ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ། །
བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཕྱོགས་མེད་རི་ཁྲོད་འགྲིམས་པའི་ཚེ་རང་གཞན་ཆོས་ལ་བསྐུལ་ཕྱིར་གླུ་དབྱངས་དགའ་སྟོན་འགྱེད་པ།
བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཕྱོགས་མེད་རི་ཁྲོད་འགྲིམས་པའི་ཚེ་རང་གཞན་ཆོས་ལ་བསྐུལ་ཕྱིར་གླུ་དབྱངས་དགའ་སྟོན་འགྱེད་པ་རྣམས་བཞུགས་སོ། །
ན་མོ་གུ་རུ། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་མཚན་དང་དཔེ་བྱད་ལྡན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་ཇི་བཞིན་སྐོང་བའི་ཡན་ལག་དྲུག་ཅུའི་གསུང་། །གང་ལ་ཉེ་རིང་མེད་པར་བརྩེ་ཞིང་ཤེས་བྱ་མཐའ་དག་མཁྱེན་པའི་ཐུགས། །ཞིང་ཀུན་འོད་ཀྱིས་འགེངས་བཞིན་ཆོས་འཁོར་བསྐོར་བའི་སངས་རྒྱས་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་གསུང་རབ་དགོངས་འགྲེལ་མཐའ་དག་རྒྱ་གར་ནས། །བོད་དུ་བསྒྱུར་མཁས་ས་ཐོབ་སངས་རྒྱས་བྱང་སེམས་ལོ་པཎ་མཁས་གྲུབ་
དང་། །ཉམས་སུ་བླངས་ནས་ས་ལམ་མཐར་ཕྱིན་དམ་པ་གོང་མ་ཐམས་ཅད་ཀྱི། །སྐུ་དྲིན་རྣམ་ཐར་དྲན་བཞིན་ལན་གཅིག་མ་ཡིན་ཡང་ཡང་གུས་པས་འདུད། །རྒྱལ་བའི་གསུང་རབ་མདོ་རྒྱུད་རྣམས་དང་རྒྱ་བོད་མཁས་གྲུབ་ཚད་ལྡན་གྱི། །ལེགས་བཤད་ཟླ་མེད་ཇི་བཞིན་རང་གཞན་ཀུན་གྱིས་གོ་སླ་འཁྱེར་བདེ་ཕྱིར། །བདག་གིས་མགུར་དབྱངས་གང་བླངས་གང་གིས་ཐོས་ཀྱང་དངོས་སམ་བརྒྱུད་ནས་ཀྱང་། །རྒྱུད་ལ་ཕན་ཐོགས་རྒྱ་ཆེན་འབྱུང་བར་ཡང་དང་ཡང་དུ་བྱིན་གྱིས་རློབས། །དེ་ཡང་
སྐྱེ་དཀའ་བ་གླིང་བཞི་ཡི་ནང་ནས་མཆོག་ཏུ་གྱུར་པ་ལྷོ་འཛམ་བུ་གླིང་དུ་སྐྱེས། ཐོབ་པར་དཀའ་བ་མི་ཡི་ནང་ནས་དབང་པོ་སྒོ་ལྔ་ཚང་བའི་མི་ལུས་གཙང་མ་ཐོབ། མཇལ་བར་དཀའ་བ་བླ་མའི་ནང་ནས་མཚན་ཉིད་ཚང་བའི་བླ་མ་དང་མཇལ། འཕྲད་པར་དཀའ་བ་ཆོས་ཀྱི་ནང་ནས་སངས་རྒྱས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པར་འཕྲད་པའི་དུས་འདིར་དཀར་པོ་དགེ་བའི་ལས་ལ་བརྩོན་ཞིང་། ནག་པོ་མི་དགེ་སྡིག་པའི་ལས་རྣམས་སྤོང་དགོས་ཏེ། ད་རེས་མི་དགེ་སྤངས་ནས་དགེ་བ་རྣམ་དག་ཅིག་མ་བྱས་ན། ཕྱིན་
ཆད་ཡང་ནས་ཡང་དུ་འཛམ་བུའི་གླིང་དུ་མི་སྐྱེ། སྐྱེས་ཀྱང་མི་ལུས་གཙང་མ་མི་ཐོབ། ཐོབ་ཀྱང་མཚན་ལྡན་གྱི་བླ་མ་དང་སངས་རྒྱས་ཀྱི་བསྟན་པར་མི་མཇལ། མཇལ་ཀྱང་དམ་ཆོས་སྒྲུབ་པའི་རང་དབང་རང་ལ་ཨེ་ཐོབ་མི་ཤེས། དེས་ན་དལ་འབྱོར་དོན་ལྡན་ཞིག་བྱེད་དགོས། དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན་མི་ཚེ་ཡུན་ཐུང་། རྒས་དུས་མི་ནུས། ནམ་འཆི་ཆ་མེད་པས། ཕྱི་བཤོལ་ག་ལེ་སོས་དལ་བྱེད་མི་རུང་། འདུས་བྱས་ཀྱི་འཁོར་བའི་ཆོས་ཐམས་ཅད་མི་རྟག །དེ་ཡི་ནང་ནས་
ལྷག་པར་ཤ་ཁྲག་གི་ལུས་འདི་ནི་ཆུ་ཡི་ཆུ་བུར་ལྟ་བུར་ཡལ་བར་སླ་བས་དོ་ནུབ་ཙམ་ཡང་མི་འཆི་སྙམ་པའི་བློ་གཏད་མེད་དེ། སྐྱེ་བོ་ཕོ་མོ་གཞོན་ནུ་ལང་ཚོ་དར་ལ་བབ་པ་རྣམས་ཀྱང་གློ་བུར་དུ་ཤི་བ་མང་བས་ན། དབུགས་རླངས་པ་ཙམ་དྲོད་མེ་སྟག་ཙམ་པ་འདིའི་རྒྱུན་སྐད་ཅིག་ཙམ་ལ་འཆད་ཉེན་ཡོད། རྒན་གཞོན་ལ་གོ་རིམ་མེད། ཕོ་མོ་ལ་བཟང་ངན་མེད། གཟུགས་བྱད་ལ་ཡག་བཙོག་མེད། ནམ་འཆི་ངེས་པ་མེད། སྐད་ཆའི་བཤད་འཕྲོ། ཟས་ཀྱི་ཟ་འཕྲོ། གོས་ཀྱི་གྱོན་འཕྲོ། ལས་ཀྱི་བྱེད་འཕྲོ་ཐམས་ཅད་བཞག་ནས་ཤི་ཚེ། ཁོ་ཤིའོ་མོ་ཤིའོ་ཟེར་བའི་གཏམ་ངན་གཅིག་མིན་མི་འདུག །དེ་དུས་རང་ཉིད་གཅིག་པུ་རྒྱུས་མེད་ཆ་མེད་ཀྱི་བར་དོའི་འཕྲང་རིང་བརྒྱུད་ནས་སྐྱབས་མེད་མགོན་མེད་དུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས། རྒྱུ་མི་དགེ་བ་བྱས་ན་ངན་སོང་གསུམ་དང་ངན་འགྲོའི་རིགས་སུ་སྐྱེ། ངན་སོང་གསུམ་དུ་སྐྱེས་ན་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་ཡུན་རིང་དུ་མྱོང་དགོས། ངན་འགྲོའི་རིགས་ཞ་ལོང་འོན་ལྐུགས་བྲན་གཡོག་སྤྲང་པོ་ནད་པ་དབང་ཆུང་ཁས་དམན་སོགས་སུ་སྐྱེས་ན་སྡུག་
བསྔལ་ཆེ་བ་མཐོང་ཆོས་སུ་ཡོད་པ་འདི་རྣམས་ཡིན། རྒྱུ་དགེ་བ་བྱས་ན་མངོན་མཐོ་ལྷའམ་མིའི་གོ་འཕང་དང་། ངེས་ལེགས་ཐར་པ་ཙམ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་ལ། མངོན་མཐོ་ལྷའམ་མིའི་གནས་སུ་སྐྱེས་ན་རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་ཚེ་རིང་ནད་མེད་བདེ་དང་ལྡན་ཞིང་། མཚན་ལྡན་གྱི་བླ་མ་དུ་མའི་ཞབས་རྡུལ་བསྟེན་ནས་ཟབ་རྒྱས་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ནུས། འཁོར་བའི་གནས་འདི་ནས་ཐར་ནས་དག་པའི་ཞིང་ཁམས་བདེ་བ་ཅན་ལ་སོགས་སུ་སྐྱེས་ན་སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་གྱི་མིང་ཙམ་ཡང་མི་ཐོས་པར་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་བཞིན། མགོན་པོ་འོད་དཔག་མེད་དང་སྤྱན་རས་གཟིགས། མཐུ་ཆེན་ཐོབ་སོགས་བླ་མར་བསྟེན་ནས་གསུང་གི་བདུད་རྩི་མྱང་ཚེ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་ནུས། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་མཐོང་ན་མི་མཐུན་པ་མེད་ཅིང་འགྲོ་བ་
གང་གི་མིག་ཡིད་དབང་མེད་དུ་འཕྲོག་པ། གསུང་དབྱངས་ཡན་ལག་དྲུག་ཅུའི་གདངས་པི་ཝང་གླིང་བུ་ལས་བརྒྱ་སྟོང་འགྱུར་གྱིས་སྙན་ཅིང་། ལྷ་ཀླུ་མི་ལ་སོགས་སོ་སོའི་སྐད་དུ་ཆོས་སྟོན་ནུས། ཐུགས་ཀྱིས་ཆོས་ཐམས་ཅད་ཕྱག་མཐིལ་དུ་གཟིགས་པ་ལྟར་ས་ལེར་མཁྱེན་ཅིང་། མི་གཅིག་གིས་གཡོན་ནས་སྐུ་ལ་སཏྭ་གྲིས་གཤག་ཅིང་། གཡས་ནས་མི་གཅིག་གིས་སྐུ་ལ་ཙན་དན་གྱི་ལྡེ་གུས་བྱུགས་ཀྱང་། དེ་གཉིས་ལ་ཉེ་རིང་ཆགས་སྡང་ཅུང་ཟད་ཙམ་ཡང་མི་མཛད་ཅིང་ཕན་གནོད་བར་མའི་སེམས་ཅན་གང་ལ་མས་བུ་ལ་བྱམས་པ་ལྟར་བརྩེ་ཞིང་། སེམས་ཅན་འདུལ་བའི་དུས་ལ་བབ་ཚེ་དམྱལ་བའི་མེ་དོང་ཡིན་ཡང་འདོད་ལྡན་པདྨའི་ཚལ་ལ་འཇུག་པ་ལྟར་ཞུགས་ནས་དོན་བྱེད་ནུས། སྐུ་ཡི་འོད་ཟེར་ལན་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས། སེམས་ཅན་གནས་ཁང་མེད་པ་ཞིག་གིས་གསོལ་བ་བཏབ་ཀྱང་སྐད་ཅིག་གཅིག་ལ་རིན་པོ་ཆེ་ལས་གྲུབ་པའི་ཁང་བ་སྤྲུལ་ནས་སྟེར་ནུས། ཟས་གོས་འདོད་པའི་སེམས་ཅན་སོགས་ལ་ཡང་ནམ་མཁའ་སོགས་ལ་ཕྱག་བརྐྱངས་ནས་ལྷའི་གོས།
རོ་བརྒྱའི་ཟས་སོགས་བྱིན་ནས་ཅི་འདོད་ཀྱི་རེ་བ་སྐོང་ནུས། མདོར་ན་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན། ཕན་བཏགས་མ་བཏགས་མེད་པར་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དཔུང་གཉེན་བྱེད་པ་ཡིན། དེས་ན་རྒྱུ་མི་དགེ་བ་སྤངས་ནས་དགེ་བ་བསྒྲུབ་དགོས་པའི་རྒྱུ་མཚན་དེ་ཡིན། འོ་ན་རྒྱུ་མི་དགེ་བ་དེ་གང་ཡིན་ཟེར་ན། མང་བོ་ཡོད་ཀྱང་བསྡུ་ན། སྲོག་གཅོད་པ། མ་བྱིན་ལེན། མི་ཚངས་སྤྱོད། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། བརྣབས་སེམས། གནོད་སེམས། ལོག་ལྟ་འདི་རྣམས་ཡིན་པས། སྲོག་ལ་བབས་ཀྱང་མི་བྱེད་པ་དགོས། གལ་ཏེ་མ་ཤེས་པའམ། མཉམ་མ་བཞག་པར་ཅུང་ཟད་རེ་བྱས་ཀྱང་རབ་ཏུ་འགྱོད་བཞིན་བཤགས་སྡོམ་བྱེད་པ་གལ་ཆེ། འོ་ན་རྒྱུ་དགེ་བ་དེ་གང་ཡིན་ཟེར་ན། ཆེ་ཤོས་རགས་པ་ཙམ་བཤད་ན། ཡི་གེ་འབྲི་བ། དཀོན་མཆོག་མཆོད་པ། སྦྱིན་པ་གཏོང་བ། ཆོས་ཉན་པ། ཀློག་པ། འཛིན་པ། འཆང་བ། ཁ་ཏོན་བྱེད་པ། སེམས་པ། སྒོམ་པ་རྣམས་ཡིན། དེ་རྣམས་གང་བསྒྲུབས་ཀྱང་གཙོ་བོ་སངས་རྒྱས་ཀྱི་གོ་འཕང་འཐོབ་
པའི་དོན་དུ་དམིགས་ནས་ཉིན་མཚན་གང་དུ་འབད་རྩོལ་དྲག་པོས་བྱེད་པ་གལ་ཆེ། དེ་ལྟར་སྤང་རྒྱུའི་མི་དགེ་བ་སྤོང་ཚུལ། བསྒྲུབ་རྒྱུའི་དགེ་བ་དེ་སྒྲུབ་ཚུལ་རྣམས་རྒྱས་པར་རྒྱལ་བའི་གསུང་རབ་མདོ་སྔགས་རྣམས་དང་རྒྱ་བོད་མཁས་གྲུབ་རྣམས་ཀྱིས་གསུངས་པའི་བསྟན་བཅོས་མཐའ་དག་ཡིན་ལ། དེ་བཞིན་དུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ལྷག་བསམ་དག་པའི་སྒོ་ནས་རང་གཞན་ཀུན་གྱིས་ཤིན་ཏུ་གོ་སླ་ཞིང་འཁྱེར་བདེ་བའི་སླད་དུ་ཚིགས་བཅད་མགུར་དབྱངས་ཀྱི་ཚུལ་དུ་འཐེན་པ་འདི་རྣམས་ལ་དད་ཅན་སྐྱེ་བོ་ཕོ་མོ་རྣམས་ཀྱིས་མ་ཡེངས་པར་ཉོན་ལ་ཕྱི་ནས་ལག་ལེན་ལ་ཅི་ཐེབས་བྱེད་པར་འཚལ།
མཚོ་སྙིང་དབེན་པའི་དགའ་ཚལ་ནས་དད་ཅན་ཡོན་བདག་ཕོ་མོ་རྣམས་ལ་གདམས་པའི་སྐོར།
༈ མཚོ་སྙིང་དབེན་པའི་དགའ་ཚལ་ནས་དད་ཅན་ཡོན་བདག་ཕོ་མོ་རྣམས་ལ་གདམས་པའི་སྐོར། བླ་མ་མ་ལུས་སྤྱི་བོའི་རྒྱན་དུ་བཞུགས། །སློབ་མ་མ་ལུས་ཐུགས་རྗེ་སྤྱན་གྱིས་གཟིགས། །མི་མེད་རི་ཁྲོད་འགྲིམ་པའི་རྣལ་འབྱོར་གླུ། །ཡེངས་མེད་སྐལ་ལྡན་སློབ་བུ་གུས་པས་ཉོན། །ཐོབ་དཀའི་མི་ལུས་རིན་ཆེན་ད་རེས་ཐོབ། །མཇལ་དཀའི་ལྷ་ཆོས་མཇལ་བ་སྐལ་བ་བཟང་། །ཚེ་འདིའི་བྱ་བ་བསམས་ན་མཁོ་བ་མང་། །ཚེ་རབས་མང་
པོར་བསྒྲུབས་ཀྱང་ཚར་དུས་མེད། །ནམ་འཆི་ཆ་མེད་ཚེ་ལ་ལོང་མི་སྟེར། །ནམ་ཡང་ཕྱི་མར་རང་ཉིད་བདེ་ཐབས་གྱིས། །ཉི་མ་བཞིན་དུ་ཕྱོགས་རིས་མ་མཆིས་པའི། །བླ་མ་རྣམས་ལ་གང་ཡོད་འབྲེལ་བ་ཞོག །དགེ་འདུན་པ་རྣམས་བསོད་ནམས་ཞིང་གི་མཆོག །དགེ་སློང་བནྡེ་གང་ལ་བསྙེན་བཀུར་གྱིས། །དྲིན་ཅན་ཕ་མ་འཛོམ་པ་ཚེ་སྟོད་ཡིན། །དྲིན་གཟོ་ཡོད་ན་གྱིས་མིན་འཆི་ལ་ཉེ། །ནོར་རྫས་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །ནོར་ལ་སེར་སྣ་མ་བྱེད་མཆོད་སྦྱིན་ཐོངས། །འགྲོ་ཀུན་སྐྱེ་བ་སྔོན་མའི་ཕ་མ་ཡིན། །འགྲོ་ལ་ཕན་མི་ཐོགས་རུང་གནོད་མ་སྐྱེལ། །ཞ་ལོང་འོན་ལྐུགས་ནད་པ་སྤྲང་པོ་ལ། །ཞྭ་ལྷམ་ཟས་གོས་སོགས་བྱིན་གང་བྱམས་གྱིས། །ཡུལ་གཞན་གནས་མཇལ་བ་ལ་སྐོམ་ཆུ་བླུད། །ཡུལ་མི་ཁྱིམ་མཚེས་ཕན་ཐོགས་གཡོར་སྐྱི་གྱིས། །ཚེ་འདིར་མ་ཆགས་ལྷ་ཆོས་ཐུབ་ཚད་སྒྲུབས། །ཚེ་རབས་ཕྱི་མར་བདེ་སྐྱིད་ཉི་མ་འཆར། །གླུ་འདི་ཐོས་ཚད་བསམ་པ་དུང་ལས་དཀར། །ཅི་ཞིག་བྱས་ཚད་ཆོས་སུ་འགྲོ་བར་ཤོག །ཅེས་པ་འདི་ནི་དད་ལྡན་སློབ་བུ་ལྷ་འབྲུག་དགེ་སློང་ལ་སྨྲས་པའོ། །དྲིན་ཅན་བླ་
མ་རྣམས་ལ་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཕ་མ་ཉེ་འབྲེལ་ཚོང་འདུས་མགྲོན་པོ་འདྲ། །ཉམ་ཆུང་ལུས་འདི་ཆུ་ཡི་ལྦུ་བ་འདྲ། །ནོར་རྫས་མི་རྟག་རྩྭ་མགོའི་ཟིལ་བ་འདྲ། །འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་ཡོད་པ་དམ་པའི་ལྷ་ཆོས་ཡིན། །དམ་ཆོས་བྱེད་པའི་དུས་ནི་ད་རེས་ཙམ། །མ་བྱེད་མ་བྱེད་ཚེ་འདིའི་བྱ་བ་ཞོག །བྱེད་ན་བྱེད་ན་དམ་པའི་ལྷ་ཆོས་གྱིས། །ཕྱུག་པོ་ཕལ་ཆེར་རང་གིས་ཟ་མི་ཕོད། །གཞན་ལ་མི་སྟེར་ཆོས་ཕྱོགས་གཏོང་མི་ནུས། །ཤི་དུས་ཟས་ནོར་དོན་མེད་ལག་ཏུ་འགྲོ། །ཕྱི་མར་ལག་སྟོང་འགྲོ་དུས་སྙིང་རེ་རྗེ། །མ་ཡིན་མ་ཡིན་ཕྱུག་པོའི་བྱ་བ་ནོར། །ཡིན་ན་ཡིན་ན་གསོན་དུས་མཆོད་སྦྱིན་ཐོངས། །ཚེ་འདིའི་བྱ་བ་བསམ་ན་དགོས་པ་མང་། །རྟ་གཅིག་རྙེད་ན་སྒ་གཅིག་འཚོལ་དགོས་པས། །མི་དགོས་དགུ་དགོས་འཇིག་རྟེན་འཁོར་བའི་ཆོས། །བྱས་ཀྱང་མི་ཚར་ཚར་ཀྱང་སྙིང་པོ་མེད། །མ་བྱེད་མ་བྱེད་ཚེ་འདི་བློ་ཡིས་ཐོངས། །བྱེད་ན་བྱེད་ན་སྡིག་སྤང་དགེ་བསྒྲུབ་གྱིས། །འཇིག་རྟེན་པ་རྣམས་དགྲ་འདུལ་
གཉེན་སྐྱོང་དང་། །ཡོད་པ་འཚོ་སྐྱོང་མེད་པ་བཙལ་རྙེད་དང་། །ཚོང་དང་ཞིང་ལས་ཁོ་ནས་གཡེང་གཡེངས་ནས། །ཡོད་མེད་གཉིས་ཀས་མི་ཚེ་སྡུག་ཟད་བྱེད། །མ་ཤི་བར་དུ་ཁོམ་པའི་དུས་མི་འབྱུང་། །ཤི་ནས་ཕྱིར་ལ་འོང་བའི་མི་གཅིག་མེད། །མ་བྱེད་མ་བྱེད་ཚར་མེད་བྱ་བ་ཞོག །བྱེད་ན་བྱེད་ན་ཕྱག་སྐོར་ཁ་ཏོན་གྱིས། །ཚེ་འདིའི་ལྟོ་རྒྱབ་འདང་བ་མ་གཏོགས་པ། །གསོག་འཇོག་མང་པོ་བྱས་ནས་ནམ་ཚོད་ཟ། །མི་ཚེ་ཡུན་ཐུང་ལ་མགོའི་ཉི་ཟེར་འདྲ། །ཉི་ཟེར་ཡུན་རིང་ཨེ་སྡོད་བསམ་བློ་ཐོངས། །ཚེ་འདིའི་ཟས་ནོར་ཁོ་ན་བསོག་བསོགས་ནས། །ཡུན་རིང་སྡོད་རྩིས་བྱེད་རྣམས་བློ་སྙིང་རུལ། །མ་གསོག་མ་གསོག་ཟས་དང་ནོར་མ་གསོག །གསོག་ན་གསོག་ན་འཕགས་པའི་ནོར་བདུན་གསོགས། །ལོ་བཅུ་ནས་བཟུང་རྒན་པོ་བརྒྱད་ཅུའི་བར། །འཆི་བ་ཡོང་སྙམ་མེད་པའི་བློ་རེངས་ཚོ། །དོན་མེད་ཚེ་འདིའི་ལྟོ་རྒྱབ་བསྒྲུབ་བསྒྲུབས་ནས། །ད་རེས་སྟོང་ལོག་བྱས་ན་བྱ་བ་ནོར། །འཆི་དུས་དགོས་པ་དམ་པའི་ཆོས་ཡིན་པས། །མ་ཤི་གོང་འདིར་ཆོས་ཤིག་མི་བྱེད་དམ། །མ་རིང་མ་རིང་ཧ་ཅང་བློ་
མ་རིང་། །ད་ལྟ་ད་ལྟ་འཆི་བྲོད་ལྷ་ཆོས་གྱིས། །ལོ་བརྒྱ་ཐུབ་པའི་མི་ནི་ཤིན་ཏུ་དཀའ། །ད་ལྟའི་ཚེ་ཚད་དྲུག་ཅུ་བདུན་ཅུ་སྟེ། །ཚེ་སྟོད་དམ་ཆོས་མི་དྲན་ཚེ་སྨད་ལ། །དྲན་ཀྱང་མི་ནུས་བར་གྱི་ཚེ་ལ་ཡང་། །ཕྱེད་ཀ་གཉིད་དང་བཟའ་བཏུང་གཡེང་བས་འཁྱེར། །དམ་ཆོས་སྒྲུབ་སྐབས་ཅུང་ཟད་ཙམ་མིན་མེད། །ཅུང་ཟད་ཙམ་ལས་མེད་པ་མི་ཤེས་པར། །དམ་ཆོས་མི་བྱེད་ཡུན་རིང་སྡོད་ཤོམ་བྱེད། །བློ་རྒྱ་ཅན་ཚོའི་སྙིང་ལ་གདོན་གང་ཞུགས། །མ་བྱེད་མ་བྱེད་རྣམ་གཡེང་ལས་མ་བྱེད། །བྱེད་ན་བྱེད་ན་དོན་ཆེན་སྒྲུབ་སྐབས་ཡིན། །གློ་བུར་འཆི་བའི་ནད་ཀྱིས་བཟུང་ཙ་ན། །སྨན་དང་རིམ་གྲོ་བྱས་ཀྱང་བཟློག་པ་དཀའ། །སྨན་པ་རིམ་གྲོ་བྱེད་རྣམས་ངོ་འཛུམ་གནག །ཁོ་བོ་འཆི་སྙམ་འཇིགས་སྐྲག་འགྱོད་པ་སྐྱེ། །བུ་དང་བུ་མོར་འབྲལ་སྙམ་མཆི་མ་གཏོང་། །མིག་གིས་ཧྲིག་ཧྲིག་ལྟ་ཞིང་ཁ་ཆེམས་འཇོག །མ་བྱེད་མ་བྱེད་ཁ་ཆེམས་དགོས་པ་མེད། །བྱེད་ན་བྱེད་ན་ད་ལྟ་དགེ་རྩ་གྱིས། །ཕ་མས་བུ་ཚ་གཅེས་པར་བསྐྱངས་ན་ཡང་། །ཕ་མ་ཤི་དུས་དགེ་རྩ་བྱེད་མཁན་དཀོན། །སྙིགས་དུས་བུ་ལ་བློ་གཏད་ཅི་ཡང་མེད། །རང་
དབང་རང་ལ་ཡོད་དུས་དགེ་ཕྱོགས་གྱིས། །གལ་ཏེ་གསོན་དུས་དགེ་རྩ་བྱེད་ཁོམ་ནི། །མ་བྱུང་གློ་བུར་འཆི་ན་ཁ་ཆེམས་ལ། །ང་ནི་མི་རྙེད་ཡུལ་དུ་འགྲོ་བ་ཡིན། །ཁྱེད་རྣམས་རྙེད་ཀྱི་ཡུལ་ནས་འདུག་པས་ན། །ང་ལ་དགེ་རྩ་ཅི་ནུས་ཐོངས་ཞེས་ཤོད། །དེ་མིན་ཁོ་བོ་ཕྱིར་ལ་འོང་རྒྱུ་ལྟར། །ལབ་ལབ་མང་བོས་འཆི་ཁར་དགོས་པ་མེད། །ཁ་ཅིག་འཆི་དུས་ཁོ་ལ་དགེ་རྩ་ནི། །མི་དགོས་ཁྱོད་ཚོ་རྣམས་ཀྱི་ཁ་རྒྱབ་དཀའ། །ཟེར་བ་དེ་ནི་དཔེར་ན་མུན་ནག་ཏུ། །འགྲོ་ལ་མར་མེ་མི་དགོས་དཀར་ངོགས་སུ། །འདུག་པ་རྣམས་ལ་དགོས་ཞེས་བཤད་པ་འདྲ། །མི་དེ་སྨྱོས་སམ་དོན་སྙིང་རུལ་བ་ཡིན། །མ་བཤད་མ་བཤད་དེ་འདྲ་མ་བཤད་པར། །བཤད་ན་བཤད་ན་དགེ་རྩར་ཐོངས་ཞེས་ཤོད། །མ་ཤི་གོང་ནས་རོ་ཐག་ཡོལ་བ་རྣམས། །སྟ་གོན་བྱེད་ཅིང་ཕྱི་དབུགས་ཆད་མ་ཐག །ཐ་གུས་བསྡམས་ཏེ་ཡོལ་བས་བསྒྲིབས་ནས་འཇོག །གཉེན་རྣམས་ཐམས་ཅད་འདུས་ནས་ངུ་འབོད་བྱེད། །སྔས་མགོར་བླ་མ་གདན་དྲངས་དྲིལ་བུ་དཀྲོལ། །རོ་ཡི་དྲུང་དུ་བཟའ་བཏུང་སྐལ་བ་ནི། །ཅུང་ཟད་ཙམ་རེ་འཇོག་པའི་
དུས་ཚོད་དེ། །དོ་ནུབ་ནངས་པར་མི་འོང་ངེས་པ་མེད། །མ་རིང་མ་རིང་བློ་སྣ་མ་རིང་བར། །ད་ལྟ་ད་ལྟ་ཆོས་ལ་འབད་ན་ལེགས། །ཐམས་ཅད་བཞག་ནས་རང་ཉིད་གཅིག་པུ་རུ། །སྔོན་ཆད་ཐོས་ཀྱང་འགྲོ་མ་མྱོང་བ་ཡི། །རྒྱུས་མེད་ཆ་མེད་བར་དོའི་འཕྲང་རིང་འགྲིམས། །གཤིན་རྗེ་ཆོས་རྒྱལ་དྲུང་དུ་སོང་ཙ་ན། །གཤིན་རྗེ་ཆོས་རྒྱལ་ཞལ་ནས་འདི་སྐད་གསུང་། །ཁྱོད་ནི་དམ་ཆོས་དར་བའི་ཡུལ་དུ་སྐྱེས། །བླ་མའི་ཞལ་ནས་ང་ཡིས་དགེ་སྡིག་གི །ཤན་ཕྱེ་དགེ་བ་བྱས་རྣམས་ཡར་ལ་གཏོང་། །སྡིག་པ་བྱས་རྣམས་མར་ལ་གཏོང་ངོ་ཞེས། །གསུང་བ་གོ་ནས་དགེ་བ་བྱས་ལོས་ཡོད། །དཀོན་མཆོག་མཆོད་པ་དབུལ་བོར་སྦྱིན་གཏོང་དང་། །དྲིན་ཅན་བླ་མ་ཕ་མའི་ཞབས་ཏོག་སོགས། །དགེ་བ་གང་བྱས་དྲང་པོར་ཤོད་ཅིག་ཟེར། །འཇིགས་སོ་འཇིགས་སོ་སེམས་ཡོད་སྐྱེས་བུ་རྣམས། །མ་སྒྲུབ་མ་སྒྲུབ་ངན་འགྲོའི་རྒྱུ་མ་སྒྲུབ། །ད་ལྟ་ད་ལྟ་མི་འཆི་ངེས་པ་མེད། །ཀྱེ་མ་ཀྱེ་ཧུད་ཤི་ན་དེ་རུ་འགྲོ། །རང་གིས་རང་ལ་ཤ་ཚ་བྱེད་སྙམ་ན། །མ་སྡོད་མ་སྡོད་ད་ལྟ་ལྷ་ཆོས་རེམ། །མ་ཉལ་མ་ཉལ་ཕྱག་དང་སྐོར་བ་གྱིས། །ཨེ་མ་ཨེ་མ་
མཐོ་རིས་ཐར་ལམ་ལ། །མི་རྣམས་མི་རྣམས་མིག་གིས་ཡར་ལ་ལྟོས། །མྱུར་བ་མྱུར་བར་དེ་ལ་འགྲོ་ཐབས་གྱིས། །གླུ་འདི་ཐོས་ཚད་འཆི་བར་རབ་འཇིགས་ནས། །ཕྱི་མར་སྐྱིད་པའི་ལྷ་ཆོས་བྱེད་པར་ཤོག །ཅེས་པ་འདི་ནི་དད་ལྡན་ལྷུན་གྲུབ་སོགས་ཨ་རིག་ཡོན་བདག་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ། །སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་གི །སངས་རྒྱས་ཀུན་འདུས་བླ་མ་བྱིན་རླབས་ཅན། །བདག་དང་བདག་འདྲའི་རྟག་འཛིན་ཅན་རྣམས་ཀྱི། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མཁར་ཁང་མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ། །རྒྱུ་ནོམ་མི་རྟག་རྩྭ་ཁའི་ཟིལ་བ་འདྲ། །གཉེན་བཤེས་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །སྒྱུ་ལུས་མི་རྟག་ཆུ་ཡི་ཆུ་བུར་འདྲ། །འཇིག་རྟེན་འཁོར་བའི་ཆོས་ལ་རྟག་པ་མེད། །ཐམས་ཅད་མི་རྟག་མི་བརྟན་ཚུལ་སོམས་ལ། །མ་བྱེད་མ་བྱེད་མི་དགེའི་ལས་མ་བྱེད། །བྱེད་ན་བྱེད་ན་དགེ་བའི་ལས་ལ་འབོད། །བླ་ཆེན་རྒྱལ་བློན་ཕྱུག་པོ་མན་ཆད་ནས། །ཞ་ལོང་འོན་ལྐུགས་བྲན་གཡོག་སྤྲང་པོ་ཡན། །སྔོན་ཆད་མ་ཤི་ལུས་པ་གཅིག་ཙམ་མེད། །ད་ལྟའི་མཆོག་
དམན་བར་གསུམ་ཐམས་ཅད་འཆི། །རང་ཉིད་ངེས་པར་འཆི་བའི་ཚུལ་སོམས་ལ། །མ་བྱེད་མ་བྱེད་རྐུ་དང་ཇག་མ་བྱེད། །བྱེད་ན་བྱེད་ན་ཕྱག་དང་སྐོར་བ་གྱིས། །འཛམ་བུའི་གླིང་འདིའི་ཚེ་ལ་ངེས་པ་མེད། །འཆི་བའི་རྐྱེན་མང་སྨན་གྱི་ནུས་པ་ཆུང་། །ན་སོ་རྒས་ནས་ཤི་བའི་ཕོ་མོ་ཉུང་། །གཞོན་ནུ་དར་བབ་དུས་སུ་ཤི་བ་མང་། །རང་ཉིད་ནམ་འཆི་མི་ཤེས་ཚུལ་སོམས་ལ། །མ་བྱེད་མ་བྱེད་སྲོག་གཅོད་ལས་མ་བྱེད། །བྱེད་ན་བྱེད་ན་ར་ལུག་ཚེ་ཐར་གྱིས། །མི་རྣམས་འཆི་བའི་དུས་ལ་བབ་པའི་ཚེ། །སྡུག་གསོག་བྱས་པའི་རྒྱུ་ནོམ་ཤུལ་དུ་ལུས། །ཡུན་རིང་འགྲོགས་པའི་གཉེན་བཤེས་རྣམས་དང་འབྲལ། །རང་གི་ལུས་ཀྱང་མལ་དུ་བསྐྱུར་ནས་འགྲོ། །གྲོགས་ཁྲིད་རྒྱུ་ནོམ་ཁྱེར་ནས་སོང་བ་མེད། །འཆི་དུས་ཐམས་ཅད་འཇོག་པའི་ཚུལ་སོམས་ལ། །མ་བྱེད་མ་བྱེད་སེར་སྣ་མ་བྱེད་པར། །བྱེད་ན་བྱེད་ན་རྒྱུ་ནོམ་ཆོས་ཕྱོགས་ཐོངས། །ཕྱི་མར་དཀར་པོ་དགེ་བ་བྱས་པའི་མི། །མཐོ་རིས་ཐར་བའི་ལམ་ལ་གྱེན་དུ་འགྲོ། །ནག་པོ་མི་དགེ་སྡིག་པ་བྱས་པའི་མི། །ངན་སོང་གསུམ་གྱི་ལམ་ལ་ཐུར་དུ་འགྲོ། །ད་ལྟ་ཡར་མར་གང་ལ་
འགྲོ་བའི་དབང་། །རང་གི་ལག་ན་ཡོད་པའི་ཚུལ་སོམས་ལ། །མ་བྱེད་མ་བྱེད་མི་དགེ་ཆུང་ངུ་འཛེམས། །བྱེད་ན་བྱེད་ན་དགེ་ཚོགས་མཐའ་དག་སྒྲུབས། །ད་རེས་ལུས་འདིའི་ཐོག་ནས་ཆོས་མ་བསྒྲུབས། །སྡིག་པ་བྱས་པ་ངན་སོང་གསུམ་དུ་སྐྱེ། །བསྐལ་པ་བྱེ་བ་བརྒྱར་ཡང་མི་ཡི་ལུས། །ཐོབ་པ་ཕར་ཞོག་བདེ་འགྲོའི་སྒྲ་མི་ཐོས། །དམྱལ་བར་སྐྱེས་ན་ཚ་གྲང་སྡུག་བསྔལ་ཆེ། །ཡི་དྭགས་གནས་སུ་སྐྱེས་ན་ལྟོགས་ཤིང་སྐོམ། །དུད་འགྲོའི་གནས་སུ་སྐྱེས་ན་གཅིག་གིས་གཅིག །ཟ་ཞིང་བཀོལ་སྤྱོད་གླེན་རྨོངས་སྡུག་བསྔལ་མང་། །མ་བྱེད་མ་བྱེད་ངན་སོང་རྒྱུ་མ་སྒྲུབས། །བྱེད་ན་བྱེད་ན་མཐོ་རིས་སྐྱེ་ཐབས་གྱིས། །གླུ་འདི་ཐོས་ཚད་དད་ཅན་ཕོ་མོ་ཡིས། །མི་རྟག་མྱུར་དུ་འཆི་བའི་ཚུལ་བསམས་ནས། །ཡུད་ཙམ་ཚེ་འདིའི་བདེ་ལ་མི་ཆགས་པར། །ཕྱི་མར་བདེ་བའི་ཐབས་ལ་འབད་པར་ཤོག །ཅེས་པ་འདི་ཡང་དགེ་སློང་མི་ཕམ་བསྟན་འཛིན་ལ་སྨྲས་པའོ། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་བྱིན་རླབས་ཅན། །དད་ཅན་ཡོན་བདག་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་སྒྱུར། །དཔེར་ན་དགུང་དུས་སྐར་མ་
རྣམས། །ནམ་མཁར་ཤར་ནས་ཁྲ་ཤིགས་སེ། །ཡོད་པ་ནངས་དུས་མི་སྣང་ལྟར། །ཆོས་རྣམས་མི་རྟག་དེ་དང་འདྲ། །དཔེར་ན་རི་ངོས་སྤང་གཞོང་གི །དཀར་སེར་དམར་ལྗང་མེ་ཏོག་རྣམས། །སྔ་ཕྱི་བྱས་ནས་རྙིང་འགྲོ་ལྟར། །ཆོས་རྣམས་མི་རྟག་དེ་དང་འདྲ། །དཔེར་ན་སྔོ་ལྗང་རྩི་ཤིང་གི །ལོ་མ་མེ་ཏོག་འབྲས་བུ་རྣམས། །ཐམས་ཅད་ས་ལ་ལྟུང་བ་ལྟར། །ཆོས་རྣམས་མི་རྟག་དེ་དང་འདྲ། །མི་ལུས་རིན་ཆེན་མྱུར་དུ་འཇིག །འབྲལ་མི་ཕོད་རུང་བཟའ་ཚང་འབྲལ། །བསོགས་པའི་རྒྱུ་ནོར་ཤུལ་དུ་ལུས། །འཁོར་བའི་ཆོས་ལ་རྟག་པ་མེད། །མི་ལུས་རིན་ཆེན་མ་ཞིག་གོང་། །བཟའ་ཚང་མ་བྲལ་འཛོམ་པའི་དུས། །རྒྱུ་ནོམ་སྟེང་ནས་ཆོས་བསྒྲུབ་དགོས། །ལྷ་ཆོས་མདུན་དུ་མར་མེ་སྦོར། །ཨ་མཆོད་ཞོག་ལ་བཀའ་ཆོས་ཀློགས། །བླ་མ་རྣམས་ལ་དབང་ལུང་ཞུས། །དབུལ་བོར་རྒྱུ་ནོམ་བཟའ་བཏུང་བྱིན། །ཕ་མ་ཨ་ཁུར་བརྩི་བཀུར་རེམ། །སྒོ་ཁྱི་ཕྱུགས་ལ་མ་རྡུང་གསོས། །གཡོག་པོ་གཡོག་མོར་ཁ་རྒྱབ་ཆོས། །གཡས་གཡོན་ཁྱིམ་མཚེས་གཡོར་སྐྱི་གྱིས། །རང་གཞན་དགེ་ལ་དགའ་བ་སྒོམས། །སྔར་བྱས་སྡིག་
ལ་འགྱོད་བཤགས་གྱིས། །སྙིང་རྗེ་ཉམ་ཐག་འགྲོ་ལ་ལྟོས། །སྙིང་པོ་ཡི་གེ་དྲུག་མ་ཐོན། །བར་བར་ནམ་འཆི་ཆ་མེད་སོམས། །སྐབས་སྐབས་ཕྱག་སྐོར་སྡོམ་པ་སྲུངས། །རྒྱུན་དུ་བསམ་པ་དཀར་པོ་གྱིས། །འགྲོ་ལ་ཕན་པ་ཐུབ་ཚད་སྒྲུབས། །ཕན་མི་ཐོགས་རུང་གནོད་མ་སྐྱེལ། །དེ་ལྟར་མཛད་ན་ཚེ་འདི་དང་། །ཕྱི་མར་བདེ་སྐྱིད་ཉི་མ་འཆར། །གླུ་འདི་ཐོས་ཚད་ཁྱིམ་པ་ཡིས། །འདི་བཞིན་དཀར་ཆོས་བསྒྲུབ་པར་ཤོག །ཅེས་པ་འདི་ཡང་ཡོན་བདག་བློ་གསལ་ལ་སྨྲས་པའོ། །གང་འདོད་ཆོས་གསུང་བླ་མའི་རིགས། །གང་ལའང་སྒོ་གསུམ་གུས་པས་འདུད། །གངས་ཅན་བོད་ཀྱི་གླུ་བ་ངས། །གང་ཤར་གླུ་དབྱངས་སྙན་མོ་ལེན། །གངས་རི་དུང་ལྟར་བསམ་པ་དཀར། །གང་ནུས་དགེ་སྒྲུབ་སློབ་བུ་ཉོན། །གང་མཁས་བླ་མ་བསྟེན་པའི་མི། །གང་གིས་ལུགས་གཉིས་བླང་དོར་ཤེས། །གང་ལ་ནམ་ཡང་ཕན་འདོགས་པའི། །གང་ཟག་གཞན་གྱིས་མཐོང་ན་དགའ། །གང་ལ་གནོད་པ་བསྐྱལ་བའི་མི། །གང་གིས་མཐོང་ཡང་ཡིད་མི་འོང་། །གང་ཟབ་རྒྱ་ཆེའི་ཆོས་ཐོས་ནས། །གང་བཟང་རི་ནས་
བསྒོམས་ན་ལེགས། །གང་ལ་མ་ཆགས་སྒོམ་བྱེད་པའི། །གང་ཟག་རྒྱུད་ལ་ཉམས་རྟོགས་འཆར། །གང་ལ་སྙིང་པོ་མེད་པ་མཐོང་། །གང་ནུས་དགེ་སྦྱོར་བྱས་ན་འཚེངས། །གང་དུ་འགྲོ་འམ་འདུག་ཀྱང་རུང་། །གང་ལ་ངན་སྨྲ་མ་བྱེད་བཟང་། །གང་ཟག་གཞན་གྱི་སྐྱོན་རིག་ཀྱང་། །གང་ལ་མ་བཤད་སེལ་ཐུབ་ལྟོས། །གང་ཡང་རྟག་པ་མེད་པ་ཤེས། །གང་རྙེད་གསོག་འཇོག་མ་བྱས་བདེ། །གང་ཡོད་མཆོད་སྦྱིན་བྱས་གྱུར་ན། །གང་འདོད་བདེ་སྐྱིད་སྙན་གསུམ་འབྱུང་། །གང་ཤར་གླུ་དབྱངས་བླངས་པ་འདི། །གང་གིས་ཐོས་ཚད་བདེ་སྐྱིད་ཤོག །ཅེས་པ་འདི་ཡང་སློབ་བུ་ཚུལ་ཁྲིམས་འབྱུང་གནས་ལ་སྨྲས་པའོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཀུན་གྱིས་ལེགས་ཉེས་ཤེས་པར་བྱིན་གྱིས་རློབས། །ཡ་རབས་དད་ཅན་ཡོན་བདག་ཕོ་མོ་ལ། །འཕྲལ་ཕུགས་ཕན་པའི་ཁ་ཏ་བཤད་ཀྱིས་ཉོན། །དྲིན་ཅན་གང་ཡིན་དེ་ལ་དྲིན་གཟོ་གྱིས། །རྒན་གཞོན་བསམ་དཀར་ཕན་པའི་གཏམ་ལ་ཉོན། །ཕ་མས་ཡོན་ཏན་ཅི་ཡོད་བུ་ལ་སློབས། །བུ་ཡིས་ཅི་བྱ་དྲིན་ཅན་ཕ་མར་དྲིས། །མནའ་མས་ཨ་མྱེ་ཨ་ཁུར་བརྩི་བཀུར་གྱིས། །
ཨ་ནེ་མནའ་མ་མ་བུ་བཞིན་དུ་འགྲོགས། །ཆེན་མས་ཆུན་མར་ཁ་ཚག་རྐྱང་མ་བྱེད། །གཡོག་པོ་གཡོག་མོས་གང་བཅོལ་གོ་ཆོད་གྱིས། །ཁྱིམ་མཚེས་གྲོགས་ལ་ན་ཚ་བྱུང་ན་དྲིས། །གཞོན་ནུ་ཤ་ཁྲག་རྒྱས་དུས་ཕྱག་སྐོར་རེམ། །ཟས་ནོར་ལོངས་སྤྱོད་འཛོམ་དུས་མེད་ཕོངས་སྐྱོངས། །རྒྱུ་ནོམ་གང་བཟང་ཆོས་ཀྱི་ཕྱོགས་སུ་ཐོངས། །མི་ལ་ན་ཚ་བྱུང་དུས་སྐུ་རིམ་གྱིས། །ཕྱུགས་ལ་གོད་ཁ་བྱུང་ན་སྲུང་མ་མཆོད། །གཞན་གྱིས་མ་ཐུབ་དུས་སུ་ལས་གྲོགས་གྱིས། །གཏམ་རྣམས་ཐམས་ཅད་མི་བདེན་རྟོག་དཔྱོད་དགོས། །བདེན་རྫུན་གང་ཡིན་མ་ཤེས་ཐག་མ་གཅོད། །མིན་རུང་ངའི་འདི་ཡིན་ཞེས་མནའ་མ་སྐྱེལ། །རང་གིས་མི་ཤེས་བྱ་བ་གྲོགས་ལ་དྲིས། །ཡུལ་མི་ཁྱིམ་མཚེས་བར་དུ་ཁ་མ་རྒྱག །བསོད་ནམས་ཁ་རུ་མ་འབུར་ཁོག་ཏུ་སྦོས། །ཁྱིམ་དུ་ལྟས་ངན་བྱུང་ན་བཟློག་པ་གྱིས། །གོས་བཟང་ཁྱིམ་ནས་མ་རྫོབ་ཁྲོམ་དུ་ངོམ། །ཟས་བཟང་ལྐོག་ཏུ་མ་ཟ་ཀུན་ལ་བྱིན། །སྲོག་གཅོད་བྱས་ནས་ནམ་ཡང་ཆོས་མ་བཅོ། །རྐུ་ཇག་རི་དྭགས་བསད་ནས་ཁ་མ་གསོ། །རྫུན་གཏམ་གཡོ་སྒྱུ་བྱས་ནས་ཚོང་མ་
བྱེད། །གཞན་གྱི་སེམས་ལ་མི་འབབ་ཚིག་མ་སྨྲ། །ལྷ་ཆོས་སང་ལ་མ་འཇོག་ད་ལྟ་གྱིས། །ནམ་འཆི་ཆ་མེད་ཧ་ཅང་ནོར་མ་གསོགས། །ཟ་མ་འཕོ་ཟགས་མ་བྱེད་ལ་ཡོག་འབྱུང་། །བན་སྔགས་སྨན་པ་མ་བརྙས་མཁོ་དུས་ཡོད། །འཆི་དུས་དགོས་མེད་ཁ་ཆེམས་རྐྱང་མ་འཇོག །ཤི་ཆད་བྱུང་དུས་མ་ངུ་དགེ་རྩ་ཐོངས། །སྐྱིད་སྡུག་ཐམས་ཅད་སྔོན་གྱི་ལས་སུ་སོམས། །ཚེ་འདིར་དགེ་སྡིག་གཉིས་ཀྱི་གང་ཆེ་ལྟོས། །སྡིག་པ་ཆེ་ན་འགྱོད་བཞིན་བཤགས་སྡོམ་གྱིས། །དགེ་བ་ཆེ་ན་དགའ་བཞིན་ད་དུང་སྒྲུབས། །མདོར་ན་མི་ལུས་རིན་ཆེན་ཐོབ་དུས་འདིར། །མིས་སྨོན་བདག་སྐྱིད་ཆོས་མཐུན་བྱ་བ་གྱིས། །གླུ་འདི་ཐོས་ཚད་ཡ་རབས་དད་པ་ཅན། །ཡོན་བདག་ཕོ་མོའི་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཡོན་བདག་ཕོ་མོ་ཡོངས་ལ་སྨྲས་པའོ། །ཀུན་མཁྱེན་ཆོས་རྒྱལ་ངག་གི་དབང་པོ་ལ། །གསོལ་བ་འདེབས་སོ་ཡོངས་ལ་ཐུགས་རྗེས་གཟིགས། །ཡ་རབས་རིགས་བཟང་དབང་རྒྱལ་ཇ་སག་ལ། །ལུགས་གཉིས་བསླབ་བྱ་ཅུང་ཟད་ཙམ་ཞིག་བྱ། །དྲིན་ཅན་བླ་མ་ཕ་མ་སྤྱི་བོར་བཀུར། །ཕན་འདོགས་གཞུང་བཟང་ཅན་གྱི་གྲོགས་དང་འགྲོགས། །
མཛའ་དགའ་མགྲོན་སྐྱིད་ཅན་གྱི་ཆུང་མ་ལོངས། །གང་བཅོལ་གོ་ཆོད་ལག་གཙང་བྲན་གཡོག་ཞོག །མཛའ་མཐུན་ཁྱིམ་མཚེས་བསྟེན་ལ་གཡོར་སྐྱི་གྱིས། །ཕ་ཚན་དགྲ་རུ་མ་ལེན་གཉེན་དུ་ཁུག །རང་སྡེར་ཁྲལ་དང་འུ་ལག་རྐྱང་མ་འཇོག །མི་རྒྱུས་མ་ལོན་བར་དུ་བློ་མ་གཏོད། །རང་ལ་བློ་ཕུགས་གཏད་པའི་མི་མ་བསླུ། །བཙོག་དང་མི་ཁ་འགོ་བའི་ནད་ལ་འཛེམས། །ཁ་དཀར་ཁོག་ནག་མི་ལ་བློ་མ་འདྲི། །ཁ་དབྱེན་རྫུན་ཚིག་ཆེ་བའི་གཏམ་མ་ཉན། །ལས་བཟང་གང་བྱེད་གཟའ་སྐར་བཟང་དང་སྟུན། །ཁྲེལ་ཡོད་གྲོགས་ལ་ནམ་ཡང་སུན་མ་སྐུར། །མི་ཐུབ་དགྲ་དང་ཆུ་ལ་ཕོད་མ་བཙོངས། །ཕར་སོང་མེད་པའི་མི་ལ་ཡུས་མ་ཆེ། །མི་མང་གསེབ་ཏུ་གསང་བའི་ཚིག་མ་སྒྲོགས། །ཆེ་བཙུན་མང་སར་འཆལ་བའི་གཏམ་མ་སྨྲ། །ལྷ་འདྲེ་རྒོད་སར་གཉིད་དང་མཚན་མ་འགྲོ། །ངོ་ནག་ཁོག་དུག་ཆེ་བའི་རྩར་མ་འདུག །སྤྱོད་ངན་མ་རབས་རྣམས་དང་འདྲིས་མ་ཆེ། །མི་ཐུབ་པ་ལ་དཀའ་བའི་ལས་མ་བཅོལ། །མི་ཤེས་བླུན་པོར་གཏམ་དང་གྲོས་མ་འདྲི། །ཁ་ལ་མི་ཉན་པ་ལ་བློ་མ་སྟོན། །ལས་ངན་
སྡིག་པོ་ཆེ་ལ་ཡིད་མ་སྨོན། །གཞན་གྱི་ནོར་རྫས་ཧ་ཅང་རྔམ་མ་ཆེ། །སྤྲོ་ཐུང་གྱོད་འཁོན་ཅན་གྱི་ཁྱིམ་མཚེས་སྤོངས། །གྱོད་དང་གཏམ་ངན་ཅན་གྱི་ནོར་མ་ཉོ། །དུག་དང་མནོལ་བཙོག་ཤོར་བའི་ཟས་ལ་འཛེམས། །དཀོན་མཆོག་གཏམ་དུ་འདོར་བའི་མནའ་མ་ཟ། །ཁྱིམ་ཚང་སྡེ་བའི་དོན་དུ་སྡིག་མ་གསོགས། །མི་དགེ་ཕྱོགས་ལ་སུ་ལའང་བློ་མ་སྟོན། །གཞན་སྐྱོན་མ་འཚོལ་རང་སྐྱོན་རྟོག་ལ་སྤོངས། །བྱ་བ་ཕལ་ཆེར་ཡུལ་དུས་སྐབས་དང་སྟུན། །བླ་མ་བཟང་པོ་བསྟེན་ལ་བཀའ་ཆོས་ཉོན། །མི་རྟག་འཆི་བ་སོམས་ལ་ལྷ་ཆོས་འབོད། །ནོར་རྫས་མི་རྟག་སྙམ་དུ་མཆོད་སྦྱིན་ཐོངས། །འདི་ཕྱིའི་བློ་གཏད་དཀོན་མཆོག་གསུམ་ལ་གྱིས། །འཕྲལ་རྐྱེན་སེལ་ཕྱིར་ཡུལ་ལྷ་གཞི་བདག་རྔོན། །རྟག་ཏུ་ཆོས་དང་མཐུན་པའི་བྱ་བ་གྱིས། །གླུ་འདི་ཐོས་ཚད་དད་ཅན་ཕོ་མོ་ཡིས། །བསླབ་བྱ་འདི་རྣམས་སེམས་ལ་འཛིན་པར་ཤོག །ཅེས་པ་འདི་ཡང་དད་ལྡན་དབང་རྒྱལ་ཇ་སག་ལ་སྨྲས་པའོ། །ལུགས་གཉིས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་འདུད། །ལུགས་གཉིས་བླང་དོར་ཤེས་པར་བྱིན་གྱིས་རློབས། །དད་གཏོང་ཆེ་བའི་ཡོན་བདག་ཚེ་དཔལ་ལ། །
ལུགས་གཉིས་འདོར་ལེན་ཁ་ཏ་ཅུང་ཟད་བྱ། །དཀོན་མཆོག་སྐྱབས་སུ་བསྟེན་ན་འདི་ཕྱིར་བདེ། །བླ་མ་ཅི་མཉེས་བྱས་ན་ཅི་བསམ་འགྲུབ། །ཡི་དམ་བསྙེན་སྒྲུབ་འབུངས་ན་དངོས་གྲུབ་སྩོལ། །མཁའ་འགྲོ་ཆོས་སྐྱོང་མཆོད་ན་བར་ཆད་སེལ། །ཡུལ་ལྷ་གཞི་བདག་བརྔན་ན་སྟོངས་གྲོགས་བྱེད། །ནོར་ལྷ་གཡང་ལྷ་མཆོད་ན་ཕྱྭ་གཡང་འཁོར། །རྗེ་དཔོན་ཞྭ་བཞིན་བཀུར་ན་ཁ་འཛིན་ཆེ། །དྲིན་ཅན་ཕ་མ་བཀུར་ན་ཀུན་གྱིས་སྨོན། །སྟོབས་ཆེན་དཔའ་བོར་འགྲོགས་ན་དགྲ་ཁའི་ཐར། །ཕྱུགས་པོ་གཉེན་དུ་བསྡེབས་ན་ལོངས་སྤྱོད་ཐོབ། །གྲོགས་བཟང་མཁས་པ་བསྟེན་ན་རང་དོན་འགྲུབ། །ཞིང་ལས་འཚོ་སྐྱོང་མཁས་ན་ཕྱུག་པོར་འགྱུར། །སེམས་དཀར་གཞན་ཕན་ཆེ་ན་ཀུན་གྱིས་བཀུར། །བློ་ཕུགས་རྒན་ལ་དྲིས་ན་བབས་མི་བརྡལ། །བློ་དྲིས་གྲོས་བྱས་ལད་ན་འགྱོད་པ་ཆུང་། །རྟོག་དཔྱོད་ཞིབ་ཏུ་བཏང་ན་ལེགས་ཉེས་ཤེས། །གཞན་ལ་ཕྲག་དོག་མེད་ན་རང་སེམས་བདེ། །མི་ནོར་ཟས་གསུམ་འཛོམས་ན་ཀུན་གྱིས་བརྩི། །གཡོ་སྒྱུ་ཁྲམ་རྫུན་མེད་ན་ཀུན་དང་མཐུན། །ཚིག་ལ་ཡངས་ཁོག་ཆེ་ན་ཁ་མཆུ་
ཉུང་། །བཟའ་ཚང་རྩེ་དགོད་ཆེ་ན་ཁྱིམ་ཚང་སྐྱིད། །རྣམ་དཀར་དགེ་ཆོས་བསྒྲུབས་ན་འདི་ཕྱིར་བདེ། །ཆུང་ནས་ཐོས་པ་བྱས་ན་མཁས་པར་འོང་། །བན་སྔགས་ངག་ནུས་ཆེ་ན་འདྲེ་གདོན་ཐུལ། །སྒོམ་ཆེན་རི་ནས་བསྡད་ན་ཉམས་རྟོགས་འཕེལ། །བཙུན་པས་འདུལ་ཁྲིམས་བསྲུངས་ན་བསྙེན་བཀུར་འདུ། །རྒྱལ་པོ་བཟང་པོ་སྐྱེས་ན་རྒྱལ་ཁམས་བདེ། །བློན་པོ་བཟང་པོ་བཞག་ན་རྒྱལ་ཁྲིམས་དམ། །ཨ་ཁུ་བཟང་པོ་སྐྱེས་ན་རྟེན་བཞེངས་མང་། །ཕ་མྱེ་ཡང་མྱེ་བཟང་ན་འགོ་རུ་མང་། །བུ་ཚ་བཟང་པོ་སྐྱེས་ན་ཕ་མ་སྐྱིད། །བུ་མོས་གནས་གོ་ཆོད་ན་མ་སེམས་བདེ། །མནའ་མ་བཟང་མོ་བླངས་ན་ཨ་ནེ་དལ། །རྟ་བཟང་གོང་ནས་སོང་ན་གར་ཡང་སླེབ། །ཟས་བཟང་གཞན་ལ་བྱིན་ན་དགའ་མགུ་གུས། །གོས་བཟང་ཁྲོམ་དུ་གྱོན་ན་ཀུན་གྱིས་སྨོན། །རྒྱལ་པོ་ངན་པ་སྐྱེས་ན་རྒྱལ་ཁམས་འཁྲུག །བློན་པོས་བདེན་རྫུན་བསྣོགས་ན་རྒྱལ་ཁྲིམས་འཇིག །བཙུན་པས་ཁེ་ཚོང་བྱས་ན་འདུལ་ཁྲིམས་འཆོར། །རྗེ་དཔོན་ཁ་བཙན་ཆེ་ན་བྲན་གཡོག་དཀའ། །ཆུང་མ་ཁ་ལྕེ་རྒོད་ན་ཉེ་རིང་འབྱེད། །བུ་མོ་མགོ་བོ་ཡངས་ན་མི་ཁ་འཕོག །
བུ་ཚའི་ཁ་ལག་ངན་ན་ཁ་མཆུར་ཐུག །ཨ་ཁུའི་ཁ་ཚག་ཆེ་ན་རང་ཁ་ཕྱི། །སྡར་མས་དཔའ་སྐད་བཤད་ན་རོགས་ཀྱིས་འཕྱ། །ཁས་དམན་རྒྱུ་ནོམ་ཆེ་ན་དགྲ་ལ་འཆོར། །རབས་ཆད་རྒྱུ་ནོམ་ཤི་ན་གཞན་གྱིས་འཐོབ། །མི་ཆགས་རྟ་རྒྱུག་བྱས་ན་མགོ་ཆག་འོང་། །ཕྱུག་པོ་སེར་སྣ་ཆེ་ན་རང་མཆུ་བཅིང་། །མེད་པོས་ཟ་འཐུང་ཆེ་ན་ཟ་ཡུན་ཐུང་། །བསོད་ཆུང་ཅུང་ཟད་རྙེད་ན་ཁ་ཕོ་ཆེ། །ངན་པ་ཟས་ཀྱིས་རྒྱགས་ན་སྐད་མགོ་མཐོ། །ཕོ་ངན་སྐད་ཆ་བཤད་ན་འོར་ལོག་མང་། །འདོན་ངན་ཆོས་ཆེན་ཀློག་ན་ཚིག་སྐྱག་མང་། །མ་རབས་མཐོ་སར་བཞག་ན་ཀུན་ལ་སྡང་། །ཕ་མ་རྒས་དུས་བརྙས་ན་མི་ཁ་འདུ། །འཇིགས་སར་གནས་གཞི་བཟུང་ན་འཇིགས་སྐྲག་འོང་། །བན་སྔགས་བོན་དང་འགྲས་ན་བྱད་ཁ་ལྔང་། །ཕུགས་སུ་རྫས་ངན་བཅུག་ན་གོད་ཁ་འབྱུང་། །གཉན་སར་ས་རྡོ་བསློགས་ན་ཀླུ་ནད་འོང་། །ཡུལ་ལྷ་གཞི་བདག་དཀྲུགས་ན་ཐོག་སེར་འབབ། །དྲན་ཚད་ཁ་རུ་བཏོན་ན་ཁ་མཆུར་ཐུག །དོན་མེད་འགྲོ་འདུག་མང་ན་དོན་ཆེན་འཆོར། །ཕན་མེད་མགྲོན་སྣ་བསྡུས་ན་ཟས་ནོར་གྱོང་། །སེམས་ལ་རྣམ་
རྟོག་ཆེ་ན་གདོན་གྱི་གཞི། །དཔེ་ངན་གཞན་ལ་བཏོན་ན་རང་ལ་འཁོར། །ནོར་ལ་སྡིག་རྡུང་བྱས་ན་གཡང་ལྷ་ཉམས། །མི་དགེ་སྡིག་ལ་བརྔམས་ན་ངན་འགྲོར་ལྟུང་། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །ལུགས་གཉིས་ལེགས་ཉེས་བླང་དོར་ཤེས་པར་ཤོག །ཅེས་པ་འདི་ཡང་ཡོན་བདག་ཚེ་དཔལ་ལ་སྨྲས་པའོ། །བླ་མ་དཀོན་མཆོག་བྱིན་རླབས་ཅན། །ཁྱིམ་པའི་ཤེས་རྒྱུད་བྱིན་གྱིས་རློབས། །གསོན་པོའི་བར་ཆད་སེལ་བ་དང་། །ཤི་བོའི་ལམ་སྣ་འདྲེན་མཁན་གྱི། །བླ་མ་དགེ་བའི་བཤེས་གཉེན་གྱིས། །འཁྲུངས་ཡུལ་འགྲོ་བ་སྙིང་རྗེ་ནས། །ཕྱག་དང་མཆོད་པའི་ཞིང་ས་ལ། །དགོན་པ་བཏབ་ནས་རྟེན་བཞེངས་བྱོས། །ཡོན་བདག་ཕུལ་བའི་དཀོར་ཟས་རྣམས། །ཆུད་ཟོས་བཏང་ནས་ཅི་ཞིག་བྱ། །དཀའ་ལས་མྱང་བ་དོན་མེད་རེད། །སྐུ་གསུང་ཐུགས་རྟེན་དུ་མ་བཞེངས། །དགེ་འདུན་སྡེ་རྣམས་མཆོད་སྙམ་ནས། །རྒྱུ་ནོམ་གང་རྙེད་ཚགས་བྱས་བསོགས། །དཀོར་ནག་དུག་ཆུ་འདྲ་བའི་ཟས། །གསོལ་འཕྲོ་མདུན་ན་ཅི་ཡོད་ཀྱང་། །ཁྱིམ་པ་ཕོ་མོར་འདི་བྱིན་ན། །མི་འཇུ་སྙམ་ནས་མ་བྱིན་ན། །ཁྱིམ་པ་བླུན་པོ་འགའ་ཞིག་གིས། །སྐྱབས་སུ་
འཆི་དང་རྒྱངས་ནས་ཕྱག །འཚལ་རྒྱུ་ཚང་ཞིག་ཁོང་རེད་ཟེར། །གཅིག་གིས་ཅི་རེད་དྲིས་ཙ་ན། །རྒྱུ་ནོམ་སྟེང་ན་དེ་བ་ངན། །འཆི་ནོ་དེ་བས་མི་ཤེས་ཟེར། །མདུན་དུ་སོང་ན་གསོལ་ལྷག་འདྲ། །ཅི་ཙམ་ཡོད་རུང་སྟེར་མི་དཔེ། །དེ་འདྲ་ཟེར་ཚོ་མི་ཉན་ཏ། །མཛད་སྤྱོད་ཨ་ཁུ་ཅིག་ཚང་དང་། །ལྐོག་གཏམ་པ་ལ་ཁྱད་མེད་ཀི །བཤད་ན་གཅིག་པོས་འདི་སྐད་ཟེར། །འོ་ཨང་དེ་འདྲ་ཞིག་རེད་ཡ། །དེ་ཉིན་ཞིག་ལ་མདུན་དུ་སོང་། །ང་ལ་ཁོང་གིས་འདི་ཟེར་གི །ཟེར་ནས་གཉིས་ཀ་འུར་ལངས་འཇོག །དེ་ནི་ཕ་ཕུགས་མི་ཤེས་པའི། །སྐྱེ་བོ་བླུན་པོའི་སྐད་ཆ་ཡིན། །དགོན་པའི་ལྷ་ཁང་ཉམས་དགའ་ན། །སྐུ་གསུང་ཐུགས་རྟེན་ཁྲ་ལམ་མེ། །ཡོད་པ་དེ་ཚོ་གཅིག་པུ་ལྟོས། །བླ་མ་ནོམ་པར་དགའ་བ་དེ། །ཁྱིམ་པས་ཁ་རྒྱབ་འགེབ་སྙམ་ནས། །བསོགས་པ་ལྟ་བུ་ག་ལ་ཡིན། །རྒྱུ་ནོམ་བསོགས་པའི་ལག་རྗེས་དེ། །བལྟས་ན་གསལ་བོར་མངོན་ཀ་ཨང་། །ལོ་རེ་བཞིན་དུ་དགོན་པ་ལ། །འགྱེད་ཕོགས་མང་ཇ་གཏོང་ལ་ལྟོས། །དགོས་པ་ཅི་རེད་དེ་ཡིས་ཤེས། །སེར་སྣ་ཨེ་ཆེ་དེ་ཡིས་གོ །བླ་མར་
རྒྱུ་ནོམ་མི་མཁོ་རུང་། །གདན་འདྲེན་རིང་ཐུང་མཆོག་དམན་སུ། །བྱུང་ཡང་ཡོན་བདག་ཚོགས་རྫོགས་ཕྱིར། །དགྱེས་བཞིན་བྱོན་ནས་གང་ཕུལ་བཞེས། །གསོན་པོ་རྣམས་ཀྱི་བར་ཆད་བསལ། །ཤི་བོའི་ལམ་སྣ་འདྲེན་པ་དེ། །བསམས་ན་ཁྱིམ་པ་བསོད་ནམས་ཆེ། །དེ་མིན་བླ་མ་དགེ་བཤེས་ཚོ། །བུ་དང་བུ་མོ་གསོ་རྒྱུ་མེད། །གདན་འདྲེན་བྱས་སར་གཅིག་མ་ཕེབས། །རྒྱུ་ནོམ་གང་ཕུལ་གཅིག་མ་བཞེས། །རི་ཁྲོད་དབེན་པའི་དགའ་ཚལ་དུ། །ཐམས་ཅད་བྱོན་ནས་བཞུགས་བསྡད་ན། །གསོན་པོའི་བར་ཆད་སུ་ཡིས་སེལ། །ཤི་པོའི་ལམ་སྣ་སུ་ཡིས་འདྲེན། །ཅི་ཞིག་བྱེད་རྒྱུ་དཀའ་མོ་ཡིན། །བླ་མ་རྣམས་ཀྱི་མཛད་སྤྱོད་ཀྱི། །ཕ་ཕུགས་སྐྱེ་བོ་མི་ནག་པས། །ཤེས་དཀའ་འཕྲལ་གྱི་སྤྱོད་པ་རེར། །བལྟས་ནས་ཁ་ཡིས་གཏོང་མི་རུང་། །བླ་མས་རྩམ་ཁུག་ཁ་བཟོས་ནས། །སྟེང་དུ་རྟགས་ཐེལ་རྒྱག་ན་ཡང་། །དེ་ཡི་ཐུགས་དགོངས་ཅི་ཡིན་ནམ། །མི་ཤེས་སྙམ་དུ་ཁ་མ་གཏོང་། །རང་གི་ཐག་ཉེའི་བླ་མའི་རིགས། །ཤི་གསོན་གཉིས་ཀར་བཀའ་དྲིན་ཆེ། །རྟག་ཏུ་མཆོད་བསྟོད་བཀུར་སྟི་གྱིས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །
བླ་མར་ངན་སྨྲས་མི་བྱེད་ཤོག །བླ་མ་དཀོན་མཆོག་རིན་པོ་ཆེ། །ཁྱིམ་པ་རྣམས་ཀྱི་ལམ་སྣ་དྲོངས། །བླ་མ་དམ་པ་འགའ་ཞིག་གིས། །ཐེག་པ་ཀུན་གྱི་མཆོག་གྱུར་པ། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །རིམ་གཉིས་གནད་རྟོགས་ལེགས་པར་བསྒོམས། །རིག་མ་བསྟེན་པའི་དུས་སྐབས་སུ། །སླེབས་ཚེ་གསང་ནས་མཚན་ལྡན་གྱི། །རིག་མ་འགའ་རེ་བསྟེན་པ་ལ། །སྐྱེ་བོ་བླུན་པོ་འགའ་ཞིག་གིས། །སངས་རྒྱས་འཕྲུལ་སྣང་གྱི་ལིང་རྟ། །འགྱེལ་ཟུག་ཨ་ཧོ་མ་བཟང་ཟེར། །ཅི་རེད་དྲིས་ན་བླ་མ་དེ། །དང་པོ་བཟང་ཏ་སྐྱབས་སུ་མཆི། །ཕྱི་ནས་སྤྱོད་པ་ཁྲིག་ཁྲིག་འདྲ། །མེད་ཀི་སྤྱོད་ལོག་རྐྱང་བཅའ་གི །ཡ་གི་ཚང་གི་མནའ་མ་དང་། །མ་གི་ཚང་གི་བུ་མོར་བཟང་། །ཁོང་གིས་ཆང་རེ་འཐུང་གི་ཞེས། །སྨྲས་ན་གཅིག་པོས་ལན་འདི་ཟེར། །དེང་སང་བླ་མ་འགའ་ཞིག་ལ། །འདུག་མི་ཐུབ་པ་ཅི་ཞིག་བྱུང་། །དེ་ཡིས་མི་ཚད་བླ་མ་ཅིག །ཚང་གིས་འདི་བྱེད་དེ་བྱེད་ཟེར། །གཉིས་ཀ་འུར་ལངས་བླ་མའི་རིགས། །འགའ་རེར་ཁ་བཏང་ཧ་ཧ་ཞེས། །བགད་ནས་ཨེ་ཚོའི་ཐུ་རེད་ཟེར། །བླ་མ་འགའ་
རེའི་སྤྱོད་པ་དེ། །འཕྲལ་དུ་མིག་སྔར་མི་མཛེས་རུང་། །ཕུགས་སུ་དགོས་པ་ཆེན་པོ་ཡོད། །དེ་ལ་བརྟེན་ནས་རྒྱ་བོད་ཀྱི། །སྔོན་བྱོན་མཁས་གྲུབ་ཕལ་ཆེ་བས། །མཆོག་གི་དངོས་གྲུབ་བརྙེས་པ་མང་། །བླ་མ་འཁྲུལ་བར་མ་སྙམ་དང་། །སྐྱོན་གྱིས་མི་གོས་བློ་གདེང་ཡོད། །ཆོས་ལོག་ཅིག་ཡིན་མ་སེམས་ཤིག །དེ་འདྲ་བསྟེན་དགོས་ཆོས་ཡོད་དར། །བླ་མ་འགའ་རེའི་མཛད་སྤྱོད་ཕུགས། །འོ་སྐོལ་འདྲ་བས་ཤེས་པ་དཀའ། །དེས་ན་དད་པ་སྐྱེས་ན་རབ། །མིན་ཀྱང་ཁ་ཡིས་གཏོང་མི་རུང་། །བཏང་ན་ཉེས་པ་འབྱུང་བ་ཡིན། །གླུ་འདི་ཐོས་ཚད་ཁྱིམ་པ་ཡིས། །བླ་མར་ཁ་མི་གཏོང་བར་ཤོག །དྲིན་ཅན་ཆོས་རྒྱལ་ཞབས་ལ་འདུད། །ཉོན་དང་སྐྱེ་བོ་དད་ཅན་ཚོ། །དེང་སང་དུས་ངན་བླ་མའི་རིགས། །འདི་ཚོ་སྐྱོན་རེ་ཆེ་གི་དང་། །ཟ་ཆོག་འཐུང་ཆོག་འདི་ཚོ་མིན། །ཡོན་ཏན་ཆེན་པོ་ཅང་མེད་ཀི །སྙམ་ནས་དད་ལོག་བྱེད་མི་རུང་། །སྔོན་དུས་སངས་རྒྱས་བཅོམ་ལྡན་འདས། །སྐྱོན་ཟད་ཡོན་ཏན་ཀུན་ལྡན་ཡང་། །ལེགས་སྐར་རང་སྣང་མ་དག་པའི། །སྟབས་ཀྱིས་ཡོན་ཏན་གཅིག་མ་མཐོང་། །ཅི་མཛད་སྐྱོན་དུ་མཐོང་བ་བཞིན། །
བླ་མ་སྐྱོན་མེད་ཡོན་ཏན་དང་། །ལྡན་ཡང་རང་སྣང་མ་དག་པའི། །སྟབས་ཀྱིས་བླ་མའི་ཡོན་ཏན་རིགས། །མ་མཐོང་རང་སྐྱོན་ཕར་ཤར་བ། །བླ་མའི་སྐྱོན་ལྟར་མཐོང་བ་ཡིན། །བླ་མའི་སྐྱོན་ཡིན་མ་སྙམ་པར། །རང་གི་སྐྱོན་ཡིན་སྙམ་དུ་སོམས། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིག་དོན་དེ་གཅིག་པུ། །སོམས་དང་བླ་མ་ཨེ་ངན་གི །སངས་རྒྱས་བྱང་སེམས་ཕལ་ཆེར་གྱིས། །བཟང་ངན་སྣ་ཚོགས་ཚུལ་བཟུང་ནས། །སེམས་ཅན་རྣམས་ཀྱི་དོན་བྱེད་པས། །འོ་སྐོལ་རྣམས་ཀྱིས་ཤེས་པ་དཀའ། །བླ་མར་ལྐོག་ཏུ་ངན་གཏམ་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ། །ལྐོག་ཏུ་ངན་གཏམ་བྱས་དང་མཚུངས། །ཚེ་འདིར་མི་ཁ་ཁ་མཆུ་འབྱུང་། །ཕྱི་མར་བླ་མ་རྙེད་མི་འགྱུར། །བླ་མ་མཆོད་བསྟོད་བཀུར་ཐུབ་ན། །ཕྱོགས་བཅུའི་མཆོད་འོས་སྐྱབས་གྱུར་ཀུན། །མཆོད་ཅིང་བསྟོད་ནས་བཀུར་དང་མཚུངས། །ཚེ་འདིར་ཀུན་གྱིས་མཆོད་བསྟོད་བཀུར། །ཕྱི་མར་བླ་མ་
བཟང་པོ་ཡིས། །རྟག་ཏུ་རྗེས་སུ་འཛིན་པར་འགྱུར། །དེ་ཕྱིར་ཁྱིམ་པ་དད་ཅན་ཚོ། །རང་གི་ཡུལ་ཕྱོགས་བླ་མ་ལ། །ལྐོག་ནས་ངན་སྨྲས་མ་བྱེད་པར། །རྟག་ཏུ་མཆོད་བསྟོད་བཀུར་སྟི་གྱིས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །བླ་མ་མཆོད་བསྟོད་བཀུར་བར་ཤོག །འདྲེན་མཆོག་སངས་རྒྱས་ཐུགས་རྗེ་ཅན། །ཐུགས་རྗེའི་སྤྱན་གྱིས་བོད་ལ་གཟིགས། །གསར་རྙིང་དགོན་པ་གང་ཡིན་ཡང་། །སྡིག་ལ་འཛེམ་པར་བྱིན་གྱིས་རློབས། །དང་པོ་དགོན་པ་འདེབས་པའི་ཚེ། །ཁང་བའི་ས་རྡོ་གྱང་བརྡུང་དུས། །གྲོག་མ་ལ་སོགས་འབུ་སྲིན་རིགས། །བརྒྱ་སྟོང་གྲངས་མེད་འཆི་རུ་བཅུག །དེ་ནས་ཤིང་སྡིག་མང་བོ་བླངས། །ཤིང་གནས་འབུ་ཡང་བརྒྱ་སྟོང་འཆི། །ཤིང་ཆ་མཛོ་གཡག་གླང་ལ་བཀལ། །རྒྱབ་རྣམས་ཐམས་ཅད་སྒལ་པས་ཁེངས། །གློ་སྐྲངས་འཕོང་བཤུས་ལ་ལ་འཆི། །ཤིང་བཟོ་ས་རྡོ་ཤིང་ལེན་གྱི། །ཁ་བཅོས་ར་ལུག་མང་པོ་བསད། །ཤིང་རིས་ནང་རྟེན་བཞེངས་པའི་ཚེ། །ཚོན་རྩི་རྒྱ་ཡི་ལག་ནས་ཉོས། །རིན་དུ་ར་ལུག་གཡག་སོགས་བྱིན། །དེ་ཡང་བཤན་པས་གསོད་པར་འགྱུར། །ལྷ་བཟོའི་ཁ་བཅོས་འགའ་
རེ་བསད། །རབ་གནས་སྟོན་མོར་མང་པོ་བསད། །བར་དུ་ལ་ལུང་མང་པོ་ཡི། །བཟང་ངན་སེར་མོ་མང་པོ་བསྡུས། །དེ་རྣམས་གནས་ཁང་དབུབ་ཕྱིར་དུ། །གོང་དང་ཆ་མཐུན་སྡིག་པ་བྱེད། །ཡོན་ཏན་གང་ཡང་མི་སློབ་པར། །རྒྱུ་ནོམ་གསོག་འཇོག་བྱེད་ལ་བརྩོན། །ལག་ཏུ་ནངས་པར་ཅི་ཞིག་འོང་། །གཞན་སུས་མང་ཇ་ཨེ་གཏོང་ཨང་། །གཏོང་བའི་མང་ཇ་ཨེ་བཟང་ཨང་། །གྲོང་ཆོག་འབོད་མི་ཨེ་འོང་བལྟ། །དེ་མིན་བཤད་རྒྱུ་བསྒོམ་རྒྱུ་མེད། །བླ་མ་སྐུ་དོན་ཆེན་པོ་བྱུང་། །ཡོན་བདག་རྣམས་ཀྱིས་མ་འཛོམས་པར། །ལོ་རེ་ཙམ་ལ་འགྱེད་ཕོག་དང་། །མང་ཇ་མེད་དམ་ཉུང་ངན་ན། །སྔོན་དུས་ཆོས་དང་ཟང་ཟིང་གིས། །བསྐྱངས་པའི་བླ་མ་ཡོན་བདག་ལ། །མིང་ངན་འདོགས་ཤིང་ཟུར་གཏམ་བྱེད། །ལྐོག་ན་ངན་གཏམ་དི་རི་རི། །གཡག་རྭ་རྡོ་ནང་དྲུད་པ་བཞིན། །རྒྱུ་ནོམ་ཕྱིར་དུ་ཕན་ཚུན་འཁོན། །ཆགས་སྡང་ཁོང་ཁྲོས་དགེ་རྩ་འཇོམས། །འགྲིག་ལམ་ཀུན་སྤྱོད་བཅས་པ་བཤིག །ཆོས་ལ་ཐོས་བསམ་སྒོམ་ཤེས་པ། །བྱེད་མཁན་ཉིན་མོའི་སྐར་མ་འདྲ། །མི་བྱེད་མཚན་སྐར་བཞིན་དུ་
མང་། །ཆོས་བྱེད་ཨུ་དུམ་ཝ་ར་འདྲ། །མི་མཐུན་ལྡམ་ལྡུམ་བས་ཀྱང་མང་། །ལྔ་མཆོད་སྨོན་ལམ་སོགས་ཀྱི་དུས། །ར་ལུག་གཡག་གསུམ་མང་པོ་གསོད། །བླ་མ་ཁྲི་པ་ལ་སོགས་པའི། །ནང་ཆེན་རྣམས་ན་ཤའི་རི་བརྩིགས། །གྲྭ་བ་ནང་འདུག་དཀོར་གྱིས་ཚིག །ཤ་རྙིང་མི་འཕྲོད་ཤ་གསར་དགོས། །ཤི་ཤ་མི་འཕྲོད་བསད་ཤ་དགོས། །ར་ཤ་མི་ཟ་ལུག་ཤ་དགོས། །སྔ་མ་མ་ཚར་ཕྱི་མ་སྣོན། །ཟས་སུ་ཤ་ཐུག་མེད་ན་འཁུ། །དགོན་པའི་ནང་ན་མགོ་སུག་མང་། །མཐའ་ན་རུས་པ་ལུད་བཞིན་སྤུངས། །སྡིག་པ་བྱས་ན་གྲོང་ཡིན་མོད། །གྲོང་གིས་དེ་བས་ལྷག་མི་བྱེད། །མ་བྱིན་ལེན་དང་རྫུན་གཏམ་མང་། །ལྐོག་ནས་མི་ཚངས་སྤྱད་སྤྱད་ན། །དགོན་པ་མ་ཡིན་ཁྱིམ་པ་ཡིན། །ཁྱིམ་པས་དེ་བས་ལྷག་ཅི་བྱེད། །དགོན་པ་ཧ་ཅང་རྒྱས་དྲགས་ན། །མཐའ་ལ་རྒྱ་བོད་ཧོར་གསུམ་འདུས། །སྡོད་སའི་ཁང་པ་མང་པོ་ཕུབ། །སྒོ་ཁྱིམ་སྲང་བར་ཕལ་ཆེར་ན། །ར་ལུག་གཡག་སོགས་མང་པོ་བསད། །བཤས་པའི་ཤ་མང་བརྩིགས་པ་དང་། །ཁྲག་གི་ཆུ་ཕྲན་འགྲོ་བ་དེ། །མཐོང་ན་བྱང་སེམས་སྙིང་རྩ་འདར། །སྤྱན་ཆབ་འདོར་བ་ངས་
ཀྱང་མཐོང་། །ང་འདྲ་ཐམས་ཅད་ཤ་དགའ་ནས། །སྣང་རྟོག་མེད་པར་ཁོང་འཛུམ་བྱེད། །དགོན་སྡེ་གཉིས་ཀ་སྡིག་པར་འབག །ཐ་མ་བླ་མ་གྲྭ་ཚང་གཉིས། །མ་འཆམ་རྒྱབ་འགྲེས་ལངས་པ་འམ། །ཡང་ན་དམག་ཇག་ཆོམ་རྐུན་བྱུང་། །ཡང་ན་ཁྲི་པ་གཤེགས་པ་འམ། །ཡང་ན་མཆོད་མཁན་རྒུད་པར་འགྱུར། །གཞན་གྱི་མཆོད་མཁན་མ་བྱུང་ན། །ཐམས་ཅད་ལ་ཐོར་ལུང་ཐོར་བྱེད། །ལྷ་ཁང་གཤག་བར་བྱ་བྱེའུ་ཉལ། །ནང་དུ་ཇག་པ་རྐུན་མ་འདུག །སྐུ་གསུང་ཐུགས་རྟེན་ས་ལ་འཐིམ། །ཇག་རྐུན་མང་པོའི་སྟན་དུ་འགྱུར། །ལོ་འགའི་འཕྲོ་ནས་གྱང་ཆག་ཀ །བླ་མ་དེ་བས་བཏབ་པའི་དགོན། །ཡིན་ཟེར་ཡར་འགྲོ་མར་འགྲོས་གླེང་། །ལ་ལས་བླ་མ་སུས་བཏབ་ཟེར། །ཅི་ཡི་རྐྱེན་གྱིས་ཐོར་ཚོ་ཟེར། །ལ་ལས་ཁ་རོག་བཤད་ཚུལ་མེད། །ལ་ལས་འཐོར་རྒྱུ་ཞིག་ཡིན་ཟེར། །ལ་ལས་ཐོར་བ་མ་བཟང་ཟེར། །དེ་ཕྱིར་ཕྱི་རབས་བླ་མ་ཚོ། །དགོན་རྙིང་ཞིག་གསོས་སྐྱོང་བཀུར་གྱིས། །དགོན་པ་གསར་བ་བཏབ་ནས་ཆེད། །དེང་སང་བླ་མས་དགོན་བཏབ་པ། །ཆུང་མ་བླངས་པ་ལས་ཀྱང་ཐུ། །
དགོན་གསར་བཏབ་ན་དགོན་རྙིང་འཇིག །དགོན་པ་མང་ན་མཆོད་མཁན་གྱི། །ཡོན་བདག་ས་བརྩད་དགོན་གཉིས་རེ། །སྔོན་ཆད་འཁྲུག་པ་མཐོང་ཐོས་མང་། །དགོན་པའི་སྐྱོང་ཁུར་འདིའི་ཕྱིར་དུ། །ས་འོག་གནམ་གཉིས་མ་གཏོགས་པ། །བླ་མ་མི་འགྲོ་ས་ཆ་མེད། །སོང་ཡང་རྒྱུ་ནོམ་མི་རྙེད་པར། །སེམས་སྡུག་ལུས་ངག་ངལ་བར་འགྱུར། །བསམ་རྒྱུ་བསྒོམ་རྒྱུ་ཕར་ལ་ཞོག །སྔར་འདོན་ཁ་ཏོན་རིམ་པ་ཆག །མི་ཚེ་ཡུན་ཐུང་དགོན་མ་འདེབས། །གལ་ཏེ་རེ་རེ་འདེབས་ན་ཡང་། །དགོན་པ་གཞན་གྱི་ཐག་ཉེ་སའི། །མ་འདེབས་ཐག་རིང་གྱིས་ལ་ཐོབས། །འདེབས་ན་ཐོག་མཐའ་བར་གསུམ་དུ། །སྲོག་གཅོད་ལས་འདི་མ་བྱེད་ཨང་། །འགྲོ་ཀུན་ཕ་མར་མ་གྱུར་མེད། །དཔེར་ན་ཚེ་འདིའི་མ་བསད་ནས། །དགོན་ཞིག་བླ་མ་སུས་འདེབས་ཕོད། །བཏབ་ཀྱང་དེ་ལ་སུ་ཡིས་སྨོན། །དེ་བཞིན་ཕ་མ་སེམས་ཅན་གཞན། །སྲོག་བཅད་དགོན་ཞིག་སུས་འདེབས་ཕོད། །བཏབ་ཀྱང་དམ་པ་སུ་ཡིས་སྨོན། །སྲོག་འདི་སེམས་ཅན་ཀུན་ལ་གཅེས། །དཔེར་ན་རྒྱལ་པོ་ཆེན་པོ་ཡིས། །ཟས་ནོར་འཛོམ་པའི་ཕྱུག་པོ་ལ། །ཁྱོད་
གསོད་པ་དང་མི་ཁྱོད་ལ། །གང་ཡོད་སྟེར་ལས་གང་འདེམས་ཞེས། །གསུངས་ན་སྲོག་ལ་ཤིན་ཏུ་གཅེས། །གང་ཡོད་སྟེར་ཟེར་སྲོག་འདེམས་ངེས། །དེས་ན་ཟང་ཟིང་དགེ་བ་ལས། །སྲོག་གཅོད་སྤངས་ན་དགེ་བ་ཆེ། །མི་དགེ་བཅུ་ཡི་ཆེ་ཤོས་དེ། །སྲོག་གཅོད་ལས་འདི་མ་ཡིན་ནམ། །སྡིག་དང་མ་འདྲེས་དགོན་གཙང་ཐོབས། །མང་ན་མི་བཟང་ཉུང་ན་བཟང་། །ཆོས་མཐུན་དགོན་ཆུང་འདེབས་པར་མཛོད། །ཆོས་མཐུན་དགོན་པ་བཟང་པོ་དེ། །གྲོང་ལས་ཁྱད་པར་འཕགས་པའི་ཚུལ། །བཤད་ན་བརྗོད་ཀྱིས་ལང་མི་འགྱུར། །དགོན་བསམ་གོམ་བདུན་བོར་བའི་མི། །ས་བདུན་བར་དུ་འཕགས་ཞེས་གསུངས། །སོང་ངམ་བསྡད་པ་སྨོས་ཅི་དགོས། །ཀུན་གྱིས་ཐོས་བསམ་སྒོམ་བྱས་ན། །ནང་ནས་གཅིག་སངས་རྒྱས་པའི་ཚེ། །སྔོན་ཆད་ས་རྡོ་ཤིང་གི་ཕྱིར། །སྲིན་བུ་ཤི་ཚད་འདྲེན་པར་ནུས། །དེ་ཚུན་དགོན་པས་དགེ་བའི་ལས། །བཟང་ངན་འབྲེལ་བ་ཐོགས་ཚད་ལ། །བསྔོས་པའི་མཐུ་དང་ཁོ་རང་ཡང་། །ཆོས་རར་ལུས་སྲོག་དོར་སྟབས་ཀྱིས། །བདེ་འགྲོར་སྐྱེས་ནས་བདེ་
སྐྱིད་ལྡན། །འོན་ཀྱང་སྡིག་ལ་ཤིན་ཏུ་འཛེམས། །ཅུང་ཟད་བྱས་ཀྱང་བཤགས་སྡོམ་གྱིས། །དགེ་རྩ་དེ་ཡི་དོན་དུ་སྔོས། །ཀུན་གྱིས་ཚེ་འདི་བློ་ཡིས་ཐོངས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དམ་པའི་ཆོས་ལ་འབད་པར་མཛོད། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །དགོན་པ་གསར་རྙིང་རྣམས་ལ་སྨྲས། །ཐོས་ཚད་དགོན་པ་ཐམས་ཅད་ཀྱིས། །སྲོག་གཅོད་ནམ་ཡང་མི་བྱེད་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །བླ་མ་ཆོས་རྒྱལ་ཞབས་ལ་འདུད། །ཁྱིམ་པའི་བློ་ཁ་ཆོས་ལ་སྒྱུར། །དབྱར་སྟོན་བླ་མ་བསོད་སྙོམས་ལ། །འབྱོན་དུས་ཇ་ཞུས་བྱེད་ཟེར་ནས། །ར་ལུག་བསྐྱིལ་ནས་ཀ་ཟུངས་ཞེས། །བསྟན་ཚེ་འགའ་རེ་ནང་དུ་རྒྱུགས། །རྐང་པའི་བཟུང་ཚེ་ས་ལ་འགྱེལ། །དངངས་སྐྲག་འཇིགས་ནས་འཕག་ཤད་བྱེད། །མགོ་བོ་ཐུར་དུ་བསྟན་ནས་བསྒྱེལ། །སུག་བཞི་ཐག་ནག་ཅིག་གིས་བསྡམས། །སྐེ་གུག་ཁ་སྣ་བསུམ་པའི་ཚེ། །མིག་གཉིས་ཧྲིག་ཧྲིག་ལུས་ཁྲིག་ཁྲིག །རྔ་མ་འཚུབ་འཚུབ་རི་ལི་ལི། །གསོད་མཁན་མ་ཎི་ཤུབ་ཤུབ་ཤུབ། །ལུག་གིས་རིལ་མ་ཐ་ར་ར། །བྱས་ནས་ཕྱི་དབུགས་
འཆད་པར་འགྱུར། །འགའ་རེས་རྩིབ་ནས་གྲི་ཆུང་བརྡར། །ཤི་འམ་མ་ཤི་ཨ་རོག་ཟེར། །གྲི་ཆུང་རྣོན་པོས་བྲང་གཤགས་ནས། །ལག་པ་གཡས་པ་ཁོག་ཏུ་བཏང་། །སྲོག་རྩ་དམར་བོར་བརྙབ་པའི་དུས། །སྔར་ལས་ལྷག་པའི་སྡུག་བསྔལ་ཆེ། །ནང་དབུགས་ཆད་ནས་འཆི་བར་འགྱུར། །ཡོན་བདག་ཕོ་མོ་དྲིན་ཅན་ཚོ། །ཆོས་འདི་སུ་ཡི་ཆོས་ལུགས་ཡིན། །འདི་འདྲ་བྱེད་དགོས་སུ་ཡིས་གསུངས། །ཕན་ཡོན་ཅི་ཡོད་ཅིག་ཤོད་དང་། །རང་གི་ཁ་སྣ་རང་ཉིད་ཀྱིས། །བསུམས་ལ་ཅུང་ཟད་ཙམ་སྡོད་དང་། །བླ་མར་ཇ་ཞུས་བྱས་པ་དེ། །ཆོས་སུ་སོང་ངམ་མ་སོང་ཤེས། །བླ་མ་འགའ་རེར་ཁག་བཞག་ནས། །ཞོར་ལ་ཚིལ་དང་ཤ་ཡིས་བྱེད། །ལོང་གཡོས་སྦོམ་པོ་ཞིག་ཟ་སྙམ། །ཟོག་འདི་ལས་ཅན་བླ་མ་ཚང་། །འཚོ་བའི་ཐེབས་སུ་སོང་བ་བཟང་། །དེ་བ་ཅིག་གི་སྤྲུལ་བ་ཡིན། །བླ་མ་གྱ་འགྱིན་མིན་ཚོ་ཞེས། །ཡོན་ཏན་རབ་རིབ་རོགས་པར་བཤད། །མ་ཎི་རིང་ཐུང་སྤྲད་ནས་འདོན། །བར་བར་ཐབ་ཟངས་ཁ་ཚོ་བལྟས། །ཁ་འགུལ་མཆིལ་མ་མ་མིད་ཨང་། །བླ་མར་ཇ་ཞུས་བྱེད་འདོད་
ན། །གོ་རེ་ཞུན་ཐུད་གྲོ་མ་སོགས། །རང་ལ་གང་ཡོད་ཅི་རྙེད་ཀྱིས། །བླ་མ་དམ་པར་ཇ་ཞུས་གྱིས། །འབུལ་བ་ཆེན་པོ་བཀྱགས་ན་བཟང་། །ར་ལུག་བཤས་ནས་ཤ་དྲངས་པ། །དོན་གྱིས་ནང་ཟན་མཆོད་པ་ཡིན། །བླ་མ་མཆོད་ན་རྒྱུ་ནོམ་ཕུལ། །ནང་ཟན་མཆོད་ན་ཤ་བཟན་བཤོས། །སེམས་ཅན་སྲོག་ཆོད་ཆོས་གྱིས་ཞེས། །སངས་རྒྱས་གསུང་རབ་གང་ན་མེད། །སྲོག་འདི་སེམས་ཅན་ཀུན་ལ་གཅེས། །སྲོག་གཅོད་མ་བྱེད་ཚེ་ཐར་ཐོངས། །ཚེ་ཐར་བྱས་ན་ཇ་ཞུས་སྟོང་། །བྱས་ལས་ཕན་ཡོན་ཆེ་བ་ཡིན། །ཕྱུག་པོས་ཆོས་གཞན་བཅོས་ན་རབ། །ཆོས་གཞན་གལ་ཏེ་མི་བཅོ་རུང་། །རང་གི་སྒོ་ཡི་ཟོག་ཆ་བོ། །ཚེ་ཐུང་མ་བྱེད་ཚེ་ཐར་གྱིས། །ཆོས་ཀྱི་མཆོག་གཅིག་དེ་ན་སྣང་། །གླུ་འདི་ཐོས་ཚད་ཁྱིམ་པ་ཡིས། །ཇ་ཞུས་ལོག་པ་མི་བྱེད་ཤོག །སངས་རྒྱས་བྱང་སེམས་རྣམས་ལ་འདུད། །དེང་སང་བླ་མ་འགའ་རེ་ཚོས། །སྒོམ་སྒྲུབ་རྟེན་བཞེངས་དགོན་མི་སྐྱོང་། །ཁང་བ་རྒྱ་དང་རྒྱ་བསྐྱེད་ནས། །རྒྱུ་ནོམ་གསོག་པའི་བསོད་སྙོམས་མཁན། །དབྱར་སྟོན་བསོད་སྙོམས་ཕྱིར་འོངས་ན། །འབྲོག་གི་ཕྱུག་པོས་གདན་འདྲེན་བྱས། །
ཡར་གྱི་ཕུགས་ནས་བཞུགས་བསྡད་ན། །ཡོན་བདག་ཕོ་མོ་རུབ་རུབ་རུབ། །གཅིག་གིས་ཚང་ར་མཛུག་མཛུག་མཛུག །སྟེང་ན་རླངས་པ་ཐོ་ལོ་ལོ། །མདུན་དུ་བཞག་དུས་ཡེ་རེ་རེ། །བྱེད་དུས་བླ་མའི་ཐུགས་མ་བྲེལ། །གྲྭ་བས་སྲོག་ལ་བབས་མ་འཇོག །ནང་མཆོད་བྱིན་རླབས་ཙམ་ཞིག་ཡང་། །འདོན་རག་བར་ལ་མི་ཆགས་པར། །ཀུན་གྱིས་ལུས་འགུལ་མཆིལ་མ་མིད། །རབ་རིབ་བྱས་ནས་བཏོན་མ་གཏོང་། །བར་དེར་ལག་ནས་སུས་མི་འཕྲོག །ཚེ་སྔོན་འགྲོ་ཀུན་ཕ་དང་མར། །མ་གྱུར་པ་ནི་གཅིག་མེད་ཅེས། །ཐམས་ཅད་མཁྱེན་པ་སངས་རྒྱས་གསུངས། །སངས་རྒྱས་གསུང་ལ་རྫུན་མེད་བདེན། །ཚེ་སྔོན་ཕ་མ་བྱས་པའི་དུས། །ཚེ་འདིའི་ཕ་མས་བསྐྱངས་པ་བཞིན། །དྲིན་གྱིས་ཡང་ཡང་བསྐྱངས་པ་ཡིན། །དྲིན་ལན་ཕན་ཞིག་མི་འདོགས་རུང་། །ཕ་མ་ར་ལུག་མ་རྒན་ལ། །བླ་མ་གྲྭ་བས་ཕམ་མ་གླན། །བླ་མ་ཕྱོགས་དེར་མ་བྱོན་ན། །ཡོན་བདག་ཕོ་མོ་ག་ལ་དད། །ཡོན་བདག་ཕོ་མོ་མ་དད་ན། །ར་ལུག་སྲོག་འགོ་ག་ལ་འདུག །ཅི་ལན་གང་ལན་བླ་མས་ལན། །སྡིག་པ་བླ་མའི་གཉའ་ན་
སྣང་། །བླ་མ་འགའ་རེ་འཚོ་བའི་ཕྱིར། །ར་ལུག་མང་པོའི་སྲོག་བཅད་པའི། །སྡིག་པ་དེས་ཐུ་གཞན་ན་མེད། །ཡོན་བདག་དད་ཅན་བླུན་པོ་ཚོས། །བླ་མས་ཡར་ལ་དྲངས་ཡོད་ཟེར། །འདྲེན་མཁན་བླ་མས་རང་གི་བློ། །ནང་དུ་བཀུག་ནས་བསམ་ཙ་ན། །བློ་མི་བདེ་བའི་འཛེར་ཞིག་ཡིན། །བླ་མ་ནམ་གཤེགས་ཚོད་མི་ཐིག །གཤེགས་ཁར་འགྱོད་ལ་དགོས་པ་ཆུང་། །ད་ལྟ་སྐུ་གཟུགས་བདེ་དུས་སུ། །ནོམ་པ་མ་གསོག་སྒོམ་སྒྲུབ་གྱིས། །རྟ་ནོར་མ་སྐྱོང་དགོན་པ་སྐྱོངས། །བསྔོས་ཤ་འཛེམས་ལ་བསོད་སྙོམས་རྒྱོབ། །གླུ་འདི་བླ་མ་འགའ་ཞིག་གིས། །བསོད་སྙོམས་རྒྱག་དུས་དྲན་པར་ཤོག །བླ་མ་དཀོན་མཆོག་ཐུགས་རྗེ་ཅན། །ཁྱིམ་པའི་བློ་ཁ་ཆོས་ལ་སྒྱུར། །ཨེ་ཚོ་ཁྱིམ་པ་ཕོ་མོ་རྣམས། །རང་གི་ཡུལ་ཕྱོགས་སེར་མོ་ཚོའི། །སྡོམ་པ་ཁྲིག་ཁྲིག་ཅང་མེད་རུང་། །བྱིན་རླབས་ཆེན་པོ་མེད་མ་སྙམ། །གློ་བུར་གེག་ལྷོག་གཟེར་གསུམ་བྱུང་། །སང་འཆི་གནངས་འཆི་ཟེར་བའི་མིའི། །སྟེང་ནས་སེར་མོ་འགའ་རེས་ཅིག །བཏོན་ཕྱིན་ནད་སོས་འཁུན་དྭངས་འགྲོ། །བྱིན་རླབས་ཡོད་པ་དེ་ཡིས་ཤེས། །ནད་པའི་སྟེང་ནས་
ཁྱིམ་པ་ཡིས། །འུར་ཞིག་བསྐྱལ་ཕྱིན་འུར་དེར་ཁག །བཞག་ནས་ཇེ་ཐུར་སོང་བ་མང་། །དགེ་སློང་བནྡེ་མང་པོ་འཚོགས། །འུར་བྱས་འདོན་པ་ཅི་བཏོན་རུང་། །ནད་པ་ཇེ་བདེ་ཇེ་བདེར་འགྲོ། །རྒན་རྒོན་མང་པོས་འུར་བསྐྱལ་ནས། །ནད་པ་དྲག་བུད་སོང་བ་མེད། །ཨེ་དྲག་ལྟོས་དང་ཤིན་ཏུ་དཀའ། །བླ་རྒན་འཚོགས་ནས་ཆོས་བཏོན་པས། །ནད་པ་ནད་ལས་ཐར་བ་མང་། །ཨེ་བདེན་སོམས་དང་ཤིན་ཏུ་བདེན། །གསོན་པོའི་བར་ཆད་སེལ་བའི་དུས། །བླ་རྒན་རྣམ་ཚོ་ཕན་པ་བཞིན། །ཤི་བོའི་སྔས་མགོའི་བླ་རྒན་ཚོས། །བཏོན་ན་དེ་བས་ཕྱི་མར་ཕན། །ཤི་དུས་ལམ་སྣ་འདྲེན་མཁན་ཡང་། །ཡུལ་ཕྱོགས་བླ་རྒན་རྣམས་ཚོ་ཡིན། །འདི་ཕྱི་གཉིས་ཀར་བཀའ་དྲིན་ཆེ། །བླ་རྒན་རྣམས་ལ་ཡུན་རིང་དུ། །འགྲོགས་ཚེ་སྐྱོན་མཐོང་དད་པ་ཡལ། །འེ་ཚོའི་སེར་མོའི་བྱ་འདི་ཞེས། །སྔོན་ཆད་བྱ་བ་མང་བོ་ཞིག །བརྫད་བཞག་པ་ལྟར་ཐམས་ཅད་པོ། །སྤྱི་བསྡུས་བྱས་ནས་མ་སྨོད་བཟང་། །བླ་རྒན་རྣམས་ཚོ་བརྒྱ་ངན་རུང་། །ལྷ་མིའི་རྒྱལ་པོས་ཕྱག་འཚལ་བའི། །དགེ་འདུན་དཀོན་མཆོག་གྲལ་ཡིན་
པས། །ཁྱིམ་པས་སྨོད་བྱ་ག་ལ་ཡིན། །འོ་ན་དགེ་འདུན་དཀོན་མཆོག་དེ། །སྐྱོན་ཟད་ཡོན་ཏན་ལྡན་པ་ཞིག །ཡིན་དགོས་བླ་རྒན་འདི་ཚོའི་རིགས། །འགའ་རེ་སྤྲོ་ཆེ་ཧེབ་ཡང་ཆེ། །ཁ་ཅིག་ལྟོ་ཆེ་སེར་སྣ་ཆེ། །ཕལ་ཆེར་ཚིག་རྩུབ་སྡོམ་པ་མེད། །འདི་འདྲའི་དགེ་འདུན་དཀོན་མཆོག་འདྲ། །ཡོད་ན་ལྟས་ངན་བསྐལ་བ་སྙིགས། །སྙམ་ན་མིག་ཤེས་ངན་པས་མཁར། །བལྟས་ཀྱང་རབ་རིབ་མཐོང་བ་དང་། །མཁྲིས་ནད་ཅན་གྱིས་དུང་དཀར་ལ། །བལྟས་ན་སེར་པོར་མཐོང་བ་བཞིན། །བླ་རྒན་རྣམས་ཚོ་སྐྱོན་ཅང་མེད། །རང་སྐྱོན་ཕར་ལ་ཤར་བ་ཡིན། །བླ་རྒན་རྣམས་ཚོ་སྐྱོན་མེད་པས། །མི་ཚད་ཡོན་ཏན་མང་པོ་མངའ། །འབྲི་འདོན་ཀློག་གསུམ་གང་ལ་མཁས། །ཆོས་ཀྱི་དོན་གོ་ཆོས་བཤད་ཤེས། །དཔེར་ན་གསེར་གྱི་རི་བོ་ལ། །བརྟེན་པའི་བྱ་རྣམས་ཐམས་ཅད་ཀྱི། །ཁ་དོག་གསེར་དུ་སྣང་བ་བཞིན། །དཀོན་མཆོག་གསུམ་གྱི་སྐྱབས་འོག་ན། །འདུག་པའི་བླ་རྒན་ཐམས་ཅད་ཀྱི། །རྒྱུད་ན་ཡོན་ཏན་དཔག་མེད་ཡོད། །བླ་རྒན་མཆོད་རྟེན་དཀར་ཆུང་ཡིན། །སུ་ཡིས་ཐུག་ཀྱང་དཀར་བོར་གཏོང་། །དེས་ན་རང་ས་ཡུལ་
ཕྱོགས་ཀྱི། །བླ་རྒན་རྣམས་ཚོ་ཤིན་ཏུ་བཟང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དཀོན་མཆོག་གསུམ་ཞེས་ཡོངས་སུ་གྲགས། །དགེ་འདུན་དཀོན་མཆོག་ཟེར་བ་དེའི། །གྲལ་ན་བླ་རྒན་འདི་ཚོ་ཡོད། །ཁྱིམ་པ་ཅི་ཡང་མི་ཤེས་པས། །སེར་མོ་འདི་ལས་ཁོ་བཟང་སྙམ། །ཕྱུག་པོ་རིགས་རུས་མཐོ་བ་ཚོས། །རང་གི་ཡུལ་ཕྱོགས་སེར་མོ་ལ། །གོང་གི་ཡ་གིའི་ཨ་ཁུ་བཞུགས། །ཟས་ཕུད་ཆེ་བོ་ཡར་ལ་དྲོངས། །མི་ཟེར་ཁོ་བོ་གོང་གིས་འགྱིང་། །རྩག་རྒན་ནང་ནས་འཕག་ཤད་བྱས། །བླ་རྒན་གན་ན་ཅིག་བྱིན་ཟེར། །ཟས་ལྷག་སྣ་སྣེ་ངན་ངོན་སྟེར། །དུས་ངན་བསྐལ་པ་སྙིགས་དུས་འདིར། །དགེ་འདུན་དཀོན་མཆོག་བརྙས་པ་མང་། །ཁྱིམ་པ་ཕོ་མོ་ཡ་རབས་ཚོ། །རང་ལ་ཟས་བཟང་ཡོད་བཞིན་དུ། །སེར་མོ་རབ་འབྲིང་ཐ་གསུམ་སུར། །ཤ་རྫུད་ཐུད་ཀྱི་སྔོ་བ་སོགས། །ངན་ངོན་བྱིན་ན་བསོད་ནམས་ལ། །གནོད་པས་དེ་འདྲ་སྟེར་མི་རུང་། །ཟས་བཟང་ཕུད་དང་གཙང་མ་དྲོངས། །ལྷན་པ་སེར་པོ་གྱོན་ཚད་ཡན། །དགེ་འདུན་དཀོན་མཆོག་གྲལ་ཡིན་པས། །རིགས་མཐོ་ཕྱུག་པོ་སུ་ཡིན་
ཡང་། །འགབ་ཏུ་བཞག་ནས་བརྙས་མི་རུང་། །རྟག་ཏུ་མགོ་ཡི་ཞྭ་བཞིན་བཀུར། །བསོད་ནམས་དཔག་མེད་འཐོབ་པར་འགྱུར། །གླུ་འདི་ཐོས་ཚད་ཁྱིམ་པ་ཡིས། །སེར་མོ་མཆོད་བསྟོད་བཀུར་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །རྗེས་འཇུག་བླ་རྒན་ཡོངས་ལ་ཐུགས་རྗེས་གཟིགས། །བསམ་པ་རབ་དཀར་དད་གུས་སྙིང་རྗེ་ཆེ། །རྟག་ཏུ་རྣམ་དཀར་དགེ་ལ་སེམས་དགའ་བའི། །བླ་རྒན་མགོ་དཀར་གྲལ་མགོ་མན་ཆད་ནས། །གཞོན་པ་སོ་དཀར་གྲལ་རྔའི་འདུག་པ་ཡན། །གསོན་པོའི་སྐུ་རིམ་ཤི་བོའི་དགུང་ཞག་ཏུ། །སོང་དུས་དེ་བས་ར་ལུག་གསོད་པའི་གྲབས། །བྱེད་དུས་བླ་རྒན་གོང་མ་མལ་ས་ནས། །ཡར་གཅིག་འགུལ་ལ་མཆུ་དེ་མར་ལ་གཡོན། །འགབ་མ་རྣམས་ལ་ལུག་ཀ་སྙིང་རེ་རྗེ། །དེ་རིང་ངེད་ཚོས་འཕུད་དུ་འཇུག་ཡི་ཤོད། །འོག་མས་སྙིང་རྗེ་ཡིན་ན་དེ་རེད་ལགས། །ཟ་རྒྱུ་ཤ་འདྲ་མིན་རུང་དཀོན་མཆོག་གསུམ། །ཐུགས་རྗེས་ཡོད་ཀི་ལགས་སོ་ལགས་སོ་ཞུས། །དེ་ནས་བླ་རྒན་གྲལ་མགོ་མ་དེ་ཡིས། །ཨུ་ཧིས་མགྲིན་ལམ་སོལ་ལ་ཡོན་
བདག་པོས། །སྐད་གསེང་མཐོན་པོས་ལུག་ཀ་ལུག་ཁྱུར་ཐོངས། །ལས་གོ་སྙིང་རྗེ་ངེད་ཚོའི་འཚོ་བ་ལ། །ཁྱད་མེད་ཁྱེད་ཀའི་གང་འཛོམ་དེས་ཆོག་ཅེས། །བཤད་འཕྲོ་འགབ་མ་ཀུན་གྱིས་མཐུན་འགྱུར་གྱིས། །ཡོན་བདག་རབ་ཏུ་དད་པས་ཞྭ་ཕུད་ལ། །ལགས་སོ་ལག་སོ་ཞུས་ལ་ཕྱག་གསུམ་འཚོལ། །ཚེ་ཐར་རིང་པོ་ཞིག་ཐོགས་ལུག་ཁྱུར་ཐོངས། །བཏང་ན་དེ་བས་ལྷག་གི་དགེ་བ་ཞིག །འཇིག་རྟེན་འདི་ན་མེད་པས་ཨེ་མ་ཧོ། །སྤྱན་དང་མངོན་ཤེས་མངའ་བའི་ཕྱོགས་བཅུ་ཡི། །རྒྱལ་བ་སྲས་བཅས་རྣམས་ཀྱིས་གཟིགས་པའི་ཚེ། །རབ་ཏུ་དགྱེས་པས་མཆོད་པའི་མཆོག་ཏུ་འགྱུར། །ཚངས་པ་བརྒྱ་བྱིན་ལ་སོགས་དཀར་ཕྱོགས་ཀྱི། །ལྷ་རྣམས་དགའ་ནས་ནམ་མཁའི་ཁམས་ནས་འོངས། །བླ་རྒན་རྣམས་ལ་ཕྱག་འཚལ་སྲུང་སྐྱོབ་བྱེད། །ཡོན་བདག་ཕོ་མོ་དད་ཅན་ཤིན་ཏུ་དད། །ཕྱིན་ཆད་བླ་རྒན་རྣམས་ལ་གྲོང་ཆོག་མང་། །སངས་རྒྱས་བསྟན་པ་སྙིང་རྗེར་རག་ལས་པས། །བླ་རྒན་རྣམས་ཀྱི་རྒྱུད་ན་སྙིང་རྗེ་ཞིག །ཡོད་ཕྱིན་ད་དུང་བསྟན་པ་གནས་པ་ཡིན། །བསྟན་འཛིན་བླ་རྒན་སྙིང་རྗེ་ཅན་ལ་
ཟེར། །འགྲོ་ཀུན་སྐྱེ་བ་སྔོན་མའི་མ་ཡིན་པས། །མ་ཤའི་ཚོ་རྫུད་བཤད་ན་བླ་རྒན་ངན། །མར་གྱུར་འགྲོ་ལ་ཕན་ཞིག་མི་ཐོགས་རུང་། །གནོད་པ་བྱེད་པའི་བླ་རྒན་ཁྲེལ་མེད་ཡིན། །ཕར་ལ་སོང་དུས་སྒོ་ཡི་ར་ལུག་གཅུར། །ཚུར་ལ་ལ་འོང་དུས་ནང་གི་ལྷ་བཤོས་གཅུར། །ལམ་ལ་ཞུགས་དུས་ཐང་གི་འབའ་འབུ་གཅུར། །གྲལ་དུ་འདུག་དུས་མཆན་གྱི་དཀོར་ཤིག་གཅུར། །རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་སྒོར། །ཞུགས་ནས་རང་གིས་ཐུབ་ཚད་ཀུན་གཅུར་ན། །ཕྱི་མར་བླ་རྒན་གཤིན་རྗེས་བཟུང་ནས་གཅུར། །ནམ་འཆི་ཆ་མེད་བླ་རྒན་དྲིན་ཅན་ཚོ། །སྐུ་རིམ་དགུང་ཞག་གང་གི་དུས་སུ་ཡང་། །བཏགས་པའི་ར་ལུག་ཚེ་ཐར་གཏོང་ལ་འབོད། །ཐོངས་ཞེས་མི་གཏོང་བསད་ནས་ཤ་འདྲེན་ན། །མ་ཟ་མར་ལ་བྱིན་དང་ངོ་མཚར་ཆེ། །ཕྱི་ནས་སེར་མོ་ཡོན་བདག་རྣམས་ཀྱིས་གླེང་། །སྔོན་གྱི་བླ་རྒན་དེ་ཚོ་ཅིག་བཟང་ཟེར། །སྒོ་ན་ཡོན་བདག་སེམས་མེད་འགའ་ཞིག་གིས། །ར་ལུག་བསྒྱེལ་ནས་བཤའ་བའི་དུས་སྐབས་སུ། །ཁྱིམ་ན་བླ་རྒན་སོ་མེད་ཁ་ཅིག་གིས། །གྲི་རལ་རྡོ་ལ་བརྡར་བ་དེ་གཟིགས་ན། །ཕྱོགས་བཅུའི་རྒྱལ་
བ་སྲས་བཅས་ཐུགས་མི་དགྱེས། །བོད་ལ་བསྟན་པ་ནུབ་གསུང་ཡང་ཡང་གླེང་། །དཀར་ཕྱོགས་ལྷ་རྣམས་མི་དགའ་རྒྱབ་ཕྱོགས་འགྱུར། །ཕོ་སྐྱེ་ཁ་རྒོད་འགའ་རེས་བླ་རྒན་ཚང་། །གྲི་རལ་བརྡར་ནས་ངེད་ཚོའི་བཤའ་གྲོགས་སུ། །ཕེབས་འདང་མིན་ནམ་སོགས་ཟེར་འགའ་རེ་དགོད། །ར་ལུག་ཤ་དེ་ཚོས་ནས་ལེན་པའི་དུས། །ནད་པ་ཤོག་དང་སྔགས་ཞིག་འདེབས་མི་ཟེར། །འགའ་རེས་རྡར་དེ་ཡར་ལ་ཅིག་བྱིན་ཞེས། །རྣམ་འཇོམས་གདུགས་དཀར་ལ་སོགས་སྔགས་ནུས་རྣམས། །ནད་པར་མ་བཏབ་ཐོག་མར་རྡར་ལ་བཏབ། །རྐེད་ཀྱི་གྲི་རལ་ཟད་པོ་ཕྱི་རུ་ཕུད། །བརྡར་ནས་བར་བར་ཁ་མྱང་རྣོ་ཚད་བལྟ། །རྣོ་ཚེ་ཕྱིས་ནས་མར་ལ་མིག་ཟུར་གྱིས། །ཤ་སྐལ་ཆེ་ཆུང་བལྟ་བའི་བླ་རྒན་ངན། །རང་སྐྱོན་མི་ཤེས་བླ་རྒན་འགའ་ཞིག་གིས། །གཅོད་པ་ཀ་ཚོས་གཡང་གཞི་ལེན་པ་ཀ །སྡིག་པ་ཆེ་གི་ཟེར་ནས་འཕྱ་བ་དེ། །པགས་པ་བླངས་དང་མ་བླངས་ཁྱད་མ་གཏོགས། །ཁྱད་པར་སྤུ་ཙམ་མེད་དོ་བླ་རྒན་ཚོ། །གཅོད་པར་ཤ་མང་པགས་པ་ལྷག་པ་ཡིན། །བླ་རྒན་རྣམས་ལ་པགས་པ་ཕར་ལ་ཞོགས། །ཤ་
ཡང་ཆེར་མེད་ལྷུ་རེ་ཡོད་པའི་དུས། །ཨ་རྫི་རྫི་ཡིན་ཨེ་བདེན་མི་བདེན་སོམས། །བདེན་ཕྱིན་བླ་རྒན་ང་ཡི་ཁ་འདིར་ཉོན། །ཚེ་འདིར་ར་ལུག་གང་གི་པགས་པ་མེད། །ཤ་ཡང་ཉིན་གཅིག་མ་གཏོགས་ཟ་རྒྱུ་མེད། །ཕྱི་མར་སོང་ན་ཡར་ལ་འགྲོ་ས་མེད། །མེད་གསུམ་མ་བྱེད་བླ་རྒན་བསམ་ཤེས་ཚོ། །སྐུ་རིམ་དགུང་ཞག་གང་གི་དུས་སྐབས་སུ། །བླ་རྒན་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་ཏུ། །ར་ལུག་མ་བཤའ་འཚོ་བ་ཁྱད་མེད་ཅེས། །སྐད་གསེང་མཐོན་པོས་དབྱར་གྱི་འབྲུག་བཞིན་སྒྲོགས། །བསྒྲགས་ན་དེ་བས་གཏམ་སྙན་གཞན་ན་མེད། །ལྷ་འདྲེ་མི་གསུམ་གང་གི་རྣ་བར་སྙན། །ཀུན་གྱིས་བླ་རྒན་མཆོད་བསྟོད་བཀུར་བར་འགྱུར། །གླུ་འདི་ཐོས་ཚད་བླ་རྒན་གྲོང་ཆོག་པས། །བཏགས་པའི་ར་ལུག་ཚེ་ཐར་བྱེད་པར་ཤོག །རྗེ་བཙུན་ཙོང་ཁ་པ་ལ་གསོལ་བ་འདེབས། །རྗེས་འཇུག་བླ་རྒན་རྣམས་ལ་ཐུགས་གཟིགས། །གསོན་པོའི་རིམ་གྲོ་ཤི་བོའི་དགེ་རྩ་ལ། །བོས་ན་བླ་རྒན་འགའ་རེ་གཉིད་མི་འོང་། །མཚན་མོ་སྒོ་དང་སྒོར་རྒྱུགས་ཆབ་བསིལ་བཏང་། །རྟགས་ཅན་གནམ་གྱི་སྐར་མར་ཡང་ཡང་བལྟས། །ནམ་རིང་མི་
ཆོད་སྔ་བར་ཡར་ལ་ལངས། །ཆོས་གོས་སྔ་ཤད་དཱ་ལེན་ཕྱི་ཤད་བྱས། །རྟ་རྒན་ཞིག་གམ་གཡག་རྒན་ཞིག་ལ་བྱོན། །སྣ་སྤྲུགས་ལྕག་བརྒྱབ་ཡོབ་སྡིགས་རྐྱང་བ་བྱས། །སྟེང་ནས་རྐང་ལག་ཚང་མས་རལ་ཁ་སྤྲད། །ཇ་མར་ཟ་མའི་བཟང་ངན་ཆེ་ཆུང་བྱེད། །གྲོང་ཆོག་ཤོར་འདྲ་ཨེ་འགྲོ་སྙམ་ནས་དོགས། །རྟ་རྒན་གཡག་རྒན་མ་སོང་ཁོང་ཁྲོ་ལངས། །དམོད་མོ་བྱེད་བཞིན་རྒྱུག་འདུར་སྤྲད་ནས་སོང་། །ཡོན་བདག་དེ་བའི་སྒོ་ལ་བབས་པའི་དུས། །སྒོ་ན་གསོད་རྒྱུའི་ར་ལུག་བཏགས་པ་དེས། །བླ་རྒན་རྣམས་ཚོར་བལྟས་ནས་འཐེན་སྐོར་བྱས། །ཁོ་བོ་ཐོངས་ཤིག་ཟེར་བའི་བརྡ་རྒྱག་ཚེ། །བླ་རྒན་ཕུང་རྒན་ཆེ་ཆུང་སུ་ཡིན་ཡང་། །སྙིང་རྗེ་ལུག་ཀ་མ་གསོད་ཐོངས་མི་ཟེར། །ཀུན་ལ་མི་གསོད་མཐུ་མེད་བྱུང་བ་བཞིན། །འགའ་རེས་མ་ཎི་པདྨེ་ཧཱུྃ་ཨང་ཟེར། །འགའ་རེ་ཁ་རོག་ཁྱིམ་དུ་འཛུལ་ནས་འགྲོ། །འགའ་རེས་ལུག་གི་ཤ་སྟོབས་ཤོར་གྱིས་དོགས། །ལུག་ཀ་ཡུན་རིང་མ་འདོགས་བཞག་ནས་ཆེད། །སྙིང་རྗེ་མ་ཎི་པདྨེ་ཧཱུྃ་གྱིས་ཟེར། །འགའ་རེས་སྙིང་རྗེ་སྙིང་རྗེ་ཟེར་བ་དེ། །སྙིང་རྗེ་མ་ཡིན་ཚོན་
པོ་ཞིག་ཡིན་ཚེ། །དགའ་ནས་བཤད་རྒྱུ་མ་རྙེད་སྐད་ཆ་ཡིན། །ར་ལུག་གང་རུང་ཤ་དེ་ཡར་དྲངས་ཚེ། །ཀུན་གྱིས་ཤ་དེ་རྒྱགས་རྒན་ཞིག་འཆོས་ནས། །འགའ་རེ་གཅིག་ལུ་ཁ་ཚོ་ཕྱི་ཞོར་ལ། །སྙིང་རྗེ་ལུག་འདི་ཅི་ཞིག་ཚོ་ནི་རེད། །ཁོས་འདི་ད་ནངས་སྒོ་ན་བཏགས་ཡོད་དུས། །མཐོང་ནས་འདི་འདྲའི་ཚོ་འདང་མ་བརྒྱབ་ཟེར། །འདོན་པ་འདོན་དུས་བླ་རྒན་ཁ་ཅིག་གིས། །བནྡེ་དགེ་སློང་འགའ་རེར་སྡང་མིག་གིས། །བལྟས་ནས་འདོན་པ་སྔ་བར་མི་འགྲུབ་གི །ཁོ་བོར་ཡུལ་ན་ལས་དོན་གལ་ཅན་ཡོད། །རེམ་ལ་ད་ཐོན་བཤད་རྒྱུ་མ་མང་ཞེས། །ཁོ་བོ་སྤྲོ་ལངས་དབུ་མཛད་མ་ཡིན་ཀྱང་། །འདོན་པའི་འགོ་བླངས་རེམ་ནས་ཤེད་ཀྱིས་འདོན། །བནྡེ་འགའ་རེས་ཨ་ཙེ་བླ་རྒན་གན། །སྨྱོས་འདྲ་འཇོག་རྒྱུ་མིན་ནམ་ཟེར་ནས་འཛུམ། །དེ་འདྲའི་བྱ་སྤྱོད་ངན་པ་སྤོངས་ཤིག་ཨང་། །ཇ་སྐབས་རྣམས་སུ་ཇ་ཡི་བཟང་ངན་དང་། །ཟ་མའི་ཆེ་ཆུང་བཤད་ནས་མང་བོ་ཟོས། །ཇ་དེ་ངན་ན་ཅི་ཞིག་དྲོ་གི་ཞེས། །འཐུང་བའི་ཞོར་ལ་ཁ་མྱང་མཆིལ་མ་འཕངས། །ཇ་དེ་བཟང་ན་ཧེ་རན་ཇ་འདི་ཟེར། །ཕྱི་དྲོ་དགུང་མོ་ཡིན་ཡང་མང་བོ་འཐུང་། །བླ་རྒན་
