྱམས་སྙིང་རྗེ་བྱང་སེམས་སྐྱེ་ཟེར་རྫུན། །ཀུན་རྫོབ་ཆོས་བདེན་མེད་མ་རྟོགས་པར། །ལྟ་བ་ཁོས་རྟོགས་ཞེས་ཟེར་བའང་རྫུན། །འདི་དྲུག་ནི་འཕྲལ་དུ་བྱུང་དོགས་འདུག །འདི་དག་ལ་རྒྱུན་དུ་དོགས་ཟོན་མཛོད། །ཚེ་འདི་ཡི་བྱ་བར་བློ་ལོག་ན། །ལྟོ་གོས་ཀྱིས་ཕོངས་ཀྱང་རང་མི་འགྱོད། །བླ་མ་ཡི་བཀའ་དང་མ་འགལ་ན། །དམ་ཚིག་ཉམས་ཟེར་ཡང་རང་མི་འགྱོད། །དལ་འབྱོར་རྟེན་ཆུད་ཟོས་མ་བྱས་ན། །ཆོས་མ་བྱས་ཟེར་ཡང་རང་མི་འགྱོད། །རང་སེམས་ལ་གཡོ་སྒྱུ་མ་མཆིས་ན། །འཕགས་པ་རྣམས་མ་མཉེས་ཟེར་མི་འགྱོད། །སྟོང་ཉིད་དང་སྙིང་རྗེ་མ་བྲལ་ན། །ཆོས་སྤྱོད་ཞན་ཟེར་ཡང་རང་མི་འགྱོད། །མཉམ་པ་ཉིད་རྟོགས་པ་ཤར་བ་ན། །གང་ཟག་གིས་གཤེ་ཡང་མི་འགྱོད་པས། །དེ་དྲུག་དང་ལྡན་པ་ཞིག་བྱེད་དགོས། །དེ་རྣམས་ནི་རྒྱུད་ལ་ཨེ་སྦྱོར་ལྟོས། །སྦྱིན་པ་ཡི་ལག་པ་འཁུམ་མི་འཁུམ། །ཟས་ནོར་གྱི་ཁ་ཆར་བབས་ན་མངོན། །ཚུལ་ཁྲིམས་ཀྱི་རྒྱན་ལ་གཟབ་མི་གཟབ། །གྲོང་ཡུལ་གྱི་འདམ་དུ་ཚུད་ན་མངོན། །བཟོད་པ་ཡི་གོ་ཁྲབ་སྲ་མི་སྲ། །ཚིག་ངན་གྱི་མདའ་ཡིས་བརྒྱབ་ན་མངོན། །བརྩོན་འགྲུས་ཀྱི་རྟ་ཕོ་མགྱོགས་མི་མགྱོགས། །ཐོས་བསམ་སྒོམ་ཐང་ལ་བརྒྱུགས་ན་མངོན། །བསམ་གཏན་གྱི་སྐུ་མཁར་བརྟན་མི་བརྟན། །བྱིང་རྒོད་ཀྱི་ཆུ་ལོག་བརྒྱུགས་ན་མངོན། །ཤེས་རབ་ཀྱི་མདུང་རིང་རྣོ་མི་རྣོ། །བདག་འཛིན་གྱི་སྙིང་ལ་

p. 50

བཏབ་ན་མངོན། །འདི་དྲུག་དུས་བཟང་ངན་མཚང་དེ་སྟོན། །འདི་དུས་སུ་ལྟད་མོ་ཁྱོད་ལ་བལྟ། །གླུ་དབྱངས་འདི་བླངས་པའི་བསོད་ནམས་ཀྱིས། །རང་གཞན་ཀུན་ཆོས་དང་མཐུན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །རྒྱལ་ཀུན་གསང་བའི་མཛོད་འཛིན་པདྨ་འབྱུང་། །དེ་ཡི་གསུང་རྒྱུན་ལེགས་བཤད་བདུད་རྩིའི་བཅུད། །ལེགས་པར་མྱངས་པའི་རྒྱལ་སྲས་འགྲོ་བའི་མགོན། །སྐྱེ་རྒུའི་གཙུག་རྒྱན་ཆོས་རྒྱལ་ཞབས་ལ་འདུད། །ཁྲེགས་ཆོད་ལྟ་བའི་གནས་ལུགས་སྐྱོང་བའི་ཚེ། །དེ་ལ་གནད་ཀྱི་གདམས་པ་འདི་རྣམས་གཅེས། །ཉམས་ནི་བཟང་བོ་ཅི་ལྟར་སྐྱེས་ན་ཡང་། །དེ་ལ་ཆགས་ཞེན་ཡུད་ཙམ་མེད་པ་གཅེས། །རྩུབ་ཉམས་མི་བདེ་བ་ནི་ཅི་བྱུང་ཡང་། །དེ་ཡི་ངོ་བོ་ལྟ་བ་ཤིན་ཏུ་གཅེས། །རྟོགས་པ་མཐོ་མཐོ་འདྲ་བ་ཅི་སྐྱེས་ཀྱང་། །དེ་ལ་ངར་འཛིན་རློམ་སེམས་མེད་པ་གཅེས། །རྟོགས་པ་ཇི་ལྟར་མཐོ་ཡང་བསོད་ནམས་ཚོགས། །བསགས་པ་དག་ལ་འབད་པ་ཤིན་ཏུ་གཅེས། །འཁོར་བ་རང་བཞིན་མེད་པར་ཤེས་ན་ཡང་། །སྡིག་ལྟུང་ཕྱོགས་ལ་འཛེམ་པ་རབ་ཏུ་གཅེས། །རང་སེམས་སངས་རྒྱས་ཉིད་དུ་ཐག་ཆོད་ཀྱང་། །སྐྱབས་འགྲོ་མཆོད་བསྟོད་སོགས་ལ་འབད་པ་གཅེས། །རང་ལུས་ཡི་དམ་ལྷ་རུ་ཐག་ཆོད་ཀྱང་། །བསྐྱེད་རིམ་བཟླས་བརྗོད་མི་བསྐྱུར་བྱེད་པ་གཅེས། །སེམས་ཅན་མི་དམིགས་པར་ནི་མཐོང་ན་ཡང་། །བྱམས་དང་སྙིང་རྗེའི་སྨོན་ལམ་གདབ་པ་གཅེས། །བླ་མ་རང་སེམས་

p. 51

ཡིན་པ་རྟོགས་ན་ཡང་། །དྲིན་ཅན་བླ་མར་མོས་གུས་བྱེད་པ་གཅེས། །དེ་རྣམས་ཉམས་སུ་བླངས་ན་གོལ་ས་དང་། །གེགས་རྣམས་ཐམས་ཅད་གྲོལ་བས་ཤིན་ཏུ་གཅེས། །གླུ་འདིས་རང་གཞན་ཡོངས་ལ་ཕན་ཐོགས་ནས། །གེགས་དང་གོལ་ས་ཀུན་ལས་གྲོལ་བར་ཤོག །ཅེས་པ་འདི་ཡང་མཁས་གྲུབ་ར་ག་ཨ་སྱའི་གསུང་ལྟར་ཚོགས་དྲུག་རང་གྲོལ་གྱིས་རང་ལ་ཚིགས་བཅད་དུ་བླངས་པའོ། །ཆོས་དབྱིངས་ཀྱི་ནམ་མཁའ་ལས་མ་གཡོས་པ་བཞིན། །ངོ་མཚར་གྱི་གཟུགས་སྐུ་ཡི་འཇའ་ཚོན་དེ་བསྟན། །སྐལ་ལྡན་གྱི་བྱིས་པའི་ཡིད་དབང་མེད་དུ་འཕྲོག །རབ་མཛེས་ཀྱི་གཙུག་གི་རྒྱན་ཆོས་རྒྱལ་ལ་འདུད། །དད་གུས་ཀྱི་གཡང་མོ་ཡི་ལུག་དཀར་ནི་ཁྱོད། །དགེ་སྦྱོར་གྱི་རི་ཁ་རུ་འགྲོ་བ་ཡི་ཚེ། །རྣམ་གཡེང་གི་རི་སྤྱང་གིས་འཛིན་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །བརྩོན་འགྲུས་ཀྱི་མྱུར་མགྱོགས་པའི་རྟ་ཕོ་ནི་ཁྱོད། །ཐོས་བསམ་གྱི་ཐང་ཡངས་སུ་རྒྱུག་པ་ཡི་ཚེ། །ལེ་ལོ་ཡི་འོབས་ནང་དུ་ལྷུང་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །དག་སྣང་གི་གསེར་མིག་གི་ཉ་མོ་ནི་ཁྱོད། །མཆེད་གྲོགས་ཀྱི་རྒྱ་མཚོ་ལ་ཕྱིན་པ་ཡི་ཚེ། །ཆགས་སྡང་གི་ལྕགས་ཀྱུ་ཡིས་འཛིན་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །ཚུལ་ཁྲིམས་ཀྱི་ཤ་བ་ཡི་རྭ་རིང་ནི་ཁྱོད། །ཞི་དུལ་གྱི་སྤང་གཞོངས་སུ་ཉལ་བ་ཡི་ཚེ། །ཉེས་སྤྱོད་ཀྱི་ཤ་

p. 52

ཁྱི་ཡིས་འཛིན་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །བསམ་བཟང་གི་ཁྲི་སྙན་གྱི་ས་ལེ་ནི་ཁྱོད། །ཆོས་བཤད་ཀྱི་ལམ་ཆེན་ལ་རྒྱུ་བ་ཡི་ཚེ། །ཞེ་སྡང་གི་རྔོན་པ་ཡིས་གསོད་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །ཁྲེལ་ཡོད་ཀྱི་མཛེས་མ་ནི་ཕྲ་མོ་ཡི་ཁྱོད། །དྲན་ཤེས་ཀྱི་རྒྱུན་བཟང་གིས་སྤྲས་པ་ཡི་ཚེ། །ལོག་སྤྱོད་ཀྱི་མི་གཙང་གིས་གོས་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །ཤེས་རབ་ཀྱི་སྨྲ་མཁས་ཡི་ནེ་ཙོ་ནི་ཁྱོད། །རྩོམ་པ་ཡི་ཞིང་ནང་དུ་འགྲོ་བ་ཡི་ཚེ། །ང་རྒྱལ་གྱི་ཁྲ་ཡིས་ནི་འཛིན་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །སྐྱོ་ཤས་ཀྱི་མཐིང་རིལ་ནི་སྔོན་མོ་ཡི་ཁྱོད། །གླུ་དབྱངས་ཀྱི་སྐད་སྙན་ནི་འབྱིན་པ་ཡི་ཚེ། །འདོད་ཡོན་གྱི་སེར་བ་ཡིས་འཕོག་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །འདོད་ཆུང་གི་བྱ་རྒྱལ་ནི་རྒོད་པོ་ཡི་ཁྱོད། །ཆོག་ཤེས་ཀྱི་རི་རྩེ་རུ་འགྲོ་བ་ཡི་ཚེ། །མངོན་ཞེན་གྱི་རྙི་ཕྲ་ཡིས་འཛིན་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །བསྙེན་སྒྲུབ་ཀྱི་རྒྱ་སྟག་ནི་ཁྲ་བོ་ཡི་ཁྱོད། །མཚམས་བཅད་ཀྱི་ནགས་ཁྲོད་དུ་རྒྱུ་བ་ཡི་ཚེ། །གཏི་མུག་གི་ས་མདའ་ཡིས་གསོད་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །ལྟ་བ་ཡི་ཁྱུང་ཆེན་ནི་རྩལ་ལྡན་གྱི་ཁྱོད། །ཆོས་དབྱངས་ཀྱི་ནམ་མཁའ་ལ་འཕུར་བ་ཡི་ཚེ། །ཕྱོགས་རིས་ཀྱི་དོག་ས་རུ་ཚུད་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །

p. 53

སྒོམ་པ་ཡི་དར་སེང་གི་དཀར་མོ་ནི་ཁྱོད། །བདེ་གསལ་གྱི་གཡའ་སྔོན་ཟུར་འགྲིམ་པ་ཡི་ཚེ། །བྱིང་རྒོད་ཀྱི་བུ་ཡུག་དེ་འཚུབ་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །སྤྱོད་པ་ཡི་བྲེ་སེར་འབྲོང་རྭ་སྔོན་ནི་ཁྱོད། །བླང་དོར་མེད་རྫ་རི་དེ་འགྲིམ་པ་ཡི་ཚེ། །ཚུལ་འཆོས་ཀྱི་རྦབ་རྡོ་ཡིས་གསོད་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །འབྲས་བུ་ཡི་དེད་དཔོན་ནི་དོན་འགྲུབ་ཀྱི་ཁྱོད། །སྐུ་གསུམ་གྱི་ནོར་བུའི་གླིང་བགྲོད་པ་ཡི་ཚེ། །རེ་དོགས་ཀྱི་ཆུ་སྲིན་ཁར་ཚུད་ལས་ནི་ཆེ། །སྐབས་སྐབས་སུ་མ་ཡེངས་པའི་བྱ་ར་རེ་མཛོད། །ཆོས་འཁོར་དབུས་སེམས་ཉིད་ཀྱི་ཁྱེའུ་ཆུང་གི་ཞལ། །མགྲིན་པ་ཡི་རབ་དཀར་དུང་གཡས་འཁྱིལ་ལ་གཏད། །ལེགས་བཤད་ཀྱི་དབུགས་ཆེན་གྱིས་བུས་པ་ཡི་སྒྲ། །ཐོས་ཚད་ཀྱི་འགྲོ་བ་ལ་བཀྲ་ཤིས་པར་ཤོག །ཅེས་པ་འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ། ཕྱིའི་གངས་རི་རྒྱུན་དུ་བརྟན་ཡང་། །ནང་སེང་གེ་བརྟན་རྒྱུ་མ་བྱུང་། །ཕྱིའི་རྫ་རི་རྒྱུན་དུ་བརྟན་ཡང་། །ནང་འབྲོང་མོ་བརྟན་རྒྱུ་མ་བྱུང་། །ཕྱིའི་ནགས་ཚལ་རྒྱུན་དུ་བརྟན་ཡང་། །ནང་རྒྱ་སྟག་བརྟན་རྒྱུ་མ་བྱུང་། །ཕྱིའི་སྒྱུ་ལུས་མལ་དུ་བརྟན་ཡང་། །ནང་སེམས་ཉིད་བརྟན་རྒྱུ་མ་བྱུང་། །ཞེས་པ་འདི་ཡང་ཉིན་ཞིག་རྣམ་རྟོག་སྣ་ཚོགས་འཕྲོས་ཚེ་རང་ཉིད་ལ་བླངས་ནས། ཡང་དེའི་ལན་ལ་འདི་བླངས། ཕྱིའི་གངས་རི་རྒྱུན་དུ་བརྟན་ན། །ནང་སེང་གེ་བརྟན་རྒྱུ་མེད་ཀྱང་། །ཁོ་འགྲོ་བ་

p. 54

བཀག་པས་མི་ཐུབ། །སེང་སོང་ཡང་གངས་ལས་གཞན་དུ། །མི་འགྲོ་བའི་མཚང་དེ་ཤེས་ན། །སེང་སོང་བ་གངས་རིའི་རྒྱན་ཡིན། །ཕྱིའི་རྫ་རི་རྒྱུན་དུ་བརྟན་ན། །ནང་འབྲོང་མོ་བརྟན་རྒྱུ་མེད་ཀྱང་། །ཁོ་འགྲོ་བ་བཀག་པས་མི་ཐུབ། །འབྲོང་སོང་ཡང་རྫ་ལས་གཞན་དུ། །མི་འགྲོ་བའི་མཚང་དེ་ཤེས་ན། །འབྲོང་སོང་བ་རྫ་རིའི་རྒྱན་ཡིན། །ཕྱིའི་ནགས་ཚལ་རྒྱུན་དུ་བརྟན་ན། །ནང་རྒྱ་སྟག་བརྟན་རྒྱུ་མེད་ཀྱང་། །ཁོ་འགྲོ་བ་བཀག་པས་མི་ཐུབ། །སྟག་སོང་ཡང་ནགས་ལས་གཞན་དུ། །མི་འགྲོ་བའི་མཚང་དེ་ཤེས་ན། །སྟག་སོང་བ་ནགས་ཚལ་རྒྱན་ཡིན། །ཕྱིའི་སྒྱུ་ལུས་མལ་དུ་བརྟན་ན། །ནང་སེམས་ཉིད་བརྟན་རྒྱུ་མེད་ཀྱང་། །ཁོ་འཕྲོ་བ་བཀག་པས་མི་ཐུབ། །སེམས་འཕྲོ་ཡང་སྟོང་བ་ཉིད་ལས། །མི་གཡོ་བའི་མཚང་དེ་ཤེས་ན། །སེམས་འཕྲོ་བ་རིག་པའི་རྒྱན་ཡིན། །ཞེས་བཤད་དོ། །ཡང་འདི་བླངས། སེང་སྔོན་ཆད་གངས་ལ་འགྲོ་བསྡད་མང་། །ཁོ་འགྲོ་བ་བཀག་པས་མི་ཐུབ་ཀྱང་། །ཐབས་མཁས་པས་བཟུང་ན་ཅིས་མི་ཐུབ། །ལྕགས་སྲ་མོའི་སྒྲོག་ཏུ་འཛིན་རྒྱུ་ཡིན། །འབྲོང་སྔོན་ཆད་རྫ་ལ་འགྲོ་བསྡད་མང་། །ཁོ་འགྲོ་བ་བཀག་པས་མི་ཐུབ་ཀྱང་། །ཐབས་མཁས་པས་བཟུང་ན་ཅིས་མི་ཐུབ། །སྣ་ཚ་སྣར་བླངས་ནས་འདོགས་རྒྱུ་ཡིན། །སྟག་སྔོན་ཆད་ནགས་ལ་འགྲོ་བསྡད་མང་། །ཁོ་འགྲོ་བ་

p. 55

བཀག་པས་མི་ཐུབ་ཀྱང་། །ཐབས་མཁས་པས་ཡང་པས་བཟུང་ན་ཅིས་མི་ཐུབ། །ལྕགས་སྒྲོག་གིས་སྐེ་ནས་འདོགས་རྒྱུ་ཡིན། །སེམས་སྔོན་ཆད་དྲན་རྒྱུ་བསམ་རྒྱུ་མང་། །ཁོ་འཕྲོ་བ་བཀག་པས་མི་ཐུབ་ཀྱང་། །དམིགས་རྟེན་གྱི་ཐབས་ཀྱིས་ཅིས་མི་ཐུབ། །ཞི་གནས་ཀྱི་དམིགས་པས་འཛིན་རྒྱུ་ཡིན། །ཞེས་བླངས་པས་ཡང་དེའི་ལན་ལ་འདི་བླངས། །ཨེ་སེང་གེ་ལ་ལྟ་རྟོག་མ་མང་བར། །གངས་རི་ཁོ་རྒྱུན་དུ་བརྟན་པར་གྱིས། །སེང་གེ་དེ་ཤུགས་ཀྱིས་ཇེ་དལ་འགྲོ། །འགུལ་མེད་དུ་ཉལ་བའི་དུས་ཤིག་འོང་། །སྲ་མོ་ཡི་སྒྲོག་ཏུ་འཛིན་མི་དགོས། །ཧ་ཅང་ནི་འགྲོ་བསྡད་མང་དྲགས་ན། །བསོད་ཟད་ཀྱི་སེང་གེ་དེ་ཉིད་ལ། །ཁྱོད་ཟེར་དེ་ཚད་ཚད་རན་རན་ཡིན། །འབྲོང་མོ་ལ་ལྟ་རྟོག་མ་མང་བར། །རྫ་རི་ཁོ་རྒྱུན་དུ་བརྟན་པར་གྱིས། །འབྲོང་མོ་དེ་ཤུགས་ཀྱིས་ཇེ་དལ་འགྲོ། །འགུལ་མེད་དུ་ཉལ་བའི་དུས་ཤིག་འོང་། །ཚ་སྣ་རུ་བྱས་ནས་འདོགས་མི་དགོས། །ཧ་ཅང་ནི་འགྲོ་བསྡད་མང་དྲགས་ན། །བསོད་ཟད་ཀྱི་འབྲོང་མོ་དེ་ཉིད་ལ། །ཁྱོད་ཟེར་དེ་ཚད་ཚད་རན་རན་ཡིན། །རྒྱ་སྟག་ལ་ལྟ་རྟོག་མ་མང་བར། །ནགས་ཚལ་ཁོ་རྒྱུན་དུ་བརྟན་པར་གྱིས། །སྟག་མོ་དེ་ཤུགས་ཀྱིས་ཇེ་དལ་འགྲོ། །འགུལ་མེད་དུ་ཉལ་བའི་དུས་ཤིག་འོང་། །ལྕགས་སྒྲོག་གིས་སྐེ་ནས་འདོགས་མི་དགོས། །ཧ་ཅང་ནི་འགྲོ་བསྡད་མང་དྲགས་ན། །བསོད་ཟད་ཀྱི་རྒྱ་སྟག་དེ་ཉིད་ལ། །ཁྱོད་ཟེར་དེ་ཚད་ཚད་རན་རན་ཡིན། །འཕྲོ་བ་ལ་བརྟག་དཔྱད་མི་བྱེད་པར། །རིག་པ་ཁོ་རྒྱུན་དུ་བརྟན་པར་གྱིས། །འཕྲོ་རྒོད་དེ་ཤུགས་ཀྱིས་ཇེ་ཉུང་འགྲོ། །རྟོག་མེད་དུ་གནས་པའི་དུས་ཤིག་འོང་། །ཞི་གནས་ཀྱི་དམིགས་པས་འཛིན་མི་དགོས། །ཧ་ཅང་ནི་

p. 56

འཕྲོ་རྒོད་མང་དྲགས་ན། །འཆད་མེད་ཀྱི་འགྱུ་བ་དེ་ཉིད་ལ། །ཁྱོད་ཟེར་དེ་ཚད་ཚད་རན་རན་ཡིན། །ཞེས་བཤད་པ། འདི་རྣམས་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་བླངས་པའོ། །བློ་གྲོས་མཆོག་མངའ་བློ་བཟང་གྲགས་པ་བཞིན། །ཤེས་བྱའི་གནས་རྣམས་ཤེས་ནས་གདུལ་བྱ་ལ། །སྟོན་པའི་གསུང་རབ་སྟོན་མཛད་ཕ་རྒན་རྗེ། །བུ་ཡིས་འབོད་དོ་བུ་ལ་རྒྱང་ནས་གཟིགས། །གང་བཟང་བླ་མ་མང་བོའི་ཞབས་བསྟེན་ཀྱང་། །གང་ལ་དད་གུས་སྙིང་ནས་མ་སྐྱེས་པས། །གང་གི་ཡོན་ཏན་མི་རྟོགས་སྐྱོན་ལ་རྟོག །གང་མཛད་སྐྱོན་མཐོང་མཁན་ཁྱོད་སྨྱོས་སམ་ཅི། །ཕྱི་ནས་རྙེད་དཀའི་མི་ལུས་སྡིག་ལ་སྦྱར། །ཕྱི་མའི་ཡུལ་དུ་ལག་སྟོང་འགྲོ་ཉེན་འདུག །ཕྱིན་ཆད་བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཕྱི་བཤོལ་མཁན་ཁྱོད་བྱད་ཟས་ཟོས་སམ་ཅི། །འཆི་བས་མི་རྣམས་བཅོམ་པ་མཐོང་བཞིན་དུ། །འཆི་བ་འོང་སྙམ་མེད་པའི་ངང་རིང་བོ། །འཆི་ཁར་བྲང་དང་ལག་པ་འཐབ་ཉེན་གདའ། །འཆི་བ་མི་དྲན་ཁྱོད་སྙིང་ལྕགས་སམ་ཅི། །ངན་སོང་གསུམ་གྱི་སྡུག་བསྔལ་ཡ་ང་བ། །ངན་པའི་སྡིག་པའི་ལས་ཡིན་ཤེས་བཞིན་དུ། །ངན་འགྲོ་དེར་ལྟུང་རྒྱུ་རྣམས་ལྷུར་ལེན་པའི། །ངན་པ་ཁྱོད་ཀྱི་སྙིང་ལ་གདོན་གང་ཞུགས། །ཁ་ཞེ་མེད་པའི་བློ་གཏད་མི་བྱེད་པར། །ཁ་ནས་དཀོན་མཆོག་སྐྱབས་འཛིན་བློ་མ་ཁེལ། །ཁ་ཙམ་ཚིག་གི་སྐྱབས་འགྲོས་ཕན་མ་ཐོགས། །ཁ་བཤད་མཁན་ཁྱོད་གཤེད་ཀྱིས་བཟུང་ངམ་ཅི། །ལས་འབྲས་གཉིས་ཀྱི་རྣམ་དབྱེ་གོ་ལགས་

p. 57

ཀྱང་། །དགེ་སྡིག་གཉིས་ལ་སྤང་བླང་མི་བྱེད་པར། །ཉིན་མཚན་གཉིས་ཀ་བག་མེད་བྱ་བས་འདའ། །འདི་ཕྱི་གཉིས་མེད་ཁྱོད་སྙིང་རུལ་ལམ་ཅི། །དུག་གསུམ་དུག་ལྔའི་སྲིན་བུས་རབ་ཏུ་གང་། །ཁམས་གསུམ་མི་གཙང་འདམ་ན་སྐྱིད་མེད་ཀྱང་། །སྒོ་གསུམ་ཤུགས་དྲག་རྩལ་སྟོབས་རབ་བསྐྱེད་ནས། །བསླབ་གསུམ་སྐམ་སར་མི་བསྙེག་དགོས་པ་ཅི། །མ་གྱུར་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །མ་རིག་དབང་གྱུར་སྡུག་བསྔལ་མྱོང་མཐོང་ཡང་། །མ་རྣམས་ལ་ནི་ཕན་འདོགས་བློ་མེད་པའི། །མ་རབས་ཁྱོད་ཀྱི་སེམས་སྒོ་རུབ་བམ་ཅི། །རྒྱལ་སྲས་རྣམས་ཀྱི་སྤྱོད་ཚུལ་ལྷུར་བླངས་ནས། །རྒྱལ་བ་དགྱེས་པའི་ཐབས་ལ་མི་བརྩོན་པར། །རྒྱལ་ཁམས་བསྐོར་ནས་ལོག་འཚོ་སྒྲུབ་མཁན་ཁྱོད། །རྒྱལ་པོ་བེ་ཧར་གདོན་གྱིས་མ་སྨྱོས་སམ། །བདག་མེད་ཡང་དག་ལྟ་བའི་གནས་ལུགས་དེ། །ཡེངས་མེད་ཉིན་མཚན་མེད་པར་མི་སྐྱོང་བར། །ཚར་མེད་རྣམ་རྟོག་མང་བོའི་སྤྲོ་བསྡུ་མཁན། །སྙིང་མེད་པོ་ཁྱོད་སྙིང་ལ་འདྲེ་གང་ཞུགས། །གསང་ཆེན་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཀྱང་། །གསང་ནས་ཉམས་སུ་མི་ལེན་བཤད་ལ་དགའ། །གསང་སྔགས་གཞུང་བཞིན་དམ་ཚིག་མི་བསྲུང་བར། །གསང་གཏམ་ཁྲོམ་སྒྲོག་མཁན་ཁྱོད་མ་འཁྲུལ་ལམ། །ཆོས་ཀྱི་སྒོ་རུ་ཞུགས་ནས་ཡུན་རིང་ཡང་། །ཆོས་སེམས་གཉིས་ཀ་རྒྱབ་འགལ་སོ་སོར་སོང་། །ཆོས་པའི་གཟུགས་བཟུང་ལོག་སྤྱོད་ལྐོག་ཏུ་བྱེད། །ཆོས་རྗེ་མཁན་ཁྱོད་སྙིང་

p. 58

ལ་ཅི་ཞིག་ཞུགས། །བསླུ་མེད་སྐྱབས་གནས་ཟླ་མེད་བླ་མ་རྗེ། །ཐོགས་མེད་བྱོན་ལ་ཚད་མེད་མཐུ་བྱིན་གྱིས། །ཆོས་མེད་བུ་ངན་དབང་མེད་སྨྱོ་བའི་གདོན། །ལྷག་མེད་བཏུལ་ནས་རྗེས་མེད་ད་ལྟ་མཛོད། །ཅེས་པ་འདི་ཡང་རེབ་གོང་ཡུལ་གྱི་གླུ་བ་ཁ་བདེ་ཚོགས་དྲུག་རང་གྲོལ་གྱིས་རང་ཉིད་ལ་སྨྲས་པའོ། །འོ་འོ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས། །ཨའུ་དཔལ་ལྡན་བླ་མ་ཡིན་ཡ། །ཁོ་རེ་སྤྱི་བོའི་རྒྱན་དུ་ཟུངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་འཁོར་འདས་བདེ་སྡུག་མྱོང་གཁན། །ཨའུ་རང་སེམས་འདི་ཉིད་ཡིན་ཡ། །ཁོ་རེ་སེམས་ཀྱི་གཞི་རྩ་ཆོད་ན། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བློ་ཁ་ནང་དུ་ཕྱོགས་ལ། །ཨའུ་ཕུ་གཡོ་མདོ་དཀྲུག་སེམས་འདི། །ཁོ་རེ་ད་ལྟ་གར་ཡོད་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བལྟས་དུས་ཕུང་བོའི་ནང་ན། །ཨའུ་སྔར་ནས་སེམས་ཞེས་ཚུགས་སེ། །ཁོ་རེ་ཡོད་སྙམ་བློ་ལ་ཤར་ན། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཕུང་བོ་འདི་ཡི་ནང་ན། །ཨའུ་ཡོད་ན་སེམས་ཕུང་གཉིས་ཀ ། ཁོ་རེ་གཅིག་ཐད་གང་ཡིན་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་གཅིག་དང་ཐ་དད་གཉིས་ལས། །ཨའུ་ཡོད་ཚུལ་གཞན་ཞིག་མི་སྲིད། ཁོ་རེ་སྙམ་དུ་བློ་ཐག་ཆོད་དང། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །

p. 59

འོ་འོ་ཕུང་བོ་འདི་དང་གཅིག་ན། །ཨའུ་ཕུང་བོ་བཞིན་དུ་སེམས་ཀྱང་། །ཁོ་རེ་མང་བོར་འགྱུར་ཚུལ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་མི་གཅིག་ལ་ནི་སེམས་མང་། །ཨའུ་མི་སྲིད་གཅིག་ཏུ་མ་གྲུབ། །ཁོ་རེ་སྙམ་དུ་བློ་ཐག་ཆོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ལུས་སེམས་ཐ་དད་ཡིན་ན། །ཨའུ་ཕུང་རྣམས་ཡིད་ཀྱིས་བསལ་བའི། །ཁོ་རེ་ཤུལ་ན་ཡོད་དགོས་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཕུང་བོ་ལྔ་བོ་འདི་དང་། །ཨའུ་ཐ་དད་དུ་ཡང་མ་གྲུབ། །ཁོ་རེ་སྙམ་དུ་བློ་ཐག་ཆོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་དེ་ལྟར་ལེགས་པར་དཔྱད་མཐར། །ཨའུ་སེམས་ནི་མི་སྟོང་ཙམ་མིན། །ཁོ་རེ་གཏན་ནས་མེད་སྙམ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བཙལ་ནས་མ་རྙེད་སྟོང་གསལ། །ཨའུ་དེ་ཉིད་ལྟ་བ་ཡིན་ཡ། །ཁོ་རེ་ངང་དུ་གློད་ལ་སྐྱོངས་དང། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བག་ཆགས་ཤོག་འདྲིལ་སྔར་བཞིན། །ཨའུ་ཕུ་གཡོ་མདོ་དཀྲུག་བྱེད་ན། །ཁོ་རེ་གཞི་རྩ་ཆོད་ལ་ཞོག་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་དེ་ལས་ལངས་ཚེ་གང་ཤར། །ཨའུ་སེམས་ཀྱི་རོལ་བར་ཐག་ཆོད། །ཁོ་རེ་སྒྱུ་མ་ལྟ་བུར་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་རྫོགས་པ་ཆེན་པོའི་ལྟ་བ། །ཨའུ་གོ་བ་ཙམ་གྱིས་མི་ཆོག །ཁོ་རེ་ཆུ་བོའི་རྒྱུན་བཞིན་སྒོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་སྲིད་པའི་ནད་བརྒྱ་སེལ་བའི། །ཨའུ་སྨན་མཆོག་འདི་ཉིད་ཡིན་ཡ། །ཁོ་རེ་རྒྱང་གླུའི་

p. 60

ཚུལ་དུ་འཐེན་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །ཞེས་པ་འདི་ཡང་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་གསུང་མགུར་གྱི་ཚིག་རིས་དང་མཐུན་པར་རེབ་གོང་གླུ་བ་ཁ་བདེ་ཚོགས་དྲུག་རང་གྲོལ་གྱིས་ཉིན་ཞིག་རང་ལ་ཀུ་རེ་དང་བཞད་གད་ཀྱི་ཚུལ་དུ་སྦྱར་བའོ།། །འེ་འེ་བོད་ཡུལ་མུན་སེལ་ཉི་མ། །ཨའོ་སློབ་དཔོན་པད་འབྱུང་ཡིནཡ། །ཁོ་རེ་སྙིང་ནས་གསོལ་བ་ཐོབས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་མཆོག་ཐུན་དངོས་གྲུབ་འབྱུང་བའི། །ཨའོ་ནོར་བུ་བླ་མ་ཡིན་ཡ། །ཁོ་རེ་ཕྱག་མཆོད་གསོལ་བ་ཐོབས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་རེ་འཁོར་བའི་རྒྱ་མཚོ་སྒྲོལ་བའི། །ཨའོ་གྲུ་དེ་ལུས་འདི་ཡིན་ཡ། །ཁོ་རེ་ད་ལྟ་ཕ་རོལ་སྒྲོལ་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་འཆི་བདག་གཤིན་རྗེའི་དམག་དཔུང་། །ཨའོ་ནམ་འོང་ཆ་མེད་ཡིན་ཡ། །ཁོ་རེ་དགེ་སྦྱོར་གོ་མཚོན་ཐོགས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་རེ་ངན་སོང་མེ་འོབས་ནང་དུ། །ཨའོ་ལྷུང་ན་བཟོད་པར་དཀའ་ཡ། །ཁོ་རེ་དཀོན་མཆོག་སྐྱབས་སུ་སྟེན་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་མི་དགེ་སྡིག་པའི་དུག་ཆུ། །ཨའོ་འཐུངས་ན་བདེ་བ་མེད་ཡ། །ཁོ་རེ་དགེ་བའི་བདུད་རྩི་ཐུངས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་མི་དགེ་སྡིག་ལྟུང་ཁ་བ། །ཨའོ་ཕྱགས་ཤིང་སྟོབས་བཞི་ཡིན་ཡ། །ཁོ་རེ་ཉིན་རེ་བཞིན་དུ་ཕྱོགས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་རེ་འཁོར་བའི་མི་གཙང་འདམ་ན། །ཨའོ་ནམ་ཡང་བདེ་བ་མེད་ཡ། །ཁོ་རེ་ཞེན་པ་གཏིང་ནས་ལོག་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་ཐར་བའི་རིན་ཆེན་གསེར་གླིང་། །

p. 61

ཨའོ་ཤིན་ཏུ་ཉམས་རེ་དགའ་ཡ། །ཁོ་རེ་བསྙེག་པའི་གྲབས་ཤོམ་མཛོད་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་ངོ་མཚར་གླིང་དུ་བགྲོད་པའི། །ཨའོ་རྟ་མཆོག་བསླབ་པ་ཡིན་ཡ། །ཁོ་རེ་རྟ་དེ་ཞོན་ལ་སོང་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་རེ་འཁོར་བའི་བཙོན་རར་ཚུད་པའི། །ཨའོ་འགྲོ་ཀུན་ཕ་མ་ཡིན་ཡ། །ཁོ་རེ་ཕན་ཐབས་སྙིང་ལ་ཆོངས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་ཕྱིན་དྲུག་བསྡུ་བཞིའི་ཤིང་རྟས། །ཨའོ་རང་གཞན་བདེ་སར་བསྐྱལ་ཡ། །ཁོ་རེ་ཤིང་རྟ་འདི་ཉིད་སྟེན་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་གསང་སྔགས་གཏེར་མཛོད་གསེར་སྒོ། །ཨའོ་འབྱེད་པའི་ལྡེའུ་མིག་དབང་ཡིན། །ཁོ་རེ་འབྱེད་མཁན་བླ་མར་ཞུས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་དངོས་གྲུབ་ལོ་ལེགས་འཁྲུངས་པའི། །ཨའོ་ས་གཞི་དམ་ཚིག་ཡིན་ཡ། །ཁོ་རེ་ཉེས་ལྟུང་སད་སེར་སྲུངས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་སྐྱེ་ཤི་བར་དོའི་ཆོམ་རྐུན། །ཨའོ་ཤིན་ཏུ་ཡ་རེ་ང་ཡ། །ཁོ་རེ་བསྐྱེད་རྫོགས་མདུང་གིས་སྙན་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་སྲིད་པའི་ནད་བརྒྱ་སེལ་བའི། །ཨའོ་སྨན་མཆོག་རྫོགས་ཆེན་ཡིན་ཡ། །ཁོ་རེ་སྨན་བཟང་འདི་ཉིད་གསོལ་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །འེ་འེ་མགུར་དབྱངས་སྙན་མོའི་ཁུ་བྱུག །ཨའོ་ཀུན་གྱི་རྣ་བར་སྙན་ཡ། །ཁོ་རེ་དབེན་པའི་ཤིང་རྩེར་སྒྲོགས་དང་། །ཨེ་མ་བདེ་སྐྱིད་ཉི་མ་འཆར་རོ། །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་པའི་དགའ་

p. 62

ཚལ་དུ་ཕྱི་ལུས་བདེ་ནང་སེམས་ལ་སྐྱིད་པའི་ཉི་མ་ཤར་བའི་ཤུགས་ཀྱིས་ཁ་ནས་གང་དྲན་སྨྲས་པའོ། །འོ་འོ་ཏིང་འཛིན་སྒོ་བརྒྱ་ཕྱེ་ནས། །ཨའུ་ངོ་མཚར་ལྟད་མོ་གཟིགས་པའི། །ཁོ་རེ་བླ་མ་སྤྱི་བོར་སྒོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཁ་ཙམ་ཚིག་ཙམ་མིན་པར། །ཨའུ་སྙིང་ཁོང་རུས་པའི་གཏིང་ནས། །ཁོ་རེ་ཤུགས་དྲག་གསོལ་བ་ཐོབས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་མི་འདོད་སྣ་དགུ་གཏོང་བའི། །ཨའུ་ང་བདག་འཕུང་རྒན་འདི་ཉིད། །ཁོ་རེ་འདུལ་བའི་གཤོམ་ར་མཛོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་མཆོག་གསུམ་དམག་གི་དཔུང་བསྡུས། །ཨའུ་སོར་རྟོག་མདུང་རིང་ཐོགས་ལ། །ཁོ་རེ་འཕུང་རྒན་གར་ཡོད་ཚོལ་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ནམ་ཡང་ང་ང་ཟེར་བའི། །ཨའུ་འཕུང་རྒན་ཕྱི་རུ་མ་འཚོལ། །ཁོ་རེ་ཕུང་བོའི་ནང་དུ་ཚོལ་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བཙལ་ཚེ་ཕུང་བོ་འདི་དང་། །ཨའུ་ལྷན་ཅིག་གྲུབ་གྲུབ་འདྲ་བའི། །ཁོ་རེ་ཉམས་ཤིག་རྒྱུད་ལ་ཤར་ན། །ཧེ་ཧེ་བློ་བདེ་དཔལ་ཡོན་ཨེ་གོ །འོ་འོ་ང་བདག་འཕུང་རྒན་དེ་ཉིད། །ཨའུ་ཕུང་བོ་འདི་དང་གཅིག་གམ། །ཁོ་རེ་ཐ་དད་གང་ཡིན་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཕུང་བོ་འདི་དང་གཅིག་ན། །ཨའུ་ཕུང་བོ་བཞིན་དུ་འཕུང་རྒན། །ཁོ་རེ་མང་བོར་འགྱུར་ཚུལ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཐ་དད་ཡིན་ན་ཕུང་རྣམས། །ཨའུ་སོ་སོར་བསལ་བའི་ཤུལ་ན། །ཁོ་རེ་འཕུང་རྒན་ཡོད་དགོས་སོམས་དང་། །ཧེ་ཧེ་

p. 63

བློ་བདེ་དཔལ་ཡིན་ཨེ་གོ ། འོ་འོ་དེ་ལྟར་དཔྱད་མཐར་འཕུང་རྒན། །ཨའུ་མིང་གིས་ཕར་བཏགས་མ་གཏོགས། །ཁོ་རེ་གཏན་ནས་མེད་སྙམ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་འདི་བཞིན་མདུང་གིས་འཕུང་རྒན། །ཨའུ་སྙིང་དུ་ཡང་ཡང་སྟུན་ལ། །ཁོ་རེ་ཆོས་དབྱིངས་ས་ལ་སྐྱོལ་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་འཕུང་རྒན་སྡོད་སའི་ཁང་བ། །ཨའུ་མདུང་རིང་བ་དན་ཅན་གྱིས། །ཁོ་རེ་སྐྲུན་ལ་རྡུལ་དུ་རློགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ནམ་ཡང་ང་ཡི་ལུས་ཞེས། །ཨའུ་ཟེར་བའི་ལུས་པོ་འདི་ཉིད། །ཁོ་རེ་རང་བཞིན་ཨེ་གྲུབ་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བལྟས་ཚེ་ལུས་པོ་སྔར་ནས། །ཨའུ་ཚུགས་ཐུབ་གྲུབ་གྲུབ་འདྲ་བའི། །ཁོ་རེ་རྣམ་པ་བློ་ལ་ཤར་ན། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་གྲུབ་པའི་ལུས་འདི། །ཨའུ་ཡན་ལག་རྣམས་དང་གཅིག་གམ། །ཁོ་རེ་ཐ་དད་གང་ཡིན་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཡན་ལག་རྣམས་དང་གཅིག་ན། །ཨའུ་ཡན་ལག་བཞིན་དུ་ལུས་འདི། །ཁོ་རེ་དུ་མར་འགྱུར་ཚུལ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཐ་དད་ཡིན་ན་ཡན་ལག །ཨའུ་བསལ་བའི་ཤུལ་ན་ལུས་ཞིག །ཁོ་རེ་ཚུགས་སེ་ཡོད་དགོས་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་དཔྱད་མཐར་ལུས་པོ། །ཨའུ་མིང་ཙམ་མ་གཏོགས་གཏན་ནས། །ཁོ་རེ་མ་གྲུབ་སྙམ་དུ་སོམས་དང་། །ཧེ་ཧེ་

p. 64

བློ་བདེ་དཔལ་ཡིན་ཨེ་གོ ། འོ་འོ་ཡན་ལག་དང་པོའི་མགོ་བོ། །ཨའུ་འདི་ཉིད་རང་བཞིན་གྲུབ་པ། །ཁོ་རེ་ཨེ་འདུག་ལེགས་པར་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བལྟས་ཚེ་སྔར་ནས་མགོ་བོ། །ཨའུ་ཚུགས་སེ་གྲུབ་གྲུབ་འདྲ་བའི། །ཁོ་རེ་རྣམ་པ་བློ་ལ་ཤར་ན། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་གྲུབ་པའི་མགོ་དེ། །ཨའུ་ཁ་སྣ་རྣམས་དང་གཅིག་གམ། །ཁོ་རེ་ཐ་དད་གང་ཡིན་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཁ་སྣ་རྣམས་དང་གཅིག་ན། །ཨའུ་ཁ་མིག་བཞིན་དུ་མགོ་བོ། །ཁོ་རེ་དུ་མར་འགྱུར་ཚུལ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཐ་དད་ཡིན་ན་ཁ་སོགས། །ཨའུ་རེ་རེ་བསལ་བའི་ཤུལ་ན། །ཁོ་རེ་མགོ་ཞིག་ཡོད་དགོས་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་དཔྱད་མཐར་མགོ་ཞེས། །ཨའུ་མིང་སྟེང་ཙམ་མིན་གཏན་ནས། །ཁོ་རེ་མ་གྲུབ་སྙམ་དུ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ནམ་ཡང་ང་ཡི་སོར་མོ། །ཨའུ་ཟེར་བའི་སོར་མོ་འདི་ཉིད། །ཁོ་རེ་རང་བཞིན་ཨེ་གྲུབ་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ་།འོ་འོ་བལྟས་ཚེ་སོར་མོ་སྔར་ནས། །ཨའུ་གྲུབ་གྲུབ་འདྲ་བའི་རྣམ་པ། །ཁོ་རེ་ཡིད་ལ་ཝལ་གྱིས་ཤར་ན། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་གྲུབ་པའི་སོར་མོ། །ཨའུ་མགོ་མཇུག་རྐེད་ཕྱི་ནང་དང་། །ཁོ་རེ་གཅིག་གམ་ཐ་དད་ལྟོས་དང། །ཧེ་ཧེ་བློ་བདེ་དཔལ་

p. 65

ཡིན་ཨེ་གོ །འོ་འོ་གཅིག་ཏུ་གྲུབ་ན་མགོ་རྐེད། །ཨའུ་ཕྱི་ནང་ཆ་ཤས་མང་བཞིན། །ཁོ་རེ་མང་བོར་འགྲོ་ཚུལ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཐ་དད་ཡིན་ན་དེ་རྣམས། །ཨའུ་སོ་སོར་བསལ་བའི་ཤུལ་ན། །ཁོ་རེ་སོར་མོ་ཡོད་དགོས་སོམས་དང། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་དཔྱད་མཐར་སོར་མོ། །ཨའུ་མིང་ཙམ་མ་གཏོགས་གཏན་ནས། །ཁོ་རེ་མ་གྲུབ་སྙམ་དུ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཡན་ལག་ཉིང་ལག་གཞན་ལ། །ཨའུ་སྔར་བཞིན་མདུང་གིས་སྙན་ལ། །ཁོ་རེ་རྡུལ་ཕྲན་བཞིན་དུ་རློགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཕྱི་རོལ་ཡུལ་གྱི་སྣང་བའི། །ཨའུ་རི་བྲག་འདི་རྣམས་རང་བཞིན། །ཁོ་རེ་ཨེ་གྲུབ་ལེགས་པར་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བལྟས་ཚེ་སྔར་ནས་ཚུགས་སེ། །ཨའུ་རི་བྲག་གྲུབ་གྲུབ་འདྲ་བའི། །ཁོ་རེ་རྣམ་པ་བློ་ལ་ཤར་ན། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་གྲུབ་པའི་རི་བྲག །ཨའུ་ས་རྡོ་རྣམས་དང་གཅིག་གམ། །ཁོ་རེ་ཐ་དད་གང་ཡིན་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ས་རྡོ་རྣམས་དང་གཅིག་ན། །ཨའུ་ས་རྡོ་བཞིན་དུ་རི་བྲག །ཁོ་རེ་མང་བོར་འགྲོ་ཚུལ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཐ་དད་ཡིན་ན་ས་རྡོ། །ཨའུ་རེ་རེ་བསལ་བའི་ཤུལ་ན། །ཁོ་རེ་རི་ཞིག་ཡོད་དགོས་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་དཔྱད་མཐར་རི་བྲག །ཨའུ་མིང་གིས་ཕར་བཏགས་མ་གཏོགས། །ཁོ་རེ་གཏན་ནས་མེད་སྙམ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ས་ཡི་རྡུལ་ཕྲན་

p. 66

ཆུང་ངུ་། །ཨའུ་འདི་ཉིད་ཁོ་རང་ངོས་ནས། །ཁོ་རེ་རང་བཞིན་གྲུབ་བམ་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བལྟས་ཚེ་སྔར་ནས་རྡུལ་ཞེས། །ཨའུ་གྲུབ་གྲུབ་ཚུགས་ཐུབ་འདྲ་བའི། །ཁོ་རེ་རྣམ་པ་བློ་ལ་ཤར་ན། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་གྲུབ་པའི་རྡུལ་དེ། །ཨའུ་ཕྱི་ནང་སྟེང་འོག་རྣམས་དང་། །ཁོ་རེ་གཅིག་ཐད་གང་ཡིན་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་གཅིག་ཏུ་གྲུབ་ན་ཕྱི་ནང་། །ཨའུ་བར་དང་སྟེང་འོག་མང་བཞིན། །ཁོ་རེ་དུ་མར་འགྱུར་ཚུལ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཐ་དད་ཡིན་ན་དེ་རྣམས། །ཨའུ་སོ་སོར་བསལ་བའི་ཤུལ་ན། །ཁོ་རེ་རྡུལ་ཞིག་ཡོད་དགོས་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་དཔྱད་མཐར་རྡུལ་ཞེས། །ཨའུ་མིང་ཞིག་བཏགས་ཙམ་མ་གཏོགས། །ཁོ་རེ་རང་བཞིན་མེད་སྙམ་སོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་སྣང་གྲགས་ཆོས་རྣམས་ཀུན་ལ། །ཨའུ་སྔར་བཞིན་མདུང་གིས་ཕུག་ལ། །ཁོ་རེ་རྡུལ་ཕྲན་བཞིན་དུ་ཐོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དེ་ལྟར་རྡུལ་དུ་རློགས་ལ། །ཨའུ་ངོས་བཟུང་ཅི་ཡང་མེད་པའི། །ཁོ་རེ་གནས་ལུགས་ལྟད་མོ་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་མེད་བཞིན་ཀུན་རྫོབ་ཆོས་རྣམས། །ཨའུ་ངོ་མཚར་སྣ་ཚོགས་སྣང་བའི། །ཁོ་རེ་སྒྱུ་མའི་ལྟད་མོ་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་སྣང་ལ་ཡོད་པར་མ་གྲུབ། །ཨའུ་སྟོང་ལ་མེད་པར་མ་སོང་། །ཁོ་རེ་ཟུང་འཇུག་ལྟད་མོ་ལྟོས་དང་། །

p. 67

ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་གཟུང་འཛིན་ལྷོ་སྤྲིན་སྨུག་པོ། །ཨའུ་སྟོང་བ་མེད་པར་མ་སོང་། །ཁོ་རེ་ཆོས་དབྱིངས་ནམ་མཁར་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བདག་འཛིན་འབྲི་ཡི་འོ་མ། །ཨའུ་སོར་རྟོག་རྐྱལ་བར་བསྒྲོགས་ལ། །ཁོ་རེ་བདག་མེད་འབྲི་མར་ལོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་སྟོང་ཉིད་རྟ་ལ་ཞོན་ནས། །ཨའུ་ཆོས་དབྱིབས་ཐང་ལ་རྒྱུག་དུས། །ཁོ་རེ་ལྟ་མགུར་ལྕག་གིས་བྲོབས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ལྗོན་ཤིང་ལོ་འདབ་རྒྱས་དུས། །ཨའུ་སྔོ་ལྗང་ནགས་ཀྱི་ཁྲོད་ནས། །ཁོ་རེ་གླུ་དབྱངས་ལྷང་ལྷང་འཐེན་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཞེས་པ་འདི་ནི་ཆོས་མེད་རི་ལ་དགའ་བའི་ཚོགས་དྲུག་རང་གྲོལ་གྱིས་བདག་འཛིན་ལ་སེན་འདེབས་བྱས་པའི་དུས་ཤིག་ཏུ་སེམས་ལ་གང་དྲན་རྗེ་བཙུན་ཆེན་པོ་སྐལ་ལྡན་རྒྱ་མཚོའི་གསུང་མགུར་བྱིན་རླབས་ཅན་གྱི་ཚིག་རིས་དང་མཐུན་པར་རང་ཉིད་ལ་སྨྲས་པའོ། །བྱིས་པའི་ཁ་ནས་ཅི་སྨྲ་བ། །ཕ་མས་མཚར་དུ་འཛིན་པ་ལྟར། །བན་རྒན་གང་དྲན་ལབ་པ་ལ། །མཁས་པའི་ཐུགས་དགོངས་མི་ཁྲེལ་ཞུ།་།འདི་ཉིད་ཐོས་ཚད་ཀྱིས་ང་བདག་འཕུང་རྒན་ལ་ཅི་ཐུབ་ཀྱིས་གནོད་པ་སྐྱེལ་བར་གྱུར་ཅིག །འོ་འོ་གངས་ཅན་མཁས་པའི་གཙུག་རྒྱན། །ཨའུ་བློ་བཟང་གྲགས་པ་ཡིན་ཡ། །ཁོ་རེ་གསོལ་བ་རྒྱུན་དུ་ཐོབས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་མཚན་ལྡན་རྩ་བའི་བླ་མ། །ཨའུ་བདེ་ལེགས་རྩ་བ་ཡིན་ཡ། །

p. 68

ཁོ་རེ་བསམ་སྦྱོར་གཉིས་ཀྱིས་སྟེན་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་དལ་འབྱོར་མི་ལུས་རིན་ཆེན། །ཨའུ་ཡང་ཡང་རྙེད་པར་དཀའ་ཡ། །ཁོ་རེ་དམ་ཆོས་སྙིང་བོ་ལོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཐར་མེད་འཆི་བདག་ཕོ་ཉ། །ཨའུ་གློ་བུར་མྱུར་དུ་འོང་ཡ། །ཁོ་རེ་འཇིག་རྟེན་བྱ་བ་ཐོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ངན་སོང་སྡུག་བསྔལ་མྱོང་དགོས། །ཨའུ་བྱུང་ན་ཚུགས་ཐབས་མེད་ཡ། །ཁོ་རེ་མེ་མུར་དོང་ལྟར་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་མི་བཟོད་སྡུག་བསྔལ་དེ་ལས། །ཨའུ་སྐྱོབ་མཁན་དཀོན་མཆོག་ཡིན་ཡ། །ཁོ་རེ་སྙིང་ནས་སྐྱབས་འགྲོ་གྱིས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་སྡིག་པས་སྡུག་བསྔལ་འབྱུང་ཞིང་། །ཨའུ་དགེ་བས་བདེ་སྐྱིད་འབྱུང་ཡ། །ཁོ་རེ་སྡིག་སྤངས་དགེ་བ་སྒྲུབས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ལམ་བཟང་སྒྲུབ་ལ་རྣམ་སྨིན། །ཨའུ་བརྒྱད་ལྡན་རྟེན་བཟང་དགོས་ཡ། །ཁོ་རེ་རྒྱུ་དེ་ད་ལྟ་སྒྲུབས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་མི་དགེ་སྡིག་ལྟུང་སྔར་བསགས། །ཨའུ་སྦྱོང་བྱེད་སྟོབས་བཞི་ཡིན་ཡ། །ཁོ་རེ་ཉིན་རེ་བཞིན་དུ་སྦྱོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་སྤྱིར་ནི་ཁམས་གསུམ་གནས་ན། །ཨའུ་བདེ་བ་ནམ་ཡང་མེད་ཡ། །ཁོ་རེ་ངེས་འབྱུང་སྐྱོ་ཤས་སྐྱེད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་

p. 69

ཡ་ཡི། །འོ་འོ་ངེས་ལེགས་ཐར་བའི་གནས་སུ། །ཨའུ་བགྲོད་ཐབས་བསླབ་གསུམ་ཡིན་ཡ། །ཁོ་རེ་རྟག་ཏུ་ནན་ཏན་མཛོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཁམས་གསུམ་སེམས་ཅན་ཐམས་ཅད། །ཨའུ་དྲིན་ཅན་ཕ་མ་ཡིན་ཡ། །ཁོ་རེ་ཀུན་ལ་ཕན་སེམས་སྐྱེད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་སྦྱིན་ལས་ལོངས་སྤྱོད་འཕེལ་ཞིང་། །ཨའུ་ལྷ་མིས་སྙན་པ་བརྗོད་ཡ། །ཁོ་རེ་གང་ཡོད་སྦྱིན་པར་ཐོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཚུལ་ཁྲིམས་མངོན་མཐོ་ངེས་ལེགས། །ཨའུ་བགྲོད་པའི་ཐེམ་སྐས་ཡིན་ཡ། །ཁོ་རེ་མིག་འབྲས་བཞིན་དུ་སྲུངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བཟོད་པས་གཟུགས་བྱད་མཛེས་ཤིང་། །ཨའུ་ཀུན་གྱི་ཡིད་དུ་འོང་ཡ། ཁོ་རེ་ཁོང་ཁྲོ་ཚིག་ངན་སྡོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བརྩོན་འགྲུས་ལེ་ལོ་འཇོམས་བྱེད། །ཨའུ་གང་བརྩམས་བྱ་བ་འགྲུབ་ཡ། །ཁོ་རེ་དགེ་ལ་བརྩོན་འགྲུས་གྱིས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བསམ་གཏན་བྱིང་རྒོད་དཔུང་འཇོམས། །ཨའུ་ལུས་སེམས་དགའ་བདེ་བསྐྱེད་ཡ། །ཁོ་རེ་རྩེ་གཅིག་བསམ་གཏན་སྒོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་

p. 70

ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཤེས་རབ་ང་བདག་འཕུང་རྒན། །ཨའུ་འདུལ་བའི་གཉེན་པོ་ཡིན་ཡ། །ཁོ་རེ་སྟོང་ཉིད་དོན་ལ་དཔྱོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་གཞན་རྒྱུད་སྨིན་བྱེད་ཐབས་མཆོག །ཨའུ་བསྡུ་བ་རྣམ་བཞི་ཡིན་ཡ། །ཁོ་རེ་གནས་སྐབས་ལག་ལེན་གྱིས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་གསང་སྔགས་ཟབ་མོའི་མཇུག་སྒོ། །ཨའུ་དབང་བསྐུར་ཟབ་མོ་ཡིན་ཡ། །ཁོ་རེ་མཚན་ལྡན་བླ་མར་ཞུས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་དམ་ཚིག་ཚུལ་བཞིན་བསྲུང་བ། །ཨའུ་དངོས་གྲུབ་གཞི་མ་ཡིན་ཡ། །ཁོ་རེ་སྲོག་ལ་བབ་ཀྱང་སྲུངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཚེ་གཅིག་སངས་རྒྱས་ཐོབ་པའི། །ཨའུ་མྱུར་ལམ་བསྐྱེད་རྫོགས་ཡིན་ཡ། །ཁོ་རེ་ཚུལ་བཞིན་ཉམས་སུ་ལོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་མདོ་སྔགས་འོ་མའི་མར་འདི། །ཨའུ་བློ་བཟང་གྲགས་པས་བླངས་ཡ། །ཁོ་རེ་འདི་ཉིད་རྒྱུན་དུ་གསོལ་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཁུ་བྱུག་ཅ་ཅོ་སྒྲོག་དུས། །ཨའུ་མགུར་དབྱངས་འཐེན་ན་སྐྱིད་ཡ། །ཁོ་རེ་སྔོ་ལྗང་ཁྲོད་ནས་འཐེན་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །ཞེས་པ་འདི་ཡང་རེབ་གོང་མུན་པའི་གླིང་དུ་དམ་ཆོས་སྒྲོན་མེ་སྦར་བའི་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་གསུང་མགུར་གྱི་ཚིག་རིས་དང་མཐུན་པར་རེབ་གོང་སྨད་ཀྱི་ཆོས་མེད་གླུ་ལ་དགའ་བའི་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །དྲིན་ཅན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཡོད་ཚུལ་བརྒྱུད་ཀྱི་སྙན་པའི་གླུ་ཞིག་ལེན། །མི་རྟག་ཀློང་ན་བརྩོན་འགྲུས་བསྐུལ་མ་ཡོད། །དབེན་པའི་ཀློང་ན་དགའ་བདེའི་གཏེར་ཁ་ཡོད། །དམ་ཆོས་ཀློང་ན་འདི་ཕྱིའི་བདེ་སྐྱིད་ཡོད། །སྙིང་རུས་ཀློང་ན་

p. 71

ཉམས་རྟོགས་ཡོན་ཏན་ཡོད། །སེམས་བསྐྱེད་ཀློང་ན་གཞན་ཕན་འགྲོ་དོན་ཡོད། །བསྐྱེད་རྫོགས་ཀློང་ན་མཆོག་ཐུན་དངོས་གྲུབ་ཡོད། །སྟོང་ཉིད་ཀློང་ན་སྒྱུ་མའི་ལྟད་མོ་ཡོད། །ཐོད་རྒལ་ཀློང་ན་ལྷ་ཡི་ཞིང་ཁམས་ཡོད། །ཡོད་ཚུལ་བརྒྱད་འདི་ཉམས་ལེན་སྙིང་བོར་ཟུངས། །ཆོས་མེད་གླུ་ལ་དགའ་བའི་བྱ་བཏང་ངས། །གླུ་དབྱངས་འདི་ཡང་བླངས་སོ་ཀུན་ཕན་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ན་མོ་གུ་རུ། བཀའ་དྲིན་གསུམ་ལྡན་ཕ་རྒན། །ཡེ་ཤེས་སྤྱན་ལྡན་ཁྱེད་ཀྱིས། །བརྩེ་བས་གུས་ལྡན་བུ་ལ། །རྒྱང་ནས་རྒྱུན་ལྡན་གཟིགས་ཤིག །བ་མོས་ཡང་ཡང་མནར་བའི། །སྤང་རྒྱན་མེ་ཏོག་སྨུག་པོས། །ལང་ཚོ་ཁོ་བཞིན་འགྱུར་ཞེས། །རྣམ་འགྱུར་བསྟན་ནས་གཤེགས་ཐལ། །ཁ་རླུང་གྲང་བས་གཟིར་བའི། །རི་ཐང་རྣམས་ཀྱི་རྩྭ་ཡིས། །སྐྲ་ལོ་ཁོ་བཞིན་འགྱུར་ཞེས། །རྣམ་འགྱུར་བསྟན་ནས་སྐྱ་ཐལ། །ནམ་ཟླ་སྟོན་གྱིས་གཏུགས་པའི། །རྩི་ཤིང་འབྲས་བུའི་ཚོགས་ཀྱིས། །སོ་རྣམས་ཁོ་བཞིན་ལྟུང་ཞེས། །རྣམ་འགྱུར་བསྟན་ནས་ལྷུང་ཐལ། །སྐྱི་སེར་རླུང་གིས་བསྐྱོད་པའི། །ལྗོན་ཤིང་ལོ་མའི་ཚོགས་ཀྱིས། །མཛའ་བཤེས་ཁོ་བཞིན་འགྱུར་ཞེས། །རྣམ་འགྱུར་བསྟན་ནས་གྱེས་ཐལ། །ཉི་མ་སྟེང་དུ་བབ་པའི། །རྩི་ཤིང་མགོ་ཡི་ཟིལ་བས། །ནོར་རྫས་ཁོ་བཞིན་འགྱུར་ཞེས། །རྣམ་འགྱུར་བསྟན་ནས་བསྐམས་ཐལོ། །

p. 72

ནམ་ཟླ་དགུན་གྱིས་གཏུགས་པའི། །ཆུ་བྱ་ཕོ་མའི་ཚོགས་ཀྱིས། །ཕྱི་མར་ཁོ་བཞིན་འགྲོ་ཞེས། །རྣམ་འགྱུར་བསྟན་ནས་འཕུར་ཐལ། །མི་མེད་རི་ན་ཀུན་གྱིས། །མི་རྟག་རྣམ་འགྱུར་བསྟན་བྱུང་། །མི་ཁྱོད་མི་དགེ་སྤོངས་ལ། །མི་ཚེ་དགེ་ལ་གཞོལ་ཅིག །མགྲིན་པ་གླུ་ཡི་མཛོད་ནས། །སྐྱོ་མགུར་གོས་འདི་ཐོན་སོང་། །གང་གི་རྣ་བའི་མཛོད་ཁང་། །སུས་བཞག་སེམས་ལ་ཕན་ནོ། །ཕྱི་རོལ་དངོས་པོ་རྣམས་ཀྱིས། །མི་རྟག་རྣམ་འགྱུར་བསྟན་དུས། །དེ་འདྲའི་རྒྱང་གླུ་འཐེན་མཁན། །ཚོགས་དྲུག་རང་གྲོལ་ཡིན་སྣང་། །གླུ་འདི་ཐོས་ཚད་ཀུན་གྱིས། །ལོ་འདི་གཞོན་པའི་དུས་སུ། །ཚེ་འདི་བློ་ཡིས་བཏང་ནས། །ཆོས་འདི་བསྒྲུབ་པར་སྨོན་ནོ། །ཞེས་པ་འདི་ཡང་འཁོར་བ་ལས་འདས་ཤིང་། མྱང་འདས་ཀྱི་ས་ལམ་རེག་པའི་འདི་མེད་ཕྱི་མེད་ཀྱི་སྤྲང་བོས་རང་ལ་སྨྲས་པའོ། །ཟབ་ཟབ་ཆོས་སྟོན་བླ་མར། །དུང་དུང་སྙིང་ནས་འདུད་དོ། །ལེགས་ལེགས་འགྲིག་འགྲིག་གླུ་དབྱངས། །ལྷང་ལྷང་ཡང་ཡང་ལེན་ནོ། །བླ་མའི་བཀའ་དྲིན་སོམས་ལ། །ཅི་གསུང་བཀའ་བཞིན་སྒྲུབས་ཤིག །དལ་འབྱོར་རྙེད་དཀའ་སོམས་ལ། །དལ་མེད་རྣམ་གཡེང་མ་བྱེད། །མི་རྟག་འཆི་བ་སོམས་ལ། །མི་དགེ་སྡིག་པ་སྤོངས་ཤིག །དཀར་ནག་ལས་འབྲས་སོམས་ལ། །དཀར་བོའི་ལྷ་ཆོས་སྒྲུབས་ཤིག །འཁོར་བའི་ཉེས་དམིགས་སོམས་ལ། །འཁོར་དང་ལོངས་སྤྱོད་སྤོངས་ཤིག །མཐའ་མེད་འགྲོ་ཀུན་དོན་དུ། །ཚད་མེད་སེམས་མཆོག་སྐྱེད་ཅིག །རྫོགས་པའི་སངས་རྒྱས་ཐོབ་ཕྱིར། །

p. 73

རྫོགས་ཆེན་ཉམས་སུ་ལོངས་ཤིག །དགེ་སེམས་བཟང་བོའི་ངང་ནས། །དགེ་ལ་རྟག་ཏུ་གཞོལ་ཅིག །ཐུན་འགོར་སེམས་བསྐྱེད་གལ་ཆེ། །ཐུན་མཐར་བསྔོ་བ་གྱིས་ཤིག །གླུ་འདི་སེམས་ལ་ཤར་ཚེ། །གཏམ་འདི་རང་ལ་ཕན་ཕྱིར། །ལག་པ་གཉིས་ཀྱི་ནམ་མཁར། །པིར་སྙུག་གཉིས་ཀྱི་སྤྲིན་བསྡུས། །དྲི་མེད་ཤོག་གུའི་ས་ལ། །ཆད་མེད་ཡིག་ཆར་ཕབ་བོ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ། ཐུབ་བསྟན་བསྟན་འཛིན་གྱི་གཙོ་བོ། །མ་ལུས་ལུས་ཅན་གྱི་སྐྱབས་གནས། །ཡ་མཚན་མཚན་ལྡན་གྱི་བླ་མ། །བྱིན་རླབས་རླབས་ཆེན་གྱི་ཆར་ཕོབས། །དང་པོའི་ཞལ་མཇལ་གྱི་བླ་མ། །རྒས་པའི་དྲིན་ཅན་གྱི་ཕ་མ། །དད་ཅན་ཡོན་བདག་ནི་ཕོ་མོ། །ཁྱིམ་མཚེས་གཡས་གཡོན་གྱི་རྒན་རྒོན། །ཁ་སེམས་མཐུན་པ་ཡི་གྲོགས་རྣམས། །ལ་ལ་ཤི་བྲལ་ནི་བྱས་སོང་། །ལ་ལ་གསོན་བྲལ་ནི་བྱས་སོང་། །ཚུལ་དེ་ཞིབ་ཏུ་རང་བསམས་ཚེ། །དེ་དུས་སྤྱོད་ཚུལ་ཚོ་དྲན་བྱུང་། །སེམས་ནི་ཕྱད་ཕྱོད་དུ་གྱུར་ཅིང་། །མིག་སྒོ་མཆི་མ་ཡིས་གང་ནས། །འི་ཤི་སྔམ་པ་ཞིག་ཤོར་ཐལ། །རྒས་པའི་མཚན་མ་ཡིས་ནོན་སོང་། །རང་ཡང་རྟག་ས་ནི་མེད་ཀི །ཡུན་རིང་སྡོད་ཤོམ་ནི་མ་མཛད། །རང་སེམས་ཅང་ཤེས་ཀྱི་རྟ་ཕོ། །བསླབ་གསུམ་སྒ་སྲབ་བློ་འཐེན་ནས། །ཐར་བའི་གྲོང་ཁྱེར་ནི་ཉམས་དགའ། །བསྙེག་པའི་གྲབས་

p. 74

ཤོམ་ནི་མཛོད་ཅིག །ཉིན་རེར་སྐྱོ་ཤས་རེ་དཀའ་ཡང་། །ཟླ་རེར་སྐྱོ་ཤས་རེ་མེད་ན། །སྐབས་རེར་སྐྱོ་མགུར་རེ་འཐེན་དང་། །ལན་རེར་སྐྱོ་བ་རེ་སྐྱེ་ངེས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ལྷ་ལ་ལྷ་ཡི་རྔ་བཞིན་དུ། །གང་ལ་གང་འདོད་ཆོས་གསུང་ཞིང་། །འཁོར་བར་ཁོར་ཡུག་ཏུ་འཁྱམས་པའི། །སྲིད་ལ་སྲིད་པའི་བར་བརྩེ་མཛད། །རྒྱལ་བའི་རྒྱལ་ཚབ་ཀྱི་ཕ་རྒན། །བུང་བའི་བུ་བཞིན་དུ་སྐྱོངས་ཤིག །མཁའ་ལ་ལང་ལོང་དུ་འཁྲིགས་པའི། །ལྷོ་སྤྲིན་སྨུག་པོ་ནི་མཐུག་ཀྱང་། །ཤུགས་དྲག་རླུང་ཆེན་དང་འཕྲད་དུས། །ཕྱོགས་བཅུར་གཏོར་བར་ནི་ངེས་པས། །ད་ལྟ་ལེགས་པོ་རུ་འཁྲིགས་དུས། །སྦྲང་ཆར་འཇམ་པོ་དེ་ཕོབས་ཤིག །འབྱུང་བ་བཞི་བོ་ལ་གཡར་བའི། །ཤ་ཁྲག་ལུས་པོ་ནི་རྒྱས་ཀྱང་། །འཆི་བདག་བདུད་པོ་ཡིས་ཟིན་དུས། །སྒྱུ་ལུས་འཇིག་པར་ནི་ངེས་པས། །ད་ལྟ་རྩལ་སྟོབས་དང་ལྡན་དུས། །ཕྱག་སྐོར་སྒྲིབ་སྦྱོང་ལ་འབུངས་ཤིག །དབྱར་དུས་ནམ་མཁའ་ལ་འཕྱོ་བའི། །གཡུ་འབྲུག་སྐད་གསེང་ནི་མཐོ་ཡང་། །རིང་མིན་སྒྲ་སྐད་རྣམས་ཉམས་པའི། །དུས་དེ་མྱུར་མོ་རུ་འོང་ངེས། །ད་ལྟ་ནམ་མཁའ་ལ་འཕྱོ་དུས། །གསུང་སྙན་ལེགས་པོ་དེ་སྒྲོགས་ཤིག །འཇིག་རྟེན་ཆོས་བརྒྱད་ཀྱི་དོན་དུ། །ཆགས་སྡང་ཁ་སྐད་དེ་མཐོ་ཡང་། །རིང་མིན་མགྲིན་པ་ཡི་ལམ་ནས། །དབུགས་ཀྱི་འགྱུ་བ་དེ་འཆད་ངེས། །ད་ལྟ་སྨྲ་ལྕེ་རང་བདེ་དུས། །གྲགས་སྟོང་བཟླས་བརྗོད་ལ་འབུངས་ཤིག །བསིལ་ཞིང་རྙོག་མེད་ཀྱི་

p. 75

རྫ་ཆུ། །ལྷུང་ལྷུང་དབྱར་དུས་སུ་འབབ་ཀྱང་། །ཡུན་རིང་མི་སྡོད་པར་ཆུ་ཐིགས། །ཙམ་ཡང་ལུས་མེད་དུས་འབྱུང་ངེས། །ད་ལྟ་རྒྱུན་བཟང་ནི་འབབ་དུས། །དལ་མེད་ཆུ་ཆེན་ལ་འདྲེས་ཤིག །རང་བདེ་གཞན་དག་ལ་གནོད་པའི། །གཡོ་སྒྱུ་ཁྲམ་གསུམ་དེ་འགྱུ་ཡང་། །ཡུན་རིང་མི་སྡོད་པར་བདག་གཞན། །ངོས་མི་ཟིན་དུས་ཤིག་འབྱུང་ངེས། །ད་ལྟ་བློ་རིག་ནི་གསལ་དུས། གང་ཟབ་གདམས་པ་རྣམས་སྒོམས་ཤིག །སྤང་རི་སེར་བོ་ཡི་ངོས་ལ། །མེ་ཏོག་སྣ་ཚོགས་པ་བཀྲ་ཡང་། །དགུན་གསུམ་ཁ་རླུང་ནི་འཚུབ་དུས། །དབང་མེད་རྡུལ་ཕྲན་བཞིན་འགྲོ་ངེས། །ད་ལྟ་མདངས་བཀྲག་རྣམས་རྒྱས་དུས། །དཀོན་མཆོག་མཆོད་ཕྱིར་དུ་གཤེགས་ཤིག །ཚེ་སྔོན་བསོད་ནམས་ཀྱི་སྟོབས་ཀྱིས། །ཚེ་འདིར་ལོངས་སྤྱོད་ནི་འབྱོར་ཡང་། །ནམ་ཞིག་གང་ཟག་གཞན་རྣམས་ཀྱི། །རྫས་སུ་འགྱུར་བར་ནི་ངེས་པས། །ད་ལྟ་རང་དབང་ནི་ཡོད་དུས། །ཡར་མཆོད་མར་སྦྱིན་ནི་གྱིས་ཤིག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ། བདེ་མེད་བདེ་བ་ལ་འགོད་པའི། །མགོན་མེད་མགོན་སྐྱབས་ཀྱི་བླ་མ། །མི་འབྲལ་མི་ངའི་མགོར་བཞུགས་ལ། །རྗེས་བཟུང་རྗེས་འཇུག་གི་བུ་ང་། །མི་མཐུན་མི་འདོད་པའི་ཉེར་འཚེ། །ཐམས་ཅད་ཐམས་ཅད་ལས་སྐྱོབས་ཤིག །དྲོད་དང་གཤེར་བ་གཉིས་ཉམས་ཐལ། །ཁ་བས་རྩེ་མོ་ནི་ནོན་སོང་། །དབྱར་

p. 76

གྱི་དུས་ཚོད་དེ་དྲན་བྱུང་། །འཁྱགས་ནས་སེར་ཁ་རྣམས་འགས་ཚུལ། །སྤང་རི་སེར་བོ་ངས་བསམས་པས། །སྐྱོ་ནས་ཁ་དོག་ནི་འགྱུར་རོ། །སྐྱེ་སྟོབས་བཟང་བོ་ནི་ཉམས་ཐལ། །བ་མོས་ལུས་པོ་ནི་ནོན་སོང་། །སྔོ་ལྗང་དུས་ཚོད་དེ་དྲན་བྱུང་། །ཁྱིམ་པས་ཟོར་བ་ཡིས་བརྔ་ཚུལ། །ལོ་ཡག་སྙེ་མ་ངས་བསམས་པས། །སྐྱོ་ནས་མགོ་བོ་ཐུར་གུག་གོ །ལུས་ཀྱི་མདངས་སྟོབས་ནི་ཉམས་ཐལ། །སྐྲ་དཀར་གཉེར་མ་ཡིས་ནོན་སོང་། །གཞོན་ནུའི་དུས་ཚོད་དེ་དྲན་བྱུང་། །ཤི་ནས་ཕ་རོལ་ཏུ་འགྲོ་ཚུལ། །བྱ་བཏང་རྣལ་འབྱོར་ངས་བསམས་པས། །སྐྱོ་ནས་མགུར་དབྱངས་འདི་འཐེན་ནོ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཀོན་མཆོག་རྣམ་གསུམ་འདུས་པའི་སྐུ། །བླ་མ་རྣམས་ལ་གུས་པས་འདུད། །དམ་ཚིག་ལྡན་ཞིང་དམ་པའི་ཆོས། །སྙིང་ནས་སྒྲུབ་ལ་སྙིང་གཏམ་སྨྲ། །དང་པོ་ཆོས་ཀྱི་འགོ་ལ་གསུམ། །བླ་མ་དཀོན་མཆོག་གསུམ་པོ་ལ། །ཕྱག་མཆོད་བྱེད་ན་ཆོས་འགོ་ཡིན། །འགྲོ་དྲུག་སྤྱི་ལ་ཕན་པ་ཡི། །སེམས་བསྐྱེད་བྱེད་ན་ཆོས་འགོ་ཡིན། །དགེ་དང་སྡིག་པ་གཉིས་ཀ་ལ། །སྤོང་ལེན་བྱེད་ན་ཆོས་འགོ་ཡིན། །འགོ་བོ་རྙེད་པའི་ཆོས་ལ་གསུམ། །བླ་མ་བཟང་བོ་རྙེད་པ་ན། །ཆོས་ཀྱི་འགོ་བོ་རྙེད་པ་ཡིན། །བརྒྱུད་པ་དག་ཅིང་སེལ་མེད་ན། །ཆོས་ཀྱི་འགོ་བོ་རྙེད་པ་ཡིན། །གདམས་ངག་བར་མ་ཆད་པ་ན། །ཆོས་ཀྱི་འགོ་བོ་རྙེད་པ་ཡིན། །རྨང་རྡོ་ཐེངས་པའི་ཆོས་ལ་གསུམ། །

p. 77

དབང་བོ་སྒོ་ལྔ་ཚང་བ་དང་། །རང་དབང་རང་ལ་ཐོབ་པ་ན། །ཆོས་ཀྱི་རྨང་རྡོ་ཐེངས་པ་ཡིན། །འགྱུར་ལྡོག་མེད་པའི་དད་པ་དང་། །མི་གཞི་རབ་ཏུ་ལེགས་པ་ན། །ཆོས་ཀྱི་རྨང་རྡོ་ཐེངས་པ་ཡིན། །ཉོན་མོངས་རྟོགས་པ་ཆུང་བ་དང་། །ཤེས་པ་ཆོས་ལ་གསལ་བ་ན། །ཆོས་ཀྱི་རྨང་རྡོ་ཐེངས་པ་ཡིན། །ཆོས་ཀྱི་རྩ་བ་བརྟན་ལ་གསུམ། །འཆི་བ་སྙིང་ནས་དྲན་པ་ན། །ཆོས་ཀྱི་རྩ་བ་བརྟན་པ་ཡིན། །མི་དགེ་སྡིག་ལ་འཛེམ་པ་ན། །ཆོས་ཀྱི་རྩ་བ་བརྟན་པ་ཡིན། །འཁོར་བའི་སྡིག་ལ་སེམས་སུན་ན། །ཆོས་ཀྱི་རྩ་བ་བརྟན་པ་ཡིན། །བྱིན་གྱིས་བརླབས་པའི་ཆོས་ལ་གསུམ། །སྣང་སྲིད་དཔེ་ཆར་ཤར་བ་ན། །བྱིན་གྱིས་བརླབས་པའི་ཆོས་ནི་ཡིན། །རྣམ་རྟོག་བླ་མར་ཤར་བ་ན། །བྱིན་གྱིས་བརླབས་པའི་ཆོས་ནི་ཡིན། །སྣང་བ་གྲོགས་སུ་ཤར་བ་ན། །བྱིན་གྱིས་བརླབས་པའི་ཆོས་ནི་ཡིན། །སྙིང་བོ་བསྡུས་པའི་ཆོས་ལ་གསུམ། །ཅི་བྱས་ཆོས་སུ་འགྲོ་བ་ན། །སྙིང་བོ་བསྡུས་པའི་ཆོས་ནི་ཡིན། །ཅི་བསམ་སྒྲུབ་པའི་གྲོགས་འགྲོ་ན། །སྙིང་བོ་བསྡུས་པའི་ཆོས་ནི་ཡིན། །ཅི་སྨྲས་གཞན་གྱི་དོན་འགྱུར་ན། །སྙིང་བོ་བསྡུས་པའི་ཆོས་ནི་ཡིན། །ལམ་སྣ་ཟིན་པའི་ཆོས་ལ་གསུམ། །སྙིང་རྗེ་ངང་གིས་སྐྱེ་བ་ན། །ལམ་སྣ་ཟིན་པའི་ཆོས་ནི་ཡིན། །སྣང་བ་སྒྱུ་མར་ཤར་བ་ན། །ལམ་སྣ་ཟིན་པའི་ཆོས་ནི་ཡིན། །ཉོན་མོངས་མགོ་བོ་ནོན་པ་ན། །ལམ་སྣ་ཟིན་པའི་

p. 78

ཆོས་ནི་ཡིན། །བརྟན་པ་ཐོབ་པའི་ཆོས་ལ་གསུམ། །འགྲོ་ལ་བྱམས་སྟོབས་ཆེ་བ་ན། །བརྟན་པ་ཐོབ་པའི་ཆོས་ནི་ཡིན། །སྙིང་རྗེ་འཛིན་པ་ཆེ་བ་ན། །བརྟན་པ་ཐོབ་པའི་ཆོས་ནི་ཡིན། །དངོས་འཛིན་མཚན་མ་ཞིག་པ་ན། །བརྟན་པ་ཐོབ་པའི་ཆོས་ནི་ཡིན། །ཉལ་བས་ཆོག་པའི་ཆོས་ལ་གསུམ། །མཚན་ལྡན་བླ་མ་མཉེས་བྱས་ནས། །སེམས་ལ་གཡོ་སྒྱུ་མེད་པ་ན། །ཉལ་བས་ཆོག་པའི་ཆོས་ནི་ཡིན། །སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན། །བཅོས་མིན་རྒྱུད་ལ་འབྱོངས་པ་ན། །ཉལ་བས་ཆོག་པའི་ཆོས་ནི་ཡིན། །ཚོགས་གཉིས་མང་བསགས་དགེ་རྩ་རྣམས། །གཞན་གྱི་དོན་དུ་བསྔོས་པ་ན། །ཉལ་བས་ཆོག་པའི་ཆོས་ནི་ཡིན། །སངས་རྒྱས་འཐོབ་པའི་ཆོས་ལ་གསུམ། །སྦྱར་བ་ཚད་མེད་བཞི་ལྡན་ན། །སངས་རྒྱས་འཐོབ་པའི་ཆོས་ནི་ཡིན། །དངོས་གཞི་རྨི་ལམ་ལྟར་ཤེས་ན། །སངས་རྒྱས་འཐོབ་པའི་ཆོས་ནི་ཡིན། །རྗེས་སུ་བསྔོ་བའི་རྒྱས་བཏབ་ན། །སངས་རྒྱས་འཐོབ་པའི་ཆོས་ནི་ཡིན། །སུམ་ཚན་བཅུ་ཡི་གླུ་དབྱངས་འདི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །དགེ་འདིས་ཁམས་གསུམ་སེམས་ཅན་རྣམས། །མཐར་ཐུག་སྐུ་གསུམ་ཐོབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མགྲིན་པའི་མཁའ་ལ་ཆོས་ཀྱི་ཆུ་འཛིན་འཁྲིགས། །རོ་འཛིན་གློག་འཁྱུག་གསུང་དབྱངས་དབྱར་རྔ་སྒྲོག །ལེགས་བཤད་སྦྲང་ཆར་གདུལ་བྱའི་འཛིན་མ་ལ། །འབེབས་མཁས་མཚན་ལྡན་བླ་མའི་ཞབས་

p. 79

ལ་འདུད། །མི་ལུས་གཙང་མའི་ཤེལ་དཀར་བུམ་བཟང་དེ། །ཚུལ་ཁྲིམས་གཙང་མའི་ལྷ་ཡི་གོས་ཀྱིས་གཡོགས། །ཉམས་རྟོགས་གཙང་མའི་བདུད་རྩིས་ཡོངས་བཀང་ནས། །དམ་ཆོས་གཙང་མའི་བདུད་རྩི་འགྲོ་ལ་འགྱེད། །འཆི་བདག་དམག་དཔུང་ནམ་འོང་ངེས་པ་མེད། །བག་ཟོན་གྱིས་ལ་ཚེ་འདིར་མ་ཆགས་པར། །རི་ཁྲོད་དབེན་པའི་རྫོང་དུ་མྱུར་བྲོས་ནས། །འཆི་དྲོད་དགེ་སྦྱོར་གོ་ཁྲབ་མཚོན་ཆ་ཐོགས། །མི་དགེ་སྡིག་པའི་ལག་པས་དམྱལ་བ་ཡི། །ཁྲོ་ཆུ་ཁོལ་མའི་ཟངས་ཆེན་ཁ་མ་འབྱེད། །དགེ་བའི་ལྡེའུ་མིག་རྣམས་ལ་མངོན་མཐོ་ཡི། །དཀོར་མཛོད་སྒོ་མོ་འབྱེད་ལ་བརྩོན་པར་མཛོད། །འཁོར་བ་ཁབ་ཀྱི་རྩེ་མོར་གང་ལྟར་དུ། །བསྡད་ཀྱང་བདེ་བའི་གོ་སྐབས་ཅུང་ཟད་མེད། །ངེས་ལེགས་ཐར་བའི་པདྨའི་ཟེའུ་འབྲུའི་དབུས། །བསྙེགས་ནས་བདེ་བར་ཉལ་བའི་གྲབས་ཤོམ་མཛོད། །ལས་ཉོན་རྦ་ཀློང་མང་བོ་དྲག་ཏུ་འཁྲུགས། །མི་འདོད་སྡུག་བསྔལ་ཆུ་སྲིན་མང་བོས་གཙེས། །སྲིད་པའི་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས། །མྱུར་དུ་སྒྲོལ་བའི་ཐབས་དགུ་སྙིང་ལ་ཆོངས། །ཆོས་རྣམས་སྟོང་བར་རྟོགས་པའི་ཤེས་རབ་གྱིས། །བདག་འཛིན་འཆིང་བའི་ཐོག་ནག་རྩད་ནས་ཆོད། །མཐའ་བྲལ་ཆོས་དབྱིངས་མལ་དུ་ཤིགས་སེ་སྡོད། །སྐབས་རེར་སྣང་སྟོང་སྒྱུ་མའི་ལྟད་མོར་ལྟོས། །འདི་ལས་བྱུང་བའི་དགེ་བའི་ཉལ་འགྲོ་ཡིས། །

p. 80

མཐོང་ཐོས་བློ་གྲོས་པད་དཀར་བསྐྱེད་བསྲིངས་ནས། །དགེ་སྦྱོར་དྲི་ངད་བཟང་བོས་ཁོར་ཡུག་གང་། །ལུང་རྟོགས་ཡོན་ཏན་བཅུད་ཀྱིས་གཏམས་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ལྷ་མཆོག་གསུམ་ངོ་བོ་བླ་མ་ལ། །བདག་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གནས་ཁམས་གསུམ་འཁྱམས་པའི་རང་གཞན་ལ། །མཆོག་སྐུ་གསུམ་གོ་འཕང་བསྩལ་དུ་གསོལ། རྗེ་མཚན་ལྡན་བླ་མའི་བྱིན་རླབས་དང་། །ཆོས་རྫོགས་པ་ཆེན་པོའི་བཀའ་དྲིན་ལས། །འབད་རྩོལ་བ་ཅུང་ཟད་མ་བྱས་ཀྱང་། །ངའི་མགྲིན་པར་ཀླུ་ཡི་གཏེར་ཁ་བརྡོལ། །ཁ་ཟུར་གསུམ་དུང་གི་སྒོ་མོ་ནས། །གཞན་སྐལ་ལྡན་གདུལ་བྱ་ཕོ་མོ་ཡི། །རྒྱུད་ཉམས་རྟོགས་གཏེར་གྱིས་འགེངས་པའི་ཕྱིར། །གླུ་སྙན་མོའི་དགའ་སྟོན་འགྱེད་ཀྱིས་ཉོན། །ངས་ཕྱི་རོལ་ཡུལ་ལ་ཕར་བལྟས་པས། །མཐོ་རྒྱལ་པོའི་རྒྱལ་སྲིད་མན་ཆད་ནས། །དམའ་སྤྲང་བོའི་འཁར་བ་ཡན་ཆད་རྣམས། །དཔེ་རྨི་ལམ་སྒྱུ་མའི་འཁོར་ལོར་འདུག །མདང་ཉལ་བའི་གཉིད་ཀྱི་རྨི་ལམ་ན། །ལྷོ་འཛམ་གླིང་ཡོངས་ལ་དབང་བསྒྱུར་བའི། །ཆེས་མཐོ་བའི་རྒྱལ་པོའི་རྒྱལ་སྲིད་ཐོབ། །སེམས་དགའ་སྐྱིད་གླུ་གར་རྩེད་འཇོ་བྱས། །སྣོད་རིན་ཆེན་གསེར་གྱི་ཕོར་བ་རུ། །བཅུད་འཆི་མེད་བདུད་རྩིའི་རོ་མཆོག་མྱང་། །ཡོངས་ཀུན་ལས་ང་སྐྱིད་བསམ་ཙ་ན། །གཉིད་སད་ཚེ་དེ་རྣམས་གར་སོང་མེད། །ཡང་ཐུན་གཅིག་ཉལ་བའི་རྨི་ལམ་ན། །རང་སྤྲང་རྒན་བཟའ་མེད་

p. 81

གོས་མེད་ཅིག །ཤིག་སྲོ་མང་ཁུར་ཆེན་ལུས་ལ་ཁུར། །རྟ་ལྕང་དཀར་བེར་ཀ་དག་ལ་བྱས། །སྲང་བར་ན་ཁྱི་ཡིས་ཟ་ལ་ཁད། །ངའི་སྡུག་འདྲ་ཨེ་ཡོད་བསམ་ཙ་ན། །གཉིད་སད་མ་ཐག་ཏུ་གར་སོང་མེད། །དཔེ་དེ་བཞིན་བདེ་སྡུག་དགྲ་གཉེན་ཀུན། །སྣང་ཆ་རྣམས་མ་འགགས་སྣང་ན་ཡང་། །ཀུན་རང་བཞིན་མ་གྲུབ་བྱ་བའི་གཏམ། །ཡང་དག་པའི་ཡེ་ཤེས་སྣང་ངོ་ལ། །མཉམ་གཞག་གི་རིག་པ་ཟང་ཐལ་ལེ། །ཁྱབ་གདལ་གྱི་ཆོས་དབྱིངས་ཡངས་ཁྲོལ་ལེ། །འདི་རྒྱུན་ཆད་མེད་པའི་གཏན་ཡུལ་ཡིན། །སེམས་རྣམ་རྟོག་སྔ་མ་འགག་ཅིང་ཞིག །སླར་འདི་བྱེད་བསམ་བློ་མ་སྐྱེས་པའི། །བར་རིག་པ་འདི་ཡིན་མེད་པ་ཡི། །སེམས་ཝལ་ལེ་ཧྲིག་གེ་ཡེ་རེ་བ། །འདི་སྨྲ་བསམ་བརྗོད་མེད་ཆོས་ཀྱི་སྐུ། །རྗེ་དེ་གསུམ་སངས་རྒྱས་དགོངས་པ་ཡིན། །འདི་ཡེངས་མེད་རྒྱུན་དུ་སྐྱོང་ཤེས་ན། །ཆོས་ཟབ་དགུའི་སྙིང་བོ་འདི་ལ་འདུས། །འདྲིས་དྲགས་པས་ཕྲལ་དུ་ངོ་མ་ཤེས། །སླ་དྲགས་པས་དོན་ལ་ཡིད་མ་ཆེས། །ཟབ་དྲགས་པས་ཀུན་གྱི་བློར་མ་ཤོང་། །དོན་ཡིན་ལུགས་ཐོག་ཏུ་ཁེལ་བ་དཀོན། ་།ཆོས་མཁས་མཁས་གྲགས་པ་མེད་ན་ཡང་། །སེམས་མ་བཅོས་པ་འདི་སྐྱོང་ཤེས་ན། །ཡར་སངས་རྒྱས་ཉེ་ལམ་ཡིན་ངེས་གདའ། །སེམས་བཅོས་མིན་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བྱིང་རྒོད་གཉིས་ཆོས་སྐུའི་དབྱིངས་སུ་ཡལ། །སྟོང་གསལ་གྱི་

p. 82

ཆོས་དབྱིངས་ངང་ཉིད་ལས། །ཅུང་ཟད་ཀྱང་གཡོ་བ་མ་མཆིས་པའི། །ཕ་རྒན་དེས་བུ་ལ་རྒྱང་ནས་གཟིགས། །སྐྱེ་མེད་ཀྱི་རང་རིག་འོད་གསལ་ལ། །མཉམ་པར་ནི་བཞག་དུས་བྱིང་རྒོད་ཀྱི། །ལམ་ཁྱེར་ནི་འདི་ལྟར་བྱས་ན་བཟང་། །བློ་རབ་ཀྱིས་བྱིང་རྒོད་ཤར་མ་ཐག །ངོ་ཤེས་ཤིང་འབྲིང་གིས་ཤར་ནས་ཀྱང་། །ཅུང་ཟད་ནི་སོང་ཚེ་ངོ་ཤེས་སོ། །ཐ་མ་ཡིས་ཡུན་རིང་སོང་ནས་ཤེས། །བློ་རབ་ཀྱིས་བྱིང་རྒོད་གང་ཤར་ཡང་། །དར་སེང་ལ་ཁ་བ་བབས་པའམ། །གླང་ཆེན་ལ་ཚེར་མ་ཟུག་པ་ལྟར། །བཅའ་བཅོས་ནི་མི་བྱ་སྟོང་གསལ་གྱི། །རིག་པ་ཡི་ངང་དུ་རས་བལ་བཞིན། །རང་ས་རུ་གློད་ནས་བཞག་པའི་ཚེ། །སྦྲུལ་མདུད་ནི་རང་གིས་བཤིག་པ་བཞིན། །བྱིང་རྒོད་གཉིས་རང་གྲོལ་འགྲོ་བ་ཡིན། །འདི་ཉིད་ནི་བྱིང་རྒོད་ལམ་འཁྱེར་བ། །རབ་ཡིན་ནོ་ཚོགས་དྲུག་རང་གྲོལ་བ། །བློ་འབྲིང་གིས་བྱིང་རྒོད་གང་བྱུང་ཡང་། །ངོ་བོ་ལ་ཅེར་གྱིས་བལྟས་པའི་ཚེ། །མཚོ་ཆེན་ལ་ཁ་བ་བབས་པ་བཞིན། །སྟོང་ཉིད་དུ་ལམ་ལམ་འགྲོ་བ་ཡིན། །དེ་ཉིད་ཀྱི་ངང་དུ་བལ་འཇམ་ལ། །ཆུ་བཏབ་བཞིན་ལྷོད་ཀྱིས་གློད་ལ་ཞོག །འདི་ཉིད་ནི་བྱིང་རྒོད་ལམ་འཁྱེར་བ། །འབྲིང་ཡིན་ནོ་ཚོགས་དྲུག་རང་གྲོལ་བ། །ཐ་མ་ཡིས་རྣམ་རྟོག་ངོ་ཡིས་གཟུང་། །བྱུང་གནས་དང་འགྲོ་སོགས་རྩད་བཅད་དེ། །གང་ནས་ཀྱང་བྱུང་བའི་ས་མེད་ཅིང་། །བར་དུ་ཡང་འདི་ན་གནས་ཞེས་མེད། །ཐ་མར་ཡང་འདིར་སོང་བྱ་བ་མེད། །ཆབ་རོམ་ནི་རིམ་གྱིས་ཆུར་ཞུ་ལྟར། །སྟོང་སངས་ཀྱི་སྔར་གྱི་རང་རིག་གི །

p. 83

འོད་གསལ་གྱི་སྟེང་དུ་ཕྱམ་གྱིས་འགྲོ། །དེ་ཉིད་ཀྱི་ངང་དུ་ལྷོད་ཀྱིས་གློད། །མ་ཡེངས་པར་དྲན་པ་རྒྱུན་དུ་སྐྱོངས། །འདི་ཉིད་ནི་བྱིང་རྒོད་ལམ་འཁྱེར་བ། །ཐ་མ་ཡིན་ཚོགས་དྲུག་རང་གྲོལ་བ། །འདི་གསུམ་ནི་རང་གི་བློ་ཚོད་དང་། །སྦྱར་ནས་ཀྱང་རིམ་གྱིས་བྱིང་རྒོད་གཉིས། །ལམ་དུ་ནི་ཁྱེར་ན་ཤིན་ཏུ་ལེགས། །དང་པོ་ནས་དབང་བོ་ཡང་རབ་བཞིན། །བྱིང་རྒོད་གཉིས་ལམ་དུ་འཁྱེར་བ་དཀའ། །དེ་ལྟར་དུ་བྱས་ཀྱང་སྡུག་བཙིར་དང་། །ལུང་མ་ནི་བསྟན་དུ་ལུས་ཉེན་ཡོད། །འོད་གསལ་ལ་ཅུང་ཟད་བརྟན་ཐོབ་ཚེ། །བློ་རབ་ཀྱི་རྣམ་རྟོག་ལམ་འཁྱེར་བཞིན། །བྱས་ན་ཡང་སླ་ཞིང་ཤིན་ཏུ་ལེགས། །འདི་སྦྱར་གྱི་བསོད་ནམས་དྲི་བཞོན་གྱིས། །བྱིང་རྒོད་སྤྲིན་རང་སར་དག་ནས་ཀྱང་། །འོད་གསལ་གྱི་ཉི་མ་སྒྲིབ་མེད་ཤར། །ཉམས་རྟོགས་ཀྱི་པད་ཚལ་བཞད་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ལ་ཕན་ཕྱིར་ལྷག་བསམ་དག་པས་བྲིས་པའོ། །འཁོར་འདས་ཆོས་རྨི་ལམ་ཇི་བཞིན་དུ་སེམས་ཀྱི། །རོལ་པ་རུ་རྟོགས་ཤིང་སེམས་ཉིད་ནི་དངོས་མེད། །ཆོས་སྐུ་རུ་རྟོགས་པའི་ཆོས་དབྱིངས་ཀྱི་ངང་ལས། །འཇུག་ལྡང་གི་སྤྲོས་པ་མ་ལུས་པ་ནུབ་པའི། །དྲིན་ཅན་གྱི་བླ་མ་ཆོས་རྒྱལ་ལ་འདུད་དོ། །ཕྱི་རོལ་གྱི་ཡུལ་ལ་ཕར་ལ་རང་ལྟོས་དང་། །འདི་རྣམས་ནི་དང་པོ་གང་ལས་ནི་བྱུང་དང་། །གང་དུ་ནི་

p. 84

གནས་དང་གང་དུ་ནི་འགྲོ་སོགས། །ལེགས་པ་རུ་དཔྱོད་དང་ནམ་མཁའ་ཡི་སྤྲིན་རྣམས། །ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ཡི་ངང་ནས། །སླར་ཡང་ནི་ནམ་མཁའི་དབྱིངས་སུ་ཁོ་འགྲོ་བཞིན། །སྣང་གྲགས་ཀྱི་ཆོས་རྣམས་སེམས་ཉིད་ལས་བྱུང་ཞིང་། །སེམས་ཉིད་ཀྱི་ངང་ནས་སླར་ཡང་ནི་སེམས་ཀྱི། །དབྱིངས་སུ་ནི་འགྲོ་བའི་རང་མཚང་དེ་རྟོག་གོ །དེ་ལྟར་དུ་རྟོགས་དུས་སྣང་བ་ཡི་མཚན་ཉིད། །རང་བཞིན་གྱིས་ཨེ་གྲུབ་ལེགས་པར་ནི་ལྟོས་དང་། །དཔེར་ན་ནི་རྨི་ལམ་སྐྱེས་བུ་ནི་ཇི་བཞིན། །གཟུང་ཡུལ་གྱི་ཆོས་རྣམས་མངོན་སུམ་དུ་སྣང་ཡང་། །རང་བཞིན་གྱིས་མ་གྲུབ་རྨི་ལམ་ལྟར་ཐག་ཆོད། །རྨི་ལམ་ལྟར་ཡིན་སྙམ་ཐག་ཆོད་ཀྱི་ངེས་ཤེས། །བཟང་བོ་དེ་རྙེད་དུས་ཕྱི་རོལ་གྱི་ཡུལ་ལ། །འདི་རྣམས་ནི་འདི་ཞེས་འཛིན་བྱེད་ཀྱི་ནང་གི །སེམས་ཉིད་ལ་ལྟོས་དང་བར་སྣང་ལ་སྐྱི་སེར། །རླུང་བོ་ནི་ཡལ་བཞིན་འཛིན་བྱེད་ཀྱི་ཤེས་པ། །སྟོང་ཡལ་དུ་འགྲོ་བས་རང་བཞིན་གྱིས་མ་གྲུབ། །ཐག་ཆོད་ཀྱི་ངེས་ཤེས་བཟང་བོ་དེ་རྙེད་དུས། །སྟོང་བ་ཉིད་དེ་ལ་མཐའ་དབུས་ནི་ཨེ་འདུག །ལེགས་པོ་བྱས་ལྟོས་དང་མཐའ་དབུས་དང་བྲལ་ལོ། །མཐའ་དབུས་དང་བྲལ་བར་རྟོགས་དུས་སུ་ཕྱི་ནང་། །ཨེ་འདུག་ནི་ལྟོས་དང་ཕྱི་ནང་དང་བྲལ་ལོ། །ཕྱི་ནང་ནི་མེད་པར་རྟོགས་དུས་སུ་འགྲོ་འོང་། །ཨེ་འདུག་ནི་ལྟོས་དང་འགྲོ་འོང་དང་བྲལ་ལོ། །འགྲོ་འོང་ཀྱང་མེད་པར་ལེགས་པར་ནི་རྟོགས་དུས། །དེ་རྣམས་ལ་ལྟ་མཁན་ཁོ་རང་ལ་

p. 85

ལྟོས་དང་། །གཟུང་འཛིན་གྱི་སྨག་རུམ་མཐུག་པོ་དེ་སངས་ནས། །སྟོང་གསལ་གྱི་རང་རིག་འོད་གསལ་བ་ཆོས་སྐུ། །ཁྱབ་གདལ་གྱི་ནམ་མཁའ་ཡངས་པ་དེ་ལྡང་ངོ་། །དེ་ཉིད་ཀྱི་ངང་དུ་རང་སངས་དུ་ཕྱལ་ལེ། །བརྟེན་མེད་དུ་ཡེ་རེ་ཟང་ཐལ་དུ་ལྷག་གེ །བདེན་མེད་དུ་བུན་ནེ་རྩ་བྲལ་དུ་ཁྲེས་སེ། །སྟོང་ཉིད་དུ་རྗེན་ནེ་དགའ་འཛུམ་མེ་ཤིགས་སེ། །དཔྱད་པའི་ལུས་ལྷོད་ལ་བདེ་མོ་རུ་གཟིམས་ཤིག །རྣམ་རྟོག་གི་འགྱུ་བས་སད་པའི་འགོ་རྩོམ་ཚེ། །ཡིད་དཔྱོད་ཀྱིས་མ་འཕག་སྔར་བཞིན་དུ་གཟིམས་ཤིག །གཟིམས་པ་ལས་བཞེངས་ཚེ་སྣང་གྲགས་གྱི་ཆོས་རྣམས། །སེམས་ལས་ནི་གཞན་དུ་མ་གྲུབ་པར་ཐག་བཅད། །སྒྱུ་མ་རུ་བལྟ་ཞིང་སྒྱུ་མ་མཁན་རྟ་གླང་། །སྤྲུལ་བ་ནི་ཇི་བཞིན་བསྐྱེད་རྫོགས་དང་ཚོགས་བསགས། །སྒྲུབ་སྦྱོང་ལ་འབོད་ལ་བསྔོ་སྨོན་ཡང་མཛོད་དང་། །བདེ་སྐྱིད་ཀྱི་ཉི་མ་སྙིང་དབུས་སུ་འཆར་རོ། །ཀླུ་དབྱངས་འདི་ཐོས་ཚད་སྐྱེ་འགྲོ་ནི་གང་ཡིན། །འོད་གསལ་གྱི་བདུད་རྩིས་ར་རོ་རུ་མྱོས་ཤིང་། །གཟུང་འཛིན་གྱི་གཅོང་ནད་ལུས་མེད་དུ་སངས་ཏེ། །ཆོས་དབྱིངས་ཀྱི་ཞིང་ཁམས་ཡངས་པོ་རུ་སོང་ནས། །གཟུགས་སྐུ་ཡི་བྲོ་གར་སྣ་ཚོགས་པ་བྱེད་བཞིན། །ལེགས་བཤད་ཀྱི་གླུ་དབྱངས་འཐེན་པ་རུ་སྨོན་ནོ། །ཞེས་པ་འདི་ཡང་རེབ་གོང་གི་གླུ་བ་གཏད་མེད་སྨྱོན་པ་གུ་ཡངས་ཡན་པ་བློ་བདེ་སྟོང་ཉིད་ཀྱི་ཆང་གིས་ར་རོ་ནས། ཆོས་དབྱིངས་ཀྱི་མལ་དུ་བསྡད་དེ་གང་ཤར་གྱི་བཟི་གཏམ་གཅིག་

p. 86

པུར་སྨྲས་པའོ། །ག་བསམ་པ་དག་པས་བྱི་དོར་བྱས། །སྤྱི་གཙུག་རྒྱལ་མཚན་རྩེར་བསྐྱོན་ནས། །ཕྱག་བྱས་མཆོད་ཅིང་གསོལ་བཏབ་ན། །ཅི་འདོད་རེ་བ་སྐོང་མཛད་པའི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །འདྲེན་མཆོག་ཆོས་རྒྱལ་ཞབས་ལ་འདུད། །ང་གླུ་བ་བཟང་བོ་མ་ཡིན་ཡང་། །དྲིན་ཅན་མཚན་ལྡན་བླ་མར་མཇལ། །མ་ནོར་ཟབ་མོའི་གདམས་པ་ཐོབ། །དེ་ཕྱིར་རང་གིས་གོ་རྟོགས་པའི། །གནས་ལུགས་དོན་གྱི་གླུ་ཞིག་ལེན། །སྐལ་ལྡན་ལས་འཕྲོ་ཅན་ཚོ་ཉོན། །རང་རིག་ཆོས་སྐུའི་ནམ་མཁའ་ནས། །འཁོར་འདས་འཇའ་སྤྲིན་ཅི་སྣང་ཡང་། །བྱུང་ཡང་རང་རིག་མཁའ་ལས་བྱུང་། །གནས་ཀྱང་རང་རིག་མཁའ་ལ་གནས། །ཐིམ་ཡང་རང་རིག་མཁའ་ལ་ཐིམ། །གཞན་དུ་ཅུང་ཟད་མ་གཡོས་གོ །རང་རིག་ཆོས་སྐུའི་ས་གཞི་ནས། །འཁོར་འདས་རྩི་ཤིང་ཅི་སྐྱེས་ཀྱང་། །བྱུང་ཡང་རང་རིག་ས་ལས་བྱུང་། །གནས་ཀྱང་རང་རིག་ས་ལ་གནས། །ཐིམ་ཡང་རང་རིག་ས་ལ་ཐིམ། །གཞན་དུ་ཅུང་ཟད་མ་གཡོས་གོ །རང་རིག་ཆོས་སྐུའི་རྒྱ་མཚོ་ལས། །འཁོར་འདས་རྦ་རླབས་ཅི་ཤར་ཡང་། །བྱུང་ཡང་རང་རིག་མཚོ་ལས་བྱུང་། །གནས་ཀྱང་རང་རིག་མཚོ་ལ་གནས། །ཐིམ་ཡང་རང་རིག་མཚོ་ལ་ཐིམ། །གཞན་དུ་ཅུང་ཟད་མ་གཡོས་གོ །རྨི་ལམ་སྐབས་ཀྱི་བདེ་སྡུག་གཉིས། །གཉིད་ལས་གཞན་དུ་མ་གཡོས་བཞིན། །འཁོར་འདས་བདེ་སྡུག་རང་རིག་ལས། །གཞན་དུ་ཅུང་ཟད་མ་གཡོས་རྟོགས། །རང་རིག་ཆོས་

p. 87

སྐུའི་ཀློང་ཆེན་དུ། །འཁོར་འདས་ཆོས་རྣམས་འུབས་ཆུད་པས། །གཞི་ཡི་རིག་པ་ཆོས་སྐུ་ལས། གཞན་དུ་ཅུང་ཟད་མ་གཡོས་རྟོགས། །ད་ལྟའི་སྣང་གྲགས་ཆོས་རྣམས་ཀུན། །མ་རྟོགས་པ་ལ་འཁོར་བར་སྣང་། །བྱ་བཏང་གུ་ཡངས་བློ་བདེ་ངས། །གང་སྣང་སྒྱུ་མ་ལྟ་བུར་རྟོགས། །མཐར་ཐུག་ཤེལ་འོད་ནང་ནུབ་ལྟར། །གཞི་སྣང་འཁོར་འདས་ཆོས་སྐུར་དག །གཞི་ཡི་ཆོས་སྐུ་མངོན་གྱུར་ཚེ། །དོན་གྱི་འབྲས་བུ་ཐོབ་པར་རྟོགས། །ཆོས་སྐུ་དེ་ལས་མ་གཡོས་བཞིན། །གང་ལ་གང་འདུལ་གཟུགས་སྐུ་འགྱེད། །འགྲོ་དོན་འཁོར་བ་མ་སྟོངས་བར། །རྒྱུན་ཆད་མེད་པར་མཛད་པར་རྟོགས། ངས་ལྟ་བའི་རང་ས་ཟིན་པའི་ཚེ། །ཕྱོགས་དང་རིས་སུ་མ་ཆད་པར། །དཔེར་ན་ཅི་འདྲ་ཟེར་ཙ་ན། །ཁྱབ་གདལ་ནམ་མཁའ་ཡངས་པ་འདྲ། །ཕྱོགས་རིས་མེད་པའི་རྣལ་འབྱོར་བདེ། །ངས་སྒོམ་པའི་རང་ས་འཛིན་པའི་ཚེ། །གསལ་ཞིང་འགྲིབ་པ་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །འཛམ་གླིང་ཉི་མ་ཤར་བ་འདྲ། །གསལ་འགྲིབ་མེད་པའི་རྣལ་འབྱོར་བདེ། །ངས་སྤྱོད་པའི་རང་ས་ཟིན་པའི་ཚེ། །འདི་ཡིན་ངོས་བཟུང་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །བར་སྣང་སྐྱི་སེར་རླུང་བོ་འདྲ། །ངོས་བཟུང་མེད་པའི་རྣལ་འབྱོར་བདེ། །ངས་འབྲས་བུའི་རང་ས་ཟིན་པའི་ཚེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །རིན་ཆེན་གསེར་གྱི་གླིང་ཕྱིན་འདྲ། །བླང་དོར་བྲལ་བའི་རྣལ་འབྱོར་བདེ། །ཕྱིན་ཆད་སྐལ་

p. 88

ལྡན་ལས་འཕྲོ་ཅན། །ལྟ་བ་ནམ་མཁའ་གོས་སུ་གྱོན། །སྒོམ་པ་ཉི་ཟླ་ཕྲག་ལ་ཁུར། །སྤྱོད་པ་སྐྱི་སེར་རླུང་ལ་ཞོན། །འབྲས་བུ་རིན་ཆེན་གསེར་གླིང་སྣོད། །བླ་མ་དམ་པའི་སྲས་པོ་ངས། །ཉམས་གླུ་ལེན་ན་འདི་འདྲ་ལེན། །ཕྱི་རབས་རྗེས་འཇུག་རས་པ་ཚོ། །ཉམས་མགུར་འཐེན་ན་འདི་འདྲ་འཐེན། །ཆོས་ཉིད་ཆང་གིས་བཟི་བ་ཡིན། །རྣལ་འབྱོར་བཟི་གཏམ་བྱས་པ་ཡིན། །སྣང་བ་དཔེ་རུ་བཀོད་པ་ཡིན། །ཉམས་མྱོང་གླུ་རུ་བླངས་པ་ཡིན། །གདམས་ངག་ཁ་རུ་བཏོན་པ་ཡིན། །རང་དོན་ཆོས་སྐུ་རྟོགས་པ་ཡིན། །གཞན་དོན་གཟུགས་སྐུ་འབྱུང་བ་ཡིན། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡིན། །ད་ནི་སྐྱིད་ཉལ་བྱེད་པ་ཡིན། །དཔལ་ལྡན་བླ་མའི་བཀའ་དྲིན་ཡིན། །ཨེ་མ་ཡ་མཚན་སྐལ་བ་བཟང་། །འདི་ཐོས་འཁོར་བ་ལས་གྲོལ་ཤོག །འདི་བཏོན་མཚམས་མེད་ལྔ་བྱང་ཤོག །འདི་བསྒོམས་ཆོས་སྐུ་མྱུར་ཐོབ་ཤོག །འདི་རེག་མཐར་ཐུག་སངས་རྒྱས་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྣང་བ་བན་བུན་གྱི་ངང་ནས་གང་དྲན་ལྷུག་པར་སྨྲས་པའོ། །ཁྱབ་གདལ་ཆོས་དབྱིངས་ངང་ཉིད་ལས། །ལྡང་འཇུག་སྤྲོས་པ་ཀུན་ནུབ་པའི། །ཕ་རྒན་ཆོས་ཀྱི་རྒྱལ་པོ་ལ། །གཉིས་སུ་མེད་པར་གུས་ཕྱག་འཚལ། །མཐའ་བྲལ་ཆོས་སྐུའི་དོན་རྟོགས་པའི། །སྣང་སྟོང་སྒྱུ་མའི་ཟློས་གར་མཁན། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །གྲག་སྟོང་རྡོ་རྗེའི་གླུ་ཞིག་ལེན། །བསྐལ་བརྒྱར་བསོད་ནམས་

p. 89

བསགས་པའི་མི། །སྐལ་ལྡན་ལས་ཀྱི་འཕྲོ་ཅན་གྱིས། །མ་ཡེངས་ཚིག་ལ་ལེགས་པར་ཉོན། །དོན་དེ་སྙིང་གི་དཀྱིལ་དུ་ཆོངས། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད། །མཁས་གྲུབ་དུ་མའི་ལྟ་བའི་ཕུགས། །མདོ་རྒྱུད་མན་ངག་སྙིང་བོའི་དོན། །བན་རྒན་ཉམས་ལེན་དོན་སྙིང་འདི། །སྣང་སྲིད་འཁོར་འདས་བསྡུས་པའི་ཆོས། །ནམ་མཁའི་འཇའ་ཚོན་ཇི་བཞིན་དུ། །ཐམས་ཅད་སེམས་ཀྱི་རོལ་བ་ཡིན། །སེམས་ཉིད་དཔེར་ན་ནམ་མཁའ་ནི། །སྟོང་གསལ་མཐའ་དབུས་མེད་པ་བཞིན། །དབྱིབས་དང་ཁ་དོག་ལ་སོགས་པའི། །དངོས་པོ་མེད་པས་སྟོང་ཞིང་གསལ། །ཡ་ཀི་རྒྱལ་བའི་ཞིང་ཁམས་ནས། །མ་ཀི་དམྱལ་བ་ཡན་ཆད་ལ། །མཐའ་དབུས་མེད་པར་ཁྱབ་གདལ་ཡིན། །སྟོང་གསལ་ཁྱབ་གདལ་ཀློང་ཡངས་དེ། །སྐྱེ་འགག་གནས་མེད་ཆོས་སྐུ་ཡིན། །ཆོས་སྐུ་དེ་ནི་བློ་འདས་ཡིན། །བློ་འདས་དེ་ནི་བྱར་མེད་ཡིན། །བྱར་མེད་ངང་ལ་གློད་ལ་ཞོག །ཞོག་ཅེས་བྱ་བ་ཚིག་ཡིན་གྱི། །ཚིག་གི་འཛིན་པ་བོར་ལ་ཐོངས། །ཐོངས་ཞེས་བྱ་བ་བློ་ཡིན་གྱི། །ནབློ་ཡིས་བྱེད་པ་དབྱིངས་སུ་སྦོས། །སྦེད་ཅེས་བྱ་བའང་བཟང་རྟོག་ཡིན། །བཟང་ངན་རྟོག་མེད་ཕྱད་དེ་བ། །གབ་སྦས་མེད་པར་ལྷུང་ངེ་བ། །འགྲོ་འོང་མེད་པར་ས་ལེ་བ། །བླང་དོར་མེད་པར་ལྷུག་གེ་བ། །ཕྱོགས་རིས་མེད་པར་ཕྱལ་ལེ་བ། །བཏང་བཟུང་མེད་པར་ལྷན་ནེ་བ། །གསལ་འགྲིབ་མེད་པར་ཧྲིག་གེ་བ། །

p. 90

ཕྱི་ནང་མེད་པར་ཐལ་ལེ་བ། །བརྗེད་ཡེངས་མེད་པར་ཐུ་རེ་བ། །བཏང་བཞག་མེད་པར་ཝལ་ལེ་བ། །བློ་ལས་འདས་པའི་ཡུལ་ལ་ལྟོས། །ཚིག་ལས་འདས་པའི་དོན་ལ་ལྟོས། །བཟང་ངན་མེད་པའི་དབྱིངས་ལ་ལྟོས། །ཕྱི་ནང་མེད་པའི་སེམས་ལ་ལྟོས། །བལྟས་པས་མཐོང་བའི་ཡུལ་མེད་ཀྱི། །མ་བལྟས་བཞག་པས་ཆོས་སྐུ་མཐོང་། །མ་བསྒྲུབས་བཞག་པས་སེམས་ཉིད་འགྲུབ། །མ་བཟུང་ལྷོད་པས་རང་ས་ཟིན། །སྣ་ཚོགས་ཤར་བའི་རང་བཞིན་ལ། །སྣ་ཚོགས་འགགས་པ་མེད་པར་ཤོག །སྣ་ཚོགས་འཛིན་པ་མེད་པར་ཤོག །སྣ་ཚོགས་སྤང་བླང་མེད་པར་ཤོག །སྣ་ཚོགས་འཛིན་བྲལ་ཆོས་སྐུ་ཡིན། །མ་འགགས་གསལ་བ་ལོངས་སྐུ་ཡིན། །སྣ་ཚོགས་ཤར་བ་སྤྲུལ་སྐུ་ཡིན། །ཐམས་ཅད་སེམས་ཀྱི་རང་བཞིན་ཡིན། །རང་སྣང་གཞི་མེད་སྟོང་བ་ཡིན། །སྣང་སྟོང་ཟུང་འཇུག་ཡངས་པ་ཡིན། །བསྒོམ་རྒྱུ་མེད་པས་བསམ་རྒྱུ་མེད། །བཞག་རྒྱུ་མེད་པས་གཏང་རྒྱུ་མེད། །ཏིང་ངེ་འཛིན་ལ་ཐུན་མཚམས་95་མེད། །དེ་ལྟར་མཐོང་བའི་གང་ཟག་ལ། །སེམས་ཉིད་ཆོས་སྐུའི་མཁའ་དབྱིངས་སུ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །སྣང་དང་སྟོང་བ་ཟུང་འཇུག་ཡིན། །གྲགས་དང་སྟོང་བ་ཟུང་འཇུག་ཡིན། །བདེ་དང་སྟོང་བ་ཟུང་འཇུག་ཡིན། །སེམས་ཉིད་ཆོས་སྐུའི་མཁའ་དབྱིངས་སུ། །ཐམས་ཅད་ཐ་དད་མེད་པར་གཅིག །སངས་རྒྱས་སེམས་ཅན་འདྲེས་པས་གཅིག །ཀུན་རྫོབ་དོན་དམ་འདྲེས་པས་གཅིག །འདི་དང་ཕྱི་མ་འདྲེས་

p. 91

པས་གཅིག །སེམས་ཉིད་ཆོས་སྐུའི་མཁའ་དབྱིངས་སུ། །ཐམས་ཅད་བཟང་ངན་མེད་པར་མཉམ། །འཁོར་བ་མྱ་ངན་འདས་པ་མཉམ། །གསེར་དངུལ་ས་དང་རྡོ་ལ་མཉམ། །དགེ་བ་དང་ནི་སྡིག་པ་མཉམ། །སེམས་ཉིད་ཆོས་སྐུའི་མཁའ་དབྱིངས་སུ། །ཐམས་ཅད་མི་ངན་ཐམས་ཅད་བཟང་། །འཁོར་འདས་སྣང་སྲིད་ཐམས་ཅད་བཟང་། །སྡུག་བསྔལ་བདེ་བ་ཐམས་ཅད་བཟང་། །དགྲ་གཉེན་བར་མ་ཐམས་ཅད་བཟང་། །སེམས་ཉིད་ཆོས་སྐུ་ཁྱབ་གདལ་ལ། །འགྲོ་དང་འོང་བ་གཉིས་སུ་མེད། །ཆོས་སྐུ་ཐིག་ལེ་ཉག་གཅིག་ལ། །ས་ལམ་མང་བོ་བགྲོད་རྒྱུ་མེད། །འབྲས་བུ་ཆོས་སྐུ་ལྷུན་གྲུབ་ལ། །དགེ་དང་སྡིག་པས་བཅོས་སུ་མེད། །དེ་ལྟར་རྟོགས་པའི་གང་ཟག་གིས། །སྡུག་བསྔལ་མི་མཐོང་བདེ་བར་མཐོང་། །འཁོར་བ་མི་མཐོང་འདས་པར་མཐོང་། །སེམས་ཅན་མི་མཐོང་སངས་རྒྱས་མཐོང་། །དེ་ལྟར་སྐྱོང་བའི་སྐལ་ལྡན་ཚོ། །ལྟ་བ་ལ་ནི་ཕྱོགས་རིས་མེད། །ནམ་མཁའ་ཡངས་པ་གོས་སུ་གྱོན། །སྒོམ་པ་ལ་ནི་གསལ་འགྲིབ་མེད། །ཉི་མའི་དཀྱིལ་འཁོར་ལག་ཏུ་ཐོགས། །སྤྱོད་པ་ལ་ནི་ངོས་བཟུང་མེད། །བར་སྣང་སྐྱི་སེར་རླུང་ལ་ཞོན། །འབྲས་བུ་ལ་ནི་བླང་དོར་མེད། །རིན་ཆེན་གསེར་གྱི་གླིང་དུ་སྡོད། །དེ་ལྟ་བུ་ཡི་གང་ཟག་གིས། །བསྐྱེད་རིམ་བསྒོམས་ན་སྣོད་བཅུད་གཉིས། །གཞལ་ཡས་ཁང་དང་ལྷ་རུ་སྒྱུར། །རྫོགས་རིམ་དྲན་ན་གཉིས་འཛིན་གྱི། །མཚན་མ་ཐམས་ཅད་བཤིག་ལ་ཞོག །ཟུང་

p. 92

འབྲེལ་འདོད་ན་བར་སྣང་གི །འཇའ་ཚོན་བཞིན་དུ་སྣང་སྟོང་སྒོམས། །ཆོས་སྤྱོད་བྱེད་ན་རང་འདོད་ཀྱི། །ཞེན་པ་ཐམས་ཅད་སྤོངས་ལ་གྱིས། །མི་འཇིགས་གོ་ཆ་གྱོན་འདོད་ན། །སྒོ་གསུམ་ཡི་དམ་ལྷ་རུ་སྒྱུར། །གཞན་དོན་རླབས་ཆེན་མཛད་འདོད་ན། །འགྲོ་ལ་ཕན་པའི་སེམས་བསྐྱེད་མཛོད། །རང་དོན་བསྒྲུབ་ན་འདུ་འཛི་སྤོངས། །དགྲ་བགེགས་འདུལ་ན་སྙིང་རྗེ་སྐྱེད། །འཇིག་རྟེན་ཕྱི་མར་བདེ་འདོད་ན། །ད་ལྟ་དཀའ་བ་སྣ་ཚོགས་སྤྱོད། །འགྲོ་ཀུན་དབང་དུ་སྡུད་འདོད་ན། །བདག་པས་གཞན་ནི་གཅེས་པར་ཟུངས། །སྐྱིད་སྙོམས་ངང་ལ་ལུས་པ་ན། །ནམ་འཆི་ཆ་མེད་ཡང་ཡང་སྒོམས། །ཆགས་ཞེན་འཛིན་པ་བྱུང་བ་ན། །རྨི་ལམ་སྒྱུ་མ་ལྟ་བུར་ལྟོས། །བར་ཆད་བདུད་ཀྱིས་བྱེད་པ་ན། །རང་གི་སེམས་ཉིད་གཏན་ལ་ཕོབས། །ཆོས་བཞིན་བྱེད་ན་ཆོས་མིན་གྱི། །བྱ་བ་ཐམས་ཅད་དུག་བཞིན་སྤོངས། །དགེ་འདི་རང་སེམས་ནོར་བུ་ལ། །དགོས་འདོད་འབྱུང་བར་མ་ཤེས་པར། །དངོས་གྲུབ་གཞན་དུ་རེ་བའི་མིས། །རང་ངོ་ཤེས་པའི་ཕྱིར་དུ་བསྔོ། །ཞེས་པ་འདི་ཡང་སེམས་ཉིད་མཁའ་ལྟར་ཡངས་པའི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་གིས་རྟོགས་པ་འདི་བཞིན་གཞན་གྱིས་རྟོགས་ན་ཅི་མ་རུང་སྙམ་ནས་ལྷག་བསམ་དག་པས། དཔལ་ཀུན་ཏུ་བཟང་བོའི་དགོངས་པ་ཆོས་སྐུ་ཉག་གཅིག་འཛུབ་མོ་བཙུགས་ནས་བསྟན་པའོ། །འདིས་ཀྱང་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག། ཨ་བོ་ཤེས་རབ་རས་ཆུང་། །ཆོས་དབྱིངས་ན་ཆུང་མཛེས་མར། །འཁྲིག་

p. 93

ཚིག་འདི་བཞིན་ཤོད་དང་། །མཛེས་པའི་བཞིན་རས་སྟོན་ནོ། །རྩེད་འཇོ་བྱེད་པའི་སེམས་ཉིད། །ཁྱེའུ་ཆུང་འདི་ཉིད་དང་པོ། །སུ་ཡི་མངལ་ནས་འོང་ཨང་། །གཞོན་ནུ་མ་ཁྱོད་ཨེ་ཤེས། །བར་དུ་སུ་ཡི་རྩེ་གྲོགས། །ཐ་མ་དགོང་ཁ་ཉལ་དུས། །སུ་ཡི་རུམ་ན་ཉལ་བ། །བུ་མོ་ཨེ་ཤེས་སྨྱོས་དང་། །མོ་ཡང་ཆགས་པ་རྒྱས་ཏེ། །དེ་ནས་སྟོང་གསལ་བཞིན་རས། །རས་པ་ཁྱོད་ལ་བསྟན་དུས། །དུས་དེར་ལྷན་ཅིག་ཉོལ་ཞིག །བྱིང་རྒོད་ཚིག་ངན་སྨྲས་ན། །གཡག་འདྲོག་བྱས་ནས་མི་འདུག །དྲན་ཤེས་ཁ་བྱམས་ཚིག་བྱམས། །གྱིས་ལ་འབྲལ་མེད་འགྲོགས་དང་། །བརྩེ་གདུང་ཇེ་བཟང་ཇེ་བཟང་། །གཙིགས་མི་འོང་ན་སྔར་བཞིན། །འཁྲིག་ཚིག་སྨྲ་བ་མ་གཏོགས། །རྒྱུན་དུ་སྟོང་གསལ་ཆོས་སྐུའི། །བདེ་བའི་རོ་མཆོག་བཞག་ནས། །འཁྲིག་ཚིག་རོ་ལ་མ་དགའ། །དེ་ཡིས་རོ་ཞིག་བྱེད་ཨང་། །བདེ་བའི་རོ་དེ་མྱོང་ཞིག །ཉིན་དང་མཚན་མོ་གཉིས་ཀ །ཇེ་ཐུང་ཇེ་ཐུང་སོང་ནས། །གར་སོང་མི་ཤེས་བྱུང་ན། །གཅིགས་ནི་འོང་བའི་རྟགས་ཡིན། །དེ་ལས་ལངས་ཚེ་སྒྱུ་མའི། །རྩེད་མོ་སྣ་ཚོགས་བྱེད་བཞིན། །ཚོགས་བསགས་བཟའ་བཏུང་བཅུད་ཅན། །ལྟོ་འགྲང་བར་དུ་ཟོ་ཞིག །ལྷན་ཅིག་ཉལ་དང་བཟའ་བཏུང་། །གཉིས་ཀ་བསྟེན་རེས་གྱིས་དང་། །དེ་འདྲའི་སྐྱིད་དགའ་ལོངས་སྤྱོད། །འཛམ་བུའི་གླིང་ན་མེད་དོ། །ནམ་ཞིག་ཆོས་གཟུགས་གཉིས་ཀྱི། །བུ་དང་བུ་མོ་བཙས་འོང་། །

p. 94

རིང་བོར་མི་ཐོགས་ཕ་ཤུལ། །བུ་དང་བུ་མོས་ཟིན་ནོ། །ལྟ་བས་མི་ངོམས་བུ་མོ། །མོ་བཟང་དེ་ལ་མི་འགྲོག །འགྲོག་ཡ་མེད་པར་བཟའ་བཏུང་། །བཏུང་ཡང་ཡ་མཚན་མི་ཆེ། །།བཟའ་བཏུང་ཞིམ་པོ་བསྟེན་ནས། །སྐམ་བཤད་རྐྱང་བ་བྱེད་བཞིན། །འགྲོག་ཡ་བུ་མོ་མེད་པར། །ཕོ་ཡུགས་གཅིག་པུར་མ་འདུག །ན་སོ་གཞོན་པའི་དུས་ནས། །ན་འཆི་མེད་པའི་བུ་མོ། །ན་ཆུང་མཛེས་མར་འགྲོགས་དང་། །ན་རྒས་གཏུགས་རུང་མི་འགྱོད། །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་ཉིན་ཞིག་རྩེ་མཚར་དུ་སྦྱར་བའོ། །དྲིན་ཅན་གྱི་བླ་མ། །ཆོས་རྒྱལ་གྱི་ཞབས་ལ། །ལན་གཅིག་ནི་མིན་པར། །ཡང་ཡང་དུ་འདུད་དོ། །མདོ་མེད་ཀྱི་སྤྲང་བོ། །ཚོགས་དྲུག་གི་རང་གྲོལ། །སྔོན་སྦྱངས་ཀྱི་ལས་འཕྲོ། །ཅུང་ཟད་ཅིག་ཡོད་སྣང་། །ཨོ་རྒྱན་གྱི་རྒྱལ་ཚབ། །ཆོས་རྒྱལ་དང་མཇལ་ཞིང་། །ཉམས་རྟོགས་ཀྱི་བདུད་རྩི། །སྙིང་བུམ་དུ་ཕབ་པས། །ཚོགས་ཆེན་གྱི་ལྟ་བ། །འཁྲུལ་མེད་དེ་རྟོགས་སོ། །བྲག་ཕུག་ཏུ་སྙིང་བོའི། །སྒྲུབ་པ་ལ་གཞོལ་བས། །འབད་རྩོལ་ལ་མ་ལྟོས། །ལྷོད་གྲོལ་ལ་ལངས་ཐལ། །སྣང་གྲགས་ཀྱི་ཆོས་རྣམས། །དཔེ་ཆ་རུ་ཤར་ཞིང་། །མགྲིན་པ་འདི་གདམས་པའི། །བང་མཛོད་དུ་འདུག་གོ ། དཔེ་མང་ལ་ཧ་ཅང་། །མང་བོ་ནི་མ་ལྟོས། །རང་བྱུང་གི་རིག་པའི། །གསང་མཛོད་ནི་བརྡོལ་ཞིང་། །བྱིང་རྨུགས་དང་འཕྲོ་རྒོད། །གཏན་མེད་དུ་སངས་ནས། །རིག་པ་ལ་གསལ་འགྲིབ། །མེད་པ་འདི་སྐྱིད་དོ། །འོད་གསལ་

p. 95

གྱི་ངང་ལ། །ཉིན་མཚན་ཀུན་ཤོར་ཐལ། །རྫོགས་ཆེན་ཁོས་བསླུས་འོང་། །བསམ་པ་ནི་མི་འདུག །དེ་ཕྱིར་ན་གཞན་རྣམས། །དགེ་བ་ལ་བསྐུལ་ཕྱིར། །མགུར་དབྱངས་ཀྱི་ཕོ་ཉ། །སོ་སོ་རུ་མངགས་སོ། །ལེགས་བཤད་འདི་ཐོས་ཚད། །ཐམས་ཅད་ལ་ཕན་ནས། །རི་ཁྲོད་དུ་སྒྲུབ་ལ། །ཡེངས་མེད་དུ་གཞོལ་ནས། །སངས་རྒྱས་ཀྱི་གོ་འཕང་། །མྱུར་བ་རུ་ཐོབ་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐལ་བ་དང་ལྡན་བདག་ཅིག་སྐྱབས། །སྐྱབས་གནས་མཚན་ལྡན་ཕ་བླ་མ། །མ་ལྟར་བྱམས་ལྡན་རྒྱལ་རྣམས་སྲས། །སྲས་ལ་དད་ལྡན་བདག་ཕྱག་འཚལ། །དལ་བ་བརྒྱད་ཚང་བསྟན་དང་མཇལ། །མཇལ་བ་རབ་དཀར་བླ་མར་འཕྲད། །འཕྲད་པར་དཀའ་བསམ་བཀའ་གདམས་རྣམས། །རྣམ་པར་ཐར་བ་བསྐྱངས་ན་བཟང་། །མཁའ་ལ་རང་ཤར་འཇའ་ལྟར་ཡང་། །ཡང་དག་རང་བཟའ་མཛའ་བ་རྣམས། །རྣམས་ལས་རང་ཡང་རྟག་གནས་དཀའ། །དཀའ་བསམ་རང་ཅོག་མ་ཆགས་བཟང་། །དཀར་ནག་ལས་ལ་སྤང་བླང་བྱ། །བྱ་ངན་ལས་རྣམས་མཐའ་དག་སྤངས། །སྤངས་ནས་ལས་དཀར་བཟང་ལ་འབད། །འབད་ན་ལས་དཀར་རང་ཕན་བཟང་། །དམྱལ་གནས་ཡན་ཆད་ཚངས་དབང་ལྷ། །ལྷ་གནས་མན་ལ་གནས་བཟང་གང་། །གང་གནས་ན་ཡང་བཟང་དག་དཀའ། །དཀའ་གནས་རྣམས་ལས་ཐར་བ་བཟང་། །མ་དག་གནས་ལ་འཁྱམས་ཚད་མ། །མ་རྣམས་

p. 96

རང་ལ་གང་ཕན་བྱས། །བྱས་པ་དྲན་ལ་གཞན་རྣམས་ཡང་། །ཡང་དག་ས་ལ་བཞག་བསམ་བཟང་། །དཔྱད་ནས་ལྟ་བ་ངན་པ་སྤངས། །སྤངས་ནས་ལྟ་བ་རྣམ་དག་བཙལ། །བཙལ་ནས་ལྟ་བ་མཉམ་པར་བཞག །བཞག་ནས་ལྟ་བ་བརྟན་ན་བཟང་། །བླ་མ་རང་ལས་བཟང་བ་བཙལ། །བཙལ་ནས་རང་ཅག་ཟབ་དབང་ཉན། །ཉན་ནས་རང་དགར་མ་བཤད་གསང་། །གསང་སྔགས་རང་ཉམས་བླང་ན་བཟང་། །རྒྱལ་ཁམས་གནས་ལ་བཟང་ངན་101མང་། །མང་ཡང་གནས་ངན་ཐམས་ཅད་སྤངས། །སྤངས་ནས་གནས་བཟང་གང་དགར་ཡང་། །ཡང་དག་གནས་ལ་མན་ངག་བཟང་། །བྱ་བཏང་བྱམས་པ་བྱ་བ་ངས། །རང་ལ་ཕན་སྙམ་རང་གཏམ་བྱས། །བླངས་ཚད་མཚར་དབྱངས་བླངས་པ་ལས། །རྣམ་མང་རང་གཞན་རྣམས་སངས་རྒྱས། །འཇམ་དབྱངས་རབ་དཀར་དབྱངས་ཅན་མས། །ཚངས་དབྱངས་གྲག་ལྟར་དབྱངས་སྙན་གཏམ། །བྱ་མཁན་བྱམས་པ་བྱ་བ་ངས། །བྱ་དཀའ་ཞལ་གདམས་བྱས་པ་ལགས། །ཨའོ་འ་འུར་འདུ་འཛི་སྤོང་ལ། །ཁོ་རེ་ཨ་ཏི་རྫོགས་ཆེན་སྒོམས་ཤིག །ཨོ་ལགས་སོ། །ཨེ་ཡ་ཡ། །ཨའོ་ཤ་རྐྱང་རི་དྭགས་གནས་པའི། །ཁོ་རེ་ས་ཕྱོགས་དབེན་པར་སོང་དང་། །ཨོ་ལགས་སོ། །ཨེ་ཡ་ཡ། །ཨའོ་མ་ཤི་བར་དུ་བསྒོམ་དགོས། །ཁོ་རེ་ཧ་ཅང་སྒོམ་ཡུན་མ་ཐུང། །ཨོ་ལགས་སོ། །ཨེ་ཡ་ཡ། །ཨའོ་ཚེ་དང་སྒྲུབ་པ་

p. 97

སྙོམས་དང་། །ཁོ་རེ་ཉམས་དང་རྟོགས་པ་འཆར་རོ། །ཨོ་ལགས་སོ། །ཨེ་ཡ་ཡ། །ཞེས་པ་འདི་ནི་རྫོགས་ཆེན་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་བོ་དང་སྦྱར་ནས་རང་ལ་རྩེ་མཚར་དུ་བླངས་པའོ། །འོ་འོ་དྲིན་ཅན་རྩ་བའི་བླ་མ། །ཨའུ་དངོས་གྲུབ་གཏེར་མཛོད་ཡིན་ཡ། །ཁོ་རེ་ཞབས་ལ་གུས་པས་ཐུད་དང་། །ཧེ་ཧེ་ལེགས་ཚོགས་འབྱུང་ངོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་རི་ཁྲོད་དབེན་པའི་དགའ་ཚལ། །ཨའུ་བྱ་བཏང་སྡོད་ས་ཡིན་ཡ། །ཁོ་རེ་རྟག་ཏུ་ཚུལ་བཞིན་སྟེན་དང་། །ཧེ་ཧེ་དོན་གཉིས་འགྲུབ་པ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་རྒོད་པོ་ལྡིང་བའི་བྲག་ན། །ཨའུ་རང་བྱུང་སྒྲུབ་ཕུག་ཡོད་ཡ། །ཁོ་རེ་དེ་འདྲའི་གྲུབ་གནས་སྟེན་དང་། །ཧེ་ཧེ་ཉམས་རྟོགས་འཆར་རོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་སྨུག་པ་ཅན་གྱི་རི་ན། །ཨའུ་རབ་མཛེས་ཕུག་པ་ཡོད་ཡ། །ཁོ་རེ་དེ་འདྲའི་རི་ངོགས་སྟེན་དང་། །ཧེ་ཧེ་འཕྲལ་ཕུགས་སྐྱིད་དོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་རབ་དཀར་གངས་རིའི་མགུལ་ན། །ཨའུ་ངོ་མཚར་ཕུག་པ་ཡོད་ཡ། །ཁོ་རེ་དེ་འདྲའི་གངས་ཁྲོད་སྟེན་དང་། །ཧེ་ཧེ་རིག་པ་གསལ་ལོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་སྔོ་ལྗང་ནགས་ཀྱི་ཁྲོད་ན། །ཨའུ་ལྗོན་ཤིང་བསིལ་ཁང་ཡོད་ཡ། །ཁོ་རེ་དེ་འདྲའི་ནགས་ཚལ་སྟེན་དང་། །ཧེ་ཧེ་སྣང་བ་སྤྲོའོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་རྫ་རི་ཁྲ་མོའི་ཁྲོད་ན། །ཨའུ་མགོ་རིས་ཕུག་པ་ཡོད་ཡ། །ཁོ་རེ་དེ་འདྲའི་རྫ་ཁྲོད་སྟེན་དང་། །ཧེ་ཧེ་ཅི་བསམ་འགྲུབ་བོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་གཡའ་རི་སྔོན་པོའི་སྐྱིབས་ན། །ཨའུ་ཡིད་འོང་རྡོ་ཁང་ཡོད་ཡ། །ཁོ་རེ་དེ་འདྲའི་གཡའ་ཁྲོད་སྟེན་དང་། །

p. 98

ཧེ་ཧེ་ངང་གིས་བདེའོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་དྭངས་གསལ་མཚོ་ཡི་ངོགས་ན། །ཨའུ་སྐད་སྙན་ཆུ་བྱ་གྲག་ཡ། །ཁོ་རེ་དེ་འདྲའི་མཚོ་གླིང་སྟེན་དང་། །ཧེ་ཧེ་རྒྱུན་དུ་སྤྲོའོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བྱ་དང་རི་དྭགས་སྣ་ཚོགས། །ཨའུ་ཡུལ་དགའི་ལྟད་མོ་ཡོད་ཡ། །ཁོ་རེ་དེ་འདྲའི་གྲོགས་པོར་འགྲོགས་དང་། །ཧེ་ཧེ་དགའ་སྤྲོ་འཕེལ་ལོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཟྭ་དང་ཤིང་ཐོག་སོགས་ཀྱི། །ཨའུ་དབྱར་གྱི་དགའ་སྟོན་མོད་ཡ། །ཁོ་རེ་དེ་འདྲའི་ཟས་གཙང་སྟེན་དང་། །ཧེ་ཧེ་ངོ་མཚར་ཆེའོ་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བྱ་བཏང་རྣལ་འབྱོར་སྐྱོ་གྲོགས། །ཨའུ་སྙན་པའི་མགུར་དབྱངས་ཡིན་ཡ། །ཁོ་རེ་གཅིག་པུར་རྒྱང་ནས་འཐེན་དང་། །ཧེ་ཧེ་ནམ་ཡང་སྐྱིད་དོ་ཨེ་གོ །ཡ་ཡི་ཡ་ཡི། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་དབེན་པ་ལ་དགའ་བའི་ཤུགས་ཀྱིས་རང་ཉིད་ལ་སྨྲས་པའོ། །གནས་དབེན་པའི་དགའ་ཚལ་ཉམས་དགའ་རུ། །ཆོས་བཤད་སྒྲུབ་ཐུབ་བསྟན་རྒྱལ་མཚན་དེ། །འབད་བརྩོན་པའི་ཕྱག་གིས་བསྒྲེང་མཛད་པའི། །ཁོང་མཁས་གྲུབ་ཡོངས་ཀྱི་ཞབས་ལ་འདུད། །ཡུལ་ཕ་ཡུལ་བདུད་ཀྱི་བཙོན་ཁང་ན། །གཏི་མུག་གི་མུན་པ་རབ་ཏུ་དག །འདོད་ཆགས་ཀྱི་མི་གཙང་འདམ་རྫབ་ཆེ། །ཞེ་སྡང་གི་དུག་ཚེར་ཤིན་ཏུ་རྩུབ། །གྲོགས་ཆུང་མའི་བཙོན་སྲུང་

p. 99

སྙིང་རྗེ་མེད། །གཏན་ཆགས་སྡང་དགྲ་སྐད་རྒྱུན་ཆད་མེད། །སྡུག་བསྔལ་གྱི་ཆད་པ་བཟོད་གླགས་མེད། །སེམས་ནམ་ཡང་བདེ་བའི་གོ་སྐབས་མེད། །སྔོན་བྱོན་པའི་མི་ལ་ཡབ་སྲས་དང་། །ཡུལ་རེབ་གོང་མུན་སེལ་སྐལ་ལྡན་བཞིན། །ད་མ་འདུག་མ་འདུག་མྱུར་དུ་ཕྲོས། །ཡུལ་ཕ་ཡུལ་བཙོན་ར་རྒྱབ་ཏུ་ཞོག །བཙོན་བསྲུང་གི་བུ་མོར་ལྟག་པ་སྟོན། །གནས་དབེན་པའི་དགའ་ཚལ་ཉམས་དགར་ཕྲོས། །སྔོན་རྒྱལ་བས་བྱང་ཆུབ་བརྙེས་པའི་ས། །ཁོང་མཁས་གྲུབ་མང་བོ་བཞུགས་པའི་ཤུལ། །ཡ་མཚན་པའི་དབེན་པའི་རི་ངོགས་ན། །ངོ་མཚར་བའི་ལྟད་མོ་སྣ་ཚོགས་ཡོད། །ཡར་སྟེང་ན་ལྷོ་སྤྲིན་ལང་མ་ལིང་། །མར་འོག་ན་ཆུ་གཙང་གྱ་མ་གྱུ། །བར་ཐད་ན་རྩི་ཤིང་བན་མ་བུན། །བྱ་སྣ་ཚོགས་སྐད་སྙན་ཀྱུ་རུ་རུ། །རྐང་དྲུག་ལྡན་གླུ་ལེན་དི་རི་རི། །བྱ་རྒོད་པོའི་གཤོག་རྩལ་སྒོ་རོ་རོ། །ཤ་རི་དྭགས་མང་བོ་ཤ་ར་ར། །དེ་ལྟ་བུའི་གནས་སུ་ཕྱིན་པ་ན། །ཁྱིམ་བཟའ་ཚང་སྐྱོང་རྒྱུ་མེད་པས་བདེ། །ཁ་མི་སོས་དོགས་པ་མེད་པས་བདེ། །རྒྱབ་མི་ཁེབས་སེམས་ཁུར་མེད་པས་བདེ། །ཚོང་སོ་ནམ་རེམ་པོ་མི་དགོས་བདེ། །ནོར་འཚོ་སྐྱོང་སྡུག་བསྔལ་མེད་པས་བདེ། །ཡར་གོང་ན་གཉའ་གནོན་མེད་པས་བདེ། །དགྲ་ནག་པོའི་འཐབ་རྩོད་མི་དགོས་བདེ། །ཆོས་ཅི་བྱེད་རང་དབང་ཐོབ་པས་བདེ། །དུས་གཏན་གྱི་འདུན་མ་འགྲུབ་པས་བདེ། །ཚེ་འདི་དང་ཕྱི་མ་གཉིས་ཀ་བདེ། །དུས་འདི་ནས་བཟུང་

p. 100

སྟེ་བདེ་བར་འགྲོ། །ད་མ་འདུག་མ་འདུག་ད་ལྟ་ཕྲོས། །ཁ་ཕྱི་ལ་མ་འཁོར་དབེན་པར་ཕྲོས། །མིག་ཕྱི་ལ་མ་ལྟ་དབེན་པར་ཕྲོས། །མིའི་གཏམ་ལ་མ་ཉན་དབེན་པར་ཕྲོས། །ཅང་མ་བཤད་ཁ་རོག་དབེན་པར་ཕྲོས། །བྱ་རྒོད་པོ་རྙི་ལས་ཐར་བཞིན་ཕྲོས། །མི་ནག་ཅན་བཙོན་ནས་འབྲོས་བཞིན་ཕྲོས། །ལར་བསམ་བློ་གང་ཡང་མ་གཏོང་ཕྲོས། །མར་འཁོར་བའི་བཙོན་རར་ཚུད་པའི་མི། །གླུ་རབ་སྙན་སྟོབས་ལྡན་རྒྱལ་པོ་འདིས། །ཡར་དབེན་པའི་ས་རུ་བཏང་ནས་ཀྱང་། །ཆོས་ཉམས་ལེན་དགའ་བྲོ་འཁྲབ་པར་ཤོག །ཅེས་པ་འདི་ཡང་འཁོར་བའི་བཙོན་ཁང་ནི་རྒྱུན་དུ་ཉལ་ནས་ཆགས་སྡང་གི་སྨྲེ་སྔགས་འདོན་པའི་མི་རྣམས་དབེན་པའི་ས་རུ་གཏོང་ཨེ་ཐུབ་སྙམ་ནས། གླུ་དབྱངས་ཀྱི་མི་ཆེན་འདི་ཚོགས་དྲུག་རང་གྲོལ་གྱིས་མངགས་པའོ། །ཉི་ཟླ་བཞིན་དུ་རི་ཁྲོད་འགྲིམས། །སེང་གེ་བཞིན་དུ་ཉམ་ང་མེད། །བྱ་རྒོད་བཞིན་དུ་ཆགས་པ་མེད། །དེ་འདྲའི་སྐྱེས་བུ་རྣམས་ལ་འདུད། །མི་ནག་གྲོང་བའི་ཁྱིམ་འདི་ན། །ཞེ་སྡང་ཐབ་ནང་མེ་བཞིན་འབར། །འདོད་ཆགས་ཟངས་ནང་ཇ་བཞིན་ཁོལ། །གཏི་མུག་དུད་པ་བཞིན་དུ་འཐུལ། །སེར་སྣ་ཟ་མའི་ཁ་བཞིན་དམ། །ཕྲག་དོག་སྒོ་ཡི་ཁྱི་བཞིན་ཟུག །ང་རྒྱལ་ཁྱིམ་གྱི་གླང་བཞིན་འཁུན། །སྡུག་བསྔལ་བཟའ་བཏུང་བཞིན་དུ་མང་། །ཕ་ཡུལ་སྡུག་བསྔལ་རྒྱ་མཚོ་ནས། །བག་ཕེབས་སྡོད་པ་མ་སྨྱོས་སམ། །འགྲོ་ན་དམ་པ་གོང་མ་བཞིན། །ཡིད་འོང་དབེན་པའི་གནས་ལ་གཤེགས། །ལྗོན་ཤིང་གར་སྟབས་བྱེད་པའི་

p. 101

གསེབ། །སྤང་རི་མེ་ཏོག་བཀྲ་བའི་ལྗོངས། །བུང་བ་ལང་ལིང་འཕུར་བའི་སྐྱིབས། །བྱ་སྐད་མང་བོ་སྒྲོག་པའི་ས། །རི་དྭགས་རྩེད་བྲོ་བརྡུང་བའི་གནས། །རྫ་ཆུ་ལྷུང་ལྷུང་འབབ་པའི་རི། །ངོ་མཚར་དབེན་པའི་ནགས་ཁྲོད་ན། །ཤིང་ཐོག་རྣམ་པ་སྣ་ཚོགས་པ། །ཁྱིམ་པའི་གྲོ་ནས་བཞིན་དུ་མོད། །ཟུ་དང་སྒོག་སྔོའི་ཚོད་མ་རྣམས། །ཁྱིམ་པའི་ལོ་ཡི་རྩྭ་བཞིན་མོད། །རབ་མཛེས་བྱ་དང་རི་དྭགས་རྣམས། །ཁྱིམ་པ་ཕོ་མོ་ལས་ཀྱང་མཛེས། །རྒྱུན་དུ་འགྲོགས་ན་ཞེ་རྒྱུད་ནི། །ཁྱིམ་པ་ཕོ་མོ་ལས་ཀྱང་འཇམ། །སྐད་རིག་སྣ་ཚོགས་འབྱིན་པ་ནི། །ཁྱིམ་པའི་གླིང་བུ་ལས་ཀྱང་སྙན། །མ་རིག་ཉོན་མོངས་དུག་ལྔ་རྣམས། །ཁྱིམ་པའི་གསེར་དངུལ་བཞིན་དུ་དཀོན། །ཉིན་རེ་བཞིན་གྱི་དགེ་སྦྱོར་ནི། །ཁྱིམ་པའི་སྟོན་ཐོག་ལས་ཀྱང་མང་། །ཉམས་དང་རྟོགས་པའི་ཡོན་ཏན་ནི། །ཁྱིམ་པའི་ལོ་ལེགས་བཞིན་དུ་སྐྱེ། །ཁྱིམ་ལས་དབེན་པ་འཕགས་པའི་ཚུལ། །བཤད་ན་བརྗོད་ཀྱིས་མི་ལང་ངོ་། །ཁྱིམ་གྱི་རབ་འབར་མེ་འོབས་སུ། །ནན་གྱིས་སྡོད་པ་མ་འཁྲུལ་ལམ། །རི་ཁྲོད་དབེན་པའི་བསིལ་གྲིབ་ཏུ། །ད་ལྟ་བསྡད་ན་མི་ལེགས་སམ། །ཁྱིམ་གྱི་གཏིང་ཟབ་ཆུ་ཆེན་དུ། །མི་ཚུགས་སྡོད་པ་སྨྱོས་སམ་ཅི། །རི་ཁྲོད་དབེན་པའི་སྐམ་ས་རུ། །ད་ལྟ་བདེ་བར་བསྡད་ན་ལེགས། །དཀོར་ཟས་དུག་ཆུ་བདུད་རྩི་བཞིན། །རྔམས་བཞིན་སྤྱོད་པ་མ་འཁྲུལ་ལམ། །རི་ཁྲོད་དབེན་པར་གཤེགས་ནས་ཀྱང་། །དམ་

p. 102

ཆོས་བདུད་རྩི་འཐུང་ན་ལེགས། །ཆོས་བརྒྱད་འཁོར་བའི་ཆུ་དཀྱིལ་ལྷུང་། །སྡུག་བསྔལ་འོ་དོད་འབོད་པའི་མི། །ཀླུ་དབྱངས་མཉན་པ་བཟང་བོ་འདིས། །དབེན་པའི་སྐམ་སར་འཁྲིད་པར་ཤོག །ཅེས་པ་འདི་ཡང་འཁོར་བའི་དུག་ཆུའི་ནང་དུ་སྡུག་བསྔལ་གྱིས་འགྲེ་ལོག་སྣ་ཚོགས་བྱེད་པ་རྣམས་དབེན་པའི་སྐམ་སར་ཨེ་ལོན་སྙམ་ནས་གླུ་དབྱངོས་མཉན་པ་འདི་བྱ་བཏང་ཁ་བདེ་སེམས་སྐྱིད་ཚོགས་དྲུག་རང་གྲོལ་གྱིས་བཏང་བའོ། །ཁྱིམ་བཟའ་ཚང་སྐྱོང་བའི་ཁུར་དེ་བོར། །མ་འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་བསྣམས། །གནས་དབེན་པའི་རི་ལ་གཤེགས་མཛད་པའི། །ཁོང་སྔོན་བྱོན་དམ་པ་རྣམས་ལ་འདུད། །རང་སྐྱེས་པའི་ཕ་ཡུལ་སྲིན་གླིང་ལས། །ཆེས་ཁྱད་འཕགས་དབེན་པའི་ཡོན་ཏན་བཤད། །སྔོན་ལས་འཕྲོ་ཅན་གྱི་སྐལ་ལྡན་ཀུན། །སེམས་སྐྱོ་བ་བསྐྱེད་ལ་གླུ་འདིར་ཉོན། །གཉེན་མཛའ་བཤེས་རྣམས་དང་རྒྱང་བསྲིངས་པས། །སེམས་གང་ལའང་ཆགས་ས་མེད་པས་བདེ། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །སྔར་འགྲས་པའི་དགྲ་ལ་རྒྱང་བསྲིངས་པས། །སེམས་ཞེ་སྡང་ཁོང་ཁྲོ་མེད་པས་བདེ། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །ནོར་རྟ་ལུག་ཀུན་དང་རྒྱང་བསྲིངས་པས། །བོར་སྟོར་གྱི་དོགས་པ་མེད་པས་བདེ། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །ཕས་བརྩིགས་པའི་ཁང་བ་རྒྱང་བསྲིངས་

p. 103

པས། །ཞིག་འགྲོ་བའི་དོགས་པ་མེད་པས་བདེ། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །ཕས་ཉོས་པའི་ཞིང་ལ་རྒྱང་བསྲིངས་པས། །ལས་སོ་ནམ་བྲེལ་བ་མེད་པས་བདེ། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །མི་ཆེ་ཆུང་གང་དང་མ་འབྲེལ་བས། །རང་སྤྱོད་པ་ཅི་དགའ་བྱས་པས་བདེ། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །ནོར་གསོག་འཇོག་གང་ཡང་མ་བྱས་པས། །ད་འཆི་རུང་ཞེན་ཆགས་མེད་པས་བདེ། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །བྱ་ཁུ་བྱུག་ལྷང་ལྷང་སྐད་སྙན་འབྱིན། །དེས་དབང་མེད་སྐྱོ་བ་སྐྱེ་རུ་འཇུག །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །བྱེའུ་ལྕོག་ཀ་མ་བུས་འགྱུར་ཁུག་ལེན། །དེས་དབང་མེད་རྣ་བ་སྙན་དུ་འཇུག །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །བྱེའུ་ལྕོག་ཀས་སྔ་བར་ཅ་ཅོ་སྒྲོག །དེས་དབང་མེད་སྐྱབས་འགྲོ་བྱེད་དུ་འཇུག །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །ཟུ་སྒོག་པ་ཤིང་ཐོག་ཕང་ཕུང་གཡོ། །དེས་དབང་མེད་རོ་འཛིན་ཚིམ་པར་བྱེད། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །རྐང་དྲུག་ལྡན་སྦྲང་

p. 104

མས་གླུ་དབྱངས་ལེན། །དེས་དབང་མེད་མགུར་དབྱངས་འཐེན་དུ་འཇུག །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །གྲོགས་རི་དྭགས་བག་ཕེབས་རྩེ་བྲོ་རྡུང་། །དེས་དབང་མེད་དགའ་སྤྲོ་སྐྱེ་རུ་འཇུག །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །དུས་རིམ་གྱིས་འགྱུར་ནས་འགྲོ་བའི་ཚེ། །དེས་དབང་མེད་མི་རྟག་དྲན་དུ་འཇུག །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །བྱ་ཕོ་རོག་སྒྲ་སྐད་མང་བོ་སྒྲོག །དེ་རྣལ་འབྱོར་འདུག་གྲོགས་སེམས་ལ་ཕན། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །སེམས་དགའ་སྤྲོ་སྐྱིད་པའི་དག་ཞིང་འདྲ། །གནས་དབེན་པའི་ཡོན་ཏན་བརྗོད་མི་ལང་། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །གནས་དེ་འདྲ་བསྟེན་ན་ངང་གིས་སྐྱིད། །མི་གཅིག་ཀྱང་མེད་ན་དེ་བས་སྐྱིད། །མི་ལས་འཕྲོ་ཅན་རྣམས་དབེན་པར་ཤོག །ཚེ་བློ་ཡིས་ཐོངས་ལ་མྱུར་དུ་ཤོག །གླུ་འདི་ཐོས་ལས་འཕྲོ་ཅན་གྱི་མི། །རང་སྐྱེས་པའི་ཕ་ཡུལ་སྲིན་གླིང་དང་། །གྲོགས་འཁོར་གཡོག་ཆུང་མ་སྲིན་མོ་ལ། །ཡིད་མ་ཚིགས་ངེས་འབྱུང་སྟོབས་ཅན་གྱི། རྟ་སྤྲིན་གྱི་ཤུགས་ཅན་ལ་ཞོན་ནས། །ཚེ་འདི་ལ་ཕྱི་མིག་མི་བལྟ་བར། །གནས་དབེན་པའི་རི་ཁྲོད་ཉམས་དགའ་རུ། །ཡུན་མི་རིང་མྱུར་དུ་འབྲོས་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་

p. 105

རང་གྲོལ་གྱིས་སྐལ་ལྡན་གཞན་ལ་སྨྲས་པའོ། །ན་མོ་གུ་རུ། རྩལ་གསུམ་རྫོགས་པའི་གཡུ་འབྲུག །དབྱར་གསུམ་ནམ་མཁར་འཕྱོ་དུས། །གསུང་སྙན་དར་དིར་སྒྲོགས་དང་། །རྨ་བྱའི་སེམས་ལ་ཕན་ནོ། །ལང་ཚོ་གསར་བའི་ལྷོ་སྤྲིན། །མཁའ་ལ་ལང་ལོང་འཁྲིགས་དུས། །སྦྲང་ཆར་འཇམ་པོ་ཕོབས་དང་། །ཁུ་བྱུག་སེམས་ལ་ཕན་ནོ། །བྱ་བཏང་ཚོགས་དྲུག་རང་གྲོལ། །ཕྱོགས་མེད་རི་ཁྲོད་འགྲིམ་དུས། །མགུར་བྱངས་ལྷང་ལྷང་འཐེན་དང་། །དད་ཅན་སེམས་ལ་ཕན་ནོ། །ཞེས་པ་འདི་ནི་རང་ལ་སྨྲས་པའོ།། ་བཀའ་དྲིན་གསུམ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་ཆོས་ལ་དྲོངས། །བྱ་བཏང་གུ་ཡངས་བློ་བདེ་ངས། །དབྱངས་སྙན་ཞལ་གདམས་ཚུལ་དུ་འཐེན། །སྐལ་ལྡན་སེང་བཟང་རྒྱ་མཚོ་ཉོན། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བཞག །བདེ་སྐྱིད་ཨུགེ་བསྐྱུར་ནས་ཀྱང་། །དམ་ཆོས་སྙིང་ནས་མི་བྱེད་པར། །རྣམ་གཡེང་ལེ་ལོ་བྱེད་གྱུར་ན། །དབེན་པར་འོངས་པའི་དགོས་པ་ཅི། །རང་གིས་རང་མགོ་མ་བསྐོར་བར། །དམ་ཆོས་བསྒྲུབ་ལ་བརྩོན་འགྲུས་གྱིས། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །རི་ཁྲོད་དབེན་པ་འཛིན་དུས་སུ། །གྲོང་ཡུལ་ལྟད་མོ་མ་དྲན་ཅིག །དྲན་ན་རང་སེམས་བདུད་ཀྱིས་གཡེང་། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །

p. 106

ཁྲེགས་ཆོད་ཐོད་རྒལ་སྒོམ་པའི་ཚེ། །སྒོ་གསུམ་བྱ་བྱེད་མ་མང་བར། །མ་བཅོས་རང་བབ་ངང་ལ་ཞོག །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །ཉམས་དང་རྟོགས་པ་སྐྱེས་དུས་སུ། །བླ་མ་གྲོགས་བཟང་མ་གཏོགས་པར། །བརྗོད་འདོད་རང་གཅིགས་མ་ཆེ་ཞིག །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །རི་ཁྲོད་དབེན་པའི་གནས་རྣམས་སུ། །ཚེ་དང་སྒྲུབ་པ་སྙོམས་པ་དང་། །རང་གི་ལུས་ངག་ཡིད་གསུམ་གྱིས། །སེམས་ཅན་ཀུན་ལ་ཅི་ཕན་གྱིས། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །རྒྱལ་བའི་བཀའ་དང་བླ་མའི་གསུང་། །རང་གི་དགེ་སྦྱོར་དང་འགལ་བའི། །རྣམ་གཡེང་སྐད་ཅིག་ཙམ་མི་བྱ། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །བདག་ཏུ་བཟུང་བའི་གནས་ཉིད་དང་། །འཁོར་དང་ལོངས་སྤྱོད་མ་བསྟེན་པར། །འགྲོ་ཀུན་བདག་གི་བུ་བཞིན་སྐྱོངས། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །ཆགས་སྡང་ཅན་གྱི་འཁོར་མ་གསོགས། །ང་རྒྱལ་ཅན་གྱི་གྲོགས་པོ་སྤོངས། །འདོད་ཆགས་ཅན་གྱི་རྫས་མ་གསོགས། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །མི་ནག་གྲོང་ནས་ཡུན་རིང་དུ། །མ་འདུག་མི་ཤེས་དགུ་ཤེས་ཀྱི། །འདྲེ་འདུལ་གྲོང་ཆོག་མ་བྱེད་ཅིག །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །གནས་སུ་རི་ཁྲོད་དབེན་པ་བསྟེན། །གྲོགས་སུ་བྱ་དང་རི་དྭགས་འགྲོགས། །ཟས་གོས་བཟང་ངན་མེད་པར་གྱིས། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །མཐུ་དང་སྔགས་ཀྱིས་རང་གཞན་ཀུན། །འཕུང་ལ་སྦྱོར་བའི་ལས་མ་བྱེད། །ནོར་རྫས་ཕྱིར་དུ་ཆོས་མ་བཙོངས། །འདི་ཡང་

p. 107

སྙིང་གི་དཀྱིལ་དུ་ཆོངས། །དོན་མེད་བྱ་བ་མ་མང་ཞིག །ཧ་ཅང་ལབ་ལབ་མང་དྲགས་ན། །ཚིག་མདའ་གཞན་ལ་འཕོག་དོགས་ཡོད། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །ལྷ་རུ་དཀོན་མཆོག་གསུམ་པོ་མཆོད། །བློ་གཏོད་རྩ་བའི་བླ་མར་གྱིས། །དེ་ལྟར་བྱས་ན་འདིར་བདེ་ཞིང་། །ཕྱི་མར་བྱང་ཆུབ་མྱུར་དུ་འཐོབ། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །སྐལ་ལྡན་སློབ་མ་མ་གཏོགས་པ། །འོད་གསལ་རྫོགས་པ་ཆེན་པོ་ཡི། །དབང་ལུང་ཁྲིད་གསུམ་མ་བྱེད་ཅིག །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །འོད་གསལ་སྒོམས་དང་གཡེང་བ་མེད། །གཅིག་པུར་སྡོད་དང་ཉམས་རྟོགས་འཕེལ། །ཁ་རོག་སྡོད་དང་ཁ་མཆུ་མེད། །དམན་ས་ཟུངས་དང་མཐོ་སར་བསླེབ། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །ཟབ་ལམ་སྒོམས་དང་མྱུར་ལམ་འགྲུབ། །སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །བདག་གཞན་མེད་ན་འགྲོ་དོན་འགྲུབ། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །མདོར་ན་ཚེ་འདི་བློ་ཡིས་ཐོངས། །གྱོང་ནི་ལྟོ་གོས་གཏམ་ལ་སྐུར། །སྐྱིད་སྡུག་གཉིས་ཀ་རོ་སྙོམས་གྱིས། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །ཕམ་ཁ་ཐམས་ཅད་རང་གིས་ལོངས། །རྒྱལ་ཁ་ཐམས་ཅད་གཞན་ལ་བྱིན། །ཚེ་དང་སྒྲུབ་པ་སྙོམས་པར་མཛོད། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས། །རྟག་ཏུ་རང་གི་སེམས་ལ་ལྟོས། །གཞི་མེད་གནས་མེད་ཕྱོགས་མེད་

p. 108

གྱིས། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། བྱ་བ་ཐམས་ཅད་བློས་ཐོངས་ལ། །བྱ་དང་རི་དྭགས་ཇི་བཞིན་དུ། །རྟག་ཏུ་རི་ཁྲོད་དབེན་པ་སྟེན། །འདི་ཡང་སྙིང་གི་དཀྱིལ་དུ་ཆོངས། །བྱ་བཏང་ཚོགས་དྲུག་རང་གྲོ་ངའི། །ཞལ་གདམས་ཕན་པའི་དབྱངས་སྙན་འདི། །སྐལ་ལྡན་ཁྱོད་ཀྱིས་སེམས་ལ་ཆོངས། །དགེ་འདིས་བདག་གཞན་འགྲོ་བ་ཀུན། །ཚེ་འདིའི་བྱ་བ་བློས་བཏང་ནས། །དབེན་པར་བྱང་ཆུབ་བསྒྲུབ་པར་ཤོག །ཅེས་ཞལ་གདམས་ཕན་པའི་དབྱངས་སྙན་འདི་ནི་དད་ལྡན་སེང་བཟང་རྒྱ་མཚོས་བསྐུལ་བའི་ངོར་ཚོགས་དྲུག་རང་གྲོལ་གྱིས་བྲིས་པའོ། །དུས་གསུམ་རྒྱལ་བའི་ཐུགས་སྤྲུལ་པད་འབྱུང་དང་། །དབྱེར་མེད་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཀུན་སྤང་གུ་ཡངས་བློ་བདེ་རྣལ་འབྱོར་པའི། །ཁ་ལ་ཉན་ན་བུ་ཁྱོད་འདི་བཞིན་མཛོད། །ཀ་དག་དོན་སྟོན་དྲིན་ཅན་བླ་མ་ལ། །ཁ་ཞེ་མེད་པར་སྙིང་ནས་གསོལ་བ་ཐོབས། །ག་རུ་འདུག་ཀྱང་བདག་འཛིན་ཉོན་མོངས་ལ་ཐུལ། །ང་བདག་བྲལ་བ་མི་ལ་ལྟ་བུར་མཛོད། །ཅ་ཅོའི་སྨྲ་བ་མ་མང་རང་ཚོད་ཟུངས། །ཆ་བྱད་ཆོས་དང་མཐུན་པའི་བྱ་བ་གྱིས། །ཇ་གོས་གང་བྱུང་འཚོ་བ་ཙམ་བསྟེན་ནས། །ཉ་རྒྱས་ཟླ་ལྟར་ཉམས་རྟོགས་སྤེལ་བར་མཛོད། །ཏ་ལའི་ཤིང་སོགས་རྒྱས་པའི་ནགས་ཁྲོད་ཀྱི། །ཐ་མལ་རི་དྭགས་བཞིན་དུ་མི་སྡོད་པར། །ད་ནས་ཉིན་མཚན་མེད་པར་སྒོམ་སྒྲུབ་ལ། །ནཱ་རོའི་བུ་བརྒྱུད་བཞིན་དུ་བརྩོན་པར་མཛོད། །པ་སངས་ལྟར་དཀར་ཕན་སེམས་གཞན་ལ་བསྐྱེད། །

p. 109

ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ། །བ་སྤུ་གཡོ་བའི་སྙིང་རྗེ་ཆེར་བསྐྱེད་ནས། །མ་ལུས་འགྲོ་བའི་དོན་དུ་དམ་ཆོས་མཛོད། །ཙཱ་རི་ལ་སོགས་ཡིད་འོང་དབེན་གནས་སུ། །ཚ་གྲང་ཁྱད་གསོད་ཚེ་དང་སྒྲུབ་པ་སྙོམས། །ཛ་ཧུའི་རྒྱུན་ལྟར་ཁྲེགས་ཆོད་བསྒོམ་པའི་ཚེ། །ཝ་ལེ་ཟང་ཐལ་རྗེན་པར་འཇོག་པར་མཛོད། །ཞྭ་སེར་དམར་སོགས་ཀུན་ལ་དག་སྣང་གྱིས། །ཟ་ཟིའི་རྣམ་གཡེང་འདུ་འཛི་ཐམས་ཅད་སྤོངས། །འ་འུར་དགེ་སྦྱོར་གཙོ་བོར་མི་བྱེད་པར། །ཡ་མཚན་ཆེ་བའི་ཐོད་རྒལ་བསྒོམ་པར་མཛོད། །ར་ཐུག་ལྟ་བུར་འདོད་སྲེད་དབང་གྱུར་ནས། །ལ་ལུང་ཀུན་ཏུ་རྒྱུ་འགྲུལ་མི་མང་བར། །ཤ་རྐྱང་རི་དྭགས་རྩེ་བའི་དབེན་པ་བསྟེན། །ས་གནས་རིག་འཛིན་གོང་མའི་རྗེས་འཇུག་མཛོད། །ཧ་ཅང་དྲན་རྒྱུ་བྱེད་རྒྱུ་མ་མང་བར། །ཨ་ཏི་རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གཉིས། །དབྱེར་མེད་ཟུང་འཇུག་ཉམས་སུ་བླངས་གྱུར་ནས། །ཚེ་འདིར་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་མཛོད། །ཅེས་པ་འདི་ཡང་དད་ལྡན་སེང་བཟང་རྒྱ་མཚོས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །བུ་རྣམས་བློ་ཁ་ཆོས་ལ་སྒྱུར། །བླ་མ་བཟང་བོའི་སློབ་མ་ངས། །གདམས་པ་བཟང་བོ་ལེགས་པར་བཤད། །སྐལ་བར་ལྡན་པའི་བུ་རྣམས་ཀུན། །མ་ཡེངས་དལ་ལེ་རྣ་བས་ཉོན། །དང་པོ་མཚན་ལྡན་བླ་མ་བསྟེན། །དབང་

p. 110

ཁྲིད་ཟབ་མོའི་གདམས་པ་ཞུས། །ཐོས་བསམ་ཕྱི་ཡི་སྒོ་འདོགས་ཆོད། །དེ་ནས་ཕ་ཡུལ་རྒྱབ་ཏུ་ཞོག །ཉེ་དུའི་འབྲེལ་ཐག་ཐམས་ཅད་ཆོད། །གྲོགས་མེད་གཅིག་པུར་རི་ཁྲོད་འགྲིམས། །ཚེ་དང་སྒྲུབ་པ་སྙོམས་པར་གྱིས། །རྒྱལ་བའི་བཀའ་དང་བླ་མའི་གསུང་། །རང་གི་དགེ་ལ་གནོད་པའི་ལས། །སྐད་ཅིག་ཙམ་ཡང་མི་བྱེད་མཛོད། །ཚེ་འདིའི་བྱ་བ་ཐམས་ཅད་ཐོངས། །གནས་སུ་དབེན་གནས་གང་བཟང་སྟེན། །གྲོགས་སུ་བྱ་དང་རི་དྭགས་འགྲོགས། །གོས་སུ་ཧྲིལ་བོའི་གོན་པ་གྱོན། །ཟས་ནི་གང་བྱུང་ཙམ་ལ་བརྟེན། །ལྟོ་གོས་གཏམ་ལ་གྱོང་བསྐུར་དགོས། །ལྷ་རུ་དཀོན་མཆོག་གསུམ་པོ་མཆོད། །བློ་གཏད་མཚན་ལྡན་བླ་མར་གྱིས། །ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས། །འདོད་ཆགས་སྐྱེ་བའི་ནོར་རྫས་སྤོངས། །མི་ནག་སྐྱེ་བོ་ངན་པ་ཡི། །དྲུང་དུ་འདུག་ཡུན་མ་རིང་ཞིག །འདྲེ་འདུལ་གྲོང་ཆོག་ལས་མ་བྱེད། །མོ་རྩིས་མངོན་ཤེས་མ་འཆད་ཅིག །རང་མཐོང་ང་རྒྱལ་མ་ཆེ་བར། །སྒོ་གསུམ་ཞི་ཞིང་དུལ་བར་གྱིས། །མང་བོའི་གསེབ་ཏུ་སྡོད་པའི་ཚེ། །ཧ་ཅང་ལོང་གཏམ་མི་མང་གནད། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུངས། །འཕགས་པའི་ནོར་བདུན་གཟུང་བར་བྱ། །རྒྱལ་ཁ་ཐམས་ཅད་གཞན་ལ་བྱིན། །ཕམ་ཁ་ཐམས་ཅད་རང་གིས་ལོངས། །མཐུ་གཏད་ངན་སྔགས་མ་བྱེད་ཅིག །འཇིག་རྟེན་ཆོས་བརྒྱུད་བྱ་བ་སྤོངས། །སྙིང་ནས་ཐར་བ་དོན་གཉེར་ན། །དངོས་པོ་གང་ལའང་མ་ཆགས་པར། །རི་དྭགས་ལྟ་བུ་

p. 111

ཞིག་བྱེད་དགོས། །དབེན་པར་ཉམས་ལེན་མཛད་པའི་ཚེ། །དོན་མེད་རྣམ་གཡེང་ལས་མ་བྱེད། །དོགས་པ་ཤར་ན་དཔེ་བལྟ་དང་། །མཚན་ལྡན་རྩ་བའི་བླ་མར་དྲིས། །སྙིང་ནས་བླ་མར་གསོལ་བ་ཐོབས། །མི་རྟག་འཁོར་བའི་ཉེས་དམིགས་རྣམས། །སོམས་ལ་སྒོམ་ལ་སྙིང་རུས་གྱིས། །འགྲོ་བ་ཡོངས་ལ་སྙིང་རྗེ་བསྐྱེད། །ཡི་དམ་ལྷ་ཡི་སྐྱེད་རིམ་སྒོམས། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ། །བར་ཆད་སེལ་བའི་འཕྲིན་ལས་བཅོལ། །རྟག་ཏུ་ཁྲེགས་ཆོད་ཐོད་རྒལ་སྒོམས། །མཐུན་རྐྱེན་ཉམས་ལེན་འཕེལ་བའི་སར། །འགྲོ་འདུག་མ་མང་བསྡད་ན་བཟང་། །མཐུན་རྐྱེན་འཛོམས་ཀྱང་འདུ་འཛི་ཡིས། །ཉམས་ལེན་དགེ་ལ་གནོད་གྱུར་ན། །གཞི་གཅིག་མ་འདུག་ཕྱོགས་མེད་གྱིས། །རྒྱལ་བ་གོང་མའི་རྣམ་ཐར་བཞིན། །རྒས་ཀྱིན་རི་ཁྲོད་ཇེ་མཐོར་ཐོངས། །འདི་རྣམས་སེམས་ལ་བཞག་ནས་ཀྱང་། །དབེན་གནས་རི་ཁྲོད་འགྲིམ་ནུས་ན། །དགའ་བདེ་གཏེར་ཁ་རྙེད་པར་ངེས། །དགེ་འདིས་སྐལ་ལྡན་མང་བོ་ཡིས། །ཚེ་འདིའི་བྱ་བ་བློས་ཐོངས་ཤོག །ཅེས་པ་འདི་ནི་དད་ལྡན་གྱི་སློབ་མ་མང་བོས་ཚེ་འདི་བློས་གཏོང་ཚུལ་གྱི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར། རྒྱལ་བ་གོང་མའི་རྗེས་སུ་ཁ་མིག་ཡར་ལྟ་བྱེད་ཚུལ་གྱི་བསླབ་བྱ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཀྭ་ཡེ་སྐལ་ལྡན་སྙིང་གི་གྲོགས་གཉིས་ཀ །ཁ་བདེ་ཁོག་དཀར་གྲོགས་པོ་ང་ཡི་ཁ། །ག་ལེར་ཉོན་

p. 112

དང་ཕན་པའི་གྲོས་འདི་ག །ང་བདག་ཐུལ་དང་འཁོར་བར་ཡ་མི་ང་། །ཅ་ནེ་དཀར་ཡོལ་ལ་སོགས་མང་ཀ་ཅ། །ཆ་མེད་རི་ཁྲོད་འགྲིམས་ན་མི་དགོས་ཆ། །ཇ་ཆང་ཤ་ཐུད་རྟ་ནོར་གོས་དར་ཇ། །ཉ་མར་དགའ་ན་སྡུག་བསྔལ་བྱེ་ཚན་ཉ། །ཏཱ་ཐཱ་ག་ཏའི་དམ་ཆོས་ཨམྲྀ་ཏ། །ཐ་ན་ཧུབ་གང་མི་འཐུང་མི་ཡི་ཐ། །ད་ལྟ་མི་ལུས་ཐོབ་དུས་མྱུར་དུ་ད། །ན་འཆི་བསམས་ནས་ཆོས་ལ་འབད་ནུས་ན། །པ་ར་མི་ཏ་བཅུ་ཐོབ་རི་ཁྲོད་པ། །ཕ་རྒོད་བླ་མ་ངན་འགྲོ་ལས་སྒྲོལ་ཕ། །བ་སོགས་ནོར་རྫས་ཕུལ་ཞིག་བྱ་བཏང་བ། །མ་རབས་སྲོག་གཅོད་མ་བྱེད་ཨ་ཙ་མ། །ཙ་མུན་ཊི་སོགས་གཤིན་རྗེས་ཁྲིད་ནས་ཙ། །ཚ་གྲང་དམྱལ་བར་བཅུག་ན་ཤ་འདི་ཚ། །ཛ་ལནྡྷར་གྷ་གན་དྷུ་ཛ། །ཝ་ལ་ཙན་ཤཱཀྱ་པྲ་བྷ་ཝ། །ཞྭ་ཏོག་དེ་འདྲའི་བླ་མ་བཀུར་སྟི་ཞྭ། །ཟ་མ་བསགས་ཚད་ཕལ་ཆེར་གཞན་གྱིས་ཟ། །འ་དུར་མ་འཆིང་མཆོད་སྦྱིན་བྱས་ན་འ། །ཡ་མཚན་བསྐྱེད་རྫོགས་རྫོགས་ཆེན་སྒོམས་ཤིག་ཡ། །ར་ལྟར་བསྡད་ན་ཉམས་རྟོགས་རི་བོང་ར། །ལ་ལ་མ་ཡེངས་རྟག་ཏུ་སྒོམ་སྒྲུབ་ལ། །ཤ་སྟག་གྱིས་ཤིག་ཆོས་གྲོགས་ང་ཡི་ཤ །ས་ཕུག་བྲག་ཁུང་ཉམས་དགའ་གར་ཡོད་ས། །ཧ་ཅང་བསྟེན་ན་བུ་རྒོད་ཡིན་ཧ་ཧ། །ཨ་རོག་སྙིང་གྲོགས་གཉིས་ཀ་ཨེ་གོ་ཨ། །བདེ་ཆེན་སྒྲུབ་པའི་རྣལ་འབྱོར་གྲེ་བ་བདེ། །སྙན་ངག་མི་ཤེས་ན་ཡང་གླུ་འདི་སྙན། །ཞེས་པ་འདི་ཡང་གྲོགས་པོ་རི་ཁྲོད་པ་གཉིས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐུ་མཐོང་བ་ཙམ་གྱིས་དད་པ་

p. 113

སྐྱེ། །གསུང་ཐོས་པས་ངན་འགྲོའི་འཇིགས་ལས་སྒྲོལ། །ཕ་ཆོས་རྒྱལ་ངག་གི་དབང་བོར་འདུད། །བུ་དད་ལྡན་ཡོངས་ལ་ཐུགས་རྗེས་གཟིགས། །ཕྱི་ཐོས་པས་སྒྲོ་འདོགས་ངས་མ་བཅད། །ནང་ཉམས་མྱོང་རྟོགས་པ་མ་མཆིས་ཀྱང་། །ཁྱེད་དག་སྣང་བཟང་བོ་མངའ་བས་ན། །གཏམ་ཚིག་གསུམ་མགྲིན་པ་བཏེགས་ནས་སྨྲ། །སྤྱིར་འཁོར་བའི་གནས་ན་བདེ་བ་མེད། །སྒོས་དེང་སང་འཇིག་རྟེན་བྱ་བ་ལ། །དོན་འདི་ཡིན་གཏད་སོ་ཅི་ཡང་མེད། །ད་སྡིག་སྤོང་དགེ་སྒྲུབ་མཛོད་ཅིག་ཨང་། །ཡར་ལྷ་མིའི་བདུད་རྩི་འཐུང་བ་དང་། །མར་དམྱལ་བའི་ཁྲོ་ཆུ་འཐུང་བ་གཉིས། །དུས་ད་ལྟ་གདམ་དབང་རང་ལ་ཡོད། །དབང་ཡོད་དུས་གདམ་ཁ་མ་ནོར་ཨང་། །དུས་ལན་ཅིག་ཐོབ་པའི་མི་ལུས་འདི། །ཡུན་རིང་བོར་མི་འདུག་མྱུར་དུ་འཇིག །ད་དོན་མེད་སྟོང་ལོག་མི་བྱེད་པར། །ཆོས་སྙིང་ནས་མཛད་ན་རང་དོན་ཨང་། །ཁོང་འཆི་བདག་གཤིན་རྗེར་སྙིང་རྗེ་མེད། །དེ་ནམ་འོང་ངེས་པ་མ་མཆིས་པས། །ད་ཚེ་འདིའི་བྱ་བ་བློས་བཏང་ནས། །གནས་དབེན་པར་སྒོམ་སྒྲུབ་མཛད་ན་ཨང་། །དུས་སྙིགས་མའི་དེང་སང་དུས་སྐབས་འདིར། །སྐྱིད་འདོད་ཀྱང་སྡུག་པོ་ཤུགས་ཀྱིས་མྱོང་། །མི་ཤེས་རབ་ཅན་གྱིས་བསམ་ཤེས་ན། །དོན་སྙིང་བོ་གང་ལའང་མེད་དོ་ཨང། །སྔར་དམ་ཆོས་རྣམ་དག་མཛད་པ་ཡི། །གྲངས་འདྲེན་རྒྱུ་ཨེ་ཡོད་སེམས་ལ་དྲིས། །དེ་མེད་ན་འཆི་ཁར་འགྱོད་

p. 114

པ་འོང་། །ད་འཆི་བྲོད་ཆོས་ཤིག་མཛད་ན་ཨང་། །སྔར་ཞར་དང་ཞོར་ལ་བསགས་པ་ཡི། །སྡིག་མི་དགེ་ལས་ཀྱི་རྣམ་སྨིན་གྱིས། །མར་ངན་འགྲོར་ལྷུང་ཚེ་བཟོད་ཐབས་མེད། །ད་སྡིག་བཤགས་སྒྲིབ་སྦྱོང་མཛོད་ཅིག་ཨང་། །མདོ་ཧྲིལ་གྱིས་དྲིལ་བའི་སྙིང་བོ་ལ། །སྐྱབས་དཀོན་མཆོག་གསུམ་ལ་སྙིང་རྩ་གཏོད། །མ་འགྲོ་ཀུན་དོན་དུ་སེམས་མཆོག་སྐྱེད། །རང་གང་ཤེས་ཉམས་ལེན་མཛོད་ཅིག་ཨང་། །མཇུག་དགེ་བ་འགྲོ་ཀུན་དོན་དུ་སྔོས། །འདི་ཉམས་ལེན་སྙིང་བོར་དྲིལ་བ་ཡིན། །དོན་འདི་བཞིན་བུ་ཁྱོད་མཛད་ནུས་ན། །ཚེ་འདི་ཕྱི་ཀུན་ཏུ་བདེའོ་ཨང་། །གཏམ་འདི་ལས་བྱུང་བའི་དགེ་བ་རྣམས། །མ་མཁའ་མཉམ་འགྲོ་ཀུན་མ་ལུས་པ། །དུས་གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་དགེ་སློང་དབང་རྒྱལ་གྱིས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །བདག་ཐ་མལ་ལུས་ཀྱི་སྤྱི་གཙུག་ན། །གདན་སེང་གེས་བཏེགས་པའི་ཁྲི་སྟེང་ན། །འཇའ་ཁ་དོག་སྣ་ལྔའི་གུར་ཁང་ན། །སྐྱབས་སངས་རྒྱས་ཀུན་འདུས་བླ་མ་རྗེ། །སྐུ་ཐ་མལ་མ་ཡིན་རྡོ་རྗེ་འཆང་། །མཚན་དཔེ་བྱད་གཟི་བྱིན་ཡ་ལ་ལ། །གསུང་ཐེག་ཆེན་ཆོས་སྒྲ་དི་རི་རི། །ཐུགས་གསལ་སྟོང་འཛིན་མེད་ཧྲིགས་སེ་ཧྲིག །བུ་མོས་གུས་གདུངས་པས་གསོལ་བ་འདེབས། །མི་འདིར་འཚོགས་བློ་ཁ་ཆོས་ལ་སྒྱུར། །དུས་སྙིགས་མའི་ཆོས་མེད་བྱ་བཏང་ངས། །ལས་རྒྱུ་འབྲས་རྣམ་དབྱེ་ཤེས་

p. 115

པ་ལ། །ཚིག་ཀུན་གྱིས་གོ་བའི་གླུ་ཞིག་ལེན། །ཁྲོམ་གོ་རེ་འཚོགས་པ་ཀྱི་ལེར་ཉོན། །ཚེ་སྔོན་མར་མི་དགེ་བཅུ་སྤངས་སོགས། །ཁྲིམས་རྣམ་དག་ཚུལ་བཞིན་བསྲུངས་དང་གཅིག །སྦྱིན་ལ་སོགས་དགེ་བ་བྱས་དང་གཉིས། །མིར་སྐྱེ་བའི་སྨོན་ལམ་བཏབ་དང་གསུམ། །དེ་བྱས་པས་ད་ལྟ་མི་ལུས་ཐོབ། །ཚེ་ཕྱི་མར་མི་ལུས་ཐོབ་འདོད་ན། །རྒྱུ་དེ་གསུམ་བསྒྲུབས་ན་མི་ལུས་འཐོབ། །རྒྱུ་དེ་གསུམ་སྒྲུབས་ཤིག་སྐལ་ལྡན་ཀུན། །རྒྱུ་དེ་གསུམ་ད་ལྟ་མ་བསྒྲུབས་པར། །ཕྱིའི་མི་ལུས་ཐོབ་ཏུ་རེ་བ་དེ། །དཔེ་དཔྱིད་དུས་ས་བོན་མ་བཏབ་པར། །སྟོན་ལོ་ཏོག་རེ་བ་ཇི་བཞིན་ནོ། །དུས་ད་ལྟ་འཛམ་བུའི་གླིང་འདི་ན། །མི་ཕལ་ཆེར་གཟུགས་བྱེད་མཛེས་པ་དེ། །སྔོན་བཟོད་པ་བསྒོམས་པའི་འབྲས་བུ་ཡིན། །ཚེ་ཕྱི་མར་གཟུགས་བྱེད་ལེགས་འདོད་ན། །རྒྱུ་བཟོད་པ་བསྒོམས་ན་གཟུགས་བཟང་འཐོབ། །ད་བཟོད་པ་སྒོམས་ཤིག་སྐལ་ལྡན་ཀུན། །མི་ཕལ་ཆེར་མི་མཛེས་བཙོག་པ་དེ། །སྔོན་ཁོང་ཁྲོ་བྱས་པའི་རྣམ་སྨིན་ཡིན། །ཚེ་ཕྱི་མར་བཙོག་པར་མི་འདོད་ན། །རྒྱུ་ཁོང་ཁྲོ་སྤངས་ན་གཟུགས་མི་བཙོག །ད་ཁོང་ཁྲོ་སྤོངས་ཤིག་སྐལ་ལྡན་ཀུན། །མི་ཕལ་ཆེར་ཆུང་ནས་ཆོས་ལ་དད། །ཆོས་དཀའ་ཚེགས་མེད་པར་ཤེས་པ་དེ། །སྔོན་ཉན་བཤད་བྱས་པའི་འབྲས་བུ་ཡིན། །ཚེ་ཕྱི་མར་དམ་ཆོས་ཤེས་འདོད་ན། །རྒྱུ་ཚེ་འདིར་ཉན་བཤད་བྱས་ན་ཤེས། །

p. 116

ད་ཉན་བཤད་མཛོད་ཅིག་སྐལ་ལྡན་ཀུན། །མི་ཕལ་ཆེར་ཆུང་ནས་ཆོས་མི་དད། །ཆོས་བསླབས་ཀྱང་ཡུན་རིང་མི་ཤེས་པ། །སྔོན་དམ་ཆོས་མ་བསླབས་རྣམ་སྨིན་ཡིན། །ཚེ་ཕྱི་མར་ཚེགས་མེད་ཤེས་འདོད་ན། །རྒྱུ་ཚེ་འདིར་དམ་ཆོས་བསླབས་ན་ཤེས། །ད་དམ་ཆོས་སློབས་ཤིག་སྐལ་ལྡན་ཀུན། །མི་ཕལ་ཆེར་ད་ལྟ་ཕྱུག་པ་དེ། །སྔོན་སྦྱིན་པ་བཏང་བའི་འབྲས་བུ་ཡིན། །ཚེ་ཕྱི་མར་རབ་ཏུ་ཕྱུག་འདོད་ན། །རྒྱུ་སྦྱིན་པ་བཏང་ན་ཕྱུག་པོར་སྐྱེ། །ད་སྦྱིན་པ་ཐོངས་ཤིག་སྐལ་ལྡན་ཀུན། །མི་ཕལ་ཆེར་ད་ལྟ་དབུལ་བ་དེ། །སྔོན་སེར་སྣས་སྦྱིན་པ་མ་བཏང་ལན། །ཚེ་ཕྱི་མར་དབུ་བོར་མི་འདོད་ན། །རྒྱུ་སེར་སྣ་སྤངས་ན་དབུལ་མི་འགྱུར། །ད་སེར་སྣ་མ་བྱེད་སྐལ་ལྡན་ཀུན། །མི་ཕལ་ཆེར་ཚེ་རིང་ནད་མེད་པ། །སྔོན་སྲོག་གཅོད་སྤངས་ཤིང་གཞན་སྲོག་བསྐྱབས། །དེའི་འབྲས་བུ་ད་ལྟ་སྨིན་པ་ཡིན། །ཚེ་ཕྱི་མར་མི་ཚེ་རིང་འདོད་ན། །རྒྱུ་སྲོག་གཅོད་སྤངས་ན་མི་ཚེ་རིང་། །ད་སྲོག་གཅོད་སྤོངས་ཤིག་སྐལ་ལྡན་ཀུན། །སྲོག་ཚེ་ཐར་ཐོངས་ཤིག་ལས་ཅན་ཚོ། །མི་ཕལ་ཆེར་ཚེ་ཐུང་ནད་མང་བ། །སྔོན་སྲོག་གཅོད་བྱས་པའི་རྣམ་སྨིན་ཡིན། །ཚེ་ཕྱི་མར་ཚེ་ཐུང་མི་འདོད་ན། །རྒྱུ་སྲོག་མ་བཅད་ན་ཚེ་མི་ཐུང་། །ད་སྲོག་གཅོད་མ་བྱེད་སྐལ་ལྡན་ཀུན། །ཁྱི་ཕྱུགས་མ་བརྡུངས་འདིར་འཚོགས་ཚོ། །མདོར་བསྡུ་ན་ཚེ་སྔོན་གང་བྱས་པ། །ཚེ་འདི་རུ་སྨིན་ནས་མྱང་བ་ཡིན། །ཚེ་འདི་རུ་དགེ་སྡིག་གང་བྱས་པ། །དེའི་རྣམ་སྨིན་ཕྱི་མར་མྱོང་བ་ཡིན། །ཚེ་ཕྱི་མར་བདེ་

p. 117

ཞིང་སྐྱིད་འདོད་ན། །དུས་ད་ལྟ་དཀར་བོའི་ཆོས་ལ་འབོད། །ཕྱིའི་བདེ་སྐྱིད་འབྱུང་ངོ་སྐལ་ལྡན་ཀུན། །ཚེ་ཕྱི་མར་སྡུག་བསྔལ་མི་འདོད་ན། །དུས་ད་ལྟ་མི་དགེ་སྡིག་པ་སྤོངས། །ཕྱིའི་སྡུག་བསྔལ་མི་མྱོང་སྐལ་ལྡན་ཀུན། །གླུ་འདི་ཐོས་ཕོ་མོ་གང་ཡིན་ཡང་། །སྡིག་མི་དགེ་དུག་ཆུ་བཞིན་དུ་ཤེས། །ལས་དགེ་བ་བདུད་རྩི་ལྟར་ཤེས་ན། །སྡིག་སྤངས་ནས་དགེ་ལ་འབད་པའི་མཐུས། །ཚེ་ཕྱི་མར་མི་ལུས་རིན་ཆེན་ཐོབ། །ཆོས་ཉམས་སུ་བླངས་ནས་འཚང་རྒྱ་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གྲོང་གི་སྐྱེ་བོ་ཕོ་མོ་ཡོངས་ལ་སྨྲས་པའོ། །ལྷ་བླ་མ་དཀོན་མཆོག་རིན་པོ་ཆེ། །མི་འདིར་འཚོགས་བློ་ཁ་ཆོས་ལ་སྒྱུར། །ལས་རྒྱུ་འབྲས་ཤེས་པའི་གླུ་ཞིག་ལེན། །དལ་ཅག་གེ་འདིར་འཚོགས་གསན་པར་འཚལ། །སྟེང་དགའ་ལྡན་ལྷ་ཡི་གནས་མཆོག་ན། །མདོག་རབ་མཛེས་ལྷ་དང་ལྷ་མོ་ཡིས། །རང་གང་ཟ་འདོད་པའི་འབྲས་བུ་དེ། །དུས་ད་ལྟ་བཏབ་པ་ད་ལྟ་སྨིན། །དེ་ཁོང་རྣམས་སོ་ནམ་མཁས་པ་མིན། །སྔོན་ཚོགས་བསགས་བྱས་པའི་འབྲས་བུ་ཡིན། །ད་ཚོགས་བསགས་མཛོད་ཅིག་སྐལ་ལྡན་ཚོ། །འོག་ན་རག་དམྱལ་ཁམས་བཅོ་བརྒྱད་ན། །མདོག་མི་སྡུག་གཤིན་རྗེའི་ཕོ་ཉ་ཡིས། །མཚོན་ད་ལྟ་བརྒྱབ་པ་ད་ལྟ་སོས། །དེ་ཁོང་རྣམས་རྨ་སོས་བཟང་བ་མིན། །སྔོན་སྲོག་གཅོད་བྱས་པའི་རྣམ་སྨིན་ཡིན། །ད་སྲོག་གཅོད་སྤོངས་ཤིག་སྐལ་

p. 118

ལྡན་ཚོ། །ཕར་རྒྱ་མཚོའི་འགྲམ་ན་ཡི་དྭགས་རྣམས། །ཟས་ད་ལྟ་ཟོས་ཀྱང་ད་ལྟ་ལྟོགས། །དེ་ཁོང་རྣམས་གསུས་པ་ཆེ་བ་མིན། །སྔོན་སེར་སྣ་བྱས་པའི་རྣམ་སྨིན་ཡིན། །ད་སེར་སྣ་སྤོངས་ཤིག་སྐལ་ལྡན་ཚོ། །ཤར་ལུས་འཕགས་གླིང་གི་མི་རྣམས་ནི། །གླིང་གཞན་མ་གསུམ་ལས་གཟུགས་བྱད་ལེགས། །སྔོན་བཟོད་པ་བསྒོམས་པའི་འབྲས་བུ་ཡིན། །ད་བཟོད་པ་སྒོམས་ཤིག་འདིར་འདུས་ཚོ། །ལྷོ་མཛམ་བུའི་གླིང་གི་འོ་སྐོལ་རྣམས། །གླིང་གཞན་མ་གསུམ་ལས་དམ་ཆོས་དར། །སྔོན་ཆོས་ཉན་བྱས་པའི་འབྲས་བུ་ཡིན། །ད་ཆོས་ཉན་གྱིས་ཤིག་འདིར་འདུས་ཚོ། །ནུབ་བ་གླང་སྤྱོད་ཀྱི་མི་རྣམས་ནི། །གླིང་གཞན་མ་གསུམ་ལས་ལོངས་སྤྱོད་ཆེ། །སྔོན་སྦྱིན་པ་བཏང་བའི་འབྲས་བུ་ཡིན། །ད་སྦྱིན་པ་ཐོངས་ཤིག་འདིར་འདུས་ཚོ། །བྱང་སྒྲ་མི་སྙན་གྱི་མི་རྣམས་ནི། །གླིང་གཞན་མ་གསུམ་ལས་མི་ཚེ་རིང་། །སྔོན་སྲོག་གཅོད་སྤངས་པའི་འབྲས་བུ་ཡིན། །ད་སྲོག་གཅོད་སྤོངས་ཤིག་འདིར་འདུས་ཚོ། །མདོར་བསྡུ་ན་ད་ལྟ་ལྟོས་དང་ཤེས། །མི་ཕལ་ཆེར་གཟུགས་མཛེས་ལོངས་སྤྱོད་ཚེ། །ཆོས་དགའ་ཞིང་མི་ཚེ་རིང་བ་དེ། །སྔོན་བཟོད་པ་བསྒོམས་དང་སྦྱིན་པ་བཏང་། །ཆོས་ཉན་ཞིང་སྲོག་གཅོད་སྤངས་པ་ལས། །དེའི་འབྲས་བུ་ད་ལྟ་སྨིན་པ་ཡིན། །ཕྱུག་སྤོབས་པ་བཙོངས་ནས་ད་ལྟའི་དུས། །ཡང་སྔར་བཞིན་དགེ་བ་མ་བྱས་པར། །ཕྱིའི་འདི་བཞིན་འོང་སྙམ་རེ་བ་དེ། །མི་ཞིག་གིས་རི་བོང་བསད་ཤུལ་དུ། །དེའི་

p. 119

ཕྱི་ལོ་དབྱུག་པ་འཕངས་དང་འདྲ། །ད་ཕྱུག་དུས་ཆོས་སྒྲུབས་འདིར་འཚོགས་ཀུན། །མི་ཕལ་ཆེར་བཙོག་ཅིང་ལོངས་སྤྱོད་ཆུང་། །ཆོས་མི་དགའ་ཚེ་ཐུང་ནད་མང་བ། །སྔོན་ཁོང་ཁྲོ་སྐྱེས་ཤིང་ཚོགས་མ་བསགས། །ཆོས་མ་ཉན་གཞན་གྱི་སྲོག་ལ་འཚེ། །དེའི་འབྲས་བུ་ད་ལྟ་སྨིན་པ་ཡིན། །མེད་བཙོངས་ནས་མི་དགེ་སྡིག་བྱས་ན། །ཚེ་ཕྱི་མར་ཇེ་སྡུག་ཇེ་སྡུག་འགྲོ། །སྡུག་བྱས་ཀྱང་ཕྱི་མར་བདེ་སྙམ་དེ། །མི་ཞིག་གིས་དུག་ཆུ་ཁར་འཐུངས་ནས། །ཕྱིའི་ལུས་ལ་མི་གནོད་སྙམ་པ་འདྲ། །ད་སྡིག་ལས་མ་བྱེད་འདིར་འཚོགས་ཀུན། །གླུ་འདིས་ཀྱང་རང་གཞན་ཀུན་ལ་ཕན། །ལས་རྒྱུ་འབྲས་མི་བསླུར་ཤེས་ནས་ཀྱང་། །སྡིག་སྤངས་ཤིང་དགེ་ལ་རབ་གཞོལ་མཐུས། །མཐར་མངོན་མཐོ་ངེས་ལེགས་ཐོབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ཀུན་ལ་ཨེ་ཕན་སྙམ་ནས་སྨྲས་པའོ།། །སྐྱབས་སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དེ་ཀུན་འདུས་སློབ་དཔོན་ཆེན་པོ་དང་། །དབྱེར་མ་མཆིས་དྲིན་ཅན་ཆོས་རྒྱལ་ལ། །བདག་རྩེ་གཅིག་གུས་པས་གསོལ་བ་འདེབས། །འདིར་འཚོགས་པའི་སྐལ་ལྡན་ཕོ་མོ་ཡིས། །ཚེ་འདི་ལ་ཕྱི་མིག་མི་བལྟ་བར། །རྗེ་རྒྱལ་བ་གོང་མའི་རྣམ་ཐར་ལ། །མིག་ཡར་ཡར་བལྟ་བར་བྱིན་གྱིས་རློབས། །རྒན་བདུན་ཅུ་བརྒྱད་ཅུ་མན་ཆད་ནས། །ཆུང་ལོ་བཞི་ལོ་ལྔ་ཡན་ཆད་ཀྱི། །སྐྱེས་

p. 120

ཕོ་མོ་འདིར་འདུས་ཁྲོམ་པ་རྣམས། །འཇམ་ལྡེམ་མེ་རྣལ་འབྱོར་གླུ་ལ་ཉོན། །ངའི་མགྲིན་པ་གླུ་ཡི་མཛོད་ཁང་ན། །མགུར་རྣམ་པ་སྣ་ཚོགས་གོས་དར་ཡོད། །དབྱར་འདྲེན་འགུག་སྙན་པའི་གཉེར་བ་ཡིས། །གཏམ་ཁ་ལྕེ་བདེ་མོའི་ལྡེ་མིག་གིས། །གླུའི་དཀོར་མཛོད་སྒོ་མོ་ཕྱེ་ནས་ཀྱང་། །དུས་དེ་རིང་འདིར་འཚོགས་ཁྲོམ་པ་ལ། །རང་གང་འདོད་མགུར་དབྱངས་གོས་དར་སྟེར། །ཡིད་དད་ཅིང་གུས་པས་ཕྱག་ཏུ་ལོངས། །ད་གླུ་བ་ཚོགས་དྲུག་རང་གྲོལ་ངས། །རང་དབེན་པར་ཉམས་ལེན་མཛད་བཞིན་དུ། །གཞན་དམ་པའི་ཆོས་ལ་བསྐུལ་བའི་ཕྱིར། །ཚེ་མི་རྟག་དཔེ་མགུར་དབྱངས་སུ་ལེན། །དཔྱིད་ལྗོན་ཤིང་ལོ་མ་འབུས་པ་བཞིན། །རང་ཆུང་དུས་ལུས་ཟུངས་ཡར་ཡར་རྒྱས། །དབྱར་ལོ་འདབ་དར་ཞིང་རྒྱས་པ་བཞིན། །ན་གཞོན་དུས་ལང་ཚོ་དར་ཞིང་རྒྱས། །སྟོན་ཤིང་ལོར་སེར་ཐིག་ལྷུང་བ་བཞིན། །ལོ་ལོན་དུས་སྐྲ་ལ་དཀར་ཐིག་ལྷུང་། །དགུན་ཐ་མར་རླུང་གིས་གཏོར་བ་བཞིན། །མཐར་འཆི་བས་བཅོམ་ནས་སྒྱུ་ལུས་འདོར། །མི་ཤེས་རབ་ཅན་གྱིས་བསམ་ཤེས་ན། །ཚེ་མི་རྟག་ཤིང་སྡོང་ལོ་མ་འདྲ། །ཡུན་རིང་བོར་ལོ་མ་ཨེ་འདུག་སོམས། །ད་འདིར་འཚོགས་སྐལ་ལྡན་ཕོ་མོ་རྣམས། །ཡུན་རིང་བོར་སྡོད་གྲབས་མ་མཛད་པར། །གཞོན་ཁ་དཀར་དུས་སུ་ཆོས་གྱིས་དང་། །མགོ་དཀར་བོར་སོང་དུས་བློ་སེམས་བདེ། །ཚེ་ཕྱི་མའི་བརྒྱགས་ཕྱེ་མ་བསྒྲུབས་པའི། །ཕོ་ཆོས་མེད་འཆི་ཁར་

p. 121

འགྱོད་ཀྱིན་འཆི། །སེམས་སྐྱོ་མེད་ཆོས་གྱིས་འདིར་འདུས་ཚོ། །ཕྱོགས་ཕྱོགས་ནས་འོངས་པའི་ཚོང་འདུས་བཞིན། །དུས་ད་ལྟ་བཟའ་ཚང་ཁྱིམ་གང་འཚོགས། །ཚོང་ཟིན་ཚེ་རིམ་བཞིན་འགྲོ་བ་བཞིན། །ཁྱིམ་བཟའ་ཚང་གང་བོ་རིམ་བཞིན་འཆི། །མི་ལ་ལ་ཡར་ལ་འགྲོ་བ་བཞིན། །ཆོས་བྱས་པ་མཐོ་རིས་ཡར་ལ་འགྲོ། །མི་ལ་ལ་མར་ལ་རགྲོ་བ་བཞིན། །སྡིག་མི་དགེ་བྱས་པ་དམྱལ་བར་འགྲོ། །མཇུག་ཚོང་འདུས་གཅིག་ཀྱང་མི་སྡོད་བཞིན། །ཁྱིམ་བཟའ་ཚང་གཅིག་ཀྱང་མི་སྡོད་འཆི། །མི་ཤེས་རབ་ཅན་གྱིས་བསམ་ཤེས་ན། །ཁྱིམ་བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །ཁྲོམ་ཚོང་འདུས་ཡུན་རིང་ཨེ་འདུག་སོམས། །དུས་ད་ལྟ་ཡུད་ཙམ་འཚོགས་དུས་འདིར། །ཁྱིམ་བཟའ་ཚང་སྡིག་ལ་མ་སྦྱོར་བར། །ཡར་མཐོ་རིས་སྐྱེ་བའི་ཆོས་ལ་སྦྱོར། །ཁྱིམ་བཟའ་ཚང་དོན་དུ་སྡིག་མ་བྱེད། །ལྟོ་རྒྱབ་གཉིས་འགེབས་ཕྱིར་སྡིག་བྱས་ན། །རང་དམྱལ་བར་འགྲོ་བས་དོགས་ཟོན་མཛོད། །ད་ཚེ་འདིའི་བྱ་བས་མ་ཡེངས་པར། །ཡར་དམ་པའི་ལྷ་ཆོས་བྱ་བ་གྱིས། །དགེ་འདིས་ཀྱང་འདིར་འཚོགས་ཕོ་མོ་ཡི། །བློ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཅེས་པ་འདི་ཡང་གྲོང་གི་སྐྱ་སེར་ཕོ་མོ་ཡོངས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་དྲིན་ཅན་རྩ་བའི་བླ་མ་ཡིས། །བློ་ཆོས་ལ་བསྒྱུར་བའི་དྲིན་ལན་དུ། །ཐུགས་སུན་ནི་མ་བྱེད་འདིར་འདུས་ཚོ། །སྙིང་ཐག་པས་བསྙེན་བཀུར་ཅི་

p. 122

ནུས་གྱིས། །ལུས་བསྐྱེད་པའི་དྲིན་ཅན་ཕ་མ་ཡིས། །རང་ལེགས་པར་བསྐྱངས་པའི་དྲིན་ལན་དུ། །རྡུང་སྡིགས་སོགས་མ་བྱེད་འདིར་འདུས་ཚོ། །ཆོས་འཇིག་རྟེན་གཉིས་ཀས་གང་ཕན་གྱིས། །རང་རྐྱེན་ངན་པ་དང་འཕྲད་པའི་ཚེ། །དྲིན་ཆེ་བའི་མཆེད་གྲོགས་དྲིན་ལན་དུ། །དྲིན་ཁྱད་གསོད་མ་བྱེད་འདིར་འདུས་ཚོ། །ལུས་ངག་གིས་ཕན་ཐོགས་གང་ཐུབ་གྱིས། །ཞེས་པ་འདི་ཡང་གྲོང་གི་ཕོ་མོ་རྣམས་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སྤྱིར་བྱང་ཕྱོགས་བོད་ཀྱི་མི་རྣམས་ལ། །སྐུ་དྲིན་ཆེ་བ་འདི་འདྲ་ཡོད། །རྒྱ་གར་མཁས་གྲུབ་མང་བྱོན་ཀྱང་། །ནང་ནས་ཤིན་ཏུ་དྲིན་ཆེ་བ། །སློབ་དཔོན་ཆེན་པོ་པད་འབྱུང་དང་། །མཉམ་མེད་ཇོ་བོ་ཆེན་པོ་ཡིན། །བོད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི། །ནང་ནས་ཤིན་ཏུ་དྲིན་ཆེ་བ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། །ཁྲི་སྲོང་ལྡེའུ་བཙན་རྣམ་གཉིས་ཡིན། །བོད་ཀྱི་ལོ་ཙཱ་ཐམས་ཅད་ཀྱི། །ནང་ནས་ཤིན་ཏུ་དྲིན་ཆེ་བ། །ལོ་ཙཱ་ཐོན་མི་སམྦྷོ་ཊ། །སློབ་དཔོན་བཻ་རོ་ཙ་ན་ཡིན། །བོད་ཀྱི་གྲུབ་ཆེན་ཐམས་ཅད་ཀྱི། །ནང་ནས་ཤིན་ཏུ་དྲིན་ཆེ་བ། །རྣལ་འབྱོར་དབང་ཕྱུག་མི་ལ་དང་། །རས་ཆུང་རྡོ་རྗེ་གྲགས་པ་ཡིན། །བོད་ཀྱི་བླ་མ་ཐམས་ཅད་ཀྱི། །ནང་ནས་ཤིན་ཏུ་དྲིན་ཆེ་བ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་། །རྒྱལ་བ་བློ་བཟང་གྲགས་པ་ཡིན། །སྒོས་སུ་རེབ་གོང་ལུང་བ་རུ། །སྐུ་དྲིན་ཆེ་བ་རྣམ་གཉིས་ཡོད། །རེབ་གོང་བླ་མ་ཐམས་ཅད་ཀྱི། །ནང་ནས་ཤིན་

p. 123

ཏུ་དྲིན་ཆེ་བ། །རྗེ་བཙུན་སྐལ་ལྡན་རྒྱ་མཚོ་དང་། །རིག་འཛིན་དཔལ་ལྡན་བཀྲ་ཤིས་ཡིན། །ཡང་སྒོས་བྱ་བཏང་རྣལ་འབྱོར་ངར། །སྐུ་དྲིན་ཆེ་བ་རྣམ་གཉིས་ཡོད། །བདག་ལ་དྲིན་ཅན་ཐམས་ཅད་ཀྱི། །ནང་ནས་ཤིན་ཏུ་དྲིན་ཆེ་བ། །བླ་མ་ངག་གི་དབང་བོ་དང་། །ལུས་སྲོག་བསྐྱེད་པའི་ཨ་མ་ཡིན། །ཞེས་པ་འདི་ནི་མི་ཞིག་གིས་ཁྱེད་ཀྱིས་འདི་ལྟར་ཆོས་བྱེད་པའི་དྲིན་ཅན་སུ་ཡིན་ཟེར་བའི་ལན་དུ་འདི་ལྟ་བུ་ཡིད་ལ་ཤར་བ་བྲིས་པའོ། །ནོ་མོ་གུ་རུ། རྒོད་སྒྲོ་སེམས་ལ་བཞག་ནས། །བྲག་ལ་མདའ་ཞིག་འཕངས་སོ། །མདའ་བ་བཟང་བོ་མིན་རུང་། །སྒྲོ་ཆུང་ཁ་ཤས་བཅད་ནས། །བྲག་དམར་དཀྱིལ་ལ་ཟུག་བྱུང་། །དམའ་མོའི་ས་ལ་མ་ལྷུང་། །ནོར་བུ་སེམས་ལ་བཞག་ནས། །གྲུ་ཡིས་རྒྱ་མཚོར་ཞུགས་སོ། །དེད་དཔོན་བཟང་བོ་མིན་རུང་། །རྒྱ་མཆོ་ཐད་སོར་བཅད་ནས། །རིན་ཆེན་གླིང་དུ་སླེབས་བྱུང་། །སྲིན་མོའི་གླིང་དུ་མ་ལྷུང་། །འགྲོ་ཀུན་སེམས་ལ་བཞག་ནས། །དབེན་པར་སྒོམ་ལ་ཞུགས་སོ། །རྣལ་འབྱོར་བཟང་བོ་མིན་རུང་། །ཚེ་འདིའི་འཁྲི་བ་བཅད་ནས། །དབེན་པའི་གནས་སུ་ཆགས་བྱུང་། །མི་ནག་གྲོང་དུ་མ་ལྷུང་། །ཞེས་པ་འདི་ཡང་བུད་མེད་ཅིག་གིས་དབེན་པར་གཅིག་པུར་ཨེ་ཆགས་ཀི་ཟེར་བའི་ལན་དུ་རྩེ་མཚར་དུ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐྱབས་གཅིག་མཚན་ལྡན་བླ་མ་ལ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ནས། །སྒོ་གསུམ་གུས་པས་བདག་ཕྱག་འཚལ། །སྐུ་

p. 124

བཞིའི་གོ་འཕང་བསྩལ་ཏུ་གསོལ། །དབྱར་སྟོན་གཉིས་ཀྱི་བར་མཚམས་ན། །ཁུ་བྱུག་སྔོན་མོ་ཞེ་རེ་སྐྱོ། །སྙན་པའི་སྐད་མགོ་དམའ་ཚུལ་ལ། །བལྟས་ན་སང་འགྲོ་གནངས་འགྲོ་རེད། །ཀྱེ་ཧུད་བྱ་རྒྱལ་ཁུ་བྱུག་ང་། །མྱུར་དུ་འགྲོ་སྙམ་ཞེ་རེ་འགྱོད། །ཡང་ཡང་འདིར་འོངས་སྐད་སྙན་གྲགས། །མི་རྣམས་དགའ་སྤྲོ་བསྐྱེད་པར་སྨོན། །སྟོན་དགུན་གཉིས་ཀྱི་བར་མཚམས་ན། །སྤང་རྒྱན་སྔོན་མོ་ཞེ་རེ་སྐྱོ། །མཛེས་པའི་འགྱིང་བག་གློད་ཚུལ་ལ། །བལྟས་ན་སང་གཤེགས་གནངས་གཤེགས་ངེས། །ཀྱེ་ཧུད་སྤང་རྒྱན་སྔོན་མོ་ང་། །མྱུར་དུ་གཤེགས་སྙམ་ཞེ་རེ་འགྱོད། །ཡང་ཡང་སྐྱེས་ནས་འཛུམ་ཞིང་རྒོད། །དཀོན་མཆོག་རྣམ་གསུམ་མཆོད་པར་སྨོན། །ན་རྒ་གཉིས་ཀྱི་བར་མཚམས་ན། །བྱ་བཏང་རྒོད་པོ་ཞེ་རེ་སྐྱོ། །དར་བའི་ལུས་པོ་རྒུད་ཚུལ་ལ། །བལྟས་ན་སང་འཆི་གནངས་འཆི་ངེས། །ཀྱེ་ཧུད་བྱ་བཏང་རྒོད་པོ་ང། །མྱུར་དུ་འཆི་སྙམ་ཞེ་རེ་འགྱོད། །ཡང་ཡང་དལ་འབྱོར་རྟེན་བཟང་ཐོབ། །བཤད་སྒྲུབ་བསྟན་པ་འཛིན་པར་སྨོན། །ཞེས་པ་འདི་ཡང་ཉིན་ཞིག་སྐྱོ་ཤས་ཐན་ཐུན་སྐྱེས་པའི་ཚེ་ཞོ་འོང་རྒད་པོས་སྨྲས་པའོ། །ཆོས་ཀུན་སྒྱུ་མར་ཤེས་པའི་གོ་མཚོན་ཐོགས། །ཆོས་བརྒྱད་དགྲ་ཡི་གཡུལ་ངོར་ཕམ་མཛད་པའི། །ཆོས་རྒྱལ་ངག་གི་དབང་བོར་གསོལ་བ་འདེབས། །ཆོས་བརྒྱད་མགོ་སྙོམས་ནུས་པར་བྱིན་གྱིས་རློབས། །ཆོས་ཀྱི་སྒོར་ཞུགས་ཆོས་པར་ཁས་ལེན་ཡང་། །ཆོས་དང་བསྟུན་ཚེ་ཆོས་དང་རྒྱབ་

p. 125

འགལ་བའི། །ཆོས་རྫུ་མཁན་ཁྱོད་ཆོས་བཞིན་བྱེད་སྙམ་ན། །ཆོས་ཀྱི་བར་ཆད་ཆོས་བརྒྱུད་མགོ་བོ་སྙོམས། །རྙེད་ཀྱང་དགའ་བ་མ་སྐྱེས་མ་རྙེད་ཀྱང་། །གདུང་བ་མ་སྐྱེས་རྙེད་དང་མ་རྙེད་གཉིས། །སྒྱུ་མ་མཁན་གྱིས་སྤྲུལ་སྒྱུར་བྱས་པ་བཞིན། །སོམས་ལ་རྙེད་དང་མ་རྙེད་མགོ་བོ་སྙོམས། །བདེ་ཡང་ཞེན་པ་མ་བྱེད་མི་བདེ་ཡང་། །སྡུག་བསྔལ་མ་བྱེད་བདེ་དང་སྡུག་བསྔལ་གཉིས། །རྨི་ལམ་སྐབས་ཀྱི་བདེ་སྡུག་མྱོང་བ་བཞིན། །སོམས་ལ་བདེ་སྡུག་གཉིས་ཀ་མགོ་བོ་སྙོམས། །བསྟོད་པར་གྱུར་ཀྱང་ང་རྒྱལ་སེམས་མ་སྐྱེས། །སྨད་པར་གྱུར་ཀྱང་ཁྲོ་བ་མ་སྐྱེས་པར། །བསྟོད་དང་སྨད་པ་བྲག་ཆའི་སྒྲ་དབྱངས་བཞིན། །སོམས་ལ་བསྟོད་སྨད་གཉིས་ཀ་མགོ་བོ་སྙོམས། །སྙན་པ་ཐོས་ཀྱང་ཁེངས་པའི་སེམས་མ་སྐྱེས། །མི་སྙན་ཐོས་ཀྱང་ཞུམ་པ་མ་བྱེད་པར། །སྙན་དང་མི་སྙན་གཉིས་ཀ་སྒྲ་བརྙན་བཞིན། །སོམས་ལ་སྙན་དང་མི་སྙན་མགོ་བོ་སྙོམས། །ཆོས་བརྒྱད་མགོ་བོ་ཆོས་ཀྱིས་མ་བསྙམས་ན། །ཆོས་ལུགས་མང་ཤས་ཆོས་བཤད་ཁ་མཁས་ཀྱང་། །ཆོས་དང་བསྟུན་ན་ཆོས་གྲལ་ཐོབ་པར་དཀའ། །ཆོས་བཞིན་བྱེད་ན་ཆོས་བརྒྱད་མགོ་བོ་སྙོམས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཆོས་དབྱིངས་ངང་ལ་གཡོ་མེད། །ཆོས་རྒྱལ་ངག་གི་དབང་བོ། །ཆོས་བརྒྱུད་ཆུ་དཀྱིལ་ལྷུང་བའི། །ཆོས་མེད་བུ་ང་སྐྱོངས་ཤིག །

p. 126

འཇིག་རྟེན་ཆོས་བརྒྱད་ཆོམ་རྐུན། །མེད་ཟེར་ས་ཆ་མི་འདུག །གྲོང་ན་ཡོད་པ་གཞིར་བཞག །དགོན་པ་ན་ཡང་ཡོད་སྣང་། །རི་ཁྲོད་དུ་འང་སླེབས་བྱུང་། །དྲན་ཤེས་བག་ཡོད་སྐྱེས་བུས། །ལྟ་བའི་མདུང་རིང་ཐོགས་ལ། །ཆོས་བརྒྱུད་ཆོམ་རྐུན་གང་བྱུང་། །དེ་མ་ཐག་ཏུ་སོད་ཅིག །རྙེད་པར་གྱུར་ན་དགའ་ཞིང་། །མ་རྙེད་གྱུར་ན་མི་དགའི། །བཟང་ངན་རྟོག་པ་བོར་ལ། །ལྟ་བའི་ངང་དུ་གློད་ཅིག །བདེ་བར་གྱུར་ན་དགའ་ཞིང་། །མི་བདེར་གྱུར་ན་མི་དགའི། །བཟང་ངན་རྟོག་པ་བོར་ལ། །ལྟ་བའི་ངང་དུ་གློད་ཅིག །སྙན་པར་ཐོས་ན་དགའ་ཞིང་། །མི་སྙན་ཐོས་ན་མི་དགའི། །བཟང་ངན་རྟོག་པ་བོར་ལ། །ལྟ་བའི་ངང་དུ་གློད་ཅིག །བསྟོད་པར་གྱུར་ན་དགའ་ཞིང་། །སྨད་པར་གྱུར་ན་མི་དགའི། །བཟང་ངན་རྟོག་པ་བོར་ལ། །ལྟ་བའི་ངང་དུ་གློད་ཅིག །མདོར་ན་ཆོས་བརྒྱད་རྣམ་རྟོག་།གང་ཤར་རྗེས་སུ་མ་འབྲངས། །ལྟ་བའི་ངང་དུ་གློད་ལ། །རང་སར་གྲོལ་བར་མཛོད་ཅིག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མཁྱེན་པས་ཤེས་བྱའི་གནས་རྣམས་ས་ལེར་མཁྱེན། །བརྩེ་བས་ལེགས་བཤད་ཆོས་ཀྱི་དགའ་སྟོན་འགྱེད། །མཛད་པས་སྐལ་ལྡན་གདུལ་བྱའི་ཡིད་འཕྲོག་པའི། །རྒྱལ་བའི་སྲས་པོ་བླ་མའི་ཞབས་ལ་འདུད། །མདོ་སྔགས་ཆོས་ཀྱི་གྲུ་ཆེན་ལ་ཞུགས་ནས། །ཐར་བའི་རིན་ཆེན་གསེར་གླིང་བསྙེག་སྙམ་ཡང་། །ཆོས་བརྒྱད་སྲིན་མོའི་ཚོགས་ཀྱིས་བསླུས་ནས་ཁྲིད། །ཆོས་བརྒྱད་བདུད་མོ་འདི་ལ་སྙིང་རེ་

p. 127

ན། །བཤད་དང་སྒྲུབ་པའི་ཆོས་ཀྱི་རྒྱལ་མཚན་དེ། །ཐོས་བསམ་སྒོམ་གསུམ་ཡུ་བའི་རྩེར་བསྒྲེངས་ཀྱང་། །ཆོས་བརྒྱད་རླུང་དམར་འདི་ཡིས་ཡང་ཡང་བཅག །ཆོས་བརྒྱུད་རླུང་བོ་འདི་ལ་སྙིང་རེ་ན། །ཤེས་རབ་ཁྱེའུ་ཆུང་བརྩོན་འགྲུས་རྟར་ཞོན་ནས། །གཞུང་ལུགས་རབ་འབྱམས་ཐང་ལ་བརྒྱུག་སྙམ་ཡང་། །ཆོས་བརྒྱད་ལྕགས་སྒྲོག་འདི་ཡིས་དམ་དུ་བཅིངས། །ཆོས་བརྒྱུད་ལྕགས་སྒྲོག་འདི་ལ་སྙིང་རེ་ན། །མཚན་ལྡན་བླ་མས་དགྱེས་བཞིན་གནང་བ་ཡི། །སྡོམ་གསུམ་གཙང་མའི་ནོར་བུ་རིན་ཆེན་འདི། །ཆོས་བརྒྱད་གཡོག་ངན་དེ་ཡིས་བརྐུས་ནས་ཁྱེར། །ཆོས་བརྒྱུད་གཡོག་ངན་འདི་ལ་སྙིང་རེ་ན། །ཆོག་ཤེས་རིན་ཆེན་གསེར་གྱི་ཁང་བཟང་ནང་། །འཕགས་ནོར་རིན་ཆེན་བདུན་གྱི་མཛོད་བརྩིགས་ཀྱང་། །ཆོས་བརྒྱུད་རྐུན་མས་ཐམས་ཅད་ཁྱེར་ནས་སོང་། །ཆོས་བརྒྱད་རྐུན་རྒན་འདི་ལ་སྙིང་རེ་ན། །སྣ་ཚོགས་ཐབས་ཀྱིས་ཆོས་བརྒྱད་དགྲ་བོ་འདིའི། །སྙིང་ལ་ལག་པ་བཞག་ཀྱང་ཞེ་ཚིམ་དཀའ། །ཕ་བསད་བུ་ཡིས་ལག་དམར་ལ་བྱམས་ལྟར། །དེང་སང་ཆོས་བརྒྱད་དགྲ་ལ་བྱམས་མཁན་མང་། །ཕ་ཡི་སྲོག་རྩ་གཅོད་པའི་ལག་དམར་ལ། །ཟས་ནོར་བྱིན་ནས་གཏོང་བ་སུ་ཡིས་བཟོད། །གཏན་བདེའི་སྲོག་རྩ་གཅོད་པའི་ཆོས་བརྒྱད་ལ། །འཕགས་ནོར་བྱིན་ནས་གཏོང་བ་སུ་ཡིས་བཟོད། །ཕ་ཡི་སྲོག་རྩ་གཅོད་པའི་སྙིང་ནག་དགྲ། །ཡན་པར་གཏོང་ན་བུ་ཡི་སྙིང་

p. 128

རྩ་རུལ། །ཐར་བའི་སྲོག་རྩ་གཅོད་པའི་ཆོས་བརྒྱད་དེ། །ཡན་པར་གཏོང་ན་ཆོས་པའི་སྙིང་རྩ་རུལ། །ཆོས་བརྒྱད་ཆམ་ལ་འབབ་མཁན་མི་ལ་བཞིན། །བདག་གིས་ངེས་འབྱུང་བྱང་སེམས་ཁྲབ་རྨོག་གྱོན། །ལྟ་བའི་མཚོན་རྣོན་མདུང་རིང་ལག་ཐོགས་ནས། །ཡིད་བརྣག་ཆོས་བརྒྱད་དགྲ་ཡི་སྙིང་དཀྱིལ་དུ། །བཏབ་ནས་ནམ་ཞིག་ཆམ་ལ་འབབ་ཐུབ་སྙམ། །གླུ་འདི་ཐོས་ཚད་ཀུན་གྱིས་ཆོས་བརྒྱད་དགྲའི། །འཁོར་བཤིག་ཚང་གཏོར་རྗེས་མེད་བརླག་ནུས་ཤོག །ཅེས་པ་འདི་ཡང་ཆོས་བརྒྱད་ཀྱི་ཁོལ་བོར་གྱུར་པའི་དུས་ཤིག་ཏུ་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཆོས་སྐུ་ཀུན་ཏུ་བཟང་དང་ཡུམ་ཆེན་མོ། །ལོངས་སྐུ་རྡོ་རྗེ་འཆང་དང་རིགས་ལྔ་དང་། །སྤྲུལ་སྐུ་ཤཱཀ་ཐུབ་པད་འབྱུང་ལ་སོགས་པ། །འདུས་སྐུ་དྲིན་ཅན་བླ་མའི་ཞབས་ལ་འདུད། །སྔོན་བྱོན་དམ་པའི་རྣམ་ཐར་རྗེས་ཞུགས་ནས། །གཅིག་པུར་དབེན་པའི་གནས་ལ་འགྲོ་བ་ལ། །འདུ་འབྲལ་མེད་པར་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགལ་རྐྱེན་ཀུན་སོལ་བྱིན་རླབས་དངོས་གྲུབ་སྩོལ། །དེང་སང་དུས་ངན་སྙིགས་མའི་ཐ་མ་ལ། །གང་ལ་བསམས་ཀྱང་ངེས་འབྱུང་སྐྱོ་ཤས་སྐྱེ། །བདག་གི་སེམས་འདི་ནགས་རིའི་ཁྲོད་དགའ་བས། །གླུ་དབྱངས་ལྷང་ལྷང་འཐེན་བཞིན་ནགས་ལ་འགྲོ། །ཆགས་སྡང་འདུ་འཛིས་ཡེངས་པས་ཆོས་སྐལ་འཆད། །སྐྱེས་པའི་ཡུལ་ལ་ཆགས་པས་ཅི་ཞིག་བྱ། །མ་བྱས་རང་འཁྲུངས་ལྗོན་ཤིང་

p. 129

བསིལ་ཁང་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །ཡོད་ཀྱིན་ཆོག་ཤེས་མི་སྐྱེ་སེར་སྣ་འཕེལ། །སྒྱུ་མའི་ནོར་ལ་ཆགས་པས་ཅི་ཞིག་བྱ། །འཛད་མེད་འཕགས་པའི་ནོར་བདུན་འབྱུང་བའི་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །ངོམས་ཤེས་ཚིམ་མེད་སྤྱད་ཀྱིན་སྲེད་པ་འཕེལ། །བཟའ་ཏུང་རོ་ལ་ཆགས་པས་ཅི་ཞིག་བྱ། །དཀའ་ཐུབ་བཅུད་ལེན་ངང་གིས་བྱེད་པའི་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །དར་ཟབ་རེས་དང་རྣམ་ཐེར་ལ་སོགས་པའི། །མཛེས་སྒེག་གོས་ལ་དགའ་བས་ཅི་ཞིག་བྱ། །ངན་ངོན་ཙམ་གྱིས་ཚ་གྲང་སྐྱོབ་པའི་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །ཤེད་ཅན་རྟ་སོགས་ཞོན་ནས་རྒྱལ་ཁམས་བསྐོར། །མ་རབས་སྤྱོད་ངན་དེ་འདྲས་ཅི་ཞིག་བྱ། །རང་གི་གོམ་པས་བདེ་བར་སླེབས་པའི་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །བསླབས་ན་མི་ཉན་ཟག་པ་ཁོང་ཁྲོ་སྐྱེ། །ཉོན་མོངས་འཕེལ་བའི་འཁོར་གྱིས་ཅི་ཞིག་བྱ། །གཅིག་པུར་གུ་ཡངས་ཆོས་ལ་སྤྱོད་པའི་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །དོན་མེད་རྣམ་གཡེང་ལོང་གཏམ་རྒྱུན་མི་འཆད། །བུ་སློབ་གྲྭ་བ་མང་བོས་ཅི་ཞིག་བྱ། །སུས་ཀྱང་མི་མཐོང་རང་ཉིད་བདེ་དལ་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །རྟག་ཏུ་ངོ་སྲུང་སེམས་འཛིན་རྒྱུན་མི་

p. 130

འཆད། །སར་ངའི་ཡོན་བདག་མང་བོས་ཅི་ཞིག་བྱ། །ངོ་སྲུང་སེམས་འཛིན་གང་ཡང་མི་དགོས་པའི། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །བསྟོད་དང་གྲགས་པས་ཚེ་རིང་ཆོས་འཕེལ་ལམ། །སྙན་གྲགས་ཕྱོགས་བཅུར་རྒྱས་པས་ཅི་ཞིག་བྱ། །སུས་ཀྱང་རང་གི་མིང་ཡང་མི་ཐོས་པའི། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །མ་ནོར་དམ་ཆོས་བཤད་ཀྱང་སྒྲོ་སྐུར་འདོགས། །དུས་ངན་གཞན་དོན་འདི་ཡིས་ཅི་ཞིག་བྱ། །རྟག་ཏུ་རང་དོན་ཐར་བ་སྒྲུབ་པའི་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །འ་འུར་འདུ་འཛིས་ཉིན་མཚན་འཆོར་བའི་ཡུལ། །མི་ནག་གྲོང་དུ་བསྡད་པས་ཅི་ཞིག་བྱ། །ཉིན་མཚན་གཉིས་ཀ་ཆོས་གྱིས་འདའ་བའི་གནས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགར་འགྲོ། །གངས་ཅན་ཁྲོད་ཀྱི་སེང་གེ་མི་ལ་ལྟར། །གང་ལའང་མ་ཆགས་ཚེ་འདི་བློས་བཏང་ནས། །གང་བཟང་ནགས་ཁྲོད་ཉམས་དགའ་མྱུར་བསྟེན་ཏེ། །གང་ཟབ་གདམས་པ་ཉམས་སུ་ལེན་པར་ཤོག །ཅེས་པ་འདི་ཡང་གླུ་བ་བཞིན་དུ་ཆོས་མེད་ནགས་ཚལ་ཉམས་དགར་འགྲོ་བའི་སྙོམ་ལས་པ་ཚོགས་དྲུག་རང་གྲོལ་གྱིས་བླངས་སོ། །ཚེ་འདིའི་འཁྲུལ་བ་ཀུན་ལ་རྒྱབ་ཕྱོགས་ནས། །ཕྱག་ཆེན་རྫོགས་ཆེན་དབུ་མ་ཞི་བྱེད་གཅོད། །རྩེ་གཅིག་རི་ཁྲོད་དབེན་པར་ཉམས་བླངས་ནས། །གྲུབ་བརྙེས་དམ་པ་གོང་མ་རྣམས་ལ་འདུད། །སྔོན་བྱོན་དམ་པའི་བྱིན་གྱིས་བརླབས་པའི་གནས། །རི་ཁྲོད་དབེན་པའི་ཡོན་ཏན་བཤད་

p. 131

ཀྱིས་ཉོན། །སྐྱིད་ཅིང་ཉམས་དགའ་ལྷ་ཡི་ཡུལ་དང་མཚུངས། །རི་ཁྲོད་དབེན་པའི་གནས་སུ་བསྒོམ་དུ་གཤེགས། །འགོ་རིས་ས་གཙང་ཇག་རྐུན་གནོད་པ་མེད། །རབ་ཏུ་ཉམས་དགའ་བདེ་སྐྱིད་ཕུན་སུམ་ཚོགས། །ཚེ་རིང་ནད་མེད་ཡོན་ཏན་བསམ་མི་ཁྱབ། །རི་ཁྲོད་དབེན་པའི་གནས་སུ་བསྒོམ་དུ་གཤེགས། །གངས་རི་སྨན་ལྗོངས་ནགས་ཚལ་ཚོགས་མང་ཞིང་། །རབ་མཛེས་བྱ་དང་རི་དྭགས་མང་བོས་གང་། །ཆུ་གཙང་དར་གྱི་སྒྲོག་གྲོལ་ལྷུང་ལྷུང་འབབ། །རི་ཁྲོད་དབེན་པའི་གནས་སུ་བསྒོམ་དུ་གཤེགས། །ལོ་མ་མེ་ཏོག་འབྲས་བུས་བརྒྱན་པའི་ཤིང་། །དྲི་བཞོན་རླུང་གིས་བཏབ་ཚེ་འདབ་སྒྲ་སྒྲོག །མེ་ཏོག་འཛུམ་རྒོད་བུང་བས་གླུ་གར་བྱེད། །རི་ཁྲོད་དབེན་པའི་གནས་སུ་བསྒོམ་དུ་གཤེགས། །བྲག་རིའི་ཕུག་དང་ལྗོན་ཤིང་བསིལ་ཁང་དང་། །གྲོ་མ་ཤིང་འབྲས་སྔོ་ཚོད་སྣ་ཚོགས་པ། །རོ་མངར་ཞིམ་པའི་དབྱར་གྱི་ཁ་ཟས་ལྡན། །རི་ཁྲོད་དབེན་པའི་གནས་སུ་བསྒོམ་དུ་གཤེགས། །སྔོན་བྱོན་དམ་པས་བྱིན་གྱིས་བརླབས་པའི་གནས། །ད་ལྟའི་སྐྱེས་ཆེན་དམ་པ་བཞུགས་པའི་གནས། །མ་འོངས་རྒྱལ་སྲས་སྤྲུལ་བ་འབྱོན་པའི་གནས། །རི་ཁྲོད་དབེན་པའི་གནས་སུ་བསྒོམ་དུ་གཤེགས། །བླ་མ་ཡི་དམ་མཁའ་འགྲོ་འདུ་བའི་གནས། །ཆོས་སྐྱོང་སྲུང་མ་ཡུལ་ལྷ་འཁོར་བའི་གནས། །མཆོག་ཐུན་ཡོན་ཏན་མང་བོ་འབྱུང་བའི་གནས། །རི་ཁྲོད་དབེན་

p. 132

པའི་གནས་སུ་བསྒོམ་དུ་གཤེགས། །རི་ཁྲོད་ཡོན་ཏན་ཅུང་ཟད་བརྗོད་པའི་གླུ། །ཚོགས་དྲུག་རང་གྲོལ་རི་ལ་འགྲོ་ཚེ་བླངས། །དགེ་བ་འདི་ཡིས་རང་གཞན་སྐྱེས་བུ་ཀུན། །རི་ལ་ཕྱིན་ནས་དངོས་གྲུབ་མཆོག་ཐོབ་ཤོག །ཅེས་པ་འདི་ཡང་རང་ལ་སྤྲོ་བ་བསྐྱེད་ཕྱིར་བླངས་པའོ། །དཔག་མེད་བསྐལ་པར་རྒྱ་ཆེན་ཚོགས་གཉིས་བསགས། །མཐའ་མེད་འགྲོ་ཀུན་དོན་དུ་སེམས་མཆོག་བསྐྱེད། །ཟད་མེད་སྨོན་ལམ་མཐུ་ལས་ལེགས་འཁྲུངས་པའི། །མཚུངས་མེད་དྲིན་ཅན་བླ་མའི་ཞབས་ལ་འདུད། །ཆོས་བཞིན་མཛད་པའི་བྱ་བཏང་རྣལ་འབྱོར་ང་། །ཆོས་མིན་སྨྲ་བར་སྙིང་ཁམས་ཅུང་ཟད་མེད། །ཆོས་དང་མཐུན་པར་བྱེད་ན་གྲོགས་པོ་ཚོ། །ཆོས་གཏམ་ཚིག་འགའ་བཤད་ཀྱིས་མ་ཡེངས་ཉོན། །དམ་ཆོས་སྒྲུབ་པའི་སྡུག་བསྔལ་མི་བཟོད་པར། །དགྲ་འདུལ་བ་དང་གཉེན་སྐྱོང་ལ་སོགས་ཀྱི། །དཀའ་སྤྱད་བཟོད་པ་བཟོད་པ་གོ་ལོག་གོ །གོ་ལོག་དེ་འདྲ་མ་མཛད་གྲོགས་པོ་ཚོ། །མདོ་སྔགས་དམ་ཆོས་རྣམ་དག་སྒྲུབ་པ་ལ། །འདུན་པ་མི་བྱེད་ཚེ་འདིའི་དཔལ་འབྱོར་ལ། །འདུན་པ་བྱེད་པ་འདུན་པ་གོ་ལོག་གོ །གོ་ལོག་དེ་འདྲ་མ་བྱེད་གྲོགས་པོ་ཚོ། །ཐོས་བསམ་སྒོམ་གསུམ་སྒོ་ནས་ཆོས་ཀྱི་རོ། །མི་མྱང་འཇིག་རྟེན་འདི་ཡི་བདེ་བའི་རོ། །མྱང་བ་དེ་ནི་རོ་མྱང་གོ་ལོག་གོ །གོ་ལོག་དེ་འདྲ་མ་མཛད་གྲོགས་པོ་ཚོ། །སྡིག་པ་བྱེད་ལ་སྙིང་རྗེ་མི་བསྒོམ་པར། །དམ་ཆོས་ཕྱིར་དུ་དཀའ་སྤྱད་བྱེད་པ་ལ། །སྙིང་རྗེ་བྱེད་པ་སྙིང་རྗེ་གོ་ལོག་གོ །

p. 133

གོ་ལོག་དེ་འདྲ་མ་མཛད་གྲོགས་པོ་ཚོ། །རང་ལ་བལྟོས་པའི་མི་རྣམས་དམ་ཆོས་ལ། །མི་སྦྱོར་ཚེ་འདིའི་དཔལ་འབྱོར་ཆེ་ཐབས་ལ། །སྦྱོར་བ་དེ་ནི་གཉེར་སེམས་གོ་ལོག་གོ །གོ་ལོག་དེ་འདྲ་མ་མཛད་གྲོགས་པོ་ཚོ། །འཁོར་འདས་གཉིས་ཀྱི་བདེ་དང་དགེ་བ་ལ། །དགའ་བ་མི་བསྒོམ་སྡུག་བསྔལ་དགྲ་བྱུང་ན། །དགའ་བ་རྗེས་སུ་ཡི་རང་གོ་ལོག་གོ །གོ་ལོག་དེ་འདྲ་མ་མཛད་གྲོགས་པོ་ཚོ། །གོ་ལོག་དྲུག་པོ་འདི་ཉིད་ཤིས་བྱས་ནས། །མ་ལོག་པ་དྲུག་ཉམས་སུ་ལེན་པར་གྱིས། །འདི་བཞིན་གྲོགས་མཆེད་རྣམས་ཀྱིས་མཛད་ནུས་ན། །འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད་པར་ངེས། །དགེ་འདིས་དམ་ཚིག་གཅིག་པའི་གྲོགས་རྣམས་ཀྱིས། །དགེ་བའི་གཤེས་གཉེན་ཇོ་བོའི་རྣམ་ཐར་བཞིན། །དགེ་སྡིག་གཉིས་ཀྱི་འདམ་ཁ་མ་ནོར་བར། །དགེ་ལ་གཞོལ་ནས་དོན་གཉིས་འགྲུབ་པར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གྲོགས་པོ་ཡོངས་ལ་སྨྲས་པའོ། །ན་མོ་གུ་རུ། དབྱར་གསུམ་ནམ་ཟླ་དེ་སླེབས་བྱུང་། །རྩལ་ལྡན་གཡུ་འབྲུག་ངའི་སྐྱིད་པ། །ལྷོ་སྤྲིན་སྨུག་པོ་དང་བསྡེབས་ནས། །ལྷ་ལམ་ཡངས་པ་རུ་ཆོས་འགྲོ། །མེ་ཏོག་སྣ་ཚོགས་ནི་སྐྱེས་བྱུང་། །ཡིད་འོང་བུང་བ་ངའི་སྐྱིད་པ། །འདབ་མ་ལེགས་པོ་དེ་བརྒྱངས་ནས། །གང་བཟང་མེ་ཏོག་སར་ཆས་འགྲོ། །བླ་མས་གདམས་ངག་ནི་གནང་བྱུང་། །སྐལ་ལྡན་བྱ་བཏང་ངའི་སྐྱིད་པ། །གསལ་འདེབས་བེའུ་བུམ་དེ་ཁུར་

p. 134

ནས། །དབེན་གནས་གང་བཟང་ལ་ཆས་འགྲོ། །ཞེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་ཉམས་དགའི་གླུ་རུ་བླངས་པའོ། །རྗེ་བླ་མ་དམ་པའི་ཞབས་ལ་འདུད། །མི་རང་ལ་རང་གྲོས་མ་བཏབ་ན། །གྲོགས་གཞན་གྱིས་ཆོས་ལ་བསྐུལ་བ་དཀོན། །དོན་དེ་ཕྱིར་ཚོགས་དྲུག་རང་གྲོལ་ཉོན། །ཁྱོད་སྙིང་ནས་དམ་ཆོས་མཛད་འདོད་ན། །ཚེ་འདི་ལ་ཕྱི་མིག་མི་བལྟ་ན། །རྗེ་གོང་མའི་རྣམ་ཐར་ཡི་སྐྱོང་འདོད་ན། །ཡུལ་ཕ་ཡུལ་བདུད་གྱི་བཙོན་ར་ཡིན། །ད་ཕ་ཡུལ་སྤོངས་ལ་དབེན་པ་སྟེན། །གཉེན་ཉེ་འབྲེལ་འཆིང་བའི་ཞགས་པ་ཡིན། །ད་འབྲེལ་ཐོག་ཆོད་ལ་གཅིག་པུར་སྡོད། །ནོར་ལོངས་སྤྱོད་དགྲ་འདྲེའི་གཡབ་མོ་ཡིན། །ད་ཟས་ནོར་ལོངས་སྤྱོད་དུག་བཞིན་སྤོངས། །ལར་ཐམས་ཅད་འཆི་ཚེ་འཇོག་དགོས་པས། །དུས་ད་ལྟ་བསྐྱུར་ལ་རི་ཁྲོད་འགྲིམས། །ཚིག་འདི་ཚོ་བཞིན་དུ་ཉན་སྤྱོད་ན། །ཡར་ལྷ་ཆོས་སྐལ་བ་ཁྱོད་ལ་ཡོད། །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་སྟག་མོ་རྫོང་ནས་རང་ལ་སྨྲས་པའོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཨ་ཁུ་ཚོགས་དྲུག་རང་གྲོལ་ཉོན། །ཆོས་པ་རབ་དེ་གཤེགས་པའི་ཚེ། །འཇའ་ལུས་འོད་སྐུར་གྲོལ་བའམ། །ཡང་ན་དག་པ་མཁའ་སྤྱོད་གཤེགས། །ཆོས་པ་འབྲིང་དེ་གཤེགས་པའི་ཚེ། སེང་གེ་བཞིན་དུ་གངས་ཁྲོད་སོགས། །དབེན་པའི་གནས་སུ་གཅིག་པུར་གཤེགས། །འཇའ་འོད་རིང་བསྲེལ་ལྟས་བཟང་འབྱུང་། །ཆོས་པ་ཐ་མ་འཆི་བའི་ཚེ། །གྲོང་ནས་འཆི་ཞིང་ལྟས་བཟང་མེད། །

p. 135

ཚེ་འདིར་ཆགས་པས་ཁ་ཆེམས་འཇོག །ཆོས་པ་རབ་དེ་གཤེགས་ཙ་ན། །དཔེར་ན་ཁྭ་ཏ་ཤི་བ་འདྲ། །ཕྱི་ནང་གང་ནའང་ལེན་རྒྱུ་མེད། །ཆོས་པ་འབྲིང་དེ་གཤེགས་ཙ་ན། །དཔེར་ན་བྱ་རྒོད་ཤི་བ་འདྲ། །ཕྱི་ན་གོས་སོགས་ལེན་རྒྱུ་ཡོད། །ཆོས་པ་ཐ་མ་ཤི་ཙ་ན། །དཔེར་ན་གཡག་རྒན་བཤས་པ་འདྲ། །ཕྱི་ནང་ཀུན་ན་ལེན་རྒྱུ་མང་། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །རབ་བམ་འབྲིང་བཞིན་མ་ཤི་ན། །དོན་གྱི་ཆོས་པ་མ་ཡིན་ངེས། །ཐ་མ་ལྟར་དུ་ཤི་ན་ནི། །མི་ནག་རྣམས་དང་ཁྱད་ཅི་ཡོད། །ཆོས་མེད་ཚོགས་དྲུག་རང་གྲོལ་ཁྱོད། །ཉིན་པར་བཟའ་བཏུང་ལོང་གཏམ་ལབ། །ཕལ་ཆེར་རྣམ་གཡེང་ངང་ནས་འདས། །དགོང་མོར་སྔ་བར་རོ་ཉལ་བྱས། །ཉི་ཤར་བར་དུ་གཉིད་ནས་བསྡད། །ལན་རེར་སྔ་ཡང་ཕྱིར་ལ་གཉིད། །རྒྱུན་དུ་གཉིད་དང་བཟའ་བཏུང་སེམས། །ཉམས་ལེན་མཚན་མོའི་གློག་འགྱུ་ཙམ། །ཁྱོད་ཀྱི་སྤྱོད་པ་འདིར་བལྟས་ན། །འཆི་ཚེ་ཅི་འདྲའི་སྐྱུག་རྫོགས་ཨང་། །བདེན་པ་ཡིན་ཡ་དཀོན་མཆོག་མཁྱེན། །དེ་ཚོ་སོམས་ལ་བསམ་བློ་ཐོངས། །འཆི་བ་སོམས་ལ་ཉམས་ལེན་རེམ། །འདིས་ཀྱང་རང་གཞན་ལ་ཕན་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །མངོན་མཐོའི་བདེ་འདོད་ཀྱི་བྱིས་པ་གཅེས་ཕྲུག་དེ། །དགེ་བཅུའི་ཕ་མ་དང་ཕྲད་ན་དགའ་བ་ལ། །ངེས་འབྱུང་རྣམ་དག་གི་བཤུལ་རིང་མགྲོན་པོ་དེ། །བསླབ་གསུམ་རང་ཡུལ་དུ་སླེབས་ན་