འགའ་རེ་སྒོ་ལ་བརྒྱ་སྟོང་འབུད། །ཁྱིས་དེད་རྐང་སྣེ་རྡོ་ལ་ཐོགས་ནས་ལོག །བནྡེ་འགའ་རེ་ཀུན་གྱི་སྔོན་ལ་གཉིད། །གཡག་རྒན་གཡག་ཆུང་སྔ་ཕྱི་སྤྲད་ནས་བཏང་། །ནངས་པར་ཡར་ལ་ལངས་པའི་ཇ་སྐབས་སུ། །ཡོན་མཆོད་ཀུན་གྱིས་འཕྱ་རྒྱུ་མ་བཅོ་ཨང་། །དགེ་ཆེན་བཅོ་དུས་ཕོ་སྐྱེས་ཇ་དྲངས་ན། །སྐེ་བསྲིངས་ཡར་མར་འགའ་རེའི་ཇ་ཁར་བལྟས། །ཧེབ་ལངས་ཞག་གཞོབས་ཞག་བླུགས་མར་ལོངས་ཟེར། །སྤྱི་འབུལ་བྱིན་ཚེ་རས་ཁ་ཁ་དར་ཙམ། །སྟེང་ནས་ཀུན་གྱིས་འཐེན་སྤྲུག་རྒྱོང་གསུམ་བྱས། །འུར་ལངས་སྤྲོ་ལངས་ཡར་ལངས་རྡུང་རེ་བྱས། །སྡེ་བས་མི་ཚེར་བཤད་རྒྱུ་མ་བཅོ་ཨང་། །བླ་རྒན་འགའ་རེ་གཞན་གྱི་དགུང་ཞག་ཚོར། །སོང་ནས་ནུབ་གཅིག་མལ་སའི་གློ་བུར་ཤི །རོ་ཐོག་རོ་བཞག་བྱས་ཚེ་ཡོན་བདག་འགྱོད། །འགའ་རེས་བླ་རྒན་དཱ་ལེན་རྩམ་ཁུག་ནས། །ཤ་ལྷུ་རྩམ་རིལ་བླངས་ནས་སྙིང་རེ་རྗེ། །འདི་ཚོ་ཁྱེར་སྙམ་མ་ཟོས་ཡོད་ཀེ་ཞེས། །ཤ་ཟོས་རྩམ་རིལ་མར་གྱི་ཁྱི་ཚོར་འཕངས། །རོ་གན་ཅི་བྱེད་ཡུལ་དེ་ཐག་རིང་ཟེར། །བར་དེར་ཉིན་ཞག་མང་བོས་བར་དུ་
ལུས། །བླ་མར་འཕྲོད་པ་ཕར་ཞོག་བླ་རྒན་འགས། །ཁྲུས་ཆོག་ཙམ་ཡང་མ་བྱས་སྐལ་ཆད་ཡོད། །རྒས་དུས་བླ་རྒན་རྣམས་ཀྱིས་གྲོང་ཆོག་བསྐྱུར། །མལ་ས་དྲོན་པོར་ཁ་ཏོན་གྱིས་ཤིག་ཅེས། །ད་ལྟའི་བླ་རྒན་གྲོང་ཆོག་མཁན་ལ་སྨྲས། །ཐོས་ཚད་བླ་རྒན་རྣམས་ལ་ཕན་པར་ཤོག །བླ་མ་དཀོན་མཆོག་གསུམ་ལ་འདུད། །ཉོན་དང་ཁྱིམ་པ་བསམ་ཤེས་ཚོ། །ཆོས་བཅོ་ཟེར་ནས་ར་ལུག་གཡག །བཟུང་གི་བཟུང་གི་རྒྱ་ལ་སྤྲད། །བཤན་པས་མགོ་བོ་འབྲེག་གི་བཅུག །རིན་དུ་གསེར་རམ་དངུལ་བླངས་ནས། །ཆོས་དཔོན་ཧེབ་རྒན་འགའ་རེར་བྱིན། །གསེར་དངུལ་ཆོས་ལེབ་འགའ་རེ་བླངས། །སེར་མོ་འགའ་རེ་ཨ་མཆོད་ཀྱི། །མིང་བཏགས་དོན་གྱི་གཡོག་པོ་བྱས། །ལོ་ཟླ་མང་པོར་འདུག་ཏུ་བཅུག །འགྲོ་དུས་རྟ་རྒན་ཞིག་གིས་བརྫངས། །ཆོས་བཏོན་འབུལ་བ་ཕར་ལ་ཞོག །གཡོག་པོ་བྱས་པའི་ཚེགས་རིན་མེད། །ར་ལུག་མང་པོ་བཤས་ནས་ཤས། །སེར་མོ་འགའ་རེར་མཆོད་བཀུར་བྱས། །ཉི་མ་མང་པོར་ཅིག་རེ་བཏོན། །བཏོན་འཕྲོ་འབུལ་བ་ཡིན་ཟེར་ནས། །ཁས་རྩྭ་མི་ཆོད་ཨོང་ཤ་ཡིས། །རྟེའུ་ལི་མི་ཐོངས་
རྟ་རྒན་དང་། །ར་རྒན་རྔོ་བོ་ཤིག་རྐྱལ་སོགས། །སྒོ་ཕྱུགས་ནང་ནས་གང་ངན་བྱིན། །བྱིན་ཚེ་སེར་མོ་ཁ་ཅིག་གིས། །ཁོ་བོའི་ལུག་འདི་ཤིག་རྐྱལ་རེད། །འགའ་རེས་ར་འདི་རྔོ་བོ་རེད། །འགའ་རེས་རྟ་འདི་ཤེད་མེད་རེད། །འགའ་རེས་རྟ་འདི་ཁ་རྒན་རེད། །ཐམས་ཅད་གང་གིས་གང་ངན་རེད། །ཨ་ཝ་དེ་ཡི་ཆེད་ཟེར་ནས། །སེར་མོ་རྣམས་ཀྱི་སེམས་མི་དགའ། །ཁ་ནས་འགའ་རེས་ཚིག་ངན་སྨྲ། །གཞན་གྱིས་ཆོས་ཤིག་བཅོས་པ་གང་། །ཐོས་ཀྱང་རྗེས་སུ་ཡི་རངས་མེད། །དེ་བས་ཁྱི་ཡི་སྐྱག་པ་ཞིག །ཆོས་འདྲ་མ་བཅོས་ཁོས་བཅོས་ཞེས། །ཁོ་བོ་ང་རྒྱལ་ཇེ་ཆེར་སོང་། །རྩག་རྒན་ནང་ནས་འཕག་ཤད་བྱས། །སྔོན་ཆད་གང་བྱས་བགྲངས་ནས་ངོམ། །དེ་ཚོ་ལྷ་ཆོས་རྣམ་དག་མིན། །ཕྱི་མར་འབྲས་བུ་དེ་འདྲ་འབྱུང་། །དེ་ཕྱིར་ལྷ་ཆོས་གང་བཅོ་ཡང་། །སྲོག་གཅོད་ནམ་ཡང་བྱེད་མི་རུང་། །གཞན་གྱིས་ལྷ་ཆོས་བསྒྲུབ་པ་ལ། །ཁྱད་གསོད་འཕྱ་སྨོད་བྱེད་མི་རུང་། །རང་གིས་ལྷ་ཆོས་གང་བྱས་རྣམས། །ངོམ་ན་འཛད་པས་ངོམ་མི་རུང་། །རྒྱུ་ནོམ་གང་གི་གང་བཟང་རྣམས། །ཆོས་
ཕྱོགས་ཐོངས་དང་ཡོན་བདག་ཚོ། །ཚེ་འདིར་སྙན་གྲགས་ཕྱོགས་བཅུར་རྒྱས། །ཕྱི་མར་འབྲས་བུ་དེ་འདྲ་འབྱུང་། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ལྷ་ཆོས་རྣམ་དག་བྱེད་པར་ཤོག །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཁྱིམ་པའི་ཤེས་རྒྱུད་བྱིན་གྱིས་རློབས། །ཨ་རོག་ཁྱིམ་པ་བསམ་ཤེས་ཚོ། །ལྷ་ཁང་ཕུབ་དང་སྐུ་རྟེན་བཞེངས། །གསེར་དངུལ་ཐར་མདོ་ལེན་པ་དང་། །རྒྱལ་བའི་གསུང་རབ་ཀློག་དུས་དང་། །མ་ཎི་བུམ་སྒྲུབ་ལ་སོགས་དུས། །རང་གི་སྒོ་ཕྱུགས་ཕལ་ཆེར་དེ། །རྒྱ་ལ་བཙོངས་ནས་གསོད་དུ་བཅུག །ཆོས་ཕྱིར་བསད་ན་སྐྱོན་མེད་སྙམ། །ཆོས་ལེན་རབ་གནས་སོགས་ཀྱི་དུས། །ཆོས་སྟོན་བྱེད་ཟེར་ར་ལུག་གཡག །བསད་ནས་ཤ་སྟོན་བྱེད་པ་དེ། །ཆོས་ལ་བརྟེན་པའི་སྡིག་པ་ཡིན། །སྡིག་པ་ཀུན་གྱི་ནང་ནས་ལྕི། །བླ་མར་ཇ་ཞུས་བྱེད་ཟེར་ནས། །མ་མོ་ཤ་བཟན་བཤས་ནས་ཤ །རླངས་པ་ཐོལ་ལེ་འདྲེན་པ་དང་། །ཕ་མ་ཤི་དུས་དགེ་བྱེད་ཟེར། །ར་ལུག་གཡག་གསུམ་མང་པོ་ཡི། །མགོ་བོ་ཡར་སྟོན་མར་སྟོན་བྱས། །བསད་ནས་ཤ་ཁྲག་དྲོན་མོ་ཡིས། །དགེ་འདུན་སྡེ་རྣམས་མཆོད་པ་དེ། །
ཆོས་ཤིག་མ་ཡིན་ཡོན་བདག་ཚོ། །མདོ་རྒྱུད་གང་ན་དེ་འདྲ་ཡི། །ཆོས་གྱིས་གསུང་བ་ཡོད་མ་མྱོང་། །དེ་འདྲའི་ཆོས་ཆེན་བཅོ་བ་ལས། །སྡིག་མེད་ཆུང་ཆུང་བྱས་ན་བཟང་། །དེ་ཕྱིར་སྡིག་དང་མ་འདྲེས་པའི། །ལྷ་ཆོས་ཆེ་ཐུབ་ཆུང་ཐུབ་གྱིས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ཆོས་ཕྱིར་སྲོག་གཅོད་མི་བྱེད་ཤོག །བླ་མ་དཀོན་མཆོག་གསུམ་པོ་མཁྱེན། །ཁྱིམ་པའི་བློ་ཁ་ཆོས་ལ་སྒྱུར། །ཕོ་སྐྱེས་བུད་མེད་བསམ་ཤེས་ཚོ། །བུ་མོ་ཕར་ལ་རྫོང་བ་དང་། །མནའ་མ་ཚུར་ལ་ལེན་པའི་དུས། །ར་ལུག་གཡག་གསུམ་མང་པོ་བསད། །གཞན་ཚོར་ཤ་ཁོག་ཁྱེར་ཤོག་ཅེས། །ར་ལུག་མང་པོ་གསོད་དུ་བཅུག །སྟོན་མོ་ཆེན་པོ་བྱེད་པ་དེ། །ཚེ་འདིར་ཅུང་ཟད་བདེ་ན་ཡང་། །ཕྱི་མར་མནའ་མ་བུ་མོ་དང་། །སྟོན་ཤ་ཟ་བའི་མགྲོན་པོ་ཡི། །ཤ་ཁྲག་གཤིན་རྗེ་འབུམ་ཕྲག་གིས། །དགའ་སྟོན་བྱེད་པའི་རྒྱུ་ཞིག་ཡིན། །སྟོན་མོ་ཆེན་པོ་བྱེད་དགོས་ན། །ཀ་ར་བུ་རམ་སྦྲང་རྩི་དང་། །གོ་རེ་དཀར་སེར་ཞུན་ཐུད་དང་། །རྩམ་དཀར་གྲོ་མ་འབྲི་མར་དང་། །ཞོ་དང་ཆུ་གེ་ལ་སོགས་པས། །ཅི་ལྟར་བྱས་ཀྱང་བྱས་
ན་ཆོག །ཤ་ཡང་གློ་བུར་ཤི་བ་དང་། །གཡང་ལ་ལྷུང་དང་འགག་པ་སོགས། །སྡིག་མེད་ཤ་བཟང་བཙལ་ན་རྙེད། །ཟ་མ་ཁམ་བུ་གང་དོའི་ཕྱིར། །སྡུག་བསྔལ་ལུང་གང་སུ་ཡིས་མྱོང་། །འདི་ཕྱི་གཉིས་ཀར་བདེ་སྐྱིད་པའི། །སྟོན་མོ་བྱས་ན་མི་ལེགས་སམ། །སྟོན་མོ་བྱེད་དུས་སྲོག་མང་བོ། །བཅད་པའི་མནའ་མ་བུ་མོའི་རིགས། །ཚེ་ཐར་མི་ཕྱིན་ཁ་ཅིག་འཆི། །སྟོན་ཤ་ཧེབ་ཀྱིས་ཟ་བ་ལ། །ན་ཚ་ཟུག་གཟེར་མང་བོ་ལྡང་། །ཤ་སྟོན་བྱས་ན་བདེ་སྙམ་པ། །འདི་ཕྱི་གཉིས་ཀར་སྡུག་བསྔལ་ཆེ། །རང་གི་ལུས་ཀྱི་ཡན་ལག་བསྡམས། །ཁ་བསུམ་སྲོག་རྩ་དམར་པོ་བཅད། །ཤ་ཁྲག་གཉིས་ཀྱིས་སྟོན་མོ་ཞིག །བྱེད་པ་ཕར་ཞོག་མཛུབ་མོ་ཞིག །བཅད་ནས་སྟོན་མོ་བྱེད་ཐུབ་སོམས། །རང་གི་ལུས་ལ་དཔེ་ལོངས་ལ། །སྲོག་གཅོད་ལས་ལ་ཀུན་གྱིས་འཛེམས། །གླུ་འདི་ཐོས་ཚད་ཁྱིམ་པ་ཡིས། །ཤ་སྟོན་ནམ་ཡང་མི་བྱེད་ཤོག །རྗེ་བཙུན་བླ་མ་རྣམས་ལ་གསོལ་བ་འདེབས། །ཁྱིམ་པའི་བློ་ཁ་དམ་པའི་ཆོས་ལ་སྒྱུར། །ཨེ་མ་ཁྱིམ་པ་ཕོ་མོ་དད་ཅན་ཚོ། །དེང་སང་དུས་ངན་བསྐལ་བ་སྙིགས་དུས་འདིར། །ཁྱིམ་གྱི་མི་ལ་ན་ཚ་
ཞིག་བྱུང་ན། །སྒོ་ན་གང་ཡོད་ཕྱུགས་རྣམས་བསྒྱེལ་ནས་བཤས། །སྒོ་ཁྱིམ་ཤ་ཁྲག་སློ་ཡིས་འགེངས་པ་འདིས། །ནད་པ་དྲག་རུང་ཕྱི་མར་ནད་ཡུན་རིང་། །དོན་ལ་ནད་ལས་མ་ཐར་བ་ལས་ཐུ། །དེང་སང་ཆོས་ལོག་འདི་ཀ་དར་ཆ་ཆེ། །ས་ཕྱོགས་གང་ནས་བློ་ལྡན་སེམས་ཡོད་ཀྱིས། །ནད་པའི་སྟེང་ནས་ཆོས་ལོག་འདི་མ་བཅའ། །འདི་མིན་བཅོ་རྒྱུ་མེད་པ་མ་ཡིན་ནམ། །བན་སྔགས་མཁས་བཙུན་བཟང་གསུམ་ཀུན་འཚོགས་ནས། །ཆོས་ལོག་བྱས་ནས་ནང་བ་ཡིན་མ་སྙམ། །ཕྱི་རོལ་བས་ཀྱང་དེའི་ལྷག་བྱེད་རབ་མེད། །མོ་བ་སྨན་པ་རྩིས་པ་དྲིན་ཅན་ཚོ། །ཁ་ལག་གཉིས་ཀས་རེམ་ནས་འདི་མ་བཀྱལ། །འདི་མིན་བཀྱལ་རྒྱུའི་སྐུ་རིམ་གཞན་མེད་དམ། །ཕྱི་མར་མགོ་དང་ཕུང་བོར་མི་གཅེས་སམ། །མལ་ན་འཁུན་པའི་ནད་པ་བསམ་ཤེས་ཚོ། །ནད་ལ་ཕན་པར་འདོད་ན་ཚེ་ཐར་ཐོངས། །ཚེ་འདིར་ནད་སོས་ཕྱི་མར་མི་ཚེ་རིང་། །བླ་མ་དཀོན་མཆོག་མཉེས་པའི་མཆོད་ཚོགས་ཕུལ། །བན་སྔགས་ཡུལ་མི་བསྡུས་ལ་སྦྱིན་པ་ཐོངས། །ཚེ་འདིར་འཁུན་དྭངས་ཕྱི་མར་ལོངས་སྤྱོད་རྒྱས། །ཆོས་ལོག་བྱས་ནས་
ར་ལུག་གཡག་གསུམ་པོ། །བསྒྱེལ་བའི་སྒང་ལ་ནད་པ་ལག་ནས་ཤོར། །རོ་ཐོག་རོ་བཞག་བྱ་བའི་དུས་ཚོད་འབྱུང་། །ཕྱི་མར་ནད་པས་སྔར་ལས་བརྒྱ་ལྷག་གི །སྡུག་བསྔལ་མྱོང་དགོས་ཁྱིམ་པ་སེམས་ཡོད་ཚོ། །མོ་བ་རྩིས་པ་ངན་པའི་ཁར་མ་རྒྱུགས། །ནད་པའི་སྟེང་ནས་ཆོས་ལོག་འདི་མ་བཅའ། །མོ་སྨན་རྩིས་པ་བཟང་པོའི་ངག་བཞིན་དུ། །འདི་ཕྱི་གཉིས་ཀར་ཕན་པའི་སྐུ་རིམ་གྱིས། །སྲོག་འདི་གཅེས་པ་སེམས་ཅན་ཀུན་ལ་གཅེས། །ནད་པའི་སྟེང་ནས་སྲོག་གཅོད་ལས་མ་བྱེད། །གླུ་འདི་ཐོས་ཚད་རྣམས་ཀྱིས་ནད་པ་ཡི། །སྟེང་ནས་ཆོས་ལོག་ནམ་ཡང་མི་བྱེད་ཤོག །བླ་མ་རྣམས་ལ་གུས་པས་འདུད། །ཉོན་དང་ཁྱིམ་པ་དད་ཅན་ཚོ། །འབྲོག་གི་ཕྱུག་པོ་སེར་སྣ་ཅན། །ཆོས་མེད་སྡིག་རྒན་ཕལ་ཆེར་ལས། །མེད་པོ་ཆོས་དད་ཆེ་བའི་རིགས། །འགའ་རེ་སྡིག་མེད་ཕྱི་མར་བདེ། །ཕྱུག་པོ་ལས་ངན་ཕལ་ཆེར་གྱིས། །མ་རྒན་ཚེར་མོའི་ལུ་གུ་རྣམས། །ཚ་རུ་བཟང་དུས་སྐེ་དེ་གཅུས། །གསོད་དུས་སེམས་ཡོད་འདུག་མི་ཚུགས། །ཁ་ནས་མ་ཎི་དབང་མེད་འཆོར། །ར་ལུག་མང་བོ་རྒྱ་ལ་བཙོངས། །དམར་ཐིག་
བརྒྱབ་ནས་འདེད་པ་དེ། །མཐོང་ན་བྱང་སེམས་སྤྱན་ཆབ་འཆོར། །གཡག་དང་འབྲི་སྐམ་རྒྱ་ལ་བཙོངས། །འདེད་དམ་འཁྲིད་ནས་འགྲོ་བ་དེ། །མཐོང་ན་སེམས་བཟང་སྙིང་རྗེ་འཆོར། །ར་ལུག་ཤན་པས་གསོད་པ་རྣམས། །མཐོང་ན་རིན་བླངས་ཟོས་པ་དེ། །ཕ་མ་གཉིས་ཀྱི་ཤ་དང་མཚུངས། །ཁྱིམ་ཚང་བཟའ་བའི་ཁ་ལྟོའི་ཕྱིར། །ཟླ་རེ་ནང་དུ་ལུག་རེ་གཅུར། །སྟོན་ཁ་ལུག་ཤེད་བཟང་བའི་དུས། །དགུན་དང་དཔྱིད་དུས་ཟ་སྙམ་ནས། །ར་ལུག་གཡག་གསུམ་ས་ལ་བསྒྱེལ། །མང་བོ་གསོད་པ་དེ་མཐོང་ན། །ཤན་པ་གཞན་ན་མེད་ཀི་སྙམ། །མཛོ་མོ་ལྔ་བཅུ་ཙམ་ཡོད་ཀྱང་། །ལོ་རེ་བཞིན་དུ་རྩེབ་པའི་དུས། །བུ་དེ་གཅིག་ཀྱང་མི་འཇོག་པར། །གསོད་པ་མཐོང་ན་སྙིང་རྗེ་ཅན། །འདུག་མི་ཐུབ་པར་སྒོ་ཚོར་འབུད། །ཕྱུག་པོ་སྡིག་རྒན་ཁ་ཅིག་གིས། །ཚོགས་རྫོགས་སྒྲིབ་སྦྱོང་མ་བྱས་ན། །ཚེ་འདིར་ཅུང་ཟད་བདེ་ན་ཡང་། །ཕྱི་མར་འགྲོ་ས་འདུག་ས་མེད། །དེ་ཕྱིར་ཕྱུག་པོ་དད་ཅན་ཚོ། །འབྲི་གཡག་རྒྱ་ལ་བཙོངས་ནས་ཆེད། །འབྲི་བཞོས་གཡག་ལ་ཁལ་བཀལ་ན། །འཆི་རག་བར་ལ་རིན་ཐང་
ཡོང་། །ཤི་ན་ཤ་ཀོ་ལྷག་པ་ཡིན། །ར་ལུག་བསད་ནས་ཅི་ཞིག་བྱ། །འཆི་རག་བར་དུ་བལ་རྩིད་གཉིས། །བླངས་ན་རིན་ལས་ལྷག་པ་འོང་། །ལུ་གུ་ཆུང་དུས་བསད་ནས་ཆེད། །ཆེར་སོང་མོ་ལུག་ཅིག་ཡིན་ན། །ལོ་རེ་བཞིན་དུ་ལུ་གུ་འོང་། །ལུག་རྣམས་འཕེལ་བའི་གྲོགས་སུ་འགྲོ། །ཕོ་ལུག་ཡིན་ན་དཀར་འཇམ་བལ། །བླངས་ནས་ཁ་གསོས་རྒྱབ་བཀབ་ཆོག །ར་ལུག་གཡག་གསུམ་རྒྱ་ལ་བཙོངས། །མ་རྒན་ལུ་གུ་གསོད་པ་དེ། །ཆོས་དང་མཐུན་པ་ཕར་ལ་ཞོག །འཇིག་རྟེན་ལུགས་ཀྱི་ཁ་གསོ་ཡང་། །མ་ཤེས་པ་ཡིན་འབྲོག་པ་ཚོ། །ལོ་རེ་བཞིན་དུ་ཞིང་བཏབ་ནས། །ལོ་ཏོག་ལེགས་པོ་མི་ལེན་པར། །ཞིང་བཟང་བཙོངས་ནས་རིན་ཟ་བ། །རོང་གི་ཞིང་བ་སེམས་མེད་ཅིག །མ་གཏོགས་སེམས་ཡོད་སུ་ཡིས་བཙོང་། །དེ་བཞིན་སྒོ་ཕྱུགས་འཚོ་སྐྱོང་བྱས། །བལ་བླངས་འོ་མ་མི་བཞོ་བར། །རྒྱར་བཙོང་བསད་ནས་ཤ་ཟ་བ། །འབྲོག་གི་ཕྱུག་པོ་སྙིང་མེད་ཅིག །མ་གཏོགས་སྙིང་ཡོད་སུ་ཞིག་ཕོད། །ཕྱི་མར་ངན་སོང་གསུམ་དུ་སྐྱེས། །སྡུག་བསྔལ་བཟོད་གླགས་མེད་པ་མྱོང་། །ལྷ་ཆོས་ཆེན་པོ་མ་འགྱུ་ཡང་། །སྒོ་ཕྱུག་
མ་བཙོངས་མ་གསོད་པར། །ཕ་མ་བུ་ཚ་བཞིན་དུ་སྐྱོངས། །ཆོས་ཀྱི་མཆོག་ཅིག་དེ་ཀ་ཡིན། །ཚེ་འདིར་ནོར་ལུག་ཇེ་འཕེལ་འགྱུར། །ཕྱི་མར་མཐོ་རིས་གནས་སུ་སྐྱེ། །གླུ་འདི་ཐོས་ཚད་ཕྱུག་པོ་ཡིས། །སྲོག་གཅོད་ལས་ལ་འཛེམ་པར་ཤོག །བླ་མ་དམ་པ་རྣམས་ལ་འདུད། །འབྲོག་པ་ཡོངས་ལ་ཐུགས་རྗེས་གཟིགས། །ཉོན་དང་འབྲོག་པ་དད་ཅན་ཚོ། །འབྲོག་གི་ཕྱུག་པོ་ཕལ་ཆེ་བ། །མ་རིག་ཉོན་མོངས་དབང་དུ་སོང་། །མཛོ་མོ་ལྔ་བཅུ་ཙམ་ཡོད་ཀྱང་། །ལོ་རེ་བཞིན་དུ་རྩེབ་པའི་དུས། །བུ་དེ་གཅིག་ཀྱང་མི་འཇོག་གསོད། །ལོ་གཉིས་བརྒྱ་རེད་ལོ་བཅུ་དང་། །ཉི་ཤུར་དུ་རེད་ཅིག་རྩིས་དང་། །ཟོག་བདག་ཕྱུག་པོ་སྡིག་རྒན་རྣམས། །ཕྱི་མར་ཡར་ལ་འགྲོ་ས་མེད། །མཛོ་མོས་ལྕེ་ཡིས་བུ་ལ་ལྡག །བུ་ཡིས་མཛོ་མོར་བལྟ་བའི་དུས། །མ་བུ་གཉིས་ཀ་ཁ་ཕྲལ་ནས། །མ་ངུར་བུ་ཡིས་ཕྱི་མིག་བལྟ། །སུས་མཐོང་མི་ཡིས་སྙིང་རྗེ་འཆོར། །ཁ་བསུམས་གསོད་པའི་དུས་སྐབས་སུ། །སེམས་ཡོད་ཟུར་ནས་མི་ཆགས་འགྲོ། །བྱང་ཆུབ་སེམས་དཔའི་སྐུ་ཤ་བརྩེད། །དཀར་ཕྱོགས་ལྷ་ཡིས་ནམ་
མཁའ་ན། །ཁྲེལ་མེད་མི་ཡི་བྱ་བ་ཟེར། །དཀར་ཕུད་མཆོད་ཀྱང་བཞེས་པ་དཀོན། །བུ་དེ་བསད་པ་ཤེས་པའི་ཚེ། །མཛོ་མོས་ཁ་ཞིག་གྲག་མ་ཐུབ། །མ་གཏོགས་ཁོག་ན་འདི་བསམ་ཡོད། །མི་ཤུལ་རྩད་ནས་ཆད་རྒྱུ་ཚང་། །བུ་དེ་མ་བསད་བུ་བཞག་ནས། །འོ་མ་འདི་སྟེར་དགོས་ན་ཆེད། །བུ་དེ་བསད་ནས་ཤ་ཟོས་པས། །མི་ཆོག་ད་དུང་དེའི་སྟེང་དུ། །མོས་ཀྱང་འོ་མས་གསོ་དགོས་པ། །ལག་དམར་ལག་སྣུམ་རེད་ཨང་སྙམ། །ཁྲོས་ནས་མིག་རྩ་དམར་པོར་སོང་། །གསོད་མཁན་མི་ལ་རྡུང་སྙིང་ནི། །འདོད་ཀྱང་བརྡུངས་ན་མོ་ཡང་གསོད། །སྙམ་ནས་གསོད་མིར་རྡུང་མ་ཕོད། །བུ་དེར་ཕངས་ནས་འདུག་མ་ཐུབ། །བྱ་ཐབས་གཞན་ཅང་མ་རྙེད་ཚེ། །དོན་མེད་ཁྱི་རྒན་སྐོར་འདེད་བྱེད། །རི་ཁར་སོང་ན་བུ་དེ་དྲན། །རི་མགོའི་ཡུན་རིང་སྡོད་མ་ཚུགས། །སེམས་སྡུག་ངུར་རྒྱང་བྱེད་བཞིན་དུ། །དགོང་དུས་སྔ་བར་ཡུལ་དུ་འོང་། །བུ་དེ་བསད་ནས་འཐུང་སྐལ་གྱི། །འོ་མ་བཞོས་ནས་འཐུང་བ་དེ། །བློ་ལྡན་རྣམས་ཀྱིས་བསམ་ཤེས་ན། །དེ་བས་ཁྲེལ་མེད་ན་རག་མེད། །འདི་ནི་གངས་ཅན་བོད་ཡུལ་དུ། །སྔོན་ནས་དར་
ཆ་ཆེ་བ་དེ། །དགོས་པ་གཞན་ནི་མཆོད་ཅིག་མེད། །ཡིན་པ་འོ་མ་དམར་བ་ཡིན། །མཛོ་མོའི་བུ་དེ་གསོས་ནས་ཆེད། །འོ་མ་བཟང་པོ་བརླག་ནི་ཡིན། །དཔྱིད་དུས་ཤི་འགྲོ་ཟེར་བ་དེ། །ཁོ་བོ་ངན་ནས་ཤི་བ་མིན། །ཆུང་དུས་འོ་མ་མ་སོང་བས། །ལན་པ་ཡིན་པས་ཤེས་པར་གྱིས། །ལེགས་པར་གསོས་ན་མཛོ་འབྲི་དང་། །ཁྱད་པར་མེད་པ་ངས་ཀྱང་མཐོང་། །མཛོ་མོའི་བུ་དེ་མི་གསོ་བར། །བསད་ནས་ཟ་བ་ཕྱི་རོལ་ལུགས། །བོད་ལ་ཕྱི་རོལ་ཆོས་ལོག་ཅིག །སྔོན་ནས་ད་བར་དར་འདུག་པ། །ནང་པ་སངས་རྒྱས་ཆོས་ཀྱི་སྒོར། །ཞུགས་པ་གཅིག་གིས་ཀྱང་མ་ཤེས་འདུག །བློ་ལྡན་དད་ཅན་སྙིང་རྗེ་ཅན། །རྣམས་ཀྱིས་མཛོ་མོའི་བུ་མ་གསོད། །ཞོག་ལ་ངེས་པར་གསོས་ཤིག་ཅེས། །ཁ་མིན་བསམ་པ་ཐག་པས་སྨྲས། །སྨྲས་པ་བཞིན་དུ་འགྲུབ་པར་ཤོག །བླ་མ་དམ་པ་རྣམས་ལ་འདུད། །འབྲོག་པ་ཡོངས་ལ་ཐུགས་རྗེས་གཟིགས། །འབྲོག་གི་ཕྱུག་པོ་བསམ་ཤེས་ཚོ། །འོ་མ་འཐུངས་ནས་བཟང་གི་དང་། །ཕྱི་མར་འགྲོ་འདང་མ་ཡིན་ནམ། །མཛོ་མོའི་བུ་དེ་གསོད་དགོས་ཞེས། །སངས་
རྒྱས་བྱང་སེམས་སུ་ཡིས་གསུངས། །ནང་པའི་མདོ་རྒྱུད་གང་ནའང་མེད། །ཕྱི་རོལ་ཆོས་ལོག་འདི་ལོས་ཡིན། །མཛོ་མོའི་བུ་བཞག་འོ་མའི་ཕྱེད། །བཞོས་ནས་བཏུངས་ན་ལུགས་ཤིག་རེད། །བུ་བསད་ཤ་ཟོས་ཞོ་འཐུང་བ། །ལྟས་ངན་མི་སྲིད་པ་ཞིག་རེད། །ཕྱི་རོལ་མུ་སྟེགས་པ་ལས་ཐུ། །ཁྲེལ་མེད་ནང་ནས་ཁྲེལ་མེད་ཡིན། །ཐུ་བེ་བཙོག་འདྲེ་ཨ་ཁ་ཁ། །སྙིང་རྗེ་མེད་དམ་ཨ་ཧོ་ཧོ། །ས་ཆ་ཞིག་ཚོ་ཅི་དར་གི །མི་རིག་རྒྱུ་ཚོས་ཅི་བྱེད་ཀི །བྱ་དེ་བཙོག་ཨང་པཎ་ཆེན་མཁྱེན། །ལས་འབྲས་མི་འཛེམ་ཨ་ཙི་ཙི། །གཡང་སྡེ་བསོད་ནམས་སྐྱེ་རྒྱུ་བོ། །མཚོ་སྔོན་ཕྱོགས་ཀྱི་སོགས་པོ་ཡིས། །མཛོ་མོའི་བུ་དེ་མི་གསོད་པར། །གསོ་བ་དེ་ཀ་ཨེ་མ་ཧོ། །གསོས་ན་མཛོ་འབྲི་གཡག་བཞིན་དུ། །བཞོས་ན་དེས་ཆོག་ཁལ་བཀལ་ཆོག །གལ་ཏེ་མ་གསོས་ཤི་སོང་ཡང་། །རྒྱ་ཆེ་མཐུག་པའི་ཀོ་བ་བླངས། །ལྷམ་དང་སྒྲོ་བ་བཅོས་ན་ཆོག །བུ་དེ་ཚེ་ཐར་བྱས་པའི་མཐུས། །ཚེ་འདིར་ཚེ་རིང་མི་ཕྱུགས་འཕེལ། །ཕྱི་མར་མཐོ་རིས་གནས་སུ་སྐྱེ། །ངོ་མཚར་ནང་ནས་འདི་ངོ་མཚར། །འཇིག་རྟེན་ལུགས་ཀྱི་ཁ་གསོ་ཚུལ། །ཆོས་ཀྱི་
ལུགས་དང་བསྟུན་ན་མཐུན། །དེ་ལྟར་ཀུན་གྱིས་བྱས་ན་ལེགས། །འོ་མ་ཅུང་ཟད་དེས་ཅི་བྱ། །མཛོ་མོའི་བུ་དེ་བསད་གྱུར་ན། །ཚེ་འདིར་ཚེ་བསོད་རྒྱས་པའི་གེགས། །ཕྱི་མར་དམྱལ་བར་འགྲོ་བའི་རྒྱུ། །ཆོས་དང་མཐུན་པ་ཕར་ལ་ཞོག །འཇིག་རྟེན་ལུགས་ཀྱི་ཁ་གསོ་ཡང་། །མ་ཤེས་བླུན་པོ་ཐ་ཆད་ཡིན། །གཞན་སྡུག་ཕྱི་མར་རང་སྡུག་པ། །བློ་ལྡན་རྣམས་ཀྱིས་བྱེད་མི་རུང་། །དད་ཅན་སྙིང་རྗེ་བྱམས་སེམས་ཅན། །རྣམས་ཀྱིས་མཛོ་མོའི་བུ་མ་གསོད། །འགྲོ་ཀུན་ཚེ་སྔོན་ཕ་མ་ཡིན། །མཛོ་མོའི་བུ་དེ་ལེགས་པར་གསོས། །གླུ་འདི་མཐོང་ཐོས་འབྲོག་པ་ཡིས། །མཛོ་མོའི་བུ་རྣམས་གསོ་བར་ཤོག །གསར་རྙིང་ལ་སོགས་གྲུབ་མཐའི་རིགས། །སོ་སོར་མ་འདྲེས་ས་ལེར་མཁྱེན། །བླ་མ་འཇམ་དབྱངས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚོང་པ་རྣམས་ཚོ་མ་ཡེངས་ཉོན། །ཚོང་པ་ལས་ངན་ཕལ་ཆེར་གྱིས། །ཇ་རས་མར་གྱིས་ཚར་དོམ་བཏང་། །ཚ་རུ་ལེན་དུ་སོང་བའི་དུས། །གཞན་གྱིས་རྡང་ནས་ལུ་གུའི་རིགས། །གསོན་པོར་སྐེ་དུ་གཅུས་ནས་བསད། །ཚ་རུ་
རློན་པ་ལག་ཏུ་འཇོག །མ་མོ་དགོང་མོ་འོང་བའི་དུས། །ལུ་གུ་ཐམས་ཅད་བཏང་བ་ན། །ཕལ་ཆེར་ལུ་གུ་མ་བྱུང་ཚེ། །ཡར་ལ་འོངས་ནས་སྒོ་ཚོའི་འབའ། །ལུ་གུ་རྡང་ན་ཨེ་ཡོད་སྙམ། །ཁྱིམ་དུ་རྒྱུགས་ནས་མེད་ཙ་ན། །ཕྱིར་ཐོན་ཡར་མར་ཀུན་ལ་བཙལ། །ལུ་གུ་ཡ་གི་ཡིན་སྙམ་ནས། །ཡ་གིར་སོང་ནས་སྣོམ་ཞིང་འབའ། །མིན་ཚེ་མ་གི་ཨེ་ཡིན་སྙམ། །སོང་སྟེ་བསྣོམས་ནས་བལྟ་བའི་ཚེ། །སེམས་ཡོད་མིག་ནས་མཆི་མ་འཆོར། །སེམས་མེད་རྣམས་ལ་ཅི་ཆ་ཡོད། །མ་མོས་ཉི་མ་མང་པོའི་བར། །ལུ་གུ་ཡིད་ལ་རྒྱུན་དུ་ཤར། །གཞན་གྱི་ལུ་གུ་རིག་ན་འབའ། །གཞན་གྱི་མ་མོ་ཐམས་ཅད་ཀྱིས། །ལུ་གུ་ཁྲིད་ནས་འགྲོ་བའི་ཚེ། །ལས་ཅན་མ་མོ་ཡ་གི་ཚོ། །བཞིན་དུ་མོ་ཡི་ལུ་གུ་དེ། །ཡོད་ན་ཁྲིད་ནས་སོང་ན་སྙམ། །ལུ་གུ་ད་ལོ་འཁྲིད་རྒྱུ་ཡི། །སྐལ་བ་མ་མོ་མོར་མ་བྱུང་། །ཁ་སང་བདུད་པོ་ཞིག་བྱུང་ནས། །བཟུང་སྟེ་ལུ་གུ་གཅེས་ཕྲུག་མེད། །མོ་ཡི་ལས་འདི་ངན་རེ་སྙམ། །སེམས་སྡུག་ལུག་རྣམས་མཇུག་ཏུ་བསྡད། །འབའ་གི་འབའ་གི་ཅུང་ཟད་སོང་། །ཁ་ཕྱིར་ཕྱོགས་ནས་ཤེད་ཀྱིས་འབའ། །དེ་ནས་རྩྭ་ཁམ་རེ་
རེ་ཟོས། །ལུ་གུ་དྲན་ནས་རེ་རེ་འབའ། །ལུག་བདག་ཚ་རུ་ལེན་མཁན་ཚོ། །ཁྱེད་རྣམས་གཅེས་ཕྲུག་བསད་ནས་ནི། །པགས་པ་བཤུས་ན་ཅི་འདྲ་ཡོང་། །རང་གི་བུ་ཚོར་དཔེ་ལོངས་ལ། །མུ་གེས་མགོ་བོ་ཐུར་བསྟན་ནས། །ཁྱིམ་ཚང་བཟའ་བ་འཆི་ན་ཡང་། །དེ་འདྲའི་སྡིག་པ་མ་བྱེད་ཨང་། །དེ་ལྟར་བྱས་ན་ཚེ་འདིར་ཡང་། །ཕྱུགས་ལ་གོད་ཁ་རྒྱུན་དུ་འོང་། །རིགས་རྒྱུད་མི་སྐྱེ་སྐྱེས་ཀྱང་འཆི། །ཕྱི་མར་ངན་སོང་གསུམ་དུ་སྐྱེ། །བརྒྱ་ལ་མི་རུ་སྐྱེས་ན་ཡང་། །སྐྱེས་ནས་རང་མིན་མྱུར་དུ་འཆི། །དེ་ཕྱིར་ཚོང་པ་ཐམས་ཅད་ཀྱིས། །ཚོང་ངན་དེ་འདྲ་མ་བྱེད་ཅིག །བླ་མ་འཇམ་དབྱངས་རྒྱ་མཚོ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །བླ་མ་འཇམ་དབྱངས་བྱིན་རླབས་ཀྱིས། །ཚོང་པ་རྣམས་ལ་ཕན་པར་ཤོག །རྒྱལ་བ་གཉིས་པ་པདྨ་འབྱུང་། །སླར་ཡང་མི་ཡི་ཚུལ་འཛིན་པའི། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤ་ཟོས་ཉེས་པ་ཤིན་ཏུ་ཆེ། །ཤ་ཁྲག་ཟ་ཞིང་འཐུང་བ་ལ། །དཀར་ཕྱོགས་ལྷ་རྣམས་རབ་ཏུ་སྐྲག །མགོན་སྐྱབས་བྱེད་པ་དཀའ་བ་
ཡིན། །ཤ་ཁྲག་ཁུ་བ་འཐུང་བའི་ཕྱིར། །གཡག་དང་ར་ལུག་མང་བསད་ན། །ཚེ་ཐུང་ནད་ཀྱང་དུ་མས་མནར། །ཤི་ན་དམྱལ་བའི་གནས་སུ་སྐྱེ། །མི་རུ་སྐྱེས་ཀྱང་ཤན་པ་དང་། །སྡིག་སྤྱོད་ཧོར་སོག་ཡུལ་དུ་སྐྱེ། །རྟག་ཏུ་ཤ་དང་ཁྲག་ལ་རྔམ། །སྲོག་གཅོད་བྱེད་ལ་རབ་ཏུ་དགའ། །ཤ་གཅོད་ནུས་ན་ཕན་ཡོན་ཆེ། །དཀར་ཕྱོགས་ལྷ་རྣམས་སྤྲིན་བཞིན་འདུ། །རྟག་ཏུ་བསྲུང་ཞིང་མགོན་སྐྱབས་བྱེད། །ཚེ་རིང་ནད་མེད་ལུས་སེམས་བདེ། །ཕྱི་མར་ལྷ་མིའི་ནང་དུ་སྐྱེ། །ཤ་ལ་སྲེད་པ་ཤིན་ཏུ་ཆུང་། །ཚོན་པོ་མཐོང་ཡང་ཧེབ་མི་ལྡང་། །དཀར་གསུམ་མངར་གསུམ་ཟས་ཀྱིས་འཚོ། །ཤ་ཡི་ཉེས་པས་གོས་མི་འགྱུར། །ཚེ་རབས་ཀུན་ཏུ་བདེ་བ་ནས། །བདེ་བར་འགྲོ་བར་ཐེ་ཚོམ་མེད། །དེ་ཕྱིར་ཤ་འདི་གཅོད་ཐུབ་ལྟོས། །གལ་ཏེ་གཅོད་པར་མི་ནུས་ཀྱང་། །མཐོང་ཐོས་དོགས་གསུམ་མེད་པ་ཡི། །རྣམ་གསུམ་དག་པའི་ཤ་ཟོས་ན། །ཉེས་པ་མེད་པས་ཟ་བར་གྱིས། །ཟ་བའི་ཚེ་ན་ཀཾ་ཀ་ནི། །ལ་སོགས་གཟུངས་སྔགས་གང་ཤེས་རིགས། །བཟླས་ནས་ཤ་ལ་ཕུས་བཏབ་སྟེ། །ཟོས་ནས་ཕན་ཡོན་ཆེ་བ་ཡིན། །སེམས་ཅན་དེ་ལ་སྙིང་
རྗེ་བསྒོམས། །ཟོས་ནས་མ་ཎི་ཅི་མང་བཟླས། །བསྔོ་བ་སྨོན་ལམ་བཏབ་ན་ལེགས། །དེ་མིན་བསམ་བཞིན་སྟོན་དུས་སུ། །ར་ལུག་གཡག་གསུམ་ས་ལ་བསྒྱེལ། །ཁ་སྣ་བསུམས་ནས་བསད་གྱུར་ན། །ར་ལུག་གསོད་མཁན་དེ་ཉིད་དང་། །སོད་ཅེས་ཟེར་བས་གཙོ་བྱས་པའི། །ཤ་ཟོས་ཁུ་འཐུང་ཐམས་ཅད་པོ། །ཕྱི་མར་དམྱལ་བའི་ནང་དུ་སྐྱེ། །སྡུག་བསྔལ་ཡུན་རིང་བར་དུ་མྱོང་། །ཐར་ནས་གཡག་དང་ར་ལུག་ཏུ། །སྐྱེས་ནས་ལན་བརྒྱའི་བར་དག་ཏུ། །ཁ་སྣ་བསུམས་ནས་གསོད་པར་འགྱུར། །དེ་བཞིན་མགོ་བཅད་ལྟོ་བ་ཕྲལ། །སྲོག་རྩ་བཅད་ནས་བསད་གྱུར་ན། །ཕྱི་མར་དེ་བཞིན་ལན་བརྒྱར་གསོད། །གཡོག་པོ་དབུལ་པོ་ཕལ་ཆེར་གྱིས། །ཕྱི་མའི་སྡུག་དེ་མི་ཤེས་པར། །ཤ་ལྷུ་རེ་རེ་ཙམ་གྱི་ཕྱིར། །ཡར་ལ་རྒྱུགས་ནས་ཡ་གི་ཚང་། །ལུག་བསད་མར་རྒྱུགས་མ་གི་ཚང་། །ར་བསད་ཕར་རྒྱུགས་ཕ་གི་ཚང་། །གཡག་སོད་ཅེས་ན་དེ་ཡང་བསད། །དོན་མེད་སྡིག་པ་མང་པོ་བསགས། །རང་ཤ་བཅད་ནས་རང་ཁ་རུ། །བཞག་དང་ཁྱད་པར་ཅུང་ཟད་མེད། །གཡོག་པོ་སྙིང་རུལ་དབུལ་
པོ་ཚོ། །ཚེ་འདིར་མུ་གེས་མགོ་མར་བསྟན། །འཆི་རུང་དེ་འདྲའི་ལས་མ་བྱེད། །མི་འཆི་སྔོ་དང་ལ་ཡུང་སོགས། །ངན་ངོན་ཅི་ཡང་རུང་བས་འཚོ། །ཟ་མ་ཞིམ་པོ་ཟོས་ཟོས་ནས། །སངས་རྒྱས་སོང་བ་སྔོན་ཆད་སུ། །དམ་པའི་ཆོས་ལ་འབད་པར་མཛོད། །འབད་ན་ཕྱི་མར་ལྷའི་བདུད་རྩི། །རོ་བརྒྱ་ལྡན་པའི་ཟས་ཟོས་ཆོག །མི་ཡི་ཟས་ལ་སུ་ཡིད་ཆགས། །ཕྱི་མར་སྐྱིད་པའི་ཐབས་ལ་འབོད། །ཕྱི་མར་སྡུག་བསྔལ་མྱོང་དགོས་པ། །མི་ཤེས་དབུལ་བོ་ཕལ་ཆེར་གྱིས། །ཕྱུག་པོ་རྣམས་ཀྱིས་ར་ལུག་གཡག །བསད་ན་ལས་ཅན་དེ་བ་ལ། །ཤ་མང་ཡོད་ཟེར་ཡིད་སྨོན་བྱེད། །སེམས་མེད་མི་ཞིག་མ་གཏོགས་པ། །དེ་ལ་སུ་ཞིག་ཡིད་སྨོན་བྱེད། །ནངས་པར་གསོད་པའི་མི་ཞིག་གིས། །དགོང་མོ་ཁ་ཟས་མང་ཟོས་ནས། །བདེ་བར་ཉལ་བའི་མི་དེ་ལ། །གསོད་པར་ཤེས་པའི་མི་ཞིག་གིས། །ཡིད་སྨོན་མི་བྱེད་སྙིང་རྗེ་ལྟར། །ཕྱུག་པོ་ར་ལུག་གཡག་གསུམ་པོ། །བསད་ནས་ཁ་ཞིམ་བྱེད་པ་རྣམས། །ཕྱི་མར་དམྱལ་བའི་སྡུག་མྱོང་བ། །ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས། །ཡིད་སྨོན་བྱེད་པ་ཕར་ལ་ཞོག །ལྷག་
པར་སྙིང་རྗེ་སྐྱེ་བར་འགྱུར། །ཨ་ཕ་རླུང་གིས་འཆི་གི་དང་། །ཨ་མ་རླུང་གིས་འཆི་གི་དང་། །ཨ་ཁུ་རླུང་གིས་འཆི་གི་ཞེས། །རླུང་བཅོས་མང་པོ་བཅོ་གི་ད། །ཕྱི་མར་གཤིན་རྗེའི་ཕོ་ཉ་ཡིས། །ཨ་ཕ་ཚུར་ལ་འདིར་ཤོག་དང་། །ཨ་མ་ཨ་ཁུ་འདིར་བྱོན་ཅེས། །རླུང་བཅོས་བཟང་པོ་བྱེད་མོད་སྙམ། །རྒན་རྒོན་ཨ་ཁུ་ལས་ངན་ཚོ། །ཇ་ཞོ་མར་ཆུར་ཟ་བཞིན་དུ། །རླུང་གིས་མི་འཆི་སྐྱོན་དོགས་མེད། །ཤི་ན་བན་རྒན་ངས་ཁག་ཐེག །ར་ལུག་གཡག་གསུམ་མ་བཤའ་ཨང་། །གལ་ཏེ་སྨན་པ་ལ་སོགས་ཀྱི། །ཁ་དེ་འདྲེས་ཁྲིད་བཤའ་དགོས་ཞེས། །བཤད་ཀྱང་སྡིག་མེད་ཤ་ཟོས་བཟང་། །གལ་ཏེ་སྡིག་མེད་ཤ་མ་རྙེད། །འཆི་ལ་ཐུག་ནས་ལུག་གསོད་ཀྱང་། །སྔོན་དུ་ཁ་རུ་རྟེན་གསུམ་དང་། །རྣ་བར་དེ་བཞིན་གཤེགས་པ་ཡི། །མཚན་ནི་གང་མང་བརྗོད་པར་གྱིས། །ཤ་ཟོས་འཕྲོ་ནས་མ་ཎི་རེམ། །ཕྱི་ནས་རུས་པའི་སྟེང་དུ་ཡང་། །ཡི་གེ་བྲིས་ལ་རླུང་ལ་སྐྱོན། །དེང་སང་རྒན་རྒོན་ཨ་ཁུ་ལ། །ཚེ་རབས་གཏན་དུ་སྡུག་པའི་རྒྱུ། །ཁ་འདིའི་དོན་དུ་མ་བྱེད་ཅེས། །བྱ་བཏང་ཚོགས་དྲུག་རང་གྲོལ་
ངས། །ཁ་མིན་སྙིང་གཏམ་འདི་ཉིད་ནི། །བསམ་པ་ཐག་པས་བཤད་པ་ཡིན། །སྤྱིར་ནི་གོ་ཚད་མི་རྣམས་དང་། །ཁྱད་པར་རྒན་རྒོན་ཨ་ཁུ་ཡིས། །ཚིག་འདི་ཐང་ལ་མ་འཕེན་ཨང་། །དཔེར་ན་དམག་པོ་ཆེ་ཞིག་ཆས། །འོང་བ་མཐོང་ནས་བསམ་བཟང་གི །མི་ཞིག་སྔོན་ལ་མྱུར་འོངས་ནས། །ཁྱེད་རྣམས་སྟེང་དུ་ཕ་གི་ན། །དམག་པོ་ཆེ་ཞིག་འོང་གི་ཞེས། །བཤད་ན་ཤིན་ཏུ་བདེན་སྙམ་ནས། །མྱུར་དུ་རྟ་ཞོན་གོ་མཚོན་ཐོགས། །ཐམས་ཅད་སོང་ནས་འཕྲང་དོག་སའི། །བསྒུགས་ནས་གློ་བུར་སྟེང་བླུགས་ནས། །ཕ་རོལ་དམག་ལ་ཕམ་སྟེར་བཞིན། །འཆི་བདག་ཕོ་ཉ་དམག་ལྟ་བུ། །ཁྱེད་རྣམས་སྟེང་དུ་ལོ་བརྒྱ་ཚུན། །ནང་དུ་འོངས་ནས་དམྱལ་བར་འཁྲིད། །སྡུག་བསྔལ་སྣ་ཚོགས་མྱོང་དགོས་ཞེས། །ང་ཡིས་བཤད་པ་འདི་བདེན་སྙམ། །སྔར་བྱས་སྡིག་ལ་འགྱོད་བཤགས་དང་། །ཕྱིན་ཆད་མི་བྱེད་དམ་བཅའ་དང་། །ཚོགས་གསོག་སྒྲིབ་སྦྱོང་ལ་འབད་ན། །འཆི་བདག་དམག་དཔུང་སླེབས་ན་ཡང་། །དམྱལ་བའི་གནས་སུ་ཁྲིད་མི་ནུས། །ཕྱི་མར་ལྷག་པར་ད་ལྟར་གྱི། །ལུས་དང་ལོངས་སྤྱོད་འདི་འདྲ་བ། །
མ་ཡིན་མི་རིགས་མཐོན་པོ་ཡི། །བུ་རུ་སྐྱེས་ནས་གཟུགས་མཛེས་ཤིང་། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ལྡན། །ཚེ་དེར་དམ་པའི་ཆོས་བྱས་ནས། །བྱང་ཆུབ་གོ་འཕང་འཐོབ་པར་འགྱུར། །མི་བདེན་བཤད་ཚོད་ཡིན་བསམས་ནས། །ཤ་ལྷོད་བསྡད་ན་སྟེང་དུ་བླུགས། །མི་ཁྱི་གང་ཡོད་ཐམས་ཅད་བསད། །ནོར་རྫས་ཡོད་ཚད་ཁྱེར་བ་བཞིན། །ད་ལྟ་ང་ཡིས་བཤད་པ་རྣམས། །ཨེ་བདེན་མི་བདེན་མི་ཤེས་སྙམ། །སྡིག་པ་ཞར་དང་ཞོར་ལ་བསགས། །དཀར་པོ་དགེ་ལ་མ་འབད་ན། །འཆི་བདག་ཕོ་ཉ་གློ་བུར་སླེབས། །དམྱལ་བའི་གནས་སུ་ཁྲིད་ནས་ཀྱང་། །བཟོད་མེད་སྡུག་ལ་གཏོད་པར་འགྱུར། །དེ་དུས་འཇིགས་སྐྲག་འགྱོད་མོད་ཀྱང་། །ཅུང་ཟད་ཙམ་ཡང་བྱ་ཐབས་མེད། །འདི་བཞིན་བཤད་ཀྱང་མི་ཉན་པའི། །མི་དེ་དོན་སྙིང་རུལ་བ་འམ། །ཡང་ན་ཆུང་ནས་མེད་པ་ཡིན། །མི་ཡིན་སྙམ་དུ་མ་སེམས་ཤིག །ཕྱི་ནས་འགྱོད་པའི་དུས་ཤིག་མཆི། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །ཀློང་ཆེན་རབ་འབྱམས་བྱིན་རླབས་ཀྱིས། །ཤ་ཟ་རྣམས་
ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྣང་བ་བརྡ་དང་དཔེ་ཆར་ཤར། །རྡོ་རྗེའི་གླུ་དབྱངས་ལེན་པ་ཡི། །རིག་འཛིན་གང་ཤར་རང་གྲོལ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྡིག་ཅན་རི་དྭགས་གསོད་རྣམས་ཀྱིས། །མིག་གིས་ལམ་དུ་མི་བལྟ་བར། །རྐང་སྣེ་རྡོ་ཚོར་ཐོགས་བཞིན་དུ། །མིག་གཉིས་རི་ཡི་ངོས་ལ་བལྟས། །རི་དྭགས་གང་ཡང་མཐོང་མ་ཐག །རིག་ནས་བྲོས་འགྲོ་སྙམ་ནས་འཇབ། །ཨུས་གིས་གཟས་ནས་བརྒྱབ་པའི་ཚེ། །རི་དྭགས་མ་སོད་ཤོར་སོང་ན། །ཁ་ནས་ཨ་ཧོ་མ་བཟང་ཟེར། །ས་ཚོར་བསྡད་ནས་གཅིན་ཚོ་གཏོང་། །ཅུང་ཟད་བསྡད་ནས་དུ་བ་འཐེན། །དེ་ནས་ལངས་ནས་སྔར་བཞིན་དུ། །ལྟ་གི་ལྟ་གི་སོང་བའི་ཚེ། །རི་དྭགས་མང་བོ་མཐོང་བ་ན། །དགའ་ནས་བླ་མ་དཀོན་མཆོག་ཟེར། །གཟས་ནས་ཨུས་འཕངས་ཐར་སེ་བཏང་། །མ་སོད་ཤོར་ཚེ་རོ་ཨུ་པོ། །ཅི་ཞིག་བྱུང་ཟེར་ཁ་ཚོ་བལྟ། །ཨེ་ཤི་ཨེ་ཤི་མ་བཟང་ཞེས། །ལག་པས་བྲང་གི་སྟེང་ཚོ་བརྡུངས། །དེ་རིང་ང་ཡི་ལས་ངན་གི །སྙམ་ནས་གོ་ལོག་སེམས་སྡུག་བྱས། །ཡུལ་དུ་སྡུག་གི་སྡུག་གི་འོང་། །
ཡུལ་བ་རྣམས་ཀྱིས་སོད་ཡོད་སྙམ། །བྱིས་པ་གཞོན་ནུ་སྔོན་དུ་བརྒྱུག །རི་དྭགས་མ་སོད་བཤད་པའི་ཚེ། །ཁྱིམ་ཚང་བཟའ་བ་ཡིད་ཆད་ནས། །རྒད་པོ་ཡར་ལངས་ག་རེ་ཞེས། །ཨུ་དེ་མར་གྱི་སྒོ་ཚོ་ཁྱེར། །མིག་ཅིག་བཙུམས་ནས་ནང་ཚོར་བལྟས། །བུ་འདི་ཤིན་ཏུ་ངན་པ་འམ། །ཡང་ན་ཨུ་འདི་ངན་གི་སྙམ། །ཁྱོད་ཀྱིས་ཇི་ལྟར་ཨུ་འཕངས་དང་། །རི་དྭགས་ཇི་ལྟར་ཤོར་ཚུལ་དང་། །དུ་འཕངས་ལ་སོགས་ཞིབ་ཏུ་འདྲི། །ཨུ་དེ་མར་གྱི་སྟེང་ཚོ་བཞག །ཡ་ཡ་ཇ་ཐུངས་ད་ནངས་ངས། །མ་འགྲོ་བཤད་ཀྱང་མ་ཉན་སོང་། །ལས་ཀ་དོན་ཆེན་འདི་འདྲ་ཆག །ཟེར་ཞིང་བཟའ་སྡིག་ཐུག་པ་བསྐོལ། །ཕྱི་མའི་སྡུག་བསྔལ་སུ་ཡིས་ཤེས། །ཀུན་གྱིས་མ་སོད་སྡུག་དེ་མིན། །མ་སོད་ན་ཡང་ཅི་སྐྱོན་ཞེས། །བཤད་ནི་བཟའ་བའི་ནང་ན་མེད། །ཉིན་རེ་སོང་ནས་ཨུ་འཕངས་ཚེ། །རི་དྭགས་ཐང་དུ་འགྱེལ་མ་ཐག །ཨུ་བཞག་རྒྱུགས་ནས་གསོན་པོར་བསད། །རི་དྭགས་མང་པོ་སོད་པའི་ཚེ། །ཁལ་རྟར་འགེལ་ལམ་རང་ཁུར་ནས། །ཕྱི་མར་དེ་ཡི་རྣམ་སྨིན་གྱིས། །དམྱལ་བར་སོང་ནས་ངུ་བཞིན་
དུ། །སྡུག་བསྔལ་མྱོང་དགོས་མི་ཤེས་པར། །ཁོ་བོ་བསོད་ནམས་ཆེ་གི་སྙམ། །དགའ་བཞིན་ལམ་ནས་གླུ་ཚོ་བླངས། །ཡུལ་དུ་སླེབ་ཚེ་ཡུལ་བ་རྣམས། །དགའ་ནས་ལ་ལ་སྔོན་དུ་བརྒྱུག །ལ་ལས་ཐབ་ལ་ཆུ་ཚོ་འཛུགས། །རི་ནས་ཡུལ་དུ་སླེབ་མ་ཐག །ཨུས་དེ་ཡར་གྱི་ཕུ་ལ་འཇོག །ལྟོགས་སྐོམ་ཡོང་ཟེར་ཇ་ཚོ་ལྡུད། །ཕྱི་མར་ཤ་ཟོས་ཁུ་འཐུང་ཀུན། །དམྱལ་བར་སོང་ནས་སྡུག་བསྔལ་ནི། །ངུ་བཞིན་མྱོང་བ་མི་དྲན་པར། །རི་དྭགས་མང་བོ་གསོད་པ་ལ། །སྤྱིར་ནི་ཁྱིམ་ཚང་བཟའ་བ་དགའ། །ཁྱད་པར་ཨ་ཕ་ཤིན་ཏུ་དགའ། །བུ་འདི་ཅི་ཞིག་བཟང་ནི་རེད། །ཨུ་འདི་ཅི་ཞིག་གཟི་ནི་རེད། །སྙམ་ནས་ཤ་ཁུ་འཐུང་ཞོར་ལ། །ཡར་གྱི་ཨུ་དང་མར་གྱི་བུའི། །ངོ་ཚོར་བར་བར་ཡང་ཡང་བལྟ། །ཕྱིར་ཉིན་རྒད་པོ་སྒོ་ཚོར་སོང་། །ངེད་ཀྱི་བུ་ཡིས་ཁ་སང་ཡང་། །རི་དྭགས་འདི་འདྲ་བསད་འོངས་ཞེས། །ཡུལ་མི་ཁྱིམ་མཚེས་བསྒྲགས་ནས་ངོམ། །དེ་ལྟར་ཉེས་མེད་རི་དྭགས་ཀྱིས། །དོན་མེད་རྩྭ་ཆུ་འཐུང་བ་རྣམས། །བསད་ན་ཚེ་འདིར་ལོ་རེ་བཞིན། །ཡར་ཡོང་མེད་པར་ཁ་ཐུར་འགྲོ། །ཚེ་ཐུང་ནད་མང་འཆི་ཚེ་སྡུག །
ཕྱི་མར་དམྱལ་བའི་གཏིང་དུ་སྐྱེ། །ཐར་ནས་རི་དྭགས་བསད་ཚད་ཀྱི། །ལུས་བླངས་གཞན་གྱིས་གསོད་པར་འགྱུར། །དེ་ཕྱིར་རྔོན་པ་སྡིག་རྒན་ཚོ། །ད་ལྟ་བསམ་བློ་ཞིབ་ཏུ་ཐོངས། །གཤིན་རྗེ་ཆོས་རྒྱལ་ཟེར་བ་དེ། །དགེ་སྡིག་རྩིས་གྲངས་ཞིབ་རབས་ཡོད། །མདུན་དེར་སོང་ན་འུར་ཞིག་ཁྱོད། །སློང་མི་འདོད་ན་ད་ལྟའི་དུས། །སྔར་བྱས་སྡིག་པར་བཤགས་པ་དང་། །ཕྱིན་ཆད་མི་བྱེད་ཁས་ལེན་དང་། །ཚོགས་གསོག་གང་ཐུབ་འབད་ན་ལེགས། །རིག་འཛིན་གང་ཤར་རང་གྲོལ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །གང་ཤར་རང་གྲོལ་བྱིན་རླབས་ཀྱིས། །རྔོན་པ་རྣམས་ལ་ཕན་པར་ཤོག །འཕགས་པ་ཐུགས་རྗེ་ཆེན་པོ་དངོས། །རྒྱལ་བ་རིན་པོ་ཆེ་ལ་འདུད། །རི་དྭགས་གསོད་མཁན་རྔོན་པ་ཡིས། །སྡིག་རྒྱུན་ཆོད་པར་བྱིན་གྱིས་རློབས། །རི་དྭགས་སོད་ཟེར་རྒན་རྒོན་དང་། །རི་དྭགས་ཤ་གཟན་བཟའ་ཚང་དང་། །རི་དྭགས་གསོད་མཁན་མི་གཞོན་དང་། །རི་དྭགས་གསོད་གྲོགས་གླུ་འདིར་ཉོན། །དང་པོ་རི་དྭགས་གསོད་པའི་ཕྱིར། །འགྲོ་ཞེས་སྡིག་གྲོགས་རྣམས་ལ་བཤད། །
རྒད་པོས་སྨན་དེ་ཡང་ཡང་བསྣོས། །རྒན་མོས་ཡོས་བརྔོས་ཁོལ་ཚོ་འཐག །ཆུང་མས་ལྷམ་ངོར་ལྷན་པ་བསླན། །རྒན་རྒོན་ཆུང་མས་ངལ་བ་བླངས། །འགྲོ་བའི་ནངས་པར་རྒད་པོ་ཡིས། །སྨན་དང་ཨུ་རྡེལ་དོ་དམ་བྱས། །རྒན་མོས་འཁྱེར་རྒྱུའི་བྲོ་ཁ་བསྒྲིག །ཆུང་མས་མེ་བུས་ཇ་བསྐོལ་བླུད། །འགའ་རེས་ཁལ་རྟར་སྒ་ཚོ་བསྟད། །གྲོགས་ཀྱིས་བོས་ནས་ད་འགོར་ཐལ། །མྱུར་དུ་ཤོག་དང་ད་འགྲོ་ཟེར། །ཨུ་དེ་ཕྲག་པར་ཁུར་ནས་འགྲོ། །བར་དུ་རི་ལ་སླེབས་པའི་ཚེ། །རི་དྭགས་ཕྱོགས་ནས་གཅིག་མ་མཐོང་། །རི་མགོ་ལུང་ཟད་མང་པོ་འགྲིམ། །ཆར་དང་ཁ་རླུང་དྲག་པོ་བྱུང་། །ལྟོགས་སྐོམ་གྲང་བའི་སྡུག་བསྔལ་མྱོང་། །ཉི་མ་མང་པོར་སོང་སོང་ནས། །རྐང་གི་ལྷམ་ཟད་རྐང་བ་ན། །ཨུ་དེ་རྒྱུན་དུ་ཁུར་ཁུར་ནས། །ཕྲག་པ་རོ་སྟོད་ཁོལ་ཞིང་ན། །ཙག་དང་བསེར་བུ་ཁོལ་ན་ངན། །རྔོན་པ་རི་ཀླུང་གཉིས་ཀར་བུད། །རི་དྭགས་དངངས་སྐྲག་སྔོན་ནས་བྲོས། །རྔོན་པ་རི་དྭགས་གཉིས་ཀ་ཡིས། །སྡུག་བསྔལ་མྱོང་བ་དེ་མཐོང་ན། །བྱང་ཆུབ་སེམས་དཔའི་སྤྱན་ཆབ་འཆོར། །རྔོན་པ་ཨུ་བཟུང་རི་ན་སྡུག །བླ་མ་དྲིལ་བཟུང་
གྲོང་ན་སྐྱིད། །རྔོན་པའི་ཨུ་སྐད་ཐོས་ན་གནོད། །བླ་མའི་དྲིལ་སྐད་ཐོས་ན་ཕན། །ཐ་མ་རི་དྭགས་སོད་ཙ་ན། །ཆུ་མགོའི་ཁར་བཤས་མེ་ལ་བསྲེགས། །ཐབ་གསུར་གཞོབ་གསུར་མང་པོ་བྱས། །བདུད་བཙན་ཀླུ་གཉན་སོགས་མི་དགའ། །གནོད་པ་བཏང་ནས་གློ་བུར་དུ། །གག་ལྷོག་གཟེར་བྱུང་རི་མགོར་འཆི། །ཡང་ན་ཇག་པ་རྐུན་མར་ཐུག །ཁལ་རྟ་ཨུ་དང་བྲོ་ཁ་འཆོར། །ཡུལ་ལྷའི་སྒོ་ཕྱུགས་རི་དྭགས་ཤིག །བསད་ན་ན་ཚ་གོད་ཁ་འབྱུང་། །བྱུང་ཚེ་སྐུ་རིམ་མང་པོ་བཅོས། །རི་དྭགས་ཀོ་དང་ཤ་གཉིས་ལས། །ལྷག་པའི་སྒོ་ནས་རྒྱུ་ནོམ་འཛད། །རྔོན་པ་རྣམས་ལ་ཡར་ཡོང་དཀའ། །རྔོན་པ་མཐའ་ལ་ལྷུང་བ་མང་། །རྔོན་པ་དྲེད་ཀྱིས་བསད་པ་མང་། །རྔོན་པ་སྟག་གིས་ཁུར་བ་མང་། །རྔོན་པ་འབྲོང་གིས་གཤགས་པ་མང་། །རྔོན་པ་གད་པས་གཅུར་བ་མང་། །རྔོན་པ་རི་མགོར་ཤི་བ་མང་། །རྔོན་པ་འཆི་ཁར་ན་ཟུག་མང་། །དེ་ཕྱིར་རང་ལ་ཕམ་སྟེར་བའི། །རི་དྭགས་བསད་ནས་ཁ་མ་གསོ། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །རྔོན་པས་སྡིག་རྒྱུན་ཆོད་པར་ཤོག །སྐྱོན་ཟད་ཡོན་ཏན་ཀུན་གྱི་
གཏེར། །རྒྱལ་བ་རིན་པོ་ཆེ་ལ་འདུད། །ས་ཕྱོགས་གང་ནས་རྔོན་པ་ཡིས། །སྡིག་རྒྱུན་ཆོད་པར་བྱིན་གྱིས་རློབས། །སྐྱིད་ཆུང་འདི་ཕྱིར་སྡུག་ཆེ་བས། །རི་དྭགས་བསད་ནས་ཅི་ཞིག་བྱ། །བདེ་བ་ཐུམ་བུ་གང་གི་ཕྱིར། །སྡུག་བསྔལ་ཟངས་གང་སུ་ཡིས་མྱོང་། །རུ་རྟའི་གོང་དེ་ཆེ་རབས་ཡོད། །རྒན་གཞོན་ཚོང་བ་ཧེབ་རྒན་ཚོ། །ཤ་བའི་རུ་རྟར་ཧེབ་མ་ལངས། །རི་དྭགས་ཤ་དེ་མ་དྲན་ཅིག །སྤྱང་ལྤགས་ཝ་ལྤགས་དྲོ་རབས་ཡོད། །གོས་དད་ཆེ་བའི་རྒན་གཞོན་ཚོ། །སྤྱང་ཐུལ་ཝ་ཞྭ་མ་བསམས་བཟང་། །འབྲོང་གི་ཀོ་དེ་མཐུག་རབས་ཡོད། །ཡར་མར་རྒྱུག་པའི་ལྷམ་རྡོལ་ཚོ། །འབྲོང་ལྷམ་མཐུག་པོ་གྱོན་མ་སྙམ། །ཉེས་མེད་རི་དྭགས་བསད་ནས་ཆེད། །གསོད་ན་ཉེས་ཅན་དུག་གསུམ་སོད། །རི་དྭགས་རྐང་ལག་བཅག་ནས་ཆེད། །གཅོག་ན་འཕུང་བཤིག་ཨུ་དེ་ཚོགས། །རི་དྭགས་ཤ་དེ་ཟོས་ནས་ཆེད། །ཟ་ན་སྡིག་མེད་ཟ་མ་ཟོ། །རི་དྭགས་པགས་པ་གྱོན་ནས་ཆེད། །གྱོན་ན་ཕྱིང་སྣམ་ལ་སོགས་གྱོན། །རི་དྭགས་ཕྱིར་དུ་སོང་ནས་ཆེད། །འགྲོ་ན་གནས་མཇལ་བྱེད་དུ་སོང་། །ཟས་ནོར་མང་བོ་བསགས་ནས་
ཆེད། །བསགས་ན་རྣམ་དཀར་དགེ་བ་གསོགས། །བཟའ་ཚང་ལྕང་ཁའི་བྱེའུ་མང་འདྲ། །མཐུན་པར་འགྲོགས་ཀྱང་མྱུར་དུ་འབྲལ། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །འགྲོ་བའི་ནངས་པར་འགྱོད་མེད་དགོས། །ཁ་འདིའི་ཕྱིར་དུ་སྡིག་མ་གསོགས། །ཁ་ཡི་གསོ་ལུགས་ཆོས་དང་སྟུན། །ཁེ་ཚོང་ཞིང་ལས་འཚོ་སྐྱོང་གྱིས། །ཁེ་ཆེ་ཉེན་ཆུང་འདི་ཕྱིར་བདེ། །ཉན་ན་ང་ཡི་ཚིག་འདིར་ཉོན། །གཅོད་ན་སྡིག་རྒྱུན་རྩད་ནས་ཆོད། །སྔར་བྱས་གནོང་འགྱོད་བཤགས་པ་དང་། །ཕྱིན་ཆད་མི་བྱེད་དམ་བཅའ་གྱིས། །ཉིན་མཚན་མེད་པར་དགེ་ལ་རེམ། །དེ་ལྟར་བྱས་ན་སྡིག་རྒན་ཡང་། །ཕྱི་མར་གྱེན་ནས་གྱེན་དུ་འགྲོ། །མཐོ་རིས་ལྷ་མིའི་གནས་སུ་འགྲོ། །བདེ་ཆེན་དག་པའི་ཞིང་དུ་འགྲོ། །ལམ་ཆེན་དཀར་བོ་བརྒྱུད་ནས་འགྲོ། །དཀར་ཕྱོགས་ལྷ་ཡིས་བསྐྱལ་ནས་འགྲོ། །སོང་ན་བདེ་སྐྱིད་ཉི་མ་འཆར། །རྒྱལ་བ་དངོས་སུ་བྱོན་ན་ཡང་། །རྔོན་པར་ཞལ་གསུང་འདི་མིན་མེད། །ང་ཡང་དངོས་སུ་ཐུག་ན་ཡང་། །རྔོན་པར་འདི་མིན་བཤད་རྒྱུ་མེད། །གླུ་འདི་མཐོང་ཐོས་རྔོན་པ་ཡིས། །སྡིག་རྒྱུན་བཅད་
ནས་ཆོས་བསྒྲུབ་ཤོག །བླ་མ་རྣམས་ལ་གསོལ་བ་འདེབས། །ཉ་བདའ་རྣམས་ལ་ལ་ཐུགས་རྗེས་གཟིགས། །དང་པོ་ཉ་བདའ་ངོ་ནག་པོ། །ཕྲག་ཏུ་ར་སྒྱེ་དཀར་ནག་ཁུར། །ཉ་རྒྱ་ལྕགས་ཀྱུ་རྣོན་པོ་དང་། །འོ་ཅོ་ལྕགས་ཁ་ལག་ཏུ་བཟུང་། །ཆུ་བོའི་གཞུང་ངམ་རྒྱ་མཚོའི་འགྲམ། །སྔ་དྲོའི་དུས་སམ་ཕྱི་དྲོ་འགྲོ། །བར་དུ་ཉ་བ་ངོ་ནག་པོ། །ཉ་མོ་འཛིན་པའི་ཁོག་ནག་པོ། །ཉ་རྒྱ་ལྕགས་ཀྱུ་བཙུགས་ནས་ལྟ། །ཟིན་ཚེ་བྱེ་ཚན་ནང་དུ་འཕེན། །ཡར་མར་ལྡིང་ཞིང་ལོག་ནས་འགུལ། །སྡུག་བསྔལ་ཡུན་རིང་མྱངས་ནས་འཆི། །ཐ་མ་ཉ་བ་མདོག་ནག་པོ། །དམྱལ་བར་འགྲོ་བའི་ལས་ནག་པོ། །ཉ་རྣམས་སྣོད་ཀྱི་ནང་དུ་འཕངས། །ཡར་ལངས་གཅིག་སྤྲུགས་གཅིག་ལུ་ནས། །ཁུར་ཏེ་ཡུལ་དུ་འོངས་ནས་བསྐམས། །ཉ་ཡི་དྲི་ངན་ཆི་ལི་ལི། །ལོ་གཅིག་མ་ཡིན་ལོ་རེ་བཞིན། །བརྒྱ་སྟོང་བཟུང་ནས་རྒྱ་ལ་བཙོང་། །ཉ་བདའ་བླུན་པོ་ལས་ངན་ཚོ། །ཉ་འདི་མ་བསད་ཁ་མི་སོས། །སྙམ་པ་ཁྱེད་ཚོ་འཁྲུལ་ནི་ཡིན། །ཉ་མོ་གསོད་རྒྱུ་མེད་ས་ནས། །དབུལ་ཕོངས་རྣམས་ཀྱིས་ཁ་སོས་འདུག །ཉ་བསད་ཁ་དེ་གསོ་རག་གི །ཁེ་ཚོང་
འཚོ་སྐྱོང་བཀལ་འཐག་དང་། །ཕྱུག་པོའི་སྔ་ཕྱིར་བརྒྱུགས་ན་བཟང་། །དེ་འདྲ་ཙམ་ཡང་མི་ཐུབ་ན། །ཕྱུག་པོའི་སྒོ་ཚོར་སྤྲང་ན་དགའ། །མི་འཆི་བན་རྒན་ངས་ཁག་ཐེག །ལོ་རེ་བཞིན་དུ་བརྒྱ་སྟོང་སོགས། །བཟུང་ནས་བཙོང་མཁན་ཉ་བདའ་དེ། །ཕྱི་མར་དམྱལ་བ་མནར་མེད་ཀྱི། །མེ་ནང་སྐྱེས་ནས་ཐར་མི་འགྱུར། །དེ་འདྲའི་ཉ་བས་བསམ་བློ་ཐོངས། །རང་གིས་རང་ལ་སྙིང་རྗེ་ལྟོས། །ཚེ་འདིར་ལྟོགས་པའི་སྡུག་བསྔལ་ལས། །བརྒྱ་སྟོང་བྱེ་བ་ལས་ལྷག་པའི། །ཕྱི་མར་དམྱལ་བའི་སྡུག་བསྔལ་ཆེ། །ཚེ་འདིའི་ཉ་ཤ་ཁམ་གང་ཕྱིར། །ཕྱི་མར་སྡུག་བསྔལ་ལུང་གང་མྱོང་། །ཚེ་འདིར་ཅུང་ཟད་ལྟོགས་ཀྱང་བཟོད། །མི་བཟོད་སྡུག་བསྔལ་ཕྱི་མར་མྱོང་། །ཕ་མ་མ་བྱས་སེམས་ཅན་མེད། །ཉ་རྣམས་ཚེ་སྔོན་ཕ་མ་ཡིན། །ཕ་མར་ཕན་ཞིག་མི་འདོགས་རུང་། །གནོད་པ་བྱེད་པ་ཁྲེལ་མེད་ཡིན། །དེང་སང་ཉ་བདའ་ཁྲེལ་མེད་མང་། །ཚེ་འདིའི་མ་ཡང་གསོད་ལ་བྱེད། །ཉ་མོ་རྣམས་ཚོ་བཤད་ཅི་དགོས། །ཉ་རྣམས་ཀླུ་ཡི་སྒོ་ཕྱུགས་ཡིན། །མང་པོ་བསད་ན་ན་ཚ་དང་། །ཕྱུགས་ལ་གོད་ཁ་
འོང་བ་ཡིན། །ཚེ་ཐར་བཏང་ན་ཀླུ་རྣམས་ཀྱིས། །ངོ་བལྟ་གྲོགས་བྱེད་མི་ཕྱུགས་འཕེལ། །ཉ་མོ་མ་གསོད་ཚེ་ཐར་གྱིས། །སྔར་བསད་རྣམས་ལ་འགྱོད་བཤགས་རེམ། །དེ་ལྟར་བྱས་ན་ཚེ་འདི་རུ། །བཟའ་ཚང་ཚེ་རིང་ནད་མེད་བདེ། །ཕྱི་མར་མཐོ་རིས་གནས་སུ་སྐྱེ། །ཉ་མོ་གསེར་མིག་མ་བསད་རུང་། །ཉ་བདའ་ཀུན་གྱིས་ཁ་སོས་ཤོག །ཅེས་པ་འདི་ནི་མཚོ་སྔོན་ཕྱོགས་ཀྱི་ཉ་བདའ་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྒྱལ་བའི་བསྟན་པའི་སྲོག་ཤིང་མཆོག །གནམ་བསྐོས་གོང་མ་རྒྱལ་པོར་འདུད། །རྐུན་མ་རྣམས་ལ་ཐུགས་རྗེས་གཟིགས། །རྐུ་འདི་ཆོད་པར་བྱིན་གྱིས་རློབས། །རྐུ་ལ་སོང་ཟེར་རྒན་རྒོན་དང་། །རྐུ་ཟས་ཟ་བའི་བཟའ་ཚང་དང་། །རྐུ་ལ་འགྲོ་བའི་མི་གཞོན་དང་། །རྐུན་གྲོགས་ཐམས་ཅད་གླུ་འདིར་ཉོན། །དང་པོ་རྐུ་ལ་འགྲོ་སྙམ་ནས། །རྒྱུ་ནོམ་སུ་བཟང་གང་བཟང་འདྲི། །སྔ་དྲོ་གཅིག་ལ་གཅིག་ཐུག་ནས། །གཅིག་གིས་གཅིག་ལ་ཤབ་ཤུབ་མང་། །ཕྱི་དྲོ་གཅིག་གི་ཅན་དུ་འདུག །ལུས་ཀྱི་གོན་པ་ལྡོག་ཐུང་བྱས། །སྣོད་དང་ཐག་པ་གང་མཁོ་ཁྱེར། །ནུབ་མོ་སྨག་ལ་ལམ་ལ་ཞུགས། །སོང་ཚེ་ཤུལ་གྱི་བཟའ་ཚང་མི། །
ལ་ལས་དེ་བས་ཤེས་འདྲ་སོང་། །ཆ་བོ་བཟུང་འདྲ་ཨེ་འཇོག་གམ། །བཟུང་ནས་བསད་འདྲ་མི་གཏོང་ངམ། །སྙམ་ནས་སེམས་ལ་སྣ་ཚོགས་དྲན། །བར་དུ་ཕྱུག་པོ་ཞིག་གི་མཐའ། །སླེབས་ཚེ་ཁྱིས་གོ་ཐམས་ཅད་ཟུག །རྒྱུགས་ནས་འོང་ཚེ་རྐང་ལག་ལ། །འཛིན་གྱིས་དོགས་ནས་དངངས་ཤིང་སྐྲག །ཟོག་བདག་ལངས་ནས་ཕྱོ་ཡི་དང་། །ཨེ་ཧ་ཟེར་དུས་ཤེས་ཀྱིས་དོགས། །ལུ་རྒྱུ་སྦྲིད་པ་གླ་མོ་ཞིག །བྱུང་ཡང་མི་ཁོགས་བཞིན་དུ་བཀག །དབུགས་ཀྱང་ཤེད་ཀྱིས་ལེན་མི་ནུས། །ཁ་བ་ཆར་རླུང་དྲག་པོ་བྱུང་། །ལུས་པོ་ཤིན་ཏུ་གྲང་ནས་འདར། །ཁྱིམ་ཚང་དེ་བ་ཨེ་གཉིད་ཕྱིར། །ས་འཁྱགས་རྡོ་འཁྱགས་གང་རུང་གི །སྟེང་ནས་ཡུན་རིང་བར་དུ་བསྡད། །འཕོངས་ཤ་རྐང་བ་སྤྲིད་ནས་ན། །ཟོག་བདག་གཉིད་ཚེ་སྐྲག་ཞོར་ལ། །སོང་ནས་གང་ལོན་བརྐུས་ནས་འོང་། །ཐ་མ་ཁྱེར་ནས་འོང་བའི་ཚེ། །ཁྱིམ་ཚང་དེ་བའི་ཆེ་ཆུང་མི། །གཅིག་གིས་ཤེས་ནས་ཡར་ལ་ལངས། །བཤད་ཚེ་མི་མང་ལག་ཆ་བཟུང་། །ཕྱི་ནས་ཀི་བཏབ་དེད་པའི་དུས། །སྐྲག་ནས་གློ་སྙིང་ཁ་རུ་འཚེངས། །བྲོས་ནས་
རྐང་སྣེ་རྡོ་ཚོར་ཐོགས། །ས་ལ་འགྱེལ་ཡང་ལངས་ནས་བྲོས། །མཐའ་ཆུར་ཐུག་ཀྱང་ལྡིང་ནས་བྲོས། །བྲོས་ཀྱང་མི་ཐར་ཕྱི་ནས་སླེབས། །མཚོན་ཆ་རྡོ་དང་དབྱུག་པས་བརྡུངས། །ལུས་པོ་ཐམས་ཅད་ན་ཚས་གང་། །ཁྲག་ཚོ་ཁ་སྣ་སོགས་ནས་འོང་། །གནམ་བཏགས་སར་འཕངས་དབྱུག་པས་བརྡུངས། །ཁྱོད་ལ་རྐུན་གྲོགས་མི་དུ་ཡོད། །མི་བཤད་གསོད་རྒྱུ་ཡིན་ཟེར་བརྡུངས། །ན་ཚ་ཟུག་རྔུ་མི་བཟོད་པར། །རྐུན་གྲོགས་དུ་ཡོད་ཚང་མ་ཕུད། །ཐམས་ཅད་ཡུལ་ན་གང་ཡོད་རྣམས། །བརྐུས་ཀྱི་འཇལ་དུ་ཤོར་ནས་སྤྲང་། །གཞན་ནོར་ཁམ་བུ་གང་ཙམ་ཕྱིར། །རང་ནོར་ཁང་བ་གང་ཙམ་འཆོར། །དེ་ཕྱིར་རང་ལ་ཕམ་སྟེར་བའི། །རྐུ་འདི་ནམ་ཡང་མ་བྱེད་ཨང་། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །རྐུན་མ་རྣམས་ལ་ཕན་པར་ཤོག །འགྲོ་བ་རྣམས་ཀྱི་མགོན་སྐྱབས་དཔུང་། །གནམ་སྐྱོང་གོང་མ་རྒྱལ་པོར་འདུད། །མི་ངན་ཁྲེལ་མེད་ན་རག་གི །རྐུ་འདི་ཆོད་པར་བྱིན་གྱིས་རློབས། །དང་པོ་རྐུ་ལ་སོང་བའི་ཚེ། །ཁྱིམ་ཚང་དེ་བ་གཉིད་ལ་ཤོར། །དེ་ཡི་མཚན་མོ་མ་ཤེས་སམ། །ཤེས་ཀྱང་ཕྱི་ལ་མ་སླེབས་པར། །རྒྱུ་ནོམ་
གང་ཡོད་རང་ཡུལ་དུ། །ཁྱེར་ནས་འོངས་ཀྱང་ཤེས་ཨེ་སོང་། །ད་ནི་ཤེས་འདྲ་ཨེ་འགྲོ་ཨང་། །སྙམ་ནས་སེམས་ལ་བདེ་དུས་མེད། །དབུལ་པོའི་ཁེར་ཟོག་ཟས་བརྐུས་ན། །ཤུལ་ན་མིག་ཆུ་འདོན་པ་མང་། །ཉིན་རེ་བཞིན་དུ་ཁ་ཅིག་གིས། །རྐུན་མ་ཚེ་ཡལ་ཚེ་ཐུང་དེའི། །ཁ་རྗེ་དབང་ཐང་ནག་ཐུལ་ལེ། །ཤུལ་ཆད་རྗེས་མེད་རྡུལ་ཕྲན་བཞིན། །སོང་ཟེར་དམོད་མོ་རྐྱང་བ་བྱེད། །བར་དུ་རྐུ་ཟས་ཟ་བའི་ཚེ། །ཕྱི་ན་མི་སྐད་ཅིག་གྲག་ན། །དེ་མ་ཐག་ཏུ་བརྐུས་ཟས་སྦས། །ཁ་དང་ལག་པ་ཕྱིས་ནས་འདུག །སྒོ་ལ་འགྲོ་ན་ཐུ་བ་སྤྲུགས། །ཁ་ལག་གྲི་ཆུང་ཕྱིས་ནས་སོང་། །ནང་དུ་འོང་ན་ཕྱི་ན་སུ། །ཨེ་ཡོང་སྙམ་ནས་ཕྱི་མིག་བལྟས། །བག་ཕེབས་ཟ་བའི་དུས་མ་བྱུང་། །གཞན་གྱིས་ཤེས་འགྲོ་གོ་འགྲོ་སྙམ། །དོགས་ནས་བརྐུས་ཟས་ཟོས་པ་དེ། །གར་ཚར་མི་ཤེས་མྱུར་དུ་ཚར། །མ་ཟོས་པ་ལྟར་ལྟོགས་ཀ་སླ། །ལྷག་པར་སྲེད་པ་ཇེ་ཆེར་འགྱུར། །ཤ་ཉེ་ཁྱིམ་མཚེས་ལ་སོགས་པས། །ཨ་རོགས་དེ་བའི་རྐུན་མ་དེ། །ཁྱོད་རེད་ཟེར་ནས་ཡིད་མ་ཆེས། །འདུག་ཟེར་འཛིན་འདྲ་ཨེ་འཇོག་ཨང་། །སེམས་
ཆུང་གྱིས་དང་མ་བཟང་ཞེས། །བཤད་ན་ངོ་ཚོར་ཤ་འགུལ་རྒྱུག །སྙིང་ཡང་ཁོག་ན་འཕར་ཞིང་འདར། །ས་གཅིག་མི་ཆགས་ཡར་མར་འགྲོ། །ཐ་མ་བརྐུས་ངན་བུད་པའི་ཚེ། །བླ་མ་དཔོན་པོའི་དྲུང་དུ་སོང་། །གཏུགས་བཤེར་བྱས་ནས་ཡིན་ངེས་ཚེ། །ཉེས་པ་ཆེ་ཆུང་ཀུན་གྱིས་བལྟས། །གསོད་དམ་ཡང་ན་མིག་ལེན་ནམ། །ཡང་ན་རྐང་པ་ལག་པ་གཅོད། །ཡང་ན་མར་གྱི་རྒྱ་ལ་སྤྲོད། །ཡང་ན་ཁང་ཞིང་རྒྱུ་ནོམ་ཁྱེར། །དེ་རྣམས་རྐུན་མས་མ་ཤེས་སམ། །མཐོང་དང་ཐོས་པ་ཡོད་དམ་མེད། །ཡོད་ཀྱང་དེ་འདྲ་ཞིག་མཁོ་འམ། །མི་འདོད་སྡུག་བསྔལ་འོང་བ་ཤེས། །རྐུ་བྱས་སྨྱོས་པ་མ་ཡིན་ནམ། །ཤེས་བཞིན་སྨྱོན་པ་ཞིག་མ་གཏོགས། །མ་སྨྱོས་མི་ཡིས་མི་བྱེད་སྙམ། །དེ་ཕྱིར་རང་ལ་ཕམ་སྟེར་བའི། །རྐུ་འདི་ནམ་ཡང་མ་བྱེད་ཨང་། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །རྐུན་མ་རྣམས་ལ་ཕན་པར་ཤོག །རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །གོང་མ་རྒྱལ་པོའི་ཞབས་ལ་འདུད། །ཡུལ་ཁམས་མི་བདེ་བསྐྱེད་པའི་གཞི། །རྐུ་འདི་ཆོད་པར་བྱིན་གྱིས་རློབས། །དང་པོ་རྐུ་ལ་སོང་བའི་ཚེ། །སུ་ཡིས་རེག་
ཐུག་མ་ཕོད་པའི། །གཉན་པོ་དུག་སྡོང་ལྟ་བུ་ཡི། །རྒྱུ་ནོམ་མང་པོ་བརྐུས་ནས་འོང་། །བརྐུས་པའི་ཕྱི་ཉིན་ནུབ་མོ་ནས། །བསམ་ནག་གཅོད་པ་སྔགས་ནག་གིས། །ཞྭ་ནག་གྱོན་ནས་རྔ་ནག་བརྡུངས། །མཐུ་གཏད་ངན་སྔགས་སྣ་ཚོགས་བྱེད། །ལོ་ཟླར་མི་འགོར་བྱད་ཁ་ཟུག །བར་དུ་རྐུན་མ་ལ་ལ་སྨྱོས། །དེ་བའི་རྐུན་མ་ཁོང་ཚོ་ཡིན། །འདི་དང་འདི་འདྲ་བྱས་ནས་བླངས། །ད་ལྟ་འདི་ན་བཞག་ཡོད་སོགས། །ཁ་ནས་མང་བོ་ལབ་ནས་འཆི། །ལ་ལ་ཕོ་བ་གློ་བུར་སྦོས། །ཁོ་བོ་གད་ཐལ་ཟེར་བཞིན་འཆི། །ལ་ལ་གཞན་གྱིས་མཚོན་ཆ་བརྒྱབ། །གློ་སྙིང་ནང་ཁྲོལ་ལུགས་ནས་འཆི། །ལ་ལ་མཐའ་ཆུར་ལྡིང་ནས་འཆི། །ལ་ལ་རྟ་ཡིས་དྲུད་ནས་འཆི། །ལ་ལ་འགགས་ནས་འཆི་བར་འགྱུར། །ན་ཚ་ཤི་ཆད་བྱུང་བ་དེ། །མཐུ་མཁན་གོ་ཚེ་ལྷག་པར་དམོད། །ཀུན་གྱིས་དེ་ཉོས་དེ་ཚད་ཟེར། །ཐ་མ་མི་རབས་བདུན་རྒྱུད་ཆད། །ཤུལ་དུ་ཤ་ཉེ་ཕ་སྤུན་གྱིས། །ལོག་རྒྱག་ཆུ་ཁྲིད་ལ་ཡུང་འདེབས། །གཉན་པོ་ཞིག་དང་འགྲས་རག་གི །བཙན་པོ་ཞིག་ལ་འཐབ་ཀྱང་དྲག །གཞན་གྱིས་གྱང་རལ་ཞིག་པོ་ཀ །སུ་
ཡི་ཤུལ་ཡིན་ཟེར་ནས་འདྲི། །ལ་ལས་དེ་ནི་ལས་ངན་པོ། །དེ་བའི་ཡིན་ཟེར་ཁ་ཅིག་གིས། །རྐུ་བྱས་ཐ་མ་མ་བཟང་ཟེར། །དེ་འདྲ་ཟེར་བ་ངས་ཀྱང་ཐོས། །རྐུན་མར་རྣ་བ་མེད་དམ་ཅི། །ཡང་ན་ཡོད་ཀྱང་འོན་པ་འམ། །ཡང་ན་ཐོས་ཀྱང་དེ་འདྲ་ཞིག །མི་འོང་བློ་གདེང་ཤིག་ཡོད་དམ། །ཡང་ན་དེ་འདྲ་ཞིག་འདོད་དམ། །འདོད་ཕྱིན་ལན་མང་རྐུ་གྱིས་དང་། །རང་གི་ལག་པས་བཅོས་འདྲ་འོང་། །རིང་བོར་མི་ཐོགས་མྱུར་དུ་འོང་། །བན་རྒན་ལུང་བསྟན་ཐོགས་མེད་ཡིན། །སྟེང་དུ་འོང་དུས་འགྱོད་ནས་ཆེད། །འགྱོད་མེད་སྔོན་ནས་བྱས་ན་བཟང་། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །རྐུན་མ་རྣམས་ལ་ཕན་པར་ཤོག །ས་སྟེང་འདི་ན་ཟླ་མེད་པའི། །གནམ་སྐྱོང་གོང་མ་རྒྱལ་པོར་འདུད། །ས་ཕྱོགས་གང་ནས་སྡུག་བསྔལ་རྒྱུ། །རྐུ་འདི་ཆོད་པར་བྱིན་གྱིས་རློབས། །དང་པོ་ཡོངས་གྲགས་རྐུན་མ་དེ། །ལྟས་ངན་འུག་རྒན་མཐོང་བ་ལྟར། །སུ་ཡིས་མཐོང་ཀྱང་ཡིད་མི་འོང་། །ཀུན་གྱིས་རིག་ས་མཐོང་ས་མེད། །འགའ་རེའི་ཁྱིམ་དུ་སོང་བའི་ཚེ། །དེ་ཡི་མཐོང་སར་རྒྱུ་ནོམ་གང་། །མ་འཇོག་ཟེར་ནས་གང་ཡོད་སྦས། །བར་དུ་མིག་
གཉིས་རི་ལི་ལི། །ཡར་མར་ཀུན་ལ་ལྟ་བའི་ཚེ། །རྐུ་རེ་བྱས་འདྲ་ཨེ་འཇོག་གམ། །ཟུར་ནས་འགའ་རེས་བསྲུངས་ནས་འདུག །སློང་ངམ་གཡོར་སྐྱི་གང་བྱས་ཀྱང་། །སྟེར་མཁན་གཡོར་སྐྱི་བྱེད་མཁན་མེད། །སྣ་ཚོགས་ཐབས་ཀྱིས་འདེད་ཐབས་བྱེད། །ཐ་མ་ཕར་ལ་སོང་ཤུལ་ནས། །རྐུན་རྒན་ཟེར་ནས་ངན་སྨྲས་མང་། །སྡེ་བ་ཀུན་གྱིས་མ་ཐུབ་དགྲ། །རྐུན་ཚང་ཀ་ཤུལ་ཆད་ན་ཟེར། །གྱོད་སྣ་ཁ་མཆུ་འཛད་རྒྱུ་མེད། །ཐག་གཅིག་བཅད་ན་གཅིག་མི་ཆོད། །དེ་ཕྱིར་རང་གཞན་ཀུན་ཕུང་བའི། །རྐུ་འདི་བླ་མ་དཔོན་པོ་ཚོས། །ཆོད་ཅེས་གསུངས་ཀྱང་མི་གཅོད་པ། །མི་ཞིག་མ་ཡིན་ཐེའུ་རང་ཡིན། །ཐེའུ་རང་རྐང་གཅིག་ཡིན་ན་ཆེད། །ཐེའུ་རང་རྐང་གཉིས་ཐ་ཤལ་ཡིན། །མི་ཡིན་སྙམ་དུ་མ་སེམས་ཤིག །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །རྐུན་མ་རྣམས་ལ་ཕན་པར་ཤོག །ལྷོ་རྒྱལ་འཛམ་གླིང་འགྲོ་བའི་རྒྱན། །གནམ་སྐྱོང་གོང་མའི་ཞབས་ལ་འདུད། །རང་གཞན་ཡོངས་ལ་གནོད་སྐྱེལ་བའི། །རྐུ་འདི་ཆོད་པར་བྱིན་གྱིས་རློབས། །དང་པོ་རྐུན་མ་འཆི་བའི་དུས། །མནར་གཅོད་སྡུག་བསྔལ་
ཤིན་ཏུ་ཆེ། །མལ་སའི་ནང་དུ་ཡུན་རིང་ཉལ། །རྐང་ལག་འཁུམ་ཞ་དཔྱི་མགོ་རྡོལ། །ཤ་ཟད་རུས་པར་ཐུག་ནས་འཆི། །ལ་ལ་གློ་བུར་གཞོན་དུས་འཆི། །བར་དུ་རྐུན་མ་འཆི་བའི་དུས། །བར་དོའི་མུན་ནག་འཕྲང་རིང་འགྲིམ། །གྲོགས་མེད་འཁྲུལ་སྣང་འཇིགས་སྐྲག་ཆེ། །ཐ་མ་དམྱལ་བའི་གནས་སུ་འགྲོ། །གཤིན་རྗེའི་ཕོ་ཉ་མང་པོ་ཡིས། །ལུས་པོ་ཐག་པ་ནག་པོས་བཀྱིགས། །དུག་ཚེར་དམར་པོའི་ཁྲོད་ལ་སོགས། །ཤིན་ཏུ་རྩུབ་པའི་ས་རུ་འཕེན། །བྱ་ནག་མཆུ་རྣོན་སྟེང་དུ་བབས། །གསོན་པོར་མིག་འབྲུ་ཁ་ལྕེ་གཅོད། །ཁྱི་འོངས་མཆན་དང་གསུས་པ་ནས། །བརྟོལ་ནས་ནང་ཁྲོལ་ལྷུག་ལྷུག་འཆའ། །དྲི་ངན་མི་གཙང་དོང་ནང་འཕེན། །མི་གཙང་ནང་དུ་ལུས་ཀུན་ནུབ། །མི་གཙང་ནང་ནས་མཆུ་རྣོན་གྱི། །འབུ་མང་བྱུང་ནས་ཤ་རུལ་ལ། །འབུ་ཞུགས་བཞིན་དུ་ལུས་ལ་ཞུགས། །སག་སག་འགུལ་ནས་ཤ་ཁྲག་འཇིབ། །གཤིན་རྗེ་ཕོ་ཉ་འགའ་ཞིག་གིས། །རྐང་ལག་བཞི་ནས་ཕྱོགས་བཞིར་བརྒྱངས། །བརླ་གཉིས་འཕོངས་ཤ་ལ་སོགས་ནས། །ཤ་བཅད་ཟན་ལྟར་ཁ་ནང་དུ། །བཞག་ནས་ཨེ་ཞིམ་ལྟོས་ཚོ་ཟེར། །
རྐེ་རྩ་རྐང་ལག་རྩ་ཁྲག་གཏར། །ཇ་ལྟར་ཁ་རུ་འཐུང་དུ་འཇུག །ཁོག་པ་ཕྱེས་ནས་གློ་སྙིང་ནི། །མཛོ་མོའི་འོ་མ་བཞོ་ལྟར་འཐེན། །བརྐུས་ཟས་ཟོས་ན་ཅི་ཙམ་རེད། །ཟེར་ནས་ལྷག་པར་སྙིང་ལ་བརྙབས། །སྡུག་བསྔལ་མང་བོ་མྱོང་དུ་འཇུག །དེ་ནས་རིམ་བཞིན་ནང་ཁྲོལ་བླངས། །ཁྱི་དང་ཁྭ་ཏ་སོགས་ལ་འཕེན། །རྐུན་མས་བསམ་བློ་ཞིབ་ཏུ་ཐོངས། །ད་ལྟ་མེ་སྟག་ལྷུང་བ་འམ། །སྐྱི་བཤུས་བྱས་པ་མི་བཟོད་ན། །སྡུག་བསྔལ་དེ་འདྲ་སུ་ཡིས་བཟོད། །འཛམ་གླིང་ཚེ་ལ་ངེས་པ་མེད། །མི་གཞོན་གློ་བུར་འཆི་ལ་ལྟོས། །དོ་ནུབ་ཙམ་ལ་ཤི་ནས་ནི། །ནངས་པར་ལྟ་བུར་དམྱལ་ཁམས་ལ། །མི་འགྲོའི་ངེས་པ་ཅུང་ཟད་མེད། །གློ་བུར་ཤི་ན་ཅི་ཞིག་བྱ། །ཀྱེ་མ་ཀྱེ་ཧུད་ཨ་ཙེ་ཙེ། །རྐུན་མ་དེ་ལ་མི་སྐྲག་པ། །སྙིང་དེ་ལྕགས་ཤིག་མ་ཡིན་ནམ། །ཡང་ན་ཆུང་ནས་མེད་པ་འམ། །ཡང་ན་རུལ་བ་ཞིག་ཡིན་ནམ། །དེ་མིན་སྙིང་ཞིག་ཡོད་ཕྱིན་ཆད། །འདི་ཚོ་བསམས་ན་ཅིས་མི་སྐྲག །བརྐུས་ལ་དགའ་བའི་མི་དེ་ཉིད། །ཕྱེ་ལེབ་མར་མེར་དགའ་བ་འདྲ། །བརྐུས་ཟས་ཁ་ནང་བཞག་པ་དེ། །ཁྲོ་
ཆུ་ཁ་རུ་བླུགས་དང་འདྲ། །དེ་ལ་བདེ་བའི་གོ་སྐབས་མེད། །དེ་ཕྱིར་ཕྱི་མར་སྡིག་ལྕི་བའི། །བརྐུས་འདི་ནམ་ཡང་མ་བྱེད་ཨང་། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །རྐུན་མ་རྣམས་ལ་ཕན་པར་ཤོག །མཚན་སྙན་ཉི་ཟླ་ལྟར་གྲགས་པའི། །གོང་མ་རྒྱལ་པོའི་ཞབས་ལ་འདུད། །བསྟན་འགྲོའི་བདེ་སྐྱིད་ལ་གནོད་པའི། །རྐུ་འདི་ཆོད་པར་བྱིན་གྱིས་རློབས། །འདི་ཕྱི་གཉིས་ཀར་བདེ་བ་མེད། །སྡུག་བསྔལ་དུ་མ་མྱོང་དགོས་པས། །རྐུ་ལ་སོང་ནས་ཅི་ཞིག་བྱ། །འགྲོ་ན་གནས་མཇལ་བྱེད་དུ་སོང་། །སྣོད་ཐག་བཟུང་ནས་ཅི་ཞིག་བྱ། །འཛིན་ན་མ་ཎི་བཟུང་ལ་སྐོར། །རྐུ་ཟས་ཟོས་ནས་ཅི་ཞིག་བྱ། །ཟ་ན་རང་ཟས་གཙང་མ་ཟོ། །རྒྱུ་ནོམ་བླངས་ནས་ཅི་ཞིག་བྱ། །ལེན་ན་ཆོས་རེ་ལེན་ཐུབ་ལྟོས། །ཅར་ཝོ་བྱས་ནས་ཅི་ཞིག་བྱ། །མ་ཎི་ཁ་ཤས་འདོན་ཐུབ་ལྟོས། །བརྐུས་འཇལ་བྱས་ནས་ཅི་ཞིག་བྱ། །དཀོན་མཆོག་མཆོད་དང་སྦྱིན་པ་ཐོངས། །ཚེ་འདིའི་བྱ་བས་ཅི་ཞིག་བྱ། །ཕྱི་མར་བདེ་བའི་དགེ་ལ་རེམ། །བཟའ་ཚང་ཁྲེལ་མེད་མི་སྣ་འདྲ། །སྡུག་གི་འཁུར་རོགས་གཅིག་མི་བྱེད། །ལྕི་མོ་ཐམས་ཅད་རང་འཁུར་དགོས། །རང་གིས་རང་
ལ་སྙིང་རྗེ་ལྟོས། །སྔར་བྱས་བརྐུས་ལ་འགྱོད་བཤགས་གྱིས། །ཕྱིན་ཆད་སྲོག་ལ་བབས་ཀྱང་སྤོངས། །དཀར་པོ་དགེ་ལ་འབད་པར་གྱིས། །འབད་ན་རྐུ་མང་སྔར་བྱས་ཀྱང་། །ཕྱི་མར་དམྱལ་བར་མི་ལྷུང་བའི། །མཐོ་རིས་ལྷ་མིའི་གནས་སུ་སྐྱེ། །རིམ་པས་སངས་རྒྱས་འཐོབ་པར་འགྱུར། །དགའ་བ་སྒོམས་ལ་ལེགས་སོ་ཞེས། །ཉན་ན་ང་ཡི་གླུ་འདིར་ཉོན། །གཅོད་ན་རྐུ་ངན་འཕྲོ་དེ་ཆོད། །ཉིན་མཚན་མེད་པར་དགེ་ལ་འབོད། །གོང་མ་དངོས་སུ་ཕེབས་ན་ཡང་། །རྐུན་མར་ཞལ་གསུང་འདི་མིན་མེད། །བན་རྒན་ང་ལ་ཐུག་ན་ཡང་། །རྐུན་མར་ཁ་ཏ་འདི་མིན་མེད། །གླུ་འདི་མཐོང་ཐོས་རྐུན་མ་ཡིས། །རྐུ་བཞག་དགེ་བ་བསྒྲུབ་པར་ཤོག །མཁྱེན་རབ་རྗེ་བཙུན་འཇམ་དབྱངས་དངོས། །གོང་མ་རྒྱལ་པོའི་ཞབས་ལ་འདུད། །ཡུལ་ཁམས་མི་བདེ་བསྐྱེད་པའི་གཞི། །ཇག་འདི་ཆོད་པར་བྱིན་གྱིས་རློབས། །དང་པོ་ཇག་ལ་སོང་བའི་ཚེ། །ར་མདའ་ངོ་ཡ་མ་མཆིས་པའི། །ཕྱུག་པོ་མང་པོར་ཁ་ཐུག་ནས། །རྒྱུ་དེད་ནོམ་པ་མང་བོ་བཀལ། །གླུ་བླངས་གར་བྱས་རང་ཡུལ་དུ། །སླེབས་ཚེ་ཉིན་གཅིག་
ཕྱུག་པོར་འགྱུར། །བར་དུ་ཇག་པ་སོང་ཤུལ་ནས། །རྒྱུ་བདག་བཟའ་ཚང་ལ་ལུང་ཐོར། །ལྟོགས་སྐོམ་འཁྱགས་ནས་ཕལ་ཆེར་འཆི། །འགའ་རེ་གཞན་སྒོར་སྤྲང་ཞོར་ལ། །ཇག་པའི་ཤུལ་ཆོད་རྗེས་བཟློག་ཅེས། །མ་ཎིའི་ཚབ་ཏུ་དམོད་མོ་བགྲང་། །གཞན་གྱིས་མཐོང་ནས་ཇག་པ་ཡི། །མི་ཤུལ་རྩད་ནས་ཆད་ན་ཟེར། །ཐ་མ་ཀུན་གྱིས་གོང་མར་ཞུ། །ཞུས་ན་འཛད་མེད་དམག་ཆེན་འོངས། །ཤུལ་ཡང་མི་ཤེས་པ་ཙམ་བྱ། །ཀུན་གྱིས་དེ་ཚད་དེ་ཉོས་ཟེར། །ཡང་ན་གཉན་པོ་དུག་སྡོང་གིས། །ཕྱི་ནས་མཐུ་དང་ངན་སྔགས་སྒྲུབ། །ལྷ་སྲིན་སྡེ་བརྒྱད་ཟ་ཁ་ཟུག །མི་ལ་ན་ཚ་དྲག་པོ་བྱུང་། །བན་བོན་གཉིས་ཀྱིས་སྐུ་རིམ་བྱས། །སྒོ་ཡི་རྒྱུ་ཟད་ཁྱིམ་གྱི་ཟས། །ཟད་འཕྲོར་ནད་པའི་ཤ་ཟད་འཆི། །མེད་ཀྱི་ནང་ནས་མེད་གསུམ་འོང་། །ཇག་པ་ཡར་ལ་སོང་བ་ཉུང་། །ཇག་པ་རྒྱུ་མེད་སྤྲང་པོ་མང་། །ཇག་པ་རབས་ཆད་ཕོ་མོ་མང་། །ཇག་པ་ཐོར་ནས་སོང་བ་མང་། །ཇག་པ་རྒྱ་ལ་སྤྲད་པ་མང་། །ཇག་པ་ངན་གསོད་བྱས་པ་མང་། །ཇག་པའི་རྐང་ལག་བཅད་པ་མང་། །ཇག་པའི་མིག་གཉིས་ཕྱུང་བ་མང་། །ཇག་པ་མཐའ་ཆུར་
འཕངས་པ་མང་། །ཇག་པ་སྨྱོས་ནས་ཤི་བ་མང་། །ཇག་པ་སྦོས་ནས་གད་པ་མང་། །དེ་འདྲ་སྔོན་ཆད་ངས་ཀྱང་ཚོར། །ཇག་པས་མ་ཐོས་མ་མཐོང་ངམ། །ཇག་ཟས་ཟོས་ནས་བདེ་སྙམ་པ། །དུག་འཐུང་བདེའོ་སྙམ་པ་འདྲ། །ས་ཕྱོགས་གང་ནས་དུག་གི་ཟས། །ཇག་འདིར་མ་དགའ་ཇག་འདི་སྐྱུར། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །ཇག་པ་རྣམས་ལ་ཕན་པར་ཤོག །འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དཔུང་། །གོང་མ་རྒྱལ་པོའི་ཞབས་ལ་འདུད། །མི་ངན་ཁྲེལ་མེད་ན་རག་གིས། །ཇག་འདི་ཆོད་པར་བྱིན་གྱིས་རློབས། །དང་པོ་ཇག་ལ་སོང་བའི་དུས། །ཉིན་དེར་ཕྱི་ནས་ར་མདའ་ཡིས། །མ་སླེབས་ན་ཡང་ཕྱི་ནས་དམག །ཨེ་འོང་ལམ་ཚོར་ཐུག་ཨེ་འཇོག །སྙམ་ནས་སེམས་ལ་བདེ་དུས་མེད། །སོ་དང་མལ་ཚེ་ལྟ་རྟོག་དགོས། །བར་དུ་ཉིན་ཞིག་དམག་མང་འོངས། །སྒོ་ཕྱུགས་གང་ཡོད་དེད་ནས་འགྲོ། །ར་མདའ་བརྒྱུགས་ན་རང་ཡང་གསོད། །ཡང་ན་བུ་དང་ཚ་བོ་གསོད། །ཡང་ན་ཉིན་ཞིག་ལམ་ནས་འཕྲད། །མང་པོ་བཅོམ་བརྡུངས་བཟུང་ནས་ཁྱེར། །ན་ཚ་ལྟོགས་སྐོམ་སྡུག་
བསྔལ་མྱོང་། །ཡང་ན་རྨ་ཁ་མང་བཏོན་བསྐྱུར། །འཆི་ལ་ཁད་ཀྱི་སྡུག་བསྔལ་མྱོང་། །ཡང་ན་འོག་རྟ་ལག་ཆ་ཁྱེར། །དངངས་སྐྲག་འཇིགས་པའི་སྡུག་བསྔལ་མྱོང་། །ཡང་ན་དེད་ནས་ལ་ལུང་ཚོར། །རྐང་ཐང་བྲོས་ནས་སྡུག་བསྔལ་མྱོང་། །ཇག་ཟས་ཁམ་བུ་གང་ཙམ་ཕྱིར། །ཤུལ་གྱི་རོ་ལ་ཁ་གཏད་ནས། །ཡུགས་ས་མ་དང་དྭ་ཕྲུག་ངུ་། །མི་ཟད་རྒྱུ་ཟད་ཉིན་གཅིག་འབྱུང་། །ཇག་ལ་དགའ་བའི་རྒད་པོ་ཚོས། །སྡེ་ཚོས་ཟེར་དང་ཅིག་ཚང་དེ། །ལྐོག་གཏམ་པ་ལ་ལེན་རྐྱང་རེད། །བུ་ཁྱོད་སོང་ན་ལོན་ན་དེ། །ཟོས་ན་མར་དང་བལྡད་ན་ཚིལ། །མི་གཏོགས་ཤ་ལྷུ་རེད་ཚོ་ཟེར། །བུ་ཡིས་བདེན་སྙམ་འགྲོ་ཚུལ་བཙོག །སོང་ན་དེ་མ་ཐག་ཏུ་གསོད། །རྒད་པོ་འཕུང་རྒན་འཆི་མེད་ཚོ། །གཅེས་ཕྲུག་སྔོན་ལ་བསད་ནས་ཆེད། །རྒད་པོའི་ལུས་ལ་སྨྱོན་པའི་ཁ། །ཅིག་རེ་མགོ་ཚོ་འདུག་ནོ་རེད། །རྒད་པོ་འཕུང་བཤིག་བྲག་ཁུང་ཁ། །རང་གི་ཡིན་ན་བསུམས་ན་བཟང་། །ཕོ་གསར་གོན་པ་ལྡོག་ཐུང་བྱས། །ཡར་འགྲོ་མར་འགྲོ་མ་མང་ཨང་། །གཞོན་དུས་གྲི་རོར་སོང་ནས་ཆེད། །ཅིག་རེ་མགོ་ཚོ་འོང་ནོ་རེད། །ཕོ་གསར་གླག་ཁྲ་
འདྲ་བ་ཚོ། །སྲོག་དེ་རང་གི་ཡིན་ན་འཚོས། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །ཇག་པ་རྣམས་ལ་ཕན་པར་ཤོག །ལྷོ་ཕྱོགས་འཛམ་གླིང་འགྲོ་བའི་རྒྱན། །གནམ་སྐྱོང་གོང་མའི་ཞབས་ལ་འདུད། །རང་གཞན་གཉིས་ཀར་ཕམ་བསླན་པའི། །ཇག་འདི་ཆོད་པར་བྱིན་གྱིས་རློབས། །དང་པོ་ཇག་པ་འཆི་བའི་ཚེ། །མནར་གཅོད་སྡུག་བསྔལ་ཤིན་ཏུ་ཆེ། །རྣམ་ཤེས་ངོ་ཡིས་མི་ཟིན་པར། །ལྡབ་ལྡིབ་མང་པོ་ལབ་ནས་འཆི། །བར་དུ་ཤི་ནས་བར་དོ་ལ། །སོང་ན་ཇག་པ་འཇིགས་སྐྲག་ཆེ། །མགོན་སྐྱབས་དཔུང་གཉེན་སུ་གཅིག་མེད། །གྲོགས་མེད་ཟས་མེད་གོས་མེད་འཁྱམས། །ཐ་མར་ཇག་པ་དམྱལ་བར་ལྟུང་། །ལྷུང་ན་གཤིན་རྗེའི་མཚོན་ཆས་གཙབས། །ཐིག་ནག་བཏབ་ནས་སོག་ལེས་འདྲ། །རི་གཉིས་བར་ལ་བསྡུས་ནས་གཅུར། །ལྕགས་ཁང་གཅིག་རིམ་ཉིས་རིམ་གྱི། །ནང་དུ་བཅུག་ནས་མེ་སྦར་སྲེག །ཟངས་ཆེན་ངར་མར་ཡོས་བཞིན་བརྔོ། །ཟངས་ཆེན་ཁྲོ་ཆུ་ཁོལ་མར་འཚོད། །ཚ་བའི་སྡུག་བསྔལ་དཔག་མེད་མྱོང་། །དེ་ནས་གྲང་བའི་དམྱལ་བར་ལྟུང་། །ལུས་ལ་གོས་མེད་ཆབ་རོམ་
དང་། །ཁ་བའི་ནང་ནས་ཤིན་ཏུ་གྲང་། །སོ་ཐམ་ཨ་ཆུ་ཀྱེ་ཧུད་ཟེར། །ཆུ་བུར་བྱུང་ནས་ཆུ་བུར་བརྡོལ། །ཨུཏྤལ་པདྨ་ལྟ་བུར་གས། །པདྨ་ཆེན་པོ་ལྟར་གས་ནས། །གྲང་བའི་སྡུག་བསྔལ་དཔག་མེད་མྱོང་། །ཡར་ལ་ཐོན་པའི་དུས་མི་འབྱུང་། །དེ་ཕྱིར་ཐར་མེད་སྡུག་བསྔལ་རྒྱུ། །ཇག་ལ་མ་དགའ་ཇག་སྐྱུར་ཨང་། །གླུ་འདི་མཐོང་དང་ཐོས་ཚད་ཀྱི། །ཇག་པ་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འཁྲུག་པ་མེད་པའི་ཞིང་ཁམས་ཀྱི། །མི་འཁྲུག་པ་ལ་གསོལ་བ་འདེབས། །མི་རྣམས་འཁྲུག་རྩོད་བྱེད་པ་ཀུན། །ཉེ་བར་ཞི་བར་བྱིན་གྱིས་རློབས། །མི་རྣམས་ཕན་ཚུན་ནང་འཁྲུགས་ནས། །འཐབ་རྩོད་བྱས་པའི་ཉེས་དམིགས་ནི། །བཤད་ན་བརྗོད་ཀྱིས་མི་ལང་ཡང་། །ཅུང་ཟད་ཙམ་ཞིག་བདག་གིས་བཤད། །འཐབ་རྩོད་བྱེད་པའི་མི་རྣམས་ཉོན། །འཁྲུག་གཞི་བྱེད་པའི་མི་དེ་ཉིད། །ཚེ་འདིར་མྱུར་དུ་ཚེ་བསོད་འཛད། །ཕྱི་མར་དམྱལ་བ་ཐམས་ཅད་ཀྱི། །གཏིང་གི་དམྱལ་བ་མནར་མེད་སྐྱེས། །ནམ་ཡང་ཡར་ལ་ཐོན་མི་སྲིད། །དམག་དཔོན་བྱས་ནས་འགྲོ་བ་དེ། །ཚེ་མཇུག་ཕལ་ཆེར་མཚོན་
ཁར་འཆི། །འཆི་ཚེ་མནར་གཅོད་སྡུག་བསྔལ་ཆེ། །ཕྱི་མར་ལྷ་མིན་དམག་དཔོན་དུ། །སྐྱེས་ནས་ལྷ་དང་འཐབ་པར་འགྱུར། །འཐབ་ནས་ཕ་རོལ་བསད་པའི་མི། །དམྱལ་བ་ཡང་སོས་ནང་དུ་སྐྱེ། །འཐབ་སར་སོང་བ་ཐམས་ཅད་ཀྱང་། །ལྷ་མ་ཡིན་དུ་སྐྱེ་བར་འགྱུར། །གླེང་ལོག་མང་པོ་འཐེན་པ་དང་། །འཐབ་ནས་གསོད་དགོས་ཟེར་བའི་མིས། །ཕྱིན་ཆད་ཁ་གཡང་བཀྲ་ཤིས་གང་། །བརྗོད་ན་བཀྲ་མི་ཤིས་པ་འོང་། །ཕྱི་མ་གཤིན་རྗེའི་ཕོ་ཉ་ཡིས། །བཟུང་ནས་ལྕེ་ཕྱུང་ལྕེ་སྟེང་དུ། །ལྕགས་ཀྱི་ཕུར་བ་འདོམ་གང་འདེབས། །གླང་གི་ཀོ་བ་བཞིན་དུ་རྒྱོང་། །ལྕེ་སྟེང་གླང་གཉིས་དོར་བསྡེབས་རྨོ། །ཁ་རུ་ལྕགས་ཀྱི་ཐོ་ལུམ་དང་། །ཁྲོ་ཆུ་ཁོལ་མ་བླུགས་ནས་སྲེག །ཕན་ཚུན་ཞེ་སྡང་ལངས་པ་ཡིས། །བསྐལ་བ་གྲངས་མེད་དགེ་རྩ་སྔོན། །བསགས་པ་ཡོད་ཀྱང་བརླགས་གྱུར་ནས། །བདེ་བ་ཅན་དུ་སྐྱེ་བ་འམ། །ས་རྡུལ་གྲངས་དང་མཉམ་པ་ཡི། །འཁོར་ལོས་སྒྱུར་རྒྱལ་བརྒྱ་བྱིན་དང་། །ཚངས་པར་སྐྱེ་ངེས་པ་རྣམས་ཀྱང་། །ངན་སོང་གསུམ་དང་ཁྱད་པར་དུ། །དམྱལ་ཁམས་བཅོ་བརྒྱད་ནང་དུ་
སྐྱེ། །སྡུག་བསྔལ་མྱོང་བཞིན་འཕྲལ་འཕྲལ་དུ། །སྡིག་པ་བསགས་ནས་ཤི་འཕོས་ཀྱང་། །སླར་ཡང་དམྱལ་བའི་ནང་དུ་སྐྱེ། །ཡར་ལ་ཐོན་པའི་དུས་མི་འབྱུང་། །བསྐལ་ཆེན་མང་བོར་བདེ་འགྲོ་རུ། །སྐྱེ་བ་ཕར་ཞོག་བདེ་འགྲོ་ཡི། །སྒྲ་ཙམ་རྣ་བས་ཐོས་པ་དཀའ། །ཡུལ་ལ་འདུག་པའི་རྒན་རྒོན་རྣམས། །ཕ་རོལ་བསད་ན་དགའ་བའི་སེམས། །སྐྱེས་ན་ཕྱི་མར་དམྱལ་བར་འགྲོ། །འཐབ་ནས་བསད་པའི་མི་རྣམས་ནི། །ཤི་མ་ཐག་ཏུ་དམྱལ་བར་སྐྱེ། །ཕན་ཚུན་ཁྲོས་ནས་འཐབ་པའི་སར། །འབུ་སྲིན་རྐང་བས་གཅུར་བ་ཡང་། །ཤི་ན་དམྱལ་བར་འགྲོ་བར་བཤད། །འཐབ་རྩོད་བྱས་པའི་ཡུལ་ཕྱོགས་དེར། །སད་སེར་མུ་གེ་ནད་ཡམས་སོགས། །བཀྲ་མི་ཤིས་པ་སྣ་ཚོགས་འོང་། །ས་ཕྱོགས་ཁ་དོག་དམར་ལ་ནག །ངམ་གྲོག་གཡང་ས་རྡོ་གསེག་སོགས། །ཤིན་ཏུ་རྩུབ་པའི་ས་རུ་སྐྱེ། །ཚེ་བསོད་རྒྱས་པའི་སྐུ་རིམ་རྣམས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་གསུངས། །དེ་ཕྱིར་འཐབ་རྩོད་འཁྲུག་ལོང་འདི། །གང་གི་ས་ནས་བཅད་ན་བཟང་། །ཁྱད་པར་རེབ་གོང་ཕོ་སྐྱེས་ཚོ། །འཐབ་རྩོད་བྱེད་པ་གཏན་ནས་སྤོངས། །
འཐབ་རྩོད་བྱེད་པ་ཕལ་ཆེ་བ། །དཔོན་པོ་རྒན་རིམ་ཁ་ཡིས་ལན། །དཔོན་པོ་རྒན་རིམ་ཐམས་ཅད་ཀྱིས། །དམྱལ་བའི་ཟངས་ཆེན་ཁ་མ་འབྱེད། །ཕལ་ཆེར་གསར་བུའི་ལག་གིས་ཕུང་། །གསར་བུ་རྣམས་ཀྱིས་དམྱལ་བའི་སྡུག །རིན་བྱིན་མ་ཉོ་མ་ཉོ་བཟང་། །རྒན་པ་རྣམས་ཀྱིས་ཁ་མ་ཉེས། །ཕོ་གསར་རྒན་པའི་གྲོས་ལ་ཉོན། །དཔའ་བོ་རྒྱ་སྟག་འདྲ་ན་ཡང་། །ཆོས་རྒྱལ་མདུན་ན་དཔའ་ས་མེད། །དཔའ་བོ་རྣམས་ཚོ་རང་ཚོད་ཟུངས། །འཐབ་ན་ཕ་རོལ་ཕམ་མོ་ཞེས། །སྨྲས་ན་རང་ཉིད་ཕམ་པ་ཡིན། །ཚེ་འདིར་ཚེ་ཐུང་ན་ཟུག་ཆེ། །མི་སྙན་གཏམ་ངན་མང་བོ་ཐོས། །ཕྱི་མར་དམྱལ་བའི་གཏིང་དུ་སྐྱེ། །བསྐལ་པ་མང་པོར་ཡར་མི་ཐོན། །རང་ཉིད་གཏན་ཕམ་བྱས་པ་ཡིན། །དེ་ཕྱིར་ཁོག་ན་སེམས་ཡོད་མི། །རྣམས་ཀྱིས་སྔོན་ཆད་ཉེས་པ་གང་། །བྱས་ལ་འགྱོད་པས་བཤགས་པ་དང་། །ཕྱིན་ཆད་མི་བྱེད་དམ་བཅའ་གྱིས། །དཔོན་པོ་རྒན་པ་སུ་ཡིན་ཀྱང་། །སྡེ་བ་ཕན་ཚུན་འཐབ་མོ་ནི། །བྱེད་དུ་མ་བཅུག་ཕན་ཡོན་ནི། །ཕྱི་མར་ལྷ་འམ་མི་ཡུལ་གྱི། །རྒྱལ་པོ་བློན་པོ་ཆེན་པོར་སྐྱེ། །སྡེ་བ་
དེ་ཡི་འཁོར་དུ་སྐྱེ། །རྟག་ཏུ་བདེ་ཞིང་སྐྱིད་པར་འགྱུར། །ཚེ་འདིར་ལྷ་མི་ཐམས་ཅད་ཀྱིས། །སྐྱེ་བོ་དེ་ལ་བྱམས་པར་འགྱུར། །འཐབ་རྩོད་མ་བྱས་ཡུལ་ཕྱོགས་དེ། །ཁ་དོག་དཀར་དང་སྔོ་ལྗང་སེར། །སྤང་ལྗོངས་མེ་ཏོག་སྣ་ཚོགས་བཀྲ། །མཚོ་དང་རྫིང་བུ་དུ་མ་འཁྱིལ། །ཆུ་བྱ་དུ་མས་སྐད་སྙན་འབྱིན། །ས་གཞི་བདེ་ཞིང་རབ་ཏུ་བདེ། །འཇམ་ཞིང་ཤིན་ཏུ་འཇམ་པར་འགྱུར། །ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས། །ཚེ་རིང་ནད་མེད་ལུས་སེམས་བདེ། །དཔལ་འབྱོར་འཛད་མེད་གང་གཱ་ལྟར། །བདུད་དགྲའི་འཚེ་མེད་དམ་ཆོས་སྤྱོད། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས། །ཞི་རྒྱས་དབང་སོགས་ལས་གང་བརྩམས། །ཐམས་ཅད་ཐོགས་པ་མེད་པར་འགྲུབ། །རྒན་པ་དམག་ལ་མི་དགའ་ཞིང་། །ཁ་ནས་སོད་ཆོད་གཏུབ་ལ་སོགས། །བཀྲ་མི་ཤིས་པ་མི་སྨྲ་བས། །ཁ་གཡང་བཀྲ་ཤིས་གང་བརྗོད་ཀྱང་། །ཐོག་ཏུ་འགྲོ་ཞིང་གཏམ་སྙན་ཐོས། །དེ་ཕྱིར་རྒན་གཞོན་སུ་ཡིན་ཀྱང་། །འཐབ་རྩོད་གཏན་ནས་སྤོང་བར་མཛོད། །སྡེ་རྣམས་བཟང་པོ་མི་ངན་པ། །འགའ་རེས་
འཐབ་ཏུ་བཅུག་པ་རྣམས། །ཐབས་ཀྱིས་བསྡུམས་པའི་ཕན་ཡོན་ནི། །ཚེ་འདིར་ཚེ་རིང་ནད་མེད་པའི། །ཚེ་སྒྲུབ་མཆོག་ཏུ་འགྱུར་བ་ཡིན། །རྙེད་དང་བཀུར་སྟི་བྱེད་པར་འགྱུར། །འཐབ་རྩོད་མང་བོ་སྡུམ་པའི་མི། །སངས་རྒྱས་བྱང་སེམས་བྱིན་གྱིས་རློབས། །དཀར་ཕྱོགས་ལྷ་རྣམས་སྡོངས་གྲོགས་བྱེད། །འཆི་ཚེ་མནར་གཅོད་སྡུག་བསྔལ་མེད། །བར་དོར་སོང་ན་འཇིགས་སྐྲག་ཆུང་། །ཕྱི་མར་བདེ་བ་ཅན་ཞིང་ངམ། །ཡང་ན་ལྷ་མིའི་ནང་དུ་སྐྱེ། །མཛའ་བཤེས་མང་ཞིང་དགྲ་ནི་ཉུང་། །འཇིགས་པ་མེད་པར་བདེར་གནས་འགྱུར། །དེ་ཕྱིར་བླ་མ་དཔོན་པོ་ཚོ། །གྲོང་སྡེའི་འཐབ་རྩོད་ཐབས་ཀྱིས་སྡུམས། །བསྡུམས་ཀྱང་འགྲིག་ཏུ་མི་འཇུག་པའི། །མི་དེའི་ཁོག་ཏུ་གྱོད་འདྲེ་ཞིག །ཞུགས་ནས་མངོན་སུམ་ཡོད་པའི་རྟགས། །ཕྱིན་ཆད་མི་དེ་སུའི་ཁྱིམ་དུ། །འོངས་ན་བཀྲ་མི་ཤིས་པ་འོང་། །དེ་ལ་ཤིན་ཏུ་འཛེམས་ན་བཟང་། །འགྲིག་ཏུ་མ་བཅུག་ཉེས་པ་ཡིས། །ཚེ་འདིར་བརྒྱ་བསམ་གཅིག་མི་འགྲུབ། །ཕྱི་མར་དམྱལ་བའི་གཏིང་དུ་སྐྱེ། །དེ་ཕྱིར་སེམས་ཡོད་མི་རྣམས་ཚོ། །གྱོད་འདྲེ་ཞུགས་པའི་
མིའི་ཁ་ལ། །ཉན་ནས་བདག་གཞན་མ་འཕུང་བར། །སྡུམ་མཁན་བླ་དཔོན་ཞལ་གསུང་ལ། །ཉན་ནས་འགྲིག་ཏུ་བཅུག་ན་བཟང་། །ཀུན་གྱིས་འགྲིག་ཏུ་མི་འཇུག་ན། །ཐམས་ཅད་སྙིང་ལ་ཞུགས་པ་ཡིན། །དེ་ལ་སྐུ་རིམ་ལེགས་པོ་གྱིས། །གྱོད་འདྲེའི་དབང་དུ་མ་གཏོང་ཞིག །གྱོད་འདྲེ་ཁོག་ཏུ་ཞུགས་རྣམས་ཀྱིས། །ཁ་ནས་མི་བཤད་དགུ་བཤད་དང་། །ལག་ནས་མི་འཁྱུག་དགུ་འཁྱུག་བྱེད། །སྡུམ་མཁན་བླ་དཔོན་ཁྱད་དུ་གསོད། །གྱོད་འདྲེའི་སྟབས་ཀྱིས་ཉིན་མོའི་དུས། །ས་གཅིག་མི་ཆགས་འགྲོ་སྙིང་འདོད། །ཟ་མ་ཟོས་ན་གང་བ་མེད། །མང་པོ་བཏུངས་ཀྱང་སྐོམ་པར་འགྱུར། །མཚན་མོ་གཉིད་ཡེར་འདང་ལོག་མང་། །དེ་འདྲའི་མི་ལ་བཤད་པ་ལས། །ཁོག་གི་གྱོད་འདྲེ་ཕུད་པའི་ཕྱིར། །དཀོན་མཆོག་གསུམ་ལ་གསོལ་བ་ཐོབས། །མཁའ་འགྲོ་ཆོས་སྐྱོང་འཕྲིན་ལས་བཅོལ། །ཅུང་ཟད་སྡུམ་མཁན་རང་ཡུལ་དུ། །འོངས་ནས་བདེ་བར་བསྡད་ན་བཟང་། །དེ་ནས་བསྡུམས་ན་ཕལ་ཆེར་ནི། །འགྲིག་པ་ཤིན་ཏུ་མང་བ་ཡིན། །ད་ཡང་ཉོན་དང་ཁྱིམ་པ་ཚོ། །ས་སྟེང་ཐམས་ཅད་ཀོ་བ་ཡིས། །གཡོགས་ན་འདོད་
ཀྱང་ག་ལ་འདང་། །དེ་བཞིན་དགྲ་རྣམས་ཐམས་ཅད་ནི། །བསད་པར་འདོད་ཀྱང་ག་ལ་སོད། །ས་སྟེང་གཡོག་གིན་ཇེ་ཆེ་བཞིན། །དགྲ་རྣམས་བསད་ཀྱིན་ཇེ་མང་འགྱུར། །རྐང་ལ་ཀོ་བའི་ལྷམ་གྱོན་ན། །ས་སྟེང་གཡོགས་དང་འདྲ་བ་བཞིན། །ནང་གི་ཞེ་སྡང་གཅིག་བཅོམ་ན། །དགྲ་རྣམས་ཐམས་ཅད་བསད་པ་འདྲ། །དེ་ཕྱིར་རྒན་གཞོན་སུ་ཡིན་ཀྱང་། །བཟོད་པའི་གོ་ཁྲབ་རྒྱབ་ཏུ་གྱོན། །བག་ཡོད་དྲན་ཤེས་རྟ་ལ་ཞོན། །བྱམས་པའི་མདུང་རིང་ལག་ཐོགས་ནས། །ཞེ་སྡང་དགྲ་འདི་ཆམ་ལ་ཕོབས། །སྐྱེ་བོ་བླུན་པོ་མི་ཤེས་པས། །དགྲ་རྣམས་ཆམ་ལ་ཕབ་ནས་ཁོ། །རྒྱུན་དུ་བདེ་བར་འདུག་སྙམ་ནས། །འཐབ་རྩོད་བྱས་པས་དུས་རྒྱུན་དུ། །བདེ་མེད་སྡུག་བསྔལ་དཔག་མེད་མྱོང་། །བྱིས་པར་ཕ་མས་བརྡུངས་པའི་ཚེ། །སྣ་ཚོགས་རྩེ་དགོད་ཕ་མར་བསླངས། །མགོ་སྐྱོར་བྲོས་ན་ཕ་མ་གཉིས། །བག་གིས་བརྡུང་བ་ཕར་ལ་ཞོག །ཞེ་སྡང་ཞི་ནས་འཛུམ་དགོད་བྱས། །བོས་ནས་རབ་ཏུ་གཅེས་པ་བཞིན། །བློ་གྲོས་ལྡན་པས་ཕ་རོལ་དགྲར། །སྣ་ཚོགས་ཐབས་ཀྱིས་བྱམས་བྱས་ན། །དགྲ་ཡང་
གདུག་རྩུབ་སེམས་ཞི་སྟེ། །ཚུར་ལ་དེ་བས་བྱམས་གྱུར་ནས། །ཕན་ཚུན་བདེ་ཞིང་སྐྱིད་པར་འགྱུར། །བྲག་ལ་གཏམ་རྣམས་མ་སྨྲས་ན། །བྲག་ཆ་མང་པོ་མི་འབྱུང་བཞིན། །རང་ཁ་ཁ་རོག་བསྡད་གྱུར་ན། །ཁ་མཆུ་རྩོད་པ་མེད་པས་བདེ། །ཉམ་ཆུང་བྱས་ནས་འདུག་ཤེས་ན། །བདེ་བ་རྒྱུན་མི་འཆད་པ་འཐོབ། །ཉམ་ཆུང་མི་ལས་སྐྱིད་པ་མེད། །དོན་མེད་ཞིང་གི་གཉའ་འདབས་ནས། །ཁལ་ཆ་བཟང་པོ་གཅོག་པ་བཞིན། །མི་ངན་རེ་རེའི་ཁར་ཉན་ནས། །གཅེས་ཕྲུག་མང་བོ་མ་གསོད་ཨང་། །བཅོམ་ལྡན་མི་འཁྲུག་ཅེས་བྱ་ལ། །གསོལ་བ་བཏབ་ནས་གླུ་དབྱངས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། །མདོ་རྒྱུད་བླ་མ་གོང་མ་ཡི། །གསུང་སྒྲོས་རྣམས་དང་སྒོ་བསྟུན་ནས། །སྤྱིར་ནི་བོད་ཁམས་སྡེ་རྣམས་དང་། །སྒོས་སུ་དམུ་རྒོད་རེབ་གོང་གི །སྐྱེ་བོ་རྣམས་ལ་ཕན་ཕྱིར་བླངས། །བཅོམ་ལྡན་མི་འཁྲུག་བྱིན་རླབས་དང་། །བདག་གི་བསམ་པ་བཟང་བོའི་མཐུས། །སྡེ་རྣམས་འཁྲུག་རྩོད་ཀུན་ཞི་ནས། །རྫོགས་ལྡན་དུས་བཞིན་སྐྱིད་པར་ཤོག །ཅེས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རེབ་གོང་གིས་འཐབ་རྩོད་མང་བོ་བྱེད་པ་ལ་ཡིད་སྐྱོ་ནས།
དེ་རྣམས་ལ་ཅུང་ཟད་རེ་ཨེ་ཕན་སྙམ་ནས་རང་བཟོ་ལྟ་བུ་མ་ཡིན་པར་མདོ་དང་རྒྱུད་སྡེ་བླ་མ་གོང་མ་འགའ་རེའི་གསུང་སྒྲོས་དང་མཐུན་པར་སྨྲས་པ་འདིས་ཀྱང་བོད་ཁམས་སྤྱི་དང་། ཁྱད་པར་རེབ་གོང་གི་སྐྱེ་བོ་རྣམས་ལ་ཕན་ཐོགས་འབྱུང་བར་གྱུར་ཅིག །མཁྱེན་རབ་རྗེ་བཙུན་འཇམ་པའི་དབྱངས། །ངུར་སྨྲིག་འཆང་བའི་ཚུལ་མཛད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གསང་སྔགས་བླ་མེད་རྣལ་འབྱོར་པ། །མ་གཏོགས་སྐྱེ་བོ་ཕོ་མོ་རྣམས། །འཕུང་བྱེད་རྒྱུ་ནི་ཆང་ནག་ཡིན། །ཆང་ལ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་ང་རྒྱལ་ཕྲག་དོག་སོགས། །ཉོན་མོངས་སློང་བའི་རྒྱུ་རྣམས་ཚང་། །ཆང་འཐུང་དུས་ན་འདོད་ཆགས་ཆེ། །རང་གི་ཆུང་མས་མི་ཆོག་པར། །བུད་མེད་གཞན་ལ་སྤྱོད་སྙིང་འདོད། །རབ་བྱུང་སྡོམ་པ་ཤོར་བ་ཡང་། །ཆང་ནག་འཐུངས་ནས་ཤོར་བ་མང་། །ཆང་འཐུང་དུས་སུ་ཞེ་སྡང་ཆེ། །སྲོག་གཅོད་ལ་སོགས་སྡིག་པའི་ལས། །ཆང་འཐུང་དུས་སུ་བྱེད་པ་མང་། །ཆང་འཐུང་དུས་སུ་གཏི་མུག་ཆེ། །བདག་གཞན་གཉིས་ཀ་ངོས་མི་ཟིན། །གཏི་མུག་གཉིད་དུ་དབང་མེད་འགྲོ། །ཆང་འཐུང་
དུས་སུ་ཕྲག་དོག་དང་། །ང་རྒྱལ་ཤིན་ཏུ་ཆེ་བ་ཡིན། །འཁོན་འཛིང་འཐབ་རྩོད་འཁྲུག་པ་རྣམས། །ཆང་འཐུང་དུས་སུ་འབྱུང་བ་མང་། །ཆང་འཐུང་མགོ་བཏུམས་ཤི་བ་མང་། །ཆང་འཐུང་མཐའ་ལ་ལྷུང་བ་མང་། །ཆང་འཐུང་དོན་ཆེན་ཤོར་བ་མང་། །ཆང་འཐུང་ནོར་རྫས་བོར་བ་མང་། །ཆང་འཐུང་དགེ་སྦྱོར་ཆག་པ་མང་། །ཆང་འཐུང་གཞན་གྱིས་བསད་པ་མང་། །ཆང་འཐུང་དབུལ་པོར་སོང་བ་མང་། །ཆང་འཐུང་མགོ་བོ་ན་བ་མང་། །ཆང་འཐུང་བདེ་བར་བསམ་པ་དེ། །སྨྱོན་པ་བདེའོ་སྙམ་པ་འདྲ། །ཆང་འཐུང་གཞན་ལ་མཐུ་གཏད་བྱས། །འཐབ་རྩོད་འཁོན་འཛིང་བྱས་པ་ན། །ཕྱི་མར་ལྷ་མ་ཡིན་དུ་སྐྱེ། །ཆང་འཐུང་རྡོ་རྗེའི་སྤུན་གྲོགས་ལ། །ཁྲོས་ན་རྡོ་རྗེ་དམྱལ་བར་སྐྱེ། །ཆང་འཐུང་ཆོས་རྩོད་ང་རྒྱལ་བྱས། །ཕྱི་མར་ལྕེ་ལ་ཐོང་གཤོལ་གྱིས། །བཙུགས་ནས་རྨོ་བའི་དམྱལ་བར་སྐྱེ། །ཆང་འཐུང་རྐུ་འཕྲོག་སྣ་ཚོགས་པ། །བྱས་ན་ཕྱི་མར་ཡི་དྭགས་ནི། །མཚོན་ཆའི་འཁོར་ལོ་ཅན་དུ་སྐྱེ། །ཆང་འཐུང་ངོ་ཚ་ཁྲེལ་མེད་ཀྱི། །བྱ་བ་བྱས་ན་ཕྱི་མ་ལ། །གླེན་ལྐུགས་དུད་འགྲོའི་གནས་སུ་སྐྱེ། །ཆང་འཐུང་ཁྲོས་ནས་
གནོད་སེམས་ཀྱིས། །གཞན་ལ་གྲི་ཡིས་བརྒྱབ་གྱུར་ན། །ཕྱི་མར་དམྱལ་བ་ཡང་སོས་སྐྱེ། །ཆང་འཐུང་གཞན་གྱི་བུད་མེད་ལ། །སྤྱད་ན་ཕྱི་མར་ཤ་མ་ལིའི། །སྡོང་བོའི་རྩེ་ལ་དྲག་ཏུ་འདྲུད། །ཆང་འཐུང་ཁྱི་ཡི་ལུས་སུ་སྐྱེ། །མི་རུ་སྐྱེས་ཀྱང་སྨྱོན་པར་སྐྱེ། །དེ་ཕྱིར་མདོ་སྡེ་དུ་མ་ནས། །ཆང་གི་ཉེས་པ་དུ་མ་གསུངས། །ར་ཁྱི་ཟེར་བའི་སྒྲ་དོན་ནི། །ར་ནི་འཐུངས་ན་ཤེས་རྒྱུད་ནི། །རྭ་ཅོ་བཞིན་དུ་གྱོང་ལ་ཟེར། །ཁྱི་ནི་བཟི་ནས་ཁྱི་སྨྱོན་བཞིན། །དགྲ་སྤུན་གཉིས་ཀ་མི་ཤེས་པར། །མི་འདོད་གནོད་པ་བྱེད་ལ་ཟེར། །ར་ཁྱི་དེ་ཡི་སྟབས་ཀྱིས་ཐོགས། །ཚེ་འདིར་བཟའ་བཏུང་གོན་པ་ཡི། །མཉམ་ལ་མི་ཕན་ཕྱི་མ་རུ། །སྡུག་བསྔལ་མྱོང་རྒྱུའི་བདུད་ཀྱི་ཟས། །ཆང་ནག་འཐུངས་ནས་ཅི་ཞིག་བྱ། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །འཕུང་སྣ་ཐམས་ཅད་འདྲེན་པ་ཡི། །ཆང་ནག་དུག་ཆུ་བདུད་རྩི་བཞིན། །ཧེབ་ཀྱིས་མ་འཐུངས་མ་འཐུངས་ཨང་། །བཅད་ན་ཆང་ནག་བདུད་ཟས་ཆོད། །འཐུངས་ན་ཇ་ཞོ་བཟང་པོ་ཐུངས། །རྒྱལ་བ་བློ་བཟང་གྲགས་པ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །བློ་
བཟང་གྲགས་པའི་བྱིན་རླབས་ཀྱིས། །ཆང་འཐུང་རྣམས་ལ་ཕན་པར་ཤོག །མགར་བ་ཞིག་གི་མདའ་གཞུ་གཉིས། །གཡུ་དང་གསེར་དུ་སྒྱུར་མཛད་པའི། །སློབ་དཔོན་བཻ་རོ་ཙ་ན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་དུ་བ་འཐེན་མཁན་ཚོ། །དུ་བ་སྔོན་དུས་བདུད་མོ་ཡི། །མངལ་ཁྲག་ས་ལ་ལྷུང་བ་ལ། །སྨོན་ལམ་ལོག་པ་བཏབ་པའི་མཐུས། །འཐེན་ན་ཉེས་དམིགས་ཤིན་ཏུ་ཆེ། །དུད་འཐེན་ཉོན་མོངས་ཤིན་ཏུ་རགས། །ཁྱད་པར་ཞེ་སྡང་ཆེན་པོ་སྐྱེ། །དུ་བ་རྒྱུན་དུ་འཐེན་པའི་མིར། །འཕོ་བ་བཏབ་ཀྱང་ཐེབས་པ་དཀའ། །ལྷ་སྲུང་བཟང་བོ་བསྟེན་ན་ཡང་། །དུད་འཐེན་རྣམས་ལ་འཁོར་བ་དཀའ། །དུད་པ་སོང་བའི་ཕྱོགས་དེ་ན། །དཀར་ཕྱོགས་ལྷ་ཀླུ་ཡོད་ན་གནོད། །ཕྱི་མར་དུད་འཐེན་དམྱལ་བར་སྐྱེ། །དུད་འཚོང་དུད་སྒྲོན་འཁོར་ནས་སྐྱེ། །དམ་པ་འགའ་རེས་གསུངས་ཞེས་གྲགས། །ཚེ་འདིར་ཟས་གོས་ཚབ་ཏུ་ཕན། །མི་དགོས་ལྷག་པར་གནོད་པར་འགྱུར། །དབུལ་བོར་སོང་བ་ཕལ་ཆེ་བ། །དུད་འཐེན་མང་པོ་ཡོད་པས་འཕུང་། །ཁྱིམ་ཚང་གཅིག་ལ་དུད་འཐེན་གསུམ། །ཡོད་ན་ཡར་ཡོང་
ཅུང་ཟད་མེད། །དེ་ཕྱིར་འདི་ཕྱི་གཉིས་མི་ཕན། །དུ་བ་ཆོད་ཅེས་མི་གཅོད་ཅིང་། །བཅད་ཀྱང་ཕྱི་ནས་འཐེན་པ་ལ། །བདུད་མོས་བྱིན་རླབས་ཞུགས་པ་ཡིན། །ཡ་རབས་དད་ཅན་ཐམས་ཅད་ཀྱིས། །འདི་ཕྱི་གང་ལའང་མི་ཕན་ཁར། །ལྷག་པར་གནོད་པར་འགྱུར་བ་ཡི། །བདུད་མོའི་དུག་འདི་མ་འཐེན་སྐྱུར། །སློབ་དཔོན་བཻ་རོ་ཙ་ན་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །བཻ་རོ་ཙ་ནས་བྱིན་གྱིས་རློབས། །དུད་འཐེན་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རེབ་གོང་མུན་གླིང་ལྟ་བུ་ལ། །གངས་ལ་ཉི་འོད་འཁྱིལ་འདྲ་བའི། །རྗེ་བཙུན་སྐལ་ལྡན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རོང་གི་མི་ནག་ཕལ་ཆེར་གྱིས། །མཛོ་གཡག་གླང་ལ་ཞིང་རྨོ་དུས། །སྣ་ཕུག་ཚ་སྣ་བླངས་ནས་ཁྲིད། །གཉའ་ཤིང་ལྕི་མོ་གཉའ་ལ་བཞག །ཐོང་ལྕགས་ཟད་པོ་སྣེར་སྤྲད་པའི། །ལྕི་ཞིང་གཤོལ་མདའ་རིང་བ་ཡི། །གཤོལ་ངན་དེ་ཡི་སྟེང་དུ་བཀལ། །སྲ་ལོག་ཉིས་ལོག་རྒྱག་པའི་ཚེ། །ལག་གཉིས་ཤུགས་དྲག་གཤོལ་མནན་ནས། །ཞིང་རྨོས་ཉིན་ནས་
གཉའ་བ་སྐྲངས། །ཟོམ་ལྟར་སོང་ནས་རེག་མི་ཉན། །ས་རྣམས་ཤིན་ཏུ་སྲ་བ་ཡིས། །གཉའ་བ་ན་ནས་འཐེན་མ་ཐུབ། །ཅུང་ཟད་བསྡད་ན་ཁོ་ཁྲོས་ནས། །དབྱུག་པ་ཆག་རག་བར་དུ་བརྡུངས། །རྨ་མེད་ལུས་པོ་ན་ཚས་འགེངས། །བདུད་པོ་རྣམས་ཚོ་དེ་འདྲ་རྡུང་། །ཁྱོད་རྣམས་གཅེས་ཕྲུག་གསོད་མཁན་གྱི། །ལག་དམར་དེ་གཉིས་མ་རེད་མོད། །བརྒྱུགས་ནས་མ་སོང་དལ་མི་རུང་། །སྙིང་རྗེ་མེད་པའི་བདུད་པོ་ཚོ། །ཁྱེད་རྣམས་ཕྱི་ནས་འདྲེ་ཞིག་གིས། །འདེད་ཀི་ཡོད་ནི་མིན་མོ་སྙམ། །ཅུང་ཟད་ངལ་རེ་གསོ་རུ་ཆུགས། །ལག་གཉིས་མནན་ནས་གཤོལ་སའི་གཏིང་། །འགྲོ་གི་བཅུག་ནས་ས་འོག་ན། །ལེན་རྒྱུ་བདུད་པོ་རྣམས་ཚོར་ཅི། །ཁ་ནས་ཡང་མོ་གྱིས་ལ་རྨོས། །ཞིང་གི་ཕ་རིའི་སྣེ་མོ་ནས། །ཚུ་རིའི་སྣེ་ལ་འབུད་རག་བར། །དབྱུག་པས་གསུམ་བཞི་དྲུག་བདུན་རྡུང་། །གཅིག་གཉིས་ཙམ་རེ་མ་མཐའ་བརྡུང་། །དེ་ལྟར་བརྡུངས་ན་ཉིན་རེ་ལ། །ཅི་ཙམ་བརྡུང་གི་བསམ་བློ་ཐོངས། །བདུད་པོ་ཁྱོད་ཚོ་ཞིང་རྨོ་བཞིན། །དབྱུག་པས་བརྡུངས་ན་ཅི་འདྲ་ཡིན། །ཨེ་སྐྱིད་ངེས་པར་སྐྱིད་མོ་སྙམ། །བདུད་པོ་ཁྱོད་རྣམས་རྡུང་ཚུལ་
ཚོར། །བལྟས་ན་སྐྱིད་ཅིག་ཡོད་ལས་ཆེ། །མེད་ན་རང་ལུས་དཔེ་ལོངས་ལ། །མཛོ་གཡག་གླང་རྣམས་གང་ལ་ཡང་། །མི་འདོད་སྡུག་ལ་མ་གཏོད་ཅིག །ཁྱད་པར་སྟེང་ནས་ཉི་མས་བསྲེགས། །ཁོག་ན་ལྟོགས་སྐོམ་གཉིས་ཀྱིས་གདུངས། །གཉའ་ན་ཐུར་དུ་ཤིང་གིས་མནན། །སྔོན་གྱི་སྣ་ནས་བདུད་པོས་འཐེན། །ཕྱི་ནས་བདུད་པོས་བརྡུངས་ནས་དེད། །སྲ་བའི་ལམ་ཁ་རྨོ་བའི་དུས། །ལག་པ་བྲང་གིས་གཤོལ་མནན་ཚེ། །གཉའ་བ་ཁོང་དུ་ཤོར་ནས་འགྲོ། །དབུགས་རྣམས་ཐམས་ཅད་སྟོད་དུ་འཚང་། །ལྕེ་སྣར་ཧ་ཞིང་ལུས་པོ་འདར། །ཤ་རུས་འགས་འདྲའི་སྡུག་བསྔལ་མྱོང་། །ཤ་རུས་འགས་ཀྱང་མ་སོང་ན། །བདུད་པོས་བརྡུངས་ནས་སྡོད་མི་འཇུག །དགོང་དུས་རྩྭ་མེད་ཆུ་མི་ལྡུད། །དམྱལ་བ་ཟེར་བ་གཞན་ན་གང་། །ཁྲེལ་མེད་དེ་འདྲ་མ་བྱེད་ཨང་། །དེ་ལྟར་བྱས་ན་བསོད་ནམས་འཛད། །ཕྱི་མར་དམྱལ་བའི་གནས་སུ་འགྲོ། །མཛོ་གཡག་གླང་གི་ལུས་བླངས་ནས། །གཤིན་རྗེ་ཞིང་རྨོ་བརྡུངས་ནས་འདེད། །ཁྲེལ་མེད་མི་ཚོ་དེ་ཁར་ཆུག །ཚད་ཚད་རན་རན་ཉོས་ནོ་ཡིན། །
སྙིང་རྗེ་ཅན་གྱི་ཁྲེལ་ཡོད་ཚོ། །ཁྲེལ་མེད་བྱ་བ་དེ་མ་བྱེད། །ཞིང་ནི་ལས་ཀྱིས་རྨོ་དགོས་ཀྱང་། །གཉའ་ཤིང་ཡང་མོ་འཇམ་པོ་དང་། །ཐོང་ལྕགས་གསར་བ་སྤྲད་པ་ཡི། །གཤོལ་མདའ་ཧ་ཅང་མི་རིང་ཞིང་། །ཧ་ཅང་མི་ཐུང་འཚམ་པ་དང་། །ལག་པས་ཅུང་ཟད་གནོན་མི་དགོས། །ས་ཡི་གཏིང་དུ་འཛུལ་འགྲོ་བའི། །གཤོལ་བཟང་དེ་འདྲས་རྨོ་བའི་དུས། །རྡོ་དང་དབྱུག་པས་ཧ་ཅང་ནི། །རྔ་ལ་རྡུང་བརྡུང་མ་བྱེད་པར། །གཤོལ་ཡང་ཧ་ཅང་སའི་གཏིང་དུ། །འཛུལ་དུ་མ་འཇུག་ཚད་ཅིག་གིས། །རྨོས་ལ་མཚམས་མཚམས་ངལ་རེ་གསོས། །དགུང་དུས་འདི་གཉིས་སྙིང་རེ་རྗེ། །སྙམ་དུ་རྩྭ་ཆུ་བཟང་བོ་བྱིན། །དེ་ལྟར་བྱས་ན་ཚེ་འདིར་ཡང་། །ཚེ་དང་བསོད་ནམས་ཆེར་མི་གནོད། །ཕྱི་མར་རྣམ་སྨིན་ཆེར་མི་མྱོང་། །རྗེ་བཙུན་སྐལ་ལྡན་རྒྱ་མཚོ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །རྗེ་བཙུན་སྐལ་ལྡན་བྱིན་རླབས་ཀྱིས། །ལོག་རྒྱག་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བདག་ལ་རྒྱལ་བ་ལས་ལྷག་པའི། །དྲིན་ཅན་རྩ་བའི་བླ་མ་མཆོག །ཆོས་རྒྱལ་ངག་གི་དབང་བོ་ལ། །གསོལ་བ་
འདེབས་སོ་བྱིན་གྱིས་རློབས། །ནགས་ལ་འགྲོ་བའི་ཤིང་ཐུན་ཉོན། །ནགས་ལ་ཡར་ལ་འགྲོ་བའི་ཚེ། །སེམས་མེད་ལ་ལས་བོང་བུར་ཞོན། །སྟེང་ནས་གླུ་ཚོ་ལེན་གྱིན་འགྲོ། །སོང་ནས་ནགས་ལ་སླེབས་མ་ཐག །བོང་བུ་རྩྭ་ཆུ་མེད་སར་བཏགས། །རི་ཡི་ཡར་གྱི་ངོས་ལ་སོང་། །ཤིང་མང་བཏུས་ནས་རི་རྩར་འོངས། །བོང་བུའི་མི་ཐེག་ཙམ་ཞིག་བཀལ། །དབྱུག་པ་ཞིག་གིས་བརྡུངས་ནས་དེད། །ལ་རྩ་ཞིག་ཏུ་སླེབས་པའི་ཚེ། །བོང་བུ་དགྱེ་ནས་ཅུང་ཟད་ཅིག །བསྡད་ན་སྟོང་དུ་སྟེར་རྒྱུ་བོ། །ཡེ་ཞེས་དབྱུག་པས་མང་བོ་བརྡུང་། །དེ་ནས་བོང་བུ་ཡར་ལ་སོང་། །ལ་ཡི་རྐེད་དུ་ཐོན་པའི་དུས། །འགྲོ་མ་ཐུབ་པར་ཉལ་བའི་ཚེ། །ཁྲོས་ནས་རྡོ་དང་དབྱུག་པས་བརྡུངས། །ཤ་རྣམས་པགས་པའི་ནང་དུ་བླུགས། །ཕྱི་ནས་རྨ་མེད་ཁོང་ནད་བཅས། །ལུས་པོ་ཐམས་ཅད་ན་ཚས་གང་། །ཡར་ལ་ལངས་ཚེ་ཡང་བརྡུངས་ནས། །རོ་སྨད་འཁྱོགས་ནས་འགྱེལ་ལ་བྱས། །འཆི་ལ་ཐུག་རུང་མ་སོང་ན། །ཅུང་ཟད་ཙམ་ཡང་སྡོད་མི་འཇུག །འགྲོ་ན་ཁལ་ལྕི་འགྲོ་མི་ནུས། །འཆི་ལ་ཁད་ཀྱི་སྡུག་བསྔལ་མྱོང་། །
འཆི་དང་མི་འཆི་གཉིས་ཀྱི་མཚམས། །ཡུལ་ངན་མུ་གེ་ལྗོངས་སུ་སླེབས། །ནས་སྲན་ཆས་སོགས་ཕར་ལ་ཞོག །རྩྭ་ཡང་མི་སྟེར་སྒ་བླངས་ནས། །བྱིས་པ་འགའ་རེས་སྒོ་ཚོ་འདེད། །ཁལ་ལྕི་སྒ་སྟན་ངན་སྟབས་ཀྱིས། །རྒྱབ་རྣམས་ཐམས་ཅད་སྒལ་བར་སོང་། །གློ་དང་རྨེད་གཉིས་ངན་སྟབས་ཀྱིས། །གཡས་གཡོན་གློ་སྐྲངས་འཕོངས་བཤུས་དམར། །ཁྭ་ཏ་སྐྱ་ཀ་སྟེང་དུ་བབས། །ཀ་དང་ཨ་སོགས་སྐད་རིགས་བསྒྱུར། །རྣ་སྤྲུགས་རྔ་མ་ཙབ་ཙུབ་བྱེད། །སྙིང་རྗེ་ཅུང་ཟད་ཙམ་ཡང་མེད། །གཞན་སྡུག་མི་ཤེས་སྙིང་ནག་ཚོ། །ཁྱེད་ཚོར་དེ་འདྲའི་ཁལ་ལྕི་བཀལ། །བརྡུངས་ནས་དེད་ན་ཅི་འདྲ་ཡིན། །རང་གི་ལུས་ལ་དཔེ་ཞོག་ལ། །ཁྲེལ་མེད་ན་རག་མ་བྱེད་ཨང་། །བོང་བུའི་རྒྱབ་རྣམས་སྒལ་བས་ཁེངས། །འཕོངས་ཟད་ཤེད་ངན་ལོ་ལོན་ཡང་། །བོང་བུ་འདི་ཉིད་སྙིང་རེ་རྗེ། །ཉི་མ་ཁ་ཤས་སོས་དལ་དུ། །སྡོད་དུ་ཆུག་ཅེས་ཁྱིམ་ཚང་གི །ནང་ནས་གཅིག་གིས་ཀྱང་བཤད་མི་མེད། །ཉིན་གཅིག་དལ་བུར་སྡོད་མི་འཇུག །ལུད་སྐྱེལ་ཤོག་བཀལ་ཤིང་ཕྱིར་ཁྱེར། །མི་འདོད་སྡུག་བསྔལ་སྣ་དགུ་བོ། །བཅོལ་ནས་རྒས་
ཚེ་གཞན་ལ་བཙོངས། །བཙོང་ས་ཚང་གིས་དེ་བས་ཀྱང་། །སྡུག་ལ་གཏད་ནས་འཆི་བར་འགྱུར། །སྐྱིད་ཅིག་ཉིན་གཅིག་མྱོང་མི་འགྱུར། །དེ་ལྟར་བོང་བུར་མི་བྱམས་པར། །ཁལ་ལྕི་རྡོ་དང་དབྱུག་པས་བརྡུང་། །རྩྭ་ཆུ་མི་སྟེར་རྒས་པའི་དུས། །རྒྱ་ལ་སོགས་པར་བཙོངས་གྱུར་ན། །ཚེ་བསོད་རྒྱས་པ་ཕར་ལ་ཞོག །ཚེ་མཇུག་བོང་བུ་ཙམ་མེད་པར། །ཁྱིམ་ཚང་བཟའ་བ་ཐམས་ཅད་ཀྱིས། །ཁུར་བོ་འཁུར་དགོས་དུས་ཚོད་འབྱུང་། །ཕྱི་མར་བོང་བུ་སོགས་སུ་སྐྱེས། །སྡུག་བསྔལ་དཔག་མེད་མྱོང་བར་ངེས། །དེ་ཕྱིར་དེ་འདྲ་མ་བྱེད་པར། །ཁྲེལ་ཡོད་རྣམས་ཚོ་འདི་བཞིན་མཛོད། །སྒ་སྟན་གློ་རྨེད་འཇམ་པོ་གྱིས། །ཁལ་གང་འགེལ་ཡང་ཡང་མོ་ཁོལ། །རྡོ་དང་དབྱུག་པས་མ་བརྡུངས་པར། །ཡུལ་དུ་བོང་བུ་སླེབས་མ་ཐག །གྲོ་སྲན་ལ་སོགས་ཆས་བཟང་བྱིན། །དེ་ནས་རྩྭ་མང་ཆུ་བླུད་ལ། །ཉི་མ་ཁ་ཤས་ངལ་གསོར་ཆུག །རྒས་ཚེ་བོང་བུ་དྲིན་ཅན་ཞེས། །དྲིན་དེ་ཡང་ཡང་དྲན་བཞིན་དུ། །རྒྱུན་དུ་སོས་དལ་སྡོད་དུ་ཆུག །ཤི་ཚེ་རུས་པར་ཡི་གེ་བྲིས། །དྲིན་གཟོ་མ་ཎི་པདྨེ་ཐོན། །དེ་ལྟར་བྱས་ན་ཚེ་
འདིར་ཡང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །ཕྱི་མ་མཐོ་རིས་ལྷའམ་མིར། །སྐྱེས་ནས་བདེ་ཞིང་སྐྱིད་པར་འགྱུར། །དེ་ཕྱིར་ཁྲེལ་ཡོད་གཞུང་བཟང་ཚོ། །བོང་བུར་དེ་ལྟར་བྱམས་པར་མཛོད། །ཆོས་རྒྱལ་ངག་གི་དབང་པོ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །ཆོས་ཀྱི་རྒྱལ་པོའི་བྱིན་རླབས་ཀྱིས། །ཤིང་ཐུན་རྣམས་ལ་ཕན་པར་ཤོག །ཞལ་ཆེམས་མགུར་དབྱངས་ལེན་བཞིན་དུ། །ཞིང་ཁམས་གཞན་དུ་གཤེགས་པ་ཡི། །མ་ཅིག་ལབ་ཀྱི་སྒྲོན་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྲོག་གི་བུད་མེད་ངན་མ་ཡིས། །བེའུ་ལུ་གུ་རེའུ་ལ། །འོ་མ་ནུ་རུ་མི་འཇུག་པར། །ཡོད་ཚད་བཙིར་ནས་འཐེན་སྟབས་ཀྱིས། །བེའུ་ལུ་གུའི་རོ་སྨད་གུམ། །རྡང་ན་གཞུ་ལྟར་གུག་ནས་འདུག །རྡང་ནས་ཕུད་དུས་ཕོ་ནད་ཀྱིས། །བཟུང་བའི་མི་བཞིན་ལྷོད་པོར་འགྲོ། །སོང་ནས་མར་ནུས་འོ་མ་མེད། །མགོ་རྡུང་བྱས་ནས་ལན་འགའ་འབའ། །ཡི་ཆད་ཅུང་ཟད་དགྱེ་ནས་བསྡད། །དེ་ནས་འོག་ཏུ་བརྒྱུགས་ན་ཡང་། །མ་ཡིས་ནུ་མ་ཚ་སྟབས་ཀྱིས། །ནུ་གི་མི་འཇུག་ཕར་ཚུར་འགྲོ། །སོང་ཚེ་སྔར་ལྟར་གུག་ནས་འདུག །
བདུད་མོས་འོ་མ་བཙིར་སྟབས་ཀྱིས། །རེའུ་ལུ་གུ་གཉིས་ཀྱི་མགོར། །དབྱར་ཡང་དགུན་དེ་འོངས་པ་འདྲ། །ཕུང་པོ་ཐར་ཞིག་ཆོད་མི་འགྱུར། །བེའུ་རྒྱུན་དུ་ཕུར་བར་བཏགས། །རྐེ་ཡི་སྤུ་ཟད་ཕུང་བོ་བཙོག །རྐེ་ཕྲ་ཁོག་སྨད་གུམ་ནས་འདུག །བཏང་ན་ནད་པ་ཟུངས་ཟད་བཞིན། །རྒྱུག་མི་ཐུབ་པར་དལ་བུར་འགྲོ། །འོ་མ་ནུ་རྒྱུ་མེད་པ་དང་། །མ་ཡི་གློ་ནས་མི་སྡོད་པར། །ཚུར་ཚོ་འོངས་ནས་ཅུང་ཟད་འདུག །དེ་ནས་སོང་ནས་ཨེ་ཡོད་བལྟ། །མ་ཡང་ནུ་མ་ཚ་སྟབས་ཀྱིས། །ལན་རེ་ནུ་རུ་མི་འཇུག་འགྲོ། །བེའུ་ལུ་གུ་རེའུ་ནི། །ལས་ངན་རྣམས་ཀྱི་ཨ་མ་ལ། །འོ་མ་ཡོད་ཀྱང་འཐུང་དབང་མེད། །ཉི་མ་གཅིག་ནི་མ་ཡིན་པར། །རྩྭ་ཟ་ཆུ་འཐུང་ཐུབ་རག་བར། །ལྟོགས་སྐོམ་འཁྱག་པའི་སྡུག་བསྔལ་མྱོང་། །ཕར་ལ་མི་འཆི་ཚུར་མི་གསོན། །བེའུ་ལུ་གུ་རེའུ་ལ། །སྡུག་བསྔལ་མྱོང་གི་བཅུག་ནས་ནི། །འོ་མ་ཞོ་ཚོ་འཐུང་བ་དེ། །ཨ་ཕ་ཨ་མ་གཉིས་ཀྱི་ཁྲག །འཐུང་དང་ཁྱད་པར་ག་ལ་ཡོད། །བེའུ་ལུ་གུ་རེའུ་རྣམས། །བདུད་མོའི་རྩ་ན་སྡུག་འདུག་བྱས། །བདུད་མོ་རྣམས་ཚོ་བཟའ་བཏུང་
གཉིས། །མེད་པར་ཉི་མ་མང་བོ་ལ། །འདུག་ཐུབ་བསམ་བློ་ཞིབ་ཏུ་ཐོངས། །དེ་ལྟར་ཕྱུགས་ལ་མ་བྱམས་ན། །ནོར་དང་ར་ལུག་ལོ་རེ་བཞིན། །ནད་ཀྱིས་ཤི་ནས་ཇེ་ཉུང་འགྲོ། །ཤི་ན་བསོད་ཟད་བདུད་མོ་ཚོ། །བདུད་ཟེའུ་བཟུང་ནས་ཅི་འཐེན་སྙམ། །ཕྱི་མར་དེ་ཡི་རྣམ་སྨིན་གྱིས། །བེའུ་ལུ་གུ་རེའུ་རུ། །སྐྱེས་ནས་སྡུག་བསྔལ་མྱོང་བར་འགྱུར། །བདུད་མོ་རྣམས་ཚོ་རང་ལུས་དཔེ། །ཞོག་ལ་ན་རག་མ་བྱེད་ཨང་། །འབྲོག་པའི་བུད་མེད་བཟང་མོ་ཡིས། །བེའུ་ལུ་གུ་རེའུ་ལ། །མ་ཡི་འོ་མ་འཐུང་དུ་བཅུག །ཅུང་ཟད་ཙམ་མིན་མ་བཞོས་པས། །ལུ་གུ་རེའུ་ཐམས་ཅད་སྐྱིད། །རྡང་ན་ཐམས་ཅད་བདེ་བར་ཉལ། །མ་མོ་ར་མ་གཅིག་འབའ་ཡང་། །ཐམས་ཅད་ལངས་ནས་འབའ་དིར་བྱེད། །མང་པོ་འཐེན་ཞིང་ཡང་ཡང་འབའ། །བཏང་ན་དགོ་ཕྲུག་བཞིན་དུ་ལྡིང་། །མ་ཡི་འོག་ཏུ་བརྒྱུགས་ནས་ནུ། །ལྟོ་བ་འགྲངས་ཚེ་ལུས་ཤིག་སྤྲུགས། །འགྱིང་ནས་རྫིང་བཏང་གནམ་ཚོ་ལྡིང་། །ས་འབུར་གང་ཡོད་སྟེང་ཚོ་འགྲོ། །ལྷ་མོས་འོ་མ་མ་འཐེན་པས། །རེའུ་ལུ་གུ་གཉིས་ཀྱི་མགོར། །དགུན་ཡང་དབྱར་དེ་འོངས་དང་འདྲ། །
ཕུང་བོ་ཐམས་ཅད་ཐར་བཅད་ནས། །རེའུ་ལུ་གུའི་ལུས་པོ་མཛེས། །བེའུའི་སྟེང་ན་སྤུ་ཞག་ཡོད། །རི་དྭགས་བཞིན་དུ་ཡིད་དུ་འོང་། །བཟུང་ན་གཞོན་ནུས་མི་ཐུབ་འཆོར། །བཏང་ན་འབྲོང་ཕྲུག་བཞིན་དུ་རྒྱུག །ནུས་ནས་འགྲངས་ཚེ་ས་ཚོ་བསྣམ། །རྔ་མ་བསྒྲེངས་ནས་ཡར་མར་ཚོར། །བརྒྱུགས་པས་ཡུན་རིང་ཟིན་མི་འགྱུར། །བེའུ་ལུ་གུ་རེའུ་རྣམས། །ལྟོ་བ་འགྲངས་སུ་བཅུག་ནས་ནི། །འོ་མ་འཐུངས་ན་ལྷའི་བདུད་རྩི། །འཐུང་དང་ཁྱད་པར་ག་ལ་ཡོད། །བེའུ་ལུ་གུ་རེའུ་རྣམས། །ལྷ་མོའི་རྩ་ན་བདེ་བར་ཉལ། །དེ་ལྟར་ཕྱུགས་ལ་བྱམས་བྱས་ན། །ནོར་དང་ར་ལུག་ལོ་རེ་བཞིན། །ཇེ་མང་ཇེ་མང་འགྲོ་བ་ཡིན། །ཇེ་འཕེལ་སོང་ན་ལྷ་མོ་ཚོ། །ལྷ་ཟེའུ་ཟུངས་ལ་ད་ཡང་འཐེན། །ཕྱི་མར་ཕྱུག་པོའི་གཅེས་ཕྲུག་ཏུ། །སྐྱེས་ནས་འོ་ཞོ་འཐུང་བར་འགྱུར། །ལྷ་མོ་རང་ལུས་དཔེ་ལོངས་ལ། །ཡ་རབས་དེ་འདྲ་གྱིས་ཤིག་ཨང་། །མ་ཅིག་ལབ་ཀྱི་སྒྲོན་མ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །མ་ཅིག་ལབ་སྒྲོན་བྱིན་རླབས་ཀྱིས། །བུད་མེད་རྣམས་ལ་ཕན་པར་ཤོག །ཉོན་དང་ཁྱིམ་པ་
ཕོ་མོ་ཚོ། །ཁྱིམ་ཚང་ངན་པས་སྒོ་ཁྱི་ལ། །ལྟོ་མ་བླུད་པས་གཞུ་ལྟར་གུག །སྒོ་རྩར་ཆ་མེད་མི་བྱུང་དུས། །ཁྱི་དེ་ཟུག་ཚེ་ཁྱིམ་དུ་བལྟས། །སྐད་ནི་སྙོམས་སྙོམས་ཞིག་ཕུད་ནས། །འུག་གེ་འུག་གེ་ལན་འགའ་ཟུག །ཁྱིམ་ན་བཟའ་བཏུང་ཞིག་གི་སྒྲ། །གྲག་པ་ཐོས་ན་ནང་དུ་རྒྱུགས། །སོང་ན་རོ་འདྲད་ཀ་ལ་ལྟོས། །ཟེར་ཞིང་རྡོ་འམ་དབྱུག་པ་ཡིས། །བརྡུངས་ནས་སོང་ཟེར་སྒོ་རུ་འདེད། །ངུ་ཟུག་བྱེད་ཅིང་རྐང་ལག་འཐེང་། །ཨ་ལོང་བཞིན་དུ་འཁྱིལ་ནས་ཉལ། །རྒས་ཚེ་མཚེར་ནས་འཇོག་པ་མང་། །སྒོ་ཡི་ཁྱི་དེ་རྒུད་ཙ་ན། །ཁྱིམ་ཚང་དེ་བའི་མཚང་ཞིག་ཡིན། །ཕྱི་མར་རྣམ་སྨིན་ཤིན་ཏུ་ཆེ། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །ཁྲེལ་མེད་དེ་འདྲ་མ་བྱེད་ཨང་། །ཉོན་དང་ཁྱིམ་པ་ཕོ་མོ་རྣམས། །ཁྱིམ་ཚང་བཟང་པོས་སྒོ་ཁྱི་ལ། །ལྟོ་མང་བླུད་པས་མདའ་ལྟར་དྲང་། །སྒོ་རྩར་ཆ་མེད་མི་བྱུང་དུས། །ཟུག་ཚེ་ངར་སྐད་ཤིན་ཏུ་མཐོ། །རྒྱུག་ཚེ་རྟ་བས་བང་མགྱོགས་ཤིང་། །མཆོངས་ཚེ་རྒྱ་སྟག་བཞིན་དུ་ལྡིང་། །འདུག་ཚེ་སེང་གེ་བཞིན་དུ་འགྱིང་། །སྒོ་ཡི་ཁྱི་དེ་དར་ཙ་ན། །ཁྱིམ་ཚང་དེ་བའི་རྒྱན་ཞིག་ཡིན། །ཕྱི་མར་ཕན་ཡོན་
དཔག་མེད་འཐོབ། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །ཡ་རབས་དེ་འདྲ་གྱིས་ཤིག་ཨང་། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ཁྱིམ་པ་ཕོ་མོ་ཡོངས་ལ་ཕན་ཕྱིར་སྨྲས་པའོ། །ཁྱིམ་པ་དད་ཅན་རྣམས་ཚོ་ཉོན། །ཁྱིམ་ཚང་ངན་པས་གཡོག་པོ་ཡི། །ལུས་ལ་ཆད་ཆོད་ཚེམས་དུག་བསྐོན། །སྐོམ་དུ་ཇ་མིན་ཆུ་མིན་ལྡུད། །ཟས་སུ་ངན་ངོན་དམན་ཟས་སྟེར། །འགྲོ་ན་རྒྱུན་དུ་རྐང་ཐང་འགྲོ། །འདུག་ཚེ་ཀུན་གྱི་འགབ་ཏུ་འཇོག །བུ་དང་གཡོག་པོར་ཁྱད་པར་ཆེ། །ཅུང་ཟད་ཙམ་ཞིག་མ་ལན་ཀྱང་། །གཡོག་ནག་འདིས་ཟེར་བསྡིག་དང་བརྡུང་། །ནངས་པར་ལུག་རྫི་ལ་སོགས་ལ། །འགྲོ་ན་ད་ཁྱོད་འགོར་བུད་ཐལ། །རེམ་རེམ་ཟོ་ཟོ་ཐུངས་ཐུངས་ཞེས། །ཟ་དབང་འཐུང་དབང་མི་སྟེར་འདེད། །ཉིན་པར་རི་ནས་གྲང་ཞིང་ལྟོགས། །དགོང་མོ་ཡུལ་དུ་འོངས་པའི་ཚེ། །ངན་ངོན་གྲང་རྙོག་བཟའ་བཏུང་སྟེར། །མྱུར་དུ་ཟོ་ཐུངས་འདི་ལས་དགོས། །ཟེར་ནས་མར་གྱི་སྒོ་ཚོ་འགྲོ། །ཅུང་ཟད་ཙམ་ཞིག་འགོར་མི་ཉན། །ཁྱིམ་ན་གཡོག་རྒན་ཁྱོད་ཅིག་གིས། །མནན་འདྲ་ཡོད་ནི་མ་ཡིན་ནམ། །མིད་པར་བཟའ་བཏུང་མི་ཐར་རམ། །
ཤོག་ཟེར་ཚིག་ངན་སྣ་ཚོགས་སྨྲ། །དེ་ལྟར་གཡོག་པོ་བྱས་གྱུར་ན། །ཁྱིམ་ཚང་བཟའ་བ་ངན་ཚུལ་གྱི། །གཏམ་ངན་ཕྱོགས་བཅུར་གཡོག་པོས་སྒྲོག །བསྒྲགས་ཚེ་མི་ཁས་ལུང་བ་འགེངས། །ཕྱིན་ཆད་གཡོག་པོར་འདུག་མི་མེད། །ཕྱི་མར་གཞན་གྱི་བྲན་དུ་འགྱུར། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །མ་རབས་བྱ་བ་དེ་ཚོ་སྤོངས། །ཁྱིམ་པ་ཕོ་མོ་འདི་ལ་ཉོན། །ཁྱིམ་ཚང་བཟང་པོས་གཡོག་པོ་ལ། །དྲོ་འཇམ་ལེགས་པའི་གོན་པ་བསྐོན། །བཟའ་བཏུང་ནམ་མཁོའི་དུས་སུ་སྟེར། །འགྲོ་ན་རྟ་སོགས་ཞོན་ནས་འགྲོ། །འདུག་ཚེ་གང་དུ་བསྡད་ཀྱང་ཆོག །བུ་དང་གཡོག་པོར་ཁྱད་པར་མེད། །ནངས་པར་ལུག་རྫི་ལ་སོགས་སུ། །འགྲོ་ཚེ་བཟའ་བཏུང་བརྒྱགས་རེ་སྟེར། །དགོང་དུ་ཨེ་འོང་སྔོན་ནས་བལྟ། །འོངས་ཚེ་གྲང་དང་ལྟོགས་ཡོད་ཅེས། །ཚ་ཞིང་མངར་བའི་ཇ་རྒོད་ལྡུད། །སྣུམ་ཞིང་ཞིམ་པའི་ཟ་མ་བྱིན། །བརྒྱགས་རུང་ད་དུང་ཟོ་ཟོ་ཟེར། །དེ་ལྟར་གཡོག་པོར་བྱས་གྱུར་ན། །ཁྱིམ་ཚང་བཟའ་བ་བཟང་ཚུལ་གྱི། །སྙན་པ་ཕྱོགས་བཅུར་གཡོག་པོས་སྒྲོག །བསྒྲགས་ན་སྙན་པས་ས་སྟེང་འགེངས། །ཕྱིན་ཆད་གཡོག་པོར་འདུག་པ་
མང་། །ཕྱི་མར་གཞན་གྱི་རྒྱལ་པོར་འགྱུར། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །ཡ་རབས་བྱ་བ་དེ་འདྲ་གྱིས། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆ་ལུགས་མ་ངེས་སྣ་ཚོགས་བྱེད། །ངོ་མཚར་གསུང་བྱོན་གདུལ་བྱ་འདུལ། །གྲུབ་ཐོབ་འབྲུག་པ་ཀུན་ལེགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དང་པོ་ཨ་མཆོད་མིང་སྙན་པོ། །འོང་མ་ཐག་ནས་ཨ་མཆོད་ཟེར། །སྦྲ་གུར་ཕུགས་ནས་སྟན་ཙེ་བཏིང་། །ཨ་མཆོད་ག་ནས་སྡོད་ཚོ་ཟེར། །ཇ་ཚོ་བླུད་ནས་སྒོ་ཚོ་འགྲོ། །ངེད་ཀྱིས་ཨ་མཆོད་ཅིག་བཞག་ཅེས། །བསྡད་མ་ཁད་ནས་ཀུན་ལ་གྲགས། །ཀུན་གྱིས་ཨ་མཆོད་ཨ་མཆོད་ཟེར། །ཁོས་ཀྱང་ཨ་མཆོད་ཁུར་དེ་བཟུང་། །སྟན་ཙེའི་སྟེང་ནས་ཙོག་པུར་བསྡད། །གང་ཐོན་ཟེར་བའི་ཆོས་ཁ་འབྱེད། །བར་དུ་ཨ་མཆོད་ལས་སྒྲིབ་ཅན། །མལ་ནས་ཅུང་ཟད་འདུག་ཁོམ་མེད། །ཨ་མཆོད་ཨ་མཆོད་འདིར་ཤོག་ཟེར། །ཕྱིར་ལ་ཆོས་ཀྱི་ཁ་དེ་བསུམས། །ཡར་ལངས་མར་གྱི་ལྷམ་གྱོན་ནས། །རེ་འགའ་ལུ་གུའི་རྡང་ན་ཡོད། །རེ་འགའ་བེའུའི་རྐེ་ལ་འཇུས། །རེ་འགའ་ལུག་གི་ཕྱི་ན་ཡོད། །
ཉིན་རེ་ལ་ལོའི་རྫི་བོ་ཡིན། །བར་བར་ནོར་ལ་ལྟ་རུ་འགྲོ། །ཁྱིམ་ཚང་བཟའ་བ་ཆེ་ཆུང་གིས། །ཨ་མཆོད་ཨ་མཆོད་རེམ་རེམ་ཞེས། །མིང་ནས་རྩེག་གི་རྩེག་གི་འབོད། །ཨ་མཆོད་མཚན་ནས་བཟུང་མ་ཐག །ཕར་ལ་གྲུ་གུ་འདྲིལ་འདྲིལ་དང་། །ཚུར་ལ་འཕང་ལོ་འཁོར་འཁོར་བྱེད། །གཡོག་པོའི་གདན་ས་ཨ་མཆོད་འཕྲོག །ཨ་མཆོད་མན་ན་གཡོག་པོ་གང་། །གཞན་གྱི་མི་ཡིས་བལྟས་པའི་ཚེ། །ཨ་མཆོད་བྱ་བ་ཐམས་ཅད་ལ། །དགོད་རྒྱུ་ངུ་རྒྱུ་གཉིས་ཀ་ཡོད། །ཀུན་གྱི་ཁ་ནས་ཨ་མཆོད་ཅེས། །འབོད་པའི་དུས་སུ་དགོད་རེ་བྲོ། །ཆད་ཆོད་ཨ་མཆོད་སྐུ་ལ་གསོལ། །ངན་ངོན་བཞེས་ཚེ་ངུ་རེ་བྲོ། །ཆ་མེད་རྣམས་ཀྱིས་གཡོག་པོ་དང་། །ཨ་མཆོད་གཉིས་ཀ་མི་ཤེས་པར། །གཡོག་པོ་ཨ་མཆོད་གཉིས་ལ་བལྟས། །ཁྱེད་ཀྱི་ཨ་མཆོད་གང་ཡིན་ཞེས། །དྲིས་ཚེ་ཡོན་བདག་ངོ་རེ་ཚ། །ལ་ལས་འཆུགས་ནས་གཡོག་པོ་ལ། །ཨ་མཆོད་ཨ་མཆོད་འདིར་ཤོག་ཅེས། །ཟེར་བའི་ཚེ་ན་བཞད་གད་འཆོར། །བར་བར་ཨ་མཆོད་ལས་སྒྲིབ་ནི། །ཅུང་ཟད་ཟད་དུས་མལ་ནས་བསྡད། །ཆོས་ཀྱི་ཁ་ཕྱེས་བཏོན་པའི་མོད། །
སྐུ་ཡི་གོན་པ་ངན་པའི་སྟབས། །རྒྱབ་ནས་ཨ་མཆོད་ཤིག་གིས་བཞེས། །ལག་གཉིས་མ་སླེབས་ཕུང་བོ་འགུལ། །འོག་གི་སྟན་ཙེ་སྲབ་པའི་སྟབས། །འཕོངས་ཤ་རྐང་བ་སྦྲིད་ནས་ནི། །འདུག་མ་ཐུབ་པར་འཕག་ཤད་བྱས། །ངན་ངོན་བཟའ་བཏུང་བྱས་པའི་སྟབས། །རྒྱུ་མས་འུར་ལྡིར་མང་བོ་བྱས། །རྒྱུན་དུ་ཨ་མཆོད་སྒོ་རུ་རྒྱུག །ཕྱིར་འོངས་ཆོས་ཀྱི་བམ་ཁར་བལྟས། །མ་ཁོམ་སྟབས་ཀྱིས་ཅང་མ་སོང་། །མི་འགྲུབ་འདུག་སྙམ་ལ་ཡོག་ནས། །ཤོག་གུ་ཁ་ཤས་རྫོགས་ནས་བཏང་། །ཡོན་བདག་ཡོད་དུས་ཅུང་ཟད་བཏོན། །རྫོགས་འདོན་གཉིས་ཀ་སྦྲགས་མ་བྱས། །ཨ་མཆོད་ཆོས་ནི་དེ་ལྟར་འདོན། །ཡོན་བདག་ཆོས་ཀྱི་ཕན་ཡོན་ཡང་། །ཆད་ཆོད་དེ་འདྲ་ཙམ་ཞིག་ཐོབ། །ད་ལྟ་སྙིགས་མའི་དུས་སྐབས་འདིར། །འབྲོག་པའི་ཕྱུག་པོ་ཕལ་ཆེར་གྱིས། །ཨ་མཆོད་ཟེར་བའི་ཧ་ངས་གོ །ཨ་ནི་ཨ་ཡི་ཨ་མྱེ་དང་། །ཨ་རྒྱ་ཨ་ལྕེ་རྣམས་ཚོ་རེད། །མཆོད་ནི་དེ་རྣམས་ཐམས་ཅད་ཀྱིས། །ཨ་མཆོད་དེ་ལས་འདི་གྱིས་སོགས། །ལས་ཀ་མང་པོ་བཅོལ་བཅོལ་ནས། །བསམ་ཁོམ་སྒོམ་ཁོམ་ཕར་ལ་
ཞོག །མཆོད་ཅིག་འདོན་ཁོམ་མེད་པས་ན། །ཨ་མཆོད་དེ་ཡི་སྟབས་ཀྱིས་ཐོགས། །ཨ་མཆོད་སྡུག་བསྔལ་འཛད་མེད་པོས། །ལོ་དང་ཟླ་བ་མང་པོའི་བར། །ཆར་ཆུའི་ནང་དུ་མང་པོ་འགྱེལ། །མུན་པའི་ནང་དུ་རྐང་རྡོར་བརྒྱབ། །ཉི་མའི་ནང་དུ་ཚ་བས་བསྲེག །ལུས་ངག་ངལ་བ་དུ་མ་བླངས། །གཡོག་ནི་དཀར་ནག་གཉིས་ཀ་བྱས། །ཐ་མ་ཨ་མཆོད་ལག་སྟོང་པོ། །རང་གི་ཡུལ་དུ་ལྡོག་པའི་དུས། །ཆོས་བཏོན་འབུལ་བ་མི་དགོས་ནི། །ཨོང་བ་བཏུས་པའི་ཚེགས་རིན་མེད། །ཨ་མཆོད་གོན་པ་ས་ཡིས་ཟིན། །ཨ་མཆོད་ངོ་ཚོ་ཐལ་ཕྱུར་རེ། །ཨ་མཆོད་ཤ་སྐམ་མདོག་ཀྱང་ཉམས། །ཨ་མཆོད་ལག་པ་ནག་ཅིང་རྩོམ། །ཨ་མཆོད་ལྷམ་ཟད་འདམ་གྱིས་གོས། །ཨ་མཆོད་ཆོས་གོས་དུད་པར་སོང་། །ཨ་མཆོད་རྒྱབ་ཀྱི་གོན་རྒྱུ་བཙོག །ཨ་མཆོད་བཅིང་རྒྱུའི་སྐེ་རགས་བཙོག །ཨ་མཆོད་མགོ་ཡི་ཞྭ་ཡང་བཙོག །ཨ་མཆོད་རྐང་གི་ལྷམ་ཡང་བཙོག །ཨ་མཆོད་ཕུལ་བའི་རྟ་ཡང་བཙོག །ཨ་མཆོད་འཁྱེར་རྒྱུའི་སྐལ་ཡང་བཙོག །བཙོག་འདྲེ་མང་བོ་བྱིན་སྟབས་ཀྱིས། །ཨ་མཆོད་བསམ་པ་དེ་ཡང་བཙོག །
ཁོག་ནས་བརྒྱ་བསམ་མི་འགྲུབ་རྒྱུ། །ཚང་གི་འབུལ་བ་ངན་གི་སྙམ། །བཞིན་མདངས་གནག་ནས་རང་ཡུལ་བསྙེགས། །ཡུལ་དུ་སླེབས་ཚེ་ཡུལ་བ་དང་། །ཁྱིམ་མཚེས་ཐམས་ཅད་སྔོན་དུ་རྒྱུགས། །འབུལ་བ་ཅི་ཞིག་བྱིན་སྙམ་ནས། །ཡུལ་མི་ཁྱིམ་མཚེས་ཐམས་ཅད་ཀྱིས། །ཁྱོད་ལ་འབུལ་བ་ཅི་བྱིན་འདྲི། །དྲིས་ཚེ་འདི་ཚོ་བྱིན་ནོ་ཞེས། །བཤད་ཚེ་ཐམས་ཅད་ཁ་ལོག་ནས། །ཨ་ཁ་དེ་འདྲ་ཅིག་ཚང་གི །གཡོག་པོར་བསྡད་ཀྱང་སྟེར་བར་འདུག །མ་རབས་བསེ་རག་ཡི་དྭགས་སོགས། །གཏམ་ངན་མི་ཁས་ལུང་བ་འགེངས། །ཕྱིན་ཆད་ཨ་མཆོད་འདུག་མཁན་དཀོན། །འབྲོག་གི་ཕྱུག་པོ་ཕལ་ཆེར་གྱི། །ཨ་མཆོད་བྱས་ནས་སྡོད་པ་ལས། །རོང་གི་ཕྱུག་པོ་བཟང་པོ་ཡི། །གཡོག་པོ་བདེ་བར་ཉལ་བས་སྐྱིད། །ཨ་མཆོད་ཡར་ལ་མི་མཆོད་པར། །མར་གྱི་གཡོག་པོ་བྱེད་ན་ནི། །མ་བཞག་ཉེས་པ་མེད་པས་བཟང་། །གཡོག་པོ་བྱས་ན་ཚེ་འདི་རུ། །ཚེ་བསོད་རྒྱས་པ་ཕར་ལ་ཞོག །ཚེ་བསོད་འཛད་པའི་རྒྱུ་རུ་འགྱུར། །ཕྱི་མར་གཞན་གྱི་བྲན་གཡོག་ཏུ། །སྐྱེས་ནས་སྡུག་བསྔལ་དུ་མ་མྱོང་། །
ཨ་མཆོད་དཔེར་ན་མེ་དང་འདྲ། །མེ་དེ་བཞག་ན་ཐམས་ཅད་དྲོས། །གཏོར་ན་སྣོད་གོས་འཚིག་པ་བཞིན། །ཨ་མཆོད་ཕུགས་ཀྱི་མལ་ནས་བཞག །མཆོད་ན་ཚེ་དང་བསོད་ནམས་རྒྱས། །ཨ་མཆོད་ཡར་མར་མངགས་གྱུར་ན། །ཚེ་དང་བསོད་ནམས་འཛད་པར་འགྱུར། །མ་རབས་དད་མེད་ཐམས་ཅད་ལ། །ཚིག་འདི་བཤད་ན་ཉན་མཁན་མེད། །ཆུ་ངན་ཐུར་དུ་རྒྱུག་པ་དེ། །བཀག་པས་ཁོག་པ་ངས་མ་མཐོང་། །མ་རབས་དད་མེད་དེ་དང་འདྲ། །དེ་ཚོར་ཚིག་འདི་བཤད་པ་མིན། །ཡ་རབས་དད་པ་ཅན་རྣམས་ལ། །བཤད་མ་ཐག་ཏུ་ཁ་ལ་ཉན། །རྟ་ཁ་ཐུར་དུ་འགྲོ་བ་དེ། །སྲབ་ཀྱིས་བསྒྱུར་ན་གྱེན་དུ་འགྲོ། །ཡ་རབས་དད་ཅན་དེ་དང་འདྲ། །དེ་ཚོར་ཚིག་འདི་སྨྲས་པ་ཡིན། །གོ་ཚད་འབྲོག་པའི་ཡ་རབས་ཀྱི། །དད་ཅན་རྣམས་ཀྱིས་ཨ་མཆོད་ལ། །ཁྲེལ་མེད་དེ་འདྲ་མ་བྱེད་ཨང་། །གྲུབ་ཐོབ་འབྲུག་པ་ཀུན་ལེགས་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །འབྲུག་པ་ཀུན་ལེགས་བྱིན་རླབས་ཀྱིས། །འབྲོག་པ་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ནི་དད་ལྡན་སློབ་བུ་ལྷ་འབྲུག་དགེ་སློང་ལ་སྨྲས་པའོ། །ཆུ་བོར་ས་ལ་འགྲོ་བཞིན་
གཤེགས། །མཁའ་ལ་བྱ་ལྟར་འཕུར་བ་ཡི། །རས་ཆུང་རྡོ་རྗེ་གྲགས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དང་པོ་ཨ་མཆོད་ལས་ཅན་པོ། །ཡོན་བདག་ཨ་མཆོད་ཕེབས་ཀི་ཞེས། །མིག་གིས་མཐོང་ཚེ་སྔོན་ནས་བསུ། །ཐག་རྒྱང་གང་ལ་སླེབས་ཙ་ན། །སྦྲ་གུར་གང་ཡིན་སྒོ་ཡར་བཏེགས། །ཕུགས་སུ་རབ་ཏུ་འཇམ་པའི་གདན། །མཐུག་པོ་མཛེས་པར་བཞུགས་སུ་བཅུག །ཨ་མཆོད་མདུན་དུ་ཅོག་ཙེ་བཞག །ཕྱེ་མར་ལ་སོགས་བཟའ་བ་ཕུལ། །ཇ་བཟང་ཚ་ཞིང་མངར་བ་དྲངས། །དམ་ཆོས་འདི་འདྲ་གསུང་དགོས་ཞེས། །ལུས་ངག་གུས་པས་སྙན་དུ་ཞུ། །དམ་ཆོས་བླངས་ནས་སྤྱི་བོར་བཞག །ཡར་ལ་ཨ་མཆོད་ཕྱག་ཏུ་ཕུལ། །སྤོས་སྒྲོན་མར་མེ་དུ་མ་སྦར། །ཕྱག་དང་སྐོར་བ་མང་པོ་བྱ། །བར་དུ་ཨ་མཆོད་བདེ་སྐྱིད་པོ། །གོམ་གང་འགྲོ་མི་དགོས་པས་བདེ། །ན་བཟའ་མང་པོ་ཕུལ་སྟབས་ཀྱིས། །ཨ་མཆོད་ཟ་བའི་ཤིག་མེད་བདེ། །སྟན་ཡང་འཇམ་ཞིང་མཐུག་སྟབས་ཀྱིས། །ཨ་མཆོད་འཕོངས་ཤ་རྐང་བ་བདེ། །ཁོག་ཏུ་ཤ་ཐུད་མར་ལ་སོགས། །ཟོས་པས་ཨ་མཆོད་
ལུས་པོ་བདེ། །ཁྱད་པར་ཇ་བཟང་འཐུང་སྟབས་ཀྱིས། །ཨ་མཆོད་སྨྲ་ལྕེ་ཤིན་ཏུ་བདེ། །ཨ་མཆོད་ཡར་མར་ཕེབས་པའི་ཚེ། །ཡོན་བདག་བསུ་སྐྱེལ་བྱེད་པས་བདེ། །དམ་ཆོས་བཏོན་པ་ཕར་ལ་ཞོག །ཨ་མཆོད་གོ་བ་ཅན་ཡིན་ན། །བསམ་སྒོམ་གཉིས་ཀྱང་བྱ་བ་ཡིན། །དེ་ལྟར་བཏོན་བསམས་བསྒོམས་ཙ་ན། །ཡོན་བདག་ཕན་ཡོན་དཔག་མེད་འཐོབ། །ཨ་མཆོད་ཟེར་བའི་སྒྲ་དོན་ནི། །ཨ་ནི་ཨ་ཕ་ཨ་མ་ལས། །ཨ་དུར་ལྷག་པའི་ཨ་མཆོད་ལ། །ལུས་ངག་བཀུར་སྟི་བྱེད་ལ་ཟེར། །མཆོད་ནི་རང་ལ་གང་ཡོད་རྣམས། །ནང་ནས་གང་བཟང་གང་གཅེས་ཀྱི། །ཟས་གོས་ནོར་གྱིས་མཆོད་ལ་ཟེར། །ཨ་མཆོད་དེ་ཡི་སྟབས་ཀྱིས་ཐོགས། །ལོ་དང་ཟླ་བ་མང་བོའི་བར། །ཨ་མཆོད་ལུས་བདེ་ཁ་སྐྱིད་བརྒྱབ། །ཐ་མ་ཨ་མཆོད་སྐུ་བསོད་ཅན། །རང་གི་ཡུལ་དུ་འབྱོན་པའི་སྐབས། །ཨ་མཆོད་ན་བཟའ་སྣུམ་གྱིས་ཟིན། །ཨ་མཆོད་ཞལ་ཡང་སྣུམ་ཙིག་གེ །ཨ་མཆོད་ཤ་གསོག་སྐུ་མདོག་བཟང་། །ཨ་མཆོད་ཕྱག་ཀྱང་དཀར་ཞིང་འཇམ། །ཨ་མཆོད་ལྷམ་བཟང་སྐམ་ཐག་གེ །ཨ་མཆོད་ཆོས་གོས་སྤོས་དྲི་བྲོ། །ཨ་མཆོད་སྐུ་ཡི་
ན་བཟའ་ལེགས། །ཨ་མཆོད་བཅིངས་པའི་སྐེ་རགས་ལེགས། །ཨ་མཆོད་མགོ་ཡི་ཞྭ་ཡང་ལེགས། །ཨ་མཆོད་ཞབས་ཀྱི་ལྷམ་ཡང་ལེགས། །ཨ་མཆོད་ཕུལ་བའི་རྟ་ཡང་ལེགས། །ཨ་མཆོད་འཁྱེར་རྒྱུའི་སྐལ་ཡང་ལེགས། །ལེགས་པོ་མང་པོ་ཕུལ་སྟབས་ཀྱིས། །ཨ་མཆོད་བསམ་པ་དེ་ཡང་ལེགས། །ཅི་བསམ་ཐམས་ཅད་འགྲུབ་རྒྱུ་ཚང་། །ང་ལ་འབུལ་བ་བཟང་གི་སོགས། །ཁ་འཇམ་ཚིག་གི་གཏང་རག་གཏོང་། །ཡོན་བདག་དགའ་ཞིང་སྤྲོ་བ་སྐྱེ། །ཨ་མཆོད་དགའ་བཞིན་རང་ཡུལ་ཕེབས། །ཡུལ་དུ་ཕེབས་ཚེ་ཡུལ་བ་དང་། །ཁྱིམ་མཚེས་རྣམས་ཀྱང་སྔོན་དུ་བརྒྱུགས། །འབུལ་བ་ཅི་ཞིག་ཕུལ་སྙམ་ནས། །ཡུལ་མི་ཁྱིམ་མཚེས་ཐམས་ཅད་ཀྱིས། །ཁྱེད་ལ་འབུལ་བ་ཅི་བྱིན་འདྲི། །དྲིས་ཚེ་འདི་ཚོ་བྱིན་ནོ་ཞེས། །བཤད་ཚེ་ཐམས་ཅད་ཁ་མཐུན་པར། །ཡོན་བདག་དེ་བ་དྲིན་ཅན་ཚང་། །ཁ་རྗེ་ཡར་ལ་འགྲོ་གི་ཆུག །ལ་སོགས་ལེགས་པའི་སྨོན་ལམ་འདེབས། །ཡོན་བདག་དེ་བས་ངེད་ཚང་ལ། །འདི་ཚོ་བྱིན་ཞེས་ཡོངས་ལ་སྒྲོག །ཀུན་གྱིས་གོ་ནས་ཡོན་བདག་དེ། །ཚེ་རིང་བཀྲ་
ཤིས་ལ་སོགས་པའི། །གཏམ་སྙན་སྒྲོག་ཅིང་ཕལ་ཆེར་གྱིས། །དེ་བས་ཕྱིན་ཆད་ངེད་ཚང་གི །བླ་མ་བནྡེ་འདི་ཚོའི་གཅིག །ཨ་མཆོད་ཅིག་ལ་ཨེ་འཇོག་སྙམ། །ཕྱིན་ཆད་ཨ་མཆོད་འཇོག་པའི་དུས། །ང་འདུག་ཟེར་བ་མང་པོ་འབྱུང་། །ཨ་མཆོད་གང་གི་གང་བཟང་རྣམས། །ཡོན་བདག་དེ་ཡི་ལག་ཏུ་འོང་། །རོང་གི་གྲོང་དང་དགོན་པ་ལ། །གནས་པའི་བླ་མ་ཕལ་ཆེར་ལས། །འབྲོག་པའི་ཕྱུག་པོ་ཡ་རབས་ཀྱི། །ཨ་མཆོད་བདེ་བར་བསྡད་པས་སྐྱིད། །ཨ་མཆོད་ཡར་ལ་མཆོད་པའི་མཐུས། །ཚེ་འདིར་ཚེ་དང་བསོད་ནམས་དང་། །རླུང་རྟ་སྙན་གྲགས་ཆེས་ཆེར་རྒྱས། །ཕྱི་མར་རྒྱལ་པོ་བློན་པོ་སོགས། །མཐོན་པོའི་རིགས་སུ་སྐྱེས་ནས་ནི། །གཞན་གྱིས་མཆོད་ཅིང་བཀུར་བར་འགྱུར། །ཨ་མཆོད་དཔེར་ན་ནོར་བུ་འདྲ། །ཡིད་བཞིན་ནོར་བུ་མཆོད་བྱས་ན། །དགེ་ལེགས་བཀྲ་ཤིས་འབྱུང་བ་བཞིན། །ཨ་མཆོད་རྟག་ཏུ་མཆོད་བྱས་ན། །ལེགས་ཚོགས་ཐམས་ཅད་འབྱུང་བར་འགྱུར། །དེ་ཕྱིར་འབྲོག་གི་ཡ་རབས་རིགས། །དད་ཅན་ཀུན་གྱིས་ཨ་མཆོད་ནི། །དེ་ལྟར་མཆོད་ཅིང་བཀུར་སྟི་གྱིས། །རས་ཆུང་རྡོ་རྗེ་
གྲགས་པ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །གྲུབ་ཆེན་རས་ཆུང་བྱིན་རླབས་ཀྱིས། །འབྲོག་པ་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དཔལ་ལྡན་བླ་མ་ཆོས་ཀྱི་རྒྱལ་པོ་དེ། །དད་ལྡན་བདག་གི་སྤྱི་གཙུག་རྒྱན་དུ་བཞུགས། །སྐལ་ལྡན་སློབ་མའི་བློ་ཁ་ཆོས་ལ་སྒྱུར། །ཤེས་ལྡན་བུ་ཁྱོད་བླང་དོར་གནས་ཤེས་མོད། །འོན་ཀྱང་མི་བརྗེད་དྲན་གསོ་གསལ་འདེབས་དགོས། །གསལ་འདེབས་གླུ་འདིར་ཉོན་ཅིག་སྙིང་གི་བུ། །མཚན་ཉིད་ཚང་བའི་བླ་མ་ཕལ་ཆེར་དང་། །ཁ་སེམས་མཐུན་པའི་གྲོགས་པོ་གཤེགས་པ་དང་། །ལྷ་དང་འདྲ་བའི་ཡུལ་མི་ཁྱིམ་མཚེས་དང་། །དད་གཏོང་ཆེ་བའི་ཡོན་བདག་ཕོ་མོ་རྣམས། །ཕལ་ཆེར་ཚེ་མཐར་མ་ཕྱིན་གློ་བུར་དུ། །འཇིག་རྟེན་ཕ་རོལ་སོང་བའི་ཚུལ་རྣམས་སོམས། །འོ་སྐོལ་ཐམས་ཅད་དེ་ཡི་རང་བཞིན་ཡིན། །སྙིགས་དུས་ཚེ་ཐུང་ཚེ་ལ་གནོད་པ་མང་། །ཚར་མེད་འདྲེ་འདུལ་གྲོང་ཆོག་བྱ་བ་བཞག །སྙིང་ནས་དམ་པའི་ལྷ་ཆོས་བྱེད་རེ་རན། །གྲོང་ཆོག་ཟེར་བའི་འཕྲལ་དུ་ཕན་ཕན་པོས། །ཕུགས་སུ་འདི་ཕྱི་གཉིས་
ཀར་ཕམ་སྟེར་བའི། །འདི་ལ་དགའ་ཕྱིན་བླུན་པོ་གཞན་ན་མེད། །གྲོང་ཆོག་ཕྱིར་དུ་སོང་གིན་སོང་ན་འདོད། །ཅི་ཙམ་སོང་ཡང་ཆོག་ཤེས་སྐྱེ་མི་འགྱུར། །གཅོད་སྔགས་འགའ་རེས་གྲོང་ཆོག་རྐྱང་བ་བྱས། །རྒྱུ་ནོམ་མང་པོ་རྙེད་ཀྱང་ཁྱིམ་ནས་ཕར། །ཕྱགས་མས་ཕྱགས་བཞིན་ཅུང་ཟད་ཙམ་མི་ཆགས། །གྲོང་ཆོག་བྱེད་ཀྱིན་ཁ་ཐུར་འགྲོ་བ་དེ། །ལྷ་འདྲེ་མང་བོའི་ཟ་སྐལ་འཕྲོག་པས་ལན། །གཅོད་པ་འགའ་རེས་སྔ་དྲོ་གཡང་གཞི་བཤམས། །ལོང་གཡོས་སྦོམ་པོ་ཚང་ར་ཚོན་པོ་འཆོས། །རྔ་རུལ་རྡུང་ཚེ་ཤེད་ཆེ་སེམས་ཀྱང་དཔའ། །ཕྱི་དྲོ་དགུང་མོ་ཟུག་གཟེར་དྲག་པོ་བྱུང་། །ཁ་རུ་ཆུ་ཡང་མི་འགྲོ་མཚན་མོ་ཤི །ཡོན་བདག་ལྷ་ཁྱིམ་རོ་ཡིས་བརྫད་པ་ཡོད། །སྡེ་བརྒྱད་བྱད་ཀྱི་སྣ་སྡོད་བྱས་པས་ལན། །ཨོ་རྒྱན་པདྨས་དམ་ལ་མ་བཏགས་པའི། །ལྷ་འདྲེ་གདུག་རྩུབ་སྙིགས་མའི་དུས་འདིར་མང་། །འདྲེ་འདུལ་མཁན་པོས་ཕར་ལ་འདྲེ་འདུལ་ལམ། །ཚུར་ལ་རང་ཉིད་འདྲེ་ཡིས་འདུལ་མི་ཤེས། །སྐུ་བསོད་ཆེ་བའི་བླ་མ་དགེ་བཤེས་དང་། །གྲོང་ཆོག་ཆེ་བའི་བན་གཅོད་སྔགས་པ་རྣམས། །དུག་དང་མཐུ་བྱུང་གློ་བུར་ཤི་བ་མང་། །
སྙིགས་མའི་དུས་འདིར་སེམས་ཅན་ཕྲག་དོག་ཆེ། །ཁྱི་རྒན་གར་བོས་ས་ལ་རྒྱུག་པ་བཞིན། །ཡོན་བདག་རྣམས་ཀྱིས་གར་བོས་རྒྱུག་མི་རུང་། །གྲོག་མ་ཡར་མར་འགྲོ་འདུག་མང་དྲགས་ན། །རྐང་ལག་ཐང་ལྕིར་འབྱར་ནས་འཆི་བ་བཞིན། །གྲོང་ཆོག་ཕྱིར་དུ་ཡར་མར་རྒྱུག་དྲགས་ན། །དུག་མཐུ་ལྷ་འདྲེའི་གནོད་པས་གློ་བུར་འཆི། །གྲོང་ཆོག་བྱེད་ལ་དགའ་བའི་གཅོད་སྔགས་དེ། །དུག་དང་འདྲེས་པའི་ཟས་ལ་དགའ་བ་འདྲ། །ལྷ་འདྲེ་བྱད་ཀྱི་སྣ་སྡོད་བྱེད་པ་དེ། །རི་གཟར་རྦབ་རྡོའི་སྣ་ནས་སྡོད་པ་འདྲ། །ལུས་སྲོག་བར་ཆད་དེའི་ཆེ་གཞན་ན་མེད། །གཅོད་སྔགས་འགའ་ཞིག་སྐབས་སྐབས་མཚམས་རེ་ལ། །བསྡད་ན་ཡོན་བདག་འགའ་རེ་ནང་དུ་ཞུགས། །ཐབས་མེད་ལས་ཀྱི་ཁྱེད་ཚང་མཚམས་གྲོལ་ནས། །ངེད་ཀྱི་ཁྱིམ་དུ་འོངས་ནས་སྐུ་རིམ་ཞིག །བཅའ་དགོས་ཟེར་ནས་དབང་ཅན་རྐྱང་བ་བཙོངས། །མ་སོང་བསྡད་ན་ཁ་དྲིན་སྣ་ཚོགས་སྨྲ། །ཡོན་བདག་ཡ་ཀི་ཚང་དུ་ཡང་ཡང་ཁྱེད། །འགྲོ་གི་ཁོང་གིས་བོས་ན་ཅིས་མི་འོང་། །ཡོན་བདག་ངེད་གཉིས་ངོ་ཁྱད་ཅིག་ཡོད་ན། །ཁྱེད་ལ་གསལ་མོ་དེ་
མིན་ཁྱེད་མཁྱེན་ཟེར། །མཚམས་རྫོགས་མདོང་ངེ་མདོང་ངེ་དེར་འགྲོ་དགོས། །གྲོང་ཆོག་བྱས་ནས་ཡོན་བདག་ངོ་བཟུང་ན། །ངོ་ཅན་མིན་པའི་ཡོན་བདག་མི་གཅིག་མེད། །ཡོན་བདག་གཅིག་དང་མཐུན་ཚེ་གཅིག་དང་འཁོན། །ངོ་བཟུང་སེམས་འཛིན་མ་ཐུབ་སེམས་སྡུག་མང་། །ཡོན་བདག་ཀུན་གྱི་ངོ་སྲུང་སེམས་འཛིན་ཕྱིར། །གྲོང་ཆོག་བྱས་ན་གཅིག་ཕྱིར་གཅིག་མཐུད་ནས། །འཆི་རག་བར་ལ་ཁོམ་པའི་དུས་མི་འབྱུང་། །ཆོས་ཀྱི་བར་ཆད་དེས་ཆེ་གཞན་ན་མེད། །གྲོང་ཆོག་བྱེད་དུས་གཡང་གཞི་རྐྱང་བ་བླངས། །ལྷ་འདྲེ་མང་པོའི་ཟ་སྐལ་འཕྲོག་འཕྲོགས་ནས། །ཚེ་འདིར་ན་ཚ་ཤི་ཆད་མང་པོ་འབྱུང་། །མི་དང་རྒྱུ་འཛད་རང་ཡང་ཚེ་མི་རིང་། །ཕྱི་མར་བྱང་ཆུབ་ཐོབ་པ་ཕར་ལ་ཞོག །མཐོ་རིས་གནས་སུ་མི་སྐྱེ་ངན་འགྲོར་ལྟུང་། །གཅོད་སྔགས་བློ་གྲོས་ཆེ་བས་བསམ་ཤེས་ན། །རང་ལ་གནོད་པ་དེའི་ཆེ་གཞན་ན་མེད། །ཡོན་བདག་འགའ་རེས་སྐུ་རིམ་ཚད་ལྡན་བཙུགས། །སྲི་བཅད་ནད་གསོས་ཚེ་བསོད་རིགས་རྒྱུད་སྤེལ། །ཕན་ཐོགས་རྒྱ་ཆེར་བྱས་ཀྱང་དྲིན་མི་ཤེས། །འགྲོ་ཁར་འབུལ་བ་མི་སྟེར་ཕྱིས་འབུལ་ཞེས། །ཁ་བཟང་ཆེན་
པོ་གཏམ་ནས་རྫོང་ཐབས་བྱེད། །ཕྱི་ནས་དོམ་བཞིན་བསྙེགས་ཀྱང་སྟེར་མི་འགྱུར། །ཨེ་སྟེར་རེ་ནས་དྲིན་འདྲེན་མཐུ་སྡིགས་ཤིག །བྱས་ན་ཡོན་བདག་ཁྲེལ་མེད་ན་རག་ཚོས། །གྲི་ཕྱུང་གསོད་རྒྱུ་ཡིན་ཟེར་སྟེང་དུ་འཆོར། །ཡོན་བདག་ཁྲེལ་མེད་འགའ་རེས་དཔོན་གྱི་རྟ། །ཕྱི་མ་ནང་མ་བྱས་ནས་རྐུན་མར་སྟེར། །འགའ་རེས་དཔོན་དེ་འཕྲག་རུང་མ་འཕྲག་ཟེར། །སྙིགས་མའི་དུས་འདིར་ཡོན་བདག་ཁྲེལ་མེད་མང་། །བན་སྔགས་འགའ་རེས་གྲོང་ཆོག་བྱས་བྱས་ནས། །ཁྱིམ་ཚང་ཁྲེལ་མེད་འགའ་རེ་གསོས་གསོས་ན། །ན་སོ་རྒས་ནས་གྲོང་ཆོག་མི་ཐུབ་ཚེ། །ཁ་ཏོན་བཟླས་བརྗོད་བྱེད་སྙམ་མལ་ས་ནས། །སྐྱབས་འགྲོའི་འགོ་བླངས་ཡོད་ཚེ་འདོན་མི་འཇུག །ཨ་ཁུས་བུ་ཆུང་འདི་ཟུངས་ཀ་ཡང་ལས། །ཟེར་ནས་ནང་ལས་བུ་ཆུང་འཚོ་སྐྱོང་གཏད། །ཐ་ན་སྐྱབས་འགྲོའི་འགོ་རྔ་ཚང་མ་ཞིག །མལ་ས་དྲོན་པོའི་བསྡད་ནས་འཕུད་ཁོམ་མེད། །སྐབས་སྐབས་རྟ་ནོར་ལུག་གི་འཚོ་སྐྱོང་བྱས། །ཆར་ཆུ་མུན་ནག་ནང་ནས་སྡུག་བསྔལ་མྱོང་། །ཁྱིམ་ཚང་ཁྲེལ་མེད་འགའ་རེས་ཨ་ཁུ་ལ། །ཆད་ཆོད་གོས་བསྐོན་
ངན་ངོན་བཟའ་བཏུང་སྟེར། །དེ་ཡང་འདོད་པའི་དུས་སུ་སྟེར་མཁན་དཀོན། །སྙིགས་མའི་དུས་འདིར་ཁྱིམ་ཚང་ཁྲེལ་མེད་མང་། །ཨ་ཁུ་དྲིན་ཅན་ཡིན་ཞེས་ཞྭ་བཞིན་བཀུར། །མལ་ས་དྲོན་པོའི་བདེ་བར་འདུག་ཏུ་བཅུག །དྲོ་འཇམ་གོས་བསྐོན་ཞིམ་པའི་བཟའ་བཏུང་གཉིས། །སྟེར་བའི་ཁྱིམ་ཚང་ཁྲེལ་ཡོད་རེ་རེ་ཙམ། །ཨ་ཁུ་འགའ་རེས་ཞིབ་ཏུ་བསམ་ཤེས་ན། །ཨ་ཁུའི་མན་ན་གཡོག་པོ་གཡོག་མོ་མེད། །ཆད་ཆོད་ཧྲལ་ཧྲུལ་ཨ་ཁུའི་རྒྱབ་ན་ཡོད། །གཡོག་པོ་གཡོག་མོས་དེས་ཐུ་གོན་རབས་མེད། །ཉག་ཉོག་ངན་ངོན་ཨ་ཁུའི་ཟ་སྐལ་ཡིན། །གཡོག་པོ་གཡོག་མོས་དེས་ངན་ཟ་རབས་མེད། །ནང་ལས་སྒོ་ཕྱུགས་འཚོ་སྐྱོང་ཨ་ཁུས་བྱེད། །གཡོག་པོ་གཡོག་མོས་དེས་ལྷག་ལས་རབས་མེད། །དེ་ཕྱིར་གྲོང་ཆོག་མ་བྱེད་མ་བྱེད་ཨང་། །ཚིག་ངན་དམ་དུམ་རས་ཁ་ཁ་དར་དང་། །ཟ་མཚེར་མ་རེའི་ཕྱིར་དུ་གཅོད་པ་དང་། །སྔགས་པ་འགའ་རེ་སྨྱོས་ནས་མཐུ་གཏད་བྱས། །དགྲ་ཤི་རང་ཡང་ཀུམ་སེ་བཏང་བ་ཡོད། །གཅོད་སྔགས་འགའ་རེར་གཞན་གྱིས་ཨ་ཁུ་ལགས། །ཁྱེད་ཀྱི་མིག་གཡས་རྐྱེན་ཅི་བྱུང་ནས་ལོང་། །
རྐང་ལག་འདི་ཚོ་རྐྱེན་ཅི་བྱུང་ནས་ཞ། །དྲིས་ན་ཨ་ཁུ་གསར་བུ་སྣ་རྐྱང་གི །སོང་ནས་མཐུ་གཏད་འདི་འདྲ་ཞིག་བྱས་ནས། །བྱུང་བ་ཡིན་ཞེས་ཟེར་བའི་རྣ་ཐོས་ཡོད། །མཐུ་བྱས་དགྲ་ལ་གནོད་པ་ཁ་བ་ཙམ། །བྱུང་ན་ཚུར་ལ་བ་མོ་ཙམ་ཞིག་འབྱུང་། །སྣ་སྡོད་སྲ་ན་བྱད་ཁ་ཕྱིར་ལ་ལོག །མི་ལ་ནད་དང་ཕྱུགས་ལ་གོད་ཁ་འོང་། །མཐུ་བྱས་ཐ་མ་མ་བཟང་ཟེར་བ་མང་། །འགྲོ་ཀུན་སྐྱེ་བ་སྔོན་མའི་ཕ་མ་ཡིན། །ཅུང་ཟད་ངན་རེ་བྱས་པ་མི་བཟོད་པར། །མཐུ་གཏད་བྱེད་པའི་གཅོད་སྔགས་ཁྲེལ་མེད་ཡིན། །སེམས་ཅན་གཅིག་ཙམ་ཡལ་བར་འདོར་བའི་བློ། །སྐྱེས་ཕྱིན་ཐེག་ཆེན་གྲལ་ནས་རོ་ལྟར་བུད། །བླ་མེད་བྱང་ཆུབ་ཐོབ་པའི་སྐལ་བ་ཆད། །དུག་མཐུ་མཚོན་ཆ་གསུམ་གྱིས་གང་གི་སྒོས། །སེམས་ཅན་བསད་ན་ཉེས་པ་ཡང་ལྕི་མེད། །ཕྱི་མར་ངན་སོང་མ་གཏོགས་འགྲོ་ས་མེད། །དེ་ཕྱིར་མཐུ་གཏད་མ་བྱེད་མ་བྱེད་ཨང་། །ནམ་འཆི་ཆ་མེད་སོམས་ལ་ཚེ་བློས་ཐོངས། །ཉམས་དགའི་རི་ཁྲོད་བསྟེན་ལ་ལྷ་ཆོས་སྒྲུབས། །དེ་ལྟར་མཛད་ན་སྐལ་ལྡན་སྙིང་གི་བུ། །གནས་སྐབས་བདེ་ཞིང་མཐར་ཐུགས་སངས་
རྒྱས་འགྱུར། །གླུ་འདི་ཐོས་ཚད་རྣམས་ཀྱིས་གྲོང་ཆོག་དང་། །མཐུ་བཞག་དབེན་པར་ལྷ་ཆོས་བསྒྲུབ་པར་ཤོག །ཅེས་པ་འདི་ནི་དད་གཏོང་བློ་གྲོས་ཆེ་བའི་སློབ་བུ་དཀོན་མཆོག་བསྟན་འཛིན་ལ་སྨྲས་པའོ། །དང་པོ་བླ་མ་ངེས་འབྱུང་ཅན། །ཆུང་ངུའི་དུས་ནས་རབ་བྱུང་བྱས། །ཆེར་སོང་བསྙེན་རྫོགས་སྡོམ་པ་བླངས། །མཚན་ཉིད་གྲྭ་ས་དག་ལ་བསྡད། །ཆོས་ལ་ཐོས་བསམ་བྱེད་པའི་ཚེ། །དགེ་འདུན་ཀུན་གྱིས་འདི་ཉིད་ལ། །ཆོས་ར་བ་ནི་བཟང་པོ་ཞིག །ངེས་པར་འོང་གི་ཟེར་ཞིང་སྨོན། །དབུ་མ་ལྟ་བུར་ཐོན་པའི་ཚེ། །དེ་དོན་བསྒོམ་པ་ཕར་ལ་ཞོག །གང་ཞིག་ཅིག་ནས་སྐད་ཉེས་ཤིག །གོ་ལྟར་འཕྲོ་ཡང་བཤོལ་ནས་འཇོག །བར་དུ་བླ་མ་འགྲོ་འདྲེན་པོ། །ཕ་ཡུལ་ལ་སོགས་གྲོང་དུ་འབབ། །ཀུན་གྱིས་བླ་མ་ཟེར་ཞིང་མཇལ། །ཁོས་ཀྱང་བླ་མའི་ཁུར་དེ་བཟུང་། །དད་ཟས་གཤིན་ཟས་སྡུད་ལ་བརྩོན། །དད་ཅན་མི་ཡིས་ཆོས་ཞུས་ཚེ། །ནོར་རྫས་རྩྭ་མགོའི་ཟིལ་བ་འདྲ། །མཆོད་སྦྱིན་བྱས་ན་བཟང་ལ་སོགས། །ཆོས་གཏམ་ཆེན་པོ་ཁ་ནས་ལབ། །ཁོག་ན་འདོད་སྲེད་མེ་བཞིན་འབར། །དེ་རིང་འབུལ་བ་ཅི་སྟེར་སྙམ། །མི་ཞིག་ཤི་བ་ཐོས་ནས་བཟུང་། །
གདན་འདྲེན་པ་ཞིག་ཨེ་འོང་སྙམ། །མི་ཞིག་གྲག་ན་གདན་འདྲེན་པ། །ཨེ་ཡིན་སྙམ་ནས་སུ་རེད་ཟེར། །ཉི་མ་ཁ་ཤས་གདན་འདྲེན་པ། །མ་འོངས་པ་ན་རྒྱང་རྩར་བྱེད། །དེ་བས་བླ་མ་སུ་གདན་དྲངས། །ཅི་ཕུལ་རྒྱུ་ནོམ་ཨེ་བཟང་འདྲི། །གདན་འདྲེན་མི་ནི་བྱུང་མ་ཐག །གྲྭ་བར་རེམ་ལ་རྟ་ལོངས་ཟེར། །མྱུར་དུ་རྟ་ལ་སྒ་བསྟད་ནས། །རེབ་གོང་སྟོད་ཀྱི་ཇག་པ་བཞིན། །རྒྱུག་འདུར་གཉིས་ཀ་བྱས་ནས་སོང་། །དེ་ནས་ཇ་དང་ཤ་དྲངས་ཚེ། །ལུག་ཤ་ཚོན་པོ་ཞིག་ཡིན་ན། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལུག་འདི་ཅི་ཞིག་ཚོ་ནི་རེད། །ཟེར་ཞིང་གྲྭ་བ་རྣམས་ལ་བལྟ། །གྲྭ་བས་ལགས་སོ་དེ་རེད་ཟེར། །དེ་ནས་ཆོ་ག་འདོན་པའི་ཚེ། །མིག་ཟུམ་ཁོག་སྟོད་རབ་ཏུ་འགུལ། །ཁོག་ན་དེ་རིང་ཅི་སྟེར་སྙམ། །དེ་ནས་འབུལ་བ་ཕུལ་བའི་ཚེ། །དགའ་ཞིང་ཁ་ནས་འདི་སྐད་ཟེར། །ང་ལ་འབུལ་བ་ཆེ་ཚད་རེད། །ཁྱེད་རྣམས་ཤི་བོ་འདིའི་དོན་དུ། །མྱ་ངན་བྱས་པས་མི་ཕན་པས། །ཤི་བོར་ཕན་པ་ལྷ་ཆོས་ཡིན། །ཆོས་རྣམས་རྒྱུ་མ་རྨི་ལམ་འདྲ། །རྟག་པའི་ཆོས་ནི་གང་ཡང་མེད། །མྱ་ངན་མ་བྱེད་ལ་སོགས་པས། །སྡུག་
བསྔལ་ཅན་ལ་སེམས་གསོ་བྱེད། །ཁོག་ན་ནོར་རྫས་འདི་ཉིད་ཀྱིས། །འདི་དང་འདི་འདྲ་ཞིག་བྱེད་སྙམ། །ཆར་ཆུ་ནམ་ཡང་མི་འཛེམ་པར། །རྟ་རྔ་ཁྱི་ཁར་གཡེང་བཞིན་དུ། །དབྱར་གྱི་དུས་སུ་མར་བསོད་རྒྱག །སྟོན་གྱི་དུས་སུ་ནས་བསོད་རྒྱག །མི་རྟ་གཉིས་ཀས་སྡུག་བསྔལ་མྱོང་། །ཁ་དར་ཕྱག་མདུད་ལུང་བ་འགེངས། །ཡོན་བདག་མི་ལེན་ཕྱིར་ལ་འཕེན། །མི་ལེན་ན་ཡང་གཉའ་འཇོག་བྱེད། །དེ་ལྟར་ཐབས་ནི་སྣ་ཚོགས་པ། །བྱས་ནས་ཟས་ནོར་ཁྱེར་ནས་འོང་། །ཐུགས་དམ་བྱེད་ཀྱིན་ཡོད་ཟེར་ནས། །རྒྱུན་དུ་འདང་ལོག་མང་བོ་རྒྱག །མི་ཞིག་སླེབས་ན་སུ་རེད་ཟེར། །ཡོན་བདག་འདི་སྐད་རེད་ཞུས་ཚེ། །ཡོན་བདག་བཟང་པོ་ཞིག་ཡིན་ན། །ཁོང་གི་མདུན་དུ་ཤོག་ཅིག་ཟེར། །སྟན་བཏིང་སྔོན་དུ་སྡེར་ཁ་བསྒྲིགས། །ཁྱེད་ཚོ་ཐམས་ཅད་བདེ་མོ་ཞེས། །སྐད་མགོ་མཐོན་པོས་འཚམས་འདྲི་བྱེད། །དེ་མིན་གཞན་གྱི་མི་ཡིན་ན། །མདུན་དུ་འོང་གི་མ་འཇུག་ཟེར། །གྲྭ་བས་མི་དེར་འདི་སྐད་ཟེར། །བླ་མའི་ཐུགས་དམ་མ་གྲོལ་བས། །ད་དུང་མདུན་དུ་མི་ཆུད་ཟེར། །ཐ་མ་བླ་མ་སེར་སྣ་ཅན། །གང་ཡོད་སྣོད་ཀྱི་ནང་དུ་བཅུག །
ཁ་ལ་རྒྱ་མདུད་ལ་སོགས་རྒྱག །གཉེར་བ་མིང་གི་གཉེར་བ་ཡིན། །དོན་ལ་བླ་མ་གཉེར་བ་ཡིན། །ཟངས་ཁ་མིན་ཚད་ཀུན་ལ་སླེབས། །གཉེར་བ་གྲྭ་བ་ཐམས་ཅད་ལ། །ཅུང་ཟད་ཙམ་ཞིག་ཡིན་ན་ཡང་། །ཡོན་བདག་འདི་ཡིས་ཕུལ་བ་ཡི། །ནོར་རྫས་འདི་ནི་ཅི་བྱས་ཞེས། །ཡང་ཡང་རྩད་གཅོད་དྲག་པོ་བྱེད། །ལག་པ་ལྷ་ཁང་སྒོ་བས་དམ། །མཆོད་སྦྱིན་མང་པོ་ཕར་ལ་ཞོག །ལྟོགས་ནས་འཆི་བའི་མི་ལ་ཡང་། །རྩམ་འཆང་ཙམ་ཞིག་སྟེར་མི་ཤེས། །ཟས་ནོར་མང་པོ་བསོག་བསོགས་ནས། །འཆི་བའི་ནད་ཀྱིས་ཐེབས་པའི་ཚེ། །གཉེར་བ་གྲྭ་བ་རྣམས་ཀྱི་ཁས། །བླ་མའི་སྐུ་འདི་བདེ་ན་ཟེར། །ཁོག་ན་བླ་མ་འདི་ཤི་ན། །ཟས་ནོར་འདི་ཚོ་ཁོར་ཐོབ་སྙམ། །ནོར་རྫས་ཆགས་བཞིན་བླ་མ་འཆི། །བླ་མ་ཤི་བའི་ནངས་པར་དུ། །ཡུལ་བ་རྣམས་ཀྱིས་བླ་མ་ཡི། །བདག་པོ་ཁོང་རྣམས་ཡིན་ཟེར་འོངས། །ནོམ་པ་གང་ཡོད་ཕལ་ཆེར་ཁྱེར། །གཉེར་བས་སྔོན་ནས་གང་མཁོ་བླངས། །ཤུལ་དུ་ཅུང་ཟད་ཙམ་བཞག་ནས། །བླ་མར་འདི་མིན་གང་ཡང་མེད། །ཟེར་ཞིང་ཀུན་ལ་རབ་བསྟན་ནས། །ཅུང་
ཟད་པོ་དེ་ཚོགས་སུ་གཏོང་། །བླ་མའི་གདུང་མཆོད་དེ་ནས་འགྲུབ། །བླ་མ་ནོར་རྫས་རབ་ཆགས་པའི། །སྟབས་ཀྱིས་ཉེ་འཁོར་དེ་ཉིད་ཀྱི། །སྲོག་ཆགས་ཤིག་ཏུ་སྐྱེ་བ་འམ། །ཡང་ན་དཀོར་གྱི་རྣམ་སྨིན་རྣམས། །རྒྱབ་ཏུ་ཁུར་ནས་དམྱལ་བར་འགྲོ། །སོང་ན་ཨ་ཁུ་ཆོས་རྒྱལ་གྱི། །དྲུང་དུ་བླ་མ་འོ་བརྒྱལ་ཡོད། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །དེང་སང་བླ་མ་ཕལ་ཆེར་གྱི། །གོ་ས་དེ་ཉིད་མ་འཛིན་པར། །རི་དྭགས་རྨས་མ་ཇི་བཞིན་དུ། །དུ་མའི་རི་ཁྲོད་དབེན་པར་ཆོས། །ཆོས་བཞིན་གྱིས་དང་འཆི་ཚེ་སྐྱིད། །སྐྱིད་པ་གཞན་ལ་ཁྱོད་མ་སྨོན། །ཞེས་པ་འདི་ཡང་དེང་སང་གི་བླ་མ་ཕལ་ཆེར་ལ་བལྟས་ནས་རང་ཉིད་དགེ་ལ་བསྐུལ་བའི་ཆ་རྐྱེན་དུ་སྨྲས་པའོ། །དང་པོ་ཨ་ཁུ་འདོན་བཟང་པོ། །མི་ཤེས་དགུ་ཤེས་གྲོང་ཆོག་མཁན། །ན་ཚ་ཤི་ཆད་གར་ཡོད་ཀྱང་། །ཨ་ཁུ་མི་སླེབ་ས་ཆ་མེད། །གྲོང་ཆོག་བདས་ནས་རྒྱུ་ནོམ་བཙལ། །ཁེ་ཚོང་བྱས་ནས་ཇེ་འཕེལ་བཏང་། །བར་དུ་ཨ་ཁུ་ཁྱིམ་བདག་པོ། །རྒྱུ་ནོམ་ཀུན་གྱི་དབང་ཅན་པོ། །རྒྱ་ལ་ལུག་རྣམས་སྤྲོད་པའི་ཚེ། །ཤ་བཟན་ཡ་གི་བཟུང་ལ་བྱིན། །ཕ་གི་འདི་ཚོ་ཟུངས་ཤིག་ཟེར། །ཁྱིམ་ཚང་བཟའ་བའི་
ལྟོ་ཆེད་དུ། །ལུག་གཅིག་གསོད་ཀྱང་མི་སྐྱ་ལ། །མ་མོ་མ་གིའི་ཕར་ལྟག་ན། །ཡོད་པའི་ལུག་ཀ་ཟུངས་ཤིག་ཟེར། །ཚེར་མོ་མ་ཀིའི་ལུ་གུ་དེ། །དོ་དགོང་ལེན་དགོས་མ་བརྗེད་ཟེར། །ཐ་མ་ཨ་ཁུ་བཟའ་ལྷག་པོ། །ཕྱི་མའི་ཆོས་མེད་སྡིག་རྒན་པོ། །དཀོར་དང་སྡིག་པའི་རྣམ་སྨིན་ཁུར། །གཅིག་པུར་འཇིག་རྟེན་ཕ་རོལ་འགྲོ། །གཤིན་རྗེ་ཆོས་རྒྱལ་མདུན་དེ་ན། །འུར་འུར་བ་ཞིག་ཨ་ཁུར་ཡོད། །དེ་དུས་ཨ་ཁུར་འགྱོད་པ་སྐྱེ། །དམྱལ་བའི་གནས་རྣམས་འགྲིམ་པའི་ཚེ། །ཨ་ཁུས་བཟོད་པ་ཤིན་ཏུ་དཀའ། །དེ་ཕྱིར་འབྲོག་གི་ཨ་ཁུ་ཚོ། །རབ་ཀྱིས་བཀའ་གདམས་རྣམ་ཐར་བཞིན། །ཚེ་འདི་བློས་ཐོངས་རི་ཁྲོད་སྟེན། །འབྲིང་གིས་དགོན་པ་གང་བཟང་དུ། །སོང་ལ་ཁ་ཏོན་བཟླས་བརྗོད་གྱིས། །ཐ་མས་ཡུལ་དུ་སྡོད་པའི་ཚེ། །དེ་འདྲའི་སྡིག་ལས་མི་བྱེད་པར། །ཚོགས་གསོག་དཀོར་སྦྱོང་འབད་ན་ལེགས། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །འབྲོག་པའི་ཨ་ཁུ་རྣམས་ལ་གདམས། །ཚིག་དོན་མ་བརྗེད་ཡིད་ལ་ཟུངས། །འཕྲལ་ཕུགས་བདེའོ་ཨ་ཁུ་ཚོ། །ཞེས་པ་འདི་ཡང་འབྲོག་པའི་ཨ་ཁུ་ཕལ་
ཆེར་ལ་སྨྲས་པའོ། །དཔལ་ལྡན་བླ་མ་ཐམས་ཅད་ཀྱིས། །རྒད་པོ་ཡོངས་ལ་ཐུགས་རྗེས་གཟིགས། །དེང་སང་རྒད་པོ་ཁ་ཅིག་དེ། །རྒས་ཚེ་འདོད་པ་ཇེ་ཆེར་སོང་། །མི་རྒས་རྒྱུ་ཡི་སྒྱུ་ལུས་རྒས། །རྒས་རྒྱུའི་ཉོན་མོངས་ཇེ་གཞོན་གྱུར། །བཟའ་ཚང་གོ་ཁར་ནམ་འཚོགས་ཀྱང་། །རྒད་པོས་ཚོགས་གཏམ་རྐྱང་བ་གཏོང་། །འགའ་རེས་རྒད་པོར་མིག་ཟུར་གྱིས། །ཅིག་བལྟས་འཁུན་ནས་སྒོ་ཚོར་འགྲོ། །ལ་ལས་མཆུ་གཅུ་སྣ་ཚོ་གཉེར། །ལུ་ནས་མཆིལ་མ་ཆེན་པོ་ཞིག །རྒད་པོའི་ཕྱོགས་སུ་ཕར་ལ་འཕེན། །བུ་ཡིས་ཨ་ཕ་ཁ་རོག་ཟེར། །རྒད་པོས་དེ་ཚོ་མ་ཉན་པར། །རེ་རེ་འགུལ་ནས་ད་དུང་ལབ། །ཐམས་ཅད་སྒོ་ཚོ་བུད་སོང་ཚེ། །ཇ་འཁྱགས་འཕྲོ་མ་འཇུང་ནས་འདུག །དོན་དག་རྒྱ་ཁབ་ཙམ་མི་འབྱུང་། །མ་ཎི་བརྒྱ་སྐོར་ཙམ་མི་འདོན། །ཕྲེང་བ་སྐྱ་རིལ་ལན་མང་འཕངས། །ཡུལ་མི་ཁྱིམ་མཚེས་རྙེད་རབས་མང་། །མ་ཎི་ལག་འཁོར་ནག་རིལ་བོ། །ཁྱིམ་ཕྱགས་ནང་ན་བཞུགས་རབས་མང་། །མནའ་མས་བཟའ་བཏུང་བཟང་པོ་ཞིག །བྱིན་ན་ཁོ་བོར་འདི་བཟང་གི །མི་ཟེར་འདི་ཁོར་བཟང་ཆེ་སོང་། །ཟེར་ནས་མི་
ཟ་སྤྲོ་ཚོ་ལངས། །འདི་བྱས་ཟ་རྒྱུ་གང་ན་ཡོད། །ཁྱེད་ཚོས་འདི་མོ་རྐྱང་མ་ཟ། །ཟེར་ནས་རང་ཁ་རང་གིས་ཕྱི། །མནའ་མ་བུ་ཡིས་འོ་ཡ་ཟེར། །རྒད་པོ་ཐབས་ཀྱིས་སྒོ་ཚོ་ཕུད། །ཤུལ་ནས་གཉིས་ཀས་ཁ་གཡོས་བྱེད། །རྒད་པོས་བསམ་བཞིན་རང་སྐལ་བཅད། །མནའ་མ་བུ་ཡི་འདོད་ཐོག་སོང་། །མནའ་མས་ཨ་མྱེ་འོང་གི་ཞེས། །ཁ་ཕྱིས་ཡར་ཚོ་ལངས་ནས་འདུག །བུ་ཡང་ལངས་ནས་ཐུ་བ་སྤྲུགས། །ཨུ་ཧི་ཟེར་ནས་མར་སྒོར་འབུད། །རྒད་པོ་ཁྱིམ་དུ་སླེབས་པའི་ཚེ། །མནའ་མས་ཨ་མྱེ་གཅིག་འཐུང་དགོས། །ཟེར་ནས་ཉག་ཉོག་བཟའ་བཏུང་སྟེར། །མ་རིག་མིག་གིས་ཅི་རིག་བྱས། །རྒད་པོས་ལྟོ་རོ་རོ་འཐུངས་ན། །ཨ་མྱེ་ཡར་སྡེབ་ཆེ་གི་སྙམ། །མནའ་མ་འགབ་ནས་ཁོང་འཛུམ་འཆོར། །དེང་སང་རྒད་པོ་སྐལ་ཆད་ཚོ། །ཆོས་ཀྱི་ནང་ནས་སྐལ་ཆད་རུང་། །ཟ་རྒྱུ་འཐུང་རྒྱུ་ཡོད་བཞིན་དུ། །རང་སྐལ་རང་གིས་བཅད་ནས་ཆེད། །རྒད་པོ་གཅིག་པུས་སྡུག་བསྲན་བྱས། །ཁྱིམ་ཚང་ཡར་ལ་སོང་བ་མེད། །བཟའ་ཚང་ཚང་མས་ཁོ་བཞིན་དུ། །བྱེད་ཀྱིན་ཡོད་སྙམ་རྒད་པོ་འཁྲུལ། །
ལུས་སྒུར་ལུས་ལ་གཉེར་མ་མང་། །སྐྲ་དཀར་ཁ་ཡི་སོ་ལྷུང་བ། །མྱུར་དུ་འཆི་བའི་སྔ་ལྟས་ཡིན། །ཤི་དུས་སྦྲ་འམ་ཁང་བའི་གྲུའི། །ཡོལ་བ་ཞིག་གི་ཕར་ལྟག་ནས། །བེམ་པོ་ཙོག་སེ་བཞག་པའི་དུས། །རྒད་པོའི་ཕའི་སྐལ་ཆད་ནི་ཡིན། །ཨེ་གོ་རྒད་པོ་སྐལ་ཆད་ཚོ། །གོ་ན་རྒྱུ་ནོམ་འཛོམས་པའི་དུས། །ཆོས་གྱིས་རང་གིས་ཁ་སྐྱིད་རྒྱོབ། །འདིར་བདེ་ཕྱི་མར་སྐྱིད་པར་ངེས། །གླུ་འདི་ཐོས་ཚད་རྒད་པོ་ཡིས། །ཆོས་བྱས་ཁ་སྐྱིད་རྒྱག་པར་ཤོག །བླ་མ་རྣམས་ལ་གསོལ་བ་འདེབས། །རྒན་མོ་རྣམས་ལ་ཐུགས་རྗེས་གཟིགས། །དེང་སང་རྒན་མོ་ཁ་ཅིག་དེ། །རྒས་ཀྱིན་ཁ་ཚག་ཇེ་ཆེར་སོང་། །བཟའ་ཚང་ཅི་བྱེད་སྐྱོན་དུ་མཐོང་། །རྒད་པོར་སྡང་མིག་རྐྱང་བས་བལྟ། །མནའ་མས་ཟོས་བཞག་ཚར་ཐལ་ཟེར། །བུ་ཡིས་ཡལ་ཐལ་བརླག་བཞག་ཟེར། །ཁྱིམ་མཚེས་ངན་རབས་ཐུ་རབས་ཟེར། །གཡོག་པོས་བརྐུས་བཞག་ལྟོ་རྒན་ཟེར། །བུ་མོས་ཨ་མ་ཁ་རོག་ཟེར། །ཁྱིམ་གྱི་བླ་རྒན་དྲིན་ཅན་དང་། །སྒོ་ཡི་ཁྱི་རྒན་རིག་ས་མེད། །རྒད་པོས་ཆོས་ཤིག་བཅའ་སྨྲས་ན། །སྤྲོ་ལངས་བསྡིག་སྐོར་རྐྱང་བ་བྱེད། །ཚུར་ལ་མ་བྱིན་ཧེབ་
ཀྱིས་ལེན། །ཕར་ལ་གཡོར་སྐྱི་ཙམ་མི་བྱ། །ཁྱིམ་མཚེས་གཡས་གཡོན་ཐམས་ཅད་སུན། །བཟའ་བཏུང་ཅི་ཡོད་བདག་ཏུ་བཟུང་། །མནའ་མ་གཡོག་པོར་ལྟོགས་སྐོམ་འོང་། །བུ་ལ་ངོ་ལྐོག་ཐམས་ཅད་དུ། །ཁྱོད་ཀྱི་མནའ་རུལ་བདུད་མོ་རྫོངས། །གཡོག་རྒན་ག་དེད་མ་འཇོག་ཟེར། །ཁྱིམ་ཚང་བཟའ་བ་ཆེ་ཆུང་སུན། །ལོ་ལམ་ཟླ་བ་འགའ་རེའི་འཕྲོར། །མནའ་མ་གཡོག་པོ་ལངས་ནས་འགྲོ། །ཕྱིན་ཆད་མནའ་མ་གཡོག་མི་རྙེད། །བུ་ཡི་ཆུང་མ་མ་ཤི་བའི། །ཕོ་ཡུགས་ཨ་མས་བསམ་བཞིན་བྱས། །མོ་རང་ཉིན་གཅིག་མི་དལ་བར། །མི་ཐུབ་མི་འགྱུའི་སྡུག་བསྔལ་ཉོས། །ཡུལ་མི་ཁྱིམ་མཚེས་འགའ་ཞིག་གིས། །ལྐོག་ན་ཁྱོད་དེ་ཚད་ཚད་ཡིན། །མནའ་མ་བླངས་པ་མི་འཇོག་བརྫངས། །གཡོག་པོ་བཞག་པ་ཡུལ་དུ་དེད། །ད་སྐྱིད་ཆེ་གི་ཟེར་ནས་འཕྱ། །ལྐོག་ན་བདུད་མོའི་བྱ་ག་ཟེར། །དེ་ཕྱིར་རྒན་མོ་བསམ་ཤེས་ཚོ། །ཚེ་འདིར་ཡུན་རིང་མི་འདུག་པས། །མི་བདག་གཉིས་ཀར་འགྲས་ནས་ཆེད། །ཁྱིམ་མཚེས་ཕན་ཐོགས་གཡོར་སྐྱི་གྱིས། །ཁྱིམ་ཚང་བཟའ་བ་སྐྱིད་དུ་ཆུགས། །ཁ་ནས་མ་ཎི་
པདྨེ་ཐོན། །ཁོག་གི་བསམ་པ་དཀར་པོ་གྱིས། །ལུས་ཀྱིས་ཕྱག་དང་སྐོར་བ་རེམ། །ལག་གིས་མ་ཎི་ཆོས་འཁོར་སྐོར། །ཤི་དུས་ཨ་མ་དྲིན་ཅན་མ། །ཡོད་དུས་བཟང་ཞེས་གླེང་ནི་གྱིས། །གླུ་འདི་ཐོས་ཚད་རྒན་མོ་ཡིས། །ཁ་ཚག་ནམ་ཡང་མི་བྱེད་ཤོག །བླ་མ་ཆོས་རྒྱལ་ངག་གི་དབང་། །བདག་གཞན་སྒོ་གསུམ་བྱིན་གྱིས་རློབས། །དེང་སང་ཁྱིམ་ཚང་འགའ་ཞིག་གིས། །བུ་ཡིས་ཆོས་ཤིག་བཅོ་སྨྲས་ན། །རྒན་མོ་ཆུང་མ་ཨ་ཁུ་གསུམ། །མི་འཐད་རྒད་པོ་འདུག་ས་ནས། །ཡར་ཅིག་འགུལ་ནས་འདི་སྐད་ཟེར། །ངེད་ཚང་ཆོས་འདྲ་ཅན་པོ་མིན། །བཟའ་བ་ཧྲལ་ཧྲུལ་ཁ་རྒྱབ་དཀའ། །ཡ་ཀི་ཚང་ལ་ཅི་འདྲ་ཞིག །ཡོད་ཀྱང་ཆོས་འདྲ་མི་བཅའ་གི །མ་ཀི་ཚང་ལ་ངེད་ཚང་ལས། །ལྷག་པའི་ལག་ས་བཟང་ན་ཡང་། །ཆོས་ཤིག་བཅོ་བ་ཕར་ལ་ཞོག །ད་དུང་རེམ་ནས་གསོག་རེ་ལྟོས། །ཁྱིམ་ན་ཡོད་པས་ཆོས་བཅོས་འཕྲོ། །གནམ་ནས་མི་འབབ་སར་མི་སྐྱེ། །འོ་དཀའ་ཁ་རོག་ད་དུང་གསོགས། །རྒྱུ་ནོམ་མང་བོ་འཛོམས་དུས་བཅོ། །བུ་ཁྱོད་གསར་བུ་ཅང་མི་ཤེས། །ཨ་ཕ་རྒད་པོའི་ཁར་ཉོན་ཞེས། །དཔེ་དང་ཚད་འཇོག་མང་བོ་
བྱེད། །བུ་ཡིས་འོ་ན་ཨ་ཨང་ཟེར། །ཉིན་གཅིག་ཡ་ཀི་ཚང་གི་རྟ། །ཚང་མ་ཇག་པས་དེད་སོང་ཟེར། །གོ་ཚེ་རྒད་པོས་ཨ་ཧོ་ཧོ། །མ་བཟང་ལ་ལོ་ཡོད་པའི་དུས། །དེ་བས་ཆོས་ཤིག་བཅོས་ན་ཟེར། །མ་ཀི་ཚང་གི་ནོམ་པ་རྣམས། །རྐུན་མ་ཞིག་གིས་ཁྱེར་ཟེར་གོ །ཨ་ཧོ་ནོམ་པ་ཡོད་པའི་དུས། །དེ་བས་ཆོས་ཤིག་བཅོས་ན་ཆེད། །དེ་བ་ཅི་བྱུང་མ་བཟང་ཟེར། །དེ་ནས་རང་གི་ནོར་ལུག་གི །ནང་དུ་ནད་བྱུང་ཤི་བའི་ཚེ། །ཨ་ཧོ་ན་ནིང་ནོར་ལུག་ཚོ། །ཡོད་དུས་ཆོས་ཤིག་བཅོས་ན་ཆེད། །དེ་དུས་རྒད་པོས་མ་ཕེར་ཟེར། །སྙིང་ཁྱིས་ཕ་བུའི་བར་ནའང་ཡོད། །རྒད་པོ་འགྱོད་ཚེ་བུ་གཅིག་འཛུམ། །ཁོག་ནས་སྙིང་ཁྱིས་འདོམ་གང་བཏང་། །ཁ་ནས་ཨ་ཕས་ངེད་ཚང་ཆོས། །ཅན་པོ་མིན་ཞེས་ཟེར་བ་དེ། །བདེན་གི་ལུང་བསྟན་ཐོགས་མེད་རེད། །ལུང་བསྟན་རྒྱག་ན་དེ་གྱིས་རྒྱོབ། །ལོ་ལོན་རེད་མོ་ཧ་ཧ་ཟེར། །དེ་ཕྱིར་རྒད་པོ་བློ་རིང་ཚོ། །བློ་ལྡན་བུ་ཡི་ཁ་ལ་ཉོན། །ཁྱིམ་ཚང་ལྟོ་རྒྱབ་ལས་ལྷག་པའི། །རྒྱུ་ནོམ་ཡོད་དུས་མཆོད་སྦྱིན་ཐོངས། །གླུ་འདི་ཐོས་ཚད་ཁྱིམ་ཚང་ཀུན། །གྲོས་མཐུན་སྒོ་
ནས་ཆོས་བྱེད་ཤོག །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །བློ་ལྡན་དད་ཅན་ཕོ་མོ་ཚོ། །རྒྱུ་ནོམ་བསམ་པ་ཤིན་ཏུ་ནག །ཕན་ཕན་ཚུལ་གྱིས་ཕམ་སྟེར་བས། །རྒྱུ་ནོམ་མང་པོ་བསོགས་པ་དེ། །སྲོག་འཚོ་མ་ཡིན་སྲོག་གཅོད་ཡིན། །བླ་རྒན་འགའ་རེས་རེམ་རེམ་ནས། །ནོམ་པ་མང་བོ་ཡོད་ཙ་ན། །རྐུན་མ་ཧེབ་རྒན་གཅིག་གིས་གོ །རྐུན་གྲོགས་ཧེབ་རྒན་འགའ་རེར་བཤད། །ཐམས་ཅད་གྲོས་བྱས་ནུབ་གཅིག་འོངས། །བླ་རྒན་མགོ་བོ་རྡོ་བཅོམ་བྱས། །ཡོད་ཚད་ཁྱེར་ནས་སོང་བ་ཡོད། །ཁྱིམ་པ་འགའ་རེས་འཚོ་སྐྱོང་བྱས། །རྟ་ནོར་མང་པོ་ཡོད་ཙ་ན། །ཇག་པ་ཧེབ་རྒན་འགའ་རེས་གོ །ནངས་ནུབ་ཅིག་ལ་འོངས་ནས་འདེད། །བུ་དང་ཚ་བོ་ར་མདའ་བརྒྱུགས། །ཇག་པར་འཐབ་ཚེ་ཉིན་གཅིག་ལ། །མི་ཟད་རྒྱུ་ཟད་བྱས་པ་མང་། །དེ་ཕྱིར་ཁ་རྒྱབ་འདང་བ་ཙམ། །མ་གཏོགས་ཕྱི་ཕུགས་ཕྱི་འདང་རིགས། །མ་རྒྱག་ནམ་འཆིར་ངེས་པ་མེད། །རྒྱུ་ནོམ་ཡོད་ཀྱང་རྟག་པ་དཀོན། །མཆོད་སྦྱིན་ཐོངས་དང་མ་ཤི་ན། །དཀོན་མཆོག་ཐུགས་རྗེས་ཁ་རྒྱབ་སླ། །རྒྱུ་ནོམ་མང་པོ་བསག་བསགས་
ནས། །ལོ་གཅིག་ཆོས་ཆེན་བྱེད་སྙམ་ན། །མི་ཡི་བསམ་སར་རྟ་མི་རྒྱུག །དགྲ་འདྲེ་ཕྱོགས་སུ་འཆོར་བ་མང་། །ལོ་རེ་བཞིན་དུ་ཆོས་ཆུང་ཆུང་། །བྱས་ན་ཁྱིམ་ཚང་ལྟོ་རྒྱབ་ལ། །མི་གནོད་བཞིན་དུ་ཆོས་མང་འགྲུབ། །ལོ་འགའི་འཕྲོ་ནས་ཆོས་བྱས་ཚད། །བགྲངས་ན་སེམས་ལ་དགའ་སྤྲོ་འཆར། །ལོ་གཅིག་ཆོས་ཆེན་བྱས་པ་ལས། །ལོ་མང་ཆུང་ཆུང་བྱས་པ་ལྷག །དེས་ན་ལོ་རེ་ཟླ་རེ་བཞིན། །གང་ཐུབ་ལྷ་ཆོས་བསྒྲུབས་ན་ལེགས། །གླུ་འདི་ཐོས་ཚད་ཁྱིམ་པ་ཡིས། །ལོ་རེ་བཞིན་དུ་ཆོས་བྱེད་ཤོག །ཆོས་རྒྱལ་ངག་གི་དབང་བོ་ལ། །གསོལ་བ་འདེབས་སོ་ཁྱིམ་པ་ཡིས། །འཇིག་རྟེན་མི་ཆོས་ལེགས་འགྲུབ་ནས། །ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །དང་པོ་ཁྱིམ་ཚང་ངན་པ་ཡིས། །རང་གི་ཁྱིམ་ན་གང་ཡོད་རྣམས། །རྒད་པོས་དུད་ཆང་རིན་དུ་གཞལ། །རྒན་མོས་ལྐོག་ཇ་ཉོས་ནས་བསྐོལ། །མནའ་མ་བུ་མོས་མཆོར་རྒྱན་བཅའ། །བུ་ནི་ཕོ་གསར་ཡ་པོ་དགའ། །བྱིས་པས་མགོ་མིན་གསུས་པ་ཤད། །ཟ་ཉེས་བགོ་བཙོག་འབོ་ཟགས་བྱ། །ཤ་དང་སྒོག་ཆུ་ཞིམ་པོར་དགའ། །ཡར་
འཇོག་ཅན་གྱི་མི་གཅིག་མེད། །ཟ་ཞིང་ཁྱེར་དུས་ཐམས་ཅད་དཔའ། །བར་དུ་ཁྱིམ་ཚང་ངན་པ་ཡིས། །ཞིང་ལས་སོ་ནམ་ཁེ་ཚོང་དང་། །བཀལ་འཐག་ལ་སོགས་ལས་ཀ་རྣམས། །མི་བྱེད་ལ་ལ་ཉལ་ལ་དགའ། །འགའ་རེ་གྲོང་བར་ཀུན་ཏུ་འཁྱམས། །ཐ་ན་མེ་ཤིང་ཆུ་ཡང་མེད། །ཁྱིམ་ཕྱགས་ཐལ་བ་མི་འཕོ་བར། །ཟ་རྒྱུ་ཡིན་ལྟར་ཕུང་ལོགས་སེ། །ཁྱིམ་ནས་ཉིན་ཞག་མང་བོར་སྤུངས། །ཁང་བའི་གཤག་མཆུ་འོ་ཅོ་འབུད། །ཞིང་གི་སྣ་སྣེ་བཙོངས་ནས་ཟ། །སྒོ་ཕྱུགས་འཚོ་སྐྱོང་མི་གསོ་བར། །ཐམས་ཅད་གོ་ཁར་འཚོགས་ནས་འདུག །སྒོ་ཕྱུགས་ལ་ལ་སྤྱང་ཀིས་གསོད། །ལ་ལ་ལྟོགས་འཁྱགས་འགགས་ནས་འཆི། །ཁྱིམ་མཚེས་བོས་ན་ཨ་མི་ཟེར། །ཅི་རེད་ཟེར་ནས་བསྡིག་སྐོར་བྱེད། །ལོ་རེ་བཞིན་དུ་ཁ་ཐུར་འགྲོ། །སྡེ་བས་དེ་བ་ལག་ས་བཟང་། །ད་ཅང་མེད་ཀི་ཅི་ཞིག་བྱུང་། །ན་ཚ་ཤི་ཆད་མ་བྱུང་ཟེར། །ཁྱིམ་མཚེས་གཡས་གཡོན་ཤེས་ནི་ཚོས། །དེ་བ་ཚང་གི་ཁ་ཐུར་དུ། །མི་འགྲོ་ཀ་མེད་བྱ་བཅོ་གི །བུ་དང་མནའ་མས་དེ་འདི་ཞེས། །བྱ་བ་ངན་པ་བྱེད་ཚུལ་སྒྲོག །བསྒྲགས་ན་ཨ་ཧོ་དེ་ཡིན་ན། །