p. 136

དགའ་བ་ལ། །བྱང་ཆུབ་སེམས་བཟང་གི་གསེར་འགྱུར་རྩི་མཆོག་དེ། །ཕྱིན་དྲུག་ལྕགས་ཕྱེ་ལ་ཐེབས་ན་དགའ་བ་ལ། །ཞི་གནས་མཚན་ཉིད་པའི་ཕོ་གསར་གཞོན་ནུ་དེ། །ལྷག་མཐོང་ན་ཆུང་མར་ཕྲད་ན་དགའ་བ་ལ། །བསྐྱེད་རིམ་གསལ་བོ་ཡི་འཁོར་ལོས་སྒྱུར་རྒྱལ་དེ། །རྫོགས་རིམ་གླིང་བཞིར་དབང་བསྒྱུར་ན་དགའ་བ་ལ། །ཁྲེགས་ཆོད་གནས་ལུགས་ཀྱི་དེད་དཔོན་བཟང་བོ་དེ། །ཐོད་རྒལ་ནོར་བུ་དང་ཕྲད་ན་དགའ་བ་ལ། །དམ་ཆོས་མདོ་སྔགས་ཀྱི་ཐེམ་སྐས་ལ་འཛེགས་ཏེ། །རྣམ་མཁྱེན་ཁང་བཟང་རྩེར་ཕྱིན་ན་དགའ་བ་ལ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །གཏེར་ཆེན་བུམ་བཟང་དཔག་བསམ་ཤིང་། །ནོར་བུ་ཉི་མ་ལས་ལྷག་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །སེམས་ཉིད་མཁའ་ལྟར་རབ་ཡངས་པའི། །རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །བྱ་བཏང་གུ་ཡངས་ཡན་པ་ངས། །རང་བློ་བདེ་བའི་གླུ་ཞིག་ལེན། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བཞག །རི་ཁྲོད་འགྲིམས་ནས་ལོ་འགའ་སོང་། །ད་ལྟ་ཉེ་རིང་ཆགས་སྡང་མེད། །རྣལ་འབྱོར་བདག་གི་བློ་རེ་བདེ། །འགྲོགས་པའི་གཉེན་བཤེས་འཁོར་གཡོག་སྤངས། །གཅིག་པུར་བསྡད་ནས་ལོ་འགའ་སོང་། །ད་ལྟ་ཉེ་འབྲེལ་སྐྱོང་དགོས་མེད། །རྣལ་འབྱོར་བདག་གི་བློ་རེ་བདེ། །ནོར་རྫས་སྒྱུ་མ་ལྟ་བུར་མཐོང་། །གསོག་འཇོག་མ་བྱས་ལོ་འགའ་སོང་། །ད་ལྟ་ཕྱི་རྩིས་སྡུག་བསྔལ་མེད། །རྣལ་འབྱོར་བདག་གི་བློ་

p. 137

རེ་བདེ། །དགོས་མེད་སྐྱེས་ནས་གང་བྱུང་རྣམས། །ཚོགས་སུ་བཏང་ནས་ལོ་འགའ་སོང། །ད་ལྟ་སེར་སྣའི་སྡུག་བསྔལ་མེད། །རྣལ་འབྱོར་བདག་གི་བློ་རེ་བདེ། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །བྱར་མེད་བྱས་ནས་ལོ་འགའ་སོང་། །ད་ལྟ་མི་ཟིན་དོགས་པ་མེད། །རྣལ་འབྱོར་བདག་གི་བློ་རེ་བདེ། །སངས་རྒྱས་བསྟན་པའི་སྒོ་རུ་ཞུགས། །སྡོམ་གསུམ་བླངས་ནས་ལོ་འགའ་སོང་། །ད་ལྟ་ཉེས་ལྟུང་འབྱུང་བ་མེད། །རྣལ་འབྱོར་བདག་གི་བློ་རེ་བདེ། །མཚན་ལྡན་རྩ་བའི་བླ་མ་རྣམས། །ཚུལ་བཞིན་བསྟེན་ནས་ལོ་འགའ་སོང་། །ད་ལྟ་ཟབ་རྒྱས་གདམས་པ་ཐོབ། །རྣལ་འབྱོར་བདག་གི་བློ་རེ་བདེ། །ཐེག་པའི་ཡང་རྩེ་རྫོགས་ཆེན་གྱི། །ལྟ་བ་རྟོགས་ནས་ལོ་འགའ་སོང་། །ད་ལྟ་རིག་སྟོང་ཟང་ཐལ་ངང་། །རྣལ་འབྱོར་བདག་གི་བློ་རེ་བདེ། །ཁྱད་པར་འོད་གསལ་ཐོད་རྒལ་གྱི། །གདམས་པ་བསྒོམས་ནས་ལོ་འགའ་སོང་། །ད་ལྟ་རང་སྣང་དག་པའི་ཞིང་། །རྣལ་འབྱོར་བདག་གི་བློ་རེ་བདེ། །མི་མེད་ལུང་བའི་བྲག་ཕུག་ནས། །གླུ་དབྱངས་འབྲུག་སྒྲ་ལྡིར་བ་བོ། །བློ་བདེ་ཚོགས་དྲུག་རང་གྲོལ་ཏེ། །དགེ་བས་འགྲོ་ཀུན་བདེ་བར་ཤོག །ཅེས་པ་འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཉམས་དགའི་གླུ་རུ་བླངས་པའོ།། །ངེས་མེད་འཆི་བ་འདི་ལ་རབ་འཇིགས་ནས། །དོན་མེད་ཚེ་འདིའི་བྱ་བ་ཐམས་ཅད་སྤངས། །མི་མེད་རི་ཁྲོད་དབེན་པའི་དགའ་ཚལ་ན། །

p. 138

ཡེངས་མེད་ལྷ་ཆོས་བྱེད་མཁན་རྣམས་ལ་འདུད། །ཆོས་རྣམས་ཐམས་ཅད་གཅིག་ཀྱང་མི་རྟག་ཅེས། །ཆོས་མཛད་དམ་པས་གསུངས་པ་གོ་བཞིན་དུ། །ཆོས་མིན་ཚེ་འདིའི་བྱ་བ་ལྷུར་ལེན་པའི། །ཆོས་པའི་ཁྱུ་ནས་བུད་པ་བདག་ལ་གཟིགས། །དགུང་སྔོན་མཁའ་ནས་འོད་གསལ་ཉི་མ་ཡིས། །ཁོ་བཞིན་མི་རྣམས་འཇིག་རྟེན་ཕ་རོལ་ཏུ། །རིམ་བཞིན་མི་སྡོད་འགྲོ་བ་ཡིན་ནོ་ཞེས། །བརྡ་ཆོས་བསྟན་ནས་ནུབ་རིར་གཤེགས་ནས་ཐལ། །བར་སྣང་ཁམས་ནས་འཇའ་ཆོན་རི་མོ་ཡིས། །ཁོ་བཞིན་གོས་རྒྱན་ཟས་ནོར་འཛོམས་ན་ཡང་། །མི་རྟག་མྱུར་དུ་ཟད་ནས་འགྲོའོ་ཞེས། །བརྡ་ཆོས་བསྟན་ནས་མཁའ་ལ་ཡལ་ནས་ཐལ། །ས་གཞིའི་ཁམས་ནས་ཚོང་འདུས་མགྲོན་པོ་ཡིས། །ཁོ་བཞིན་བླ་མ་ཕ་མ་གྲོགས་མཆེད་སོགས། །ཡུད་ཙམ་འཚོགས་པ་སོ་སོར་འབྲལ་ལོ་ཞེས། །བརྡ་ཆོས་བསྟན་ནས་ཕྱོགས་བཅུར་གྱེས་ནས་ཐལ། །སློབ་དཔོན་འདི་ཚོས་བརྡ་ཆོས་བསྟན་པ་དེ། །དེ་བཞིན་ཐོག་ཏུ་བབ་ཚེ་འགྱོད་པ་འོང་། །འོང་བ་ཤེས་བཞིན་ད་ལྟ་འདུག་ཕོད་དམ། །དམ་ཆོས་མི་བསྒྲུབ་བློ་གདེང་ཅི་ཞིག་ཡོད། །ཉམ་ཆུང་ལུས་འདི་འདི་བཞིན་མི་རྟག་པར། །རྐྱེན་ཆུང་གིས་འཇིག་འཇིག་པའི་ཚུལ་སོམས་ལ། །སྐྱིད་ཆུང་ཕ་ཡུལ་ཡུལ་མི་ཟས་ནོར་དང་། །དོན་ཆུང་ཆོས་བརྒྱད་བརྒྱད་པོ་དུག་བཞིན་སྤོངས། །སྐྱིད་རུང་སྡུག་རུང་རྒྱུན་དུ་བྱ་བཏང་གྱིས། །ན་རུང་འཆི་རུང་རྒྱུན་དུ་རི་ཁྲོད་འགྲིམས། །འགྲོ་རུང་འདུག་རུང་རྒྱུན་དུ་ཆོས་མིན་སྤོངས། །

p. 139

གཞོན་རུང་རྒས་རུང་རྒྱུན་དུ་ལྷ་ཆོས་མཛོད། །གླུ་བ་ཚོགས་དྲུག་རང་གྲོལ་མིང་ཅན་ང་། །གླུ་དབྱངས་སྙན་མོ་ལེན་མཁན་མ་ཡིན་ཡང་། །གླུ་ལ་དགའ་བའི་ཤུགས་ཀྱིས་འདི་ཡང་བླངས། །གླུ་འདི་ཐོས་ཚད་ཀུན་ལ་ཕན་ཐོགས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །དྲིན་ཅན་ཆོས་ཀྱི་རྒྱལ་པོའི། །ཞབས་ལ་གུས་པས་བཏུད་ནས། །དབེན་པའི་དགའ་བའི་ཚལ་དུ། །སྙན་པའི་གླུ་འདི་ལེན་ནོ། །གཡའ་སྤང་མཚམས་སུ་སྐྱེས་པའི། །སྤང་རྒྱན་མེ་ཏོག་མཛེས་ཀྱང་། །དགུན་དུས་མེད་པར་འགྱུར་བའི། །གནས་ཚུལ་བསམ་ཞིང་སྐྱོ་བ། །དལ་བརྒྱད་འབྱོར་བཅུས་བརྒྱན་པའི། །མི་ལུས་རིན་ཆེན་མཛེས་ཀྱང་། །ནམ་ཞིག་འཇིག་པར་འགྱུར་བའི། །གནས་ཚུལ་བསམ་ཞིང་སྐྱོ་བ། །བྱ་རྒྱལ་ཁུ་བྱུག་སྔོན་མོས། །སྐད་སྙན་ལྷང་ལྷང་སྒྲོག་ཀྱང་། །མྱུར་དུ་ཡུལ་གཞན་འགྲོ་བའི། །གནས་ཚུལ་བསམ་ཞིང་སྐྱོ་བ། །བྱ་བཏང་ཚོགས་དྲུག་རང་གྲོལ། །མགུར་དབྱངས་ལྷང་ལྷང་འཐེན་ཡང་། །མྱུར་དུ་ཕ་རོལ་འགྲོ་བའི། །གནས་ཚུལ་བསམ་ཞིང་སྐྱོ་བ། །དེས་ན་ད་ལྟ་གཞོན་དུས། །ཚེ་འདིའི་མི་ནོར་ཟས་གསུམ། །ཐམས་ཅད་བློ་ཡིས་ཐོངས་ལ། །དམ་པའི་ལྷ་ཆོས་གྱིས་ཤིག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ། གཡུ་འབྲུག་སྔོན་མོ་དེ་ཡང་། །ས་ལ་བབས་ན་མི་མཛེས། །ཆུ་འཛིན་གསེབ་ཏུ་

p. 140

བསྡད་ནས། །སྒྲ་དབྱངས་བསྒྲགས་ན་མཛེས་སོ། །དེར་སེང་དཀར་མོ་དེ་ཡང་། །ཤོད་དུ་བབས་ན་མི་མཛེས། །གངས་དཀར་ལྟོངས་སུ་འགྱིངས་ནས། །ང་རོ་བསྒྲགས་ན་མཛེས་སོ། །བྱ་བཏང་རྣལ་འབྱོར་དེ་ཡང་། །གྲོང་དུ་འཁྱམས་ན་མི་མཛེས། །དབེན་པར་ཉམས་ལེན་བྱས་ནས། །མགུར་དབྱངས་བླངས་ན་མཛེས་སོ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །ན་མོ་གུ་རུ། སྦྲང་ཆར་འཇམ་པོ་འབབ་ཅིང་ཆུ་བྱས་སྐད་སྙན་སྒྲོག །སྣ་ཚོགས་མེ་ཏོག་གཡོ་ཞིང་བུང་བ་སྒྲ་བཅས་འཁོར། །དུས་མི་རིང་བར་མི་མཐུན་ཁ་རླུང་འཚུབ་པ་ཡིས། །ས་གཞི་སྐྱ་བོར་གཏོང་བའི་ཚུལ་ལ་བསམ་ཞིང་སྐྱོ། །དུས་ཀྱི་འགྱུར་ལྡོག་དེ་བཞིན་ད་ལྟའི་གནས་སྐབས་འདིར། །ལུས་ལ་ནད་མེད་སྨྲ་ལྕེ་བདེ་ཞིང་བློ་གསལ་ཡང་། །དུས་མི་རིང་བར་མི་མཐུན་ན་རྒ་འཆི་བ་ཡིས། །བཅོམ་ནས་འཇིག་རྟེན་ཕ་རོལ་འགྲོ་ཚུལ་བསམ་ཞིང་སྐྱོ། །ཞེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་ཉིན་ཞིག་སེམས་ལ་སྐྱོ་ཤས་ཐན་ཐུན་སྐྱེས་པའི་ཚེ་བླངས་པའོ། །དད་གུས་ཀྱི་ཉ་མོ། །མཁས་མང་མཚོར་ཕྱིན་པས། །ཆོས་གཏམ་གྱི་གཉེར་མ། །སྣ་ཚོགས་པ་གཡོས་ཐལ། །ཕྲག་དོག་གི་ལྕགས་ཀྱུས། །མ་བཟུང་བ་སྐྱིད་དོ། །ཐོས་བསམ་གྱི་ཉི་ཟླ། །གསུང་རབ་མཁར་ཤར་བས། །མི་ཤེས་ཀྱི་མུན་པ། །མཐུག་པོ་དེ་སངས་ཐལ། །ཉེས་སྤྱོད་ཀྱི་གཟའ་ཡིས། །མ་བཟུང་བ་སྐྱིད་དོ། །དམ་ཆོས་ཀྱི་སེ་འབྲུ། །ལོན་ཚོད་ལ་ཟོས་པས། །བདག་བློའི་ཕོ་སྟོང་བ། །ཅུང་ཟད་ཅིག་འགྲངས་ཐལ། །གདམས་

p. 141

ངག་གི་མུ་གེ །མ་བྱུང་བ་སྐྱིད་དོ། །བརྩོན་འགྲུས་ཀྱི་རྟ་ལ། །མི་རྟག་ལྕག་བརྒྱབ་ནས། །སྒོམ་སྒྲུབ་ཀྱི་ཐང་དུ། །སླེབས་ཚོད་ལ་བརྒྱུགས་ཐལ། །ལེ་ལོ་ཡི་སྒྲོག་གིས། །མ་བཅིངས་པ་སྐྱིད་དོ། །སྤྲོས་མེད་ཀྱི་བུ་མོ། །ཡེངས་མེད་རུམ་བྱས་པས། །ཉམས་རྟོགས་ཀྱི་བདེ་སྣང་། །ཅུང་ཟད་ཅིག་སྐྱེས་ཐལ། །རྣམ་གཡེང་གི་ཆུང་གྲོགས། །མ་སླེབས་པ་སྐྱིད་དོ། །གཞན་ཕན་གྱི་མེ་ཡིས། །མགུར་དབྱངས་ཤིང་སྦྱར་ཚེ། །རྨོངས་པ་འཁུམ་འདུག་པ། །འགའ་རེ་ཐར་ཆོད་ཐལ། །གྲགས་འདོད་ཀྱི་ཆར་གྱིས། །མ་བསད་པ་སྐྱིད་དོ། །ཞེས་པ་འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཉམས་དགའི་གླུ་རུ་བླངས་པའོ། །ཕ་ཆོས་རྒྱལ་ངག་གི་དབང་བོ་ལ། །བདག་རྩེ་གཅིག་གུས་པས་གསོལ་བ་འདེབས། །བུ་སྐལ་བར་ལྡན་པའི་ཐོགས་མེད་ཉོན། །འདི་མ་བརྗེད་སྙིང་གི་དཀྱིལ་དུ་ཆོངས། །བུ་ཟང་ཟིང་ནོར་དང་ཕྲད་པའི་ཚེ། །འདོད་སྲེད་ཆུ་ལྟར་མ་ཁོལ་བར། །འཕུང་བྱེད་རྩ་བར་ཤེས་བཞིན་དུ། །ཟས་ནོར་དུག་བཞིན་སྤོངས་ཤིག་ཨང་། །བུ་ན་ཆུང་མཛེས་མར་ཕྲད་པའི་ཚེ། །འདོད་ཆགས་མེ་བཞིན་མ་སྦར་བར། །བསླུ་བྱེད་བདུད་མོར་ཤེས་བཞིན་དུ། །ཆགས་གཏམ་ངག་འཁྱལ་མ་ལབ་ཨང་། །བུ་ཚིག་ངན་རྡེག་རྡུང་བྱུང་བའི་ཚེ། །ངན་ལན་འཁོན་འཛིན་མ་བྱེད་པར། །འགྲོ་ཀུན་ཕ་མར་ཤེས་བཞིན་དུ། །རྒྱལ་ཁ་ཐམས་ཅད་བྱིན་ཅིག་ཨང་། །

p. 142

བུ་མང་བོའི་གསེབ་ཏུ་སྡོད་པའི་ཚེ། །ཧ་ཅང་ལབ་ལབ་མ་མང་བར། །ལྷ་ཕོག་ཀླུ་ཕོག་ཤེས་བཞིན་དུ། །ཚོད་བཟུང་རན་པར་སྨྲོས་ཤིག་ཨང་། །བུ་དབེན་གནས་རི་ཁྲོད་འགྲིམས་པའི་ཚེ། །ལུས་ལ་གཅེས་འཛིན་མ་བྱེད་པར། །འཁྲུལ་སྣང་སེམས་སུ་ཤེས་བཞིན་དུ། །ལྟ་བའི་སྐུ་མཁར་རྡུངས་ཤིག་ཨང་། །བུ་ལུས་ལ་ན་ཚ་བྱུང་བའི་ཚེ། །སྨན་དཔྱད་རིམ་གྲོ་མ་བྱེད་པར། །ལུས་སེམས་སོ་སོར་ཕྲལ་ནས་ཀྱང་། །ནད་ཀྱི་རང་བཞིན་ལྟོས་ཤིག་ཨང་། །བུ་ལྷ་འདྲེའི་བར་ཆད་བྱུང་བའི་ཚེ། །འཇིགས་སྣང་རྣམ་རྟོག་མ་བྱེད་པར། །ཐམས་ཅད་སྟོང་བར་ཤེས་བཞིན་དུ། །བདག་འཛིན་རྩད་ནས་ཆོད་ཅིག་ཨང་། །བུ་བཀྲེས་སྐོམ་གྲང་བས་ཉེན་པའི་ཚེ། །སྙིང་རུས་བཟོད་བསྲན་མ་ཆུང་བར། །སྡིག་སྒྲིབ་འདག་པར་ཤེས་བཞིན་དུ། །མི་ལའི་རྣམ་ཐར་སོམས་ཤིག་ཨང་། །བུ་སྒོམ་ཆེན་བཟང་བོར་ཕྲད་པའི་ཚེ། །ཉམས་མྱོང་སྦ་བསྲི་མ་བྱེད་པར། །རང་གཞན་གཉིས་ཕན་ཤེས་བཞིན་དུ། །ཉམས་མྱོང་གོ་བསྡུར་གྱིས་ཤིག་ཨང་། །བུ་ཁ་བཤད་མཁན་དང་ཕྲད་པའི་ཚེ། །ཉམས་མྱོང་ཁ་སྒོར་མ་ཤོར་བར། །ཚིག་ལ་དོན་མེད་ཤེས་བཞིན་དུ། །བརྗོད་མེད་ལྷུག་རྫུ་ཐོབས་ཤིག་ཨང་། །བུ་དོན་གྱི་དྲི་བ་བྱུང་བའི་ཚེ། །གཡོ་ཁྲམ་སུན་འབྱིན་མ་སྨྲ་བར། །བསྟན་འགྲོར་ཕན་པ་ཤེས་བཞིན་དུ། །གཡོ་མེད་དྲང་བོར་སྨྲོས་ཤིག་ཨང་། །བུ་ཚིག་གི་རྩོད་པ་བྱུང་བའི་ཚེ། །འགྲན་སེམས་ཕྲག་དོག་མ་བྱེད་པར། །སྙིང་བོ་མེད་པར་

p. 143

ཤེས་བཞིན་དུ། །ངན་ཤགས་ཚིག་ངན་མ་ལབ་ཨང་། །བུ་བླ་མ་བཟང་དང་མཇལ་བའི་ཚེ། །རང་མཐོང་ང་རྒྱལ་མ་ཚེ་བར། །འབྲེལ་ཚད་དོན་ལྡན་ཤེས་བཞིན་དུ། །ཆོས་འབྲེལ་སྨོན་ལམ་ཐོབས་ཤིག་ཨང་། །བུ་མདོར་ན་རྐྱེན་སྣང་གང་བྱུང་ཚེ། །ཆོས་བརྒྱད་དབང་དུ་མ་སོང་བར། །སྣང་སྟོང་སྒྱུ་མར་ཤེས་བཞིན་དུ། །རིག་པ་རྗེན་པར་ཞོག་ཅིག་ཨང་། །ཨང་ཡིག་བཅུ་བཞིའི་ཞལ་གདམས་འདི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །སྐལ་ལྡན་སྙིང་གི་བུ་མཆོག་ཁྱོད། །སེམས་ལ་ཟུངས་ལ་དགའ་བར་གྱིས། །དགེ་འདིས་སྐལ་ལྡན་སློབ་མ་ཡིས། །ཚེ་འདིའི་བྱ་བ་བློས་བཏང་ནས། །རིང་མིན་དབེན་པ་བསྟེན་ནས་ཀྱང་། །དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པ་འདི་ནི་སྐལ་ལྡན་གྱི་སློབ་མ་ཐོགས་མེད་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་སྟག་མོ་རྫོང་ནས་སྨྲས་པའོ།། །ཁ་ལོ་ཆོས་ལ་སྒྱུར་མཛད་པའི། །ཁ་བ་ཅན་བྱོན་བླ་མ་ལ། །ཁ་ཙམ་མིན་པར་གསོལ་བ་འདེབས། །ཁ་བཤད་མཁན་ལ་ཐུགས་རྗེས་གཟིགས། །ཁ་མཁས་དཀོན་མཆོག་ཆོས་གྲགས་ཉོན། །ཁ་ནས་ལབ་ལབ་མི་མང་བར། །ཁ་ཞེ་མེད་པར་ཆོས་བྱེད་ཅིང་། །ཁ་ལ་ཉན་ན་འདི་བཞིན་མཛོད། །ཁ་ཟས་འཕྱོར་ལ་མ་དགའ་བར། །ཁ་རོག་གཅིག་པུར་དབེན་པ་རུ། །ཁ་ཏོན་བཟླས་བརྗོད་ཉམས་ལེན་གྱིས། །ཁ་ཏ་འདི་ལ་མི་ཉན་པར། །ཁ་རྒྱབ་ཁོལ་བོ་བྱས་གྱུར་ན། །ཁ་ཡི་སོ་

p. 144

ལྷུང་སྐྲ་དཀར་སྒུར། །ཁ་ལོ་ནམ་ཚས་གཏུགས་དུས་སུ། །ཁ་སེམས་འགྱོད་དོ་སེམས་ཀྱི་བུ། །ཞེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སློབ་མ་ཆོས་གྲགས་ལ་སྨྲས་པའོ། །མཚན་ལྡན་བླ་མ་རིན་པོ་ཆེ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །བུ་སྨྱོན་དཀོན་མཆོག་ཆོས་གྲགས་ངས། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བོར། །རི་ཁྲོད་དབེན་པ་དང་དུ་བླངས། །མཚན་ལྡན་བླ་མ་སྤྱི་བོར་བསྒོམས། །རྫོགས་པ་ཆེན་པོ་ཉམས་སུ་བླངས། །ཉམས་རྟོགས་ཡོན་ཏན་མཐར་ཕྱིན་ནས། །སེམས་ཅན་འགྲོ་དོན་བྱེད་པར་ཤོག །ཅེས་རི་ཁྲོད་དུ་འགྲོ་བར་ཁས་བླངས་ནས་འདི་སྨོན་ལམ་གྱི་ཚུལ་དུ་ཁོ་རང་གིས་བླངས་པའོ། །ན་མོ་གུ་རུ། བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། །ཀུན་འདུས་ཆོས་རྒྱལ་ངག་གི་དབང་བོ་ལ། །རྟག་ཏུ་སྒོ་གསུམ་གུས་པས་གསོལ་བ་འདེབས། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །མགུར་དབྱངས་འཐེན་པ་བྱ་བཏང་ཕལ་ཆེར་ལུགས། །ཡིན་ཕྱིར་ཚོགས་དྲུག་རང་གྲོལ་ང་ཡིས་ཀྱང་། །རང་གཞན་དགེ་ལ་བསྐུལ་བའི་ཆ་རྐྱེན་དུ། །དྲུག་ཚན་དྲུག་གི་གླུ་ལེན་བུ་རྣམས་ཉོན། །བླ་མ་མ་བསྟེན་ཡོན་ཏན་འབྱུང་བ་དཀའ། །དག་སྣང་མེད་ན་ཉམས་རྟོགས་སྐྱེ་བ་དཀའ། །འཆི་བ་མ་དྲན་གདམས་ངག་ཐེབས་པ་དཀའ། །འདུ་འཛིའི་ཀློང་དུ་བྱང་ཆུབ་བསྒྲུབ་པ་དཀའ། །སྙིང་རུས་ཆུང་ན་གྲོལ་རྟགས་ཐོན་པ་དཀའ། །དཀའ་བ་མ་སྤྱད་སྙན་གྲགས་འབྱུང་བ་དཀའ། །དཀའ་བ་དྲུག་གི་འཕྲང་འདི་སྒྲོལ་

p. 145

བར་གྱིས། །མདོ་རྒྱུད་ཀུན་ལས་བླ་མའི་མན་ངག་ཟབ། །མན་ངག་ནང་ནས་གནད་དུ་དྲིལ་བ་ཟབ། །དེ་ཉིད་རང་གིས་ཉམས་སུ་ལེན་པ་ཟབ། །ཉམས་ལེན་བྱེད་ཚེ་རྩེ་གཅིག་བསྒྲུབ་པ་ཟབ། །བསྒྲུབ་པ་དེ་ཉིད་ཡུན་དུ་བསྐྱལ་བ་ཟབ། །ཡུན་དུ་བསྐྱལ་ནས་དྲོད་རྟགས་ཐོན་པ་ཟབ། །ཟབ་པ་དྲུག་གི་ཚུལ་ལྟར་བསྒྲུབ་པ་གཅེས། །མཚན་ལྡན་བླ་མ་བསྟེན་ན་རིགས་ལྡན་ཡིན། །ཅི་གསུང་ཚད་མར་འཛིན་ན་རྒྱལ་སྲས་ཡིན། །རྒྱལ་བའི་བཀའ་བཞིན་བསྒྲུབས་ན་དམ་ལྡན་ཡིན། །ནོར་ལ་བདག་འཛིན་མེད་ན་བྱ་བཏང་ཡིན། །འགྲོ་ཀུན་ཕ་མར་རྟོགས་ན་བྱང་སེམས་ཡིན། །ཆོས་ཀུན་སྒྱུ་མར་རྟོགས་ན་གྲུབ་ཆེན་ཡིན། །ཡིན་ཚུལ་དྲུག་གི་ཚུལ་ལ་གནས་པར་གྱིས། །ཕན་སེམས་རྡུལ་ཙམ་མེད་ན་བླ་མ་མིན། །བསམ་སྦྱོར་གཉིས་གྱིས་མི་བསྟེན་སློབ་མ་མིན། །གཡོ་སྒྱུས་ཕ་རོལ་ཕམ་ན་ཆོས་པ་མིན། །གཅིག་ཤེས་ཀུན་གྲོལ་མ་ཤེས་མཁས་པ་མིན། །ཟས་ནོར་གསོག་འཇོག་ཆེ་ན་བྱ་བཏང་མིན། །འདུ་འཛི་གཡེང་བ་ཆེ་ན་སྒོམ་ཆེན་ཡིན། །མ་ཡིན་དྲུག་པོ་འདི་ཉིད་ཤེས་པར་གྱིས། །མཚན་ལྡན་བླ་མའི་གསུང་ལ་བསླུ་བ་མེད། །ཅི་གསུངས་ཚད་མར་བསྒྲུབས་ལས་ཟབ་པ་མེད། །དགེ་སྡིག་བླང་དོར་བྱེད་ལས་དགེ་བ་མེད། །དབེན་གནས་རི་ཁྲོད་ཟིན་ལས་སྐྱིད་པ་མེད། །ཡུན་དུ་བསྒྲུབས་ན་མི་འགྲུབ་གང་ཡང་མེད། །ཀ་དག་རང་བྱུང་རང་ངོ་འཁྲུལ་བ་མེད། །བསླུ་མེད་དྲུག་པོ་འདི་ཉིད་ཉམས་

p. 146

སུ་ལོངས། །ཐོས་པས་ཕྱི་ཡི་སྒྲོ་འདོགས་ཆོད་པ་དགོས། །བསམ་པས་གནད་ཀྱི་ཐོག་ཏུ་ཕེབས་པ་དགོས། །བསྒོམས་པས་ཡིད་ཆེས་གྲོལ་རྟགས་ཐོན་པ་དགོས། །འཆི་བ་བསམས་ནས་ཆོས་ལ་སྙིང་རུས་དགོས། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས་པ་དགོས། །གློ་བུར་འཆི་ཡང་འགྱོད་མེད་གདེང་རྙེད་དགོས། །དགོས་པ་དྲུག་པོ་འདི་ཉིད་ཚད་མར་ཟུངས། །དྲུག་ཚན་དྲུག་གི་སྙན་པའི་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས། །དགེ་འདིས་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཉོན་མོངས་དྲུག་ལས་མྱུར་དུ་གྲོལ་བར་ཤོག །ཅེས་པ་འདི་ནི་སྐལ་ལྡན་གྱི་སློབ་མ་སྔགས་འཆང་བ་ལེ་སོགས་དད་ཅན་འགའ་ཞིག་གིས་བསྐུལ་ངོར་དབེན་གནས་སྟག་མོ་རྫོང་ནས་སྨྲས་པའོ། །ན་མོ་གུ་རུ། དུས་གསུམ་སངས་རྒྱས་ངོ་བོ་ཉིད།།སློབ་དཔོན་ཆེན་པོ་པད་འབྱུང་དང་། །དབྱེར་མེད་ཆོས་ཀྱི་རྒྱལ་པོ་ལ། །སྙིང་ནས་ཕྱག་འཚལ་སྐྱབས་སུ་མཆི། །དད་ལྡན་སེམས་ཀྱི་བུ་ཁྱོད་ཉོན། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཞལ་གདམས་གནང་ངོ་སྙིང་གི་བུ། །དེ་ལ་དགོངས་ལ་ལྷ་ཆོས་མཛོད། །འཁོར་བའི་གནས་ན་བདེ་བ་མེད། །ཡོད་པར་གྱུར་ཀྱང་ཡུད་ཙམ་ཡིན། །གཏན་གྱི་བདེ་བ་བསྒྲུབ་པ་ལ། །ཆོས་ལས་མེད་དོ་སྙིང་གི་བུ། །གཏན་བདེ་བྱེད་དམ་གཏན་སྡུག་བྱེད། །ད་ལྟ་འདམ་དབང་རང་ལ་ཡོད། །རང་དབང་རང་ལ་ཡོད་ཐོག་འདིར། །འདམ་ཁ་མ་ནོར་སྙིང་གི་བུ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །བླ་མ་དག་ལ་རག་ལས་པར། །མདོ་རྒྱུད་ཀུན་ལས་གསུང་བས་ན། །གསོལ་

p. 147

བ་ཐོབས་ཤིག་སྙིང་གི་བུ། །དལ་འབྱོར་ཚང་བའི་མི་ལུས་འདི། །རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །དོན་མེད་ཆུད་ཟོས་མ་བྱེད་པར། །སྙིང་བོ་ལོངས་ཤིག་སྙིང་གི་བུ། །མི་ལུས་ཐོབ་ནས་ག་ཙམ་སོང་། །བཟའ་བཏུང་སོགས་ལ་ཇི་ཙམ་སྤྱད། །བསམས་ན་སྙིང་བོ་ག་འདྲ་འདུག །དམ་ཆོས་མཛོད་ཅིག་སྙིང་གི་བུ། །དམ་ཆོས་བྱེད་ལུགས་མང་ན་ཡང་། །གང་མོས་ཤིག་ལ་ཉམས་ལེན་གྱིས། །དུང་དཀར་འོ་མས་གསོས་པ་ལྟར། །འཆི་དུས་དགོས་སོ་སྙིང་གི་བུ། །ཡུལ་མི་ཁྱིམ་མཚེས་ཤི་བ་དེ། །རང་ཉིད་འཆི་བའི་སྔ་ལྟས་ཡིན། །འཆི་བྲོད་ཕྱི་མའི་བརྒྱགས་ཕྱེ་ཞིག །ད་ནས་གསོགས་ཤིག་སྙིང་གི་བུ། །ཉིན་མོ་རྣམ་གཡེང་ལེ་ལོ་བྱེད། །མཚན་མོ་གཏི་མུག་རོ་ཉལ་བྱེད། །དགེ་སྦྱོར་གློག་འགྱུ་ཙམ་བྱས་ནས། །ཉམས་རྟོགས་མ་འདོད་སྙིང་གི་བུ། །འཆི་བདག་རྒྱལ་པོ་སླེབས་པའི་ཚེ། །དམ་ཆོས་ལས་གཞན་སྐྱབས་མེད་པས། །ཆོས་ཕྱིར་ལུས་སྲོག་འདོར་ནུས་པའི། །སྙིང་རུས་དགོས་སོ་སྙིང་གི་བུ། །དགེ་སྡིག་ཆུང་ངུ་ཡིན་ཡང་རུང་། །ཕྱི་མར་རྣམ་སྨིན་ཤིན་ཏུ་ཆེ། །རྒྱལ་བའི་གསུང་རབ་དཔང་བཞག་ནས། །བླང་དོར་མཛོད་ཅིག་སྙིང་གི་བུ། །ཁམས་གསུམ་འཁོར་བའི་གནས་འདི་ན། །སྡུག་བསྔལ་མ་གཏོགས་བདེ་བ་མེད། །མེ་ཡི་འོབས་ལྟར་བལྟས་ནས་ཀྱང་། །ཞེན་པ་ལྡོག་དགོས་སྙིང་གི་བུ། །ཡང་སྒོས་ངན་སོང་སྡུག་བསྔལ་རྣམས། །སོམས་ལ་ཚོགས་བསགས་སྒྲུབ་སྦྱོང་གྱིས། །དལ་འབྱོར་དོན་ལྡན་མཛད་

p. 148

ནུས་ན། །བུ་རྒོད་ཡིན་ནོ་སྙིང་གི་བུ། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །ཕ་མར་མ་གྱུར་གཅིག་ཀྱང་མེད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཡང་ཡང་སྒོམས་ཤིག་སྙིང་གི་བུ། །ཚེ་གཅིག་སངས་རྒྱས་བགྲོད་པའི་ཐབས། །ཟབ་ལམ་རྫོགས་པ་ཆེན་པོ་ཡིན། །སྙིང་རུས་སྡུག་བསྲན་གོ་གྱོན་ནས། །ཉམས་ལེན་མཛོད་ཅིག་སྙིང་གི་བུ། །མདོར་བསྡུས་གནད་འགག་འདི་བཞིན་གྱིས། །ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་ཕམ་ཁ་རང་གིས་ལོངས། །འདི་མིན་མེད་དོ་སྙིང་གི་བུ། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །དད་པ་དམ་ཚིག་ལྡན་པ་ཡི། །སྐལ་ལྡན་བུ་ལ་སྨྲས་པ་ཡིན། །སྨྲས་པ་བཞིན་དུ་བསྒྲུབ་པར་ཤོག །ཅེས་པ་འདི་ནི་མགར་རྩེའི་ཕྱོགས་ཀྱི་དད་ལྡན་སྔགས་འཆང་རྟ་མགྲིན་གྱིས་ཞལ་གདམས་ཤིག་དགོས་ཞེས་ཡང་ཡང་བསྐུལ་ངོར། བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་སྟག་མོ་རྫོང་ནས་སྨྲས་པའོ། །ཀུན་གསལ་མཁྱེན་བརྩེའི་རྟ་བདུན་དཀྱིལ་འཁོར་ལས། །ཀུན་ཁྱབ་ཐུགས་རྗེའི་འོད་ཟེར་སྟོང་འཕྲོས་པས། །ཀུན་བཟང་རང་ངོ་མ་འཕྲོད་འཁོར་འཁྱམས་འགྲོ། །ཀུན་གྱི་མ་རིག་མུན་སེལ་བླ་མར་འདུད། །ཀ་ཤིའི་རས་མཚུངས་དྲི་མེད་ལེགས་བཤད་འདི། །ཁ་མཁས་བྱ་བཏང་ཚོགས་དྲུག་རང་གྲོལ་ངེས། །ག་བུར་བཞིན་དུ་དཀར་བའི་ལྷག་བསམ་གྱིས། །ང་ཡི་གྲོགས་པོ་རྣམས་ལ་དབུལ་བར་བྱ། །ཅ་ཅོའི་གཏམ་སོགས་རྣམ་གཡེང་འདུ་འཛི་སྤོངས། །ཆ་ལུགས་ངན་ངོན་ཙམ་གྱིས་ཆོག་ཤེས་གྱིས། །ཇ་སོགས་གང་བྱུང་འཚོ་བ་བསྟེན་བྱས་

p. 149

ནས། །ཉ་ལྟོ་བ་ལྟར་སྒྲུབ་པའི་རྒྱལ་མཚན་ཚུགས། །ཏ་ཐཱ་ག་ཏའི་ཆོས་སྒོར་ཞུགས་དུས་འདིར། །ཐ་སྙད་ཚིག་ལ་ཧ་ཅང་མ་དགའ་བར། །ད་ནས་བཟུང་སྟེ་རྫོགས་ཆེན་དོན་སྒོམས་ལ། །ན་འཆིས་གཏུགས་ཚེ་བློ་སེམས་བདེ་བར་གྱིས། །པ་སངས་ལྟར་དཀར་གཞན་ཕན་སེམས་མཆོག་གིས། །ཕ་མར་གྱུར་པའི་ཉམ་ཐག་འགྲོ་ཀུན་ལ། །བ་སྤུ་གཡོ་བའི་སྙིང་རྗེ་ཆེར་བསྐྱེད་ནས། །མ་ལུས་དོན་དུ་དམ་པའི་ལྷ་ཆོས་མཛོད། །ཙཱ་རི་ལ་སོགས་དབེན་པའི་གནས་རྣམས་སུ། །ཚ་གྲང་ཁོད་སྙོམས་ལུས་སེམས་བདེ་དུས་འདིར། །ཛ་ཧུའི་རྒྱུན་དང་ཡུར་བ་གོང་ཆད་ལ། །ཝ་བཙུགས་ཆུ་ལྟར་འཆད་མེད་ཁྲེགས་ཆོད་སྐྱོངས། །ཞ་འཐེང་མ་ཡིན་དལ་འབྱོར་ཚང་དུས་འདིར། །ཟ་མའི་བཟའ་བཏུང་གཏི་མུག་རོ་ཉལ་ངང་། །འ་ལེ་འོ་ལེར་མི་ཚེ་མ་འཆོར་བར། །ཡ་མཚན་རྨད་བྱུང་ཐོད་རྒལ་བསྒོམ་པར་མཛོད། །ར་ལུག་ལ་སོགས་ནོར་རྫས་ཕྲན་ཚེགས་ཕྱིར། །ལ་ལུང་ཀུན་ཏུ་ཁྱི་བཞིན་མ་འཁྱམས་པར། །ཤ་རྐྱང་རི་དྭགས་རྩེ་བའི་དབེན་པའི་གནས། །ས་ཕྱོགས་དེ་འདྲ་ད་ལྟ་ཉིད་དུ་སྟེན། །ཧ་ཅང་བུ་དང་ཆུང་མར་མ་ཆགས་པར། །ཨ་རུ་རྣམ་རྒྱལ་ལྟ་བུའི་གཅིག་ཆོག་ཆོས། །ཨ་ཏི་ཡང་གསང་རྫོགས་ཆེན་ཉམས་བླངས་ནས། །ཨ་དོན་འགྱུར་མེད་ཆོས་སྐུ་མངོན་གྱུར་མཛོད། །ཅེས་ཞོ་འོང་ལ་ཁའི་མཆེད་གྲོགས་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ལེགས་བཤད་ཀ་ཤི་ཀའི་རས་འཇམ་འདི་ནི་སྙོམ་ལས་པ་ཚོགས་དྲུག་རང་གྲོལ་གྱིས་

p. 150

དབེན་གནས་སྟག་མོ་རྫོང་ནས་སྨྲས་པའོ། །། ཨེ་བྱ་བཏང་མགྲིན་པ་གླུ་ཡི་དཀོར་མཛོད་ནས། །ལེགས་བཤད་ཟབ་མོ་ཀ་ཤའི་རས་འཇམ་འདི། །ཉོན་མོངས་ཚ་གྲང་སྐྱོབ་ཕྱིར་ཕུལ་བ་ལགས། །བརྗེད་མེད་གྱོན་ལ་ཉམས་ལེན་བྲོ་གར་ཁྲོབས། །ཞེས་མཆེད་གྲོགས་ཡོངས་ལ་གདམས་པའོ། །མཐའ་བྲལ་ལྟ་བ་ཟབ་མོའི་གྲུ་ཆེན་དབུས། །མཐའ་ཡས་སྙིང་རྗེའི་དར་ཆེན་རབ་འཕྱུར་ནས། །མཐའ་མེད་སྲིད་མཚོར་ལྷུང་བའི་ཉམ་ཐག་འགྲོ། །མཐའ་དག་སྒྲོལ་བའི་དད་དཔོན་བླ་མར་འདུད། །རང་དང་འགྲོགས་པའི་བུ་དང་ཆུང་མ་དང་། །རང་གིས་བསགས་པའི་རྫས་ལ་སེམས་ཆགས་ནས། །རང་བཞིན་གནས་ལུགས་དོན་ལ་མི་བརྩོན་པའི། །རང་གི་གྲོགས་པོ་རྣམས་ལ་སྙིང་གཏམ་སྨྲ། །རྒྱལ་བས་གསུངས་པའི་མདོ་སྔགས་ལེགས་འཁྲིད་པའི། །རྒྱལ་བ་ཉིད་ལས་ལྷག་པའི་བླ་མ་དེ། །རྒྱལ་བ་གོང་མའི་རྣམ་ཐར་ཇི་བཞིན་དུ། །རྒྱལ་བ་དངོས་ལྟར་བསམ་སྦྱོར་གཉིས་ཀྱིས་བསྟེན། །རྙེད་པར་དཀའ་བའི་མི་ལུས་རིན་ཆེན་འདི། །རྙེད་པའི་དུས་འདིར་ཆོས་ལ་མི་བརྩོན་པར། །རྙེད་དང་བཀུར་སྟིའི་ལས་ལ་བརྩོན་བྱས་ན། །རྙེད་དཀའི་རྟེན་བཟང་ཐོབ་ཀྱང་དུད་འགྲོ་ཡིན། །མི་རྟག་འཆི་བ་ནམ་འོང་ཆ་མེད་པས། །མི་དགེ་སྡིག་པ་སྤངས་ནས་དགེ་བསྒྲུབ་ཕྱིར། །མི་མེད་ལུང་སྟོང་ཡིད་འོང་ས་ཕྱོགས་སུ། །མི་ལ་རས་པའི་རྣམ་ཐར་སྐྱོང་བར་མཛོད། །འཁོར་དང་ལོངས་སྤྱོད་ཀུན་ལ་ཆགས་གྱུར་ན། །འཁོར་བའི་གནས་སུ་ཟོ་ཆུན་འཁྱུད་མོ་ལྟར། །འཁོར་ཞིང་སྡུག་བསྔལ་མཐའ་མེད་མྱོང་དགོས་ཕྱིར། །འཁོར་

p. 151

བའི་བྱ་བ་ཐམས་ཅད་དུག་བཞིན་སྤོངས། །བདག་གི་སྐྱེ་བ་ཐོག་མ་མ་མཆིས་ཕྱིར། །བདག་གི་ཕ་མར་མ་གྱུར་སེམས་ཅན་མེད། །བདག་ཉིད་དྲིན་གྱིས་བསྐྱངས་པའི་འགྲོ་ཀུན་ལ། །བདག་པས་གཞན་གཅེས་བྱང་ཆུབ་སེམས་མཆོག་སྒོམས། །སྐྱེ་འཆི་མེད་པའི་པད་འབྱུང་ཐུགས་ཀྱི་བཅུད། །དཀའ་ཚེགས་མེད་པའི་ཟབ་མོའི་ལམ་བཟང་མཆོག །འགྲན་ཟླ་མེད་པའི་རྫོགས་ཆེན་ལྟ་བ་ལ། །འགྱུར་བ་མེད་པའི་གདེང་ཐོབ་ཉམས་ལེན་གྱིས། །ཀུན་ལ་མ་གྲགས་ཐོད་རྒལ་གདམས་པ་འདི། །ཀུན་ལས་ཁྱད་པར་བདུན་གྱིས་འཕགས་པའི་ཚུལ། །ཀུན་མཁྱེན་ཀློང་ཆེན་མཛོད་ལས་གསུངས་པས་ན། །ཀུན་གྱིས་བརྩོན་འགྲུས་གྱིས་ལ་བསྒོམ་པར་མཛོད། །སྙིང་གཏམ་ཀ་ལ་པིངྐའི་སྒྲ་དབྱངས་འདི། །སྙིང་གྲོགས་རྣམས་ཀྱི་སྙན་ལ་ཕུལ་བའི་དོན། །སྙིང་བོ་མེད་པའི་ཚེ་འདི་བློས་གཏོང་བའི། །སྙིང་རུས་ཅན་རེ་ཨེ་ཡོད་བསམས་ནས་སོ། །དགེ་བའི་ཆོས་ལ་གྲོགས་རྣམས་བསྐུལ་བའི་གཏམ། །དགེ་འདིས་རང་གཞན་འགྲོ་བ་མ་ལུས་པ། །དགེ་བའི་བཤེས་ཀྱིས་རྟག་ཏུ་རྗེས་བཟུང་ནས། །དགེ་ལ་གཞོལ་ནས་མྱུར་དུ་འཚང་རྒྱ་ཤོག །ཅེས་སྙིང་གཏམ་ཀ་ལ་པིངྐའི་སྒྲ་དབྱངས་འདི་ནི་སྙོམ་ལས་པ་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་སྟག་མོ་རྫོང་ནས་ཞོ་འོང་ལ་ཁའི་མཆེད་གྲོགས་རྣམས་ལ་ཕུལ་བའོ། །ཨེ་མ་ཧོ། དབྱངས་སྙན་ཀ་ལ་པིངྐའི་ཕྲུ་གུ་ང་། །ཕ་ཡུལ་སྒོ་ངའི་སྦུབས་ལས་ཐོན་ནས་ཀྱང་། །ཐོས་བསམ་སྒོམ་གསུམ་འདབ་གཤོག་

p. 152

ལེགས་བརྐྱངས་ནས། །ཡིད་འོང་དབེན་པའི་དཔག་བསམ་ལྗོན་ཤིང་རྩེར། །འཕུར་ནས་ལེགས་བཤད་ཆོས་ཀྱི་སྒྲ་དབྱངས་དེ། །ལྷང་ལྷང་ཕྱོགས་བཅུར་ཡོངས་སུ་སྒྲོག་པ་ཡིན། །ཡིད་འཕྲོག་ཤིན་ཏུ་སྙན་པའི་དབྱངས་སྙན་འདིས། །གཞན་ཡིད་ཕྲོགས་ནས་ལྗོན་ཤིང་རྩེར་འཛེག་ཤོག །ཅེས་དེ་རྣམས་ཀྱི་ཕྱོགས་སུ་བལྟས་ནས་བརྩེ་བའི་སེམས་ཀྱིས་དེ་རྣམས་འཁོར་བའི་བྱ་བ་བུ་དང་ཆུང་མར་སྤུ་ཙམ་ཡང་མི་ཆགས་པར་ལས་ཅན་མང་བོ་དབེན་པར་ང་ཕྱིར་འབྲངས་ནས་ཉམས་ལེན་བྱེད་པར་གྱུར་ཅིགཅེས་སྨོན་ལམ་ལེགས་པར་བཏབ་བོ། །ཨེ་གླུ་འདི་ལ་ལྷ་དང་བླ་མ་དགྱེས། །ཚིག་འདི་ལ་མཁའ་འགྲོ་རྣམས་ཀྱང་མཉེས། །བྲོ་འདི་ལ་མཐུ་ལྡན་སྲུང་མ་བཞད། །དབྱངས་འདི་ལ་ལྷ་འདྲེ་རྣམས་ཀྱང་ཉན། །སྐྱིད་ཉི་མ་ཕུ་ཤར་མདོ་ཤར་ལགས། །ཉམས་དགའ་འོ་སྐྱིད་དོ་མཆེད་གྲོགས་རྣམས། །གནས་དབེན་པ་དག་ཞིང་ལྟ་བུ་ནས། །གླུ་འདི་འདྲ་འཐེན་ན་ང་ཕྱིར་ཤོག །ཅིས་བྲོ་འཁྲབ་བོ། །ཀུན་གསལ་ཆོས་སྐུའི་ནམ་མཁའ་ལ། །ཀུན་ཁྱབ་ཐུགས་རྗེའི་སྤྲིན་འཁྲིགས་ནས། །ཀུན་ལ་ཆོས་ཆར་འབེབས་མཁས་པའི། །ཀུན་མཁྱེན་བླ་མའི་ཞབས་ལ་འདུད། །སྐལ་ལྡན་བདག་གི་གླུ་དབྱངས་འདི། །དམ་ལྡན་གྲོགས་རྣམས་སྙན་དུ་འབུལ། །ཨུ་དུམ་ཝ་རའི་མེ་ཏོག་དེ། །དཀོན་མཆོག་དྲུང་དུ་ཕུལ་ན་ལེགས། །རི་བཞི་ཉིལ་བའི་འུར་སྒྲ་ལ། །སྐྲག་ནས་མྱུར་དུ་བྲོས་ན་ལེགས། །སྦྱིན་པ་རླུང་ལ་བསྐུར་ནས་ཀྱང་། །སྙིང་བོའི་འབྲས་བུ་བླངས་ན་ལེགས། །གླང་ཆེན་འདམ་དུ་མ་བྱིང་བར། །རྩལ་སྟོབས་བསྐྱེད་དེ་བུད་ན་ལེགས། །ཅི་འདོད་སྩོལ་བའི་

p. 153

ནོར་བུ་ལ། །དགོས་འདོད་གསོལ་བ་བཏབ་ན་ལེགས། །ཀུན་ལ་དབང་བསྒྱུར་རྒྱལ་པོ་ཡི། །རྒྱལ་ས་བུ་ཡིས་བཟུང་ན་ལེགས། །བདེ་ཞིང་མགྱོགས་པའི་རྟ་ཕོ་ལ། །ལྕག་གིས་ཡང་ཡང་བྲབས་ན་ལེགས། །ལུས་སྲོག་བསྐྱེད་པའི་ཨ་མ་ལ། །རིན་ཆེན་རྒྱན་ཆ་བཏགས་ན་ལེགས། །དབུས་ཀྱི་རི་བོའི་རྩེར་ཕྱིན་ནས། །ལྷ་ཡི་རྔ་ཆེན་བརྡུངས་ན་ལེགས། །མཚོ་གླིང་སྐྱེད་མོས་ནགས་ཚལ་ནས། །ཁུ་བྱུག་སྐད་སྙན་གྲགས་ན་ལེགས། །སྲ་ཞིང་ཡང་བའི་གོས་བཟང་ཞིག །མཚམས་པའི་རྟགས་སུ་བསྐུར་བ་ལེགས། །ཞལ་གདམས་སྙན་པའི་པི་ཝང་འདི། །གྲོགས་རྣམས་སྙན་དུ་བརྡུངས་ན་ལེགས། །སྙིང་དང་འདྲ་བའི་མཆེད་གྲོགས་ལ། །སྙིང་གཏམ་འདི་བཞིན་མཛད་ན་ལེགས། །ཞེས་བརྡ་ཡིས་བཤད་པའི་ཞལ་གདམས་སྙན་པའི་པི་ཝང་འདི་ནི་མཆེད་གྲོགས་ཡོངས་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་སྟག་མོ་རྫོང་ནས་ཕུལ་བའོ། །། ཨེ་མ་ཧོ། འདི་འདྲའི་གླུ་དབྱངས་ལེན་པ་ལ། །ལྷ་དང་བླ་མའི་བྱིན་རླབས་འཇུག །མཁའ་འགྲོའི་ཚོགས་ཀྱིས་དངོས་གྲུབ་སྟེར། །ཆོས་སྐྱོང་སྲུང་མས་འཕྲིན་ལས་བསྒྲུབ། །ལྷ་འདྲེ་མི་གསུམ་སྡོངས་གྲོགས་བྱེད། །གཅིག་པུར་འདུག་ཚེ་གྲོགས་ཀྱི་མཆོག །དེ་ཕྱིར་སྐལ་ལྡན་མཆེད་གྲོགས་རྣམས། །འདི་འདྲ་ལེན་ན་རི་ལ་ཤོགཅེས་མཆེད་གྲོགས་ཡོངས་ལ་ཕུལ་བ་དགེའོ། །དགེའོ། །དགེའོ། །ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཆོས་གྲོགས་ཡོངས་

p. 154

ལ་ཐུགས་རྗེས་གཟིགས། །བརྡ་ཚིག་དོན་ནི་མི་ཤེས་ན། །ངེས་ཚིག་འདི་ཡིན་ལེགས་པར་ཉོན། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །སྙིང་བོ་ཆོས་ལ་བླངས་ན་ལེགས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ། །སྐྲག་ནས་དབེན་པ་བསྟེན་ན་ལེགས། །ཚེ་འདི་རླུང་ལ་བསྐུར་ནས་ཀྱང་། །དགེ་བའི་འབྲས་བུ་བླངས་ན་ལེགས། །ཁྱེད་རྣམས་འཁོར་བར་མ་ཆགས་པར། །སྐྱོ་ཤས་བསྐྱེད་ནས་བུད་ན་ལེགས། །མཚན་ལྡན་རྩ་བའི་བླ་མ་ལ། །ཟབ་མོའི་དབང་ཁྲིད་ཞུས་ན་ལེགས། །སྐྱེས་ཆེན་གོང་མའི་རྣམ་ཐར་དེ། །ཁྱེད་རྣམས་ད་ལྟ་བསྐྱངས་ན་ལེགས། །ཀ་དག་ཁྲེགས་ཆོད་ལྟ་བ་ལ། །ཡེངས་མེད་བརྩོན་འགྲུས་བྱས་ན་ལེགས། །ཁྲེགས་ཆོད་ལྟ་བའི་བོགས་འདོན་དུ། །ལྷུན་འགྲུབ་ཐོད་རྒལ་བསྒོམས་ན་ལེགས། །རྫོགས་ཆེན་ཉམས་ལེན་མཐར་ཕྱིན་ནས། །འགྲོ་བའི་དོན་ལ་བརྩོན་ན་ལེགས། །ཡིད་འོང་དབེན་པའི་གནས་མཆོག་ནས། །གླུ་དབྱངས་འདི་འདྲ་བླངས་ན་ལེགས། །སྟོང་གསལ་ནམ་མཁའ་ཡངས་པ་འདི། །རྣལ་འབྱོར་བདག་གི་འཚམས་རྟགས་ལགས། །ཆོས་དང་མཐུན་པའི་གྲོགས་པོ་རྣམས། །ཆོས་བྱེད་བསྐུལ་མ་བཏབ་པ་ལགས། །ཤ་ཚས་རང་སྙིང་བཏོན་ན་ཡང་། །ཤ་ཚིལ་གཉིས་མིན་ཅི་ཡང་མེད། །འདི་བཞིན་ཉམས་སུ་ལེན་ནུས་ན། །འདི་ཕྱི་ཀུན་ཏུ་སྐྱིད་པར་ངེས། །ཁ་ཏ་བྱེད་ཀྱང་འདི་མིན་མེད། །ཁ་ཆེམས་འཇོག་ཀྱང་འདི་མིན་མེད། །དགེ་འདིས་རང་གཞན་

p. 155

ཐམས་ཅད་ཀྱིས། །ཚེ་འདིའི་བྱ་བ་བློས་ཐོངས་ཤོག །ཅེས་ཞལ་གདམས་སྙན་པའི་པི་ཝང་གི་བརྡ་གྲོལ་གྱི་ཡི་གེ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་སྟག་མོ་རྫོང་ནས་བྲིས་པའོ། །ཡི་གེ་འདི་རྣམས་ང་སྐྱིད་པའི་ཤུགས་ཀྱིས་ཁྱེད་རྣམས་ཀྱི་ནང་ན་ཡང་ང་ལྟ་བུའི་སྐྱིད་པོ་བྱེད་མཁན་རེ་རེ་གཉིས་གཉིས་ཨེ་ཡོད་བསམས་ནས། ཡི་གེའི་ཁུར་ལ་མ་འཛེམས་པར་ཕུལ་བ་ཡིན་པས། དེ་ལྟར་མཛད་པ་རེ་རེ་གཉིས་གཉིས་ཡོད་ན་ང་རྩད་ཆོད་ལ་མྱུར་དུ་ཤོག་ཅིགང་ཡང་ཁྱེད་རྣམས་ལ་ཐག་ཇེ་རིང་དུ་བུད་འགྲོ་ནའང་གོ་ཤེས་མེད་པའི་ཕྱིར། ངེད་རྣམས་ཐུག་ཀྱང་འདི་མ་གཏོགས་ཁ་བརྡ་གཞན་མེད། ཤི་འགྲོ་ཡང་ཁ་ཆེམས་འདི་མིན་གཞན་ཅི་ཡང་མ་མཆིས་པས། ཀུན་གྱིས་ཐུགས་ལ་བཞག་ནས་ལག་ཏུ་ལེན་པར་ཞུ། ཡིག་རྟེན་ནམ་མཁའ་བཅས་ཟླ་ཚེས་བཟང་བོར་ཕུལ། བླ་མ་དཀོན་མཆོག་སྤྱི་བོའི་གཙུག་ཏུ་བཞུགས། །བདག་གཞན་བློ་ཁ་དམ་པའི་ཆོས་ལ་སྒྱུར། །ཀུན་ལ་འཕྲལ་ཕུགས་བདེ་བའི་བསླབ་བྱ་བྱེད། །བོད་ཀྱི་ཚོགས་དྲུག་རང་གྲོལ་གླུ་ལ་ཉོན། །ལྟོ་རྒྱབ་ལས་ལྷག་ཟས་ནོར་མང་འཛོམ་དུས། །ཕ་མ་ཨ་ཁུར་གསེར་དངུལ་ཐར་མདོ་ཕྲིས། །ཨ་མཆོད་ཞོག་ལ་བརྒྱ་སྟོང་འདོན་དུ་ཆུགས། །རང་ཡུལ་བླ་མ་དགེ་འདུན་ཡར་ལ་མཆོད། །རང་སྡེའི་དབུལ་ཕོངས་རྣམས་ལ་སྦྱིན་གཏོང་གྱིས། །གཉེན་བཤེས་ཕན་ཐོགས་ཁྱིམ་མཚེས་གཡོར་སྐྱི་གྱིས། །ཕྱུགས་དང་སྒོ་ཁྱི་རྣམས་ལ་མ་བརྡུངས་གསོས། །སྲོག་གཅོད་རྐུ་འཕྲོག་དབྱེན་རྫུན་གཏམ་མ་མང་། །གཡག་དང་ར་ལུག་བསད་ནས་

p. 156

ཆོས་མ་བཅོ། །བྲེ་རྒྱུར་གཡོ་སྒྱུ་བྱས་ནས་ཚོང་མ་བྱེད། །བུད་མེད་ངན་མའི་ཁ་ལ་ཉན་ན་འཕུང་། །མགྲོན་པོ་ཁྱིམ་དུ་སུ་བྱུང་ལྷ་བཞིན་མཆོད། །ཁ་འཇམ་ཁོག་ནག་མི་ལ་བློ་མ་འདྲི། །ཁ་དབྱེན་ཇག་རྐུན་རྫུན་མང་གྲོགས་མ་སྟེན། །མང་བོའི་ནང་དུ་ཧ་ཅང་གཏམ་མ་མང་། །གཞན་གྱིས་མ་བཅོལ་ལས་ལ་ཕར་མ་འཚངས། །དཔའ་བོས་རང་ཚོད་ཟིན་ན་རང་སྲོག་བརྟན། །རྩོད་གཞི་ཅན་གྱི་ཟས་གོས་ནོར་མ་ལེན། །ས་ཆུ་མེ་རླུང་བཞི་ལ་ཕོད་མ་བཙོངས། །དུད་ཆང་བུད་མེད་རྣམས་ལ་སྲེད་མ་ཆེ། །མི་ཐུབ་དགྲ་ལ་འཐབས་ན་རང་ཕམ་འགྱུར། །མི་ཤེས་ཤེས་རྫུ་མང་ན་མྱུར་དུ་ལྟུང་། །ཁོག་ཏུ་མི་འཇུ་བ་ཡི་ཟས་མ་ཟ། །གཉིད་དང་ལེ་ལོ་ཆེ་ན་དོན་ཆེན་འཆོར། །མེད་པོ་ཟ་ཧེབ་ཆེ་ན་ཟ་ཡུན་ཐུང་། །ཕྱུག་པོ་སེར་སྣ་ཆེ་ན་དགྲ་ཕྱོགས་འཆོར། །ངོ་ལྐོག་གཏམ་གཉིས་སྨྲས་ན་ཀུན་གྱིས་སྣང་། །གཞན་ལ་བསམ་པ་གནག་ན་བསོད་ནམས་འཛད། །གཅིག་གིས་གཅིག་བསྟོད་ཕན་ཚུན་ངན་མ་གཏམ། །རྒན་རྒོན་བཤད་རྒྱུ་མ་མང་མ་ཎི་རེམ། །ཁ་ཚག་ཆེ་ན་འཁོར་གཡོག་རྙེད་པར་དཀའ། །འདོད་སྲེད་ཆེ་ན་ཀུན་གྱིས་བརྙས་སྨོད་མང་། །གྲོགས་ལ་ངན་སྨྲས་ཕྱི་ནས་ཚོར་ཉེན་ཚེ། །ཁ་ཡངས་མི་ལ་གསང་བའི་གཏམ་མ་སྨྲ། །ཟ་མ་བགོ་དུས་རང་སྐལ་ཆུང་ན་མཛེས། །ཐོས་ན་གཞན་ཀུན་དགའ་བསྐྱེད་གཏམ་སྙན་རྗོད། །སྐྱིད་ཐེག་སྡུག་ཐེག་གོ་ཆོད་བྲན་གཡོག་བཟང་། །ཁ་ཉུང་ལག་གཙང་ཁོག་ཡངས་བུད་མེད་རབ། །མི་ཚོའི་སེམས་ལ་གནོད་པའི་ཚིག་མ་སྨྲ། །བླ་

p. 157

སློབ་རྒྱལ་བློན་ཕ་བུ་འཆམས་ན་སྐྱིད། །གཏོང་ཕོད་ཆེ་བའི་མི་ལ་སྙན་གྲགས་ཆེ། །སེར་སྣ་ཆེ་བའི་ཕྱུག་པོར་མི་ཁས་སྡང་། །རྒྱལ་པོས་ཀུན་ལ་བྱམས་ན་རང་སྡེ་རྒྱས། །བླ་མས་ཆོས་བཞིན་བྱས་ན་བསྟན་འགྲོར་ཕན། །གཞོན་ནུས་རྒན་པ་བཀུར་ན་བསོད་ནམས་སྐྱེ། །གྲོགས་བཟང་བསྟེན་ན་ཇེ་བཟང་ཇེ་བཟང་འགྱུར། །གླུ་འདི་བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །དགེ་འདིས་འགྲོ་ཀུན་འཕྲལ་ཕུགས་བདེ་བར་ཤོག །ཅེས་པ་འདི་ཡང་མགར་རྩེའི་སྔགས་པ་དད་ལྡན་ཞིག་གིས་བསྐུལ་ངོར་སྨྲས་པའོ། །ཕ་རྒན་ཆོས་རྒྱལ་རིན་པོ་ཆེ། །བུ་ཡི་སྤྱི་གཙུག་རྒྱན་དུ་བཞུགས། །ད་ནི་དྲིན་ཅན་བླ་མ་ཡིས། །ཅི་གསུང་བཀའ་བཞིན་བསྒྲུབ་ཏུ་འགྲོ། །འདུ་འཛི་གཡེང་བ་རབ་ཆེ་བའི། །གྲོང་དགོན་སྐུ་ཁམས་བདེ་བར་བཞུགས། །བདག་ནི་འདུ་འཛི་གཡེང་བ་དང་། །བྲལ་བའི་རི་ཁྲོད་འགྲིམ་དུ་འགྲོ། །ཆགས་སྡང་གཉིས་ཀ་བསྐྱེད་པ་ཡི། །གཉེན་བཤེས་སྐུ་ཁམས་བདེ་བར་བཞུགས། །བདག་ནི་ཆགས་སྡང་མི་འབྱུང་བའི། །ཆོས་མཛད་གྲོགས་དང་འགྲོག་ཏུ་འགྲོ། །དགྲ་འདྲེ་གཉིས་ཀ་འབོད་མཁན་གྱི། །རྒྱུ་ནོམ་སྐུ་ཁམས་བདེ་བར་བཞུགས། །བདག་ནི་ནམ་ཡང་འཛད་མེད་པའི། །འཕགས་པའི་ནོར་བདུན་གསོག་ཏུ་འགྲོ། །སྙིང་བོ་ཅུང་ཟད་ཙམ་མེད་པའི། །ཚེ་འདི་སྐུ་ཁམས་བདེ་བར་བཞུགས། །བདག་ནི་ཕྱི་མར་གཏན་བདེ་བའི། །སྙིང་བོའི་ལྷ་ཆོས་བྱེད་དུ་འགྲོ། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །

p. 158

རི་ཁྲོད་འགྲིམ་དུས་ཤིག་ཏུ་བླངས། །འདི་ཉིད་ཐོས་ཚད་སྐལ་ལྡན་གྱིས། །བླ་མའི་བཀའ་བཞིན་ཆོས་བྱེད་ཤོག །ཅེས་པ་འདི་ཡང་རེབ་གོང་གླུ་བས་སྨྲས་པའོ། །ཤིང་སྔོ་ལྗང་རྒྱས་པའི་བསིལ་གྲིབ་ཀྱི། །མདོག་རབ་མཛེས་ཁུ་བྱུག་སྔོན་མོ་ཉོན། །རང་འདོད་པའི་རི་ལ་འཕུར་དུས་སུ། །སྐད་སྙན་མོ་མི་སྒྲོག་ནམ་ཚོད་སྒྲོག །ད་གསུང་དབྱངས་སྙན་མོ་མི་སྒྲོག་པར། །ཁ་ཁ་རོག་སོང་ན་ངོ་རེ་ཚ། །ཡུལ་ཕ་མས་ཁང་བཟང་ཉམས་དགའ་ནས། །གོས་རྒྱན་ཆ་བཏགས་པའི་བག་མ་ཉོན། །རང་འདོད་པའི་གནས་ལ་འགྲོ་དུས་སུ། །དབྱངས་སྙན་མོ་མི་འཐེན་ནམ་ཚོད་འཐེན། །ད་བག་དུས་སྙན་མོ་མི་འཐེན་པར། །ཁ་ཁ་རོག་སོང་ན་ངོ་རེ་ཚ། །རྗེ་མཚན་ལྡན་བླ་མའི་ཞབས་དྲུང་གི ། བློ་རིག་པ་གསལ་བའི་བྱ་བཏང་ཉོན། །རང་འདོད་པའི་རི་ལ་འགྲོ་བའི་ཚེ། །གླུ་སྙན་མོ་མི་ལེན་ནམ་ཚོད་ལེན། །ད་གླུ་དབྱངས་སྙན་མོ་མི་ལེན་པར། །ཁ་ཁ་རོག་སོང་ན་ངོ་རེ་ཚ། །ཞེས་པ་འདི་ཡང་དབེན་པའི་རི་ལ་འགྲོ་དུས་ཤིག་ཏུ་ལམ་བར་ནས་རང་ལ་གླུ་ལོངས་ཞེས་བསྐུལ་བས་དེའི་ལན་དུ་སྐྱིད་པའི་རྒྱང་གླུ་འདི་བླངས་སོ། །ཁྲི་མཐོ་ལ་ཡངས་པའི་གདན་སྟེང་ན། །མི་བསོད་ནམས་ཅན་གྱི་རྒྱལ་པོ་སྐྱིད། །འཁོར་ལོངས་སྤྱོད་རྒྱས་ན་དེ་བས་སྐྱིད། །གསུང་སྙན་མོ་བྱོན་ན་གཞན་ཡང་སྐྱིད། །གསེར་སྒ་སྲབ་མཛེས་པའི་རྟ་ཐོག་ན། །ཕོ་བདེ་མྱུར་ཅན་གྱི་གཞོན་ནུ་སྐྱིད། །རྟ་གོམ་པས་སོང་ན་དེ་བས་སྐྱིད། །གླུ་སྙན་མོ་འཐེན་ན་གཞན་ཡང་སྐྱིད། །གནས་རི་ཁྲོད་དབེན་པའི་བསིལ་གྲིབ་ན། །ཆོས་

p. 159

ཟབ་མོ་སྒྲུབ་པའི་སྒོམ་ཆེན་སྐྱིད། །ཉམས་རྟོགས་པ་ཤར་ན་དེ་བས་སྐྱིད། །མགུར་སྙན་མོ་བླངས་ན་གཞན་ཡང་སྐྱིད། །སྟོད་དབུས་གཙང་རུ་བཞིའི་ལྷ་བཟོ་ཚོ། །དོན་མེད་པའི་ཡེངས་ལ་མ་དགའ་བར། །ལྷའི་སྐུ་གཟུགས་ལེགས་པོ་ཁྱོད་བཟོས་དང་། །ས་ཨ་མདོའི་ལྷ་བཟོས་ཡིད་སྨོན་འཆོར། །སྨད་རྒྱུ་མོ་གླུ་ལེན་དར་འཐག་ཚོ། །དོན་མེད་པའི་ཡེངས་ལ་མ་དགའ་བར། །གོས་རི་མོ་ཅན་པོ་ཁྱོད་ཐོགས་དང་། །བོད་སྣམ་འཐག་རྣམས་ཀྱིས་ཡིད་སྨོན་འཆོར། །གནས་ངེས་མེད་རི་ཡི་བྱ་བཏང་ཁྱོད། །དོན་མེད་པའི་ཡེངས་ལ་མ་དགའ་བར། །ཆོས་ཟབ་མོ་ཚུལ་བཞིན་ཁྱོད་སྒྲུབས་དང་། །གྲོང་སྐྱ་སེར་རྣམས་ཀྱིས་ཡིད་སྨོན་འཆོར། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་འཇིག་རྟེན་པའི་གླུ་དང་སྒོ་བསྟུན་ནས་རྩེ་མཚར་དུ་བླངས་པའོ།། །རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས། །སྤྱིར་འགྲོ་བ་ཡོངས་སུ་ཐུགས་རྗེས་གཟིགས། །སྒོས་བསྟན་ལ་གུས་པའི་རྣལ་འབྱོར་པ། །ཐུགས་བརྩེ་བས་མ་དོར་ཡུན་རིང་སྐྱོངས། །རྗེའི་བསྟན་པ་དཔེར་ན་ནམ་མཁའ་ཡིས། །ས་བཀབ་བཞིན་ཕྱོགས་ཀུན་ཁྱབ་ནས་གདའ། །བསྟན་དེ་འཛིན་སྐྱེས་བུ་རི་བྲག་བཞིན། །ཕྱོགས་ཕྱོགས་ན་མང་བོ་མང་བོ་སྣང་། །ཁྱོད་ངེད་གཉིས་ས་གསེབ་སྲིན་བུ་འདྲ། །བསྟན་འཛིན་ཡང་མི་ཐུབ་བཤིག་མི་ནུས། །རྒྱུད་དུག་ལྔ་ཅུང་ཟད་མ་ཞི་བར། །ང་བསྟན་འཛིན་སྨྲས་ན་བློ་བཟང་བཞད། །ནང་ཞེ་སྡང་མཁན་གྱིས་བསྟན་འཛིན་ན། །ཁྱེད་འདྲ་བའི་བསྟན་འཛིན་དེང་སང་

p. 160

དཀོན། །རྗེའི་བསྟན་པ་ཁྱོད་ཀྱིས་བཟུང་མ་སྙམ། །ཁྱོད་ངེད་གཉིས་བསྟན་པའི་བླ་བཙོང་རེད། །བླ་མ་བཙོངས་ཁ་རོག་ག་ལེར་སྡོད། །ང་རྣལ་འབྱོར་ལམ་ལ་འགྲོ་རུ་ཆུགས། །དགེ་འདིས་ཀྱང་བློ་བཟང་གྲགས་པ་ཡི། །བསྟན་ཕྱོགས་དུས་ཀུན་ཏུ་རྒྱས་པར་ཤོག །ཅེས་པ་འདི་ཡང་བླ་རྒན་འགའ་རེས་ངའི་མགོའི་མཚམས་སྐུ་མཐོང་ནས། བྱ་བ་མི་འཕྲོད་པ་བྱས་བསྟན་བཤིག་ཀ་ཚོ་ཟེར། ཚིག་ངན་མང་བོ་སྨྲས་པའི་ལན་དུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་བཞིན། །ཆོས་བཞིན་འཁོར་འབངས་སྡེ་རྣམས་ལེགས་སྐྱོང་ཞིང་། །ཆོས་ལ་ཐོས་བསམ་སྒོམ་གསུམ་མཛད་པ་ཡི། །ཆོས་རྒྱལ་ངག་གི་དབང་བོའི་ཞབས་ལ་འདུད། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །དུ་མའི་རི་ཁྲོད་དབེན་པའི་གནས་རྣམས་སུ། །སུ་དང་མ་ཕྲད་གཅིག་པུར་བསྡད་པས་སྐྱིད། །སྐྱིད་པའི་ཤུགས་ཀྱིས་སྐྱིད་པའི་རྒྱང་གླུ་ལེན། །ཚེ་སྔོན་གོམས་པའི་བག་ཆགས་ཤིན་ཏུ་བཟང་། །བཟང་བོའི་ཆོས་ལ་ཆུང་ནས་རབ་ཏུ་དད། །དད་གུས་མོས་པས་མཚན་ལྡན་བླ་མ་ཡང་། །ཡང་དག་བསྟེན་ནས་ཟབ་ཆོས་ཐོབ་པས་སྐྱིད། །མི་ལུས་ནོར་བུ་ངུར་སྨྲིག་གོས་ཀྱིས་གཡོགས། །མི་མེད་རི་ཁྲོད་རྒྱལ་མཚན་རྩེར་བཞག་པས། །མི་ནི་རབ་འབྲིང་ཐ་གསུམ་སུ་ཡིན་ཡང་། །མི་ང་ཆོས་མཐུན་མཆོད་བཀུར་བྱས་པས་སྐྱིད། །ཉམས་གྲིབ་སྐྱོན་གྱིས་ནམ་ཡང་མི་གོས་པས། །ཉམས་དགའི་རི་ཁྲོད་དབེན་པའི་གནས་མཆོག་ཏུ། །ཉམས་སུ་བློ་སྦྱོང་ལམ་རིམ་རྫོགས་

p. 161

ཆེན་བླངས། །ཉམས་རྟོགས་རྒྱུད་ལ་ཅུང་ཟད་ཤར་བས་སྐྱིད། །བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི། །རྣལ་འབྱོར་ཁ་མཁས་ཚོགས་དྲུག་རང་གྲོལ་ཁྱོད། །སྐྱིད་པའི་ཁ་ཕོ་བཤད་པ་ཐོས་ཚད་ཀྱི། །མི་རྣམས་ཁ་ལོ་ཆོས་ལ་འགྱུར་བར་ཤོག །ཅེས་པ་འདི་ཡང་རེབ་གོང་གི་གླུ་བ་ཁ་མཁས་ཀྱིས་སྨྲས་པའོ། །རབ་མཛེས་སྐུ་མཆོག་མཆོག་དེ་སུས་མཐོང་སྔོན་ལས་ལས་ཀྱི་སྒྲིབ་པ་འདག །རབ་སྙན་གསུང་གང་གང་གི་རྣ་བས་ཐོས་ན་ན་འཆིའི་འཇིགས་ལས་སྒྲོལ། །རབ་དཀར་ཐུགས་དགོངས་དགོངས་པས་མཁའ་མཉམ་འགྲོ་ཀུན་ཀུན་ལ་བུ་བཞིན་བྱམས། །རབ་མང་འགྲོ་རྣམས་རྣམ་མཁྱེན་ས་ལ་འཁྲིད་མཁས་མཁས་པའི་དབང་བོར་འདུད། །ཀོ་ས་ལ་ཡི་ཡུལ་གྱི་ཁྱིམ་བདག་འབྱོར་ལྡན་ཏན་བྱི་ལངས་བཞིན་དུ། །ཁོ་ར་ཁོར་ཡུག་བུ་དང་ཆུང་མ་ཟས་ནོར་ཐམས་ཅད་བློས་ཐོངས་ལ། །གོ་མ་གྱོན་པའི་དཔའ་བོ་གཡུལ་འཇུག་ཇི་བཞིན་སྙིང་སྟོབས་ཆེན་པོ་ཡིས། །ངོ་མཚར་རྨད་བྱུང་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ལ་སྦྱངས་ན་ལེགས། །ཅོ་ནེ་དཔོན་པོ་འདྲ་བའི་ཆུང་མ་འཁོར་གཡོག་སྟོབས་དང་འབྱོར་བ་དང་། །ཆོ་རིགས་ཇི་ལྟར་མཐོ་ཡང་ཡུད་ཙམ་ཡིན་པས་མྱུར་དུ་འཛད་པར་འགྱུར། །ཇོ་བོ་རྗེ་དང་མི་ལ་ལ་སོགས་རྒྱ་བོད་མཁས་གྲུབ་རྣམ་ཐར་བཞིན། །ཉོ་ཚོང་ལ་སོགས་བྱ་བ་ངན་པ་དོར་ཏེ་ཉམས་ལེན་བྱས་ན་ལེགས། །དོ་གལ་ཆེ་བའི་བླ་མ་བསྟེན་ལ་མི་

p. 162

ཤེས་མུན་པའི་སྨག་རུམ་རྣམས། །ཐོ་རངས་ནམ་མཁའ་དྭངས་ངོས་ཉི་མ་ཤར་བཞིན་ཐོས་པས་སྒྲོ་འདོགས་ཆོད། །དོ་ཟླ་མེད་པའི་ཐམས་ཅད་མཁྱེན་པའི་གོ་འཕང་དམ་པ་ཐོབ་འདོད་ན། །མནོ་བསམ་ཐམས་ཅད་ཆོས་ལ་བཏང་སྟེ་ཉིན་མཚན་རྟག་ཏུ་བསྒོམས་ན་ལེགས། །པོ་ཏ་ལར་བཞུགས་སྤྱན་རས་གཟིགས་ཀྱིས་འགྲོ་ལ་བུ་བཞིན་བརྩེ་བ་ལྟར། །ཕོ་རྒོད་ཁྱོད་ཀྱང་འགྲོ་བ་ཡོངས་ལ་རྟག་ཏུ་བྱམས་དང་བརྩེ་བས་སྐྱོངས། །བོ་ལ་ཁད་ཀྱི་ཟས་སྣོད་ཇི་བཞིན་ཅུང་ཟད་རྐྱེན་ལ་མ་ཁྲོ་བར། །མོ་གཤམ་བུ་དང་རི་བོང་རྭ་བཞིན་ཁྲོ་བ་ཀུན་དང་བྲལ་ན་ལེགས། །ཙོ་རར་བཅུག་པའི་ཉེས་ཅན་འབྲོས་བཞིན་ཡུལ་ནས་བྲོས་ལ་དབེན་པ་བསྟེན། །ཚོ་ཚོ་སྣུམ་སྣུམ་ཤ་སོགས་ཟས་ལ་ཧ་ཅང་མ་དགའི་དཀའ་ཐུབ་གྱིས། །ཛོ་ལ་མེ་ཡི་སྟེང་དུ་ཤིང་བསྣན་ཇ་བཞིན་རྐྱེན་ངན་གྲོགས་སུ་ཁྱེར། །ཝོ་ལུགས་ཇི་བཞིན་སྐྱིད་ལུགས་མ་འདུག་སྐ་རགས་བསྡམས་འདྲའི་སྙིང་རུས་ལེགས། །ཞོ་འོང་གཏན་གྱི་ཕ་ཡུལ་མིན་པས་ཡུལ་ལ་ཞེན་པས་ཅི་ཞིག་བྱ། །ཟོ་མདོག་བཟང་ཞིང་སྟོབས་རྩལ་རྒྱས་པའི་ད་ལྟ་གཞོན་ཐོག་འདི་ཉིད་ལ། །འོ་མ་བརྩོན་པས་བསྒྲིགས་ནས་འབྲི་མར་སེར་བོ་ལེན་པ་ཇི་བཞིན་དུ། །ཡོ་བྱད་ཉུང་ངུ་ཙམ་ལ་བརྟེན་ནས་དལ་འབྱོར་སྙིང་བོ་བླངས་ན་ལེགས། །རོ་མངར་ཟས་ལ་ཚྭ་ཆུ་འཐུང་བཞིན་ངོམས་པ་མེད་པས་ཆོག་ཤེས་གྱིས། །ལོ་ཟླ་སོང་གྱིན་འཆི་ལ་ཉེ་བས་སྒྲུབ་ལ་བརྩོན་འགྲུས་མེ་ལྟར་སྦྱོར། །ཤོ་ཡི་མེ་སོགས་ཆོས་མིན་བྱ་བྱེད་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་ཀྱང་། །སོ་དཀར་དུས་སུ་སྒྲུབ་ལ་གཞོལ་དང་

p. 163

སྐྲ་དཀར་དུས་སུ་བློ་བདེ་ལེགས། །ཧོ་ཧོ་ཧེ་ཧེའི་ཀུ་རེ་བཞད་གད་ལ་སོགས་ངག་འཁྱལ་མ་མང་བར། །ཨོ་རྒྱན་ཐུགས་བཅུད་རྫོགས་ཆེན་དབེན་པར་སྒོམས་ལ་འདི་འདྲའི་མགུར་དབྱངས་ལོངས། །ངོ་མཚར་ཆེ་བའི་ལེགས་བཤད་འདི་ཉིད་རང་གཞན་ཆོས་ལ་བསྐུལ་བའི་ཕྱིར། །ཞོ་འོང་ལ་ཁའི་བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས་པ་ལགས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བས་ནམ་མཁའི་མཐའ་མཉམ་འགྲོ་ཀུན་གྱིས། དགེ་བའི་ས་གཞི་གཤིན་པོར་བདེན་ཚིག་སྨོན་ལམ་ས་བོན་གང་བཏབ་པ། །བླ་མ་མཆོག་གསུམ་ཐུགས་རྗེའི་ཆུ་ལུད་དྲོད་གཤེར་བཅུད་ཀྱིས་ལེགས་བསྐྱངས་ནས། །རྨད་བྱུང་འདོད་པའི་དོན་གཉིས་འབྲས་བུ་མྱུར་བ་མྱུར་དུ་སྨིན་པར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་གེ་ཐོའི་མགུལ་ནས་རང་ལ་སྨྲས་པའོ། །འོ་འོ་མངོན་མཐོའི་བདེ་འདོད་བྱིས་པ། །ཨའུ་དགེ་བཅུའི་ཕ་མར་འགྲོག་དུས། །ཁོ་རེ་མགུར་དབྱངས་མཚར་གཏམ་ཤོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ངེས་འབྱུང་ཐག་རིང་མགྲོན་པོ། །ཨའུ་བསླབ་གསུམ་གྲོང་ཁྱེར་སྙེག་དུས། །ཁོ་རེ་མགུར་དབྱངས་ལམ་གླུ་ལོངས་དང་། །ཧེ་ཧེ་

p. 164

བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བྱང་ཆུབ་སེམས་ཀྱི་རྫི་བོ། །ཨའུ་ཕྱིན་དྲུག་ཕྱུགས་རྣམས་འཚོ་དུས། །ཁོ་རེ་མགུར་དབྱངས་གླུ་ཆུང་ལོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཞི་གནས་ཁྱེའུ་གཞོན་ནུ། །ཨའུ་ལྷག་མཐོང་བུ་མོར་འགྲོག་དུས། །ཁོ་རེ་མགུར་དབྱངས་འཁྲིག་ཚིག་ཤོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བསྐྱེད་རིམ་རྨ་བྱ་གཞོན་ནུ། །ཨའུ་རྫོགས་རིམ་གར་སྟབས་བྱེད་དུས། །ཁོ་རེ་མགུར་དབྱངས་དར་དིར་སྒྲོགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་ཁྲེགས་ཆོད་རྒྱ་མོ་མཛེས་མ། །ཨའུ་ཐོད་རྒལ་གོས་དར་འཐག་དུས། །ཁོ་རེ་མགུར་དབྱངས་སྐྱིད་གླུ་ལོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་བྱ་བཏང་ཁུ་བྱུག་སྔོན་མོ། །ཨའུ་རི་ཁྲོད་ཤིང་ཁར་འཕུར་དུས། །ཁོ་རེ་མགུར་དབྱངས་སྐད་སྙན་སྒྲོགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ཀུ་རེའི་ཚུལ་དུ་བྲིས་པའོ། །ན་མོ་གུ་རུ། སེང་གེ་གངས་དཀར་ལྟོངས་ན་བདེ། །རྒོད་པོ་བྲག་དམར་ཀླད་ན་བདེ། །རི་དྭགས་སྤང་གཞོངས་འཇམ་པོར་བདེ། །ཉ་མོ་མཚོ་ཡི་ནང་ན་བདེ། །སྟག་མོ་ནགས་ཀྱི་གསེབ་ན་བདེ། །ང་རྣལ་འབྱོར་དབེན་པའི་རི་ན་བདེ། །སྟེང་ན་སྲ་བའི་བྲག་ཁུང་བདེ། །འོག་ན་སྔོ་ལྗང་རྩྭ་གདན་བདེ། །བར་ན་རྣལ་འབྱོར་སྒྱུ་ལུས་བདེ། །ངག་ནས་གླུ་དབྱངས་བླངས་པས་བདེ། །སེམས་ལ་ཉམས་རྟོགས་ཤར་བས་བདེ། །ཡོན་བདག་འཁོར་བཅས་བདེ་ལགས་སམ། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཨ་རིག་གི་དད་ཅན་ཡོན་བདག་

p. 165

འགའ་ལ་རྩེ་མཚར་དུ་བླངས་པའོ། །ཨེ་མ་རི་ཁྲོད་དབེན་པ་ན། །དབྱར་དང་སྟོན་གྱི་དུས་སྐབས་སུ། །ནེའུ་ཐང་མེ་ཏོག་སྣ་ཚོགས་བཀྲ། །བུང་བས་ཁྱུ་བརྟེན་སྙན་པ་འབྱིན། །ལྗོན་ཤིང་ཡལ་འདབ་མཛེས་པར་རྒྱས། །བྱ་བྱེའུས་སྒྲ་འབྱིན་འཕུར་ལྡིང་གཡོ། །ཆུ་མིག་རྫིང་བུ་བསིལ་ངད་ལྡང་། །སུས་འཐུངས་སྐོམ་པའི་གདུང་བ་སེལ། །མཚོ་དང་རྫིང་བུའི་ནང་ན་ཡང་། །ངང་བ་སྐད་སྙན་ཡིད་འོང་འཕྱོ། །བདེ་འཇམ་ཡངས་པའི་སྤང་གཞོངས་ན། །རི་དྭགས་དུ་མ་བག་ཕེབས་རྒྱུ། །དེ་ལྟར་ངོ་མཚར་མཐའ་ཡས་པའི། །ཡིད་འོང་དབེན་པའི་གནས་མཆོག་ཏུ། །སྔོ་ལྗང་རྩྭ་ཡི་གདན་འཇམ་སྟེང་། །ནམ་ཞིག་བདག་ཉིད་ཉལ་བར་འགྱུར། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་རི་ལ་དགའ་བའི་ཤུགས་ཀྱིས་བསོད་སྙོམས་སུ་སོང་དུས་ཤིག་ཏུ་སྨྲས་པའོ། །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བདག་ཇག་རྐུན་འཇིགས་ལས་བསྐྱབ་ཏུ་གསོལ། །སྲོག་གཅོད་པའི་ཁ་ཟས་རབ་སྤངས་ནས། །འདབ་ཆགས་ཀྱི་དྲང་སྲོང་བྱ་རྒོད་དེ། །བྲག་དམར་བོ་བསྐོར་ནས་འོང་དུས་སུ། །མདའ་མ་འཕེན་སྟག་ཤར་སྐྱེན་པོ་ཚོ། །སྡིག་ཤ་ཡི་ཁ་ཟས་རབ་སྤངས་ནས། །རིར་འདུག་པའི་ཉེས་མེད་རི་དྭགས་དེ། །རྩྭ་ཆུ་ཡི་ཕྱིར་དུ་འོང་དུས་སུ། །མེ་མདའ་ཡིས་མ་རྒྱག་རྔོན་པ་ཚོ། །ཚེ་འདི་ཡི་བྱ་བ་རབ་སྤངས་ནས། །གནས་དབེན་པར་འདུག་པའི་རྣལ་འབྱོར་དེ། །གནས་ཕྱོགས་མེད་རི་ཁྲོད་འགྲིམ་དུས་སུ། །བརྐུས་འཕྲོག་བཅོམ་མ་བྱེད་

p. 166

ཡ་བོ་ཚོ། །ཞེས་པ་འདི་ནི་དབེན་གནས་ཤིག་ཏུ་འགྲོ་དུས་ཇག་པ་མི་ལྔ་ཙམ་ལ་འཕྲད་དུས་སུ་ཇག་པ་རྣམས་ཀྱིས་བདག་ལ་དཔེ་ཆ་མ་གཏོགས་ལེན་རྒྱུ་མེད་པས་དཔེ་ཆ་མ་བླངས། དེ་དུས་སུ་ཡིད་ལ་ཤར་བ་བླངས་པའོ། །ན་མོ་གུ་རུ། རྗེ་རྡོ་རྗེ་འཆང་དབང་མི་གཟུགས་ཅན། །ཕ་ཆོས་རྒྱལ་སྤྱི་གཙུག་རྒྱན་དུ་བཞུགས། །སེམས་རི་ཁར་ཕྱོགས་པའི་རྣལ་འབྱོར་ངས། །འཕྲལ་སྐྱིད་པའི་ཤུགས་ཀྱིས་གླུ་འདི་ལེན། །གནས་རི་ཁྲོད་དབེན་པའི་དགའ་ཚལ་ན། །དགོ་བ་སོགས་རི་དྭགས་བང་རྩལ་སྦྱོང་། །བྱ་རྒོད་པོས་མཁའ་ལ་གཤོག་རྩལ་སྦྱོང་། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །གངས་རབ་དཀར་ཡོལ་བ་བྲེས་བཞིན་མཛེས། །སྨུག་པ་ཡིས་རྐེད་བཅིངས་དོ་ཤལ་བསྟར། །ཤིང་སྣ་ཚོགས་དྲ་བ་དྲ་ཕྱེད་བྲེས། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །ངོས་ཀུན་ན་རྫ་ཆུས་སྙན་པ་བརྗོད། །མདོག་རབ་མཛེས་མེ་ཏོག་འཛུམ་ཞིང་རྒོད། །རྐང་དྲུག་ལྡན་བུང་བས་གླུ་དབྱངས་ལེན། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །བྱ་སྣ་ཚོགས་སྐད་སྙན་མང་བོ་སྒྲོག །ཟས་རང་གྲུབ་ཤིང་ཐོག་ཚོད་མ་ལ། །བཅུད་མྱང་ན་ཞིམ་པའི་བྲོ་བ་ཡོད། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །ཆུ་ཤིང་གཉིས་ཐོག་ཉེར་གནས་པ་ཡིས། །འཁོར་གཡོག་ནི་གཅིག་ཀྱང་མེད་ན་ཡང་། །ཆུ་ཤིང་ཕྱིར་ངལ་བ་མི་དགོས་པས། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །ཆོས་སྒྲུབ་པའི་མཐུན་རྐྱེན་ཟས་གོས་གཉིས། །མི་དད་ཅན་ཡོན་བདག་རྣམས་ཀྱིས་སྦྱོར། །ལས་འདྲེ་འདུལ་གྲོང་ཆོག་མི་དགོས་པས། །དུས་རྒྱུན་དུ་དབེན་

p. 167

པར་བདེ་ཞིང་སྐྱིད། །མི་མང་བོའི་རྒྱུ་འགྲུལ་མེད་པའི་སྟབས། གཏམ་ཆགས་སྡང་ཁ་སྐད་ཤིན་ཏུ་ཉུང་། །སེམས་ཆགས་སྡང་དབང་དུ་མི་འགྲོ་བས། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །མིའི་འདོད་ཡོན་དཀོར་ལ་མ་འབག་པར། །ཟས་ངན་ངོན་ཙམ་ལ་བརྟེན་པའི་མཐུས། །མཚན་གཉིད་ཆུང་རིག་པ་ཤིན་ཏུ་གསལ། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །ཆར་ཁ་བ་ཇི་ལྟར་བབས་ན་ཡང་། །ཆུའི་ཐིགས་པ་ཅུང་ཟད་མི་འབབ་ཅིང་། །བྲག་ཁང་བར་ཐིགས་ཚགས་མི་དགོས་པས། །དུས་རྒྱུན་དུ་དབེན་པར་བདེ་ཞིང་སྐྱིད། །གནས་དབེན་པའི་རི་ངོགས་མི་བསྟེན་པར། །ཚེ་འདི་ལ་ཞེན་ཅིང་ཆགས་པ་ཡི། །དུས་སྙིགས་མའི་སྐྱ་སེར་ཕོ་མོ་རྣམས། །སྙིང་མེད་དམ་ཡང་ན་སྨྱོན་པར་ངེས། །ཚེ་བློས་ཐོངས་དབེན་པ་སྟེན་ཅིག་ཅེས། །གཏམ་རྣ་བར་བཤད་ཚེ་སྐྱ་སེར་ཀུན། །བོང་བུའི་མགོར་དབྱུག་པས་བརྒྱབ་པ་བཞིན། །ནག་འཐོམ་གྱི་སོང་ནས་ཉན་མཁན་དཀོན། །དོན་དེ་ཕྱིར་དམུ་རྒོད་སེམས་ཅན་ལ། །ཆོས་བཤད་པས་ཕན་ཐོགས་ག་ལ་འགྱུར། །ད་དེ་བས་དབེན་པར་སྒྲུབ་ལ་གཞོལ། །རང་གཞན་གཉིས་འཚེངས་པའི་ལམ་རྙེད་སྙམ། །རི་སྨུག་པ་ཅན་གྱི་ཁྲོད་ཅིག་ནས། །གྲོགས་བྱ་དང་རི་དྭགས་ལྷན་ཅིག་ཏུ། །ང་རྒད་པོ་བསྡད་ནས་གླུ་འདི་བླངས། །འདི་ཐོས་ཚད་དབེན་པ་བསྟེན་པར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ན་མོ་གུ་རུ། །འཇིགས་

p. 168

འཇིགས་སེལ་མཛད་ཀྱི་བླ་མ། །དུང་དུང་གདུང་ཤུགས་ཀྱི་དད་པས། །ལྷང་ལྷང་གསོལ་བ་ནི་འདེབས་སོ། །འཛུམ་འཛུམ་དགྱེས་བཞིན་དུ་བྱོན་ལ། །བཟང་བཟང་བྱིན་རླབས་ཀྱི་དངོས་གྲུབ། །མྱུར་མྱུར་བདག་རྒྱུད་ལ་སྩོལ་ཅིག །རྒྱ་ཁྲ་སྡིག་ཅན་ཁོ་འོངས་ནས། །གང་བཟང་བྱེའུ་རྣམས་ཟོས་སོང་། །འཇོལ་མོ་སྔོན་མོ་ང་ལུས་ཀྱང་། །ནམ་ཕུགས་ཐུབ་ས་ནི་མི་འདུག །འཇོལ་མོ་ཉམ་ཆུང་ངའི་སྐྱིད་སྡུག །ཤིང་ནགས་མཐུག་པོ་རང་མཁྱེན་ནོ། །རྔོན་པ་ཁྱི་ཁྲིད་ཁོ་འོངས་ནས། །གང་བཟང་རི་དྭགས་རྣམས་བསད་སོང་། །ཤ་བ་སྨུག་པོ་ང་ལུས་ཀྱང་། །ནམ་ཕུགས་ཐུབ་ས་ནི་མི་འདུག །ཤ་བ་ཉམ་ཆུང་ངའི་སྐྱིད་སྡུག །རྫ་རི་མཐོན་པོ་རང་མཁྱེན་ནོ། །རི་སྤྱང་སྔོན་མོ་ཁོ་འོངས་ནས། །གང་བཟང་ལུགས་རྣམས་ནི་བསད་སོང་། །ལུ་གུ་ཁྲ་མོ་ང་ལུས་ཀྱང་། །ནམ་ཕུགས་ཐུབ་ས་ནི་མི་འདུག །ལུ་གུ་ཉམ་ཆུང་ངའི་སྐྱིད་སྡུག །ལུག་རྫི་རྒན་པོ་རང་མཁྱེན་ནོ། །ཉ་བ་རྒྱ་ཐོགས་ཁོ་འོངས་ནས། །གང་བཟང་ཉ་མོ་རྣམས་བཟུང་སོང་། །གསེར་མིག་ཉ་ཆུང་ང་ལུས་ཀྱང་། །ནམ་ཕུགས་ཐུབ་ས་ནི་མི་འདུག །ཉ་མོ་ཉམ་ཆུང་ངའི་སྐྱིད་སྡུག །གཏིང་ཟབ་ཆུ་ཆེན་རང་མཁྱེན་ནོ། །གྲང་རེག་བ་མོ་ཁོ་འོངས་ནས། །གང་བཟང་མེ་ཏོག་རྣམས་ཁྱེར་སོང་། །ལྗང་སྔོན་སྤང་རྒྱན་ང་ལུས་ཀྱང་། །ནམ་ཕུགས་ཐུབ་ས་ནི་མི་འདུག །མེ་ཏོག་ཉམ་ཆུང་ངའི་སྐྱིད་སྡུག །ནམ་ཟླའི་རྒྱལ་མོ་རང་མཁྱེན་ནོ། །འཆི་བདག་བདུད་པོ་ཁོ་འོངས་ནས། །གང་བཟང་

p. 169

མི་རྣམས་ནི་ཁྲིད་སོང་། །ཆོས་མེད་བན་རྒན་ང་ལུས་ཀྱང་། །ནམ་ཕུགས་ཐུབ་ས་ནི་མི་འདུག །བན་རྒན་ཉམ་ཆུང་ངའི་སྐྱིད་སྡུག་།བླ་མ་དཀོན་མཆོག་རང་མཁྱེན་ནོ། །གྲོང་མིན་དགོན་མིན་གྱི་ལུང་སྟོང་། །སྒང་མིན་གཤོང་མིན་གྱི་རི་སྐེད། །ས་མིན་ཤིང་མིན་གྱི་ཕུག་པར། །ཤི་མིན་གསོན་མིན་བཞིན་བསྡད་ནས། །ཇ་མིན་ཆུ་མིན་ཞིག་འཐུང་བཞིན། །སྐྱ་མིན་སེར་མིན་ངས་བླངས་སོ། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ལྷ་གཉན་རྒོད་རྩེ་མཐོན་པོའི་རི་སུལ་དུ་བླངས་པའོ། །ན་མོ་གུ་རུ། ངེས་འབྱུང་གི་རྟ་ལ་ཞོན་ཏེ། །མགུར་དབྱངས་གི་ལྕག་གིས་བྲབས་ནས། །ཐར་བ་ཡི་ལམ་ལ་བརྒྱུགས་ཀྱང་། །རྟག་འཛིན་གྱི་ཇག་པས་འཁོར་བའི། །འདམ་དུ་བསྐྱེལ་རྟ་བཟང་ཕྲོགས་པའི། །ཚུལ་འདིས་ཀྱང་སྣང་བ་སྐྱོ་བ། །སེམས་ཉིད་ཀྱི་ཕ་ཁང་ནང་དུ། །བྱང་སེམས་ཀྱི་འཁོར་ལོས་སྒྱུར་རྒྱལ། །སྤྱན་དྲངས་ནས་རྒྱུན་དུ་བཞུགས་ཞེས། །གསོལ་བ་དེ་ཡང་ཡང་བཏབ་ཀྱང་། །ཆགས་སྡང་གི་མི་གཙང་ཁྲོད་ནས། །བཞུགས་སུ་ཁོང་མ་འདོད་ཕེབས་པའི། །ཚུལ་འདིས་ཀྱང་སྣང་བ་སྐྱོ་བ། །ཤེས་རབ་ཀྱི་རིན་བྱིན་ཉོས་པའི། །སྟོང་ཉིད་ཀྱི་ན་ཆུང་མཛེས་མར། །ཡེངས་མེད་དུ་འགྲོགས་པར་འདོད་ཀྱང་། །བདེན་འཛིན་གྱི་སྔོན་འདྲིས་མཛའ་བོས། །ཡང་ཡང་དུ་ལག་ནས་ཕྲོགས་པའི། །ཚུལ་འདིས་ཀྱང་སྣང་བ་སྐྱོ་བ། །བསྐྱེད་རྫོགས་དང་རྫོགས་ཆེན་ཐེམ་སྐས། །ཡང་ཡང་དུ་ཡར་ལ་མཆོངས་ཀྱང་། །བརྩོན་འགྲུས་ཀྱི་

p. 170

རྩལ་སྟོབས་ཞན་པས། །ཐ་མལ་གྱི་སྣང་ཞེན་འདམ་དུ། །ཡང་ཡང་དུ་མར་ལ་ལྷུང་བའི། །ཚུལ་འདིས་ཀྱང་སྣང་བ་སྐྱོ་བ། །ལོ་ཟླ་ཡིས་རྒྱབ་ནས་བདས་ཤིང་། །ཉིན་མཚན་གྱིས་མདུན་ནས་ཁྲིད་དེ། །ན་རྒ་ཡི་ཆད་པས་གཅོད་བཞིན། །སྐད་ཅིག་ནི་མི་སྡོད་བན་རྒན། །འཆི་བདག་གི་ཁྲིམས་རར་འཁྲིད་པའི། །ཚུལ་འདིས་ཀྱང་སྣང་བ་སྐྱོ་བ། །བླ་མ་དང་དཀོན་མཆོག་རྣམ་གསུམ། །བན་རྒན་ངའི་བྱ་བ་ཐམས་ཅད། །ཉེས་ཚུལ་ནི་འདི་ལ་ཨེ་གཟིགས། །ཀྱེ་མ་འང་ཀྱེ་ཧུད་བདག་གིས། །ཅི་ཚུགས་བྱེད་རེ་ས་གཞན་མེད། །སྐྱིད་སྡུག་གཉིས་ཁྱེད་མཁྱེན་ཁྱེད་མཁྱེན། །ཞེས་པ་འདི་ཡང་རེབ་གོང་ཡུལ་གྱི་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྔོན་རྒྱལ་རྒྱལ་སྲས་ཀྱི་མཆོག་གྱུར། །བླ་མ་མ་ལུས་འགྲོའི་སྐྱབས་ཀྱིས། །བུ་ངན་ངན་འགྲོ་ཡི་འཇིགས་ལས། །སྐྱོབ་བསམ་བསམ་པའི་བུས་རེའོ། །མི་མེད་ཁྱི་མེད་རིར་འདུག་པའི། །བཟའ་མེད་གོས་མེད་ཀྱི་སྤྲང་བོ། །བུ་མེད་རྒྱུ་མེད་ཀྱི་རབས་ཆད། །འཁོར་མེད་གཡོག་མེད་ཀྱི་ཁྱི་རྒན། །ཕྱོགས་མེད་གནས་མེད་ཀྱི་རི་དྭགས། །གཏད་མེད་གཏོད་མེད་ཀྱི་སྨྱོན་པ། །འདི་མེད་ཕྱི་མེད་ཀྱི་བན་རྒན། །སྐྱབས་མེད་མགོན་མེད་ང་ཤི་ནས། །རྒྱུས་མེད་ཆ་མེད་ཀྱི་བར་དོར། །གྲོགས་མེད་དབང་མེད་དུ་འཁྱམས་ཚེ། །བསླུ་མེད་ཟླ་མེད་ཀྱི་བླ་མས། །ཐོགས་མེད་འཇིགས་མེད་དུ་སྐྱོབས་ཤིག །བྱ་རྒྱལ་ཁུ་བྱུག་ནི་བཞུད་ཐལ། །ངང་བ་སྐྱ་སེར་གྱི་ཚོགས་རྣམས། །ཐམས་ཅད་འཚོགས་ཚུལ་ལ་བལྟས་ན། །སང་འགྲོ་གནངས་འགྲོ་རང་རེད་ཡ། །ཡུལ་

p. 171

མི་ཁྱིམ་མཚེས་རྣམས་བཞུད་ཐལ། །བྱ་བཏང་རྣལ་འབྱོར་ངའི་སྒྱུ་ལུས། །རྒུད་ཚུལ་འདི་ཚོ་ལ་བལྟས་ན། །སང་འགྲོ་གནངས་འགྲོ་རང་རེད་ཡ། །མེ་ཏོག་སེར་ཆེན་ནི་གཤེགས་ཐལ། །སྤང་རྒྱན་མེ་ཏོག་གི་ཚོགས་རྣམས། །སྨུག་པོར་འགྲོ་ཚུལ་ལ་བལྟས་ན། །སང་གཤེགས་གནངས་གཤེགས་ནི་རེད་ཡ། །མཚན་ལྡན་བླ་མ་ནི་གཤེགས་ཐལ། །རང་གི་སྒྱུ་ལུས་ཀྱི་བཀྲག་མདངས། །ཉམས་ཚུལ་འདི་ཚོ་ལ་བལྟས་ན། །སང་གཤེགས་གནངས་གཤེགས་ནི་རེད་ཡ། །ཅང་ཤེས་རྟ་ཕོ་དེ་ཡོད་དུས། །ཐག་རིང་མི་བགྲོད་ན་ནམ་བགྲོད། །གསེར་སྒ་ལེགས་པོ་དེ་བསྟད་ནས། །བཤུལ་ཐག་རིང་བོའི་ལམ་བགྲོད་ཡ། །འདོད་འཇོའི་བ་མོ་དེ་ཡོད་དུས། །འོ་མ་མི་བཞོ་ན་ནམ་བཞོ། །བཞོ་བའི་ཟོ་གོར་དེ་བསྣམས་ནས། །ལག་པ་གཉིས་ཀ་ཡིས་འཐེན་ཡ། །དཔའ་བོའི་དཔུང་ཚོགས་དེ་འཛོམ་དུས། །དགྲ་བོ་མི་འདུལ་ན་ནམ་འདུལ། །གོ་ཁྲབ་མཚོན་ཆ་རྣམས་ཐོགས་ནས། །དགྲ་བོ་ཆམ་ལ་ནི་འབེབ་ཡ། །ཆུ་ལུད་དྲོད་གཤེར་གཉིས་འཛོམ་དུས། །ས་བོན་མི་འདེབས་པར་ནམ་འདེབས། །གྲོ་ནས་སྲན་མ་སོགས་བཀལ་ནས། །ས་བོན་ཅི་ཐེབས་ནི་བྱེད་ཡ། །གསེར་དངུལ་གཏེར་ཁ་ནི་བརྡོལ་དུས། །ཅི་ལོན་མི་བྱེད་ན་ནམ་བྱེད། །གང་ཡོད་སྣོད་ཆ་རྣམས་ཁྱེར་ནས། །གསེར་དངུལ་ཅི་ལོན་ནི་བྱེད་ཡ། །གྲུ་དང་ཆུ་བ་ནི་འཛོམ་དུས། །ཆུ་བོ་མི་བརྒལ་ན་ནམ་བརྒལ། །གྲུ་བར་གླ་བརྔན་ནི་བྱིན་ནས། །གཏིང་ཟབ་ཆུ་

p. 172

ཆེན་ལ་བརྒལ་ཡ། །དལ་འབྱོར་མི་ལུས་རང་ཐོབ་དུས། །དམ་ཆོས་མི་བསྒྲུབ་ན་ནམ་བསྒྲུབ། །རི་ཁྲོད་དབེན་པ་དེ་བསྙེགས་ནས། །དམ་ཆོས་ཟབ་མོ་ནི་སྒྲུབ་ཡ། །སྐྱོ་བ་རང་སྐྱེ་རེ་དཀའ་ཡང་། །སྐྱོ་ཤས་ངེས་འབྱུང་རེ་མེད་ན། །སྐྱོ་མགུར་སྙན་མོ་རེ་འཐེན་དང་། །སྐྱོ་ཤས་ཐན་ཐུན་རེ་སྐྱེ་ངེས། །ཞེས་པ་འདི་ཡང་རེབ་གོང་ཡུལ་གྱི་ཆོས་པའི་གཟུགས་ཀྱི་ཁྲམ་པ་ཁ་བདེ་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ། ཨ་ཨ་དབྱར་གསུམ་ནམ་ཟླ་ནི་ལངས་སོང་། །ཨ་བོ་སྟོང་ལྡན་མེ་ཏོག་ཁྱོད་ཉོན་དང་། །ཧ་ཧ་གྲང་རེག་བ་མོ་འདིའི་ཁ་རྩའི། །ལ་ལ་ནམ་ཡང་ཆགས་ས་ནི་མེད་ཀི །ད་ད་ཕང་ཕུང་གཡོ་བ་དེ་ཞོག་ལ། །མྱུར་མྱུར་དཀོན་མཆོག་ལྷ་ཁང་དྲུང་བསྙེགས་ནས། །ཁོ་རེ་དགྱེས་པའི་མཆོད་པ་ནི་ཕུལ་ཡ། །བུ་ལོ་སྟོང་ལྡན་མེ་ཏོག་གིས་ཨེ་གོ །ཤེས་ཡི་ཡ་ཡ། །ཨ་ཨ་ཁུ་བྱུག་སྔོན་མོ་ནི་ལངས་སོང་། །ཨ་བོ་ངང་བ་སེར་བོ་ཁྱོད་ཉོན་དང་། །ཧ་ཧ་སྟོན་དགུན་ཆུ་འཁྱགས་འདིའི་ཁ་རྩའི། །ལ་ལ་ནམ་ཡང་ཆགས་ས་ནི་མེད་ཀི །ད་ད་དར་དིར་སྒྲོག་པ་དེ་ཞོག་ལ། །མྱུར་མྱུར་ངང་བའི་ཕ་ཡུལ་དེ་བསྙེགས་ནས། །ཁོ་རེ་

p. 173

སོས་དལ་བདེ་མོ་རུ་སྡོད་ཡ། །བུ་ལོ་ངང་བ་སེར་བོ་ཡིས་ཨེ་གོ །ཤེས་ཡི་ཡ་ཡ། །ཨ་ཨ་ལྗོན་ཤིང་སྐྱེ་སྟོབས་ནི་ཉམས་སོང་། །ཨ་བོ་ལོ་མ་སེར་བོ་ཁྱོད་ཉོན་དང་། །ཧ་ཧ་སྐྱི་སེར་རླུང་བོ་འདིའི་ཁ་རྩའི། །ལ་ལ་ནམ་ཡང་ཆགས་ས་ནི་མེད་ཀི །ད་ད་ཤག་ཤོག་འདབ་སྒྲ་དེ་ཞོག་ལ། །མྱུར་མྱུར་གཞོངས་ཀྱི་སྐྱིབས་བཟང་ཞིག་བསྙེགས་ནས། །ཁོ་རེ་སོས་དལ་ངལ་མེད་དུ་སྡོད་ཡ། །བུ་ལོ་ལོ་མ་སེར་བོ་ཡིས་ཨེ་གོ །ཤེས་ཡི་ཡ་ཡ། །ཨ་ཨ་ཡུལ་གྱི་ཁོ་ཐག་ནི་ཆོད་སོང་། །ཨ་བོ་བུ་མོ་གཞོན་ནུ་ཁྱོད་ཉོན་དང་། །ཧ་ཧ་ཨ་ནེ་བདུད་མོ་འདིའི་ཁ་རྩའི། །ལ་ལ་ནམ་ཡང་ཆགས་ས་ནི་མེད་ཀི །ད་ད་མགུ་མེད་ལས་ཀ་དེ་ཞོག་ལ། །མྱུར་མྱུར་གཞན་ཡུལ་སྐྱིད་ས་ཞིག་བསྙེགས་ནས། །ཁོ་རེ་ལུས་བདེ་ཁ་སྐྱིད་ནི་རྒྱོབ་ཡ། །བུ་ལོ་བུ་མོ་གཞོན་ནུ་མས་ཨེ་གོ །ཤེས་ཡི་ཡ་ཡ། །ཨ་ཨ་ཚེ་ཕྱེད་ཡད་ཡུད་ལ་ཤོར་སོང་། །ཨ་བོ་བྱ་བཏང་བན་རྒན་ཁྱོད་ཉོན་དང་། །ཧ་ཧ་ན་རྒ་འཆི་བ་འདིའི་ཁ་རྩའི། །ལ་ལ་ནམ་ཡང་ཆགས་ས་ནི་མེད་ཀི །ད་ད་ཆོས་རྒྱལ་འ་འུར་དེ་ཞོག་ལ། །མྱུར་མྱུར་རི་ཁྲོད་དབེན་པ་ཞིག་བསྙེགས་ནས། །ཁོ་རེ་དགེ་སྦྱོར་འབའ་ཞིག་ལ་གཞོལ་ཡ། །བུ་ལོ་བྱ་བཏང་བན་རྒན་གྱིས་ཨེ་གོ །ཤེས་ཡི་ཡ་ཡ། །ཨ་ཨ་སྐྱོ་ཤས་རླན་བཟང་དེ་ཡལ་སོང་། །ཨ་བོ་སྐྱོ་བྲལ་སྨྱོན་པ་ཁྱོད་ཉོན་དང་། །ཧ་ཧ་སྐྱོ་མེད་ཁྱོད་རང་ལ་བལྟས་ན། །ལ་ལ་སྐྱོ་བ་རང་སྐྱེ་ཅན་མ་རེད། །ད་ད་སྐྱོ་བྲལ་རང་སེམས་པའི་ཐོག་ཏུ། །མྱུར་མྱུར་སྐྱོ་མགུར་སྙན་མོའི་ཆར་ཕོབས་དང་། །ཁོ་རེ་སྐྱོ་ཤས་ཐན་ཐུན་རླན་འབབ་བོ། །བུ་ལོ་སྐྱོ་བྲལ་སྨྱོན་པ་ཡིས་ཨེ་གོ །ཤེས་ཡི་ཡ་ཡ། །ཞེས་པ་འདི་ཡང་རེབ་གོང་ཕྱོགས་ཀྱི་གླུ་བ་ཁ་བདེ་ཚོགས་དྲུག་རང་གྲོལ་གྱིས་རང་ལ་རྩེ་མཚར་དུ་བླངས་པའོ། །ན་མོ་གུ་རུ། །བྱ་རྒྱལ་རྒོད་པོའི་ཚོགས་རྣམས། །མི་མཐོང་དགུང་དུ་འཕུར་ཐལ། །

p. 174

ལྡུམ་བུ་མང་བོའི་གསེབ་ན། །བུང་བས་ཀུ་ཅོ་སྒྲོག་བྱུང་། །ཆུ་བོ་ཆེན་པོའི་ཚོགས་རྣམས། །རྒྱ་མཚོའི་ནང་དུ་འདྲེས་ཐལ། །རྡོ་རིགས་མང་བོའི་གསེབ་ན། །ཆུ་ཕྲན་ཀུ་ཅོ་སྒྲོག་བྱུང་། །སྔོན་གྱི་རྒྱལ་བའི་ཚོགས་རྣམས། །དག་པའི་ཞིང་དུ་བཞུད་ཐལ། །བྲག་ཁུང་སྐམ་པོའི་ནང་ན། །སྤྲང་རྒན་ཀུ་ཅོ་སྒྲོག་བྱུང་། །བུང་བ་ལུས་པོ་ཆུང་ཡང་། །བུང་སྒྲ་ཁོ་ལས་ལྷག་སྣང་། །རྒྱུན་དུ་སྒྲ་དབྱངས་སྒྲོག་པ། །བུང་བའི་རང་གཤིས་ཡིན་ནོ། །ལུང་ཕྲན་ཆུ་བོ་ཆུང་ཡང་། །ཀུ་ཅོ་ཁོ་ལས་ལྷག་སྣང་། །རྒྱུན་དུ་ཅ་ཅོ་སྒྲོག་པ། །ཆུ་ཕྲན་རང་གཤིས་ཡིན་ནོ། །རྒད་པོ་ཉམས་རྟོགས་མེད་རུང་། །ལེགས་བཤད་ཁོ་ལས་ལྷག་སྣང་། །རྒྱུན་དུ་མགུར་དབྱངས་འཐེན་པ། །སྤྲང་རྒན་རང་གཤིས་ཡིན་ནོ། །བར་སྣང་འཇའ་ཚོན་རི་མོ། །ཁ་དོག་མཛེས་པ་འཆར་དུས། །ལྟ་མཁན་ཡོད་ན་ལྟོས་དང་། །སྟོང་གསལ་ནམ་མཁར་ཡལ་ངེས། །བྱ་རྒྱལ་ཁུ་བྱུག་སྔོན་མོས། །སྐད་སྙན་མང་པོ་སྒྲོག་དུས། །ཉན་མཁན་ཡོད་ན་ཉོན་དང་། །ཡུལ་ཕྱོགས་གཞན་དུ་འགྲོ་ངེས། །བྱ་བཏང་རྣལ་འབྱོར་བདག་གིས། །གླུ་དབྱངས་སྙན་མོ་འཐེན་དུས། །ཉན་མཁན་ཡོད་ན་ཉོན་དང་། །ས་གཅིག་མི་སྡོད་འགྲོ་ངེས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བཀའ་དྲིན་གསུམ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དམ་ཆོས་བྱེད་འདོད་སློབ་བུ་ལ། །ཞལ་གདམས་གནང་ངོ་མ་ཡེངས་ཉོན། །སངས་རྒྱས་རྒྱུན་དུ་མཆོད་པ་ལས། །བླ་མ་ལན་ཅིག་མཆོད་པས་ཀྱང་། །བསོད་ནམས་དཔག་

p. 175

མེད་ཐོབ་བོ་ཞེས། །རྡོ་རྗེ་འཆང་གིས་གསུངས་པས་ན། །རྒྱུན་དུ་མཆོད་ན་ལྟ་ཅི་སྨོས། །དེ་ཕྱིར་བླ་མའི་མཛད་པ་ལ། །ལོག་ལྟ་ཅུང་ཟད་མ་མཛད་པར། །ལུས་ངག་བསྙེན་བཀུར་སྒྲུབས་ཤིག་དང་། །འདི་དང་ཕྱི་མའི་བདེ་སྐྱིད་འབྱུང་། །ད་ལྟ་བླ་མའི་ཐུགས་མཉེས་ན། །དེང་ནས་བྱང་ཆུབ་མ་ཐོབ་བར། །བླ་མས་རྗེས་སུ་འཛིན་པར་ངེས། །དེ་ཕྱིར་སྙིང་ནས་དགའ་བ་སྒོམས། །བླ་མའི་སྙན་དུ་ཞུ་ལོག་དང་། །ཅི་གསུང་བཀའ་བཅག་ཐུགས་དཀྲུགས་ན། །རང་ཉིད་མནར་མེད་གནས་སུ་འཕེན། །དེ་ཕྱིར་མི་མཉེས་བྱ་བ་སྤོངས། །བླ་མའི་ཞབས་ཏོག་བསྒྲུབས་པ་ལས། །ལྷག་པའི་ཆོས་ཤིག་གཞན་ན་མེད། །དེ་ཕྱིར་མཉེས་པ་ཁོ་ན་སྒྲུབས། །ད་ནས་བཟུང་སྟེ་འཆི་རག་བར། །བླ་མ་དཀོན་མཆོག་གསུམ་པོ་མཆོད། །དབུལ་ཕོངས་རྣམས་ལ་སྦྱིན་པ་ཐོངས། །དྲིན་ཅན་ཕ་མར་བཀུར་སྟི་གྱིས། །འགྲོ་བ་ཡོངས་ལ་ཕན་པ་སྒྲུབས། །སྤྱི་བོར་ཐུགས་རྗེ་ཆེན་པོ་སྒོམས། །སྙིང་བོ་མ་ཎི་པདྨེ་ཐོན། །སྨྱུང་གནས་བསྲུང་དང་ཕྱག་སྐོར་མཛོད། །མདོར་ན་སྡིག་སྤོང་དགེ་བ་སྒྲུབས། །དེ་ལྟར་ལག་ཏུ་ལེན་ནུས་ན། །ཕྱི་མར་བདེ་ཞིང་སྐྱིད་པར་ངེས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །དགེ་ལ་གཞོལ་ནས་འཚང་རྒྱ་ཤོག །ཅེས་པ་འདི་ཡང་སློབ་བུ་དགེ་འདུན་འབྱུང་གནས་ཀྱིས་བསྐུལ་ངོར་སྨྲས་པའོ། །ཕ་ཆོས་ཀྱི་རྒྱལ་བོར་གསོལ་བ་འདེབས། །བུ་བདག་དང་གཞན་རྒྱུད་བྱིན་གྱིས་རློབས། །དཔེ་ཁྲོམ་གྱི་དཀྱིལ་ན་ནོར་བུ་མཆོག །

p. 176

རང་རྙེད་ན་ཤིན་ཏུ་དགའ་བ་ལྟར། །གནས་མི་ཁོམ་བརྒྱད་ནས་མི་ལུས་མཆོག །དུས་ད་ལྟ་རྙེད་ལ་དགའ་བ་སྒོམས། །དཔེ་གཞན་གྱིས་ལག་ནས་ནོར་བུ་དེ། །འཕྲོག་ཨེ་གཏོང་སྙམ་ནས་འཇིགས་པ་ལྟར། །རྐྱེན་ནད་གདོན་སོགས་ཀྱིས་གློ་བུར་དུ། །ཤི་ཨེ་འགྲོ་སྙམ་དུ་འཇིགས་པར་གྱིས། །དཔེ་མྱུར་དུ་རྒྱལ་མཚན་རྩེར་བཞག་ནས། །དགོས་འདོད་ཀྱི་གསོལ་བ་འདེབས་པ་ལྟར། །ད་མྱུར་དུ་རི་ཁྲོད་ལེགས་བསྟེན་ནས། །གང་འདོད་པའི་ཟབ་ཆོས་བསྒྲུབ་པར་གྱིས། །དཔེ་གསོལ་བ་བཏབ་ན་དགོས་འདོད་ཀུན། །ནོར་བུ་ལས་འཛད་མེད་འབྱུང་བ་ལྟར། །ཆོས་བསྒྲུབས་ན་མཆོག་ཐུན་དངོས་གྲུབ་ཀུན། །མིའི་ལུས་རྟེན་འདི་ལ་ཐོབ་པར་འགྱུར། །དཔེ་དགོས་འདོད་བྱུང་ན་རང་ཉིད་དང་། །གཞན་ཀུན་གྱི་དབུལ་ཕོངས་སེལ་བ་ལྟར། །མཆོག་ཐུན་མོང་དངོས་གྲུབ་ཐོབ་གྱུར་ན། །རང་གཞན་གཉིས་འདོད་དོན་འགྲུབ་པ་ཡིན། །དཔེ་ནོར་བུར་གསོལ་བ་མ་བཏབ་ན། །དེ་རྙེད་ཀྱང་དོན་གོ་ཆུང་བ་ལྟར། །ཆོས་ཟབ་མོ་ཉམས་སུ་མ་བླངས་ན། །མིའི་ལུས་རྟེན་ཐོབ་ཀྱང་དོན་གོ་ཆུང་། །གླུ་འདི་ཐོས་དད་ཅན་ཕོ་མོ་ཡིས། །ཆོས་ཟབ་མོ་ཉམས་སུ་ལེན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱི་སྨྲས་པའོ། །དང་པོ་བྱ་བཏང་ངེས་འབྱུང་ཅན། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །བར་དུ་འདི་ཕྱི་གཉིས་མེད་པོ། །དབེན་པར་གཉིད་དང་བཟའ་བཏུང་སེམས། །ཐ་མ་གྲོང་མཐའ་མྱུལ་མཁན་པོ། །ཁྱི་ཁར་མི་སྐྲག་སྙིང་སྟོབས་ཅན། །ངལ་མེད་འགྲོ་བའི་བརྩོན་འགྲུས་མཁན། །བྱ་བཏང་ལུས་ལ་སྤྲང་བོའི་སེམས། །དེ་འདྲའི་

p. 177

སྤྱོད་ངན་མ་མཛད་པར། །བདག་གཞན་གཉིས་ཕན་བྱེད་འདོད་ན། །མཚན་ཉིད་ལྡན་པའི་བླ་མ་བསྟེན། །མདོ་སྔགས་ཆོས་ལ་ཐོས་བསམ་གྱིས། །དབེན་པའི་རི་ལ་བསྒོམ་པར་མཛོད། །ཟས་སུ་ཏིང་འཛིན་བཅུད་ལེན་དང་། །དཀའ་སྤྱད་སྡུག་ཁུར་སྙིང་རུས་གྱིས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་བྱ་བཏང་རི་ཁྲོད་པ་རྣམས་ལ་སྨྲས་པའོ། །དང་པོ་རྩིས་པ་ཁོམ་མེད་པོ། །བཅུ་གསུམ་འཁོར་ཞགས་མིན་མ་བསླབས། །ཀུན་གྱིས་ཨ་ཁུ་རྩིས་པ་ཟེར། །ཁོས་ཀྱང་རྩིས་པའི་ཁུར་དེ་བཟུང་། །ཡོན་བདག་དྲུང་དུ་སླེབས་མ་ཐག །རྩིས་གདན་རྩིས་ཐོད་ཅི་ཡོད་སྙམ། །རྩིས་གདན་རྩིས་ཐོད་བཟང་བོ་དགོས། །ཁྱེར་ཤོག་ཟེར་བའི་ཁ་མཁས་པོ། །བར་དུ་རྩིས་པ་ལག་བདེ་བོ། །རྡེའུ་དཀར་ནག་མང་བོ་ནི། །རྩིས་གདན་སྟེང་དུ་ལེགས་པར་བཀྲམ། །ཐ་མ་མི་ཐུབ་མི་འགྱུ་བའི། །རིམ་གྲོ་བཀྱལ་བའི་ཁ་གདངས་པོ། །ཨ་ཁུ་རྩིས་པས་འདི་ཟེར་ཞེས། །རིམ་གྲོའི་ཕྱིར་དུ་སྲོག་གཅོད་བྱེད། །རྩིས་པའི་ལུས་ལ་བདུད་ཀྱི་ཁ། །དམྱལ་བའི་སྡུག་བསྔལ་རིན་གྱིས་ཉོས། །དེ་འདྲའི་ལབ་ལབ་མ་མང་བར། །ཕྱི་མར་ཕན་པའི་ལྷ་ཆོས་མཛོད། །གལ་ཏེ་ནད་རྩིས་སོགས་བྱེད་ཀྱང་། །སྲོག་གཅོད་ལ་སོགས་མི་རུང་ཞེས། །འདི་ཕྱིར་ཕན་པའི་རིམ་གྲོ་ཤོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རྩིས་པ་རྣམས་ལ་སྨྲས་པའོ། །དང་པོ་སྨན་པ་མཁས་མེད་པོ། །རྩ་མདོ་ཆུ་མདོ་འཆལ་འཆོལ་བསླབས། །སྡེབ་

p. 178

སྦྱོར་གང་ཡང་མ་ཚང་བའི། །སྨན་ནི་ཐན་ནེ་ཐུན་ནེ་ཞིག །ལག་ཕྱིས་འམ་ནི་སྣེ་ལོར་བཅུག །ཁྱི་ལ་སེང་གེ་ཟེར་བ་ལྟར། །ཀུན་གྱིས་ཨ་ཁུ་སྨན་པ་ཟེར། །ཁོས་ཀྱང་སྨན་པའི་ཁུར་དེ་བཟུང་། །བར་དུ་སྨན་པ་ཤེད་ཅན་པོ། །ལག་གཉིས་ཚིགས་བར་ཤུགས་ཀྱིས་གནོན། །རླུང་དང་མཁྲིས་པ་བད་ཀན་དང་། །ཚ་གྲང་གང་ཡིན་ངོས་མ་ཟིན། །ཁོག་ཏུ་གང་དྲན་ཁ་ནས་ལབ། །ཐ་མ་སྨན་པ་སྙིང་ཁམས་ཅན། །སྨན་ལོག་བྱིན་ནས་འདི་ཐུངས་དང་། །ནངས་པར་བལྟ་རྒྱུ་ཞིག་ཡོད་ཟེར། །སྨན་པའི་ལུས་ལ་དུག་འཚོང་དངོས། །གཅེས་ཕྲུག་གསོད་པའི་ལག་དམར་བོས། །རང་གཞན་གཉིས་ཀ་འཕུང་ལ་གཏད། །བདག་གཞན་གཉིས་ཕན་མཛད་སྙམ་ན། །འགྲོ་ལ་ཕན་པའི་སེམས་བསྐྱེད་ནས། །སྨན་པ་མཁས་པ་ལོ་ཟླའི་བར། །ཚུལ་བཞིན་བསྟེན་ལ་ཐོས་བསམ་གྱིས། །སྨན་གྱི་གནད་ལ་མཁས་པར་སློབས། །མིང་དོན་མཐུན་པའི་སྨན་པ་མཛོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨན་པ་སྙིང་ཁམས་ཅན་རྣམས་ལ་སྨྲས་པའོ། །དང་པོ་ལྷ་བ་གཟུགས་མཛེས་པོ། །ལུས་ལ་སྟོད་གཡོགས་སྨད་གཡོགས་གསོལ། །མགོ་ལ་རིགས་ལྔའི་དབུ་རྒྱན་བྱོན། །བར་དུ་ལྷ་བ་ངག་སྙན་པོ། །ལྷ་འདྲེ་གཉིས་ཀ་འོ་དོད་འབོད། །ལྷ་འདྲེ་གང་ཡིན་ཁོག་ཏུ་ཞུགས། །ལྡིང་སྐོར་བྱེད་པའི་རྐང་བདེ་བོ། །ཤ་པགས་གཙབ་པའི་སྨྱོ་སྤྱོད་མཁན། །ཐ་མ་མགོ་ནག་མི་རྣམས་ཞེས། །ཁྱད་གསོད་བྱེད་པའི་ཁ་སྡིག་མཁན། །རིམ་གྲོ་འདི་ཟེར་ཆོས་མིན་གྱི། །དམར་

p. 179

བཀྱེ་ཟེར་བའི་སེམས་ནག་པོ། །ལྷ་བའི་ལུས་ལ་སྲིན་པོའི་སེམས། །དེ་འདྲེའི་ལྷ་བ་ལྷ་མ་ཚོ། །དམྱལ་བ་རིན་གྱིས་མ་ཉོ་བར། །ད་ནས་དམ་པའི་ལྷ་ཆོས་མཛོད། །གལ་ཏེ་དམ་ཆོས་མི་བྱེད་ཀྱང་། །སྲོག་གཅོད་ལ་སོགས་མི་རུང་ཞེས། །འདི་ཕྱིར་ཕན་པའི་རིམ་གྲོ་ཤོད། །དམྱལ་བར་མི་འགྲོ་ལྷ་བ་ཚོ། །ཞེས་པ་འདི་ཡང་ལྷ་བ་མི་དགེ་སྡིག་ལ་ཧབ་ཐོབ་བྱེད་པ་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དང་པོ་མོ་བ་ཁ་བདེ་བོ། །ནད་པའི་མིང་ལ་ཅི་ཟེར་ཞེས། །མིག་གཉིས་ཟིམ་ཟིམ་བརྡར་བ་བྱེད། །བར་དུ་མོ་བ་བྱིན་རླབས་ཅན། །མོ་ཐིག་སོགས་ལ་ཁ་རླངས་བཏང་། །ཐ་མ་མོ་བ་སྡིག་རྒན་པོ། །ནད་པ་ཆོམ་པ་ཙམ་ཡིན་ཡང་། །ནད་དང་གདོན་ཆེན་འདི་འདྲ་འདུག །ནད་པ་ལག་ནས་འཆོར་ཉེན་ཆེ། །རིམ་གྲོ་འདི་དང་འདི་འདྲ་དགོས། །འདི་རྣམས་མྱུར་མོ་ད་ལྟ་ཟེར། །ཁོ་ཡང་སྐྲག་ཅིང་ཧ་ལས་ནས། །ཨ་ཁུ་མོ་བས་འདི་ཟེར་ཞེས། །གྲོང་བན་གཅོད་སྔགས་ཁྱིམ་དུ་བླངས། །ར་ལུག་གཡག་གསུམ་བསྐྱེལ་ནས་བསད། །མོ་བའི་ལུས་ལ་འདྲེ་ཡི་ཁ། །དོན་མེད་ཚབས་ཆེན་སྡིག་པ་བསགས། །དེ་འདྲའི་མོ་ངན་མ་འདེབས་པར། །དམ་པའི་ཆོས་ལ་འབད་པར་མཛོད། །གལ་ཏེ་མོ་ནི་འདེབས་ན་ཡང་། །སྲོག་གཅོད་བྱེད་པའི་རིམ་གྲོ་རྣམས། །མ་བཤད་འདི་ཕྱི་གཉིས་ཀ་ལ། །ངེས་པར་ཕན་པའི་རིམ་གྲོ་ཤོད། །དེ་ལྟར་མོ་བ་མཁན་རྣམས་མཛོད། །ཅེས་པ་འདི་ཡང་ཚོགས་

p. 180

དྲུག་རང་གྲོལ་གྱིས་མོ་བ་རྣམས་ལ་སྨྲས་པའོ། །ཁྱིམ་ཚང་བཟང་བའི་ཁ་རྒྱབ་ཕྱིར། །ཨ་ཁུ་ལས་ལྷག་དྲིན་ཅན་མེད། །ཨ་ཁུའི་འཁོར་གྱི་ཁྲེལ་ཡོད་མི། །ཨ་ཁུའི་དྲིན་ལན་བསབ་འདོད་རྣམས། །ཁ་ལ་ཉན་ན་འདི་བཞིན་མཛོད། །ད་ལྟ་ཨ་ཁུ་ཡོད་དུས་སུ། །ཨ་ཁུ་ཀུན་གྱི་གོང་དུ་ཞོག །གོས་གཅིག་ཡོད་ཀྱང་ཨ་ཁུར་སྐོན། །ཟས་གཅིག་ཡོད་ཀྱང་ཨ་ཁུར་བྱིན། །སྐོམ་གཅིག་ཡོད་ཀྱང་ཨ་ཁུར་བླུད། །དཀོར་ཤིག་མང་བོ་ཡོད་གྱུར་ན། །ཨ་ཁུས་དཀོར་རྣམས་མ་ཞུས་རྟགས། །ཨ་ཁུས་དཀོར་སྦྱོང་མཛོད་ཅིག་ཅེས། །དགེ་སྦྱོར་བསྐུལ་མ་ཡང་ཡང་མཛོད། །གཤེགས་དུས་ཟས་ནོར་ཕལ་ཆེ་བ། །ཨ་ཁུ་དྲིན་ཅན་ཕྱོགས་སུ་ཐོངས། །ཨ་ཁུར་དཀོར་གྱི་རྣམ་སྨིན་ལྕི། །ཨ་ཁུར་དགེ་རྩ་ཡང་དག་དགོས། །མི་ཡིས་སྨོན་པའི་དགེ་རྩ་ཐོངས། །བསོད་ནམས་མཉམ་དུ་འཐོབ་པ་ཡིན། །དེ་ལྟར་གྱིས་ཤིག་ཚ་བོ་ཚོ། །ཞེས་པ་འདི་ཡང་ཚ་བོ་ཚ་མོ་ཁྲེལ་ཡོད་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །ལུས་སྲོག་བསྐྱེད་པའི་ཕ་མ་ལས། །ལྷག་པའི་དྲིན་ཅན་གཞན་ན་མེད། །ཁྲེལ་ཡོད་བུ་དང་བུ་མོ་རྣམས། །རྒས་པའི་དྲིན་ཅན་ཕ་མ་ཡི། །དྲིན་ལན་འཇལ་ན་འདི་བཞིན་གྱིས། །གསོན་དུས་དྲིན་ཅན་ཕ་རྒན་དང་། །ཨ་མ་དྲིན་མོ་ཆེ་ལ་སོགས། །ཁ་བྱམས་ཚིག་གིས་དགའ་སྤྲོ་སྐྱེད། །ཕ་མའི་སྒྱུ་ལུས་རྒུད་པ་ན། །ལྕི་བའི་གོན་པ་མི་ཐེག་པས། །དྲོ་འཇམ་ཡང་བའི་གོས་བཟང་སྐོན། །ཁམས་ལ་

p. 181

འཕྲོད་པའི་ཟས་ཞིམ་བྱིན། །ན་དུས་ནད་གཡོག་རྒྱུན་དུ་གྱིས། །གསོན་དུས་ཕ་མར་མ་བྱམས་པར། །ཕ་མ་འཆི་བའི་ནངས་པར་དུ། །ཞིམ་པོ་བྱིན་ཡང་ཟ་དབང་མེད། །གོས་བཟང་བསྐོན་ཡང་གོན་དབང་མེད། །དེས་ན་ནམ་འཆི་ཆ་མེད་པའི། །ཕ་མར་བསྙེན་བཀུར་རྒྱུན་དུ་གྱིས། །ཕ་མར་བསྙེན་བཀུར་བྱས་གྱུར་ན། །ཚེ་འདིར་བུ་ཡི་བསོད་ནམས་རྒྱས། །ཡིད་ལ་ཅི་བསམ་ཐམས་ཅད་འགྲུབ། །ཤི་དུས་དྲིན་ཅན་ཕ་མ་གཉིས། །མི་རྙེད་ཡུལ་དུ་འགྲོ་བ་ཡིན། །བུ་ནི་རྙེད་པའི་ཡུལ་ནས་འདུག །གང་ཡོད་ཕ་མའི་ཕྱོགས་སུ་ཐོངས། །ཕ་མར་དགེ་རྩ་མ་བྱས་ན། །འཇིག་རྟེན་མི་ཡི་ཁ་དཔེ་ལ། །ཨ་པས་ཨ་པར་ཅི་བྱས་ཡིན། །ཟེར་བཞིན་བུས་ཀྱང་དེ་བཞིན་བྱེད། །བླ་མའི་འཚོ་བ་བྱེད་ཟེར་བས། །ར་ལུག་མང་བོའི་སྲོག་བཅད་པ། །དགེ་རྩ་ཡིན་མིན་བཀའ་ལ་ལྟོས། །དཔེར་ན་ཆུ་ཡིས་ཁྱེར་བའི་མིའི། །རྐེ་ལ་རྡོ་ཞིག་བཏགས་ནས་ཀྱང་། །སླར་ཡང་ཆུ་ནང་འཕངས་དང་མཚུངས། །དེས་ན་དྲིན་ཅན་ཕ་མའི་ཕྱིར། །ཚེ་ཐར་གཏོང་བ་རྒྱལ་བས་གསུངས། །ཚེ་ཐར་ཐོངས་ཤིག་བུ་རྒོད་ཚོ། །སྔས་མགོའི་བླ་མ་དེ་ཉིད་ཀྱིས། །གཉིས་ཀ་དྲངས་ན་ངོ་མཚར་ཆེ། །གར་སོང་མི་ཤེས་བླ་མ་ཚོ། །རང་གཞན་གཉིས་འཕུང་མ་མཛད་ཅིག །ཧ་ཅང་ཤ་ལ་མ་དགའ་ཞིག །ཞལ་ཡང་འཐམས་ནས་མ་སྡོད་པར། །ཚེ་ཐར་ཐོངས་ཞེས་ཀུན་ལ་

p. 182

ཤོད། །དེང་སང་བླ་མ་ཤ་ལ་དགའ། །དེ་ལྟར་བཤད་མཁན་དཀའ་མོར་གདའ། །བུ་ཡིས་ཕ་མར་ཕན་སྙམ་ན། །སྡིག་པ་མ་བྱེད་མ་བྱེད་ཨང་། །དོ་གལ་ཆེ་བས་ཡང་ཡང་བསྐྱར། །རྒྱུན་དུ་ཕ་མའི་དྲིན་མ་བརྗེད། །ཕྱིས་ཀྱང་ཡང་ཡང་ཉ་མཆོད་དང་། །བསྔོ་བ་གྱིས་ཤིག་བུ་རྒོད་ཚོ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ཁྲེལ་ཡོད་བུ་དང་བུ་མོ་རྣམས་ལ་སྨྲས་པའོ། །དང་པོ་ཁྱིམ་ལ་འགྲོ་བའི་ཚེ། །དྲིན་ཅན་ཕ་མ་རྒན་རྒོན་ལ། །འབྲལ་མི་ཕོད་ཀྱང་གསོན་བྲལ་བྱས། །ཕ་མའི་ཟས་ནོར་ཁྱེར་ནས་སོང་། །ཁྱོ་གྲོགས་ལྷ་བུ་འཛུམ་ཁ་བོ། །ལུས་ཀྱི་ལང་ཚོ་དར་ལ་བབས། །འགྲོགས་ཀྱིན་འགྲོགས་ཀྱིན་འགྲོགས་ན་སྙམ། །ཅི་ཙམ་འགྲོགས་ཀྱང་ཆོག་ཤེས་མེད། །བར་དུ་བདུད་པོ་ངོ་ནག་པོ། །རྒྱུན་དུ་ངོ་འཛུམ་དཀར་ནག་བལྟས། །ཅི་ཙམ་ལས་ཀྱང་མགུ་དུས་མེད། །ཨ་ནེ་ཕྱེ་རྐྱལ་ལག་བཙིར་བྱེད། །ཨ་མྱེས་རྒྱབ་ལོག་མིག་ལོག་བྱེད། །ཐ་མ་གླང་རྒན་རྡུང་སྙིང་ཅན། །བསམ་གྱིན་བསམ་གྱིན་དབྱུག་པས་བརྡུང་། །ཚིག་ངན་མཚོན་གྱིས་སྙིང་རྩ་སྲོག །བྲོས་ནས་ཨ་ནེར་སྐྱབས་བཙལ་ཡང་། །གྲུ་མོས་ཕུལ་ནས་དེ་ཚད་ཟེར། །ཨ་མྱེས་བདུད་མོས་དེ་ཉོས་ཟེར། །མགོན་སྐྱབས་མེད་པའི་ཉམ་ཐག་མ། །ས་འབུ་གྲོག་ཚང་ཁར་ལྷུང་འདྲ། །མི་ཡི་ལུས་ལ་བདུད་ཀྱི་སེམས། །བདུད་པོའི་འཐབ་ཡ་བློས་ཐོངས་ལ། །འགྲོགས་ན་ཆོས་མཛད་གྲོགས་དང་འགྲོགས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །

p. 183

ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གྲོང་གི་བུད་མེད་ཡོངས་ལ་སྨྲས་པའོ། །དུས་གསུམ་ཀུན་མཁྱེན་པའི་པད་འབྱུང་། །དུས་གནས་སྐབས་བདག་གི་བླ་མ། །དུས་ད་ནས་བྱང་ཆུབ་བར་དུ། །དུས་རྟག་ཏུ་ཐུགས་རྗེས་གཟིགས་ཤིག །དུས་སྙིགས་མ་ལྔ་བདོའི་རྟགས་སུ། །དུས་ངན་པའི་སྐྱེ་བོ་རྣམས་ཀྱིས། །དུས་རྟག་པར་མི་དགེ་སྡིག་བྱེད། །དུས་གཏན་དུ་སྡོད་སྙམ་རྣམས་ཚོས། །དུས་སང་ཕོད་གྲབས་ཤོམ་བྱེད་ཀྱང་། །དུས་ད་ལྟ་འཆི་བ་མཐོང་བས། །དུས་དེ་རིང་སྐྱོ་ཤས་སྐྱེས་སོ། །དུས་བཞི་ཡི་འགྱུར་ལྡོག་བཞིན་དུ། །དུས་མི་རིང་མྱུར་དུ་འཆི་བས། །དུས་འདི་ནས་བཟུང་སྟེ་དབེན་པ། །དུས་རྟག་ཏུ་བསྟེན་ནས་ཆོས་གྱིས། །དུས་བར་མཚམས་མེད་པར་ཆོས་ལ། །དུས་ནམ་ཡང་རྩེ་གཅིག་གཞོལ་དང་། །དུས་ནམ་ཞིག་འཆི་རུང་མི་འགྱོད། །དུས་གཏན་དུ་བདེ་ཞིང་སྐྱིད་དོ། །ཞེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་གཞན་ཞིག་ཤི་བ་མཐོང་བས་རྐྱེན་བྱས་ནས་རང་ལ་སྨྲས་པའོ། །ཕ་དྲིན་ཅན་བླ་མ་རིན་པོ་ཆེ། །བུ་བདག་གི་སྤྱི་བོའི་རྒྱན་དུ་བཞུགས། །སྤྲང་བློ་ཁ་དམ་པའི་ཆོས་ལ་སྒྱུར། །ཡུལ་ཕ་ཡུལ་ཉམས་དགའ་སྐྱིད་སྐྱིད་པོ། །བསྡད་ཆེ་ན་ཆགས་སྡང་རྒྱུན་མི་འཆད། །དེ་བས་ཀྱང་ཕ་ཡུལ་སྤངས་ན་དགའ། །གྲོང་ཐག་ཉེར་གནས་པའི་དགོན་པ་རུ། །བསྡད་ཆེ་ན་གྲོང་གི་ཉེས་པ་འགོ །དེ་བས་ཀྱང་རི་ཁྲོད་བསྟེན་ན་དགའ། །མི་ངན་པ་སྣ་

p. 184

འདུས་རྗེ་དཔོན་དེ། །བྱས་ཆེ་ན་མི་འདོད་སྣ་དགུ་འོང་། །དེ་བས་ཀྱང་དམན་ས་བཟུང་ན་དགའ། །ཁོང་མི་ཆེན་རྣམས་ཀྱི་ཞབས་ཕྱི་དེ། །བྱས་ཆེ་ན་ཉེས་མེད་ཁྲིམས་ལ་སྦྱོར། །དེ་བས་ཀྱང་དཔོན་མེད་བྱས་ན་དགའ། །ཁ་ཇ་ཆང་ཚོགས་འཁོར་ཞིམ་པོ་དེ། །བསྟེན་ཆེ་ན་དགེ་སྦྱོར་བར་ཆད་ཡིན། །དེ་བས་ཀྱང་དཀའ་ཐུབ་བཅུད་ལེན་དགའ། །ནོར་རྟ་ལུག་ལ་སོགས་སྒོ་ཕྱུགས་དེ། །འཕེལ་ཆེ་ན་ཇག་རྐུན་ཐོག་ཏུ་འདྲེན། །དེ་བས་ཀྱང་ནོར་མེད་སྤྲང་བོ་དགའ། །ཚེ་འདིར་ཞེན་གྲོགས་དང་གྲྭ་སློབ་ལ། །འགྲོགས་ཆེ་ན་རང་རྒྱུད་ཇེ་གྱོང་འགྲོ། །དེ་བས་ཀྱང་རང་ཉིད་གཅིག་པུ་དགའ། །དུས་ངན་པའི་ཡོན་བདག་མཆོད་གནས་འདི། །བྱས་ཆེ་ན་དྲིན་འདྲེན་སྐུར་འདེབས་མང་། །དེ་བས་ཀྱང་ཕྱོགས་མེད་བསོད་སྙོམས་དགའ། །རྗེ་དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །ཐུགས་བརྩེ་བའི་སྤྱན་གྱིས་རྟག་ཏུ་གཟིགས། །ཚེ་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་རྗེ། །རྗེ་བཙུན་ཆོས་རྒྱལ་ངག་གི་དབང་། །དབང་ཕྱུག་བརྒྱད་ལྡན་འགྲོ་བའི་མགོན། །མགོན་ཁྱོད་སྤྱི་གཙུག་རྒྱན་དུ་བཞུགས། །གནས་གཅིག་ཡུན་རིང་བསྡད་དྲགས་ན། །རྙེད་ཚད་མི་གསོག་ཆོས་པ་དཀོན། །བསགས་ན་ཆགས་སྡང་ཟག་པ་འཕེལ། །གནས་ཀྱི་རང་བཞིན་བསམས་བྱས་ནས། །དལ་འབྱོར་སྙིང་བོ་ལེན་འདོད་ན། །རྣལ་འབྱོར་མི་ལ་རས་པ་བཞིན། །འཇོག་ན་བདག་འཛིན་རི་ཁྲོད་སྒྱུར། །འགྲིམ་ན་

p. 185

ཕྱོགས་མེད་རི་ཁྲོད་འགྲིམས། །གྲྭ་སློབ་འཁོར་གཡོག་མང་དྲགས་ན། །ཆོས་བཞིན་སྨྲས་ཀྱང་ཉན་མཁན་དཀོན། །ལབ་བརྗོད་མང་བོ་ལོང་གཏམ་འཕེལ། །།འཁོར་གྱི་རང་བཞིན་བསམས་བྱས་ནས། །དལ་འབྱོར་སྙིང་བོ་ལེན་འདོད་ན། །རྣལ་འབྱོར་མི་ལ་རས་པ་བཞིན། །གཏོར་ན་གྲྭ་སློབ་འཁོར་གཡོག་གཏོར། །འདུག་ན་གྲོགས་མེད་གཅིག་པུར་སྡོད། །ནོར་གྱི་གསོག་འཇོག་མང་དྲགས་ན། །དགྲ་རྐུན་གནོད་འཚེ་མེད་པ་དཀོན། །དགྲ་ལ་ཤོར་ན་ཞེ་སྡང་འཕེལ། །ནོར་གྱི་རང་བཞིན་བསམ་བྱས་ནས། །དལ་འབྱོར་སྙིང་བོ་ལེན་འདོད་ན། །རྣལ་འབྱོར་མི་ལ་རས་པ་བཞིན། །བསྐྱུར་ན་ནོར་རྫས་རྒྱབ་ཏུ་སྐྱུར། །གསོག་ན་འཕགས་པའི་ནོར་བདུན་གསོགས། །བཟའ་བཏུང་ལོངས་སྤྱོད་མང་དྲགས་ན། །ཐོས་བསམ་སྒོམ་གསུམ་འོང་བ་དཀོན། །སྤྱོད་ཀྱིན་སྲེད་པ་ལྷག་པར་འཕེལ། །ཟས་ཀྱི་རང་བཞིན་བསམས་བྱས་ནས། །དལ་འབྱོར་སྙིང་བོ་ལེན་འདོད་ན། །རྣལ་འབྱོར་མི་ལ་རས་པ་བཞིན། །སྤོང་ན་ཞིམ་མངར་སྲེད་པ་སྤོངས། །བསྟེན་ན་ངན་ངོན་བཟའ་བཏུང་སྟེན། །མདོར་ན་ཚེ་འདིར་ཞེན་དྲགས་ན། །འདི་ཕྱིའི་བདེ་སྐྱིད་འོང་བ་དཀོན། །སྡུག་བསྔལ་ཡར་ངོའི་ཟླ་བཞིན་འཕེལ། །འཁོར་བའི་རང་བཞིན་བསམས་བྱས་ནས། །དལ་འབྱོར་སྙིང་བོ་ལེན་འདོད་ན། །རྣལ་འབྱོར་མི་ལ་རས་པ་བཞིན། །གཏོང་ན་ཚེ་འདི་བློ་ཡིས་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །

p. 186

བདག་གི་འདིས་མཚོན་དགེ་བ་ཡིས། །བདག་དང་ཁམས་གསུམ་འགྲོ་ཀུན་གྱིས། །བདག་པས་གཞན་གཅེས་བྱང་སེམས་དང་། །བདག་མེད་གནས་ལུགས་རྟོགས་པར་ཤོག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ཡོངས་ལ་སྨྲས་པའོ། །ཀུན་གྱིས་གཙུག་གི་བཀུར་ན་ཡང་། །ཁེངས་པ་དོར་ནས་ཞི་དུལ་གྱི། །མཛད་པས་འགྲོ་ཀུན་ཡིད་འཕྲོག་པ། །འདྲེན་མཆོག་ཆོས་རྒྱལ་ཞབས་ལ་འདུད། །འཁོར་བ་རྒྱལ་པོའི་བཙོན་ར་འདྲ། །འཁྲུལ་སྣང་སྡུག་བསྔལ་དཔག་ཏུ་མེད། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །ཚེ་འདི་མདང་གི་རྨི་ལམ་འདྲ། །ཟང་ཟིང་འཁྲུལ་བས་རང་ཉིད་བསླུ། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །རྣམ་གཡེང་ཚོང་འདུས་ལྟད་མོ་འདྲ། །འདུ་འཛིའི་ངང་ལ་མི་ཚེ་འཆོར། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །འཆི་བདག་དགོང་ཁའི་གྲིབ་མ་འདྲ། །སྐད་ཅིག་མི་སྡོད་ཚུར་ཚུར་འོང་། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །ད་ལྟ་འཚོགས་ཀྱང་མྱུར་དུ་འབྲལ། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །མཛའ་བཤེས་ཤིང་ཁའི་བྱེའུ་འདྲ། །མཐུན་པར་འགྲོགས་ཀྱང་སོ་སོར་འབྲལ། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །སྙན་གྲགས་ནམ་མཁའི་འབྲུག་དང་འདྲ། །དར་ཅིག་གྲགས་པས་རང་ཉིད་བསླུ། །

p. 187

འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །ནོར་རྫས་སྦྲང་མའི་སྦྲང་རྩི་འདྲ། །མང་བོ་བསགས་ཀྱང་གཞན་གྱིས་སྤྱོད། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །ཆོས་བརྒྱད་ནད་པའི་སྔས་སྟན་འདྲ། །ཇི་ལྟར་བྱས་ཀྱང་བདེ་བ་མེད། །འགྲོ་ན་འགྲོ་ན་དབེན་པར་སོང་། །བྱེད་ན་བྱེད་ན་ལྷ་ཆོས་གྱིས། །གང་ཡང་འགྲོ་བས་མ་འབད་པར། །བདག་གི་དགེ་བས་ཡོངས་གྲོལ་ནས། །འཁོར་བའི་རྒྱ་མཚོ་སྟོངས་ནས་ཀྱང་། །ཞི་བའི་གྲོང་ཁྱེར་འགེངས་པར་ཤོག །ཅེས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ལ་ཕན་ཕྱིར་བླངས་པའོ། །ཆོས་རྒྱལ་ངག་གི་དབང་བོ། །སྔགས་འཆང་བདུད་འདུལ་རྡོ་རྗེ། །རིག་འཛིན་འཇམ་དབྱངས་རྒྱ་མཚོ། །སྙིང་ནས་སྐྱབས་སུ་འཛིན་ནོ། །ཚེ་འདི་རླུང་ལ་བསྐུར་ནས། །མི་མེད་རི་ལ་འགྲོ་བའི། །རྒྱུ་མཚན་མི་ཤེས་དེ་བདེན། །ངས་བཤད་ཁྱེད་རྣམས་ཉོན་ཅིག །ནོར་བུ་རིན་པོ་ཆེ་ལ། །དགོས་འདོད་མང་བོ་འབྱུང་བ། །དགའ་བོ་འཇོག་པོ་མ་གཏོགས། །ནོར་བུ་མེད་པས་མི་ཤེས། །མཁས་གྲུབ་བླ་མ་བསྟེན་ནས། །འདི་ཕྱིའི་བདེ་སྐྱིད་འབྱུང་ཡང་། །བསྟེན་པའི་སློབ་མ་མ་གཏོགས། །མ་བསྟེན་མི་ཡིས་མི་ཤེས། །དཔྱིད་དུས་ས་བོན་བཏབ་ན། །སྟོན་དུས་མང་བོ་འཕེལ་བ། །བཏབ་པའི་མི་

p. 188

རྣམས་མ་གཏོགས། །མ་བཏབ་མི་ཡིས་མི་ཤེས། །ཚེ་འདིར་སྦྱིན་པ་བཏང་ན། །ཕྱི་མར་མང་བོར་འཕེལ་བ། །དད་ཅན་ཕྱུག་པོ་མ་གཏོགས། །སེར་སྣ་ཅན་གྱིས་མི་ཤེས། །ལུག་གི་བལ་རྩག་ནང་ན། །དྲོ་འཇམ་བདེ་བ་ཡོད་ཀྱང་། །གྱོན་པའི་མི་རྣམས་མ་གཏོགས། །མ་གྱོན་མི་ཡིས་མི་ཤེས། །དབེན་པའི་དགའ་ཚལ་ཉམས་དགར། །བདེ་སྐྱིད་སྙན་གསུམ་ཡོད་ཀྱང་། །བསྟེན་པའི་ཆོས་མཛད་མ་གཏོགས། །མ་བསྟེན་ཆོས་པས་མི་ཤེས། །ལོ་ཏོག་ས་ལ་བཏབ་ན། །སོག་མ་ཞོར་ལ་འབྱུང་ཡང་། །རོང་གི་མི་རྣམས་མ་གཏོགས། །འབྲོག་པའི་མི་ཡིས་མི་ཤེས། །སྙིང་ནས་ཆོས་བཞིན་བྱས་ན། །ལྟོ་རྒྱབ་ཞོར་ལ་འབྱུང་ཡང་། །ཆོས་མཛད་དམ་པ་མ་གཏོགས། །ལྟོ་ཕྱིར་རྒྱུག་པས་མི་ཤེས། །ང་ནི་དབེན་པར་འགྲོ་ལ། །སྐྱེལ་མ་ལམ་མཁན་འདི་ཡོད། །བླ་མ་དཀོན་མཆོག་ཡི་དམ། །མཁའ་འགྲོ་ཆོས་སྐྱོང་ཡིན་ནོ། །ཐར་བའི་ལམ་སྣ་འདྲེན་ཕྱིར། །འཇིག་རྟེན་འདི་ཡི་ལམ་སྣ། །འདྲེན་པར་ཐེ་ཚོམ་མེད་པས། །ཁྱེད་རྣམས་སེམས་ཁྲེལ་མི་དགོས། །ཨེ་མ་བླ་མ་དཀོན་མཆོག །ཨེ་མ་ཡི་དམ་མཁའ་འགྲོ། །ཨེ་མ་ཆོས་སྐྱོང་སྲུང་མ། །ཨེ་མ་ལམ་མཁན་བཟང་ངོ་། །ཞེས་པ་འདི་ཡང་མཚོ་སྙིང་དུ་དགུན་འགྲོ་དུས་སློབ་མ་འགའ་དང་། མི་ངོ་ཤེས་རྣམས་ཀྱིས་ཁྱེད་མཚོ་སྙིང་དུ་འགྲོ་བ་ལ་ངེད་རྣམས་ཤིན་ཏུ་མི་འཐད་པར་འདུགཁྱེད་སྐྱིད་ཉོ་གིན་འགྲོ་ཨང་སྡུག་ཉོ་གིན་འགྲོ་ཨང་ངེད་རྣམས་ཀྱིས་མི་ཤེས་པར་འདུག་

p. 189

ལམ་སྟོན་མེད་ན་ལམ་ཡང་ཤེས་དཀའ། མཐུན་རྐྱེན་ཡང་འཛོམ་དཀའ། དེ་བས་འདིར་སྡོད་ཟེར་བའི་ཚེ། རང་གི་ཡིད་ལ་ཤར་བ་རྩེད་མོའི་ཚུལ་དུ་བྲིས་པའོ། །འོད་གསལ་ཉི་མས་གླིང་བཞི། །བསྐོར་བའི་རྟེན་འབྲེལ་འགྲིགས་བྱུང་། །པད་ཚལ་བདེ་བར་སྡོད་དང་། །གླིང་གཞན་བསྐོར་ནས་འོང་ཡ། །གཡུ་འབྲུག་སྔོན་མོ་མཁའ་ལ། །འཕྱོ་བའི་རྟེན་འབྲེལ་འགྲིགས་བྱུང་། །རྫ་རི་བདེ་བར་སྡོད་དང་། །དགུང་སྔོན་འགྲིམས་ནས་འོང་ཡ། །བྱ་རྒྱལ་རྒོད་པོ་མཁའ་ལ། །འཕྱོ་བའི་རྟེན་འབྲེལ་འགྲིགས་བྱུང་། །བྲག་སྟོད་བདེ་བར་སྡོད་དང་། །དགུང་སྔོན་འགྲིམས་ནས་འོང་ཡ། །ཚོགས་དྲུག་རང་གྲོལ་རི་ཁྲོད།།འགྲིམས་པའི་བརྟེན་འབྲེལ་འགྲིགས་བྱུང་། །གྲྭ་སློབ་བདེ་བར་སྡོད་དང་། །རི་ཁྲོད་འགྲིམས་ནས་འོང་ཡ། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རི་ཁྲོད་འགྲིམ་དུས་ཤིག་ཏུ་གྲྭ་སློབ་འགའ་ལ་སྨྲས་པའོ། །སངས་རྒྱས་བྱང་སེམས་གྲུབ་པ་དྲང་སྲོང་སོགས། །བདེན་ཚིག་འགྲུབ་པ་ཐམས་ཅད་དགོངས་སུ་གསོལ། །བདག་གིས་སྨོན་ལམ་ཇི་ལྟར་བཏབ་པ་རྣམས། །དེ་ལྟར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་པའི་བདག་པོ་སངས་རྒྱས་སྙིགས་དུས་སུ། །བསྟན་འཛིན་བཤེས་གཉེན་ཚུལ་འཛིན་བླ་མ་རྗེའི། །བསྟན་བཞིན་ཉམས་ལེན་བྱེད་པའི་རི་པ་ངས། །བསྟན་དང་འགྲོ་བ་ཡོངས་ལ་ཕན་པར་ཤོག །བདག་འདྲའི་

p. 190

བྲིས་སྐུ་མཐོང་བའི་འགྲོ་རྣམས་ཀྱི། །ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཀུན། །ཉེ་བར་ཞི་ནས་ལུས་ལ་བདེ་བ་དང་། །སེམས་ལ་དགའ་སྤྲོ་དཔག་མེད་འཆར་བར་ཤོག །རང་གི་རྒྱུད་ལ་ཕན་པའི་གླུ་དབྱངས་དང་། །གཞན་གྱི་རྒྱུད་ལ་ཕན་པའི་གླུ་བླངས་ཚད། །དངོས་སམ་བརྒྱུད་ནས་རང་དང་འགྲོ་བ་གཞན། །ཀུན་གྱི་རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ས་ཕྱོགས་གང་དུ་མགུར་འབུམ་གླེགས་བམ་གནས། །ས་དེར་བཀྲ་མི་ཤིས་པའི་མིང་མི་གྲགས། །ས་ཡི་རྩི་བཅུད་ལོ་ཏོག་འཕེལ་ཞིང་རྒྱས། །ས་སྟེང་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག །མདོར་ན་བདག་དང་བདག་གིས་གླུ་བླངས་པ། །མཐོང་ཐོས་འདྲི་འདོན་ཀློག་འཆང་བྱེད་པ་རྣམས། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་མྱུར་བ་མྱུར་དུ་ཐོབ་པར་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས། །འདུན་པ་དྲག་པོས་སྨོན་ལམ་ཅི་བཏབ་པ། །དེ་དག་ཐམས་ཅད་གེགས་མེད་འགྲུབ་པར་ཤོག །ཅེས་པ་འདི་ནི་འདུན་པ་དྲག་པོས་སྨོན་ལམ་བཏབ་པའོ། །ཨེ་མ་ཧོ། གཡོ་རྩོལ་མེད་པའི་རང་ལུས་ཁང་བཟང་དུ། །བྱིང་རྒོད་མེད་པའི་རིག་པ་རང་གསལ་བའི། །འཕོ་འགྱུར་མེད་པའི་ཆོས་སྐུའི་བཙན་ས་ཟིན། །འདུ་འབྲལ་མེད་པའི་བླ་མའི་བཀྲ་ཤིས་ཤོག །རང་རིག་འཁྲུལ་མེད་གཞི་ཡི་སངས་རྒྱས་དང་། །སྨྲ་བསམ་བརྗོད་མེད་ལམ་གྱི་དམ་པའི་

p. 191

ཆོས། །མི་འགྱུར་འབྲལ་མེད་འབྲས་བུའི་དགེ་འདུན་ཏེ། །དོན་དམ་བསླུ་མེད་མཆོག་གསུམ་བཀྲ་ཤིས་ཤོག །ཡེ་ནས་བཀྲ་ཤིས་ཀུན་ཏུ་བཟང་མོའི་མཁར། །མཁའ་མཉམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཀྲ། །བཀྲ་ཤིས་སྐུ་ཐིག་ཚོམ་བུའི་ཆར་ཆེན་རྣམས། །རྣམ་དག་སེམས་སུ་འབེབས་པའི་བཀྲ་ཤིས་ཤོག །རང་ལུས་ཙིཏྟ་འོད་ལྔའི་གཞལ་ཡས་ཀྱི། །རང་བྱུང་གདོད་མའི་མགོན་པོ་ཀུན་བཟང་ལ། །རང་བབ་གཉུག་མའི་རྒྱུན་གྱིས་གསོལ་བཏབ་ཚེ། །རང་ཞལ་མངོན་སུམ་མཇལ་བའི་བཀྲ་ཤིས་ཤོག །བསླུ་མེད་སློབ་དཔོན་པད་འབྱུང་ཐུགས་ཀྱི་བཅུད། །འཁྲུལ་མེད་ལམ་བཟང་ཨ་ཏིའི་དོན་རྟོགས་ནས། །བསྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ལ། །འབྲལ་མེད་རྒྱུན་དུ་གནས་པའི་བཀྲ་ཤིས་ཤོག །ཀ་དག་ཟང་ཐལ་རྟོག་པའི་མཚོན་ཆ་ཡིས། །མ་དག་དུག་ལྔའི་རྣམ་རྟོག་གང་ཤར་ཡང་། །ཡང་དག་ལྟ་བའི་ངང་དུ་བསྒྲལ་ནས་ཀྱང་། །ཡེ་དག་ཡེ་ཤེས་འཆར་བའི་བཀྲ་ཤེས་ཤོག །སྤང་ཐོབ་མེད་པའི་གདོད་མའི་རྒྱལ་ས་རུ། །འགྱུར་མེད་རིག་པས་རྒྱལ་ས་རབ་བཟུང་ནས། །ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་ཉམས་ལེན་ལ། །ཉིན་མཚན་ཁོར་ཡུག་འདྲེས་པའི་བཀྲ་ཤིས་ཤོག །སྒོ་གསུམ་འཁྲུལ་འཁོར་རླུང་རིག་གནད་བཅིངས་པས། །སྒྲོན་མ་བཞི་ཡིས་ཉམས་བླངས་དབྱིངས་ནང་དུ། །རིག་པ་ཚུད་དེ་ཐིག་ལེ་གསུམ་སྦྲེལ་

p. 192

ཤར། །ཆོས་ཉིད་མངོན་སུམ་མཐོང་བའི་བཀྲ་ཤིས་ཤོག །དབྱིངས་རིག་སྨིན་མཚམས་བྲལ་ནས་དབང་བོའི་སྒོར། །མངོན་སུམ་གསལ་ཞིང་ཐིག་ལེའི་ནང་དུ་ནི། །རྡོར་སེམས་སྐུ་རྐྱང་འགུལ་འཁྲིག་མེད་པར་གསལ། །ཉམས་སྣང་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །དབྱིངས་ཀྱིས་སྣང་བ་ཐམས་ཅད་རྒྱས་ཐེབས་པས། །ཐིག་ལེའི་ནང་དུ་རྣམ་སྣང་དབྱིངས་ཕྱུག་སོགས། །རིག་ལྔའི་ཚོམ་བུ་གྲངས་མེད་ཡོངས་ཤར་བའི། །རིག་པ་ཚད་ལ་ཕེབས་པའི་བཀྲ་ཤིས་ཤོག །ཉམས་སྣང་འཕེལ་ཟད་འོད་ཀྱི་ནང་དུ་ནི། །སོར་མོར་ཙམ་སྣང་འཁོར་འདས་འདུ་ཤེས་བྲལ། །འབྱུང་བཞི་ཟང་ཐལ་བགྲོད་ཅིང་མངོན་ཤེས་རྒྱས། །ཆོས་ཉིད་ཟད་སར་འཁྱོལ་བའི་བཀྲ་ཤིས་ཤོག །སྐྱེ་འཇུག་སོགས་ལ་དབང་ཐོབ་རིག་པ་ནི། །བེམ་པོར་བཅུག་པས་སྐད་འབྱིན་འགུལ་བ་དང་། །མཚམས་མེད་ལྔ་སྤྱད་འཚང་རྒྱ་ནུས་པར་བྱེད། །ཡ་མཚན་གྲུབ་རྟགས་སྟོན་པའི་བཀྲ་ཤིས་ཤོག །རྫོགས་ཆེན་མ་རིག་མུན་སེལ་སྒྲོན་མེ་འདི། །འདི་ལྟར་ཚུལ་བཞིན་ཉམས་སུ་བླངས་པའི་ཚེ། །ཚེ་དང་ཆོས་འབྱོར་རྒྱས་ཤིང་འདོད་པའི་དོན། །དོན་རྣམས་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དམ་ཉམས་འདྲེས་ཁྱེར་བསྲེས་བསླད་མ་ཞུགས་པའི། །དམ་ཆོས་མཁའ་འགྲོའི་ཞལ་རླངས་མ་ཡལ་བ། །དམ་ལྡན་རིག་འཛིན་རྣམས་ཀྱིས་ཉམས་བཞེས་ཚེ། །དམ་བཅའ་སྙིང་རུས་བསྐྱེད་པའི་བཀྲ་ཤིས་ཤོག །མ་རིག་ཉོན་མོངས་ཆོས་བརྒྱད་

p. 193

རྒྱང་བསྲིངས་ནས། །མ་རྣམས་དོན་དུ་དམ་ཆོས་བསྒྲུབ་པའི་ཚེ། །མ་དང་མཁའ་འགྲོས་བར་ཆད་ཉེར་འཚེ་ཀུན། །མ་བསྐུལ་ན་ཡང་སྒྲོལ་བའི་བཀྲ་ཤིས་ཤོག །མི་ཚེ་འདི་བཟུང་ཚེ་རབས་ཐམས་ཅད་དུ། །མི་མཐུན་བར་ཆད་མིང་ཙམ་མེད་པ་ཡི། །མི་དམིགས་སྤྲོས་བྲལ་ཀུན་བཟང་དགོངས་བཅུད་ཀྱི། །མི་ཤིགས་སྲུང་བའི་འཁོར་ལོའི་བཀྲ་ཤིས་ཤོག །ཡེ་དག་གནས་ལུགས་ཀ་དག་ཁྲེགས་ཆོད་དབྱིངས། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོངས་ཤར་ནས། །སླར་ཡང་རང་རིག་ཀུན་བཟང་གཞི་ཐོག་ཏུ། །གཞོན་ནུ་བུམ་སྐུ་བརྙེས་པའི་བཀྲ་ཤིས་ཤོག །ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུ་དང་། །གྲངས་མེད་སྤྲུལ་སྐུས་འཁོར་བ་དོང་སྤྲུགས་ནས། །འགྲོ་ཀུན་ཐམས་ཅད་གདོད་མའི་སར་བཀོད་དེ། །འཁོར་བའི་མིང་ཙམ་མེད་པའི་བཀྲ་ཤིས་ཤོག །མ་ནོར་ལམ་བཟང་གསང་ཆེན་རྡོ་རྗེ་ཐེག །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་ཁྲིད། །འཁྲིད་པའི་མཚན་ལྡན་རྩ་བའི་བླ་མའི་སྐུ། །སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག །རྒྱལ་དབང་པད་འབྱུང་བི་མ་ལ་སོགས་བཀའ། །བཀའ་གཏེར་ལས་འོངས་སྔ་འགྱུར་གསང་ཆེན་བསྟན། །བསྟན་པའི་སྒོར་ཞུགས་རྡོ་རྗེ་མཆེད་ལྕམ་ཀུན། །ཀུན་ཀྱང་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག །གཏེར་སྟོན་བདེ་ཆེན་རྒྱལ་པོས་སྤྱན་དྲངས་པའི། །གཏེར་ཆོས་ཀུན་བཟང་ཐུགས་ཀྱི་ཡང་སྙིང་འདི། །གཏེར་ཁ་

p. 194

བརྡོལ་ལྟར་གང་ཞིག་སྲིད་མཐའི་བར། །གཏེར་གསར་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་སྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་བའི། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །དམ་པས་བྱིན་བརླབས་དབེན་པའི་རི་སུལ་དུ། །དམ་གཙང་དཔོན་སློབ་མཆེད་གྲོགས་ལྷན་ཅིག་འཛོམས། །ཟབ་གསང་རྫོགས་པ་ཆེན་པོའི་བཤད་སྒྲུབ་ཀྱི། །བསྟན་པའི་རྒྱལ་མཚན་མི་ནུབ་ཚུགས་པར་ཤོག །དམ་པས་བྱིན་བརླབས་དབེན་གནས་གང་བཟང་དུ། །དམ་གཙང་དཔོན་སློབ་འཁོར་དང་བཅས་རྣམས་ཀྱིས། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །དམ་ཆོས་ཉམས་སུ་ལེན་པའི་བཀྲ་ཤིས་ཤོག །གངས་རྫ་གཡའ་དང་ནགས་ཚལ་དུར་ཁྲོད་སོགས། །ཡིད་མཐུན་བག་ཕེབས་རི་ཡི་རྒྱུད་བཟང་ཞིང་། །བྱིན་ལྡན་མ་མོ་མཁའ་འགྲོ་འདུ་བའི་གནས། །དུས་ཀུན་རྟག་ཏུ་བསྟེན་པའི་བཀྲ་ཤིས་ཤོག །འདྲེན་མཆོག་ཤཱཀྱའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་རྒྱས་པའི་བཀྲ་ཤིས་ཤོག །བདག་གཞན་གང་གིས་དམ་ཆོས་བསྒྲུབ་པ་ལ། །ལྷ་ཀླུ་གཞི་བདག་སྡེ་བརྒྱད་འབྱུང་བོའི་ཚོགས། །གནོད་པ་སྐད་ཅིག་ཙམ་ཡང་མི་སྐྱེལ་ཞིང་། །ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་རིན་ཆེན་ཕྲེང་
བ་ཞེས་བྱ་བ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱར་གང་ལ་གང་འཚམ་གྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་བཀོད་པའི་ནང་ཚན་ལས། ཆོས་རྒྱལ་མཆོག་གི་ཞབས་པད་བསྟེན་དུས་རྩེ་གཞུང་སོགས་ངེས་མེད་དབེན་པར་བཞེངས་པའི་སྐོར་རོ། །

མཚོ་སྙིང་མ་ཧཱ་དེ་བ་ནས་དམ་པ་ཉིད་ཀྱིས་ཉིད་ལ་གསལ་འདེབས་དགེ་བསྐུལ་གྱི་ཚུལ་དུ་བཞེངས་པའི་སྐོར།

p. 195

མཚོ་སྙིང་མ་ཧཱ་དེ་བ་ནས་དམ་པ་ཉིད་ཀྱིས་ཉིད་ལ་གསལ་འདེབས་དགེ་བསྐུལ་གྱི་ཚུལ་དུ་བཞེངས་པའི་སྐོར། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་བྱང་སེམས་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདག་ནི་མཐོང་ཐོས་དྲན་རེག་འགྲོ་རྣམས་ཀྱི། །མི་འདོད་རྐྱེན་ངན་བར་ཆད་ཀུན་ཞི་ནས། །ཚེ་དང་བསོད་ནམས་རླུང་རྟ་སྙན་གྲགས་རྒྱས། །རྟག་ཏུ་བདེ་ཞིང་སྐྱིད་པར་བྱིན་གྱིས་རློབས། །བདག་ནི་གར་སོང་ཡུལ་ཕྱོགས་ཐམས་ཅད་དང་། །གང་དུ་བསྡད་པའི་གནས་ཁང་མལ་ས་དང་། །ཟས་གོས་དཔེ་ཆ་ཡོ་བྱད་གར་སོང་སར། །ཆོས་དང་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །བདག་གིས་ལྷག་བསམ་དག་པས་གླུ་དབྱངས་གང་། །བླངས་ཚད་འཇིག་རྟེན་ཁམས་སུ་ཡུན་རིང་གནས། །གཡོ་ཅན་མི་རྒོད་སྡིག་ཅན་སུས་ཐོས་ཀྱང་། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །བདག་ཀྱང་རིང་མིན་མྱུར་དུ་སངས་རྒྱས་ནས། །འཁོར་བའི་སྡུག་བསྔལ་མྱོང་བའི་འགྲོ་བ་ཀུན། །བདེ་ཆེན་དག་པའི་ཞིང་དུ་ལེགས་

p. 196

དྲངས་ནས། །རིགས་དྲུག་གནས་ཀུན་སྟོངས་པར་བྱིན་གྱིས་རློབས། །མདོར་ན་ཚོགས་དྲུག་རང་གྲོལ་བདག་ཉིད་ལ། །བརྟེན་ནས་མ་གྱུར་སེམས་ཅན་མ་ལུས་པས། །གནས་སྐབས་ལྷ་མིའི་བདེ་སྐྱིད་མྱོང་བ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ང་འགྲོ་ང་འགྲོ་དབེན་པའི་སྤང་ལ་འགྲོ། །སྤང་གཤོངས་མེ་ཏོག་བཀྲ་བའི་ལྗོངས་སུ་འགྲོ། །སྔོ་རླན་སྟེང་དུ་བདེ་བར་ཉལ་དུ་འགྲོ། །བུང་བས་སྒྲ་དབྱངས་སྒྲོག་ལ་ཉན་དུ་འགྲོ། །ང་འགྲོ་ང་འགྲོ་དབེན་པའི་གནས་ལ་འགྲོ། །ལྗོན་ཤིང་འདབ་རྒྱས་བསིལ་གྲིབ་བསྟེན་དུ་འགྲོ། །ཞིམ་པའི་སིལ་ཏོག་མང་བོ་ཟ་རུ་འགྲོ། །ཁུ་བྱུག་སྐད་སྙན་སྒྲོག་ལ་ཉན་དུ་འགྲོ། །ང་འགྲོ་ང་འགྲོ་དབེན་པའི་རྫོགས་ལ་འགྲོ། །རྫ་རི་ཁྲ་མོའི་སྒྲུབ་ཕུག་བསྟེན་དུ་འགྲོ། །དྭངས་བསིལ་རྙོག་མེད་རྫ་ཆུ་འཐུང་དུ་འགྲོ། །རི་དྭགས་རྩེ་བྲོ་བརྡུང་ལ་བལྟ་རུ་འགྲོ། །ང་འགྲོ་ང་འགྲོ་དབེན་པའི་བྲག་ལ་འགྲོ། །བྲག་དམར་བྱ་རྒོད་ལྡིང་བའི་རྩ་རུ་འགྲོ། །མ་བྱས་རང་གྲུབ་བྲག་ཕུག་བསྟེན་དུ་འགྲོ། །ཟྭ་དང་སྒོག་སོགས་ཚོད་མ་ཟ་རུ་འགྲོ། །ང་འགྲོ་ང་འགྲོ་དབེན་གནས་གང་དགར་འགྲོ། །དམ་པ་གོང་མའི་རྣམ་ཐར་སྐྱོང་དུ་འགྲོ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་དུ་འགྲོ། །སྒྱུ་མའི་ལུས་པོ་རི་ལ་འཇོག་ཏུ་འགྲོ། །ང་འགྲོ་ང་འགྲོ་ད་ནི་མྱུར་དུ་འགྲོ། །ཕ་ཡུལ་བཙོན་ར་རྒྱབ་ཏུ་བཞག་ནས་འགྲོ། །བཙོན་སྲུང་གཉེན་ལ་ལྟག་པ་བསྟན་ནས་འགྲོ། །ཆགས་

p. 197

སྡང་སྨྲེ་སྔགས་འདོན་འཕྲོ་བཞག་ལ་འགྲོ། །ང་འགྲོ་ང་འགྲོ་འགྲོ་ན་འདི་ལྟར་འགྲོ། །སྦ་དབྱུག་བཟང་བོའི་རྟ་ཕོ་ཞོན་བཞིན་འགྲོ། །ངག་ནས་སྙན་པའི་གླུ་དབྱངས་ལེན་བཞིན་འགྲོ། །སེམས་ལ་བླ་མའི་གདམས་ངག་དྲན་བཞིན་འགྲོ། །དབུ་མ་ཉམས་སུ་ལེན་རྣམས་ང་བཞིན་གྱིས། །རྫོགས་ཆེན་ཉམས་སུ་ལེན་རྣམས་ང་བཞིན་གྱིས། །ཕྱག་ཆེན་ཉམས་སུ་ལེན་རྣམས་ང་བཞིན་གྱིས། །མདོར་ན་ལྷ་ཆོས་བྱེད་རྣམས་ང་བཞིན་གྱིས། །ཞེས་པ་འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཕྱོགས་མེད་རི་ཁྲོད་འགྲིམ་པའི་དུས་ཤིག་ཏུ་བླངས་པའོ། །སྤྱི་གཙུག་འཁོར་ལོའི་རྒྱུན་དུ། །མཚན་ལྡན་བླ་མ་རིན་ཆེན། །འབྲལ་བ་མེད་པར་བཞུགས་ནས། །བྱིན་རླབས་དངོས་གྲུབ་སྩོལ་ཅིག །བྲག་སྟོད་ཤུལ་དུ་བཞག་ནས། །བྱ་རྒྱལ་རྒོད་པོ་བྲག་ལས། །ཇེ་མཐོ་ཇེ་མཐོར་འཕུར་ནས། །གང་འདོད་གནས་སུ་འགྲོ་བཞིན། །ཕ་ཡུལ་ཤུལ་དུ་བཞག་ནས། །ཚོགས་དྲུག་རང་གྲོལ་ཡུལ་ལས། །ཇེ་རིང་ཇེ་རིང་སོང་ནས། །གང་འདོད་དབེན་པར་ཆས་འགྲོ། །རི་ཀླུང་གཉིས་ཀར་འཕུར་བའི། །སྐད་སྙན་འབྱིན་པའི་ཁུ་བྱུག །སྙེ་མ་མཆུ་རུ་བཟུང་ནས། །ཐག་རིང་ཡུལ་དུ་འགྲོ་བཞིན། །མི་མེད་རི་ཁྲོད་འགྲིམ་པའི། །བྱ་བཏང་ཚོགས་དྲུག་རང་གྲོལ། །གསལ་འདེབས་བེའུ་བུམ་བཟུང་ནས། །ཐག་རིང་ཡུལ་དུ་ཆས་འགྲོ། །དེང་སང་སྐྱ་སེར་རྣམས་ཚོ། །ཕ་ཡུལ་བདུད་ཀྱི་བཙོན་རར། །

p. 198

ཧ་ཅང་ཆགས་ཞེན་མ་ཆེ། །འཆི་བདག་བདུད་པོ་བྱུང་ཚེ། །དབང་མེད་བཞག་ནས་འགྲོ་དགོས། །དེ་བས་ད་ལྟ་ཆོས་ཕྱིར། །སྐྱེས་པའི་ཕ་ཡུལ་བཞག་ནས། །རི་ཁྲོད་འགྲིམས་ན་ལེགས་མོད། །རྟག་ཏུ་ཡུལ་ནས་སྡོད་ན། །ཁྱེད་རྣམས་མ་འཕྱུགས་བཟང་སྟེ། །སྔོན་ཆད་སྐྱ་སེར་མང་བོ། །ཕ་རོལ་སོང་བ་ངས་མཐོང་། །ས་བལྟ་ཡུལ་བལྟའི་ཕྱིར་ཡང་། །རྒྱལ་ཁམས་ཕྱོགས་མེད་འགྲིམས་ཤིག །སྐྱེས་པ་མི་ཡིས་མི་ཚོར། །རྒས་པ་རང་གིས་མི་ཤེས། །ཕ་ཡུལ་བདུད་ཀྱི་བཙོན་རར། །མི་ཚེ་སྡུག་ཟད་མ་བྱེད། །བྱས་ན་མི་མཐོང་འཇིག་རྟེན། །ཕ་རོལ་སྙེག་དུས་འགྱོད་དོ། །འགྱོད་ཀྱང་ཅུང་ཟད་ཙམ་ཡང་། །བྱ་ཐབས་མེད་པ་ཨེ་ཤེས། །བཤད་ཀྱང་མི་ཉན་མི་རྣམས། །སྙིང་མེད་ན་ཡང་སྨྱོན་པ། །དེང་སང་གངས་རིའི་ཁྲོད་ན། །ང་འདྲའི་སྐྱིད་པ་མི་འདུག །སྐྱིད་པའི་རྒྱང་གླུ་འཐེན་བཞིན། །རྒྱལ་ཁམས་གཞན་དུ་ཆས་འགྲོ། །བྱ་བཏང་ཁ་ཡི་ཁང་བཟང་། །ཚེམས་དཀར་དུང་གི་སྒོ་ནས། །གླུ་དབྱངས་ན་ཆུང་མཛེས་མ། །མ་ཐུབ་ཤོར་ནས་བུད་ཐལ། །བོད་ཀྱི་སྐྱ་སེར་ཀུན་གྱིས། །ན་ཆུང་མ་འདིར་ལྟོས་ལ། །ཡག་ཡག་འདྲ་ན་ལྷན་ཅིག །འགྲོགས་ནས་རི་ལ་ཤོག་ཡ། །དེ་འདྲའི་རྒྱང་གླུ་འཐེན་མཁན། །ཕྱོགས་མེད་རྒྱལ་ཁམས་འགྲིམ་པའི། །རེབ་གོང་སྨད་ཀྱི་གླུ་བ། །ཚོགས་དྲུག་རང་གྲོལ་ཡིན་ཡ། །ཀླུ་བྱངས་སྙན་མོ་འདི་ཉིད། །ཐོས་ཚད་ལས་འཕྲོ་ཅན་རྣམས། །དབེན་པའི་གནས་སུ་ང་བཞིན། །ལྷ་ཆོས་བྱེད་པར་གྱུར་ཅིག །

p. 199

ཅེས་པ་འདི་ཡང་ཕྱོགས་མེད་ཀྱི་རི་ཁྲོད་དབེན་པ་འགྲིམ་དུས་ཤིག་ཏུ་བླངས་པའོ། །སྲིད་པར་བར་མེད་དུ་འཁྱམས་པའི། །མ་ལུས་ལུས་ཅན་དག་ཆོས་བཞིན། །སྐྱོང་མཛད་མཛད་བཟང་གི་ཕ་རྒན། །བུ་ངན་ངན་འགྲོ་ལས་སྐྱོབས་ཤིག །བྱ་རྒྱལ་རྒོད་པོ་ཡི་ཚོགས་རྣམས། །གཤོག་སྒྲོ་བཟང་བོ་དེ་ངོམ་བཞིན། །མཁའ་ལ་ཡར་ཡར་དུ་བསྟད་ནས། །མི་མཐོང་དགུང་སྔོན་དུ་འཕུར་སོང་། །བྱེའུ་ལྕོག་ཀ་ཁྱོད་ད་ལྟ། །ནམ་མཁར་ཅུང་ཟད་ཅིག་འཕུར་ཀྱང་། །ཅ་ཅོ་མང་བོ་དེ་སྒྲོག་བཞིན། །ས་ལ་བབས་པ་འདི་བཙོག་ཨང། །ཨ་ཁ་མདོ་མེད་ཀྱི་ལྕོག་ཀ །མཐོ་སར་བགྲོད་པ་ནི་དཀའ་ཨང་། །མཁའ་ལ་ཡང་ཡང་དུ་འཕུར་ལ། །དར་དིར་སྐད་སྙན་ནི་སྒྲོགས་ཡ། །ཆུ་བོ་ཆེན་པོ་ཡི་ཆོགས་རྣམས། །གཉེར་མ་སྣ་ཚོགས་པ་གཡོ་བཞིན། །རྒྱུན་ཆད་མེད་པ་རུ་སོང་ནས། །ཕྱི་ཡི་རྒྱ་མཚོ་ལ་འདྲེས་སོང་། །ལུང་ཕྲན་འབབ་ཆུ་ཁྱོད་ད་ལྟ། །ལུང་བའི་སྐེད་བར་དུ་འོངས་ཀྱང་། །ལྷུང་ལྷུང་སྒྲ་སྐད་དེ་སྒྲོག་བཞིན། །བྱེ་མར་འཐིམ་པ་འདི་བཙོག་ཨང་། །ཨ་ཁ་མདོ་མེད་ཀྱི་ཆུ་ཕྲན། །རྒྱ་མཚོར་འདྲེས་པ་དེ་དཀའ་ཡང་། །ཡང་ཡང་ས་སྟེང་དུ་བུད་ལ། །ལྷུང་ལྷུང་སྐད་སྙན་ནི་སྒྲོགས་ཡ། །སྔོན་གྱི་རྒྱལ་བ་ཡི་ཚོགས་རྣམས། །མངོན་ཤེས་རྫུ་འཕྲུལ་རྣམས་ངོམ་བཞིན། །འབྲེལ་ཚད་ཐར་ལམ་ལ་བཀོད་ནས། །ཚེ་གཅིག་སངས་རྒྱས་སར་བསྙེགས་སོང་། །ཚོགས་དྲུག་རང་

p. 200

གྲོལ་ཁྱོད་ད་ལྟ། །དབེན་པར་ཅུང་ཟད་ཅིག་བསྡད་ཀྱང་། །ཆབ་ཆོབ་ཆོས་བཤད་དེ་བྱེད་བཞིན། །གྲོང་ཡུལ་འགྲིམ་པ་འདི་བཙོག་ཨང་། །ཨ་ཁ་མདོ་མེད་ཀྱི་བྱ་བཏང་། །ཚེ་གཅིག་སངས་རྒྱས་དེ་དཀའ་ཡང་། །དབེན་པར་ཡུན་རིང་དུ་སྡོད་ལ། །དགེ་སྦྱོར་གང་ནུས་དེ་མཛོད་ཡ། །ཞེས་པ་འདི་ནི་ཨ་རིག་གི་ནང་དུ་ཟས་འཚོལ་གྱི་ལྡོམ་བུ་བྱས་དུས་དབེན་པ་དྲན་པའི་ཤུགས་ཀྱིས་རྩེ་མཚར་དུ་རང་ཉིད་ལ་སྨྲས་པའོ།། ་རྒྱལ་མཚན་རྩེ་མོའི་ནོར་བུ་ལྟར། །ཅི་འདོད་རེ་བ་སྐོང་མཛད་པའི། །བླ་མ་དཀོན་མཆོག་རིན་པོ་ཆེ། །སྤྱི་གཙུག་འཇའ་འོད་ཀློང་དུ་བཞུགས། །བདག་ནི་མྱུར་དུ་སངས་རྒྱས་ནས། །འཁོར་བའི་སྡུག་བསྔལ་མྱོང་བ་ཡི། །ཕ་མ་སེམས་ཅན་མ་ལུས་པ། །བདེ་བའི་ཞིང་དུ་འདྲེན་པར་ཤོག །ཁྱད་པར་བོད་ཀྱི་མི་རྣམས་དང་། །སྒོས་སུ་བདག་ལ་རེ་ལྟོས་པའི། །ཕ་མ་གྲྭ་སློབ་སྦྱིན་བདག་རྣམས། །ཀུན་གྱི་ཐོག་མར་འདྲེན་པར་ཤོག །བདག་ནི་མཐོང་དང་དྲན་པ་དང་། །རིག་དང་མིང་ཙམ་ཐོས་པ་ཀུན། །ཚེ་འདིའི་བར་ཆད་ཀུན་ཞི་ཞིང་། །ཕྱི་མར་ཐར་བའི་བདེ་ཐོབ་ཤོག །བདག་ནི་གར་སོང་ཡུལ་ཕྱོགས་དང་། །གང་དུ་བསྡད་པའི་གནས་མལ་དང་། །ཟས་གོས་དཔེ་ཆ་གང་སོང་སར། །ཆོས་དང་བཀྲ་ཤིས་འཕེལ་བར་ཤོག །བདག་ལ་བཟའ་བ་ཕུལ་བའི་མི། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ལྟོགས་པའི་སྡུག་བསྔལ་མི་མྱོང་ཞིང་། །རོ་བརྒྱའི་བཅུད་ལྡན་ཟས་སྤྱོད་ཤོག །བདག་ལ་བཏུང་བ་ཕུལ་བའི་མི། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །

p. 201

སྐོམ་པའི་སྡུག་བསྔལ་མི་མྱོང་ཞིང་། །གང་འདོད་བཏུང་བ་འཐུང་བར་ཤོག །བདག་ལ་གོན་པ་ཕུལ་བའི་མི། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །འཁྱགས་པའི་སྡུག་བསྔལ་མི་མྱོང་ཞིང་། །དྲོ་འཇམ་ལེགས་པའི་གོས་གྱོན་ཤོག །བདག་ལ་བཀུར་སྟི་བྱེད་པའི་མི། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །བྲན་དང་གཡོག་ཏུ་མི་སྐྱེ་བར། །མཐོན་པའི་རིགས་སུ་སྐྱེ་བར་ཤོག །བདག་ལ་གནས་མལ་གཡར་བའི་མི། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །གནས་ཁང་མལ་ས་མི་ངན་པར། །བདེ་འཇམ་གནས་མལ་ཐོབ་པར་ཤོག །བདག་ལ་གར་འགྲོའི་ལམ་སྟོན་མི། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ལོག་པའི་ལམ་དུ་མི་འགྲོ་བར། །མ་ནོར་ལམ་དུ་འགྲོ་བར་ཤོག །བདག་ལ་གང་མཁོ་བྱིན་པའི་མི། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ལོངས་སྤྱོད་རྣམས་ཀྱིས་མི་ཕོངས་པར། །ཅི་འདོད་ཐམས་ཅད་འབྱུང་བར་ཤོག །མདོར་ན་རྣལ་འབྱོར་བདག་ཉིད་ལ། །བརྟེན་ནས་སེམས་ཅན་ཐམས་ཅད་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །བླ་མ་དཀོན་མཆོག་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་དང་། །བདག་གི་ལྷག་བསམ་དག་པའི་མཐུས། །སྨོན་ལམ་ཅི་བཏབ་འགྲུབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་གྲོང་ཡུལ་དུ་བསོད་སྙོམས་སུ་སོང་དུས་ཤིག་ཏུ་བཏོན་པའོ། །

p. 202

ཚེ་འདིའི་བྱ་བ་ཀུན་དོར་ནས། །དབེན་པའི་ལམ་བཟང་ལ་ཞུགས་ནས། །དག་པའི་ཞིང་ཁམས་ཉམས་དགའ་རུ།་།སྔོན་གཤེགས་དམ་པ་རྣམས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ཁྱོད། །ཕྱིན་ཆད་འདི་བྱེད་ད་འདི་བྱེད། །སྙམ་པའི་བློ་རྒྱུ་མ་ཆེ་བར། །ཤེས་པ་ལྷོད་ལ་གླུ་འདིར་ཉོན། །ད་ལྟ་མི་ལུས་ཐོབ་དུས་འདིར། །ངན་སོང་སྡུག་བསྔལ་མྱོང་བ་དང་། །ལྷ་མིའི་བདེ་སྐྱིད་མྱོང་བ་གཉིས། །ད་ལྟ་འདམ་དབང་རང་ལ་ཡོད། །རང་དབང་རང་ལ་ཡོད་དུས་འདིར། །འདམ་ཁ་མ་ནོར་རིགས་ཀྱི་བུ། །དེང་སང་ལྔ་བཅུ་ཁ་རལ་ཡིན། །ལོ་ཡང་ཉི་ཤུ་ཉེར་དྲུག་ལོན། །ཚེ་ཕྱེད་ཡད་ཡུད་ཤོར་ནས་ཐལ། །ཚེ་ལྷག་ཅི་ཙམ་ཡོད་མི་ཤེས། །འཆི་བདག་གཤིན་རྗེ་ནམ་འོང་མེད། །དེ་རིང་ཡིན་ཡང་འོང་ཉེནཡོད། །ད་ནི་བསམ་མནོ་མ་མང་བར། །ཕ་ཡུལ་དུག་སྦྲུལ་ཚང་འདི་ནས། །འབྲོས་ན་དབེན་པའི་ནགས་ལ་ཕྲོས། །ཡ་ཡ་མ་འདུག་ད་ལྟ་སོང་། །ཉམས་དགའ་རིག་པ་དྭངས་པའི་ས། །ཡིད་འོང་དབེན་པའི་གནས་མཆོག་ན། །དྲི་ལྡན་མེ་ཏོག་བཞད་པ་ལ། །བུང་བ་དགའ་བས་གླུ་དབྱངས་འཐེན། །མཚོ་ཆུ་དར་ལས་གྲོལ་བ་ལ། །ཆུ་བྱ་དགའ་བས་དར་དིར་སྒྲོག །དྲི་བཞོན་བསེར་བུ་ལངས་པ་ལ། །རྐང་འཐུང་དགའ་བས་གར་སྟབས་བྱེད། །སྔོ་ལྗང་རྩྭ་རྣམས་རྒྱས་པ་ལ། །རྐང་བཞིའི་རི་དྭགས་དགའ་བྲོ་འཁྲབ། །ལྗོན་ཤིང་ཡལ་འདབ་རྒྱས་པ་ལ། །བྱ་

p. 203

བྱེའུ་དགའ་བས་སྐད་སྙན་འབྱིན། །གཅིག་པུར་རི་ལ་འདུག་པ་ལ། །མི་རྣམས་དགའ་བས་མཐུན་རྐྱེན་བསྒྲུབ། །སྙིང་ནས་གསོལ་བ་བཏབ་པ་ལ། །བླ་མ་དགའ་བས་བྱིན་གྱིས་བརླབ། །ཐུན་བཞིའི་རྣལ་འབྱོར་བྱས་པ་ལ། །ཡི་དམ་དགའ་བས་དངོས་གྲུབ་སྟེར། །རྩེ་གཅིག་སྒྲུབ་པ་བྱས་པ་ལ། །མཁའ་འགྲོ་དགའ་བས་བར་ཆད་སེལ། །དམ་ཚིག་སྡོམ་པ་བསྲུང་བ་ལ། །ཆོས་སྐྱོང་དགའ་བས་འཕྲིན་ལས་བསྒྲུབ། །གཞན་ཡང་ཕན་སེམས་བཟང་བ་ལ། །ལྷ་འདྲེ་དགའ་བས་སྡོངས་གྲོགས་བྱེད། །ཁུ་བྱུག་གཞན་དུ་འགྲོ་བ་བཞིན། །ཡུལ་ལས་རྒྱང་རིང་རི་ལ་སོང་། །རྒོད་པོས་མཁའ་ལ་སྟོད་པ་བཞིན། །རྒས་ཀྱིན་རི་ཁྲོད་ཇེ་མཐོར་ཐོངས། །རི་དྭགས་རྨས་མ་མི་མཐོང་བཞིན། །ལུང་སྟོང་མི་ཁྱི་མེད་སར་སྡོད། །ཡོད་རུང་མེད་རུང་རི་ཁྲོད་སྐྱིད། །བདེ་རུང་སྡུག་རུང་རི་ཁྲོད་སྐྱིད། །གཞོན་རུང་རྒས་རུང་རི་ཁྲོད་སྐྱིད། །ན་རུང་འཆི་རུང་རི་ཁྲོད་སྐྱིད། །དགེ་འདིས་རང་ཉིད་སྐྱེས་པའི་ཡུལ། །དུག་སྦྲུལ་ཚང་ནས་ཕྱི་རུ་ཐོན། །དབེན་པའི་ལམ་པོ་ཆེ་བརྒྱུད་ནས། །ཐར་བའི་གླིང་དུ་འབྲོས་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ། བདེ་བས་ཕོངས་པའི་འགྲོ་རྣམས་ལ། །བདེ་ལམ་སྟོན་མཛད་བླ་མར་འདུད། །བདེ་ཞིང་སྐྱིད་པའི་མཚོ་སྙིང་དུ། །བདེ་བར་བསྡད་ནས་གླུ་འདི་བླངས། །བདེ་ལེགས་ཀུན་སྩོལ་བླ་མ་ལ། །བདེ་རུང་

p. 204

སྡུག་རུང་གསོལ་བཏབ་ན། །བདེ་སྐྱིད་ཉམས་རྟོགས་འཆར་རོ་ཞེས། །བདེ་གཤེགས་རྒྱལ་བ་རྣམས་ཀྱིས་གསུངས། །བདེ་འགྲོ་མཐོ་རིས་མི་ཡི་ལུས། །བདེ་བླག་ཉིད་དུ་ཐོབ་དུས་འདིར། །བདེ་སྡུག་འདམ་ཁ་མ་ནོར་བར། །བདེ་ཐབས་ལྷ་ཆོས་གྱིས་ཤིག་གསུངས། །བདེ་ནས་བདེ་བར་འགྲོ་བ་ལ། །བདེ་ལམ་ལ་སོགས་ལམ་རིམ་དང་། །བདེ་གཤེགས་ཐུགས་བཅུད་རྫོགས་ཆེན་སྒོམས། །བདེ་སྐྱིད་ཉི་མ་འཆར་རོ་གསུངས། །བདེ་གཤེགས་གོང་མའི་གསུང་བཞིན་དུ། །བདེ་མེད་འཁོར་བ་བློས་བཏང་ནས། །བདེ་དགའ་རྒྱ་མཚོ་ཐོབ་པའི་ས། །བདེ་བའི་རི་ཁྲོད་བསྟེན་ན་ལེགས། །བདེ་འཇམ་སྟན་ལ་འཁོད་ནས་ཀྱང་། །བདེ་ལ་འགྲོ་ཀུན་འགོད་འདོད་བློས། །བདེ་ཆེན་བྱང་ཆུབ་ལམ་བཟང་དེ། །བདེ་བླག་ཉིད་དུ་བསྒྲུབས་ན་ལེགས། །མགྲིན་པ་གདམས་པའི་བང་མཛོད་ནས། །གླུ་དབྱངས་སྙན་མོ་དེ་འདྲ་ཐལ། །ཚིག་དོན་སྙིང་གི་དབུས་སུ་ཟུངས། །འཕྲལ་ཕུགས་བདེའོ་བྱ་བཏང་བ། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་མཚོ་སྙིང་ནས་རང་ཉིད་ལ་སྨྲས་པའོ། །སྐྱབས་གསུམ་ཀུན་འདུས་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དུག་གསུམ་དབང་གྱུར་བདག་གཞན་ལ། །སྐུ་གསུམ་གོ་འཕང་བསྩལ་ཏུ་གསོལ། །མི་ལ་རས་པ་ཇི་བཞིན་དུ། །རྒྱུད་ལ་ཉམས་རྟོགས་མ་མཆིས་ཀྱང་། །རི་ལ་དགའ་བའི་བྱ་བཏང་ངས། །སེམས་ལ་སྐྱོ་ཤས་སྐྱེ་གླུ་ལེན། །

p. 205

དུས་ཚོད་འདི་ཡི་ངན་ཚུལ་དང་། །དུས་ངན་མི་ཡི་འཐབ་རྩོད་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །ཡོད་པ་རྣམས་ཀྱིས་འཚོ་སྐྱོང་དང་། །མེད་པ་རྣམས་ཀྱིས་འཚོལ་སྒྲུབ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །ནད་དང་མུ་གེ་མང་ཚུལ་དང་། །ན་དང་ཤི་བའི་མོད་ཚུལ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །ཆོས་པ་རྣམས་ཀྱིས་ཆགས་སྡང་དང་། །ཆོས་བརྒྱུད་དོན་དུ་གཉེར་ཚུལ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །མི་ཤེས་རྨོངས་པ་མང་ཚུལ་དང་། །ཆོས་ཤེས་སྒྲུབ་མཁན་ཉུང་ཚུལ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །ཆོས་ལྟར་བཅོས་པའི་མང་ཚུལ་དང་། །ཆོས་བཞིན་མཛད་པ་དཀོན་ཚུལ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །བཙུན་པ་ནོར་ལ་གདུང་ཚུལ་དང་། །དགོན་པ་རྣམས་ཀྱི་འཁྲུག་ཚུལ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །ཆོས་བྱེད་དམ་པ་དམོད་ཚུལ་དང་། །སྡིག་བྱེད་སྐྱེ་བོ་བཀུར་ཚུལ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་

p. 206

ཐག་པས་དབེན་པར་འགྲོ། །རྟག་ཏུ་ཚོང་དང་སོ་ནམ་བྱེད། །རྟགས་ཙམ་འཛིན་གྱི་མང་ཚུལ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །འདོད་ཆུང་ཆོག་ཤེས་མ་མཆིས་པས། །ཆེ་ཆུང་མེད་པའི་མཛད་པ་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །མདོར་ན་བྱ་བཏང་རྣལ་འབྱོར་ང་། །ཚེ་འདིའི་བྱ་བ་ཐམས་ཅད་ལ། །བསམ་ཞིང་སྐྱོ་ཤས་གཏིང་ནས་སྐྱེས། །བསམ་པ་ཐག་པས་དབེན་པར་འགྲོ། །འདི་ལྟར་བདག་གི་སྙན་པའི་གླུ། །གླུ་དབྱངས་གང་བླངས་དགེ་ཚོགས་ཀུན། །ཀུན་བཟང་གོ་འཕང་བདེ་བླག་ཏུ། །དུ་མའི་འགྲོ་རྣམས་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་མཚོ་སྙིང་ནས་རང་ལ་ཕན་ཕྱིར་བླངས་པའོ། །སྐུ་གསུང་ཐུགས་ཡོན་མཁའ་དང་མཉམ། །མཉམ་མེད་དྲིན་ཅན་ཆོས་ཀྱི་རྒྱལ། །རྒྱལ་བ་སྲས་བཅས་འདུས་པའི་དཔལ། །དཔལ་ལྡན་རྩ་བའི་བླ་མ་ལ། །དུང་དུང་སྙིང་ནས་ཡང་ཡང་དུ། །ལྷང་ལྷང་གསོལ་འདེབས་གསལ་གསལ་སྐུ། །ལམ་ལམ་སྟོན་ལ་སྙན་སྙན་གསུང་། །ལྷང་ལྷང་རྣ་བར་ཡང་ཡང་སྒྲོགས། །བྱ་རྒྱལ་ཁུ་བྱུག་སྐད་བཞིན་དུ། །འདྲེན་འགུག་ལེགས་པའི་སྐད་སྙན་གྱིས། །ཡིད་འོངས་དབེན་པའི་ཡོན་ཏན་རྣམས། །མ་འོངས་སྐལ་ལྡན་རྣམས་ལ་བཤད། །ཚེ་འདིའི་རྣམ་གཡེང་འདུ་འཛི་མེད། །ལྷ་ཆོས་རྣམ་དག་ངང་གིས་འོང། །སྐལ་ལྡན་ཡོད་ན་རི་ལ་ཤོག །

p. 207

ཤོག་དང་བདེ་སྐྱིད་ཉི་མ་འཆར། །དགྲ་གཉེན་གང་དང་མ་འབྲེལ་བས། །ཆགས་སྡང་གང་ཡང་སྐྱེས་ཡུལ་མེད། །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །དུས་བཞི་རིམ་གྱིས་འགྱུར་བའི་ཚེ། །དུས་ཀུན་མི་རྟག་འཆི་བ་དྲན། །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །མི་འཛད་ཆོག་ཤེས་ནོར་གྱིས་ཕྱུག །མི་འདང་སྙམ་པའི་སྡུག་བསྔལ་མེད། །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆོར། །འཁྲུལ་བའི་བྱ་བྱེད་ངང་གིས་འགྲིབ། །ཉམས་རྟོགས་ཡོན་ཏན་ངང་གིས་འཕེལ། །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །དད་དང་ངེས་འབྱུང་ཤུགས་དྲག་སྐྱེ། །ལྷ་དང་བླ་མའི་བྱིན་རླབས་འཇུག །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །དགེ་བའི་བཤེས་གཉེན་གང་བཟང་རྣམས། །དགེ་ལ་གཞོལ་བཞིན་རི་ན་ཡོད། །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །རབ་མཛེས་བྱ་དང་བྱེའུ་རྣམས། །རབ་ཏུ་དགའ་བའི་སྐད་སྙན་སྒྲོག །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །བུང་བ་མང་བོས་གླུ་དབྱངས་ལེན། །ཤ་བ་ལ་སོགས་རི་དྭགས་རྩེ། །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །ཁ་དོག་མི་གཅིག་སྣ་ཚོགས་པའི། །མེ་ཏོག་མང་བོ་ཕང་ཕུང་གཡོ། །

p. 208

སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །ལྗོན་ཤིང་མང་བོས་གར་སྟབས་བྱེད། །ཆུ་གཙང་མང་བོས་ལྷུང་སྒྲ་སྒྲོག །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །བདེ་ན་བདེ་ན་གཅིག་པུར་བདེ། །སྐྱིད་ན་སྐྱིད་ན་རི་ཁྲོད་སྐྱིད། །སྐལ་ལྡན་ཡོད་ན་རི་ལ་ཤོག །ཤོག་དང་བདེ་སྐྱིད་ཉི་མ་འཆར། །རྣམ་དཀར་འདིས་མཚོན་དགེ་བ་རྣམས། །རྣམ་མང་མ་གྱུར་འགྲོ་བ་རྣམས། །རྣམས་མཁྱེན་རྒྱལ་བའི་ཡོན་ཏན་རྣམས། །རྣམ་པ་ཀུན་ཏུ་འཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་མཚོ་སྙིང་ནས་སྨྲས་པའོ། །བློ་གྲོས་བཟང་ཐུགས་རྒྱུད་དར་བས་འཇམ། །འཇམ་དབྱངས་དངོས་གྲགས་པ་འགྲོ་བའི་མགོན། །མགོན་དེ་དང་དབྱེར་མེད་ཆོས་ཀྱི་རྒྱལ། །རྒྱལ་སྲས་ཀྱི་མཆོག་གྱུར་ཁྱོད་ལ་འདུད། །དྲིན་ཅན་གྱི་བླ་མ་རིན་པོ་ཆེ། །སྤྱི་གཙུག་གི་རྒྱལ་མཚན་རྩེར་བསྐྱོན་ནས། །མོས་གུས་ཀྱིས་གསོལ་བ་འདེབས་ནུས་ན། །མཆོག་ཐུན་གྱི་དངོས་གྲུབ་ཆར་བཞིན་འབབ། །དལ་འབྱོར་གྱི་མི་ལུས་གྲུ་ཆེན་དབུས། །དམ་ཆོས་ཀྱི་དར་བོ་ཆེ་ཕྱུར་ནས། །བརྩོན་འགྲུས་ཀྱི་རླུང་གིས་བསྐྱོད་ནུས་ན། །འཁོར་བ་ཡི་རྒྱ་མཚོའི་ཕ་རོལ་སྒྲོལ། །འདོད་སྲེད་ཀྱི་བུང་བ་ཁྲ་བོ་དེ། །མི་རྟག་པའི་ཆར་གྱིས་བསྐུལ་ནུས་ན། །སྲིད་བདེ་ཡི་མེ་ཏོག་བློས་བཏང་ནས། །ཐར་བ་ཡི་སྐམ་སར་མྱུར་དུ་སྙོག །མི་ཤེས་ཀྱི་མུན་པའི་ཁང་བ་རུ། །ཐོས་བསམ་གྱི་སྒྲོན་མེ་འདེགས་ནུས་ན། །

p. 209

ཤེས་རབ་ཀྱི་མིག་འབུར་ཆེས་ཆེར་གསལ། །བླང་དོར་གྱི་གནས་རྣམས་ཐམས་ཅད་མཐོང་། །ངེས་འབྱུང་གི་ལུས་མཛེས་རྨ་བྱ་ལ། གླུ་དབྱངས་ཀྱི་འབྲུག་སྒྲ་སྒྲོག་ནུས་ན། །རི་ཁྲོད་ཀྱི་ཤིང་ཁར་ཡར་འཕུར་ནས། །ཉམས་ལེན་གྱི་གར་རྣམས་ཡང་ཡང་བྱེད། །ཚུལ་ཁྲིམས་ཀྱི་ས་གཞི་གཙང་མ་རུ། །ཆོས་སྤྱོད་བཅུའི་ཆུ་ལུད་ལེགས་སྦྱར་ནས། །སྨོན་ལམ་གྱི་ས་བོན་འདེབས་ནུས་ན། །མངོན་མཐོ་དང་ངེས་ལེགས་འབྲས་བུ་སྨིན། །སེམས་ཉིད་ཀྱི་ཀ་ལ་པིངྐ་ལ། །ཐབས་ཤེས་ཀྱི་གཤོག་པ་འདོགས་ནུས་ན། །རྣམ་མཁྱེན་གྱི་མཁའ་ལ་མྱུར་འཕུར་ནས། །ལེགས་བཤད་ཀྱི་དབྱངས་སྙན་ལྷང་ལྷང་སྒྲོག །དགེ་འདིས་ཀྱང་ཐུབ་བསྟན་རྒྱལ་མཚན་དེ། །བཤད་སྒྲུབ་ཀྱི་ཡུ་བ་ལ་བརྟེན་ནས། །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ། །ཡང་ཡང་དུ་བདག་གིས་འཛིན་ནུས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ཉིད་ལ་ཕན་ཕྱིར་དབེན་གནས་ཉམས་དགའ་མཚོ་སྙིང་མ་ཧཱ་དེ་བ་ནས་བླངས་པའོ། །རྡོ་རྗེ་འཆང་དང་ཐུགས་དགོངས་དབྱེར་མེད་པའི། །དྲིན་ཅན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་མེད་རྒྱལ་ཁམས་ཉུལ་བའི་བྱ་བཏང་བ། །ཚོགས་དྲུག་རང་གྲོལ་རང་ལ་འདི་སྐད་སྨྲ། །བླ་མ་དཀོན་མཆོག་གསུམ་ལ་ཕྱག་མཆོད་གྱིས། །ཕྱི་མར་སངས་རྒྱས་འཐོབ་བོ་རྒྱལ་ཁམས་པ། །དད་པས་ཀུན་ནས་སློང་ལ་གསོལ་བ་ཐོབས། །བྱིན་རླབས་ཚེ་འདིར་འབྱུང་ངོ་རྒྱལ་ཁམས་པ། །

p. 210

འཆི་བ་བསམས་ན་ཅིས་ཀྱང་དགོས་མེད་སྐྱེ། །ཡིད་ལ་དྲན་པར་གྱིས་ཤིག་རྒྱལ་ཁམས་པ། །ནོར་རྫས་སྒྱུ་མ་ཡིན་པས་སྙིང་བོ་མེད། །རྟག་ཏུ་ཆོག་ཤེས་སྟེན་ཅིག་རྒྱལ་ཁམས་པ། །ད་ལྟའི་དུས་འདིར་དམ་པའི་ཆོས་ལ་འབོད། །འཇིག་རྟེན་ཕྱི་མར་ཕན་ནོ་རྒྱལ་ཁམས་པ། །བརྩིགས་པའི་མཁར་ཁང་མི་རྟག་ཐ་མར་འཇིག །གཏན་དུ་སྡོད་དབང་མེད་དོ་རྒྱལ་ཁམས་པ། །དེ་ཕྱིར་དགོས་མེད་མཁར་ལས་མ་བྱེད་པར། །དབེན་པར་སྒོམ་སྒྲུབ་གྱིས་ཤིག་རྒྱལ་ཁམས་པ། །དད་དང་བརྩོན་འགྲུས་ཡོན་ཏན་ཀུན་གྱི་གཞི། །མཆོག་ཏུ་གཅེས་པ་ཡིན་ནོ་རྒྱལ་ཁམས་པ། །ཕོ་མོ་རང་མཐོང་ཆེ་ཆུང་ད་རེ་ཤེས། །མི་ལུས་སྟོང་ཟད་མ་བྱེད་རྒྱལ་ཁམས་པ། །འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་བོ་མེད། །སྙིང་བོའི་ལྷ་ཆོས་མཛོད་ཅིག་རྒྱལ་ཁམས་པ། །སྙིང་ནས་ཆོས་བཞིན་བྱས་ན་ལྟོགས་དོགས་མེད། །ལྟོ་རྒྱབ་ཞོར་ལ་འབྱུང་ངོ་རྒྱལ་ཁམས་པ། །གློ་སྙིང་བྲང་གསུམ་དམ་པའི་ཆོས་ལ་གཏོད། །ནམ་ཡང་བསླུ་བ་མེད་དོ་རྒྱལ་ཁམས་པ། །རང་ལ་མཚོ་སྙིང་རི་ནས་ཕན་ཕྱིར་བླངས། །རང་གཞན་ཀུན་གྱི་རྒྱུད་ལ་ཕན་པར་ཤོགརྒྱལ་མཚན་ཏོག་གི་ནོར་བུ་ལྟར། །གང་འདོད་རེ་བ་སྐོང་མཛད་པའི། །དྲིན་ཅན་བླ་མ་རིན་པོ་ཆེ། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །ཀླུ་བློན་ཆེན་པོ་གནས་པའི་མཚོ། །མཚོ་སྔོན་ཞེས་བྱའི་དབུས་ཀྱི་རི། །རི་བོ་མ་ཧཱ་དེ་བའི་གནས། །གནས་ཆེན་དེ་རུ་གླུ་འདི་བླངས། །སེང་གེའི་

p. 211

ཕྲུ་གུ་དཀར་མོ་ཁྱོད། །ཆུང་ངུའི་དུས་ནས་གངས་ལ་དགའ། །རྒྱུན་དུ་གངས་སྟོད་འཛིན་ནུས་ན། །ངོ་མཚར་གཡུ་རལ་མགོ་ལ་རྒྱས། །རྒྱ་སྟག་ཕྲུ་གུ་ཁྲ་བོ་ཁྱོད། །ཆུང་ནས་ཙན་དན་ནགས་ལ་དགའ། །རྒྱུན་དུ་ནགས་སྟོད་འཛིན་ནུས་ན། །ངོ་མཚར་གྲ་འཛུམ་ལུས་ལ་བཀྲ། །ཉ་མོའི་ཕྲུ་གུ་གསེར་མིག་ཁྱོད། །ཆུང་ནས་རྒྱ་མཚོའི་ནང་ལ་དགའ། །རྒྱུན་དུ་མཚོ་དཀྱིལ་འཛིན་ནུས་ན། །ངོ་མཚར་གསེར་མིག་ལུས་ལ་འཁྱིལ། །བླ་མ་དམ་པའི་སྲས་པོ་ཁྱོད། །ཆུང་ནས་དབེན་པའི་རི་ལ་དགའ། །རྒྱུན་དུ་རི་ཁྲོད་བསྟེན་ནུས་ན། །ངོ་མཚར་ཉམས་རྟོགས་ཡོན་ཏན་སྐྱེ། །མི་མེད་ལུང་སྟོང་རྒྱལ་བའི་ཞིང་། རང་ཉིད་གཅིག་པུ་རྒྱལ་བའི་སྲས། །དཀའ་ཐུབ་ཏིང་འཛིན་མཛད་མེད་ཟས། །ཨ་ཤད་གཏུམ་མོ་འཛད་མེད་དགོས། །འདི་འདྲ་བསྟེན་ན་ངོ་མཚར་ཆེ། །འདི་རྣམས་རྒྱུན་དུ་བསྟེན་ནུས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་ཤིན་ཏུ་སྐྱིད་པའི་ཤུགས་ཀྱིས་གླུ་རུ་བླངས་པའོ། །དགེ་སྦྱོར་གྱི་པདྨར། །དད་གུས་ཆུ་བླུགས་ཚེ། །ཁ་ཏོན་གྱི་འདབ་མ། །ཇེ་རྒྱས་སུ་བུད་ཐལ། །རྣམ་གཡེང་གི་སེར་བས། །མ་བརྡུངས་པ་བཟང་ཡ། །འདོད་ཆུང་གི་བྲག་རི། །ཆོག་ཤེས་སྤང་བརྒྱན་ཚེ། །དགའ་བདེ་ཡི་རྩི་ཤིང་། །སྣ་ཚོགས་པ་སྐྱེས་ཐལ། །མངོན་ཞེན་གྱི་ཐོག་གིས། །མ་བཤིག་པ་བཟང་ཡ། །སྐྱོ་ཤས་ཀྱི་འཇོལ་མོ། །སྐྱོ་མགུར་འདྲོགས་ཕུད་ཚེ། །རི་ཁྲོད་ཀྱི་ཤིང་ཁར། །

p. 212

ཡར་ཡར་དུ་འཕུར་ཐལ། །འདོད་ཡོན་གྱི་ཁྲ་ཡིས། །མ་བཟུང་བ་བཟང་ཡ། །ཚུལ་ཁྲིམས་ཀྱི་བུ་མོ། །ཞི་དུལ་རྒྱན་སྤྲས་ཚེ། །ལེགས་སྤྱད་ཀྱི་གནས་ལ། །དགའ་བཞིན་དུ་བཞུད་ཐལ། །ལོག་སྤྱོད་ཀྱི་ཨ་ནེས། །མ་མནར་བ་བཟང་ཡ། །བསམ་གཏན་གྱི་ཤ་བ། །དྲན་ཤེས་རྩྭས་འགྲངས་ཚེ། །བདེ་གསལ་མི་རྟོག་པའི། །སྤང་གཤོངས་སུ་ཉལ་ཐལ། །བྱིང་རྒོད་ཀྱི་ཤ་ཁྱིས། །མ་བཟུང་བ་བཟང་ཡ། །ཤེས་རབ་ཀྱི་མར་མེ། །ཆེས་ཆེར་དུ་སྦར་ཚེ། །བླང་དོར་གྱི་གནས་རྣམས། །ཅུང་ཟད་ཅིག་མཐོང་ཐལ། །མི་ཤེས་ཀྱི་མུན་པས། །མ་ཁེབས་པ་བཟང་ཡ། །ཞེས་པ་འདི་ཡང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཉམས་དགའ་བའི་ཤུགས་ཀྱིས་བླངས་པའོ།། །ན་མོ་གུ་རུ། སྤང་གཤོངས་འཇམ་པོར་ཉལ་བའི། །རི་དྭགས་རྣམས་ཚོ་ཉོན་དང་། །ད་ལྟ་རྩྭ་ཆུ་འཐུང་ཞིང་། །ཕན་ཚུན་རྩེ་བར་འདུག་སྟེ། །གློ་བུར་རྔོན་པ་སླེབས་དུས། །ལུས་སྲོག་འདོར་བར་ངེས་པས། །དེ་གོང་རྫ་རི་མཐོན་པོར། །ཕྲོས་ལ་བདེ་བར་སྡོད་ཅིག །མེ་ཏོག་རྩེ་ལ་འཁོར་བའི། །བུང་བ་རྣམས་ཚོ་ཉོན་དང་། །ད་ལྟ་འཕུར་ལྡིང་གཡོ་ཞིང་། །སྒྲ་དབྱངས་སྒྲོག་པར་འདུག་སྟེ། །གློ་བུར་ཆར་བ་བབས་ནས། །གཤོག་སྒྲོ་ནེམ་པར་ངེས་པས། །དེ་གོང་གང་འདུག་ཚང་དུ། །སོང་ལ་བདེ་བར་སྡོད་ཅིག །མཚོ་སྙིང་རི་ལ་འདུག་པའི། །རང་རེ་རྣམས་ཚོ་ཉོན་དང་། །ད་ལྟ་ལང་ཚོ་རྒྱས་ཤིང་། །ནད་མེད་བདེ་བར་འདུག་སྟེ། །

p. 213

གློ་བུར་འཆི་བ་སླེབས་ཚེ། །སྒྱུ་ལུས་འཇིག་པར་ངེས་པས། །དེ་གོང་རི་ཁྲོད་དབེན་པ། །བསྟེན་ལ་སྒོམ་སྒྲུབ་གྱིས་ཤིག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །སྐྱུ་རུ་ར་ལག་མཐིལ་བཞག་བཞིན་དུ། །དུ་མའི་འགྲོའི་སྐྱོན་དང་ཡོན་ཏན་རྣམས། །རྣམ་དག་གི་ཐུགས་ཀྱིས་ས་ལེར་མཁྱེན། །མཁྱེན་བརྩེ་དང་ནུས་ལྡན་བླ་མར་འདུད། །སྔོན་དུས་སུ་སྐྱེས་ཆེན་བཞུགས་པའི་གནས། །གནས་ཆེན་ནི་ཁྱད་འཕགས་མཚོ་སྙིང་རི། །རི་འདབས་ཀྱི་བྲག་ལ་གནས་པའི་ཚེ། །ཚེ་བློས་བཏང་རང་ལ་བཟའ་སྡིགས་བྱས། །དམ་པ་རྣམས་བསྟེན་ཚེ་ལོག་རྟོག་འཕེལ། །དམ་གཙང་གྲོགས་སོང་ཚེ་ངན་སྨྲ་བརྗོད། །དམ་ཆོས་དེ་བསྒྲུབ་ཚེ་ཁྱི་བཞིན་འཁྱམས། །དམ་ཉམས་ཁྱོད་བསམ་ཚེ་མི་འགྱོད་དམ། །བཟའ་བཏུང་གཉིས་འཛོམས་དུས་ཆོས་པའི་གཟུགས། །དགྲ་འདྲེ་གཉིས་གནོད་དུས་ཐ་མལ་བ། །ཆོས་སེམས་གཉིས་བསྟུན་དུས་གཏན་འགལ་ཁྱོད། །འདི་ཕྱི་གཉིས་མེད་དུས་ཅི་བྱེད་སྙམ། །རང་གི་སྐྱོན་ཁ་བ་ཙམ་བཞག་ནས། །གཞན་གྱི་སྐྱོན་བ་མོ་ཙམ་ལ་འཕྱ། །བླ་མའི་སྐྱོན་སྒོས་སུ་རྟོག་མཁན་ཁྱོད། །སྙིང་ལ་སྐྱོན་རྒྱལ་འགོང་མ་ཞུགས་སམ། །སྐྱབས་གསུམ་དང་བླ་མའི་སྤྱན་སྔ་རུ། །སྡོམ་གསུམ་ནི་བསྲུང་བར་ཁས་བླངས་ནས། །སྒོ་གསུམ་གྱི་ལོག་སྤྱོད་ལྐོག་ཏུ་བྱེད། །དུག་གསུམ་

p. 214

གྱི་གཡོག་ཁྱོད་ངོ་མི་ཚའམ། །རི་ཁྲོད་དུ་བསྡད་དུས་གྲོང་ལ་སྤྲོ། །དགེ་སྦྱོར་དུ་ཞུགས་དུས་སྣང་བ་སུན། །མཉམ་གཞག་ཏུ་བཞག་དུས་གཉིད་འདོད་སྐྱེ། །ཕ་རོལ་ཏུ་འགྲོ་དུས་ཁྱོད་སྐྱིད་སྙམ། །བླ་མ་ནི་སྔ་སྤངས་ཕྱི་མ་བསྟེན། །ཡི་དམ་ནི་སྔ་བསྒྱུར་ཕྱི་མ་བསྒྲུབ། །ཆོས་སྐྱོང་ནི་སྔ་བཞག་ཕྱི་མ་མཆོད། །དེ་རྣམས་ཀྱི་སྔོན་ཆད་སྐྱོན་ཅི་རིག །གོས་སུ་ཡང་རས་གོས་སྣམ་ཐེར་དང་། །ཟས་སུ་ཡང་ཤ་ཐུད་མར་རྣམས་དང་། །གྲོགས་སུ་ཡང་ལོང་གཏམ་ལབ་མཁན་འདོད། །ཉམས་སུ་ཡང་དེ་ལེན་ཁྱོད་ཡ་མཚན། །དམ་ཆོས་ཀྱི་རོ་མཆོག་ཁྱོད་མི་མྱང་། །གཏི་མུག་གི་རོ་ཡིས་ཁྱོད་མྱོས་པས། །གསོན་པོ་ཡི་རོ་ལས་ཁྱོད་ཤི་ན། །ཤི་ས་ན་རོ་ཡང་ཁྱོད་ལས་གཙང་། །ཞེས་པ་འདི་ཡང་མཚོ་སྙིང་དུ་བསྡད་དུས་གཏི་མུག་གཉིད་ཤིན་ཏུ་ལྕི་བས་སྔ་བར་ལངས་འདོད་མི་སྐྱེ་བའི་ཚེ་རང་ལ་དགེ་བསྐུལ་དུ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །མི་རྟག་འཆི་བས་རྒྱུད་བསྐུལ་ནས། །དམ་ཆོས་ཉམས་སུ་ལེན་པ་ལ། །བརྩོན་འགྲུས་འབྱུང་བར་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །ཉིན་མོ་བཟའ་བཏུང་ལོང་གཏམ་ལབ། །མཚན་མོ་སྔ་བར་རོ་ཉལ་བྱས། །སྤྱོད་ངན་འདི་ལ་ཁྱོད་ལྟོས་དང་། །ཁྱོད་ཀྱིས་ཐོས་ཚད་དྲན་ཚད་ཀྱི། །མི་ནི་ཤི་བ་རྣམས་བགྲོངས་ལ། །སྔོན་ཆད་མི་འདི་མ་ཤི་ཞེས། །ཚེ་ཐར་ཨེ་ཡོད་ཁྱོད་སོམས་དང་། །

p. 215

ད་ནི་མི་འདི་མི་འཆི་ཞེས། །གདེང་ཅན་སུ་ཡོད་བསམ་བློ་ཐོངས། །འཆི་བ་འདི་ལ་དགྲ་གཉེན་གྱི། །རིམ་པ་འདུག་གམ་མི་འདུག་ལྟོས། །འཆི་བ་རན་དང་མི་རན་གྱི། །ཚོད་བཟུང་འདུག་གམ་མི་འདུག་ལྟོས། །ཁྱོད་ཀྱིས་མ་མཐོང་མ་རྟོགས་པ། །སྐྱེས་ཙམ་ཉིད་ནས་འཆི་བདག་ཁོ། །གཉའ་ཁུང་ཐོག་ན་ཞོན་ནས་ཡོད། །ལ་ལ་བཙས་མ་ཐག་ཏུ་གསོད། །ལ་ལ་དར་བབ་དུས་སུ་གསོད། །ལ་ལ་རྒས་བའི་དུས་སུ་གསོད། །མི་འདི་ལོ་ཅང་མ་ལོན་པས། །འཆི་ནི་མ་རན་བཤད་ས་མེད། །བུ་ནི་གཅིག་པུ་འདི་མིན་མེད། །བུ་ནི་ཞོག་ཅེས་བཤད་ས་མེད། །ལས་ཀ་མང་བོ་ལས་དགོས་པས། །མི་ཁོམ་པར་ཡོད་བཤད་ས་མེད། །འོན་ཏེ་གོ་ནི་མ་ཆོད་པར། །སླར་ཡང་ལོག་ནས་བྱུང་བ་མེད། །རྒན་རྒོན་ཤ་ཟད་རུས་ཟད་ཚོ། །མ་མཁོ་བཞག་ནས་ལུས་པ་མེད། །བཙན་པོས་འཐབ་ཀྱང་མི་ཐུབ་སྟེ། །དམག་དཔུང་མང་བོའི་དབུས་ནས་ཀྱང་། །དམག་དཔོན་རྒྱལ་པོ་ཤི་བ་ཡོད། །མགྱོགས་པས་བྲོས་ཀྱང་མི་ཐར་ཏེ། །འདབ་ཆགས་ནམ་མཁར་འགྲོ་བ་ཡང་། །འཆི་བདག་ཕོ་ཉས་བཟུང་ཙ་ན། །ས་ལ་སློབ་ཀྱིས་ལྷུང་བ་ཡོད། །གང་དུ་གབ་ཀྱང་མི་ཐུབ་སྟེ། །རྒྱ་མཚོའི་གཏིང་དུ་གནས་པའི་ཉ། །འཆི་བདག་ཁོ་ཡིས་བཟུང་ཙ་ན། །སྐམ་ལ་ཕྱུང་ནས་ཤི་བ་ཡོད། །ཕྱུག་པོས་ནོར་གྱིས་གླུ་ས་མེད། །འཛམ་གླིང་ནོར་ལ་དབང་

p. 216

འབྱོར་ཡང་། །ནོར་རྫས་གསེབ་ཏུ་གུམ་པ་ཡོད། །བྱད་བཞིན་མཛེས་པས་ཐུབ་པ་མེད། །ལྷ་དང་ལྷ་མོ་འདྲ་བའི་མི། །དབྱིབས་དང་ཁ་དོག་ཕུན་སུམ་ཚོགས། །གོས་དང་རྒྱན་ཆ་དུ་མས་སྤྲས། །འཇིག་རྟེན་འདི་ན་ཐམས་ཅད་ཀྱིས། །སྨོན་པའི་གནས་སུ་འཛིན་པ་ཡང་། །ལ་ལ་རྒས་ཏེ་འཆི་བ་དང་། །ལ་ལ་ཕུན་སུམ་ཚོགས་པའི་དུས། །འཆི་བ་ཁྱོད་ཀྱིས་མ་མཐོང་ངམ། །དེ་བཞིན་ཆུས་ཁྱེར་གཡང་ལྷུང་དང་། །དུག་བྱུང་མཚོན་བརྒྱབ་ཁང་བརྡིབས་ནས། །ཤི་བ་མང་བོ་མ་མཐོང་ངམ། །ཤུལ་ན་ཡོད་པའི་མི་རྣམས་ཀྱིས། །ལ་ལས་ཁ་རྩང་ངེད་གཉིས་ཀྱིས། །ཟ་མ་ཟས་ནས་ལྷན་ཅིག་བསྡད། །འགྲོ་བསྡད་མང་བོའི་ཤོམ་ར་བྱས། །ལོང་མེད་ཤི་བ་ཨི་ཤི་ཟེར། །ལ་ལས་ན་ནངས་ངེད་གཉིས་ཀྱིས། །ཁ་ཏ་མང་བོ་བྱས་པ་ཡིན། །ཨ་ཁ་སྙིང་རྗེ་ལ་སོགས་ཟེར། །དེ་འདྲ་ཞིག་ནི་དེ་རིང་ཡང་། །ཁྱོད་ལ་མི་འོང་གདེང་ཅི་ཡོད། །ཤི་ན་སྔར་བྱས་ལས་དབང་གིས། །ཁྱོད་ལ་འགྲོ་ས་མང་བོ་མེད། །ངན་སོང་གསུམ་པོ་དེ་རུ་ལྷུང་། །ལྷུང་ན་སྡུག་བསྔལ་འབའ་ཞིག་ལས། །སྐྱིད་ནི་ཨེ་ཡོད་བསམ་བློ་ཐོངས། །དོ་ནུབ་འཆི་རུང་མི་འགྱོད་པའི། །གདེང་ཞིག་ཡོད་ན་ངོ་མཚར་ཆེ། །ཁྱོད་ཀྱིས་རོ་ཉལ་བྱེད་ཚུལ་ལ། །བལྟས་ན་གདེང་ཞིག་ཡོད་མོད་སྙམ། །མེད་ན་འདི་ལྟར་སྡོད་ཚུགས་ན། །ཁྱོད་རང་གདོན་གྱིས་སྨྱོས་སམ་ཅི། །

p. 217

གདེང་ཞིག་མ་ཐོབ་འཆི་བའི་དུས། །དབུགས་ལེན་གཤེད་པོ་ལ་སོགས་པའི། །འབྱུང་བོ་དུ་མས་མཐའ་ནས་བསྐོར། །ད་ཟ་ད་འཁྱེར་ཟེར་བའི་དུས། །འགྱོད་ཀྱང་ཅུང་ཟད་བྱ་ཐབས་མེད། །དེ་བས་སྙིང་རྩ་རབ་ནོན་པའི། །ཆོས་ཤིག་མི་བྱེད་འདུག་ཕོད་དམ། །རང་གིས་རང་ལ་སྙིང་རྗེ་ན། །ཉིན་པར་རྣམ་གཡེང་བྱ་བ་སྤོངས། །མཚན་མོ་གཏི་མུག་རོ་ཉལ་ཞོག །ད་ལྟ་ཉིད་དུ་མི་འགྱོད་པའི། །ཆོས་ཤིག་མི་བྱེད་སྡོད་རི་ཤི །སྙམ་དུ་ཞེ་མནའ་ཁྱོད་སྐྱོལ་ལ། །སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྦྱོར། འདིས་ཀྱང་རང་གཞན་ལ་ཕན་ནས། །རྣམ་གཡེང་གཏི་མུག་རོ་ཉལ་སྤངས། །དམ་པའི་ཆོས་ལ་རབ་གཞོལ་ནས། །གཏན་གྱི་བཙན་ས་ཟིན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ན་མོ་གུ་རུ།ཁ་བདེ་སེམས་སྐྱིད་ཀྱི་བྱ་བཏང་ཁྱོད། །ནམ་མཁའ་ཡངས་པ་ལ་དཔེ་ཞོག་ལ། །མཐའ་དབུས་མེད་པ་ཡི་སྒོམ་ཞིག་རྒྱོབ། །ལྷོ་སྤྲིན་སྨུག་པོ་དེ་འཁྲིགས་པའི་ཚེ། །གཞན་གྱིས་འབད་རྩོལ་གྱིས་སེལ་མི་དགོས། །ལྷོ་སྤྲིན་ནམ་མཁའ་ཡི་ཆོ་འཕྲུལ་ཡིན། །ནམ་མཁའ་ཁོ་རང་གི་ངང་དུ་ཞོག །རང་སར་གྲོལ་བ་ལ་ཐེ་ཚོམ་མེད། །གུ་ཡངས་བློ་བདེ་བའི་གླུ་བ་ཁྱོད། །མཚོ་སྙིང་རི་བོ་ལ་དཔེ་ཞོག་ལ། །གཡོ་འགུལ་མེད་པ་ཡི་སྒོམ་ཞིག་རྒྱོབ། །རྩི་ཤིང་སྣ་ཚོགས་པ་སྐྱེས་པའི་ཚེ། །གཞན་གྱི་འབད་རྩོལ་གྱིས་

p. 218

སེལ་མི་དགོས། །རྩི་ཤིང་རི་བོ་ཡི་ཆོ་འཕྲུལ་ཡིན། །རི་བོ་ཁོ་རང་གི་ངང་དུ་ཞོག །རང་སར་གྲོལ་བ་ལ་ཐེ་ཚོམ་མེད། །གཏད་མེད་སྨྱོན་པ་ཡི་རི་བ་ཁྱོད། །ཁྲི་གཤོག་མཚོ་མོ་ལ་དཔེ་ལོངས་ལ། །ཁ་གཏིང་མེད་པ་ཡི་སྒོམ་ཞིག་རྒྱོབ། །རྦ་རླབས་མང་བོ་དེ་གཡོ་བའི་ཚེ། །གཞན་ས། གྱི་འབད་རྩོལ་གྱིས་སེལ་མི་དགོས། །རྦ་རླབས་མཚོ་མོ་ཡི་ཆོ་འཕྲུལ་ཡིན། །ཁྲི་གཤོག་མཚོ་མོ་ཡི་ངང་དུ་ཞོག །རང་སར་གྲོལ་བ་ལ་ཐེ་ཚོམ་མེད། །རྫོགས་པ་ཆེན་པོ་ཡི་རྣལ་འབྱོར་ཁྱོད། །ཁྱབ་གདལ་ཟང་ཐལ་གྱི་རང་རིག་འདི། །སྐྱོང་དུས་རྟོག་མེད་ཀྱི་སྒོམ་ཞིག་རྒྱོབ། །བཟང་ངན་རྣམ་རྟོག་དེ་འཕྲོ་བའི་ཚེ། །ཡིད་དཔྱོད་རྩོལ་བ་ཡིས་སེལ་མི་དགོས། །རྣམ་རྟོག་རང་རིག་གི་ཆོ་འཕྲུལ་ཡིན། །རིག་པ་ཁོ་རང་གི་ངང་དུ་ཞོག །རང་སར་གྲོལ་བ་ལ་ཐེ་ཚོམ་མིད། །ཅེས་པ་འདི་ཡང་གཏད་མེད་སྨྱོན་པ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་རང་ལ་སྨྲས་པའོ། །རྗེ་ཆོས་རྒྱལ་ངག་གི་དབང་བོ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལུས་མི་རྟག་གཡར་བོ་ལྟ་བུ་ལ། །གོས་རྒྱན་ཆ་སྤྲས་པ་ཤིན་ཏུ་བླུན། །ནོར་བསགས་པ་ཤུལ་དུ་ལུས་རྒྱུ་ལ། །སྡིག་སེར་སྣ་བྱེད་པ་ཤིན་ཏུ་བླུན། །སྡུག་རྩ་བ་གྲོགས་བུ་འཁོར་རྒྱས་ལ། །དགའ་གཅེས་འཛིན་བྱེད་པ་ཤིན་ཏུ་བླུན། །དུས་གཏན་བདེའི་དམ་ཆོས་མི་བསྒྲུབ་པར། །ཚེ་འདི་དོན་བསྒྲུབ་པ་ཤིན་ཏུ་བླུན། །རྐྱེན་ཅུང་ཟད་མི་བཟོད་ངན་སོང་གི །སྡུག་བཟོད་མོད་སྙམ་པ་ཤིན་ཏུ་

p. 219

བླུན། །དགྲ་འཆི་བདག་ནམ་འོང་ཆ་མེད་པར། །ཡུན་རིང་བོར་སྡོད་སྙམ་ཤིན་ཏུ་བླུན། །ཁྱོད་བླུན་པོའི་ཁྱུ་རུ་མ་འཚངས་པར། །ད་མཁས་པའི་གྲལ་དུ་ཨེ་ཚུད་ལྟོས། །གླུ་འདི་ཡང་རང་ལ་ཕན་ཕྱིར་བླངས། །མི་གཞན་དག་ལ་ཡང་ཕན་ཐོགས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །འགྲོ་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཡང་སྒོས་སུ་བདག་རྒྱུད་བྱིན་གྱིས་རློབས། །ཡིད་བཞིན་གྱི་ནོར་བུ་དགོས་འདོད་ནི། །འབྱུང་ན་ཡང་རློམ་སེམས་མེད་པ་བཞིན། །རློམ་སེམས་ནི་མེད་པའི་སྦྱིན་པ་ཐོངས། །རབ་མཛེས་ཀྱི་མེ་ཏོག་པདྨ་དེ། །འདམ་ནང་དུ་སྐྱེས་ཀྱང་མ་གོས་བཞིན། །ཉེས་ལྟུང་གིས་མ་གོས་ཚུལ་ཁྲིམས་སྲུངས། །གཅེས་ཕྲུག་གི་བུ་ལ་དུས་རྒྱུན་དུ། །ཨ་མ་ཡིས་སྙིང་ནས་གཅེས་པ་བཞིན། །འགྲོ་ཀུན་ལ་ཁྲོ་མེད་བཟོད་པ་སྒོམས། །སྒེག་མོ་ཡི་མགོ་འམ་གོས་ལ་མེ། །ཤོར་བ་དེ་མྱུར་དུ་གསོད་པ་བཞིན། །ལེ་ལོ་ནི་མེད་པའི་བརྩོན་འགྲུས་བརྩོན། །སྐྱི་སེར་གྱི་རླུང་གིས་མ་བསྐྱོད་པའི། །མར་མེ་ནི་གཡོ་མེད་གསལ་བ་བཞིན། །བྱིང་རྒོད་དང་བྲལ་བའི་བསམ་གཏན་སྒོམས། །རྩི་ཤིང་གི་རི་བོ་ཆེན་པོ་ལ། །མེ་ཤོར་ན་ཆེས་ཆེར་འབར་བ་བཞིན། །འཆལ་བ་མེད་ཤེས་རབ་ཆེས་ཆེར་སྐྱེད། །ཕར་ཕྱིན་དྲུག་རྒྱལ་སྲས་སྤྱོད་པ་ཡིན། །འགྲོ་དོན་དུ་

p. 220

ཁྱོད་ཀྱིས་སྤྱད་པར་གྱིས། །དགེ་འདིས་ཀྱང་རང་གཞན་ལ་ཕན་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཕ་རྒན་ཆོས་ཀྱི་རྒྱལ་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལུས་ཀྱི་མི་དགེ་བ་རྣམས་སྤོངས། །ལུས་ནི་སྣང་སྟོང་ལྷ་སྐུར་སྒོམས། །ལུས་ཀྱི་སྒྲིབ་པ་ཀུན་དག་ནས། །ལུས་ནི་རྒྱལ་བའི་སྐུ་རུ་འགྱུར། །ངག་གི་མི་དགེ་བ་རྣམས་སྤོངས། །བྲག་ཆ་བཞིན་དུ་སྔགས་ཟློས་ཤིག །ངག་གི་སྒྲིབ་པ་ཀུན་དག་ནས། །ངག་ནི་རྒྱལ་བའི་གསུང་དུ་འགྱུར། །ཡིད་ཀྱི་མི་དགེ་བ་རྣམས་སྤོངས། །གསལ་སྟོང་འཛིན་མེད་ངང་ལ་ཞོག །ཡིད་ཀྱི་སྒྲིབ་པ་ཀུན་དག་ནས། །ཡིད་ནི་རྒྱལ་བའི་ཐུགས་སུ་འགྱུར། །ལྟ་བ་རང་སྟོང་ཆེན་པོ་ཡིན། །ལྟ་རྒྱུ་མེད་པ་ལྟ་བའི་མཆོག །སྒོམ་པ་རང་གསལ་འཛིན་མེད་ཡིན། །སྒོམ་རྒྱུ་མེད་པ་སྒོམ་པའི་མཆོག །སྤྱོད་པ་དགག་སྒྲུབ་མེད་པ་ཡིན། །སྤྱོད་རྒྱུ་མེད་པ་སྤྱོད་པའི་མཆོག །དམ་ཚིག་བསྲུང་མེད་ཉམས་མེད་ཡིན། །བསྲུང་རྒྱུ་མེད་པ་དམ་ཚིག་མཆོག །འབྲས་བུ་སྐྱེ་མེད་ཆོས་སྐུ་ཡིན། །སྐྱེ་རྒྱུ་མེད་པ་འབྲས་བུའི་མཆོགགླུ་དབྱངས་འདི་ཉིད་ཐོས་ཚད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བློ་སྦྱོང་བདུད་རྩིའི་ཐིགས་པ་བཞུགས་སོ།། རྩ་བརྒྱུད་བླ་མ་རྣམས་ལ་འདུད། །བདག་བློ་དམ་པའི་ཆོས་ལ་སྒྱུར། །ཉོན་དང་བྱ་བཏང་རི་ཁྲོད་པ། །དམ་པའི་ལྷ་ཆོས་སྒྲུབ་པའི་རྟེན། །དལ་འབྱོར་མི་ལུས་ཐོབ་

p. 221

པའི་རྒྱུ། །ཚུལ་ཁྲིམས་སྦྱིན་སོགས་དགེ་བའི་ལས། །ཕུན་སུམ་ཚོགས་པ་བསྒྲུབ་དགོས་པས། །སེམས་ཅན་ནང་ན་རྒྱུ་དགེ་བ། །སྒྲུབ་པ་ཤིན་ཏུ་ཉུང་བས་ན། །འབྲས་བུ་དལ་འབྱོར་ཐོབ་པ་དཀོན། །དུད་འགྲོ་ལ་སོགས་འགྲོ་བའི་རིགས། །གཞན་ལ་ལྟོས་ན་དལ་འབྱོར་རྟེན། །ཐོབ་པ་ཉིན་སྐར་ཙམ་དུ་འདུག །བདག་གིས་ད་རེ་དལ་འབྱོར་གྱི། །མི་ལུས་རིན་ཆེན་ཐོབ་པ་འདི། །དོན་མེད་ཆུད་ཟོས་མི་འགྱུར་བར། །དམ་ཆོས་རྣམ་དག་ཅིག་བྱེད་དགོས། །སྙམ་དུ་སྒོམས་ཤིག་རི་ཁྲོད་པ། །ད་ལྟའི་ཚེ་ལ་ངེས་པ་མེད། །འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །དེ་རིང་ཙམ་ཡང་མི་འཆི་བའི། །གདེང་ནི་རང་ལ་མི་འདུག་པས། །ད་ལྟ་དམ་པའི་ཆོས་བྱེད་དགོས། །སྙམ་དུ་སྒོམས་ཤིག་རི་ཁྲོད་པ། །དགེ་བ་དང་ནི་སྡིག་པའི་ལས། །འབྲས་བུ་བདེ་སྡུག་འབྱུང་གསུངས་པས། །སྡིག་པ་ཐམས་ཅད་རབ་སྤངས་ཤིང་། །དགེ་བ་ཅི་ནུས་བསྒྲུབ་པར་བྱ། །སྙམ་དུ་སྒོམས་ཤིག་རི་ཁྲོད་པ། །དགེ་བས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ཀྱིས། །ཡན་ལག་བདུན་པ་ཕུལ་ནས་ནི། །ལྷ་དང་བླ་མར་གསོའ་བ་ཐོབས། །ལུས་ཀྱི་གནད་ནི་དྲང་བོར་སྡོད། །དབུགས་ནི་ཕྱིར་འགྲོ་ནང་འགྲོ་གཉིས། །ཉི་ཤུ་རྩ་གཅིག་བར་དུ་བགྲོངས། །དེ་ལྟར་བྱས་ན་བསམ་གཏན་གྱི། །སྣོད་

p. 222

རུང་འགྱུར་རོ་རི་ཁྲོད་པ། །ཕྱི་རོལ་རི་དང་ཁང་ཁྱིམ་སོགས། །སྣོད་བཅུད་འདི་དག་ཐམས་ཅད་ནི། །དཔེར་ན་རྨི་ལམ་ཇི་བཞིན་དུ། །རང་གི་སེམས་ཀྱི་འཁྲུལ་སྣང་ཡིན། །རང་བཞིན་གྲུབ་པ་རྡུལ་ཙམ་མེད། །སེམས་ཉིད་ཡ་ཀི་སྤྱི་གཙུག་ནས། །མ་ཀི་རྐང་མཐིལ་བར་དུ་ཚོལ། །བཙལ་ཚེ་སྐྱེ་འགགས་གནས་གསུམ་གྱིས། །སྟོང་ཞིང་ཁ་དོག་དབྱིབས་སོགས་མེད། །ལུས་ཀྱི་ཕྱི་ནང་གང་ན་ཡང་། །མི་གནས་ཅི་ཡང་མ་གྲུབ་ཅིང་། །ཅི་ཡང་མི་རྙེད་པ་ཞིག་འོང་། །དེ་ལྟར་འཚོལ་མཁན་ངོ་བོ་ལ། །ལྟོས་དང་སྟོང་སང་འཛིན་མེད་འགྱུར། །སྟོང་སང་དེ་ཀའི་ངང་ཉིད་དུ། །མཉམ་པར་ཞོག་ཅིག་རི་ཁྲོད་པ། །དེ་ནས་ཐུན་མཚམས་ཐམས་ཅད་དུ། །རང་གཞན་སྣོད་བཅུད་ཅི་སྣང་རྣམས། །དཔེར་ན་རྨི་ལམ་སྒྱུ་མ་ལྟར། །རང་བཞིན་མེད་པར་ཤེས་པར་གྱིས། །སྒྱུ་མའི་སེང་གེ་གླང་སོགས་ཀྱིས། །ཕན་ཚུན་གནོད་དང་རྨི་ལམ་དུ། །བདེ་སྡུག་མྱོང་ལྟར་དཀར་ནག་ལས། །ནམ་ཡང་བསླུ་བ་མེད་སྙམ་དུ། །སྣང་སྟོང་སྒྱུ་མའི་ངང་ཉིད་ནས། །ཚོགས་གསོག་སྒྲིབ་སྦྱོང་ལ་སོགས་ལ། །བརྩོན་པར་མཛོད་ཅིག་རི་ཁྲོད་པ། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །སྡུག་བསྔལ་བྱུང་བ་ཐམས་ཅད་ནི། །བདག་ཉིད་གཅེས་པར་བཟུང་བ་ལས། །འབྱུང་ཞེས་རྒྱལ་བ་རྣམས་ཀྱིས་གསུངས། །དེ་ཕྱིར་ཁྱོད་

p. 223

ཀྱིས་ད་ནས་བཟུང་། །བདག་འཛིན་འདི་ལ་དགྲ་རུ་ལྟོས། །བདག་འཛིན་འཕུང་རྒན་ནམ་བྱུང་བའི། །དུས་སུ་ཁོ་རང་ངོ་བོར་ལྟོས། །བལྟས་པས་གང་ཡང་མི་འདུག་ཚེ། །དོན་མེད་ཅིའི་ཕྱིར་བདག་ཏུ་འཛིན། །སྙམ་དུ་བདག་འཛིན་སྤང་བར་མཛོད། །ཉོན་དང་བྱ་བཏང་རི་ཁྲོད་པ། །ཕན་བདེ་ཐམས་ཅད་སེམས་ཅན་རྣམས། །གཅེས་པར་བཟུང་ལས་འབྱུང་ངོ་ཞེས། །རྒྱལ་བ་སྲས་བཅས་རྣམས་ཀྱིས་གསུངས། །དེ་ཕྱིར་ཁྱོད་ཀྱིས་ད་ནས་བཟུང་། །སེམས་ཅན་ཐམས་ཅད་གཉེན་དུ་བཟུང་། །མཆོག་དམན་བར་མ་ཐམས་ཅད་ལ། །ཕན་ཐོགས་མཛོད་ཅིག་རི་ཁྲོད་པ། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཉོན་ཅིག་བྱ་བཏང་རི་ཁྲོད་པ། །རང་གི་ཚེ་འདིའི་དྲིན་ཅན་མ། །མདུན་དུ་གསལ་བར་རབ་དམིགས་ལ། །བདག་ནི་ཨ་མ་འདི་ཉིད་ཀྱི། །ལྟོ་བར་གནས་པ་ནས་བཟུང་སྟེ། །ཆུད་མ་གཟོན་པར་ལེགས་བསྐྱངས་པས། །ད་ལྟ་སངས་རྒྱས་བསྟན་པར་མཇལ། །ལམ་བཟང་སྒྲུབ་པའི་སྐལ་བ་ལྡན། །མ་འདི་ཤིན་ཏུ་དྲིན་རེ་ཆེ། །ཚེ་འདི་ཁོ་ན་མ་ཟད་ཀྱི། །ཚེ་རབས་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །ལན་གྲངས་མང་བོར་མ་བྱས་ནས། །བྱས་དུས་བྱམས་པའི་མིག་གིས་བལྟས། །ཞིམ་པའི་ནུ་ཞོ་ཁ་རུ་བླུད། །གཅེས་པའི་ཤ་ཡི་དྲོད་ལ་བསླན། །ཆེར་སོང་ཟས་ཞིམ་མང་བོ་བྱིན། །དྲོ་

p. 224

འཇམ་ཡང་བའི་གོས་ཀྱིས་གཡོགས། །ཕན་པ་དཔག་ཏུ་མེད་པ་བཏགས། །མེ་ཆུ་གཡང་ལ་སོགས་པ་ཡི། །འཇིགས་པ་རྣམས་ལས་རབ་ཏུ་བསྐྱབས། །དེ་འདྲའི་དཀའ་ལས་སྣ་ཚོགས་ཀྱིས། །བསྐྱངས་པས་ཤིན་ཏུ་དྲིན་རེ་ཆེ། །གནས་སྐབས་མཐར་ཐུག་བདེ་བ་ཡིས། །ཕོངས་པའི་དྲིན་ཅན་ཨ་མ་འདི། །གནས་སྐབས་བདེ་བ་སྣ་ཚོགས་དང་། །མཐར་ཐུག་བྱང་ཆུབ་བདེ་བ་དང་། །ལྡན་པར་གྱུར་ན་ཅི་མ་རུང་། །སྙམ་དུ་བྱམས་པ་ཤུགས་དྲག་སྒོམས། །མི་འདོད་སྡུག་བསྔལ་སྣ་ཚོགས་པ། །མྱོང་བའི་མ་འདི་སྙིང་རེ་རྗེ། །འཁོར་བའི་སྡུག་བསྔལ་མཐའ་དག་དང་། །བྲལ་བར་གྱུར་ན་ཅི་མ་རུང་། །སྙམ་དུ་སྙིང་རྗེ་ཤུགས་དྲག་སྒོམས། །ད་ནི་མྱུར་དུ་བདག་ཉིད་ཀྱིས། །དྲིན་ཅན་ཨ་མའི་དྲིན་ལན་དུ། །ཕན་འདོགས་གནོད་པ་བསལ་བར་བྱ། །དྲིན་ཅན་མ་ལ་གང་གནོད་ན། །ཚེ་འདིའི་སྡུག་བསྔལ་དངོས་སུ་གནོད། །སྐྱེ་བ་གཞན་དུ་མི་དགེའི་ལས། །རྣམས་དང་ཉོན་མོངས་གནོད་པས་ན། །དེ་རྣམས་བདག་གིས་བླང་བར་བྱ། །སྙམ་དུ་དྲིན་ཅན་མའི་རྒྱུད་ན། །ཡོད་པའི་སྡུག་བསྔལ་ཐམས་ཅད་དང་། །མི་དགེ་ལས་དང་ཉོན་མོངས་རྣམས། །དུད་པ་ནག་པོའི་རྣམ་པ་རུ། །མ་ཡི་སྣ་བུག་གཡས་ནས་འཐོན། །རང་གི་སྣ་བུག་གཡོན་ནས་ཞུགས། །སྙིང་གི་དཀྱིལ་ན་དུས་ཀུན་ཏུ། །ང་ང་ཟེར་བའི་མགོ་ཐོག་ཏུ། །སིབ་སིབ་ཐིམ་པའི་མོས་པ་གྱིས། །མ་ཡི་སྡུག་བསྔལ་ལས་ཉོན་རྣམས། །ཐམས་ཅད་བདག་གི་སྙིང་ནང་དུ། །བྱུང་ན་སྙམ་པའི་འདུན་པ་ནི། །དྲག་ཏུ་གྱིས་ཤིག་རི་

p. 225

ཁྲོད་པ། །དྲིན་ཅན་མ་ལ་ཅིས་ཕན་ན། །བདེ་དང་དགེ་བའི་ལས་ཕན་པས། །བདག་གི་བདེ་དང་དགེ་བ་རྣམས། །ཐམས་ཅད་མ་ལ་གཏང་བར་བྱ། །སྙམ་དུ་རང་གི་བདེ་དགེ་རྣམས། །འོད་ཟེར་དཀར་བོའི་རྣམ་པ་རུ། །རང་གི་སྣ་བུག་གཡས་ནས་འཐོན། །མ་ཡི་སྣ་བུག་གཡོན་ནས་ཞུགས། །ཞུགས་པས་ཨ་མ་འཕྲལ་བདེ་ཞིང་། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་འཛོམ། །ཕུགས་སུ་འཚང་རྒྱ་ནུས་ཙམ་དུ། །གྱུར་པར་སྒོམས་ཤིག་རི་ཁྲོད་པ། །འདིས་ཀྱང་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཉོན་དང་སྐལ་ལྡན་རི་ཁྲོད་པ། །ཚེ་འདིའི་ཕ་ཡང་མདུན་དུ་དམིགས། །རང་གིས་སྐྱེ་བ་བླངས་པའི་གྲངས། །བགྲངས་ན་གྲངས་ཀྱིས་མི་ཆོད་ཅེས། །ཐམས་ཅད་མཁྱེན་པ་སངས་རྒྱས་གསུངས། །དེ་ཕྱིར་བདག་གི་ཕ་འདི་ནི། །ཚེ་འདིར་བདག་གི་ཕར་གྱུར་ནས། །ཕན་པ་དཔག་ཏུ་མེད་པ་བཏགས། །སྐྱེ་བ་གཞན་དུ་བདག་གི་མ། །བྱས་པ་གྲངས་ཀྱིས་མི་ཆོད་པ། །བྱས་238དུས་བྱམས་པའི་མིག་གིས་བལྟས། །ཞིམ་པའི་ནུ་ཞོ་ཁ་རི་བླུད། །གཅེས་པའི་ཤ་ཡི་དྲོད་ལ་བསླན། །ཆེར་སོང་ཟས་ཞིམ་མང་བོ་བྱིན། །དྲོ་འཇམ་ཡང་བའི་གོས་ཀྱིས་གཡོགས། །ཕན་པ་དཔག་ཏུ་མེད་པ་བཏགས། །མེ་ཆུ་གཡང་ལ་སོགས་པ་ཡི། །འཇིགས་པ་རྣམས་ལས་རབ་ཏུ་བསྐྱབས། །དེ་འདྲའི་དཀའ་

p. 226

ལས་སྣ་ཚོགས་ཀྱིས། །བསྐྱངས་པས་ཤིན་ཏུ་དྲིན་རེ་ཆེ། །གནས་སྐབས་མཐར་ཐུག་བདེ་བ་ཡིས། །ཕོངས་པའི་དྲིན་ཅན་ཕ་རྒན་འདི། །གནས་སྐབས་བདེ་བ་སྣ་ཚོགས་དང་། །མཐར་ཐུག་བྱང་ཆུབ་བདེ་བ་དང་། །ལྡན་པར་གྱུར་ན་ཅི་མ་རུང་། །སྙམ་དུ་བྱམས་པ་ཤུགས་དྲག་སྒོམས། །མི་འདོད་སྡུག་བསྔལ་སྣ་ཚོགས་པ། །མྱོང་བའི་ཕ་འདི་སྙིང་རེ་རྗེ། །འཁོར་བའི་སྡུག་བསྔལ་མཐའ་དག་དང་། །བྲལ་བར་གྱུར་ན་ཅི་མ་རུང་། །སྙམ་དུ་སྙིང་རྗེ་ཤུགས་དྲག་སྒོམས། །ད་ནི་མྱུར་དུ་བདག་ཉིད་ཀྱིས། །དྲིན་ཅན་ཕ་འདིའི་དྲིན་ལན་དུ། །ཕན་གདགས་གནོད་པ་བསལ་བར་བྱ། །དྲིན་ཅན་ཕ་མར་གང་གནོད་ན། །ཚེ་འདིའི་སྡུག་བསྔལ་དངོས་སུ་གནོད། །སྐྱེ་བ་གཞན་དུ་མི་དགེའི་ལས། །རྣམས་དང་ཉོན་མོངས་གནོད་པས་ན། །དེ་རྣམས་བདག་གིས་བླང་བར་བྱ། །སྙམ་དུ་དྲིན་ཅན་ཕའི་རྒྱུད་ན། །ཡོད་པའི་སྡུག་བསྔལ་ཐམས་ཅད་དང་། །མི་དགེའི་ལས་དང་ཉོན་མོངས་རྣམས། །དུད་པ་ནག་པོའི་རྣམ་པ་རུ། །ཕ་ཡི་སྣ་བུག་239གཡས་ནས་འཐོན། །རང་གི་སྣ་བུག་གཡོན་ནས་ཞུགས། །སྙིང་གི་དཀྱིལ་ན་དུས་ཀུན་ཏུ། །ང་ང་ཟེར་བའི་མགོ་ཐོག་ཏུ། །སིབ་སིབ་ཐིམ་པའི་མོས་པ་གྱིས། །ཕ་ཡི་སྡུག་བསྔལ་ལས་ཉོན་རྣམས། །ཐམས་ཅད་རང་གི་སྙིང་དཀྱིལ་དུ། །བྱུང་ན་སྙམ་པའི་འདུན་པ་ནི། །དྲག་ཏུ་གྱིས་ཤིག་རི་ཁྲོད་པ། །དྲིན་ཅན་ཕ་ལ་ཅིས་ཕན་ན། །བདེ་དང་དགེ་བའི་ལས་ཕན་པས། །བདག་གི་བདེ་དང་དགེ་བ་རྣམས། །ཐམས་ཅད་ཕ་ལ་

p. 227

གཏང་བར་བྱ། །སྙམ་དུ་བདག་གི་བདེ་དགེ་རྣམས། །འོད་ཟེར་དཀར་བོའི་རྣམ་པ་རུ། །རང་གི་སྣ་བུག་གཡས་ནས་འཐོན། །ཕ་ཡི་སྣ་བུག་གཡོན་པ་ནས། །ཞུགས་པས་ཕ་དེ་འཕྲལ་བདེ་ཞིང་། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་འཛོམ། །ཕུགས་སུ་འཚང་རྒྱ་ནུས་ཙམ་དུ། །གྱུར་པར་སྒོམས་ཤིག་རི་ཁྲོད་པ། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཉོན་དང་སྐལ་ལྡན་རི་ཁྲོད་པ། །རང་གི་ཕ་མའི་མཐའ་སྐོར་དུ། །སེམས་ཅན་ཐམས་ཅད་ཡོད་པར་དམིགས། །བདག་གི་སྐྱེ་བ་གྲངས་མེད་པས། །བདག་གི་སྐྱེ་བ་གཞན་རྣམས་སུ། །སེམས་ཅན་འདི་དག་ཐམས་ཅད་ཀྱིས། །བདག་གི་ཨ་མ་མ་བྱས་མེད། །སྐྱེ་བ་གཞན་དུ་བདག་གི་མ། །བྱས་དུས་བྱམས་པའི་མིག་གིས་བལྟས། །ཞིམ་པའི་ནུ་ཞོ་ཁ་རུ་བླུད། །གཅེས་པའི་ཤ་ཡི་དྲོད་ལ་བསླན། །ཆེར་སོང་ཟས་ཞིམ་མང་བོ་བྱིན། །དྲོ་འཇམ་ཡང་བའི་གོས་ཀྱིས་གཡོགས། །ཕན་པ་དཔག་ཏུ་མེད་པ་བཏགས། །མེ་ཆུ་གཡང་ལ་སོགས་པ་ཡི། །འཇིགས་པ་རྣམས་ལས་རབ་ཏུ་བསྐྱབས། །དེ་འདྲའི་དཀའ་ལས་སྣ་ཚོགས་ཀྱིས། །བསྐྱངས་པས་ཤིན་ཏུ་དྲིན་རེ་ཆེ། །གནས་སྐབས་མཐར་ཐུག་བདེ་བ་ཡིས། །ཕོངས་པའི་མ་གྱུར་འགྲོ་བ་རྣམས། །གནས་སྐབས་བདེ་བ་སྣ་ཚོགས་དང་། །མཐར་ཐུག་བྱང་ཆུབ་བདེ་བ་དང་། །ལྡན་པར་གྱུར་ན་ཅི་མ་རུང་། །སྙམ་

p. 228

དུ་བྱམས་པ་ཤུགས་དྲག་སྒོམས། །མི་འདོད་སྡུག་བསྔལ་སྣ་ཚོགས་པ། །མྱོང་བའི་འགྲོ་ཀུན་སྙིང་རེ་རྗེ། །འཁོར་བའི་སྡུག་བསྔལ་མཐའ་དག་དང་། །བྲལ་བར་གྱུར་ན་ཅི་མ་རུང་། །སྙམ་དུ་སྙིང་རྗེ་ཤུགས་དྲག་སྒོམས། །ད་ནི་མྱུར་དུ་བདག་ཉིད་ཀྱིས། །མ་གྱུར་འགྲོ་བའི་དྲིན་ལན་དུ། །ཕན་གདགས་གནོད་པ་བསལ་བར་བྱ། །དྲིན་ཅན་འགྲོ་ལ་གང་གནོད་ན། །ཚེ་འདིའི་སྡུག་བསྔལ་དངོས་སུ་གནོད། །ཚེ་རབས་གཞན་དུ་མི་དགེའི་ལས། །རྣམས་དང་ཉོན་མོངས་གནོད་པས་ན། །དེ་རྣམས་བདག་གིས་བླང་བར་བྱ། །སྙམ་དུ་འགྲོ་བ་ཐམས་ཅད་ཀྱི། །རྒྱུད་ལ་ཡོད་པའི་སྡུག་བསྔལ་དང་། །མི་དགེ་ལས་དང་ཉོན་མོངས་རྣམས། །དུད་པ་ནག་པོའི་རྣམ་པ་རུ། །འགྲོ་ཀུན་སྣ་བུག་གཡས་ནས་འཐོན། །རང་གི་སྣ་བུག་གཡོན་ནས་ཞུགས། །སྙིང་གི་དཀྱིལ་ན་དུས་ཀུན་ཏུ། །ང་ང་ཟེར་བའི་མགོ་ཐོག་ཏུ། །སིབ་སིབ་ཐིམ་པའི་མོས་པ་གྱིས། །འགྲོ་བའི་སྡུག་བསྔལ་ལས་ཉོན་རྣམས། །ཐམས་ཅད་རང་གི་སྙིང་ནང་དུ། །བྱུང་ན་སྙམ་པའི་འདུན་པ་ནི། །དྲག་ཏུ་གྱིས་ཤིག་རི་ཁྲོད་པ། །དྲིན་ཅན་འགྲོ་ལ་ཅིས་ཕན་ན། །བདེ་དང་དགེ་བའི་ལས་ཕན་པས། །བདག་གི་བདེ་དང་དགེ་བ་རྣམས། །ཐམས་ཅད་འགྲོ་ལ་གཏང་བར་བྱ། །སྙམ་དུ་རང་གི་བདེ་དགེ་རྣམས། །འོད་ཟེར་དཀར་བོའི་རྣམ་པ་རུ། །རང་གི་སྣ་བུག་གཡས་ནས་འཐོན། །འགྲོ་ཀུན་སྣ་བུག་གཡོན་པ་ནས། །ཞུགས་པས་འགྲོ་ཀུན་འཕྲལ་བདེ་ཞིང་། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་འཛོམ། །ཕུགས་སུ་འཚང་རྒྱ་ནུས་

p. 229

ཙམ་དུ། །གྱུར་པར་སྒོམས་ཤིག་རི་ཁྲོད་པ། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཉོན་དང་སྐལ་ལྡན་རི་ཁྲོད་པ། །དེ་ལྟར་ལན་མང་བསྒོམས་པའི་མཐར། །ཐུན་མཚམས་རྣམས་སུ་རང་སེམས་ལ། །ཆགས་སྡང་རྨོངས་སེམས་སྐྱེ་བའི་ཚེ། །བདག་ལྟར་འདོད་ཆགས་ཞེ་སྡང་དང་། །གཏི་མུག་སྐྱེས་པའི་སེམས་ཅན་ནི། །མང་བོ་ཡོད་པས་དེ་རྣམས་ཀྱི། །དུག་གསུམ་བདག་ལ་འདུས་ནས་ཀྱང་། །དེ་རྣམས་ཆགས་སྡང་རྨོངས་གསུམ་དང་། །བྲལ་བར་གྱུར་ཅིག་སྙམ་དུ་སྒོམས། །སྤྱོད་ལམ་ཀུན་ཏུ་ཚིག་འདི་ཐོན། །སེམས་ཅན་རྣམས་ཀྱི་སྡིག་པ་དང་། །སྡུག་བསྔལ་ཐམས་ཅད་བདག་སྨིན་ཅིང་། །བདག་གི་བདེ་དང་དགེ་བ་རྣམས། །སེམས་ཅན་རྣམས་ལ་སྨིན་གྱུར་ཅིག །ངག་ཏུ་བརྗོད་ཅིང་འདུན་པ་ཡང་། །དྲག་ཏུ་གྱིས་ཤིག་རི་ཁྲོད་པ། །དགེ་འདིས་རང་གཞན་ལ་ཕན་ཤོག །ཅེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཐུན་མཚམས་རྣམས་སུ་བསྒོམ་ཚུལ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །མི་འདོད་འགལ་རྐྱེན་གྲོགས་སུ་སྒྱུར། །ཉོན་དང་བྱ་བཏང་རི་ཁྲོད་པ། །དབེན་པར་གཅིག་པུར་སྡོད་པའི་དུས། །ཉོན་མོངས་སྡུག་བསྔལ་ཅི་བྱུང་ཡང་། །ཀུན་རྫོབ་ཉིད་དུ་འདི་ལྟར་དུ། །སྣང་ཡང་དཔེར་ན་རྨི་

p. 230

ལམ་དུ། །མེ་ཡིས་ཚིག་གམ་ཆུས་ཁྱེར་ནས། །ཉམ་ཐག་པ་ལྟར་རང་གི་སེམས། །འཁྲུལ་ནས་སྣང་བ་མ་གཏོགས་པ། །རང་བཞིན་གྲུབ་པ་རྡུལ་ཙམ་ཡང་། །མེད་དོ་སྙམ་དུ་བསྒོམ་པར་གྱིས། །ཉོན་དང་བྱ་བཏང་རི་ཁྲོད་པ། །དེ་ནས་རང་གི་ལུས་སེམས་གཉིས། །བློ་ཡིས་སོ་སོར་ཕྱེ་ནས་ཀྱང་། །ཉོན་མོངས་ཡང་ན་སྡུག་བསྔལ་དེ། །རང་བཞིན་གྲུབ་པ་ཨེ་འདུག་ལྟོས། །བལྟས་ཚེ་གང་ཡང་མི་རྙེད་པར། །སྟོང་བར་གྱུར་ཚེ་དེའི་ངང་དུ། །མཉམ་པར་ཞོག་ཅིག་རི་ཁྲོད་པ། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མའི་ཞབས་ལ་འདུད། །རྐྱེན་ངན་ལམ་གྱི་གྲོགས་སུ་སྒྱུར། །ཉོན་དང་བྱ་བཏང་རི་ཁྲོད་པ། །རྣལ་འབྱོར་རང་ལ་གནོད་བྱེད་པའི། །མི་འམ་མི་མིན་བྱུང་བའི་ཚེ། །གནོད་བྱེད་འདི་ཡིས་ཐོག་མེད་ནས། །བདག་གི་ཨ་མ་གྲངས་མེད་བྱས། །བྱས་དུས་ཁོ་རང་སྡིག་སྡུག་དང་། གཏམ་ངན་གང་ལའང་མ་འཛེམས་པར། །བདག་ལ་ཕན་པ་བྱས་བྱས་ནས། །སྔོན་དུས་བདག་གི་དོན་གྱི་ཕྱིར། །འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱངས། །ད་ལྟ་ཁོ་རང་ཉོན་མོངས་པའི། །གདོན་གྱིས་ཡིད་དཀྲུགས་དབང་མེད་སྨྱོས། །བདག་ཉིད་ཚེ་སྔོན་ཁོ་རང་གི །ཉེ་དུ་ཡིན་པ་ངོ་མ་ཤེས། །བདག་གི་ལས་ངན་གྱིས་བསྐུལ་ནས། །འདི་ཡིས་བདག་ལ་གནོད་པའི་ལས། །བྱས་ན་དེ་ཡི་རྣམ་སྨིན་གྱིས། །ཕྱི་མར་སྡུག་བསྔལ་མྱོང་བར་འགྱུར། །བདག་ལ་བརྟེན་ནས་འདི་ཉིད་ཀྱིས། །སྔོན་དུས་སྡུག་བསྔལ་

p. 231

ཡུན་རིང་མྱངས། །ད་ཡང་མྱོང་ངེས་སྙིང་རེ་རྗེ། །དོན་ལ་འདི་ནི་བདག་ཉིད་ལ། །གནོད་བྱེད་མ་ཡིན་བདག་འདི་ལ། །གནོད་བྱེད་ཉིད་དུ་ཡོང་འདུག་པས། །ད་ནི་གནོད་བྱེད་འདི་ཉིད་ཀྱི། །སྡིག་སྡུག་ཐམས་ཅད་བདག་ལ་སྨིན། །བདག་གི་བདེ་དགེ་མ་ལུས་པ། །གནོད་བྱེད་འདི་ལ་སྨིན་གྱུར་ཅིག །སྙམ་དུ་གཏོང་ལེན་ཡང་ཡང་གྱིས། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །རྐྱེན་ངན་ལམ་གྱི་གྲོགས་སུ་སྒྱུར། །ཉོན་དང་བྱ་བཏང་རི་ཁྲོད་པ། །ཁྱད་པར་གནོད་བྱེད་ཁྱི་ལྟ་བུ། །དངོས་སུ་མཐོང་བའི་གནོད་བྱེད་པ། །དངོས་སུ་ཕན་པ་ཅི་ཐོགས་གྱིས། །དངོས་སུ་ཕན་འདོགས་མ་ནུས་ན། །བདག་ལ་གནོད་བྱེད་འདི་ཉིད་ནི། །སྡུག་བསྔལ་བྲལ་ནས་བདེ་དང་ལྡན། །མྱུར་དུ་བླ་ན་མེད་པ་ཡི། །བྱང་ཆུབ་གོ་འཕང་ཐོབ་པར་ཤོག །སྙམ་དུ་སོམས་ལ་ངག་ཏུ་བརྗོད། །ཕྱིན་ཆད་བདག་གིས་དགེ་བའི་ལས། །ཅི་བྱེད་ཐམས་ཅད་གནོད་བྱེད་འདིའི། །དོན་ཕྱིར་བྱ་སྙམ་སེམས་བསྐྱེད་གྱིས། །གནོད་བྱེད་ལྷ་དང་འདྲེ་ཡིན་ན། །བདག་གིས་ཐོག་མ་མེད་པ་ནས། །དེ་ཡི་ཤ་ཁྲག་ཟོས་འཐུངས་པས། །དེ་ཡི་ལན་དུ་རང་ཉིད་ཀྱི། །ཤ་ཁྲག་འདི་ལ་སྟེར་སྙམ་དུ། །གནོད་བྱེད་མདུན་དུ་རང་གི་ལུས། །བློ་ཡིས་ཁ་ཕྱེ་ཤ་དང་ཁྲག །རུས་པ་ནང་ཁྲོད་གང་འདོད་ཟོ། །སྙམ་དུ་བློ་ཡིས་ལིངས་ཀྱིས་སྐྱུར། །ངག་ཏུ་འདི་ལྟར་བརྗོད་པར་གྱིས། །ཕཊ༔གཅེས་ཤིང་མཁོ་བའི་སྒྱུ་ལུས་

p. 232

འདི། །གནོད་བྱེད་ཁྱོད་ལ་ཕངས་མེད་སྟེར། །ཤ་ཟོ་ཁྲག་ཐུངས་རུས་པ་འཆོ། །ནང་ཁྲོལ་ལ་སོགས་གང་འདོད་ཟོ། །དེ་ནས་གནོད་བྱེད་དེ་ཉིད་ཀྱིས། །ཤ་ཟོས་ཁྲག་འཐུངས་བཀྲེས་སྐོམ་ཞི། །ལུས་སེམས་ཟག་མེད་བདེ་བས་གང་། །གནོད་པའི་བསམ་སྦྱོར་ཀུན་ཞི་ནས། །བྱང་ཆུབ་སེམས་དང་ལྡན་པར་སྒོམས། །དེ་ནས་ཤ་ཁྲག་ཟ་བ་ཡི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །བྱིན་པས་ཤ་ཟོས་ཁྲག་འཐུངས་ནས། །ངོམས་ཤིང་ཚིམས་ཏེ་རང་གཞན་ལ། །གནོད་པའི་བསམ་སྦྱོར་ཀུན་ཞི་ནས། །བྱང་ཆུབ་སེམས་དང་ལྡན་པར་སྒོམས། །གཞན་ཡང་མཛེ་ནད་ལ་སོགས་པ། །སྡུག་བསྔལ་དྲག་པོ་བྱུང་གྱུར་ན། །སྡུག་བསྔལ་འདི་ཉིད་མ་བྱུང་ན། །བདག་ནི་ཚེ་འདིའི་ཤོམ་ར་ཡི། །དབང་སོང་དམ་ཆོས་མི་དྲན་པར། །འདུག་པ་འདི་ཡིས་དྲན་དུ་བཅུག །འདི་ནི་བླ་མ་དཀོན་མཆོག་གི །འཕྲིན་ལས་ཡིན་སྙམ་དམ་ཆོས་ལ། །ཉིན་མཚན་མེད་པར་འབད་པར་གྱིས། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །རྐྱེན་ངན་ལམ་གྱི་གྲོགས་སུ་སྒྱུར། །ཉོན་དང་བྱ་བཏང་རི་ཁྲོད་པ། །གཞན་ཡང་གནོད་བྱེད་འདི་ཉིད་ཀྱིས། །བདག་ལ་བྱང་ཆུབ་སེམས་མཆོག་གཉིས། །སྦྱོང་ཕྱིར་བསྐུལ་མ་བྱས་པས་ཀྱང་། །འདི་ཉིད་ཤིན་ཏུ་བཀའ་དྲིན་ཆེ། །བདག་ནི་གཉེན་པོ་དང་བྲལ་ནས། །ཉོན་མོངས་སྐྱེ་བ་མ་ཚོར་དུས། །འདི་ཡིས་སྦྲན་པའི་བཀའ་དྲིན་གྱིས། །འདི་ཉིད་བླ་མའི་སྤྲུལ་བ་འམ། །ཡང་ན་སངས་རྒྱས་སྤྲུལ་བ་ཞིག །

p. 233

ཡིན་སྙམ་སོམས་ཤིག་རི་ཁྲོད་པ། །མདོར་ན་བླ་མ་ལ་བརྟེན་ནས། །བྱང་ཆུབ་སེམས་ཉིད་སྐྱེ་བ་ལྟར། །གནོད་བྱེད་ཉིད་དང་སྡུག་བསྔལ་ལ། །བརྟེན་ནས་རང་གི་རྒྱུད་འདི་ལ། །བྱང་ཆུབ་སེམས་གཉིས་སྐྱེས་འདུག་པས། །འདི་ཡིས་བདག་ལ་གོ་བཅད་དོ། །སྙམ་དུ་སྒོམས་ཤིག་རི་ཁྲོད་པ། །དེ་ལྟར་བྱས་ན་མི་མཐུན་པའི། །རྐྱེན་ངན་ལམ་གྱི་གྲོགས་སུ་འགྱུར། །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །རྐྱེན་ངན་ལམ་གྱི་གྲོགས་སུ་སྒྱུར། །ཉོན་དང་བྱ་བཏང་རི་ཁྲོད་པ། །རང་ལ་སྡུག་བསྔལ་བྱུང་བའི་ཚེ། །སྡུག་བསྔལ་འདི་ཉིད་མེད་ན་དགའ། །སྙམ་པའི་བསམ་པ་བྱུང་བའི་ཚེ། །ཁྱོད་ཀྱིས་སྡུག་བསྔལ་མི་འདོད་ཅིང་། །བདེ་བ་འདོད་ན་བདེ་བའི་རྒྱུ། །ཚོགས་གསོགས་ཞེས་པའི་བརྡའ་ཡིན་གྱིས། །སྙམ་དུ་བླ་མ་དཀོན་མཆོག་མཆོད། །དགེ་འདུན་སྡེ་ལ་བསྙེན་བཀུར་དང་། །དབུལ་བོ་རྣམས་ལ་སྦྱིན་གཏོང་དང་། །འབྱུང་བོར་གཏོར་མ་གཏོང་བ་སོགས། །མདོར་ན་ལུས་ངག་ཡིད་གསུམ་གྱི། །སྒོ་ནས་ཚོགས་གསོག་ལ་འབད་ནས། །བླ་མ་དཀོན་མཆོག་གསུམ་པོ་ལ། །སྐྱབས་འགྲོ་སེམས་བསྐྱེད་མཎྜལ་འབུལ། །བདག་ནི་ན་བར་ལེགས་གྱུར་ན། །ན་བར་བྱིན་གྱིས་བསླབ་ཏུ་གསོལ། །བདག་ནི་སོས་པར་ལེགས་ན་ཡང་། །སོས་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་ནི་ཤི་བ་ལེགས་ན་ཡང་། །འཆི་བར་བྱིན་གྱིས་བརླབ་ཏུ་གསོལ། །རེ་དོགས་མེད་པའི་

p. 234

གསོལ་བ་ཐོབས། །ཁྱོད་ཀྱིས་སྡུག་བསྔལ་མི་འདོད་ན། །སྡུག་བསྔལ་རྒྱུ་ཡི་སྡིག་ལས་རྣམས། །སྤོངས་ཤིག་ཅེས་པའི་བརྡའ་ཡིན་གྱིས། །སྙམ་པ་བྱས་ལ་སྔར་བྱས་ཀྱི། །སྡིག་པ་རྣམས་ལ་དུག་ཁོང་དུ། །སོང་བ་ལྟ་བུའི་འགྱོད་སེམས་དང་། །ཕྱིན་ཆད་སྲོག་ལ་བབ་ན་ཡང་། །མི་བྱེད་སྙམ་པའི་དམ་བཅའ་ཡིས། །སྐྱབས་འགྲོ་སེམས་བསྐྱེད་བྱེད་པ་དང་། །སྟོང་ཉིད་བསྒོམ་ཞིང་གཟུངས་སྔགས་བཟླ། །གནོད་བྱེད་གདོན་ལ་གཏོར་མ་ཕུལ། །ཁྱོད་ཀྱིས་བདག་གི་བྱང་ཆུབ་སེམས། །སྦྱོང་བའི་གྲོགས་བྱས་བཀའ་དྲིན་ཆེ། །ད་དུང་སེམས་ཅན་སྡུག་བསྔལ་ཀུན། །བདག་ལ་སྨིན་པར་མཛད་དུ་གསོལ། །སྙམ་དུ་ཞེ་ནས་གསོལ་བ་ཐོབས། །དེ་ལྟར་བྱེད་པར་མི་ནུས་ན། །གདོན་ལ་གཏོར་མ་ཕུལ་ནས་ཀྱང་། །བྱམས་དང་སྙིང་རྗེ་གཉིས་བསྒོམས་ལ། །ང་ཡིས་ཁྱོད་ལ་འཕྲལ་ཡུན་དུ། །གང་ཕན་བྱ་ཡི་གདོན་ཁྱོད་ཀྱིས། །ང་ཡིས་དམ་ཆོས་བསྒྲུབ་པ་ལ། །བར་ཆད་མ་བྱེད་ཅེས་བསྒྲག་གོ །ཆོས་སྐྱོང་རྣམས་ལ་གཏོར་མ་ཕུལ། །ཆོས་ཀྱི་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་འགྲུབ་པའི་གསོལ་བ་ཐོབས། །དེ་ལྟར་བྱས་ན་རྐྱེན་ངན་ཀུན། །དགེ་ལ་བསྐུལ་བའི་བཤེས་གཉེན་ཡིན། །མ་དགའ་མ་བྱེད་རི་ཁྲོད་པ། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་རྣམས་ལ་འདུད། །གློ་བུར་རྐྱེན་ངན་གྲོགས་སུ་སྒྱུར། །ཉོན་དང་བྱ་བཏང་རི་ཁྲོད་པ། །ནད་དང་གདོན་དང་དགྲ་ལ་སོགས། །གློ་བུར་སྡུག་བསྔལ་

p. 235

བྱུང་ཙ་ན། །འཇིག་རྟེན་ཁམས་ན་འདི་ལྟ་བུའི། །སྡུག་བསྔལ་འབྱུང་བ་མང་ཡོད་པས། །དེ་རྣམས་ཐམས་ཅད་སྙིང་རེ་རྗེ། །སྙམ་དུ་དེ་དག་སྡུག་བསྔལ་རྣམས། །ཐམས་ཅད་བདག་ལ་འུབ་ཀྱིས་བསྡུས། །བདག་ལ་གནོད་བྱེད་འདི་ཉིད་ཀྱིས། །བྱམས་སེམས་སྦྱོང་བའི་གྲོགས་བྱས་པས། །བཀའ་དྲིན་ཆེའོ་སྙམ་དུ་སྒོམས། །གཞན་གྱི་སྡུག་བསྔལ་མཐོང་ན་ཡང་། །དེ་མ་ཐག་ཏུ་རང་ལ་ལོངས། །རང་ངམ་གཞན་ལ་ཉོན་མོངས་པ། །ཤུགས་དྲག་སྐྱེས་ཚེ་གཞན་རྣམས་ཀྱི། །ཉོན་མོངས་ཐམས་ཅད་བདག་ཉིད་ལ། །འདུས་པར་གྱུར་ཅིག་སྙམ་དུ་སྒོམས། །དེ་ལྟར་བྱས་ན་རྐྱེན་ངན་རྣམས། །བྱང་ཆུབ་སེམས་ཀྱི་གྲོགས་སུ་འགྱུར། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །དེང་ནས་བཟུང་སྟེ་བདག་ཉིད་ཀྱིས། །ཟླ་བ་འདི་དང་ལོ་འདི་དང་། །མ་ཤིའི་བར་དང་སངས་མ་རྒྱས། །བར་དུ་བྱང་ཆུབ་སེམས་གཉིས་དང་། །ནམ་ཡང་འབྲལ་བར་མི་བྱའོ། །སྙམ་དུ་འཕེན་པ་ཡང་ཡང་ཐོངས། །ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི། །སེམས་གཉིས་རྟག་ཏུ་སྦྱོང་བར་གྱིས། །བྱང་ཆུབ་སེམས་གཉིས་སྐྱེ་བ་དང་། །འཕེལ་བའི་དོན་དུ་ཚོགས་གསོག་མཛོད། །བདག་ཉིད་གཅེས་འཛིན་རྣམ་རྟོག་ནི། །བྱུང་དུས་འདི་ཡིས་ཐོག་མེད་ནས། །སྡུག་བསྔལ་

p. 236

སྣ་ཚོགས་ལ་སྦྱར་ཞིང་། །མི་ཚེ་འདི་ཡང་སྡིག་སྡུག་དང་། །དམ་ཆོས་འདོད་བཞིན་མ་བྱུང་བ། །ཐམས་ཅད་འདི་ཡིས་ལན་པ་ཡིན། །སྙམ་དུ་རང་ཉིད་གཅེས་འཛིན་གྱི། །རྣམ་རྟོག་དེ་ཉིད་སྤོང་བར་གྱིས། །དགེ་སྦྱོར་ཐམས་ཅད་བྱས་འཇུག་ཏུ། །ད་ནས་སངས་རྒྱས་མ་ཐོབ་བར། །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །རྐྱེན་ངན་ཅི་བྱུང་ཐམས་ཅད་ཀྱང་། །ཆོས་འདིའི་གྲོགས་སུ་འཁྱེར་བར་ཤོག །ཅེས་པའི་སྨོན་ལམ་འདེབས་པར་མཛོད། །བླ་མ་དཀོན་མཆོག་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ། །མཆོད་དང་གཏོར་མ་ཕུལ་ནས་ཀྱང་། །བླ་མ་དཀོན་མཆོག་རིན་ཆེན་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །བདག་གིས་སྨོན་ལམ་གང་བཏབ་པ། །དེ་བཞིན་འགྱུར་བར་མཛད་དུ་གསོལ། །སྙམ་དུ་འདོད་གསོལ་གྱིས་ཤིག་ཨང་། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །འཆི་ངེས་ནད་ཀྱིས་ཐེབས་པའི་ཚེ། །ཡོ་བྱད་ཅི་ཡོད་ཐམས་ཅད་ཀྱིས། །བླ་མ་དཀོན་མཆོག་མཆོད་པ་དང་། །ངན་སློང་རྣམས་ལ་སྦྱིན་པ་ཐོངས། །གང་ལའང་ཆགས་ཞེན་མེད་པར་གྱིས། །བླ་མ་དཀོན་མཆོག་རིན་ཆེན་ལ། །ཡན་ལག་བདུན་པ་ཕུལ་ནས་ཀྱང་། །བདག་གིས་བར་དོའི་གནས་སྐབས་དང་། །ཚེ་རབས་ཕྱི་མ་ཐམས་ཅད་དུ། །ནམ་ཡང་བྱང་ཆུབ་སེམས་གཉིས་པོ། །སྦྱོང་བར་བྱིན་

p. 237

གྱིས་བརླབ་ཏུ་གསོལ། །ཆོས་འདི་སྟོན་པའི་བླ་མ་དང་། །མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའི་གསོལ་བ་ཤུགས་དྲག་ཐོབས། །བདག་གིས་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་གཉིས་སྦྱོང་བར་ཤོག །ཚེ་རབས་ཀུན་ཏུ་དམ་ཆོས་འདི། །སྟོན་པའི་བླ་མར་མཇལ་བར་ཤོག །ཅེས་པའི་སྨོན་ལམ་འདེབས་པར་གྱིས། །བདག་གི་གཅེས་འཛིན་རྣམ་རྟོག་འདིས། །སྔར་ཡང་སྡུག་ཏུ་བཅུག་པ་ཡིན། །ད་དུང་འདི་དང་མ་བྲལ་ན། །འདི་ཡིས་བདེ་རུ་མི་སྟེར་འདུག །ད་ལྟ་བདག་གིས་ལུས་གཅེས་པར། །བཟུང་བས་སྡུག་བསྔལ་བར་འདུག་སྟེ། །བརྟགས་ན་ལུས་སེམས་གང་ལ་ཡང་། །བདག་ཏུ་བཟུང་རྒྱུ་ཅང་མི་འདུག །སྙམ་དུ་བདག་འཛིན་སྤོང་བར་མཛོད། །བདག་གིས་བར་དོའི་གནས་སུ་ཡང་། །བྱང་ཆུབ་སེམས་གཉིས་སྦྱོང་བར་བྱ། །སྙམ་པའི་འཕེན་པ་ཡང་ཡང་ཐོངས། །དེ་ནས་སྔར་གྱི་བྱང་ཆུབ་ཀྱི། །སེམས་གཉིས་སྦྱོང་ཚུལ་དྲན་བྱས་ཏེ། །འཆི་ཁར་གཞོགས་གཡས་འོག་ཏུ་བཅུག །ལག་གཡས་འགྲམ་སྦྱར་མཐེའུ་ཆུང་གིས། །སྣ་བུག་གཡས་པ་ཁོགས་ལ་རླུང་། །སྣ་བུག་གཡོན་པར་རྒྱུ་རུ་ཆུགས། །རླུང་གི་འགྲོ་འོང་ལ་བསྐྱོན་ནས། །གཏོང་ལེན་གཉིས་ཀ་སྦྱོང་བར་མཛོད། །དེ་རྗེས་འཁོར་བའི་སྐྱེ་འཆི་སོགས། །ཐམས་ཅད་རང་གི་སེམས་སྣང་ཡིན། །སེམས་ཉིད་ཅི་ཡང་མ་གྲུབ་པར། །ཤེས་པའི་ངང་ལ་བློས་ཅི་ཡང་། །མ་འཛིན་རང་སར་

p. 238

གློད་ལ་ཞོག །དེ་ལྟར་བྱང་ཆུབ་སེམས་གཉིས་ཀ །སྤེལ་ཞིང་བསྒོམས་འཕྲོར་འཆི་བར་མཛོད། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི། །དགོས་པ་བདག་འཛིན་འདུལ་ལ་འདུས། །ཆོས་ནི་བྱས་ཚད་བདག་འཛིན་གྱི། །གཉེན་པོར་མ་སོང་ཅི་བྱས་རྣམས། །དོན་མེད་ཉིད་དུ་སོང་བ་ཡིན། །དམ་ཆོས་བྱས་ཚད་བདག་འཛིན་འདི། །འདུལ་བའི་གཉེན་པོར་སོང་གྱུར་ན། །བློ་སྦྱོང་རྒྱུད་ལ་སྐྱེས་རྟགས་ཡིན། །ཆོས་ནི་ཆོས་སུ་སོང་མ་སོང་། །ཁྱད་པར་འདི་ཡིས་ཤེས་པས་ན། །འདི་ནི་ཆོས་པ་ཐམས་ཅད་པོ། །སྲང་ལ་འཇལ་བའི་རྒྱ་མ་ཡིན། །གཞན་རྣམས་ཀུན་གྱིས་ཇོ་བོ་དེའི། །རྒྱུད་ལ་ངེས་པར་ཆོས་སྐྱེས་འདུག །ཆོས་པ་བཟང་བོ་དེ་ཡིན་ཞེས། །གཞན་གྱིས་མ་ཁྲེལ་བ་དེ་ཡང་། །དཔང་བོ་ཡིན་མོད་ཁྱད་པར་དུ། །རང་ལ་རང་གིས་མ་ཁྲེལ་བ། །བློ་འབྱོངས་རྟགས་ནི་ཡང་དག་ཡིན། །ཕྱིན་ཆད་རྐྱེན་ངན་གང་བྱུང་ཡང་། །བློ་སྦྱོང་ལམ་དུ་འཁྱེར་བས་ཆོག །སྙམ་པའི་བློ་ཡི་གདེང་ཡོད་ན། །བློ་འབྱོངས་ཚད་གཅིག་འདི་ཡང་ཡིན། །གློ་བུར་གནོད་བྱེད་ལ་སོགས་པའི། །རྐྱེན་ངན་བྱུང་ན་ཞེ་སྡང་སོགས། །མི་སྐྱེ་རྐྱེན་ངན་དེ་ཉིད་ནི། །བློ་སྦྱོང་གྲོགས་སུ་འགྲོར་འདུག་ན། །བློ་འབྱོངས་ཚད་ཡིན་རྟགས་འདི་རྣམས། །བྱུང་ཡང་ད་དུང་སྦྱོང་བར་མཛོད། །དགེ་འདིས་རང་གཞན་ལ་

p. 239

ཕན་ཤོག །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །སོ་སོ་ཐར་བ་ནས་བཟུང་སྟེ། །གསང་སྔགས་རྡོ་རྗེ་ཐེག་པའི་བར། །རང་གིས་ཇི་ལྟར་ཁས་བླངས་པའི། །བསླབ་པ་མ་ཉམས་བསྲུང་བར་གྱིས། ཤིང་གཉན་གཅོད་ཅིང་མཛེ་བོ་དང་། །འགྲོགས་སོགས་ཐོ་ཅོའི་སྤྱོད་པ་སྤོངས། །མི་ཡིས་གནོད་པ་བཟོད་པ་ལ། །ལྷ་འདྲེས་གནོད་པ་མི་བཟོད་དང་། །ཆེ་ལ་གུས་ཤིང་ཆུང་ལ་བརྙས། །གཉེན་ལ་བྱམས་ཤིང་དགྲ་ལ་སྡང་། །ཕྱོགས་རེ་བ་རྣམས་སྤོང་བར་གྱིས། །རང་ཉིད་གཅེས་པར་འཛིན་པའི་བློ། །བདག་པས་གཞན་གཅེས་པ་ལ་སྒྱུར། །ཞར་བ་ཚུལ་ཁྲིམས་འཆལ་སོགས་ལ། །མི་སྙན་ཚིན་རྣམས་བརྗོད་པ་སྤོངས། །སྤྱིར་ན་སེམས་ཅན་ཐམས་ཅད་དང་། །ཁྱད་པར་ཆོས་སྒོར་ཞུགས་རྣམས་ཀྱི། །སྐྱོན་མཐོང་ཚེ་ན་རང་སྣང་འདི། །མ་དག་པ་ཡིན་དེ་རྣམས་ལ། །དེ་འདྲའི་སྐྱོན་ནི་ཡོད་སྙམ་མེད། །སྙམ་དུ་སྐྱོན་རྟོག་བློ་དེ་སྤོངས། །རང་རྒྱུད་ཉོན་མོངས་གང་ཆེ་བ། །གཉེན་པོའི་ཆོས་ཀྱིས་ཐོག་མར་ཐུལ། །བློ་སྦྱོང་བྱས་པས་ཚེ་འདི་ཡི། །རྙེད་དང་བཀུར་སྟི་ལ་སོགས་དང་། །ཕྱི་མར་ལྷ་མིའི་བདེ་བ་དང་། །རང་ཉིད་གཅིག་པུར་འཁོར་བ་ལས། །ཐར་བར་འདོད་པ་ལ་སོགས་པའི། །རང་དོན་ཐམས་ཅད་སྤོང་བར་མཛོད། །དངོས་པོ་བདེན་པར་འཛིན་པ་དང་། །བདག་ཉིད་གཅེས་

p. 240

འཛིན་རྣམ་རྟོག་དང་། །འདྲེས་པའི་དགེ་སྦྱོར་ཐམས་ཅད་སྤོངས། །ཕ་རོལ་གནོད་པ་བྱས་པ་ལ། །འཁོན་དུ་བཟུང་ནས་འཁོན་འཛིན་ལས། །ནམ་ཡང་མི་ལྡོག་པ་དེ་སྤོངས། །གཞན་གྱིས་ཚིག་ངན་སྨྲ་ལན་དུ། །སེམས་ལ་གནོད་པའི་ཚིག་ངན་ནི། །མ་སྨྲ་ཉེས་པ་བྱུང་ན་ཡང་། །འདི་ཡིས་ལན་ཞེས་སྨྲ་བ་སྤོངས། །གཞན་གྱིས་གནོད་པ་བྱས་པ་རྣམས། །ཞེ་ལ་བཞག་ནས་གནོད་པའི་ལན། །འཇལ་བའི་དུས་ཚོད་བྱུང་ཙ་ན། །འཇོལ་བ་དེ་ཉིད་སྤོང་བར་མཛོད། །མི་ཡི་སྐྱོན་མཚང་འབྲུ་བ་དང་། །མི་མ་ཡིན་པའི་སྲོག་སྔགས་ནི། །འདོན་པ་ལ་སོགས་གཞན་སེམས་ལ། །གནོད་པ་དྲག་པོ་འབྱུང་བ་སྤོངས། །རང་ལ་བབས་པའི་གཅུ་གལ་ལམ། །ཁོག་ངན་གཡོ་སྒྱུས་གཞན་དག་ལ། །བསྒྱུར་བ་དེ་ཉིད་སྤོང་བར་མཛོད། །ལོངས་སྤྱོད་ཐབས་ནི་སྣ་ཚོགས་ཀྱིས། །འཐོབ་པར་བྱེད་པའི་བསམ་སྦྱོར་སྤོངས། །ཕུགས་སུ་རང་ལ་ཕན་འདོད་ནས། །གཞན་ལ་ཕམ་ཁ་ལེན་པ་དང། །འདྲེ་དང་གདོན་དང་ནད་ཞི་བར། །འདོད་ནས་བློ་སྦྱོང་བྱེད་པ་སྤོངས། །བློ་སྦྱོང་སྒོ་ནས་ང་རྒྱལ་དང་། །རློམ་སེམས་ཆེན་པོ་བྱེད་པ་སྤོངས། །རང་གི་ཉེ་དུ་གྲོགས་མཆེད་སོགས། །ཤི་ན་དེ་དག་ཟས་ནོར་དང་། །དཔེ་ཆ་ལ་སོགས་ང་ལ་འོང་། །ཡོན་བདག་རྣམས་ལ་ན་ཚ་དང་། །ཤི་ཆད་བྱུང་ན་ཚོགས་གསོག་འོང་། །རང་དང་མཉམ་པའི་སྒོམ་ཆེན་པ། །ཤི་ན་ང་ལ་སྐུ་བསོད་རྒྱས། །དགྲ་བོ་ཤི་ན་གནོད་བྱེད་ནི། །མི་འོང་ང་འཚེངས་སྙམ་པ་

p. 241

སྤོངས། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །ཟས་གོས་སོགས་ལ་སྤྱོད་པའི་ཚེ། །གཞན་ཕན་སེམས་ཀྱིས་སྤྱོད་པར་མཛོད། །བློ་སྦྱོང་བསྒོམས་པས་ན་ཚ་དང་། །འདྲེ་གདོན་མི་ཡིས་སྣང་བ་དང་། །རང་གི་ཉོན་མོངས་ཆེར་སོང་ནས། །བློ་སྦྱོང་སྒོམ་སྙིང་མི་འདོད་པ། །བྱུང་ན་འཇིག་རྟེན་ཁམས་འདི་ན། །བདག་གི་ཉེས་པ་འདི་ལྟ་བུ། །བྱུང་བའི་སེམས་ཅན་མང་ཡོད་པས། །དེ་དག་ཐམས་ཅད་སྙིང་རེ་རྗེ། །དེ་དག་ཀུན་གྱི་ཉེས་པ་རྣམས། །ཐམས་ཅད་བདག་ལ་འདུས་གྱུར་ཅིག །སྙམ་དུ་གཏོང་ལེན་བསྒོམ་པར་མཛོད། །སྔ་དྲོ་བྱང་ཆུབ་སེམས་གཉིས་དང་། །འབྲལ་མེད་བྱ་སྙམ་འཕེན་པ་ཐོངས། །འཕེན་པ་བཏང་བཞིན་ཉིན་མོ་རུ། །དྲན་ཤེས་གཉིས་ཀྱིས་ཟིན་པར་གྱིས། །དགོང་མོ་ཉལ་ཚེ་ཉིན་པར་གྱི། །སྤྱོད་པ་རྟོགས་ལ་བྱང་ཆུབ་ཀྱི། །སེམས་དང་འགལ་བ་བྱུང་འདུག་ན། །བླ་མ་དམ་པ་རྣམས་དང་མཇལ། །དམ་ཆོས་འདི་འདྲ་ཐོབ་ནས་ཀྱང་། །བྱ་བ་ངན་པ་འདི་བཞིན་དུ། །བྱེད་པ་ཁྱོད་འདྲ་འང་སྙམ་དུ། །རང་ལ་ངན་སྨྲས་མང་བོ་བརྗོད། །ཚར་ཆོད་སྙིང་ནས་འགྱོད་བཤགས་གྱིས། །ཕྱིན་ཆད་འདི་བཞིན་མི་བྱེད་པར། །བྱའོ་སྙམ་པའི་དམ་བཅའ་གྱིས། །མ་འགལ་འདུག་ན་ཨེ་མ་ཧོ། །བླ་མ་དམ་པ་རྣམས་དང་མཇལ། །ཐེག་པ་

p. 242

ཆེན་པའི་ཟབ་ཆོས་ཐོབ། །དབེན་པའི་གནས་སུ་འོངས་པ་ཡང་། །དོན་དང་ལྡན་ཞེས་རང་ཉིད་ཀྱིས། །རང་ལ་གཟེངས་བསྟོད་སྤྲོ་བ་སྐྱེད། །ཕྱི་ནས་བདག་གིས་འདི་བཞིན་དུ། །བྱོའོ་སྙམ་པའི་འདུན་པ་གྱིས། །འཁོར་དང་ལོངས་སྤྱོད་ལ་སོགས་པ། །ཕུན་སུམ་ཚོགས་པ་བྱུང་བ་ན། །དེ་ཡི་ཁེངས་དྲགས་མ་སྐྱེས་པར། །སྒྱུ་མ་ལྟ་བུར་ཤེས་པ་དང་། །གཞན་ལ་ཕན་ཐབས་ཅི་འགྱུར་གྱིས། །རྒྱུད་དེ་འོག་ནས་འགྲོ་བ་ལ། །ཆུ་ལས་མེད་པ་བྱུང་ན་ཡང་། །སྒྱུ་མ་ལྟ་བུར་ཤེས་པ་དང་། །གཞན་གྱི་རྒུད་པ་བདག་ཉིད་ལ། །ལེན་ཅིང་ཞུམ་པ་མེད་པར་མཛོད། །ཆོས་ནི་སྤྱི་ཡི་དམ་ཚིག་དང་། །ཁྱད་པར་བློ་སྦྱོང་དམ་ཚིག་ནི། །རང་གི་སྲོག་ལས་གཅེས་པར་སྲུངས། །ཉོན་མོངས་སྐྱེས་ཚད་དང་པོའི་དུས། །དྲན་དཀའ་བར་དུ་ལྡོག་པར་དཀའ། །ཐ་མར་རྒྱུན་ནི་ཆོད་དཀའ་བས། །དང་པོ་ཉོན་མོངས་སྐྱེས་མ་ཐག །ངོས་བཟུང་བར་དུ་གཉེན་པོ་སྟོབས། །བསྐྱེད་ནས་སྤོངས་ལ་ཐ་མ་ཡིས། །མི་འབྱུང་ཕྱིར་དུ་འབད་པར་བྱ། །དགེ་འདིས་རང་གཞན་ལ་ཕན་ཤོག། རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །དམ་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ། །བླ་མ་བཟང་བོར་མཇལ་དང་གཅིག །རང་བློས་ལས་སུ་རུང་བའི་ཆོས། །ཚུལ་བཞིན་ཉམས་སུ་ལེན་དང་གཉིས། །དམ་ཆོས་བསྒྲུབ་ལ་དགོས་པ་ཡི། །མཐུན་རྐྱེན་ཐམས་ཅད་ཚང་དང་གསུམ། །རང་ལ་ཚང་ན་དགའ་བ་སྒོམས། །གཞན་ལ་

p. 243

རྒྱུ་དེ་གསུམ་པོ་ནི། །ལེགས་པར་ཚང་བའི་སྨོན་ལམ་ཐོབས། །རང་ལ་དེ་གསུམ་མ་ཚང་ན། །འཇིག་རྟེན་ཁམས་ན་བདག་ལྟ་བུའི། །རྒྱུ་གསུམ་མ་ཚང་དམ་པའི་ཆོས། །རྣ་ལམ་མ་བྱུང་མང་ཡོད་པས། །དེ་རྣམས་ཐམས་ཅད་སྙིང་རེ་རྗེ། །དེ་དག་རྣམས་ལ་རྒྱུ་གསུམ་པོ། །མ་ཚང་ཉེས་པ་བདག་ཉིད་ལ། །འདུས་པར་གྱུར་ཅིག་སྙམ་དུ་སྒོམས། །ཐེག་པ་ཆེན་པོའི་ཡོན་ཏན་རྣམས། །བླ་མར་མོས་གུས་རག་ལས་པས། །བླ་མར་མོས་གུས་ཉམས་མེད་དང་། །བློ་སྦྱོང་ཐེག་ཆེན་ཆོས་འདི་ཉིད། །བསྒོམ་ལ་སྤྲོ་བ་ཉམས་མེད་དང་། །ཐག་པ་ཆེ་ཆུང་བསླབ་བྱ་རྣམས། །ཕྲ་མོ་ཚུན་ཆད་ཉམས་མེད་སྲུངས། །ལུས་དང་ངག་ཡིད་གསུམ་པོ་ནི། །དགེ་དང་འབྲལ་བ་མེད་པར་གྱིས། །ཡུལ་ནི་སེམས་ཅན་ཐམས་ཅད་དང་། །སེམས་ཅན་མ་ཡིན་པ་རྣམས་ལ། །ཕྱོགས་རིས་མེད་པར་སྦྱོང་བ་དང་། །བློ་ལ་གང་ཤར་ཐམས་ཅད་ལ། །བློ་སྦྱོང་བདག་གིས་ཁྱབ་བྱས་ནས། །ཁ་ཚིག་ཙམ་ནི་མ་ཡིན་པར། །གཏིང་ནས་འབྱོངས་པར་བྱེད་པ་གཅེས། །རང་གི་འགྲན་ཟླར་འདུག་པ་དང་། །རང་དང་ལྷན་ཅིག་འགྲོགས་པ་དང་། །ཕར་ལ་གནོད་པ་མ་བྱས་ཀྱང་། །ཚུར་ལ་གནོད་པ་བྱེད་པ་དང་། །ལས་ནི་དབང་གིས་རང་ཉིད་ཀྱི། །སྙིང་མི་སྡུག་པ་ལ་སོགས་པ། །གང་སྐྱེས་དགའ་བ་ཐམས་ཅད་ལ། །ལྷག་པར་བྱམས་དང་སྙིང་རྗེ་གཉིས། །བསྒོམ་ལ་ཕ་མ་ལ་སོགས་པའི། །ཡུལ་ནི་གཉེན་པོ་

p. 244

ཐམས་ཅད་ལ། །གནོད་པར་འགྱུར་ལ་ཁྱད་པར་དུ། །སྦྱང་བ་བྱེད་པར་རབ་ཏུ་གཅེས། །ཟས་གོས་ལ་སོགས་འཛོམས་པ་དང་། །གཞན་གྱིས་གནོད་པ་མེད་པ་དང་། །ཁམས་བཟང་བ་ལ་སོགས་པ་ཡི། །མཐུན་རྐྱེན་འཛོམས་ལ་མི་བལྟ་བར། །མཐུན་རྐྱེན་མ་འཛོམས་དུས་ན་ཡང་། །མ་འཛོམས་པ་དེ་བྱང་ཆུབ་སེམས། །གཉིས་ཀྱི་སྒོ་ནས་ལམ་དུ་འཁྱེར། །སྔོན་ཆད་ཐོག་མ་མེད་པ་ནས། །ལུས་ནི་ཇི་སྙེད་བླངས་པ་རྣམས། །དོན་མེད་ཉིད་དུ་སོང་ནས་འདུག །ད་རེ་མི་ཚེ་འདི་ཉིད་ལ། །དོན་གྱི་གཙོ་བོ་གཅིག་བསྒྲུབ་དགོས། །ཚེ་འདིའི་དོན་པས་དམ་ཆོས་གཙོ། །ཆོས་ལ་བཤད་སྒྲུབ་རྣམ་གཉིས་ལས། །ལྷག་པར་སྒྲུབ་པ་བྱེད་པ་གཙོ། །བསྒྲུབ་པ་གཞན་ལས་བྱང་ཆུབ་ཀྱི། །སེམས་གཉིས་རྒྱུན་དུ་སྦྱོང་བ་གཙོ། །དེ་ཡང་ལུང་རིག་གཉིས་ཀྱི་སྒོས། །སྦྱོངས་ལ་བླ་མའི་མན་ངག་ལ། །བརྟེན་ནས་ཕུར་ཚུགས་སྦྱོང་བ་གཙོ། །སྤྱོད་ལམ་གཞན་ལས་རང་ཉིད་ཀྱིས། །མལ་དུ་བསྡད་ནས་སྦྱོང་བ་གཙོ། །ཡུལ་སྤོང་བ་ལས་གཉེན་པོ་ནི། །བརྟེན་པ་གཙོ་བས་གཙོ་ཆེ་བ། །དེ་རྣམས་ཉམས་སུ་ལེན་པར་གྱིས། །དགེ་འདིས་རང་གཞན་ལ་ཕན་ཤོག །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །དམ་ཆོས་སྒྲུབ་པའི་སྡུག་བསྔལ་ནི། །མི་བཟོད་ཚེ་འདིའི་དགྲ་འདུལ་དང་། །གཉེན་སྐྱོང་ལ་སོགས་དཀའ་སྤྱད་རྣམས། །བཟོད་པ་བཟོད་པ་གོ་ལོག་གོ །དམ་ཆོས་སྒྲུབ་ལ་འདུན་མི་བྱེད། །ཚེ་འདིའི་དཔལ་འབྱོར་ལ་སོགས་

p. 245

ལ། །འདུན་བྱེད་འདུན་པ་གོ་ལོག་གོ །ཐོས་པ་བསམ་པ་སྒོམ་པ་ཡི། །སྒོ་ནས་ཆོས་ཀྱི་རོ་མི་མྱང་། །འཇིག་རྟེན་འདི་ཡི་བདེ་བའི་རོ། །མྱང་བ་རོ་མྱང་གོ་ལོག་གོ །མི་དགེ་སྡིག་པ་བྱེད་པ་ལ། །སྙིང་རྗེ་མི་བསྒོམ་དམ་ཆོས་ཕྱིར། །དཀའ་ཐུབ་བྱེད་ལ་སྙིང་རྗེ་ནི། །བསྒོམ་པ་སྙིང་རྗེ་གོ་ལོག་གོ །རང་ལ་ལྟོས་པའི་མི་རྣམས་ནི། །དམ་པའི་ཆོས་ལ་མི་སྦྱོར་བར། །ཚེ་འདིའི་དཔལ་འབྱོར་ཆེ་ཐབས་ལ། །སྦྱོར་བ་གཉེར་སེམས་གོ་ལོག་གོ །འཁོར་འདས་གཉིས་ཀྱི་བདེ་དགེ་ལ། །དགའ་བ་མི་བསྒོམ་དགྲ་ལ་སྡུག །བྱུང་ན་དགའ་བ་བསྒོམ་པ་ནི། །རྗེས་སུ་ཡི་རང་གོ་ལོག་གོ །གོ་ལོག་དྲུག་པོ་རབ་སྤོངས་ལ། །མ་ལོག་པ་དྲུག་ཉམས་སུ་ལོངས། །ཆོས་ལ་ངེས་ཤེས་མ་སྐྱེས་པས། །རེས་བྱེད་རེས་མི་བྱེད་པ་དེ། །སྤོངས་ལ་རྒྱུན་ཆད་མེད་པར་སྒོམས། །བློ་སྦྱོང་ཉིད་ལ་བློ་ཁོལ་ལ། །བློ་སྣ་མ་མང་འབད་པར་གྱིས། །རང་རྒྱུད་ཉོན་མོངས་གང་ཆེ་བ། །རྟོག་དཔྱོད་གྱིས་ལ་སྤོང་བར་མཛོད། །ཕ་རོལ་གཞན་ལ་རང་ཉིད་ཀྱི། །དྲིན་ཡོད་པ་དང་རང་གིས་ཆོས། །ཡུན་རིང་དོས་དྲག་བྱས་པ་དང་། །མཁས་དང་བཙུན་པ་ལ་སོགས་པའི། །ཡུས་མི་བྱེད་པ་ཤིན་ཏུ་གཅེས། །བདག་ལ་གཞན་གྱིས་མི་མང་སར། །དམའ་སར་འབབ་པ་ལ་སོགས་པ། །ལན་དང་ཀོ་ལོང་བྱེད་པ་སྤོངས། །ཅུང་ཟད་ཙམ་ལ་དགའ་མི་དགའ། །རྣམ་འགྱུར་སྟོན་པ་དེ་ཡང་སྤོངས། །གཞན་ལ་ཕན་ནི་བཏགས་པའམ། །ཆོས་བྱས་པ་ལ་གཞན་དག་གིས། །ཚིག་གི་གཏང་རག་ཨེ་འོང་དང་། །

p. 246

གྲགས་སྙན་ཨེ་འོང་རེ་བ་སྤོངས། །མདོར་ན་མི་ཚེ་ཧྲིལ་བོ་ལ། །བྱང་ཆུབ་སེམས་མཆོག་རྣམ་པ་གཉིས། །ཐུན་གྱི་དངོས་གཞི་ཐུན་མཚམས་སུ། །དུས་ཀུན་རྟག་ཏུ་ལེགས་སྦྱངས་ནས། །འབྱོངས་པས་གདེང་ནི་ཐོབ་པར་མཛོད། །དགེ་འདིས་རང་གཞན་ལ་ཕན་ཤོག །འཇིག་རྟེན་འདི་ཡི་བྱ་བ་སྤངས། །འཕྲལ་ལ་ཟས་འཚོལ་བྱ་དང་འདྲ། །མིང་དང་དོན་མཐུན་བྱ་བཏང་བ། །ཚོགས་དྲུག་རང་གྲོལ་བྱ་བ་ངས། །བློ་སྦྱོང་བདུད་རྩིའི་ཐིགས་པ་འདི། །བློ་ཆུང་རྣམས་ལ་ཕན་པའི་ཕྱིར། །བློ་སྦྱོང་དོན་བདུན་འགྲོས་ལྟར་བཀོད། །བློ་དམན་ཡོངས་ལ་ཕན་པར་ཤོག །ཅེས་བློ་སྦྱོང་བདུད་རྩིའི་ཐིགས་པའི་སྐོར་ཚོ་རྫོགས་སོ། །རྗེ་དྲིན་ཅན་རྩ་བའི་བླ་མ་ལ། །བདག་དད་པས་ལྷང་ལྷང་གསོལ་བ་འདེབས། །ཐུགས་བརྩེ་བས་གང་ན་བཞུགས་ཀྱང་བྱོན། །མི་བདག་གི་སྤྱི་བོའི་རྒྱན་དུ་བཞུགས། །སྔོན་མི་ཁོམ་གནས་སུ་མང་སྐྱེས་ཀྱང་། །ད་དལ་འབྱོར་ཐོབ་པ་བླ་མའི་དྲིན། །ས་མཐའ་འཁོབ་སྐྱེས་ཀྱང་སངས་རྒྱས་ཀྱི། །བསྟན་པ་དང་མཇལ་བ་བླ་མའི་དྲིན། །ལོ་གཞོན་དུས་དགེ་སྡིག་ངོ་མི་ཤེས། །ད་བླང་དོར་ཤེས་པ་བླ་མའི་དྲིན། །མདོ་སྔགས་ཀྱི་ཟབ་ཆོས་མང་བོ་གནང་། །ད་ཉམས་ལེན་བྱེད་འདི་བླ་མའི་དྲིན། །ཞིང་སོ་ནམ་ཁེ་ཚོང་མ་བྱས་ཀྱང་། །ཆོས་མཐུན་རྐྱེན་འཛོམས་པ་བླ་མའི་དྲིན། །ལུས་བསྲུང་བའི་འཁོར་ལོ་མ་བཏགས་ཀྱང་། །གདོན་གང་གིས་མ་གཙེས་བླ་མའི་དྲིན། །མི་རང་ལས་གཞོན་པ་མང་ཤི་ཡང་། །རང་ད་དུང་གནས་པ་བླ་མའི་དྲིན། །ནང་འདོད་སྲེད་ཆུ་ལྟར་ཁོལ་ན་ཡང་། །

p. 247

སྡོམ་དམ་ཚིག་མ་ཤོར་བླ་མའི་དྲིན། །སེམས་གཏི་མུག་མུན་པས་ཁེབས་ན་ཡང་། །ཆོས་བློ་གྲོས་རྒྱས་པ་བླ་མའི་དྲིན། །ཚུར་རང་མཐོང་ང་རྒྱལ་ཆེ་ན་ཡང་། །གཞན་ཁྱད་དུ་མི་གསོད་བླ་མའི་དྲིན། །སེམས་ཞེན་ཆགས་ཆེ་རུང་ཕྱོགས་ཕྱོགས་སུ། །ལྟོའི་ཕྱིར་དུ་མི་བརྒྱུག་བླ་མའི་དྲིན། །ཆོས་སེམས་གཉིས་ད་དུང་མ་འདྲེས་ཀྱང་། །ཆོས་ཞེན་པ་མ་ལོག་བླ་མའི་དྲིན། །རང་སྣ་ཐག་གཞན་ལ་མི་སྟེར་བར། །མི་རང་གིས་འཛིན་འདི་བླ་མའི་དྲིན།།རྗེ་བླ་མ་བཀའ་དྲིན་ཤིན་ཏུ་ཆེ། །བདག་སྐྱིད་སྡུག་ད་དུང་བླ་མ་མཁྱེན། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ཆོས་བར་ཆད་མེད་པར་བྱིན་གྱིས་རློབས། །ཉམས་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ནང་ཏིང་འཛིན་སྒོ་འཕར་བརྒྱ་ཕྱེ་ནས། །ངོ་མཚར་བའི་དག་སྣང་ལྟད་མོ་ནི། །སྣ་ཚོགས་ལ་ངོམས་མེད་གཟིགས་པ་ཡི། །ཕ་ཆོས་རྒྱལ་ངག་གི་དབང་བོར་འདུད། །སེམས་གསལ་སྟོང་ངང་དུ་མཉམ་གཞག་དུས། །སྐབས་ཕལ་ཆེར་རྣམ་རྟོག་འཕྲོ་བའི་ཚེ། །སླར་མང་དུ་སྤྲོས་ལ་འཕྲོ་གནས་ལ། །ཁྱད་ཅི་འདུག་རྩད་གཅོད་གྱིས་ལ་ལྟོས། །ཡང་ལྷ་འདྲེས་ཕན་གནོད་ལྟར་བྱེད་པའི། །ལྷ་འདྲེ་གཉིས་ཁྱད་པར་ཅི་འདྲ་འདུག །ཁྱད་མེད་པ་མི་སྲིད་

p. 248

དཀར་ནག་གམ། །ཡིད་འོང་དང་མི་འོང་ལ་སོགས་པ། །ཁྱད་ཤིན་ཏུ་ཆེའོ་སྙམ་དུ་ལྟོས། །ཡང་དེ་བཞིན་བདེ་སྡུག་སྣང་བ་ལ། །ཁྱད་ཅི་འདུག་ཁྱད་པར་མི་འདུག་ན། །ཇི་ལྟར་དུ་མི་འདུག་བལྟ་བར་གྱིས། །ཡང་སྣང་བ་སེམས་གཉིས་གཅིག་ཡིན་ནམ། །ཐ་དད་དུ་འདུག་གམ་བལྟ་བར་གྱིས། །ཡང་རང་གི་སེམས་ནི་སངས་རྒྱས་ཐུགས། །དེ་གཉིས་ལ་བཟང་ངན་ཅི་འདྲ་འདུག །གཅིག་ཡིན་ནམ་ཐ་དད་གང་རེད་ལྟོས། །ཡང་སེམས་ལ་སྐྱེ་འཆི་འགྲོ་འོང་དང་། །མཐའ་དབུས་དང་ཕྱི་ནང་ཨེ་གྲུབ་ལྟོས། །མ་བལྟས་ན་དེ་དག་ཤན་མི་ཕྱེད། །ཕ་བླ་མར་གསོལ་བ་འདེབས་ཀྱིན་ལྟོས། །ཡང་བཟང་ངན་ཁྱད་པར་མི་འདུག་ན། །བསྒོམ་ཙ་ན་ཁྱད་མེད་འགྲོ་འདུག་གམ། །མ་བསྒོམས་དུས་ཁྱོད་མི་འདུག་གམ་ལྟོས། །ཡང་འཁོར་བར་སྐྱེས་པ་བདག་འཛིན་ཁོས། །ལན་གསུངས་པས་བདག་དེ་གང་ལ་ཟེར། །ལུས་ཡིན་ན་ལུས་ཀྱི་མགོ་བོ་དང་། །རོ་སྟོད་དང་ཡན་ལག་ཉིང་ལག་དང་། །དོན་སྙིང་ལྔ་སྣོད་དྲུག་ཤ་ཁྲག་རུས། །ཕྱིའི་པགས་པ་སྐྲ་སེན་གང་ལ་ཟེར། །སེམས་ཡིན་ན་སྔ་ཕྱི་བར་གསུམ་གྱི། །ཤེས་པ་ནི་གང་ཡིན་ཞིབ་ཏུ་ལྟོས། །ཡང་རང་གི་ལུས་འདི་གང་ལ་ཟེར། །མགོར་མགོ་ཟེར་མ་གཏོགས་ལུས་མི་ཟེར། །དེ་བཞིན་དུ་ལུས་ཀྱི་ཡན་ལག་རྣམས། །རེ་རེ་ནས་སོ་སོར་ཕྱེས་ལ་ལྟོས། །སེམས་ལྟ་ཐོག་བཞག་ནས་བསྒོམ་བྱུང་གི །ཤེས་རབ་ཀྱིས་བལྟ་བ་ཤིན་ཏུ་གཅེས། །སྔ་མོ་ནས་བརྡར་ཤ་མ་བཅད་ན། །ཡོན་ཏན་ནི་གང་ཡང་མི་སྐྱེ་བར། །གདམས་ངག་

p. 249

གི་ཞབས་འདྲེན་བྱེད་པ་ཡིན། །དེ་ལྟར་དུ་དཔྱད་ནས་བལྟས་པའི་ཚེ། །ཕར་མིང་གིས་བཏགས་ཙམ་མ་གཏོགས་པ། །བཟང་ངན་དང་ངོས་བཟུང་རྡུལ་ཙམ་ཡང་། །མ་རྙེད་པར་རང་སེམས་གསལ་སྟོང་དང་། །དབྱེར་མེད་དུ་ཕྱམ་གྱིས་སོང་བའི་ཚེ། །གནས་ལུགས་ཀྱི་སྟེང་དུ་རྗེན་ནེ་ཞོག །འདི་ལེགས་སྦྱར་རྣམ་དཀར་དགེ་བའི་ཚོགས། །མི་བདག་དང་བདག་འདྲའི་གཞོན་ནུ་རྣམས། །དབྱིངས་སྟོང་བའི་ན་ཆུང་མཛེས་མ་དང་། །ལྷན་ཅིག་ཏུ་འགྲོགས་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ཡོངས་ལ་ཕན་ཕྱིར་སྨྲས་པའོ།། བཀའ་དང་དགོངས་འགྲེལ་གདམས་པར་ཤར། །བཀའ་གདམས་མེས་པོ་འབྲོམ་སྟོན་སོགས། །བཀའ་གདམས་བླ་མ་རྣམས་ལ་འདུད། །བཀའ་གདམས་གོང་མའི་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །མུ་སྟེགས་ལོག་པའི་ལམ་ཞུགས་ཀྱིས། །སངས་རྒྱས་བསྟན་ལ་རབ་ཏུ་སྡང་། །བསྟན་འཛིན་དགེ་འདུན་རྣམས་ལ་སྡང་། །དེ་འདྲའི་གནས་དེ་མི་བདེའི་གནས། །བསྡད་ན་མི་བདེའི་སེམས་འབྱུང་བས། །སྡང་དང་སྡང་ཡུལ་རྣམས་སྤངས་ནས། །བདེ་བའི་གནས་སུ་སོང་ན་བཟང་། །ཚུལ་ཁྲིམས་འཆལ་བའི་ཚོགས་རྣམས་ཀྱིས། །ཚུལ་ཁྲིམས་ལྡན་པ་དག་ལ་སྡང་། །དམ་ཚིག་ཉམས་པའི་ཚོགས་རྣམས་ཀྱིས། །དམ་ཚིག་ལྡན་པ་དག་ལ་སྡང་། །དེ་འདྲའི་གནས་དེ་མི་བདེའི་གནས། །

p. 250

བསྡད་ན་མི་བདེའི་སེམས་འབྱུང་བས། །སྡང་དང་སྡང་ཡུལ་རྣམས་སྤངས་ནས། །བདེ་བའི་གནས་སུ་སོང་ན་བཟང་། །ཉོན་དང་བྱ་བཏང་རི་ཁྲོད་པ། །བསོད་ནམས་ཅན་གྱི་གང་ཟག་གིས། །བསྡུ་བཞིས་གཞན་གྱི་དོན་བྱེད་པ། །འདོད་པ་ཅན་གྱིས་མི་བཟོད་པར། །ཕྲག་དོག་དབང་གིས་སྡང་བར་བྱེད། །དེ་འདྲའི་གནས་དེ་མི་བདེའི་གནས། །བསྡད་ན་མི་བདེའི་སེམས་འབྱུང་བས། །བདེ་བའི་གནས་སུ་སོང་ན་བཟང་། །འཇིག་རྟེན་དག་ན་རྨོངས་པ་རྣམས། །རང་གི་ཆོས་དང་མི་མཐུན་པའི། །གཞན་གྱི་ཆོས་པ་ཞིག་མཐོང་ན། །ང་དང་ཁོ་ཞེས་རབ་ཏུ་སྡང་། །དེ་འདྲའི་གནས་དེ་མི་བདེའི་གནས། །བསྡད་ན་མི་བདེའི་སེམས་འབྱུང་བས། །སྡང་དང་སྡང་ཡུལ་རྣམས་སྤངས་ནས། །བདེ་བའི་གནས་སུ་སོང་ན་བཟང་། །ཉོན་དང་བྱ་བཏང་རི་ཁྲོད་པ། །བས་མཐའ་ཡང་ན་དགོན་པའམ། །དུར་ཁྲོད་གནས་སམ་ཤིང་དྲུང་ངམ། །རྒྱ་མཚོའི་འགྲམ་མམ་གད་སྐྱིབས་སམ། །ཤིན་ཏུ་དབེན་པའི་གནས་རྣམས་སུ། །ཕྱིན་ནས་ཕྱག་གསུམ་ཡང་ན་བདུན། །ཟླ་ཕྱེད་ཟླ་རེ་ལོ་རེ་ཙམ། །སྡང་དང་མི་བདེ་མ་བྱུང་ཚེ། །དགེ་སྦྱོར་ཅི་འཕེལ་གཞན་དོན་བྱ། །སྡང་དང་མི་བདེ་བྱུང་མ་ཐག །རི་བོང་མལ་ནས་ལངས་པ་བཞིན། །བདེ་བའི་གནས་སུ་བྲོས་ན་བཟང་། །ཉོན་དང་བྱ་བཏང་རི་ཁྲོད་པ། །མཁར་ལན་མི་བཟང་རང་ཤོང་ཙམ། །གཞན་གྱིས་མི་རིག་སྐྱིབས་ཡོད་ཙམ། །འཇོག་ཀྱང་མི་ཆག་སྤང་ར་འམ། །

p. 251

གཡའ་འམ་ལོ་མའི་སྤྱིལ་བུ་འམ། །གད་པའི་ཕུག་གམ་བྲག་སྐྱིབས་བསྟེན། །གང་དུ་འདུག་ཀྱང་དཀོན་མཆོག་གི །མཆོད་དང་མཆོད་ཡུལ་རྒྱུན་མ་གཅོད། །ཁྲིམས་ལྡན་ཐར་བ་དོན་གཉེར་རྣམས། །རྒྱུན་ཆད་མེད་པར་སྐྱོབ་པར་བྱེད། །དེ་ཚེ་ལྷ་རྟེན་ལ་སོགས་པའི། །མཆོད་ཡུལ་མང་བོ་ཆགས་པའི་རྒྱུ། །མདུན་གྱི་ནམ་མཁར་པཾ་ཡིག་ལས། །པད་སྡོང་བསྐྱེད་དེ་རྩ་བརྒྱུད་ཀྱི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཀུན། །བཞུགས་སོ་ཡན་ལག་བདུན་པ་ཕུལ། །འཕྲལ་ཕུགས་བདེ་བའི་གསོལ་བ་ཐོབས། །དེ་ནི་དབེན་པར་འདུག་པའི་ཚེ། །ཆགས་པ་མེད་པའི་ཆོས་སུ་བཟང་། །དགེ་འདིས་བྱ་བཏང་རི་བ་ཡིས། །བཀའ་གདམས་གོང་མའི་རྣམ་ཐར་བཞིན། །སྡང་དང་སྡང་ཡུལ་རྣམས་སྤངས་ནས། །བདེ་བའི་གནས་སོང་ཆོས་བྱེད་ཤོག །ཅེས་པ་འདི་ཡང་བྱ་བཏང་རི་ཁྲོད་པ་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །བླ་མ་སྤྱི་བོའི་རྒྱན་དུ་བཞུགས། །ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཉོན་དང་བྱ་བཏང་རི་ཁྲོད་པ། །ཆོས་བཞིན་བྱེད་ན་འདི་བཞིན་མཛོད། །ཆོས་པའི་མཚང་དུ་གང་ཚེ་ན། །ཆགས་སྡང་འདི་ཉིད་ཆེ་བ་ཡིན། །གང་དུ་ཆགས་སྡང་ཡུལ་བྱུང་ཚེ། །སྒྱུ་མ་རྨི་ལམ་བཞིན་དུ་ལྟོས། །མི་སྙན་ཚིག་ངན་ཐོས་པའི་ཚེ། །བྲག་ཆ་བཞིན་དུ་བལྟ་

p. 252

བར་མཛོད། །སེམས་ཅན་ཐམས་ཅད་ཕ་མར་སྒོམས། །དྲིན་སོམས་བདེ་དང་སྡུག་བསྔལ་བརྗེས། །སེམས་ཅན་ཀུན་གྱི་སྡུག་བསྔལ་ཀུན། །དབུགས་ལ་དྲོངས་ལ་ཚུར་ལ་ལོངས། །རང་གི་བདེ་དགེ་ཅི་ཡོད་པ། །རླུང་ལ་བསྐྱོན་ལ་ཕར་ལ་སྤྲོས། །བདེ་སྐྱིད་བྱུང་ཚད་གཞན་ལ་བྱིན། །སྡུག་བསྔལ་བྱུང་ཚད་རང་ལ་ལོངས། །ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་ཕམ་ཁ་རང་གིས་ལོངས། །གལ་ཏེ་གསོད་པ་ཞིག་བྱུང་ཡང་། །སྲོག་ལེན་ཡིན་པར་ཤེས་པར་གྱིས། །སླར་ཡང་དེ་ལ་སྙིང་རྗེ་བསྐྱེད། །ཡིད་ཀྱིས་སྡིག་པ་རང་ལ་ལོངས། །དེ་ལྟར་བྱས་ན་ཅི་འོངས་ན། །འཚང་རྒྱ་བ་ལ་ཤིན་ཏུ་ཉེ། །དགེ་འདིས་རང་གཞན་ཐམས་ཅད་ཀྱིས། །བདག་པས་གཞན་གཅེས་སེམས་འབྱོངས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །བླ་མ་དམ་པའི་ཞབས་ལ་འདུད། །ཉོན་དང་བྱ་བཏང་རི་ཁྲོད་པ། །སྨྲ་བ་མང་བོ་སྡིག་པའི་རྒྱུ། །སེམས་ཅན་ཉོན་མོངས་རྒྱུ་ལས་བྱས། །ཕྲག་དོག་ཁོང་ཁྲོ་ལྷན་སྐྱེ་བས། །གཅིག་ལ་བསྟོད་ན་གཅིག་ཁྲོ་ཞིང་། །དོན་མེད་ཁོང་ཁྲོས་དགེ་རྩ་འཇོམས། །མིང་ངན་འདོགས་ཤིང་ཟུར་ཟ་གཏོང་། །བསྟོད་པ་གཅིག་ལ་སྨད་པ་བརྒྱ། །ངག་གི་ཉེས་པས་དགྲ་བོ་འགུག །ངག་གི་ཉེས་པས་བཤེས་དང་འབྲལ། །ངག་གི་ཉེས་པས་ལྕེ་སྟེང་དུ། །ཕྱི་མར་རྨོ་དོར་སྟོང་གིས་རྨོ། །འཇམ་པའི་ཚིག་ཀྱང་མང་གྱུར་ན། །

p. 253

སྐད་ཀྱི་དཔངས་ཀྱིས་འབྱེད་པར་བྱེད། །མི་ནི་ལ་ལ་བསྟོད་བྱས་ཀྱང་། །དོགས་པ་ལངས་ནས་མཚང་ལ་འཕོག །བསྟོད་པས་དགྲ་བོ་འགུག་པར་སྲིད། །ངན་ལ་བསྟོད་པ་བྱས་གྱུར་ན། །ལྷག་པར་དེ་ཉིད་ཁོང་ཁྲོ་སྐྱེ། །བཟང་ལ་བབ་ཀྱིས་བརྗོད་གྱུར་ཀྱང་། །སྨད་པ་བཞིན་དུ་ཁྲོ་བར་འགྱུར། །སྤྱིའི་ཆེད་བཤད་ན་སྒོས་མི་འཁྲུགས། །སྒོས་གཏམ་ལབ་ན་སྤྱི་དགྲ་ལྡང་། །ཀུ་རེ་ཐ་མ་འཐབ་མོར་འགྲོ། །ཁ་འཐབ་བྱས་མཐར་བརྡུང་རེ་བྱེད། །བརྡུང་རེ་བྱས་མཐར་སྲོག་དང་འབྲལ། །སྲོག་དང་བྲལ་ན་ངན་འགྲོར་འགྲོ། །ངག་ལ་བརྟག་པ་ཤིན་ཏུ་གཅེས། །དུ་མ་འདུག་ན་སྨྲ་བཅད་བཟང་། །དད་ཅན་འདུག་ན་བཟང་བོ་སྨྲོས། །མཁས་པ་འདུག་ན་ཡོན་ཏན་བསྟོད། །བཙུན་པ་འདུག་ན་བཙུན་ལ་བསྟོད། །བཟང་བོ་འདུག་ན་ལག་ལེན་སྨྲ། །སྡིག་ཅན་འདུག་ན་བགས་ཀྱིས་གཞོལ། །གཉེན་པོར་འགྲོ་ན་གང་ཡང་སྨྲོས། །གཞན་དུ་ངག་གི་ཉེས་པ་བསྡམས། །གཞན་ལ་གཏམ་རྣམས་མ་སྨྲས་སྔོན། །གཏམ་དེ་མགྲིན་པར་བསྐྱིལ་བྱས་ནས། །དེ་ལ་རེ་ལྟོས་འདུག་མི་འདུག །ཆགས་སྡང་གཉིས་བཅས་འདུག་མི་འདུག །གཞན་ལ་གཤེ་བར་འདུག་མི་འདུག །སྒྲོ་སྐུར་ཚིག་ཏུ་འགྲོ་མི་འགྲོ། །ངག་འཁྱལ་ཡིན་ནམ་རྫུན་ཚིག་ཡིན། །ཕྲ་མ་ཡིན་ནམ་ཚིག་རྩུབ་ཡིན། །དངོས་ཀྱིས་གནོད་དམ་ཤུགས་ཀྱིས་གནོད། །

p. 254

འཕགས་པའི་ཚིག་གམ་བྱིས་པའི་ཚིག །དོན་དང་ལྡན་ནམ་མི་ལྡན་བལྟ། །འགྲོ་ན་སྨྲ་སྒོར་གཏང་བར་བྱ། །མི་འགྲོ་མགྲིན་པའི་ཨ་ལ་སྟིམས། །གཞན་ཡང་བསམ་གཏན་སྒོམ་པའི་རྩེར། །ཁ་ཏོན་ཀློག་པར་མི་བྱའོ། །དྲེད་པོ་སྐུར་བ་འདེབས་པའི་རྩར། །ཁ་ཏོན་ལག་ལེན་མི་བྱའོ། །གཞན་ཡང་ཐེག་པ་དམན་པ་ལ། །ཐེག་ཆེན་བསྒྲགས་ན་སྐྱོན་དུ་འགྱུར། །བླ་མ་མཁན་སློབ་ལ་སོགས་ལ།།རང་ཉིད་དད་གུས་ཆེ་གྱུར་ཀྱང་། །ཆགས་སྡང་ཅན་གྱི་རྩར་མི་སྡོད། །སྣོད་མིན་ཐ་མལ་སྐྱེ་བོ་ལ། །གསང་བ་སྒྲོག་པ་བྱུར་དུ་ཆེ། །མདོར་ན་མངོན་ཤེས་མ་ཐོབ་བར། །སྤྱིར་ཡང་ངག་ནི་བསྡམ་པ་གཅེས། །སྒོས་སུ་མང་བོའི་གསེབ་ཏུ་ཆོད། །སྙན་དང་མི་སྙན་ཚིག་ཐོས་ཀྱང་། །ལྐུགས་པའི་ཚུལ་དུ་གནས་པར་གྱིས། །འདིས་ཀྱང་རང་གཞན་ལ་ཕན་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །གྲོང་འ་འུར་འདུ་འཛིའི་གནས་སྤངས་ནས། །ཡར་གངས་རི་ནགས་ཚལ་སྤང་གཤོངས་སོགས། །གནས་དབེན་པར་ད་ལྟ་བཞུགས་པ་ཡི། །རྗེ་བླ་མ་རྣམས་ལ་གུས་པས་འདུད། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །སེམས་གྱོང་བོ་ཐུལ་བར་བྱིན་གྱིས་རློབས། །རི་སྨུག་པ་ཅན་གྱི་ཁྲོད་ཅིག་ན། །སེམས་གྱོང་བོ་འདུལ་སའི་ཕུག་པ་ཡོད། །དེར་སོང་ནས་སེམས་འདི་མ་བཏུལ་ན། །གྲོང་ཡུལ་ནས་ཐུལ་བ་དཀའ་མོར་གདའ། །མི་ང་ནི་དབེན་པའི་རི་ལ་འགྲོ། །གཞན་སྐལ་ལྡན་ཡོད་ན་ང་

p. 255

ཕྱིར་ཤོག །ཤིང་སྣ་ཚོགས་རྒྱས་པའི་ཁྲོད་ཅིག་ན། །སེམས་གྱོང་བོ་འདུལ་སའི་བསིལ་ཁང་ཡོད། །དེར་སོང་ནས་སེམས་འདི་མ་བཏུལ་ན། །གྲོང་ཡུལ་ནས་ཐུལ་བ་དཀའ་མོར་གདའ། །མི་ང་ནི་དབེན་པའི་ནགས་ལ་འགྲོ། །གཞན་སྐལ་ལྡན་ཡོད་ན་ང་ཕྱིར་ཤོག །རི་གངས་ཀྱིས་བརྒྱན་པའི་ཁྲོད་ཅིག་ན། །སེམས་གྱོང་བོ་འདུལ་སའི་སྤང་གཤོངས་ཡོད། །དེར་སོང་ནས་སེམས་འདི་མ་བཏུལ་ན། །གྲོང་ཡུལ་ནས་ཐུལ་བ་དཀའ་མོར་གདའ། །མི་ང་ནི་དབེན་པའི་སྤང་ལ་འགྲོ། །གཞན་སྐལ་ལྡན་ཡོད་ན་ང་ཕྱིར་ཤོག །བྲག་བྱ་རྒོད་ལྡིང་བའི་ཁྲོད་ཅིག་ན། །སེམས་གྱོང་བོ་འདུལ་སའི་བྲག་ཕུག་ཡོད། །དེར་སོང་ནས་སེམས་འདི་མ་བཏུལ་ན། །གྲོང་ཡུལ་ནས་ཐུལ་བ་དཀའ་མོར་གདའ། །མི་ང་ནི་དབེན་པའི་བྲག་ལ་འགྲོ། །གཞན་སྐལ་ལྡན་ཡོད་ན་ང་ཕྱིར་ཤོག །རྫ་ཤ་འབྲོང་གནས་པའི་ཁྲོད་ཅིག་ན། །སེམས་གྱོང་བོ་འདུལ་སའི་རྫ་ཕུག་ཡོད། དེར་སོང་ནས་སེམས་འདི་མ་བཏུལ་ན། །གྲོང་ཡུལ་ནས་ཐུལ་བ་དཀའ་མོར་གདའ། །མི་ང་ནི་དབེན་པའི་རྫ་ལ་འགྲོ། །གཞན་སྐལ་ལྡན་ཡོད་ན་ང་ཕྱིར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འེ་འེ་དྲིན་ཅན་རྩ་བའི་བླ་མ། །ཨ་རོག་སྙིང་ནས་ཡང་ཡང་དྲན་དུས། །ཁོ་རེ་སྙིང་གི་དཀྱིལ་དུ་སྒོམས་དང་། །ཧ་ཧ་ནམ་ཡང་བློ་བདེ་ཨེ་གོ །ཡ་ཡི་ཡ་ཡི། །འེ་འེ་རབ་

p. 256

མཛེས་འཇའ་སྤྲིན་འདི་རྣམས། །ཨ་རོག་མཁའ་ལས་བྱུང་ཞིང་མཁའ་ལ། །ཁོ་རེ་སླར་ཡང་ཐིམ་ཚུལ་སོམས་དང་། །ཧ་ཧ་ནམ་ཡང་བློ་བདེ་ཨེ་གོ །ཡ་ཡི་ཡ་ཡི། །འེ་འེ་ཆུ་རླབས་ཆུ་བུར་འདི་རྣམས། །ཨ་རོག་མཚོ་ལས་བྱུང་ཞིང་མཚོ་ལ། །ཁོ་རེ་སླར་ཡང་ཐིམ་ཚུལ་སོམས་དང་། །ཧ་ཧ་ནམ་ཡང་བློ་བདེ་ཨེ་གོ །ཡ་ཡི་ཡ་ཡི། །འེ་འེ་རྩི་ཤིང་ལོ་ཏོག་འདི་རྣམས། །ཨ་རོག་ས་ལས་བྱུང་ཞིང་ས་ལ། །ཁོ་རེ་སླར་ཡང་ཐིམ་ཚུལ་སོམས་དང་། །ཧ་ཧ་ནམ་ཡང་བློ་བདེ་ཨེ་གོ །ཡ་ཡི་ཡ་ཡི། །འེ་འེ་འཁོར་འདས་གཉིས་ཀྱི་ཆོས་རྣམས། །ཨ་རོག་སེམས་ལས་བྱུང་ཞིང་སེམས་ལ། །ཁོ་རེ་སླར་ཡང་ཐིམ་ཚུལ་སོམས་དང་། །ཧ་ཧ་ནམ་ཡང་བློ་བདེ་ཨེ་གོ །ཡ་ཡི་ཡ་ཡི། །འེ་འེ་དཔེ་དེ་ཕྱི་རུ་ཞོག་ལ། །ཨ་རོག་དོན་དེ་ནང་དུ་བསྐོར་ལ། །ཁོ་རེ་མགུར་དབྱངས་སྙན་མོ་འཐེན་དང་། །ཧ་ཧ་ནམ་ཡང་བློ་བདེ་ཨེ་གོ །ཡ་ཡི་ཡ་ཡི། །ཞེས་པ་འདི་ཡང་ཉིན་ཞིག་སྦྲང་ཆར་འཇམ་པོ་བབས་ཤིང་ཆུ་བྱས་སྐད་སྙན་སྒྲོག་མཚོ་ལ་རྦ་རླབས་སྣ་ཚོགས་གཡོ་ཞིང་། འཇའ་ཚོན་ཞིག་ཀྱང་ལམ་ལམ་ཤར་ཚེ། ཕ་བླ་མ་རྣམས་ཡང་ཡང་དྲན་ཞིང་སེམས་ལ་དག་འ་སྐྱོ་སྣ་ཚོགས་པ་ཤར་བའི་ཚེ་སྣང་བ་དེ་རྣམས་དཔེ་རུ་བཞག་ནས་ཚོགས་དྲུག་རང་གྲོལ་གྱིས་རང་ལ་མཚོ་སྙིང་ནས་སྨྲས་པའོ། །འེ་རེ་བཀའ་དྲིན་གསུམ་ལྡན་བླ་མ། །ཨ་བོ་སྤྱི་བོའི་གཙུག་ཏུ་སྒོམས་ལ། །བུ་ལོ་གསོལ་བ་ཡང་ཡང་ཐོབས་དང་། །ཧ་ཧ་བློ་བདེ་སྐྱིད་ཡ་ཨེ་གོ །གོ་གོ་ཡ་ཡི། །

p. 257

འེ་རེ་ཡ་ཀི་ནམ་མཁའ་འདི་ཉིད། །ཨ་བོ་དཔེ་རུ་ཞོག་ལ་མཐའ་དབུས། །བུ་ལོ་བྲལ་བའི་བསྒོམ་ཞིག་རྒྱོབ་དང་། །ཧ་ཧ་བློ་བདེ་སྐྱིད་ཡ་ཨེ་གོ །གོ་གོ་ཡ་ཡི། །འེ་རེ་སྟེང་གི་ཉི་ཟླ་འདི་ཉིད། །ཨ་བོ་དཔེ་རུ་ཞོག་ལ་གསལ་འགྲིབ། །བུ་ལོ་མེད་པའི་བསྒོམ་ཞིག་རྒྱོབ་དང་། །ཧ་ཧ་བློ་བདེ་སྐྱིད་ཡ་ཨེ་གོ །གོ་གོ་ཡ་ཡི། །འེ་འེ་མ་ཀི་རྒྱ་མཚོ་འདི་ཉིད། །ཨ་བོ་དཔེ་རུ་ཞོག་ལ་ཁ་གཏིང་། །བུ་ལོ་མེད་པའི་བསྒོམ་ཞིག་རྒྱོབ་དང་། །ཧ་ཧ་བློ་བདེ་སྐྱིད་ཡ་ཨེ་གོ །གོ་གོ་ཡ་ཡི། །འེ་འེ་ཕ་ཀི་རི་བོ་འདི་ཉིད། །ཨ་བོ་དཔེ་རུ་ཞོག་ལ་གཡོ་འགུལ། །བུ་ལོ་མེད་པའི་བསྒོམ་ཞིག་སྐྱོབ་དང་། །ཧ་ཧ་བློ་བདེ་སྐྱིད་ཡ་ཨེ་གོ །གོ་གོ་ཡ་ཡི། །འེ་འེ་སེམས་ཉིད་སྟོང་གསལ་ཁྱབ་གདལ། །ཨ་བོ་ཟང་ཐལ་རྗེན་ལ་བྱིང་རྒོད། །བུ་ལོ་མེད་པའི་བསྒོམ་ཞིག་རྒྱོབ་དང་། །ཧ་ཧ་བློ་བདེ་སྐྱིད་ཡ་ཨེ་གོ །གོ་གོ་ཡ་ཡི། །འེ་འེ་སྣང་བ་དཔེ་རུ་ཞོག་ལ། །ཨ་བོ་སེམས་ལ་ཕན་པའི་གླུ་དབྱངས། །བུ་ལོ་དབེན་པའི་རི་ནས་འཐེན་དང་། །ཧ་ཧ་བློ་བདེ་སྐྱིད་ཡ་ཨེ་གོ །གོ་གོ་ཡ་ཡི། །ཞེས་པ་འདི་ཡང་ནམ་མཁའ་གཡའ་དག་པའི་དུས་ཤིག་ཏུ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་རྩེ་ནས་ཉམས་དགའི་གླུ་རུ་བླངས་པའོ། །ན་མོ་གུ་རུ། བརྒྱུད་པ་བཟང་བོ་ཁུངས་ཅན། །ཀུན་ཏུ་བཟང་ནས་བརྒྱུད་པ། །བླ་མ་ཆོས་རྣམས་ཀུན་མཁྱེན། །ཕ་རྒན་ཆོས་ཀྱི་རྒྱལ་པོ། །དམ་ཆོས་ཐེག་པའི་ཡང་རྩེ། །ཟབ་ཆོས་རྫོགས་པ་ཆེན་པོ། །ང་རང་

p. 258

ཆོགས་གཉིས་གསོག་པའི། །བྱ་བཏང་ཚོགས་དྲུག་རང་གྲོལ། །ལྟ་བ་ཕྱོགས་ལྷུང་བྲལ་བ། །རིག་སྟོང་ཟང་ཐལ་རྗེན་པ། །སྒོམ་པ་ཡིད་བྱེད་བྲལ་བ། །སྤྲོས་བྲལ་མ་བཅོས་ལྷུག་པ། །སྤྱོད་པ་ཚུལ་འཆོས་བྲལ་བ། །བླང་དོར་དགག་སྒྲུབ་མེད་པ། །འབྲས་བུ་རེ་དོགས་བྲལ་བ། །གདོད་ནས་ལྷུན་གྱིས་གྲུབ་པ། །སྐལ་ལྡན་མོས་གུས་ཅན་ཚོ། །ལམ་འདིར་མོས་ན་ང་ཡི། །དྲུང་དུ་མྱུར་དུ་ཤོག་དང་། །རྫོགས་ཆེན་མྱུར་ལཾམ་སྟོན་ཡ། །བསྒོམས་ན་རྒྱུད་ལ་ཉམས་རྟོགས། །སྐྱེས་ན་བློ་བདེ་འབྱུང་ངེས། །ང་རང་སྐྱིད་པའི་ཤུགས་ཀྱིས། །ཁ་ནས་སྐྱིད་གླུ་ཤོར་ཐལ། །སྐྱིད་པའི་རྒྱང་གླུ་ཐོས་ཚད། །སྐྱིད་པོ་འོང་བར་གྱུར་ཅིག །ཅེས་པ་འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཉམས་དགའ་བའི་ཤུགས་ཀྱིས་སྨྲས་པའོ། །འཆི་བདག་གཡུལ་ལས་རྣམ་རྒྱལ་བའི། །ཕ་རྒན་ཆོས་ཀྱི་རྒྱལ་པོ་ལ། །མོས་གུས་དྲག་པོས་གསོལ་བ་འདེབས། །འཆི་བར་འཇིགས་པར་བྱིན་གྱིས་རློབས། །ལུས་ཀྱི་ལང་ཚོ་དར་ལ་བབ། །རས་ཕྲུག་གོས་ཆེན་མཆོར་གོས་གྱོན། །གསེར་དངུལ་བྱུ་རུ་མུ་ཏིག་སོགས། །རིན་ཆེན་རྒྱན་ཆ་སྣ་ཚོགས་བཏགས། །ལྷ་ཡི་བུ་མོ་དང་མཚུངས་པའི། །འཇིག་རྟེན་མི་རྣམས་ཐམས་ཅད་ཀྱིས། །སྨོན་པའི་གནས་སུ་འཛིན་པ་ཡི། །ན་ཆུང་བུ་མོ་གཞོན་ནུ་མ། །རབ་མཛེས་བལྟས་པས་མི་ངོམས་ཀྱང་། །འཆི་བདག་གཤིན་རྗེ་ཁྲེལ་མེད་པོས། །གློ་བུར་མལ་སའི་ནང་དུ་བསྐྱེལ། །འཆི་བདག་གཤིན་རྗེ་བསམ་

p. 259

ལོག་པོ། །བུ་མོ་བསྒྱེལ་ནས་ཅི་ཞིག་བྱེད། །མཆོར་གོས་རྒྱན་ཆ་རྒྱབ་ནས་བཤུས། །ཁྱོད་ཀྱིས་ཅི་ཞིག་བསྐོན་རྒྱུ་ཡིན། །བདེ་བར་ཡུལ་དུ་འདུག་མི་འཇུག །བུ་མོ་ཁྲིད་ནས་གང་དུ་འགྲོ། །བཟའ་བཏུང་ཙམ་ཞིག་མི་འཁྱེར་བར། །ཁྱོད་ཀྱིས་ཅི་ཞིག་སྟེར་འདངས་ཡིན། །ཤུལ་ན་འདུག་པའི་སྙིང་མེད་ཚོ། །བུ་མོ་འཁྲིད་དུ་འཇུག་ཕོད་དམ།།རྒྱུ་ནོམ་ཡོད་ཚད་ཀུན་བྱིན་ནས། །བུ་མོ་གཅེས་མ་མི་བླུ་འམ། །ཡང་ན་མཁས་པས་ཞུ་བ་བྱས། །བུ་མོ་ཕྱིར་ལ་མི་ལེན་ནམ། །དེ་གཉིས་བྱས་ནས་མི་ལོན་ན། །ཕ་བུས་འཐབ་ནས་མི་འཕྲོག་གམ། །སྣ་ཚོགས་ཐབས་ཀྱིས་མི་ལོན་ན། །བུ་མོར་རྫོང་བ་མི་བྱེད་དམ། །གཟུགས་བཟང་གོས་དང་རྒྱན་གྱིས་མཛེས། །འགྲོ་ན་རྟ་བཟང་ཞོན་ནས་འགྲོ། །འདུག་ན་འབོལ་གདན་མཛེས་པར་འདུག །ཟ་ན་ཤ་ཐུད་མར་ཆུར་ཟ། །འཐུང་ན་ཇ་བཟང་འོ་ཞོ་འཐུང་། །ལངས་ན་ཀུན་གྱིས་བསུ་སྐྱེལ་བྱེད། །ཡ་ཀི་ཚང་གི་གཅེས་ཕྲུག་ཅེས། །མི་རྣམས་ཀུན་གྱིས་ཡིད་སྨོན་བྱེད། །གཉེན་བཤེས་མང་བོ་འཚོགས་པའི་དུས། །ཞིམ་པའི་ཇ་ཆང་འཐུང་ཞོར་ལ། །རྣ་ཆ་གདུ་བུ་འཁྲོལ་བཞིན་དུ། །གླུ་གར་རྩེད་འཇོ་མང་བོ་བྱེད། །ཤིན་ཏུ་སྐྱིད་པའི་གཅེས་ཕྲུག་ཀྱང་། །འཆི་བདག་གཤིན་རྗེ་སྙིང་ནག་པོ། །གློ་བུར་བྱུང་ནས་ས་ལ་བསྐྱེལ། །འཆི་བདག་གཤིན་རྗེ་བསམ་ནག་པོ། །ཁྱོད་ཀྱིས་གཅེས་ཕྲུག་ཅི་ལ་བསྐྱེལ། །དཀར་

p. 260

འཇམ་ཤ་ནི་གཅེར་བུར་ཕྱུང། །ཁྱོད་ཀྱི་ལག་དེ་འགྲོ་ཡོད་དམ། །གཉེན་བཤེས་དབུས་ནས་རྩེར་མི་འཇུག །གཅེས་ཕྲུག་ཁྲིད་ནས་གང་ལ་འགྲོ། །ཤུལ་ན་ཡོད་པའི་ཕ་མ་ཚོ། །བུ་ཡི་ཚབ་ཏུ་མི་འགྲོ་འམ། །དཔའ་བོས་རལ་ཁ་མི་བྱེད་པར། །གཅེས་ཕྲུག་འཁྲིད་དུ་འཇུག་ཕོད་དམ། །བུ་དང་ཚ་བོ་རྒྱུ་ནོར་འཛོམས། །དྲོ་འཇམ་བདེ་བའི་མལ་སར་བསྡད། །རྒྱགས་རུང་བུ་ཡིས་འདི་ཟོ་དང་། །ངོམས་རུང་མནའ་མས་འདི་ཐུངས་ཟེར། །བདེ་སྐྱིད་འཛོམས་པའི་རྒན་རྒན་ཚོ། །སྐྱིད་རེ་མྱོང་གིན་མི་འཇུག་པར། །འཆི་བདག་གཤིན་རྗེ་བསམ་ལོག་པོ། །གློ་བུར་བྱུང་ནས་རྒན་རྒོན་ཁྲིད། །འཆི་བདག་གཤིན་རྗེ་བསམ་ལོག་པོ། །རྒན་རྒོན་ཁྲིད་ནས་གང་དུ་འགྲོ། །བཟའ་བཏུང་བྱེད་པའི་འཕྲོ་ཡང་བསྐྱུར། །ཁྱོད་ཀྱིས་ཅི་ཞིག་སྟེར་འདངས་ཡིན། །སྟེང་ན་ཡོད་པའི་རྩག་པ་བཤུས། །ཁྱོད་ཀྱིས་དེ་བས་ལྷག་ཅི་བསྐོན། །དྲོ་སའི་མལ་ནས་ཐུར་དུ་འཁྲིད། །ཁྱོད་ཀྱིས་གང་ནས་འཇོག་སྙམ་ཨང་། །སྔ་སོང་ཞོན་པའི་རྟ་ཡང་བསྐྱུར། །ཁྱོད་ཀྱི་ཞོན་པ་གང་ན་ཡོད། །འཁོར་གཡོག་གཅིག་ཀྱང་འཁྲིད་མི་འཇུག །ཁྱོད་ཀྱིས་ཇ་བསྐོལ་སྟེར་རམ་ཅི། །ཤུལ་ན་ཡོད་པའི་སྙིང་རུལ་ཚོ། །རྒན་རྒོན་འཁྲིད་དུ་འཇུག་ཕོད་དམ། །བུ་མོ་མཛེས་མས་འཆི་བདག་ལ། །མགོ་བསྐོར་བཏང་ན་མི་སྡོད་དམ། །བུ་དང་ཚ་བོས་མཚོན་ཐོགས་ནས། །གཤིན་རྗེར་འཐབ་ན་མི་གཏོང་ངམ། །དམག་དཔུང་མང་བོས་མཐའ་བསྐོར་

p. 261

ནས། །བཀག་ནས་བསྡད་ན་མི་ཁོགས་སམ། །གལ་ཏེ་འཁྲིད་ན་རྟ་མེད་པར། །རྒན་རྒོན་རྐང་ཐང་གཏོང་ཕོད་དམ། །ཀུན་ཀྱིས་བཟའ་བཏུང་བ་ཆ་བཟུང་། །རྒན་རྒོན་བསྐྱལ་ནས་མི་འགྲོ་འམ། །ཨ་ཁ་ཁྲེལ་མེད་ན་རག་ཚོ། །ཕ་མ་རྒན་རྒོན་འཁྲིད་དུ་བཅུག་།ཤུལ་ནས་ངུས་པས་ཅི་ལ་ཕན། །སྐུད་པ་དཀར་ནག་རྒྱུན་ཐག་ཅན། །དུག་སྦྲུལ་ཁྲབ་དེ་རྒྱབ་ཏུ་གོན། །དབྱུག་པ་གཉིས་ཀྱི་མཚོན་ཆ་ཐོགས། །ཁྱི་ངན་དམག་ལ་འཐབ་བཞིན་དུ། །སྤྲང་ཟས་འཚོལ་བའི་དབུལ་བོའི་མི། །ནམ་ཞིག་ན་ཚོད་རྒས་པའི་དུས། །ཡར་གྱི་ལ་ཡང་མ་ཆོད་ཅིང་། །མར་གྱི་ཐུར་ཡང་མི་ཕེབས་པར། །ལྟོགས་སྐོམ་ཤ་ཟད་རུས་ཟད་ཀྱང་། །འཆི་བདག་གཤིན་རྗེས་བཟུང་ནས་འཁྲིད། །འཆི་བདག་གཤིན་རྗེ་སེམས་མེད་པོ། །སྤྲང་བོ་ཁྲིད་ནས་གང་དུ་འགྲོ། །ཨ་ཁ་ཤ་ཟད་རུས་ཟད་སྤྲང་། །མི་འཇོག་ཁྱོད་ལ་ཅིའི་ཕྱིར་མཁོ། །ཕྱི་མའི་ལམ་རིང་མ་ཐོན་ན། །ཁྱོད་ཀྱིས་ཁུར་ནས་འགྲོ་འམ་ཅི། །དུག་ཧྲུལ་སྤྲང་ཕོར་ཡན་ཆད་བསྐྱུར། །གཅེར་བུར་འགྲོ་ལ་དགོས་པ་ཅི། །ཨ་ཁ་འཆི་བདག་ལས་ངན་པོས། །མི་འཁྲིད་སེམས་ཅན་གཅིག་ཀྱང་མེད། །གཅིག་ཀྱངའཁྱེར་དུ་མི་འཇུག་པར། །གཅེར་བུར་ཁྲིད་པ་བཙོག་རེ་ཨང་། །ཐམས་ཅད་འཁྲིད་ཚུལ་འདི་ཚོ་ལ། །བལྟས་ན་བན་རྒན་མི་འཇིགས་སམ། །ཁྱོད་ཀྱང་འདི་ཡི་རང་བཞིན་ཡིན། །གློ་བུར་འཆི་བདག་གཤིན་

p. 262

རྗེས་བཟུང་། །གོས་སློག་ཡན་ཆད་མལ་དུ་བཞག །འཁྲིད་ཉེས་བྱས་ནས་མ་ཁྲིད་གོང་། །འབྲོས་ན་དབེན་པའི་རི་ལ་ཕྲོས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །དགེ་འདིས་རང་གཞན་ཐམས་ཅད་ཀྱིས། །འཆི་བདག་གཤིན་རྗེར་རབ་འཇིགས་ནས། །དམ་པའི་ཆོས་ཀྱི་རྟར་ཞོན་ནས། །ཐར་བའི་ལམ་ལ་འབྲོས་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །འཛམ་གླིང་མཁས་རྣམས་གཙུག་གི་རྒྱུན། །འཕགས་པ་ཀླུ་སྒྲུབ་སྤྲུལ་བ་དངོས། །བྱམས་པ་དགེ་ལེགས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་རེ་དལ་འབྱོར་མི་ལུས་ཐོབ། །དགེ་བའི་བཤེས་གཉེན་དུ་མ་ལས། །དམ་ཆོས་ཐོས་པའི་སྐལ་བ་དང་། །ལྡན་པ་ཤིན་ཏུ་ངོ་མཚར་ཆེ། །མདོ་སྡེ་རྣམས་དང་ཁྱད་པར་དུ། །གསང་སྔགས་བསྐྱེད་རྫོགས་རྫོགས་ཆེན་གྱི། །གདམས་པ་ཟབ་མོ་ཐོས་ནས་ནི། །ཉམས་སུ་བླངས་ན་ཚེ་གཅིག་ལ། །སངས་རྒྱས་གོ་འཕང་ཐོབ་པ་ཡིན། །གལ་ཏེ་དོན་མ་རྟོགས་པ་དང་། །ཚེ་འདིར་ཉམས་སུ་མ་ལོན་ན། །དམ་ཚིག་བསྲུངས་ན་སྐྱེ་བ་གསུམ། །བདུན་ནམ་བཅུ་དྲུག་ཚུན་ཆད་དུ། །མ་བསྒོམས་ན་ཡང་འཚང་རྒྱ་ཞེས། །ཀུན་བཟང་རྡོ་རྗེ་འཆང་གིས་གསུངས། །དེ་ཕྱིར་བླ་མ་དུ་མ་བསྟེན། །དམ་ཆོས་ཉན་ལ་འབད་ན་འཚེངས། །ཕྱི་མར་ཐོས་པས་ཕན་པ་ཙམ། །སྦྱིན་པ་བཏང་བས་མི་ཕན་གསུངས། །ཆོས་སྒྲ་རྣ་བས་ལན་ཅིག་ཙམ། །ཐོས་ཀྱང་ཡོན་ཏན་དཔག་མེད་ཡོད། །དགེ་སློང་ཨུ་པ་

p. 263

ཀུ་ཏེ་ཞེས། །བྱ་བས་དམ་ཆོས་འཆད་པའི་སྒྲ། །ཁྱི་མོ་གཅིག་གི་རྣ་བས་ཐོས། །ཁྱི་མོ་སྒྲིབ་པ་སྲབ་གྱུར་ནས། །ཁྱི་མོ་དེ་ཉིད་ཚེའི་དུས་བྱས། །གཞན་འཕྲུལ་དབང་བྱེད་ལྷ་རུ་སྐྱེས། །དགེ་སློང་ཞིག་གི་ཁང་བ་ཡི། །གདུང་རྩ་དག་ན་བྱ་ཐི་བ། །གཅིག་ནི་དགོང་དུས་ཉལ་བ་དེས། །དགེ་སློང་ཐོ་རངས་ཡར་བཞེངས་ནས། །འཕགས་པ་སྡུད་པ་བཏོན་པའི་སྒྲ། །རྣ་བས་ཡང་ཡང་ཐོས་པས་བྱ། །ཐི་བའི་སྒྲིབ་པ་སྲབ་གྱུར་ནས། །ཤི་མ་ཐག་ཏུ་མི་ལུས་ཐོབ། །དཀོན་མཆོག་གསུམ་ལ་རབ་ཏུ་དད། །རབ་ཏུ་བྱུང་ནས་སྔར་ཐོས་པའི། །འཕགས་པ་སྡུད་པ་ཐོས་པའི་མོད། །བློ་ལ་འཛིན་ནི་མ་དགོས་པར། །ཐོས་པ་ཙམ་གྱིས་བློར་ཟིན་སྐད། །དེས་ན་ཚེ་འདིར་དམ་ཆོས་ལ། །གོ་བ་ཡང་ཡང་མ་སྐྱེས་ཀྱང་། །ཆོས་སྒྲ་རྣ་བས་ཐོས་ཙམ་གྱིས། །སྒྲིབ་པ་དག་ནས་ཕྱི་མ་ལ། །ཆོས་ཀྱི་བག་ཆགས་འཇོག་པ་ཡིན། །དེ་ཕྱིར་དགེ་བའི་བཤེས་གཉེན་བསྟེན། །དམ་ཆོས་ཉན་ལ་ཚེ་འདིར་འབོད། །ཐོས་པ་ཡང་ཡང་བྱས་ཙ་ན། །མི་ཚེ་འདིར་ཡང་གོ་བ་འོང་། །དང་པོ་ཅུང་ཟད་མི་གོ་ཡང་། །རྗེས་སུ་བག་རེ་གོ་ནས་འོང་། །དེར་བརྟེན་ཤེས་རབ་ཇེ་ཆེར་འགྲོ། །མཇུག་ཏུ་ཆོས་རྣམས་ཐམས་ཅད་ཀྱི། །ཚིག་དོན་གང་ལའང་མི་རྨོངས་པར། །ཤེས་པར་འགྱུར་ལ་ཚེགས་མེད་དོ། །ཐོས་པའི་ཚོམས་ལས་འདི་སྐད་གསུངས། །ཐོས་པའི་

p. 264

ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་དཀོན་མཆོག་བརྩེགས་པ་ལས། །དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་བསྟེན་མི་བྱེད། །ཐོས་ནས་སྡིག་པ་སྤང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་འཐོབ། །ཅེས་སོགས་ཐོས་པའི་ཕན་ཡོན་ནི། །མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས། །དེ་ཕྱིར་དགེ་བའི་བཤེས་གཉེན་བསྟེན། །དམ་པའི་ཆོས་ལ་ཐོས་པ་གྱིས། །མཁན་ཆེན་དགེ་བཤེས་རིན་པོ་ཆེར། །གསོལ་བ་བཏབ་ནས་གླུ་འདི་བླངས། །རྗེ་བཙུན་བླ་མའི་བྱིན་རླབས་ཀྱིས། །ཀུན་གྱིས་ཐོས་པ་བྱེད་པར་ཤོག །ཕ་ཡུལ་བཙོན་ར་རྒྱབ་ཏུ་བསྐྱུར། །དབེན་པ་བསྟེན་ནས་སྒོམ་སྒྲུབ་བྱེད། །ཨོ་རྒྱན་འཕྲིན་ལས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དམ་ཆོས་གང་ལ་ཉན་ན་ཡང་། །སྣོད་ཀྱི་སྐྱོན་རྣམས་སྤང་དགོས་པས། །དཔེར་ན་སྣོད་ནི་ཁ་སྦུབས་ཀྱི། །སྟེང་ནས་མར་ལ་ཆུ་བླུགས་ཀྱང་། །ནང་དུ་ཡེ་མི་འོང་བ་ལྟར། །དང་པོ་ཆོས་ལ་ཉན་ཙ་ན། །གཉིད་དང་རྨུགས་པའི་དབང་དུ་སོང་། །ཤེས་པ་གཞན་དུ་ཡེངས་པ་དང་། །ཏིང་འཛིན་བསྒོམས་པས་ཆོས་ཉན་ཡང་། །སེམས་ལ་གོ་བ་ཡེ་མི་འོང་། །དེས་ན་ཆོས་ལ་ཉན་པའི་ཚེ། །

p. 265

དཔེར་ན་སྣོད་དེ་ཁ་སྦུབས་ནས། །སྟེང་ནས་མར་ལ་ཆུ་བླུགས་བཞིན། །གཉིད་རྨུགས་ལ་སོགས་སྐྱོན་དེ་དག །སྤངས་ཏེ་ཤེས་པ་མ་ཡེངས་པར། །སིང་ངེ་ཡེར་རེ་བྱས་ལ་ཉན། །དཔེར་ན་སྣོད་ཞབས་བརྡོལ་བ་ལ། །ནང་དུ་མར་ལ་ཆུ་བླུགས་ཀྱང་། །གང་བླུགས་འཕྲལ་དུ་ཞབས་ནས་ཟགས། །ནང་དུ་ཡེ་མི་ཆགས་པ་ལྟར། །དམ་ཆོས་བག་རེ་གོ་བ་དེ། །ཞེ་ནས་དྲན་པས་མ་བསྐྱངས་ན། །དེ་མ་ཐག་ཏུ་བརྗེད་ནས་འགྲོ། །བློ་ལ་ཅི་ཡང་མི་ཆགས་པས། །དེས་ན་བག་རེ་གོ་བ་དེ། །དཔེར་ན་སྣོད་ཞབས་བརྡོལ་བ་ལ། །ཟགས་ལྷན་བྱེད་ལྟར་དྲན་པས་བཟུང་། །དཔེར་ན་སྣོད་ནི་མི་གཙང་བའི། །དྲི་མ་ཅན་ནམ་དུག་ཅན་གྱི། །ནང་དུ་བཟའ་བཏུང་རྒྱུ་ཅི་བླུགས། །ཕྱི་ནས་ལོངས་སྤྱོད་མི་བཏུབ་ལྟར། །ཆོས་ལ་ཐོས་པ་བྱེད་ཙ་ན། །ཤེས་བློས་གྲགས་པ་འདོད་ནས་ནི། །ཆོས་ལ་ཐོས་པ་བྱེད་པ་དང་། །མི་མང་འཚོགས་སར་གཞན་ཁ་རྒོད། །གཅོག་སྙམ་ཐོས་པ་བྱེད་པ་དང་། །ཆོས་འདི་བསླབ་ལ་རྒྱལ་ཁམས་གཞན། །རྣམས་སུ་སོང་ནས་རྙེད་བཀུར་བཙལ། །སྙམ་ནས་ཐོས་པ་བྱེད་པ་དང་། །གཞན་ལ་འགྲན་སེམས་ཕྲག་དོག་དབང་། །ཆེ་ཆུང་མ་བཟོད་དེ་ཕྱིར་དུ། །ཆོས་ལ་ཐོས་པ་བྱེད་པ་རྣམས། །ཐོས་པ་དྲི་མ་ཅན་ཡིན་ཏེ། །དེ་ནི་བྱང་ཆུབ་ཐོབ་པའི་རྒྱུར། །ནམ་ཡང་མི་འགྲོ་ཐོས་པ་གང་། །བྱས་ཚད་སྡིག་པ་འབའ་ཞིག་

p. 266

འགྱུར། །དེ་ཡི་ཆོས་ཀྱིས་རང་གཞན་ལ། །ཕན་པ་གང་ཡང་མི་ཐོགས་པས། །དེས་ན་ཐོས་བསམ་གང་བྱེད་ཀྱང་། །དཔེར་ན་སྣོད་ཀྱི་མི་གཙང་བའི། །དྲི་མ་ངན་པ་ཀུན་བཀྲུས་ནས། །བཟའ་བཏུང་བཟང་བོ་བླུགས་པ་བཞིན། །ཚེ་འདི་རྣམ་པར་རྟོག་པ་ཡིས། །ཀུན་ནས་བསླངས་པ་དེ་རྣམས་སྤངས། །བསམ་པ་དད་གུས་དང་ལྡན་པའི། །སྒོ་ནས་ཆོས་ལ་ཉན་པར་འཚལ། །ཨོ་རྒྱན་འཕྲིན་ལས་རྣམ་རྒྱལ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །དྲིན་ཅན་བླ་མའི་བྱིན་རླབས་ཀྱིས། །འགྲོ་བ་ཡོངས་ལ་ཕན་ཕར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རིག་པའི་གནས་རྣམས་ཀུན་ལ་མཁས། །མདོ་སྨད་མཁས་པ་ཡོངས་ཀྱི་རྒྱན། །བླ་མ་བིའུ་ཐང་དཔལ་ལྡན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་ལ་ཉན་པའི་གནས་སྐབས་སུ། །སྣོད་ཀྱི་དྲི་མ་ཀུན་སྤང་དགོས། །བླ་མས་དམ་ཆོས་གསུང་ལ་ཉན། །མི་འདོད་འདི་བས་ང་རང་བཟང་། །ཆོས་ལ་ད་དུང་ང་མཁས་སོ། །སྙམ་པའི་ང་རྒྱལ་སེམས་སྐྱེ་བཞིན། །དམ་པའི་ཆོས་ལ་ཉན་མི་རུང་། །རྐ་མགོ་མ་ཐོན་ཆུ་ཁྲིད་ཀྱང་། །མི་འོང་བཞིན་དུ་ང་རྒྱལ་གྱིས། །ཉན་ན་ཡོན་ཏན་མི་སྐྱེ་བས། །ང་རྒྱལ་སེམས་སྨོད་ཞི་དུལ་གྱི། །སྒོ་ནས་ཆོས་ལ་ཉན་པར་འཚལ། །ཆོས་དང་བླ་མའི་སྐྱོན་བརྟགས་ན། །ཁེ་བས་ཉེན་ཆེ་རང་ཉིད་ཀྱི། །ཆོས་དང་བླ་མའི་སྐྱོན་རྟོག་ཏུ། །མི་རུང་བས་ན་

p. 267

འདི་གལ་ཆེ། །སྐྱོན་རྟོག་བློ་རྣམས་བཀག་ནས་ཉན། །གཞན་གྱིས་བླ་མའི་སྐྱོན་བརྗོད་པ། །ཉེ་སྐད་བླ་མས་གསུང་མི་འགྱུར། །སངས་རྒྱས་དངོས་ལགས་སྨོས་ལ་བཟློག །དེ་ལ་མི་ཉན་ད་དུང་གཞན། །རྣམས་ཀྱིས་བླ་མའི་སྐྱོན་བརྗོད་ན། །རང་ཉིད་གཞན་དུ་ལངས་ཏེ་འགྲོ། །ཡང་ན་རྣ་བ་ལག་པས་འགེབ། །གཞན་གྱིས་བླ་མའི་སྐྱོན་བརྗོད་པ། །ཉན་ནའང་དམ་ཚིག་ཉམས་པར་གསུངས། །ཆོས་ཉན་ཆག་ཀྱང་ལེ་ལོ་དང་། །སྙོམ་ལས་བྱས་ནས་དོན་མི་གཉེར། །ཉན་ཀྱང་རུང་ལ་མ་ཉན་རུང་། །སྙམ་ནས་གལ་ཆུང་འཛིན་པ་སྤངས། །ཆོས་འདི་ཤིན་ཏུ་གལ་ཆེ་བས། །མེད་མི་རུང་བས་སེམས་ཀྱིས་ཉན། །མིག་ནི་གཟུགས་ལ་ཡེངས་པ་དང་། །རྣ་བ་སྒྲ་ལ་ཡེངས་པ་ན། །སེམས་ཀྱང་དེ་རྗེས་ཡེངས་འགྲོ་བས། །མིག་དང་རྣ་བ་གཟུགས་སྒྲ་ལ། །མ་ཡེངས་སེམས་མི་ཡེངས་པར་ཉན། །བསྒོམ་དང་གཉིད་རྨུགས་རྣམས་སྤངས་ནས། །ཤེས་པ་གསལ་ལེ་སང་ངེ་བྱས། །དམ་ཆོས་གསུང་ལ་ཉན་པར་འཚལ། །ཆོས་ཐུན་རིང་བས་སྐྱོ་བ་དང་། །དོན་མ་གོ་བས་སྐྱོ་བར་གྱུར། །ཨ་ཁ་ད་འཕྲོ་བཅད་ན་རུང་། །སྙམ་པ་སྐྱེས་ན་ཆོས་ཉན་པའི། །དྲི་མ་ཡིན་པས་སྔོན་རྒྱལ་པོ། །བྱི་ལིང་གར་ལིང་ཞེས་བྱ་བས། །ཆོས་ཚིག་བཞི་བ་གཅིག་གི་ཕྱིར། །སྐུ་ལུས་ལྕགས་གཟེར་སྟོང་ཚོ་གཅིག །བཏབ་

p. 268

པའི་ལོ་རྒྱུས་ཡང་རྒྱལ་པོ། །ག་ན་ཤ་ནི་ང་ལི་ཞེས། །བྱ་བས་ཆོས་ཚིག་བཞི་བ་གཅིག །ཐོས་ཕྱིར་སྐུ་ལུས་མར་མེ་སྟོང་། །བཙུགས་དང་བྱང་སེམས་རྟག་ཏུ་ངུས། །འཕགས་པ་ཆོས་འཕགས་དྲུང་དུ་ཆོས། །གསན་པའི་ཡོན་དུ་སྐུ་བཙོང་དང། །ལུས་ཀྱི་རྩ་ཆེན་ཐམས་ཅད་ཕུག །དམ་ཆོས་འཆད་པའི་ས་ཕྱོགས་སུ། །ཆག་ཆག་བཏབ་དང་ནཱ་རོ་བས། །ཏི་ལོའི་མདུན་དུ་ཆོས་ཉན་པའི། །ཕྱིར་དུ་དཀའ་ཆེན་བཅུ་གཉིས་དང་། །དཀའ་ཆུང་བཅུ་གཉིས་མཛད་ཚུལ་དང་། །རྗེ་བཙུན་མི་ལས་མར་པ་ནས། །དམ་ཆོས་གསན་ཕྱིར་སྐུ་རྒྱབ་ལ། །སྒལ་བ་གསུམ་ཙམ་འབྱུང་རག་བར། །སྲས་མཁར་དགུ་ཐོག་བརྩིགས་པ་སོགས། །སྐྱེས་ཆེན་དམ་པ་གོང་མ་རྣམས། །དམ་ཆོས་གསན་ཕྱིར་ལུས་ལོངས་སྤྱོད། །གང་ལའང་ཕངས་པ་ཅང་མེད་པས། །དཀའ་བ་སྤྱད་པའི་ཚུལ་བསམས་ལ། །ད་ལྟ་བདག་ལ་ཟབ་རྒྱས་ཆོས། །དཀའ་བ་ཅུང་ཟད་སྤྱོད་མི་དགོས། །མལ་ས་དྲོན་པོའི་ནང་ནས་བསྡད། །ཐོས་རྒྱུའི་སྐལ་བ་ལྡན་པ་འདི། །ཨ་རེ་དགའ་སྙམ་བླ་མས་ཆོས། །ཉིན་མཚན་བར་མ་ཆད་དུ་གསུངས། །ན་ཡང་དགའ་སྤྲོས་ཉན་པར་འཚལ། །རྗེ་བཙུན་བླ་མ་དཔལ་ལྡན་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །བླ་མ་དཔལ་ལྡན་བྱིན་རླབས་ཀྱིས། །སྐྱེ་བོ་ཡོངས་ལ་ཕན་ཐོགས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཇོ་འབྲོམ་ཁུ་རྔོག་ལ་སོགས་པའི། །བཀའ་

p. 269

གདམས་རྣམས་ཐར་ལྷུར་བཞེས་པའི། །བླ་མ་དགེ་འདུན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐོས་པ་བྱེད་པའི་དུས་སྐབས་སུ། །ཚིག་ལ་ཅི་ཞིག་བཏགས་ཀྱང་ཆོག །ཟེར་ནས་ནན་ཏན་མི་བྱེད་པར། །དོན་གཅིག་པུ་ལ་ནན་ཏན་བྱེད། །ཚིག་ནོར་དོན་ཡང་ནོར་འགྲོ་བས། །མ་ནོར་ཚིག་བཟུང་བསམ་ཙ་ན། །དོན་ཡང་མ་ནོར་བ་ཞིག་སྐྱེ། །ཆོས་ཚིག་གཅིག་པུ་ནན་ཏན་བྱེད། །དོན་ལ་ནན་ཏན་མ་བྱས་ན། །ཆོས་མང་བློ་ལ་ཟིན་ན་ཡང་། །ནེ་ཙོའི་ཁ་ཏོན་བཞིན་འགྲོ་བས། །དེ་ཕྱིར་ཚིག་དོན་གཉིས་ཀ་ལ། །ནན་ཏན་བྱས་ནས་འཛིན་དགོས་གསུངས། །ཆོས་དེའི་བསྡུས་དོན་དགོས་དོན་དང་། །ཚིག་དོན་གང་ཡིན་ཆ་མེད་པར། །བཟུང་ན་ཕྱིན་ཆད་དེའི་ཆོས་ཀྱིས། །རང་གཞན་གཉིས་ལ་ཕན་མི་ཐོགས། །དེ་ཕྱིར་ཆོས་གང་གསུངས་པ་དེའི། །དོན་རྣམས་སོ་སོར་འབྱེད་པར་གྱིས། །བླ་མས་དྲང་བོར་གསུངས་ན་ཡང་། །ཆོས་ན་དེ་སྐད་ཟེར་བ་མེད། །ཟེར་ནས་ལོག་པར་འཛིན་པ་ནི། །ཤིན་ཏུ་སྐྱོན་ཚེ་དུག་བཞིན་སྤོངས། །གལ་ནི་ཆེ་ཆེའི་རིགས་འཛིན་ཅིང་། །ཆུང་ཆུང་མི་འཛིན་བསྒྱུར་ན་ཆོས། །མགོ་མེད་འཇུག་མེད་དུ་སོང་ནས། །ཕྱི་ནས་གཞན་ལ་ཕན་མི་ཐོགས། །དེ་ཕྱིར་ཉན་དུས་རང་གི་བློས། །འཆུན་ཚད་འཛིན་ལ་འབད་པར་གྱིས། །བླ་མ་དགེ་འདུན་རྒྱལ་མཚན་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །དགེ་འདུན་རྒྱལ་

p. 270

མཚན་བྱིན་རླབས་ཀྱིས། །རང་གཞན་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བདེ་གཤེགས་བསྟན་པ་ཡོངས་རྫོགས་ལ། །མཁས་ཤིང་གྲུབ་པ་མཆོག་བརྙེས་པའི། །བླ་མ་བློ་བཟང་དར་རྒྱས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དཔེར་ན་གཞོན་ནུ་འདོད་ཆགས་ཅན། །རྣམས་ཀྱིས་བུ་མོ་མཛེས་མ་གཞན། །མཐོང་ན་དགའ་ཞིང་སྤྲོ་བ་བཞིན། །དང་པོ་ཆོས་དང་བླ་མ་རྣམས། །སྤྱོད་ཡུལ་མཐོང་དུས་དགའ་སྤྲོ་དང་། །དད་པ་ཁྱད་པར་ཅན་བྱེད་དགོས། །དཔེར་ན་སྐོམ་པས་གདུངས་པའི་མིས། །ཆུ་ཞིག་འཚོལ་ལ་འབད་པ་བཞིན། །འཁོར་བ་མཐའ་དག་སྡུག་བསྔལ་དུ། །ཤེས་ཤིང་སྐྱེ་འཆིས་རབ་འཇིགས་ནས། །ཆོས་དང་བླ་མ་དམ་པ་ཞིག །སྙིང་ནས་འདོད་པས་འཚོལ་བ་དགོས། །དཔེར་ན་མ་དང་བུ་འཕྲད་པའི། །དུས་ན་ཕན་ཚུན་ཡིད་ཆེས་བཞིན། །བླ་མ་དམ་པ་དང་མཇལ་ཏེ། །ཟབ་རྒྱའི་དམ་ཆོས་ཐོས་ཙ་ན། །ཆོས་དང་བླ་མར་ཡིད་ཆེས་དགོས། །དཔེར་ན་གླང་ཆེན་ཉི་མས་གདུངས། །ཆུ་རུ་འཇུག་པའི་དུས་སྐབས་སུ། །གང་གིས་བཀག་ཀྱང་མི་ཐུབ་བཞིན། །ཆོས་ལ་ཐོས་བསམ་སྒོམ་གསུམ་གང་། །བྱེད་ཀྱང་ན་ཚ་སྡུག་བསྔལ་དང་། །དགྲ་བགེགས་ལ་སོགས་རྐྱེན་གང་གིས། །བར་དུ་མི་ཆོད་པ་ཞིག་དགོས། །བླ་མ་བློ་བཟང་དར་རྒྱས་ལ། །གསོལ་བ་

p. 271

བཏབ་ནས་གླུ་འདི་བླངས། །བློ་བཟང་དར་རྒྱས་བྱིན་གྱིས་རློབས། །ཐོས་ཚད་འགྲོ་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མངོན་ཤེས་རྫུ་འཕྲུལ་ཡོན་ཏན་མངའ། །དབང་ལུང་ཁྲིད་གསུམ་གཏེར་གྱི་བདག །བླ་མ་བསོད་ནམས་སྙན་གྲགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བྱེད་པ་ལ་དད་པ་དགོས། །དད་པ་ཡོན་ཏན་མ་ལུས་པ། །འབྱུང་བའི་གཞི་མ་ལྟ་བུ་སྟེ། །དེ་ཡང་མ་ཅིག་ལབ་སྒྲོན་གྱིས། །དད་པ་ཞིང་ས་གཤིན་པོ་འདྲ། །དད་པ་འཚོ་བྱེད་མཁས་པ་འདྲ། །དད་པ་བུད་མེད་མཛངས་མ་འདྲ། །དད་པ་འབྲི་མོ་བཟང་མོ་འདྲ། །དད་པ་གཡང་མོ་ལུག་དང་འདྲ། །དད་པ་ཡོད་པའི་མི་རྣམས་ལ། །དགོས་འདོད་མ་ལུས་འབྱུང་བར་འགྱུར། །ཞེས་དང་སྒྱུ་འཕྲུལ་དྲ་བ་ལས། །དད་པ་ལྡན་པའི་གང་ཟག་གིས། །རང་བཞིན་དངོས་གྲུབ་ཐམས་ཅད་འགྲུབ། །ཅེས་གསུངས་དེ་ན་ཡོན་ཏན་གྱི། །གཞི་མ་དད་པ་འདི་ཉིད་ཡིན། །དད་པ་ཡོད་པའི་མི་རྣམས་ལ། །དཀར་བོའི་ཆོས་རྣམས་ཐམས་ཅད་འབྱུང་། །དཔེར་ན་ཡིད་བཞིན་ནོར་བུ་ལ། །དགོས་འདོད་ཐམས་ཅད་འབྱུང་བ་འདྲ། །དད་པ་མེད་པའི་མི་རྣམས་ལ། །དཀར་བོའི་ཆོས་རྣམས་མི་འབྱུང་སྟེ། །དཔེར་ན་ས་བོན་མེས་ཚིག་ལ། །འབྲས་བུ་མི་འབྱུང་བ་དང་འདྲ། །དེས་ན་ཡོན་ཏན་ཐམས་ཅད་ཀྱི། །གཞི་མ་དད་པ་བྱེད་གལ་ཆེ། །

p. 272

བླ་མ་བསོད་ནམས་སྙན་གྲགས་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །བསོད་ནམས་སྙན་གྲགས་བྱིན་རླབས་ཀྱིས། །འགྲོ་བ་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱུན་དུ་ཉམས་བཞེས་ཐུགས་དམ་ནི། །ཉིན་རེ་བཞིན་དུ་འཆག་མེད་མཛད། །བླ་མ་ཐར་ཤུལ་ཁྲི་རྒན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དང་པོ་དམ་ཆོས་ཉན་ཙ་ན། །ནད་པ་མ་གཏོགས་མགོ་གཡོགས་དང་། །ཞྭ་གྱོན་པ་དང་ཐོད་བཅིངས་དང་། །སྐྲ་ཡི་ཅོད་པན་བྱས་ནས་ནི། །དམ་ཆོས་ཉན་དུ་མི་རུང་བས། །དེ་དག་ཕུད་ཅིང་བཀྲོལ་ནས་ཉན། །གཞན་ཡང་གདུགས་ཕུབ་རྟ་ཞོན་དང་། །ཁྲི་སྟན་མཐོན་པོར་བསྡད་ནས་ཆོས། །ཉན་མི་རུང་བས་རང་དམའ་སར། །བསྡད་ནས་ཉན་དགོས་སྐྱེས་རབས་ལས། །རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པས་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་རྒྱུད། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་གཅིག་ལ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར་ཉན་པར་འཚལ། །གཞན་ཡང་ལག་ན་མཚོན་ཆ་ཐོགས། །འཁར་བ་ཨོམ་ཚུགས་བྱས་པ་དང་། །ལག་པས་རི་མོ་འབྲི་བ་སོགས། །བྱས་ཏེ་ཆོས་ཉན་མི་རུང་བས། །མཚོན་སོགས་ཡོད་ན་རྩེར་བསྙལ་ལ། །ལག་གཉིས་

p. 273

ཐལ་མོ་སྦྱར་ནས་ཉན། །རྐང་བ་སྐྱིལ་ཀྲུང་བྱས་པ་དང་། །རྐང་བ་བརྐྱངས་དང་གཞོགས་ཉལ་བྱས། །ལྟག་ཟུར་བསྟན་ནས་ཉན་མི་རུང་། །བླ་མའི་མདུན་ནས་ཕྱག་མང་འཚལ། །ཙོག་པུར་བསྡད་དེ་ཆོས་ལ་ཉན། །བླ་མས་དམ་ཆོས་གསུང་བའི་ཚེ། །སྐད་གསེང་མཐོན་པོས་གཏམ་སྨྲ་དང་། །ཀུ་རེ་བཞད་གད་རོལ་མོ་འཁྲོལ། །ཤབ་ཤུབ་གཏམ་ཡེ་མི་བྱ་བར། །ཆོས་ཐུན་མགོ་ནས་མཇུག་གི་བར། །ཐམས་ཅད་བློ་རྩེ་ཆོས་གཏད་དེ། །ཀྱི་ལེ་འབོལ་ལེ་འཇམ་ལྡེམ་མེ། །ཆོས་གསུང་བ་ལ་ཉན་གལ་ཆེ། །ཆོས་ཐུན་ཐོན་ཚེ་བཀའ་དྲིན་ཆེ། །ལ་སོགས་ཚིག་གི་གཏང་རག་དང་། །ཆོས་དང་ཆོས་སྟོན་བླ་མ་ཡི། །མཚན་ནི་རྐྱང་བས་བརྗོད་མི་བྱ། །བླ་མས་དམ་ཆོས་གསུངས་པ་ལ། །ཉན་ཚེ་ཆོས་འདི་ཟབ་མི་ཟབ། ང་ཡི་བློ་ལ་ཡོད་པ་དང་། །མཐུན་ནམ་མི་མཐུན་ཞིག་བལྟ་དང་། །བླ་མ་འདི་ལ་ཤེས་ཚོད་དང་། །གོ་ཚོད་ཅི་འདྲ་འདུག་བལྟའོ། །སྙམ་དུ་ཆོས་ཉན་མི་རུང་བས། །བསམ་པ་དེ་དག་རྣམས་སྤངས་ནས། །སེམས་ཅན་ཐམས་ཅད་དོན་དུ་བདག་།མྱུར་དུ་སངས་རྒྱས་འཐོབ་པར་བྱ། །དེ་ཕྱིར་དམ་པའི་ཆོས་ལ་ཉན། །ཉམས་སུ་ལེན་པར་བྱ་སྙམ་པའི། །བསམ་པས་ཆོས་ལ་ཉན་པར་འཚལ། །བླ་མ་ཁྲི་རྒན་རིན་པོ་ཆེར། །གསོལ་བ་བཏབ་ནས་གླུ་འདི་བླངས། །དྲིན་ཅན་བླ་མའི་བྱིན་རླབས་ཀྱིས། །སེམས་

p. 274

ཅན་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ནད་ཀྱིས་གདུངས་ལ་སྨན་སྦྱིན་གཏོང་། །ཉོན་མོངས་ཅན་ལ་ཆོས་སྦྱིན་མཛད། །བླ་མ་སྨན་རྒན་རིན་པོ་ཆེ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དཔེར་ན་ནད་སྣ་མང་བོས་བཏབ། །ལོ་མང་མལ་སའི་ནང་དུ་ལྷུང་། །སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། །ཕར་ལ་མི་འཆི་ཚུར་མི་གསོན། །ནད་པ་ཤ་ཟད་རུས་ཟད་བཞིན། །རང་ཉིད་རྒྱུན་རིང་གསོ་དཀའ་བ། །སྡུག་བསྔལ་དྲག་པོ་བསྐྱེད་པའི་ནད། །ཉོན་མོངས་ནད་སྣ་མང་བོས་ཟིན། །ཁམས་གསུམ་འཁོར་བའི་མལ་དུ་ལྷུང་། །སྡུག་བསྔལ་དཔག་མེད་མྱོང་བ་ཡིན། །ཡིན་པ་རང་གིས་ངོས་ཟིན་དགོས། །དཔེར་ན་རླུང་མཁྲིས་བད་ཀན་སོགས། །ནད་ཀྱིས་བཏབ་པའི་མི་དེ་ཡིས། །ནད་རྣམས་གསོ་ཕྱིར་སྨན་པ་བཙལ། །ཡང་དང་ཡང་དུ་དེ་བཙལ་བས། །སྨན་པ་མཁས་པ་ཞིག་རྙེད་ན། །འཕྲད་མ་ཐག་ནས་དགའ་སྤྲོ་སྐྱེས། །སྨན་པས་ཅི་གསུངས་བཀའ་ལ་ཉན། །གུས་པས་བསྙེན་བཀུར་བྱེད་པ་བཞིན། །རང་ཉིད་དུག་གསུམ་དུག་ལྔ་སོགས། །ཉོན་མོངས་ནད་སྣ་དུ་མ་ཡིས། །བཏབ་པ་གསོ་ཕྱིར་ཆོས་སྟོན་པའི། །བླ་མ་དགེ་བའི་བཤེས་གཉེན་ཚོལ། །རྙེད་ནས་ཁུར་དུ་མི་འགྲོ་བར། །རྒྱུན་དུ་བཟུང་ནས་ཅི་གསུང་སྒྲུབས། །གུས་པ་ཆེན་པོས་བསྙེན་བཀུར་བྱེད། །

p. 275

དཔེར་ན་ནད་པས་སྨན་པ་དེས། །སྦྱར་བའི་སྨན་ལ་དུས་རྒྱུན་དུ། །གཅེས་སྤྲས་ཆེན་པོ་བྱེད་པ་ལྟར། །བླ་མས་དམ་ཆོས་གསུངས་པ་གང་། །རྣམས་ལ་གལ་བོ་ཆེར་མཐོང་ནས། །འབད་པ་དུ་མས་གཅེས་སྤྲས་སུ།། །འཛིན་ཅིང་བརྗེད་པ་ལ་སོགས་པའི། །སྒོ་ནས་ཆུད་ཟོས་གཏོང་མི་བྱ། །དཔེར་ན་ནད་པས་སྨན་པའི་སྨན། །སྦྱར་བ་མ་འཐུངས་ནད་ཞི་བར། །མི་ནུས་སྙམ་ནས་འཐུང་བ་ལྟར། །བླ་མས་བསྟན་པའི་གདམས་པ་རྣམས། །རང་གིས་ཉམས་སུ་མ་བླངས་ན། །ཉོན་མོངས་ནད་གཞོལ་མི་ནུས་པར། །མཐོང་ནས་ནན་ཏན་ཉམས་སུ་ལེན། །དཔེར་ན་མཛེ་ཅན་ལག་པ་དང་། །རྐང་བ་ཆད་པས་སྨན་ཐུན་ནི། །རེ་རེ་གཉིས་གཉིས་ཙམ་བསྟེན་པས། །ཕན་ཐོགས་ཅི་ཡང་མི་འབྱུང་ལྟར། །རང་ཉིད་ཐོག་མ་མེད་པ་ནས། །ཉོན་མོངས་ནད་གཞི་འཚབ་ཅན་གྱིས། །ཐེབས་ལ་བླ་མའི་གདམས་ངག་ལན། །རེ་རེ་གཉིས་གཉིས་ཉམས་བླངས་པས། །ཅི་ཡང་མི་ཕན་ཆུ་བོ་ཡི། །རྒྱུན་བཞིན་འབད་པ་གལ་ཆེ་གསུངས། །དཔེར་ན་སྨན་པ་མཁས་པ་བཙལ། །རྙེད་ནས་སྨན་ཐུན་གཅིག་མི་འཐུང་། །སྨན་སྦྱོར་ཁོ་ན་ལྷུར་བླངས་ཀྱང་། །ནད་པ་ནད་ལས་མི་ཐར་བཞིན། །བླ་མ་དགེ་བའི་བཤེས་གཉེན་བཙལ། །རྙེད་ནས་གསུངས་པའི་གདམས་པ་རྣམས། །ཉམས་སུ་མ་བླངས་

p. 276

མང་བོ་ཞིག །ཤེས་ཀྱང་རང་ཉིད་ཉོན་མོངས་པའི། །ནད་ལས་གྲོལ་བར་མི་འགྱུར་རོ། །དཔེར་ན་སྨན་པས་སྨན་བྱིན་ཀྱང་། །ནད་པས་བླངས་ནས་མ་འཐུངས་ན། །སྨན་པའི་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཉེས་པ་བཞིན། །བླ་མ་དམ་པས་ཆོས་བསྟན་ཀྱང་། །རང་གིས་ཉམས་སུ་མ་བླངས་ན། །བླ་མ་ཆོས་གཉིས་མ་ལན་ཏེ། །རང་ཉིད་ཁོ་ན་ལན་པ་ཡིན། །དཔེར་ན་སྨན་པས་འདི་ཐུངས་ཞེས། །བྱིན་པའི་སྨན་མང་བཟང་བ་དེ། །ནད་པས་བླངས་ནས་འཐུངས་གྱུར་ན། །ནད་ལས་རིམ་བཞིན་གྲོལ་བ་བཞིན། །བླ་མས་བསྟན་པའི་དམ་ཆོས་རྣམས། །རང་གིས་ཉམས་སུ་བླངས་གྱུར་ན། །ཉོན་མོངས་ནད་ལས་གྲོལ་བར་འགྱུར། །དེ་ཕྱིར་བླ་མས་གང་བསྟན་པ། །ནན་ཏན་ཉམས་སུ་ལེན་པ་གཅེས། །སྔོན་གྱི་དེ་བཞིན་གཤེགས་པ་ནི། །སྐྱེས་བུ་དམ་པ་ཡིན་པ་ལ། །ཡིན་པར་ཤེས་ན་བཅོམ་ལྡན་འདས། །རྗེས་སུ་དྲན་ནས་གུས་པ་བསྐྱེད། །ཆོས་འདི་ཉན་པའི་མཐུར་བརྟེན་ནས། །རྒྱལ་བའི་བསྟན་པ་རིན་པོ་ཆེ། །འཇིག་རྟེན་ཁམས་སུ་ཡུན་རིང་དུ། །གནས་པར་གྱུར་ན་ཅི་མ་རུང་། །སྙམ་དུ་བསམས་ནས་ཆོས་ལ་ཉན། །བླ་མ་སྨན་རྒན་རིན་པོ་ཆེར། །གསོལ་བ་བཏབ་ནས་གླུ་འདི་བླངས། །རྗེ་བཙུན་བླ་མའི་བྱིན་རླབས་ཀྱིས། །སེམས་ཅན་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །

p. 277

རྒྱལ་བསྟན་ཡིད་བཞིན་ནོར་བུ་ལ། །འཆད་རྩོད་རྩོམ་པས་བྱི་དོར་བྱེད། །འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྙེད་བཀུར་གྲགས་པ་ལ་སོགས་ལ། །མ་བལྟས་བསམ་པ་བཟང་བོའི་སྒོས། །གཞན་ལ་དམ་ཆོས་བསྟན་གྱུར་ན། །ཕན་ཡོན་དཔག་ཏུ་མེད་པ་ཡོད། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །།མཆོད་པའི་མཆོག་ཏུ་འགྱུར་བ་ཡིན། །གངྒཱའི་བྱེ་སྙེད་སངས་རྒྱས་ཞིང། །རིན་ཆེན་བདུན་གྱིས་ཡོངས་བཀང་ནས། །དགའ་རབ་སེམས་ཀྱིས་རྒྱལ་བ་ལ། །ཕུལ་བ་གང་གིས་སེམས་ཅན་གཅིག །ཙམ་ལ་ཚིགས་བཅད་གཅིག་བསྟན་ན། །རིན་ཆེན་ཕུལ་བའི་ཕན་ཡོན་ལས། །ཚིགས་བཅད་བྱིན་པའི་ཕན་ཡོན་ནི། །བརྒྱ་སྟོང་ཁྲི་འབུམ་ལས་ཀྱང་ཆེ། །གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། །གསེར་གྱིས་བཀང་ནས་གཞན་ཞིག་ལ། །སྦྱིན་ལས་དུས་ངན་ད་ལྟའི་ཚེ། །ཚིགས་བཅད་གཅིག་ཙམ་བརྗོད་ན་ཡང་། །གསེར་གྱི་སྦྱིན་པ་བཏང་བ་ལས། །ཕན་ཡོན་ཆེ་ཞེས་མདོ་ལས་གསུངས། །མང་བོ་བཤད་ན་སྨོས་ཅི་དགོས། །ཀླུ་ཡི་རྒྱ་མཚོས་ཞུས་པ་ཡི། །མདོ་ལས་ཆོས་ཀྱི་སྦྱིན་བཏང་ན། །མངོན་ཤེས་ཐོབ་པར་བཤད་པ་དང་། །སེང་གེས་ཞུས་པའི་མདོ་ལས་ཀྱང་། །ཆོས་ཀྱི་སྦྱིན་པ་བཏང་གྱུར་ན། །སྐྱེ་བ་དྲན་པར་གསུངས་པ་དང་། །

p. 278

ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། །ཆོས་ཀྱི་སྦྱིན་པ་ཟང་ཟིང་གི །སྦྱིན་ལས་ཁྱད་པར་འཕགས་པའི་ཚུལ། །མང་བོ་གསུངས་ཤིང་སངས་རྒྱས་ཀྱི། །གོ་འཕངས་མྱུར་དུ་ཐོབ་པར་གསུངས། །ལྷག་བསམ་བསྐུལ་བའི་མདོ་ལས་ཀྱང་། །དམ་ཆོས་བཤད་པའི་ཕན་ཡོན་ནི། །ཉི་ཤུ་གསུངས་པ་འདི་ལྟ་སྟེ། །དྲན་དང་བློ་གྲོས་བློ་དང་ལྡན། །བརྟན་དང་ཤེས་རབ་ལྡན་པར་འགྱུར། །འཇིག་རྟེན་ལས་འདས་ཤེས་རབ་རྟོགས། །འདོད་ཆགས་ཞེ་སྡང་གཏི་མུག་ཆུང་། །བདུད་ཀྱིས་དེ་ལ་གླགས་མི་རྙེད། །སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར། །མི་མ་ཡིན་པས་དེ་བསྲུང་ཞིང་། །ལྷ་རྣམས་དེ་ལ་གཟི་བྱིན་བསྐྱེད། །མི་མཛའ་རྣམས་ཀྱིས་གླགས་མི་རྙེད། །མཛའ་བཤེས་རྣམས་ནི་མི་ཕྱེད་འགྱུར། །ཚིག་བཙུན་མི་འཇིགས་པ་ཐོབ་ཅིང་། །ཡིད་བདེ་མང་དང་མཁས་པས་བསྔགས། །ཆོས་ཀྱི་སྦྱིན་པ་དེ་རྗེས་སུ། །དྲན་པར་བྱ་བར་འོས་པར་འགྱུར། །ཞེས་སོགས་མདོ་སྡེ་དུ་མ་ནས། །ཆོས་བསྟན་ཕན་ཡོན་དཔག་མེད་གསུངས། །དེ་ཕྱིར་གཞན་གྱི་བློར་འཚམ་པའི། །དམ་ཆོས་སྟོན་ལ་འབད་པར་གྱིས། །འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །རྗེ་བཙུན་བླ་མའི་བྱིན་རླབས་ཀྱིས། །སེམས་ཅན་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །གནས་ཆེན་ཁྱད་འཕགས་

p. 279

ཤེལ་དགོན་དུ། །སྐུ་གསུང་ཐུགས་རྟེན་དུ་མ་བཞེངས། །བླ་མ་ཆུ་དམར་རིན་པོ་ཆེར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཞན་ལ་དམ་ཆོས་སྟོན་པའི་ཚེ། །རྙེད་བཀུར་ཕྲག་དོག་འགྲན་སེམས་དང་། །ཕྱི་བཤོལ་བྱེད་པའི་ལེ་ལོ་དང་། །ཡང་ཡང་འཆད་པས་སྐྱོ་ངལ་དང་། །བདག་གི་ཡོན་ཏན་སྒྲོག་པ་དང་། །གཞན་གྱི་སྐྱོན་གླེང་དམ་ཆོས་ཀྱང་། །ཟབ་པ་སྦས་ནས་མི་ཟབ་སྟོན། །སྙན་གྲོགས་སོགས་ལ་ལྟ་བ་སྤངས། །མ་གྱུར་ནམ་མཁའི་མཐའ་མཉམ་པའི། །སེམས་ཅན་ཐམས་ཅད་དོན་དུ་བདག །སངས་རྒྱས་གོ་འཕང་ཐོབ་པར་བྱ། །དེ་ཕྱིར་སེམས་ཅན་ཉོན་མོངས་པའི། །ནད་ཀྱིས་རྟག་ཐེབས་ཐམས་ཅད་ལ། །དམ་ཆོས་སྨན་གྱི་སྦྱིན་བཏང་ནས། །ཉོན་མོངས་ནད་རྣམས་གསོ་བར་བྱ། །ཆོས་བསྟན་བསོད་ནམས་བདག་གིས་ཆོས། །བཤད་པའི་ཡོན་ནོ་སྙམ་དུ་བསམ། །མདོ་སྡེ་འཆད་དུས་རང་ཉིད་ནི། །སྟོན་པ་ཤཱཀ་ཐུབ་སོགས་སུ་བསྒོམ། །སྔགས་ཆོས་འཆད་དུས་ཀུན་བཟང་དང་། །རྡོ་རྗེ་འཆང་ལ་སོགས་པར་བསྒོམ། །རང་གིས་དམ་ཆོས་བཤད་པའི་སྒྲ། །ཡན་ལག་དྲུག་ཅུའི་གསུང་དུ་གྱུར། །རང་གི་འཁོར་ན་ཡོད་པ་དང་། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱིས། །རང་རང་སྐད་དུ་ཐོས་གྱུར་ནས། །མི་ཤེས་རྨོངས་པ་ཐམས་ཅད་

p. 280

སངས། །ཚིག་དོན་གནས་རྟོགས་མི་བརྗེད་གཟུང་། །སྤོབས་པ་ལ་སོགས་ཐོབ་པར་བསམ། །མཇུག་ཏུ་བཤད་དང་ཉན་པ་ལས། །བྱུང་བའི་དགེ་བ་སངས་རྒྱས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སེམས་ཅན་ཐམས་ཅད་གནས་སྐབས་སུ། །བདེ་སྐྱིད་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། །བླ་མ་ཆུ་དམར་རིན་པོ་ཆེར། །གསོལ་བ་བཏབ་ནས་གླུ་འདི་བླངས། །དྲིན་ཅན་བླ་མའི་བྱིན་རླབས་ཀྱིས། །འགྲོ་བ་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཐུགས་རྒྱུད་འཇམ་ཞིང་ཆོས་ལ་མཁས། །འཕོ་བ་བསྒོམས་པས་རྟགས་བཟང་ཐོན། །བླ་མ་མྱང་བའི་རབ་འབྱམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དམ་ཆོས་འཆད་པའི་བླ་མ་དང་། །ཉན་པ་རྣམས་ལ་གཤེ་བ་དང་། །སྐུར་བ་བཏབ་ན་ཉེས་དམིགས་ཆེ། །སངས་རྒྱས་མི་སྤོང་བའི་མདོ་ལས། །སེམས་ཅན་ཐམས་ཅད་མིག་ཕྱུང་བས། །ཆོས་སྨྲ་བ་ལ་གཤེ་བསམ་པས། །བལྟས་ན་དེ་བས་ཉེས་པ་ཆེ། །སེམས་ཅན་ཐམས་ཅད་བཅིངས་པ་ལས། །ཆོས་སྨྲ་བ་ལ་རྒྱབ་ཕྱོགས་ནས། །བསྡད་ན་ཉེས་པ་སྔ་མ་བས། །བརྒྱ་ཡི་ཆར་ཡང་ཉེར་མི་འགྲོ། །དེ་ནི་ཅི་ཡི་ཕྱིར་ཞེ་ན། །ཆོས་སྨྲ་བ་ལ་སྐུར་བཏབ་ན། །སངས་རྒྱས་

p. 281

སྐུར་བ་བཏབ་ཕྱིར་རོ།། སངས་རྒྱས་བཀུར་དང་མཆོད་ཕྱག་འཚལ། །འདོད་པས་དམ་ཆོས་སྨྲ་བ་ལ། །བསྙེན་བཀུར་མཆོད་དང་ཕྱག་བྱའོ། །དེ་ནི་ཅི་ཡི་ཕྱིར་ཞེ་ན། །རྣམ་པ་ཐམས་ཅད་མཁྱེན་པ་ནི། །བྱང་ཆུབ་སེམས་དཔའ་ལས་འབྱུང་ཕྱིར། །ཞེས་གསུངས་པས་ན་ཆོས་སྨྲ་ལ། །གཤེ་ཞིང་སྐུར་བ་འདེབས་མི་བྱ། །དད་ཅིང་གུས་པས་བསྙེན་བཀུར་དང་། །མཆོད་ཅིང་ཕྱག་དང་སྐོར་བ་བྱ། །དམ་ཆོས་འཆད་པའི་ས་ཕྱོགས་ཀྱི། །རྡུལ་དང་ཉལ་ཉིལ་ཀུན་བསལ་ནས། །ས་ལ་ཆུ་ཡིས་ཆག་ཆག་གདབ། །རིན་ཆེན་ཁྲི་བཤམས་གདུགས་རྒྱལ་མཚན། །བ་དན་དུ་མས་མཛེས་པར་བྱ། །མེ་ཏོག་བདུག་སྤོས་མར་མེ་སོགས། །ཅི་འབྱོར་མཆོད་པ་ལེགས་པར་བཤམས། །མདོར་ན་དུས་ཀུན་ཆོས་སྨྲ་བ། །སངས་རྒྱས་འདྲ་བའི་འདུ་ཤེས་ཀྱིས། །བསྙེན་བཀུར་ཕུན་སུམ་ཚོགས་པར་བྱ། །བླ་མ་མྱང་བའི་རབ་འབྱམས་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །དྲིན་ཅན་བླ་མའི་བྱིན་རླབས་ཀྱིས། །སེམས་ཅན་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འཕགས་པ་ཆོས་འཕགས་བསྟེན་པའི་ཕྱིར། །དཀའ་བ་བསམ་གྱིས་མི་ཁྱབ་སྤྱད། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མདོ་དང་རྒྱུད་སྡེ་

p. 282

ཆེན་པོ་ལས། །སྟོན་པ་ཤཱཀྱ་ཐུབ་པ་དང་། །རྒྱལ་བ་རྡོ་རྗེ་འཆང་སོགས་ཀྱིས། །ད་ལྟ་སྙིགས་མའི་དུས་སྐབས་སུ། །དགེ་བའི་བཤེས་གཉེན་སྐུར་སྤྲུལ་ནས། །སེམས་ཅན་དོན་མཛད་གསུངས་པས་ན། །རང་གི་དྲིན་ཅན་བླ་མ་རྣམས། །རྡོ་རྗེ་འཆང་ངམ་སངས་རྒྱས་དངོས། །འོ་ན་སངས་རྒྱས་སྐྱོན་ཀུན་ཟད། །ཡོན་ཏན་ཀུན་ལྡན་ཡིན་པ་ལ། །བླ་མ་ལ་ལ་ཐུགས་གཏུམ་ཞིང་། །བླ་མ་ལ་ལ་སེར་སྣ་ཆེ། །བླ་མ་ལ་ལ་འདོད་ཆགས་ཆེ། །བླ་མ་ལ་ལས་ཆོས་མི་ཤེས། །བླ་མ་ལ་ལ་ང་རྒྱལ་ཆེ། །བླ་མ་ལ་ལ་ཕྲག་དོག་ཆེ། །སྐྱོན་ནི་མང་བོ་ཡོད་པས་ན། །སངས་རྒྱས་དངོས་ཤིག་ག་ལ་ཡིན། །སྙམ་ན་སྐྱོན་ལྟར་སྣང་བ་རྣམས། །རང་སྣང་མ་དག་དབང་གིས་ཡིན། །སྔོན་དུས་ལེགས་པའི་སྐར་མ་ཡིས། །སངས་རྒྱས་ཅི་མཛད་སྐྱོན་དུ་མཐོང་། །རྗེ་བཙུན་ཆེན་པོ་ཐོགས་མེད་ཀྱིས། །རྗེ་བཙུན་བྱམས་པ་ཁྱི་མོར་མཐོང་། །ནཱ་རོས་གྲུབ་ཆེན་ཏེ་ལོ་པ། །ཉ་ནི་གསོན་སྲེག་བྱེད་པར་མཐོང་། །རྗེ་བཙུན་དགེ་ཚུལ་ཚེམ་བུ་བས། །རྡོ་རྗེ་ཕག་མོ་མཛོ་མོར་མཐོང་། །སྔོན་གྱི་དམ་པ་ཕལ་ཆེར་ལ། །འཁྲུལ་སྣང་དེ་འདྲ་ཙམ་བྱུང་ན། །ལས་ཉོན་གཏིང་ལྷུང་འོ་སྐོལ་ལ། །སྣང་ཚུལ་ཕྱིན་ཅི་ལོག་དེ་འདྲ། །ཅིའི་ཕྱིར་མི་འབྱུང་དཔེར་བཞག་ནས། །དུང་ནི་རབ་ཏུ་དཀར་བ་ལ། །སེར་བོ་མེད་ཀྱང་མཁྲིས་ནད་ཅན། །མིག་ལ་སེར་བོར་སྣང་བ་དེ། །དུང་གི་སྐྱོན་མིན་ཁོའི་སྐྱོན་བཞིན། །བླ་མ་

p. 283

རྣམས་ལ་སྐྱོན་མེད་ཀྱང་། །སྐྱོན་ལྟར་སྣང་བ་དེ་ཉིད་ནི། །བློ་མ་རྣམས་ཀྱི་སྐྱོན་ནི་མིན། །འོ་སྐོལ་རྣམས་ཀྱི་སྐྱོན་ཡིན་ངེས། །བླ་མ་རྣམས་ལ་སྐྱོན་ཅུང་ཟད། །ཙམ་མེད་མཁས་བཙུན་བཟང་གསུམ་སོགས། །ཡོན་ཏན་ཁྱད་པར་ཅན་མང་མངའ། །གཞན་ཡང་མར་པས་མི་ལ་ཡི། །ལས་སྒྲིབ་འདག་ཕྱིར་སྐུ་རྒྱབ་ལ། །སྒལ་བ་གསུམ་ཙམ་བྱུང་རག་བར། །སྲས་མཁར་དགུ་ཐོག་བརྩིག་བཅུག་ལྟར། །བླ་མ་རྣམས་ཀྱིས་མཛད་པ་ནི། །བཟང་ངན་སྣ་ཚོགས་སྟོན་པ་ལ། །ཐུགས་དགོངས་ཅི་འདྲ་ཡོད་མི་ཤེས། །བཟང་ངན་མཛད་པ་གང་ལ་ཡང་། །ལོག་ལྟ་ཅུང་ཟད་མི་བྱེད་པར། །ཅི་མཛད་ལེགས་པའི་ཡོན་ཏན་དུ། །བལྟས་ནས་དད་པ་བྱེད་གལ་ཆེ། །རྗེ་བཙུན་ཆེན་པོ་རྟག་ཏུ་ངུར། །གསོལ་བ་བཏབ་ནས་གླུ་འདི་བླངས། །རྟག་ཏུ་ངུ་ཡི་བྱིན་རླབས་ཀྱིས། །སྐྱེ་དགུ་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །གྲུབ་ཆེན་ཏེ་ལོ་བསྟེན་པའི་ཕྱིར། །དཀའ་ཆེན་དཀའ་ཆུང་མང་བོ་མཛད། །རྗེ་བཙུན་པཎ་ཆེན་ནཱ་རོ་བར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྙིགས་མའི་དུས་འདིར་འདུལ་དཀའ་བའི། །རང་དང་འགྲོ་རྣམས་འདྲེན་སླད་དུ། །དུས་གསུམ་སངས་རྒྱས་ཐ་མལ་མིའི། །གཟུགས་སུ་སྤྲུལ་ནས་བྱོན་པ་ལགས། །དྲིན་ཅན་རྩ་བའི་བླ་མ་

p. 284

རྣམས། །སྐྱོན་ཟད་ཡོན་ཏན་ལྡན་པའི་ཆའི། །སངས་རྒྱས་རྣམས་དང་ཁྱད་མ་མཆིས། །རང་གི་ངོས་ནས་ཕྱོགས་བཅུ་ཡི། །སངས་རྒྱས་ལས་ཀྱང་ལྷག་ཡིན་ཏེ། །སངས་རྒྱས་རྣམས་ཀྱིས་འགྲོ་བ་མང་། །སྨིན་གྲོལ་ལམ་ལ་སྔར་བཀོད་མོད། །སངས་རྒྱས་ཉེ་རིང་ཡོད་ནས་རང་། །ཡལ་བར་དོར་བ་མ་ཡིན་ཀྱང་། །བྲག་ཕུག་ཁ་བྱང་འཁོར་བ་ལ། །ཉི་མ་མི་འཆར་བ་བཞིན་རང་། །སྐལ་བ་དམན་པས་སངས་རྒྱས་རྣམས། །དངོས་སུ་མཇལ་དང་གསུང་མ་ཐོས། །སྔོན་ནས་ད་བར་འཁོར་བར་འཁྱམས། །ད་རེ་ལ་ཡང་སྐུ་དྲིན་ཅན། །བླ་མ་རྣམས་དང་མ་མཇལ་ན། །སླར་ཡང་དཀོན་མཆོག་སྒྲ་ཙམ་ཡང་། །མི་ཐོས་འཁོར་བར་འཁྱམ་དགོས་ལ། །ད་རེ་བླ་མ་ཐམས་ཅད་ཀྱིས། །ཟབ་རྒྱའི་ཆོས་ནི་མང་བོ་བསྟན། །ཉམས་ལེན་ནུས་ན་ཐར་བ་དང་། །ཐམས་ཅད་མཁྱེན་པ་ཐོབ་པར་ངེས། །སངས་རྒྱས་དངོས་དང་ཞལ་མཇལ་ཡང་། །དེ་བས་ལྷག་པ་སྟོན་རྒྱུ་མེད། །གཞན་ཡང་བརྩེ་བས་ཟས་གོས་དང་། །གནས་མལ་ཡན་ཆད་གནང་བ་དང་། །ནད་གདོན་བར་ཆད་འཇིགས་ལས་བསྐྱབས། །ཤ་ཚའི་བསླབ་བྱ་བསྟན་པ་སོགས། །བཀའ་དྲིན་ལམ་དུ་སྟོང་གསུམ་པོ། །གསེར་གྱིས་བཀང་ནས་ཕུལ་ན་ཡང་། །དྲིན་ལན་འཇལ་བར་ག་ལ་ནུས། །རང་ལ་སངས་རྒྱས་ཐམས་ཅད་ལས། །བླ་མ་བཀའ་དྲིན་ལྷག་པར་ཆེ། །རྟག་ཏུ་གུས་པས་མཉེས་པ་སྒྲུབས། །མི་མཉེས་བྱ་བ་ཐམས་ཅད་སྤོངས། །

p. 285

རྗེ་བཙུན་ཆེན་པོ་ནཱ་རོ་བར། །གསོལ་བ་བཏབ་ནས་གླུ་འདི་བླངས། །གྲུབ་ཆེན་ནཱ་རོའི་བྱིན་རླབས་ཀྱིས། །རང་གཞན་རྒྱུད་ལ་ཕན་པར་ཤོག །ལྷོ་བྲག་མར་པ་བསྟེན་པའི་ཕྱིར། །དཀའ་བ་དཔག་ཏུ་མེད་པ་སྤྱད། །རྗེ་བཙུན་མི་ལ་རས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་ལ་ཤིན་ཏུ་དྲིན་ཆེ་བའི། །མཚན་ལྡན་བླ་མ་དམ་པ་རྣམས། །མཉེས་ན་སྙིང་དང་མིག་གཉིས་ཀྱང་། །འབུལ་དགོས་བྱུང་ཡང་ཅིས་མི་འབུལ། །སྔོན་དུས་སངས་རྒྱས་བཅོམ་ལྡན་འདས། །སློབ་པ་ལམ་གྱི་གནས་སྐབས་སུ། །ཆོས་ཚིག་རེ་རེ་གསན་པའི་ཕྱིར། །སྐུ་ལུས་མར་མེ་སྟོང་ཚོ་བཙུགས། །ལྕགས་གཟེར་སྟོང་ཚོ་བཏབ་པ་དང་། །བུ་དང་བུ་མོ་ལོངས་སྤྱོད་སོགས། །ཕངས་པ་མེད་པར་ཕུལ་བ་དང་། །རྟག་ཏུ་ངུ་ཡིས་ཆོས་འཕགས་ནི། །བསྟེན་ཕྱིར་གཞན་ལ་ཤ་རུས་བཙོངས། །ལུས་ཀྱི་རྩ་ཆེན་རྣམས་ཕུག་ནས། །ཁྲག་གིས་ཆག་ཆག་གདབ་པ་དང་། །ཇོ་བོས་བླ་མ་གསེར་གླིང་པར། །བྱང་ཆུབ་སེམས་ཀྱི་གདམས་པ་ནི། །ཞུ་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས། །ཟླ་མང་དཀའ་བ་སྤྱད་པ་དང་། །འབྲོམ་གྱིས་ཇོ་བོ་བསྟེན་ཚུལ་དང་། །ནཱ་རོས་ཏི་ལོ་བསྟེན་ཚུལ་དང་། །མི་ལས་མར་པ་བསྟེན་པ་སོགས། །དམ་པ་གོང་མའི་ཆོས་ཕྱིར་དུ། །ལུས་དང་ལོངས་སྤྱོད་ཐམས་ཅད་ལ། །ཕངས་

p. 286

མེད་ཕུལ་ནས་དཀའ་བའི་རིགས། །བསམ་ཀྱིས་མི་ཁྱབ་སྤྱད་པ་བཞིན། །བླ་མ་མཉེས་ཕྱིར་ལུས་ལོངས་སྤྱོད། །ནང་ནས་གང་བཟང་ཡིད་འཐད་འབུལ། །བྱ་བར་དཀའ་བ་ཅི་གསུངས་ཀྱང་། །ཕན་པའི་དགོས་པ་ཞིག་ཡོད་སྙམ། །ཚམ་ཚོམ་མེད་པར་སྙིང་སྟོབས་ཅན། །གཡུལ་ངོར་འཇུག་པ་ལྟ་བུར་གྱིས། །གཏན་ནས་མི་རུང་བ་གསུངས་ཀྱང་། །ཚིག་གིས་བཤད་སྦྱངས་ཡང་དག་མཛོད། །བསྐུ་མཉེ་དྲིལ་ཕྱི་གདན་འབུལ་དང་། །བསྙེན་གཡོག་བཟའ་བཏུང་ཕུད་ཀྱིས་མཆོད། །བསྟོད་པའི་དབྱངས་ཀྱིས་གསོལ་བ་འདེབས། །ཡོན་ཏན་ཅུང་ཟད་ཙམ་མཐོང་ཡང་། །ཆེ་རུ་བཏང་ནས་གཞན་ལ་སྒྲོགས། །མདོར་ན་ལུས་སྲོག་ལོངས་སྤྱོད་རྣམས། །ཕངས་མེད་དྲིན་ཅན་བླ་མར་འབུལ། །ཁྱད་པར་བཀའ་བཞིན་བསྒྲུབ་པ་ལ། །བླ་མ་ཤིན་ཏུ་དགྱེས་པས་ན། །བླ་མ་རྣམས་ཀྱིས་གང་བསྟན་པའི། །ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས། །རྗེ་བཙུན་མི་ལ་རས་པ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །མི་ལ་རས་པའི་བྱིན་རླབས་ཀྱིས། །རང་གཞན་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རྟག་ཏུ་བླ་མའི་ངོར་བལྟ་བ། །བུ་ནི་མཛངས་པ་ལྟ་བུ་དང་། །དབྱེན་གྱིས་

p. 287

ནམ་ཡང་མི་ཕྱེད་པ། །མི་ཤིགས་རྡོ་རྗེ་ལྟ་བུ་དང་། །བླ་མའི་བྱ་བའི་ཁུར་འཁུར་བ། །མི་སྐྱོམ་ས་གཞི་ལྟ་བུ་དང་། །སྡུག་བསྔལ་གང་གིས་མི་བསྒུལ་བ། །ཁོར་ཡུག་རི་བོ་ལྟ་བུ་དང་། །བླ་མས་ཅི་བསྒོས་བཟང་ངན་ལས། །བྱེད་པ་བྲན་གཡོག་ལྟ་བུ་དང་། །ཆེ་བའི་ང་རྒྱལ་རྣམས་སྤངས་པ། །ཕྱག་བདར་བྱེད་པ་ལྟ་བུ་དང་། །བྱ་དཀའི་ཁུར་ལྕི་བ་རྣམས་ཀྱང་། །འཛིན་པ་ཐག་པ་ལྟ་བུ་དང་། །བླ་མས་བཀའ་བཀྱོན་བྱས་པ་ལ། །མི་ཁྲོ་ཁྱི་རྒན་ལྟ་བུ་དང་། །དུས་ཀུན་འགྲོ་ཞིང་འོང་བ་ལ། །མི་སྐྱོམ་ཤིང་གྲུ་ལྟ་བུ་དང་། །བཟང་ངན་སྐྱིད་སྡུག་ཐམས་ཅད་ཀུན། །ཐེག་པ་ཟམ་པ་ལྟ་བུ་དང་། །ཚ་གྲང་སྡུག་བསྔལ་ཀུན་བཟོད་པ། །མགར་གྱི་འོག་རྡོ་ལྟ་བུ་ཡི། །སེམས་ཀྱིས་མཚན་ལྡན་བླ་མ་ལ། །བསྙེན་བཀུར་ཕུན་སུམ་ཚོགས་པ་བྱ། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མ་ཚུལ་བཞིན་བསྟེན་གྱུར་ན། །སངས་རྒྱས་གོ་འཕང་ཐོབ་ལ་ཉེ། །དུས་གསུམ་རྒྱལ་བ་ཐམས་ཅད་དགྱེས། །དགེ་བའི་བཤེས་གཉེན་མི་

p. 288

ཕོངས་དང་། །ངན་འགྲོའི་གནས་སུ་ལྷུང་མི་འགྱུར། །ངན་འགྲོའི་སྡུག་བསྔལ་མྱོང་བའི་ལས། །ཚེ་འདིའི་སྡུག་བསྔལ་ཕྲ་མོ་ཙམ། །ཐ་ན་རྨི་ལམ་རྩུབ་མོ་ཞིག །རྨིས་པ་ཙམ་གྱིས་བྱང་བར་འགྱུར། །ལས་ཉོན་གཉིས་ཀྱིས་ཚུར་ཐུབ་དཀའ། །བྱང་སེམས་སྤྱོད་པར་མི་འགལ་ཞིང་། །དེ་ལ་དྲན་པ་དང་ལྡན་པས། །ཡོན་ཏན་ཚོགས་ཀྱིས་ཇེ་མཐོར་འགྱུར། །མདོར་ན་གནས་སྐབས་མཐར་ཐུག་གི །བསམ་དོན་ཐམས་ཅད་འགྲུབ་པར་འགྱུར། །བླ་མ་ཚུལ་བཞིན་མི་བསྟེན་པར། །བླ་མའི་བཀའ་བཅག་ཐུགས་དཀྲུགས་པ། །ལ་སོགས་མི་དགྱེས་ལས་བྱས་ན། །ཚེ་འདིར་ནད་གདོན་དགྲ་ལ་སོགས། །མི་འདོད་སྡུག་བསྔལ་སྣ་ཚོགས་འོངས། །ཕྱི་མར་ངན་འགྲོའི་གནས་སུ་སྐྱེ། །དེ་ཕྱིར་མི་མཉེས་བྱ་བ་སྤོངས། །མཉེས་པའི་ཐབས་ལ་འབད་པར་མཛོད། །མ་ཤེས་དབང་གིས་མི་མཉེས་པ། །བྱས་ན་དེ་མ་ཐག་ཏུ་བཤགས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཁོར་ནི་རྣམ་བཞི་མི་རྒྱུ་བའི། །མཐའ་འཁོབ་ཀླ་ཀློ་གླེན་ལྐུག་དང་། །ལས་འབྲས་དཀོན་མཆོག་མེད་ཟེར་བའི། །

p. 289

ལོག་ལྟ་ཅན་དང་འཇིག་རྟེན་ཁམས། །སངས་རྒྱས་མ་བྱོན་པ་རྣམས་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །འདུ་ཤེས་མེད་པའི་ལྷ་ཚེ་རིང་། །རྣམས་སུ་སྐྱེས་ན་ཆོས་སྒྲུབ་པར། །མི་ཁོམ་ད་ལྟ་དལ་དུས་འདིར། །དམ་ཆོས་སྒྲུབ་པའི་དུས་སྐབས་ཡིན། །དམ་པའི་ལྷ་ཆོས་སྒྲུབ་པའི་རྟེན། །མི་ལུས་རིན་ཆེན་ཐོབ་པ་དང་། །གངས་ཅན་བོད་འདིར་འཁོར་རྣམ་བཞི། །མ་ཚང་ན་ཡང་དགེ་སློང་ཕ། །ཡོད་ཕྱིར་དོན་གྱི་ཡུལ་དབུས་ཡིན། །ད་རེ་དོན་གྱི་ཡུལ་དབུས་སྐྱེས། །ཡན་ལག་ཉིང་ལག་རྣ་བ་སོགས། །དབང་བོ་ཚང་ཞིང་མཚམས་མེད་ལས། །མ་བྱས་བྱེད་དུ་མ་བཅུག་པས། །ལས་མཐའ་མ་ལོག་འབྱོན་དཀའ་བའི། །སངས་རྒྱས་བྱོན་དང་ཆོས་བསྟན་དང་། །བསྟན་པ་མ་ནུབ་གནས་པ་དང་། །དེ་ཡི་རྗེས་སུ་འཇུག་པ་དང་། །གཞན་གྱིས་རང་ལ་ཆོས་སྒྲུབ་པའི། །མཐུན་རྐྱེན་ཟས་གོས་ལ་སོགས་པ། །སྙིང་ནས་བརྩེ་བས་སྟེར་བ་སྟེ། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་རྣམས། །འབྱོར་བའི་དུས་འདིར་ཆོས་བསྒྲུབ་དགོས། །ད་རེ་བླང་དོར་མ་ནོར་བ། །བྱས་ནས་མངོན་མཐོ་ལྷ་མི་དང་། །ངེས་ལེགས་ཐར་བ་ཙམ་པ་དང་། །ཐམས་ཅད་མཁྱེན་པའི་གོ་འཕང་ཡང་། །སྙིགས་དུས་ཚེ་ཐུང་འདི་ཉིད་ལ། །ཐོབ་པར་ནུས་པའི་དལ་འབྱོར་རྟེན། །ད་རེ་རྙེད་པ་ཡིད་བཞིན་གྱི། །ནོར་བུ་རྙེད་པ་ལས་ཀྱང་ལྷག །

p. 290

ངན་སོང་གསུམ་སོགས་མི་ཁོམ་གནས། །བསྐལ་པ་བརྒྱད་ཁྲིར་བཙལ་གྱུར་ཀྱང་། །རྙེད་དཀའི་རྟེན་འདི་དོན་མེད་བྱས། །སླར་ཡང་གནས་དེར་ལོག་གྱུར་ན། །མི་དེ་གདོན་གྱིས་སྨྱོས་དང་འདྲ། །དེ་ཕྱིར་དལ་འབྱོར་མི་ལུས་འདི། །ཐོབ་དུས་ཆོས་ཀྱི་སྙིང་བོ་ལོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ངན་འགྲོ་བདེ་འགྲོའི་ཤི་འཕོས་ནས། །ངན་འགྲོར་སྐྱེས་པ་ས་རྡུལ་འདྲ། །བདེ་འགྲོར་སྐྱེས་པ་ཕྱག་སེན་རྩེས། །བཞེས་པའི་རྡུལ་དང་འདྲ་ཞེས་གསུངས། །ངན་འགྲོར་སྐྱེས་ཀྱང་ལས་ངན་པ། །ཟད་ནས་བདེ་འགྲོར་སྐྱེ་སྙམ་ན། །སྡུག་བསྔལ་མྱོང་བཞིན་འཕྲལ་འཕྲལ་སྡིག །བསགས་ནས་ངན་འགྲོའི་ཤི་འཕོས་ཀྱང་། །སླར་ཡང་ངན་འགྲོ་བརྒྱུད་དགོས་ཏེ། །བདེ་འགྲོའི་མིང་ཙམ་ཐོས་མི་འགྱུར། །དེ་ལྟར་ཡང་ཡང་རྙེད་དཀའ་བའི། །རྟེན་བཟང་དལ་འབྱོར་མི་ལུས་འདི། །རྙེད་དུས་ཆུད་ཟོས་སུས་གཏོང་ཕོད། །མྱུར་དུ་ཆོས་ཀྱི་སྙིང་བོ་ལོངས། །རྒྱ་མཚོས་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ལུས་ཐོབ་

p. 291

དཀའ་ཐུབ་པས་གསུངས། །སྲན་མ་སྤར་གང་གྱང་ལོགས་ལ། །གཏོར་ན་ཆགས་པ་ཤིན་ཏུ་དཀོན། །འོན་ཀྱང་རེ་རེ་གཉིས་གཉིས་ཆགས། །སྔོན་ཆད་ངན་འགྲོར་སྐྱེས་པའི་གྲངས། །སྲན་མ་ས་ལ་ལྷུང་དང་མཉམ། །མི་ལུས་ཐོབ་པ་རེ་གཉིས་ཙམ། །གྱུང་གི་ལོགས་ལ་ཆགས་དང་འདྲ། །བདེ་འགྲོ་ཙམ་ཞིག་ཐོབ་པ་ལ། །ཚུལ་ཁྲིམས་སྣ་གཅིག་ཙམ་བསྲུང་དགོས། །དལ་འབྱོར་མི་ལུས་ཐོབ་པ་ལ། །ཚུལ་ཁྲིམས་རྣམ་དག་གཞི་གཟུང་ཞིང་། །སྦྱིན་པ་སོགས་ཀྱིས་གྲོགས་བྱས་ནས། །སྨོན་ལམ་རྣམ་དག་མཚམས་སྦྱོར་དགོས། །རྒྱུ་དེ་ད་ལྟ་བསྒྲུབ་པ་ཉུང་། །དལ་འབྱོར་རྟེན་བཟང་ཐོབ་པ་དཀོན། །དམྱལ་བ་རྣམས་ལས་ཡི་དྭགས་ཉུང་། །ཡི་དྭགས་རྣམས་ལས་དུད་འགྲོ་ཉུང་། །དུད་འགྲོ་གཞན་རྣམས་ཕར་ལ་ཞོག །རི་ཀླུང་གཅིག་གནས་སྲིན་བུ་ལ། །བོད་ཡུལ་མི་ཡི་གྲངས་ཙམ་འདུག །མི་ལུས་ཉིན་སྐར་བཞིན་དུ་དཀོན། །ད་རེ་ཚེ་འཇུག་འདི་ཉིད་ལ། །གཏན་གྱི་བཙན་ས་མ་ཟིན་ན། །ཕྱིན་ཆད་མི་ལུས་ཐོབ་པ་དཀའ། །ད་ནི་ཆོས་ཀྱི་སྙིང་བོ་ལོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་

p. 292

གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རྟེན། །ཐོབ་ཀྱང་དམ་ཆོས་བསྒྲུབ་པ་ལ། །ག་ལེ་སོས་དལ་བྱེད་ཁོམ་མེད། །མྱུར་དུ་མི་རྟག་འཇིག་པར་ངེས། །ལུས་ནི་ཅི་འདྲ་ཞིག་བླངས་ཀྱང་། །འཆི་བས་མི་ཚུགས་གཅིག་ཙམ་མེད། །སྔོན་བྱོན་སངས་རྒྱས་བཅོམ་ལྡན་འདས། །སྐྱེ་འཆི་རང་དབང་ཐོབ་རྣམས་ཀྱང་། །གདུལ་བྱ་རྟག་འཛིན་ཅན་ཆོས་ལ། །བསྐུལ་ཕྱིར་མྱ་ངན་འདའ་ཚུལ་བསྟན། །དྲང་སྲོང་མངོན་ཤེས་ལྔ་དང་ལྡན། །མཁའ་ལ་བྱ་བཞིན་འགྲོ་བ་སོགས། །རྫུ་འཕྲུལ་ཅན་རྣམས་ཐམས་ཅད་ཀྱང་། །སྡོད་པའི་ཐབས་ཤིག་མ་རྙེད་ན། །རང་ཉིད་ལྟ་བུ་སྨོས་ཅི་དགོས། །ཚངས་པ་རྒྱ་བྱིན་འཁོར་བསྒྱུར་དང་། །དགའ་བོ་འཇོག་པོ་རྣམས་ཀྱང་ཤི །རྒྱ་གར་བོད་ཡུལ་མཁས་གྲུབ་དང་། །རྒྱལ་བློན་བྱང་ཆུབ་སེམས་དཔའ་གཤེགས། །རང་གི་ཕ་མ་མཁན་སློབ་གྲོགས། །དགྲ་གཉེན་བར་མ་ཕལ་ཆེར་ཤི །སྔོན་ཆད་སྐྱེས་པ་ཚེ་ཐར་ཞེས། །ལུས་པ་མཐོང་ཐོས་གཅིག་ཀྱང་མེད། །ཡོད་དམ་མེད་སྙམ་ཐེ་ཚོམ་ཙམ། །ཟ་བའི་མི་གཅིག་མི་སྲིད་ན། །རང་ཉིད་གཅིག་པུ་དམིགས་བསལ་བྱས། །འཆི་མི་དགོས་པ་ག་ལ་འོང་། །གང་དུ་བསྡད་ཀྱང་མི་འཆི་བའི། །ས་ཕྱོགས་དེ་ནི་ཡོད་པ་མིན། །ཁྲོས་པས་མི་ཐར་རྫས་སྔགས་དང་། །སྨན་སོགས་རྐྱེན་གྱིས་བཟློག་ཏུ་མེད། །འབྲིད་བྱེད་བར་མ་ཆད་དུ་ཡོད། །ད་ལྟ་ལོ་བརྒྱ་ཐུབ་པ་དཀོན། །དྲུག་ཅུ་ཐུབ་པའི་དབང་བྱས་ཀྱང་། །

p. 293

ཚེ་ལོ་དྲུག་ཅུ་ལོན་པའི་མི། །སང་འཆི་གནངས་འཆི་ལྟ་བུ་ཡིན། །ཚེ་ལོ་ལྔ་བཅུ་ལོན་པའི་མི། །ཚེ་ལྷག་ལོ་བཅུ་ཙམ་མིན་མེད། །དེ་བཞིན་ལ་ལས་སུམ་གཉིས་དང་། །ལ་ལས་ཚེ་ཕྱེད་སོང་བ་མང་། །ཚེ་ལྷག་ཅུང་ཟད་ཙམ་ཡོད་པ། །ལོ་ཟླ་ཞག་གིས་མྱུར་དུ་འཛད། །གསོན་པའི་ཚེ་ཡང་དམ་པའི་ཆོས། །བྱེད་སྐབས་ཅུང་ཟད་ཙམ་མིན་མེད། །གཞོན་ནུའི་དུས་སུ་ཆོས་མི་དྲན། །རྒས་དུས་དྲན་ཡང་ཆོས་མི་ནུས། །བར་གྱི་ཚེ་ཡི་ཕྱེད་ཀ་གཉིད། །ཕྱེད་ཀ་རྣམ་གཡེང་བཟའ་བཏུང་དང་། །ན་བ་སོགས་ཀྱིས་ཁྱེར་ཤུལ་ན། །དམ་ཆོས་བྱེད་ལ་ལོ་ལྔ་དྲུག །ཙམ་མིན་མེད་པས་དམ་པའི་ཆོས། །སྒྲུབ་ཁོམ་མེད་པར་མྱུར་དུ་འཆི། །དེས་ན་ཚེ་འདིའི་ཕུན་ཚོགས་ཀུན། །ཇི་ལྟར་འཛོམས་རུང་དེས་ཅི་བྱ། །འཆི་བའི་དགྲ་ནི་དགག་ཏུ་མེད། །རང་གི་ཐོག་ཏུ་ངེས་པར་འོངས། །འཁྲིད་ནས་ཕ་རོལ་འགྲོ་དགོས་ན། །སེམས་ཡོད་སྐྱེས་བུ་ཚེ་འདི་ཡི། །བསླུ་བྲིད་དག་ལ་དགའ་ཞིང་ཆགས། །ཚེ་འདིའི་ཕུན་ཚོགས་ཀུན་སྤངས་ནས། །ཕྱི་མར་སྐྱིད་པའི་ལྷ་ཆོས་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་

p. 294

བྱིན་གྱིས་རློབས། །འཆི་ངེས་ནམ་འཆི་ཆ་ཡང་མེད། །དོ་དགོང་ཡིན་ཡང་འཆི་ཉེན་ཡོད། །རྒས་ནས་འཆི་བའི་ངེས་པ་མེད། །ལ་ལ་བཙས་མ་ཐག་ཏུ་འཆི། །ལ་ལ་གཞོན་ནུ་དར་བབ་དུས། །གློ་བུར་ནད་མཚོན་དུག་གིས་འཆི། །ཁ་སང་ཡོད་པའི་མི་དེ་རིང་། །ཤི་བ་ཐོས་པས་ཤུལ་གྱི་མི། །ལ་ལས་ངེད་གཉིས་ཁ་སང་ཉིན། །ཟ་མ་ཟོས་ནས་ལྷན་ཅིག་བསྡད། །ཟླ་བ་ཕྱི་མའི་ཤོམ་ར་བཏིང་། །གློ་བུར་ཤི་བ་མ་བཟང་ཟེར། །ལ་ལས་ད་ནངས་སྐད་ཆ་ཡང་། །འདི་དང་འདི་འདྲ་མང་བོ་ལབ། །ཨ་ཁ་སྙིང་རྗེ་གཞོན་ནུ་ཡིན། ད་དུང་འཆི་ནི་མ་རན་ཟེར། །དེ་འདྲ་རང་ལ་དེ་རིང་ཙམ། །མི་འོང་ངེས་པ་ཅི་ཡང་མེད། །འཆི་རྐྱེན་མང་ལ་གསོན་རྐྱེན་ཉུང་། །དུག་དང་མཚོན་ཆས་བརྒྱབ་པ་དང་། །གནོད་སྦྱིན་རྒྱལ་པོ་བཙན་མ་མོ། །སོགས་ཀྱིས་སྲོག་ནི་འཕྲོག་པ་མང་། །གློ་བུར་ཆུས་འཁྱེར་མེ་ཡིས་འཚིག །གཡང་ལ་ལྷུང་དང་གད་པ་བརྡིབས། །གཟའ་རྒོད་གདོང་ཐུག་ལ་སོགས་རྐྱེན། །ཆར་རླུང་གསེབ་ཀྱི་མར་མེ་འདྲ། །གསོན་རྐྱེན་ཟས་གོས་སྨན་ལ་སོགས། །ཡིན་ཡང་ཟས་དུག་སྨན་མ་འཕྲོད། །བྱིས་པ་གོས་ཀྱིས་ཁ་སྲུབས་དང་། །གནས་ཁང་བརྡིབས་དང་མཛའ་བོས་བསླུས། །གསོན་པའི་རྐྱེན་ཡང་འཆི་རྐྱེན་དུ། །འགྱུར་བས་གསོན་རྐྱེན་མི་སྣང་ངོ་། །ལུས་འདི་ཤིན་ཏུ་ཉམ་ཆུང་བས། །ནམ་འཆི་ངེས་པ་མེད་པ་ཡིན། །ཆུ་ཡི་ལྦུ་བ་ལྟ་བུའི་ལུས། །ནད་གདོན་ཆེན་པོ་མི་དགོས་པར། །ཚེར་མ་ཟུག་པ་ཙམ་རྐྱེན་ལ། །སྙད་བཏགས་འཇིག་པར་འགྱུར་བས་ན། །འཆི་རྐྱེན་ཅུང་ཟད་ཙམ་

p. 295

གྱིས་ལུས། །གཞོམ་པ་ཤིན་ཏུ་སླ་བ་ཡིན། །དེས་ན་ནམ་འཆི་ཆ་མེད་པས། །མྱུར་དུ་ཆོས་ཤིག་མི་བྱེད་པར། སོས་དལ་བྱས་ནས་སྡོད་ཕོད་དམ། །ད་ལྟ་ཉིད་དུ་འཆི་ཉེན་གདའ། །ཆོས་ཀྱིས་ཉིན་མཚན་འདའ་བར་མཛོད། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཆི་བ་ཟེར་བའི་འབྲུག་བཞིན་གྲགས། །འཆི་བདག་ཐོག་དང་འདྲ་བ་དེ། །ངེས་པར་ཐོག་ཏུ་བབ་པའི་ཚེ། །དམ་ཆོས་མ་གཏོགས་ཕན་མཁན་མེད། །མོ་སྨན་རིམ་གྲོས་བཟློག་མི་ནུས། །མཁས་པས་ཞུ་བ་བྱེད་ས་མེད། །དཔའ་མཛངས་དམག་གིས་བསྲུང་མི་ནུས། །རྒྱུ་ནོར་བྱིན་ནས་བླུ་ས་མེད། །སྔར་མ་བྲོས་ནས་འགྲོ་ས་མེད། །དེ་ཚེ་ལུས་ལ་ནད་ཀྱིས་གདུངས། །ཤ་དང་ཁྲག་བསྐམས་བཀྲག་མདངས་ཉམས། །མོ་སྨན་རིམ་གྲོ་བ་རྣམས་བྲོས། །རྐང་ལག་གཡབ་ཅིང་འཁུན་བུ་འཆོར། །ཅི་ཞིག་ཟོས་ཀྱང་འཕྲོད་མི་འགྱུར། །མངར་མོ་ཟོས་ཀྱང་ཁ་མོར་ཚོར། །ཉིན་མཚན་གཉིས་ཀར་མལ་དུ་ལྷུང་། །ཉེ་དུ་འབྲེལ་བས་མཐའ་བསྐོར་ནས། །གདོང་ལ་ཧྲིག་ཧྲིག་བལྟ་བའི་ཚེ། །སྲོག་གཅོད་ནད་ལ་བགོ་ཐབས་

p. 296

མེད། །སྡུག་བསྔལ་རང་ཉིད་གཅིག་པུས་མྱོང་། །གཉེན་བཤེས་སྙིང་དང་འདྲ་བ་ལ། །འགྲོགས་དབང་ཕྱི་མར་འཁྲིད་དབང་མེད། །བརྩིགས་པའི་མཁར་ཁང་བསགས་པའི་ནོར། །མཁོ་དགུའི་ཡོ་བྱད་ཅི་ཡོད་པ། །གཅིག་ཀྱང་རང་ལ་འཁྱེར་དབང་མེད། །གཉེན་བཤེས་ཟས་ནོར་ལོངས་སྤྱོད་ཀྱི། །གང་གཅེས་འབྲལ་གླགས་མི་ཕོད་ལ། །མིག་གིས་བལྟ་ཞིང་ཆགས་བཞིན་དུ། །རང་དང་ལྷན་ཅིག་སྔོན་འགྲོགས་པའི། །ཤ་རུས་ཡན་ཆད་མལ་དུ་བཞག །འཇིག་རྟེན་ཕ་རོལ་གཅིག་པུར་འགྲོ། །འཇིག་རྟེན་འདི་ཡི་སྣང་བ་ནུབ། །གཤིན་རྗེ་ཕོ་ཉ་མཐོང་ནས་སྐྲག །དབུགས་ཀྱི་འགྱུ་བ་ཆད་པའི་ཚེ། །ཉེ་འབྲེལ་རྣམས་ཀྱིས་ཤི་ཟེར་ནས། །ཐ་གུས་བསྡམས་ཏེ་ཡོལ་བས་བསྒྲིབས། །ངུ་འབོད་བྱེད་ཅིང་གཟའ་སྐར་བརྩི། །ཤི་དགེ་དུར་འདེབས་ཤོམ་ར་འདིང་། །ཚེ་འདིར་སེར་སྣས་བསགས་པའི་ནོར། །རང་གིས་སྤྱོད་པར་མ་ཕོད་པ། །གཉེན་གྲོགས་འཁོར་གྱིས་ཅི་བདེར་སྤྱོད། །རང་ཉིད་ལག་པ་སྟོང་བ་རུ། །ཆ་མེད་བར་དོའི་ལམ་འཕྲང་བརྒྱུད། །རྒྱུས་མེད་གཅིག་པུར་འགྲོ་དུས་འགྱོད། །ངན་སོང་འཇིགས་པ་ཆེན་པོ་མཐོང་། །རབ་ཏུ་སྐྲག་ནས་གློ་སྙིང་འདར། །དེ་ཚེ་མགོན་སྐྱབས་ཆོས་མ་གཏོགས། །གཞན་གྱིས་ཅུང་ཟད་ཙམ་མི་ཕན། །དེ་འདྲའི་དུས་ཤིག་ལོ་བརྒྱ་ཚུན། །འོངས་ཤིང་ནམ་འོང་ཆ་མེད་པས། །མི་ཕན་ཚེ་འདིའི་གཉེན་བཤེས་དང་། །ནོར་རྫས་ཞེན་པས་ཅི་ཞིག་བྱ། །ཐམས་ཅད་ཤུལ་དུ་བཞག་ནས་འགྲོ། །གང་ལའང་

p. 297

ཆགས་མེད་ཞེན་མེད་གྱིས། །ཐག་རིང་ཕྱི་མའི་ལམ་བརྒྱུད་ནས། །འགྲོ་དུས་བརྒྱགས་ཕྱེ་ཆོས་ཁོ་ན། །སྡོད་གྲབས་བྱས་པས་ཅི་ཞིག་བྱ། །འཇིག་རྟེན་ཕྱི་མར་འགྲོ་གྲབས་གྱིས། །ད་ལྟ་འཆི་རུང་མི་འགྱོད་པར། །བྲོད་པ་སྐྱེ་བའི་ལྷ་ཆོས་མཛོད། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རྙེད་དཀའ་དོན་ཆེ་དལ་འབྱོར་རྟེན། །མི་རྟག་མྱུར་དུ་འཇིག་པ་ཡིན། །ཞིག་ན་རྩྭ་ཕུང་མེས་བསྲེགས་བཞིན། །མེད་ནས་མི་འགྲོ་སྐྱེ་དགོས་ལ། །སྐྱེས་ན་བདེ་འགྲོ་ངན་འགྲོ་གཉིས། །མ་གཏོགས་གཞན་དུ་སྐྱེ་ས་མེད། །བདེ་འགྲོ་ངན་འགྲོར་སྐྱེ་བའི་དབང་། །རང་ལ་མེད་དེ་ལས་དབང་ཆེ། །དགེ་དང་མི་དགེ་ལས་གཉིས་ཀྱིས། །འཕངས་པ་བཞིན་དུ་སྐྱེ་བར་འགྱུར། །མི་དགེའི་ལས་ཀྱིས་ངན་སོང་དུ། །སྐྱེས་ན་སྡུག་བསྔལ་བཟོད་པར་དཀའ། །འདི་ནས་དཔག་ཚད་སུམ་ཁྲི་དང་། །ཉིས་སྟོང་འོག་ན་དམྱལ་བ་ནི། །ཡང་སོས་ཞེས་བྱ་དེ་ཡོད་ལ། །དེ་ནས་རིམ་བཞིན་དཔག་ཚད་ནི། །བཞི་སྟོང་བཞི་སྟོང་གིས་ཆོད་པའི། །འོག་ན་དམྱལ་བ་གཞན་བདུན་ཡོད། །དམྱལ་བ་ཡང་སོས་གནས་སྐྱེས་པའི། །སེམས་ཅན་

p. 298

འཚོགས་ནས་ལས་དབང་གིས། །བྱུང་བའི་མཚོན་ཆ་སྣ་ཚོགས་པ། །རིམ་གྱིས་བྱུང་བས་གཅིག་ལ་གཅིག །རྡེག་རེ་བྱས་པས་དེ་ནས་བརྒྱལ། །ཐམས་ཅད་ས་ལ་འགྱེལ་བ་དང་། །མཁའ་ལས་ཁྱེད་རྣམས་ཡང་སོས་པར། །གྱུར་ཅིག་ཅེས་པའི་སྒྲ་འབྱུང་ངོ་། །སོས་ཏེ་ལངས་ནས་སྔར་བཞིན་དུ། །བརྡེགས་ཤིང་སྡུག་བསྔལ་དཔག་མེད་མྱོང་། །དམྱལ་བ་ཐིག་ནག་གནས་སྐྱེས་པའི། །སེམས་ཅན་དམྱལ་སྲུང་རྣམས་ཀྱིས་བཟུང་། །ཐིག་ནག་མང་བཏབ་སོག་ལེས་འདྲ། །མཚོན་ཆས་གཤགས་ནས་སྡུག་བསྔལ་མྱོང་། །དམྱལ་བ་བསྡུས་འཇོམས་གནས་སྐྱེས་པའི། །སེམས་ཅན་གཅིག་ཏུ་འདུས་པའི་ཚེ། །དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི། །ར་ལུག་རྟ་དང་གླང་བོ་ཆེ། །སེང་གེ་སྟག་གི་གདོང་འདྲ་བ། །གཉིས་རེ་བར་དུ་འཚངས་པར་བྱེད། །དེ་ནས་བར་དུ་བཙིར་ནས་སྒོ། །ཀུན་ནས་ཁྲག་གི་རྒྱུན་འབབ་ཅིང་། །དེ་ནས་རི་གཉིས་གྱེས་པས་སོས། །ཐམས་ཅད་སྔར་བཞིན་འདུས་པ་ན། །ལྕགས་ཀྱི་འཁྲུལ་འཁོར་ཆེ་ནང་དུ། །བཅུག་ནས་བུར་ཤིང་འཚིར་བཞིན་བཙིར། །དེ་ནས་ཕྱི་རུ་ཕྱུང་བས་སོས། །འདུས་པའི་ཚེ་ན་ཡར་སྟེང་ནས། །ལྕགས་ཀྱི་ཕ་བོང་ཆེན་པོ་ལྷུང་། །ལྕགས་ཀྱི་གཞི་ལ་གཅོད་པ་དང་། །འབྱེད་དང་བརྡུང་དང་དམྱལ་བར་བྱེད། །དེ་དུས་ཁྲག་གི་རྒྱུན་འབབ་བོ། །དམྱལ་བ་ངུ་འབོད་གནས་སྐྱེས་པའི། །སེམས་ཅན་དེ་དག་གནས་འཚོལ་ཚེ། །ལྕགས་ཀྱི་ཁང་བའི་ནང་སོང་ན། །དེ་མ་ཐག་ཏུ་སྒོ་འགྲིག་སྟེ། །ལྕགས་

p. 299

ཁང་ནང་ནས་མེ་འབར་བསྲེག །འགྲོ་ས་མི་འདུག་སྙམ་དུ་ངུ་། །དམྱལ་བ་ངུ་འབོད་ཆེན་པོའི་གནས། །སྐྱེས་རྣམས་ལྕགས་ཁང་ཉིས་རིམ་གྱི། །ནང་དུ་ཞུགས་ཚེ་དེ་མ་ཐག །སྒོ་འགྲིག་ནང་ནས་མེ་ལྕེ་འབར། །བསྲེགས་ཚེ་འགྲོ་བའི་ས་མི་འདུག །སྙམ་དུ་ངུ་འབོད་ཆེན་པོ་བྱེད། །ཚ་བའི་དམྱལ་བའི་གནས་སྐྱེས་པའི། །སེམས་ཅན་དམྱལ་སྲུང་རྣམས་ཀྱིས་བཟུང་། །ལྕགས་ཟངས་དཔག་ཚད་དུ་མ་ཡོད། །ཚ་ཞིང་འབར་བའི་ནང་དུ་བསྲེག །ལྕགས་ཀྱི་གསལ་ཤིང་མེ་འབར་བས། །འཕོངས་ནས་ཕུག་སྟེ་སྤྱི་བོར་འབྱིན། །ཁ་མིན་རྣ་བ་སྣའི་བུ་ག །བ་སྤུའི་ཁུང་བུ་ཐམས་ཅད་ནས། །མེ་ལྕེ་འབར་དང་ལྕགས་ཀྱི་གཞི། །རབ་ཏུ་འབར་བ་གན་རྐྱལ་ལམ། །ཁ་སྦུབ་བཞག་སྟེ་ལྕགས་ཀྱི་ཐོ། །ཚ་ཞིང་རབ་ཏུ་འབར་བས་བརྡུང་། །རབ་ཚའི་དམྱལ་བའི་གནས་སྐྱེས་པའི། །སེམས་ཅན་དམྱལ་སྲུང་རྣམས་ཀྱིས་བཟུང་། །ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ། །འཕོངས་ནས་བཙུགས་ཏེ་རྩེ་མོ་གསུམ། །ཕྲག་གོང་གཉིས་ནས་སྤྱི་བོར་འབྱིན། །ཁ་སྒོ་སོགས་ནས་མེ་ལྕེ་འབར། །ལྕགས་སླེའུ་ཚ་ཞིང་འབར་བས་ལུས། །ཐམས་ཅད་སྣམ་བུས་དཀྲིས་བཞིན་དཀྲི། །ལྕགས་ཟངས་ཆེན་པོ་ཁྲོ་ཁོལ་བའི། །ནང་དུ་འཚོད་ཅིང་ཤ་ཁྲག་རྣམས། །ཞིག་ནས་ཀེང་རུས་ལྟར་གྱུར་ཚེ། །ཕྱིར་ཕྱུང་ལྕགས་ཀྱི་ས་གཞིར་འགྲེམ། །ཤ་ཁྲག་སྐྱེས་ཚེ་ནང་དུ་འཇུག །ལྷག་མ་གཞན་ནི་

p. 300

ཚ་བ་འདྲ། །མནར་མེད་དམྱལ་བའི་ས་ཕྱོགས་སུ། །དཔག་ཚད་བརྒྱ་ཕྲག་དུ་མ་ཞིག །ཡོད་པ་འབར་ཞིང་མེ་མཆེད་དེ། །མེ་དཔུང་འབར་བའི་ཤུགས་འོངས་ནས། །དེ་རུ་སྐྱེས་པའི་སེམས་ཅན་རྣམས། །པགས་པ་ཤ་ཁྲག་རིམ་གྱིས་འཚིག །མར་མེ་སྡོང་བུ་བཞིན་དུ་ལུས། །ཐམས་ཅད་མེ་ཡིས་ཁྱབ་ཅིང་འབར། །ཕྱོགས་གཞན་གསུམ་ནས་མེ་འབར་ནས། །འོངས་པས་ཕྱོགས་བཞིའི་མེ་རྣམས་འདྲེས། །ངུ་བའི་སྐད་ཀྱིས་སེམས་ཅན་ཞིག །ཡིན་པར་ཤེས་པ་མ་གཏོགས་པ། །མེ་དང་ལུས་གཉིས་ལྷན་ཅིག་ཏུ། །འུར་འུར་འབར་བས་ལུས་མི་མཐོང་། །ལྕགས་ཀྱི་ས་གཞིར་ལྕགས་ཀྱི་རི། །འབབ་འཛེག་བྱེད་དུ་འཇུག་པ་དང་། །ཁ་ནས་ལྕེ་ཕྱུང་ལྕགས་ཕུར་གྱིས། །གླང་གི་ཀོ་བ་བཞིན་དུ་བརྒྱངས། །ལྕགས་ཀྱི་ས་གཞིར་གན་རྐྱལ་བཞག །ལྕགས་ཀྱི་འབྱེད་བྱེད་དག་གིས་ཁ། །ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་འབར། །ཁ་རུ་འཇུག་པར་བྱེད་པ་དང་། །ཁྲོ་ཆུ་ཁོལ་མ་ཁ་ནང་བླུགས། །ཁོག་རྣམས་ཚིག་ནས་སྨད་ནས་བྱུང་། །ལྷག་མ་གཞན་ནི་གང་ཡོད་པ། །རབ་ཏུ་ཚ་བའི་དམྱལ་བ་འདྲ། །མི་ཡི་མེ་ལས་བསྐལ་པ་ནི། །འཇིག་པའི་མེ་ནི་བདུན་འགྱུར་ཚ། །དེ་ལས་ཚ་བའི་དམྱལ་བ་བརྒྱད། །མེ་ནི་བདུན་འགྱུར་ཚ་བ་ཡིན། །ཚ་དམྱལ་བརྒྱད་ཀྱི་མེར་བལྟས་ན། །མིའི་མེ་ཁ་བ་ཙམ་དུ་བསིལ། །སྡུག་བསྔལ་དེ་དག་ཡུན་ཐུང་ངུ་། །ཙམ་ཞིག་མྱོང་བས་མི་ཆོག་སྟེ། །ཚ་དམྱལ་བརྒྱད་ཀྱི་ཚེ་ཐུང་བ། །དམྱལ་བ་ཡང་སོས་ཚེ་ཚད་ནི། །

p. 301

མི་ཡི་ལོ་ནི་ཁྲག་ཁྲིག་གཅིག །ཐེར་འབུམ་ཆེན་པོ་དྲུག་དང་ནི། །ཐེར་འབུམ་གཉིས་ནི་ཡིན་ཞེས་བཤད། །དམྱལ་བ་འོག་མ་འོག་མ་རྣམས། །ཉིས་འགྱུར་ཉིས་འགྱུར་ཚེ་རིང་ཞིང་། །མི་དགེའི་སྡིག་པ་མ་ཟད་བར། །སྲོག་དང་ནམ་ཡང་འབྲལ་མི་འགྱུར། །ད་ལྟའི་སྤྱོད་ཚུལ་ངན་པ་འདིར། །བལྟས་ན་དེ་ལས་ཡུན་རིང་ཞིག །མི་འོང་ངེས་པ་ཅི་ཞིག་ཡོད། །ལུས་ལ་མེ་སྟག་ལྷུང་བ་ཡང་། །སྐད་ཅིག་ཙམ་ཡང་མི་བཟོད་ན། །སྡུག་བསྔལ་དེ་དག་ཐོག་ཏུ་བབ། །ཡུན་རིང་མྱོང་དགོས་སུ་ཡིས་བཟོད། །འདི་དང་ཕྱི་མ་དེའི་བར་ན། །དབུགས་ཀྱི་འགྱུ་བ་འདི་མིན་མེད། །དོ་ནུབ་ཙམ་ལ་ཤི་ནས་ནི། །དེ་རུ་ལྷུང་ན་ཅི་ཞིག་བྱ། །ཚེ་འདིའི་ཁ་རྒྱབ་གཉིས་ཀྱི་ཕྱིར། །མི་དགེའི་ལས་ངན་བསགས་པ་རྣམས། །སྨྱོས་སམ་གདོན་གྱིས་ཟིན་པ་ཡིན། །ཚ་དམྱལ་རྣམས་སུ་སྐྱེ་བའི་རྒྱུ། །ཚེ་འདིར་སྲོག་གཅོད་བྱེད་པ་དང་། །མ་བྱིན་ལེན་དང་མི་ཚངས་སྤྱོད། །རྫུན་གྱི་ཚིག་བཤད་ཕྲ་མ་སྨྲ། །ཚིག་རྩུབ་ངག་འཁྱལ་སྨྲ་བ་དང་། །བརྣབ་སེམས་གནོད་སེམས་ལོག་ལྟ་རྣམས། །ཆེན་པོ་བྱས་པ་རྣམས་ཡིན་ཞེས། །གསུང་རབ་རྣམས་ནས་ཡང་ཡང་གསུངས། །སྔོན་ཆད་འདི་འདྲའི་མི་དགེའི་ལས། །མང་བོ་ངེས་པར་བསགས་ཡོད་པས། །ལས་དེ་ད་ལྟ་སྦྱོང་མ་ནུས། །དོ་ནུབ་ཙམ་ལ་ཤི་ནས་ནི། །དེ་རུ་སྐྱེས་ན་ཅི་ཞིག་བྱ། །ད་ནི་སྔར་བྱས་སྡིག་པ་ལ། །སྙིང་ནས་གནོང་འགྱོད་བཤགས་པ་གྱིས། །ཕྱིན་ཆད་སྲོག་ལ་བབ་ན་ཡང་། །

p. 302

མི་དགེ་བཅུ་ལ་འཛེམ་པར་མཛོད། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཚ་དམྱལ་བརྒྱད་པོ་རེ་རེ་ལ། །རྩིག་ངོས་བཞི་བཞི་སྒོ་བཞི་བཞི། །ཡོད་པ་དེ་དག་ཕྱི་རོལ་ཏུ། །ལྕགས་ཀྱི་ར་བས་བསྐོར་ནས་ཡོད། །ར་བ་ལ་ཡང་སྒོ་བཞི་བཞི། །ཡོད་ཅིང་སྒོ་དེ་རེ་རེ་ན། །ཉེ་འཁོར་དམྱལ་བ་འདི་རྣམས་ཡོད། །དེ་ཡང་མེ་མ་མུར་གྱི་འོབས། །ཚ་ངར་པུས་མོ་ནུབ་པ་ཡོད། །མི་དགེ་ལས་ཀྱིས་དེར་སྐྱེས་པས། །སེམས་ཅན་དེ་དག་གནས་འཚོལ་དུ། །འགྲོ་དུས་དེ་རུ་རྐང་བ་བཞག །པགས་པ་ཤ་ཁྲག་འཇིག་པར་འགྱུར། །རྐང་བ་ཡར་ལ་བཏེགས་པའི་ཚེ། །སླར་ཡང་མྱུར་དུ་ཤ་པགས་སྐྱེ། །དེ་ཡི་འདབས་ན་མི་གཙང་འདམ། །ཡོད་ལ་དེ་རུ་སྐྱེས་པ་ཡི། །སེམས་ཅན་གནས་འཚོལ་འདམ་དེ་ལ། །བརྒལ་ཚེ་མགོ་བོ་མན་ཆད་ནུབ། །དེ་ནས་མཆུ་རྣོན་འབུ་ཡིས་ལུས། །ཕུག་སྟེ་རྐང་ལ་གཏུགས་ནས་འབྲུ། །དེ་ཡི་འདབས་ན་སྤུ་གྲིའི་ལམ། །ཡོད་ལ་དེར་སྐྱེས་སེམས་ཅན་གྱིས། །རྐང་བ་བཞག་ན་པགས་པ་ཤ །གཅོད་ཅིང་བཏེགས་ཚེ་ཤ་པགས་སྐྱེ། །དེའི་འདབས་ནགས་ཚལ་རལ་གྲི་ཡི། །ལོ་མ་ཅན་ཞེས་བྱ་བ་ཡོད། །

p. 303

དེར་སྐྱེས་སེམས་ཅན་གནས་འཚོལ་བ། །དེ་དག་ཐམས་ཅད་ནགས་ཚལ་དེར། །སོང་ནས་ནགས་ཚལ་དེའི་བསིལ་གྲིབ། །དག་ལ་བརྟེན་ཅིང་འཁོད་པ་ན། །ཤིང་ལས་རལ་གྲི་བབས་ཏེ་ལུས། །གཤག་དང་ཡན་ལག་ཉིང་ལག་གཅོད། །ས་ལ་འགྱེལ་ཚེ་ཁྱི་སྲེ་བོ། །མང་བོ་འོངས་ཏེ་རྒྱབ་ནས་ཟ། །དེ་ཡི་འདབས་ན་ཤལ་མ་ལིའི། །སྡོང་བོ་ཡོད་དེ་སེམས་ཅན་དེར། །སོང་བ་དེ་ལ་འཛེག་ཏུ་འཇུག །འཛེག་ཚེ་ཚེར་མ་རྣམས་ཀྱི་ཁ། །ཐུར་དུ་བལྟ་ལ་འབབ་པའི་ཚེ། །གྱེན་བལྟས་ལུས་ཀུན་གཤག་པར་བྱེད། །ལྕགས་ཀྱི་བྱ་ཁྲ་མང་བོ་མགོ །ཕྲག་གོང་བབས་ནས་མིག་འབྲས་འབྲུ། །དེ་ཡི་འདབས་ན་ཚ་ངར་ཆེ། །ཆུ་ཀླུང་རབ་མེད་ཅེས་བྱ་ཡོད། །དེར་སྐྱེས་སེམས་ཅན་ནང་དེར་འཚོད། །སྟེང་འོག་འགྲོ་ཞིང་བསྲེག་པར་བྱེད། །དཔེར་ན་མེ་སྦར་ཟངས་ནང་ཆུ། །ཁོལ་བའི་ནང་དུ་ནས་བླུགས་འདྲ། །གཤིན་རྗེ་ཕོ་ཉ་མང་བོ་བསྡད། །ཕྱི་རུ་འོང་དུ་མི་སྟེར་ལ། །འོངས་པ་ལྕགས་ཀྱི་ས་གཞི་ལ། །གན་རྐྱལ་བཞག་ནས་ཅི་འདོད་འདྲི། །སྐྲག་ནས་ཅི་ཡང་མི་འདོད་ཟེར། །འོན་ཀྱང་བཀྲེས་སོ་སྐོམ་ཟེར་ནས། །ཁ་རུ་ཟངས་ཞུན་ཁོལ་མ་དང་། །ལྕགས་ཀྱི་ཐོ་ལུམ་འབར་བ་བཅུག །སྐོམ་ཞིང་བཀྲེས་ན་འདི་ཟོ་ཟེར། །ཚེ་ཚད་ངེས་པ་མེད་པར་བཤད། །འོན་ཀྱང་མི་དགེའི་སྡིག་ལས་ཀྱི། །ནུས་པ་མ་ཟད་དེ་སྲིད་དུ། །ནམ་ཡང་སྲོག་དང་འབྲལ་མི་འགྱུར། །སྡུག་བསྔལ་དེ་

p. 304

དག་ཡུན་རིང་མྱོང་། །ཉེ་འཁོར་དམྱལ་བ་དེ་རྣམས་སུ། །སྐྱེ་བའི་རྒྱུ་ནི་མི་དགེ་བཅུ། །ཆེན་པོ་བྱས་པ་རྣམས་ཡིན་གསུངས། །སྔར་བྱས་སྡིག་པའི་ལས་རྣམས་ལ། །སྙིང་ནས་འགྱོད་པས་བཤགས་པ་གྱིས། །ཕྱིན་ཆད་སྲོག་ལ་བབ་ན་ཡང་། །མི་དགེ་བཅུ་ལ་ཤིན་ཏུ་འཛེམས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གྲང་དམྱལ་བརྒྱད་ནི་ཚ་དམྱལ་བརྒྱད། །ཐད་ཀའི་བྱང་ཕྱོགས་དཔག་ཚད་ནི། །ཁྲི་ཕྲག་རེ་རེའི་ཕ་རོལ་ཡོད། །ཀུན་གྱི་འོག་གཞི་ཁ་བའི་ཐང་། །འཁྱགས་པའི་ཆབ་རོམ་མཐའ་གངས་རིས། །བསྐོར་ཞིང་ཁ་བ་བུ་ཡུག་འཚུབ། །ཁ་བ་བུ་ཡུག་རླུང་གིས་བསྐྱོད། །ཕྱོགས་བཞིའི་ལུས་ལ་འདེབས་པར་བྱེད། །འདི་ནས་དཔག་ཚད་སུམ་ཁྲི་དང་། །ཉིས་སྟོང་འོག་ན་ཆུ་བུར་ཅན། །ཡོད་ལ་དེ་ནས་དཔག་ཚད་ནི། །ཉིས་སྟོང་ཉིས་སྟོང་གིས་ཆོད་པའི། །འོག་ན་གྲང་དམྱལ་གཞན་བདུན་ཡོད། །གྲང་བའི་དམྱལ་བ་ཆུ་བུར་ཅན། །གནས་སུ་སྐྱེས་པའི་སེམས་ཅན་རྣམས། །ལུས་ལ་གོས་མེད་གཅེར་བུར་གྲང་། །ཆུ་བུར་བྱུང་ཞིང་འཁུམས་ནས་འདུག །དེ་ཡི་འོག་ན་གྲང་དམྱལ་ནི། །ཆུ་བུར་བརྡོལ་བའི་

p. 305

གནས་ཡོད་དེ། །དེ་རུ་སྐྱེས་པའི་སེམས་ཅན་རྣམས། །རབ་ཏུ་གྲང་བས་ཆུ་བུར་བརྡོལ། །དེ་ཡི་འོག་ན་གྲང་དམྱལ་ནི། །སོ་ཐམ་གནས་ཡོད་དེར་སྐྱེས་པའི། །སེམས་ཅན་གྲང་བས་སྐད་མི་ཐོན། །སོ་ཡིས་ཐམ་ཐམ་བྱེད་པ་ཡིན། །དེའི་འོག་གྲང་བའི་དམྱལ་བ་ནི། །ཀྱེ་ཧུད་ཟེར་བའི་གནས་ཡོད་དེ། །དེ་རུ་སྐྱེས་པའི་སེམས་ཅན་རྣམས། །གྲང་བས་སྐད་འདོན་མི་ནུས་པར། །ཤུབ་བུས་ཀྱེ་ཧུད་ཀྱེ་ཧུད་ཟེར། །དེའི་འོག་གྲང་བའི་དམྱལ་བ་ནི། །ཨ་ཆུ་ཟེར་བའི་གནས་ཡོད་དེ། །དེ་རུ་སྐྱེས་པའི་སེམས་ཅན་གྲོང་། །དེས་ཀྱང་ཤུབ་བུས་ཨ་ཆུ་ཟེར། །དེའི་འོག་གྲོང་བའི་དམྱལ་བ་ནི། །ཨུཏྤལ་ལྟར་གས་གནས་ཡོད་དེ། །དེ་རུ་སྐྱེས་པའི་སེམས་ཅན་ལུས། །ཁ་རླུང་ཆེན་པོས་བཏབ་པ་ཡིས། །ལུས་ནི་ཁ་དོག་སྔོ་བ་དང་། །སེར་ཁ་ལྔ་འམ་དྲུག་ཏུ་གས། །དེའི་འོག་གྲང་བའི་དམྱལ་བ་ནི། །པདྨ་ལྟར་གས་གནས་ཡོད་དེ། །དེར་སྐྱེས་སེམས་ཅན་ལུས་མདོག་དམར། །ཁ་བཅུ་དེ་ལས་མང་བར་གས། །དེའི་འོག་གྲང་བའི་དམྱལ་བ་ནི། །པདྨ་ཆེན་པོ་ལྟར་གས་གནས། །ཡོད་ལ་དེར་སྐྱེས་སེམས་ཅན་རྣམས། །ལུས་ནི་ཁ་དོག་ཤིན་ཏུ་དམར། །ཁ་བརྒྱ་ཙམ་དུ་གས་པའོ། །གྲང་དམྱལ་གོང་མ་གོང་མ་ལས། །འོག་མ་འོག་མ་བདུན་འགྱུར་གྲང་། །སྡུག་བསྔལ་ཡུན་ཐུང་ཙམ་ནི་མིན། །བང་བ་ཏིལ་ཁལ་བརྒྱད་ཅུ་ཙམ། །ཤོང་བ་ཏིལ་གྱིས་གང་བ་ཞིག །མི་ལོ་བརྒྱ་བརྒྱ་འདས་ནས་ཏིལ། །རེ་རེ་

p. 306

ཕྱི་རུ་དོར་བ་ན། །ཏིལ་འབྲུ་ཟད་ནས་བང་བ་སྟོངས། །ཡུན་དེ་ལྟ་བུ་ཆུ་བུར་ཅན། །ཚེའི་ཚད་དེ་འདྲ་ཉི་ཤུ་ནི། །ཆུ་བུར་བརྡོལ་བའི་ཚེ་ཚད་ཡིན། །དེ་བཞིན་སྔ་མ་སྔ་མ་ལས། །ཕྱི་མ་ཕྱི་མ་ཉི་ཤུར་འཕར། །དེ་ལ་ཅུང་ཟད་ཙམ་མི་སྐྲག །ད་དུང་ཚེ་འདིའི་ལྟོ་རྒྱབ་ཕྱིར། །སྡུག་ལ་ཧབ་ཐོབ་བྱེད་མཁན་སྙིང་། །རུལ་ལམ་ལྕགས་ལས་བྱས་སམ་ཅི། །གྲང་བའི་དམྱལ་བ་དེ་རྣམས་སུ། །སྐྱེ་བའི་རྒྱུ་ནི་མི་དགེ་བཅུ། །ཆེན་པོ་བྱས་པ་རྣམས་ཡིན་གསུངས། །དེས་ན་སྔར་བྱས་ལས་རྣམས་ལ། །སྙིང་ནས་འགྱོད་པས་བཤགས་པ་དང་། །ཕྱིན་ཆད་མི་དགེ་བཅུ་ལ་འཛེམས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཉི་ཚེ་བ་ནི་ཚ་དམྱལ་བརྒྱད། །གྲང་དམྱལ་བརྒྱད་ཀྱི་འཁོར་ན་ཡོད། །ལ་ལ་མི་ཡི་ཡུལ་ནའང་ཡོད། །གནས་ལ་ངེས་པ་མེད་པ་ཡིན། །མང་ཉུང་མ་ངེས་ལ་ལ་མང་། །ལ་ལ་གཉིས་སམ་གཅིག་མིན་མེད། །སྡུག་བསྔལ་མཐའ་གཅིག་མ་ངེས་ཏེ། །གཏུན་དང་ཀ་བ་ཐབ་ཁ་དང་། །ཐག་པ་ཟངས་དང་ཕྱགས་མ་སོགས། །དབྱིབས་དང་ལྡན་པའི་ལུས་བླངས་ནས། །སྡུག་བསྔལ་ཡུན་རིང་ཉམས་སུ་མྱོང་། །ཚེ་ལ་ངེས་པ་མེད་པ་

p. 307

ཡིན། །འོན་ཀྱང་སྡིག་པའི་རྒྱུ་མ་ཟད། །བར་དུ་འབྲས་བུ་སྡུག་བསྔལ་མྱོང་། །འཁོར་བའི་སྡུག་བསྔལ་རྣམས་ནང་ནས། །ངན་སོང་སྡུག་བསྔལ་བཟོད་པར་དཀའ། །དེ་ཡི་ནང་ནས་དམྱལ་བའི་སྡུག །སྐད་ཅིག་ཙམ་ཡང་བཟོད་པར་དཀའ། །ཚེ་འདིར་ཉིན་གཅིག་མདུང་རྣོན་པོ། །སུམ་བརྒྱས་རྒྱུན་དུ་བཏབ་པ་ཡི། །སྡུག་བསྔལ་དེ་ལ་དམྱལ་བའི་སྡུག །ཆུང་ངུ་ཙམ་གྱི་ཆ་ཡང་མེད། །དམྱལ་བའི་ནང་ནས་མནར་མེད་ཀྱི། །སྡུག་བསྔལ་གཞན་ལས་ཆེས་ཆེ་སྟེ། །སྐྱེ་བའི་རྒྱུ་ནི་མི་དགེ་བཅུ། །ཆེན་པོ་བྱས་པ་རྣམས་ཡིན་གསུངས། །དེས་ན་སྔར་བྱས་སྡིག་པ་ལ། །སྙིང་ནས་འགྱོད་པས་བཤགས་པ་དང་། །ཕྱིན་ཆད་སྲོག་ལ་བབ་ན་ཡང་། །མི་དགེ་བཅུ་ལ་འཛེམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཡི་དྭགས་བྱིང་གནས་འཛམ་གླིང་འོག །དཔག་ཚད་ལྔ་བརྒྱ་འདས་པ་ན། །གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ། །རྩྭ་དང་ཆུ་དང་ཤིང་ལ་སོགས། །འདོད་པའི་དངོས་པོ་ཅི་ཡང་མེད། །དེ་རུ་སྐྱེས་པ་ཤ་ཁྲག་བསྐམས། །མདོག་ནག་གདོང་བ་སྐྲ་ཡིས་

p. 308

ཁེབས། །ཤིན་ཏུ་ཁ་སྐམ་ལྕེ་ཡིས་ལྡག །ཕྱི་སྒྲིབ་ཅན་གྱི་ཡི་དྭགས་ཀྱིས། །ཆུ་མིག་མཚོ་དང་མཚེའུར་མཐོང་། །ཕྱིན་ན་མཚོན་ཆ་ཐོགས་པས་བསྲུངས། །བཏུང་དུ་མི་སྟེར་ལ་ལ་ནི། །དྲུང་དུ་སོང་ན་རྣག་དང་ཁྲག །སོགས་སུ་མཐོང་ནས་འཐུང་མི་འདོད། །ནང་སྒྲིབ་ཅན་གྱི་ཡི་དྭགས་ཀྱི། །ཁ་ནི་ཁབ་ཀྱི་མིག་ཙམ་དང་། །མགྲིན་པ་རྟ་རྔ་ཡན་ལག་རྣམས། །འཇག་སྐྱ་ཙམ་དང་ལྟོ་བའི་ཚད། །རི་གཏོས་ཙམ་ཡོད་ཟས་སྐོམ་གཉིས། །མི་རྙེད་རྙེད་ཀྱང་ཁར་མི་ཤོང་། །ཅུང་ཟད་ཤོང་ཡང་མགྲིན་མི་ཐར། །ཐར་ཀྱང་ལྟོ་བ་མི་ཁེངས་ཤིང་། །ཁེངས་ཀྱང་རྐང་ལག་གིས་མི་ཐེག །སྡུག་བསྔལ་སྔར་བས་ཆེ་བ་མྱོང་། །ཟས་སྐོམ་སྒྲིབ་ཅན་ཡི་དྭགས་ཀྱིས། །ཟས་སྐོམ་གང་རྙེད་སྤྱད་མ་ཐག །ཁོག་ནས་མེ་འབར་ལུས་པོ་འཚིག །ལྗན་ལྗིན་ཟ་བའི་ཡི་དྭགས་ཀྱིས། །བཤང་གཅི་སྤྱོད་ཅིང་ཁ་ཅིག་གིས། །རང་ཤ་ཟ་ཞིང་དེ་དག་ལ། །དགུན་གྱི་དུས་སུ་ཉི་མ་གྲང་། །དཔྱིད་ཀྱི་དུས་སུ་ཟླ་བའང་ཚ། །ཁ་འཐོར་མི་ཡི་ཡུལ་ནའང་ཡོད། །ཚེ་ཚད་མི་ཡི་ཟླ་བ་གཅིག །ཞག་ཏུ་བྱས་པས་ཁོ་རང་ལོ། །ལྔ་བརྒྱ་ལྔ་སྟོང་ཁྲི་སོགས་ཐུབ། །སྐྱེ་བའི་རྒྱུ་ནི་མི་དགེ་བཅུ། །འབྲིང་ཙམ་བྱས་པ་རྣམས་ཡིན་གསུངས། །དེས་ན་སྔར་བྱས་སྡིག་པ་ལ། །སྙིང་ནས་འགྱོད་པས་བཤགས་པ་དང་། །ཕྱིན་ཆད་མི་དགེ་བཅུ་ལ་འཛེམས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་

p. 309

སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དུད་འགྲོ་བྱིང་གནས་རི་རབ་ཀྱི། །ཆུ་མཚམས་མན་ཆད་ཁོང་གསེང་གི །མུན་པ་རབ་ཏུ་གནག་པར་ཡོད། །ལུས་ཀྱི་ཆེ་ཆུང་མདོག་དབྱིབས་སོགས། །མཐའ་གཅིག་མ་ངེས་སྣ་ཚོགས་པ། །དཔེར་ན་ཆང་གི་སྦྲང་མ་ལྟར། །མང་བོ་ཡོད་པའི་ཆེ་བ་ཡིས། །ཆུང་བ་ཐམས་ཅད་ཁྱུར་མིད་བྱེད། །ཆུང་བ་འདུས་ནས་ཆེ་བ་ཟ། །ལུས་པོ་ཕར་ཐལ་ཚུར་ཐལ་འབུགས། །མུན་པ་ཤིན་ཏུ་གནག་པ་ཡིས། །ལག་པའི་རྐྱང་བསྐུམ་ཙམ་མི་མཐོང་། །ཆེ་བས་ཆུང་བ་རབ་ཏུ་མནན། །དབུགས་ཀྱི་འབྱིན་རྔུབ་ཙམ་མི་ནུས། །སྡུག་བསྔལ་ཡུན་རིང་ཉམས་སུ་མྱོང་། །དུད་འགྲོ་ཁ་འཐོར་ལྷ་དང་མིའི། །ཡུལ་ན་ཡོད་པ་ཐམས་ཅད་ནི། །རི་དྭགས་རྣམས་ནི་རྔོན་པ་ཁྱིས། །བདས་ནས་བྲོས་ཀྱང་མི་ཐར་གསོད། །ཕན་ཚུན་གཅིག་གིས་གཅིག་གསོད་ཅིང་། །སྲོག་ཆགས་ཕྲ་མོ་ཉི་མས་འཚིག །དུད་འགྲོ་ཀླུ་ཡི་རིགས་རྣམས་ལ། །བྱེ་ཚན་མཁའ་ལྡིང་འཇིགས་པ་ཡོད། །ལྷ་འམ་མི་ཡི་དབང་གྱུར་པ། །རྣམས་ནི་བཀོལ་དང་སྣ་འབུག་ཅིང་། །མི་ཐེག་བཞིན་དུ་ཁལ་ལྕི་འགེལ། །བརྡུངས་ཚེ་རོ་སྨད་འཁྱོགས་

p. 310

ནས་འགྲོ། །མ་བཟོད་འུ་ཐུག་འགྱེལ་ལ་བྱས། །ལུས་པོ་ན་ཚས་གང་བཞིན་འཁུར། །འཕོངས་ཟད་རྒྱབ་རྣམས་སྒལ་བས་ཁེངས། །སོས་དལ་ཉིན་གཅིག་སྡོད་དབང་མེད། །ལ་ལ་ཤ་དང་པགས་པའི་ཆེད། །བསྐྱེལ་ནས་གསོད་གྲབས་བྱས་པའི་ཚེ། །སྐྲག་ནས་གསོད་མཁན་བཤན་པའི་ངོར། །ཧྲིག་ཧྲིག་བལྟས་ཀྱང་དབང་མེད་དུ། །ཁ་བསུམ་ཡང་ན་གྲིས་མགོ་གཅོད། །གཞན་ཡང་དབང་བོ་གཅོད་པ་དང་། །སྤུ་འབྲེག་རྨོ་དང་བཅིངས་པ་དང་། །བཞོ་དང་བཀྲེས་སྐོམ་ཚ་གྲང་སོགས། །སྡུག་བསྔལ་དཔག་ཏུ་མེད་པ་ཡོད། །ཚེ་ཚད་རིང་མཐའ་བསྐལ་པར་གནས། །ཐུང་བ་སྔ་དྲོ་ཕྱི་དྲོ་ཙམ། །སྐྱེ་བའི་རྒྱུ་ནི་མི་དགེ་བཅུ། །ཆུང་ངུ་སྤྱད་པ་རྣམས་ཡིན་གསུངས། །ད་ལྟ་ཤི་ནས་དེ་འདྲ་བ། །ཞིག་ཏུ་སྐྱེས་ན་ཅི་ཞིག་བྱ། །དེས་ན་སྔར་བྱས་སྡིག་པ་ལ། །སྙིང་ནས་འགྱོད་པས་བཤགས་པ་དང་། །ཕྱིན་ཆད་སྲོག་ལ་བབ་ན་ཡང་། །མི་དགེ་བཅུ་ལ་འཛེམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྔོན་ཆད་ཚེ་འདིའི་ལྟོ་རྒྱབ་ཕྱིར། །མི་དགེའི་ལས་ནི་མང་བོ་བསགས། །དགེ་

p. 311

བ་ལེགས་པོ་ཉིན་གཅིག་ལ། །བྱས་པ་དྲན་རྒྱུ་མི་འདུག་ན། །ཤི་མ་ཐག་ཏུ་ངན་སོང་དུ། །ལྷུང་ནས་སྡུག་བསྔལ་མྱོང་བར་ངེས། །དཔེར་ན་རང་ལ་གནོད་པའི་དགྲ། །ལོ་གཅིག་ཚུན་ལ་འོང་ངེས་ལ། །ངེས་པར་ནམ་འོང་ཆ་མེད་པར། །ཤེས་ནས་དལ་བར་མི་སྡོད་པར། །ཕ་རོལ་དགྲ་ཡི་འཇིགས་པ་ལས། །སྐྱོབ་མཁན་དཔོན་ཞིག་འཚོལ་བ་ལྟར། །ངན་སོང་སྡུག་བསྔལ་རང་ཐོག་ཏུ། །ལོ་བརྒྱ་ཚུན་ལ་འོང་ངེས་ལ། །ཟླ་བ་ཕྱི་མ་མནར་མེད་ཀྱི། །དམྱལ་བ་གང་སྔ་ཆ་མེད་པར། །ཤེས་ནས་ངན་སོང་འཇིགས་པ་ལས། །སྐྱོབ་པའི་སྐྱབས་ཤིག་འཚོལ་རེ་རན། །དཔེར་ན་ཕ་རོལ་དགྲ་ལས་སྟོབས། །ཁ་དྲེགས་ཆུང་བའི་དཔོན་ཞིག་གིས། །རང་ཉིད་ཕ་རོལ་དགྲའི་འཇིགས་ལས། །སྐྱོབ་པར་མི་ནུས་པ་བཞིན་དུ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་སོགས། །ལྷ་མི་མཐུ་བོ་ཆེ་བསྟེན་ཀྱང་། །ངན་སོང་འཇིགས་ལས་སྐྱོབ་མི་ནུས། །དཔེར་ན་ཕ་རོལ་དགྲ་བོ་ལས། །སྟོབས་དང་མངའ་ཐང་ཆེ་བའི་དཔོན། །ཞིག་གིས་རང་ཉིད་ཕ་རོལ་དགྲའི། །འཇིགས་ལས་ངེས་པར་སྐྱོབ་ནུས་བཞིན། །ངན་འགྲོའི་འཇིགས་པ་ཆེན་པོ་ལས། །དཀོན་མཆོག་གསུམ་གྱིས་སྐྱོབ་པར་ངེས། །དེ་ཕྱིར་དཀོན་མཆོག་རྣམ་གསུམ་ལ། །ནངས་ནུབ་ཀུན་ཏུ་སྐྱབས་འགྲོ་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །

p. 312

གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སངས་རྒྱས་སྐྱབས་སུ་སོང་བ་ཡིས། །འཇིག་རྟེན་ལྷ་ལ་གཏན་གྱི་སྐྱབས། །མི་བཅོལ་ཆོས་ལ་སྐྱབས་སོང་བས། །སེམས་ཅན་རྣམས་ལ་གནོད་མི་བྱ། །དགེ་འདུན་རྣམས་ལ་སྐྱབས་སོང་བས། །མུ་སྟེགས་པ་དང་འགྲོགས་མི་བྱ། །སངས་རྒྱས་སྐུ་གཟུགས་བཟོ་རྒྱུ་ངན། །གང་ལ་སངས་རྒྱས་དངོས་སུ་མོས། །གསུང་རབ་ཚིག་བཞི་ཡན་ཆད་ལ། །དམ་ཆོས་དཀོན་མཆོག་ཡིན་པར་མོས། །རབ་བྱུང་རྟགས་ཙམ་འཛིན་པ་ལ། །དགེ་འདུན་དཀོན་མཆོག་ཡིན་པར་མོས། །སྒོ་གསུམ་མི་གུས་པ་རྣམས་སྤོངས། །གུས་པས་མཆོད་བསྟོད་བཀུར་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་ལ་སྐྱབས་སོང་བའི། །གནས་སྐབས་མཐར་ཐུག་ཕན་ཡོན་ནི། །

p. 313

ནང་བ་སངས་རྒྱས་གྲལ་དུ་ཆུད། །སྡོམ་པ་ཀུན་གྱི་རྟེན་དུ་འགྱུར། །སྔར་བསགས་ལས་སྒྲིབ་སྲབ་ཅིང་འཛད། །བསོད་ནམས་རྒྱ་ཆེན་ཐོབ་པར་འགྱུར། །ངན་འགྲོར་མི་ལྟུང་མི་མིན་གྱི། །གནོད་པས་མི་ཚུགས་ཅི་བསམ་འགྲུབ། །མྱུར་དུ་སངས་རྒྱས་འཐོབ་པ་སོགས། །སྐྱབས་སོང་བསོད་ནམས་གཞལ་མི་ནུས། །དེ་ཕྱིར་དཀོན་མཆོག་རྣམ་པ་གསུམ། །གཏན་གྱི་སྐྱབས་སུ་ལེགས་བཟུང་ནས། །རྒྱུན་དུ་སྐྱབས་འགྲོར་འབད་པར་མཛོད། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །བདེ་བ་ནམ་ཡང་འབྱུང་མི་འགྱུར། །དགེ་ལས་བདེ་བ་ཁོ་ན་འབྱུང་། །སྡུག་བསྔལ་ནམ་ཡང་འབྱུང་མི་འགྱུར། །ད་ལྟ་ཚ་བས་གདུངས་པའི་དུས། །རླུང་ནི་བསིལ་བོ་རང་ལུས་ལ། །ཕོག་པའི་བདེ་བ་ཡན་ཆད་པོ། །སྔོན་གྱི་དགེ་བའི་འབྲས་བུ་ཡིན། །ཚེར་མ་ཟུག་པའི་སྡུག་བསྔལ་ཡན། །སྔོན་གྱི་མི་དགེའི་འབྲས་བུ་ཡིན། །དགེ་སྡུག་ཆུང་ངུ་ཙམ་བྱས་ཀྱང་། །

p. 314

འཕེལ་ནས་འབྲས་བུ་ཆེན་པོ་འབྱིན། །སྔོན་དུས་དགེ་ཚུལ་ཀྱུན་དེས་གཞན། །དགེ་སློང་དབྱངས་མི་སྙན་པ་ལ། །ཁྱོད་ཀྱི་དབྱངས་འདི་ཁྱི་ཟུག་པའི། །སྐད་དང་འདྲ་ཞེས་སྨྲས་པ་ཡིས། །སྐྱེ་བ་ལྔ་བརྒྱ་ཁྱིའི་ལུས་བླངས། །དེ་བཞིན་མི་དགེ་འཕེལ་སྟོབས་ཆེ། །བྱིས་པ་ཞིག་གིས་སངས་རྒྱས་ལ། །ས་ནི་སྙིམ་པ་གང་ཕུལ་བས། །ཆོས་རྒྱལ་མྱ་ངན་མེད་དུ་སྐྱེས། །དེ་བཞིན་དགེ་ལས་འཕེལ་སྟོབས་ཆེ། །དཔེར་ན་གྲོ་ནས་མ་བཏབ་ན། །ལོ་ཏོག་སྨིན་པ་མི་ཕྲད་བཞིན། །དགེ་སྡིག་གཉིས་ནི་མ་བྱས་ན། །བདེ་སྡིག་གང་ལའང་ཕྲད་མི་སྲིད། །དཔེར་ན་ས་བོན་གང་བཏབ་པ། །སེར་བ་ལ་སོགས་རྐྱེན་གཞན་གྱིས། །མ་བཅོམ་ཆུད་ཟོས་མི་འགྲོ་བར། །ལོ་ཏོག་ལེགས་པར་སྨིན་པ་བཞིན། །དགེ་བའི་ལས་ནི་གང་བྱས་པ། །ཞེ་སྡང་ལ་སོགས་རྐྱེན་གཞན་གྱིས། །མ་བཅོམ་ཆུད་ཟོས་མི་འགྲོ་བར། །འབྲས་བུ་བདེ་བ་སྨིན་པར་འགྱུར། །དཔེར་ན་ཁོག་ཏུ་སོང་བའི་དུག །སྨན་སྔགས་སོགས་ཀྱིས་མ་བཅོམ་ན། །ཅུང་ཟད་ཆུད་ཟོས་མི་འགྲོ་བར། །བཟོད་མེད་སྡུག་བསྔལ་བསྐྱེད་པ་བཞིན། །མི་དགེ་སྡིག་པའི་ལས་གང་བྱས། །བཤགས་པ་སོགས་ཀྱིས་མ་སྦྱངས་ན། །ནམ་ཡང་ཆུད་ཟོས་མི་འགྲོ་བར། །འབྲས་བུ་སྡུག་བསྔལ་སྨིན་ནོ་ཞེས། །ཐམས་ཅད་མཁྱེན་པ་སངས་རྒྱས་གསུངས། །སངས་རྒྱས་གསུང་ལ་བསླུ་བ་མེད། །ཡིད་ཆེས་ངེས་