རྒྱལ་པོའི་མཛོད་ཅིག་ཡིན་ཡང་འཛད། །ཁ་དེ་ཐུར་དུ་ལོས་འགྲོ་ཟེར། །འགྲུལ་བ་མགྲོན་པོ་ཞིག་བྱུང་ན། །མེ་བསད་ཐ་ན་ཁྱི་མི་འགོག །བཟའ་བ་ཆེ་ཆུང་དགེ་དགེ་དགའ། །གཞན་ལ་ངན་གཏམ་ཧ་ཧ་ཟེར། །ཁྱིམ་མཚེས་མི་འཆམ་འཁོན་འཛིང་བྱེད། །བརྒྱགས་རུང་ཟ་མའི་སྟེང་ནས་འཁོན། །ཡུལ་མི་ཁྱིམ་མཚེས་འགའ་ཞིག་གིས། །ཕས་ཁ་ཐུར་དུ་འགྲོ་རྒྱུ་ཚང་། །ཁོ་གཅིག་སོང་ནོ་ཇ་ཕར་ཞོག །ཁྱི་ཡང་མ་བཟུང་བཏང་བཞག་ཟེར། །འགའ་རེས་དེ་བའི་ཆེ་ཆུང་གིས། །རང་སྐྱོན་གཅིག་གིས་མི་ཤེས་པར། །རང་གི་མགོ་ཡི་ཁ་བ་བཞག །གཞན་མགོའི་བ་མོ་སྤྲུག་གི་ཟེར། །ཡུལ་མི་ཁྱིམ་མཚེས་ཐམས་ཅད་ཀྱིས། །ལྐོག་ན་ངན་སྨྲ་དི་རི་རི། །ཐ་མ་ཁྱིམ་ཚང་ངན་པ་ཡིས། །སྒོ་ཡི་རྒྱུ་དང་ཁྱིམ་གྱི་ཟས། །གཉིས་ཀ་མྱུར་དུ་མཉམ་ཚར་བྱེད། །ཚར་དུས་གཞན་གྱི་སྒོ་རུ་སོང་། །ཨ་ཁུ་ཨ་མ་ལོ་ལོ་ཞེས། །ཇ་ལོག་མར་ལོག་ནས་ལོག་ལེན། །ཕྱི་ནས་ལོག་དོམ་མི་སོད་པར། །ཁེར་ཟོག་ཁང་ཞིང་ཡན་ཆད་འཆོར། །ལྟོགས་འཁྱགས་ས་ཚད་རྡོ་ཚད་བྱེད། །གཞན་གྱིས་མ་བྱིན་རང་ལ་མེད། །
བརྐུས་དང་འཕྲོག་བཅོམ་རི་དྭགས་གསོད། །བརྐུས་བུད་གང་ཡོད་འཇལ་དུ་འཆོར། །བཟའ་ཚང་ཐོར་ནས་ཕྱོགས་ཕྱོགས་འགྲོ། །ལ་ལ་ཕྱུག་པོའི་གཡོག་ཏུ་འགྲོ། །བསྡིག་རྡུང་ངལ་བའི་སྡུག་བསྔལ་མྱོང་། །ལ་ལ་འོ་ཅོ་བཟུང་ནས་སྤྲང་། །ཁྱིས་དེད་ལྟོགས་འཁྱགས་སྡུག་བསྔལ་ཆེ། །བྱིས་པ་ཁྱིམ་མཚེས་ཅན་དུ་རྒྱུགས། །སོང་ན་ཁྱིམ་མཚེས་ཁ་ཅིག་གིས། །བྱ་བྱིས་ཀ་ཚོ་བསེ་རེ་རེ། །ཇ་དུ་འཐུང་ཡང་སླེབ་འཇོག་གི །མུག་ཕྲུག་ཁ་སེར་ཀ་ཚོ་ཟེར། །གཞོན་ནུས་རྩེད་སྡུག་རྐྱང་བ་བྱས། །ངུས་ཚེ་ཨེ་ཁྱོད་ཁ་རོག་དང་། །འདི་སྟེར་ཟེར་ནས་ཟན་ཆང་རེ། །བྱིན་ཚེ་མིག་ཆུ་ལག་པས་ཕྱིས། །གཅིག་བལྟས་གཅིག་འཛུམ་མགོར་སོ་འདེབས། །ཁྱིམ་མཚེས་མི་འདོད་སྡུག་བསྔལ་མྱོང་། །ཆོས་ཤིག་ནུས་པ་ཕར་ལ་ཞོག །ཁྱིམ་ཚང་བཟའ་བའི་ཁ་མི་སོས། །འདི་སྡུག་ཕྱི་སྡུག་རང་གིས་བཅའ། །བྱ་བ་ངན་པ་ཞིག་གི་དུས། །ཁྱིམ་ཚང་ངན་པ་དེ་བ་ཚང་། །སྡེ་བས་དཔེར་འཐེན་ཚད་དུ་འཇོག །ཁ་གསོས་ཆོས་བཅའ་མི་ཐུབ་རུང་། །སྡུག་མེད་སྐྱིད་པོ་བྱེད་འདོད་ན། །ཁྱིམ་ཚང་ངན་པའི་བྱ་བྱེད་རྣམས། །སྤོངས་ལ་ཁྱིམ་ཚང་བཟང་པོ་
ཡིས། །ཅི་བྱེད་ལྟར་དུ་གྱིས་ཤིག་ཅེས། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །ཁྱིམ་ཚང་ངན་པ་ཁ་ཅིག་ལ། །ཅུང་ཟད་ཨེ་ཕན་ཕྱིར་དུ་སྨྲས། །ཐོས་ཚད་ཡོངས་ལ་ཕན་པར་ཤོག །ཆོས་རྒྱལ་ངག་གི་དབང་པོ་ལ། །གསོལ་བ་འདེབས་སོ་ཁྱིམ་པ་ཡིས། །འཇིག་རྟེན་མི་ཆོས་ལེགས་འགྲུབ་ནས། །ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །དང་པོ་ཁྱིམ་ཚང་བཟང་པོ་ཡིས། །རང་གི་ཁྱིམ་ན་ཅུང་ཟད་ཅིག །ཡོད་ཀྱང་ཚགས་བྱས་ཡར་ལ་འཇོག །རྒད་པོས་དུ་བ་ཆང་མི་འཐུང་། །རྒན་མོས་ལྐོག་ནས་ཇ་མི་ཉོ། །མནའ་མ་བུ་མོས་མཆོར་མི་བྱ། །བུ་ཡིས་ཡ་པོ་མི་བྱེད་བཟང་། །ཤ་དང་སྒོག་ཆུ་ཞིམ་པོ་ལ། །མི་དགའ་ཟ་ཉེས་འཕོ་ཟགས་བྱས། །ཆུད་ཟོས་ཅུང་ཟད་ཙམ་མི་གཏོང་། །གཞོན་པས་ལྟོགས་ཀྱང་སྡུག་བསྲན་བསྐྱེད། །ཟས་ཀྱི་ཆེ་ས་རྒན་བྱིས་སྟེར། །དཔྱིད་དབྱར་སྟོན་དུས་སྔོ་ཚོད་དང་། །གྲོ་མ་ལ་སོགས་བསྐོས་ནས་ཟ། །ལྟོགས་ཀྱང་བཟའ་ཚང་རྩེ་ཞིང་དགོད། །བར་དུ་ཁྱིམ་ཚང་བཟང་པོ་ཡིས། །ཁེ་ཚོང་ཞིང་ལས་བཀལ་འཐག་དང་། །ཕྱུག་པོ་བླ་དཔོན་སྔ་ཕྱིར་རྒྱུག །སྒོ་
ཕྱུགས་གསོ་ཞིང་འཚོ་སྐྱོང་མཁས། །གཞོན་པ་རྣམས་ཀྱིས་རི་ལས་རེམ། །རྒན་རྒོན་བྱིས་པས་ཡུལ་ལས་འབད། །སྦྲ་གུར་ཁང་བ་གང་ཡིན་ཡང་། །ཕྱི་ནང་གཉིས་ཀ་བྱི་དོར་བྱས། །ཆད་དམ་ཞིག་པ་ཡང་ཡང་གསོ། །གཞན་ནས་རྒྱུ་ནོམ་ཅུང་ཟད་ཙམ། །བཟའ་བ་ཆེ་ཆུང་སུས་རྙེད་ཀྱང་། །རང་གི་ཁྱིམ་དུ་ཁྱེར་ནས་འོང་། །མགྲོན་པོ་གང་འོངས་ལྷ་བཞིན་བཀུར། །གང་ཡོད་བཟའ་བཏུང་གཙང་མ་འབུལ། །ངོ་མཚར་གཏམ་སྨྲས་གཞན་དགའ་བསྐྱེད། །སྔོན་ནས་བསུ་ཞིང་ཕྱི་ནས་སྐྱེལ། །སྡེ་བས་ཚེ་རིང་བཀྲ་ཤིས་ཟེར། །ཁྱིམ་མཚེས་གཡས་གཡོན་འགའ་ཞིག་གིས། །ཆོས་དང་འཇིག་རྟེན་བྱ་བ་གང་། །བྱེད་དུས་མ་ཐུབ་མ་གྱུ་བ། །མཐོང་ན་སོང་ནས་ལས་གྲོགས་བྱེད། །ཁྱིམ་མཚེས་དགའ་ནས་ཇ་མར་སོགས། །བྱིན་ནས་ཁ་རྗེ་ཡར་ལ་འགྲོ། །ཁྱེད་ཀྱིས་དེ་རིང་ངར་བཟང་ཟེར། །ཕྱིན་ཆད་གཡོར་སྐྱི་གང་དགོས་ཀྱང་། །བཤད་ན་ལོས་སྐྱི་ལོས་གཡོར་ཟེར། །བཟའ་བ་ཆེ་ཆུང་ཐམས་ཅད་ཀྱིས། །ཡར་མར་རྒྱུགས་ནས་བཙལ་སྟབས་ཀྱིས། །ལོ་རེ་བཞིན་དུ་ཇེ་བཟང་འགྲོ། །སོང་ཚེ་སྡེ་བའི་འགའ་ཞིག་གིས། །དེ་བ་
སྔོན་ཚོ་མཆོད་ཅིག་མེད། །ལག་ས་ད་གཅིག་བཟང་གི་ཟེར། །ཁྱིམ་མཚེས་ཤེས་ནི་འགའ་ཞིག་གིས། །དེ་བ་ཚང་གི་ཁ་རྗེ་ཡར། །མི་འགྲོ་ཀ་མེད་བྱ་བཅའ་གི །བུ་དང་མནའ་མས་དེ་འདི་ཞེས། །བྱ་བ་ལེགས་པོ་བྱེད་ཚུལ་སྒྲོག །བསྒྲགས་ན་ཚེ་རིང་བཀྲ་ཤིས་དང་། །ཁ་རྗེ་ཡར་ལ་ལོས་འགྲོ་ཟེར། །དེ་ནས་ཀུན་གྱིས་རེམ་པའི་མོད། །ལོ་འགའི་འཕྲོ་ནས་ཕྱུག་པོར་འགྱུར། །ཐ་མ་ཁྱིམ་ཚང་བཟང་པོ་ཡིས། །ཚེ་སྟོད་ཅུང་ཟད་སྡུག་མྱོང་ཡང་། །ཚེ་སྨད་སྐྱིད་ཀྱི་མགོ་བོ་ཚུགས། །གཞན་གྱི་གཡོག་བྱེད་མི་དགོས་བདེ། །མི་དགེའི་སྡིག་པ་བྱེད་མི་དགོས། །ཁ་སྐྱིད་རྒྱག་པ་ཕར་ལ་ཞོག །ལྷ་ཆོས་མང་པོ་བསྒྲུབས་པ་ཡིན། །བུ་མོ་མནའ་མས་གོས་རྒྱན་བཏགས། །བུ་ཡིས་རྟ་ཞོན་གོས་ཕྲུག་གྱོན། །རྒན་རྒོན་གཉིས་ཀྱིས་ཕྲེང་བ་བཟུང་། །མ་ཎི་འདོན་བཞིན་ཐང་ཇ་འཐུང་། །ཡར་གྱི་ཕུ་ན་རྟེན་བཞེངས་མང་། །ཨ་མཆོད་ཆོས་འདོན་ལྷང་ལྷང་ལྷང་། །བླ་མ་བྱོན་ལ་འབུལ་བ་འཇོག །དགེ་འདུན་མང་པོར་བསྙེན་བཀུར་བྱེད། །དབུལ་པོ་འོངས་ན་ཟས་གོས་སྟེར། །ཀུན་གྱིས་དེ་བ་ལས་ཅན་ཟེར། །ཚེ་
འདིར་བདེ་སྐྱིད་སྙན་གསུམ་ཐོབ། །ཕྱི་མར་ལྷ་ཆོས་བྱས་པའི་མཐུས། །དེ་བས་ལྷག་གི་བདེ་སྐྱིད་མྱོང་། །འདི་སྐྱིད་ཕྱི་སྐྱིད་རང་གིས་བཅའ། །བྱ་བ་བཟང་བོ་ཞིག་གི་དུས། །ཁྱིམ་ཚང་བཟང་བོ་དེ་བ་ཚང་། །སྡེ་བས་དཔེར་འཐེན་ཚད་དུ་འཇོག །ཆོས་དང་འཇིག་རྟེན་མི་ཆོས་གཉིས། །འགྲུབ་པར་འདོད་ན་དེ་བཞིན་གྱིས། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །ཁྱིམ་པ་ཕོ་མོ་འགའ་ཞིག་ལ། །ཅུང་ཟད་ཨེ་ཕན་ཕྱིར་དུ་སྨྲས། །ཐོས་ཚད་ཡོངས་ལ་ཕན་པར་ཤོག །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །གླུ་འདི་ཉོན་དང་དད་ཅན་ཀུན། །ཁྱིམ་ཚང་ངན་པའི་སྒོ་ཕྱི་ནང་། །ཁྱིམ་ཕྱགས་ཐལ་བས་གང་ནས་བཙོག །མེ་དལ་ཇ་ཆད་ཆུ་ཤིང་མེད། །མགྲོན་པོ་འགའ་རེ་སླེབས་པའི་དུས། །མགྲོན་པོའི་སྔོན་ནས་མི་བསུ་བར། །ཆ་བོས་ཁྱིམ་ནས་གོང་འགབ་བྱས། །བསྡིག་རེ་རྡུང་རེའི་སྣ་ནས་འདུག །རྒད་པོས་རྒན་མོར་སྡང་མིག་བལྟས། །བཟའ་ཚང་སྤྱི་ལ་བསྡིག་སྐོར་བྱེད། །རྒན་མོས་རྒན་པོར་སྙིང་ཁྱིས་བཏང་། །མཆུ་གཅུ་སྣ་གཉེར་ལྐོག་ཤུབ་མང་། །བུ་ཡིས་ཆུང་མ་གཡོག་པོར་བརྡུང་། །ཆུང་མས་ཟངས་རྒྱག་
ཐོམ་རྒྱག་བྱེད། །གཡོག་པོ་སྒོ་ཡི་ཕྱི་ན་ངུ་། །མགྲོན་པོ་སྐབས་སྐབས་རེ་རེ་ལུ། །ཨེ་ཚང་ཁྱེད་ཀྱིས་དེ་མ་བྱེད། །གཡོག་པོ་བོས་ནས་ཡར་ཤོག་ཟེར། །འགའ་རེས་བཟའ་ཚང་འདི་ནང་གི །ཕྱིན་ཆད་མི་སྐྱེ་སྨོན་ལམ་ཐོབ། །མགྲོན་པོ་ཁྱེད་ཀྱིས་སོས་དལ་གྱིས། །ཇ་འཐུང་ཁྱེད་བྲེལ་མ་འཇོག་དང་། །ཁོང་གི་བྱ་བ་འདི་ཡིན་ཟེར། །མགྲོན་པོ་སུན་ནས་འདུག་མ་འདོད། །ཁོ་བོ་མྱུར་དུ་ཕྱིར་ལྡོག་དགོས། །ལས་དོན་གལ་ཅན་ཡོད་ཚོ་ཞེས། །རྫུན་སྨྲས་ཐབས་ཀྱིས་ལངས་ནས་འགྲོ། །རང་ཡུལ་སོང་ནས་ལས་ངན་ཚང་། །དེ་བའི་ངོ་དེ་མི་རིག་གི །ཆུག་ཟེར་འགའ་རེས་ཅི་རེད་ཅེས། །དྲིས་ན་ད་ནངས་ཁོ་སོང་ནོ། །ཆ་བོས་བཟའ་སྡིགས་འཁོར་ལོ་བསྐོར། །དེ་ཡིས་ཆེད་ཟེར་སྣང་བ་སུན། །ཕྱིན་ཆད་བོས་ཀྱང་དེར་མི་འགྲོ། །ཡུལ་མི་ཁྱིམ་མཚེས་ཐམས་ཅད་སུན། །ནངས་ནུབ་མེད་པར་ཀ་ཚང་ཀ །ཆེ་ཆུང་གཉིས་ཀ་འཁོན་ཚུལ་ལ། །ལྟོས་དང་ཐ་མ་མི་བཟང་ཟེར། །ཟ་རྒྱུ་འཐུང་རྒྱུ་ཡོད་ན་ཡང་། །ཁྱིམ་ཚང་བཟའ་བ་མི་འཆམ་པས། །རང་གཞན་ཐམས་ཅད་སྡུག་ཏུ་འཇུག །སྡུག་བསྔལ་ཆེ་ཞིག་དེ་
ན་སྣང་། །ཕྱི་མར་མཐུན་གྲོགས་རྙེད་མི་འགྱུར། །དེ་ཕྱིར་ཁྱིམ་པ་བསམ་ཤེས་ཚོ། །སྡིགས་རེ་རྡུང་རེ་བྱས་ཅི་བྱ། །ཟ་རྒྱུའི་ཉམས་ལ་དེ་མི་ཕན། །འཐུང་རྒྱུའི་ཚབ་ཏུ་དེ་མི་འགྲོ། །ཁ་འཁོན་ལག་འཛིང་མ་བྱེད་པར། །ཚེ་ཐུང་གློག་འགྱུ་ཙམ་འདི་ལ། །རྩེ་ཞིང་དགོད་བཞིན་ལྷ་ཆོས་གྱིས། །གླུ་འདི་ཐོས་ཚད་ཐམས་ཅད་ལ། །ནམ་ཡང་བཟའ་འཁོན་མེད་པར་ཤོག །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །གླུ་འདིར་ཉོན་དང་བསམ་ཤེས་ཚོ། །ཁྱིམ་ཚང་བཟང་པོའི་སྒོ་ཕྱི་ནང་། །ཤིན་ཏུ་གཙང་ཞིང་ཡིད་དུ་འོང་། །མེ་བཟང་སྦར་བས་ཁྱིམ་ཀུན་དྲོ། །མགྲོན་པོ་སོང་ན་སྔོན་ནས་བསུ། །ང་བདེ་ཁྱོད་བདེ་འཚམས་འདྲི་མང་། །ཁྱིམ་དུ་ཐོན་ཚེ་རྒད་པོ་ཡིས། །མལ་ནས་ཨེ་ཁྱོད་བདེ་མོ་ཡིན། །བདེ་བར་སྡོད་ལ་སྐད་ཆ་ཤོད། །རྣར་སྙན་ཡིད་དགའི་གཏམ་གསར་བ། །ཡོད་ན་མ་དྲིས་བཞིན་དུ་ཤོད། །ཨ་མྱེ་སྐད་ཆ་ཤིན་ཏུ་དགའ། །ཟེར་བའི་ལན་དུ་མགྲོན་པོ་ཡིས། །གང་ཡོད་སྐད་ཆ་ཞིབ་ཏུ་བཤད། །དེ་མིན་ཅང་མེད་ཨ་མྱེ་ཞེས། །སྨྲས་ན་འོ་ཡ་ཡོད་གི་ཞེས། །ཇ་འཐུང་སོས་དལ་གྱིས་ཚོ་ཟེར། །མ་ཎི་རིང་འདོན་ཐུང་འདོན་བྱེད། །རྒན་
མོས་མི་ཟོག་ཨེ་འཚམས་འདྲི། །མནའ་མས་ཇ་བསྐོལ་ཕྱེ་མར་འཇོག །གཡོག་པོ་མནའ་མའི་སྔ་ཕྱིར་བརྒྱུག །བུ་ཡིས་ཞྭ་ཆུང་རྣ་གཡས་གཟུར། །ཀུ་རེ་རྩེད་མོ་སྣ་ཚོགས་བྱས། །བཟའ་ཚང་མགྲོན་པོ་བར་བར་དགོད། །མགྲོན་པོ་དགའ་སྤྲོ་ཡུན་རིང་འདུག །འགྲོ་ཚེ་འཚམས་པོར་བདེ་མོར་ཟེར། །འགའ་རེས་བསྐྱལ་ནས་ཁྱི་ཁའི་འཕུད། །ཡུལ་དུ་སོང་ནས་ལས་ཅན་ཚང་། །བཟའ་ཚང་དེ་བའི་སྐྱིད་ལ་ཟེར། །ཅི་རེད་དྲིས་ན་ཐོག་མར་འཛུམ། །དེ་བའི་ཆེ་ཆུང་བཟང་ཚུལ་བརྗོད། །ཡུལ་མི་ཁྱིམ་མཚེས་ཐམས་ཅད་ཀྱིས། །ཀ་ཚང་ཅི་ཞིག་འཆམས་ནི་རེད། །ཉིན་གཅིག་འཁོན་ནི་ཐོས་མ་མྱོང་། །ཚེ་རིང་བཀྲ་ཤིས་ཟེར་ནས་དགའ། །ཁ་སྐྱིད་ཆེན་པོ་མེད་ན་ཡང་། །བཟའ་ཚང་མ་འཁོན་རྩེ་བགད་ནས། །རང་གཞན་ཐམས་ཅད་སྐྱིད་དུ་འཇུག །སྐྱིད་ཀྱི་མཆོག་གཅིག་དེ་ན་སྣང་། །ཕྱི་མར་མཐུན་གྲོགས་རྙེད་པར་འགྱུར། །དེ་ཕྱིར་ཁྱིམ་པ་བློ་ལྡན་ཚོ། །འཁོན་རེས་རྡུང་རེས་མ་བྱེད་པར། །བཟའ་ཚང་མ་བྲལ་འཛོམས་པའི་དུས། །རྩེ་དགོད་བྱེད་བཞིན་དགེ་ལ་འབོད། །གླུ་འདི་ཐོས་
ཚད་ཁྱིམ་ཚང་རྣམས། །མཐུན་པའི་སྒོ་ནས་ཆོས་བྱེད་ཤོག །དྲིན་ཅན་བླ་མ་རྣམས་ལ་འདུད། །འགྲོ་ཀུན་ཁ་ལོ་ཆོས་ལ་སྒྱུར། །ཨེ་མ་ཡ་རབས་དད་ཅན་རྣམས། །བཟའ་ཚང་ཚོང་རའི་མགྲོན་པོ་འདྲ། །མགྲོན་པོ་ཡུན་རིང་མི་སྡོད་པར། །སྔ་ཕྱི་བྱས་ནས་འགྲོ་བ་བཞིན། །བཟའ་ཚང་འཇིག་རྟེན་དཀར་ངོགས་འདིར། །ཡུན་རིང་མི་སྡོད་ཕྱི་མར་འགྲོ། །འཇིག་རྟེན་མི་ཡི་གཏམ་དཔེ་ལ། །ཡང་ཡང་ཁྲོམ་པ་སྒང་མི་ཚོགས། །ཡང་ཡང་གྱི་ལིང་སྒ་མི་བསྟོད། །ཟེར་ལྟར་ཁྱིམ་ཚང་བཟའ་བ་རྣམས། །ཡང་ཡང་ཐམས་ཅད་འཛོམ་པ་དཀོན། །ད་ལྟ་གོ་ཁའི་གོང་འགབ་བྱས། །གོར་རེ་ཀྱི་ལེར་འཛོམས་པའི་དུས། །ཀུན་གྱིས་ཆོས་རེ་བཅའ་ཐུབ་ལྟོས། །ལྷ་ཆོས་ཆེན་པོ་མ་གྱུ་ཡང་། །བཟའ་སྡིགས་མ་བྱེད་རྩེ་དགོད་གྱིས། །གོང་མས་ཚོགས་གཏམ་རྐྱང་མ་གཏོང་། །འོག་མས་རང་བཅད་རྐྱང་མ་བྱེད། །གཅིག་གིས་ཚིག་ངན་ཁབ་ཙམ་ཞིག །མི་བཟོད་ལན་དུ་འབུག་ཙམ་བརྡབ། །འབུག་ཙམ་ལན་དུ་གྲི་མདུང་ཙམ། །བརྡབས་ནས་གསོད་རེས་རྐྱང་མ་བྱེད། །མཚོན་གྱི་རྨ་ཁ་སོས་དུས་ཡོད། །ཚིག་ངན་རྨ་ཁ་སོས་དུས་མེད། །
གཅིག་གིས་གཅིག་པོས་ངན་སྨྲས་ཚིག །ཕྱི་ནས་ལན་རེ་དྲན་ཙ་ན། །ཡ་ཆུང་ནང་དུ་སྡུག་ལྷང་ངེ་། །མི་ཚོའི་སེམས་ལ་གནོད་པའི་ཚིག །སུ་ཞིག་ལ་ཡང་མ་སྨྲས་བཟང་། །གལ་ཏེ་རེ་རེ་ཤོར་སོང་ན། །ཕྱི་ནས་ཕ་རོལ་དགའ་ཐབས་རེམ། །ང་ཡི་སྤྲོ་འདིའི་རིང་གང་ལ། །གཅིག་རེའི་མགོ་ཚོ་འདུག་གི་ཞེས། །རང་གིས་རང་ལ་ངན་སྨྲས་བགྲོངས། །ཕ་རོལ་མི་དེའི་ཡོན་ཏན་རྗོད། །གཅིག་གིས་རྒྱུན་དུ་བབས་ཁུར་རུང་། །གཅིག་གིས་ཚིག་ངན་རྐྱང་སྨྲས་ན། །བཟང་པོ་ཤི་ཚེ་ངན་སྨྲས་མི། །ཕྱི་ནས་འགྱོད་པ་དྲག་པོ་སྐྱེ། །ཡོད་དུས་ཚིག་ཁ་དྲོན་པོ་ཞིག །མ་བཤད་ཟེར་ནས་སྣ་ཚོ་ལུགས། །ངུས་རུང་སུར་ཕན་སུ་ཡིས་གོ །རྟ་རྒྱུག་རྡུལ་ཡལ་ཚར་དུས་ཡིན། །མི་རྣམས་ནམ་འཆི་ཁྲིག་ཁྲིག་མེད། །དོ་ནུབ་ཡིན་ཡང་འཆི་ཉེན་ཡོད། །གསོན་དུས་སེམས་ལ་ཕན་པའི་གཏམ། །བཤད་རྒྱུ་ཡོད་ན་བཤད་རན་ཡིན། །ཆོས་རེ་བཅའ་ན་བཅའ་རན་ཡིན། །སྨོན་ལམ་ཕྱོགས་གཅིག་འདེབས་རན་ཡིན། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ཚིག་ངན་ནམ་ཡང་མི་སྨྲ་ཤོག །བླ་མ་དཀོན་མཆོག་གསུམ་
ལ་འདུད། །འགྲོ་ཀུན་ཁ་ལོ་ཆོས་ལ་སྒྱུར། །ཁྱིམ་པ་ཕོ་མོ་དད་ཅན་རྣམས། །མི་ལུས་རིན་ཆེན་ཐོབ་དུས་འདིར། །ཆོས་བྱས་ཡར་ལ་འགྲོ་བ་དང་། །སྡིག་བྱས་མར་ལ་འགྲོ་བ་ཡི། །གདམ་ཁ་རང་གི་ལག་ན་ཡོད། །རང་གི་ལག་ན་ཡོད་དུས་འདིར། །ཆོས་བྱས་ཡར་ལ་འགྲོ་དགོས་པས། །མི་དགེ་བཅུ་པོ་དུག་ལྟར་སྤོངས། །དབུས་གཙང་དག་པའི་ཞིང་ཁམས་སུ། །སོང་ལ་ཇོ་ཤཱཀ་རྣམ་གཉིས་དང་། །བསམ་ཡས་ལ་སོགས་མཇལ་སྐོར་གྱིས། །གངས་ཅན་འགྲོ་བའི་སྐྱབས་མགོན་རྗེ། །རྒྱལ་བ་པཎ་ཆེན་རྣམ་གཉིས་མཇོལ། །སེ་འབྲས་དགེ་གསུམ་དགེ་འདུན་ལ། །མང་ཇ་གཏོང་ངམ་ཁ་འདེབས་གྱིས། །བླ་མ་མང་པོར་འབྲེལ་བ་ཞོག །དབུལ་པོ་རྣམས་ལ་སྦྱིན་པ་ཐོངས། །ལུས་ཀྱིས་ཕྱག་དང་སྐོར་བ་རེམ། །ངག་གིས་ཁ་ཏོན་བཟླས་བརྗོད་བརྩོན། །རྒྱུན་དུ་བསམ་པ་དཀར་པོ་གྱིས། །ཕྱི་མར་མི་ལུས་རིན་ཆེན་ཐོབ། །ཆོས་བྱས་སངས་རྒྱས་ཐོབ་པར་སྨོན། །དེ་ལྟར་མཛད་ན་ཚེ་འདིར་བདེ། །ཕྱི་མར་སྐྱེ་བ་བཟང་པོ་བླངས། །ལྷ་ཆོས་བྱས་ནས་འཚང་རྒྱ་ངེས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ཆོས་བྱས་སངས་རྒྱས་
ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་ཀུན་སེལ་བའི། །བླ་མ་དཀོན་མཆོག་རིན་པོ་ཆེ། །ཁྱིམ་པ་སེམས་སྡུག་ཅན་རྣམས་ཀྱི། །སྡུག་བསྔལ་སངས་པར་བྱིན་གྱིས་རློབས། །རྒྱལ་ཁམས་འགྲིམ་པའི་བན་རྒན་ངས། །བུ་གཅིག་ཤི་བའི་ཕ་མ་སོགས། །སྡུག་བསྔལ་ཅན་ལ་སེམས་གསོ་བྱ། །དད་ཅན་བསམ་ཤེས་ཕོ་མོ་ཉོན། །སྔོན་དུས་སངས་རྒྱས་བཅོམ་ལྡན་འདས། །འཆི་མེད་རྡོ་རྗེ་སྐུ་བརྙེས་ཀྱང་། །དགུང་ལོ་བརྒྱད་ཅུ་བཞེས་པའི་འཕྲོ། །སྐུ་དེ་མྱ་ངན་འདའ་ཚུལ་བསྟན། །མཆོག་མཐུན་དངོས་གྲུབ་ཀུན་ཐོབ་པའི། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དང་། །བོད་ཀྱི་རྗེ་འབངས་ཉེར་ལྔ་དང་། །མི་ལ་བློ་བཟང་ཡབ་སྲས་སོགས། །སྔོན་བྱོན་མཁས་གྲུབ་གནམ་གྱིས་ས། །བཀབ་པ་ལྟ་བུ་ཐམས་ཅད་ཀྱང་། །རྟག་འཛིན་ཅན་རྣམས་ཆོས་བསྐུལ་ཕྱིར། །སྐུ་དེ་གཤེགས་པའི་ཚུལ་བསྟན་ན། །རང་རེ་ལྟ་བུ་སྨོས་ཅི་དགོས། །བོད་ལ་བསྟན་པའི་སྲོལ་བཏོན་པའི། །ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས། །རྒྱལ་པོ་བློན་པོ་མཁས་པ་དང་། །དཔའ་བོ་རི་བྲག་སྟག་འདྲ་བ། །སྐྱེས་པ་ཐམས་ཅད་ད་ལྟ་མེད། །
སྔོན་ཆད་སྐྱེས་པ་མ་ཤི་བར། །ཚེ་ཐར་ལུས་པ་གཅིག་ཀྱང་མེད། །ད་ལྟའི་རྒན་གཞོན་ཕོ་མོ་དང་། །ཕྱིན་ཆད་སྐྱེས་པ་ཐམས་ཅད་འཆི། །སྐྱེ་བ་ཡོད་ན་འཆི་བ་ཡོད། །སྐྱེས་ནས་མ་ཤི་སེམས་ཅན་མེད། །འཆི་བ་གཅིག་ལ་བྱུང་བ་མིན། །སྔ་ཕྱི་ཙམ་གྱི་ཁྱད་མ་གཏོགས། །མཆོག་དམན་བར་བ་ཀུན་ལ་འབྱུང་། །རྒན་གཞོན་བར་མ་སུ་ཤི་ཡང་། །མ་སྡུག་མ་ངུ་དགེ་བ་གྱིས། །སྔོན་དུས་སྒྲ་སྒྱུར་མར་པའི་སྲས། །ལ་སོགས་ས་ཐོབ་སྐྱེས་བུ་ཡང་། །གཞོན་དུས་གཤེགས་པའི་ཚུལ་བསྟན་ན། །འོ་སྐོལ་རྣམས་ཚོ་སྨོས་ཅི་དགོས། །གཟུགས་མཛེས་སྐད་སྙན་སེམས་བཟང་བའི། །ལྷ་ཕྲུག་འདྲ་བའི་བུ་ཚ་དང་། །མེ་ཏོག་པདྨ་གསར་དུ་ཁ། །ཕྱེ་བ་ལྟ་བུའི་བུ་མོ་ཡང་། །སྔོན་ཆད་གློ་བུར་ཤི་བ་ཡང་། །འཛམ་གླིང་ཚེ་ལ་ངེས་པ་མེད། །བུ་གཅིག་ཤི་བའི་མ་ཡིན་ཀྱང་། །མ་ངུ་འཆི་བར་འགོ་རྔ་མེད། །ཆེ་བ་དགེ་བཤེས་རྒྱལ་བློན་དང་། །ཕྱུག་པོ་དབུལ་བོ་ཀུན་གྱི་མགོར། །རྐྱེན་ངན་མི་འོང་གཅིག་ཀྱང་མེད། །སྔ་ཕྱི་བྱས་ནས་ཀུན་ལ་འོང་། །ཁྱིམ་ཚང་གཅིག་ལ་བྱུང་བ་མིན། །ཚེ་ཡི་ཚད་ལ་བབ་པའི་ཚེ། །སྨན་པའི་རྒྱལ་པོ་འཚོ་བྱེད་
དང་། །མཐུ་སྟོབས་བདག་པོ་ཕྱག་རྡོར་དང་། །འཆི་མེད་དཔལ་སྟེར་ཚེ་དཔག་མེད། །དངོས་སུ་བྱོན་ཡང་ཕན་མི་ཐོགས། །སྐུ་རིམ་སྲུང་བ་ཀུན་ངན་ནས། །ནད་པ་ལག་ནས་ཤོར་བ་མིན། །མ་ངུ་ངུས་ན་ཤི་བོ་དེ། །བར་དོའི་སྐབས་ན་གནས་པའི་དུས། །སྟེང་དུ་རྣག་ཁྲག་ཆར་བ་འབབ། །ཞག་པོ་བཞི་བཅུ་ཞེ་དགུའི་བར། །ངུས་ན་ཤི་བོ་ཉིན་རེ་བཞིན། །སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། །ངུ་བདག་དེ་ཡི་ལུས་ལ་གནོད། །ཤ་ཞན་མདོག་ཤོར་སྒུར་པོར་འགྱུར། །མིག་ཆུ་མང་པོ་འདོན་མི་རུང་། །མིག་ཆུས་མིག་གི་རྩ་ལ་གནོད། །མིག་ཀྱང་མི་གསལ་རབ་རིབ་འགྱུར། །མྱ་ངན་བྱས་ན་རྒན་རྒོན་རིགས། །ཕལ་ཆེར་ངུས་ནས་ཞར་བ་མང་། །བླ་མ་དགེ་འདུན་བཞུགས་པའི་དུས། །ངུ་འབོད་བྱས་ན་སྙན་ལ་གནོད། །ཤི་པོར་ཕན་པའི་འདོན་རྒྱུ་དང་། །བསྒོམ་རྒྱུ་གང་ཡང་འོང་བ་དཀའ། །དེ་ཕྱིར་མ་སྡུག་མ་ངུ་ཨང་། །ཆོས་རྣམས་རྨི་ལམ་སྒྱུ་མ་འདྲ། །བཟའ་ཚང་ཚོང་འདུས་མགྲོན་པོ་འདྲ། །སྐྱེ་འཆི་ཉི་ཟླའི་འཆར་ནུབ་འདྲ། །སྐྱིད་སྡུག་ལམ་ཁའི་མགྲོན་པོ་འདྲ། །ནོར་རྫས་རྩྭ་ཁའི་ཟིལ་བ་
འདྲ། །དར་རྒུད་སེམས་ཅན་ཀུན་ལ་འབྱུང་། །ཁྱིམ་ཚང་གཅིག་ལ་བྱུང་བ་མིན། །མ་ངུ་ཤི་གསོན་ཐམས་ཅད་ལ། །འདི་ཕྱིར་ཕན་པའི་དགེ་བ་གྱིས། །འོན་ཀྱང་སྔར་མགོར་མ་འོངས་པ། །གསར་དུ་གློ་བུར་བྱུང་བས་ན། །ཟུང་མེད་ངུ་རྒྱུ་འོང་བ་ཁག །མེད་རུང་མ་ངུ་སྡུག་བསྲན་གྱིས། །རྟ་ཕོ་བྱང་མ་བརྒྱར་ཞོན་ནས། །བརྒྱུགས་ཀྱང་མི་ཟིན་ཕ་རོལ་ཏུ། །ཤི་པོ་བཟང་པོ་སོང་ཕྱིན་ཆད། །ངུས་ནས་སུས་གོ་སུ་ལ་ཕན། །ཤི་བོས་ཐོས་ན་ངུ་མོད་ཀྱང་། །ཐོས་པའི་ས་ན་ཤི་བོ་མེད། །མི་ཐོས་ཕྱིན་ཆད་ངུས་ནས་ཆེད། །ཤི་བོར་ཕན་ན་ངུ་མོད་ཀྱང་། །ཕན་པ་ཕར་ཞོག་ཤི་བོར་གནོད། །མི་ཕན་གནོད་པས་ངུས་ནས་ཆེད། །རང་ལ་མི་བཟང་ཡུལ་མི་ཚོས། །མཐོང་ན་ཕྱིས་ནས་འཕྱ་ནི་མང་། །དེ་ཚད་དེ་ཉོས་ཟེར་ཡང་ཐང་། །མ་ངུ་ངུས་ནས་ཕན་མི་ཐོགས། །རྐྱེན་ངན་བྱུང་དུས་ཐེག་པ་ལ། །ཕོ་རབ་མོ་རབ་ཟེར་བ་ཡིན། །སྐྱིད་ནི་མི་ཐེག་སུ་ཞིག་ཡོད། །སྡུག་བསྔལ་བྱུང་དུས་ཐེག་པ་དགོས། །མ་རྒན་བཞིན་དུ་སྣ་བས་ཚོ་ལུག །གླང་རྒན་བཞིན་དུ་སྡུག་འཁུན་བྱེད། །བོང་རྒན་བཞིན་དུ་ཧོས་འདེབས་པ། །སྐྱེ་བོ་བླུན་པོའི་ཆོས་
ལུགས་ཡིན། །ངུས་ནས་ཤི་བོ་ཕྱིར་མི་འོང་། །དགེ་རྩའི་ཐེབས་སུ་དེ་མི་འགྲོ། །རང་གིས་རང་ལ་སྡུག་བསྐུལ་བ། །མ་གཏོགས་དོན་གོ་སྤུ་ཙམ་མེད། །ཕོ་རབ་མོ་རབ་བསམ་ཤེས་ཚོ། །བླུན་པོའི་ལད་མོ་མ་བྱེད་ཨང་། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །ཁྱིམ་པ་སེམས་སྡུག་ཅན་ལ་སྨྲས། །ཐོས་ཚད་མྱ་ངན་ཀུན་སངས་ནས། །ཡིད་ལ་དགའ་བདེ་འཆར་བར་ཤོག །འགྲོ་བའི་སྡུག་བསྔལ་ཀུན་སེལ་བའི། །བླ་མ་དཀོན་མཆོག་རིན་པོ་ཆེ། །ཁྱིམ་པ་སེམས་སྡུག་ཅན་རྣམས་ཀྱི། །སྡུག་བསྔལ་སངས་པར་བྱིན་གྱིས་རློབས། །ཁྱིམ་པ་ཕོ་མོ་བསམ་ཤེས་ཚོ། །སྔོན་ཡང་རྒན་རྒོན་འགའ་རེ་ཚོས། །མིག་གཉིས་འབྱར་རག་བར་དུ་ངུས། །ཤི་བོར་ཕན་ཟེར་ཐོས་མ་མྱོང་། །ད་ལྟ་ཕྱིན་ཆད་སུ་ངུས་ཀྱང་། །ཤི་བོར་ཕན་ཞེས་ཐོས་མི་སྲིད། །ཕན་ན་ཀུན་མཁྱེན་སངས་རྒྱས་ཀྱིས། །ངུས་ན་ཕན་གྱི་ཀུན་ངུས་ཞེས། །ལོས་གསུང་གསུངས་ན་ཐམས་ཅད་པོ། །ཉིན་མཚན་མེད་པར་ངུ་མོད་ཀྱི། །ངུས་ན་ཤི་བོར་གནོད་པ་ཆེ། །ཤི་བོའི་ཕྱིར་དུ་མ་ངུ་ཞེས། །གསུངས་པ་མ་གཏོགས་ངུ་དགོས་ཞེས། །
སྔོན་ཆད་མ་གསུངས་ད་མི་གསུང་། །གཞན་གྱིས་མ་སྡུག་མ་ངུ་ཞེས། །འདི་ལྟར་སེམས་གསོ་བརྒྱ་བྱས་ཀྱང་། །མི་ཕན་ལྷག་པར་སྟེང་དུ་བསྣན། །རྔ་མོང་བུ་ཤི་བཞིན་བྱེད་ན། །སངས་རྒྱས་གསུང་ལ་འདང་མ་བརྒྱབ། །ཤི་བོར་སྙིང་མ་རྗེ་བ་ཡིན། །འགྲོ་མགོན་སངས་རྒྱས་གསུང་བརྩི་ན། །མ་ངུ་ཤི་བོ་སྙིང་རྗེ་ན། །ཤི་བོའི་ར་མདའ་ལྷ་ཆོས་ཡིན། །མི་ཡིས་སྨོན་པའི་དགེ་རྩ་ཐོངས། །ཤི་བོར་ཕན་པའི་ཆོས་མི་བཅོ། །ལག་པ་ལྷ་ཁང་སྒོ་བས་དམ། །མིག་ཆུ་ལུང་ཕྲན་ཆུ་ལས་མོད། །མེད་མུག་མ་ཎི་བཞིན་འདོན་པ། །མི་ངན་ཁྲེལ་མེད་བྱ་བ་ཡིན། །མང་པོ་ངུས་ན་གཞན་གྱིས་འཕྱ། །འགའ་རེས་དེ་གཅིག་ངུ་གི་ཞེས། །སྨྲས་ན་འགའ་རེས་དེའི་མིག་ནས། །མིག་ཆུའི་མི་ཚད་ཁྲག་འོང་རུང་། །སྙིང་འདྲ་རྗེ་རྒྱུ་མི་འོང་གི །ངས་དེ་རིག་ན་སྤྲོ་ལངས་གི །ཤི་བོའི་ཕའི་སྐལ་ཆད་ནི་རེད། །ཇ་ཚོ་ཆུ་རེད་ཨ་ཁ་ཟེར། །འགའ་རེས་དགེ་རྩ་ཨེ་བཟང་གི །དྲིས་ན་འབུལ་བ་ཞབས་ཏོག་འདྲ། །དཀོན་གི་མིག་ཆུ་མོད་གི་ཟེར། །འགའ་རེས་འདི་ཡི་ངུ་གི་ཞེས། །ལད་མོ་བྱས་ནས་ཐམས་ཅད་དགོད། །འགའ་རེས་གཅིག་པོའི་ཚབ་
ཏུ་དེ། །ཤི་ན་དགེ་རྩ་བཟང་པོ་ཞིག །གཅིག་པོ་ཡིན་ན་དེས་བཅོ་ཟེར། །འགའ་རེས་ངས་དེ་བཟང་མོ་སྙམ། །གསེང་ན་མཆོད་ཅིག་མེད་ཀི་ཞེས། །ལྐོག་ན་ཀུན་གྱིས་ངན་སྨྲས་བྱེད། །མི་ཤི་མི་ཁ་མཉམ་པོར་འོང་། །ཤི་བོའི་ཤུལ་གྱི་ཁྲེལ་ཡོད་ཚོ། །ངུས་ན་ཤི་བོར་ཕན་མི་ཐོགས། །སྐེ་རགས་སྡོམས་ལ་སྡུག་བསྲན་སྐྱེད། །ལམ་སྣ་འདྲེན་པའི་བླ་མར་གཏུགས། །འཕོ་བ་བསྔོ་ཞུས་རྟ་མཛོ་ཕུལ། །ཨ་མཆོད་ཞོག་ལ་ཐར་མདོ་དང་། །བར་དོའི་ཐོས་གྲོལ་ཆེན་མོ་ཐོན། །ཞག་པོ་བཞི་བཅུ་ཞེ་དགུའི་བར། །སེར་མོ་བསྡུས་ལ་དགུང་ཞག་དེད། །རྟེན་གྱི་དྲུང་དུ་མར་མེ་སྦོར། །ཤི་བོའི་ཟས་སུ་ཚ་གསུར་ཐོངས། །མགུར་མ་བསྐུལ་ལ་མ་ཎི་ཐོན། །ཉིན་མཚན་ཆོས་ཀྱི་འཁོར་ལོ་སྐོར། །ཨ་མཆོད་དགེ་སློང་འབྲི་ཁྲིད་དང་། །བན་དེ་ལུག་ཁྲིད་ཐར་རེ་ཐོངས། །ཤི་བོར་དགེ་ཆེན་བྱས་ཙ་ན། །ཀུན་གྱིས་དགེ་རྩ་ཨེ་བཟང་གི །དྲིས་ན་ཁ་ཚོ་ལག་པས་བཀབ། །དེ་འདྲའི་དགེ་ཆེན་ད་སྔ་ཡན། །སུ་ཡིས་མ་བཅོས་བུ་རྒོད་པོ། །དེ་ལ་ཚེ་རིང་བཀྲ་ཤིས་ཟེར། །འགའ་རེས་ཤི་བོ་ལས་ཅན་རེད། །ཞབས་ཏོག་
འབུལ་བ་གང་ཐད་ནས། །མི་བཟང་བ་གཅིག་མེད་ཀི་ཟེར། །ཕྱི་ནས་གཞན་གྱི་དགེ་རྩ་འདྲ། །ངན་ན་བླ་རྒན་ཧེབ་རྒན་ཚོས། །དེ་བའི་དགེ་དེ་ཡང་ཡང་གླེང་། །དེ་ཚོ་བལྟས་ན་ལྐོག་གཏམ་ལ། །འདི་ཚོ་དགེ་འདྲ་མ་རེད་ཟེར། །འགའ་རེས་ཤི་བོ་དགེ་བཅོ་ན། །དེ་བས་བཅོས་ནི་འདྲ་བ་ཞིག །བཅོས་ན་ཨང་ཟེར་ཡིད་སྨོན་བྱེད། །དེ་ཕྱིར་ངུས་ན་སུས་མི་སྨོན། །སྨོན་རྒྱུ་བཅོ་ན་དགེ་ཆེན་གྱིས། །ཕྱི་ནས་ལན་རེ་ཤི་བོ་དེའི། །ལུས་ཀྱི་བྱད་དབྱིབས་རྣམ་འགྱུར་དང་། །ངག་གི་བཤད་ཚུལ་ཡིད་ལ་ཤར། །དྲན་ནས་ངུ་རྒྱུ་འོངས་པའི་དུས། །གཞན་ཚོར་རང་སེམས་ཡེངས་སུ་ཆུགས། །ནམ་ཡང་སེམས་སྡུག་མ་བྱེད་བཟང་། །བཅོ་ལྔ་གནམ་སྟོང་ཚེས་བརྒྱད་དུས། །ཨ་མཆོད་རེ་རེ་འབོད་ཐུབ་ལྟོས། །དབྱར་སྟོན་བླ་མ་བསོད་སྙོམས་པ། །བྱུང་ཡང་བསྔོ་རེ་ཞུ་ཐུབ་ལྟོས། །དེ་ལྟར་མཛད་ན་ཤི་གསོན་ལ། །འདི་ཕྱིར་བདེ་སྐྱིད་ཉི་མ་འཆར། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །ཁྱིམ་པ་སེམས་སྡུག་ཅན་ལ་སྨྲས། །ཐོས་ཚད་མྱ་ངན་ཀུན་སངས་ནས། །ཡིད་ལ་དགའ་བདེ་འཆར་བར་ཤོག །འཕགས་པ་ཐུགས་རྗེ་ཆེན་པོ་
དགོངས་སུ་གསོལ། །ཚེ་འདིར་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མའི་ཡུལ་དུ་སོང་བ་ལ། །གཡེལ་བ་མེད་པར་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཤུལ་ནས་བུ་ཡིས་དཀོན་མཆོག་མཆོད་པ་དང་། །དགེ་འདུན་བསྙེན་བཀུར་ལ་སོགས་དགེ་བའི་ལས། །ཅི་བྱས་ཐམས་ཅད་མྱུར་དུ་རྗེས་འབྲངས་ནས། །ཕྱི་མའི་དུས་སུ་ཕན་ཐོགས་འབྱུང་བར་ཤོག །ཁྱིམ་ཚང་བཟའ་བའི་ཁ་རྒྱབ་གཉིས་ཀྱི་ཕྱིར། །ནམ་ཡང་ཡུལ་ནས་སྡོད་པའི་དུས་མི་འབྱུང་། །ཕྱོགས་བཅུར་འཁྱམས་ནས་ཟས་གོས་ནོར་རྣམས་བཙལ། །གང་མཁོ་ཁྱེར་ནས་འོང་བའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ཉིན་པར་འགྲོ་ཞིང་མཚན་མོ་ཉལ་ན་ཡང་། །བུ་དང་བུ་མོ་མང་པོའི་ལྟོ་རྒྱབ་འདི། །ཇི་ལྟར་བྱས་ནས་རྙེད་དམ་བསམ་བློ་བཏང་། །སེམས་ཁུར་མ་ལས་ཆེ་བའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་
ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ཟས་ནི་ངན་ངོན་གོས་ཧྲུལ་སློག་པ་གྱོན། །ཉིན་པར་ལྟོ་བཅགས་མཚན་མོའི་གཉིད་སྤངས་ནས། །ཞིང་ལས་སོ་ནམ་རེམ་པས་ཉིན་མཚན་འདས། །ཚེ་འདིར་སྐྱིད་པོ་མ་བྱུང་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ནོར་རྫས་བཙལ་ནས་མ་རྙེད་རྐུ་འཕྲོག་བྱས། །རྫུན་དང་གཡོ་སྒྱུས་ཕ་རོལ་གཞན་མགོ་བསྐོར། །སྡིག་ལས་མང་བོ་ཞར་དང་ཞོར་ལ་བསགས། །ཕྱི་མར་ནམ་ཡང་མི་སྐྱིད་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །རྒྱུན་དུ་ཚོང་དང་བུན་སྐྱེད་འཚོ་སྐྱོང་བྱེད། །བུ་ལ་བཟང་ཞིག་ཡོད་ན་བུ་སྐྱེས་སྙམ། །རབ་ཏུ་དགའ་བས་ཁོང་འཛུམ་མང་པོ་བྱེད། །ཁ་སྐྱེལ་མགོ་ལ་
བྱུགས་པའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །བུ་ལ་ན་ཚ་ཅུང་ཟད་ཙམ་བྱུང་ཡང་། །དངངས་ནས་མོ་སྨན་རྩིས་པའི་དྲུང་དུ་བརྒྱུགས། །ཁྱིམ་ན་ཡོད་པའི་ཟས་གོས་ཕལ་ཆེ་བ། །ཕངས་མེད་གླུད་དུ་གཏོང་བའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་རོལ་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །བུ་དང་བུ་མོ་ཆེ་རུ་སོང་བ་ན། །བུ་མོར་གོས་རྒྱན་བཏགས་ནས་གནས་ལ་རྫོང་། །བུ་ནི་ལ་ལར་ཆོས་བསླབས་རབ་བྱུང་བྱས། །ལ་ལར་ཆུང་མ་ལེན་པའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད། །ཤ་ཐང་བསྐྱེད་
ནས་འབད་པས་བཙལ་བ་ཡི། །ས་ཞིང་ཁང་པ་ནོར་རྫས་ཅི་ཡོད་པ། །ཐམས་ཅད་བུ་ལ་སྤྲོད་པའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །རང་ཉིད་ལག་པ་སྟོང་པར་གྱུར་ན་ཡང་། །བདག་གིས་ཐམས་ཅད་བུ་ལ་འཕྲོད་དོ་ཟེར། །ད་ནི་འཕྲོད་སར་འཕྲོད་ནི་ཡིན་ནོ་ཞེས། །སླར་ཡང་དགའ་དགའ་བྱེད་པའི་དྲིན་ཅན་ཕ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །དེ་ལྟར་ཚེ་འདིར་བསྐྱངས་པའི་དྲིན་ཆེན་ཕས། །དོན་མེད་བཟའ་ཚང་ལྟོ་རྒྱབ་བསྒྲུབ་བསྒྲུབས་ནས། །དོན་ཆེན་དམ་ཆོས་བསྒྲུབ་པའི་ཁོམ་མ་བྱུང་། །ཚེ་འདིར་བསྐྱངས་པའི་བུ་དང་བུ་མོར་བྲལ། །འཇིག་རྟེན་ཕྱི་མར་སོང་བ་སྙིང་རེ་རྗེ། །སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་
འབྱུང་བར་ཤོག །ཅེས་པ་དྲིན་ཅན་གྱི་ཕ་ཤི་བའི་དགེ་རྩའི་སྟེང་ནས་བསྐུལ་ཆོག་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས། །བརྩེ་བའི་ཐུགས་ཀྱིས་བདག་ལ་དགོངས་སུ་གསོལ། །ཚེ་འདིར་དྲིན་གྱིས་བསྐྱངས་པའི་དྲིན་ཅན་མ། །མི་མཐོང་འཇིག་རྟེན་ཕྱི་མའི་ཡུལ་དུ་སོང་། །གྲོགས་མེད་བར་དོའི་འཕྲང་རིང་འགྲིམ་པའི་ཚེ། །ཐུགས་རྗེ་ཅན་ཁྱོད་ཐུགས་རྗེ་དེར་མ་ཆུང་། །བྱམས་པའི་ཞལ་བཟང་དྲིན་ཅན་ཨ་མར་སྟོན། །བརྩེ་བའི་ཕྱག་གིས་ཨ་མའི་ལག་ནས་དྲོངས། །བདེ་བ་ཅན་ནམ་པོ་ཏ་ལ་རུ་སྐྱོལ། །དགེ་འདུན་བསྙེན་བཀུར་ངན་སློང་སྦྱིན་གཏོང་སོགས། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །སྔ་མའི་ལུས་བོར་ཕྱི་མའི་ལུས་མ་བླངས། །བར་དོའི་གནས་སུ་གཅིག་པུར་འཁྱམས་པའི་ཚེ། །ལས་ཀྱི་དབང་གིས་མ་ཡི་མངལ་དུ་ཞུགས། །ཟླ་བཅུའི་བར་དུ་ཁུར་བའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་
སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །འགྲོ་འདུག་འགུལ་སྐྱོད་ཤུགས་དྲག་ལས་མི་བྱེད། །གཞན་གྱི་ཁ་ཟས་གང་ཡིན་ཟ་མི་ནུས། །སྐེ་རགས་དམ་པོར་མི་བཅིང་ལྷོད་པོར་བཅིངས། །བུ་ལ་གནོད་ཀྱིས་དོགས་པའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །བཙས་དུས་ཤ་རུས་འགས་འདྲའི་སྡུག་བསྔལ་མྱངས། །ཕྱི་རུ་ཐོན་དུས་འཇམ་པའི་སྟན་ལ་བཞག །བུ་དང་བུ་མོ་གཉིས་ཀྱི་གང་ཡིན་ཡང་། །ནོར་བུ་རྙེད་བཞིན་དགའ་བའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །བརྩེ་བའི་སེམས་ཀྱིས་འཇམ་པའི་ལག་ཏུ་བླངས། །བྱམས་པའི་མིག་གིས་ལྟ་ཞིང་འཛུམ་གྱིས་བསུས། །སྙན་པའི་མིང་ནས་འབོད་ཅིང་ནུ་ཞོ་བླུད། །ཤ་ཡི་དྲོད་ལ་བསླན་པའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་
ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ཟས་ནི་གཡོས་ནས་བྱིན་ན་ཆོག་མོད་ཀྱང་། །གནོད་ཀྱིས་དོགས་ནས་ལྕེ་ཡིས་བསྙོད་ནས་སྟེར། །སྣབས་ཀྱང་ལག་པས་ཕྱིས་ན་གནོད་ཀྱིས་དོགས། །འཇམ་པོ་ཁ་ཡིས་ཕྱི་བའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །མི་གཙང་ས་རྡོས་ཕྱིས་ན་གནོད་ཀྱིས་དོགས། །སྐྱུག་མི་ལོག་པར་ལག་པས་ཕྱིས་ནས་དོར། །མཚན་མོའི་དུས་སུ་འོག་ཏུ་གཅུར་གྱིས་དོགས། །གཉིད་ཀྱི་བདེ་བ་བཀག་པའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །མེ་ཆུ་གཡང་སོགས་འཇིགས་པ་རྣམས་ལས་བསྐྱབས། །ཞིམ་པའི་ཟས་བྱིན་སྙན་པའི་མིང་ནས་བོས། །འཇམ་པའི་གོས་བསྐོན་
གཏམ་དང་འགྲོ་ལུགས་བསླབས། །ཁ་སྐྱེལ་མགོ་ལ་བྱུགས་པའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །བུ་ལ་མགོ་ན་ཆམ་པ་ཙམ་བྱུང་ཡང་། །བུ་ནི་ན་ལས་རང་ཉིད་ན་ན་སྙམ། །བུ་ནི་ཤི་ལས་རང་ཉིད་ཤི་ན་སྙམ། །ཁ་མིན་སྙིང་ནས་འདེམས་པའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ལངས་དང་གོམ་པ་རེ་རེ་འདོར་བའི་དུས། །གཡས་གཡོན་ནས་སྐྱོར་མི་གཞོན་ལ་སོགས་ཟེར། །ངེད་ཀྱི་བུ་ལ་ལྟོས་ཟེར་གཞན་ལ་ངོམ། །སེམས་ལ་དགའ་སྤྲོ་ཤར་བའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ཆང་འཐུང་བཞིན་དུ་འགྲོ་འདུག་བྱེད་པའི་དུས། །ཡུལ་ན་འདུག་
དུས་དཔྲལ་བའི་མིག་བཞིན་འཚོས། །གཞན་དུ་སོང་ན་བུ་དེ་ཉེས་སམ་སྙམ། །སེམས་ལ་བདེ་དུས་མེད་པའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །འགྲོ་འདུག་ལེགས་པར་ཐུབ་པའི་དུས་སྐབས་སུ། །གང་བཟང་ཟས་ནི་ཕོ་བས་འཇུ་ཚད་བྱིན། །འཇམ་པའི་གོས་བསྐོན་མཛེས་པའི་རྒྱན་མང་བཏགས། །ནམ་ཡང་བློ་སེམས་བདེ་བའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ཟས་ཤིག་རྙེད་ཀྱང་བུ་ལ་སྟེར་སྙམ་ནས། །བུ་དེ་གཞན་དུ་སོང་ན་ཟ་མི་ནུས། །གཞན་ལ་མི་སྟེར་རུལ་རག་བར་དུ་འཇོག །ནམ་ཡང་སྙིང་ནས་གཅེས་པའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་
འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །སྐོམ་པའི་དུས་སུ་མངར་བའི་ཇ་བཟང་བླུད། །ལྟོགས་པའི་དུས་སུ་ཟས་རྣམས་མདུན་དུ་སྤུངས། །གྲང་བའི་དུས་སུ་དྲོ་འཇམ་གོས་ཀྱིས་གཡོགས། །གང་མཁོ་དགའ་བཞིན་སྟེར་བའི་དྲིན་ཅན་མ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །དེ་ལྟར་ཡང་ཡང་བསྐྱངས་པའི་དྲིན་ཅན་མས། །ཚེ་འདིའི་བུ་དང་བུ་མོ་བསྐྱང་བསྐྱངས་ནས། །ཕྱི་མའི་ལྷ་ཆོས་བསྒྲུབ་པའི་དུས་མ་བྱུང་། །དགའ་བའི་གྲོགས་དང་བྲལ་ནས་གཅིག་པུ་རུ། །མི་མཐོང་ཡུལ་དུ་སོང་བ་སྙིང་རེ་རྗེ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །ཤུལ་ནས་བུ་ཡིས་ཅི་བྱས་དགེ་རྩ་རྣམས། །རྗེས་སུ་འབྲངས་ནས་ཕན་ཐོགས་འབྱུང་བར་ཤོག །ཅེས་དྲིན་ཅན་གྱི་མ་ཤི་བའི་དགེ་རྩ་བྱེད་དུས་མགུར་དུ་བསྐུལ་ཆོག་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་ཁྱིམ་པ་ཁྲེལ་ཡོད་དད་ཅན་རྣམས་ལ་ཕན་ཕྱིར་ལྷག་བསམ་དག་པས་སྨྲས་སོ། །སངས་རྒྱས་ཐུགས་རྗེ་ཅན་ལ་འདུད། །འགྲོ་ཀུན་བློ་ཁ་ཆོས་ལ་སྒྱུར། །དད་ཅན་ཕོ་མོ་བསམ་ཤེས་ཚོ། །
སངས་རྒྱས་གསུང་རབ་གང་ཡིན་ཡང་། །རབ་ཏུ་དད་པས་བྲིས་བཏོན་ན། །ངོ་མཚར་ཕན་ཡོན་དཔག་མེད་ཡོད། །ལྷག་པར་ཐར་བ་ཆེན་པོའི་མདོ། །འབྲི་ཞིང་འདོན་པ་བསོད་ནམས་ཆེ། །སྟོང་གསུམ་གྲངས་མེད་རིན་པོ་ཆེས། །བཀང་སྟེ་སྦྱིན་པ་བྱིན་པ་བས། །མདོ་སྡེ་ཐར་བ་ཆེན་པོ་ནི། །ཡི་གེར་འབྲི་དང་འདོན་པ་དང་། །གླེགས་བམ་འཆང་བ་བསོད་ནམས་ཆེ། །སྟོང་གསུམ་འགྲོ་ལ་སྲོག་གི་སྐྱབས། །སྦྱིན་པ་བས་ཀྱང་མདོ་སྡེ་འདིའི། །ཚིགས་བཅད་གཅིག་གི་དོན་ཙམ་ཞིག །གཞན་ལ་བཤད་པ་བསོད་ནམས་ཆེ། །མདོ་སྡེ་ཐར་བ་ཆེན་པོ་ལས། །གསུངས་པའི་སངས་རྒྱས་རྣམས་ཀྱི་མཚན། །ལན་གཅིག་ཙམ་ཞིག་ཐོས་ཚད་ཀུན། །བསྐལ་ཆེན་ཁྲི་ཕྲག་བཞི་བཅུའི་བར། །དམྱལ་བའི་གནས་སུ་ལྟུང་མི་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན། །ལན་གཅིག་ཙམ་ཞིག་སུས་ཐོས་ཀྱང་། །བསྐལ་ཆེན་ཁྲི་ཕྲག་ཉི་ཤུ་དང་། །སྟོང་ཕྲག་བཞི་བཅུའི་བར་དུ་ཡང་། །དམྱལ་བའི་གནས་སུ་ལྟུང་མི་འགྱུར། །མདོ་སྡེ་འདི་ཉིད་བཏོན་ཙམ་གྱིས། །ཚུལ་འཆལ་མཚམས་མེད་ལྔ་བྱས་པ། །ཆོས་
ལ་བསྐུར་བ་བཏབ་པ་སོགས། །མི་བཟད་སྡིག་པའི་ལས་བྱས་པ། །བྱང་ཞིང་དག་སྟེ་མྱ་ངན་འདའ། །མདོ་སྡེ་ཐར་བ་ཆེན་པོ་ནི། །འབྲི་འདོན་བྱེད་པའི་གང་ཟག་ནི། །དེ་ཡི་ཉེ་འཁོར་མི་ཕྱུགས་ལ། །ཚངས་པ་བརྒྱ་བྱིན་ལ་སོགས་པའི། །དཀར་ཕྱོགས་ལྷ་ཡིས་སྲུང་སྐྱོབ་བྱེད། །དེ་ཕྱིར་སྐྱེ་འགྲོ་དད་ཅན་རྣམས། །མདོ་སྡེ་མཆོག་གྱུར་ཐར་མདོ་ནི། །གསེར་དངུལ་སོགས་ཀྱིས་རང་གིས་བྲིས། །འབྲི་དུས་ལྷག་ཆད་མེད་པར་བྲིས། །ཡང་ན་ཆོས་དཔོན་ལག་ནས་ལོངས། །ལེན་དུས་འབུལ་བ་ཆེན་པོ་ཕུལ། །རྟག་ཏུ་རང་གིས་ཁ་ཏོན་གྱིས། །འདོན་དུས་ལྷག་ཆད་མེད་པར་ཐོན། །ཡང་ན་གཞན་ལ་འདོན་དུ་ཆུགས། །བཏོན་འཕྲོ་འབུལ་བ་བཟང་པོ་ཁྱོགས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ཐར་མདོ་བླངས་ནས་འདོན་པར་ཤོག །སངས་རྒྱས་མར་མེ་མཛད་ལ་འདུད། །མར་མེའི་ཕན་ཡོན་ཅུང་ཟད་བཤད། །བསམ་པ་རྣམ་པར་དག་པའི་སྒོས། །མར་མེ་གསལ་བོ་སྦར་མཁན་གྱི། །སྡིག་སྒྲིབ་ཉེས་ལྟུང་མུན་ཁུང་དུ། །ཉི་ཟེར་ཞུགས་བཞིན་འདག་པར་འགྱུར། །ལུས་བདེ་ལུས་ལ་གཟི་བརྗིད་འབར། །རིག་པ་ཇེ་གསལ་ཇེ་
གསལ་འགྲོ། །སྔར་མ་ཤེས་པའི་ཆོས་དོན་གོ །དངོས་སམ་ཉམས་དང་རྨི་ལམ་དུ། །སྤྱན་རས་གཟིགས་སོགས་ལྷ་ཞལ་མཐོང་། །འཆི་ཁར་ཤེས་པ་ཤིན་ཏུ་གསལ། །བར་དོར་མུན་པ་འཐིབ་མི་འགྱུར། །ཕྱི་མར་ངན་སོང་གནས་མི་ལྟུང་། །བདེ་བ་ཅན་ནམ་མི་ཡུལ་སྐྱེ། །གང་དུ་སྐྱེས་ཀྱང་གཟུགས་བྱད་མཛེས། །མིག་རྣོ་རིག་པ་ཤིན་ཏུ་གསལ། །དགེ་སྡིག་ལེགས་ཉེས་བླང་དོར་ཤེས། །ནག་པོ་མི་དགེ་དྲན་མི་འགྱུར། །དཀར་པོ་དགེ་བའི་ཕྱོགས་ལ་དགའ། །རྟག་ཏུ་ཚོགས་གཉིས་གསོག་ལ་བརྩོན། །གནས་སྐབས་བདེ་སྐྱིད་ཉི་མ་འཆར། །མཐར་ཐུག་རང་དོན་ཆོས་སྐུ་དང་། །གཞན་དོན་མཚན་དང་དཔེ་བྱད་ཀྱིས། །བརྒྱན་པའི་གཟུགས་སྐུ་ཐོབ་པར་འགྱུར། །དེ་ཕྱིར་ཆོས་ཀྱི་རྒྱལ་པོས་ཀྱང་། །སྤྱིར་ནི་ཆོས་ཀུན་ལོ་ཡག་གི །སྙེ་མ་འདྲ་བས་མི་བཟང་མེད། །ཁྱད་པར་ཆོས་རྣམས་ཐམས་ཅད་ཀྱི། །སྙིང་པོ་ཡི་གེ་དྲུག་མ་དང་། །ཆོས་འཁོར་ཇོ་དར་མར་མེ་དང་། །ཚེ་ཐར་བཏང་ན་ཕན་ཡོན་ཆེ། །གསུངས་པ་ཀུན་གྱིས་ཡིད་ལ་ཟུངས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །མར་མེ་
གསལ་པོ་སྦར་བར་ཤོག །སྐྱབས་གནས་བླ་མ་རྣམས་ལ་འདུད། །སྡིག་སྒྲིབ་འདག་པར་བྱིན་གྱིས་རློབས། །ཡིག་བརྒྱ་ཐུན་མཚམས་ཉེར་གཅིག་རེ། །བརྗོད་ན་ཉེས་ལྟུང་མི་འཕེལ་ཞེས། །རྒྱ་བོད་མཁས་གྲུབ་དགོངས་པ་མཐུན། །ལན་གཅིག་ཙམ་ཞིག་བརྗོད་ན་ཡང་། །ཉེས་ལྟུང་ཐམས་ཅད་འདག་གོ་ཞེས། །རྟ་མཆོག་རོལ་བའི་རྒྱུད་ལས་གསུངས། །རྩ་བའི་དམ་ཚིག་ཉམས་པ་རྣམས། །ཕྱི་མར་རྡོ་རྗེ་དམྱལ་བར་སྐྱེ། །དེ་ཡི་སྡུག་བསྔལ་ཚེ་ཡི་ཚད། །བཅོམ་ལྡན་འདས་ཀྱིས་གསུང་མི་ཕོད། །གསུངས་ན་བྱང་སེམས་སྙིང་རྗེ་ཅན། །ཁ་ནས་ཁྲག་བྱུང་འཆི་བར་བྱེད། །དེ་རྒྱུ་ཉམས་ཆགས་སྡིག་སྒྲིབ་ཀྱང་། །རྡོར་སེམས་སྒོམ་བཟླས་བྱས་ན་འདག །གོས་སྔོན་ཅན་གྱི་རྒྱུད་ནས་གསུངས། །དེ་ཕྱིར་སྡིག་ལྟུང་དྲག་པོ་ཡིས། །ནོན་པས་འདི་ལ་ཐུགས་དམ་མཛོད། །ལྭ་བ་བཀྲུས་ན་ཚོས་མདོག་ལེགས། །དེ་བཞིན་སྡིག་སྒྲིབ་སྦྱང་བ་ན། །རྒྱུད་ལ་ཉམས་རྟོགས་སྐྱེ་བ་སླ། །དེ་ཕྱིར་གཞན་ལ་འཁྲིད་འདེབས་ཚེ། །ཐོག་མར་ཡིག་བརྒྱ་འདོན་དུ་ཆུགས། །ཐབས་ལམ་སྒོམ་དུས་བདེ་དྲོད་ལུས། །སྐྱེ་བའི་ཐབས་ལ་རྡོར་
སེམས་ཀྱི། །སྒོམ་བཟླས་འདི་ཉིད་ཟབ་བོ་ཞེས། །བླ་མ་སྟག་ལུང་ཐར་པས་གསུངས། །མ་མགོན་ཆོས་སྐྱོང་གང་བསྒྲུབས་ཀྱང་། །རྡོར་སེམས་སྒོམ་བཟླས་འདི་བྱས་ན། །ཉམས་ཆགས་དག་ནས་འཁུ་ལྡོག་མེད། །ནད་གདོན་རྒྱུ་ནི་སྡིག་སྒྲིབ་སྟེ། །སྡིག་སྒྲིབ་མེད་ན་ནད་གདོན་ཀྱང་། །འབྱུང་བར་མི་འགྱུར་རྐྱེན་ངན་པ། །ཟློག་ཐབས་འདི་ལས་ཟབ་པ་མེད། །བསྒྲུབས་པའི་རྟགས་མཚན་མི་གསལ་བ། །སྡིག་སྒྲིབ་ཆེ་བས་བསྒྲིབས་པ་ཡིན། །གསལ་ཐབས་འདི་ལས་ཟབ་པ་མེད། །ལྟ་བ་རྒྱུད་ལ་མི་སྐྱེ་བ། །ལྷན་སྐྱེས་མ་རིག་སྒྲིབ་པས་བསྒྲིབས། །སྒྲིབ་པ་མེད་ན་ཅིས་མི་སྐྱེ། །སྐྱེ་ཐབས་འདི་ལས་ཟབ་པ་མེད། །མདོར་ན་འདི་ཉིད་ཁོ་ན་ཡིས། །སངས་རྒྱས་ཐོབ་པར་འགྱུར་ཞེས་གསུངས། །དེ་ཕྱིར་འདི་ལ་ཐུགས་དམ་མཛོད། །འདི་ཉིད་ཚོགས་དྲུག་རང་གྲོལ་སྨྲས། །ཐོས་ཚད་ཡིག་བརྒྱར་འབད་པར་ཤོག །བླ་མ་རྣམས་ལ་གུས་ཕྱག་འཚལ། །ཚོགས་གསོག་ནུས་པར་བྱིན་གྱིས་རློབས། །སྐྱེ་བ་འདི་ནས་སངས་རྒྱས་ཀྱི། །གོ་འཕང་མ་ཐོབ་ཚུན་ཆད་ཀྱི། །སྐྱེ་བ་བླངས་དུས་བདེ་སྐྱིད་
ཀུན། །འབྱུང་བའི་རྒྱུ་ནི་ཚོགས་གསོག་ཡིན། །མཐར་ཐུག་སངས་རྒྱས་ཐོབ་དུས་ཡང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །བསོད་ནམས་ཚོགས་ལས་འབྱུང་བ་ཡིན། །བསོད་ནམས་བསག་ཐབས་གྲངས་མང་ཡང་། །མཎྜལ་ཕུལ་ལས་ཟབ་པ་མེད། །འབུལ་ཆེན་འཇོག་དང་མང་ཇ་འདྲེན། །དབུལ་བོ་རྣམས་ལ་སྦྱིན་གཏོང་དང་། །དེ་བཞིན་ལྷ་འབྲི་རྟེན་བཞེངས་སོགས། །རྒྱུ་ཡི་དངོས་པོ་གཏོང་དགོས་རྣམས། །དྲི་མ་གསུམ་དང་མ་འདྲེས་དཀོན། །དང་པོ་སྒྲུབ་ཚེ་སྡིག་དང་འདྲེས། །བར་དུ་དཀའ་ཚེགས་སྡིག་དང་འདྲེས། །ཐ་མ་སེར་སྣའི་སྡིག་དང་འདྲེས། །མཎྜལ་དྲི་མ་དེ་གསུམ་མེད། །ལག་པ་བརྐྱང་བསྐུམ་བསོད་ནམས་ཚོགས། །སྒྲུབ་ལ་མཎྜལ་ལས་ལྷག་པ། །མེད་ཅེས་གླིང་ཆེན་རས་པས་གསུངས། །མདོ་སྔགས་གསར་རྙིང་ཐམས་ཅད་མཐུན། །མཎྜལ་མང་བོ་ཕུལ་བ་ན། །རྟོགས་པ་ཤུགས་ཀྱིས་སྐྱེ་བ་ཡིན། །ཤེས་རབ་ངང་གིས་འཕེལ་བ་ཡིན། །ཆོས་མཐུན་ཅི་བསམ་ཐམས་ཅད་འགྲུབ། །གསུང་རབ་ཚིག་དོན་གོ་བ་ཡིན། །ས་ལམ་རིམ་གྱིས་བགྲོད་པ་ཡིན། །མཐར་ཐུག་སངས་རྒྱས་ཐོབ་པ་ཡིན། །
དེ་ཕྱིར་ཚོགས་གསོག་ཀུན་གྱི་མཆོག །མཎྜལ་འབུལ་ལ་འབད་པར་མཛོད། །བསོད་ནམས་བསགས་ཐབས་གླུ་ཆུང་འདི། །ཐོས་ཚད་བསོད་ནམས་ཚོགས་གསོག་ཤོག །སྐྱོན་ཀུན་ཟད་ཡོན་ཏན་ཀུན་གྱི་གཏེར། །མགོན་སངས་རྒྱས་ཐུགས་རྗེ་ཅན་ལ་འདུད། །མི་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས། །ཆོས་རྣམ་དག་བསྒྲུབ་པར་བྱིན་གྱིས་རློབས། །རྐུ་ཇག་དང་གཡོ་སྒྱུས་གཞན་ནོར་བླངས། །དེས་དགེ་འདུན་བསྙེན་བཀུར་སོགས་བྱས་ནས། །ཆོས་བྱས་སོ་སྙམ་པའི་ཁྱིམ་པ་ཚོ། །ཆོས་རྣམ་དག་ཡིན་མིན་བཀའ་ལ་ལྟོས། །རྟེན་ལྷ་བཞེངས་དམ་ཆོས་འབྲི་འདོན་ཚེ། །དེའི་ཆེད་དུ་སེམས་ཅན་སྲོག་བཅད་ནས། །ཆོས་བྱས་སོ་སྙམ་པའི་ཁྱིམ་པ་ཚོ། །ཆོས་རྣམ་དག་ཡིན་མིན་བཀའ་ལ་ལྟོས། །ཕ་ཤི་བའི་དོན་དུ་ར་ལུག་བསད། །ཤ་སྔས་མགོའི་བླ་མ་འདྲེན་པ་ཡིས། །ཆོས་བྱས་སོ་སྙམ་པའི་ཁྱིམ་པ་ཚོ། །ཆོས་རྣམ་དག་ཡིན་མིན་བཀའ་ལ་ལྟོས། །རྗེ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས། །ཆོས་བྱེད་དུས་སྲོག་ཆོད་གསུངས་པ་མེད། །དོན་དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །སྡིག་མ་འདྲེས་ལྷ་ཆོས་མཛད་ན་
ལེགས། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས། །གྲོང་ཁྱིམ་པ་ཕོ་མོ་རྣམས་ལ་སྨྲས། །གླུ་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །སྡིག་མ་འདྲེས་ལྷ་ཆོས་བྱེད་པར་ཤོག །མེ་འོབས་ལྟ་བུའི་འཁོར་བའི་གནས་འདི་ནས། །པད་ཚལ་ལྟ་བུའི་ཐར་བའི་གནས་མཆོག་ཏུ། །འགྲོ་ཀུན་འདྲེན་མཛད་རྒྱལ་སྲས་རྣམས་ལ་འདུད། །ཉམས་ཐག་འགྲོ་རྣམས་ཐར་བའི་གནས་སུ་དྲོངས། །རིགས་དྲུག་འཁོར་བའི་གནས་འདི་གར་སྐྱེས་ཀྱང་། །སྡུག་བསྔལ་མ་གཏོགས་བདེ་བ་ཅུང་ཟད་མེད། །དམྱལ་བ་རྣམས་ལ་ཚ་གྲང་སྡུག་བསྔལ་ཡོད། །ཡི་དྭགས་རྣམས་ལ་བཀྲེས་སྐོམ་སྡུག་བསྔལ་ཡོད། །དུད་འགྲོ་རྣམས་ལ་བཀོལ་སྤྱོད་སྡུག་བསྔལ་ཡོད། །མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད། །ལྷ་མ་ཡིན་ལ་འཐབ་རྩོད་སྡུག་བསྔལ་ཡོད། །ལྷ་ལ་འཆི་འཕོ་ལྟུང་གི་སྡུག་བསྔལ་ཡོད། །མ་ཆགས་མ་ཆགས་འཁོར་བའི་བཙོན་དོང་སྐྱུར། །འགྲོ་ན་འགྲོ་ན་ཐར་བའི་གྲོང་ཁྱེར་སྙོགས། །ཁྱད་པར་མི་ཡི་སྡུག་བསྔལ་རྒྱས་པར་བཤད། །མི་ལ་སྐྱེ་བའི་སྡུག་བསྔལ་མངལ་གནས་ཚེ། །དྲི་ངན་མི་གཙང་ནང་དུ་ཉལ་བ་འདྲ། །བཙས་དུས་པགས་པ་
དམར་བཤུ་བྱས་པ་འདྲ། །ཕྱི་རུ་ཐོན་དུས་ཚེར་ཕུང་ནང་ལྷུང་འདྲ། །རྒས་པའི་སྡུག་བསྔལ་དྲང་བོའི་ལུས་པོ་སྒུར། །ཁ་ཡི་སོ་བུད་སྐྲ་དཀར་གཉེར་མ་མང་། །མིག་དང་རྣ་བ་མི་གསལ་བརྗེད་ངས་ཆེ། །ཚ་གྲང་བཀྲེས་སྐོམ་ཅུང་ཟད་ཙམ་མི་བཟོད། །ལུས་སྟོབས་ཤོར་བས་འགྲོ་འདུག་ཤིན་ཏུ་དཀའ། །ལངས་ནས་འགྲོ་དང་ས་ལ་སྡོད་པའི་དུས། །ཨ་ཕ་ཨ་མ་མང་པོ་ཁ་ནས་ཤོར། །བྱིས་པ་རྣམས་ཀྱིས་ལད་མོ་བྱེད་ཅིང་དགོད། །ཡུལ་མི་ཁྱིམ་མཚེས་རྣམས་ཀྱིས་བརྙས་བཅོས་བྱེད། །ཁྱིམ་ཚང་བཟའ་བས་མི་འདོད་འཆི་རན་ཟེར། །སྡིག་རྒན་འདི་ལ་སྲོག་གཅོད་མི་འོང་ཟེར། །འཆི་མེད་མ་འདི་ཤི་ན་ཚད་རེད་ཟེར། །ཚིག་ངན་ཉིན་རེ་བཞིན་དུ་མང་པོ་གོ །མ་འདུག་མ་འདུག་གཞོན་དུས་ཕྱག་སྐོར་གྱིས། །འདུག་ན་འདུག་ན་རྒས་དུས་ཉོལ་ལ་སྡོད། །ན་བའི་སྡུག་བསྔལ་ནད་གདོན་དྲག་པོས་ཟིན། །ཉིན་རེའི་མནར་གཅོད་སྡུག་བསྔལ་བཟོད་མི་ནུས། །ལུས་ཀྱི་ཤ་ལྤགས་བསྐམས་ཤིང་འགུལ་སྐྱོད་དཀའ། །ཡིད་དུ་འོང་བའི་ཟས་དང་སྐོམ་རྣམས་ནི། །ནད་ལ་གནོད་ཟེར་སྨན་པས་ཟར་མི་སྟེར། །ཡིད་
དུ་མི་འོང་ཟས་སྨན་གཏར་སྲེག་རྣམས། །རང་གིས་མི་འདོད་བཞིན་དུ་བསྟེན་དགོས་ཤིང་། །མོ་སྨན་རིམ་གྲོ་མང་པོ་བྱས་པ་རྣམས། །གནོད་པ་སྐྱེལ་བཞིན་ཇེ་སྡུག་ཇེ་སྡུག་འགྲོ། །མི་ཁྱོད་མི་དགེ་སྤོངས་ལ་མ་ན་གོང་། །ཡང་དང་ཡང་དུ་ཚོགས་གསོག་སྒྲིབ་སྦྱོང་གྱིས། །འཆི་བའི་སྡུག་བསྔལ་ནད་ཚབས་ཆེར་སོང་སྟེ། །མོ་སྨན་རིམ་གྲོ་བྱེད་རྣམས་རང་ཡུལ་བསྙེགས། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་སྨྲེ་སྔགས་འདོན། །ཤི་དགེ་དུར་འདེབས་སོགས་ཀྱི་གཤོམ་ར་འདིང་། །དེ་དུས་རང་གི་ལུས་ཀྱི་བཀྲག་མདངས་ཉམས། །ཁ་བསྐམས་མཆུ་བརྫེ་མིག་གཉིས་དོང་དུ་ལྷུང་། །དབུགས་བརྩེགས་སྔར་བྱས་སྡིག་པའི་ལས་ལ་འགྱོད། །གྲོགས་དང་བུ་ཚ་བུ་མོ་ནོར་རྫས་ཆགས། །ཧྲིག་ཧྲིག་བལྟ་ཞིང་མཆི་མ་རེ་གཉིས་འདོར། །བཟང་ངན་ལྡབ་ལྡིབ་གཏམ་གྱིས་ཁ་ཆེམས་འཇོག །གཉེན་བཤེས་འཁོར་གཡོག་ནོར་རྫས་རྣམས་དང་བྲལ། །གཅེས་པར་བསྐྱངས་པའི་ལུས་ཀྱང་མལ་དུ་བཞག །མར་གྱི་ནང་ནས་སྤུ་བཏོན་བཞིན་དུ་འགྲོ། །མ་བྱེད་མ་བྱེད་དགྲ་འདུལ་གཉེན་སྐྱོང་ཞོག །བྱེད་ན་བྱེད་ན་འཆི་བྲོད་ལྷ་ཆོས་གྱིས། །
དགྲ་དང་ཕྲད་དང་ཕྲད་དོགས་སྡུག་བསྔལ་དང་། །གཉེན་དང་བྲལ་དང་བྲལ་དོགས་སྡུག་བསྔལ་དང་། །ཡོད་པའི་འཚོ་སྐྱོང་མི་ཐུབ་སྡུག་བསྔལ་དང་། །མེད་པོས་བཙལ་ན་མི་རྙེད་སྡུག་བསྔལ་དང་། །ཕྱུག་པོ་སྤྲང་པོར་སོང་བའི་སྡུག་བསྔལ་དང་། །མང་པོ་གཅིག་ཏུ་སོང་བའི་སྡུག་བསྔལ་དང་། །ཚ་གྲང་ལྟོགས་ཤིང་སྐོམ་པའི་སྡུག་བསྔལ་དང་། །འཐབ་རྩོད་གཏུགས་བཤེར་ལ་སོགས་སྡུག་བསྔལ་མང་། །དེ་ཕྱིར་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཞེས། །མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པས་ན། །ད་ནི་འཁོར་བ་འདི་ལ་རྒྱབ་བསྟན་ནས། །བདེ་ཆེན་ཐར་བའི་ཞིང་ཁམས་བསྙེག་རེ་རན། །བསྙེག་པའི་ཐབས་ནི་དམ་ཆོས་ཁོ་ན་ཡིན། །མྱུར་བ་མྱུར་དུ་དམ་པའི་ལྷ་ཆོས་གྱིས། །སྡིག་དང་སྡིག་པའི་གྲོགས་པོ་ཐབས་ཀྱིས་སྤོངས། །དགེ་དང་དགེ་བའི་བཤེས་གཉེན་བསྟེན་བྱས་ནས། །བདེ་ནས་བདེ་བར་འགྲོ་བར་ཐེ་ཚོམ་མེད། །གླུ་དབྱངས་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །འཁོར་བ་ཐམས་ཅད་མེ་མ་མུར་གྱི་འོབས། །སྲིན་མོའི་གླིང་དང་དུག་སྦྲུལ་ཚང་ལྟར་མཐོང་། །ཐར་འདོད་
ཤུགས་དྲག་རྒྱུད་ལ་སྐྱེ་བར་ཤོག །ཅེས་པ་འདི་ཡང་དད་ཅན་བློ་ལྡན་ཤ་ཉེ་བནྡེས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོག་དྲུག་རང་གྲོལ་གྱིས་སྨྲས་པའོ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །བླ་མ་དམ་པས་ཆོས་ཀྱི་སྒོར་བཅུག་ནས། །དྲེད་པོ་དྲེད་མོར་ཤོར་བ་ངོ་རེ་ཚ། །མཁན་སློབ་སྤྱན་སྔར་ཁྲིམས་བསྲུང་ཁས་བླངས་ནས། །ནག་ཆང་བསྟེན་པའི་བཙུན་པ་ངོ་རེ་ཚ། །ཐེག་ཆེན་སྤྱོད་པ་ཡིན་པར་ཁས་བླངས་ནས། །སྙིང་རྗེ་མེད་པའི་ཆོས་པ་ངོ་རེ་ཚ། །དམ་ཚིག་ཚུལ་བཞིན་མ་བསྲུངས་གསང་སྔགས་སློབ། །ཟོང་དུ་བཙོངས་པའི་སྔགས་པ་ངོ་རེ་ཚ། །རི་ལ་མི་ཚུགས་ལྟོ་ཕྱིར་གྲོང་ཡུལ་འགྲིམས། །ཡོན་བདག་མགོ་སྐོར་རྣལ་འབྱོར་ངོ་རེ་ཚ། །གཉན་ས་འགྲིམས་ནས་བདག་འཛིན་མི་གཅོད་པར། །ར་ལུག་མགོ་གཅོད་གཅོད་པ་ངོ་རེ་ཚ། །རྒྱལ་ཁམས་ཐམས་ཅད་ཆོས་བཞིན་མི་སྐྱོང་བར། །ཉེས་མེད་གསོད་པའི་རྒྱལ་བློན་ངོ་རེ་ཚ། །གང་ཡོད་རྣམས་ཀྱིས་དགོན་པར་ཕོགས་མི་རྒྱག །སྡུག་སོག་བྱེད་པའི་བླ་མ་ངོ་རེ་ཚ། །ནོར་རྫས་ཡོད་བཞིན་མཆོད་སྦྱིན་མི་གཏོང་བར། །སེར་སྣ་ཆེ་
བའི་ཕྱུག་པོ་ངོ་རེ་ཚ། །ངོ་ཚར་གཏད་ཀྱང་ད་དུང་ངོ་མི་ཚ། །མགོ་ལ་གཏོ་ཞོག་མི་ཡིན་མ་སེམས་ཤིག །གླུ་ལ་དགའ་བའི་ཤུགས་ཀྱིས་གླུ་འདི་བླངས། །འདི་ཉིད་ཐོས་ཚད་རྒྱུད་ལ་ཕན་ཐོགས་ཤོག །བོད་ཀྱི་ཉི་མ་པདྨ་འབྱུང་། །བོད་ལ་དྲིན་ཅན་ཇོ་བོ་རྗེ། །བོད་ཡུལ་གཙུག་རྒྱན་བློ་བཟང་གྲགས། །བོད་ཁམས་ཡོངས་ལ་ཐུགས་རྗེས་གཟིགས། །ཁྱིམ་པ་ཕོ་མོ་ཕལ་ཆེར་ནི། །སྐལ་བ་དམན་པས་ཆོས་མི་ཐོས། །ཐོས་བསམ་མ་བྱས་ཆོས་མི་ཤེས། །རྩྭ་མི་ཟ་ཞིང་ཆུ་མི་འཐུང་། །མ་གཏོགས་ཕྱུགས་ཀྱི་བུ་དང་འདྲ། །ད་ལྟ་མི་ལུས་ཐོབ་དུས་འདིར། །བླ་མ་དམ་པ་ཚུལ་བཞིན་བསྟེན། །ལོ་རེ་བཞིན་དུ་དབང་ལུང་ཞུས། །ལོ་བརྒྱ་ལོན་ནས་དབང་བརྒྱ་ཐོབ། །ཚེ་འདིར་ཚེ་རིང་ནད་མེད་ཅིང་། །ཕྱི་མར་ལྷ་མིར་སྐྱེས་ན་ཡང་། །དབང་ཅན་མཐོན་པོའི་རིགས་སུ་སྐྱེ། །དམ་ཚིག་བསྲུངས་ན་སྐྱེ་བ་གསུམ། །ཡང་ན་བདུན་དང་བཅུ་དྲུག་ཚུན། །སངས་རྒྱས་ཐོབ་ཅེས་རྒྱུད་ལས་གསུངས། །རྒྱུན་དུ་སྡིག་སྤོངས་དགེ་བ་སྒྲུབས། །དཀོན་མཆོག་གསུམ་པོ་སྐྱབས་སུ་སྟེན། །ཁྱད་པར་བོད་ཡུལ་ལྷ་སྐལ་
ནི། །ཐུགས་རྗེ་ཆེན་པོར་གསོལ་བ་ཐོབས། །རིགས་དྲུག་སྐྱེ་བའི་སྒོ་གཅོད་པའི། །ཡི་གེ་དྲུག་པ་རྒྱུན་དུ་ཐོན། །དེ་ལྟར་མཛད་ན་གནས་སྐབས་སྐྱིད། །མཐར་ཐུག་སངས་རྒྱས་གོ་འཕང་ཐོབ། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །ཁྱིམ་པ་ཕོ་མོ་ཡོངས་ལ་སྨྲས། །ཐོས་ཚད་ཁྱིམ་པ་ཐམས་ཅད་ཀྱིས། །ཆོས་ལ་ཐོས་བསམ་སྒོམ་བྱེད་ཤོག །བླ་མ་དམ་པ་རྣམས་ལ་འདུད། །ཉོན་དང་དད་ཅན་ཕོ་མོ་ཚོ། །མི་རྣམས་ལང་ཚོ་དར་བབས་དུས། །ལྷ་ཆོས་མི་དྲན་ཁ་བདེ་ཚོས། །འེ་ལགས་སྐུ་གཞོགས་རིན་པོ་ཆེ། །ཁྱེད་རྣམས་ལྟ་བུ་ངེད་ཚོ་མིན། །བཟའ་བ་ཧྲལ་ཧྲུལ་ཉག་ཉོག་མང་། །ཆོས་ཚོ་མི་ཐུབ་མི་འགྱུ་ཟེར། །ན་སོ་ཡར་ལ་རྒས་ཙ་ན། །དྲང་པོའི་ལུས་པོ་སྒུར་ཞིང་འཁྱོགས། །ཤ་ཁྲག་བྲི་ཞིང་གཉེར་མ་མང་། །ནག་པོའི་སྐྲ་ཚོ་དུང་ལྟར་དཀར། །ཀུན་གྱིས་རྒད་པོ་གན་ཚོ་འམ། །རྒན་མོ་མ་ཀི་ཟེར་ནས་བརྙས། །དེ་དུས་ཆོས་ཤིག་དྲན་ན་ཡང་། །ལུས་ཀྱི་སྟོབས་ཟད་སེམས་དཔའ་ཞུམ། །ཕྱག་གཅིག་འཚལ་ཀྱང་ལྷུ་ཚིགས་ན། །རང་དབང་བུ་དང་མནའ་
མར་ཤོར། །མཆོད་སྦྱིན་འདོད་ཀྱང་དབང་མི་ཆོད། །བར་བར་ལྟོགས་སྐོམ་འཁྱགས་པ་ན། །ཁ་སེམས་མཐུན་པའི་རྒན་རྒོན་ཚོར། །ཐུག་ན་བཤད་ནས་ཅུང་ཟད་ངུ་། །མིག་གཉིས་མི་གསལ་རབ་རིབ་འགྱུར། །སྟེང་དུ་ཇ་ཕོ་ཧུ་ཧུ་ཟེར། །རྣ་བ་སྲ་བས་ལན་མང་འདྲི། །སྒྲ་ལོག་གོ་ཚེ་ཧོན་ལོག་ཟེར། །སོ་རྣམས་བུད་པས་སྨྲ་བ་དིག །ངོ་ཚའི་གཏམ་ཤོར་གཞོན་ནུ་དགོད། །ནམ་ངན་བྱུང་དུས་སྐལ་གཅོད་ཟེར། །ཙག་ངན་འཁོལ་དུས་གོ་གཅོད་ཟེར། །ཁོ་བོ་ཡི་ཆད་ཤི་ན་ཟེར། །རླུང་མཁྲིས་བད་ཀན་ནད་ཀྱིས་ཟིན། །སྡོད་པར་དཀའ་བའི་ཟུག་གཟེར་ལང་། །བདེ་བར་ཉལ་ཡང་སྡུག་བསྔལ་ཆེ། །བཟའ་བཏུང་ཟོས་ཀྱང་རོ་མི་མྱོང་། །མགོ་བོ་བཏེགས་ཀྱང་ཐུར་དུ་གུག །འཇམ་པོར་ཉལ་ཡང་དཔྱི་མགོ་ཁོལ། །དེ་དུས་སྨན་དཔྱད་རིམ་གྲོ་བྱས། །ད་དུང་སོས་ན་འདོད་མོད་ཀྱང་། །རྒད་པོ་སྨན་གྱི་ཁ་དགོས་མེད། །ལྷོ་སྒོ་ཙམ་རེ་ཚད་ཡིན་ཟེར། །རྒན་རྒོན་ཡི་ཆད་ད་རེད་སྙམ། །སྔར་བྱས་ལས་ལ་འགྱོད་པ་སྐྱེས། །མིག་གཉིས་དོང་ལྷུང་མཆི་མ་འདོར། །ཚེ་འདིར་ཡུད་ཙམ་སྡོད་དབང་མེད། །སྙིགས་
དུས་བུ་ལ་བློ་གཏད་མེད། །སྔས་འགོའི་བླ་མར་ཁྲིག་ཁྲིག་མེད། །སྲོག་བཅད་དགེ་བས་ཕན་པ་མེད། །དེ་ཕྱིར་འདིར་ཚོགས་དད་ཅན་ཚོ། །གཞོན་ནུའི་དུས་སུ་ཕྱག་སྐོར་གྱིས། །རང་དབང་ཡོད་དུས་མཆོད་སྦྱིན་ཐོངས། །གླུ་འདི་ཚོགས་དྲུག་རང་རང་གྲོལ་བླངས། །ཐོས་ཚད་གཞོན་དུས་ཆོས་བྱེད་ཤོག །དཔལ་ལྡན་བླ་མ་རྣམས་ལ་འདུད། །འདིར་ཚོགས་བློ་ཁ་ཆོས་ལ་སྒྱུར། །གླུ་བ་ཚོགས་དྲུག་རང་གྲོལ་གླུར། །འདིར་འདུས་དད་ཅན་ཕོ་མོ་ཉོན། །སྐྱེས་པའི་ཐ་མ་ངེས་པར་འཆི། །ཁས་དྲེགས་ཅན་ལ་འདུག་དབང་མེད། །འགྲོགས་པའི་ཐ་མ་ངེས་པར་འབྲལ། །བརྩེ་གདུང་ཅན་ལ་འགྲོག་དབང་མེད། །བསགས་པའི་ཐ་མ་ངེས་པར་འཛད། །སེར་སྣ་ཅན་ལ་ཁྱེར་དབང་མེད། །འཆི་བདག་ཕོ་ཉས་ཟིན་པའི་དུས། །མནར་གཅོད་སྡུག་བསྔལ་བཟོད་པར་དཀའ། །སྨན་པ་བོས་ནས་སྨན་དཔྱད་བྱས། །སྨན་གྱིས་མ་ཕན་སྨན་པའང་འགྲོ། །བན་བོན་བོས་ནས་སྐུ་རིམ་བཅོས། །རིམ་གྲོས་མ་ཕན་ཐམས་ཅད་སོང་། །ཤུལ་ནས་གཉེན་བཤེས་རྣམས་ཚོ་བསྡད། །སྔམ་པ་འཐེན་ཞིང་ནད་པར་བལྟས། །ཁྱོད་ནི་དེ་རིང་ཅི་མོ་རེད། །
ཟེར་ཚེ་ནད་པས་མགོ་བོ་བཏེགས། །ཁོ་བོ་ཚུར་འཐེན་མ་རེད་ཟེར། །གཉེན་བཤེས་དྲུང་ནས་ངུས་པའི་ཚེ། །ཧྲིག་ཧྲིག་མིག་གིས་བུ་ཚོར་བལྟ། །ངར་ངར་སྒྲ་ནི་མགྲིན་པར་འདོན། །ནོམ་ནོམ་ལག་པས་གོས་ཚོར་རེག །ལྡབ་ལྡིབ་གཏམ་གྱིས་ཁ་ཆེམས་འཇོག །འཇིག་རྟེན་འདི་ནས་ཕ་རོལ་འགྲོ། །མི་དགེའི་སྡིག་པ་བྱས་པ་རྣམས། །འཇིགས་འཇིགས་གཤེད་མས་མགུལ་ནས་ཁྲིད། །འཇིགས་པའི་མུན་པས་མདུན་ནས་བསུས། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །འགྲོ་དུས་འཇིགས་སྐྲག་འགྱོད་པ་སྐྱེ། །དེ་དུས་ཕན་པའི་ཐབས་འཚོལ་ན། །ཕན་པ་དམ་པའི་ལྷ་ཆོས་ཡིན། །དམ་པའི་ལྷ་ཆོས་འབད་པར་མཛོད། །གླུ་འདི་ཚོགས་དྲུག་རང་གྲོལ་བླངས། །ཐོས་ཚད་ལྷ་ཆོས་འབད་པར་ཤོག །ཅེས་པ་འདི་ཡང་ཁྱིམ་པ་ཕོ་མོ་རྣམས་ལ་སྨྲས་པའོ། །ཚེ་འདི་བློས་བཏང་རི་ཁྲོད་འགྲིམས། །སྨྱུང་གནས་སྟོང་དང་ལྔ་བརྒྱ་བསྲུངས། །བླ་མ་བསྟན་འཛིན་ཉི་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐྱེ་བོ་ཕོ་མོ་རྣམས་ཚོ་ཉོན། །སེམས་མེད་མི་སྐྱ་ཕལ་ཆེར་གྱིས། །རྒྱ་ཡི་ཁེ་བར་ཁ་ཐུག་ནས། །ཕྱུག་
པོ་རྣམས་ཀྱི་སྒོ་རུ་ཁྲིད། །ཤ་བཟན་མང་བོ་བཙོང་དུ་བཅུག །དམར་ཐིག་བརྒྱབ་ནས་བརྒྱ་སྟོང་སོགས། །དེད་ནས་སྡིག་ཅན་ཤན་པ་ཡི། །དྲུང་དུ་ཁྲིད་ནས་གསོད་དུ་བཅུག །དམྱལ་བའི་སྡུག་བསྔལ་རིན་བྱིན་ཉོས། །བུད་མེད་བདུད་མོ་ཕལ་ཆེར་གྱིས། །སྒོ་ཡི་ཁྱི་ལའང་ལྟོ་མི་ལྡུད། །མནའ་མར་ཕྱེ་སྐྱ་ལག་བཙིར་བྱེད། །གཡོག་པོར་མི་འདོད་སྣ་དགུ་གཏོང་། །ཨ་ཁུར་ཇ་མིན་ཆུ་མིན་འདྲེན། །ཁྱིམ་མཚེས་གཉེན་བཤེས་མི་འཆམ་འཁོན། །བཟའ་སྡིགས་ཐུག་པ་བཞིན་དུ་བསྐོལ། །དེ་ཡང་དམྱལ་བའི་རྒྱུ་ཞིག་ཡིན། །ཚོང་པ་ལས་ངན་ཕལ་ཆེར་གྱིས། །གཡོ་སྒྱུ་རྫུན་བཤད་དབུལ་བོ་མིའི། །རྒྱུ་ནོར་ཅུང་ཟད་ཡོད་པ་ལེན། །བྲེ་དང་རྒྱ་མ་གཡོ་སྒྱུ་བྱས། །བླུན་པོ་དྲང་པོའི་མགོ་བོ་བསྐོར། །ཚོང་ལ་སོང་དུས་མཛོ་གཡག་སོགས། །ཁལ་མས་མི་ཐེག་ཁལ་བཀལ་ནས། །དབྱུག་པས་ཤུགས་དྲག་བརྡུངས་ནས་འདེད། །དེ་ཡང་དམྱལ་བའི་རྒྱུ་ཞིག་ཡིན། །ཕྱུག་པོ་ཡི་དྭགས་ཕལ་ཆེར་གྱི། །ལག་པ་ལྷ་ཁང་སྒོ་བས་དམ། །གོ་རེ་ཆག་པོ་ཡན་ཆད་རྣམས། །སྣོད་དུ་བཅུག་ནས་རང་མི་ཟ། །གཞན་ལ་མི་སྟེར་རུལ་དུ་
འཇུག །ཇ་ལོག་མར་ལོག་རས་ལོག་སོགས། །བྱིན་ནས་ལོ་མང་འཕེལ་དུ་བཅུག །དབུལ་པོའི་ཞིང་ཁང་ནོར་རྣམས་ལེན། །དེ་ཡང་དམྱལ་བའི་རྒྱུ་ཞིག་ཡིན། །བྱིས་པ་སྙིང་མེད་སྨྱོན་པ་ཡིས། །མཐོང་ཚད་ཁྱི་ལ་རྡོ་ཡིས་བརྡུང་། །སྒོ་ང་བླངས་ནས་རྡོ་ལ་རྒྱག །བྱ་བྱེའུ་བཟུང་ནས་གཤོག་པ་གཅོད། །བུང་བ་བསད་ནས་སྦྲང་རྩི་འཇིབ། །བྲ་བྱི་བཟུང་ནས་སྡུག་མྱོང་འཇུག །གྲོག་ཚང་བཤིག་དང་འབའ་འབུ་གསོད། །དེ་ཡང་དམྱལ་བའི་རྒྱུ་ཞིག་ཡིན། །དེ་ལྟར་དམྱལ་བའི་རྒྱུ་བསགས་ན། །ཕྱི་མར་དམྱལ་བའི་གཏིང་དུ་སྐྱེ། །འབྲས་བུ་སྡུག་བསྔལ་ཡུན་རིང་མྱོང་། །མྱོང་དུས་བྱ་ཐབས་ཅུང་ཟད་མེད། །མེད་ཀྱང་རང་གཡོས་ཚོད་མ་ཡིན། །དེ་ཕྱིར་སྐྱེ་བོ་ཕོ་མོ་ཚོ། །དམྱལ་བའི་རྒྱུ་རྣམས་མ་སྒྲུབས་ཤིག །བསྒྲུབས་ན་མཐོ་རིས་ལྷ་མི་རུ། །སྐྱེ་བའི་རྒྱུ་ལ་འབད་པར་གྱིས། །བླ་མ་བསྟན་འཛིན་ཉི་མ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །བསྟན་འཛིན་ཉི་མའི་བྱིན་རླབས་ཀྱིས། །སྐྱེ་བོ་ཕོ་མོར་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ལུང་དང་རྟོགས་པའི་ཡོན་
ཏན་མངའ། །སྦས་པའི་སངས་རྒྱས་མི་གཟུགས་ཅན། །བླ་མ་སྔགས་འཆང་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱིམ་པ་ཕོ་མོ་རྣམས་ཚོ་ཉོན། །གཅོད་པ་སྔགས་པ་བཟང་པོ་ཡིས། །རབས་ཆད་བུ་དང་བུ་མོ་གཉིས། །གང་ཡང་མེད་ལ་གཅོད་བཙུགས་ནས། །མགུལ་དུ་སྲུང་འཁོར་འདོགས་པ་སོགས། །ཐབས་ནི་རྣམ་པ་སྣ་ཚོགས་བྱས། །རྨང་བོ་བུད་མེད་བུ་སྐྱེ་བཅུག །དབུལ་པོ་ནོར་མེད་བཟའ་མི་ལ། །བསོད་ནམས་རྒྱས་པའི་སྐུ་རིམ་བྱས། །དབུལ་པོ་ནོར་མེད་ནོར་དང་སྤྲད། །དྲི་གཤེད་རྒྱལ་གདོན་བྱད་ཁ་ཡིས། །སྨྱོས་ནས་སྡུག་བསྔལ་མྱོང་བ་རྣམས། །ལྷ་སྔགས་ཏིང་ངེ་འཛིན་གྱིས་གཟིར། །དྲི་གཤེད་རྒྱལ་གདོན་བྱད་ཁ་ནས། །འཕྲོགས་ཏེ་སྨྱོས་པ་བདེ་རུ་བཅུག །གཟའ་བཙན་ཀླུ་གཉན་ས་བདག་གིས། །བཟུང་བ་རྣམས་ཀྱང་གྲོལ་དུ་བཅུག །ཐ་ན་ཁྱི་ཡིས་བཟུང་བ་ཡན། །སྔགས་ལ་སོགས་པས་དྲག་ཏུ་བཅུག །མདོར་ན་ཞི་རྒྱས་དབང་དྲག་གི །སྒོ་ནས་ཕན་བཏགས་དྲིན་ཅན་གྱི། །གཅོད་སྔགས་ཚུར་ལ་འོང་བའི་སྐབས། །མི་བསུ་ཁྱིམ་དུ་སྡོད་པའི་དུས། །ཞབས་ཏོག་ཆུང་ཞིང་འགྲོ་བའི་ཚེ། །
དེ་རིང་འབུལ་བ་མེད་ཀི་ལགས། །ཕྱི་ནས་འདི་འདྲ་སྟེར་རོ་ཞེས། །ཁ་བཟང་གཏམ་གྱིས་བརྫངས་ནས་གཏོང་། །ཕྱིན་ཆད་དོམ་བཞིན་དེད་ན་ཡང་། །མི་སྟེར་སྟེར་ཡང་ངན་པ་སྟེར། །ཁྲེལ་མེད་ཁྱིམ་པ་ཕལ་ཆེར་གྱིས། །ཕྱིན་ཆད་སྒོ་རུ་སོང་བའི་ཚེ། །ལྟས་ངན་འུག་པ་བྱུང་བ་བཞིན། །ཁྱིམ་དུ་ཡར་ལ་འོང་བཅུག་ནས། །ཇ་ཞིག་འདྲེན་པ་ཕར་ལ་ཞོག །ངེད་ཀྱི་འགྲུལ་བ་མི་ཆུད་ཟེར། །སྒོ་ཡི་ཁྱི་ཡང་མི་འགོག་གཏོང་། །གཅོད་སྔགས་ཕལ་ཆེར་ཐུགས་ཁྲོས་ནས། །ཁྱེད་ལ་འགྲུལ་བ་མི་ཆུད་པར། །ཤོག་ཟེར་སྨོན་ལམ་ལོག་པ་འདེབས། །དྲིན་ཅན་གཅོད་སྔགས་སུ་ཡིན་ཡང་། །མ་བཀུར་བརྙས་ན་མཐུ་བྱས་བཞིན། །ན་ཚ་གོད་ཁ་མང་པོ་འོང་། །འོངས་ཚེ་ངོ་ཚ་མི་ཤེས་པར། །སྔར་གྱི་གཅོད་སྔགས་འབོད་དུ་རྒྱུག །སོང་ན་གཅོད་སྔགས་སུ་ཡིན་ཡང་། །ཁོག་ན་ཁྱོད་ལ་དེ་ཚད་སྙམ། །ཁ་ནས་ཨོ་ཧོ་སྙིང་རེ་རྗེ། །ང་ནི་ཁོམ་པ་མེད་སོགས་ཟེར། །མཁོ་དུས་གཅོད་སྔགས་འོང་མི་འགྱུར། །ཚེ་འདིར་ཚེ་བསོད་སོགས་མི་རྒྱས། །ཕྱི་མར་གཞན་གྱི་བྲན་དང་གཡོག །རྣམས་སུ་སྐྱེས་ནས་སྡུག་མྱོང་
འགྱུར། །དྲིན་ཅན་གཅོད་སྔགས་ཐམས་ཅད་ལ། །མ་རབས་དེ་འདྲ་མ་བྱེད་ཨང་། །ཉོན་དང་ཁྱིམ་པ་ཡ་རབས་ཚོ། །དྲིན་ཅན་གཅོད་སྔགས་སུ་ཡིན་ཡང་། །མཐོང་དུས་སྔོན་ནས་བསུ་བ་དང་། །བཞུགས་དུས་ཞབས་ཏོག་བཟང་པོ་དང་། །ཕེབས་དུས་འབུལ་བ་ཆེན་པོ་ཕུལ། །ཕྱིན་ཆད་མཐོང་བའི་དུས་རྣམས་སུ། །མགོ་ཡི་བྱ་བཞིན་བཀུར་བར་གྱིས། །དེ་ལྟར་བྱས་ན་གཅོད་སྔགས་རྣམས། །ཕྱིན་ཆད་ནམ་མཁོའི་དུས་སུ་འོང་། །ཚེ་འདིར་ཚེ་དང་བསོད་ནམས་དང་། །རིགས་རྒྱུད་རླུང་རྟ་སྙན་གྲགས་རྒྱས། །ཕྱི་མར་མཐོན་པོའི་རིགས་སུ་སྐྱེས། །ཀུན་གྱིས་མཆོད་ཅིང་བཀུར་བར་འགྱུར། །དེ་ཕྱིར་གཅོད་སྔགས་དྲིན་ཅན་རྣམས། །རྒྱུན་དུ་མཆོད་ཅིང་བཀུར་བར་མཛོད། །བླ་མ་སྔགས་འཆང་རྡོ་རྗེ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །སྔགས་འཆང་རྡོ་རྗེ་བྱིན་རླབས་ཀྱིས། །ཁྱིམ་པ་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །གསར་རྙིང་བསྟན་པའི་རྒྱལ་མཚན་ནི། །སྲིད་རྩེའི་བར་དུ་བསྒྲེང་ལ་བརྩོན། །པདྨ་བཞད་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་དང་
ཁྱིམ་པ་ཕོ་མོ་ཚོ། །དུས་གསུམ་སངས་རྒྱས་སྙིགས་མའི་དུས། །སེམས་ཅན་སོ་སོའི་སྣང་ངོ་རུ། །གང་ལ་གང་འདུལ་ཚུལ་བསྟན་ནས། །སེམས་ཅན་རྣམས་ཀྱི་དོན་མཛད་པས། །འཇིག་རྟེན་པ་རྣམས་ཤེས་པ་དཀའ། །ལ་ལས་སྤྲང་པོ་ང་འདྲའི་ཚུལ། །བཟུང་ནས་ཅི་ཡང་མི་མཁོ་ལྟར། །བྱས་ནས་སེམས་ཅན་རྣམས་དོན་མཛད། །ལ་ལས་བླ་ཆེན་ཚུལ་བཟུང་ནས། །རྒྱུ་ནོམ་དགོས་པའི་ཚུལ་བསྟན་ནས། །སེམས་ཅན་རྣམས་ཀྱི་དོན་མཛད་པས། །དབྱར་དང་སྟོན་ཀའི་དུས་སྐབས་སུ། །བླ་མ་མང་པོ་མར་བསོད་དུ། །ཕེབས་དུས་འབྲོག་པ་དད་མེད་རིགས། །ཕལ་གྱིས་བླ་མ་མཐོང་མ་ཐག །ལྟས་ངན་མཐོང་ལྟར་ཕྱི་སྒོ་ན། །ཡོད་ཀྱང་མྱུར་དུ་ཁྱིམ་དུ་འགྲོ། །བླ་མ་འཁོར་བཅས་ཚུར་ཕེབས་དུས། །ཡུན་རིང་འགོར་ནས་བྱིས་པ་ལ། །མར་རྡོག་བཙོག་པ་བྱ་སྒོང་ཙམ། །ཐུམ་བུའི་ནང་དུ་བཞག་ནས་བསྐུར། །ལ་ལས་ཅི་ཡང་མི་སྟེར་བར། །ཡུལ་ན་མི་སུ་མེད་པ་ལྟར། །བཅོས་ནས་སྒོ་ཕབ་ཁ་རོག་འདུག །མར་ནི་བྱ་སྒོང་ཙམ་པ་རེ། །འོ་མའི་དྲོ་འཁྱགས་མ་ཤེས་ན། །ད་རའི་ནང་དུ་འགྲོ་བ་
མང་། །མར་ནི་བྱེའུའི་སྒོ་ང་ཙམ། །ཕུལ་དང་སྐྱོན་མེད་སྐལ་ཆད་ཚོ། །བླ་མར་ཅུང་ཟད་ཙམ་པ་རེ། །ཕུལ་ཡང་བསོད་ནམས་དཔག་མེད་ཐོབ། །ད་རའི་ནང་དུ་སོང་བ་ལ། །དགོས་པ་ཅི་ཡོད་བསམ་བློ་ཐོངས། །བྱ་རྣམས་མཚན་མོ་འུག་པས་མགོ །བཅད་འགྲོ་སྙམ་ནས་དོགས་པ་བཞིན། །བླ་མ་ནང་དུ་གདན་དྲངས་ནས། །འབྲེལ་བ་འཇོག་པ་ཕར་ལ་ཞོག །བླ་མ་ཕར་ལ་འགྲོ་རག་བར། །སྒོ་ལ་བུད་ནས་བླ་མ་ལ། །ཁྱི་ཡང་མི་འགོག་སྐལ་དམན་མང་། །གདན་དྲངས་འཚོ་བ་མི་འདྲེན་ཀྱང་། །སྒོ་ལ་བུད་ནས་ཁྱི་བཀག་སྟེ། །མཇལ་ན་མགོ་ལ་ཅང་མི་འོང་། །ཁ་དར་ཕྱག་མདུད་བྱིན་པའི་ཚེ། །མེད་དང་མུག་རབ་རྒྱུ་མཚན་ནི། །མ་ཎི་བཞིན་དུ་གྲངས་མེད་འདོན། །བཤད་པའི་ཞོར་ལ་ཁ་དར་དང་། །ཕྱག་མདུད་ལག་པས་ཡང་ཡང་བསྣོགས། །བྱིན་རླབས་རྣམས་ཉམས་མདོག་ཀྱང་ཤོར། །ཡོན་བདག་གཞན་ལ་སྟེར་ཚུལ་མེད། །བཤད་པ་ཚར་ནས་ཕྱིར་ལ་སྟེར། །ལ་ལས་ཁ་དར་ཕྱག་མདུད་ཚོ། །བརྙས་བཅོས་བྱས་ནས་བླངས་ཏེ་ཁྱེར། །ཁ་གཉེར་མཆིལ་མ་འཕེན་པ་སོགས། །མི་དད་རྣམ་འགྱུར་མང་པོ་
བསྟན། །ཟས་ནོར་ཅུང་ཟད་ཅིག་ཕུལ་བ། །མ་ཕུལ་བ་དང་ཁྱད་པར་མེད། །ཉོན་དང་ཨ་ཁུ་འབྲོག་པ་ཚོ། །ཆེན་པོ་འབུལ་རྒྱུ་མེད་ན་ཡང་། །གང་ཡོད་འབྲེལ་བ་མི་འཇོག་གམ། །འཕོ་ལུང་བཀའ་བསྒོ་མི་ཞུ་ཡང་། །སྲུང་མདུད་མགུལ་དུ་ཅིས་མི་འཛིན། །སངས་རྒྱས་སྒོ་ཁར་ཕེབས་པའི་དུས། །མར་ནི་བྱེའུའི་མགོ་ཙམ་རེ། །ཕུལ་ནས་མཇལ་ན་ཆོག་པ་ཡིན། །ད་ལྟ་མི་མཇལ་ནམ་ཚོད་མཇལ། །ཕར་ལ་སོང་ན་བླ་མ་ལ། །དམ་ཆོས་འཕོ་ལུང་བཀའ་བསྒོ་སོགས། །ཞུ་སྐབས་ཕར་ཞོག་ཕྱག་མཇལ་ཡང་། །སྔ་དྲོ་ཙམ་རེར་འོང་མི་སྲིད། །དེང་སང་བླ་མ་ཕལ་ཆེར་ནི། །རྒྱུ་ནོམ་བསམས་ནས་འོང་མི་སྲིད། །འོ་ན་ཅི་ཡིན་ཟེར་ཙ་ན། །སྙིགས་དུས་དམུ་རྒོད་སེམས་ཅན་ལ། །དམ་པའི་ལྷ་ཆོས་བཤད་པ་དང་། །ཟས་གོས་འབྲེལ་བ་ཙམ་བཞག་ན། །ཕྱི་མར་འབྲེལ་ཚད་སེམས་ཅན་རྣམས། །དག་པའི་ཞིང་དུ་འདྲེན་སྙམ་དང་། །ཅི་ཕུལ་དགོན་པའི་དགེ་འདུན་པའི། །དགེ་སྦྱོར་བྱེད་པའི་མཐུན་རྐྱེན་དུ། །ཕུལ་ན་ཡོན་བདག་བསོད་ནམས་ཀྱི། །ཚོགས་རྫོགས་པ་དང་དགེ་འདུན་རྣམས། །ཐུགས་
དམ་དགེ་སྦྱོར་འཕེལ་ལམ་སྙམ། །དགོས་པ་དུ་མ་དམིགས་ནས་འོང་། །དེ་ཕྱིར་ཁྱིམ་པ་ཕོ་མོ་ཚོ། །ཧ་ཅང་སེར་སྣ་མ་ཆེ་བར། །གང་ཡོད་ཟས་ནོར་འབྲེལ་བ་ཞོག །ད་ཡང་ཉོན་དང་ཁྱིམ་པ་ཚོ། །སྐྱེ་བོ་བརྒྱ་ཕྲག་མང་པོ་ལ། །ལོ་མང་འཚོ་བའི་ཟས་བྱིན་པས། །བླ་མ་སྒོ་རྩར་ཕེབས་པར་མར། །རིལ་མ་ཙམ་ཞིག་ཕུལ་གྱུར་ན། །བསོད་ནམས་ཤིན་ཏུ་ཆེ་བ་ཡིན། །སྟོན་དུས་གང་བཟང་བླ་མ་རྣམས། །ནས་བསོད་ཕྱིར་དུ་ཕེབས་པའི་ཚེ། །དུང་བུས་གཡང་སྡེ་བསོད་ནམས་ཅན། །ད་ལོ་ལོ་ལེགས་སྐལ་བཟང་རེད། །བསོད་སྙོམས་བཟང་པོ་མ་འགོར་ཞེས། །སྐད་གསེང་མཐོན་པོས་བསྒྲགས་པ་ན། །ཆར་མེད་གཡུ་འབྲུག་གྲགས་པ་བཞིན། །རོང་གི་ཞིང་པ་དད་མེད་ཀྱིས། །ནས་ཕོར་གང་ཡང་འབུལ་མི་སྲིད། །བྲག་ཆ་བཞིན་དུ་བྱིས་པ་རྣམས། །གྲྭ་བས་གང་སྨྲས་ལད་མོ་བྱེད། །ནས་ཕོར་ཙམ་རེ་ཙི་གུ་དང་། །བྱེའུ་རྣམས་ཀྱིས་བསྐྱལ་བ་མང་། །བོང་བུ་ལན་རེ་ཤོར་ནས་ཟ། །བླ་མར་ཕུལ་ན་ཕྱི་མའི་དུས། །བསོད་ནམས་བརྒྱ་ཕྲག་ཐོབ་པ་ཡིན། །བོང་བུས་ཟོས་ལ་དགོས་པ་ཅི། །ཅི་ཡང་ཁྱེར་ནས་མ་འོངས་ན། །གྲྭ་བ་
ཐམས་ཅད་སྒོ་རུ་སོང་། །ཨ་ཁུ་ཨ་མ་ཟེར་ནས་བོས། །བསོད་སྙོམས་ཤིག་བྱིན་སྨྲས་པའི་ཚེ། །ཁྱིམ་ན་ཅིག་གིས་མནན་ཡོད་བཞིན། །ཡུན་རིང་འགོར་ནས་ཕོར་བ་རུ། །ནས་ངན་ཁ་ལྐོག་ཙམ་ཁྱེར་འོང་། །ལ་ལས་མི་འོང་ཕྱི་སྒོ་ལ། །ཡག་ཤིང་བརྒྱབ་ནས་ཁ་རོག་འདུག །སངས་རྒྱས་སྒོ་ལ་ཚུར་ཕེབས་དུས། །ནས་ཕོར་ཙམ་རེའི་སྟེང་ནས་ཀྱང་། །དཀྱིལ་དུ་བསྡད་ནས་མཇལ་ན་ཆོག །དེ་དུས་མི་མཇལ་ནམ་མཇལ་སྙམ། །ཕར་ལ་སོང་ནས་བླ་མའི་རིགས། །ཕལ་ཆེ་བ་ལ་རྟ་ཕུལ་ཀྱང་། །མཇལ་ཕྲད་མི་འོང་ཨ་རོག་ཚོ། །ད་ཡང་ཉོན་དང་ཁྱིམ་པ་ཚོ། །བསོད་ནམས་མེད་པ་ཕལ་ཆེར་གྱིས། །བླ་མ་མང་པོ་ཕེབས་ཙ་ན། །འདི་ཚོ་རྣམས་ལ་འདུག་དལ་མེད། །ད་ལོ་བླ་མའི་མང་རེ་ལྟོས། །བྱིན་གྱིན་བྱིན་གྱིན་འཛད་རྒྱུ་མེད། །ཨ་ཁ་ཁ་ཟེར་སྣང་བ་སུན། །དུས་ངན་བསྐལ་བའི་སྙིགས་མ་ལ། །བླ་མ་བསོད་སྙོམས་བྱེད་པ་ལས། །རྒྱ་སྤྲང་སྤྲེའུ་འཛིན་པ་དགའ། །སྤྲེལ་འཛིན་མཐའ་རུ་མི་མང་འདུ། །ཟས་སྐོམ་གཉིས་ཀ་མང་པོ་སྟེར། །བླ་མ་དམ་པ་སུ་ཕེབས་ཀྱང་། །ཟས་གོས་འདུ་བ་ཕར་ལ་
ཞོག །མདུན་ན་འཁོར་མཁན་མི་གཅིག་མེད། །དེ་ལྟར་རོང་འབྲོག་གང་ཡིན་ཀྱང་། །བསོད་སྙོམས་ལེགས་པོ་མ་ཕུལ་ན། །བསོད་སྙོམས་མི་འབུལ་ཡུལ་ཕྱོགས་དེར། །གྲྭ་བ་རྣམས་ཀྱིས་ད་ལོ་ནས། །ཡུལ་ངན་མུ་གེའི་གྲོང་ཁྱེར་དེར། །ཕྱིན་ཆད་སོང་ནས་ཆེད་ཟེར་ནས། །བླ་མ་གདན་འདྲེན་མཁན་བྱུང་ཡང་། །གྲྭ་བས་བླ་མ་ཕེབས་མི་འཇུག །ཕྱིན་ཆད་བླ་མ་བཟང་པོར་འབྲེལ། །བཞག་ན་དད་ཅན་འགའ་རེ་ཡིས། །འདོད་ཀྱང་འབྱོན་པ་ཤིན་ཏུ་དཀའ། །བསོད་སྙོམས་ལེགས་པོ་ཕུལ་ས་དེར། །གྲྭ་བ་རྣམས་ཀྱིས་ཡང་ཡང་དུ། །ལྷ་ཡུལ་གཉིས་པ་དེ་ཉིད་དུ། །བླ་མ་ད་ལོ་ཕེབས་ན་ཟེར། །གདན་འདྲེན་མཁན་སུ་མ་བྱུང་ཡང་། །ལོ་རེ་བཞིན་དུ་བླ་མ་ཕེབས། །བླ་མ་གང་གི་གང་བཟང་ལ། །འབྲེལ་བ་འཇོག་ཀྱང་ལག་ན་ཡོད། །བླ་མ་མང་གི་ཨ་ཁ་ཁ། །ཟེར་བའི་སྒོ་རུ་ལོ་རེ་བཞིན། །བླ་མ་འོང་མཁན་ཇེ་ཉུང་འགྲོ། །ལོ་ནི་ཁ་ཤས་སོང་འཕྲོ་ལ། །བླ་མ་དགེ་བའི་བཤེས་གཉེན་རྣམས། །ཨ་ཁ་ཁ་ཟེར་སྣང་བ་སུན། །དེ་ནས་གཅིག་ཀྱང་འབྱོན་མི་འགྱུར། །དྲི་བོའི་མིག་རྩ་བསལ་ནི་ཡིན། །བདུད་པོའི་སྣང་བ་བདེ་
ནི་ཡིན། །ཉོན་དང་རོང་འབྲོག་དད་ཅན་ཚོ། །བླ་མ་བརྒྱ་ཕྲག་ཕེབས་ན་ཡང་། །ད་ལོ་བླ་མ་གྲངས་མེད་བྱོན། །འདི་རྣམས་ནང་ནས་སངས་རྒྱས་ཀྱི། །རྣམ་འཕྲུལ་མང་པོ་ཡོད་པར་ངེས། །ང་རང་སྐལ་བ་བཟང་འདུག་སྙམ། །རབ་ཏུ་དགའ་སྤྲོ་དད་པའི་སྒོས། །བླ་མ་ནང་དུ་གདན་དྲོངས་ལ། །འཁོར་བཅས་འཚོ་བ་བཟང་པོ་དྲོངས། །དབང་བསྐུར་འཕོ་ལུང་བསྔོ་བ་ཞུས། །རྟ་གོས་ནོར་དང་ར་ལུག་དང་། །མར་ཆུར་གྲོ་ནས་གང་འཛོམ་རྣམས། །ཕངས་པ་མེད་པར་གུས་པས་ཕུལ། །བླ་མ་ཁྱེད་ཀྱི་སྐུ་ཚོད་ཀྱི། །རྒྱུ་ནོམ་འབུལ་རྒྱུ་མ་མཆིས་མོད། །འོན་ཀྱང་ཡོན་བདག་ང་རང་གི །ཚོད་ཀྱི་འདི་འདྲ་ཞིག་ཡོད་ལགས། །ཡོད་ན་ཁྱེད་ལ་ཅིས་མི་འབུལ། །ཕྱིན་ཆད་བླ་མ་ས་ཕྱོགས་འདིར། །ཡང་ཡང་བྱོན་ནས་རྒད་པོ་ང་། །དུས་དང་རྣམ་པ་ཐམས་ཅད་དུ། །ཁྱེད་ཀྱི་ཐུགས་དམ་སྐྱབས་འོག་ནས། །མ་འདོར་ཁྱེད་མཁྱེན་ཁྱེད་མཁྱེན་སོགས། །གཏམ་སྙན་བཤད་པ་བཟང་པོ་དང་། །བཅས་ཏེ་འབྲེལ་བ་འཇོག་པར་མཛོད། །པདྨ་བཞད་པའི་རྡོ་རྗེ་ལ། །གསོལ་བ་བཏབ་ནས་གླུ་འདི་
བླངས། །པདྨ་བཞད་རྡོར་བྱིན་རླབས་ཀྱིས། །ཁྱིམ་པ་རྣམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཁ་བ་ཅན་བྱོན་བླ་མ། །ཁ་བདར་མཁན་ངས་གཞན་ལ། །ཁ་ཏ་གང་བྱས་ཐོས་ཚད། །ཁ་ལོ་ཆོས་ལ་སྒྱུར་ཅིག །ཁ་གཞོན་དུས་ནས་རྒྱུན་དུ། །ཁ་ཞེ་མེད་པར་ཆོས་བྱེད། །ཁ་ལ་ངལ་རྒྱུ་མེད་པར། །ཁ་ནས་རྒྱུན་དུ་གླུ་ལེན། །ཁ་བདེ་ཚོགས་དྲུག་རང་གྲོལ། །ཁ་རོག་དབེན་པར་འདུག་ཞོར། །ཁ་མིན་བསམ་པ་ཐག་པས། །ཁ་བ་ཅན་གྱི་མི་རེར། །ཁ་ཏ་རེ་རེ་བྱས་ཡོད། །ཁ་དོག་སྔོ་ལྗང་རྩི་ཤིང་། །ཁ་དོག་སྐྱ་བོར་སོང་བཞིན། །ཁ་དོག་ནག་པའི་སྐྲ་ལོ། །ཁ་དོག་དཀར་པོར་སོང་བའི། །ཁ་རྒན་བསམ་ཤེས་རྣམས་དང་། །ཁ་གཞོན་དད་པ་ཅན་ཚོས། །ཁ་ཏའི་ཚིག་བཞིན་གྱིས་དང་། །ཁ་ཡི་སོ་ལྷུང་ལུས་སྒུར། །ཁ་དོག་ཤོར་ནས་འཆི་ཁར། །ཁ་སེམས་མི་འགྱོད་བློ་བདེ། །ཁ་བཤད་མཁན་ངས་གང་སྨྲས། །ཁ་ཤས་འཆུག་རུང་མཁས་རྣམས། །ཁ་ལོག་ཚིག་ངན་མ་གསུངས། །ཁ་རྒྱབ་མི་འཛོམ་སྤྲང་རྒན། །ཁ་ལ་རྩར་གཅོད་ཅི་ཡོད། །ཁ་ནས་བཟང་གི་ལ་སོགས། །ཁ་ཚིག་བཟང་པོ་
གསུངས་དང་། །ཁ་ཤས་བདེན་པར་བཟུང་ནས། །ཁ་ཏོན་སོགས་ལ་འབད་ངེས། །ཁ་མཁས་ཚོགས་དྲུག་རང་གྲོལ། །ཁ་ནས་གླུ་དབྱངས་གང་བླངས། །ཁ་གཞོན་རྒན་རྣམས་ཐོས་ཚད། །ཁ་ལོ་ཆོས་ལ་འགྱུར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དྲིན་ཅན་གྱི་བླ་མ་རྣམས་ལ་འདུད། །བདག་གཞན་ཀུན་སྡུག་བསྔལ་མིང་མེད་པའི། །སངས་རྒྱས་ཀྱི་ཞིང་དུ་འགྲོ་ནུས་པའི། །སྐལ་བ་དེ་རྒྱུད་ལ་བཞག་ཏུ་གསོལ། །འཁོར་བ་ན་སྡུག་བསྔལ་མང་པོ་ཡོད། །སྡིག་སྡུག་དང་གཏམ་ངན་གང་ལ་ཡང་། །མ་འཛེམས་པར་ཐབས་ནི་སྣ་ཚོགས་ཀྱིས། །ལོངས་སྤྱོད་ནི་བསྒྲུབས་ནས་རང་ཉིད་ལ། །འབྱོར་བ་ཞིག་བྱུང་ཚེ་ཐམས་ཅད་ཀྱིས། །མི་འོས་པའི་ཁྲལ་ཆེན་འགེལ་བ་དང་། །རྐུ་འཕྲོག་སོགས་བྱས་ནས་ལོངས་སྤྱོད་གཏོང་། །མི་ནུས་རུང་གཏོང་དགོས་སྡུག་བསྔལ་དང་། །ལོངས་སྤྱོད་རྣམས་བསྲུང་ཕྱིར་ཆེན་པོ་ལ། །ཞུ་བ་དང་སེམས་འཛིན་ཐད་ཀ་བ། །གཏམ་བཤེར་དང་འཁྲུག་རྩོད་སོ་མེལ་ཚེ། །བྱེད་དགོས་པས་ཉིན་པར་ལྟོ་མི་དྲན། །མཚན་མར་གཉིད་མི་འོང་སྡུག་བསྔལ་དང་། །ཉེ་དུ་
དང་གཉེན་དང་འཁོར་གཡོག་དང་། །མཛའ་བཤེས་དང་བླ་མ་དཔོན་བཟང་དང་། །བྲལ་བ་ན་སེམས་ལ་མྱ་ངན་སྐྱེས། །ངག་ཏུ་ཡང་སྨྲེ་སྔགས་འདོན་པ་དང་། །ལུས་ཀྱི་སྐྲ་འབལ་སོགས་སྡུག་བསྔལ་མྱོང་། །སྔར་འཁོན་པའི་དགྲ་ལ་ཕྲད་པ་ན། །དགྲ་དེ་ཡིས་ཆད་པས་བཅད་པ་དང་། །བཅད་ཀྱིས་དོགས་སྡུག་བསྔལ་མྱོང་བ་དང་། །ཚེ་སྔོན་དུས་བསོད་ནམས་མ་བསགས་པས། །ཚེ་འདི་རུ་དབུལ་པོའི་མིར་སྐྱེས་ཏེ། །ཟས་གོས་དང་གནས་མལ་ལ་སོགས་ཀྱིས། །ཕོངས་པ་དང་བསོད་ནམས་བྱས་ན་ཡང་། །ལོ་མ་བྱུང་ཚོང་བྱས་ཁེ་མ་འོངས། །འཚོ་སྐྱོང་བྱས་ཕྱུགས་ཀྱང་ཆེར་མ་འཕེལ། །སྟེར་མཁན་དང་སྐྱི་མཁན་སུ་མ་བྱུང་། །དེའི་སྟེང་དུ་སྔར་གྱི་དོམ་པས་འདེད། །དྲག་པོ་བྱུང་ཅི་བྱ་གཏོལ་མེད་གྱུར། །རང་གིས་སྔར་དྲིན་གྱིས་བསྐྱངས་རྣམས་དང་། །རང་ལས་ཆེས་དམན་པ་རྣམས་ཀྱི་བྲན། །ཁོལ་བོ་སོགས་བྱེད་དགོས་སྡུག་བསྔལ་དང་། །རྒྱལ་པོ་དང་ཆོམ་རྐུན་ལ་སོགས་ཀྱིས། །བསད་པ་དང་བཅིངས་པའི་སྡུག་བསྔལ་དང་། །བསད་ཀྱིས་དོགས་བཅིངས་ཀྱིས་དོགས་པ་སོགས། །འཁོར་བ་ན་སྡུག་བསྔལ་བརྗོད་མི་
ལང་། །སྡུག་བསྔལ་གྱི་སྒྲ་ཡང་མི་ཐོས་པའི། །བདེ་བ་ཅན་ལ་སོགས་སངས་རྒྱས་ཀྱི། །ཞིང་ཁམས་སུ་སོང་ན་འདོད་པའི་མིས། །འཁོར་བ་འདིར་ད་ནས་མི་ཆགས་པར། །སངས་རྒྱས་ཀྱི་ཞིང་དུ་འགྲོ་རེ་རན། །འགྲོ་ཐབས་དེ་དམ་པའི་ཆོས་ཡིན་པས། །ཐམས་ཅད་ཀྱིས་དམ་པའི་ལྷ་ཆོས་སྒྲུབས། །གླུ་དབྱངས་འདི་བླངས་པའི་དགེ་བ་རྣམས། །རང་གཞན་གྱིས་འཁོར་བར་རྒྱབ་བསྟན་ནས། །བདེ་བ་ཅན་ལ་སོགས་སངས་རྒྱས་ཀྱི། །ཞིང་ཁམས་སུ་འགྲོ་བའི་རྒྱུ་རུ་བསྔོ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །ཨེ་མ་ངོ་མཚར་རྒྱལ་བའི་སྲས། །སྟོང་ཉིད་སྙིང་རྗེའི་གོ་མཚོན་ཐོགས། །ཉོན་མོངས་གཡུལ་ངོ་ཕམ་མཛད་པའི། །སྙིང་སྟོབས་ཅན་གྱི་རྣལ་འབྱོར་པ། །ཞོ་འོང་ལ་ཁའི་ཕོ་སྐྱེས་རྣམས། །མི་ཚེ་འདི་རུ་སྐྱིད་པ་དང་། །ཁྱད་པར་ཕྱི་མར་བདེ་ཐབས་ཀྱི། །ཞལ་གདམས་བརྩེ་བས་གནང་བར་ཞུ། །ཞེས་པ་འདི་སློབ་བུ་པདྨ་རང་གྲོལ་གྱིས་སྐུལ་ཚིག་ཏུ་སྨྲས་པས་ལན་དུ། དྲིན་ཅན་རྩ་བརྒྱུད་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། །བདག་གཞན་འགྲོ་བ་ཐམས་ཅད་ཀྱི། །བློ་ཁ་དམ་པའི་ཆོས་ལ་
སྒྱུར། །ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས། །སངས་རྒྱས་ཤཱཀྱ་ཐུབ་པ་ཡི། །བསྟན་པར་མཇལ་བའི་དུས་སྐབས་འདིར། །ལྷ་ཆོས་བསྒྲུབ་དགོས་ཕོ་སྐྱེས་ཚོ། །སྔར་སྐྱེས་མ་ཤི་གཅིག་ཀྱང་མེད། །ད་ལྟའི་ངེད་ཅག་ཐམས་ཅད་འཆི། །ཕྱིན་ཆད་མི་འཆིའི་མི་ཡང་མེད། །འཆི་དུས་ཆོས་མིན་མགོན་སྐྱབས་མེད། །ཉོན་དང་ཞོ་འོང་ཕོ་སྐྱེས་ཚོ། །རང་ཉིད་རྒས་པ་མ་ཤེས་པར། །རྒས་ཁར་ཆོས་མེད་མ་བྱེད་ཅིག །འཆི་བ་འོང་བ་མ་ཚོར་བར། །འཆི་དུས་སྡིག་པ་མ་ཁུར་ཅིག །ཚེ་འདིའི་བྱ་བ་བསྒྲུབ་བསྒྲུབས་ནས། །ཕྱི་མར་ལག་སྟོང་མ་འགྲོ་ཞིག །བུ་དང་ཆུང་མར་ཆགས་ཆགས་ནས། །ཕྱི་མར་གཅིག་པུར་མ་འགྲོ་ཞིག །ཕ་ཡུལ་མཁར་ཁྱིམ་བསྡད་བསྡད་ནས། །གཏན་སྡུག་ཡུལ་དུ་མ་འགྲོ་ཞིག །ཕྱི་མར་ལྷན་ཅིག་སྐྱེས་པ་ཡི། །ལྷ་གཤགས་ཕམ་དུ་མ་འཇུག་ཅིག །མཉམ་པོར་འོང་བའི་བདུད་ལག་ཏུ། །སོང་ནས་སྡུག་བསྔལ་མ་མྱོང་ཞིག །སྲོག་གཅོད་མང་པོ་བྱས་བྱས་ནས། །དམྱལ་བའི་ཡུལ་དུ་མ་འགྲོ་ཞིག །ནོར་རྫས་སེར་སྣ་བྱས་བྱས་ནས། །ཡི་དྭགས་ཡུལ་དུ་མ་འགྲོ་ཞིག །ཕན་ཚུན་འཐབ་རྩོད་བྱས་བྱས་ནས། །
ལྷ་མིན་ཡུལ་དུ་མ་འགྲོ་ཞིག །ད་དུང་ཉོན་དང་ཕོ་སྐྱེས་ཚོ། །སྐྱབས་གནས་དཀོན་མཆོག་གསུམ་པོ་ཁུར། །ཐུགས་རྗེ་ཁོང་ལས་ཆེ་བ་མེད། །རྒྱུན་དུ་མཚན་ལྡན་བླ་མ་སྟེན། །བྱིན་རླབས་ཁོ་ལས་ཆེ་བ་མེད། །ཡི་དམ་ཐུགས་རྗེ་ཆེན་པོ་སྒྲུབས། །ཡི་དམ་འདི་ལས་བཟང་བ་མེད། །སྙིང་པོ་ཡི་གེ་དྲུག་མ་ཐོན། །སྒྲིབ་སྦྱོང་འདི་ལས་ཟབ་པ་མེད། །མཁའ་འགྲོ་ཆོས་སྐྱོང་རྒྱུན་དུ་མཆོད། །གྲོགས་སུ་འདི་ལས་མཛངས་པ་མེད། །འདིས་མཚོན་དགེ་བས་ཕོ་སྐྱེས་ཀུན། །བློ་ཁ་ཆོས་ལ་རབ་ཕྱོགས་ནས། །ཉིན་མཚན་ཆོས་ཀྱི་འཁོར་ལོ་བསྐོར། །འདི་ཕྱི་ཀུན་ཏུ་བདེ་བར་ཤོག །ཅེས་སྨྲས་སོ། །ཨེ་མ་སྙིགས་དུས་འགྲོ་བའི་མགོན། །ཞོ་འོང་ཕོ་སྐྱེས་དད་ཅན་ལ། །ཞལ་གདམས་གནང་བ་བཀའ་དྲིན་ཆེ། །ད་ནི་ཞོ་འོང་བུད་མེད་རྣམས། །གནས་སྐབས་ཀུན་ཏུ་བདེ་བ་དང་། །རིམ་བཞིན་སངས་རྒྱས་གོ་འཕང་དེ། །ཐོབ་པའི་ཞལ་གདམས་གསལ་བོ་ཞིག །བརྩེ་བ་ཆེན་པོས་གནང་དུ་གསོལ། །ཞེས་པ་འདི་ཡང་སློབ་བུ་པདྨ་རང་གྲོལ་གྱིས་སྨྲས་པའི་ལན་དུ། ཕྱོགས་བཅུའི་མཆོད་འོས་སྐྱབས་གྱུར་ཀུན། །བྱིན་རླབས་
ནུས་པའི་རྩལ་བསྐྱེད་ལ། །བདག་གཞན་ཚེ་འདིའི་བར་ཆད་སོལ། །བློ་སྣ་ཆོས་ལ་མྱུར་དུ་སྒྱུར། །ཉོན་དང་སྐྱེ་དམན་བུ་སྨད་རྣམས། །སྐྱེ་དཀའ་འཛམ་བུའི་གླིང་དུ་སྐྱེས། །ཐོབ་དཀའི་མི་ལུས་རིན་ཆེན་ཐོབ། །ཕྲད་དཀའི་དམ་པའི་ཆོས་དང་ཕྲད། །མཇལ་དཀའི་བླ་མར་མཇལ་དུས་འདིར། །དམ་པའི་ལྷ་ཆོས་མ་བྱས་ན། །ཁོང་ན་དོན་སྙིང་མེད་པ་ཡིན། །རང་མགོ་རང་གིས་བསྐོར་བ་ཡིན། །རང་གིས་རང་ཉིད་ཕུང་བ་ཡིན། །རིན་ཆེན་གླིང་དུ་སླེབ་སླེབས་པ། །ལག་པ་སྟོང་བ་སུ་ཞིག་འགྲོ། །དམ་ཆོས་དར་བའི་ཡུལ་སྐྱེས་ནས། །ཕྱི་མར་ཆོས་མེད་སུ་ཞིག་འགྲོ། །རིན་ཆེན་གསེར་གྱི་གླིང་ཕྱིན་ནས། །ལག་སྟོང་མཆན་དུ་བཅུག་ནས་འགྲོ། །ཕོད་པའི་མི་དེའི་དོན་སྙིང་རུལ། །ཡང་ན་གདོན་གྱིས་སྨྱོས་པ་ཡིན། །དམ་ཆོས་དར་བའི་གླིང་དུ་སྐྱེས། །ལྷ་ཆོས་མི་བྱེད་འཆི་ཕོད་པའི། །བུ་སྨད་དོན་སྙིང་རུལ་བ་ཡིན། །ཡང་ན་གདོན་གྱིས་སྨྱོས་པ་ཡིན། །ད་དུང་ཉོན་དང་བུ་སྨད་རྣམས། །ཕ་ཡུལ་ཕ་མ་རྒྱབ་ཏུ་བཞག །ནོར་ཁྱེར་གཞན་གྱི་གཡོག་ལ་འགྲོ། །ཁྱེད་རྣམས་ཞིབ་ཏུ་བསམ་བློ་ཐོངས། །གཡོག་མོ་ཟེར་བ་ལོགས་ན་མེད། །
དཔོན་མོ་ཡིན་སྙམ་དགོད་རེ་བྲོ། །ཟས་ནོར་ཁྱེར་བའི་དབང་ཅན་ཚོ། །ནོར་རྫས་དོན་མེད་མ་བྱེད་ཅིག །འཆི་བ་མི་དྲན་ཁོམ་མེད་ཚོ། །འཆི་ཁར་ཆོས་མེད་མ་བྱེད་ཅིག །ངན་འགྲོར་མི་སྐྲག་སྙིང་ཅན་ཚོ། །ཤི་ཚེ་དམྱལ་བར་མ་འགྲོ་ཞིག །བུ་ཁྱོ་འདུལ་བའི་དཔའ་མོ་ཚོ། །མི་ཚེ་སྟོང་ཟད་མ་བྱེད་ཅིག །ཟས་ནོར་འཛོམ་པའི་ཕྱུག་མོ་ཚོ། །འཆི་དུས་བཞག་ནས་མ་འགྲོ་ཞིག །བྱི་དོར་རེམ་པའི་གཟུགས་བཟང་ཚོ། །འཆི་ཚེ་མལ་དུ་མ་འཇོག་ཅིག །བཀལ་འཐག་མཁས་པའི་གོས་བཟང་ཚོ། །འཆི་ཁར་གཅེར་བུར་མ་འགྲོ་ཞིག །བཟའ་བཏུང་ཞིམ་པོ་ཟ་མཁན་ཚོ། །འཆི་ཁར་ཟས་མེད་མ་འགྲོ་ཞིག །སོ་ནམ་ཞིང་ལས་ཚར་མེད་ཚོ། །འཆི་ཁར་བཞག་ནས་མ་འགྲོ་ཞིག །བུ་ཁྱོ་གསོ་བའི་གཞུང་བཟང་ཚོ། །འཆི་ཁར་གཅིག་པུར་མ་འགྲོ་ཞིག །ད་ཡང་ཉོན་དང་བུ་སྨད་ཚོ། །མཆོད་གནས་དཀོན་མཆོག་གསུམ་ལ་གྱིས། །བརྟེན་ས་འདི་ལས་བཟང་བ་མེད། །བླ་མ་མགོ་ཡི་ཞྭ་བཞིན་བཀུར། །བཀུར་གནས་འདི་ལས་བཟང་བ་མེད། །ཐུགས་རྗེ་ཆེན་པོར་གསོལ་བ་ཐོབས། །བྱིན་རླབས་འདི་ལས་ཆེ་བ་
མེད། །སྙིང་པོ་ཡི་གེ་དྲུག་མ་ཐོན། །སྒྲིབ་སྦྱོང་འདི་ལས་བཟང་བ་མེད། །མི་དགེ་བཅུ་སྤོངས་དགེ་བཅུ་སྒྲུབས། །ཆོས་སུ་འདི་ལས་བཟང་བ་མེད། །ཕ་མ་གཉིས་ལ་དྲིན་གཟོ་མཛོད། །དྲིན་ལ་འདི་ལས་ཆེ་བ་མེད། །ཕྱུགས་དང་སྒོ་ཁྱི་རེམ་ལ་གསོས། །བསོད་ནམས་འདི་ལས་ཆེ་བ་མེད། །ལྟོགས་ཕོངས་ཅན་ལ་སྦྱིན་པ་ཐོངས། །སྦྱིན་པ་འདི་ལས་བཟང་བ་མེད། །དུག་ལྔ་སྐྱེ་བའི་ཟས་ནོར་སྤོངས། །ཆགས་སྡང་འདི་ལས་ངན་པ་མེད། །ཟེར་ལོ་མང་པོའི་སྨྲ་མཆུ་ཚུམས། །ཟག་པ་དེ་ལས་སོག་པ་མེད། །བླ་མ་དངོས་སུ་བྱོན་ན་ཡང་། །གདམས་ངག་འདི་ལས་ལྷག་པ་མེད། །ཕ་མ་དངོས་སུ་བྱུང་ན་ཡང་། །ཁ་ཏ་འདི་ལས་ལྷག་པ་མེད། །གཏན་བདེ་བྱེད་དམ་གཏན་སྡུག་བྱེད། །ད་ལྟ་རང་གི་ལག་ན་ཡོད། །རང་དབང་རང་ལ་ཡོད་དུས་འདིར། །གདམ་ཁ་མ་ནོར་བུ་སྨད་ཚོ། །དགེ་འདིས་སྐྱེ་དམན་བུ་སྨད་ཀུན། །བློ་ཁ་ལྷ་ཆོས་བྱེད་ལ་ཕྱོགས། །གང་ནུས་དགེ་ལ་མྱུར་འབད་ནས། །ཚེ་རབས་ཀུན་ཏུ་སྐྱིད་པར་ཤོག །ཅེས་སྨྲས་སོ། ཚོགས་གཉིས་རྒྱ་མཚོར་ཡུན་རིང་གོམས་པའི་མཐུས། །དེང་འདིར་འགྲོ་དྲུག་འདྲེན་ལ་
འགྲན་ཟླ་བྲལ། །རང་བྱུང་པད་འབྱུང་གཉིས་པའི་ཐུགས་ཀྱི་སྲས། །ཉོན་མོངས་འཆིང་བ་ཀུན་གྲོལ་བླ་མ་ལ། །ལག་གཉིས་ཐལ་མོ་སྦྱར་ནས་འདི་སྐད་ཞུ། །ཞོ་འོང་གཤིས་ཀྱི་དད་ཅན་ཕོ་སྐྱེས་རྣམས། །བློ་ཁ་ཆོས་ལ་ཕྱོགས་པའི་ཞལ་གདམས་ནི། །གོ་སླ་ཉུང་འདུས་བརྩེ་བས་གནང་དུ་གསོལ། །ཞེས་པ་འདི་ཡང་དད་གཏོང་བློ་གྲོས་མཆོག་མངའ་སྣོད་ལྡན་སློབ་བུ་པདྨ་རང་གྲོལ་གྱིས་སྨྲས་པའི་ལན་དུ། དྲིན་ཅན་རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དད་ཅན་ཕོ་སྐྱེས་རྣམས་ཀྱི་བློ་ཁ་དམ་པའི་ཆོས་ལ་སྒྱུར། །བྱ་བཏང་ཚོགས་དྲུག་རང་གྲོལ་ཕན་པའི་གླུ་དབྱངས་ལེན། །དད་ཅན་ཞོ་འོང་གཤིས་ཀྱི་ཕོ་སྐྱེས་རྣམས་ཚོ་ཉོན། །མི་ལུས་རིན་ཆེན་རྙེད་དཀའ་ཐོབ་དུས་ཆོས་བྱེད་དགོས། །མི་རྟག་འཆི་བ་ནམ་འོང་ཆ་མེད་གློ་བུར་འོང་། །མི་དགེའི་སྡིག་པ་བྱས་ན་ངན་སོང་གནས་སུ་ལྟུང་། །མི་བཟོད་སྡུག་བསྔལ་མྱོང་དུས་འགྱོད་ཀྱང་བྱ་ཐབས་མེད། །དཀར་ནག་ལས་འབྲས་འདི་ལ་ནམ་ཡང་བསླུ་བ་མེད། །ནག་པོ་མི་དགེ་བཅུ་ལ་ཤིན་ཏུ་ཤིན་ཏུ་འཛེམས། །དཀར་པོ་དགེ་བཅུ་ཆོས་སྤྱོད་བཅུ་ལ་འབད་པར་གྱིས། །རྒན་པའི་ཁ་འདི་ཉིས་
ན་ཕོ་གསར་ལག་ཉེས་འགྲོ། །ཕོ་གསར་བློ་སྣ་མ་ཐུང་རྒན་པའི་ཁ་ལ་ཉོན། །རྒན་པ་སེར་སྣ་མ་ཆེ་དབུལ་བོར་སྦྱིན་པ་ཐོངས། །ཕོ་གསར་འཁོན་འཛིང་མ་བྱེད་རང་ཚོད་རང་གིས་ཟུངས། །ཁ་འཇམ་ཁོག་ནག་མི་ལ་བློ་འདྲི་མ་བྱེད་བཟང་། །གཞན་ལ་འཕོག་ཉེན་ཡོད་པས་ཚོད་བཟུང་རན་པར་སྨོས། །ཧ་ཅང་དྲན་རྒྱུ་མ་མང་གང་བྱེད་མཐའ་རུ་ཐོན། །རང་སྡེ་སྡུག་ལ་མ་གཏད་དབང་ཅན་གོང་མ་ཚོ། །བཟའ་སྡིགས་ཁ་ཚག་མ་མང་ཁྱིམ་ཚང་བཟའ་དཔོན་ཚོ། །ཁྱི་ལ་རྡོ་དང་དབྱུག་པས་མ་རྡུང་གཞོན་ནུ་ཚོ། །ཕྱུགས་ལ་བརྡུངས་ན་མི་ཚེ་འདིར་ཡང་བསོད་ནམས་འཛད། །ཧ་ཅང་ཞེ་སྡང་མ་ཆེ་ཁྲོ་མེད་བཟོད་པ་སྒོམས། །ཞེ་སྡང་ལངས་ན་ཕྱི་མར་དམྱལ་བའི་གཏིང་དུ་སྐྱེ། །བཟོད་པ་བསྒོམས་ན་ཕྱི་མར་གཟུགས་མཛེས་མི་ལུས་ཐོབ། །མགོ་བོ་ན་བའི་ཆང་གི་ཅི་བྱ་ཆང་མ་ཐུངས། །ཟ་རྒྱུར་མི་ཕན་དུ་བ་ཉེས་དམིགས་ཆེ་བས་ཆོད། །རྒན་གཞོན་ཐམས་ཅད་བརྐུས་དང་དམག་གི་ལས་ལ་དགའ། །གྲོང་སྡེ་འཁྲུག་རྩོད་བྱས་པ་ཐབས་ཀྱིས་འགྲིག་ཏུ་ཆུགས། །འགྲོ་ཀུན་ཕ་མ་ཡིན་པས་སྲོག་གཅོད་གཏན་ནས་སྤོངས། །ཁྱད་པར་འཕྱི་བ་བྱ་ཝང་
ལ་སོགས་ཉེས་མེད་ཀྱི། །རི་དྭགས་གསོད་དུ་མ་འཇུག་བསད་ན་ཁྲིམས་ལ་སྦྱོར། །བོང་བུར་མེ་ཤིང་ལྕི་མོ་མ་འགེལ་ཡང་མོ་ཁོལ། །བཀལ་ནས་རྡོ་དང་དབྱུག་པས་མ་རྡུངས་སེམས་ཡོད་ཚོ། །འཕོངས་ཟད་རྒྱབ་རྣམས་སྒལ་པས་ཁེངས་དུས་མི་གཞན་ལ། །མ་བཙོངས་སྙིང་རྗེ་དྲིན་ཅན་ཡིན་པས་དྲིན་གཟོ་གྱིས། །ཚེ་འདིའི་ཕ་མ་ཨ་ཁུ་རྒས་དུས་བཀུར་སྟི་རེམ། །ཆོས་མཛད་དམ་པ་གང་ཡིན་བསྟོད་ལ་འབྲེལ་བ་ཞོག །སྡིག་བྱེད་སྐྱེ་བོ་རྣམས་ཀྱི་བློ་ཁ་ཆོས་ལ་སྒྱུར། །གྲོང་སྡེ་ཁྱིམ་ཚང་གང་ཡང་དམ་པའི་ཆོས་ལ་སྐུལ། །ཆོས་ལ་བསྐུལ་ན་བྱིས་པ་ཡིན་རུང་ཁ་ལ་ཉོན། །སྡིག་ལ་སྦྱོར་ན་རྒན་པ་ཡིན་ཡང་ཁར་མ་ཉན། །མདོར་ན་མི་དགེའི་ལས་ལ་ཕོ་སྐྱེས་ཀུན་གྱིས་འཛེམས། །དཀར་པོ་དགེ་བའི་ལས་ལ་འཆི་རུང་འབད་པར་གྱིས། །དེ་ལྟར་བྱས་ན་ཚེ་འདིར་ཚེ་དང་བསོད་ནམས་རྒྱས། །ཕྱི་མ་ལྷའམ་མི་ལུས་གཙང་མ་ཐོབ་པར་ངེས། །རིམ་བཞིན་སྐྱེ་བ་བཟང་པོ་བརྒྱུད་ནས་སངས་རྒྱས་འགྱུར། །གླུ་དབྱངས་ཐོས་ཚད་བློ་ཁ་ཆོས་ལ་ཕྱོགས་པར་ཤོག །ཅེས་སྨྲས་པའོ། །རྣམ་མཁྱེན་ཀུན་བཟང་དགོངས་
པར་རྟག་གཞོལ་བའི། །རྣམ་འདྲེན་བླ་མ་ཚོགས་དྲུག་རང་གྲོལ་ལ། །རྣམ་དཀར་དགེ་ལ་གཞོལ་བའི་སློབ་བུ་ངས། །རྣམ་དག་དད་པས་ཐལ་སྦྱར་འདི་སྐད་ཞུ། །ཞོ་འོང་གཤིས་གྱི་དད་ཅན་ཕོ་སྐྱེས་ལ། །ཞལ་གདམས་བརྩེ་བས་གནང་བ་བཀའ་དྲིན་ཆེ། །ད་ནི་ཞོ་འོང་གཤིས་ཀྱི་བུ་སྨད་རྣམས། །ཆོས་ལ་བསྐུལ་བའི་ཞལ་གདམས་གནང་དུ་གསོལ། །ཞེས་པ་འདི་ཡང་དམ་ལྡན་སེམས་བཟང་ངང་རིང་སློབ་བུ་པདྨ་རང་གྲོལ་གྱིས་སྨྲས་པའི་ལན་དུ། ཕ་རྒན་ཆོས་རྒྱལ་ངག་གི་དབང་པོར་གསོལ་བ་འདེབས། །ཞོ་འོང་གཤིས་ཀྱི་བུ་སྨད་ཡོངས་ལ་ཐུགས་རྗེས་གཟིགས། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་བརྩེ་བས་རྒྱང་གླུ་ལེན། །ཞོ་འོང་གཤིས་ཀྱི་དད་ཅན་སྐྱེ་དམན་བུ་སྨད་ཉོན། །སྐྱེ་དམན་བུ་སྨད་ཡིན་ཡང་རྙེད་དཀའི་ལུས་རྟེན་ཡིན། །ལུས་འདི་མི་རྟག་འཇིག་པར་ངེས་པས་ལྷ་ཆོས་དགོས། །ཆོས་མེད་འཆི་དུས་འགྱོད་པ་སྐྱེ་ཡང་ཕན་པ་མེད། །སྡིག་པའི་དབང་གིས་དམྱལ་བར་སོང་ན་སྡུག་བསྔལ་ཆེ། །ད་ལྟ་བདེ་སྡུག་གཉིས་ཀྱི་གདམ་ཁ་རང་ལ་ཡོད། །བདེ་བ་འདོད་ན་འདི་བཞིན་མཛོད་ཅིག་བུ་སྨད་ཚོ། །བདག་འཛིན་བུ་སྨད་ཆེ་བས་བུ་དང་ཁྱོར་མ་ཞེན། །
འདོད་པ་བུ་སྨད་ཆེ་བས་ནོར་དང་རྫས་མ་ཆགས། །བློ་སྣ་བུ་སྨད་མང་བས་དྲན་རྒྱུའི་བློ་མ་མང་། །བྱ་བ་བུ་སྨད་མང་བས་དོན་མེད་བྱ་བ་སྤོངས། །དུག་ལྔ་བུ་སྨད་ཆེ་བས་སྐྱེས་ཚེ་གཉེན་པོ་སྟེན། །གོ་བ་བུ་སྨད་ཆུང་བས་ཡང་ཡང་ཆོས་ལ་ཉོན། །ལེ་ལོ་བུ་སྨད་ཆེ་བས་བརྩོན་འགྲུས་ཆོས་ལ་སྐྱེད། །སེར་སྣ་བུ་སྨད་ཆེ་བས་དབུལ་པོར་སྦྱིན་པ་ཐོངས། །སྨྲ་བ་བུ་སྨད་མང་བས་ཧ་ཅང་གཏམ་མ་མང་། །མཆོར་ལ་བུ་སྨད་དགའ་བས་ཧ་ཅང་མཆོར་མ་བྱེད། །ཐམས་ཅད་བསྐྱེད་གཞི་ཡིན་པས་བུ་ཚ་ཆོས་སྒོར་ཆུགས། །ཁྱིམ་གྱི་བརྟེན་ས་ཡིན་པས་བཟའ་འཁོར་བྱམས་པས་སྐྱོངས། །འཕྲལ་དབང་བུ་སྨད་ཆེ་བས་ཉེ་འཁོར་ཟས་ཀྱིས་སྐྱོངས། །འདི་ཕྱིར་བྱིན་རླབས་འབྱུང་བས་བླ་མ་དཀོན་མཆོག་མཆོད། །བསོགས་པ་བཞག་ནས་འགྲོ་བས་གང་ལའང་སེམས་མ་ཆགས། །དད་པ་ཀུན་སློང་ཅི་བྱེད་ཆོས་དང་བསྟུན་ན་ལེགས། །ཨ་མྱེ་ཨ་ནེ་དྲིན་ཆེ་ཕ་མ་བཞིན་དུ་བཀུར། །ལུས་ཀྱི་ཟླ་གྲོགས་ངན་ཡང་ཕན་པས་མིག་བཞིན་འཚོས། །བུ་ཚ་རྒས་ཁར་ཕན་ངེས་རྒྱུན་དུ་བརྩེ་བས་སྐྱོངས། །འདུས་པ་འབྲལ་བ་
ཡིན་པས་ཡུན་དུ་མཐུན་པར་འགྲོགས། །བཟང་ངན་ནོར་གྱིས་འབྱེད་པས་གང་ཡོད་ཡར་འཇོག་གྱིས། །ལྟོ་སྲོག་འབྲེལ་མ་ཡིན་པས་སོ་ནམ་རེམ་ལ་གྱིས། །འཇིག་རྟེན་རྣམ་ཐར་ཡིན་པས་མགྲོན་པོར་བཟང་བོ་གྱིས། །ལྷ་ཆོས་མེད་ན་ཕྱུག་རུང་མི་ཚེ་སྟོང་ལོག་ཡིན། །གཟུགས་བྱད་ཕུན་སུམ་ཚོགས་རུང་འཆི་ཚེ་བཞག་ནས་འགྲོ། །བུ་མང་འཁོར་གཡོག་ལྡན་རུང་གཅིག་པུར་དམྱལ་བར་འགྲོ། །གསོག་རུམ་བྱེད་ལ་མཁས་རུང་དུད་འགྲོ་རྣམས་དང་འདྲ། །མི་ཚེ་སྟོང་ཟད་མ་བྱེད་རྒན་མོ་བུ་སྨད་ཚོ། །རང་དོན་ཡལ་བར་མ་གཏོང་མནའ་མ་བུ་སྨད་ཚོ། །འདི་བས་ཕྱི་སྡུག་མ་བྱེད་གཡོག་མོ་བུ་སྨད་ཚོ། །མྱུར་དུ་ལྷ་ཆོས་སྒྲུབས་ཤིག་ཞོ་འོང་བུ་སྨད་ཚོ། །གཏམ་འདི་བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱ་ངས། །ཞོ་འོང་གཤིས་ཀྱི་དད་ཅན་བུ་སྨད་ཡོངས་ལ་གདམས། །གླུ་དབྱངས་འདི་ཉིད་ཐོས་ཚད་ལས་ཅན་བུ་སྨད་ཀྱིས། །ཡར་འགྲོ་དམ་པའི་ལྷ་ཆོས་རྒྱུན་དུ་བྱེད་པར་ཤོག །ཅེས་སྨྲས་པའོ། །སེམས་ཅན་ཐར་བར་འདྲེན་མཛད་པའི། །དྲིན་ཅན་བླ་མའི་ཞབས་ལ་འདུད། །དད་ཅན་རྣམས་ཚོ་མ་ཡེངས་ཉོན། །ཚེ་འདིར་སྲོག་གཅོད་བྱས་
གྱུར་ན། །ཕྱི་མར་མི་ཚེ་ཐུང་བར་སྐྱེ། །དེ་ཕྱིར་སྲོག་གཅོད་མ་བྱེད་ཨང་། །ཚེ་འདིར་མ་བྱིན་པར་བླངས་ན། །ཕྱི་མར་དབུལ་བོའི་མི་རུ་སྐྱེ། །དེ་ཕྱིར་མ་བྱིན་མ་ལེན་ཨང་། །ཚེ་འདིར་མི་ཚངས་པར་སྤྱད་ན། །ཕྱི་མར་ཆུང་མ་བསྲུང་མི་ཐུབ། །དེ་ཕྱིར་མི་ཚངས་མ་སྤྱོད་ཨང་། །ཚེ་འདིར་རྫུན་གྱི་ཚིག་སྨྲས་ན། །ཕྱི་མར་མི་ཁ་ཤིན་ཏུ་སྡང་། །དེ་ཕྱིར་རྫུན་ཚིག་མ་སྨྲ་ཨང་། །ཚེ་འདིར་ཕྲ་མ་བྱས་པ་ན། །ཕྱི་མར་འཁོར་གཡོག་རྙེད་མི་འགྱུར། །དེ་ཕྱིར་ཕྲ་མ་མ་བྱེད་ཨང་། །ཚེ་འདིར་ཚིག་རྩུབ་སྨྲས་པ་ན། །ཕྱི་མར་མི་སྙན་ཚིག་ངན་ཐོས། །དེ་ཕྱིར་ཚིག་རྩུབ་མ་སྨྲ་ཨང་། །ཚེ་འདིར་ངག་འཁྱལ་ཚིག་སྨྲས་ན། །ཕྱི་མར་རང་གི་ཚིག་མི་བཙུན། །དེ་ཕྱིར་ངག་འཁྱལ་མ་སྨྲ་ཨང་། །ཚེ་འདིར་བརྣབ་སེམས་སྤོངས་ཤིག་ཨང་། །ཚེ་འདིར་གནོད་སེམས་བྱས་གྱུར་ན། །ཕྱི་མར་འཇིགས་སྐྲག་ཆེ་བ་ཡིན། །དེ་ཕྱིར་གནོད་སེམས་སྤོངས་ཤིག་ཨང་། །ཚེ་འདིར་ལོག་ལྟ་བྱས་གྱུར་ན། །ཕྱི་མར་ཡང་དག་ལྟ་བར་རྨོངས། །དེ་ཕྱིར་ལོག་ལྟ་སྤོངས་ཤིག་ཨང་། །ཨང་ཡིག་བཅུ་ཡི་ཞལ་གདམས་འདི། །འདི་
ཕྱིར་བདེ་བའི་ཐབས་སུ་སྨྲས། །སྨྲས་པ་ཇི་བཞིན་བསྒྲུབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དྲིན་ཅན་བླ་མ་རིན་པོ་ཆེ། །སྤྱི་གཙུག་པད་ཟླའི་གདན་ལ་བཞུགས། །ཐུགས་རྗེ་སྤྱན་གྱིས་ཡོངས་ལ་གཟིགས། །ཁྱད་པར་ཡ་རབས་ནོར་བུ་ཡི། །མི་མཐུན་འགལ་རྐྱེན་བར་ཆད་སོལ། །བློ་ཁ་དམ་པའི་ཆོས་ལ་སྒྱུར། །ཚོགས་དྲུག་རང་གྲོལ་ཞལ་གདམས་སྟེར། །དད་ཅན་ཁྲིམས་ལྡན་ནོར་བུ་ཉོན། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །མིག་ཕྱུང་བཙོན་རར་བཅུག་པ་སླར། །བཙོན་ར་དེ་ནས་བཏོན་ནས་མིག །བྱིན་ནས་ཚངས་པའི་བདེ་བ་ལ། །བཀོལ་ལས་བྱང་ཆུབ་སེམས་དཔའ་ལ། །དང་བས་བལྟ་བ་ཕན་ཡོན་ཆེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་པོ། །མཆོད་ལས་བླ་མའི་བ་སྤུ་ཡི། །བུ་ག་གཅིག་མཆོད་ཕན་ཡོན་ཆེ། །གཏོང་ཕོད་ཆེ་བའི་ནོར་བུ་ཁྱོད། །ད་ལྟ་མི་ལུས་ཐོབ་དུས་འདིར། །དེ་རྣམས་བསྒྲུབ་ནུས་ཁྱོད་ཀྱིས་སྒྲུབས། །སེམས་བསྐྱེད་མ་བྱས་དུས་སྐབས་སུ། །སྦྱིན་པ་རྒྱ་ཆེན་བཏང་བ་ལས། །སེམས་ཅན་ཐམས་ཅད་དོན་དུ་བདག །རྫོགས་པའི་སངས་རྒྱས་འཐོབ་པར་བྱ། །
དེ་ཕྱིར་སྦྱིན་གཏོང་འདི་བྱ་སྙམ། །སེམས་བསྐྱེད་བྱས་ནས་དུད་འགྲོ་ལ། །ཟན་འཆིང་གཅིག་བྱིན་ཕན་ཡོན་ཆེ། །ཅིའི་ཕྱིར་ཞེ་ན་སེམས་ཅན་ལ། །གྲངས་མེད་པ་དང་སངས་རྒྱས་ནི། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །མངའ་བས་ཕན་ཡོན་ཆེ་བ་ཡིན། །ཐོས་རྒྱ་ཅན་གྱི་ནོར་བུ་ཁྱོད། །ད་ལྟ་མི་ལུས་ཐོབ་དུས་འདིར། །དེ་ཡང་བསྒྲུབ་ནུས་ཁྱོད་ཀྱིས་སྒྲུབས། །ཁྱིམ་པའི་ཟང་ཟིང་དཔག་ཏུ་མེད། །སྦྱིན་ལས་རབ་ཏུ་བྱུང་བ་ཡིས། །དམ་ཆོས་ཚིགས་བཅད་གཅིག་བྱིན་ན། །ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། །ཨེ་མ་ཁྲེལ་ཡོད་ནོར་བུ་ཁྱོད། །ད་ལྟ་མི་ལུས་ཐོབ་དུས་འདིར། །དེ་ཡང་བསྒྲུབ་ནུས་ཁྱོད་ཀྱིས་སྒྲུབས། །བྱང་སེམས་ཁྱིམ་ན་གནས་པ་ཡིས། །འབྲུ་མར་རྒྱ་མཚོ་ཙམ་པ་ལ། །སྙིང་པོ་རི་རབ་ཙམ་པ་ཞིག །བཙུགས་ནས་མར་མེ་ཕུལ་བ་ལས། །དགེ་སློང་བྱང་སེམས་དགོན་པ་ན། །གནས་པས་འབྲུ་མར་ཐིགས་པ་གཅིག །ཙམ་ལ་སྡོང་བུ་ཁབ་རྩེ་ཙམ། །བཙུགས་ནས་མར་མེ་ཕུལ་བ་དེ། །ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། །ཅིའི་ཕྱིར་ཕན་ཡོན་ཆེ་ཟེར་ན། །བྱང་ཆུབ་སེམས་ལ་ཁྱད་མེད་ཀྱང་། །རྟེན་
གྱི་སྒོ་ནས་ཕན་ཡོན་ཆེ། །ངོ་ཚ་ཤེས་པའི་ནོར་བུ་ཁྱོད། །ད་ལྟ་མི་ལུས་ཐོབ་དུས་འདིར། །དེ་ཡང་བསྒྲུབ་ནུས་ཁྱོད་ཀྱིས་སྒྲུབས། །བྱང་ཤར་མཚམས་ཀྱི་སངས་རྒྱས་ནི། །དབང་ཕྱུག་རྒྱལ་པོའི་ཞིང་ཁམས་སུ། །བསྐལ་བར་ཚུལ་ཁྲིམས་བསྲུང་བ་ལས། །མི་མཇེད་འཇིག་རྟེན་ཞིང་ཁམས་འདིར། །ཚུལ་ཁྲིམས་སྣ་རེ་ཙམ་བསྲུང་བ། །ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། །སྟོན་པའི་བསྟན་པ་སྐྱོན་མ་ཞུགས། །དུས་སུ་ཚུལ་ཁྲིམས་ཡུན་རིང་དུ། །བསྲུང་ལས་བསྟན་པ་འཇིག་པ་ལ། །ཉེ་བའི་དུས་འདིར་སྔ་དྲོ་ཙམ། །ཞིག་ལ་ཚུལ་ཁྲིམས་བསྲུང་བ་དེ། །ཕན་ཡོན་དེ་བས་ཤིན་ཏུ་ཆེ། །ཤེས་རབ་ཆེ་བའི་ནོར་བུ་ཁྱོད། །ད་ལྟ་མི་ལུས་ཐོབ་དུས་འདིར། །དེ་ཡང་བསྒྲུབ་ནུས་ཁྱོད་ཀྱིས་སྒྲུབས། །འདི་ཕྱིའི་བདེ་སྒྲུབ་རྣལ་འབྱོར་ངས། །འདི་ནི་ཞོ་འོང་ནོར་བུར་སྨྲས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །འདི་བཞིན་ཚེ་འདིར་བསྒྲུབ་ནུས་ཤོག །ཅེས་པ་འདི་ཡང་ལུགས་གཉིས་གང་ལའང་བློ་གྲོས་ཀྱི་རྩལ་ཆེ་ཞིང་བླ་མའི་ཞབས་རྡུལ་སྤྱི་བོར་ལེན་པའི་ཞོ་འོང་བླ་མའི་ཚ་བོ་འཕགས་པའི་ནོར་བདུན་གྱིས་ཕྱུག་པའི་ནོར་བུས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཕ་རྒན་ཆོས་རྒྱལ་
རིན་པོ་ཆེ། །མོས་པའི་བུ་ཡི་ལམ་སྣ་དྲོངས། །ཁྲེལ་ཡོད་གཞུང་བཟང་དད་པ་ཅན། །ཆུང་འགྲོགས་སློབ་བུ་རིན་ཆེན་རྒྱལ། །སེམས་ཅན་གཞན་གྱི་སྲོག་མ་གཅོད། །འཆི་བླུ་ཚེ་ཐར་ཅི་ཐུབ་ཐོངས། །མ་བྱིན་པ་རྣམས་མ་ལེན་པར། །ཟས་གོས་ནོར་གྱིས་མཆོད་སྦྱིན་ཐོངས། །གཞན་གྱི་ཆུང་མར་མ་སྤྱོད་པར། །རང་གི་གྲོགས་ཀྱིས་ཆོག་པར་གྱིས། །རྫུན་གྱི་ཚིག་རྣམས་མ་སྨྲ་བར། །དྲང་པོའི་གཏམ་ནི་སྨྲས་ན་བཟང་། །ཕྲ་མས་མཐུན་པ་མ་འབྱེད་པར། །མི་མཐུན་པ་རྣམས་ཐབས་ཀྱིས་སྡུམས། །མི་འདོད་ཚིག་རྩུབ་མ་སྨྲ་བར། །ཡིད་འོང་གཏམ་ནི་སྨྲ་བར་མཛོད། །དོན་མེད་ངག་འཁྱལ་མ་སྨྲ་བར། །དོན་ལྡན་ཆོས་ཀྱི་གཏམ་རྣམས་ཤོད། །གཞན་གྱི་ནོར་ལ་བརྣབ་སེམས་སྤོངས། །རང་གི་ནོར་གྱིས་ཆོག་པར་གྱིས། །གཞན་ལ་གནོད་སེམས་མ་སྐྱེ་བར། །ཕན་པའི་སེམས་དང་ལྡན་ན་ལེགས། །ཆོས་ལ་ལོག་ལྟ་མ་བྱེད་པར། །ཡིད་ཆེས་ངེས་ཤེས་རབ་ཏུ་སྐྱེད། །དེ་ལྟར་བྱས་ན་ཚེ་འདི་ལ། །བདེ་སྐྱིད་ཕུན་སུམ་ཚོགས་ལྡན་ཞིང་། །ཕྱི་མར་ལྷ་འམ་མི་ལུས་འཐོབ། །རིམ་བཞིན་སངས་རྒྱས་
འཐོབ་པར་འགྱུར། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །དད་ཅན་རིན་ཆེན་རྒྱལ་ལ་གདམས། །དགེ་འདིས་རང་ལ་འབྲེལ་ཐོགས་གྱིས། །ཅི་བསམ་ཆོས་བཞིན་འགྲུབ་པར་ཤོག །ཀ་དག་ཆོས་སྐུའི་ཀློང་ནས་འགྲོ་དོན་དུ། །ཁ་དོག་ངུར་སྨྲིག་འཛིན་པའི་སྐུ་རུ་བཞེངས། །ག་ནས་བལྟས་ཀྱང་སྐྱོན་ཟད་ཡོན་ཏན་གཏེར། །ང་ཡི་གཙུག་རྒྱན་དྲིན་ཅན་བླ་མར་འདུད། །ཅ་ཅོའི་རྣམ་གཡེང་འདུ་འཛི་རིང་དུ་དོར། །ཆ་མེད་དབེན་པའི་རི་ཁྲོད་ཉམས་དགའ་བསྟེན། །ཇ་ཆང་འདོད་ཡོན་ལོངས་སྤྱོད་གང་ལ་ཡང་། །ཉ་ལྟར་སྤྱོད་པའི་སྤྲེད་པ་གཏན་སྤངས་ནས། །ཏ་ཐཱ་ག་ཏའི་ཐུགས་ཀྱི་བཅུད་ལྟ་བུའི། །ཐ་བྲལ་ལྟ་བ་རྩེ་གཅིག་བསྒོམས་པའི་མཐུས། །ད་རེ་ཚེ་འདིར་རྟོགས་པ་མངོན་དུ་གྱུར། །ན་ག་རྫུན་གཉིས་པ་ཁྱོད་ལས་གང་། །པ་སངས་ལྟར་དཀར་གཞན་ཕན་བསམ་པ་ཡིས། །ཕ་མར་གྱུར་པའི་སྙིགས་དུས་འགྲོ་བའི་རིགས། །བ་ལང་ལྟ་བུའི་རྨོངས་པ་རྣམས་གྲོལ་ཕྱིར། །མ་ཡེངས་འདི་ལྟར་སྒྲུབ་ལ་གཞོལ་དགོས་ཞེས། །ཙཱ་རི་ལས་དབེན་གནས་ཆེན་མཚོ་སྙིང་དུ། །ཚ་གྲང་ཁྱད་དུ་བསད་ནས་ཡང་དག་ལྟ། །ཛ་ཧུའི་རྒྱུན་བཞིན་
བྱིང་རྒོད་བར་མི་ཆོད། །ཝ་ལེར་དུས་ཀུན་ད་དུང་སྐྱོང་འདི་རྨད། །ཞྭ་གོས་རྒྱན་སོགས་འཁོར་བ་མྱང་འདས་ཀྱི། །ཟ་ཟིའི་སྣང་བ་སྒྱུ་མའི་ཆོས་སུ་གོ །འ་འུར་ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། །ཡ་ང་མེད་པར་ཡ་མཚན་ལྟད་མོར་མཐོང་། །རྭ་བ་གངས་རིས་བསྐོར་བའི་ཡུལ་ཕྱོགས་འདིར། །ལ་ལུང་རྣམས་སུ་སྡོད་མི་མང་ན་ཡང་། །ཤ་སྟག་ངེས་དོན་ཆོས་ལ་གཞོལ་བ་དེ། །ས་འདིར་ད་ལྟ་ཁྱོད་མིན་གཞན་ན་སུ། །ཧ་ཧ་མགོན་ཁྱོད་ཐུགས་རྗེས་བུ་ངས་ཀྱང་། །ཨ་དོན་སྐྱེ་མེད་རྟོགས་སྙམ་དགའ་སྤྲོ་འཕེལ། །ལྷ་མིར་བཅས་པའི་འགྲོ་རྣམས་སྐྱབས་ཁྱོད་ཀྱིས། །མོས་གུས་ཆེ་བའི་ཀ་རིང་སྔགས་འཆང་དང་། །དད་པ་ཆེ་བའི་ཨ་བར་ཐེ་བུ་ལ། །རབ་ཏུ་བརྩེ་བས་ཞལ་གདམས་གསུང་དུ་གསོལ། །ཞེས་པ་འདི་སློབ་བུ་པདྨ་རང་གྲོལ་གྱིས་སྐུལ་ཚིག་ཏུ་སྨྲས་པའི་ལན་དུ། སྒྲིབ་གཉིས་ཟད་ཀྱང་སྒྲིབ་པ་སྦྱོང་བའི་ཚུལ། །ཚོགས་གཉིས་རྫོགས་ཀྱང་ཚོགས་གསོག་རྒྱ་ཆེར་མཛད། །འདོད་པ་ཟད་ཀྱང་འདོད་ཡོན་ལྔ་ལ་སྤྱོད། །རྒྱལ་སྲས་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཆོས་དང་མི་མཐུན་ཆོས་པའི་ཁུར་དེ་འཛིན། །སྐྱོ་
བ་མི་སྐྱེ་སྐྱོ་མགུར་སྙན་མོ་ལེན། །ཉམས་རྟོགས་མེད་པས་ཉམས་མགུར་ལྷང་ལྷང་འཐེན། །ཁ་བཤད་མཁན་ངས་ཁ་ནས་གླུ་དབྱངས་ལེན། །ཀ་རིང་སྔགས་འཆང་ཨ་བར་ཐེ་བུ་ཡི། །ཁ་རྒན་བསམ་ཤེས་གཞོན་ནུ་དད་ཅན་ཚོ། །ག་ལེ་ཀྱི་ལེ་འབོལ་ལེ་དལ་ཅག་གེ །ང་ཡིས་གླུ་དབྱངས་འཐེན་ལ་རྣ་བ་གཏོད། །ཅ་ཅོའི་གཏམ་མང་མ་ལབ་ཁ་ཏོན་གྱིས། །ཆ་མེད་བླ་མ་ཆེ་ཆུང་སུ་བྱུང་ཡང་། །ཇ་མར་གྲོ་ནས་སོགས་ཀྱིས་འབྲེལ་བ་ཞོག །ཉ་ལྟར་ཤ་ལ་དགའ་ནས་སྲོག་མ་གཅོད། །ཏ་འདུག་ཡང་འདུག་སོགས་ལ་གནས་མཇལ་གྱིས། །ཐ་མ་ཁ་དང་ཆང་གཉིས་གཅོད་ཐུབ་ལྟོས། །དཱ་བུ་སོགས་ཀྱི་ཚར་དོམ་མ་གཏོང་བཟང་། །ན་སོ་རྒན་གཞོན་མེད་པར་མ་ཎི་རེམ། །པ་རུའི་ཁ་བཞིན་ལག་པ་མ་དམ་པར། །ཕ་མ་ཨ་ཁུ་ཤི་དུས་དགེ་རྩ་གྱིས། །བ་མོ་འབྲི་དང་ར་མ་མ་མོའི་བུ། །མ་འགྲངས་བར་དུ་འོ་མ་འཐེན་མ་གཏོང་། །ཙཱ་ཡིས་མི་བཞིན་ཇག་དང་རྐུ་མ་བྱེད། །ཚ་རུའི་ཕྱིར་དུ་ལུ་གུའི་རྐེ་མ་གཅུ། །ཛ་བྷྱོ་སོད་གཏུབ་ཟེར་བའི་མཐུ་མ་དགའ། །ཝ་ཞྭའི་ཏོག་ལྟར་མཆོག་གསུམ་ཡར་ལ་བཀུར། །ཞ་ལོང་འོན་ལྐུགས་གཡོག་པོར་
བྱམས་པར་གྱིས། །ཟ་མ་མེད་པའི་དབུལ་བོར་སྦྱིན་པ་ཐོངས། །འ་འུར་འཐབ་རྩོད་མ་བྱེད་བྱས་པ་སྡུམས། །ཡ་རབས་བླ་དཔོན་རྒན་ལ་བརྩི་བཀུར་གྱིས། །ར་ལུག་གཡག་གསུམ་བསད་ནས་ཆོས་མ་བཅོ། །ལ་ལུང་རི་ཁྲོད་བསྟེན་པའི་སྒོམ་ཆེན་མཆོད། །ཤ་རྐྱང་དགོ་སོགས་རི་དྭགས་རིགས་མ་གསོད། །ས་ཚཱ་ཕྱག་སྐོར་སྨྱུང་གནས་སྡོམ་པ་སྲུངས། །ཧ་ཅང་རྒས་པའི་དྲིན་ཅན་ཕ་དང་མ། །ཨ་ཁུ་གསུམ་ལ་རྒྱུན་དུ་བསྙེན་བཀུར་གྱིས། །ཀ་ནས་ཨ་ཡི་བར་གྱི་ཁ་ཏ་འདི། །ཀ་རིང་ཨ་བར་ཐེ་བུ་གསུམ་ལ་སྨྲས། །ཨ་མ་བཞག་ཀྱང་འགྲོ་ཀུན་ཨ་མར་སྒོམས། །ཡུལ་ཕྱོགས་སྤངས་ཀྱང་གཞན་གྱི་ཡུལ་མང་འགྲིམས། །བྱ་བ་བཏང་ཡང་བཟའ་བཏུང་བྱ་ལྟར་ཚོལ། །ཡར་སྡེབ་བྱས་ཀྱང་ཀུན་གྱིས་ཡར་མཆོད་པའི། །རེབ་གོང་ཚོགས་དྲུག་རང་གྲོལ་གླུ་དབྱངས་འདི། །ཐོས་ཚད་ཚོགས་རྣམས་གནས་སྐབས་བདེ་ཞིང་སྐྱིད། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས་བསགས་ནས། །མྱུར་དུ་ཚོགས་གཉིས་རྫོགས་ནས་འཚང་རྒྱ་ཤོག །ཅེས་སྨྲས་སོ། །ན་མོ་གུ་རུ། མགོ་དང་དོན་སྙིང་འདྲ་བའི། །བླ་མ་
ཆོས་ཀྱི་རྒྱལ་པོ། །རིག་འཛིན་འཇམ་དབྱངས་རྒྱ་མཚོ། །དག་པའི་ཞིང་དུ་གཤེགས་ཐལ། །ཡན་ལག་ཉིང་ལག་འདྲ་བའི། །ཕ་མ་མཆེད་གྲོགས་ཡོན་བདག །ལ་ལ་ཤི་བྲལ་བྱས་སོང་། །ལ་ལ་གསོན་བྲལ་བྱས་ཐལ། །མི་མེད་ལུང་བ་སྟོང་བའི། །བྲག་ཁུང་སྐམ་པོའི་ནང་དུ། །བན་རྒན་རང་ཉིད་གཅིག་པུར། །གཟུགས་ཕུང་བཞིན་དུ་ལུས་ཐལ། །ཚུལ་དེ་ཞིབ་ཏུ་བསམས་ཚེ། །སྐྱོ་ཤས་ཤུགས་དྲག་སྐྱེས་ནས། །མིག་ནས་མཆི་མའི་ཐིགས་པ། །མ་ཟུང་འགའ་རེ་ཤོར་ཐལ། །ད་ནི་མ་གྱུར་འགྲོ་བའི། །དོན་དུ་བྱང་ཆུབ་སེམས་བསྐྱེད། །རི་ཁྲོད་དབེན་པའི་གནས་སུ། །ཚེ་དང་སྒྲུབ་པ་སྙོམས་ཡ། །རང་གཞན་གཉིས་ཀ་འཚེངས་པའི། །བྱང་ཆུབ་གོ་འཕང་ཐོབ་ན། །བྱ་བཏང་པ་ངའི་དགའ་བ། །རི་ཁྲོད་པ་ངའི་སྐྱིད་པ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །ས་སྐྱ་གཞལ་ཡས་ཁང་ལྟ་བུའི། །སྟེང་དུ་རྒྱལ་མཚན་བཙུགས་འདྲ་བའི། །རྗེ་བཙུན་ཀུན་དགའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁས་པ་ཡོད་བཞིན་དེ་བསྟེན་ནས། །ཡོན་ཏན་མི་སློབ་སྡོད་པ་ཡི། །མི་དེ་གདོན་ཟིན་གྱིས་
པ་འམ། །ཡང་ན་ལས་ཀྱིས་མནར་བ་ཡིན། །ལོངས་སྤྱོད་ཡོད་བཞིན་རང་སྤྱོད་དམ། །གཞན་ལ་སྦྱིན་པ་མི་གཏོང་ན། །མི་དེ་ནད་ཀྱིས་བཏབ་པ་འམ། །ཡང་ན་ཡི་དྭགས་མངོན་སུམ་ཡིན། །སྤྱོད་དམ་སྦྱིན་པར་མི་ནུས་པའི། །ནོར་དེ་ཕྱུག་པོར་བསྒོམས་ན་ནི། །རི་བོ་གསེར་དུ་བསྒོམས་པ་ཡིས། །ཕྱུག་པོར་བསྒོམ་པ་ཤིན་ཏུ་སླ། །ཆོས་དང་ཆོས་མིན་ཤེས་པ་ཡི། །མཁས་པ་ཤིན་ཏུ་མང་ན་ཡང་། །ཤེས་ནས་ཉམས་སུ་ལེན་པ་དེ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །བསོད་ནམས་ཟད་ན་སེམས་ངན་སྐྱེ། །རིགས་རྒྱུད་ཟད་ན་བུ་ངན་སྐྱེ། །ཚེ་ཟད་པ་ལ་འཆི་ལྟས་འབྱུང་། །ཧ་ཅང་ཤེས་རབ་ཆེ་དྲགས་པས། །བྱ་བ་མང་ན་རང་ཉིད་བརླག །རྒྱལ་པོ་དྲན་རྒྱ་ཆེ་བ་ཡིས། །རྒྱལ་སྲིད་ཉམས་པ་ཤིན་ཏུ་མང་། །ཧ་ཅང་ལོངས་སྤྱོད་སོག་དྲགས་པས། །ནོར་ནི་རང་གི་གཤེད་མ་ཡིན། །ཕུང་ཀྲོལ་ཕལ་ཆེར་ཕྱུག་པོ་ལ། །འབྱུང་གི་སྤྲང་པོ་བདེ་བར་རྒྱུ། །མཁས་པས་བྱ་བ་ཅི་བྱེད་ཀྱང་། །རང་གི་བསོད་ནམས་བརྟགས་ཏེ་བྱ། །རྩོད་དུས་སེམས་ཅན་ཕུན་ཚོགས་པ། །སྐྱེ་བོ་བརྒྱ་ཡི་ནང་ན་
དཀོན། །རྫིང་ངན་ཆུ་ཡིས་ཁེངས་པ་ན། །ཕྱོགས་གཅིག་ཅི་ནས་འཇིག་པ་ལྟར། །གང་ལ་ནོར་དང་ལྡན་གྱུར་ན། །དེ་ལ་རིགས་རྒྱུད་ཤིན་ཏུ་དཀོན། །བུ་དང་ལྡན་ན་ནོར་ཆེ་དཀོན། །ནོར་དང་ལྡན་ན་དགྲ་བོས་འཇོམས། །ཐམས་ཅད་འཛོམས་ན་རིང་མིན་དུ། །མི་དེ་མྱུར་དུ་འཆི་བ་མང་། །དེས་ན་མཁས་པས་བསོད་ནམས་བསགས། །བསོད་ནམས་ཁོ་ན་ཕུན་ཚོགས་རྒྱུ། །མི་རྣམས་ཕལ་ཆེར་ཕུན་ཚོགས་པ། །དེ་ནི་བསོད་ནམས་བསགས་པའི་རྟགས། །རྫུན་གྱིས་ཕ་རོལ་བསླུས་སོ་ཞེས། །སྙམ་ན་རང་ཉིད་བསླུས་པ་ཡིན། །ལན་ཅིག་རྫུན་དུ་སྨྲས་པ་དེས། །བདེན་པར་སྨྲས་ཀྱང་དོགས་པ་སྐྱེ། །བློ་ལྡན་བྱ་བ་ཅུང་ཟད་ཀྱང་། །རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ། །གྲུབ་པར་གྱུར་ན་སྨོས་ཅི་དགོས། །མ་གྲུབ་ན་ཡང་མཛེས་པའི་རྒྱུ། །སེམས་ཅན་མོས་པ་སྣ་ཚོགས་པ། །ཐམས་ཅད་མགུ་བ་སུས་ཀྱང་དཀའ། །རང་ཉིད་ཡོན་ཏན་ལྡན་བྱས་ན། །ཐམས་ཅད་མགུ་བ་དེ་ལ་ཉེ། །ཤིན་ཏུ་རྒས་པར་གྱུར་ཚེ་ཡང་། །ཐོས་པ་མང་པོ་བསགས་ན་བཟང་། །ཕྱི་མར་ཐོས་པས་ཕན་པ་ཙམ། །སྦྱིན་པ་བཏང་བས་ཕན་པ་མིན། །སྐྱེ་བོ་དམ་པ་དམན་
པ་ཡི། །ཁྱད་པར་ལེགས་པར་ཤེས་ནས་ནི། །དོན་གཉིས་བྱ་བ་སྒྲུབ་ཤེས་པ། །ཕུན་སུམ་ཚོགས་པའི་གཞི་ཆེན་ཡིན། །མཁས་པས་རིག་པ་མ་བསྒྲིམས་ན། །ཉེས་པ་འབྱུང་ལ་བློ་ལྡན་གྱིས། །རིག་པ་རབ་ཏུ་བསྒྲིམས་པ་ན། །ཉེས་པ་འབྱུང་བའི་གོ་སྐབས་དཀའ། །རང་ཉིད་གང་ལ་མི་དགའ་བ། །གཞན་ལ་དུས་ཀུན་དེ་མི་བྱ། །རང་ཉིད་དགའ་བ་དེ་གཞན་ལ། །བྱས་ན་རང་ལ་གང་དགའ་བྱ། །གཉོམ་ཆུང་རྣམས་ཀྱིས་རང་གི་གཏམ། །ང་སྨྲས་ཐམས་ཅད་འཁྲུལ་བར་བསམ། །གཏམ་རྣམས་མང་པོ་མི་སྨྲ་བའི། །མི་ལ་གཞན་གྱིས་བཀུར་བ་ཉེ། །བཤད་སའི་ཡུལ་དང་དུས་བབ་ན། །རབ་ཏུ་བསྒྲིམས་ཏེ་ལན་འགའ་སྨྲ། །ལེགས་བཤད་ཡིན་ཡང་མང་གྱུར་ན། །ཚོང་ཟོང་ལྷག་བཞིན་བྲིན་མི་འགྱུར། །རང་གི་སྐྱོན་ནི་མཁས་པས་ཀྱང་། །སྐྱོན་དུ་གོ་བ་ཤིན་ཏུ་དཀའ། །མང་པོ་རང་ལ་དེ་སྨྲ་ན། །སྐྱོན་ཅན་མིན་པ་ཤེས་པར་བྱ། །ཤེས་ཡང་སྐྱོན་དེ་མི་འདོན་ན། །མི་དེ་གདོན་གྱིས་བཏབ་པ་ཡིན། །ད་དུང་གཉེན་པོ་མི་བསྟེན་ན། །བྱིས་པ་སེམས་མེད་པ་ཞེས་བྱ། །ཅུང་ཟད་བསམ་པ་ཡོད་
རྣམས་ཀྱིས། །སྐྱོན་དེ་མྱུར་དུ་འདོན་པར་བྱ། །དེ་ལྟར་གཉེན་པོས་སྐྱོན་སྟོན་ན། །མི་དེ་ཇེ་བཟང་ཇེ་བཟང་འགྲོ། །བླུན་པོ་ལོག་པའི་ལམ་འགྲོ་བ། །བླུན་པོ་ཉིད་དུ་གོ་བས་ཆོག །མཁས་པ་ལོག་པའི་ལམ་འགྲོ་ན། །རྒྱུ་མཚན་གང་ཞིག་ཡིན་དཔྱད་དགོས། །རང་གིས་ལེགས་པར་ཤེས་ན་ཡང་། །བྱ་བ་ཐམས་ཅད་གྲོས་ཀྱིས་སྒྲུབས། །མི་གང་གྲོས་ལ་མི་དགའ་བ། །འགྱོད་པ་རིན་གྱིས་ཉོས་པ་ཡིན། །གཡོ་ཅན་ཚིག་གང་སྨྲ་བ་ལ། །དྲང་པོ་དེ་ལ་བརྟག་དཔྱད་དགོས། །རང་གིས་ལེགས་པར་ཤེས་ན་ཡང་། །བྱ་བ་ཐམས་ཅད་གྲོས་ཀྱིས་སྒྲུབས། །མཁས་པ་དགྲ་ལ་རྟག་ཏུ་ཡང་། །གཉེན་ལ་བྱམས་ལྟར་ཚིག་འཇམ་སྨྲ། །དེ་ཡིས་འདུམ་ལ་མི་ཕན་ཡང་། །ངེས་པར་གནོད་སེམས་ཞི་བའི་སྨན། །ཚིག་ངན་བརྗོད་པས་འཇིག་རྟེན་ན། །འདོད་པ་འགྲུབ་པ་མི་སྲིད་ཀྱི། །ཡིད་ཀྱིས་རང་གི་དོན་བསྒྲུབས་ཀྱང་། །ངག་གིས་ཀུན་དང་མཐུན་པར་གྱིས། །རང་དང་གཞན་གྱི་དོན་བསྒྲུབས་ན། །འཇམ་རྩུབ་ཇི་ལྟར་བྱས་ཀྱང་རུང་། །ཐབས་ལ་མཁས་པའི་སྤྱོད་པ་ལ། །གཡོ་སྒྱུ་ཐུབ་པས་ཡིན་མ་གསུངས། །བྱམས་པས་ཁྱབ་པའི་ཚིག་སྨྲ་
བ། །སྒྲུབ་སླ་གཞན་དགའ་དབང་སྡུད་མཆོག །ནོར་གྱིས་ཐམས་ཅད་མགུ་མི་ནུས། །ལུས་སྲོག་བཏང་ཡང་ཆེར་མི་ཚིམ། །ཕོངས་ཀྱང་གདུང་བ་བསྐྱེད་མི་བྱ། །འབྱོར་ཀྱང་དགའ་བས་དྲེགས་མི་བྱ། །སྐྱིད་སྡུག་གཉིས་ཀ་དབྱར་དགུན་བཞིན། །མི་རྟག་རིམ་པས་འགྱུར་ནས་འགྲོ། །ཆོག་ཤེས་ཅན་གྱི་ལོངས་སྤྱོད་ནི། །མི་ཟད་རྟག་ཏུ་བདེ་ཞིང་སྐྱིད། །ཆོག་ཤེས་མེད་པས་ནོར་འཚོལ་བའི། །མི་ལ་སྡུག་བསྔལ་ཆར་བཞིན་འབབ། །ནམ་དགོས་དུས་ན་ལེན་ཆོག་པའི། །ནོར་ནི་སྦྱིན་པར་ཐུབ་པས་གསུངས། །བསགས་པའི་ནོར་རྣམས་སྦྲང་རྩི་བཞིན། །ནམ་ཞིག་ཚེ་ན་གཞན་གྱིས་སྤྱོད། །འཇིག་རྟེན་འདི་ན་བུན་བཏང་བ། །དངོས་པོ་ཐོབ་པའི་ངེས་པ་མེད། །སློང་ལ་སྦྱིན་ན་འབད་མེད་པར། །ཆུང་ཡང་བརྒྱ་འགྱུར་ཐོབ་པ་ཡིན། །འཇུངས་ལ་ཕྱུག་པོ་མི་སྲིད་ཅིང་། །གཏོང་བ་དབུལ་བོར་མི་སྲིད་པས། །འཇུངས་པ་ནོར་དད་ཆུང་བ་འདྲ། །གཏོང་བ་ནོར་ལ་རྔམ་པ་འདྲ། །བྱེ་བ་སྟོང་ཕྲག་གཏེར་ཡོད་ཀྱང་། །གཞན་ལ་ཅུང་ཟད་གཏོང་མི་ནུས། །དེ་དག་འཇིག་རྟེན་འདིར་དབུལ་ཞེས། །ཐོས་
མང་རྣམས་ཀྱིས་དེ་སྐད་སྨྲ། །བཟའ་རྒྱུ་ཟན་གཅིག་མེད་ན་ཡང་། །གང་ཡོད་གཞན་ལ་གཏོང་ཕོད་པ། །དེ་དག་འཇིག་རྟེན་ནོར་ཆེན་ཞེས། །ཡང་དག་གཟིགས་པ་རྣམས་ཀྱིས་གསུངས། །བུ་ནི་ཕྱུག་པོ་བྱ་སྙམ་ནས། །གང་ཡོད་ཐམས་ཅད་བུ་ལ་སྟེར། །བུ་ངན་ལ་ལས་ནོར་རྣམས་བརླགས། །ཁྱི་ལྡོམ་བཞིན་དུ་འཁྱམས་པ་མང་། །ཕ་མས་བུ་ལ་བྱམས་པ་བཞིན། །བུ་ཡིས་ཕ་མར་བྱམས་པ་མིན། །ཕ་མས་བུ་ཚ་བསྐྱང་བསྐྱངས་ནས། །ཕ་མ་རྒས་ན་བུ་ཚས་བརྙས། །སྲེད་པའི་ཁོལ་པོར་གྱུར་རྣམས་ཀྱིས། །སྲོག་དང་བསྡོས་ནས་ནོར་ཕྱིར་འབྲང་། །ཆོག་ཤེས་ཅན་རྣམས་ནོར་རྙེད་ཀྱང་། །རྙེད་ཚད་སྐྱེ་བོ་གཞན་ལ་སྟེར། །དེ་ལྟར་བྱིན་པས་བསོད་ནམས་འཐོབ། །ཕ་རོལ་ཚིམས་ན་དགའ་བ་སྒོམས། །དགའ་བ་བསྒོམས་པའི་བསོད་ནམས་གང་། །བསགས་པ་གོང་ནས་གོང་དུ་འཕེལ། །ཁྲོ་ན་དེ་ལ་བཟོད་པ་སྒོམས། །བཟོད་པ་བསྒོམས་པས་ཕྱི་མ་རུ། །གཟུགས་མཛེས་ཡིད་འོང་མི་རུ་སྐྱེ། །དེས་ན་སྦྱིན་ལ་འབད་པར་བྱ། །སྡུག་བསྔལ་རྒྱ་མཚོའི་སྣོད་གྱུར་པའི། །ལུས་འདི་དགྲ་དང་འདྲ་མོད་ཀྱི། །བློ་དང་ལྡན་ན་འདི་ཉིད་
ནི། །བསོད་ནམས་གསོག་པའི་རྟེན་དུ་བཟང་། །ཀུན་མཁྱེན་ས་སྐྱ་པཎྚི་ཏར། །གསོལ་བ་བཏབ་ནས་གླུ་འདི་བླངས། །པཎྚི་ཏ་ཡི་བྱིན་རླབས་ཀྱིས། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ས་སྐྱ་པཎྚི་ཏའི་གསུང་བཞིན་རང་གཞན་ལ་ཕན་ཕྱིར་སྨྲས་པའོ། །བོད་ཡུལ་གངས་རི་ལྟ་བུ་ན། །སྲབ་མེད་སེང་གེ་འཕྱོ་འདྲ་བའི། །རྗེ་བཙུན་མི་ལ་རས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྟོ་གོས་ཚེ་འདི་བློས་བཏང་ནས། །གངས་རྫ་གཡའ་དང་ནགས་ཚལ་སོགས། །དབེན་པའི་གནས་སུ་གཅིག་པུ་རུ། །དམ་ཆོས་ཉམས་སུ་ལེན་པའི་ཚེ། །རེས་འགའ་གོས་བཟང་གྱོན་ན་འདོད། །གོས་བཟང་གྱོན་ན་འདོད་པའི་ཚེ། །གོས་སུ་ངན་ངོན་དུག་ཧྲུལ་གྱོན། །འཇམ་ལེགས་སྒྱུ་མ་ལྟ་བུར་ལྟོས། །རེས་འགའ་ཟས་ཞིམ་ཟོས་ན་འདོད། །ཟས་ཞིམ་ཟོས་ན་འདོད་པའི་ཚེ། །ངན་ངོན་ཙམ་གྱིས་ཆོག་ཤེས་གྱིས། །ཞིམ་མངར་སྒྱུ་མ་ལྟ་བུར་ལྟོས། །རེས་འགའ་ནོར་རྫས་གསོག་ན་འདོད། །ནོར་རྫས་གསོག་ན་འདོད་པའི་ཚེ། །ནོར་ནི་འཕགས་པའི་ནོར་བདུན་གསོགས། །ནོར་རྫས་སྒྱུ་མ་ལྟ་
བུར་ལྟོས། །རེས་འགའ་ཡུལ་དུ་སོང་ན་འདོད། །ཡུལ་དུ་སོང་ན་འདོད་པའི་ཚེ། །ཡུལ་ནི་ཆོས་དབྱིངས་ཕོ་བྲང་ཟུངས། །ཕ་ཡུལ་སྒྱུ་མ་ལྟ་བུར་ལྟོས། །རེས་འགའ་ཕ་མར་ཕྲད་ན་འདོད། །ཕ་མར་ཕྲད་ན་འདོད་པའི་ཚེ། །འགྲོ་ཀུན་དྲིན་ཅན་ཕ་མར་སྒོམས། །ཕ་མ་སྒྱུ་མ་ལྟ་བུར་ལྟོས། །རེས་འགའ་གྲོགས་དང་འགྲོགས་ན་འདོད། །གྲོགས་དང་འགྲོགས་ན་འདོད་པའི་ཚེ། །གྲོགས་སུ་བྱ་དང་རི་དྭགས་འགྲོགས། །གྲོགས་རྣམས་སྒྱུ་མ་ལྟ་བུར་ལྟོས། །རེས་འགའ་བླ་མར་མཇལ་ན་འདོད། །བླ་མར་མཇལ་ན་འདོད་པའི་ཚེ། །འབྲལ་མེད་སྤྱི་བོ་སྙིང་དབུས་སྒོམས། །བླ་མ་སྒྱུ་མ་ལྟ་བུར་ལྟོས། །ཟླ་མེད་མི་ལ་རས་པ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །མི་ལ་རས་པའི་བྱིན་རླབས་ཀྱིས། །རི་བ་གསར་བར་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྭ་སྒྲེང་ལྷ་ཡུལ་ལྟ་བུ་ན། །དཔག་བསམ་ལྗོན་ཤིང་རྒྱས་འདྲ་བའི། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྱིར་ནི་ཉོན་མོངས་དབང་གིས་ལས། །བསགས་ནས་འཁོར་བར་འཁྱམས་པ་ཡིན། །
སྒོས་སུ་ཁོང་ཁྲོ་འདི་ཉིད་ཀྱིས། །དགེ་རྩ་དཔག་ཏུ་མེད་པ་འཇོམས། །བྱང་ཆུབ་སེམས་དཔའ་ནང་ཕན་ཚུན། །ཁྲོས་ན་བསྐལ་བརྒྱའི་དགེ་འཇོམས་ཤིང་། །གཞི་ནས་ལམ་ལ་སློབ་དགོས་གསུངས། །ཕལ་བ་བྱང་ཆུབ་སེམས་དཔའ་ལ། །ཞེ་སྡང་སྐད་ཅིག་གཅིག་སྐྱེས་ན། །འཁོར་ལོས་སྒྱུར་རྒྱལ་ཐོབ་པ་ཡང་། །སྐད་ཅིག་ཉིད་ལ་འཇོམས་པར་གསུངས། །ཉོན་མོངས་དགྲ་ཡི་ནང་འདི་ན། །ཞེ་སྡང་དགྲ་ལས་འཇིགས་པ་མེད། །འདི་ཡིས་གང་བྱས་དགེ་རྩ་འཕྲོག །ཕྱི་མར་ངན་འགྲོའི་གནས་སུ་འཕེན། །ཕལ་ཆེར་དམྱལ་བའི་གནས་སུ་བསྐྱུར། །ཡི་དྭགས་གནས་སུ་སྐྱེས་ན་ཡང་། །གཞན་ལ་གནོད་པའི་རྒྱལ་འགོང་དང་། །དྲི་གཤེད་ལ་སོགས་གདོན་ཆེན་པོ། །འཇིགས་སུ་རུང་བར་སྐྱེ་བ་ཡིན། །སྐབས་རེ་དུད་འགྲོར་སྐྱེས་ན་ཡང་། །སྦལ་སྦྲུལ་སྡོམ་སྡིག་སྟག་དྲེད་དང་། །གླག་ཁྲ་ཆུ་སྲིན་སོགས་སུ་སྐྱེ། །མི་རུ་སྐྱེས་ཀྱང་མདོག་མི་མཛེས། །སྡིག་སྤྱོད་ཤན་པ་སོགས་སུ་སྐྱེ། །ལྷར་སྐྱེས་ལྷ་མ་ཡིན་ལ་འཐབ། །ལྷ་མིན་སྐྱེས་ཀྱང་ལྷ་དང་འཐབ། །གང་དུ་སྐྱེས་ཀྱང་སྔོན་གོམས་
ཀྱི། །ཁོང་ཁྲོའི་བག་ཆགས་མཐུག་པོ་དེས། །ཞེ་སྡང་ཤིན་ཏུ་ཆེ་བ་ཡིན། །ཞེ་སྡང་འདྲ་བའི་ཉོན་མོངས་མེད། །ལྷག་པར་སྙིགས་མའི་དུས་སྐབས་འདིར། །མི་རྣམས་ཞེ་སྡང་ཆེ་བ་ཡིན། །ཞེ་སྡང་དགྲ་འདི་གཞོམ་འདོད་ན། །བཟོད་པའི་གོ་ཁྲབ་ལུས་ལ་གྱོན། །བྱམས་པའི་མདུང་རིང་ལག་ཐོགས་ནས། །ཞེ་སྡང་དགྲ་ཡི་སྙིང་དུ་ཐོབས། །ཞེ་སྡང་དགྲ་འདི་ཐུལ་གྱུར་ན། །དགྲ་རྣམས་ཐམས་ཅད་བསད་པ་ཡིན། །དཔའ་བོ་ཁྲོམ་གཤོག་དེ་ལ་ཟེར། །བཟོད་པ་བྱམས་སེམས་ཅན་གྱི་མིར། །ལྷ་མི་ཀུན་གྱིས་བྱམས་པ་དང་། །དགྲ་རྣམས་ཐམས་ཅད་གཉེན་དུ་འགྱུར། །ཕྱི་མར་ལྷ་འམ་མི་རུ་སྐྱེ། །གཟུགས་བྱད་ཕུན་སུམ་ཚོགས་པར་འགྱུར། །ཞེ་སྡང་སྐྱེས་པའི་ཉེས་དམིགས་དང་། །བཟོད་པ་བྱས་པའི་ཕན་ཡོན་རྣམས། །སོགས་ལ་ཞེ་སྡང་དགྲ་བོ་རྣམས། །བྱུང་དུས་འབུར་འཇོམས་བྱེད་པ་གཅེས། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །རྒྱལ་བའི་འབྱུང་གནས་བྱིན་རླབས་ཀྱིས། །འགྲོ་ཀུན་ཞེ་སྡང་ཞི་བར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་རྣམས་གང་གསུང་དཔེ་
དོན་གཉིས། །འབྲེལ་ནས་འཆད་ལ་རབ་མཁས་པའི། །རྗེ་བཙུན་ཆེན་པོ་པོ་ཏོ་བར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དཔེར་ན་ཆུ་བོ་ཆེན་པོ་ལ། །བརྒལ་ན་གྲུ་ཡོད་དུས་བརྒལ་དགོས། །མེད་ན་བརྒལ་ཐབས་མེད་པ་བཞིན། །འཁོར་བ་སྡུག་བསྔལ་ཆུ་ཆེན་ལ། །དལ་འབྱོར་མི་ལུས་གྲུ་ཡོད་ཐོག །བརྒལ་དགོས་མེད་ན་བརྒལ་ཐབས་མེད། །དེ་ཡང་འཁོར་བ་ཆུ་ཆེན་འདྲ། །དལ་འབྱོར་མི་ལུས་གྲུ་དང་འདྲ། །རིག་པ་མགྲོན་པོ་ཉིད་དང་འདྲ། །དགེ་བའི་བཤེས་གཉེན་སྐྱ་བ་ནི། །འཛིན་པའི་གྲུ་བ་རྣམས་དང་འདྲ། །ད་རེས་ཐམས་ཅད་འཛོམ་ཐོག་ལ། །ཕ་རོལ་ཅི་སྒྲོལ་བྱེད་དགོས་གསུངས། །རང་གི་མདུན་གྱི་ས་གསེབ་ནས། །སྲིན་བུ་ཞིག་ཐོན་ཐལ་མོ་སྦྱར། །སངས་རྒྱས་ཕྱག་འཚལ་ཟེར་བ་ཞིག །བྱུང་ན་ངོ་མཚར་ཆེ་བ་བཞིན། །ངན་སོང་གསུམ་སོགས་མི་ཁོམ་པའི། །གནས་སུ་སྔོན་ཆད་འཁྱམ་འཁྱམས་ནས། །ད་རེས་མི་ལུས་ཐོབ་པ་འདི། །དེ་བས་ད་དུང་ངོ་མཚར་ཆེ། །བྱང་གི་གྲུ་གུ་ཞའུ་ཆེ། །ཟེར་བའི་མི་ཞིག་རྐྱང་ལ་ཞོན། །གླུ་དབྱངས་ཁོ་ན་ལེན་པ་ལ། །གནས་ཀྱིས་
ཁྱོད་ནི་འདི་ཙམ་གྱི། །གླུ་དབྱངས་ལེན་པ་ཅི་ཡིན་ཞེས། །དྲིས་པའི་ཚེ་ན་ཁོ་ན་རེ། །ང་ནི་རྐྱང་ལ་ཞོན་དུས་འདིར། །གླུ་མི་ལེན་ན་ནམ་ལེན་ཞེས། །སྨྲས་པ་བཞིན་དུ་དལ་འབྱོར་ལུས། །ཐོབ་དུས་དམ་ཆོས་མི་བྱེད་ན། །ནམ་བྱེད་དམ་ཆོས་ཐོབ་སྐབས་ཡིན། །གཙང་བའི་ཨར་པ་ཚན་གཅིག་གིས། །དབུས་སུ་ཉ་ཡི་ཚོད་མ་བྱས། །ཟོས་པས་གཅིག་གི་ནད་ལ་བརྒྱབ། །སྐྱུགས་ཀི་སྙམ་ནས་ལྷམ་སྒྲོག་གིས། །རྐེ་བསྡམ་དུས་སུ་གནས་མོ་ཡིས། །ཁྱོད་དེ་བྱེད་པ་ཅི་ཡིན་ཞེས། །དྲིས་ཚེ་སྐྱུག་ཏུ་ཕངས་པ་ཞིག །སྐྱུགས་ཀྱིས་དོགས་ནས་རྐེ་བསྡམས་ཞེས། །སྨྲས་བཞིན་འཆི་རུ་ཕངས་པ་ཡི། །དལ་འབྱོར་མི་ལུས་ཐོབ་པ་འདི། །ཆོས་མེད་འཆི་ལ་ཕངས་དགོས་གསུངས། །ཡང་སྔོན་མུ་གེ་ཆེན་པོ་ཞིག །བྱུང་དུས་དབུས་སུ་མི་ལྟོགས་པ། །བཟའ་ཚན་གཅིག་གིས་ནངས་མ་གཅིག །འུ་ཅག་ཧ་ཅང་སྡུག་ཆེ་འདུག །ད་ནངས་ཟན་འཆང་རེ་ཟ་ཟེར། །ཟོས་པས་བྱིས་པ་གཅིག་ཡོད་པས། །ཁོ་རང་ཟན་དེ་རྒྱབ་ཏུ་སྦས། །ཕ་ཡི་ཟན་ལ་ཟོས་པའི་བར། །ཁྱི་ཞིག་ཡོད་པས་ཟན་རྒྱབ་ཏུ། །སྦས་པ་ཁྱེར་བས་བྱིས་པ་ཡིས། །བརྒྱ་ལ་
ལན་ཅིག་སྣེ་ཟན་ནི། །ཁྱི་ལ་ཤོར་ཟེར་ངུས་པ་བཞིན། །བརྒྱ་ལ་ལན་ཅིག་རྙེད་པ་ཡི། །དལ་འབྱོར་མི་ལུས་ཆོས་མེད་པར། །ཤི་ན་དེ་དང་འདྲའོ་གསུངས། །དཔེར་ན་དགྲ་སྤུན་ས་མཚམས་ཀྱི། །ས་མཁར་བཙན་པོ་དགྲར་ཤོར་ན། །ཡུལ་ཁམས་ཐམས་ཅད་ཕུང་བར་བྱེད། །མཁར་དེ་སྤུན་གྱིས་ཐོབ་གྱུར་ན། །ཡུལ་གྱི་གཏན་སྲིད་ཟིན་པ་ལྟར། །ད་རེ་དལ་འབྱོར་མི་ལུས་འདི། །མི་དགེའི་ཕྱོགས་སུ་ཤོར་གྱུར་ན། །དམྱལ་བ་མནར་མེད་གནས་སུ་བསྐྱུར། །དགེ་བའི་ཕྱོགས་ལ་འབད་གྱུར་ན། །མངོན་མཐོ་ངེས་ལེགས་གང་ཡང་ཐོབ། །ད་རེ་དགེ་ལ་འབད་བྱས་ནས། །དལ་འབྱོར་དོན་ལྡན་ཞིག་བྱེད་དགོས། །དཔེར་ན་གསེར་སྣོད་རིན་པོ་ཆེ། །སྣ་ཚོགས་སྤྲས་པ་དེའི་ནང་དུ། །ཁ་ཟས་ལ་སོགས་རབ་གཙང་ཞིང་། །ཡིད་དུ་འོང་བ་མི་ལྡུག་པར། །ངན་སྐྱུགས་ལ་སོགས་མི་གཙང་བ། །བླུགས་བཞིན་མི་ཁོམ་གནས་རྣམས་ནས། །བསྐལ་པ་བརྒྱད་ཁྲིར་བཙལ་ན་ཡང་། །རྙེད་དཀའི་དལ་འབྱོར་མི་ལུས་འདི། །རྙེད་དུས་དམ་ཆོས་མི་བྱེད་པར། །ཚེ་འདིའི་ཆེ་ཐབས་སྒྲུབ་པའི་ཕྱིར། །སྡིག་
པ་མི་དགེའི་ལས་ངན་པ། །སྣ་ཚོགས་སྤྱོད་པ་དེ་དང་འདྲ། །དལ་འབྱོར་ཆུད་ཟོས་སོང་བ་ཡིན། །ཚེ་རབས་གཏན་དུ་བདེ་བའི་རྒྱུ། །དམ་ཆོས་རྣམ་དག་མ་བྱས་ན། །མ་ཤི་ཚུན་ཆད་བདེ་བ་དང་། །སྡུག་བསྔལ་སེལ་བའི་ཐབས་ཙམ་ལ། །བརྩོན་པ་དུད་འགྲོ་ལ་ཡང་ཡོད། །མི་ལུས་ཐོབ་ཀྱང་དུད་འགྲོ་ཡིན། །ད་རེ་མི་དང་དུད་འགྲོ་ཡི། །ཁྱད་པར་ཤེས་པ་ཞིག་བྱེད་དགོས། །དཔེར་ན་རིན་པོ་ཆེའི་གླིང་དུ། །ཕྱིན་ན་ལག་སྟོང་མི་འོང་བར། །རིན་ཆེན་ཅི་ཐུབ་ཁྱེར་འོང་བཞིན། །ད་རེ་མི་ལུས་ཐོབ་དུས་འདིར། །ཆོས་མེད་ལག་སྟོང་མི་འཆི་བར། །ཅི་ཐུབ་དམ་པའི་ཆོས་བྱས་ནས། །མི་ལུས་ཐོབ་པ་དོན་དང་བཅས། །ནོམ་པ་བཅས་པ་ཞིག་བྱེད་དགོས། །སྙམ་དུ་ཉིན་དང་མཚན་མེད་པར། །དམ་པའི་ཆོས་ལ་འབད་པར་མཛོད། །རྗེ་བཙུན་ཆེན་པོ་པོ་ཏོ་བར། །གསོལ་བ་བཏབ་ནས་གླུ་འདི་བླངས། །རྗེ་བཙུན་པོ་ཏོའི་བྱིན་རླབས་ཀྱིས། །ཐོས་ཚད་རྒྱུད་ལ་ཕན་ཐོགས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སྐྱེ་འཆི་མི་མངའ་ཨོ་རྒྱན་དང་། །ངོ་མཚར་རྫུ་འཕྲུལ་སྣ་ཚོགས་པ། །སྟོན་མཁས་རྗེ་འབངས་ཉེར་ལྔ་ལ། །
གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེས་བཅུ་བཟུང་བའི་ཕན་ཡོན་ནི། །ཅུང་ཟད་ཙམ་ཞིག་བདག་གིས་བཤད། །དད་ཅན་སྐྱེ་བོ་ཕོ་མོ་ཉོན། །ཡར་ངོའི་ཚེས་བཅུའི་ཉི་མ་དེར། །ཨོ་རྒྱན་པདྨ་འབྱུང་གནས་ཉིད། །ལྷོ་ནུབ་སྲིན་པོའི་ཡུལ་ཕྱོགས་ཀྱི། །ཟངས་མདོག་དཔལ་གྱི་རི་བོ་ནས། །ཉི་ཟེར་མདངས་ལ་ཆིབས་ཏེ་བྱོན། །བོད་ཁམས་སེམས་ཅན་བདེ་སྐྱིད་ལ། །གཟིགས་ནས་འགལ་རྐྱེན་བར་ཆད་བསལ། །མཆོག་དང་ཐུན་མོང་དངོས་གྲུབ་གནང་། །དད་མོས་ལས་ཅན་གང་ཟག་ལ། །མངོན་སུམ་ཞལ་བསྟན་ཟབ་ཆོས་གསུངས། །ཡར་ངོའི་ཆོས་བཅུ་བཟུང་བ་རྣམས། །དཔོན་སློབ་ཡོན་བདག་འཁོར་བཅས་ཀྱི། །ཕྱི་ནང་གསང་བའི་བར་ཆད་སེལ། །ཁྱད་པར་སྣང་སྲིད་ལྷ་འདྲེ་ཡིས། །གནོད་འཚེ་བྱས་པ་ཐམས་ཅད་སེལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །ཚེ་དང་བསོད་ནམས་ཀླུང་རྟ་དང་། །སྙན་གྲགས་ཕྱོགས་བཅུར་རྒྱས་པར་བྱེད། །ཚེས་བཅུའི་ཉིན་པར་ཨོ་རྒྱན་གྱི། །འདྲ་སྐུར་རྡུལ་ཕྱིས་སུས་བརྒྱབ་ན། །སྒྲིབ་གཉིས་དག་ནས་སངས་རྒྱས་འགྱུར། །སངས་རྒྱས་
ཞིང་ཁམས་གྲངས་མེད་མཐོང་། །ཚེས་བཅུའི་ཉིན་པར་བདུག་སྤོས་དང་། །མེ་ཏོག་མར་མེ་ལྷ་བཤོས་སོགས། །མཆོད་པ་བཟང་པོ་སུས་ཕུལ་བ། །ཚེ་འདིར་ཟས་ནོར་ལོངས་སྤྱོད་འཕེལ། །ཕྱི་མར་གཟུགས་བཟང་གཟི་བརྗིད་ཆེ། །བསོད་ནམས་ཅན་དུ་སྐྱེ་བར་འགྱུར། །ཚེས་བཅུར་ཚོགས་པ་ཐམས་ཅད་ལ། །བཟའ་བ་བཟང་པོ་སུས་དྲངས་ན། །སྐྱེ་བ་འདི་དང་སྐྱེ་བ་གཞན། །སངས་རྒྱས་གོ་འཕང་མ་ཐོབ་པར། །རོ་བརྒྱ་ལྡན་པའི་ཟས་མཆོག་དང་། །ཏིང་འཛིན་ཟས་ཀྱིས་འཚོ་བར་འགྱུར། །བཏུང་བ་ཞིམ་པོ་སུས་ཕུལ་བ། །སྐྱེ་བ་འདི་དང་སྐྱེ་བ་གཞན། །སངས་རྒྱས་གོ་འཕང་མ་ཐོབ་བར། །སྐོམ་པས་གདུང་བར་མི་འགྱུར་ཞིང་། །བཏུང་བ་ཞིམ་པོ་འཐོབ་པར་འགྱུར། །བ་དན་གདུགས་དང་བླ་བྲེ་དང་། །སྙན་དར་བཟང་པོ་སུས་ཕུལ་བ། །སྐྱེ་བ་འདི་དང་སྐྱེ་བ་གཞན། །སངས་རྒྱས་གོ་འཕང་མ་ཐོབ་བར། །འཇམ་མཛེས་དྲོ་བའི་གོས་གྱོན་འགྱུར། །དེར་ཚོགས་སྔགས་པ་ཨ་མཆོད་ལ། །ཁྲི་གདན་འབུལ་དང་བསུ་སྐྱེལ་བྱས། །སྐྱེ་བ་འདི་དང་སྐྱེ་བ་གཞན། །སངས་རྒྱས་གོ་འཕང་མ་ཐོབ་བར། །མཐོན་པོའི་
རིགས་སུ་སྐྱེ་བ་དང་། །གཞན་གྱིས་མཆོད་ཅིང་བཀུར་བར་འགྱུར། །ཚེས་བཅུ་ལན་གཅིག་ཙམ་བཟུང་ན། །བསྐལ་བ་ཁྲི་ཕྲག་གཅིག་ཙམ་ལ། །བསགས་པའི་སྡིག་པ་ཀུན་དག་ནས། །ཕྱི་མ་རིག་འཛིན་ས་ཐོབ་ཅིང་། །གཞན་ཡང་ཚེས་བཅུ་ལན་གཅིག་ཙམ། །བཟུང་ན་བསྐལ་བ་གྲངས་མེད་གསུམ། །སྡིག་པ་དག་ནས་ཕྱི་མ་རུ། །དཔའ་བོ་མཁའ་འགྲོའི་གྲལ་དུ་སྐྱེ། །ཀུན་གྱི་ཚོགས་དཔོན་བྱེད་ངེས་ཞེས། །ཨོ་རྒྱན་པདྨ་འབྱུང་གནས་གསུངས། །གཞན་ཡང་ཨོ་རྒྱན་པདྨ་ལ། །མོས་ཤིང་གསོལ་བ་བཏབ་པ་དང་། །མཆོད་ཅིང་ཚེས་བཅུ་བཟུང་བ་རྣམས། །ཤི་ན་བར་དོའི་གནས་སྐབས་སུ། །རིག་འཛིན་མཁའ་འགྲོའི་བསུ་བ་འོང་། །ཟངས་མདོག་དཔལ་གྱི་རི་བོ་ཡི། །ཨོ་རྒྱན་བཞུགས་པའི་དྲུང་དུ་ཁྲིད། །ཞལ་མཐོང་གསུང་ཐོས་སྒྲིབ་པ་འདག །དེ་ནས་དཔའ་བོ་མཁའ་འགྲོ་ཡིས། །མདུན་ནས་བསུས་ཏེ་མཁའ་སྤྱོད་དམ། །གང་འདོད་ཞིང་ཁམས་རྣམས་སུ་ཁྲིད། །སངས་རྒྱས་ཞིང་གི་པདྨོ་རུ། །སྐྱེས་ནས་བྱང་ཆུབ་འཐོབ་པར་འགྱུར། །ཚེས་བཅུ་འདྲ་བའི་ཆོས་ཤིག་མེད། །ཚེས་བཅུ་
བཟུང་བའི་ཕན་ཡོན་ནི། །བཤད་ན་བརྗོད་ཀྱིས་མི་ལང་ངོ་། །དེ་ཕྱིར་ཚེས་བཅུ་འཛིན་པ་ཀུན། །དགའ་ཞིང་སྤྲོ་བས་ཇ་བཟང་ཐོངས། །ཚེས་བཅུ་ཉམས་པ་ཐམས་ཅད་ཀྱིས། །སླར་ཡང་གསོས་ནས་གང་ལེགས་གྱིས། །ཚེས་བཅུར་འཚོགས་པའི་སྔགས་འཆང་དང་། །ཨ་མཆོད་རྣམས་ཀྱིས་ཉིན་གཅིག་པུར། །འགྲིག་ལམ་ཀུན་སྤྱོད་ལ་སོགས་པས། །དད་ཅན་དང་བ་འདྲེན་པར་གྱིས། །ཧ་ཅང་ཆང་མང་འཐུང་བ་དང་། །དུ་བ་འཐེན་དང་འཁོན་འཛིང་སོགས། །མི་དད་སྤྱོད་པ་ཐམས་ཅད་སྤོངས། །བཛྲ་གུ་རུ་མི་ཚིག་གིས། །བར་མི་ཆོད་པར་བཟླས་གྱུར་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་དབང་མེད་འཇུག་པར་གསུངས། །དེ་ཕྱིར་ལབ་ལོབ་མ་མང་བར། །ཆོ་ག་གུ་རུ་ལེའུ་བདུན་དང་། །བཛྲ་གུ་རུ་མི་ཚིག་གིས། །བར་མ་ཆོད་པར་བཟླ་བར་གྱིས། །ཚེས་བཅུ་ཆོས་ཤིག་མིན་སྙམ་ནས། །ཁྲལ་དུ་བསམས་ནས་ཟ་མ་དང་། །ཇ་མར་ངན་ངོན་ཙམ་བྱེད་པ། །བླུན་པོ་ཐ་ཤལ་ཡིན་པའི་རྟགས། །ཚེས་བཅུ་བཟུང་བའི་ཕན་ཡོན་ནི། །ཡོད་པ་ཤེས་བཞིན་བརྙས་བཅོས་བྱས། །ཚེས་བཅུ་བཟང་པོ་མི་འཛིན་
པའི། །མི་དེ་གདོན་གྱིས་ཟིན་པ་འམ། །ཡང་ན་ཡི་དྭགས་སྐྱེ་མཐའ་ཡིན། །ཚེས་བཅུར་གནོད་འཚེ་བྱེད་པ་ཀུན། །ཨོ་རྒྱན་པདྨས་བསླུ་བར་འགྱུར། །སྣང་སྲིད་ལྷ་འདྲེས་ཟ་ཁ་ཟུག །མི་ཁ་གྲ་མཆུ་རྒྱུན་དུ་སྡང་། །ཕྱི་མར་ངན་སོང་གནས་སུ་སྐྱེ། །དེ་ཕྱིར་འགལ་རྐྱེན་མ་བྱེད་ཅིག །ཚེས་བཅུའི་མཐུན་རྐྱེན་བསྒྲུབ་པ་ལ། །གོང་དུ་བཤད་པའི་ཕན་ཡོན་རྣམས། །འབྱུང་བར་ཡིད་གཉིས་ཐེ་ཚོམ་མེད། །དེ་ཕྱིར་ཁྱིམ་པ་དད་ཅན་ཚོ། །ཁྱེད་རྣམས་ལག་ལེན་ཐུབ་པ་ཡི། །ཚེགས་ཆུང་ཕན་ཡོན་ཤིན་ཏུ་ཆེ། །ཚེས་བཅུའི་མཐུན་རྐྱེན་ཅི་ཐུབ་ཞིག །འཆི་རག་བར་དུ་འབད་པར་གྱིས། །ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །ཨོ་རྒྱན་རྗེ་འབངས་བྱིན་རླབས་དང་། །བདག་གི་བསམ་པ་རྣམ་དག་མཐུས། །གྲོང་གི་སྔགས་པ་ཨ་མཆོད་སོགས། །དད་ཅན་ཕོ་མོ་ཐམས་ཅད་ལ། །ཕན་པ་དཔག་མེད་ཐོབ་གྱུར་ནས། །ཚེས་བཅུ་ལེགས་པར་བཟུང་བའི་མཐུས། །ཚེ་འདིའི་འགལ་རྐྱེན་བར་ཆད་ཞི། །ཚེ་དང་བསོད་ནམས་འཕེལ་བ་དང་། །ཕྱི་མར་དག་པའི་ཞིང་ཁམས་སུ། །
སྐྱེས་ནས་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བོད་ཡུལ་སྐྱེ་དགུ་ཐམས་ཅད་ལ། །སྔོན་གྱི་རྒྱལ་བ་ལས་ལྷག་པའི། །བཀའ་དྲིན་ཆེ་བའི་ཇོ་བོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་རབས་འཁོར་བ་ཐོག་མེད་ནས། །ཐ་མ་ད་ལྟ་ཐུག་གི་བར། །འཁོར་བ་སྤྱི་དང་ཁྱད་པར་དུ། །ངན་སོང་སྡུག་བསྔལ་བསམ་མི་ཁྱབ། །མྱོང་འདུག་ད་དུང་སྡུག་བསྔལ་གྱི། །མཐའ་ཡང་རྟོགས་པར་དཀའ་བར་འདུག །ད་རེ་དལ་འབྱོར་མི་ལུས་ཀྱི། །གྲུ་ཆེན་རྙེད་པའི་དུས་སྐབས་འདིར། །འཇིགས་རུང་འཁོར་བའི་རྒྱ་མཚོ་ལས། །ངེས་པར་ཐར་ཐབས་ཆོས་བྱ་དགོས། །དེ་ཡི་རྒྱུ་མཚན་སྔོན་བསགས་ཀྱི། །དགེ་བའི་མཐུ་ཞིག་ལ་བརྟེན་ནས། །ད་རེ་སྟབས་ཀ་ཡག་པ་ཞིག །འཕྲོད་ནས་དལ་འབྱོར་མི་ལུས་ཐོབ། །དབང་པོ་སྒོ་ལྔ་ལེགས་པར་ཚང་། །དགེ་བའི་བཤེས་གཉེན་བཟང་པོར་ཕྲད། །རྒྱལ་བའི་བསྟན་པ་ལ་ཡང་མཇལ། །ཆོས་གང་བྱེད་ཀྱང་རང་དབང་ཡོད། །བྱེད་ཐབས་ཤེས་པའི་དུས་སྐབས་འདིར། །འཁོར་བའི་གནས་ནས་ཐར་ངེས་པའི། །དམ་ཆོས་རྣམ་དག་ཅིག་བྱེད་དགོས། །ཕྱིན་ཆད་
འདི་འདྲའི་དལ་འབྱོར་གྱི། །ལུས་རྟེན་ཤིན་ཏུ་རྙེད་པར་དཀའ། །དལ་འབྱོར་བྱས་པའི་དོན་གང་ཡིན། །ཟེར་ན་མི་ཁོམ་གནས་བརྒྱད་དང་། །བྲལ་བས་དལ་བ་ཟེར་བ་ཡིན། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་དུ། །རང་འབྱོར་ལྔ་དང་གཞན་འབྱོར་ལྔ། །བཅུ་ཚང་བས་ན་འབྱོར་བ་ཟེར། །མི་ཁོམ་བརྒྱད་ནི་གང་ཡིན་ན། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །འབྱོར་བ་བཅུ་ནི་གང་ཡིན་ན། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །འདི་ལྔ་རང་ལ་ཡོད་སྟབས་ཀྱིས། །རང་གི་འབྱོར་བ་ཟེར་བ་ཡིན། །སངས་རྒྱས་བྱོན་དང་དེས་ཆོས་གསུང་། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །འདི་ལྔ་རང་གི་དམ་ཆོས་ནི། །སྒྲུབ་པའི་ཆ་རྐྱེན་ཡིན་ན་ཡང་། །གཞན་གྱི་རྒྱུད་ལ་ཡོད་སྟབས་ཀྱིས། །གཞན་གྱི་འབྱོར་བ་ཟེར་བ་ཡིན། །དེ་འདྲའི་དལ་འབྱོར་མི་ལུས་འདི། །ཤིན་ཏུ་རྙེད་པར་དཀའ་ཚུལ་ནི། །སྤྱིར་ནི་བདེ་འགྲོ་ཙམ་ཞིག་
གི །ལུས་ཐོབ་པ་ལ་ཚུལ་ཁྲིམས་སོགས། །དགེ་བ་སྣ་གཅིག་ཙམ་བྱེད་དགོས། །ཁྱད་པར་དལ་འབྱོར་མི་ལུས་ཤིག །ཐོབ་ལ་ཚུལ་ཁྲིམས་རྣམ་དག་གིས། །གཞི་བཟུང་སྦྱིན་པ་ལ་སོགས་པའི། །གྲོགས་བྱས་སྨོན་ལམ་དྲི་མེད་ཀྱིས། །མཚམས་སྦྱོར་བ་སོགས་དགེ་བའི་ལས། །མང་པོ་འཛོམས་ནས་ཐོབ་དགོས་ན། །ངན་སོང་གསུམ་ན་སྡུག་བསྔལ་གྱིས། །གཟིར་བས་དགེ་སེམས་ཙམ་སྐྱེ་དཀའ། །ལྷ་རྣམས་ཐམས་ཅད་ཏིང་འཛིན་དང་། །འདོད་བདེས་གཡེངས་པས་དགེ་སྒྲུབ་དཀའ། །མི་ལ་དམ་ཆོས་མ་དར་བས། །དགེ་བ་ཟེར་བའི་སྒྲ་ཙམ་ཡང་། །ཐོས་དཀའི་ཡུལ་ནི་དཔེ་བཞག་ན། །ནས་ཀྱི་ཕུང་པོའི་ཚོད་ཙམ་དུ། །བྱས་ན་དམ་ཆོས་དར་བའི་ཡུལ། །ནས་འབྲུ་གཅིག་ཙམ་ཚོད་དུ་སྣང་། །དམ་ཆོས་དར་བའི་ཡུལ་ཕྱོགས་ནི། །ད་ལྟ་རང་རེ་བོད་ལྟ་བུར། །མཚོན་ན་སྐྱེ་བོ་ཁྲི་ཕྲག་གཅིག །འཚོགས་པའི་ཁྲོད་ན་ཚུལ་ཁྲིམས་ནི། །བསྲུང་བའི་མི་ནི་ཤིན་ཏུ་ཉུང་། །ཚུལ་ཁྲིམས་བསྲུངས་ཀྱང་སྦྱིན་གཏོང་སོགས། །དགེ་བ་སྒྲུབ་པ་ཤིན་ཏུ་དཀོན། །དགེ་བ་བསྒྲུབས་ཀྱང་མིར་སྐྱེ་བའི། །སྨོན་ལམ་འདེབས་པ་དེ་བས་དཀོན། །
རྒྱུ་དེ་གསུམ་ཀ་ཚང་བ་ནི། །ཉིན་པར་སྐར་མ་བཞིན་དུ་དཀོན། །རང་ལ་དཔྱད་ན་དགེ་བའི་ལས། །གཙང་མ་བློ་བདེ་ངེས་པ་ཞིག །ཉི་མ་གཅིག་ཙམ་བྱས་པ་ཡང་། །མི་དྲན་དགེ་བའི་གྲངས་ནི་ཉུང་། །སྡིག་པ་མི་དགེ་ཞར་ཞོར་ལ། །ཉིན་རེ་བཞིན་དུ་བསགས་པ་ཡང་། །རྒྱལ་པོ་ཆེན་པོའི་དཀོར་མཛོད་བཞིན། །གང་ལ་བལྟས་ན་བསགས་འདུག་པས། །ད་རེ་ཚེ་ཞབས་འདི་ཉིད་ལ། །གཏན་བདེའི་བཙན་ས་ཟིན་པའི་ཐབས། །དམ་ཆོས་རྣམ་དག་མ་བྱས་ན། །ཕྱིན་ཆད་མི་ལུས་ཐོབ་མི་འགྱུར། །ཐོབ་མོད་སྙམ་པའི་བསམ་པ་འདི། །དཔྱིད་དུས་ས་བོན་མ་བཏབ་པར། །སྟོན་གྱི་དུས་སུ་ལོ་ལེགས་པོ། །འོང་སྙམ་ཟོར་བ་བརྡར་བ་འདྲ། །དཔེར་ན་སྟོང་གསུམ་སྟོང་ཆེན་པོའི། །འཇིག་རྟེན་ཁམས་འདི་ཐམས་ཅད་ནི། །རྒྱ་མཚོ་ཆེན་པོ་དེའི་གཏིང་ན། །རུས་སྦལ་མིག་མེད་ལོང་བ་གཅིག །ལོ་ནི་བརྒྱ་བརྒྱའི་འཕྲོ་ནས་མཚོ། །དེ་ཡི་ཁ་རུ་ལན་རེ་འོངས། །རྒྱ་མཚོ་ཆེན་པོ་དེའི་ཁ་ན། །གསེར་གྱི་གཉའ་ཤིང་བུག་པ་གཅིག །ཅན་ཞིག་ཤར་གྱི་རླུང་གིས་དེད། །ནུབ་ཏུ་འཕྱོ་ཞིང་ནུབ་རླུང་གིས། །དེད་
ནས་ཤར་གྱི་ཕྱོགས་སུ་འཕྱོ། །དེ་བཞིན་ཕྱོགས་མཚམས་ཐམས་ཅད་ཀྱི། །རླུང་གིས་དེད་ནས་འཕྱོ་བ་དེའི། །བུ་གར་རུས་སྦལ་མགྲིན་པ་ནི། །ཆུད་དམ་མི་ཆུད་སངས་རྒྱས་ཀྱིས། །འཁོར་ལ་གསུངས་པས་འཁོར་རྣམས་ཀྱིས། །རྒྱ་མཚོའི་ཁ་ནི་ཆུང་ན་ཆུད། །སྲིད་ཀྱི་རྒྱ་མཚོའི་ཁ་དེ་ཆེ། །གསེར་གྱི་གཉའ་ཤིང་བུ་ག་མང་། །རྟག་ཏུ་ཕྱོགས་གཅིག་བསྡད་ན་ཆུད། །སྲིད་ཀྱི་བུ་ག་གཅིག་མིན་མེད། །རླུང་གིས་དེད་ནས་ཕྱོགས་ཀུན་འཕྱོ། །རུས་སྦལ་རྒྱུན་དུ་མི་སྡོད་པར། །རྒྱ་མཚོའི་ཁ་རུ་ཡང་ཡང་འོང་། །མིག་དང་ལྡན་ན་ཆུད་སྲིད་ཀྱིས། །ལོ་བརྒྱ་ཐེངས་རེ་ལས་མི་འོང་། །མིག་མེད་ཕྱིར་རོ་ཞེས་ཞུས་སོ། །མི་ཁོམ་བརྒྱད་ནས་དལ་འབྱོར་གྱི། །མི་ལུས་ཐོབ་པ་དེ་དང་མཚུངས། །གྱང་ལོགས་ངོས་ལ་སྲན་མ་ནི། །གཏོར་ན་ཆགས་པ་དཀོན་པ་བཞིན། །མི་ལུས་ཐོབ་པ་དེ་དང་འདྲ། །རྔ་ཡི་སྟེང་དུ་ནམ་མཁའ་ནས། །སྲན་མ་སྤར་གང་གཏོར་གྱུར་ན། །སྟེང་དུ་ཆགས་པ་དཀོན་པ་བཞིན། །མི་ལུས་ཐོབ་པ་དེ་དང་འདྲ། །དལ་འབྱོར་མི་ལུས་དེ་འདྲ་ཞིག །ཐོབ་པར་དཀའ་ན་མི་མང་གི །སྙམ་ན་འགྲོ་བ་གཞན་གྲངས་ལ། །མ་
བསམ་པ་ཡིན་དབྱར་དུས་སུ། །སྲིན་བུ་ཤིན་ཏུ་མང་བའི་དུས། །ས་གཞི་ཕྱར་བ་ཙམ་ཞིག་གི །སྟེང་ན་དུད་འགྲོ་ཆུང་ངུ་ནི། །བརྩིས་ན་གྲངས་ཀྱིས་མི་ལང་ཡོད། །གྲོག་ཚང་ཆེན་པོ་ཞིག་ལ་ཡང་། །ཡུལ་གྲོང་ཞིག་གི་མི་ལས་མང་། །ལུང་ཕྲན་ཞིག་གི་སྲིན་བུ་ལ། །བོད་ཡུལ་མི་ཡི་གྲངས་ཙམ་ཡོད། །དུད་འགྲོ་ཁ་འཐོར་འདི་རྣམས་ལས། །དུད་འགྲོ་བྱིངས་ན་གནས་པ་མང་། །དམྱལ་བར་གནས་པའི་སེམས་ཅན་ནི། །མཚན་མོའི་སྐར་མའི་ཚོད་ཙམ་དུ། །བྱས་ན་ཡི་དྭགས་ཉིན་སྐར་ཙམ། །ཡི་དྭགས་མཚན་མོའི་སྐར་མཆི་ཚོད། །ཙམ་དུ་བྱས་ན་དུད་འགྲོ་བྱིངས། །གནས་པ་ཉིན་མོའི་སྐར་མ་ཙམ། །དུད་འགྲོ་བྱིངས་གནས་མཚན་སྐར་གྱི། །ཚོད་དུ་བྱས་ན་ཁ་འཐོར་གྱི། །དུད་འགྲོ་ཉིན་མོའི་སྐར་མ་ཙམ། །དུད་འགྲོ་ཁ་འཐོར་མཚན་སྐར་གྱི། །ཚོད་དུ་བྱས་ན་མི་རྣམས་ནི། །ཉིན་མོའི་སྐར་མ་ཙམ་ཡིན་གསུངས། །དེ་ཙམ་དལ་འབྱོར་མི་ལུས་འདི། །རྙེད་པར་དཀའ་བ་ཅིའི་ཕྱིར་ཡིན། །ཟེར་ན་མི་ལུས་ཐོབ་པའི་རྒྱུ། །དགེ་བ་རྣམ་དག་བསྒྲུབ་པ་ཉུང་། །ངན་འགྲོར་སྐྱེ་རྒྱུ་མི་དགེ་བ། །བསྒྲུབ་པ་མང་