p. 315

པ་རབ་བསྐྱེད་ནས། །དཀར་ནག་ལས་ལ་སྤང་བླང་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་དང་མིར་ཆགས་རྟ་ནོར་ལུག །རི་དྭགས་ཉ་སོགས་སྲོག་ཆགས་རྣམས། །མཚོན་ཆ་རྡོ་དང་དབྱུག་པ་དུག །མཐུ་གཏད་ལ་སོགས་གང་ཡིན་གྱི། །སྒོ་ནས་རང་གིས་གསོད་པ་དང་། །གཞན་ལ་གསོད་བཅུག་སྲོག་གཅོད་ལས། །ཆེན་པོ་བྱས་ན་དམྱལ་བར་སྐྱེ། །འབྲིང་བྱས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །སྲོག་གཅོད་བྱེད་ལ་རབ་ཏུ་དགའ། །ཚེ་ཐུང་ནད་མང་མི་རུ་སྐྱེ། །ཡུལ་ཕྱོགས་བཟའ་བཏུང་སྨན་ལོ་འབྲས། །ལ་སོགས་མཐུ་ཆུང་ཡུལ་དུ་སྐྱེ། །དེ་ཕྱིར་སྲོག་གཅོད་ལས་མ་བྱེད། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །

p. 316

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་ཀྱིས་རློབས། །གཞན་གྱི་གསེར་དངུལ་རྟ་ནོར་ལུག །ཇ་རས་གོས་དར་ལ་སོགས་པའི། །དངོས་པོ་ཆེ་ཆུང་གང་ཡིན་ཀྱང་།འཕྲོག་གམ་འཕྲོག་ཏུ་བཅུག་པ་དང་། །འཇབ་བུས་བརྐུས་དང་བརྐུ་རུ་འཇུག །གཡར་དང་བཅོལ་བ་གཡོ་ཐབས་ཀྱིས། །ལེན་དང་གཞན་གྱི་ནོར་རྫས་བླངས། །དེ་ཡི་སྐྱིན་པ་མ་འཇོལ་དང་། །བྲེ་དང་རྒྱ་མ་ལ་སོགས་ལ། །གཡོ་སྒྱུ་བྱས་ནས་མ་བྱིན་པ། །ཆེན་པོ་བླངས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བླངས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །མི་རུ་སྐྱེས་ཀྱང་མ་བྱིན་པ། །ལེན་ལ་དགའ་ཞིང་ལོངས་སྤྱོད་ཆུང་། །ལོངས་སྤྱོད་གཞན་དང་ཐུན་མོང་འགྱུར། །ཡུལ་ཕྱོགས་ལོ་འབྲས་ཉུང་བ་དང་། །སད་སེར་ཐན་པ་ལ་སོགས་ཆེ། །འབྲས་བུ་སྨིན་དཀའི་ཡུལ་དུ་སྐྱེ། །དེ་ཕྱིར་མ་བྱིན་མི་ལེན་པར། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་

p. 317

གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གཞན་གྱི་ཆུང་མ་རབ་བྱུང་མ། །བག་མར་མ་སོང་ཕ་དང་མ། །སོགས་ཀྱིས་བསྲུང་དང་རྒྱལ་པོ་ཡི། །ཆད་པ་ཕོག་ནས་ཁྲིམས་བཅས་དང་། །གཞན་གྱིས་གླ་གཞལ་སྨད་འཚོང་མ། །རང་གི་ཉེ་དུར་སྤྱོད་པ་དང་། །མངལ་སྒོ་མིན་པའི་བཤང་ལམ་དང་། །རང་གི་ལག་པའི་སོར་མོ་སོགས། །རྩོལ་བས་ཁུ་བ་འབྱིན་པ་དང་། །བླ་མ་ཕ་མའི་ཉེ་འཁོར་དང་། །སྐུ་གཟུགས་དམ་ཆོས་མཆོད་རྟེན་དང་། །སྐྱེ་བོ་མང་བོས་མཐོང་བའི་གནས། །སྤྱོད་ཡུལ་བུད་མེད་ལ་གནོད་པའི། །ས་ཕྱོགས་མི་བདེ་འབར་འབུར་ཅན། །སྲ་བ་སོགས་ནས་སྤྱོད་པ་དང་། །ཟླ་མཚན་འཛག་པའི་དུས་སྐབས་དང་། །ཟླ་བ་ཚང་བའི་སྦྲུམ་མ་དང་། །བསྙེན་གནས་གནས་དང་ཉིན་མོ་དང་། །ནད་པ་མྱ་ངན་བྱེད་རྣམས་དང་། །མི་མོས་པ་ལ་ནན་གྱིས་སྤྱོད། །རང་ལ་འཐད་ཀྱང་ལྔ་ལས་ལྷག །རང་གིས་སྤྱད་དམ་གཞན་དག་ལ། །སྤྱོད་དུ་བཅུག་ནས་མི་ཚངས་པ། །ཆེན་པོ་སྤྱད་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྤྱད་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །མི་ཚངས་སྤྱོད་ལ་རབ་ཏུ་དགའ། །འཁོར་གཡོག་གང་ལ་བློ་གཏད་མེད། །ཆུང་མ་བླངས་ལ་འགྲན་ཟླ་མང་། །ཡུལ་ཕྱོགས་བཤང་གཅི་འདམ་

p. 318

རྫབ་སོགས། །མི་གཙང་མང་བོའི་ཡུལ་དུ་སྐྱེ། །དེ་ཕྱིར་མི་ཚངས་སྤྱོད་མ་བྱེད། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་རློབས། །མིག་གིས་གཟུགས་ནི་མཐོང་བ་ལ། །མ་མཐོང་ཟེར་ཞིང་མ་མཐོང་བ། །བདག་གིས་མཐོང་ཞེས་རྫུན་སྨྲ་དང་། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱི་དབང་བོ་ལ། །བརྟེན་ནས་རྫུན་གཏམ་སྨྲ་བ་དང་། །གཞན་ཡང་འདི་ལྟར་རྫུན་ཤོད་ཅེས། །སྨྲ་རུ་བཅུག་ནས་རྫུན་གྱི་ཚིག །ཆེན་པོ་སྨྲས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྨྲས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །རྫུན་ལ་དགའ་ཞིང་སྐུར་འདེབས་དང་། །གཞན་གྱིས་བསླུ་དང་ཡུལ་ཕྱོགས་དེར། །རྫུན་གྱིས་ཕལ་ཆེར་བསླུ་བ་མང་། །འཇིགས་པ་མང་བོའི་ཡུལ་དུ་སྐྱེ། །དེ་ཕྱིར་རྫུན་གྱི་ཚིག་མ་སྨྲ། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་

p. 319

ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བདེན་པའི་ཚིག་གམ་རྫུན་ཚིག་གིས། །སེམས་ཅན་མཐུན་པ་རྣམ་འབྱེད་ཅིང་། །མི་མཐུན་པ་རྣམས་མི་བསྡུམ་པར། །རང་གིས་བྱེད་དམ་གཞན་གྱིས་མིར། །བྱེད་དུ་བཅུག་ནས་ཕྲ་མའི་ཚིག །ཆེན་པོ་སྨྲས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྨྲས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །ཕྲ་མ་སྨྲ་ལ་རབ་ཏུ་དགའ། །གཡོག་འཁོར་ངན་ལ་མི་འགྲིག་དང་། །ས་ཕྱོགས་འབར་འབུར་ལྗང་ལྗོངས་དང་། །ངམ་གྲོག་གཡང་ས་ཆེ་བ་སོགས། །བགྲོད་པར་དཀའ་བའི་ཡུལ་དུ་སྐྱེ། །དེ་ཕྱིར་ཕྲ་མས་གཞན་མ་འབྱེད། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

p. 320

རབ་ཏུ་བྱུང་དང་ཕོ་སྐྱེས་དང་། །བུད་མེད་རྣམས་ལ་སྡོམ་ཤོར་དང་། །ཁྱི་རྒན་བདུད་མོ་ལ་སོགས་པའི། །མི་སྙན་ཚིག་ངན་སྨྲས་པ་དང་། །སོད་ཆོད་གཏུབས་དང་རྒྱབ་ལ་སོགས། །ཕ་རོལ་གཞན་སེམས་ལ་གནོད་པའི། །ཚིག་ངན་རྣམ་པ་སྣ་ཚོགས་པ། །རང་གིས་སྨྲ་འམ་གཞན་གྱི་མིར། །སྨྲ་རུ་བཅུག་ནས་ཚིག་རྩུབ་ནི། །ཆེན་པོ་སྨྲས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྨྲས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །ཚིག་རྩུབ་སྨྲ་ལ་རབ་ཏུ་དགའ། །མི་སྙན་རྣམ་པ་སྣ་ཚོགས་ཐོས། །གང་སྨྲས་འཐབ་མོའི་ཚིག་ཏུ་འགྱུར། །ཡུལ་ཕྱོགས་སྡོང་ལྡུམ་ཚེར་མ་མང་། །རྡོ་དང་གསེག་མ་མང་བ་སོགས། །རབ་ཏུ་རྩུབ་པའི་ཡུལ་དུ་སྐྱེ། །དེ་ཕྱིར་རྩུབ་པའི་ཚིག་མ་སྨྲ། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཐབ་མོ་མཚང་འབྲུ་རྩོད་འགྱེད་ཚིག །རྒྱལ་བློན་ཆོམ་རྐུན་དམག་ལ་སོགས། །འདུ་འཛིའི་གཏམ་རྣམས་སྨྲ་བ་དང་། །གླུ་གར་ཚིག་རྣམས་བརྗོད་པ་དང་། །དགའ་མགུར་སྤྱད་པ་སྨྲ་

p. 321

བ་དང་། །ཤིན་ཏུ་ཉམ་ཐག་སྨྲེ་སྔགས་ཚིག །ལོག་པའི་འཚོ་བའི་སྨྲ་བ་སོགས། །སྨྱོན་པ་བཞིན་དུ་དོན་མེད་པའི། །མཐོ་བཤད་དམའ་བཤད་སྣ་ཚོགས་པ། །རང་གིས་སྨྲ་རམ་གཞན་གྱི་མིར། །སྨྲ་རུ་བཅུག་ནས་ངག་འཁྱལ་ཚིག །ཆེན་པོ་སྨྲས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྨྲས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །ངག་འཁྱལ་ལ་དགའ་ཚིག་བཟུང་བར། །མི་འོས་མ་ངེས་སྤོབས་པར་འགྱུར། །ཡུལ་ཕྱོགས་ལྗོན་ཤིང་འབྲས་མི་ཆགས། །དུས་མིན་འབྲས་ཆགས་ཆགས་དུས་སུ། །མི་ཆགས་མ་སྨིན་སྨིན་པར་སྣང་། །རྩ་བ་མི་བརྟན་ཡུན་རིང་དུ། །མི་གནས་པ་སོགས་ཡུལ་དུ་སྐྱེ། །དེ་ཕྱིར་ངག་འཁྱལ་ཚིག་མ་སྨྲ། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གཞན་གྱིས་བདག་ཏུ་བཟུང་བའི་རྟ། །ནོར་ལུག་རྒྱན་གོས་གནས་ཁང་དང་། །འཁོར་གཡོག་ལ་སོགས་གང་ཡིན་ཡང་། །ང་ལ་བྱུང་ན་ཅི་མ་རུང་། །འབྱུང་

p. 322

བར་གྱུར་ཅིག་ཅི་ཞིག་གིས། །བླངས་ན་སྙམ་པའི་བརྣབ་སེམས་ནི། །ཆེན་པོ་བྱས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །བརྣབ་སེམས་ལ་དགའ་འདོད་པ་ཆེ། །ཆོག་མི་ཤེས་དང་ཡུལ་ཕྱོགས་ནི། །ཕུན་ཚོགས་ཐམས་ཅད་ལོ་རེ་དང་། །ཟླ་བ་ཞག་རེ་བཞིན་དུ་ཉམས། །འབྲས་བུ་མི་འཕེལ་ཡུལ་དུ་སྐྱེ། །དེ་ཕྱིར་བརྣབ་སེམས་མ་བྱེད་པར། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རང་དང་མི་མཐུན་དགྲ་ལ་སོགས། །རང་གིས་གསོད་ཅིང་བརྡེག་སྙམ་དང་། །གཞན་གྱི་ན་ཚ་ཤི་ཆད་དང་། །གོད་ཁ་ལ་སོགས་མི་འདོད་པ། །མང་བོ་བྱུང་ན་སྙམ་པ་དང་། །ཤི་ནས་དམྱལ་བར་མར་སོང་ནས། །ཡར་ལ་ཁ་མི་འཁོར་དུ་ཆུགས། །སྙམ་པའི་གཞན་ལ་གནོད་པའི་སེམས། །ཆེན་པོ་བྱས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་

p. 323

རུ་སྐྱེས་ན་ཡང་། །གནོད་སེམས་ལ་དགའ་མི་ཕན་འཚོལ། །ཕན་པ་མི་འཚོལ་ཡུལ་ཕྱོགས་ནས། །ནད་ཡམས་འཁྲུག་པ་མང་བ་དང་། །ཆོམ་རྐུན་གཅན་གཟན་སྦྲུལ་ལ་སོགས། །གནོད་པ་མང་བའི་ཡུལ་དུ་སྐྱེ། །དེ་ཕྱིར་གནོད་སེམས་མ་བྱེད་པར། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་དགེ་སྡིག་པའི་ལས་བྱས་ཀྱང་། །དམྱལ་བར་སྐྱེ་ཞེས་སྨྲ་བ་རྫུན། །ཡར་བལྟས་གནམ་དང་མར་བལྟས་ས། །བར་འདིར་དམྱལ་བར་ཅི་ལ་ལྡོག །དགེ་བ་བྱས་ན་ཚེ་བསོད་རྒྱས། །བདེའོ་སྐྱིད་དོ་ཟེར་བའང་རྫུན། །འདི་བ་ཚང་གིས་ལྷ་ཆོས་བྱས། །ད་ལྟ་དེ་བས་སྡུག་ཅིག་མེད། །སངས་རྒྱས་མི་བདེན་ཆོས་མི་བདེན། །དགེ་འདུན་མི་བདེན་ཐམས་ཅད་རྫུན། །ལས་འབྲས་མེད་ཅེས་ལོག་ལྟ་ནི། །ཆེན་པོ་བྱས་ན་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས། །སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ན་ཡང་། །ལོག་ལྟར་དགའ་ཞིང་ལྟ་བ་ངན། །གཡོ་སྒྱུ་ཆེ་

p. 324

ཞིང་ཡུལ་ཕྱོགས་ནི། །རིན་པོ་ཆེ་ལ་སོགས་པ་ཡི། །འབྱུང་ཁུངས་བཟང་བོ་མི་ལྡན་དང་། །དངོས་པོ་མི་གཙང་ངན་པའི་རིགས། །མང་ཞིང་སྐྱབས་དང་དཔུང་གཉེན་རྣམས། །གང་ཡང་མེད་པའི་ཡུལ་དུ་སྐྱེ། །དེ་ཕྱིར་ལོག་ལྟ་མ་བྱེད་པར། །ངོ་ལྐོག་གང་དུའང་དུག་བཞིན་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་དགེ་བཅུ་ཡི་ཉེས་དམིགས་ཤེས། །དེ་དག་བྱེད་པའི་ཀུན་སློང་ཙམ། །ཡན་ཆད་བསྡམས་ནས་སྒོ་གསུམ་པོ། །དེ་དག་རྣམས་དང་མ་འདྲེས་པར། །བྱེད་པ་དགེ་བ་བཅུ་ཡིན་པས། །དགེ་བཅུ་ཆེན་པོ་བྱས་གྱུར་ན། །ཁམས་ནི་གོང་མའི་ལྷ་རུ་སྐྱེ། །འབྲིང་བྱས་འདོད་ཁམས་ལྷ་རུ་སྐྱེ། །ཆུང་ངུ་བྱས་ན་མི་རུ་སྐྱེ། །དགེ་བཅུ་བྱེད་ལ་རབ་ཏུ་དགའ། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྲོག་གཅོད་

p. 325

སྤངས་པས་ཚེ་རིང་འགྱུར། །ཡུལ་ཕྱོགས་བཟའ་བཏུང་སྨན་ལ་སོགས། །རབ་ཏུ་མཐུ་ཆེའི་ཡུལ་དུ་སྐྱེ། །མ་བྱིན་ལེན་སྤངས་ལོངས་སྤྱོད་ཆེ། །དགྲ་རྐུན་ལ་སོགས་གནོད་འཚེ་མེད། །ཡུལ་ཕྱོགས་ལོ་འབྲས་མང་བ་དང་། །སད་སེར་མེད་པའི་ཡུལ་དུ་སྐྱེ། །མི་ཚངས་སྤྱོད་སྤངས་གཡོག་འཁོར་ལ། །བློ་གཏད་རུང་ལ་ཆུང་མ་བཟང་། །གཞན་གྱི་འགྲན་ཟླ་གཅིག་ཀྱང་མེད། །ཡུལ་ཕྱོགས་གཙང་ཞིང་སྤོས་ངད་ལྡན། །ཤིན་ཏུ་ཉམས་དགའི་ཡུལ་དུ་སྐྱེ། །རྫུན་ཚིག་སྤངས་པས་སྐུར་འདེབས་མེད། །གཞན་གྱིས་མི་བསླུ་ཡུལ་ཕྱོགས་ནི། །རྫུན་གྱིས་བསླུ་བ་མེད་པ་དང་། །འཇིགས་པ་མེད་པའི་ཡུལ་དུ་སྐྱེ། །ཕྲ་མ་སྤངས་པས་གཡོག་འཁོར་རྣམས། །བཟང་ལ་ཕན་ཚུན་མཐུན་པར་འགྱུར། །ས་ཕྱོགས་འབར་འབུར་ལ་སོགས་མེད། །བགྲོད་པར་སླ་བའི་ཡུལ་དུ་སྐྱེ། །ཚིག་རྩུབ་སྤངས་པས་སྙན་པ་ཐོས། །གང་སྨྲས་མཐུན་པའི་ཚིག་ཏུ་འགྱུར། །ཡུལ་ཕྱོགས་སྡོང་ལྡུམ་ཚེར་མ་སོགས། །མེད་ལ་འཇམ་པའི་ཡུལ་དུ་སྐྱེ། །ངག་འཁྱལ་སྤངས་པས་ཚིག་བཟུང་འོས། །ངེས་པའི་སྤོབས་པར་འགྱུར་བ་དང་། །ཡུལ་ཕྱོགས་ལྗོན་ཤིང་འབྲས་བུ་ཆགས། །དུས་སུ་སྨིན་པའི་ཡུལ་དུ་སྐྱེ། །བརྣབ་སེམས་སྤངས་པས་འདོད་པ་ཆུང་། །ཆོག་ཤེས་རབ་ཏུ་ཆེ་བར་འགྱུར། །ཡུལ་ཕྱོགས་ཕུན་སུམ་ཚོགས་པ་རྣམས། །མི་ཉམས་འཕེལ་བའི་

p. 326

ཡུལ་དུ་སྐྱེ། །གནོད་སེམས་སྤངས་པས་མི་ཕན་པ། །མི་འཚོལ་ཕན་པ་འཚོལ་བར་འགྱུར། །ཡུལ་ཕྱོགས་ནད་འཁྲུག་ཆོམ་རྐུན་སོགས། །གནོད་པ་མེད་པའི་ཡུལ་དུ་སྐྱེ། །ལོག་ལྟ་སྤངས་པས་ལྟ་བ་བཟང་། །གཡོ་སྒྱུ་མེད་ཅིང་ཡུལ་ཕྱོགས་ནི། །རིན་ཆེན་འབྱུང་ཁུངས་དང་ལྡན་ཞིང་། །སྐྱབས་དང་དཔུང་གཉེན་ཡོད་པར་སྐྱེ། །དེ་ཕྱིར་དགེ་བཅུ་བསྒྲུབ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་དགེ་བཅུ་བོ་སྤངས་པས་ཀྱང་། །བདེ་འགྲོའི་རྟེན་བཟང་ཞིག་རྙེད་མོད། །འོན་ཀྱང་རྣམ་མཁྱེན་སྒྲུབ་པའི་རྟེན། །མཚན་ཉིད་ཚང་བ་ཞིག་གྲུབ་ན། །ལམ་གང་བསྒོམས་ཀྱང་ས་ཆོད་ནི། །གཞན་དང་མི་འདྲ་བ་ཡོད་པས། །རྟེན་དེ་བསྒྲུབ་ཚུལ་འདི་ལྟ་སྟེ། །མི་ཚེ་རིང་ན་ཡུན་རིང་དུ། །དགེ་བ་མང་བོ་གསོག་ནུས་པས། །དེ་ཡི་རྒྱུ་ལ་སེམས་ཅན་ལ། །མི་འཚེ་མི་འཚེའི་བསམ་པ་སྟེན། །གཞན་གྱིས་མི་དང་ར་ལུག་སོགས། །གསོད་པ་དགག་ཅིང་ཚེ་ཐར་གྱིས། །གཟུགས་བྱད་མཛེས་ན་གདུལ་བྱ་འདུ། །ཚིག་ལ་ཉན་དང་བྱ་བར་སེམས། །དེ་ཡི་རྒྱུ་ལ་བཟོད་པ་སྒོམས། །

p. 327

རྟེན་ལ་མར་མེ་མེ་ཏོག་ཕུལ། །གཞན་ལ་གོས་རྒྱན་གསར་བ་བྱིན། །རིགས་ནི་མཐོ་ན་བསྒོ་བ་ལས། །མི་འདའ་བསྒྲུབ་པར་བྱེད་པས་ན། །དེ་ཡི་རྒྱུ་ལ་ང་རྒྱལ་ཆོམས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་། །བླ་མ་མཁན་སློབ་ལ་སོགས་ལ། །ཁྲི་སྟན་འབུལ་དང་ཕ་དང་མ། །གྲོགས་མཆེད་སོགས་ལ་བཀུར་སྟི་གྱིས། །དབང་ཕྱུག་ཆེ་ན་སེམས་ཅན་རྣམས། །བསྡུས་ཏེ་སྨིན་པར་བྱེད་ནུས་པས། །དེ་ཡི་རྒྱུ་ལ་ཟས་ནོར་གྱིས། །མཆོད་སྦྱིན་མང་བོ་གཏོང་བར་གྱིས། །ཚིག་བཙུན་པས་ན་སེམས་ཅན་རྣམས། །སྡུད་ཅིང་སྨིན་པར་བྱེད་ནུས་པས། །དེ་ཡི་རྒྱུ་ལ་རྫུན་ཕྲ་མ། །ཚིག་རྩུབ་ངག་འཁྱལ་སྤོང་བར་གྱིས། །དབང་ནི་ཆེ་བར་གྲགས་པ་ན། །མྱུར་དུ་བསྒོ་བ་ཉན་པས་ན། །དེ་ཡི་རྒྱུ་ལ་ཕྱི་མ་ལ། །རང་ལ་ཡོན་ཏན་སྣ་ཚོགས་པ། །འབྱུང་བའི་སྨོན་ལམ་འདེབས་པ་དང་། །དཀོན་མཆོག་བླ་མ་ཕ་མ་མཆོད། །ཕོ་རུ་སྐྱེས་ན་སྤོབས་པ་ཆེ། །ཆོས་ལ་ལེགས་བྱེད་ཉུང་བས་ན། །དེ་ཡི་རྒྱུ་ལ་ཕོ་ཡི་ལུས། །ཐོབ་ལ་དགའ་ཞིང་མོ་ཡི་ལུས། །ཐོབ་ལ་མ་དགའ་ཕོའི་དབང་བོ། །མ་གཅོད་གཞན་ལ་གཅོད་མ་འཇུག །སྟོབས་དང་ལྡན་ན་རང་གཞན་གྱི། །བྱ་བ་གང་ལའང་སྤྲོ་ཤུགས་ཆེ། །སོ་སོར་རྟོག་པའི་སྟོབས་ཐོབ་ན། །མངོན་པར་ཤེས་པ་མྱུར་བས་ན། །དེ་ཡི་རྒྱུ་ལ་གཞན་གྱི་མིས། །གཏན་ནས་མི་ནུས་པ་རྣམས་ནི། །རང་

p. 328

གིས་བྱེད་ཅིང་རང་ཉིད་དང་། །བསྡོམས་ནས་ནུས་པ་ཐམས་ཅད་ལ། །གྲོགས་བྱེད་པ་དང་བཟའ་བཏུང་བྱིན། །དེ་ལྟར་རྣམ་སྨིན་བརྒྱད་ལྡན་རྟེན། །ཐོབ་པའི་རྒྱུ་ལ་འབད་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྔར་བྱས་མི་དགེའི་ལས་རྣམས་དང་། །འཕྲལ་དུ་ཉེས་པ་གང་བྱས་རྣམས། །སྟོབས་བཞིའི་སྒོ་ནས་སྦྱང་དགོས་པས། །དེ་ཡང་སྐྱབས་སུ་འགྲོ་བ་དང་། །བྱང་ཆུབ་སེམས་སྒོམ་རྟེན་གྱི་སྟོབས། །མི་དགེ་ལས་ཀྱིས་ངན་སོང་དུ། །ལྷུང་ན་སྡུག་བསྔལ་སྣ་ཚོགས་པ། །ཡུན་རིང་མྱོང་དགོས་ཚུལ་བསམས་ནས། །སྔར་བསགས་ལས་ལ་དུག་ཁོང་དུ། །སོང་བ་ལྟ་བུའི་འགྱོད་པ་ནི། །བསྐྱེད་པ་རྣམ་པར་སུན་འབྱིན་སྟོབས། །ཤེར་ཕྱིན་ལ་344སོགས་མདོ་སྡེ་རྣམས། །འཛིན་དང་ཀློག་པ་ལ་སོགས་པ། །སྟོང་ཉིད་བསྒོམ་དང་ཡིག་བརྒྱ་སོགས། །གཟུངས་སྔགས་ཟབ་མོ་བཟླ་བ་དང་། །སངས་རྒྱས་སྐུ་གཟུགས་བཞེངས་པ་དང་། །སངས་རྒྱས་སངས་རྒྱས་མཆོད་རྟེན་ལ། །མཆོད་པ་སྣ་ཚོགས་འབུལ་བ་དང་། །དེ་བཞིན་གཤེགས་པའི་མཚན་ལ་སོགས། །བརྗོད་པ་གཉེན་པོ་ཀུན་

p. 329

སྤྱོད་སྟོབས། །ཕྱིན་ཆད་སྲོག་ལ་བབ་ན་ཡང་། །མི་བྱེད་དམ་བཅའ་ཉེས་པ་ལས། །སླར་ལོག་སྟོབས་ཡིན་སྟོབས་བཞི་ཡི། །སྒོ་ནས་བཤགས་ན་སྡིག་པ་གང་། །བྱས་པ་འདག་པས་འབད་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་རྟག་མྱུར་དུ་འཆི་བ་དང་། །ཤི་ནས་ངན་འགྲོར་ལྷུང་བའི་ཚུལ། །བསམས་ན་འཇིག་རྟེན་འདིའི་བློ་ལོག །ཕྱི་མའི་བདེ་འགྲོ་དོན་གཉེར་སྐྱེས། །སྐྱབས་སུ་འགྲོ་དང་དཀར་ནག་ལས། །ངེས་པའི་སྒོ་ནས་སྡིག་པ་སྤངས། །དགེ་བ་བསྒྲུབས་ན་ཕྱི་མ་རུ། །བདེ་འགྲོའི་གོ་འཕང་ཐོབ་མོད་ཀྱང་། །བདེ་འགྲོའི་གོ་འཕང་ཙམ་ཐོབ་པས། །ཆོག་གམ་སྙམ་ན་མི་ཆོག་སྟེ། །དཔེར་ན་ནག་ཅན་མི་ཞིག་བཟུང་། །ཉེན་རེ་བཞིན་དུ་དབྱུག་པ་ཡིས། །བསྣུན་སོགས་ཆད་ལས་སྣ་ཚོགས་པ། །བཅད་པས་སྡུག་བསྔལ་བཟོད་མེད་མྱོང་། །ཟླ་བ་འགའི་འཕྲོར་གསོད་པ་ཞིག །ནན་གྱིས་ངོ་ཆེན་སོགས་བྱས་པས། །དབྱུག་པས་བསྣུན་པས་སྡུག་མེད་པར། །སྐབས་དེར་ཅུང་ཟད་ཙམ་བདེ་ཡང་། །འོན་ཀྱང་དེ་ལས་མ་ཐར་ཕྱིན། །གསོད་པའི་སྡུག་བསྔལ་མྱོང་

p. 330

དགོས་བཞིན། །དགེ་བའི་ལས་ཀྱིས་ཕྱི་མ་རུ། །བདེ་འགྲོའི་གོ་འཕང་ཞིག་ཐོབ་ནས། །སྐབས་དེར་ཅུང་ཟད་ཙམ་བདེ་ཡང་། །འོན་ཀྱང་སྡུག་བསྔལ་རྩ་བ་ནས། །སྤངས་པའི་ཐར་བ་མ་ཐོབ་ཕྱིན། །རང་གིས་སྔར་བྱས་ལས་བཟང་གིས། །འཕེན་པ་ཟད་ནས་ངན་སོང་ལྟུང་། །སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། །གཞན་ཡང་འཁོར་བའི་གནས་འདི་རུ། །ལས་ཉོན་དབང་གིས་སྐྱེས་ཕྱིན་ཆད། །སྡུག་བསྔལ་མ་གཏོགས་བདེ་བ་མེད། །དེ་ཕྱིར་ཐར་བ་དོན་གཉེར་དགོས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ངན་སོང་གསུམ་གྱི་གནས་སྐྱེས་ན། །སྡུག་བསྔལ་ཡོད་པ་སྨོས་ཅི་དགོས། །ལྷ་མིའི་གནས་སུ་སྐྱེས་ན་ཡང་། །ངན་འགྲོའི་སྡུག་བསྔལ་ཙམ་མེད་ཀྱང་། །དེ་ཡི་ཆ་འདྲའི་སྡུག་བསྔལ་མང་། །དཔེར་ན་མེ་ནི་ཆེ་ཆུང་གཉིས། །གང་གིས་བསྲེགས་ཀྱང་སྡུག་བསྔལ་བཞིན། །འཁོར་བའི་གནས་འདིའི་མཐོ་དམན་གར། །སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ཡིན། །མི་ལ་སྐྱེས་པའི་སྡུག་བསྔལ་ནི། །མ་ཡི་མངལ་དུ་གནས་པའི་དུས། །མི་གཙང་དོང་དུ་ཉལ་བ་འདྲ། །མ་ཡིས་བཟའ་བཏུང་ཚ་བ་ཞིག །བསྟེན་ན་

p. 331

མེ་དོང་ལྷུང་བ་འདྲ། །མ་ཡིས་བཟའ་བཏུང་གྲང་བ་ཞིག །བསྟེན་ན་འཁྱགས་སྦུབས་གནས་པ་འདྲ། །མ་དེ་མཆོངས་དང་བརྒྱུགས་པ་ན། །གཡང་ལ་ལྷུང་འདྲའི་སྡུག་བསྔལ་མྱོང་། །བཙས་དུས་པགས་པ་བཤུས་པ་འདྲ། །སྟན་ལ་བཞག་ཚེ་ཚེར་དོང་དུ། །བསྒྱུར་བ་ལྟ་བུའི་སྡུག་བསྔལ་དང་། །མ་ཡི་པང་དུ་བླངས་པའི་ཚེ། །བྱེའུ་ཕྲུག་ཁྲ་ཡིས་འཁྱེར་བ་འདྲ། །ལྟེ་བའི་ཐག་པ་བཅད་པའི་དུས། །སྲོག་རྩ་བཅད་འདྲའི་སྡུག་བསྔལ་དང་། དྲོ་འཇམ་གོན་པ་བསྐོན་ན་ཡང་། །རྨ་འབྲས་རེག་འདྲའི་ན་ཚ་འོང་། །རྫོང་ཁུག་ནང་དུ་བསྙལ་བའི་ཚེ། །བཀྱིགས་ནས་བཙོན་དོང་འཕངས་པ་འདྲ། །འོག་ན་དྲི་ཆུས་བརླན་པའི་སྟབས། །མི་བདེ་ལྟོགས་སྐོམ་ལུས་འཁྱགས་དང་། །ཡན་ལག་ཐམས་ཅད་སྦྲིད་ནས་ན། །འདི་བྱུང་འཆད་པར་མི་ཤེས་ངུ་། །དེ་ཕྱིར་སྐྱེ་བའི་སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་ལ་རྒས་པའི་སྡུག་བསྔལ་ནི། །དྲང་བོར་སྐྱེས་པའི་སྒྱུ་ལུས་

p. 332

སྒུར། །ནག་པོར་སྐྱེས་པའི་སྐྲ་ལོ་དཀར། །མཁུར་ཚོས་ཁྲག་གི་ཚོམ་བུ་ཡལ། ཟས་རྣམས་བལྡད་པའི་སོ་རྣམས་བུད། །ལུས་ལ་མི་འདོད་གཉེར་མ་མང་། །མིག་ཀྱང་མི་གསལ་རབ་རིབ་མཐོང་། །རྣ་བས་མི་ཐོས་གོ་ལོག་གོ །ལུས་སྟོབས་ཟད་པས་ལངས་འདུག་དཀའ། །སེམས་ཀྱང་མི་གསལ་བརྗེད་ངས་ཆེ། །ཚ་གྲང་བཀྲེས་སྐོམ་རྐྱེན་མི་ཐེག །ཡུལ་མི་ཁྱིམ་མཚེས་བརྙས་བཅོས་བྱེད། །ཁྱིམ་ཚང་བཟའ་བས་འཆི་རན་ཟེར། །དེ་ཕྱིར་རྒས་པའི་སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་ལ་ན་བའི་སྡུག་བསྔལ་ནི། །གློ་བུར་ནད་གདོན་དྲག་པོས་ཟིན། །ཉིན་རེའི་མནར་གཅོད་བཟོད་པར་དཀའ། །ལངས་འདུག་མི་ཐུབ་མལ་དུ་ཉལ། །ཟ་ཚོད་འཐུང་ཚོད་སྨན་པ་དང་། །ཉེ་འབྲེལ་རྣམས་ཀྱིས་བཟུང་ནས་ནི། །ཡིད་འོང་ཟས་དང་སྐོམ་གྱི་རིགས། །གནོད་ཀྱིས་དོགས་ནས་སྟེར་མི་འགྱུར། །ཡིད་དུ་མི་འོང་ཟས་སྐོམ་སྨན། །གཏར་སྲེག་རྣམས་ནི་ཨེ་ཕན་སྙམ། །

p. 333

མི་འདོད་བཞིན་དུ་ནན་གྱིས་བྱེད། །མོ་སྨན་རིམ་གྲོ་གང་བྱས་ཀྱང་། །གནོད་པ་བསྐྱལ་བ་བཞིན་དུ་འགྲོ། །དེ་ཕྱིར་ན་བའི་སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་ལ་འཆི་བའི་སྡུག་བསྔལ་ནི། །ནད་ཚབས་ཆེར་སོང་མོ་སྨན་དང་། །རིམ་གྲོ་བྱེད་རྣམས་ཤུབ་ཤུབ་ལབ། །རིམ་པ་བཞིན་དུ་རང་ཡུལ་བསྙེགས། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ནས། །མཆི་མ་ཕྱུང་ནས་སྨྲེ་སྔགས་འདོན། །ལ་ལས་ཤི་དགེ་དུར་འདེབས་སོགས། །ཤོམ་ར་བྱེད་དུས་ནད་པ་ནི། །བཀྲག་མདངས་ཉམས་ནས་ཡི་དྭགས་འདྲ། །ཁ་བསྐམས་མཆུ་བརྗེས་མིག་གཉིས་ཀྱང་། །དོང་ལྷུང་དབུགས་ཕྲེང་ཆད་ལ་ཉེ། །མགོ་མི་ཐེག་ཅིང་ལུས་མི་ཐེག །ཡར་ཁྱོགས་མར་སྙོལ་མང་བོ་ཟེར། །ལྡབ་ལྡིབ་གཏམ་གྱིས་ཁ་ཆེམས་འཇོག །གཉེན་བཤེས་དུས་ཚེ་ཧྲིག་ཧྲིག་བལྟ། །མིག་ནས་མཆི་མ་རེ་གཉིས་འདོར། །གྲོགས་མེད་གཅིག་པུར་ཕྱི་མར་འགྲོ། །དེ་ཕྱིར་འཆི་བའི་

p. 334

སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གཞན་ཡང་མི་ཡི་སྡུག་བསྔལ་ནི། །མི་མཐུན་དགྲ་དང་ཕྲད་པ་དང་། །ཕྲད་ཀྱིས་དོགས་པའི་སྡུག་བསྔལ་དང་། །ཡིད་འོང་གཉེན་བཤེས་བྲལ་བ་དང་། །འབྲལ་གྱིས་དོགས་པའི་སྡུག་བསྔལ་དང་། །ཕྱུགས་ལ་ཇག་རྐུན་གོར་ལ་སོགས། །བྱུང་དང་འབྱུང་དོགས་སྡུག་བསྔལ་དང་། །ལོ་ཏོག་སད་སེར་ལ་སོགས་ཀྱིས། །བཅོམ་དང་བཅོམ་དོགས་སྡུག་བསྔལ་དང་། །ཕྱུག་པོས་རྟ་ནོར་ལུག་གསུམ་གྱི། །འཚོ་སྐྱོང་མི་ཐུབ་སྡུག་བསྔལ་དང་། །དབུལ་བོས་ཟས་ནོར་ཨེ་རྙེད་ཕྱིར། །ཁྱི་བཞིན་ཉུལ་བའི་སྡུག་བསྔལ་དང་། །ཞ་ལོང་འོན་པ་ལྐུགས་པ་དང་། །བྲན་གཡོག་འགྱུར་བའི་སྡུག་བསྔལ་དང་། །ན་ཚ་བཀྲེས་སྐོམ་འཐབ་རྩོད་དང་། །གཏུགས་གཤེར་ལ་སོགས་སྡུག་བསྔལ་མང་། །དེ་ཕྱིར་མི་ཡི་སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །

p. 335

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ལྷ་མ་ཡིན་གྱི་སྡུག་བསྔལ་ནི། །ལྷ་ཡི་ལོངས་སྤྱོད་ཕུན་ཚོགས་ལ། །ཕྲག་དོགས་སྐྱེས་ནས་ལྷར་འཐབ་ཚེ། །ལྷ་ཡི་མཚོན་ཆས་གནོད་མང་བསྐྱལ། །ལ་ལ་གསོན་སྲེག་བྱེད་པ་དང་། །ཆུ་ལ་འཕེན་དང་མགོ་བོ་གཅོད། །སྙིང་འདོན་ནང་ཁྲོལ་རླུག་པ་སོགས། །སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། །ལས་ཀ་ཐམས་ཅད་དམག་ལ་བྱེད། །སྡུག་བསྔལ་ལན་ཅིག་ཙམ་མ་ཡིན། །ཉི་མ་རེ་རེ་བཞིན་དུ་མྱོང་། །དེ་ཕྱིར་ལྷ་མིན་སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འདོད་ལྷ་རྣམས་ཀྱི་སྡུག་བསྔལ་ནི། །འཆི་ལ་ཉེ་དུས་ལུས་མདངས་ཉམས། །སྟན་ལ་འདུག་སྙིང་མི་འདོད་ཅིང་། །མེ་ཏོག་ཕྲེང་བ་བརྙིངས་པ་སོགས། །འཆི་ལྟས་མང་བོ་བྱུང་བ་ན། །དེ་རྣམས་འཆི་ལྟས་ཡིན་པར་ཤེས། །འཆི་སྙམ་སེམས་སྡུག་

p. 336

མང་བོ་བྱེད། །ཕྱི་མར་གར་སྐྱེ་བརྟགས་ནས་ཤེས། །བརྟགས་ཚེ་དམྱལ་བ་ལྟ་བུ་ལ། །སྐྱེ་ན་སྐྱེས་དང་ཁྱད་མེད་པའི། །སྡུག་བསྔལ་ཞག་བདུན་སོགས་མྱོང་ལ། །ལྷ་ཡི་ཞག་པོ་ཉུང་ཤོས་ལ། །མི་ལོ་ཉིས་བརྒྱ་ལྔ་བཅུ་ཡོད། །སྡུག་བསྔལ་ཡུན་རིང་མྱོང་ནས་འཆི། །གཞན་ཡང་བསོད་ནམས་ཆེ་བའི་ལྷ། །ཆུང་བས་མཐོང་བས་སྤ་བཀོང་དང་། །སྟོབས་ཆེན་ལྷ་ཡིས་སྟོབས་ཆུང་ལྷ། །གནས་ནས་གཞན་ཡང་བསྐྱོད་པ་དང་། །ལྷ་མ་ཡིན་ལ་འཐབ་པའི་ཚེ། །སྡུག་བསྔལ་སྣ་ཚོགས་མྱོང་བ་ཡིན། །གཟུགས་ཁམས་གཟུགས་མེད་ཁམས་གཉིས་ན། །མངོན་གྱུར་སྡུག་བསྔལ་མེད་ན་ཡང་། །སྔོན་ལས་འཕེན་པ་ཟད་པ་ན། །འོག་ཏུ་ལྟུང་བའི་སྡུག་བསྔལ་ཡོད། །དེ་ཕྱིར་ལྷ་ཡི་སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ལས་དང་ཉོན་མོངས་རྣམ་གཉིས་ཀྱི། །དབང་དུ་གྱུར་ནས་འདི་བྱེད་པ། །ཐམས་ཅད་འདུ་བྱེད་སྡུག་བསྔལ་ཡིན། །དཔེར་ན་ཚ་བའི་རྨ་འབྲས་འདྲ། །འདི་ཡི་ཐབས་ནི་སྣ་ཚོགས་ཀྱིས། །

p. 337

སྡུག་བསྔལ་དུ་མ་བསྐྱེད་པས་ན། །སྡུག་བསྔལ་གཞན་གཉིས་བསྐྱེད་བྱེད་ཀྱི། །རྩ་བ་འདུ་བྱེད་སྡུག་བསྔལ་ཡིན། །འགྲོ་འདུག་བཟའ་བཏུང་ཉི་མ་དང་། །གྲིབ་མ་ཧ་ཅང་བསྟེན་དྲགས་ན། །སྡུག་བསྔལ་བསྐྱེད་པ་ལ་སོགས་པ། །འགྱུར་བའི་སྡུག་བསྔལ་ཟེར་བ་ཡིན། །དཔེར་ན་རྨ་འབྲས་ཆུ་བསིལ་བས། །བཏབ་ན་བར་དེར་བདེ་སྣང་ཡང་། །འགྱུར་ནས་སྡུག་བསྔལ་བསྐྱེད་པ་འདྲ། །མུ་གེའི་ཐོག་ཏུ་ནད་ཡམས་དང་། །མཛེ་ཡི་ཐོག་ཏུ་ཕོལ་མིག་དང་། །གྲང་ནད་ཐོག་ཏུ་ཚད་ནད་དང་། །རྒས་པའི་ཐོག་ཏུ་ན་ཚ་གཞན། །བྱུང་བ་ལྟ་བུ་སྡུག་བསྔལ་གྱི། །སྡུག་བསྔལ་ཡིན་པས་འགྲོ་བ་དྲུག །སྡུག་བསྔལ་གསུམ་གྱིས་མནར་ཚུལ་ལ། །བསམས་ན་འགྲོ་བ་འདི་དག་ཀུན། །ཐམས་ཅད་སྡུག་བསྔལ་ཕུང་བོར་འདུག །དེ་ཕྱིར་སྡུག་བསྔལ་གསུམ་གྱི་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕུང་བོ་འདི་ཡིས་རྒས་པ་དང་། །ན་དང་འཆི་བ་ལ་སོགས་པ། །

p. 338

ཚེ་འདིའི་སྡུག་བསྔལ་ཀུན་གྱི་སྣོད། །བྱེད་དང་ཕྱི་མའི་སྡུག་བསྔལ་གྱི། །སྣ་འདྲེན་བྱེད་ཅིང་སྡུག་བསྔལ་གྱི། །སྡུག་བསྔལ་འགྱུར་བའི་སྡུག་བསྔལ་གཉིས། །འདི་ཕྱི་གཉིས་ཀར་འདྲེན་པར་བྱེད། །ཕུང་བོ་གྲུབ་ན་འདུ་བྱེད་ཀྱི། །སྡུག་བསྔལ་རྟག་ཏུ་འགྲོགས་པས་ན། །དཔེར་ན་ཁུར་ཆེན་ཞིག་འཁུར་བ། །མ་ཕོག་བར་དུ་བདེ་མེད་བཞིན། །ཕུང་བོ་འདི་དག་མ་བྲལ་བར། །སྡུག་བསྔལ་མ་གཏོགས་བདེ་བ་མེད། །དེ་ཕྱིར་སྡུག་བསྔལ་ཕུང་བོ་འདི། །སྤངས་ནས་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་354བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གཞན་ཡང་འཁོར་བའི་གནས་འདི་ན། །དགྲ་རྣམས་གཉེན་དུ་འགྱུར་བ་དང་། །གཉེན་རྣམས་དགྲ་རུ་འགྱུར་འགྲོ་བས། །ཕན་གནོད་བྱེད་ལ་ཡིད་བརྟན་མེད། །སྐྱེ་བ་འཕོས་ནས་དགྲ་གཉེན་གཉིས། །གོ་ལྡོག་མ་ཟད་ཚེ་འདིར་ཡང་། །ཕན་ཚུན་འགྱུར་ནས་འགྲོ་བར་གདའ། །རེ་ཞིག་དགྲ་ཡང་མཛའ་བོར་འགྱུར། །དེ་བཞིན་མཛའ་བོའང་དགྲ་རུ་འགྱུར། །ཁ་ཅིག་བར་མར་འགྱུར་བ་དང་། །བར་མ་དེ་ཉིད་དགྲ་རུ་འགྱུར། །དེས་ན་ཡིད་

p. 339

བརྟན་མི་རུང་བས། །གཉེན་ལ་ཆགས་པ་དོན་མི་འདུག །སྔོན་ཆད་སེམས་ཅན་གཅིག་གིས་མ། །བྱས་ནས་ནུ་ཞོ་འཐུང་བ་དེ། །བསགས་ནས་རྒྱ་མཚོ་ཆེན་པོ་བཞི། །དེ་ཡི་ཚད་ཙམ་ཡོད་ཅེས་གསུངས། །དེ་བཞིན་སེམས་ཅན་ཐམས་ཅད་ཀྱིས། །མ་བྱས་ནུ་ཞོ་འཐུང་བ་དེ། །གཅིག་པུ་གཞལ་བར་ག་ལ་ནུས། །ད་ཡང་ཚེ་མཇུག་འདི་ཉིད་ལ། །ཐར་བའི་བཙན་ས་མ་ཟིན་ཕྱིན། །འཁོར་བའི་གནས་སུ་ཡང་འཁྱམས་ནས། །དེ་བས་ཆེས་མང་འཐུང་བུར་འགྱུར། །དེ་བཞིན་ལྷ་ཡི་བདུད་རྩི་སོགས། །འཁོར་བའི་བདེ་བ་ཅི་ཙམ་ཞིག །སྔོན་ཆད་སྤྱད་ཀྱང་མ་ཚིམས་པར། །ལྷག་པར་སྲེད་པ་ཆེར་འཕེལ་ནས། །བདེ་བ་དེ་དག་ཆ་ཙམ་ལ། །འགྲན་པར་མི་ཕོད་སྡུག་བསྔལ་མྱངས། །སྔོན་དུས་ཡང་ཡང་དམྱལ་བ་ཡི། །ཟངས་ཞུན་བསྐོལ་བ་གང་འཐུང་བ། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལ། །དེ་ཡི་ཆ་ཙམ་ཡོད་པ་མིན། །སྔོན་དུས་ཁྱི་དང་ཕག་གྱུར་ནས། །མི་གཙང་ཟོས་པ་གང་ཡིན་པ། །དབུས་ཀྱི་རི་ཡི་རྒྱལ་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །སྔོན་དུས་མཛའ་བཤེས་རྣམས་དང་བྲལ། །འཁོར་བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་རྣམས། །བསགས་ན་རྒྱ་མཚོ་ལས་ཀྱང་མང་། །སྔོན་དུས་ཕན་ཚུན་རྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤུངས་ན་མཐོ་ཚད་ལྷ་ཚངས་པའི། །འཇིག་རྟེན་

p. 340

ལས་ཀྱང་ཐལ་བར་འགྱུར། །ད་ཡང་ཐར་བའི་བཙན་ས་ཞིག །མ་ཟིན་ཕྱིན་ཆད་འཁོར་བའི་གནས། །ཡུན་རིང་འཁྱམས་ནས་སྡུག་བསྔལ་མྱོང་། །དེ་ཕྱིར་འཁོར་བའི་སྡུག་བསྔལ་མིང་། །མེད་པའི་ཐར་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྔོན་དུས་སེམས་ཅན་རེ་རེའི་ལུས། །བླངས་ནས་དོར་བའི་རུས་པ་རྣམས། །མ་གོད་ད་ལྟ་ཡོད་ན་ནི། །ལྷུན་པོའི་ཚད་དང་མཉམ་པ་ཡོད། །ལུས་ཐོབ་པ་ལ་ཡིད་བརྟན་356མེད། །རང་གི་མ་དང་མའི་མ་ཞེས། །བགྲང་བའི་ཆེད་དུ་ས་ཆེན་པོ། །རྒྱ་ཤུག་ཚིག་གུ་ཙམ་པ་བྱས། །བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །དེ་ཕྱིར་སེམས་ཅན་ཐམས་ཅད་ཀྱིས། །སྔོན་དུས་རང་གི་མ་རྐྱང་བ། །བྱས་པ་བགྲངས་ན་གྲངས་མི་ཆོད། །མ་དེ་རྣམས་ཀྱིས་མངལ་མི་གཙང་། །ནང་དུ་ཉལ་ནས་སྡུག་བསྔལ་མྱངས། །སྔོན་དུས་ཚངས་པ་བརྒྱ་བྱིན་དང་། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས། །འཇིག་རྟེན་པ་རྣམས་མཆོད་འོས་སུ། །གྱུར་ཀྱང་ལུས་ཀྱི་འཕེན་པ་ཟད། །སླར་ཡང་འཁོར་བའི་ཡང་བྲན་འགྱུར། །མཐོན་པོར་གྱུར་ཀྱང་ཡིད་བརྟན་མེད། །འཆི་

p. 341

དུས་གཅིག་པུར་གྲོགས་མེད་པར། །འཇིག་རྟེན་ཕ་རོལ་འགྲོ་དགོས་པས། །འགྲོགས་པའི་གྲོགས་ལ་ཡིད་བརྟན་མེད། །སྔོན་དུས་རབ་ལྷའི་བདུད་རྩི་དང་། །འབྲིང་མའི་ནུ་ཞོ་འཐུང་བ་དང་། །ཐ་མ་མི་གཙང་ཁྱི་ལུད་དང་། །ཁྲོ་ཆུ་ཁོལ་མ་ལ་སོགས་པ། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །མང་བ་འཐུངས་ཀྱང་བཟང་བོས་ཚིམས། །ཆོག་ཤེས་མ་བྱུང་ངན་པ་རྣམས། །འཐུངས་པས་སུན་ཏེ་ཞེན་མ་ལོག །ད་བར་མྱང་བ་དེས་ཆོག་གི །ད་ནི་དལ་འབྱོར་ལུས་ཐོབ་དུས། །འཁོར་བ་འདི་ལ་རྒྱབ་བསྟན་ནས། །ཐར་བའི་བདེ་བ་དོན་དུ་གཉེར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཁོར་བའི་སྡུག་བསྔལ་མྱོང་བའི་རྒྱུ། །ལས་ཉོན་གཉིས་ཡིན་ཁྱད་པར་དུ། །ཉོན་མོངས་འདི་ཉིད་གཙོ་བོ་ཡིན། །ཉོན་མོངས་རྩ་བ་བདག་འཛིན་ཡིན། །བདག་ཏུ་བཟུང་བ་ལ་བརྟེན་ནས། །བདག་གཞན་སོ་སོར་རིས་སུ་གཅོད། །དེ་ལྟར་བཅད་པ་ལ་བརྟེན་ནས། །རང་གི་ཕྱོགས་ལ་ཆགས་པ་དང་། །གཞན་གྱི་ཕྱོགས་ལ་ཞེ་སྡང་སྐྱེ། །དེ་ལ་བརྟེན་ནས་

p. 342

ཉོན་མོངས་པ། །བརྒྱད་ཁྲི་བཞི་སྟོང་ཐམས་ཅད་རྒྱས། །ཉོན་མོངས་དབང་གིས་ལས་བསགས་ནས། །སྔོན་དུས་རིགས་དྲུག་སོ་སོའི་ལུས། །བླངས་ནས་སྡུག་བསྔལ་སྣ་ཚོགས་པ། །ད་ལྟའི་བར་དུ་མྱང་བ་ཡིན། །ད་ཡང་ཉོན་མོངས་འདི་ཉིད་ལ། །དགྲ་རུ་བལྟས་ནས་མ་སྤངས་ཕྱིན། །སླར་ཡང་སྔར་བཞིན་ལས་བསགས་ནས། །འགྲོ་བ་རིགས་དྲུག་སོ་སོའི་ལུས། །བླངས་ནས་སྡུག་བསྔལ་མྱོང་བར་ངེས། །དེས་ན་ཉོན་མོངས་གང་བྱུང་བ། །དགྲ་རུ་བལྟས་ནས་སྤོང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཐར་བའི་བདེ་བ་དོན་གཉེར་ན། །བསླབ་པ་གསུམ་ལ་བསླབ་དགོས་ལ། །ཚུལ་ཁྲིམས་བསླབ་པས་ཉོན་མོངས་པ། །མངོན་གྱུར་ཐམས་ཅད་སུན་འབྱིན་ནུས། །ཏིང་འཛིན་བསླབ་པས་ཉོན་མོངས་པ། །མངོན་གྱུར་རྣམས་ཀྱི་མགོ་གནོན་ནུས། །ཤེས་རབ་བསླབ་པས་ཉོན་མོངས་པ། །ཐམས་ཅད་རྩ་བ་ནས་བཅད་དེ། །འབྲས་བུ་ཐར་བ་མྱ་ངན་ལས། །འདས་པ་ཐོབ་པར་བྱེད་ནུས་པས། །ཤེས་རབ་བསླབ་པ་རང་རྒྱུད་ལ། །སྐྱེ་བར་བྱེད་ལ་སེམས་ལས་རུང་། །ཏིང་འཛིན་

p. 343

བསླབ་པ་སྔོན་འགྲོ་དགོས། །ཏིང་འཛིན་བསླབ་པ་རང་རྒྱུད་ལ། །སྐྱེ་བར་བྱེད་པ་དེ་ལ་ཡང་། །སེམས་ནི་གཡེང་བ་མེད་པའི་ཕྱིར། །ཚུལ་ཁྲིམས་བསླབ་པ་སྔོན་འགྲོ་དགོས། །འདི་གསུམ་རྒྱུད་དང་འབྲས་བུའི་ཚུལ། །གོ་རིམ་མ་ལོག་ཉམས་བླངས་ན། །འཁོར་བའི་སྡུག་བསྔལ་ལས་གྲོལ་ནས། །ཐར་བའི་གོ་འཕང་ཐོབ་པར་འགྱུར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཁོར་བ་སྤྱི་ཡི་ཉེས་དམིགས་ཤེས། །སྲིད་པ་མཐའ་དག་མེ་འོབས་ལྟར། །མཐོང་ནས་ཉོན་མོངས་སྡུག་བསྔལ་བ། །ཉེ་བར་ཞི་བའི་ཐར་བ་ལ། །ཐོབ་འདོད་བློ་བསྐྱེད་བསླབ་གསུམ་ལ། །བསླབ་ན་འཁོར་བ་ལས་གྲོལ་བས། །ཐར་བ་ཐོབ་ནས་འཁོར་བའི་གནས། །སླར་ཡང་ལྟུང་བ་མ་ཡིན་ཡང་། །དེ་ཙམ་ཞིག་གིས་ཆོག་སྙམ་ནས། །མི་ཆོག་དཔེར་ན་ནག་ཅན་ཞིག །བཙོན་དུ་བཟུང་ནས་བཙོན་དོང་ལས། །ཐབས་ཀྱིས་བྲོས་ནས་ཐར་ན་ཡང་། །ནོར་རྫས་གང་ཡང་མེད་པ་བཞིན། །འཁོར་བའི་གནས་ནས་

p. 344

ཐར་ན་ཡང་། །སྐྱོན་ཟད་ཡོན་ཏན་རྫོགས་པ་ཡིན། །ཕྱོགས་རེ་བ་ཡིན་རང་གི་དོན། །ཡོངས་སུ་རྫོགས་པ་ཞིག་བྱེད་ན། །སྐྱོན་རྣམས་ཀུན་ཟད་ཡོན་ཏན་ཀུན། །རྫོགས་པའི་སངས་རྒྱས་ཐོབ་དགོས་ལ། །གཞན་ཡང་དཔེར་ན་མ་བུ་གཉིས། །མེ་དོང་ལྷུང་ན་བུ་དོང་ཁར། །ཐོན་པའི་ཐབས་བྱས་ཐོན་ཙ་ན། །ཨ་མ་ནང་ན་གནས་པ་དེ། །མི་ལེན་ཡལ་བར་དོར་གྱུར་ན། །བུ་དེ་ཤིན་ཏུ་ཁྲེལ་ཆུང་བཞིན། །འཁོར་བའི་སྡུག་བསྔལ་ལ་སྤྱོད་པའི། །སེམས་ཅན་ཐམས་ཅད་དྲིན་ཅན་མ། །ཡིན་པས་རང་ཉིད་ཐར་བ་ཙམ། །དོན་དུ་གཉེར་ནས་ཐར་ཙ་ན། །སེམས་ཅན་འཁོར་བར་གནས་པ་རྣམས། །ཡལ་བར་དོར་ནས་བསྡད་གྱུར་ན། །དེ་ལས་ཁྲེལ་ཆུངགཞན་ན་མེད། །མ་གྱུར་སེམས་ཅན་ཐམས་ཅད་ཀྱང་། །འཁོར་བའི་སྡུག་བསྔལ་ལས་སྒྲོལ་དགོས། །དེ་ལྟར་འགྲོ་བ་གཞན་གྱི་དོན། །བྱེད་ཀྱང་སངས་རྒྱས་ཐོབ་དགོས་པས། །དེས་ན་རང་གཞན་འཚེངས་པ་ཡི། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་དོན་དུ་གཉེར་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སེམས་ཅན་ངོས་

p. 345

ནས་བདེ་བ་འདོད། །སྡུག་བསྔལ་མི་འདོད་མཚུངས་པས་ན། །སེམས་ཅན་འགའ་ཞིག་ཉེ་བར་བཟུང་། །ཕན་འདོགས་གནོད་པ་སེལ་བ་དང་། །འགའ་ཞིག་རིང་བར་བཟུང་ནས་གནོད། །ཕན་པ་མི་འཚོལ་ཡེ་མི་རིགས། །རང་གི་ངོས་ནས་ཚེ་འཁོར་བ། །ཐོག་མ་མེད་ནས་ད་ལྟའི་བར། །སེམས་ཅན་ཐམས་ཅད་ལན་མང་བོར། །བདག་གི་གཉེན་དུ་མ་གྱུར་མེད། །དེས་ན་སེམས་ཅན་གང་ལ་ཆགས། །སེམས་ཅན་གང་ལ་སྡང་བར་བྱ། །སྙམ་དུ་ཉེ་རིང་ཆགས་སྡང་སྤོངས། །ད་ལྟའི་ཕ་མ་སྤུན་ཟླ་སོགས། །ཡིད་དུ་འོང་བའི་གཉེན་རྣམས་ཀྱིས། །ཚེ་རབས་སྔོན་མ་མང་བོ་ལ། །དགྲ་རུ་གྱུར་པའི་གྲངས་མི་ཆོད། །དགྲ་ནམ་བྱས་དུས་རང་ཉིད་ལ། །མི་འདོད་གནོད་པ་ཚད་མེད་བསྐྱལ། །ད་ལྟའི་དགྲ་སོགས་རང་ཡིད་དུ། །མི་འོང་བས་ཀྱང་ཚེ་སྔོན་དུས། །རང་གི་ཕ་མ་སྤུན་ཟླ་དང་། །བུ་དང་བུ་མོ་ཆུང་མ་སོགས། །བྱས་པ་གྲངས་ཀྱིས་མི་ཆོད་པས། །བྱས་དུས་ཕན་པ་ཚད་མེད་བཏགས། །མི་འདོད་གནོད་པ་རྣམས་ལས་བསྐྱབས། །དེས་ན་དགྲ་གཉེན་གང་ལ་ཡང་། །ཉེ་རིང་ཆགས་སྡང་བྱེད་པ་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་

p. 346

འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཁོར་བ་ཐོག་མ་མ་མཆིས་པས། །བདག་གི་སྐྱེ་བའང་ཐོག་མ་མེད། །ཡུལ་འདིར་མ་སྐྱེས་བྱ་བ་དང་། །ལུས་འདི་མ་བླངས་བྱ་བའང་མེད། །སེམས་ཅན་ཐམས་ཅད་ཕ་དང་མ། །ཕུ་ནུ་སྲིང་མོ་ལ་སོགས་པ། །མ་བྱས་གཅིག་མེད་ཁྱད་པར་དུ། །སེམས་ཅན་རེ་རེའི་མིའི་རྟེན་ལ། །བདག་མ་མ་བྱས་གཅིག་ཀྱང་མེད། །ལན་གྲངས་མང་བོར་མ་བྱས་པ། །བགྲངས་ན་གྲངས་ཀྱིས་ཆོད་མི་འགྱུར། །དེ་ཡི་རྒྱུ་མཚན་སངས་རྒྱས་ཀྱི། །ཡུམ་གྱིས་སྐུ་ཚེ་མང་བོ་རུ། །མ་བྱས་གསུངས་ཤིང་གང་ཟག་གཞན། །དེ་ཡང་དེ་ལྟར་བྱས་གསུངས་པ། །སངས་རྒྱས་གསུང་ལ་བསླུ་བ་མེད། །དེས་ན་སེམས་ཅན་ཐམས་ཅད་མ། །ཡིན་ལ་ཡིན་པར་ཤེས་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སེམས་ཅན་རྣམས་ཀྱིས་མ་བྱས་དུས། །ཚེ་འདིའི་མ་ཡིས་བསྐྱངས་པ་བཞིན། །ཟླ་བཅུའི་བར་དུ་མངལ་དུ་བཟུང་། །བཙས་དུས་འཇམ་པའི་སྟན་ལ་བཞག །

p. 347

རབ་ཏུ་བརྩེ་བས་ལག་ཏུ་བླངས། །འཇམ་པོ་ཤ་ཡི་དྲོད་ལ་བསླན། །མངར་བའི་ནུ་ཞོ་ཡང་ཡང་བླུད། །བྱམས་པའི་མིག་གིས་ངོ་ཚོ་བལྟས། །ལོ་ལོ་གཅེས་གོ་སེམས་རྟེན་འདིར། །ཤོག་ཟེར་སྙན་པའི་མིང་ནས་བོས། །སྣབས་ནི་ཁས་ཕྱིས་མི་གཙང་བ། །ལག་པས་དོར་ནས་ཆུང་དུས་བསྐྱངས། །ཆེར་སོང་ཟས་གོས་གང་ཡོད་པ། །རང་གིས་སྤྱད་པར་མི་ཕོད་ཀྱང་། །བུ་ལ་དགའ་ཞིང་སྤྲོ་བཞིན་བྱིན། །མདོར་ན་ཕན་པ་དཔག་མེད་བཏགས། །གནོད་པ་ཚད་མེད་ལས་བསྐྱབས་པས། །སེམས་ཅན་ཐམས་ཅད་དྲིན་ཅན་ཡིན། །སྔོན་ཚེ་བདག་གི་མ་བྱས་པས། །སེམས་ཅན་རྣམས་ཀྱི་ལུས་སྲོག་ཀྱང་། །རང་གི་དོན་དུ་དོར་བ་མང་། །དཔེར་ན་ལྟོགས་དུས་གང་ལ་ཡང་། །ཟས་བྱིན་པ་ལ་ཁྱད་མེད་བཞིན། །ཚེ་འདིའི་མ་དང་ཚེ་སྔོན་མས། །དྲིན་གྱིས་བསྐྱངས་ལ་ཁྱད་མེད་པར། །དེས་ན་འགྲོ་ཀུན་དྲིན་ཅན་མ། །ཡིན་ལ་ཡིན་པར་ཤེས་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མ་གྱུར་སེམས་ཅན་ཐམས་

p. 348

ཅད་ཀྱིས། །ཡང་ཡང་དྲིན་གྱིས་བསྐྱངས་ལན་དུ། །རང་གིས་དྲིན་གཟོ་ཞིག་བྱེད་དགོས། །སེམས་ཅན་འཕྲལ་ཕུགས་བདེ་སྐྱིད་ན། །དྲིན་གཟོ་མེད་ཀྱང་སྐྱོན་མེད་མོད། །དེ་ལྟར་མ་ཡིན་སེམས་ཅན་རྣམས། །གནས་སྐབས་མཐར་ཐུག་བདེ་བས་ཕོངས། །སྡུག་བསྔལ་དུ་མས་མནར་བ་ལ། །དྲིན་གཟོ་བྱེད་དགོས་དྲིན་གཟོ་ལ། །སེམས་ཅན་ཐམས་ཅད་འཁོར་བ་ལས། །བསྒྲལ་ནས་ཐར་བའི་གོ་འཕང་ལ། །འགོད་པར་བྱའོ་སྙམ་དུ་སྒོམས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རང་གི་ཚེ་འདིའི་མ་ཡིས་གཙོ། །བྱས་པའི་སེམས་ཅན་ཐམས་ཅད་ལ། །ཟག་མེད་བདེ་བ་ཕར་ལ་ཞོག །ཟག་བཅས་བདེ་བ་ཙམ་ཡང་མེད། །བདེ་བ་འདོད་ནའང་བདེ་བའི་རྒྱུ། །སྒྲུབ་མ་ཤེས་པར་སྡུག་བསྔལ་རྒྱུ། །བསྒྲུབས་པས་བདེ་བ་མེད་པའི་ཁར། །སྡུག་བསྔལ་དུ་མའི་རྒྱུ་གསོག་པའི། །མ་གྱུར་སེམས་ཅན་བདེ་བ་དང་། །བདེ་རྒྱུ་ལྡན་ན་ཅི་མ་རུང་། །སེམས་ཅན་ཐམས་ཅད་བདེ་བ་དང་། །བདེ་བའི་རྒྱུ་དང་ལྡན་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་། །བདེ་བའི་རྒྱུ་དང་ལྡན་པར་བྱ། །སྙམ་

p. 349

དུ་བྱམས་པ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བྱམས་པ་བསྒོམས་པའི་ཕན་ཡོན་ནི།། ལྷོ་ཕྱོགས་འཛམ་བུའི་གླིང་ཙམ་ལ། །བྱམས་པ་བསྒོམས་ན་དེར་དབང་བའི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། །གླིང་གཉིས་བསྒོམས་ན་དེར་དབང་བའི། །ཟངས་ཀྱི་འཁོར་ལོས་སྒྱུར་རྒྱལ་འགྱུར། །གསུམ་ལ་བསྒོམས་ན་དེར་དབང་བའི། །དངུལ་གྱི་འཁོར་ལོས་སྒྱུར་རྒྱལ་འགྱུར། །གླིང་བཞིར་བསྒོམས་ན་དེར་དབང་བའི། །གསེར་གྱི་འཁོར་ལོས་སྒྱུར་རྒྱལ་འགྱུར། །སྟོང་ནི་དང་པོ་གཉིས་པ་ལ། །བསྒོམས་ན་དེར་དབང་བདག་པོར་འགྱུར། །སྟོང་གསུམ་པོ་ལ་བསྒོམས་གྱུར་ན། །དེ་ལ་དབང་བའི་ཚངས་པར་འགྱུར། །སེམས་ཅན་ཐམས་ཅད་ལ་བསྒོམས་ན། །སངས་རྒྱས་གོ་འཕང་ཐོབ་པར་གསུངས། །དེས་ན་སེམས་ཅན་ཐམས་ཅད་ལ། །རྒྱུན་དུ་བྱམས་པ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་

p. 350

དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དམྱལ་བའི་ཚ་གྲང་སྡུག་བསྔལ་རྣམས། །མྱོང་བའི་འགྲོ་ཀུན་སྙིང་རེ་རྗེ། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་རྣམས། །མྱོང་བའི་འགྲོ་ཀུན་སྙིང་རེ་རྗེ། །དུད་འགྲོའི་བཀོལ་སྤྱོད་སྡུག་བསྔལ་རྣམས། །མྱོང་བའི་འགྲོ་ཀུན་སྙིང་རེ་རྗེ། །མི་ཡི་སྐྱེ་རྒ་ན་འཆི་སྡུག །མྱོང་བའི་འགྲོ་ཀུན་སྙིང་རེ་རྗེ། །ལྷ་མིན་འཐབ་རྩོད་སྡུག་བསྔལ་རྣམས། །མྱོང་བའི་འགྲོ་ཀུན་སྙིང་རེ་རྗེ། །ལྷ་ཡི་འཕོ་ལྟུང་སྡུག་བསྔལ་རྣམས། །མྱོང་བའི་འགྲོ་ཀུན་སྙིང་རེ་རྗེ། །མ་གྱུར་འགྲོ་བ་མ་ལུས་པ། །འཁོར་བའི་སྡུག་བསྔལ་སྡུག་བསྔལ་གྱི། །རྒྱུ་དང་བྲལ་ན་ཅི་མ་རུང་། །འགྲོ་ཀུན་འཁོར་བའི་སྡུག་བསྔལ་དང་། །སྡུག་བསྔལ་རྒྱུ་དང་བྲལ་བར་བྱ། །སྙམ་དུ་སྙིང་རྗེ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྙིང་རྗེ་བསྒོམས་པའི་ཕན་ཡོན་ནི། །

p. 351

སྙིང་རྗེ་ཆེན་པོ་ཞིག་སྐྱེས་ན། །མ་གྱུར་སེམས་ཅན་འཁོར་བ་ལས། །སྒྲོལ་ཕྱིར་དམ་བཅའ་བྱེད་པར་ནུས། །དེ་ལྟར་དམ་བཅས་པ་དེ་ཡང་། །ཚོགས་གཉིས་ཆེན་པོ་མ་བསླབས་པར། །མི་འགྲུབ་མཐོང་ནས་བྱ་དཀའ་བའི། །ཚོགས་ཆེན་གསོག་ལ་སེམས་ཀྱི་དཔའ། །མི་ཞུམ་ངེས་པར་འཇུག་པར་ནུས། །ཞུགས་ན་རིང་བོར་མི་ཐོགས་པར། །མྱུར་དུ་ཚོགས་གཉིས་ཡོངས་རྫོགས་ནས། །སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །སངས་རྒྱས་ཐོབ་ནས་ཐེག་དམན་བཞིན། །ཞི་བར་མི་གནས་འཁོར་བ་ནི། །མ་སྟོངས་བར་དུ་རིགས་དྲུག་གི །འགྲོ་བ་རྣམས་ཀྱི་དོན་མཛད་པའང་། །སྙིང་རྗེ་ཆེན་པོའི་མཐུ་ཡིན་ནོ། །དཔེར་ན་འཁོར་ལོས་སྒྱུར་རྒྱལ་གྱི། །འཁོར་ལོ་རིན་ཆེན་གང་ཡོད་སར། །དཔུང་གི་ཚོགས་རྣམས་ཡོད་པ་བཞིན། །སྙིང་རྗེ་ཆེན་པོ་གར་ཡོད་དེར། །སངས་རྒྱས་ཆོས་ཀུན་ཡོད་པ་བཞིན། །སྲོག་གི་དབང་བོ་མཆིས་གྱུར་ན། །དབང་བོ་གཞན་རྣམས་མཆིས་པ་བཞིན། །སྙིང་རྗེ་ཆེན་པོ་མཆིས་གྱུར་ན། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་། །མཆིས་པར་འགྱུར་ཞེས་གསུངས་པའི་ཕྱིར། །སྙིང་རྗེ་རྒྱུན་དུ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །

p. 352

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཁོར་བ་སྤྱི་དང་ངན་སོང་གི །སྡུག་བསྔལ་བཟོད་མེད་མྱོང་བ་ཡི། །མ་གྱུར་སེམས་ཅན་མ་ལུས་པ། །སྡུག་བསྔལ་དེ་དག་ཐམས་ཅད་དང་། །བདག་གིས་མྱུར་དུ་བྲལ་བར་བྱ། །ཟག་བཅས་ལྷ་མིའི་བདེ་བ་དང་། །ཟག་མེད་ཐར་བའི་བདེ་བ་ཡིས། །ཕོངས་པའི་མ་གྱུར་སེམས་ཅན་ཀུན། །བདེ་བ་ཕུན་སུམ་ཚོགས་པ་དང་། །བདག་གིས་ལྡན་པ་ཞིག་བྱའོ། །སྙམ་དུ་ལྷག་བསམ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ད་ལྟ་རང་གིས་གཞན་གྱི་དོན། །བྱེད་པ་ཕར་ཞོག་རང་དོན་ཡང་། །མ་གྲུབ་འདུག་པས་སེམས་ཅན་གཞན། །དོན་བྱེད་པ་ལ་འཚང་རྒྱ་དགོས། །རང་དོན་མཐར་ཕྱིན་ཞིག་བྱེད་ནའང་། །སངས་རྒྱས་གོ་འཕང་ཐོབ་དགོས་ཏེ། །སངས་རྒྱས་སྐུ་ལ་མཚན་དཔེ་ལྡན། །རབ་མཛེས་ལྟ་བས་ཆོག་མི་ཤེས། །གསུང་དབྱངས་སྙན་ཅིང་འགྲོ་བ་གཞན། །སོ་

p. 353

སོའི་སྐད་དུ་ཆོས་སྟོན་ནུས། །ཐུགས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན། །ཐུགས་རྗེས་འགྲོ་ལ་ཉེ་རིང་མེད། །འཕྲིན་ལས་འབད་མེད་ལྷུན་གྲུབ་པའི། །སྐུ་གསུང་ཐུགས་ཀྱི་འོད་ཟེར་རེ། །སྤྲོས་ཀྱང་སེམས་ཅན་དཔག་ཏུ་མེད། །སངས་རྒྱས་ས་ལ་འགོད་པར་ནུས། །དེས་ན་ཚེ་འདིའི་དྲིན་ཅན་མ། །གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི། །དོན་དུ་མྱུར་བ་མྱུར་དུ་བདག །སངས་རྒྱས་གོ་འཕང་ཐོབ་པར་བྱ། །སྙམ་དུ་སྨོན་པ་སེམས་བསྐྱེད་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རང་ཉིད་ཐོག་མར་སངས་རྒྱས་ཀྱི། །གོ་འཕང་ཐོབ་པར་བྱེད་པའི་ཐབས། །སྦྱིན་སོགས་བྱང་ཆུབ་སེམས་དཔའ་ཡི། །བསླབ་བྱ་རྣམས་ལ་མ་བསླབས་ན། །སྐྱོན་རྣམས་ཀུན་ཟད་ཡོན་ཏན་ཀུན། །ལྡན་པའི་སངས་རྒྱས་མི་ཐོབ་པར། །མཐོང་ནས་ཆགས་མེད་སྦྱིན་གཏོང་དང་། །ཉམས་མེད་ཚུལ་ཁྲིམས་བསྲུང་བ་དང་། །སྐྱོ་མེད་དགེ་ལ་བརྩོན་འགྲུས་དང་། །ཁྲོ་མེད་བཟོད་པ་བསྒོམ་པ་དང་། །གཡེང་མེད་བསམ་གཏན་

p. 354

བསྒོམ་པ་དང་། །འཆལ་མེད་ཤེས་རབ་བསྐྱེད་པ་སོགས། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །བསམ་པ་ཐག་པས་སློབ་པར་བྱ། །སྙམ་དུ་འཇུག་པ་སེམས་བསྐྱེད་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕན་ཡོན་སེམས་བསྐྱེད་བྱས་པ་ན། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྲས་སུ་གྱུར་པས་དགྲ་བཅོམ་རྣམས། །རིགས་གྱི་སྒོ་ནས་ཟིལ་གྱིས་གནོན། །འཇིག་རྟེན་ལྷ་དང་མི་རྣམས་ཀྱི། །ཕྱག་དང་མཆོད་པའི་གནས་སུ་འགྱུར། །འཁོར་ལོས་སྒྱུར་རྒྱལ་བསྲུང་བ་ཡི། །སྲུང་མ་ཉིས་འགྱུར་གྱིས་ནི་བསྲུང་། །གཉིད་ལོག་མྱོས་དང་བག་མེད་པར། །གྱུར་ཀྱང་གནོད་སྦྱིན་མི་མ་ཡིན། །གཉུག་མར་གནས་པས་གནོད་མི་ནུས། །ཡམས་དང་འགོ་བའི་ནད་ཞི་བར། །བྱེད་པའི་གསང་སྔགས་རིགས་སྔགས་ཚིག །གང་ཟག་གཞན་གྱིས་མ་གྲུབ་པའང་། །བྱང་ཆུབ་སེམས་ལྡན་གང་ཟག་གིས། །འགྲུབ་པར་འགྱུར་ན་གང་ཟག་གཞན། །རྣམས་ཀྱིས་འགྲུབ་པ་སྨོས་ཅི་དགོས། །དེ་ཉིད་གནས་སར་འཇིགས་པ་དང་། །མུ་གེ་མི་མིན་གནོད་པ་

p. 355

རྣམས། །མི་འབྱུང་སྔར་བྱུང་ཞི་བར་འགྱུར། །སངས་རྒྱས་ཞིང་ཁམས་མ་ལུས་པ། །གང་གི་རིན་ཆེན་ཀྱིས་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གི་ལག་གཉིས་ཐལ་མོ་སྦྱར། །བྱང་ཆུབ་སེམས་བསྐྱེད་བྱས་པ་ན། །དེ་ནི་ཁྱད་པར་འཕགས་ཞེས་གསུངས། །རྡོ་རྗེ་གདན་ལ་ཇོ་བོ་ཡིས། །སྐོར་བ་མཛད་ཅིང་ཅི་བྱས་ན། །སངས་རྒྱས་ཐོབ་སྙམ་དགོངས་པ་ན། །སྐུ་གཟུགས་ཆུང་བས་ཆེ་བ་ལ། །མྱུར་དུ་སངས་རྒྱས་འདོད་པ་ཡི། །གང་ལ་བསླབ་ཞེས་དྲིས་པའི་ཚེ། །སྐུ་གཟུགས་ཆེ་བས་བྱང་ཆུབ་ཀྱི། །སེམས་ལ་བསླབ་པར་བྱ་དགོས་གསུངས། །གནྡྷོ་ལ་ཡི་ནམ་མཁའ་ན། །བུད་མེད་རྒན་མ་ཞིག་འདུག་པར། །གཞོན་མ་ཞིག་གིས་དྲིས་པར་ཡང་། །ལན་ཡང་སྔར་ལྟར་མཛད་པར་སྐད། །དེས་ན་མྱུར་དུ་འཚང་རྒྱ་སོགས། །བྱང་ཆུབ་སེམས་ཀྱི་བསོད་ནམས་ལ། །གཟུགས་སུ་གྲུབ་རྒྱུ་ཞིག་ཡིན་ན། །ནམ་མཁའ་ལ་ཡང་ཤོང་མི་འགྱུར། །དེས་ན་རྒྱུན་དུ་སེམས་བསྐྱེད་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་

p. 356

གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སེམས་ཅན་ངོས་ནས་བྱ་སྤྱོད་ནི། །ཅི་ཞིག་འདྲ་ཡང་རང་ངོས་ནས། །སེམས་ཅན་གཅིག་ཀྱང་བློས་མི་སྤོང་། །སེམས་བསྐྱེད་གོང་དུ་འཕེལ་ཕྱིར་དུ། །དཀོན་མཆོག་གསུམ་ལ་མཆོད་པ་སོགས། །ཚོགས་གསོག་བྱེད་ལ་བརྩོན་པར་བྱ། །གཞན་ཡང་བླ་མ་གྲོགས་སོགས་ལ། །ཐ་ན་ཀུ་རེ་བཞད་གད་ཕྱིར། །རྫུན་གྱིས་མགོ་བསྐོར་བྱེད་པ་དང་། །དགེ་བ་བྱེད་པའི་གང་ཟག་ལ། །འགྱོད་པ་བསྐྱེད་དང་ཐེག་ཆེན་ལ། །ཞུགས་དང་བྱང་ཆུབ་སེམས་དཔའ་ལ། །ཞེ་སྡང་དབང་གིས་མི་སྙན་པའི། །ཚིག་སྨྲ་བ་དང་གཡོ་སྒྱུ་སོགས། །སེམས་བསྐྱེད་ཉམས་པའི་རྒྱུ་རྣམས་སྤངས། །མཆོག་དམན་བར་མ་གང་ལ་ཡང་། །ཐ་ན་བཞད་གད་ཕྱིར་དུ་ཡང་། །ཤེས་བཞིན་རྫུན་ཚིག་སྨྲ་བ་སྤོངས། །རང་གིས་གདུལ་བྱ་ཐེག་དམན་ལ། །མི་འཇུག་ཐེག་པ་ཆེན་པོར་འཇུག །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྟོན་པའི་འདུ་ཤེས་བསྐྱེད་པ་དང་། །དེ་དག་བསྔགས་པ་ཕྱོགས་བཞིར་བརྗོད། །སེམས་ཅན་རབ་འབྲིང་སུ་ལ་ཡང་། །གཡོ་སྒྱུ་བྱེད་པ་རྟག་ཏུ་སྤོངས། །བསམ་པ་དྲང་བོར་བྱེད་པ་སོགས། །སེམས་བསྐྱེད་འཕེལ་བའི་རྒྱུ་ལ་སློབས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །

p. 357

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རྙེད་བཀུར་གྲགས་པ་ལ་སོགས་ལ། །མི་བལྟ་བསམ་པ་བཟང་བོའི་སྒོས། །ཆོས་ཀྱིས་ཕོངས་པའི་སེམས་ཅན་ལ། །དམ་ཆོས་ཅི་ཤེས་སྟོན་པ་དང་། །གཞན་གྱིས་ཚིག་དོན་འདྲི་བའི་ཚེ། །དགའ་ཞིང་སྤྲོ་བཞིན་ཅི་ཤེས་སློབས། །ཕ་རོལ་དམ་ཆོས་སྣོད་རུང་དུ། །ཤེས་ཚེ་གླེང་མོའི་ཚུལ་གྱིས་ཀྱང་། །དེ་ལ་ཐོས་བསམ་སྒོམ་གསུམ་གྱིས། །ཤེས་རབ་བསྐྱེད་ན་ཅི་ཙམ་ཞིག །གཞན་ལ་བསྐྱེད་པ་དེ་ཙམ་གྱིས། །སྐྱེ་བ་ཕྱི་མར་རང་ཉིད་ལ། །ཤེས་རབ་སྐྱེ་བར་འགྱུར་བ་དང་། །ཆོས་སྦྱིན་ཟང་ཟིང་སྦྱིན་པ་ལས། །ཕན་ཡོན་ཤིན་ཏུ་ཆེ་བར་གསུངས། །དེས་ན་གཞན་གྱི་བློར་འཚམ་པའི། །དམ་ཆོས་སྟོན་ལ་འབད་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རྒྱལ་པོ་ཆོམ་རྐུན་ལ་སོགས་པའི། །མི་ཡི་འཇིགས་པ་སྟག་དྲེད་དང་། །དུག་སྦྲུལ་

p. 358

བྱ་དང་གཅན་གཟན་སོགས། །མི་མ་ཡིན་པའི་འཇིགས་པ་དང་། །ས་ཆུ་མེ་རླུང་ལ་སོགས་པའི། །འབྱུང་བའི་འཇིགས་པས་ཉེན་པ་ཡི། །སེམས་ཅན་ཐམས་ཅད་སྲོག་སྐྱོབ་གྱིས། །ཐ་ན་ཉམ་ཆུང་འབུ་སྲིན་ཡང་། །ཆུས་འཁྱེར་ཉི་མ་མེས་འཚིག་པ། །མཐོང་ན་དེ་དག་ཐབས་མཁས་ཀྱིས། །འཇིགས་པ་དེ་ལས་སྐྱོབ་པར་མཛོད། །བསྐྱབས་ན་ཕྱི་མར་རང་ཉིད་ནི། །འཇིགས་བྲལ་བདེ་བ་ཐོབ་པར་འགྱུར། །དེས་ན་འཇིགས་པས་ཉེན་པ་ཡི། །སེམས་ཅན་རབ་འབྲིང་གང་མཐོང་ཡང་། །འཇིགས་ལས་སྐྱོབ་ལ་འབད་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཁ་ལན་སྙན་གྲགས་ལ་སོགས་པ། །རེ་བ་སྤངས་ཏེ་སངས་རྒྱས་ཀྱི། །གོ་འཕང་འཐོབ་ཕྱིར་ལོངས་སྤྱོད་ཀྱིས། །བླ་མ་དཀོན་མཆོག་མཆོད་པ་དང་། །ངན་སློང་རྣམས་ལ་སྦྱིན་གཏོང་དང་། །ཆོས་མཛད་གྲོགས་ལ་ཕན་འདོགས་སོགས། །སེར་སྣ་མེད་པར་གཞན་དག་ལ། །གང་འོས་ཡོ་བྱད་གཏོང་བར་གྱིས། །གཏོང་རྒྱུ་མེད་དུས་བདག་ཡིད་ཀྱིས། །ཟས་གོས་གསེར་དངུལ་ནོར་བུ་སོགས། །མང་བོ་སྤྲུལ་ནས་སེམས་ཅན་ལ། །

p. 359

བྱིན་པས་ཕོངས་པའི་སེམས་ཅན་གྱིས། །འཛད་མེད་ལོངས་སྤྱོད་ཐུབ་པར་བསམ། །སྦྱིན་པ་བཏང་ན་གནས་སྐབས་སུ། །བདེ་སྐྱིད་སྙན་གསུམ་འབྱུང་བ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར། །དེས་ན་ལུས་དང་ལོངས་སྤྱོད་ལ། །ཆགས་པ་མེད་པར་གཏོང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་དགེ་བཅུ་སྤོང་ལ་སོགས་པའི། །ཇི་ལྟར་ཁས་བླངས་སྡོམ་པ་རྣམས། །མིག་འབྲས་བཞིན་དུ་བསྲུང་བར་གྱིས། །ཕྱིན་དྲུག་ལ་སོགས་དགེ་ཆོས་རྣམས། །རང་གི་རྒྱུད་ལ་མ་སྐྱེས་པ། །གསར་དུ་བསྐྱེད་ཅིང་སྐྱེས་ཟིན་པ། །ཉམས་པ་མེད་པར་གོང་འཕེལ་ཐོངས། །རང་གིས་ཚུལ་ཁྲིམས་སྲུང་བའི་སྒོས། །སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་སོགས། །དགེ་བ་རྣམ་པར་དག་པར་སྦྱོར། །སྨིན་གྲོལ་ལམ་ལ་འགོད་པར་གྱིས། །ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་ནི། །འབད་དང་རྩོལ་བ་མ་བྱས་ཀྱང་། །ཉེར་མཁོའི་ཡོ་བྱད་འདུ་བ་དང་། །སྟོབས་ཀྱིས་སྡིགས་པ་མེད་ན་

p. 360

ཡང་། །སྐྱེ་འགྲོ་ཐམས་ཅད་འདུད་པ་དང་། །ཕན་མ་བཏེགས་དང་ངོ་མི་ཤེས། །མིས་ཀྱང་ངང་གིས་བྱམས་པ་དང་། །རྐང་རྗེས་རྡུལ་ཡང་ལྷ་དང་མི། །རྣམས་ཀྱིས་སྤྱི་བོར་ལེན་པ་དང་། །མཆོད་པའི་ཞིང་དུ་འཁྱེར་བར་གསུངས། །བསྐལ་པ་གངྒའི་བྱེ་སྙེད་དུ། །ཟས་སྐོམ་རིན་པོ་ཆེ་ཡི་གདུགས། །བ་དན་མར་མེ་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ། །རིམ་གྲོ་བྱས་ལས་སངས་རྒྱས་ཀྱི། །བསྟན་པ་འཇིག་ལ་ཉེ་དུས་འདིར། །གང་གིས་ཉིན་མཚན་གཅིག་ཙམ་ལ། །ཚུལ་ཁྲིམས་བསྲུང་བ་བསོད་ནམས་ཆེ། །དེས་ན་མི་དགེ་བཅུ་སྤོང་སོགས། །ཚུལ་ཁྲིམས་ནམ་ཡང་མི་གཏང་བར། །མིག་བཞིན་བསྲུང་ལ་འབད་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རང་གི་ཞིང་ཁང་ནོར་རྣམས་དང་། །ཟས་གོས་གང་ཡང་གཞན་གྱི་མིས། །དངོས་སུ་འཕྲོག་གམ་འཕྲོག་ཏུ་བཅུག །འཇབ་བུས་བརྐུས་དང་བརྐུ་རུ་བཅུག །གཡར་བོ་བཅོལ་བོ་གཡོ་ཐབས་ཀྱིས། །ལེན་དང་སེམས་ལ་གནོད་པའི་ཚིག །ངན་པ་སྨྲ་དང་མཚང་འབྲུ་དང་། །རྡོ་མཚོན་དབྱུག་

p. 361

པས་བརྡུང་བ་དང་། །ཐ་ན་ཉེས་པ་ཅུང་ཟད་ཙམ། །མེད་པར་མགོ་བོ་གཅོད་ན་ཡང་། །སྔོན་གྱི་ལས་དང་འགྲོ་བ་ཀུན། །དྲིན་ཅན་ཕ་མ་ཡིན་ཚུལ་དང་། །ཁོང་ཁྲོ་སྐྱེས་པའི་ཉེས་དམིགས་དང་། །བཟོད་པའི་ཕན་ཡོན་རྣམས་བསམས་ནས། །ཁོང་ཁྲོ་སྐད་ཅིག་ཙམ་ཞིག་ཀྱང་། །མི་བསྐྱེད་སྐྱེ་བ་དུག་ལྟར་དུ། །སྤོངས་ལ་གནོད་པ་གང་བྱས་ཀྱང་། །ལན་དུ་ཕན་པ་བསྒྲུབ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དཔེར་ན་ནམ་ཞིག་གདོན་གྱིས་སྨྱོས། །རང་གིས་རང་ལ་བརྡེག་པ་དང་། །བུ་དང་བུ་མོ་ལ་སོགས་ལ། །རྡོ་དང་དབྱུག་པས་བརྡུང་བ་དང་། །ཚིག་ངན་སྨྲ་བ་སོགས་བྱས་ཀྱང་། །ཨ་མ་སྨྱོས་པ་ཤེས་བཞིན་དུ། །བུ་དང་བུ་མོ་གང་ཡིན་ཡང་། །ལན་དུ་ཁྲོ་བར་ག་ལ་རིགས། །མི་ཁྲོ་ཙམ་དུ་མ་ཟད་པར། །གདོན་དང་བྲལ་ཐབས་བྱེད་པ་བཞིན། །མ་གྱུར་སེམས་ཅན་ཉོན་མོངས་པའི། །གདོན་གྱིས་སྨྱོས་པས་དབང་མ་ཐོབ། །ལ་ལས་གཞན་ལ་མི་དགའ་བའི། །ཞེ་སྡང་ལ་སོགས་ཉོན་

p. 362

མོངས་པ། །སྐྱེས་ན་རང་ཉིད་ལྕེབས་པ་དང་། །མཚོན་གྱིས་འདེབས་དང་གཡང་ལ་མཆོང་། །རང་ལ་གནོད་པ་བྱེད་གྱུར་ན། །གཞན་ལ་བྱེད་པ་སྨོས་ཅི་དགོས། །དེས་ན་གཞན་གྱིས་གནོད་བྱས་ཀྱང་། །མ་གྱུར་སེམས་ཅན་ཉོན་མོངས་པའི། །གདོན་གྱིས་སྨྱོས་པ་ཤེས་བཞིན་དུ། །རང་ཉིད་ལན་དུ་ཁྲོ་མི་རིགས། །ལན་དུ་མི་ཁྲོ་ཙམ་མ་ཟད། །ཉོན་མོངས་གདོན་གྱིས་དབང་མེད་དུ། །སྨྱོས་པའི་མ་འདི་སྙིང་རེ་རྗེ། །མྱུར་དུ་ཉོན་མོངས་གདོན་འདི་དང་། །བྲལ་བར་གྱུར་ན་ཅི་མ་རུང་། །བྲལ་བར་གྱུར་ཅིག་བྲལ་བ་ཞིག །ད་ནི་བདག་གིས་བྱ་སྙམ་དུ། །དངོས་སུ་ཕ་རོལ་ཉོན་མོངས་པ། །ཞི་བའི་ཕན་འདོགས་བྱེད་པ་དང་། །དངོས་སུ་ཕན་འདོགས་མ་ཐུབ་ན། །ཡིད་ཀྱིས་སྙིང་རྗེ་ཤུགས་དྲག་བསྐྱེད། །གཏོང་ལེན་གཉིས་ཀ་མང་བོ་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རང་ལ་དབྱུག་པ་ལ་སོགས་ཀྱིས། །བརྡུངས་ཚེ་དངོས་སུ་གནོད་བྱེད་ལ། །ཁྲོ་ན་དབྱུག་པར་ཁྲོ་དགོས་ཏེ། །བརྒྱུད་པ་དེད་ན་དབྱུག་པ་དེ། །ཕ་རོལ་མི་དེས་རྦད་པ་བཞིན། །

p. 363

ཕ་རོལ་མི་དེ་ཉོན་མོངས་པའི། །གདོན་གྱིས་དབང་མེད་རྦད་པས་ན། །ཁྲོ་ན་ཕ་རོལ་མིའི་རྒྱུད་ཀྱི། །ཉོན་མོངས་པ་ལ་ཁྲོ་དགོས་སོམས། །ཡང་ན་རང་གི་སྔོན་ལས་ཀྱིས། །ཕ་རོལ་མི་དེ་དབང་མེད་དུ། །བསྐུལ་བ་ཡིན་པས་ཁྱོད་ཁྲོ་ན། །རང་ལ་ཁྲོ་དགོས་སྙམ་དུ་སོམས། །ད་ལྟ་སྡུག་བསྔལ་ཕྲ་མོ་ཙམ། །མི་བཟོད་ལན་དུ་ཁྲོས་གྱུར་ན། །ཁོང་ཁྲོའི་འབྲས་བུ་ཕྱི་མ་ལ། །མནར་མེད་དམྱལ་བའི་མེ་ནང་དུ། །རང་ཉིད་ལྷུང་ན་ཅི་ཞིག་བྱ། །ཅུང་ཟད་ཙམ་ཡང་བཟོད་པར་དཀའ། །སྙམ་དུ་རང་ལ་བརྡེག་པ་དང་། །ཚིག་ངན་སྣ་ཚོགས་སྨྲ་ན་ཡང་། །ཁྲོ་མེད་བཟོད་པ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གཞན་གྱིས་རང་ལ་གནོད་བྱེད་ཚེ། །གནོད་བྱེད་འདི་ཡིས་ཐོག་མེད་ནས། །བདག་གི་ཨ་མ་གྲངས་མེད་བྱས། །བྱས་དུས་སྡིག་སྡུག་གཏམ་ངན་དང་། །ལུས་སྲོག་གང་ལ་མ་འཛེམས་པར། །བདག་ལ་ཕན་པ་གྲངས་མེད་བྱས། །གནོད་པ་ཚད་མེད་པ་ལས་བསྐྱངས། །གནོད་བྱེད་

p. 364

འདི་ཉིད་དྲིན་ཅན་ཡིན། །བདག་ལ་བརྟེན་ནས་གནོད་བྱེད་འདིའི། །ཚེ་སྔོན་སྡུག་བསྔལ་མྱོང་བར་ངེས། །བདག་གིས་འདི་ཡི་དྲིན་ལན་དུ། །ད་ལྟ་གནོད་པ་ཕྲ་མོ་ཞིག །ཅིའི་ཕྱིར་མི་བཟོད་བཟོད་དགོས་འདུག །སྙམ་དུ་ཁྲོ་མེད་བཟོད་པ་བསྒོམ། །ད་ལྟ་ཁོ་རང་ཉོན་མོངས་པའི། །གདོན་གྱིས་ཡིད་དཀྲུགས་སྨྱོས་པ་ལ། །བདག་གི་སྔོན་ལས་ངན་པས་བསྐུལ། །འདི་ཡིས་བདག་ལ་གནོད་བྱས་ནས། །དེ་ཡི་འབྲས་བུ་ཕྱི་མ་ལ། །ངན་འགྲོའི་སྡུག་བསྔལ་འདི་མྱོང་ངེས། །བདག་ལ་བརྟེན་ནས་འདི་ཡིས་སྔོན། །སྡུག་བསྔལ་སྣ་ཚོགས་ཡུན་རིང་མྱངས། །ད་ཡང་བདག་ལ་བརྟེན་ནས་འདིས། །ཕྱི་མར་སྡུག་བསྔལ་མྱང་བར་ངེས། །དོན་ལ་བདག་ལ་འདི་ཉིད་ནི། །གནོད་བྱེད་མ་ཡིན་བདག་འདི་ལ། །གནོད་བྱེད་ཉིད་དུ་སོང་འདུག་པས། །ཨ་ཁ་ཤིན་ཏུ་སྙིང་རེ་རྗེ། །འདི་ལ་ཕན་པ་ཅི་ཞིག་བྱ། །སྙམ་དུ་སྙིང་རྗེ་ཤུགས་དྲག་བསྐྱེད། །དངོས་སུ་ཕན་པ་ཅི་ཐོགས་དང་། །ཡིད་ཀྱིས་གཏོང་ལེན་ཡང་ཡང་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

p. 365

ཟས་གོས་གནས་མལ་ལ་སོགས་ཀྱིས། །ཕོངས་དང་ན་ཚ་ལ་སོགས་པ། །བྱུང་དུས་འདི་ཉིད་ཚེ་རབས་སྔོན། །རང་གིས་ལས་ངན་བསགས་པ་ཡི། །འབྲས་བུ་ད་ལྟ་སྨིན་པ་ཡིན། །དཔེར་ན་གསོད་དགོས་ནག་ཅན་ཞིག །སོར་མོ་བཅད་ནས་བཏང་བ་བཞིན། །མི་ཡི་སྡུག་བསྔལ་ཆུང་ངུ་འདི། །ཙམ་ཞིག་མྱང་བ་ལ་བརྟེན་ནས། །ཕྱི་མར་དམྱལ་བར་སྐྱེ་བའི་ལས། །རྣམས་ཀྱང་དག་འགྲོ་སྙམ་དུ་སོམས། །མི་འདོད་སྡུག་བསྔལ་བྱུང་བའི་དུས། །བཟོད་པ་བསྒོམས་ན་སྔར་བྱས་ཀྱི། །སྡིག་སྒྲིབ་ཐམས་ཅད་འདག་པ་དང་། །ཚོགས་གསོག་པ་ལ་ཞུགས་པར་སོམས། །གནོད་བྱེད་འདི་ཉིད་དྲིན་རེ་ཆེ། །སྙམ་དུ་ཕན་པའི་དྲིན་གཟོ་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མ་གྱུར་སེམས་ཅན་ཀུན་དོན་དུ། །སངས་རྒྱས་གོ་འཕང་ཐོབ་པའི་ཕྱིར། །དམ་པའི་ལྷ་ཆོས་སྒྲུབ་པའི་དུས། །སྡུག་བསྔལ་གང་ཞིག་བྱུང་ན་ཡང་། །བཟོད་བསྲན་བསྐྱེད་པ་ལ་བརྟེན་ནས། །སངས་རྒྱས་གོ་

p. 366

འཕང་ཐོབ་པ་ལ། །ཤིན་ཏུ་ཉེ་བར་འགྱུར་བས་ན། །སྡུག་བསྔའ་གང་དང་འཕྲད་པའི་ཚེ། །དབུ་བོ་གཏེར་དང་འཕྲད་པ་བཞིན། །མི་དགའ་བྱུར་དུ་མི་བལྟ་བར། །དགའ་ཞིང་སྤྲོ་བ་དང་བཅས་ཏེ། །དང་དུ་བླངས་ནས་བཟོད་བསྲན་བསྐྱེད། །སྡུག་བསྔལ་འདི་ཉིད་མེད་ན་དགའ། །སྙམ་དུ་སྡུག་བསྔལ་མི་འདོད་ན། །ཕྱིན་ཆད་སྡུག་བསྔལ་རྒྱུ་སྤོངས་ཞེས། །བསྐུལ་མ་བྱས་པར་འདུག་སྙམ་དུ། །མི་དགེ་སྡིག་པ་སྤོང་བར་གྱིས། །བདེ་བ་འདོད་པའི་དུས་སྐབས་སུ། །བདེ་བ་འདོད་ན་བདེ་བའི་རྒྱུ། །ཚོགས་གསོག་མཛོད་ཅེས་བསྐུལ་མར་འདུག །སྙམ་དུ་ཚོགས་གསོག་ཅི་ཐུབ་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། །གང་ཟག་ཆོས་ཀྱི་བདག་མེད་དང་། །སངས་རྒྱས་བྱང་སེམས་རྣམས་མཐུ་དང་། །ལེགས་སྤྱད་ཉེས་སྤྱད་གཉིས་ཀྱི་རྒྱུ། །འབྲས་བུ་འདོད་དང་མི་འདོད་དང་། །ཐོབ་བྱ་བྱང་ཆུབ་ཐོབ་ཐབས་ཀྱི། །བྱང་སེམས་བསླབ་པའི་ལམ་རྣམས་དང་། །གསུང་རབ་ཡན་ལག་བཅུ་

p. 367

གཉིས་སོགས། །དམ་པའི་ལྷ་ཆོས་དེ་དག་ཀུན། །ཇི་ལྟར་ཡིན་ལ་ངེས་རྙེད་ནས། །འཛིན་ཅིང་ཡང་ཡང་སེམས་པར་གྱིས། །ཀླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བཟོད་པ་བསྒོམ་པའི་ཕན་ཡོན་ནི། །དགྲ་དང་འབྱེད་པ་མི་མང་ཞིང་། །བདེ་དང་ཡིད་བདེ་མང་བར་འགྱུར། །འགྱོད་པ་མེད་པར་འཆི་བ་དང་། །ཤི་ནས་བདེ་འགྲོར་སྐྱེ་བར་འགྱུར། །ཞེ་སྡང་དུག་སྦྲུལ་གསོད་པ་ལ། །བཟོད་པ་མཁའ་ལྡིང་ལྟ་བུ་ཡིན། །གནོད་སེམས་མེ་ཆེན་གསོད་པ་ལ། །བཟོད་པ་ཆུ་བོ་ལྟ་བུ་ཡིན། །ཚིག་རྩུབ་མདའ་ཡིས་མི་ཕུག་པར། །བཟོད་པ་གོ་ཆ་ལྟ་བུ་ཡིན། །ཁྱད་པར་འགྲོ་བ་རྣམས་ཀྱི་མིག །ཡིད་རབ་འཕྲོག་པའི་གསེར་མདོག་ཅན། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །མཛེས་པའི་གཟུགས་མཆོག་བསྒྲུབ་པ་ལ། །བཟོད་པ་བཟོ་བོ་མཁས་པ་འདྲ། །བཟོད་པའི་ཕན་ཡོན་བརྗོད་མི་ལང་། །དེས་ན་བཟོད་པ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །

p. 368

གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སེམས་ཅན་དོན་དུ་སངས་རྒྱས་ཀྱི། །གོ་འཕང་ཐོབ་ཕྱིར་བསྐལ་ཆེན་སྟོང་། །གཅིག་ལ་ཞག་ཏུ་བྱས་པ་ཡིས། །ཞག་པོ་སུམ་ཅུ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལོ་བྱས་པས། །བསྐལ་ཆེན་གྲངས་མེད་འབུམ་ཕྲག་རེ། །སེམས་ཅན་གཅིག་གི་ཕྱིར་དུ་ཡང་། །མནར་མེད་དམྱལ་བའི་མེ་ནང་དུ། །གནས་ནས་སངས་རྒྱས་བསྒྲུབ་དགོས་ཀྱང་། །བརྩོན་པ་ནམ་ཡང་མི་འདོར་བར། །བྱའོ་སྙམ་པའི་གོ་ཆ་གྱོན། །དེ་འདྲའི་གོ་ཆ་ཞིག་གྱོན་ནས། ཟབ་དང་རྒྱ་ཆེའི་དགེ་བའི་ཆོས། །རང་གི་རྒྱུད་ལ་སྡུད་པ་དང་། །འགྲོ་བ་གཞན་ཡང་དགེ་ལ་འགོད། །རང་གཞན་དོན་གང་བསྒྲུབ་ན་ཡང་། །གཉིད་དང་ལེ་ལོ་དབང་མི་གཏང་། །སྐྱོ་ངལ་མེད་པ་ཁྱིམ་པ་ཡིས། །སོ་ནམ་བྱེད་པ་ལྟ་བུར་གྱིས། །གང་ལ་འཇུག་ཀྱང་དཔའ་མི་ཞུམ། །དཔའ་བོ་གཡུལ་དུ་འཇུག་ལྟར་གྱིས། །བར་མཚམས་མེད་པར་གངྒཱ་སོགས། །ཆུ་བོ་ཆེན་པོའི་རྒྱུན་ལྟར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །

p. 369

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བརྩོན་འགྲུས་བྱས་པའི་ཕན་ཡོན་ནི། །སྐྱོ་མེད་བརྩོན་འགྲུས་ཆེ་བ་ཡིས། །མི་ཐོབ་མི་འགྲུབ་གང་ཡང་མེད། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །རིང་བོར་མི་ཐོགས་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་ཐོབ་པ་འང་། །བརྩོན་འགྲུས་མཐུ་ལ་རག་ལས་པས། །དེས་ན་སྔོན་བྱོན་མི་ལ་སོགས། །དམ་པ་གོང་མའི་རྣམ་ཐར་བཞིན། །ཐོས་བསམ་སྒོམ་གསུམ་གང་གི་དུས། །བརྩོན་འགྲུས་མེ་ལྟར་སྦར་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཚེ་བློས་བཏང་ནས་ས་བཟང་ཞིང་། །གྲོགས་བཟང་ཡིད་མཐུན་དབེན་གནས་སུ། །ཚུལ་ཁྲིམས་རྣམ་པར་དག་པར་གནས། །སྐྱེ་བོ་མང་བོ་འགྲོགས་འདྲིས་དང་། །འདོད་འདུན་རྣམ་རྟོག་རགས་པ་སྤངས། །འདོད་ཆུང་ཆོག་

p. 370

ཤེས་ལ་གནས་ནས། །བདེ་བའི་སྟན་ལ་ལུས་ཀྱི་གནད། །རྣམ་སྣང་ཆོས་བདུན་ལེགས་པར་བཅའ། །མདུན་དུ་སངས་རྒྱས་བཅོམ་ལྡན་འདས། །བྱོན་ནས་མངོན་སུམ་བཞུགས་པར་མོས། །དེ་ལ་ཤེས་པ་རྩེ་གཅིག་ཏུ། །གཏོད་ལ་རྒྱུན་དུ་མ་བརྗེད་པར། །ཡིད་ལ་ཐུ་རེ་དྲན་པར་གྱིས། །བརྗེད་མ་ཐག་ནས་སྔར་ལྟར་བསྒོམ། །དེ་ལྟར་ཡང་ཡང་གསལ་བཏབ་ནས། །བསྒོམས་ན་སྐབས་སྐབས་སངས་རྒྱས་ཀྱི། །སྐུ་དེ་ཡིད་ངོར་མངོན་སུམ་དུ། །བཞུགས་པ་ལྟ་བུའི་ཉམས་འཆར་གསུངས། །རང་སེམས་བཞག་ན་རི་ལྟར་བརྟན། ་བཏང་ན་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་རུང་བདེ་ཆེན་ནི། །མ་སྐྱེས་བར་དུ་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕན་ཡོན་སངས་རྒྱས་བཅོམ་ལྡན་འདས། །རྗེས་སུ་དྲན་པ་ཡིན་པས་ན། །བསོད་ནམས་མཐའ་ཡས་འཐོབ་པར་འགྱུར། །སེམས་ཅན་ལུས་ལ་དགའ་བདེ་རྒྱས། །མཐོང་ཆོས་བདེ་བར་གནས་པ་དང་། །དགེ་བའི་དམིགས་པ་གང་ལ་ཡང་། །

p. 371

རང་སེམས་བཀོད་དུ་རུང་བ་དང་། །དབང་མེད་ཕྱིན་ཅི་ལོག་ཡུལ་ལ། །གཡེང་བར་འགྱུར་བ་ཀུན་ཞི་ནས། །ཉེས་སྤྱོད་ཆེན་པོ་མི་འབྱུང་ཞིང་། །དགེ་བ་གང་བྱས་སྟོབས་ཆེན་དང་། །ཞི་གནས་བརྟན་ན་མངོན་ཤེས་དང་། །རྫུ་འཕྲུལ་སོགས་ཀྱང་བསྒྲུབ་པར་ནུས། །ཁྱད་པར་ཞི་གནས་ལ་བརྟེན་ནས། །ལྷག་མཐོང་རྟོགས་པ་སྐྱེ་སླ་བས། །འཁོར་བའི་རྩ་བ་གཅོད་ནུས་པ། །ལ་སོགས་ཕན་ཡོན་ཡོད་པའི་ཚུལ། །སོམས་ལ་ཏིང་འཛིན་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕུང་བོ་ལྔ་བོ་འདིའི་སྟེང་དུ། །རྟོག་པས་བཏགས་ཙམ་མ་ཡིན་པའི། །ང་ཞིག་གྲུབ་ན་ཕུང་བོ་དང་། །གཅིག་ཏུ་གྲུབ་བམ་ཐ་དད་གྲུབ། །གཅིག་ཏུ་གྲུབ་ན་ཕུང་བོ་བཞིན། །ང་ཡང་མང་བོར་འགྱུར་དགོས་ལ། །ཡང་ན་ང་གཅིག་ཡིན་པ་བཞིན། །ཕུང་རྣམས་ཆ་མེད་གཅིག་ཏུ་འགྱུར། །ང་དང་ང་ཡི་ཕུང་བོ་ཞེས། །སོ་སོར་ཕྱེ་ནས་མིང་བཏགས་པ། །དེ་ཡང་དོན་མེད་ཉིད་དུ་ཐལ། །ཕུང་བོ་ལྔ་དང་གཅིག་མ་ཡིན། །ཐ་དད་ཡིན་ན་ཕུང་བོ་ལྔ། །རེ་རེ་བྱས་ནས་

p. 372

བསལ་ཤུལ་ན། །ང་ཁོ་འདི་ཞེས་བསྟན་རྒྱུ་དགོས། །དེ་ལྟར་དཔྱད་པས་ང་མེད་པའི། །ངེས་ཤེས་ལྷང་གིས་སྐྱེས་པ་ན། །ངེས་ཤེས་རྒྱུན་དེ་བྱིང་རྒོད་དང་། །བྲལ་བར་རྩེ་གཅིག་སྐྱོང་བར་གྱིས། །གཞན་ཡང་ཤ་རུས་གདོས་བཅས་ཀྱི། །ཡན་ལག་ལྔ་བོ་འཚོགས་ཙམ་གྱིས། །ལུས་འདིའི་སྟེང་དུ་རྟོག་པ་ཡིས། །བཏགས་ཙམ་མ་ཡིན་ཚུགས་ཐུབ་ཏུ། །གྲུབ་པའི་ལུས་པོ་ཞིག་ཡོད་ན། །ཡན་ལག་ལྔ་བོ་འདི་ཉིད་དང་། །གཅིག་ཏུ་གྲུབ་བམ་ཐ་དད་གྲུབ། །གཅིག་ཏུ་གྲུབ་ན་ཡན་ལག་བཞིན། །ལུས་ཀྱང་དུ་མ་ཡོད་པར་འགྱུར། །ཡན་ལག་ལྔ་དང་གཅིག་མ་ཡིན། །ཐ་དད་གྲུབ་ན་ཡན་ལག་རྣམས། །བསལ་བའི་ཤུལ་ན་ལུས་འདི་ཞེས། །སྟོན་རྒྱུ་ཡོད་དགོས་དེ་མི་འདུག །དེས་ན་ལུས་ཞེས་མིང་ཙམ་མིན། །གཏན་ནས་མེད་སྙམ་ངེས་ཤེས་དྲོངས། །མདོར་ན་ང་དང་ཕུང་བོ་དང་། །རི་དང་ཁང་ཁྱིམ་ལ་སོགས་པ། །འཁོར་འདས་ཆོས་རྣམས་མ་ལུས་པ། །རྟོག་པས་བཏགས་ཙམ་མ་ཡིན་པར། །རང་ངོས་གྲུབ་པ་རྡུལ་ཙམ་ཡང་། །མེད་པར་ངེས་པའི་ངེས་ཤེས་དང་། །རྒྱུན་དེ་སྐྱོང་བ་མཉམ་གཞག་ནི། །ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །རྗེས་ཐོབ་དུས་སུ་གང་སྣང་ཡང་། །བདེན་མེད་རྫུན་པ་རྨི་ལམ་དང་། །སྒྱུ་མ་ལྟ་བུའི་རྣམ་རོལ་ཏུ། །འཆར་བ་དག་ལ་བསླབ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །

p. 373

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕན་ཡོན་སྟོང་ཉིད་གཏམ་ཙམ་ཡང་། །གོ་ན་ཐར་བའི་ས་བོན་འཇོག །ཆོས་རྣམས་ཐམས་ཅད་སྟོང་མི་སྟོང་། །སྙམ་དུ་ཐེ་ཚོམ་ཙམ་ཟོས་ཀྱང་། །སྲིད་པ་ཧྲུལ་བོར་བྱེད་པར་འགྱུར། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །གང་གིས་ཇི་སྲིད་འཚོ་ཡི་བར། །འཚོ་བའི་ཡོ་བྱད་དུ་མས་ཚོགས། །བསགས་ལས་གང་གིས་སྟོང་བ་ཉིད། །ཐུན་གཅིག་བསྒོམས་པ་བསོད་ནམས་ཆེ། །ཡུན་རིང་བསྒོམས་ན་སྨོས་ཅི་དགོས། །ཁང་སྟོང་མུན་པ་ལོ་སྟོང་ཙམ། །སོང་བར་མར་མེ་གཅིག་བཏེགས་ན། །སྐད་ཅིག་ཉིད་ལ་སེལ་བ་བཞིན། །བསྐལ་པ་གྲངས་མེད་བསགས་པའི་སྡིག །སྟོང་ཉིད་རྟོགས་ན་ལྷག་མེད་འདག །ཡུན་རིང་བསྒོམས་ན་སྤྱན་མངོན་ཤེས། རྫུ་འཕྲུལ་དཔག་མེད་ཐོབ་པ་དང་། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །དེས་ན་སྟོང་ཉིད་ཐུགས་དམ་གྱི། །མཐིལ་དུ་བཟུང་ནས་བསྒོམ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ།

p. 374

དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གཞན་དོན་བྱེད་ན་སེམས་ཅན་ལ། །མཁོ་བ་བྱིན་ནས་འཁོར་དུ་བསྡུ། །དེ་ནས་བཞིན་རས་དགའ་ཞིང་འཛུམ། །བཞིན་དུ་འཚམས་འདྲི་ལ་སོགས་པའི། །འཇིག་རྟེན་ཚུལ་དང་མཐུན་པ་ཡི། །སྙན་ཚིག་སྨྲས་ནས་དགའ་བར་གྱིས། །དེ་ནས་དད་དང་ཚུལ་ཁྲིམས་དང་། །ཐོས་པ་གཏོང་བ་ལ་སོགས་པའི། །འཕྲལ་ཕུགས་ཕན་དང་བདེ་བའི་ཐབས། །ཆོས་ཀྱི་སྙན་ཚིག་བརྗོད་པར་གྱིས། །དེ་སྐད་སྨྲས་པས་དགེ་ཕྱོགས་ལ། །ཕ་རོལ་སྤྲོ་ཚེ་རང་རང་དང་། །འཚམ་པའི་དགེ་བ་བྱེད་དུ་འཇུག །གཞན་ལ་བསྟན་བཞིན་རང་ཉིད་ཀྱང་། །དེ་དང་མཐུན་པར་སྤྱོད་པར་གྱིས། །དེ་ལྟར་ཐབས་མཁས་སྒོ་ནས་གཞན། །གདུལ་བྱ་མངོན་མཐོ་ངེས་ལེགས་ཀྱི། །གོ་འཕང་འགོད་ལ་འབད་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕར་ཕྱིན་ཐེག་པའི་ལམ་ཙམ་ལ། །བརྟེན་ན་བསྐལ་པ་གྲངས་མེད་གསུམ། །སོགས་ཀྱི་བར་དུ་མགོ་རྐང་ལག །གཏོང་བ་ལ་སོགས་བྱ་

p. 375

དཀའ་བའི། །སྤྱོད་པ་སྤྱད་ནས་སངས་རྒྱས་དགོས། །དུས་རིང་བོ་དང་ལམ་གྱི་ཚོགས། །ཆེ་བ་དེ་འདྲར་མི་ལྟོས་པར། །ལམ་དེ་ད་ལྟ་སྙིགས་དུས་ཀྱི། །ཚེ་ཐུང་གཅིག་ལ་བརྩོན་འགྲུས་ཅན། །སངས་རྒྱས་ཐོབ་པ་གསང་སྔགས་ཡིན། །རང་གི་ངོས་ནས་སེམས་ཅན་གཅིག །ཙམ་གྱི་སྡུག་བསྔལ་བསལ་ཕྱིར་དུ། །བསྐལ་པར་དམྱལ་བར་གནས་ནུས་པའི། །གོ་ཆ་བརྩོན་འགྲུས་ཡོད་ན་ཡང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས། །མནར་བའི་ཚུལ་ལ་བསམ་པའི་ཚེ། །དེ་རིང་ཙམ་ཡང་རང་ཉིད་ཀྱིས། །སངས་རྒྱས་གོ་འཕང་ཐོབ་དགོས་ཏེ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ནས། །སྐད་ཅིག་རེ་ལ་སྡུག་བསྔལ་གྱིས། །མནར་བའི་སེམས་ཅན་དཔག་ཏུ་མེད། །སྡུག་བསྔལ་དེ་ལས་སྒྲོལ་བར་ནུས། །དེས་ན་ཐུན་མོང་ལམ་གྱིས་རྒྱུད། །སྦྱང་བ་སྔོན་དུ་ལེགས་བཏང་སྟེ། །ཕར་ཕྱིན་ཐེག་པའི་རིང་ལམ་དེ། །གཅིག་པུ་ཙམ་ལ་མི་ཞེན་པར། །མྱུར་ལམ་རྡོ་རྗེ་ཐེག་པའི་སྒོར། །བདེ་བླག་ཉིད་དུ་འཇུག་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །

p. 376

གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མཚན་ཉིད་ལྡན་པའི་བླ་མ་ལ། །བསྙེན་བཀུར་བཀའ་བཞིན་སྒྲུབ་པ་སོགས། །འབད་པ་དུ་མས་མཉེས་པར་བྱས། །གསང་སྔགས་སྨིན་བྱེད་དབང་བསྐུར་ཞུས། །དབང་དུས་ཇི་ལྟར་ཁས་བླངས་པའི། །དམ་ཚིག་སྡོམ་པ་བསྲུང་ཚུལ་རྣམས། །ཤེས་པར་བྱས་ནས་ཉམས་མེད་སྲུངས། །དེ་ནས་གྲོལ་བྱེད་བསྐྱེད་རྫོགས་དང་། །ཁྱད་པར་ཟབ་ལམ་རྫོགས་པ་ཆེ། །ལོ་དང་ཟླ་བའི་བར་དུ་འཁྲིད། །གནད་རྣམས་ཇི་བཞིན་ལེགས་རྟོགས་ནས། །དམ་པའི་བྱིན་རླབས་དབེན་པའི་གནས། །ན་བུན་དངུལ་མདོག་རྐེད་ལ་འཁྲིལ། །རི་དྭགས་དུ་མས་རྩེ་བྲོ་བརྡུང་། །བྱ་རྣམས་དགའ་བས་འཕུར་ལྡིང་གཡོ། །ཉམས་དགའ་མཐུན་རྐྱེན་ཐམས་ཅད་ཚང་། །འགལ་རྐྱེན་མེད་པ་ཞིག་ཏུ་སོང་། །བླ་མའི་གསུང་བཞིན་ཡིད་གཉིས་དང་། །ཐེ་ཚོམ་མེད་པར་བསྒྲུབ་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་རྣམས་བྱང་ཆུབ་ལམ་གྱི་རིམ་པ་ཤར་སྒོམ་བྱས་དུས་ཤིག་ཏུ་སྨྲས་པའོ།། །རྗེ་དམ་པ་གོང་མ་རྣམས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ལུགས་གཉིས་ཀྱིས་ཕན་བཏགས་གྲྭ་སློབ་

p. 377

ཀྱིས། །དུས་དེང་སང་བླ་མར་སྒྲོ་སྐུར་འདེབས། །ཆོས་མཉམ་དུ་ཉན་པའི་གྲོགས་རྣམས་ཀྱིས། །དུས་དེང་སང་ཕན་ཚུན་ངན་སྨྲ་བརྗོད། །ཕར་ཕན་བཏགས་གཉེན་དང་ཡོན་བདག་གིས། །དུས་དེང་སང་ཚུར་ལ་འཁོན་ཚོ་བྱེད། །ཁོང་དམ་པས་གཅིག་གིས་གཅིག་བསྟོད་པ། །དུས་དེང་སང་ཆོས་པ་འགྲན་ཐུབ་ལྟ། །རྒྱུད་འདུལ་ཚུལ་དམ་ཆོས་བཤད་པ་རྣམས། །དུས་དེང་སང་ཁ་བཤད་མཁན་ཟེར་འཕྱ། །ཁ་ཁ་རོག་ཏིང་འཛིན་སྒོམ་པ་རྣམས། །དུས་དེང་སང་བྱིང་བས་ནོན་ཚོ་ཟེར། །ཆོས་སྙིང་བོ་ཡིག་དྲུག་བགྲང་བ་དེ། །དུས་དེང་སང་དམན་དམན་ཞིག་ཏུ་བྱེད། །ཆོས་བར་ཆད་འདུ་ལོང་མང་བ་དེ། །དུས་དེང་སང་བསོད་ནམས་ཅན་དུ་གྲགས། །ཚེ་བློས་བཏང་འཕགས་ནོར་གསོག་པ་དེ། །དུས་དེང་སང་རང་མདོ་མེད་པར་སེམས། །ཚེ་འདི་ཡི་ཡོ་བྱད་གསོག་པ་དེ། །དུས་དེང་སང་རང་མདོ་ཅན་དུ་བྱེད། །ཁོང་མཁས་བཙུན་དམན་ས་འཛིན་པ་དེ། །དུས་དེང་སང་ཀུན་གྱིས་བརྙས་བཅོས་བྱེད། །གཡོ་སྒྱུ་བྱེད་སྡིག་ལ་མི་འཛེམ་པ། །དུས་དེང་སང་ཀུན་གྱིས་སྤྱི་བོར་འཁུར། །ཚེ་འདི་ཡི་བྱ་བཞག་བྱེད་པ་དེ། །དུས་དེང་སང་ཕན་སེམས་ཅན་དུ་བྱེད། །ཚོགས་མིང་བཏགས་ཁ་ལན་བྱེད་པ་དེ། །དུས་དེང་སང་ཆོས་ཀྱི་མཆོག་ཏུ་བྱེད། །ཆོས་ཕྱིར་དུ་དཀའ་བ་སྤྱོད་པ་དེ། །དུས་དེང་སང་སྙིང་རྗེའི་

p. 378

ཡུལ་དུ་བྱེད། །རྩ་བཞི་ཡི་སྡོམ་པ་ཉམས་པ་ཚོས། །དུས་དེང་སང་གཞན་ངོར་ཆབ་ཚོ་ལེན། །དགོན་དགེ་འདུན་ནང་ཁྲིམས་བསྡམས་པ་དེ། །དུས་དེང་སང་རྒན་པ་གོང་མས་བཤིག །ཆོས་ཐོས་བསམ་བྱས་ནས་མི་བསྒོམ་པར། །དུས་དེང་སང་མཁས་པ་གྲོང་ཆོག་བྱེད། །ཚེ་ཕྱི་མར་ཕན་པའི་ཆོས་མི་དགོས། །དུས་དེང་སང་བཟའ་བཏུང་ཡོད་པས་ཆོག །སྤུན་ཤི་ཚེ་ཨེ་འཆི་བལྟས་ཡོད་བཞིན། །དུས་དེང་སང་སེར་མོ་སྐྱ་སར་འབབ། །དབང་ཟབ་མོ་རྗེས་གནང་ནོར་ཕྱིར་དུ། །དུས་དེང་སང་བླ་མས་བརྒྱ་སྟོང་བྱེད། །དགོན་ནང་ཆེན་རྣམས་དང་གྲྭ་ཤག་ན། །དུས་དེང་སང་བུད་མེད་སྐུང་ས་མང་། །བསྒོམ་ཐོས་བསམ་གང་ཡང་མི་བྱེད་པར། །དུས་དེང་སང་བྱ་བཏང་གནས་སྐོར་བྱེད། །གནས་དབེན་པར་སྒྲུབ་པ་ལྷུར་ལེན་པ། །དུས་དེང་སང་ཉིན་པར་སྐར་མ་ཙམ། །།བསྒོམ་བྱས་ཀྱིན་བླ་མར་རྟོགས་འབུལ་བ། །དུས་དེང་སང་མིང་ཡང་མེད་པར་གྱུར། །དོན་དེ་ཕྱིར་མི་ང་དབེན་གནས་སུ། །རྗེ་གོང་མའི་རྣམ་ཐར་སྐྱོང་དུ་འགྲོ། །གཞན་སྐལ་ལྡན་ཡོད་ན་དབེན་པར་ཤོག །རྗེ་གོང་མའི་རྣམ་ཐར་མཉམ་དུ་སྐྱོང་། །དུས་སྙིགས་མའི་མི་རྣམས་བྱ་སྤྱོད་ལ། །སེམས་སྐྱོ་བ་སྐྱེས་ནས་གླུ་འདི་བླངས། །གང་ཐོས་ཚད་རྣམས་ཀྱིས་སྙིགས་དུས་ཀྱི། །བྱ་སྤྱོད་པ་ངན་པ་འདོར་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སེམས་ལ་སྐྱོ་ཤས་ཐན་ཐུན་སྐྱེས་པའི་དུས་ཤིག་ཏུ་སྦྱར་བའོ། །

p. 379

འདུལ་རྒྱུའི་དགྲ་ཡང་མེད་ལ། །སྐྱོང་རྒྱུའི་གཉེན་ཡང་མེད་པར། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །ཕར་བལྟས་དཔོན་པོ་མེད་ལ། །ཚུར་བལྟས་གཡོག་པོ་མེད་པར། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །གར་སོང་རྩད་གཅོད་མེད་ལ། །འདིར་ཤོག་ཟེར་མི་མེད་པར། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །འདུག་ན་ལས་རྒྱུ་མེད་ལ། །འགྲོ་ན་ལུས་རྒྱུ་མེད་པར། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །གསལ་འདེབས་བེའུ་བུམ་ཞིག་ཁུར། །སྦ་དབྱུག་ཕྱག་ཏུ་བསྣམས་ནས། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །ཕྱག་བདར་ཁྲོད་ཀྱི་གོས་འཆང་། །བཟའ་བཏུང་སློང་མོར་བརྟེན་ནས། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །སྨུག་པ་ཅན་གྱི་རི་ན། །སྒོམ་ཐག་ཁོར་ཅིག་གྱོན་ཏེ། །ཏིང་ངེ་འཛིན་ལ་ཞུགས་པའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །ན་ན་འདྲི་མི་མེད་ལ། །ཤི་ན་ངུ་མི་མེད་པར། །རི་དྭགས་ལྟ་བུར་འཆི་བའི། །ཆོས་པ་རྣམས་ཀྱི་སྐྱིད་ལ། །ཚེ་མཇུག་འདི་ལ་དེ་འདྲའི། །སྐལ་བ་བདག་ལ་བྱུང་ན། །ཚོགས་དྲུག་རང་གྲོལ་དགའ་བ། །ཚོགས་དྲུག་རང་གྲོལ་སྐྱིད་པ། །ཞེས་པ་འདི་ཡང་ཉིན་ཞིག་སེམས་ལ་ཤར་བ་ལྟར་བྲིས་པའོ། །

p. 380

སྔོན་མེད་དེད་དཔོན་ཆེན་པོ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས། །རྒྱལ་བ་བློ་བཟང་གྲགས་པ། །རྒྱལ་དབང་ལྔ་བ་གསུམ་གྱིས། །རྨད་བྱུང་མཁྱེན་རབ་གྲུ་བཟུང་། །མདོ་རྒྱུད་རྒྱ་མཚོར་ཞུགས་ནས། །མཁས་གྲུབ་ཀླུ་དབང་བྱེ་བའི། །ཞབས་ལ་ལེགས་པར་གཏུགས་ནས། །ཀློང་ཆེན་རབ་འབྱམས་བཟང་བོས། །མཛོད་བདུན་ཤིང་རྟ་རྣམ་གསུམ། །ཀུན་མཁྱེན་བློ་བཟང་གྲགས་པས། །ལམ་རིམ་སྔགས་རིམ་ཆེན་མོ། །རྒྱལ་དབང་ལྔ་བ་ཆེན་པོས། །ལམ་རིམ་འཇམ་དཔལ་ཞལ་ལུང་། །རྫོགས་ཆེན་རིག་འཛིན་ཞལ་ལུང་། །ཡིད་བཞིན་ནོར་བུ་བླངས་ནས། །ཕྱི་རབས་བོད་ཁམས་ཡོངས་ལ། །བརྩེ་བས་འཇོག་པ་མཛད་པ། །བསྐལ་བརྒྱར་བསོད་ནམས་བསགས་པ། །མ་གཏོགས་འཕྲད་པར་དཀའ་བའི། །སྐྱེ་དགུའི་འདོད་དོན་ཀུན་སྐྱོངས། །གདམས་པའི་ནོར་བུ་འདི་ལ། །ད་ལྟ་ཕྲད་པ་རྣམས་ཀྱིས། །དད་གུས་རྒྱལ་མཚན་རྩེར་ཞོག །ཐོས་བསམ་སྒོམ་པའི་མཆོད་བསྟོད། །གསོལ་བ་རྒྱུན་དུ་ཐོབས་དང་། །མཆོག་དང་ཐུན་མོང་གཉིས་ཀྱི། །དགོས་འདོད་མ་ལུས་འབྱུང་ངེས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ན་མོ་གུ་རུ། འོ་འོ་མཚན་ལྡན་བླ་མའི་གསུང་ལ། །ཨའུ་ནམ་ཡང་བསླུ་བ་མེད་ཡ། །ཁོ་རེ་ཅི་གསུངས་བཀའ་བཞིན་སྒྲུབས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་

p. 381

ཡ། །འོ་འོ་དལ་འབྱོར་མི་ལུས་བརྟེན་ནས། །ཨའུ་སངས་རྒྱས་གོ་འཕང་འཐོབ་ཡ། །ཁོ་རེ་ཐོབ་ཐབས་ལྷ་ཆོས་གྱིས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་འཆི་ངེས་ནམ་འཆི་ཆ་མེད། །ཨའུ་དོ་ནུབ་ཡིན་རུང་འཆི་ཡ། །ཁོ་རེ་མྱུར་དུ་ལྷ་ཆོས་མཛོད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་འཁོར་བའི་བཙོན་དོང་ནང་ན། །ཨའུ་ནམ་ཡང་བདེ་བ་མེད་ཡ། །ཁོ་རེ་ཐར་བའི་གྲོང་ཁྱེར་སྙོགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་ཐར་བའི་གནས་སུ་འཁྲིད་པའི། །ཨའུ་ལམ་མཁན་དཀོན་མཆོག་ཡིན་ཡ། །ཁོ་རེ་མ་གཏོང་ཐུ་བར་འཇུས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་འཁོར་བར་འཁྱམས་པའི་འགྲོ་ཀུན། །ཨའུ་དྲིན་ཅན་ཕ་མ་ཡིན་ཡ། །ཁོ་རེ་བྱམས་དང་སྙིང་རྗེ་སྒོམས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་འགྲོ་ཀུན་འཁོར་བའི་གནས་ནས། །ཨའུ་སྒྲོལ་ལ་འཚང་རྒྱ་དགོས་ཡ། །ཁོ་རེ་བྱང་ཆུབ་སེམས་བཟང་སྐྱེད་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་རྫོགས་པའི་སངས་རྒྱས་ཐོབ་ཐབས། །ཨའུ་དམ་པའི་ལྷ་ཆོས་ཡིན་ཡ། །ཁོ་རེ་རྟག་ཏུ་ལྷ་ཆོས་གྱིས་དང་། །ཧེ་ཧེ་བློ་བདེ་

p. 382

དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་བཙལ་ན་སེམས་ཀྱི་གནས་ལུགས། །ཨའུ་ནམ་མཁའ་ལྟ་བུ་ཡིན་ཡ། །ཁོ་རེ་ངང་དུ་གློད་ལ་ཞོག་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་གང་སྣང་ཆོས་རྣམས་མ་ལུས། །ཨའུ་རང་བཞིན་གྲུབ་པ་མེད་ཡ། །ཁོ་རེ་སྒྱུ་མ་ལྟ་བུར་ལྟོས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །འོ་འོ་དམ་ཆོས་བདུད་རྩི་གསོལ་དུས། །ཨའུ་གླུ་དབྱངས་བླངས་ན་སྤྲོ་ཡ། །ཁོ་རེ་སྙན་པའི་གླུ་ཆུང་ལོངས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཨོ་ཡ་ཡི། །ཨེ་ཡ་ཡ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ།། །ན་མོ་གུ་རུ། ཚོགས་དྲུག་རང་གྲོལ། །བསྟེན་སར་བསྟེན་དགོས། །བླ་མ་བསྟེན་དགོས། །སྤོང་སར་སྤོང་དགོས། །གྲོགས་ངན་སྤོང་དགོས། །གཏོང་སར་གཏོང་དགོས། །ཚེ་བློས་གཏོང་དགོས། །ལེན་སར་ལེན་དགོས། །སྒྲུབ་བརྒྱུགས་ལེན་དགོས། །འགྲོ་སར་འགྲོ་དགོས། །དབེན་པར་འགྲོ་དགོས། །འདུག་སར་འདུག་དགོས། །མལ་ནས་འདུག་དགོས། །ཡངས་སར་ཡངས་དགོས། །ལྟ་བ་ཡངས་དགོས། །དོག་སར་དོག་དགོས། །སྤྱོད་པ་དོག་དགོས། །ཚེ་སར་ཆེ་དགོས། །ཡོན་ཏན་ཆེ་དགོས། །ཆུང་སར་ཆུང་དགོས། །ཉོན་མོངས་ཆུང་དགོས། །སྒྲུབ་སར་བསྒྲུབ་དགོས། །རང་དོན་བསྒྲུབ་དགོས། །བྱེད་སར་

p. 383

བྱེད་དགོས། །གཞན་དོན་བྱེད་དགོས། །དགོས་སོ་སྙམ་ན། །སེམས་ལ་ཟུངས་ཡ། ན་མོ་གུ་རུ་བྷྱ། བླ་མའི་བྱིན་གྱིས་རློབས། །ཚོགས་དྲུག་རང་གྲོལ་ཡ། །ཕན་པའི་གླུ་དབྱངས་ལོངས། །སྣང་སྲིད་སེམས་སུ་ཤེས། །སེམས་ཉིད་སྟོང་བར་རྟོགས། །རྟོགས་པ་ཕྱོགས་འཛིན་མེད། །ལྟ་བའི་མཐར་ཐུག་ཡིན། །མ་ཡེངས་རྩི་ཡིས་བཟུང་། །མ་བཅོས་ངང་ལ་བཞག །དམིགས་གཏད་དེར་འཛིན་མེད། །སྒོམ་པའི་མཐར་ཐུག་ཡིན། །མི་མཐུན་ལམ་དུ་བྱས། །མཐུན་ཡུལ་ཞེན་པ་བཅད། །བླང་དོར་དགག་སྒྲུབ་མེད། །སྤྱོད་པའི་མཐར་ཐུག་ཡིན། །ཅི་བྱུང་བདེན་མེད་ཤེས། །བཟང་ངན་སྤང་བླང་མེད། །གལ་མེད་བྱུང་རྒྱལ་གཏོང་། །གེགས་སེལ་མཐར་ཐུག་ཡིན། །སྣང་བ་བན་བུན་སོང་། །འཁྲུལ་བ་ཤག་ཤིག་ཞིག །ཞེན་པ་རང་ལོག་སོང་། །དྲོད་རྟགས་མཐར་ཐུག་ཡིན། །ལས་ཉོན་མ་རིག་སངས། །ཆོས་སྐུའི་རང་ས་ཟིན། །གཟུགས་སྐུའི་གཞན་དོན་མཛད། །འབྲས་བུའི་མཐར་ཐུག་ཡིན། །འདི་ཡང་གླུ་བ་ངས། །བླངས་ནས་དབེན་པར་སོང་། །ཐོས་ཚད་ཐམས་ཅད་ཀྱི། །སེམས་ལ་ཕན་པར་ཤོག །བླ་མ་ཆོས་ཀྱི་རྒྱལ་པོས། །བདག་གཞན་བློ་ཁ་ཆོས་སྒྱུར། །ཉོན་དང་ཚོགས་དྲུག་རང་གྲོལ། །ད་ལྟ་སྙིགས་མའི་

p. 384

དུས་སུ། །ཆེ་ས་འཛིན་པའི་དུས་མིན། །དམན་ས་འཛིན་པའི་དུས་ཡིན། །འཁོར་གཡོག་བསྟེན་པའི་དུས་མིན། །དབེན་པ་བསྟེན་པའི་དུས་ཡིན། །སློབ་མ་སྤེལ་བའི་དུས་མིན། །ཉམས་རྟོགས་སྤེལ་བའི་དུས་ཡིན། །ཚིག་ཕྱིར་འབྲང་བའི་དུས་མིན། །དོན་ལ་བསམ་པའི་དུས་ཡིན། །འགྲོ་བསྡད་མང་བའི་དུས་མིན། །ས་གཅིག་སྡོད་པའི་དུས་ཡིན། །ཆོས་བཤད་བྱེད་པའི་དུས་མིན། །སྒྲུབ་པ་བྱེད་པའི་དུས་ཡིན། །མིན་དང་ཡིན་དྲུག་གླུ་འདི། །ཨེ་གོ་ཚོགས་དྲུག་རང་གྲོལ། །དགེ་འདིས་འགྲོ་བ་མ་ལུས། །སངས་རྒྱས་ཐོབ་པར་གྱུར་ཅིག །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དམ་ཆོས་ཉི་མ་ཤར་འདྲའི་སྒོར་ཞུགས་ནས། །མངོན་སྤྱོད་ངན་ལས་བྱེད་པ་ངོ་རེ་ཚ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ཁས་བླངས་ནས། །ལྐོག་ཏུ་ནག་ཆང་བསྟེན་པ་ངོ་རེ་ཚ། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གཞན་ལ་སྐུར་བ་འདེབས་པ་ངོ་རེ་ཚ། །ཕུང་བོ་མི་གཙང་རྒྱན་གྱིས་རབ་བརྒྱན་ནས། །ལེགས་འདོད་བྱི་དོར་བྱེད་པ་ངོ་རེ་ཚ། །ཐེག་པ་ཆེན་པོ་ཡིན་ཞེས་ཁས་བླངས་ནས། །ཤེས་རབ་སྙིང་རྗེ་བྲལ་བ་ངོ་རེ་ཚ། །གསང་སྔགས་ཟབ་མོའི་ཆོས་ཀྱི་སྒོར་ཞུགས་ནས། །ཁས་བླངས་དམ་ཚིག་ཉམས་པ་ངོ་རེ་ཚ། །ངོ་རེ་ཚ་བ་དྲུག་གི་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་བླངས་ནས་

p. 385

སོང་། སྡུག་བསྔལ་རྩ་བ་འཁོར་འདབ་རྒྱས་པ་ལ། །དགའ་ཞིང་བརྩེ་གདུང་ཆེ་བ་འདི་ཡང་གླེན། །ཕུང་བོ་མི་རྟག་ཆུ་བུར་ལྟ་བུ་ལ། །ལྷག་པར་བཀུར་སྟི་བྱེད་པ་འདི་ཡང་གླེན། །ནོར་རྫས་རྩྭ་ཁའི་ཟིལ་བ་ལྟ་བུ་ལ། །རྟག་པར་རེ་ནས་གསོག་པ་འདི་ཡང་གླེན། །ཤི་ནས་ངན་འགྲོར་མི་སྐྱེ་གདེང་མེད་པར། །ཚེ་འདི་འབའ་ཞིག་བྱེད་པ་འདི་ཡང་གླེན། །སྡུག་བསྔལ་ཕྲན་ཚེགས་མི་བཟོད་ངན་སོང་གི །སྡུག་བསྔལ་བཟོད་དུ་རེ་བ་འདི་ཡང་གླེན། །ཟབ་ལ་རྒྱ་ཆེའི་ཆོས་ལ་མི་སྤྱོད་པར། །འདོད་དོན་དཀོར་ལ་རྔམས་པ་འདི་ཡང་གླེན། །གླེན་པ་དྲུག་གི་གླུ་དབྱངས་ཆུང་ངུ་འདི། །ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས་ནས་སོང་། །གཞན་ལས་རང་ཉིད་ལྷག་པར་བྱ་བའི་ཕྱིར། །མདོ་སྔགས་ཆོས་ལ་ཐོས་པ་བྱ་བ་ལོག །རྙེད་པ་སྙན་དང་གྲགས་པ་བྱུང་དུ་རེ། །གཞན་ལ་ཆོས་བཤད་བྱེད་པ་འདི་ཡང་ལོག །གཞན་གྱིས་རང་ལ་བསྙེན་བཀུར་འོང་དུ་རེ། །སོ་ཐར་སྡོམ་པ་བསྲུང་བ་འདི་ཡང་ལོག །རྒྱལ་ཁམས་མང་བོ་བདག་གི་དབང་དུ་བསྡུ། །སྙམ་ནས་སྦྱིན་པ་གཏོང་བ་འདི་ཡང་ལོག །དྲག་པོས་འགྲོ་བ་གཞན་ཞིག་འཕུང་སྙམ་ནས། །ཡི་དམ་ལྷ་བསྙེན་བྱེད་པ་འདི་ཡང་ལོག །རང་ཉིད་བདེ་ཞིང་སྐྱིད་པོ་འོང་དུ་རེ། །གཞན་ལ་གནོད་པ་བྱེད་པ་འདི་ཡང་ལོག །ལོག་པ་དྲུག་པོ་

p. 386

ཤེས་པའི་གླུ་ཆུང་འདི། །ཚོགས་དྲུག་རང་གྲོལ་རང་དགར་བླངས་ནས་སོང་། །། མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །བློ་བཟང་གྲགས་པ་ཡབ་སྲས་སོགས། །སྔོན་བྱོན་དམ་པ་རྣམས་ལ་འདུད། །བདག་གཞན་སྒོ་གསུམ་བྱིན་གྱིས་རློབས། །སྡོད་སའི་ཁང་ཆེན་རྒྱ་ཆེ་ཕུབ། །རྒྱུ་ནོམ་ཀ་ཆའི་གསོག་རུམ་བྱས། །དགེ་སློང་ཡིན་ཞེས་མ་སྨྲ་ཞིག །སྨྲས་ན་རྒྱལ་སྲས་ཐུགས་མི་མཉེས། །རྟ་ནོར་ར་ལུག་མང་བོ་བསྡུས། །འཚོ་སྐྱོང་ཁྱིམ་པ་འདྲ་བ་བྱས། །དགེ་སློང་ཡིན་ཞེས་མ་སྨྲ་ཞིག །སྨྲས་ན་རྒྱལ་སྲས་ཐུགས་མི་མཉེས། །ཚེ་འདིའི་བྱ་བ་ཉམས་པ་དང་། །ཉམས་ཀྱིས་དོགས་ནས་སྡུག་བསྔལ་བྱས། །དགེ་སློང་ཡིན་ཞེས་མ་སྨྲ་ཞིག །སྨྲས་ན་རྒྱལ་སྲས་ཐུགས་མི་མཉེས། །ཚེ་འདིའི་འདོད་པ་ཤིན་ཏུ་ཆེ། །གནོད་སེམས་སོགས་དང་མ་བྲལ་བར། །དགེ་སློང་ཡིན་ཞེས་མི་སྨྲ་ཞིག །སྨྲས་ན་རྒྱལ་སྲས་ཐུགས་མི་མཉེས། །འཇིག་རྟེན་པ་དང་ལྷན་ཅིག་བསྡད། །ལོང་གཏམ་མང་བོས་ཉིན་མཚན་འདས། །དགེ་སློང་ཡིན་ཞེས་མ་སྨྲ་ཞིག །སྨྲས་ན་རྒྱལ་སྲས་ཐུགས་མི་མཉེས། །གནོད་པ་ཕྲ་མོའང་མི་བཟོད་ཅིང་། །ཕན་འདོགས་ཕྲ་མོའང་བྱེད་མི་ནུས། །དགེ་སློང་ཡིན་ཞེས་མ་སྨྲ་ཞིག །སྨྲས་ན་རྒྱལ་སྲས་ཐུགས་མི་མཉེས། །མི་མཉེས་དྲུག་གི་གླུ་དབྱངས་འདི། །ཚོགས་དྲུག་རང་གྲོལ་བླངས་ནས་སོང་། །གླུ་འདིས་དགེ་སློང་

p. 387

ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ལེགས་པའི་གདམས་པ་མི་འཚོལ་བར། །ལོག་པའི་མཐུ་དཔེ་འཚོལ་བ་འཁྲུལ། །རི་ཁྲོད་དགོན་པ་མི་འགྲིམ་པར། །གྲོང་དུ་རྒྱུག་སྐོར་བྱེད་པ་འཁྲུལ། །གཅིག་པུར་སྒོམ་སྒྲུབ་མི་བྱེད་པར། །འཁོར་ངན་ནང་དུ་ཆོས་འཆད་འཁྲུལ། །ཆགས་མེད་སྦྱིན་པ་མི་གཏོང་བར། །ལག་ཏུ་གང་བྱུང་གསོག་པ་འཁྲུལ། །དམ་པའི་ལྷ་ཆོས་མི་བྱེད་པར། །འཇིག་རྟེན་མི་ཆོས་བྱེད་པ་འཁྲུལ། །གྲོགས་བཟང་ཁ་ལ་མི་ཉན་པར། །གྲོགས་ངན་ངག་བཞིན་བྱེད་པ་འཁྲུལ། །འཁྲུལ་བ་དྲུག་པོ་ཤེས་པའི་གླུ། །ཚོགས་དྲུག་རང་གྲོལ་བླངས་ནས་སོང་། དངོས་གྲུབ་འབྱུང་གནས་བླ་མ་ཡིན། །འགྲོ་ཀུན་དྲིན་ཅན་ཕ་མ་ཡིན། །རི་ཁྲོད་བདེ་བའི་ཞིང་ཁམས་ཡིན། །སྣང་སྲིད་སྒྱུ་མ་རྨི་ལམ་ཡིན། །སེམས་ཉིད་རྟོགས་ན་སངས་རྒྱས་ཡིན། །འདི་ཕྱིའི་བདེ་ཐབས་ལྷ་ཆོས་ཡིན། །མི་ཆོས་མ་སྤངས་ཆོས་པ་མིན། །སོ་ནམ་མ་སྤངས་རབ་བྱུང་མིན། །འདོད་པ་མ་སྤངས་དགེ་སློང་མིན། །ཕན་སེམས་མེད་ན་བླ་མ་མིན། །བྱ་བ་མ་བཏང་སྒོམ་ཆེན་མིན། །དམར་ཆོག་བྱེད་ན་སྔགས་པ་མིན། །ཡིན་མིན་དྲུག་གི་གླུ་དབྱངས་འདི། །ཚོགས་དྲུག་རང་གྲོལ་བླངས་ནས་སོང་། ཆོས་ཀྱི་རྒྱལ་པོའི་ཞབས་ལ་

p. 388

འདུད། །ཉོན་དང་ཚོགས་དྲུག་རང་གྲོལ་བ། །སྙིང་ནས་ཐར་བ་དོན་གཉེར་ན། །འཕགས་པའི་རིགས་བཞིར་གནས་པ་དགོས། །འཕགས་པའི་རིགས་བཞི་གང་ཡིན་ན། །ཆོས་གོས་ངན་ངོན་ཙམ་གྱིས་ཆོག །བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག །མལ་ཆ་ངན་ངོན་ཙམ་གྱིས་ཆོག །ཡོ་བྱད་ངན་ངོན་ཙམ་གྱིས་ཆོག །བཞི་བོ་འདི་ཡིན་འདི་བཞི་ལ། །གནས་པའི་གང་ཟག་དེའི་རྒྱུད་ལ། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་གནས། །འཕགས་པའི་རིགས་བཞིར་མི་གནས་པའི། །རྒྱུད་ལ་འཁོར་བ་ངན་སོང་རྒྱུ། །མི་དགེ་སྡིག་པ་ཐམས་ཅད་གནས། །དེས་ན་ཚེ་འདི་བློས་ཐོངས་ལ། །འཕགས་པའི་རིགས་བཞིར་གནས་པར་གྱིས། །གནས་ན་ལྷ་ཆོས་སྐལ་བར་ལྡན། །རང་དང་ཐོས་ཚད་དད་ཅན་རྣམས། །འཕགས་པའི་རིགས་བཞིར་གནས་པར་ཤོག །ཆོས་རྒྱལ་ཞབས་པད་ལ་གུས་པས་འདུད་དོ། །རྗེས་འཇུག་སློབ་བུ་ལ་ཐུགས་རྗེས་གཟིགས་ཤིག །འཇིག་རྟེན་ཆོས་བརྒྱད་ལ་དགའ་སྡུག་མ་བྱེད། །སྡིག་པའི་གྲོགས་པོ་ལ་ཕྱི་ཐག་མ་རིང་། །ཉེ་དུ་འབྲེལ་བ་ལ་གདུང་སེམས་མ་ཆེ། །བླ་མ་དཀོན་མཆོག་ལ་དད་གུས་མ་ཆུང་། །ལུས་དང་ལོངས་སྤྱོད་ལ་ཆགས་ཞེན་མ་ཆེ། །ཐོས་བསམ་སྒོམ་གསུམ་ལ་བརྣག་པ་མ་ཆུང་། །རྙེད་བཀུར་འདུ་འཛི་ལ་ཟུར་བསྟོད་མ་བྱེད། །ཉམས་ལེན་དཀའ་ཐུབ་ལ་སྡུག་བསྲན་མ་ཆུང་། །འཁོར་བ་སྡུག་

p. 389

བསྔལ་ལ་བདེ་བར་མ་འཛིན། །མ་གྱུར་འགྲོ་བ་ལ་སྙིང་རྗེ་མ་ཆུང་། །ཆོས་ཀུན་སྒྱུ་མར་ལྟོས་བདེན་པར་མ་འཛིན། །རང་སེམས་སངས་རྒྱས་ཡིན་གཞན་དུ་མ་འཚོལ། །གླུ་དབྱངས་འདི་ཉིད་ཀྱིས་རང་ལ་ཕན་ཞིང་། །ཐོས་ཚད་རྣམས་ལ་ཡང་ཕན་པར་གྱུར་ཅིག །ཆོས་རྒྱལ་ངག་དབང་ཝང་ཞབས་ལ་གུས་པས་འདུད། །རང་གཞན་ཐམས་ཅད་ལ་ཕན་པའི་གླུ་དབྱངས་ལེན། །རང་ཉིད་ཁ་ཞན་གྱིས་དོགས་ནས་སྡེ་རེར་འཇུ། །འདྲེ་ཡིས་འཁྱེར་ཀྱིས་དོགས་ཁྲོ་བོའི་བསྙེན་པ་བྱས། །ནམ་ཕུགས་ལྟོགས་ཀྱིས་དོགས་གསོག་འཇོག་མང་བོ་བྱེད། །གཏམ་ངན་ཕོག་གིས་དོགས་ཚུལ་འཆོས་སྤྱོད་པ་བྱེད། །དེ་ཚོའི་གསེབ་ནས་ཆོས་བྱས་ནས་འཚང་རྒྱ་བར། །འདོད་དེ་དེས་མི་འོང་དཔེར་ན་ལུག་གཅིག་བཤས། །པགས་པ་རྐྱལ་བ་གཅིག་བྲང་ཤ་སྤུ་འབྱར་གཅིག །དེ་གཉིས་འདོད་ན་ཡང་འོང་ངམ་བསམ་བློ་ཐོངས། །སུ་ཡིས་གནོད་བསྐྱལ་ཀྱང་དེ་ལ་ལན་མ་བྱེད། །བཟོད་པ་སྒོམས་ཤིག་དང་སྡེ་རེར་འཇུ་མི་དགོས། །འདྲེ་ཡིས་གླགས་འཚོལ་དུ་བྱུང་ཡང་ལུས་སྲོག་འདྲེར། །བྱིན་ལ་བདག་འཛིན་ཐོངས་དྲག་སྔགས་བཟླ་མི་དགོས། །ལྟོ་རྒྱབ་གཉིས་མེད་ཀྱང་བློ་ཕུགས་ཆོས་ལ་གཏོད། །ཆོས་ཕུགས་སྤྲང་ལ་གཏོད་སྤྲང་ཕུགས་འཆི་བ་ལ། །གཏོད་དང་དད་ཅན་གྱིས་མཆོད་གནས་བྱེད་པ་ཡིན། །སོག་

p. 390

རུམ་བྱ་མི་དགོས་འཕྱ་སྨོད་ཅི་བྱུང་ཡང་། །ཟོལ་ཟོག་མེད་པར་གྱིས་མཇུག་ཏུ་ཐམས་ཅད་ཀྱི། །ཡིད་དུ་འོང་བ་ཡིན་ཚུལ་འཆོས་བྱ་མི་དགོས། །མདོར་ན་ཚེ་འདི་དང་ཆོས་གཉིས་མ་བསྲེས་པར། །ཆོས་དང་ཅི་མཐུན་གྱིས་ཅི་བསམ་འགྲུབ་པར་ངེས། །གླུ་དབྱངས་འདི་ཉིད་ཀྱང་ཚོགས་དྲུག་རང་གྲོལ་བླངས། །རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་ཕན་པར་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སྤྲང་འདོད་པ་ཟད་པར་བྱིན་གྱིས་རློབས། །ཚེ་འདི་ཕྱིའི་སྡུག་བསྔལ་མ་ལུས་པ། །ཚེ་འདི་ཡི་འདོད་པ་བསྒྲུབས་པས་ལན། །ད་ཚེ་འདིའི་འདོད་པའི་བསྒྲུབ་བྱ་སྐྱུར། །ཚེ་འདི་ཡི་བསྒྲུབ་བྱ་ཆེ་ཙ་ན། །སེམས་མི་བདེ་ཡར་མར་འགྲོ་རྒྱུ་མང་། །དེ་མང་ན་སྡིག་སྡུག་གཏམ་ངན་གསུམ། །རང་མི་འདོད་བཞིན་དུ་ཐོག་ཏུ་འོང་། །དོན་དེ་ཕྱིར་འདོད་པའི་བློ་མ་མང་། །འདི་སྤང་དགོས་འདོད་པའི་བློ་སྤངས་ན། །སྐྱིད་འགོ་དང་བདེ་འགོ་ཚུགས་པ་ཡིན། །ཚེ་འདི་ཕྱི་ཡི་བདེ་བ་བསྒྲུབ་པ་ལ། །དུས་རྟག་ཏུ་ཅི་ཡང་མི་འདོད་ལ། །ནོར་ཅི་ཡང་མི་གསོག་པ་ཞིག་དགོས། །བློ་ཆོས་གཏད་ཆོས་ཕུགས་སྤྲང་ལ་གཏད། །སྤྲང་ཐ་མ་འཆི་རུ་འཇུག་པ་དགོས། །བློ་དེ་འདྲ་སྐྱེས་ན་ལྷ་འདྲེ་དང་། །མི་རྣསས་ཀྱིས་འོ་བརྒྱལ་མྱོང་མི་འཇུག །ཚེ་འདི་ཡི་འདོད་པ་ཆེ་ཙ་ན། །མིས་འཕྱ་སྨོད་རང་ཡང་སྡུག་པ་ཡིན། །ཚེ་ཕྱི་མར་ངན་སོང་གནས་སུ་ལྷུང་། །དོན་དེ་ཕྱིར་འདོད་ཆུང་ཆོག་ཤེས་གྱིས། །དམན་ས་བཟུང་ཆོས་

p. 391

མིན་བྱ་བ་དོར། །ཆོས་བཞིན་དུ་གྱིས་དང་མི་ཡིས་སྨོན། །རང་ཚེ་འདིར་སྐྱིད་ལ་ཕྱི་མར་བདེ། །མདོར་བསྡུས་ན་ཚེ་འདིའི་འདོད་པ་ལ། །བློ་མ་ལོག་འདི་ཕྱིར་བདེ་བ་མེད། །བློ་ལོག་ན་བདེ་བ་བཙལ་མི་དགོས། །ཚེ་འདི་ཕྱིའི་བདེ་བ་ཤུགས་ཀྱིས་འོང་། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་འདོད་པ་ཟད་པར་ཤོག །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཉོན་དང་དད་ལྡན་ཆོས་མཐུན་བུ། །ཆོས་མགོ་མཐའ་རུ་འདོན་པ་ལ། །ཁྲོ་མེད་བཟོད་པ་བསྒོམ་པ་གཅེས། །ཚུར་རིའི་ངོས་ནས་འབེན་བཙུགས་ན། །ཕར་རིས་མདའ་འཕངས་ཕོག་པ་བཞིན། །ཚེ་སྔོན་གཞན་ལ་གནོད་བྱས་པས། །ཚེ་འདིར་གནོད་པ་བྱུང་བ་ཡིན། །དེས་ན་རང་ཉིད་མ་ལན་ཡང་། །གཞན་གྱིས་རང་ལ་གནོད་བྱེད་དུས། །རང་གི་སྔོན་ལས་ཡིན་སོམས་ལ། །ཁྲོ་མེད་བཟོད་པ་བསྒོམ་པར་གྱིས། །སྨྱོན་པས་གཞན་ལ་གནོད་བསྐྱལ་ན། །མ་སྨྱོས་མི་ཡིས་སྙིང་རེ་རྗེ། །ཟེར་ཞིང་ལན་མི་བྱེད་པ་ལྟར། །འགྲོ་བ་ཉོན་མོངས་གདོན་གྱིས་སྨྱོས། །རང་ལ་གནོད་པ་བྱེད་ན་ཡང་། །ལན་མི་བྱེད་པར་སྙིང་རྗེ་སྐྱེད། །མཁན་པོ་མེད་ན་སྡོམ་པ་མེད། །སློབ་དཔོན་མེད་ན་ཤེས་རྒྱ་མེད། །དེ་བཞིན་གནོད་བྱེད་དགྲ་མེད་ན། །བཟོད་པ་མེད་པའི་ཚུལ་སོམས་ལ། །རང་ལ་ངན་སྨྲ་བརྡེག་པ་སོགས། །བྱུང་དུས་བཟོད་པ་སྟེར་

p. 392

མཁན་གྱི། །སློབ་དཔོན་ཡིན་པར་ཤེས་བྱས་ལ། །རང་ཉིད་བཟོད་པ་ལེན་མཁན་གྱི། །སློབ་མར་སྒོམས་ལ་ཁྲོ་མི་བྱ། །རྨི་ལམ་དགྲ་ལ་གཉིད་སད་དུས། །རང་བཞིན་མེད་སྙམ་མི་ཁྲོ་ལྟར། །ད་ལྟའི་དགྲ་ཡང་དོན་དམ་པར། །རང་བཞིན་མེད་པའི་ཚུལ་སོམས་ལ། །ཁྲོ་མེད་བཟོད་པ་བསྒོམ་པར་གྱིས། །འདི་ཐོས་ཆོས་མཛད་སྐྱེས་བུ་ཡིས། །གཞན་གྱིས་གནོད་པའི་མདའ་འཕངས་ཚེ། །ཁྲོ་མེད་བཟོད་པའི་གོ་ཆ་གྱོན། །ཆོས་མགོ་མཐའ་རུ་འདོན་པར་ཤོག །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །རང་དང་རང་གི་སློབ་བུ་ཡིས། །རང་དོན་ཚེ་འདིར་མངོན་གྱུར་ནས། །གཞན་དོན་ནུས་པར་བྱིན་གྱིས་རློབས། །རྒྱུད་ལ་ཉམས་རྟོགས་མ་མཆིས་པས། །གཞན་ལ་ཆོས་བཤད་མང་བྱས་ཀྱང་། །ངལ་བ་མ་གཏོགས་ཕན་མི་ཐོགས། །སྣོད་སྟོང་གཅིག་ནས་གཅིག་བྱོ་འདྲ། །བྲོད་ཐོབ་བརྟན་པ་མ་ཐོབ་པས། །གཞན་ལ་ཕན་ཡང་རང་ལ་གནོད། །བུམ་པ་གང་བྱོས་གཞན་གྱི་སྣོད། །གང་ཡང་རང་ཉིད་སྟོངས་པ་འདྲ། །བརྟན་པ་ཐོབ་ནས་སེམས་ཅན་དོན། །གྲུབ་ཚད་བྱས་ན་ཤིན་ཏུ་ལེགས། །གཏེར་ཆེན་བུམ་པས་དངོས་གྲུབ་ཅི། །བྱུང་ཡང་གང་སྟོངས་མེད་པ་འདྲ། །དཔེར་ན་སྨན་གྱི་སྡོང་བོ་དེ། །མྱུ་གུའི་དུས་སུ་གཅོད་དུས་མིན། །ཡལ་འདབ་མེ་ཏོག་འབྲས་སྨིན་དུས། །གཞན་གྱི་ནད་རྣམས་གསོ་དུས་ཡིན། །དེ་བཞིན་བརྟན་པ་མ་ཐོབ་

p. 393

བར། །གཞན་ལ་དམ་ཆོས་འཆད་དུས་མིན། །བརྟན་པ་ཐོབ་ནས་སེམས་ཅན་དོན། །སྐྱོ་ངལ་མེད་པ་བྱེད་དུས་ཡིན། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །དགེ་འདིས་རང་དང་རང་གི་བུས། །སྔོན་དུ་དབེན་པར་རང་དོན་བྱས། །ཕྱི་ནས་གཞན་དོན་བྱེད་པར་ཤོག །ཆོས་སྐུ་ཉག་གཅིག་གངས་ལས་གཡོ་བ་མེད། །གཟུགས་སྐུ་རྣམ་གཉིས་གཡུ་རལ་ཕྱོགས་བརྒྱར་གཡོ། །འཆད་རྩོད་རྩོམ་གསུམ་རྩལ་ལྡན་མིའི་སེང་གེ །ཉོན་མོངས་བདུད་བཞི་ལས་རྒྱལ་བླ་མར་འདུད། །རྟག་འཛིན་གདོན་དེ་ཁོག་ཏུ་ཞུགས་ནས་ཀྱང་། །རྟག་པར་མི་རྣམས་འཆི་བ་མཐོང་ན་ཡང་། །བརྟག་དཔྱད་ཙམ་ཡང་མི་བྱེད་རང་གཞན་གྱིས། །རྟག་ཏུ་འཆི་བ་དྲན་པར་བྱིན་གྱིས་རློབས། །དམ་ཆོས་ཆོས་ནས་གསུངས་བཞིན་གདུལ་བྱ་ལ། །སྤེལ་ལེགས་ལེགས་པའི་ཚིག་གིས་ལེགས་གདམས་པས། །ཆོས་རྒྱལ་རྒྱལ་བའི་བསྟན་འཛིན་སློབ་བུ་ངས། །ཀླུ་དབྱངས་དབྱངས་སྙན་དམ་པའི་ཆོས་སུ་ལེན། །མི་ལུས་ཐོབ་ཚེ་ཚེ་ལ་ལོངས་མེད་པའི། །ཡང་ཡང་ཚུལ་འདི་འདི་ལྟར་མ་བསམས་པར། །ལོ་ཟླ་འདས་ན་ན་ཚོད་ཡོལ་བའི་མཐར། །འཆི་བདག་སླེབ་དུས་དུས་དེར་འགྱོད་པ་སྐྱེ། །དེ་ཕྱིར་མི་འཆི་སྙམ་པའི་བློ་རིང་བོ། །ད་རེ་སྟོང་ལོག་བྱས་ན་འདུན་མ་འཁྲུལ། །ཡོངས་གྲགས་འཆི་བ་ཟེར་བའི་འཇིགས་པོ་ཆེ། །ནམ་མཁའི་ཐོག་ལྟར་

p. 394

སྟེང་དུ་འབབ་པའི་ཚེ། །ཟས་ནོར་ལོངས་སྤྱོད་ཡོད་ཀྱང་མི་ཕན་གྱིས། །ཕྱུགས་པོ་རྣམས་ཚོ་སྒྲེན་མོ་ལག་སྟོང་འཆི། །གཤིན་རྗེ་ཆོས་རྒྱལ་མདུན་ན་ཕྱུག་ས་མེད། །ཕྱུག་པོ་འདོད་ན་དམ་པའི་ལྷ་ཆོས་མཛོད། །སྟོབས་དང་དཔའ་རྩལ་ཆེ་ཡང་མི་ཕན་གྱིས། །དཔའ་བོ་རྣམས་ཚོ་ཝ་སྐད་འཆོར་གྱིན་འཆི། །གཤིན་རྗེ་ཆོས་རྒྱལ་མདུན་ན་དཔའ་ས་མེད། །དཔའ་བོ་འདོད་ན་དམ་པའི་ལྷ་ཆོས་མཛོད། །གཟུགས་མཛེས་ལྷ་སྐུ་འདྲ་ཡང་མི་ཕན་གྱིས། །མཛེས་མ་རྣམས་ཚོ་ཁ་སྣ་བརྗེས་ནས་འཆི། །གཤིན་རྗེ་ཆོས་རྒྱལ་མདུན་ནས་མཛེས་ས་མེད། །མཛེས་པར་འདོད་ན་དམ་པའི་ལྷ་ཆོས་མཛོད། །ངག་འཇམ་སྨྲ་ལྕེ་བདེ་ཡང་མི་ཕན་གྱིས། །མཁས་པ་རྣམས་ཚོ་ལྡབ་ལྡིབ་བཤད་ཀྱིན་འཆི། །གཤིན་རྗེ་ཆོས་རྒྱལ་མདུན་ན་མཁས་ས་མེད། །མཁས་པར་འདོད་ན་དམ་པའི་ལྷ་ཆོས་མཛོད། །བྲན་དང་འཁོར་གཡོག་མང་ཡང་མི་ཕན་གྱིས། །མི་ཆེན་རྣམས་ཚོ་གྲོགས་མེད་གཅིག་པུར་འཆི། །གཤིན་རྗེ་ཆོས་རྒྱལ་མདུན་ན་ཚེ་ས་མེད། །ཆེ་བར་འདོད་ན་དམ་པའི་ལྷ་ཆོས་མཛོད། །མཆོར་དང་རྒྱན་ཆ་ཡོད་ཀྱང་མི་ཕན་གྱིས། །མཆོར་བོ་མཆོར་མོས་རྒྱན་ཆ་བཞག་ནས་འཆི། །གཤིན་རྗེ་ཆོས་རྒྱལ་མདུན་ན་མཆོར་ས་མེད། །མཆོར་བོ་འདོད་ན་དམ་པའི་ལྷ་ཆོས་མཛོད། །བཟའ་བཏུང་ཞིམ་པོ་འཛོམས་ཀྱང་མི་ཕན་གྱིས། །ཁ་ཞིམ་མཁན་ཚོ་ཟ་དབང་མེད་པར་འཆི། །གཤིན་རྗེ་ཆོས་རྒྱལ་མདུན་ན་ཟ་རྒྱུ་མེད། །ཞིམ་པོ་ཟ་ན་དམ་པའི་ལྷ་

p. 395

ཆོས་མཛོད། །གཤིན་རྗེ་རྒྱལ་པོས་ཁྲིམས་ར་ཡ་ང་བར། །དེ་རིང་ཙམ་ཡང་མི་འཁྲིད་ངེས་པ་མེད། །དེ་ཕྱིར་སང་བྱ་གནངས་བྱར་མ་འཇོག་པར། །ད་ལྟ་ད་ལྟ་དམ་པའི་ལྷ་ཆོས་མཛོད། །དེ་ལྟར་བསམས་ན་གཏན་ནས་མི་སྡོད་གོ །གོ་བཞིན་དམ་ཆོས་མི་བསྒྲུབ་ཕྱུགས་པས་ཕྱུགས། །ཕྱུགས་ཀྱང་གཡང་ཁ་མཐོང་ན་སྐྱག་པ་སྐྱེ། །སྐྱེ་མཐའ་འཆི་ན་འདི་ལ་ཅིས་མི་སྐྲག །མདོར་ན་འཆི་ཁ་དམ་ཆོས་མ་གཏོགས་པ། །འཇིག་རྟེན་བྱ་བ་གང་གིས་ཕན་པ་མེད། །མ་བྱེད་མ་བྱེད་སྡིག་པའི་ལས་མ་བྱེད། །བྱེད་ན་བྱེད་ན་དམ་པའི་ལྷ་ཆོས་མཛོད། །དགེ་བ་འདིས་མཚོན་གང་བསགས་དགེ་བའི་མཐུས། །དགེ་འདུན་གཙུག་རྒྱན་བློ་བཟང་གྲགས་པ་བཞིན། དགེ་བའི་ཆོས་རྣམས་འགྲོ་ལ་བསྟན་ནས་ཀྱང་། །དགེ་ལེགས་ཉིན་མོར་བྱེད་པར་བདག་འགྱུར་ཤོག །ཅེས་པ་འདི་ཡང་སློབ་བུ་བློ་བཟང་དོན་འགྲུབ་ཀྱིས་ཞལ་གདམས་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར། རེབ་གོང་ཡུལ་གྱི་ཆོས་པའི་གཟུགས་ཀྱི་ཁྲམ་པ་ཁ་བདེ་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་མཚོ་སྙིང་མ་ཧཱ་དེ་བ་ནས་བྲིས་པ་དགེ་ལེགས་འཕེལ། །བསྐལ་པ་བསྐལ་པར་བཙལ་ཀྱང་མཇལ་དཀའ་བའི། །རྒྱལ་བའི་རྒྱལ་སྲས་མཚན་ལྡན་བླ་མ་རྗེ། །ཆོས་རྒྱལ་ཆོས་སྨྲ་ཞབས་ཀྱི་པདྨོ་ལ། །ཡང་དང་ཡང་དུ་གུས་པས་ཕྱག་འཚལ་ལོ། །དཔྱིད་ཀྱི་དུས་སུ་ལྗོན་ཤིང་ལོ་མ་འབུས། །དབྱར་དུས་

p. 396

ལོ་འདབ་ཐམས་ཅད་དར་ཞིང་རྒྱས། །སྟོན་དུས་སེར་ཐིག་ལྷུང་ཞིང་ས་ལ་ལྷུང་། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །རབ་མཛེས་གསེར་གྱི་མདངས་འཛིན་སྤང་རི་ལ། །ན་བུན་དངུལ་གྱི་མདོག་འདྲ་རྐེད་ལ་འཁྲིལ། །དེ་ཡང་གར་སོང་མེད་པར་མྱུར་དུ་ཡལ། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །ས་ཐག་རིང་བོ་ནས་འོངས་ཁུ་བྱུག་གིས། །རྟག་ཏུ་དགའ་བའི་སྐད་སྙན་མང་བོ་བསྒྲགས། །སྟོན་འགོ་གུག་ཚེ་གར་སོང་ཆ་མེད་ཐལ། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །ལྷོ་ཡི་གཡུ་འབྲུག་སྔོན་མོས་དབྱར་རྔ་བསྒྲགས། །སྦྲང་ཆར་འབབ་ཅིང་འཇའ་ཚོན་རི་མོ་འཆར། །དབྱར་གསུམ་ནམ་ཟླའི་ཐ་མར་སྒྲ་སྐད་ཉམས། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །རི་ཐང་རྣམས་སུ་འདམ་སྐྱེས་གཅལ་དུ་བཀྲམ། །རྐང་བ་དྲུག་ལྡན་མང་བོས་སྒྲ་དབྱངས་སྒྲོག །སྟོན་དུས་རིམ་བཞིན་མདོག་ཉམས་མེད་པར་སོང་། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །ལོ་ཡག་སྙེ་མ་གཡུ་ཡི་མདོག་ལྟར་མཛེས། །དྲི་གཞོན་རླུང་གིས་བསྐྱོད་ཚེ་ཕང་ཕུང་གཡོ། །སྟོན་དུས་ཁྱིམ་པ་ཕོ་མོས་ཟོར་བས་བརྔོས། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །རབ་གསལ་རྟ་བདུན་ཤར་རིའི་རྩེ་ནས་འོངས། །རང་གཞན་ཀུན་ལ་ཕན་བདེའི་འོད་ཟེར་འགྱེད། །རིང་བོར་མི་སྡོད་ནུབ་ཀྱི་རི་རྩེར་ནུབ། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །མཐོ་ལ་རབ་ཡངས་སྟོང་གསལ་ལྷ་ལམ་གྱི། །ལྟ་ན་སྡུག་པའི་ཆུ་འཛིན་སྤྲིན་དཀར་

p. 397

རྣམས། །གློ་བུར་རླུང་ཆེན་ལངས་ནས་ཕྱོགས་བཅུར་གཏོར། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །བྱ་རྣམས་ཕལ་ཆེར་རང་རང་ཡུལ་བསྙེགས་ཤིང་། །ཆུ་རྣམས་ཕལ་ཆེར་འཁྱགས་ཤིང་བསྐམས་པ་དང་། །ཐང་རྣམས་ཐམས་ཅད་སྐྱ་བོར་སོང་བ་ཡི། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །དང་པོའི་དུས་སུ་ཞལ་མཐོང་གསུང་ཐོས་པའི། །བླ་མ་ཕལ་ཆེར་དེང་སང་མི་བཞུགས་པར། །རང་རང་གང་འདོད་སངས་རྒྱས་ཞིང་ཁམས་བསྙེགས། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །རང་ཉིད་སྐྱེས་པའི་ཕ་ཡུལ་དེ་ཉིད་ཀྱི། །ཕ་མ་ཕ་ཚན་རྒན་རྒོན་ལོ་ལོན་རྣམས། །ད་ལྟའི་དུས་འདིར་ཐམས་ཅད་མི་སྡོད་པར། །རིམ་བཞིན་འཇིག་རྟེན་ཕ་རོལ་བསྙེགས་ནས་སོང་། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །རང་ཉིད་ཆུང་འགྲོགས་དུས་ཀྱི་གྲོགས་པོ་རྣམས། །ད་ལྟའི་དུས་འདིར་ཐམས་ཅད་མི་སྡོད་པར། །གློ་བུར་མྱུར་དུ་འཇིག་རྟེན་ཕྱི་མར་ཐལ། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །མི་རྣམས་ཕལ་ཆེར་ད་ནངས་སྔ་དྲོའི་དུས། །ལུས་བདེ་རྟ་ཞོན་གོས་གྱོན་རྩེ་ཞིང་འགྲོ། །དགོང་ཁའི་དུས་སུ་མི་དེ་ཤི་བའི་རོ། །སུམ་ལྟེབ་བྱས་ནས་བླ་མ་གདན་འདྲེན་སྣང་། །ཚུལ་འདིས་རྐྱེན་བྱས་འཆི་བ་དྲན་ནས་སྐྱོ། །དེ་བཞིན་འཆི་བ་ནམ་འོང་ཆ་མེད་པས། །ཕྱི་མར་བདེ་བར་འདོད་ན་བན་རྒན་ཁྱོད། །མ་འདུག་མ་འདུག་དམ་པའི་ལྷ་ཆོས་གྱིས། །

p. 398

མ་གསོགས་མ་གསོགས་གང་ཡོད་སྦྱིན་པ་ཐོངས། །དགེ་འདིས་རང་གཞན་མི་རྟག་འཆི་བ་ཡིས། །དགེ་ལ་བསྐུལ་ནས་ཚེ་མཇུག་འདི་ཉིད་ལ། །དགེ་བའི་བཤེས་གཉེན་གོང་མའི་རྣམ་ཐར་བཞིན། །དགེ་བའི་ཆོས་ལ་གཞོལ་ནས་འཚང་རྒྱ་ཤོག་།ཅེས་པ་འདི་ནི་སྟོན་ཁ་ཤིང་ལོ་སེར་ཞིང་ཕལ་ཆེར་ལྷུང་གིན་ཡོད་པའི་དུས་སུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཡང་ཉིན་ཞིག་སྙིང་གྲོགས་བསྟན་འཛིན་ཉི་མ་ལ་ཞལ་གདམས་མགུར་ཞིག་ཞུ་བ་ལ་ཅུང་ཟད་བསྟོད་པའི་སྒོ་ནས་ཞུ་དོན་འདི་ལྟར་ཕུལ། །སྐྱབས་གཅིག་དྲིན་ཅན་བླ་མ་ལ། །ཡིད་གཉིས་ཐེ་ཚོམ་དང་བྲལ་བའི། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྐུ་བཞིའི་གོ་ལeའཕང་བསྩལ་ཏུ་གསོལ། །བློ་གྲོས་ཆུང་ངུའི་སྐྲ་རྩེ་རུ། །གྲོགས་ཀྱི་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བླངས་ནས་ཀྱང་། །དད་ལྡན་བདག་གིས་གར་བགྱིད་དོ། །དབུས་ཀྱི་ལྷུན་པོའི་ལྷོ་ཡི་ཕྱོགས། །འཛམ་གླིང་ས་ཡི་བྱང་གི་ངོས། །རི་བོ་གངས་ཅན་ཞེས་བྱའི་རྒྱུད། །དམུ་རྒོད་རེབ་གོང་ཡུལ་ཕྱོགས་སུ། །གྲོགས་ཁྱོདགཟུགས་སྐུའི་ཉིན་བྱེད་དེ། །ཐུབ་བསྟན་དྲི་མེད་མཁའ་ཡི་རྒྱན། །སྐལ་བཟང་པད་ཚད་གཉེན་གཅིག་ཏུ། །ད་ལྟ་ཤར་བ་མ་ལགས་སམ། །སྔོན་སྦྱངས་བསོད་ནམས་བསགས་པའི་མཐུས། །གྲུབ་ཐོབ་མི་ལའི་རྣམ་འཕྲུལ་མགོན། །ཟླ་མེད་བླ་མའི་རྗེས་སུ་བཟུང་། །མ་ནོར་ཟབ་མོའི་གདམས་པ་རྣམས། །བུམ་པ་གང་བྱོས་ཚུལ་དུ་གནང་། །ཐོས་བསམ་ཟག་མེད་བདུད་

p. 399

རྩིའི་རོས། །ཁྱོད་ཐུགས་བློ་གྲོས་ལུས་སྟོབས་རྒྱས། །སྣང་གྲགས་སྒྱུ་མ་ཐུགས་ལ་ཤར། །སྤང་དཀའི་ཚེ་འདི་བློ་ཡིས་བཏང་། །སྤྱད་དཀའི་སྙིང་རུས་དྲག་པོ་ཡིས། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དེ། །འཛིན་མཁན་ཁྱོད་གཅིག་མ་ལགས་སམ། །བྱང་ཆུབ་སེམས་ཀྱི་གཡུ་རལ་རྒྱས། །ཡང་དག་ལྟ་བའི་མཆེ་བ་གཙིགས། །སྐུ་གསུམ་འབྲས་བུའི་རྩལ་གསུམ་རྫོགས། །བསླབ་གསུམ་གངས་དཀར་ལྟོངས་སུ་འགྱིངས། །སྙན་པའི་ང་རོས་ས་སྟེང་གཡོ། །གངས་ཅན་ཁྲོད་ཀྱི་སེང་གཅིག་པུ། །ད་ལྟ་མགོན་ཁྱོད་མ་ལགས་སམ། །ཆུ་བོའི་རྒྱུན་ས་ས་ཞལ། བཞིན་དགེ་ལ་བརྩོན། །ཟག་མེད་ཏིང་འཛིན་ཟས་ཀྱིས་འཚོ། །སྨྱུང་གནས་སྟོང་ཕྲག་ལྷག་ཙམ་བསྲུངས། །ཕྱི་མར་དག་པའི་ཞིང་ཁམས་སུ། །བུ་ནི་ཕ་ཁྱིམ་འགྲོ་བ་བཞིན། །གྲོགས་ཁྱོད་འགྲོ་བ་མ་ལགས་སམ། །ཆོས་ལྟར་བཅོས་པའི་གྲོགས་ངན་བདག །ད་ལྟ་མཇལ་བ་སྐལ་བ་བཟང་། །ད་རེ་ཁྱེད་ལ་ཞུ་བ་ནི། །གྲོགས་ཁྱོད་རྗེས་འཇུག་གང་ཟག་ལ། །སེམས་ལ་ཕན་པའི་ཞལ་གདམས་མཆོག །སྙན་པའི་མགུར་ཞིག་གནང་བར་ཞུ། །ཞེས་ཕུལ་བས་ཞལ་གདམས་འདི་ཉིད་བདག་དང་བློ་བཟང་དོན་འགྲུབ་གཉིས་ལ་གསུངས་སོ། །དྲིན་ཅན་བླ་མ་རྟག་ཏུ་སྤྱི་བོར་སྒོམས། །རྟེན་འབྲེལ་དེ་ལས་ཚེ་བ་མེད་དོ་ཨང་། །ཐོབ་དཀའི་དལ་འབྱོར་ཆུད་གཟོན་མ་བྱེད་པར། །དོན་ལྡན་དམ་ཆོས་སྙིང་བོ་

p. 400

ལོངས་ཤིག་ཨང་། །མི་རྟག་འཆི་བ་རྒྱུན་དུ་ཐུགས་དམ་གྱིས། །གདམས་ངག་དེ་ལས་ཆེ་བ་མེད་དོ་ཨང་། །ལས་འབྲས་ཆོས་ལ་ཞིབ་ཏུ་ནན་ཏན་གྱིས། །གནད་འགག་དེ་ལས་ཆེ་བ་མེད་དོ་ཨང་། །འཇིགས་རུང་ངན་སོང་གསུམ་ལ་དོགས་ཟོན་གྱིས། །འཇིགས་པ་དེ་ལས་ཆེ་བ་མེད་དོ་ཨང་། །ཁས་བླངས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་སྲུངས། །ཐར་བའི་ཐེམ་སྐས་དེ་ལས་མེད་དོ་ཨང་། །མ་གྱུར་འགྲོ་ལ་བྱམས་བརྩེ་དྲག་ཏུ་སྒོམས། །དྲིན་གཟོ་དེ་ལས་ཆེ་བ་མེད་དོ་ཨང་། །ཕ་རོལ་ཕྱིན་དྲུག་བསྡུ་བཞི་ཞི་ལྷག་སྒོམས། །རྒྱལ་སྲས་རྣམས་ཀྱི་སྤྱོད་ཚུལ་ཡིན་ནོ་ཨང་། །ཁྱད་པར་རྡོ་རྗེའི་ཐེག་ལ་མོས་གུས་གྱིས། །ཤིན་ཏུ་མཇལ་དཀའི་དམ་ཆོས་ཡིན་ནོ་ཨང་། །ལུས་ངག་ཡིད་གསུམ་དགེ་ལ་ལྷོད་མེད་རེམ། །སྒོ་གསུམ་སྡིག་སྒྲིབ་མྱུར་དུ་འདག་གོ་ཨང་། །ཞེས་པའོ། །ཀྭ་ཡེ་བློ་བཟང་དོན་འགྲུབ། །ཁ་ཏ་ཚིག་འགའ་བཤད་ཀྱི། །ག་རུ་འགྲོ་འམ་འདུག་ཀྱང་། །ང་ཡི་ཚིག་བཞིན་གྱིས་ཤིག །ཅ་ཅོའི་ཚིག་ངན་མ་བཤད། །ཆ་བྱད་ཆོས་དང་སྟུན་ཅིག །ཇ་ཆང་ཤ་ཐུད་མར་ལ། །ཉི་བཞིན་སྲེད་པ་མ་ཆེ། །ཏ་ཐཱ་ག་ཏའི་ཆོས་མཛོད། །ཐ་མལ་གཉིད་ལ་མ་དགའ། །ད་ལྟ་ལྷ་ཆོས་མཛོད་དང་། །ན་འཆིས་གཏུགས་ཚེ་མི་འགྱོད། །པ་ཏྲ་བཞིན་དུ་འཁྱོགས་ནས། །ཕ་རོལ་མི་མགོ་མ་བསྐོར། །བ་གླང་ལ་སོགས་འགྲོ་ལ། །མ་བཞིན་བྱམས་པར་མཛོད་ཅིག །ཙཱ་རིའི་དབེན་གནས་མིན་ཡང་། །

p. 401

ཚ་གྲངས་སྙོམས་པའི་གནས་སུ། །ཛ་ཧུའི་རྒྱུན་བཞིན་ཆོས་གྱིས། །ཝ་བཞིན་ལྟོ་ཕྱིར་མ་རྒྱུགས། །ཞྭ་བཞིན་བླ་མ་བསྟེན་ལ། །ཟ་མ་གོས་ཀྱིས་མཆོད་ཅིག །རྭ་བཞིན་རྒྱུད་ནི་མ་གྱོང་། །ལ་ལ་ཆོས་མིན་མ་བྱེད། །ཤ་སྟག་ཉམས་ལེན་མཛོད་དང་། །ས་ལམ་རིམ་གྱིས་འཐོབ་བོ། །ཧ་ཅང་མྱུར་བ་མྱུར་དུ། །ཨའོ་གྲུབ་ཐོབ་མ་འདོད། །ཚིག་འདི་ཡིད་ལ་ཟུངས་དང་། །འདི་དང་ཕྱི་མ་ཀུན་ཏུ། །སྐྱིད་པའི་ཉི་མ་འཆར་རོ། །ཨེ་གོ་བློ་བཟང་དོན་འགྲུབ། །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་བློ་བཟང་དོན་འགྲུབ་ལ་ཇ་ཐོག་ཅིག་ཏུ་སྨྲས་པའོ། །ཀ་ཁ་ཡན་ཆད་སློབ་པའི་བླ་མ་ལ། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་ཐོབས། །ག་ན་འདུག་ཀྱང་གཡོ་སྒྱུ་ཁྲམ་གསུམ་དང་། །ང་རྒྱལ་ལ་སོགས་ཉོན་མོངས་དུག་ལྔ་སྤོངས། །ཅ་ཅོའི་གཏམ་ངན་གང་ཡང་མི་ཐོས་པའི། །ཆ་མེད་དབེན་པའི་རི་ནས་འདུག་དུས་སུ། །ཇ་རས་གོས་དར་རྒྱུ་ནོར་མི་བསམ་པར། །ཉ་རྒྱས་ཟླ་བཞིན་དགེ་སྦྱོར་ཇེ་འཕེལ་མཛོད། །ཏ་ལའི་ཤིང་སོགས་རྒྱས་པའི་ནགས་ཁྲོད་ཀྱི། །ཐ་ཆད་གཅན་གཟན་བཞིན་དུ་མ་འདུག་པར། །ད་ནས་བཟུང་སྟེ་ན་སོ་རྒས་ཀྱི་བར། །ན་དང་འཆི་བའི་གཡུལ་རྒྱལ་དམ་ཆོས་མཛོད། །པ་སངས་ལྟ་བུར་དཀར་བའི་ཕན་སེམས་ཀྱིས། །ཕ་མས་གཙོ་བྱས་འགྲོ་ཀུན་བུ་བཞིན་སྐྱོངས། །བ་མོའི་སྟེང་དུ་ཉི་མ་ཕོག་པ་བཞིན། །མ་རིག་འཁྲུལ་

p. 402

བ་རྩད་ནས་ཨེ་ཆོད་ལྟོས། །ཙ་མིན་ཊི་སོགས་འཆི་བདག་གཤིན་རྗེ་ཡིས། །ཚ་གྲང་དམྱལ་བར་མི་འཁྲིད་ཐབས་ལ་འབོད། །ཛ་ཧ་བིར་བཞིན་སེམས་ཉིད་སྟོང་གསལ་དེ། །ཝ་ལེར་ཉིན་མཚན་ཀུན་ཏུ་སྐྱོང་བར་མཛོད། །ཞྭ་ལྷམ་ལ་སོགས་མཛེས་པའི་རྒྱན་གོས་དང་། །ཟ་མ་ལ་སོགས་ཆོས་ཀུན་སྒྱུ་མར་ལྟོས། །འ་འུར་ཆེ་བའི་གྲོང་དུ་མ་སྡོད་པར། །ཡ་རབས་ཁྱོད་ཀྱིས་རྒྱུན་དུ་དབེན་པ་སྟེན། །ར་བ་གངས་རིས་བསྐོར་བའི་ཡུལ་ལྗོངས་འདིའི། །ལ་ལུང་གཉིས་ཀའི་རི་ཁྲོད་ཉམས་དགའ་རུ། །ཤ་ཐང་བསྐྱེད་ལ་ཉམས་ལེན་འདི་བཞིན་མཛོད། །ས་གསུམ་ཟླ་མེད་མི་ལ་རས་པ་བཞིན། །ཧ་ཅང་བརྩོན་འགྲུས་དེ་ལྟར་དཀའ་ན་ཡང་། །ཨ་རོག་དེ་ལ་ཁ་མིག་ཡར་ལྟ་གྱིས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་བློ་བཟང་དོན་འགྲུབ་ལ་སྨྲས་པའོ། །ཨེ་མ་རྒྱལ་སྲས་གྲོགས་ཀྱི་ཐུགས། །དྲི་མེད་པད་དཀར་བཞད་པའི་ཕྱིར། །ལག་གཉིས་འཆི་མེད་ལྷ་ལམ་དུ། །པིར་སྙུག་ཆུ་འཛིན་སྨུག་པོ་འཁྲིགས། །རབ་དཀར་ཤོག་གུའི་འཛིན་མ་ལ། །དགུ་བའི་ཚེས་པ་དྲུག་གི་ཉིན། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི། །གསུང་མགུར་ལྷ་ཡི་བདུད་རྩིའི་རྒྱུན། །ཡི་གེའི་ཆར་བ་མྱུར་ཕབ་མཐུས། །སྙིང་གྲོགས་ཐུགས་ཀྱི་པད་དཀར་དེ། །ཡང་དང་ཡང་དུ་རྒོད་པ་དང་། །ཉམས་རྟོགས་ཡོན་ཏན་སྦྲང་རྩིས་གཏམས། །སྐལ་བཟང་སློབ་མ་རྐང་དྲུག་གིས། །ནངས་ནུབ་མེད་པར་ཁོར་ཡུག་ནས། །སྐྱོ་ངལ་མེད་པར་གར་བྱེད་ཅིང་། །

p. 403

རྒྱུན་ཆད་མེད་པར་ཆོས་ཞུས་སྒྲ། །འགག་པ་མེད་པར་སྒྲོག་པར་ཤོག །སོར་མོའི་སྐྱེས་བུ་གཞོན་ནུ་དེ། །སྙུག་གུའི་ཅང་ཤེས་རྟ་ལ་ཞོན། །ཤོག་གུའི་ཉིན་མཚན་བརྒྱ་ལྷག་ལམ། །སྙུག་གུའི་རྟ་ཡིས་ཉིན་རེར་གཅོད། །ཡི་གེའི་རྟ་རྗེས་ཆར་བཞིན་འབེབས། །སྐྱེས་བུ་ཅིག་གི་བདེ་རེ་ཨང་། །རྟ་ཕོ་ཅིག་གི་མགྱོགས་རེ་ཨང་། །རྟ་རྒྱུགས་བྱེད་པའི་སྐྱེས་བུ་རྣམས། །རྟ་རྒྱུགས་བྱེད་ན་འདི་ལྟར་གྱིས། །ཞེས་པ་འདི་ཡང་གྲོགས་པོ་བསྟན་འཛིན་ཉི་མས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་མགུར་ལེ་ཚན་གཉིས་ཁོ་ལ་ཅིག་ཕྲིས་ཟེར་བས་ཉིན་གཅིག་ཏུ་བྲིས་ནས་མཇུག་ཏུ་འདི་རྩེ་མཚར་དུ་བྲིས་ནས་བྱིན་པའོ། །ན་མོ་གུ་རུ། ཞལ་མཐོང་གསུང་ཐོས་ཀྱི་བླ་མ་རྣམས། །ད་ལྟ་ཕལ་ཆེར་ནི་སངས་རྒྱས་ཀྱི། །ཞིང་ཁམས་གང་འདོད་དུ་བཞུད་དེ་ཐལ། །མཉམ་འགྲོགས་དམ་གཙང་གི་མཆེད་གྲོགས་རྣམས། །ད་ལྟ་ཕལ་ཆེར་ནི་མི་འཕྲད་པའི། །འཇིག་རྟེན་ཕ་རོལ་ཏུ་བཞུད་དེ་ཐལ། །འཚོ་བ་སྦྱོར་མཁན་གྱི་ཡོན་བདག་རྣམས། །ད་ལྟ་ཕལ་ཆེར་ནི་མི་མཐོང་བའི། །འཇིག་རྟེན་ཕྱི་མ་རུ་བཞུད་དེ་ཐལ། །ངོ་ཤེས་རང་ཡུལ་གྱི་རྒན་རྒོན་རྣམས། །ད་ལྟ་ཕལ་ཆེར་ནི་ཕྱིར་མི་འོང་། །འཆི་བའི་ལམ་ཆེན་ལ་ཞུགས་ཏེ་ཐལ། །ད་ནི་ཡུན་རིང་ཞིག་མི་སྡོད་པར། །མཆེད་གྲོགས་ཡོན་བདག་དང་རྒན་རྒོན་ཚོ། །བཞུད་ནས་སོང་ས་དེར་རང་ཡང་འགྲོ། །ཡུན་རིང་སྡོད་ཤོམ་གྱི་ཁང་ལས་

p. 404

དང་། །རྒྱུ་ནོམ་གསོག་འཇོག་ནི་མ་བྱེད་པར། །འགྲོ་གྲབས་མཆོད་སྦྱིན་སོགས་ཆོས་ལ་འབོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །སྐྱབས་གནས་དཀོན་མཆོག་གསུམ་ལ་འདུད། །དཀའ་སྤྱད་ནུས་པར་བྱིན་གྱིས་རློབས། །བཟའ་བཏུང་བཟང་བོར་དགའ་བ་ཡི། །བྱ་བཏང་ཚོགས་དྲུག་རང་གྲོལ་ཉོན། །ཤ་ཆང་ཇ་ཐུད་མར་ཆུར་སོགས། །བཟའ་བཏུང་བཟང་བོའི་དོན་ཆེད་དུ། །དང་པོ་བསོད་ནམས་ཁེ་ཚོང་དང་། །བྲན་གཡོག་བཟོ་རིགས་འཐབ་རྩོད་སོགས། །སྡུག་བསྔལ་དུ་མ་ཞིག་མྱོང་དགོས། །བར་དུ་ཇག་རྐུན་བྱ་ཁྱི་ཡིས། །འཁྱེར་གྱིས་དོགས་ནས་མེལ་ཚེ་དགོས། །ཆུ་དང་ཤིང་བླངས་མེ་བུས་ནས། །གཡོ་བསྐོལ་སྡུག་བསྔལ་མང་བོ་མྱོང་། །ཐ་མ་ཁ་རུ་བཞག་པ་ན། །ལྕེ་ཡིས་ཞིམ་མངར་བདེ་བའི་རོ། །སྐད་ཅིག་ཙམ་མྱངས་མིད་པ་ན། །རོ་མྱང་བདེ་བའི་རྒྱུན་ཆད་ནས། །གཅིན་རྟུག་མི་གཙང་ཉིད་དུ་གྱུར། །མི་གཙང་ཡང་ཡང་བསལ་བའི་ཕྱིར། །དྲོ་འཇམ་བདེ་བའི་མལ་ས་བཞག །ཁྱི་ཁ་ཆར་ཆུ་མུན་ནག་ཏུ། །འགྲོ་དགོས་པ་སོགས་སྡུག་བསྔལ་ཚེ། །བདེ་བ་གློག་འགྱུ་ཙམ་དོན་དུ། །སྡུག་བསྔལ་དཔག་མེད་སུ་ཡིས་མྱོང་། །ལྟོ་རྐྱལ་ཚོགས་དྲུག་རང་གྲོལ་ཁྱོད། །ལྟོ་ཕྱིར་སྡུག་བསྔལ་མ་མྱངས་པར། །ཟས་སུ་གང་བྱུང་ཁ་སྒོར་ཟོ། །སྐོམ་དུ་ཇ་མིན་ཆུ་མིན་ཐུངས། །དཀའ་སྤྱད་སྒོ་ནས་གཏན་བདེའི་རྒྱུ། །དམ་པའི་ཆོས་ལ་འབད་

p. 405

པར་མཛོད། །དེ་ལྟར་བྱས་ན་སྔར་བཤད་པའི། །སྡུག་བསྔལ་ཁྱོད་ཀྱིས་མྱོང་མི་དགོས། །གནས་སྐབས་བདེ་ཞིང་མཐར་ཐུག་ཏུ། །སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །དགེ་འདིས་རང་གཞན་ཐམས་ཅད་ཀྱིས། །དཀའ་སྤྱད་བྱས་ནས་ཆོས་སྒྲུབ་ཤོག །ཅེས་པ་འདི་ཡང་ཉིན་ཞིག་ལྟོགས་ནས་བཟའ་བཏུང་བཟང་བོ་དྲན་ཚེ་སྨྲས་པའོ།། །ཕ་འགྲན་གྱི་དོ་མེད་རིན་པོ་ཆེ། །ཕ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཕ་མ་སོགས་བློས་བཏང་བུ་ང་ལ། །ཕ་ཁྱེད་ཀྱི་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚེ་འདི་ཡི་བདེ་སྐྱིད་ཐམས་ཅད་བཏང་། །ཚེ་ཕྱི་མའི་བདེ་ཐབས་ཆོས་མི་བསྒྲུབ། །ཚེ་གཉིད་དང་ལེ་ལོའི་ངང་ལ་ཟད། །ཚེ་འདི་མེད་ཕྱི་མེད་བན་རྒན་ཁྱོད། །སྔོན་གཏི་མུག་གཉིད་དུ་ཅི་ཙམ་ལོག །ད་བསམས་ན་སྙིང་བོ་ག་འདྲ་འདུག །སེམས་ཡོད་ན་སྔ་བར་ལངས་རེ་རན། །ཉལ་མ་འདུག་མ་འདུག་ཡར་ལ་ལོངས། །སྔོན་རོ་ཉལ་བྱས་ནས་ཅི་ཙམ་བསྡད། །ད་བསམས་ན་སྙིང་བོ་ག་འདྲ་འདུག །སེམས་ཡོད་ན་དྲང་བོར་འདུག་རེ་རན། །ལོག་མ་འདུག་མ་འདུག་དྲང་བོར་སྡོད། །སྔོན་ལོང་གཏམ་མང་བོ་ཅི་ཙམ་ལབ། །ད་བསམས་ན་སྙིང་བོ་ག་འདྲ་འདུག །སེམས་ཡོད་ན་ལོང་གཏམ་གཅོད་རེ་རན། །གཏམ་མ་ལབ་མ་ལབ་ཁ་དེ་ཚུམས། །སྔོན་བཟའ་བཏུང་ཞིམ་པོ་ཅི་ཙམ་ཟོས། །ད་བསམས་ན་སྙིང་བོ་ག་འདྲ་འདུག །སེམས་ཡོད་

p. 406

ན་དཀའ་སྤྱད་བྱེད་རེ་རན། །དཀོར་མ་ཟ་མ་ཟ་དཀའ་བ་སྤྱོད། །སྔོན་འདང་ལོག་མང་བོ་ཅི་ཙམ་བརྒྱབ། །ད་བསམས་ན་སྙིང་བོ་ག་འདྲ་འདུག །སེམས་ཡོད་ན་འདང་རྒྱག་གཅོད་རེ་རན། །འདང་མ་རྒྱག་མ་རྒྱག་བསམ་མེད་སྡོད། །སྔོན་ཚེ་འདིའི་བྱ་བ་ཅི་ཙམ་བྱས། །ད་བསམས་ན་སྙིང་བོ་ག་འདྲ་འདུག །སེམས་ཡོད་ན་ཚེ་བློས་གཏོང་རེ་རན། །ཡིད་མ་ཆགས་མ་ཆགས་ཚེ་བློས་ཐོངས། །སྔོན་ཆོས་སྒོར་ཞུགས་ནས་ཅི་ཙམ་སོང་། །ད་རྒྱུད་ན་ཉམས་རྟོགས་ག་འདྲ་འདུག །སེམས་ཡོད་ན་བསྒོམ་ལ་འབད་རེ་རན། །ད་མ་ཡེངས་མ་ཡེངས་རྩེ་གཅིག་སྒོམས། །ཕ་དྲིན་ཅན་བླ་མ་རིན་པོ་ཆེ། །བུ་གཉིད་དང་ལེ་ལོས་མི་ནོན་པར། །སྒོམ་སྒྲུབ་ལ་བརྩོན་འགྲུས་སྐྱེ་བ་དང་། །ཉམས་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཤིང་ཙནྡན་སྡོང་བོའི་ལྡིང་ཁང་ན། །བྱ་ལུས་མཛེས་རྨ་བྱ་ཞེ་རེ་སྙོམས། །ཨེ་ཤི་རེ་ཞེ་རེ་མ་སྙོམས་དང་། །དབྱར་འོངས་ནས་གཡུ་འབྲུག་གྲིག་རྒྱུ་རེད། །ཤིང་སྣ་ཚོགས་རྒྱས་པའི་ནགས་ཁྲོད་ན། །བྱ་ཁུ་བྱུག་སྔོན་མོ་ཞེ་རེ་སྙོམས། །ཨེ་ཤི་རེ་ཞེ་རེ་མ་སྙོམས་དང་། །འབྲུག་གྲགས་ན་སྦྲང་ཆར་འབབ་རྒྱུ་རེད། །ཞིང་རི་ཕྱི་གྲུ་བཞིའི་ཆག་ཀ་ན། །ཕོ་ཞིང་ལས་མཁན་རྣམས་ཞེ་རེ་སྙོམས། །ཨེ་ཤི་རེ་ཞེ་རེ་མ་སྙོམས་དང་། །ཆར་བབས་ན་ལོ་ལེགས་འོང་རྒྱུ་རེད། །རི་ཡིད་འོང་ཉམས་དགའི་བསིལ་གྲིབ་ནི། །ཚེ་བློས་བཏང་རྣལ་

p. 407

འབྱོར་ཞེ་རེ་སྙོམས། །ཨེ་ཤི་རེ་ཞེ་རེ་མ་སྙོམས་དང་། །ལོ་ལེགས་ན་ཕྱེ་རྩམ་མོད་རྒྱུ་རེད། །ཅེས་པ་འདི་ཡང་བློ་ཁ་ཚར་བའི་དུས་ཤིག་ཏུ་རྩེ་མཚར་དུ་འཇིག་རྟེན་པའི་གླུ་ལྟར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དུས་དེ་རིང་རང་ལ་གྲོས་འདི་འདེབས། །ཁྱོད་གྲྭ་སློབ་འཁོར་གཡོག་མ་འདོད་པར། །ད་གཅིག་པུར་སྡོད་ལ་ཉམས་ལེན་གྱིས། །ཁྱོད་ཁང་ཁྱིམ་སྡོད་ས་མ་འདོད་པར། །ད་རི་ཁྲོད་འགྲིམས་ལ་ཉམས་ལེན་གྱིས། །ཁྱོད་འདུ་འཛི་གཡེང་བ་མ་འདོད་པར། །ད་བྱ་བྱེད་སྤོངས་ལ་ཉམས་ལེན་གྱིས། །ཁྱོད་སྙན་གྲགས་གདུལ་བྱ་མ་འདོད་པར། །ད་ཆོས་བརྒྱད་སྤོངས་ལ་ཉམས་ལེན་གྱིས། །ཁྱོད་དགྲ་འདུལ་གཉེན་སྐྱོང་མ་འདོད་པར། །ད་ཕ་ཡུལ་སྤོངས་ལ་ཉམས་ལེན་གྱིས། །ད་ལེགས་པོ་གྱོན་ན་མ་འདོད་པར། །ད་གོས་ཧྲུལ་གྱོན་ལ་ཉམས་ལེན་གྱིས། །ཁྱོད་ཞིམ་པོ་ཟོས་ན་མ་འདོད་པར། །ད་གང་བྱུང་ཟོ་ལ་ཉམས་ལེན་གྱིས། །ཁྱོད་ཇ་ཆང་འཐུང་ན་མ་འདོད་པར། །ད་རྩོམ་ཐང་ཐུངས་ལ་ཉམས་ལེན་གྱིས། །ཁྱོད་ལྟོ་ཕྱིར་འཁྱམས་ན་མ་འདོད་པར། །ད་མལ་སར་སྡོད་ལ་ཉམས་ལེན་གྱིས། །ཁྱོད་མལ་སའི་གཉིད་ན་མ་འདོད་པར། །ད་བརྩོན་འགྲུས་སྐྱེད་ལ་ཉམས་ལེན་གྱིས། །གླུ་འདི་ཡང་རང་ལ་ཕན་ཕྱིར་བླངས། །དགེ་འདིས་ཀྱང་འགྲོ་ཀུན་བདེ་སྐྱིད་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་ཆོས་རྒྱལ་ངག་གི་དབང་བོར་

p. 408

འདུད། །ཁྱོད་ཉོན་དང་ཚོགས་དྲུག་རང་གྲོལ་བ། །།ལས་བྱས་ཀྱིན་ད་དུང་བྱེད་དགོས་མང་། །ད་བྱ་བྱེད་འཇོག་པའི་དུས་ལ་བབ། །དགྲ་བཏུལ་གྱིན་ད་དུང་འདུལ་རྒྱུ་མང་། །ད་རང་རྒྱུད་འདུལ་བའི་དུས་ལ་བབ། །གཉེན་བསྐྱངས་ཀྱིན་ད་དུང་སྐྱོང་དགོས་མང་། །ད་རྒྱང་དུ་བསྐྱུར་བའི་དུས་ལ་བབ། །ནོར་བསགས་ཀྱིན་ད་དུང་གསོག་དགོས་མང་། །ད་ཆགས་མེད་བྱ་བའི་དུས་ལ་བབ། །དོན་བྱས་ཀྱིན་ད་དུང་བྱེད་དགོས་མང་། །ད་རང་དོན་སྒྲུབ་པའི་དུས་ལ་བབ། །ཕར་སོང་གིན་ད་དུང་འགྲོ་ས་མང་། །ད་མལ་ས་གནོན་པའི་དུས་ལ་བབ། །ཟོས་འཐུང་གིན་ད་དུང་ཟོས་ན་འདོད། །ད་ཟས་གཅིག་བྱེད་པའི་དུས་ལ་བབ། །གཉིད་ལོག་གིན་ད་དུང་གཉིད་རྒྱུ་མང་། །ད་སྔ་བར་ལངས་པའི་དུས་ལ་བབ། །གཏམ་བཤད་ཀྱིན་ད་དུང་བཤད་རྒྱུ་མང་། །ད་སྨྲ་བཅད་བྱེད་པའི་དུས་ལ་བབ། །ཆོས་བསླབ་ཀྱིན་ད་དུང་སློབ་རྒྱུ་མང་། །ད་ཉམས་ལེན་བྱེད་པའི་དུས་ལ་བབ། །གླུ་འདི་ཡང་རང་ལ་ཕན་ཕྱིར་བླངས། །གཞན་ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཁམས་གསུམ་ན་ཟླ་མེད། །ཙོང་ཁ་པ་མཁྱེན་ནོ། །བདག་སྙིང་གི་པདྨོའི། །ཟེའུ་འབྲུ་རུ་བཞུགས་ཤིག །ལམ་རིམ་གྱི་གཞི་ལམ། །འབྲས་གསུམ་གྱི་རྣམ་གཞག །མགྲིན་པ་རུ་བཏེགས་ནས། །ཅུང་ཟད་ཅིག་འཐེན་ནོ། །གཞིའི་སྐབས་སུ་ཆོས་རྣམས། །མིང་བཏེགས་ཙམ་མ་

p. 409

གཏོགས། །རང་ངོས་ནས་རྡུལ་ཙམ། །མ་གྲུབ་པའི་དོན་དམ། །བདེན་པ་དེ་རྟོགས་ནས། །མིང་བཏགས་ནི་ཙམ་ལ། །ཤེས་བྱ་རྣམས་ཡོད་པའི། །ཀུན་རྫོབ་ཀྱི་བདེན་པ། །འཇོག་ཚུལ་དེ་ཤེས་ནས། །ལམ་སྐབས་སུ་ཐབས་ཤེས། །ཕྱོགས་རེ་བ་མ་ཡིན། །བསོད་ནམས་དང་ཡེ་ཤེས། །ཚོགས་གཉིས་པོ་ཟུང་འབྲེལ། །རང་ཉམས་སུ་བླངས་པས། །འབྲས་བུའི་སྐབས་ཆོས་གཟུགས། །སྐུ་གཉིས་པོ་ཐོབ་འོང་། །གླུ་དབྱངས་འདི་འཇམ་དབྱངས། །མི་གཟུགས་སུ་ཤར་བ། །བློ་བཟང་གི་ལེགས་བཤད། །ས་གསུམ་གྱི་སྒྲོན་མེ། །ལམ་རིམ་གྱི་དྲིན་ལས། །བཀའ་གདམས་པའི་བུ་བརྒྱུད། །བྱ་བཏང་བ་བྱམས་པ། །ཆོས་དར་གྱིས་བླངས་སོ། །རབ་སྙན་གྱི་གླུ་དབྱངས། །འབྲུག་སྒྲ་དེ་ཐོས་ཚད། །སྐལ་ལྡན་གྱི་རྨ་བྱས། །ཐབས་ཤེས་ཀྱི་གཤོག་བརྐྱངས། །རྣམ་མཁྱེན་གྱི་ཙནྡན། །ཤིང་ཁ་རུ་འཕུར་ཤོག །ཅིས་བྱང་ཆུབ་ལམ་གྱི་རིམ་པའི་གཞི་ལམ་འབྲས་གསུམ་གྱི་མགུར་དབྱངས་འདི་ནི་རི་ཁྲོད་པ་བྱམས་པ་ཆོས་དར་གྱིས་སྨྲས་པའོ། །ཤེས་རབ་ཀྱི་རལ་གྲི་རྣོན་པོ་དེ། །ངར་འཛིན་གྱི་དགྲ་ཡི་སྙིང་དུ་བཏབ། །སྟོང་སང་གི་ངང་དུ་སྒྲོལ་མཛད་པའི། །སྙིང་སྟོབས་ཅན་རྣམས་ལ་གསོལ་བ་འདེབས། །རྨི་ལམ་གྱི་གནས་སྐབས་ཚུན་ཆད་དུ། །ང་ང་སྙམ་སྙིང་གི་དཀྱིལ་འདི་ན། །དམ་བྲེང་ངེ་འཛིན་པའི་འཕུང་བཤིག་གོ །དེ་ཆམ་

p. 410

ལ་འབེབས་པར་བྱིན་གྱིས་རློབས། །རང་ཉིད་ལ་དངོས་སུ་གཞན་ཞིག་གིས། །ཕན་གནོད་གང་བྱས་པས་བདེ་སྡུག་གི །རྟོག་པ་ཞིག་མངོན་གྱུར་ཡོད་ན་རབ། །དེ་ཀའི་ཆོག་མེད་ན་རང་ཉིད་ལ། །སྔར་དུས་སུ་ཕན་གནོད་གང་བྱས་ཤིག །བློས་གསལ་ཐོབས་གསལ་བཏབ་དུས་སྐབས་སུ། །དེར་ཕན་གནོད་འདི་འདྲ་བྱས་སྙམ་དུ། །ཕན་གནོད་བྱས་པའི་ཡུལ་ང་ཞིག །རང་སྙིང་གི་དཀྱིལ་ནས་ལྷང་ལྷང་འཆར། །ཤར་བ་ན་ང་དེ་གང་ན་འདུག །བརྟགས་པའི་ཚེ་སྔོན་ཆད་སྙིང་དཀྱིལ་ན། །ཡོད་སྙམ་པ་མ་གཏོགས་གང་སྟེང་དུ། །གྲུབ་ཡོད་པའི་ཐག་ཆོད་མ་ངེས་པ། །དེ་ལྟར་དུ་ལེགས་པར་བརྟགས་པའི་ཚེ། །རེས་ལུས་ཀྱི་སྟེང་ན་ཡོད་པ་འདྲ། །རེས་སེམས་ཀྱི་སྟེང་ན་ཡོད་པ་འདྲ། །མཐར་ལུས་སེམས་འཚོགས་ཙམ་དེའི་སྟེང་དུ། །ཕར་རྟོག་པས་བཏགས་ཙམ་མ་ཡིན་པར། །དང་པོ་ནས་ང་ཞིག་ཚུགས་ཐུབ་ཏུ། །གྲུབ་ཡོད་ཀྱི་སྙམ་པ་ཤར་བའི་ཚེ། །ང་ལུས་སེམས་སྟེང་དུ་གྲུབ་ཡོད་ན། །ལུས་སེམས་དང་གཅིག་ཏུ་ཡོད་པའམ། །ཡང་ན་ནི་ཐ་དད་དུ་ཡོད་དགོས། །དེ་གཉིས་ལས་མ་གཏོགས་ཡོད་ཚུལ་ཞིག །གཏན་ནས་མེད་སྙམ་དུ་བློ་ཐག་ཆོད། །ང་ལུས་སེམས་གཉིས་དང་གཅིག་མ་ཡིན། །གཅིག་ཡིན་ན་ང་དང་ལུས་སེམས་ཞེས། །མིང་སོ་སོར་བཏགས་པ་དོན་མེད་འགྱུར། །གཅིག་ལ་ནི་མིང་གཉིས་དགོས་པ་ཅི། །ཡང་གཅིག་ན་ལུས་སེམས་གཉིས་བཞིན་དུ། །ང་དེ་ཡང་གཉིས་སུ་འགྱུར་དགོས་

p. 411

ལ། །མི་གཅིག་ལ་ང་གཉིས་ཡོད་མི་སྲིད། །ཡང་གཅིག་ན་ཕུང་བོ་མེར་སྲེག་དུས། །ང་དེ་ཡང་མེ་ལ་བསྲེག་དགོས་འདུག །ཅིའི་ཕྱིར་ན་ལུས་དང་གཅིག་པའི་ཕྱིར། །ལུས་བསྲེགས་ནས་མེད་བཞིན་ང་དེ་ཡང་། །ཕྱིས་མེད་དགོས་དེ་ནི་འགལ་བ་ཆེ། །ལས་བྱས་པ་ཆུད་གཟོན་མ་བྱས་པར། །འཕྲད་ལ་སོགས་ཉེས་པ་དུ་མ་ཡོད། །ང་ལུས་སེམས་གཉིས་དང་ལྷན་ཅིག་ཏུ། །མ་གྲུབ་འདུག་སྙམ་དུ་བློ་ཐག་ཆོད། །ལུས་སེམས་གཉིས་གཞན་དུ་ང་ཡོད་དགོས། །ཅིའི་ཕྱིར་ན་ང་ཡི་ལུས་གྲང་གི །ངའི་སེམས་འདི་སྡུག་གི་ཟེར་གིན་མོད། །དེ་སོ་སོར་ཡོད་རྟགས་ཡིན་སྙམ་དུ། །ལུས་སེམས་གཉིས་ཡོད་ཀྱི་སོ་སོར་སོལ། །སོ་སོ་རུ་བསལ་བའི་ཤུལ་དེ་ན། །ང་དེ་ཉིད་འདི་ཞེས་སྟོན་རྒྱུ་ཞིག །ཡོད་དགོས་ཏེ་དེ་འདྲ་ཅང་མི་འདུག །ང་ལུས་སེམས་གཉིས་ལས་ཐ་དད་དུ། །མ་གྲུབ་འདུག་སྙམ་དུ་བློ་ཐག་ཆོད། །དེ་ལྟར་དུ་དཔྱད་པས་དེ་ཡན་ཆད། །ང་ང་ཞེས་རང་གི་སྙིང་དཀྱིལ་ན། །ང་མིག་གིས་མཐོང་རྒྱུ་ཡོད་འདྲ་བ། །ང་ལག་པས་འཛིན་རྒྱུ་ཡོད་འདྲ་བ། །དེ་རྡུལ་ཕྲན་ཙམ་ཡང་མ་རྙེད་པར། །སྟོང་ཕྱམ་གྱིས་སོང་དུས་ང་ཞེས་པ། །མིང་ཕར་ལ་བཏགས་པ་ཙམ་མ་གཏོགས། །ཚུར་རང་ངོས་གྲུབ་པ་རྡུལ་ཙམ་མེད། །ང་མི་འདུག་སྙམ་པའི་ངེས་ཤེས་ཀྱི། །རྒྱུན་བྱིང་རྒོད་བྲལ་བ་རྩེ་གཅིག་སྐྱོངས། །རྗེས་ཐོབ་ཏུ་ང་སོགས་ཆོས་ཐམས་ཅད། །

p. 412

དཔེ་སྒྱུ་མ་ལྟ་བུར་ཤེས་པར་གྱིས། །འདི་ལེགས་སྦྱར་རྣམ་དཀར་དགེ་བའི་མཐུས། །ནང་སྙིང་གི་དཀྱིལ་དུ་གནས་བཅས་ནས། །སྡུག་སྣ་དགུ་འདྲེན་པའི་འཕུང་རྒན་པོ། །དགྲི་ངར་འཛིན་ཆམ་ལ་འབེབས་ནུས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ངར་འཛིན་ལ་འཛིང་དུས་ཤིག་ཏུ་སྨྲས་པའོ། །སྤྱན་རས་གཟིགས་དབང་རྒྱལ་པོའི་ཚུལ་བཟུང་། །བོད་ཁམས་བདེ་ལ་བཀོད་པའི་དྲིན་ཅན། །སྲོང་བཙན་སྒམ་པོའི་ཞབས་ལ་འདུད་དོ། །ད་དུང་རིགས་དྲུག་སྤྱི་དང་ཁྱད་པར། །བོད་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ལ། །བྱང་ཆུབ་མ་འཐོབ་བར་དུ་སྐྱོངས་ཤིག །འདུལ་བ་སྨོད་ཅིང་སྡོམ་པ་ཚུལ་བཞིན། །མི་བསྲུང་བཤེས་གཉེན་གོལ་སའི་ཆོས་ཡིན། །མདོ་སྡེ་སྨོད་ཅིང་བཀའ་ལ་ཀློག་འདོན། །མི་བྱེད་བཤེས་གཉེན་གོལ་སའི་ཆོས་ཡིན། །མངོན་པར་སྨོད་ཅིང་ཟབ་མོའི་དོན་ལ། །མི་མོས་བཤེས་གཉེན་གོལ་སའི་ཆོས་ཡིན། །སྟོན་ཆེན་ཉམས་ལེན་མི་བྱེད་ང་རྒྱལ། །ཚེ་ན་བདུད་ཀྱིས་བཅོས་པའི་ཆོས་ཡིན། །སྒོམ་ཆེན་འཇིག་རྟེན་འདུ་འཛིའི་གཡེང་བ། །ཚེ་ན་བདུད་ཀྱིས་བཅོས་པའི་ཆོས་ཡིན། །བཙུན་པ་ཚུལ་འཆོས་མཁས་ལ་ལྐོག་ན། །སྡོམ་མེད་བདུད་ཀྱིས་བཅོས་པའི་ཆོས་ཡིན། །གྲགས་པའི་ཕྱིར་དུ་འཁོར་དང་ལོངས་སྤྱོད། །གསོགས་ན་དྲེད་པོར་ཤོར་བའི་ཆོས་ཡིན། །ནོར་ཕྱིར་གཞན་ལ་མགོ་བསྐོར་བསླུ་བྲིད། །བྱེད་ན་དྲེད་པོར་ཤོར་བའི་

p. 413

ཆོས་ཡིན། །ཟས་ཕྱིར་སློང་འདོད་རྐུ་འདོད་གདུངས་པ། །ཆེ་ན་དྲེད་པོར་ཤོར་བའི་ཆོས་ཡིན། །རང་སེམས་བཞག་ནས་སངས་རྒྱས་གཞན་དུ། །འཚོལ་ན་བཀའ་དང་འགལ་བའི་ཆོས་ཡིན། །བླ་མ་བཞག་ནས་སྐྱབས་གནས་གཞན་དུ། །འཚོལ་ན་བཀའ་དང་འགལ་བའི་ཆོས་ཡིན། །ཕ་མ་བཞག་ནས་མཆོད་གནས་གཞན་དུ། །འཚོལ་ན་བཀའ་དང་འགལ་བའི་ཆོས་ཡིན། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྒྱུན་དུ། །ནུས་ན་གོལ་ས་མེད་པའི་ཆོས་ཡིན། །མི་དགོས་བཅུ་བོ་གཏན་ནས་སྤང་བར། །ནུས་ན་གོལ་ས་མེད་པའི་ཆོས་ཡིན། །བླ་མ་དགེ་བའི་བཤེས་གཉེན་ཞབས་ཏོག །ནུས་ན་གོལ་ས་མེད་པའི་ཆོས་ཡིན། །ལུས་ཀྱི་ལས་སུ་ཕྱག་སྐོར་སྡོམ་པ། །བསྲུངས་ན་ལུང་དང་མཐུན་པའི་ཆོས་ཡིན། །ངག་གི་ལས་སུ་ཁ་ཏོན་བཟླས་བརྗོད། །བྱེད་ན་ལུང་དང་མཐུན་པའི་ཆོས་ཡིན། །ཡིད་ཀྱི་ལས་སུ་བསྐྱེད་རྫོགས་ལ་སོགས། །བསྒོམས་ན་ལུང་དང་མཐུན་པའི་ཆོས་ཡིན། །གཞན་གྱིས་དམ་པའི་ཆོས་ལ་གཤེ་སྐུར། །འདེབས་ན་དམའ་ས་བསྙེགས་པའི་ཆོས་ཡིན། །རང་གིས་ཆོས་ལ་ཡིད་གཉིས་ཐེ་ཚོམ། །ཟ་ན་དམའ་ས་བསྙེགས་པའི་ཆོས་ཡིན། །བདུད་ཀྱིས་བྱིན་བརླབས་ཆོས་ལ་ཉམས་ལེན། །བྱེད་ན་དམའ་ས་བསྙེགས་པའི་ཆོས་ཡིན། །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་རྟག་ཏུ། །བསྲུངས་ན་མཐོ་ས་འགྲིམས་པའི་ཆོས་ཡིན། །

p. 414

བཟོད་པ་བསྒོམ་ཞིང་བརྩོན་འགྲུས་རྟག་ཏུ། །རྩོམ་ན་མཐོ་ས་འགྲིམས་པའི་ཆོས་ཡིན། །བསམ་གཏན་བསྒོམས་ཤིང་ཤེས་རབ་རྟག་ཏུ། །བསྐྱེད་ན་མཐོ་ས་འགྲིམས་པའི་ཆོས་ཡིན། །བློ་དམན་བློ་དང་སྦྱར་ནས་དམ་ཆོས། །གསུངས་ན་ཤེས་རབ་དམན་པའི་ཆོས་ཡིན། །ཚིག་ཉུང་དོན་ཚང་ཟབ་མོའི་གདམས་པ། །སྟོན་ན་ཤེས་རབ་དམན་པའི་ཆོས་ཡིན། །གང་གསུང་དཔེ་དང་དོན་གཉིས་འབྲེལ་ནས། །གསུངས་ན་ཤེས་རབ་དམན་པའི་ཆོས་ཡིན། །ནད་གདོན་སེལ་བ་ལ་སོགས་ཚེ་འདིར། །ཕན་པ་ཀུན་ལ་དགོས་པའི་ཆོས་ཡིན། །ལས་སྒྲིབ་སྦྱངས་ཤིང་ཉམས་གྲིབ་སེལ་བ། །བྱེད་པ་ཀུན་ལ་དགོས་པའི་ཆོས་ཡིན། །དགེ་ཚོགས་བསོགས་ཀྱང་ཆོས་ཀྱི་བག་ཆགས། །འཇོག་པ་ཀུན་ལ་དགོས་པའི་ཆོས་ཡིན། །ལུས་ངག་ཡིད་ལ་འདོད་པ་གཏིང་ནས། །མེད་ན་དམ་པ་དོན་གྱི་ཆོས་ཡིན། །ཟས་ནོར་འཁོར་ལ་འདོད་པ་གཏིང་ནས། །མེད་ན་དམ་པ་དོན་གྱི་ཆོས་ཡིན། །ཐོས་བསམ་སྒོམ་ལ་རློམ་སེམས་གཏིང་ནས། །མེད་ན་དམ་པ་དོན་གྱི་ཆོས་ཡིན། །བྱ་བ་བཏང་ནས་རྒྱུན་དུ་སེམས་ནས། །བལྟ་ན་རྩེ་མོར་ཕྱིན་པའི་ཆོས་ཡིན། །འདྲེ་འདུལ་སྤངས་ནས་ཡི་དམ་ལྷ་བསྙེན། །བྱེད་ན་རྩེ་མོར་ཕྱིན་པའི་ཆོས་ཡིན། །མི་དགོས་སྤངས་ནས་དགེ་བའི་ལས་ལ། །འབད་ན་རྩེ་མོར་ཕྱིན་པའི་ཆོས་ཡིན། །རང་ལུས་སྣང་སྟོང་ལྷ་ཡི་སྐུ་རུ། །བསྒོམས་ན་ལུས་ལ་བདེ་དྲོད་སྐྱེའོ། །ངག་གིས་སྙིང་བོ་རྒྱུན་ཆད་མེད་པར། །བཟླས་ན་ངག་ལ་ནུས་པ་འབྱུང་ངོ་། །

p. 415

སེམས་ཉིད་སྟོང་གསལ་ངང་དུ་རང་བབ། །བཞག་ན་སེམས་ལ་རྟོགས་པ་འཆར་རོ། །སུམ་ཚན་བཅུ་གསུམ་གླུ་དབྱངས་འདི་ནི། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསུང་གི །འགྲོས་བཞིན་ཚོགས་དྲུག་རང་གྲོལ་བླངས་སོ། །འདི་ཉིད་ཐོས་ཚད་ཆོས་རྒྱལ་སྲོང་བཙན། །སྒམ་པོས་རྗེས་སུ་བཟུང་ནས་ཚེ་འདིར། །ཐར་བའི་ལམ་སྣ་ཟིན་པར་གྱུར་ཅིག །མཚན་ལྡན་བླ་མ་བཀའ་དྲིན་ཅན། །སྤྱི་བོར་པད་ཟླའི་གདན་ལ་བཞུགས། །གཡའ་རི་གངས་རི་རྫ་རི་གསུམ། །རྣལ་འབྱོར་བདག་གི་ཕ་ཡུལ་ཡིན། །ཤ་བ་དགོ་བ་རྣ་བ་གསུམ། །རྣལ་འབྱོར་བདག་གི་སྒོ་ཕྱུགས་ཡིན། །ཁུ་བྱུག་ཕོ་རོག་ལྕུང་ཀ་གསུམ། །རྣལ་འབྱོར་བདག་གི་ཁྱིམ་བྱ་ཡིན། །སྲམ་དང་ཝ་མོ་རི་སྤྱང་གསུམ། །རྣལ་འབྱོར་བདག་གི་སྒོ་ཁྱི་ཡིན། །སྤྲ་བ་མེ་ཆ་མེ་རྡོ་གསུམ། །རྣལ་འབྱོར་བདག་གི་ཁྱིམ་མཚེས་ཡིན། །རི་བོང་བྲ་དང་ཙི་གུ་གསུམ། །རྣལ་འབྱོར་བདག་གི་འདུག་གྲོགས་ཡིན། །རྒྱབ་དང་རྐང་བ་ལག་པ་གསུམ། །རྣལ་འབྱོར་བདག་གི་འཁོར་གཡོག་ཡིན། །གྲི་དང་ཁབ་སྐུད་ཁུག་མ་གསུམ། །རྣལ་འབྱོར་བདག་གི་ཡོ་བྱད་ཡིན། །སྐྱོགས་དང་བ་མ་སྦུད་པ་གསུམ། །རྣལ་འབྱོར་བདག་གི་ཐབ་ཆ་ཡིན། །ཕྱིང་འགག་རས་གཟན་ཤམ་ཐབས་གསུམ། །རྣལ་འབྱོར་བདག་གི་གོན་པ་ཡིན། །ན་དང་སྔོ་སྒོག་

p. 416

སིལ་ཐོག་གསུམ། །རྣལ་འབྱོར་བདག་གི་ཁ་ཟས་ཡིན། །གཡའ་ཆུ་རྫ་ཆུ་གངས་ཆུ་གསུམ། །རྣལ་འབྱོར་བདག་གི་བཏུང་བ་ཡིན། །ཞེས་པ་འདི་ཡང་བདག་གི་གོ་ལག་ངན་ཞིང་། གྲི་ཞིག་ཡོད་པར་གྲི་ཤུབས་མེད། མེ་ཆ་ཞིག་ཡོད་པ་སྣེ་ཡ་ཆག་པ། མི་འགས་མཐོང་ནས་ཚེ་བློས་བཏང་ཤ་སྟག་རེད་ཟེར་འཛུམ་ཞིང་དགོད་པའི་ཚེ།ང་ལ་ཡོད་ཕྱུག་པོ་ཡིན་ཞེས་རྩེ་མཚར་དུ་ཁོང་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །དབུས་གཙང་ལྷ་ལམ་ལྟ་བུ་ལ། །ཉི་ཟླ་ཟུང་གཅིག་ཤར་འདྲ་བའི། །རྒྱལ་བ་པཎ་ཆེན་རྣམ་གཉིས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་མ་དགེ་བའི་བཤེས་གཉེན་བསྟེན། །དམ་པའི་ལྷ་ཆོས་མཁས་པར་འགྱུར། །ཆོས་ལ་ཐོས་བསམ་མང་དུ་གྱིས། །དབང་རྟུལ་ཡིན་ཡང་ཆོས་ཤེས་འགྱུར། །དམ་ཆོས་རྟག་ཏུ་ཡིད་ལ་གྱིས། །རང་གི་སེམས་ལ་ཕན་ཕར་འགྱུར། །ཆོས་བྱེད་པ་ལ་གཅིག་པུར་སྡོད། །ལུས་ངག་ཡིད་གསུམ་བདེ་བར་འགྱུར། །དམ་པའི་ཆོས་ལ་ཉམས་ལེན་གྱིས། །མཆོག་ཐུན་དངོས་གྲུབ་འབྱུང་བར་འགྱུར། །ལྷག་པར་བསྐྱེད་རྫོགས་ཉམས་སུ་ལོངས། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ཚེ་འདིར་ཡུན་རིང་སྡོད་ལོང་མེད། །མྱུར་དུ་འཆི་བའི་འདུ་ཤེས་ཞོག །འཁོར་དང་ཉེ་འབྲེལ་རྣམས་མི་རྟག །མྱུར་དུ་འབྲལ་དགོས་འདུ་ཤེས་ཞོག །ནོར་རྫས་གང་ཡོད་འཆི་ཙ་ན། །འཁྱེར་དབང་མེད་པའི་འདུ་ཤེས་ཞོག །རང་གི་ཡུལ་ནས་དུས་གཏན་དུ། །སྡོད་

p. 417

དབང་མེད་པའི་འདུ་ཤེས་ཞོག །རང་ལུས་མི་རྟག་བེམ་རིག་གཉིས། །སོ་སོར་འབྲལ་བའི་འདུ་ཤེས་ཞོག །འཆི་དུས་དམ་པའི་ཆོས་མ་གཏོགས། །གང་གིས་མི་ཕན་འདུ་ཤེས་ཞོག །ཆོས་ཀྱི་དོན་རྣམས་ཤེས་པར་གྱིས། །བདེ་སྐྱིད་ཐམས་ཅད་དེ་ལས་འོང་། །རྟག་ཏུ་དམ་ཆོས་སྡོམ་པ་སྲུངས། །ལེགས་ཚོགས་ཐམས་ཅད་དེ་ལས་འོང་། །རྟག་ཏུ་ནམ་འཆི་ཆ་མེད་སོམས། །སྐྱོ་ཤས་བརྩོན་འགྲུས་དེ་ལས་འོང་། །རྟག་ཏུ་ཆོས་ཀྱི་དོན་ལ་སོམས། །ལུས་སེམས་ཞི་བ་དེ་ལས་འོང་། །རྟག་ཏུ་འཁོར་བའི་སྡུག་བསྔལ་སོམས། །ཐར་འདོད་ཤུགས་དྲག་དེ་ལས་འོང་། །རྟག་ཏུ་སེམས་ཀྱི་གཞི་རྩ་ཆོད། །གསལ་སྟོང་ཉམས་མྱོང་དེ་ལས་འོང་། །རྒྱལ་བ་པཎ་ཆེན་རྣམ་གཉིས་ལ། །གསོལ་བ་འདེབས་བཞིན་གླུ་འདི་བླངས། །རྒྱལ་བ་པཎ་ཆེན་བྱིན་རླབས་ཀྱིས། །ཐོས་ཚད་བདེ་ཞིང་སྐྱིད་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་གཞན་སྒོ་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས། །འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །བདག་ནི་མཐོང་ངམ་འདྲ་སྐུ་མཐོང་ཚད་ཀྱི། །རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེ་བར་ཤོག །བདག་གི་རྣམ་ཐར་ཕྱོགས་ཙམ་ཐོས་པ་ཡིས། །ཚེ་བློས་བཏང་ནས་བསྒྲུབ་ལ་གཞོལ་

p. 418

བར་ཤོག །ནམ་མཁའ་ས་གཞི་འདི་ཉིད་ནམ་གནས་བར། །བདག་གིས་མགུར་དབྱངས་གང་བླངས་གནས་པར་ཤོག །སྤྲིན་མེད་ནམ་མཁར་ཉི་མ་ཤར་བ་བཞིན། །རྒྱལ་ཁམས་ཡོངས་ལ་དར་ཞིང་རྒྱས་པར་ཤོག །བུམ་བཟང་དཔག་བསམ་ཤིང་དང་ནོར་བུ་ལྟར། །འགྲོ་ལ་འཕྲལ་ཕུགས་ལེགས་ཚོགས་སྟེར་བར་ཤོག །གང་གིས་མགུར་འབུམ་པར་དུ་བརྐོས་པ་ཡིས། །རང་དོན་འགྲུབ་ནས་གཞན་དོན་བྱེད་པར་ཤོག །རྒྱལ་ཁམས་མང་བོར་རྒྱ་ཆེར་སྤེལ་བ་ཡིས། །རྒྱལ་བའི་གོ་འཕང་བདེ་བླག་ཐོབ་པར་ཤོག །གླེགས་བམ་གང་དུ་གནས་པའི་ཡུལ་ཕྱོགས་སུ། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་ཤོག །ན་བཟའ་སྐ་རགས་བཟང་བོ་སུས་ཕུལ་བ། །ལུས་ནི་བཟང་བོའི་གོས་དང་མི་འབྲལ་ཤོག །མེ་ཏོག་བདུག་སྤོས་མར་མེ་ཕུལ་བ་ཡིས། །གཟུགས་མཛེས་དྲི་ཞིམ་རིག་པ་གསལ་བར་ཤོག །སྤྱི་བོར་བཞག་ནས་བཀུར་སྟི་བྱས་པ་དེ། །ཀུན་གྱིས་སྤྱི་བོའི་རྒྱན་བཞིན་བཀུར་བར་ཤོག །ལུས་ཀྱིས་རེག་ཚད་ལུས་ཀྱི་སྒྲིབ་པ་དག །ཕྱི་མར་མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག །ངག་གིས་བཏོན་ཚད་ངག་གི་སྒྲིབ་པ་དག །ཕྱི་མར་ཡན་ལག་དྲུག་ཅུའི་གསུང་ཐོབ་ཤོག །ཡིད་ཀྱིས་དེ་དོན་བསམ་ཚད་ཡིད་སྒྲིབ་དག །ཕྱི་མར་མཁྱེན་བརྩེ་ཆེ་བའི་ཐུགས་ཐོབ་ཤོག །ལན་ཅིག་ཐོས་ཚད་ཡིད་སྒྲིབ་བྱང་ཞིང་དག །ཕྱི་མར་སྐུ་གཉིས་མངོན་དུ་འགྱུར་བར་ཤོག །མདོར་ན་འདྲི་འདོན་ཀློག་འཆང་མཐོང་ཐོས་ཀུན། །

p. 419

ཚེ་འདིར་བདེ་སྐྱིད་ཕྱི་མར་སངས་རྒྱས་ཤོག །བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །སྨོན་ལམ་གང་བཏབ་དེ་བཞིན་མྱུར་འགྲུབ་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །རྩ་གསུམ་ལྷ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བ་རྣམས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག །རྒྱལ་བ་རྣམས་ཀྱི་གསུང་གི་བཀྲ་ཤིས་ཤོག །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་རྣམས་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ལུས་ལ་བདེ་དྲོད་འབར་བའི་བཀྲ་ཤིས་ཤོག །ངག་ལ་ནུས་པ་འབྱོངས་པའི་བཀྲ་ཤིས་ཤོག །སེམས་ལ་རྟོགས་པ་འཆར་བའི་བཀྲ་ཤིས་ཤོག །ལུས་ངག་ཡིད་གསུམ་བདེ་བའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་འགྲོགས་པའི་བཀྲ་ཤིས་ཤོག །ཚེ་ཡང་ཐམས་ཅད་རིང་བའི་བཀྲ་ཤིས་ཤོག །འཛད་མེད་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག །ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀྲ་ཤིས་ཤོག །ཉིན་མཚན་ཆོས་ཀྱིས་འདའ་བའི་བཀྲ་ཤིས་ཤོག །མཆོག་ཐུན་དངོས་གྲུབ་ཐོབ་པའི་བཀྲ་ཤིས་ཤོག །ཅི་བསམ་ཐམས་ཅད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཆེན་པོས་ཕྱོགས་བཅུར་ཁྱབ་གྱུར་ཅིག །ཅེས་པ་འདི་
ཡང་མགུར་འབུམ་གྱི་མཇུག་ཏུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱར་གང་ལ་གང་འཚམ་གྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་འཁོད་པའི་ནང་ཚན་ལས། མཚོ་སྙིང་མ་ཧཱ་དེ་བ་ནས་དམ་པ་ཉིད་ཀྱིས་ཉིད་ལ་གསལ་འདེབས་དགེ་བསྐུལ་གྱི་ཚུལ་དུ་བཞེངས་པའི་སྐོར་རོ། །

མཚོ་སྙིང་མ་ཧཱ་དེ་བ་ནས་སྐལ་བཟང་གི་གདུལ་བྱ་རི་བའི་ཚོགས་ཀྱི་ཞུས་ལན་ཞལ་གདམས་ཀྱི་སྐོར།

p. 420

མཚོ་སྙིང་མ་ཧཱ་དེ་བ་ནས་སྐལ་བཟང་གི་གདུལ་བྱ་རི་བའི་ཚོགས་ཀྱི་ཞུས་ལན་ཞལ་གདམས་ཀྱི་སྐོར། ན་མོ་གུ་རུ། བྱིན་རླབས་སྩོལ་བའི་དངོས་བརྒྱུད་བླ་མ་རྗེ། །དངོས་གྲུབ་སྟེར་བའི་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རི་ཁྲོད་དབེན་པར་ཉམས་ལེན་བྱེད་བཞིན་དུ། །མདོ་རྒྱུད་བསྟན་བཅོས་ཀུན་གྱི་སྙིང་བོའི་དོན། །ཚིགས་སུ་བཅད་ནས་གླུ་རུ་བླངས་པ་རྣམས། །བསྟན་འགྲོ་ཡོངས་ལ་ཕན་པར་བྱིན་གྱིས་རློབས། །ཡིད་བཞིན་ནོར་བུ་རྒྱལ་མཚན་རྩེ་མོ་རུ། །བཀུར་ཚེ་དགོས་འདོད་ཐམས་ཅད་འབྱུང་བ་ལྟར། །མགུར་འབུམ་འདི་ཉིད་ལྷ་མིའི་ཁྲོམ་དཀྱིལ་དུ། །སྒྲོག་ཚེ་ཀུན་ལ་ཕན་པར་བྱིན་གྱིས་རློབས། །ནོར་བུ་དར་ཟབ་ནང་དུ་སྦས་བཞག་ཀྱང་། །ནང་དེར་བཀྲ་ཤིས་གཡང་ཀུན་འབྱུང་བ་ལྟར། །མགུར་འབུམ་གྲོང་དགོན་གང་དུ་བཞག་ན་ཡང་། །བཀྲ་ཤིས་གཡང་ཀུན་འཁྱིལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་མཚོ་སྙིང་ནས་སྨྲས་པའོ། །

p. 421

འགྲོ་རྣམས་སྒྲོལ་བའི་ཁུར་ཆེན་བསྣམས། །འགྲོ་དྲུག་ཐར་བའི་གནས་འདྲེན་པའི། །འགྲོ་མགོན་རྒྱལ་བ་ཐུགས་རྗེ་ཅན། །འགྲོ་ཀུན་ཁ་ལོ་ཆོས་ལ་སྒྱུར། །འགྲོ་བའི་དོན་དུ་གླུ་ཞིག་ལེན། །འགྲོ་ལ་ཕན་པར་བྱིན་གྱིས་རློབས། །རྒྱལ་པོ་བློན་པོར་ཆོས་ཤིག་དགོས། །རྒྱལ་པོ་བློན་པོར་ཆོས་ཡོད་ན། །རྒྱལ་མཚན་བཟང་བའི་རྩེ་མོ་རུ། །ཡིད་བཞིན་ནོར་བུ་བཏེགས་པ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །རྒྱལ་པོ་བློན་པོས་ལྷ་ཆོས་མཛོད། །མཁས་པ་དཔའ་བོར་ཆོས་ཤིག་དགོས། །མཁས་པ་དཔའ་བོར་ཆོས་ཡོད་ན། །ལྕགས་ཀྱི་ཕ་བོང་གྲུ་བཞི་ལ། །གསེར་འགྱུར་རྩི་ཡིས་ཐེབས་པ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །མཁས་པ་དཔའ་བོས་ལྷ་ཆོས་མཛོད། །ཨ་ཡི་ཨ་མྱེས་ཆོས་ཤིག་དགོས། །ཨ་ཡི་ཨ་མྱེས་ཆོས་ཡོད་ན། །རིན་ཆེན་གསེར་གྱི་ཕོར་བ་རུ། །འཆི་མེད་བདུད་རྩི་བླུགས་པ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །ཨ་ཡི་ཨ་མྱེས་ལྷ་ཆོས་མཛོད། །བུ་དང་མནའ་མར་ཆོས་ཤིག་དགོས། །བུ་དང་མནའ་མར་ཆོས་ཡོད་ན། །དངུལ་དཀར་བུམ་པ་བཟང་བོ་རུ། །སེང་གེའི་འོ་མ་བླུགས་པ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །བུ་དང་མནའ་མས་ལྷ་ཆོས་མཛོད། །མཆོར་བོ་མཆོར་མོར་ཆོས་ཤིག་དགོས། །མཆོར་བོ་མཆོར་མོར་ཆོས་ཡོད་ན། །སྲབ་འཇམ་ཡང་བའི་གོས་ཆེན་ལ། །བཀྲ་ཤིས་རི་མོ་བཀྲ་བ་འདྲ། །

p. 422

མི་ལུས་ཐོབ་པ་དོན་གོ་ཆེ། །མཆོར་བོ་མཆོར་མོས་ལྷ་ཆོས་མཛོད། །ཚ་བོ་ཚ་མོར་ཆོས་ཤིག་དགོས། །ཚ་བོ་ཚ་མོར་ཆོས་ཡོད་ན། །རིན་ཆེན་ཤེལ་གྱི་མཆོད་རྟེན་ལ། །སྣ་ཚོགས་ཕྲ་ཡིས་སྤྲས་པ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །ཚ་བོ་ཚ་མོས་ལྷ་ཆོས་མཛོད། །གཡོག་པོ་གཡོག་མོར་ཆོས་ཤིག་དགོས། །གཡོག་པོ་གཡོག་མོར་ཆོས་ཡོད་ན། །ས་ཞིང་གཤིན་པོའི་ཞིང་ས་ལ། །ལོ་ལེགས་སྙེ་མ་འཁྲུངས་པ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །གཡོག་པོ་གཡོག་མོས་ལྷ་ཆོས་མཛོད། །ཁྱིམ་ཚང་བཟའ་བར་ཆོས་ཤིག་དགོས། །ཁྱིམ་ཚང་བཟའ་བར་ཆོས་ཡོད་ན། །རིན་ཆེན་སྣ་ལྔའི་ཁང་བཟང་དུ། །མི་འཛད་གཏེར་གྱིས་བཀང་བ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །ཁྱིམ་ཚང་བཟའ་བས་ལྷ་ཆོས་མཛོད། །མི་རྣམས་ཀུན་ལ་ཆོས་ཤིག་དགོས། །མི་རྣམས་ཀུན་ལ་ཆོས་ཡོད་ན། །རིན་ཆེན་གསེར་གྱི་གླིང་ཕྱིན་ནས། །ཀུན་གྱིས་གསེར་དངུལ་བླངས་པ་འདྲ། །མི་ལུས་ཐོབ་པ་དོན་གོ་ཆེ། །ཐམས་ཅད་དམ་པའི་ལྷ་ཆོས་མཛོད། །ཅེས་པ་འདི་ཡང་ཨ་ཁུ་བླ་མ་རྒྱ་ལྡིང་གིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས། །ཉོན་དང་དད་ལྡན་སྐྱེ་བོ་ཀུན། །འོ་སྐོལ་ཁམས་གསུམ་འཁོར་བ་རུ། །འཁྱམས་ནས་སྐྱེ་འཆི་གྲངས་མེད་བྱས། །འཆི་ཐེབས་རེ་ལ་སྐྱེ་ཐེབས་རེ། །སྐྱེ་ཐེབས་

p. 423

རེ་ལ་ཕ་མ་རེ། །འགྲོ་ཀུན་ཕ་མར་མ་གྱུར་མེད། །ཕ་མ་རེ་རེས་ལན་མང་དུ། །ཕ་མ་བྱས་པའི་གྲངས་མི་ཆོད། །ཕ་མ་སེམས་ཅན་ཐམས་ཅད་ཀྱིས། །རྒྱུ་ནི་ཉོན་མོངས་འབའ་ཞིག་སྤྱད། །འབྲས་སུ་ངན་སོང་གསུམ་ལ་སོགས། །འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱངས། །འདི་དག་རང་ལ་འདྲེན་པ་བབ། །རང་གིས་ད་ལྟའི་གནས་སྐབས་སུ། །ཕ་མ་སེམས་ཅན་མི་འདྲོངས་ཡང་། །དཀོན་མཆོག་གསུམ་ལ་ཞུ་སྙམ་དུ། །བདག་དང་ཕ་མ་དང་བཅས་པ། །འཁོར་བ་སྤྱི་དང་ཁྱད་པར་དུ། །ངན་སོང་གསུམ་ལས་བསྐྱབ་ཏུ་གསོལ། །སྙམ་དུ་སྐྱབས་འགྲོ་ཡང་ཡང་གྱིས། །དམ་ཆོས་གང་ཞིག་བསྒྲུབས་ན་ཡང་། །ཐོག་མར་ཕ་མ་ཀུན་དོན་དུ། །སངས་རྒྱས་གོ་འཕང་ཐོབ་པར་བྱ། །དེ་ཕྱིར་དམ་པའི་ལྷ་ཆོས་ནི། །བདག་གིས་བསྒྲུབ་པར་བྱ་སྙམ་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །ལས་འབྲས་ནམ་ཡང་ཆུད་མི་ཟ། །གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ལས་ངན་མ་བསགས་སྡུག་མི་མྱོང་། །དགེ་བ་མ་བྱས་བདེ་མི་མྱོང་། །དེ་ཕྱིར་མི་དགེའི་སྡིག་ལ་འཛེམས། །དཀར་བོའི་དགེ་ལ་འབད་པར་མཛོད། །གླུ་དབྱངས་འདི་ཐོས་སྐྱེ་བོ་ཡི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བོད་ཀྱི་མཁས་གྲུབ་གོང་མ་རྣམས། །བོད་ཁམས་ཡོངས་ལ་ཐུགས་རྗེས་གཟིགས། །བོད་

p. 424

ཡུལ་དད་ཅན་ཕོ་མོ་ཉོན། །དེང་སང་སྙིགས་མའི་དུས་སྐབས་འདིར། །མི་རྣམས་ཀུན་གྱིས་གཅིག་གཅིག་གི །སྐྱིད་སྡུག་ཤེས་པ་ཤིན་ཏུ་དཀོན། །བླ་མ་དྲོ་ཞིང་རྒྱགས་པའི་ཚེ། །དགོན་པའི་སྐྱིད་སྡུག་ཕར་ལ་ཞོག །གྲྭ་བའི་སྐྱིད་སྡུག་ཤེས་པ་དཀོན། །དཔོན་པོ་དྲོ་ཞིང་རྒྱགས་པའི་ཚེ། །སྡེ་བའི་སྐྱིད་སྡུག་ཕར་ལ་ཞོག །ནང་འཁོར་སྐྱིད་སྡུག་ཤེས་པ་དཀོན། །ཕྱུག་པོ་དྲོ་ཞིང་རྒྱུགས་པའི་ཚེ། །མེད་པོའི་སྐྱིད་སྡུག་ཕར་ལ་ཞོག །གཡོག་པོའི་སྐྱིད་སྡུག་ཤེས་པ་དཀོན། །བུ་ཚ་དྲོ་ཞིང་རྒྱགས་པའི་ཚེ། །ཁྱིམ་ཚང་སྐྱིད་སྡུག་ཕར་ལ་ཞོག །ཕ་མའི་སྐྱིད་སྡུག་ཤེས་པ་དཀོན། །ཨ་ནེ་དྲོ་ཞིང་རྒྱགས་པའི་ཚེ། །ཁྱིམ་མཚེས་སྐྱིད་སྡུག་ཕར་ལ་ཞོག །མནའ་མའི་སྐྱིད་སྡུག་ཤེས་པ་དཀོན། །བཟའ་ཚང་དྲོ་ཞིང་རྒྱགས་པའི་ཚེ། །སྒོ་ཁྱིའི་སྐྱིད་སྡུག་ཕར་ལ་ཞོག །ཨ་ཁུའི་སྐྱིད་སྡུག་ཤེས་པ་དཀོན། །དེ་ཙམ་མ་ཤེས་ཕྱི་མ་རུ། །ཐར་བ་ཐོབ་པ་ཕར་ལ་ཞོག །མི་ལུས་ཐོབ་པ་ཤིན་ཏུ་དཀོན། །སྐྱིད་སྡུག་མི་རྟག་སྤྲིན་བར་གྱི། །ཉི་མ་འདྲ་བས་སྐྱིད་པའི་ཚེ། །གཅིག་གཅིག་སྐྱིད་སྡུག་ཤེས་པར་མཛོད། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །ད་ལྟའི་སྐྱིད་པ་རྣམས་ལ་སྨྲས། །ཐོས་ཚད་ཡོངས་ལ་ཕན་ཐོགས་ཤོག །ཅེས་པ་འདི་ཡང་གཞན་གྱི་སྐྱིད་སྡུག་མི་ཤེས་པ་རྣམས་དང་ཤེས་པ་རྣམས་ལ་དྲན་གསོ་བྱས་པའོ། །མི་ངན་ཕལ་ཆེར་གྱི་ཁ་འདི་འོག་སྒོ་འདྲ། །བཟའ་སྡིགས་མི་གཙང་ལ་ནམ་

p. 425

ཡང་འཛད་པ་མེད། །བཟའ་སྡིགས་མི་གཙང་དྲིས་ཁྱིམ་ཚང་བཟའ་བ་སུན། །འོག་སྒོར་ཁ་གཅོད་ཅིག་ཡོད་ན་ཅི་མ་རུང་། །ཆད་མེད་བཟའ་སྡིགས་མཁན་ཁ་ཡི་འོག་སྒོ་སྡོམས། །མི་ངན་ཕལ་ཆེར་གྱི་ཁ་འདི་གྲོད་པུ་འདྲ། །ཕྲ་མ་རྫུན་ཚིག་གི་སློ་ཁུ་རྒྱུན་ཆད་མེད། །ཁ་འབྱེད་སློ་ཁུ་ཡིས་རང་གཞན་གཉིས་ཀ་རྫོབ། །གྲོད་པུར་ཁ་བཅིང་ཞིག་ཡོད་ན་ཅི་མ་རུང་། །ཁ་འབྱེད་རྫུན་ཚིག་མཁན་ཁ་ཡི་གྲོད་པུ་སྡོམས། །མི་ངན་ཕལ་ཆེར་གྱི་ཁ་ནི་ལྷོ་སྤྲིན་འདྲ། །མི་སྙན་ཚིག་རྩུབ་ཀྱི་སེར་བ་རྒྱུན་ཆད་མེད། ཚིག་རྩུབ་སེར་བ་ཡིས་རང་གཞན་དགེ་འབྲས་འཇོམས། །ལྷོ་སྤྲིན་རླུང་ཞིག་གིས་གཏོར་ན་ཅི་མ་རུང་། །མི་སྙན་ཚིག་རྩུབ་མཁན་ཁོ་ཡི་ལྷོ་སྤྲིན་སྡོམས། །མི་ངན་ཕལ་ཆེར་གྱི་ཁ་འདི་རྒྱ་སྒོ་འདྲ། །ལོང་གཏམ་བཟང་ངན་གྱི་འགྲུལ་བ་རྒྱུན་ཆད་མེད། །ལོང་གཏམ་འགྲུལ་བ་ཡིས་རང་གཞན་དགེ་སྦྱོར་གཅོག །སྒོ་ལ་ཟྭ་ཞིག་ནི་ཡོད་ན་ཅི་མ་རུང་། །ལོང་གཏམ་ཚར་མེད་ཀྱི་ཁ་ཡི་རྒྱ་སྒོ་སྡོམས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བུད་མེད་ལ་ལ་ནི་བྱེའུ་ལྕོག་ཀ་འདྲ། །ལོང་གཏམ་ལབ་མཁན་གྱི་མོ་ལ་ལྷ་ཆོས་དཀོན། །བུད་མེད་ལ་ལ་ནི་ནགས་གསེབ་རྨ་བྱ་འདྲ། །བྱི་དོར་རེམ་མཁན་གྱི་མོ་ལ་ལྷ་ཆོས་དཀོན། །བུད་མེད་ལ་ལ་ནི་ཚོང་འདུས་ཁེ་བ་འདྲ། །གཡོ་སྒྱུ་ཁྲམ་པ་

p. 426

མཁན་མོ་ལ་ལྷ་ཆོས་དཀོན། །བུད་མེད་ལ་ལ་ནི་རྔ་མོང་བུ་ཤི་འདྲ། །སྡིག་སྡུག་གཏམ་ངན་མཁན་མོ་ལ་སྙ་ཆོས་དཀོན། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བླ་མ་དཀོན་མཆོག་ཐུགས་རྗེ་ཅན། །སྙིགས་དུས་རྒན་རྒོན་བླ་རྒན་གྱིས། །དོན་མེད་སྨྲ་བ་མི་མང་བར། །ཁ་ཏོན་ནུས་པར་བྱིན་གྱིས་རློབས། །དད་ཅན་རྒན་རྒོན་བླ་རྒན་ཚོ། །ཁ་ཏ་ཚིག་འགའ་བཤད་ཀྱིས་ཉོན། །ཁྱི་རྣམས་རྒས་ཀྱིན་འགྲོ་འདུག་མང་། །མི་རྣམས་རྒས་ཀྱིན་སྨྲ་བ་མང་། །རྒན་རྒོན་བླ་རྒན་ཕལ་ཆེར་གྱིས། །ཁྱིམ་ཚང་བཟའ་བ་ཐམས་ཅད་ལ། །ཡ་གི་ལས་ཅན་ཚང་གིས་སྔར། །ལས་དོན་འདི་འདྲ་བྱས་ནས་འགྲུབ། །འོ་སྐོལ་བཟའ་བ་ལས་ངན་ཚང་། །རེམ་རེམ་ད་སོང་ད་ལས་དང་། །འདིར་སོང་འདི་ལས་འདི་ཤོད་དང་། །མེ་སྦྱོར་ཐལ་ཕོ་ཆུ་ལོངས་དང་། །ད་ལོངས་ད་ཉོལ་ད་ཟོ་སོགས། །དགོས་དང་མི་དགོས་མང་བོ་ལབ། །བུ་ཡིས་ཨ་ཕ་ཁ་རོག་དང་། །བུ་མོས་ཨ་མ་ཁ་རོག་དང་། །ཀུན་གྱིས་ཨ་ཁུ་ཁ་རོག་ཟེར། །རྒན་རྒོན་བླ་རྒན་གཏམ་མ་མང་། །གཞན་གྱིས་གཡོར་སྐྱི་སློང་བའི་ཚེ། །བུ་དང་མནའ་མས་གཡོར་བསྐྱིས་སྟེར། །བཤད་ན་རྒན་རྒོན་བླ་རྒན་ནི། །མལ་ན་རོ་བཞིན་ཉལ་བ་ཡང་། །མལ་སས་ཡར་ལ་མགོ་བཏེགས་ནས། །མ་སྟེར་མ་གཡོར་བསྐྱི་མི་རུང་། །ངེད་ཚོར་ཤིན་ཏུ་མཁོ་གི་ཟེར། །བུ་དང་མནའ་མ་ཚ་བོ་ཡིས། །ཁ་རོག་བྱས་ནས་ཁ་བཀག་

p. 427

ཀྱང་། །མ་སྟེར་མ་སྟེར་སྟེར་ན་ཡང་། །ངན་པ་ཆུང་ངུ་ཆུང་ངུ་བྱིན། །མ་གཡོར་མ་བསྐྱི་གཡོར་བསྐྱིས་ན། །ཕྱིར་ལ་མྱུར་མོ་མྱུར་མོ་ཟེར། །ཕ་རོལ་མི་དེ་ཡུལ་དུ་སོང་། །ཁྱིམ་ཚང་བཟའ་བར་འདི་སྐད་ཟེར། །དེ་བའི་བུ་དང་མནའ་མ་རྣམས། །གཡོར་སྐྱི་སྟེར་ལ་ཤིན་ཏུ་བཟང་། །རྒན་རྒོན་འཕུང་རྒན་འཆི་མེད་དམ། །བླ་རྒན་ཧོན་ལོག་ངན་གི་ཞེས། །ཟེར་བ་མང་བོ་ངས་ཀྱང་གོ །རྒན་རྒོན་བླ་རྒན་ཁ་དེ་ཚུམས། །གཞན་གྱིས་ཚུར་ལ་ཅུང་ཟད་ཙམ། །གནོད་པ་བྱས་ན་ཁོང་ཁྲོ་སྐྱེ། །དེ་བས་ངེད་ལ་ངན་བྱས་པས། །བུ་ངན་ཁྱོད་འདྲ་འདུག་ཕོད་དམ། །སོང་ལ་བརྡུང་ངམ་སོད་ལ་ཐོངས། །དེ་དང་དེ་འདྲ་མང་བོ་ལབ། །རྒན་རྒོན་བླ་རྒན་ཁ་ལན་ནས། །གྱོད་སྣ་ཁ་མཆུ་ཕལ་ཆེ་བ། །འོངས་པ་སྔོན་ཆད་ངས་ཀྱང་མཐོང་། །རྒན་རྒོན་བླ་རྒན་ཁ་ཉེས་ནས། །རང་ནོར་ཞིང་ཁང་ཤོར་བ་དང་། །བུ་ཡང་འཆི་རུ་བཅུག་པ་ཡོད། །རྒན་རྒོན་བླ་རྒན་ཁ་དེ་ཚུམས། །ཅིག་རེའི་འགོ་ཚོ་འདུག་ནོ་རེད། །རྒན་རྒོན་བླ་རྒན་ཕལ་ཆེ་བ། །ཁྱིམ་ཚང་ཁྱིམ་མཚེས་མི་འདོད་པ། །ཕལ་ཆེར་རང་གི་ཁ་ཡིས་ལན། །ཨ་རོག་རྒན་རྒོན་བླ་རྒན་ཚོ། །ཁ་དེ་རང་གི་ཡིན་ན་ཟུངས། །རྒན་རྒོན་བླ་རྒན་ཁ་ཤས་འཚོགས། །ཕུའི་ཤ་མདོ་ཡི་དགོ་བ་སོགས། །དོན་མེད་ལོང་གཏམ་མང་བོ་ལབ། །ཆགས་སྡང་ཉོན་མོངས་སྣ་ཚོགས་

p. 428

སྐྱེས། །འཁོན་འཛིང་འཐབ་རྩོད་འོངས་པ་མང་། །རྒན་རྒོན་བླ་རྒན་བཤད་ཚོད་ཟུངས། །རྒན་རྒོན་བླ་རྒན་རྣམས་འཁྲུལ་ནས། །ཁོ་བོས་བཤད་ཀྱིན་མ་བསྡད་ན། །ཁྱིམ་ཚང་བཟའ་བ་འཐོར་གི་སྙམ། །ཁ་ནས་གཞན་ལ་འདི་སྐད་ཟེར། །ངེད་ཀྱི་འདི་ཚོར་འདི་གྱིས་ཞེས། །མ་བཤད་ཅི་ཡང་མི་ཤེས་ཟེར། །བུ་དང་མནའ་མའི་བསམ་པ་ལ། །དེ་ཚོ་ངེད་ལ་མ་བཤད་ཀྱང་། །མི་ཤེས་དུད་འགྲོ་མ་རེད་སྙམ། །དགོས་མེད་བཤད་པ་མང་མི་དགོས། །ངེད་ཚོས་མི་འཇོག་ཁ་རོག་ཟེར། །རྒན་རྒོན་བླ་རྒན་སྨྲ་བ་གཅོད། །བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །མགྲོན་པོ་ཡུན་རིང་མི་སྡོད་གྱེས། །ཚེ་མཇུག་ལ་མགོའི་ཉི་ཟེར་འདྲ། །ཉི་ཟེར་ཡུན་རིང་མི་འདུག་འགྲོ། །འཆི་བདག་བདུད་ནི་གྲིབ་མ་འདྲ། །སྐད་ཅིག་མི་སྡོད་ཚུར་ཚུར་འོང་། །གཤིན་རྗེ་ཆོས་རྒྱལ་རྩིས་གྲངས་ཞིབ། །དྲུང་དུ་སོང་ན་ཅི་བཤད་སྙམ། །སྡིག་པ་བྱས་ན་དམྱལ་བར་འཕེན། །ཚ་གྲང་སྡུག་བསྔལ་བཟོད་པར་དཀའ། །དགེ་བ་བྱས་པ་ཡར་ལ་གཏོང་། །ལྷ་མིའི་བདེ་སྐྱིད་མི་འདོད་དམ། །མདོར་ན་ཁྱིམ་ཚང་བཟའ་བ་ཡིས། །ཅི་ཞིག་བྱེད་ཀྱང་བྱེད་དུ་ཆུགས། །སྨྲ་བ་ཆོད་ལ་ཁ་ཏོན་རེམ། །གལ་ཏེ་སྨྲ་ན་ཆོས་འཇིག་རྟེན། །ལས་དོན་གལ་ཆེན་ཡིན་ན་ཤོད། །དེ་མིན་མི་བཤད་དགུ་བཤད་ཀྱི། །སྨྲ་བ་མ་མང་མ་མང་ཨང་། །གླུ་འདི་ཐོས་ཚད་རྒན་རྒོན་དང་། །བླ་རྒན་རྣམས་ཀྱིས་ཁྱིམ་

p. 429

ཚང་ལ། །ཚོད་མེད་སྨྲ་བ་མི་མང་བར། །ཁ་ཏོན་བཟླས་བརྗོད་བྱེད་ནུས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་གྲོང་གི་རྒན་རྒོན་བླ་རྒན་རྣམས་ལ་སྨྲས་པའོ། །སྤྱན་རས་གཟིགས་དང་དབྱེར་མེད་པའི། །མཚན་ལྡན་བླ་མའི་ཞབས་ལ་འདུད། །བདག་གཞན་འགྲོ་བ་ཐམས་ཅད་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །ཉོན་དང་དད་ལྡན་སྐྱེ་བོ་ཀུན། །འཁོར་བའི་གནས་འདིར་སྐྱེས་ཕྱིན་ཆད། །སྡུག་བསྔལ་རྐྱང་བ་མ་གཏོགས་པ། །བདེ་བའི་གོ་སྐབས་ཅུང་ཟད་མེད། །འཁོར་བ་ཤིན་ཏུ་གཏིང་ཟབ་ཅིང་། །རྒྱ་ཚེ་ཆུ་བོའི་གཞུང་དང་འདྲ། །འགྲོ་ཀུན་ཆུ་བོ་དེ་ཉིད་ལ། །བྱིང་བའི་ཉམ་ཐག་མི་དང་འདྲ། །འཕགས་པ་ཐུགས་རྗེ་ཆེན་པོ་ནི། །དེ་ལས་སྒྲོལ་བའི་གྲུ་བ་འདྲ། །སྙིང་བོ་ཡི་གེ་དྲུག་མ་ནི། །དེ་ལས་སྒྲོལ་བའི་གྲུ་དང་འདྲ། །འཁོར་བའི་ཆུ་བོ་ཆེན་པོ་ལས། །ཐར་བར་འདོད་པའི་སྐལ་ལྡན་ཀུན། །འཕགས་པ་ཐུགས་རྗེ་ཆེན་པོ་བསྟེན། །སྙིང་བོ་ཡི་གེ་དྲུག་མ་ཐོན། །འཁོར་བ་སྲིན་མོའི་གླིང་དང་འདྲ། །འགྲོ་ཀུན་དེར་ཚུད་ཚོང་བ་འདྲ། །ཐུགས་རྗེ་ཆེན་པོ་སྒྲོལ་མཁན་གྱི། །རྟ་མཆོག་སྤྲིན་གྱི་ཤུགས་ཅན་འདྲ། །གྲོགས་དང་བུ་ཚར་མི་ཆགས་པ། །སྲིན་མོ་བུ་ལ་མི་ཆགས་འདྲ། །སྙིང་བོ་ཡིག་དྲུག་བགྲངས་པ་ནི། །རྟ་ལ་འཇུས་ནས་འགྲོ་བ་འདྲ། །འཁོར་བ་སྲིན་མོའི་གླིང་འདི་ནས། །

p. 430

ཐར་བར་འདོད་པའི་སྐལ་ལྡན་ཀུན། །འཕགས་པ་ཐུགས་རྗེ་ཆེན་པོ་བསྟེན། །སྙིང་བོ་ཡི་གེ་དྲུག་མ་ཐོན། །འཁོར་བ་ཇག་རྐུན་གཅན་གཟན་སོགས། །འཇིགས་པ་ཆེ་བའི་ལམ་འཕྲང་འདྲ། །འགྲོ་ཀུན་རྒྱུས་མེད་ཆ་མེད་ཀྱི། །ལམ་འཕྲང་དེ་རུ་འགྲོ་མི་འདྲ། །འཕགས་པ་ཐུགས་རྗེ་ཆེན་པོ་ནི། །གང་ལའང་མི་འཇིགས་སྐྱེལ་མ་འདྲ། །སྙིང་བོ་ཡི་གེ་དྲུག་མ་ནི། །ལམ་རྒྱུས་མཁན་གྱི་མི་དང་འདྲ། །འཁོར་བ་འཇིགས་པའི་ལམ་འཕྲང་ལས། །ཐར་བར་འདོད་པའི་སྐལ་ལྡན་ཀུན། །འཕགས་པ་ཐུགས་རྗེ་ཆེན་པོ་བསྟེན། །སྙིང་བོ་ཡི་གེ་དྲུག་མ་ཐོན། །འཁོར་བ་རྒྱལ་པོའི་བཙོན་དོང་འདྲ། །འགྲོ་ཀུན་བཙོན་དོང་དེ་ཉིད་དུ། །ཚུད་པའི་ནག་ཅན་མི་དང་འདྲ། །ཐུགས་རྗེ་ཆེན་པོ་དེ་ཉིད་ལས། །སྐྱོབ་བྱེད་བཙོན་གླུ་བདག་པོ་འདྲ། །སྙིང་བོ་ཡིག་དྲུག་འདོན་པ་དེ། །ཟས་ནོར་མང་བོ་རབ་བྱིན་ནས། །སྲོག་བླུས་ཐར་བར་བྱས་པ་འདྲ། །འཁོར་བ་རྒྱལ་པོའི་བཙོན་ར་ལས། །ཐར་བར་འདོད་པའི་སྐལ་ལྡན་ཀུན། །འཕགས་པ་ཐུགས་རྗེ་ཆེན་པོ་བསྟེན། །སྙིང་བོ་ཡི་གེ་དྲུག་མ་ཐོན། །འཁོར་བའི་སྡུག་བསྔལ་འཚོ་དཀའ་ཞིང་། །ཟུག་གཟེར་ཆེ་བའི་གཅོང་ནད་འདྲ། །འགྲོ་ཀུན་གཅོང་ནད་དེ་ཉིད་ཀྱིས། །རྟག་ཏུ་ཐེབས་པའི་མི་དང་འདྲ། །འཕགས་པ་ཐུགས་རྗེ་ཆེན་པོ་ནི། །ནད་དེ་གསོ་བའི་སྨན་པ་འདྲ། །སྙིང་བོ་ཡི་གེ་དྲུག་མ་ནི། །གསོ་བར་བྱེད་པའི་སྨན་དང་འདྲ། །འཁོར་བའི་

p. 431

སྡུག་བསྔལ་གཅོང་ནད་ལས། །ཐར་བར་འདོད་པའི་སྐལ་ལྡན་ཀུན། །འཕགས་པ་ཐུགས་རྗེ་ཆེན་པོ་བསྟེན། །སྙིང་བོ་ཡི་གེ་དྲུག་མ་ཐོན། །འཁོར་བ་མཐོ་ཞིང་རབ་གཟར་བའི། །ཐར་དཀའི་གཡང་ས་ཆེན་པོ་འདྲ། །འགྲོ་ཀུན་གཡང་ས་དེ་ཉིད་ལ། །ལྷུང་བའི་ཉམ་ཐག་མི་དང་འདྲ། །འཕགས་པ་ཐུགས་རྗེ་ཆེན་པོ་ནི། །དཔྱང་ཐག་འདྲེན་པའི་མི་དང་འདྲ། །སྙིང་བོ་ཡི་གེ་དྲུག་མ་འདི། །ཤིན་ཏུ་སྲ་བའི་དཔྱང་ཐག་འདྲ། །འཁོར་བའི་གཡང་ས་དེ་ཉིད་ལས། །ཐར་བར་འདོད་པའི་སྐལ་ལྡན་ཀུན། །འཕགས་པ་ཐུགས་རྗེ་ཆེན་པོ་བསྟེན། །སྙིང་བོ་ཡི་གེ་དྲུག་མ་ཐོན། །གླུ་དབྱངས་འདི་ཐོས་ཐམས་ཅད་ཀྱིས། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །གཏན་གྱི་སྐྱབས་སུ་ལེགས་བསྟེན་ནས། །སྙིང་བོ་ཡིག་དྲུག་འདོན་པར་ཤོག །ཚེ་ཟད་འཆི་བའི་དུས་སྐབས་སུ། །ནམ་ཡང་བསླུ་བ་མེད་པ་ཡི། །ཐུགས་རྗེ་ཆེན་པོས་ཞལ་བསྟན་ནས། །དག་པའི་ཞིང་དུ་འཁྲིད་པར་ཤོག །ཅེས་པ་འདི་ཡང་རང་གཞན་ཀུན་ལ་ཕན་ཕྱིར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བོད་ཡུལ་གྱི་ལྷ་སྐལ་སྤྱན་རས་གཟིགས། བོད་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བོད་ཕྱོགས་ལ་ཕན་པའི་གླུ་ཞིག་ལེན། །བོད་མི་ལ་ཕན་པར་བྱིན་གྱིས་རློབས། །རི་རབ་ནི་ཀ་ཤི་ཀའི་རས་ཀྱིས། །

p. 432

ལོ་བརྒྱའི་འཕྲོར་ལན་རེ་ཕྱིས་ཀྱང་འཛད། །ཡི་གེ་དྲུག་ལན་གཅིག་བརྗོད་པ་ཡི། །ཕན་ཡོན་ནི་ནམ་ཡང་འཛད་མི་འགྱུར། །ལུས་པོ་སྒུར་ཁ་ཡི་སོ་རྣམས་ལྷུང་། །མགོ་བོ་ཡི་སྐྲ་དཀར་གཉེར་མ་མང་། །ཕྱི་མ་རུ་སང་འགྲོ་གནངས་འགྲོ་བའི། །རྒན་རྒོན་རྣམས་མ་ཎི་པདྨེ་བགྲོངས། །རྒྱ་མཚོ་ནི་སྐྲ་ཡི་ཉག་གཅིག་གིས། །ཕྱི་རོལ་ཏུ་གཏོར་ཡང་ནམ་ཞིག་འཛད། །ཡི་གེ་དྲུག་ལན་གཅིག་བརྗོད་པ་ཡི། །ཕན་ཡོན་ནི་ནམ་ཡང་འཛད་མི་འགྱུར། །ལྡང་བའི་དུས་རྟོད་ཕུར་འདོན་བཞིན་ལྡང་། །འགྲོ་ན་ཡང་ཚང་འཐུང་བཞིན་དུ་འཁྱོར། །ཕྱི་མ་རུ་སང་འགྲོ་གནངས་འགྲོ་བའི། །རྒན་རྒོན་རྣམས་མ་ཎི་པདྨེ་བགྲོངས། །ས་གཞི་ཡི་རྡུལ་ཕྲན་ཐམས་ཅད་ནི། །རེ་རེ་ནས་བགྲངས་ན་གྲངས་ཀྱིས་ཆོད། །ཡི་གེ་དྲུག་ལན་གཅིག་བརྗོད་པ་ཡི། །བསོད་ནམས་ནི་གྲངས་ཀྱིས་ཆོད་མི་འགྱུར། །སྡོད་པའི་དུས་ས་རྡོ་ཆད་བཞིན་འདུག །མལ་ས་ནས་འཕྲེད་དུ་རོ་བཞིན་ཉལ། །ཕྱི་མ་རུ་སང་འགྲོ་གནངས་འགྲོ་བའི། །རྒན་རྒོན་རྣམས་མ་ཎི་པདྨེ་བགྲོངས། །དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྣམས། །ཐམས་ཅད་ཀྱིས་ཡི་གེ་དྲུག་མ་ཡི། །ཕན་ཡོན་ནི་བརྗོད་ཀྱང་བརྗོད་མི་ལང་། །བགྲངས་ན་ཡང་གྲངས་ཀྱིས་ཆོད་མི་འགྱུར། །རྣ་བ་ཡིས་མི་ཐོས་མིག་མི་གསལ། །ཨ་ཡོ་དང་ཨ་ན་ཁ་ནས་འཆོར། །ཕྱི་མ་ར་སང་འགྲོ་གནངས་འགྲོ་བའི། །རྒན་རྒོན་རྣམས་མ་ཎི་པདྨེ་བགྲོངས། །གླུ་དབྱངས་འདི་

p. 433

ཐོས་ཚད་བོད་ཡུལ་གྱི། །རྒན་རྒོན་རྣམས་མ་ཎི་འདོན་པར་ཤོག །བཏོན་པའི་མཐུས་ཚེ་འདིར་བདེ་ཞིང་སྐྱིད། །ཕྱི་མ་རུ་བདེ་བ་ཅན་སྐྱེ་ཤོག །ཅེས་པ་འདི་ཡང་བོད་ཡུལ་གྱི་རྒན་རྒོན་དད་ཅན་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐྱབས་མཆོག་འཕགས་པ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་བོད་ལ་ཐུགས་རྗེས་གཟིགས། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་གི །མཚན་མཆོག་གང་གིས་བརྗོད་ཀྱང་ཐོས་ཚད་ཀྱི། །འགྲོ་རྣམས་ཚེ་འདིའི་ཉེས་པ་ཀུན་ལས་བསྐྱབས། །ཕྱི་མར་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །གསུང་མཆོག་ཡིག་དྲུག་བཟླ་བའི་མི་དེ་ཡི། །ལུས་ཀྱི་ཕྱི་ནང་གནས་པའི་སྲོག་ཆགས་རྣམས། །མྱུར་དུ་ངན་སོང་གནས་ལས་ཐར་བ་དང་། །ལུས་ཀྱི་རླུང་ཕོག་སེམས་ཅན་སྒྲིབ་པ་འདག །ཡི་གེ་དྲུག་མ་བྲག་གམ་རྩིག་པ་ལ། །བྲིས་ན་དེ་ཉིད་མཐོང་ཚད་སེམས་ཅན་རྣམས། །མྱུར་དུ་བླ་ན་མེད་པ་ཡང་དག་པར། །རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །དེ་ཕྱིར་བོད་ཀྱི་དད་ཅན་ཕོ་མོ་ཚོ། །འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་ནས་བརྗོད། །ཡི་གེ་དྲུག་མ་བཟླ་དང་འབྲི་ལ་འབོད། །འདི་ཉིད་ཐོས་ཚད་རྣམས་ལ་ཕན་ཐོག་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འཁོར་བའི་སྐྱོན་གྱིས་མ་

p. 434

གོས་སྐུ་མདོག་དཀར། །ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཡོངས་ལ་གཟིགས། །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །མོས་པའི་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱི་སྣོད་འཇིག་རྟེན་མི་རྟག་ན་བུན་འདྲ། །ནང་བཅུད་སེམས་ཅན་མི་རྟག་སྒྱུ་མ་འདྲ། །ཕ་ཡུལ་མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ། །མི་རྟག་དྲན་ན་ཡེ་གེ་དྲུག་མ་ཐོན། །ལུས་འདི་མི་རྟག་གཡར་བའི་རྒྱན་ཆ་འདྲ། །མཛའ་བཤེས་མི་རྟག་ཤིང་ཁའི་བྱེའུ་ཆུང་འདྲ། །ཟས་ནོར་མི་རྟག་ཚྭ་ཁའི་ཟིལ་བ་འདྲ། །མི་རྟག་དྲན་ན་ཡི་གེ་དྲུག་མ་ཐོན། །རྒན་པ་མི་རྟག་ལ་མགོའི་ཉི་ཟེར་འདྲ། །གཞོན་ནུ་མི་རྟག་དབྱར་ཁའི་མེ་ཏོག་འདྲ། །ཐམས་ཅད་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །མི་རྟག་དྲན་ན་ཡི་གེ་དྲུག་མ་ཐོན། །ཉི་ཟླ་དགུང་ལ་གནས་པ་གཟའ་ཡིས་ཟིན། །སེང་གེ་གངས་ལ་གནས་པ་འབུ་ཡིས་གཞིག །བྱ་རྒོད་བྲག་ལ་གནས་པ་རྙི་ཡིས་ཟིན། །མི་རྟག་དྲན་ན་ཡི་གེ་དྲུག་མ་ཐོན། །སྟག་མོ་ནགས་ལ་གནས་པ་ས་མདས་བསད། །རི་དྭགས་སྤང་ལ་གནས་པ་རྔོན་པས་བསད། །ཉ་མོ་ཆུ་ལ་གནས་པ་ལྕགས་ཀྱུས་བཟུང་། །མི་རྟག་དྲན་ན་ཡི་གེ་དྲུག་མ་ཐོན། །བྱེའུ་ཆུང་ཤིང་ཁར་གནས་པ་ཁྲ་ཡིས་ཁྱེར། །མེ་ཏོག་སྤང་ལ་བཀྲམ་པ་བ་མོས་བསད། །ལོ་ཏོག་ཞིང་ལ་སྐྱེས་པ་ཟོར་བས་བརྔས། །མི་རྟག་དྲན་ན་ཡི་གེ་དྲུག་མ་ཐོན། །ཟ་མ་ཕུགས་ན་ཡོད་པ་ཁྱི་ཡིས་ཁྱེར། །གོས་རྒྱན་སྣོད་ན་ཡོད་པ་ཙི་གུས་གཏུབས། །ར་ལུག་སྒོ་ན་ཡོད་པ་

p. 435

སྤྱང་ཀིས་བསད། །མི་རྟག་དྲན་ན་ཡི་གེ་དྲུག་མ་ཐོན། །གླུ་འདི་ཐོས་ཚད་མི་རྣམས་འཆི་བའི་དུས། །ལྷང་ལྷང་ཡི་གེ་དྲུག་མས་གསོལ་བཏབ་ཚེ། །བུ་བུ་མ་འཇིགས་ལ་སོགས་གསུང་བཞིན་དུ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་འདྲེན་པར་ཤོག །ཅེས་པ་འདི་ཡང་སྔོ་རྒྱའི་བླ་མས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བོད་ཀྱི་ལྷ་མཆོག་སྤྱན་རས་གཟིགས། །བོད་ཡུལ་མུན་སེལ་པདྨ་འབྱུང་། །བོད་རྣམས་གཙུག་རྒྱན་བློ་བཟང་གྲགས། །བོད་ཁམས་ཡོངས་ལ་ཐུགས་རྗེས་གཟིགས། །བོད་ཀྱི་ཚོགས་དྲུག་རང་གྲོལ་གླུས། །བོད་ལ་ཕན་པར་བྱིན་གྱིས་རློབས། །རྒྱལ་པོ་བློན་པོར་ཆོས་ཤིག་དགོས། །རྒྱལ་པོ་བློན་པོར་ཆོས་མེད་ན། །དཔེར་ན་བྲག་སྟོད་བྱ་རྒོད་འདྲ། །འདུག་ས་མཐོ་རུང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །རྒྱལ་པོ་བློན་པོས་ལྷ་ཆོས་མཛོད། །མཁས་པ་དཔའ་བོར་ཆོས་ཤིག་དགོས། །མཁས་པ་དཔའ་བོར་ཆོས་མེད་ན། །དཔེར་ན་ནེ་ཙོ་རྒྱ་སྟག་འདྲ། །ཁ་མཁས་དཔའ་རུང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །མཁས་པ་དཔའ་བོས་ལྷ་ཆོས་མཛོད། །ཨ་ཡི་ཨེ་མྱེས་ཆོས་ཤིག་དགོས། །ཨ་ཡི་ཨེ་མྱེས་ཆོས་མེད་ན། །དཔེར་ན་སྡོང་རྒན་ཁོག་རུལ་འདྲ། །མ་ཤི་བསྡད་ཀྱང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །

p. 436

ཨ་ཡི་ཨེ་མྱེས་ལྷ་ཆོས་མཛོད། །བུ་དང་མནའ་མར་ཆོས་ཤིག་དགོས། །བུ་དང་མནའ་མར་ཆོས་མེད་ན། །དཔེར་ན་བྱི་བ་སྨུག་རིལ་འདྲ། །སོག་རུམ་ཤེས་རུང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །བུ་དང་མནའ་མས་ལྷ་ཆོས་མཛོད། །མཆོར་བོ་མཆོར་མོར་ཆོས་ཤིག་དགོས། །མཆོར་བོ་མཆོར་མོར་ཆོས་མེད་ན། །དཔེར་ན་སྐྱ་ཀ་ཁྲ་རིལ་འདྲ། །གོས་རྒྱན་ཡག་རུང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །མཆོར་བོ་མཆོར་མོས་ལྷ་ཆོས་མཛོད། །ཚ་བོ་ཚ་མོར་ཆོས་ཤིག་དགོས། །ཚ་བོ་ཚ་མོར་ཆོས་མེད་ན། །དཔེར་ན་སྒོ་ཕྱུགས་གཅེས་པ་འདྲ། །ཁོག་པ་རྒྱགས་རུང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །ཚ་བོ་ཚ་མོས་ལྷ་ཆོས་མཛོད། །གཡོག་པོ་གཡོག་མོར་ཆོས་ཤིག་དགོས། །གཡོག་པོ་གཡོག་མོར་ཆོས་མེད་ན། །དཔེར་ན་གླང་རྒན་བོང་རྒན་འདྲ། །འཁུར་ཤེད་ཆེ་རུང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །གཡོག་པོ་གཡོག་མོས་ལྷ་ཆོས་མཛོད། །ཁྱིམ་ཚང་བཟའ་བར་ཆོས་ཤིག་དགོས། །ཁྱིམ་ཚང་བཟའ་བར་ཆོས་མེད་ན། །དཔེར་ན་ཚོང་འདུས་མགྲོན་པོ་འདྲ། །ལྷན་ཅིག་འཚོགས་ཀྱང་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །ཁྱིམ་ཚང་བཟའ་བས་ལྷ་ཆོས་མཛོད། །མི་རྣམས་ཀུན་ལ་ཆོས་ཤིག་དགོས། །མི་རྣམས་ཀུན་ལ་ཆོས་མེད་ན། །དཔེར་ན་མགོ་རིལ་ནོར་དང་འདྲ། །མི་ལུས་ཐོབ་

p. 437

པ་དོན་གོ་ཆུང་། །དོན་གོ་ཡོད་པར་མཛད་འདོད་ན། །ཐམས་ཅད་དམ་པའི་ལྷ་ཆོས་མཛོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དྲིན་ཅན་བླ་མའི་ཞབས་ལ་འདུད། །ཉོན་དང་དད་ཅན་ཕོ་མོ་ཚོ། །ཚེ་འདིའི་དྲིན་ཅན་ཕ་མ་ཡིས། །བུ་དང་བུ་མོའི་ལྟོ་རྒྱབ་ཕྱིར། །ཕ་ནི་ཁྱི་བཞིན་ཕྱོགས་བཞིར་འཁྱམས། །ཉིན་པར་ལྟོ་བཅག་མཚན་མོ་གཉིད། །སྤངས་ནས་གང་མཁོ་ཁྱེར་ནས་འོངས། །མ་ཡང་ཉིན་གཅིག་མི་སྡོད་པར། །ཞིང་ལས་སོ་ནམ་བཀལ་འཐག་བྱས། །ཉིན་འགྲོ་མཚན་མོ་ཉལ་ན་ཡང་། །བུ་དང་བུ་མོའི་ལྟོ་རྒྱབ་འདི། །ཇི་ལྟར་བྱེད་སྙམ་བསམ་བློ་བཏང་། །རྒྱུན་དུ་ཕ་མ་སེམས་ཁུར་ཆེ། །ཟས་ངན་ཟ་ཞིང་གོས་ཧྲུལ་གྱོན། །ཁོང་གཉིས་ཇི་ལྟར་སོང་ན་ཡང་། །ཟས་གོས་ཡོད་པའི་གང་བཟང་རྣམས། །བུ་དང་བུ་མོར་ལེགས་པར་བྱིན། །ཐ་ན་བུ་དང་བུ་མོ་ལ། །ཆམ་པ་མགོ་ན་ཙམ་བྱུང་ཡང་། །སེམས་མི་བདེ་བར་རིམ་གྲོ་བྱས། །དེ་ནས་ཆེ་རུ་སོང་ཙ་ན། །བུ་ལ་ཆུང་མ་ལེན་པའམ། །ཡང་ན་ཆོས་བསླབས་རབ་བྱུང་བྱས། །བུ་མོ་གནས་ལ་རྫོང་བ་སོགས། །ཕན་པ་དཔག་ཏུ་མེད་པ་བཏགས། །དེ་འདྲའི་དཀའ་ལས་སྣ་ཚོགས་ཀྱིས། །བསྐྱངས་པའི་དྲིན་ཅན་ཕ་མ་ཡིས། །ཡར་གྱི་ལ་ཡང་མི་ཆོད་ཅིང་། །མར་གྱི་ཐུར་ཡང་མི་བོབས་དུས། །ཕ་མ་དྲིན་ཅན་སྐྱོང་དུས་ཡིན། །

p. 438

ཁྲེལ་ཡོད་བུ་དང་བུ་མོ་ཚོ། །ཕ་མ་རྒན་རྒོན་དྲིན་ཅན་རྒྱབ། །དྲོ་འཇམ་ཡང་བའི་གོས་ཀྱིས་གཡོགས། །དྲོ་བའི་མལ་དུ་བདེ་བར་ཞོག །ཚོགས་གསོག་མ་ཎི་འདོན་དུ་ཆུགས། །ནམ་མཁོའི་དུས་སུ་བཟའ་བཏུང་བྱིན། །ན་དུས་རྒྱུན་དུ་ནད་གཡོག་གྱིས། །དེ་ལྟར་ཕ་མར་བཀུར་བྱས་ན། །ཚེ་འདིར་ཚེ་དང་བསོད་ནམས་རྒྱས། །སྐྱེ་བོ་གཞན་གྱིས་བཀུར་བ་དང་། །ཡིད་ལ་ཅི་བསམ་ཐམས་ཅད་འགྲུབ། །ཕྱི་མར་མཐོ་རིས་གནས་སུ་སྐྱེ། །རྒས་པའི་དྲིན་ཅན་ཕ་མ་ལ། །རྒས་དུས་མི་འདོད་པ་བྱས་ན། །ཚེ་འདིར་ནད་མང་ཚེ་ཡང་ཐུང་། །ལོ་རེ་བཞིན་དུ་ཁ་ཐུར་འགྲོ། །སྐྱེ་བོ་གཞན་གྱིས་བརྙས་པ་དང་། །བརྒྱ་བསམ་གཅིག་ཀྱང་འགྲུབ་མི་འགྱུར། །ཕྱི་མར་ངན་འགྲོའི་གནས་སུ་སྐྱེ། །དེ་ཕྱིར་དད་ཅན་གཞོན་པ་ཚོ། །དྲིན་ཅན་ཕ་མ་མཆོད་ཅིང་བཀུར། །ཕ་མས་མི་འདོད་ལས་མ་བྱེད། །གླུ་འདིས་རང་གཞན་ལ་ཕན་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །མཆོད་འོས་སྐྱབས་གྱུར་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇིག་རྟེན་པ་རྣམས་འཁྲུལ་ནས་ནི། །ལྷ་ཆོས་བྱེད་པའི་སྐལ་བ་ཞིག །བྱུང་ན་དགའ་བ་མི་བསྒོམ་པར། །བུ་ཞིག་བྱུང་ན་ཤིན་ཏུ་དགའ། །བུ་མེད་པ་རྣམས་མྱ་ངན་བྱེད། །དགྲ་བོ་ལུས་ལས་ཆད་པ་ལ། །སེམས་ཡོད་སུ་ཞིག་དགའ་བར་བྱེད། །དང་པོ་བཙས་དུས་སྡུག་བསྔལ་མྱངས། །ལུས་

p. 439

ཀྱི་བཀྲག་མདངས་འཕྲོག་པར་བྱེད། །བར་དུ་གང་ཡོད་ཟ་མ་རྣམས། །བྱིན་པས་ཁ་ཡི་ཟས་སྐལ་འཕྲོག །དྲོ་འཇམ་ལེགས་པའི་གོས་གང་ཡོད། །བསྐོན་པས་རྒྱབ་ཀྱི་གོས་ཀྱང་འཕྲོག །ཐ་མ་བུ་དང་བུ་མོ་ཡི། །ཁ་རྒྱབ་མ་འདང་མ་ཁེབས་ནས། །སྡིག་པ་བྱས་པས་དམྱལ་བ་རུ། །སོང་ནས་མི་ཐར་སྲོག་ཀྱང་འཕྲོག །དང་པོ་ལུས་ཀྱི་མདངས་འཕྲོག་པོ། །བར་དུ་ཟས་གོས་ནོར་འཕྲོག་པོ། །ཐ་མ་ཕ་མའི་སྲོག་འཕྲོག་པོ། །རང་ལས་སྐྱེས་པའི་དགྲ་བོ་ལ། །བུ་ཞེས་སུ་ཞིག་དགའ་དགའ་བྱེད། །བུ་ཡོད་རྣམས་ཀྱིས་ལྟོ་རྒྱབ་ཕྱིར། །སྡིག་ལས་མ་བྱེད་ལྷ་ཆོས་མཛོད། །བུ་མེད་རྣམས་ཀྱིས་དགྲ་བོ་དེ། །མེད་ལ་མྱ་ངན་ཅིའི་ཕྱིར་བྱེད། །ཕྱི་མར་སོང་ན་བདེ་སྐྱིད་ཀྱི། །ཉི་མ་འཆར་བས་ལྷ་ཆོས་རེམ། །གླུ་འདིས་ཀུན་ལ་ཕན་ཐོགས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱལ་བ་སྲས་དང་བཅས་ལ་འདུད། །འཆི་བ་དྲན་པར་བྱིན་གྱིས་རློབས། །ལུས་འདི་གད་ཁའི་སྡོང་རྒན་འདྲ། །ལུས་སེམས་ནམ་ཞིག་འབྲལ་ཆ་མེད། །སྟོན་ཁའི་ཤིང་གི་ལོ་འབྲས་དང་། །འདྲ་བས་འཆི་བར་ངེས་པ་མེད། །སོས་ཀའི་དུས་ཀྱི་མེ་ཏོག་དང་། །འདྲ་བའི་ཚེ་ལ་ལོང་མེད་པས། །ངེས་པར་ལྷ་ཆོས་བྱེད་དགོས་རེམ། །དེ་ཡང་ནམ་འཆི་ངེས་པ་མེད། །ལ་ལ་མ་ཡི་མངལ་དུ་457འཆི། །ལ་ལ་བཙས་མ་ཐག་ཏུ་

p. 440

འཆི། །ལ་ལ་བྱིས་པ་གཞོན་དུས་འཆི། །ལ་ལ་དར་ལ་བབ་དུས་འཆི། །མྱུར་དུ་ལྷ་ཆོས་བྱེད་དགོས་རེམ། །འཆི་ལ་བྱ་གཏོང་བསྟུད་མར་འོང་། །ཡུལ་མི་ཉེ་དུ་ཤི་བ་དང་། །ཟླ་གྲོགས་རྣམས་དང་བྲལ་བ་དང་། །རང་གི་མགོ་ཡི་སྐྲ་རྣམས་དཀར། །ལུས་ལ་གཉེར་མ་བྱུང་བ་དང་། །ཁ་ཡི་སོ་རྣམས་བུད་པ་དང་། །ལུས་སྟོབས་ཤོར་བ་ལ་སོགས་པ། །རྣམས་ནི་འཆི་བའི་བྱ་གཏོང་ཡིན། །ད་ལྟ་ལྷ་ཆོས་བྱེད་དགོས་རེམ། །འཆི་དུས་ཅི་ཙམ་ཡོད་ཀྱང་འཇོག །བུ་གྲོགས་ཡོད་ཀྱང་འགྲོགས་དབང་མེད། །ནོར་རྫས་ཡོད་ཀྱང་འཁྱེར་དབང་མེད། །དེ་དུས་ལྷ་ཆོས་དགོས་པས་རེམ། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །རང་གཞན་ཡོངས་ལ་ཕན་ཕྱིར་སྨྲས། །ཐོས་ཚད་ལྷ་ཆོས་ཕྱི་བཤོལ་དུ། །མི་འཇོག་མྱུར་དུ་རེམ་པར་ཤོག །ཅེས་པ་འདི་ཡང་གཞན་ལ་ཕན་དུ་རེ་ནས་སྨྲས་ཉོན་དང་དད་ལྡན་སྐྱེ་བོ་རྣམས། །སྨྱུང་བར་གནས་པ་ལན་གཅིག་ཙམ། །བསྲུངས་ན་བསྐལ་པ་བཞི་ཁྲི་ཡི། །འཁོར་བ་ཕྱི་རུ་བསྙིལ་བར་འགྱུར། །མཚམས་མེད་ལྔ་དང་ལས་སྒྲིབ་ཀུན། །བྱང་དང་ཕྱིར་མི་ལྡོག་པ་ཡི། །བྱང་ཆུབ་སེམས་དཔའི་སར་གནས་འགྱུར། །སྐྱེ་བ་དམན་པའི་བུད་མེད་ཀྱིས། །སྨྱུང་གནས་ལན་གཅིག་ཙམ་བསྲུངས་ན། །ཤི་འཕོས་གྱུར་ཚེ་ས་དང་པོར། །གནས་པའོ། །པའི་བྱང་སེམས་སྐྱེས་བུ་རུ། །གྱུར་ནས་འཁོར་བར་རྒྱབ་ཕྱོགས་འགྱུར། །དེ་ཕྱིར་དད་ལྡན་སྐྱེ་བོ་ཀུན། །

p. 441

སྨྱུང་གནས་བསྲུང་ལ་འབད་པར་གྱིས། །སྨྱུང་གནས་སྲུང་བའི་གང་ཟག་ལ། །ནངས་པར་འཚོ་བ་ཞིག་དྲེངས་ན། །ས་བརྒྱད་བྱང་ཆུབ་སེམས་དཔའ་ལ། །འཚོ་བ་དྲངས་དང་མཉམ་པ་ཡིན། །གསོ་སྦྱོང་བླངས་མཚམས་ལ་དྲངས་ན། །དགྲ་བཅོམ་པ་ལ་དྲངས་དང་མཉམ། །དེ་ཕྱིར་དད་ལྡན་སྐྱེ་བོ་ཀུན། །རང་གིས་བསྲུང་བར་མི་ནུས་ཀྱང་། །གཞན་གྱིས་སྲུང་ལ་ཞབས་ཏོག་སྒྲུབས། །སྨྱུང་གནས་བསྙེན་ཚད་སོང་བའི་མི། །སྤྱན་རས་གཟིགས་དང་མཚུངས་པས་ན། །མི་དེ་མཐོང་ཚད་ཁ་རླངས་དང་། །འདྲེས་པའི་རླུང་དེ་ཕོག་ཚད་དང་། །རི་མགོ་མཐོན་པོའི་རྩེར་ཕྱིན་ན། །མི་དེ་མཐོང་ཚད་སེམས་ཅན་རྣམས། །ངན་སོང་གནས་སུ་ལྷུང་མི་འགྱུར། །མི་དེ་ཆུ་ལ་བརྒལ་བའི་ཆུ། །འཐུང་ཚད་མི་དེའི་གྲིབ་མ་གང་། །ཕོག་ཚད་དེ་ལ་རེག་ཚད་ཀྱི། །སེམས་ཅན་ངན་སོང་ལས་ཐར་ཞིང་། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ཕྱིར་དད་ལྡན་སྐྱེ་བོ་ཀུན། །སྨྱུང་གནས་མང་བོ་བསྲུང་བ་ཡི། །མི་དེ་སྤྱན་རས་གཟིགས་དངོས་སུ། །ལྟོས་ལ་ཟས་གོས་ལ་སོགས་པའི། །འབྲེལ་བ་ལེགས་པོ་འཇོག་པར་གྱིས། །ཞེས་སྨྱུང་གནས་ཕན་ཡོན་འདི་ཡང་དད་ལྡན་ཡོངས་ལ་ཕན་ཕྱིར་རྒྱུད་དང་། བྱང་སེམས་ཟླ་བ་རྒྱལ་མཚན་ལ་འཕགས་པས་དངོས་སུ་གསུངས་པ་དང་། བླ་མ་གོང་མའི་གསུང་བགྲོས་དང་མཐུན་པར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བསྙེན་གནས་སྡོམ་པ་འདི་ཉིད་ནི། །

p. 442

ཚེགས་ཆུང་ཕན་ཡོན་ཤིན་ཏུ་ཆེ། །བསྲུངས་པའི་ཕན་ཡོན་ཅུང་ཟད་ཙམ། །བཤད་ཀྱིས་ཁྱིམ་པ་ཕོ་མོས་ཉོན། །ཚེས་པ་འརྒྱད་ལ་བསྙེན་གནས་ཀྱི། །སྡོམ་པ་ཚུལ་བཞིན་བསྲུངས་གྱུར་ན། །བཅད་གཏུབ་དམྱལ་བ་ལས་ཐར་ནས། །བསྐལ་པ་སུམ་ཅུའི་སྡིག་པ་བྱང་། །བཅོ་ལྔའི་ཉིན་པར་བསྙེན་གནས་ཀྱི། །སྡོམ་པ་ཚུལ་བཞིན་བསྲུངས་གྱུར་ན། །གྲང་བའི་དམྱལ་བ་ལས་ཐར་ནས། །བསྐལ་པ་སུམ་ཅུའི་སྡིག་པ་བྱང་། །གནམ་སྟོང་ཉིན་པར་བསྙེན་གནས་ཀྱི། །སྡོམ་པ་ཚུལ་བཞིན་བསྲུངས་གྱུར་ན། །ཚ་བའི་དམྱལ་བ་ལས་ཐར་ནས། །བསྐལ་པ་བརྒྱ་ཡི་སྡིག་པ་བྱང་། །དེ་ཕྱིར་ཁྱིམ་པ་དད་ཅན་ཚོ། །བསྙེན་གནས་སྡོམ་པ་ཅི་ཐུབ་སྲུངས། །བསྙེན་གནས་མ་བསྲུངས་དུས་སྐབས་སུ། །མར་ཁུ་རྒྱ་མཚོ་ཙམ་པ་ལ། །སྡོང་བུ་རི་རབ་ཙམ་པ་ཞིག །བཙུགས་ནས་མར་མེ་ཕུལ་བ་ལས། །སྡོམ་པ་སྲུང་བའི་ཉི་མ་དེར། །མར་ཁུ་ཐིགས་པ་ཙམ་ཞིག་ལ། །སྡོང་བུ་ཁབ་རྩེ་ཙམ་པ་ཞིག །བཙུགས་ནས་མར་མེ་ཕུལ་བ་དེ། །ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། །བསྙེན་གནས་བསྲུང་བའི་ཉི་མ་དེར། །ཚོགས་བསགས་རྒྱ་ཆེན་བྱས་གྱུར་ན། །ཕྱི་མར་འདོད་ཁམས་ལྷ་རུ་སྐྱེ། །ཚོགས་བསགས་འབྲིང་ཙམ་བྱས་པ་ན། །རབ་ཏུ་ཕྱུག་པའི་མི་རུ་སྐྱེ། །ཚོགས་བསགས་ཅུང་ཟད་ཙམ་བྱས་ཀྱང་། །ཕྱི་མར་མི་ལུས་གཙང་མ་འཐོབ། །དེ་ཕྱིར་སྡོམ་པ་སྲུང་བའི་ཉིན། །ཚོགས་བསགས་གྱིས་ཤིག་དད་ཅན་ཚོ། །ད་ལྟ་མི་ལུས་ཐོབ་པ་སྔོན། །ཚུལ་ཁྲིམས་

p. 443

བསྲུངས་པའི་འབྲས་བུ་ཡིན། །ད་ལྟ་གཟུགས་བྱད་བཟང་བ་སྔོན། །བཟོད་པ་བསྒོམས་པའི་འབྲས་བུ་ཡིན། །ད་ལྟ་ལོངས་སྤྱོད་ཆེ་བ་སྔོན། །སྦྱིན་པ་བཏང་བའི་འབྲས་བུ་ཡིན། །ད་ཡང་དེ་ལྟར་བྱས་གྱུར་ན། །ཕྱི་མར་དེ་འདྲ་འབྱུང་བ་ཡིན། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །ཁ་ལ་ཉན་ན་དེ་བཞིན་མཛོད། །ད་ཡང་ཁྱིམ་པ་ཕོ་མོ་ཉོན། །ན་ནས་བསྙེན་གནས་སྡོམ་པ་བསྲུང་། །མ་ཐུབ་བཞག་ན་འཆོར་བ་མིན། །ན་བ་སོས་ནས་མ་བསྲུངས་ན། །སྡོམ་པ་འཆོར་བས་བསྲུང་བར་གྱིས། །བརྗེད་ནས་རྩམ་པ་སོགས་ཟོས་ཀྱང་། །བཤུགས་ཏེ་བསྲུངས་ན་ཉེས་པ་མེད། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་རྫས། །ཟོས་ན་སྡོམ་པ་འཆོར་བ་མིན། །ཟོས་ནས་སྔར་ལྟར་མ་བསྲུངས་ན། །སྡོམ་པ་འཆོར་བས་བསྲུང་བར་མཛོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ཁྱིམ་པ་རྣམས་ལ་སྨྲས་པའོ། །སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས། །འགགས་མེད་གཟུགས་སྐུར་ལེགས་བཞེངས་ནས། །འཁྲུལ་མེད་ལམ་བཟང་སྟོན་མཛད་པའི། །མཚུངས་མེད་ཆོས་རྒྱལ་ཞབས་ལ་འདུད། །དམ་པ་གོང་མའི་རྣམ་ཐར་བཞིན། །དམ་སྡོམ་མིག་འབྲས་ལྟར་བསྲུངས་ཤིང་། །དམ་ཆོས་ཉམས་སུ་ལེན་མཁན་ངས། །དམ་གཙང་གྲོགས་རྣམས་དགྱེས་གླུ་ལེན། །བླ་མར་དད་གུས་དྲག་པོ་སྐྱེས། །བྱིན་རླབས་ཞུགས་པས་ཤེས་རྒྱུད་ནི། །ཆོས་དང་འདྲེས་པས་བློ་རེ་བདེ། །སྐྱོན་རྟོག་མ་ཤོར་ངོ་མཚར་ཆེ། །འཁོར་བ་མེ་མུར་འོབས་ལྟར་མཐོང་། །

p. 444

འདོད་ཡོན་བཙན་དུག་ལྟ་བུར་ཤེས། །ངེས་འབྱུང་སྐྱེས་པས་བློ་རེ་བདེ། །ཞེན་པ་ལོག་པ་ངོ་མཚར་ཆེ། །ཉམ་ཐག་འགྲོ་བ་མ་ལུས་པ། །དྲིན་ཅན་ཕ་མ་ཡིན་པར་ཤེས། །གཞན་ཕན་སེམས་བསྐྱེད་བློ་རེ་བདེ། །ཆགས་སྡང་བྲལ་བ་ངོ་མཚར་ཆེ། །ཡངས་སོ་ཆེའོ་ཆོས་ཀྱི་དབྱིངས། །ནམ་མཁའ་འདྲ་སྟེ་སྤྲོས་དང་བྲལ། །ལྟ་བའི་ཐག་ཆོད་བློ་རེ་བདེ། །ཕྱོགས་རིས་བྲལ་བ་ངོ་མཚར་ཆེ། །བདེའོ་གསལ་ལ་མི་རྟོག་ངང་། །ཉི་ཟླ་འདྲ་སྟེ་འོད་རེ་གསལ། །བསྒོམ་པའི་ཐག་ཆོད་བློ་རེ་བདེ། །བྱིང་རྒོད་བྲལ་བ་ངོ་མཚར་ཆེ། །ཆོས་རྣམས་ཐམས་ཅད་རང་སྣང་ཙམ། །སྒྱུ་མ་འདྲ་སྟེ་བདེན་ཞེན་མེད། །སྤྱོད་པའི་ཐག་ཆོད་བློ་རེ་བདེ། །བླང་དོར་བྲལ་བ་ངོ་མཚར་ཆེ། །རང་རིག་དྲི་མེད་ཆོས་ཀྱི་སྐུ། །ནོར་བུ་འདྲ་སྟེ་ལྷུན་གྱིས་གྲུབ། །འབྲས་བུའི་ཐག་ཆོད་བློ་རེ་བདེ། །རེ་དོག་བྲལ་བ་ངོ་མཚར་ཆེ། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །གང་དུ་བསྡད་ཀྱང་ཉམས་རེ་དགའ། །སུ་དང་འཕྲད་ཀྱང་བློ་རེ་བདེ། །སྡུག་བསྔལ་བྲལ་བ་ངོ་མཚར་ཆེ། །བྱ་བཏང་གུ་ཡངས་བློ་བདེ་ངས། །རྟག་ཏུ་ནམ་ཡང་གཏན་བདེ་གླུ། །བླངས་པ་འདིས་ཀྱང་རང་བདེ་ཞིང་། །འགྲོ་བ་གཞན་ཡང་ཀུན་བདེ་ཤོག །ཅེས་པ་འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཉམས་དགའ་བའི་ཤུགས་ཀྱིས་བླངས་པའོ། །མཐོ་ལ་ཡངས་པ་ཡི་དགུང་སྔོན་མཐོན་པོ་དང་གཅིག །དེ་ལ་འཁོར་བ་ཡི་མུན་སེལ་ཉི་མ་དང་གཉིས། །གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ། །དགུང་སྔོན་

p. 445

ནམ་མཁའ་ཁྱོད་སྐུ་ཁམས་ཅི་བདེ་རུ་བཞུགས། །འཛམ་གླིང་ཉི་མ་ང་གླིང་གཞན་སྐོར་བ་ལ་འགྲོ། །དགུང་སྔོན་མཐོན་པོ་ཁྱོད་སྤྲིན་གྱིས་མ་བསྒྲིབས་པ་བྱས། །འཛམ་གླིང་ཉི་མ་ང་གཟའ་ཡིས་མ་བཟུང་བ་བྱས། །ཡང་ཡང་ལྷན་ཅིག་ཏུ་འཛོམ་པའི་སྨོན་ལམ་ནི་འདེབས། །མཐོ་ཞིང་སྲ་བ་ཡི་ཡ་གི་བྲག་དམར་དང་གཅིག །དེ་ལ་འཁོར་བ་ཡི་བྱ་རྒྱལ་རྒོད་པོ་དང་གཉིས། །གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ། །བྲག་སྟོད་མཐོན་པོ་ཁྱོད་སྐུ་ཁམས་ཅི་བདེ་རུ་བཞུགས། །བྱ་རྒྱལ་རྒོད་པོ་ང་དགུང་སྔོན་འགྲིམ་པ་ལ་འགྲོ། །བྲག་སྟོད་མཐོན་པོ་ཁྱོད་ཐོག་གིས་མ་བཤིག་པ་བྱས། །བྱ་རྒྱལ་རྒོད་པོ་ང་རྙི་ཡིས་མ་བཟུང་བ་བྱས། །ཡང་ཡང་ལྷན་ཅིག་ཏུ་འཛོམ་པའི་སྨོན་ལམ་ནི་འདེབས། །དྭངས་གསལ་རྙོག་མེད་ཀྱི་ཆུ་བོ་གངྒཱ་དང་གཅིག །དེ་ལ་འཁོར་བ་ཡི་ཉ་མོ་གསེར་མིག་དང་གཉིས། །གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ། །ཆུ་བོ་གངྒཱ་ཁྱོད་སྐུ་ཁམས་ཅི་བདེ་རུ་བཞུགས། །ཉ་མོ་གསེར་མིག་ང་རྒྱ་མཚོ་འགྲིམ་པ་ལ་འགྲོ། །ཆུ་བོ་གངྒཱ་དེ་རྒྱུན་དེ་མ་ཆད་པ་བྱས། །ཉ་མོ་གསེར་མིག་ང་ལྕགས་ཀྱུས་མ་བཟུང་བ་བྱས། །ཡང་ཡང་ལྷན་ཅིག་ཏུ་འཛོམ་པའི་སྨོན་ལམ་ནི་འདེབས། །ལྡུམ་རར་འཁྲུངས་པ་ཡི་མེ་ཏོག་ཨུཏྤལ་དང་གཅིག །དེ་ལ་འཁོར་བ་ཡི་སྟག་ཆུང་བུང་བ་དང་གཉིས། །གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ། །ལྡུམ་རའི་མེ་ཏོག་

p. 446

ཁྱེད་སྐུ་ཁམས་ཅི་བདེ་རུ་བཞུགས། །ཡིད་འོང་བུང་བ་ང་སྤང་གཞོངས་མེ་ཏོག་སར་འགྲོ། །མེ་ཏོག་ཨུཏྤལ་ཁྱོད་སད་ཀྱིས་མ་ཁྱེར་བ་བྱས། །བུང་བ་ཁྲ་རིལ་ང་སེར་བས་མ་ཕོག་པ་བྱས། །ཡང་ཡང་ལྷན་ཅིག་ཏུ་འཛོམ་པའི་སྨོན་ལམ་ནི་འདེབས། །འཚོ་བ་སྦྱོར་མཁན་གྱི་ཡོན་བདག་ཕོ་མོ་དང་གཅིག །དེ་ལ་འཁོར་བ་ཡི་རྣལ་འབྱོར་རས་པ་དང་གཉིས། །གནས་སྐབས་འབྲེལ་བ་དེ་བཞག་པ་ཡུད་ཙམ་ཞིག་གདའ། །ཡོན་བདག་ཕོ་མོ་ཚོ་སྐུ་ཁམས་ཅི་བདེ་རུ་བཞུགས། །རྣལ་འབྱོར་རས་པ་ང་རི་ཁྲོད་ཉམས་དགའ་རུ་འགྲོ། །དད་ཅན་ཡོན་བདག་ཚོ་མ་ཤི་མ་འཐོར་བ་བྱས། །རྣལ་འབྱོར་རས་པ་ང་མ་ན་མ་འདས་པ་བྱས། །ཡང་ཡང་ལྷན་ཅིག་ཏུ་འཛོམ་པའི་སྨོན་ལམ་ནི་འདེབས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་དད་ཅན་ཡོན་བདག་ཕོ་མོ་རྣམས་ལ་སྨྲས་པའོ། །འོ་འོ་རྔོན་པ་ཁྱི་ཁྲིད་བསླེབས་ཐལ། །ཨའུ་ཤ་བ་སྨུག་པོ་མ་འདུག །ཁོ་རེ་རྫ་རི་མཐོན་པོ་སྙོགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བྱ་ཁྲ་སྡིག་ཅན་བསླེབས་ཐལ། །ཨའུ་འདབ་ཆགས་བྱེའུ་མ་འདུག །ཁོ་རེ་ཤིང་ནགས་མཐུག་པོ་སྙོགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་བྱི་ལ་གཡོ་ཅན་བསླེབས་ཐལ། །ཨའུ་བྱི་བ་སྨུག་རིལ་མ་འདུག །ཁོ་རེ་བུ་ག་ཕུགས་རིང་སྙོགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་ཉ་བདའ་ངོ་ནག་བསླེབས་ཐལ། །ཨའུ་ཉ་མོ་གསེར་མིག་མ་འདུག །ཁོ་རེ་མཚོ་ཡི་དཀྱིལ་དེ་སྙོགས་དང་། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །འོ་འོ་སྐྲ་དཀར་གཉེར་

p. 447

མ་བསླེབས་ཐལ། །ཨའུ་བྱ་བཏང་བན་རྒན་མ་འདུག །ཁོ་རེ་རི་ཁྲོད་དབེན་པ་སྙོགས་དང། །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ །ཞེས་པ་འདི་ཡང་རྗེ་སྐལ་ལྡན་རས་པའི་གསུང་དང་མཐུན་པར་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་དབེན་པ་ལ་ཡིད་སྤྲོ་པའི་ཤུགས་ཀྱིས་སྨྲས་པའོ། །ཕ་དྲིན་ཅན་བླ་མའི་གསུང་བཞིན། །ཚེ་འདི་ལ་ལྟག་པ་བསྟན་ནས། གནས་རི་ཁྲོད་ཉམས་དགའ་བསྟེན་དུས། ངས་གདམས་ངག་གླུ་རུ་ལོས་ལེན། །མི་སྡིག་ཅན་རྔོན་པས་རི་ནས། །མར་དམྱལ་བར་ངུ་བཞིན་འགྲོ་བའི། །རྒྱུ་རི་དྭགས་མང་བོ་གསོད་ཚེ། །དགའ་བཞིན་དུ་གླུ་དབྱངས་ལེན་ན། །ངས་དབེན་པའི་དགའ་ཚལ་ཉམས་དགར། །ཡར་ཐར་བར་དགོད་བཞིན་འགྲོ་བའི། །རྒྱུ་དམ་པའི་ལྷ་ཆོས་སྒྲུབ་ཚེ། །ངས་གླུ་དབྱངས་ཅིའི་ཕྱིར་མི་ལེན། །གླུ་མི་ལེན་ཁ་རོག་བསྡད་ལས། །ང་སྲི་བཤོལ་འོང་ནི་མ་རེད། །སྐབས་སྐབས་སུ་གླུ་དབྱངས་ལེན་པ། །ཁོང་རི་བ་ཕལ་ཆེར་ལུགས་ཡིན། །ཉམས་རྟོགས་པའི་ཡོན་ཏན་མེད་རུང་། །ང་གླུ་ལ་དགའ་བའི་ཤུགས་ཀྱིས། །རང་གཞན་རྣམས་ཆོས་ལ་བསྐུལ་ཕྱིར། །སྔར་གླུ་དབྱངས་མང་བོ་བླངས་སོ། །མི་ང་འདྲའི་རི་བ་རྣམས་ཚོ། །གནས་དབེན་པར་ཉམས་ལེན་བྱེད་ཚེ། །ནང་རང་གི་སེམས་ལ་ཕན་པའི། །གླུ་རེ་རེ་ལོངས་དང་སྐྱོན་མེད། །ཅེས་པ་འདི་ཡང་གཞན་མང་བོས་ཁྱེད་ཀྱིས་སྔོན་ཆད་གླུ་དབྱངས་མང་བོ་འཐེན་འདུག་ཅེས་སྨྲས་ཚེ། རེབ་གོང་སྨད་ཀྱི་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །

p. 448

བླ་མ་སྤྱི་བོའི་རྒྱན་དུ་བཞུགས། །དཀོར་ཟན་བདག་ལ་ཐུགས་རྗེས་གཟིགས། །གཞན་གྱིས་གང་ཕུལ་ནོར་རྫས་རྣམས། །བླངས་ནས་ཆོས་ཕྱོགས་མི་གཏོང་བར། །ཁྱིམ་ཚང་ཕྱོགས་སུ་བཏང་གྱུར་ན། །ཕྱི་མར་དེ་ཡི་རྣམ་སྨིན་གྱིས། །ལེན་མཁན་རྔ་མོང་ལུས་སུ་སྐྱེ། །གྲོད་པུ་ཆེ་ལ་མི་འགྲང་ཞིང་། །རྐང་བ་ཚ་ཞིང་བུ་དད་ཆེ། །ནོར་བདག་རྔ་མོང་བདག་པོར་འགྱུར། །བཀོལ་སྤྱོད་ལན་ཆགས་འདེད་དུ་འོང་། །དེ་མ་ཡིན་པའི་ལན་ཆགས་སྟོང་། །ཉི་ཁྲི་འདེད་དུ་འོང་བ་ཡིན། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །རྔ་མོང་ཞིག་ཏུ་མི་སྐྱེ་བར། །འདོད་ན་ནོར་རྫས་ཆོས་ཕྱོགས་ཐོངས། །ཐམས་ཅད་གཏོང་བར་མི་ནུས་ཀྱང་། །ཕྱེད་ཀ་བཏང་ན་ཨེ་བཟང་སྙམ། །གླུ་འདི་དཀོར་ཟན་བན་རྒན་ང་། །ང་འདྲ་རྣམས་ལ་ཕན་ཐོགས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐྱབས་གནས་ཀུན་འདུས་བླ་མ་ཡི། །ཞབས་ཀྱི་པདྨོར་གུས་པས་འདུད། །ཁྱོད་ཀྱི་བྱིན་རླབས་ཐུགས་རྗེ་ཡིས། །འདིར་འཚོགས་བློ་ཁ་ཆོས་ལ་སྒྱུར། །བྱ་བཏང་བྱམས་པ་ཆོས་དར་ངས། །ཚེགས་ཆུང་དོན་ནི་རབ་ཏུ་ཆེ། །ཁྱེད་རྣམས་ལག་ལེན་ཐུབ་པ་ཡི། །ཚོགས་གསོག་བྱེད་ཚུལ་གླུ་ཞིག་ལེན། །འདིར་འཚོགས་དད་ཅན་ཕོ་མོ་ཉོན། །ལུས་འདི་མི་རྟག་ཆུ་བུར་འདྲ། །ནོར་རྫས་རྩྭ་མགོའི་ཟིལ་བ་འདྲ། །བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །འཆི་བདག་ནམ་འོང་ངེས་པ་མེད། །འཆི་ཚེ་ཆོས་མིན་མགོན་སྐྱབས་མེད། །དཀར་ནག་ལས་ལ་བསླུ་བ་མེད། །ཕྱི་མར་བདེ་ཞིང་སྐྱིད་འདོད་ན། །འདི་བཞིན་

p. 449

མཛོད་ཅིག་དད་ཅན་ཚོ། །བླ་མ་དགེ་བའི་བཤེས་བསྙེན་རྣམས། །བསོད་སྙོམས་ཕྱིར་དུ་ཕེབས་པའི་ཚེ། །གང་ཡོད་འབྲེལ་བ་བཞག་གྱུར་ན། །ཕྱི་མའི་དུས་ན་འབྲེལ་སྟོབས་ཀྱིས། །བླ་མས་འདྲེན་པར་ཐེ་ཚོམ་མེད། །དེ་ཕྱིར་བླ་མ་ཆེ་ཆུང་གང་། །རང་གི་སྒོ་རྩར་ཕེབས་པའི་དུས། །འབྲེལ་བ་ཞོག་ཅིག་འདིར་འདུས་ཚོ། །ཟས་གོས་གཉིས་ཀྱིས་རབ་ཕོངས་པའི། །སྤྲང་བོ་སྒོ་རྩར་འོངས་པའི་དུས། །བཟའ་བཏུང་གོན་པ་བྱིན་གྱུར་ན། །ཕན་ཡོན་དཔག་ཏུ་མེད་པ་ཡོད། །དེ་ཕྱིར་སྤྲང་བོ་སུ་འོངས་ཀྱང་། །མཐོང་དུས་སྒོ་ཡི་ཁྱི་ཁོགས་ལ། །ཟས་གོས་བྱིན་ཅིག་འདིར་འདུས་ཚོ། །རྒྱས་པའི་དྲིན་ཅན་ཕ་མ་ལ། །རྒས་དུས་བཀུར་སྟི་བྱས་གྱུར་ན། །ཚེ་འདིར་ཚེ་དང་བསོད་ནམས་རྒྱས། །ཕྱི་མར་མཐོ་རིས་གནས་སུ་སྐྱེ། །དེ་ཕྱིར་དྲིན་ཅན་ཕ་མ་ཡིས། །རང་ཉིད་ཆུང་ངུའི་དུས་སྐབས་སུ། །འཇམ་པའི་གོན་པ་བསྐོན་ཚུལ་དང་། །ཞིམ་པའི་བཟའ་བཏུང་བྱིན་ཚུལ་དང་། །སྙན་པོའི་མིང་ནས་བོས་ཚུལ་སོགས། །ཕ་མའི་དྲིན་དེ་དྲན་གྱིས་ལ། །གསོན་དུས་འཇམ་པོའི་གོན་པ་དང་། །ཞིམ་པའི་ཟས་བྱིན་གཏམ་སྙན་ཤོད། །ཤི་བའི་དུས་སུ་དགེ་རྩ་དང་། །ཕྱེ་ནས་ཉམས་མཆོད་བསྔོ་བ་རྣམས། །ཡང་ཡང་གྱིས་ཤིག་འདིར་འདུས་ཚོ། །བྲན་གཡོག་སྒོ་ཡི་ཁྱི་རྣམས་ལ། །བྱམས་ན་སྙན་གྲགས་ཕྱོགས་བཅུར་རྒྱས། །ཀུན་གྱིས་བཀུར་ཞིང་མཆོད་པར་འགྱུར། །དེ་ཕྱིར་བྲན་གཡོག་སྒོ་ཁྱི་ལ། །བཟའ་བཏུང་བྱིན་ཅིག་འདིར་འཚོགས་ཚོ། །འོ་ཞོ་

p. 450

འཐུང་བའི་མ་འབྲི་དང་། །བཀལ་ཁུར་བྱེད་པའི་ཁལ་རྟ་སོགས། །དྲིན་ཅན་ཕ་མ་ལས་ལྷག་པའི། །དྲིན་དང་ལྡན་པའི་སྒོ་ཕྱུགས་ལ། །བྱམས་ན་ཕན་ཡོན་དཔག་མེད་ཡོད། །དེ་ཕྱིར་བཤའ་དང་བཙོང་བ་སོགས། །ཁྲེལ་མེད་བྱ་བ་མི་བྱེད་པར། །རང་གི་སྒོ་ནས་འཆི་རུ་ཆུགས། །རྒས་དུས་ཁལ་ཡང་མ་འགེལ་བཟང་། །གལ་ཏེ་ཁལ་ནི་འགེལ་ན་ཡང་། །རྡོ་དང་དབྱུག་པས་མི་བརྡུང་ཞིང་། །ཡང་མོ་ཁོལ་ཅིག་ཁྲེལ་ཡོད་ཚོ། །གཞན་ཡང་ལུས་ཀྱིས་ཕྱག་སྐོར་དང་། །སྨྱུང་གནས་སྡོམ་པ་བསྲུང་བ་དང་། །ངག་གིས་ཁ་ཏོན་བཟླས་བརྗོད་དང་། །སེམས་ཀྱིས་བསླུ་མེད་དཀོན་མཆོག་ལ། །དད་པ་བྱེད་ཅིང་འགྲོ་ཀུན་ལ། །ཕན་སེམས་སྐྱེད་ཅིག་འདིར་འདུས་ཚོ། །ཁྱིམ་ཚང་བཟའ་བ་ཆེ་ཆུང་གི །སུ་ཡིས་དགེ་བ་བྱེད་ན་ཡང་། །དེ་ལ་བར་ཆད་མི་བྱེད་པར། །དགའ་བས་མཆོད་བཀུར་བྱས་གྱུར་ན། །བསོད་ནམས་མཉམ་དུ་འཐོབ་པ་ཡིན། །དེ་ཕྱིར་དགེ་བ་སུས་བྱེད་ཀྱང་། །མཐུན་རྐྱེན་སྒྲུབས་ཤིག་འདིར་འདུས་ཚོ། །གཞན་ཡང་སེམས་ཅན་ཐམས་ཅད་ནི། །ཕ་མར་མ་གྱུར་གཅིག་ཀྱང་མེད། །ལུས་ངག་ཕན་ཐོགས་གང་ཐུབ་མཛོད། །གནོད་པ་མ་བྱེད་སྐལ་ལྡན་ཚོ། །མདོར་བསྡུས་གནད་འགག་འདི་བཞིན་མཛོད། །སྡིག་པ་ཅི་ཡང་མི་བྱེད་པར། །དགེ་བ་ཆེ་ཐུབ་ཆུང་ཐུབ་གྱིས། །དགེ་བ་གང་བྱས་མཇུག་ཏུ་ཡང་། །ཕྱི་མར་ལྷ་འམ་མིར་སྐྱེས་ནས། །ལྷ་ཆོས་བྱེད་པའི་སྨོན་ལམ་ཐོབས། །དེ་ལྟར་ལྷ་ཆོས་བྱེད་ནུས་ན། །ཚེ་འདིར་ཡིད་ལ་ཅི་བསམ་འགྲུབ། །ཕྱི་མར་མངོན་མཐོ་ལྷ་མི་རུ། །སྐྱེ་བ་

p. 451

ཡིན་ནོ་འདིར་འདུས་ཚོ། །འདི་ཐོས་དད་ཅན་ཕོ་མོ་ཡིས། །འདི་བཞིན་དགེ་ལ་རབ་གཞོལ་མཐུས། །ཕྱི་མར་ལྷ་མིའི་ལུས་རྟེན་ཐོབ། །ལྷ་ཆོས་བྱས་ནས་འཚང་རྒྱ་ཤོག །ཅེས་པ་འདི་ཡང་ཞབས་དྲུང་གི་མཇལ་བ་དད་ཅན་ཕོ་མོ་རྣམས་ལ་བྱམས་པ་ཆོས་དར་གྱིས་མཚོ་སྙིང་ནས་སྨྲས་པའོ། །མགོན་པོ་འོད་དཔག་མེད་པ་དང་། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ། །ཉེ་བའི་སྲས་ཆེན་བརྒྱད་ལ་སོགས། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་འདུད། །འདིར་འཚོགས་དད་ཅན་ཕོ་མོ་རྣམས། །འཁོར་བའི་གནས་ན་བདེ་བ་མེད། །གཏན་དུ་བདེ་ཞིང་སྐྱིད་པ་ཡི། །བདེ་བ་ཅན་དུ་སྐྱེ་འདོད་ན། །སྐྱེ་བའི་རྒྱུ་གསུམ་འདི་ལྟར་སྒྲུབས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །བདེ་བ་ཅན་དུ་བདག་སྐྱེས་ནས། །སྡུག་བསྔལ་དུ་མས་མནར་བ་ཡི། །མར་གྱུར་འགྲོ་དྲུག་སེམས་ཅན་རྣམས། །བདེ་བ་ཅན་གྱི་ཞིང་ཁམས་སུ། །བདག་ཉིད་གཅིག་པུས་འདྲེན་པར་བྱ། །སྙམ་པའི་སེམས་བསྐྱེད་བྱེད་དང་གཅིག །དེ་ཡི་ཕྱིར་དུ་བསོད་ནམས་ཀྱི། །ཚོགས་གསོག་བྱ་སྙམ་དགེ་བའི་ལས། །ཅི་ཐུབ་རབ་ཏུ་འབད་དང་གཉིས། །དེ་ལྟར་དགེ་བ་གང་བྱས་མཇུག །བདེ་བ་ཅན་གྱི་ཞིང་ཁམས་དང་།། མགོན་པོ་འོད་དཔག་མེད་པ་རྣམས། །རང་གི་ཡིད་ལ་དྲན་བྱས་ནས། །དགེ་བ་གང་བྱས་ཞིང་ཁམས་དེར། །སྐྱེ་ཕྱིར་བསྔོ་སྨོན་བྱེད་དང་གསུམ། །འདི་གསུམ་བྱས་ན་སྐྱེ་བར་གསུངས། །འདི་གསུམ་སྒྲུབས་ཤིག་འདིར་འདུས་ཚོ། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །རྒྱུ་དེ་

p. 452

གསུམ་པོ་རབ་བསྒྲུབས་ནས། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེས་ནས་ཀྱང་། །འོད་དཔག་མེད་ཀྱི་ཞལ་མཐོང་ཤོག །ཅེས་པ་འདི་ཡང་ཞབས་དྲུང་ཚང་གི་མཇལ་བ་དད་ཅན་མང་བོ་ལ་བྱམས་པ་ཆོས་དར་གྱིས་མཚོ་སྙིང་ནས་སྨྲས་པའོ། །མཚན་ལྡན་བླ་མ་བཀའ་དྲིན་ཅན། །མོས་པའི་བུ་ལ་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཞལ་གདམས་སྟེར་རོ་ཡིད་ལ་ཞོག །འཁོར་ལོས་སྒྱུར་རྒྱལ་རྒྱལ་ས་དེ། །འཛིན་རྒྱུ་བྱུང་ཡང་ཐ་མར་ལྟུང་། །ཆུང་མ་ལྷ་ཕྲུག་གཞོན་ནུ་དང་། །འགྲོགས་རྒྱུ་བྱུང་ཡང་མི་རྟག་འབྲལ། །རྣམ་ཐོས་སྲས་ཀྱི་ལོངས་སྤྱོད་དེ། །ཐོབ་རྒྱུ་བྱུང་ཡང་མྱུར་དུ་འཛད། །དལ་འབྱོར་རྙེད་དཀའི་མི་ལུས་འདི། །ད་ལྟ་ཐོབ་ཀྱང་འཇིག་པར་ངེས། །འཁོར་བའི་བྱ་བ་ཐམས་ཅད་ལ། །བསམས་ན་སྙིང་བོ་གང་ཡང་མེད། །སྙིང་བོ་མེད་པའི་བྱ་བྱེད་ལས། །སྙིང་བོའི་ལྷ་ཆོས་བྱེད་བསམས་ན། །དཀོན་མཆོག་གསུམ་ལ་གསོལ་བ་ཐོབས། །སེམས་ཅན་ཐམས་ཅད་ཕ་མར་སྒོམས། །དྲིན་ཅན་བླ་མ་ཕ་མ་མཆོད། །དབུལ་ཕོངས་རྣམས་ལ་སྦྱིན་པ་ཐོངས། །རྒྱུན་དུ་ནམ་འཆི་ཆ་མེད་སོམས། །རང་ལུས་སྣང་སྟོང་ལྷ་རུ་སྒོམས། །ངག་གིས་གསང་སྔགས་ཟབ་མོ་ཟློས། །སྟོང་ཉིད་དོན་ལ་མཉམ་པར་ཞོག །དགེ་བ་འགྲོ་ཀུན་དོན་དུ་སྔོས། །གླུ་དབྱངས་འདི་ཐོས་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་པ་འདི་ཡང་ཞབས་དྲུང་མ་ཕྱག་གི་དད་ཅན་ཡོན་བདག་དགེ་སློང་བསྟན་འཛིན་ལྷུན་གྲུབ་ལ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ། །སྐུ་འགྱུར་བ་མེད་པ་རྡོ་རྗེའི་

p. 453

སྐུ། །གསུང་འགག་པ་མེད་པ་ཚངས་པའི་དབྱངས། །ཐུགས་གཡོ་བ་མེད་པ་ཆོས་སྐུའི་ངང་། །སྐྱབས་བསླུ་བ་མེད་པ་གཏན་གྱི་སྐྱབས། །ལྷ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྤྱིར་འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས། །ཁྱད་པར་དུ་བོད་ལ་ཐུགས་རྗེས་གཟིགས། །སྒོས་འདིར་འཚོགས་རྣམས་ལ་ཐུགས་རྗེས་གཟིགས། །ཚིག་ཅལ་ཅོལ་མ་ལབ་རྒན་རྒོན་ཚོ། །གཏམ་ཤབ་ཤུབ་མ་མང་གཞོན་ནུ་ཚོ། །སེམས་ཡེངས་ཡེངས་མ་བྱེད་རིག་པ་གཏོད། །ཁ་ཁ་རོག་རྣལ་འབྱོར་གླུ་ལ་ཉོན། །དུས་ད་ལྟ་མི་ལུས་ཐོབ་དུས་འདིར། །ཆོས་རྣམ་དག་བསྒྲུབ་ན་སྒྲུབ་དབང་ཡོད། །འདི་རྙེད་དཀའ་དོན་ཆེ་ནོར་བུ་འདྲ། །ད་ཆུད་ཟོས་མ་གཏོང་ཡིག་དྲུག་ཐོན། །དུས་ད་ལྟ་མི་ཚེ་ཤིན་ཏུ་ཐུང་། །ཚེ་གནོད་མང་རླུང་ནང་མར་མེ་འདྲ། །མི་ཁ་སང་ཡོད་པ་དེ་རིང་མེད། །ད་ནམ་འཆི་མི་ཤེས་ཡིག་དྲུག་ཐོན། །སྤྱིར་འཁོར་བའི་གནས་ན་བདེ་བ་མེད། །སྒོས་ངན་སོང་སྡུག་བསྔལ་བཟོད་པར་དཀའ། །ཞིང་བདེ་བ་ཅན་དང་པོ་ཏ་ལར། །ད་འགྲོ་མི་ཡོད་ན་ཡིག་དྲུག་ཐོན། །ལྷ་ཐུགས་རྗེ་ཆེན་པོ་བྱིན་རླབས་མྱུར། །གསུང་ཡི་གེ་དྲུག་མ་ནུས་མཐུ་ཆེ། །འདོན་གཙོ་བོར་བྱེད་པའི་མི་རྣམས་ཀྱིས། །ད་ཉིན་མཚན་མེད་པར་ཡིག་དྲུག་ཐོན། །གསུང་རབ་ཀྱི་སྙིང་བོ་ཡིག་དྲུག་འདི། །ཡར་ཐར་བར་འགྲོ་བའི་ཐེམ་སྐས་ཡིན། །མར་འགྲོ་བ་རིགས་དྲུག་སྒོ་གཅོད་ཡིན། །ད་རྒན་གཞོན་མེད་པར་ཡིག་དྲུག་ཐོན། །ཚེ་འདི་རུ་འདུག་དུས་

p. 454

སྐུ་རིམ་ཡིན། །ཚེ་ཕྱི་མར་འགྲོ་དུས་བྲོ་ཁ་ཡིན། །ཚེ་འདི་ཕྱི་གཉིས་ཀའི་ནོམ་པ་ཡིན། །ཚེ་གང་བོར་ཡི་གེ་དྲུག་མ་ཐོན། །གསུང་ཡིག་དྲུག་མཐོང་ཐོས་དྲན་རེག་དང་། །འབྲི་འདོད་རྣམས་གནས་སྐབས་བདེ་ཞིང་སྐྱིད། །མཐར་སངས་རྒྱས་གོ་འཕང་འཐོབ་པར་གསུངས། །ད་ནངས་ནུབ་མེད་པར་ཡིག་དྲུག་ཐོན། །དཔེ་ས་རྡུལ་བགྲངས་ན་གྲངས་ཀྱིས་ཆོད། །གསུང་མ་ཎི་ལན་གཅིག་བརྗོད་པ་ཡི། །ཕན་ཡོན་ནི་བགྲངས་ན་གྲངས་མི་ཆོད། །ད་འགྲོ་རུང་འདུག་རུང་མ་ཎི་ཐོན། །གླུ་འདི་ཉིད་ཐོས་ཚད་འགྲོ་བ་རྣམས། །ལྷ་ཐུགས་རྗེ་ཆེན་པོས་རྗེས་བཟུང་ནས། །དུས་གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་རི་བོ་ཏ་ལར་འདྲེན་པར་ཤོག །ཅེས་པ་འདི་ཡང་ཨ་རིག་གི་གནས་མཇལ་བ་ཁ་ཤས་ལ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ། །རྒྱ་ཆེན་ཚོགས་གཉིས་རྒྱ་མཚོ་བསྲུབས་པའི་དཔལ་ལས་ལེགས་པར་འཁྲུངས་པ་ཡི། །ཡོན་ཏན་ཀུན་གྱི་འབྱུང་གནས་ཆེན་པོ་ཐབས་མཁས་བསྡུ་བཞིའི་བང་རིམ་ཅན། །ལུགས་གཉིས་ཉི་ཟླའི་རྒྱན་གྱིས་མཛེས་ཤིང་སྐྱེ་དགུ་གླིང་བཞིའི་དབུས་ན་བརྗིད། །ཕྱོགས་ལས་རྣམ་རྒྱལ་ལྷུན་པོ་གཉིས་པ་ཟླ་མེད་བླ་མ་མཆོག་དེའི་དྲུང་། །སྔོན་བྱོན་དམ་པའི་རྣམ་ཐར་རྗེས་ཞུགས་ནས། །མི་མེད་རི་ལ་གནས་པའི་བུ་ང་ཡིས། །ཕ་ཡི་གསང་གསུམ་ཡོན་ཏན་དྲན་བཞིན་དུ། །ལག་གཉིས་ཐལ་སྦྱར་གསོལ་བ་འདེབས་འབྲས་ནི། །མགོན་ཁྱོད་གཟུགས་སྐུ་དྲི་མེད་པད་དཀར་ལ། །མཆོག་གསུམ་ཐུགས་རྗེ་ཉལ་འགྲོས་བསྐྱེད་བསྲིངས་ཤིང་། །ལུང་རྟོགས་ཡོན་ཏན་དུ་

p. 455

མའི་སྦྲང་རྩིས་གཏམས། །ཐབས་མཁས་བསྡུ་བཞིའི་དྲི་ངད་ཁོར་ཡུག་ལྡང་། །སྐལ་བཟང་བུང་བའི་ཚོགས་རྣམས་ཡིད་ཕྲོགས་པས། །ནངས་ནུབ་ཀུན་ཏུ་སྐྱོ་ངལ་མེད་པར་འཁོར། །ཆོས་ཞུས་སྒྲ་དབྱངས་དར་དིར་སྒྲོག་འདུག་ཅེས། །གཏམ་སྙན་སྒྲ་འཛིན་བུ་གར་སོན་མ་ཐག །བདག་བློའི་ཤིང་བལ་དགའ་བའི་དྲི་བཞོན་གྱིས། །ལན་གཅིག་མ་ཡིན་ཡང་ཡང་ཕྱོགས་བཅུར་བསྐྱོད། །ཕྲན་ཆུང་སློབ་བུ་བདག་ཀྱང་རྗེ་ཁྱོད་ཀྱི། །བཀའ་དྲིན་ཐུགས་རྗེའི་ཤེལ་དཀར་བུམ་བཟང་ལས། །དལ་འབྱོར་མི་ལུས་རིན་ཆེན་ཀོང་བུ་རུ། །བླ་མའི་གདམས་ངག་འབྲུ་མར་སྡོང་རིས་བཀང་། །ཤུགས་དྲག་བརྩོན་པས་སྒྲོན་མེ་སྦར་བའི་མཐུས། །སྔར་བས་ཉམས་རྟོགས་ཆེས་ཆེར་གསལ་གྱུར་པར། །མི་འདོད་རླུང་གིས་ནམ་ཡང་མ་བསྐྱོད་པ། །འདི་ཡང་བླ་མའི་བཀའ་དྲིན་ཡིན་པར་གོ །རིན་ཆེན་གསེར་སྐྱོགས་མ་གཏོགས་རབ་འཕངས་པའི། །སེང་གེའི་འོ་མ་ལྟ་བུའི་ཞལ་གདམས་དང་། །ཡོ་བྱད་སྐྱེས་བཅས་བརྩེ་བས་གནང་བ་རྣམས། །འདིར་སོན་དགའ་བདེ་དངོས་མཇལ་ལྟ་བུར་ཤར། །ད་རེས་མགོན་ལ་སྐྱབས་འཇུག་ཞུ་བ་ནི། །ཚེ་སྔོན་ལས་ཀྱིས་འབྲེལ་བའི་ཕ་བུ་གཉིས། །སྒྱུ་ལུས་དབང་གིས་ཐ་དད་སྣང་ན་ཡང་། །འོད་གསལ་ཆོས་སྐུའི་ཀློང་ན་རོ་གཅིག་མོད། །འོན་ཀྱང་སྐྱེ་མེད་བཙན་ས་མ་ཟིན་སྟབས། །ཁྱོད་སྐུ་དྲི་བྲལ་པད་དཀར་དྲན་པའི་མོད། །བདག་ལུས་བུང་བ་ལན་བརྒྱར་འཕུར་ལྡིང་གཡོ། །ཁྱོད་གསུང་

p. 456

རབ་སྙན་དབྱར་རྔ་དྲན་པའི་མོད། །བདག་ངག་གར་མཁན་གསོལ་འདེབས་དར་དིར་བསྒྲགས། །ཁྱོད་ཐུགས་འཆི་མེད་ལྷ་ལམ་དྲན་པའི་མོད། །བདག་ཡིད་འདབ་བཟང་འདབ་གཤོག་ཡང་ཡང་བརྐྱངས། །གསོན་ཡང་བླ་མ་ལས་གཞན་སྐྱབས་མི་འཚོལ། །ཤི་ཡང་རེ་ས་བླ་མ་ལས་གཞན་མེད། །དེ་ཕྱིར་བུ་ང་བྱང་ཆུབ་མ་ཐོབ་བར། །ནམ་ཡང་འདོར་མེད་མཛོད་ཅིག་རིན་པོ་ཆེ། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་བཞུགས། །མགྲིན་པ་ལོངས་སྤྱོད་རིན་ཆེན་གསེར་གླིང་ནས། །ཞུ་ཚིག་བཟང་བོའི་ནོར་བུ་འདི་བླངས་ནས། །ཁ་བའི་མདངས་འཛིན་ལྷ་རྫས་གོས་ཀྱིས་བཀླུབས། །ཁྱོད་ཕྱག་མི་ནུབ་རྒྱལ་མཚན་རྩེ་རུ་ཕུལ། །ཡང་ཡང་རྙེད་དཀའི་མི་ལུས་ཐོབ་དུས་འདིར། །བཟང་བཟང་དགེ་སྦྱོར་བྱེད་པའི་རི་བ་ངས། །དུང་དུང་སྙིང་ནས་སྐྱབས་འཇུག་ཞུས་པ་ལ། །འཛུམ་འཛུམ་དགྱེས་པའི་སྒོ་ནས་གཟིགས་སུ་གསོལ། །འདི་ལྟར་རྗེ་ལ་སྐྱབས་འཇུག་ཞུས་པའི་མཐུས། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བརྩེ་ཆེན་ཐུགས་ཀྱིས་རྗེས་སུ་འཛིན་པ་དང་། །འདི་ཕྱིའི་བསམ་དོན་ཐམས་ཅད་འགྲུབ་པར་ཤོག །ཅེས་པ་འདི་ཡང་དྲིན་ཅན་རྩ་བའི་བླ་མ་ཆོས་རྒྱལ་ངག་གི་དབང་བོའི་ཞབས་དྲུང་དུ་སློབ་བུ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྐྱབས་འཇུག་ཞུས་པའོ། །སྔོན་སྨོན་རྟ་བདུན་སྟོབས་ཀྱིས་ལེགས་དུངས་བསིལ་ལྡན་བོད་ཡུལ་ལྷ་ལམ་རྒྱན། །གཏོང་བའི་འོད་སྟོང་འགྱེད་པའི་བསྟན་འཛིན་འདུས་སྡེ་པད་ཚལ་འཛུམ་རྒོད་ཤོག །འཁོར་འབངས་གླིང་བཞི་

p. 457

ཕན་བདེའི་ཉི་མ་འོད་པོ་ཆེ། །སྐུ་དྲིན་མ་ལས་ལྷག་པའི་བྱམས་བརྩེའི་མངའ་བདག་ཨ་བེའི་ཞབས་དྲུང་དུ། །ཕྲན་ཆུང་སློབ་བུ་བདག་གི་གུས་ཞུ་ནི། །གཟུགས་སྐུ་རབ་གསལ་རྟ་བདུན་དཀྱིལ་འཁོར་ལ། །འགལ་རྐྱེན་བར་ཆད་ཆུ་འཛིན་གྱིས་མ་བསྒྲིབས། །ཕན་བདེའི་འོད་སྟོང་འགྱེད་བཞིན་བཞུགས་ཡོད་ཅེས། །གཏམ་སྙན་ལྷ་ཡི་རྔ་ཆེན་ལན་མང་དུ། །བརྡུངས་པ་ཡང་ཡང་སྒྲ་འཛིན་གྱིས་ཐོས་པས། །བདག་བློའི་ལྷ་བུ་གཞོན་ནུ་དགའ་སྤྲོ་ཡི། །བྲོ་གར་ལན་གཅིག་མ་ཡིན་ཡང་ཡང་འཁྲུབ། །བདག་ཀྱང་ཟླ་མེད་ཆོས་རྒྱལ་ཡབ་ཡུམ་གྱི། །བཀའ་དྲིན་ཐུགས་རྗེའི་གྲུ་ཆེན་ལ་བརྟེན་ནས། །འཇིག་རྟེན་ཆོས་བརྒྱུད་གཏིང་ཟབ་རྒྱ་མཚོ་བརྒལ། །རི་ཁྲོད་དབེན་པའི་དགའ་ཚལ་གསེར་གླིང་བསྙེགས། །སྐུ་གསུམ་ནོར་བུ་དགོས་འདོད་ཆར་འབེབས་དེ། །བླངས་ནས་བདག་གཞན་རེ་བ་སྐོང་སྙམ་ནས། །ལེན་ཐབས་བླ་མའི་གདམས་ངག་ཟབ་མོ་ཡིས། །མྱུར་དུ་ཨེ་ལོན་བརྩོན་འགྲུས་བྱེད་བཞིན་ཡོད། །ཞུ་ཡིག་ལྷ་བུ་གཞོན་ནུ་རབ་མཛེས་ལ། །སྤྱན་གྱི་ལྷ་མོ་མཛེས་མས་ལེགས་གཟིགས་ཕྱིར། །དྲི་མེད་ལྷ་རྫས་ན་བཟས་མཛེས་བྱས་ནས། །མཚོ་སྙིང་ལྷ་ཡུལ་དང་མཚུངས་གནས་ནས་ཕུལ། །ཞེས་པ་འདི་ཡང་དྲིན་ཅན་བླ་མ་ཆོས་རྒྱལ་ངག་གི་དབང་བོའི་ཡུམ་ལ་བདེ་ཞུས་ཁ་བཏགས་ཕུལ་དུས་ཚོགས་དྲུག་རང་གྲོལ་གྱིས་བྲིས་པའོ། །སྤྱིར་ནི་རྒྱལ་བསྟན་རིན་ཆེན་ནམ་མཁའི་རྒྱན། །སྒོས་སུ་གདུལ་བྱ་

p. 458

གླིང་བཞིའི་མུན་སེལ་མཆོག །ཡང་སྒོས་བདག་བློའི་པད་དཀར་རྒྱས་པའི་གཉེན། །མགོན་ཁྱོད་གཟུགས་སྐུ་ཉི་གཞོན་ཤར་བའི་མོད། །བདག་བློའི་པད་དཀར་དད་སྤྲོའི་བསེར་བུ་ཡིས། །རང་དབང་མེད་པར་དགའ་བྲོ་འཁྲབ་ཏུ་བཅུག །ཕྲན་ཆུང་སློབ་བུ་བདག་ཀྱང་མགོན་ཁྱོད་ཀྱི། །སྐྱེ་སྔོན་རྣམ་ཐར་རི་མོ་སྙིང་དབུས་སུ། །བཀོད་ནས་རྗེ་ལ་གསོལ་བ་འདེབས་བཞིན་དུ། །ད་ལྟ་དཀར་བོ་དགེ་ལ་གཞོལ་བཞིན་ཡོད། །མགོན་ཁྱོད་གཟུགས་སྐུ་ཉི་མའི་དཀྱིལ་འཁོར་ལ། །མི་འདོད་ཉེར་འཚེ་ལྷོ་སྤྲིན་སྨུག་པོ་ཡིས། །ནམ་ཡང་སྒྲིབ་མེད་ལྷང་ངེར་གསལ་བ་དང་། །བསྟན་དང་འགྲོ་དོན་རླབས་ཆེན་འབྱུང་བའི་ཕྱིར། །རྩ་གསུམ་ལྷ་དང་ཆོས་སྐྱོང་སྲུང་མ་ལ། །གསོལ་འདེབས་འཕྲིན་བཅོལ་ནམ་ཡང་བྱེད་པར་ཞུ། །ཟབ་ཟབ་ཆོས་སྟོན་དྲིན་ཅན་བླ་མ་ལ། །དུང་དུང་སྙིང་ནས་སྐྱབས་འཇུག་ཞུ་བ་ནི། །གང་གང་བདག་གི་ཆོས་མཐུན་ཅི་བསམ་དོན། །དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་སྩོལ། །དྲི་མེད་དུང་མདོག་དར་གྱི་གཤོག་པ་ཅན། །ཞུ་ཚིག་སྙན་མོ་ཁུ་བྱུག་སྔོན་མོའི་བྱ། །གནས་ཆེན་མཚོ་སྙིང་དབེན་པའི་དགའ་ཚལ་ནས། །ཁྱེད་ཕྱག་དཔག་བསམ་ཤིང་རྩེར་ཚེས་ལ་འཕུར། །ཞེས་པ་འདི་ཡང་མཁན་ཆེན་དགེ་བའི་བཤེས་གཉེན་བྱམས་པ་དགེ་ལེགས་རྒྱལ་མཚན་རིན་པོ་ཆེའི་སྤྲུལ་སྐུ་མཚམས་ཞུས་ཁ་བཏགས་ཕུལ་དུས་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱལ་བའི་གསུང་རབ་རབ་འབྱམས་ཀུན། །ཇི་བཞིན་ལེགས་ཤེས་ཤེས་

p. 459

རབ་ཀྱིས། །བླང་དོར་འབྱེད་མཁས་མཁས་པའི་མཆོག །བླ་མའི་བྱིན་རླབས་རླབས་ཆེན་སྩོལ། །མཁས་གྲུབ་སྐྱེ་ཕྲེང་རིམ་འཛིན་པའི། །ངུར་སྨྲིག་འཆང་བའི་དགེ་སློང་མཆོག །སྙིང་གྲོགས་ལ་ཁ་སྐུ་སྐྱེས་སོགས། །གྲོགས་པོ་རྣམས་ལ་གླུ་འདི་འབུལ། །བླ་མའི་ཞབས་པད་བསྟེན་དུས་སུ། །སྐྱོན་ལ་ནམ་ཡང་མ་རྟོགས་ཤིག །བརྟགས་ན་སྐྱོན་གྱི་ཕུང་བོར་མཐོང་། །དག་སྣང་མོས་གུས་སྐྱེད་ཅིག་ཨང་། །ཐོས་པའི་སློབ་གཉེར་བྱེད་དུས་སུ། །རང་མཐོང་ང་རྒྱལ་མ་ཆེ་ཞིག །ཆེ་ན་ཡོན་ཏན་ཡར་བསྐྱེད་མེད། །སྒོ་གསུམ་ཞི་དུལ་གྱིས་ཤིག་ཨང་། །གྲོགས་དང་ལྷན་ཅིག་འགྲོགས་དུས་སུ། །འགྲན་སེམས་ཕྲག་དོག་མ་བྱེད་ཅིག །བྱས་ན་ཁོང་ཁྲོས་དམ་ཚིག་ཉམས། །གཉོམ་ཆུང་མཐུན་པོ་གྱིས་ཤིག་ཨང་། །དབེན་པར་གཅིག་པུར་འདུག་པའི་ཚེ། །གྲོང་ཡུལ་དགའ་གྲོགས་མ་དྲན་ཞིག །དྲན་ན་དབེན་པར་འདུག་མི་ཚུགས། །སེམས་ཉིད་ནང་དུ་ཁུག་ཅིག་ཨང་། །བསྒོམ་ལ་སྙིང་རུས་བསྐྱེད་དུས་སུ། །ཚེ་འདིའི་སྐྱིད་འདོད་མ་དྲན་ཞིག །དྲན་ན་རྙེད་བཀུར་ཕྱིར་དུ་རྒྱུག །དཀའ་སྤྱད་སྡུག་ཁུར་གྱིས་ཤིག་ཨང་། །ཉམས་རྟོགས་རྒྱུད་ལ་ཤར་དུས་སུ། །སྐྱེ་བོ་གཞན་ལ་མ་བཤད་ཅིག །བཤད་ན་ལམ་རྟགས་ཡོན་ཏན་འགྲིབ། །ཡེངས་པ་མེད་པར་སྒོམས་ཤིག་ཨང་། །ཟབ་ལམ་རྫོགས་ཆེན་བསྒོམ་དུས་སུ། །འདྲེ་འདུལ་གྲོང་ཆོག་མ་བྱེད་ཅིག །བྱས་ན་

p. 460

སྒོམ་ལ་བར་ཆད་མང་། །མཚམས་དམ་སྨྲ་བཅད་གྱིས་ཤིག་ཨང་། །མདོར་ན་དུས་རྣམ་ཐམས་ཅད་དུ། །གཉོམ་ཆུང་གྱིས་ལ་རི་ཁྲོད་ཟུངས། །དམན་ཟས་ཟ་ཞིང་གོས་ཧྲུལ་གྱོན། །ཚེ་དང་སྒྲུབ་པ་སྙོམས་ཤིག་ཨང་། །ཆོས་གོས་ངུར་སྨྲིག་ལོ་མས་མཛེས། །ཆོས་བྱེད་མཆེད་གྲོགས་པད་ཚལ་དུ། །ཆོས་མཐུན་རྣལ་འབྱོར་རྟ་བདུན་ངས། །ཆོས་གཏམ་འོད་ཟེར་འགྱེད་པ་འདིས། །ཉམས་ལེན་རྩེ་དགའ་རྒོད་པ་དང་། །ཉམས་མེད་ཚུལ་ཁྲིམས་དྲི་ཞིམ་རྒྱས། །ཉམས་རྟོགས་བཅུད་བཟང་རབ་འཁྱིལ་ནས། །ཉམས་པ་མེད་པར་གནས་པར་ཤོག །ཅེས་པ་འདི་ཡང་གྲོགས་པོ་ལ་ཁ་སྐུ་སྐྱེས་སོགས་སོག་ཕྱོགས་ཀྱི་གྲོགས་པོ་བྱ་བཏང་རི་ཁྲོད་པ་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་མཚོ་སྙིང་ནས་བརྩེ་བའི་སེམས་ཀྱིས་ཕུལ་བའོ། །ནམ་འཆི་ཆ་མེད་མ་དྲན། །ཚེ་འདིའི་བྱ་བས་གཡེངས་པའི། །སྙིང་མེད་སྨྱོན་པ་བདག་ལ། །བླ་མའི་ཐུགས་རྗེས་གཟིགས་ཤིག །ཤ་བ་སྨུག་པོ་གཞོན་རུང་། །གློ་བུར་རྔོན་པས་བསད་ཐལ། །ཤུལ་ན་ལུས་པའི་ཡུ་མོ། །ཤོད་དུ་མ་འབབ་རྫ་ཟུངས། །རྔོན་པ་ནམ་འོང་མི་ཤེས། །རྒྱུན་དུ་བཙན་ས་ཟུངས་ཡ། །བསླེབས་ཚེ་བྲོས་ན་འདོད་ཀྱང་། །རྔོན་པས་འབྲོས་དབང་མི་སྟེར། །ཉ་མོ་གསེར་མིག་གཞོན་རུང་། །གློ་བུར་ཉ་བདས་བསད་ཐལ། །ཤུལ་ན་ལུས་པའི་ཉ་ཆུང་། །མཚོ་མཐའ་མ་བསྐོར་དཀྱིལ་ཟུངས། །ཉ་བདའ་ནམ་འོང་མི་ཤེས། །རྒྱུན་དུ་བཙན་ས་ཟུངས་ཡ། །བསླེབས་ཚེ་བྲོས་ན་འདོད་ཀྱང་། །ཉ་འདས་འབྲོས་དབང་མི་སྟེར། །གྲོགས་པོ་ན་ཚོད་

p. 461

གཞོན་རུང་། །གློ་བུར་ཉིད་དུ་ཤི་ཐལ། །ཤུལ་ན་ལུས་པའི་བྱ་བཏང་། །གྲོང་དུ་མ་འཁྱམས་རི་ཟུངས། །འཆི་བདག་ནམ་འོང་མི་ཤེས། །རྒྱུན་དུ་ལྷ་ཆོས་མཛོད་ཡ། །འཆི་ཚེ་ཆོས་བྱེད་འདོད་ཀྱང་། །འཆི་བས་བྱེད་དབང་མི་སྟེར། །ཡུན་རིང་སྡོད་ཤོམ་བློ་རྒྱུ། །ཆེས་ཆེར་བསྐྱེད་པ་བསྐྱུར་ནས། །འཆི་བྲོད་ཆོས་བྱེད་ནུས་པར། །བླ་མའི་བྱིན་གྱིས་རློབས་ཤིག །ཅེས་པ་འདི་ཡང་ཆོས་མཐུན་གྲོགས་པོ་ཞིག་ཡོད་པ་གློ་བུར་དུ་ཤི་བ་ཐོས་པས་རྐྱེན་བྱས་ནས་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཐོག་མའི་མགོན་ཀུན་བཟང་། །མི་གཟུགས་སུ་ཤར་བའི། །མཚན་ལྡན་གྱི་བླ་མ། །ཆོས་རྒྱལ་ལ་འདུད་དོ། །རང་རིགས་ནི་འགྱུར་མེད། །ནམ་མཁའ་ཡི་དབྱིངས་བཞིན། །མཐའ་དབུས་ནི་མེད་པར། །ཁྱབ་གདལ་དུ་འདུག་གོ །གང་སྣང་གི་ཆོས་རྣམས། །བར་སྣང་གི་འཇའ་བཞིན། །སྣང་སྟོང་གི་གཟིགས་མོར། །ལམ་ལམ་དུ་ཤར་བྱུང་། །རྣམ་རྟོག་ཀུན་ཆུ་ལས། །ཆུ་བུར་ནི་རྡོལ་བཞིན། །ཤར་བ་དང་གྲོལ་བ། །དུས་མཉམ་དུ་བུད་ཐལ། །ཆོས་དབྱིངས་ཀྱི་ཐང་ནས། །འཁོར་འདས་ཀྱི་ལྟད་མོ། །སྣ་ཚོགས་པ་མཐོང་བས། །ངོ་མཚར་ཞིག་སྐྱེས་སོ། །ཆོས་འཁོར་དབུས་པདྨའི། །དགའ་ཚལ་གྱི་རང་སེམས། །བུང་བ་ཁོ་ཉམས་རྟོགས། །སྦྲང་རྩིའི་རོས་མྱོས་ནས། །ལྟ་མགུར་གྱི་སྒྲ་དབྱངས། །སྙན་མོ་འདི་བླངས་སོ། །དགེ་བ་ཡིས་འགྲོ་ཀུན། །འབད་མེད་དུ་གྲོལ་ཤོག །ཅེས་པ་འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །

p. 462

བདེ་ལེགས་སྩོལ་མཛད་བླ་མ་རྗེ། །བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །བདེ་ཞུས་ལན་དུ་རྣལ་འབྱོར་ང་། །བདེ་ཚུལ་གླུ་དབྱངས་ལེན་གྱིས་ཉོན། །ཉམས་དགའ་མཚོ་སྙིང་རི་བོ་ཡི། །ཡིད་འོང་རང་བྱུང་བྲག་ཕུག་ན། །བྱ་བཏང་ཚོགས་དྲུག་རང་གྲོལ་བདེ། །ཉེ་འབྲེལ་སྐྱོང་དགོས་མེད་པས་བདེ། །དགོན་པའི་སྐྱོང་ཁུར་མེད་པས་བདེ། །ཕྱུགས་ཀྱི་འཚོ་སྐྱོང་མེད་པས་བདེ། །ཁེ་ཚོང་ཞིང་ལས་མེད་པས་བདེ། །བོར་སྟོར་དོགས་པ་མེད་པས་བདེ། །སྡང་དགྲའི་འཇིགས་པ་མེད་པས་བདེ། །དབང་ཆེན་གཉའ་གནོན་མེད་པས་བདེ། །ཁ་མཆུ་རྩོད་པ་མེད་པས་བདེ། །ལུས་ལ་ན་ཚ་མེད་པས་བདེ། །སེམས་ལ་སྡུག་བསྔལ་མེད་པས་བདེ། །བདེ་གི་སྙམ་ན་ང་བཞིན་མཛོད། །དེ་སྐད་སྨྲས་པའི་དགེ་བའི་མཐུས། །རང་གཞན་གཏན་དུ་བདེ་བར་ཤོག །ཅེས་པ་འདི་ཡང་སློབ་བུ་བསྟན་པ་ཕན་བདེས་ལོ་སར་ཞིག་གི་ཚེ་གཅིག་ནངས་པར་བདེ་ཞུས་བྱས་པའི་ལན་དུ་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །མཚན་ལྡན་བླ་མ་ཡི་གཡུ་འབྲུག་སྔོན་མོ་དེ། །སྤྱི་གཙུག་འཇའ་འོད་ཀྱི་ཆུ་འཛིན་གསེབ་ཏུ་བཞུགས། །ཟབ་རྒྱས་གདམས་པ་ཡི་དབྱར་རྔ་སྒྲོག་བཞིན་དུ། །བྱིན་རླབས་དངོས་གྲུབ་གྱི་སྦྲང་ཆར་འཇམ་པོ་ཕོབས། །མི་མེད་ཁྱི་མེད་ཀྱི་ལུང་བ་སྟོང་བ་ན། །རྣམ་གཡེང་འདུ་འཛིའི་དགྲས་མི་ཚུགས་རྫོང་ཞིག་གདའ། །རྫོང་དེ་འཛིན་རྒྱུ་ཞིག་བྱུང་ན་དགའ་བ་ལ། །རྒྱུན་དུ་འཛིན་རྒྱུ་ཞིག་བྱུང་ན་སྐྱིད་པ་ལ། །མི་རྟག་འཆི་བ་ཡི་རྟ་ར་ཡངས་པ་ན། །སྒྲུབ་པའི་བརྩོན་འགྲུས་ཀྱི་མྱུར་མགྱོགས་རྟ་ཞིག་གདའ། །རྟ་དེར་ཞོན་

p. 463

རྒྱུ་ཞིག་བྱུང་ན་དགའ་བ་ལ། །རྒྱུན་དུ་ཞོན་རྒྱུ་ཞིག་བྱུང་ན་སྐྱིད་པ་ལ། །རྩ་གསུམ་འཁོར་ལོ་ཡི་མཛོད་ཁང་བཟང་བོ་ན། ཨ་ཤད་གཏུམ་མོ་ཡི་དྲོ་འཇམ་གོས་ཤིག་གདའ། །གོས་དེ་གྱོན་རྒྱུ་ཞིག་བྱུང་ན་དགའ་བ་ལ། །རྒྱུན་དུ་གྱོན་རྒྱུ་ཞིག་བྱུང་ན་སྐྱིད་པ་ལ། །སྐྱེ་མེད་ཆོས་དབྱིངས་ཀྱི་བུ་མོ་གཞོན་ནུ་མར། །རིག་པ་སྟོང་གསལ་གྱི་གཅེས་ཕྲུག་བུ་ཞིག་གདའ། །དེ་དང་འགྲོགས་རྒྱུ་ཞིག་བྱུང་ན་དགའ་བ་ལ། །རྒྱུན་དུ་འགྲོགས་རྒྱུ་ཞིག་བྱུང་ན་སྐྱིད་པ་ལ། །རང་ལུས་རིན་པོ་ཆེའི་ལྷ་ཁང་ཉམས་དགའ་ན། །སྟོང་གསལ་ཞི་ཁྲོ་ཡི་ལྷ་སྐུ་སྣ་ཚོགས་གདའ། །ལྷ་ཚོར་མཇལ་རྒྱུ་ཞིག་བྱུང་ན་དགའ་བ་ལ། །རྒྱུན་དུ་མཇལ་རྒྱུ་ཞིག་བྱུང་ན་སྐྱིད་པ་ལ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་གང་ཤར་ཐོལ་བྱུང་དུ་བྲིས་པའོ།། །། ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་། །དུས་འདིར་མི་ཡི་ཚུལ་འཛིན་པའི། །སྐུ་དྲིན་འཁོར་མེད་བླ་མ་ལ། །ད་ལྟ་མཚོ་སྙིང་དབེན་གནས་འདིར། །མཇལ་བ་སྐལ་བ་ཤིན་ཏུ་བཟང་། །དེ་རིང་ལོ་སར་ཚེས་གཅིག་ལ། །སེམས་ལ་ཕན་པའི་ཞལ་གདམས་ཤིག །བུ་ལ་བརྩེ་བས་གནང་བར་འཚལ། །ཞེས་པ་སློབ་བུ་ཐུབ་བསྟན་རྒྱ་མཚོས་སྐུལ་ཚིག་ཏུ་ཕུལ་བ་འདིའི་ལན་དུ། རྣལ་འབྱོར་ཚོགས་དྲུག་རང་གྲོལ་ང་། །གླུ་བ་བཟང་བོ་མ་ཡིན་ཡང་། །བུ་ཁྱེད་གླུ་ལོངས་གླུ་ལོངས་ཟེར། །ད་རེ་དོན་དམ་གླུ་ཞིག་ལེན། །ཁ་དོག་མཛེས་པའི་འཇའ་དང་གཅིག །ལྷོ་སྤྲིན་ལང་ལོང་འཁྲིགས་

p. 464

པ་གཉིས། །བྱུང་ཡང་མཁའ་ལས་བྱུང་བ་ཡིན། །ཐིམ་ཡང་མཁའ་ལ་ཐིམ་པར་འགྱུར། །རྦ་རླབས་ཆལ་ཆོལ་གཡོ་དང་གཅིག །ཆུ་བུར་སྣ་ཚོགས་བྱུང་བ་གཉིས། །བྱུང་ཡང་མཚོ་ལས་བྱུང་བ་ཡིན། །ཐིམ་ཡང་མཚོ་ལ་ཐིམ་པར་འགྱུར། །ཁ་དོག་སྔོ་ལྗང་རྩྭ་དང་གཅིག །ཡལ་འདབ་རྒྱས་པའི་ལྗོན་ཤིང་གཉིས། །བྱུང་ཡང་ས་ལས་བྱུང་བ་ཡིན། །ཐིམ་ཡང་ས་ལ་ཐིམ་པར་འགྱུར། །བདེ་སྐྱིད་དག་པའི་ཞིང་དང་གཅིག །སྡུག་བསྔལ་ཆེ་བའི་འཁོར་བ་གཉིས། །བྱུང་ཡང་སེམས་ལས་བྱུང་བ་ཡིན། །ཐིམ་ཡང་སེམས་ལ་ཐིམ་པར་འགྱུར། །རྟོགས་ན་ཆོས་རྣམས་སེམས་ཀྱི་འཕྲུལ། །སེམས་ཉིད་རྟོགས་ན་སངས་རྒྱས་ཡིན། །སེམས་ལ་བལྟས་པས་མཐོང་བ་མེད། །མཐོང་མེད་དཔེར་ན་ནམ་མཁའ་འདྲ། །འཁོར་འདས་རེ་དོགས་གཉིས་སྤོངས་ལ། །གནས་ལུགས་སྟོང་གསལ་ཆོས་དབྱིངས་ཀྱི། །ངང་དུ་གློད་ལ་མེར་གྱིས་སྡོད། །གོ་འམ་སྐལ་ལྡན་སྙིང་གི་བུ། །ཞེས་བླངས་པའོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཁྱེད་རྒྱང་ནས་འོངས་པའི་སྐལ་ལྡན་བུ། །ད་ཚེ་མཇུག་འདི་ལ་འདི་བཞིན་མཛོད། །དུས་ད་ལྟའི་གཉེན་གྲོགས་ཀུན་གྱིས་བསླུ། །ཚེ་འདི་ནི་ཡུད་ཙམ་ཟད་ནས་འགྲོ། །ནོར་ཟས་གོས་གང་ལའང་མ་ཆགས་པར། །རྗེ་རྒྱལ་བ་གོང་མའི་རྣམ་ཐར་བཞིན། །ཚེ་འདི་ཡི་བྱ་བ་བློ་ཡིས་ཐོངས། །གནས་ཡིད་འོང་རི་བོ་མཐོན་པོའི་ངོས། །སྤང་མེ་ཏོག་ནགས་ཚལ་ཁོར་ཡུག་ཅན། །ཡིད་བག་

p. 465

ཕེབས་རི་དྭགས་རྒྱུ་ཞིང་རྩེ། །མདོག་རབ་མཛེས་བྱ་བྱེའུ་འཕུར་ལྡིང་གཡོ། །རྐང་དྲུག་ལྡན་སྒྲ་དབྱངས་སྒྲོག་པ་ལ། །གཞན་ཆེ་ཆུང་མི་ཡི་ལོང་གཏམ་གྱི། །སྒྲ་ནམ་ཡང་མི་ཐོས་ས་རུ་སོང་། །གོས་ངན་ངོན་འཚོ་བ་བསོད་སྙོམས་གྱིས། །རྡོའི་ཁང་བ་རང་བྱུང་ཉམས་དགའ་རུ། །ལུས་གྲིབ་མའི་གྲོགས་དང་ལྷན་ཅིག་ཏུ། །ཆོས་དབུ་རྫོགས་ཕྱག་ཆེན་གང་ཡིན་ཡང་། །དུས་ཁོར་ཡུག་ཉམས་སུ་ལེན་ནུས་ན། །ནང་སེམས་ལ་ཉམས་རྟོགས་ཉི་མ་འཆར། །ཞེས་པ་འདི་ཡང་རྫོགས་ཆེན་དགོན་གྱི་སློབ་བུ་སངས་རྒྱས་ཆོས་འཕེལ་གྱིས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ། །བླ་མ་དཀོན་མཆོག་གསུམ་གཏན་གྱི་སྐྱབས་སུ་འཛིན། །ཐོས་བསམ་སྒོམ་གསུམ་གང་ལ་བརྩོན་འགྲུས་ཆེ། །ལུས་ངག་ཡིད་གསུམ་ཉེས་པའི་སྐྱོན་མ་གོས། །རྣམ་དག་བསླབ་གསུམ་རྒྱན་ལྡན་མགོན་ཁྱོད་དྲུང་། །ཉམ་ཆུང་ལུས་འདི་རྟག་པར་རེ་བའི་བློས། །དོན་ཆུང་ཚེ་འདིའི་བྱ་བས་ཚེ་ཕྱེད་ཤོར། །ཕྲན་ཆུང་རྭ་རྒྱའི་བྱམས་པ་ཟླ་འོད་ཀྱིས། །ཡིག་ཆུང་སྒོ་གསུམ་གུས་པས་འབུལ་འབྲས་ནི། །སྔོན་བསགས་བསོད་ནམས་དཔག་མེད་ལས་གྲུབ་པའི། །མགོན་ཁྱོད་གཟུགས་སྐུ་འོད་གསལ་རྟ་བདུན་དེ། །མི་འདོད་ཉེར་འཚེ་སྤྲིན་གྱིས་མ་བསྒྲིབས་པར། །ལྷང་ངེར་བཞུགས་ཞེས་གཏམ་སྙན་འོད་སྟོང་དེ། །བདག་བློའི་པདྨོའི་ཚལ་དུ་ལྷུང་མ་ཐག །དགའ་དད་གཉིས་ཀྱི་འཛུམ་རྒོད་དབང་མེད་ཤོར། །

p. 466

ཆོས་སེམས་གཉིས་ཀ་རྒྱབ་འགལ་སོ་སོར་བཏང་། །ཆོས་གོས་རྣམ་གསུམ་འཆང་ནས་ཚེ་འདི་ཡི། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་གཡོག་བྱེད་པའི། །ཆོས་པའི་གཟུགས་བརྙན་བདག་ཀྱང་བདེ་བར་མཆིས། །སྒོམ་ཆེན་ཁྱེད་ཀྱི་རྣམ་ཐར་བཟང་བོ་ལ། །ཁ་ཙམ་མིན་པར་རྗེས་སུ་ཡི་རངས་བྱས། །ཁྱེད་ལ་ཞི་གནས་རྟོགས་པ་ཞིག་སྐྱེས་ཡོད། །ཟེར་བ་ཨེ་བདེན་བདེན་ན་ངོ་མཚར་ཆེ། །ད་དུང་ཉམས་ལེན་ཕྱོགས་རེ་དེ་ཙམ་གྱིས། །ཐུགས་ཚིམ་མ་གནང་ངེས་འབྱུང་བྱང་སེམས་དང་། །ཡང་དག་ལྟ་བ་རིམ་གཉིས་ལ་སོགས་ལ། །བག་ཆགས་ཞོག་ཅེས་ཐལ་སྦྱར་གསོལ་བ་འདེབས། །རབ་གུས་ཞུ་འབུལ་འཕྲིན་ཡིག་དམ་པ་འདི། །རབ་འཇམ་ལྷ་རྫས་དར་གྱིས་རབ་བརྒྱན་ཏེ། །རབ་མང་འདུ་འཛིས་དབེན་པའི་རི་སུལ་ནས། །རབ་དཀར་དད་པའི་སེམས་ཀྱིས་དགེ་བར་ཕུལ། །ཞེས་པ་འདི་ཡང་སྐུ་དྲིན་འཁོར་མེད་མཁན་ཆེན་དགེ་བའི་བཤེས་གཉེན་བྱམས་པ་དགེ་ལེགས་རྒྱལ་མཚན་རིན་པོ་ཆེའི་ཐུགས་ཀྱི་སྲས་མཆོག་ལུང་རྟོགས་ཡོན་ཏན་དུ་མས་རྒྱུད་ཡོངས་སུ་གཏམས་པའི་གྲོགས་པོ་བྱམས་པ་ཟླ་འོད་ཀྱིས་བདག་ལ་བསྐུར་བས་དེའི་ལན་དུ། བདེ་ཞིང་ཉམས་དགའི་རི་ཁྲོད་རྒྱལ་མཚན་རྩེའི། །བདེ་ལེགས་སྩོལ་མཛད་བླ་མ་ཡིད་བཞིན་ནོར། །བདེ་བ་འདོད་ཀྱང་བདེ་རྒྱུ་སྒྲུབ་མ་ཤེས། །བདེ་བས་ཕོངས་པའི་དབུལ་བོ་བདག་ལ་དགོངས། །མགོན་ཁྱོད་སྔོན་སྦྱངས་བག་ཆགས་ཤིན་ཏུ་བཟང་། །བཟང་བོའི་ཆོས་མཛད་ཡོངས་ལ་ཆུང་ནས་དད། །དད་གུས་བཟང་བོས་མཚན་ལྡན་བླ་མ་ཡང་། །

p. 467

ཡང་དག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན། །སྐྱོན་མེད་དལ་འབྱོར་རྙེད་དཀའ་དོན་ཆེ་དང་། །ལོང་མེད་འཆི་བ་འདི་ལ་ཐུགས་འཇིགས་ནས། །དོན་མེད་ཚེ་འདིའི་མི་ནོར་ཟས་གསུམ་དང་། །སྐྱིད་མེད་ཕ་ཡུལ་བཙོན་ར་རྒྱབ་ཏུ་སྤངས། །འཇིགས་རུང་ངན་སོང་གཡང་སར་རབ་འཇིགས་ནས། །འཇིགས་ལས་སྐྱོབ་མཁན་མཆོག་གསུམ་སྐྱབས་སུ་བསྟེན། །འཇིག་རྟེན་འདི་རུ་སྡུག་སྤངས་དགེ་བ་བསྒྲུབས། །འཇིགས་པ་མེད་པའི་དཔའ་གདེང་ཁྱོད་ཀྱིས་རྙེད། །ཕྱི་མར་རྣམ་སྨིན་བརྒྱད་ལྡན་ལུས་ཐོབ་པའི། །རྒྱུ་དེ་རྣམས་ཀྱང་ད་ལྟ་སྒྲུབ་ལ་བརྩོན། །སྡིག་ལྟུང་རྣམས་ནི་འདག་ཐབས་སྟོབས་བཞི་ཡི། །བཤགས་པ་རྣམ་དག་མཛད་པ་ཡ་མཚན་ཆེ། །སྲིད་རྩེ་ནས་བཟུང་དམྱལ་བ་ཡན་ཆད་ཀྱི། །སྲིད་གསུམ་གནས་རྣམས་མེ་མུར་འོབས་ལྟར་མཐོང་། །སྲིད་པའི་བདེ་ལ་མངོན་ཞེན་གཏིང་ནས་ལོག །སྲིད་ལས་ཐར་འདོད་ཤུགས་དྲག་ཐུགས་ལ་འཁྲུངས། །ཐར་དཀའ་འཁོར་བའི་མེ་དོང་ཆེན་པོ་ལས། །ཐར་ཐོབས་བསླབ་གསུམ་ཐེམ་སྐས་ལ་བརྟེན་ཏེ། །ཐར་བར་དཀའ་བའི་འཁོར་བའི་མེ་དོང་ནས། །ཐར་བའི་དོང་ཁར་བསྙེགས་ལ་མགྲན་ཟླ་སུ། །མ་རིག་ཉོན་མོངས་དབང་སོང་སྡུག་མྱོང་བའི། །མ་གྱུར་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས། །མ་རབས་སྤྱོད་ངན་སྤངས་ནས་རྒྱལ་སྲས་སྤྱོད། །མ་ལུས་སྒྲུབ་ལ་བརྩོན་པ་འདི་རྨད་བྱུང་། །གཡོ་མེད་ཞི་གནས་ཡོལ་བས་རྣམ་རྟོག་རླུང་། །འོང་མེད་བཀག་

p. 468

ནས་ལྷག་མཐོང་སྒྲོན་མེ་སྦར། །ཐོག་མེད་ནས་འགྲོགས་བདག་འཛིན་མུན་པ་བསལ། །བདག་མེད་ལོགས་བྲིས་གཟིགས་པ་ཨེ་མ་ཧོ། །གསང་སྔགས་ཉམས་སུ་ལེན་མཁན་བླ་མ་ལ། །གསང་སྔགས་དབང་བཞི་ཚད་ལྡན་སྔོན་དུ་ཞུས། །གསང་སྔགས་གཞུང་བཞིན་དམ་ཚིག་ལེགས་བསྲུངས་ནས། །གསང་སྔགས་རིམ་གཉིས་སྒོམ་པ་སྐལ་བ་བཟང་། །དབེན་པར་དྲང་སྲོང་གཅིག་པུར་གནས་པ་བཞིན། །དབེན་ཞིང་ཉམས་དགའ་གོང་མས་བྱིན་བརླབས་པའི། །དབེན་གནས་གངས་རྫ་གཡའ་བྲག་ནགས་ཁྲོད་སོགས། །དབེན་པའི་གནས་སུ་མདོ་སྔགས་ཉམས་ལེན་བྱས། །དེ་ལྟར་མགོན་ཁྱོད་ཉམས་སུ་བླངས་པའི་ཚེ། །ཚེ་རིང་ནད་མེད་ལུས་སེམས་རྟག་ཏུ་བདེ། །བདེ་འགྲོའི་ལུས་རྟེན་འདི་ལ་རིང་མིན་དུ། །དུ་མའི་ཉམས་རྟོགས་ཐུགས་ལ་འཁྲུངས་པའི་མཐུས། །ལོག་པའི་ལམ་དུ་ཞུགས་པའི་འགྲོ་བ་རྣམས། །མ་ནོར་ལམ་དུ་རིམ་གྱིས་འཁྲིད་ལ་མཁས། །མདོ་སྔགས་ལམ་གྱི་རིམ་པ་མཐར་ཕྱིན་པའི། །འཁྲུལ་མེད་ལམ་སྟོན་དགེ་བའི་བཤེས་གཉེན་མཆོག །ཁྱོད་ཐུགས་ཤེལ་དཀར་བུམ་བཟང་ལས་ཐོན་པའི། །ལེགས་བཤད་རབ་དཀར་སེང་གེའི་འོ་མ་དེ། །བདེ་འཇམ་དར་དཀར་ལམ་བཟང་ལེགས་བརྒྱུད་ནས། །བདག་བློའི་དངུལ་དཀར་བུམ་སྟོང་ནང་དུ་སོན། །མདོ་སྔགས་གཉིས་ཀྱི་ལམ་གནད་ཞལ་གདམས་འདི། །རྒྱུ་ནོམ་གཉིས་མེད་བདག་ལ་འཕྲོད་མ་ཐག །དད་གུས་གཉིས་ཀྱིས་དབང་མེད་ཡིད་གཡོས་ནས། །ལག་པ་གཉིས་ཀྱི་སོར་བཅུ་

p. 469

སྤྱི་བོར་ཁྱེར། །མི་མེད་རི་ཁྲོད་དབེན་པའི་བྲག་ཁུང་དུ། །ཆོས་མེད་བྱི་བ་ཚང་ཉལ་ལྟ་བུ་ང་། །ཟླ་མེད་བླ་མ་ཁྱོད་ཀྱིས་ཐུགས་བརྩེ་བས། །འཁྲུལ་མེད་ལེགས་བཤད་གནང་བ་བཀའ་དྲིན་ཆེ། །དབེན་གནས་རྣམས་སུ་དམིགས་རྟེན་ཀ་བ་ལ། །མི་གནས་འགྲོ་བའི་རང་སེམས་གླང་སྨྱོན་དེ། །ཨེ་གནས་དྲན་ཤེས་ཐག་པས་བཏགས་པ་བདེན། །ཞི་གནས་རྗེས་མཐུན་ཙམ་ཞིག་ཨེ་ཐོབ་སྙམ། །ཉམས་དགའི་རི་ཁྲོད་དབེན་པར་མདོ་སྔགས་ཆོས། །ཉམས་སུ་ལེན་མཁན་མགོན་ཁྱོད་སྙན་ཁུང་དུ། །ཉམས་ལ་ཡར་བསྐྱེད་མེད་ངས་ཞུ་རྒྱུ་ཀུན། །ཉམས་མེད་སྡོམ་ལྡན་སློབ་བུའི་ངག་ན་གསལ། །དུང་དུང་སྙིང་ནས་སྙིགས་དུས་འགྲོ་མགོན་ལ། །ལྷང་ལྷང་གདུངས་པའི་དབྱངས་ཀྱིས་གསོལ་བ་འདེབས། །འཛུམ་འཛུམ་དགྱེས་པའི་སྒོ་ནས་རི་བ་ངར། །བཟང་བཟང་ཞལ་གདམས་མང་བོ་ད་དུང་གནོངས། །དམ་གཙང་གྲོགས་དང་འགྲོག་གམ་གཅིག་པུ་རུ། །དམ་ཚིག་སྡོམ་པ་ཚུལ་བཞིན་ལེགས་བསྲུངས་ནས། །དམ་ཆོས་མདོ་སྔགས་ཉམས་སུ་ལེན་པ་ལ། །དམ་པ་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས། །ཡིད་གཉིས་ཐེ་ཚོམ་མེད་པར་ཉམས་བླངས་མཐུས། །ཚོགས་གཉིས་ཡོངས་རྫོགས་སྒྲིབ་གཉིས་མ་ལུས་བྱང་། །སྐུ་གཉིས་གོ་འཕང་མྱུར་དུ་འཐོབ་གྱུར་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་བཞིན། །ཆོས་བཞིན་འཁོར་འབངས་སྡེ་རྣམས་ལེགས་

p. 470

སྐྱོང་ཞིང་། །ཆོས་ལ་ཐོས་བསམ་སྒོམ་གསུམ་མཛད་པ་ཡི། །ཆོས་རྒྱལ་ངག་གི་དབང་བོའི་སློབ་བུ་ང་། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །དུ་མའི་རི་ཁྲོད་དབེན་པའི་གནས་རྣམས་སུ། །སུ་དང་མ་འཕྲད་གཅིག་པུར་བསྡད་པས་སྐྱིད། །སྐྱིད་པའི་ཤུགས་ཀྱིས་གུས་པའི་ཞུ་ཡིག་འདི། །ལྷ་ཆོས་བྱེད་མཁན་མགོན་ཁྱོད་ཞབས་དྲུང་དུ། །ལྷ་ཀླུ་ལ་སོགས་དཀར་ཕྱོགས་པ་གནས་པའི། །ལྷ་ཡུལ་དང་མཚུངས་གནས་ཆེན་མཚོ་སྙིང་ནས། །ལྷ་རྫས་དྲི་མེད་དང་བཅས་ཟླ་ཚེས་ཕུལ། །ཕ་ཆོས་རྒྱལ་ངག་གི་དབང་བོར་འདུད། །བུའི་ལུས་སེམས་བདེ་བར་བྱིན་གྱིས་རློབས། །ཡུལ་ཕ་ཡུལ་སྟེང་ནས་ཞེ་སྡང་འབྱུང་། །ངས་ད་ལྟ་རྒྱབ་ཏུ་སྤངས་པས་བདེ། །གཉེན་ཉེ་འབྲེལ་སྟེང་ནས་གདུང་སེམས་འབྱུང་། །ངས་ད་ལྟ་ལྟག་པ་བསྟན་པས་བདེ། །རྒྱུ་ནོམ་པའི་སྟེང་ནས་སེར་སྣ་འབྱུང་། །ངས་ད་ལྟ་གསོག་འཇོག་མ་བྱས་བདེ། །ཟས་ཞིམ་མངར་སྟེང་ནས་འདོད་སྲེད་འབྱུང་། །ངས་ད་ལྟ་ངན་ངོན་ཟོས་པས་བདེ། །གྲོང་དགོན་སྡེའི་སྟེང་ནས་རྣམ་གཡེང་འབྱུང་། །ངས་ད་ལྟ་རི་ཁྲོད་འགྲིམས་པས་བདེ། །འཁོར་གྲྭ་སློབ་སྟེང་ནས་ཆགས་སྡང་འབྱུང་། །ང་ད་ལྟ་གཅིག་པུར་བསྡད་པས་བདེ། །ང་རྣལ་འབྱོར་བདེ་ཚུལ་གླུ་དབྱངས་འདི། །གང་ཐོས་ཚད་བདེ་ཞིང་སྐྱིད་པར་ཤོག །ཅེས་པ་འདི་ཡང་བདེ་ཞུས་ཞིག་གི་ལན་དུ་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་ཁྱད་འཕགས་མཚོ་སྙིང་ནས་སྨྲས་པའོ། །མཚན་ལྡན་བླ་མ་དེ་ཞིང་ཁམས་གཞན་དུ་

p. 471

གཤེགས། །ཆུང་འདྲིས་ཆོས་མཐུན་གྲོགས་གློ་བུར་ཉིད་དུ་ཤི །སྤྲང་རྒན་རང་ཉིད་ནི་དབེན་པའི་རི་ལ་ལུས། །མཚན་ལྡན་བླ་མ་དེ་བསྟེན་པ་སྐད་ཅིག་ཙམ། །ཆོས་མཐུན་གྲོགས་པོ་དང་འགྲོགས་པ་སྐད་ཅིག་ཙམ། །གདམས་ངག་ཞུ་འཕྲོ་དང་ཁ་ཏ་བྱེད་འཕྲོ་ལུས། །རྒྱུན་དུ་བསྟེན་རྒྱུ་ཞིག་བྱུང་ན་དགའ་བ་ལ། །རྒྱུན་དུ་འགྲོགས་རྒྱུ་ཞིག་བྱུང་ན་སྐྱིད་པ་ལ། །ཚོང་འདུས་མགྲོན་པོ་བཞིན་ཡུད་ཙམ་འཚོགས་ནས་བྲལ། །འཁོར་བའི་མཚན་ཉིད་དེ་བསམས་ནས་སྐྱོ་བ་སྐྱེས། །ཟས་ནོར་ལོངས་སྤྱོད་ལ་སྨོན་པ་མི་འོང་གི །སྙིང་བོའི་ལྷ་ཆོས་ཤིག་བྱེད་འདོད་སྙིང་ལ་ཤར། །ཞེས་པ་འདི་ཡང་དྲིན་ཅན་རྩ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་རིན་པོ་ཆེ་གཤེགས་པ་དང་། སྙིང་གྲོགས་རྡོ་རྗེ་ཚེ་བརྟན་ཤི་བ་ཐོས་པས་རྐྱེན་བྱས་ནས་སེམས་ལ་སྐྱོ་ཤས་དྲག་པོ་སྐྱེས་ཚེ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ། །དྲིན་ཅན་ཆོས་རྒྱལ་ཞབས་ལ་འདུད། །དད་ལྡན་བུ་ཡིས་འཇིག་རྟེན་གྱི། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་རྣམས། །བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པའི། །སྐལ་ལྡན་སྙིང་གི་བུ་མཆོག་པོ། །བྱ་བཏང་སེང་བཟང་རྒྱ་མཚོ་ལ། །བརྩེ་བས་ཡི་གེ་བསྐུར་བའི་དོན། །བུ་ཁྱོད་བསྐུར་བའི་ཡི་གེ་རྣམས། །མ་ཉམས་ཕ་ཡི་ལག་ཏུ་སོན། །དགེ་སློང་སྡོམ་པ་མནོས་པ་དང་། །དབང་ལུང་མང་བོ་ཐོབ་པ་ལ། །དགའ་སྤྲོ་ཚད་ལས་འདས་པ་སྐྱེས། །བདག་

p. 472

ཀྱང་གཟུགས་ཕུང་བདེ་བའི་ངང་། །དཔལ་ལྡན་བླ་མའི་བཀའ་བཞིན་དུ། །ཉམས་ལེན་ཡར་ངོའི་ཟླ་བཞིན་དུ། །གོང་ནས་གོང་དུ་སྤེལ་བཞིན་ཡོད། །ད་ནི་སྐལ་ལྡན་བུ་ཁྱོད་ལ། །ཕ་རྒན་ཁ་ཏ་ཚིག་འགའ་བཤད། །མོས་གུས་གདུང་བས་གསན་པར་འཚལ། །ཚེ་སྲོག་ཆུ་ཡི་ལྦུ་བ་འདྲ། །ནམ་འཆི་ཆ་ཡང་མི་འདུག་པས། །དོ་ནུབ་ཡིན་ཡང་འཆི་ཉེན་ཡོད། །ཧ་ཅང་བློ་རྒྱ་མ་ཆེ་བར། །དོ་ནུབ་འཆི་རུང་མི་འགྱོད་པའི། །གདེང་ཞིག་མྱུར་དུ་ཨེ་རྙེད་ལྟོས། །སྙིགས་དུས་དམུ་རྒོད་སེམས་ཅན་ལ། །ཕན་པའི་དམ་ཆོས་བཤད་ན་ཡང་། །ཕན་ཐོགས་ཆེན་པོ་མི་འབྱུང་བར། །སྒྲོ་སྐུར་མང་བོ་འོངས་པའི་ཕྱིར། །དེ་བས་ལུང་སྟོང་ལ་སོགས་པ། །ཤིན་ཏུ་དབེན་པའི་རི་ཁྲོད་དུ། །གཅིག་པུར་སྒྲུབ་ལ་གཞོལ་ནུས་ན། །འགྲོ་དོན་དེ་ཀས་འོང་བ་ཡིན། །བུ་ཁྱོད་འགྲོ་དོན་ཟེར་བ་ཡི། །འ་འུར་འདུ་འཛིས་ཉིན་མཚན་གཉིས། །འདའ་རུ་བཅུག་ཡོད་ཐོས་པའི་མོད། །ཕ་རྒན་ཚོགས་དྲུག་རང་གྲོལ་ངའི། །སེམས་ལ་དགའ་སྐྱོ་སྣ་ཚོགས་ཤར། །གནས་གཅིག་སྤོར་དགོས་ན་ཡང་སྤོར། །མིན་ཡང་མཚམས་བཅད་འདག་འབྱར་གྱིས། །ཉིན་མཚན་མེད་པར་ཉམས་ལེན་ལ། །བརྩོན་འགྲུས་མེ་བཞིན་རབ་ཏུ་སྦྱོར། །ཁ་ནི་ཇ་ཆང་ཆོས་སྤྱོད་ལ། །མ་དགའ་རྟག་ཏུ་ཁྲེགས་ཆོད་དང་། །ཐོད་རྒལ་གཉིས་ལ་ནན་ཏན་མཛོད། །ད་ནས་བཟུང་སྟེ་སྐལ་ལྡན་བུ། །ཆོས་བརྒྱུད་དཀར་ནག་ཁྲ་གསུམ་རྣམས། །རང་འཐག་ཆུ་བཅད་བཞིན་དུ་ཐོངས། །ད་དུང་སྐལ་ལྡན་བུ་

p. 473

ཁྱོད་ཉོན། །གཅིག་པུར་སྒྲུབ་ལ་གཞོལ་ནུས་ན། །ཉམས་རྟོགས་ཉི་མ་ཁོང་ནས་འཆར། །ཚེ་རིང་ཚེ་སྒྲུབ་བྱེད་མི་དགོས། །ཚེ་མཇུག་འདི་ལ་བུ་ཁྱོད་ཀྱིས། །རང་གཞན་གཉིས་ཀ་འཚེངས་པ་ཡི། །ལམ་མཆོག་མྱུར་དུ་རྙེད་དམ་སྙམ། །བཤད་པ་གཙོ་ཆེར་བྱས་གྱུར་ན། །ལུས་དང་སེམས་ལ་དུ༔ཁ་དང་། །ཚེ་ལ་གེགས་ཀྱང་ཅུང་ཟད་ཅིག །འོངས་ཨང་སྙམ་པ་སེམས་ལ་ཤར། །དེ་ཕྱིར་ཚེ་སྒྲུབ་ཚེ་ཐར་ཐོངས། །བླ་མའི་བཀའ་བཞིན་སྒྲུབ་ལ་རེམ། །གཞན་ཡང་ཡང་སློབ་ཐམས་ཅད་ཀྱིས། །བུ་ཁྱོད་གཙུག་གི་རྒྱན་དུ་བསྟེན། །ཐེག་པ་ཀུན་གྱི་མཆོག་གྱུར་པ། །ལམ་བཟང་རྫོགས་པ་ཆེན་པོ་ཡི། །སྔོན་འགྲོ་ཚད་ལྡན་བཏང་བ་ལ། །དགའ་སྤྲོ་ཡར་ངོའི་ཟླ་བཞིན་འཕེལ། །ད་ནི་ཡང་སློབ་སྐལ་ལྡན་རྣམས། །ལེགས་པར་མཐོང་བས་མོས་གུས་གྱིས། །ཅི་གསུང་བཀའ་བཞིན་བསྒྲུབ་པར་འཚལ། །ཚེ་འདིའི་བྱ་བ་བློས་ཐོངས་ལ། །ཚེ་འདིར་གཏན་གྱི་བཙན་ས་ཞིག །ཟིན་པའི་ཐབས་ལ་ཀུན་གྱིས་རེམ། །ངས་ཀྱང་སློབ་མ་ཡང་སློབ་ཀྱི། །རྒྱུད་ལ་ཉམས་རྟོགས་ཡོན་ཏན་རྣམས། །མྱུར་དུ་སྐྱེ་བའི་དམིགས་པ་དང་། །སྒྲུབ་ལ་བར་ཆད་མེད་པ་ཡི། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །འཕྲིན་ལས་བཅོལ་བ་ལ་སོགས་པ། །བྱེད་པས་ཀུན་གྱི་སེམས་ལ་ཞོག །དགའ་ཞིང་སྤྲོ་བཞིན་ཉམས་ལེན་ལ། །ཉིན་མཚན་མེད་པར་འབད་ནུས་ན། །སློབ་བུ་ཡང་སློབ་ཤེས་རྒྱུད་ལ། །

p. 474

ཉམས་རྟོགས་ཉི་མ་མྱུར་དུ་འཆར། །དགེ་འདིས་སྐལ་ལྡན་སློབ་མ་དང་། །ཡང་སློབ་དད་ལྡན་ཐམས་ཅད་ཀུན། །སེངྒེ་རྒོད་ཀྱི་ཕྲུ་གུ་བཞིན། །ཕ་བས་ལྷག་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་སྙིང་གི་བུ་མཆོག་སེང་བཟང་རྒྱ་མཚོ་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་དབེན་གནས་ནས་བསྐུར་བའོ།། །དཔག་བསམ་ཤིང་དང་ནོར་བུ་རིན་ཆེན་ལྟར། །ཅི་འདོད་དངོས་གྲུབ་མ་ལུས་འབྱུང་བའི་གནས། །དྲིན་ཅན་བླ་མའི་ཞབས་ལ་གུས་པས་འདུད། །སྐལ་ལྡན་གྲོགས་མཆེད་ཡོངས་ལ་ཐུགས་རྗེས་གཟིགས། །ཕ་ཡུལ་བདུད་ཀྱི་བཙོན་རའི་ནང་ནས་ཐོན། །བཙོན་སྲུང་ཉེ་འབྲེལ་ཡོངས་ལ་ལྟག་པ་བསྟན། །དབེན་པའི་རི་ནས་སྙན་པའི་གླུ་ལེན་པའི། །གླུ་བ་ཚོགས་དྲུག་རང་གྲོལ་མིང་ཅན་ངས། །ཞོ་འོང་གྲོགས་རྣམས་རྣ་བའི་མཛོད་ཁང་དུ། །གླུ་དབྱངས་བཟང་བོའི་ནོར་བུ་རིན་ཆེན་འབུལ། །དམ་པའི་ལྷ་ཆོས་བྱེད་ལུགས་མང་ན་ཡང་། །ཟབ་ལམ་གདམས་པ་བསྒོམ་པ་སྐལ་བ་བཟང་། །རྩེ་གཅིག་བླ་མེད་བྱང་ཆུབ་སྒྲུབ་དུས་སུ། །ཚེ་འདིའི་འཇིག་རྟེན་ཆོས་བརྒྱུད་དོན་མ་སྒྲུབས། །བསྒྲུབས་ན་ཉམས་ལེན་བྱེད་ལ་ཁོམ་དུས་མེད། །མ་ཁོམ་རྫོགས་པའི་སངས་རྒྱས་ཐོབ་མི་འགྱུར། །དྲིན་ཅན་བླ་མའི་ཞབས་ཏོག་བྱེད་དུས་སུ། །ངས་བྱས་སྙམ་པའི་ཁོང་ཡུས་མ་ཆེ་ཞིག །ཆེ་ན་དྲིན་ཅན་བླ་མའི་ཐུགས་མི་མཉེས། །མ་མཉེས་ཉམས་རྟོགས་ཡོན་ཏན་སྐྱེ་མི་འགྱུར། །རྡོ་རྗེ་སྤུན་གྲོགས་ལྷན་ཅིག་ཚོགས་དུས་སུ། །གྲལ་མགོ་མཐོ་དང་ཁ་རྒན་མ་འདོད་ཅིག །འདོད་ཆགས་ཞེ་སྡང་

p. 475

སྐྱེས་ནས་དམ་ཚིག་འཁྲུག །འཁྲུགས་ན་དགེ་སྦྱོར་གང་བྱས་ལམ་མི་འགྲོ། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བའི་དུས། །མི་ནག་ཕོ་མོའི་དྲུང་དུ་མ་ཉལ་ཅིག །ཉལ་ན་འདོད་ཆགས་ཞེ་སྡང་སྣ་ཚོགས་སྐྱེ། །སྐྱེས་ན་དམ་ཚིག་སྡོམ་པ་དབང་མེད་འཆོར། །རི་ཁྲོད་དབེན་པའི་རི་ལ་སྡོད་དུས་སུ། །གྲོང་གི་ལྟད་མོ་ནམ་ཡང་མ་དྲན་ཅིག །དྲན་ན་དབེན་པའི་རི་ལ་སྡོད་མི་ཐུབ། །མ་ཐུབ་གྲོང་དུ་ཁྱི་ལྡོམ་བཞིན་དུ་འཁྱམ། །ཆོས་ལ་ཐོས་བསམ་སྒོམ་གསུམ་གང་བྱེད་ཀྱང་། །རང་མཐོང་ང་རྒྱལ་ཁེངས་པ་མ་སྐྱེས་ཤིག །སྐྱེས་ན་ཉོན་མོངས་དུག་ལྔའི་མེ་རོ་ལྡང་། །ལངས་ན་ཡོན་ཏན་ཡར་བསྐྱེད་ཅུང་ཟད་མེད། །ཉམས་རྟོགས་ཡོན་ཏན་ཉག་ཉུག་སྐྱེ་དུས་སུ། །བརྗོད་འདོད་རང་རྩིས་མ་ཆེ་ཁོག་ཏུ་སྦོས། །བརྗོད་ན་མ་དང་མཁའ་འགྲོ་ཐུགས་མི་དགྱེས། །མ་དགྱེས་ལམ་རྟགས་ཡོན་ཏན་སྐྱེས་པ་འགྲིབ། །གྲོང་དུ་འཚོ་བའི་ཕྱིར་དུ་ལྡོམ་པའི་དུས། །ཆོས་ཟོག་རྐྱང་བས་མི་མགོ་མ་སྐོར་ཅིག །བསྐོར་ན་ཕྱི་མར་ངན་སོང་གསུམ་དུ་སྐྱེ། །སྐྱེས་ན་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་། །མདོར་ན་དམ་པའི་ལྷ་ཆོས་སྒྲུབ་དུས་སུ། །ཚེ་འདིའི་འདོད་པ་ཧ་ཅང་མ་ཆེ་ཞིག །ཆེ་ན་མི་ཚེ་ཡད་མ་ཡུད་ལ་འཆོར། །ཤོར་ན་འཆི་ཚེ་འགྱོད་པ་སྐྱེ་བར་འགྱུར། །འདི་དག་བློ་ལྡན་གྲོགས་པོ་ཁྱེད་རྣམས་ལ། །མ་བཤད་ན་ཡང་ས་ལེར་རབ་ཤེས་མོད། །འོན་ཀྱང་གངས་ལ་ཉི་མ་ཕོག་པ་ན། །སྔོན་ལས་རབ་ཏུ་དཀར་ལ་འགལ་བ་ཅི། །

p. 476

བར་ཏུ་སྲ་ཞིང་འཁྱགས་པའི་ཆབ་རོམ་སྟེང་། །རྟ་བདུན་འོད་སྟོང་ཡང་ཡང་ལྷུང་བ་ན། །གཟི་བརྗིད་མི་བཟོད་ཞུ་ནས་ཆུར་འགྲོ་ལྟར། །དད་ལྡན་ཞོ་འོང་གྲོགས་མཆེད་ཁྱེད་རྣམས་ལ། །ཡང་ཡང་ང་ཡིས་ཆོས་ལ་བསྐུལ་བའི་མཐུས། །ཚིག་ཀ་མ་བཟོད་ཚེ་འདི་བློས་བཏང་ནས། །དབེན་པར་དམ་ཆོས་སྒྲུབ་ཕྱིར་འགྲོ་བར་ཤོག །ཅེས་པ་འདི་ཡང་རེབ་གོང་སྨད་ཀྱི་བྱ་བཏང་རི་ཁྲོད་པ་ཁ་བདེ་སེམས་སྐྱིད་ཀྱིས་ཞོ་འོང་གྲོགས་པོ་རྣམས་ལ་མཚོ་སྙིང་ནས་བརྩེ་བའི་སེམས་ཀྱིས་བྲིས་པའོ། །མི་ངའི་སྐྱབས་མགོན་བླ་མ་རྗེ། །མི་འབྲེལ་སྤྱི་གཙུག་རྒྱན་དུ་བཞུགས། །མི་རྣམས་བློ་ཁ་ཆོས་ལ་སྒྱུར། །མི་མཐུན་རྐྱེན་དང་བར་ཆད་སོལ། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ངུར་སྨྲིག་འཛིན་པའི་དགེ་སློང་མཆོག །སྙིང་གྲོགས་ངག་དབང་མཆོག་ལྡན་སོགས། །གྲོགས་པོ་རྣམས་ལ་སྙིང་གཏམ་བཤད། །མཚན་ལྡན་རྩ་བའི་བླ་མ་ནི། །སངས་རྒྱས་དངོས་སུ་ལེགས་མཐོང་ནས། །རྟག་ཏུ་བསམ་དང་སྦྱོར་བ་ཡིས། །ཚུལ་བཞིན་སྟེན་ཅིག་སྙིང་གི་གྲོགས། །མི་ལུས་རིན་ཆེན་ཐོབ་དུས་འདིར། །གཏན་བདེ་བྱེད་དམ་གཏན་སྡུག་བྱེད། །ད་ལྟ་རང་དབང་ཡོད་དུས་འདིར། །གཏན་བདེ་སྒྲུབས་ཤིག་སྙིང་གི་གྲོགས། །སྐྱེས་པའི་ཐ་མ་ངེས་པར་འཆི། །ནམ་འཆི་ཆ་མེད་འཆི་དུས་སུ། །ལྷ་ཆོས་མ་གཏོགས་སྐྱབས་མེད་པས། །དམ་ཆོས་སྒྲུབས་ཤིག་སྙིང་གི་གྲོགས། །ངན་སོང་གསུམ་གྱི་སྡུག་བསྔལ་རྣམས། །མྱོང་དགོས་བྱུང་ན་ཚུགས་ཐབས་མེད། །སྐྱོབ་མཁན་བསླུ་མེད་དཀོན་

p. 477

མཆོག་གསུམ། །སྐྱབས་སུ་སྟེན་ཅིག་སྙིང་གི་གྲོགས། །དགེ་སྡིག་ཆུང་ངུ་ཡིན་ཡང་རུང་། །ཕྱི་མར་རྣམ་སྨིན་ཤིན་ཏུ་ཆེ། །དགེ་བའི་ལས་ལ་འབད་པ་དང་། །སྡིག་པ་སྤོངས་ཤིག་སྙིང་གི་གྲོགས། །མི་དགེ་སྡིག་ལྟུང་སྔར་བསགས་རྣམས། །བཤགས་པའི་ཐབས་མཆོག་སྟོབས་བཞི་ཡིན། །ཉི་མ་རེ་རེ་ཇི་བཞིན་དུ། །བཤགས་སྡོམ་མཛོད་ཅིག་སྙིང་གི་གྲོགས། །འཁོར་བའི་གནས་ན་བདེ་བ་མེད། །རང་སེམས་ཅང་ཤེས་རྟ་ཕོ་ལ། །བསླབ་གསུམ་སྒ་སྲབ་གློ་འཐེན་ནས། །ཐར་ལམ་བགྲོད་ཅིག་སྙིང་གི་གྲོགས། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །ཕ་མར་མ་གྱུར་གཅིག་ཀྱང་མེད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཡང་ཡང་སྒོམས་ཤིག་སྙིང་གི་གྲོགས། །རྒྱལ་སྲས་རྣམས་ཀྱི་སྤྱོད་པའི་མཆོག །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་བསྡུ་དངོས་བཞི། །ནན་ཏན་སློབས་ཤིག་སྙིང་གི་གྲོགས། །མཚན་ལྡན་བླ་མར་གསང་སྔགས་ཀྱི། །འཇུག་སྒོ་དབང་དང་བྱིན་རླབས་ཞུས། །དབང་དུས་ཁས་བླངས་དམ་ཚིག་རྣམས། །ཚུལ་བཞིན་སྲུངས་ཤིག་སྙིང་གི་གྲོགས། །ཐེག་པ་ཀུན་གྱི་མཆོག་གྱུར་པ། །ལམ་ཟབ་བསྐྱེད་རིམ་རྫོགས་རིམ་དང་། །རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་ལ། །ཉམས་ལེན་མཛོད་ཅིག་སྙིང་གི་གྲོགས། །དེ་ལྟར་ཉམས་སུ་ལེན་པའི་ཚེ། །ཚེ་འདིའི་བྱ་བ་བློས་ཐོངས་ལ། །ལ་ལུང་བྲག་ཁུང་མགོ་རིས་བསྟེན། །བསྟེན་ནས་རྩེ་གཅིག་ཉམས་སུ་ལོངས། །གཏམ་འདི་མཚོ་སྙིང་

p. 478

རི་བོ་ནས། །དད་ལྡན་སྙིང་གྲོགས་རྣམས་ལ་སྨྲས། །སྨྲས་པ་བཞིན་དུ་ཉམས་བླངས་ནས། །ཚེ་མཇུག་དོན་ལྡན་མཛད་ནུས་ཤོག །ཅེས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ལྷ་ཡུལ་གཉིས་པ་ནས་ཁྲེལ་ཡོད་ངོ་ཚ་དད་གཏོང་ཚུལ་ཁྲིམས་ཐོས་པ་ཤེས་རབ་ཀྱི་ནོར་དང་ལྡན་པའི་དོན་གྱི་ཕྱུག་པོ་སྙིང་གྲོགས་ངུར་སྨྲིག་འཆང་བའི་དགེ་སློང་ངག་དབང་མཆོག་ལྡན་སོགས་མཆེད་གྲོགས་ཡོངས་ལ་བརྩེ་བའི་སེམས་ཀྱིས་སྨྲས་པའོ། །བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ། །བོད་ཡུལ་མུན་སེལ་ཉི་མ་བློ་བཟང་གྲགས། །རེབ་གོང་སྒྲོན་མེ་སྐལ་ལྡན་རྒྱ་མཚོ་སོགས། །སྔོན་བྱོན་མཁས་གྲུབ་དུ་མའི་ཞབས་ལ་འདུད། །སྔོན་སྨོན་ལས་ཀྱིས་འབྲེལ་བའི་སྙིང་གི་གྲོགས། །དབེན་གནས་བཀྲ་ཤིས་འཁྱིལ་བའི་རྩེ་མོ་ཡི། །དགེ་འདུན་འདུས་པ་རྒྱ་མཚོའི་སྙན་ལམ་དུ། །གྲོགས་པོ་ང་ཡིས་སྙན་པའི་གླུ་ཞིག་འབུལ། །མཁས་གྲུབ་དུ་མའི་སྐྱེ་ཕྲེང་རིམ་འཛིན་པའི། །ས་གསུམ་ཟླ་མེད་སྐུ་གཞོགས་རིན་པོ་ཆེས། །བརྩེ་བས་ཆོས་དང་ཟང་ཟིང་གཉིས་ཀ་ཡིས། །ཡང་ཡང་དྲིན་གྱིས་བསྐྱངས་པའི་ཚུལ་སོམས་ལ། །ཅི་གསུང་བཀའ་བཞིན་སྒྲུབས་དང་ཅི་བསམ་འགྲུབ། །བླ་མ་དགེ་བསྐུལ་དབུ་མཛད་རྒན་རྣམས་ཀྱིས། །འགྲིག་ལམ་ཀུན་སྤྱོད་བཅས་པ་ཇི་བཞིན་དུ། །བྱས་ན་སངས་རྒྱས་བསྟན་འཛིན་དེ་ལ་ཟེར། །འགྲིག་ལམ་ཀུན་སྤྱོད་མི་བརྩི་རྒྱབ་འགལ་ན། །སངས་རྒྱས་བསྟན་བཤིག་ཟེར་བ་གཞན་ན་གང་། །དེ་ཕྱིར་སྐལ་ལྡན་སྙིང་གི་གྲོགས་པོ་ཚོ། །དངོས་དང་ལྐོག་ནས་དྲིན་

p. 479

ཅན་བླ་མ་ལ། །གཤེ་ཤིང་སྐུར་འདེབས་ངན་སྨྲ་སྐྱོན་རྟོག་སྤོངས། །དགེ་འདུན་ནང་ཁྲིམས་རྒན་གཞོན་ཀུན་གྱིས་རྩིས། རྟག་ཏུ་དགེ་འདུན་སྡེ་རྣམས་ཐུགས་མཐུན་སྒོས། །བཤད་དང་སྒྲུབ་པའི་བསྟན་པའི་རྒྱལ་མཚན་ཟུངས། །དེ་ལྟར་བཟུང་ན་ཕྱོགས་བཅུའི་སངས་རྒྱས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། །དབང་བསྐུར་བྱིན་བརླབས་མཆོག་ཐུན་དངོས་གྲུབ་སྩོལ། །དཀར་ཕྱོགས་ལྷ་རྣམས་ཀུན་གྱིས་སྡོངས་གྲོགས་བྱེད། །དགེ་འདུན་སྡེ་རྣམས་ཡར་ངོའི་ཟླ་བཞིན་འཕེལ། །ཅི་བསམ་དོན་རྣམས་འབད་མེད་ལྷུན་གྱིས་འགྲུབ། །བསྟན་དང་འགྲོ་ལ་ཕན་པ་དཔག་མེད་འབྱུང་། །དགེ་འདིས་སྐལ་ལྡན་སྙིང་གི་གྲོགས་རྣམས་ཀྱིས། །བཤད་དང་སྒྲུབ་པའི་བསྟན་པའི་རྒྱལ་མཚན་དེ། །ཐོས་བསམ་སྒོམ་པའི་ཡུ་བ་ལ་བརྟེན་ནས། །ཐུགས་མཐུན་སྒོ་ནས་མི་ནུབ་འཛིན་པར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་བཀྲ་ཤིས་འཁྱིལ་བའི་གྲོགས་པོ་རྣམས་ལ་མཚོ་སྙིང་ནས་སྨྲས་པའོ། །ཕ་རྒན་ཆོས་རྒྱལ་ངག་གི་དབང་། །རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དང་། །དྲིན་ཅན་སྔགས་འཆང་རྡོ་རྗེར་འདུད། །གྲོགས་མཆེད་བློ་ཁ་ཆོས་ལ་སྒྱུར། །ཕ་ཡུལ་མེ་མུར་འོབས་ནས་ཐོན། །རི་ཁྲོད་དབེན་པའི་བསིལ་གྲིབ་ན། །ཉམས་རྟོགས་བདུད་རྩིས་རབ་མྱོས་པའི། །ཀུན་སྤངས་ཚོགས་དྲུག་རང་གྲོལ་ངས། །ཤ་ཉེ་སྙིང་གྲོགས་བནྡེ་ལ། །བརྩེ་

p. 480

བའི་སེམས་ཀྱིས་གླུ་འདི་འབུལ། །རྙེད་དཀའི་མི་ལུས་ཐོབ་ན་ཡང་། །ཚེ་འདིའི་བྱ་བས་རྟག་གཡེངས་པའི། །སྙིང་གྲོགས་ཕལ་ཆེར་ཆོས་མེད་དུ། །གློ་བུར་ཤི་བ་ཐོས་པའི་མོད། །ཆུང་དུས་འགྲོགས་པའི་སྙིང་གྲོགས་ཁྱོད། །ཆོས་མེད་འཆི་ལ་རབ་ཕངས་ནས། །སྙིང་ནས་ཁ་ཏ་ཚིག་འགའ་སྨྲ། །དུང་བའི་སེམས་ཀྱིས་མ་ཡེངས་ཉོན། །མི་ལུས་གཡང་མོ་ལུག་དཀར་ལ། །ལོ་དང་ཟླ་བའི་ཕོ་ཉ་ཡིས། །ཞག་དང་ཟོ་མས་བརྡུངས་ནས་དེད། །འཆི་བདག་གཤིན་རྗེའི་བཤན་པས་བསྐོར། །སྐད་ཅིག་མི་སྡོད་ཕར་ཕར་འགྲོ། །འཇིགས་རུང་གཤིན་རྗེའི་བཤན་པ་ཡི། །ཞལ་དུ་མྱུར་དུ་གསོལ་ལ་ཁད། །ད་ལྟ་མ་གསོལ་གོང་འདི་རུ། །འབྲོས་ན་དབེན་པའི་རི་ལ་ཕྲོས། །ཉིན་མོ་རྣམ་གཡེང་ལེ་ལོ་བྱས། །མཚན་མོ་གཏི་མུག་གཉིད་དུ་སོང་། །ཚེ་ཕྱེད་ཟད་པ་མ་ཚོར་རམ། །ཚེ་ལྷག་ཅི་ཙམ་ཡོད་མི་ཤེས། །འཆི་བདག་བདུད་ནི་ནམ་འོང་མེད། །དོ་ནུབ་ཡིན་ཡང་འོང་ཉེན་ཡོད། །དེ་དུས་འགྱོད་ཀྱང་ཕན་པ་མེད། །དེ་བས་ད་ལྟ་འཆི་ན་ཡང་། །མི་འགྱོད་ཆོས་ཤིག་བྱ་སྙམ་ན། །ཉེ་འབྲེལ་འཆིང་བའི་ཞགས་ནག་འདྲ། །བཅིངས་པ་བཙན་གྲོལ་མྱུར་དུ་གྱིས། །ཟས་ནོར་ཚྭ་ཁའི་ཟིལ་བ་འདྲ། །སེར་སྣ་མ་བྱེད་སྦྱིན་པ་ཐོངས། །འདོད་ཡོན་ལན་ཚྭའི་ཆུ་དང་འདྲ། །ངོམས་པ་མེད་པས་ཆོག་ཤེས་མཛོད། །ཆུང་མ་སྲིན་མོའི་བསླུ་བྲིད་འདྲ། །བསླུ་བར་ངེས་པས་དོགས་ཟོན་གྱིས། །ཕ་ཡུལ་བདུད་ཀྱི་བཙོན་དོང་འདྲ། །ང་ཕྱིར་མྱུར་དུ་བྲོས་ལ་ཤོག །ཐམས་ཅད་འཆི་ཚེ་འཇོག་དགོས་པས། །ད་ལྟ་བཞག་ན་དོན་

p. 481

ཆེན་འགྲུབ། །མི་གཙང་ཕྱིས་པའི་རྡོ་བཞིན་དུ། །ད་ལྟ་ད་ལྟ་བསྐྱུར་ལ་ཤོག །འདི་བཞིན་སྙིང་གྲོགས་ཉན་སྤྱོད་ན། །ལྷ་ཆོས་བྱེད་པའི་སྐལ་བ་ཡོད། །ཤ་ཚའི་གཏམ་འདི་གྲོགས་ཀྱི་མཆོག །ཤ་ཉེ་བློ་ལྡན་བནྡེ་ཡིས། །ཤ་རྐྱང་རྩེ་བའི་རི་སུལ་དུ། །ཤ་སྟག་ཉམས་ལེན་བྱེད་ནུས་ཤོག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སྙིང་གྲོགས་ཤ་ཉེ་བརྗེ་ལ་སྙིང་གཏམ་མཚོ་སྙིང་དབེན་པའི་རི་ནས་སྨྲས་པའོ། །ཉེས་པའི་སྐྱོན་རྣམས་ཀུན་དང་བྲལ། །ཡོན་ཏན་མ་ལུས་ཡོངས་རྫོགས་པའི། །དྲིན་ཅན་བླ་མའི་ཞབས་ལ་འདུད། །འཁོར་བའི་བཙོན་ར་རྒྱབ་ཏུ་བསྐྱུར། །མ་ནོར་ལམ་སྟོན་བླ་མ་ལ། །བརྟེན་ནས་ཐར་བའི་གྲོང་ཁྱེར་དུ། །འགྲོ་འདོད་འདུན་པ་དྲག་པོ་སྐྱེས། །བརྩོན་འགྲུས་མྱུར་བའི་རྟ་ཕོ་ལ། །ངེས་འབྱུང་ལྕག་གིས་ཡང་ཡང་བྲབས། །མཚན་ལྡན་བླ་མའི་ཞབས་དྲུང་བསྙེག །ལས་འཕྲོ་ཅན་རྣམས་ཚུར་ཉོན་དང་། །བདེ་ཆེན་ཤར་བའི་གྲོང་ཁྱེར་དུ། །འཁྲིད་མཁན་བླ་མ་དམ་པ་ལ། །ཇི་ལྟར་བལྟས་ནས་བསྟེན་སྙམ་ན། །བླ་མ་སངས་རྒྱས་དངོས་སུ་བལྟ། །དེ་ཡི་རྒྱུ་མཚན་གང་ཟེར་ན། །རྒྱུ་མཚན་རྔ་བོ་ཆེའི་མདོ་ལས། །མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་དང་ཀྱེ་རྡོར་ལས། །ཕྱི་མའི་དུས་སུ་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱི་སྐུ། །ཞེས་གསུངས་པ་དང་དཔའ་བོས་ཀྱང་། །སློབ་དཔོན་དང་ནི་རྡོ་

p. 482

རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །བླ་མ་སངས་རྒྱས་དངོས་ཉིད་དུ། །བལྟས་ན་ཇི་ལྟར་མཆོད་ཟེར་ན། །མཆོད་ཚུལ་བླ་མ་ལྔ་བཅུ་པར། །འདིར་མང་སྨྲས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤངས་པ་ནི། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས་པ་དང་རང་ཤར་ལས། །དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཞེས་གསུངས་པ་དང་ཐལ་འགྱུར་ལས། །མན་ངག་ལུང་གི་སློབ་དཔོན་ལ། །ཁུ་བོ་ཕ་དང་མ་དང་མིག །རིན་ཆེན་བུ་ཆུང་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་དང་ལྔ་བཅུ་པ་ལས་ཀྱང་། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱས་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་པ་ལ་སོགས་གསུངས་བཞིན་ནོ། །དེ་ལྟར་ཚུལ་བཞིན་མཆོད་བྱས་ན། །ཕན་ཡོན་ཅི་འདྲ་འབྱུང་ཟེར་ན། །མཆོད་པའི་ཕན་ཡོན་དེ་ཉིད་ལས། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་དང་ཡེ་ཤེས་རྒྱ་མཚོ་ལས། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་

p. 483

ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ནས། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་དང་སམ་བྷུ་ཊའི་རྒྱུད་ལས། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་བསོད་ནམས་པས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་དང་དགོངས་པ་འདུས་པ་ལས། །དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙནྡན་ཐིགས་པ་གཅིས་བྱུགས་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་དང་མེ་ལྕེ་ཕྲེང་བ་ལས། །གལ་ཏེ་རྣལ་འབྱོར་བློ་ཅན་གྱིས། །རང་ཟས་གོས་ལ་གྱོང་བསྐུར་ནས། །བླ་མ་རྡོ་རྗེ་མཆོད་པ་ནི། །ཞིང་གི་ཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ལ། །སྟོན་མོ་ལན་སྟོང་བྱས་པ་བས། །ཟས་སམ་ཡང་ན་གོས་ཀྱང་རུང་།བླ་མ་ལན་ཅིག་མཆོད་པ་ཡི། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས། །ཞེས་དང་རྡོ་རྗེ་རོ་ལངས་ལས། །གང་གི་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོས་སྒྱུར་རྒྱལ་འཐོབ་པར་འགྱུར། །ཞེས་དང་ཡོན་ཏན་བདུད་རྩི་ཡི། །རྒྱ་མཚོ་འབྱུང་བའི་རྒྱུད་ལས་ཀྱང་། །ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤུངས་པ་ཡིས། །སྟོང་གསུམ་གང་བར་ཕུལ་བ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིགས་པ་

p. 484

གཅིག་བྱུགས་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཞེས་དང་རྡོ་རྗེ་སྙིང་བོ་ནི། །སྲ་བ་འབྱུང་གནས་རྒྱུད་ལས་ཀྱང་། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །ཞེས་དང་གཞན་ཡང་དེ་ཉིད་ལས། །བླ་མ་བསྙེན་བཀུར་བྱས་པའི་མི། །ལོངས་སྤྱོད་མཆོག་དང་ལྡན་པ་དང་། །འཁོར་འདབ་རྒྱས་ཤིང་བསོད་ནམས་ལྡན། །འགྲོ་བ་ཡོངས་ལས་རྒྱལ་བར་འགྱུར། །ཞེས་དང་རྡོ་རྗེ་མེ་ལྕེ་ལས། །བླ་མ་ཉིད་དང་བླ་མའི་འཁོར། །ཉེ་འཁོར་གཡོག་དང་བཅས་པ་ལ། །གསེར་ལ་སོགས་པའི་ཡོན་ཕུལ་ན། །སངས་རྒྱས་ཞིང་ཁམས་བརྗོད་མེད་པའི། །གཙོ་འཁོར་འབུམ་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མེད་པས། །བསོད་ནམས་འདི་ནི་ཆར་མི་ཕོད། །ཅེས་གསུངས་སོགས་ལ་དགོངས་ནས་ཀྱང་། །འགྲོ་བའི་མགོན་པོ་ཀླུ་སྒྲུབ་ཀྱིས། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་འཐོབ་པར་འགྱུར། །ཞེས་དང་གཞན་ཡང་བླ་མ་ཉིད། །བསྒོམ་དང་དྲན་དང་གསོལ་འདེབས་ན། །ཕན་ཡོན་ཨ་ཏི་བཀོད་པ་ལས། །གང་གིས་བླ་མ་རྡོ་རྗེ་འཆང་། །སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་དེ། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་

p. 485

དམ་ཚིག་བཀོད་པ་ལས། །མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །བླ་མ་དྲན་པ་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་དགའ། །ཞེས་དང་གཞན་ཡང་བླ་མ་ཡི། །ཅི་གསུང་བཀའ་ནི་མ་བཅག་ན། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཀྱང་། །བར་ཆད་གནོད་ཚེ་ཐམས་ཅད་ལས། །སྐྱོབ་ཅིང་དགོངས་པ་འདུས་པ་ལས། །བཀའ་ཟུར་མ་བཅག་ཆོས་བསྲུངས་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་བསྲུང་བར་བྱེད། །ཅེས་སོགས་ཕན་ཡོན་མཐའ་ཡས་སོ། །བླ་མ་སྨད་དང་ཐུགས་དཀྲུག་སོགས། །བྱས་ན་ཉེས་པ་ཅི་ཟེར་ན། །ཉེས་དམིགས་བླ་མ་ལྔ་བཅུ་པར། །སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གིས་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚོད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་དང་དགྲ་

p. 486

ནག་བཀའ་འགྲེལ་དུ། །དྲངས་པ་ལས་ཀྱང་འདི་སྐད་གསུངས། །ཚིགས་བཅད་གཅིག་ཙམ་ཉན་པ་ལས། །གང་གིས་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་དང་ཁྱད་པར་བླ་མ་ལ། །དམིགས་ནས་ཁོང་ཁྲོ་སྐྱེས་པ་ན། །བསྐལ་པར་བསགས་པའི་དགེ་རྩ་འཇོམས། །ཁོང་ཁྲོ་སྐད་ཅིག་ཅི་ཙམ་ཞིག །སྐྱེས་པའི་གྲངས་དང་མཉམ་པ་ཡི། །བསྐལ་པར་དམྱལ་བར་སྡོད་དགོས་ཞེས། །དུས་འཁོར་རྩ་རྒྱུད་ལས་གསུངས་ཕྱིར། །སྔར་བྱས་ཡོད་རྣམས་བཤགས་པ་དང་། །ཕྱིན་ཆད་མི་མཉེས་བྱ་བ་སྤོངས། །མདོར་ན་བླ་མ་མཉེས་བྱས་ན། །གོང་དུ་བཤད་པའི་ཕན་ཡོན་རྣམས། །འབྱུང་འགྱུར་འདི་ལ་ཐེ་ཚོམ་མེད། །བླ་མ་མི་མཉེས་བྱ་བ་རྣམས། །སྤངས་ནས་སྔར་བཤད་ཉེས་པ་རྣམས། །རྨི་ལམ་དུ་ཡང་མྱོང་མི་འགྱུར། །ཚེ་འདིར་བདེ་ལ་ཕྱི་མར་སྐྱིད། །མྱུར་དུ་སངས་རྒྱས་འཐོབ་པར་འགྱུར། །ཉིན་མཚན་ཀུན་ཏུ་དམ་ཆོས་འདི། །ཁ་ཏོན་གྱིས་ལ་ཡང་ཡང་སོམས། །ཞེས་པ་འདི་ཡང་དད་ལྡན་སློབ་མ་གྲྭ་བ་འགའ་ལ་ཕན་དུ་རེ་ནས་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་བཙུན་མི་ལ་ལ་སོགས་པའི། །དབེན་པའི་གནས་སུ་གྲུབ་པ་བརྙེས། །སྔོན་བྱོན་གྲུབ་ཐོབ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གོང་མའི་རྣམ་ཐར་རི་མོ་དེ། །སྙིང་དབུས་བཀོད་ནས་ཕྱོགས་མེད་ཀྱི། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་གླུ། །རི་བ་གསར་བ་རྣམས་ཚོ་ཉོན། །དབྱར་

p. 487

ནི་མེ་ཡི་དུས་ཡིན་པས། །གངས་དང་རི་རྩེ་ལ་སོགས་པ། །བསིལ་སར་བསིལ་ཁང་ནང་དུ་སྒོམས། །ཟས་གོས་སྤྱོད་ལམ་དེ་མཐུན་གྱིས། །སྟོན་ནི་རླུང་གི་དུས་ཡིན་པས། །ནགས་ཁྲོད་བྲག་རྫོང་ལ་སོགས་པ། །བསིལ་དྲོད་སྙོམས་པའི་གནས་སུ་སྒོམས། །ཟས་གོས་སྤྱོད་ལམ་དེ་མཐུན་གྱིས། །དགུན་ནི་ཆུ་ཡི་དུས་ཡིན་པས། །ས་ཕུག་བྲག་ཕུག་ལ་སོགས་པ། །དྲོ་བའི་གནས་སུ་བསྒོམ་པར་བྱ། །ཟས་གོས་སྤྱོད་ལམ་དེ་མཐུན་གྱིས། །དཔྱིད་ནི་ས་ཡི་དུས་ཡིན་པས། །རི་དང་ནགས་ཚལ་མཚོ་གླིང་སོགས། །བསིལ་དྲོད་སྙོམས་པའི་གནས་སུ་སྒོམས། །ཟས་གོས་སྤྱོད་ལམ་དེ་མཐུན་གྱིས། །དགེ་འདིས་རི་བ་ཐམས་ཅད་ཀྱིས། །འབྱུང་བཞིར་གཡར་བའི་ལུས་བདེ་ཞིང་། །སེམས་སྤྲོ་ཉམས་རྟོགས་ཡོན་ཏན་ནི། །རིང་མིན་མྱུར་དུ་སྐྱེ་བར་ཤོག །ཅེས་པ་འདི་ཡང་རི་བ་གསར་བ་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཤ་རྐྱང་རི་དྭགས་རྣམས་རྩེ་བའི་རི་ཁྲོད་ཀྱི། །ལྗོན་ཤིང་མེ་ཏོག་རྣམས་མཐོང་བས་རྐྱེན་བྱས་ནས། །དྲིན་ཅན་བླ་མ་ཡི་གཟུགས་སྐུ་ཡིད་ལ་ཤར། །ཡང་ཡང་མཇལ་རྒྱུ་ཞིག་བྱུང་ན་དགའ་བ་ལ། །ཡིད་མཐུན་བག་ཕབ་ཀྱི་བྱ་རིགས་སྣ་ཚོགས་པའི། །སྐད་སྙན་གྲགས་པ་དེ་ཐོས་པས་རྐྱེན་བྱས་ནས། །དྲིན་ཅན་བླ་མ་ཡི་གསུང་དབྱངས་ཡིད་ལ་ཤར། །ཡང་ཡང་མཇལ་རྒྱུ་ཞིག་བྱུང་ན་དགའ་བ་ལ། །མཐོ་ཞིང་ཡངས་པ་ཡི་སྤྲིན་མེད་ལྷ་ལམ་གྱི། །ཉི་མ་གཞོན་ནུ་དེ་མཐོང་བས་རྐྱེན་བྱས་ནས། །དྲིན་ཅན་

p. 488

བླ་མ་ཡི་མཁྱེན་བརྩེ་ཡིད་ལ་ཤར། །ཡང་ཡང་མཇལ་རྒྱུ་ཞིག་བྱུང་ན་དགའ་བ་ལ། །ཞེས་པ་འདི་ཡང་ཉིན་ཞིག་ཆོས་རྒྱལ་ངག་གི་དབང་བོའི་ཞབས་པད་བསྟེན་དུས། སྐུའི་དབྱིབས་གསུང་གི་གདངས་ཐུགས་རྗེས་བསྐྱངས་ཚུལ་རྣམས་ཡིད་ལ་ཤར་ཚེ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ལམ་ངེས་འབྱུང་ནགས་ཀྱི་ཁྲོད་ན་འགྱིང་། །བྱམས་སྙིང་རྗེ་བྱང་སེམས་ཐིག་ལེ་བཀྲ། །ཡང་དག་པའི་ལྟ་བའི་དཔའ་རྩལ་རྫོགས། །རྗེ་རྒྱ་སྟག་ལྟ་བུའི་རྣལ་འབྱོར་པ། །སྡོམ་དམ་ཚིག་གཙང་མའི་གངས་ལ་ཉལ། །ཆོས་ལྟ་སྒོམ་སྤྱོད་པའི་རྩལ་གསུམ་རྫོགས། །ཉམས་རྟོགས་པའི་གཡུ་རལ་མཁའ་ལ་གཡེངས། །རྗེ་སེང་ཆེན་ལྟ་བུའི་རྣལ་འབྱོར་པ། །ལམ་བསྐྱེད་རྫོགས་རྫོགས་ཆེན་གྲུར་ཞུགས་ནས། །མར་འཁོར་བའི་རྒྱ་མཚོ་མྱུར་དུ་བསྒྲལ། །མཆོག་སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན། །རྗེ་དེད་དཔོན་ལྟ་བུའི་རྣལ་འབྱོར་པ། །ཉོན་ཤེས་སྒྲིབ་གཉིས་ཀྱི་སྒོང་རྒྱ་གྲོལ། །ཐབས་ཤེས་རབ་གཉིས་ཀྱི་གཤོག་སྒྲོ་རྒྱས། །ཡར་རྣམ་མཁྱེན་ནམ་མཁའ་ཡངས་པར་ལྡིང་། །རྗེ་ཁྱུང་ཆེན་ལྟ་བུའི་རྣལ་འབྱོར་པ། །གནས་རི་ཁྲོད་སྤྲིན་གྱི་གསེབ་ན་མཛེས། །གསུང་མགུར་དབྱངས་སྙན་པའི་འབྲུག་སྒྲ་སྒྲོག །གཏམ་སྙན་གྲགས་ཆར་བ་ཕྱོགས་བཅུར་འབབ། །རྗེ་གཡུ་འབྲུག་ལྟ་བུའི་རྣལ་འབྱོར་པ། །བདག་སྔོན་ཆད་ཉོན་མོངས་གདོན་གྱིས་སྨྱོས། །མ་འགྲོ་ལ་གནོད་འཚེ་མང་བོ་བྱས། །ཚེ་འདི་ཡི་བྱ་བས་གཡེངས་གཡེངས་ནས། །ཚེ་ཕྱེད་རྣམས་ཤོར་བ་ངས་མ་མཐོང་། །

p. 489

གཉིད་བཟའ་བཏུང་ཁོ་ནའི་དབང་སོང་བས། །ཉིན་མཚན་གཉིས་གར་ཤོར་ངས་མ་ཤེས། །མི་གཞན་གྱི་སྐྱོན་ལ་བལྟས་བལྟས་ནས། །ཚུར་རང་སྐྱོན་ཡོད་པ་ངས་མ་མཐོང་། །ད་ཕ་ཡི་ཞལ་གདམས་མེ་ལོང་ལ། །བུ་བདག་གིས་བལྟས་པས་རང་སྐྱོན་མཐོང། །ངོ་ཚ་ཞིང་འགྱོད་པ་དྲག་པོ་བྱུང་། །འདི་ཕ་ཁྱོད་བཀའ་དྲིན་ཡིན་པར་གོ །དུས་ད་དུང་ཕ་རྒན་རིན་པོ་ཆེ། །ལུས་ཉོན་མོངས་ལྷོ་སྤྲིན་རབ་གཏོར་ནས། །ཉམས་རྟོགས་པའི་ཉི་ཟླ་མཐོང་བ་ལ། །རླུང་ཤུགས་དྲག་ལྟ་བུའི་གདམས་པ་ཞུ། །ཚེ་གང་བོར་སྒྲུབ་ལ་གཞོལ་བ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །དུས་ད་ནས་ཅི་གསུང་བཀའ་བཞིན་དུ། །བསྒྲུབ་ངེས་པ་བདག་གི་དམ་བཅའ་ཡིན། །བུ་བྱང་ཆུབ་གོ་འཕང་མ་ཐོབ་བར། །ཕས་ནམ་ཡང་ཐུགས་ཀྱིས་རྟག་ཏུ་སྐྱོངས། །གནས་དབེན་པར་མགོན་ཁྱོད་ཇི་བཞིན་དུ། །ཚེ་སྒྲུབ་པ་སྙོམས་པར་བྱིན་གྱིས་རློབས། །ཞེས་སློབ་བུ་རི་ཁྲོད་པ་བློ་བཟང་དོན་གྲུབ་ཀྱིས་ད་དུང་ཞལ་གདམས་ཤིག་དགོས་ཞེས་སྐུལ་ཚིག་ཏུ་སྨྲས་པ་འདིའི་ལན་དུ། དབྱིངས་ཀུན་མཁྱེན་མཁའ་ལས་མ་གཡོས་བཞིན། །བདག་འགྲོ་ཀུན་བྱིས་པའི་སྣང་ངོ་རུ། །སྐུའི་འཇའ་ཚོན་ལམ་ལམ་སྟོན་མཛད་པའི། །ཕ་ཆོས་རྒྱལ་ངག་གི་དབང་བོར་འདུད། །རྗེ་བླ་མ་ཆོས་རྒྱལ་བཀའ་དྲིན་ལས། །ང་དབུལ་བོས་སྐྱེད་རྡོ་གསེར་ཤེས་ལྟར། །རང་སེམས་ཉིད་སངས་རྒྱས་ཡིན་པ་དེ། །དུས་ད་ལན་ཤེས་པ་ངོ་མཚར་ཆེ། །ཡར་སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །

p. 490

ཕྱི་གཞན་དུ་བཙལ་ནས་རྙེད་མི་སྲིད། །ཚུར་ནང་དུ་ཚོལ་དང་མྱུར་དུ་རྙེད། །ཁྱོད་རང་སེམས་སངས་རྒྱས་རྟོགས་འདོད་ན། །སྤྱིར་སྣང་སྲིད་འཁོར་འདས་བསྡུས་པའི་ཆོས། །སྣ་ཚོགས་སུ་སྣང་བ་ཐམས་ཅད་པོ། །དཔེ་མཁའ་ལས་འཇའ་སྤྲིན་སྣང་བ་བཞིན། །གང་སྣང་ཡང་སེམས་ཉིད་གཅིག་པུའི་འཕྲུལ། །འཇའ་སྤྲིན་རྣམས་སྣང་ཡང་སྟོང་བ་བཞིན། །གང་སྣང་ཡང་རང་བཞིན་མ་གྲུབ་སྟོང་། །སེམས་ལུས་ཀྱི་ཕྱི་ནང་བར་གསུམ་དང་། །ཕྱི་འབྱུང་བ་བཞི་སོགས་གང་ལ་གནས། །རྩར་ཆོད་དང་ཅི་ཡང་མི་རྙེད་པར། །དཔེ་སྤྲིན་མེད་དྭངས་པའི་ནམ་མཁའ་བཞིན། །སེམས་གནས་ལུགས་སྟོང་གསལ་འཛིན་མེད་མཐོང་། །དེའི་ངང་དུ་གློད་ལ་ལྷན་ནེ་ཞོག །ཡང་རྣམ་རྟོག་འཕྲོ་ཚེ་དེ་མ་ཐག །སླར་སེམས་ཉིད་རང་གི་ངང་དུ་ཞོག །དཔེ་འཇའ་ཚོན་ཤར་རམ་ལྷོ་སྤྲིན་འཁྲིགས། །གང་སྣང་ཡང་ནམ་མཁའི་ཆོ་འཕྲུལ་བཞིན། །ལམ་བསྐྱེད་རྫོགས་ཚོགས་གསོག་གང་བྱེད་ཀྱང་། །སེམས་གཅིག་པུའི་འཕྲུལ་དུ་ཤེས་པ་དང་། །འཇའ་སྤྲིན་གཉིས་གང་སྣང་སྟོང་བ་བཞིན། །དེ་ཀུན་ཀྱང་སྟོང་བར་ཤེས་པ་དང་། །སེམས་ཁྱབ་གདལ་ནམ་མཁའ་ཡངས་པ་ལྟར། །ཤེས་བཞིན་པའི་ངང་ནས་བྱེད་པ་གཅེས། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །མ་ནམ་མཁའི་མཐའ་མཉམ་སེམས་ཅན་གྱིས། །ནང་རང་སེམས་སངས་རྒྱས་ཞལ་བཟང་དེ། །དུས་རིང་མིན་མྱུར་དུ་མཇལ་བར་ཤོག །ཅེས་སྨྲས་པའོ། །བླ་མ་དམ་པའི་ཞབས་ལ་འདུད། །ཨང་གི་ཡོན་བདག་དད་ཅན་པ། །གཏོང་

p. 491

ཕོད་ཅན་ཚོ་ཚུར་ཉོན་དང་། །རྒས་པ་དབྱར་དགུན་སྟོན་དཔྱིད་འདྲ། །རིམ་གྱིས་འགྱུར་བ་ཡིད་ལ་ཟུངས། །གཞོན་ནུའི་དུས་སུ་ལྷ་ཆོས་མཛོད། །ན་བ་བྱེའུ་ཆུང་རྡོ་ཕོག་འདྲ། །སྟོབས་ནུས་ཟད་པ་ཡིད་ལ་ཟུངས། །ན་ཚ་མེད་དུས་ལྷ་ཆོས་མཛོད། །འཆི་བདག་རི་གཟར་རྦབ་རྡོ་འདྲ། །གང་གིས་ཀྱང་མི་བཟློག་ཡིད་ལ་ཟུངས། །མ་ཤི་གོང་འདིར་ལྷ་ཆོས་མཛོད། །རྒས་པ་ན་དང་འཆི་བ་གསུམ། །ཐོག་ཏུ་བབ་དུས་ལྷ་ཆོས་དཀའ། །དེ་བས་ད་ལྟ་ལྷ་ཆོས་མཛོད། །ཅེས་པ་འདི་ཡང་ཡོན་བདག་དད་པ་དང་གཏོང་ཕོད་ཅན་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རི་ཁྲོད་གནས་སུ་གྲུབ་པ་བརྙེས། །བླ་མ་གོང་མ་རྣམས་ལ་འདུད། །རི་བ་ཚོགས་དྲུག་རང་གྲོལ་གླུར། །སྐལ་ལྡན་ལས་འཕྲོ་ཅན་ཚོ་ཉོན། །ཕ་ཡུལ་སྡུག་བསྔལ་རྒྱ་མཚོ་རུ། །ཆོས་བརྒྱུད་རྦ་རླབས་ཕྱོགས་བརྒྱར་གཡོ། །ལས་ཉོན་ཆུ་སྲིན་ཁ་རུ་འགྲོ། །སྡུག་བསྔལ་ན་ཚ་བཟོད་གླགས་མེད། །བདེ་བ་ཅུང་ཟད་མི་གདའ་ན། །སེམས་ཡོད་སུ་ཞིག་རྟག་ཏུ་སྡོད། །སྡུག་བསྔལ་མྱོང་བཞིན་སྡོད་པའི་མི། །སྨྱོས་སམ་ཡང་ན་གདོན་གྱིས་ཟིན། །བདེ་སྐྱིད་འདོད་པའི་སེམས་ཡོད་རྣམས། །ད་ནི་མ་འདུག་འདི་བཞིན་མཛོད། །ངེས་འབྱུང་གྲུ་ལ་བརྟེན་ནས་ནི། །ཕ་ཡུལ་སྡུག་བསྔལ་རྒྱ་མཚོ་སྒྲོལ། །རི་ཁྲོད་དབེན་པའི་རིན་ཆེན་གླིང་། །སྙོགས་ལ་དགེ་སྦྱོར་ནོར་བུ་མཆོག །ལེན་པའི་ཐབས་ལ་འབད་པར་མཛོད། །དེ་ལྟའི་གླུ་དབྱངས་སྙན་མོ་འདི། །རི་ཁྲོད་རིན་ཆེན་གླིང་མཆོག་གི །དེད་

p. 492

དཔོན་ཚོགས་དྲུག་རང་གྲོལ་གྱིས། །ཕ་ཡུལ་སྡུག་བསྔལ་རྒྱ་མཚོ་རུ། །བྱིང་བའི་སྐྱེ་བོ་རྣམས་ལ་གདམས། །འདི་ཐོས་ལས་འཕྲོ་ཅན་གྱི་མི། །རི་ཁྲོད་རིན་ཆེན་གླིང་བསྙེགས་ནས། །དགེ་སྦྱོར་ནོར་བུ་མི་ལེན་རི། །སྙམ་དུ་ཞེ་མནའ་ལན་གསུམ་སྐྱོལ། །མྱུར་དུ་སྐྱོ་ཤས་སྟོབས་བསྐྱེད་ལ། །མྱུར་དུ་འོང་བའི་ཐབས་ལ་འབོད། །མྱུར་དུ་འོངས་ན་དགའ་བ་ལ། །མྱུར་དུ་འོངས་ན་སྐྱིད་པ་ལ། །ཞེས་པ་འདི་ཡང་མཚོ་སྙིང་ནས་སྨྲས་པའོ། །བླ་མ་རྣམས་ལ་གསོལ་བ་འདེབས། དད་ལྡན་བུ་ལ་བྱིན་གྱིས་རློབས། །ལྷ་ཆོས་བྱེད་འདོད་སློབ་བུ་གཉིས། །ཉམས་སུ་ལེན་ན་འདི་བཞིན་མཛོད། །དྲིན་ཅན་བླ་མ་ཕ་མ་གསུམ། །ལྷམ་བཞིན་མ་བརྙས་ཞྭ་བཞིན་བཀུར། །ཕ་ཡུལ་ནོར་རྫས་ཁྱིམ་ཐབས་གསུམ། །དུག་དང་འདྲེས་པའི་ཟས་བཞིན་སྤོངས། །གངས་རི་རྫ་རི་ནགས་ཁྲོད་གསུམ། །ཕ་མཁར་བཞིན་དུ་རྒྱུན་དུ་ཟུངས། །ཕྱག་དང་སྐོར་བ་ཁ་ཏོན་གསུམ། །ཁྱིམ་པའི་སོ་ནམ་བཞིན་དུ་རེམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འཇིག་རྟེན་འདི་ཡི་དཔོན་བཞིན་སྟེན། །བྱ་བ་གཏམ་དང་དྲན་རྒྱུ་གསུམ། །གསེར་དངུལ་བཞིན་དུ་ཉུང་བར་གྱིས། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །པང་དུ་སྦྲུལ་ལྷུང་བཞིན་དུ་སྤོངས། །སེར་སྣ་ཕྲག་དོག་ང་རྒྱལ་གསུམ། །དགྲ་བཞིན་ལྟོས་ལ་འབུར་འཇོམས་གྱིས། །ངོ་ཚ་ཁྲེལ་ཡོད་ཚུལ་ཁྲིམས་གསུམ། །གོན་པ་བཞིན་དུ་འབྲལ་མེད་སྟེན། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཡར་ངོའི་ཟླ་བཞིན་གོང་སྨྲས་པའོ། །འཕེལ་མཛོད། །མདོར་ན་སྒོ་གསུམ་དགེ་བ་ལ། །བཀོལ་བ་དཔོན་

p. 493

པོའི་གཡོག་བཞིན་གྱིས། །དགེ་འདིས་སྐལ་ལྡན་སློབ་བུ་ཡི། །བློ་ཁ་ཆོས་ལ་ཕྱོགས་པར་ཤོག །ཅེས་པ་འདི་ཡང་ཨ་རིག་ནགས་ཚང་སྤྲུལ་སྐུ་རིན་པོ་ཆེའི་ཚ་བོ་གཉིས་ལ་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་ཉོན་དང་ཡོན་བདག་གཞོན་པ་ཚོ། །ཕ་མ་རྒན་རྒོན་རྣམས་ཀྱིས་ནི། །སྣབས་དང་ལུད་པ་ཁ་ཡིས་ཕྱིས། །མི་གཙང་བ་ནི་ལག་པས་ཕྱིས། །བྱམས་པའི་མིག་གིས་ཡང་ཡང་བལྟས། །མངར་བའི་ནུ་ཞོ་ཁ་རུ་བླུད། །དེ་ནས་ཟས་ཞིམ་སྣུམ་ཟན་བྱིན། །ཆེར་སོང་ཕོ་བས་ཞུ་ཚད་བྱིན། །ཟླ་བ་འགའ་རེ་སོང་འཕྲོ་ནས། །འཛུམ་རེ་བྱས་པའང་ཕ་མ་གཉིས། །དགའ་བ་བསམ་གྱིས་མི་ཁྱབ་བྱས། །དེ་ནས་གོམ་པ་རེ་གཉིས་ཙམ། །འདེགས་ཤེས་ཙ་ན་ངེད་ཀྱི་བུ། །འདི་ཟེར་དགའ་བཞིན་གཞན་ལ་ངོམ། །གོས་གཡོགས་ཤ་ཡི་དྲོད་ལ་བསླན། །དེ་ནས་འགྲོ་འདུག་ཐུབ་པ་ནས། །མེ་ཆུ་གཡང་སོགས་འཇིགས་ལས་བསྐྱབས། །ཟ་ལུགས་འགྲོ་ལུགས་ཡན་ཆད་བསླབས། །དེ་ནས་ཆེ་རུ་སོང་ཙ་ན། །བུ་དེ་གཞན་དུ་སོང་ཤུལ་ནས། །ཟ་མ་བཟང་བོ་ཞིག་རྙེད་ཀྱང་། །རང་གིས་སྤྱད་པར་མི་ཕོད་པར། །བུ་ལ་སྟེར་སྙམ་ཚགས་བྱས་འཇོག །གོས་རྒྱུན་འཇམ་ཡང་མཛེས་པ་རྣམས། །བུ་ལ་དགའ་བའི་སེམས་ཀྱིས་བསྐོན། །བུ་515ལ་བཟང་ཞིག་ཡོད་ན་བསྒྲགས། །སྐྱོན་ཞིག་ཡོད་ན་འགེབས་ཤིང་གསང་། །དེ་ནས་ཁྱིམ་སོ་ཟིན་པའི་ཚེ། །བུ་ལ་ཆུང་མ་ལེན་པ་དང་། །ཞིང་ཁང་ནོར་

p. 494

རྣམས་བུ་ལ་སྤྲོད། །བུ་མོར་གོས་རྒྱུན་སྣ་ཚོགས་པ། །བཏགས་ནས་གནས་ལ་རྫོང་བ་སོགས། །དེ་འདྲའི་དཀའ་ལས་སྣ་ཚོགས་ཀྱིས། །ཕ་མས་བུ་ཚ་བསྐྱང་བསྐྱངས་ནས། །རྒས་ཁར་ཕན་དུ་རེ་བའི་ཚེ། །ལ་ལས་ཕན་ལན་མི་འཇལ་སྟེང་། །ཐ་ན་ཁ་ཡང་གྲག་དབང་མེད། །ཕེ་ཐོབས་བྲང་རྡུངས་ཁ་རོག་ཟེར། །རྐང་ཐོ་ལག་ཐོ་ལ་སོགས་པས། །སྟེ་ཕུང་བཞིན་དུ་ཡང་ཡང་བརྡུངས། །རྨ་མེད་ལུས་པོ་ན་ཚས་འགེངས། །ཚིག་ངན་རྡོ་ལོག་ཁོག་ཏུ་འཇོག །སྡུག་བསྔལ་འཁྱགས་པ་འཇུ་དུས་མེད། །ཅི་ལྟར་ཕ་མས་བྱམས་པ་བཞིན། །བུ་ཚས་ཕ་མར་བྱམས་པ་དཀོན། །འོན་ཀྱང་ཁྲེལ་ཡོད་གཞོན་ནུ་ཚོ། །ཕ་མ་དེ་འདྲའི་དྲིན་ཆེ་ན། །སེམས་མེད་བུ་ཞིག་མ་གཏོགས་པ། །དྲིན་དེ་ཁྱད་གསོད་སུ་ཡིས་ནུས། །ཕ་མ་གཉིས་ལ་མི་བྱམས་པའི། །བུ་དེ་གདོན་གྱིས་སྨྱོས་པ་ཡིན། །ཕ་མའི་དྲིན་ལན་འཇལ་འདོད་ཀྱི། །ཁྲེལ་ཡོད་བུ་ཚོ་འདི་བཞིན་གྱིས། །ཁང་བའི་དྲོ་སར་ཕ་མ་ཞོག །དྲོ་ཞིང་ཡང་བའི་གོས་ཀྱིས་གཡོགས། །ཁམས་དང་མཐུན་པའི་ཟས་ཞིམ་བྱིན། །ཚ་ཞིང་ཞིམ་པའི་ཇ་རྒོད་བླུད། །སེམས་ལ་ཕན་པའི་ཚིག་འཇམ་སྨྲོས། །ཕ་མས་ཅི་ཟེར་ཁ་ལ་ཉོན། །དེ་ལྟར་ཕ་མར་བྱམས་བྱས་ན། །རྒས་པའི་དྲིན་ཅན་ཕ་མ་ཡི། །སེམས་ལ་དགའ་བདེའི་ཉི་མ་འཆར། །ཤི་ནས་ཕ་རོལ་སོང་ན་ཡང་། །ཤུལ་དུ་ལུས་པའི་བུ་དེ་ཡི། །ཅི་བསམ་འགྲུབ་པའི་སྨོན་ལམ་འདེབས། །ཕ་མ་ལ་མགོའི་ཉི་ཟེར་འདྲ། །ཉི་ཟེར་ཡུན་རིང་མི་སྡོད་འགྲོ། །ཕ་མ་ལན་གཅིག་མགྲོན་པོ་འདྲ། །མགྲོན་པོ་ཡུན་རིང་མི་སྡོད་འགྲོ། །ཕ་མ་བྱ་རྒྱལ་ཁུ་བྱུག་འདྲ། །ཁུ་བྱུག་ཡུན་

p. 495

རིང་མི་སྡོད་འགྲོ། །འགྲོ་བའི་ནངས་པར་ཕ་མ་ལ། །གཅེས་གཅེས་འདྲ་བའི་ཁ་བཟང་དེ། །བཤད་ཀྱང་ཕ་མས་ཉན་དབང་མེད། །འཇམ་པོ་བསྐོན་ཡང་གོན་དབང་མེད། །ཞིམ་པོ་བྱིན་ཡང་ཟ་དབང་མེད། །དེ་ནས་བཟུང་སྟེ་ཕ་མ་གཉིས། །དངོས་སུ་མཐོང་བ་ཕར་ལ་ཞོག །རྨི་ལམ་དུ་ཡང་མཐོང་མི་འགྱུར། །མི་མཐོང་ཡུལ་དུ་འགྲོ་བའི་དུས། །བུ་བཟང་ཁྲེལ་ཡོད་ཐམས་ཅད་ཀྱི། །མགོ་ཡི་ཉི་ཟླ་ནུབ་པ་ཡིན། །མྱ་ངན་མུན་པས་ཁེངས་པ་ཡིན། །བུ་ངན་ཁྲེལ་མེད་ཐམས་ཅད་ཀྱི། །མིག་གི་ལིང་ཏོག་བུད་ནི་ཡིན། །དྲི་བོའི་མིག་རྩ་བསལ་ནི་ཡིན། །བདུད་པོའི་མྱ་ངན་སངས་ནི་ཡིན། །མཛེ་བོ་ཤུལ་ལ་ལུས་ནི་ཡིན། །ཕ་མ་ཤི་བའི་ནངས་པར་དུ། །ཁྲེལ་ཡོད་བུ་ཚོས་འདི་བཞིན་གྱིས། །ཤི་བོའི་ར་མདའ་ལྷ་ཆོས་ཡིན། །མི་ཡིས་སྨོན་པའི་དགེ་རྩ་ཐོངས། །བུ་ཡིས་ཅི་བསམ་ལྷུན་གྱིས་འགྲུབ། །ཕ་མ་ཤི་བའི་ནངས་པར་དུ། །ཁྲེལ་མེད་བུ་ཚོས་འདི་འདྲ་བྱེད། །ཤུལ་གྱི་ནོར་ལ་ང་དབང་ཟེར། །སྤུན་ཟླ་མི་འཆམ་འཁོན་འཛིང་འོང་། །ཕ་མ་རྒན་རྒོན་ལས་ངན་གྱིས། །བསགས་པའི་ནོར་རྣམས་དོན་མེད་སོང་། །རང་སྐྱེས་དགྲ་བོའི་ལག་ཏུ་ཤོར། །རོ་དེ་མཚེར་ན་འཇོག་པ་འམ། །ཡང་ན་རིར་འཕེན་མེ་ལ་བསྲེག །ཡང་ན་ཆུར་བསྐྱུར་དོང་དུ་སྦ། །ཉི་མ་ཁ་ཤས་སོང་འཕྲོ་ནས། །གླུ་བླངས་ཧ་ཧ་ཟེར་ཞིང་དགོད། །མི་རྣམས་ཀུན་གྱིས་ལ་ཡོག་ནས། །ཕ་མར་དེ་འདྲ་བྱས་གྱུར་ན། །བརྒྱ་བསམ་གཅིག་ཀྱང་མི་འགྲུབ་ཟེར། །གཏམ་ངན་མི་ཁས་ལུང་བ་འགེངས། །དེ་ཕྱིར་ཡོན་བདག་གཞོན་ནུ་ཚོ། །དེ་ཚོ་སོམས་ལ་བསམ་བློ་ཐོངས། །དྲིན་ལན་འཇལ་ན་ད་ལྟ་རེམ། །ཞེས་པ་འདི་ཡང་

p. 496

དད་ལྡན་ཞབས་དྲུང་དགེ་སློང་ངག་དབང་བློ་བཟང་གིས་ཁྱིམ་པ་རྣམས་ལ་ཕན་པའི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །བདེ་མེད་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བདེ་ལྡན་ཐར་བའི་རིན་ཆེན་གླིང་མཆོག་ཏུ། །བདེ་བར་འགྲོ་ཀུན་འཁྲིད་པའི་དེད་དཔོན་མཆོག །བདེ་ལེགས་གཞི་གཅིག་བླ་མ་བདག་ལ་དགོངས། །མགོན་པོ་ཁྱོད་ནི་སྔོན་ནས་སངས་རྒྱས་ཀྱང་། །མགོན་མེད་སྙིགས་དུས་དམུ་རྒོད་འགྲོ་རྣམས་ཀྱི། །མགོན་སྐྱབས་མཛད་ཕྱིར་ཐ་མལ་སྣང་ངོ་རུ། །མགོན་ཁྱོད་དགེ་སློང་ཚུལ་འཛིན་ཨེ་མ་ཧོ། །ཉམས་མེད་སྡོམ་གསུམ་མིག་འབྲས་བཞིན་དུ་བསྲུངས། །ཡེངས་མེད་སྒྲུབ་ལ་བརྩོན་པ་མཐོང་བའི་མོད། །དད་མེད་དྲེད་པོ་ཆོས་བརྒྱུད་ཁོལ་བོ་ང་། །དབང་མེད་ལག་གཉིས་ཐལ་མོ་སྦྱོར་དུ་བཅུག །ཆ་གཉིས་ཟ་ཉལ་རྣམ་གཡེང་ངང་དུ་ཟད། །ཆ་གཅིག་ཙམ་གྱི་ཚེ་ཞབས་འདི་ཉིད་ལ། །ཆ་ལུགས་བཙུན་ཚུགས་བཟུང་ནས་མགོན་ཁྱོད་བཞིན། །ཆ་མེད་དབེན་པར་དགེ་སྦྱོར་བྱེད་པར་སྨོན། ན་གཞོན་མང་བོ་སྔོན་ཆད་ཤི་བ་དྲན། །ན་འཆིར་འཇིགས་ནས་ཕྱི་མའི་དོན་ཆེན་དུ། །ན་ཚོད་ཡོལ་བའི་སྤྲང་བཙུན་དད་གུས་ཀྱིས། །ན་བཟའ་འདི་འབུལ་བདག་ཚོགས་རྫོགས་ཕྱིར་བཞེས། །ཚེ་ཡི་མཇུག་འདིར་ཆོས་ཤིག་བྱེད་པ་ལ། །ཚེ་ལ་གློ་བུར་བར་ཆད་མེད་པ་དང་། །ཚེ་འདིའི་བསླུ་བྲིད་དབང་དུ་མི་འགྲོ་བར། །ཚེ་ལྷག་དོན་ལྡན་བྱེད་པ་ཞིག་ཁྱེད་མཁྱེན། །ཞེས་སློབ་བུ་ཀུན་དགའ་རྒྱལ་མཚན་གྱིས་ཕུ་ཐུང་ཞིག་བྱིན་དུས་སྨྲས་པ་འདིའི་ལན་དུ། རྒྱལ་བ་གོང་མའི་རྣམ་ཐར་ཇི་བཞིན་དུ། །རྒྱལ་བསྟན་རིན་ཆེན་འཛིན་སྐྱོང་སྤེལ་མཛད་པའི། །རྒྱལ་བའི་སྲས་མཆོག་བླ་མ་རིན་པོ་

p. 497

ཆེ། །རྒྱལ་མཚན་ཏོག་ལྟར་སྤྱི་གཙུག་རྒྱན་དུ་བཞུགས། །དུང་དུང་སྙིང་ནས་དྲིན་ཅན་བླ་མ་ལ། །ལྷང་ལྷང་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས། །འཛུམ་འཛུམ་དགྱེས་པའི་སྒོ་ནས་སློབ་བུ་ལ། །བཟང་བཟང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཟླ་མེད་མཚན་ལྡན་བླ་མའི་བཀའ་བཞིན་དུ། །དོན་མེད་ཚེ་འདིའི་བྱ་བ་བློས་བཏང་ནས། །ངེས་མེད་དབེན་པའི་རི་ལ་གཅིག་པུ་རུ། །འཇིགས་མེད་གནས་པ་བདག་གིས་གླུ་དབྱངས་ལེན། །ཕ་ཡུལ་ཕ་མཁར་ནོར་རྫས་བློ་ཡིས་བཏང་། །སྡིག་བྱེད་སྡིག་པའི་གྲོགས་པོ་ཐབས་ཀྱིས་སྤངས། །དགེ་སྒྲུབ་དགེ་བའི་བཤེས་གཉེན་མང་བསྟེན་པའི། །བུ་རྒོད་བུ་ཁྱོད་རྣལ་འབྱོར་གླུ་ལ་ཉོན། །རྗེ་བཙུན་རྟག་ཏུ་ངུ་ཡིས་ཆོས་འཕགས་དང་། །རྗེ་བཙུན་ནཱ་རོ་པ་ཡིས་ཏི་ལོ་དང་། །རྗེ་བཙུན་མི་ལས་མར་པ་བསྟེན་པ་བཞིན། །རྗེ་བཙུན་བླ་མ་བསམ་སྦྱོར་གཉིས་ཀྱིས་སྟེན། །རྙེད་པར་དཀའ་བའི་མི་ལུས་རིན་ཆེན་འདི། །རྙེད་པའི་དུས་འདིར་བྱང་ཆུབ་མི་བསྒྲུབ་པར། །རྙེད་སོགས་ཆོས་བརྒྱད་ཁོལ་བོ་བྱས་གྱུར་ན། །རྙེད་དཀའི་མི་ལུས་ཐོབ་ཀྱང་དོན་གོ་ཆུང་། །ཚེ་འདི་མི་རྟག་ནམ་མཁའི་གློག་དང་འདྲ། །ཚེ་འདིར་ཡུན་རིང་སྡོད་ཤོམ་མ་འཛིན་པར། །ཚེ་འདིའི་བྱ་བ་ཐམས་ཅད་བློ་ཡིས་ཐོངས། །འཇིགས་བྲལ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །འཇིག་རྟེན་འདི་རུ་དགེ་སྡིག་བླང་དོར་མཛོད། །སྲིད་རྩེ་ནས་བཟུང་མནར་མེད་ཡན་ཆད་ཀྱི། །སྲིད་གསུམ་གནས་ན་བདེ་བ་ཅུང་ཟད་མེད། །སྲིད་པའི་བདེ་ལ་ནམ་ཡང་མ་ཆགས་པར། །སྲིད་ལས་ཐར་ཐབས་བསླབ་པ་གསུམ་ལ་སློབས། །མ་རིག་ཉོན་མོངས་དབང་སོང་

p. 498

སྡུག་མྱོང་བའི། །མ་གྱུར་འགྲོ་བའི་དོན་དུ་སེམས་བསྐྱེད་ལ། །མ་རབ་སྤྱོད་སྤོང་རྒྱལ་སྲས་སྤྱོད་པ་རྣམས། །མ་ལུས་སྒྲུབ་ལ་ཞུམ་པ་མེད་པར་གྱིས། །གསང་སྔགས་ཉམས་སུ་ལེན་མཁན་བླ་མ་ལ། །གསང་སྔགས་དབང་བཞི་ཚད་ལྡན་སྔོན་དུ་ཞུས། །གསང་སྔགས་གཞུང་བཞིན་དམ་ཚིག་ལེགས་བསྲུངས་ལ། །གསང་སྔགས་བསྐྱེད་རྫོགས་ཉམས་སུ་ལེན་པར་མཛོད། །ཡང་དག་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །ཡང་དང་ཡང་དུ་བསྔགས་པའི་མྱུར་ལམ་མཆོག །ཡང་གསང་རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གཉིས། །ཡང་ཡང་ཉམས་སུ་ལེན་པ་ཤིན་ཏུ་གཅེས། །དབེན་པར་དྲང་སྲོང་གཅིག་པུར་གནས་པ་བཞིན། །དབེན་ཞིང་ཉམས་དགའ་དམ་པས་བྱིན་བརླབས་པའི། །དབེན་གནས་གངས་རྫ་གཡའ་དང་ནགས་ཚལ་སོགས། །དབེན་པའི་གནས་སུ་གཅིག་པུར་ཉམས་སུ་ལོངས། །འདི་ལྟར་སློབ་བུས་ཉམས་སུ་ལེན་པའི་ཚེ། །ཚེ་རིང་ནད་མེད་ལུས་སེམས་རྟག་ཏུ་བདེ། །བདེ་འགྲོའི་ལུས་རྟེན་འདི་ལ་རིང་མིན་དུ། །དུ་མའི་ཉམས་རྟོགས་རྒྱུད་ལ་འཆོར་བར་ཤོག །ཅེས་སྨྲས་པའོ། །ཉམས་དགའ་མཚོ་སྙིང་རི་བོ་ན། །སྤོས་དང་དྲི་བཟང་ཆི་ལི་ལི། །ལྗོན་ཤིང་ལོ་འདབ་ཁྲི་ལི་ལི། །མེ་ཏོག་སྣ་ཚོགས་ཁྲ་ལམ་ལམ། །བུང་བ་གླུ་ལེན་དི་རི་རི། །ཁོར་ཡུག་རྒྱ་མཚོ་མེ་རེ་རེ། །ཉ་མོ་ཟས་འཚོལ་ཤ་ར་ར། །རྦ་རླབས་སྣ་ཚོགས་ཉི་ལི་ལི། །ཆུ་བྱ་སྐད་སྙན་ཀྱུ་རུ་རུ། །སྟེང་ན་ནམ་མཁའ་ས་ལ་ལ། །དྲི་མེད་ཉི་ཟླ་འོད་ལམ་ལམ། །ཟིམ་བུའི་སྦྲང་ཆར་སི་ལི་ལི། །འཇའ་ཚོན་རི་མོ་ཡ་ལ་ལ། །དེ་ལྟར་ངོ་མཚར་

p. 499

མཐའ་ཡས་པའི། །ཡིད་འོང་རང་བྱུང་བྲག་ཕུག་ཏུ། །སྙོམ་ལས་མཁན་ང་ཉལ་ཉལ་ནས། །ཉིན་གཅིག་ཁམས་གསེང་བྱས་པའི་ཚེ། །སློབ་བུ་ཐུབ་བསྟན་རྒྱ་མཚོ་ཡིས། །ཞལ་གདམས་དགོས་ཞེས་འདི་སྐད་ཟེར།། ༈ཨེ་མ་རྣམ་དག་བསླབ་གསུམ་གྱི། །སྒོ་ནས་རང་རྒྱུད་ལེགས་པར་བཏུལ། །མང་ཐོས་ལུང་གི་ཡོན་ཏན་མངའ། །ཟབ་མོ་ལྟ་བའི་དོན་རྟོགས་ཤིང་། །སློབ་མ་རྣམས་ལས་ཡོན་ཏན་ལྷག །སྨྲ་མཁས་སྙིང་རྗེ་རབ་ཏུ་ཆེ། །གཞན་དོན་སྒྲུབ་ལ་བརྩོན་འགྲུས་ལྡན། །ཡང་ཡང་འཆད་ལ་མི་སྐྱོ་བའི། །དགེ་བའི་བཤེས་ཀྱི་མཚན་ཉིད་བཅུ། །ལྡན་པའི་སྙིགས་དུས་འགྲོ་མགོན་ལགས། །ད་ལྟ་སྙིགས་མའི་དུས་སྐབས་ཀྱི། །བདག་དང་བདག་འདྲའི་ཇི་ལྟར་བྱ། །བརྩེ་བས་བསླབ་བྱ་གནང་དུ་གསོལ།། ༈ཨེ་མ་ཆགས་སྡང་ཕྱོགས་ལྷུང་བྲལ། །བླང་དོར་འབྱེད་ནུས་ཤེས་རབ་ཅན། །ཆོས་ལ་དོན་གཉེར་ཆེན་པོ་ལྡན། །ཆོས་དང་ཆོས་སྨྲ་བ་ལ་གུས། །ཡིད་ནི་ལེགས་པར་གཏོད་པ་སྟེ། །ཡོན་ཏན་ལྔ་ལྡན་སྙིང་གི་བུ། །བདག་གིས་ཆུང་དུས་ཆོས་མ་དྲན། །ཆེར་སོང་ལྷ་ཆོས་དྲན་ན་ཡང་། །ཚེ་ཕྱེད་ཡད་མ་ཡུད་ལ་ཤོར། །ཚེ་ལྷག་ཅི་ཡོད་མི་ཤེས་སྙམ། །མཚན་ཉིད་གྲྭ་སར་ང་མ་བསྡད། །མདོ་སྔགས་གཞུང་ལ་ངས་མ་སྦྱངས། །དཔེ་མང་ཞིབ་ཏུ་ངས་མ་བལྟས། །བླ་མའི་གནང་བའི་གདམས་ངག་དང་། །གཅིག་པུར་རི་ལ་ཚུགས་པ་ཙམ། །མ་གཏོགས་ཡོན་ཏན་སྤུ་ཙམ་མེད། །དེ་ཕྱིར་ཁ་རོག་ཉལ་དུ་ཆུགས། །མི་ཤེས་སྨྲ་བ་

p. 500

ཉུང་ན་མཛེས།། ༈མགོན་ཁྱོད་སྔོན་སྦྱངས་བག་ཆགས་བཟང་། །བཟང་བོའི་ཆོས་ལ་ཆུང་ནས་དད། །དད་གུས་བཟང་བོས་བླ་མ་ཡང་། །ཡང་དག་བསྟེན་ནས་ཟབ་ཆོས་གསན། །དལ་འབྱོར་རྙེད་དཀའ་དོན་ཆེ་དང་། །ཕངས་མེད་མི་རྟག་འཆི་བ་དྲན། །ཚེ་འདིའི་བྱ་བ་བློ་ཡིས་བཏང་། །ལེ་ལོ་སྙོམ་ལས་མ་མཛད་པར། །གོང་མའི་རྣམ་ཐར་ཇི་བཞིན་དུ། །དུ་མའི་རི་ཁྲོད་དབེན་གནས་སུ། །སུ་དང་མ་འཕྲད་གཅིག་པུར་བསྒོམས། །སྒོམ་བྱུང་རྟོགས་པའི་ཤེས་རབ་བརྡོལ། །ད་ལྟ་གདམས་ངག་ཀུན་ལ་མཁས། །མདོ་རྒྱུད་མན་ངག་སྙིང་བོའི་དོན། །སྔོན་ཆད་གླུ་རུ་བླངས་པ་ཐོས། །མེ་ནི་ཡོད་པའི་སྔ་ལྟས་སུ། །དུ་བ་སྔོན་པོ་གནམ་ལ་འཕྱོ། །ཆུ་འཛིན་མཁའ་ལ་འཁྲིགས་པའི་ཚེ། །སྦྲང་ཆར་གཡུ་འབྲུག་གྲགས་པ་ཡིན། །གསེར་ནི་ས་ཕྱོགས་གར་ཡོད་ཀྱང་། །རང་འོད་མཁའ་ལ་འཆར་བ་ཡིན། །རྟོགས་ལྡན་རྣལ་འབྱོར་ཕལ་ཆེར་གྱིས། །ཉམས་མགུར་གླུ་དབྱངས་ལེན་པ་ཡིན། །ནེའུ་གསིང་སྤང་ལ་ཆར་བབས་ན། །དྲི་ལྡན་མེ་ཏོག་གསར་བ་སྐྱེ། །ཡིད་བཞིན་ནོར་བུ་རིན་ཆེན་ལ། །གསོལ་བ་བཏབ་ན་འདོད་དགུ་འབྱུང་། །ངང་བའི་ཚོགས་རྣམས་སྒྲོག་གྱུར་ན། །རབ་ཏུ་དགའ་བའི་སྐད་སྙན་འབྱིན། །བློ་ལྡན་མཁས་པར་གསོལ་བཏབ་ན། །བློ་དང་འཚམ་པའི་བསླབ་བྱ་སྟོན། །སྙིགས་དུས་སྐྱེས་མཆོག་ཁྱོད་ཉིད་ལ། །སྔོན་སྨོན་ལས་ཀྱིས་གནས་འདིར་མཇལ། །ཞལ་གདམས་ཚིག་འགའ་མ་ཐོས་ན། །མ་མཇལ་བ་དང་ཅིས་མི་འདྲ། །མགོན་ཁྱོད་ཐུགས་ལ་དེ་དགོངས་ལ། །བརྩེ་བ་ཆེན་པོས་གསུང་བར་ཞུ།། ༈བུ་ཁྱོད་སྔོན་བསགས་བསོད་ནམས་

p. 501

མཐུས། །ཚེ་འདིར་ཚེ་རིང་ནད་མེད་ཅིང་། །རིགས་གཟུགས་འབྱོར་དང་དབང་ཕྱུག་དང་། །ཤེས་རབ་ཡོན་ཏན་བདུན་གྱིས་མཛེས། །དལ་འབྱོར་ཚང་བའི་མི་ལུས་ཐོབ། །ཆོས་མཛད་ཀུན་ལ་དག་སྣང་ཆེ། །བདག་གིས་སྔོན་ཆད་གང་སྨྲས་ལ། །མཁས་པ་དགྱེས་པའི་སྡེབ་སྦྱོར་མེད། །འོན་ཀྱང་བྱིས་པས་ཅི་སྨྲས་རྣམས། །རྒན་པོས་ཐོས་ན་མི་ཁྲོ་ལྟར། །བློ་ཆུང་ང་འདྲེས་གོང་སྨྲས་ལ། །བློ་ལྡན་མཁས་པ་མི་ཁྲོ་སྙམ། །རྒན་པོ་བྱིས་པས་སྨྲས་པ་ལ། །མཚར་ནས་ཡང་ཡང་བསྐུལ་བ་ལྟར། །བློ་དམན་བདག་གིས་སྨྲ་བ་ལ། །མཚར་ནས་ཡང་ཡང་བསྐུལ་གྱུར་ན། །རྣལ་འབྱོར་བདག་གིས་གང་དྲན་སྨྲ། །སྐལ་ལྡན་བུ་ཁྱོད་མ་ཡེངས་ཉོན། །གངས་ཅན་བོད་དུ་ཡོངས་གྲགས་པའི། །མ་ནོར་ཟབ་མོའི་ལམ་བཟང་མཆོག །དབུ་མ་རྫོགས་ཆེན་ཕྱག་ཆེན་དང་། །ཞི་བྱེད་གཅོད་རྣམས་གང་མོས་ལ། །ཐོག་མར་ཐོས་བསམ་ནན་ཏན་གྱིས། །ཉམས་སུ་ལེན་ཚུལ་ལེགས་ཤེས་ནས། །དེ་དོན་ཚུལ་བཞིན་བསྒོམ་པར་མཛོད། །༈ངན་སོང་གསུམ་གྱི་སྡུག་བསྔལ་དྲན། །དེ་ལས་སྐྱོབ་མཁན་དཀོན་མཆོག་གསུམ། །གཏན་གྱི་སྐྱབས་སུ་ལེགས་འཛིན་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །ད་ལྟ་ཐོས་བསམ་བྱེད་མཁན་མང་། །སྒོམ་མཁན་མི་ནི་ཤིན་ཏུ་ཉུང་། །ཐོས་བསམ་བྱས་ནས་བསྒོམ་དགོས་སམ། །ཤེས་པ་ཙམ་གྱིས་ཆོག་གམ་ཅི། །༈བུ་ཁྱོད་མ་ཡེངས་ཚུར་ལ་ཉོན། །འོ་མ་མར་གྱི་རྒྱུ་ཡིན་མོད། །མ་བསྒྲིགས་བར་དུ་མར་མི་འབྱུང་། །ཏིལ་ནི་སྣུམ་གྱི་རྒྱུ་ཡིན་ཡང་། །མ་བཙིར་སྣུམ་ནི་ག་ལ་འོང་། །ཐོས་

p. 502

བསམ་བྱས་ནས་མ་བསྒོམས་ན། །འབྲས་བུ་སངས་རྒྱས་ཐོབ་མི་འགྱུར། །དེ་ཕྱིར་ཤེས་པས་མི་ཆོག་པར། །གང་ཤེས་རྩེ་གཅིག་བསྒོམ་པ་གཅེས།། ༈ལས་འབྲས་བསླུ་བ་མེད་མཁྱེན་ནས། །སྡིག་སྤངས་དགེ་བ་རབ་ཏུ་བསྒྲུབས། །གཏན་དུ་བདེ་བའི་བཙན་ས་བཟུང་། །མཚན་ལྡན་བླ་མ་རིན་པོ་ཆེ། །ཐོས་བསམ་བྱས་པས་མི་ཆོག་པར། །རྩེ་གཅིག་བསྒོམ་ལ་རག་ལས་ན། །གང་དུ་གནས་ནས་བསྒོམས་ན་བཟང་། །བློ་དམན་བདག་ལ་བསྟན་དུ་གསོ།། ༈དད་པ་ཅན་ཁྱོད་ལེགས་པར་ཉོན། །གང་ཞིག་སྒོམ་བྱེད་སྐྱེས་བུ་ཡིས། །འཇིག་རྟེན་ཆོས་བརྒྱད་འཁྲི་བ་བཅད། །འདུ་འཛིའི་གནས་རྣམས་རབ་སྤངས་ནས། །དམ་པ་གོང་མའི་རྣམ་ཐར་བཞིན། །རི་ཁྲོད་གནས་སུ་བསྒོམ་པར་བྱ།། ༈འཁོར་བ་མེ་མུར་འོབས་ལྟར་མཐོང་། །བསླབ་པ་གསུམ་དང་དེའི་ནང་ནས། །ཚུལ་ཁྲིམས་མིག་འབྲས་ལྟར་སྲུང་བའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འདུ་འཛིའི་གནས་རྣམས་མ་སྤངས་ན། །སྐྱོན་ནི་ཅི་ཡོད་གསུང་དུ་གསོལ།། ༈ཁྲིམས་ལྡན་དགེ་སློབ་ད་ཡང་ཉོན། །དབེན་པར་མི་སྡོད་འདུ་འཛི་ལ། །དགའ་བའི་མི་ལ་ཐར་བ་དཀའ། །འདུ་འཛིར་གནས་པའི་སྐྱེས་བུ་དེ། །དུག་ལྔ་འཇིག་རྟེན་ཆོས་བརྒྱད་དང་། །མི་དགེ་བཅུ་དང་བསམ་གཏན་གྱི། །སྒྲིབ་ལྔར་རྟག་ཏུ་འགྲོགས་པའི་ཕྱིར། །དགེ་བཅུ་བསླབ་གསུམ་ཕར་ཕྱིན་དྲུག །སྡོམ་གསུམ་བསྐྱེད་རྫོགས་རྫོགས་ཆེན་དང་། །ལྟ་སྒོམ་སྤྱོད་གསུམ་ཆོས་སྤྱོད་བཅུ། །ཚོགས་གཉིས་ལམ་དང་བྲལ་བས་ན། །ཞི་ལྷག་ཏིང་འཛིན་ག་ལ་ཡོད། །དེ་ཕྱིར་འདུ་འཛིའི་ཉེས་སྐྱོན་ནི། །རྒྱལ་བས་དུ་མ་

p. 503

གསུངས་པ་ཡིན།། ༈བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱིན་དྲུག་བསྡུ་བཞི་ལ་སོགས་པའི། །རྒྱལ་སྲས་སྤྱོད་པ་རླབས་ཆེན་སྤྱོད། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་འདུ་འཛིའི་གནས་བསྲིངས་ནས། །དབེན་པར་བསྡད་ན་ཡོན་ཏན་ཅི།། ༈ཚོགས་མེད་སྟོང་ཕོད་ཅན་ཁྱོད་ཉོན། །འདུ་འཛིའི་གནས་རྣམས་རབ་སྤངས་ནས། །རི་སུལ་དབེན་པར་གཅིག་པུ་རུ། །དྲང་སྲོང་ལྟ་བུར་གནས་གྱུར་ན། །ཉེས་སྐྱོན་ངང་གིས་མི་འབྱུང་ཞིང་། །ཡོན་ཏན་མཐའ་དག་ཤུགས་ཀྱིས་འཐོབ། །དངོས་པོ་གང་ལའང་ཆགས་མེད་པར། །ཆ་མ་རི་ཁྲོད་གནས་པས་སྦྱིན་པ་རྫོགས། །འདོད་ཆགས་སྐྱེ་བའི་ཡུལ་རྐྱེན་དང་། །བྲལ་བའི་ཚུལ་ཁྲིམས་རྣམ་པར་དག །མི་སྡུག་རྐྱེན་དང་མ་ཕྲད་པས། །ཁོང་ཁྲོ་མེད་པར་བཟོད་པའི་ངང་། །གཅིག་པུར་གནས་པས་བརྩོན་འགྲུས་ལྡན། །འདུ་འཛི་མེད་པས་བསམ་གཏན་འཕེལ། །བསམ་རྒྱུ་ཆོས་ལས་གཞན་མེད་པས། །ཤེས་རབ་སྐྱེས་ཤིང་དེ་བཞིན་དུ། །དྲན་དང་ཤེས་བཞིན་ངང་གིས་ལྡན། །དགེ་བ་བཅུ་དང་བསླབ་པ་གསུམ། །སྡོམ་གསུམ་བསྐྱེད་རྫོགས་རྫོགས་ཆེན་དང་། །ལྟ་སྒོམ་སྤྱོད་གསུམ་ཆོས་སྤྱོད་བཅུ། །ཚོགས་གཉིས་ངང་གིས་འཕེལ་བ་དང་། །ཞི་ལྷག་ཏིང་འཛིན་ཤུགས་ཀྱིས་སྐྱེ། །མཆོག་ཐུན་དངོས་གྲུབ་མ་ལུས་འཐོབ། །དེ་ཕྱིར་རྒྱལ་བ་སྲས་བཅས་ཀྱིས། །དབེན་པའི་ཡོན་ཏན་རྒྱ་ཆེར་གསུངས། །༈ཞི་གནས་ཡོལ་བས་རྣམ་རྟོག་རླུང་། །བཀག་ནས་ལྷག་མཐོང་མར་མེ་སྦར། །གནས་ལུགས་བྲིས་སྐུ་བལྟ་མཛད་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་

p. 504

ན་རི་ཁྲོད་དབེན་པ་རུ། །གནས་ལ་འགལ་རྐྱེན་མི་འབྱུང་ངམ།། ༈ཐོས་པ་ཅན་ཁྱོད་ད་ཡང་ཉོན། །རི་ཁྲོད་གནས་ན་འདུག་པ་ལ། །ལུང་སྟོང་རི་བྲག་བདག་པོ་མེད། །དེར་གནས་བྱ་དང་རི་དྭགས་ཀྱིས། །མི་སྙན་ཚིག་ནི་བརྗོད་མི་བྱ། །ནོར་རྫས་ཁྱེར་རྒྱུ་མ་མཆིས་པས། །ཇག་རྐུན་གནོད་པ་འོང་མི་འགྱུར། །ཆགས་སྡང་སྐྱེ་བའི་ཡུལ་མེད་པས། །མི་མཐུན་འགལ་རྐྱེན་ངང་གིས་མེད།། ༈དབང་ཐོབ་དམ་ཚིག་ཚུལ་བཞིན་བསྲུངས། །བསྐྱེད་རྫོགས་རྫོགས་ཆེན་ཉམས་སུ་བླངས། །ལམ་བཟང་རྟོགས་པ་མངོན་གྱུར་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་དེ་ལྟར་རི་ཁྲོད་དུ། །བསྡད་ན་མཐུན་རྐྱེན་ཚང་ལགས་སམ།། ༈ཁྲེལ་ཡོད་བུ་ཁྱོད་ད་ཡང་ཉོན། །མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡོད། །ས་ཕུག་བྲག་ཕུག་བྱ་སྐྱིབས་སོགས། །མ་བརྩིགས་ཁང་བཟང་ཉམས་དགའ་ཡོད། །འབབ་ཆུ་སྲོག་ཆགས་ཡོད་པ་དང་། །དྲི་ལྡན་རྩི་ཤིང་ནགས་ཚལ་དང་། །སྨན་སྤོས་མེ་ཏོག་སྣ་ཚོགས་ཡོད། །སྔོ་དང་ཤིང་འབྲས་ལ་སོགས་པའི། །ཁ་ཟས་ཞིམ་པོ་སྣ་ཚོགས་ཡོད། །རང་ལ་ནམ་དགོས་དུས་སྐབས་སུ། །སྤྱོད་ཀྱང་གཞན་གྱིས་སེར་སྣ་མེད། །རྔོན་པ་རྫི་བོ་ཤིང་འཐུན་གྱིས། །རི་ཁྲོད་གནས་པའི་དགེ་སྦྱོང་ལ། །དད་གུས་མོས་བསམ་མཐུན་རྐྱེན་བསྒྲུབས། །སྙན་པ་གོང་དུ་སོང་ནས་སྒྲོག །དེ་ཡི་སྟོབས་ཀྱིས་གྲོང་ཡུལ་གྱི། །དད་ཅན་སྐྱེ་བོ་ཕོ་མོ་ཡིས། །ཅི་འབྱོར་ཟས་གོས་མཐུན་རྐྱེན་སྟེར། །དེ་ཕྱིར་རི་ཁྲོད་འགྲིམ་པར་གྱིས།། ༈རབ་འབྱམས་གཞུང་ལུགས་ཀུན་ལ་མཁས། །ཉེས་ལྟུང་དྲི་མས་མ་གོས་བཙུན། །གཞན་

p. 505

ཕན་བྱང་ཆུབ་སེམས་གྱིས་བཟང་། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་རི་ཁྲོད་དབེན་པ་ན། །མི་མཐུན་འགལ་རྐྱེན་བར་ཆད་མེད། །མཐུན་རྐྱེན་ཚང་ན་ཆོས་བྱེད་མི། །ཐམས་ཅད་འགྲོ་བར་རིགས་པ་ལ། །ད་ལྟ་རི་ན་སྡོད་པ་ཉུང་། །དེ་ནི་ཅི་ཡིས་ལན་པ་ཡིན།། ༈ངོ་ཚ་མཁན་ཁྱོད་ད་ཡང་ཉོན། །མི་མཐུན་འགལ་རྐྱེན་བར་ཆད་མེད། །མཐུན་པའི་རྐྱེན་ཀུན་ཚང་བ་ཡི། །ངོ་མཚར་ལྷ་ཡུལ་ལས་ལྷག་པའི། །རི་ཁྲོད་དབེན་པའི་གནས་མཆོག་དེ། །སྐལ་མེད་རྣམས་ཀྱིས་ངོ་མ་ཤེས། །རྣམ་རྟོག་ཅན་རྣམས་ཐེ་ཚོམ་སྐྱེས། །འདུ་འཛི་བསོད་ནམས་ཅན་རྣམས་ཀྱིས། །ཕྱི་བཤོལ་ལུས་པས་སྐལ་བ་ཆད། །དེ་ཕྱིར་རི་ན་སྡོད་པ་ཉུང་། །རི་ཁྲོད་དབེན་པའི་དགའ་ཚལ་དེ། །སྔར་འདས་འཕགས་པའི་གཤེགས་ཤུལ་ཡིན། །ད་ལྟའི་དམ་པའི་བཞུགས་གནས་ཡིན། །མ་འོངས་སྐལ་ལྡན་འགྲོ་ས་ཡིན། །མཁས་བཙུན་རྣམས་ཀྱིས་སྨོན་ས་ཡིན།། ༈མཁས་ཤིང་གྲུབ་པ་མཆོག་བརྙེས་ཀྱང་། །འཁོར་དང་ལོངས་སྤྱོད་རྒྱང་བསྲིངས་ནས། །བྱ་བཏང་འབའ་ཞིག་མཛད་པ་ཡི། །མཚན་ལྡན་བླ་མ་རིན་པོ་ཆེ། །དེ་ལྟར་ཡུན་རིང་རི་ཁྲོད་དུ། །གྲོགས་མེད་གཅིག་པུར་གནས་པའི་ཚེ། །ཉིན་མོ་སྐྱོ་བར་མི་འགྱུར་རམ།། ༈ཤེས་རབ་ཅན་ཁྱོད་ད་ཡང་ཉོན། །ཤིན་ཏུ་ཉམས་དགའི་རི་ངོགས་ན། །འགྲོགས་ན་བདེ་བའི་གྲོགས་མང་ཡོད། །གཟུགས་དང་ཁ་དོག་མི་འདྲ་བའི། །ཡིད་འོང་རི་དྭགས་བག་ཕེབས་རྒྱུ། །ཕན་ཚུན་རྩེ་ཞིང་སྒྲ་སྐད་འབྱིན། །ཡུན་རིང་འདྲིས་ན་དྲུང་དུ་འོང་། །ནམ་ཟླ་དཔྱིད་སོས་དབྱར་

p. 506

གྱི་དུས། །རི་ཀླུང་ཐམས་ཅད་གཡུ་མདོག་འདྲ། །མེ་ཏོག་འབྲས་ལྡན་ཤིང་ཁ་རུ། །ཁུ་བྱུག་སྟོང་སྟོང་དགའ་བས་སྡིང་། །ཆུ་རྒྱུན་གཙང་མས་ལྷུང་སྒྲ་སྒྲོག །སུས་འཐུངས་སྐོམ་པས་གདུངས་པ་སེལ། །སྤང་གཞོངས་མེ་ཏོག་རབ་མཛེས་ལྡན། །བུང་བ་མང་བོས་གླུ་ལེན་བསྐོར། །ལུང་སྟོང་སྤང་ཐང་ན་ཀླུང་ན། །རྟ་ཕྱུགས་རྫི་བོ་ཕན་ཚུན་རྩེ། །མཚོ་དང་རྫིང་བུ་ཆུ་ངོགས་ན། །ངང་བ་སྐད་སྙན་ཡིད་འོང་འཕྱོ། །ཉིན་མོ་ནམ་ཡང་སྐྱོ་མི་འགྱུར། །འདུ་འཛི་སྡུག་བསྔལ་བྱ་བྱེད་མེད། །མི་དང་འགྲོགས་ན་ཆགས་སྡང་འབྱུང་། །དེ་ཕྱིར་རང་ཉིད་གཅིག་པུར་བདེ།། ༈ནམ་ཡང་དབེན་པའི་རི་ཁྲོད་ན། །སེང་གེ་བཞིན་དུ་གཅིག་པུར་རྒྱུ། །འཇིགས་མེད་གནས་ནས་སྒྲུབ་ལ་བརྩོན། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་ཉིན་མོ་མི་སྐྱོ་ཡང་། །མཚན་མོའི་དུས་སུ་མི་འཇིགས་སམ།། ༈རྒྱུད་འཇམ་ཁོག་ཡངས་ད་ཡང་ཉོན། །བདག་མེད་རྟོགས་པའི་རྣལ་འབྱོར་པ། །མཚན་མོའི་དུས་སུ་འཇིགས་པ་མེད། །གལ་ཏེ་འཇིགས་བྱེད་བྱུང་བའི་ཚེ། །དགེ་ལ་བསྐུལ་བའི་བླ་མ་དྲན། །འཇིགས་པའི་ཡང་དག་ལྟ་བ་ཡང་། །བརྗེད་མེད་རྟག་ཏུ་བསྒོམ་དུ་འཇུག །སེམས་ལ་བརྟན་པ་མྱུར་དུ་འཐོབ། །གྲོང་དུ་ཉོན་མོངས་འདུ་འཛིས་གཡེངས། །མཚན་མོ་བག་མེད་གཉིད་ལོག་པའི། །སེམས་ལ་བརྟན་པ་ཐོབ་དུས་མེད། །རྣལ་འབྱོར་བཏང་སྙོམས་ཅན་རྣམས་ཀྱིས། །ཉམ་ངའི་གནས་སུ་བསྒོམ་པ་གཅེས།། ༈བྱམས་དང་སྙིང་རྗེའི་སྤྲིན་འཁྲིགས་ནས། །ཕན་བདེའི་ལོ་ཏོག་སྤེལ་བའི་ཕྱིར། །འགྲོ་ལ་ཆོས་ཆར་འབབ་མཁས་པའི། །

p. 507

མཚན་ལྡན་བླ་མ་རིན་པོ་ཚེ། །འོ་ན་རི་ཁྲོད་དབེན་པ་རུ། །མི་མིན་གནོད་འཚེ་མི་འོང་ངམ།། ༈བསམ་བཟང་བུ་ཁྱོད་ད་ཡང་ཉོན། །ལུས་སྲོག་ཐེད་ལ་བོར་བྱས་ནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །བདག་མེད་ལྟ་བ་བསྒོམས་གྱུར་ན། །འབྱུང་བོ་མི་མིན་གདུག་སེམས་ཅན། །གདུག་པའི་སེམས་ཞི་བྱང་སེམས་ལྡན། །བསྲུང་བའི་གོ་ཆ་གཞན་མི་དགོས། །རི་ཁྲོད་དབེན་པར་གནས་པ་ལ། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །རབ་ཏུ་དགྱེས་པས་བྱིན་བརླབ་འགྱུར། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱིས། །བུ་བཞིན་དགོངས་ནས་རྟག་ཏུ་གཟིགས། །ཆོས་ལ་དགའ་བའི་ལྷ་རྣམས་ཀྱིས། །རྟག་ཏུ་དེ་ཡི་བར་ཆད་སེལ།། ༈ཐོས་བསམ་སྒོམ་གསུམ་ཉམས་འགྱུར་བའི། །མཛའ་བཤེས་སྦྱིན་བདག་ཁྱིམ་རྣམས་ལ། །ནམ་ཡང་ཆགས་པ་མི་མཛད་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་རི་ཁྲོད་དབེན་པ་རུ། །གནས་ལ་གདམས་ངག་སུ་ཡིས་སྟོན།། ༈བྱམས་སེམས་ཅན་ཁྱོད་ད་ཡང་ཉོན། །རི་ཁྲོད་དབེན་པར་གནས་པ་ལ། །གདམས་ངག་སྟོན་མཁན་མང་བོ་ཡོད། །ནམ་ཟླ་དུས་བཞིའི་འགྱུར་སྟོབས་ཀྱིས། །རྩི་ཤིང་ཁ་དོག་འགྱུར་བ་དང་། །མེ་ཏོག་གསར་རྙིང་བརྗེ་བ་དང་། །བ་མོས་རྩི་ཐོག་བསྐམས་པ་དང་། །རླུང་གིས་ལོ་འབྲས་བྲུལ་འགྱུར་ཞིང་། །ཤིང་ཕུང་བྱ་བྱེའུ་འདུ་གྱེས་དང་། །འབབ་ཆུ་རྣམས་ཀྱི་དར་རྒུད་དང་། །མཚོ་དང་ལྟེང་ཀ་ཞུ་འཁྱགས་དང་། །ཆུ་བྱ་འདུ་ཞིང་གྱེས་པ་དང་། །རི་དྭགས་ངེས་མེད་གནས་འཕོ་

p. 508

དང་། །ཉི་ཟླ་གཟའ་སྐར་འཆར་ནུབ་དང་། །ལོ་ཟླ་ཉིན་ཞག་འགྱུར་ལ་སོགས། །ཀུན་གྱིས་འཁོར་བའི་ཆོས་རྣམས་ལ། །རྟག་པ་གང་ཡང་མེད་དོ་ཞེས། །ཡང་ཡང་མི་རྟག་བརྡ་ཆོས་སྟོན། །དེ་ཡིས་རྐྱེན་བྱས་སྐྱོ་ཤས་སྐྱེ། །བྱ་བྱེའུས་བྱེའུ་ཕྲུག་གསོ་བ་དང་། །རི་དྭགས་ཕྲུ་གུ་སྐྱོང་བ་ཡིས། །འདི་ལྟར་འགྲོ་བ་བྱམས་དགོས་ཞེས། །བྱམས་དང་སྙིང་རྗེའི་བརྡ་ཆོས་སྟོན། །དེ་ཡིས་རྐྱེན་བྱས་རང་རྒྱུད་ལ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །བཅོས་མ་མིན་པ་སྐྱེ་བར་འགྱུར། །སྟོན་གྱི་ནམ་མཁའ་གཡའ་དག་གིས། །སེམས་ཉིད་སྟོང་གསལ་ཆོས་ཀྱི་སྐུ། །ཁོ་དང་མཚུངས་ཞེས་བརྡ་ཆོས་སྟོན། །དེ་ཡིས་རྐྱེན་བྱས་རི་ཁྲོད་པས། །སྐྱེ་མེད་ཆོས་སྐུའི་དོན་རྟོགས་འགྱུར། །མཁའ་ལ་ཤར་བའི་འཇའ་ཚོན་དང་། །གངས་དཀར་རི་སྐེད་ན་བུན་དང་། །ཐང་ལ་རྒྱུ་བའི་སྨིག་རྒྱུ་ཡིས། །འཁོར་འདས་ཆོས་རྣམས་ཁོ་འདྲ་ཞེས། །བདེན་མེད་སྟོང་ཉིད་བརྡ་ཆོས་སྟོན། །དེ་ཡིས་རྐྱེན་བྱས་ཆོས་རྣམས་ཀུན། །བདེན་མེད་སྟོང་བར་རྟོགས་པར་འགྱུར། །ཤེས་ན་ཕྱི་རོལ་དངོས་པོ་རྣམས། །དམ་ཆོས་སྟོན་པའི་སློབ་དཔོན་ཡིན། ༈དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན། །བསྣམས་ནས་ཆགས་སོགས་ཉོན་མོངས་དགྲ། །བྱུང་མ་ཐག་ཏུ་འཇོམས་མཛད་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་རི་ཁྲོད་དབེན་པ་རུ། །འཚོ་བས་ཕོངས་ན་ཅི་ལྟར་བྱ།། ༈སྙིང་རྗེ་ཅན་ཁྱོད་ད་ཡང་ཉོན། །ཆགས་མེད་རི་ཁྲོད་གནས་པ་ལ། །འཚོ་བ་མི་མིན་མཁའ་འགྲོས་སྦྱོར། །ཞེ་འདོད་ཀུན་བྲལ་རྣལ་འབྱོར་ལ། །ཅི་འདོད་འབྱུང་བ་ཆོས་ཉིད་ཡིན། །གལ་ཏེ་འཚོ་བས་ཕོངས་