བའི་སྟབས་ཀྱིས་དཀའ། །གལ་ཏེ་ངན་འགྲོར་སྐྱེ་ན་ཡང་། །ལས་ངན་ཟད་ནས་སླར་ཡང་མིའི། །ལུས་ཐོབ་ལོས་འོང་མི་དཀའོ། །སྙམ་ན་ངན་འགྲོའི་སྡུག་བསྔལ་ནི། །མྱོང་ཞིང་སྐབས་སྐབས་སྡིག་ལས་བྱེད། །ངན་འགྲོའི་གནས་ནས་ཤི་འཕོས་ཀྱང་། །སླར་ཡང་ངན་འགྲོའི་གནས་སུ་སྐྱེ། །མི་ལུས་ཐོབ་པ་ཕར་ལ་ཞོག །བདེ་འགྲོའི་སྒྲ་ཡང་ཐོས་པ་དཀའ། །ངན་འགྲོའི་གནས་ནས་ཤི་འཕོས་ཏེ། །དེ་རུ་སྐྱེས་པ་ས་རྡུལ་འདྲ། །བདེ་འགྲོར་སྐྱེས་པ་ཕྱག་སེན་གྱི། །རྩེ་མོས་བླངས་པའི་ས་རྡུལ་དང་། །འདྲ་ཞེས་ཐུབ་པའི་ཞལ་ནས་གསུངས། །རྙེད་པར་དཀའ་བ་ཙམ་མ་ཟད། །རྙེད་ན་དོན་ཡང་ཤིན་ཏུ་ཆེ། །མོ་གཤམ་བུ་དང་རི་བོང་གི །རྭ་བཞིན་རྙེད་པར་དཀའ་ན་ཡང་། །བརྒྱ་ལ་རྙེད་ཀྱང་ལྟད་མོ་ཙམ། །བལྟ་བ་མ་གཏོགས་དོན་རེ་ཆུང་། །དལ་འབྱོར་ཚང་བའི་མི་ལུས་ནི། །རྙེད་ན་དེ་འདྲ་མ་ཡིན་པར། །འདི་ལ་བརྟེན་ནས་དམ་པའི་ཆོས། །བྱས་ན་མངོན་མཐོ་ལྷ་འམ་མིའི། །གོ་འཕང་འདི་ལ་བརྟེན་ནས་ཐོབ། །ཉན་ཐོས་རང་རྒྱལ་གོ་འཕང་ཡང་། །འདི་ལ་བརྟེན་ནས་འཐོབ་པར་ནུས། །ཡང་དག་རྫོགས་པའི་སངས་
རྒྱས་ཀྱི། །གོ་འཕང་འདི་ལ་བརྟེན་ནས་འཐོབ། །ནུས་པས་ཡིད་བཞིན་ནོར་ལས་ལྷག །ཡིད་བཞིན་ནོར་བུ་ཟས་གོས་སོགས། །ལོངས་སྤྱོད་འབྱུང་ཡང་དེ་ལྟ་བུའི། །གོ་འཕང་འཐོབ་པའི་ནུས་པ་མེད། །དེས་ན་ད་རེ་ཡིད་བཞིན་གྱི། །ནོར་བུ་ལས་ལྷག་དལ་འབྱོར་གྱི། །མི་ལུས་ཡང་ཡང་རྙེད་དཀའ་བ། །རྙེད་ནས་བླ་མ་དམ་པ་བསྟེན། །ཟབ་མོའི་གདམས་པ་རང་ཉམས་སུ། །ལེན་པའི་སྐལ་བ་ལྡན་པ་ལ། །དཔེར་ན་རབས་ཆད་བཟའ་མི་ལ། །བུ་སྐྱེས་པ་དང་དབུལ་བོ་ཡིས། །ནོར་བུ་རྙེད་ལྟར་དགའ་བ་དང་། །སྤྲོ་བ་བསྐྱེད་ནས་ཚེ་འདི་ཡི། །འཁོར་དང་ཉེ་དུ་ལོངས་སྤྱོད་སོགས། །གང་ལ་མ་ཆགས་ཐར་བ་ཡི། །ལམ་སྣ་ཟིན་ཐབས་དམ་ཆོས་ལ། །དལ་ཁོམ་རེས་འཇོག་མི་བྱེད་པར། །ཉིན་མཚན་མེད་པར་འབད་པར་གྱིས། །མཉམ་མེད་ཇོ་བོ་ཆེན་པོ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །ཇོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཐོས་ཚད་སེམས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ལོ་ནི་དགུ་བརྒྱ་དགུ་བཅུ་བཞུགས། །ཨོ་རྒྱན་ཕེབས་པའི་ལུང་བསྟན་
གསུང་། །མཁན་ཆེན་བོ་དྷི་སཏྭ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ། །ཕྲད་དཀའི་བླ་མ་དམ་པར་ཕྲད། །ཞུགས་པར་དཀའ་བའི་ཆོས་སྒོར་ཞུགས། །ཤེས་པར་དཀའ་བའི་བླང་དོར་ཤེས། །ཐར་དཀའ་འཁོར་བའི་རྒྱ་མཚོ་ལས། །ཐར་ནས་བྱང་ཆུབ་གླིང་དུ་འགྲོ། །ཐུབ་པའི་མཐུན་རྐྱེན་འཛོམས་པ་འདི། །ཕོ་སྒོ་མོ་སྒོས་ཐོབ་པ་མིན། །ཕྱྭ་དང་དབང་ཕྱུག་གིས་ཐོབ་མིན། །ནོར་བོ་ཆེ་ཡིས་ཉོས་པ་མིན། །རྩལ་སྟོབས་ཆེ་ནས་འཕྲོག་པ་མིན། །མཁས་པས་ཐབས་ཀྱིས་བླངས་པ་མིན། །ཚེ་སྔོན་ཚུལ་ཁྲིམས་རྣམ་དག་བསྲུངས། །ཚོགས་བསགས་སྨོན་ལམ་བཏབ་པའི་མཐུས། །བྱུང་བ་ཡིན་པས་ཕྱིན་ཆད་ནི། །འདི་འདྲའི་མཐུན་རྐྱེན་ཚང་མི་སྲིད། །ད་རེས་བརྩོན་འགྲུས་ཤུགས་བསྐྱེད་ནས། །དམ་པའི་ཆོས་ལ་འབད་དགོས་ཏེ། །གལ་ཏེ་ཆོས་ལ་མ་འབད་ན། །དེད་དཔོན་རིན་པོ་ཆེའི་གླིང་ནས། །ལག་སྟོང་འོང་བ་ལས་ཀྱང་བླུན། །སྲོག་དང་མ་བྲལ་ན་ཡང་རོ། །འདྲེ་ཡིས་མ་ཁྱེར་སྨྱོན་པ་ཡིན། །མི་རྣམས་བསམ་བློ་ཡོད་མེད་དང་། །གྲུང་མི་གྲུང་དང་སྤྱང་མི་སྤྱང་། །
ཕོ་རྒོད་མི་རྒོད་ད་རེས་ཤེས། །ད་རེས་མི་ལུས་རིན་པོ་ཆེ། །ཆུད་ཟོས་སྟོང་ལོག་མ་སོང་བར། །ཚེ་རབས་གཏན་དུ་བདེ་སྐྱིད་པའི། །སོ་ནམ་དམ་པའི་ཆོས་བསྒྲུབས་ན། །གྲུང་པོ་སྤྱང་པོ་རྒོད་པོ་ཡིན། །ད་རེས་ཆོས་ཤིག་མ་བྱས་ན། །ཁོག་ན་དོན་སྙིང་མེད་པ་འམ། །ཡང་ན་སྨྱོ་འཚབ་ཆེ་བ་ཡིན། །རང་གིས་རང་ཉིད་བསླུས་པ་ཡིན། །རང་གིས་རང་མགོ་བསྐོར་བ་ཡིན། །རང་གིས་རང་ཉིད་ཕུང་བ་ཡིན། །རིན་ཆེན་གསེར་གྱི་གླིང་ཕྱིན་ནས། །ལག་པ་སྟོང་བར་མི་འོང་ལྟར། །དམ་ཆོས་དར་བའི་སར་སྐྱེས་ནས། །དམ་པའི་ལྷ་ཆོས་བྱེད་གལ་ཆེ། །ད་རེས་དམ་ཆོས་ཉམས་བླངས་ནས། །མི་ལུས་ཐོབ་པ་དོན་ལྡན་ཞིག །མཛད་དགོས་ནམ་འཆི་ཆ་ཡང་མེད། །གློ་བུར་ཤི་ན་ཅི་ཞིག་བྱ། །སྙམ་དུ་དམ་ཆོས་བསྒྲུབ་པ་ལ། །ག་ལེ་སོས་དལ་མི་བྱེད་པར། །ད་ལྟ་ཉིད་དུ་འབད་པར་མཛོད། །མཁན་ཆེན་བོ་དྷི་སཏྭ་ལ། །གསོལ་བ་བཏབ་ནས་གླུ་འདི་བླངས། །བོ་དྷི་སཏྭའི་བྱིན་རླབས་ཀྱིས། །ཀུན་གྱིས་ལྷ་ཆོས་བསྒྲུབ་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཆོས་སྐུ་ཀུན་ཏུ་བཟང་པོ་
དང་། །ལོངས་སྐུ་རྒྱལ་བ་རྡོ་རྗེ་འཆང་། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་སོགས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །གར་བཞུགས་ཞིང་ནས་གནས་འདིར་བྱོན། །མདུན་གྱི་ནམ་མཁར་འཇའ་འོད་ཀློང་། །པདྨ་ཉི་ཟླའི་གདན་ལ་བཞུགས། །སྨོན་ལམ་འགྲུབ་པའི་དཔང་པོ་མཛོད། །བདག་གིས་འདིས་མཚོན་དུས་གསུམ་དུ། །བསགས་པའི་རྣམ་དཀར་དགེ་བའི་མཐུས། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱལ་བའི་བསྟན་པ་མ་དར་ཡུལ། །དར་ཀྱང་ཉམས་པའི་ཡུལ་ཕྱོགས་སུ། །བདག་གིས་བཤད་དང་སྒྲུབ་པ་ཡི། །བསྟན་པའི་རྒྱལ་མཚན་འཛུགས་པར་ཤོག །རྒྱལ་བ་སྲས་བཅས་གསུང་བཞིན་དུ། །བདག་གིས་མགུར་དབྱངས་བླངས་རྣམས་ཀྱིས། །དངོས་སམ་བརྒྱུད་ནས་བསྟན་འགྲོ་ལ། །ཕན་ཐོགས་རྒྱ་ཆེན་འབྱུང་བར་ཤོག །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མེད་པ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ལམ་བཟང་བསྒྲུབ་པའི་མཐུན་རྐྱེན་འགྲུབ། །འགལ་རྐྱེན་བར་ཆད་སེལ་བ་རྣམས། །
སྐྱེ་བ་ཀུན་ཏུ་རྣམ་དག་གི །ལམ་དང་འབྲལ་བར་མ་གྱུར་ཅིག །བདག་ནི་ནམ་ཞིག་སངས་རྒྱས་ཚེ། །སེམས་ཅན་སྤྱི་དང་ཁྱད་པར་དུ། །འབྲེལ་ཐོགས་ཀུན་གྱིས་ཐོག་མར་དྲངས། །འཁོར་གྱི་ཐོག་མར་འགྱུར་བར་ཤོག །བདག་ནི་མཐོང་ཐོས་དྲན་རེག་ཀུན། །ཚེ་འདིར་ཚེ་དང་བསོད་ནམས་རྒྱས། །ཕྱི་མར་མངོན་མཐོ་ལྷ་མི་འམ། །ངེས་ལེགས་ཐར་བའི་བདེ་ཐོབ་ཤོག །མདོར་ན་སེམས་ཅན་ཐམས་ཅད་ལ། །གཏེར་ཆེན་བུམ་བཟང་དཔག་བསམ་ཤིང་། །ནོར་བུ་ཉི་མ་ཇི་བཞིན་དུ། །བདག་གིས་ཕན་པ་ཆེར་ཐོགས་ཤོག །རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཆོས་ཉིད་བདེན་པའི་ནུས་མཐུ་དང་། །བདག་གི་ལྷག་བསམ་རྣམ་དག་མཐུས། །སྨོན་ལམ་ཅི་བཏབ་མྱུར་འགྲུབ་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ལྷག་བསམ་དག་པས་སྨོན་ལམ་བཏབ་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །སྐད་ཅིག་ཡུད་ཙམ་གནས་འདིར་བྱོན། །མདུན་མཁར་འཇའ་འོད་འཁྱིལ་བའི་ཀློང་། །སྤྲིན་ཕུང་
གཏིབས་པ་ལྟ་བུར་བཞུགས། །རྒྱལ་ཁམས་སྤྱི་དང་ཁྱད་པར་དུ། །གངས་ཅན་བོད་ཡུལ་མི་ཕྱུགས་རྣམས། །རྟག་ཏུ་བདེ་ཞིང་སྐྱིད་པའི་ཕྱིར། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་བརྒྱད་བདུད་རྩི་དང་། །ཨ་རུ་རྣམ་རྒྱལ་ལ་སོགས་པའི། །གང་ལ་གང་འདོད་ཆར་འབེབས་ཤིང་། །རོལ་མོ་དུ་མའི་སྒྲ་དང་བཅས། །ཤིས་བརྗོད་གླུ་དབྱངས་སྒྲོག་པར་གྱུར། །བླ་མ་ཡི་དམ་བཀྲ་ཤིས་ཤོག །སངས་རྒྱས་བྱང་སེམས་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཤོག །ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག །འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །ལོང་བ་རྣམས་ཀྱིས་མིག་གིས་མཐོང་། །འོན་པའི་རྣ་བས་སྒྲ་ཐོས་ཤིང་། །སྦྲུམ་མས་བུ་དང་བུ་མོ་གང་། །གནོད་མེད་བཙའ་བའི་བཀྲ་ཤིས་ཤོག །དབུལ་བོ་ཟས་གོས་ནོར་མེད་རྣམས། །ཟས་གོས་ནོར་རྣམས་རྙེད་པ་དང་། །ཡིད་ཆད་ཡིད་སོས་མྱ་ངན་ཅན། །དགའ་བ་རྒྱས་པའི་བཀྲ་ཤིས་ཤོག །སྐྲག་རྣམས་འཇིགས་མེད་བཅིངས་པ་
གྲོལ། །མཐུ་མེད་མཐུ་ལྡན་མགྲོན་པོ་རྣམས། །ལམ་སྐབས་བདེ་ཞིང་དོན་རྣམས་ཀུན། །བསམ་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཆུ་ཡི་ངོགས་སུ་བདེར་ཕྱིན་ཅིང་། །མྱ་ངན་ལམ་གོལ་མགྲོན་པོར་ཕྲད། །བདེ་བླག་བགྲོད་པའི་བཀྲ་ཤིས་ཤོག །ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་ཞིང་། །ཕན་ཚུན་འཐབ་རྩོད་མེད་པ་དང་། །ལྷ་ཡི་ཡུལ་བཞིན་སེམས་ཅན་ཀུན། །བསམ་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཆར་ཆུ་དུས་སུ་འབབ་པ་དང་། །ལོ་ཏོག་ཕུན་སུམ་ཚོགས་པ་འཁྲུངས། །སྨན་རྣམས་ནུས་མཐུ་དང་ལྡན་ནས། །ནད་ཀུན་སེལ་བའི་བཀྲ་ཤིས་ཤོག །རྒྱལ་བློན་ཆོས་བཞིན་བྱེད་པ་དང་། །མཁའ་འགྲོ་སྲིན་པོ་ལ་སོགས་པ། །བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི། །སེམས་དང་ལྡན་པའི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན། །དགེ་འདུན་ཕན་ཚུན་ཐུགས་མཐུན་ཞིང་། །ཆོས་བཞིན་བྱེད་པའི་བཀྲ་ཤིས་ཤོག །སེམས་ཅན་ཐམས་ཅད་ཚེ་རིང་ཞིང་། །བསོད་ནམས་ཀླུང་རྟ་སྙན་གྲགས་རྒྱས། །སྡིག་པ་
སྤངས་ནས་དགེ་བའི་ལས། །རྟག་ཏུ་བྱེད་པའི་བཀྲ་ཤིས་ཤོག །སྒོས་སུ་གངས་ཅན་བོད་ཡུལ་གྱི། །ས་བཅུད་ཉམས་པ་སླར་འཕེལ་ནས། །མི་ཕྱུགས་རྫོགས་ལྡན་དུས་བཞིན་དུ། །བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཡང་སྒོས་ཡུལ་འདིའི་མི་ཕྱུགས་ཀུན། །ཉིན་མོ་གང་དུ་སོང་ཡང་བདེ། །མཚན་མོ་གང་དུ་ཉལ་ཡང་བདེ། །རྟག་ཏུ་བདེ་བའི་བཀྲ་ཤིས་ཤོག །མདོར་ན་འགྲོ་ཀུན་སྡུག་བསྔལ་དང་། །སྡུག་བསྔལ་རྒྱུ་དང་བྲལ་གྱུར་ནས། །ཕུན་སུམ་ཚོགས་པའི་བདེ་བ་དང་། །བདེ་རྒྱུ་ལྡན་པའི་བཀྲ་ཤིས་ཤོག །སངས་རྒྱས་གོ་འཕང་མ་ཐོབ་པར། །རྨི་ལམ་དུ་ཡང་སྡུག་མི་མྱོང་། །ཟག་བཅས་ལྷ་མིའི་བདེ་བ་དང་། །འབྲལ་བ་མེད་པའི་བཀྲ་ཤིས་ཤོག །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་རིན་པོ་ཆེ་ཐོབ་ནས། །ཟག་མེད་ཐར་བའི་བདེ་སྐྱིད་ལ། །འབྲལ་མེད་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱར་གང་ལ་གང་འཚམ་གྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་འཁོད་པའི་ནང་ཚན་ལས་མཚོ་སྙིང་དབེན་པའི་དགའ་ཚལ་ནས་དད་ཅན་ཡོན་བདག་ཕོ་མོ་རྣམས་ལ་གདམས་པའི་སྐོར་ཏེ་གསུམ་པའོ།།
མཚོ་སྙིང་མ་ཧཱ་དེ་བ་ནས་ཡུལ་ཕྱོགས་གདུལ་བྱས་ཞུས་ལན་ཆབ་ཤོག་གི་སྐོར།
༈ མཚོ་སྙིང་མ་ཧཱ་དེ་བ་ནས་ཡུལ་ཕྱོགས་གདུལ་བྱས་ཞུས་ལན་ཆབ་ཤོག་གི་སྐོར། ན་མོ་གུ་རུ། ཕུན་ཚོགས་ཚོགས་གཉིས་ཀྱིས་བསྐྲུན་སྐུ་མཆོག་མཚན་དཔེའི་དཔལ་དུ་འབར། །གསུང་སྙན་སྙན་འཇེབས་ཚངས་དབྱངས་ཆོས་སྒྲས་འཇིག་རྟེན་གསུམ་པོ་འགེངས། །ཟབ་གསལ་གསལ་སྟོང་ཐུགས་ནི་སྲིད་ཞིར་མི་གནས་ཆོས་ཀུན་གཟིགས། །ཕ་མ་མ་གྱུར་འགྲོ་བའི་སྐྱབས་གཅིག་ཆོས་རྒྱལ་གཙུག་གིས་མཆོད། །དངོས་བརྒྱུད་བླ་མའི་བྱིན་རླབས་ཆུ་འཛིན་འགྲོ་བློའི་མཁའ་དབྱིངས་སྤྲོས། །ཡི་དམ་ཞི་ཁྲོའི་དངོས་གྲུབ་རྣམ་གཉིས་ཆར་གྱི་རྒྱུན་བཟང་ཕབ། །མཁའ་འགྲོ་སྲུང་མའི་འཕྲིན་ལས་རྣམ་བཞིས་གདུལ་བྱའི་ཞིང་ས་བཀྲམ། །ཕན་བདེའི་ལོ་ཡག་སྙེ་མས་རེ་ལྟོས་འགྲོ་ཀུན་ཚིམ་མཛོད་ཀྱེ། །སྤྱིར་ན་ལུས་ཅན་གང་གིས་རང་ཉིད་མཐོང་ཐོས་དྲན་རེག་དང་། །འདྲ་སྐུ་མཐོང་དང་མགུར་དབྱངས་ཐོས་ཚད་ངན་སོང་སྐྱེ་སྒོ་ཁེགས། །བདེ་འགྲོ་ཐར་བའི་གྲུ་གཟིངས་ལ་བརྟེན་རྣམ་མཁྱེན་ནོར་བུའི་གླིང་། །རིང་མིན་བདེ་བླག་བགྲོད་པར་སྲས་བཅས་རྒྱལ་བས་བྱིན་གྱིས་རློབས། །སྒོས་སུ་སྐྱེ་བར་
འབྲེལ་བའི་བླ་མ་མཆེད་ལྕམ་ཡོན་བདག་གིས། །བརྩེ་གདུང་དག་སྣང་དད་པའི་སྒོ་ནས་བཀའ་མཆིད་རི་མོའི་སྐྱེས། །བསྩལ་བའི་མཆིད་ལན་སྤྲོས་པ་འདིས་ཀྱང་བསྟན་དང་འགྲོ་བ་ལ། །ཕན་ཐོགས་འབྱུང་བར་རྩ་གསུམ་ལྷ་ཡི་དངོས་གྲུབ་ཆར་དུ་བསྙིལ། །ཚུལ་བཞིན་ཉམས་སུ་ལེན་པའི་སློབ་མ་ཡང་སློབ་ཐམས་ཅད་ལ། །དམ་ཅན་ཆོས་སྐྱོང་དཀར་ཕྱོགས་ལྷ་ཡི་བྱང་ཆུབ་མ་ཐོབ་བར། །ལུས་དང་དྲི་བཞིན་འགྲོགས་ལ་ལམ་མཆོག་སྒྲུབ་ལ་ཉེར་འཚེའི་རིགས། །གཏན་ནས་བརླག་པའི་འཕྲིན་ལས་ནམ་ཡང་གཡེལ་མེད་མཛད་དུ་གསོལ། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྱིས་སྨྲས་པའོ། །ཕྱོགས་རྣམས་ཀུན་གསལ་གྱི་རིན་ཆེན་བྲག་སྟེང་ན། །བྱ་བཏང་རྣལ་འབྱོར་ངས་དགའ་སྤྲོའི་རྒྱང་གླུ་འཐེན། །ས་ཆུ་རབ་ཏུ་དྲོས་མྱུ་གུ་འཁྲུངས་པ་ཡིས། །སྐྱེ་འགྲོ་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །གཡུ་འབྲུག་སྔོན་མོ་ཡི་གསུང་སྙན་བསྒྲགས་པ་ཡིས། །རྨ་བྱ་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །ཟིམ་བུའི་སྦྲང་ཆར་དེ་དལ་བུས་བབས་པ་ཡིས། །ཁུ་བྱུག་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །ཁུ་བྱུག་སྐད་སྙན་དེ་ལྷང་ལྷང་བསྒྲགས་པ་ཡིས། །
མི་རྣམས་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །འཇའ་ཚོན་རི་མོ་དེ་ལམ་ལམ་ཤར་བའི་ཚེ། །བྱིས་པ་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །སྔོ་ལྗང་རྩི་ཤིང་དང་མེ་ཏོག་རྒྱས་པ་ཡིས། །འབྲོག་པ་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །ལོ་ལེགས་ཕུན་ཚོགས་ཀྱི་སྙེ་མ་འཁྲུངས་པ་ཡིས། །ཞིང་བ་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །དབྱར་ཟས་ཟྭ་ཚོད་དང་ཤིང་འབྲས་སྨིན་པ་ཡིས། །རི་བ་ཐམས་ཅད་ལ་དགའ་སྤྲོའི་ཉི་མ་ཤར། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་དབྱར་དུས་ཤིག་ཏུ་ཕྱི་རོལ་དུ་ཁམས་གསེང་བྱས་པས་སྣང་བ་སྤྲོ་བའི་ཤུགས་ཀྱིས་རྦ་རླབས་ཆལ་ཆིལ་གཡོ་ཞིང་ཆུ་བྱ་དར་དིར་སྒྲོག་པའི་མཚོ་སྙིང་དབེན་པའི་དགའ་ཚལ་ལྷོ་ཡི་བྲག་སྟེང་ཞིག་ནས་བླངས་པའོ། །དབྱིངས་ཁྱབ་གདལ་ཆོས་སྐུའི་ལྷ་ལམ་དུ། །བྱམས་བརྩེ་བའི་ཆུ་འཛིན་རབ་དཀྲིགས་ནས། །གསུང་ཆོས་ཀྱི་ཆར་བ་འབེབས་མཛད་པའི། །ཕ་ཆོས་རྒྱལ་སྤྱི་གཙུག་རྒྱན་དུ་བཞུགས། །ངས་ཕ་ཡུལ་བཞག་ནས་མཚོ་སྙིང་བསྙེགས། །ཉམས་དགའ་བའི་མཚོ་སྙིང་རི་བོ་ནས། །ཆོས་ཟབ་མོ་ཚུལ་བཞིན་ཉམས་བླངས་ཚེ། །སེམས་སྐྱིད་པའི་ལྟད་མོ་སྣ་ཚོགས་མཐོང་། །མཚོ་གཡུ་
ཡི་མཎྜལ་ལྟ་བུའི་སྟེང་། །བྱ་ངང་བ་སྐྱ་སེར་ལ་སོགས་པའི། །ཆུ་བྱའི་ཚོགས་ཚོམ་བུ་བཀོད་བཞིན་མཛེས། །ཀུན་རྒྱུན་དུ་སྐད་སྙན་བསྒྲགས་པ་ཡིས། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་བླངས། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་ཤོག །བྱང་ངོས་ཀྱི་ལྗོན་ཤིང་རྩེ་མོ་དང་། །རིའི་ངོས་ན་རབ་ཏུ་མཛེས་པ་ཡི། །བྱེའུ་མང་པོས་འཕུར་ལྡིང་གཡོ་བཞིན་དུ། །སྐད་སྙན་མོ་དར་དིར་འབྱིན་པ་ཡིས། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་བླངས། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་ཤོག །དྲི་བཟང་པོ་འཐུལ་བའི་སྨན་སྣ་དང་། །སྔོ་ཚོད་མ་མང་པོས་ཁོར་ཡུག་གང་། །སྤང་རབ་མཛེས་བདེ་འཇམ་ཡངས་པ་རུ། །ཁམས་གསེང་ཕྱིར་ལན་རེ་ཕྱིན་པའི་ཚེ། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་བླངས། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་ཤོག །མདོག་མི་གཅིག་མེ་ཏོག་གཞོན་ནུའི་
ཚོགས། །ཀུན་འཛུམ་དགོད་བྱེད་པའི་ཁོར་ཡུག་ན། །རྐང་དྲུག་ལྡན་སྦྲང་མའི་ཚོགས་རྣམས་ཀྱིས། །གར་བྱེད་བཞིན་གླུ་དབྱངས་བླངས་པ་ཡིས། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་བླངས། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་ཤོག །མ་མཁའ་འགྲོ་དཀར་ཕྱོགས་ལྷ་རྣམས་ཀྱིས། །ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་བསྒྲུབས། །རྐྱེན་ཕྱི་ནང་བར་ཆད་ཀུན་བསལ་བས། །ཕྱི་སྒྱུ་མའི་ལུས་པོ་བདེ་བ་ཡིས། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་བླངས། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་ཤོག །རིའི་མཐའ་མ་མཚོ་ཡིས་ཡོངས་བསྐོར་བས། །གཞན་ཕྱི་རོལ་ཡོན་བདག་ཕོ་མོ་དང་། །དགྲ་ཇག་རྐུན་ལ་སོགས་འོང་སྐབས་མེད། །གཏམ་ཆགས་སྡང་ཁ་སྐད་མི་ཐོས་པས། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་བླངས། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་
ཤོག །ཕ་བླ་མར་དད་གུས་དྲག་པོ་དང་། །མར་འཁོར་བའི་ཆོས་ལ་ངེས་འབྱུང་དང་། །མ་ཉམ་ཐག་འགྲོ་ལ་བྱམས་སྙིང་རྗེ། །བྱང་ཆུབ་ཀྱི་སེམས་བཟང་སྐྱེས་པ་ཡིས། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་བླངས། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་ཤོག །ཕྱིའི་ཅིར་སྣང་སེམས་ཀྱི་རོལ་བ་དང་། །དེ་ཀུན་ཀྱང་སྒྱུ་མ་ལྟ་བུར་གོ །སེམས་ཁྱབ་གདལ་སྟོང་གསལ་ཆོས་སྐུར་ཤེས། །ཉམས་རྟོགས་པ་ཅུང་ཟད་སྐྱེས་པ་ཡིས། །སེམས་སྐྱིད་དུ་བཅུག་པས་རྣལ་འབྱོར་ངས། །ངག་སྙན་པས་ལྷང་ལྷང་རྒྱང་གླུ་འཐེན། །མི་སྐལ་ལྡན་ཡོད་ན་གནས་འདིར་ཤོག །འཁོར་ཉེ་དུ་ཞོག་ལ་མྱུར་དུ་ཤོག །ང་རྣལ་འབྱོར་གཡུ་འབྲུག་སྔོན་མོའི་ལུས། །གོས་ངུར་སྨྲིག་ལྷོ་སྤྲིན་གསར་བས་གཡོགས། །གནས་མཚོ་སྙིང་ནམ་མཁའི་ཁམས་ན་མཛེས། །གླུ་རབ་སྙན་སྒྲ་དབྱངས་ལྷང་ལྷང་སྒྲོག །གླུ་སྙན་མོའི་འབྲུག་སྒྲ་འདི་ཐོས་པའི། །མི་སྐལ་ལྡན་རྨ་བྱ་གཞོན་ནུ་ཚོས། །གནས་འདི་འདྲའི་ལྗོན་ཤིང་ཡལ་ག་ནས། །ཆོས་ཉམས་ལེན་གར་སྟབས་བྱེད་པར་ཤོག །ཅེས་པ་
འདི་ཡང་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་ཉམས་དགའ་བའི་ཤུགས་ཀྱིས་སྐལ་ལྡན་ལས་འཕྲོ་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་མཚོ་སྙིང་ལྷ་ཡུལ་གཉིས་པ་ནས་བླངས་པའོ། །ཡང་སྐབས་ཤིག་སློབ་བུ་པདྨ་རང་གྲོལ་ལ་ཁྱོད་ཀྱིས་སྐྱིད་གླུ་ཞིག་ལོངས་ཞེས་སྨྲས་པའི་ལན་དུ། སྐྱེ་འཆི་མེད་པདྨ་འབྱུང་གནས་ཀྱི། །སྤྲུལ་པ་དངོས་ཆོས་རྒྱལ་ཡབ་ཡུམ་དང་། །སྐུ་དྲིན་ཅན་ཚོགས་དྲུག་རང་གྲོལ་གསུམ། །བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འཛིན། །སྔོན་བྱོན་པའི་རྒྱལ་བ་སྲས་བཅས་ཀྱི། །ཞལ་བཟང་དེ་མཇལ་སྐབས་མ་མཆིས་ཀྱང་། །ལུང་རྟོགས་ཀྱི་ཡོན་ཏན་ཀུན་མངའ་བའི། །བླ་མ་དང་མཇལ་འདི་སྐལ་བ་བཟང་། །མདོ་སྔགས་ཀྱི་རྒྱ་ཆེའི་གཞུང་རྣམས་ལ། །ཐོས་བསམ་འདྲ་ཅུང་ཟད་མ་བྱས་ཀྱང་། །དམ་ཆོས་ཀྱི་སྙིང་པོ་རྫོགས་ཆེན་དང་། །མཇལ་བ་འདིར་བསམས་ཀྱིན་ང་རེ་སྐྱིད། །རྫོགས་ཆེན་གྱི་ཡང་དག་ལྟ་བ་ལ། །འགྱུར་མེད་ཀྱི་བརྟན་ཆ་མ་ཐོབ་ཀྱང་། །འཁྲུལ་མེད་ཀྱི་ངེས་ཤེས་རྙེད་པ་ཡིས། །ཉམས་རྟོགས་ཀྱི་ཉི་མ་འཆར་སྙམ་དགའ། །སྣོད་བཅུད་ཀུན་ལྷ་དང་ཞིང་ཁམས་སུ། །མ་ཤར་ཀྱང་མཚོ་སྙིང་དབེན་གནས་དང་། །ཆོས་མཐུན་གྱི་གྲོགས་དང་
མཇལ་བ་ཡིས། །འོག་མིན་དུ་སླེབས་འདྲའི་དགའ་སྤྲོ་ཤར། །ཉོན་མོངས་ཀུན་རང་གྲོལ་མ་སོང་ཀྱང་། །མཚོ་སྙིང་གི་གནས་འདི་དབེན་པའི་མཐུས། །ཉོན་མོངས་ཀུན་ད་ལྟ་བག་ལ་ཞ། །སྡོམ་གསུམ་དང་ངང་གིས་ལྡན་པས་སྐྱིད། །བདག་ཉིད་ལས་གཞན་དག་གཅེས་འཛིན་པའི། །བྱང་སེམས་ཀྱི་རྣམ་ཐར་སྐྱོང་དཀའ་ཡང་། །དགྲ་གཉེན་གཉིས་གང་དང་མ་འབྲེལ་བའི། །ཆགས་སྡང་མེད་བཏང་སྙོམས་བྱུང་བས་དགའ། །རྗེ་བཙུན་ཁྱོད་ལྟ་བུར་སྤྲོས་མེད་ཀྱི། །ཏིང་ངེ་འཛིན་རྒྱུན་དུ་མ་བསྒོམས་ཀྱང་། །སྐབས་སྐབས་སུ་སྤྲོས་བཅས་དགེ་སྦྱོང་བཞག །བསྒོམ་བསྒོམས་ལྟར་བྱེད་འདི་དགོད་རེ་བྲོ། །འདི་འདྲ་ཡི་སྐྱིད་ཅིག་བྱུང་བ་དེ། །དྲིན་ཅན་གྱི་བླ་མའི་བཀའ་དྲིན་ཡིན། །དྲིན་ལན་དུ་ཚེ་དང་སྒྲུབ་པ་སྙོམས། །ཚེ་ཐག་དེ་རིང་བར་བྱིན་གྱིས་རློབས། །ཞེས་བླངས་པའོ། །གནས་ཡིད་འོང་མཚོ་སྙིང་ཁོར་ཡུག་གི །ཤིང་སྔོ་ལྗང་མེ་ཏོག་འདབ་རྒྱས་ཚེ། །ཕ་བླ་མའི་སྐུ་མཛེས་ཡང་ཡང་དྲན། །ཡིད་བག་ཕེབས་ཆུ་བྱ་སྣ་ཚོགས་ཀྱིས། །སྐད་སྙན་མོ་དར་དིར་སྒྲོག་པའི་ཚེ། །ཕ་བླ་མའི་གསུང་སྙན་ཡང་ཡང་དྲན། །སྟེང་མཐོ་ལ་ཡངས་
པའི་ནམ་མཁའ་ལ། །སྤྲིན་མེད་པར་ས་ལེར་འདུག་པའི་ཚེ། །ཕ་བླ་མའི་ཐུགས་དགོངས་ཡིད་ལ་དྲན། །ཆུ་དྭངས་བསིལ་རྙོག་མེད་མཚོ་སྔོན་ལ། །རླབས་ཆུ་གཉེར་རི་མོ་གཡོ་བའི་ཚེ། །ཕ་བླ་མའི་ཡོན་ཏན་ཡང་ཡང་དྲན། །ཤར་རི་བོའི་རྩེ་ནས་ནམ་མཁའ་ལ། །འོད་ལམ་ལམ་ཉི་མ་ཤར་བའི་ཚེ། །ཕ་བླ་མའི་འཕྲིན་ལས་ཡང་ཡང་དྲན། །ཕ་དྲིན་ཆེན་བླ་མ་རིན་པོ་ཆེ། །ཞིང་དག་པ་རབ་འབྱམས་གར་བཞུགས་ཀྱང་། །བུར་ཡེ་ཤེས་སྤྱན་གྱིས་རྒྱང་ནས་གཟིགས། །ཞེས་པ་འདི་ཡང་ཉིན་གཅིག་ཕ་བླ་མ་ཆོས་རྒྱལ་ངག་གི་དབང་པོ་དྲན་པའི་ཤུགས་ཀྱིས་སྨྲས་པའོ། །གྲངས་མེད་འགྲོ་བ་ཡོངས་ཀྱི་སྐྱབས། །ཟླ་མེད་པདྨ་འབྱུང་གནས་དང་། །དབྱེར་མེད་དྲིན་ཅན་བླ་མ་རྗེ། །ཆོས་མེད་བུ་ལ་བརྩེ་བས་དགོངས། །དགེ་སྡིག་བླང་དོར་ཅང་མི་ཤེས། །དགེ་སྦྱོང་གཟུགས་བརྙན་རི་བ་ལ། །དགེ་ལེགས་གཞི་གཅིག་མགོན་ཁྱོད་ཀྱིས། །དགེ་ལ་བསྐུལ་བའི་ཞལ་གདམས་གནོངས། །དུས་གསུམ་མཁྱེན་པ་པད་འབྱུང་དངོས། །དུས་སྙིགས་འགྲོ་བའི་མགོན་ཁྱོད་དང་། །དུས་རྣམ་ཀུན་ཏུ་མི་འབྲལ་བར། །དུས་འདི་ལྟ་བུར་འགྱུར་
བར་ཤོག །མཉམ་མེད་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་ཚོགས་དྲུག་རང་གྲོལ་ལ། །ཆོས་མེད་བློ་བཟང་རིན་ཆེན་གྱིས། །ཟོལ་མེད་སྒོ་གསུམ་གུས་པས་ཕུལ། །ཞེས་པ་འདི་བསྐུལ་བའི་ལན་དུ། རིགས་རྒྱུད་མཐོ་ཞིང་བླང་དོར་གནས། །རིག་ནས་གཞན་ལ་སྟོན་མཁས་པའི། །རིག་འཛིན་ངག་གི་དབང་པོ་ཡིས། །རིགས་བཟང་བུ་ལ་ཐུགས་རྗེས་གཟིགས། །ཚར་རྒྱུ་མེད་པའི་ལས་དང་གཅིག །མགུ་མེད་མི་ཡི་ངོ་སྲུང་གཉིས། །སྐྱོ་ངལ་མེད་པའི་ལོང་གཏམ་གསུམ། །ཆོས་དང་འགལ་བས་རྒྱབ་ཏུ་སྐྱུར། །བདག་ཏུ་བཟུང་བའི་གནས་དང་གཅིག །ཁ་ལན་རེ་བའི་ཚོགས་དང་གཉིས། །ངོ་སྲུང་དགོས་པའི་གཡོག་པོ་གསུམ། །ཆོས་དང་འགལ་བས་རྒྱབ་ཏུ་སྐྱུར། །སློབ་དཔོན་མཁྱེན་རྒྱ་ཆུང་དང་གཅིག །སློབ་མ་དད་པ་མེད་དང་གཉིས། །དམ་ཚིག་མི་བརྩི་མཆེད་གྲོགས་གསུམ། །ཆོས་དང་འགལ་བས་རྒྱབ་ཏུ་སྐྱུར། །བཟའ་འཚོ་རྒྱུན་དུ་འཐབ་དང་གཅིག །བུ་དང་ཚ་བོ་མང་དང་གཉིས། །བསྐྱངས་ཀྱང་ཁེངས་པའི་འཁོར་གཡོག་གསུམ། །ཆོས་དང་འགལ་བས་རྒྱབ་ཏུ་སྐྱུར། །སེར་སྣ་ཟེར་བའི་ཕན་ཕན་པོ། །ཕན་པར་བཟུང་
ནས་ཕམ་སྟེར་བའི། །སེར་སྣ་དགྲ་བོ་ཡིན་པ་དེ། །ཨེ་ཤེས་ཤེས་ན་རྒྱབ་ཏུ་སྐྱུར། །གཏི་མུག་ཟེར་བའི་ཕན་ཕན་པོ། །ཕན་པར་བཟུང་ནས་ཕམ་སྟེར་བའི། །གཏི་མུག་དགྲ་བོ་ཡིན་པ་དེ། །ཨེ་ཤེས་ཤེས་ན་རྒྱབ་ཏུ་སྐྱུར། །ཉེ་འབྲེལ་ཟེར་བའི་ཕན་ཕན་པོ། །ཕན་པར་བཟུང་ནས་ཕམ་སྟེར་བའི། །ཉེ་འབྲེལ་དགྲ་བོ་ཡིན་པ་དེ། །ཨེ་ཤེས་ཤེས་ན་རྒྱབ་ཏུ་སྐྱུར། །ལེ་ལོ་ཟེར་བའི་ཕན་ཕན་པོ། །ཕན་པར་བཟུང་ནས་ཕམ་སྟེར་བའི། །ལེ་ལོ་དགྲ་བོ་ཡིན་པ་དེ། །ཨེ་ཤེས་ཤེས་ན་རྒྱབ་ཏུ་སྐྱུར། །རྒྱབ་ཏུ་བསྐྱུར་དགོས་བརྒྱད་ཀྱི་གླུ། །གླུ་བ་ཚོགས་དྲུག་རང་གྲོལ་བླངས། །བླངས་པ་འདི་ཐོས་དད་ཅན་རྣམས། །རྣམ་དག་ལྷ་ཆོས་བྱེད་པར་ཤོག །ཅེས་སྨྲས་པའོ། །ཨེ་མ་སྐྱབས་མགོན་རིན་པོ་ཆེ། །ང་ཡི་ཉེ་གནས་དགེ་སློང་དང་། །སྨན་རམས་ངག་དབང་བཀྲ་ཤིས་དང་། །བྱ་བཏང་གླིང་རྒྱའི་བསྟན་འཛིན་གསུམ། །ཞལ་གདམས་ཤིག་ཞུས་བཤད་ཡོད་པས། །བརྩེ་བས་མགུར་ཞིག་གནང་བར་ཞུ། །ཞེས་པ་འདི་ཡང་སློབ་བུ་པདྨ་རང་གྲོལ་གྱིས་སྨྲས་པའི་ལན་དུ། སེམས་ཅན་ལ་གནོད་སེམས་ངན་གདུག་རྩུབ་
ཅན། །མ་རུངས་དགྲ་རྣམས་མ་ལུས་ཐབས་ཀྱིས་བཏུལ། །མ་གྱུར་འགྲོ་རྣམས་མ་ལུས་བདེ་ལ་འགོད། །བསྟན་པ་སྐྱོང་བའི་བསྟན་འཛིན་རྒྱལ་པོར་འདུད། །ཀྭ་ཡེ་ཆོས་མཐུན་སྨན་པའི་རབ་འབྱམས་དང་། །ཁ་མཁས་ཁོག་དཀར་ཉེ་གནས་དགེ་སློང་དང་། །ག་རེད་སྙམ་དུ་འཁོར་བའི་སྡུག་བསྔལ་བསམ། །ང་བཞིན་བྱ་བཏང་བྱེད་པའི་བསྟན་འཛིན་གསུམ། །ཅ་ཅོ་མ་སྨྲ་རྣལ་འབྱོར་གླུ་འདིར་ཉོན། །ཆ་ལང་རྔ་དྲིལ་དུང་བུས་གྲོང་ཆོག་བྱས། །ཇ་རས་གོས་དར་བསགས་ནས་ཁྱེར་ས་མེད། །ཉ་རོ་བཞིན་དུ་ལུས་ཀྱང་བཞག་ནས་འཆི། །ཏ་ཟིག་རྒྱལ་ལྟར་གོས་ནོར་འཛོམས་ན་ཡང་། །ཐ་མ་ཐམས་ཅད་འཛད་པ་མི་ཤེས་སམ། །ད་ནས་བཟུང་སྟེ་ཟས་གོས་ནོར་མ་གསོགས། །ན་འཆིས་མ་གཏུགས་གཞོན་དུས་ཆོས་ལ་འབོད། །པ་སངས་ལྟ་བུར་མཐོ་ཡང་སྲིད་པའི་མཚོའི། །ཕ་མཐར་མ་སོན་བར་དུ་བདེ་མེད་པས། །བཱ་ལ་ཧ་འདྲའི་དམ་རྟེན་ཐོབ་དུས་འདིར། །མ་འདུག་འཁོར་བའི་མཚོ་ལས་ཐར་ཐབས་གྱིས། །ཙ་ཡིས་ཁྲམ་པ་ཇི་བཞིན་གཞན་མ་བསླུ། །ཚྭ་སྒོག་དུད་བཙོང་རྒྱ་བཞིན་ཚོང་མ་བྱེད། །ཛ་རེ་ཛེ་རེའི་ཤིང་བཞིན་ཚིག་མ་
རྩུབ། །ཝ་དང་སྤྱང་ཀི་གཉིས་བཞིན་འགྲོ་འདུག་སྤོངས། །ཞྭ་ལྷམ་གོས་རྒྱན་མཛེས་དང་ཤ་ཐུད་སོགས། །ཟ་མ་བཟང་པོ་ཟོས་ནས་དུ་སངས་རྒྱས། །འ་རོག་ཆ་བོ་མཆོར་དང་ཟས་མ་དགའ། །ཡ་མཚན་ཅན་གྱི་བླ་མའི་མགོའི་སྟེང་དུ། །རྭ་སྒོམས་གསུངས་ཀྱང་ཐེ་ཚོམ་མ་བྱེད་པར། །ལ་ལུང་གཉིས་ཀྱི་བྲག་ཁུང་འགོ་རིས་སུ། །ཤ་སྟག་གྱིས་ལ་སྒོམས་དང་ཉམས་རྟོགས་འཆར། །ས་ལམ་ཡོན་ཏན་མ་ལུས་མཐར་ཕྱིན་ཚེ། །ཧ་ཧ་ཁྱེད་གསུམ་སྤྲུལ་པ་གྲངས་མེད་བཀྱེ། །ཨ་མའི་གཙོ་བྱས་འགྲོ་ཀུན་དྲངས་ན་ཆོག །དགེ་འདིས་ཆོས་མཐུན་ཁོག་དཀར་བྱ་བཏང་བ། །གསུམ་གྱི་ཆོས་སྒོ་མཐའ་རུ་ཐོན་པར་ཤོག །ཅེས་སྨྲས་པའོ། །ཨོ་རྒྱན་པད་འབྱུང་ནི་སྙིགས་དུས། །བསྟན་དང་འགྲོ་བ་ཀུན་དོན་དུ། །སླར་ཡང་མི་གཟུགས་སུ་བྱོན་པའི། །དྲིན་ཅན་བླ་མ་ལ་འདུད་དོ། །རེབ་གོང་སྟོད་སྨད་ཀྱི་སྔགས་འཆང་། །ཨོ་རྒྱན་རྗེས་འཇུག་གི་ཚོགས་རྣམས། །རྣམ་དཀར་དགེ་བ་ལ་བསྐུལ་བའི། །ཞལ་གདམས་མགུར་དབྱངས་ཤིག་གསུངས་ལགས། །ཞེས་པ་འདི་ཡང་སློབ་བུ་པདྨ་རང་གྲོལ་གྱིས་སྨྲས་པའི་ལན་དུ། སྐྱེས་
མཆོག་མཆོག་ཐུན་དངོས་གྲུབ་བརྙེས་ཚར་ཀྱང་། །འགྲོ་རྣམས་རྣམ་དཀར་དགེ་ལ་འགོད་པའི་ཕྱིར། །སྣ་ཚོགས་ཚོགས་གཉིས་བསགས་ནས་བརྡ་ཆོས་སྟོན། །ཨེ་མ་མ་གྱུར་འགྲོ་མགོན་བླ་མར་འདུད། །རང་ཡུལ་ཕ་མ་ཕ་ཚན་ཞིང་ཁང་བསྐྱུར། །རང་གཞན་གཉིས་ཀ་འཚེངས་པའི་ལམ་ཞིག་ནི། །རང་གིས་ཨེ་རྙེད་བལྟ་བའི་བསམ་བཟང་ངས། །རང་སེམས་རྣམ་པར་དག་པས་གླུ་དབྱངས་ལེན། །རང་དོན་ཡོངས་རྫོགས་མཐར་ཕྱིན་བླ་མ་ལ། །རང་ལ་གང་ཡོད་ཕུལ་ནས་གདམས་པ་ཞུས། །རང་རང་གང་མོས་ཟབ་ཆོས་ཉམས་ལེན་པའི། །རང་དང་རིགས་མཐུན་རེབ་གོང་སྔགས་འཆང་ཉོན། །མཚན་ལྡན་བླ་མ་སུ་ཞིག་མཐོང་ན་ཡང་། །དམ་ལྡན་མཆེད་གྲོགས་རྣམས་ལ་རབ་བསྐུལ་ལ། །བརྒྱུད་ལྡན་ཟབ་མོའི་ཆོས་ལ་ལེགས་པར་ཉོན། །སྣོད་ལྡན་རྣམས་ལའང་སྤེལ་ཅིག་སྔགས་འཆང་ཚོ། །མི་ལུས་རིན་ཆེན་རྙེད་དཀའ་རྙེད་ན་ཡང་། །མི་རྟག་མྱུར་དུ་འཇིག་པའི་ཚུལ་སོམས་ལ། །མི་ནོར་ཟས་ལ་ཆགས་ཞེན་མ་ཆེ་བར། །མི་འགྱོད་ལྷ་ཆོས་མཛོད་ཅིག་སྔགས་འཆང་ཚོ། །ལས་འབྲས་དཀར་ནག་གང་བྱས་རྗེས་སུ་
འབྲངས། །ལས་ཀྱི་དབང་གིས་རེབ་གོང་སར་སྐྱེས་དུས། །ལས་ནག་འཐབ་རྩོད་མཐུ་གཏད་ལས་མ་བྱེད། །ལས་དཀར་དགེ་བ་སྒྲུབས་ཤིག་སྔགས་འཆང་ཚོ། །འཁོར་བ་པ་ལ་བདེ་བའི་གོ་སྐབས་མེད། །འཁོར་བའི་འཆིང་ཐག་བུ་དང་ཆུང་མ་སྤངས། །འཁོར་ནོར་མེད་ཀྱང་བདེ་བས་ང་བཞིན་ཁྱེད། །འཁོར་བཅས་མཛད་དམ་མི་མཛད་སྔགས་འཆང་ཚོ། །འགྲོ་ཀུན་རང་གི་ཕ་མར་མ་གྱུར་མེད། །འགྲོ་བ་རྣམས་ལ་བྱམས་དང་སྙིང་རྗེ་སྒོམས། །འགྲོ་བའི་དོན་དུ་སངས་རྒྱས་ཐོབ་བྱས་ནས། །འགྲོ་ཀུན་འདྲེན་སྙམ་སེམས་བསྐྱེད་སྔགས་འཆང་ཚོ། །བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་གྱི་སྒོས། །མྱུར་དུ་རྫོགས་པའི་སངས་རྒྱས་བསྒྲུབ་ལ་འབོད། །རང་དོན་རྫོགས་ནས་འགྲོ་བ་གཞན་གྱི་དོན། །ཡོངས་སུ་རྫོགས་པར་གྱིས་ཤིག་སྔགས་འཆང་ཚོ། །ཆོས་ཐོག་འཁོར་བ་མ་སྟོངས་བར་དུ་ཚུགས། །ཆོས་ཐོག་འགྲིག་ལམ་ཀུན་སྤྱོད་ཡག་པོ་གྱིས། །ཆོས་ཐོག་ཚོགས་དུས་ཀུན་གྱིས་ཆང་མ་ཐུངས། །ཆོས་བཞིན་ཆོས་ཐོག་དུས་གྱིས་སྔགས་འཆང་ཚོ། །དགེ་བསྐོས་དབུ་མཛད་རྒན་པ་སུ་ཡིན་
ཀྱང་། །དགེ་ལེགས་གཞི་གཅིག་ཆོས་ཐོག་ལས་དོན་གང་། །དགེ་སེམས་སྒོ་ནས་གསུང་དུས་ཐམས་ཅད་ཀྱིས། །དགེ་བསྐོས་སོགས་ཀྱི་གསུང་རྩིས་སྔགས་འཆང་ཚོ། །བསྟེན་ན་བླ་མ་མཆེད་གྲོགས་དེད་དཔོན་སྟེན། །འཇུག་ན་བསྐྱེད་རྫོགས་རྫོགས་ཆེན་གྲུ་རུ་ཞུགས། །སྒྲོལ་ན་འཁོར་བ་སྡུག་བསྔལ་རྒྱ་མཚོ་སྒྲོལ། །བསྙེགས་ན་ཐར་བའི་གླིང་སྙོགས་སྔགས་འཆང་ཚོ། །དགེ་འདིས་འདི་འདྲ་རང་གཞན་བསགས་ཚད་རྣམས། །རྣམ་དཀར་དཀར་པོའི་བསམ་པས་ཕྱོགས་གཅིག་བསྡུས། །བསྡུས་ཀུན་ཀུན་བཟང་རང་ངོ་མ་འཕྲོད་འགྲོ། །འགྲོ་རྣམས་རྣམ་མཁྱེན་སངས་རྒྱས་འཐོབ་ཕྱིར་བསྔོ། །ཞེས་སྨྲས་པའོ། །ན་མོ་གུ་རུ། ནམ་ཟླ་དགུན་དཔྱིད་དེ་བཞུད་ཐལ། །དབྱར་ཟླ་གསུམ་པོ་ཁོ་སླེབས་བྱུང་། །ཁུ་བྱུག་སྔོན་མོ་ངའི་སྐྱིད་པ། །གཤོག་སྒྲོ་ལེགས་པོ་བྱས་བརྒྱངས་ཏེ། །ལྗོན་ཤིང་རྩེ་མོ་རུ་བབས་ནས། །བྱ་བྱེའུ་སྣ་ཚོགས་ལ་ལྟ་བཞིན། །སྐད་སྙན་ཡག་པོ་དེ་འབྱིན་ཡ། །སྐད་སྙན་ཡག་པོ་ཞིག་འབྱུང་བ། །ནམ་མཁའི་ལྷོ་སྤྲིན་ནས་སྦྲང་ཆར། །འཇམ་པོ་བབས་པའི་དྲིན་ཡིན་སྙམ། །ཁུ་བྱུག་སྔོན་མོ་ང་དགའ་ནས། །བར་
བར་བཞད་གད་རེ་ཤོར་རོ། །མཚོ་དར་དཀར་པོ་དེ་བཞུད་ཐལ། །མཚོ་ཆུ་སྔོན་མོ་ནི་སླེབས་བྱུང་། །ངང་པ་སེར་བོ་ངའི་སྐྱིད་པ། །གཤོག་སྒྲོ་ལེགས་པོ་བྱས་བརྒྱངས་ཏེ། །མཚོ་ཆུ་སྔོན་མོའི་ཁར་བབས་ནས། །གསེར་མིག་ཉ་མོ་ལ་ལྟ་བཞིན། །སྐད་སྙན་ཡག་པོ་དེ་སྒྲོག་ཡ། །སྐད་སྙན་ཡག་པོ་ཞིག་བྱུང་བ། །མཚོ་ཞབས་རྡོ་བཟང་རྩར་ཆགས་པའི། །ཞིམ་མངར་འདམ་གཙང་དྲིན་ཡིན་སྙམ། །ངང་པ་སེར་པོ་ང་དགའ་ནས། །བར་བར་གཤོག་སྒྲོ་རེ་སྤྲུགས་སོ། །བྱིང་རྨུགས་རྣམ་རྟོག་དེ་ལངས་ཐལ། །སྟོང་གསལ་རྗེན་པ་ཁོ་སླེབས་བྱུང་། །བློ་བཟང་རིན་ཆེན་ངའི་སྐྱིད་པ། །ལུས་གནད་ལེགས་པོ་བྱས་བཅོས་ཏེ། །རྩེ་གཅིག་མཉམ་བཞག་ལ་གནས་ནས། །གསལ་འདེབས་དཔེ་ཆ་ལ་ལྟ་བཞིན། །མགུར་དབྱངས་སྙན་མོ་དེ་ལེན་ཡ། །མགུར་དབྱངས་སྙན་མོ་ཞིག་བྱུང་བ། །མཚན་ལྡན་བླ་མ་ཡིས་ཟབ་རྒྱས། །གདམས་པ་གནང་བའི་དྲིན་ཡིན་སྙམ། །བློ་བཟང་རིན་ཆེན་ང་དགའ་ནས། །བར་བར་ཐལ་མོ་རེ་སྦྱར་རོ། །ཞེས་པ་འདི་ཡང་ཉིན་ཞིག་སློབ་བུ་བློ་བཟང་རིན་ཆེན་གྱིས་བསྐུར་བའི་ལན་དུ། འགྲོ་ན་ཁུར་པོ་ནི་མེད་
ཅིང་། །བསྡད་ན་མལ་ཆ་ཡང་མི་སྣང་། །ལྗོན་ཤིང་ཡལ་ག་ན་འདུག་པའི། །ཁུ་བྱུག་སྔོན་མོ་ཁྱོད་ངར་ཉོན། །གཤོག་སྒྲོ་ལེགས་པོ་དེ་བརྒྱངས་ནས། །ལྗོན་ཤིང་རྩེ་མོ་ལ་འབབ་དུས། །སྡེར་མོ་ཤིང་འཛེར་གྱིས་འབིག་པས། །དེ་ལ་དོགས་ཟོན་རེ་གྱིས་ཡ། །འགྲོ་ན་བྲོ་ཁ་ཡང་མེད་ཅིང་། །སྡོད་ན་ཁང་པ་ཡང་མི་སྣང་། །ངང་བ་སེར་པོ་ཁྱོད་ངར་ཉོན། །གཤོག་སྒྲོ་ལེགས་པོ་དེ་བརྒྱངས་ནས། །མཚོ་ཡི་འགྲམ་རྣམས་སུ་འབབ་དུས། །རྐང་བ་འདམ་འབག་གིས་འགོས་པས། །དེ་ལ་དོགས་ཟོན་རེ་གྱིས་ཡ། །འགྲོ་ན་ལུས་རྒྱུ་ནི་མེད་ཅིང་། །སྡོད་ན་ཆགས་ས་ཡང་མི་སྣང་། །བློ་བཟང་རིན་ཆེན་ཁྱོད་ངར་ཉོན། །ལུས་གནད་ཆོས་བདུན་དེ་བཅས་ནས། །རྩེ་གཅིག་མཉམ་བཞག་ལ་བཞག་དུས། །བྱིང་རྒོད་ཕྲ་མོ་ཡིས་བསྒྲིབ་པས། །དེ་ལ་དོགས་ཟོན་རེ་གྱིས་ཡ། །ཞེས་སྨྲས་པའོ། །དུས་དང་པོ་ཕུན་ཚོགས་དགེ་ལེགས་ཀྱི། །རྒྱུ་དྲི་མེད་མེ་ཤེལ་ལས་གྲུབ་པའི། །ཕ་ཆོས་རྒྱལ་འོད་གསལ་ཉི་མ་དེ། །སྔོན་སྨོན་ལམ་རྟ་ལྗང་སྟོབས་ཀྱིས་དྲངས། །མའི་མངལ་སྒོའི་སྤྲིན་གྱིས་མ་བསྒྲིབས་པར། །བོད་ཤར་རིའི་རྒྱན་དུ་ཤར་བའི་མོད། །
གཞན་བསྟན་འཛིན་ཟླ་བ་ཟིལ་གྱིས་མནན། །བསྡུ་བཞི་ཡི་འོད་སྟོང་འགྱེད་པའི་མོད། །འཁོར་གདུལ་བྱའི་རྒྱུད་ཀྱི་མ་རིག་མུན། །ཀུན་ལྷག་མེད་བསལ་ནས་བླང་དོར་གྱི། །གནས་ཤེས་རབ་མིག་གིས་གསལ་པོར་མཐོང་། །དུས་བར་དུ་སློབ་བུ་པདྨ་ངར། །ཡུལ་ཕ་སྤུན་འདམ་གྱིས་མ་གོས་པར། །སྟོད་སོག་པོའི་ཕྱོགས་སུ་གྱེན་དུ་འཕགས། །ཕ་ཆོས་རྒྱལ་ཉི་མས་བསྐྱངས་པའི་མོད། །ལུང་རྟོགས་པའི་ཡོན་ཏན་བཅུད་བཟང་དེ། །བདག་པདྨའི་ལྟོ་བར་ཅུང་ཟད་འཁྱིལ། །གཞན་སྐལ་ལྡན་དད་ཅན་བུང་བ་རྣམས། །རྒྱང་རིང་པོ་ནས་འོངས་མདུན་དུ་འཁོར། །ལུས་ཕྱག་སྐོར་འཕུར་ལྡིང་གཡོ་བཞིན་དུ། །ཆོས་ཞུ་ཚིག་སྒྲ་དབྱངས་དར་དིར་བསྒྲགས། །རང་གང་འདོད་ཟབ་ཆོས་སྦྲང་རྩི་སྦྱིན། །ད་ཐ་མ་ཆོས་རྒྱལ་ཉི་མ་ནི། །ཞིང་གཞན་གྱི་ནུབ་རིར་ཡིབས་པའི་མོད། །ང་པདྨ་དགའ་སྤྲོའི་འཛུམ་དགོད་ནི། །སྔར་ཕྱེ་བའང་དབང་མེད་ཟུམ་ནས་སོང་། །མྱ་ངན་གྱི་གྲིབ་མས་དབང་མེད་གནོན། །ཡར་ན་སོ་རྒས་པའི་བ་མོས་མནར། །ན་འཆི་བའི་ཁ་རླུང་འཚུབ་པའི་ཚེ། །ང་མེ་ཏོག་པདྨས་ཇི་ལྟར་
བཟོད། །བདག་པདྨར་རེ་ལྟོས་བྱེད་པ་ཡི། །འཁོར་གདུལ་བྱ་བུང་བའི་ཚོགས་རྣམས་ཀྱིས། །ཆོས་ཟབ་མོའི་སྦྲང་རྩི་གང་ནས་འཚོལ། །གཞན་བསྟན་འཛིན་ཟླ་བ་ཡོད་ན་ཡང་། །ང་མེ་ཏོག་པདྨར་ག་ལ་ཕན། །སླར་མཆོག་གསུམ་ཐུགས་རྗེའི་རྟ་ལྗང་གིས། །ཕ་ཆོས་རྒྱལ་ཡང་སྤྲུལ་ཉི་མ་དྲངས། །བོད་གངས་ཅན་ཤར་རིའི་རྒྱན་དུ་ཤར། །གསུང་ཆོས་ཀྱི་འོད་སྟོང་འགྱེད་པར་སྨོན། །ཡིད་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་མཚོ་སྙིང་གི་རི་སྐྱིབས་དྲོ་ས་ཞིག་ཏུ་ཕྱི་དྲོ་སོང་ནས་བསྡད་པའི་ཚེ། ཉི་མ་ནུབ་རི་ལ་ལམ་ལམ་ཡིབས་ནས་འགྲོ་དུས་ཆོས་རྒྱལ་ངག་གི་དབང་པོ་ཞིང་གཞན་དུ་གཤེགས་པ་དྲན་ནས་ཉི་མ་དང་མཐུན་པའི་བླ་མ་དྲན་པའི་གདུངས་དབྱངས་འདི་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །ཡུལ་གངས་ཅན་ལྷ་ལམ་ཡངས་པ་ཡི། །ང་ཆུ་འཛིན་དགའ་བའི་དཀར་མདངས་ཅན། །མགོན་ཆོས་རྒྱལ་ཉི་མས་བོར་སྟབས་ཀྱིས། །མདོག་གནས་འགྱུར་མྱ་ངན་སྨུག་པོར་གྱུར། །གདོང་མཆི་མའི་ཆར་བ་འབབ་ལ་ཁད། །ཚུགས་མ་ཐུབ་ཕན་ཚུན་ཕང་ཕུང་གཡོ། །མཐར་ན་འཆིའི་རླུང་གིས་མ་གཏོར་བར། །ཆར་ཟམ་ཟིམ་སྐབས་སྐབས་འབབ་འབབ་འདྲ། །ཞེས་པ་འདི་ཡང་ཉི་མ་ནུབ་པའི་འཕྲོ་ལ་མཁའ་ན་
སྤྲིན་ཞིག་ཡོད་པ་སྨུག་པོར་གྱུར་པའི་ཚེ་སྤྲིན་དེ་དང་མཚུངས་པའི་སྐྱོ་མགུར་འདི་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །བདག་ལ་སྐུ་དྲིན་ཅན་གྱི་ཆོས་རྒྱལ་གྱི། །ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ནས། །འགྲོ་ལ་བྱམས་ཤིང་ཆོས་ལ་དད་ཆེ་བའི། །གྲོགས་ལ་ཁ་ཏ་ཚིག་འགའ་བཤད་ཀྱིས་ཉོན། །རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་ལས། །རབ་ཏུ་དྲིན་ཆེ་མཚན་ལྡན་བླ་མ་རྗེ། །རབ་གུས་ཡིད་ཀྱིས་ཚུལ་བཞིན་ལེགས་སྟེན་དང་། །རབ་བཟང་འདོད་དགུའི་དངོས་གྲུབ་འབྱུང་བར་འགྱུར། །ཆོས་གྲོགས་རྣམས་ལ་བྱམས་དང་ཆོས་གྱིས་དང་། །ཆོས་སྐྱོང་སྲུང་མ་དཀར་ཕྱོགས་ལྷ་རྣམས་ཀྱིས། །ཆོས་ཀྱི་འགལ་རྐྱེན་བར་ཆད་ཀུན་བསལ་ནས། །ཆོས་མཐུན་འཕྲིན་ལས་གཡེལ་མེད་བསྒྲུབ་པར་འགྱུར། །འཁོར་བའི་ཉེས་དམིགས་སོམས་ལ་ཚེ་འདིའི་དོན། །དོན་དུ་གཉེར་བ་སྤོངས་ལ་གནས་དབེན་པར། །བར་མཚམས་མེད་པར་གསང་སྔགས་ཉམས་ལེན་རེས། །གྱིས་དང་གཏན་བདེའི་བྱང་ཆུབ་འཐོབ་པར་འགྱུར། །ཉམས་སུ་བླངས་དགེ་དགེ་ཚོགས་ཅི་མཆིས་པ། །སེམས་ཅན་འཁོར་བར་བར་མེད་རྟག་འཁྱམས་
ནས། །སྡུག་བསྔལ་མྱོང་ཀུན་ཀུན་མཁྱེན་ཐོབ་ཕྱིར་སྔོས། །བསྔོས་ན་དགེ་དེ་དེ་བས་འཕེལ་བར་འགྱུར། །དགེ་འདིས་མགོན་ལོས་མཚན་ལྡན་བླ་མ་ཞིག །རྟག་ཏུ་མགོན་དུ་བསྟེན་ནས་ཉམས་ལེན་བྱས། །འགྲོ་བའི་མགོན་སྐྱབས་སངས་རྒྱས་གོ་འཕང་དེ། །ཐོབ་ནས་མགོན་མེད་སེམས་ཅན་འདྲེན་པར་ཤོག །ཅེས་པ་འདི་ཡང་དད་གཏོང་བློ་གྲོས་དང་ལྡན་པའི་གྲོགས་པོ་མགོན་ལོ་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །སངས་རྒྱས་ཀུན་དངོས་བླ་མའི་ཞབས་ལ་འདུད། །སངས་རྒྱས་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །བྱ་བཏང་ཚོགས་དྲུག་རང་གྲོལ་གླུ་དབྱངས་ལ། །དད་ཅན་སློབ་བུ་དཀོན་མཆོག་སྨོན་ལམ་ཉོན། །དལ་འབྱོར་ཚང་བའི་མི་ལུས་རིན་པོ་ཆེར། །བརྟེན་ནས་སངས་རྒྱས་གོ་འཕང་ཐོབ་པར་ནུས། །ད་རེས་མ་གཏོགས་ཕྱི་ནས་རྙེད་པར་དཀའ། །དལ་འབྱོར་དོན་ཆེ་རྙེད་དཀའ་ཐོབ་དུས་འདིར། །རང་གཞན་འཚེངས་ཕྱིར་སངས་རྒྱས་འཐོབ་ཐབས་ཀྱིས། །ངེས་པར་འཆི་ཞིང་ནམ་འཆི་ངེས་པ་མེད། །འཆི་ཚེ་གཉེན་བཤེས་ནོར་གྱིས་ཕན་པ་མེད། །དེ་ཕྱིར་ཚེ་འདིའི་མི་ནོར་ཟས་གསུམ་ལ། །མ་ཆགས་མ་ཞེན་བློ་ཡིས་གཏོང་བར་གྱིས། །ཤི་ན་
འཁོར་བར་མི་སྐྱེའི་བློ་གདེང་མེད། །འཁོར་བར་སྐྱེས་ཕྱིན་སྡུག་བསྔལ་ཤིན་ཏུ་ཆེ། །དམྱལ་བར་སྐྱེས་ན་ཚ་གྲང་སྡུག་བསྔལ་ཆེ། །ཡི་དྭགས་སྐྱེས་ན་བཀྲེས་སྐོམ་སྡུག་བསྔལ་ཆེ། །དུད་འགྲོར་སྐྱེས་ན་བཀོལ་སྤྱོད་སྡུག་བསྔལ་ཆེ། །མི་རུ་སྐྱེས་ན་ན་འཆིའི་སྡུག་བསྔལ་ཆེ། །ལྷ་མིན་སྐྱེས་ན་འཐབ་རྩོད་སྡུག་བསྔལ་ཆེ། །ལྷ་རུ་སྐྱེས་ན་འཕོ་ལྟུང་སྡུག་བསྔལ་ཆེ། །དེས་ན་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །ད་ལྟ་ཉིད་དུ་རང་ཉིད་ཐར་ན་ཨང་། །སྙམ་དུ་ངེས་འབྱུང་སྐྱོ་ཤས་བསྐྱེད་པར་གྱིས། །འཁོར་བའི་སྡུག་བསྔལ་མྱོང་བའི་འགྲོ་རྣམས་ཀྱང་། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །དྲིན་ཅན་ཕ་མ་རྣམས་ཀྱང་སྙིང་རེ་རྗེ། །བསླུ་མེད་བླ་མ་དཀོན་མཆོག་རིན་པོ་ཆེ། །རང་གཞན་འཁོར་བའི་གནས་ལས་བསྒྲལ་ནས་ཀྱང་། །བདེ་ཆེན་ཐར་བའི་གནས་སུ་དྲང་དུ་གསོལ། །སྙམ་དུ་ནངས་ནུབ་ཀུན་ཏུ་སྐྱབས་འགྲོ་གྱིས། །རང་ཉིད་གཏན་དུ་བདེ་ཞིང་སྐྱིད་པ་དང་། །ཕ་མ་སེམས་ཅན་འཁོར་བའི་སྡུག་བསྔལ་ལས། །སྒྲོལ་ལ་སངས་རྒྱས་གོ་འཕང་འཐོབ་དགོས་འདུག །ངས་ནི་སངས་རྒྱས་གོ་
འཕང་འཐོབ་པར་བྱ། །སྙམ་དུ་སྨོན་པ་སེམས་བསྐྱེད་ཡང་ཡང་གྱིས། །དེ་ཕྱིར་ལུས་དང་སྲོག་ལ་མི་ལྟ་བར། །མི་དགེའི་ལས་རྣམས་ཕྲ་ཞིང་ཕྲ་བ་སྤང་། །དགེ་བའི་ལས་རྣམས་ལེགས་པར་བསྒྲུབ་པར་བྱ། །སྙམ་དུ་འཇུག་པ་སེམས་བསྐྱེད་ཡང་ཡང་གྱིས། །སངས་རྒྱས་གོ་འཕང་ཐོབ་ནས་སེམས་ཅན་ཀུན། །བདེ་ཆེན་དག་པའི་ཞིང་དུ་འུ་རུ་རུ། །འདྲེན་པའི་དུས་དེ་བདག་ལ་ནམ་འོང་ན། །སྙམ་དུ་དགེ་བའི་ལས་ལ་འབད་པར་གྱིས། །སངས་རྒྱས་ཐོབ་ནས་སེམས་ཅན་གཅིག་ཙམ་ཡང་། །མ་ལུས་དག་པའི་ཞིང་དུ་ལེགས་དྲངས་ནས། །འཁོར་བའི་གྲོང་ཁྱེར་མ་སྟོངས་དེ་སྲིད་དུ། །བདག་གིས་སེམས་ཅན་དོན་ཆེན་མི་མཛད་ན། །སྙམ་དུ་ཞེ་མནའ་དམ་བཅའ་ཡང་ཡང་གྱིས། །རང་གིས་དགེ་སྦྱོར་གང་དང་གང་བྱེད་ཀྱང་། །ཕྱི་ནང་རི་དང་ཁང་ཁྱིམ་ས་ཆུ་མེ། །རླུང་དང་ནམ་མཁའ་ལ་སོགས་ཐམས་ཅད་དང་། །ནང་གི་དགག་སྒྲུབ་རྣམ་རྟོག་སྣ་ཚོགས་སུ། །འཆར་བ་རྣམས་དང་འགྲོ་འཆག་ཟ་ཉལ་དང་། །སྨྲ་བརྗོད་ལ་སོགས་འཁོར་འདས་ཆོས་རྣམས་ཀུན། །རྨི་ལམ་སྒྱུ་མ་མིག་ཡོར་སྨིག་རྒྱུ་དང་། །ཆུ་ཟླ་སྒྲ་སྙན་དྲི་ཟའི་
གྲོང་ཁྱེར་དང་། །སྤྲུལ་པ་ལྟ་བུར་རང་བཞིན་ཅུང་ཟད་ཙམ། །མེད་དོ་སྙམ་དུ་ཡང་ཡང་སྒོམ་པར་གྱིས། །སྐབས་སྐབས་བླ་མ་དཀོན་མཆོག་རྣམ་གསུམ་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་ཆེར་ཕུལ། །བདག་ནི་འགྲོ་བའི་དོན་དུ་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པས་འདོད་པའི་དོན་ལ་གསོལ་འདེབས་གྱིས། །དགེ་བ་གང་བྱས་ཐམས་ཅད་རང་ཉིད་ཀྱིས། །ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན་དོན་དུ། །མྱུར་དུ་སངས་རྒྱས་ཐོབ་པའི་རྒྱུ་རུ་སྔོས། །དེ་ལྟར་བྱས་ན་རིང་པོར་མི་ཐོགས་པར། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །འདི་ཉིད་མཐོང་ཐོས་དད་ཅན་ཕོ་མོ་ཡིས། །འདི་བཞིན་ལྷ་ཆོས་བྱས་ནས་འཚང་རྒྱ་ཤོག །ཅེས་པ་འདི་ཡང་དད་ཅན་སྡོམ་གསུམ་རྒྱན་གྱིས་མཛེས་པའི་སློབ་བུ་དཀོན་མཆོག་སྨོན་ལམ་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ཕ་རྒན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སློབ་བུ་རྣམས་ཀྱི་སྒོ་གསུམ་བྱིན་གྱིས་རློབས། །གཞི་ཡི་རང་སེམས་དཔེར་ན་ཆུ་མགོ་འདྲ། །ལས་ཉོན་སྒྲིབ་ལྕི་རྫིང་བུ་ས་རྡུལ་གྱི། །མི་གཙང་དྲི་མས་གོས་ནས་རྙོག་པ་འདྲ། །
ལམ་དུས་གདམས་པ་དུ་མ་བསྒོམ་པ་དེ། །ཐོག་མར་ཁ་ཡི་མི་གཙང་ཉལ་ཉིལ་བསལ། །དེ་ནས་ཆུ་རྙོག་ཐམས་ཅད་ཕྱི་རུ་དོར། །རྡོ་དང་བྱེ་མ་ཕན་ཚུན་འོག་རྣམས་སུ། །བླུགས་ནས་ཆུ་དེ་དྭངས་སུ་བཅུག་པ་འདྲ། །འབྲས་བུ་ཆོས་གཟུགས་གཉིས་ཀྱི་སྐུ་ཐོབ་པ། །ཆུ་མགོ་འཁྱིལ་བ་ཤིན་ཏུ་དྭངས་པ་ན། །ནང་དུ་གཟུགས་བརྙན་སྣ་ཚོགས་འཆར་བ་འདྲ། །བུ་རྣམས་གཞི་ལམ་འབྲས་གསུམ་དེ་ལྟར་ལྟོས། །གཞི་ཡི་སེམས་ཉིད་ནོར་བུ་རིན་ཆེན་འདྲ། །ལས་ཉོན་སྒྲིབ་པ་འདམ་གྱིས་གོས་པ་འདྲ། །ལམ་དུས་བསོད་ནམས་ཡེ་ཤེས་ཚོགས་གསོག་པ། །ནོར་བུ་ཆུས་བཀྲུས་རས་ཀྱིས་ཕྱིས་པ་འདྲ། །མཐར་ཐུག་འབྲས་བུ་ཆོས་གཟུགས་སྐུ་ཐོབ་པ། །ནོར་བུར་དགོས་འདོད་མ་ལུས་འབྱུང་བ་འདྲ། །བུ་རྣམས་གཞི་ལམ་འབྲས་གསུམ་དེ་ལྟར་ལྟོས། །གཞི་ཡི་རང་སེམས་དཔེར་ན་ནམ་མཁའ་འདྲ། །ལས་ཉོན་སྒྲིབ་པ་མཁའ་ལ་སྤྲིན་འཁྲིགས་འདྲ། །ལམ་དུ་ཟབ་རྒྱས་གདམས་པ་བསྒོམ་པ་དེ། །སྤྲིན་རྣམས་རླུང་གིས་ཕྱོགས་བཅུར་གཏོར་བ་འདྲ། །འབྲས་བུ་ཆོས་གཟུགས་གཉིས་ཀྱི་སྐུ་ཐོབ་པ། །ནམ་མཁའ་ཉི་ཟླ་སྒྲིབ་མེད་གསལ་བ་
འདྲ། །བུ་རྣམས་གཞི་ལམ་འབྲས་གསུམ་དེ་ལྟར་ལྟོས། །གླུ་དབྱངས་འདི་ཉིད་བླངས་པའི་དགེ་བའི་མཐུས། །སློབ་བུ་རྣམས་ཀྱི་སྐུ་གཉིས་མངོན་འགྱུར་ཤོག །ཅེས་པ་འདི་ཡང་སློབ་བུ་བྱ་བཏང་རི་ཁྲོད་པ་ངག་དབང་ཆོས་འཕེལ་དང་། ངག་དབང་བཀྲ་ཤིས། བློ་བཟང་རིན་ཆེན་རྣམས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །རྗེ་བླ་མ་ཆོས་རྒྱལ་ཞབས་ལ་འདུད། །གླུ་འདི་ལ་བློ་གསལ་འཕྲིན་ལས་ཉོན། །དཔེ་སྤང་ཐང་ཉིན་གུང་མ་གཏོགས་པ། །དགོང་ཕྱི་དྲོ་བཀྲམ་ན་མི་སྐམ་བཞིན། །ཆོས་གཞོན་ནུའི་དུས་སུ་བྱས་ན་འོང་། །ཡར་ན་སོ་རྒས་ན་བྱེད་མི་ནུས། །ལུས་དྲང་བོར་བཞག་ཀྱང་འཁྱོགས་ནས་འགྲོ། །འཕོངས་ཡར་ལ་བཏེགས་ཚེ་མར་ལ་འཕྱང་། །ཡར་ལངས་དུས་སུག་བཞིའི་ཁ་ནས་ལངས། །ཕར་འགྲོ་ཚེ་སྒུར་ནས་འཇབ་ཀྱིན་འགྲོ། །མགོ་འཁོར་ནས་ལུས་ཚུགས་མི་ཐུབ་པར། །སྐབས་སྐབས་སུ་གོམ་འབྲས་དབང་མེད་འཁྱོར། །སོ་ཕལ་ཆེར་ལྷུང་ནས་རེ་གཉིས་ལུས། །ཟས་སྲ་བ་ཐམས་ཅད་བལྡད་མི་ནུས། །ནང་ཕོ་བར་སོང་ན་མི་འཇུ་ན། །གོས་དྲོན་པོ་གྱོན་ཀྱང་ལུས་དྲོད་ཆུང་། །སར་འདུག་ཚེ་ལུས་ཀྱི་ཤེད་ཀྱིས་
བརྡེག །ཁས་ཨ་ཕ་ཨ་མ་མང་པོ་འཆོར། །མིག་མི་གསལ་དཔེ་ཆ་མིག་སྒོར་འཁྱེར། །མདོག་ནག་པོའི་སྐྲ་དེ་གངས་ལས་དཀར། །གདོང་བཞིན་རས་གཉེར་མ་མང་པོས་གང་། །སེམས་མི་གསལ་བརྗེད་ངས་ཤིན་ཏུ་ཆེ། །ཕྱིའི་ཚ་གྲང་སྡུག་བསྔལ་རྐྱེན་མི་ཐེག །ནང་ལྟོགས་སྐོམ་ཅུང་ཟད་ཙམ་མི་བཟོད། །དབུགས་མ་ཆད་ན་ཡང་རོ་དངོས་ཡིན། །ཚེ་འདི་ནས་ཕ་རོལ་འཕོས་དང་འདྲ། །དོན་དེ་ཕྱིར་བློ་གསལ་འཕྲིན་ལས་ཁྱོད། །ནོར་ཟས་གོས་གསོག་འཇོག་མ་རེམ་པར། །དུས་ད་ལྟ་གཞོན་ནུའི་དུས་སྐབས་སུ། །ཆོས་ཐོས་བསམ་སྒོམ་གསུམ་ནན་ཏན་གྱིས། །དགེ་འདི་ཡིས་བློ་གསལ་འཕྲིན་ལས་ཀྱིས། །ཆོས་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཤོག །ཅེས་པ་འདི་ཡང་རྒྱལ་མཁན་ཆེན་གྱི་ཚ་བོ་འཕྲིན་ལས་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བདག་གི་གཙུག་རྒྱན་ཆོས་རྒྱལ་ཐུགས་རྗེ་ཅན། །འདྲིས་པའི་གྲོགས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མི་ང་བཀྲ་ཤིས་འཁྱིལ་དུ་བསྡད་པའི་སྐབས། །ཉེར་མཁོའི་མཐུན་རྐྱེན་སྟེར་བའི་སྙིང་གྲོགས་ཉོན། །ཁྱོད་ཀྱི་སྔོན་བསགས་ལེགས་སྨོན་བཟང་པོའི་མཐུས། །བླ་མ་སངས་རྒྱས་ལྟ་བུར་
ལེགས་པར་མཇལ། །སྒོ་གསུམ་གུས་པས་སྐུ་དོན་ཁོ་ནར་འབད། །དེ་ཕྱིར་བླ་མས་དགྱེས་བཞིན་རྗེས་སུ་བཟུང་། །བླ་མའི་ཕྱག་མཛོད་ཉེ་གནས་ཕལ་མོ་ཆེ། །དཀོར་གྱིས་ཚིག་ནས་རང་མཐོང་ང་རྒྱལ་ཆེ། །གཞན་ལ་བརྙས་སྨོད་ཁྱད་གསོད་མང་པོ་བྱེད། །བླ་མའི་སྐྱོན་མཐོང་དད་པ་འགྲིབ་པ་མང་། །ཁྱོད་ཀྱིས་བླ་མ་སངས་རྒྱས་དངོས་སུ་མཐོང་། །རང་འདོད་མེད་པར་བླ་མའི་བཀའ་བཞིན་བསྒྲུབས། །ཐུགས་རྒྱུད་མི་དཀྲུག་རྟག་ཏུ་གང་དགྱེས་བྱས། །མཐོ་བཀུར་དམའ་སྐྱོང་མཉམ་པའི་འགྲོགས་ལུགས་སོགས། །གང་གི་ཐད་ནའང་གཞན་གྱིས་ཁྲེལ་བ་མེད། །ད་དུང་སྔར་བཞིན་བསོད་ནམས་ཞིང་གི་མཆོག །བླ་མའི་སྐུ་དོན་བསྒྲུབ་ལ་རྟག་ཏུ་འབོད། །རང་ལས་མཐོ་བ་ཕ་མ་བཞིན་དུ་བཀུར། །རང་ལས་དམའ་བ་བུ་ཚ་བཞིན་དུ་སྐྱོངས། །རང་དང་མཉམ་པ་སྤུན་ཟླ་བཞིན་དུ་འགྲོགས། །རང་གི་ལུས་ངག་སྤྱོད་པ་ཆོས་དང་སྟུན། །བསྟན་དང་བསྟན་འཛིན་འགྲོ་ལ་གང་ཕན་གྱིས། །རྒྱུན་དུ་རང་རྒྱུད་ཆོས་དང་ཨེ་མཐུན་ལྟོས། །དེ་ལྟར་མཛད་ན་གྲོགས་པོ་ཁྱོད་ཉིད་ཀྱི། །འདི་ཕྱིའི་བསམ་དོན་
ཐམས་ཅད་འགྲུབ་པར་ངེས། །ཞེས་པ་འདི་ཡང་རྒྱལ་མཁན་ཆེན་རིན་པོ་ཆེའི་ཕྱག་མཛོད་དད་གཏོང་བློ་གྲོས་དང་ལྡན་པའི་དམག་སར་རབ་འབྱམས་པ་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འགྲོ་ཀུན་ཀུན་ཏུ་བཟང་པོའི་གོ་འཕང་ལ། །འགོད་མཛད་མཛད་བཟང་མཐའ་འཁོབ་བོད་ཀྱི་ཡུལ། །ཆེར་སྙིགས་སྙིགས་དུས་འགྲོ་བའི་སྐྱབས་གཅིག་པུ། །ཆོས་རྒྱལ་རྒྱལ་སྲས་མཆོག་ལ་གུས་པས་འདུད། །ཆོས་ཕྱིར་རི་ལ་གནས་པའི་རི་ཁྲོད་པ། །ཆོས་གྲོགས་བྱམས་པ་ཆོས་དར་ཞེས་བྱ་ངས། །ཆོས་ཀྱི་སྒོར་ཞུགས་ཞོ་འོང་བན་བརྒྱ་ལ། །ཆོས་གཏམ་ཚིག་འགའ་སྙིང་ནས་བཤད་ཀྱིས་ཉོན། །དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི། །དལ་འབྱོར་མི་ལུས་ཟེར་བ་ཕྱིས་རྙེད་དཀའ། །དལ་བར་ད་ལྟ་སྡོད་པའི་དུས་སྐབས་མིན། །དལ་ཁོམ་མེད་པར་ཆོས་ལ་འབད་རེ་རན། །འཆི་བས་མ་བཅོམ་སེམས་ཅན་གཅིག་ཙམ་མེད། །འཆི་དུས་ཆོས་མེད་མི་རྣམས་འགྱོད་པ་སྐྱེ། །འཆི་བདག་ཕོ་ཉ་མ་འོངས་གོང་འདི་ལ། །འཆི་ཚེ་མི་འགྱོད་ཆོས་ཤིག་ཀུན་ལ་དགོས། །འཁོར་བའི་གནས་ན་བདེ་བ་ཅུང་ཟད་མེད། །འཁོར་ནོར་རྫས་ལ་ཆགས་པས་ཅི་ཞིག་བྱ། །ཁོར་ཡུག་ལྕགས་རིས་
བསྐོར་བའི་དགོན་པ་ནས། །འཁོར་བཅས་དམ་ཆོས་མཛད་ན་མི་ལེགས་སམ། །དགེ་ལེགས་བཀྲ་ཤིས་ས་དཔྱད་བཟང་བ་དང་། །དགེ་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམ་པའི་སར། །དགེ་འདུན་ཐུགས་མཐུན་སྒོ་ནས་དགོན་ཞིག་བཏབ། །དགེ་ལ་ཅི་ཐུབ་ཀུན་གྱིས་འབད་པར་རིགས། །ཚེ་འདིར་དེ་འདྲའི་སྐལ་བར་མི་ལྡན་ན། །ཚེ་རིང་ནད་མེད་ཆོས་འབྱོར་འཛོམས་པའི་དུས། །ཚེ་འདིར་ཧ་ཅང་མ་ཆགས་ཆོས་མཛོད་དང་། །ཚེ་རབས་ཕྱི་མར་བདེ་ཞིང་སྐྱིད་པར་འགྱུར། །རྣལ་འབྱོར་གླུ་དབྱངས་དབྱངས་སྙན་འདི་ཉིད་ནི། །ཞོ་འོང་བན་རྣམས་རྣམ་དག་ཆོས་ལ་བསྐུལ། །གནས་སྐབས་དམ་ཆོས་ཆོས་བཞིན་སྤྱད་པའི་མཐུས། །ཆོས་འབྱོར་ལེགས་ཚོགས་ཚོགས་གཉིས་འཕེལ་བར་ཤོག །ཅེས་པ་འདི་ཡང་ཞོ་འོང་ཆོས་གྲོགས་བན་བརྒྱ་ཡོངས་ལ་ཁ་མིན་སྙིང་ནས་བྱ་བཏང་བྱམས་པ་ཆོས་དར་གྱིས་སྨྲས་པའོ། །འགྲོ་མགོན་སངས་རྒྱས་དེ་ཆོས་ཀྱི་དབྱིངས་སུ་གཟིམས། །ཨོ་རྒྱན་པདྨ་དེ་ལྷོ་ནུབ་སྲིན་ཡུལ་བཞུད། །མི་ལ་རས་པ་དེ་མངོན་དགའི་ཞིང་དུ་གཤེགས། །བློ་བཟང་གྲགས་པ་དེ་དགའ་ལྡན་གནས་སུ་ཕེབས། །ཆོས་རྒྱལ་
ངག་དབང་ཝང་མཁའ་སྤྱོད་ཞིང་དུ་གཤེགས། །རྡོ་རྗེ་ཚེ་བརྟན་དེ་འཇིག་རྟེན་ཕ་རོལ་སོང་། །བསྟན་འཛིན་ཉི་མ་དེ་རི་བོ་རྩེ་ལྔར་བཞུད། །རྒྱལ་གྱི་མཁན་ཆེན་དེ་བཀྲ་ཤིས་འཁྱིལ་ན་བཞུགས། །ལུས་སྲོག་སྐྱེད་པའི་མ་སྐྱེས་པའི་ཡུལ་ན་སྣང་། །སྤྲང་རྒན་རང་ཉིད་ནི་མཚོ་སྙིང་རི་ལ་ལུས། །མཉམ་འགྲོགས་སྐད་སྙན་གྱི་ཆུ་བྱའི་རིགས་རྣམས་བཞུད། །སྣ་ཚོགས་མེ་ཏོག་གི་མདོག་ཉམས་བསྐམས་ནས་ཐལ། །བུང་བས་གླུ་དབྱངས་དེ་མི་ལེན་ཚང་དུ་ཉལ། །གཡུ་འབྲུག་སྔོན་མོ་ཡི་ཚོགས་ཀྱིས་རྫ་རི་བསྙེགས། །རྩི་ཤིང་ཐམས་ཅད་ཀྱི་ཁ་དོག་སེར་སྐྱར་སོང་། །རི་མགོའི་ཁ་བ་དེ་རིམ་བཞིན་མར་མར་འབབ། །ན་ཚོད་རྒས་པ་དེ་རིམ་བཞིན་ཡར་ཡར་བསྙེགས། །གནས་ཚུལ་འདི་ཚོ་བསམ་སྐྱོ་བ་ནང་ནས་སྐྱེས། །ཟས་ནོར་ལོངས་སྤྱོད་ལ་ཞེན་པ་གཏིང་ནས་ལོག །སྒྲུབ་ལ་བརྩོན་པ་དེ་ངང་ངམ་ཤུགས་ཀྱིས་བྱུང་། །ཞེས་པ་འདི་ཡང་སྟོན་དུས་རི་མགོ་ཁ་བས་མནན་དུས་ཤིག་ཏུ་ཚོགས་དྲུག་རང་གྲོལ་གྱིས་བླངས་པའོ། །མི་ཤེས་མུན་པ་མཐུག་པོས་བློ་མིག་བསྒྲིབས། །འཁོར་བའི་གཡང་དུ་ལྷུང་བའི་ཉམ་ཐག་འགྲོ། །ཐར་བའི་བདེ་སར་ཁྲིད་པའི་ལམ་མཁན་
རྗེ། །ཅུང་ཟད་ངལ་གསོ་མཛད་ནས་བུ་ལ་དགོངས། །ཁྱོད་སྐུ་མཚན་དཔེའི་འདབ་བཞད་པདྨ་དཀར། །ལུང་རྟོགས་ཡོན་ཏན་བཅུད་ཀྱིས་གཏམས་མཐོང་ནས། །སྐལ་བཟང་ལུས་མཛེས་རྐང་དྲུག་གཞོན་ནུའི་ཚོགས། །མ་བོས་བཞིན་དུ་དབང་མེད་དྲུང་དུ་ལྷགས། །ཁྱོད་གསུང་ལེགས་བཤད་དབྱངས་སྙན་གཡུ་འབྲུག་སྒྲ། །མཐོན་པོའི་ཁྲི་ཡི་མཁའ་དབྱིངས་ནས་བསྒྲགས་ཚེ། །གདུལ་བྱ་བྱེ་བ་ཐེར་འབུམ་རྨ་བྱའི་ཚོགས། །དམའ་བའི་ས་ནས་དགའ་དད་ཟློས་གར་བསྒྱུར། །ཁྱོད་ཀྱི་མཁྱེན་པ་རྒྱ་ཆེན་ནམ་མཁའི་མཐའ། །རབ་འབྱམས་རྒྱལ་བའི་མཁའ་ལྡིང་ཀུན་འཕུར་ནས། །བསྐལ་པར་བཙལ་ཀྱང་འདི་ཞེས་མི་དམིགས་ན། །བདག་འདྲའི་བྱེའུའི་ཚོགས་ཀྱིས་སྨོས་ཅི་དགོས། །ཁྱོད་ཀྱི་བརྩེ་བའི་གྲུ་གཟིངས་གཅིག་པུ་ཡིས། །འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་འདི་མཐོང་ན། །ཕྱག་ན་པད་དཀར་འཆང་བའི་དེད་དཔོན་ཡང་། །སྐབས་འདིར་ཅུང་ཟད་ངལ་གསོ་མཛད་དམ་སྙམ། །བརྗེད་དང་ནོར་འཁྲུལ་སྤྲིན་གྱིས་མ་བསྒྲིབས་པར། །ཁྱོད་ཐུགས་མཁའ་ལ་བཀའ་དང་དགོངས་འགྲེལ་གྱི། །
ཉི་ཟླ་སྐར་ཚོགས་ཤར་འདིས་འགྲོ་ཀུན་གྱི། །མི་ཤེས་སྨག་རུམ་མཐུག་པོ་ཅིས་མི་སེལ། །རིག་པའི་གནས་ལྔའི་ལུས་སྟོབས་གཡུ་རལ་རྒྱས། །སེང་ཆེན་ཁྱོད་ཀྱིས་སྐལ་བཟང་གངས་ཁྲོད་དུ། །སྐྱོན་བྲལ་ལེགས་བཤད་ང་རོ་བསྒྲགས་པ་ན། །མཁས་རློམ་རི་དྭགས་བྱེ་བའང་ཟིལ་གྱིས་མནན། །ཁྱོད་ཐུགས་མཁའ་ལ་མཁྱེན་བརྩེའི་སྤྲིན་གློག་འཁྱུག །གསུང་དབྱངས་སྒྲ་བརྒྱ་བཞད་དང་ལྷན་ཅིག་ཏུ། །ལུང་རིགས་ཐོག་ཕབ་རྒོལ་ངན་བྲག་རི་བཅོམ། །སྙན་གྲགས་ཆར་ཆུ་ངལ་མེད་འགྲོ་འདི་མཚར། །ཟབ་རྒྱས་དོན་དང་འབྲེལ་བའི་གོས་ཀྱིས་བཀླུབས། །སྡེབ་ལེགས་ཚིག་གི་རྣ་ཆ་གདུ་བུས་སྤྲས། །ཁྱོད་གསུང་རྩོམ་པའི་བུ་མོ་མཛེས་མ་དེས། །མཁས་མང་གཞོན་ནུའི་ཡིད་འཕྲོག་ཡང་ཡང་བལྟ། །ཆོས་དང་ཟང་ཟིང་ནུ་ཞོ་ཟས་བྱིན་ནས། །ཐོས་བསམ་སྒོམ་གསུམ་ལུས་སྟོབས་རྒྱས་བྱེད་མ། །ཁྱོད་ཀྱི་དྲིན་དེ་བུ་ངས་བསམས་པའི་མོད། །རྩ་བའི་མའི་དྲིན་དྲན་པའི་གོ་སྐབས་འཕྲོག །རེབ་གོང་གསེར་མོ་ལྗོངས་ཀྱི་མཁའ་ན་མཛེས། །བསྡུ་བཞིའི་འོད་ཀྱིས་ཀུན་ལ་དགའ་བདེ་སྟེར། །སྔོན་མེད་གསར་དུ་ཤར་བའི་ཉི་གཞོན་
ཁྱོད། །ད་དུང་བདག་སོགས་པད་ཚལ་ཡུན་རིང་སྐྱོངས། །ཕྱག་མཛོད་གྲྭ་སློབ་གསེར་ཉ་རྩེ་བའི་གཞི། །འཕགས་ནོར་བདུན་གྱི་པདྨས་བརྒྱན་པའི་མཚོ། །ཁྱོད་ལ་སྐད་སྙན་འབྱིན་པའི་ངང་པ་ང་། །རིང་མིན་མྱུར་དུ་འཕྲད་པའི་སྨོན་ལམ་འཚལ། །འགྲོ་མགོན་ཁྱོད་ཀྱི་ལེགས་བཤད་ཟླ་བའི་གཟུགས། །བདག་བློ་དྭངས་པའི་ཆུ་གཏེར་ཆེན་པོའི་ཀློང་། །ཤར་བའི་མོད་ལ་དགའ་དད་དྲི་གཞོན་ལངས། །བསྟོད་ཚིག་ཡིད་འོང་རླབས་ཕྲེང་འདི་འཁྲུགས་སོ། །ཞེས་པ་འདི་ཡང་དྲིན་ཅན་བླ་མ་རྒྱལ་མཁན་ཆེན་རིན་པོ་ཆེའི་ཡིག་ལན་ཞིག་ཏུ་ཚོགས་དྲུག་རང་གྲོལ་གྱིས་ཕུལ་ལོ། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་ནས། །ཆུང་ནས་བཤད་སྒྲུབ་རྒྱལ་མཚན་དེ། །འབད་རྩོལ་དྲག་པོས་སྒྲེང་ལ་བརྩོན། །ཕ་བས་ལྷག་པའི་བུའི་དྲུང་དུ། །ཕ་རྒན་དགའ་སྤྲོའི་ཞུ་ཡིག་འབུལ། །ཆོས་རྒྱལ་ངག་གི་དབང་པོ་སོགས། །བཤེས་གཉེན་དུ་མའི་ཞབས་ལ་གཏུགས། །སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན། །ཅི་གསུངས་ཚད་མར་བཟུང་ནས་བསྒྲུབས། །བུ་ཁྱོད་རང་རིག་ལྷ་ལམ་དུ། །ཉམས་རྟོགས་རྟ་
བདུན་དཀྱིལ་འཁོར་རྒྱས། །མགུར་དབྱངས་འོད་སྟོང་འགྱེད་པའི་མོད། །གདུལ་བྱ་སྐལ་བཟང་བྱིས་པ་རྣམས། །ཆོས་བརྒྱད་གྲང་བས་འཁུམ་པ་དྲོས། །ཆོས་གཏམ་ཅ་ཅོ་དབང་མེད་ཤོར། །ཉམས་ལེན་རྩེད་མོ་བྱེད་དུ་བཅུག །བཀའ་དྲིན་ཆེའོ་སྙིང་གི་བུ། །བདག་ཀྱང་མཚན་ལྡན་བླ་མ་ཡིས། །གཞན་དོན་གྱིས་ཞེས་བཀའ་སྩལ་བཞིན། །སྐལ་ལྡན་གདུལ་བྱར་ཆོས་འཆད་བཞིན། །རི་གྲོང་མཚམས་ན་བདེ་བར་མཆིས། །ཆེད་ཞུ་དོན་གྱི་སྙིང་པོ་ནི། །སངས་རྒྱས་བསྟན་པ་གང་དང་གང་། །ཁྱད་པར་ཨ་ཏི་རྫོགས་ཆེན་བསྟན། །ཕྱོགས་བརྒྱ་ཀུན་ཏུ་དར་བ་དང་། །སྒོས་སུ་རང་ཡུལ་གདུལ་བྱ་རྣམས། །སྨིན་གྲོལ་མཛད་ཕྱིར་མྱུར་བྱོན་ལ། །ཟབ་རྒྱའི་ཆོས་ཀྱི་དགའ་སྟོན་སྩོལ། །ཞུ་ཡིག་ཡིག་ཆུང་རྟའི་སྟེང་དུ། །ཁ་དར་དར་ཡུག་དཀར་པོ་འཕངས། །སློབ་མ་མ་གྱུར་འགྲོ་མགོན་དྲུང་། །ཡར་ཚེས་ཚེས་གྲངས་བཟང་པོར་ཕུལ། །ཞེས་པ་འདི་ཡང་སྐུ་དྲིན་འཁོར་མེད་དྲིན་ཅན་རྩ་བའི་བླ་མ་འཇམ་དཔལ་རྡོ་རྗེ་རིན་པོ་ཆེས་བདག་གི་སྤྱི་བོར་བསྩལ་པའི་ལན་དུ། ཐོས་བསམ་སྒོམ་གསུམ་མཛད་པས་རང་རྒྱུད་གྲོལ། །འགྲོ་གཞན་ཁམས་གསུམ་འཁོར་བར་འཁྱམས་པ་
ཀུན། །མྱུར་དུ་སྐུ་གསུམ་གོ་འཕང་ལ་འགོད་ཕྱིར། །དབང་ལུང་ཁྲིད་གསུམ་གནང་བའི་བཀའ་དྲིན་ཅན། །མགོན་ཁྱོད་གཟུགས་སྐུ་ཡིད་བཞིན་ནོར་བུ་མཆོག །སྐྱེ་མེད་ཆོས་སྐུའི་རྒྱ་མཚོ་ཆེན་པོ་ནས། །སྔོན་སྨོན་རྣམ་དག་དེད་དཔོན་བཟང་པོས་དྲངས། །རེབ་གོང་ཡུལ་གྱི་རྒྱལ་མཚན་རྩེ་ན་མཛེས། །མི་འདོད་ཉེར་འཚེའི་འདམ་གྱིས་མ་གོས་པར། །མངོན་མཐོ་ངེས་ལེགས་བདེ་བས་ཕོངས་པ་ཡི། །གདུལ་བྱ་དབུལ་བོ་འདོད་པ་ཅན་དག་གིས། །མཆོད་ཅིང་རྩེ་གཅིག་གསོལ་བ་བཏབ་པའི་མོད། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་དགོས་འདོད་ནི། །ཆར་ལྟར་འབེབས་བཞིན་བཞུགས་ཞེས་གཏམ་སྙན་གྱི། །ཚངས་པའི་སྒྲ་དབྱངས་ཐོས་པས་བདག་གི་ཡིད། །ལྷ་བུ་གཞོན་ནུ་དགའ་དད་དཔག་མེད་ཐོབ། །ཕྲན་ཆུང་སློབ་བུ་བདག་གིས་མི་ལུས་གྲུར། །བརྟེན་ནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཡི། །ཕ་རོལ་སྒྲོལ་སྙམ་དམ་ཆོས་དར་འཕྱར་ནས། །བརྩོན་འགྲུས་མཐུན་པའི་རླུང་གིས་བསྐྱོད་བཞིན་ཡོད། །ད་རེས་མགོན་ལ་སྐྱབས་འཇུག་ཞུ་བ་ནི། །ད་ལྟ་ཆོས་སྒྲུབ་སྐལ་བ་ལྡན་པ་འདི། །ད་ངས་བསམས་
ཚེ་ཁྱོད་ཀྱི་དྲིན་དུ་འཁུམས། །ད་ལོ་ནས་བཟུང་ཚེ་ལོ་ཅི་ཡོད་བར། །ད་ལྟ་འདི་བཞིན་སྒྲུབ་པའི་མཆོད་པ་འབུལ། །ད་ཁྱེད་སྤངས་ནས་སྐྱབས་གཞན་ངས་མི་འཚོལ། །ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ད་དུང་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚོགས་དྲུག་རང་གྲོལ་བློ་ཡི་རྫིང་བུ་ནས། །ཞུ་ཡིག་འཛུམ་དགོད་བྱེད་པའི་པདྨ་འདི། །དད་གུས་ཕྱག་དང་བཅས་ཏེ་ཕུལ་བའི་མཐུས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཅེས་ཕུལ་ལོ། །འཕགས་ནོར་བདུན་གྱི་རྒྱལ་སྲིད་སྣ་བདུན་མངའ། །བཅུ་གཅིག་ཤེལ་དགོན་སུམ་ཅུ་རྩ་གསུམ་གནས། །གཟིམ་ཆུང་རྣམ་པར་རྒྱལ་བའི་ཁང་བཟང་དབུས། །བླ་མ་ལྷ་དབང་བརྒྱ་བྱིན་གཉིས་པའི་དྲུང་། །རི་ཁྲོད་དབེན་པའི་སྐྱེད་མོས་ཚལ་ཆེན་པོར། །ཉམས་ལེན་རྩེ་འཇོ་བྱེད་པའི་ལྷ་བུ་ངས། །ཞུ་ཡིག་འདབ་སྟོང་བཞད་པའི་པདྨ་ཞིག །ཟོལ་མེད་དད་པའི་ཕྱག་དང་བཅས་ཏེ་འབུལ། །མགོན་ཁྱོད་གཟུགས་སྐུ་ཉི་མ་གཞོན་ནུ་ལ། །ཉེར་འཚེའི་སྤྲིན་གྱིས་མ་བསྒྲིབས་བཞུགས་ཡོད་ཅེས། །གཏམ་སྙན་འོད་སྟོང་བདག་བློའི་པད་ཚལ་དུ། །ལྷུང་བས་དགའ་དད་རྩེ་དགའ་དགོད་བཞིན་
དུ། །བདག་ཀྱང་རི་ཁྲོད་དབེན་པའི་ས་མཁར་བཟུང་། །བླ་མའི་གདམས་ངག་གོ་ཁྲབ་མཚོན་ཆ་ཐོགས། །ཉོན་མོངས་དུག་ལྔའི་དགྲ་ལ་འཐབ་ན་ཡང་། །ཉེས་ལྟུང་འཆི་རྨས་མེད་པར་ད་བར་བདེ། །དགེ་ལེགས་བྱེ་བའི་ཆུ་ཤེལ་ལས་གྲུབ་པའི། །སྔོན་མེད་གསར་དུ་བྱུང་བའི་མགོན་ཁྱོད་སྐུའི། །ཟླ་གཞོན་མདོ་སྨད་ཤར་རིའི་རྩེར་འཕགས་པ། །བསྟན་འཛིན་རྒྱུ་སྐར་ཀུན་གྱི་རྒྱན་དུ་གྱུར། །ཐུགས་དགོངས་རབ་དཀར་གངས་རི་རྣར་སྙན་གྱི། །གསུང་གི་ཉི་འོད་ལྷུང་ནས་བཞུས་པའི་མོད། །སྙན་གྲགས་ཆུ་རྒྱུན་ཁོར་ཡུག་རི་བོའི་བར། །འགྲོ་འདི་གངྒཱའི་རྒྱུན་ལ་འགྲན་པ་འདྲ། །ཐུགས་ཀྱི་མཁའ་ན་མཁྱེན་བརྩེའི་ཁྱུང་ཆེན་གཉིས། །འགྲོ་དོན་ལྷོ་བྱང་འགྲིམས་པ་མཐོང་བའི་མོད། །ཕྱི་རོལ་མཁའ་ལ་བྱ་དང་བྱེའུའི་ཚོགས། །བརྒྱ་སྟོང་འགྲོ་ལ་ལྟ་བའི་སྐབས་རྣམས་བཅོམ། །གདུལ་བྱ་འདོད་ལྷ་དཔག་མེད་བརྟེན་པའི་གཞི། །ཐབས་མཁས་བསྡུ་བ་རྣམ་བཞིའི་བང་རིམ་ཅན། །གཟུགས་སྐུའི་ལྷུན་པོ་གཡོ་མེད་བསྐལ་བརྒྱའི་བར། །བཞུགས་ཞེས་སོར་བཅུས་ཐལ་སྦྱར་གསོལ་བ་འདེབས། །སྔོན་གྱི་རྒྱལ་
སྲས་སེང་ཆེན་དཀར་མོའི་ཚོགས། །ཉམས་རྟོགས་གཡུ་རལ་ངོམ་ཞིང་འགྱིང་བའི་ས། །དབེན་པའི་གངས་ཁྲོད་ཉལ་བའི་སེང་ཕྲུག་ངར། །ལུང་རྟོགས་གཡུ་རལ་རྒྱས་པའི་སྐྱབས་འཇུག་ཞུ། །དཔག་མེད་ཡོན་ཏན་འདོད་དགུ་འབྱུང་བའི་གནས། །འགྲོ་མགོན་ཡིད་བཞིན་ནོར་བུ་རིན་ཆེན་ལ། །རི་ཁྲོད་རྒྱ་མཚོའི་གླིང་ནས་འཁྱམས་པ་ཡི། །དེད་དཔོན་བདག་ནི་མྱུར་དུ་མཇལ་བར་སྨོན། །ཞུ་ཡིག་མི་མཐུན་མེད་པའི་ཙན་དན་ཤིང་། །དྲི་མེད་ལྷ་རྫས་གླང་ཆེན་ཞིག་ལ་བཀལ། །མཚོ་སྙིང་རྒྱ་གར་འཕགས་པའི་ཡུལ་ནས་ཕུལ། །ཁྱེད་དྲུང་དགེ་ལེགས་དྲི་ཡིས་ཁྱབ་གྱུར་ཅིག །ཅེས་པ་འདི་ཡང་མཚུངས་མེད་བླ་མ་ཆུ་དམར་རིན་པོ་ཆེ་ལ་བདེ་ཞུས་སུ་ཚོགས་དྲུག་རང་གྲོལ་གྱིས་ཕུལ་བའོ། །མི་ནོར་མང་པོ་ཡོད་ཚད་རྒྱབ་ཏུ་སྤངས། །བླ་མ་མང་བསྟེན་ཟབ་རྒྱས་གདམས་པ་ཐོབ། །རི་ཁྲོད་མང་བསྟེན་རྩེ་གཅིག་སྒྲུབ་པ་མཛད། །ཡོན་ཏན་མང་པོ་མངའ་བའི་མགོན་དེའི་དྲུང་། །ཕྲན་ཆུང་བྱམས་པ་ཆོས་དར་ཞེས་བྱ་ངས། །སྒོ་གསུམ་གུས་པས་ཞུ་ཡིག་འབུལ་བའི་འབྲས། །མགོན་ཁྱོད་གཟུགས་སྐུ་བདེ་ཞེས་ཐོས་པས་སྤྲོ། །བདག་ཀྱང་མཆོག་གསུམ་ཐུགས་རྗེས་ཟག་
ཕུང་བདེ། །ད་ནི་མགོན་ཁྱོད་རི་ཁྲོད་གཞན་མ་འགྲིམས། །རང་ཡུལ་གདུལ་བྱའི་མགོན་དུ་བཞུགས་གསོལ་འདེབས། །བདག་ཀྱང་ཟབ་གསལ་ཐུགས་ཀྱིས་མ་འདོར་བར། །ཆོས་མགོ་མཐའ་རུ་ཐོན་པའི་སྐྱབས་འཇུག་ཞུ། །ཞོ་འོང་སྟེང་འོག་དད་ཅན་ཕོ་མོ་རྣམས། །འབྲེལ་ཚད་དོན་ལྡན་དགེ་བའི་བཤེས་གཉེན་འདི། །སླར་ཡང་རང་ཡུལ་ཕེབས་པ་སྐལ་བ་བཟང་། །ཀུན་གྱིས་མཆོད་བསྟོད་བཀུར་དང་འབྲེལ་ཚད་རྣམས། །ཚེ་འདིར་ཚེ་རིང་ནད་མེད་འབྱོར་བ་རྒྱས། །ཕྱི་མར་བདེ་བ་ཅན་དུ་འདྲེན་པར་ངེས། །ཞེས་པ་མཚོ་སྙིང་དབེན་པའི་དགའ་ཚལ་ནས། །ཡར་ངོས་ཟླ་ཚེས་བཟང་པོ་ཞིག་ལ་ཕུལ། །ཞེས་པ་འདི་ཡང་ལུང་རྟོགས་ཡོན་ཏན་དུ་མས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་སྨྱུང་གནས་པ་རིན་པོ་ཆེའི་དྲུང་དུ་ཚོགས་དྲུག་རང་གྲོལ་གྱིས་ཕུལ་བའོ། །མཁྱེན་བརྩེ་ནུས་པའི་མངའ་བདག །བསྟན་པའི་གསལ་བྱེད་དམ་པ། །གྲུབ་དབང་མཆོག་གི་ཞབས་ཟུང་། །འཁོར་ལོས་མཚན་པའི་དྲུང་དུ། །གུས་ཕྲན་སྨན་པས་ཞུ་འབྲས། །དགེ་ལེགས་བྱེ་བའི་དཔལ་ལས། །ལེགས་འཁྲུངས་མགོན་ཁྱོད་མཛེས་སྐུ། །ཆུ་ཤེལ་མངོན་པར་དྭངས་ཤིང་། །
འཕྲིན་ལས་བསིལ་ཟེར་ཕྲེང་བ། །ཕྱོགས་བཅུར་སྤྲོ་བཞིན་འགྲོ་ཀུན། །ཕན་བདེའི་དཔལ་ལ་འགོད་པ། །བཀའ་དྲིན་ཤིན་ཏུ་ཆེའོ། །བདག་ཀྱང་མཆོག་གསུམ་དྲིན་ལས། །སྒྱུ་ལུས་ད་བར་བདེ་ལགས། །ཆེད་གསོལ་བརྩེ་བའི་མངའ་བདག །ཁྱེད་ཀྱིས་སེམས་ཅན་ཐམས་ཅད། །ཐར་བའི་ས་ལ་འགོད་པའི། །ཁུར་དུ་བཞེས་མོད་ཡང་སྒོས། །ཆུང་ནས་འདྲིས་ཆ་ཆེ་བའི། །རྡོ་རྗེ་སྤུན་གྲོགས་བདག་ལ། །རིག་པ་གཏད་ནས་ཉོན་མོངས། །འཆིང་བ་ལས་གྲོལ་ཐར་བའི། །ལམ་ལ་འགོད་པའི་སྐྱབས་འཇུག །ཁྱད་པར་ཇོ་བོ་ཆེན་པོ། །དགའ་ལྡན་ཞིང་ན་བཞུགས་དུས། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས། །རྭ་སྒྲེང་ལྷ་ཁང་བཞེངས་ནས། །གསོལ་བ་དྲག་ཏུ་བཏབ་པའི། །མཐུ་ལས་རབ་གནས་མེ་ཏོག །ཐོར་བ་ལ་སོགས་བྱིན་རླབས། །དངོས་སུ་ཕེབས་པ་ལྟ་བུའི། །བདག་ཀྱང་འདི་ནས་ཉིད་ལ། །ཉིན་བཞིན་གསོལ་བ་དྲག་ཏུ། །འདེབས་དང་འདེབས་མུར་ལགས་ན། །འདི་ནས་འཕོས་ཚེ་སྐྱེ་བ། །གཞན་གྱིས་བར་མི་ཆོད་པར། །བདེ་བ་ཅན་དུ་སྐྱེ་བའི། །རྟགས་ནི་ཡང་དག་བདག་ལ། །འོང་བའི་སྐྱབས་འཇུག་
ཐུགས་སྲུང་། །རྡོ་རྗེའི་རྭ་གུར་དག་ནས། །ནམ་ཡང་འདོར་མེད་མཁྱེན་མཁྱེན། །སྨན་པ་ན་ཆུང་གཞོན་ནུས། །ཞུ་ཡིག་སྒྲ་སྙན་པི་ཝང་། །གཏན་གྱི་སྐྱབས་ཁྱོད་སྙན་དུ། །ཟླ་ཚེས་བཟང་པོར་བརྡུངས་སོ། །ཞེས་པ་འདི་ཡང་ལུང་རྟོགས་ཡོན་ཏན་དུ་མའི་མཛོད་ལ་མངའ་བརྙེས་པའི་ཆོས་འབྲེལ་ཆེ་བའི་དྲིན་ཅན་བླ་མ་སྨན་རྒན་རིན་པོ་ཆེས་རྡོ་རྗེའི་སྤུན་གྲོགས་ཀྱི་ཚུལ་དུ་བདག་གི་སྤྱི་བོར་བསྩལ་བའི་ལན་དུ། བཀའ་བརྒྱུད་གོང་མ་རྣམས་ལྟར་རང་རྒྱུད་གྲོལ། །བཀའ་གདམས་བླ་མ་རྣམས་བཞིན་སངས་རྒྱས་ཀྱི། །བཀའ་དང་དགོངས་འགྲེལ་ཐམས་ཅད་གདམས་པར་ཤར། །བཀའ་དྲིན་མཉམ་མེད་བླ་མ་རིན་པོ་ཆེ། །མགོན་ཁྱོད་གཟུགས་སྐུ་ཟླ་བ་གཞོན་ནུ་དེ། །མ་ཡི་མངལ་སྒོའི་སྤྲིན་གྱིས་མ་བསྒྲིབས་པར། །བསིལ་ལྡན་བོད་ཡུལ་ལྷ་ལམ་ཡངས་པ་ཡི། །རྒྱན་དུ་ཤར་བའི་མོད་ལ་བསྟན་འཛིན་གྱི། །སྐྱེས་བུ་རྒྱུ་སྐར་ཐམས་ཅད་ཟིལ་གྱིས་མནན། །ཐབས་མཁས་བསྡུ་བཞིའི་བསིལ་ཟེར་འགྱེད་པའི་མོད། །སྐལ་བཟང་གདུལ་བྱ་ཀུ་མུད་ཁྱོད་དྲུང་ཕྱོགས། །དགའ་དད་འཛུམ་དགོད་མང་པོ་བྱེད་འདི་མཚར། །ཕྲན་ཆུང་བདག་གི་སྒྱུ་ལུས་ཁང་རུལ་སྟེང་། །ཞག་
དང་ཟ་མའི་ཆར་ཆུ་རྒྱུན་དུ་བབས། །ལོ་དང་ཟླ་བའི་ཐིགས་ཆུས་བརྡུངས་སྟབས་ཀྱིས། །ཡིད་བརྟན་མེད་རུང་ད་དུང་མ་ཞིག་གདའ། །མགོན་ཁྱོད་ཚོགས་གཉིས་ཚེ་འདིར་གོམས་པའི་མཐུས། །ནམ་ཞིག་གཤེགས་པའི་ཚེ་ན་བདེ་བ་ཅན། །ཞེས་བྱའི་ཞིང་དུ་ཚེ་རབས་ཕྱི་མ་ལ། །སྐྱེ་ངེས་སྐྱེས་པའི་ཚེ་ན་ང་མ་འདོར། །བདག་བློ་རྒྱལ་ཆེན་རིགས་བཞིའི་ལྷ་གནས་ནས། །ཞུ་ཡིག་ལྷ་བུ་གཞོན་ནུ་མཛེས་པ་ཞིག །དྲི་མེད་ལྷ་རྫས་ལག་གཉིས་རྐྱོང་བཞིན་དུ། །བླ་མ་ལྷ་དབང་བརྒྱ་བྱིན་དྲུང་དུ་ཐལ། །ཞེས་ཕུལ་ལོ། །རབ་འབྱམས་རྒྱལ་བ་ཀུན་ལས། །རབ་མང་འགྲོ་བ་མཐའ་དག །རབ་འཇིགས་འཁོར་བའི་མཚོ་ལས། །རབ་སྒྲོལ་སྐྱབས་མཆོག་གང་དེར། །མགོན་ཁྱོད་སྲས་ཀྱི་ཐུ་བོ། །རིགས་བདག་རིག་འཛིན་ཟླ་བས། །གསུང་གི་བདུད་རྩིས་འཚོ་བའི། །ངག་དབང་ཡོན་ཏན་ཞུ་འབྲས། །གང་ཐུགས་བདེ་ཆེན་མཁའ་ལས། །བྱམས་བརྩེའི་སྤྲིན་དཀར་འཁྲིགས་ཤིང་། །ཞལ་གདམས་དབྱར་རྔ་སྒྲོག་བཞིན། །གནང་སྐྱེས་སྦྲང་ཆར་ཕབ་པས། །བདག་ཡིད་ཞིང་ས་བརླན་ཏེ། །དགའ་བདེའི་སྙེ་མ་རྒྱས་ཤིང་། །དད་གུས་ལོ་
འབྲས་སྨིན་པས། །རང་རིགས་ཞིང་ས་མགུའོ། །ཞུ་གསོལ་དོན་གྱི་སྙིང་པོར། །དེང་ནས་བྱང་ཆུབ་བར་དུ། །ཁྱེད་རང་ཡབ་སྲས་གཉིས་ལས། །རེ་སའི་སྐྱབས་གཞན་མེད་པས། །དུས་དང་རྣམ་པ་ཀུན་ཏུ། །ཐུགས་རྗེའི་ལྕགས་ཀྱུ་རྣོན་པོས། །འབྲལ་མེད་རྗེས་སུ་བཟུང་ནས། །ཐུགས་ཡིད་འདྲེས་པར་བྱིན་རློབས། །རྣམ་མང་སྐྱེ་འཕགས་ཡོངས་ཀྱི། །རྣམ་དཀར་དགེ་ཚོགས་རླབས་ཆེན། །རྣམ་ཀུན་གཅིག་ཏུ་བསྡུས་ཏེ། །རྣམ་འདྲེན་གཉིས་པ་ཁྱོད་ཀྱི། །ཞབས་ཟུང་འགྱུར་མེད་བརྟན་ཅིང་། །གསང་ཆེན་བསྟན་པ་རྒྱས་ཕྱིར། །ཞབས་རྡུལ་སྤྱི་བོར་ལེན་པའི། །གསང་སྔགས་སྤྱོད་པས་འབུལ་ལོ། །བརྩེ་གཟིགས་ཆེན་པོས་དགོངས་ནས། །ཞལ་དཀྱིལ་མྱུར་དུ་མཇལ་བའི། །རྟེན་འབྲེལ་སྨོན་ལམ་འཚལ་ལོ། །དེ་བཞིན་འགྲུབ་པར་གྱུར་ཅིག །གཞི་ལམ་འབྲས་བུར་འབྲེལ་བའི། །ཞལ་གདམས་ཟབ་པའི་མཐར་ཐུག །བདག་གཞན་ཡོངས་ལ་ཕན་ཕྱིར། །ཅི་ནས་གནང་བར་འཚལ་ལོ། །སྐབས་སུ་དད་པའི་རྟེན་དུ། །ཕྱག་ཐམ་དབུ་སྐྲ་ན་བཟའ། །སྤྱི་བོར་སྩོལ་བའི་བཀའ་དྲིན། །རེ་
བ་དོན་ལྡན་མཁྱེན་མཁྱེན། །ཞུ་ཡིག་ལྷ་རྫས་བཅས་པ། །རི་ཁྲོད་བཀྲ་ཤིས་འཁྱིལ་ནས། །དད་གུས་ཕྱག་དང་བཅས་པས། །དུས་ཚེས་དགེ་བར་ཕུལ་ལོ། །ཞེས་པ་འདི་ནི་དད་གཏོང་བློ་གྲོས་དང་ལྡན་པའི་ངག་དབང་ཡོན་ཏན་གྱིས་བསྐུར་བའི་ལན་དུ། ས་གསུམ་ན་ཟླ་མེད། །ཀུན་མཁྱེན་པའི་ཀློང་ཆེན། །རབ་འབྱམས་ཁོང་བདག་སྙིང་། །པདྨོ་རུ་བཞུགས་ཤིག །རྫོགས་ཆེན་གྱི་གཞི་ལམ། །འབྲས་གསུམ་གྱི་རྣམ་གཞག །མགྲིན་པ་རུ་བཏེགས་ནས། །གླུ་དབྱངས་སུ་ལེན་ནོ། །དང་པོ་གཞིའི་སྐབས་སུ། །ཅི་འདྲ་ལས་ཟེར་ན། །ནམ་མཁའ་ནི་ཡངས་པ། །ཁ་དོག་དང་དབྱིབས་མེད། །མཐའ་དབུས་མེད་ཁྱབ་གདལ། །སྟོང་གསལ་ནི་ཇི་བཞིན། །རང་རིག་ནི་སྟོང་གསལ། །ཁ་དོག་དང་དབྱིབས་མེད། །མཐའ་དབུས་མེད་ཁྱབ་གདལ། །ཆོས་སྐུ་རུ་གནས་སོ། །ནམ་མཁའ་ལ་ཉི་ཟླ། །གཟའ་སྐར་གྱི་ཚོགས་རྣམས། །དང་པོ་ནས་ཡོད་བཞིན། །ཆོས་སྐུ་ཡི་དབྱིངས་ན། །གཟུགས་སྐུ་དང་ཡེ་ཤེས། །ལྷུན་གྲུབ་ཏུ་གནས་སོ། །གློ་བུར་དུ་སྤྲིན་རྣམས། །ནམ་མཁའ་ལ་འཁྲིགས་ནས། །ནམ་མཁའ་དང་ཉི་ཟླ། །གཟའ་སྐར་རྣམས་སྒྲིབ་བཞིན། །
གློ་བུར་དུ་མ་རིག །ཉོན་མོངས་ལས་རྣམས་བྱུང་། །ཆོས་སྐུ་དང་གཟུགས་སྐུ། །ཡེ་ཤེས་རྣམས་བསྒྲིབས་སོ། །བར་དུ་ལམ་བསྒོམ་ཚེ། །ཅི་འདྲ་ཡིན་ཟེར་ན། །སྐྱི་བསེར་གྱི་རླུང་ཆེན། །ཤུགས་དྲག་ནི་ལྡང་བཞིན། །མཚན་ལྡན་གྱི་བླ་མ། །ཡུན་རིང་དུ་བསྟེན་ནས། །རྫོགས་ཆེན་གྱི་གདམས་པ། །ཐོས་བསམ་བྱས་ཇི་བཞིན། །ཤེས་པའི་ཚེ་དབེན་པར། །རྩེ་གཅིག་ཏུ་བསྒོམ་དགོས། །མཐར་ཐུག་གི་འབྲས་བུ། །ཅི་འདྲ་ཡིན་ཟེར་ན། །ལྷོ་སྤྲིན་རྣམས་དག་ནས། །ནམ་མཁའ་དང་ཉི་ཟླ། །གཟའ་སྐར་རྣམས་གསལ་བཞིན། །ལས་ཉོན་དང་མ་རིག །སྒྲིབ་པ་ཀུན་དག་ནས། །ཆོས་སྐུ་དང་གཟུགས་སྐུ། །ཡེ་ཤེས་ལྔ་མངོན་ནོ། །ཟླ་བ་ཡང་རིམ་བཞིན། །གནམ་སྟོང་གི་དུས་སུ། །མི་སྣང་བ་བཞིན་དུ། །གཟུགས་སྐུ་དང་ཡེ་ཤེས། །ཆོས་སྐུ་ཡི་དབྱིངས་སུ། །མི་སྣང་བར་ནུབ་ནས། །སྟོན་དུས་ཀྱི་ཐོ་རངས། །ནམ་མཁའ་ནི་ཇི་བཞིན། །ཆོས་སྐུ་ལས་ནམ་ཡང་། །འགྱུར་བ་ནི་མེད་དོ། །ཆོས་སྐུ་ལས་གཟུགས་སྐུ། །འགག་མེད་དུ་ཤར་ནས། །སེམས་ཅན་དོན་མཛད་དུས། །ཅི་འདྲ་
ཡིན་ཟེར་ན། །ནམ་མཁའ་ནི་ཅུང་ཟད། །མ་གཡོས་པ་བཞིན་དུ། །སླར་ཡང་ནི་ཟླ་བ། །ཕྱི་རོལ་ཏུ་སྣང་ནས། །འོད་དཀར་ནི་འགྱེད་བཞིན། །ཆོས་སྐུ་ལས་ཅུང་ཟད། །མ་གཡོས་པ་བཞིན་དུ། །ལོངས་སྐུར་ནི་སྣང་ནས། །སར་གནས་ཀྱི་བྱང་ཆུབ། །སེམས་དཔའ་རྣམས་དོན་མཛད། །ཟླ་བ་ཡི་གཟུགས་བརྙན། །ས་སྟེང་ན་ཡོད་ཚད། །དྭངས་པའི་མཚོར་སྣང་བཞིན། །སྤྲུལ་བའི་སྐུ་གྲངས་མེད། །ཕྱོགས་བཅུ་རུ་སྣང་ནས། །འགྲོ་དྲུག་གི་སེམས་ཅན། །མ་ལུས་པའི་དོན་མཛད། །ཆུ་སྣོད་ནི་མེད་ན། །ཟླ་བ་ཡི་གཟུགས་བརྙན། །མི་སྣང་བར་ནམ་མཁའི། །ཟླ་བ་ལ་ཐིམ་བཞིན། །སྤྲུལ་སྐུ་དེ་མི་སྣང་། །ལོངས་སྐུ་ལ་ཐིམ་མོ། །གནམ་སྟོང་དུས་ཟླ་བ། །མི་མཐོང་བ་བཞིན་དུ། །སར་གནས་ཀྱི་བྱང་སེམས། །གདུལ་བྱ་རྣམས་མེད་ན། །ལོངས་སྐུ་ཡང་གཞི་ཡི། །ཆོས་སྐུ་ལ་ཐིམ་མོ། །བཅོ་ལྔ་ཡི་ཟླ་བ། །གནམ་སྟོང་གི་དུས་སུ། །གཏན་མེད་དུ་མ་སོང་། །སྣང་རྒྱུ་ཡང་མེད་བཞིན། །གཟུགས་སྐུ་གཉིས་གཞི་ཡི། །ཆོས་སྐུ་རུ་ཐིམ་དུས། །གཏན་མེད་དུ་མ་སོང་། །གང་དུ་ཡང་མི་སྣང་། །གདུལ་བྱ་རྣམས་ཡོད་དུས། །
སྔར་བཞིན་དུ་སྣང་ནས། །འགྲོ་དོན་ལས་ནམ་ཡང་། །རྒྱུན་ཆད་ནི་མེད་དོ། །གླུ་དབྱངས་འདི་སློབ་དཔོན། །པད་འབྱུང་ནི་སླར་ཡང་། །མི་གཟུགས་སུ་ཤར་བ། །ཀུན་མཁྱེན་གྱི་ཀློང་ཆེན། །རབ་འབྱམས་པའི་ལེགས་བཤད། །ས་གསུམ་གྱི་སྒྲོན་མེ། །མཛོད་བདུན་གྱི་དྲིན་ལས། །པད་འབྱུང་གི་བུ་རྒྱུད། །རྣལ་འབྱོར་པ་ཚོགས་དྲུག །རང་གྲོལ་ངས་བླངས་སོ། །དགེ་བ་འདིས་འགྲོ་བས། །དགོས་འདོད་ནི་ཀུན་འབྱུང་། །རང་རིག་གི་ནོར་བུ། །རིང་མིན་དུ་རྙེད་ནས། །སྲིད་ཞི་ཡི་དབུལ་ཕོངས། །མ་ལུས་པ་སེལ་ཤོག །ཅེས་སྨྲས་སོ། །གང་ཐུགས་དྲི་མེད་རབ་དཀར་བུམ་བཟང་པོར། །གསང་ཆེན་ཆོས་ཀྱི་བདུད་རྩི་རྟག་འཁྱིལ་ཞིང་། །རྨད་བྱུང་བྱམས་བརྩེའི་དར་གྱི་ཤམ་བུ་མཛེས། །འགྲོ་ཀུན་རེ་འདོད་སྐོང་མཛད་གང་དེའི་དྲུང་། །གུས་ཕྲན་དགེ་སྦྱོང་གཟུགས་འཛིན་བྱ་བཏང་བ། །ངག་དབང་རྒྱལ་མཚན་མིང་ཅན་ངས་ཞུ་འབྲས། །མགོན་ཁྱོད་མཛད་བཟང་སྙན་པའི་པི་ཝང་སྒྲ། །རིང་དུ་ཐོས་པས་དགའ་དད་དཔག་མེད་ཐོབ། །འདི་ན་ཆོས་མེད་སྨྱོན་པའི་ཟློས་གར་མཁན། །ཆོས་པའི་
གཟུགས་བརྙན་ཁུར་དུ་བཟུང་བ་བདག །ཉིད་ཀྱི་ཐུགས་རྗེས་བསྐྱངས་པའི་གྲུབ་དབང་མཆོག །རིག་འཛིན་ཟླ་བའི་གསུང་གིས་འཚོ་བཞིན་ལགས། །སྔ་སོར་ཉིད་ཀྱི་ཞལ་མཆོག་མ་མཐོང་ཀྱང་། །གསང་གསུམ་རྣམ་ཐར་ཕྱོགས་ཙམ་ཐོས་པའི་མོད། །འགྱུར་མེད་དད་གུས་ཐོབ་ལ་ཟོག་མ་མཆིས། །དེ་ཕྱིར་མགོན་ཁྱོད་ཐུགས་རྗེ་ཆེན་པོ་ཡིས། །དུས་རྣམ་ཀུན་ཏུ་འབྲལ་མེད་རྗེས་འཛིན་ངོས། །གསང་སྔགས་ལྟ་སྒོམ་སྤྱོད་འབྲས་ཚུལ་སྦྱར་བའི། །ཞལ་གདམས་གོ་སླ་མགུར་དུ་བཞེངས་པ་དང་། །ཕྱག་ཐམ་ན་བཟའ་དད་གུས་རྟེན་དུ་ཞུ། །རེ་འབྲས་དོན་དང་ལྡན་པ་བླ་མ་མཁྱེན། །བདག་ནི་དེང་ནས་ཇི་སྲིད་འཚོ་ཡི་བར། །རི་ཁྲོད་དབེན་པར་སྡོད་པའི་དམ་བཅའ་དང་། །དགེ་སྦྱོར་གང་བྱས་མགོན་ཁྱོད་ཞབས་བརྟན་དུ། །འབུལ་ཞིང་བདག་ལུས་འབྱུང་བཞི་སྙོམས་པ་ནས། །མྱུར་དུ་མཇལ་བའི་སྨོན་འདུན་ཡང་དག་འཚལ། །རབ་གུས་ཞུ་ཡིག་ལུས་མཛེས་རྐང་དྲུག་ལྡན། །ལྷ་རྫས་དར་གྱི་གཤོག་རླབས་རབ་བསྐྱོད་དེ། །ཁྱོད་ཞབས་རབ་དཀར་དྲི་མ་མེད་པ་དེ། །ཕྱོགས་བཅུར་བཞད་པའི་ཁོར་ཡུག་བསྙེགས་བུད་ཐལ། །ཞེས་པ་
འདི་ཡང་བྱ་བཏང་རི་ཁྲོད་པ་ངག་དབང་རྒྱལ་མཚན་གྱིས་བསྐུར་བའི་ལན་དུ། ཕ་རྒན་ཆོས་རྒྱལ་ཞབས་ལ་འདུད། །ཕ་ཡི་རྗེས་བཟུང་བུ་བདག་དང་། །ཕ་མ་སེམས་ཅན་ཐམས་ཅད་ལ། །ཕ་ཁྱེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚོགས་དྲུག་རང་གྲོལ་བུང་བ་ཡིས། །རི་ཁྲོད་དབེན་པའི་པད་ཚལ་ན། །ཉམས་ལེན་འཕུར་ལྡིང་གཡོ་བཞིན་དུ། །རྣར་སྙན་གླུ་དབྱངས་དར་དིར་སྒྲོག །ཟླ་མེད་བླ་མ་དུ་མའི་ཐུགས། །དྲི་མེད་ཤེལ་དཀར་བུམ་བཟང་གི །འཁྲུལ་མེད་ཟབ་རྒྱས་གདམས་པའི་བཅུད། །ངོམས་མེད་འཐུང་མཁས་གྲོགས་ཁྱོད་ཉོན། །སེམས་ཅན་བློ་ནི་མི་རིག་པས། །བསྒྲིབས་ནས་འཁོར་བར་འཁྱམས་པ་ཡིན། །མ་རིག་པ་དེ་སེལ་བ་ལ། །གདམས་ངག་གཅིག་པོ་འདི་ལས་མེད། །དཔེར་ན་འཇའ་སྤྲིན་ཉི་ཟླ་རྣམས། །ནམ་མཁའ་གཅིག་པུའི་ཆོ་འཕྲུལ་ཡིན། །འཁོར་འདས་ཆོས་རྣམས་མ་ལུས་པ། །སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཡིན། །སེམས་ལ་ལྟོས་དང་ངོས་བཟུང་མེད། །སྟོང་གསལ་ནམ་མཁའ་ཡངས་པ་འདྲ། །གསལ་སྟོང་རྗེན་ནེ་ཡེ་རེ་བ། །ཟང་ཐལ་སྨྲ་བསམ་བརྗོད་དུ་མེད། །རང་གི་
ཉམས་སུ་མྱོང་རྒྱུ་ཞིག །འདུག་པ་དེ་ཉིད་ལྟ་བ་ཡིན། །སྟོང་གསལ་ངང་ལ་ཡེངས་མེད་དུ། །རྒྱུན་དུ་གནས་པ་སྒོམ་པ་ཡིན། །ཅི་ལྟར་འདུག་ཀྱང་གསལ་སྟོང་དང་། །འབྲལ་མེད་བྱེད་པ་སྤྱོད་པ་ཡིན། །སྟོང་གསལ་ཟང་ཐལ་རྗེན་པ་དེ། །མངོན་དུ་གྱུར་པ་འབྲས་བུ་ཡིན། །རྣལ་འབྱོར་བདག་གི་སྙིང་གཏམ་འདི། །ཆོས་སེམས་འདྲེས་པའི་སྙིང་གི་གྲོགས། །རྒྱུན་དུ་མ་བརྗེད་སྙིང་དུ་ཆོངས། །ཉམས་རྟོགས་ཉི་མ་སྙིང་དབུས་འཆར། །ཆོས་ཀུན་སྙིང་བོ་ལྟ་མགུར་འདི། །ཆོས་རྒྱལ་ངག་གི་དབང་པོ་ཡིས། །ཆོས་བཞིན་བརྩེ་བས་བསྐྱངས་པའི་བུ། །ཆོས་པ་ཚོགས་དྲུག་རང་གྲོལ་བླངས། །དགེ་འདིས་སེམས་ཉིད་ནམ་མཁའ་ཡི། །མ་རིག་ཉོན་མོངས་སྤྲིན་རྣམས་ཡལ། །སྐུ་དང་ཡེ་ཤེས་ཉི་ཟླ་དེ། །འགྲོ་བ་ཀུན་གྱིས་མཐོང་བར་ཤོག །ཅེས་སྨྲས་པའོ། །པད་འབྱུང་མཁྱེན་བརྩེ་ལྷ་ཡི་ལམ་ལས་ཤར། །མི་དབང་ཉི་མ་ཡོན་ཏན་འོད་སྟོང་ཅན། །གང་དེའི་ཞབས་པད་གུས་པས་རབ་བསྟེན་ནས། །ཚོགས་གཉིས་ལེགས་བསགས་མཐུ་ལས་ཚེ་གཅིག་ལ། །སངས་རྒྱས་གོ་འཕང་བརྙེས་ཀྱང་འགྲོ་བ་ཀུན། །སྲིད་ལས་སྒྲོལ་ཕྱིར་
དམ་བཅའ་བརྟན་པོ་ཡིས། །སྒྲུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་པའི་མོད། །སྙན་གྲགས་དབྱར་རྔས་ས་གསུམ་ཡོངས་ལ་ཁྱབ། །བདག་སོགས་མདོངས་ལྡན་གདུལ་བྱའི་ཚོགས་རྣམས་ཀུན། །དབང་མེད་དགའ་སྤྲོའི་གར་སྟབས་འཁྲབ་ཏུ་བཅུག །དལ་ཐོབ་སེར་གཟུགས་བདག་ནི་བསྟན་པའི་སྒོར། །ཞུགས་ནས་བསླབ་གསུམ་མནོས་ཀྱང་སྔོན་བསགས་ཀྱི། །བསོད་ནམས་དམན་པའི་མཐུ་ཡིས་མི་མཐུན་པའི། །རྐྱེན་གྱིས་དྲན་ཤེས་བག་ཡོད་ལྷོད་གྱུར་ཀྱང་། །ཕྱི་རུ་ཝ་སྐྱེས་རྣམ་ཐར་འཛིན་བདག་ལ། །མགོན་ཁྱོད་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། །ཞལ་གདམས་བྱིན་རྟེན་དབུ་ལོ་ན་བཟའ་བཅས། །མཐོང་ཐོས་དྲན་རེག་ཀུན་གྲོལ་རྟེན་མཆོག་སྩོལ། །རྣམ་འདྲེན་སྲས་ཀྱི་ཐུ་བོ་སྙིང་སྟོབས་ཅན། །བསྟན་འགྲོ་ཡོངས་ཀྱི་མཛེས་རྒྱན་སྐྱབས་གཅིག་པུ། །བདེ་ལྡན་ཞིང་གི་མགོན་བཞིན་བསྐལ་བརྒྱའི་བར། །ཞབས་ཟུང་རྡོ་རྗེའི་ཁྲི་ལ་བཞུགས་ངོས་ནས། །བདག་ཅག་འདིར་འཁོད་མཆེད་ལྕམ་འདུས་ཚོགས་ཀྱི། །འགལ་རྐྱེན་ནད་གདོན་བར་ཆད་ཀུན་ཞི་ནས། །མཐུན་རྐྱེན་ལེགས་
ཚོགས་ཆེས་ཆེར་འཕེལ་བ་དང་། །སྐྱེ་བ་ཕྱི་མའི་དུས་ན་མགོན་ཁྱོད་ཀྱི། །ཐུགས་སྨོན་ལས་གྲུབ་འཚང་རྒྱའི་ཞིང་ཁམས་དེར། །འཁོར་གྱི་ཐོག་མར་རྗེས་སུ་འཛིན་པར་ཞུ། །བདག་ཡིད་པདྨོས་རབ་བརྒྱན་རྫིང་བུ་ནས། །ཞུ་ཡིག་ལུས་མཛེས་སྐད་སྙན་ངང་བ་ཞིག །ལྷ་རྫས་དར་གྱི་གཤོག་རླབས་རབ་བསྐྱོད་ནས། །མགོན་ཁྱོད་སྒྲ་འཛིན་རྒྱ་མཚོ་བསྙེགས་ཏེ་ཐལ། །ཅེས་པ་འདི་ཡང་དམ་ཚིག་ལྡན་ཞིང་དུག་ལྔ་ཤུགས་ཆུང་བ། དག་སྣང་ཆེ་ཞིང་བློ་ལྡན་ངང་རིང་བརྩེ་བའི་གྲོགས་པོ་མཐོང་སའི་དགེ་སློང་མཚམས་པས་བསྐུར་བའི་ལན་དུ། ཐུགས་རྗེའི་རླབས་ཆེན་རྒྱུན་དུ་གཡོ། །མཁྱེན་པའི་གཏིང་མཐའ་དཔོག་ནུས་མིན། །ཆོས་རྒྱལ་དགེ་ལེགས་ཆུ་གཏེར་དེའི། །ཞབས་ལ་གུས་པས་བདག་ཕྱག་འཚལ། །ཚོགས་དྲུག་རང་གྲོལ་ཁུ་བྱུག་གིས། །རི་ཁྲོད་དབེན་པའི་ནགས་གསེབ་ན། །གདམས་ངག་ཆར་ཟིལ་འཐུང་བཞིན་དུ། །གླུ་དབྱངས་སྐད་སྙན་ལྷང་ལྷང་སྒྲོག །མི་ལུས་རིན་ཆེན་བུམ་བཟང་ལྟོར། །མདོ་རྒྱུད་མན་ངག་བདུད་རྩིས་གཏམས། །གང་གི་སྤྱི་བོར་བཀུར་བྱས་ན། །གཏན་གྱི་བདེ་སྟེར་གྲོགས་པོ་ཉོན། །ཡང་ཡང་རྙེད་དཀའི་དལ་འབྱོར་རྟེན། །ད་ལྟ་རྙེད་པ་དབུལ་
པོའི་མིས། །ཤིན་ཏུ་རྙེད་དཀའི་ཡིད་བཞིན་གྱི། །ནོར་བུ་རྙེད་ལྟར་ངོ་མཚར་ཆེ། །ལུས་ཅན་སྲོག་གི་ཉིན་བྱེད་དེ། །རྒ་དང་ན་བའི་རླུང་གིས་བསྐྱོད། །འཆི་བའི་བྱ་ལམ་ཡངས་པར་ཞུགས། །བར་དོའི་ནུབ་ཀྱི་ས་འཛིན་བརྒྱུད། །འཇིག་རྟེན་ཕྱི་མ་གླིང་གཞན་དུ། །མ་སོང་སེམས་ཅན་འདི་ཡོད་ཅེས། །སྔོན་ཆད་མཐོང་ཐོས་གཅིག་མེད་ན། །རང་ལ་མི་འཆིའི་གནས་ཡོད་དམ། །གཉེན་བཤེས་དབུས་ན་དཔའ་ན་ཡང་། །གློ་བུར་འཆི་བདག་གཤིན་རྗེ་སླེབས། །ནད་ཀྱི་མཚོན་ཆས་ལུས་ལ་བཏབ། །མལ་སའི་ནང་དུ་བསྒྱེལ་བའི་ཚེ། །གཤང་གཅིས་གོས་པའི་མལ་སྟན་ནས། །མིག་གིས་ཧྲིག་ཧྲིག་སྡང་མིག་བལྟས། །འཁུན་བུའི་དགྲ་སྐད་འཐེན་ན་ཡང་། །འཆི་བདག་བ་སྤུ་གཅིག་མི་གཡོ། །དེ་ཚེ་བརྩེ་བའི་གཉེན་འཁོར་རྣམས། །ཐམས་ཅད་འོངས་ནས་མདུན་དུ་བསྡད། །ཡིད་ནི་མྱ་ངན་བསམ་གཏན་གནས། །ངག་གི་སྨྲེ་སྔགས་དབྱངས་སུ་བླངས། །ལག་པའི་དབྱུ་གུས་བྲང་རྔ་བརྡུངས། །ཀུན་གྱི་མིག་གཉིས་བྷནྡྷ་རུ། །རང་བྱུང་མཆི་མའི་སྨན་རཀ་བསྐྱིལ། །བཞིན་གྱི་ལྷ་སྐུ་མཆོད་ན་
ཡང་། །དོན་གོ་སྣ་གཅིག་ཨེ་ཡོད་སོམས། །དེའི་ཚེ་ལུས་ཀྱི་ཁང་རུལ་ནས། །རྣམ་ཤེས་སྐྱེས་བུ་ཕྱི་རུ་ཐོན། །ལས་ཀྱི་རླུང་གི་རྟར་ཞོན་ནས། །གྲོགས་མེད་གཅིག་པུར་ཕྱི་མར་འགྲོ། །དེ་དུས་རང་ལ་ཕན་ངེས་པ། །དཀར་པོ་དགེ་བ་མ་གཏོགས་མེད། །ཡུན་རིང་འགྲོགས་པའི་གཉེན་དང་འབྲལ། །བསགས་པའི་ཟས་ནོར་ལོངས་སྤྱོད་ཚོགས། །ཏིལ་འབྲུ་ཙམ་ཡང་རྗེས་མི་འབྲང་། །དེ་ལྟར་འགྱུར་བར་ཤེས་བཞིན་དུ། །ཕྱི་མའི་བྱ་བ་ཇི་ལྟར་བཤོལ། །ཚེ་འདིར་ཡུན་རིང་སྡོད་ལོང་མེད། །ལེ་ལོ་ཇི་ལྟར་བྱ་བར་རིགས། །ཤ་རུས་དག་ཀྱང་གྱེས་གྱུར་ན། །གཉེན་བཤེས་ཚོགས་ལ་ཇི་ལྟར་ཆགས། །ཚུལ་འདི་འདི་ལྟར་མི་བསམ་པར། །མི་ཆོས་ཆོས་བརྒྱད་ཁོལ་བོ་རང་། །བྱས་ན་ན་རྒ་འཆི་བདག་ཁོ། །བྱུང་དུས་དུས་དེར་འགྱོད་པ་སྐྱེ། །དེ་ཕྱིར་ཤེས་ལྡན་སྙིང་གི་གྲོགས། །ཁྱོད་ལ་མང་པོ་སྨྲ་ཅི་དགོས། །མདོར་ན་ཚེ་འདི་བློ་ཡིས་ཐོངས། །རི་ཁྲོད་འགྲིམས་ལ་ཉམས་ལེན་མཛོད། །བདག་བློ་ཉི་མའི་དཀྱིལ་འཁོར་ལས། །ཐོན་པའི་ལེགས་བཤད་འོད་ཟེར་འདི། །སྙིང་གྲོགས་བློ་ཡི་པདྨོར་ཞུགས། །དགའ་སྤྲོའི་འཛུམ་
དགོད་དབང་མེད་འཆོར། །བསྒྲུབ་པའི་བརྩོན་འགྲུས་མདངས་སྟོབས་རྒྱས། །སྙན་གྲགས་དྲི་ཡིས་ཕྱོགས་ཀུན་ཁྱབ། །ཉམས་རྟོགས་ཡོན་ཏན་བཅུད་ཀྱིས་གཏམས། །སྐུ་གསུམ་འབྲས་བུ་སྨིན་པར་ཤོག །ཅེས་སྨྲས་པའོ། །བགྲང་ཡས་རྒྱལ་བ་སྲས་བཅས་ཀུན་ལས་འགྲོ་བ་ལ། །ཆེས་ཆེར་བརྩེ་བས་གཟིགས་མཛད་པདྨ་འབྱུང་གནས་ཞེས། །ཞིང་འདིར་སྐལ་ལྡན་གདུལ་བྱ་ཡོངས་ཀྱི་གཙུག་རྒྱན་དུ། །མི་ཡི་རྣམ་རོལ་ཆོས་རྒྱལ་ཆེན་པོར་སྤྱི་བོས་འདུད། །མགོན་དེའི་ཐུགས་ཀྱི་ཤེལ་དཀར་བུམ་བཟང་ལས་ཐོན་པའི། །དམ་ཆོས་བདུད་རྩིའི་རྒྱུན་གྱིས་རང་རིག་ནོར་བུ་ཡི། །ཉོན་མོངས་དྲི་མ་མྱུར་བཀྲུས་ལུང་རྟོགས་ཡོན་ཏན་གྱི། །དགོས་འདོད་ཀུན་མངའ་གྲུབ་དབང་རིན་པོ་ཆེ་ཡི་དྲུང་། །ཆོས་གོས་རྣམ་གསུམ་འཆང་ཞིང་ཆོས་པའི་གཟུགས་ཀྱིས་ནི། །རང་གཞན་བསླུ་བྱེད་འདི་ཕྱི་གཉིས་མེད་མཆོག་མིང་གི །གཡོ་མེད་སོར་བཅུའི་པདྨོ་སྤྱི་བོར་རབ་བཀོད་དེ། །ཞུ་མཆིད་འབུལ་ལོ་བརྩེ་བས་གཟིགས་ཤིང་དགྱེས་དགོངས་མཛོད། །སྔ་སོར་ཉིད་ཀྱི་བཀའ་ཡི་གླེགས་བུ་སྐྱེས་དང་བཅས། །སྤྱི་བོར་
བསྩལ་བ་རབ་དགའི་ས་ཐོབ་བཞིན་སྤྲོ་ཡང་། །ཆོས་རྒྱལ་རྟ་བདུན་དཀྱིལ་འཁོར་མྱང་འདས་ནུབ་རིའི་ཕག །ཡིབས་པས་སྐྱབས་བྲལ་བདག་ཡིད་སྐྱེས་བུ་མྱ་ངན་གྱི། །མུན་པས་ནོན་ཀྱང་བླ་མ་མཆོག་གསུམ་མཐུ་བྱིན་གྱིས། །ཐིགས་ཚགས་བཟང་བས་སྒྱུ་ལུས་ཁང་རུལ་མ་ཞིག་ཡོད། །ཞུ་དོན་སྙིང་པོ་འདི་ཕྱི་གཉིས་མེད་སེང་གེ་བདག །བྱང་ཆུབ་གོ་འཕང་མ་ཐོབ་བར་དུ་བརྩེ་བས་སྐྱོངས། །ད་དུང་སེམས་ལ་ཕན་པའི་ཞལ་གདམས་ཕྱག་ཐམ་དང་། །ལན་བུའི་ཁྲོད་དུ་བཅིང་རྒྱུའི་དབུ་ལོའི་ཆུན་པོ་བཅས། །མགོན་ཁྱོད་ཐུགས་སྲས་རིག་འཛིན་ཟླ་བ་བྱོན་པའི་སྐབས། །དགྱེས་བརྩེ་སྒོ་ནས་རེ་བ་འབྲས་ལྡན་མཛད་པར་ཞུ། །རྡོ་རྗེའི་སྐུ་ལ་ནམ་ཡང་འཕོ་འགྱུར་མི་མངའ་ཡང་། །བདག་ཅག་དད་ལྡན་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་དུ། །རི་བོ་མཆོག་རབ་བཞིན་དུ་གཡོ་བྲལ་ལྷམ་མེ་བར། །སྲིད་མཐའི་བར་དུ་ཆོས་སྟོན་མཛད་ཕྱིར་བཞུགས་གསོལ་འདེབས། །ཞུ་ཡིག་ལུས་མཛེས་སྐད་སྙན་ན་ཆུང་གཞོན་ནུ་མ། །ལྷ་རྫས་གོས་གྱོན་གསེར་གྱི་གདུ་བུ་འཁྲོལ་བཞིན་དུ། །དབེན་གནས་བཀྲ་ཤིས་འཁྱིལ་ནས་ཡར་ཚེས་ལམ་ལ་ཞུགས། །ཁྱོད་
ཞབས་བསྟེན་པའི་སློབ་མ་གཞོན་ནུར་འགྲོགས་ནས་ཐལ། །ཅེས་པ་འདི་ཡང་གྲོགས་མཆོག་མཆོག་ལྡན་གྱིས་བསྐུར་བའི་ལན་དུ། སྔ་འགྱུར་གསང་ཆེན་ཆོས་ཀྱི་ཡིད་བཞིན་ནོར་བུ་ལ། །མ་རྟོགས་ལོག་བཤད་མི་གཙང་དྲི་མས་གོས་པ་རྣམས། །འཆད་རྩོད་རྩོམ་པས་བྱི་དོར་བྱས་ནས་སྐལ་བཟང་གི །གདུལ་བྱའི་རེ་སྐོང་ཆོས་རྒྱལ་ངག་གི་དབང་བོར་འདུད། །བྱ་བཏང་བྱམས་པ་ཆོས་དར་ཁ་ཡི་ནམ་མཁའ་ལ། །དུང་སོ་སུམ་ཅུའི་ལྷོ་སྤྲིན་གསར་བ་ལང་ལོང་འཁྲིགས། །ལྕེ་ཡི་གློག་དམར་འཁྱུག་བཞིན་གླུ་དབྱངས་འབྲུག་གི་སྒྲ། །སྒྲོག་ལ་གྲོགས་པོ་རྨ་བྱ་གཞོན་ནུ་དགའ་བས་ཉོན། །དལ་འབྱོར་ཚང་བའི་མི་ལུས་རིན་ཆེན་རྙེད་པར་དཀའ། །འཁོར་དང་ལོངས་སྤྱོད་རྒྱས་ཀྱང་བཞག་ནས་ཕྱི་མར་འགྲོ། །ཕོ་བྲང་གནས་ཁང་བཟང་ཡང་གཏན་དུ་འདུག་དབང་མེད། །ལྷན་ཅིག་འགྲོགས་པའི་ཤ་རུས་ཡན་ཆད་བཞག་ནས་འགྲོ། །མི་ཚེ་ཚེ་ཐུང་མ་ཆགས་ཕ་ཡུལ་ཡུལ་མི་སྤོངས། །འགྲན་འདོད་འདོད་ཆགས་མ་ཆེ་མི་འགྲུབ་སྒྲུབས་མ་ཟེར། །མི་ཤེས་ཤེས་སོ་མ་སྨྲ་ཞེ་སྡང་སྡང་སེམས་དང་། །མ་གྲོལ་གྲོལ་བརྫུ་མ་བྱེད་མ་ཞིག་
ཞིག་བརྫུས་སྤོངས། །མཚན་ལྡན་བླ་མ་བསྟེན་ལ་ཟབ་རྒྱའི་གདམས་པ་ཉོན། །ལྷ་རུ་དཀོན་མཆོག་མཆོད་ལ་བློ་ཕུགས་དེ་ལ་གཏོད། །རང་གིས་དམ་ཆོས་སྒྲུབ་བཞིན་གཞན་ཡང་ཆོས་སྒོར་ཆུག །དགེ་བའི་ལས་རྣམས་སྒྲུབ་ཅིང་མི་དགེའི་ལས་རྣམས་སྤོངས། །མཐོ་རིས་སྐས་ལ་འཛེག་པའི་དགེ་བཅུ་དང་དུ་ལོངས། །ངན་སོང་གཡང་ལ་ལྷུང་བའི་མི་དགེ་བཅུ་ལ་འཛེམས། །དགེ་བ་གང་བྱས་ཐམས་ཅད་ཕྱི་མར་སྔོན་ན་ཡོད། །གཞན་ལ་བཅོལ་བའི་ནོལ་རྣམས་རང་གིས་ལེན་པ་འདྲ། །ལྟ་བ་རང་སེམས་ཆོས་ཀྱི་སྐུ་རུ་རྟོགས་པར་གྱིས། །སྒོམ་པ་རང་སེམས་ཆོས་སྐུའི་ངང་ལ་གོམས་སུ་ཆུགས། །སྤྱོད་པ་རང་སེམས་ཆོས་སྐུ་དེ་ཉིད་རྒྱུན་དུ་སྐྱོངས། །འབྲས་བུ་རང་སེམས་ཆོས་སྐུ་ལས་གཞན་བཙལ་མི་བྱ། །དམ་ཚིག་ཉམས་པ་མེད་པར་མིག་འབྲས་བཞིན་དུ་སྲུངས། །འགྲོ་ལ་སྙིང་རྗེ་བསྐྱེད་ལ་བུ་བཞིན་བྱམས་པར་མཛོད། །འདི་བཞིན་ལྷ་ཆོས་བྱས་ན་བདེ་སྐྱིད་ཉི་མ་འཆར། །མིང་དང་དོན་གཉིས་མཐུན་པའི་ཆོས་པ་དེ་ལ་ཟེར། །ཆོས་མེད་ལོངས་སྤྱོད་ལྡན་རུང་ཡི་དྭགས་གཏེར་སྲུང་ཡིན། །ཚེ་འདིའི་འདུན་མར་མཁས་རུང་
བྱོལ་སོང་རྐང་གཉིས་ཡིན། །ཀུན་གྱི་ཚོགས་དཔོན་གྱུར་རུང་དམྱལ་བའི་དཔོན་པོ་ཡིན། །ངན་སོང་སྡུག་བཟོད་དཀའ་རུང་རང་གཡོས་ཚོད་མ་ཡིན། །གླུ་འདི་འདི་འདྲ་ལེན་ཅིང་དབེན་གནས་གནས་ལ་དགའ། །དམ་ཆོས་ཆོས་མཛད་དམ་པས་གང་གསུངས་གསུང་བཞིན་བྱེད། །ཡང་དག་དག་སྣང་ཆེ་བའི་གྲོགས་མཆོག་མཆོག་ལྡན་གྱིས། །བསྐུལ་ཚེ་ཚེ་འདིར་ཞེན་ལོག་ཀུན་བྱམས་བྱམས་པས་བླངས། །བདག་སེམས་ཟླ་བ་ལས་ཐོན་གླུ་དབྱངས་འོད་དཀར་འདི། །ཆོས་གྲོགས་མཆོག་ལྡན་ཡིད་ཀྱི་མེ་ཏོག་ཀུ་མུད་ཏར། །ཕོག་ཚེ་དབང་མེད་དམ་ཆོས་ཉམས་ལེན་འཛུམ་དགོད་བྱས། །ལུང་རྟོགས་ཡོན་ཏན་བཅུད་ཀྱིས་ཡོངས་སུ་གཏམས་པར་ཤོག །ཅེས་སྨྲས་པའོ། །བསྟན་དང་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་པུ། །པད་འབྱུང་སྤྲུལ་པ་ཆོས་རྒྱལ་ཐུགས་སྲས་མཆོག །རྫོགས་ཆེན་བསྟན་པའི་མེ་རོ་སློང་མཛད་པའི། །ཚོགས་དྲུག་རང་གྲོལ་ཞབས་ཀྱི་པདྨོའི་དྲུང་། །ཆོས་ཀྱི་སྒོར་ཞུགས་ཆོས་མཛད་དམ་པ་བསྟེན། །ཆོས་མང་ཉན་ཀྱང་ཆོས་སེམས་རྒྱབ་འགལ་དང་། །ཆོས་པའི་གཟུགས་ཀྱི་ཆོས་
མིན་སྣ་ཚོགས་བྱེད། །ཆོས་བརྒྱད་གཡོག་ནག་ཆོས་དྲེད་རབ་རྒྱས་ཀྱིས། །ཟོལ་མེད་སྒོ་གསུམ་གུས་པས་ཞུ་ཡིག་འབུལ། །གྲངས་མེད་འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །ཡེངས་མེད་རྩེ་གཅིག་སྒྲུབ་ལ་གཞོལ་བ་ཡི། །ཟླ་མེད་རྡོ་རྗེ་སྤུན་གྲོགས་བརྩེ་བས་གཟིགས། །སྐྱབས་མགོན་ཆོས་རྒྱལ་ཉི་མ་ཞིང་གཞན་གྱི། །ནུབ་རིར་ཡིབས་པས་སྐལ་དམན་བདག་ཉིད་ནི། །མྱ་ངན་གྲིབ་མས་གཡོགས་དང་ལྷན་ཅིག་ཏུ། །རྨོངས་པའི་མུན་ནག་མཐུག་པོས་ནོན་པའི་ཚེ། །བྱ་བྲལ་རྡོ་རྗེའི་སྤུན་གྲོགས་ཟླ་གཞོན་ཁྱོད། །ཞིང་འདིའི་ཤར་རིའི་རྩེ་ལས་རབ་འཕགས་ཏེ། །ལེགས་བཤད་འོད་དཀར་ཕྱོགས་བརྒྱར་འགྱེད་པའི་མོད། །སྐལ་བཟང་གདུལ་བྱ་ཀུ་མུད་ཚོགས་རྣམས་ནི། །ཁྱོད་ལ་ཕྱོགས་ནས་དགའ་དད་འཛུམ་དགོད་ཤོར། །རྨོངས་པའི་མུན་པས་ནོན་པའི་མཚན་འགྲོས་བདག །ལམ་ལོག་གཡང་དུ་མ་ལྷུང་ཡང་དག་པའི། །ཐར་བའི་ལམ་སྣ་ཟིན་པ་ཤིན་ཏུ་དགའ། །ཞུ་དོན་སྙིང་པོ་བདག་ཅག་རྗེས་འཛིན་ཕྱིར། །འདི་གར་ཕེབས་པ་ཐུགས་འདུན་གཏོད་པ་དང་། །ཁྱད་པར་སེམས་ལ་ཕན་པའི་ཞལ་གདམས་དང་། །ཆོས་སྒོ་
མཐའ་རུ་ཐོན་པའི་སྐྱབས་འཇུག་མཁྱེན། །ཞུ་ཡིག་འདབ་སྟོང་པདྨའི་དགའ་ཚལ་དུ། །སྤྱན་གྱི་བུང་བ་འཕུར་ལྡིང་གཡོ་རྟེན་དུ། །ཁ་བའི་མདངས་འཛིན་ལྷ་རྫས་བཅུད་ཀྱིས་གཏམས། །དད་གུས་ཕྱག་དང་བཅས་ཏེ་ཟླ་ཚེས་ཕུལ། །ཞེས་པ་འདི་ཡང་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་བསླབ་པ་རྣམས་དང་ལྡན་པའི་རྡོ་རྗེའི་སྤུན་གྲོགས་དཀོན་མཆོག་རབ་རྒྱས་ཀྱིས་བསྐུར་བའི་ལན་དུ། རྒྱལ་བསྟན་ལོགས་བྲིས་ལྷ་སྐུ་མཛེས་པ་རྣམས། །མ་རྟོགས་ལོག་རྟོག་མུན་པས་བསྒྲིབས་པ་ལ། །འཆད་རྩོད་རྩོམ་པའི་མར་མེ་རབ་སྦར་ཏེ། །གསལ་བར་སྟོན་མཛད་ཆོས་རྒྱལ་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་སྒེག་མོ་ཡིས། །རྣ་བར་སྙན་པའི་གླུ་ཡི་གཟུགས་བརྙན་འདི། །རྡོ་རྗེ་སྤུན་གྲོགས་དཀོན་མཆོག་རབ་རྒྱས་ཀྱི། །བློ་གྲོས་ཤེལ་དཀར་མེ་ལོང་ནང་དུ་འབུལ། །མི་ལུས་ཐོབ་ཚེ་ཚེ་འདིར་ཡུན་རིང་དུ། །མི་སྡོད་ཚུལ་འདི་འདི་ལྟར་མ་བསམས་པར། །ཉིན་མཚན་ཤོར་ན་ན་སོ་རྒས་པའི་ཚེ། །འཆི་བདག་སླེབས་དུས་དུས་དེར་འགྱོད་ཀྱང་འཕྱིས། །ཤན་པས་བསད་པའི་ལུག་གི་ལྷག་མ་རྣམས། །བཤན་པ་མཐོང་ཡང་ཡིད་བདེར་
གནས་པ་བཞིན། །མཉམ་འགྲོགས་གྲོགས་རྣམས་ཤི་ཡང་འཁུ་འཁྲིག་མེད། །ཁྱོད་ལ་མི་འཆི་སྡོད་པའི་གནས་ཡོད་དམ། །བསམས་ཚེ་གཏན་དུ་སྡོད་སྙམ་འཁྲུལ་བར་གོ །གོ་བཞིན་དམ་ཆོས་མི་བསྒྲུབ་ཕྱུགས་པས་ཕྱུགས། །ཕྱུགས་ཀྱང་གཡང་ཁ་མཐོང་ཚེ་སྐྲག་པ་སྐྱེ། །སྐྱེ་མཐའ་འཆི་བ་འདི་ལ་ཅིས་མི་འཇིགས། །ལོ་ཟླ་ཞག་གི་ཁ་བ་བུ་ཡུག་འཚུབ། །ན་རྒ་གཉིས་ཀྱི་ཤུགས་དྲག་རླུང་ཆེན་ལངས། །ཚེ་སྲོག་སྣུམ་ཟད་མར་མེར་བརྒྱབ་པའི་ཚེ། །དེ་ལ་ཡུན་རིང་སྡོད་པའི་སྐབས་ཡོད་དམ། །ནམ་ཞིག་འབྱུང་འཁྲུགས་ནད་ཀྱིས་ལུས་ལ་བཏབ། །བཟོད་གླགས་མེད་པའི་སྡུག་བསྔལ་དྲག་པོས་གཟིར། །ལངས་འདུག་མི་ནུས་མལ་སའི་ནང་དུ་ཉལ། །ཡན་ལག་ཕྲ་ཞིང་སྐྲ་རྣམས་གྱེན་དུ་ལངས། །ཤ་རྣམས་ཟད་ནས་ལྷུ་ཚིགས་མ་བྲལ་ཙམ། །མདོག་ནག་པགས་པས་གཡོགས་པའི་དྲང་སྲོང་དེས། །ཉིན་མོ་ཁ་ཟས་གཅོད་པའི་དཀའ་ཐུབ་བྱས། །མཚན་མོ་གཉིད་ཀྱི་བདེ་བ་བཀག་བྱས་ནས། །འཁུན་བུའི་དྲག་སྔགས་ཤུགས་དྲག་བགྲངས་བྱས་ཀྱང་། །འཆི་བདག་བ་སྤུ་གཅིག་ཙམ་གཡོ་མི་ནུས། །དེ་ཚེ་རང་ལ་བརྩེ་བའི་ཉེ་
འཁོར་རྣམས། །དྲུང་དུ་འོངས་ནས་བརྩེ་བས་ངོ་ལ་བལྟས། །བཞིན་གྱི་དཀྱིལ་འཁོར་མཆི་མའི་ཆུ་ཡིས་བཀྲུས། །ཡིད་ནི་མྱ་ངན་བསམ་གཏན་ལ་གནས་ཤིང་། །ངག་གིས་འོ་དོད་ང་རོ་དབྱངས་སུ་བླངས། །ལག་པའི་དབྱུ་གུས་བྲང་གི་རྔ་བརྡུངས་ཀྱང་། །ངལ་བ་མ་གཏོགས་དོན་གོ་སྣ་གཅིག་མེད། །དེ་ཚེ་ལུས་ཀྱི་གྲོང་ཁྱེར་སྟོངས་པར་བསྐྱུར། །རྣམ་ཤེས་སྐྱེས་བུ་ཕྱི་མའི་ལམ་ལ་ཞུགས། །རྒྱུས་མེད་ཕྱོགས་སུ་གཅིག་པུར་འཁྱམས་པའི་ཚེ། །སྔོན་བསགས་ལས་ཀྱི་ནུས་པ་མ་གཏོགས་པ། །ཡུན་རིང་དགའ་མགུར་སྤྱོད་པའི་གཉེན་དང་གྲོགས། །ངལ་བ་དུ་མས་བསྒྲུབས་པའི་ལོངས་སྤྱོད་རྣམས། །ཏིལ་གྱི་ཆ་ཤས་ཙམ་ཡང་རྗེས་མི་འབྲང་། །ཚུལ་འདིར་བསམས་ན་གློག་བཞིན་མི་བརྟན་པའི། །ཚེ་འདིའི་ཡུད་ཙམ་ཞིག་གི་བདེ་བའི་ཕྱིར། །ཕྱི་མ་བསྐལ་བར་སྡུག་བསྔལ་མྱོང་བའི་རྒྱུ། །བསྒྲུབ་ལ་སེམས་ཡོད་སྐྱེས་བུ་སུ་ཞིག་འཇུག །སྒྱུ་ལུས་བར་སྣང་འཇའ་བཞིན་རིང་མི་གནས། །སྙན་གྲགས་འབྲུག་གི་སྒྲ་བཞིན་ཡུད་ཙམ་ཡིན། །ཐམས་ཅད་ཚོང་འདུས་མགྲོན་བཞིན་སོ་སོར་གྱེས། །ལོངས་
སྤྱོད་སྦྲང་མའི་རྩི་བཞིན་གཞན་གྱིས་སྤྱོད། །དེ་ལྟར་ཡིན་ཡང་མ་རིག་ལིང་ཏོག་གིས། །བློ་མིག་བསྒྲིབས་པའི་སྐྱ་སེར་ཕལ་མོ་ཆེ། །མི་གཙང་ཁྲོད་ན་དགའ་བའི་སྦྲང་མ་བཞིན། །ཚེ་འདིའི་བསླུ་བྲིད་དག་གི་དབང་དུ་གྱུར། །ཀྱེ་མ་མཐོན་པོའི་ཐ་མར་འཆི་བས་འཇོམས། །ལང་ཚོ་དར་བའི་ཐ་མའང་རྒས་པས་འཕྲོག །ལོངས་སྤྱོད་རྒྱས་པའི་ཐ་མ་རྒུད་པ་སོགས། །འགྲོ་མགོན་རྒྱལ་བ་སྲས་བཅས་གང་གསུངས་རྣམས། །དེ་བཞིན་ད་ལྟ་འདི་ན་སྣང་ན་ཡང་། །འདོད་སྲེད་ཆུ་བོས་ཁྱེར་བའི་མི་རྣམས་ཀྱིས། །འདི་ཡི་རང་བཞིན་མ་མཐོང་ཇི་ལྟར་བྱ། །སྐྱེ་དགུའི་ཕན་བདེའི་རྩ་བ་རྒྱལ་བསྟན་གྱི། །ཉི་མ་ནུབ་རིའི་རྩེ་ལ་ཉེ་བར་སླེབས། །སྲིད་མཚོར་སྒྲོལ་བའི་དལ་འབྱོར་གྲུ་ཆེན་ཡང་། །ནམ་ཞིག་ཚེ་ན་འཇིག་པར་མི་ཤེས་པས། །དེ་ཕྱིར་དལ་འབྱོར་ཐོབ་ཅིང་བསྟན་དང་མཇལ། །བཤེས་གཉེན་དམ་པ་བསྟེན་རྒྱུ་ཡོད་བཞིན་དུ། །དེ་ལས་འོངས་པའི་གདམས་པའི་བདུད་རྩིའི་རྒྱུན། །ཀྭ་ཡེ་ད་ལྟ་ཉིད་དུ་མི་འཐུང་ན། །ནམ་ཞིག་གློ་བུར་ཉིད་དུ་དབང་མེད་པར། །གཉེན་བཤེས་མང་པོའི་གསེབ་ནས་རང་གཅིག་པུ། །ནད་ཀྱི་ཕོ་ཉས་བཟུང་
ནས་འཆི་བདག་གི །དྲུང་དུ་ཁྲིད་ན་དེ་དུས་ཅི་ཞིག་བྱ། །དེ་ཕྱིར་ཡིད་སྨོན་ཙམ་དུ་མ་འཇོག་པར། །པང་དུ་དུག་སྦྲུལ་བྱུང་བའི་མི་བཞིན་དུ། །ལེ་ལོ་དོར་ནས་བརྩོན་འགྲུས་ཤུགས་བསྐྱེད་དེ། །དེང་ནས་དམ་པའི་ཆོས་ལ་འབད་པར་རིགས། །ཤེས་ལྡན་ཁྱོད་ལ་མང་དུ་སྨྲ་ཅི་དགོས། །མདོར་ན་ཚེ་འདིའི་བདེ་འབྱོར་ཀུན་གྱིས་བསླུ། །ཡིད་བརྟན་རུང་བ་དམ་པའི་ལྷ་ཆོས་ཡིན། །དེ་ཕྱིར་དལ་འབྱོར་ཐོབ་པ་དོན་ལྡན་གྱིས། །གླུ་འདི་འདི་འདྲའི་གླུ་དབྱངས་མང་པོ་ལེན། །མི་ཆོས་ཆོས་བརྒྱད་སྤངས་པའི་རྣལ་འབྱོར་ངས། །སྤེལ་ལེགས་ལེགས་པའི་ཚིག་གིས་རབ་བརྒྱན་ཏེ། །ཆོས་མཛད་མཛད་བཟང་སྙིང་གྲོགས་ཁྱོད་ལ་སྤྲིངས། །བདག་ཡིད་དྲི་མེད་རབ་དཀར་གངས་རི་ལས། །བྱུང་བའི་ལེགས་བཤད་ཆུ་རྒྱུན་ངལ་མེད་དུ། །བབས་འདིས་མཆེད་ལྕམ་བློ་ཡི་རྒྱ་མཚོར་ཞུགས། །དམ་ཆོས་ཉམས་ལེན་དབུ་ཕྲེང་གཡོ་བར་ཤོག །ཅེས་སྨྲས་པའོ། །ཨོ་ཊའི་རྒྱལ་པོ་བསྟན་འགྲོའི་དཔལ་དུ། །མི་ཡི་རྣམ་རོལ་ཆོས་རྒྱལ་ཝང་གི །ཐུགས་སྲས་ཚོགས་དྲུག་རང་གྲོལ་ཞབས་ཀྱི། །པདྨོ་དྲི་མ་མེད་པའི་དྲུང་དུ། །
གུས་ཕྲན་བཀྲ་ཤིས་འབུམ་གྱིས་ཞུ་འབྲས། །གང་སྐུ་མི་མཐུན་ཕྱོགས་ལས་རྣམ་པར། །རྒྱལ་ཞིང་བསྟན་གཉིས་རྒྱལ་མཚན་སྲིད་རྩེར། །སྒྲེང་བཞིན་བཞུགས་ཞེས་ཐོས་པས་སྤྲོའོ། །ཕྲན་ཀྱང་མཆོག་གསུམ་དམ་པའི་ཐུགས་རྗེ། །གོང་མའི་ཆོས་རྒྱུན་དཔེ་སྲོལ་བཟང་བོ། །མ་ལུས་ཙམ་ལ་མོས་མོས་ངང་དུ། །སྒྱུ་ལུས་ད་བར་བདེ་མོར་གནས་ལགས། །ཞུ་དོན་སྙིང་པོ་གུས་ཕྲན་བདག་ལ། །སེམས་ལ་ཕན་པའི་ཞལ་གདམས་ཤིག་དང་། །སྐབས་སུ་དད་རྟེན་ཕྱག་ཐམ་ན་བཟའ། །དབུ་ལོ་དང་བཅས་སྤྱི་བོར་སྩོལ་ཅིག །བསྟན་དང་འགྲོ་བའི་གཙུག་གི་རྒྱན་དུ། །ཞབས་ཟུང་འཇིག་བྲལ་རྡོ་རྗེའི་ཁྲི་ལ། །ལེགས་པར་བཞུགས་ནས་བདག་ཅག་ལྟོས་བཅས། །ཐུགས་ཀྱིས་ནམ་ཡང་འདོར་མེད་མཁྱེན་མཁྱེན། །ཅེས་པ་འདི་ཡང་བླ་མ་དུ་མའི་ཞབས་ལ་གཏུགས་ནས་ཟབ་ཆོས་མང་པོ་གསན། ཐོས་དོན་ཉམས་སུ་ལེན་ཞིང་གཞན་ལ་ཡང་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་རེབ་གོང་སྔགས་འཆང་ཀུན་གྱི་གཙུག་རྒྱན་བཀྲ་ཤིས་འབུམ་གྱིས་བསྐུར་བའི་ལན་དུ། རྟག་ཏུ་ཀུན་བཟང་ཆོས་ཀྱི་དབྱིངས་ལས། །སྐད་ཅིག་ཙམ་ཡང་གཡོ་བ་མེད་པའི། །ཕ་རྒན་ཆོས་ཀྱི་རྒྱལ་པོའི་ཞབས་ལ། །སྒོ་གསུམ་གུས་པས་གསོལ་
བ་འདེབས་སོ། །ཆོས་དབྱིངས་བདེ་བའི་བཙན་ས་མ་ཟིན། །འཁོར་བའི་གཡང་ས་ཆེན་པོར་ལྷུང་བའི། །བདག་དང་ཕ་མ་སེམས་ཅན་ཉམ་ཐག །ཐུགས་རྗེའི་ལྕགས་ཀྱུས་བདེ་བར་དྲོངས་ཤིག །མ་སོགས་གཉེན་བཤེས་ཐམས་ཅད་བློས་བཏང་། །མ་བྱས་རང་གྲུབ་བྲག་ཁུང་ནང་དུ། །མ་རབས་སྤྱོད་པ་ངན་པ་སྤངས་ནས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད། །མ་ལུས་དོན་དུ་གོང་མའི་རྣམ་ཐར། །མ་ཤི་བར་དུ་འཛིན་མཁན་བདག་གིས། །མ་ལྟར་བརྩེ་བས་སྙན་པའི་གླུ་ལེན། །མ་ཡེངས་བློ་ལྡན་གྲོགས་ཁྱོད་ཉོན་ཅིག །རང་སེམས་དང་པོ་གང་ནས་བྱུང་དང་། །བར་དུ་ལུས་ཀྱི་ཕྱི་ནང་གར་གནས། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག །ཐ་མ་མི་གནས་འགྲོ་དུས་དབང་པོའི། །སྒོ་རྣམས་གང་ནས་འགྲོ་ལ་ལྟོས་དང་། །བྱུང་གནས་འགྲོ་གསུམ་གང་ཡང་མི་རྙེད། །མ་རྙེད་པ་དེ་རྙེད་པའི་མཆོག་ཡིན། །སེམས་ཀྱི་གནས་ལུགས་ཡེ་ནས་སྟོང་གསལ། །ཕྱོགས་རིས་མེད་པར་ཀུན་ལ་ཁྱབ་པ། །རྒྱ་ཆད་མེད་པའི་གདལ་བ་ཆེན་པོ། །སྒྲིབ་གཡོག་ཀུན་བྲལ་ཟང་ཐལ་ཡིན་པས། །
སྟོང་གསལ་ཁྱབ་གདལ་ཟང་ཐལ་ཆོས་དབྱིངས། །ཆེན་པོའི་ངང་དུ་ཤེས་པ་གློད་ལ། །ཉིན་མཚན་ཁོར་མོ་ཡུག་ཏུ་ཞོག་དང་། །མངོན་ཤེས་རྫུ་འཕྲུལ་ལ་སོགས་འཆར་རོ། །མི་གནས་རྣམ་རྟོག་ཕྱོགས་བཅུར་འཕྲོ་ཚེ། །སྔོན་བསུ་རྗེས་གཅོད་གང་ཡང་མ་བྱེད། །ཤེས་པ་ལྷོད་ཀྱིས་གློད་ལ་སྔར་བཞིན། །སེམས་ཉིད་སྟོང་གསལ་ངང་དུ་ཞོག་དང་། །དེ་ལྟར་བཞག་མ་ཐག་ཏུ་རྣམ་རྟོག །མི་གནས་གར་སོང་མེད་པར་འགྱུར་རོ། །བྱིང་རྨུགས་གཉིད་གསུམ་གང་བྱུང་དུས་སུ། །ཕཊ྄་བརྗོད་མིག་ཅེར་རིག་པ་ངར་བསྐྱེད། །ས་ལེ་སང་ངེ་ཧྲིག་གེ་རྗེན་ནེ། །སེམས་ཉིད་སྟོང་གསལ་ངང་ལ་ཞོག་དང་། །བྱིང་རྨུགས་གཉིད་གསུམ་སངས་པར་འགྱུར་རོ། །རྗེས་ཐོབ་དུས་སུ་འཁོར་འདས་ཆོས་རྣམས། །མཁའ་ལ་འཇའ་དང་སྤྲིན་གཉིས་བྱུང་བ། །ཇི་བཞིན་རང་གི་སེམས་ཀྱི་ཆོས་འཕྲུལ། །ཡིན་པར་ཐག་ཆོད་འཇའ་སྤྲིན་རང་བཞིན། །མེད་པར་སྟོང་པ་ཉིད་ལྟར་ཆོས་རྣམས། །ཐམས་ཅད་སྟོང་པར་ཤེས་པའི་གདེང་དེའི། །རྩིས་ཀྱིས་བཟུང་ནས་ཕྱག་དང་སྐོར་བ། །ཚོགས་གསོག་སྒྲིབ་སྤྱོང་བྱམས་དང་སྙིང་རྗེ། །བྱང་ཆུབ་སེམས་དང་བསྐྱེད་རིམ་
བསྒོམ་སོགས། །ཐམས་ཅད་གྱིས་དང་ངོ་མཚར་ཆེའོ། །རྣལ་འབྱོར་བདག་གི་སྙིང་གཏམ་ཟབ་མོ། །འདི་ཉིད་སྐལ་ལྡན་སྙིང་གི་གྲོགས་ཁྱོད། །རྒྱུན་དུ་མ་བརྗེད་སྙིང་ལ་ཆོངས་དང་། །སྐྱིད་པའི་ཉི་མ་སྙིང་ལ་འཆར་རོ། །ཆོས་ཀུན་སྙིང་པོ་ལྟ་མགུར་ལེན་མཁན། །ཆོས་དབྱིངས་ན་ཆུང་མཛེས་མར་འགྲོགས་ནས། །ཆོས་སྤྱོད་བཅུ་སོགས་རྩེད་མོ་བྱེད་པའི། །ཆོས་པ་ཚོགས་དྲུག་རང་གྲོལ་ཡིན་ནོ། །མགུར་དབྱངས་ཐེམ་སྐས་བཟང་པོ་འདི་ལ། །བརྟེན་ནས་སྐལ་ལྡན་ལས་ཅན་མང་པོ། །ཆོས་དབྱིངས་ཁང་བཟང་རྩེ་མོར་སོན་ནས། །གཟུགས་སྐུའི་ཟློས་གར་སྟོན་པར་གྱུར་ཅིག །ཅེས་སྨྲས་པའོ། །འཛམ་གླིང་གསེར་ལྡན་གྱི་ཁྱོན་འདིར། །འགྲན་ཟླ་ཐམས་ཅད་དང་བྲལ་བའི། །གྲུབ་པའི་དབང་ཕྱུག་ནི་ཆེན་པོ། །ཚོགས་དྲུག་རང་གྲོལ་གྱི་དྲུང་དུ། །ཨ་ཁྱུང་སྐུ་སྐྱེས་ཀྱིས་ཞུ་འབྲས། །གང་ཐུགས་ཆོས་དབྱིངས་ཀྱི་ནམ་མཁར། །བྱམས་བརྩེའི་ཆུ་འཛིན་ནི་འཁྲིགས་ཏེ། །བཀའ་མགུར་སྦྲང་ཆར་ནི་འཇམ་པོ། །གདུལ་བྱའི་འཛིན་མ་ལ་ཕབ་པས། །བདག་ཡུལ་པད་དཀར་ཡང་བརླན་ཏེ། །
དགའ་དང་དགོད་འཛུམ་ཞིག་ཤོར་ཐལ། །ཕྲན་ཀྱང་མཆོག་གསུམ་གྱི་བཀའ་དྲིན། །དར་དཀར་ཡོལ་བ་ལ་བརྟེན་ནས། །ཚེ་སྲོག་མར་མེ་ཁོ་འཆི་བདག །རླུང་གིས་མ་བསྐྱོད་པར་གནས་ལགས། །ཆེད་གསོལ་གངས་ཅན་གྱི་བོད་ཡུལ། །གསེར་གྱི་ས་གཞི་ཡི་ཁྱོན་འདིར། །གཟུགས་སྐུའི་རི་རབ་དེ་གཡོ་མེད། །བསྐལ་པ་བརྒྱ་ཕྲག་བར་བཞུགས་ཤིག །ངུར་སྨྲིག་གོས་དཀར་གྱིས་ལུས་མཛེས། །ཉམས་རྟོགས་ལང་ཚོ་ནི་རྒྱས་པའི། །ཡིད་འོང་གྲུལ་བུམ་གྱི་ཕྲུ་གུ། །ཁྱེད་ཀྱིས་ཉམས་ལེན་གྱི་ཟློས་གར། །བྱེད་བཞིན་མགུར་དབྱངས་གླུ་བླངས་པ། །ཐོས་ཡིད་མི་འཕྲོག་པ་སུ་ཡོད། །ཡིད་འཕྲོག་རབ་སྙན་གྱི་མགུར་དབྱངས། །ལོངས་ཞེས་ཐལ་མོ་བདག་སྦྱོར་རོ། །ཞེས་པ་འདི་ཡང་མཁས་པའི་དབང་པོ་ཨ་ཁྱུང་སྐུ་སྐྱེས་ཀྱིས་བསྐུར་བའི་ལན་དུ། སྤྱི་གཙུག་འཇའ་འོད་ཀྱི་ལྷོ་སྤྲིན། །དཀྱིལ་དུ་ཆོས་རྒྱལ་རྗེ་གཡུ་འབྲུག །བཞུགས་ནས་གསུང་སྙན་གྱི་འབྲུག་སྒྲ། །སྒྲོག་བཞིན་དངོས་གྲུབ་ཀྱི་ཆར་ཕོབ། །རི་ཁྲོད་ལྷ་ལམ་ནི་ཡངས་པའི། །བྲག་ཕུག་ཆུ་འཛིན་གྱི་གསེབ་ནས། །ཚོགས་དྲུག་རང་གྲོལ་གྱི་འབྲུག་ཆུང་། །གླུ་དབྱངས་དབྱར་གྱི་རྔ་སྒྲོགས་
ཡ། །འཆད་རྩོད་རྩོམ་གསུམ་གར་བྱེད་ཅིང་། །ལུང་རྟོགས་ཡོན་ཏན་སྒྲོའི་མདངས་བཀྲ། །ཆོས་གྲོགས་ཞི་དུལ་ཅན་རྨ་བྱ། །གཞོན་ནུས་དགའ་སྤྲོ་ཡིས་ཉོན་ཅིག །མཚན་ལྡན་བླ་མ་ནི་བསྟེན་ན། །ལེགས་ཚོགས་ཡོན་ཏན་ཀུན་འབྱུང་སྟེ། །ཡིད་བཞིན་ནོར་བུ་ལ་གསོལ་བ། །བཏབ་ན་དགོས་འདོད་ནི་ཀུན་འབྱུང་། །དལ་འབྱོར་མི་ལུས་ནི་ཐོབ་དུས། །དམ་པའི་ལྷ་ཆོས་ལ་འབད་འཚལ། །ཅང་ཤེས་རྟ་ཕོ་དེ་ཡོད་དུས། །ས་ཐག་རིང་པོ་དེ་བགྲོད་དགོས། །རང་དང་ལྷན་ཅིག་ཏུ་འགྲོགས་པའི། །མཛའ་བཤེས་སོ་སོ་རུ་གྱེས་འགྲོ། །ཚོང་འདུས་མགྲོན་པོ་ནི་ཡུན་རིང་། །མི་སྡོད་ཕྱོགས་བཅུ་རུ་གྱེས་ཡོང་། །ཚེ་འདིར་ཡུན་རིང་དུ་མི་སྡོད། །གསོག་འཇོག་མང་པོ་བྱས་ཅི་བྱ། །ཚོང་པ་ལམ་བར་དུ་ཞག་དུས། །མཁར་ལས་རྒྱ་ཆེ་འདྲ་བྱེད་དམ། །བསགས་ན་དབང་ཕྱུག་ནི་མི་འཐོབ། །མཁས་པས་ཕྱོགས་བཅུ་རུ་སྟེར་དགོས། །བཞག་ན་ནོར་སྐྱེད་ནི་མི་འབྱུང་། །ཚོང་བྱེད་མཁན་རྣམས་ཀྱིས་ཟོང་འགྲེམ། །སློང་ལ་སྦྱིན་པ་རང་བཏང་ན། །ཕྱི་མར་བརྒྱ་འགྱུར་དུ་ཐོབ་ཡོང་། །དཔྱིད་དུས་
ཞིང་བཟང་ལ་ནས་བཏབ། །སྟོན་དུས་འཕེལ་བ་ལ་ལྟོས་དང་། །སྒྱུ་མའི་ནོར་རྫས་ནི་བསགས་རྣམས། །ངེས་པར་རང་གིས་སྤྱོད་མི་ཤེས། །སྦྲང་མས་སྦྲང་རྩི་ནི་བསགས་པ། །ནམ་ཞིག་མི་གཞན་གྱིས་སྤྱོད་འགྱུར། །ངན་སོང་སྡུག་བསྔལ་དེ་ཤེས་བཞིན། །དེ་ཡི་རྒྱུ་རྣམས་ནི་མ་སྒྲུབ། །གཡང་ས་ཆེན་པོ་དེ་མཐོང་བཞིན། །དེ་རུ་མཆོང་བའི་མི་ཡོད་དམ། །ངན་སོང་སྡུག་བསྔལ་དེ་མ་བྱུང་། །གོང་དུ་ཐར་ཐབས་ཤིག་བྱ་དགོས། །རྦབ་རྡོ་འདྲིལ་བ་དེ་རང་ཐོག །མ་བྱུང་གོང་ནས་རང་ཕྲོས་ཡ། །རང་ཉིད་ངན་སོང་གི་འཇིགས་ལས། །སྐྱོབ་མཁན་དཀོན་མཆོག་གསུམ་བསྟེན་དགོས། །ནག་ཅན་དགྲའི་འཇིགས་ལས་སྐྱོབ་པའི། །སྐྱབས་ཤིག་མི་བསྟེན་པར་འདུག་གམ། །རང་གིས་ཅི་འདྲའི་ལས་བྱས་པ། །འབྲས་བུ་དེ་འདྲ་བ་སྨིན་ངེས། །གྲོ་ནས་ས་བོན་གང་བཏབ་ལ། །འབྲས་བུ་དེ་འདྲ་ཞིག་འཁྲུངས་འགྱུར། །སེམས་ཅན་གཞན་དོན་ལ་བརྩོན་ན། །ཞོར་ལ་རང་གི་ཡང་དོན་འགྲུབ། །ལོ་ཏོག་འོང་བའི་ཕྱིར་འབད་ན། །སོག་མ་འབད་རྩོལ་ནི་མི་དགོས། །ཐོས་པ་མ་བྱས་པའི་སྒོམ་དེ། །རེ་ཞིག་གྲུབ་གྱུར་ཀྱང་མྱུར་འཇིག །
གསེར་དངུལ་ཟངས་རྣམས་ནི་བཞུ་དུས། །མེ་དང་བྲལ་མ་ཁད་སྲ་ཡ། །ཐོས་པ་མང་པོ་བྱས་མ་བསྒོམས། །མང་པོ་ཤེས་ན་ཡང་དོན་ཆུང་། །འོ་མ་མང་པོ་བསགས་རྩི་མར། །མ་བླངས་དགོས་པ་ནི་ཅི་ཡོད། །སྒོམ་ལ་སྙིང་རུས་ནི་མ་བྱས། །ཉམས་རྟོགས་རང་རྒྱུད་ལ་སྐྱེ་དཀའ། །ངུ་རུ་བྲོ་བ་ནི་མ་བྱས། །དགོད་རེ་བྲོ་བའི་ཟས་མི་མྱོང་། །གཏན་གྱི་བདེ་བ་ཞིག་འདོད་ན། །ཆོས་ཕྱིར་དཀའ་བ་ནི་སྤྱོད་དགོས། །ཁ་ཡིས་ཞིམ་པོ་ཞིག་ཟ་ན། །ལག་པས་དཀའ་ལས་ནི་མྱོང་དགོས། །ཆོས་ཕྱིར་དཀའ་བ་ནི་སྤྱོད་ཚེ། །འཕྲལ་དུ་སྡུག་ན་ཡང་ཕུགས་བདེ། །གཏར་དང་སྲེག་གིས་ནད་འདོན་དུས། །ཅུང་ཟད་གནོད་མོད་ཀྱང་ཕུགས་ཕན། །རྐྱེན་གྱིས་ལན་རེ་ཙམ་གཙེས་ན། །རྣལ་འབྱོར་བོགས་འདོན་དུ་འགྱུར་ངེས། །དཔོན་གྱིས་བེར་ཀ་ཡིས་ལན་རེ། །བརྡུངས་ན་བྲན་གཡོག་ལ་ཕན་འགྱུར། །རྟག་ཏུ་རྐྱེན་ངན་གྱིས་གཙེས་ན། །ཡུལ་དེ་ཆོས་མཛད་ཀྱིས་སྤང་དགོས། །དཔོན་གྱིས་དུས་རྒྱུན་དུ་བརྡུངས་ན། །བྲན་གཡོག་མི་འབྲོས་པར་སྡོད་དམ། །མཁས་པས་མང་ཤེས་ཀྱང་ཕྱི་མའི། །དོན་དུ་ད་དུང་ཡང་
སློབས་ཡ། །ཁྱིམ་པས་ལོ་ཏོག་ནི་བླངས་ཀྱང་། །སང་ཕོད་ཞིང་གི་དོན་ལོས་བྱེད། །བླུན་པོར་ཡོན་ཏན་ནི་མེད་རུང་། །ད་ལྟ་སློབ་དུས་ན་མི་སློབ། །བུ་ངན་ལ་ལ་ཡིས་ཕ་ཞིང་། །བཟང་པོ་དཔྱིད་དུས་ན་མི་འདེབས། །བསྟན་བཅོས་ལེགས་ན་ཡང་བློ་གྲོས། །མེད་པའི་མི་རྣམས་ཀྱིས་མི་ལེན། །རིན་ཆེན་རྒྱན་ཆ་དེ་མཛེས་ཀྱང་། །བ་ལང་མིག་ཟུར་གྱིས་མི་ལྟ། །རང་དགོས་བསྟན་བཅོས་དེ་ཉིན་རེ། །ཚིག་རེ་བཟུང་ན་ཡང་མཁས་འོང་། །སྦྲང་མས་སྦྲང་རྩི་དེ་ཉིན་རེ། །ཅུང་ཟད་བསགས་པ་དེ་ཆེར་འགྱུར། །བློ་ལྡན་རང་ཉིད་ཀྱིས་ཤེས་ཀྱང་། །མཁས་པ་གཞུང་ལུགས་ལ་བལྟ་ཡོང་། །ཕྱུག་པོ་རང་ནོར་ནི་མང་ཡང་། །གཞན་ནོར་རིན་བྱིན་ནས་ཚུར་ཉོ། །མཁས་པ་མང་པོ་ནི་ཡོད་ཀྱང་། །ལེགས་བཤད་སྨྲ་བ་ནི་རེ་རེ། །ནགས་ཚལ་མང་པོ་ནི་ཡོད་ཀྱང་། །དྲི་ཞིམ་འབྱུང་བ་དེ་ཙན་དན། །མཁས་པའི་བཟང་ངན་གྱི་ཁྱད་པར། །ལེགས་བཤད་བརྩམས་པའི་ཚེ་ཤེས་ངེས། །རྟ་ཡི་བཟང་ངན་གྱི་ཁྱད་པར། །འགྲོ་ཞིང་བརྒྱུག་པའི་ཚེ་ཤེས་ཡ། །དེ་འདྲའི་གླུ་དབྱངས་དེ་འཐེན་མཁན། །གངས་ཅན་བོད་ཡུལ་གྱི་གླུ་བ། །ཚོགས་
དྲུག་རང་གྲོལ་ཁོ་ཡིན་སྣང་། །ཐོས་ཚད་ཐམས་ཅད་ལ་བཀྲ་ཤིས། །ཞེས་ཕུལ་ལོ། །རྒྱལ་བ་གཉིས་པ་པད་འབྱུང་སྙིགས་དུས་འདིར། །རྒྱལ་པོའི་ཚུལ་འཛིན་ཞབས་ལ་གུས་པས་བསྟེན། །རྒྱལ་ཀུན་མཉེས་པའི་སྤྱོད་པ་ལྷུར་བཞེས་པའི། །རྒྱལ་སྲས་ཆེན་པོའི་ཞབས་ཀྱི་པདྨོའི་དྲུང་། །དལ་འབྱོར་ཆོས་ཚང་མི་ལུས་བུམ་པ་ཡི། །ཕྱི་རུ་ཆོས་གོས་རྣམ་གསུམ་དར་གྱིས་བཏུམ། །ནང་དུ་ཆོས་བརྒྱད་མི་གཙང་དུ་མས་བཀང་། །རྒྱུན་དུ་ཆོས་མིན་དྲི་ངན་བྲོ་བ་ངས། །མི་ལུས་ཤེལ་དཀར་བུམ་བཟང་དྲི་མེད་དུ། །མི་རྙེད་ལུང་རྟོགས་ཡོན་ཏན་བདུད་རྩིས་བཀང་། །མི་ལས་འདས་པའི་སྐྱེས་མཆོག་ཁྱོད་ཉིད་ལ། །མི་ཕྱེད་དད་པས་གསོལ་བ་འདེབས་འབྲས་ནི། །མགོན་ཁྱོད་གདོད་མའི་དུས་ནས་རང་བྱུང་གི །ཡེ་ཤེས་མངོན་དུ་གྱུར་ཀྱང་སྙིགས་དུས་སུ། །གདུལ་བྱ་ཐམས་ཅད་ལམ་དེར་འཛུད་པའི་ཕྱིར། །ཐབས་མཁས་རྒྱལ་སྲས་སྤྱོད་པ་ལྷུར་བཞེས་པའི། །འབྲས་བུ་ཚེ་གཅིག་མངོན་གྱུར་ཚུལ་བསྟན་ནས། །མཐོང་ཐོས་དྲན་རེག་སྨིན་གྲོལ་ལ་འགོད་བཞིན། །བཞུགས་ངོས་སྔ་སོར་བདེན་ཚིག་སྨོན་
ལམ་གྱི། །གླེགས་བུ་སྤྱི་བོར་བསྩལ་བས་རབ་དགའི་ས། །ཐོབ་བཞིན་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ། །འདི་ན་ཕྱི་རུ་ཆོས་པའི་གཟུགས་འཆང་ཞིང་། །ནང་སེམས་དུག་གསུམ་དུག་ལྔས་དབང་གྱུར་ཏེ། །མི་དགེའི་ལས་ལ་འཛེམ་མེད་རབ་སྤྱོད་ཅིང་། །བླ་མ་དགེ་བའི་བཤེས་དང་མཇལ་ན་ཡང་། །བསམ་སྦྱོར་གཉིས་ཀྱིས་བསྟེན་པ་ཕར་ལ་ཞོག །ཐ་ན་མོས་གུས་དག་སྣང་ཙམ་ཞིག་ཡང་། །མི་སྐྱེ་ལོག་ལྟའི་སྒྲོག་ཏུ་ཚུད་པ་དང་། །གདམས་ངག་ཟབ་དགུ་ཐོབ་ཀྱང་ལེ་ལོ་ཆེ། །སྒོམ་བསྲན་ཆུང་བས་དམ་ཆོས་གནད་སྨིན་ཞིག །ད་ལྟ་སྒྲུབ་པའི་སྐལ་བ་དམན་ན་ཡང་། །དམ་པ་ཉིད་ཀྱི་ཐུགས་རྗེས་ད་ནས་བཟུང་། །བླ་མ་དཀོན་མཆོག་མཆེད་གྲོགས་ལ་སོགས་ལ། །དད་གུས་དག་སྣང་རབ་ཏུ་འཕེལ་བ་དང་། །དམ་ཆོས་སྒྲུབ་པའི་བརྩོན་འགྲུས་ཤུགས་དྲག་པོ། །འཁོར་བར་སྐྱོ་བའི་ངེས་འབྱུང་རྣམ་དག་དང་། །གཞན་ཕན་བྱང་ཆུབ་སེམས་དང་ཡང་དག་ལྟ། །རྟོགས་པའི་ཤེས་རབ་ལ་སོགས་རྒྱས་པ་དང་། །ནམ་ཞིག་འཆི་ཚེ་གནད་གཅོད་མི་འབྱུང་ཞིང་། །བླ་མ་དཀོན་མཆོག་རྗེས་སུ་དྲན་པ་དང་། །བར་དོའི་སྐབས་སུ་སྐུ་ཡི་
སྣང་བ་བསྟན། །སྙན་པའི་གསུང་གིས་འཁྲུལ་བའི་སྣང་བ་རྣམས། །རང་རིག་ཆོ་འཕྲུལ་ཡིན་ཞེས་ངོ་སྤྲད་ནས། །བརྩེ་བའི་ཕྱག་གིས་བདག་གི་ལག་ནས་བཟུང་། །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་དུ་འདྲེན་པའི་སྐྱབས་འཇུག་ཞུ། །སྐབས་སུ་བདག་དང་བདག་འདྲ་ཐམས་ཅད་ཀྱི། །སེམས་ལ་ཕན་པའི་ཞལ་གདམས་ལེགས་པོ་དང་། །ཕྱག་ཐམ་དབུ་སྐྲ་ན་བཟའ་རྟེན་འདུས་ཀྱི། །ས་སྔགས་ལ་སོགས་དད་རྟེན་སྩོལ་བ་མཁྱེན། །ཞུ་ཡིག་གླང་ཆེན་ས་ལ་རབ་བརྟན་སྟེང་། །དྲི་མེད་དུང་མདོག་ལྷ་རྫས་རྒྱན་ཆ་སྤྲས། །གྲུབ་དབང་ཆོས་རྒྱལ་ཁྱོད་ཀྱི་ཞབས་དྲུང་དུ། །ངག་དབང་དགེ་འདུན་འཕྲིན་ལས་གླང་རྫིས་ཕུལ། །ཞེས་པ་འདི་ཡང་བསླབ་གསུམ་རྒྱན་གྱིས་མཛེས་པའི་གྲོགས་པོ་ངག་དབང་དགེ་འདུན་འཕྲིན་ལས་ཀྱིས་བསྐུར་བའི་ལན་དུ། སྔོན་དུས་དུས་དང་རྣམ་པ་ཐམས་ཅད་དུ། །དུ་མའི་ཚོགས་བསགས་བསགས་མཐུས་རྫོགས་སངས་རྒྱས། །རྒྱས་ནས་འགྲོ་རྣམས་རྣམ་མཁྱེན་ས་ལ་འདྲེན། །འདྲེན་མཆོག་བླ་མ་མ་ལུས་
ཞབས་ལ་འདུད། །རབ་འབྲིང་ཐ་གསུམ་མི་ཡི་རྒྱུ་འགྲུལ་མེད། །རབ་དབེན་མཚོ་སྙིང་རང་བྱུང་བྲག་ཕུག་ན། །རབ་བདེ་བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །རབ་སྙན་གླུ་དབྱངས་ལྷང་ལྷང་འཐེན་པ་ལ། །རབ་བྱུང་བསྙེན་པར་རྫོགས་ནས་དུས་ཀུན་ཏུ། །རབ་མཁས་བླ་མ་མང་བསྟེན་ཐོས་བསམ་བྱས། །རབ་ཏུ་འབད་པས་སྒོམ་སྒྲུབ་བྱེད་མཁན་གྱི། །རབ་མཛེས་ངུར་སྨྲིག་འཆང་བའི་སྙིང་གྲོགས་ཉོན། །མཚན་ལྡན་བླ་མ་སྐུ་བཞིའི་གངས་རི་ལ། །དད་གུས་ཤུགས་དྲག་ཉི་མ་མ་ཤར་ན། །བྱིན་རླབས་ཆུ་རྒྱུན་གཙང་མ་མི་འབྱུང་བས། །དད་གུས་ཉི་མས་ཆེ་ཆེར་བཞུས་ཤིག་ཨང་། །མི་ལུས་གྲུ་དབུས་དམ་ཆོས་དར་འཕྱར་བ། །བརྩོན་འགྲུས་མཐུན་པའི་རླུང་གིས་མ་བསྐྱོད་ན། །ངེས་ལེགས་རིན་ཆེན་གླིང་དུ་མི་སླེབ་པས། །བརྩོན་འགྲུས་མཐུན་པའི་རླུང་གིས་བསྐྱོད་ཅིག་ཨང་། །གློ་བུར་འཆི་བདག་དམག་དཔུང་སྟེང་དུ་བླུགས། །དབང་མེད་གསོད་པ་འདི་ལ་མ་འཇིགས་ན། །འཆི་བྲོད་ཆོས་ཀྱི་གོ་མཚོན་མི་གསོག་པས། །འཆི་བདག་དམག་ལ་དོགས་ཟོན་གྱིས་ཤིག་ཨང་། །མི་དགེ་བཅུ་ཡི་དུག་ཆུ་ངར་མ་འདི། །འཛེམ་
པ་མེད་པར་ཧེབ་ཀྱིས་འཐུངས་གྱུར་ན། །ཕྱིས་ནས་བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་། །མི་དགེའི་དུག་ཆུ་རྔམ་ནས་མ་ཐུངས་ཨང་། །དགེ་བ་བཅུ་ཡི་ལྷ་ཡི་བདུད་རྩི་དེ། །ངོམས་པ་མེད་པར་རྒྱུན་དུ་མ་འཐུངས་ན། །མངོན་མཐོའི་བདེ་སྐྱིད་ལུས་སྟོབས་མི་རྒྱས་པས། །དགེ་བའི་བདུད་རྩི་ཧེབ་ཀྱིས་ཐུངས་ཤིག་ཨང་། །འཁོར་བའི་མེ་དོང་དོར་ནས་བདེ་ཆེན་གྱི། །ཐར་བའི་བསིལ་སར་སོང་ནས་མ་བསྡད་ཕྱིན། །ནམ་ཡང་བདེ་བའི་གོ་སྐབས་མི་འོང་བས། །བདེ་ཆེན་ཐར་བའི་བསིལ་སར་སྙོགས་ཤིག་ཨང་། །སྒོ་གསུམ་དགེ་བ་གང་སྒྲུབ་ལྕགས་ཕྱེ་ལ། །བྱང་སེམས་གསེར་བསྒྱུར་རྩི་ཡིས་མ་ཟིན་ན། །ཐམས་ཅད་མཁྱེན་པའི་གསེར་དུ་མི་འགྱུར་བས། །བྱང་སེམས་གསེར་འགྱུར་རྩི་འདི་གལ་ཆེ་ཨང་། །བདག་འཛིན་འཕུང་རྒན་དགྲ་ཡི་སྙིང་དཀྱིལ་དུ། །བདག་མེད་ལྟ་བའི་མདུང་རིང་མ་བཏབ་ན། །བདག་ལ་བདེ་བ་ནམ་ཡང་མི་འབྱུང་བས། །བདག་ལྟའི་དགྲ་ལ་མདུང་རེ་ཐོབས་ཤིག་ཨང་། །བསྐྱེད་རིམ་གསལ་བའི་ཕོ་གསར་གཞོན་ནུ་མཆོག །རྫོགས་རིམ་བརྟན་པའི་བུ་མོར་མ་
འཕྲད་ན། །ཟུང་འཇུག་སྐུ་ཡི་གཅེས་ཕྲུག་མི་འབྱུང་བས། །གཉིས་ཀ་ལྷན་ཅིག་ཉལ་དུ་ཆུག་ཅིག་ཨང་། །རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་ནོར་བུ་ལ། །ཉམས་ལེན་བྱི་དོར་བཟང་པོ་མ་བྱས་ན། །ཉམས་རྟོགས་ཡོན་ཏན་དགོས་འདོད་མི་འབྱུང་བས། །ཉམས་ལེན་བྱི་དོར་བྱེད་པ་གཅེས་སོ་ཨང་། །རྣམ་དཀར་དགེ་བ་ཅི་བསགས་རྟ་བཟང་དེ། །བསྔོ་བའི་སྲབ་ཀྱིས་ཁ་ལོ་མ་བསྒྱུར་ན། །ཐར་བའི་ལམ་ལ་གྱེན་དུ་མི་རྒྱུག་པས། །བསྔོ་སྨོན་རྣམ་དག་སྲབ་ཀྱིས་ཁ་སྒྱུར་ཨང་། །ཐོས་བསམ་སྟོབས་རྒྱས་ཆོས་མཛད་དར་སེང་རྣམས། །རི་ཁྲོད་དབེན་པའི་གངས་ལ་མ་འགྱིང་ན། །འཇིག་རྟེན་ཆོས་བརྒྱད་མི་གཙང་དྲི་མས་གོས། །རི་ཁྲོད་གངས་ཁྲོད་རྒྱུན་དུ་ཟུངས་ཤིག་ཨང་། །དགེ་འདིས་དམ་ཆོས་ཆོས་བཞིན་བྱེད་རྣམས་ཀྱི། །འགལ་རྐྱེན་ཀུན་ཞི་ཞི་སོགས་ལས་ཀུན་འགྲུབ། །རྣམ་དཀར་ལེགས་ཚོགས་ཚོགས་གཉིས་གང་བསགས་རྣམས། །གོང་ནས་གོང་འཕེལ་འཕེལ་བ་བརྟན་པར་ཤོག །ཅེས་སྨྲས་པའོ། །དམ་པའི་ཆོས་ཀྱི་གྲུ་ཆེན་ལ་བརྟེན་ནས། །ལས་དང་ཉོན་མོངས་སྒྲིབ་པའི་རྒྱ་མཚོ་བསྒྲལ། །སྐུ་གསུམ་འདོད་འབྱུང་ནོར་
བུ་ལེན་མཁན་གྱི། །སྔོན་མེད་སྙིགས་དུས་དེད་དཔོན་ཆེན་པོའི་དྲུང་། །བདེ་མེད་ཕ་ཡུལ་རྒྱ་མཚོ་ཆེན་པོ་ན། །ཆོས་བརྒྱད་རྦ་རླབས་ཤུགས་དྲག་འཁྲུགས་པས་གཡེངས། །ལས་ཉོན་གཉིས་ཀྱི་ཆུ་སྲིན་ཁར་ཆུད་པའི། །ཉམ་ཐག་གྲོགས་ངན་བདག་གིས་གུས་ཞུ་ནི། །མཁྱེན་བརྩེའི་པད་དཀར་འདབ་སྟོང་རབ་ཏུ་བཞད། །དྲི་མེད་ལེགས་བཤད་སྦྲང་རྩིའི་དགའ་སྟོན་གྱིས། །སྐལ་ལྡན་རྐང་དྲུག་གཞོན་ནུའི་རེ་སྐོང་བའི། །མགོན་ཁྱོད་གཟུགས་སྐུ་པད་སྡོང་བདེ་ཟེར་སྤྲོ། །རྨད་བྱུང་བློ་གྲོས་ལུས་སྟོབས་རབ་ཏུ་རྒྱས། །བྱམས་བརྩེའི་བྱང་ཆུབ་སེམས་ཀྱི་གཡུ་རལ་འཆང་། །རི་ཁྲོད་དབེན་པའི་རབ་དཀར་གངས་ལ་འགྱིང་། །གསུང་མགུར་ང་རོས་ས་སྟེང་ཐམས་ཅད་འགེངས། །སེང་ཆེན་ཁྱོད་དང་ད་ལྟ་མཚུངས་པ་ཞིག །གངས་ཅན་ཁྲོད་ན་མེད་ཅེས་ཀུན་གྱིས་གླེང་། །སྔོན་ཆད་འགའ་རེ་ཡོད་ཅེས་རྣ་བས་གོ །ཕྱིན་ཆད་རེ་རེ་ཙམ་རེ་སྲིད་དམ་ཅི། །དེ་ཕྱིར་མཇལ་དཀའི་དགེ་བའི་བཤེས་གཉེན་མཆོག །ཆུང་ནས་འདྲིས་ཆ་ཆེ་བའི་གྲོགས་ངན་ངའི། །ཚེ་འདིའི་རྐྱེན་ངན་བར་ཆད་ཞི་བ་དང་། །ཕྱི་
མའི་ལམ་སྣ་དྲོངས་ཤིག་ཐུགས་རྗེའི་གཏེར། །བདག་སོགས་རང་ཡུལ་རེ་ལྟོས་བྱེད་པ་རྣམས། །རེ་བ་སྐོང་ཕྱིར་སླར་ཡང་འབྱོན་པར་བསྐུལ། །བར་སྐབས་སེམས་ལ་ཕན་པའི་ཞལ་གདམས་དང་། །དད་རྟེན་སྩོལ་ཅེས་ཞོ་འོང་བླ་མས་ཕུལ། །ཞེས་པ་འདི་ཡང་དད་གཏོང་བློ་གྲོས་དང་ལྡན་པའི་གྲོགས་པོ་ཞོ་འོང་བླ་མ་ཆུང་བས་བསྐུར་བའི་ལན་དུ། ཕ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །གྲོགས་ཅི་བསམ་འགྲུབ་པར་བྱིན་གྱིས་རློབས། །མིང་ཚོགས་དྲུག་རང་གྲོལ་ཞེས་བྱ་ངའི། །གླུ་འདི་ལ་བློ་ལྡན་སྙིང་གྲོགས་གསོན། །ནོར་བསོགས་པའི་ཐ་མ་འཛད་པ་ཡིན། །གྲོགས་འདུས་པའི་ཐ་མ་འབྲབ་ལ་ཡིན། །མཐོར་སོང་བའི་ཐ་མ་རྒུད་པ་ཡིན། །ཡར་སྐྱེས་པའི་ཐ་མ་འཆི་བ་ཡིན། །ཆོས་ཐམས་ཅད་མི་རྟག་ཚུལ་སོམས་ལ། །ཚེ་འདི་ཡི་ཆེ་ཐབས་བྱ་བ་ཀུན། །དཔེ་མགར་བ་ཤི་བའི་ལག་ཆ་བཞིན། །ད་བསྐྱུར་ལ་དམ་པའི་ཆོས་གྱིས་ཤིག །ལས་རྒྱུ་འབྲས་ནམ་ཡང་བསླུ་བ་མེད། །རྒྱུ་དགེ་དང་མི་དགེ་གང་བྱས་ཀྱང་། །ཕྱིས་འབྲས་བུ་དེ་འདྲ་འབྱུང་བར་གསུངས། །ད་མི་དགེ་སྡིག་པའི་ལས་མ་བྱེད། །དམྱལ་བ་ན་ཚ་གྲང་སྡུག་བསྔལ་ཆེ། །ཡི་དྭགས་ལ་
བཀྲེས་སྐོམ་སྡུག་བསྔལ་ཡོད། །དུད་འགྲོ་ལ་བཀོལ་སྤྱོད་སྡུག་བསྔལ་ཡོད། །མར་ངན་སོང་སྡུག་བསྔལ་ལ་འཇིགས་ནས། །ཡར་ལྷ་མིའི་གོ་འཕང་ཐོབ་ན་འདོད། །དེ་ཙམ་གྱི་ཕྱིར་དུ་དགེ་བསྒྲུབས་ན། །མི་དེ་ལ་སྐྱེས་བུ་ཆུང་ངུ་ཟེར། །ཡར་མཐོ་རིས་ན་ཡང་ངན་སོང་གསུམ། །སྡུག་དེ་འདྲ་ཙམ་ཞིག་མེད་མོད་ཀྱང་། །མིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མང་། །ལྷ་མ་ཡིན་འཐབ་རྩོད་སྡུག་བསྔལ་ཆེ། །ལྷ་རྣམས་ལ་འཕོ་ལྟུང་སྡུག་བསྔལ་ལྡན། །སྤྱིར་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས། །རང་གཅིག་པུར་འཁོར་བ་ཐར་ན་འདོད། །དེ་ཙམ་གྱི་ཆེད་དུའང་ཆོས་བྱེད་ན། །མི་དེ་ལ་སྐྱེས་བུ་འབྲིང་ཞེས་ཟེར། །འཁོར་བ་འདིར་ལྷུང་ནས་སྡུག་མྱོང་བའི། །སེམས་ཅན་ཀུན་དྲིན་ཅན་ཕ་མར་ཤེས། །ཀུན་འཁོར་བ་འདི་ནས་འདྲེན་ནུས་པའི། །ཡར་སངས་རྒྱས་གོ་འཕང་ཐོབ་ན་འདོད། །དེ་ཕྱིར་དུ་དམ་པའི་ཆོས་བྱེད་ན། །མི་དེ་ལ་སྐྱེས་བུ་ཆེན་པོ་ཟེར། །ད་གྲོགས་ཁྱོད་སྐྱེས་བུ་ཆེན་པོ་བཞིན། །ཡར་སངས་རྒྱས་གོ་འཕང་འཐོབ་པའི་ཕྱིར། །ཆོས་མདོ་སྔགས་ཉམས་སུ་ལེན་པར་གྱིས། །སྒོས་
བསྐྱེད་རྫོགས་རྫོགས་ཆེན་སྒོམ་པར་མཛོད། །ཡང་སྒོས་སུ་མྱུར་ལམ་རྫོགས་ཆེན་སྒོམས། །དགེ་འདི་ཡིས་འགྲོ་བ་མ་ལུས་པར། །མཆོག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་སྨྲས་སོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དེ། །སྙིགས་དུས་འགྲོ་བ་ཀུན་ངོར་མིར་སྤྲུལ་ནས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བླ་མ་རྗེ། །ཁྱོད་ཐུགས་འོད་གསལ་རྟ་བདུན་དཀྱིལ་འཁོར་ལས། །ཕན་པའི་མགུར་དབྱངས་འོད་ཟེར་ལེགས་འགྱེད་ནས། །བདག་བློའི་པདྨ་དཀར་པོ་ཁ་ཕྱེ་སྟེ། །ཉམས་རྟོགས་བཅུད་བཟང་འཁྱིལ་བར་མཛད་དུ་གསོལ། །བདག་གཞན་སྐྱེ་བ་འདི་དང་ཚེ་རབས་ཀུན། །མགོན་པོ་ཁྱོད་དང་རྟག་ཏུ་མི་འབྲལ་ཞིང་། །ཅི་གསུངས་བཀའ་བཞིན་ཟབ་ཆོས་ཉམས་བླངས་མཐུས། །མཐར་ཐུགས་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་དད་པ་དང་བརྩོན་འགྲུས་སྙིང་རྗེ་ཆེ་ཞིང་དབང་བོ་རྣོན་པོ་ཁོག་ཡངས་དམ་ལྡན་ལས་ཅན་སློབ་མ་བློ་བཟང་རིན་ཆེན་གྱིས་སྨྲས་པའི་ལན་དུ། ཚེ་འདིའི་བྱ་བ་ཀུན་དོར་ནས། །ཚེ་དང་སྒྲུབ་པ་བསྙམས་ནས་ཀྱང་། །ཚེ་གཅིག་སངས་རྒྱས་ཐོབ་རྣམས་ཀྱིས། །ཚེ་རབས་ཀུན་
ཏུ་བུ་ལ་གཟིགས། །སྐྱེས་པའི་ཡུལ་དང་ཟས་ནོར་སྤངས། །དབེན་པའི་བསིལ་གྲིབ་ལ་འཁོད་ནས། །སྙན་པའི་གླུ་དབྱངས་ལེན་པ་ལ། །མོས་པའི་བུ་ཁྱོད་མ་ཡེངས་ཉོན། །ཕ་ཡུལ་བདུད་ཀྱི་བཙོན་ཁང་ཞོག །གཞོན་གྲོགས་བདུད་ཀྱི་བུ་མོ་སྤོངས། །ཟས་ནོར་བདུད་ཀྱི་བསླུ་བྲིད་སྐྱུར། །ཆོས་བརྒྱད་བདུད་ཀྱི་ཞགས་ནག་ཆོད། །ནག་ཅན་བཙོན་ནས་འབྲོས་པ་བཞིན། །མཛའ་བའི་བཤེས་དང་སྡང་བའི་དགྲ། །ཆགས་སྡང་སྐྱེ་བའི་ཡུལ་སྤོངས་ལ། །འགྲོ་ན་དབེན་པའི་རི་ལ་ཕྲོས། །ཉོན་དང་སྐལ་ལྡན་སྙིང་གི་བུ། །ལྗོན་ཤིང་གཡའ་རི་གངས་འདབས་དང་། །དུར་ཁྲོད་ནགས་ཁྲོད་དབེན་གནས་སུ། །བླ་མའི་གདམས་ངག་སྒོམ་པར་མཛོད། །དེར་ཡང་ཆགས་ནས་མ་འདུག་པར། །ཉི་ཟླ་བཞིན་དུ་ཕྱོགས་གཞན་སོང་། །བྱ་བ་ངན་པ་མཐའ་དག་སྤོངས། །རྣམ་མཁྱེན་གོ་འཕང་བསྒྲུབ་ལ་བརྩོན། །ཉོན་དང་སྐལ་ལྡན་སྙིང་གི་བུ། །དད་པའི་ནོར་དང་ཚུལ་ཁྲིམས་ནོར། །གཏོང་བའི་ནོར་དང་ཐོས་པའི་ནོར། །ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། །ཤེས་རབ་ནོར་དང་བདུན་པོ་ནི། །འཛད་མེད་འཕགས་
པའི་ནོར་བདུན་ཡིན། །ནོར་མཆོག་འདི་བསྟེན་ཕུགས་སུ་ཕན། །འཕྲལ་དུ་ལྷ་མི་ཀུན་གྱིས་མཆོད། །ཉོན་དང་སྐལ་ལྡན་སྙིང་གི་བུ། །ལུས་འཚོའི་བསོད་སྙོམས་བྱེད་པའི་ཚེ། །ཁྱིམ་པ་རྣམས་ཀྱི་སྒོ་དྲུང་དུ། །འོ་དོད་རྒྱང་བོས་ལ་སོགས་པའི། །མི་དད་སྤྱོད་པ་རྣམས་སྤངས་ཏེ། །བག་ཡོད་སྤྱོད་པས་ལེགས་གནས་ལ། །སྙན་པའི་ཚིག་གིས་སློང་བར་གྱིས། །མི་རུང་མ་གཏོགས་དམན་ཡང་ལོངས། །ཉོན་དང་སྐལ་ལྡན་སྙིང་གི་བུ། །བཟང་ངན་ཆགས་སྡང་རྣམས་སྤངས་ནས། །དགེ་རྩ་བསྔོ་ཞིང་སྨོན་ལམ་ཐོབས། །བླངས་ནས་ཡུན་རིང་མ་འདུག་པར། །སྤང་གཞོང་མེ་ཏོག་སྣ་ཚོགས་བཀྲ། །ཁུ་བྱུག་ལྟོང་ལྟོང་དགའ་བས་ལྡིང་། །ཉམས་དགའི་རི་ཁྲོད་དབེན་པ་སྙོགས། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཟུངས། །དགེ་འདིས་སྐལ་ལྡན་སློབ་མ་རྣམས། །རྣམ་གཡེང་དབང་དུ་མི་འགྲོ་བར། །བར་མཚམས་མེད་པར་དམ་པའི་ཆོས། །ཆོས་མཛད་གོང་མ་བཞིན་བྱེད་ཤོག །ཅེས་སྨྲས་པའོ། །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནི། །གཅིག་ཏུ་བསྡུས་ནས་ངུར་སྨྲིག་ཚུལ་འཛིན་པ། །འགྲན་ཟླ་དང་བྲལ་ཚོགས་དྲུག་རང་
གྲོལ་ལ། །གུས་པས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །ཁྱོད་ཐུགས་ལྷ་ལམ་ཀུན་གསལ་ངོས་ཡངས་པོར། །མཁྱེན་བརྩེའི་ཆུ་འཛིན་སྟུག་པོ་ཉེར་འཁྲིགས་ནས། །མན་ངག་སྦྲང་ཆར་བདག་ཡིད་ཞིང་ས་རུ། །ལེགས་ཕབ་ཅུང་ཟད་བརླན་འདི་ཨེ་མ་མཚར། །ད་དུང་འདི་ན་སྐལ་དམན་སློབ་བུ་བདག །ཆོས་བརྒྱད་ཆུ་བོའི་དཀྱིལ་དུ་གནས་བཅས་ནས། །སྐྱབས་མགོན་ཁྱོད་ལ་འོ་དོད་དྲག་པོ་ཡིས། །གསོལ་འདེབས་གདུང་དབྱངས་ལེན་བཞིན་ཞལ་གདམས་ཞུ། །བྱང་ཕྱོགས་བོད་ཡུལ་ནམ་མཁའ་ཡངས་པའི་རྒྱན། །གཟུགས་སྐུ་དྲི་མེད་ཟླ་གཞོན་ཁྱོད་ཉིད་ཀྱིས། །བདག་ཡིད་ཀུ་མུད་དགའ་ཚལ་བཞད་ཕྱིར་དུ། །ཞལ་གདམས་མགུར་དབྱངས་འོད་དཀར་དེང་འདིར་བཀྱེ། །འདི་ཞུས་དགེ་བས་བདག་གཞན་འགྲོ་བ་ཀུན། །དལ་འབྱོར་རྟེན་ཐོབ་དམ་པས་རྗེས་བཟུང་ནས། །མདོ་སྔགས་ཆོས་རྣམས་ཐོས་བསམ་བསྒོམས་པའི་མཐུས། །མཐར་ཐུག་རྣམ་མཁྱེན་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ཡང་ཚེ་འདི་བློས་བཏང་རི་ཁྲོད་འགྲིམ་མཁན་བསླབ་གསུམ་རྒྱན་ལྡན་སློབ་བུ་ངག་དབང་ཆོས་འཕེལ་གྱིས་སྨྲས་པའི་ལན་དུ། བཀའ་གདམས་
མེས་པོ་ཇོ་འབྲོམ་སོགས། །བཀའ་གདམས་བླ་མ་རྣམས་ལ་འདུད། །བཀའ་གདམས་རྣམ་ཐར་བུས་ཟིན་པར། །བཀའ་གདམས་གོང་མས་བྱིན་གྱིས་རློབས། །རྣམ་གཡེང་མེད་པའི་དབེན་གནས་སུ། །རྣམ་མཁྱེན་ཐོབ་ཕྱིར་ལྷ་ཆོས་ལ། །རྣམ་པ་ཀུན་ཏུ་བརྩོན་པའི་བུ། །རྣམ་དག་བསླབ་པ་གསུམ་ལྡན་ཉོན། །ཡིད་གཉིས་ཐེ་ཚོམ་མ་བྱེད་པར། །ཚེ་གཅིག་སྒྲུབ་ལ་ནན་ཏན་གྱིས། །གཉིད་རྨུགས་ལེ་ལོ་གཡེང་བ་རྣམས། །སྤོངས་ལ་བརྩོན་འགྲུས་ཤུགས་དྲག་སྐྱེད། །དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་སྲུངས། །ཉིན་མཚན་ཀུན་ཏུ་རང་རྒྱུད་ལ། །རྟོགས་ལ་ཆོས་དང་ཨེ་མཐུན་ལྟོས། །བདག་གི་ཉེས་པ་གཞན་ལ་སྒྲོགས། །གཞན་གྱི་སྐྱོན་ལ་མ་རྟོགས་ཤིག །བདག་གི་ཡོན་ཏན་ཁོག་ཏུ་སྦོས། །གཞན་གྱི་ཡོན་ཏན་ཕྱོགས་བཅུར་སྒྲོགས། །རྙེད་པ་དང་ནི་བཀུར་སྟི་དང་། །ཁེངས་དྲག་རྟག་ཏུ་སྤངས་ན་བཟང་། །འདོད་པ་ཆུང་ཞིང་ཆོག་ཤེས་སྟེན། །ཕན་བྱས་ལན་དུ་དྲིན་གཟོ་མཛོད། །འགྲོ་བ་ཡོངས་ལ་བྱམས་པ་དང་། །སྙིང་རྗེའི་བྱང་ཆུབ་སེམས་མཆོག་སྐྱེད། །མི་དགེ་བཅུ་པོ་དུག་ལྟར་སྤོངས། །རྒྱུན་
དུ་འགྱུར་མེད་དད་པ་དགོས། །གཞན་ལ་ཁྲོ་སེམས་སྐྱེས་ཚེ་གཞོམ། །བྱམས་པའི་སེམས་དང་ལྡན་པར་མཛོད། །ལོག་པའི་འཚོ་བ་མ་བསྟེན་པར། །ཆོས་མཐུན་འཚོ་བས་འཚོ་བར་མཛོད། །ཟང་ཟིང་དངོས་པོ་མ་གསོག་པར། །འཕགས་པའི་ནོར་བདུན་གསོག་ལ་བརྩོན། །འདུ་འཛི་ཆེ་བའི་གྲོང་དགོན་སྤོངས། །རི་ཁྲོད་དབེན་པ་རྟག་ཏུ་སྟེན། །དོན་མེད་ངག་འཁྱལ་ཚིག་རྣམས་སྤོངས། །རྟག་ཏུ་སྨྲ་བ་ཉུང་ན་མཛེས། །བླ་མ་མཁན་པོ་སུ་ཡིན་ཡང་། །མཐོང་ཚེ་གུས་པས་རིམ་གྲོ་སྐྱེད། །ཕྱོགས་བཅུའི་ཆོས་མཛད་སུ་མཐོང་ཡང་། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །སེམས་ཅན་ཆེ་ཆུང་སུ་མཐོང་ཡང་། །ཕ་མ་བུ་ཚའི་འདུ་ཤེས་སྐྱེད། །སྡིག་པའི་གྲོགས་པོ་ཐབས་ཀྱིས་སྤོངས། །དགེ་བའི་བཤེས་གཉེན་རྟག་ཏུ་སྟེན། །སྡང་དང་མི་བདེའི་སེམས་བྱུང་ཚེ། །རི་ཁྲོད་གཞན་དུ་བདེ་བར་སོང་། །གང་ལ་ཆགས་ཞེན་ཆེ་བ་དེ། །སྤོངས་ལ་ཆགས་མེད་ཞེན་མེད་གྱིས། །ཐོག་མར་བརྩམ་པ་གང་ཡིན་པ། །མཐར་མ་ཐོན་གྱི་བར་དུ་སྒྲུབས། །གཞན་ལས་ང་བཟང་སྙམ་པ་ཡི། །རང་མཐོང་ང་རྒྱལ་
སྐྱེས་ཚེ་སྤོངས། །ཞུམ་པའི་སེམས་ནི་བྱུང་བའི་ཚེ། །སེམས་ཀྱི་གཟེངས་ནི་བསྟོད་པར་གྱིས། །ཉེ་རིང་ཆགས་སྡང་བྱུང་བའི་ཚེ། །སྒྱུ་མ་རྨི་ལམ་བཞིན་དུ་ལྟོས། །མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཆ་བཞིན་དུ་ཁྱེར་ལ་ཐོངས། །ལུས་ལ་གནོད་པ་བྱུང་བའི་ཚེ། །སྔོན་གྱི་ལས་སུ་བལྟ་བར་གྱིས། །རི་དྭགས་ཤི་བའི་རོ་བཞིན་དུ། །སུས་ཀྱང་མཐོང་ཚོར་མེད་སར་སྡོད། །གལ་ཏེ་གཞན་དག་མཐོང་བའི་ཚེ། །ཁྲོ་གཉེར་ངོ་གནག་མིག་ལོག་སྤོངས། །བཞིན་མདངས་གསལ་ཞིང་འཛུམ་བཞིན་དུ། །འཇམ་ཞིང་དྲང་པོའི་ཚིག་རྣམས་སྨྲོས། །ཉམ་ཐག་དབུལ་བོ་མཐོང་བའི་ཚེ། །སེར་སྣ་མེད་པར་གང་མཁོ་བྱིན། །ཕྲག་དོག་འགྲན་འདོད་འཐབ་རྩོད་སྤོངས། །རྟག་ཏུ་བཟོད་པ་སྒོམ་པར་མཛོད། །ངོ་དགའ་གསར་འགྲོགས་ལ་མ་དགའ། །རྟག་ཏུ་རང་ཚུགས་ཐུབ་པར་གྱིས། །མཐོ་དམན་གང་ལ་མ་བརྙས་པར། །ཀུན་ལ་བྲན་བཞིན་བཀུར་སྟི་རེམ། །གཞན་ལ་དམ་ཆོས་སྟོན་པའི་ཚེ། །སྙིང་རྗེ་ཕན་སེམས་བསྐྱེད་ལ་ཤོད། །གཞན་གྱི་ཆོས་ལ་སྐུར་མ་འདེབས། །རང་ཉིད་གང་མོས་ཉམས་སུ་ལོངས། །ཆོས་སྤྱོད་རྣམ་པ་
བཅུ་པོ་ཡིས། །ཉིན་མཚན་གཉིས་ཀ་འདའ་བར་མཛོད། །དུས་གསུམ་བསགས་པའི་དགེ་བ་ཀུན། །རང་གཞན་སངས་རྒྱས་ཐོབ་ཕྱིར་སྔོས། །མཇུག་ཏུ་འདུན་པ་དྲག་པོ་ཡིས། །སྨོན་ལམ་རྒྱ་ཆེན་ལེགས་པར་ཐོབས། །དེ་ལྟར་བྱས་ན་ཚོགས་གཉིས་རྫོགས། །སྒྲིབ་གཉིས་དག་ནས་སངས་རྒྱས་འགྱུར། །གཏམ་འདི་ཚོགས་དྲུག་རང་གྲོལ་གྱིས། །དད་པ་དམ་ཚིག་ལྡན་པ་ཡི། །སློབ་བུ་ངག་དབང་ཆོས་འཕེལ་ལ། །མཚོ་སྙིང་གནས་ནས་ལེགས་པར་སྨྲས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །བཀའ་གདམས་གོང་མའི་རྣམ་ཐར་བཞིན། །ཆོས་མིན་སྤངས་ནས་ཆོས་བཞིན་བྱས། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་སྨྲས་པའོ། ་གོ་དཀའི་མདོ་སྔགས་ཚིག་དོན་མ་ལུས་པ། །གོ་བར་མ་ཟད་སྐྱེ་བོ་གཞན་རྣམས་ཀྱིས། །གོ་ལོག་གོ་ཞིང་གཏན་ནས་མ་གོ་བ། །གོ་སླའི་ངག་གིས་འཆད་པའི་མཁས་གྲུབ་མཆོག །གོ་ས་མཐོ་བའི་ཆོས་རྒྱལ་ཝང་ལ་སོགས། །གོ་རྒྱ་ཆེ་བའི་བླ་མ་དུ་མའི་གསུང་། །གོ་བའི་དྲིན་གྱིས་ཚོགས་དྲུག་རང་གྲོལ་ངས། །གོ་རིམ་ངེས་མེད་གླུ་དབྱངས་སྟོང་ལྷག་
བླངས། །གོ་རིག་བཟང་བའི་མཁས་པ་དགྱེས་ཕྱིར་དང་། །ཀོ་གྱོང་ལྟ་བུའི་རང་རྒྱུད་འདུལ་བའི་ཐབས། །གོ་བ་མེད་པ་རྣམས་ལ་ཕན་པའི་ཕྱིར། །གོ་སླ་ཁྱེར་བདེའི་གླུ་དབྱངས་བླངས་པ་རྣམས། །གོ་མེད་བླུན་པོ་གླང་རྒན་ལྟ་བུས་ཀྱང་། །གོ་ཚེ་རྣར་སྙན་ཡིད་ལ་འབབ་པ་དང་། །གོ་མྱོང་རྟོགས་པ་མཆོག་ལྡན་ཀུན་མཁྱེན་གྱི། །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་གྱུར་ཅིག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །དད་ལྡན་རང་གི་སློབ་བུ། །རྣམས་ཀྱིས་འདི་བཞིན་མཛོད་ཅིག །བྱིས་པ་ཆུང་ངུར་གཞན་གྱིས། །བཟང་ངན་ཚིག་གང་སྨྲས་ཀྱང་། །རེ་རེ་བགད་ནས་འདུག་བཞིན། །དད་དང་མི་དད་མི་ཡིས། །རང་ལ་ཅི་ཞིག་སྨྲས་ཀྱང་། །རེ་རེ་དགོད་ལ་སྡོད་ཡ། །བྱིས་པར་ཅི་ཞིག་བྱིན་ཀྱང་། །རེ་ཞིག་བླངས་ནས་འདོར་བཞིན། །གཞན་གྱིས་གང་བྱིན་ལོངས་ལ། །མ་གསོག་མཆོད་སྦྱིན་གྱིས་ཤིག །ཡང་ན་ལྷ་སྐུའི་མདུན་དུ། །མཆོད་པ་ཅི་ཞིག་ཕུལ་ཀྱང་། །ཅུང་ཟད་མི་ལེན་བཞིན་དུ། །གཞན་གྱིས་ཟས་ནོར་གང་ཕུལ། །བསྟན་འགྲོའི་དོན་རེ་མེད་ཚེ། །ཅུང་ཟད་ཙམ་ཡང་མ་ལེན། །གྲུབ་མཐའ་གཞན་ལ་མ་སྨོད། །གང་
ལའང་དག་སྣང་གྱིས་ཤིག །རང་གི་ཆོས་ལ་ཡིད་གཉིས། །ཐེ་ཚོམ་མ་ཟ་སྒྲུབས་ཤིག །རྒན་མོས་རྨ་རྡོར་ཕྱག་འཚལ། །བཛྲ་ཀྱི་ལི་ཀྱི་ལ། །ཁ་ངོར་རཀྴའི་ཕྲེང་བ། །རྒད་པོའི་མགོ་ལ་གདུགས་འཁོར། །སྔོན་གྱི་གཏམ་རྒྱུད་དེ་ཚོར། །སོམས་ལ་དད་གུས་མོས་པས། །རྒྱུན་དུ་ཉམས་ལེན་མཛོད་དང་། །འཕྲལ་ཕུགས་བདེ་སྐྱིད་འབྱུང་ངེས། །བསྟན་འགྲོའི་དོན་གང་བྱེད་དུས། །ནམ་མཁའ་བཞིན་དུ་སེམས་ལ། །བཟང་ངན་གཉིས་ཀ་ཤོང་དགོས། །སྣེ་དོ་བཞིན་དུ་མ་དོག །ཚིག་ངན་དམ་དུམ་གོ་ན། །ཁ་ངོ་ལག་པ་མ་འདར། །ཁ་ནས་ཚིག་ངན་མ་འཆོར། །བླ་སློབ་གྲོགས་རྣམས་འཚོགས་དུས། །གཡག་རྭ་རྡོ་ནང་དྲུད་བཞིན། །སེམས་ལ་མི་རན་ཚིག་རྩུབ། །ཟུར་གཏམ་སྐྱོན་མཚང་མ་འབྲུ། །སེམས་ཉིད་ནམ་མཁའ་བཞིན་དུ། །རྒྱ་བསྐྱེད་འཁོར་འདས་ཆོས་ཀུན། །སེམས་ཀྱི་ནང་དུ་ལོངས་ལ། །གང་ལའང་དགག་སྒྲུབ་མ་མཛད། །སྣང་བ་ཡངས་པོ་གྱིས་ཤིག །ཟས་ནོར་རྙེད་དང་མ་རྙེད། །བདེ་དང་མི་བདེ་གང་བྱུང་། །རྨི་ལམ་གནས་སྐབས་བཞིན་དུ། །ལྟོས་ལ་དགའ་སྡུག་མ་
བྱེད། །སྙན་དང་མི་སྙན་བསྟོད་སྨད། །འབྲུག་བཞིན་ཡུད་ཙམ་གྲགས་ནས། །སླར་ཡང་ཉམས་ཚུལ་སོམས་ལ། །གང་ལ་ཆགས་སྡང་མ་མཛད། །བྱམས་དང་སྙིང་རྗེ་བྱང་ཆུབ། །སེམས་ཀྱི་ཉི་འོད་བརྡོལ་ལ། །ཞོག་དང་འགྲོ་བ་མང་བོར། །ངང་ངམ་ཤུགས་ཀྱིས་ཕན་ངེས། །སྙིང་གཏམ་སེམས་ལ་ཟུངས་ལ། །ཡུལ་དུ་བདེ་བར་བཞུད་ཅིག །ང་རང་དབེན་པའི་གནས་སུ། །སོང་ནས་འཆི་བྲོད་ཆོས་བྱེད། །ཁྱེད་རྣམས་སེམས་ཀྱིས་མི་བརྗེད། །རིང་མིན་མྱུར་དུ་མཇལ་ལོ། །ཞལ་མཇལ་དུས་སུ་བཀྲ་ཤིས། རང་ཡུལ་ཆོས་གྲོགས་རྣམས་ལ། །རྒྱང་ནས་གཏམ་འདི་བསྐུར་རོ། །རྒྱུན་དུ་རྔ་བརྡུངས་དུང་བུས། །ཆ་ལང་བརྡབས་ནས་མ་འདོན། །མཚམས་མིན་སྐྲ་ཅན་མ་མང་། །མང་སར་ཐོད་ཕོར་མ་འཛིན། །ཚོགས་མིན་ཆང་ནག་མ་ཐུངས། །དངོས་སུ་ཕྱག་རྒྱ་མ་སྟེན། །ཁ་དབྱེན་ཚིག་རྗེས་མ་འབྲང་། །ངོ་ལྐོག་གཏམ་ནི་མ་མང་། །མོ་དང་རྩིས་སོགས་མ་བྱེད། །ཕོ་ཚོད་ལུང་བསྟན་མ་གནང་། །གྲོང་དུ་འགྲོ་འདུག་མ་མང་། །བསོད་སྙོམས་མང་པོ་མ་རྒྱག །དབང་དང་སྲོག་གཏད་མ་བྱེད། །མང་པོ་ཕྱོགས་གཅིག་