p. 509

གྱུར་ན། །རབ་ཀྱིས་ཏིང་འཛིན་ཟས་སུ་ཟ། །འབྲིང་གིས་སྔོ་ཚོད་བཅུད་ལེན་དང་། །ཐ་མས་གནས་སྐབས་བསོད་སྙོམས་བྱ། །ཅུང་ཟད་རྙེད་ནས་རི་ཁྲོད་སྙེག །རྙེད་བཀུར་རོ་ལ་ཆགས་མི་བྱ། །གལ་ཏེ་རྙེད་བཀུར་ལ་ཆགས་ན། །ཉམས་བྲོད་ཡོན་ཏན་ཉམས་གྱུར་ནས། །ཉེས་སྐྱོན་མ་ལུས་འབྱུང་བར་འགྱུར། །དེ་ཕྱིར་དད་ལྡན་སྙིང་གི་བུ། །བར་སྣང་རླུང་བཞིན་མ་ཆགས་པར། །རི་དྭགས་བཞིན་དུ་རི་ཁྲོད་གནས། །ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཀྱང་། །ཁེངས་པའི་ང་རྒྱལ་མི་བྱ་ཞིང་། །དབུལ་ཡང་ཞུམ་པ་མ་བྱེད་ཨང་།། ༈རང་ནོར་གཞན་གྱིས་ཕྲོགས་པ་འམ། །འཕྲོག་ཏུ་བཅུག་ཀྱང་དེ་ཉིད་ལ། །ཆགས་མེད་དགའ་བས་སྟེར་མཛད་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་རི་ཁྲོད་གནས་པའི་ཚེ། །ན་ཚ་བྱུང་ན་ཅི་ལྟར་བྱ།། ༈བྱང་སེམས་ཅན་ཁྱོད་ད་ཡང་ཉོན། །རི་ཁྲོད་གནས་པའི་གང་ཟག་ལ། །སྡུག་བསྔལ་ན་ཚ་ཅི་བྱུང་ཡང་། །བྱང་ཆུབ་སེམས་གཉིས་ལ་སོགས་པའི། །བླ་མས་བསྟན་པའི་མན་ངག་རྣམས། །བསྒོམ་པར་བྱ་བ་མ་གཏོགས་པ། །སྨན་དང་རིམ་གྲོ་ལ་སོགས་པའི། །ཐབས་གཞན་དེ་དུས་བཙལ་མི་བྱ། །ཁྱད་པར་རྐྱེན་སྣང་ཕྲ་རགས་ལ། །ལུས་ཀྱི་གཅེས་འཛིན་དོར་བྱས་ནས། །ཕུང་བོ་ཟན་དུ་བསྒྱུར་བར་བྱ། །དེ་ཡིས་རྐྱེན་སྣང་རང་སར་ཞི། །གལ་ཏེ་ནད་ཚབས་ཆེར་གྱུར་ཀྱང་། །ནམ་ཡང་ངེས་པར་འཆི་དགོས་པས། །ཆོས་ཕྱིར་ཤི་ན་ཤིན་ཏུ་ལེགས། །རི་བའི་འཆི་ས་རི་ཁྲོད་ཡིན། །སྙམ་དུ་སྨན་ཐུན་གཅིག་ཙམ་གྱི། །ཕྱིར་ཡང་གྲོང་དུ་འབབ་མི་བྱ། །རི་དྭགས་རྨས་

p. 510

མ་ཇི་བཞིན་དུ། །ཤི་བ་མི་ཡིས་མི་ཐོས་ཤིང་། །རོ་རུལ་བྱ་ཡིས་མི་མཐོང་བར། །འཆི་བར་བྱེད་པ་རི་བའི་ལུགས།། ༈རང་ལ་ཉེས་པ་མེད་བཞིན་དུ། །གཞན་གྱིས་མགོ་བོ་གཅོད་ན་ཡང་། །ནམ་ཡང་ཁྲོ་བ་མི་མཛད་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་རྒྱུན་དུ་རི་ཁྲོད་དུ། །གནས་ནས་གཞན་དོན་མི་བྱེད་དམ།། ༈དྲི་བ་མཁན་ཁྱོད་ད་ཡང་ཉོན། །རི་དྭགས་རྨས་མ་ཇི་བཞིན་དུ། །གཅིག་པུར་རི་ཁྲོད་གནས་གྱུར་ན། །འགྲོ་དོན་ཞོར་ལ་ལྷུན་གྱིས་འགྲུབ། །འདུ་འཛིར་ཞུགས་ནས་གྲོང་བསྐོར་བའི། །ཆོས་བཤད་མན་ངག་བྱིན་པ་ཡིས། །ཕན་ཐོགས་ཆེན་པོ་འབྱུང་མི་འགྱུར། །ད་ལྟ་སྙིགས་མའི་མི་རྣམས་ཀྱི། །ཕལ་ཆེར་དྲུང་དུ་ཕྱིན་པའི་ཚེ། །འབྲོས་སམ་ཡང་ན་ཡིབ་པར་འགྱུར། །ལམ་དུ་ཕྲད་ན་བཟུང་ནས་འགྲོ། །ཡུན་དུ་འགྲོགས་ན་སུན་པ་སླ། །ཕར་ལ་བྲོས་ན་མཇུག་ན་འདེད། །ཡིབ་པའི་དུས་ན་འཚོལ་དུ་འོང་། །ཟས་ནོར་འདོད་ལ་མི་སྟེར་བར། །མི་འདོད་པ་ཡི་ཐོག་ཏུ་སྤུངས། །མཁས་པས་བཤད་ན་དེ་མི་ཉན། །མི་ཤེས་པ་ལ་ནན་གྱིས་ཞུ། །དེ་ཕྱིར་ལོག་པའི་སྐྱེ་བོ་རྣམས། །འདུལ་ལས་རི་ཁྲོད་དབེན་པ་རུ། །གནས་ནས་སྒྲུབ་ལ་བརྩོན་བྱས་ན། །གཡོ་ཅན་མི་རྒོད་སྡིག་ཅན་ཡང་། །རི་ཁྲོད་གནས་པ་དེ་མཐོང་ན། །དད་བརྩོན་ཤུགས་དྲགས་གཏིང་ནས་སྐྱེ། །དེ་ཕྱིར་བུ་ཁྱོད་གཞན་དོན་དུ། །རི་ཁྲོད་དབེན་པ་རྟག་ཏུ་སྟེན།། ༈མང་བོས་བཀུར་ཞིང་མཆོད་ན་ཡང་། །ཁེངས་པ་དོར་ནས་ཞི་དུལ་གྱི། །མཛད་པས་ཀུན་གྱི་ཡིད་འཕྲོག་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་དད་ཅན་འགའ་ཞིག་གིས། །སྤྱན་འདྲེན་བྱུང་ན་མི་འགྲོ་འམ།།

p. 511

༈སྨྲ་མཁས་བུ་ཁྱོད་ད་ཡང་ཉོན། །དད་པས་གྲོང་དུ་སྤྱན་འདྲེན་ན། །མངོན་ཤེས་ཡོད་ན་སེམས་ཅན་དེ། །འདུལ་བའི་དུས་ལ་བབ་ན་འགྲོ། །དེ་མིན་བདུད་ཀྱི་བསླུ་བྲིད་དུ། །ཤེས་པར་བྱས་ལ་རི་ཁྲོད་ནས། །གོམ་གང་ཙམ་ཡང་འཕག་མི་བྱ། །གལ་ཏེ་ལན་ཅིག་ཕྱིན་སྲིད་ན། །དེ་ནས་ལན་གྲངས་མང་བོ་རུ། །འགྲོ་དགོས་བྱུང་ན་རི་ཀླུང་གཉིས། །རྗེས་ཀྱིས་གང་ནས་བདུད་ཀྱིས་འཁྱེར། །དབེན་པར་བརྟན་པ་ཐོབ་པའི་ཚེ། །ཉམས་རྟོགས་བརྟན་གཡོ་བརྟག་པའི་ཕྱིར། །ཅུང་ཟད་ཚོགས་ཉུལ་མ་གཏོགས་པ། །བྲོད་མེད་རང་གར་ཕྱིན་གྱུར་ན། །ཐོག་མར་ཉམས་རྟོགས་བཟང་སྙམ་བྱེད། །དེ་ནས་ཉམས་དྲོད་མེད་པར་འགྱུར། །དེས་ན་བྱང་ཆུབ་མ་ཐོབ་བར། །བླ་མ་མགོ་ཡི་ཐོད་བཞིན་ཁུར། །རི་ཁྲོད་དབེན་པ་ཞྭ་ལྟར་སྟེན། །བྱང་ཆུབ་སེམས་གཉིས་ཕྱུགས་བཞིན་འཚོས། །དམ་སྡོམ་མིག་འབྲས་བཞིན་དུ་སྲུངས། །ང་རྒྱལ་རློམ་སེམས་དུག་བཞིན་སྤོངས། །༈བུ་བཞིན་བསྐྱངས་པའི་མི་རྣམས་ཀྱིས། །དགྲ་བཞིན་བལྟ་ཡང་དེ་ཉིད་ལ། །སླར་ཡང་ལྷག་པར་བྱམས་མཛད་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་རློམ་སེམས་ང་རྒྱལ་ནི། །བྱས་ན་སྐྱོན་ནི་ཅི་ཞིག་འབྱུང་།། ༈རི་འཛིན་བུ་ཁྱོད་ད་ཡང་ཉོན། །རི་ཁྲོད་གནས་པ་རློམ་འགྱུར་ཞིང་། །ང་བཟང་སྙམ་པའི་ང་རྒྱལ་གྱིས། །བདག་བསྟོད་གཞན་ལ་སྨོད་པ་དེ། །བདུད་ཀྱིས་བརླམས་སམ་རྨོངས་པ་ཡིན། །ང་རྒྱལ་རློམ་སེམས་ཐར་ལམ་གེགས། །གཞན་དག་སྨད་པས་ངན་འགྲོར་ལྟུང་། །དེ་ཕྱིར་བསྐལ་པར་རི་ཁྲོད་དུ། །གནས་ཀྱང་བྱང་ཆུབ་

p. 512

ཐོབ་མི་འགྱུར། །རྒྱུ་མཚན་གཏན་ཚིག་དེ་བས་ན། །ང་རྒྱལ་རློམ་སེམས་མི་བྱ་ཞིང་། །བདག་བསྟོད་གཞན་ལ་སྨོད་མི་བྱ། ༈ཉེས་པའི་སྐྱོན་རྣམས་ཀུན་དང་བྲལ། །ཡོན་ཏན་མ་ལུས་ཡོངས་རྫོགས་པའི། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་བུ། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་རི་ཁྲོད་དབེན་པ་རུ། །ཉམས་སུ་ཇི་ལྟར་ལེན་པར་བྱ།། ༈སྙིང་རུས་ཅན་ཁྱོད་ད་ཡང་ཉོན། །རི་ཁྲོད་དབེན་པར་གནས་པའི་ཚེ། །ལུས་ལ་ཧྲིལ་བོའི་གོན་པ་གྱོན། །ཟས་སུ་གང་བྱུང་ངན་ངོན་ཟོ། །སྐོམ་དུ་ཚྭ་མེད་རྡོར་མེད་ཐུངས། །ནམ་ཡང་མི་ཡིས་མི་མཐོང་ཞིང་། །བརྒྱ་ལ་མི་ཡིས་མཐོང་བའི་ཚེ། །རྗེ་བཙུན་མི་ལ་རས་པ་ཡིས། །ཟུ་ཚོད་བསྟེན་པའི་དུས་སྐབས་བཞིན། །ཟས་མེད་ཤ་སྐམ་མདོག་ནག་པའི། །སྐྱེས་བུ་འདི་འདྲ་སྙིང་རྗེ་ཞེས། །སྡང་དགྲའི་མཆི་མ་འཆོར་བ་ཞིག །ད་ནི་ལག་ལེན་མི་འགེལ་རི། །སྙམ་དུ་ཞེ་མནའ་ལན་གསུམ་སྐྱོལ། །ཕུགས་ནོར་བཅུ་བོ་སྙིང་ལ་ཆོངས། །ནམ་འཆི་ཆ་མེད་ཡང་ཡང་སོམས། །བདག་ནི་རི་ཁྲོད་འདིར་འོངས་ནས། །རྩེ་གཅིག་ཉམས་ལེན་མི་བྱེད་པར། །མི་ནོར་ཟས་གསུམ་འདོད་གྱུར་ན། །ཡུལ་ནས་འདུག་མོད་ཅི་ལ་འོངས། །རང་གིས་རང་མགོ་མ་སྐོར་ཅིག །དམ་ཆོས་ཉམས་སུ་མ་བླངས་ན། །ཡུལ་སྤངས་རི་ཁྲོད་འདིར་འོངས་པ། །དགོས་པ་ཅི་ཞིག་ཡོད་སོམས་ལ། །ཐ་མལ་མི་སྡོད་སྙིང་རུས་སྐྱེད། །ཉམས་རྟོགས་ལེགས་པོ་མ་སྐྱེས་བར། །འཕོངས་རུལ་གདན་རྡོལ་ཤི་ཡང་རུང་། །སྙམ་དུ་འཇིག་རྟེན་རྣམ་རྟོག་སྤོངས། །བླ་མའི་གདམས་ངག་ཉམས་སུ་ལོངས།། ༈ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །གང་གིས་མཆོད་ཅིང་གསོལ་བཏབ་ན། །

p. 513

ཅི་འདོད་རེ་བ་སྐོང་མཛད་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །འོ་ན་དེ་ལྟར་ཉམས་བླངས་ན། །གནས་སྐབས་མཐར་ཐུག་ཅི་ཞིག་འབྱུང་། ༈ཆོས་མཐུན་བུ་ཁྱོད་ད་ཡང་ཉོན། །དེ་ལྟར་ཉམས་སུ་བླངས་གྱུར་ན། །གནས་སྐབས་བདེ་སྐྱིད་སྙན་གསུམ་འབྱུང་། །འགྲོ་བའི་དོན་རྣམས་ཤུགས་ལ་འགྲུབ། །མཐར་ཐུག་མངོན་པར་རྫོགས་སངས་རྒྱས། །ཇི་སྲིད་འཁོར་བ་མ་སྟོངས་པར། །མ་ལུས་སེམས་ཅན་དོན་མཛད་འགྱུར། །རི་ཆོས་ཕུལ་བྱུང་གསེར་ཕྲེང་འདི། །རི་འཛིན་བུ་ཡིས་བསྐུལ་བའི་ངོར། །རི་ལ་དགའ་བའི་རྣལ་འབྱོར་ངས། །རི་བོ་མཚོ་སྙིང་གནས་ནས་སྨྲས། །ཞེས་པ་འདི་ཡང་སློབ་བུ་ཐུབ་བསྟན་རྒྱ་མཚོའི་དྲི་བ་དྲིས་ལན་དུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །མོས་པའི་བུ་ལ་བྱིན་གྱིས་རློབས། །སྡིག་པ་སྤྱད་ན་ངན་སོང་དུ། །འགྲོ་བས་མི་དགེ་ལས་རྣམས་སྤོངས། །དགེ་བ་བྱས་ན་མཐོ་རིས་དང་། །ཐར་བར་འགྲོ་བས་དགེ་ལ་སྤྱོད། །འགྲོ་ཀུན་དྲིན་ཅན་ཕ་མ་ཡིན། །ཀུན་ལ་བྱམས་དང་སྙིང་རྗེ་སྒོམས། །སེམས་བསྐྱེད་སངས་རྒྱས་ས་བོན་འདྲ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མཛོད། །བདག་འཛིན་འཆིང་བ་གཅོད་བྱེད་གྱི། །བདག་མེད་ལྟ་བ་ཡིན་པས་སྒོམས། །དེ་ལྟར་བྱས་ན་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་འཐོབ་པར་འགྱུར། །འདིས་ཀྱང་རང་གཞན་ཡོངས་ལ་ཕན། །ལྷ་ཆོས་བྱས་ནས་འཚང་རྒྱ་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲསཔའོ། །རྗེ་བླ་མ་དམ་པའི་ཞབས་ལ་འདུད། །བུ་བསྟན་པ་བཟང་བོ་

p. 514

གུས་པས་ཉོན། །གྲོགས་རབ་འབྲིང་ཐ་གསུམ་སུ་འགྲོགས་ཀྱང་། །རང་སྤྲང་བོའི་བུ་བཞིན་དམན་ས་ཟུངས། །ཚིག་ཤིན་ཏུ་འཇམ་པོ་སྨྲ་བའི་སྒོས། །གོས་བཟའ་བཏུང་ཡོད་ན་གང་མཁོ་བྱིན། །སྐྱོན་མཐོང་ཡང་གཞན་ལ་མི་སྒྲོག་པར། །དཔེ་ས་འོག་གཏེར་བཞིན་སྦོས་ལ་ཞོག །གྲོགས་བཟང་ངན་འབྲིང་གསུམ་སུ་ལའང་། །དུས་ནམ་ཡང་གནོད་པ་མི་བྱེད་པར། །ཕན་ཐོགས་དང་ཅི་འདྲ་ཞིག་ཡིན་ཡང་། །ཕན་ལན་དུ་དངོས་སམ་བརྒྱུད་ནས་ཀྱང་། །ཕན་འདོགས་པ་རྟེན་འབྲེལ་ཆོས་ཉིད་ཡིན། །ཕན་བཏགས་རྣམས་རང་ལ་ཞེན་དབང་གིས། །རང་ཡོན་ཏན་གང་ཡོད་དེའི་སྟེང་དུ། །སྒྲོ་བཏགས་ནས་གཞན་ལ་སྒྲོག་པར་བྱེད། །དེའི་གནད་ཀྱིས་རང་ལ་སྔར་དུས་སུ། །འབྲེལ་མེད་པ་རྣམས་ཀྱང་དད་པ་དང་། །ཅི་འབྱོར་བས་བསྙེན་བཀུར་བྱེད་པར་འགྱུར། །འདི་ཐོས་ཚད་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་སློབ་བུ་བསྟན་པ་བཟང་བོས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །གཉེན་པོའི་མདུང་རིང་རྣོན་པོ་ཕྱག་ཏུ་བསྣམས། །ཉོན་མོངས་དགྲ་རྣམས་ཆམ་ལ་འབེབས་མཛད་པའི། །བཀའ་གདམས་བླ་མ་རྣམམ་ལ་གུས་པས་འདུད། །ཉོན་མོངས་དམག་དཔུང་ཐུལ་བར་བྱིན་གྱིས་རློབས། །མཚན་ལྡན་བླ་མའི་མན་ངག་སྤྲིན་གྱི་རྡོ། །ཐོགས་ནས་རི་ཁྲོད་ནམ་མཁར་འཕྱོ་བ་ཡི། །རྣལ་འབྱོར་གཡུ་འབྲུག་གླུ་དབྱངས་སྒྲ་སྒྲོག་ལ། །སྐལ་ལྡན་སློབ་བུ་རྨ་བྱ་གཞོན་ནུ་ཉོན། །བྱམས་དང་སྙིང་རྗེའི་འདབ་མ་རབ་བརྐྱངས་ནས། །བྱང་ཆུབ་སེམས་ཀྱི་མཁའ་ལ་མི་འཕུར་བར། །ཆགས་སྡང་གཉིས་ཀྱི་མི་གཙང་འདམ་ལྷུང་ནས། །ཉོན་མོངས་དྲི་མས་

p. 515

གོས་པའི་བྱ་དེས་ཅི། །ཨེ་མ་སློབ་བུ་ཡ་རབས་རྨ་བྱ་མཆོག །རབ་གསལ་ཤེས་རབ་མིག་གིས་ཡར་ལ་ལྟོས། །བྱམས་དང་སྙིང་རྗེ་གཉིས་ཀྱི་གཤོག་པ་སྐྱོངས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྩེ་རུ་འཕུར། །ཡང་དག་ལྟ་བའི་མདུང་རིང་ལག་ཐོགས་ནས། །ཉོན་མོངས་དམག་དཔུང་འདུལ་བའི་ཤོམ་ར་བྱས། །ཁོ་བོ་ཐོག་ཏུ་བྱུང་དུས་མི་འཐབ་པར། །བག་མེད་རི་སྐྱིབས་འབྲོས་པའི་མི་དེས་ཅི། །ཨེ་མ་སློབ་བུ་དྲན་ཤེས་སྙིང་སྟོབས་ཅན། །ཉོན་མོངས་དགྲ་ཡི་དམག་དཔུང་སླེབས་པའི་དུས། །བག་མེད་རི་ཡི་སྐྱིབས་སུ་མ་བྲོས་པར། །ལྟ་བའི་མདུང་རིང་ཐོག་ལ་ཟིང་ངེ་བུད། །བློ་སྦྱོང་དོན་བདུན་ཤེལ་དཀར་མེ་ལོང་དུ། །བལྟས་ནས་རང་སེམས་གཞོན་ནུའི་བཞིན་རས་ལ། །ཉོན་མོངས་དྲི་མའི་སྐྱོན་གྱིས་གོས་པ་རྣམས། །བྱང་ཆུབ་སེམས་གཉིས་ཆུ་ཡིས་ཡང་ཡང་ཁྲུས། །དགེ་འདིས་སློབ་བུ་རྨ་བྱ་གཞོན་ནུའི་ཆོགས། །རྐྱེན་ངན་དུག་གི་སྐྱོན་གྱིས་མ་གོས་སྟེང་། །ལྷག་པར་བྱང་ཆུབ་སེམས་གཉིས་ཉམས་ལེན་གྱི། །སྒྲོ་མདོངས་ཁ་དོག་ཆེས་ཆེར་གསལ་བར་ཤོག །ཅེས་པ་འདི་ཡང་སློབ་བུ་རི་ཁྲོད་པ་ཐུབ་བསྟན་རྒྱ་མཚོ་ལ་སྨྲས་པའོ། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རྣལ་འབྱོར་བདག་གིས་ལྷག་བསམ་དག་པས། །གླུ་དབྱངས་ལེན་ལ་བུ་ཁྱོད་ཉོན་ཅིག །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད། །དཔེར་ན་སྒྱུ་མ་རྨི་ལམ་ཇི་བཞིན། །རང་གི་སེམས་ཉིད་གཅིག་པུའི་

p. 516

འཕྲུལ་ཡིན། །སེམས་དེ་གར་ཡོད་ཞིབ་ཏུ་ཚོལ་དང་། །གང་ཡང་མི་རྙེད་སྟོང་བ་ཉིད་ཡིན། །སྟོང་བ་དེ་ལ་འགྲོ་འོང་སྐྱེ་འགགས། །གསལ་འགྲིབ་མཐའ་དབུས་ཨེ་ཡོད་ལྟོས་དང་། །ཅི་ཡང་མི་རྙེད་གྱུར་དུས་དེ་ལྟར། །འཚོལ་མཁན་ཁོ་ལ་ངོས་བཟུང་ཨེ་ཡོད། །ལྟོས་དང་འདི་ཞེས་སྟོན་རྒྱུ་མི་རྙེད། །ཐམས་ཅད་སྟོང་བ་ཉིད་དུ་ཕྱམ་གྱིས། །སོང་དུས་སྟོང་སང་དེ་ཡི་ངང་དུ། །ཤེས་པ་ལྷོད་ཀྱིས་གློད་ལ་ཞོག་དང་། །རྣམ་རྟོག་སྔ་མ་ཐམས་ཅད་འགགས་ནས། །རྣམ་རྟོག་ཕྱི་མ་མ་འོངས་བར་དེར། །སྟོང་གསལ་རྗེན་པ་སྨྲ་རྒྱུ་མེད་པའི། །ཉམས་སུ་མྱོང་རྒྱུ་འདུག་པ་དེ་ཉིད། །ལྟ་བའི་གནས་ལུགས་མཐར་ཐུག་ཡིན་པའི། །ངང་དུ་མ་བཅོས་རང་བབ་ཞོག་ཅིག །སངས་རྒྱས་ལག་ཏུ་བཞག་པ་ཡིན་པས། །གནས་ལུགས་འདི་དང་འབྲལ་མེད་གྱིས་དང་། །ཚེ་གཅིག་ལུས་གཅིག་སངས་རྒྱས་ཐོབ་པར། །འགྱུར་ཞེས་ཨོ་རྒྱན་ཆེན་པོས་གསུངས་སོ། །དེ་ཡི་ངང་ལ་མི་གནས་རྣམ་རྟོག །འཕྲོ་ཚེ་རྟོག་དཔྱོད་གང་ཡང་མ་བྱེད། །ཤེས་པ་རང་སོར་གློད་ལ་ཞོག་དང་། །རྣམ་རྟོག་དེ་མ་ཐག་ཏུ་ཞི་ནས། །གནས་ལུགས་སྟོང་གསལ་རྗེན་པ་འཆར་རོ། །དེ་ཡི་ངང་དུ་གློད་ལ་ཞོག་ཅིག །བྱིང་རྨུགས་གཉིད་གསུམ་གང་བྱུང་དུས་སུ། །ལྟ་སྟངས་ཤེས་པ་ངར་བསྐྱེད་ས་ལེ། །སང་ངེ་ཧྲིག་གེ་རྗེན་ནེ་ཞོག་དང་། །བྱིང་རྨུགས་གཉིད་གསུམ་རང་སར་དྭངས་ནས། །གནས་ལུགས་སྟོང་གསལ་རྗེན་པ་འཆར་རོ། །དེ་ཡི་ངང་དུ་གློད་ལ་ཞོག་ཅིག །རྗེས་ཐོབ་དུས་ན་དཔེར་ན་སྒྱུ་མའི། །རྟ་གླང་རྣམས་དང་རྨི་ལམ་སྣང་བ། །སྒྱུ་མ་མཁན་དང་གཉིད་ལས་བྱུང་བཞིན། །ཆོས་རྣམས་ཐམས་ཅད་སེམས་སུ་ཐག་ཆོད། །སྒྱུ་མ་རྨི་ལམ་སྣང་སྟོང་

p. 517

ཇི་བཞིན། །ཆོས་རྣམས་ཐམས་ཅད་དེ་ལྟར་ལྟོས་ཤིག །སྒྱུ་མ་མཁན་གྱིས་ལྷ་ཡུལ་དམྱལ་བ། །སྤྲུལ་དང་གཉིད་ལོག་དུས་སུ་རྨི་ལམ། །བཟང་ངན་རྨིས་ནས་བདེ་སྡུག་མྱོང་བ། །མངོན་སུམ་གྲུབ་བཞིན་དགེ་སྡིག་གཉིས་ལས། །འབྲས་བུ་བདེ་སྡུག་འབྱུང་བར་ཡིད་ཆེས། །བསྐྱེད་ལ་སྒྱུ་མ་མཁན་གྱིས་ཞིང་ཁམས། །སྤྲུལ་བཞིན་ཕྱི་སྣོད་གཞལ་ཡས་ཁང་དང་། །ནང་བཅུད་ལྷ་དང་སྒྲ་རྣམས་སྔགས་སྒྲ། །ཡིན་པར་མོས་པའི་ང་རྒྱལ་བརྟན་ན། །དག་པའི་སྣང་བ་འབའ་ཞིག་འཆར་རོ། །གཞན་ཡང་གང་བྱེད་སྒྱུ་མ་རྨི་ལམ། །ལྟ་བུར་སྤྱོད་དང་ངོ་མཚར་ཆེའོ། །གླུ་དབྱངས་འདི་ཡིས་སྐལ་ལྡན་ཡོངས་ལ། །ཕན་པ་དཔག་མེད་ཐོགས་པར་གྱུར་ཅིག །ཅེས་པ་འདི་ཡང་སློབ་བུ་བསྟན་པ་ཕན་བདེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཐུགས་རྗེ་ཆེ་མངའ་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་ཡུལ་སྤངས་པའི་རི་བ་ངས། །རང་གཞན་ཡོངས་ལ་གྲོས་འདི་འདེབས། །བླ་མ་དགེ་བའི་བཤེས་གཉེན་ནི། །བསྟེན་ལ་ཟབ་མོའི་གདམས་པ་ཉོན། །ཆོས་ཤེས་ཙམ་གྱིས་འཚང་མི་རྒྱ། །ཤེས་པས་མི་ཆོག་ཉམས་སུ་ལོངས། །སེམས་ལ་གནོད་པའི་ཡུལ་སྤོངས་ལ། །རྟག་ཏུ་དགེ་བ་འཕེལ་སར་སྡོད། །བརྟན་པ་མ་ཐོབ་འདུ་འཛི་གནོད། །རི་ཁྲོད་དབེན་པ་ཞྭ་ལྟར་བསྟེན། །ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས། །དགེ་འཕེལ་གྲོགས་བསྟེན་དེ་སེམས་ཟུངས། །འཇིག་རྟེན་བྱ་བ་ཚར་དུས་མེད། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །གཞན་གྱིས་ཅི་བཤད་ཁར་མ་ཉན། །མཚན་ལྡན་བླ་མས་གང་

p. 518

གསུང་སྒྲུབས། །གུས་པ་ཆེན་པོས་ལེགས་བསྒྲུབས་ན། །རིང་བོར་མི་ཐོགས་འབྲས་བུ་འབྱུང་། །སྙིང་ནས་ཆོས་བཞིན་བྱས་གྱུར་ན། །ལྟོ་རྒྱབ་ཞོར་ལ་འབྱུང་བར་ངེས། །འདོད་ཡོན་ཚྭ་ཆུ་འཐུང་བ་བཞིན། །ངོམས་པ་མེད་པས་ཆོག་ཤེས་མཛོད། །དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས། །སྨོད་ལ་ཞི་ཞིང་དུལ་བར་གྱིས། །བསོད་ནམས་ཟེར་བའི་འདུ་འཛི་དེ། །ཆོས་ཀྱི་བར་ཆད་ཡིན་པས་སྤོངས། །རྙེད་བཀུར་བདུད་ཀྱི་ཞགས་པ་ཡིན། །འཆིང་བར་ངེས་པས་ཞེན་པ་ཐོངས། །བསྟོད་དང་གྲགས་པའི་ཚིག་རྣམས་ནི། །བསླུ་བྲིད་ཡིན་པས་སྣབས་བཞིན་དོར། །བདེ་སྐྱིད་སྙན་གསུམ་འཛོམས་ན་ཡང་། །ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། །འདི་བས་ཕྱི་མའི་ལམ་ཐག་རིང་། །ཕྱི་མའི་རྒྱགས་ཕྱེ་ནོར་རྣམས་གསོགས། །འཆི་ཚེ་ཐམས་ཅད་བཞག་ནས་འགྲོ། །གང་ལ་ཆགས་མེད་ཞེན་མེད་གྱིས། །དམན་པ་རྣམས་ལ་སྙིང་རྗེ་བསྐྱེད། །ཁྱད་དུ་གསོད་དང་བརྙས་པ་སྤོངས། །དགྲ་སྤུན་སྡེ་རིས་གང་ལ་ཡང་། །སྡང་ཞེན་ཕྱོགས་རིས་མེད་པར་མཛོད། །ཡོན་ཏན་ཅན་ལ་ཕྲག་དོག་ནི། །མ་མཛད་གུས་པས་ཡོན་ཏན་ལོངས། །ནམ་ཡང་གཞན་གྱི་སྐྱོན་མ་བརྟགས། །རང་སྐྱོན་རྟོགས་ལ་སྐྱོན་རྣམས་སྤོངས། །རང་དགེ་མ་བསམས་གཞན་དགེ་སོམས། །ཀུན་ལ་བྲན་བཞིན་གུས་པར་མཛོད། །འགྲོ་ལ་ཕ་མའི་འདུ་ཤེས་བསྐྱེད། །རྟག་ཏུ་ཀུན་ལ་བྱམས་པར་གྱིས། །བཞིན་མདངས་གསལ་ཞིང་འཛུམ་བཞིན་དུ། །བྱམས་པའི་ཡིད་ཀྱིས་ཚིག་འཇམ་སྨྱོས། །སྨྲ་བ་མང་ན་འཁྲུལ་བ་འབྱུང་། །ཚོད་བཟུང་རན་པར་སྨྲས་ན་བཟང་། །བྱ་བ་མང་ན་དགེ་སྦྱོར་ཆག །ཆོས་མིན་བྱ་བ་ཐམས་ཅད་ཞོག །སྙིང་བོ་མེད་པའི་ལས་རྣམས་ལ། །རྩོལ་བ་

p. 519

མ་བྱེད་དོན་གོ་མེད། །དམ་པས་ཁྲེལ་ན་ཤི་དང་འདྲ། །གཡོ་སྒྱུ་མེད་པར་དྲང་བོ་གྱིས། །ཚེ་འདིར་སྡུག་བསྔལ་ཅི་འབྱུང་རྣམས། །སྔོན་གྱི་ལས་སུ་གོ་བར་གྱིས། །བདེ་བ་ཐམས་ཅད་བླ་མ་ཡིན། །བཀའ་དྲིན་ཡིན་པས་དྲིན་གཟོ་མཛོད། །རང་རྒྱུད་མ་ཐུལ་གཞན་གྱི་རྒྱུད། །མི་ཐུལ་ཐོག་མར་རང་རྒྱུད་ཐུལ། །མངོན་ཤེས་མེད་པར་འགྲོ་བ་གཞན། །སྨིན་པར་མི་ནུས་སྒྲུབ་ལ་བརྩོན། །བསགས་པའི་ནོར་རྣམས་བཞག་ནས་འགྲོ། །ནོར་རྫས་ཕྱིར་དུ་སྡིག་མ་གསོགས། །ལོངས་སྤྱོད་གཡོ་བ་འདི་ཉིད་ལ། །སྙིང་བོ་མེད་པས་མཆོད་སྦྱིན་ཐོངས། །ཚེ་འདིར་མཛེས་ཤིང་ཕྱི་མ་རུ། །བདེ་བའི་ཚུལ་ཁྲིམས་རྣམས་དག་སྲུངས། །ཞེ་སྡང་མཚོན་ཆ་བྱུང་བའི་དུས། །ཁྲོ་མེད་བཟོད་པའི་གོ་ཆ་གྱོན། །ལེ་ལོས་རང་གཞན་དོན་མི་འགྲུབ། །དགེ་བའི་ལས་ལ་བརྩོན་འགྲུས་སྐྱེད། །རང་སེམས་འདུལ་དཀའི་གླང་བོ་ཆེ། །བསམ་གཏན་ཀ་བ་བརྟན་པོར་ཐོགས། །མ་རྟོགས་ལོག་རྟོག་དྲ་བ་རྣམས། །ཤེས་རབ་རལ་གྲིས་རྩད་ནས་ཆོད། །འཁོར་བའི་འདམ་རྫོབ་འདི་ཉིད་ན། །སྐྱིད་མེད་ཐར་བའི་སྐམ་སར་གཤེགས། །དེ་ལྟར་མཛད་ན་འདི་ཕྱི་རུ། །བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །རང་གཞན་ཡོངས་ལ་ཕན་ཕྱིར་སྨྲས། །དེ་སྐད་སྨྲས་པའི་དགེ་བའི་མཐུས། །རང་གཞན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་ཨ་རིག་གི་དད་ཅན་མཆོག་ལྡན་ཕུན་ཚོགས་སོགས་ཁོང་རྣམས་པ་འགས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བློ་ཆོས་ལ་ཕྱོགས་པར་བྱིན་

p. 520

གྱིས་རློབས། །ང་བྱ་བཏང་རྣལ་འབྱོར་གླུ་དབྱངས་ལ། །ཁྱེད་རྣམ་གྲོལ་ཉོན་ལ་ཡིད་ལ་ཟུངས། །མི་ལུས་འདི་ཡིད་བཞིན་ནོར་བུ་འདྲ། །རྙེད་ཤིན་ཏུ་དཀའ་བ་ཡིད་ལ་ཟུངས། །ཚེ་མི་རྟག་ནམ་མཁའི་འཇའ་ཚོན་འདྲ། །ཡུན་རིང་བོར་མི་སྡོད་ཡིད་ལ་ཟུངས། །ཁྱིམ་བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །ཀུན་སོ་སོར་འབྲལ་བ་ཡིད་ལ་ཟུངས། །རྒྱུ་དབྱར་དུས་རྩྭ་མགོའི་ཟིལ་བ་འདྲ། །དུས་རྒྱུན་དུ་མི་རྟག་ཡིད་ལ་ཟུངས། །མར་དམྱལ་ཁམས་མེ་ཡི་འོབས་དང་འདྲ། །སྡུག་བཟོད་པར་དཀའ་བ་ཡིད་ལ་ཟུངས། །སྲོག་བཅད་པ་གཤིན་རྗེའི་ཞགས་ཐེབས་འདྲ། །མཐར་དམྱལ་བར་ཁྲིད་པས་ཡིད་ལ་ཟུངས། །བརྐུས་འཕྲོག་བཅོམ་བྱས་པ་དོམ་བླངས་འདྲ། །སླར་སྐྱིན་པ་འཇལ་དགོས་ཡིད་ལ་ཟུངས། །མནའ་ཟོས་པ་དུག་ཆུ་འཐུངས་པ་འདྲ། །ཕྱིས་སྡུག་བསྔལ་མྱོང་བ་ཡིད་ལ་ཟུངས། །སྡིག་ལྟུང་བ་ཁུ་ཚུར་བྲག་བརྒྱབ་འདྲ། །ཚུར་སྡུག་བསྔལ་མྱོང་བ་ཡིད་ལ་ཟུངས། །རྫུན་བཤད་པ་རང་ཐོག་ས་སྤུངས་འདྲ། །སྡུག་རྒྱུན་དུ་མྱོང་བ་ཡིད་ལ་ཟུངས། །མཚང་བྲུས་པ་བྲག་ལ་གཏམ་སྨྲས་འདྲ། །ལན་དེ་འདྲ་འབྱུང་བ་ཡིད་ལ་ཟུངས། །ཆོས་བྱས་པ་གསེར་དངུལ་བླངས་པ་འདྲ། །གང་བྱས་ཚད་འཚེངས་པ་ཡིད་ལ་ཟུངས། །ལུས་དལ་བར་མ་སྡོད་ཕྱག་སྐོར་རེམ། །ཁ་དལ་བར་མ་སྡོད་མ་ཎི་ཐོན། །སེམས་བཟང་ན་ཅི་བྱས་ཆོས་སུ་འགྲོ། །མི་གཞན་ལ་བསམ་པ་དཀར་བོ་གྱིས། །གླུ་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱི། །བློ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཅེས་པ་འདི་ཡང་དགེ་སློང་རྣམ་གྲོལ་གྱིས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འཁོར་འདས་ཆོས་ཀུན་ལག་

p. 521

མཐིལ་སྐྱུ་རུ་ར། །རློན་པ་བཞག་ནས་བལྟས་ལྟར་ས་ལེར་མཁྱེན། །ཞལ་ནས་ནམ་ཡང་རྫུན་གྱི་ཚིག་མི་གསུང་། །དུས་གསུམ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །བདག་དང་བདག་འདྲའི་སྙིགས་དུས་སྐྱེ་བོ་ཡིས། །དཀར་ནག་ལས་འབྲས་བསླུ་བ་མེད་ཤེས་ནས། །མི་དགེ་ལས་རྣམས་ཕྲ་ཞིང་ཕྲ་བ་སྤངས། །དགེ་ཚོགས་མཐའ་དག་བསྒྲུབ་པར་བྱིན་གྱིས་རློབས། །ད་ལྟ་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཡར་འགྲོ་དམ་པའི་ལྷ་ཆོས་མི་བྱེད་པར། །མར་འགྲོ་མི་དགེ་ལས་རྣམས་བྱེད་པ་ཡི། །སྙིགས་དུས་སྐྱ་སེར་ཕོ་མོ་བསྒྲིམས་ཏེ་ཉོན། །འོ་སྐོལ་འཛམ་བུ་གླིང་བ་འདིའི་འོག་ནས། །དཔག་ཚད་སྟོང་ཕྲག་ཉི་ཤུ་འདས་པ་ན། །ལྕགས་ཀྱི་ཁང་བ་གྲུ་བཞི་ངོས་རེ་ལ། །དཔག་ཚད་བཅུ་གཉིས་ཡོད་པ་དེ་དབུས་ན། །སེང་གེས་བཏེགས་པའི་མཐོ་བའི་ཁྲིའི་སྟེང་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བཞུགས། །ཕྱག་ཏུ་སྲིད་པ་ལས་ཀྱི་མེ་ལོང་དང་། །ཁྲམ་ཤིང་དཀར་ནག་ཐོགས་ནས་ལེགས་ཉེས་འབྱེད། །མཐའ་སྐོར་ཕྱོགས་མཚམས་རྣམས་སུ་མདོག་མི་སྡུག །གཤིན་རྗེ་ཕོ་ཉ་མགོ་བརྙན་མི་འདྲ་བ། །མཚོན་ཆ་ཐོགས་པ་གྲངས་མེད་ཤིག་ཤིག་བྱེད། །མི་གང་ཤི་བ་དམྱལ་བའི་གཤེད་མས་འཁྲིད། །ལྷན་ཅིག་སྐྱེས་པའི་ལྷ་ཡིས་མདུན་ནས་བསུས། །མཉམ་པོར་འོངས་པའི་བདུད་ཀྱིས་རྒྱབ་ནས་དེད། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་འགྲོ། །འེ་ཚོ་འེ་ཚོ་སེམས་ཡོད་ཕོ་མོ་རྣམས། །ད་ལྟ་ད་ལྟ་མི་འཆི་ངེས་པ་མེད། །མ་བྱེད་མ་བྱེད་མི་དགེ་ལས་མ་བྱེད། །བྱེད་ན་བྱེད་ན་དགེ་བའི་ལས་ལ་འབོད། །དྲུང་དུ་སོང་ན་ཞལ་ནས་འདི་སྐད་དུ། །ཁྱོད་ནི་སངས་

p. 522

རྒྱས་བསྟན་པ་དར་སར་སྐྱེས། །མཚན་ལྡན་བླ་མ་མང་བོའི་ཞལ་ནས་ངས། །དགེ་སྡིག་གཉིས་ཀྱི་རྩིས་གྲངས་ཞིབ་མོ་བརྒྱབ། །དགེ་བྱས་ཡར་གཏོང་སྡིག་བྱས་མར་གཏོང་ཞེས། །གསུངས་པ་ཐོས་ནས་ཆོས་བྱས་ཡོད་མོད་སྙམ། །གསུང་མཆོག་ཡི་གེ་དྲུག་མ་ཅི་ཙམ་བཏོན། །ཕྱག་སྐོར་སྨྱུང་གནས་བསྙེན་གནས་ཅི་ཙམ་བསྲུངས། །དཀོན་མཆོག་མཆོད་པ་དགེ་འདུན་བསྙེན་བཀུར་དང་། །ངན་སློང་སྦྱིན་གཏོང་ཕ་མའི་ཞབས་ཏོག་སོགས། །དགེ་བ་གང་བྱས་ཐམས་ཅད་དྲང་བོར་ཤོད། །སྲོག་བཅད་མ་བྱིན་པ་བླངས་མི་ཚངས་སྤྱོད། རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་། །བརྣབ་སེམས་གནོད་སེམས་ལོག་ལྟ་ལ་སོགས་པའི། །མར་འགྲོ་མི་དགེ་ལས་རྣམས་མ་བྱས་མོད། །བྱས་སམ་མ་བྱས་དྲང་བོར་ཤོད་ཤོད་ཟེར། །འཇིགས་སོ་འཇིགས་སོ་དེ་དུས་ཅི་ཞིག་ཞུ། །མི་རྣམས་མི་རྣམས་དམ་པའི་ལྷ་ཆོས་མཛོད། །འདི་དང་འདི་འདྲའི་དགེ་བ་བྱས་ལགས་ཞེས། །མང་བོ་མང་བོ་བཤད་རྒྱུ་ཡོད་ནི་གྱིས། །དེ་སྐད་གསུངས་ཚེ་དགེ་བ་བྱས་པའི་མི། །དགའ་བཞིན་སྐད་གསེང་མཐོན་པོས་འདི་སྐད་ཞུ། །ལེགས་སོ་བདག་ནི་སྔོན་བསགས་བསོད་ནམས་མཐུས། །གླིང་གི་མཆོག་གྱུར་འཛམ་བུའི་གླིང་དུ་སྐྱེས། །རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པར་མཇལ། །ཆུང་ནས་བསྟན་དང་བསྟན་འཛིན་རྣམས་ལ་དད། །ཆེར་སོང་བླ་མ་མང་བོའི་ཞབས་པད་བསྟེན། །དབང་ལུང་མན་ངག་གདམས་པ་མང་བོ་ཞུས། །ཁྱེད་ཀྱི་དགེ་སྡིག་རྩིས་གྲངས་ཞིབ་བོ་ཞེས། །ལན་གཅིག་མ་ཡིན་ཡང་ཡང་རྣ་བས་གོ །ཐམས་ཅད་མཁྱེན་པ་སངས་རྒྱས་གསུང་གང་ལའང་། །མི་བདེན་མི་སྲིད་སྙམ་ནས་དགེ་བའི་

p. 523

ལས། །ཡི་གེ་དྲུག་མ་ཕྱག་སྐོར་འདི་ཙམ་བྱས། །སྨྱུང་གནས་བསྙེན་གནས་གཉིས་ལ་འདི་ཙམ་སོང་། །དཀོན་མཆོག་མཆོད་པ་ཕ་མའི་ཞབས་ཏོག་དང་། །སེམས་ཅན་སྲོག་བསྐྱབས་སྦྱིན་བཏང་ཚངས་པར་སྤྱད། །བདེན་སྨྲ་འཁོན་པ་བསྡུམས་དང་ཚིག་འཇམ་སྨྲས། །དོན་དང་ལྡན་པའི་གཏམ་བཤད་ཆོག་ཤེས་བྱས། །བྱམས་པ་སྒོམ་དང་ལས་འབྲས་ཡིད་ཆེས་སོགས། །དགེ་བའི་ལས་ནི་གང་ཐུབ་འབད་པ་ལགས། །མི་དགེ་ལས་ནི་ཤེས་བཞིན་བྱས་པ་མེད། །མ་ཤེས་བཞིན་དུ་བྱས་འདྲ་ཨེ་ཡོད་སྙམ། །བར་བར་བཤགས་པ་མང་བོ་བྱས་ཡོད་ལགས། །ཞུས་ཚེ་ལྷན་ཅིག་སྐྱེས་པའི་ལྷ་བཞེངས་ནས། །ཕྱག་གསུམ་བཙལ་ནས་འཛུམ་བཞིན་འདི་སྐད་ཞུ། །ཨེ་མ་ཆོས་རྒྱལ་ཆེན་པོ་བདག་ལ་དགོངས། །མི་འདིའི་ཆ་རྒྱུས་ཐམས་ཅད་ང་ལ་ཡོད། །མི་འདིའི་ཡུལ་དང་ཕ་མ་འདི་སྐད་ཡིན། །ཁོ་བོ་ཆུང་ནས་དཀོན་མཆོག་གསུམ་ལ་དད། །སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེ་ཆེ། །ཡིག་དྲུག་ཕྱག་སྐོར་སྨྱུང་གནས་བསྙེན་གནས་བསྲུངས། །དཀོན་མཆོག་མཆོད་པ་དབུལ་བོར་སྦྱིན་པ་བཏང་། །བླ་མ་ཕ་མའི་ཞབས་ཏོག་བྱས་པ་སོགས། །ཁོ་ཡིས་སྔར་ཞུས་རྣམས་ལ་རྫུན་མེད་བདེན། །མི་འདིས་དཀར་བོ་དགེ་བ་བྱས་པའི་གྲངས། །འདི་ཞེས་རྡེའུ་དཀར་བོ་མདུན་དུ་སྤུངས། །མི་འདི་མཐོ་རིས་ལྷ་འམ་མི་ཡུལ་དུ། །ད་ལྟ་ཆོས་རྒྱལ་ཁྱེད་ཀྱིས་ཐོངས་ཤིག་ཟེར། །དེ་ནས་མཉམ་པོར་འོངས་པའི་བདུད་ལངས་ནས། །ལྷན་ཅིག་སྐྱེས་པའི་ལྷ་ཡིས་གང་ཞུས་རྫུན། །མི་འདིས་མི་དགེ་འདི་དང་འདི་

p. 524

འདྲ་བྱས། །མི་དགེ་གང་བྱས་རྣམས་ཀྱི་གྲངས་འདི་ཞེས། །རྡེའུ་ནག་པོ་གང་ཡོད་མདུན་དུ་འཇོག །མི་འདིས་གཞན་ཡང་མི་དགེ་བྱས་ཡོད་ལགས། །ངན་འགྲོའི་གནས་སུ་མི་འདི་ཐོངས་ཤིག་ཟེར། །དེ་ལྟར་བཤད་རེས་བྱེད་དུས་བདུད་ཕམ་ནས། །ལྷ་དེ་རྒྱལ་དུ་ཆུགས་ཤིག་འདིར་ཚོགས་ཚོ། །དེ་ནས་ལས་ཀྱི་མེ་ལོང་ནང་དུ་བལྟ། །ཁྱོད་ཀྱིས་དགེ་བ་བྱས་པ་འདི་རེད་ཅེས། །ལས་ཀྱི་མེ་ལོང་རང་ལ་བསྟན་པའི་ཚེ། །ནང་དུ་བལྟས་པས་སྔར་བྱས་དགེ་བའི་ལས། །ས་ལེར་མཐོང་ཚེ་སྔར་ལས་ལྷག་པར་དགའ། །དེ་ནས་དཀར་ནག་རྡེའུ་མང་ཉུང་རྩིས། །རྒྱ་མར་འཇལ་ནས་ཁྲམ་ཤིང་དཀར་བོ་ལ། །ཡི་གེ་བྲིས་ནས་ཞལ་ནས་འདི་སྐད་དུ། །མི་ཁྱོད་མི་ལུས་ཐོབ་པ་དོན་ལྡན་བྱས། །ང་ནི་ཆོས་ཀྱི་རྒྱལ་པོ་ཡིན་པས་ན། །མི་དགེ་བྱས་པ་མཐོ་རིས་གཏང་བ་དང་། །དགེ་བྱས་ངན་འགྲོར་བཏང་བ་གཅིག་མེད་ཅེས། །མཐོ་རིས་ལྷའམ་མི་ཡུལ་འགྲོ་བའི་ལམ། །བསྟན་ནས་ད་ནི་མི་ཁྱོད་ལམ་འདིར་སོང་། །སྔར་བཞིན་དགེ་བ་གྱིས་ལ་ཤོག་ཅིག་གསུངས། །ལེགས་སོ་ཞུས་ནས་མཐོ་རིས་ལམ་ལ་འགྲོ། །ལྷ་འམ་མི་ཡུལ་གཞན་དུ་འགྲོ་དགོས་ན། །མི་དེ་ཁ་ཕྱིར་ཕྱོགས་ནས་འདི་སྐད་ཟེར། །འཛམ་བུ་གླིང་དུ་འགྲོ་བའི་མི་ཡོད་ན། །ང་བཞིན་དཀར་བོ་དགེ་བ་བྱས་གྱུར་ན། །མཐོ་རིས་གནས་སུ་འགྲོ་གི་ཤོད་ཅིག་ཟེར། །ད་ལྟ་སྡུག་རུང་དམ་ཆོས་བྱེད་པའི་མི། །དེ་དུས་དགོད་བཞིན་མཐོ་རིས་གནས་སུ་འགྲོ། །མ་ན་མ་ཤི་གོང་འདིར་ཆོས་བྱེད་དགོས། །མ་བྱེད་མ་བྱེད་རྣམ་གཡེང་ལས་མ་བྱེད། །མ་འདུག་མ་འདུག་ད་ལྟ་ལྷ་ཆོས་རེམ། །མ་ཉལ་མ་ཉལ་ཕྱག་སྐོར་ཁ་ཏོན་གྱིས། །མི་དགེ་སྡིག་པ་

p. 525

བྱས་པའི་མི་རྣམས་ནི། །གཤིན་རྗེ་ཆོས་རྒྱལ་དྲུང་དུ་སོང་ཙ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོས་སྔར་ལྟར་འདྲི། །དྲིས་ཚེ་ལ་ལ་དངངས་ནས་ལུས་པོ་འདར། །ལ་ལས་མཆི་མ་འབྱིན་བཞིན་སྨྲ་མི་ནུས། །ལ་ལས་བདག་གིས་ཆུང་དུས་ཆོས་མ་དྲན། །ཆེར་སོང་ཁྱིམ་ཚང་བཟའ་བ་མང་བོ་ཡི། །ལྟོ་རྒྱབ་གཉིས་ཀ་མ་འདང་མ་ཁེབས་ནས། །དམ་ཆོས་བསྒྲུབ་ལ་ཁོམ་སྐལ་མ་བྱུང་ལགས། །བླ་མ་མང་བོས་དམྱལ་བའི་སྡུག་བསྔལ་དང་། །ཚེ་ཚད་ལ་སོགས་བཤད་པ་ཡང་ཡང་དུ། །གོ་རུང་མི་བདེན་བཤད་ཚོད་ཡིན་བསམས་ནས། །ཅུང་ཟད་ཁོམ་ཡང་དོན་གཉེར་མ་བྱས་ལགས། །འདི་བཞིན་དགེ་སྡིག་རྩིས་གྲངས་ཞིབ་མོ་ཞིག །རྒྱག་གིན་ཡོད་པ་ད་མིན་ངས་མ་མཐོང་། །ད་ནི་ཁྱིམ་དུ་ཕྱིར་ལ་ང་ཅིག་ཐོངས། །དགེ་བའི་ཕྱོགས་ལ་འབད་ནས་འོང་ལགས་ཟེར། །དེ་ནས་མཉམ་པོར་འོངས་པའི་བདུད་ལངས་ནས། །ཕྱག་གསུམ་འཚལ་ནས་འཛུམ་བཞིན་འདི་སྐད་ཞུ། །ཨེ་མ་ཆོས་རྒྱལ་བདག་ལ་སྙན་གསོན་དང་། །མི་འདིའི་ཆ་རྒྱུས་ཐམས་ཅད་ང་ལ་གསལ། །ཞུ་རྒྱུ་མང་བོ་ང་ཡི་ཁ་ན་ཡོད། །མི་འདི་སྐྱེས་པའི་ཡུལ་དང་ཕ་མ་འདི། །ཁོ་བོ་ཆུང་ནས་སྡིག་པའི་ལས་ལ་དགའ། །མཐོང་ཚད་ཁྱི་ལ་རྡོ་དང་དབྱུག་པས་རྡུང་། །བྱེའུ་ཕྲུག་བླངས་དང་བྱ་བྱི་མང་བོ་བསད། །ཆེར་སོང་ར་ལུག་རི་དྭགས་ཉ་ལ་སོགས། །སེམས་ཅན་རིགས་ནི་མང་བོ་བསད་ནས་ཟོས། །མི་བསད་རྟ་དེད་ཕ་མ་གཉིས་ལ་བརྡུངས། །བརྐུས་དང་འཕྲོག་བཅོམ་ལ་སོགས་མི་དགེའི་ལས། །མི་འདིས་བྱས་ཚད་གྲངས་ནི་འདི་ཡིན་ཞེས། །

p. 526

དྲེའུ་ནག་པོ་མང་བོ་མདུན་དུ་སྤུངས། །ཆོས་རྒྱལ་ཁྱེད་ཀྱིས་ད་ཅང་གསུང་མི་དགོས། །མི་འདི་དམྱལ་བ་མ་གཏོགས་འགྲོ་ས་མེད། །ལས་ཀྱི་མེ་ལོང་ནང་དུ་ལྟ་རྒྱུ་མེད། །རྒྱ་མར་འཇལ་རྒྱུའང་ཅང་མེད་ད་ཁྲིད་ཟེར། །དེ་ནས་ལྷན་ཅིག་སྐྱེས་པའི་ལྷ་བཞེངས་ནས། །བཞིན་མདངས་གནག་ནས་མི་འདིས་ཆུང་ངུའི་དུས། །དམ་ཆོས་མ་དྲན་ཆེར་སོང་སྡིག་གྲོགས་ཀྱི། །དབང་དུ་སོང་ནས་དགེ་བ་ཆེར་མ་བྱས་། །འདི་དང་འདི་འདྲའི་དཀར་བོ་དགེ་བ་བྱས། །དགེ་བ་གང་བྱས་གྲངས་ནི་འདི་ཡིན་ཞེས། །རྡེའུ་དཀར་བོ་གང་ཡོད་མདུན་དུ་འཇོག །མི་འདིས་སྔར་ཞུས་ལྟར་དུ་ཕྱིར་ཐོངས་དང་། །དགེ་བའི་ལས་ལ་འབད་ནས་འོང་ལགས་ཟེར། །མཉམ་པོར་འོངས་པའི་བདུད་ཀྱིས་ལན་འདི་འདེབས། །ཧ་ཧ་སྔོན་ཆད་མི་འགའ་ཕྱིར་བཏང་ནས། །འོངས་པའི་མི་ཁྱོད་མཐོང་ངམ་ཐོས་སམ་ཅི། །ལྷ་ཁྱོད་ལབ་ལབ་མ་མང་ཁ་རོག་ཟེར། །དེ་ལྟར་བཤད་རེས་བྱེད་དུས་ལྷ་ཕམ་ནས། །བདུད་དེ་རྒྱལ་དུ་མ་འཇུག་སེམས་ཡོད་ཚོ། །དེ་ནས་ལས་ཀྱི་མེ་ལོང་ནང་དུ་བལྟ། །ཁྱོད་ཀྱིས་མི་དགེ་གང་བྱས་འདི་རེད་ཅེས། །མེ་ལོང་བསྟན་པའི་ནང་དུ་བལྟས་པའི་ཚེ། །སྔར་བྱས་མི་དགེ་སྡིག་པའི་ལས་རྣམས་ནི། །མཐོང་ཚེ་སྔར་བས་འགྱོད་པ་དྲག་པོ་སྐྱེས། །དེ་ནས་དཀར་ནག་རྡེའུ་ཞིབ་ཏུ་རྩིས། །རྒྱུ་མར་བཀྱགས་ནས་ཁྲམ་ཤིང་ནག་པོ་ལ། །ཡི་གེ་བྲིས་ནས་ཞལ་ནས་འདི་སྐད་དུ། །མི་ཁྱོད་མི་ལུས་ཐོབ་པ་དོན་མེད་བྱས། །ང་ནི་ཆོས་ཀྱི་རྒྱལ་པོ་ཡིན་པས་ན། །སྔོན་ཆད་མི་དགེའི་སྡིག་པ་བྱས་པའི་མི། །མཐོ་རིས་བཏང་དང་དགེ་བ་བྱས་པའི་མི། །ངན་འགྲོར་བཏང་བའི་མི་

p. 527

ནི་གཅིག་ཀྱང་མེད། །གཤིན་རྗེ་ཕོ་ཉ་རྣམས་ལ་འདི་སྐད་གསུངས། །མི་འདི་མ་འཇོག་དམྱལ་བའི་གནས་སུ་ཁྱེར། །ལོ་འམ་བསྐལ་པ་འདི་འདྲའི་བར་ཞོག་ཅེས། །དེ་དང་དེ་འདྲའི་ཞལ་གསུང་འཇིགས་པོ་གོ །བསམ་ཞིང་བསམ་ཞིང་འཇིགས་སྐྲག་འགྱོད་པ་སྐྱེ། །མ་བྱེད་མ་བྱེད་མི་དགེ་བཅུ་མ་བྱེད། །བྱེད་ན་བྱེད་ན་ད་ལྟ་དགེ་བཅུ་སྒྲུབས། །དེ་ནས་གཤིན་རྗེ་ཕོ་ཉ་མང་བོ་ཡིས། །ཨ་ལ་ལ་དང་ཧ་ཧའི་གད་རྒྱངས་བསྒྲགས། །སྐེ་ལ་འཆོར་མེད་ཞགས་པ་ནག་པོ་འདེབས། །ལུས་ལ་མཚོན་ཆ་རྣོན་པོ་མང་བོས་བཏབ། །སོད་ཆོད་རྒྱོབ་གཏུབས་ལ་སོགས་དགྲ་སྐད་འཐེན། །སྤྱི་བོ་ས་ལ་བཙུགས་ནས་ལམ་ནག་གི །ནང་དུ་ཐུར་དུ་འཁྲིད་དུས་འདི་སྐད་ཟེར། །འཛམ་བུ་གླིང་དུ་འགྲོ་བའི་མི་ཡོད་ན། །ང་བཞིན་ལྟོ་རྒྱབ་ཕྱིར་དུ་སྡིག་མ་བྱེད། །བྱས་ན་དམྱལ་བར་འགྲོ་གི་ཤོད་ཅིག་ཟེར། །ད་ལྟ་དགོད་བཞིན་སྡིག་ལས་བྱེད་པའི་མི། །དེ་དུས་ངུ་བཞིན་སྡུག་བསྔལ་མྱོང་བར་འགྱུར། །མི་རྣམས་མི་རྣམས་བསམ་བློ་ཞིབ་ཏུ་ཐོངས། །འཇིགས་སོ་འཇིགས་སོ་དེ་དུས་ཅི་ཞིག་བྱ། །མ་བྱེད་མ་བྱེད་མི་དགེའི་ལས་མ་བྱེད། །མྱུར་བར་མྱུར་བར་དགེ་བའི་ལས་ལ་རེམ། །གླུ་དབྱངས་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །དཀར་ནག་ལས་འབྲས་བསླུ་མེད་ཤེས་བྱས་ནས། །ནག་པོ་མི་དགེའི་ལས་རྣམས་ཐམས་ཅད་སྤངས། །དཀར་བོ་དགེ་བའི་ལས་ལ་འབད་པར་ཤོག །ཅེས་པ་འདི་ཡང་སློབ་བུ་ངག་དབང་བཀྲ་ཤིས་ཀྱིས་ཀུན་ལ་ཕན་པའི་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །

p. 528

དཔེ་དགོས་འདོད་ཀུན་འབྱུང་ནོར་བུ་ཡིས། །གཞན་ཅི་འདོད་རེ་བ་སྐོང་བ་བཞིན། །ཡར་ཐར་འདོད་སྐལ་ལྡན་གདུལ་བྱ་ཡི། །ཡིད་གང་འདོད་ཆོས་གསུང་ཆོས་ཀྱི་རྒྱལ། །རང་ནམ་འདོད་དུས་སུ་སྤྱི་གཙུག་ཏུ། །སེམས་གང་འདོད་དངོས་གྲུབ་སྩོལ་ཕྱིར་བཞུགས། །སྟེང་མཐོ་ལ་ཡངས་པའི་ནམ་མཁའ་དེ། །ཁོ་འཕོ་འགྱུར་མེད་པར་གནས་པའི་ཚེ། །ནང་ལྷོ་སྤྲིན་ལང་ལོང་འཁྲིགས་ན་ཡང་། །སླར་སྔར་བཞིན་འཕོ་འགྱུར་མ་བྱུང་བས། །ནང་ལྷོ་སྤྲིན་རང་སར་ཡལ་བ་དང་། །མཁའ་འཕོ་འགྱུར་མེད་པར་གནས་པ་མཚར། །བར་སྲ་ཞིང་བརྟན་པའི་རི་བོ་དེ། །ཁོ་གཡོ་འགུལ་མེད་པར་གནས་པའི་ཚེ། །ནང་རྩི་ཤིང་ཕྱི་རུ་རྒྱས་ན་ཡང་། །སླར་སྔར་བཞིན་གཡོ་འགུལ་མ་བྱས་པས། །ནང་རྩི་ཤིང་རང་སར་ཐིམ་པ་དང་། །རི་གཡོ་འགུལ་མེད་པར་གནས་པ་མཚར། །སྨད་དྭངས་གསལ་རྙོག་མེད་རྒྱ་མཚོ་དེ། །ཁོ་བྲི་གང་མེད་པར་གནས་པའི་ཚེ། །ནང་རྦ་རླབས་ཕྱོགས་བཅུར་གཡོ་ན་ཡང་། །སླར་སྔར་བཞིན་བྲི་གང་མ་བྱས་པས། །ནང་རྦ་རླབས་རང་སར་ཞི་བ་དང་། །མཚོ་བྲི་གང་མེད་པར་གནས་པ་མཚར། །གནས་དབེན་པར་འདུག་པའི་སྒོམ་ཆེན་ང་། །སེམས་སྟོང་གསལ་མཉམ་གཞག་ངང་གནས་ཚེ། །ནང་བཟང་ངན་རྣམ་རྟོག་འཕྲོ་ན་ཡང་། །སླར་སྔར་བཞིན་མཉམ་གཞག་ངང་གནས་པས། །ནང་རྣམ་རྟོག་རང་སར་ཞི་བ་དང་། །བསྒོམ་རྒྱུན་ཆད་མེད་པར་གནས་པ་མཚར། །འདི་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ཡིན། །དུས་ད་དུང་དྲིན་ལན་སྒྲུབ་པས་འཇལ། །ཤུགས་བརྩེ་བས་གཟིགས་ཤིག་ངག་གི་དབང་། །གླུ་འདི་ཐོས་སྒོམ་ཆེན་ཐམས་ཅད་ཀྱི། །སེམས་རྣམ་རྟོག་དབང་དུ་མི་འགྲོ་བར། །

p. 529

བསྒོམ་རྒྱུན་ཆད་མེད་པར་སྐྱོང་ནུས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་དབེན་པའི་སྤང་གཞོངས་མེ་ཏོག་ཕང་ཕུང་གཡོ་ཞིང་བུང་ལང་ལིང་འཕུར་བའི་རི་སྐྱིབས་ནས་བླངས་པའོ། །མདོ་རྒྱུད་གསུང་རབ་ཐམས་ཅད་ནས། །སངས་རྒྱས་ལས་ཀྱང་ཆེར་བསྔགས་པའི། །ཟླ་མེད་སྐྱབས་མགོན་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་དཔོན་བྱ་རྒྱལ་རྒོད་པོ་འདྲ། །འཆི་བདག་བདུད་ནི་ཐག་རྙི་འདྲ། །རྙི་ཡིས་ནམ་འཛིན་ཆ་མེད་པས། །བླ་དཔོན་རྣམས་ཚོ་དོགས་ཟོན་གྱིས། །བཙན་པོ་སེང་གེ་དཀར་མོ་འདྲ། །འཆི་བདག་བདུད་ནི་སྲིན་བུ་འདྲ། །སྲིན་བུས་ནམ་གསོད་ཆ་མེད་པས། །བཙན་པོ་རྣམས་ཚོ་དོགས་ཟོན་གྱིས། །མཁས་པ་ནེ་ཙོ་སྨྲ་མཁན་འདྲ། །འཆི་བདག་བདུད་ནི་རྒྱ་ཁྲ་འདྲ། །རྒྱ་ཁྲས་ནམ་འཛིན་ཆ་མེད་པས། །མཁས་པ་རྣམས་ཚོ་དོགས་ཟོན་གྱིས། །དཔའ་བོ་རྒྱ་སྟག་ཁྲ་བོ་འདྲ། །འཆི་བདག་བདུད་ནི་ས་མདའ་འདྲ། །ས་མདས་ནམ་གསོད་ཆ་མེད་པས། །དཔའ་བོ་རྣམས་ཚོ་དོགས་ཟོན་གྱིས། །རྒན་རྒོན་གད་ཁའི་སྡོང་རྒན་འདྲ། །འཆི་བདག་བདུད་ནི་རླུང་ཆེན་འདྲ། །རླུང་གིས་ནམ་བསྒྱེལ་ཆ་མེད་པས། །རྒན་རྒོན་རྣམས་ཚོ་དོགས་ཟོན་གྱིས། །གཞོན་པ་ལྷ་ཁང་ལོག་བྲིས་འདྲ། །འཆི་བདག་བདུད་ནི་ཐིགས་ཆུ་འདྲ། །ཐིགས་པས་ནམ་བརྡུང་ཆ་མེད་པས། །གཞོན་པ་རྣམས་ཚོ་དོགས་ཟོན་གྱིས། །བྱིས་པ་སྟོན་ཀའི་མེ་ཏོག་འདྲ། །འཆི་བདག་བདུད་ནི་བ་མོ་འདྲ། །བ་མོས་ནམ་འཁྱེར་ཆ་མེད་པས། །བྱིས་པ་རྣམས་ཚོ་དོགས་ཟོན་གྱིས། །

p. 530

མདོར་ན་ཚེ་སྲོག་མར་མེ་འདྲ། །འཆི་རྐྱེན་མང་བ་ཆར་རླུང་འདྲ། །གློ་བུར་ནམ་གསོད་ཆ་མེད་པས། །རྒན་གཞོན་བར་མས་དོགས་ཟོན་གྱིས། །དེ་ལ་ཕན་པའི་ཐབས་འཚོལ་ན། །བསྟེན་ན་མཚན་ལྡན་བླ་མ་སྟེན། །ཉན་ན་ཟབ་མོའི་གདམས་པ་ཉོན། །བསྒོམས་ན་དབེན་པའི་རི་ལ་སྒོམས། །ཡང་ན་ཡུལ་ནས་དཀོན་མཆོག་མཆོད། །དབུལ་ཕོངས་རྣམས་ལ་སྦྱིན་པ་ཐོངས། །རྒྱུན་དུ་བླ་མ་ཕ་མ་བཀུར། །མཇུག་ཏུ་བསྔོ་བ་སྨོན་ལམ་ཐོབས། །དེ་ལྟར་བྱས་ན་ཚེ་རབས་ཀུན། །བདེ་ཞིང་ནམ་ཞིག་སངས་རྒྱས་འགྱུར། །འདི་ཐོས་གནས་སྐབས་བདེ་ཞིང་སྐྱིད། །མཐར་ཐུག་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་མཛད་ཡོངས་ཀྱི་གཙུག་གི་རྒྱུན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཆོས་ཀྱི་སྒོར་ཞུགས་གང་ཟག་རྣམས། །ཆོས་དང་མཐུན་པར་བྱིན་གྱིས་རློབས། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །ཉིན་མཚན་ཀུན་ཏུ་དམ་ཆོས་ལ། །ཐོས་བསམ་སྒོམ་གསུམ་བྱེད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཉོན་མོངས་ཡར་ངོའི་ཟླ་ལྟར་འཕེལ། །དཀར་ཆོས་ཐོ་རངས་རྒྱུ་སྐར་ལྟར། །འགྲིབ་པའི་ཕ་ཡུལ་སྤོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །བུང་བས་སྙན་པའི་སྒྲ་སྒྲོག་པའི། །དབེན་པའི་རི་ངོགས་བསྟེན་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ། །བསགས་པའི་ནོར་རྫས་ཤུལ་དུ་འཇོག །ཚེ་འདི་བློ་ཡིས་གཏོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །འགྲོགས་ན་དུག་

p. 531

གསུམ་ཆེར་འཕེལ་ཞིང་། །བྱམས་དང་སྙིང་རྗེ་འགྲིབ་བྱེད་པའི། །གྲོགས་པོ་ངན་པ་སྤོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། །ཡོན་ཏན་ཚོགས་རྣམས་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་བསྟེན་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །འཇིག་རྟེན་ལྷ་ལ་སྐྱབས་མི་འཚོལ། །ནམ་ཡང་བསླུ་བ་མེད་པ་ཡི། །དཀོན་མཆོག་སྐྱབས་སུ་བསྟེན་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །བཟོད་དཀའ་ངན་སོང་སྡུག་བསྔལ་རྣམས། །སྡིག་ལས་འབྲས་བུར་ཐུབ་པས་གསུངས། །སྡིག་པའི་ལས་རྣམས་སྤོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །སྲིད་པའི་བདེ་ལ་མི་ཆགས་པར། །ནམ་ཡང་མི་འགྱུར་ཐར་བ་ཡི། །བདེ་བ་དོན་དུ་གཉེར་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །དྲིན་ཅན་མ་རྣམས་སྡུག་གྱུར་ན། །རང་བདེ་ཅི་བྱ་སེམས་ཅན་རྣམས། །སྒྲོལ་ཕྱིར་སེམས་མཆོག་བསྐྱེད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །སྡུག་བསྔལ་བདག་བདེ་འདོད་ལས་བྱུང་། །བདེ་བ་གཞན་ཕན་སེམས་ལས་བྱུང་། །བདག་བདེ་གཞན་སྡུག་བརྗེ་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །བདག་ནོར་གཞན་གྱིས་ཕྲོགས་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་བ་དེ་ལ་བསྔོ་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཉེས་པ་མེད་བཞིན་རང་གི་མགོ །གཅོད་ཀྱང་ཡིད་ཀྱིས་མི་དེ་ཡི། །སྡིག་པ་བདག་ལ་ལེན་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །རང་ལ་གཞན་གྱིས་མི་སྙན་པ། །སྣ་ཚོགས་སྒྲོག་ཀྱང་བྱམས་སེམས་ཀྱིས། །

p. 532

དེ་ཡི་ཡོན་ཏན་བརྗོད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །མཚང་འབྲུ་ཚིག་ངན་སྨྲ་བའི་མི། །དགེ་བའི་བཤེས་སུ་འདུ་ཤེས་ཀྱིས། །དེ་ལ་གུས་པས་འདུད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །བདག་གིས་བུ་བཞིན་བསྐྱངས་པའི་མིས། །བདག་ལ་དགྲ་བཞིན་བལྟ་ན་ཡང་། །སླར་ཡང་ལྷག་པར་བརྩེ་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །གཞན་གྱིས་བརྙས་འཐབ་བྱེད་ན་ཡང་། །སླར་ཡང་དེ་ཉིད་བླ་མ་བཞིན། །རང་གི་སྤྱི་བོར་འཁུར་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །འཚོ་བས་ཕོངས་ཤིང་མི་ཡིས་བརྙས། །ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡུག་བསྔལ་ལེན་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །འགྲོ་བ་མང་བོས་བཀུར་ཞིང་མཆོད། །ནོར་རྫས་ཕུལ་ཀྱང་སྙིང་བོ་མེད། །ཤེས་ནས་ཁེངས་པ་མེད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཞེ་སྡང་དགྲ་བོ་མ་བཏུལ་ན། །ཕྱི་རོལ་དགྲ་བོ་བཏུལ་ཀྱང་འཕེལ། །དེ་ཕྱིར་རང་རྒྱུད་འདུལ་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །འདོད་ཡོན་ལན་ཚྭའི་ཆུ་དང་འདྲ། །ཅི་ཙམ་སྤྱད་ཀྱང་ངོམས་པ་མེད། །གང་560ལ་ཞེན་ཆགས་སྤོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཡིད་འོང་ཡུལ་དང་ཕྲད་པའི་ཚེ། །འཇའ་བཞིན་མཛེས་ཀྱང་བདེན་མེད་དུ། །བལྟས་ནས་ཞེན་ཆགས་སྤོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །མི་འདོད་རྐྱེན་དང་ཕྲད་པའི་ཚེ། །རྨི་ལམ་སྐབས་སུ་སྡུག་མྱོང་ལྟར། །བདེན་མེད་འཁྲུལ་བར་བལྟ་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ལུས་དང་ལོངས་སྤྱོད་ཐམས་ཅད་ལ། །ནམ་ཡང་ཆགས་པ་མི་མཛད་པར། །

p. 533

གང་ཡོད་སྦྱིན་པར་གཏོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཁྲིམས་མེད་རང་དོན་མི་འགྲུབ་ན། གཞན་དོན་བསྒྲུབ་པ་སྨོས་ཅི་དགོས། །དེ་ཕྱིར་ཚུལ་ཁྲིམས་བསྲུང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཞེ་སྡང་སྐད་ཅིག་གཅིག་གིས་ཀྱང་། །བསྐལ་པ་དུ་མའི་དགེ་རྩ་གཞོམ། །དེ་ཕྱིར་བཟོད་བ་བསྒོམ་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཚོགས་གཉིས་བསོད་ནམས་བསགས་པའི་ཕྱིར། །མགོ་ལ་མེ་ཤོར་གསོད་པ་ལྟར། །མྱུར་དུ་བརྩོན་འགྲུས་བསྐྱེད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །རྣམ་གཡེང་ཚོགས་རྣམས་རབ་བཅོམ་ནས། །ལུས་སེམས་ཤིན་སྦྱངས་བདེ་བའི་རོས། །མྱོས་བྱེད་བསམ་གཏན་བསྒོམ་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཤེས་རབ་མེད་ན་ཕར་ཕྱིན་ལྔའི། །སངས་རྒྱས་ཐོབ་པར་མི་ནུས་པས། །ཁྱད་པར་ཤེས་རབ་བསྐྱེད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །རང་རྒྱུད་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་གྱིས་ཆོས་མིན་བྱེད། །རྒྱུན་དུ་རང་རྒྱུད་བརྟག་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཐེག་ཆེན་ལ་ཞུགས་གང་ཟག་གིས། །ཉེས་པ་བརྗོད་ན་རང་ཉིད་ཉམས། །དེ་ཕྱིར་ཉེས་པ་མི་གླེང་བ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཐོས་བསམ་སྒོམ་པའི་བྱ་བ་རྣམས། །ཉམས་པའི་མཛའ་བཤེས་སྦྱིན་བདག་ཁྱིམ། །རྣམས་ལ་ཆགས་པ་སྤོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །རྩུབ་པའི་ཚིག་གིས་གཞན་སེམས་འཁྲུགས། །དེ་ཕྱིར་གཞན་ཡིད་མི་འོང་བའི། །མི་སྙན་

p. 534

ཚིག་རྩུབ་སྤོང་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཉོན་མོངས་དགྲ་བོ་མ་བྱུང་དུས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན། །བཟུང་ནས་འབུར་བཅོམ་བྱེད་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །མདོར་ན་བྱ་བ་ཅི་བྱེད་ཀྱང་། །རྒྱུན་དུ་དྲན་ཤེས་ལེགས་བསྟེན་ནས། །རང་གཞན་དོན་གཉིས་བསྒྲུབ་པ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །དེ་ལྟར་བྱས་པའི་དགེ་བ་རྣམས། །འགྲོ་ཀུན་སངས་རྒྱས་ཐོབ་པའི་ཕྱིར། །འདུན་པ་དྲག་པོས་བསྔོ་བ་དེ། །ཆོས་པ་རྣམས་ཀྱི་ལག་ལེན་ཡིན། །ཆོས་པ་རྣམས་ཀྱི་ལག་ལེན་འདི། །ཆོས་པའི་གཟུགས་འཛིན་རི་བ་ངས། །ཆོས་མིན་བྱ་བ་མི་འདོད་པའི། །ཆོས་བྱེད་འདོད་ལ་ཕན་ཕྱིར་སྨྲས། །འདི་ཉིད་ཐོས་ཚད་མི་རྣམས་ཀྱིས། །འདི་དང་མི་མཐུན་རྣམས་སྤངས་ནས། །འདི་བཞིན་ལག་ཏུ་བླངས་པའི་མཐུས། །འདི་ཕྱི་ཀུན་ཏུ་སྐྱིད་པར་ཤོག །ཅེས་པ་འདི་ཡང་སློབ་བུ་བསྟན་པ་ཕན་བདེས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །འཆི་བ་ཡང་ཡང་དྲན་པར་བྱིན་གྱིས་རློབས། །གངས་ལ་གནས་པའི་སེང་གེ་དཀར་མོ་དེ། །སྲིན་བུ་ཁོག་ཏུ་ཞུགས་ཏེ་གསོབ་ནས་བསད། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་ཡིན། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །ཆུ་ལ་གནས་པའི་ཉ་མོ་གསེར་མིག་དེ། །ལྕགས་ཀྱུ་རྣོན་པོས་བཟུང་ནས་ཉ་བདས་བསད། །འདི་ཡང་མི་རྟག་འཆི་བའི་

p. 535

དཔེ་གཅིག་ཡིན། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །རྫ་རིར་གནས་པའི་ཤ་བ་སྨུག་པོ་དེ། །མེ་མདའ་འཕངས་ནས་རྔོན་པ་རྣམས་ཀྱིས་བསད། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་ཡིན། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །ནགས་ལ་གནས་པའི་རྒྱ་སྟག་ཁྲ་བོ་དེ། །ས་མདའ་རྣོན་པོས་མཆན་དུ་བརྒྱབ་ནས་བསད། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་ཡིན། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །སྒོ་ལ་གནས་པའི་ར་དང་ལུག་རྣམས་ནི། །གློ་བུར་ས་ལ་བསྐྱེལ་ནས་གཡོག་པོས་བསད། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་ཡིན། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །རྒན་གཞོན་བར་མའི་མི་རྣམས་ཕལ་ཆེར་ནི། །མེ་ཆུ་དུག་མཚོན་ནད་ཀྱིས་གློ་བུར་བསད། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་ཡིན། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །འདི་ཉིད་ཐོས་ཚད་འཆི་བས་རྒྱུད་བསྐུལ་ནས། །དལ་བའི་རྟེན་ལ་སྙིང་བོ་ལེན་པར་ཤོག །ཅེས་པ་འདི་ཡང་དགེ་སློང་བྱམས་པ་མཐའ་ཡས་ཀྱིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །མདོ་རྒྱུད་མན་ངག་སྟོན་པའི་གསུང་། །མཁྱེན་བརྩེ་ཡོན་ཏན་མངའ་བའི་ཐུགས། །མཚན་ལྡན་བླ་མའི་ཞབས་ལ་འདུད། །རྙེད་དཀའི་རྟེན་ཐོབ་བསྟན་དང་མཇལ། །མཁས་གྲུབ་བླ་མ་མང་བསྟེན་པའི། །དད་ལྡན་སྙིང་གི་བུ་མཆོག་ལ། །སྤྱི་སྒོས་བསླབ་བྱ་བཤད་ཀྱིས་ཉོན། །བླ་མའི་དྲུང་དུ་འདུག་དུས་སུ། །སྐྱོན་རྟོག་རྣམ་གཡེང་མ་བྱེད་པར། །ཅི་མཛད་ལེགས་པར་ལྟོས་ཤིག་དང་། །ཕྱིན་རླབས་མྱུར་དུ་རྒྱུད་ལ་འཇུག །མཆེད་གྲོགས་རྣམས་དང་འགྲོགས་དུས་སུ། །ཉེ་རིང་ཕྱོགས་ཆའི་ཆགས་སྡང་གིས། །གཅིག་ཟེར་གཅིག་ལ་མ་ལབ་པར། །

p. 536

མཐུན་པོ་གྱིས་དང་ཅི་བསམ་འགྲུབ། །དེང་སང་ཆོས་ལུགས་མང་ན་ཡང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག །ཀུན་ལ་མ་སྨོད་དག་སྣང་སྦྱོངས། །ཆོས་སྤོངས་ཉེས་པས་མི་གོས་བཟང་། །ཞེ་སྡང་ལན་གཅིག་སྐྱེས་ན་ཡང་། །སྔར་བྱས་དགེ་ཀུན་འཇོམས་པར་གསུངས། །བཟོད་པ་སྒོམས་དང་དགེ་མི་འཇོམས། །ཕྱི་མའི་དུས་ན་གཟུགས་བཟང་ཐོབ། །དད་ཟས་གཤིན་ཟས་ཟེར་བ་དེ། །ཕྲལ་དུ་ཞིམ་ཡང་ཕུགས་སུ་གནོད། །བྱུང་དུས་ཁོང་འཛུམ་མི་བྱེད་པར། །དཀོར་སྦྱོང་མཛོད་དང་རྣམ་སྨིན་མེད། །གྲོང་དགོན་གང་ནའང་བདེ་བ་མེད། །སྡུག་བསྔལ་ཆུ་ཆེན་གཉེར་མ་འདྲ། །དབེན་པའི་རི་ཁྲོད་སྟེན་ཅིག་དང་། །འཕྲལ་ཕུགས་གཉིས་ཀྱི་བདེ་སྐྱིད་འབྱུང་། །འཇིག་རྟེན་ལས་ལ་ཚར་དུས་མེད། །འདོད་ཡོན་སྤྱད་ཀྱང་ངོམས་པ་མེད། །དམ་པའི་ལྷ་ཆོས་མཛོད་ཅིག་དང་། །གཏན་གྱི་འདུན་མ་འགྲུབ་པར་ངེས། །སྙིགས་དུས་ཚེ་ལ་ངེས་པ་མེད། །དོ་ནུབ་ཡིན་ཡང་འཆི་ཉེན་ཡོད། །ཆོས་ལ་ཕྱི་བཤོལ་མ་བྱེད་པར། །མྱུར་དུ་གྱིས་དང་འཆི་ཚེ་དགའ། །ཚེ་འདིའི་ཁ་རྒྱབ་སུས་ཀྱང་སླ། །ཕྱི་མའི་བདེ་བ་རྙེད་པར་དཀའ། །ད་ལྟ་དམ་ཆོས་གྱིས་ཤིག་དང་། །འཇིག་རྟེན་ཕྱི་མར་བདེ་ཞིང་སྐྱིད། །སྐྱིད་སྡུག་གདམ་ཀ་ཡོད་དུས་འདིར། །ངན་འགྲོའི་རྒྱུ་རྣམས་མ་བསྒྲུབས་པར། །མངོན་མཐོ་ངེས་ལེགས་རྒྱུ་སྒྲུབས་དང་། །དེ་ནས་བདེ་ནས་བདེ་བར་འགྲོ། །མང་བོའི་ནང་དུ་འདུག་དུས་སུ། །ཚིག་རྩུབ་རྫུན་གཏམ་མ་ལབ་པར། །ཚིག་འཇམ་དྲང་བོར་སྨྲོས་ཤིག་དང་། །མི་ཀུན་དགའ་ཞིང་ཡིད་དུ་འོང་། །གཅིག་པུར་འདུག་དུས་སེམས་ལ་ལྟོས། །མི་དགེའི་

p. 537

སེམས་སྤངས་དགེ་སེམས་དང་། །སྟོང་ཉིད་སྙིང་རྗེ་སྒོམས་ཤིག་དང་། །བདེ་སྐྱིད་ཉི་མ་འཆར་བར་ངེས། །སྤྱི་སྒོས་བསླབ་བྱའི་གླུ་དབྱངས་འདི། །དབེན་གནས་ཁྱད་འཕགས་མཚོ་སྙིང་ནས། །དད་ལྡན་བུ་ལ་ལེགས་པར་གདམས། །མགྲིན་པ་ལེགས་བཤད་བང་མཛོད་ནས། །གླུ་དབྱངས་སྙན་མོ་དེ་འདྲ་ཐལ། །ཚིག་དོན་མ་བརྗེད་ཡིད་ལ་ཟུངས། །འཕྲལ་ཡུན་བདེའོ་སྙིང་གི་བུ། །དགེ་འདིས་སྐལ་ལྡན་སློབ་མ་ཡི། །གཙོ་བྱས་མཁའ་མཉམ་མགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ཡང་ཨ་རིག་གི་སློབ་བུ་གྲགས་པས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །བླ་མ་ལ་གུས་སྒྲུབ་ལ་རབ་ཏུ་བརྩོན། །ཤེས་རབ་ཆེ་ཞིང་འཛིན་ཆགས་ཅུང་ཟད་མེད། །ཤེས་རྒྱུད་དར་བས་འཇམ་ཞིང་ལྷོད་ཆགས་པོ། །སྐལ་ལྡན་སྙིང་གི་བུ་ལ་གླུ་འདི་འབུལ། །མཐོ་ལ་ཡངས་པའི་སྟོང་གསལ་ནམ་མཁའ་ལ། །མཐའ་དང་དབུས་མེད་འཕེལ་འགྲིབ་གང་སྟོང་མེད། །འགྲོ་དང་འོང་མེད་གནས་པ་མེད་པ་ལྟར། །རང་གི་སེམས་ཉིད་དེ་བཞིན་ཤེས་པར་གྱིས། །མེ་ལོང་རབ་དུ་དྭངས་པའི་ནང་ཉིད་དུ། །བལྟས་ཚེ་གཟུགས་བརྙན་མ་འདྲེས་གསལ་བ་ན། །སྣང་ཡང་རང་བཞིན་མ་གྲུབ་སྟོང་བ་ལྟར། །རང་གི་ལུས་འདི་དེ་བཞིན་ཤེས་པར་གྱིས། །དབྱར་དང་སྟོན་ཁའི་དུས་སུ་རི་བོ་ལ། །ན་བུན་ལང་ལོང་སྐེད་ལ་ལངས་པ་ན། །སྣང་ཡང་རང་བཞིན་མ་གྲུབ་སྟོང་བ་ལྟར། །ཟས་ནོར་ལོངས་སྤྱོད་དེ་བཞིན་ཤེས་པར་གྱིས། །

p. 538

བྲག་རིའི་ཁ་ནས་བཟང་ངན་གཏམ་བཤད་ཚེ། །བྲག་ཅ་བཟང་ངན་ལྷང་ལྷང་ཐོས་པ་ན། །གྲགས་ཀྱང་རང་བཞིན་མ་གྲུབ་སྟོང་བ་ལྟར། །བསྟོད་སྨད་སྒྲ་རྣམས་དེ་བཞིན་ཤེས་པར་གྱིས། །མཚན་མོ་གཉིད་དུ་ལོག་པའི་གནས་སྐབས་སུ། །རྨི་ལམ་བདེ་སྡུག་མང་བོ་རྨིས་པ་ན། །སྣང་ཡང་རང་བཞིན་མ་གྲུབ་སྟོང་བ་ལྟར། །བདེ་སྡུག་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མར་མཁས་པས་སྐྱེ་བོ་མང་བོ་ཡི། །མདུན་ནས་སྒྱུ་མའི་རྩེད་མོ་བྱས་པ་ན། །སྣང་ཡང་རང་བཞིན་མ་གྲུབ་སྟོང་བ་ལྟར། །འཁོར་བའི་ཆོས་རྣམས་དེ་བཞིན་ཤེས་པར་གྱིས། །དབྱར་དུས་ཉི་ཤར་ཆར་ཟིལ་འབབ་པའི་ཚེ། །འཇའ་ཚོན་སྣ་ལྔ་མ་འདྲེས་ཤར་བ་ན། །སྣང་ཡང་རང་བཞིན་མ་གྲུབ་སྟོང་བ་ལྟར། །འདས་པའི་ཆོས་རྣམས་དེ་བཞིན་ཤེས་པར་གྱིས། །མཚན་མོ་དྭངས་བསིལ་རྙོག་མེད་ཆུ་ནང་དུ། །ཟླ་བ་སྐར་མའི་གཟུགས་བརྙན་ཤར་བ་ན། །སྣང་ཡང་རང་བཞིན་མ་གྲུབ་སྟོང་བ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སློབ་བུ་ཐུབ་བསྟན་རྒྱ་མཚོ་ལ་སྨྲས་པའོ། །དཔེ་ནོར་བུར་གསོལ་བ་བཏབ་པ་ན། །གཞན་ཅི་འདོད་རེ་བ་སྐོང་བ་བཞིན། །རྗེ་དྲིན་ཅན་བླ་མར་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ། །དཔེ་རྒྱ་མཚོ་ཆུ་ཡི་གཏེར་ཡིན་ཡང་། །གཞན་ས་སྟོང་ཆུ་བོ་ཀུན་འབབ་བཞིན། །མི་མཁས་པ་ཡོན་ཏན་མཛོད་འཛིན་པ། །དེས་གཞན་གྱི་ལེགས་བཤད་རིན་ཆེན་བསྡུ། །དཔེ་རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ལེན་ཁབ་ལེན་རྡོ་ཡིས་ཤེས་པ་བཞིན། །གཞན་

p. 539

སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་ལ་བློ་གྲོས་ལྡན་པ་མཁས། །དཔེ་ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསོད་ནུས་ཀྱི་ཁྭ་ཏས་མི་སོད་བཞིན། །མི་ཤེས་རབ་ལྡན་པས་ཉེས་པ་དག །སེལ་ནུས་ཀྱི་བླུན་པོས་སེལ་བ་མིན། །དཔེ་རྔ་ལ་དབྱུག་གུས་མ་བསྣུན་པར། །རྔ་སྒྲ་སྐད་ཆེ་བ་མི་མངོན་བཞིན། །ཁོང་མཁས་པར་བརྩད་ཅིང་མ་དྲིས་ན། །ནང་ཡོན་ཏན་ཅི་ཡོད་གཏིང་མི་དཔོག །དཔེ་སྔར་དུས་གཞན་ལ་བཅོལ་བའི་ནོར། །ཕྱིས་ནམ་མཁོའི་དུས་ན་ཡོད་པ་བཞིན། །རང་ནངས་པར་འཆི་ཡང་ཡོན་ཏན་སློབ། །ཚེ་ཕྱི་མར་མཁས་པ་འོང་བ་ཡིན། །དཔེ་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །རྐང་དྲུག་ལྡན་བུང་བ་འདུ་བ་བཞིན། །རང་ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་ཀྱང་རང་གི་འཁོར་དུ་འདུ། །དཔེ་འོད་གསལ་ཉི་མ་ཟླ་བ་ཡིས། །གླིང་བཞི་ཡི་མུན་པ་སེལ་བ་བཞིན། །མི་མཁས་པས་ཡོན་ཏན་ཀུན་བསླབས་ནས། །མཐར་ཕྱིན་པ་གཅིག་གིས་ཀུན་ལ་ཕན། །དཔེ་ཆུ་ཀླུང་རྙོག་པ་ཆུད་ཟོན་པ། །དེ་ནོར་བུས་དྭངས་པར་བྱེད་པ་བཞིན། །མི་བློ་ཆུང་བྲིས་ཉེས་འཁྲུགས་པའི་ཚེ། །ཁོང་བློ་ལྡན་ཐབས་ཀྱིས་བདེ་བར་གསོ། །དཔེ་ཁུ་བྱུག་སྐོམ་པས་གདུངས་ན་ཡང་། །ཆར་མ་གཏོགས་སའི་ཆུ་མི་འཐུང་བཞིན། །ཁོང་མཁས་པ་ཅི་ལྟར་ཐབས་རྡུགས་ཀྱང་། །མི་བླུན་པོ་འཇུག་པའི་ལམ་མི་འགྲོ། །དཔེ་སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །མིག་ཡོད་པ་གཞན་ལས་མགྱོགས་པ་བཞིན། །ཁོང་ཤེས་རབ་ལྡན་པ་མགོ་བསྐོར་ཀྱང་། །རང་བྱ་

p. 540

བའི་ཆ་ལ་རྨོངས་མི་འགྱུར། །དཔེ་ཡང་བ་དང་ནི་ཚ་ལ་ལས། །མདོག་གཞན་ཞིག་སྐྱེ་བར་འགྱུར་བ་དང་། །མི་བློ་གྲོས་ལྡན་པ་གཉིས་བགྲོས་ན། །གཞན་བློ་གྲོས་ལེགས་པ་འབྱུང་བར་འགྱུར། །དཔེ་གླང་ཆེན་རྩལ་སྟོབས་ཆེ་ན་ཡང་། །གླང་རྫི་ཡི་བཞོན་པར་འགྱུར་བ་བཞིན། །ཐབས་མཁས་ན་མི་ཆེན་རྣམས་ཚོ་ཡང་། །རང་བྲན་དུ་བསྒོ་བ་ག་ལ་དཀའ། །དཔེ་བ་ཡི་འོ་མ་ཀུན་གྱིས་བཞོ། །ཆུ་འོ་མ་ངང་བས་འབྱེད་པ་བཞིན། །སྐྱོན་ཡོན་ཏན་གཉིས་ཀ་སུས་ཀྱང་ཤེས། །འདྲེས་ཡོད་པ་འབྱེད་ཤེས་མཁས་པ་ཡིན། །དཔེ་བལ་བོའི་སེའུ་ཟ་མི་དགོས། །ཁ་དོག་ལས་བྲོ་བ་ཤེས་པ་བཞིན། །བློ་ལྡན་ན་གཞན་གྱིས་མ་བཤད་ཀྱང་། །རྣམ་འགྱུར་ལས་ཕ་རོལ་བསམ་པ་གོ །དཔེ་དྲི་ཞིམ་འབྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་གླ་རྩི་ལེན་པ་བཞིན། །ལེགས་བཤད་ནི་བྱིས་པའི་ཁ་ནས་ཀྱང་། །ཁོང་མཁས་པ་རྣམས་ཀྱིས་ལེན་པ་ཡིན། །དཔེ་ནོར་བུ་གཞན་དུ་བྲིན་པ་ཙམ། །ཕྱིའི་རྒྱ་མཚོའི་ནང་དུ་མི་བྲིན་བཞིན། །མི་མཁས་པ་རང་གི་ཡུལ་བས་ཀྱང་། །ཡུལ་གཞན་དུ་སོང་ན་མཆོད་པར་འགྱུར། །དཔེ་ཉི་མ་ལམ་ལམ་ཤར་བ་ན། །སའི་མེ་ཏོག་འཛུམ་ཞིང་བཞད་པ་བཞིན། །གླུ་འདི་ཉིད་ལྷང་ལྷང་བླངས་པའི་མཐུས། །ཁོང་མཁས་པ་དགའ་ཞིང་སྤྲོ་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔེ་ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །རང་གང་འདོད་དངོས་གྲུབ་སྩོལ་མཛད་པའི། །ཕ་འགྲན་གྱི་དོ་མེད་རིན་པོ་ཆེ། །བུ་བདག་ལ་བརྩེ་བས་ཅུང་ཟད་དགོངས། །བདག་ལས་ཉོན་དགྲ་ཡིས་དབང་མེད་

p. 541

དུ། །གནས་ཁམས་གསུམ་འཁོར་བའི་བཙོན་དོང་བསྒྱུར། །དུས་ཉིན་བཞིན་ན་རྒའི་ཆད་པས་མནར། །མཐར་འཆི་བདག་ཕོ་ཉས་གསོད་པ་ལ། །བདག་ཁ་ཙམ་མིན་པར་སྐྲག་པ་སྐྱེ། །ཕ་ཉམ་ཐག་འགྲོ་བ་ཡོངས་ཀྱི་སྐྱབས། །ད་སྐྱབས་མེད་བདག་གི་སྐྱབས་མཛོད་ཅིག །ཚིག་ཐོས་པས་ངན་འགྲོར་ལྷུང་མི་སྲིད། །དེ་བསྒོམས་པས་འཁོར་བར་འཁྱམས་མི་སྲིད། །ཆོས་ངེས་དོན་ཟབ་མོ་ལྟ་བའི་འཁྲིད། །བུ་བདག་ལ་བརྩེ་བས་གནང་དུ་གསོལ། །ཆོས་ལྟ་བའི་འགགས་འདུས་མགུར་མ་ཞིག །དུས་རིང་མིན་སྩོལ་བ་བླ་མ་མཁྱེན། །ཐུགས་བྱམས་དང་སྙིང་རྗེའི་བདག་ཉིད་ཅན། །མགོན་ཁྱོད་ཀྱི་རྣམ་ཐར་དྲི་མེད་བཞིན། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཞེས་སློབ་བུ་རབ་འབྱམས་པ་ཀུན་དགའ་རྒྱལ་མཚན་གྱིས་ལྟ་འཁྲིད་ཅིག་དང་ལྟ་མགུར་ཞིག་དགོས་ཞེས་སྐུལ་ཚིག་ཏུ་སྨྲས་པས་ལན་དུ། ཆོས་སྐུ་ནམ་མཁའ་ལྟ་བུ་ལས། །གཟུགས་སྐུ་འཇའ་ཚོན་ཇི་བཞིན་དུ། །གང་ལ་གང་འདུལ་སྐུར་སྟོན་པ། །དྲིན་ཅན་བླ་མའི་ཞབས་ལ་འདུད། །སྟོང་ཉིད་རྩལ་ལྡན་སེང་གེ་ང་། །ཉམས་མྱོང་གངས་ལ་རབ་འགྱིང་ནས། །རྡོ་རྗེ་གླུ་ཡི་ང་རོ་སྒྲོག །སྐལ་ལྡན་སེང་ཕྲུག་དགའ་བས་ཉོན། །སེམས་ཉིད་ཆོས་སྐུ་མཐོང་བའི་ཚེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །ཐོ་རངས་ནམ་མཁའ་དྭངས་པ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །དེ་ཡི་ངང་ལ་བཞག་པའི་ཚེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །རི་རྩེར་ཕྱིན་ནས་བལྟས་པ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །དེ་

p. 542

ཉིད་འབྲལ་མེད་སྐྱོང་བའི་ཚེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །ཐང་ཆེན་དཀྱིལ་དུ་སྡོད་པ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །རང་སེམས་ཆོས་སྐུའི་རྩལ་དེ་ལས། །ཆོས་རྣམས་ཐམས་ཅད་འབྱུང་བ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །ནམ་མཁའི་འཇའ་སྤྲིན་འབྱུང་བ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །རང་སེམས་ཆོས་སྐུའི་མཁའ་དབྱིངས་སུ། །ཆོས་རྣམས་ཐམས་ཅད་བརྟེན་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །མཁའ་ལ་སྣོད་བཅུད་བརྟེན་པ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །ཆོས་རྣམས་རང་བཞིན་སྟོང་བ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །ཆུ་ནང་ཤར་བའི་ཟླ་གཟུགས་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །སྤྱན་དང་མངོན་ཤེས་འཆར་བ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །སྣ་ཚོགས་གཟུགས་བརྙན་འཆར་བ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །དེ་ལྟར་མ་རྟོགས་འགྲོ་བ་ལ། །བཅོས་མིན་སྙིང་རྗེ་སྐྱེ་བ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །སྒྱུ་མར་སྐྲག་པའི་བུ་ཆུང་ལ། །ཕ་མས་སྙིང་རྗེ་སྐྱེ་བ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །ལས་འབྲས་བསླུ་བ་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །རྨི་ལམ་སྐབས་ཀྱི་བདེ་སྡུག་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །མཐར་ཐུག་རང་སྣང་ཕྱི་རོལ་ཆོས། །ནང་གི་ཉོན་མོངས་རྟོགས་ཚོགས་རྣམས། །རང་སེམས་ཆོས་སྐུར་ཐིམ་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །མཁའ་ལ་ན་བུན་ཡལ་བ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །རང་སེམས་ཆོས་སྐུ་མངོན་གྱུར་ཚེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །གོ་འམ་སྐལ་ལྡན་

p. 543

སེང་ཕྲུག་པོ། །ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །གཟུགས་སྐུ་རྣམ་གཉིས་འབྱུང་བ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །མཁའ་ལ་འཇའ་ཚོན་འཆར་བ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །ཇི་སྲིད་འཁོར་བ་མ་སྟོངས་བར། །འགྲོ་དོན་རྒྱུན་མི་འཆད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །དཔག་བསམ་ཤིང་དང་ནོར་བུ་འདྲ། །གོ་འམ་སྐལ་ལྡན་སེང་ཕྲུག་པོ། །དེ་ལྟར་ང་རོ་བསྒྲགས་པ་ལ། །དད་པའི་ལུས་སྟོབས་རབ་ཏུ་རྒྱས། །མོས་གུས་གཡུ་རལ་སྔོན་པོ་འཆང་། །དབེན་པའི་གངས་ལ་འཕྱོ་བ་ཡི། །བློ་ལྡན་སེང་ཕྲུག་དགའ་བར་མཛོད། །ཅེས་སྨྲས་སོ།། དཔེ་ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྒྱལ་མཚན་གྱི་རྩེ་མོར་བརྒྱན་པ་བཞིན། །རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །བདག་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །དཔེ་རྒྱ་གར་སྐད་རིགས་རྒྱ་གར་གྱི། །མིས་གོ་ཡི་བོད་ཀྱིས་མི་གོ་བཞིན། །ཁོང་མཁས་པའི་ལེགས་བཤད་མཁས་པ་ཡིས། །དོན་གོ་ཡི་བླུན་པོས་གོ་བ་དཀའ། །དཔེ་ཕྱུག་པོར་ཡོ་བྱད་མང་ན་ཡང་། །གཞན་ནོར་རྫས་དང་དུ་ལེན་པ་བཞིན། །ཁོང་མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་ཡོན་ཏན་ཆུང་ངུ་ཡིན་ཡང་སློབ། །དཔེ་རི་དྭགས་རྒྱལ་པོ་བཀྲེས་ན་ཡང་། །གླིང་སྤྱི་བོ་མྱུར་དུ་འགེམས་པ་བཞིན། །མི་བློ་ཆེན་བློ་གྲོས་རྒུད་ན་ཡང་། །སླར་ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །དཔེ་མཁའ་ལ་གཟའ་སྐར་ཤར་བ་རྣམས། །

p. 544

སྟེང་ཉི་ཟླ་ལྟ་བུར་མི་གསལ་བཞིན། །མི་ཡོན་ཏན་སྣ་རེ་ཙམ་ཤེས་པས། །གཞན་རྒྱལ་ཁམས་ཡོངས་ལ་ཕན་མི་ཐོགས། །དཔེ་འཕགས་རྒྱལ་གྱིས་ནི་བྲམ་ཟེའི་བུ། །གཅིག་པུ་ཡིས་དགྲ་ཚོགས་བཅོམ་པ་བཞིན། །ཁོང་མཁས་པ་ཤེས་རབ་ཀྱིས་བསྲུངས་ན། །དགྲ་མང་བོ་བྱུང་ཡང་ག་ལ་ཚུགས། །དཔེ་གཅན་གཟན་རྒྱལ་པོ་སེང་གེ་དེ། །གྲོགས་མི་དགོས་གཅིག་པུར་འཇིགས་མེད་བཞིན། །མི་ཁོང་མཛངས་བསོད་ནམས་བསགས་པ་དེ། །རང་གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །དཔེ་རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། །སྔོན་བྲན་བཟང་འདི་ཕྱིར་བསྐྱབས་པ་བཞིན། །ཚེ་འདི་དང་འཇིག་རྟེན་ཕྱི་མ་ཡི། །བདེ་ཐབས་དེ་སྒྲུབ་པ་ཤེས་རབ་ཡིན། །དཔེ་རི་དྭགས་རྒྱལ་པོ་སྟོབས་ལྡན་པ། །དེ་རི་བོང་བློ་ལྡན་གྱིས་བསད་བཞིན། །རང་བློ་དང་ལྡན་ན་ཉམ་ཆུང་ཡང་། །གཞན་སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད། །དཔེ་བུ་དེ་བཙའ་དུས་ན་ཚ་ཆེ། །ན་ཚ་མེད་བུ་ཞིག་བཙས་དཀའ་བཞིན། །ཡོན་ཏན་དེ་སློབ་པའི་དུས་ན་སྡུག །བདེ་བར་ནི་སྡོད་ལ་མཁས་མི་སྲིད། །དཔེ་གཉིད་ཀྱི་བདེ་བར་ཆགས་པ་ན། །སང་དོན་ཆེན་བསྒྲུབ་དགོས་འཆོར་བ་བཞིན། །བདེ་ཆུང་ངུ་ཙམ་ལ་ཆགས་པ་དེ། །གཞན་ཆེན་པོའི་བདེ་བ་ཐོབ་མི་འགྱུར། །དཔེ་ཕྱི་ཡི་རྒྱ་མཚོ་ཆེ་ན་ཡང་། །གཞན་ཆུ་ཆེན་འདྲེས་པས་ངོམས་མེད་བཞིན། །ཁོང་མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་ལེགས་བཤད་བླངས་པས་ངོམས་པ་མེད། །དཔེ་ཆུ་ཡི་ཐིགས་པ་བསགས་པ་དེས། །སྣོད་ཆེན་པོ་རིམ་

p. 545

གྱིས་འགངས་པ་བཞིན། །ཡོན་ཏན་དེ་རྒྱུན་དུ་བསླབ་གྱུར་ན། །དུས་རིང་མིན་ཐམས་ཅད་མཁྱེན་པར་གྱུར། །དཔེ་ཉི་མའི་འོད་ཀྱིས་བྱིས་པ་རྣམས། །འཁུམ་འདུག་པ་དྲོས་ནས་བདེ་སྐྱིད་བཞིན། །གླུ་འདི་བླངས་པའི་དགེ་བའི་མཐུས། །མ་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཨུ་ཚུགས་ཆེ་བའི་དཔོན་པོ་དང་གཅིག །ཤིན་ཏུ་ཁ་ངན་བུད་མེད་དང་གཉིས། །རླུང་ཁམས་ཆེ་བའི་ཨ་ཁུ་དང་གསུམ། །འདི་གསུམ་ཁ་ཡ་མ་བྱས་ན་བཟང་། །འདང་རྒྱག་མི་ཕོག་ཕོ་གསར་དང་གཅིག །སྡིག་ལ་རྔམས་པའི་བན་ལོག་དང་གཉིས། །རྣམ་དབྱེ་མི་ཤེས་བླུན་པོ་དང་གསུམ། །འདི་གསུམ་ལ་ཁ་ཡ་མ་བྱས་ན་བཟང་། །དམར་ཆོག་བྱེད་པའི་བན་གཅོད་དང་གཅིག །མཐུ་གཏད་བྱེད་པའི་སྔགས་ནག་དང་གཉིས། །ཇག་བརྐུས་བྱེད་པའི་མི་སྐྱ་དང་གསུམ། །འདི་གསུམ་འགྲོགས་ཡ་མ་བྱས་ན་བཟང་། །གྲོང་ཆོག་མཁན་གྱི་བླ་མ་དང་གཅིག །སྙོམ་ལས་མཁན་གྱི་སྒོམ་པ་དང་གཉིས། །སེར་སྣ་ཆེ་བའི་ཕྱུག་པོ་དང་གསུམ། །འདི་གསུམ་སྒྲུབ་ཡ་མ་བྱས་ན་བཟང་། །ཞེས་པ་འདི་ཡང་གྲོགས་པོ་ཚེ་དབང་རབ་བརྟན་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །། བླ་མ་ཉམས་རྟོགས་ཅན་ལ་གསོལ་བ་འདེབས། །ཚེ་འདི་བློས་བཏང་དབེན་པའི་གནས་མཆོག་ཏུ། །གཅིག་པུར་བདག་གཞན་ལྟ་བ་སྐྱོང་བའི་ཚེ། །ཉམས་སྣང་སྣ་ཚོགས་འཆར་བར་བྱིན་གྱིས་རློབས། །བརྩོན་འགྲུས་བསྐྱེད་

p. 546

ནས་ལྟ་བ་སྒོམ་པའི་ཚེ། །ཡུན་རིང་མ་བསྒོམས་སྙམས་ནས་བལྟས་ཙ་ན། །ཡུན་རིང་འདས་ན་སེམས་ནི་ཟིན་པའི་རྟགས། །ཡུན་རིང་བསྒོམ་མོ་སྙམས་ནས་བལྟས་ཙ་ན། །ཅི་ཡང་མ་སོང་སེམས་ནི་མ་ཟིན་རྟགས། །སེམས་གནས་རྟགས་སུ་བྱ་བ་གང་ལ་ཡང་། །འཇུག་སྙིང་མི་འདོད་སྔར་བས་ལེ་ལོ་ཆེར། །སོང་ནས་ལུས་དང་སེམས་ལ་ལྷོད་ཆགས་འོངས། །སྤྱོད་ལམ་མ་བཅོས་སྨྱོན་པ་འདྲ་བ་བྱུང་། །ཚེ་འདིའི་བྱ་བ་གང་ལའང་དགོས་མེད་སྐྱེ། །ཤིན་ཏུ་དབེན་པར་གཅིག་པུར་སྡོད་སྙིང་འདོད། །ལུས་ལ་ན་ཟུག་མེད་ཅིང་ཟོ་མདོག་བདེ། །ཁ་ཟས་སྲེད་པ་ཆུང་ལ་མ་ཟོས་ཀྱང་། །བཀྲག་མདངས་རྒྱས་ནས་རྨི་ལམ་འཁྲུལ་སྣང་འགགས། །མར་གྱུར་འགྲོ་ལ་སྔར་བས་སྙིང་རྗེ་སྐྱེ། །འདོད་པ་མེད་པར་ཆགས་སྡང་ཆུང་བ་དང་། །བླ་མ་གྲོགས་ལ་བརྩེ་གདུང་ཆེ་བ་དང་། །དགྲ་གཉེན་གང་ལའང་ཉེ་རིང་མེད་པ་དང་། །དགའ་དང་མི་དགའ་ཞུམ་པ་མེད་པ་དང་། །གཙང་དམེ་དགག་སྒྲུབ་སྤང་བླང་མེད་པ་དང་། །ལུས་ལ་ཤིག་སྲོ་སྲིན་བུ་མེད་པ་དང་། །ལུས་ཡང་ནམ་མཁར་འཕགས་པ་སྙམ་བྱེད་ཅིང་། །དབུགས་ཀྱི་འགྱུ་བ་མི་ཚོར་ཤེས་རྒྱུད་འཇམ། །སེམས་ཉིད་འབོལ་ལེ་ལྷག་གེ་སང་ངེ་བ། །དགའ་ཞིང་དགོད་ཅིག་འཆོར་དང་མཐའ་དབུས་བྲལ། །ནམ་མཁའ་དབྱེར་མེད་འདྲེས་སོང་སྙམ་པ་དང་། །ཉི་མ་ཟླ་བ་ཤར་བ་སྙམ་བྱེད་ཅིང་། །སྟོན་གྱི་དུས་སུ་ནམ་མཁའ་སྤྲིན་མེད་པའི། །དཀྱིལ་ལྟར་ཤིན་ཏུ་གསལ་ལ་མ་འགགས་ཤིང་། །ལི་ཏིང་གཙང་མའི་ནང་དུ་ཆུ་བླུགས་ནས། །ཉི་མར་བཞག་ནས་བལྟས་ལྟར་དྭངས་པ་དང་། །དེ་ཡི་ངང་ནས་བལྟས་ན་དངོས་པོ་སྤུའི། །རྩེ་མོ་གཤགས་

p. 547

པའི་ཆ་གཅིག་ཡན་ཆད་མཐོང་། །དངོས་སུ་ནམ་མཁའ་བྱ་ལྟར་འཕུར་བར་ནུས། །ཆོས་རྣམས་ཐམས་ཅད་སྒྱུ་མ་ལྟར་སོང་ནས། །རི་བྲག་རྩིག་པ་རྣམས་ལ་ཐལ་བྱུང་འགྲོ། །རང་གི་ལུས་ནི་འདམ་ལྟར་བརྫི་བ་དང་། །ཟན་ལྟར་གཅོད་ཅིང་བལ་ལྟར་གཡེངས་ན་ཡང་། །ལུས་ལ་སྡུག་བསྔལ་ཅུང་ཟད་ཙམ་མི་འབྱུང་། །གང་ལ་བལྟ་ཡང་སེམས་ཉིད་རང་ལུགས་སུ། །བཞག་པས་ཆོས་རྣམས་ཐམས་ཅད་གསལ་བར་མཐོང་། །བསྒྲུབས་དང་མ་བསྒྲུབས་ཡི་དམ་ལྷ་ཞལ་མཐོང་། །སངས་རྒྱས་ཞིང་ཁམས་ཚད་མེད་མཐོང་བར་འགྱུར། །ཚོགས་དྲུག་རང་གྲོལ་སེང་གེ་དཀར་མོ་ནི། །རི་ཁྲོད་དབེན་པའི་གངས་ལ་གཅིག་པུར་འགྱིང་། །ཉམས་ཀྱི་འཆར་ཚུལ་ངར་སྐད་འདི་བསྒྲགས་ལ། །སྐལ་ལྡན་སེང་ཕྲུག་དགའ་བས་ཉམས་ལེན་མཛོད། །ཅེས་པ་འདི་ཡང་དམ་པ་གོང་མའི་གསུང་ལྟར་སྐལ་ལྡན་རྣམས་ལ་ཕན་ཕྱིར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ལོ་བརྒྱ་ཐུབ་པའི་མི་ནི་ཤིན་ཏུ་དཀོན། །ལོ་དྲུག་ཅུ་ཐུབ་པའི་དབང་བྱས་ཀྱང་། །ལོ་རེ་བཞིན་དུ་མི་ཚེ་ཇེ་ཐུང་འགྲོ། །ལོ་ལོན་དུས་སུ་ཆོས་བྱེད་འདོད་ན་ཡང་། །ལོ་ཡི་སྟོབས་ཀྱིས་ཚ་གྲང་རྐྱེན་མི་ཐེག །ལོ་གཞོན་དུས་སུ་དམ་ཆོས་བྱེད་རེ་རན། །ལོ་ལེགས་སྟེ་མ་ཟོར་བས་འབྲེག་པ་བཞིན། །ལོ་ཆུང་ཡིན་ཡང་གློ་བུར་འཆི་ཉེན་ཡོད། །ལོ་ཟླར་ཕྱི་བཤོལ་མ་བྱེད་མྱུར་དུ་གྱིས། །ལོ་འདབ་རྒྱས་པའི་ནགས་ཁྲོད་ལ་སོགས་སུ། །ལོ་རེ་ཟླ་རེ་ཙམ་ནི་མ་ཡིན་པར། །ལོ་ནི་ཅི་ཡོད་བར་དུ་དགེ་ལ་སྦྱོར། །ཞེས་པ་འདི་ཡང་སློབ་བུ་བློ་བཟང་ནོར་འཕེལ་ལ་གདམས་པའོ། །འཇིག་རྟེན་འདི་ཡི་

p. 548

ཕུན་ཚོགས་ལ། །མ་ཆགས་རི་ཁྲོད་དབེན་པ་རུ། །ཁོར་ཡུག་ཆོས་ལ་གཞོལ་རྣམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བཀའ་གདམས་གོང་མའི་རྗེས་འཇུག་ཚོ། །མཉམ་མེད་ཇོ་བོས་གང་གསུངས་པ། །དེ་དེ་བཞིན་དུ་ད་ལྟ་སྣང་། །ཚེ་འདིའི་ལྟོ་རྒྱབ་གཉིས་ཀྱི་ཕྱིར། །རབ་བྱུང་ཆ་ལུགས་ལེན་པར་བྱེད། །གྲོང་ཡུལ་ནོམ་པ་དགོན་པར་འཇོག །གྲྭ་ཁང་ནང་ན་བྱིས་པ་ངུ་། །གཙུག་ལག་ཁང་གི་ཁྱམས་སྨད་དང་། །དགོན་པའི་ནང་ཆེན་ཕལ་ཆེར་ན། །བུད་མེད་ལ་ལས་བལ་འཁེལ་ཞིང་། །བུད་མེད་ལ་ལས་ཐགས་འགྲན་འཐག །བུད་མེད་ལ་ལས་བཞོན་མ་བཞོ། །སྐྱེ་བོ་ཕོ་མོ་མང་བོ་འཚོགས། །གླུ་གར་དམག་ཇག་འཐབ་རྩོད་སོགས། །ཉོན་མོངས་སྐྱེ་བའི་གཏམ་ངན་ལབ། །ཚུལ་ཁྲིམས་ལྡན་པའི་དགེ་སློང་ལ། །སྐྱེ་དམན་བུད་མེད་མི་ལྡང་སྡོད། །རབ་བྱུང་ལ་ལས་འདི་སྐད་ཟེར། །མོ་བཟང་འདི་ནི་གཟུགས་བྱད་མཛེས། །འབྱོར་བ་ཆེ་ཟེར་ངོ་འཛིན་བྱེད། །རབ་བྱུང་ལ་ལས་འདི་ངའི་མ། །སྲིང་མོ་ཡིན་ཟེར་གྲྭ་ཁང་ནས། །མ་སྲིང་ཞག་གིས་སྡོད་དུ་འཇུག །ཁོ་བོའི་མ་སྲིང་ཡིན་མོད་ཀྱི། །གཞན་གྱི་མ་སྲིང་ག་ལ་ཡིན། །རབ་བྱུང་གཉེན་པོ་སྟོབས་ཆུང་གི །སྡོམ་པའི་ས་བོན་གཏིང་ནས་ཉམས། །ཀྱེ་མ་ཀྱེ་ཧུད་ཉེས་པ་དེ། །བདུད་མོ་ཕུགས་སུ་བཅུག་པས་ལན། །མཆོད་ཁང་ནང་དུ་གཉའ་ཤིང་དང་། །གཤོལ་མདའ་གྲོང་ཁྱིམ་གོས་སློག་འཇོག །ཁྱིམ་པའི་མལ་ཞབས་རྐང་འོག་ཏུ། །རབ་བྱུང་ངུར་སྨྲིག་འཇོག་དང་བརྫི། །གླེགས་བམ་ཟས་གོས་མར་མེ་ཡི། །སྟེགས་བྱེད་ཆོས་ལ་སྐ་རགས་དང་། །ན་བཟའ་མི་བསྐོན་ས་རྡུལ་ཆགས། །འཐོར་བར་བྱེད་པའི་དུས་ངན་འདིར། །མཁས་པས་བཙུན་པ་ཁྱད་དུ་

p. 549

གསོད། །བཙུན་པས་མཁས་པ་ཁྱད་དུ་གསོད། །སྒོམ་ཆེན་རྣམས་ཀྱིས་ཐོས་བསམ་པ། །ཁྱད་དུ་གསོད་ཅིང་ཐོས་བསམ་པས། །སྒོམ་ཆེན་པ་རྣམས་ཁྱད་དུ་གསོད། །རང་ལས་མཐོ་བ་མི་བཀུར་ཞིང་། །རང་ལས་དམན་པ་མི་སྐྱོང་བར། །རང་དང་མཉམ་པར་འགྲན་སེམས་བྱེད། །འཕགས་པའི་ནོར་གྱིས་ཕྱུག་པ་ཡི། །དགེ་སློང་རྣམས་ནི་གྲལ་མཇུག་གནས། །ཉོན་མོངས་དུག་ལྔས་རབ་ཏུ་ཕྱུག །ངོ་ཚ་ཁྲེལ་མེད་གྲལ་མགོར་གནས། །སྙིགས་མའི་བསྟན་པ་ཆུ་དང་འདྲ། །བཟང་བོ་གསེར་དངུལ་འདྲ་བ་དེ། །སྟེང་དུ་མི་ཐེག་གཏིང་དུ་བྱིངས། །ངན་པ་སྤུན་པ་འདྲ་བ་དེ། །གཏིང་དུ་མི་འདུག་སྟེང་དུ་གནས། །བཟང་བཙུན་ཡོན་ཏན་ཅན་རྣམས་ལ། །ངན་རྣམས་ཁ་འགྲིག་འཕྱ་ཞིང་སྨོད། །མཁས་བཙུན་དམན་ཆ་ལེན་པ་དེ། །ངོ་ཚ་ཁྲེལ་མེད་ལ་ལ་ཡིས། །འགབ་ཏུ་བཞག་ནས་འདི་སྐད་ཟེར། །ཁྱོད་ནི་སྐྱིད་དམ་ཇ་ཞིག་ཐུངས། །འདི་ཚོ་ཟོ་དང་ཁྱོད་འདྲ་བའི། །སྦྱོར་བ་ལྷོད་པོ་སྔ་མོ་ནས། །ངའི་ཁར་ཉན་ན་ལྟོ་གོས་ཀྱང་། །འདི་ལས་བཟང་བ་འོང་བ་ཡིན། །སླར་ཡང་ཤོག་ལ་བཟའ་བཏུང་གིས། །མ་ཐུབ་དུས་སུ་ལས་གྲོགས་མཛོད། །ནོར་གྱི་གསོག་ལུགས་འདི་འདྲ་གྱིས། །ཟས་མ་མཆིས་ན་སྲོག་མ་མཆིས། །ཆོས་རྒྱགས་མི་དགོས་སུ་ཞིག་ཡོད། །གླེན་པ་མདོ་མེད་ཁྱོད་འདྲ་ཟེར། །མངར་ལ་སྲོག་ནི་མྱུར་འཕྲོག་པའི། །དུག་ཆུ་འདྲ་བའི་བསླབ་བྱ་སྟོན། །ཨ་མ་ལྷ་དང་འདྲ་བ་དེ། །ཀུན་གྱིས་མི་བཀུར་དེ་འདྲ་བའི། །ཚུལ་ཁྲིམས་འཆལ་བ་ནོར་ཕྱིར་ཤོར། །ཉོན་མོངས་ཁོལ་བོར་གྱུར་པ་རྣམས། །བཀུར་ཞིང་བསྟོད་པ་ལ་སོགས་པའི། །མིང་སྙན་འདོགས་

p. 550

ཤིང་དེ་བཞིན་འབོད། །ཚུལ་ཁྲིམས་མི་བསྲུང་མི་རྣམས་ཀྱིས། །ཚུལ་ཁྲིམས་བསྲུངས་ཚུལ་བཤད་པ་དང་། །ཚུལ་ཁྲིམས་ཅན་ལ་འཕྱ་ཞིང་སྨོད། །རྨོངས་པ་གང་ཡང་མི་ཤེས་པས། །མཁས་པར་ཁ་བཤད་མཁན་ཟེར་འཕྱ། །སྨྱོན་པ་རྣམས་ཀྱིས་ཆོས་གཏམ་བྱེད། །ཟོག་པོ་རྣམས་ནི་ལྟ་བ་མཐོ། །བཀའ་གདམས་ཉན་ཐོས་ཆོས་ཟེར་སྨོད། །དུས་ངན་བསྐལ་པ་སྙིགས་དུས་འདིར། །ཁྲམ་པ་ཟོག་པོ་ཞྭ་བཞིན་བཀུར། །ཆོས་པ་རྣམས་ནི་ལྷམ་བཞིན་བརྙས། །གང་ལ་བསམས་ཀྱང་སྐྱོ་བ་སྐྱེ། །དེ་ཕྱིར་བློ་ལྡན་སྐྱེ་བོ་ཀུན། །བཀའ་གདམས་གོང་མའི་རྣམ་ཐར་བཞིན། །དགྲ་གཉེན་གང་གིས་མི་མཐོང་བའི། །རི་ཁྲོད་དབེན་པའི་གནས་མཆོག་ཏུ། །རི་དྭགས་རྨས་མ་ཇི་བཞིན་དུ། །གཅིག་པུར་ཉམས་ལེན་མཛད་རེ་རན། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །གསེར་གྱི་མདངས་འཛིན་སྤང་རི་ལ། །ན་བུན་དངུལ་མདོག་སྐེད་བཅིང་བྱས། །ཁོར་ཡུག་མེ་ཏོག་གཅལ་དུ་བཀྲམ། །ཉམས་དགའ་དེ་འདྲའི་དབེན་གནས་སུ། །རང་གཞན་གཉིས་ཀ་འཚེངས་པ་ཡི། །ཆོས་ཤིག་མི་བྱེད་སྡོད་རི་ཤི །སྙམ་དུ་ཞེ་མནའ་ལན་གསུམ་སྐྱོལ། །ཇི་ལྟར་བསམ་པ་དེ་དེ་བཞིན། །ད་ནི་ནམ་ཞིག་འགྱུར་སྙམ་དུ། །ཉིན་མཚན་ཀུན་ཏུ་དེ་སོམས་ལ། །དེ་ཡི་དོན་ལ་བརྩོན་པར་མཛོད། །གླུ་དབྱངས་འདི་ཐོས་སྐལ་ལྡན་མིས། །རི་ཁྲོད་དབེན་པའི་གནས་མཆོག་ཏུ། །བཀའ་གདམས་གོང་མའི་རྣམ་ཐར་དེ། །རིང་མིན་མྱུར་དུ་སྐྱོང་བར་ཤོག །ཅེས་པ་འདི་ཡང་རྒྱལ་བ་གཉིས་པ་ཇོ་བོ་ཆེན་པོས་གསུངས་པས་དུས་ངན་སྙིགས་མའི་སྤྱོད་ངན་ཕལ་ཆེར་མཐོང་ཚེ་ཚོགས་དྲུག་རང་གྲོལ་གྱིས་

p. 551

ངུར་སྨྲིག་འཛིན་པ་རྣམས་ལ་བྱ་བཏང་བའོ། །དཔོན་མེད་གཡོག་མེད་གནས་ལ་ངེས་པ་མེད། །དགྲ་མེད་གཉེན་མེད་ཉེ་རིང་ཕྱོགས་རིས་མེད། །ཆགས་མེད་ཞེན་མེད་བྱ་བཏང་རྣལ་འབྱོར་ངས། །ཆ་མེད་རྒྱུས་མེད་རི་ནས་གླུ་དབྱངས་ལེན། །སྐྱོན་མེད་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ངེས་མེད་འཆི་བ་འདི་ལ་རབ་འཇིགས་ནས། །འགྱོད་མེད་ལྷ་ཆོས་སྙིང་ནས་མཛད་འདོད་ན། །ཟླ་མེད་མི་ལ་རས་པའི་རྣམ་ཐར་བཞིན། །དོན་མེད་ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །སྐྱིད་མེད་ཕ་ཡུལ་བཙོན་ར་རྒྱབ་ཏུ་ཞོག །སྡིག་མེད་བཟའ་བཏུང་སློང་མོ་ལ་བརྟེན་ནས། །མི་མེད་དབེན་པའི་རི་ཁྲོད་རྒྱུན་དུ་ཟུངས། །གྲོགས་མེད་རང་ལུས་གྲིབ་མ་དང་འགྲོགས་ནས། །བསླུ་མེད་བླ་མ་དཀོན་མཆོག་སྐྱབས་སུ་བསྟེན། །ཉམས་མེད་སྡོམ་གསུམ་མིག་འབྲས་བཞིན་དུ་སྲུངས། །སྐྱོ་མེད་རང་སེམས་ཆོས་སྐུ་རྟག་ཏུ་སྐྱོངས། །མཐའ་མེད་འགྲོ་ལ་བྱམས་དང་སྙིང་རྗེ་སྒོམས། །ཡེངས་མེད་ཉིན་མཚན་ཀུན་ཏུ་དགེ་ལ་འབོད། །དཔག་མེད་བསོད་ནམས་ཡེ་ཤེས་ཚོགས་བསགས་ན། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་པ་འདི་ཡང་སློབ་བུ་བསྟན་པ་ཕན་བདེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །ཕ་ཕ་རོལ་འགྲོ་བའི་གཏམ་ལ། །བུ་བུ་མོ་བཟང་བོས་ཉན་བཞིན། །ཨ་ཨ་ཁུ་ཚོགས་དྲུག་རང་གྲོལ། །ཁྱོད་ཁྱོད་རང་གླུ་འདི་ཉོན་ཡ། །རེམ་རེམ་ནས་ལས་མི་ཐུབ་དུས། །བར་བར་དུ་ཅུང་ཟད་འདུག་བཞིན། །བཏོན་བཏོན་ནས་འདོན་མི་འདོད་དུས། །ཁ་ཁ་རོག་སྐབས་རེ་སྡོད་ཡ། །ཁུར་ཁུར་ནས་འཁུར་མི་ཐུབ་

p. 552

དུས། །མཚམས་མཚམས་སུ་ངལ་རེ་གསོ་བཞིན། །བསྡད་བསྡད་ནས་སྣང་བ་སུན་དུས། །སྐབས་སྐབས་སུ་ཁམས་གསེང་གྱིས་ཡ། །འཐེན་འཐེན་ནས་གཞུ་མི་ཐུབ་དུས། །གཟས་གཟས་ནས་མདའ་རེ་འཕེན་བཞིན། །བསྒོམས་བསྒོམས་ནས་བསྒོམ་མི་འདོད་དུས། །སོམས་སོམས་ལ་མགུར་རེ་འཐེན་ཡ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །མ་ཡེངས་ཉོན་དང་སྐྱེ་བ་ཕོ་ཡི་མི་སྐྱ་རྣམས། །མི་ལུས་རྙེད་དཀའ་དོན་ཆེ་ཡིད་བཞིན་ནོར་བུ་འདྲ། །མི་རྟག་མྱུར་དུ་འཆི་བ་ནམ་མཁའི་གློག་དང་འདྲ། །འཇིག་རྟེན་འཁོར་བ་འདི་ནི་མེ་ཡི་འོབས་དང་འདྲ། །བུད་མེད་སྐྱོན་མེད་བཟང་བ་ཨུ་དུམ་ཝ་ར་འདྲ། །ཆུང་མ་བཟང་མོར་འཕྲད་པ་ཤིན་ཏུ་དཀའ་མོ་ཡིན། །ཆུང་མ་ངན་པ་སྐྱོང་དཀའ་བདུད་མོ་ལྕགས་མཆུ་ཡིན། །བཟང་ངན་ཡིན་མིན་སྨྲ་བ་ཡོས་ནི་འགད་འགོད་བྱེད། །ཁྱིམ་ཚང་བཟའ་བར་མི་འཆམ་ཁྱིམ་མཚེས་རྣམས་དང་འཁོན། །མགྲོན་པོ་འཁྲིད་ནས་འོངས་དུས་མེ་བསད་ཇ་ཆུ་མེད། །མྱུར་དུ་ཇ་སྐོལ་བཤད་ཚེ་ལྐོག་ཤུབ་མང་བོ་བྱེད། །བདུད་མོའི་རྣམ་འགྱུར་ཚིག་གིས་མགྲོན་པོ་རྒྱགས་ནས་འགྲོ། །ཕྱིན་ཆད་མགྲོན་པོ་བཟང་རྣམས་བོས་ཀྱང་འོང་བ་དཀའ། །མཆོད་སྦྱིན་བྱེད་དུས་ལག་པ་ལྷ་ཁང་སྒོ་བས་དམ། །སོ་ནམ་བཀལ་འཐག་མི་བྱེད་ཕག་བཞིན་ཉལ་ལ་དགའ། །ཕྱི་འདང་མི་རྒྱག་གང་ཡོད་ཕོ་བའི་ནང་དུ་བྲུབ། །ཁ་ལ་མི་ཉན་མཆུ་གཅུ་ཕྱིན་ཅི་ལོག་བརྒྱུད་བྱེད། །རྡོ་དང་དབྱུག་པས་བརྡུངས་ན་ཁྱི་བཞིན་ཞྭ་ལ་འཇུ། །མགུ་བའི་དུས་མེད་བདུད་མོ་ནག་མོ་མངོན་སུམ་ཡིན། །ཕ་དང་མཐུན་ཞིང་བྱམས་པའི་བུ་ནི་ཉིན་སྐར་ཙམ། །

p. 553

བུ་ངན་ནོར་རྫས་བརླགས་ནས་ཁྱི་ལྡོམ་བཞིན་དུ་འཁྱམས། །མི་འདོད་སྣ་དགྲ་ཐམས་ཅད་ཕ་ཡི་ཐོག་ཏུ་འདྲེན། །སྡུག་བསྔལ་མི་བཟོད་པ་རྣམས་ཕ་ཡིས་རྒྱུན་དུ་མྱོང་། །རང་གཞན་འཕུང་བྱེད་དགྲ་བོ་ལུས་ལས་ཆད་པ་ཡིན། །ཕྱི་རོལ་གང་ལ་སོང་ཡང་ཕ་ཡི་བློ་མི་བདེ། །བུ་ངན་འདི་ཡིས་དེ་རིང་ཅི་ཞིག་བྱེད་དམ་སྙམ། །བུ་ཡི་སྤྱོད་ངན་དེ་ལ་ནམ་ཡང་འཛད་པ་མེད། །བ་ནི་མ་ཤི་བར་དུ་རྙང་བ་འཛད་མེད་འདྲ། །དེ་འདྲའི་བུ་དང་ཆུང་མས་ཅི་བྱེད་གཅིག་པུ་ཡིན་ན་བདེ། །བུ་དང་ཆུང་མ་བཟང་རུང་ཆོས་མེད་དོན་གོ་ཆུང་། །གཤིན་རྗེ་ཆོས་རྒྱལ་དགེ་སྡིག་རྩིས་གྲངས་ཞིབ་རབས་ཡོད། །དམྱལ་བར་སོང་ན་སྡུག་མིན་སྐྱིད་ནི་ཡོད་རབས་མེད། །འུ་ཤིག་གཤིན་རྗེ་ཆོས་རྒྱལ་དྲུང་ནས་མེད་འདོད་ན། །དཀོན་མཆོག་སྐྱབས་སུ་བསྟེན་ལ་རྒྱུན་དུ་སྐྱབས་འགྲོ་གྱིས། །མི་དགེ་སྡིག་པ་སྤོངས་ལ་ཕྱག་དང་སྐོར་བ་རེམ། །ངག་གིས་ལོང་གཏམ་མ་མང་ཁ་ཏོན་བཟླས་བརྗོད་མཛོད། །སེམས་ངན་གཞན་ལ་མ་འཛིན་བསམ་པ་དཀར་བོ་གྱིས། །ལྷ་ཆོས་གཙོ་བོར་བསྒྲུབས་ལ་ཚེ་འདི་ཞོར་ལ་གྱིས། །སྔར་བྱས་སྡིག་ལ་འགྱོད་ཅིང་ཕྱིན་ཆད་སྡོམ་སེམས་གྱིས། །དཀར་ནག་ལས་འབྲས་འདི་ལ་ནམ་ཡང་བསླུ་བ་མེད། །ཚེ་འདིར་བཟང་ངན་ཅི་འདྲ་བ་ཡི་ལས་བྱས་པ། །ཕྱི་མར་འབྲས་བུ་བཟང་ངན་དེ་འདྲ་འབྱུང་བ་ཡིན། །དགེ་བ་ཆུང་ངུ་བྱས་ཀྱང་ཕྱི་མར་བརྒྱ་འགྱུར་འཐོབ། །དེ་ཕྱིར་དགེ་བ་མང་བོ་ད་ལྟ་ད་ལྟ་གྱིས། །རི་ལ་མེ་སྦར་ཤིག་ནི་མེར་འཕེན་ཚ་བའི་ལས། །བྱས་ན་ཕྱི་མར་གཤིན་རྗེས་རྐང་ལག་ཕུར་བས་བརྒྱངས། །ཕྱོགས་བཞིའི་མེ་

p. 554

བཏང་ལྷ་བ་ཅིར་ཅིར་བསྲེག་པར་བྱེད། །གནག་ལུག་རི་དྭགས་ལ་སོགས་མང་བོ་བསད་གྱུར་ན། །བྲག་ནག་ལུག་གི་གདོང་འདྲའི་བར་དུ་ཡང་ཡང་གཅུར། །མི་ནི་མཚོན་གྱིས་བསད་དམ་ར་ལུག་གསོན་པོ་རུ། །བཤས་ན་གཤིན་རྗེས་ལུས་ལ་ཐིག་བཏབ་སོག་ལེས་འདྲ། །རལ་གྲི་སྟ་རེས་གཤག་ཅིང་བརྒྱ་སྟོང་ཡང་ཡང་གཤག །མེ་ཤིང་གོན་པ་རྐུ་འཕྲོག་གྲང་བའི་ལས་བྱས་ན། །ཕྱི་མར་གཤིན་རྗེའི་ཕོ་ཉས་གྲང་དམྱལ་བརྒྱད་དུ་འཕེན། །གཞན་གྱི་ཆུང་མར་སྤྱོད་ཅིང་ལག་ནས་འཕྲོག་གྱུར་ན། །ལྕགས་ཀྱི་ཤལ་མ་ལི་ལ་ཡར་འཛེག་མར་འབབ་བྱེད། །རྩ་རྩེ་ཁྱི་དང་བྱ་ཁྲ་གཉིས་ཀྱིས་གསོན་པོར་ཟ། །རྫུན་ནི་སྨྲས་ན་ལྕེ་ནི་དཔག་ཚད་བརྒྱ་བར་འགྱུར། གཤིན་རྗེས་གླང་གཉིས་དོར་བསྡེབས་ཐོང་གཤོལ་བཙུགས་ནས་རྨོ། །ཕྲ་མ་བྱས་ན་ལྕེ་ལ་ལྕགས་ཀྱི་ཕུར་བ་འདེབས། །བྲེ་ལ་གཡོ་སྒྱུ་བྱས་ན་ཕྱི་མར་གཤིན་རྗེ་ཡིས། །ལུས་པོ་གཏུབས་ནས་ལྕགས་ཀྱི་བྲེ་བོ་ཆེ་ནང་འགེངས། །རྒྱ་མར་སྐྱོན་ནི་བྱས་ན་ལུས་གཏུབས་རྒྱུ་མར་འཇལ། །ཕ་མར་སྨྲ་དབང་མི་སྟེར་ཚིག་ངན་སྨྲས་གྱུར་ན། །ཟངས་སྐུད་ཁ་བཟོ་ལྕེ་ནི་མ་མཆུའི་འོག་ནས་ལེན། །ཕ་མར་ངུས་དང་བྲང་བརྡུང་ཁ་ལ་ཐལ་བ་ཟོ། །སྨྲས་ན་ངུ་འབོད་བྲང་བརྡུང་མེ་མུར་འགམ་པར་སྐྱེ། །མདོར་ན་རང་ལ་མཁོ་བ་དེ་ཉིད་གཞན་ལའང་མཁོ། །རང་ལ་མཁོ་བ་དེ་འདྲ་གཞན་ལའང་བྱས་གྱུར་ན། །ཕྱི་མར་རང་ལ་གང་མཁོ་ཐམས་ཅད་འོང་བ་ཡིན། །རང་ལ་མི་མཁོ་གཞན་རྣམས་ལའང་མི་མཁོ་བས། །རང་ལ་མི་མཁོ་དེ་འདྲ་གཞན་ལ་བྱས་གྱུར་ན། །ཕྱི་མར་རང་ལ་མི་མཁོའི་སྡུག་བསྔལ་མྱོང་བ་ཡིན། །ད་རེས་མི་ལུས་ཐོབ་པས་ལྷ་ཆོས་བྱས་གྱུར་ན། །ཁྱིམ་པའི་སྐྱེ་བོ་ཡིན་ཡང་བྱང་ཆུབ་སེམས་དཔའ་ཡིན། །འཇིག་རྟེན་ཕྱི་མར་སོང་དུས་བདེ་སྐྱིད་ཉི་མ་

p. 555

འཆར། །ལྷ་ཆོས་མེད་ན་ཡ་སོ་ཅན་གྱི་བ་གླང་ཡིན། །དཔའ་རྩལ་རབ་ཏུ་ཆེ་ཡང་རྒྱ་སྟག་ཁྲ་བོ་ཡིན། །ཚེ་འདིའི་འདུན་མ་མཁས་རུང་དུད་འགྲོ་རྐང་གཉིས་ཡིན། །སྡོད་ས་མཐོ་རུང་བྲག་སྟོད་བྱ་རྒྱལ་རྒོད་པོ་ཡིན། །གདོན་གྱིས་མ་སྨྱོས་པ་ཡི་མི་ཚོའི་སྨྱོན་པ་ཡིན། །རྩྭ་ཆུ་མུ་འཐུང་བ་ཡི་གཡག་རྒན་མགོ་རིལ་ཡིན། །མི་གཙང་མི་ཟ་བ་ཡི་མཇུག་མེད་ཁྱི་རྒན་ཡིན། །འཇིག་རྟེན་ཕྱི་མར་སོང་དུས་སྡུག་བསྔལ་མཚོ་བརྡོལ་འགྱུརཾ། །ཞེས་པ་འདི་ཡང་ཞབས་དྲུང་རི་ཁྲོད་པ་ངག་དབང་བློ་བཟང་གིས་ཁྱིམ་པ་རྣམས་ལ་ཕན་པའི་མགུར་ཞིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མ་ཡེངས་ཉོན་དང་སྐྱེ་བ་དམན་པའི་བུད་མེད་རྣམས། །དལ་འབྱོར་ཚང་བའི་མི་ལུས་ཡང་ཡང་རྙེད་པར་དཀའ། །འཆི་བདག་བདུད་ནི་དགག་ཏུ་མེད་པར་མྱུར་དུ་འོང་། །རང་ལུས་གཅེས་པར་བསྐྱངས་ཀྱང་འཆི་ཚེ་མལ་དུ་འཇོག །རས་ཕྲུག་རྒྱན་གྱིས་སྨྲས་ཀྱང་ཕུང་བོ་གཡར་བོ་ཡིན། །ནོར་རྫས་ཅི་ཙམ་ཡོད་ཀྱང་འཆི་ཚེ་ལག་སྟོང་འགྲོ། །ཅི་ཙམ་ལས་ཀྱང་ཚར་རྒྱུ་མེད་དེ་བྱེད་འཕྲོ་ལུས། །བུ་ཁྱོ་འཁོར་འདབ་རྒྱས་ཀྱང་འཆི་ཚེ་གཅིག་པུར་འགྲོ། །མི་ཚེ་རིང་རིང་འདྲ་ཡང་སྐད་ཅིག་ཡུད་ཙམ་ཡིན། །འཇིག་རྟེན་འཁོར་བ་འདི་ནི་རྒྱལ་པོའི་བཙོན་ར་འདྲ། །ཁྱོ་གྲོགས་བཟང་དང་འཕྲད་པ་ཤིན་ཏུ་དཀའ་མོ་ཡིན། །ཁྱོ་ངན་བཟའ་ཚང་ཁྱིམ་དུ་འཚོགས་ན་བཟའ་སྡིགས་བྱེད། །ཤ་ཉེ་ཕ་ཚན་གྲོས་ལ་འཚོགས་ན་འཐབ་རྩོད་བྱེད། །དཔའ་བོའི་དཔུང་ཚོགས་དམག་ལ་འགྲོ་ན་མཇུག་སྡུད་བྱེད། །འཐབ་སར་སླེབས་ན་མཚོན་ཆ་དགྲ་ཡི་ལག་ཆར་འཕེན། །

p. 556

མིག་གཉིས་ཟིམ་ཟིམ་ལྟ་ཞིང་ལག་གཉིས་སྤྱི་བོར་འཁུར། །དཔུང་ཚོགས་ཚུར་ལ་ལྡོག་ན་ཀུན་ཀྱི་འགོ་འདྲེན་བྱེད། །རང་ཀི་ཁྱིམ་དུ་སླེབས་ན་དཔའ་སྐད་ལུང་བ་འགེངས། །བཟའ་བཏུང་ཡོད་ས་མཐོང་ན་ངོ་ཚ་མི་ཤེས་རྒྱུག །ལས་ཀ་ཡོད་ས་མཐོང་ན་ཐབས་ཀྱིས་བྱོལ་ནས་འགྲོ། །གཞན་ལ་འགྲོ་དགོས་བྱུང་ན་ནད་རོ་རྙིང་བ་ལྡང་། །གང་བཟང་ནོར་རྫས་བཙོངས་ནས་གྱོང་དང་ཕམ་ཁ་ཉོ། །ཁྱིམ་ན་གང་ཡོད་ཆང་དང་དུ་བའི་རིན་ལ་འཇལ། །ཁྱིམ་དུ་མི་ཆགས་ཁྱི་ལྡོམ་བཞིན་དུ་གྲོང་བར་ཉུལ། །ཅི་བཤད་ཐམས་ཅད་ཟས་ནོར་བཟང་ངན་ཁོ་ན་ལབ། །ཁྱིམ་ཚང་སྐྱིད་སྡུག་མི་ཤེས་ཁོ་རང་རྒྱགས་པས་ཆོག །ཁོ་རང་མ་རྒྱགས་ཕ་མ་བུ་དང་ཆུང་མར་རྡུང་། །ཁྱིམ་ཚང་མུ་གེར་འཆི་རུང་ཕན་ཐོགས་སྤུ་ཙམ་མེད། །ཁྱོ་གྲོགས་ཡོད་ཅེས་མིང་ཞིག་མ་གཏོགས་མེད་དང་མཚུངས། །བུ་ཡིས་རྒས་ཁར་ཨ་མར་ཕན་པ་རེ་རེ་ཙམ། །བུ་ངན་སྐྱོང་དཀའ་རྒས་དུས་ཨ་མའི་ཉེས་སྐྱོན་བརྗོད། །སྨྲ་བའི་དབང་མེད་ཨ་མ་ཁྱོད་ནི་ཁ་རོག་ཟེར། །ལན་རེར་ཁ་ནི་ཟས་ཀྱིས་མི་ཆོད་སྒོར་སོང་ཟེར། །ལན་རེར་ཁ་ལ་འདི་ཟོ་ཟེར་ཞིང་ཐལ་བ་གཏོར། །ཞིམ་པོ་ཁོ་ཡིས་ཟ་ཞིང་ངན་ངོན་ཨ་མར་སྟེར། །ཇ་བཟང་ཁོ་ཡིས་འཐུང་ཞིང་ཉག་ཉོག་ཨ་མར་ལྟུད། །དྲོ་འཇམ་ཁོ་ཡིས་གྱོན་ནས་ཨ་མར་དུག་རྡུལ་བསྐོན། །ཅི་བྱས་སྐྱོན་གྱིས་བཟུང་ནས་ལས་ངན་མ་འདི་ཞེས། །ཚིག་ངན་སྙིང་རྩ་རྡོག་ཅིང་མིག་ལོག་རྒྱབ་ལོག་བྱེད། །རྐང་ཐོ་ལག་ཐོས་བརྡུངས་ནས་རྨ་མེད་ཁོང་བསྣད་བྱེད། །བུ་ངན་དེ་འདྲའི་ཅི་བྱེད་རབས་ཆད་ཡིན་ན་བདེ། །དེ་ཕྱིར་འདི་ཕྱིར་སྐྱིད་པའི་དམ་པའི་ལྷ་ཆོས་གྱིས། །མི་ལུས་སྟོང་ལོག་མ་བྱེད་སྨྱུང་གནས་སྡོམ་པ་

p. 557

སྲུངས། །བསགས་པ་བཞག་ནས་འགྲོ་བས་སྦྱིན་པ་ཅི་འགྲུབ་ཐོངས། །མགོན་སྐྱབས་མཆོག་གསུམ་ཐུགས་རྗེ་ཆེན་པོར་གསོལ་བ་ཐོབས། །ལོང་གཏམ་བཤད་ཀྱང་འཛད་མེད་སྐྱབས་འགྲོ་མ་ཎི་ཐོན། །རྒྱུན་དུ་སྡིག་པ་སྤོངས་ལ་དགེ་བའི་སོ་ནམ་རེམ། །དེ་ལྟར་བྱས་ན་བུད་མེད་ཡིན་ཡང་སྐལ་ལྡན་ཡིན། །འདིར་བདེ་ཕྱི་མར་བྱང་ཆུབ་གོ་འཕང་ཐོབ་པར་འགྱུར། །བུད་མེད་ལྷ་ཆོས་མི་བྱེད་རྙིང་རྐྱལ་བ་རྒན་ཡིན། །ཇི་ལྟར་གསོག་འཇོག་མཁས་རུང་བྱི་བ་སྨུག་རིལ་ཡིན། །གཟུགས་བྱད་རབ་ཏུ་མཛེས་རུང་ལྷ་ཁང་ལོགས་བྲིས་ཡིན། །ལུས་ལ་བྱི་དོར་ཡང་ཡང་བྱས་རུང་བྱི་ལ་ཡིན། །ཡོ་བྱད་མང་བོ་འཛོམས་རུང་ཡི་དྭགས་གཏེར་སྲུང་ཡིན། །བུ་དང་བུ་མོ་མང་རུང་རབས་ཆད་ནག་མོ་ཡིན། །འདྲེ་ཡིས་མ་སྨྱོས་པ་ཡི་མི་ཚོའི་སྨྱོན་མ་ཡིན། །དབུགས་ནི་མ་ཆད་པ་ཡི་འབྱུང་བོ་རོ་ལངས་ཡིན། །འདིར་སྡུག་ཕྱི་མར་ངན་འགྲོའི་གནས་སུ་ལྷུང་བར་འགྱུར། །ཞེས་པ་འདི་ཡང་ཞབས་དྲུང་གི་རི་ཁྲོད་པ་ངག་དབང་བློ་བཟང་གིས་ཁྱིམ་པ་རྣམས་ལ་ཕན་པའི་མགུར་ཞིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཉོན་དང་རྫོགས་ཆེན་རྣལ་འབྱོར་ཚོ། །སེམས་ཉིད་དཔེར་ན་ཁང་སྟོང་འདྲ། །རྣམ་རྟོག་ཁྱི་རྐུན་བྱུང་བ་འདྲ། །བྱུང་ཡང་བརྟག་དཔྱད་མི་བྱེད་པར། །སྔར་བཞིན་སེམས་ཉིད་ངང་གནས་པ། །ཁང་བ་གཡོ་འགུལ་མི་བྱེད་པར། །སྔར་བཞིན་གནས་པ་ལྟ་བུ་ཡིན། །རྣམ་རྟོག་མི་གནས་ཡལ་བ་དེ། །ཁྱི་རྐུན་མི་གནས་འགྲོ་དང་འདྲ། །སེམས་ཉིད་དཔེར་ན་སྦྲུལ་དང་འདྲ། །རྣམ་རྟོག་སྦྲུལ་

p. 558

མདུད་བརྒྱབ་པ་འདྲ། །སེམས་ཉིད་རང་གི་ངང་བཞག་པས། །རྣམ་རྟོག་རང་སར་སོང་བ་དེ། །སྦྲུལ་ནི་རང་གི་སྟོབས་ཉིད་ཀྱིས། །མདུད་པ་བརྒྱབ་པ་བཤིག་པ་འདྲ། །སེམས་ཉིད་དཔེར་ན་མི་དང་འདྲ། །རྣམ་རྟོག་དུག་མདའ་ཕོག་པ་འདྲ། །སེམས་ཉིད་རང་གི་ངང་བཞག་པས། །ཏིང་འཛིན་བར་མ་ཆད་པ་དེ། །དུག་གི་མདའ་ནི་བྱུང་མ་ཐག །བླངས་པས་མི་དེ་མ་ཤི་འདྲ། །དེ་ཕྱིར་རྣམ་རྟོག་འཕྲོ་བའི་ཚེ། །རྟོག་དཔྱོད་གང་ཡང་མ་བྱེད་པར། །སེམས་ཉིད་སྟོང་གསལ་ངང་ལ་ཞོག །རང་སར་འགྲོ་བར་ཐེ་ཚོམ་མེད། །འདིས་ཀྱང་འགྲོ་ལ་ཕན་པར་ཤོག །ཅེས་དབང་བོ་རབ་ཀྱི་རྣམ་རྟོག་ལམ་འཁྱེར་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མདའ་མོ་མང་བོ་འཕངས་ཀྱང་། །འབེན་ལ་ཀུན་གྱིས་མ་ཕོག །མདའ་དྲང་འགའ་རེ་འཕངས་དུས། །ཕ་རིའི་འབེན་ལ་ཟུག་ཐལ། །ཆོས་གཏམ་མང་བོ་བྱས་ཀྱང་། །མི་རྣམས་ཀུན་ལ་མ་ཕན། །ཆོས་བཤད་འགའ་རེ་བྱས་དུས། །དད་ཅན་འགའ་ལ་ཕན་ཐལ། །ཁེ་ཚོང་མང་བོ་བྱས་ཀྱང་། །རྒྱལ་ཁ་ཀུན་ལ་མ་ལོན། །ཁེ་ཚོང་འགའ་རེ་བྱས་དུས། །རང་གིས་རྒྱལ་ཁ་ལོན་ཐལ། །སྐྱོ་མགུར་མང་བོ་འཐེན་ཡང་། །སྐྱོ་ཤས་ཀུན་ལ་མ་སྐྱེས། །སྐྱོ་མགུར་འགའ་རེ་འཐེན་དུས། །སྐྱོ་ཤས་ཤུགས་དྲག་སྐྱེས་ཐལ། །ཞེས་པ་འདི་ཡང་སློབ་མ་འགའ་རེས་ཁྱེད་ཀྱིས་ཆོས་བཤད་བྱས་པས་གཞན་ལ་ཨེ་ཕན་དང་། སྐྱོ་མགུར་འཐེན་དུས་སྐྱོ་ཤས་ཁྱེད་ལ་ཨེ་སྐྱེ་གི་ལགས་ཟེར་བའི་ལན་དུ་འདི་ཡིད་ལ་ཤར་བ་བྲིས་པའོ།། །སྐལ་ལྡན་ལས་འཕྲོ་ཅན་གཉིས་ཚུར་ལ་ཉོན། །མི་མེད་རྫ་བྲག་དམ་པ་གོང་མའི་མཁར། །གཅིག་པུར་ཚུགས་པ་དམ་པ་གོང་མའི་སྲས། །ཕ་མཁར་རྒྱུན་དུ་ཟིན་ན་བུ་རྒོད་ཡིན། །སེམས་ཉིད་ཁྱེའུ་

p. 559

ཆུང་གཞོན་ནུའི་ཚོང་བ་ཡིས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོར་བརྒལ། །ངེས་ལེགས་རིན་ཆེན་གླིང་དང་འགྲོ་སྙམ་ན། །དལ་འབྱོར་ཚང་བའི་མི་ལུས་གྲུ་ཆེན་དང་། །མཚན་ལྡན་བླ་མ་དེད་དཔོན་བཟང་བོ་གཉིས། །འཛོམས་པའི་དུས་འདིར་སྡོད་པའི་དུས་མ་ཡིན། །ཕྱི་ནས་འདི་གཉིས་འཛོམ་པ་ཤིན་ཏུ་དཀའ། །ལོ་ཟླ་ཞག་དང་ན་རྒས་ཆར་རླུང་གིས། །རྙེད་དཀའི་གྲུ་གཟིངས་མྱུར་དུ་འཇིག་ལ་ཉེ། །མགོན་མེད་ཚོང་བ་ཤིན་ཏུ་མང་བས་ན། །དེད་དཔོན་དེ་ཡང་རྒྱུན་དུ་མི་སྡོད་འགྲོ། །དེ་ཕྱིར་མྱུར་དུ་སྦྱིན་སོགས་རྒྱགས་ཕྱེ་སྒྲུབས། །དགེ་བའི་བཤེས་གཉེན་དེད་དཔོན་བཟང་བོ་དེ། །བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་འབྲལ་མེད་བསྟེན། །བྱམས་དང་སྙིང་རྗེ་བྱང་སེམས་གྲོགས་དང་འགྲོགས། །ཚུལ་ཁྲིམས་ཐབས་ཀྱིས་གྲུ་གཟིངས་ལམ་ལ་ཆུགས། །ནང་དུ་གཡོ་བ་མེད་པའི་ཏིང་འཛིན་ཤིང་། །ལེགས་པར་ཚུགས་ལ་ཤེས་རབ་དར་ཆེན་ཕྱིར། །བརྩོན་འགྲུས་མཐུན་པའི་རླུང་གིས་མྱུར་དུ་བསྐྱོད། །དམ་པའི་ཆོས་ཀྱི་གླུ་དབྱངས་ལེན་བཞིན་དུ། །ཨེ་མ་སྔོན་ཆད་ཐོས་ཀྱང་མ་མཐོང་བའི། །བདེ་ཆེན་ཐར་བའི་རིན་ཆེན་གླིང་མཆོག་སྙོགས། །ཤུལ་ན་ལུས་པའི་དྲིན་ཅན་མ་རྒན་རྣམས། །རིང་མིན་མྱུར་དུ་སྒྲོལ་བའི་དམ་བཅའ་མཛོད། །ཅེས་པ་འདི་ཡང་དད་ལྡན་བྱ་བཏང་རི་ཁྲོད་པ་ངག་དབང་བློ་བཟང་དང་བློ་བཟང་དོན་འགྲུབ་གཉིས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱལ་བའི་རྒྱལ་ཚབ་སློབ་དཔོན་པདྨ་འབྱུང་། །མཉམ་མེད་ཇོ་བོ་ཀུན་མཁྱེན་བློ་བཟང་གྲགས། །ཁྱེད་རྣམས་རིམ་བཞིན་བྱོན་ནས་ཆོས་གསུངས་ཀྱང་། །ད་དུང་ཆོས་མིན་སྣ་ཚོགས་བྱེད་པ་ཡི། །

p. 560

བོད་ཡུལ་མི་རྣམས་སྙིང་ལ་ཅི་ཞིག་ཞུགས། །ལས་ངན་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །དེང་སང་དུས་ངན་བསྐལ་པའི་སྙིགས་མ་ལ། །བསླབ་པ་བླངས་ནས་ཚུལ་བཞིན་མི་བསྲུང་བར། །ལྐོག་ཏུ་བུད་མེད་ནག་ཆང་རྐུ་འཕྲོག་བྱེད། །ཚུལ་འཆོས་དངོས་སུ་སྟོན་པའི་རབ་བྱུང་དང་། །དགེ་སློང་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །སྡོམ་ཤོར་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །པོ་ཏི་མང་བོ་ཉན་བཤད་བྱས་ན་ཡང་། །གཞུང་ལུགས་ཐམས་ཅད་གདམས་པར་མ་ཤར་ཞིང་། །མང་བོ་བརྩོད་ཀྱང་སྒྲོ་འདོགས་མ་ཆོད་ལུས། །ལས་འབྲས་མི་བརྩི་ནོར་ཕྱིར་ཆོས་བཙོང་བའི། །སྟོན་ཆེན་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །ཐེ་ཚོམ་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །མི་ཚེ་ཧྲིལ་བོ་རི་ལ་བསྡད་ན་ཡང་། །བླུན་རྨོངས་ཞི་གནས་ལྟོངས་པོའི་ངང་བཞག་ནས། །ཉམས་དང་རྟོགས་པ་ཡོན་ཏན་གང་ཡང་མེད། །ཡུན་དུ་བསྒོམས་པའི་བསྒོམ་ཡུས་ཆེར་སྨྲས་པའི། །སྒོམ་ཆེན་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །སྙོམ་ལས་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །མ་དད་བསྒྱུར་བྱེད་མངོན་ཤེས་རྫུ་འཕྲུལ་མེད། །སྤྱོད་པ་ཐོ་ཅོ་གཅེར་རྒྱུག་ལ་སོགས་བྱེད། །ལྷ་མཐོང་འདྲེ་མཐོང་ཟེར་ཞིང་གཞན་མགོ་བསྐོར། །དད་ལྡན་སུན་འབྱིན་གྲོང་བའི་ཁྱི་དཀྲོག་མཁན། །རྣལ་འབྱོར་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །སྙོམ་ལས་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །ཡི་དམ་མི་བསྒྲུབ་འགོང་བོ་ཐན་ལྟས་བསྒྲུབ། །ཆོས་ཀྱི་རྔ་ཆེན་མི་བརྡུང་རྔ་ནག་རྡུང་། །འཕགས་པའི་ནོར་བདུན་མི་གསོག་རྫས་ངན་གསོག །མཐུ་གཏད་སེར་བས་རང་གཞན་གཉིས་འཕུང་མཁན། །སྔགས་པ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །དད་མེད་རྣམས་ལ་

p. 561

ད་དུང་ཐུགས་རྗེས་གཟིགས། །མི་མཐུན་རྐྱེན་རྣམས་ཕྱི་ལ་བསྒྱུར་ཟེར་ནས། །དམར་གཏོར་གཡང་གཞི་རྫས་ངན་མདུན་དུ་བཞག །འཇིགས་པའི་ཞྭ་གྱོན་རྔ་གཤང་དཀྲོལ་བཞིན་དུ། །འོ་དོད་བོས་ཀྱང་དོན་གོ་སྣ་གཅིག་མེད། །བོན་པོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །ལོག་སྤྱོད་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །རང་འདོད་ཁོག་བཅུག་གཞན་དོན་སྐད་དུ་སྒྲོག །ཚ་གྲང་ནད་ངོ་མི་ཤེས་སྨན་ལོག་གིས། །ཕྱུག་པོ་རྨང་དཀོན་གཅེས་ཕྲུག་མང་བོ་གསོད། །བྱམས་དང་སྙིང་རྗེ་མེད་པར་དུག་ལྡུད་མཁན། །སྨན་པ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །སྨན་ལོག་སྟེར་ལ་ད་དུང་ཐུགས་རྗེས་གཟིགས། །དང་པོ་བླ་མ་སྤྱི་གཙུག་རྒྱན་དུ་འཛིན། །བར་དུ་མཛད་སྤྱོད་རྣམས་ལ་སྐྱོན་རྟོག་བྱས། །ཐ་མ་ཁྱི་རོ་བཞིན་དུ་ལིང་གིས་བོར། །འདི་ཕྱི་གཉིས་མེད་དམྱལ་བའི་གཏིང་རྡོ་མཁན། །སློབ་མ་གྲྭ་བའི་སྙིང་ལ་ཅི་ཞིག་ཞུགས། །ལོག་ལྟ་མཁན་ལ་ད་དུང་ཐུགས་རྗེས་གཟིགས། །གཡོ་སྒྱུའི་སྒོ་ནས་ཕ་རོལ་གཞན་ནོར་ལེན། །ཁྲལ་དང་འུ་ལག་མང་བོས་སྡེ་བ་སུན། །ངོ་ཚ་ཁྲེལ་མེད་བྱི་ལ་གཡོ་ཅན་དངོས། །ལས་འབྲས་མི་བརྩི་མགུ་བའི་མི་གཅིག་མེད། །རྗེ་དཔོན་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །ཁྲེལ་མེད་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །ཁྱིམ་ཚང་བཟའ་བའི་ལྟོ་རྒྱབ་གཉིས་ཀྱི་ཕྱིར། །རྫུན་གཏམ་གཡོ་སྒྱུ་བྱས་ནས་གཞན་ནོར་ལེན། །བུ་དང་མནའ་མར་དེ་ལས་འདི་ལས་ཟེར། །ཐ་ན་མ་ཎི་ལན་རེ་མི་འདོན་པའི། །རྒད་པོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །སྙིང་མེད་པོ་ལ་ད་དུང་ཐུགས་རྗེས་གཟིགས། །ལས་སུ་ཚ་བོ་ཡང་

p. 562

ཚའི་འཚོ་རྫི་བྱེད། །མགོ་དཀར་ལུས་པོ་སྒུར་ཡང་འཆི་སྙམ་མེད། །སྦྱིན་པ་མི་གཏོང་ལག་པ་སྒོ་བས་དམ། །ཕྱི་མ་མི་དྲན་ཡི་དྭགས་མགོ་དཀར་མ། །རྒན་མོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །ལག་སྟོང་མ་ལ་ད་དུང་ཐུགས་རྗེས་གཟིགས། །སྲོག་གཅོད་རྐུ་འཕྲོག་བྱས་པའི་ལས་ལན་དུ། །གཤིན་རྗེ་ཕོ་ཉས་འཁྲིད་ནས་བཅད་གཏུབས་ཚེ། བཟོད་མེད་སྡུག་བསྔལ་མྱོང་བ་མི་ཤེས་པར། །ད་དུང་འདི་བསད་འདི་འཕྲོག་ཁ་ཕོ་བཤད། །ཕོ་སྐྱེས་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །སྡིག་ཅན་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །ལྡང་བའི་སྔ་མ་ཉལ་བའི་ཕྱི་མ་བྱེད། །ཚར་མེད་ལས་ཀྱི་ཉིན་པར་ཁོམ་སྐབས་མེད། །ཕན་པའི་དགེ་བ་མི་གསོག་ཟས་ནོར་གསོག །ཁྱི་མོ་ཚང་མ་ལྟ་བུའི་སེར་སྣ་ཅན། །བུད་མེད་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །སེམས་མེད་མ་ལ་ད་དུང་ཐུགས་རྗེས་གཟིགས། །ཕ་མ་གཉིས་ཀྱིས་གཅེས་པར་བསྐྱངས་བསྐྱངས་ནས། །གང་བཤདཚིག་ལ་མི་ཉན་ཕྱིར་ལ་བསྡིག །གཞོན་ནུའི་དུས་ན་ཕ་མར་རྡུང་བྱེད་པའི། །ཁྲེལ་མེད་ངོ་ཚ་མེད་པའི་སྙིང་ནག་པོ། །བུ་ཚ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །བདུད་རིགས་པོ་ལ་ད་དུང་ཐུགས་རྗེས་གཟིགས། །མི་ལུས་ཐོབ་ནས་དམ་ཆོས་མི་བྱེད་པར། །མེ་ལོང་ཆུ་ནང་བལྟས་ནས་བྱི་དོར་བྱེད། །སྙིང་དུ་ཁྱོ་བསམ་ཕ་མ་རྒྱབ་ཏུ་བསྐྱུར། །དོན་གོ་མེད་པའི་མི་ཡི་གཡོག་ལ་འགྲོ། །བུ་མོ་རྣམས་ཀྱི་སྙིང་ལ་ཅི་ཞིག་ཞུགས། །མདོ་མེད་མ་ལ་ད་དུང་ཐུགས་རྗེས་གཟིགས། །བསྡིགས་རུང་བརྡུངས་རུང་མི་ཡི་གཡོག་ལ་དགའ། །ཟས་སུ་ངན་ངོན་གོས་སུ་དུག་ཧྲུལ་གྱོན། །སྔོན་གྱི་ལས་ཀྱིས་ཚེ་འདིར་མི་སྐྱིད་ཀྱང་། །ད་དུང་དམ་ཆོས་མི་བྱེད་གླུ་

p. 563

ཚོ་ལེན། །གཡོག་པོ་གཡོག་མོའི་སྙིང་ལ་ཅི་ཞིག་ཞུགས། །སྙིང་མེད་རྣམས་ལ་ད་དུང་ཐུགས་རྗེས་གཟིགས། །ཞེས་པ་འདི་ཡང་རང་གཞན་ཆོས་ལ་བསྐུལ་ཕྱིར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དྲིན་ཅན་བླ་མའི་ཞབས་ལ་འདུད། །མོས་པའི་བུ་ལ་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཞལ་གདམས་སྟེར་རོ་མ་ཡེངས་ཉོན། །རྨི་ལམ་ཡུལ་གྱི་རང་གཞན་རྣམས། །སྟོང་བའི་རྫུན་པ་དེ་བཞིན་དུ། །བདེ་འགྲོ་ངན་འགྲོ་ལ་སོགས་པ། །སེམས་ཉིད་ཁོ་རང་གིས་སྤྲུལ་བཞིན། །སྤང་བླང་བྱེད་པ་ཡིན་པས་ན། །དེ་ལྟར་བྱེད་མཁན་སེམས་ཉིད་ལ། །བྱུང་གནས་འགྲོ་གསུམ་དབྱིབས་ཁ་དོག །ལ་སོགས་ཨེ་ཡོད་ཞིབ་ཏུ་ཚོལ། །འདི་ཞེས་མཛུབ་མོ་གཏོད་ས་ཞིག །མི་རྙེད་སྟོང་བ་ཉིད་དུ་འགྱུར། །སྟོང་སང་དེ་ཀ་ཆོས་དབྱིངས་ཡིན། །ཆོས་དབྱིངས་ངང་དུ་གློད་ལ་ཞོག །མི་གནས་རྣམ་རྟོག་འཕྲོ་བའི་ཚེ། །རྣམ་རྟོག་སྔ་མ་ཕྱི་མ་དཔྱོད། །དབྱིབས་དང་ཁ་དོག་ཨེ་ཡོད་ལྟོས། །འགྲོ་ས་བྱུང་ས་གང་འདུག་ཚོལ། །མ་རྙེད་སྟོང་བ་ཆོས་དབྱིངས་ཡིན། །ཆོས་དབྱིངས་ངང་དུ་གློད་ལ་ཞོག །ད་དུང་འཕྲོ་ན་སྔར་བཞིན་དུ། །འཕྲོས་མ་ཐག་ཏུ་འབུར་བཅོམ་གྱིས། །རྣམ་རྟོག་ངོ་བོ་ཆོས་དབྱིངས་ཡིན། །བྱུང་ན་དགའ་སྟེ་སྐུལ་འདེབས་བཟང་། །ཉིན་གཅིག་རྣམ་རྟོག་བརྒྱ་བྱུང་ན། །བཙལ་ན་ཆོས་དབྱིངས་བརྒྱ་འབྱུང་ཞེས། །མཉམ་མེད་ཇོ་བོའི་ཞལ་ནས་གསུངས། །རྗེས་ཐོབ་དུས་སུ་ཆོས་རྣམས་ཀུན། །སྒྱུ་མ་སྤྲུལ་བ་བཞིན་དུ་ལྟོས། །རྒྱུ་མ་མཁན་གྱི་སྤྲུལ་སྒྱུར་བཞིན། །དགེ་སྡིག་སྤང་བླང་ལ་སོགས་པ། །ཞེན་མེད་གྱིས་

p. 564

དང་ངོ་མཚར་ཆེ། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་པ་འདི་ཡང་སློབ་བུ་བསྟན་པ་ཕན་བདེ་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །ནམ་མཁའ་འདྲ་བའི་སེམས་ཀྱི་གནས་ལུགས། །ཅེར་མཐོང་ཆོས་རྒྱལ་ཞབས་ལ་འདུད་དོ། །མ་མཐོང་ལྟ་བ་འདོད་པ་རྣམས་ལ། །སེམས་གྱི་གནས་ལུགས་སྟོང་གསལ་སྟོན་ཅིག །མི་བསམ་དགུ་བསམ་མི་འཁྱུག་དགུ་འཁྱུག །དགའ་དང་མི་དགའི་མཁན་པོ་སེམས་ཉིད། །ཡ་ཀི་སྤྱི་བོའི་གཙུག་ནས་མ་ཀིའི། །རྐང་མཐིལ་བར་དུ་ཞིབ་ཏུ་ལྟོས་ཤིག །དངོས་བཟུང་མེད་པར་སྟོང་བར་གྱུར་ཚེ། །སྟོང་བ་ཡིན་ཡང་ས་ལེ་ཧྲིག་གེ །གསལ་སྟོང་འཛིན་མེད་དེ་ཉིད་ལྟ་བ། །དེ་ལས་མ་ཡེངས་པ་དེ་བསྒོམ་པ། །ནམ་ཡང་འབྲལ་མེད་སྐྱོང་བ་སྤྱོད་པ། །བརྟན་པ་ཐོབ་པའི་དུས་སུ་འབྲས་བུ། །ང་ནི་པད་འབྱུང་གཉིས་པའི་ཐུགས་སྲས། །ལྟ་བའི་གླུ་དབྱངས་ལེན་མཁན་ཡིན་ནོ། །གླུ་དབྱངས་མྱུར་མགྱོགས་ཆེ་བའི་རྟ་འདིར། །སྐལ་ལྡན་མི་རྣམས་ཞོན་ལ་ཆོས་དབྱིངས། །རི་བོའི་རྩེར་ཕྱིན་ངོ་མཚར་ལྟད་མོ། །སྣ་ཚོགས་ངོམས་མེད་བལྟ་བར་གྱུར་ཅིག །ཅེས་པ་འདི་ནི་མཁར་སྔོན་སྔགས་འཆང་རིག་འཛིན་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མཚན་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །འདོད་ཆགས་དགྲ་འདི་ཐུལ་བར་བྱིན་གྱིས་རློབས། །བུད་མེད་ཤིན་ཏུ་གཟུགས་མཛེས་མདོག་ལེགས་པ། །མཐོང་དུས་སེམས་ལ་འདོད་ཆགས་སྐྱེས་པའི་ཚེ། །བུད་མེད་ལུས་འདི་ཇི་ལྟར་མཛེས་ན་ཡང་། །ནང་ན་ཁྲག་དང་ཆུ་སེར་གཅིན་རྟུག་དང་། །སྣབས་དང་ལུད་པ་ཀླད་པ་མཁྲིས་པ་སོགས། །མི་གཙང་རྫས་ནི་སུམ་ཅུ་སོ་གཉིས་

p. 565

ཀྱིས། །གང་བའི་རྐྱལ་བ་གོས་ཀྱིས་བཏུམས་པ་ཡིན། །ཤ་ཡི་ནང་དུ་སྲིན་བུ་ཞུགས་པ་བཞིན། །ལུས་ལ་སྲིན་བུ་བརྒྱད་ཁྲི་བཞི་སྟོང་གནས། །བུ་ག་དགུ་ནས་མི་གཙང་དྲི་ངན་འབྱུང་། །དེ་ལ་དགའ་ཞིང་འདོད་པ་ཤིན་ཏུ་འཁྲུལ། །རྒྱལ་པོ་བཙན་པོའི་བཀའ་ཁྲིམས་5དམ་པོ་བཞིན། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་གྱིས། །ཁྲིམས་སུ་བཅས་པའི་འདུལ་ཁྲིམས་ལས་འདས་ན། །སྐྱེ་བ་འབུམ་མམ་བརྒྱ་ཡི་བར་དག་ཏུ། །ངན་སོང་སྡུག་བསྔལ་མྱོང་བའི་ཆད་པ་ཡོད། །འཇིག་རྟེན་འདི་ན་ཤི་བ་ཐུ་མོད་ཀྱི། །དེ་བས་ཚུལ་ཁྲིམས་འཆལ་བ་འབུམ་འགྱུར་སྡུག །ཚུལ་ཁྲིམས་ལྡན་པ་ཤི་ཡང་ཤི་བ་མིན། །ཤི་མ་ཐག་ཏུ་ལུས་བཟང་ལེན་པར་འགྱུར། །ཚུལ་ཁྲིམས་ཉམས་པ་ཤི་ན་གཏན་ཤི་ཡིན། །ཤི་མ་ཐག་ཏུ་ངན་སོང་གནས་སུ་འགྲོ། །བཟོད་མེད་སྡུག་བསྔལ་ཡུན་རིང་མྱོང་བར་འགྱུར། །བདེ་འགྲོར་སྐྱེ་བ་ཕར་ཞོག་མིང་མི་ཐོས། །མར་མེ་གཟུགས་ལ་ཕྱེ་ལེབ་ཆགས་གྱུར་ན། །དགའ་བཞིན་ནང་དུ་མཆོངས་ནས་འཚིག་པ་བཞིན། །རང་ཉིད་བུད་མེད་མཛེས་མར་སེམས་ཆགས་ནས། །དགའ་བཞིན་སྡོམ་པ་བཏང་ན་འཕུང་བར་འགྱུར། །མེ་མདག་ཆེན་པོའི་སྟེང་དུ་རྩྭ་སྐྱ་བཏིངས། །ཉལ་ཚེ་བདེ་ཡང་ཕྱི་ནས་སྡུག་བསྔལ་བཞིན། །བུད་མེད་རྣམས་ལ་ཆགས་པ་སྤྱད་པའི་ཚེ། །ཡུད་ཙམ་བདེ་ཡང་ཕྱི་མར་སྡུག་བསྔལ་མྱོང་། །བུད་མེད་ཐར་བའི་སྲོག་འཕྲོག་གཤེད་མ་ཡིན། །དཀར་བའི་ལོ་ཏོག་འཇོམས་པའི་སེར་བ་ཡིན། །ཕུན་སུམ་ཚོགས་པ་འཕྲོག་པའི་ཆོམ་རྐུན་ཡིན། །དགེ་ལ་བར་ཆད་བྱེད་པའི་བདུད་མོ་ཡིན། །འཁོར་བའི་ཐར་དུ་

p. 566

མི་སྟེར་བཙོན་སྲུང་ཡིན། །ཉོན་མོངས་སྡུག་བསྔལ་འབྱུང་བའི་གཞི་མ་ཡིན། །སྙམ་དུ་བསམས་ན་ཆགས་པ་སྐྱེ་མི་འགྱུར། །བུད་མེད་སྤྱད་པས་སངས་རྒྱས་ཐོབ་པ་ན། །རྒན་རྒོན་རྣམས་ཚོ་སྔོན་ནས་སངས་རྒྱས་ཚར། །ཚུལ་ཁྲིམས་བསྲུངས་པས་སངས་རྒྱས་གོ་འཕང་ཐོབ། །ངས་ནི་ཚུལ་ཁྲིམས་མི་བསྲུང་ཅིའི་ཕྱིར་གཏོར། །ཆོས་རྣམས་སྒྱུ་མ་ཡིན་ཞེས་སངས་རྒྱས་གསུངས། །དཔེར་ན་སྒྱུ་མ་མཁན་གྱིས་རབ་མཛེས་ཀྱི། །བུ་མོ་གཞོན་ནུར་སྤྲུལ་ནས་སྐྱེ་བོའི་ཚོགས། །ཕལ་ཆེར་བསླུས་ནས་ལག་ནས་རྒྱུ་ནོར་བླངས། །ཕྱི་ནས་སྤྲང་བོར་གྱུར་ནས་སྡུག་མྱོང་བཞིན། །བུད་མེད་འདིས་ཀྱང་ང་ཡི་སྡོམ་པ་འཕྲོག །ཕྱི་ནས་ཚེ་འདིར་ཀུན་གྱིས་བརྙས་སྨོད་མང་། །ཕྱི་མར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་། །སྒྱུ་མ་མཁན་གྱིས་སྤྲུལ་བའི་བུད་མེད་དེ། །སྒྱུ་མར་མ་ཤེས་སྐྱེ་བོ་ཆགས་ན་ཡང་། །ཤེས་རྣམས་དེ་ལ་ཆགས་པ་མི་སྐྱེ་བཞིན། །ཆོས་ཀུན་སྒྱུ་མར་མ་ཤེས་སྐྱེ་བོ་རྣམས། །བུད་མེད་རྣམས་ལ་ཆགས་པ་སྐྱེས་ན་ཡང་། །ངས་ནི་ཆོས་རྣམས་སྒྱུ་མར་ཤེས་བཞིན་དུ། །བུད་མེད་མཛེས་ཀྱང་ཆགས་པ་ཅིའི་ཕྱིར་སྐྱེ། །སྙམ་དུ་སྒྱུ་མའི་བུ་མོ་ལྟ་བུར་བསམ། །དེ་ལྟར་བསམས་པས་འདོད་ཆགས་ཞི་བར་འགྱུར། །དགེ་འདིས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས། །འདོད་ཆགས་དགྲ་འདི་མྱུར་དུ་ཐུལ་བར་ཤོགམཚན་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེ་སྡང་དགྲ་འདི་ཐུལ་བར་བྱིན་གྱིས་རློབས། །བདག་གི་སྐྱེ་བ་ཐོག་མ་མ་མཆིས་པས། །སེམས་ཅན་ཐམས་ཅད་སྐྱེ་བ་སྔོན་མ་རུ། །བདག་གི་ཕ་མར་མ་གྱུར་

p. 567

གཅིག་ཀྱང་མེད། །མ་འོངས་པ་ན་ད་དུང་བྱེད་པར་འགྱུར། །ཁོང་ཚོ་མ་རིག་ཉོན་མོངས་གདོན་གྱིས་སྨྱོས། །ང་བུ་ཡིན་པར་མ་ཤེས་གནོད་འཚེ་བྱས། །ངས་ནི་ཤེས་བཞིན་དྲིན་ཅན་ཕ་མ་ལ། །ཅི་ཕན་མ་གཏོགས་གནོད་བྱེད་ག་ལ་རུང་། །བདག་གིས་རྫོགས་པའི་བྱང་ཆུབ་ཐོབ་པ་ལ། །བཟོད་པའི་ཕར་ཕྱིན་ཡོངས་སུ་རྫོགས་དགོས་པས། །གནོད་བྱེད་མེད་ན་བཟོད་པ་སུ་ལ་བསྒོམ། །དེ་ཕྱིར་དགྲ་འདི་བདག་གི་དགེ་བའི་གྲོགས། །མ་ཉེས་བཞིན་དུ་སྡིགས་རྡུང་སྐུར་འདེབས་ལ། །བཟོད་པ་བསྒོམས་ན་སྡིག་སྒྲིབ་དཔག་མེད་བྱང་། །བཟོད་པའི་འབྲས་བུ་མཚན་དཔེས་བརྒྱན་པའི་སྐུ། །དེས་ན་དགྲ་ཡང་བྱང་ཆུབ་ཐོབ་པའི་གྲོགས། །མཛད་པ་འདི་ལ་བདག་ནི་ཅིས་མི་དགའ། །སྙམ་དུ་ཁྲོ་མེད་བཟོད་པ་བསྒོམ་པར་གྱིས། །ལྷ་མིའི་བདེ་སྐྱིད་ཐར་བ་ཙམ་པ་དང་། །ཐམས་ཅད་མཁྱེན་པ་སངས་རྒྱས་གོ་འཕང་རྣམས། །སེམས་ཅན་རྣམས་ལ་བརྟེན་ནས་ཐོབ་དགོས་པས། །སངས་རྒྱས་རྣམས་ལ་སེམས་ཅན་དྲིན་ཅན་ཡིན། །དྲིན་ཅན་རྣམས་ལ་ཁོང་ཁྲོ་བྱ་མི་རུང་། །ལྷས་སྦྱིན་དྲིན་ལ་བརྟེན་ནས་སངས་རྒྱས་ཀྱང་། །བྱམས་པས་སྔོན་ནས་རྫོགས་སངས་རྒྱས་ཞེས་གསུངས། །དེ་ལྟར་བསྒོམས་པས་ཁྲོ་བ་མ་ཞི་ན། །རང་གི་ཚེ་འདིའི་མ་དེ་མདུན་དུ་བསྒོམས། །དེ་ལ་གནོད་འཚེ་རུང་ངམ་མི་རུང་སོམས། །ཚེ་འདིའི་མ་ལ་གནོད་འཚེ་མི་རུང་ན། །དགྲ་བོ་འདི་ཡང་ཚེ་རབས་སྔོན་གྱི་མ། །ཡིན་པས་འདི་ལ་གནོད་འཚེ་བྱ་མི་རུང་། །སེམས་ཅན་ཐམས་ཅད་དྲིན་ཅན་མ་ཡིན་ཞེས། །སངས་རྒྱས་གསུངས་ཕྱིར་འདི་ལ་རྫུན་

p. 568

ཞིག་མེད། །མ་ལ་ཁྱད་པར་འབྱེད་པ་ཁྱོད་ཉིད་བླུན། །སྙམ་དུ་དགྲ་ལ་རང་གི་མ་ལྟར་གཅེས། །ཡང་ན་རང་ཉིད་དགྲར་བསྒོམས་ཕ་རོལ་དགྲ། །རང་དུ་སྒོམས་ལ་ཁོང་ཁྲོ་ཨེ་དགའ་དང་། །གནོད་འཚེ་བྱས་ན་འདོད་དམ་མི་འདོད་བརྟགས། །རང་གིས་ཁོང་ཁྲོ་གནོད་པ་མི་འདོད་ན། །དགྲས་ཀྱང་ཁོང་ཁྲོ་གནོད་པ་མི་འདོད་པས། །དེས་ན་རང་གིས་རང་ལ་དཔེ་ལོངས་ལ། །དགྲ་ལ་ཁོང་ཁྲོ་གནོད་པའི་བསམ་པ་སྤོངས། །དགྲ་གཉེན་བར་མ་ཐམས་ཅད་འཆི་བར་ངེས། །ནམ་འཆི་ཆ་མེད་དགྲ་ཡི་སྔོན་ལ་ཡང་། །རང་ཉིད་ཤི་ནས་འགྲོ་ཡང་གོ་ཤེས་མེད། །དགྲ་ཤི་སོང་རུང་རང་ཡང་ཕྱི་ནས་འཆི། །དེས་ན་མི་ཚེ་གློག་འགྱུ་ཙམ་ལས་མེད། །དགྲ་ལ་ལན་ཞིག་བྱས་ལ་དགོས་པ་ཅི། །ཚོང་འདུས་མགྲོན་བཞིན་སོ་སོར་གྱེས་ནས་འགྲོ། །ཁོང་ཁྲོས་བསྐལ་པ་མང་བོའི་དགེ་རྩ་འཇོམས། །ཤི་མ་ཐག་ཏུ་དམྱལ་བའི་གནས་སུ་ལྷུང་། །དམྱལ་མེས་ལུས་པོ་འཚིག་ཚེ་བཟོད་ཐབས་མེད། །ཚེ་འདིར་ཁོང་ཁྲོ་བསྲན་ཡང་བཟོད་པར་ནུས། །ཆོས་རྣམས་ཐམས་ཅད་མདང་གི་རྨི་ལམ་འདྲ། །རྨི་ལམ་འཁྲུལ་སྣང་བཞིན་དུ་ཚེ་འདི་ཡི། །དགྲ་གཉེན་བར་མ་སེམས་ཀྱི་འཁྲུལ་སྣང་ཡིན། །རྨི་ལམ་དགྲ་ཡིས་བསད་ན་མི་ཁྲོ་ལྟར། །ཚེ་འདིའི་དགྲ་ཡང་དེ་ལྟར་ཤེས་ནས་ནི། །ཁོང་ཁྲོ་མེད་པར་རྨི་ལམ་ལྟ་བུར་སྒོམས། །དེ་ལྟར་བསྒོམས་པས་ཞེ་སྡང་ཞི་བར་འགྱུར། །དགེ་འདིས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས། །ཞེ་སྡང་དགྲ་འདི་མྱུར་དུ་ཐུལ་བར་ཤོག །མཚན་ལྡན་བླ་མ་

p. 569

རྣམས་ལ་གསོལ་བ་འདེབས། །གཏི་མུག་དགྲ་འདི་ཐུལ་བར་བྱིན་གྱིས་རློབས། །འཁོར་བར་འཁྱམས་པའི་རྩ་བ་མ་རིག་པ། །དེ་ལས་འདུ་བྱེད་དེ་ལས་རྣམ་ཤེས་བྱུང་། །དེ་ལས་མིང་གཟུགས་དེ་ལས་སྐྱེ་མཆེད་དྲུག །དེ་ལས་རེག་པ་དེ་ལས་ཚོར་བ་བྱུང་། །དེ་ལས་སྲེད་པ་དེ་ལས་ལེན་པ་བྱུང་། །དེ་ལས་སྲིད་པ་དེ་ལས་སྐྱེ་བ་བྱུང་། །དེ་ལས་རྒ་ཤི་རྟེན་འབྲེལ་བཅུ་གཉིས་ཀྱིས། །འཁོར་བར་འཁོར་ཞིང་སྡུག་བསྔལ་མཐའ་མེད་མྱོང་། །དཔེར་ན་སྡོང་བོ་རྩ་བ་གཅིག་བཅད་ན། །ཡལ་འདབ་མེ་ཏོག་འབྲས་བུ་བསྐམ་པ་བཞིན། །མ་རིག་འགགས་ན་གཞན་རྣམས་རིམ་གྱིས་འགག །དེ་ཡང་མ་རིག་པ་དེ་གང་ཞེ་ན། །རང་སེམས་རང་གིས་མ་རིག་པ་དེ་ཡིན། །རང་སེམས་བྱུང་གནས་འགྲོ་གསུམ་རྩད་བརྡར་ཆོད། །སེམས་ཉིད་དངོས་མེད་ནམ་མཁའ་ལྟ་བུར་རྟོགས། །ཆོས་རྣམས་སྤྲིན་འཇའ་བཞིན་དུ་འཕྲུལ་དུ་གོ །དེ་ལ་གོམས་པས་མ་རིག་འགག་པར་འགྱུར། །གཏི་མུག་གཉིད་འདི་དགེ་བའི་ཆོམ་རྐུན་ཏེ། །ཚེ་ཕྱེད་དོན་མེད་གཏི་མུག་གཉིད་ཀྱིས་འཛད། །གཉིད་ལ་ཉེས་པ་ཉི་ཤུ་ཡོད་པར་བཤད། །དེ་ཕྱིར་གཉིད་བསྲན་དགེ་སྦྱོར་བྱེད་པ་གཅེས། །སྲོད་དང་ཐོ་རངས་གཏི་མུག་གཉིད་སྲབ་ཕྱིར། །ནུབ་མོ་རང་གི་སྤྱི་བོར་མར་མེ་ནི། །རབ་ཏུ་གསལ་བ་གཅིག་སྒོམ་རིག་པ་གཏད། །དེ་ཡིས་གཏི་མུག་གཉིད་ནི་སྲབ་པར་གསུངས། །ཤིན་ཏུ་གཉིད་འབབ་དུས་སུ་ཁྱམས་ནས་འདུག །ནམ་ལངས་ཉི་མ་ཤར་བ་ཡིད་ལ་བྱ། །དེ་ལྟར་

p. 570

བསྒོམས་པས་གཏི་མུག་ཞི་བར་འགྱུར། །དགེ་འདིས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས། །གཏི་མུག་དགྲ་འདི་མྱུར་དུ་ཐུལ་བར་ཤོག །མཚན་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །ང་རྒྱལ་དགྲ་འདི་མྱུར་དུ་ཐུལ་བར་བྱིན་གྱིས་རློབས། །ཧེ་ཧེ་ཁྱོད་ལ་ང་རྒྱལ་ཅིའི་ཕྱིར་སྐྱེ། །སྐྱོན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི། །ཡོན་ཏན་དེ་འདྲ་ཡོད་པ་མ་ཡིན་ནམ། །དེ་འདྲ་མེད་ཀྱང་མངོན་ཤེས་རྫུ་འཕྲུལ་ཅན། །དགྲ་བཅོམ་པ་རྣམས་ཡོན་ཏན་དེ་འདྲ་ཞིག །ཁྱོད་ལ་ཡོད་ནས་ང་རྒྱལ་སྐྱེས་སམ་ཅི། །ཡང་ན་རིག་གནས་ལྔ་ཡི་ཕ་རོལ་ཏུ། །སོན་ནས་ང་རྒྱལ་བྱས་པ་ཨེ་ཡིན་ཨང་། །དེ་འདྲའི་ཡོན་ཏན་ཆ་ཙམ་མ་མཆིས་ན། །ཁྱོད་ཀྱིས་ང་རྒྱལ་ཅི་ཞིག་ཡོད་ནས་བྱས། །ཀྱེ་མ་སྔོན་ནས་ད་བར་འཁོར་བར་འཁྱམས། །ད་དུང་སུན་རྒྱུ་མེད་པའི་སྙིང་རུས་ཅན། །སྔོན་བྱོན་སངས་རྒྱས་བྱེ་བ་གྲངས་མེད་ཀྱི། །བསྟན་པའི་ཡུན་ལ་མ་གྲོལ་ལས་ངན་པོ། །ཚེ་འདིར་དབང་ལུང་ཁྲིད་གསུམ་མང་ཐོབ་ཀྱང་། །རང་རྒྱུད་ཇེ་གྱོང་སོང་བའི་ཚེ་སྟུག་པོ། །བསྟན་པའི་སྒོར་ཞུགས་སྡོམ་པ་གསུམ་ཞུས་ཀྱང་། །ཉེས་ལྟུང་ཆར་བ་འབབ་པའི་ཁྲིམས་འཆལ་བོ། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་མང་བྱས་ཀྱང་། །ལྷ་ཞལ་ཟུར་ཙམ་མ་མཐོང་སྒྲིབ་མཐུག་པོ། །ཆུང་ནས་ད་ལྟའི་བར་དུ་དཀོར་ཟོས་ཀྱང་། །ད་དུང་ཚིམ་པ་མེད་པའི་ཧེབ་རྒན་པོ། །ཚིག་བཞི་ཙམ་རེར་འགྲེལ་བ་མི་ཕོག་པར། །ད་དུང་ང་མཁས་སྙམ་པའི་ཧམ་པ་ཅན། །དུག་ལྔའི་མགོ་བོ་ཅུང་ཟད་མི་གནོན་པར། །རང་ཉིད་བཟང་བོར་རློམ་པའི་མགོ་གཡོག་པོ། །རང་ལ་གར་

p. 571

འགྲོའི་གཏད་སོ་ཅང་མེད་པར། །ཤི་བོའི་ལམ་སྣ་འདྲེན་པའི་སྙིང་ཁམས་ཅན། །རང་ཉིད་ནམ་འཆི་ངེས་པ་མེད་བཞིན་དུ། །གསོན་པོའི་བར་ཆད་སེལ་བའི་བྱིན་རླབས་ཅན། །ལེགས་པར་བསམས་ན་ཡི་མུག་མི་ལྡང་ངམ། །བསམ་ཞིང་བསམ་ཞིང་བྲང་ལ་ཏིག་ཏིག་བརྡུང་། །དེ་ལྟར་བསྒོམས་པས་ང་རྒྱལ་ཞི་བར་འགྱུར། །དགེ་འདིས་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས། །ང་རྒྱལ་དགྲ་འདི་མྱུར་དུ་ཐུལ་བར་ཤོག །མཚན་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །ཕྲག་དོག་དགྲ་འདི་ཐུལ་བར་བྱིན་གྱིས་རློབས། །མི་གཞན་མཐོ་ཞིང་སྐྱིད་ན་མི་དགའ་བའི། །ཕྲག་དོག་འདི་ནི་ཁྱོད་ཀྱིས་གང་ནས་དྲན། །ཀྱེ་མ་ཁྱོད་ཀྱིས་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་དུས་སངས་རྒྱས་བྱང་སེམས་དགོངས་ཤིག་ཅེས། །ཐལ་མོ་སྦྱར་ནས་བདག་གིས་འགྲོ་བ་ཀུན། །སངས་རྒྱས་ས་ལ་འགོད་ཅེས་དམ་བཅའ་བྱས། །དགེ་སྦྱོར་གང་བྱས་མར་གྱུར་འགྲོ་བ་ཀུན། །འཕྲལ་ཕུགས་བདེ་བའི་ཕྱིར་དུ་ཡང་ཡང་བསྔོས། །འགྲོ་ཀུན་བདེ་དང་བདེ་བའི་རྒྱུ་ལྡན་པའི། །སྨོན་ལམ་མང་བོ་ཁ་ནས་འདོན་བཞིན་དུ། །འདི་འདྲ་དྲན་པ་ཁྱོད་ངོ་མི་ཚ་འམ། །འགྲོ་ཀུན་བདེ་ཞིང་སྐྱིད་ན་དགའ་བའི་སེམས། །ཁོ་ནས་མ་འོངས་ཚངས་པའི་ལུས་འཐོབ་གསུངས། །ཁྱོད་ཀྱིས་བདེ་འགྲོའི་ལུས་རྟེན་མི་འདོད་དམ། །གཞན་ལ་ཕྲག་དོག་མཐོ་ན་མི་དགའི་སེམས། །སྐྱེས་ན་དམྱལ་བ་ལྷ་མིན་གནས་སུ་སྐྱེ། །ཁྱོད་ཀྱིས་ཤེས་བཞིན་དེ་ཡི་རྒྱུ་བསྒྲུབ་བམ། །དེ་ལྟར་བསམས་པས་ཕྲག་དོག་ཞི་བར་འགྱུར། །དགེ་འདིས་བདག་གཞན་སེམས་ཅན་ཐམས་ཅད་

p. 572

ཀྱིས། །ཕྲག་དོག་དགྲ་འདི་མྱུར་དུ་ཐུལ་བར་ཤོག །ཅེས་དུག་ལྔའི་གཉེན་པོ་འདི་ནི་ཨ་རིག་གི་དགེ་སློང་བྱམས་པ་བསྟན་སྐྱོང་གིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །བུའི་སེམས་ལ་ཕན་པར་བྱིན་གྱིས་རློབས། །རི་སྨུག་པ་ཅན་གྱི་ཁྲོད་ཅིག་ན། །རྫའི་ཕུག་པ་རང་ཤོང་ཁྲ་ལྡེམ་མེ། །ཕྱོགས་ཕྱོགས་ན་འབྱོར་ལྡན་ཡོན་བདག་གི །སྦྲ་ལྷ་གུར་ཟེད་དཀར་ཁྲ་མེ་རེ། །རིའི་ངོས་དང་ཀླུང་ན་རྟ་ནོར་ནི། །རྩྭ་ཆུ་འཐུང་ཉལ་བ་ཁྲ་ཤིགས་སེ། །ཁོང་རྫི་བོ་མང་བོས་གླུ་ཆུང་ལེན། །གཅིག་གཅིག་ལ་འཛུམ་ཞིང་དགོད་དི་རི། །སྤྲིན་སྔོ་དཀར་ལང་ལོང་མཁའ་ལ་འཐེན། །ཆར་ཉི་མའི་ནང་ན་ཟིམ་ཟིམ་འབབ། །འཇའ་ཁ་དོག་ལྔ་ལྡན་སྤང་རིར་འཐེན། །གཡུའི་མདོག་འདྲའི་ཁུ་བྱུག་ལྷང་ལྷང་གྲག །ཆུ་ལྷུང་ལྷུང་འབབ་པས་སྙན་པ་སྒྲོག །སྤང་བདེ་མོའི་གཡུ་མདོག་མེ་ཏོག་ཚོགས། །རླུང་ཅུང་ཟད་གཡོས་པས་ལྡེམ་ལྡེམ་བྱེད། །མདོག་སྣ་ཚོགས་མེ་ཏོག་ཚལ་ཆེན་ལ། །ལུས་རབ་མཛེས་བུང་བ་འདུ་ཚོགས་མང་། །སྒྲ་དར་དིར་སྒྲོག་བཞིན་སྐོར་བ་བྱེད། རང་སྤང་གཞོངས་དེ་རུ་འདུག་སྙིང་འདོད། །ཕྱོགས་ཕྱོགས་སུ་ལྟད་མོ་བལྟ་སྙིང་འདོད། །རྗེའི་གསོལ་འདེབས་མགུར་དབྱངས་ལེན་སྙིང་འདོད། །དུས་དེ་ཚེ་མེ་ཏོག་ཐམས་ཅད་ནི། །རང་ཡིད་ཀྱིས་ཕྱོགས་བཅུའི་རྒྱལ་བར་འབུལ། །རྗེ་བླ་མར་རྒྱང་འབོད་གསོལ་འདེབས་གྱིས། །ནང་རྒྱུད་ལ་ཕན་པའི་རྒྱང་གླུ་ལོངས། །ལྷའི་ཞིང་ཁམས་ཆུང་ཆུང་ཞིག་དེ་ཡིན། །གནས་དེ་འདྲ་བསྟེན་ན་ངོ་མཚར་ཆེ། །བུ་ཁྱོད་ཀྱིས་དབེན་གནས་དེ་འདྲ་བསྟེན། །ཚེ་བློས་ཐོངས་ཚེ་དང་

p. 573

སྒྲུབ་པ་སྙོམས། །ཚེ་འདི་དང་ཕྱི་མར་སྐྱིད་པར་ངེས། །དགེ་འདི་ཡིས་སྐལ་ལྡན་སློབ་མ་ཡིས། །ཚེ་བློས་ཐོངས་རི་ཁྲོད་ཟིན་པར་ཤོགཅེས་པ་འདི་ཡང་སློབ་བུ་དད་ལྡན་ཚེ་མགོན་ཀྱིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲོས་པའོ།། །།ཕ་རྒན་ཆོས་རྒྱལ་ཞབས་ལ་འདུད། །ཉོན་དང་སྐལ་ལྡན་སྙིང་གི་བུ། །མཉམ་པར་བཞག་པའི་དུས་སྐབས་སུ། །ལུས་དང་སེམས་ལ་བདེ་བ་རྒྱས། །སེམས་ཉིད་གསལ་སྟོང་རྗེན་པ་བུད། ལྷང་ལྷང་ངེས་ཤེས་གདངས་ལྡན་པའི། །རྟོགས་པ་དེ་འདྲ་སྐྱེས་པའི་ཚེ། །འདི་ལས་ལྷག་པའི་རྟོགས་པ་མེད། །གཞན་གྱིས་མ་ཤེས་ཁོ་བོས་རྟོགས། །སྙམ་ནས་རྟོགས་ལྡན་མཆོག་ཏུ་རློམ། །ངེས་ཤེས་འཛིན་པ་མ་ཞིག་ན། །ར་གན་གསེར་དུ་རློམས་པ་འདྲ། །ངེས་ཤེས་བརྟན་པོ་དེ་བཤིགས་དགོས། །དེ་ཕྱིས་བཀའ་བརྒྱུད་གོང་མ་ཡིས། །བསྒོམ་འདེབས་ཤེས་ཏེ་བཤིགས་ཤེས་ཉུང་། །གསུངས་པ་དེ་ཡང་དེ་ལ་དགོངས། །འོན་འགྱུར་མེད་རྟོགས་པ་ནི། །ཅི་འདྲ་བ་ཞིག་ཟིན་ཟེར་ན། །དབེན་པར་ཡུན་རིང་མཉམ་བཞག་ཚེ། །ཉམས་རྟོགས་བཟང་དགུའི་འཇའ་སྤྲིན་ཡལ། །ངེས་ཤེས་སྐྱི་སེར་རླུང་པོ་ཞི། །སྤྲིན་མེད་སྟོན་ཁའ་ན་མཁའ་བཞིན། །རང་གསལ་ལེ་སང་ངེ་བ། །ཅི་ཡིན་ཆ་མེད་དགོད་བྲོ་བ། །དེ་ཀ་འགྱུར་མེད་རྟོགས་པ་ཡིན། །དེ་ཚེ་ཨ་ཨ་འདི་ཡིན་གདལ། བླ་མ་ས་མང་གསུངས་རང་ཅི་ཕྱུང་། །ཁ་རོག་བསྡད་པས་ཆོག་པར་གདལ། །སྒོམ་རྒྱུ་ཅི་ཡང་མི་འདུག་སྙམ། །སེམས་ཉིད་ངལ་གསོ་ལྟ་བུར་འགྱུར། །ཐོས་ཆུང་དེ་ཡིས་ཡིད་མི་མི་ཚིམ། །གསལ་སྟོང་བདེ་ཉམས་ཞིག་འདོང་ནས། །

p. 574

ཨེ་འོང་ཚད་ནི་མ་བྱུང་དུས། །ཅི་བྱུང་སྙམ་ནས་སེམས་མི་དགའ། །རྟོགས་པ་ཉམས་གཉིས་ནོར་རྟགས་ཡིན། །བོགས་འདོན་དེ་ཉིད་སྐྱོང་བ་ལ། །ཉམས་རྟོགས་བཟང་པོའི་འདོད་པ་སྤོངས། །དགེ་འདིས་རང་གཞན་ཐམས་ཅད་ལ། །མཉམ་གཞག་སྐབས་སུ་ཕན་པར་ཤོག །བླ་མ་དམ་པའི་ཞབས་ལ་འདུད། །དེང་སང་བསྐལ་བའི་སྙིགས་མ་ལ། །རབ་བྱུང་དགེ་སློང་འགའ་རེ་ཡིས། །བསླབ་པ་བླངས་ནས་བསྲུང་མི་དགོས། །གཏོང་ཚེ་ཡར་ལ་འབུལ་མི་དགོས། ཆོས་ལུགས་གསར་བ་ཞིག་དར་འདུགའདི་ནི་སངས་རྒྱས་ཕྱབ་ལེན་མིན། རྒན་རྒོན་རྣམས་ཀྱིས་མ་བསླབ་སམ། །ནུབ་མོ་བུད་མེད་རུམ་དུ་འཛུལ། །ཆགས་པ་མང་སྤྱོད་སུན་རྒྱུ་མེད། ཉིན་བར་གཟན་ཤམ་ནང་དུ་འཛུལ། །ཆབ་བླངས་ཆོས་འདོན་ངལ་རྒྱུ་མེད། ལས་འབྲས་ཅུང་ཟད་མི་འཛེམ་པར། །གཡོ་རྒྱུ་ཁྲ་གསུམ་མང་པོ་བྱེད། །དུ་དུང་སྡོམ་པ་ཁོར་ཡོད་སྙམ། །དགེ་སློང་བན་དེའི་ཁུར་དེ་བཟུང་། །ཀུན་གྱིས་ཨ་ཁུ་དགེ་སློང་དང་། །བནྡེ་ཟེར་དུས་ཨ་ཚོ་ཟེར། །ཁྱོད་ལ་སྡོམ་སྡོམ་པ་ཞིག་ཡོད་ན། །ཁྱིམ་པ་རྣམས་ཚོར་ཅིའི་ཕྱིར་མེད། །ཁྱོད་ཀྱི་སྡོམ་པ་མ་ཤོར་ན། །ས་འདིར་སྡོམ་ཤོར་ངས་མ་མཐོང་། །ཐམས་ཅད་སྡོམ་ལྡན་མ་ཡིན་ནམ། །ཡང་ན་ཁྱོད་ཀྱི་བཤད་ཚུལ་འདིས། །སྡོམ་ཤོར་སྡོམ་ལྡན་རྣམས་ཡིན་ནམ། །རང་གིས་བསམ་བཞིན་སྡོམ་པ་བཏང་། །བསླབ་སྐྱོར་བྱས་ནས་ཡང་སྐྱེས་སྙམ། །ཁྱོད་ལ་སྡོམ་པ་ཞིག་སྐྱེས་ན། །རི་བོང་རྭ་ཞིག་སྐྱེ་མོད་སྙམ། །ངོ་ནི་ཚ་རྒྱུ་མེད་ནི་འགས། །ད་དུང་ཆོས་གོས་ཁུར་ནས་འགྲོ། །ད་དུང་གཞན་ལ་ཆོས་ཚོ་བཤད། །ད་དུང་གཞན་ལ་བསླབ་པ་

p. 575

འབོག །ད་དུང་གཞན་ལ་བསླབ་སྐྱོར་བྱེད། །སངས་རྒྱས་བྱང་སེམས་རྣམས་ཀྱིས་གཟིགས། །ཞལ་རས་ཕྱག་གིས་བཀབ་ནས་བཞད། །མི་ལ་ཆོས་བཤད་བན་རྒན་ཨང་། །ཁྱོད་ལ་ཅི་ཞིག་བྱུང་བ་ཡིན། །ལས་འབྲས་མི་བརྩི་སྡིག་པ་བྱེད། །ཁྱོད་ཀྱི་ཆོས་འདི་སུ་ཡིས་བསླབས། །བླ་མའི་མིང་ལ་ཅི་ཞིག་ཟེར།། རང་སྐྱོན་ཁ་བ་ཙམ་པ་བཞག །བླ་མས་འཇོག་དགོས་གསུང་ངམ་ཅི། །གཞན་སྐྱོན་བ་མོ་ཙམ་པ་སྤྲུགས། །རབས་ཆད་སེར་མོ་འགའ་རེ་ཡིས། །སེར་སྣ་བྱས་ནས་རྒྱུ་ནོམ་པ། །བུ་ལ་སྟེར་རམ་བུ་མོར་སྟེར། །བན་རྒན་ང་ཡིས་བསམས་ཙ་ན། །དེ་འདྲའི་སྟེར་ས་མེད་མོད་སྙམ། །འོན་ཀྱང་ལྟས་ངན་གོ་ཤེས་མེད། །བན་རྒན་ནུབ་མོ་འགྲོ་འདུག་རྒོད། །སྟེར་ས་ཡོད་ན་ཁྱོད་ཁག་མེད། །སྟེར་ས་མེད་ན་འཆི་བའི་ཚེ། །འཁུར་ནས་འགྲོ་རྒྱུ་མ་ཡིན་ནམ། །བན་རྒན་ང་ཡིས་ད་སྔ་ཡན། །བླ་རྒན་ཞིག་གིས་མང་བོ་བསགས། །འཆི་དུས་ཁུར་བུད་སོང་འདུག་ཅེས། །ད་སྔ་མཐོང་ཐོས་གཅིག་མ་བྱུང་། །འོན་ཀྱང་ལྟས་ངན་གོ་རྒྱུ་མེད། །བན་རྒན་འགའ་རེ་འཁུར་ཤེད་ཆེ། །ཁུར་ནས་འགྲོ་ན་ཁྱོད་ཁག་མེད། །བསགས་པ་ཁུར་ནས་མི་འགྲོ་ན། །འཆི་བདག་གཤིན་རྗེར་གནང་བ་ཞུས། །མི་འཆི་སྡོད་རྒྱུ་མ་ཡིན་ནམ། །བན་རྒན་ང་ཡིས་ད་སྔ་ཡན། །འཆི་བདག་གཤིན་རྗེས་གནང་བ་བྱིན། །ཚེ་ཐར་བན་རྒན་གཅིག་མ་རིག །འོན་ཀྱང་ལྟས་ངན་གོ་ཤེས་མེད། །གོང་མའི་ཁྲིམས་ཀྱང་འཆོལ་ཚུལ་ཚོར། །བལྟས་ན་ཆོས་རྒྱལ་ཁྲིམས་དེ་ཡང་། །

p. 576

བློན་པོ་གླང་མགོ་ཅན་སོགས་ཀྱིས། །ནོམ་པར་བརྗེ་གིན་ཡོད་ནའང་ཐང་། །གཤིན་རྗེས་སྡོད་ཅེས་གསུང་བྱོན་ནས། །འདུག་རྒྱུ་ཡིན་ན་ཁྱོད་ཁག་མེད། །གལ་ཏེ་སྟེར་ས་འཁྱེར་ས་མེད། །མི་འཆི་སྡོད་རྒྱུ་མ་ཡིན་ན།། རྒྱུ་ནོམ་བསགས་པར་དོན་གོ་ནི། །ཅི་ཡོད་ཧིས་ཁར་ལག་པ་ཞོག །ལེགས་པར་བསམ་བློ་ཞིབ་ཏུ་ཐོངས། །ད་ལྟ་འཕྱུགས་ན་འཕྱུགས་བཙོག་ཡིན། །བན་རྒན་ང་ཡི་འདོད་ཡིན་ན། །རྩ་བཞིའི་སྡོམ་པ་ཉམས་མེད་བསྲུངས། །སེར་སྣའི་མདུད་པ་གློད་ན་སྙམ། །བྱེད་དམ་མི་བྱེད་ཁྱེད་ཚོ་མཁྱེན། །གལ་ཏེ་ཐུགས་ཀྱིས་མི་བཞེད་ན། །ང་ལ་བཀའ་བཀྱོན་འདྲ་མ་གནང་། །ཨ་ཁུ་རྣམས་ཚོ་རླུང་ཁམས་ཆེ། །བཤགས་པ་ཞིག་ཀྱང་དགོས་ན་འབུལ། །བཤགས་པ་དགོས་ན་ད་ཕྱིར་ཤོག །ང་ལ་རྒྱུ་ནོམས་མང་པོ་ཡོད། །དབེན་པར་ཤོག་དང་ཅིས་མི་འབུལ། །ཐོས་ཚད་ཐམས་ཅད་བཞད་པར་ཤོག །ཅེས་པ་འདི་ཡང་བན་རྒན་འགའ་རེ་ལ་ཚོགས་དྲུག་རང་གྲོལ་གྱིས་ཀུ་རེ་བྱས་པའོ། །བླ་མ་ཆོས་ཀྱི་རྒྱལ་པོ་འདུད། །དེང་སང་གང་ཅན་བོད་ཡུལ་ན། །སྐྱེ་བོ་རྨོངས་པ་འགའ་རེ་ཡིས། །དམྱལ་བ་ཞིག་ཡོད་ཟེར་བ་རྫུན། །སྟེང་ནི་ནམ་མཁའ་འོག་འདིས། །ནམ་མཁའ་འདི་ཉིད་སྟོང་བ་ཡིན། །ས་འོག་ཞིག་ལ་ཆགས་ཚུལ་མེད། །ས་ཁ་འདི་ན་མེད་ཐག་ཆོད། །གླ་ཏེ་ས་གནམ་ན་ཡོད་ཀྱང་། །ནམ་མཁར་ཡར་ལ་འགྲོ་མི་ནུས། །ས་ལ་འཛུལ་ནས་འགྲོ་ཚུལ་མེད། །ས་སྟེང་འདི་ན་ཡོད་ན་ཡང་། །རྨ་ཆུ་འགྲི་ཆུ་ར་བསྐོར་ཡོད་དི། །བསྐོར་ནས་སོང་ན་སྐོར་ལོས་ཡོད། །གལ་ཏེ་བསྐོར་མེད་ཐུག་སོང་ཡང་། །བློན་པོ་ངན་པས་རྫུན་སྨྲས་ན། །གོང་མ་ཡིན་ཀྱང་

p. 577

རྫུན་ཆུད་གི །རྫུན་འདྲ་སྨྲས་ན་ལོས་གཏོང་ཟེར། །སྡིག་པ་བྱས་པའི་ཉེས་དམིགས་རྣམས། །བཤད་ན་བདེན་པར་མི་འཛིན་པར། །སྐྲག་འདྲ་བསླང་ནི་ལོས་ཡིན་ཟེར། །དགེ་བའི་ཕན་ཡོན་ཞིག་བཤད་ན། །འོ་ན་མང་པོ་ཅི་དགོས་ཟེར། །དམ་པའི་རྣམ་ཐར་ཞིག་བརྗོད་ན། །མི་བདེན་བསྟོད་ར་ཙམ་ཡིན་ཟེར། །སངས་རྒྱས་གསུང་ལས་ཡིད་མེ་ཆེས། །སྲོག་བཅད་འབྲས་བུ་ཚེ་ཐུང་ཞིང་། །དམྱལ་བར་འགྲོ་བ་ཤེས་བཞིན་དུ། །གསོན་པོའི་རིམ་གྲོར་ར་ལུགས་གསོད། །གཤིན་པོའི་དགེ་རྩར་སྲོག་གཅོད་པ། །ཕྱི་རོལ་མུ་སྟེགས་ཆོས་ལུགས་ཡིན། །སངས་རྒྱས་གསུང་ལ་ཡིད་ཆེས་ཀྱིས། །ཤི་གསོན་གང་གི་དོན་ཡིན་ཡང་། །སྲོག་གཅོད་མ་བྱེད་ཚེ་ཐར་ཐོངས། །འདིས་ཀྱང་ཐོས་ཚད་ལ་ཕན་ཤོགཆོས་རྒྱལ་ངག་གི་དབང་པོར་འདུད། །འཛམ་གླིང་རྔ་ཡབ་མ་གཏོགས་པ། །གླིང་ཆེན་གླིང་ཕྲན་གཞན་རྣམས་ལ། །དམ་ཆོས་མ་དར་འཛམ་གླིང་གི། །ཡུན་ཆེན་དགུ་བཅུ་གོ་དགུ་ལས། །ཡུལ་ཆེན་ཉི་ཤུ་རྩ་བཞི་ལ། །དམ་ཆོས་དར་དེ་དེ་མིན་པའི། །མཐའ་འཁོབ་བརྒྱ་དང་རྩ་བརྒྱད་དང་། །ཡང་འཁོབ་སྟོང་རྩར་ཆོས་མ་དར། །ཡུལ་ཆེན་གཞན་ལ་དེང་སང་གི། །དུས་སུ་དམ་ཆོས་ནུས་པར་འགྱུར། །སྤྱན་རས་གཟིགས་ཀྱི་ཐུགས་རྗེས་ཡིས། །བོད་འདིར་ད་དུང་དམ་ཆོས་རྒྱས། །ད་རེ་གངས་ཅན་བོད་ཡུལ་དུ། །སྐྱེས་པ་སྔོན་པ་བསགས་བསོད་ནམས་བཟང་། །ད་ནི་དམ་པའི་ཆོས་ཀྱིས་ལ། །མི་ལུས་ཐོབ་པ་དོན་ལྡན་མཛོད། །ད་ལྟ་གངས་རིའི་ཁྲོད་

p. 578

འདི་ན། །གྲུབ་མཐའ་རྣམ་པ་སྣ་ཚོགས་སྣང་། །འདི་དག་རྣམས་ལ་སྨོད་མི་རུང་། །སྤྱན་རས་གཟིགས་སོགས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔས་གདུལ་བྱ་ཡི། །བློ་དང་འཚམ་པར་གསུངས་བ་སྟེ། །དེའི་ཕྱིར་ཕྱི་རོལ་མུ་སྟེགས་པ། །སོགས་ཀྱི་ཆོས་ལའང་སྨོད་མ་རུང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱིས། འགྲོ་བ་གང་འདུལ་སྤྲུལ་བ་སྟོན། །སངས་རྒྱས་བྱང་སེམས་བདུད་ཀྱང་སྤྲུལ། །དག་ཞིང་དམྱལ་བ་བདེ་འགྲོར་སྤྲུལ། །ངན་འགྲོ་ཉིན་མོ་མཚན་མོར་སྤྲུལ། །ཆོས་ལུགས་རྣམ་དག་ཆོས་ལོག་སྤྲུལ། །གཏེར་སྟོན་གཏེར་རྫུན་གཏེར་ལོག་སྤྲུལ། །ལྟ་བ་རྣམ་དག་ལྟ་ལོག་སྤྲུལ། །སྡོམ་ལྡན་སྡོམ་པ་མེད་པར་སྤྲུལ། །དམ་ལྡན་དམ་ཉམས་རྣམས་ཀྱང་སྤྲུལ། །ཐམས་ཅད་རྟེན་འབྲེལ་ལྟོས་བཞག་ཡིན། །ངན་པ་མེད་ན་བཟང་མི་འབྱུང་། །གྲུབ་མཐའ་གང་ལའང་གཤེ་མི་རུང་། །གང་ལ་དག་སྣང་ལེགས་པོ་གྱིས། །འདི་ཐོས་རྒྱུད་ལ་ཕན་པར་ཤོག །དྲིན་ཅན་བླ་མའི་ཞབས་ལ་འདུད། །དགེ་བསྙེན་ལྕགས་ཀྱི་རྐང་བ་ཅན། །པོ་ཏ་ལ་རུ་ལན་གསུམ་བྱོན། །ལན་གཅིག་བྱོན་དུས་ལམ་ཁ་ན། །དགེ་སློང་ཆོས་གོས་ཅན་ཞིག་གིས། །བུ་དང་ཆུང་མ་ཞིང་ཁར་བཞག །ལྷུང་བཟེད་ཤིང་གི་ཡལ་གར་བཀལ། །ཞིང་ཞིག་རྨོ་བའི་ཞིང་ཐོག་ན། །སྲིན་བུ་མང་བོ་ཤི་བ་མཐོང་། །བན་ལོག་ཁྱོད་ཀྱིས་ཞིང་རྨོ་ན། །ལྷུང་བཟེད་ཆོས་གོས་མ་འཛིན་ཅིག །སངས་རྒྱས་བསྟན་པར་གནོད་སྨྲས་པས། །བྱིན་པས་ཁྱེར་འོངས་གཙང་སར་སྦས། །དེ་ནས་པོ་ཏ་ལ་རུ་སོང་། །

p. 579

སྔར་བཞིན་ལྷ་ཚོགས་གཅིག་མ་མཐོང་། །ཕྱག་སྐོར་མང་བོ་བྱས་པའི་འཕྲོར། །སྒྲོལ་མ་ཁྲོ་གཉེར་ཅན་སོགས་མཐོང་། །རྩ་རུ་སོང་བས་སྨུག་པས་བཏུམས། །གཞལ་ཡས་ཁང་སྒོ་འབྱེད་མ་ཐུབ། །ཕྱག་སྐོར་མང་བྱས་ནང་དུ་ཐར། །སྔར་དང་མི་འདྲ་ཅི་ཡིན་ཞུས། །ལན་དུ་ཁྱོད་ཀྱིས་ལམ་བར་ནས། །ཚུལ་ཁྲིམས་འཆལ་བའི་མི་དེ་ཡི། །བཙུན་པའི་ཆ་ལུགས་ཕུད་པས་བསྒྲིབས། །མི་དེ་བཙུན་པའི་ཆ་ལུགས་དང་། །མ་བྲལ་བཞག་ན་ད་དུང་ཡང་། །བཙུན་པའི་བག་ཙམ་སེམས་ལ་ཡོད། །ད་ནི་དགེ་བའི་བག་ཙམ་ཡང་། །སེམས་ལ་མེད་དེ་དམྱལ་བར་འགྲོ། །གསུངས་པས་ཚུར་ལམ་མི་དེ་ཡི། །ཆོས་གོས་ལྷུང་བཟེད་ཕྱིར་ལ་སྤྲད། །མདོ་སྡེ་པདྨ་དཀར་བོ་ལས། །ཐུབ་པའི་བསྟན་ལ་རབ་བྱུང་བ། །ཚེ་འདིར་མི་དགེ་ཅི་སྤྱད་ཀྱང་། །སྐྱེ་བ་བརྒྱ་སྟོང་འབུམ་ཕྲག་བར། །ངན་སོང་སྡུག་བསྔལ་མྱོང་ན་ཡང་། །བསྐལ་བཟང་སངས་རྒྱས་སྟོང་གི་རྗེས། །སངས་རྒྱས་མོས་པའི་བསྟན་པ་ཡི། །མཇུག་ལ་མི་ཡི་ལུས་ཐོབ་སྟེ། །ཐེག་དམན་རིག་འཛིན་དགྲ་བཅོམ་ཐོབ། །ཐེག་ཆེན་ཡིན་ན་རབ་དགའི་ས། །ཐོབ་སྟེ་འཁོར་བའི་གནས་འདི་ནས། ཁྲིམས་འཆལ་གཅིག་ཀྱང་མི་ལུས་པར། །ཐུབ་པའི་སྨོན་ལམ་མཐུ་ཡིན་གསུངས། །དེ་ཕྱིར་མཁས་གྲུབ་ཐམས་ཅད་ཀྱིས། །ཅི་འོང་ཅིར་འགྱུར་མཁྱེན་ན་ཡང་། །སྡོམ་པ་ཐུབ་དང་མི་ཐུབ་པར། །མི་དཔྱད་ཞུས་ཚད་ཐམས་ཅད་ལ། །བསྙེན་རྫོགས་གནང་བ་དེ་ལ་དགོངས། །སྡོམ་པ་བླངས་ནས་བསྲུང་མ་ཐུབ། །གལ་ཏེ་ཤོར་འདྲ་སོང་ན་ཡང་། །ངན་སོང་སྐྱེ་ཡང་

p. 580

མཐའ་ལ་ཐར། །དེ་ལ་འཁོར་བ་མཐའ་ཅན་ཟེར། །སྡོམ་པ་མ་ཞུས་མི་དགེའི་ལས། །སྤྱད་པ་འཁོར་བའི་གནས་འདི་ནས། །ནམ་ཡང་ཐར་བའི་དུས་མི་འབྱུང་། །དེ་ལ་འཁོར་བ་མཐའ་མེད་ཟེར། །མེ་ཏོག་ཙམ་པ་ཀ་བརྙིངས་ཀྱང་། །མེ་ཏོག་ཕལ་བའི་དོ་ཟླ་མིན། །དགེ་སློང་ཅི་ལྟར་ངན་ན་ཡང་། །ཐ་མར་སྐྱེ་བོའི་སྨད་བྱ་མིན། །དེ་སྐད་བཅོམ་ལྡན་འདས་ཀྱིས་གསུངས། །མ་འོངས་ཐུག་བསྟན་འཇིག་པའི་ཚེ། །དམར་དང་སེར་བོའི་ཆོས་ཅན་གོས། །ལྷ་ཡིས་བསྡུས་ནས་དད་རྟེན་བྱེད། །རི་རབ་རྩེ་ལ་བརྩེགས་ནས་མཆོད། །བཅོམ་ལྡན་འདས་ཀྱི་བསྟན་པ་འདི། །ནུབ་ན་གོས་ཀྱི་ཚོས་མི་ཟ། །རྟོགས་བརྗོད་ལ་སོགས་མདོ་ལས་གསུངས། །འཇམ་དབྱངས་སྤྲུལ་པ་རྔོགས་ལོ་ཡིས། །ཕྱག་དང་བྱས་པའི་ཉལ་ཉིལ་ནས། ལྭ་སེར་རས་མ་བྱུང་བ་རྣམས། །བླངས་ནས་དབུ་ཞྭའི་གསེབ་ཏུ་བཅུག །ན་བཟའ་འདི་འདྲ་མན་བས་བ་ཡི། །རྒྱུད་ན་ཡོན་ཏན་སྣ་རེ་ཙམ། །མེད་པ་མེད་ཅེས་གསུངས་པར་སྐད། །བླ་མ་ཆོས་ཀྱི་དབང་ཕྱུག་གིས། །ཚོགས་གདན་དྲིལ་ནས་དབུ་ལ་བཞགཚོགས་གདན་རྡུལ་སྤྲུགས་ལྕེ་སྟེང་བཞགའབྱོན་དུས་སྐུ་རྒྱབ་མི་སྟོན་པར། །ཕྱིར་འགྲོ་བྱས་ནས་འབྱོན་པར་སྐད། །དེ་དག་རྣམས་ལ་ལེགས་དཔྱད་ནས། །སེར་གོས་གྱོན་ཚད་ཐམས་ཅད་ལ། །སྐྱོན་བརྗོད་ལོག་ལྟག་ཤེ་སྐུར་སྤོངས། །ཐམས་ཅད་དགེ་འདུན་དཀོན་མཆོག་ཏུ། །ཟུངས་ལ་མཆོད་བསྟོད་བཀུར་སྟི་གྱིས། །བསོད་ནམས་དཔག་མེད་ཐོག་པར་འགྱུར། །ཆོས་ཚད་རྒྱུད་ལ་ཕན་པར་ཤོག །དཔལ་ལྡན་བླ་མའི་ཞགས་ལ་འདུད། །རབ་ཏུ་བྱུང་

p. 581

པ་ཐམས་ཅད་ཀྱིས། །རབ་བྱུང་ཙམ་གྱིས་ཆོག་སྙམ་ནས། །སྡོམ་པ་མ་བསྲུང་ཉེས་པ་ཆེ། །རྩ་བ་ཉམས་པ་སྨོས་ཅི་དགོས། །འདུལ་ཁྲིམས་ཕྲ་བ་ཉམས་ན་ཡང་། །གསོ་སྦྱོང་བཤགས་བསྡོམས་མ་བྱས་ན། །ཤི་ན་ཕྱི་མར་ཀླུ་རུ་སྐྱེ། །བྱེ་ཚན་ཉི་ཚན་ཁྱུང་སོགས་ཀྱིས། །འཇིགས་པ་སོགས་ཀྱི་སྡུག་བསྔལ་མྱོང་། །དེ་དག་བཟོད་པར་ག་ལ་ནུས། །ད་ལྟ་ཀུན་གྱིས་ཆོས་པར་བརྩི། །ཤི་དུས་ཀླུ་བདུད་འཁོར་ཞིག་ཏུ། །སྐྱེས་ན་དེ་བས་བཙོག་པ་དང་། །དེ་ལས་སྡུག་པ་གང་ན་ཡོད། །དེ་ཕྱིར་རང་གི་ཁས་བླངས་པའི། །སྡོམ་ཚུལ་བཞིན་བསྲུང་བར་མཛོད། །ཅུང་ཟད་ཉམས་ན་བཤགས་པ་སྡོམས་རེམས། །ཐོས་ཚད་སྡོམ་པ་བསྲུང་བར་ཤོག །ཆོས་རྒྱལ་ངག་གི་དབང་པོ་དེ། །འབྲལ་མེད་སྙིང་གི་དཀྱིལ་དུ་བཞུགས། །སྙིང་ནས་དད་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །དང་པོ་བླ་མས་སེམས་ངོ་སྤྲད། རི་ཁྲོད་འགྲིམས་ནས་བསྐྱངས་བའི་ཚེ། ཉམས་སྣང་སྣ་ཚོགས་སྤྲིན་བཞིན་བྱུང་། །གང་ལ་འཛིན་ཆགས་མ་མཆིས་ན། །གོལ་སར་ལྷུང་བ་ཅི་ལས་འབྱུང་། །བར་དུ་ཉམས་སྣང་སྤྲིན་ལྟར་ཡལ། །བསྒོམ་བྱ་སྒོམ་བྱེད་འཛིན་པར་སྟོར། །འདི་བསྒོམ་དེ་བསྒོམས་གཏད་སོ་མེད། །འདི་ཡིན་དེ་ཡིན་ངེས་ཤེས་ཤིག །ནང་དུ་བཀུག་ནས་བལྟས་འདྲ་མེད། །ཕྱིར་བལྟས་གསལ་བ་འདྲ་སྟེ་མེད། །བལྟ་ས་ལྟ་མཁན་སོ་སོ་རི། །ཡོད་པ་འདྲ་བ་དེ་ཡང་མེད། །འདི་འདྲ་དེ་ལྟ་ཅི་ཡང་མེད། །

p. 582

བལྟ་ས་ལྟ་མཁན་རོ་གཅིག་ཏུ། །འདྲེས་ནས་འདི་ཡིན་དེ་ཡིན་དང་། །འདི་བསྒོམ་དེ་བསྒོམས་གཅིག་ཀྱང་མེད། །ཁ་རོག་བསྡད་པ་འདྲ་ཞིག་འབྱུང་། །དཔེར་ན་སྤྲིན་མེད་སྟོན་གྱི་མཁའ། །དེ་ལ་ཇེ་གསལ་འགྲོ་རྒྱུ་དང་། །མི་གསལ་སྒྲིབ་རྒྱུ་མེད་པ་བཞིན། །དེ་ཚེ་མཉམ་གཞག་ངོ་བོ་དེ། །དེ་ལས་ཇེ་གསལ་འགྲོ་རྒྱུ་དང་། །མི་གསལ་འགྲིབ་རྒྱུ་མེད་པ་ཡིན། །དེ་ཚེ་ཐོས་པ་ཆུང་ངུ་ཡིས། །ང་ཡིས་ཅི་ཡང་མི་བསྒོམ་པར། །འདུག་སྙམ་ཡིད་གཉིས་ཐེ་ཚོམ་ལྡང་། །ཧྭ་ཤིང་ལྟ་བ་ཨེ་ཡིན་ཨང་། །འདྲི་ས་ཡོད་ན་ཅིག་དྲིས་ན། །དགའ་སྙམ་བློ་སྣ་མང་བོ་དྲན། །དེ་ཚེ་མཚན་ལྡན་བླ་མར་དྲིས། །བཀའ་བརྒྱུད་གསུང་དང་རྒྱུད་སྡེ་སོགས། །དཔེ་ལྟོས་བྱས་པས་རང་སེམས་ཀྱི། །ངོ་བོ་མཐོང་བ་ཡིན་པར་གོ །སྒོམ་མེད་མཉམ་གཞག་ཡིན་པར་གོ །འགྱུར་མེད་རྟོགས་པ་ཡིན་པར་གོ །ད་ནི་གཞན་ལ་འདྲི་རྒྱུ་མེད། །སྙམ་ནས་ཐག་ཆོད་སེམས་ཀྱང་དགའ། །ཐ་མ་རང་གསལ་མཉམ་གཞག་སྟེ། །མ་བཅོས་རང་བབ་གློད་ནས་སྐྱོངས། །ཆོས་སྐུའི་བྱང་ཆུབ་ཐེ་ཚོམ་མེད། །ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས། །བྱུང་བའི་རྡོ་རྗེའི་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་གནས་ལུགས་མངོན་འགྱུར་ཤོག །མཐོ་གཡའ་རི་དང་རྫ་རི་ཉིལ་སོང་ན། །དམའ་ས་འབུར་ཁྱོད་སྡོད་པའི་གནས་ཡོད་དམ། །ད་རྩ་བ་ལ་བ་ཚྭ་མ་ཁོལ་བར། །རྩེར་འཇག་མ་ཞིག་མྱུར་དུ་སྐྱེ་ཐུབ་ལྟོས། །མཐོ་ལྗོན་ཤིང་དང་མེ་ཏོག་བསྐམས་སོང་ན། །དམའ་ལྡུམ་བུ་ཁྱོད་སྡོད་པའི་དབང་ཡོད་དམ། །ད་ལོ་

p. 583

འདབ་རྣམས་ཇེ་རྒྱས་མ་བཏང་བར། །མགོར་འབྲས་བུ་ཞིག་མྱུར་དུ་སྨིན་ཐུབ་ལྟོས། །མཐོ་རྒྱལ་པོ་དང་བློན་པོའང་ཤི་སོང་ན། །དམའ་སྤྲང་བོ་ཁྱོད་སྡོད་པའི་གནས་ཡོད་དམ། །ད་ཆོས་རྒྱལ་ཀྱི་དབང་དུ་མ་འགྲོ་བར། །ཆོས་རྣམ་དག་ཞིག་མྱུར་དུ་མཛད་ཐུབ་ལྟོས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འོ་འོ་བྱ་བཏང་ཚོགས་དྲུག་རང་གྲོལ། །བསིལ་ལྡན་བོད་ཀྱི་ཡུལ་འདིར། །ཡང་ཡང་ཨེ་སྐྱེ་ཅི་ཤེས། །ད་ལྟ་སྐྱེས་པའི་དུས་འདིར། །སྐབས་སྐབས་སེམས་ལ་ཕན་པའི། །གླུ་དབྱངས་སྙན་མོ་འཐེན་དང་། །བོད་ཡུལ་དད་ཅན་མི་རྣམས། །སེམས་ལ་ཕན་ངེས་ཨེ་གོ །ཡ་ཡི་ཡ་ཡི། །འོ་འོ་གླུ་བ་ཚོགས་དྲུག་རང་གྲོལ། །བསིལ་ལྡན་ལྗོངས་འདིར་སྐྱེས་ཀྱང་། །རེབ་གོང་གསེར་མོ་ལྗོངས་འདིར། །ཡང་ཡང་ཨེ་སྐྱེ་ཅི་ཤེས། །ད་ལྟ་སྐྱེས་པའི་དུས་འདིར། །སྐབས་སྐབས་སེམས་ལ་ཕན་པའི། །གླུ་དབྱངས་སྙན་མོ་འཐེན་དང་། །རེ་བཀོང་དད་ཅན་མི་རྣམས། །སེམས་ལ་ཕན་ངེས་ཨེ་གོ །ཡ་ཡི་ཡ་ཡི། འོ་འོ་རི་པ་ཚོགས་དྲུག་རང་གྲོལ། །རེབ་གོང་སྐྱེས་ཀྱང་རི་ཁྲོད། །ཡང་ཡང་ཨེ་བསྟེན་ཅི་ཤེས། །ད་ལྟ་བསྟེན་པའི་དུས་འདིར། །སྐབས་སྐབས་སེམས་ལ་ཕན་པའི། །གླུ་དབྱངས་སྙན་མོ་འཐེན་དང་། །རི་པ་དད་ཅན་རྣམས་ཀྱི། །སེམས་ལ་ཕན་ངེས་ཨེ་གོ །ཡ་ཡི་ཡ་ཡི། འོ་འོ་རྣལ་འབྱོར་ཚོགས་དྲུག་རང་གྲོལ། །དབེན་པའི་དགའ་ཚལ་ཉམས་དགར། །སྔོ་ལྗང་རྩྭ་གདན་སྟེང་དུ། །ལུས་གནད་དྲང་པོར་སྲོངས་ལ། །མཉམ་པར་བཞག་པའི་རྗེས་སུ། །སྐབས་སྐབས་སེམས་ལ་

p. 584

ཕན་པའི། །གླུ་དབྱངས་སྙན་མོ་འཐེན་དང་། །བློ་བདེ་དཔལ་ཡིན་ཨེ་འོ། །ཡ་ཡི་ཡ་ཡི། ཞེས་པ་འདི་འང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཐོག་མའི་སངས་རྒྱས་ཀུན་བཟང་སྤྲུལ་པ་དངོས། །བོད་དུ་དམ་ཆོས་དར་བའི་དབུ་བརྙེས་པའི། །ཆོས་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་ལ། །གསོལ་བ་འདེབས་སོ་བོད་ཁམས་ད་དུང་སྐྱོངས། །རིག་པའི་གནས་རྣམས་ནངས་བར་འཆི་ཡང་སློབ། །མི་ཚེ་འདི་རུ་མཁས་པར་མི་སྲིད་ཀྱང་། །སྐྱེ་བ་ཕྱི་མར་སོང་ན་བཅོལ་བ་ཡི། །ནོར་རྣམས་རང་ཉིད་ལེན་པ་ལྟ་བུ་ཡིན། །མཁས་པས་རང་ལ་ཡོན་ཏན་དཔག་མེད་ཀྱང་། །གང་ཟག་གཞན་གྱི་ཡོན་ཏན་ཆུང་དུ་ལེན། །དེ་ལྟར་རྒྱུན་དུ་བླངས་པ་དེ་ཡི་མཐུས། །རིང་མིན་མྱུར་དུ་ཐམས་ཅད་མཁྱེན་པར་འགྱུར། །དཔའ་ཞིང་མཐུ་རྩལ་རབ་ཏུ་ཆེན་ཡང་། །མཁས་པ་མིན་པ་གཞནབསྡ་དཔལ་མི་ཐོབ། །འབྱོར་བ་མང་པོ་ཐོག་པར་གྱུར་ན་ཡང་། །རང་ལ་བསོད་ནམས་མེད་ན་རྟག་མི་འགྱུར། །གཞན་གྱིས་སྨྲ་ཞིང་བསྐུལ་བར་གྱུར་བ་ན། །དུད་འགྲོ་བ་གླང་ལ་ཡང་གོ་བ་སྐྱེ། །མ་བསྐུལ་གཞན་གྱིས་ཅུང་ཟད་མ་སྨྲ་བར། །ཕ་རོལ་བསམ་པ་ཤེས་ན་མཁས་པ་ཡིན། །ངེས་པར་འབྱུང་བའི་བྱ་བ་འགའ་རེ་ལ། །མ་གྲུབ་པ་ན་དཔྱོད་ཚེ་མཁས་པ་དང་། །རྨོངས་པ་གཉིད་ཀྱི་ཁྱད་པར་ཤེས་པ་ཡིན། །གྲུབ་ནས་དཔྱོད་པ་བླུན་པོ་རྣམས་ཀྱིས་ཚུལ། །མཁས་པ་རྣམས་ཀྱི་བློ་ཡིས་དཔྱད་པ་ཡི། །ཤེས་བྱའི་གནས་རྣམས་ཤེས་ན་མཁས་དང་གྲགས། །བ་གླང་རྣམས་ཀྱི་རྒན་གཞོན་དཔྱོད་པ་ལ། །བླུན་པོ་རྣམས་ཚོ་མཁས་ཀྱང་ཡོན་ཏན་མིན། །འཇིག་རྟེན་འདི་རུ་སྙན་གྲགས་དགའ་བའི་རྒྱུ། །

p. 585

འཇིག་རྟེན་ཕྱི་མར་སོང་ན་བསོད་ནམས་དགའ། །འདི་ཕྱི་དེ་གཉིས་མེད་པའི་ནོར་ཙམ་གྱིས། །མཁས་པ་རྣམས་ནི་དགའ་བ་བསྐྱེད་མི་བྱེད། །ཕྱི་རྗེས་རིང་དུ་བལྟ་དང་བག་ཡོད་ལ། །བཟོད་པ་སྲན་རབ་ཏུ་ཆེ་དང་བརྩོན་འགྲུས་ཆེ། །འགྱུར་ལྡོག་མེད་པར་བློ་བརྟན་རིག་པ་གྲིམས། །བྲན་གཡོག་སུ་ཞིག་ཡིན་ཡང་དབེན་དུ་འགྱུར། །སྦྱིན་པ་གཏོང་ལ་རྟག་ཏུ་སེམས་སྤྲོ་བ། །དེ་ཡི་གྲགས་པ་རླུང་བཞིན་འུར་གྱིས་ལྡང་། །ཕོངས་པ་སློང་བ་མང་བོ་འདུ་བ་བཞིན། །འབུལ་བར་འདོད་པ་རྣམས་ནི་དེ་བས་མང་། །ཕར་ལ་ཕྱིན་པས་སླར་ཡང་མི་ལེན་ལ། །སྐྱེ་བོ་དམན་པའི་བརྙས་པ་དང་དུ་ལེན། །ཕན་པ་ཆུང་ངུ་ཙམ་བྱས་མི་བརྗེད་པ། །དེ་ནི་བདག་ཉིད་ཆེན་པོའི་ཆེ་རྟགས་ཡིན། །ལྗོན་ཤིང་དུལ་བ་འབྲས་བུ་མང་བོ་སྨིན། །རྨ་བྱ་དུལ་བའི་མཇུག་སྒྲོ་རབ་ཏུ་བཟང་། །རྟ་མཆོག་དུལ་བ་འགྲོ་དུས་མྱུར་མགྱོགས་ཏེ། །དམ་པ་དུལ་བ་མཁས་པ་ཡིན་པའི་རྟོགས། །ཆེན་པོས་དགྲ་བོར་རྟག་ཏུ་བྱམས་བྱས་ན། །ནམ་ཞིག་དགྲ་ཉིད་དེ་ཡི་དབང་དུ་འགྱུར། །སྐྱེ་བོ་མང་བོས་བཀུར་བས་ཀུན་བསྐྱངས་པས། །ཀུན་གྱི་རྒྱལ་པོར་དེ་ཉིད་དབང་བསྐུར་རོ། །བསྟོད་པ་བྱས་ལ་དགའ་བར་མི་འགྱུར་ལ། །སྨད་པར་བྱས་ཀྱང་མི་དགར་མི་འགྱུར་ཞིང་། །རང་གི་ཡོན་ཏན་ལེགས་པར་གནས་གྱུར་པ། །སྐྱེ་བོ་དམན་པ་རྣམས་ཀྱི་མཚན་ཉིད་ཡིན། །ཇི་ལྟ་ཇི་ལྟར་རྗེ་དཔོན་ཉིད་ཀྱིས་ནི། །རང་གི་འཁོར་ལ་དྲིན་ཀྱིས་བསྐྱངས་གྱུར་ན། །དེ་ལྟ་དེ་ལྟར་འཁོར་དང་གཡོག་རྣམས་ཀྱིས། །རྗེ་དཔོན་ཉིད་ཀྱི་བྱ་བ་ཐམས་ཅད་བསྒྲུབ། །རྟག་ཏུ་རང་དོན་མ་གཏོགས་གཞན་གྱི་དོན། །མི་སེམས་པ་ཡི་མི་

p. 586

དེ་ཕྱུགས་དང་མཚུངས། །བཟའ་བཏུང་འབའ་ཞིག་དུད་འགྲོ་རྣམས་ཡིན་ཡང་། །བསྒྲུབ་པར་ནུས་པས་མི་ཡིན་མ་སེམས་ཤིག །ཕན་དང་མི་ཕན་གང་ལའང་མི་དཔྱོད་ཅིང་། །བློ་དང་ཐོས་པ་ནམ་ཡང་མི་བསྒྲུབ་པར། །ལྟོ་འགྲང་འབའ་ཞིག་དོན་དུ་གཉེར་བ་དེ། །ལུས་ལ་སྤུ་མེད་པ་ཡི་ཕག་པ་ཡིན། །བླུན་པོ་མང་བོའི་དབུས་ན་དགའ་ཞིང་རྩེ། །མཁས་པའི་མདུན་དུ་འོངས་ན་ཞུམ་ཞིང་འཛུམ། །མི་དེའི་མགོ་ན་རྭ་ཅོ་མེད་ན་ཡང་། །ཡ་སོ་ཅན་གྱི་ལྟས་ངན་བ་གླང་ཡིན། །བཟའ་བཏུང་གང་ན་ཡོད་ས་དེ་རུ་བརྒྱུག །དགོས་པའི་བྱ་བ་བཅོལ་ན་འབྲོས་པ་ཡི། །མི་དེས་གཏམ་དང་བཞད་གད་ཤེས་ན་ཡང་། །མཇུག་མ་མེད་པའི་ཁྱི་རྒན་རྡ་ལི་ཡིན། །སྐྱེ་བོ་བློ་ཆུང་སེམས་ལ་འཁོན་འཛིན་ཅན། །གནོད་པ་བྱེད་པ་བས་ཀྱང་རྣམ་འགྱུར་སྔ། །ཁྱི་ངན་ཕ་རོལ་དགྲ་བོ་མཐོང་བ་ན། །རྨུགས་པའི་ཐོག་མར་ཀུ་ཅོ་འདོན་དང་འདྲ། །བླུན་པོས་ལོངས་སྤྱོད་གསོག་པའི་སྡུག་བསྔལ་ཉིད། །མྱོང་བ་མ་གཏོགས་དེ་ལ་ལོངས་སྤྱད་ནས། །ཉིན་གཅིག་ཙམ་ཡང་བདེ་བ་མྱོང་བ་དཀོན། །བླུན་པོ་རྣམས་ཀྱི་དྲུང་དུ་མཁས་པ་བས། །སྤྲེའུ་འཛིན་པའི་སྤྲང་བོ་ཁྱད་པར་འཕགས། །སྤྲེའུ་འཛིན་པ་ཟས་དང་ནོར་གྱིས་མཆོད། །ཡོན་ཏན་ཅན་གྱི་མཁས་པ་ལག་སྟོང་འགྲོ། །སྐྱོན་རྣམས་ཐམས་ཅད་འབད་པས་འཛིན་བྱེད་ཅིང་། །ཡོན་ཏན་གང་ཡང་རྩོད་ནས་མི་ཆགས་པ། །སྐྱེས་བུ་ངན་པ་དཔེར་ན་ཆུ་ཚགས་ཀྱིས། །ངན་པ་འཛིན་ཅིང་བཟང་པོ་འཆོར་དང་འདྲ། །བཟང་ངན་རྣམ་དབྱེ་མི་ཤེས་དྲིན་བྱས་བརྗེད། །ངོ་མཚར་གཏམ་ལ་མཚར་དུ་མི་འཛིན་ཅིང་། །མངོན་སུམ་མཐོང་བ་དག་ཀྱང་སླར་ལ་འདྲི། །ཞུམ་ཞིང་རྗེས་འབྲང་བླུན་པོའི་མཚན་ཉིད་ཡིན་

p. 587

དྲོད་ཆུང་རྣམས་ཀྱི་ཁ་ཡིག་དགྲ་བོ་འདུལ། རྒྱངས་ནས་མཐོང་ན་ཅ་ཅོ་མང་པོ་འབྱིན། །འཐབ་སར་འཕྲད་ན་དགྲ་ལ་ཐལ་མོ་སྦྱོར། །རང་ཁྱིམ་སླེབ་ན་ང་རྒྱལ་ཚིག་ཀ་སྨྲ། རྡར་མ་གྲོས་བྱེད་དུས་ན་དཔའ་སྐད་མང་། །འཐབ་སར་སླེབ་དུས་རྒྱངས་ནས་འབོད་ཅིང་བསྒོ། །བློ་ཆུང་ཅུང་ཟད་རྒྱ་ལན་གཞན་ལ་ངོམས། །གལ་ཏེ་ཚུར་ལ་ཕམ་ན་གཉེན་ལ་ཁེངས། །གྲོས་ལ་འཚོགས་པའི་དུས་ན་འཐབ་རྩོད་སློང་། །གསང་གྲོས་བྱས་ན་ལྐོག་ཏུ་གཞན་ལ་སྨྲ། །གཡུལ་ངོར་ཞུགས་ན་རྒྱན་ལ་བྱི་དོར་བྱེད། །མཚོན་ཆ་ཕ་རོལ་དགྲ་བོའི་ལག་ཆར་འཕེན། །དཔུང་ཚོགས་དམག་ལ་འགྲོ་ན་མཇུག་སྡུད་ལ། །ཚུར་ལ་ལྡོག་དུས་སྣ་འདྲེན་བྱས་ནས་འོངས། །འགྲོགས་ན་དགྲ་བས་གཉེན་གྱི་ཕྱོགས་འཇིག་ལ། །གཞན་ལ་འགྲོ་དགོས་བྱུང་ན་ནད་བུ་ལྡང་། །བཟའ་བཏུང་ཡོད་ས་མཐོང་ན་ནན་གྱིས་འཇུག །དཀའ་ལས་མཐོང་ན་ཐབས་ཀྱིས་བྱོལ་ནས་འགྲོ། །སྐྱེ་བོ་ངན་པ་བླུན་པོའི་མཚན་ཉིད་ལ། །བཤད་ན་བཤད་རྒྱུ་མང་པོ་ཡོད་མོད་ཀྱང་། །ངན་སྐྱུག་ཁྲོན་བདེ་ཉིད་སུ་ཞིག་སློངས། །སྐྱུག་པའི་རོ་དེ་མཁས་པ་སུ་ཞིག་མྱོང་། །གཏད་མའི་བྱ་བཏང་ཚོགས་དྲུག་རང་གྲོལ་སྨྲས། །ལེགས་བཤད་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །བླུན་པོའི་བྱ་བ་ནམ་ཡང་མི་བྱེད་པར། །སྐྱེས་བོ་མཁས་པའི་རྣམ་ཐར་སྐྱོང་བར་ཤོག །འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་དངོས། །བོད་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད་པའི། །ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་བོད་ལ་ཐུགས་རྗེས་གཟིགས། །འདི་ནི་གཉེན་དང་འདི་ནི་དགྲ་བོ་ཞེས། །བློ་གྲོས་

p. 588

ཆུང་ང་རྣམས་ཀྱིས་སོ་སོར་འབྱེད། །བློ་གྲོས་ཆེན་པོས་ཀུན་ལ་བྱམས་པ་ལ། །ཡན་བྱེད་གང་ན་ཡོད་ཀྱི་ངེས་པ་མེད། །མཁས་པ་ཤིན་ཏུ་རྒུད་པྲ་གྱུར་ན་ཡང་། །ལེགས་བཤད་གཏམ་ཀྱིས་གཞན་དག་དགའ་བར་བྱེད། །བླུན་པོ་འབྱོར་བ་རྒྱས་པར་གྱུར་ཚེ་ཡང་། རྩོད་པ་ཁོ་ནས་རང་གཞན་སྡུག་ཏུ་འཇུག །ཇི་སྲིད་ངོ་ཚར་ཡོད་པ་དེ་སྲིད་དུ། །ཡོན་ཏན་གང་ཡོད་ཐམས་ཅད་རྒྱན་གྱིས་མཆོགངོ་ཚར་རྒལ་ན་ཡོད་ཏན་ཅི་ཡོད་ཉིད། །ཕྱོགས་སུ་བྱས་ཏེ་གཏམ་ངན་འཕེལ་བར་འགྱུར། །ཉེས་པ་བྱས་པ་ལས་ཀྱང་དོན་གྲུབ་པ། །བྱུང་ཡང་མཁས་པ་རྣམས་ཀྱིས་ག་ལ་སྨོན། །ལེགས་པར་སྒྲུབ་པ་ལ་ཡང་སྐྱོན་སྲིད་མོད། །དེ་ལ་མཁས་པ་རྣམས་ནི་ཁྲེལ་བ་མེད། །ཉམ་ཆུང་གྱུར་ཀྱང་རྒྱུན་དུ་ཟོན་བྱེད་ན། །ཆེན་པོ་ཡིས་ཀྱང་དེ་ཉིད་གཞོམ་པར་དཀའ། །ཆེན་པོ་ཡིན་ཀྱང་བག་ཕེབས་བསྡད་གྱུར་ན། །ཉམས་ཆུང་རྣམས་ཀྱིས་བརླགས་པ་མང་བོ་ཡོད། །མི་གང་བསོད་ནམས་དག་ལ་སྤྱོད་པ་དེས། །བཏང་ཡང་ལོངས་སྤྱོད་སླར་ཡང་ཆར་བཞིན་འབབ། །བསོད་ནམས་མེད་པས་ལོངས་སྤྱོད་བསགས་པ་དེ། །ནམ་ཞིག་དོན་མེད་གང་ཟག་གཞན་གྱིས་སྤྱོད། །ཤེས་རབ་ལྡན་པས་དགྲ་ལ་མིག་བསྲིངས་པས། །ཐ་མ་ཕ་རོལ་དགྲ་བོ་དབང་དུ་སྡུད།། དྲོད་ཆུང་རྣམས་ཀྱིས་དགྲ་ལ་ལན་བྱས་པས། །དཀའ་བ་རྒྱུན་མི་འཆད་པ་ཐོབ་པ་ཡིན། །དམན་པ་རྣམས་ཀྱིས་དགོས་པ་ཆུང་ངུ་གསང་། །གསང་དགོས་རིགས་ནི་དགོས་པ་མེད་པར་སྨྲ། །སྐྱེ་བོ་དམ་པས་དགོས་མེད་གསང་མི་འགྱུར། །གསང་དགོས་པ་རྣམས་སྲོག་ལ་བབ་ཀྱང་གསང་། །ཡིད་ལ་གཞན་ཞིག་བྱེད་བསམ་ཁ་ཡིས་ཚིག །གཞན་ཞིག་སྨྲ་བར་བྱེད་པ་དེ་ཉིད་ནི། །སྐྱེ་བོ་གཡོ་ཅན་ཞེས་སུ་གྲགས་པ་དེས། །

p. 589

གཡོ་སྒྱུ་ཧ་ཅང་མང་ན་ཐ་མར་བརླག །སྡིག་སྤྱོད་མི་ནི་རྒྱལ་པོར་བསྐོས་པ་དང་། །ཁང་བའི་ཀ་གདུང་ཕྱོགས་གཞན་འཁྱོར་བ་དང་། །རི་རྩེ་ཞིག་ནས་ལྷུང་ལ་ཁད་པ་ཡི། །འོག་ཏུ་གནས་རྣམས་རྒྱུན་དུ་སྐྲག་པ་སྐྱེ། །དྲེགས་པས་ཡོན་ཏན་རྣམས་ནི་ཉམས་པར་འགྱུར། །འདོད་པའི་དབང་གིས་ངོ་ཚ་ཉམས་པར་བྱེད། །གཡོག་དང་འཁོར་རྣམས་རྒྱུན་དུ་སུན་ཕྱུང་ན། །རིང་མིན་རྗེ་དཔོན་ཉམས་པར་འགྱུར་བ་ཡིན། །བྱ་རོག་དག་གིས་ཁ་ཟས་བསྐུངས་པ་དང་། །སྐྱེ་བོ་གཞུང་ངན་རྣམས་ལ་ཕན་བཏགས་དང་། །ཞིང་ངན་དཔྱིད་དུས་ས་བོན་བཏབ་པ་རྣམས། །རེ་བ་མང་སྟེ་སྤྱོད་པ་ཤིན་ཏུ་ཉུང་། །མ་བརྟགས་བར་དུ་ཕ་རོལ་སུ་ལ་ཡང་། །ཡིད་ཆེས་མི་རུང་བརྟག་པ་བྱེད་གལ་ཆེ། །བག་ཕབ་པ་ལས་སྐྱོན་རྣམས་བྱུང་བ་དང་། །གྲོས་བཏབ་པ་ལས་དགྲ་བོར་གྱུར་པ་མང་། །འཇིག་རྟེན་ཁམས་ན་ངན་པ་མང་མོད་ཀྱང་། །སྐྱེ་བོ་ངན་པ་འདྲ་བའི་འཇིགས་པ་མེད། །ངན་པ་གཞན་དག་སླར་ལ་བཅོས་རུང་གི །སྐྱེ་བོ་ངན་པ་བཅོས་ན་འཇིགས་པར་འགྱུར། །སྐྱེ་བོ་ངན་པ་དག་ལ་ཡོན་ཏན་བརྒྱས། །ཕན་པར་བྱས་ཀྱང་ནམ་ཡང་མགུ་བ་དཀའ། །གང་ཞིག་བརྟེན་པ་ཐམས་ཅད་དགྲར་འགྱུར་བ། །དེ་ནི་སྐྱེ་བོ་ངན་པའི་ཁྱད་ཆོས་ཡིན། །མི་གང་བརྗོད་བྱ་མ་ཡིན་པ་ཡི་ཚིག །སྐྱེ་བོ་གཞན་གྱི་དྲུང་དུ་བརྗོད་པ་དེ། །བདེན་པ་ཡིན་ནམ་འོན་ཏེ་རྫུན་ཡང་རུང་། །མཁས་པ་དེ་ལ་བག་ཟོན་བྱས་ན་བཟང་། །གནོད་པའི་མཚན་མ་ཁ་རུ་འབྱིན་པ་ཡི། །དགྲ་བོ་དེ་དག་མྱུར་དུ་གཞོམ་པ་སླ། །ཕན་པའི་ཚིག་ཀ་ཁ་རུ་འབྱིན་པ་ཡི། །དགྲ་བོ་དེ་དག་གཞོམ་པ་

p. 590

ཤིན་ཏུ་དཀའ། །རང་གི་སྙིང་ལ་འཁོན་དུ་དམ་བཟུང་ནས། །ཁ་ལ་ཚིག་ཀ་བཟང་བོ་སྨྲའོ་ཞེས། །དྲང་སྲོང་གདུག་སེམས་ཅན་གྱི་གདམས་པ་སྟེ། །དམ་པའི་ཚུལ་དང་འགལ་བ་ཡིན་པས་སྤང་། །དུག་གི་སྡོང་བོ་རྩད་ནས་འདོན་པ་ལྟར། །དགྲ་བོ་རྣམས་ནི་རྩད་ནས་གཅད་དགོས་ཞེས། །རྒྱལ་པོ་རྣམས་ཀྱི་ལུགས་ལས་འབྱུང་མོད་ཀྱི། །རྒྱུན་དུ་བུ་བཞིན་བསྐྱངས་ན་བུ་བཞིན་བྱེད། །སྐྱེ་བོ་ངན་པ་གཞན་དོན་སྒྲུབ་བོ་ཞེས། །སྙད་བཏགས་མི་དགེ་སྡིག་པའི་ལས་རྣམས་བྱེད། །གཞན་དོན་ལྟར་སྣང་ཙམ་ཞིག་སྒྲུབ་དོན་དུ། །མཁས་པ་སུ་ཞིག་རང་གིས་རང་ཉིད་འཇོམས། །བུ་ལོན་ལྷག་མ་དགྲ་བོའི་ཐེད་དང་འདྲ། །ཁྲིམས་ངན་རྣམས་དང་མི་སྙན་གཏམ་ངན་དང་། །རིགས་རྒྱུད་ངན་དང་སྤྱོད་པ་ངན་པ་རྣམས། །མ་སྤེལ་བར་ཡང་རང་ཉིད་འཕེལ་བར་འགྱུར། །ཡོན་ཏན་ཐམས་ཅད་ལྡན་པའང་དཀོན་པ་སྟེ། །ཡོན་ཏན་ཅི་ཡང་མེད་པའི་མི་ཡང་དཀོན། །སྐྱོན་དང་ཡན་ཏན་གཉིས་ཀ་འདྲེས་པ་ལས། །ཡོན་ཏན་གཙོ་ཆེ་བསྟེན་རུང་མཁས་པས་བསྟེན། །ཆར་དང་ཆུ་བོ་རྒྱ་མཚོར་བབ་པ་དང་། །དྲོ་ཞིང་བརླན་སར་ནགས་ཚལ་སྐྱེ་བ་བཞིན། །བློ་དང་རིགས་པ་མཁས་པ་དག་ལ་འགོ །ནོར་དང་སྐྱེ་བོ་རྒྱལ་པོའི་དྲུང་དུ་འདུ། །ཉེ་འབྲེལ་རྣམས་ལ་ཧ་ཅང་བྱམས་པ་ཆེ། །དྲག་ན་དེ་ཉིད་འཁོན་པའི་རྒྱུ་རུ་འགྱུར། །འཇིག་རྟེན་འདིན་རྩོད་པ་ཕལ་ཆེར་ནི། །ཉེ་འབྲེལ་རྣམས་ཀྱི་སྟེང་ནས་བྱུང་བ་མང་། །འདོད་པ་ཅན་ལ་ནོར་རྫས་བྱིན་ན་དགའ། །ང་རྒྱལ་ཅན་ལ་བསྟོད་ར་བརྗོད་ན་དགའ། །བླུན་པོ་རང་དང་མཐུན་པས་དགའ་བར་འགྱུར། །དམ་པ་བདེན་པར་སྨྲས་ན་རབ་ཏུ་དགའ། །སྐྱེ་བོ་ངན་པ་དག་གི་ཡོན་ཏན་དང་། །སྨྲ་སྤོབས་

p. 591

ཞན་པའི་ཤེས་པའི་རིགས་པ་དང་། །རྗེ་དབོན་ངན་པ་རྣམས་ཀྱི་བཀའ་འདྲིན་རྣམས། །གཞན་ལ་ཕན་པའི་གོ་སྐབས་ཤིན་ཏུ་དཀའ། །མི་གང་དགྲ་ལ་གཡོ་མེད་དྲང་པོ་ཡིས། །རྣམ་པ་ཀུན་ཏུ་ཕན་པ་བྱས་པ་ན། །ནམ་ཞིག་དགྲ་ལང་དེ་ལ་གནོད་མེད་བར། །འདུད་ནས་ཕན་འདོགས་བྱེད་པར་འགྱུར་བ་ཡིན། །སྟོབས་མེད་ཡི་ཡིས་གཞན་ལ་ཁྲོས་ཅི་ཕན། །སྟོབས་དང་ལྡན་པ་དོན་ལ་ཁྲོ་ཅི་དགོས། །དེས་ན་བྱ་བ་གང་ཞིག་བསྒྲུབ་པ་ལ། །ཁྲོ་བ་དོན་མེད་རང་རྒྱུད་བསྲེག་པ་ཡིན། །བསོད་ནམས་ཤུགས་ཀྱིས་དོན་གང་སྒྲུབ་པ་ལ། །ཉི་མའི་འོད་བཞིན་ལྟོས་པ་མེད་པྲ་འགྲུབ། །འབད་པའི་ཤུགས་ཀྱིས་དོན་རྣམས་སྒྲུབ་པ་དེ། །མར་མེའི་འོད་བཞིན་གཞན་ལ་ལྟོས་དགོས་སོ། །ནོར་དང་ལྡན་པ་བླུན་པོའི་ནང་ན་མང་། །སྙིང་ཅན་དཔའ་བོའི་གཅན་ཟན་ཁྲོད་ནའང་ཡོད། །ལེགས་བཤད་མཁས་པའི་ཁྲོད་ན་འབྱིན་པ་དང་། །དམ་པ་འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །རྟག་ཏུ་སྡུག་བསྔལ་མྱང་བའི་མི་ནི་དཀོན། །བདེ་བར་རྒྱུན་དུ་བསྡད་པའི་མི་ཡང་མེད། །བདེ་དང་སྡུག་བསྔལ་ཐམས་ཅད་རིམ་བཞིན་དུ། །དབྱར་དགུན་སྟོན་དཔྱིན་བཞིན་དུ་བརྗེ་བར་འགྱུར། །འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་སྨས། །ལེགས་བཤད་འདི་ཉིད་ཐོས་ཚད་སྐྱེ་བོ་ཡིས། །བཟང་ངན་གཉིས་ཀྱི་རྣམ་དབྱེ་ཤེས་གྱུར་ནས། །བཟང་པོའི་སྤྱོད་པ་རྒྱུན་ད་བྱེད་པར་ཤོག །རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བ་དངོས། །བོད་དུ་དམ་ཆོས་དར་ཞིང་རྒྱས་མཛད་པའི། །ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་བོད་ཁམས་བརྩེ་བས་སྐྱོངས། །

p. 592

ཚེ་འདིར་ཡུན་རིང་བདེ་བ་སྤྱད་བྱས་ཀྱང་། །ནམ་ཞིག་འཁོར་ནོར་ལོངས་སྤྱོད་ཀུན་དང་བྲལ། །རང་དབང་མེད་པར་ངེས་པར་འཆི་དགོས་པས། །འཇིག་རྟེན་འདི་ལ་རྟག་པར་མ་འཛིན་ཅིག །གཉེན་བཤེས་ཐམས་ཅད་འོངས་ནས་མཐའ་བསྐོར་ཏེ། །གདོང་ལ་བལྟས་ནས་མཆི་མ་མང་བོ་འབྱིན། །དེ་ཚེ་རང་ཉིད་གཅིག་པུར་ཕྱི་མར་འགྲོ། །དགེ་བའི་ལས་རྣམས་མ་གཏོགས་གཞན་མི་ཕན། །དཔེར་ན་སྡོང་བོ་གཅིག་ལ་སྐྱེས་པ་ཡི། །ལོ་མ་རླུང་གིས་བསྐྱོད་ནས་འཐོར་བ་བཞིན། །རང་དང་འགྲོགས་པའི་ཕ་མ་བུ་ཆུང་མ། །ལོ་བརྒྱ་ཚུན་ལ་ཐམས་ཅད་སོ་སོར་འབྲལ། །མཛའ་བཤེས་ཀུན་དང་སོ་སོར་བྲལ་ནས་ནི། །ངེས་པར་གཅིག་པུར་འཆི་བ་ཤེས་བཞིན་དུ། །ད་དུང་སོས་དལ་བདེ་བར་གཉིད་ཕེབས་པ། །དེ་དག་རྣམས་ཀྱི་སྙིང་རྩ་རུལ་བ་ཡིན། །གནོད་པར་བྱེད་པའི་དགྲ་བོ་གཞོམ་འདོད་ན། །རང་གི་རྒྱུད་ཀྱི་ཁྲོ་བ་ཁོ་ན་ཆོམས། །ཁྲོ་བས་འཁོར་བ་ཐོག་མ་མེད་པ་ནས། །རང་ལ་གནོད་པ་མཐའ་ཡས་བྱས་པ་ཡིན། །གལ་ཏེ་དགྲ་ཀུན་བརླག་པར་འདོད་ན་ཡང་། བསད་པས་དེ་ཀུན་ནམ་ཡང་འཛད་མི་འགྱུར། །རང་གི་རྒྱུད་ཀྱི་ཁྲོ་བ་གཅིག་བཅོམ་པས། །དགྲ་རྣམས་ཐམས་ཅད་གཅིག་ཆར་བསད་པ་ཡིན། །རབ་ཏུ་མཐུ་ཆེ་གཟུ་ལུམ་སྤྱོད་པ་ལ། །ཁྲོས་ནས་རང་ལ་ལྷག་པར་གནོད་པ་བྱེད། །སྐྱེས་བུ་དམ་པ་ཉེ་བར་ཞི་བ་ལ། །ཁྲོ་བར་བྱ་བའི་རྒྱུ་ནི་ག་ལ་ཡོད། །གང་ཞིག་ལོངས་སྤྱོད་ཉུང་ངུས་ཆོག་ཤེས་པ། །དེ་ཡི་ལོངས་སྤྱོད་ནམ་ཡང་ཟད་མི་ཤེས། །ཆོག་ཤེས་མེད་པར་ལོངས་སྤྱོད་འཚོལ་བ་ལ། །མི་འདོད་སྡུག་བསྔལ་ཆར་བཞིན་རྒྱུན་དུ་འབབ། །རང་ལ་ནམ་དགོས་ཚེ་ན་ལེན་པ་ཡི། །ནོར་ནི་སྦྱིན་པ་

p. 593

ཡིན་ཞེས་ཐུབ་པས་གསུངས། །བསགས་པའི་ནོར་ནི་སྦྲང་མའི་སྦྲང་རྩི་ལྟར། །ནམ་ཞིག་གང་ཟག་གཞན་གྱིས་སྤྱོད་པར་འགྱུར། །འཇིག་རྟེན་འདི་ན་ཕྱུག་པོས་བུན་བཏང་བ། །དོམ་བདག་ཤི་ན་ཐོབ་པའི་ངེས་པ་མེད། །སློང་བ་རྣམས་ལ་བྱིན་ན་འབད་མེད་པར། །དངོས་པོ་ཆུང་ཡང་བརྒྱ་འགྱུར་འཐོབ་པ་ཡིན། །བྱིན་ན་རང་ཉིད་དབུལ་བོར་འགྱུར་དོགས་ནས། །བློ་ཆུང་ཕྱུག་པོ་ཕལ་ཆེར་སྦྱིན་མི་གཏོང་། །སེར་སྣ་ངེས་པར་ཕོངས་པར་འགྱུར་མཐོང་ནས། །བློ་ལྡན་ཅུང་ཟད་རྙེད་པ་གཞན་ལ་གཏོང་། །བྱེ་བ་སྟོང་ཕྲག་མི་ཟད་གཏེར་ཡོད་ཀྱང་། །སུ་ཞིག་གཞན་ལ་གཏོང་བར་མི་ནུས་པ། །དེ་དག་འཇིག་རྟེན་འདི་ན་དབུལ་བོ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད་པ་ཡིན། །ཟན་གཅིག་ཙམ་ཡང་ཟ་རྒྱུ་མེད་ན་ཡང་། །གང་ཡོད་གཞན་ལ་གཏོང་བར་ནུས་པ་དེ། །འཇིག་རྟེན་འདི་ན་ནོར་ཆེན་ཡིན་ནོ་ཞེས། །ཡང་དག་གཟིགས་པ་རྣམས་ཀྱིས་དེ་སྐད་གསུངས། །རང་གི་རིགས་རྒྱུད་རྒུད་ཀྱིས་དོགས་ནས་ནི། །བློ་ཆུང་ཅུང་ཟད་ཙམ་ཞིག་རྙེད་པ་གསོག །མཁས་པ་རིགས་རྒྱུད་ཇེ་མཐོར་འགྲོ་བའི་ཕྱིར། །གང་ཡོང་ནོར་རྫས་གཞན་ལ་སྦྱིན་པར་འགྱེད། །བློ་ཆུང་རིགས་རྒྱུད་ཕྱུག་པོ་བྱ་སྙམ་ནས། །ཁབ་སྐུད་ཡན་ཆད་རྙེད་ཚད་བུ་ལ་སྟེར། །བུ་ངན་ལ་ལས་ཕ་ལ་རྒོལ་བཞིན་དུ། །ནོར་རྣམས་བརླག་ནས་ཁྱི་བཞིན་འཁྱམས་པ་མང་། །ཇི་ལྟར་ཕ་མ་གཉིས་ཀྱིས་བུར་བྱམས་པ། །དེ་ལྟར་བུ་ཚས་ཕ་མར་བྱམས་པ་མིན། །ཕམས་བུ་ཚ་གཅེས་པར་བསྐྱངས་བསྐྱངས་ནས། །ཕ་མ་གཉིས་ཀ་རྒས་ཚེ་བུ་ཚས་བརྙས། །རང་གི་དོན་རྣམས་

p. 594

འབད་པས་བསྒྲུབ་འདོད་ན། །དེ་ཡི་དང་པོར་གཞན་དོན་སྒྲུབ་ལ་འབོད། །རང་དོན་འབའ་ཞིག་གཙོ་བོར་བྱེད་པ་དེས། །ཅི་ཙམ་འབད་ཀྱང་རང་དོན་འགྲུབ་མི་སྲིད། །མི་གང་གཞན་དོན་གཙོ་བོར་བྱེད་པ་དེ། །དཔེར་ན་གཡོ་ཅན་རང་དོན་སྒྲུབ་པ་འདྲ། །རང་དོན་འབའ་ཞིག་གཙོ་བོར་བྱེད་པ་དེ། །གཞན་མག་འདོན་ཕྱིར་དྲང་པོའི་མི་དང་འདྲ། །བློ་གྲོས་ལྡན་པས་ཚེ་འདི་སྒྲུབ་ན་ཡང་། །ཆོས་ཀྱི་བསྒྲུབ་ན་བདེ་བར་འགྲུབ་པར་འགྱུར། །བླ་མ་དམ་པ་རྣམས་དང་ཆོམ་རྐུན་གྱིས། །ཕུན་སུམ་ཚོགས་པའི་ཁྱད་པར་ལྟོས་དང་གསལ། །སྙིགས་དུས་མི་རྣམས་ཚེ་ཐུང་དེ་ཡི་ཕྱིར། །མཚན་མོའི་དུས་སུ་གཉིད་ལོག་ཤི་དང་འདྲ། །ན་རྒས་ལ་སོགས་སྡུག་བསྔལ་སྣ་ཚོགས་ཀྱི། ཚེ་ཕྱེད་ལ་ཡང་བདེ་བ་སྤྱད་དུ་མེད། །ཁྱོད་ཀྱི་བྱ་བ་ཟིན་ནམ་མ་ཟིན་ཞེས། །འཆི་བདག་གཤིན་རྗེ་སྡོད་པར་མི་འགྱུར་གྱིས། །ངེས་པར་བྱེད་དགོས་བྱ་བ་ཡོད་ན་ནི། །ཕྱི་བཤོལ་མ་འཇོག་མྱུར་དུ་ད་ལྟ་གྱིས། །བདག་གི་ད་དུང་བྱ་བ་མ་ཟིན་པས། །རེ་ཞིག་དེ་རིང་ཁྱོད་ནི་བཞུགས་དགོས་ཞེས། །མཆིམས་པ་རྣམས་ཏེ་གསོལ་བ་བཏབས་ན་ཡང་། །འཆི་བདག་གཤིན་རྗེ་བཅོམ་སུ་ག་ལ་རུང་། །སེམས་ནི་རྣམ་པར་གཡེང་བར་གྱུར་པ་ན། །དམ་ཆོས་སྒྲུབ་པའི་གོ་སྐབས་མི་འོང་བས། །ཏིང་ངེ་འཛིན་གྱིས་སེམས་འདུལ་ཡོན་ཏན་གཞི། །དེས་ན་འཕགས་པའི་ཆོས་ལ་སྦྱངས་ན་ལེགས། །བླུན་པོས་ཡོན་ཏན་སློབ་ལ་ངོ་ཚར་འཛིན། །མཁས་པ་རྣམས་ཀྱིས་མ་བསླབ་ངོ་ཚར་འཛིན། །དེས་ན་མཁས་པ་ཤིན་ཏུ་རྒས་ན་ཡང་། །ཕྱི་མའི་དོན་དུ་རིགས་པ་ད་དུང་སློབས། །བླུན་པོས་ཤེས་རབ་མེད་པའི་རྒྱུ་མཚན་གྱིས། །ཡོན་ཏན་མི་

p. 595

སློབ་བརྟ་གསན་བླུན་པོ་ཡིས། །ལྷག་པར་སློབ་དགོས་སྐྱེ་བ་སྔོན་མ་རུ། །མ་བསླབ་ཆེ་འདིར་བླུན་པོར་མཐོང་ནས་ནི། །སྐྱེ་བ་ཕྱི་བར་བླུན་པོར་འགྱུར་དོགས་ནས། །ཚེ་འདིར་ཡུན་རིང་ཤེས་པར་དཀའ་ན་ཡང་། བླ་མ་མཁས་པའི་ཞབས་པད་བསྟེན་ནས་ནི། །འབད་པ་དུ་མས་ཡོན་ཏན་སློབ་ལ་འབོད། །སྒོམ་ཐུབ་ཐོས་པ་བྱས་པས་ཅི་བྱ་ཞེས། །བླུན་པོ་བློ་རྒྱ་ཆུང་ངུ་རྣམས་ཀྱིས་སྨྲ། །ཐོས་པ་མེད་པར་ཡུན་རིང་བསྒོམ་བྱས་ཀྱང་། །བསྒོམ་གནད་མ་ཤེས་དུད་འགྲོའི་སྒྲུབ་ཐབས་ཡིན། །དེས་ན་ཐོས་པ་བྱས་ཏེ་ཆོས་རྣམས་ཀུན། །ལེགས་པར་རྟོགས་ནས་སྒོམ་ལ་སྦྱར་བ་ན། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་ཟད་ནས། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་སྨྲས། །ལེགས་བཤད་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །ཚེ་འདིའི་བདེ་ལ་ནམ་ཡང་མི་ཆགས་པར། །རྒྱུན་དུ་དམ་པའི་ལྷ་ཆོས་བྱེད་པར་ཤོག །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །དྲིན་ཅན་བླ་མ་ཐམས་ཅད་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །ཐུགས་རྗེས་འགྲོ་བ་ཡོངས་ལ་གཟིགས། །རང་ལ་འབྱོར་བ་ཡོད་ཙ་ན། །མི་རྣམས་ཐམས་ཅད་མགུ་སྟེ་ལེགས། །རྒུད་པའི་དུས་སུ་གྲོགས་ཡིན་ཡང་། །སྤོང་བར་འགྱུར་བས་ལེགས་པ་མིན། །ནོར་དང་ཟས་ལ་ཡངས་ཙ་ན། །ཀུན་གྱིས་བཀུར་གནས་འཛིན་ཏེ་ལེགས། །ནོར་ཟས་བྲལ་ན་གཞན་ཀུན་གྱི། །ཡིད་དུ་མི་འོང་ལེགས་པ་མིན། །རང་བཞིན་བཟང་ཞིང་བསོད་ནམས་དང་། །ལྡན་ན་ཐམས་ཅད་འདུད་པས་ལེགས། །ཁྲེལ་མེད་

p. 596

རང་བཞིན་ངན་པ་ལ། །འགྲོགས་ན་མི་བདེ་ལེགས་པ་མིན། །སྨྲ་ཚད་ཐམས་ཅད་བདེན་ཙ་ན། །མི་ཀུན་ཚིག་ལ་ཉན་ཏེ་ལེགས། །རྫུན་ཟེར་སྨྲ་བ་མང་བ་ན། །ཀུན་གྱིས་མི་ཉན་ལེགས་པ་མིན། །ཤེས་རིག་བཟང་ན་རང་དབང་མིར། །མ་བྱིན་རང་དབང་ཐོབ་པས་ལེགས། །ཤེས་ཆུང་གྲོགས་ལ་མ་དྲིས་ན། །ཉེས་པས་འཕོག་པས་ལེགས་པ་མིན། །ཆོས་མོས་དཀོན་མཆོག་གསུམ་མཆོད་ན། །འདི་ཕྱི་གཉིས་ཀར་སྐྱིད་པས་ལེགས། །དད་མེད་སྡིག་ལ་དགའ་བ་ན། །ངན་སོང་སྐྱེ་བས་ལེགས་པ་མིན། །ལེགས་དང་མི་ལེགས་དྲུག་གི་གླུ། །བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་མི་ལེགས་དྲུག་སྤངས་ནས། །ལེགས་པ་དྲུག་པོ་བྱེད་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཆོས་ལ་སྤྱོད་པའི་ཡུལ་དབུས་སུ། །སྐྱེས་ཀྱང་དུག་ལྔ་ཤིན་ཏུ་རགས། །རང་རྒྱུད་རྟག་ཏུ་འཁྲུགས་པ་དང་། །རང་རྒྱུད་བླུན་ཞིང་གཏི་མུག་པའི། །སྡིག་གྲོགས་དབང་དུ་སོང་བ་དང་། །བདུད་ཀྱི་བཤེས་གཉེན་དང་འཕྲད་ནས། །ལྟ་སྤྱོད་ཕྱིན་ཅི་ལོག་སོགས་དང་། །ཆོས་ལ་སློབ་པར་འདོད་ན་ཡང་། །བརྩོན་འགྲུས་གཏན་ནས་མེད་པ་ཡི། །ཧ་ཅང་ལེ་ལོ་ཅན་རྣམས་དང་། །དེ་ནས་རྣམས་ལམ་དུ་འཁྱེར་མ་ཤེས། །བར་གཅོད་དབང་དུ་སོང་བ་དང་། །ཆོས་ལ་མོས་བློ་ཙམ་ཡོད་ཀྱང་། །ལུག་ངག་གཞན་གྱི་དབང་དུ་སོང་། །དབང་མེད་བཀོལ་བའི་བྲན་གཡོག་དང་། །ཚེ་འདིའི་ལྟོ་གོས་ལ་འཇིགས་ནས། །དེ་ཡི་ཆེད་དུ་བསྟན་སྒོར་ཞུགས། ཆོས་མིན་སྤྱོད་པའི་དུས་འདའ་དང་།

p. 597

སེམས་རྒྱུད་ཆོས་དང་འགླ་ན་ཡང་། །གཞན་ངོར་ཆོས་བ་ལྟར་བཅོམ་ནས། །རྙེད་བཀུར་གྲགས་པ་འཚོལ་བ་རྣམས། །ཐར་བའི་ལམ་དང་ལས་འབྲེལ་མེད། །དལ་འབྱོར་ཐོག་པ་ཆུང་ཟོས་འགྲོ། །འདི་རྣམས་དབང་དུ་སོང་མ་སོང་། བར་བར་བརྟག་པ་ཤིན་ཏུ་གཅེས། །གླུ་འདི་ཚོགས་དྲུག་རང་བླངས། །འདི་ཉིད་ཐོས་ཚད་འགྲོ་བ་ཀུན། །དལ་འབྱོར་ཆུད་ཟོས་མི་གཏོང་བར། །དམ་པའི་ལྷ་ཆོས་བྱེད་པ་ཤོགསངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཚེ་འདིའི་རྫས་དང་ཡོ་བྱད་དང་། །བུ་ནོར་གཉེན་བཤེས་རྣམས་ཕྱོགས་ལ། །ཧ་ཅང་འཆིང་བ་དམ་པ་དང་། །མི་གཞི་ངན་པའི་ཀུན་སྐྱོད་ལ། །ཡར་བསྐྱེད་ཅུང་ཟད་ཙམ་འདོན་དུ། །མེད་པའི་དུག་སྦྲུལ་ལྟ་བུ་དང་། །འཁོར་བ་སྤྱི་དང་ངན་སོང་གི། །ཉེས་དམིགས་ཅི་ཙམ་མཐོང་ཐོས་ཀྱང་། །སྐྱོ་ཤས་གཏན་ནས་མི་སྐྱེ་དང་། །ཆོས་ཀྱི་རྩ་བ་དད་པ་ནི། །ཏིལ་འབྲུ་ཙམ་ཡང་མེད་པ་དང་། །མི་དགེ་སྡིག་སྤྱོད་ལ་དགའ་བའི། །སྒོ་གསུམ་ཉེ་བར་མ་ཞི་དང་། །ཆོས་དང་དེ་ཡི་ཡོན་ཏན་ལ། །སེམས་པ་མེད་པ་ཁྱི་རྒན་གྱིས། །ལྷ་ཁང་མཐོང་བ་ལྟ་བུ་དང་། །བསྟན་པར་ཞུགས་ཀྱང་སོར་ཐར་ལ། །བྱང་སེམས་སྡོམ་པ་ཉམས་པ་དང་། །དབང་བཞི་ཐོབ་ནས་བླ་མ་དང་། །རྡོ་རྗེ་སྤུན་ལ་བརྙས་པ་སོགས། །གསང་སྔགས་དམ་ཚིག་ཉམས་པ་རྣམས། །ཆོས་ལ་རིང་ཞིང་ཐར་བ་ཡི། །སྒྲོན་མེ་ཞུས་པ་ཞེས་བྱའོ། །འདི་རྣམས་དབང་སོང་མ་སོང་། །བར་བར་བརྟག་ནས་སོང་བ་རྣམས། །ཕྱིར་བཅོས་རྟག་ཏུ་

p. 598

ལེགས་པའི་ཆོས། བརྩོན་པས་ཉིན་མཚན་འདའ་བར་བྱ། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་འགྲོ་བ་ཀུན། །ཆོས་མིན་དབང་དུ་མི་འགྲོ་བར། །རྟག་ཏུ་ལེགས་པའི་ཆོས་བྱེད་ཤོགསངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཆོས་ལ་སྤྱོད་པའི་ཡུལ་དབུས་སུ། །སྐྱེས་ཀྱང་དུག་ལྔ་ཤིན་ཏུ་རགས། །རང་རྒྱུད་རྟག་ཏུ་འཁྲུགས་པ་དང་། །རང་རྒྱུད་བླུན་ཞིང་གཏི་མུག་པའི། །སྡིག་གྲོགས་དབང་དུ་སོང་བ་དང་། །བདུད་ཀྱི་བཤེས་གཉེན་དང་འཕྲད་ནས། །ལྟ་སྤྱོད་ཕྱིན་ཅི་ལོག་སོགས་དང་། །ཆོས་ལ་སློབ་པར་འདོད་ན་ཡང་། །བརྩོན་འགྲུས་གཏན་ནས་མེད་པ་ཡི། །ཧ་ཅང་ལེ་ལོ་ཅན་རྣམས་དང་། །བསྐལ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་རྫོགས་ལྡན་ཞེས། །བྱ་བར་སངས་རྒྱས་བྱེ་བ་ཕྲག །བརྒྱུད་ཅུ་བྱུང་ཞིང་དེའི་འོག་ཏུ། །མཐའ་འཁོབ་བསྐལ་པ་བརྒྱ་བྱུང་ངོ་། །དེ་ནས་བསྐལ་པ་བཟང་ལྡན་ཞེས། །བྱ་བར་སངས་རྒྱས་བྱེ་བ་ཕྲག །བརྒྱད་བཅུ་རྩ་བཞི་བྱུང་བའོ། །དེ་འོག་མུན་བསྐལ་ལྔ་བརྒྱ་བྱུང་། །དེ་ནས་བསྐལ་པ་མཐོང་ན་དགའ། །སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ། །བྱུང་ཞིང་དེ་འོག་མུན་བསྐལ་ནི། །བདུན་བརྒྱ་ཙམ་བྱུང་དེའི་འོག་ཏུ། །བསྐལ་པ་དགའ་བ་ལྡན་པ་ལ། །སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་། །དེ་རྗེས་བསྐལ་པ་བཟང་བོ་འདིར། །སངས་རྒྱས་སྟོང་རྣམས་རིམ་བཞིན་འབྱུང་། །འདི་ཡི་འོག་ཏུ་མཐའ་འཁོབ་ཀྱི། །བསྐལ་པ་རིགས་ངན་དྲུག་ཅུ་འབྱུང་། །དེ་འོག་བསྐལ་པ་གྲངས་ལྡན་ལ། །སངས་རྒྱས་སྟོང་ཕྲག་དྲུག་ཅུ་འབྱུང་། །དེ་ཡི་འོག་ཏུ་རིགས་ངན་གྱི། །བསྐལ་པ་སྟོང་ཕྲག་བཅུ་འབྱུང་ངོ་། །དེ་ལ་སོགས་པའི་མུན་པ་དང་། །སྒྲོན་མེ་བསྐལ་པ་དུ་མ་འབྱུང་། །མུན་པའི་བསྐལ་པ་དང་འཕྲད་

p. 599

པའི། །དུས་སུ་སངས་རྒྱས་མིང་ཙམ་ཡང་། །མེད་ཅེས་དགོངས་འདུས་ལས་གསུངས་སོ། །དེ་ཕྱིར་ད་རེ་འཇིག་རྟེན་དུ། །འབྱོན་པར་དཀའ་བའི་སངས་རྒྱས་བྱོན། །གསུང་གི་ཆོས་དང་མཇལ་དུས་འདིར། །དམ་པའི་ཆོས་ལ་འབད་པར་མཛོད། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་མཐོང་ཐོས་དྲན་རེག་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །རྒྱལ་བའི་བསྟན་པ་རིན་པོ་ཆེ། །འཛིན་སྐྱོང་སྤེལ་བའི་ཐུགས་རྗེ་ཅན། །ངག་དབང་བློ་བཟང་བསྟན་འཛིན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕ་མ་གཉིས་ཀྱིས་གཅེས་ཕྲུག་དེ། །ཆུང་དུས་བརྩེ་བས་སྐྱོང་བ་ལྟར། །མཚན་ལྡན་བླ་མ་བཟང་བོ་ཡིས། །སྣོད་ལྡན་སློབ་བུ་དེ་ལྟར་སྐྱོངས། །རྩལ་ལྡན་སེང་གེ་དཀར་མོ་ཡིས། །སེང་ཕྲུག་ཆུང་དུས་སྐྱོང་བ་ལྟར། །མཚན་ལྡན་བླ་མ་བཟང་བོ་ཡིས། །སྣོད་ལྡན་སློབ་བུ་དེ་ལྟར་སྐྱོངས། །བྱ་རྒྱལ་ཐང་དཀར་རྒོད་པོ་ཡིས། །རྒོད་ཕྲུག་ཆུང་དུས་སྐྱོང་བ་ལྟར། །མཚན་ལྡན་བླ་མ་བཟང་བོ་ཡིས། །སྣོད་ལྡན་སློབ་བུ་དེ་ལྟར་སྐྱོངས། །རྭ་སྔོན་བྲེ་སེར་འབྲོང་བོ་ཡིས། །འབྲོང་ཕྲུག་ཆུང་དུས་སྐྱོང་བ་ལྟར། །མཚན་ལྡན་བླ་མ་བཟང་བོ་ཡིས། །སྣོད་ལྡན་སློབ་བུ་དེ་ལྟར་སྐྱོངས། །སྨན་པ་ཤིན་ཏུ་མཁས་པ་ཡིས། །ནད་པ་བརྩེ་བས་སྐྱོང་བ་ལྟར། །མཚན་ལྡན་བླ་མ་བཟང་བོ་ཡིས། །སྣོད་ལྡན་སློབ་བུ་དེ་ལྟར་སྐྱོངས། །ཆོས་དང་ཟང་ཟིང་གཉིས་ཀ་ལ། །ཕངས་པ་མེད་པར་སློབ་བུ་སྐྱོངས། །ཚེ་འདི་ཕྱི་མ་བར་དོ་གསུམ། །གང་དུ་བརྩེ་བས་སློབ་བུ་སྐྱོངས། །གླུ་འདི་ཚོགས་དྲུག་

p. 600

རང་གྲོལ་བླངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །སྣོད་དང་ལྡན་པའི་སློབ་མ་རྣམས། །ཆོས་བཞིན་བརྩེ་བས་སྐྱོང་བར་ཤོག །པད་འབྱུང་ཐུགས་བཅུད་རྫོགས་པ་ཆེ། །ཉམས་བླངས་རྟོགས་པ་མངོན་གྱུར་པའི། །བླ་མ་དཀོན་མཆོག་ཆོས་འཕེལ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཚན་ལྡན་བླ་མ་དམ་པ་དེ། །སློབ་མས་ཇི་ལྟར་བསྟེན་ཟེར་ན། །དང་པོ་ཟང་ཟིང་ལོངས་སྤྱོད་ཀྱིས། །བླ་མ་མཉེས་པར་བྱ་བའི་ཚུལ། །བླ་མས་ཟང་ཟིང་མི་འདོད་ཀྱང་། །རང་གི་བསོད་ནམས་ཚོགས་རྫོགས་ཕྱིར། །འབྲུ་སྨན་རིན་ཆེན་སྣ་ཚོགས་འབུལ། །བཟའ་བཏུང་ཡིད་དུ་འོང་བས་མཆོད། །བཞེད་ན་རང་གི་བུ་བུ་མོ། །ཆུང་མ་བྲན་གཡོག་གང་དགོས་འབུལ། །གཞན་གྱི་བུ་མོ་བླུས་ནས་འབུལ། །ནོར་རྫས་གང་ལ་མཉེས་པ་འབུལ། །བར་དུ་སྒོ་གསུམ་བསྙེན་བཀུར་གྱིས། །བླ་མ་མཉེས་པར་བྱ་བའི་ཚུལ། །ལུས་ཀྱིས་ཕྱག་དང་སྐོར་བ་དང་། །བཞེངས་ན་ལྡང་དང་བསུ་སྐྱེལ་བྱ། །བླ་མས་བྱ་བ་གང་བཅོལ་བསྒྲུབས། །ངག་གིས་བླ་མའི་གསུང་སྒྲོས་རྣམས། །བཟུང་ནས་གཞན་ལ་སྟོན་པ་དང་། །བླ་མའི་ཡོན་ཏན་ཕྱོགས་བཅུར་སྒྲོག །ཞེས་པ་སྙན་པར་སྨྲ་བ་སོགས། །བླ་མའི་ཐུགས་དང་མཐུན་པར་བྱེད། །ཡིད་ཀྱིས་རྒྱུན་དུ་དད་གུས་བྱ། །ཐུན་བཞིར་བླ་མའི་རྣལ་འབྱོར་བསྒོམ། །ཐ་མར་སྒྲུབ་པའི་སྒོ་ནས་ནི། །བླ་མ་མཉེས་པར་བྱ་བའི་ཚུལ། །བསྐྱེད་རྫོགས་རྫོགས་པ་ཆེན་པོ་སོགས། །གསུངས་པའི་གདམས་པ་ཟབ་མོ་རྣམས། །ཚེ་འདི་བློས་བཏང་དབེན་པ་བསྟེན། །རི་དྭགས་རྨས་མ་ཇི་བཞིན་དུ། །གཅིག་པུར་ཉམས་སུ་ལེན་པར་བྱ། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །

p. 601

ཐོས་ཚད་སྣོད་ལྡན་སློབ་མ་ཡིས། །བླ་མ་ཟང་ཟིང་སྒོ་གསུམ་དང་། སྒྲུབ་པའི་སྒོ་ནས་མཉེས་བྱེད་ཤོག །རྒྱ་བོད་མཁས་གྲུབ་མང་བོ་ཡི། །སྐྱེ་བ་བརྒྱུད་ནས་འགྲོ་དོན་མཛད། །བླ་མ་བསེ་ཡི་གྲུབ་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་མ་བསྟེན་པའི་ཕན་ཡོན་ནི། །ཟང་ཟིང་ཕུལ་ནས་མཉེས་བྱས་ན། །ནམ་མཁའ་གང་བའི་སངས་རྒྱས་ལ། །རིན་ཆེན་སྟོང་གསུམ་གང་ཕུལ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་ཐིགས་གཅིག་བྱུགས་བསོད་ནམས་ཆེ། །ཟས་ནོར་ཕུལ་བ་སྨོས་ཅི་དགོས། །ལུས་ཀྱིས་བླ་མར་གནོད་པ་ཡི། །མ་རུངས་པ་རྣམས་བསད་བྱས་ན། །སེམས་ཅན་འབུམ་ཚོ་ཙམ་ཞིག་གིས། །སྲོག་བཏོན་པས་ཀྱང་བསོད་ནམས་ཆེ། །བླ་མས་བྱ་བ་གང་བཅོལ་རྣམས། །བསྒྲུབས་ན་བསོད་ནམས་དཔག་མེད་འཐོབ། །ངག་གིས་བླ་མ་མཉེས་བྱས་ན། །སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས། །བསྐལ་པ་བརྒྱ་ཕྲག་མང་བོ་རུ། །བཏོན་ལས་བསོད་ནམས་ལྷག་པར་འགྱུར། །ཡིད་ཀྱིས་དད་པ་ལན་གཅིག་བྱས། །སྟོང་གསུམ་གང་བའི་སངས་རྒྱས་ལ། །མཆོད་པ་སྟོང་གསུམ་གང་ཕུལ་བས། །བསོད་ནམས་ཤིན་ཏུ་ཆེ་བར་གསུངས། །བླ་མའི་རྣལ་འབྱོར་བསྒོམས་བྱས་ན། །གནས་སྐབས་ཀུན་གྱི་ཡིད་དུ་འོང་། །ཅི་བསམ་ཐམས་ཅད་འགྲུབ་པ་དང་། །ནད་གདོན་བར་ཆད་ཐམས་ཅད་ནི། །བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི། །སེམས་གསུམ་རྒྱུན་དུ་སྐྱེ་བ་དང་། །ཏིང་འཛིན་རྟོགས་པ་ཁྱད་པར་ཅན། །འབད་རྩོལ་མེད་པར་རྒྱུད་ལ་སྐྱེ། །བླ་མ་མཉེས་པས་གསང་མཛོད་གསུངས། །ལྟ་སྒོམ་སྤྱོད་པ་བོགས་ཐོན་ཞིང་། །མཁའ་

p. 602

འགྲོ་སྤྲིན་བཞིན་འདུ་བ་དང་། །འཁོར་དང་ལོངས་སྤྱོད་ཆེར་རྒྱས་ཤིང་། །མཐར་ཐུག་རྫོགས་པའི་སངས་རྒྱས་འཐོབ། །སྒྲུབ་པའི་སྒོ་ནས་མཉེས་བྱས་ན། །བླ་མའི་ཐུགས་དགོངས་རྫོགས་པ་དང་། །དངོས་གྲུབ་ཐམས་ཅད་འགྲུབ་པ་དང་། །ཉམས་ཆག་སྐོང་ཞིང་མཚམས་མེད་ལྔ། །ལ་སོགས་སྒྲིབ་པ་རླབས་ཆེན་འཛད། །རིང་མིན་མྱུར་དུ་སངས་རྒྱས་འགྱུར། །མདོར་ན་བླ་མ་མཉེས་བྱས་ན། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡིན། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་སྟེན། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །བླ་མ་ཚུལ་བཞིན་བསྟེན་པའི་མཐུས། །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བཀའ་དྲིན་ཆེ་བའི་བླ་མ་ལ། །རྨི་ལམ་ཙམ་དུ་མོས་པ་ལོག །བརྙས་ན་སྐྱེ་བ་ཕྱི་མ་ལ། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །དེ་ནས་དམྱལ་བའི་གནས་སུ་ལྷུང་། །ཚ་གྲང་སྡུག་བསྔལ་ཉམས་སུ་མྱོང་། །གལ་ཏེ་དེ་ལས་ཐར་ན་ཡང་། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །དམ་ཆོས་མིང་ཡང་ཐོས་མི་འགྱུར། །དངོས་སུ་བརྙས་ན་སྨོས་ཅི་དགོས། །བླ་མའི་ཐུགས་དཀྲུགས་ཉེས་པ་ནི། །ཕྱི་མ་རྡོ་རྗེ་དམྱལ་བར་ལྷུང་། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡི་ཉག་གཅིག་གིས། །གཏོར་ནས་ཟད་པ་དེ་ཙམ་དུ། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །བླ་མ་སྨད་པའི་ཉེས་པ་ནི། །ཚེ་འདི་ཉིད་ལ་སྡུག་བསྔལ་འབྱུང་། །རིམས་

p. 603

དང་དུག་དང་དབྱིག་དུག་དང་། ཊཀྐི་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་དམྱལ་བའི་གནས་སུ་ལྟུང་། །མོས་པ་ལོག་དང་བརྙས་པའི་གྲངས། །བདུན་ནམ་བཅུ་ཙམ་བཤགས་པས་འདག །རང་ལོ་གྲངས་འདས་འདག་མི་འགྱུར། །དུས་ཀུན་བླ་མའི་སྐྱོན་མི་རྟོག །བླ་མའི་ཡོན་ཏན་དྲན་བྱོས་ལ། །སྒོ་གསུམ་གཡོ་སྒྱུ་ཟོལ་ཁྲམ་སྤོངས། །ནད་པས་སྨན་པ་བསྟེན་པ་ལྟར། །ཉོན་མོངས་ནད་ཀུན་གསོ་བའི་ཕྱིར། །བླ་མ་དམ་པ་བསྟེན་པར་བྱ། །ཚོང་བས་དེད་དཔོན་བསྟེན་པ་ལྟར། །སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་ཕྱིར། །བླ་མ་དམ་པ་བསྟེན་པར་བྱ། །མགྲོན་པོས་སྐྱེལ་མ་བསྟེན་པ་ལྟར། །འཁོར་བའི་འཇིགས་པ་ལས་སྒྲོལ་ཕྱིར། །བླ་མ་དམ་པ་བསྟེན་པར་བྱ། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །བླ་མ་མི་མཉེས་བྱ་བ་རྣམས། །སྐད་ཅིག་ཙམ་ཡང་མི་བྱེད་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གསང་སྔགས་དབང་བསྐུར་ལེགས་ཐོབ་པའི། །ཕན་ཡོན་སྙིང་གི་མེ་ལོང་ལས། །དབང་རྣམས་རབ་ཏུ་ཐོབ་བྱས་ནས། །གསང་སྔགས་ཐམས་ཅད་མ་བསྒྲུབས་འགྲུབ། །ཅེས་གསུངས་པ་དང་ཀློང་གསལ་ལས། །དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེ། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། །ཞེས་དང་ཁྱད་པར་དེ་ཉིད་ལས། །

p. 604

དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་དང་། །ཕྱི་མར་མངོན་པར་རྫོགས་སངས་རྒྱས། །ཞེས་སོགས་དབང་ཐོབ་ཕན་ཡོན་ནི། །རྒྱུད་སྡེ་རྣམས་ལས་མང་བོ་གསུངས། །དེ་ཕྱིར་མཚན་ལྡན་བླ་མ་ལ། །རྡོ་རྗེ་ཐེག་པའི་དབང་བསྐུར་ཞུས། །དབང་བསྐུར་མ་ཐོབ་པ་ཡི་སྐྱོན། །ཕྱག་ཆེན་ཁ་སྦྱོར་ཐིག་ལེ་ལས། །དབང་མ་ཐོབ་པར་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་གསུངས་དེ་བཞིན་ལུང་གཞན་ལས། །དབང་མེད་པ་ཡི་རྣལ་འབྱོར་གང་། །གསང་སྔགས་སྤྱོད་པར་བརྩམས་པ་ནི། །མར་འདོད་བྱེ་མ་བཙིར་དང་མཚུངས། །ཞེས་གསུངས་པ་དང་ཀློང་གསལ་ལས། །དཔེར་ན་ཞིང་ས་གཤིན་པོ་ལ། །སོ་ནམ་རིམ་པར་མ་བྱས་ན། །འབྲས་བུ་སྨིན་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་མེད་འཁོར་བའི་མཐའ་བསྙེགས་ཏེ། །འདི་ཕྱིའི་བདེ་བ་ཐོབ་པ་མེད། །ཞེས་སོགས་རྒྱུད་སྡེ་མང་བོ་ནས། །དབང་མ་ཐོབ་ལ་སྐྱོན་མང་གསུངས། །དེ་ཕྱིར་མཚན་ལྡན་བླ་མ་ལ། །གསང་སྔགས་དབང་བསྐུར་ཚད་ལྡན་ཞུས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །གསང་སྔགས་སྨིན་བྱེད་དབང་ཐོབ་ནས། །གྲོལ་བྱེད་གདམས་པ་བསྒོམ་པར་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དབང་བསྐུར་ཐོག་མ་ཐ་མ་རུ། །དགའ་

p. 605

སྟོན་བྱས་ན་དངོས་གྲུབ་ཐོབ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། །དགའ་སྟོན་ཕན་ཡོན་ཀློང་གསལ་ལས། །བླ་མ་དང་ནི་དེ་ཡི་འཁོར། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་ནས། །བརྒྱ་སྟོང་གྲངས་མེད་དག་ལ་ནི། །ཚོགས་ཀྱི་དགའ་བ་བསུ་བྱས་པ། །སྟོན་མོ་ཡོན་དང་བཅས་པ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །དགའ་སྟོན་བར་ཆད་སེལ་བ་དང་། །ཡོན་ཏན་ཕུན་ཚོགས་འགྲུབ་པར་འགྱུར། །ཞེས་གསུངས་དགའ་སྟོན་མེད་པ་ཡི། །སྐྱོན་ནི་སྔ་མ་དེ་ཉིད་ལས། །དགའ་སྟོན་ཚོགས་ཡོན་མེད་པ་ན། །བར་ཆད་རྐྱེན་ནི་སྣ་ཚོགས་འབྱུང་། །དབང་གི་རྒྱལ་ས་ཞིག་པ་དང་། །དངོས་གྲུབ་མི་ཐོབ་ཡི་དྭགས་སྐྱེ། །ཞེས་གསུངས་པ་དང་རང་ཤར་ལས། །བླ་མ་ཡི་དམ་མཁའ་འགྲོ་དང་། །མཆེད་གྲོགས་རྡོ་རྗེའི་སྤུན་ལ་སོགས། །ཚོགས་མཆོད་ཡོན་གྱིས་མ་མཉེས་ན། །ནད་མང་ཚེ་ཐུང་བར་ཆད་མང་། །ཐུན་མོང་དངོས་གྲུབ་མེད་པ་དང་། །མཆོག་ལས་རིང་དུ་སོང་བ་དང་། །ཚེ་འཕོས་ཡི་དྭགས་སྐྱེ་བ་བརྒྱུད། །ཅེས་གསུངས་དེས་ན་དབང་ཞུ་དུས། །ཡོད་ན་ཚོགས་ཡོན་རྒྱ་ཆེན་འབུལ། །མེད་ཀྱང་བསོད་ནམས་སྤེལ་བའི་ཕྱིར། །རང་གི་ཅི་འབྱོར་དགའ་སྟོན་བྱ། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །གསང་སྔགས་དབང་བསྐུར་ཞུ་བའི་དུས། །ཐོག་མཐར་དགའ་སྟོན་བྱེད་པར་ཤོག །སྐྱབས་

p. 606

གནས་ཐམས་ཅད་འདུས་པའི་སྐུ། །མཚན་ལྡན་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་གཞན་གྱི། །ཤེས་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་འདིའི་དོན་གཉེར་བློ་ལོག་ནས། །ཆོས་ལ་བློ་ཁ་ཕྱོགས་པའི་ཕྱིར། །མི་རྟག་འཆི་བ་དྲན་པར་བྱ། །འཆི་བ་མ་དྲན་ཚེ་འདིར་ཆགས། །དམ་ཆོས་ཡིད་ལ་མི་འོང་བས། །འཆི་བ་དྲན་པ་གལ་རེ་ཆེ། །སྐབས་སྐབས་འདི་ལྟར་དྲན་པར་བྱ།། རང་གི་ཕ་མ་བླ་མ་དང་། །གྲོགས་མཆེད་ཡོན་བདག་ཕོ་མོ་དང་། །སྡེ་བ་ཚོ་བ་ཡུལ་ཕྱོགས་ཀྱི། །མི་རྣམས་མང་བོ་ཤི་བ་བགྲོངས། །རང་ཡང་འདི་ཡི་རང་བཞིན་ཡིན། །སྡོད་རྩིས་བྱས་པས་ཅི་ཞིག་བྱ། །ཕྱི་མར་འགྲོ་བའི་གྲབས་ཤོམ་བྱ། །སྙམ་དུ་ཕྱག་སྐོར་ཁ་ཏོན་གྱིས། །རང་དང་ལོ་མཉམ་ཤི་བ་དང་། །རང་གི་ཆུང་རྣམས་ཤི་བ་སོམས། །རང་ཡང་འདི་ཡི་རང་བཞིན་ཡིན། །ད་སྔ་མ་ཤི་ཡ་མཚན་ཆེ། །མ་ཤི་ན་ཡང་ཚེ་འདི་ཡི། །རྣམ་གཡེང་འདུ་འཛིའི་དབང་སོང་ནས། །འཇིག་རྟེན་ཕྱི་མར་སོང་བའི་ཚེ། །ཕན་པའི་དམ་ཆོས་མ་བྱས་ན། །སྐྱོན་ཆེ་ཆོས་ལ་འབད་པར་བྱ། །སྙམ་དུ་བླ་མ་དཀོན་མཆོག་མཆོད། །དབུལ་ཕོངས་རྣམས་ལ་སྦྱིན་པ་ཐོངས། །གཞན་ཡང་སྒོ་ཕྱུགས་ཤི་བ་དང་། །བྱ་དང་རི་དྭགས་འབུ་སྲིན་སོགས། །ཤི་བ་མཐོང་དང་ཐོས་ན་ཡང་། །རང་ཡང་འདི་ཡི་རང་བཞིན་ཡིན། །ཚེ་འདིར་ཆགས་པས་ཅི་ཞིག་བྱ། །ཕྱི་མར་སྐྱིད་པའི་ཆོས་ཤིག་དགོས། །སྙམ་དུ་ཚོགས་གསོག་སྒྲིབ་སྦྱོང་གྱིས། །གཞན་ཡང་ཤི་བའི་རོ་རུས་པ། །ལ་སོགས་མཐོང་དུས་འདི་སྐྱེས་ནས། །ཤི་བ་ཡིན་པས་རང་ཉིད་ཀྱང་། །ནམ་ཞིག་འདི་ཡི་རང་བཞིན་ཡིན། །གཉིད་དང་བཟའ་བཏུང་དབང་སོང་ནས། །ཆོས་མེད་ལག་སྟོང་འགྲོ་ཉེན་འདུག །ཕྱི་

p. 607

མར་བདེ་བའི་ཆོས་བྱ་དགོས། །སྙམ་དུ་ཐོས་གསུམ་སྒོམ་གསུམ་གྱིས། །འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །དགེ་འདིས་རང་བཞིན་མ་ལུས་པ། །གནས་སྐབས་ཀུན་ཏུ་བདེ་བ་དང་། །མཐར་ཐུག་རྣམ་མཁྱེན་མྱུར་ཐོབ་ཤོག །ནག་པོ་སྤྱོད་པའི་སྤྲུལ་བ་དངོས། །ལུང་རྟོགས་ཡོན་ཏན་མཛོད་འཛིན་པའི། །བླ་མ་ནགས་ཚང་སྤྲུལ་སྐུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སངས་རྒྱས་གང་ལ་གང་འདུལ་སྐུར། །བསྟན་ནས་འགྲོ་དོན་མཛད་པ་ཡིན། །ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར། །ལ་ལ་བླ་ཆེན་རྒྱལ་བློན་ཚུལ། །སྡིག་ཅན་བཤན་པ་སྨད་འཚོང་མ། །ལ་ལ་བདུད་ཀྱི་ཆ་བྱད་ཚུལ། །དུག་གསུམ་ང་རྒྱལ་ཕྲག་དོག་དང་། །ལ་ལ་སེར་སྣ་ཆེ་བའི་ཚུལ། །ཞ་ལོང་འོན་ལྐུགས་བྲན་གཡོག་དང་། །ལ་ལ་དབུལ་བོ་སྨྱོན་པའི་ཚུལ། །བཟང་ངན་སྣ་ཚོགས་ཚུལ་བསྟན་ནས། །སེམས་ཅན་རྣམས་ཀྱི་དོན་མཛད་པ། །སོ་སྐྱེ་རྣམས་ཀྱིས་མི་ཤེས་ཕྱིར། །གང་ཟག་རབ་འབྲིང་ཐ་གསུམ་སུ། །གང་ལ་དག་སྣང་བྱས་ན་བཟང་། །ཁྱིམ་པ་ཅི་ཡང་མི་ཤེས་པས། །ཕ་མའི་ལམ་སྣ་འདྲེན་མཁན་གྱི། །ཡུལ་ཕྱོགས་བླ་མ་ཕལ་ཆེར་གྱིས། །ཡོན་བདག་གང་ཕུལ་བསོད་ནམས་ཚོགས། །རྫོགས་ཕྱིར་བླངས་ནས་གསོག་ཙ་ན། །བླ་མ་དེ་བ་གསོག་འཇོག་ཆེ། །སེར་སྣ་ཆེ་ཟེར་ཁ་ཡིས་གཏོང་། །དེ་ལ་དགོས་པ་དུ་མ་ཡོད། །ཁྱིམ་པས་བསགས་པ་ལྟ་བུ་མིན། །རང་གི་དགེ་སྦྱོར་མཐུན་རྐྱེན་དང་། །བསྡུ་བཞིའི་གཞན་དོན་བྱེད་སྙམ་དང་། །སྐུ་གསུང་ཐུགས་རྟེན་བཞེངས་སྙམ་སོགས། །དགོངས་གཞི་དུ་མ་ཡོད་པ་ཡིན། །

p. 608

ཆགས་ཞེན་སྤུ་ཙམ་མ་མཆིས་ན། །རི་ཙམ་བསགས་ཀྱང་སྐྱོན་མི་གོས། །ཁྱིམ་པ་ཕལ་གྱིས་བསགས་བསགས་ནས། །དགྲ་འདྲེའི་ཕྱོགས་སུ་གཏོང་བའམ། །མ་ཎི་ཙམ་ཡང་མི་འདོན་པར། །མང་བོ་ཟོས་ནས་གཡག་ཆར་རེ། །གཉིད་པ་ལྟ་བུ་ག་ལ་ཡིན། །བླ་མས་ནངས་ནུབ་ཐུགས་དམ་བྱེད། །སྐུ་གསུང་ཐུགས་རྟེན་དུ་མ་བཞེངས། །དགོན་ལ་འགྱེད་ཕོགས་མང་བོ་རྒྱུག །ཆུད་ཟོས་ཅུང་ཟད་ཙམ་མི་གཏོང་། །དེ་ཕྱིར་རང་གི་ཡུལ་ཕྱོགས་ཀྱི། །བླ་མ་དམ་པ་ཕལ་ཆེར་གྱིས། །སེར་སྣ་ཆེ་བ་ལྟར་མཛད་ཀྱང་། །དེ་ལ་ཐུགས་དགོངས་ཅི་འདྲ་ཡོད། །མི་ཤེས་སྙམ་དུ་ཁས་མ་གཏོང་། །བླ་མས་ཅི་མཛད་ཐམས་ཅད་པོ། །ལེགས་པའི་ཡོན་ཏན་ཡིན་སོམས་ལ། །དག་སྣང་གྱིས་ཤིག་ཁྱིམ་པ་ཚོ། །གཞན་ཡང་བླ་མ་ཕལ་ཆེར་གྱིས། །གསང་ཡུམ་མཚན་ལྡན་བསྟེན་པ་ལ། །ཨ་ཁ་ཟེར་ནས་ཁ་ཡིས་གཏོང་། །གསང་སྔགས་བསྐྱེད་རྫོགས་རྣལ་འབྱོར་པས། །བསྟེན་ཀྱང་ཉེས་པ་ཅུང་ཟད་མེད། །དེ་ལ་བརྟེན་ནས་སངས་རྒྱས་ཀྱི། །གོ་འཕང་ཐོབ་ལ་ཉེ་བས་ན། །ཁྱིམ་པས་སྤྱད་པ་ལྟ་བུ་མིན། །བླུན་པོ་ཁྱིམ་པ་སེར་མོ་རྣམས། །ཕལ་གྱིས་བླ་མ་དེ་བ་ཚང་། །བུད་མེད་བསྟེན་ན་ཁོ་བོ་ཚོ། །བཤད་རྒྱུ་ཅི་ཡོད་ཟེར་ནས་གཞན། །བུད་མེད་བསྟེན་པ་དཔེ་བཞག་ན། །རྨ་བྱས་དུག་ཆེན་ཟོས་ཙ་ན། །ལུས་པོ་ཤིན་ཏུ་མཛེས་ན་ཡང་། །ཁྭ་ཏས་ཁོ་ལ་ཅི་སྐྱོན་ཞེས། །དུག་ཟོས་སྲོག་དང་བྲལ་བ་འདྲ། །དེ་ཕྱིར་ཁྱིམ་པ་དད་ཅན་ཚོ། །དེ་འདྲའི་བླ་མ་སུ་ལ་ཡང་། ཁས་གཏོང་མི་རུང་དག་སྣང་གྱིས། །བཟང་རུང་ངན་རུང་བླ་མ་མཁོ། །ནམ་ཞིག་ཤི་བའི་དུས་སྐབས་སུ། །རང་གི་ཡུལ་ཕྱོགས་བླ་མ་དེ། །སྔས་མགོར་བྱོན་ནས་དྲིལ་བུ་དཀྲོལ། །

p. 609

ཁྲུས་ཆོག་བསྐུར་བ་མ་གཏོགས་པ། །སྐྱོན་རྣམས་ཐམས་ཅད་ཀུན་ཟད་ཅིང་། །ཡོན་ཏན་ཀུན་ལྡན་ཕྱོགས་གཞན་གྱི། །བླ་མ་བཟང་བོ་འོང་མི་འགྱུར། །དེ་ཕྱིར་ཁྱིམ་པ་བསམ་ཤེས་ཚོ། །རང་གི་ཡུལ་ཕྱོགས་བླ་མ་ལ། །རྒྱུན་དུ་མཆོད་བསྟོད་བཀུར་སྟི་གྱིས། །གཞན་ཡང་ཁྱིམ་པ་ཕལ་ཆེར་གྱིས། །རང་གི་ཡུལ་ཕྱོགས་སེར་མོ་ལ། །སྡོམ་པ་མེད་ཟེར་ཁ་ཡིས་གཏོང་། །མོ་སྡོམ་ཙམ་ཞིག་མེད་ཙ་ན། །ཁྱིམ་པ་རྣམས་དང་ཁྱད་མེད་ཟེར། །མེ་ཏོག་ཙམ་པ་ཀ་རྒས་ཀྱང་། །མེ་ཏོག་ཕལ་གྱིས་དོ་ཟླ་མིན། །རབ་བྱུང་ཚུལ་ཁྲིམས་འཆལ་གྱུར་ཀྱང་། །ཁྱིམ་པ་ཕལ་གྱིས་དོ་ཟླ་མིན། །ཁྱིམ་པ་བཞིན་དུ་སྲོག་གཅོད་དང་། །བརྐུས་དང་འཕྲོག་བཅོམ་སོགས་མི་བྱ། །ཐུགས་དམ་བཟླས་བརྗོད་མང་བོ་བྱེད། །ཁྱིམ་པ་ལྟ་བུ་ག་ལ་ཡིན། །མོ་སྡོམ་ཤོར་ཡང་སྡོམ་པ་གཞན། །ཐམས་ཅད་ཤོར་ནས་ག་ལ་འགྲོ། །དཔེར་ན་ཕྱུག་པོའི་རྟ་བརྐུས་ཀྱང་། །ར་ལུག་གཡག་གསུམ་ག་ལ་འཆོར། །མོ་སྡོམ་ཙམ་ཞིག་མེད་ཙ་ན། །དེ་ལ་སྡོམ་པ་མེད་དོ་ཞེས། །སྨྲས་ན་ཉེས་པ་ཤིན་ཏུ་ཆེ། །སྡོམ་པ་ཚང་མ་མེད་ན་ཡང་། །སྡོམ་པ་རེ་རེ་མེད་ནི་མེད། །སེར་མོ་ཁྱིམ་པ་ལྟ་བུ་མིན། །དག་སྣང་གྱིས་ཤིག་ཁྱིམ་པ་ཚོ། །སྡོམ་པ་ཤོར་ཡང་ཁྱིམ་པར་མཁོ། །ན་ཚ་གོད་ཁ་བྱུང་ཙ་ན། །མདོ་སྒྲོལ་གདུགས་དཀར་རྣམ་འཇོམས་སོགས། །སྐུ་རིམ་འདོན་དུས་སྡོམ་ཤོར་དགོས། །འཆི་ཚེ་རྣ་བར་ཆོས་ཀྱི་སྒྲ། །ཐར་མདོ་ཀུན་རིགས་ལྷང་ལྷང་དུ། །སྒྲོག་དུས་སྡོམ་ཤོར་རྣམས་མིན་མེད། །ཐག་རིང་ཡུལ་ཕྱོགས་གཞན་ཞིག་གི །དགེ་སློང་སྡོམ་ལྡན་ཞིག་མི་འོང་། །

p. 610

ཁྲིད་ལ་ཤོག་དང་ངེད་ཚོས་བལྟ། །མཁོ་དུས་ཡུལ་ཕྱོགས་བླ་རྒན་རྣམས། །མ་གཏོགས་ངེས་པར་དཀའ་མོད་སྙམ། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །རང་གི་ཡུལ་ཕྱོགས་སེར་མོ་རྣམས། །འགབ་ནས་བཞག་ཏེ་མ་བརྙས་པར། །བསྙེན་བཀུར་ཕུན་སུམ་ཚོགས་པ་གྱིས། །ནམ་ཞིག་མཁོ་བའི་དུས་ཚོད་འབྱུང་། །མདོར་ན་ལྷན་པ་སེར་བོ་ཞིག །གྱོན་ཚད་ཁྱིམ་པས་སྤྱི་བོར་བཀུར། །བསོད་ནམས་དཔག་མེད་འཐོབ་པར་འགྱུར། །བླ་མ་ནགས་ཚང་རིན་པོ་ཆེར། །གསོལ་བ་བཏབ་ནས་གླུ་འདི་བླངས། །དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས། །ཐོས་ཚད་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དབུ་རྫོགས་ཕྱག་ཆེན་ཞི་བྱེད་གཅོད། །བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་གྲུབ་མཐའ་ལ། །ཕྱོགས་རིས་མེད་པར་བྱིན་གྱིས་རློབས། །ཡང་དག་རྫོགས་པའི་སངས་རྒྱས་ས། །དཔེར་ན་རི་ཞིག་རྩེ་དང་འདྲ། །དབུ་རྫོགས་ཕྱག་ཆེན་ཞི་བྱེད་གཅོད། །དཔེར་ན་ཕྱོགས་བཞིའི་ལམ་དང་འདྲ། །དེ་རྣམས་ཉམས་ལེན་གང་ཟག་རྣམས། །ལམ་དེ་རྣམས་ལ་འགྲོ་མི་འདྲ། །ཆོས་རྣམས་ཅུང་ཟད་མི་གཅིག་པ། །དཔེར་ན་ལམ་རྣམས་མི་གཅིག་འདྲ། །ཆོས་རྣམས་ཅུང་ཟད་མ་མཐུན་ན། །གཅིག་གིས་གཅིག་ལ་ཁྱོད་ཀྱི་ཆོས། །ཆོས་ལོག་ཡིན་ཞེས་སྨོད་པ་དེ། །དཔེར་ན་ཕྱོགས་བཞིའི་ལམ་རྣམས་ཀྱི། །ཆེ་ཆུང་བདེ་གཟར་འཁྱོག་དྲང་སོགས། །མ་མཐུན་གཅིག་གིས་གཅིག་པོ་ལ། །ཁྱོད་ཀྱི་ལམ་དེ་ལམ་མ་ཡིན། །ལམ་ལོག་ཟེར་ནས་སྨོད་དང་འདྲ། །ཉམས་སུ་ལེན་

p. 611

ཚུལ་མི་གཅིག་པ། །དཔེར་ན་ལ་ལ་རྟ་བཟང་ཞོན། །ལ་ལས་ཁལ་བཀལ་ལ་ལས་ཡིས། །ཁུར་བོ་ཁུར་ནས་འགྲོ་དང་འདྲ། །མྱུར་དང་མི་མྱུར་ཁྱད་ཆེ་བ། །དཔེར་ན་རྟ་བ་སྔོན་དུ་སླེབས། །ཁལ་མ་ཅན་རྣམས་དེའི་འཕྲོར་བསླེབ། །ཁུར་ཅན་ཕྱི་ནས་སླེབ་དང་འདྲ། །ཆོས་གང་ཉམས་སུ་བླངས་ཙ་ན། །སངས་རྒྱས་གོ་འཕང་ཐོབ་པ་དེ། །དཔེར་ན་ལམ་བཞིའི་གང་གྱེན་དུ། །སོང་ཡང་རི་རྩེར་ཕྱིན་དང་འདྲ། །དེ་ཕྱིར་སངས་རྒྱས་ཐོབ་པའི་ཐབས། །དབུ་རྫོགས་ཕྱག་ཆེན་ཞི་བྱེད་གཅོད། །གང་ལའང་ཡོད་པས་དག་སྣང་གྱིས། །རང་ཉིད་གང་མོས་ཉམས་སུ་ལོངས། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་བའི་འཇུ་ཐག་ཆད་པ་ཡིན། །གྲུབ་དབང་མི་ལ་རས་པས་གསུངས། །ཆོས་དང་སྐྱེས་བུ་དམ་པ་ལ། །བརྟེན་པའི་སྡིག་པ་མི་བཟད་པས། །ཕྱོགས་འཛིན་སྡང་ཤུགས་དོར་ནས་ཀྱང་། །དག་སྣང་ནོར་བུའི་འོད་ཟེར་གྱིས། །ཀུན་ལ་ཁྱབ་པར་མཛོད་ཅིག་ཅེས། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གསུངས། །དེ་བཞིན་མཛོད་ཅེས་ཐམས་ཅད་ལ། །ཚོགས་དྲུག་རང་གྲོལ་གསོལ་བ་འདེབས། །བླ་མ་གོང་མ་ཐམས་ཅད་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །དམ་པ་གོང་མའི་བྱིན་རླབས་ཀྱིས། །ཆོས་ལ་ཕྱོགས་རིས་མེད་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐྱབས་གནས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཅི་བསམ་ཀུན། །ཆོས་བཞིན་འགྲུབ་

p. 612

པར་བྱིན་གྱིས་རློབས། །དཔེར་ན་ཕྱོགས་གཞན་མི་འགྲོ་བར། །སྡོད་པའི་བློ་དེ་ཡོད་ཙ་ན། །འགྲོ་གྲབས་མི་བྱེད་མཁར་བརྩིག་དང་། །སོ་ནམ་སོགས་ཀྱི་ཤོམ་ར་བཏིང་། །རྒྱུན་དུ་སྡོད་པའི་གྲབས་བྱེད་ལྟར། །ནམ་ཞིག་འཆི་བ་འོང་སྙམ་པ། །ཀུན་གྱིས་ཤེས་ཀྱང་ཉིན་རེ་བཞིན། །དེ་རིང་མི་འཆི་དེ་རིང་ཡང་། །མི་འཆི་འདུག་གོ་སྙམ་པའི་བློ། །ཡོད་ན་འཆི་བྲོད་ཆོས་མི་བྱེད། །ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་གི །དབང་དུ་འགྲོ་བ་ཆོས་ཉིད་ཡིན། །དཔེར་ན་ཡུལ་ཕྱོགས་གཞན་ཞིག་ཏུ། །མགྱོགས་པར་འགྲོ་བའི་འདུན་པ་ཅན། །གཞི་ཕབ་སྡོད་པའི་གྲབས་མི་བྱེད། །ཁལ་རྟ་ལ་སོགས་འགྲོ་བ་ལ། །མཁོ་བའི་སྟ་གོན་ལྷུར་ལེན་བཞིན། །སང་ཙམ་མི་འཆིའི་ངེས་པ་མེད། །ཟླ་བ་ཕྱི་མའི་གྲབས་བྱས་ཀྱང་། །དེ་དུས་རང་ཉིད་ལུས་རྟེན་འདི། །བོར་ནས་བྱད་དབྱིབས་མི་འདྲ་བ། །རྭ་ཅོ་ཟིང་ངེ་བ་ཞིག་ཏུ། །མི་སྐྱེ་ངེས་པ་ཅི་ཞིག་ཡོད། །སྙམ་པའི་བློ་ཞིག་ཡོད་ཙ་ན། །འདིར་སྣང་བྱ་བ་མི་བརྩོན་པར། །ཕྱི་མར་ཕན་པའི་ཐབས་ངང་ངམ། །ཤུགས་ཀྱིས་བྱེད་པ་ཆོས་ཉིད་ཡིན། །དམ་ཆོས་དོན་དུ་གཉེར་རྣམས་ཀྱིས། །འཆི་བ་བསྒོམ་པ་ཤིན་ཏུ་གཅེས། །འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་འཆི་བས་རྒྱུད་བསྐུལ་ནས། །ཚེ་འདིའི་བྱ་བས་མི་གཡེང་བར། །དམ་ཆོས་དོན་དུ་གཉེར་བར་ཤོག །བདག་ལ་དུས་གསུམ་སངས་རྒྱས་ལས། །དྲིན་ཆེ་ཆོས་ཀྱི་རྒྱལ་པོ་ལ། །གསོལ་བ་འདེབས་སོ་བདག་གཞན་གྱིས། །འཆི་བ་དྲན་པར་བྱིན་གྱིས་རློབས། །ཕྱི་སྣོད་སྟོང་གསུམ་འཇིག་རྟེན་ཁམས། །

p. 613

རི་རབ་གླིང་བཞི་ཉི་ཟླ་དང་། །བཅས་པའི་སྲ་བརྟན་བསྐལ་པའི་བར། །གནས་པ་འདི་ཡང་ནམ་ཞིག་ན། །འཇིག་པའི་དུས་ལ་བབ་ཙ་ན། །མེ་ཆུ་རླུང་གསུམ་གྱིས་བཤིག་ནས། །བསམ་གཏན་བཞི་བའི་ལྷ་གནས་མན། །ཐལ་བ་ཙམ་ཡང་མི་ལུས་པར། །འཇིག་པར་འགྱུར་བའི་ཚུལ་བསམས་ཏེ། །འདི་ཚོར་ཆགས་འཇིག་ཡོད་ཙ་ན། །ཤིན་ཏུ་ཉམ་ཆུང་བདག་གི་ལུས། །འདི་ནི་རྟག་པ་སྨོས་ཅི་དགོས། །སྙམ་དུ་སེམས་ལ་སྐྱོ་ཤས་སྐྱེད། །ནམ་ཟླ་དུས་བཞི་རིམ་པ་བཞིན། །མི་རྟག་འགྱུར་ནས་འགྲོ་བ་དང་། །ལོ་ཟླ་མི་རྟག་རིམ་བཞིན་འགྱུར། །ཉི་ཟླའི་འཆར་ནུབ་ཉིན་མཚན་གཉིས། །མི་རྟག་འགྱུར་བའི་ཚུལ་བསམས་ནས། །རང་ཡང་མི་རྟག་འདི་ཚོ་བཞིན། །རིམ་གྱིས་འགྱུར་ནས་འགྲོ་བར་ངེས། །སྙམ་དུ་བསམས་ནས་སྐྱོ་ཤས་སྐྱེད། །བྱ་རྣམས་རང་ཡུལ་བསྙེག་པ་དང་། །རི་དྭགས་ངེས་མེད་གནས་འཕོ་དང་། །འབབ་ཆུའི་དར་རྒུད་ཚུལ་བསམས་ནས།། རང་ཡུལ་མི་སྡོད་འདི་དང་མཚུངས། །ནམ་ཞིག་ཕ་རོལ་འགྲོ་བ་ཡིན། །སྙམ་དུ་བསམས་ནས་སྐྱོ་ཤས་སྐྱེད། །འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །ཆོས་ཀྱི་རྒྱལ་པོའི་བྱིན་རླབས་ཀྱིས། །ཐོས་ཚད་འཆི་བ་མི་རྟག་པ། །བསམས་ནས་སྐྱོ་ཤས་སྐྱེ་བར་ཤོག །སངས་རྒྱས་ཀུན་འདུས་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཚེ་ཚད་དྲུག་ཅུ་ཙམ། །ཐུབ་པའི་དབང་དུ་བྱས་ན་ཡང་། །ཚེ་ནི་ལོ་རེ་སོང་ནས་འཛད། །ལོ་དེ་ཟླ་བ་སོང་ནས་འཛད། །ཟླ་བ་ཉིན་ཞག་སོང་ནས་

p. 614

འཛད། །ཉིན་ཞག་སྐད་ཅིག་སོང་ནས་འཛད། །སྐད་ཅིག་མའི་རྒྱུན་ཁྲི་ལི་ལིས། །འཛད་པ་དཔེར་ན་རི་གཟར་ཁའི། །ཆུ་དེ་མགྱོགས་པར་བབས་དང་འདྲ། །དཔེར་ན་ཐགས་དེ་འཐག་ཙ་ན། །ལན་རེར་སྤུན་ཉག་རེ་བཅུག་ཀྱང་། །མྱུར་དུ་གཏིང་ལ་གཏུགས་པ་ལྟར། །མི་ཚེ་འཛད་པའང་དེ་དང་འདྲ། །དཔེར་ན་ངེས་པར་གསོད་པ་ཞིག །གོམ་པ་རེ་རེ་སྤོས་ན་ཡང་། །གསོད་སར་མྱུར་དུ་སླེབ་པ་ལྟར། །མི་ཚེ་འཛད་པའང་དེ་དང་འདྲ། །དཔེར་ན་འབྲུ་མར་བཞུས་ནས་ནི། །མར་ཁུ་ཀོང་བུ་གང་ཙམ་ལ། །སྡོང་བུ་བཙུགས་ནས་མེ་སྦར་ན། །རིམ་གྱིས་ཟད་ནས་འགྲོ་བ་ལྟར། །མི་ཚེ་འཛད་པའང་དེ་དང་འདྲ། །དེ་བཞིན་དཔེ་ནི་དུ་མའི་སྒོས། །མི་ཚེ་འཛད་པའི་ཚུལ་བསམས་ནས། །ཚེ་འདིའི་དོན་མེད་བྱ་བ་སྤོངས། །ཚེ་མཇུག་འདི་ལ་ལྷ་ཆོས་གྱིས། །འདིས་ཀྱང་རང་གཞན་ལ་ཕན་ནས། །ལྷ་ཆོས་བྱས་ནས་སངས་རྒྱས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །མོས་པའི་བུ་ལ་བྱིན་གྱིས་རློབས། །འཕྲལ་ཕུགས་བདེ་བའི་བསླབ་བྱ་ལ། །དད་ཅན་སློབ་བུ་བསྟན་དར་ཉོན། །གོང་དུ་བསྡད་ན་ཉེས་ལྟུང་འབྱུང་། །འདུག་ས་དབེན་པར་གྱིས་ཤིག་ཨང་། །ཟས་ནོར་ཆོས་ཀྱི་བར་ཆད་ཡིན། །འདོད་ཆུང་ཆོག་ཤེས་གྱིས་ཤིག་ཨང་། །གྲོགས་ངན་བསྟེན་ན་ཇེ་ངན་འགྲོ། །རྟག་ཏུ་གཅིག་པུར་སྡོད་ཅིག་ཨང་། །བྱང་ཆུབ་སེམས་དཔའ་གང་ན་བཞུགས། །མི་ཤེས་ཀུན་ལ་མ་སྨོད་ཨང་། །ཆོས་རྒྱལ་མདུན་དུ་གསང་མི་ཐུབ། །ཆོས་ལ་ངོ་ལྐོག་མ་བྱེད་ཨང་། །འཆི་དུས་ཕན་མཁན་མི་གཅིག་མེད། །

p. 615

གཉེན་ལ་སྲེད་པ་མ་ཆེ་ཨང་། །ལྐོག་ཏུ་གཞན་གྱི་མཚང་མ་འབྲུ། །ལན་པོ་རང་ལ་འཁོར་རོ་ཨང་། །རྟག་ཏུ་གཞན་གྱི་སྐྱོན་མ་བརྟགས། །རང་སྐྱོན་རྟོགས་ལ་སྤོངས་ཤིག་ཨང་། །ཡི་དམ་ལྷ་ལ་བཟང་ངན་མེད། །རང་ཉིད་གང་མོས་སྟེན་ཅིག་ཨང་། །དམ་པའི་ཆོས་ལ་མི་བཟང་མེད། །དགོས་མེད་ཁ་སྡིག་མ་གསོགས་ཨང་། །ཕྱག་དང་མཆོད་པས་ལུས་སྒྲིབ་འདག །ཉིན་རེ་བཞིན་དུ་འབོད་ཅིག་ཨང། །ཁ་ཏོན་བཟླས་པས་ངག་སྒྲིབ་འདག །དོན་མེད་ལོང་གཏམ་མ་ལབ་ཨང་། །རྒྱུན་དུ་རང་གི་སེམས་ལ་ལྟོས། །ཆོས་སེམས་རྒྱབ་འགལ་མ་གཏོང་ཨང་། །ཕན་པའི་ཁ་ཏ་བྱེད་མཁན་དཀོན། །ཀུན་ཀྱི་ཁ་ལོ་མ་ཉན་ཨང་། །གྲོས་ནི་འདྲི་ན་རྒྱལ་བའི་བཀར། །དྲིས་དང་ནམ་ཡང་མི་བསླུ་ཨང་། །གློ་བུར་ནམ་འཆི་ངེས་པ་མེད། །སྒོམ་སྒྲུབ་ཕྱི་བཤོལ་མ་བྱེད་ཨང་། །སྙིང་རུས་མ་བྱས་ཉམས་རྟོགས་དཀའ། །བསྒོམ་ལ་བརྩོན་འགྲུས་གྱིས་ཤིག་ཨང་། །བསྒོམ་ཡུན་མ་ཐུང་ཚེ་དང་སྙོམས། །དོན་གྱི་གཙོ་བོ་ཡིན་ནོ་ཨང་། །དགེ་འདིས་དད་ཅན་སློབ་བུ་ཡིས། །ཅི་བསམ་ཆོས་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སློབ་བུ་བྱམས་པ་བསྟན་དར་ལ་མཚོ་སྙིང་ནས་སྨྲས་པའོ། །བླ་མ་སངས་རྒྱས་འབྲལ་མེད་སྤྱི་བོར་བཞུགས། །བྱིན་རླབས་དངོས་གྲུབ་སྐལ་ལྡན་བུ་ལ་སྩོལ། །ཨེ་མ་བློ་ལྡན་སློབ་བུ་རབ་འབྱམས་པར། །ཕན་པའི་ཁ་ཏ་ཚིག་འགའ་བཤད་ཀྱིས་ཉོན། །བློ་ཕུགས་གཏོད་ས་བླ་མ་དཀོན་མཆོག་བཟང་། །རྟག་ཏུ་གསོལ་བ་ཐོབས་དང་བྱིན་

p. 616

རླབས་འཇུག །གྲོང་དང་དགོན་པར་བསྡད་ན་ཆགས་སྡང་གསོག །རི་ཁྲོད་དབེན་པ་བསྟེན་ན་ལེགས་ཚོགས་འབྱུང་། །ནོར་རྫས་འཚོལ་ལ་སེམས་ཁུར་སྡུག་བསྔལ་ཆེ། །འདོད་ཆུང་ཆོག་ཤེས་གྱིས་དང་བདེ་ཞིང་སྐྱིད། །ཉེ་དུ་འབྲེལ་བ་འཁོར་བར་འཆིང་བྱེད་སྒྲོག །ཆགས་ཞེན་དོར་དང་དམ་ཆོས་ངང་གིས་འོང་། །མི་མང་འ་འུར་དགེ་སྦྱོར་འཕྲོག་པའི་དགྲ། །ངག་མཚམས་དམ་པོ་གྱིས་དང་དགེ་སྦྱོར་འཕེལ། །བག་མེད་གུ་ཡངས་སྤྱོད་པ་རྩིང་བའི་རྒྱུ། །སྤྱོད་པ་ཆོས་མཐུན་གྱིས་དང་རྒྱལ་བ་དགྱེས། །སོས་དལ་སྐྱིད་ཆོས་བདུད་ཀྱི་ཆོ་འཕྲུལ་ཏེ། །མྱུར་དུ་དམ་ཆོས་གྱིས་དང་འཆི་དུས་དགའ། །བྱ་བྱེད་མང་བ་ཀུན་གྱིས་ཁྲེལ་བའི་གཞི། །རྟག་ཏུ་ལྷ་ཆོས་གྱིས་དང་མི་ཡིས་སྨོན། །ཚོགས་གསོག་སྒྲིབ་སྦྱོང་བྱེད་པ་སངས་རྒྱས་རྒྱུ། །མཇུག་ཏུ་བསྔོ་བ་གྱིས་དང་འཛད་མི་འགྱུར། །མི་རྟག་འཆི་བ་ཆོས་ལ་བསྐུལ་བའི་གྲོགས། །ནམ་འཆི་ཆ་མེད་སོམས་དང་བརྩོན་འགྲུས་འབྱུང་། །དགེ་འདིས་སྐལ་ལྡན་སློབ་བུས་མི་ཆོས་སྤངས། །ལྷ་ཆོས་བྱས་ནས་མྱུར་དུ་འཚང་རྒྱ་ཤོག །ཅེས་པ་འདི་ཡང་སློབ་བུ་རབ་འབྱམས་པ་ལ་སྨྲས་པའོ། །རྗེ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཕ་བླ་མ་ཆོས་ཀྱི་རྒྱལ་པོ་ལ། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །ཚེ་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །ཡུལ་དང་པོ་ཉམས་དགའ་སྐྱིད་སྐྱིད་པོ། །ཡུལ་བར་དུ་ཆགས་སྡང་རྒྱུན་མི་འཆད། །ཡུལ་ཐ་མ་བདུད་ཀྱི་བཙོན་ར་ཡིན། །ཡུལ་འཛིན་ན་ཆོས་སྐུའི་གཏན་ཡུལ་ཟུངས། །གྲོགས་དང་པོ་ལྷ་མོ་བཞད་ཁ་མ། །

p. 617

གྲོགས་བར་དུ་མི་མོ་ཁྲོ་གཏུམ་ཅན། །གྲོགས་ཐ་མ་བདུད་མོ་ཨང་མི་ཁུག །གྲོགས་འགྲོགས་ན་ཆོས་མཐུན་གྲོགས་དང་འགྲོགས། །བུ་དང་པོ་ལྷ་བུ་འཛུམ་ཁ་བོ། །བུ་བར་དུ་ཟས་གོས་ནོར་བརླག་མཁན། །བུ་ཐ་མ་གྱོད་སྣ་ཁ་མཆུའི་གཞི། །བུ་གསོ་ན་རིག་པའི་ཁྱེའུ་ཆུང་གསོས། །ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ནོར་བར་དུ་སེར་སྣ་ཕྲག་དོག་རྒྱུ། །ནོར་ཐ་མ་དགྲ་བོའི་གཡབ་མོ་ཡིན། །ནོར་གསོག་ན་འཕགས་པའི་ནོར་བདུན་གསོགས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་སྐྱེས་པས་ཕ་ཡུལ་སྤངས། །བུ་ཆུང་མ་ནོར་རྫས་བློས་བཏང་ནས། །ཆོས་ཉམས་སུ་བླངས་ནས་འཚང་རྒྱ་ཤོག །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་གཞན་རྒྱུད། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཛམ་གླིང་རི་རྒྱལ་ལྷོ་ཕྱོགས་ན། །ཡན་ལག་བརྒྱད་ལྡན་རྫིང་བུ་ཡོད། །སྡིག་སྒྲིབ་དྲི་མ་འཁྲུད་འདོད་ན། །བརྒྱད་ལྡན་ཆུ་ཡིས་ཁྲུས་གྱིས་ཨང་། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །ཙན་དན་སྨན་གྱི་སྡོང་བོ་ཡོད། །འདུ་བའི་ནད་རྣམས་སེལ་འདོད་ན། །ཙན་དན་སྨན་མཆོག་ལོངས་ཤིག་ཨང་། །འདོད་པའི་ཁམས་གྱི་ལྷ་གནས་ན། །སྲབ་འཇམ་ཡང་བའི་གོས་བཟང་ཡོད། །ཚ་གྲང་གཉིས་ལས་སྐྱོབ་འདོད་ན། །ལྷ་ཡི་གོས་བཟང་གྱོན་ཅིག་ཨང་། །ཁྲུས་ཀྱི་རྫིང་བུའི་རྩ་ཤེད་ན། །འདོད་པ་འཇོ་བའི་བ་མོ་ཡོད། །སྐོམ་པའི་གདུངས་པ་སེལ་འདོད་

p. 618

ན། །བ་མོ་བཞོས་ལ་ཐུངས་ཤིག་ཨང་། །རྣམ་ཐོས་སྲས་ཀྱི་མཛོད་ཁང་ན། །ཅི་ཟ་འདོད་པའི་ལོངས་སྤྱོད་ཡོད། །ལྟོགས་པའི་གདུངས་པ་ཞི་འདོད་ན། །གང་མཁོ་ལོངས་ལ་ཟོ་ཞིག་ཨང་། །བསིལ་ལྡན་ལྗོངས་འདིའི་མདོ་སྨད་ན། །གོམ་ཅན་རྒྱུག་བཟང་རྟ་ཕོ་ཡོད། །ཐག་རིང་ལམ་ལ་འགྲོ་འདོད་ན། །རྟ་བཟང་ཞོན་ལ་སོང་ཞིག་ཨང་། །བླ་མ་དམ་པའི་སྤྱན་སྔ་ན། །ཟབ་རྒྱའི་ཆོས་ཀྱི་གདམས་པ་ཡོད། །འཁོར་བའི་གནས་ལས་ཐར་འདོད་ན། །ཉོན་ལ་ཉམས་སུ་ལོངས་ཤིག་ཨང་། །དཔེ་དྲུག་དོན་བདུན་གླུ་དབྱངས་འདི། །ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས། །ཐོས་ཚད་གནས་སྐབས་དམ་ཆོས་བྱས། །མཐར་ཐུག་རྣམ་མཁྱེན་ཐོབ་པར་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །གྲོགས་བློ་ཁ་ཆོས་ལ་མྱུར་དུ་སྒྱུར། །སྤྲང་ཚོགས་དྲུག་རང་གྲོལ་ཞེས་བྱ་ངས། །ནང་སེམས་ལ་ཕན་པའི་གླུ་དབྱངས་ལེན། །ཁྱོད་ཚེ་ལོ་མཐར་ཕྱིན་དད་ལྡན་གྲོགས། །མིང་ཆོས་སྐྱབས་རྒྱལ་ཞེས་བྱ་བ་ཉོན། །རྗེ་བླ་མ་དམ་པར་གསོལ་བཏབ་ན། །རང་ཅི་འདོད་དངོས་གྲུབ་འབྱུང་བ་ཡིན། །ཕར་གྲོགས་ལ་ངན་པ་མ་བརྗོད་ན། །ཚུར་རང་ལ་ལྷ་བཞིན་མཐོང་བ་ཡིན། །མི་གཞན་ལ་བསམ་པ་མ་གནག་ན། །རང་བསོད་ནམས་མི་འཛད་འཕེལ་བ་ཡིན། །ཚེ་འདི་ལ་ཞེན་པ་མ་ཆེ་ན། །ཚེ་ཕྱི་མར་བདེ་ཞིང་སྐྱིད་པ་ཡིན། །རྒྱུད་ཞེ་སྡང་ང་རྒྱལ་མ་སྐྱེས་ན། །གཟུགས་རབ་མཛེས་ཡིད་འོང་འཐོབ་པ་ཡིན། །སེམས་གནས་ལུགས་རྒྱུན་དུ་སྐྱོང་ནུས་ན། །མཆོག་སངས་རྒྱས་མྱུར་དུ་འཐོབ་པ་ཡིན། །མཚམས་དམ་དང་སྨྲ་བཅད་བྱས་

p. 619

གྱུར་ན། །མ་མཁའ་འགྲོའི་བྱིན་རླབས་འཇུག་པ་ཡིན། །རང་ཅི་བྱེད་ཆོས་དང་བསྟུན་ཤེས་ན། །དཔལ་ཆོས་སྐྱོང་སྲུང་མས་བསྲུང་བ་ཡིན། །གླུ་འདི་ཡིས་གྲོགས་པོ་ལ་ཕན་ནས། །མཆོག་སངས་རྒྱས་གོ་འཕང་འཐོབ་པར་ཤོག །ཅེས་པ་འདི་ཡང་དད་ཅན་གྲོགས་པོ་སྔགས་རྒན་ཆོས་སྐྱབས་རྒྱལ་ལ་སྨྲས་པའོ། །རྗེ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །མི་རང་ལ་རང་གིས་གྲོས་འདི་འདེབས། །ཚིག་འདི་ལ་ཚོགས་དྲུག་རང་གྲོལ་ཉོན། །ཁྱོད་གཞོན་དུས་དབང་བོ་དར་ཙ་ན། །ཡར་ན་སོ་རྒས་སྙམ་མི་གདའ་སྟེ། །རྒས་པ་ཁོ་ཐོག་ཏུ་རིམ་གྱིས་འོང་། །ད་མ་རྒས་གོང་འདིར་ལྷ་ཆོས་སྒྲུབས། །འབྱུང་བཞི་ཡི་ལུས་པོ་དར་ཙ་ན། །ལུས་ན་ཚ་ཡོངས་སྙམ་མི་གདའ་སྟེ། །ན་བ་ཁོ་སྟེང་དུ་གློ་བུར་འོང་། །ད་མ་ན་གོང་འདིར་ལྷ་ཆོས་སྒྲུབས། །ཚེ་འདི་ལ་ཞེན་ཅིང་ཆགས་ཙ་ན། །རང་འཆི་བ་འོང་སྙམ་མི་གདའ་སྟེ། །འཆི་བདག་ཁོ་གློ་བུར་ཐོག་ཏུ་འོང་། །ད་མ་ཤི་གོང་འདིར་ལྷ་ཆོས་སྒྲུབས། །ཁྱོད་ངེས་པར་དམ་ཆོས་མཛད་འདོད་ན། །ཞིང་བཟང་བོར་ཅི་འབྱོར་མཆོད་པ་ཕུལ། །རྗེ་བླ་མ་རྣམས་ལ་ཞབས་ཏོག་གྱིས། །ལན་རེ་བ་མེད་པའི་སྦྱིན་པ་ཐོངས། །ཕན་མ་ནུས་པ་ལ་བཏགས་ན་བཟང་། །ལས་རྒྱུ་འབྲས་ཆོས་ལ་ངེས་ཤེས་བསྐྱེད། །རྒྱུད་དམ་པའི་ཆོས་དང་སྟུན་ལ་སྤྱོད།། ཆོས་ཉམས་སུ་ལེན་ན་མང་མི་དགོས། །དེ་ཆ་བོ་རྒྱུད་ལ་ཨེ་འབྱོར་ལྟོས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་

p. 620

གྱིས། །མི་རང་གི་རྒྱུད་ལ་ཕན་ཕྱིར་བླངས། །དགེ་འདིས་ཀྱང་རང་གཞན་མ་ལུས་པ། །ཡར་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །དྲིན་ཅན་བླ་མའི་ཞབས་ལ་འདུད། །རང་གཞན་བློ་ཁ་ཆོས་ལ་སྒྱུར། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །རང་གཞན་ཡོངས་ལ་གྲོས་འདི་འདེབས། །ལུས་འདི་ཆུ་ཡི་ལྦུ་བ་འདྲ། །ཡིད་བརྟན་རུང་བ་ཅི་ཡང་མེད། །ནོར་རྫས་གཡར་བའི་རྒྱན་ཆ་འདྲ། །ནམ་ཞིག་གང་ཟག་གཞན་གྱིས་འཁྱེར། །མཛའ་བཤེས་ལྕང་ཁའི་བྱེའུ་ཆུང་འདྲ། །མཐུན་པར་འགྲོགས་ཀྱང་མྱུར་དུ་འབྲལ། །གཞོན་པ་སོས་ཀའི་མེ་ཏོག་འདྲ། །རྒས་པ་བ་མོ་འདྲ་བས་འཇོམས། །ན་བ་བྱེའུ་ཆུང་རྡོ་ཕོག་འདྲ། །ལུས་ཀྱི་སྟོབས་ནུས་ཟད་པར་འགྱུར། །འཆི་བ་སྣུམ་ཟད་མར་མེ་འདྲ། །རྟག་པར་མི་སྡོད་ངེས་པ་ཡིན། །སྐྱིད་སྡུག་ལམ་ཆེན་མགྲོན་པོ་འདྲ། །ད་ལྟ་མེད་ཀྱང་ད་ལྟ་འབྱུང་། །སྡིག་གྲོགས་དུག་གི་སྡོང་བོ་འདྲ། །གང་བསྟེན་པ་རྣམས་བརླག་པ་ཡིན། །བླ་མ་སྨན་གྱི་སྡོང་བོ་འདྲ། །གང་བསྟེན་པ་རྣམས་བདེ་བ་ཡིན། །ཆོས་སྤྱོད་ཞིང་བའི་སོ་ནམ་འདྲ། །གང་རེམ་པ་རྣམས་རྒྱལ་ནས་གདའ། །འཆི་བདག་རི་གཟར་རྦབ་རྡོ་འདྲ། །བཀག་པས་ཁོག་པ་དཀའ་མོ་ཡིན། །དེ་འདྲའི་དུས་ཤིག་བྱུང་ཙ་ན། །དམ་ཆོས་མ་གཏོགས་སྐྱབས་གཞན་མེད། །སུས་ཐོབ་རྒྱལ་བ་དམ་པའི་ཆོས། །དམ་པའི་ཆོས་ལ་འབད་ན་ལེགས། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་ལྷ་ཆོས་བྱེད་པར་ཤོག །རྗེ་བླ་མ་ཆོས་རྒྱལ་

p. 621

རིན་པོ་ཆེ། །དུས་ད་ནས་བཟུང་སྟེ་བྱང་ཆུབ་བར། །མི་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །ཁྱོད་གཉེན་བཤེས་འཁྲི་བ་བཅད་ནས་ནི། །རྗེ་བླ་མ་དམ་པ་བསྟེན་ནུས་ན། །རང་འབད་མེད་གདམས་པ་ཤུགས་ལས་འབྱུང་། །ཁྱོད་ཡུལ་ལ་ཆགས་སེམས་སྤངས་ནས་ནི། །གནས་རི་ཁྲོད་དབེན་པ་བསྟེན་ནུས་ན། །འབད་རྩོལ་མེད་དངོས་གྲུབ་ཤུགས་ལས་འབྱུང་། །ཁྱོད་ནོར་ལ་ཆགས་སེམས་སྤངས་ནས་ནི། །སེམས་ཆགས་མེད་ཞེན་མེད་བྱེད་ནུས་ན། །བདེ་ཆེན་གྱི་ལམ་སྣ་ཤུགས་ལས་འབྱུང་། །ཁྱོད་འཁོར་གཡོག་འཁྲི་བ་བཅད་ནས་ནི། །རང་གཅིག་པུར་དབེན་པར་སྡོད་ཚུགས་ན། །ཉམས་རྟོགས་པའི་ཡོན་ཏན་ཤུགས་ལས་འབྱུང། །ཁྱོད་ཚེ་འདི་བློ་ཡིས་བཏང་ནས་ནི། །དུས་རྒྱུན་དུ་ལྷ་ཆོས་སྒྲུབ་ནུས་ན། །འཕྲལ་ལྟོ་རྒྱབ་གཉིས་ཀ་ཤུགས་ལས་འབྱུང་། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །འདི་ཐོས་ཚད་གནས་སྐབས་བདེ་བ་དང། །མཐར་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཁྱོད་ཉོན་དང་ཚོགས་དྲུག་རང་གྲོལ་བ། །མི་སྐྱེ་བའི་དུས་ན་སྡུག་བསྔལ་ཆེ། །མའི་མངལ་དུ་ཞུགས་པའི་དུས་སྐབས་སུ། །དཔེ་ཉ་མོ་དོལ་ལ་འཐུམ་པ་འདྲ། །ཁྲག་ཆུ་སེར་ནང་དུ་ཉལ་ཙ་ན། །དཔེ་མི་གཙང་དོང་ནང་བཅུག་པ་འདྲ། །མས་བཟའ་བཏུང་མཆོང་རྒྱུག་བྱས་པའི་དུས། །སྡུག་ཉིན་རེ་བཞིན་དུ་སྣ་ཚོགས་མྱོང་། །ཟླ་དགུ་དང་ངོ་བཅུ་མངལ་དུ་ལུས། །མའི་མངལ་ནས་

p. 622

བཙས་པའི་དུས་སུ་ཡང་། །ལུས་འཇུར་མིག་འཕྲང་ལ་དྲངས་པ་འདྲ། །མའི་མངལ་སྒོའི་ཕྱི་རུ་ཐོན་ཙ་ན། །དཔེ་ཚེར་མའི་དོང་དུ་ལྷུང་བ་འདྲ། །མས་བརྩེ་བས་པང་དུ་བླངས་ཙ་ན། །དཔེ་བྱེའུ་ཕྲུག་ཁྲ་ཡིས་འཁྱེར་བ་འདྲ། །མས་མི་གཙང་དྲི་མ་ཕྱིས་ཙ་ན། །ཕྱིའི་པགས་པ་གསོན་པོར་བཤུས་པ་འདྲ། །གྲིས་ལྟེ་བའི་ཐག་པ་བཅད་ཙ་ན། །རང་ཁོང་བའི་སྲོག་རྩ་བཅད་པ་འདྲ། །མས་འཛོང་ཁུག་ནང་དུ་བསྙལ་ཙ་ན། །དཔེ་བཀྱིགས་ནས་བཙོན་དོང་བོར་བ་འདྲ། །ལར་སྐྱེ་བའི་སྡུག་བསྔལ་མི་འབྱུང་བའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །མིའི་སྐྱེ་བའི་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །མི་རྒས་པའི་དུས་སུ་སྡུག་བསྔལ་ཆེ། །ཡར་དྲང་བོར་སྐྱེས་པའི་ལུས་པོ་སྒུར། །ཡར་ལངས་ནས་འགྲོ་དུས་གོམ་པ་འཁྱོར། །མདོག་ནག་པོར་སྐྱེས་པའི་སྐྲ་ལོ་དཀར། །མིག་ཕྱིས་ནས་བལྟས་ཀྱང་རབ་རིབ་མཐོང་། །སྒྲ་ཉན་བྱེད་མགོ་ཟུར་རྣ་བ་འོན། །ལུས་མཁུར་མགོའི་ཁྲག་གི་ཚོམ་བུ་ཡལ། །བྱད་བརྒྱངས་ཤིང་སྣ་གཞོམ་དུང་སོ་བུད། །གཏམ་སྨྲ་བའི་རྒྱལ་པོ་ལྕེ་ཡང་ལྡིབ། །ཟས་གཉེན་འདུན་བསྡུས་ཀྱང་ཕར་ལ་འབྲོས། །རང་མི་འདོད་སྡུག་བསྔལ་སྤངས་ཀྱང་འཁོར། །ཚིག་

p. 623

བདེན་པར་སྨྲས་ཀྱང་ཉན་མཁན་མེད། །རང་གཅེས་པར་གསོས་པའི་བུ་ཚས་སྡང་། །གང་ཡོད་ཚད་བྱིན་ལ་དྲིན་གཟོ་མེད། །འདི་ཤི་འཕྱིས་ཟེར་ཞིང་དམོད་མོ་མང་། །ལར་རྒས་པའི་སྡུག་བསྔལ་མི་འབྱུང་བའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །མིའི་རྒས་པའི་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གོང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །མི་ན་བའི་དུས་སུ་སྡུག་བསྔལ་ཆེ། །ལུས་གློ་བུར་ཉིད་ལ་ནད་ཀྱིས་བཏབ། །སྔོན་མེད་པའི་ཟུག་གཟེར་མང་བོ་ལངས། །མལ་བདེ་མོར་ཉལ་ཡང་འགྲེ་ལྡོག་མང་། །ཟས་བཟང་བོ་ཟོས་ཀྱང་ཕྱིར་ལ་ཟློག །གནས་བསིལ་སར་བསྡད་ཀྱང་མེ་བས་ཚ། །གོས་དྲོན་པོས་གཡོགས་ཀྱང་ཆུ་བས་གྲང་། །མལ་བདེ་མོར་ཉལ་ཡང་ཚེར་ལས་རྩུབ། །སྔས་མཐོ་བར་བཞག་ཀྱང་དོང་ལས་དམའ། །གཉེན་མཛའ་བཤེས་རྣམས་ཀྱིས་མཐར་བསྐོར་ཡང་། །རང་ན་བའི་སྡུག་བསྔལ་བགོ་ཐབས་མེད། །ཐབས་མཁས་པའི་སྨན་པ་མོ་བོན་གྱིས། །སྔོན་ལས་ངན་ན་ཚ་སེལ་བར་དཀའ། །ལར་ན་བའི་སྡུག་བསྔལ་མི་འབྱུང་བའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །མིའི་ན་བའི་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་

p. 624

བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །མི་འཆི་བའི་དུས་སུ་སྡུག་བསྔལ་ཆེ། །ཁོང་འཆི་བདག་ཕོ་ཉས་ཟིན་པའི་ཚེ། །མི་ཕྱུག་པོས་ནོར་གྱིས་གླུ་ས་མེད། །མི་དཔའ་བོས་རལ་ཁ་སྤྲོད་ས་མེད། །སྨན་མཛེས་མས་བསླུ་བྲིད་བྱེད་ས་མེད། །ཁོང་མཁས་པས་ལོ་རྒྱུས་བཀྲོལ་ས་མེད། །མི་ཕོངས་པས་ཞུ་བ་བྱེད་ས་མེད། །མི་སྡར་མས་ཝ་བྲོས་བྱེད་ས་མེད། །ལུས་ཡན་ལག་རྩ་རྣམས་མཐའ་ནས་འདུས། །དཔེ་བཀྱིགས་ནས་མལ་དུ་བསྐྱུར་བ་འདྲ། །རང་ཕན་དུ་རེ་བའི་སྨན་པས་བོར། །རང་སྐྱོབ་ཏུ་རེ་བའི་མོ་བོན་བྲོས། །གཞན་གང་སྨྲས་གཏམ་ལ་ལན་མི་ཐེབས། །དབུགས་ཕྱི་ནང་འགྱུ་བ་ཆད་ལ་ཉེ། །ལུས་སྔོན་ཆད་མེད་པའི་དྲི་མ་ཆགས། །དྲོད་མེ་སྟག་ཙམ་པ་མཐའ་ནས་བསྡུ། །གྲོགས་བཟང་བོ་ཡོད་ཀྱང་འགྲོགས་དབང་མེད། །ཟས་ཞིམ་པོ་ཡོད་ཀྱང་ཟ་དབང་མེད། །གོས་བཟང་བོ་ཡོད་ཀྱང་གོན་དབང་མེད། །ནོར་མང་བོ་ཡོད་ཀྱང་འཁྱེར་དབང་མེད། །རང་གཅེས་པར་བསྐྱངས་པའི་ལུས་ཀྱང་བཞག །ཚེ་ཕྱི་མའི་ཡུལ་དུ་གཅིག་པུར་འགྲོ། །དབུགས་ཕྱི་ནང་འགྱུ་བ་ཆད་མ་ཐག །ཁོ་ཤི་ཟེར་ལུས་པོ་སུམ་ལྟེབ་བྱས། །མི་ལ་ལས་གཟའ་དང་སྐར་མ་བརྩི། །གཉེན་མཛའ་བཤེས་འདུས་ནས་ངུ་འབོད་བྱེད། །གཞན་ལ་ལས་ཟས་ནོར་ཨེ་ཐོབ་སྙམ། །རང་ཚེ་སྟོད་བསགས་ཚད་གཞན་གྱིས་སྤྱོད། །

p. 625

རོ་བསྲེག་གམ་ཡང་ན་རི་ལ་འཕེན། །ཆུའི་ནང་དུ་འཕེན་ནམ་དོང་དུ་སྦ། །རེ་མེད་པར་ཟིན་ཚེ་ཁོ་ཐག་ཆོད། །ལར་འཆི་བའི་སྡུག་བསྔལ་མི་འབྱུང་བའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །མིའི་འཆི་བའི་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །ལྷ་མིན་ལ་འཐབ་རྩོད་སྡུག་བསྔལ་ཆེ། །ལྷའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། །ཁོ་ཕྲག་དོག་སྐྱེས་ནས་ལྷ་དང་འཐབ། །ལྷ་རྣམས་ཀྱིས་མཚོན་ཆའི་འཁོར་ལོ་ཡིས། །གནོད་འབའ་ཞིག་བསྐྱལ་བས་ལུས་རྨས་ཤིང་། །ཡན་ལག་དང་ཉིང་ལག་འབྲལ་བ་དང་། །སྐྱོབ་སོད་སོགས་མི་སྙན་སྒྲ་མང་སྒྲོག །དེ་ཐོས་པས་འཇིགས་སྐྲག་དངངས་ཤིང་འདར། །ཁོ་ལ་ལ་བཟུང་ནས་གསོན་སྲེག་བྱེད། །ལ་ལ་ནི་ཆུར་བསྐྱུར་མགོ་བོ་གཅོད། །དོན་སྙིང་འདོན་ནང་ཁྲོལ་རླུགས་པ་སོགས། །སྡུག་ལན་གཅིག་མ་ཡིན་ཡང་ཡང་མྱོང་། །ལར་ལྷ་མིན་འཐབ་རྩོད་སྡུག་མེད་པའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །ལྷ་མིན་གྱི་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་

p. 626

འདོད་བློ་སྐྱེ་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །ལྷ་རྣམས་ལ་འཕོ་ལྟུང་སྡུག་བསྔལ་ཆེ། །འདོད་ལྷ་རྣམས་འཆི་ལ་ཉེ་བའི་ཚེ། །ལུས་མདངས་ཉམས་སྟན་ལ་འདུག་མི་འདོད། །མེ་ཏོག་གི་ཕྲེང་བ་རྙིང་བ་དང་། །གོས་སྟེང་དུ་སྔོན་མེད་དྲི་མ་ཆགས། །ལུས་སྔོན་མེད་རྡུལ་འབྱུང་འོད་ཆུང་འགྲོ། །ལུས་ཁྲུས་ཆུ་ཆགས་དང་གོས་རྒྱན་ལས། །སྒྲ་མི་སྙན་པ་བྱུང་རྫི་མ་འཁྲབ། །ཡུལ་གཅིག་ལ་ཆགས་པས་འཆི་ལྟས་འབྱུང་། །དེ་བྱུང་ཚེ་འཆི་ལྟས་ཡིན་པར་གོ །སེམས་སྡུག་བསྔལ་མྱོང་དང་ཁྱད་པར་དུ། །རང་གང་དུ་སྐྱེ་གནས་བརྟགས་ན་ཤེས། །མར་དམྱལ་བ་ལྟ་བུར་སྐྱེ་བ་ན། །དེར་སྐྱེས་དང་ཁྱད་མེད་སྡུག་བསྔལ་ནི། །ལྷའི་ཞག་པོ་ལྔ་སོགས་མྱོང་བ་ཡིན། །གཞན་སྟོབས་ཆེན་ལྷ་ཡིས་སྟོབས་ཆུང་ལྷ། །རང་གནས་ནས་གཞན་དུ་སྐྱོད་པ་དང་། །ལྷ་མིན་ལ་འཐབ་པའི་དུས་སུ་ཡང་། །མཚོན་ཕོག་ནས་སྡུག་བསྔལ་སྣ་ཚོགས་མྱོང་། །གཟུགས་ཁམས་དང་གཟུགས་མེད་ཁམས་གཉིས་ན། །མངོན་གྱུར་ཀྱི་སྡུག་བསྔལ་མེད་ན་ཡང་། །སྔོན་ལས་ཀྱི་འཕེན་པ་ཟད་པའི་ཚེ། །སླར་འོག་ཏུ་ལྟུང་བའི་སྡུག་བསྔལ་ཡོད། །ཡར་ལྷ་ཡི་འཕོ་ལྟུང་སྡུག་མེད་པའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །ལྷའི་འཕོ་ལྟུང་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །

p. 627

ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །མར་དམྱལ་བའི་གནས་ན་སྡུག་བསྔལ་ཆེ། །མཚོན་རྣོན་པོས་ཕན་ཚུན་གཤག་རེས་བྱེད། །ཐིག་ནག་པོ་བཏབ་ནས་སོག་ལེས་འདྲ། །རི་ལུག་གདོང་འདྲ་བའི་བར་དུ་གཅུར། །ལྕགས་ཁང་བ་མེ་འབར་ནང་དུ་བསྲེག །ལྕགས་ཁང་བ་ཉིས་རིམ་མེ་འབར་བསྲེག །ལྕགས་ཟངས་ཆེན་ཚ་ངར་ནང་དུ་བསྲེག །ལྕགས་ཟངས་ཆེན་ཁྲོ་ཆུ་ཁོལ་མར་བཙོ། །མེ་ཆེན་པོ་འབར་བས་ལུས་ཀུན་འཚིག །ལུས་གྲང་བས་ཆུ་བུར་བྱུང་ཞིང་འཁུམ། །ལ་ལ་ནི་གྲང་བས་ཆུ་བུར་རྡོལ། །ལ་ལ་ནི་གྲང་བས་ཀྱེ་ཧུད་ཟེར། །ལ་ལ་ནི་གྲང་བས་ཨ་ཆུ་ཟེར། །ལ་ལ་ནི་གྲང་བས་སོ་ཐམ་ཐམ། །ལ་ལའི་ལུས་ཁ་རླུང་ཆེན་པོས་བཏབ། །མདོག་སྔོ་ཞིང་སེར་ཁ་ལྔ་དྲུག་གས། །ལ་ལའི་མདོག་དམར་ཞིང་ཁ་བཅུར་གས། །ལ་ལའི་ལུས་ཁ་དོག་ཤིན་ཏུ་དམར། །ཁ་བརྒྱ་ཙམ་གས་ནས་སྡུག་བསྔལ་མྱོང་། །ལར་དམྱལ་བའི་ཚ་གྲང་སྡུག་མེད་པའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །མར་དམྱལ་བའི་སྡུག་བསྔལ་བསམ་ལས་འདས། །ཁྱེད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །

p. 628

ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །ཡི་དྭགས་ལ་བཀྲེས་སྐོམ་སྡུག་བསྔལ་ཆེ། །ཤ་ཁྲག་སྐམ་མདོག་ནག་གདོང་སྒྲས་ཁེབས། །ཁ་ཤིན་ཏུ་བསྐམས་པ་ལྕེ་ཡིས་ལྡག །ཕྱིའི་སྒྲིབ་པ་ཅན་གྱི་ཡི་དྭགས་ཀྱིས། །མཚོ་མཚེའུ་ཆུ་མིག་མཐོང་ན་ཡང་། །མཚོན་ཐོགས་པས་བསྲུངས་ནས་བཏུང་མི་སྟེར། །ནང་སྒྲིབ་པ་ཅན་གྱི་ཡི་དྭགས་ཀྱིས། །ཁ་ཁབ་མིག་མགྲིན་པ་རྟ་རྔ་ཙམ། །རྐང་ལག་རྣམས་འཇག་སྐྱ་ལྟོ་བའི་ཚད། །ལུང་ཕྲན་ཙམ་ཡོད་ལ་ཟས་མི་རྙེད། །རྙེད་ན་ཡང་ཁ་རུ་མི་ཤོང་ཞིང་། །ཅུང་ཟད་ཙམ་སོང་ཡང་མགྲིན་མི་ཐར། །ཐར་ན་ཡང་ལྟོ་བ་ཁེངས་མི་འགྱུར། །ཟས་སྐོམ་གྱི་སྒྲིབ་པ་ཅན་རྣམས་ཀྱིས། །ཟས་སྐོམ་གང་སྤྱད་ན་མེ་འབར་འཚིག །དེ་དག་ལ་དགུན་དུས་ཉི་མ་གྲང་། །དཔྱིད་དུས་སུ་ཟླ་བའང་ཚ་བ་ཡིན། །ལར་ཡི་དྭགས་བཀྲེས་སྐོམ་སྡུག་མེད་པའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །ཡི་དྭགས་ཀྱི་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ཡང་ཉོན་དང་ཚོགས་དྲུག་རང་གྲོལ་བ། །དུད་འགྲོ་ལ་བཀོལ་སྤྱོད་སྡུག་བསྔལ་ཆེ། །དབུས་རི་རབ་ཆུ་མཚམས་མན་ཆད་ཀྱི། །ཁོང་གསེང་ན་ཆང་གི་སྦང་མ་བཞིན། །དུད་འགྲོའི་རིགས་མང་བོ་འདུས་ནས་ཡོད། །དེ་ཆེ་བས་ཆུང་བ་ཁྱུར་མིད་བྱེད། །ཆུང་ཆུང་

p. 629

ཀུན་འདུས་ནས་ཆེ་བ་ཟ། །མིའི་ཡུལ་གྱི་དུད་འགྲོ་ཐམས་ཅད་ནི། །རི་དྭགས་རྣམས་རྔོན་པ་ཁྱི་ཡིས་གསོད། །མིའི་དབང་དུ་གྱུར་རྣམས་སྣ་ཕུག་ཅིང་། །ཁལ་མི་ཐེག་བཞིན་དུ་བཀལ་ནས་བརྡུང་། །འཕོངས་རྒྱབ་རྣམས་སྒལ་བས་ཁེངས་ན་ཡང་། །ཉིན་གཅིག་ཙམ་སོས་དལ་འདུག་དབང་མེད། །ཕྱུགས་ལ་ལ་ཤ་དང་པགས་པའི་ཆེད། །སར་བསྐྱེལ་ནས་གསོད་གྲབས་བྱེད་པའི་ཚེ། །སྐྲག་དངངས་ནས་མིག་གིས་ཧྲིག་ཧྲིག་བལྟ། །ཁ་བསུམ་མམ་ལྟོ་བ་ཕྲལ་ནས་གསོད། །གཞན་དབང་བོ་གཅོད་དང་སྤུ་འབྲེག་དང་། །རྨོ་བཅིང་དང་ཞོ་བཞོ་བཀྲེས་སྐོམ་དང་། །ཚ་གྲང་སོགས་སྡུག་བསྔལ་དཔག་མེད་ཡོད། །ལར་དུད་འགྲོའི་བཀོལ་སྤྱོད་སྡུག་མེད་པའི། །ཡར་ཐར་བའི་གོ་འཕང་མ་ཐོབ་ན། །དུད་འགྲོ་ཡི་སྡུག་བསྔལ་བསམ་ལས་འདས། །ཁྱོད་ཐར་བའི་གོ་འཕང་འཐོབ་འདོད་ན། །ད་ཐོབ་ཐབས་དམ་པའི་ལྷ་ཆོས་གྱིས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་ཐར་འདོད་བློ་སྐྱེ་ཤོག །མགོན་པོ་འོད་དཔག་མེད་པ་ལ། །གསོལ་བ་འདེབས་སོ་བདག་གཞན་ཀུན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །མྱུར་དུ་སངས་རྒྱས་ཐོབ་འདོད་པས། །སངས་རྒྱས་ཞིང་ཁམས་རྣམ་དག་ཏུ། །སྐྱེ་བའི་སྨོན་ལམ་བཏབ་ན་བཟང་། །ཞིང་ཁམས་བསམ་གྱིས་མི་ཁྱབ་པ། །ཡོད་ཀྱང་བདེ་བ་ཅན་མ་གཏོགས། །ཞིང་ཁམས་གཞན་དུ་ཐ་མལ་བའི། །གང་ཟག་ཉོན་མོངས་ཅན་རྣམས་

p. 630

ནི། །སྨོན་ལམ་བཏབ་ཀྱང་སྐྱེ་བར་དཀའ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཐ་མལ་ཉོན་མོངས་དང་བཅས་པའི། །གང་ཟག་སུ་ཞིག་ཡིན་ན་ཡང་། །སྨོན་ལམ་བཏབ་ན་སྐྱེ་བར་གསུངས། །མཚམས་མེད་ལྔ་དང་ཆོས་སྤངས་པ། །མ་གཏོགས་སྒྲིབ་པ་གཞན་ཡོད་ཀྱང་། །མི་སྒྲིབ་ཞིང་དེར་སྐྱེ་བར་གསུངས། །སྐྱེས་ན་འཁོར་བར་ཕྱིར་མི་ལྡོག །སྡུག་བསྔལ་སྒྲ་ཡང་མི་གྲགས་ཤིང་། །ཉོན་མོངས་སྒྲིབ་པས་གོས་མི་འགྱུར། །ཅི་བསམ་འདོད་པའི་དོན་ཐམས་ཅད། །བསམ་མ་ཐག་ནས་འགྲུབ་པར་འགྱུར། །སངས་རྒྱས་ཞིང་ཁམས་གཞན་གང་ལ། །ལྟ་ཞིང་མཇལ་དུ་སོང་ན་ཆོག །བདེ་སྐྱིད་དཔལ་ལ་སྤྱོད་བཞིན་དུ། །རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །སངས་རྒྱས་ཐོབ་ན་དྲིན་ཅན་གྱི། །ཕ་མ་གཙོ་བྱས་འགྲོ་བ་ཀུན། །བདེ་བ་ཅན་དུ་དྲངས་ན་ཆོག །ཞིང་ཁམས་གཞན་ལས་ཁྱད་པར་དུ། །འཕགས་པ་བདེ་བ་ཅན་ཞིང་ཡིན། །བདེ་བ་ཅན་དུ་སྐྱེ་འདོད་པའི། །དད་ཅན་སྐྱེ་བོ་ཕོ་མོ་ཚོ། །དགེ་རྩ་ཇི་སྙེད་བསགས་པ་རྣམས། །ཞིང་དེར་སྐྱེ་བའི་ཆེད་དུ་སྔོས། །ཡིད་གཉིས་ཐེ་ཚོམ་མ་བྱེད་པར། །ཞིང་གི་བཀོད་པ་ཡོན་ཏན་རྣམས། །དྲན་བཞིན་སྨོན་ལམ་ཡང་ཡང་ཐོབས། །འོད་དཔག་མེད་མགོན་བྱིན་རླབས་དང་། །འདིས་མཚོན་བདག་གི་དགེ་བའི་མཐུས། །བདག་གཞན་འགྲོ་བ་མ་ལུས་པ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཡུན་རིང་ཚོགས་གཉིས་བསགས་མཐུས་རྫོགས་སངས་རྒྱས། །འགྲོ་དྲུག་འདྲེན་མཛད་དུས་

p. 631

གསུམ་སངས་རྒྱས་དང་། །དབྱེར་མེད་རང་དོན་མཐར་ཕྱིན་འགྲོ་བ་གཞན། །སྨིན་གྲོལ་འགོད་མཛད་རྗེ་བཙུན་བླ་མས་དགོངས། །ཁྱོད་གསུང་བདུད་རྩི་བདག་གིས་ཅུང་ཟད་ཅིག །མྱངས་པ་སྐལ་བ་བཟང་སྙམ་ཤིན་ཏུ་སྤྲོ། །ད་དུང་བརྩེ་བས་ལྟ་སྒོམ་སྤྱོད་འབྲས་བཞིའི། །དོན་ཟབ་གོ་སླ་ཚིག་ཉུང་མགུར་དུ་གསུངས། །དེ་ལས་འོངས་པའི་རབ་དཀར་དགེ་བ་དང་། །སྔོན་ཆད་བསགས་དང་ཕྱིན་ཆད་གསོག་འགྱུར་ཀུན། །གཅིག་ཏུ་བསྡུས་ནས་འགྲོ་མགོན་ཁྱོད་ལ་འབུལ། །འཁྲུལ་མེད་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་སློབ་བུ་ངག་དབང་ཆོས་འཕེལ་གྱིས་སྨྲས་པས་ལན་དུ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སློབ་བུའི་སྒོ་གསུམ་བྱིན་གྱིས་རློབས། །ཚོགས་དྲུག་རང་གྲོལ་གླུ་དབྱངས་ལ། །སློབ་བུ་ངག་དབང་ཆོས་འཕེལ་ཉོན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་རང་གི་སེམས་སུ་རྟོགས། །རང་སེམས་དོན་དམ་ཆོས་ཀྱི་སྐུར། །རྟོགས་ན་འཁོར་བ་ངན་པ་རུ། །ལྟུང་ངོ་སྙམ་པའི་དོགས་པ་དེ། །མེད་པར་གྱུར་ཏེ་ཅིའི་ཕྱིར་ན། །འཁོར་བ་རང་སྣང་རྨི་ལམ་བཞིན། །བདེན་མེད་སྟོང་བར་རྟོགས་ཕྱིར་རོ། །མྱང་འདས་བཟང་བོ་ཐོབ་རེ་བའི། །རེ་བ་མེད་དེ་ཅིའི་ཕྱིར་ན། །མྱང་འདས་རང་དུ་རྟོགས་ཕྱིར་རོ། །རང་སེམས་དོན་དམ་ཆོས་ཀྱི་སྐུ། །ཤེལ་དཀར་མེ་ལོང་ལྟ་བུ་ལ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་རང་ས་ནས་ཟུར་མ་ཉམས། །མདོག་མ་འགྱུར་བར་གཟུགས་

p. 632

བརྙན་བཞིན། །སོ་སོར་མ་འདྲེས་གསལ་ན་ཡང་། །ཐམས་ཅད་བདེན་པར་མ་གྲུབ་ཚུལ། །རྟོགས་ན་གང་ཟག་སུ་ཡིན་ཡང་། །གཏན་དུ་བདེ་ཞིང་སྐྱིད་པར་ངེས། །དེ་ལྟར་རྟོགས་ན་དེའི་ཤུགས་ཀྱིས། །མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེ། །འདི་ནི་ཟབ་ལམ་རྫོགས་ཆེན་གྱི། །ལྟ་བ་རྟོགས་པའི་ཁྱད་ཆོས་ཡིན། །སྟོང་ཉིད་སྙིང་རྗེ་གཉིས་འཛོམས་ན། །སེམས་ཅན་རེ་རེའི་ཕྱིར་དུ་ཡང་། །མནར་མེད་དམྱལ་བའི་མེ་ནང་དུ། །ཚམ་ཚོམ་མེད་པར་འཇུག་པར་ནུས། །ཞུགས་ནས་བསྐལ་པའི་བར་གནས་ཀྱང་། །ལུས་སེམས་ཐོག་ཏུ་སྡུག་མི་འབྱུང་། །ནམ་ཡང་སྐྱོ་བ་སྐྱེ་མི་འགྱུར། །དེ་ཕྱིར་སྐལ་ལྡན་སྙིང་གི་བུ། །འཁོར་འདས་སེམས་སུ་ཐག་བཅད་ནས། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ། །ནམ་མཁའ་ལྟ་བུའི་ངང་ཉིད་དུ། །མཉམ་པར་འཇོག་པ་ལྟ་བ་ཡིན། །སེམས་ལས་གཞན་པའི་ལྟ་བ་ཞིག །བཙལ་ན་དབུལ་བོས་གཏེར་བཞག་ནས། །གཞན་གྱི་སྒོ་རུ་སྤྲང་བ་འདྲ། །བསྒོམ་པ་སྟོང་གསལ་སྒོམ་མེད་ལས། །གཞན་པའི་བསྒོམ་ཞིག་བཙལ་བ་ན། །མར་མེ་རླུང་གིས་བསྐྱོད་པ་འདྲ། །སྤྱོད་པ་བླང་དོར་མེད་པ་ལས། །གཞན་པའི་སྤྱོད་རྒྱུ་ཞིག་བཙལ་ན། །སྦྲང་མ་རྒྱ་རུ་ཚུད་པ་འདྲ། །འབྲས་བུ་རང་སེམས་ཆོས་སྐུ་ལས། །གཞན་པའི་འབྲས་བུ་ཞིག་བཙལ་ན། །གླང་བོ་བཞག་ནས་རྗེས་འཚོལ་འདྲ། །དེ་ཕྱིར་ངག་དབང་ཆོས་འཕེལ་ཁྱོད། །མྱུར་དུ་སངས་རྒྱས་འཐོབ་འདོད་ན། །དབེན་པའི་གནས་སུ་དྲང་སྲོང་བཞིན། །གཅིག་པུར་གནས་ལ་དུས་ཀུན་ཏུ། །རང་སེམས་ཆོས་སྐུ་སྐྱོང་བར་མཛོད། །

p. 633

གླུ་འདི་མཐོང་ཐོས་དྲན་རེག་ཀུན། །རང་སེམས་ཆོས་སྐུ་སྐྱོང་བར་ཤོག །ཅེས་སྨྲས་སོ།། དཔེ་འོད་དཀར་འགྱེད་ནས་གླིང་བཞི་ལ། །མུན་འཐིབས་པ་ཟླ་བས་སེལ་བ་བཞིན། །གསུང་ལེགས་བཤད་ཆོས་ཀྱིས་འགྲོ་བ་ཡི། །བློའི་རྨོངས་པ་སེལ་མཁན་བླ་མར་འདུད། །དཔེ་སྲིན་བྱ་དགོད་པ་ལྟས་ངན་པ། །གཏོང་འདོད་ཀྱིས་དགའ་ནས་མིན་པ་བཞིན། །མི་གཡོ་ཅན་སྙན་ཚིག་སྨྲ་བ་དེ། །ཁོའི་རང་དོན་ཡིན་གྱིས་གུས་ཕྱིར་མིན། །དཔེ་ཉ་བདས་ཟས་ཀྱིས་ཁ་འཁྲིད་ནས། །ཉ་ལྕགས་ཀྱུས་བཟུང་ནས་གསོད་པ་བཞིན། །མི་ངན་པས་ཐོག་མར་བབ་ཚིག་གིས་བྲིད། །བག་ཕེབས་སུ་བཅུག་ནས་བསླུ་བ་ཡིན། །དཔེ་དུག་གི་ཚེར་མ་མ་སྨིན་པར། །གཞན་རྐང་ལག་འབིག་པར་མི་ནུས་བཞིན། །མི་དམན་པ་ཇི་སྲིད་ཉམ་ཆུང་བ། །དེའི་བར་ལ་རང་བཞིན་བཟང་བ་ཡིན། །དཔེ་གཟིག་ལྤགས་བཀབ་པའི་བོང་བུ་ཡིས། །གཞན་ལོ་ཏོག་ཟོས་མཐར་བསད་པ་བཞིན། །མི་ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། །དེ་རེ་ཞིག་གྲུབ་ཀྱང་ཐ་མར་བརླག །དཔེ་རྐུན་པོ་འགའ་ཡིས་ཁྱིར་བཏགས་པའི། །ར་བསྐྱུར་ནས་བྲམ་ཟེ་སོང་བ་བཞིན། །མི་ཤེས་རབ་ཅན་གྱིས་མངོན་སུམ་དུ། །རྫུན་བཤད་པས་ཕ་རོལ་བསླུ་བར་ནུས། །དཔེ་ལྷ་ཆེན་སྨྲེ་སྔགས་ཤོར་བ་ལ། །སྡུག་བསྔལ་བ་བདེན་པར་བསྒྲགས་པ་བཞིན། །རང་ཉེས་པ་མངོན་སུམ་བྱེད་བཞིན་དུ། །མི་གཡོ་ཅན་ཚིག་གིས་ཕ་རོལ་བསླུ། །དཔེ་རྨ་བྱ་གཟུགས་མཛེས་སྒྲ་སྙན་

p. 634

ཡང་། །དེའི་ཁ་ཟས་དུག་ཅན་ཡིན་པ་བཞིན། །མི་གཡོ་ཅན་ཚུལ་གཟོབ་ངག་འཇམ་པ། །དེ་མ་བརྟགས་བར་དུ་ཡིད་མི་བརྟན། །དཔེ་རི་དྭགས་རྔ་མ་བསྟན་ནས་ནི། །གཞན་ཁྲེལ་བདས་བོང་བུའི་ཤ་འཚོང་བཞིན། །མི་གཡོ་ཅན་བཟང་བོའི་ཚུལ་བཟུང་ནས། །ཕྱིས་དོན་ལ་བསླུ་བ་མང་བ་ཡིན། །དཔེ་ཀཉྩའི་ཡུལ་གྱི་རྒྱལ་ཕྲན་འགས། །ཕ་བསད་ལ་རྒྱལ་རྔ་རྡུང་བ་བཞིན། །ཁྲེལ་ངོ་ཚ་གཏིང་ནས་ཉམས་པ་རྣམས། །རང་གཏམ་ངན་ངོ་སོར་འཁྱེར་བ་ཡིན། །དཔེ་སྐྱ་ཀའི་ཕྲུ་གུས་མ་ཡི་སྤུ། །དེ་འཐོག་པ་དྲིན་ལན་ཡིན་བསྒོམ་བཞིན། །མི་ཤེས་ཆུང་རྣམས་ཀྱིས་ཕན་བཏགས་པ། །དེ་འགའ་ཞིག་གནོད་པ་ཆེན་པོར་འགྱུར། །དཔེ་ཁྱི་རྒན་ཡ་རྐན་ཕུག་པའི་ཁྲག །དེ་རུས་པའི་བཅུད་སྙམ་འཆའ་བ་བཞིན། །མི་བློ་ངན་ལས་ལ་སྤྱོད་པ་ལ། །རང་འབད་པས་ཐོབ་པར་སེམས་པ་ཡིན། །དཔེ་སྨྱོན་པས་མགོ་ཡི་རྒྱན་བླངས་ནས། །སྨད་རྐང་མགོ་སོགས་ལ་འདོགས་པ་བཞིན། །མི་བླུན་པོ་ལ་ལས་གཉེན་བཅོམ་ནས། །གཞན་འབྲེལ་མེད་མི་རྣམས་གསོ་བ་ཡིན། །དཔེ་ཆུ་མིག་ངན་པ་དབྱར་འབབ་ཀྱི། །དཔྱིད་དགོས་པའི་ཚེ་ན་བསྐམ་པ་བཞིན། །མི་བླུན་པོ་དགོས་པའི་སར་མི་ཕྱིན། །འགྲོ་མི་དགོས་ས་ལ་མི་ཐུབ་འཆོར། །དཔེ་མདའ་ཡིས་ཕ་རོལ་གསོད་པ་འམ། །ཡང་མིན་ན་རང་ཉིད་ཆག་པ་བཞིན། །མི་བླུན་པོ་ཧ་ཅང་དྲང་བོ་ཡིས། །གཞན་བརླག་གམ་ཡང་ན་རང་ཉིད་བརླག །དཔེ་འོད་གསལ་ཉི་མས་གླིང་རྣམས་ཀྱི། །མུན་མི་སེལ་བ་ན་གཟས་ཟིན་བཞིན། །ཁོང་རྒྱལ་པོས་ཆོས་བཞིན་ས་སྐྱོང་

p. 635

སྟེ། །དེ་མིན་ན་རྒྱལ་པོ་ཉམས་པའི་རྟགས། །དཔེ་གཅན་གཟན་གདུག་པོའི་ནགས་ཁྲོད་དུ། །མི་བསམ་ཤེས་རྟག་ཏུ་མི་སྡོད་བཞིན། །གྲོགས་ཆུང་མ་མཛའ་བོ་ངན་པ་དང་། །རྒྱལ་ངན་པ་སུ་ཞིག་བསྟེན་པར་ནུས། །དཔེ་སོལ་བ་འབད་པས་བཀྲུས་ན་ཡང་། །མདོག་དཀར་བོ་འོང་བ་མི་སྲིད་བཞིན། །མི་ངན་པ་ཇི་ལྟར་བཅོས་ན་ཡང་། །དེ་རང་བཞིན་བཟང་བོ་འབྱུང་མི་སྲིད། །དཔེ་སྦྲུལ་གྱིས་གཙེས་པའི་ས་ཕྱོགས་སུ། །གསེར་ཉག་རྡོ་མཐོང་ཡང་འབྲོས་པ་བཞིན། །གཞན་སྐྱེ་བོ་ངན་པས་སུན་ཕྱུང་བའི། །ས་དེ་རུ་དམ་པ་མཐོང་ཡང་སྤོང་། །དཔེ་འོ་མ་སྐྱེས་བུའི་བདུད་རྩི་སྟེ། །དེ་སྦྲུལ་ལ་བྱིན་ན་དུག་འཕེལ་བཞིན། །ཁོང་དམ་པ་མཆོད་པའི་ཞིང་དུ་བཟང་། །མི་ངན་པ་མཆོད་ན་ཉེས་པའི་གཞི། །དཔེ་ཆར་བ་ཡང་ཡང་བབས་གྱུར་ན། །རི་བྲག་ལ་སེར་ཀ་འབྱུང་བ་བཞིན། །དུས་རྟག་ཏུ་འབྱེད་ལ་བརྩོན་པའི་མིས། །གཞན་མཛའ་བོ་བརྟན་པོའང་འབྱེད་པར་འགྱུར། །དཔེ་སོ་ནམ་བརྩོན་པའི་ཞིང་གསེབ་ཏུ། །ལྡུམ་སྐྱེ་བའི་གོ་སྐབས་དཀའ་བ་བཞིན། །ཚུར་རང་དོན་འབའ་ཞིག་བསྒྲུབ་པ་ཡི། །མི་དེ་དང་འགྲོགས་པར་སུ་ཡིས་ནུས། །དཔེ་འབད་ཀྱང་འབྲས་བུ་མི་སྨིན་པའི། །མི་དེ་ལ་གྲོགས་བྱེད་ག་ལ་སྲིད། །དཔེ་སྐམ་པས་རྟག་ཏུ་བཟུང་ན་ཡང་། །ལྕགས་གོང་གིས་ཚུར་ལ་མི་འཛིན་བཞིན། །མི་ངན་པར་མང་བོ་ཕར་བྱིན་ཡང་། །ཚུར་རང་ལ་དགོས་ན་ག་ལ་སྟེར། །

p. 636

དཔེ་ཤིན་ཏུ་གསལ་བའི་མིག་གིས་ཀྱང་། །སྒྲ་གང་ལའང་ཉན་པར་མི་ནུས་བཞིན། །མི་ཤེས་རབ་ཕྱོགས་གཅིག་ལྡན་པ་ཡིས། །གཞན་བྱ་བ་ཀུན་ལ་མཁས་པ་དཀའ། །དཔེ་ལམ་དྲང་འགའ་ཞིག་ནོར་འཇིགས་ལ། །དུང་གཡས་འཁྱིལ་བཀྲ་ཤིས་བྱེད་པ་བཞིན། །གཏམ་དྲང་བོ་སྨྲ་བའི་སྐྱོན་བཅས་དང་། །འཁྱོག་སྨྲ་བ་ཡོན་ཏན་ལྡན་པ་སྲིད། །དཔེ་སྨན་པ་མཁས་པའི་སྨན་བཟང་དེ། །མི་ནད་ཅན་འཐུངས་ན་བདེ་སྟེར་བཞིན། །ཁོང་མཁས་པ་གོང་མའི་ལེགས་བཤད་བཞིན། །གླུ་འདི་བླངས་ཀུན་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །དཔེ་སེང་གེ་དཀར་མོའི་ངར་སྐད་ཀྱིས། །གཞན་རི་དྭགས་ཟིལ་གྱིས་གནོན་པ་བཞིན། །གསུང་འཆད་རྩོད་རྩོམ་པས་ལོག་སྨྲའི་རིགས། །ཀུན་ཟིལ་གྱིས་གནོན་པའི་བླ་མར་འདུད། །དཔེ་སྲོག་གི་དབང་བོས་མ་བཟུང་ན། །རོ་བཟང་ཡང་སུ་ཡིས་མི་ལེན་བཞིན། །ཁོང་རྒྱལ་པོ་ཉིད་ཀྱིས་མ་བརྩིས་ན། །ཀུན་ཤེས་ཀྱང་གཞན་གྱིས་བཀུར་མི་འགྱུར། །དཔེ་མདའ་དྲང་མཁས་པས་འཕངས་གྱུར་ན། །ཕར་གང་ལ་གཏད་སར་ཕོག་པ་བཞིན། །ཁོང་བློན་པོ་བློ་ལྡན་དྲང་བོ་ཡིས། །རྗེ་འབངས་ཀྱི་དོན་ཀུན་འགྲུབ་པར་འགྱུར། །དཔེ་སྲོག་ཆགས་གྲོག་མའི་ཚོགས་འདུས་ནས། །སེང་ཕྲུ་གུ་བསད་ཅེས་གྲགས་པ་བཞིན། །མི་མང་བོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་ཡང་དོན་ཆེན་འགྲུབ་པར་སྲིད། །དཔེ་གླང་བོ་ཤིན་ཏུ་སྟོབས་ལྡན་ཡང་། །དེ་གླང་རྫིས་བྲན་དུ་འཁོལ་བ་བཞིན། །སེམས་

p. 637

ཞུམ་བཅས་རྩོལ་རབ་དོར་བའི་མི། །མཐུ་སྟོབས་དང་ལྡན་རུང་གཞན་དབང་འགྱུར། །དཔེ་རིན་ཆེན་ཚིག་གིས་བསྒྲག་མི་དགོས། །གཞན་འཆིང་བུ་བསྒྲགས་ཀྱང་མི་ཉོ་བཞིན། །ཁོང་ཆེན་པོས་ང་རྒྱལ་བྱ་ཅི་དགོས། །མི་ངན་པས་ང་རྒྱལ་བྱས་ཅི་ཕན། །དཔེ་བུར་ཤིང་ཞིམ་ཡང་དུས་རྒྱུན་དུ། །བསྟེན་ཆེ་ན་ཕལ་ཆེར་འདོར་བ་བཞིན། །ཁོང་མཁས་པ་ཡོན་ཏན་ལྡན་པ་དང་། །བསྟེན་དྲགས་ན་ཕལ་ཆེར་སྐྱོ་བ་སྐྱེ། །དཔེ་ཙན་དན་བསིལ་བ་ཡིན་མོད་ཀྱང་། །དེ་གཙུབ་པར་གྱུར་ན་འབར་བ་བཞིན། །མི་རང་བཞིན་བཟང་བོ་རྣམས་ལ་ཡང་། །དུས་རྒྱུན་དུ་གཅེས་ན་གནོད་སེམས་སྐྱེ། །དཔེ་མཁའ་ན་ལྷ་གནས་མང་ན་ཡང་། །འོད་གསལ་བ་ཉི་ཟླ་གཉིས་ཡིན་བཞིན། །སའི་སྟེང་ན་རྒྱལ་པོ་མང་མོད་ཀྱི། །ཆོས་བཞིན་དུ་སྐྱོང་བ་ཤིན་ཏུ་ཉུང་། །དཔེ་རྒྱ་མཚོའི་ནོར་བུ་རིན་གྱིས་ཉོ། །ཁོང་ཟུག་རྔུ་སྨན་གྱིས་ཕྱིར་འདོན་བཞིན། །ཕན་བྱེད་ན་དགྲ་བོ་ཡིན་ཡང་བསྟེན། །གཉེན་ཡིན་ཡང་གནོད་ན་སྤང་བར་བྱེད། །དཔེ་ཆུ་ཡིས་ཡོངས་སུ་གང་བའི་ཚེ། །སྤྲིན་གཡོ་ཞིང་འབྲུག་སྒྲ་སྒྲོག་པ་བཞིན། །ཚུར་ནང་དུ་ཅུང་ཟད་འབྱོར་གྱུར་ན། །ཕྱི་དྲེགས་པའི་རྣམ་འགྱུར་སྟོན་པ་ཡིན། །དཔེ་ཁ་ཟས་མ་ཞུ་དུག་དུ་འགྱུར། །དུག་སྦྱོར་བ་ཤེས་ན་སྨན་འགྱུར་བཞིན། །དང་པོ་ནས་དགྲ་དང་མཛའ་བོ་གཉིས། །འདི་ཡིན་ཞེས་ཐག་ཆོད་ངེས་པ་མེད། །དཔེ་ཕལ་ཆེར་ན་བ་སྨན་ཟ་ཡང་། །མི་ལ་ལ་གསོན་པོར་ལྕེབ་པ་བཞིན། །ཁོང་མཁས་པས་རིག་པ་ཡོན་གྱིས་བླུ། །

p. 638

མི་བླུན་པོར་རིག་པ་བསླབས་ཀྱང་སྤོང་། །དཔེ་པགས་བྱེའུ་མཁས་ཀྱང་སྤུ་མེད་པས། །གཞན་འདབ་ཆགས་ཀུན་གྱིས་སྤང་བ་བཞིན། །ཚུར་ནང་ན་ཡོན་ཏན་ཀུན་ལྡན་ཡང་། །ཕྱིའི་ཆ་ལུགས་ངན་ན་ཀུན་གྱིས་བརྙས། །དཔེ་མ་ལ་ཡ་ནས་བྱུང་གྱུར་ན། །དེའི་སྡོང་དུམ་ཕལ་ལའང་རིན་ཆེ་བཞིན། །མི་གང་ལ་ནོར་ཡོད་སྨྲས་པའང་མཛེས། །ནོར་མེད་ན་བདེན་པར་སྨྲས་ཀྱང་སྤོང་། །དཔེ་ནེ་ཙོས་སྨྲས་པས་གཟེབ་ཏུ་བཅུག །གཞན་འདབ་ཆགས་ལྐུགས་པ་བདེར་རྒྱུ་བཞིན། །ཁས་སྨྲ་མང་ཉེས་པ་འཛིན་པའི་རྒྱུ། །གཏམ་མི་སྨྲ་ཉེས་པ་སྤོང་བའི་གཞི། །དཔེ་བ་ཡི་འོ་མ་ཟད་པ་ན། །བེའུ་ཡང་མི་འཁྲི་འགྲོ་བ་བཞིན། །ནོར་སྦྱིན་པས་བསྡུས་ན་དགྲ་ཡང་འདུ། །སྦྱིན་མེད་ན་གཉེན་རྣམས་ཡིན་ཡང་སྤོང་། །དཔེ་པདྨའི་མཚོ་ལ་ངང་བའི་ཚོགས། །མ་བསྡུས་ཀྱང་ངང་གིས་འདུ་བ་བཞིན། །དུས་རྟག་ཏུ་བྱམས་པས་སྐྱོང་བ་ཡི། །རྗེ་དཔོན་གྱིས་བྲན་གཡོག་རྙེད་པར་སླ། །དཔེ་ལྗོན་ཤིང་ཆེ་ལ་བརྟེན་པ་ཡི། །འཁྲི་ཤིང་དེ་རྩེ་མོར་ཕྱིན་པ་བཞིན། །ཁོང་ཆེན་པོ་རྣམས་ལ་བརྟེན་བཅས་ན། །དམན་སྐྱེ་བོ་རྣམས་ཀྱང་ཆེན་པོ་འཐོབ། །དཔེ་ཆར་གྱིས་མཁར་ལ་གནོད་མོད་ཀྱང་། །ཁོང་འཇིག་རྟེན་པ་རྣམས་དགའ་བསྐྱེད་བཞིན། །ཁོང་ཡོན་ཏན་ལྡན་ལ་སྐྱོན་ཡོད་ཀྱང་། །ཡོན་ཏན་ལ་དགའ་བས་བསྟེན་ན་བཟང་། །དཔེ་རྟ་མཆོག་འགྲོས་དང་མི་ལྡན་ན། །རྟར་བལྟས་ན་ལེགས་རུང་རིན་ཆུང་བཞིན། །ནང་ཡོན་ཏན་མེད་ན་ཆ་ལུགས་ཀྱིས། །ཁོང་མཁས་པ་དགའ་བ་བསྐྱེད་མི་ནུས། །དཔེ་རྣ་བ་ཐོག་མར་སྐྱེས་ན་ཡང་། །ཕྱིས་སྐྱེས་པའི་རྭ་རྩེར་མི་མཉམ་

p. 639

བཞིན། །མི་བློ་ལྡན་ནོར་གྱིས་འབྱོར་ན་ཡང་། །ལེ་ལོ་ཆེ་མཐོན་པོ་འོང་བ་དཀའ། །དཔེ་དགྲ་ངན་དཔུང་ཚོགས་བཅུ་གཉིས་པོ། །དེ་སྐྱབས་སེང་བུ་ཡིས་བཅོམ་པ་བཞིན། །བློ་བརྩོན་འགྲུས་གཉིས་ཀ་ཡོད་གྱུར་ན། །དེས་བསླབ་པར་མི་ནུས་གང་ཡང་མེད། །དཔེ་ཚོང་བས་རྒྱ་མཚོར་མ་རྙེད་པའི། །ནོར་རྒྱལ་པོའི་མཛོད་ན་མོད་པ་བཞིན། །རང་འབད་པས་བྱ་བ་བསྒྲུབས་ན་ཡང་། །དེ་འགྲུབ་པ་བསོད་ནམས་ཤུགས་ལ་རག །དཔེ་ཁྱི་རྒན་འཛུམ་ན་དགའ་རྟགས་ཏེ། །གཤིན་རྗེ་དེ་འཛུམ་ན་གསོད་རྟགས་བཞིན། །མི་བླུན་པོའི་བྱམས་སྡང་རྟགས་ཀྱིས་གོ །ཁོག་གྲིམ་པོས་བྱམས་སྡང་ལོགས་པར་སྟོན། །དཔེ་དབང་ཕྱུག་ཆེན་པོའི་སྤྱི་བོའི་རྒྱན། །ཟླ་བ་དེ་ལྷ་མིན་ཟས་བྱེད་བཞིན། །ཁོང་ཆེན་པོ་རྣམས་ཀྱིས་མཆོད་བྱ་བ། །དམན་སྐྱེ་བོ་རྣམས་ཀྱིས་བརྙས་པར་འགྱུར། །དཔེ་ཉི་མའི་འོད་ཟེར་ཤར་བ་ན། །གཞན་འོད་ཟེར་ཐམས་ཅད་བརླག་པ་བཞིན། །ཁོང་སྐྱེ་བོ་ཕལ་ཆེར་རང་ཉིད་དང་། །རིགས་མཐུན་པས་གནོད་པ་བྱེད་པ་མང་། །དཔེ་ཉི་མས་རྒྱུན་དུ་འོད་འབྱིན་ཏེ། །བཅོ་ལྔ་ཡི་ཟླ་བ་མར་འགྲིབ་བཞིན། །ཁོང་བསོད་ནམས་ཅན་ལ་འབྱོར་བ་རྟག །མི་བསོད་ནམས་མེད་ལ་རྟག་མི་འགྱུར། །དཔེ་རྒོད་ཀྱིས་འཕྱི་བ་འཁུར་བ་དང་། །སྲམ་རྣམས་ཀྱིས་འུག་པ་མཆོད་པ་བཞིན། །སྤྱིར་སེམས་ཅན་གང་དང་གང་འབྲེལ་བ། །དེ་བྱ་བ་སྔོན་གྱི་ལས་ཀྱིས་བྱེད། །དཔེ་མཁའ་ལས་གཡུ་འབྲུག་གྲགས་པ་ན། །སའི་རྨ་བྱ་དགའ་བས་གར་བྱེད་བཞིན། །གླུ་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱི། །ལུས་

p. 640

སེམས་ལ་དགའ་བདེ་རྒྱས་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །འཕྲལ་ཕུགས་བདེ་བའི་དགེ་ལེགས་སྩོལ། །གཞུང་ངན་གཞན་གྱི་བཀའ་དྲིན་ལས། །བྱུང་བ་རང་མཐུ་ཡིན་པར་བསྒོམ། །ངོ་ཚ་མེད་པས་གཞན་ནོར་བླངས། །རང་གི་ཆེ་བ་བསྒྲུབ་པ་ཡོད། །སྐྱེས་བུ་དམ་པ་ཞི་བ་ལ། །ངན་པ་རྣམས་ཀྱིས་སྡང་བར་འགྱུར། །བསྐྱེད་ན་མི་དྲོས་བཏུད་ན་འཚིག །རྒྱལ་པོ་ལ་ལ་མེ་ཆེན་འདྲ། །ཧ་ཅང་རློམ་སེམས་ཆེ་དྲགས་ན། །སྡུག་བསྔལ་རྒྱུན་མར་ཐོག་ཏུ་འབབ། །གཞུང་ངན་ནོར་ལ་གཅེས་འཛིན་པ། །མཛའ་བཤེས་ཡིན་ཡང་ཡིད་མི་བརྟན། །རྨ་གཞན་མཁས་ན་འཚོ་སྲིད་ཀྱི། །ཉེས་པའི་ཚིག་རྨར་འཚོ་དུས་མེད། །གཟུ་ལུམ་དག་གི་སྤྱོད་པ་ཡིས། །སྐྱེ་བོ་མྱུར་དུ་རྒུད་པར་འགྱུར། །ཀུན་གྱི་དཔོན་དུ་བསྐོས་གྱུར་ན། །དེ་ཡི་བྱ་བ་ཤེས་པ་དཀོན། །ཆུང་ཡང་རྩོལ་བ་ཆེར་བསྐྱེད་ན། །ཆེན་པོ་རྣམས་ཀྱང་ཟིལ་གྱིས་གནོན། །རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །བློ་དང་རིག་པ་མཁས་པར་འགོ །ནོར་དང་སྐྱེ་བོ་རྒྱལ་པོས་བསྡུ། །བློ་ངན་རིགས་ངན་མཛའ་བོ་ངན། །དགོས་ཚེ་འབྱུང་བའི་ངེས་པ་མེད། །རྩོད་པ་ཆེན་པོ་བྱས་པའི་མཐའ། །འདུམ་ནས་མཛའ་བར་འགྱུར་བ་མང་། །སེར་སྣ་ཅན་ནོར་ཕྲག་དོག་ཅན། །གྲོགས་ཀྱི་དགའ་བ་བསྐྱེད་མི་ནུས། །བྱ་བ་འགའ་རེར་མཁས་ན་ཡང་། །གཞན་དག་ཤེས་པའི་ངེས་པ་མེད། །གང་ལ་ཡོན་ཏན་གང་ཡོད་པ། །དེ་ཡི་གྲགས་པ་དེ་འདྲ་

p. 641

འཐོབ། །སྐྱེས་པ་བུད་མེད་རིགས་གཅིག་ཀྱང་། །མཆོག་དང་དམན་པའི་ཁྱད་པར་ཡོད། །བསོད་ནམས་ལྡན་པའི་ཚིག་ཙམ་ཡང་། །ཉམ་ཆུང་རྣམས་ཀྱིས་བཟོད་པར་དཀའ། །ནོར་གྱི་མཆོག་ནི་སྦྱིན་པ་སྟེ། །བདེ་བའི་མཆོག་ནི་སེམས་སྐྱིད་ཡིན། །མི་བསླུ་བ་ཡི་གྲོགས་པོ་བཟང་། །མཛེས་པའི་རྒྱན་དུ་ཐོས་པ་བཟང་། །བདེ་སྡུག་གཉིས་ཀ་མི་རྟག་པར། །དབྱར་དགུན་བཞིན་དུ་བརྗེ་བར་འགྱུར། །ཉམ་ཆུང་རྣམས་ཀྱིས་ཆེན་པོའི་མིང་། །བཟུང་བ་ཙམ་གྱིས་གཞན་གྱིས་བསྲུང་། །ཕྱུག་པོས་མཆོད་སྦྱིན་བཏང་བ་ན། །འབྱོར་བ་རྒྱས་ཤིང་བརྟན་པར་འགྱུར། །ཡུལ་བཟང་ཡོད་བཞིན་ཡུལ་ངན་ལ། །སྐྱེ་བོ་ངན་པ་ཆགས་ནས་འདུག །ཡོན་ཏན་ཅན་ལ་འཇིག་རྟེན་གུས། །ཡོན་ཏན་འབད་པས་བསྒྲུབས་ན་ཡོང་། །ཆོས་ལུགས་ཤེས་ཀྱང་མི་བསྒྲུབ་ན། །དེ་ཡི་ཆོས་ཀྱིས་ཅི་ཞིག་བྱ། །ལས་ཀྱིས་མནར་བའི་སེམས་ཅན་ལ། །ལོངས་སྤྱོད་ཡོད་ཀྱང་སྤྱོད་མི་ནུས། །རིགས་གཟུགས་ལང་ཚོ་ལྡན་ན་ཡང་། །ཡོན་ཏན་མེད་ན་མཛེས་པ་མིན། །ཉོས་པའི་བུ་དང་གཡར་བའི་རྒྱན། །ཡོད་ཀྱང་གཞན་གྱིས་བརྩི་བ་མེད། །དགྲ་བོའི་ནུས་པ་མ་བརྟགས་པར། །ཉམ་ཆུང་ན་ཡང་བརྙས་མི་བྱ། །བྱ་བ་བརྒྱ་ཕྲག་འགོ་རྩོམ་པས། །མཐར་ཕྱིན་བྱ་བ་གཅིག་ཀྱང་མེད། །ལས་ཀྱི་ཤུགས་ཀྱིས་ཁྲིད་པ་ན། །བློ་ཆེན་ལོག་པའི་ལམ་དུ་འགྲོ། །མི་གང་ཁྲིམས་ལས་འདའ་བ་རྣམས། །རེ་ཞིག་རྒྱལ་ཡང་ཕམ་པར་འགྱུར། །ལེགས་ཉེས་མི་དཔྱོད་གཞན་ལ་གནོད། །བྱས་ན་ཕྱི་

p. 642

ནས་འགྱོད་པ་སྐྱེ། །རྩོལ་བ་མེད་པའི་སྐྱེ་བོ་ཡིས། །འདི་ཕྱི་གཉིས་ཀ་འགྲུབ་མི་འགྱུར། །བྱ་བ་ངན་དང་མི་འགྲུབ་པའི། །ལས་ལ་འཇུག་པའི་སྐྱེ་བོ་བླུན། །ནོར་རྣམས་བསགས་ནས་མི་སྤྱོད་ན། །རང་སྲེག་བུད་ཤིང་བསགས་པ་ཡིན། །རིག་པས་རྙེད་པའི་ཟས་ནོར་བླངས། །མི་འོས་གཞན་ལ་བརྣབ་སེམས་སྤང་། །ཆེན་པོ་རྣམས་ཀྱིས་རྩེད་མོ་དང་། །བདེ་དང་ཟས་ལ་ཆགས་པ་སྤང་། །རྗེ་བོ་འབངས་ལ་མི་གནོད་པར། །བྱམས་པས་བསྐྱངས་ན་འཁོར་འབངས་རྒྱས། །གང་ཞིག་ནོར་འདོད་སྐྱེ་བོ་ཡིས། །ཆོས་དང་མཐུན་པར་བསྒྲུབས་ན་བཟང། །གཉེན་ལ་ཧ་ཅང་བྱམས་མི་བྱ། །དགྲ་ལ་ཧ་ཅང་གནོད་མི་བྱ། །འཇམ་པོ་བྱས་ན་དོན་ཀུན་འགྲུབ། །དེ་ཕྱིར་གང་ལའང་འཇམ་པ་བཟང་། །འགའ་རེ་རང་ལ་མི་བྱམས་ཀྱང་། །འདི་ངར་མི་བྱམས་ཞེས་མ་སྒྲོགས། །མཆོད་དང་བརྙས་པའི་ཁྱད་མི་ཤེས། །དེ་འདྲའི་གནས་སུ་སྡོད་མི་བྱ། །ཡུལ་གཞན་ལེགས་པར་མ་བརྟགས་པར། །སྔ་མའི་གནས་དེ་འདོར་མི་བྱ། །ཕ་རོལ་གནད་དུ་འབེབས་པའི་ཚིག །དགྲ་བོ་ལ་ཡང་སྨྲ་མི་བྱ། །དགྲ་བོ་བྱམས་ཀྱང་བསྟེན་མི་བྱ། །བྱ་བ་ཆེ་ཆུང་གང་བྱེད་ཀྱང་། །མཁས་པས་རྟག་ཏུ་བསྒྲིམས་ཏེ་བྱ། །རང་ལས་མཐོ་བའི་དམ་པ་ལ། །བརྟེན་ན་རང་ལ་ཕན་པ་འབྱུང་། །འགྱུར་ལྡོག་ཆེ་བའི་གྲོགས་པོ་དང་། །འགྲོགས་ན་ཉོན་མོངས་ཁོང་ཁྲོ་སྐྱེ། །དུས་སུ་མ་བབ་པ་ཡི་གཏམ། །གང་སྨྲ་མི་དེར་ཀུན་གྱིས་འཕྱ། །དངོས་པོ་ཆེན་པོ་ཐོབ་པའི་དུས། །ཕྲན་ཚེགས་གཞན་ལ་སེར་སྣ་སྤོངས། །ལོངས་སྤྱོད་ཆེན་པོ་གསོག་འདོད་ན། །ཆ་ཤས་སྦྱིན་པ་མན་ངག་ཡིན། །གཞུང་བཟང་ངོ་ཚ་

p. 643

ཁྲེལ་ཡོད་ན།། དགྲ་བོ་ལ་ཡང་ཡིད་རྟོན་རུང་། །ཚུར་ལ་དགྲ་བོས་སྐྱབས་འོངས་ན། །དེ་ལ་མཆོད་ན་སྙན་པ་བརྗོད། །གྲོགས་ངན་ཐོས་པ་ངན་པ་དང་། །བྱ་བ་ངན་པ་བྱས་ན་འཕུང་། །རང་གཞན་གཉིས་ཀ་འཚེངས་པ་ཡི། །ཡོན་ཏན་སློབ་པ་མཁས་པས་བསྟེན། །ཕར་ལ་གནོད་ན་ཚུར་ལ་ཡང་། །གནོད་པ་ཆེ་ཐུབ་ཆུང་ཐུབ་བྱེད། །ཕན་པ་བྱས་ན་སུ་ཡིན་ཡང་། །དངོས་སམ་བརྒྱུད་ནས་ཕན་འདོགས་བྱེད། །ཕོངས་ཀྱང་གདུང་བ་བསྐྱེད་མི་བྱ། །ལས་ཀྱི་འཕེན་པ་རྒྱང་རིང་བས། །སྐྱིད་སྡུག་སྣ་ཚོགས་ད་གདོད་འབྱུང་། །འདི་ཉིད་ཐོས་ཚད་མ་ལུས་པ། །འཕྲལ་ཕུགས་དགེ་ལེགས་གོང་འཕེལ་ཤོག །ཅེས་པ་འདི་ཡང་ས་སྐྱའི་ལེགས་བཤད་ལྟར་སྐྱེ་བོ་ཕོ་མོ་ཡོངས་ཀྱིས་གོ་བའི་ཕྱིར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཕ་བླ་མ་སྤྱི་གཙུག་རྒྱན་དུ་བཞུགས། །བུ་བདག་གཞན་ཡོངས་ལ་ཐུགས་རྗེས་གཟིགས། །ང་བྱ་བཏང་རྣལ་འབྱོར་གླུ་དབྱངས་ལ། །ཁྱོད་དད་ཅན་རབ་བྱུང་རབ་འབྱོར་ཉོན། །མི་གཞན་གྱིས་རང་ལ་གཤེ་ན་ཡང་། །སླར་ལན་དུ་མི་གཤེ་བ་དང་གཅིག །མི་གཞན་དག་རང་ལ་ཁྲོ་ན་ཡང་། །སླར་ལན་དུ་མི་ཁྲོ་བ་དང་གཉིས། །མི་གཞན་གྱིས་རང་ལ་བརྡེགས་ན་ཡང་། །སླར་ལན་དུ་མི་བརྡེག་པ་དང་གསུམ། །མི་གཞན་གྱིས་རང་ལ་མཚང་བྲུས་ཀྱང་། །སླར་ལན་དུ་མཚང་མི་འབྲུ་དང་བཞི། །འདི་དགེ་སྦྱོར་ཆོས་བཞི་ཡིན་པར་གསུངས། །གཞན་གཤེ་ཁྲོ་བརྡེག་མཚང་འབྲུ་བའི་ཚེ། །སླར་ལན་མི་བྱེད་ན་དགེ་སྦྱོང་ཡིན། །ལན་བྱེད་ན་དགེ་སྦྱོང་མ་ཡིན་

p. 644

པས། །འདིའི་སྟེང་ནས་དགེ་སྦྱོང་ཡིན་མིན་ཤེས། །འདི་བཞི་ལ་ནམ་ཡང་མི་འཛེམ་པར། །ང་དགེ་སྦྱོང་ཡིན་ཞེས་མ་སྨྲ་ཞིག །མིང་དོན་མཐུན་དགེ་སྦྱོང་བྱེད་འདོད་ན། །སྔར་བཤད་པ་ལྟར་དུ་ཁྱོད་རང་གྱིས། །གླུ་འདི་ཡིས་ཀུན་ལ་ཕན་པར་ཤོག །ཅེས་པ་འདི་ཡང་སློབ་བུ་རབ་འབྱོར་གྱིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱ་བོད་མཁས་གྲུབ་ཡོངས་ལ་འདུད། །འགྲོ་ལ་ལེགས་ཚོགས་མ་ལུས་སྩོལ། །མྱུར་དུ་འཆི་བ་མི་ཤེས་པར། །རྟག་པར་འཛིན་རྣམས་ཤིན་ཏུ་གླེན། །ནམ་འཆི་ངེས་པ་མེད་སྙམ་ནས། །ལྷ་ཆོས་བྱེད་རྣམས་མཁས་པ་ཡིན། །འདི་དང་ཕྱི་མ་གཉིས་ཀ་ལ། །བདེ་བའི་ཐབས་ནི་ཤེས་རབ་ཡིན། །ཤེས་རབ་ཅན་གྱི་གང་ཟག་དེ། །འདི་ཕྱི་གང་དེའང་བདེ་ཞིང་སྐྱིད། །སྦྱིན་པ་གཏོང་བའི་སྐྱེ་བོ་ཡིས། །སྙན་པ་རྒྱུན་མི་འཆད་པ་ཐོས། །སེར་སྣ་ཆེ་བའི་ཕྱུག་པོ་ཡིས། །དངོས་སམ་བརྒྱུད་ནས་མི་སྙན་ཐོས། །ཕ་མ་གཉིས་ལ་བྱམས་གྱུར་ན། །བུ་ཡི་ཚེ་བསོད་རྒྱས་པ་ཡིན། །བྱམས་པའི་གཉེན་ལ་སྡང་བ་ན། །སྡང་བའི་དགྲ་རུ་འགྱུར་ཉེན་ཡོད། །སྡང་བའི་དགྲ་ལ་བྱམས་བྱས་ན། །བྱམས་པའི་གཉེན་དུ་འགྲོ་བ་མང་། །སྡིག་པ་དང་ནི་མཐུ་རྩལ་ལས། །བྱུང་བའི་ལོངས་སྤྱོད་ལོངས་སྤྱོད་མིན། །བླུན་པོ་རྣམས་ཀྱིས་མཁས་པ་ཡང་། །མཆོད་པར་འགྱུར་བའི་ངེས་པ་མེད། །བླུན་པོས་ཡོན་ཏན་ཁ་རུ་འབྱིན། །མཁས་པས་ཡོན་ཏན་ཁོག་ཏུ་སྦེད། །སྐྱེ་བོ་ངན་པས་དམ་པ་ལ། །ཁྱད་གསོད་བྱེད་ཀྱིས་དམ་པས་མིན། །སྐྱེ་བོ་ངན་པ་དར་ལྕོག་བཞིན། །ཅུང་ཟད་ཙམ་ལ་འགྱུར་ལྡོག་

p. 645

བྱེད། །རི་རབ་ཅིས་ཀྱང་མི་འགུལ་བ། །བཞིན་དུ་སྐྱེ་བོ་བཟང་བོ་བརྟན། །ནོར་རྫས་རྩྭ་ཁའི་ཟིལ་བ་འདྲ། །ཡོད་དུས་གཞན་ལ་གང་མཁོ་བྱེད། །ཕན་པ་བྱས་པའི་སྐྱེ་བོ་དེ། །ཀུན་གྱིས་མཐོང་ན་དགའ་ཞིང་གུས། །བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །འཁོན་འཛིང་བྱེད་ན་བླུན་པོ་ཡིན། །དགའ་ཞིང་སྤྲོ་བཞིན་ལས་རྣམས་བྱེད། །མཐུན་པར་འགྲོགས་པའི་ཁྱིམ་ཚང་སྐྱིད། །ལྷ་ཆོས་བྱེད་པའི་དུས་སྐབས་སུ། །མར་བཤོལ་བྱེད་པའི་ཁྱིམ་ཚང་དགྲ། །གཞོན་དུས་ལྷ་ཆོས་བྱས་པའི་མི། །རྒས་དུས་སྐྱིད་ཉལ་བྱས་ཀྱང་ཆོག །མནའ་མ་མནར་བའི་ཨ་ནེ་དེ། །རྒས་ན་མནའ་མས་ལྷམ་བཞིན་བརྙས། །རྒན་རྒོན་ཧ་ཅང་ཁ་ངན་ན། །ཤི་ན་ཀུན་གྱིས་ཚད་རེད་ཟེར། །མཚན་ལྡན་བླ་མ་བཟང་བོ་དང་། །ཤ་ཚའི་གྲོགས་དང་འགྲོགས་ན་བདེ། །མང་བོ་སྨྲས་ལས་གནད་འགག་གི །ཚིག་གཅིག་སྨྲས་ན་དོན་ཆེན་འགྲུབ།། ཇག་རྐུན་བྱེད་མི་ཕལ་ཆེ་བ། །ཐ་མ་གྲི་རུ་འཆི་བ་མང་། །རྒྱལ་བའི་གསུང་ལས་མོ་བའི་རྫུན། །ཉན་ནས་ངག་བཞིན་བྱེད་པ་མང་། །རྒྱལ་པོའི་བཀའ་ལས་བློན་པོའི་ཚིག །འཁོར་འབངས་ཕལ་གྱིས་བརྩི་བ་མང་། །ཕ་མའི་ཚིག་ལས་ཆུང་མའི་ཁ། །བུ་ངན་ཕལ་ཆེར་རྒྱུག་པ་མང་། །རྒྱལ་པོ་དྲན་རྒྱུ་ཆེ་བ་དེ། །རྒྱལ་སྲིད་ཉམས་པའི་སྔ་ལྟས་ཡིན། །ལོངས་སྤྱོད་ཡོད་བཞིན་སྤྱོད་མི་ནུས། །དེ་ལས་དབུལ་བོ་གཞན་ན་མེད། །རྒྱལ་པོ་འཁོར་གྱིས་མ་བཀུར་ན། །གཞན་གྱི་མིས་ཀྱང་བཀུར་མི་འགྱུར། །བསྟེན་པའི་མི་རྣམས་དགྲར་གྱུར་ན། །སྐྱེ་བོ་ངན་པའི་ཁྱད་ཆོས་ཡིན། །

p. 646

གང་ཡིན་གཉེན་དུ་འགྱུར་བ་དེ། །སྐྱེ་བོ་བཟང་བོའི་རྟགས་ཤིག་ཡིན། །རྫུན་དང་གཡོ་སྒྱུ་མི་ཤེས་པར། །གང་བཅོལ་གོ་ཆོད་བྲན་གྱི་རབ། །ཁ་ཉུང་ལག་པ་གཙང་བ་དང་། །ཁོག་པ་ཡངས་པའི་བུད་མེད་བཟང་། །སྐྱེ་བོ་ཀུན་དང་མཐུན་པ་དང་། །ཆོས་དང་མཐུན་པ་ཤིན་ཏུ་ལེགས། །གླུ་འདི་ཐོས་ཚད་མི་རྣམས་ཀྱིས། །ལེགས་ཉེས་བླང་དོར་ཤེས་པར་ཤོག །ཅེས་པ་འདི་ཡང་དམ་པ་གོང་མའི་གསུང་བཞིན་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྔོན་དུས་གངས་ཅན་བོད་ཡུལ་དུ། །མཁའ་ལ་སྐར་ཚོགས་བཀྲ་བ་བཞིན། །མཁས་གྲུབ་དཔག་མེད་བྱོན་ཚད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་གི་ཚེ་རབས་ཐོག་མེད་ནས། །མར་གྱུར་འགྲོ་ཀུན་ཡལ་བར་དོར། །རང་ཉིད་རྒྱུན་དུ་གཅེས་པར་བཟུང་། །རང་དོན་ཁོ་ནར་འབད་འབད་ཀྱང་། །རང་དོན་ཅུང་ཟད་ཙམ་མ་འགྲུབ། །མི་འདོད་སྡུག་བསྔལ་སྣ་ཚོགས་མྱངས། །དེས་ན་རང་ཉིད་གཅེས་འཛིན་དེ། །རྒུད་པ་ཀུན་གྱི་གནས་སུ་འདུག །རང་ཉིད་གཅེས་འཛིན་མ་སྐྱེས་པ། །མི་བསྐྱེད་པ་དང་སྐྱེས་པ་རྣམས། །དགྲ་རུ་ལྟོས་ལ་སྤོང་བར་གྱིས། །སངས་རྒྱས་རང་ཉིད་ཡལ་བར་དོར། །སེམས་ཅན་ཐམས་ཅད་གཅེས་པར་བཟུང་། །གཞན་དོན་འབའ་ཞིག་སྔོན་མཛད་པས། །མངོན་པར་རྫོགས་པར་སངས་རྒྱས་འདུག །རང་ཡང་དེ་ལྟར་བྱས་ན་སྔར། །འཚང་རྒྱ་བ་ལ་མ་བྱས་ལན། །དེས་ན་གཞན་རྣམས་གཅེས་འཛིན་པ། །ཡོན་ཏན་ཀུན་གྱི་འབྱུང་གནས་སུ། །འདུག་པས་གཞན་རྣམས་གཅེས་འཛིན་བློ། །མ་སྐྱེས་བསྐྱེད་དང་སྐྱེས་ཟིན་པ། །གཉེན་དུ་ལྟོས་ལ་གོང་འཕེལ་གྱིས། །

p. 647

བོད་ཀྱི་སྔོན་བྱོན་མཁས་གྲུབ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །མཁས་གྲུབ་གོང་མའི་བྱིན་རླབས་ཀྱིས། །རང་གཞན་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱ་གར་འཕགས་པའི་ཡུལ་དུ་སྔོན། །གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས། བྱོན་པའི་མཁས་གྲུབ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཞན་གྱིས་རང་ལ་བསྟོད་སྨད་གཉིས། །བྱས་དུས་བསྟོད་དང་སྙན་གྲགས་ཀྱིས། །ཕྱི་མར་ཕན་པ་ཕར་ལ་ཞོག །མི་ཚེ་འདིར་ཡང་ཚེ་རིང་དང་། །ནད་མེད་བདེ་དང་བསོད་ནམས་རྣམས། །མི་འཕེལ་སྟེང་དུ་དོན་མེད་པས། །གཡེང་བའི་དབང་སོང་ཆོས་མི་འོང་། །གཞན་གྱིས་ཕྲག་དོག་བསྐྱེད་པར་བྱེད། །འཕུང་འདྲེ་དེ་ཡིས་ཅི་ཞིག་བྱ། །སྙམ་དུ་བསྟོད་དང་གྲགས་པའི་ཚིག །གང་ཐོས་པ་ལ་མི་དགའ་བར། །ཁ་ལུད་བཞིན་དུ་དོར་བར་གྱིས། །གཞན་གྱིས་རང་ལ་སྨད་པ་སོགས། །བྱས་ན་སྙན་གྲགས་ཉམས་པའི་རྒྱུར། །སོང་ནས་རྣམ་གཡེང་འདུ་འཛི་མེད། །གནས་སྐབས་མཐར་ཐུག་བདེ་བ་གང་། །སྒྲུབ་ཀྱང་རང་གི་ལག་ན་ཡོད། །ཅི་ཞིག་སྒྲུབ་ཀྱང་བསྒྲུབས་ན་ཆོག །འདི་ནི་བླ་མ་དཀོན་མཆོག་གསུམ། །བྱིན་རླབས་ཡིན་སྙམ་མི་དགའི་སེམས། །ནམ་ཡང་མ་བྱེད་དགའ་བཞིན་དུ། །གཏན་དུ་བདེ་བའི་ལྷ་ཆོས་སྒྲུབས། །རྡོ་མཚོན་དབྱུག་པ་ལ་སོགས་པས། །ཕོག་ན་ལུས་ལ་གནོད་མོད་ཀྱང་། །ངན་སྨྲས་སོགས་ཀྱིས་ལུས་སེམས་གཉིས། །གང་ལའང་མི་གནོད་ཚུལ་བསམས་ནས། །བསྟོད་སྨད་གཉིས་ལ་དགའ་བ་དང་། །སྡུག་

p. 648

བསྔལ་མེད་པར་རོ་སྙོམས་གྱིས། །རྒྱ་གར་སྔོན་བྱོན་མཁས་གྲུབ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །མཁས་གྲུབ་དེ་རྣམས་བྱིན་རླབས་ཀྱིས། །རང་གཞན་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་བསྲུངས་ན་ཕན་ཡོན་ཆེ། །ཟང་ཟིང་སྦྱིན་པ་དཔག་ཏུ་མེད། །གཞན་ལ་བྱིན་ལས་སངས་རྒྱས་ཀྱི། །བསྟན་པ་འཇིག་ལ་ཉེ་དུས་འདིར། །ཚུལ་ཁྲིམས་རྣམ་དག་ཉིན་མཚན་གཅིག །ཙམ་ལ་བསྲུངས་པ་ཕན་ཡོན་ཆེ། །ཚུལ་ཁྲིམས་མ་བསྲུངས་ཉེས་དམིགས་ཆེ། །སྔོན་དུས་སངས་རྒྱས་འོད་སྲུངས་ནི། །འཇིག་རྟེན་ཁམས་སུ་བྱོན་པའི་ཚེ། །དགེ་སློང་ཞིག་གིས་སངས་རྒྱས་ཀྱི། །བཅས་པ་ཁྱད་དུ་བསད་ནས་ཤིང་། །ཞིག་གི་ཡལ་ག་གཅིག་བཅད་པས། །ཀླུ་རུ་སྐྱེས་ཏེ་མགོ་བོ་ལ། །ཏ་ལའི་སྡོང་བོ་ཆེན་པོ་ཞིག །སྐྱེས་ཏེ་སྡུག་བསྔལ་ད་ལྟའི་བར། །མྱངས་ཤིང་མ་འོངས་པ་ན་ཡང་། །སྡུག་བསྔལ་ཡུན་རིང་མྱོང་བར་གསུངས། །དེ་ཕྱིར་རང་གིས་ཁས་བླངས་པའི། །ཚུལ་ཁྲིམས་ཚུལ་བཞིན་བསྲུང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །རང་གིས་ཇི་ལྟར་ཁས་བླངས་པའི། །ཚུལ་

p. 649

ཁྲིམས་ཚུལ་བཞིན་བསྲུང་འདོད་ན། །མི་ཤེས་ལྟུང་བ་འབྱུང་བའི་སྒོ། །ཡིན་པས་དེ་ཡི་གཉེན་པོ་ལ། །བསླབ་བྱ་རྣམས་ཉོན་ཤེས་པར་གྱིས། །མ་གུས་ལྟུང་བ་འབྱུང་བའི་སྒོ། །ཡིན་པས་དེ་ཡི་གཉེན་པོ་ལ། །སྟོན་པ་དེ་ཡིས་བཅས་པ་དང་། །དེ་ལ་ཚུལ་བཞིན་སློབ་པའི་གྲོགས། །དགེ་འདུན་རྣམས་ལ་གུས་པར་གྱིས། །བག་མེད་ལྟུང་བ་འབྱུང་བའི་སྒོ། །ཡིན་པས་དེ་ཡི་གཉེན་པོ་ལ། །དྲན་ཤེས་ངོ་ཚ་ཁྲེལ་ཡོད་དང་། །ཉེས་སྤྱོད་རྣམ་སྨིན་ལ་འཇིགས་ནས། །བག་འཁུམ་པ་ལ་བསླབ་པར་གྱིས། །ཉོན་མོངས་མང་བ་ལྟུང་འབྱུང་སྒོ། །ཡིན་པས་དེ་ཡི་གཉེན་པོ་ལ། །ཉོན་མོངས་གང་བྱུང་འབུར་བཅོམ་བྱས། །ཉེས་པས་མ་གོས་པ་ལ་འབོད། །བརྒྱ་ལ་ཉེས་པས་གོས་ན་ཡང་། །དེ་མ་ཐག་ཏུ་ཕྱིར་བཅོས་དང་། །སྟོབས་བཞིའི་བཤགས་སྡོམ་རྣམ་དག་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །མི་ལུས་ཕྱིན་ཆད་འཐོབ་པར་དཀའ། །བདེ་འགྲོ་ངན་འགྲོ་ཤི་འཕོས་ནས། །ངན་འགྲོར་སྐྱེས་པ་ས་རྡུལ་འདྲ། །བདེ་འགྲོར་སྐྱེས་པ་ཕྱག་སེན་རྩེར། །བཞེས་པའི་རྡུལ་དང་འདྲ་བར་གསུངས། །དེ་ནི་ཅིའི་ཕྱིར་ཡིན་ཟེར་ན། །མི་དགེ་བྱེད་མཁན་ཤིན་ཏུ་མང་། །དགེ་བ་བྱེད་མཁན་ཉུང་ཕྱིར་རོ། །ངན་འགྲོར་སྐྱེས་ཀྱང་མི་དགེའི་ལས། །ཟད་

p. 650

ནས་སླར་ཡང་བདེ་འགྲོར་སྐྱེ། །དེ་ཙམ་དཀའ་རྒྱུ་མེད་སྙམ་ན། །དཔེར་ན་རྦབ་རྡོ་ཆེན་པོ་ཞིག །རི་རྩེའི་རྩ་བར་ཤོར་བ་དེ། །སླར་ཡང་རི་བོ་མཐོན་པོའི་རྩེར། །བྱིས་པ་ཞིག་གིས་འདྲེན་དཀའ་བཞིན། །ངན་འགྲོའི་གནས་སུ་སྐྱེས་ཕྱིན་ཆད། །དགེ་བའི་བློ་ནི་སྐྱེ་དཀའ་ཞིང་། །སྡིག་པ་འཕྲལ་དུ་གསོགས་པས་ན། །ངན་འགྲོའི་གནས་ནས་ཤི་འཕོས་ཀྱང་། །སླར་ཡང་ངན་འགྲོའི་གནས་སུ་སྐྱེས། །དམྱལ་བའི་གཏིང་རྡོ་བྱེད་པ་ཡིན། །བདེ་འགྲོར་སྐྱེ་བ་ཕར་ལ་ཞོག །བསྐལ་པ་བྱེ་བ་བརྒྱ་ཕྲག་བར། །བདེ་འགྲོའི་སྒྲ་ཙམ་ཐོས་མི་འགྱུར། །དེ་ཕྱིར་བདེ་འགྲོ་མི་ཡི་ལུས། །ཐོབ་དུས་སེམས་ཅན་ཐམས་ཅད་ཀྱི། །དོན་དུ་བྱང་ཆུབ་སེམས་བསྐྱེད་ནས། །སངས་རྒྱས་གོ་འཕང་ཐོབ་ཐབས་གྱིས། །སངས་རྒྱས་གོ་འཕང་མི་བསྒྲུབ་ཀྱང་། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །རང་ཉིད་གཅིག་པུ་ཐར་ཐབས་གྱིས། །ཐར་བ་ཐོབ་ཐབས་མི་བྱེད་ཀྱང་། །ཕྱི་མར་རིགས་གཟུགས་འབྱོར་བ་ཆེ། །མི་ལུས་གཙང་མ་ཐོབ་ཐབས་གྱིས། །དེ་གསུམ་གང་ཡང་མི་བྱེད་པར། །ཚེ་འདིའི་ལྟོ་རྒྱབ་འབའ་ཞིག་གི །དོན་དུ་མི་དགེའི་ལས་བསགས་ནས། །ངན་འགྲོའི་གནས་སུ་འགྲོ་ཕོད་པ། །སྙིང་མེད་ཡང་ན་སྨྱོན་པ་ཡིན། །མི་ཡིན་སྙམ་དུ་མ་སེམས་ཤིག །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །ཆོས་ཀྱི་སྒྲ་

p. 651

ཙམ་མི་ཐོས་པའི། །འཇིག་རྟེན་ཁམས་ནི་དཔེར་བཞག་ནས། །མཚན་མོ་སྤྲིན་ནག་འཁྲིགས་པ་ཡི། །སྨག་རུམ་ལྟ་བུ་ཤིན་ཏུ་མང་། །དམ་ཆོས་དར་བའི་འཇིག་རྟེན་ཁམས། །མུན་པའི་ནང་དུ་གློག་འགྱུ་བཞིན། །དཀོན་པས་ཆོས་མེད་འཇིག་རྟེན་དུ། །སྐྱེས་ན་བླང་དོར་གནས་མི་ཤེས། །དགེ་བ་ནམ་ཡང་བྱེད་མི་འགྱུར། །མི་དགེའི་ལས་ནི་འབའ་ཞིག་བྱེད། །སྔོན་དུས་དམ་པའི་ཆོས་ཀྱི་སྒྲ། །ཙམ་ཡང་མེད་པའི་འཇིག་རྟེན་དུ། །ཡང་ཡང་སྐྱེས་ནས་སྡིག་པའི་ལས། །ཕྱི་ཡི་རྒྱ་མཚོ་ཙམ་བསགས་ནས། །དགེ་བ་ཀུ་ཤའི་རྩེར་བླངས་པའི། །ཆུ་ཐིགས་བཞིན་དུ་བསགས་པ་ཉུང་། །དེ་ཡི་སྟེང་དུ་ཚེ་འདིར་ཡང་། །མི་དགེའི་ལས་ནི་མང་བོ་བསགས། །དགེ་བ་ལེགས་པོ་ཉིན་གཅིག་ཙམ། །བྱས་པ་དྲན་རྒྱུ་མི་འདུག་ན། །ཤི་མ་ཐག་ནས་དམྱལ་བའི་གནས། །ལྷུང་ནས་སྡུག་བསྔལ་མྱོང་བར་ངེས། །དཔེར་ན་རང་ལ་གནོད་པའི་དགྲ། །ལོ་གཅིག་ཚུན་ལ་འོང་ངེས་ཤིང་། །དེའི་བར་ནམ་འོང་ཆ་མེད་པར། །ཤེས་ནས་དལ་བར་མི་སྡོད་པར། །ཕ་རོལ་དགྲ་ཡི་འཇིགས་པ་ལས། །སྐྱོབ་མཁན་དཔོན་ཆེན་ཞིག་བཙལ་ནས། །སྐྱིད་སྡུག་ཁྱེད་མཁྱེན་ཞུ་བ་བཞིན། །ངན་སོང་གསུམ་གྱི་སྡུག་བསྔལ་གང་། །ལོ་བརྒྱ་ཚུན་ལ་འོང་ངེས་ལ། །ཟླ་བ་ཕྱི་མ་མནར་མེད་གཉིས། །སྔོན་དུ་གང་སྦ་ཆ་མེད་པར། །ཤེས་ནས་ངན་སོང་འཇིགས་པ་ལས། །སྐྱོབ་མཁན་བླ་མ་དཀོན་མཆོག་བསྟེན། །རྒྱུན་དུ་སྐྱབས་འགྲོར་འབད་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་

p. 652

དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །དམ་ཆོས་རྣམ་དག་ཞིག་བྱེད་ན། །གཏད་པ་བཞི་དང་རྡོ་རྗེ་གསུམ། །བུད་བསྙེགས་ཐོབ་གསུམ་ཞིག་བྱེད་དགོས། །བློ་ཕུགས་དམ་པའི་ཆོས་ལ་གཏད། །ཆོས་ཀྱི་ཕུགས་ནི་སྤྲང་ལ་གཏད། །སྤྲང་གི་ཕུགས་ནི་ཤི་ལ་གཏད། །ཤི་ཕུགས་བྲག་ལ་གཏད་པར་གྱིས། །ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། །ཁྲེལ་མེད་རྡོ་རྗེ་རྗེས་ལ་ཞོག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །འཇིག་རྟེན་མི་ཡི་གྲལ་ནས་བུད། །དམན་པ་ཁྱི་ཡི་གྲལ་བསྙེགས་ན། །ལྷ་གྲལ་ངང་གིས་འཐོབ་པར་འགྱུར། །འདི་བཅུ་དམ་པ་གོང་མ་འགས། །ཕུགས་ནོར་བཅུ་ཞེས་གསུངས་པར་སྐད། །ཕུགས་ནོར་འདི་བཅུ་སུ་ལ་ཡོད། །དེ་ཡིས་རི་ཁྲོད་དབེན་པ་ཟིན། །ལྷ་ཆོས་རྣམ་དག་འོང་བར་ངེས། །དམ་ཆོས་རྣམ་དག་བྱེད་འདོད་ན། །ཕུགས་ནོར་འདི་བཅུ་འཆང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །བྱ་བཏང་རི་ཁྲོད་པ་རྣམས་ལ། །གཞན་མ་མགུ་ཡང་འདོད་ཐོག་ཡིན། །ཁོ་མ་དགའ་བས་ཁོ་མི་

p. 653

འོང་། །གཞན་ལ་ཁོ་ཡིས་ངན་བསྒྲགས་པས། །གཞན་གྱི་མི་ཡང་འོང་མི་འགྱུར། །དེ་ཡི་བར་ལ་རྩམ་ཐང་རེ། །ཙམ་མིན་ཟ་རྒྱུ་མེད་ན་ཡང་། །མལ་དུ་བློ་སེམས་བདེ་འབོལ་ལེ། །དགེ་སྦྱོར་རྣམ་དག་བྱར་ཡོད་ལ། །དགེ་སྦྱོར་རྣམ་དག་ཞིག་འོངས་ན། །གཞན་དོན་ངང་གིས་འབྱུང་ངོ་ཞེས། །བཀའ་གདམས་གོང་མ་འགའ་རེས་གསུངས། །དེ་ཕྱིར་བྱ་བཏང་རི་ཁྲོད་པས། །འཇིག་རྟེན་མ་ཡི་ངོ་འཛིན་དང་། །ཞིམ་པའི་ཟས་ལ་སྲེད་པ་དང་། །འཇམ་པའི་གོས་ལ་དགའ་བ་སྤོངས། །གནས་ཁང་ཟས་གོས་ངན་ངོན་ཙམ། །བསྟེན་ལ་རྟག་ཏུ་དགེ་སྦྱོར་གྱིས། །དེ་ལྟར་བྱས་ན་རི་ཁྲོད་པས། །ཚེ་མཇུག་མཐོང་ཐོས་འགྲོ་བ་ལ། །དངོས་སམ་བརྒྱུད་ནས་ཕན་པར་འགྱུར། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །ཕན་གནོད་གང་ཡང་མི་བྱེད་པའི། །ཐ་མལ་བ་དང་ཚུལ་ཁྲིམས་སོགས། །ཡོན་ཏན་ཅན་དང་ཚུལ་འཆལ་སོགས། །སྐྱོན་ཅན་རྣམས་དང་རང་ཉིད་ལས། །དམན་དང་མཉམ་པ་ལྷག་པ་དང་། །འབྱོར་ཞིང་སྐྱིད་དང་སྡུག་ཕོངས་པའི། །སེམས་ཅན་གང་ལའང་སྦྱིན་པ་ཐོངས། །སྦྱིན་པ་གཏོང་དུས་འདིར་བརྟེན་ནས། །བདག་གིས་བླ་ན་མེད་པའི་ཚོགས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱ། །སྙམ་དང་

p. 654

བྱང་ཆུབ་སེམས་པ་ཡི། །ཡོ་བྱད་ཅི་ཡོད་ཐམས་ཅད་པོ། །སྔོན་ནས་འགྲོ་ལ་བཏང་ཟིན་པས། །བཅོལ་བ་ལེན་དུ་འོང་བ་ལྟར། །རང་གི་ལོངས་སྤྱོད་ཅི་ཡོད་པ། །གཞན་གྱི་ཡིན་ནོ་སྙམ་པ་དང་། །སྦྱིན་ཡུལ་རྣམས་ལ་འདི་བདག་གི །སྦྱིན་པའི་ཕར་ཕྱིན་རྫོགས་བྱེད་པའི། །དགེ་བའི་བཤེས་གཉེན་ཡིན་སྙམ་དང་། །གནོད་པ་བྱེད་ལ་བྱམས་པའི་སེམས། །སྡུག་བསྔལ་ཅན་ལ་སྙིང་རྗེའི་སེམས། །ཡོན་ཏན་ཅན་ལ་དགའ་བའི་སེམས། །ཕན་འདོགས་ཅན་ལ་བཏང་སྙོམས་ཀྱི། །སེམས་ཀྱིས་གང་ལ་གང་འོས་ཀྱི། །ཟས་ནོར་སྦྱིན་པར་གཏོང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན།། རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྦྱིན་ཡུལ་སེམས་ཅན་གང་ལ་ཡང་། །ཉེ་རིང་མེད་པར་སེམས་སྙོམས་དགོས། །སྦྱིན་པ་བཏང་བའི་འབྲས་བུ་ཡང་། །སློང་བ་བོ་སོགས་ནམ་མཁའ་དང་། །མཉམ་པའི་མ་གྱུར་སེམས་ཅན་ལ། །འཕྲལ་ཕུགས་ཕན་ཕྱིར་བསྔོ་བར་གྱིས། །ན་ཚ་སྡུག་བསྔལ་ཅན་རྣམས་ཀྱི། །སྦྱིན་ཡུལ་རྣམས་ལ་ལྷག་པར་བརྩེ། །སྦྱིན་པ་འབྲས་བུ་མེད་སྙམ་དང་། །གནོད་འཚེ་སྦྱིན་པ་ཆོས་སུ་འགྱུར། །སྙམ་དང་དགེ་མཚན་བཀྲ་ཤིས་དང་། །སྦྱར་ཏེ་སྦྱིན་པ་གཏོང་མི་བྱ། །སློང་བར་བརྙས་དང་ནོར་རྫས་གང་། །སྦྱིན་པ་བཏང་ན་ཁོ་བོ་ནི། །གཏོང་ཕོད་ཅན་ནོ་གཞན་དེ་

p. 655

ལྟར། །མ་ཡིན་སྙམ་པའི་རློམ་སེམས་སྤོངས། །ཚིག་གི་གཏང་རག་སྙན་གྲགས་རེ། །ཨེ་འོང་སྙམ་ནས་སྦྱིན་མི་གཏོང་། །གང་ལ་སྦྱིན་པ་བྱེད་པའི་སྔོན། །ཡིད་དགའ་སྦྱིན་ཚེ་དྭངས་པར་བྱེད། །བྱིན་ནས་འགྱོད་པ་མེད་པ་དང་། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །རྒྱ་ཆེ་བ་རྣམས་ཐོས་ན་ཡང་།། ཞུམ་པ་མི་བྱ་བདག་ཉིད་ལ། །ཁྱོད་ནི་དེ་འདྲ་ཅན་མིན་ཞེས། །ཁྱད་གསོད་མི་བྱེད་སྤྲོ་བ་སྤེལ། །དགྲ་གཉེན་གང་ལ་ཆགས་སྡང་དང་། །ཉེ་རིང་མེད་པར་བྱམས་པ་དང་། །སྙིང་རྗེའི་སྒོ་ནས་སྦྱིན་གཏོང་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །མར་གྱུར་སེམས་ཅན་ཐམས་ཅད་པོ། །བདེ་བས་ཕོངས་དང་སྲེད་པ་ཡི། །དབང་དུ་སོང་ནས་སྡུག་བསྔལ་བ། །སེལ་བའི་མཐུ་མེད་རང་བཞིན་གྱིས། །སྡུག་བསྔལ་མཐོང་ནས་དེ་སེལ་བ། །བསམ་པས་སྟེར་བ་མ་གཏོགས་གཞན། །ཕ་རོལ་པོ་ཡིས་རང་ཉིད་ལ། །འདི་ཡི་ལན་དུ་ཕན་ཨེ་ཐོགས། །རེ་བས་སྦྱིན་པ་གཏོང་མི་བྱ། །སེམས་ཅན་དོན་དུ་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་ཐོབ་ཕྱིར་དང་། །དེ་མ་ཐོབ་པ་ཚུན་ཆད་དུ། །མངོན་མཐོའི་རྟེན་ལ་འཁོར་ལོངས་སྤྱོད། །ཕུན་སུམ་ཚོགས་ནས་འགྲོ་བ་གཞན། །དོན་བྱེད་སྙམ་པ་མ་གཏོགས་པར། །སྲིད་པའི་ཕུན་

p. 656

ཚོགས་ཙམ་ཞིག་ལ། །མཐར་ཐུག་འཐོབ་བྱར་བཟུང་ནས་ནི། །དེ་ཕྱིར་སྦྱིན་པ་གཏོང་མི་བྱ། །སྦྱིན་པ་བཏང་ན་རྒྱལ་པོ་སོགས། །གཞན་གྱིས་གཏོང་ཕོད་ཅན་དུ་བདག །ཤེས་ནས་བསྙེན་བཀུར་བྱུང་ན་སྙམ། །ལོག་པའི་འཚོ་བས་བསམ་པ་དང་། །བྱིན་ན་དབུལ་བོར་འགྱུར་སྙམ་ནས། །མི་སྦྱིན་པ་དང་སློང་བ་བོ། །བསླུ་བསམ་པ་དང་ཡིད་མི་དགའ། །ཁྲོ་དང་སེམས་གཡེང་སློང་བ་ཡིས། །ལོག་པ་བྱས་ལ་སྐྱོ་བ་དང་། །རང་ཉིད་བསླུ་བ་ལ་སོགས་པའི། །སློང་བ་བོ་ཡི་སྐྱོན་མཐོང་ཡང་། །གཞན་ལ་སྒྲོག་འདོད་བསམ་པ་རྣམས། །སྤངས་ནས་སྦྱིན་པ་གཏོང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །མྱུར་དུ་མི་སྟེར་འགྱངས་ནས་སྟེར། །ཉོན་མོངས་བྱས་ནས་སྟེར་བ་དང་། །ཆོས་སམ་འཇིག་རྟེན་ཚུལ་གང་དག །མི་མཐུན་ལས་རྣམས་བྱེད་བཅུག་ནས། །སྟེར་དང་སྔར་དུས་འདི་ཙམ་ཞིག །སྟེར་ཞེས་བཤད་ནས་ཕྱིས་འོངས་དུས། །བཤད་བཞིན་མི་སྟེར་ངན་པ་འམ། །ཉུང་ངུ་སྟེར་དང་དྲིན་བགྲང་བཞིན། །སྟེར་དང་དུས་གཅིག་བྱིན་ཆོག་པ། །ཉུང་ངུར་བྱས་ནས་སྟེར་བ་དང་། །རྒྱལ་པོར་གྱུར་ནས་གཞན་གྱི་བུ། །ཆུང་མ་ཕྲོགས་ནས་སྟེར་བ་དང་། །ཕ་མ་དྲན་སོགས་ཡོ་བྱད་གང་། །མི་སྟེར་ན་ཡང་ནན་གྱིས་བླངས། །གཞན་ལ་སྟེར་དང་གནོད་བྱེད་པའི། །ཐབས་ཀྱིས་སྦྱིན་པ་གཏོང་བ་དང་། །

p. 657

རང་གིས་སྦྱིན་པ་མི་གཏོང་བར། །གཞན་ལ་བྱེད་དུ་འཇུག་པ་དང་། །སློང་བ་བོ་ལ་འཕྱ་བ་དང་། །ཟུར་གྱིས་སྨོད་དང་ཚིག་རྩུབ་དང་། །སངས་རྒྱས་བཅས་པ་དང་འགལ་ནས། །སྟེར་དང་ལོངས་སྤྱོད་འཕྲལ་དུ་གང་། །བྱུང་བ་བཞིན་དུ་མི་གཏོང་བར། །ཡིན་རིང་བསགས་ནས་སྟེར་བའི་ཚུལ། །ཐམས་ཅད་དོར་ལ་སྦྱིན་གཏོང་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྦྱིན་པ་ཆེ་ཆུང་གང་གཏོང་དུས། །བཞིན་མདངས་རབ་ཏུ་གསལ་ཞིང་འཛུམ། །སྙན་ཚིག་སྨྲ་བ་དང་བཅས་པས། །སྦྱིན་ཡུལ་བཟང་ངན་ཅི་འདྲ་ཞིག །ཡིན་རུང་གུས་པས་རིམ་གྲོ་བསྐྱེད། །རང་གི་ལག་གིས་སྟེར་བ་དང་། །སློང་བའི་དུས་ལས་མི་འདའ་སྟེར། །གཞན་ལ་མི་གནོད་དཀའ་སྤྱད་ཀྱི། །སྡུག་བསྔལ་བསྲན་ནས་སྦྱིན་གཏོང་གྱིས། །རིམ་གྲོ་བགྱིས་ནས་སྦྱིན་བཏང་ན། །ཕྱི་མར་རང་ལ་གཉེན་སོགས་ཀྱིས། །གུས་པས་རིམ་གྲོ་བྱེད་པར་འགྱུར། །རང་གི་ལག་གིས་སྦྱིན་གཏོང་ན། །ལོངས་སྤྱོད་རྒྱ་ཆེན་རྙེད་པར་འགྱུར། །ཕ་རོལ་སློང་བའི་དུས་བྱེད་ན། །དོན་རྣམས་དུས་སུ་འགྲུབ་པར་འགྱུར། །གཞན་ལ་གནོད་མེད་སྦྱིན་བཏང་ན། །ལོངས་སྤྱོད་བརྟན་ལ་མེད་

p. 658

མི་འགྱུར། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་ཀྱིས་རློབས། །རང་ལ་ཡོ་བྱད་མང་བོ་ཞིག །ཡོད་ན་སྦྱིན་གཏོང་མི་ནུས་པས། །སེར་སྣ་ཅན་གྱི་ཁྱིམ་དུ་སོང་། །ཕ་རོལ་མགུ་ཞིང་བག་ཕེབས་པར། །བྱས་ཏེ་དེ་ནས་འདི་སྐད་སྨྲས། །ང་ལ་ཡོ་བྱད་མང་བོ་ཡོད། །ད་ནི་ང་ཡིས་སྦྱིན་པ་ཡི། །ཕར་ཕྱིན་རྫོགས་ཕྱིར་སློང་བ་བོ། །འདོད་པས་ཁྱེད་ནི་སློང་བ་དང་། འཕྲད་ན་ཕྱིར་ལ་མ་གཏོང་བར། །ང་ཡི་ནོར་རྣམས་ལོངས་ལ་སྦྱིན། །ཡང་ན་ཚུར་ལ་འཁྲིད་ཤོག་དང་། །ཡོ་བྱད་གང་འོས་སྦྱིན་ཞེས་བཤད། །དེ་སྐད་སྨྲས་ན་ཕ་རོལ་དེས། །རང་ནོར་གོད་པ་མ་མཆིས་པས། །་རབ་ཏུ་དགའ་བས་དེ་བཞིན་བྱེད། །དེ་ལྟར་བྱས་ན་གོམས་ཤུགས་ཀྱིས། །རང་ནོར་ཆུང་ངུ་སྟེར་བར་ནུས། །དེ་ལ་བརྟེན་ནས་འབྲིང་སྟེར་ནུས། །དེར་བརྟེན་ཆེན་པོ་གཏོང་བར་འགྱུར། །དེ་བཞིན་རང་གི་གཉེན་གྲོགས་སོགས། །གཏོང་མི་ནུས་པ་ཐམས་ཅད་ལ། །ཡོ་བྱད་མེད་ལ་ཡོ་བྱད་སྦྱིན། །མཆོད་སྦྱིན་བྱེད་དུ་བཅུག་ནས་རང་། །མི་བྱེད་འདི་ནི་རང་ཉིད་ཀྱིས། །བསོད་ནམས་མང་བོ་བསྐྱེད་པ་དང་། །གཞན་གྱི་ཁ་ཅིག་ཉོན་མོངས་འདུལ། །ཁ་ཅིག་ཆོས་ཀྱི་འདོད་པ་བསྐངས། །དེས་ན་ལོངས་སྤྱོད་ཡོད་རྣམས་ཀྱིས། །དེ་ལྟར་བྱས་ན་ཤིན་ཏུ་ལེགས། །གླུ་འདི་ཚོགས་དྲུག་

p. 659

རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །རང་ལ་ཡོ་བྱད་མེད་ན་བཟོ། །ལས་ཀྱི་ནོར་སྒྲུབ་སྟེར་བ་དང་། །ཡང་ན་སྒོ་རུ་སློང་བ་གང་། །བྱུང་བ་དད་ཅན་འབྱོར་ལྡན་གྱི། །ཁྱིམ་དུ་བཏང་ནས་རང་ཡང་དེར། །སོང་ནས་སྦྱིན་པ་གཏོང་གྲོགས་གྱིས། །སྦྱིན་པ་གཏོང་བའི་དུས་སྐབས་སུ། །སྦྱིན་བྱའི་ནོར་རྫས་རྣམས་སྤུངས་ནས། །བཟང་རིམ་སྔོན་དུ་སྟེར་བ་དང་། །ལྷག་མ་མེད་པར་གཏོང་བར་གྱིས། །དངོས་པོ་གང་བྱིན་པ་དེ་འཕྲལ། །ངན་འགྲོའི་སྡུག་བསྔལ་བསྐྱེད་བྱེད་ཀྱི། །རྒྱུ་དང་བྲལ་བས་བདེ་མྱོང་ལ། །ཕུགས་སུ་ཕན་པས་སྡིག་པ་སྤོངས། །དགེ་བའི་ལམ་ལ་འགོད་པ་དང་། །འཕྲལ་དུ་མི་བདེ་བར་འགྱུར་ཡང་། །ཕུགས་སུ་ཕན་ན་གཏོང་བར་གྱིས། །དངོས་པོ་གང་བཏང་བ་དེ་འཕྲལ། །སྡུག་བསྔལ་བསྐྱེད་ལ་ཕུགས་གནོད་པར། །འགྱུར་ན་འཕྲལ་དུ་བདེ་ན་ཡང་། །ཕུགས་སུ་གནོད་ན་གཏོང་མི་བྱ། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་

p. 660

ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྔོན་ནས་བྱང་ཆུབ་སེམས་དཔའ་ཡིས། །ལུས་སྲོག་སེམས་ཅན་ཐམས་ཅད་ལ། །བསམ་པ་ཐག་པས་བཏང་མོད་ཀྱང་། །ལུས་ཀྱི་ཤ་སོགས་སློང་བ་ལ། །བྱིན་པས་ན་ཚས་འགྱོད་པའི་སེམས། །མི་བསྐྱེད་སྙིང་རྗེ་ཆེན་པོ་ཡི། །བསམ་པ་མ་རྒྱུས་དེ་སྲིད་དུ། །གཞན་གྱིས་རང་ལུས་སློང་ན་ཡང་། །དེ་ལ་རང་ལུས་སྦྱིན་མི་བྱ། །རང་གི་ངོས་ན་སེར་སྣ་སོགས། །སྦྱིན་པའི་གེགས་བྱེད་དང་བྲལ་ཞིང་། །གཞན་གྱི་ངོས་ནས་རང་གི་ལུས། །མ་བཏང་སེམས་ཅན་མང་བོའི་དོན། །འགྲུབ་པའི་དགོས་པ་ཆེ་བའི་ཚེ། །ཡན་ལག་ལ་སོགས་རང་གི་ལུས། །གཞན་གྱིས་སློང་ཡང་སྦྱིན་མི་བྱ། །རང་གཞན་གཉིས་ལ་གནོད་ཕྱིར་དུ། །རང་ལུས་སློང་ཡང་སྦྱིན་མི་བྱ། །བདུད་རིས་ལྷ་དང་དེས་བརླམས་པའི། །སེམས་ཅན་རྣམས་ཀྱིས་མཐོ་འཚམས་པའི། །བསམ་པས་སློང་ལ་ལུས་མི་སྦྱིན། །སྨྱོས་དང་སེམས་འཁྲུགས་པ་རྣམས་ཀྱིས། །སློང་ན་རང་ལུས་སྟེར་མི་བྱ། །འདི་དག་བསམ་པས་སློང་བ་མིན། །དེ་ཕྱིར་རང་ལུས་མ་བཏང་ན། །ལྟུང་བ་ཅུང་ཟད་ཙམ་མེད་པར། །མ་ཟད་བྱིན་ན་ལྟུང་བར་འགྱུར། །དེ་དག་མ་གཏོགས་སྐབས་གཞན་དུ། །རང་ལུས་སློང་ལ་སྦྱིན་པར་བྱ། །དེ་ཡང་ཡན་ལག་ལ་སོགས་པ། །བསིལ་ནས་གཏན་ནས་སྦྱིན་པ་དང་། །ཆོས་ལྡན་དགོས་པ་བསྒྲུབ་ཕྱིར་དུ། །བྲན་དུ་འགྲོ་བ་ལ་སོགས་གྱིས། །གླུ་འདུ་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་

p. 661

མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །རབ་བྱུང་བསྙེན་གནས་བསྙེན་རྫོགས་པར། །ཕྱི་དྲོ་ཁ་ཟས་སྟེར་མི་བྱ། །སྡོམ་བརྩོན་པ་ལ་ཟས་སྐོམ་གྱི། །ལྷག་མ་བཤང་གཅི་མཆིལ་སྣབས་དང་། །སྐྱུག་པ་རྣག་ཁྲག་གིས་འབགས་པའི། །བཟའ་བཏུང་གང་ཡང་སྟེར་མི་བྱ། །སྒོག་ཙོང་ཤ་ཆང་མི་འཐུང་བའི། །སྡོམ་ལྡན་རྣམས་ལ་སྒོག་ཙོང་ཤ །ཆང་མི་སྟེར་དང་དེ་རྣམས་ཀྱིས། །འབགས་པའི་བཟའ་བཏུང་སྟེར་མི་བྱ། །གཞན་ལ་ཁྱོད་གཏོང་བཤད་པའི་ཚེ། །བུ་དང་བྲན་སོགས་འཐད་ན་ཡང་། །གནོད་སྦྱིན་སྲིན་པོ་མི་མཛའ་དང་། །དྲག་ཤུལ་ཅན་གྱིས་གནོད་པ་འམ། །བྱས་ལ་དྲིན་དུ་མི་གཟོ་བ། །རྣམས་ཀྱིས་སློང་ལ་གཏོང་མི་བྱ། །བཟའ་བཏུང་མི་འཕྲོད་འཕྲོད་པ་ཡང་། །ཚོད་མི་ཟིན་པར་སློང་བ་བོ། །ནད་ཅན་རྣམས་ལ་སྟེར་མི་བྱ། །འགྲངས་དང་སྲེད་པ་ཆེ་བ་ཡི། །སློང་ལ་ཁ་ཟས་མི་འཕྲོད་པ། །སྟེར་དང་བཟའ་བཏུང་འཕྲོད་ན་ཡང་། །ཧ་ཅང་མང་བོ་སྟེར་མི་བྱ། །གླེགས་བམ་དོན་ཤེས་འདོད་པ་མིན། །ནོར་ཕྱིར་བཙོངས་ན་འདོད་པ་ཡིས། །གླེགས་བམ་སློང་ན་སྟེར་མི་བྱ། །རང་གིས་གླེགས་བམ་དགོས་པ་བསྒྲུབས། །ཟིན་པ་

p. 662

མ་ཡིན་གླེགས་བམ་ལ། །སེར་སྣའི་དྲི་མ་ཡེ་མེད་ཚེ། །གླེགས་བམ་དོན་ཤེས་འདོད་པ་ཡིས། །སློང་ཡང་གླེགས་བམ་སྟེར་མི་བྱ། །ཕ་རོལ་སེམས་ལ་མི་གནོད་པའི། །ཐབས་མཁས་སྒོ་ནས་གཏོང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །རང་གི་ཕ་མ་སྲོག་ཆགས་དང་། །བཅས་པའི་བཟའ་བ་བཏུང་བ་དང་། །གཏོང་བ་ཡིན་ཞེས་མ་བཤད་དང་། །བཤད་ཀྱང་འགྲོ་ལ་མི་འཐད་པའི། །བུ་དང་ཆུང་མ་བྲན་ལ་སོགས། །མི་འཐད་བཞིན་དུ་སྦྱིན་མི་བྱ། །བུ་དང་ཆུང་མ་སྐྱིད་ལོབས་རྣམས། །གཞན་གྱི་བྲན་དུ་སྟེར་མི་བྱ། །ཆོས་གོས་རྣམ་གསུམ་དེ་ལས་གཞན། །ཡོ་བྱད་ལྷག་པ་སངས་རྒྱས་ཀྱི། །རྗེས་སུ་གནང་བ་སེར་སྣ་ཡི། །བསམ་པ་མེད་ཀྱང་ཉེར་མཁོ་བ། །ཡིན་ན་གཞན་གྱིས་སློང་བ་ལ། །མ་བྱིན་ན་ཡང་ཉེས་མེད་གསུངས། །རང་ངམ་གཞན་ལ་གནོད་པའི་ཕྱིར། །དུག་མཚོན་མེ་ཆང་སྟེར་བ་དང་། །ཕྱི་མར་ངན་འགྲོའི་གནས་འགྲོ་བའི། །རྒྱུ་སོགས་དགག་བྱ་དང་ལྡན་པའི། །དགའ་ཞིང་རྩེད་མོ་རྩེ་བྱེད་ཀྱི། །དངོས་པོ་སློང་ལ་སྦྱིན་པ་དང་། །རྒྱུ་དང་ས་མདའ་ལ་སོགས་པ། །གཞན་པ་གནོད་ཕྱིར་སློབ་པ་དང་། །སློང་ལ་སློབ་དང་སྦྱིན་པ་དང་། །སྐམ་མམ་གཤེར་ལ་གནས་པ་ཡི། །

p. 663

སྲོག་ཆགས་རྣམས་ལ་གནོད་པ་ཡི། །ས་ཆུ་སློང་ལ་སྦྱིན་པ་དང་། །ཡུལ་མི་དེ་འམ་གཞན་ལ་གནོད། །སྐྱེལ་ཕྱིར་རྒྱལ་སྲིད་སློང་བ་ལ། །སྦྱིན་དང་མི་མཛའ་བ་རྣམས་ཀྱི། །སློང་ལ་དེ་ཡི་དགྲ་སྟེར་བ། །ལྟ་བུའི་རང་དང་གཞན་རྣམས་ལ། །གནོད་པའི་སྦྱིན་པ་གཏོང་མི་བྱ། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྟོན་པས་མ་བཀག་པའི་དུས་དང་། །སློང་ལ་མི་འོས་སྦྱིན་པ་ནི། །མ་ཡིན་དེ་དང་འཚམ་པ་ཞིག །ཡིན་ན་གང་ཡང་དགའ་བས་བྱིན། །སེར་སྣ་ཅན་གྱིས་གླེགས་བམ་ནི། །གླེགས་བམ་ནོར་རྫས་ཕྱིར་བཙོང་བ། །མ་ཡིན་གླེགས་བམ་དོན་ཤེས་པར། །འདོད་པས་སློང་ལ་སྦྱིན་དགོས་པས། །དེ་ཡང་དཔེ་ཆ་གཉིས་ཡོད་ན། །དེ་ཉིད་སྟེར་དགོས་གཉིས་མེད་ན། །དཔེ་དེ་འབྲི་བའི་རིན་སྟེར་དགོས། །དེ་ཡང་མེད་ན་གླེགས་བམ་འདི། །བྱིན་པས་ཚེ་འདིར་བདག་ལྐུགས་པར། །གྱུར་ཀྱང་སླ་ཡི་སེར་སྣ་ངས། །དང་དུ་བླང་བར་མི་བྱའོ། །སྙམ་དུ་བསམས་ནས་སེར་སྣ་ཅན། །གླེགས་བམ་སློང་ལ་སྦྱིན་པར་གྱིས། །རྒྱལ་པོ་བྱེད་ཚེ་གཞན་གྱི་བུ། །ཆུང་མ་ལ་སོགས་ཁ་ཕྲལ་ནས། །གཞན་ལ་བྱིན་དུ་མི་རུང་ཡང་། །གྲོགས་དང་བཅས་ཏེ་སློང་བ་བོ། །རྣམས་ལ་

p. 664

སྦྱིན་པར་གཏོང་བར་གྱིས། །ངན་འགྲོའི་རྒྱུ་རུ་མི་འགྱུར་བའི། །དགའ་ཞིང་བརྩེ་བའི་དངོས་པོ་དང་། །གཞན་ལ་མི་གནོད་རྒྱུ་སོགས་དང་། །སྲོག་ཆགས་དག་ལ་མི་གནོད་ན། །སྲོག་ཆགས་གནས་པའི་ས་ཕྱོགས་དང་། །བཟའ་བཏུང་སློང་ལ་སྦྱིན་པར་གྱིས། །རང་ངམ་གཞན་ལ་ཕན་ཕྱིར་དུ། །མཚོན་མེ་ཆང་སོགས་སྦྱིན་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །ཟང་ཟིང་སྦྱིན་པ་གཏོང་བའི་དུས། །སློང་བ་བཀྲེན་དང་འབྱོར་ལྡན་གཉིས། །བྱུང་ན་ཇི་ལྟར་བྱ་སྙམ་ན། །གཉིས་ཀའི་འདོད་པ་རྫོགས་ནུས་ན། །གཉིས་ཀའི་འདོད་པ་སྐོང་བར་གྱིས། །མི་ནུས་འདུག་ན་བཀྲེན་པ་པོའི། །འདོད་པ་རྫོགས་པར་བྱ་སྙམ་པ། །སྔོན་དུ་བཏང་ནས་འདི་སྐད་ཟེར། །བཞིན་བཟང་ང་ཡི་ཡོ་བྱད་འདི། །བཀྲེན་པ་འདི་ལ་དང་པོ་ནས། །བསྔོས་ཟིན་ཚར་བས་ཁྱོད་ལ་ངས། །མ་བྱིན་སྙམ་དུ་མ་སེམས་ཤིག །ཅེས་པའི་འཇམ་པའི་ཚིག་ཤོད་ལ། །བཀྲེན་པོའི་འདོད་པ་སྐོང་བར་གྱིས། །སློང་བའི་དུས་སུ་སེར་སྣས་རང་། །ནོན་ན་ཇི་ལྟར་བྱ་སྙམ་ན། །ལུས་སྲོག་ལོངས་སྤྱོད་དཔེར་ན་ཆུའི། །ལྦུ་བ་ལྟ་བུར་མི་རྟག་པའི། །དངོས་པོ་འདི་དང་རང་གཉིས་ཀ །ངེས་པར་མྱུར་དུ་སོ་སོར་འབྲལ། །འདིས་ཀྱང་བདག་དོར་བདག་གིས་ཀྱང་། །འདི་

p. 665

ནམ་འདོར་ལ་ངེས་པ་མེད། །དོ་ནུབ་ཡིན་ཡང་འདོར་ཉེན་ཆེ། །ནམ་ཡང་འདོར་བ་མཉམ་པོ་ལ། །ད་ལྟ་སྦྱིན་པར་བཏང་གྱུར་ན། །རང་ལ་སྐྱེ་བ་ཕྱི་མ་ལ། །བཏང་བ་ཆུང་ཡང་བརྒྱ་འགྱུར་འཐོབ། །ཕོངས་ཤིང་དབུལ་བར་མི་འགྱུར་ལ། །འཆི་དུས་གང་ལ་ཆགས་མི་འགྱུར། །འགྱོད་པ་མེད་པར་རབ་ཏུ་དགའ། །སྙམ་དུ་སོམས་ལ་ལོངས་སྤྱོད་ལ། །ཆགས་པ་མེད་པར་གཏོང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྦྱིན་བྱའི་རྫས་རྣམས་ཡོད་བཞིན་དུ། །སློང་ལ་སྦྱིན་མི་འདོད་པའི་དུས། །ཉེས་པ་འདི་ནི་སྦྱིན་པ་སྔོན། །གོམས་པ་མ་བྱས་པས་ལན་འདུག །ད་ཡང་སྦྱིན་ལ་མ་གོམས་ན། །སྐྱེ་བ་ཕྱི་མ་སྦྱིན་གཏོང་ལ། །བདག་ནི་མི་དགའ་འགྱུར་སྙམ་དུ། །རིག་པར་བྱས་ནས་ཡོ་བྱད་གང་། །ཡོད་པ་སློང་ལ་སྦྱིན་པར་ཐོངས། །མ་གོམས་ཉེས་པའི་དབང་མ་གཏོང་། །ལོངས་སྤྱོད་ཧ་ཅང་ཆུང་བ་ལ། །བརྟེན་ནས་གཏོང་སེམས་མི་སྐྱེ་དུས། །བདག་སྔོན་འཁོར་བར་སྐྱེས་པའི་ཚེ། །གཞན་ལ་ཕན་འདོགས་མ་བྱས་པར། །སྔོན་གྱི་ལས་སམ་གཞན་དབང་དུ། །གྱུར་པས་བཀྲེས་སྐོམ་ལ་སོགས་པའི། །སྡུག་བསྔལ་མང་བོ་མྱངས་པ་ཡོད། །ད་ལྟ་གཞན་

p. 666

ལ་ཕན་བཏགས་པར། །བརྟེན་ནས་བྱུང་བའི་སྡུག་བསྔལ་གྱི། །དབང་གིས་ཚེ་འདིར་བདག་འཆི་ཡང་། །ཕྱི་མར་བསོད་ནམས་དཔག་མེད་ཐོབ། །ཤི་ན་རྙེད་པ་ལེགས་པོ་རྙེད། །ལོངས་སྤྱོད་དེ་དག་མེད་ན་ཡང་། །སྔོ་སོགས་ཅི་ཡང་རུང་བས་འཚོ། །སྙམ་དུ་སོམས་ལ་ཕོངས་པའི་སྡུག །དང་དུ་ལོངས་ལ་སྦྱིན་གཏོང་གྱིས། །ལོངས་སྤྱོད་ཡིད་འོང་མཆོག་རྣམས་ལ། །ཆགས་ནས་སློང་ལ་གཏོང་མི་འདོད།། དུས་སུ་ཆགས་པའི་ཉེས་པ་དེ། །རིག་པར་བྱས་ནས་སྡུག་བསྔལ་བ། །བདེའོ་སྙམ་པ་འཁྲུལ་ནས་གདའ། །འདི་ཉིད་བཟུང་ན་ཚེ་འདིར་ཡང་། །དགྲ་རྐུན་ལ་སོགས་མི་འདོད་པའི། །སྡུག་བསྔལ་དུ་མ་ཐོག་ཏུ་འདྲེན། །ཞེན་ཅིང་ཆགས་ན་ཕྱི་མ་ལ། །འཁོར་བར་སྐྱེ་བའི་རྒྱུ་བྱེད་པའི། །ཕན་ཕན་ཚུལ་གྱིས་གནོད་སྐྱེལ་བའི། །དངོས་པོ་འདི་ཡིས་ཅི་ཞིག་བྱ། །སྙམ་དུ་སོམས་ལ་སྦྱིན་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྦྱིན་པ་བཏང་བའི་ཕན་ཡོན་ནི། །བསོད་ནམས་ཚོགས་ནི་ཡོངས་རྫོགས་ནས། །སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །དེ་མ་ཐོབ་པ་ཚུན་ཆད་དུ། །མངོན་མཐོའི་རྟེན་བཟང་ལེགས་ཐོབ་ནས། །ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། །མི་ཚེ་

p. 667

འདིར་ཡང་སྙན་གྲགས་དང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་། །སྦྱིན་པ་བཏང་བའི་བསོད་ནམས་ལ། །གཟུགས་སུ་གྲུབ་རྒྱུ་ཞིག་ཡིན་ན། གངྒའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་མི་ཤོང་ཞེས། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས། །དེས་ན་བདག་གི་ལུས་ལོངས་སྤྱོད། །དགེ་ཚོགས་འགྲོ་ལ་གཏོང་བར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྡེ་བའི་དཔོན་པོ་བཟང་བོ་ཡིས། །རང་སྡེ་མ་ཡིས་བུ་བཞིན་སྐྱོང་། །ཁྱད་པར་གཉོམ་ཆུང་རྣམས་ལ་བྱམས། །ཤིན་ཏུ་མཁོ་བའི་དུས་མ་གཏོགས། །ཁྲལ་དང་འུ་ལག་འཇོག་མི་འགྱུར། །མི་བཟང་ཐམས་ཅད་བློན་འཁོར་བྱེད། །སྡེ་བའི་སྐྱིད་སྡུག་ལེགས་ཉེས་གཟིགས། །མི་བཟང་རྣམས་ལ་ཆོ་ལོ་སྟེར། །ངན་པ་ཐམས་ཅད་ཐབས་ཀྱིས་འདུལ། །ཐམས་ཅད་དགེ་བའི་ལམ་ལ་བསྐུལ། །རྒྱུན་དུ་དམ་པའི་ལྷ་ཆོས་བྱེད། །རང་སྡེ་རྣམས་ལ་བྱམས་པའི་མཐུས། །སྡེ་བ་ཕྱུག་ཅིང་ཇེ་རྒྱས་འགྲོ། །སྡེ་བས་དཔོན་པོའི་སྙན་པ་བརྗོད། །རྒྱུན་དུ་མཆོད་ཅིང་བཀུར་བར་འགྱུར། །ཀུན་གྱིས་འོ་སྐོལ་དཔོན་པོ་འདི། །སྐུ་ཚེ་ཡུན་རིང་བརྟན་ན་ཟེར། །ན་ན་དཔོན་པོ་མ་ཤི་ན། །སྡེ་བ་འདི་

p. 668

ཡི་སྐྱིད་ལ་ཟེར། །ཤི་ན་ཕ་མ་ཤི་བ་ལས། །ལྷག་པའི་མྱ་ངན་བྱེད་པར་འགྱུར། །ཕྱི་མར་མཐོ་རིས་གནས་སུ་སྐྱེས། །བདེ་སྐྱིད་དཔག་མེད་དཔོན་པོས་མྱོང་། །ཕྱི་ནས་དཔོན་ངན་ཞིག་སྐྱེས་ན། །སྔོན་གྱིས་དཔོན་པོ་དྲིན་ཅན་པོ། །དེ་ཟེར་ཕྱིས་ཀྱི་མི་ཡིས་གླེང་། །དེ་ཕྱིར་སྡེ་བའི་དཔོན་པོ་ཚོ། །སྤྱིར་ནི་ཀུན་ལ་བྱམས་ན་བཟང་། །ཁྱད་པར་རང་སྡེར་བྱམས་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །སྡེ་བའི་དཔོན་པོ་ངན་པ་ཡིས། །རང་སྡེ་དགྲ་བཞིན་གནོད་འཚེ་བྱེད། །ལྷག་པར་རྒྱུ་ནོམ་ཅན་ལ་སྡང་། །ནམ་ཡང་མ་ཐུབ་མི་འགྱུ་བའི། །ཁྲལ་དང་འུ་ལག་མང་བོ་འཇོག །མི་ངན་ཐམས་ཅད་བློན་འཁོར་བྱེད། །བཟང་བོ་རྣམས་ལ་བཀའ་བཀྱོན་མང་། །ཉེས་ཅན་ལག་ནས་རྒྱུ་ནོམ་བླངས། །ཉེས་མེད་མི་ལ་ཆད་པ་གཅོད། །ཉེས་པ་ཅུང་ཟད་ཙམ་རེའི་ཕྱིར། །ཁྱིམ་ཚང་ཉམ་ཐག་གཉོམ་ཆུང་གཏོར། །ཐམས་ཅད་དམག་ཇག་ལས་ལ་བསྐུལ། །རྒྱུན་དུ་འཐབ་རྩོད་འཁྲུག་པ་བྱེད། །རང་སྡེར་རྟག་ཏུ་སྡང་བའི་མཐུས། །སྡེ་བ་དབུལ་ཞིང་ཇེ་ཉུང་འགྲོ། །སྡེ་བས་དཔོན་པོར་ངན་སྨྲས་མང་། །མཐོང་ན་རྒྱུན་དུ་ཐམས་ཅད་འབྲོས། །སྡེ་བའི་ཆེ་ཆུང་ཐམས་ཅད་ཀྱིས། །དཔོན་

p. 669

པོ་འདི་ཉིད་ཤི་ན་ཟེར། །ན་ཚེ་དཔོན་པོ་ད་ཤི་ན། །སྡེ་བ་འདི་ཡི་སྐྱིད་ལ་ཟེར། །ཤི་ཚེ་སྡང་དགྲ་ཤི་བ་བཞིན། །ལྐོག་ནས་ཐམས་ཅད་རབ་ཏུ་དགའ། །ཕྱི་མར་ངན་འགྲོའི་གནས་སུ་སྐྱེས། །སྡུག་བསྔལ་བཟོད་མེད་དཔོན་པོས་མྱོང་། །ཕྱི་ནས་དཔོན་བཟང་ཞིག་སྐྱེས་ན། །སྔོན་གྱི་དཔོན་པོས་འདི་བྱས་ཟེར། །ཕྱིས་ཀྱི་མི་ཡིས་ངན་ཚུལ་གླེང་། །དེ་ཕྱིར་སྡེ་བའི་དཔོན་པོ་ཚོ། །སྤྱིར་ནི་ཀུན་ལ་བྱམས་ན་བཟང་། །ཁྱད་པར་རང་སྡེར་བྱམས་པར་གྱིས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །ཟས་ལ་སྲེད་པའི་གཉེན་པོ་ལ། །དེ་ཡི་ཉེས་དམིགས་བསྒོམས་ན་བཟང་། །ཁ་དོག་དྲི་རོ་ཞིམ་པའི་ཟས། །ཅི་འདྲ་ཞིག་ཀྱང་སོ་ཡིས་བལྡད། །མཆིལ་མས་བརླན་ནས་སྐྱུག་པ་ལྟར། །འགྱུར་ལ་མིད་པ་ཕར་འཛུར་ནས། །ཟས་ནི་བཟང་ངན་གང་ཡིན་ཡང་། །རྟུག་པ་མ་གཏོགས་ཡོན་ཏན་གཞན། །གང་ཡང་མི་འབྱུང་ཧ་ཅང་ཟ། །ཆེ་ན་ན་ཟུག་མང་བོ་བསྐྱེད། །མ་ཞུ་ཟས་དུག་སོང་ནས་འཆི། །ཟས་དང་ཟས་ཀྱི་རྒྱུའི་དོན་དུ། །ཚ་གྲང་སྡུག་བསྔལ་མྱོང་བཞིན་དུ། །འབད་པ་དུ་མ་བྱས་ནས་བསྒྲུབ། །མ་གྲུབ་མྱ་ངན་ཆེན་པོ་བྱེད། །གྲུབ་ན་ཆུད་

p. 670

ཟོས་སོང་གིས་དོགས། །བསྲུང་བའི་རྩོལ་བ་དྲག་པོ་དགོས། །དེ་ཕྱིར་ཕ་བུ་ལ་སོགས་པ། །ཕན་ཚུན་རྩོད་ཅིང་འཐབ་པ་དང་། །དེ་ལ་སྲེད་པ་ཆེར་གྱུར་ན། །རྒྱལ་པོ་ལ་སོགས་ཕན་ཚུན་དུ། །གཡུལ་སྤྲོད་སྡུག་བསྔལ་དུ་མ་མྱོང་། །གཞན་གྱི་ཟས་ལ་སྤྱོད་རྣམས་ཀྱིས། །རྗེ་བོའི་དོན་དུ་ཕ་རོལ་དང་། །འཐབ་ན་སྡུག་བསྔལ་མང་བོ་མྱོང་། །ཟས་དང་ཟས་ཀྱི་རྒྱུ་ཡི་ཕྱིར། །སྒོ་གསུམ་སྡིག་པ་བསགས་པ་རྣམས། །འཆི་ཚེ་དྲན་ནས་འགྱོད་བཞིན་འཆི། །ཤི་ནས་ངན་འགྲོའི་གནས་སུ་འགྲོ། །སོང་ན་སྡུག་བསྔལ་བཟོད་མེད་མྱོང་། །དེ་ཕྱིར་ཤ་ཐུད་མར་སོགས་ཀྱིས། །ཕན་ཕན་ཚུལ་གྱིས་ཕམ་སྟེར་བས། །ངན་ངོན་ལུས་འཚོ་ཙམ་མ་གཏོགས། །འཕུང་འདྲེ་དེ་ཚོས་ཅི་ཞིག་བྱ། །སྙམ་དུ་བཟང་བོར་སྲེད་པ་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་བྱིན་གྱིས་རློབས། །ཟས་ལ་སྲེད་པའི་གཉེན་པོ་ལ། །ཉེས་དམིགས་ཕན་ཡོན་ཤེས་ན་བཟང་། །དད་ཟས་གཤིན་པོའི་ཟ་མ་དང་། །གྲིབ་ཅན་ཟས་ལ་ལོངས་སྤྱད་ན། །རྒྱུད་ལ་ཉམས་རྟོགས་སྔར་སྐྱེས་པ། །འགྲིབ་ཅིང་གསར་དུ་སྐྱེ་བ་ལ། །གེགས་བྱེད་བྱིང་རྨུགས་གཉིད་གསུམ་འཕེལ། །ཚོ་གསོག་གོམ་གང་འགྲོ་མི་ནུས། །སོང་ན་དབུགས་རྣམས་ཁར་འཚངས་ནས། །སྡུག་བསྔལ་

p. 671

མྱོང་བ་མ་མཐོང་ངམ། །སྔོན་ཆད་ཟ་མ་མང་བོ་དང་། །ཞིམ་པོ་ཟོས་ནས་དུ་སངས་རྒྱས། །མཐོང་ཐོས་དོགས་གསུམ་གཅིག་ཡོད་དམ། །ད་ལྟ་སངས་རྒྱས་སོང་བ་སུ། །མ་འོངས་པར་ཡང་འཚང་མི་རྒྱ། །སྔོན་གྱི་རྒྱལ་སྲས་ཐམས་ཅད་ཀྱིས། །ལུས་འཚོ་ངན་ངོན་ཟས་ལ་བརྟེན། །དཀའ་སྤྱད་བྱས་ནས་སངས་རྒྱས་འདུག །ཆོས་ཕྱིར་དཀའ་བ་སྤྱོད་ནུས་ན། །ལུས་སྒྲིབ་སྲབ་ཅིང་འཛད་པར་འགྱུར། །དཀོར་ལ་སོགས་པས་མི་བསྒྲིབ་པར། །རྒྱུད་ལ་ཉམས་རྟོགས་སྐྱེ་སླ་སོགས། །ཕན་ཡོན་མང་བོ་ཡོད་པས་ན། །ལུས་འཚོ་ངན་ངོན་གང་རྙེད་ཟས། །བརྟེན་ལ་དགེ་ལ་གཞོལ་བར་གྱིས། །ཟས་ནི་མང་དང་ཞིམ་པ་ལ། །དགའ་བའི་ཆོས་པ་གྲོང་དུ་འཁྱམས། །རི་ཁྲོད་འགྲིམ་པའི་སྐལ་བ་མེད། །གལ་ཏེ་རི་ལ་བསྡད་ན་ཡང་། །ཟས་ཕྱིར་གསོག་འཇོག་མང་བོ་བྱེད། །བྱ་བཏང་བྱེད་པའི་སྐལ་བ་མེད། །གསོག་སྲུང་སྡུག་བསྔལ་བསམ་མི་ཁྱབ། །ལྷ་ཆོས་བྱེད་པའི་སྐལ་བ་མེད། །ལྷ་ཆོས་མ་འོངས་ཤི་བའི་དུས། །སངས་རྒྱས་ཐོབ་པ་ཕར་ལ་ཞོག །མངོན་མཐོའི་ལུས་རྟེན་བཟང་བོ་ཡང་། །ཐོབ་པའི་སྐལ་བ་ཙམ་ཡང་མེད། །དེ་ཕྱིར་ཟས་ལ་སྲེད་པ་སྤོངས། །གླུ་འདི་ཚོགས་དྲུག་རང་གྲོལ་གྱིས། །བླངས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །སེམས་ཅན་བདེ་ཞིང་སྐྱིད་པར་ཤོག །ཨོ་རྒྱན་པདྨ་འབྱུང་གནས། །སྙིགས་དུས་བདག་གཞན་སྣང་ངོར། །སླར་ཡང་

p. 672

ཆོས་རྒྱལ་ཚུལ་འཛིན། །ཞབས་ལ་གུས་པས་འདུད་དོ། །རྫོགས་པ་ཆེན་པོ་ཟེར་བ། །མི་རྟོག་ཏིང་འཛིན་ཙམ་གྱི། །རྒྱུ་ནི་ཆུང་ཆུང་ཞིག་ལ། །མ་འཛིན་རྗེས་འཇུག་བུ་ཚོ། །མདོ་སྔགས་ཆོས་རྣམས་མ་ལུས། །རྫོགས་པ་ཆེན་པོའི་ཆོས་ཡིན། །དེ་ཕྱིར་ཀུན་མཁྱེན་ཆེན་པོས། །མདོ་སྔགས་ཆོས་རྣམས་ཡོངས་འདུས། །ལེགས་བཤད་ཟླ་མེད་རྫོགས་ཆེན། །སེམས་ཉིད་ངལ་གསོའི་འགྲེལ་བ། །ཤིང་རྟ་ཆེན་པོར་གསུངས་སོ། །མདོ་སྔགས་ཆོས་རྣམས་མ་ལུས། །ཉམས་ལེན་འཁྱེར་ཤེས་དེ་ལ། །རྫོགས་ཆེན་རྣལ་འབྱོར་ཟེར་རོ། །གླུ་འདི་རང་གི་རྗེས་འཇུག །བུ་ཡིས་སེམས་ལ་ཟུངས་དང་། །མདོ་སྔགས་ཆོས་རྣམས་མ་ལུས། །གདམས་པར་འཆར་བ་ཡིན་ཡ། །བླ་མ་ངག་གི་དབང་བོ། །ཀློང་ཆེན་ལེགས་བཤད་དྲིན་ལས། །བདག་གིས་རྫོགས་ཆེན་གཞུང་ལ། །གོ་བ་ཅུང་ཟད་ཆགས་བྱུང་། །ང་ཡི་རྗེས་འཇུག་བུ་ཚོ། །ཁ་ཏོན་ཙམ་གྱིས་མི་ཆོག །བླ་མ་མཁས་པའི་ཞབས་བསྟེན། །ཀུན་མཁྱེན་ལེགས་བཤད་ལ་སོགས། །དཔེ་མང་ཞིབ་ཏུ་ལྟོས་དང་། །གོ་བ་བཟང་བོ་འབྱུང་ངེས། །བྱ་བཏང་ཚོགས་དྲུག་རང་གྲོལ། །གླུ་དབྱངས་འདི་ཐོས་རྣམས་ཀྱིས། །བླ་མ་མཁས་པ་བསྟེན་ནས། །དཔེ་ལྟོས་བྱེད་པར་གྱུར་ཅིག །རྗེ་བླ་མ་སྤྱི་བོའི་རྒྱན་དུ་བཞུགས། །མི་འདིར་ཚོགས་རྣམས་ལ་བྱིན་གྱིས་རློབས། །ང་ཚོགས་དྲུག་རང་གྲོལ་གླུ་འདི་ལ། །སྙན་ལྷན་ནེ་ཉོན་ལ་སེམས་ལ་ཟུངས། །བཀའ་ཅུང་ཟད་བཀྱོན་ཡང་རྣམ་འགྱུར་བཙོག །

p. 673

ང་སློབ་མ་བཟང་ཞེས་མ་སྨྲ་ཞིག །རྫུན་མང་ཞིང་ལག་པ་མི་གཙང་བར། །ང་ཉེ་གནས་བཟང་ཞེས་མ་སྨྲ་ཞིག །གང་མཁོ་དུས་གཡོར་སྐྱི་མི་བྱེད་པར། །ང་ཁྱིམ་མཚེས་བཟང་ཞེས་མ་སྨྲ་ཞིག །རྐྱེན་ངན་པ་བྱུང་དུས་མི་ཕན་པར། །ང་ཤ་ཉེ་བཟང་ཞེས་མ་སྨྲ་ཞིག །གནས་ཨ་མྱེས་ཨ་ནེར་མི་འཆམ་འཁོན། །ང་བུ་མོ་བཟང་ཞེས་མ་སྨྲ་ཞིག །ཡུལ་ཕ་མ་ཨ་ཁུར་མི་བྱམས་པར། །ང་བུ་ཚ་བཟང་ཞེས་མ་སྨྲ་ཞིག །ཕོགས་མང་བོ་བརྒྱབ་ཀྱང་ལྐོག་ལབ་མང་། །ང་གྲྭ་ཚང་བཟང་ཞེས་མ་སྨྲ་ཞིག །བརྐུས་འཕྲོག་བཅོམ་བཅད་ཀྱིན་ཇེ་མང་འགྲོ། །ང་སྡེ་བ་བཟང་ཞེས་མ་སྨྲ་ཞིག །ཡར་རྒྱལ་པོའི་བཀའ་བཞིན་མི་བྱེད་པར། །ང་བློན་པོ་བཟང་ཞེས་མ་སྨྲ་ཞིག །ཕར་གང་ལ་མངགས་ཀྱང་གོ་མི་ཆོད། །ང་བྲན་གཡོག་བཟང་ཞེས་མ་སྨྲ་ཞིག །ངོ་མི་རྟག་འགྱུར་ལྡོག་མང་བོ་བྱེད། །ང་གྲོགས་པོ་བཟང་ཞེས་མ་སྨྲ་ཞིག །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །གང་ཐོས་ཚད་རྒྱུད་ལ་ཕན་པར་ཤོག །མ་རིག་ཉོན་མོངས་ལས་དབང་གིས། །མ་དག་འཁོར་བར་རྟག་འཁྱམས་པའི། །མར་གྱུར་འགྲོ་ཀུན་དག་ཞིང་དུ། །མ་ལུས་འདྲེན་མཛད་བླ་མར་འདུད། །ཡོན་ཏན་མ་ལུས་འབྱུང་བའི་གཞི། །དྲིན་ཅན་བླ་མ་ཚུལ་བཞིན་དུ། །བསྟེན་པ་ལམ་གྱི་རྩ་བ་རུ། །མཐོང་ནས་བསམ་དང་སྦྱོར་བས་སྟེན། །དལ་འབྱོར་ཚང་བའི་མི་ལུས་འདི། །རྙེད་པར་དཀའ་ཞིང་འཇིག་པར་སླ། །ཚུལ་འདི་བསམས་

p. 674

ནས་མི་ནོར་ཟས། །མ་ཆགས་མ་ཞེན་ལྷ་ཆོས་གྱིས། །ཤི་དུས་ལུས་དང་གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱིར་འབྲང་བའི། །ངེས་པ་རྙེད་ནས་མི་དགེའི་ལས། །སྤངས་ནས་དགེ་ཚོགས་མཐའ་དག་སྒྲུབས། །འཁོར་བའི་ཕུན་ཚོགས་ཅི་ཙམ་ཞིག །སྤྱད་ཀྱང་མི་ངོམས་སྡུག་བསྔལ་རྒྱུ། །ཡིད་བརྟན་མི་རུང་ཚུལ་མཐོང་ནས། །ཐར་བའི་བདེ་བ་དོན་དུ་གཉེར། །རྣམ་དག་བསམ་པ་དེས་དྲངས་པས། །དྲན་ཤེས་བག་ཡོད་བརྟན་པ་ཡི། །བསྟེན་པའི་རྩ་བ་སོ་ཐར་ལ། །རྟག་ཏུ་སྒྲུབ་པ་སྙིང་བོར་མཛོད། །རང་ཉིད་སྲིད་མཚོར་ལྷུང་བ་བཞིན། ནམ་མཁའི་མཐའ་དང་མཉམ་པ་ཡི། །མ་གྱུར་འགྲོ་ཀུན་དེ་འདྲ་བར། །མཐོང་ནས་བྱང་ཆུབ་སེམས་སྐྱེད་ཅིག །བྱང་ཆུབ་སེམས་ཙམ་བསྐྱེད་ན་ཡང་། །ཚུལ་ཁྲིམས་གསུམ་གྱི་ཉམས་ལེན་ལ། །མ་གོམས་བྱང་ཆུབ་མི་འགྲུབ་པར། །མཐོང་ནས་རྒྱལ་སྲས་སྡོམ་པར་སློབས། །ཐུན་མོང་ལམ་སྦྱངས་སྣོད་གྱུར་ནས། །ཐེག་པ་ཀུན་མཆོག་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དེར། །བདེ་བླག་ཉིད་དུ་འཇུག་པར་མཛོད། །དེ་ཚེ་དངོས་གྲུབ་རྣམ་པ་གཉིས། །འགྲུབ་པའི་གཞི་དེ་དམ་ཚིག་དང་། །སྡོམ་པ་ཚུལ་བཞིན་བསྲུང་བ་ལ། །ངེས་པ་རྙེད་ནས་མིག་བཞིན་སྲུངས། །དེ་ནས་རྡོ་རྗེ་ཐེག་པའི་ལམ། །གནད་རྣམས་ཇི་བཞིན་ལེགས་རྟོགས་ནས། །དབེན་པ་བསྟེན་ནས་ཉམས་བླངས་ན། །དལ་འབྱོར་ཐོབ་པ་དོན་ལྡན་འགྱུར། །བླ་མ་བློ་བཟང་གྲགས་པ་སོགས། །བླ་ཆེན་གོང་མའི་གསུང་བཞིན་དུ། །བླ་མའི་རྗེས་བཟུང་བདག་གིས་སྨྲས། །བླ་

p. 675

རྒན་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཉོན་དང་དད་ཅན་ཕོ་མོ་ཚོ། །རང་གི་ཡུལ་ཕྱོགས་དགོན་གནས་ཀྱི། །བླ་མ་དགེ་འདུན་འདུས་པ་ལས། །ལྷག་པའི་མཆོད་གནས་གཞན་ན་མེད། །དེ་ལ་ཟས་ནོར་མི་འབུལ་བར། །བཞག་ནས་སྟོད་ཀྱི་དབུས་སུ་སོང་། །སེར་འབྲས་དགེ་གསུམ་མཆོད་ན་ཡང་། །ལྷག་པའི་ཕན་ཡོན་ངས་མ་མཐོང་། །དེ་ཕྱིར་སྡེ་བ་དད་ཅན་ཚོ། །རང་གི་ཡུལ་ཕྱོགས་བླ་མ་དང་། །དགོན་པའི་དགེ་འདུན་མཆོད་བསྟོད་བཀུར། །བསོད་ནམས་དཔག་མེད་ཐོབ་པར་འགྱུར། །རང་དང་ལྷན་ཅིག་འགྲོགས་པ་ཡི། །རྒས་པའི་དྲིན་ཅན་ཕ་མ་དང་། །ཨ་ཁུ་བྲན་གཡོག་སྒོ་ཁྱི་ལས། །ལྷག་པའི་སྦྱིན་ཡུལ་གཞན་ན་མེད། །དེ་ལ་ཟས་གོས་མི་སྟེར་བར། །བཞག་ནས་སྨད་ཀྱི་རྒྱ་ནང་སོང་། །རྒྱ་སྤྲང་སྟོང་ཕྲག་མང་བོ་ལ། །ཟས་གོས་སྦྱིན་པ་བཏང་ན་ཡང་། །ཕན་ཡོན་ལྷག་པ་ངས་མ་མཐོང་། །དེ་ཕྱིར་དབང་ཆེན་ཕོ་མོ་ཚོ། །ན་སོ་རྒས་པའི་རྒན་རྒོན་དང་། །ཨ་ཁུ་བྲན་གཡོག་སྒོ་ཁྱི་ལ། །ཟས་གོས་སྦྱིན་ལ་བྱམས་པས་སྐྱོངས། །ཕན་ཡོན་མཐའ་ཡས་ཐོབ་པར་འགྱུར། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཕ་བླ་མ་རྣམས་ལ་ཕྱག་འཚལ་ནས། །དུས་དེ་རིང་རང་ལ་གྲོས་འདི་འདེབས། །སྐྱོན་ཅུང་ཟད་བྱས་ན་གྲྭ་སློབ་འདེད། །ང་བླ་མ་བཟང་ཞེས་མ་ཟེར་ཅིག །སྦའི་

p. 676

དབྱུག་པ་ཐོགས་ནས་གྲོང་དུ་འཁྱམས། །ང་རི་ཁྲོད་པ་ཡིན་མ་ཟེར་ཅིག །གཞན་ནོར་རྫས་ཕུལ་བ་ཀུན་བླངས་ནས། །ང་འདོད་པ་ཆུང་ཞེས་མ་ཟེར་ཅིག །ནོར་ཟས་གོས་ཡོད་ཀྱང་སྦྱིན་མི་གཏོང་། །ང་སེར་སྣ་མེད་ཅེས་མ་ཟེར་ཅིག །གཞན་ཀུ་རེ་ཙམ་ཞིག་བྱས་ཀྱང་ཁྲོ། །ང་ཁོག་པ་ཡངས་ཞེས་མ་ཟེར་ཅིག །ངོ་བྱུ་རུ་ལྟར་གྱུར་ཁ་ཤ་འདར། །ང་ཞེ་སྡང་མ་ལངས་མ་ཟེར་ཅིག །ནངས་སྔ་བར་མི་ལང་ཉལ་ཡུན་རིང་། །ང་གཏི་མུག་ཆུང་ཞེས་མ་ཟེར་ཅིག །ལས་མི་དགེ་བཅུ་ལ་མི་འཛེམ་པར། །ང་ཚུལ་ཁྲིམས་ཡོད་ཅེས་མ་ཟེར་ཅིག །ཕ་བླ་མ་གྲོགས་ལ་ངན་སྨྲས་བྱས། །ང་དམ་ཚིག་གཙང་ཞེས་མ་ཟེར་ཅིག །བྱམས་སྙིང་རྗེ་བྱང་སེམས་མེད་བཞིན་དུ། །ང་ཆོས་པ་ཡིན་ཞེས་མ་ཟེར་ཅིག །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་བླངས། །དགེ་འདི་ཡིས་འགྲོ་ཀུན་བདེ་སྐྱིད་ཤོག །རྗེ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཀྱི་ཉོན་དང་ཚོགས་དྲུག་རང་གྲོལ་མིང་། །།རྒྱུད་དུག་གསུམ་རྒྱས་པའི་མིར་མ་འགྲོགས། །དེ་གང་ཡིན་ཟེར་ན་ཁ་ཅིག་གི །སྣའི་སྒོ་ན་སྤུ་ཞིག་ཟེར་མི་རུང་། །ངོའི་མདོག་འགྱུར་ཁ་ལ་ཤ་འགུལ་རྒྱུག །སྐད་འཛེར་ཞིང་དགོད་རྒྱུ་ལུ་རྒྱུ་མང་། །མིག་ཆེར་བགྲད་ཁ་ནས་ཚིག་ངན་སྨྲ། །རྡོ་དབྱུག་པ་ལག་ཏུ་གང་བྱུང་འཕེན། །དེའི་ནང་ན་ཞེ་སྡང་མེ་བཞིན་དུ། །འབར་ཡོད་པའི་རྟགས་ཡིན་དེར་འགྲོགས་ན། །རྒྱུད་ཞེ་སྡང་བསམ་ངན་སྐྱེ་བར་འགྱུར། །ཡང་ཁ་ཅིག་ནས་རྡོག་ལྷན་པོ་དང་། །རྡོ་ཤིང་མཆུ་ཡན་ཆད་ཚགས་

p. 677

བྱས་ནས། །ཡར་ན་སོ་རྒས་ན་རྒས་རྒྱགས་དགོས། །ཕྱིས་འཆི་བའི་ཚེ་ན་དུར་ཟན་དགོས། །ཚོགས་གསོག་པ་ལ་ཡང་ནོར་དགོས་ཟེར། །ནོར་མེད་ན་ལྷ་ཆོས་མི་འོང་ཞེས། །བུན་གཏོང་སོགས་ལོག་འཚོ་འབའ་ཞིག་བྱེད། །དེའི་ནང་ན་འདོད་ཆགས་ཆུ་ལྟར་དུ། །ཁོལ་ཡོད་པའི་རྟགས་ཡིན་དེར་འགྲོགས་ན། །སེམས་འདོད་སྲེད་དབང་དུ་འགྲོ་བར་འགྱུར། །ཡང་ཁ་ཅིག་ད་ལྟ་ཡང་དག་པའི། །དོན་བསྒོམ་པའི་དུས་མིན་གོལ་ས་མང་། །གཞན་གྱིས་དང་ཁེ་ཆེ་ཉེན་ཆུང་ཟེར། །དེའི་ནང་ན་གཏི་མུག་མུན་ལྟར་དུ། །འཐིབས་ཡོད་པའི་རྟགས་ཡིན་དེར་འགྲོགས་ན། །བློ་ཡང་དག་དོན་ལ་རྨོངས་པར་འགྱུར། །དོན་དེ་ཕྱིར་དུག་གསུམ་རྒྱས་པའི་མིར། །དུས་ནམ་ཡང་མ་འགྲོགས་རྣལ་འབྱོར་པ། །གླུ་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །གྲོགས་ངན་པ་གཏན་ནས་སྤང་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཆོས་མཛད་ཁྱུ་མཆོག་ཆོས་རྒྱལ་རིན་པོ་ཆེ། །ཆོས་པའི་ཁྱུ་ནས་བུད་པ་རྣམས་ལ་གཟིགས། །བླ་མས་གང་གསུང་བསྒྲུབ་པར་མི་ནུས་ཀྱང་། །དད་ལོག་བྱེད་ན་ཆོས་པའི་ཁྱུ་ནས་བུད། །གྲོགས་ལ་ལུས་ངག་ཕན་འདོགས་མི་ནུས་ཀྱང་། །ངན་སྨྲ་སྡང་ན་ཆོས་པའི་ཁྱུ་ནས་བུད། །འདུལ་ཁྲིམས་ཉམས་མེད་བསྲུང་བར་མི་ནུས་ཀྱང་། །རྩེ་བཞི་ཉམས་ནི་ཆོས་པའི་ཁྱུ་ནས་བུད། །གནོད་པའི་ལན་དུ་ཕན་འདོགས་མི་ནུས་ཀྱང་། །གནོད་པ་བྱེད་ན་ཆོས་པའི་ཁྱུ་ནས་བུད། །

p. 678

གང་ཡོད་ཐུན་མོང་ཟ་བར་མི་ནུས་ཀྱང་། །ལྐོག་ཟས་མང་ན་ཆོས་པའི་ཁྱུ་ནས་བུད། །ཅི་ཡོད་སྦྱིན་པ་གཏོང་བར་མི་ནུས་ཀྱང་། །རྙེད་ཚད་གསོག་ན་ཆོས་པའི་ཁྱུ་ནས་བུད། །བུད་དྲུག་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་ཆོས་པའི་ཁྱུ་ནས་མ་འབུད་ཅིག །ཆོས་མཛད་དམ་པ་གོང་མ་ཐམས་ཅད་ཀྱིས། །ཆོས་དང་མི་མཐུན་ཆོས་པ་རྣམས་ལ་གཟིགས། །ཚུལ་འཆོས་གཡོ་སྒྱུར་མཁས་པའི་ཆོས་པ་དེ། །གཡོ་ཅན་བྱི་ལས་དཔོན་གཡོག་བྱས་པ་འདྲ། །མ་གྲོལ་གྲོལ་རྫུ་བྱེད་པའི་ཆོས་པ་དེ། །སྨྱོན་པས་རལ་གྲིའི་འཁོར་ལོ་བསྐོར་བ་འདྲ། །ཆོས་བརྒྱུད་སྒྲོག་ཏུ་ཚུད་པའི་ཆོས་པ་དེ། །ཐར་མེད་བཙོན་རར་ཚུད་པའི་མི་དང་འདྲ། །བྱམས་དང་སྙིང་རྗེ་མེད་པའི་ཆོས་པ་དེ། །ཤ་ཁྲག་རྗེན་པར་ཟ་བའི་སྲིན་པོ་འདྲ། །དབེན་པར་ཉམས་ལེན་མི་བྱེད་ཆོས་པ་དེ། །རི་སུལ་སྟོང་བར་གནས་པའི་གླ་བ་འདྲ། །སྙིང་གཏམ་སེམས་ལ་མི་འཛིན་ཆོས་པ་དེ། །རྭ་མཇུག་མེད་ཀྱང་དུད་འགྲོ་རྣམས་དང་འདྲ། །འདྲ་དྲུག་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་དེ་འདྲའི་ཆོས་པ་མ་བྱེད་ཅིག །ཕ་རྒན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །བདག་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མང་དུ་ཐོས་ནས་རྒྱུད་ལ་མ་སྦྱར་ན། །སྟོན་པར་འཆོར་ཏེ་འཆི་བྲོད་ཆོས་མི་འོང་། །མཐུ་ཆེ་རྩལ་དྲགས་ཆེ་ན་དགྲ་འདྲེ་གཉིས། །འདུལ་བར་འཆོར་ཏེ་འཆི་བྲོད་ཆོས་མི་འོང་། །བློ་རྣོ་ཟས་དད་ཆེ་ན་གྲོང་ཆོག་ནི། །བྱེད་ལ་འཆོར་ཏེ་འཆི་བྲོད་ཆོས་མི་འོང་། །སྨྲ་མཁས་གཡོ་སྒྱུ་ཟོལ་ཟོག་ཁྲམ་ཆེ་ན། །གཙོ་བོར་

p. 679

འཆོར་ཏེ་འཆི་བྲོད་ཆོས་མི་འོང་། །སློབ་འདོད་ནན་ཏན་ཆུང་ན་མདོ་མེད་པའི། །འཆལ་བར་འཆོར་ཏེ་འཆི་བྲོད་ཆོས་མི་འོང་། །ཆོས་ཤེས་ཚེ་འདིར་ཞེན་ན་ཆོས་བརྒྱད་ཀྱི། །དབང་དུ་འཆོར་ཏེ་འཆི་བྲོད་ཆོས་མི་འོང་། །མི་འོང་དྲུག་གི་མགུར་དབྱངས་སྙན་མོ་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས། །མགུར་དབྱངས་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །འཆི་བྲོད་དམ་པའི་ལྷ་ཆོས་བྱེད་ནུས་ཤོག །ཕ་རྒན་ཆོས་རྒྱལ་ངག་གི་དབང་བོ་ལ། །སྙིང་ནས་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཆགས་ལྡན་བུད་མེད་མཛེས་མ་མཐོང་བ་བཞིན། །ཆོས་དང་གང་ཟག་མཛད་སྤྱོད་མཐོང་བ་ན། །དགའ་སྤྲོ་དད་པ་ཁྱད་པར་ཅན་བྱེད་དགོས། །སྐྱེས་བུ་སྐོམ་པས་གདུངས་པས་ཆུ་འཚོལ་བཞིན། །འཁོར་བའི་སྡུག་བསྔལ་འབར་བའི་མེར་འཇིགས་ནས། །སྙིང་ནས་མཚན་ལྡན་བླ་མར་ཆོས་འཚོལ་དགོས། །མ་བུ་མཉིས་ཀ་འཕྲད་ན་ཡིད་ཆེས་བཞིན། །བླ་མར་མཇལ་ནས་དམ་ཆོས་གནང་ཙ་ན། །ཐེ་ཚོམ་མེད་པར་ཡིད་ཆེས་སྐྱེ་བ་དགོས། །ཉི་མས་གདུངས་པའི་གླང་ཆེན་མཚོར་འཇུག་བཞིན། །ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ཚེ། །རྐྱེན་ངན་གང་གིས་བར་མི་ཆོད་པ་དགོས། །དགོས་པ་བཞི་ཡི་གླུ་དབྱངས་སྙན་མོ་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས། །འདི་ཉིད་ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་གྲོགས་པོ་བརྗེ་རིང་མོ་ལ་གདམས་པའོ། །

p. 680

ཕ་རྒན་ཆོས་རྒྱལ་ངག་གི་དབང་བོའི་ཞབས་ལ་འདུད། །སྒོམ་སར་བུད་མེད་འཁྲིད་པ་བདེ་རུ་རེ་སྟེ་ཞན། །སྒོམ་སར་ལོངས་སྤྱོད་གསོག་པ་རྒྱགས་སུ་རེ་སྟེ་ཞན། །སྒོམ་སར་ལག་ལས་བྱེད་པ་ཕན་དུ་རེ་སྟེ་ཞན། །སྒོམ་སར་འདུ་ལོང་བྱེད་པ་ལེགས་སུ་རེ་སྟེ་ཞན། །སྒོམ་སར་ཆོས་འཆད་བྱེད་པ་མཁས་སུ་རེ་སྟེ་ཞན། །སྒོམ་སར་ལོང་གཏམ་བྱེད་པ་དགའ་རུ་རེ་སྟེ་ཞན། །སྒོམ་སར་འདྲེ་འདུལ་བྱེད་པ་ཕན་དུ་རེ་སྟེ་ཞན། །ཞན་པ་བརྒྱད་ཀྱི་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་དད་ཅན་སེམས་ལ་ཕན་ཐོགས་འབྱུང་བར་ཤོག །ཕ་རྒན་ཆོས་རྒྱལ་ངག་གི་དབང་བོའི་ཞབས་ལ་འདུད། །ཚེ་འདིའི་བྱ་བ་ཐམས་ཅད་བློ་ཡིས་བཏང་ན་བཟང་། །བློ་ཡིས་བཏང་ནས་རི་ཁྲོད་དབེན་པ་བསྟེན་ན་བཟང་། །བསྟེན་ནས་བླ་མའི་གདམས་ངག་ཉམས་སུ་བླངས་ན་བཟང་། །གདམས་པའི་ནང་ནས་རང་སེམས་སྟོང་གསལ་བསྒོམས་ན་བཟང་། །སྒོམ་དུས་མི་གཡོ་རྩེ་གཅིག་ཉམས་པར་བཞག་ན་བཟང་། །མཉམ་པར་བཞག་ནས་རྟོག་མེད་ངང་ལ་གནས་ན་བཟང་། །ངང་ལ་གནས་པའི་མཉམ་གཞག་མཐའ་རུ་ཕྱིན་ན་བཟང་། །བཟང་བོ་བདུན་གྱི་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་སྐྱ་སེར་ཕོ་མོའི་སེམས་ལ་ཕན་པར་ཤོག །ཕ་རྒན་ཆོས་ཀྱི་རྒྱལ་པོའི། །ཞབས་ལ་གུས་པས་འདུད་དོ། །ཕ་ཡུལ་རྒྱབ་ཏུ་སྤངས་ནས། །འཁྲི་བ་གཅོད་པ་གལ་ཆེ། །ཁྱིམ་ཐབ་བྱ་བ་སྤངས་ནས་། །གཅིག་པུར་

p. 681

སྡོད་པ་གལ་ཆེ། །ལས་ལ་ཟིན་པ་མེད་པས། །འཕྲལ་དུ་ཆོས་བྱེད་གལ་ཆེ། །ནོར་རྫས་ཆགས་ཞེན་རྒྱུ་ཡིན། །འདོད་ཆུང་ཆོག་ཤེས་གལ་ཆེ། །ཉེ་འབྲེལ་ཆགས་སྡང་རྒྱུ་ཡིན། །རྒྱང་བསྲིངས་སྡོད་པ་གལ་ཆེ། །འཆི་བ་དགེ་བསྐུལ་མཆོག་ཡིན། །རྒྱུན་དུ་དྲན་པ་གལ་ཆེ། །ཕྱི་མར་གར་འགྲོ་ཆ་མེད། །དཀོན་མཆོག་སྐྱེལ་མ་གལ་ཆེ། །ད་རེ་ཆོས་བྱས་འཁོར་བ། །རྒྱབ་གྱེས་བྱེད་པ་གལ་ཆེ། །གལ་ཆེ་བརྒྱད་ཀྱི་གླུ་འདི། །གླུ་བ་ཚོགས་དྲུག་རང་གྲོལ། །རང་ལ་ཕན་ཕྱིར་བླངས་སོ། །ཀུན་ལ་ཕན་པར་གྱུར་ཅིག །ཕ་རྒན་ཆོས་ཀྱི་རྒྱལ་པོ། །གཏན་གྱི་སྐྱབས་སུ་འཛིན་ནོ། །ད་རེ་དམ་ཆོས་མ་བྱས། །ཕྱི་མར་རེ་བས་མི་འོང་། །དམ་ཆོས་ཞེ་ལ་མེད་པར། །ཁ་ཚིག་རྐྱང་བས་མི་འོང་། །ཆོས་དང་སེམས་གཉིས་མ་འདྲེས། །རྒྱབ་འགལ་བཏང་བས་མི་འོང་། །ཚེ་འདིར་ཆོས་མི་བྱེད་པར། །ཡིད་སྨོན་བྱས་པས་མི་འོང་། །ཆོས་རང་ཉམས་ལེན་མི་བྱེད། །གཞན་ལ་བཤད་པས་མི་འོང་། །འདོད་པ་ཁོག་ཏུ་བཅུག་ནས། །ཟོག་ཆོས་བྱས་པས་མི་འོང་། །ཚེ་འདི་གཙོར་བཟུང་དམ་ཆོས། །ཞོར་ལ་བྱས་པས་མི་འོང་། །གཞོན་དུས་དམ་ཆོས་མི་བྱེད། །རྒས་ཁར་རེ་བས་མི་འོང་། །མི་འོང་བརྒྱད་ཀྱི་གླུ་འདི། །ཚོགས་དྲུག་རང་གྲོལ་བླངས་སོ། །འདིས་ཀྱང་རང་གཞན་རྒྱུད་ལ། །ཕན་ཐོགས་འབྱུང་བར་གྱུར་ཅིག །བླ་མ་དཀོན་མཆོག་གསུམ་ལ་གུས་པས་འདུད། །བདག་དང་འགྲོ་ལ་ཐུགས་རྗེའི་སྤྱན་གྱིས་

p. 682

གཟིགས། །བླ་མར་གསོལ་བ་བཏབ་ནས་བསླུས་པ་མེད། །དཀོན་མཆོག་སྐྱབས་སུ་བསྟེན་ནས་བསླུས་པ་མེད། །ཡི་དམ་བསྙེན་སྒྲུབ་བྱས་ནས་བསླུས་པ་མེད། །ཆོས་ལ་ཉམས་ལེན་བྱས་ནས་བསླུས་པ་མེད། །དགེ་སྡིག་བླང་དོར་བྱས་ནས་བསླུས་པ་མེད། །སྡོམ་པ་གཙང་མ་བསྲུངས་ནས་བསླུས་པ་མེད། །དམ་ཚིག་ཚུལ་བཞིན་བསྲུངས་ནས་བསླུས་པ་མེད། །ཐུགས་རྗེ་ཆེན་པོ་བསྟེན་ནས་བསླུས་པ་མེད། །ཡི་གེ་དྲུག་པ་བཏོན་ནས་བསླུས་པ་མེད། །ཕྱག་དང་སྐོར་བ་བྱས་ནས་བསླུས་པ་མེད། །སྨྱུང་གནས་བསྙེན་གནས་བསྲུངས་ནས་བསླུས་པ་མེད། །དབུལ་བོར་སྦྱིན་པ་བཏང་ནས་བསླུས་པ་མེད། །བསླུས་མེད་བཅུ་གཉིས་གླུ་དབྱངས་སྙན་མོ་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས། །གླུ་འདི་ཐོས་ཚད་དད་ཅན་ཕོ་མོ་ཡིས། །བསླུ་མེད་དམ་པའི་ཆོས་ལ་འབད་པར་ཤོག །བླ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བནྡེ་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མཁས་པ་རྣམས་ཀྱི་ཞལ་ནི་མ་མཐོང་བར། །ཤེས་སུ་རེ་བའི་བནྡེ་བླུན་ཏེ་ངན། །རི་ཁྲོད་དབེན་པ་མི་བསྟེན་གྲོང་ཡུལ་གྱི། །འདུན་སར་འགྲོ་བའི་བརྗེ་འཆལ་ཏེ་ངན། །ཡིན་རུང་མིན་རུང་སྒྲུབ་པར་བྱེད་པ་ཡི། །བནྡེ་དེ་ཉིད་ཤིན་ཏུ་བླུན་ཏེ་ངན། །དམ་ཉམས་མང་བོ་བསྡུས་ནས་གསང་སྔགས་ཆོས། །འཆད་པའི་བནྡེ་དེ་ཉིད་ཉམས་ཏེ་ངན། །ར་ལུག་བྱ་ཁྱི་ལ་སོགས་སེམས་ཅན་གཞན། །གསོད་པའི་བནྡེ་དེ་ཉིད་བླུན་ཏེ་ངན། །གྲོང་དུ་འཁྱམས་ནས་དམར་ཆོག་མང་བོ་ནི། །བྱེད་པའི་བརྗེ་དེ་ཉིད་སྨྱོས་ཏེ་ངན། །བསམ་པ་

p. 683

མེད་པར་ཉལ་ནས་གཉིད་ལོག་པའི། །བརྗེ་དེ་ཉིད་ཀུན་གྱིས་ཁྲེལ་ཏེ་ངན། །སློབ་དཔོན་ངན་ཞེས་རང་གི་སློབ་དཔོན་ནི། །ཁྱད་དུ་གསོད་པའི་བནྡེ་ཉམས་ཏེ་ངན། །ཆོས་ཀྱི་ཉམས་ལེན་བོར་ནས་ཁེ་ཚོང་ལ། །ཞུགས་པའི་བརྗེ་དེ་ཉིད་འཁྲུལ་ཏེ་ངན། །བནྡེ་ངན་པ་དགུ་ཡི་གླུ་དབྱངས་འདི། །གླུ་བ་ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས། །འདི་ཉིད་ཐོས་ཚད་བནྡེ་ཐམས་ཅད་ཀྱིས། །བནྡེ་ངན་པའི་སྤྱོད་པ་སྤང་བར་ཤོག །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ལ་འདུད། །བནྡེ་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས། །སྒྲུབ་ལ་བརྩོན་པའི་བནྡེ་མཐུ་ལ་མཁས། །ཐོས་བསམ་ནན་ཏན་བརྗེ་ཆོས་ལ་མཁས། །ལག་ལེན་ལྡན་པའི་བནྡེ་གདམས་པ་མཁས། །ཤེས་རབ་ཆེ་བའི་བནྡེ་འགྲོ་དོན་མཁས། །བརྩོན་འགྲུས་བློ་ལྡན་བནྡེ་ཚིག་ལ་མཁས། །འདྲི་ཀློག་བྱེད་པའི་བནྡེ་དཔེ་ཆར་མཁས། །ཆོས་རྒྱུས་ཆེ་བའི་བནྡེ་བཤད་པར་མཁས། །ཀློག་འདོན་སོགས་ཤེས་བནྡེ་ཟ་ཆོག་མཁས། །ཡོན་ཏན་སྣ་མང་བནྡེ་ནོར་འཚོལ་མཁས། །བནྡེ་མཁས་པ་དགུ་ཡི་གླུ་དབྱངས་འདི། །གླུ་བ་ཚོགས་དྲུག་རང་གྲོལ་ཞེས་བྱས་བླངས། །འདི་ཉིད་ཐོས་ཚད་བརྗེ་ཆོས་བསླབས་ནས། །མཁས་བཙུན་བཟང་གསུམ་ཡོན་ཏན་ལྡན་པར་ཤོག །ཕ་རྒན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །དྲང་བརྟན་འགྱུར་བ་མེད་པའི་གཙོ་བོ་བཟང་། །ཐོས་བསམ་བྱས་ནས་སྒོམ་པའི་དགེ་བཤེས་བཟང་། །ཆགས་མེད་རི་ཁྲོད་གནས་པའི་རྣལ་འབྱོར་བཟང་། །ཁྲིམས་ལྡན་དགེ་སྦྱོར་བྱེད་པའི་བཙུན་པ་བཟང་། །ཁྲེལ་འཛེམས་ཕྱི་

p. 684

ཐག་རིང་བའི་གྲོགས་པོ་བཟང་། །བརྟན་ལ་སོག་རུམ་མཁས་པའི་བུད་མེད་བཟང་། །བཟང་དྲུག་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་བཟང་བོའི་སྤྱོད་པ་བྱེད་པར་ཤོག །ཕ་རྒན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །མི་བརྟན་འགྱུར་ལྡོག་ཆེ་བའི་གཙོ་བོ་ངན། །ཆོས་མེད་གྲགས་འདོད་བྱེད་པའི་དགེ་བཤེས་ངན། །རི་ཁྲོད་དོར་ནས་གྲོང་འཁྱམས་རྣལ་འབྱོར་ངན། །སྡོམ་མེད་ནོར་ལ་ཞེན་པའི་བཙུན་པ་ངན། །ཁྲེལ་མེད་ཟླ་གྲོགས་བསླུ་བའི་གྲོགས་པོ་ངན། །མི་བརྟན་རྒོད་ལ་གཡེམ་འཆོར་བུད་མེད་ངན། །ངན་དྲུག་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་ངན་པའི་སྤྱོད་པ་འདོར་བར་ཤོག །ཕ་རྒན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཡོན་ཏན་ལྡན་པ་བཀུར་ན་ཡོན་ཏན་འོང་། །སྒོ་གསུམ་དུལ་ན་ཐམས་ཅད་མགུ་བ་འོང་། །ཡོན་ཏན་ནན་ཏན་བསླབས་ན་མཁས་པ་འོང་། །བླ་མ་གུས་པས་བསྟེན་ན་བྱིན་རླབས་འོང་། །རྟག་ཏུ་ཐོས་པ་བྱས་ན་གོ་བ་འོང་། །ཕ་ཡུལ་སྤངས་ན་ཆགས་སྡང་ཆུང་བ་འོང་། །འོང་དྲུག་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཕ་རྒན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སྦྱིན་པ་བཏང་ན་འདི་ཕྱིར་བསོད་ནམས་འཕེལ། །ཚུལ་ཁྲིམས་བསྲུངས་ན་ལྷ་མིའི་ལུས་རྟེན་འཐོབ། །བཟོད་པ་བསྒོམས་ན་གཟུགས་བྱད་ཕུན་སུམ་ཚོགས། །བརྩོན་འགྲུས་བརྩམས་ན་བྱ་བ་གང་ཡང་འགྲུབ། །བསམ་གཏན་བསྒོམས་ན་རང་སེམས་ལས་སུ་རུང་། །ཤེས་རབ་བསྐྱེད་ན་ཆོས་ཀྱི་དོན་ཤེས་འགྱུར། །ཕྱིན་དྲུག་གླུ་འདི་ཚོགས་དྲུག་རང་

p. 685

གྲོལ་བླངས། །ཐོས་ཚད་ཕ་རོལ་ཕྱིན་དྲུག་སྤྱོད་པར་ཤོག །ཕ་རྒན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །དཀོན་མཆོག་དྲན་པར་གྱིས་ལ་སྐྱབས་འགྲོ་མཛོད། །བླ་མ་དྲན་པར་གྱིས་ལ་གསོལ་བ་ཐོབས། །ཡིད་ལ་དྲན་པར་གྱིས་ལ་བསྐྱེད་རིམ་སྒོམས། །མཁའ་འགྲོ་དྲན་པར་གྱིས་ལ་ཚོགས་གཏོར་ཐོངས། །འགྲོ་ཀུན་དྲན་པར་གྱིས་ལ་སྙིང་རྗེ་སྒོམས། །ལྟ་བ་དྲན་པར་གྱིས་ལ་ངང་ལ་ཞོག །དྲན་དྲུག་གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་རྒྱུན་དུ་ལྷ་ཆོས་དྲན་པར་ཤོག །མཁས་ཤིང་གྲུབ་པ་བརྙས་པ་ཡི། །བོད་ཀྱི་བླ་མ་རྣམས་ལ་འདུད། །རྟག་ཏུ་འགྲོ་འདུག་མ་མང་ཞིག །མང་ན་དགེ་སྦྱོར་ཆག་རྒྱུར་འགྲོ། །སྡིག་པ་ཆུང་ཡང་མ་བྱེད་ཅིག །བྱས་ན་ངན་སོང་གནས་སུ་འགྲོ། །དགེ་ལ་རློམ་སེམས་མ་བྱེད་ཅིག །བྱས་ན་འཛད་པའི་རྒྱུ་རུ་འགྲོ། །ཐ་མལ་གསེབ་ཏུ་མ་འདུག་ཅིག །བསྡད་ན་རང་ཡང་ཐ་མལ་འགྲོ། །ནོར་རྫས་འདོད་པ་མ་ཚེ་ཞིག །ཆེ་ན་ཞེ་འདོད་ཇེ་ཆེར་འགྲོ། །ཡུལ་དང་ལྟད་མོར་མ་དགའ་ཞིག །དགའ་ན་མལ་དུ་མི་ཚུགས་འགྲོ། །འགྲོ་དྲུག་གླུ་དབྱངས་འཐེན་མཁན་དེ། །ཚོགས་དྲུག་རང་གྲོལ་མ་གཏོགས་སུ། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱི། །སེམས་ལ་ཕན་ཐོགས་འབྱུང་བར་ཤོག །བོད་ཀྱི་སྔོན་བྱོན་མཁས་གྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུག་ལྔའི་མེ་ལ་འཇིགས་པར་གྱིས། །རང་རྒྱུད་བསྲེགས་ན་དམྱལ་བར་འགྲོ། །མི་དགེ་བཅུ་ལ་འཇིགས་པར་གྱིས། །ངན་

p. 686

སོང་གསུམ་དུ་སྐྱེ་བ་ཡིན། །གཡོ་སྒྱུ་སེར་སྣར་འཇིགས་པར་གྱིས། །ཕྱི་མར་ཡི་དྭགས་གནས་སུ་སྐྱེ། །ནོར་རྫས་འདི་ལ་འཇིགས་པར་གྱིས། །དགྲ་འདྲེ་འབོད་པའི་གཡབ་མོ་ཡིན། །བུད་མེད་འདི་ལ་འཇིགས་པར་གྱིས། །ཉོན་མོངས་བསྐྱེད་པའི་གཞི་མ་ཡིན། །དད་ཟས་འདི་ལ་འཇིགས་པར་གྱིས། །དགེ་སྦྱོར་མེད་ན་འཇུ་བ་དཀའ། །འཇིགས་པ་དྲུག་གི་གླུ་དབྱངས་འདི། །གླུ་བ་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་འགྲོ་བ་ཐམས་ཅད་པོས། །མི་དགེར་འཇིགས་ནས་འདོར་བར་ཤོག །བོད་ཀྱི་མི་ལ་ལབ་སྒྲོན་སོགས། །གྲུབ་བརྙེས་ཕོ་མོ་ཡོངས་ལ་འདུད། །ལས་སུ་བྱམས་དང་སྙིང་རྗེ་སྒོམས། །དམ་པའི་ཆོས་ཀྱི་རྩ་བ་ཡིན། །ལས་སུ་བསྐྱེད་རྫོགས་བསྒོམ་པར་མཛོད། །མཆོག་ཐུན་དངོས་གྲུབ་ཐོབ་པ་ཡིན། །ལས་སུ་སྟོང་ཉིད་བསྒོམ་པར་གྱིས། །སངས་རྒྱས་དགོངས་པར་སྦྱོར་བ་ཡིན། །ལས་སུ་གཞན་ལ་དམ་ཆོས་ཤོད། །རང་གཞན་རྒྱུད་ལ་ཕན་པ་ཡིན། །ལས་སུ་ཁ་ཏོན་བཟླས་བརྗོད་གྱིས། །ལས་ངན་སྡིག་སྒྲིབ་འདག་པ་ཡིན། །ལས་སུ་ཕྱག་སྐོར་མཆོད་སྦྱིན་གྱིས། །སྒྲིབ་བྱང་བསོད་ནམས་འཕེལ་བ་ཡིན། །ཡིན་པ་དྲུག་གི་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །ལས་སུ་ལྷ་ཆོས་བྱེད་པར་ཤོག །ཆོས་རྒྱལ་ངག་གི་དབང་བོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདུ་འཛི་སྤང་དགོས་མ་སྤངས་ན། །གཡེང་བས་ཁྱེར་ནས་ཆོས་མི་འོང་། །བུད་མེད་སྤང་དགོས་མ་སྤངས་ན། །ཉོན་མོངས་

p. 687

དབང་སོང་ཆོས་མི་འོང་། །གྲོགས་ངན་སྤང་དགོས་མ་སྤངས་ན། །ཆོས་མིན་བྱེད་པས་ཆོས་མི་འོང་། །བསོད་ནམས་སྤང་དགོས་མ་སྤངས་ན། །བར་ཆད་མང་བས་ཆོས་མི་འོང་། །སྙན་གྲགས་སྤང་དགོས་མ་སྤངས་ན། །ཆོས་བརྒྱད་དབང་སོང་ཆོས་མི་འོང་། །གྲོང་ཡུལ་སྤང་དགོས་མ་སྤངས་ན། །ཐ་མལ་གསེབ་ནས་ཆོས་མི་འོང་། །དགོན་དང་རི་ཁྲོད་དང་དུ་ལོངས། །བླངས་ན་དགེ་སྦྱོར་འཕེལ་བ་ཡིན། །ཆོས་སྤྱོད་དང་དུ་ལེན་པར་གྱིས། །བླངས་ན་སྒྲིབ་པ་བྱང་བ་ཡིན། །ཚངས་སྤྱོད་དང་དུ་ལེན་པར་གྱིས། །བླངས་ན་ཐར་བའི་ལམ་སྣ་འདྲེན། །མི་རྟག་འཆི་བ་དང་དུ་ལོངས། །བླངས་ན་ཆོས་ལ་བརྩོན་འགྲུས་འབྱུང་། །རྒྱུན་དུ་སྟོང་ཉིད་དང་དུ་ལོངས། །བླངས་ན་འཁོར་བའི་གནས་ལས་ཐར། །འདོད་ཆུང་ཆོག་ཤེས་དང་དུ་ལོངས། །བླངས་ན་ལུས་སེམས་བདེ་བ་ཡིན། །མཚན་ལྡན་བླ་མར་གུས་པར་གྱིས། །བྱིན་རླབས་རྒྱུད་ལ་འཇུག་པ་ཡིན། །དཀོན་མཆོག་གསུམ་ལ་གུས་པར་གྱིས། །འཁོར་བའི་འཇིགས་ལས་སྐྱོབ་པ་ཡིན། །ཡི་དམ་ལྷ་ལ་གུས་པར་གྱིས། །མཆོག་ཐུན་དངོས་གྲུབ་སྟེར་བ་ཡིན། །མཁའ་འགྲོ་ཆོས་སྐྱོང་གུས་པར་གྱིས། །འགལ་རྐྱེན་བར་ཆད་སེལ་བ་ཡིན། །ཕ་དང་མ་ལ་གུས་པར་གྱིས། །ཚེ་དཔལ་བསོད་ནམས་རྒྱས་པ་ཡིན། །མཆེད་གྲོགས་རྣམས་ལ་གུས་པར་གྱིས། །ཅི་བསམ་ཐམས་ཅད་འགྲུབ་པ་ཡིན། །སྡུག་བསྔལ་རྩ་བ་ཁྱིམ་ཐབས་ཡིན། །མ་སྤངས་སྡུག་བསྔལ་འབྱུང་བ་ཡིན། །བུད་མེད་རྣམས་ལ་སྲེད་ཆེ་ན། །ཕྱིར་དུ་

p. 688

ལུས་སྲོག་འདོར་བ་ཡིན། །སྨྲ་བ་མང་ན་དགའ་མི་དགའི། །ཕོག་ཐུག་མང་བོ་འོང་བ་ཡིན། །གཏི་མུག་གཉིད་ལ་དགའ་གྱུར་ན། །ངོམས་མེད་དགེ་སྦྱོར་ཆག་པ་ཡིན། །མྱོས་བྱེད་ཆང་ལ་དགའ་གྱུར་ན། །ང་རྒྱལ་འཐབ་རྩོད་འབྱུང་བ་ཡིན། །ཟས་དང་ནོར་ལ་དགའ་གྱུར་ན། །ཁྱི་ལྟར་གྲོང་དུ་འཁྱམ་པ་ཡིན། །བླ་མ་བཤེས་གཉེན་དམ་པ་བསྟེན། །ཆོས་དང་བདེ་སྐྱིད་འབྱུང་བ་ཡིན། །དཀོན་མཆོག་གསུམ་པོ་སྐྱབས་སུ་བསྟེན། །འདི་ཕྱིའི་འཇིགས་ལས་སྒྲོལ་བ་ཡིན། །དྲིན་ཅན་ཕ་དང་མ་གཉིས་བསྟེན། །ཚེ་རིང་ལོངས་སྤྱོད་འཕེལ་བ་ཡིན། །རྟག་ཏུ་དམ་ཚིག་སྡོམ་པ་བསྟེན། །འདི་དང་ཕྱི་མར་བདེ་བ་ཡིན། །རི་ཁྲོད་དབེན་པ་ཆོས་རྒྱགས་བསྟེན། །ཆོས་མཐུན་དགེ་སྦྱོར་འཕེལ་བ་ཡིན། །ཆོས་དང་མཐུན་པའི་གྲོགས་པོ་བསྟེན། །རང་ཉིད་ཇེ་བཟང་འགྲོ་བ་ཡིན། །རང་དང་བུད་མེད་བསྟོད་ར་བརྗོད། །གཞན་སྨད་གྲོགས་ཀྱིས་ཁྲེལ་ཉེན་ཡོད། །མི་ངན་རང་དང་མི་མཐུན་མི། །བློ་དྲིས་ལོག་པ་བསླབ་ཉེན་ཡོད། །ཐབས་ཀྱིས་གཞན་གྱི་མགོ་བསྐོར་ན། །ཕྱིན་ཆད་ཡིད་མི་ཆེས་ཉེན་ཡོད། །གཞན་ལ་ཚིག་རྩུབ་སྨྲས་གྱུར་ན། །འཕྲལ་དུ་ཟག་པ་གསོག་ཉེན་ཡོད། །མཛའ་བཤེས་ངན་དང་གཡོ་ཅན་མིའི། །ཁ་ལ་ཉན་ན་བསླུ་ཉེན་ཡོད། །སྡིག་ཅན་མི་ཡི་ཁར་ཉན་ན། །ཕྱི་མར་དམྱལ་བར་འགྲོ་ཉེན་ཡོད། །དྲུག་ཚན་དྲུག་གི་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །འདི་ཉིད་ཐོས་ཚད་བོད་ཡུལ་གྱི། །མི་རྣམས་ཅི་བསམ་འགྲུབ་པར་ཤོག །ཅེས་པ་འདི་ཡང་རང་གཞན་ཡོངས་ལ་ཕན་ཕྱིར་མཚོ་སྙིང་དབེན་པའི་གནས་སུ་དབྱར་ཉམས་

p. 689

སྤྲོ་བའི་དུས་སུ་བླངས་པའོ།། །ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ། །བོད་ཁམས་བདེ་ལ་འགོད་མཛད་པའི། །ཨོ་རྒྱན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རིག་པའི་ཁྱེའུ་ཆུང་གཞོན་ནུ་ཁྱོད། །མི་ལུས་རྩྭ་ཕུང་ལ་བརྟེན་ནས། །ཁམས་གསུམ་འཁོར་བའི་བྲག་ལོགས་ཀྱི། །འདོད་ཡོན་ཤིང་སིལ་བླངས་ནས་ཟོས། །ཟོས་ཀྱིན་འདོད་པ་ཇེ་ཆེར་སོང་། །ཡུན་རིང་ཟ་ཞིང་བསྡད་པའི་བར། །ཉིན་མཚན་བྱི་བ་དཀར་ནག་གིས། །རྩྭ་ཕུང་ཉག་མ་རེ་རེ་འཁྱེར། །ནམ་ཞིག་རྩྭ་ཕུང་ཟད་པའི་ཚེ། །ཐར་བའི་བདེ་སར་འགྲོ་འདོད་ཀྱང་། །མར་གྱི་རྩ་བའི་ངན་སོང་གསུམ། །ཆུ་བྲག་འཐབ་པའི་གཅོང་རོང་དུ། །ལྷུང་ནས་སྡུག་བསྔལ་མྱོང་བར་ངེས། །རིག་པའི་ཁྱེའུ་ཆུང་ངང་རིང་བོ། །རྩྭ་ཕུང་ཕྱེད་ཀ་ཚར་བུད་ཐལ། །ད་ནི་སྡོད་པའི་དུས་མ་ཡིན། །འདོད་ཡོན་སིལ་ལ་སུ་ཡིད་ཆགས། །ཚུར་ཤོག་ཤེས་རབ་སྟོང་ཉིད་རྟ། །སྣ་ཚོགས་ཐབས་ཀྱིས་སྒ་སྲབ་བློ། །འཐེན་ལ་རྟ་བཟང་གོང་དུ་ཞོན། །འབད་བརྩོན་ལྕག་གིས་ཡང་ཡང་བྲོབས། །ཐར་བའི་ལམ་ལ་གྱེན་དུ་རྒྱུགས། །ཚེ་འདིར་ཕྱི་མིག་མི་བལྟ་བར། །བདེ་ཆེན་ཐར་བའི་གྲོང་ཁྱེར་སྙོགས། །ཨོ་རྒྱན་པདྨ་འབྱུང་གནས་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །ཨོ་རྒྱན་པདྨའི་བྱིན་རླབས་ཀྱིས། །རང་གཞན་རྒྱུད་ལ་ཕན་པར་ཤོག །འཇག་མ་བདུན་སྟེང་སྐུ་བདུན་སྤྲུལ། །ཚོགས་འཁོར་ཚིམ་པ་དྲུག་ལྡན་མཛད། །

p. 690

གྲུབ་ཆེན་དམ་པ་རྒྱ་གར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཨེ་མ་རིག་པའི་མགྲོན་པོ་ཁྱོད། །དལ་འབྱོར་མི་ལུས་གྲུབ་ཆེན་དང་། །བླ་མ་མཉན་པ་བཟང་བོ་གཉིས། །འཕྲད་པའི་དུས་འདིར་སྡོད་མི་རུང་། །འཁོར་བའི་ཆུ་བོ་ཆེན་པོ་ནས། །ད་ནི་རིང་མིན་བགྲོད་ཐབས་གྱིས། །མཚན་ལྡན་བླ་མའི་མཉན་པ་ལ། །བསམ་སྦྱོར་གཉིས་ཀྱིས་ཆུ་གླ་བྱིན། །དགེ་ཚོགས་རྒྱགས་ཕྱེ་མང་བོ་ཁྱེར། །སྟོང་ཉིད་ཤིང་གིས་ཆུ་གཤོག་ལ། །ཚུ་རིའི་ཚེ་འདིར་མིག་མ་བལྟ། །ཕ་རིའི་ཐར་བའི་སྐམ་སར་སྙོགས། །གྲུབ་ཆེན་དམ་པ་རྒྱ་གར་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །དམ་པ་རྒྱ་གར་བྱིན་རླབས་ཀྱིས། །རང་གཞན་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་རྒྱལ་ངག་གི་དབང་བོ་སོགས། །བཀའ་དྲིན་ཅན་གྱི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་མ་བཙལ་ན་ཆོས་7ལ་མཁས། །སྡོམ་པ་དམ་ཚིག་ལྡན་པ་ཚོལ། །ཐུགས་གཙིགས་ཆུང་རུང་འགྱོད་པ་མེད། །སློབ་མ་བཙལ་ན་ཤེས་རབ་ཆེ། །དད་ཅན་རང་བཞིན་བཟང་བ་ཚོལ། །ཞབས་ཏོག་ཆུང་རུང་འགྱོད་པ་མེད། །གྲོགས་པོ་བཙལ་ན་ཁོག་ཡངས་ཤིང་། །ཤ་ཚ་བློ་གཏད་ཐུབ་པ་ཚོལ། །ཕན་ཐོགས་ཆུང་རུང་འགྱོད་པ་མེད། །ཉན་ན་རྒན་པ་ཉམས་མྱོང་ཅན། །ཤ་ཚ་བྱེད་པའི་གྲོས་ལ་ཉོན། །མ་ལེགས་ནོར་རུང་འགྱོད་པ་མེད། །བློ་མི་གཏད་ན་སྔར་འཁོན་པའི། །མི་ལ་ཕྱི་ནས་བློ་མ་གཏོད། །དུག་མཐུ་བྱུང་རུང་འགྱོད་པ་མེད། །བྱེད་ན་གཞོན་པའི་དུས་སྐབས་སུ། །ཕྱི་མར་ཕན་པའི་ལྷ་ཆོས་གྱིས། །

p. 691

ན་རྒས་མནན་རུང་འགྱོད་པ་མེད། །འགྱོད་མེད་དྲུག་གི་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་སློབ་བུ་རིན་ཆེན་རྒྱལ་ལ་སྨྲས་པའོ། །དཔེ་ཅི་འདོད་དངོས་གྲུབ་ཐམས་ཅད་ནི། །གཏེར་ཆེན་པོའི་བུམ་པ་ལས་འབྱུང་བཞིན། །མཆོག་ཐུན་མོང་དངོས་གྲུབ་འབྱུང་བའི་གནས། །ཕ་ཆོས་རྒྱལ་ངག་གི་དབང་བོར་འདུད། །དཔེ་བུང་བས་མེ་ཏོག་འཚོལ་བ་དང་། །བྱ་ངང་བར་ཆུ་སློབ་མི་དགོས་བཞིན། །ཁོང་དམ་པ་དང་ནི་དམན་པ་ཡི། །སྤྱོད་བཟང་ངན་གཉིས་ཀ་གོམས་ཤུགས་ཡོད། །དཔེ་དོན་མ་གྲུབ་པའི་སྐྱེ་བོ་འགའ། །རང་འགག་གམ་མཚོན་བཏབ་འཆི་བ་བཞིན། །རྒྱལ་ངན་པ་དགྲ་དང་འཕྲད་པ་ན། །རང་འཁོར་ལ་ཆད་པ་གཅོད་པར་འགྱུར། །དཔེ་ན་བའི་བུ་ལ་ཁྱད་པར་དུ། །མས་གདུང་བ་སྐྱེ་བར་འགྱུར་བ་བཞིན། །ཁོང་ཆོས་རྒྱལ་དགྲ་དང་འཕྲད་པ་ན། །ལྷག་པར་དུ་འཁོར་ལ་བྱམས་པ་སྐྱེ། །དཔེ་གངས་ཀྱི་ཆུ་ནི་རབ་ཞིམ་པ། །ཕྱིའི་རྒྱ་མཚོར་འདྲེས་ན་ཚྭར་འགྱུར་བཞིན། །ཁོང་སྐྱེས་བུ་དམ་པ་ངན་པ་དང་། །འགྲོགས་ན་ནི་ངན་པར་འགྲོ་བ་ཡིན། །དཔེ་གླ་རྩིས་བྱུགས་པའི་སྐྱེ་བོ་འགའ། །གླ་རྩི་ཡི་དྲི་ཞིམ་འབྱུང་བ་བཞིན། །མི་དམན་པས་སྐྱེ་བོ་མཆོག་བསྟེན་ན། །ཁོང་དམ་པའི་སྤྱོད་པ་འགོ་བར་འགྱུར། །དཔེ་སེང་གེ་ལུས་ཀྱི་འབུ་མིན་པ། །གཞན་སྲོག་ཆགས་རྣམས་ཀྱིས་མི་ཟ་བཞིན། །མི་ཆེན་པོ་རྣམས་ལ་ཕ་རོལ་གྱི། །དགྲ་རྣམས་ལས་འཁོར་གྱིས་གནོད་པ་མང་། །དཔེ་སྣང་བས་གཟུགས་ལ་སྒྲིབ་བྱེད་ན། །གཞན་

p. 692

བལྟ་བའི་ཐབས་ནི་མེད་པ་བཞིན། །ཁོང་རྗེ་བོས་གནོད་པ་བྱས་པ་ན། །དེ་སྐྱོབ་པར་བྱེད་པ་སུ་ཞིག་ཡོད། །ཚུར་རང་ལ་སྐྱབས་འོངས་བསད་པ་ན། །སུས་དཔའ་བོ་ཡིན་ཞེས་མི་སྒྲོག་བཞིན། །ཁོང་ཆོས་སྤྱོད་ཞི་བར་གནས་པ་ལ། །གནོད་བྱེད་པར་ཤིན་ཏུ་ཐ་ཤལ་ཡིན། །དཔེ་སྦྲུལ་གདུག་ཟས་སུ་རླུང་ཟ་ཡང་། །གཞན་ཕ་རོལ་མཐོང་ན་གསོད་པ་བཞིན། །མི་ངན་པས་རང་ལ་མི་ཕན་ཡང་། །གཞན་རྣམས་ལ་གནོད་པ་བྱེད་པ་ཡོད། །དཔེ་ཆང་འཐུང་བཟི་ན་བདེ་སྙམ་པ། །ཕྱིས་མགོ་བོ་ན་ཞིང་བསྐྱུག་པ་བཞིན། །མིའི་འདོད་པ་བདེའོ་སྙམ་སེམས་ཀྱང་། །དེ་སྤྱོད་པ་སྡུག་བསྔལ་ཁོ་ནའི་རྒྱུ། །དཔེ་བྱ་རོག་གང་རྙེད་ས་ལ་བསྐུངས། །ལྟོ་འགྲངས་པར་ཟ་མི་ནུས་པ་བཞིན། །མི་ཕལ་ཆེར་གང་རྙེད་བསགས་བསགས་ནས། །ནོར་ལོངས་སྤྱོད་ཡོད་ཀྱང་སྤྱོད་མི་ནུས། །དཔེ་ལུག་ཐུག་འཐབ་པའི་ཁྲག་བལྡགས་པས། །ཝ་སྐྱེས་ཀྱི་མགོ་བོ་བཀས་པ་བཞིན། །ནོར་ལོངས་སྤྱོད་བསྒྲུབ་པར་འདོད་ན་ཡང་། །གནས་མ་ཡིན་པ་ལས་སུ་ཞིག་ལེན།། དཔེ་འུག་པའི་རྒྱལ་པོས་བྱ་རོག་གི །བློན་བསྟེན་པས་འཕུང་ཞེས་གྲགས་པ་བཞིན། །དུས་རྒྱུན་དུ་འགྲོགས་པའི་གྲོགས་སྤངས་ནས། །གཞན་གསར་བུ་འགའ་ཞིག་བསྟེན་མི་རུང་། །དཔེ་ཆུ་ནི་ཇི་ལྟར་བསྐོལ་གྱུར་ཀྱང་། །མེ་དམར་བོ་འབར་བ་མི་སྲིད་བཞིན། །མི་ངན་པ་འབད་པས་བསྟེན་བྱས་ཀྱང་། །རང་མི་རུ་འགྲོ་བ་ཤིན་ཏུ་དཀའ། །དཔེ་ཆུ་མིག་ཁོ་རང་མ་བསྐམས་ན། །སྟེང་ས་ཡིས་མནན་ཡང་མི་ཐུབ་བཞིན། །མི་རང་གིས་ངན་སྤྱོད་མ་བྱས་ན། །ལྷ་བརྒྱ་བྱིན་གྱིས་ཀྱང་སྨོད་མི་ནུས། །དཔེ་ཁང་བའི་ནང་

p. 693

དུ་མི་འཇུ་བའི། །ཟས་ཞིམ་ཡང་ཟ་མི་རུང་བ་བཞིན། །ཕུགས་བསྒྲུབ་པར་མི་ནུས་བྱ་བ་ཡི། །འཕྲལ་ལེགས་ཀྱང་དེ་ལ་འཇུག་མི་རུང་། །དཔེ་འབད་པ་མེད་པར་ཞིང་བཟང་ལ། །སྟོན་ལོ་ཏོག་ལེགས་པོ་མི་འོང་བཞིན། །མི་རྩོལ་བ་མེད་པར་འདུག་པ་ཡིས། །ཚེ་འདི་ཕྱིའི་དོན་གང་འགྲུབ་མི་འགྱུར། །དཔེ་ཆུ་ལུད་དྲོད་གཤེར་བཟང་བོའི་མཐུས། །ལོ་ལེགས་ཀྱི་སྙེ་མ་འཁྲུངས་པ་བཞིན། །གླུ་འདི་ཉིད་བླངས་པའི་བསོད་ནམས་ཀྱིས། །མ་འགྲོ་ཀུན་བདེ་སྐྱིད་ལྡན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་རྒྱལ་ངག་གི་དབང་བོར་འདུད། །བདག་དང་བདག་འདྲའི་འགྲོ་བ་ཀུན། །ལུགས་གཉིས་གང་ལའང་བློ་གྲོས་ཀྱི། །རྩལ་ཤུགས་རྒྱས་པར་བྱིན་གྱིས་རློབས། །དམ་པ་དག་ལ་བརྟེན་པ་དང་། །མཁས་པ་དག་ལ་འདྲི་བ་དང་། །གཞུང་བཟང་བོ་དང་འགྲོགས་པ་གསུམ། །རྒྱུན་དུ་བདེ་བ་རྣམ་གསུམ་ལགས། །ལབ་ལབ་མང་བོའི་གྲོགས་པོ་དང་། །ཆགས་སྡང་བསྐྱེད་པའི་འཁོར་གཡོག་དང་། །ལམ་ལོག་སྟོན་པའི་བླ་མ་གསུམ། །བསྟེན་ན་འཕུང་བ་རྣམ་གསུམ་ལགས། །ནོར་གྱི་མཆོག་ནི་སྦྱིན་པ་སྟེ། །རྒྱུན་གྱི་མཆོག་ནི་ཐོས་པ་ཡིན། །གྲོགས་ཀྱི་མཆོག་ནི་མི་བསླུ་གསུམ། །ནོར་རྒྱན་གྲོགས་ཀྱི་མཆོག་གསུམ་ལགས། །ཕོ་ཡི་རིགས་ནི་ཞེ་སྡང་ཆེ། །མོ་ཡི་རིགས་ནི་འདོད་ཆགས་ཆེ། །ཀླུ་གཉན་ས་བདག་ཀོ་ལོང་ཆེ། །འདི་ནི་ཆེ་བ་རྣམ་གསུམ་ལགས། །བྱ་རྒོད་རྙི་ལས་ཤོར་བ་དང་། །བུད་མེད་ཁྱོ་གསུམ་

p. 694

འགྲིམས་པ་དང་། །བན་བཙུན་ཆོས་ལ་བྱེད་པ་གསུམ། །ལམ་དུ་མི་འགྲོ་རྣམ་གསུམ་ལགས། །རྒྱལ་པོ་ཆོས་མིན་བྱེད་པ་དང་། །བྲན་གཡོག་ང་རྒྱལ་ཆེ་བ་དང་། །དཀའ་ཐུབ་ལྡན་པ་ནོར་གསོག་པ། །ཚུལ་མིན་ཞུགས་པ་རྣམ་གསུམ་ལགས། །མི་ལྕོགས་བྱ་བ་བྱེད་པ་དང་། །ཕ་རོལ་མང་ལ་འཁོན་པ་དང་། །ངན་དང་མཛའ་བ་བྱེད་པ་གསུམ། །རང་ཉིད་བརླག་པ་རྣམ་གསུམ་ལགས། །ནོར་མེད་ཟས་གོས་མཆོག་འདོད་དང་། །གཞན་ལ་སློང་ཞིང་ང་རྒྱལ་ཆེ། །བསྟན་བཅོས་མི་ཤེས་རྩོད་འདོད་པ། །འགྲོ་བའི་བཞད་གད་རྣམ་གསུམ་ལགས། །ཕྱི་རྗེས་རིང་དུ་བལྟ་བ་དང་། །ཁྲོ་མེད་བཟོད་བསྲན་ཆེ་བ་དང་། །འགྱུར་ལྡོག་མི་བྱེད་བརྟན་པ་གསུམ། །ཀུན་གྱིས་བཀུར་གནས་རྣམ་གསུམ་ལགས། །ལྟོགས་ན་ངོ་གནག་འགྲངས་ན་འཛུམ། །ངོ་མཚར་གཏམ་ལ་མཚར་མི་འཛིན། །མངོན་སུམ་མཐོང་ཡང་སླར་འདྲི་བ། །སྐྱེ་བོ་བླུན་པོའི་རྟགས་གསུམ་ལགས། །འགྲོ་དགོས་བྱུང་ན་ནད་རོ་ལྡང་། །གྲོས་ལ་འཚོགས་ན་འཐབ་རྩོད་སློང་། །གསང་གྲོས་ལྐོག་ཏུ་སྨྲ་བ་གསུམ། །མི་ངན་ཐ་ཆད་རྟགས་གསུམ་ལགས། །བཟའ་བཏུང་ཡོད་སར་རོ་བཞག་འོང་། །དགོས་པའི་བྱ་བ་བཅོལ་ཡང་འབྲོས། །དགྲ་ལ་འཐབ་ཁར་ཡིབ་པ་གསུམ། །ཀུན་གྱིས་ཁྲེལ་བའི་གཞི་གསུམ་ལགས། །རྟ་མཆོག་འགྲོ་བའི་ཚེ་ན་ཤེས། །གསེར་དངུལ་བཞུས་ན་ཤེས་པར་འགྱུར། །མཁས་པ་བཤད་པའི་ཚེ་ན་ཤེས། །འདི་ནི་ཤེས་པ་རྣམ་གསུམ་ལགས། །བསྟོད་པས་དགའ་བར་མི་འགྱུར་ལ། །སྨད་པས་མི་དགར་མི་འགྱུར་ཞིང་། །ཀུན་ལ་

p. 695

བྲན་བཞིན་གུས་པ་གསུམ། །བཟང་བོའི་མཚན་ཉིད་རྣམ་གསུམ་ལགས། །མཛོད་ཆུང་ནོར་གྱིས་དགང་བ་སླ། །ཞིང་ཆུང་ས་བོན་དགང་བ་སླ། །བློ་ཆུང་རིག་པས་མགུ་བ་སླ། །འདི་ནི་སླ་བ་རྣམ་གསུམ་ལགས། །བློ་གྲོས་ཞན་པའི་འདོད་གཏམ་དང་། །ཅང་ཤེས་མིན་པའི་རྟ་མཆོག་དང་། །གཡུལ་ངོར་ལྷུང་བའི་རལ་གྲི་གསུམ། །སུས་གྲོགས་མ་ངེས་རྣམ་གསུམ་ལགས། །གྲོགས་པོ་ངན་པ་འགྲོགས་པ་དང་། །ཐོས་པ་ངན་པ་འཚོལ་བ་དང་། །བྱ་བ་ངན་པ་བྱེད་པ་གསུམ། །མཁས་པས་མི་བྱ་རྣམ་གསུམ་ལགས། །བློ་གྲོས་ལྡན་པའི་སྐྱེ་བོ་དཀོན། །ལྡན་ཡང་དྲང་བོར་བཤད་པ་དཀོན། །བཤད་ཀྱང་ཚིག་བཞིན་བྱེད་པ་དཀོན། །འདི་ནི་དཀོན་པ་རྣམ་གསུམ་ལགས། །བླུན་པོ་སྨྲ་བ་ཉུང་ན་མཛེས། །རྒྱལ་པོ་ལྐོག་ཏུ་བསྡད་ན་མཛེས། །སྒྱུ་མ་ལན་གཅིག་མཐོང་ན་མཛེས། །འདི་ནི་མཛེས་པ་རྣམ་གསུམ་ལགས། །ལོངས་སྤྱོད་ལྡན་པ་སྤྱོད་པ་དང་། །མཁས་པར་གྱུར་ན་དུལ་བ་དང་། །ཆེན་པོས་དམན་པ་སྐྱོང་བ་གསུམ། །རང་བདེ་གཞན་ཕན་རྣམ་གསུམ་ལགས། །དམུས་ལོང་བ་ལ་མར་མེ་དང་། །མ་ཞུ་བ་ལ་ཁ་ཟས་དང་། །བླུན་པོ་རྣམས་ལ་ཆོས་སྟོན་གསུམ། །དགོས་པ་ཆུང་བ་རྣམ་གསུམ་ལགས། །གཡུལ་ངོར་འཇུག་པའི་དཔའ་བོ་དང་། །རྒྱུག་བཟང་གོམ་པ་ཅན་གྱི་རྟ། །རབ་ཏུ་མཁས་པའི་སྨན་པ་གསུམ། །གར་སོང་བྲིན་པ་རྣམ་གསུམ་ལགས། །ལོངས་སྤྱོད་བསགས་ན་ཕྱུག་པོར་འགྱུར། །ཐོས་པ་བཙལ་ན་མཁས་པར་འགྱུར། །སྒོམ་སྒྲུབ་བྱས་ན་སངས་རྒྱས་འགྱུར། །

p. 696

འདི་ནི་འགྱུར་བ་རྣམ་གསུས་ལགས། །སུམ་ཚན་ཉེར་གསུམ་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་སྨྲས། །ཐོས་ཚད་ལུགས་གཉིས་གང་ལ་ཡང་། །བློ་གྲོས་ཆེས་ཆེར་རྒྱས་པར་ཤོག །ཅེས་པ་འདི་ཡང་སློབ་བུ་རིན་ཆེན་རྒྱལ་ལ་སྨྲས་པའོ། །རེབ་གོང་དུ་ཉི་མ་ཤར་འདྲ་བའི། །རྗེ་སྐལ་ལྡན་རྒྱ་མཚོའི་ཞབས་ལ་འདུད། །བདག་གཞན་ཀུན་མགོན་ཁྱོད་རྣམ་ཐར་བཞིན། །བསྟན་འགྲོ་ལ་ཕན་པར་བྱིན་གྱིས་རློབས། །དངོས་གྲུབ་ཀྱི་འབྱུང་གནས་བླ་མ་དེ། །བསམ་སྦྱོར་བས་བསྟེན་པ་གལ་རེ་ཆེ། །དལ་འབྱོར་གྱི་མི་ལུས་ཐོབ་དུས་འདིར། །དམ་ཆོས་ལ་འབད་པ་གལ་རེ་ཆེ། །འཆི་བདག་ནི་རིང་མིན་མྱུར་དུ་འོང་། །འཆི་བྲོད་ཀྱི་གདེང་ཞིག་གལ་རེ་ཆེ། །ངན་སོང་དུ་མི་འགྲོའི་བློ་གདེང་མེད། །སྐྱབས་འགྲོ་ལ་འབད་པ་གལ་རེ་ཆེ། །ལས་འབྲས་ལ་ནམ་ཡང་བསླུ་བ་མེད། །སྡིག་སྤོང་དང་དགེ་སྒྲུབ་གལ་རེ་ཆེ། །སྡིག་ལྟུང་གིས་གོས་ན་དེ་མ་ཐག །ཕྱིར་བཅོས་དང་བཤགས་སྡོམ་གལ་རེ་ཆེ། །འཁོར་བ་ཡི་སྡུག་བསྔལ་བསམ་བྱས་ནས། །ཐར་འདོད་ཀྱི་བློ་བསྐྱེད་གལ་རེ་ཆེ། །ཐར་བ་རུ་བགྲོད་པའི་ཐབས་གཅིག་པུ། །བསླབ་གསུམ་ལ་སློབ་པ་གལ་རེ་ཆེ། །སེམས་ཅན་ཀུན་ཕ་མར་མ་གྱུར་མེད། །དྲིན་ཆེའི་ཚུལ་བསམ་པ་གལ་རེ་ཆེ། །དྲིན་ལན་དུ་བྱམས་དང་སྙིང་རྗེ་དང་། །བྱང་ཆུབ་སེམས་བསྒོམ་པ་གལ་རེ་ཆེ། །སྦྱིན་པ་ལས་ལོངས་སྤྱོད་ཕུན་ཚོགས་འབྱུང་། །ཆགས་མེད་ཀྱི་སྦྱིན་གཏོང་གལ་རེ་ཆེ། །ཚུལ་ཁྲིམས་ནི་ཐར་བའི་སྐས་དང་འདྲ། །མིག་འབྲས་བཞིན་བསྲུང་བ་གལ་རེ་ཆེ། །བཟོད་པ་ནི་

p. 697

གཟུགས་བཟང་ཐོབ་པའི་རྒྱུ། །དུས་རྒྱུན་དུ་བསྒོམ་པ་གལ་རེ་ཆེ། །བརྩོན་འགྲུས་ཀྱིས་ཉམས་རྟོགས་ཡོན་ཏན་སྟེར། །ཉམས་ལེན་གང་ལ་འང་གལ་རེ་ཆེ། །བསམ་གཏན་གྱིས་རང་སེམས་ལས་རུང་འགྱུར། །གཡེང་མེད་དུ་བསྒོམ་པ་གལ་རེ་ཆེ། །ཤེས་རབ་ཀྱིས་ཡོན་ཏན་སྣ་ཚོགས་སྟེར། །ཉིན་མཚན་དུ་སྦྱོང་བ་གལ་རེ་ཆེ། །ཐམས་མཁས་ཀྱིས་བསྡུ་བ་རྣམ་བཞིའི་སྒོས། །གཞན་གྱི་དོན་བྱེད་པ་གལ་རེ་ཆེ། །གསང་སྔགས་ཀྱི་དབང་ཐོབ་དོན་འབྲས་ལ། །དམ་སྡོམ་ལ་གཅེས་སྤྲས་གལ་རེ་ཆེ། །རིམ་གཉིས་ལ་བག་ཆགས་འཇོག་པ་ལ། །ཐུན་བཞི་རུ་བསྒོམ་པ་གལ་རེ་ཆེ། །དུས་རྒྱུན་དུ་ཆོས་རྣམས་སེམས་སྟེང་བསྐོར། །ཉམས་ལེན་ལ་རེམ་པ་གལ་རེ་ཆེ། །བདེ་སྡུག་གི་གདམ་དབང་ད་རེ་ཡོད། །གདམ་ཁ་དེ་མ་ནོར་གལ་རེ་ཆེ། །མཚམས་བཅད་རྒྱའི་རྒྱལ་པོ་ངག་མཚམས་ཡིན། །ལབ་ལོབ་དེ་གཅོད་པ་གལ་རེ་ཆེ། །རང་གཞན་གྱིས་དགེ་བ་གང་བྱས་ལ། །དགའ་བ་ནི་བསྒོམ་པ་གལ་རེ་ཆེ། །ལོ་མང་ཉུང་རན་པའི་བསམ་ཤེས་ལ། །ཁྲིད་དལ་བུར་འབོག་པ་གལ་རེ་ཆེ། །བློ་ཆུང་རྣམས་མང་ན་སུན་ཏེ་བསྐྱུར། །ཁྲིད་ཉུང་ངུར་སྟོན་པ་གལ་རེ་ཆེ། །ཁྲིད་ལན་གཅིག་བྱིན་པས་མི་ཆོག་པས། །ལན་གཉིས་གསུམ་བྱེད་པ་གལ་རེ་ཆེ། །ཚེ་བློས་བཏང་ཆོས་མཐུན་འཁོར་སློབ་རྣམས། །ཆོས་བཞིན་དུ་སྐྱོང་བ་གལ་རེ་ཆེ། །ཚེ་འདིར་ཞེན་དོན་མེད་སྡིག་གསོག་པའི། །འཁོར་སློབ་མ་མི་བསྟེན་གལ་རེ་ཆེ། །འཁོར་སློབ་མས་སྐབས་རེར་གང་དྲན་བྱེད། །དེར་བཟོད་པ་བསྒོམ་པ་གལ་རེ་ཆེ། །

p. 698

ཡོན་བདག་གིས་རེས་འགའ་ཁ་དྲིན་སྨྲ། །དེ་བཏང་སྙོམས་བསྐྱུར་བ་གལ་རེ་ཆེ། །རང་ཉིད་ཀྱི་སྣ་ཐག་རྒྱུན་ལྡན་དུ། །རང་ཉིད་ཀྱིས་འཛིན་པ་གལ་རེ་ཆེ། །ཆོས་བྱེད་ལ་རྐྱེན་ངན་བར་ཆད་མང་། །སྐུ་རིམ་དང་ཚེ་སྒྲུབ་གལ་རེ་ཆེ། །ཕྱོགས་ཕྱོགས་ནས་ཕེབས་པའི་སྐྱེས་ཆེན་ལ། །དབང་ལུང་ཁྲིད་ཞུ་བ་གལ་རེ་ཆེ། །འགོ་རིས་ཀྱི་བྲག་ཁུང་ཉམས་དགའ་རུ། །རང་གཅིག་པུར་གནས་པ་གལ་རེ་ཆེ། །རང་ཡུན་རིང་གནས་པའི་དོན་འབྲས་ལ། །རྒྱུད་ཆོས་དང་མཐུན་པ་གལ་རེ་ཆེ། །ཉམས་རྟོགས་པའི་ཉི་མ་འཆར་བ་ལ། །ཚེ་སྒྲུབ་པ་སྙོམས་པ་གལ་རེ་ཆེ། །རང་དགེ་བ་གང་བྱས་ཐམས་ཅད་ཀྱི། །མཇུག་བསྔོ་བ་སྨོན་ལམ་གལ་རེ་ཆེ། །གལ་ཆེ་བ་སོ་བརྒྱད་གླུ་དབྱངས་འདི། །རྗེ་སྐལ་ལྡན་གསུང་དང་མཐུན་པར་བླངས། །འདིས་མཚོན་པའི་དགེ་བས་རང་གཞན་གྱིས། །རྗེ་སྐལ་ལྡན་རྣམ་ཐར་ཟིན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་ཡི། །བདག་འདོད་པ་ཟད་པར་བྱིན་གྱིས་རློབས། །གདོན་འདོད་པ་ཁོག་ན་རྟག་ཉལ་བའི། །ཁྱོད་ཚོགས་དྲུག་རང་གྲོལ་རང་ལ་ཉོན། །ཁོང་འཇིག་རྟེན་པ་རྣམས་འཕུང་བྱེད་ཀྱི། །དགྲ་འདོད་པ་འདི་ལ་ཁྱོད་ཅིག་ལྟོས། །ནོར་ཟས་གོས་ལ་སོགས་འདོད་འདོད་ནས། །དེ་འོང་ཕྱིར་འཐབ་རྩོད་ལ་སོགས་པའི། །སྡུག་མང་བོ་མྱོང་བ་མ་མཐོང་ངམ། །རང་སྲོག་འཚོ་ཇི་ལྟར་བྱས་ཀྱང་སླ། །དེའི་ལྷག་ཅིག་ཁྱོད་ལ་དགོས་པ་ཅི། །ཚེ་ཡུན་ཐུང་ནམ་འཆི་ངེས་པ་མེད། །གཞན་གློ་བུར་ཤི་བ་རྣམས་བགྲོངས་ལ། །ཚེ་ཕྱི་མའི་

p. 699

འདོད་དོན་ཨེ་འགྲུབ་ལྟོས། །ནང་འདོད་སྲེད་ཆེ་ན་འཇིག་རྟེན་པ། །འདོད་ཅུང་ཟད་ཡོད་ཀྱང་དེ་ཡི་རིགས། །ནང་འདོད་པ་ཆེ་བའི་གང་ཟག་དེ། །ཚེ་འདི་རུ་སྐྱེ་བོ་ཐམས་ཅད་ཀྱིས། །བརྙས་སྨོད་པའི་གནས་སུ་འགྱུར་བ་ཡིན། །ཚེ་ཕྱི་མར་ངན་སོང་སྡུག་བསྔལ་མྱོང་། །ནང་འདོད་པ་ཟད་ན་འཕགས་པ་དངོས། །འདོད་ཆུང་ན་འཕགས་པ་རྣམས་ཀྱི་རིགས། །ནང་འདོད་པ་ཟད་པའི་གང་ཟག་དེ། །ཁོང་སྐྱེ་བོ་ཡོངས་ཀྱིས་མཆོད་བསྟོད་བཀུར། །ཚེ་ཕྱི་མར་བདེ་ཞིང་སྐྱིད་པར་འགྱུར། །དཔེ་མེ་ནི་ཤིན་ཏུ་ཆུང་དུས་ཀྱང་། །རྩྭའི་ཕུང་བོ་ཆེན་པོ་སྲེག་པ་ལྟར། །ནང་འདོད་པ་ཆུང་ངུ་ཙམ་སྐྱེས་ཀྱང་། །རང་བདེ་སྐྱིད་ཀུན་འཇོམས་རིག་པ་སྒྲིམས། །དཔེ་ལུས་ལ་ཅུང་ཟད་དུག་ཞུགས་པ། །དེ་གལ་ཏེ་མ་བསལ་ཆེར་འཕེལ་ན། །ལུས་ཀུན་ཁྱབ་བརླག་ཅིང་འཕུང་བ་ལྟར། །ནང་འདོད་པ་ཅུང་ཟད་ཞིག་སྐྱེས་ཀྱང་། །དེ་མ་བསལ་རིམ་བཞིན་ཆེར་འཕེལ་ན། །ཁྱོད་བརླག་ཅིང་འཕུང་བར་འགྱུར་བས་ན། །ནང་འདོད་པ་ཆེ་ཆུང་གང་སྐྱེས་སྤོངས། །རང་ནང་ན་འདོད་པ་ཡོད་ཕྱིན་ཆད། །ལས་ཉོན་མོངས་སྤྲིན་ནག་བཞིན་དུ་འདུ། །སྡུག་ཁ་བ་བུ་ཡུག་བཞིན་དུ་འཚུབ། །སྐྱིད་ཉི་མ་ནམ་ཡང་མཐོང་མི་འགྱུར། །ཁྱོད་འདོད་པ་འདི་ལ་དགྲ་རུ་ལྟོས། །ཁོ་ནམ་བྱུང་དུས་སུ་འབུར་བཅོམ་གྱིས། །ཡར་རྒྱལ་པོའི་རྒྱལ་ས་མན་ཆད་དང་། །དམན་སྤྲང་བོའི་དབྱུག་པ་ཡན་ཆད་པོ། །མི་གཅིག་གིས་ཐོབ་ཀྱང་ཆོག་ཤེས་མེད། །ཁྱོད་འདོད་ཆུང་ཆོག་ཤེས་གྱིས་ཤིག་ཨང་། །གླུ་འདི་ཉིད་བླངས་པའི་དགེ་བའི་

p. 700

མཐུས། །རང་གཞན་གྱི་འདོད་པ་ཟད་པར་ཤོག །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཚེ་འདི་མི་རྟག་མདང་གི་རྨི་ལམ་འདྲ། །ཕ་མ་གཉེན་བཤེས་ཚོང་འདུས་མགྲོན་པོ་འདྲ། །ནོར་རྫས་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །མཛེས་པའི་གོན་པ་བར་སྣང་འཇའ་ཚོན་འདྲ། །རིན་ཆེན་རྒྱན་ཆ་ཤ་བའི་རྭ་ཅོ་འདྲ། །བཟའ་བཏུང་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །ཕུང་བོ་ཤུལ་དུ་བསྐྱུར་བའི་ཁང་རུལ་འདྲ། །བར་དོར་འཁྱམས་པ་ཆ་མེད་འགྲུལ་བ་འདྲ། །སྐྱེ་གནས་འཚོལ་བ་སྦྲང་ཚང་འཚོལ་བ་འདྲ། །མཐོ་རིས་སྐྱེས་པ་བདེ་སར་སླེབས་པ་འདྲ། །ངན་འགྲོར་སྐྱེས་པ་གཡང་དུ་ལྷུང་བ་འདྲ། །ཕྱི་མར་གར་སྐྱེ་རང་གི་ལས་ལ་རག །ལས་འབྲས་བླང་དོར་མཛོད་ཅིག་དད་ཅན་ཚོ། །གླུ་འདི་བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་ལས་འབྲས་བླང་དོར་ཤེས་པར་ཤོག །བླ་མ་ཆོས་རྒྱལ་ངག་གི་དབང་བོར་འདུད། །བདག་གཞན་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །མཐོན་པོ་ཐམས་ཅད་ཐ་མ་དམའ་མོར་ལྷུང་། །ཕ་མ་བླ་སློབ་གྲོགས་མཆེད་འདུས་པ་འབྲལ། །ཟས་ནོར་གོས་རྒྱན་བསགས་པ་འཛད་པ་ཡིན། །ཡར་ལ་སྐྱེས་པའི་ཐ་མ་འཆི་བར་ངེས། །འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་བོ་མེད། །སྙིང་བོ་ཡོད་པ་དམ་པའི་ལྷ་ཆོས་ཡིན། །དམ་པའི་ལྷ་ཆོས་བྱེད་ལུགས་མང་ན་ཡང་། །ཁྱེད་རྣམས་འདི་བཞིན་མཛོད་ཅིག་དད་ཅན་ཚོ། །མཚན་ལྡན་བླ་མ་བསྟེན་ལ་དབང་ལུང་ཞུས། །འཆི་བླུ་ཚེ་ཐར་སྦྱིན་པ་ཅི་ཐུབ་ཐོངས། །

p. 701

ཕྱག་དང་སྐོར་བ་བསྙེན་གནས་སྨྱུང་གནས་སྲུངས། །བདེན་པར་སྨྲ་ཞིང་གཞན་གྱི་ཡོད་ཏན་བརྗོད། །སྐྱབས་འགྲོ་མ་ཎི་རང་གིས་གང་ཤེས་ཐོན། །དད་གུས་དག་སྣང་བསམ་པ་དཀར་བོ་གྱིས། །ཁ་ཡི་གསོ་ལུགས་དམ་པའི་ཆོས་དང་སྟུན། །མདོར་ན་སྒོ་གསུམ་དགེ་ལ་འབད་པར་མཛོད། །གླུ་འདི་བྱ་བཏང་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་འདི་བཞིན་ཆོས་ལ་སྤྱོད་པར་ཤོག །དཔལ་ལྡན་བླ་མས་འགྲོ་ཀུན་ཆོས་ལ་སྐུལ། །ཚོགས་དྲུག་རང་གྲོལ་སྐུལ་ཚིག་དབྱངས་སུ་ལེན། །བླ་མས་ཆོས་བཞིན་གྱིས་ལ་ལྷ་ཆོས་གསུངས། །སློབ་མས་འབུལ་བ་ཕུལ་ལ་བཀའ་ཆོས་ཞུས། །རྒྱལ་པོས་རྒྱལ་ཁམས་ཐམས་ཅད་ཆོས་བཞིན་སྐྱོངས། །བླུན་པོ་འབངས་ཀྱིས་རྒྱལ་པོ་ཡར་ལ་བཀུར། །སྔགས་པས་མཐུ་གཏད་དམར་ཆོག་ལས་མ་བྱེད། །སེར་མོ་ཆང་དང་བུད་མེད་ལ་མ་དགའ། །ཕོ་སྐྱེས་ཇག་རྐུན་སྲོག་གཅོད་ལས་རྣམས་སྤོངས། །བུད་མེད་སེར་སྣ་མངོན་ལྐོག་གཏམ་མ་མང་། །ཕྱུག་པོས་ལོག་དོམ་མ་གཏོང་སྦྱིན་པ་ཐོངས། །ཆོས་པས་གྲོང་ཆོག་མ་བདའ་ཉམས་ལེན་གྱིས། །བུ་ཚས་ཕ་མར་རྒས་ཁར་མ་བརྙས་བཀུར། །ཨ་མཆོད་ཆོས་འདོན་མཁན་གྱིས་རྫོགས་མ་གཏོང་། །སྨན་པས་ཚ་གྲང་མ་ཤེས་སྨན་མ་སྟེར། །མདོར་ན་མི་དགེ་ཤིག་ཙམ་ཡན་ཆད་སྤོངས། །དགེ་བ་ཁབ་སྐུད་སྦྱིན་གཏོང་ཡན་ཆད་གྱིས། །འདི་ཡང་ཚོགས་དྲུག་རང་

p. 702

གྲོལ་ཞེས་བྱས་བླངས། །འདི་བཞིན་ཐོས་ཚད་ཀུན་གྱིས་བྱེད་པར་ཤོག །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཆོས་བྱེད་འདོད་པའི་སྙིང་གི་བུ། །ཆོས་བརྒྱད་ཚེ་འདི་བློས་བཏང་ནས། །ཆོས་བསྒྲུབ་ནུས་པར་བྱིན་གྱིས་རློབས། །རྙེད་དང་མ་རྙེད་བདེ་མི་བདེ། །སྙན་དང་མི་སྙན་བསྟོད་སྨད་ལ། །འཇིག་རྟེན་ཆོས་བརྒྱད་ཟེར་བ་ཡིན། །འདོད་ཕྱོགས་བཞི་བོ་བསྒྲུབ་པ་དང་། །མི་འདོད་བཞི་བོ་སེལ་བའི་ཐབས། །སྲོག་གཅོད་ལ་སོགས་མི་དགེ་བ། །བྱེད་ན་ཆོས་བརྒྱད་ནག་པོ་ཡིན། །ཆོས་འཆད་ལ་སོགས་དགེ་བ་ཡིས། །བྱེད་ན་ཆོས་བརྒྱུད་དཀར་བོ་ཡིན། །དགེ་དང་སྡིག་པ་འདྲེས་པ་ཡིས། །བྱེད་ན་ཆོས་བརྒྱད་ཁྲ་བོ་ཡིན། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི། །བྱ་བ་ཐོངས་ལ་དམ་པའི་ཆོས། །ཇི་སྐད་སྨྲས་པ་བཞིན་གྱིས་དང་། །བདེ་སྐྱིད་ཉི་མ་འཆར་བར་ངེས། །ཚེ་རིང་ནད་མེད་སྨོན་ལམ་འཚལ། །ཞེས་པ་འདི་ཡང་སློབ་བུ་ངག་དབང་ཆོས་འཕེལ་གྱིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྟག་ཏུ་འཁོར་བའི་སེམས་ཅན་ཀུན་ལ། །རྟག་ཏུ་བརྩེ་མཛད་ཕ་རྒན་ཆོས་རྒྱལ། །རྟག་ཏུ་སྡོད་སྙམ་ངང་རིང་བདག་ལ། །རྟག་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །འོད་གསལ་འཛམ་གླིང་ཉི་མ་ནུབ་སོང་། །བྱ་རྒྱལ་རྒོད་པོ་བྲག་ལ་འཕུར་སོང་། །མི་འདོད་མུན་པ་ནག་པོ་སླེབས་བྱུང་། །དགོང་ཁའི་མུན་པ་རབ་རིབ་མཚམས་སུ། །ཡུལ་བྱེའུ་ཁྲ་རིལ་གཅིག་པུ་ལུས་བྱུང་། །ས་ཐག་རིང་བོ་ཆོད་ས་མེད་གི །ཁང་བའི་གཤག་གི་བར་ཞིག་

p. 703

སྙོགས་ལ། །གཤོག་ཆུང་ཕོབས་ལ་བདེ་མོར་ཉོལ་ཅིག །རྫོགས་ལྡན་དུས་ཚོད་བཟང་བོ་ལངས་སོང་། །སྔོན་གྱི་རྒྱལ་བ་རྣམས་ནི་གཤེགས་སོང་། །མི་འདོད་རྩོད་ལྡན་སྙིགས་མ་སླེབས་བྱུང་། །སྐྱེ་དང་འཆི་བ་གཉིས་ཀྱི་མཚམས་སུ། །སྐལ་ངན་རང་ཉིད་གཅིག་པུ་ལུས་སོང་། །ཡར་གྱི་ཐར་ལམ་ཆོད་ས་མེད་གི །བླ་མ་དམ་པའི་དྲུང་ཞིག་སྙོགས་ལ། །དམ་པའི་ཆོས་ལ་ཐོས་བསམ་གྱིས་ཤིག །ནམ་ཚ་དབྱར་གྱི་དུས་དེ་ཤོར་སོང་། །མེ་ཏོག་རྒྱ་ཆེན་རྣམས་ནི་གཤེགས་སོང་། །མི་འདོད་གྲང་རེག་བ་མོ་སླེབས་བྱུང་། །ནམ་ཚ་སྟོན་དགུན་གཉིས་ཀྱི་མཚམས་སུ། །སྟོང་ལྡན་མེ་ཏོག་གཅིག་པུ་ལུས་བྱུང་། །ནམ་ཕུགས་རིང་བོ་ཐུབ་ས་མེད་གི །དཀོན་མཆོག་ལྷ་ཁང་མདུན་ཞིག་སྙོགས་ལ། །དགྱེས་པའི་མཆོད་པ་མྱུར་དུ་ཕུལ་ཅིག །ན་ཚོད་གཞོན་པའི་དུས་ཚོད་ཤོར་སོང་། །མཚན་ལྡན་བླ་མ་ཕལ་ཆེར་གཤེགས་ཐལ། །མི་འདོད་སྐྲ་དཀར་གཉེར་མ་སླེབས་བྱུང་། །ན་དང་རྒྱ་བ་གཉིས་ཀྱི་མཚམས་སུ། །བྱ་བཏང་རྒད་པོ་གཅིག་པུ་ལུས་བྱུང་། །ནམ་ཕུགས་རིང་བོ་ཐུབ་ས་མེད་གི །ཤིན་ཏུ་དབེན་པའི་རི་ཞིག་སྙོགས་ལ། །བླ་མ་གོང་མའི་རྣམ་ཐར་སྐྱོངས་ཤིག །དུས་བཞི་རིམ་གྱིས་འགྱུར་ནས་བུད་སོང་། །བྱ་རྒྱལ་ཁུ་བྱུག་གཞན་དུ་འཕུར་སོང་། །མི་འདོད་ཁ་རླུང་གཉིས་ཀ་སླེབས་བྱུང་། །ཆུ་དང་དར་སོབ་གཉིས་ཀྱི་མཚམས་སུ། །ཆུ་བྱ་ནག་མོ་གཅིག་པུ་ལུས་བྱུང་། །ནམ་ཡང་བདེ་བ་ཡོད་ས་མེད་གི །ཡུལ་ཕྱོགས་བཟང་བོ་གཞན་ཞིག་སྙོགས་ལ། །སྡུག་བསྔལ་

p. 704

མེད་པར་བདེ་བར་སྡོད་ཅིག །ན་ཚོད་རིམ་གྱིས་འགྱུར་ནས་བུད་སོང་། །ཆོས་གྲོགས་བཟང་བོ་རྣམས་ཀྱང་གཤེགས་སོང་། །མི་འདོད་ན་ཟུག་གཉིས་ཀ་སླེབས་བྱུང་། །བྲག་དང་སྤང་རི་གཉིས་ཀྱི་མཚམས་སུ། །སྤྲང་རྒན་བདག་ཉིད་གཅིག་པུ་ལུས་བྱུང་། །ནམ་ཡང་བདེ་བ་ཡོད་ས་མེད་གི །དྲོ་འཇམ་བདེ་བའི་མལ་ས་སྙོགས་ལ། །རྟག་ཏུ་བསྒོམ་ལ་ནན་ཏན་མཛོད་ཅིག །ཕ་མ་མ་བྱས་སེམས་ཅན་གཅིག་མེད། །འགྲོ་རྣམས་རྣམ་མཁྱེན་ས་ལ་འགོད་ཕྱིར། །མི་རྟག་རྟག་འཛིན་རང་ལ་བླ་མས། །ཅི་གསུངས་གསུང་བཞིན་བསྒྲུབ་པར་སྨོན་ནོ། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཀར་སེར་དམར་ལྗང་གི་མེ་ཏོག་རྣམས། །ད་ལྟ་ཕལ་ཆེར་ནི་མི་སྡོད་པར། །ནེའུ་གསིང་སྤང་གཞོངས་དེ་རྒྱབ་ཏུ་བསྐྱུར། །ཁ་དོག་ཉམས་བཞིན་དུ་གཤེགས་ནས་ཐལ། །མེ་ཏོག་གཞན་མ་རྣམས་རྒོད་བཞིན་དུ། །བདེ་བར་འདུག་ཚུལ་ཚོར་ཕར་བལྟས་ན། །དུས་ཀྱི་བ་མོ་ཁོས་མི་བཅོམ་ཞེས། །ཁས་ལེན་བཟང་བོ་ཞིག་ཡོད་ལས་ཆེ། །མེད་ཕྱིན་ལྷ་ཁང་དྲུང་མི་བསྙེག་ན། །མེ་ཏོག་ཁྱོད་རང་ཚོ་སྨྱོས་སམ་ཅི། །མྱུར་མོར་དཀོན་མཆོག་གི་ལྷ་ཁང་སྙོགས། །དགྱེས་པའི་མཆོད་པ་དེ་འབུལ་རེ་རན། །རན་པའི་མི་ཚད་ཀི་འཕྱིས་ནས་འདུག །ཨ་ཁ་སེམས་མེད་ཀྱི་མེ་ཏོག་ཚོ། །ད་ལྟ་ད་ལྟ་རང་འགྲོ་ཐབས་གྱིས། །ཅི་འདྲའི་སྤོབས་པ་ཞིག་ཆེ་ནི་རེད། །དགོན་སྡེ་སྐྱོང་མཁན་གྱི་བླ་མ་རྣམས། །ད་ལྟ་ཕལ་ཆེར་ནི་མི་བཞུགས་པར། །དགོན་ཁོག་གཞི་མ་དེ་རྒྱབ་ཏུ་

p. 705

བཞག །ཞལ་ཆེམས་འཇོག་བཞིན་དུ་གཤེགས་ནས་ཐལ། །བླ་མ་གཞན་མ་རྣམས་འཛུམ་བཞིན་དུ། །དཀོར་ལ་སྤྱོད་ཚུལ་ཚོར་ཕར་བལྟས་ན། །ན་རྒ་འཆི་བ་ཁོས་མི་འོང་ཞེས། །ཁས་ལེན་བཟང་བོ་ཞིག་ཡོད་ལས་ཆེ། །མེད་ཕྱིན་ཉམས་ལེན་ཞིག་མི་བྱེད་ན། །བླ་མ་ཁྱེད་རང་ཚོ་སྨྱོས་སམ་ཅི། །མྱུར་མོར་ཉམས་དགའ་ཡི་རི་ཁྲོད་སྙོགས། །ཆོས་ལ་ཉམས་ལེན་ཞིག་བྱེད་རེ་རན། །རན་པའི་མི་ཚད་ཀི་འཕྱིས་ནས་འདུག །ཨ་ཁ་སེམས་མེད་ཀྱི་བླ་མ་ཚོ། །ད་ལྟ་ད་ལྟ་རང་ཉམས་ལེན་གྱིས། །ཅི་འདྲའི་སྤོབས་པ་ཞིག་ཆེ་ནི་རེད། །ཕང་ཕུང་གཡོ་བ་ཡི་ཤིང་ལོ་རྣམས། །ད་ལྟ་ཕལ་ཆེར་ནི་མི་སྡོད་པར། །ཤིང་སྡོང་ཡལ་ག་དེ་རྒྱབ་ཏུ་བསྐྱུར། །འདབ་སྒྲ་སྒྲོག་བཞིན་དུ་ས་ལ་ལྷུང་། །ལོ་མ་གཞན་མ་རྣམས་དགའ་བཞིན་དུ། །གར་སྟབས་བྱེད་ཚུལ་ཚོར་ཕར་བལྟས་ན། །སྐྱི་སེར་རླུང་བོ་ཁོས་མི་གཏོར་ཞེས། །ཞལ་གསུང་བཟང་བོ་ཞིག་ཡོད་ལས་ཆེ། །མེད་ཕྱིན་བདེ་ས་ཞིག་མི་བསྙེག་ན། །ལོ་མ་ཁྱོད་རང་ཚོ་སྙིང་རུལ་ལམ། །མྱུར་དུ་ཕ་བོང་གི་ཞབས་དྲུང་དུ། །བསྙེགས་ནས་བདེ་མོ་རུ་འདུག་རེ་རན། །རན་པའི་མི་ཚད་ཀི་འཕྱིས་ནས་གདའ། །ཨ་ཁ་སྙིང་མེད་ཀྱི་ལོ་མ་རྣམས། །ད་ལྟ་ད་ལྟ་རང་བསྙེག་གྲབས་མཛོད། །ཅི་འདྲའི་སྤོབས་པ་ཞིག་ཆེ་ནི་རེད། །བཟའ་ཚང་སྐྱོང་མཁན་གྱི་རྒན་རྒོན་རྣམས། །ད་ལྟ་ཕལ་ཆེར་ནི་མི་སྡོད་པར། །ཕ་ཡུལ་ཕ་མཁར་རྣམས་རྒྱབ་ཏུ་བསྐྱུར། །ཁ་ཆེམས་འཇོག་བཞིན་

p. 706

དུ་ཕྱི་མར་ཐལ། །རྒན་རྒོན་གཞན་རྣམས་ཚོ་རྒས་བཞིན་དུ། །སྡོད་ཤོམ་བྱེད་ཚུལ་ཚོར་ཕར་བལྟས་ན། །གཤིན་རྗེས་ཚེ་ཐར་དུ་ཁྱོད་གཏོང་ཞེས། །ཞལ་གསུང་བཟང་བོ་ཞིག་ཡོད་ལས་ཆེ། །མེད་ན་ལྷ་ཆོས་ཤིག་མི་བྱེད་ན། །རྒན་རྒོན་ཁྱེད་རང་ཚོའི་སྙིང་རུལ་ལམ། །མྱུར་དུ་རང་ཉིད་ཀྱི་མལ་ས་དེ། །བསྙེགས་ནས་མ་ཎི་ལ་འབད་རེ་རན། །རན་པའི་མི་ཚད་ཀི་འཕྱིས་ནས་གདའ། །ཨ་ཁ་སྙིང་མེད་ཀྱི་རྒན་རྒོན་ཚོ། །ད་ལྟ་ད་ལྟ་རང་མ་ཎི་ཐོན། །ཅི་འདྲའི་སྤོབས་པ་ཞིག་ཆེ་ནི་རེད། །ཅེས་པ་འདི་ཡང་དགོན་གནས་གྲྭ་ཚང་མི་སྐྱོང་། རང་གིས་ཉམས་ལེན་མི་བྱེད། གྲོང་བར་དུ་ནོར་རྫས་བཙལ་ཕྱིར་རྒྱུན་དུ་ངལ་མེད་དུ་འགྲོ་བའི་བླ་མ་སེམས་མེད་ཕལ་ཆེར་དང་། འཆི་བ་འོང་སྙམ་མེད་པའི་ཚེ་འདིའི་བྱ་བས་རྟག་ཏུ་གཡེངས་ནས། ཨོཾ་མ་ཎི་ལན་རེ་ཙམ་ཡང་ཁར་མི་འདོན་པའི་རྒན་རྒོན་སྙིང་རུལ་བ་རྣམས་ལ་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཀུ་རེ་བྱས་པའོ། །ཕ་རྒན་ཆོས་ཀྱི་དབང་བོར་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །སྤང་རྒྱན་མེ་ཏོག་རིམ་བཞིན་མདོག་ཉམས་བསྐམས། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་རེད། །སྟོན་དུས་ཤིང་ལོ་སེར་ཞིང་རིམ་བཞིན་ལྷུང་། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་རེད། །དུས་ཀྱི་བྱ་རྣམས་རིམ་བཞིན་རང་ཡུལ་བསྙེགས། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་རེད། །དབྱར་གྱི་ཆུ་རྣམས་རིམ་བཞིན་འཁྱགས་ཤིང་བསྐམས། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་རེད། །སྔོ་ལྗང་རྩྭ་རྣམས་རིམ་བཞིན་ཁ་དོག་འགྱུར། །འདི་ཡང་མི་

p. 707

རྟག་འཆི་བའི་དཔེ་གཅིག་རེད། །ཡུལ་མི་རྒན་གཞོན་རིམ་བཞིན་ཕ་རོལ་སོང་། །འདི་ཡང་མི་རྟག་འཆི་བའི་དཔེ་གཅིག་རེད། །བྱ་བཏང་བན་རྒན་ཁྱོད་ཀྱང་འདི་དང་འདྲ། །ནམ་ཞིག་འཆི་བའི་ལམ་པོ་ཆེ་ལ་འགྲོ། །ད་ནས་སྡོད་གྲབས་མ་བྱེད་འགྲོ་གྲབས་གྱིས། །ཉེར་མཁོ་ཆོས་ཀྱི་རྒྱགས་ཕྱེ་སྒྲིག་རེ་རན། །ལམ་རྒན་ནང་དུ་རྡོག་རྒན་བཞག་ནས་ནི། །འགྲོ་དུས་འགྱོད་ཀྱང་འཕྱིས་སོ་བྱ་བཏང་བ། །འབོད་མཁན་ཨ་ཁུ་ཆོས་རྒྱལ་ནམ་འོང་མེད། །ད་ལྟ་བོས་རུང་མི་འགྱོད་ཆོས་ཤིག་གྱིས། །དེ་ལྟར་གྱིས་དང་ནམ་ཚོད་བོས་ན་ཡང་། །བུ་ནི་ཕ་ཁྱིམ་བོས་བཞིན་དགའ་བར་འགྲོ། །འདི་ཉིད་ཐོས་ཚད་དད་ཅན་ཕོ་མོ་ཡིས། །འཆི་ཚེ་འགྱོད་མེད་ལྷ་ཆོས་བྱེད་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འདྲེན་མཆོག་མཆོག་ཏུ་གྱུར་པ་སྙིགས་དུས་འགྲོ་བའི་མགོན། །མགོན་ཁྱོད་ཁྱོད་གསུང་གང་གི་རྣ་བར་ལྷུང་བ་གང་། །གང་གསུངས་གསུང་བཞིན་ཀུན་གྱིས་བསྒྲུབ་མཛད་ཆོས་ཀྱི་རྒྱལ། །རྒྱལ་བསྟན་བསྟན་པའི་རྒྱལ་མཚན་འཛིན་མཛད་བླ་མར་འདུད། །ཀྭ་ཡེ་དམ་ཆོས་སྐལ་བར་ལྡན་པའི་བུ་གཉིས་ཀ །ཁ་མཁས་དོན་མ་རྟོགས་ཀྱི་བྱ་བཏང་ང་ཡི་ཁ། །ག་ལེར་ཉོན་དང་འཁོར་བ་འདི་ལ་ཡིད་མུག་ག །ང་བཞིན་མཛོད་དང་འཆི་ཚེ་བར་དོར་ཡ་མི་ང་། །ཅ་ཅོའི་རྣམ་གཡེང་གྲོང་བཞིན་རྒྱ་ཆེའི་ཁྱིམ་ཐབ་ཅ། །ཆ་བྱད་ཆོས་དང་བསྟུན་ནས་ཆོས་དང་འགལ་བའི་ཆ། །

p. 708

ཇ་མར་ནོར་རྫས་བསགས་ནས་འོ་མར་བསྲེས་པའི་ཇ། །ཉ་ཤར་རྔམས་ལྟར་འཐུངས་ན་ཉམས་རྟོགས་མར་ངོའི་ཉ། །ཏ་ཟིག་རྒྱལ་ལྟར་ཟས་ནོར་འཛེམས་ཀྱང་ཕན་མེད་ཏ། །ཐ་མལ་འཇིག་རྟེན་བདེ་ལ་ཞེན་ན་ཆོས་པའི་ཐ། །ད་རེ་ཚེ་འདིའི་བྱ་བ་རྒྱབ་ཏུ་བསྐྱུར་ནས་ད། །ན་འཆི་བསམས་ནས་རྩེ་གཅིག་ཐར་ལམ་སྒྲུབ་དགོས་ན། །པ་ཏྲ་ལྟ་བུར་དྲན་རྒྱུ་མ་མང་རི་ཁྲོད་པ། །ཕ་རྒོད་བླ་མ་ངན་འགྲོའི་འཇིགས་ལས་སྒྲོལ་བའི་ཕ། །བ་བེའུར་གདུང་འདྲས་སྟེན་དང་བྱིན་རླབས་འདོད་འཇོའི་བ། །མ་རབས་སྡིག་ལས་མ་བྱེད་འགྲོ་ཀུན་དྲིན་ཅན་མ། །ཙཱ་རི་ལ་སོགས་དབེན་པ་སྟེན་ཅིག་སྙིང་བུ་ཙ།།ཚ་གྲང་དམྱལ་བ་བསམས་ན་བུ་ཁྱོད་ཤ་མི་ཚ། །ཛ་ཧུ་པིར་བཞིན་སྒོམས་དང་བདེ་སྐྱིད་ཆུ་བོ་ཛ། །ཝ་བཞིན་འགྲོ་འདུག་མང་ན་ཆགས་སྡང་ཆུ་ལ་ཝ། །ཞྭ་སེར་དམར་སོགས་བསྟན་ལ་བཀུར་སྟི་དཔེར་ན་ཞྭ། །ཟ་མ་ནོར་ལ་ཞེན་ན་མ་རབས་གདོན་མི་ཟ། །འ་འུར་འདུ་འཛི་ཆེ་ན་བྱ་བཏང་མིན་ནོ་འ། །ཡ་མཚན་རྨད་བྱུང་རྫོགས་པ་ཆེན་པོ་སྒོམས་ཤིག་ཡ། །རྭ་འདྲའི་རང་སེམས་ཐུལ་དང་ཕྱི་དགྲུ་རི་བོང་རྭ། །ལ་ལ་བཞིན་དུ་རྣམ་གཡེང་མ་བྱེད་ཉམས་ལེན་ལ། །ཤ་སྟག་གྱིས་ཤིག་རང་སྙིང་བསྟན་ཡང་ངེས་པར་ཤ །ས་འདིར་ལེགས་བཤད་འདི་བཞིན་མཛོད་དང་གཏན་བདེ་ས། །ཧ་ཧ་ཐོབ་བོ་གླུ་འདི་མཁས་པས་མཐོང་ན་ཧ། །ཨ་ལ་ལ་ཡིས་དགྱེས་པའི་བཞད་གད་བྱེད་མོད་ཨ། །བདེ་སྐྱིད་རི་ཁྲོད་གནས་ན་ང་ཡི་ཁ་འདི་བདེ། །སྙན་དངགས་སྡེབ་སྦྱོར་མེད་ཀྱང་གླུ་འདི་ཤིན་ཏུ་སྙན། །ལེགས་བཤད་སྤེལ་ལེགས་ལེགས་པའི་

p. 709

འདིས་མཚོན་དགེ་གང་དེས། །བླ་མའི་ཐུགས་དགོངས་དགོངས་པ་ཇི་བཞིན་རྫོགས་པ་དང་། །མདོ་སྔགས་ཐུབ་བསྟན་བསྟན་པའི་རྒྱལ་མཚན་རབ་བཟུང་ནས། །ལུས་ཅན་མཐའ་དག་དག་པའི་ཞིང་དུ་འཁྲིད་པར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སློབ་མ་གཉིས་ལ་སྣང་བ་སྤྲོ་ཞིང་རིག་པ་དྭངས་པའི་དུས་ཤིག་ཏུ་སྨྲས་པའོ། །ཕྱོགས་བཅུའི་ཞིང་ན་བཞུགས་པའི། །བླ་མ་ཡི་དམ་སངས་རྒྱས། །བྱང་སེམས་དཔའ་བོ་མཁའ་འགྲོ། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས། །ཡེ་ཤེས་སྤྱན་གྱིས་རྟག་ཏུ། །སྐལ་ལྡན་སློབ་མ་རྣམས་ལ། །ཉིན་མཚན་མེད་པར་གཟིགས་ནས། །ཕྱི་ནང་གསང་བའི་འགལ་རྐྱེན། །བར་ཆད་མ་ལུས་སོལ་ལ། །མཆོག་དང་ཐུན་མོང་དངོས་གྲུབ། །ཅི་འདོད་ཐམས་ཅད་རིང་མིན། །མྱུར་བ་མྱུར་དུ་སྩོལ་ཅིག །དད་དང་བརྩོན་འགྲུས་སྙིང་རྗེ། །ཆེ་ཞིང་དབང་བོ་རྣོན་པོ། །ཁོག་ཡངས་དམ་ལྡན་ཚེ་འདི། །བློས་བཏང་སློབ་བུ་ཁྱེད་རྣམས། །སྤྱིར་ནི་མི་རྟག་འཆི་བ། །སྒོས་སུ་ནམ་འཆི་ཆ་མེད། །ཡང་སྒོས་ད་ལོ་མ་གཏོགས། །དབེན་གནས་ཉམས་དགའ་མཚོ་སྙིང་། །ལྷ་ཡུལ་གཉིས་པ་འདི་ནས། །ལྷ་དང་འདྲ་བའི་ཆོས་མཐུན། །བླ་མ་མཆེད་གྲོགས་རྣམས་དང་། །ཡང་ཡང་ཨེ་འགྲོགས་མི་ཤེས། །ད་ལྟ་འགྲོགས་པ་ཚོང་འདུས། །མགྲོན་བཞིན་ཡུད་ཙམ་ཡིན་ནོ། །སྙམ་དུ་ཡང་ཡང་སོམས་ལ།།བླ་མར་དད་གུས་ཤུགས་དྲག །གྲོགས་པོ་རྣམས་ལ་བརྩེ་གདུང་། །ཡར་ངོའི་ཟླ་བ་བཞིན་དུ། །གོང་ནས་གོང་འཕེལ་

p. 710

གཏོང་བཞིན། །ཕན་ཐོགས་གང་ནུས་གྱིས་ཤིག །ཕྱིན་ཆད་གང་དུ་བསྡད་ཀྱང་། །སྔོན་དུས་མཚོ་སྙིང་རི་ནས། །ཆོས་མཐུན་བླ་མ་མཆེད་གྲོགས། །ངེད་ཚོ་ལྷན་ཅིག་འགྲོགས་ནས། །ཆོས་ལྡན་བྱ་བ་ལེགས་པོ། །འདི་བྱས་བྱ་བ་གཞན་ལ། །བཤད་རྒྱུ་ལུང་བ་གང་གྱིས། །ཁྱད་པར་སྤྲོས་མེད་ཏིང་འཛིན། །སྒོམས་ལ་ཀུན་གྱི་ལུས་ནི། །དུར་ཁྲོད་བོར་བའི་རོ་བཞིན། །གཡོ་འགུལ་མེད་པར་དྲང་བོར། །ངག་ནི་པི་ཝང་རྒྱུན་ཐག །བཅད་པ་བཞིན་དུ་སྒྲ་མེད། །སེམས་ནི་སྐྱེས་བུ་དོན་སྙིང་། །བཏོན་བཞིན་རྣམ་རྟོག་མེད་པར། །རྣ་རྩར་རྔ་ཆེན་བརྡུངས་ཀྱང་། །ནམ་ཡང་སད་པར་མི་ནུས། །ཏིང་འཛིན་བརྟན་པོ་ཨེ་ཡོང་། །ཕྱིར་དུ་བརྩོན་འགྲུས་ཤུགས་སྐྱེད། །ཚེས་ནས་ཉིན་མཚན་འདི་འདྲའི། །བར་དུ་ཏང་ངེ་འཛིན་ལ། །གནས་ཞེས་བདག་ལ་སྨྲ་དགོས། །དེ་ཕྱིར་ཡེངས་ཡེངས་མ་བྱེད། །དགེ་སྦྱོར་བྱེད་པ་རྣམས་ཀྱིས། །དགེ་སྦྱོར་གང་ཞིག་བྱེད་ཀྱང་། །དཔའ་མི་ཞུམ་པར་དཔའ་བོ། །གཡུལ་དུ་འཇུག་པ་འདྲ་བ། །སྐྱོ་ངལ་མེད་པར་ཁྱིམ་བདག །སོ་ནམ་བྱེད་པ་ལྟ་བུ། །བར་མཚམས་མེད་པར་ཆུ་བོ། །ཆེན་པོའི་རྒྱུན་བཞིན་གྱིས་ཤིག །ཚེས་ནས་དགེ་སྦྱོར་གང་བྱས། །དགའ་བཞིན་བདག་ལ་སྨྲ་དགོས། །དེ་ཕྱིར་གཉིད་དང་བཟའ་བཏུང་། །དབང་དུ་མ་འགྲོ་རེམ་རེམ། །ཚེས་པ་གཅིག་གཉིས་ཡར་ལ། །སྒོམ་ཆེན་དགེ་སྦྱོར་མཁན་རྣམས། །ང་ཡི་དྲུང་དུ་ཤོག་དང་། །ཆོས་དང་འཇིག་རྟེན་གཉིས་ཀྱི། །གཏང་རག་ལེགས་པོ་འབུལ་ལོ། །སློབ་མ་མེ་དཔུང་སྟེང་དུ། །འཕྲིན་ཡིག་

p. 711

ཤིང་འདི་བཞག་པས། །བརྩོན་འགྲུས་ཤུགས་དྲག་མེ་ལྕེ། །ཆེས་ཆེར་འབར་བར་གྱུར་ཅིག །ཅེས་པ་འདི་ཡང་མཚོ་སྙིང་དུ་ངེད་དཔོན་སློབ་འགའ་ཟླ་བ་ཁ་ཤས་ལ་ཕན་ཚུན་མ་འཕྲད་པར་སྒོམ་དང་དགེ་སྦྱོར་བྱེད་དུས་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །དད་ཅན་ཡོངས་ལ་ཐུགས་རྗེས་གཟིགས། །ཆགས་སྡང་རྩ་བ་ཕ་ཡུལ་ཡིན། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་སྤོངས། །སྡུག་བསྔལ་རྩ་བ་ཆུང་མ་ཡིན། །གཞོན་གྲོགས་བུ་མོ་རྒྱབ་ཏུ་སྤོངས། །འཆི་བའི་རྩ་བ་ནོར་རྫས་ཡིན། །ཟས་ནོར་ལོངས་སྤྱོད་རྒྱབ་ཏུ་སྤོངས། །མཚན་ལྡན་བླ་མ་དང་དུ་ལོངས། །རྒྱུན་དུ་དད་གུས་མོས་པས་སྟེན། །རི་ཁྲོད་དབེན་པ་དང་དུ་ལོངས། །རྒྱུན་དུ་ཕ་ཡུལ་བཞིན་དུ་ཟུངས། །བསྐྱེད་རྫོགས་གཉིས་པོ་དང་དུ་ལོངས། །རྒྱུན་དུ་ཟུང་འབྲེལ་བསྒོམ་པར་གྱིས། །ཆོས་དང་ཆོས་མིན་མ་ནོར་བར། །གྲུབ་ཐོབ་བར་མ་ཆད་ལ་ཉོན། །བཤད་དང་སྒྲུབ་པ་མ་ནོར་བར། །རང་གིས་བསྒྲུབས་པ་གཞན་ལ་ཤོད། །ཆོས་དང་རང་རྒྱུད་མ་ནོར་བར། །ཆོས་སེམས་གཉིས་ཀ་འདྲེས་པར་མཛོད། །རྒྱབ་རྟེན་མེད་ཀྱིས་དོགས་མི་བྱ། །དཀོན་མཆོག་གསུམ་པོ་རྒྱབ་རྟེན་བཟང་། །རྒས་ཁར་ལྟོགས་ཀྱིས་དོགས་མི་བྱ། །ཆོས་པ་ལྟོགས་ནས་ཤི་བ་མེད། །རྒྱལ་ཁམས་འཕྱ་ཡིས་དོགས་མི་བྱ། །གང་ལ་ཆགས་མེད་ཞེན་མེད་གྱིས། །དང་པོར་འཆི་བར་རབ་འཇིགས་ནས། །ཚེ་འདི་བློ་ཡིས་གཏོང་བ་དགོས། །བར་དུ་འཆི་དུས་དམ་པའི་

p. 712

ཆོས། །སྙིང་རིས་བསྐྱེད་ནས་བསྒོམ་པ་དགོས། །ཐ་མ་འཆི་དུས་བུ་ཕ་ཁྱིམ། །འགྲོ་བ་ལྟ་བུའི་གདེང་རྙེད་དགོས། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །རང་གཞན་ཡོངས་ལ་ཕན་ཕྱིར་སྨྲས། །ཐོས་ཚད་ཡོངས་ལ་ཕན་ཐོགས་ཤོག །དཔལ་ལྡན་བླ་མའི་ཞབས་ལ་འདུད། །འགྲོ་ཀུན་ཐུགས་རྗེའི་ལྕགས་ཀྱུས་དྲོངས། །ཆང་དང་བུད་མེད་ལ་དགའ་ན། །ཉེས་པའི་རྩ་བ་ཡིན་པས་སྤོངས། །ལས་དང་བྱ་བ་ལ་དགའ་ན། །གཡེང་བའི་རྩ་བ་ཡིན་པས་སྤོངས། །ནོར་དང་རྟ་ལུག་མང་དྲགས་ན། །སྡིག་པའི་རྩ་བ་ཡིན་པས་སྤོངས། །ཕྱོགས་བཅུར་རྒྱུག་པའི་རྣམ་རྟོག་གིས། །འགྱུ་བ་ཆོད་ན་སྒོམ་པའི་མཆོག །འཁོར་བ་མི་རྟག་སྡུག་བསྔལ་དུ། །ཤེས་ན་འདུ་ཤེས་རྣམས་ཀྱི་མཆོག །ཐོས་བསམ་སྒོམ་གསུམ་ཡར་ངོ་ཡི། །ཟླ་ལྟར་འཕེལ་ན་རྙེད་པའི་མཆོག །བློ་བརྟན་གསང་བའི་གྲོས་ཐུབ་ཅིང་། །བློ་རྒྱ་ཆེ་ན་གྲོགས་ཀྱི་མཆོག །དམ་ཚིག་མི་བསྲུང་གསང་སྔགས་ཆོས། །འཆལ་བར་སྤྱོད་ན་སྔགས་པ་མིན། །འདུལ་ཁྲིམས་ཚུལ་བཞིན་མི་བསྲུང་དང་། །ཆོས་སྤྱོད་མེད་ན་བཙུན་པ་མིན། །ནོར་རྫས་འཛིན་པ་ཤིན་ཏུ་ཆེ། །ཆོས་བཞིན་མི་བྱེད་བླ་མ་མིན། །ཁ་ནས་ཆོས་བཤད་མང་བྱས་ཀྱང་། །སྡིག་ལ་མི་འཛེམ་ཆོས་པ་མིན། །གཟུང་འཛིན་གཉིས་ནི་མ་སྤངས་པར། །ལྟ་ཁམས་ཆེ་ན་ཁོ་ལྟར་གོལ། །ཉོན་མོངས་མ་སྤངས་སྒོམ་བྱས་ཀྱང་།། མིང་གི་སྒོམ་ཆེན་ཉིད་དུ་གོལ། །ཕྱོགས་རིས་མ་སྤངས་རྣལ་འབྱོར་པ། །བྱས་ཀྱང་ཚུལ་འཆོས་ཉིད་དུ་གོལ། །བྱ་བ་མ་སྤངས་ཕ་ཡུལ་

p. 713

ལས། །ཐོན་ཡང་ཐ་མལ་ཉིད་དུ་གོལ། །ཆོས་རང་མི་བྱེད་གཞན་བཤད་པ། །མི་ནག་གཏམ་རྒྱུད་བཤད་པ་འདྲ། གསང་སྔགས་ཟོང་དུ་འཚོལ་བ་དེ། །དུག་དང་བདུད་རྩི་བརྗེ་བ་འདྲ། །མན་ངག་ཡོད་བཞིན་མི་བསྒོམ་པ། །རིན་ཆེན་ཐོགས་ནས་སྤངས་དང་འདྲ། །ལྷ་ཆོས་བོར་ནས་ཚོང་བྱེད་པ། །སྐམ་སར་མི་འདུག་འདམ་བྱིང་འདྲ། །འཇིག་རྟེན་འདི་ལ་ཞེན་ཆེ་བས། །འཆི་བར་འཇིགས་ཞེས་ཟེར་བ་རྫུན། །ལས་འབྲས་ཁྱད་བསད་ཆོས་སྤྱོད་བཅད། །སྟོང་ཉིད་སྒོམ་པ་སྐད་ཟེར་རྫུན། །ནོར་རྫས་གསོག་འཇོག་ཆེ་བའི་མིས། །ཆགས་མེད་ཞེན་མེད་ཡིན་ཟེར་རྫུན། །ངན་སོང་གསུམ་ལ་མི་འཇིགས་པར། །དམ་ཆོས་བྱེད་པ་སྐད་ཟེར་རྫུན། །འདི་ཡང་ཚོགས་དྲུག་རང་གྲོལ་སྨྲས། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཕ་རྒན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཅི་བསམ་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །བྲེ་སྲང་འཇོལ་ལེན་བྱེད་པའི་རྩིས་ལྟར་དུ། །དང་པོ་མ་ནོར་ཆོས་བཤད་ཚིག་འཛིན་དགོས། །གྲོགས་པོ་ཡིད་འཐད་གཉིས་ནི་འཚོགས་པ་ལྟར། །བར་དུ་ཆོས་ཀྱི་དོན་ལ་བསམ་པ་དགོས། །རྨ་བྱས་མདོངས་ལ་སེམས་ནི་འཛིན་པ་ལྟར། །ཐ་མ་ཡེངས་པ་མེད་པར་བསྒོམ་པ་དགོས། །རྒྱལ་བུ་རྒྱལ་སར་བཏོན་པ་ཇི་བཞིན་དུ། །རང་སེམས་ཆོས་སྐུའི་རྒྱལ་ས་ཟིན་པ་དགོས། །ཉི་མས་གླིང་བཞིའི་མུན་པ་སེལ་བ་ལྟར། །འགྲོ་དོན་ཕྱོགས་རིས་མེད་པར་བྱེད་པ་དགོས། །འདི་ཡང་བྱ་བཏང་

p. 714

ཚོགས་དྲུག་རང་གྲོལ་སྨྲས། །ཐོས་ཚད་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག །བླ་མ་དམ་པའི་ཞབས་ལ་འདུད། །མོས་པའི་བུ་ལ་བྱིན་གྱིས་རློབས། །དཔེར་ན་གསེར་དངུལ་ཟངས་རྣམས་ནི། །སྲ་ཞིང་མཁྲེགས་པ་འཇུ་དཀའ་བ། །སོལ་བའི་མེ་ཡིས་བསྲེགས་ཏེ་བཞུས། །ལྷ་སྐུ་བཟོས་པས་ཐམས་ཅད་ཀྱིས། །མཆོད་ཅིང་བཀུར་སྟི་བྱེད་པ་བཞིན། །དད་པ་ཅན་གྱིས་ཕུལ་བ་ཡི། །ནོར་རྫས་ཤིན་ཏུ་འཇུ་དཀའ་བ། །བླངས་ནས་དཀོན་མཆོག་མཆོད་པ་དང་། །སྦྱིན་གཏོང་དགེ་སྦྱོར་བྱས་གྱུར་ན། །སྦྱིན་བདག་ཚོགས་རྫོགས་བསོད་ནམས་འཕེལ། །རང་གིས་དམ་པའི་ཆོས་བསྒྲུབ་པའི། །མཐུན་རྐྱེན་ཉིད་དུ་འགྲོ་བ་ཡིན། །དུག་ཆུ་ཁོལ་མ་མ་འཐུངས་རབ། །གལ་ཏེ་འཐུངས་ན་སྨན་སྔགས་སོགས། །མེད་ན་རང་སྲོག་འཕྲོག་པ་བཞིན། །དད་ཟས་དཀོར་ཟས་མ་ཟོས་རབ། །ཟ་ན་བཟླས་བརྗོད་སོགས་མེད་ན། །ཚེ་འདིར་མནར་གཅོད་སྡུག་བསྔལ་ཆེ། །ཕྱི་མར་ཡི་དྭགས་གནས་སུ་སྐྱེ། །དེ་ཕྱིར་དད་ཟས་གཤིན་ཟས་རྣམས། །རིག་ན་ཁོང་འཛུམ་མང་བོ་བྱས། །ཧེབ་ཀྱིས་ཟ་བའི་བན་རྒན་ཁྱོད། །ཟ་རེ་ཟེ་རེ་བསམ་བློ་ཐོངས། །དུག་དེ་བདུད་རྩི་བཞིན་གསོལ་བ། །ཁྱོད་ཀྱི་སྙིང་ལ་ཅི་ཞིག་ཞུགས། །རྫས་སྔགས་སྨན་སོགས་ཡོད་གྱུར་ན། །དུག་ཟོས་ན་ཡང་མི་གནོད་བཞིན། །ཚུལ་ཁྲིམས་རྣམ་པར་དག་པ་སྲུངས། །ཤི་ཆོག་ལ་སོགས་དག་པར་བཏོན། །ཡུལ་ནས་དཀོར་སྦྱོང་ཁ་ཏོན་བྱོས། །དད་ཟས་གཤིན་ཟས་གང་བྱུང་རྣམས། །ཆ་གསུམ་བྱས་ནས་ཆ་གཅིག་གིས། །བླ་མ་དཀོན་མཆོག་གསུམ་པོ་མཆོད། །ཆ་གཅིག་

p. 715

དབུལ་བོར་སྦྱིན་པ་བཏང་། །ཆ་གཅིག་རང་གི་ལྟོ་གོས་གཉིས། །བྱས་ན་འཕྲལ་ཕུགས་བདེ་བར་འགྱུར། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །བན་རྒན་རང་ཕ་ཕན་ཕྱིར་སྨྲས། །བདག་དང་བདག་འདྲའི་དཀོར་ཟན་རྣམས། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །དཔེ་ནོར་བུར་གསོལ་བ་བཏབ་པའི་ཚེ། །གང་འདོད་པའི་རེ་བ་སྐོང་བ་བཞིན། །རྗེ་མཚན་ལྡན་བླ་མར་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ། །དཔེ་མ་ལ་ཡ་ཡི་ཙན་དན་གྱི། །དྲི་རླུང་གིས་ཕྱོགས་བཅུར་རྒྱས་བྱེད་བཞིན། །དུས་རྟག་ཏུ་དམ་པའི་ཡོན་ཏན་ནི། །ཁོང་སྐྱེས་བུ་དམ་པས་གཞན་ལ་སྒྲོག །དཔེ་ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །དེའི་ཡུལ་ཕྱོགས་དགེ་ལེགས་བཀྲ་ཤིས་བཞིན། །ཁོང་དམ་པ་དཔོན་དུ་བསྐོས་གྱུར་ན། །གང་བསམ་དོན་འགྲུབ་ཅིང་བདེ་སྐྱིད་ཐོབ། །དཔེ་རིམས་ཀྱིས་བཏབ་པའི་སྐྱེ་བོ་འགས། །ཡར་གངས་ཆུ་ཡིད་ལ་བྱེད་པ་བཞིན། །རྒྱལ་ངན་པས་སྡུག་ལ་གཏད་པའི་ཚེ། །སྔོན་ཆོས་རྒྱལ་ལྷག་པར་དྲན་པར་འགྱུར། །དཔེ་ཞོ་ལ་རྡུལ་ཕྲན་འབྱར་བ་སེལ། །ཆང་སྦྲང་མའི་སྟེང་དུ་ཕབ་འདེབས་བཞིན། །ཁོང་དམ་པས་སྡིག་པ་ཆུང་ཡང་སྤང་། །དམན་སྐྱེ་བོས་སྡིག་ཆེན་ཡིན་ཡང་བྱེད། །དཔེ་མེ་ཡི་ཁ་དེ་ཐུར་བསྟན་ཀྱང་། །མེ་ལྕེ་ནི་གྱེན་དུ་འབར་བ་བཞིན། །ཁོང་སྐྱེས་བུ་དམ་པ་རྒུད་གྱུར་ཀྱང་། །ཡ་རབས་ཀྱི་སྤྱོད་པ་འདོར་མི་འགྱུར། །དཔེ་ཉི་མ་མཁའ་ལ་གནས་ན་ཡང་། །སའི་མེ་ཏོག་པདྨ་སྐྱོང་བ་བཞིན། །ཁོང་དམ་པ་རྒྱང་ན་

p. 716

གནས་ན་ཡང་། །འཁོར་ཉེ་དུ་རྣམས་ལ་ཕན་པར་འགྱུར། །དཔེ་སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་གྱིས་ཕྱོགས་ཀུན་ཁྱབ་པ་བཞིན། །ཁོང་དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། །ཕྱི་འཇིག་རྟེན་ཀུན་ལ་ཁྱབ་པར་གསལ། །དཔེ་མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན། །གཙུག་ནོར་བུ་གང་དུའང་མཆོད་པ་བཞིན། །རང་ཡུལ་ན་རྒྱལ་པོ་ཆེ་བ་ཙམ། །ཁོང་དམ་པ་གང་དུ་ཕྱིན་ཀྱང་བཀུར། །དཔེ་ཞིང་ལ་ས་བོན་ཁྱད་མེད་ཀྱང་། །སྟོན་ལོ་ཏོག་ཁྱད་པར་ཆེ་བ་བཞིན། །ཁོང་དམ་པ་རྣམས་དང་ཕལ་བ་ལ། །ཕར་བྱས་པ་མཉམ་ཡང་དྲིན་མི་འདྲ། །དཔེ་ཙན་དན་དྲི་ལ་སྐྱེ་བོ་དགའ། །མེས་ཚིག་ལ་མི་དགའ་འགྱོད་པ་བཞིན། །མི་གཞན་ཕན་ཅན་དེ་བདེ་ན་དགའ། །རྐྱེན་ངན་བྱུང་ཀུན་གྱི་བློ་མི་བདེ། །དཔེ་ཟླ་བ་རེ་ཞིག་གཟས་ཟིན་ཀྱང་། །དེ་ཡུན་རིང་མ་འགོར་གྲོལ་བ་བཞིན། །མི་ཆེན་པོ་རེ་ཞིག་རྒུད་ན་ཡང་། །དེ་སེམས་སྡུག་མི་དགོས་སྔར་བཞིན་དར། །དཔེ་སེང་གེ་དཀར་མོ་བཀྲེས་ན་ཡང་། །དམན་མི་གཙང་ངན་སྐྱུག་མི་ཟ་བཞིན། །ཁོང་དམ་པ་ཇི་ལྟར་རྒུད་གྱུར་ཀྱང་། །སྡིག་དག་དང་འདྲེས་པའི་ཟས་མི་ཟ། །དཔེ་རིན་ཆེན་གསེར་ནི་བསྲེགས་བཅད་ཀྱང་། །དེ་ཁ་དོག་ཉམས་པར་མི་འགྱུར་བཞིན། །ཁོང་དམ་པ་སྲོག་ལ་བབ་ན་ཡང་། །དེས་རང་བཞིན་བཟང་བོ་ག་ལ་འདོར། །དཔེ་ཅེ་སྤྱང་དྲེགས་པས་སྐད་འབྱིན་ཡང་། །གངས་དར་སེང་སྙིང་རྗེ་སྐྱེ་བ་བཞིན། །ཁོང་སྐྱེས་མཆོག་རྣམས་ལ་དམན་པ་ཡིས། །ཚུར་ཁྲོས་ཀྱང་ལན་དུ་ཁྲོ་བ་མིན། །དཔེ་གསེར་ལ་བསླད་ནི་ཡོད་མེད་བལྟ། །མགལ་དུམ་ལ་སུ་ཡིས་མི་དཔྱོད་བཞིན། །ཁོང་མི་ཆེན་

p. 717

རྣམས་ལ་སྐྱེ་བོ་ཡིས། །སྐྱོན་ཨེ་ཡོད་འཚོལ་གྱིས་དམན་ལ་མིན། །དཔེ་རྟ་ལ་རྒྱུན་དུ་བྱས་པ་དེ། །རྟའི་བདག་པོ་ཉིད་ལ་མཛེས་པ་བཞིན། །འཁོར་རྣམས་ལ་ཕུན་སུམ་ཚོགས་གྱུར་ན། །དེ་རྗེ་དཔོན་ཆེ་བ་ཡིན་པས་བཟང་། །དཔེ་དུང་དཀར་གཡས་འཁྱིལ་བུས་པའི་སྒྲ། །གང་ཐོས་ཚད་དགེ་ལེགས་བཀྲ་ཤིས་བཞིན། །གླུ་འདི་ཉིད་རྣ་བས་ཐོས་ཚད་པོ། །ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པོའོ།། །དཔེ་ཡིད་བཞིན་ནོར་བུར་གསོལ་བཏབ་ན། །རང་ཅི་འདོད་དངོས་གྲུབ་སྩོལ་བ་བཞིན། །རྗེ་དྲིན་ཅན་བླ་མར་གསོལ་བ་འདེབས། །མཆོག་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ། །དཔེ་སློབ་ཤེས་མི་ཡིས་ནེ་ཙོ་ལ། །ཆོས་བསླབས་ན་འདོན་པ་ཤེས་པ་བཞིན། །ཁོང་བློ་གྲོས་ལྡན་པས་ལེགས་བསྐྱངས་ན། །དམན་སྐྱེ་བོ་ཡིན་ཡང་མཆོག་ཏུ་འགྱུར། །དཔེ་ཆུ་ཡི་ཐིགས་པ་ཉམ་ཆུང་ཡང་། །མཚོ་ཆེན་པོར་འདྲེས་ན་མི་སྐམ་བཞིན། །ཉམ་སྟོབས་ཆུངསྐྱེ་བོ་ཡིན་ན་ཡང་། །གཞན་ཆེན་པོར་བརྟེན་ན་རྟག་ཏུ་བདེ། །དཔེ་ལག་པས་དགྲ་བོ་མི་སོད་ན། །གཞན་མཚོན་ཆ་ལག་ཏུ་ལེན་པ་བཞིན། །མི་རང་ལ་བློ་གྲོས་མི་ལྡན་ན། །གཞན་བློ་ཆེན་རྣམས་ལ་ལེགས་པར་དྲིས། །དཔེ་དུག་ཆེན་ལུས་ལ་གནོད་མོད་ཀྱང་། །དེའི་སྦྱོར་བ་ཤེས་ན་སྨན་འགྱུར་བཞིན། །ཚུར་གནོད་པ་བྱེད་པའི་དགྲ་བོ་ཡང་། །ཐབས་ལྡན་ན་རང་གི་གྲོགས་སུ་འགྱུར། །དཔེ་ཁྲོན་པའི་ཆུ་ནི་འཕེལ་འདོད་ན། །

p. 718

དེ་བཅུས་ན་ཆེས་ཆེར་འཕེལ་བ་བཞིན། །མི་མཁས་པས་ལོངས་སྤྱོད་གསོག་འདོད་ན། །ཆ་ཁ་ཤས་སྦྱིན་དང་བསྲུངས་ན་འཕེལ། །དཔེ་ཆུ་ལ་ཤིང་རྟས་མི་བགྲོད་ཅིང་། །ཐང་རྣམས་ལ་གྲུ་ཡིས་མི་སྒྲོལ་བཞིན། །གཞན་གང་ནུས་བྱ་བ་བྱེད་དུ་འཇུག །ལས་མི་ནུས་པ་ལ་སྦྱར་མི་བྱ། །དཔེ་ཤིན་ཏུ་ཚ་བའི་ཆུ་ཉིད་ཀྱང་། །མེར་འཕྲད་ན་མེ་དེ་གསོད་པ་བཞིན། །ཡུན་རིང་བོར་འཁོན་པའི་དགྲ་བོ་དང་། །རང་མཛའ་བ་བྱེད་ཀྱང་བསྲེ་མི་རུང་། །དཔེ་མིག་ལྡན་བརྟགས་ནས་འགྲོ་བ་ལ། །གཡང་ཆེ་སར་གོམ་པ་མི་འདོར་བཞིན། །བློས་ལེགས་པར་བརྟགས་ནས་བྱེད་པ་ལ། །རང་བྱ་བ་ཉམས་པ་ག་ལ་སྲིད། །དཔེ་བྱད་ལ་བྱི་དོར་བྱེད་པ་ཡིས། །སྔོན་མེ་ལོང་ངོ་དེ་ཕྱི་བ་བཞིན། །རང་མཐོ་བར་འདོད་པའི་སྐྱེ་བོ་ཡིས། །སྔོན་གཞན་ལ་ཕན་པ་འབའ་ཞིག་གྱིས། །དཔེ་བྱི་ལ་ཞི་ཞིང་དུལ་ན་ཡང་། །གཞན་ཕ་རོལ་གསོད་ལ་བརྩོན་པ་ལྟར། །དགྲས་ཚུར་ལ་སྙན་པར་སྨྲས་ན་ཡང་། །མི་བློ་ལྡན་ཡིད་བརྟན་བྱར་མི་རུང་། །དཔེ་ལྕགས་ཀྱུའི་སྣེ་མོའི་ཤར་ཆགས་པའི། །ཉ་རྣམས་ནི་བཟུང་ནས་གསོད་པ་བཞིན། །མི་ཧ་ཅང་འདོད་ལ་ཆགས་པ་དེ། །ཡུན་མི་རིང་མྱུར་དུ་རང་ཉིད་བརླག །དཔེ་སྦྲུལ་ལ་ནོར་བུ་ཡོད་ན་ཡང་། །མི་བསམ་ཤེས་དྲུང་དུ་མི་སྡོད་བཞིན། །ཁོང་རྗེ་དཔོན་ཞི་བ་དུལ་བ་དགོས། །དོན་རྒྱུ་མཚན་ཆུང་ངུར་ཁྲོ་མི་རུང་། །དཔེ་སྤྲེའུས་ཟློས་གར་མ་བྱས་ན། །སྐེར་ཐག་པས་བཏགས་ནས་མི་འཁྲིད་བཞིན། །རང་སྤྱོད་ངན་འབད་པས་སྦ་བར་བྱ། །མི་ཕལ་ཆེར་གསལ་བོར་བསྟན་པས་ཉམས། །དཔེ་ཁྱི་ཕག་མི་གཙང་ཟ་

p. 719

བ་ལ། །མི་རྣམས་ཀྱིས་ཡིད་སྨོན་མི་བྱེད་བཞིན། །མི་གཞན་གྱིས་བརྙས་པར་འགྱུར་བ་ཡི། །ནོར་ཟས་གོས་རྣམས་ཀྱིས་ཅི་ཞིག་བྱ། །དཔེ་རང་གི་ལུས་ལ་ཕན་འདོད་རྣམས། །གཏར་སྲེག་གིས་ནད་རྣམས་འདོན་པ་བཞིན། །གཞན་མི་བསྲུན་འགྲོ་ལ་བྱམས་སྟོབས་བསྐྱེད། །དེ་རྩུབ་སྤྱོད་ཁོ་ནས་འདུལ་བར་བྱ། །དཔེ་གླང་བོས་དགྲ་སྡེ་བཅོམ་པ་ཡིས། །དུས་རྒྱུན་དུ་རྒྱལ་པོས་བཅིབས་པ་བཞིན། །ཁོང་མཁས་པས་བྱ་བ་མ་ཡིན་པ། །བྱ་ཤེས་ཀྱང་ནམ་ཡང་མི་བྱའོ། །དཔེ་ཤེལ་ལ་མེ་རྡོ་བྱེད་པ་ཡི། །ཡུལ་དེ་ལ་ཤེལ་རྡོ་མི་ཉོ་བཞིན། །ཁོང་ཡོན་ཏན་ལྡན་པ་མི་བཀུར་བའི། །གནས་དེ་རུ་མཁས་པ་སུ་ཞིག་སྡོད། །དཔེ་ནོར་བུ་སྤྱི་གཙུག་རྒྱུན་བྱེད་དམ། །ཡང་ན་ནི་རྒྱ་མཚོའི་གླིང་གནས་བཞིན། །ཁོང་མཁས་པས་གཞན་ལ་བཤད་པ་འམ། །ཡང་ན་ནི་ཞི་བའི་གནས་སུ་གནས། །དཔེ་ལྷུན་པོའི་ངོས་ལ་གནས་བཅས་པའི། །བྱའི་ཁ་དོག་གསེར་དུ་སྣང་བ་བཞིན། །མི་རང་ལས་མཐོ་བའི་དམ་པ་ལ། །བརྟེན་བཅས་ན་རང་ལ་ཕན་པ་འབྱུང་། །དཔེ་ཉི་མའི་འོད་ལ་ཉེ་བ་ཡི། །ཟླ་བ་ནི་མར་ངོར་འགྱུར་བ་བཞིན། །མི་ཆེན་པོ་ཕྲག་དོག་ལྡན་པ་ལ། །བརྟེན་ན་ཡང་ཆེན་པོ་ཐོབ་མི་འགྱུར། །དཔེ་རྟག་ཏུ་འགུལ་བའི་ཁ་ཡི་སོ། །དེ་བཏོན་ན་བདེ་ཞེས་རྒན་སྨྲ་བཞིན། །མི་བསྲུན་པའི་སྐྱེ་བོ་རང་མཉམ་དུ། །ཡུན་རིང་དུ་འགྲོགས་ཀྱང་སྤངས་ན་བདེ། །དཔེ་ནགས་ཚལ་ཆེན་པོ་མེས་བསྲེགས་ན། །གྲོགས་

p. 720

རླུང་ཞིག་ཅི་ནས་དགོས་པ་བཞིན། །རང་བྱ་བ་ཆེན་པོ་སྒྲུབ་པའི་ཚེ། །གཞན་གྲོགས་བཟང་བསྟེན་ན་མྱུར་དུ་འགྲུབ། །དཔེ་དུང་དཀར་གཡས་འཁྱིལ་བུས་པའི་སྒྲ། །གང་ཐོས་ཚད་དགེ་ལེགས་བཀྲ་ཤིས་བཞིན། །གླུ་འདི་ཉིད་རྣ་བས་ཐོས་ཚད་པོ། །ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔེ་ཡིད་བཞིན་ནོར་བུར་གསོལ་བཏབ་ན། །རང་གང་འདོད་རེ་བ་སྐོང་བ་བཞིན། །རྗེ་མཚན་ལྡན་བླ་མར་གསོལ་བ་འདེབས། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །དཔེ་བུམ་པ་ཆུ་ཡིས་གང་བའམ། །ཡང་ན་ནི་སྟོང་བ་བསྐུར་སླ་བཞིན།། ཁོང་ཡོན་ཏན་ཀུན་ལྡན་སྐྱེ་བོའམ། །ཡང་ན་ནི་ཐ་མལ་འགྲོགས་ན་བདེ། །དཔེ་ཆུས་ཕྱེད་གང་བའི་བུམ་པ་དེ། །མགོ་ཐོག་ཏུ་ཁུར་བར་མི་ནུས་བཞིན། །ཡོན་ཏན་ནི་ཅུང་ཟད་བསླབས་པའི་མི། །དེ་སུ་ཞིག་གིས་ནི་འཁུར་བར་བྱེད། །དཔེ་མར་མེ་ཐུར་དུ་ཁ་བསྟན་ན། །གང་སྟོན་མཁན་ལག་པ་འཚིག་པ་བཞིན། །ཁོང་སྐྱེ་བོ་བློ་ལྡན་མགོ་སྨད་ན། །གང་སྨོད་བྱེད་ཉིད་ལ་ཉེས་པ་ཕོག །དཔེ་མཁའ་ལ་མི་གཙང་གཏོར་གྱུར་ན། །དེ་འཐོར་མཁན་སྤྱི་བོར་འབབ་པ་བཞིན། །དམའ་སྐྱེ་བོ་ཧ་ཅང་བསྟོད་དྲགས་ན། །ཕྱིས་བསྟོད་མཁན་དེ་ཉིད་ཁྱད་དུ་གསོད། །དཔེ་ཡིད་བཞིན་ནོར་བུ་མཆོད་བྱས་ན། །བཀྲ་ཤིས་ཤིང་བྱ་བ་འགྲུབ་པ་བཞིན། །ཁོང་སྐྱེས་བུ་དམ་པ་མཆོད་གྱུར་ན། །བཀྲ་ཤིས་ཤིང་ཡིད་ལ་ཅི་བསམ་འགྲུབ། །དཔེ་སྒོག་སྐྱ་རླུང་ལ་

p. 721

ཕན་མོད་ཀྱང་། །དེ་མཁྲིས་པའི་ནད་ལ་དུག་འགྱུར་བཞིན། །གཞན་སྐྱེ་བོ་འགའ་ལ་ཕན་ན་ཡང་། །ལས་ལ་ལ་དེ་ལ་འཇུག་མི་རུང་། །དཔེ་ཡུར་བའི་ཆུ་ལ་བརྟེན་པ་ཡི། །ཉ་རྣམས་ནི་ཞིང་ལ་འགྲེམ་པ་བཞིན། །མི་ངན་པ་རྣམས་ལ་བརྟེན་བཅས་ན། །དེ་ངན་པའི་ཤུགས་ཀྱིས་རང་ལ་གནོད། །དཔེ་ཞུན་མར་སྣོད་དུ་བཞག་གྱུར་ན། །སྣོད་དེ་ལ་བྱི་བས་རྨུགས་པ་བཞིན། །མི་ཉམ་ཆུང་རྟག་ཏུ་སྐྱོང་དགོས་དང་། །འགྲོགས་འགྲོགས་ན་ཆེན་པོ་ཉམས་དོགས་ཡོད། །དཔེ་ཆུ་ཡིས་རབ་ཏུ་གང་བ་ཡི། །རྫིང་ཕྱོགས་གཞན་གཅིག་ནས་རལ་བ་བཞིན། །ནོར་ལོངས་སྤྱོད་ཧ་ཅང་འཕེལ་དྲགས་ན། །ཡུན་མི་རིང་རྒུད་པ་ཤིན་ཏུ་ཉེ། །དཔེ་ཁྱིམ་དུ་ལྟས་ངན་བྱུང་གྱུར་ན། །དཔོན་བོས་ནས་བཟློག་པ་བྱེད་པ་བཞིན། །མི་གཞུང་ངན་རང་ལ་བརྟེན་བཅའ་ན། །ནོར་ཅུང་ཟད་བྱིན་ཏེ་ཕྱིར་ལ་ཐོངས། །དཔེ་སྦྲུལ་གྱིས་ཟིན་པའི་སོར་མོ་དེ། །གཅོད་ནུས་ན་ལུས་ཀུན་བདེ་བ་བཞིན། །དུས་རྒྱུན་དུ་ཁེངས་ཤིང་འཁོར་བའི་མི། །འབྲེལ་ཅུང་ཟད་བྱིན་ནས་བསྐྲད་ན་བཟང་། །དཔེ་ཡན་ལག་བརྒྱད་ལྡན་ཆུ་བསྐྱུར་ནས། །འགྲམ་བ་ཚཱའི་ཁྲོན་པ་བརྐོ་བ་བཞིན། །མགོན་སངས་རྒྱས་བསྟན་པ་ཡོད་བཞིན་དུ། །གཞན་བསྟན་ལ་གུས་པས་འཇུག་མི་བྱ། །དཔེ་གཏར་སྲེག་གིས་ནི་ནད་འདོན་པ། །ཁོང་སྨན་པ་མཁས་པའི་གཞུང་ལུགས་བཞིན། །འཕྲལ་ཅུང་ཟད་ཙམ་ཞིག་སྡུག་ན་ཡང་། །དུས་རྒྱུན་དུ་བདེ་བ་མཁས་པས་བསྟེན། །དཔེ་སྦྲང་མས་སྦྲང་རྩི་ཉིན་རེ་ལ། །ཅུང་

p. 722

ཟད་རེ་བསགས་པས་ཆེར་འགྱུར་བཞིན། །རང་དགོས་པའི་བསྟན་བཅོས་ཉིན་རེ་ལ། །ཚིག་རེ་རེ་བཟུང་ཡང་མཁས་པར་འགྱུར། །དཔེ་དུང་དཀར་གཡས་འཁྱིལ་བུས་པའི་སྒྲ། །གང་ཐོས་ཚད་དགེ་ལེགས་བཀྲ་ཤིས་བཞིན། །གླུ་འདི་ཉིད་རྣ་བས་ཐོས་ཚད་པོ། །ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔེ་གླིང་བཞིར་མུན་པ་འཐིབས་པ་རྣམས། །སྟེང་འོད་གསལ་ཉི་མས་སེལ་བ་བཞིན། །མ་འགྲོ་བའི་རྒྱུད་ཀྱི་མ་རིག་པ། །གསུང་ཆོས་ཀྱིས་སེལ་མཛད་བླ་མར་འདུད། །དཔེ་འབབ་ཆུ་ཡར་ལ་བསྐྱིལ་ན་ཡང་། །དེ་ལྷག་པར་ཐུར་དུ་འབབ་པ་བཞིན། །དམན་སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་། །སྔར་བས་ཀྱང་སྤྱོད་པ་ངན་པར་འགྱུར། །དཔེ་ཤེལ་ལ་ནོར་བུས་ཁ་བསྒྱུར་ཀྱང་། །ཆུར་འཕྲད་ན་རང་མདོག་སྟོན་པ་བཞིན། །དམན་སྐྱེ་བོ་སྤྱོད་པ་བཟང་བྱུང་ཡང་། །དེ་བཅོས་མ་ཡིན་པས་རྐྱེན་མི་ཐུབ། །དཔེ་སྲིན་བུའི་ཁ་ཆུ་དར་སྐུད་དུ། །འགྲོ་མཁས་ནས་བྱུང་བ་མ་ཡིན་བཞིན། །མི་བླུན་པོས་བྱ་བ་ལེགས་འགྲུབ་ཀྱང་། །དེ་སྟེས་དབང་ཡིན་གྱིས་བསྒྲུབས་པས་མིན། །དཔེ་ཞིང་བས་ལོ་ཟླར་འབད་པའི་ཞིང་། །དེ་སེར་བས་སྐད་ཅིག་བཅོམ་པ་བཞིན། །ཁོང་ཆེན་པོས་འབད་པས་བསྒྲུབས་པའི་གྲོས། །མི་ངན་པས་སྐད་ཅིག་ཉིད་ལ་འཇོམས། །དཔེ་ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་མ་གཞན་ལ་ཕྱི་བ་བཞིན། །མི་ངན་པ་ཕལ་ཆེར་རང་གིས་སྤྱོད། །གང་བྱས་པ་གཞན་ལ་འགོད་པར་བྱེད། །དཔེ་མིག་མེད་གཞན་དུ་མངགས་པ་ན། །

p. 723

དོན་མི་འགྲུབ་གཡང་ལ་ལྟུང་བ་བཞིན། །མི་བླུན་པོ་བྱ་བ་ལ་སྦྱར་ན། །དོན་དེ་ཉམས་རང་ཡང་ཉམས་པ་མང་། །དཔེ་གདོན་གྱིས་བཏབ་པའི་སྐྱེ་བོ་འགའ། །སྡུག་སྤོང་ཕྱིར་རང་ཉིད་ལྕེབ་པ་བཞིན། །མི་རྨོངས་པ་བདེ་བ་འདོད་བཞིན་དུ། །རྒྱུ་སྡུག་བསྔལ་འབའ་ཞིག་སྒྲུབ་པར་བྱེད། །དཔེ་ནགས་ཀྱི་ཤིང་དྲང་རྩད་ནས་གཅོད། །མདའ་དྲང་བོས་ཕ་རོལ་གསོད་པ་བཞིན། །མི་བློ་ངན་དྲང་བོས་རང་ཉིད་བརླག །ལ་ལ་ཡིས་ཕ་རོལ་གཞན་ལ་གནོད། །དཔེ་ཁྱི་ཡིས་གཞན་ལ་འཛིན་པའི་ཚེ། །སྔོན་ཀུ་ཅོ་མང་བོ་སྒྲོག་པ་བཞིན། །མི་བློ་ཆུང་སེམས་ལ་འཁོན་འཛིན་ཅན། །ཕར་གནོད་པ་བས་ཀྱང་རྣམ་འགྱུར་སྔ། །དཔེ་གངས་ཀྱི་ཡུལ་དུ་རྒྱུན་སྐྱེས་པའི། །ལོ་ཏོག་ནི་ལྟས་ངན་ཞེས་སྒྲོག་བཞིན། །མི་ཡོན་ཏན་མེད་པའི་སྐྱེ་བོ་འགས། །ཁོང་ཡོན་ཏན་ཅན་ལ་ལྷག་པར་སྡང་། །དཔེ་ལྦ་བ་མེད་ན་གླིང་ཕྲན་འགར། །ཡན་ལག་ཅིག་ཉམས་པའི་སྐྱོན་བྱེད་བཞིན། །མི་ཡོན་ཏན་ལོག་པར་སྦྱངས་པ་ཡིས། །ཁོང་ལེགས་པར་སྦྱངས་པ་ཁྱད་དུ་གསོད། །དཔེ་རྐང་གཅིག་ཙུ་ཏའི་ཡུལ་ཕྱིན་ན། །མི་རྐང་གཉིས་མི་རུ་མི་བརྩི་བཞིན། །མི་ཆོ་ག་ཉམས་པར་བྱེད་པ་ཡིས། །གཞན་ཆོ་ག་ཚང་བར་བྱེད་ལ་བརྙས། །དཔེ་སྐྱེས་བུ་ཁྱི་ཡི་མགོ་ཅན་གྱིས། མི་བཞིན་བཟང་བུད་མེད་ཞེས་བརྙས་བཞིན། །མི་ཆོ་ག་ལོག་པར་བསྒྲུབ་པ་འགས། །ཁོང་ཡང་དག་ཆོ་ག་བྱེད་ལ་གཤེ །དཔེ་སྤྲེའུ་རྒན་རྣམས་ཀྱིས་མི་བཟུང་ནས། །

p. 724

མཇུག་མེད་ཅེས་བཞད་གད་བྱེད་པ་བཞིན། །མི་ལོག་འཚོའི་ཟས་ནོར་རྙེད་པ་ཡིས། །ཁོང་མཁས་པ་དབུལ་ཞེས་ཁྱད་དུ་གསོད། །དཔེ་རླུང་གིས་བདས་པའི་མ་ལི་ཀ །དྲི་ཞིམ་པ་ཕྱག་དར་ཁྲོད་ལྷུང་བཞིན། །སྔོན་ལས་ཀྱི་དབང་གིས་མཁས་པ་འགའ། །མི་བླུན་པོ་མང་བོའི་ནང་ན་གནས། །དཔེ་རྩི་རྐྱང་མང་བོ་བསྡམས་ན་ཡང་། །ཡར་ཁང་བའི་གདུང་མ་བཟོད་དཀའ་བཞིན། །མི་བློ་ཆུང་མང་དུ་འདུས་ན་ཡང་། །དེས་བྱ་བ་ཆེན་པོ་སྒྲུབ་མི་ནུས། །དཔེ་མཁའ་ལས་ཆར་བ་བབས་པ་ཡིས། །སའི་རྩིང་ཤིང་ཆེས་ཆེར་འཕེལ་བ་བཞིན། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །མ་འགྲོ་ཀུན་བདེ་སྐྱིད་ཆེར་འཕེལ་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔེ་འདོད་འཇོའི་བ་ཡི་འོ་མ་དེ། །ནམ་མཁོ་དུས་བཞོས་ནའང་འཛད་མེད་བཞིན། །རང་ནམ་འདོད་དུས་སུ་ཆོས་ཞུས་ཀྱང་། །ཐུགས་སྐྱོ་མེད་ཆོས་སྟོན་བླ་མར་འདུད། །དཔེ་གླང་ཆེན་སྟོབས་ལྡན་ཁྱུར་ལོངས་པ། །བློ་ལྡན་གྱི་རི་བོང་གིས་བཏུལ་བཞིན། །ཤེས་རབ་ནི་མེད་པའི་བླུན་པོ་རྣམས། །མང་ན་ཡང་དགྲ་ཡི་དབང་དུ་འགྲོ། །དཔེ་འདོད་འཇོའི་བ་ཡི་འོ་མ་ནི། །བེའུ་ཡིས་འཐུང་བ་རེ་འགའ་བཞིན། །མི་ཤེས་རབ་མེད་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེ་བ་རང་ལ་ཕན་པ་ཉུང་། །དཔེ་ཉི་མ་ཤིན་ཏུ་འོད་གསལ་བ། །དེར་འབྱུང་བོའི་བྱ་རྣམས་འབྲོས་པ་བཞིན། །མི་བླུན་པོ་རྣམས་ཀྱིས་མཁས་པ་ཡང་།།ཡར་མཆོད་པར་འགྱུར་བའི་ངེས་པ་མེད། །དཔེ་ཆུ་ཡི་ཁ་རུ་གསེར་བཞག་ན། །དེ་སྟེང་དུ་མི་ཐེག་

p. 725

གཏིང་གནས་བཞིན། །མི་ངན་པ་མང་བོ་འཚོགས་ནང་དུ། །གཞན་ཡོན་ཏན་ལྡན་ཡང་ག་ལ་འཁུར། །དཔེ་རྒུན་འབྲུམ་སྨིན་པ་ཟ་བའི་ཚེ། །ཁར་མཆུ་ནད་རྒྱུན་དུ་འབྱུང་བ་བཞིན། །ནོར་ལོངས་སྤྱོད་འཛོམས་ཀྱང་དགྲ་འདྲེ་ལྡང་། །དེ་ཐམས་ཅད་སྤྱོད་པའི་རང་དབང་མེད། །དཔེ་བྱ་རོག་གིས་བཟུང་རུས་སྦལ་ནི། །སར་མར་ལ་ལྷུང་ཞེས་གྲགས་པ་བཞིན། །དུས་རྒྱུན་དུ་གཞན་གྱིས་སྐྱོང་དགོས་པའི། །མི་ནམ་ཞིག་ཅི་ནས་ཉམས་པར་འགྱུར། །དཔེ་ཆུ་འཁྱིལ་སྟེང་དུ་སྦུར་མའི་རིགས། །གང་སོང་བ་སྟེང་ན་འདུག་པ་བཞིན། །མི་ངན་པ་མང་བོ་ཡོད་ས་རུ། །གཞན་ངན་པ་སོང་ན་བཀུར་བར་འགྱུར། །དཔེ་སྲིན་བུ་སོང་རྗེས་ཡེ་གེ་རུ། །བྱུང་ན་ཡང་ཡིག་མཁན་མིན་པ་བཞིན། །བློས་མ་དཔྱད་པ་ལ་དོན་འགྲུབ་པ། །བྱུང་ན་ཡང་མཛངས་པར་སུ་ཞིག་བརྩི། །དཔེ་བཀྲེས་པ་སྟག་གི་ངར་སྒྲ་ཡིས། །ཤིང་རྩེ་ནས་སྤྲེའུ་ལྷུང་བ་བཞིན། །མི་དམན་པ་ལོངས་སྤྱོད་ཆེ་ན་ཡང་། །ཁོང་རིགས་ལྡན་རྒུད་པས་ཟིལ་གྱིས་གནོན། །དཔེ་སོག་མ་ཆུ་ཡི་སྟེང་དུ་འཕྱོ། །ནོར་བུ་ནི་སྟེང་བཞག་གཏིང་བྱིང་བཞིན། །མི་བླུན་པོས་ཡོན་ཏན་ཁ་རུ་འབྱིན། །ཁོང་མཁས་པས་ཡོན་ཏན་ཁོག་ཏུ་སྦེད། །དཔེ་ཆུ་ཕྲན་ཆུང་ངུར་ཀུ་ཅོ་ཆེ། །རྒྱ་མཚོ་ཡིས་ཅ་ཅོ་མི་སྒྲོག་བཞིན། །མི་ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །ཁོང་མཁས་པ་ཞི་ཞིང་དུལ་བར་གནས། །དཔེ་སེང་གེས་ཝ་ཚོགས་ལེགས་པར་སྐྱོང་། །ཝས་ཝ་ཡི་རིགས་ལ་འགྲན་པ་

p. 726

བཞིན། །ཁོང་དམ་པས་དམན་རྣམས་ཐམས་ཅད་སྐྱོང་། །དམན་སྐྱེ་བོས་ཕན་ཚུན་ཁྱད་གསོད་བྱེད། །དཔེ་གསེར་དངུལ་སྲ་ཡང་བཞུས་ན་སླ། །ཁྱིའི་ལུད་བཞུས་དྲི་ངན་འབྱུང་བ་བཞིན། །ཁོང་དམ་པ་ཁྲོས་ཀྱང་བཏུད་ན་ཞི། །དམན་སྐྱེ་བོར་བཏུད་ན་ལྷག་པར་ཁྲོ། །དཔེ་རིན་པོ་ཆེ་ལ་དགོས་དགུ་འབྱུང་། །སྦྲུལ་གདུག་པ་ཉེས་ཀུན་བསྐྱེད་པ་བཞིན། །ཁོང་མཁས་པ་ཡོན་ཏན་ཀུན་ལྡན་ཏེ། །མི་བླུན་པོ་སྐྱོན་རྣམས་འབའ་ཞིག་ཡིན། །དཔེ་ནགས་ཀྱི་གཅན་གཟན་ཁྲོ་བ་དང་། །གྲོང་རྟ་མཆོག་དུལ་བར་གནས་པ་བཞིན། །མི་སྡིག་སྤྱོད་ནགས་ན་གནས་ཀྱང་ཉམས། །ཁོང་དམ་པ་གྲོང་ན་གནས་ཀྱང་དུལ། །དཔེ་རྨ་བྱས་རང་གི་ལུས་ལ་རྟོག །སྲིན་བྱ་ཡིས་ལྟས་ངན་གཏོང་བ་བཞིན། ཁོང་སྐྱེས་མཆོག་རང་གི་སྐྱོན་ལ་རྟོག །དམན་སྐྱེ་བོ་ངན་པས་གཞན་སྐྱོན་འཚོལ། །དཔེ་དྲོད་དང་གཤེར་བས་ལེགས་བསྐྱངས་པའི། །མདོག་རབ་མཛེས་མེ་ཏོག་ཆེར་རྒྱས་བཞིན། །ཀླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །བོད་གངས་ཅན་བསོད་ནམས་ཆེར་རྒྱས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔེ་གང་འདོད་དངོས་གྲུབ་མ་ལུས་པ། །དེ་དཔག་བསམ་ཤིང་ལ་འབྱུང་བ་བཞིན། །རང་ཅི་འདོད་རེ་བ་སྐོང་བའི་མགོན། །ཕ་ཆོས་རྒྱལ་ངག་གི་དབང་བོར་འདུད། །དཔེ་འབྲས་ལྡན་ཤིང་གིས་རང་གཞན་བསྲུང་། །ཤིང་སྐམ་པོས་རང་གཞན་བསྲེག་པ་བཞིན། །ཁོང་དམ་པ་དུལ་བས་རང་གཞན་སྐྱོང་། །མི་ངན་པས་རང་གཞན་འཕུང་ལ་གཏོང་། །དཔེ་

p. 727

རིན་ཆེན་གླིང་དུ་རིང་ནས་འདུ། །མཚོ་བསྐམས་ན་སུས་ཀྱང་སྤོང་བ་བཞིན། །ནོར་ལོངས་སྤྱོད་འཛོམས་དུས་ཐམས་ཅད་གཉེན། །དེ་རྒུད་པའི་དུས་ན་ཐམས་ཅད་དགྲ། །དཔེ་མཛེ་ཅན་འཕྲུག་ན་བདེ་བར་འཛིན། །ཁོང་མཁས་པ་མཛེ་ལ་འཇིགས་པ་བཞིན། །མི་བླུན་པོ་འབྱོར་བ་ཐོབ་ན་བདེ། །ཁོང་སྐྱེས་མཆོག་ཐམས་ཅད་བྱིན་ན་བདེ། །དཔེ་ནགས་མེ་རླུང་གིས་སྦར་མོད་ཀྱི།།དཔེ་སྒྲོན་མེ་ཆུང་ངུ་གསོད་པ་བཞིན།། ཁོང་ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར། །དམན་སྐྱེ་བོར་གནོད་བྱེད་གནོད་པར་འགྱུར། །དཔེ་བུང་བས་མེ་ཏོག་རིག་ན་དགའ། །ཤ་སྦྲང་ནི་དེ་ལྟར་མིན་པ་བཞིན། །ཁོང་མཁས་པ་ཡོན་ཏན་ཅན་མཐོང་དགའ། །མི་བླུན་པོ་རྣམས་ནི་དགའ་བ་མིན། །དཔེ་ཙན་དན་གསེར་བས་རིན་ཆེ་བ། །མི་བླུན་པོས་སོལ་བར་བྱས་པ་བཞིན། །ཁོང་མཁས་པ་མཁས་པའི་ནང་ན་མཛེས། །མི་བླུན་པོས་མཁས་པ་ཇི་ལྟར་གོ །དཔེ་ཁྱི་རྒན་ཀུ་ཅོ་འདོན་པ་ནི། །རྒྱུ་མཚན་མེད་གཞན་དག་བརྒྱུག་པ་བཞིན། །ཁོང་མཁས་པ་རང་གིས་དཔྱོད་ཤེས་ཀྱི། །མི་བླུན་པོ་གྲགས་པའི་རྗེས་སུ་འབྲང་། །དཔེ་ཁྱི་ངན་དགྲ་ལ་ཕེ་འདེབས་ཏེ། །བྱི་ལ་ཡིས་སྒྲ་མེད་འཇབ་པ་བཞིན། །མི་ཁ་ཅིག་སྨྲས་པས་གྲུབ་པར་རྩི། །ལ་ལ་ཡིས་མི་སྨྲ་དོན་ལ་འབད། །དཔེ་ལྷ་རྣམས་ཁྲོས་ཀྱང་སེམས་ཅན་བསྲུང་། །གཤིན་རྗེ་ནི་འཛུམ་ཡང་གཞན་གསོད་བཞིན། །ཁོང་དམ་པར་རྒོལ་ཡང་ཕན་པ་བསྒྲུབ། །དམན་སྐྱེ་བོ་ངན་པ་མཛའ་ཡང་གནོད། །དཔེ་གསེར་གྱི་ཁ་དོག་འགྱུར་མི་སྲིད། །རྒྱ་མ་ལ་མཐོ་

p. 728

དམན་ཆེ་བ་བཞིན། །ཁོང་སྐྱེ་བོ་དམ་པར་འགྱུར་ལྡོག་མེད། །དམན་སྐྱེ་བོ་ངན་པ་འགྱུར་ལྡོག་ཆེ། །དཔེ་པདྨ་འདམ་སྐྱེས་འདམ་མི་གོས། །དེ་ཉི་མས་རྟག་ཏུ་སྐྱོང་བ་བཞིན། །མི་བློ་མཐུན་རྒྱང་རིང་གནས་ཀྱང་ཕན། །མི་མཐུན་པར་ཉེ་ན་ལྷག་པར་འབྲལ། །དཔེ་རྒྱལ་བའི་སྲས་ལ་བརྙས་ཀྱང་བརྩེ། །ཁོ་འཆི་བདག་མཆོད་ཀྱང་གསོད་པ་བཞིན། །ཁོང་དམ་པ་མ་བཅོལ་ལེགས་པར་སྟོན། །དམན་སྐྱེ་བོར་དྲིས་ཀྱང་ལོག་པར་བཤད། །དཔེ་ཟླ་བ་ཤར་ན་ཀུ་མུ་ཏ། །ཁ་འབྱེད་ཀྱང་པདྨ་ཟུམ་པ་བཞིན། །བྱ་གཅིག་ལ་ཕན་པར་གྱུར་པ་ཡིས། །གཞན་བྱ་བ་དག་ལ་གནོད་པའང་སྲིད། །དཔེ་རྒོད་མ་མང་ན་ནོར་འཕེལ་ལ། །དྲེའུ་མོ་སྦྲུམ་ན་འཆི་རྙེད་བཞིན། །རྙེད་ལ་ལ་ལེགས་པའི་རྙེད་པ་སྟེ། །རྙེད་ལ་ལ་གནོད་པའི་དགྲ་བོ་ཡིན། །དཔེ་ལྗོན་ཤིང་དང་ནི་སོལ་བ་གཉིས། །གཅོད་སྦྱོར་བའི་ཁྱད་པར་ཆེ་བ་བཞིན། །ཁོང་དམ་པ་དབྱེ་དཀའ་བཟླུམ་པ་སླ། །དམན་སྐྱེ་བོ་དབྱེ་སླ་བཟླུམ་པ་དཀའ། །དཔེ་ཟླ་བ་བྲི་ཡང་ཡར་ངོ་འབྱུང་། །མར་མེ་ནི་ཤི་ན་གཏན་འགྲིབ་བཞིན། །ཁོང་དམ་པ་རེ་ཞིག་རྒུད་ཀྱང་དར། །དམན་ལན་ཅིག་རྒུད་ན་དར་བ་དཀོན། །དཔེ་སེང་གེ་ཁྱུ་མཆོག་གསོད་པའི་ཚེ། །རྭ་གཉིས་ལ་འཛུར་ན་མི་སྡར་བཞིན། །ཁོང་མཁས་པ་ཤིན་ཏུ་ཉམ་ང་བའི། །གནས་འཛུར་ན་དཔའ་བའི་རྟགས་ཤིག་ཡིན། །དཔེ་མར་མེའི་འོད་ལ་འཛིང་བ་ཡི། །སྦྲང་བུ་འདི་དཔའ་བར་མི་འགྲོ་བཞིན། །བློས་རྣམ་པ་ཀུན་ཏུ་མི་དཔྱོད་པར། །དགྲར་ཕར་ལ་འཆང་བ་བླུན་རྟགས་ཡིན། །དཔེ་སྲིན་བུས་རང་རྟེན་ཟད་

p. 729

ཟད་ཟ། །སེང་གེ་ཡིས་རང་འཁོར་བསྲུང་བ་བཞིན། །མི་ངན་པ་རང་རྟེན་ཁྱད་པར་འཇོམས། །ཁོང་དམ་པ་གང་ལ་བརྟེན་པ་བསྲུང་། །དཔེ་ཝ་སྐྱེས་འགྲངས་ན་དྲེགས་པས་བརྒྱལ། །སེང་གེ་ནི་འགྲངས་ན་བདེར་ཉལ་བཞིན། །དམན་སྐྱེ་བོ་འབྱོར་ན་དྲེགས་རྒྱུ་སྟེ། །ཁོང་དམ་པ་འབྱོར་ན་དུལ་བའི་རྒྱུ། །དཔེ་རྫོགས་ལྡན་དུས་ཀྱི་མི་རྣམས་ནི། །དུས་ཀུན་ཏུ་བདེ་ཞིང་སྐྱིད་པ་བཞིན། །གླུ་འདི་ཉིད་བླངས་པའི་དགེ་བའི་མཐུས། །བོད་མི་རྣམས་བདེ་ཞིང་སྐྱིད་པར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མདོ་སྔགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །ཐར་བའི་ལམ་སྟོན་མཚན་ལྡན་བླ་མ་རྗེ། །མ་ནོར་ལམ་ལ་མོས་པའི་རི་བ་ངར། །བྱང་ཆུབ་ལམ་རིམ་ཁྲིད་ཞིག་གནང་བའི་ཕྱིར། །དམ་པའི་ལྷ་ཆོས་བྱེད་པའི་དམ་པ་དང་། །དཀར་ཚོགས་ལྷ་ཀླུ་ལ་སོགས་བཞུགས་པའི་གནས། །ངོ་མཚར་ལྷ་ཡུལ་དང་མཚུངས་མཚོ་སྙིང་དུ། །དར་དཀར་ལྷ་ལམ་བརྒྱུད་ནས་འབྱོན་པར་བསྐུལ། །བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི། །བྱ་བཏང་ཁ་བདེ་ཚོགས་དྲུག་རང་གྲོལ་གྱིས། །དམ་ཆོས་ཁ་ཙམ་མིན་པར་སྙིང་ནས་བྱེད། །འདོད་ལ་ཁ་རྒྱབ་མི་ཕོངས་ཟས་གོས་ཞུ། །ཞུ་ཡིག་ཡིད་འོང་བུང་བ་ཁྲ་བོ་ཡིས། །ལྷ་རྫས་དྲི་མ་མེད་པའི་གཤོག་པ་བརྒྱངས། །ཁྱོད་ཞབས་པད་དཀར་བཞད་པའི་ཁོར་ཡུག་ཏུ། །ཉམས་དགའ་མཚོ་སྙིང་བྲག་ཕུག་ཚང་ནས་འཕུར། །ཞེས་པ་འདི་ཡང་མཁས་བཙུན་བཟང་གསུམ་འཛོམས་པའི་དྲིན་ཅན་

p. 730

བླ་མ་ནགས་ཚང་སྤྲུལ་སྐུ་རིན་པོ་ཆེའི་དྲུང་དུ་ལམ་རིམ་ཞིག་གི་ཁྲིད་ཞུ་བའི་ཕྱིར་དུ་ཕུལ་བའོ། །མ་ཡེངས་ཉོན་དང་འདིར་ཚོགས་ཚོ། །འོ་སྐོལ་འདིར་ཚོགས་མིག་རྣོ་ཞིང་། །རྣ་བ་གསེང་བ་མང་བོ་འདུག །སྔོན་གྱི་མི་འདི་མ་ཤི་བར། །ཚེ་ཐར་ཡིན་ཞེས་གཅིག་གཉིས་ཙམ། །མཐོང་དང་ཐོས་པ་ཡོད་དམ་མེད། །མཛུབ་མོ་ཚུགས་དང་གཅིག་ཀྱང་མེད། །དེ་བས་འཆི་བདག་མ་འོངས་གོང་། །ཆོས་རེ་གྱིས་དང་ངང་རིང་རྣམས། །ཟས་ནོར་འཛོམས་པའི་ཕྱུག་པོ་ཚོ། །བསགས་པའི་ནོར་རྣམས་བསྐྱུར་ནས་ནི། །འགྲོ་བའི་དུས་སུ་འགྱོད་པོ་མཆི། །ཉེ་འཁོར་འཛོམས་པའི་དར་བོ་ཚོ། །ཉེ་འབྲེལ་འཁོར་གཡོག་བསྐྱུར་ནས་ནི། །འགྲོ་བའི་དུས་སུ་འགྱོད་པོ་མཆི། །མཆོར་ཅན་མཆོར་བོ་མཆོར་མོ་ཚོ། །པགས་པ་ཡན་ཆད་བཞག་ནས་ནི། །འགྲོ་བའི་དུས་སུ་འགྱོད་པོ་མཆི། །དཔའ་བོས་འཐབ་པས་མི་ཐུབ་ཅིང་། །ཕྱུག་པོའི་ནོར་གྱིས་བླུ་མི་ནུས། །བྲོས་ཤིང་གབ་པས་མི་སྐྱོབ་པས། །རླུང་བོ་ཆེ་དང་ཆར་ནང་གི་མར་མེ་འདྲ་བའི་དུས་གཅིག་འོང་། །འཆི་བདག་ནང་དུ་ཞུགས་པའི་དུས། །སྒོ་ལྕགས་དམ་པས་ཅི་ལ་ཕན། །ན་ཚ་བྱུང་བའི་དུས་སྐབས་སུ། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །དགེ་འདུན་རྣམས་ལ་བསྙེན་བཀུར་དང་། །ཡི་དམ་སྙིང་བོའི་བཟླས་པ་དང་། །འབྱུང་བོར་གཏོར་མ་གཏོང་བ་དང་། །བླ་མ་དགེ་བའི་བཤེས་བསྟེན་ནས། །ཆོས་ལ་ཐོས་བསམ་སྒོམ་གསུམ་དང་། །སྡིག་སྤངས་དགེ་བ་མི་བསྒྲུབ་པ། །ན་ཚ་བྱུང་ཟེར་སྒོ་འགྲམ་ལ། །ཐོ་བཞག་ཁྲིམས་ལྡན་དགེ་སློང་ལ། །ནང་དུ་མི་ཆུད་

p. 731

མ་འོངས་ཟེར། །མོ་བ་བོན་པོ་རྩིས་པ་གསུམ། །རྫུན་དང་ཟོག་གིས་མགོ་བསྐོར་ཞིང་། །ལྷ་རུ་འགོང་བོ་ཁྲིད་འོངས་པ། །དེ་ཉིད་ཡར་གྱི་ཕུགས་སུ་བཞག །དམ་པའི་ཆོས་ཀྱི་རྔ་བོ་ཆེ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱིས། །ཐོས་པའི་རྔ་དེ་མི་བརྡུང་བར། །ལུས་ཀྱི་པགས་པས་བཏུམ་པ་ཡི། །རྔ་ནག་བརྡུང་བའི་ལུས་ཤེད་དང་། །ཧཱུྃ་ཕཊ་རྒྱོབ་སོད་ངག་ཤེད་ཀྱིས། །ཕན་པར་འདོད་པའི་ཡོན་བདག་ཚོ།།འདོད་ནི་ཕན་པར་འདོད་ན་ཡང་། །ཡིན་པ་འབྱུང་བོ་འབོད་པ་ཡི། །གཡབ་མོ་ཁོ་ན་ཡིན་པར་འདུག །ད་དུང་ཉོན་དང་ཡོན་བདག་ཚོ། །བལ་སྐུད་ཤིང་གི་རྩེ་མོར་གཡེངས། །ཟན་ལ་མི་གཟུགས་སོགས་བཅོས་ནས།།ལམ་པོ་ཆེ་ཡི་གཞི་མདོར་འཕངས། །དེ་ཙུག་བྱས་པས་ཚེ་ཐར་བ། །གཅིག་ཙམ་བྱུང་ངམ་མ་བྱུང་ཨང་། །ངས་ནི་ད་སྔ་ཡན་ཆད་ལ། །མོ་བོན་མང་བོ་བྱས་པ་མཐོང་། །རྔ་སྒྲ་ཆེ་བ་མ་གཏོགས་པ། །ཚེ་ཐར་གཅིག་ཀྱང་མཐོང་མ་མྱོང་། །ཇི་ལྟར་བྱས་ཀྱང་མི་ཕན་པར། །འཆི་བར་མཐོང་བ་ཤེས་བཞིན་དུ། །དམ་པའི་ཆོས་ཤིག་མ་བྱས་ན། །ཉམ་ངའི་མུན་པར་འགྲོ་བའི་མིས། །སྒྲོན་མེ་མི་འཁྱེར་ཐམ་ཐོམ་དུ། །སོང་ན་གཡང་ལ་ལྟུང་བ་ལྟར། །བར་དོའི་མུན་ནག་འཐུག་པོ་རུ།། དམ་ཆོས་སྒྲོན་མེ་མི་འཁྱེར་བར། །ཐམ་ཐོམ་ཕྱིན་ན་ངན་སོང་གི ། གཡང་ས་ཆེན་པོར་ལྟུང་བར་འགྱུར། །དེ་བས་སྒྱུ་ལུས་བདེ་དུས་སུ། །ཡོན་བདག་ཕོ་མོ་ལྷ་ཆོས་མཛོད། །ཅེས་པ་འདི་ཡང་ཨ་རིག་གི་གནས་མཇལ་བ་མང་བོ་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ། །

p. 732

ཉོན་དང་དད་ལྡན་སྐྱེ་བོ་ཚོ། །ཚེ་འདིར་དམ་ཆོས་བྱེད་པ་ལ། །གེགས་ནི་ཆུང་ངུ་གཞོན་ནུའི་དུས། །ད་དུང་གཞོན་པས་ཆོས་མི་འོང་། །ན་སོ་དར་བབ་དུས་བྱ་སྙམ། །ན་ཚོད་དར་ལ་བབ་ཙ་ན། །ད་ང་ཡར་ལ་མ་རྒས་འདུག །མར་ལ་མི་གཞོན་གང་ཡང་འོང་། །ད་ལྟ་ནོར་བསགས་དགྲ་རྣམས་བཏུལ། །གཉེན་བསྐྱངས་རྒས་ཁར་བུ་ཚ་བོ། །མང་བོ་བྱུང་ནས་མི་རྒན་ལ། །ཞབས་ཏོག་ལེགས་པོ་བྱེད་ཙ་ན། །ཁོ་བོས་དམ་ཆོས་བྱའོ་སྙམ། །ན་ཚོད་ཡར་ལ་རྒས་ཙ་ན། །མདོག་ནག་སྐུ་རྣམས་དུང་ལྟར་དཀར། །དྲང་བོའི་ལུས་པོ་གཞུ་ལྟར་གུག །ས་རྣམས་ལོ་འབྲས་བཞིན་དུ་ལྷུང་། །གཉེར་མ་ཆུ་གཉེར་བཞིན་དུ་མང་། །ལྡང་དུས་རྟོད་ཕུར་འདོན་བཞིན་ལྡང་། །འགྲོ་དུས་ཆང་འཐུང་བཞིན་དུ་འཁྱོར། །སྡོད་དུས་ས་རྡོ་ཆད་བཞིན་འདུག །མལ་དུ་རོ་བཞིན་ལོག་ནས་ཉལ། །མིག་རྣ་མི་གསལ་བརྗེད་ངས་ཆེ། །ཆོས་དང་འཇིག་རྟེན་བྱ་བ་གང་། །མི་ནུས་ཙ་ན་ད་ང་རྒས། །དང་པོ་གཞོན་དུས་ཆོས་བྱས་ན། །འོང་བ་ཡིན་ཏེ་དེ་མ་བྱུང་། །ད་ནི་ལུས་ལ་ན་ཚས་གཟིར། །འགྲོ་འདུག་མི་ནུས་འདི་འདྲ་བྱུང་། །ད་ཁྱེད་གཞོན་ནུ་ཚོས་གྱིས་དང་། །ཟེར་ཞིང་སུག་བཞི་ས་ལ་བཙུགས། །ལྡང་དུས་ཨ་ཕ་ཨ་མ་ཟེར། །དེ་དུས་རེ་ལྟོས་བྱེད་ས་བོ། །བུ་དང་ཚ་བོས་སྡུག་རྒན་དང་། །བརླག་རྒན་འཆི་དུས་མེད་པ་འདི། །ཤི་ན་བཟང་སྟེ་མི་འཆི་ཟེར། །ཚིག་ངན་མང་སྨྲས་སྲུང་ཞིང་འཐབ། །དེ་ཕྱིར་བློ་ལྡན་སྐྱེ་བོ་ཚོ། །གཞོན་དང་དར་ལ་བབ་ཙ་ན། །སྒོ་གསུམ་དགེ་བ་གང་བྱེད་ཀྱང་། །འོང་བས་ལྷ་ཆོས་བྱེད་སྐབས་ཡིན། །ཁ་གཞོན་དུས་སུ་ལྷ་ཆོས་གྱིས། །

p. 733

སང་བྱ་གནངས་བྱའི་ངང་ཉིད་དུ། །ཕྱི་བཤོལ་བྱས་ན་ཆོས་སྐལ་ཆད། །རྒས་ནས་འཆི་བའི་ངེས་པ་མེད། །དེ་རིང་ཡིན་ཡང་འཆི་ཉེན་ཡོད། །ཕྱི་བཤོལ་མ་བྱེད་མྱུར་དུ་མཛོད།།ཅེས་པ་འདི་ཡང་དགེ་འདུན་གསང་སྔགས་སོགས་གནས་མཇལ་བ་འགས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་སྤུ་ཙམ་མི་བྱེད་ཕོ་སྐྱེས། །ལུང་འུང་ཞིག་མི་ཟེར་མ་གཏོགས། །རྩྭ་མི་ཟ་བ་ཡི་ནོར་རེད། །མིང་རྭ་མེད་གཡག་རྒན་མགོ་རིལ། །ཆོས་ནམ་ཡང་མི་བྱེད་བུད་མེད། །ཨབ་ཨབ་ཅིག་མི་ཟེར་མ་གཏོགས། །སྤུ་མ་སྐྱེས་པ་ཡི་ཁྱི་རེད། །མིང་མཇུག་མེད་ཁྱི་མོ་རྔ་ལུ། ཞེས་པ་འདི་ཡང་དམ་ཆོས་བྱེད་པ་ཕར་ཞོག་བྱེད་སྙམ་ཡིད་ལ་ཡང་མི་དྲན་པའི་ཚེ་འདིའི་ལྟོ་རྒྱབ་ཀྱི་ཁོལ་བོར་གྱུར་ནས། མི་ཚེ་སྡུག་ཟད་ལ་གཏོང་བའི་ཁྱིམ་པ་ཕོ་མོ་ཁ་ཤས་ལ་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཆོ་ལོ་བཏགས་པའོ། །དགེ་སྡིག་རྣམ་དབྱེ་ཤེས་པ་ཡི། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །དད་ཅན་སྐྱ་སེར་ཕོ་མོ་ལ། །ཕྱི་མར་སྐྱིད་པའི་ཐབས་ཤིག་སྟོན། །འཇིག་རྟེན་ཕྱི་མར་བདེ་འདོད་ན། །ད་ལྟའི་དུས་འདིར་འདི་བཞིན་མཛོད། །ཆེ་བ་མི་ནས་ཆུང་བ་ཤིག །ཡན་ཆད་གསོད་པ་སྤང་བ་དང་། །གཞན་གྱིས་མི་དང་ར་ལུག་དང་། །རི་དྭགས་ཉ་སོགས་གསོད་པ་ཡང་། །ཐབས་མཁས་དུ་མས་དེ་དག་རྣམས། །གསོད་པ་དགག་ཅིང་ཚེ་ཐར་བྱ། །ཐ་ན་འབའ་འབུ་ཉི་མ་མེས། །འཚིག་དང་སྦྲང་ཆུང་ཆུ་ནང་དུ། །ལྷུང་བ་ཡན་ཆད་སྲོག་བསྐྱབ་བྱ། །ནད་པའི་ནད་གཡོག་བྱ་བ་དང་། །

p. 734

སྨན་ནི་གཞན་ལ་སྟེར་བ་དང་། །བྲན་གཡོག་སྒོ་ཕྱུགས་ཁྱི་སོགས་ལ། །རྡོ་དང་དབྱུག་པས་མི་བརྡུང་ཞིང་། །གཞན་གྱིས་གཞན་ལ་རྡོ་མཚོན་དང་། །དབྱུག་པས་རྡུང་བ་བཤོལ་བར་བྱ། །གཞན་ལ་གནོད་འཚེ་མི་བྱའོ། །སྙམ་པའི་བསམ་པ་བརྟན་བྱས་ན། །ཕྱི་མར་རབ་ཏུ་ཚེ་རིང་ཞིང་། །ནད་ཀུན་མེད་པའི་མི་རུ་སྐྱེ། །འདི་རྣམས་གྱིས་ཤིག་འདིར་ཚོགས་ཚོ། །ཁྲོ་མེད་བཟོད་པ་བསྒོམ་པ་དང་། །རྟེན་ལ་མར་མེ་མེ་ཏོག་འབུལ། །གཞན་ལ་གོས་རྒྱན་གསར་བ་རྣམས་། །བྱིན་ན་ཕྱི་མར་གཟུགས་བྱད་མཛེས། །འདི་ཡང་གྱིས་ཤིག་འདིར་ཚོགས་ཚོ། །ང་རྒྱལ་བཅོམ་ནས་བླ་མ་དང་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་། །ཁྲི་དང་གདན་སོགས་འབུལ་བ་དང་། །དྲིན་ཅན་ཕ་མ་ལ་སོགས་པའི། །གཞན་ལ་བཀུར་སྟི་བྱས་པ་ན། །ཕྱི་མར་རྒྱལ་པོ་.ལ་སོགས་པ། །མཐོན་པོའི་རིགས་སུ་སྐྱེ་བ་ཡིན། །འདི་ཡང་གྱིས་ཤིག་འདིར་ཚོགས་ཚོ། །ཟས་གོས་ནོར་གྱིས་དགེ་འདུན་མཆོད། །དབུལ་བོར་སྦྱིན་པ་གཏོང་བ་དང་། །འབྱུང་བོར་གཏོར་མ་བྱིན་པ་ན། །ཕྱི་མར་འཁོར་དང་ལོངས་སྤྱོད་འདུ། །འདི་ཡང་གྱིས་ཤིག་འདིར་ཚོགས་ཚོ། །རྫུན་སྤངས་དྲང་བོར་བཤད་པ་དང་། །ཕྲ་མ་སྤངས་ནས་འཁོན་པ་བསྡུམ། །ཚིག་རྩུབ་སྤངས་ནས་འཇམ་པོར་སྨྲ། །ངག་འཁྱལ་སྤངས་ནས་བླ་མ་སོགས། །གཞན་གྱི་ཡོན་ཏན་བརྗོད་བྱས་ན། །ཕྱི་མར་རང་གིས་གང་སྨྲས་ཚིགགཞན་གྱིས་མཚན་མར་འཛིན་པ་ཡིན། །འདི་ཡང་གྱིས་ཤིག་འདིར་ཚོགས་ཚོ། །ཕྱི་མར་རང་ལ་ཡོན་ཏན་ནི། །སྣ་ཚོགས་

p. 735

འབྱུང་བའི་སྨོན་ལམ་འདེབས། །མཆོག་གསུམ་བླ་མ་མཁན་སློབ་དང་། །ཕ་མ་ལ་སོགས་མཆོད་བྱས་ན། །ཕྱི་མར་ཡོན་ཏན་ལྡན་པར་སྐྱེ། །སྙན་གྲགས་ཆེ་ཞིང་གཞན་གྱིས་མཆོད། །འདི་ཡང་གྱིས་ཤིག་འདིར་ཚོགས་ཚོ། །ཕོ་ཡི་ཡོན་ཏན་ལ་དགའ་ཞིང་། །མོ་ཡི་ལུས་ལ་དགའ་བ་སྤོངས། །ཕོ་ཡི་དབང་བོ་མི་གཅོད་ཅིང་། །གཞན་གྱིས་གཅོད་པ་ཐར་བྱས་ན།། ཕྱི་མ་ཕོ་ལུས་འཐོབ་པ་ཡིན། །འདི་ཡང་གྱིས་ཤིག་འདིར་ཚོགས་ཚོ། །གཞན་གྱིས་གཏན་ནས་མི་ནུས་པ། །རང་གིས་བྱེད་ཅིང་རང་ཉིད་དང་། །བསྡོམས་ནས་ནུས་པ་ཐམས་ཅད་ལ། །གྲོགས་བྱས་བཟའ་བཏུང་བྱིན་པ་ན། །ཕྱི་མའི་དུས་ན་རང་བཞིན་གྱིས། །གནོད་པ་ཆུང་ཞིང་ནད་མེད་དང་། །བྱ་བ་གང་ལའང་སྤྲོ་ཤུགས་ཆེ། །འདི་ཡང་གྱིས་ཤིག་འདིར་ཚོགས་ཚོ། །འདི་རྣམས་ལེགས་པར་བསྒྲུབས་བྱས་ན། །ཕྱི་མར་བདེ་སྐྱིད་ཉི་མ་འཆར། །ཞེས་པ་འདི་ཡང་དད་ཅན་སྐྱ་སེར་འགའ་ཞིག་གིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་བཙུན་བླ་མ་དམ་པ་བདག་ལ་དགོངས། །མགོན་ཁྱོད་སྔོན་ནས་སངས་རྒྱས་ཚར་བ་ལ། །ད་ནི་ཡང་སངས་རྒྱ་རྒྱུ་མ་མཆིས་མོད། །འོན་ཀྱང་སྙིགས་དུས་འགྲོ་རྣམས་སྒྲུབ་པ་ལ། །བསྐུལ་ཕྱིར་ཚེ་འདིའི་མི་ནོར་ཟས་གསུམ་ཀུན། །འཕོངས་ཕྱིས་རྡོ་བཞིན་བསྐྱུར་ནས་རིང་མིན་དུ། །རི་ཁྲོད་དབེན་པའི་གནས་སུ་མྱུར་བྱོན་ལ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཟུངས་ཤིག་ཅེས། །ལག་ཉིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །ཕྱི་བཤོལ་བཏང་སྙོམས་ཅུང་ཟད་མ་མཛད་

p. 736

པར། །གློ་བུར་ཀུན་གྱིས་འདི་ཅི་སྙམ་པ་ཞིག །ད་ནི་ལག་ལེན་འགེལ་བ་མགོན་ཁྱོད་མཁྱེན། །ཞེས་པ་འདི་ཡང་རྩ་བའི་བླ་མ་ནགས་ཚང་སྤྲུལ་སྐུ་རིན་པོ་ཆེར་གདུལ་བྱའི་དོན་དུ་ཚོགས་དྲུག་རང་གྲོལ་གྱིས་སྐུལ་ཚིག་ཏུ་སྨྲས་པའོ། །སྔོན་རང་ཉིད་མཇལ་བའི་དུས་སྐབས་སུ། །གནས་ཡིད་འོང་གདན་ལ་བླ་མ་བཞུགས། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་མོས་གུས་ཆུང་རུང་མཇལ་སྙིང་འདོད། །འཁོར་སྐལ་བཟང་གདུལ་བྱ་ཚོགས་པའི་དབུས། །ཆོས་ཟབ་ལ་རྒྱ་ཆེ་མང་བོ་གསུངས། །དུས་ད་ལྟ་གསུངས་ན་དགའ་བ་ལ། །ངས་ཟབ་ཆོས་ཞུས་ནས་ཉན་སྙིང་འདོད། །ཁོང་སྙིང་དང་འདྲ་བའི་གྲོགས་རྣམས་དང་། །སྐབས་ཕལ་ཆེར་མཉམ་དུ་ལྷན་ཅིག་འཚོགས། །དུས་ད་ལྟ་ཡོད་ན་དགའ་བ་ལ། །ང་དག་སྣང་ཆུང་རུང་འཕྲད་སྙིང་འདོད། །ནང་ཕན་ཚུན་ཁ་སེམས་མཐུན་པའི་སྒོས། །ཆོས་འཇིག་རྟེན་ཁ་ཏ་མང་བོ་བྱས། །དུས་ད་ལྟ་བྱས་ན་དགའ་བ་ལ། །ངས་གླེང་མོ་མང་བོ་བྱེད་སྙིང་འདོད། །ཕ་བླ་མ་དག་པའི་ཞིང་དུ་གཤེགས། །ཁོང་སྙིང་གྲོགས་རྣམས་ཀྱང་ཞིང་དེར་སོང་། །བདག་སྐལ་བ་དམན་པ་ཤུལ་དུ་ལུས། །ཚེ་འདི་རུ་མི་མཇལ་ཁོ་ཐག་ཆོད། །ད་སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཕ་དྲིན་ཅན་བླ་མ་གར་བཞུགས་ཀྱི། །ཞིང་དེ་རུ་ལྷན་ཅིག་འཛོམ་པར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་དྲིན་ཅན་བླ་མ་དང་སྙིང་གྲོགས་ཕལ་ཆེར་གཤེགས་པས་དྲན་ནས་འཕྲད་འདོད་སྐྱེས་པའི་དུས་ཤིག་ཏུ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཐུབ་བསྟན་དྲི་མེད་ལྷ་ལམ་ཡངས་པའི་རྒྱན། །

p. 737

འཛིན་མའི་ཁྱོན་གྱི་གདུལ་བྱའི་པད་ཚལ་གཉེན། །དོ་བྲལ་བླ་མ་ཉི་མ་འོད་པོ་ཆེ། །བྱམས་བརྩེའི་འོད་སྟོང་འགྱེད་བཞིན་བུ་ལ་དགོངས། །རི་ཁྲོད་གླིང་གཞན་བསྐོར་དུ་ཆས་པ་ལ། །བདག་བློ་པད་དཀར་སྐྱོ་བའི་དྲི་བཞོན་གྱིས། །ལན་གཅིག་མ་ཡིན་ཡང་ཡང་ཕྱོགས་བཅུར་བསྐྱོད། །དགའ་སྤྲོའི་འདབ་སྟོང་བཞད་པ་ཟུམ་ལ་ཉེ། །ཀྱེ་མ་ཀྱེ་ཧུད་སློབ་བུ་པད་དཀར་བཞག །བླ་མ་ཉི་མ་མི་སྡོད་གང་དུ་འགྲོ།། གྲོགས་ངན་མུན་པ་རྐྱེན་ངན་བ་མོ་ཡིས། །མནར་དུས་སློབ་བུ་པད་དཀར་ཇི་ལྟར་བཟོད། །སླར་ཡང་མཆོག་གསུམ་ཐུགག་རྗེ་རྟ་ལྗང་གི །སྟོབས་ཀྱིས་བླ་མ་ཉི་མ་ལེགས་དྲངས་ནས། །ཡང་ཡང་སློབ་བུ་པད་དཀར་གཙུག་རྒྱན་དུ། །ཤར་ནས་དགའ་སྤྲོའི་འདབ་སྟོང་བཞད་པར་སྨོན། །ཞེས་པ་འདི་ཡང་སྙིང་གྲོགས་བསྟན་འཛིན་ཉི་མའི་མདུན་ནས་ཆོས་ལུང་མང་བོ་ཐོབ་པ་ཕྱིས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མར་གྱུར། ལོ་གཉིས་ཀྱི་བར་དུ་གནས་ཆེན་མཚོ་སྙིང་ནས་ལྷན་ཅིག་བསྡད། དེ་ནས་ཁོང་རིན་པོ་ཆེ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་སུ་ཉེ་བའི་ཚེ་ཚོགས་དྲུག་རང་གྲོལ་གྱིས་ཕུལ་བའོ། །སྟེང་མུན་པ་སེལ་བའི་ཉི་མས། །ལྷོ་འཛམ་བུ་གླིང་བ་བཞག་ནས། །གླིང་གཞན་གསུམ་བསྐོར་དུ་བཞུད་ཐལ། །སླར་འོད་གསལ་ཉི་མ་འཛམ་གླིང་། །ཞལ་མྱུར་དུ་མཇལ་ན་དགའ་བ། །དུས་ཡང་ཡང་མཇལ་ན་སྐྱིད་པ། །ལུས་གསེར་མིག་འཁྱིལ་བའི་ཉ་མོ། །ཤར་ཆུ་བོ་གངྒཱ་བཞག་ནས། །ཕྱིའི་རྒྱ་མཚོའི་ནང་དུ་བཞུད་ཐལ། །སླར་གསེར་ཉ་ཆུ་བོ་གངྒཱ། །

p. 738

ཞལ་མྱུར་དུ་མཇལ་ན་དགའ་བ། །དུས་ཡང་ཡང་མཇལ་ན་སྐྱིད་པ། །སྐད་རབ་སྙན་ཁུ་བྱུག་སྔོན་མོ། །ཤིང་འདབ་རྒྱས་ཡལ་ག་བཞག་ནས། །ཡུལ་ཐག་རིང་གཞན་དུ་བཞུད་ཐལ། །སླར་བྱ་རྒྱལ་ཁུ་བྱུག་ལྗོན་ཤིང་། །ཞལ་མྱུར་དུ་མཇལ་ན་དགའ་བ། །དུས་ཡང་ཡང་མཇལ་ན་སྐྱིད་པ། །ཕ་མཚན་ལྡན་བསྟན་འཛིན་ཉི་མས། །བུ་བྱམས་པ་ཆོས་དར་བཞག་ནས། །གནས་རི་ཁྲོད་གཞན་དུ་བཞུད་ཐལ། །སླར་ཐུགས་ཡིད་འདྲེས་པའི་ཕ་བུ། །ཞལ་མྱུར་དུ་མཇལ་ན་དགའ་བ། །དུས་ཡང་ཡང་མཇལ་ན་སྐྱིད་པ། །ཞེས་པ་འདི་ཡང་ཕར་ཕེབས་ཤུལ་ནས་བླངས་པའོ། །འོད་གསལ་མུན་སེལ་ཉི་མས། །འཛམ་གླིང་སྨག་ཏུ་བཏང་ཐལ། །གླིང་གཞན་གསུམ་གྱི་སྐྱིད་ལ། །གསེར་མིག་འཁྱིལ་བའི་ཉ་མོས། །གངྒཱ་སྟོང་བར་བཞག་ཐལ། །རྒྱ་མཚོ་ཆེན་པོའི་སྐྱིད་ལ། །ཕ་རྒན་བསྟན་འཛིན་ཉི་མས། །བུ་ངན་ཤུལ་དུ་བསྐྱུར་ཐལ། །རྒྱལ་ཁམས་གཞན་དེའི་སྐྱིད་ལ། །ཞེས་པ་འདི་ཕྱི་ཉིན་སེམས་ལ་སྐྱོ་བ་སྐྱེས་ཚེ་བྱམས་པ་ཆོས་དར་གྱིས་གཅིག་པུར་བླངས་པའོ། །བདག་གི་སྤྱི་གཙུག་པད་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཕ་ངས་བསྐྱངས་པའི་སློབ་བུ་རྣམས། །ཐག་རིང་རི་ལ་འགྲོ་བ་ལ། །རྡོ་རྗེའི་སྐུ་ཡིས་བྱིན་གྱིས་རློབས། །ཚངས་དབྱངས་གསུང་གིས་བྱིན་གྱིས་རློབས། །འཁྲུལ་མེད་ཐུགས་ཀྱིས་བྱིན་གྱིས་རློབས། །ཆོས་བྱེད་སྐལ་ལྡན་སློབ་བུ་རྣམས། །རི་བོ་རྩེ་ལྔར་ད་འགྲོ་ན། །བླ་མ་སྤྱི་བོར་བསྒོམས་ལ་སོང་། །གདམས་ངག་སེམས་ཀྱིས་མ་བརྗེད་

p. 739

སོང་། །གསལ་འདེབས་བེའུ་བུམ་བསྣམས་ཏེ་སོང་། །སྦ་དབྱུག་རྟ་བཟང་ཞོན་ལ་སོང་། །འཕགས་པའི་ནོར་བདུན་ཁྱེར་ལ་སོང་། །ལམ་སྐབས་ལུས་སྲོག་འཚོས་ལ་སོང་། །རི་བོ་རྩེ་ལྔར་སླེབས་པའི་ཚེ། །གནས་སུ་གོང་མའི་སྒྲུབ་ཕུག་ཟུངས། །གྲོགས་མེད་རང་ཉིད་གཅིག་པུར་སྡོད། །འཚོ་བ་སྤྲང་ཟས་དག་ལ་གྱིས། །རྒྱུ་ནོར་བྱུང་ཚད་དུག་བཞིན་སྤོངས། །བླ་མའི་གདམས་ངག་རྩེ་གཅིག་སྒོམས། །སྒོམ་ཡུན་མ་ཐུང་ཚེ་དང་སྙོམས། །སྒྱུ་མའི་ཕུང་བོ་རི་ལ་ཞོག །གསོན་ཡང་ཁ་ཏ་འདི་མིན་མེད། །ཤི་ཡང་ཁ་ཆེམས་ཚིག་འདི་ཡིན། །འདི་བཞིན་ལག་ཏུ་ཁྱེད་རྣམས་ལོངས། །བདེ་སྐྱིད་ཉི་མ་འཆར་བར་ངེས། །ཚིགས་འདི་སྐལ་ལྡན་བུ་རྣམ་ཀྱི། །སེམས་ལ་བརྗེད་མེད་གནས་པར་ཤོག །རྩལ་ལྡན་དར་སེང་ཕྲུ་གུ་རྣམས། །གངས་དཀར་ལྟོངས་སུ་བདེ་བར་བཞུད། །སླར་ཡང་དར་སེང་ཕྲུ་གུ་རྣམས། །ཡང་དང་ཡང་དུ་འཕྲད་པར་ཤོག །འདབ་བཟང་བྱ་རྒོད་ཕྲུ་གུ་རྣམས། །དགུང་སྔོན་མཁའ་ལ་བདེ་བར་བཞུད། །སླར་ཡང་བྱ་རྒོད་ཕྲུ་གུ་རྣམས། །ཡང་དང་ཡང་དུ་འཕྲད་པར་ཤོག །དཔའ་བོ་རྒྱ་སྟག་ཕྲུ་གུ་རྣམས། །ཙན་དན་ནགས་ལ་བདེ་བར་བཞུད། །སླར་ཡང་རྒྱ་སྟག་ཕྲུ་གུ་རྣམས། །ཡང་དང་ཡང་དུ་འཕྲད་པར་ཤོག །བྱ་བཏང་། བདག་གི་སློབ་བུ་རྣམས། །རི་བོ་རྩེ་ལྔར་བདེ་བར་བཞུད། །སླར་ཡང་རྣལ་འབྱོར་དཔོན་སློབ་རྣམས། །ཡང་དང་ཡང་དུ་འཕྲད་པར་ཤོག །རྩ་བརྒྱུད་

p. 740

བླ་མའི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་ཀྱིས། །སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་སློབ་བུ་ཐུབ་བསྟན་རྒྱ་མཚོ་སོགས་ཁ་ཤས་རི་བོ་རྩེ་ལྔར་འགྲོ་བའི་ཚེ་ཚོགས་དྲུག་རང་གྲོལ་གྱིས་འགྲོ་རྫོངས་སུ་བླངས་པའོ། །སྤྱི་གཙུག་སེང་ཁྲི་པད་ཟླའི་སྟེང་། །ངོ་མཚར་འཇའ་གུར་ཕུབ་པའི་དབུས། །འགྲན་གྱི་དོ་མེད་སྤྲུལ་བའི་སྐུ། །ཕ་རྒན་ཆོས་ཀྱི་རྒྱལ་པོ་བཞུགས། །བདག་དང་བདག་ལ་རེ་ལྟོས་པའི། །གྲྭ་བ་བུ་སློབ་ཐམས་ཅད་ལ། །ད་ལྟ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །མཚན་ལྡན་བླ་མའི་བཀའ་བཞིན་དུ། །སྒྲུབ་པ་ལྷུར་ལེན་རྣལ་འབྱོར་ངས། །བདེ་ཞུས་ལན་དུ་གླུ་ཞིག་ལེན། །འདིར་འོངས་སྐལ་ལྡན་བུ་སློབ་ཉོན། །ལྟ་བ་ཕྱོགས་རིས་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །སྟོང་གསལ་ཀུན་ཁྱབ་ནམ་མཁའ་འདྲ། །མཐའ་དབུས་མེད་པའི་རྣལ་འབྱོར་བདེ། །བསྒོམ་པ་གསལ་འགྲིབ་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། གསལ་འགྲིབ་མེད་པའི་རྣལ་འབྱོར་བདེ། །སྤྱོད་པ་ཉམ་ང་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །རྩལ་གསུམ་རྫོགས་པའི་སེང་གེ་འདྲ། །ཉམ་ང་མེད་པའི་རྣལ་འབྱོར་བདེ། །འབྲས་བུ་རེ་དོགས་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །རེ་དོགས་མེད་པའི་རྣལ་འབྱོར་བདེ། །དམ་ཚིག་དྲི་མ་མེད་པ་དེ། །དཔེར་ན་ཅི་འདྲ་ཟེར་ཙ་ན། །ཤེལ་ཀོང་ལག་མཐིལ་བཞག་པ་འདྲ། །ཉེས་ལྟུང་མེད་པའི་རྣལ་འབྱོར་བདེ། །ཕ་རྒན་ཆོས་རྒྱལ་བཀའ་

p. 741

དྲིན་གྱིས། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་རྣལ་འབྱོར་བདེ། །རྣལ་འབྱོར་བདེ་ཚུལ་གླུ་དབྱངས་འདི། །ཐོས་ཚད་མ་གྱུར་འགྲོ་བ་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ཡང་སྐལ་ལྡན་སྙིང་གི་བུ་མཆོག་པདྨ་རང་གྲོལ་དང་། ངག་དབང་ཆོས་འཕེལ། ངག་དབང་བཀྲ་ཤིས། བློ་བཟང་རིན་ཆེན་རྣམས་ཀྱིས་བདེ་ཞུས་བྱས་པའི་ལན་དུ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མཚན་ལྡན་བླ་མ་ནོར་བུ་ལྟ་བུ་དེ། །སྤྱི་གཙུག་རྒྱལ་མཚན་རྩེ་མོ་ལྟ་བུར་བཞུགས། །ཉམས་རྟོགས་མེད་པའི་དབུལ་བོ་ལྟ་བུ་ལ། །བྱིན་རླབས་འཛད་མེད་དགོས་འདོད་ལྟ་བུར་སྩོལ། །རྣལ་འབྱོར་བཟང་བོ་སེང་མ་ལྟ་བུ་ངས། །ཞལ་གདམས་བཟང་བོ་འོ་མ་ལྟ་བུ་ལྟུད། །སློབ་མ་བཟང་བོ་སེང་ཕྲུག་ལྟ་བུ་ཡིས། །རྣམ་དཔྱོད་བཟང་བོ་ལྗགས་རིང་ལྟ་བུས་ཐུངས། །དུས་གསུམ་སངས་རྒྱས་ཉི་མ་ལྟ་བུ་ཡིས། །གསང་གསུམ་ཡོན་ཏན་ཚ་ཟེར་ལྟ་བུ་དེ། །མཚན་ལྡན་བླ་མ་མེ་ཤེལ་ལྟ་བུ་ལ། །བརྟེན་ནས་སློབ་མ་སྤྲ་བ་ལྟ་བུར་འཕོ། །རིམ་བཞིན་ཉམས་རྟོགས་མེ་དཔུང་ལྟ་བུར་འབར། །དེ་ཡིས་ལས་ཉོན་བུད་ཤིང་ལྟ་བུར་བསྲེགས། །དེ་ཕྱིར་བླ་མ་མེ་ཤེལ་ལྟ་བུ་དེ། །སུས་བསྒོམས་མྱུར་དུ་སངས་རྒྱས་ལྟ་བུར་འགྱུར། །ཞེས་བླ་མའི་རྣལ་འབྱོར་བསྒོམས་པའི་ཕན་ཡོན་འདི་ནི་སློབ་མ་དད་ཅན་པདྨ་རང་གྲོལ་དང་། ངག་དབང་ཆོས་འཕེལ། ངག་དབང་བཀྲ་ཤིས། བློ་བཟང་རིན་ཆེན་

p. 742

རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་བླ་མ་ཆོས་ཀྱི་རྒྱལ་པོ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕ་ཚོགས་དྲུག་རང་གྲོལ་གླུ་དབྱངས་ལ། །བུ་སེང་བཟང་རྒྱ་མཚོ་གུས་པས་ཉོན། །ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དང་། །སེམས་སྟོང་གསལ་ཆོས་སྐུ་ཤེས་པ་ལྟ། །དོན་དེ་ལ་མཉམ་པར་འཇོག་པ་སྒོམ། །སྦྱིན་ཚུལ་ཁྲིམས་བསྲུང་སོགས་རྒྱལ་སྲས་སྤྱོད། །མཐར་ཆོས་གཟུགས་སྐུ་གཉིས་ཐོབ་པ་འབྲས། །བུ་ལྟ་སྒོམ་སྤྱོད་འབྲས་དེ་ལྟར་ལྟོས། །གཞི་རང་སེམས་རིན་ཆེན་གླིང་མཆོག་ན། །སྐུ་ཡེ་ཤེས་ཡིད་བཞིན་ནོར་བུ་ཡོད། །ལམ་ཐབས་ཤེས་གཉིས་ཀྱི་གྲུར་ཞུགས་ནས། །ལས་ཉོན་མོངས་རྒྱ་མཚོ་སྒྲོལ་ནུས་ན། །འབྲས་སྐུ་དང་ཡེ་ཤེས་ནོར་བུ་དེ། །དུས་རིང་མིན་ལག་ཏུ་ལོན་པར་ངེས། །བུ་གཞི་ལམ་འབྲས་གསུམ་དེ་ལྟར་ལྟོས། །འདི་ཁྱོད་ལ་སྙིང་གཏམ་བྱས་པ་ཡིན། །གླུ་འདི་བླངས་རྣམ་དཀར་དགེ་བའི་མཐུས། །བུས་བདག་གཞན་དོན་གཉིས་ལྷུན་འགྲུབ་ཤོག །ཅེས་པ་འདི་ཡང་སློབ་བུ་སེང་བཟང་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་མཁྱེན་བརྩེ་ཀུན། །གཅིག་གིས་གཅིག་ཏུ་བསྡོམས་པ་ལས་ལྷག་པའི། །ཀུན་མཁྱེན་ཀུན་ལ་ཉེ་རིང་མེད་པར་བརྩེ། །དུས་སྙིགས་དུས་ཀྱི་འགྲོ་བའི་སྐྱབས་མགོན་རྗེ། །བདག་ནི་ཆུང་ནས་ད་བར་མགོན་ཁྱོད་ཀྱིས། །མ་ཡིས་བུ་བཞིན་བསྐྱངས་པ་བཀའ་དྲིན་ཆེ། །དུས་འདི་ནས་བཟུང་ཇི་སྲིད་འཚོ་ཡི་བར། །ཁྱོད་གསུང་བསྒྲུབ་པ་མ་གཏོགས་གཞན་ཅི་ཡོད། །ནམ་ཞིག་བདག་ནི་འཆི་ལ་ཉེ་

p. 743

བའི་ཚེ། །ཞིང་ཁམས་གང་དུ་སྐྱེ་བའི་སྨོན་ལམ་འདེབས། །སྐྱེས་ཆེན་འདེགས་ཚེ་སེམས་ལ་བཟུང་ཆོག་པའི། །ཞལ་གདམས་གོ་སླ་ཉུང་འདུས་གསུང་དུ་གསོལ། །འདི་ཕྱི་བར་དོའི་སྐྱབས་མགོན་བླ་མ་ལ། །འདི་ལྟར་འཆི་ཆོས་ཞུས་པའི་དགེ་བའི་མཐུས། །འདི་ནས་ཕ་རོལ་འགྲོ་ཚེ་ཕ་རྒན་གྱིས། །འདི་བཞིན་གསུང་ཡོད་སྙམ་ནས་དྲན་པར་ཤོག །ཅེས་པ་འདི་ནི་སློབ་བུ་སེང་བཟང་གིས་སྨྲས་པས་ལན་དུ། །འགྲོ་བའི་སྐྱབས་མགོན་ཆོས་རྒྱལ་རིན་པོ་ཆེ། །སངས་རྒྱས་ཞིང་ཁམས་གང་ན་བཞུགས་ཀྱང་རུང་། །བུ་ལ་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །འདི་ཕྱིའི་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །ཉོན་དང་དད་ལྡན་སེང་བཟང་རྒྱ་མཚོ་བ། །སྐྱེས་ནས་མ་ཤི་ལུས་པ་གཅིག་ཙམ་མེད། །འཁོར་བའི་གནས་ན་བདེ་བ་གང་ཡང་མེད། །འཆི་ཚེ་སངས་རྒྱས་ཞིང་ཁམས་རྣམ་དག་ཏུ། །སྐྱེ་བའི་སྨོན་ལམ་འདེབས་པ་ཤིན་ཏུ་གཅེས། །ཞིང་ཁམས་གཞན་ལས་བདེ་བ་ཅན་ཞིང་དུ། །སུ་ཡིས་སྨོན་ལམ་བཏབ་ནའང་སྐྱེ་བར་གསུངས། །དེ་ཕྱིར་བུ་ཁྱོད་ནམ་ཞིག་འཆི་བའི་ཚེ། །སངས་རྒྱས་འོད་དཔག་མེད་པ་བཞུགས་པའི་ཞིང་། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བའི་སྨོན་ལམ་ཐོབས་དང་ངེས་པར་སྐྱེ། །སྐྱེས་ན་ཞིང་ཁམས་གང་དུའང་སོང་ན་ཆོག །དེ་དུས་ཕ་བུ་ཡང་ཡང་མཇལ་བར་ངེས། །ཉམས་དགའི་སངས་རྒྱས་ཞིང་ཁམས་མང་བོ་རུ། །ལྷན་ཅིག་འགྲོགས་ནས་འགྲོ་བས་སྐལ་བ་བཟང་། །བུ་ཁྱོད་སེམས་ལ་ཟུངས་ལ་དགའ་བར་གྱིས།

p. 744

ཞེས་སྨྲས་པའོ། །བླ་མ་དམ་པའི་ཞབས་ལ་འདུད། །ཆོས་དང་མཐུན་པར་བྱིན་གྱིས་རློབས། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་གླུ། །བྱ་བཏང་རི་བ་རྣམས་ཚོས་ཉོན། །ཆོས་པའི་གནས་སུ་གང་ངན་ན། །ཕ་ཡུལ་བཙོན་ཁང་ཆེན་པོ་ངན། །ཆོས་པའི་གྲོགས་སུ་གང་ངན་ན། །འཕུང་རྒན་སྡིག་པའི་གྲོགས་པོ་ངན། །ཆོས་པའི་འཆིང་ཐག་གང་ཡིན་ན། །ཁ་ཕྱོགས་ཞེན་ཕྱོགས་ཁེངས་དྲེགས་ཡིན། །ཆོས་པའི་ཟས་སུ་གང་ངན་ན། །ལོག་འཚོས་ཕུང་ལ་གཏོད་པ་ཡིན། །ཆོས་པའི་སྤྱོད་ལམ་གང་ངན་ན། །རྒྱུག་དང་མཆོང་དང་ཉལ་བ་ཡིན། །ཆོས་པའི་འགལ་རྐྱེན་སུ་ཆེ་ན། །གཉེན་དང་ནོར་རྫས་ཡིན་པས་སྤོངས། །ཆོས་པའི་གནས་མལ་གང་བྱ་ན། །ས་བཟང་རི་ཁྲོད་དབེན་པར་གྱིས། །ཆོས་པས་དབེན་པར་ཅི་བྱེད་ན། །ཉིན་མཚན་ཆོས་ཀྱིས་འདའ་རུ་ཆུགས། །ཆོས་པས་འཆི་ལུགས་ཅི་བགྱིད་ན། །རི་དྭགས་རྨས་མ་འཆི་ལྟར་གྱིས། །ཆོས་པ་ཤི་ནས་གར་འགྲོ་ན། །ཤི་ན་ཐར་བའི་ལམ་ལ་འགྲོ། །དགའ་ཞིང་སྤྲོ་བཞིན་ཡར་ལ་འགྲོ། །རྣམ་ཐར་གཙང་མའི་ཞིང་དུ་འགྲོ། །མེ་ཏོག་པདྨའི་སྦུབས་སུ་འགྲོ། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །དད་ཅན་རི་བ་འགའ་ལ་སྨྲས། །དགེ་འདིས་རི་བ་ཐམས་ཅད་ཀྱིས། །ཆོས་བཞིན་བྱས་ནས་འཚང་རྒྱ་ཤོག །ཅེས་པ་འདི་ཡང་རི་བ་འགས་བསྐུལ་ངོར་སྨྲས་པའོ།། །ཆོས་རྒྱལ་ངག་གི་དབང་བོའི་ཞབས་ལ་འདུད། །འཁྲུལ་བའི་བློ་སྣང་དག་ལ་བྱིན་གྱིས་རློབས། །མཚན་ལྡན་བླ་མ་ཚུལ་བཞིན་མི་བསྟེན་པར། །ཚེ་འདིའི་དཔོན་པོ་

p. 745

ཅི་མཉེས་བྱེད་པ་འཁྲུལ། །ངེས་པའི་མན་ངག་མི་འཚོལ་དོན་མེད་ཀྱི། །ཐ་སྙད་མང་བསླབས་ང་རྒྱལ་བྱེད་པ་འཁྲུལ། །རི་ཁྲོད་འགྲིམས་ནས་ཉམས་ལེན་མི་བྱེད་པར། །གྲོང་ཡུལ་འགྲིམས་ནས་བདེ་བ་འཚོལ་བ་འཁྲུལ། །གཅིག་པུར་དམ་པའི་ལྷ་ཆོས་མི་བྱེད་པར། །འཁོར་ངན་ཁ་ཏ་ཆོས་བཤད་བྱེད་པ་འཁྲུལ། །ནོར་རྫས་ཡོད་པ་མཆོད་སྦྱིན་མི་བྱེད་པར། །བསགས་ནས་དགྲ་འདྲེའི་ཕྱོགས་སུ་གཏོང་བ་འཁྲུལ། །དམ་ཚིག་སྡོམ་པ་ཚུལ་བཞིན་མི་བསྲུང་བར། །ནོར་རྫས་ཕྱིར་དུ་དམ་སྡོམ་གཏོང་བ་འཁྲུལ། །བསྐྱེད་རྫོགས་རྫོགས་ཆེན་གང་ཤེས་མི་བསྒོམ་པར། །འདོད་ཡོན་ལོངས་སྤྱོད་ཕྱིར་དུ་རྒྱུག་པ་འཁྲུལ། །འདི་ཐོས་མི་ཡིས་འཁྲུལ་བ་བདུན་པོ་སྤངས། །མ་འཁྲུལ་བ་བདུན་ཉམས་སུ་ལེན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །བདག་དང་བདག་ལ་རེ་ལྟོས་པའི། །གྲྭ་སློབ་གྲོགས་མཆེད་ཡོན་བདག་ལ། །རྟག་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སངས་རྒྱས་བསྟན་པའི་སྒོ་རུ་ཞུགས། །བླ་མ་དུ་མའི་ཞབས་པད་བསྟེན། །ཅི་གསུངས་སྒྲུབ་པའི་རྣལ་འབྱོར་ངའི། །གླུ་ལ་བློ་བཟང་བསྟན་དར་ཉོན། །གཅིག་པུར་འདུག་དུས་སེམས་ལ་ལྟོས། །མི་དགེའི་བསམ་པ་འཕེལ་འདུག་ན།། ངན་སོང་གསུམ་ལས་འགྲོ་ས་མེད། །མི་དགེ་བསམ་པ་དེ་ཉིད་སྤོངས། །དགེ་བའི་བསམ་པ་སྐྱེས་འདུག་ན། །མཐོ་རིས་ཐར་བའི་ལམ་སྣ་འདྲེན། །དགེ་སེམས་

p. 746

དེ་ཉིད་གོང་འཕེལ་ཐོངས། །ཁྱད་པར་སེམས་ཉིད་སྟོང་གསལ་གྱི། །ངང་དུ་ཤེས་པ་ལྷོད་ཀྱིས་གློད། །རྟོག་མེད་ངང་ལ་ཡུན་རིང་ཞོག །མང་བོའི་ནང་ནས་ངག་ལ་རྟོགས། །མ་བསམས་ཀུ་ཅོ་སྨྲ་བ་ཡིས། །མི་ནི་ལ་ལས་མཚང་ལ་ཕོག །ལ་ལ་ཆགས་སྡང་ཕྲག་དོག་སྐྱེ། །ལ་ལ་གཡེངས་ནས་མི་དགའི་ལས། །གསོག་པས་སྨྲ་བ་ཉུང་ན་མཛེས། །འགའ་ཞིག་སྨྲས་ཀྱང་སོམས་ལ་སྨྲས། །ཁྱད་པར་གཞན་གྱིས་རང་ལ་ཚིག །ངན་པ་བཤད་ཀྱང་དེའི་ལན་དུ། །ཕ་རོལ་སེམས་ལ་གནོད་པའི་ཚིག །སྨྲ་བ་སྤོངས་ལ་དེའི་སེམས་ལ། །ཕན་པའི་གཏམ་སྙན་སྨྲ་བར་མཛོད། །འདི་ཐོས་དད་ཅན་ཕོ་མོ་ཡིས། །གཅིག་པུར་འདུག་དུས་སེམས་ལ་བརྟག །མང་བོའི་ནང་ནས་ངག་ལ་བརྟགས། །བསམ་ངན་ཚིག་ངན་སྐྱེས་པ་སྤོངས། །དགེ་སེམས་གོང་ནས་གོང་འཕེལ་བཏང་། །གཞན་ཕན་ཚིག་འཇམ་སྨྲ་བར་ཤོག །ཅེས་པ་འདི་ཡང་ལུས་ངག་ཡིད་གསུམ་དགེ་ལ་བཀོལ་བའི་ཁྲིམས་ལྡན་བློ་བཟང་བསྟན་དར་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་རྗེ་བླ་མ་སངས་རྒྱ་སྤྲུལ་བའི་སྐུ། །རིག་འཛིན་ཚོགས་དྲུག་རང་གྲོལ་ཞེས། །སྙིགས་དུས་འགྲོ་བ་ཡོངས་ཀྱི་མགོན། །མཚན་ལྡན་བླ་མ་ཁྱེད་ལ་འདུད། །གསུང་མགུར་ཐོས་པས་བདག་གི་ཡིད། །ཅུང་ཟད་མོས་པ་ལ་བརྟེན་ནས། །གནས་མཆོག་མ་ཧཱ་དེ་བ་རུ། །ཁྱོད་ཀྱི་སྤྱན་སྔར་འོངས་པ་ལགས། །སྔར་བྱས་སྡིག་པ་འགྱོད་པས་བཤགས། །ཕྱིན་ཆད་མི་བྱེད་དམ་བཅའ་འབུལ། །ཁྱོད་མིན་སྐྱབས་གཞན་བདག་ལ་མེད། །འདི་ཕྱིའི་མགོན་སྐྱབས་ཁྱེད་རང་ཡིན། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩོལ། །གང་གསུངས་བསྒྲུབ་

p. 747

པའི་མཆོད་པ་འབུལ། །སྒྲུབ་ལ་འགལ་རྐྱེན་མི་འབྱུང་བར། །མཐུན་རྐྱེན་འཛོམ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ཁོག་ཡངས་བསམ་དཀར་ངང་རིང་དུག་ལྔ་ཤུགས་ཆུང་དད་ལྡན་ངག་དབང་བཀྲ་ཤིས་ཀྱིས་སྨྲས་པས་ལན་དུ། ཕ་རྒན་ཆོས་ཀྱི་རྒྱལ་པོ་དེ། །བདག་གི་སྤྱི་བོའི་གཙུག་ཏུ་བཞུགས། །སྐལ་ལྡན་བུ་ལ་ཏིང་འཛིན་གྱི། །དབང་བསྐུར་སྒོ་གསུམ་བྱིན་གྱིས་རློབས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྙིང་ནས་ལྷ་ཆོས་བྱ་བསམས་ན། །དད་པ་གཏིང་ནས་སྐྱེས་པ་ན། །ཚེ་འདིར་ཕྱི་མིག་མི་བལྟ་ན། །དབེན་པར་ང་བཞིན་བྱེད་སྙམ་ན། །འདི་དོན་སོམས་ལ་ལན་ཞིག་ཐོབས། ་།གཉེན་ཚན་བདུད་ཀྱི་བཤོལ་འདེབས་དེ། །སྤངས་ནས་བླ་མ་བསྟེན་ནུས་སམ། །སྙིང་རུས་ཞེ་བཅད་དྲག་པོ་ཡིས། །བླ་མའི་བཀའ་བཞིན་སྒྲུབ་ནུས་སམ། །ཕ་ཡུལ་བདུད་ཀྱི་བཙོན་ར་དེ། །སྤངས་ནས་རི་ཁྲོད་འགྲིམ་ནུས་སམ། །ཟས་ནོར་བདུད་གྱི་བསླུ་བྲིད་དེ། །སྤངས་ནས་དཀའ་ཐུབ་བྱེད་ནུས་སམ། །གྲོང་ཡུལ་དགའ་གྲོགས་སྤངས་ནས་ཀྱང་། །གཅིག་པུར་རི་ལ་འདུག་ནུས་སམ། །འཇིག་རྟེན་ཆོས་བརྒྱད་སྤངས་ནས་ཀྱང་། །སྒོ་གསུམ་དམན་ཆ་འཛིན་ནུས་སམ། །དེ་ཀུན་ནུས་ན་ཁྱོད་ཉིད་ལ། །ལྷ་ཆོས་བྱེད་པའི་སྐལ་བ་ཡོད། །མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །ཟབ་མོའི་གདམས་པ་ཕངས་མེད་སྟེར། །བདག་གཞན་དོན་གཉིས་འགྲུབ་པར་ངེས། །བུ་ཁྱོད་སྙིང་ནས་དགའ་བ་སྒོམས། །ཞེས་པ་བདག་གིས་སྨྲས་པས་ལན་དུ། ཨེ་མ་བླ་མ་རིན་པོ་ཆེ། །བདག་

p. 748

ལ་བརྩེ་བས་སྙན་གསོན་ཅིག །ལོང་མེད་མི་རྟག་འཆི་བ་དང་། འཁོར་བའི་ཉེས་དམིགས་བསམས་ནས་འོངས། །གཉེན་ཚན་བདུད་ཀྱི་བཤོལ་འདེབས་དེ། །རྟག་ཏུ་སྤངས་ནས་བླ་མ་བསྟེན། །དཀའ་སྤྱད་སྡུག་ཁུར་དྲག་པོ་ཡིས། །བླ་མའི་བཀའ་བཞིན་བསྒྲུབ་པར་བགྱི། །ཕ་ཡུལ་བདུད་ཀྱི་བཙོན་ར་དེ། །རྟག་ཏུ་སྤངས་ནས་རི་ཁྲོད་འགྲིམ། །ཟས་ནོར་བདུད་ཀྱི་བསླུ་བྲིད་དེ། །རྟག་ཏུ་སྤངས་ནས་དཀའ་ཐུབ་བགྱིད། །གྲོང་ཡུལ་དགའ་གྲོགས་སྤངས་ནས་ཀྱང་། །གཅིག་པུར་རི་ལ་གནས་པར་བྱ། །འཇིག་རྟེན་ཆོས་བརྒྱད་སྤངས་ནས་ཀྱང་། །སྒོ་གསུམ་དམན་ཆ་འཛིན་པར་བགྱི། །མདོར་ན་བླ་མ་རིན་པོ་ཆེ། །ཁྱེད་ཀྱིས་ཅི་གསུང་བཀའ་བཞིན་བསྒྲུབ། །ཐོས་པས་ངན་སོང་ལྟུང་མི་སྲིད། །བསྒོམས་པས་འཁོར་བར་འཁྱམས་མི་སྲིད། །ཟབ་ལམ་རྫོགས་པ་ཆེན་པོ་ཡི། །དབང་ཁྲིད་བརྩེ་བས་གནང་དུ་གསོལ། །ཞེས་སྨྲས་པས་དབང་ཁྲིད་ལ་སོགས་བྱིན་པའོ། །གཟུགས་སྐུ་དྲི་མེད་ཟླ་གཞོན་འཛམ་གླིང་མཁར། །ལེགས་བཤད་འཁྲུལ་མེད་ཟབ་ཆོས་འོད་དཀར་འགྱེད། །འགྲོ་བ་གྲངས་མེད་མི་ཤེས་མུན་པ་ཡིས། །སྒྲིབ་པ་ལྷག་མེད་སེལ་མཁན་བླ་མར་འདུད། །དབེན་གནས་གནས་བྱས་རྣར་སྙན་གླུ་ཡི་དབྱངས། །དབྱངས་མང་མང་བོ་ཚོགས་པའི་དབུས་སུ་འཐེན། །འཐེན་ན་ན་སོ་རྒན་གཞོན་སེམས་ལ་ཕན། །ཕན་བདེ་བདེ་ལམ་སྒྲུབ་མཁན་ངས་གླུ་ལེན། །ཀ་ཡེ་ཁ་རོག་ག་ལེར་ང་ལ་ཉོན། །ཅ་ལག་ཆ་ཚང་ཇ་གོས་ཉ་ལྟོར་མཚུངས། །ཏ་ལའི་ཐ་སྙད་ད་ལྟ་ན་གཞོན་སློབས། །པཱ་

p. 749

ལ་ཕ་མར་བ་ཞོ་མ་འཐུང་བྱིན། །ཙ་ར་ཚྭ་བཞིན་ཛཱ་ཡཱ་ཝ་ཞྭའི་ཏོག །ཞྭ་གོས་ཟ་ལྷམ་འ་ཅག་ཡ་མ་ཕྲལ། །རྭ་ཅོ་ལ་རིང་ཤ་གནས་ས་རུ་སོང་། །ཧ་ཅང་ཨ་དུར་རེམ་ལ་ཉམས་ལེན་གྱིས། །བྱ་བ་ཐམས་ཅད་བཏང་བ་བདག་གི་གླུ། །གང་གིས་ཐོས་པ་དག་གིས་ཚེ་བློས་བཏང་། །ས་བཟང་བརྟེན་ནས་ལམ་བཟང་སྒྲུབ་བཞིན་དུ། །དབེན་པའི་རི་ནས་སྙན་པའི་གླུ་ལེན་ཤོག །ཅེས་པ་འདི་ཡང་བྱ་དཀའ་བའི་ཚིག་གིས་བརྒྱན་ཏེ་ཚེ་བློས་བཏང་ནས་རི་ཁྲོད་བསྟེན་པའི་སློབ་བུ་བློ་བཟང་རིན་ཆེན་ལ་ཀུ་རེའི་ཚུལ་དུ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མི་ཡི་གྲུ་ཆེན་ལ་བརྟེན་ནས། །འཁོར་བའི་ཕ་རོལ་མཚོ་ཆེན་བསྒྲལ། །ཐར་བའི་གླིང་ཆེན་བསྙེགས་པ་ཡི། །སྔོན་བྱོན་སྐྱེས་ཆེན་རྣམས་ལ་འདུད། །རྣམ་མང་མ་གྱུར་འགྲོ་བ་ཀུན། །རྣམ་མཁྱེན་གོ་འཕང་ལ་འགོད་ཕྱིར། །རྣམ་དཀར་དགེ་ལ་གཞོལ་བའི་བུས། །རྣམ་དཀར་དད་པའི་སེམས་ཀྱིས་ཉོན། །འཇིག་རྟེན་ཁམས་ནི་གྲངས་མང་ཡང་། །འཛམ་བུའི་གླིང་དུ་སྐྱེ་བ་དཀོན། །ཞ་ལོང་འོན་ལྐུགས་མང་ན་ཡང་། །དལ་འབྱོར་མི་ལུས་ཐོབ་པ་དཀོན། །མངོན་མཐོ་ལྷ་མིའི་ལུས་ལོངས་སྤྱོད། །འཁོར་རྣམས་ཕུན་སུམ་ཚོགས་པའི་རྒྱུ། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །སོགས་ཀྱང་ལུས་རྟེན་འདིས་བསྒྲུབ་ནུས། །ལྷ་རྣམས་ཕལ་ཆེར་འཆི་བའི་ཚེ། །མི་ལུས་ཐོབ་ལ་སྨོན་པར་གསུངས། །འཛམ་གླིང་ལས་ཀྱི་ས་པ་ཡིན། །ཚེ་སྟོད་

p. 750

བསགས་པའི་ལས་རྣམས་ནི། །ཚེ་སྨད་དག་ལ་སྨིན་ནུས་པས། །སྙིགས་དུས་ཚེ་གཅིག་ལུས་གཅིག་ལ། །སངས་རྒྱས་གོ་འཕང་ཐོབ་པར་ནུས། །བདེ་བ་ཅན་དུ་སྐྱེས་པ་ཡི། །བྱང་ཆུབ་སེམས་དཔའ་ཕལ་ཆེར་གྱིས། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །མི་མཇེད་འཇིག་རྟེན་ཁམས་ཤིག་ན། །སྙིགས་དུས་ཚེ་ཐུང་ཞིག་ལ་འཚང་། །རྒྱ་བའི་ལུས་རྟེན་ཁྱད་པར་ཅན། །ཡོད་པས་དེ་རུ་སྐྱེ་བར་ཤོག །ཅེས་པའི་སྨོན་ལམ་འདེབས་པར་གསུངས། །ད་རེ་སྟབས་ཀ་ཡག་པོར་འཕྲོད། །སྨོན་གནས་ལ་ཁར་བརྒྱབ་དུས་འདིར། །དམ་ཆོས་མི་བསྒྲུབ་ནམ་ཚོད་བསྒྲུབ། །དཔེར་ན་མི་མང་ཚོགས་དབུས་ན། །ཟས་ནོར་ལོངས་སྤྱོད་མེད་པའི་མིས། །དགོས་འདོད་ཐམས་ཅད་འབྱུང་བ་ཡི། །ཡིད་བཞིན་ནོར་བུ་ཞིག་རྙེད་ན། །རྙེད་ལ་དགའ་ཞིང་གཞན་གྱི་མིས། །ལག་ནས་འཕྲོག་འདྲ་ཨེ་གཏོང་སྙམ། །འཇིགས་པ་དང་བཅས་ལྟ་བ་བཞིན། །མི་ཁོམ་གནས་སུ་ཡུན་རིང་བོ། །བསྐལ་པ་བརྒྱད་ཁྲིར་བཙལ་གྱུར་ཀྱང་། །རྙེད་དཀའི་དལ་འབྱོར་མི་ལུས་འདི། །རྙེད་ལ་དགའ་ཞིང་ནད་སོགས་ཀྱིས། །བློ་བུར་ཤི་འདྲ་ཨེ་འགྲོ་སྙམ། །འཇིགས་པ་དང་བཅས་དུས་རྒྱུན་དུ།། དམ་པའི་ཆོས་ལ་འབད་པར་མཛོད། །དགེ་འདིས་རྙེད་པར་དཀའ་བའི་ལུས། །གང་གིས་རྙེད་རྣམས་ཚེ་འདི་ཡི། །དོན་མེད་རྙེད་བཀུར་མི་བསྒྲུབ་པར། །ཤིན་ཏུ་རྙེད་དཀའི་ཆོས་བྱེད་ཤོག །ཅེས་པ་འདི་ནི་མི་ལུས་རིན་པོ་ཆེའི་གྲུ་ལ་བརྟེན་ནས་འཁོར་བའི་རྒྱ་མཚོ་བརྒལ་ཏེ་ཐར་བའི་གསེར་གླིང་

p. 751

བསྙེག་པའི་སློབ་བུ་ངག་དབང་ཆོས་འཕེལ་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །སྲིད་འབྱོར་རྨི་ལམ་གྱི་དགའ་སྟོན་དང་། །རྙེད་བཀུར་ཆུ་ཤིང་གི་སྙིང་བོ་ལྟར། །གཟིགས་ནས་དམ་ཆོས་ལ་གཞོལ་བ་ཡི། །ཆོས་རྒྱལ་ངག་དབང་ཝང་ཞབས་ལ་འདུད། །ཕྱི་རོལ་རྣམ་གཡེང་ནི་མེད་པ་ཡི། །རི་ཁྲོད་རྣམས་ལ་སོང་གཅིག་པུར་བསྡད། །དུས་དང་རྣམ་པ་ཀུན་དམ་ཆོས་ཤིག །བསམ་པ་རྣམ་དག་གིས་བྱེད་སྙམ་ན། །མི་ཚེ་གློག་འགྱུ་བཞིན་ཤིན་ཏུ་ཐུང་། །ལང་ཚོ་འཇའ་ཚོན་བཞིན་མྱུར་དུ་ཡལ། །སྙན་གྲགས་སྒྲ་སྙན་བཞིན་མིང་ཙམ་ཡིན། །ལོངས་སྤྱོད་སྦྲང་རྩི་བཞིན་གཞན་གྱིས་སྤྱོད། །མི་གཙང་དྲི་ལ་འཁོར་སྦྲང་མ་ཡིས། །དགའ་སྤྲོའི་འཕུར་ལྡིང་ནི་གཡོ་བ་བཞིན། །འཇིག་རྟེན་ཕུན་ཚོགས་ལ་ཆགས་པའི་མི། །དགའ་སྤྲོའི་རྙེད་བཀུར་གྱི་ཕྱིར་དུ་རྒྱུག །ཀྱེ་ཀྱེ་མཐོན་པོའི་མཐའ་དམའ་བར་ལྟུང་། །ལང་ཚོ་དར་བའི་མཐའ་ན་བས་འཇོམས། །ཐམས་ཅད་འདུས་པའི་མཐའ་འབྲལ་བར་ངེས། །ལོངས་སྤྱོད་རྒྱས་པའི་མཐའ་རྒུད་པ་སོགས། །གང་གང་འགྲོ་མགོན་གྱིས་གསུངས་པ་རྣམས། །ངེས་ངེས་ད་ལྟ་ཡི་དུས་སྐབས་འདིར། །དེ་དེ་ཇི་བཞིན་དུ་སྣང་གྱུར་ཀྱང་། །བུ་བུ་མི་རྣམས་ཀྱིས་མ་མཐོང་འདུག །ས་དང་བར་སྣང་རྣམས་མི་མཚོན་པའི། །སྟོབས་ཆེན་མེ་འབར་བའི་ནགས་ཁྲོད་དུ། །སྲོག་ཆགས་བག་ཕབ་ནས་སོས་དལ་དུ། །བདེ་བར་འདུག་པ་དེ་ཇི་ལྟར་འོས། །འཆི་ངེས་

p. 752

གཏན་དུ་འདུག་སྙམ་པ་འཁྲུལ། །འཁྲུལ་བར་མ་གོ་བར་རྒས་གྱུར་ན། །ན་འཆི་སླེབས་པའི་ཚེ་འགྱོད་པ་སྐྱེ། །སྐྱེས་ཀྱང་ཅུང་ཟད་ཅིག་འདུག་དབང་མེད། །མདོར་ན་སྲིད་འབྱོར་ནི་ཀུན་གྱིས་བསླུ། །ཡིད་བརྟན་རུང་བ་དེ་དམ་ཆོས་ཡིན། །དེ་ཕྱིར་མི་རྟག་པའི་ཚུལ་སོམས་ལ། །མི་ལུས་ཐོབ་པ་འདི་དོན་ཡོད་མཛོད། །དགེ་འདིས་མི་རྣམས་ནི་ཐམས་ཅད་ཀྱིས། །ཆོས་རྣམས་མི་རྟག་པར་འགྱུར་ཚུལ་བསམས། །ནམ་ཡང་མི་དགེ་བའི་ལས་རྣམས་སྤངས། །དགེ་བས་མི་ཚེ་གང་འདའ་བར་ཤོག །ཅེས་པ་འདི་ཡང་འཆི་བ་ལ་སྐྲག་ནས་ལྷ་ཆོས་བྱེད་པའི་སློབ་བུ་ངག་དབང་བཀྲ་ཤིས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐྱབས་མཆོག་ཕ་རྒན་ཆོས་རྒྱལ་གཙུག་ན་མཛེས། །མཛེས་སྐུ་དེ་ལ་ཡིད་ཀྱིས་གུས་ཕྱག་འཚལ། །ཁྱོད་ཀྱིས་བྱང་ཆུབ་བར་དུ་བུ་ང་སྐྱོངས། །ཁྱོད་མིན་བདག་ལ་རེ་ས་གཞན་མ་མཆིས། །སྔོན་མེད་བོད་ཀྱི་གླུ་བ་ཁ་བདེ་ངའི། །གླུ་དབྱངས་བོད་ལ་ཕན་པར་བྱིན་གྱིས་རློབས། །བུམ་པ་ཆུང་རུང་གཏེར་ཆེན་བུམ་བཟང་ཡིན། །ནོར་བུ་ཆུང་རུང་འདོད་འབྱུང་ནོར་བུ་ཡིན། །ལྗོན་ཤིང་ཆུང་རུང་དཔག་བསམ་ལྗོན་ཤིང་ཡིན། །གླུ་བ་ཆུང་རུང་གླུ་ཡི་གཏེར་མཛོད་ཡིན། །གླེགས་བམ་ཆུང་རུང་བཀླགས་ན་ཕན་པ་ཡིན། །འཁོར་བའི་རྒྱུན་གཅོད་འཁོར་ལོ་རིན་ཆེན་ཡིན། ་།འདོད་དགུའི་འབྱུང་གནས་ནོར་བུ་རིན་ཆེན་ཡིན། །བདེ་སྟོང་ཉམས་སྟེར་བཙུན་མོ་རིན་ཆེན་ཡིན། །ཕན་བདེ་བློ་སྟོན་བློན་པོ་རིན་ཆེན་ཡིན། །བཤད་སྒྲུབ་ཁུར་ཐེག་གླང་བོ་རིན་ཆེན་ཡིན། །

p. 753

དག་ཞིང་སྒྲོད་བྱེད་རྟ་མཆོག་རིན་ཆེན་ཡིན། །ཉོན་མོངས་དཔུང་འཇོམས་དམག་དཔོན་རིན་ཆེན་ཡིན། །སྔོན་མེད་གསར་བྱུང་རྒྱལ་སྲིད་སྣ་བདུན་ཡིན། །ཚོགས་དྲུག་རང་གྲོལ་བོད་ལ་འཇོག་པ་ཡིན། །ང་དང་འཕྲོད་ཀྱང་བཤད་རྒྱུ་འདི་ཚོ་ཡིན། །ནམ་ཞིག་འཆི་རུང་ང་ཡི་ཁ་ཆེམས་ཡིན།། འདི་ལྟར་ཚུལ་བཞིན་ཉམས་སུ་ལེན་པ་ལ། །རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །སངས་རྒྱས་བྱང་སེམས་རྣམས་ཀྱིས་ཐུགས་རྗེས་གཟིགས། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་དངོས་གྲུབ་སྩོལ། །དཔའ་བོ་མཁའ་འགྲོས་ཕྱི་ནང་བར་ཆད་སོལ། །ཆོས་སྐྱོང་སྲུང་མས་ལས་བཞིའི་འཕྲིན་ལས་སྒྲུབས། །ཡུལ་ལྷ་གཞི་བདག་རྣམས་ཀྱིས་སྲུང་སྐྱོབ་གྱིས། །མི་དང་མི་མིན་ལྷ་འདྲེས་སྙན་པ་སྒྲོགས། །འདི་ཉིད་འདྲི་ཞིང་འདོན་དང་ཐོས་ཚད་ཀྱི། །སྐྱེ་འགྲོ་ཐམས་ཅད་བདེ་ལྡན་ཞིང་བཞིན་དུ། ཉིན་བདེ་མཚན་བདེ་ཉི་མའི་གུང་ཡང་བདེ། །ཉིན་མཚན་རྟག་ཏུ་བདེ་བའི་བཀྲ་ཤིས་ཤོག །གླེགས་བམ་གང་དུ་གནས་པའི་ཡུལ་ཕྱོགས་སུ། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་ཁ་ཕོའི་འབྲུག་ལྡིར། འདོད་གསོལ་གྱི་སྤྲིན་བསྡུས། བཀྲ་ཤིས་ཀྱི་ཆར་ཕབ་པའོ། །སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །བླ་མ་རྒྱལ་བ་སྲས་བཅས་བཞུགས། །བདག་གིས་གླུ་དབྱངས་གང་བླངས་རྣམས། །ཕྱི་སྣོད་མ་ཞིག་བར་

p. 754

གནས་ཤོག །གནས་ནས་ནང་བཅུད་སེམས་ཅན་ལ། །ཕན་པ་དཔག་མེད་ཐོགས་པར་ཤོག །རི་བ་གསར་བ་ཐམས་ཅད་ལ། །བླ་མ་བཞུགས་བཞིན་ཕན་ཐོགས་ཤོག །གཅིག་པུར་དབེན་པར་འདུག་པ་ལ། །གྲོགས་པོ་ལྟ་བུར་འགྱུར་བར་ཤོག །ཁྱིམ་པ་ཕོ་མོ་ཐམས་ཅད་ལ། །དགེ་བསྐུལ་མཆོག་ཏུ་འགྱུར་བར་ཤོག །སྡིག་པ་བྱེད་མཁན་སུས་ཐོས་ཀྱང་། །འགྱོད་ཅིང་སྡིག་སཔའི་འཕྲོ་གཅོད་ཤོག །གདུག་རྩུབ་བསམ་ངན་སུས་ཐོས་ཀྱང་། །གདུག་པའི་བསམ་སྦྱོར་ཀུན་ཞི་ཤོག །ཕ་མར་སྡང་བ་སུས་ཐོས་ཀྱང་། །དྲིན་ཅན་ཕ་མར་བྱམས་པར་ཤོག །ཚུལ་ཁྲིམས་འཆལ་བ་སུས་ཐོས་ཀྱང་། །སླར་ཡང་ཚུལ་བཞིན་བསྲུང་བར་ཤོག །དཀོར་ལ་རྔམས་པ་སུས་ཐོས་ཀྱང་། །ཚོགས་བསགས་དཀོར་སྦྱོང་བྱེད་པར་ཤོག །ཆོས་མི་བྱེད་པ་སུས་ཐོས་ཀྱང་། །སླར་ཡང་ཆོས་བཞིན་བྱེད་པར་ཤོག །གྲོང་ཆོག་བདའ་མཁན་སུས་ཐོས་ཀྱང་། །དམར་ཆོག་ནམ་ཡང་མི་བྱེད་ཤོག །སྒྱིད་ལུག་ཞུམ་པ་སུས་ཐོས་ཀྱང་། །བརྩོན་པས་བྱང་ཆུབ་བསྒྲུབ་པར་ཤོག །དགེ་བ་བྱེད་མཁན་སུས་ཐོས་ཀྱང་། །དགའ་ནས་ལྷག་པར་བྱེད་པར་ཤོག །ལྷ་འདྲེ་མི་གསུམ་སུས་ཐོས་ཀྱང་། །བྱང་ཆུབ་སེམས་དང་ལྡན་པར་ཤོག །གླེགས་བམ་གར་བཞུགས་ཡུལ་ཕྱོགས་དེར། །ནད་མུག་འཁྲུག་རྩོད་མི་འབྱུང་ཤོག །གང་གིས་འཆད་དང་ཉན་པ་རྣམས། །རང་གཞན་དོན་གཉིས་འགྲུབ་པར་ཤོག །འདྲི་འདོན་ཀློག་འཆང་བྱེད་པ་རྣམས། །སྒྲིབ་གཉིས་དག་ནས་སངས་རྒྱས་ཤོག །བླ་མ་རྒྱལ་སྲས་མཐུ་སྟོབས་ཀྱིས། །སྨོན་ལམ་

p. 755

བཏབ་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ལྷག་བསམ་དག་པས་སྨོན་ལམ་བཏབ་པའོ། །རྩ་བའི་བླ་མའི་བཀྲ་ཤིས་ཤོག །བརྒྱུད་པའི་བླ་མའི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག །ཕྱོགས་བཅུའི་སངས་རྒྱས་བཀྲ་ཤིས་ཤོག །བྱང་སེམས་ཉན་རང་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་བཀྲ་ཤིས་ཤོག །རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཕྱོགས་བཅུར་དར་ཞིང་རྒྱས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག །བསྟན་པའི་སྦྱིན་བདག་ཐམས་ཅད་ཀྱི། །མངའ་ཐང་འབྱོར་བ་མཚོ་ལྟར་རྒྱས། །རྟག་ཏུ་བསྟན་འཛིན་སྐྱེས་བུ་རྣམས། །མཆོད་བསྟོད་བཀུར་བའི་བཀྲ་ཤིས་ཤོག །རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཤིང་། །ནད་ཡམས་འཐབ་རྩོད་མེད་པ་དང་། །ཐམས་ཅད་རྫོགས་ལྡན་དུས་བཞིན་དུ། །བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །གངས་རིའི་ར་བས་ཡོངས་

p. 756

བསྐོར་བའི། །གངས་ཅན་ཁྲོད་དུ་སྐྱེས་པའི་མི། །གང་གིས་ཆོས་དང་མཐུན་པའི་དོན། །གང་བསམ་འགྲུབ་པའི་བཀྲ་ཤིས་ཤོག །བདག་ཅག་དཔོན་སློབ་སྦྱིན་བདག་རྣམས། །ཉིན་མཚན་རྟག་ཏུ་བདེ་ཞིང་སྐྱིད། །སྐྱིད་དགའ་ལོངས་སྤྱོད་ལོ་རེ་བཞིན། །འཕེལ་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་མགུར་འབུམ་གྱི་མཇུག་ཏུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིགརྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱ་རྣམས་ལ་གང་ལ་གང་འཚམས་ཀྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་བཀོད་པའི་ནང་ཚན་ལས། མཚོ་སྙིང་མ་ཧཱ་དེ་བ་ནས་སྐལ་བཟང་གདུལ་བྱ་རི་བའི་ཚོགས་ཀྱི་ཞུས་ལན་ཞལ་གདམས་ཀྱི་ཚོགས་ཏེ། གཉིས་པ་ཁྱོན་བསྡོམས་མགུར་ཚན་མཁའ་ཟླ་དུས་ཀྱི་གྲངས་ལྡན་གྱི་བདག་ཉིད་ཅན་གྱི་བུ་སྟ་ཀ་དང་པོའོ། །ཤུ་བྷཾ་ཏུ་སརྦ་ཛཱ་ག་ཏཾ།

མཇུག་བྱང་།

p. 757

སྨྲས་པ། །འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི། །མཛའ་བཤེས་ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང་། །དེ་རྣམས་གསུང་རབ་འཕགས་པའི་དགེ་འདུན་ཏེ། །མཆོག་གསུམ་ཐུགས་རྗེས་འགྲོ་ཀུན་རྟག་ཏུ་སྐྱོངས། །རྣམ་འདྲེན་སངས་རྒྱས་སྟོང་གི་ནང་ནས་ཀྱང་། །པདྨ་དཀར་བོ་ལྟ་བུར་རབ་བསྔགས་པའི། །འདྲེན་པ་མཉམ་མེད་ཟས་གཙང་སྲས་པོ་ཡི། །གསུང་རབ་དགོངས་འགྲེལ་བཞིན་དུ་རྣལ་འབྱོར་ངས། །རྣར་སྙན་ཡིད་འབབ་གླུ་དབྱངས་བླངས་པ་རྣམས། །བློ་ལྡན་སློབ་མ་ཡོན་བདག་མང་བོ་ཡིས། །པར་དུ་ཕུད་ནས་བརྒྱ་སྟོང་སྤེལ་བྱས་ན། །བསྟན་དང་འགྲོ་བ་ཡོངས་ལ་ཕན་ཐོགས་སྙམ། །ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས། པར་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར། །མདོ་ཁམས་ཆོས་ཡུལ་རེབ་གོང་གསེར་མོ་ལྗོངས།། བཀྲ་ཤིས་འཁྱིལ་བའི་དགོན་པར་པར་དུ་བསྐྲུན། །དེ་ལྟར་བསྐྲུན་པའི་རྣམ་དཀར་དགེ་བའི་མཐུས། །ཕན་བདེའི་

p. 758

འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཁམས་བཟང་། །མཁའ་མཉམ་འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག །ཁྱད་པར་པར་གྱི་ཁ་འགོ་བྱེད་མཁན་དང་། །པར་ཤིང་གཅོད་ཅིང་པར་ཡིག་འབྲི་མཁན་དང་། །པར་དུ་བརྐོ་མཁན་མཐུན་རྐྱེན་སྦྱོར་མཁན་རྣམས། །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་མྱུར་འཐོབ་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །འཇིག་རྟེན་ཁམས་འདིར་ཇི་སྲིད་ནམ་གནས་བར། །མགུར་འབུམ་འདི་ཡང་མི་ཉམས་ས་སྟེང་འདིར། །གནས་ནས་བསྟན་འགྲོ་ཡོངས་ལ་ཕན་ཐོགས་ཤོག །གཞན་ཡང་འཇིག་རྟེན་ཁམས་འདི་ཐམས་ཅད་ཀྱི། །ནད་ཡམས་མུ་གེ་འཐབ་རྩོད་ཀུན་ཞི་ཞིང་། ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་མགུར་འབུམ་གྱི་མཇུག་ཏུ་པར་བྱང་སྨོན་ཚིག་ཉུང་འདུས་འདི་ནི། པར་ཡིག་

p. 759

འབྲི་མཁན་དད་ཅན་ལྷ་ཁང་དབུ་མཛད་དང་། པར་དུ་བརྐོ་མཁན་བློ་ལྡན་སྐྱིའི་བླ་མ། ཧོར་ནག་དགེ་སློང་། སྐུ་གསར་བསམ་འགྲུབ། སློབ་བུ་ཀུན་དགའ་རྣམས་ཀྱིས་བསྐུལ་ངོར། སེམས་ཁ་གཞན་ལས་ཡངས་པའི་རྣལ་འབྱོར་ཞབས་དཀར་པས། ཉམས་དགའ་རིག་པ་དྭངས་པའི་འབྲོང་ལུང་དབེན་པའི་ནགས་ཁྲོད་ནས་སྦྱར་བའོ།། །སརྦ་མངྒལཾ།།

Pecha page