མ་འདུག །མཐུ་གཏད་དྲག་ལས་མ་བཅོ། །བླ་མར་དད་ལོག་མ་བྱེད། །གྲོགས་ལ་ངན་སྨྲས་མ་བརྗོད། །ཕྱོགས་ཕྱོགས་རི་ཀླུང་རྣམས་ཀྱི། །རང་བྱུང་བྲག་ཕུག་སྙོགས་ལ། །རྒྱུན་དུ་གཅིག་པུར་སྡོད་ཅིག །ཡང་ན་ཐུན་ནི་གཉིས་གསུམ། །མཚམས་དམ་འདག་སྦྱར་གྱིས་ཤིག །ཡང་ན་ཐུན་ནི་འགའ་རེ། །ཉི་ཟླ་བཞིན་དུ་ཕྱོགས་མེད། །རི་ཁྲོད་ང་བཞིན་འགྲིམས་ཤིག །གོས་སུ་ངན་ངོན་གྱོན་ལ། །ཟས་སུ་གང་རྙེད་ཟོ་ཞིག །སྒྲོ་སྐུར་སྣ་ཚོགས་བྱུང་ཡང་། །ཤིང་གི་མི་བཞིན་གྱིས་ཤིག །དེང་སང་ཁ་དབྱེན་རྫུན་མང་། །གང་ལའང་བདེན་པར་མ་འཛིན། །དེང་སང་ངོ་ལྐོག་གཏམ་མང་། །གང་ཐོས་རྣ་བའི་ཕྱིར་དོར། །ཡོན་ཏན་བརྗོད་པ་ཐོས་ནའང་། །རང་མཐོང་ང་རྒྱལ་མ་ཆེ། །རང་ལ་ཡོན་ཏན་ཡོད་ཚད། །ས་འོག་གཏེར་བཞིན་སྦོས་ཤིག །གསང་སྔགས་གསང་ནས་བསྒྲུབ་དགོས། །མངོན་མངོན་རྐྱང་བ་མ་བྱེད། །གཞན་གྱི་ཡོན་ཏན་སྤུ་ཙམ། །མཐོང་ཡང་རི་ཙམ་གྱིས་ལ། །དད་ཅན་རྣ་བར་སྒྲོགས་ཤིག །ཕན་བཏགས་གནོད་པ་བྱེད་དང་། །བཟང་བྱས་ངན་དུ་སོང་བ། །རེ་བའི་རེ་ཐག་
ཆོད་རུང་། །གང་ལ་སྡུག་བསྔལ་མ་བྱེད། །སྐྱེ་མེད་ཆོས་དབྱིངས་ཆེན་པོའི། །ངང་དུ་མེ་རེར་སྡོད་ཅིག །བློ་བདེ་འབོལ་ལེ་འགྲོ་ངེས། །མདོར་ན་སྟེང་ནས་ཐོག་རྒྱག །འོག་ནས་ས་འགུལ་བར་ནས། །མི་ཀུན་དགྲ་རུ་ལངས་ཀྱང་། །ཐམས་ཅད་སེམས་ཀྱི་རོལ་བ། །རྨི་ལམ་བཞིན་དུ་ལྟོས་ལ། །གང་ཡང་བདེན་པར་མ་འཛིན། །གང་ལ་ཁོང་ཁྲོ་མ་སྐྱེ། །གང་ཡོད་ཁྱེར་ནའང་བྱིན་ལ། །གང་བཅའ་བཅོ་གི་ཆུགས་ཤིག །རྒྱུན་དུ་གཉོམ་ཆུང་ཁ་རོག །སྡོད་དང་ཁ་མཆུ་མི་འོང་། །ལག་པས་མགོ་སྐྱོར་ཕྲོས་དང་། །དེད་ནས་གཅོག་མཁན་སུ་ཡོད། །ཁེ་དང་རྒྱལ་ཁ་ཕར་བྱིན། །གྱོང་དང་ཕམ་ཁ་ཚུར་ལོངས། །འདི་ནི་འོ་སྐོལ་བྱ་བཏང་། །ཆོས་མཛད་རི་བའི་ལུགས་ཡིན། །ལུགས་འདི་འཆོལ་གི་མ་འཇུག །ཨ་རོག་སྙིང་གྲོགས་ཆ་བོ། །འདི་བཞིན་མཛད་ཀི་སྡོད་དང་། །རིང་མིན་མྱུར་དུ་མཇལ་འོང་། །ཞེས་པ་འདི་ཡང་བྱ་བཏང་རི་ཁྲོད་པ་རྣམས་ལ་མཚོ་སྙིང་ནས་རྨ་རྒྱལ་དུ་འགྲོ་ཁར་བྲིས་པའོ། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གུས་ཕྱག་འཚལ། །བདག་གིས་གང་ཤར་གླུ་དབྱངས་བླངས་པ་
ཡི། །འགལ་འཁྲུལ་ནོངས་པ་དག་པར་བྱིན་གྱིས་རློབས། །གླུ་བ་ཚོགས་དྲུག་རང་གྲོལ་ཞེས་བྱ་ངས། །གླུ་ལ་དགའ་བས་སྟོང་ཕྲག་ལྷག་ཙམ་བླངས། །གཞུང་མང་སྒྲ་ཚད་སྙན་དངགས་མ་བསླབས་པས། །མཁས་མང་དགྱེས་པའི་ལུང་འདྲེན་སྡེབ་སྦྱོར་མེད། །རང་ལ་ནང་ན་ཉམས་མྱོང་མ་མཆིས་པས། །རྟོགས་ལྡན་རབ་ཏུ་མགུ་བའི་མན་ངག་མེད། །འོན་ཀྱང་བླ་མ་ལྷ་ཡི་བྱིན་རླབས་དང་། །དབེན་པར་ལོ་མང་སྒྲུབ་པ་བྱས་པའི་མཐུས། །རང་གཞན་རྒྱུད་ལ་ཕན་པའི་ཁ་ཏའི་རིགས། །མེ་ལོང་གཟུགས་བཞིན་ཡིད་ལ་འཆར་འཆར་འདྲ། །དཔེ་ལྟོས་བློ་འཛིན་གཤར་སྦྱང་མ་བྱས་ཀྱང་། །གླུ་དབྱངས་འཛད་མེད་གངྒཱར་འགྲན་པ་འདྲ། །འོན་ཀྱང་བན་རྒན་གསལ་འགྲིབ་མཐོ་དམན་ཆེ། །འགལ་འཁྲུལ་ནོངས་པ་མཁས་པའི་སྤྱན་སྔར་བཤགས། །མཁས་པས་མི་ལེགས་གསུངས་ནས་མ་འགོག་དང་། །བདག་འདྲའི་རྨོངས་པ་མང་པོར་ཕན་ཡང་སྲིད། །མཁས་པ་རྣམས་ཀྱིས་འཆུག་ན་འདོམ་པ་གང་། །བླུན་པོ་བདག་འདྲས་འཆུགས་ན་མཐོ་གང་ཟེར། །མཁས་པས་ཤེས་བཞིན་འཆུག་གི་མ་འཇུག་
དང་། །བདག་འདྲས་འཆུགས་ཀྱང་མི་ཤེས་བཀའ་མ་བཀྱོན། །བྱིས་པས་བསམ་པ་དྲང་བོས་གང་སྨྲས་པ། །མིན་རུང་ཕ་མས་ལྷག་པར་བྱམས་པ་ལྟར། །བདག་ནི་བྱིས་པའི་ནང་ནས་བྱིས་པ་སྟེ། །ནོར་ཀྱང་མཁས་པས་ལྷག་པར་ཐུགས་བརྩེ་མཛོད། །དེ་ལྟར་བཤགས་པས་འགལ་འཁྲུལ་ནོངས་པ་གང་། །བྱང་ཞིང་དག་ནས་སྒྲིབ་པར་མ་གྱུར་ཅིག །མགུར་དབྱངས་སྟོང་ཕྲག་བླངས་པའི་བསོད་ནམས་མཐུས། །སངས་རྒྱས་སྟོང་གི་བསྟན་པ་འབར་གྱུར་ཅིག །རྒྱལ་སྲིད་སྣ་བདུན་བཞིན་དུ་གླེགས་བམ་འདིས། །རྒྱལ་ཁམས་ཐམས་ཅད་བདེ་ལ་འགོད་པར་ཤོག །ཅེས་མགུར་འབུམ་ནོར་བུ་ལ་འགལ་འཁྲུལ་གྱི་གཡའ་ཤོར་བ་བཟོད་གསོལ་བཤགས་པའི་ཁྲུས་རས་ཀྱིས་བྱི་དོར་བྱས་ནས་སྨོན་ལམ་དྲི་མ་མེད་པའི་རྒྱལ་མཚན་གྱི་རྩེ་ལ་བཞག་སྟེ་སྐལ་ལྡན་གདུལ་བྱའི་ཚོགས་ལ་དགོས་འདོད་ཀྱི་ཆར་ཕབ་པའོ། །སངས་མ་རྒྱས་པའི་བདག་གཞན་འགྲོ་ཀུན་ལ། །སངས་རྒྱས་ལས་ལྷག་ཚོགས་དྲུག་རང་གྲོལ་རྗེ། །སངས་རྒྱུའི་ཉོན་མོངས་མ་སངས་མི་བཟང་ཀྱང་། །སེང་བཟང་མིང་ཅན་བུ་ལ་སྙན་གསོན་དགོངས། །ཁྱོད་མགྲིན་གངས་རིའི་མགུར་དབྱངས་ཆུ་རྒྱུན་བྱུང་། །གདུལ་བྱའི་རྒྱ་མཚོ་ཆེན་པོར་
འབབ་པ་མཐོང་། །མཁས་རློམ་ཆུ་ཕྲན་གྱིས་འགྲན་ངལ་བའི་ཚེ། །ངོ་ཚ་བཟང་བརྫུའི་བྱེ་མའི་ནང་དུ་བྲོས། །ངོ་མཚར་ཤིན་ཏུ་སྙན་པའི་མགུར་བླངས་པ། །ཐོས་ཚད་ཡིད་འཕྲོག་མི་རྣམས་ཉན་པ་མཐོང་། །ཁུ་བྱུག་གིས་འགྲན་མི་སུས་མ་ཉན་ཚེ། །ངོ་ཚ་སྙེ་མ་ཞིག་བརྐུས་ཁ་རོག་བྲོས། །སྙན་བྲག་དབྱར་རྔས་ས་སྟེང་འགེངས་པ་མཐོང་། །གཡུ་འབྲུག་གིས་འགྲན་དབྱར་དུས་སྒྲ་བསྒྲགས་ཀྱང་། །ཁོལ་བུ་ཙམ་རེ་མིན་པ་མ་གོ་ཚེ། །ངོ་ཚ་ཁ་རོག་རྫ་རི་མཐོན་པོ་བསྙེགས། །མགུར་འབུམ་རྒྱལ་སྲིད་སྣ་བདུན་རིན་པོ་ཆེ། །གངས་ཅན་བོད་ལ་འཇོག་པ་བཞག་པ་མཐོང་། །རི་རབ་རྩེ་ནས་ལྷ་དབང་བརྒྱ་བྱིན་གྱིས། །རྒྱལ་སྲིད་སྣ་བདུན་ཡོད་ཀྱང་ཡིད་རབ་འཕྲོག །ཚིག་བཞི་རེ་རེའི་ཕྱིར་དུའང་སངས་རྒྱས་ཀྱིས། །སྐུ་ལུས་མར་མེ་ལྕགས་གཟེར་སྟོང་བཏབ་སོགས། །བསམས་ན་བློ་ལྡན་སྐྱེ་བོ་སུ་ཡིན་ཀྱང་། །སོར་བཅུ་སྤྱི་བོར་ཡང་ཡང་ཅིའི་མི་འཁྱེར། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཅུད་བསྡུས་ནས། །རྣར་སྙན་ཡིད་འཕྲོག་གླུ་ཡི་རྣམ་པ་རུ། །བླངས་པའི་ཡོན་དུ་བདག་ལུས་ལོངས་སྤྱོད་ཀུན། །ཕུལ་ཀྱང་
འཁོར་བར་དཀའ་བས་བདག་བློ་འཁུམས། །འོན་ཀྱང་ཆ་ཙམ་འཇལ་ཕྱིར་ད་ནས་བཟུང་། །ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་སྟེ། །ཤིན་ཏུ་དབེན་པའི་རི་དང་ནགས་ཚལ་ནས། །གང་ནུས་བཤད་དང་སྒྲུབ་པའི་མཆོད་སྤྲིན་སྤྲོ། །འདི་ལྟར་རྗེ་ལ་གཏང་རག་ཕུལ་བའི་མཐུས། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །འདི་ལྟར་དཔལ་ལྡན་བླ་མ་ལེགས་བསྟེན་ནས། །འདི་འདྲའི་ཟབ་རྒྱའི་གདམས་པ་ཉན་པར་ཤོག །ཅེས་པ་འདི་ཡང་སློབ་བུ་སེང་བཟང་རྒྱ་མཚོའམ། པདྨ་རང་གྲོལ་ལམ། རིག་འཛིན་ཟླ་བ་ལ་ངའི་མགུར་མ་རྣམས་བྱིན་དུས་ཚིག་གི་གཏང་རག་གི་རྟའི་སྟེང་དུ་སྒྲུབ་པའི་མཆོད་པའི་གོས་འཕངས་ནས་བཀའ་དྲིན་གཏང་རག་གི་ཡོན་དུ་ཕུལ་བའོ། །ཤ་སྨུག་པོའི་རྭ་དང་འབྲོང་གི་རྭ། །རྭ་སྐྱེས་ས་མི་གཅིག་ཐ་དད་དེ། །དེ་གཞུ་མཁན་དྲུང་དུ་རང་འདུས་ཚེ། །ཚེ་གང་བོ་མཐུན་ཞིང་འགྲོག་པའི་རྟགས། །བྱ་རྒོད་པོའི་སྒྲོ་དང་གླག་མོའི་སྒྲོ། །སྒྲོ་སྐྱེས་ས་མི་གཅིག་ཐ་དད་དེ། །དེ་མདའ་མཁན་དྲུང་དུ་རང་འདུས་ཚེ། །ཚེ་གང་བོ་མཐུན་ཞིང་འགྲོག་པའི་རྟགས། །ཡར་ལ་ཡི་མི་དང་ལུང་གི་མི། །མི་སྐྱེས་ས་མི་གཅིག་ཐ་དད་དེ། །དེ་དབེན་པའི་རི་ལ་རང་འདུས་ཚེ། །ཚེ་གང་བོ་མཐུན་ཞིང་
འགྲོག་པའི་རྟགས། །མཆོག་སངས་རྒྱས་གོ་འཕང་མ་ཐོབ་བར། །བར་མཚམས་མེད་ཟབ་རྒྱས་ཆོས་ཉན་ཏེ། །དེ་བཞིན་དུ་སྒྲུབ་དུས་འདི་བཞིན་ཡང་། །ཡང་ཡང་དུ་ཕྲད་ནས་འགྲོག་པར་སྨོན། །ཞེས་པ་འདི་ཡང་རི་བ་མང་པོ་མཚོ་སྙིང་ནས་ལྷན་ཅིག་བསྡད་དུས་ཕན་ཚུན་གཅིག་ལ་གཅིག་མཐུན་ཞིང་མ་བུ་བཞིན་དུ་འགྲོགས་ཚེ་སེམས་སྤྲོ་བའི་ཤུགས་ཀྱིས་རྦ་རླབས་ཆལ་ཆིལ་གཡོ་ཞིང་ཆུ་བྱ་དར་དིར་སྒྲོག་པའི་མཚོ་ཁ་ནས་རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་འཇིག་རྟེན་གླུ་བའི་གླུ་ལྟར་དུ་བླངས་པའོ། །བླ་མ་རྒྱལ་བ་སྲས་བཅས་རྣམས། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །འདིར་འདུས་དཔོན་སློབ་ཡོན་བདག་རྣམས། །ཡང་ཡང་ཕྲད་པར་བྱིན་གྱིས་རློབས། །ཡ་ཀི་དགུང་སྔོན་ནམ་མཁའ་དང་། །དེ་ལ་འཁོར་བའི་ཉི་ཟླ་གཉིས། །གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །དགུང་སྔོན་སྐུ་ཁམས་བདེ་བར་བཞུགས། །ཉི་ཟླ་གླིང་གཞན་བསྐོར་དུ་འགྲོ། །དགུང་སྔོན་སྤྲིན་གྱིས་མི་བསྒྲིབ་ཅིང་། །ཉི་ཟླ་གཟའ་ཡིས་མི་ཟིན་པར། །ཡང་དང་ཡང་དུ་ཕྲད་པར་ཤོག །ཕ་ཀིའི་བྲག་སྟོད་མཐོན་པོ་དང་། །དེ་ལ་འཁོར་བའི་བྱ་རྒོད་གཉིས། །གནས་སྐབས་ཕན་ཚུན་འབྲེལ་བ་
བཟང་། །བྲག་སྟོད་སྐུ་ཁམས་བདེ་བར་བཞུགས། །བྱ་རྒོད་མཁའ་ལ་འཕུར་ནས་འགྲོ། །བྲག་སྟོད་ཐོག་གིས་མི་བཤིག་ཅིང་། །བྱ་རྒོད་སྙི་ཡིས་མི་ཟིན་པར། །ཡང་དང་ཡང་དུ་ཕྲད་པར་ཤོག །ལྡུམ་རར་འཁྲུངས་པའི་མེ་ཏོག་དང་། །དེ་ལ་འཁོར་བའི་བུང་བ་གཉིས། །གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །མེ་ཏོག་སྐུ་ཁམས་བདེ་བར་བཞུགས། །བུང་བ་འཕུར་ནས་གཞན་དུ་འགྲོ། །མེ་ཏོག་སད་ཀྱིས་མི་ཁྱེར་ཞིང་། །བུང་བ་སེར་བས་མི་བཅོམ་པར། །ཡང་དང་ཡང་དུ་ཕྲད་པར་ཤོག །ཤར་ཕྱོགས་ཆུ་བོ་གངྒཱ་དང་། །དེ་ལ་འཁོར་བའི་ཉ་མོ་གཉིས། །གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །གངྒཱ་སྐུ་ཁམས་བདེ་བར་བཞུགས། །ཉ་མོ་རྒྱ་མཚོ་འགྲིམ་དུ་འགྲོ། །གངྒཱའི་ཆུ་རྒྱུན་མི་འཆད་ཅིང་། །ཉ་མོ་ལྕགས་ཀྱུས་མི་ཟིན་པར། །ཡང་དང་ཡང་དུ་ཕྲད་པར་ཤོག །འཚོ་བ་སྦྱོར་བའི་ཡོན་བདག་དང་། །དེ་ལ་འཁོར་བའི་སྒོམ་ཆེན་གཉིས། །གནས་སྐབས་ཕན་ཚུན་འབྲེལ་བ་བཟང་། །མདོ་ཡི་ཡོན་བདག་བདེ་བར་བཞུགས། །སྒོམ་ཆེན་ཕུ་ཡི་བྲག་ལ་འགྲོ། །ཡོན་བདག་ཕོ་མོ་མི་འཆི་ཞིང་། །སྒོམ་ཆེན་ང་ཡང་མི་འདས་
པར། །ཡང་དང་ཡང་དུ་ཕྲད་པར་ཤོག །ཅེས་པ་འདི་ཡང་རྨ་ཆེན་གངས་ལ་འགྲོ་ཁར་སློབ་མ་ཡོན་བདག་རྣམས་ལ་བདེ་ཞུས་སུ་སྨྲས་པའོ། །ན་མོ་གུ་རུ། །སྐྱ་ས་ལེ་ནམ་མཁའ་ལངས་བྱུང་། །ང་འཛམ་གླིང་ཉི་མའི་སྐྱིད་པ། །འོད་མུ་མཐའ་མེད་པར་བཀྱེ་ནས། །གླིང་བཞི་བོ་བསྐོར་ལ་ཆས་འགྲོ། །དབྱར་ནམ་ཟླ་རིམ་གྱིས་སླེབས་བྱུང་། །ང་མེ་ཏོག་པདྨའི་སྐྱིད་པ། །འདབ་འཇམ་མཉེན་མཛེས་པ་བརྒྱངས་ནས། །སྐྱབས་དཀོན་མཆོག་དྲུང་དུ་ཆས་འགྲོ། །ཚེ་འདི་ནི་བློ་ཡིས་བཏང་བྱུང་། །ང་བྱ་བཏང་རས་པའི་སྐྱིད་པ། །ཆོས་ཉམས་ལེན་བྱེད་བཞིན་ངང་ནས། །གནས་རི་ཁྲོད་དབེན་པར་ཆས་འགྲོ། །ཞེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །མཆོད་འོས་སྐྱབས་གྱུར་རྣམས་ལ་ཕྱག་འཚལ་ནས། །བསྟན་འགྲོར་ཕན་པའི་སྨོན་ལམ་རྣམ་དག་གདབ། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །བདག་ནི་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །སྐྱེ་བ་གསུམ་ལས་མི་འགྱང་འཚང་རྒྱ་ཤོག །བདག་གི་ལུས་དང་ལོངས་སྤྱོད་གར་སོང་སར། །རྟག་ཏུ་ཆོས་དང་བཀྲ་
ཤིས་འཕེལ་བར་ཤོག །བདག་གི་འདྲ་སྐུ་བཞེངས་པ་མཐོང་ཚད་ཀྱིས། །དབེན་པར་གོང་མའི་རྣམ་ཐར་སྐྱོང་བར་ཤོག །འདྲ་སྐུ་གར་ཡོད་ཁྱིམ་དུ་བཀྲ་ཤིས་འཁྱིལ། །ནད་གདོན་ཉེར་འཚེའི་མིང་ཡང་མེད་པར་ཤོག །བདག་གིས་མགུར་དབྱངས་གང་བླངས་འཇིག་རྟེན་དུ། །འཁོར་བ་མ་སྟོངས་བར་དུ་གནས་པར་ཤོག །གང་གི་ལུས་ཀྱིས་ཕྱག་སྐོར་ཙམ་བྱས་ན། །དེ་ཡི་ལུས་ཀྱི་སྒྲིབ་པ་དག་པར་ཤོག །ངག་གིས་དབྱངས་བྱས་མགུར་ཚན་གཅིག་བཏོན་ཀྱང་། །དེ་ཡི་ངག་གི་སྒྲིབ་པ་དག་པར་ཤོག །ཡིད་ཀྱིས་དད་གུས་བསམ་སྒོམ་གང་བྱས་ཀྱང་། །དེ་ཡི་ཡིད་ཀྱི་སྒྲིབ་པ་དག་པར་ཤོག །གང་གིས་མཆོད་ཅིང་བཀུར་སྟི་བྱེད་པ་དེ། །སྐྱེ་འགྲོ་ཡོངས་ཀྱིས་མཆོད་ཅིང་བཀུར་བར་ཤོག །ཕྱོགས་བཅུར་སྤེལ་ནས་དར་རྒྱས་མཛད་པ་ཡིས། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །མདོར་ན་མགུར་འབུམ་མཐོང་ཐོས་དྲན་རེག་ཀུན། །གནས་སྐབས་སྐྱིད་ཅིང་མཐར་ཐུག་འཚང་རྒྱ་ཤོག །ཅེས་པ་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་ལྷག་བསམ་རྣམ་པར་དག་པས་ཉིན་ཞིག་སྨོན་ལམ་བཏབ་པའོ། །འགྲོ་རྒྱུད་སྨིན་ཅིང་གྲོལ་བར་མཛད་པ་ཡི། །རྩ་བརྒྱུད་བླ་
མ་རྣམས་ཀྱི་བཀྲ་ཤིས་ཤོག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །ཆོས་ཀྱི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་བསྒྲུབ། །ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །མི་ལ་ན་ཚ་མེད་པའི་བཀྲ་ཤིས་ཤོག །ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག །ཞིང་ལ་སད་སེར་མེད་པའི་བཀྲ་ཤིས་ཤོག །དུས་འཁྲུག་མུ་གེ་མེད་པའི་བཀྲ་ཤིས་ཤོག །ལོ་ལེགས་འབྲུ་ནོར་འཕེལ་བའི་བཀྲ་ཤིས་ཤོག །ཚེ་རིང་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག །ཐམས་ཅད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བདེ་ལྡན་ཞིང་བཞིན་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་བྲིས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱར་གང་ལ་གང་འཚམ་གྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་འཁོད་པའི་ནང་ཚན་ལས། མཚོ་སྙིང་མ་ཧཱ་དེ་བའི་གནས་ནས་ཡུལ་ཕྱོགས་གདུལ་བྱས་ཞུས་ལན་ཆབ་ཤོག་གི་སྐོར་ཚོ་དེ་ཐ་མའོ། །མཚོ་སྙིང་ནས་མགུར་ཚན་ཆིག་སྟོང་ལྷག་ཙམ་ཞིག་ཡི་
གེར་འཁོད་སྣང་ཀྱང་། དམ་པ་འདི་ཉིད་བྱ་བྲལ་གྱི་བརྟུལ་ཞུགས་འབའ་ཞིག་ལྷུར་བཞེས་པའི་སྐབས་ཡིན་གཤིས་དོ་དམ་མ་མཛད། གཞན་བཀའ་བསྡུ་བ་པོར་ངེས་འཇོག་ཆེར་མ་བྱུང་སྣང་། འོན་ཀྱང་བླ་མ་པདྨ་རང་གྲོལ་གྱིས་མགུར་ཚན་གཅིག་པར་དུ་བརྐོ་བར་མཛད་པས་འགྲོ་དོན་ཆེར་འཕེལ་ཀྱང་། མགུར་ཕལ་མོ་ཆེའི་མ་ཕྱི་གཞན་གྱིས་དད་རྟེན་དུ་ཁྱེར་ནས་རྒྱུན་འབྱམས་སུ་འགྲོ་ལ་ཉེ་བ་ན། དམ་པ་གང་གི་ཞབས་སེན་དགེ་མཚན་གྱི་པདྨོ་མདོ་སྨད་སའི་ཐིག་ལེར་རྣམ་པར་བཀོད་པ་དང་སྔོན་གྱི་ཐུགས་སྨོན་དར་བའི་མཐུ་ལས་མ་ཕྱི་ཕལ་མོ་ཆེ་ཕྱག་ཏུ་སོན་པ། སྔོན་བསགས་ལེགས་བྱས་ཀྱི་མཐུ་བརྟས་ཤིང་དམ་པ་དུ་མའི་གསུང་གི་བདུད་རྩིས་འཚོ་བ་བསླབ་པ་གསུམ་གྱིས་ཐུགས་རྒྱུད་གཏམས་ཤིང་། རྫབ་ཤར་སོར་བཅུའི་འཁྲུལ་འཁོར་བསྒྱུར་བར་རྐྱེན་པའི་ཉང་གི་མཚམས་པ་མཆོག་གིས། མ་འོངས་ད་ལྟའི་གདུལ་བྱར་སྨན་པའི་ལྷག་བསམ་གྱིས་གླེགས་བམ་དུ་བསྡུ་བགྱིས་པ་རྗེས་སུ་ཡི་རང་བའི་གནས་ལགས་ཤིང་། མ་ཕྱི་རྣམས་སྟབས་གཅིག་ཏུ་མ་བྱུང་གཤིས་གོ་རིམ་ཅུང་ཟད་འཆོལ་བ་རྣམས་༧སྐྱབས་གཅིག་འཁོར་ལོའི་མགོན་པོའི་ཞལ་གྱི་འབབ་སྟེགས་ལས་འོངས་པ་བཞིན་ངེས་པ་ཅན་དུ་པུ་སྟི་ཀའི་པད་མཚོར་སྐྱིལ་བ་པོ་ནི། དམ་པ་གང་གི་བཀའ་འབངས་ཀྱི་ཐ་ཤལ་རྨོངས་རྟུལ་སངས་རྒྱས་རིན་ཆེན་གྱི་སོར་བཅུའི་འདུ་བྱེད་ལས་སོ། །ད་དུང་ཡང་མཚོ་སྙིང་གི་མགུར་ཚན་བཞི་བརྒྱར་ཉེ་བ་ཞིག་མ་ཕྱི་མ་རྙེད་པས་ཕྱིས་ནས་རྙེད་ན་གོང་འོག་གང་དུ་གཞུག་དགོས་པ་སྒྲིན་པོའི་བློས་ལེགས་པར་དཔྱད་དེ་འཇུག་པར་ཞུ་ཞེས་རྗེས་འཇུག་མཆོག་དམན་རྣམས་ལ་གསོལ་བ་འདེབས་པ་ལགས་པས་དགོངས་འཚལ།།
ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གངས་རིའི་མགུལ་ནས་བཞེངས་པའི་སྐོར།
༈ ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གངས་རིའི་མགུལ་ནས་བཞེངས་པའི་སྐོར། བཀའ་དང་དགོངས་འགྲེལ་ཚིག་དོན་ཀུན་མཁྱེན་ནས། །བཀའ་ཆོས་སྩོལ་མཁས་ཆོས་རྒྱལ་ངག་དབང་ཝང་། །བཀའ་ལས་ཅུང་ཟད་མི་འདའ་རི་ཁྲོད་ནས། །བཀའ་བཞིན་སྒྲུབ་པའི་བུ་ངའི་སྤྱི་བོར་བཞུགས། །བསྟན་པའི་བདག་པོ་སངས་རྒྱས་སྙིགས་དུས་འདིར། །བསྟན་འཛིན་བཤེས་གཉེན་ཚུལ་འཛིན་བླ་མས་ཆོས། །བསྟན་བཞིན་ཉམས་ལེན་བྱེད་པའི་རི་བ་ངས། །བསྟན་འགྲོ་ཡོངས་ལ་ཕན་པར་བྱིན་གྱིས་རློབས། །བདག་འདྲའི་བྲིས་སྐུ་མཐོང་བའི་འགྲོ་བ་རྣམས། །ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཀུན། །ཉེ་བར་ཞི་ནས་ལུས་ལ་བདེ་བ་དང་། །སེམས་ལ་དགའ་སྤྲོ་འཆར་བར་བྱིན་གྱིས་རློབས། །རང་གི་རྒྱུད་ལ་ཕན་པའི་གླུ་དབྱངས་དང་། །གཞན་གྱི་རྒྱུད་ལ་ཕན་སླད་གླུ་བླངས་པ། །དངོས་དང་བརྒྱུད་ནས་རང་དང་འགྲོ་བ་གཞན། །ཀུན་གྱི་རྒྱུད་ལ་ཕན་པར་བྱིན་གྱིས་རློབས། །ས་ཕྱོགས་གང་དུའང་མགུར་འབུམ་གླེགས་བམ་གནས། །ས་དེར་བཀྲ་མི་ཤིས་པའི་མིང་མི་གྲག །ས་ཡི་རྩི་བཅུད་
ལོ་ཏོག་འཕེལ་ཞིང་རྒྱས། །ས་སྟེང་དགེ་ལེགས་ཁྱབ་པར་བྱིན་གྱིས་རློབས། །མདོར་ན་བདག་དང་བདག་གིས་གླུ་བླངས་པ། །མཐོང་ཐོས་འབྲི་འདོན་ཀློག་འཆང་བྱེད་པ་རྣམས། །གནས་སྐབས་བདེ་ཞིང་མཐར་ཐུགས་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་དགེ་བ་དང་། །གཞན་ཡང་རང་གིས་གང་བསགས་དགེ་བའི་མཐུས། །གངས་ཅན་བོད་དུ་སྐྱེས་པའི་གླུ་བ་ངའི། །ཅི་བསམ་ཐམས་ཅད་དེ་བཞིན་འགྲུབ་པར་ཤོག །བརྒྱུད་གསུམ་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །སྒོ་གསུམ་རབ་ཏུ་གུས་པས་གསོལ་བ་འདེབས། །ཁམས་གསུམ་འཁོར་བར་འཁྱམས་པའི་བདག་གཞན་གྱི། །སྐུ་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དབྱར་གསུམ་སྟོན་གསུམ་དགུན་གསུམ་དཔྱིད་གསུམ་དུས། །རྫ་ཕུག་གཡའ་ཕུག་ས་ཕུག་བྲག་ཕུག་བསྟེན། །གོས་ངན་ལྷམ་ངན་ཟས་ངན་ཇ་ངན་འཐུང་། །དཔོན་མེད་གཡོག་མེད་གྲོགས་མེད་ནོར་མེད་ངས། །ཉོན་མོངས་ནད་ཀྱིས་ན་བ་རང་ཉིད་ལ། །མདོ་སྔགས་དམ་ཆོས་སྨན་གྱི་མཛོད་བསློགས་ནས། །གླུ་དབྱངས་ཐུན་ཆུང་བྱས་ནས་སྨན་
འགའ་སྟེར། །ཉོན་མོངས་ནད་མ་སོས་རུང་བསམ་པ་རེད། །གྲོང་ཁྱིམ་ཙིག་ཁུང་བན་རྒན་བུང་བ་ཡིས། །འགྲིམས་ན་ཆགས་སྡང་རྒྱ་རུ་ཚུད་ཉེན་ཆེ། །མཚན་ལྡན་བླ་མ་དྲི་མེད་མེ་ཏོག་གི །མདོ་སྔགས་གསུང་ཆོས་བཅུད་བཟང་འཐུངས་ན་ལེགས། །ཡོན་ཏན་སྟོབས་ཞན་བན་རྒན་བྱིས་པ་ཡིས། །རྒྱལ་སྲས་སྤྱོད་པའི་ཁུར་ཆེན་མི་ཐེག་རུང་། །བསམ་པ་ཐག་པས་འཁུར་བའི་གྲབས་གྱིས་དང་། །རྒྱལ་སྲས་ཕ་མས་མཐོང་ན་བརྩེ་ཞིང་བྱམས། །སེམས་ཉིད་ཞིང་སར་སེམས་བསྐྱེད་ས་བོན་ཐོབས། །ཐབས་དང་ཤེས་རབ་ཆུ་ལུད་དྲོད་གཤེར་གྱིས། །སྐྱོངས་དང་ཐམས་ཅད་མཁྱེན་པའི་འབྲས་བུ་སྨིན། །ཚེ་འདིའི་བདེ་སྐྱིད་སོག་མ་ཞོར་ལ་འབྱུང་། །སོས་དལ་སྡོད་དུས་གཉེན་པོའི་གྲི་ཆུང་རྡོར། །སྟོབས་ལྡན་ཉོན་མོངས་དགྲ་བོས་དབང་མེད་དུ། །འོག་ཏུ་བཅུག་ཚེ་འོག་ནས་གྲི་ཆུང་གིས། །གཙགས་པ་གཉོམ་ཆུང་ལུགས་ཡིན་གཙགས་ཐུབ་ལྟོས། །འདིས་མཚོན་རྣམ་དཀར་དགེ་བའི་ཞིང་ས་ལ། །བདེན་ཚིག་སྨོན་ལམ་ས་བོན་མང་བོ་འདེབས། །ཕུན་ཚོགས་བདེ་སྐྱིད་ལོ་ལེགས་འབྲས་སྨིན་ནས། །
རང་གཞན་ཀུན་གྱིས་རྟག་ཏུ་ལོངས་སྤྱོད་ཤོག །ཅེས་པ་འདི་ནི་བན་རྒན་རང་ལ་སྨྲས་པའོ། །རི་བོ་རྨ་ཆེན་གྱི་དབུ་རྩེའི་གངས་དཀར་ཁྱོད། །མཚན་ལྡན་བླ་མ་དེ་ཡིན་ན་དགའ་བ་ལ། །གངས་རིའི་ར་བ་ན་འགྲོ་བའི་འབྲོང་ཆུང་ཁྱོད། །དད་ཅན་སློབ་མ་ང་ཡིན་ན་སྐྱིད་པ་ལ། །དྭངས་བསིལ་མཚོ་ཆུང་ཁའི་ངང་པ་སེར་བོ་ཁྱོད། །ཆོས་མཐུན་གྲོགས་པོ་དེ་ཡིན་ན་དགའ་བ་ལ། །མེ་ཏོག་རྩེ་མོ་ན་འཁོར་བའི་བུང་བ་ཁྱོད། །སྣོད་ལྡན་སློབ་མ་དེ་ཡིན་ན་སྐྱིད་པ་ལ། །སྤང་གཞོང་འཇམ་པོ་ན་ཉལ་བའི་རྐྱང་བུ་ཁྱོད། །རྒས་པའི་ཨ་མ་དེ་ཡིན་ན་དགའ་བ་ལ། །གཡའ་སྤང་མཚམས་ཤིག་ན་རྒྱུ་བའི་དགོ་ཁྱུ་ཁྱོད། །དད་ཅན་ཡོན་བདག་ཚོ་ཡིན་ན་སྐྱིད་པ་ལ། །བླ་མ་ཨ་མ་གྲོགས་སློབ་བུ་ཡོན་བདག་དང་། །ལྷན་ཅིག་ཡུད་ཙམ་བསྡད་སོ་སོར་གྱེས་ནས་སོང་། །ཆོས་རྣམས་ཐམས་ཅད་པོ་མི་རྟག་འདི་དང་འདྲ། །འབྱུང་བཞི་འདུས་པའི་ལུས་འདི་ཡང་མི་རྟག་འཇིག །ཚེ་འདིའི་མི་ནོར་ཟས་ཆགས་ཞེན་མ་བྱེད་པར། །དམ་པའི་ལྷ་ཆོས་གྱིས་ཚོགས་དྲུག་རང་གྲོལ་ཨང་། །གླུ་འདི་ཕྱི་རོལ་གྱི་སྣང་བས་རྐྱེན་བྱས་ནས། །རི་བོ་རྨ་ཆེན་གྱི་གངས་རིའི་འདབས་ནས་
བླངས། ན་མོ་གུ་རུ། ཡ་ཀི་སྟོང་གསལ་གྱི་ནམ་མཁའ་ཡངས་པ་ན། །འོད་སྟོང་ཕྱོགས་བཅུ་རུ་འཕྲོ་བའི་ཉི་མ་ཁྱོད། །འགྲོ་མགོན་སངས་རྒྱས་དེ་ཡིན་ན་དགའ་བ་ལ། །བོད་ལ་ཆོས་འཁོར་ཞིག་བསྐོར་བར་བསྐུལ་ན་ཨང་། །ལྷོ་ནུབ་ཕྱོགས་ཀྱི་རིའི་རྩེ་མོའི་ནམ་མཁའ་ན། །འོ་མ་འཕྱུར་བ་བཞིན་ལྡིང་བའི་སྤྲིན་དཀར་ཁྱོད། །པད་འབྱུང་ཡབ་སྲས་ཚོ་ཡིན་ན་སྐྱིད་པ་ལ། །རྫོགས་པ་ཆེན་པོ་ཡི་ལྟ་ཁྲིད་ཞུས་ན་ཨང་། །ཤར་ཕྱོགས་རི་བོ་ཡི་རྩེ་མོའི་ནམ་མཁའ་ན། །ཞོ་གསར་སྤུངས་པ་བཞིན་ལངས་པའི་སྤྲིན་དཀར་ཁྱོད། །མི་ལ་ཡབ་སྲས་ཚོ་ཡིན་ན་དགའ་བ་ལ། །ཕྱག་རྒྱ་ཆེན་པོ་ཡི་ལྟ་ཁྲིད་ཞུས་ན་ཨང་། །སྟེང་ཕྱོགས་ནམ་མཁའ་ན་དར་ཡུག་དཀར་པོ་ཞིག །ཕྱོགས་བཞིར་བརྒྱངས་པ་ལྟར་འཐེན་པའི་སྤྲིན་དཀར་ཁྱོད། །བློ་བཟང་ཡབ་སྲས་ཚོ་ཡིན་ན་སྐྱིད་པ་ལ། །དབུ་མ་ཆེན་མོ་ཡི་ལྟ་ཁྲིད་ཞུས་ན་ཨང་། །ཞེས་པ་འདི་ནི་ཉིན་ཞིག་སྔ་དྲོ་ཕྱོགས་ཕྱོགས་ནས་སྤྲིན་ལངས་པ་དང་ལྡིང་བ་མཐོང་ཚེ་གངས་དཀར་རི་བོ་རྨ་ཆེན་ནས་བླངས་པའོ། །འོད་གསལ་ཉི་མ་དེ་ནམ་མཁར་ཤར། །འོད་ཀྱིས་ཕྱོགས་མཚམས་ཀུན་ཁྱབ་པ་མཐོང་། །ཨོ་
རྒྱན་པདྨ་དེ་བོད་དུ་བྱོན། །རྒྱལ་བསྟན་བཙུགས་པའི་ཚུལ་ཡིད་ལ་ཤར། །བྱ་རྒྱལ་རྒོད་པོ་ཞིག་མདུན་མཁར་འོངས། །ནམ་མཁར་ཡར་ཡར་དུ་བསྟོད་པ་མཐོང་། །གྲུབ་ཆེན་མི་ལ་ཁོང་བོད་དུ་བྱོན། །གྲུབ་རྟགས་བསྟན་པའི་ཚུལ་ཡིད་ལ་ཤར། །དངུལ་དཀར་མདོག་འདྲའི་སྤྲིན་ནམ་མཁར་འཁྲིགས། །སྦྲང་ཆར་འཇམ་པོ་ཞིག་བབས་པ་མཐོང་། །རྗེ་བཙུན་ཙོང་ཁ་པ་བོད་དུ་བྱོན། །ཆོས་ཆར་ཕབ་པའི་ཚུལ་ཡིད་ལ་ཤར། །འཛམ་གླིང་ཉི་མ་དེ་འོད་ལམ་ལམ། །ནུབ་ཕྱོགས་རི་སྐྱིབས་སུ་ཡིབས་པ་མཐོང་། །སློབ་དཔོན་པད་འབྱུང་ཁོང་ཟངས་མདོག་གི །དཔལ་རིར་གཤེགས་པའི་ཚུལ་ཡིད་ལ་ཤར། །བྱ་རྒྱལ་རྒོད་པོ་ཡིས་འདབ་གཤོག་བརྒྱངས། །བཞུད་ནས་ཤར་ཕྱོགས་སུ་འགྲོ་བ་མཐོང་། །གྲུབ་ཆེན་མི་ལ་ཁོང་མངོན་དགའ་ཡི། །ཞིང་དུ་གཤེགས་པའི་ཚུལ་ཡིད་ལ་ཤར། །དངུལ་དཀར་མདོག་འདྲའི་སྤྲིན་གཡོ་འགུལ་བྱས། །སྟེང་ཕྱོགས་ནམ་མཁའ་ལ་ཐིམ་པ་མཐོང་། །རྗེ་བཙུན་བློ་བཟང་ཁོང་དགའ་ལྡན་གྱི། །ཞིང་དུ་གཤེགས་པའི་ཚུལ་ཡིད་ལ་ཤར། །འཆི་མེད་རྡོ་རྗེ་ཡི་སྐུ་བརྙེས་ཀྱང་། །རྟག་འཛིན་ཅན་རྣམས་
ཆོས་བསྐུལ་ཕྱིར་དུ། །འགྲོ་མགོན་དེ་གསུམ་གྱིས་མི་རྟག་པའི། །རྣམ་འགྱུར་བསྟན་པའི་ཚུལ་ཡིད་ལ་ཤར། །རང་ལུས་མི་རྟག་པར་འཇིག་པར་ངེས། །འཇིག་རྟེན་མི་ཆོས་སྤངས་ཆོས་བསྒྲུབས་ནས། །ཕྱི་མ་འགྲོ་མགོན་གསུམ་བཞུགས་པའི་ཞིང་། །གསུམ་དུ་འགྲོ་འདོད་ཅིག་ཡིད་ལ་ཤར། །ཞེས་པ་འདི་ཡང་ཕྱི་རོལ་གྱི་སྣང་བས་རྐྱེན་བྱས་ནས་ཡིད་ལ་ཤར་བ་ལྟར་གངས་རིའི་ར་བ་ནས་བླངས་པའོ། །ཞིང་འདི་ཡི་གདུལ་བྱ་སྨིན་གྲོལ་བཀོད། །ཞིང་མང་བོའི་ལྷ་ཡིས་བསུ་སྐྱེལ་མཛད། །ཞིང་གཞན་གཤེགས་ཆོས་རྒྱལ་ངག་དབང་ཝང་། །ཞིང་གང་ན་བཞུགས་ཀྱང་བུ་ལ་གཟིགས། །མཚོ་དབྱར་དུས་དར་ཞིང་རྒྱས་པའི་ཚེ། །རྒྱན་ཆུ་བྱ་ཕོ་མོས་བྱས་པས་མཛེས། །དགུན་འགྲམ་དར་རིམ་གྱིས་ཆགས་ཙ་ན། །རྒྱན་ཆུ་བྱ་ཕོ་མོར་བྲལ་ནས་ཐལ། །ཤིང་ཡལ་ག་ལོ་མ་རྒྱས་པའི་ཚེ། །རྒྱན་མེ་ཏོག་འབྲས་བུས་བྱས་པས་མཛེས། །སྟོན་སེར་སྐྱར་རིམ་གྱིས་སོང་ཙ་ན། །རྒྱན་མེ་ཏོག་འབྲས་བུར་བྲལ་ནས་ཐལ། །རང་གཞོན་ནུ་ཤ་ཁྲག་རྒྱས་པའི་ཚེ། །རྒྱན་བླ་མ་ཕ་མས་བྱས་པས་མཛེས། །ད་སྟོབས་མདངས་རིམ་གྱིས་ཉམས་ཙ་ན། །
རྒྱན་བླ་མ་ཕ་མར་བྲལ་ནས་ཐལ། །ཆོས་ཐམས་ཅད་མི་རྟག་འདི་དང་འདྲ། །ཆོས་གསུང་མཁན་བླ་མའི་བཀའ་བཞིན་དུ། །ཆོས་མྱུར་དུ་སྒྲུབས་དང་རི་ཁྲོད་པ། །ཆོས་སྒྲུབ་རྟེན་ལུས་འདི་རྒས་ནས་ཐལ། །རི་རྨ་རྒྱལ་མགུལ་ནས་དགོང་དུས་ཤིག །སེམས་སྐྱོ་བའི་རྟ་ཞིག་རྙེད་ནས་ཞོན། །མགུར་སྙན་མོའི་ལྕག་འདིས་བྲབས་པའི་མོད། །ཆོས་ཟབ་རྒྱས་ལམ་ལ་ཁུར་ནས་ཐལ། ན་མོ་གུ་རུ། སྤང་སེར་བོ་གསེར་གྱི་བུམ་བཟང་མགུལ། །རླངས་ན་བུན་གོས་ཀྱིས་དཀྲིས་པ་དེ། །སུས་གར་ཁྱེར་མེད་པར་ཡལ་ནས་སོང་། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །ཞིང་བདེ་འཇམ་རིན་ཆེན་མཎྜལ་གྱི། །སྟེང་སྙེ་མ་གཡུ་ཡི་ཚོམ་བུས་བརྒྱན། །དེ་ཞིང་བདག་ཆོམ་རྐུན་བྱུང་ནས་ཁྱེར། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །ཤིང་འདབ་རྒྱས་ཚོང་ར་ཡངས་པ་ན། །འབྲས་མེ་ཏོག་ལོ་མའི་ཁྲོམ་ཆེན་འཚོགས། །ཀུན་མི་སྡོད་ཕྱོགས་བཞིར་ཐོར་ནས་སོང་། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །སྟེང་ལྷ་ལམ་ཡངས་པའི་ལྷས་འཇམ་ན། །སྤྲིན་དཀར་ནག་རྟ་ནོར་ཉལ་བ་རྣམས། །རླུང་ཇག་ཆེན་གློ་བུར་བྱུང་ནས་དེད། །འདིས་
རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །རི་ཀླུང་གི་ཕ་ཡུལ་ཉམས་དགའ་ན། །བྱ་ཁུ་བྱུག་བུ་མོ་འདུག་པ་དེ། །ཡུལ་ཆ་མེད་ཐག་རིང་གནས་སུ་སོང་། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །སྟེང་ཆུ་འཛིན་ཕྱུག་པོའི་སྦྲ་གུར་ན། །འབྲུག་ཨ་མཆོད་ཆོས་ཀྱི་སྒྲ་སྒྲོག་པ། །ཡར་རྫ་གསེབ་རང་གི་ཡུལ་དུ་ཕེབས། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །ཤར་རི་བོ་རྒྱ་གར་འཕགས་ཡུལ་ན། །སྟེང་ཉི་མ་སངས་རྒྱས་བྱོན་པ་དེ། །ནུབ་རི་བོ་འོག་མིན་ཞིང་དུ་གཤེགས། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །ཡུལ་ཕ་ཡུལ་མགྲོན་ཁང་ཉམས་དགའ་ན། །ཕ་མ་སོགས་མགྲོན་པོ་རྙིང་བའི་རིགས། །སུ་མི་འདུག་མགྲོན་ཆུང་གསར་བ་སྣང་། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །ང་བན་རྒན་རྒྱལ་མཚན་རྩེ་མོ་ཡི། །རྗེ་བླ་མ་ཡིད་བཞིན་ནོར་བུའི་ཏོག །ཞིང་གཞན་གྱི་གདུལ་བྱའི་རྒྱན་དུ་གྱུར། །འདིས་རྐྱེན་བྱས་མི་རྟག་དྲན་ནས་བྱུང་། །རང་སྒྱུ་ལུས་གཉོམ་ཆུང་རི་དྭགས་ཀྱི། །ཕྱི་ལོ་ཟླ་ཞག་གི་རྔོན་པས་དེད། །མདུན་ན་འཆིའི་གཡང་སར་སླེབ་ལ་ཁད། །ད་སྐྱོ་འཇིགས་སྣ་ཚོགས་དྲན་ནས་
བྱུང་། །ཞེས་པ་འདི་ཡང་སྐྱོ་ཤས་ཐན་ཐུན་སྐྱེས་དུས་ཤིག་ཏུ་བྲིས་པའོ། །སྐུ་ལ་མཚན་དང་དཔེ་བྱད་ཡོངས་རྫོགས་པའི། །སྐུ་གསུམ་མཆོག་བརྙེས་ཕྱོགས་བཅུའི་སངས་རྒྱས་ལས། །སྐུ་དྲིན་ཆེ་བའི་རྩ་བའི་བླ་མ་ཡི། །སྐུ་ཚེ་འདི་ཡི་གདུལ་བྱ་རྫོགས་པའི་མོད། །སྐུ་ལ་བགྲེས་རྒུད་མེད་རུང་བགྲེས་པའི་ཚུལ། །སྐུ་ལ་སྐྱེ་འཆི་མེད་རུང་འདས་པའི་ཚུལ། །སྐུ་དེ་མིག་གིས་མཐོང་རྒྱུའི་སྐལ་བ་ཆད། །སྐུ་བཞུགས་དུས་སུ་བཀའ་ཆོས་གནང་ཚུལ་དང་། །སྐུ་མདུན་སོང་ནས་ཕྱག་གཡས་མགོ་ཐོག་བླངས། །སྐུ་གཟུགས་བདེ་མོ་ལགས་ཞེས་ཞུས་པའི་ཚེ། །སྐུ་ཞལ་འཛུམ་ནས་གསུང་སྙན་འབྱོན་པའི་ཚུལ། །སྐུ་མི་བཞུགས་ཀྱང་ད་ལྟ་ཡིད་ལ་ཤར། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་དང་། །སྐུ་དྲིན་རང་ལ་ཆེ་ཚུལ་དྲན་པའི་མོད། །སྐུ་ཡི་བཀོད་པ་ཆོས་དབྱིངས་བསྡུས་སོང་ཀྱང་། །སྐུ་གཟུགས་ཉི་མ་འདྲ་བ་ཡིད་ལ་ཤར། །སྐུ་དྲིན་འཁོར་མེད་མཚན་ལྡན་བླ་མ་ལ། །སྐུ་ཚེ་འདི་རུ་མི་མཇལ་ཁོ་ཐག་ཆོད། །སྐུ་སྐྱེས་འཁྲུལ་མེད་ཕྱོགས་འདིར་མྱུར་བྱོན་ནས། །སྐུ་གཟུགས་དེ་ལ་མཇལ་བའི་སྨོན་ལམ་འཚལ། །ཞེས་པ་འདི་ཡང་བླ་མ་ཆོས་རྒྱལ་དྲན་ནས་བླངས་
པའོ། །ན་མོ་གུ་རུ། ཕྱོགས་བཞིའི་ནམ་མཁའ་ན་གྱེན་དུ། །ལངས་པའི་སྤྲིན་དཀར་གྱི་ཚོགས་རྣམས། །ཞིག་ནས་རང་ཡལ་ལ་སོང་བ། །མཐོང་ཚེ་མི་རྟག་པ་དྲན་བྱུང་། །ཤར་གྱི་རི་མགོ་ནས་ཤར་བའི། །འོད་གསལ་འཛམ་གླིང་གི་ཉི་མ། །ནུབ་ཕྱོགས་རི་སྐྱིབས་སུ་འགྲོ་བ། །མཐོང་ཚེ་མི་རྟག་པ་དྲན་བྱུང་། །བར་སྣང་ཡངས་པ་ན་ཤར་བའི། །ཁ་དོག་ལྔ་ལྡན་གྱི་འཇའ་ཚོན། །ཡུན་རིང་མི་སྡོད་པར་ཡལ་བ། །མཐོང་ཚེ་མི་རྟག་པ་དྲན་བྱུང་། །རྫ་རི་མཐོན་པོ་ཡི་མགུལ་དུ། །སྨུག་པ་སྐེ་རགས་ལྟར་འཐེན་པ། །མི་སྡོད་རང་ཡལ་ལ་སོང་བ། །མཐོང་ཚེ་མི་རྟག་པ་དྲན་བྱུང་། །བདེ་འཇམ་ཞིང་ཆེན་གྱི་སྟེང་གི །ལོ་ཡག་སྙེ་མ་ཡི་ཚོགས་རྣམས། །ཁྱིམ་པས་ཟོར་བ་ཡིས་འབྲེག་པ། །མཐོང་ཚེ་མི་རྟག་པ་དྲན་བྱུང་། །ལྗོན་ཤིང་ཡལ་ག་རྣམས་རྒྱས་པའི། །རྩེ་མོའི་ལོ་མ་དང་མེ་ཏོག །འབྲས་བུ་ཕྱོགས་མཚམས་སུ་ཐོར་བ། །མཐོང་ཚེ་མི་རྟག་པ་དྲན་བྱུང་། །དྲོད་གཤེར་འཛོམ་ས་རུ་སྐྱེས་པའི། །རབ་མཛེས་མེ་ཏོག་གི་འདབ་མ། །ཉི་མ་ཁ་ཤས་འཕྲོར་ལྷུང་བ། །མཐོང་ཚེ་མི་རྟག་པ་དྲན་བྱུང་། །
ཞེས་པ་འདི་ཉིད་ཀྱང་གངས་ཅན། །བོད་ཀྱི་གླུ་བ་ངས་བླངས་སོ། ན་མོ་གུ་རུ། །ཚོང་ར་ཡངས་པའི་དཀྱིལ་ན། །མི་མང་ཁྲོམ་ཆེན་འཚོགས་པ། །མི་སྡོད་ཕྱོགས་བཞིར་གྱེས་ནས། །སོང་ཚེ་མི་རྟག་དྲན་བྱུང་། །མགྲོན་ཁང་ནང་ན་འདུག་པའི། །མགྲོན་པོ་རྙིང་བ་ཆས་ནས། །ཕྱོགས་ཕྱོགས་ལམ་ལ་ཞུགས་པ། །མཐོང་ཚེ་མི་རྟག་དྲན་བྱུང་། །བདེ་འཇམ་ཡངས་པའི་ལྷས་ན། །རྟ་ནོར་ལུག་གསུམ་ཉལ་བ། །རྫི་བོས་དེད་ནས་རི་ཁར། །སོང་ཚེ་མི་རྟག་དྲན་བྱུང་། །རི་ཀླུང་ཆུ་ཆེན་མཚོ་ཁའི། །ཁུ་བྱུག་ཆུ་བྱ་ངང་བ། །མི་སྡོད་ཡུལ་གཞན་འཕུར་ནས། །སོང་ཚེ་མི་རྟག་དྲན་བྱུང་། །ཆུ་འཛིན་མཐིང་སྔོན་གསེབ་ན། །གཡུ་འབྲུག་སྒྲ་དབྱངས་སྒྲོག་པ། །མི་སྡོད་སྦྲང་ཆར་འབབ་བཞིན། །སོང་ཚེ་མི་རྟག་དྲན་བྱུང་། །དྲིན་ཅན་ཕ་མའི་རྩ་ན། །འདུག་པའི་ན་ཆུང་བུ་མོ། །ཆ་མེད་ཐག་རིང་གནས་སུ། །སོང་ཚེ་མི་རྟག་དྲན་བྱུང་། །སྦྲ་རྒན་མཐིང་སྨུག་ཕུ་ན། །ཨ་མཆོད་ཆོས་སྒྲ་སྒྲོག་པ། །མི་སྡོད་རང་གི་ཡུལ་དུ། །ཕེབས་ཚེ་མི་རྟག་དྲན་བྱུང་། །དགོན་ཆུང་ཉམས་དགའི་ནང་གི །བན་ཆུང་གཞོན་ནུ་འགའ་རེ། །དབུས་
གཙང་དག་པའི་ཞིང་དུ། །སོང་ཚེ་མི་རྟག་དྲན་བྱུང་། །རང་སྐྱེས་ཕ་ཡུལ་ཉམས་དགའི། །མཐུན་གྲོགས་གཉེན་བཤེས་ཕལ་ཆེར། །མི་མཐོང་འཇིག་རྟེན་ཕྱི་མར། །སོང་ཚེ་མི་རྟག་དྲན་བྱུང་། །ཁྲི་སྟན་མཐོན་པོའི་སྟེང་ནས། །ཟབ་རྒྱའི་ཆོས་ཆར་འབེབས་མཁས། །བླ་མ་མང་པོ་ཞིང་གཞན། །གཤེགས་ཚེ་མི་རྟག་དྲན་བྱུང་། །ཞེས་པ་འདི་ཡང་གངས་ཅན་བོད་ཀྱི་གླུ་དབྱངས་མཁན་གྱིས་བླངས་པའོ། །འོད་གསལ་འཛམ་གླིང་ཉི་མ། །ཤར་ནས་ནུབ་རིར་ཡིབས་སོང་། །ཉམ་ཆུང་པད་དཀར་ལུས་པོ། །གྲང་རེག་བ་མོས་མནན་བྱུང་། །དབྱར་སྐྱེས་ཆུ་འཛིན་སྔོན་མོ། །འཕྱུར་ནས་ནམ་མཁར་ཡལ་སོང་། །ཉམ་ཆུང་ཁུ་བྱུག་ལུས་པོ། །སྐོམ་ཚད་དྲག་པོས་གདུངས་བྱུང་། །དྲིན་ཅན་རྩ་བའི་བླ་མ། །བྱོན་ནས་ཞིང་གཞན་གཤེགས་སོང་། །ཉམ་ཆུང་སློབ་བུའི་ལུས་པོ། །རྒས་པའི་མཚན་མས་མནན་སོང་། །ཞེས་པ་འདི་ཡང་ཡིད་ལ་ཤར་བ་བྲིས་པའོ། །འབྲི་མོ་བཟང་མོའི་ཚོགས་རྣམས་སྔ་ཕྱི་བྱས། །མི་མཐོང་སྤང་རི་སེར་བོར་བཞུད་ནས་ཐལ། །སྐལ་དམན་འབྲི་ཕྲུག་རྟོད་ཕུར་རྩ་བར་ལུས། །སོང་ན་འདོད་ཀྱང་རྐེ་ནས་
ཐག་པས་བཟུང་། །སྡོད་མ་ཚུགས་པར་སྐབས་སྐབས་འཐེན་སྐོར་བྱས། །འབྲི་མོ་བཟང་མོའི་འོ་མས་མ་བསྐྱངས་ན། །ཡུན་རིང་རྟོད་ཕུར་རྩ་ནས་སུ་ཡིས་བཟོད། །འབྲི་ཡིས་འབྲི་ཕྲུག་སྤང་རི་སེར་བོར་དྲོངས། །བྱ་རྒྱལ་རྒོད་པོའི་ཚོགས་རྣམས་སྔ་ཕྱི་བྱས། །མི་མཐོང་དགུང་སྔོན་མཁའ་ལ་འཕུར་ནས་ཐལ། །སྐལ་དམན་རྒོད་ཕྲུག་བྲག་དམར་དཀྱིལ་དུ་ལུས། །སོང་ན་འདོད་ཀྱང་མཐའ་ན་བྲག་གིས་བསྐོར། །སྡོད་མ་ཚུགས་པར་སྐབས་སྐབས་ལྷབ་ལྷབ་བྱས། །བྱ་རྒྱལ་རྒོད་པོས་ཟས་ཀྱིས་མ་བསྐྱངས་ན། །ཡུན་རིང་བྲག་དམར་དཀྱིལ་ནས་སུ་ཡིས་བཟོད། །རྒོད་པོས་རྒོད་ཕྲུག་དགུང་སྔོན་མཁའ་ལ་དྲོངས། །དྲིན་ཅན་བླ་མའི་ཚོགས་རྣམས་སྔ་ཕྱི་བྱས། །མི་མཐོང་དག་ཞིང་གཞན་དུ་གཤེགས་ནས་ཐལ། །སྐལ་དམན་སློབ་བུ་འཁོར་བའི་གནས་འདིར་ལུས། །སོང་ན་འདོད་ཀྱང་ལས་ཉོན་གཉིས་ཀྱིས་མནན། །སྡོད་མ་ཚུགས་པར་སྐབས་སྐབས་གསོལ་འདེབས་བྱས། །དྲིན་ཅན་བླ་མའི་ཐུགས་རྗེས་མ་བསྐྱངས་ན། །ཡུན་རིང་འཁོར་བའི་གནས་འདིར་སུ་ཡིས་བཟོད། །བླ་མས་སློབ་མ་དག་པའི་ཞིང་དུ་དྲོངས། །ཞེས་པ་འདི་ཡང་
ཆོས་འབྲེལ་ཆེ་བའི་བླ་མ་དུ་མ་གཤེགས་པ་ལ་སྐྱོ་ནས་བླངས་པའོ། །སྟེང་སྟོང་སང་ནམ་མཁའ་ཡངས་པ་ལ། །དངུལ་མདོག་འདྲའི་ན་བུན་ལངས་པ་བཞིན། །ཕྱོགས་ཀུན་ཁྱབ་ནམ་མཁའི་ཀློང་ཡངས་ནས། །རྗེ་བླ་མའི་གཟུགས་སྐུ་བསྟན་ན་ཨང་། །མདོག་རབ་མཛེས་འཇའ་ཚོན་རི་མོ་འཐེན། །ཆར་འཇམ་པོ་དལ་བུར་བབས་པ་བཞིན། །འཇའ་འོད་ལྔའི་གུར་ཁྱིམ་ཞིག་ནང་ནས། །ཆོས་ཟབ་མོ་མང་པོ་གསུངས་ན་ཨང་། །ས་བདེ་འཇམ་ཡངས་པའི་སྤང་གཞོངས་སུ། །ཆར་ཇི་བབས་སྟེང་དུ་འཁྱིལ་བ་བཞིན། །སེམས་དད་གུས་ཆེ་བའི་སློབ་བུ་ངས། །ཆོས་གང་གསུངས་ཡིད་ལ་བཟུང་ན་ཨང་། །མདོག་རབ་མཛེས་མེ་ཏོག་སྣ་ཚོགས་པ། །སྤང་བདེ་འཇམ་སྟེང་དུ་སྐྱེ་བ་བཞིན། །ཉམས་རྟོགས་པའི་ཡོན་ཏན་སྣ་ཚོགས་པ། །བུ་བདག་གི་རྒྱུད་ལ་སྐྱེས་ན་ཨང་། །ཞེས་པ་འདི་ཡང་ཉིན་ཞིག་ཕྱིའི་སྣང་བས་རྐྱེན་བྱས་ནས་བླངས་པའོ། །རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །ཞིང་དག་པ་རབ་འབྱམས་གར་བཞུགས་ཀྱང་། །བུས་རྒྱང་ནས་འབོད་དོ་ཐུགས་རྗེས་གཟིགས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཞལ་ཐོག་མར་མཇལ་
བའི་དུས་སྐབས་སུ། །ཐུགས་བརྩེ་བས་རྗེས་འཛིན་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ཡོན་ཁ་བཏགས་མིན་པ་མ་མཆིས་ཀྱང་། །ལུང་དབང་ཁྲིད་གནང་བའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །རང་ཉེར་མཁོའི་མཆོད་རྫས་དཔེ་ཆ་སོགས། །གང་དགོས་པ་ཁྱེར་གསུང་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ཆོས་སྒྲུབ་པའི་མཐུན་རྐྱེན་ལྟོ་གོས་གཉིས། །ཞུ་མི་དགོས་གནང་བའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ནམ་མདུན་དུ་སོང་ཡང་སྐལ་བྱིན་ནས། །གསུང་ཞལ་ཏ་གནང་བའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ལུས་མགོ་ན་ཆམ་པ་ཙམ་བྱུང་ཡང་། །སྔགས་བཀའ་བསྒོ་བྱེད་པའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་
དམན་དབེན་པར་འགྲོ། །ཞག་ལོ་ཟླའི་འཕྲོ་ལ་མཇལ་བའི་དུས། །བཞིན་འཛུམ་གྱིས་བསུ་བའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ཕྱོགས་གང་དུ་བསྡད་ཀྱང་འཚམས་རྟགས་དང་། །གསུང་ཞལ་གདམས་བསྐུར་བའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ལུས་སྐྱེད་པའི་དྲིན་ཅན་ཕ་མ་ལས། །ཆེས་ལྷག་པའི་དྲིན་ཆེའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ཞལ་མཇལ་བར་དཀའ་བའི་དྲིན་ཅན་རྗེ། །གསུང་ཐོས་པར་དཀའ་བའི་དྲིན་ཅན་རྗེ། །ད་ཞིང་ཁམས་གཞན་དུ་གཤེགས་བུད་སོང་། །ང་མགོན་མེད་སྐལ་དམན་དབེན་པར་འགྲོ། །ལོ་ཁ་ཤས་ད་དུང་བཞུགས་ན་ཆེད། །བུ་ཤུལ་ལུས་ལས་འདི་ངན་རེ་ཨང་། །དུས་ད་བར་ཞིང་ཁམས་གཞན་ན་བཞུགས། །ཞིང་གཞན་དེའི་གདུལ་བྱའི་སྐྱིད་ལ་ཨང་། །ཕ་ཁྱེད་ལ་སྤྱན་དང་མངོན་ཤེས་མངའ། །བུས་ཕ་མ་འབོད་འདྲའི་གདུང་དབྱངས་
ཀྱིས། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །རྗེ་སངས་རྒྱས་ཀུན་ལས་དྲིན་ལྷག་པའི། །རྗེ་ཆོས་ཀྱི་རྒྱལ་པོ་ངག་དབང་ཝང་། །རྗེ་འཇམ་དབྱངས་རྒྱ་མཚོ་ལ་སོགས་པའི། །རྗེ་བླ་མ་རྣམས་ལ་གུས་པས་འདུད། །དངུལ་ཤེལ་མདོག་ན་བུན་སྐབས་སྐབས་སུ། །རིའི་སྐེད་ནས་ལྡིང་བའི་ཁྲོད་ཅིག་ན། །ས་ཕུན་ཚོགས་ཕུག་པ་མདོག་ལེགས་པ། །དཔེ་ལྷ་བཟོ་མཁས་པས་བྲིས་འདྲ་ཡོད། །གཡུ་བཻཌཱུརྻ་ཡི་མདངས་འཛིན་པའི། །ནགས་ཤིན་ཏུ་ཉམས་དགའི་ཁྲོད་ཅིག་ན། །ཤིང་ཡལ་འདབ་རྒྱས་པའི་བསིལ་ཁང་ནི། །དཔེ་སྟེང་ནས་གདུགས་བཞིན་ཕུབ་འདྲ་ཡོད། །དུང་ཞོ་གསར་སྤུངས་ལྟར་རབ་དཀར་བའི། །རི་གངས་ཀྱིས་བརྒྱན་པའི་ཁྲོད་ཅིག་ན། །སྐྱིབས་རབ་མཛེས་ཕུག་པ་མདོ་ཡངས་པ། །དཔེ་འབག་བཟོ་མཁས་པས་བཞེངས་འདྲ་ཡོད། །མཚལ་བྱུ་རུ་ལྟ་བུར་མདོག་མཛེས་པའི། །བྲག་མཐོ་ཞིང་བརྗིད་པའི་ཁྲོད་ཅིག་ན། །གནས་བྱིན་ཆགས་ཕུག་པ་སྲ་བརྟན་པ། །དཔེ་རྡོ་བཟོ་བཟང་པོས་ལས་འདྲ་ཡོད། །མདོག་མི་གཅིག་རིན་ཆེན་སྤུངས་འདྲ་བའི། །རྫ་ཁྲ་
མོ་སྤུངས་པའི་ཁྲོད་ཅིག་ན། །ས་གཡང་ཆགས་ཕུག་པ་ཕུ་ཡངས་པ། །དཔེ་རང་ལ་གཟེས་ནས་ལས་འདྲ་ཡོད། །རྩྭ་སྔོ་ལྗང་མེ་ཏོག་སྐྱེས་པ་ཡི། །སྤང་བདེ་འཇམ་ཡངས་པའི་ཁྲོད་ཅིག་ན། །ས་བདེ་འཇམ་ཅོག་པུ་འབུབ་སའི་སྤང་། །དཔེ་གོས་ཆེན་ས་ལ་བརྡལ་འདྲ་ཡོད། །ཕྱོགས་ཆུ་ཕྲན་ལྷུང་ལྷུང་ནང་དུ་འབབ། །བྱ་ངང་པས་བརྒྱན་པའི་མཚོ་དཀྱིལ་དང་། །ཕྱིའི་འགྲམ་ན་སྒྲུབ་ཕུག་ཉམས་དགའ་བ། །དཔེ་ལྷ་མིའི་རྒྱལ་པོས་བརྩིགས་འདྲ་ཡོད། །ཚེ་འདི་ཡི་བྱ་བ་བློ་ཡིས་བཏང་། །གནས་དེ་འདྲ་བསྟེན་ནས་ཆོས་བྱེད་མི། །འཕྲལ་ཉམས་དགའ་བདེ་སྐྱིད་སྙན་གསུམ་འབྱུང་། །ཕུགས་སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །ས་གངས་ཅན་བོད་ཀྱི་གླུ་བ་ངས། །ས་དབེན་པ་བསྟེན་སླད་མགུར་འདི་བླངས། །ས་གང་གི་མི་ཡིས་ཐོས་ཚད་ཀྱིས། །ས་ཕུན་ཚོགས་རི་ཁྲོད་བསྟེན་པར་ཤོག །བླ་མ་རྣམས་ལ་གསོལ་བ་འདེབས། །རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཨེ་མ་རི་ཁྲོད་དབེན་པ་ན། །སྤོས་ངད་དྲི་བཟང་ཆི་ལི་ལི། །དཀར་སེར་དམར་ལྗང་མེ་ཏོག་རྩེར། །བུང་བ་ཆེ་ཆུང་དི་རི་
རི། །རི་སུལ་སྤང་གཞོང་འཇམ་པོ་ན། །རི་དྭགས་བང་རྩལ་ཤ་ར་ར། །ལྗོན་ཤིང་ཡལ་འདབ་རྒྱས་པའི་རྩེར། །བྱ་བྱེའུ་སྐད་སྙན་ཀྱུ་རུ་རུ། །རི་བྲག་རྩེ་མོའི་སྐེད་པ་ན། །བྱ་རྒོད་འཁོར་བ་ཀྱི་ལི་ལི། །སྤྲིན་འཇའ་ཉི་མ་དུས་གཅིག་འཛོམས། །སྦྲང་ཆར་བབས་པ་ད་ལ་ལ། །དྲི་བཞོན་བསེར་བུ་བྱུང་བའི་ཚེ། །རྩི་ཤིང་ལོ་འདབ་ཁྲི་ལི་ལི། །ཆུ་ཆེན་མཚོ་ཁར་ཆུ་བྱ་འདུས། །སྐད་འབྱིན་གཤོག་སྤྲུགས་སོ་ལོ་ལོ། །གངས་རྫ་གཡའ་དང་བྲག་ངོས་ན། །ཆུ་གཙང་ལྷུང་སྒྲ་སི་ལི་ལི། །དེ་ལྟར་ངོ་མཚར་མཐའ་ཡས་པའི། །རི་ཁྲོད་དབེན་པའི་དགའ་ཚལ་དུ། །འདུག་པའི་སྐྱེ་བོ་སྐལ་བ་བཟང་། །ཡོན་ཏན་ཉི་ཤུའི་ཡོང་སྒོ་ཡོད། །འཇིག་རྟེན་བྱ་བ་མེད་པས་དལ། །ཆགས་སྡང་ལ་སོགས་ཉོན་མོངས་ཆུང་། །མི་དགེ་སྡིག་པའི་ལས་མི་གསོག །ལོག་འཚོ་དཀོར་གྱིས་གོས་མི་འགྱུར། །གང་ལའང་ཆགས་ཞེན་སེམས་མི་འབྱུང་། །སྐྱེ་བོ་མང་པོའི་འདུ་འཛི་མེད། །ཟོག་དང་ཚུལ་འཆོས་ངང་གིས་འགྲིབ། །ངོ་སྲུང་སེམས་འཛིན་བྱེད་མི་དགོས། །ཕན་ཚུན་རྩོད་པ་མེད་པས་བདེ། །ལུས་ལ་ན་ཟུག་སེམས་སྡུག་མེད། །མཚན་མོ་གཉིད་ཆུང་
རིག་པ་དྭངས། །དུས་བཞི་འགྱུར་དུས་མི་རྟག་དྲན། །དད་དང་ངེས་འབྱུང་གསར་དུ་སྐྱེ། །སྡོམ་པ་གསུམ་དང་ངང་གིས་ལྡན། །མི་རྟོག་ཏིང་འཛིན་ཤུགས་ཀྱིས་སྐྱེ། །རྒྱུན་དུ་ཉམས་དགའ་སྣང་བ་སྤྲོ། །བླ་མ་མཁའ་འགྲོ་བྱིན་གྱིས་རློབས། །ཉམས་རྟོགས་ཡོན་ཏན་རྒྱུད་ལ་འཆར། །ཆོས་སྐྱོང་སྲུང་མས་བར་ཆད་སེལ། །ལྷ་མིས་ཟས་གོས་མཐུན་རྐྱེན་སྦྱོར། །རྟག་ཏུ་ལུས་སེམས་བདེ་ཞིང་སྐྱིད། །སྙན་པས་ས་སྟེང་ཡོངས་ལ་ཁྱབ། །སྒྲུབ་བརྒྱུད་བསྟན་པར་ཕན་ཐོགས་འགྱུར། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །རྟག་ཏུ་རི་ཁྲོད་དབེན་པ་སྟེན། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །རི་ཁྲོད་བསྟེན་ནས་ཆོས་བྱེད་ཤོག །བླ་མ་རྣམས་ལ་གུས་ཕྱག་འཚལ། །རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །རྟག་ཏུ་ཁྱིམ་པའི་གྲོང་བར་ན། །འ་འུར་ཟང་ཟིང་འུ་རུ་རུ། །ཁྱིམ་ཚང་བཟའ་བ་འཁོན་འཛིང་བྱེད། །བྱིས་པའི་ངུ་སྐད་ཙེ་རེ་རེ། །མལ་ན་རྒན་རྒོན་བླ་རྒན་འཁུན། །འགའ་རེས་སྡུག་གཏམ་ཤུབ་ཤུབ་ཤུབ། །རེའུ་ལུ་གུས་འཐེན་སྐོར་བྱས། །རྡང་ན་འབའ་སྒྲ་དི་རི་རི། །འགའ་རེ་ན་ནས་སྐུ་རིམ་
བཙུགས། །བན་བོན་ཌ་དྲིལ་ཁྲོ་ལོ་ལོ། །འགའ་རེས་མོ་བ་སྨན་པ་བོས། །ལག་པ་ཁ་ཚོ་ཡབ་ཡབ་ཡབ། །འགའ་རེས་མེ་སྦར་ཡོས་བརྔོས་ནས། །མུ་གེའི་ལག་སྐོར་ཁྱོག་ཁྱོག་ཁྱོག །ཁྱིམ་ན་འགའ་རེས་མེད་མུག་དང་། །ཆགས་སྡང་གཏམ་ངན་ལྷང་ལྷང་ལྷང་། །སྒོ་ཁྱི་ཕྱུགས་ཀྱིས་སྒྲ་སྒྲོག་ཅིང་། །ཁྭ་སྐྱག་ཕོ་རོག་ལྷབ་ལྷབ་ལྷབ། །ཁང་ཆག་སྦྲ་ཆད་གུར་རུལ་ན། །ཐིགས་ཆུ་བསེར་བུ་ཤུགས་ཤུགས་ཤུགས། །དེ་འདྲའི་གྲོང་དུ་སུ་བསྡད་ཀྱང་། །ཉེས་སྐྱོན་ཉི་ཤུ་ཙམ་ཞིག་འོངས། །ཚེ་འདིའི་དབང་སོང་ཆོས་མི་དྲན། །མི་རྟག་འཆི་བ་གཏིང་ནས་བརྗེད། །འདོད་ཆགས་ཞེ་སྡང་གཏི་མུག་སྐྱེ། །ང་རྒྱལ་ཕྲག་དོག་སེར་སྣ་འཕེལ། །སྲོག་གཅོད་གཞན་གྱིས་མ་བྱིན་ལེན། །མི་ཚངས་པ་སྤྱོད་ནན་ཚིག་སྨྲ། །ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེ། །མི་འདོད་གྱོད་སྣ་ཁ་མཆུ་འོང་། །གླེང་ལོག་འཐེན་ནས་ཟས་ནོར་འཕྲོག །དབང་ཅན་རྣམས་ཀྱིས་ཚིག་གིས་བསྡིག །ཤེད་ཅན་རྣམས་ཀྱིས་ལག་གིས་བརྡུང་། །ཇག་པས་རྒྱུ་ནོམ་དངོས་སུ་འཕྲོག །རྐུན་མས་ལྐོག་ཏུ་བརྐུས་ནས་ཁྱེར། །
ཉིན་པར་ལྟོ་བཅག་འཚོ་སྐྱོང་དགོས། །མཚན་མོ་གཉིད་བཅག་ལྟ་རྟོག་དགོས། །འཆི་རུང་དམག་ལ་འགྲོ་ཡང་དགོས། །དགྲ་ལ་དགྲ་སྐད་འཐེན་ཡང་དགོས། །ལོག་འཚོ་དཀོར་ཟས་ཟ་ཡང་དགོས། །ཚུལ་འཆོས་གཡོ་སྒྱུ་བྱེད་ཡང་དགོས། །མི་སྙན་ཚིག་ངན་སྣ་ཚོགས་ཐོས། །སེམས་ལ་ནམ་ཡང་བདེ་བ་མེད། །མི་ཚེ་ཡད་མ་ཡུད་ལ་འཆོར། །དེ་ཕྱིར་ཚོགས་དྲུག་རང་གྲོལ་ཁྱོད། །གྲོང་དུ་མ་འཁྱམས་རི་ཁྲོད་འགྲིམས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །གྲོང་སྤངས་རི་ཁྲོད་བསྟེན་པར་ཤོག །སྔོན་རི་ཁྲོད་དབེན་པར་ཆོས་མཛད་དང་། །ད་རི་ཁྲོད་ཉམས་དགར་ཆོས་སྒྲུབ་མཁན། །ཁོང་རི་ཁྲོད་པ་རྣམས་ཡོངས་ལ་འདུད། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །བྱ་ཁུ་བྱུག་ལྷ་བྱ་གོང་མོ་དང་། །བྱེའུ་ལྕོག་ཀ་འཇོལ་མོ་མཐིང་སྔོན་སོགས། །བྱ་བྱེའུ་ཆུང་སྙན་པའི་སྒྲ་སྒྲོག་པའི། །གནས་དབེན་པ་སྟེན་དང་རྒྱལ་ཁམས་པ། །ཤིང་ལྗོན་པའི་བསིལ་གྲིབ་གདུགས་ལྟར་མཛེས། །རྩྭ་སྔོ་ལྗང་སྐྱེས་པ་སྟན་ལྟར་འཇམ། །ཟས་རང་གྲུབ་སིལ་ཐོག་ཡོད་པ་ཡི། །གནས་དབེན་པ་སྟེན་
དང་རྒྱལ་ཁམས་པ། །སྤང་བདེ་འཇམ་དྲི་ཞིམ་སྣ་ཚོགས་འཐུལ། །མདོག་མི་གཅིག་མེ་ཏོག་གཅལ་དུ་བཀྲམ། །ལྷའི་གོས་ཆེན་ས་ལ་ལྷུང་འདྲ་བའི། །གནས་དབེན་པ་སྟེན་དང་རྒྱལ་ཁམས་པ། །ལུས་གཤོག་སྟེང་རི་མོ་སྣ་ཚོགས་བཀྲ། །རྐང་དྲུག་ལྡན་སྦྲང་མ་ཕྱེ་ལེབ་སོགས། །འབུ་དུ་མ་འ་འུར་སྒྲ་སྒྲོག་པའི། །གནས་དབེན་པ་སྟེན་དང་རྒྱལ་ཁམས་པ། །དྲི་ཞིམ་པའི་ལྷ་ཤིང་ཤུག་པ་སོགས། །ཤིང་ལྗོན་པའི་ཚོགས་རྣམས་སྔོ་ཤིག་སེ། །རེ་ཡལ་འདབ་བརྒྱངས་ནས་གར་བྱེད་པའི། །གནས་དབེན་པ་སྟེན་དང་རྒྱལ་ཁམས་པ། །ཤ་དགོ་བ་རྐྱང་འབྲོང་རྣ་བ་སོགས། །ལུས་མདོག་དབྱིབས་མི་གཅིག་རི་དྭགས་ཚོགས། །ཡིད་བག་ཕེབས་རྒྱུ་ཞིང་བང་རྩེ་བའི། །གནས་དབེན་པ་སྟེན་དང་རྒྱལ་ཁམས་པ། །ཆུ་དྭངས་གསལ་རྙོག་མེད་ཆུང་ཆུང་གིས། །རྫ་གཡའ་བྲག་ཐེམ་སྐས་ཉམས་དགའ་འགྲིམས། །སྒྲ་སྙན་མོ་སི་ལི་ལི་བྱེད་པའི། །གནས་དབེན་པ་སྟེན་དང་རྒྱལ་ཁམས་པ། །བྲག་ཕྱི་དབྱིབས་ཁ་དོག་ཤིན་ཏུ་ལེགས། །ནང་བྲག་ཁུང་ཡངས་ལ་སྲ་ཞིང་བརྟན། །ལུས་ཚ་གྲང་འཇིགས་པ་ལས་སྐྱོབ་པའི། །གནས་དབེན་པ་སྟེན་
དང་རྒྱལ་ཁམས་པ། །དྲི་ཞིམ་པོ་དྲོ་བའི་ཤུག་ཤུན་སོགས། །མདོག་སྔོ་ལ་འཇམ་པའི་བཀྲ་ཤིས་རྩྭ། །སྟན་སྔས་འབོལ་བྱས་ན་ལུས་བདེ་བའི། །གནས་དབེན་པ་སྟེན་དང་རྒྱལ་ཁམས་པ། །གནས་དབེན་པ་བསྟེན་སླད་འདི་བླངས་མཐུས། །གནས་རི་ཁྲོད་ཀུན་གྱིས་བསྟེན་ནུས་ཤིང་། །གནས་གང་དུ་འགྲོ་འམ་འདུག་ཀྱང་རུང་། །སྤྲང་རི་ཁྲོད་དབེན་པར་བསྒོམ་དུ་གཤེགས། །རྗེ་ཐམས་ཅད་མཁྱེན་པ་སངས་རྒྱས་དང་། །ཁོང་རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །གནས་དབེན་པའི་བསྔགས་བརྗོད་མང་པོ་མཛད། །སྤྲང་རི་ཁྲོད་དབེན་པར་བསྒོམ་དུ་གཤེགས། །དུས་ད་ལྟའི་སྐྱེས་ཆེན་དམ་པའི་རིགས། །བསྟན་འགྲོ་དོན་མཛད་པ་ཕལ་ཆེར་གྱིས། །གནས་རི་ཁྲོད་དབེན་པར་ཡིད་སྨོན་བྱེད། །སྤྲང་རི་ཁྲོད་དབེན་པར་བསྒོམ་དུ་གཤེགས། །མི་བདག་གི་བླ་མ་རིན་པོ་ཆེ། །མཚན་སྙན་པ་བསྟན་འཛིན་ཉི་མ་དང་། །གྲོགས་སློབ་བུ་མང་པོ་དབེན་པར་བཞུགས། །སྤྲང་རི་ཁྲོད་དབེན་པར་བསྒོམ་དུ་གཤེགས། །ཆོས་ཚུལ་བཞིན་བསྒྲུབ་འདོད་སྐྱེ་བོ་ཀུན། །རང་ནམ་འཆི་ཆ་མེད་ཚུལ་སོམས་ལ། །ད་
མ་འདུག་ཚེ་འདི་བློ་ཡིས་ཐོངས། །གནས་རི་ཁྲོད་དབེན་པར་བསྒོམ་དུ་བྱོན། །གནས་དབེན་པ་བསྟེན་ལ་དུས་ཀུན་ཏུ། །དགྲ་ནང་ན་ཉལ་བའི་བདག་འཛིན་ལ། །ཕ་བླ་མའི་གདམས་ངག་མཚོན་རྣོན་སྣུན། །དེ་ཐུལ་ན་གཏན་དུ་བདེ་བར་འགྱུར། །གླུ་འདི་ཉིད་བླངས་པའི་དགེ་བ་དང་། །གཞན་རྣམ་དཀར་དགེ་བ་གང་བསགས་མཐུས། །གནས་དབེན་པར་བདག་གཞན་ཐམས་ཅད་ཀྱིས། །དགྲ་བདག་འཛིན་འཕུང་རྒན་ཐུལ་བར་ཤོག །སྔོན་བྱོན་དམ་པ་གོང་མ་རྣམས་ལ། །ཡིད་འོང་སྒོ་གསུམ་གུས་པས་ཕྱག་འཚལ། །དེང་སང་བྱ་བཏང་རི་བ་བདག་ལ། །ངོ་མཚར་མཆོག་ཐུན་དངོས་གྲུབ་སྩོལ་ཅིག །སྔོན་བྱོན་དམ་པ་གོང་མའི་གདན་ས། །ཡིད་འོང་དབེན་པའི་རི་ཁྲོད་ཉམས་དགའ། །དེང་སང་ཚོགས་དྲུག་རང་གྲོལ་བཟུང་བས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མའི་བཞུགས་ས། །ཡིད་འོང་རང་བྱུང་བྲག་ཕུག་ཉམས་དགར། །དེང་སང་ཚོགས་དྲུག་རང་གྲོལ་བསྡད་པས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མའི་གྲོགས་པོ། །ཡིད་འོང་བྱ་
དང་རི་དྭགས་ཚོགས་ལ། །དེང་སང་ཚོགས་དྲུག་རང་གྲོལ་འགྲོགས་པས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མའི་གསོལ་ཟས། །ཡིད་འོང་སྔོ་ཚོད་ཤིང་འབྲས་ཚོགས་རྣམས། །དེང་སང་ཚོགས་དྲུག་རང་གྲོལ་ཟོས་པས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མའི་བཏུང་བ། །ཡིད་འོང་གངས་རྫ་གཡའ་བྲག་ཆུ་གཙང་། །དེང་སང་ཚོགས་དྲུག་རང་གྲོལ་འཐུངས་པས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མས་གྱོན་པའི། །ཡིད་འོང་གཟན་ཤམ་སྒོམ་ཐག་ཞྭ་སོགས། །དེང་སང་ཚོགས་དྲུག་རང་གྲོལ་གྱོན་པས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མས་བསྣམས་པའི། །ཡིད་འོང་གསལ་འདེབས་བེའུ་བུམ་སྦ་དབྱུག །དེང་སང་ཚོགས་དྲུག་རང་གྲོལ་བཟུང་བས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མ་རྣམས་ཀྱིས། །ཡིད་འོང་དབེན་གནས་ཁོ་ན་འགྲིམས་བཞིན། །དེང་སང་ཚོགས་དྲུག་རང་གྲོལ་
འགྲིམས་པས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མ་རྣམས་ཀྱིས། །ཡིད་འོང་མགུར་དབྱངས་མང་པོ་བླངས་བཞིན། །དེང་སང་ཚོགས་དྲུག་རང་གྲོལ་བླངས་པས། །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམས་བྱུང་། །སྔོན་བྱོན་དམ་པ་གོང་མ་ཇི་བཞིན། །ཡིད་འོང་རི་ཁྲོད་བསྟེན་ན་ཆོས་འོང་། །དེང་སང་སྐལ་ལྡན་སྐྱེས་བུ་རིར་ཤོག །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམ་ངེས། །སྔོན་སྐྱེས་ཕ་ཡུལ་ཕ་མཁར་གཉེན་བཤེས། །ཡིད་དུ་འོང་ཡང་ཆགས་སྡང་འབྱུང་བས། །དེང་སང་ལས་འཕྲོ་ཅན་ཚོ་རིར་ཤོག །ངོ་མཚར་བདེ་སྐྱིད་སྙན་གསུམ་འཛོམ་ངེས། །སྔོན་བྱོན་དམ་པའི་རྣམ་ཐར་སྐྱོང་བཞིན། །ཡིད་འོང་སྐྱིད་པའི་རྒྱང་གླུ་བླངས་པ། །དེང་སང་སྐལ་ལྡན་ཕོ་མོས་ཐོས་ཚེ། །ངོ་མཚར་རི་ཁྲོད་བསྟེན་པར་གྱུར་ཅིག །སངས་རྒྱས་མ་ཐོབ་བར་དུ། །རི་ཁྲོད་འགྲིམ་པའི་སློབ་བུ། །བུ་མས་སྐྱོང་བཞིན་སྐྱོངས་ཤིག །བླ་མ་གོང་མའི་གདན་ས། །རི་སུལ་བྲག་ཕུག་ཉམས་དགའ། །དེང་སང་བདག་གིས་བཟུང་བས། །ཧ་ཧ་དགའ་སྤྲོ་ཤར་བྱུང་། །བྱ་དང་རི་དྭགས་འདུག་ས། །ཡིད་འོང་
ནག་ཚལ་རི་བོ། །དེང་སང་བདག་གིས་བསྟེན་པས། །ཧ་ཧ་དགའ་སྤྲོ་ཤར་བྱུང་། །ལུས་མཛེས་རི་དྭགས་དུ་མ། །བག་ཕེབས་རྩེ་བྲོ་རྡུང་ལ། །དེང་སང་བདག་གིས་བལྟས་པས། །ཧ་ཧ་དགའ་སྤྲོ་ཤར་བྱུང་། །ཡིད་འོང་བྱ་བྱེའུ་རྣམས་ཀྱིས། །སྐད་སྙན་སྣ་ཚོགས་སྒྲོག་ལ། །དེང་སང་བདག་གིས་ཉན་པས། །ཧ་ཧ་དགའ་སྤྲོ་ཤར་བྱུང་། །ལྗོན་ཤིང་ཡལ་འདབ་རྒྱས་པའི། །རྩེ་མོའི་རོ་མངར་སིལ་ཐོག །དེང་སང་བདག་གིས་ཟོས་པས། །ཧ་ཧ་དགའ་སྤྲོ་ཤར་བྱུང་། །མེ་ཏོག་འཛུམ་དགོད་བྱེད་པའི། །སྤང་གཞོང་བདེ་འཇམ་དཀྱིལ་ན། །དེང་སང་བདག་གིས་ཉལ་བས། །ཧ་ཧ་དགའ་སྤྲོ་ཤར་བྱུང་། །མི་མེད་ལུང་པ་སྟོང་བའི། །དགའ་བདེ་གཏེར་གྱི་ཁ་དེ། །དེང་སང་བདག་གིས་ཕྱེ་བས། །ཧ་ཧ་དགའ་སྤྲོ་ཤར་བྱུང་། །དེང་སང་ང་འདྲའི་སྐྱིད་པ། །རེ་གཉིས་མ་གཏོགས་མི་འདུག །སྐྱིད་ཀྱང་སྐྱིད་པའི་རྒྱང་གླུ། །འཐེན་མཁན་ང་མིན་མི་སྣང་། །ཕ་ཡུལ་བདུད་ཀྱི་བཙོན་ཁང་། །ནང་ནས་ཆོས་མཛད་མ་འདུག །ཆགས་སྡང་ཤུགས་ཀྱིས་འོང་བས། །ཡུལ་ནས་འབུད་གྲབས་
མཛོད་ཅིག །ཆོས་པ་ཡུལ་དུ་ལྷུང་བ། །སེང་གེ་དོང་ནང་ལྷུང་འདྲ། །སྐྱོ་ཤས་ཤུགས་དྲག་བསྐྱེད་ལ། །མྱུར་དུ་ཡུལ་ནས་བུད་ཅིག །རི་ཁྲོད་བསྟེན་ན་གང་འདོད། །དགེ་སྦྱོར་བྱས་ན་འོང་བས། །ཆོས་པ་རྣམས་ཀྱིས་རི་ཁྲོད། །དབེན་པ་བསྟེན་གྲབས་མཛོད་ཅིག །ཆོས་པས་རི་ཁྲོད་བསྟེན་ན། །སེང་གེ་གངས་རིར་འགྱིང་འདྲ། །ཆོས་ཀྱི་མཐུན་རྐྱེན་བསྒྲུབ་ལ། །མྱུར་དུ་བསྟེན་གྲབས་མཛོད་ཅིག །ཡུལ་གྱི་དགེ་སྦྱོར་བརྒྱ་ལས། །དབེན་པའི་དགེ་སྦྱོར་གཅིག་དགའ། །རྗེ་བཙུན་སྐལ་ལྡན་གསུངས་པས། །དེས་ན་རྒྱུན་དུ་སྟེན་ཅིག །རི་ཁྲོད་བསྟེན་ན་དགའ་སྤྲོ། །སྤྲོ་ན་དགེ་སྦྱོར་ལོས་འོང་། །འོངས་ན་འཕྲལ་ཕུགས་བདེ་སྐྱིད། །སྐྱིད་དུས་རྒྱང་གླུ་འཐེན་ཡ། །གླུ་འདི་ཐོས་ཚད་ཆོས་པས། །ཕ་ཡུལ་སྤངས་ནས་རི་ཁྲོད། །དབེན་པ་བསྟེན་ནས་ལྷ་ཆོས། །ཚུལ་བཞིན་བསྒྲུབ་པར་གྱུར་ཅིག །རི་ཁྲོད་བསྟེན་ནས་ཆོས་བསྒྲུབས་སངས་རྒྱས་པའི། །བླ་མ་གོང་མ་ཡོངས་ལ་གུས་པས་འདུད། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་གླུ་དབྱངས་ལ། །དད་ཅན་སྐྱེ་བོ་ཕོ་མོ་གུས་པས་ཉོན། །སྔ་བར་ལངས་ནས་གཤོལ་མདའ་ཕྲག་
ལ་བཀལ། །སྲ་ལོག་ཉིས་ལོག་རྒྱག་ཏུ་འགྲོ་བ་ལས། །རི་ཁྲོད་དབེན་པའི་ལྗོན་ཤིང་བསིལ་གྲིབ་ཏུ། །ཉི་དྲོས་སོང་ནས་སིལ་ཐོག་ཟོས་ན་ཨང་། །ཕྱིང་བ་སྣམ་མཐུག་སློག་ཧྲུལ་ལྕི་མོ་གོན། །རྔུལ་ཆུ་འོང་བཞིན་ཁུར་བོ་འཁུར་བ་ལས། །རས་དང་དཱ་བུའི་གཟན་ཤམ་འཇམ་ཡང་གྱོན། །སྔོ་བརླན་སྟེང་ཚོ་སོང་ནས་ཉལ་ན་ཨང་། །མགོ་བོ་མེ་རྡུལ་ཆོམ་མེ་གོ་མཐའ་བསྲུངས། །བཟའ་སྡིགས་ཐུག་པ་རྒྱུན་དུ་བསྐོལ་བ་ལས། །ས་གཞི་གོས་ལྟར་འཇམ་པའི་སྤང་ནས། །བདེ་སྨོན་ལ་སོགས་ཁ་ཏོན་བྱས་ན་ཨང་། །ཉིན་པར་ལྟོ་བཅག་ཕྱུགས་ཀྱི་འཚོ་སྐྱོང་བྱས། །མཚན་མོ་གཉིད་བཅག་ཕྱོ་སོགས་ཟེར་བ་ལས། །རི་ཁྲོད་ཉམས་དགའ་ཞིག་ནས་ཞྭ་ལྷམ་གཉིས། །ཡར་མར་འཕངས་ནས་མགུར་ཚོ་བསྐུལ་ན་ཨང་། །གྱང་ར་སྲང་མདོར་རྒན་རྒོན་བྱིས་པར་འགྲོགས། །ས་རྡུལ་ཁྲོད་ནས་ངག་འཁྱལ་ལབ་པ་ལས། །རི་ཁྲོད་ཅིག་ནས་ཆོས་མཐུན་གྲོགས་དང་འགྲོགས། །མེ་ཏོག་ལྗོངས་ནས་ཆོས་བཤད་བྱས་ན་ཨང་། །རྟ་རྒན་གཡག་རྒན་མ་སོང་ཁོང་ཁྲོ་ལངས། །ཡོབ་སྡིགས་ལྕག་གིས་བརྒྱབ་
ནས་འགྲོ་བ་ལས། །སྦ་དབྱུག་ཐོགས་ནས་ག་ལེ་སོས་དལ་བྱས། །ཁོང་ཁྲོ་མེད་པར་རྐང་ཐང་སོང་ན་ཨང་། །ཁ་དར་རས་ཁ་ཤ་ལྷུ་ཙམ་རེའི་ཕྱིར། །གཉིད་བཅག་སྔ་བར་ལངས་ནས་རྒྱུག་པ་ལས། །རི་ཁྲོད་དབེན་པའི་དྲོ་འཇམ་མལ་ས་ནས། །མདོ་རྒྱུད་མན་ངག་ཁ་ཕྱེ་བལྟས་ན་ཨང་། །ཁ་ལྕེ་ལྦུ་བ་འཁྲུག་བཞིན་ཟ་ཆོག་བཏོན། །ཁམས་འཁྲུགས་ཨ་ཡོ་ཤུགས་ཚོ་ཟེར་བ་ལས། །ཁུ་བྱུག་ལ་སོགས་བྱ་བྱེའུ་སྒྲ་སྒྲོག་པའི། །རི་ཁྲོད་ཅིག་ནས་ངལ་གསོས་བསྡད་ན་ཨང་། །གྲོང་གི་ཁང་རུལ་སྦྲ་ཆད་གུར་རུལ་འགྲིམས། །དུ་བར་བདུག་བཞིན་རྔ་རུལ་བརྡུང་བ་ལས། །ཉམས་དགའི་ཆུ་མིག་མང་པོའི་མགོ་བོ་འགྲིམས། །གཅོད་ཌར་དཀྲོལ་ནས་གར་འཆམ་བྱས་ན་ཨང་། །ཉིན་པར་ལྕི་བའི་ལས་ཀ་མང་པོ་ལས། །དགོང་མོ་ཨ་ཡོ་ཨ་ན་ཟེར་བ་ལས། །རི་ཁྲོད་དབེན་པའི་ཉི་ཕུག་དྲོ་ས་ནས། །སོས་དལ་བསྡད་ནས་དགེ་སྦྱོར་བྱས་ན་ཨང་། །ཁེ་ཚོང་ཞིང་ལས་སོགས་བྱས་དཀའ་ལས་མྱང་། །ཆུང་མའི་ངོ་འཛུམ་དཀར་ནག་བལྟ་བ་ལས། །རི་ཁྲོད་དབེན་པའི་སེར་ཁའི་ཁམས་གསེང་བྱས། །བག་ཕེབས་ཕྱོགས་བཞིར་
ལྟད་མོ་བལྟས་ན་ཨང་། །བཟའ་བ་ཧྲལ་ཧྲུལ་འཚོགས་པའི་གོ་དོང་ནས། །ཐལ་ཁེམ་འཕྱར་ནས་འཁོན་འཛིང་བྱེད་པ་ལས། །ངང་བས་བརྒྱན་པའི་མཚོ་དང་ཆུ་ཆེན་ཁས། །ཏིང་ཤགས་དཀྲོལ་ནས་བརྒྱ་རྩ་བསྔོས་ན་ཨང་། །གླུ་འདི་ཐོས་ཚད་དད་ཅན་སྐྱེ་བོ་ཀུན། །གྲོང་དུ་བསྡད་ནས་ཚེ་འདིའི་བྱ་བས་བྲེལ། །མི་ཚེ་དོན་མེད་སྡུག་ཟད་མི་གཏོང་བར། །རི་ཁྲོད་བསྟེན་ནས་ཆོས་ལ་སྤྱོད་པར་ཤོག །རྩ་གསུམ་ལྷ་དང་དམ་ཅན་ཆོས་སྐྱོང་ལ། །སྒོ་གསུམ་རབ་ཏུ་གུས་པས་གསོལ་བ་འདེབས། །ཁམས་གསུམ་འཁོར་འཁྱམས་བདག་གཞན་སེམས་ཅན་ཀུན། །སྐུ་གསུམ་གོ་འཕང་མ་ཐོབ་བར་དུ་སྐྱོངས། །མཚན་ལྡན་བླ་མས་རྗེས་བཟུང་མདོ་སྔགས་ཆོས། །ཐོས་པ་སྐལ་བ་བཟང་ཀྱང་ཉམས་ལེན་དུས། །བརྩོན་འགྲུས་ཞན་པའི་བྱ་བཏང་རི་ཁྲོད་པ། །ཚོགས་དྲུག་རང་གྲོལ་རང་ལ་གླུ་འདི་འབུལ། །བླ་མ་དམ་པ་ཐ་མལ་ཞིག་ཏུ་བལྟས། །ཉིན་མཚན་གསོལ་བ་བཏབ་ཀྱང་དོན་གོ་ཆུང་། །སངས་རྒྱས་དངོས་ཡིན་སྙམ་པའི་མོས་གུས་ཀྱིས། །སྙིང་ནས་གསོལ་བ་ཐོབས་དང་རི་ཁྲོད་པ། །མི་
ལུས་ཐོབ་དུས་དམ་ཆོས་མ་བསྒྲུབས་ན། །འཛམ་བུའི་གླིང་དུ་སྐྱེས་པ་དོན་གོ་ཆུང་། །ཤིན་ཏུ་རྙེད་དཀའ་དོན་ཆེའི་ཚུལ་སོམས་ལ། །ཆོས་ཀྱི་སྙིང་པོ་ལོངས་དང་རི་ཁྲོད་པ། །རྣམ་གཡེང་འདུ་འཛིས་ཉིན་མཚན་དུས་འདའ་ན། །མི་རྟག་འཆི་བ་ཤེས་པ་དོན་གོ་ཆུང་། །ནམ་འཆི་ཆ་མེད་སོམས་ལ་ཉིན་མཚན་ཀུན། །ཡེངས་མེད་དམ་ཆོས་སྒྲུབས་དང་རི་ཁྲོད་པ། །དགེ་སྡིག་བླང་དོར་ཞིབ་ཏུ་མི་བྱེད་ན། །ལས་འབྲས་རྣམ་དབྱེ་ཤེས་པ་དོན་གོ་ཆུང་། །ཤིན་ཏུ་ཕྲ་བའི་དགེ་དང་སྡིག་པ་ལ། །བླང་དོར་ཞིབ་མོ་གྱིས་དང་རི་ཁྲོད་པ། །ཚེ་འདིའི་བདེ་སྐྱིད་བློ་ཡིས་མི་གཏོང་ན། །འཁོར་བའི་ཉེས་དམིགས་ཤེས་པ་དོན་གོ་ཆུང་། །སྤྱད་པས་མི་ངོམས་སྡུག་བསྔལ་སྣ་འདྲེན་པའི། །འཁོར་བའི་ཕུན་ཚོགས་སྤོངས་དང་རི་ཁྲོད་པ། །འགྲོ་ལ་སྒོ་གསུམ་ཅི་ཕན་མི་བྱེད་ན། །འགྲོ་ཀུན་ཕ་མར་ཤེས་པ་དོན་གོ་ཆུང་། །བྱམས་དང་སྙིང་རྗེའི་བྱང་ཆུབ་སེམས་བསྐྱེད་ལ། །རྟག་ཏུ་ཕན་ཐོགས་གྱིས་དང་རི་ཁྲོད་པ། །ཉམས་རྟོགས་ཡོན་ཏན་རྒྱུད་ལ་མ་སྐྱེས་ན། །གསང་སྔགས་ལམ་བཟང་བསྒོམས་པ་དོན་གོ་ཆུང་། །དབེན་པར་རྩེ་གཅིག་སྒོམས་ལ་མངོན་
ཤེས་དང་། །ཡ་མཚན་རྫུ་འཕྲུལ་སྟོན་དང་རི་ཁྲོད་པ། །མདོར་ན་རང་རྒྱུད་གྱོང་པོ་མ་ཐུལ་ན། །མི་ཚེར་རི་ལ་བསྡད་ཀྱང་དོན་གོ་ཆུང་། །དབུ་རྫོགས་ཕྱག་ཆེན་གཅོད་སོགས་གང་གི་སྒོས། །རང་རྒྱུད་ཐུལ་ངེས་གྱིས་དང་རི་ཁྲོད་པ། །གཏམ་འདི་ཚོགས་དྲུག་རང་གྲོལ་ཞེས་བྱ་བས། །རང་ལ་ཅུང་ཟད་ཨེ་ཕན་རེ་ནས་བླངས། །རང་དང་རི་བ་གཞན་རྣམས་ཐོས་ཚད་ཀྱི། །རྒྱུད་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་ཤོག །རྡོ་རྗེ་འཆང་ཆེན་སྙིགས་དུས་གདུལ་བྱའི་ངོར། །ཐ་མལ་མི་ཡི་ཚུལ་འཛིན་ཆོས་རྒྱལ་ལ། །སྙིང་ནས་གསོལ་བ་འདེབས་སོ་བདག་གཞན་ཀུན། །བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་ཟུངས། །སྐྱེས་པའི་ཡུལ་སྤངས་འདུས་པའི་གཉེན་བཤེས་བསྐྱུར། །ས་མཐར་འཁྱམས་ནས་ཉམས་ལེན་མི་བྱེད་དོར། །མི་ནོར་ཟས་གསུམ་བསྒྲུབ་པའི་གོ་ལོག་པོ། །རང་གིས་རང་མགོ་མ་སྐོར་གླུ་འདིར་ཉོན། །ཁྱོད་ཀྱིས་རི་ཁྲོད་བསྟེན་ནས་ལོ་དུ་སོང་། །རྒྱུད་ལ་ཉམས་རྟོགས་ཡོན་ཏན་ཇི་ཙམ་འཁྲུངས། །གྲོང་བན་རྣམས་དང་སྒོམ་ཆེན་ཁྱོད་གཉིས་ལ། །ཁྱད་པར་གནམ་ས་ཙམ་ཞིག་ལོས་ཆེ་
སྙམ། །ཁྱད་པར་འདི་ཚོ་ཡོད་ཅེས་ད་གཅིག་ཤོད། །ཡུན་རིང་བསྒོམས་པས་ས་ལམ་ཐོབ་པའི་རྟགས། །སྤྱན་དང་མངོན་ཤེས་གྲུབ་རྟགས་གཅིག་ཀྱང་སྟོན། །ཁྱད་པར་བཤད་རྒྱུ་སྟོན་རྒྱུ་ཅང་མེད་ན། །མི་ཚི་རི་ལ་བསྡད་ཀྱང་རང་སྡུག་ཡིན། །ཐ་ན་གཞན་གྱིས་ཚུར་ལ་ཚིག་ངན་ཞིག །སྨྲས་པའང་མི་བཟོད་སེམས་འགྱུར་ངོ་མདངས་ལོག །སྤྱན་དང་མངོན་ཤེས་གྲུབ་རྟགས་སྤུ་ཙམ་མེད། །ཕན་མེད་གླུ་ཆུང་ལུང་ཕྲན་ཆུ་ལས་མོད། །རང་སེམས་ཅུང་ཟད་མ་ཐུལ་ཇེ་གྱོང་སོང་། །ཉམས་རྟོགས་ཡོན་ཏན་མེད་པའི་རྒྱུད་སྟོང་པོ། །བླ་མ་དམ་པ་གོང་མའི་བླ་བཙོང་བོ། །མདོ་སྔགས་ལྷ་ཆོས་བཟང་པོའི་རྐང་འདྲེན་པོ། །གླ་བ་བྲག་ལ་བསྡད་ཀྱང་གླ་རྩི་བཟང་། །ཁྱོད་ཀྱིས་གླ་བ་ཞིག་གི་གོ་མ་ཆོད། །ཨ་ཧོ་ཁྱོད་ཀྱི་བྱ་འདི་བཙོག་རེ་ལྟོས། །གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ཡང་། །རིང་ལམ་བྱེད་མཁན་ཁྱོད་ངོ་མི་ཚ་འམ། །འཛམ་བུའི་གླིང་འདིར་སྐྱེ་བ་ཤིན་ཏུ་དཀོན། །བླ་མ་ཆོས་དང་མཇལ་བ་དེ་བས་དཀོན། །མི་ཚེ་ཡུན་ཐུང་ནམ་འཆི་ངེས་པ་མེད། །སང་དགོང་དོ་ནུབ་ཙམ་ལ་འཆི་ནའང་ཐང་། །འཇིག་རྟེན་བྱ་བ་བསྒྲུབས་
ཀྱང་ཟིན་ཚར་མེད། །དགོས་པ་བསམས་ན་མི་མཁོ་གཅིག་ཀྱང་མེད། །ད་རེ་གཏན་བདེ་བྱེད་དམ་གཏན་སྡུག་བྱེད། །གདམ་ཁ་རང་ལ་ཡོད་དུས་འཕྱུག་མི་རུང་། །གཏན་བདེ་བྱེད་ན་ཡིད་བརྟན་མི་རུང་བའི། །ཚེ་འདིའི་བདེ་སྐྱིད་སྙན་གསུམ་བློ་ཡིས་ཐོངས། །ཆོས་ཕྱིར་དཀའ་སྤྱད་སྡུག་དགུ་དང་དུ་ལོངས། །རྣལ་འབྱོར་དབང་ཕྱུག་མི་ལའི་སྙིང་རུས་མཐུས། །ཚེ་གཅིག་སངས་རྒྱས་གོ་འཕང་ཐོབ་ལ་ལྟོས། །སོས་དལ་སྐྱིད་ཆོས་ཅན་ལ་སངས་རྒྱས་དཀའ། །ནམ་ཡང་སྐྱེས་པའི་ལུས་འདི་ཐ་མ་འདོར། །ཆོས་ཕྱིར་དཀའ་བ་སྤྱད་ནས་དོར་ན་འཚེངས། །ལྟོ་གོས་ཕྱིར་དུ་བསམ་བློ་གཅིག་མ་གཏོང་། །ན་རུང་ལྟོགས་རུང་འཁྱགས་རུང་སྡུག་བསྲན་གྱིས། །མི་མེད་ཁྱི་མེད་རི་ཁྲོད་དབེན་པ་རུ། །ཡེངས་མེད་རྩེ་གཅིག་སྒོམས་ལ་ཚེ་མཇུག་འདིར། །མངོན་ཤེས་གྲུབ་རྟགས་སྒོ་ནས་འགྲོ་དོན་གྱིས། །གཏམ་འདི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། །རང་ལ་ཨེ་ཕན་ཕྱིར་དུ་ལེགས་པར་སྨྲས། །ཐོས་ཚད་དད་ཅན་ཆོས་མཛད་རི་བ་ཡིས། །སེམས་རྒྱུད་ལ་ཡང་ཕན་ཐོགས་འབྱུང་བར་ཤོག །དྲིན་ཅན་བླ་མ་
རྣམས་ལ་གསོལ་བ་འདེབས། །དགྲ་ལ་ཕན་ཐོགས་ནུས་པར་བྱིན་གྱིས་རློབས། །ཚེ་འདིར་རང་ལ་གནོད་པ་བྱེད་པའི་དགྲ། །རང་གི་ཚེ་རབས་སྔོན་མའི་ཕ་མ་ཡིན། །ལན་དུ་གནོད་པ་བྱེད་པ་ཕར་ལ་ཞོག །ཕན་འདོགས་བྱ་དགོས་དེ་ཡི་རྒྱུ་མཚན་ནི། །ཚེ་སྔོན་དགྲ་ཡང་རང་གི་ཕ་དང་མ། །ཡང་ཡང་བྱས་དུས་ལྟོ་རྒྱབ་འགེབས་པའི་ཕྱིར། །ཉིན་པར་ལྟོ་བཅག་མཚན་མོའི་གཉིད་སྤངས་ནས། །ཚ་གྲང་བཀྲེས་སྐོམ་སྡུག་བསྔལ་དཔག་མེད་མྱངས། །ལུས་སྲོག་དོར་བའི་དུས་ཀྱང་ཡོད་པ་ཡིན། །ཚེ་འདིའི་ཕ་མ་ཚེ་སྔོན་དགྲ་བོ་ཡིས། །ཕ་མ་བྱས་པ་སྔ་ཕྱིའི་ཁྱད་མིན་མེད། །ཁ་སང་ལྟོགས་དུས་ཟ་མ་བྱིན་པ་དང་། །དེ་རིང་ལྟོགས་དུས་ཟ་མ་བྱིན་པ་ལ། །ཁྱད་པར་མེད་བཞིན་ཚེ་འདིའི་ཕ་མ་ཡིས། །ཕན་བཏགས་པ་དང་ཚེ་སྔོན་དགྲ་བོ་ཡིས། །ཕ་མ་བྱས་དུས་ཕན་བྱས་ཁྱད་པར་མེད། །ཚེ་འདིའི་དྲིན་ཅན་ཨ་མ་གདོན་གྱིས་སྨྱོས། །བདག་གཞན་གང་ཡིན་ངོ་ཡིས་མི་ཟིན་དུས། །འགའ་རེས་བུ་ལ་བསྡིག་རྡུང་གིས་བསྐུལ་ན། །བུ་ལ་ངན་སྨྲས་དབྱུག་པས་བརྡུངས་ན་ཡང་། །བུ་ཡིས་སྨྱོས་པར་ཤེས་ནས་ལན་མི་བྱེད། །ལྷག་པར་སྙིང་རྗེ་
ཅི་ཕན་བྱེད་པ་བཞིན། །ཚེ་སྔོན་རང་ལ་དྲིན་ཆེའི་དགྲ་བོ་ཡང་། །ཚེ་འདིའི་ཉོན་མོངས་གདོན་གྱིས་སྨྱོས་པ་ལ། །རང་གི་སྔོན་ལས་ངན་པས་ཁོ་བསྐུལ་ནས། །རང་ལ་གནོད་པ་ཆེ་ཆུང་གང་བྱས་ཀྱང་། །རྒྱུ་མཚན་དེ་རྣམས་ཤེས་ནས་དགྲ་བོ་ལ། །གནོད་པ་ཕར་ཞོག་ཡལ་བར་འདོར་མི་རུང་། །ལྷག་པར་སྙིང་རྗེ་བསྐྱེད་ནས་ཕན་འདོགས་དགོས། །དགྲ་བོས་གནོད་ཀྱང་མ་ཁྲོས་ཕན་བཏགས་ན། །ཚེ་འདིར་ཡུལ་མི་ཁྱིམ་མཚེས་ཐམས་ཅད་ཀྱིས། །མི་བཟང་ལྷ་ཡིན་ཟེར་ནས་མཆོད་བསྟོད་བཀུར། །ཕྱི་མར་གཟུགས་བྱད་མཛེས་ཤིང་བདེ་སྐྱིད་ཚེ། །ཤེས་ན་དགྲ་ཡིས་ཚུར་ལ་གནོད་པ་ལྟར། །སྣང་ཡང་གནོད་མིན་ཕན་ཞིག་བཏགས་པ་ཡིན། །དེ་ཕྱིར་དགྲ་ཡིས་གནོད་དོ་མ་སྙམ་པར། །ནམ་ཞིག་མཐོང་ཡང་དྲིན་ཅན་ཡིན་སོམས་ལ། །མ་ཁྲོ་མ་སྡང་ཡལ་བར་མ་འདོར་བར། །ཚེ་འདིའི་ཕ་མ་བཞིན་དུ་གང་བྱམས་གྱིས། །དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་ཡིན། །ཚེ་འདིར་བདེ་ལ་ཕྱི་མར་བྱང་ཆུབ་ཐོབ། །འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། །རང་ལ་ཨེ་ཕན་ཕྱིར་དུ་ཉིན་གཅིག་
སྦྱར། །དགེ་འདིས་རང་གཞན་ཀུན་གྱིས་སྡང་བའི་དགྲ། །ཕ་མར་ཤེས་ནས་ཕན་འདོགས་བྱེད་པར་ཤོག །རྗེ་སངས་རྒྱས་ཀུན་ལས་དྲིན་ལྷག་པའི། །ཕ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བུ་བདག་གིས་བྱང་ཆུབ་མ་ཐོབ་བར། །ཐུགས་བརྩེ་བས་འབྲལ་མེད་བསྐྱང་དུ་གསོལ། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ། །རྗེ་བླ་མར་བརྟེན་ནས་འབྱུང་ངོ་ཞེས། །ཆོས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས། །བསམ་སྦྱོར་བས་སྟེན་དང་རི་ཁྲོད་པ། །རྟེན་དལ་འབྱོར་ཚང་བའི་མི་ལུས་འདི། །རྙེད་ཤིན་ཏུ་དཀའ་ཞིང་དོན་ཆེ་བས། །འདི་དོན་མེད་ཆུད་ཟོས་མ་གཏོང་བར། །ད་དོན་ལྡན་མཛོད་དང་རི་ཁྲོད་པ། །དུས་ད་ལྟའི་གཉེན་གྲོགས་ནོར་དང་བྲལ། །ཚེ་འདི་རུ་མི་སྡོད་ཕ་རོལ་འགྲོ། །ཁོང་འཆི་བདག་ནམ་འོང་ཆ་མེད་པས། །ཚེ་བློ་ཡིས་ཐོངས་དང་རི་ཁྲོད་པ། །གནས་ངན་སོང་གསུམ་གྱི་སྡུག་བསྔལ་དེ། །རང་མྱོང་དགོས་བྱུང་ན་བཟོད་པར་དཀའ། །འཇིགས་ཀུན་ལས་སྐྱོབ་མཁན་དཀོན་མཆོག་གསུམ། །མགོན་སྐྱབས་སུ་སྟེན་དང་རི་ཁྲོད་པ། །ལས་ཉོན་མོངས་གཉིས་ཀྱི་གཞན་དབང་གིས། །གནས་འཁོར་བ་མཐོ་དམན་
གར་སྐྱེས་ཀྱང་། །རང་མི་སྡོད་སྡུག་བསྔལ་དུ་མས་མནར། །ལས་ཉོན་མོངས་སྤོངས་དང་རི་ཁྲོད་པ། །རང་བདེ་འདོད་དམ་པའི་ཆོས་བྱས་ན། །དེ་ཐེག་པ་དམན་པའི་ཆོས་ལུགས་ཡིན། །མ་འགྲོ་ཀུན་དོན་དུ་བྱང་ཆུབ་ཀྱི། །སེམས་ཡང་ཡང་སྐྱེད་དང་རི་ཁྲོད་པ། །སེམས་བསྐྱེད་ཀྱང་རྒྱལ་སྲས་སྤྱོད་པ་ལ། །རང་མ་བསླབས་སངས་རྒྱས་མི་ཐོབ་པས། །ལམ་ཕར་ཕྱིན་དྲུག་དང་བསྡུ་བཞི་ལ། །ད་ཅི་ནུས་སློབས་དང་རི་ཁྲོད་པ། །མཆོག་སངས་རྒྱས་མྱུར་དུ་ཐོབ་པའི་ཐབས། །ཆོས་གསང་སྔགས་རྡོ་རྗེ་ཐེག་པ་ཡི། །སྒོར་ཞུགས་ལ་ཉིན་མཚན་ཁོར་ཡུག་ཏུ། །ད་ཉམས་སུ་ལོངས་དང་རི་ཁྲོད་པ། །ཆོས་མདོ་སྔགས་ཉམས་སུ་ལེན་པ་ལ། །གནས་དབེན་པར་རྟག་ཏུ་བསྟེན་དགོས་པས། །ཁྱོད་གྲོང་དུ་འགྲོ་འདུག་མ་མང་བར། །རིར་རྟག་ཏུ་སྡོད་དང་རི་ཁྲོད་པ། །གླུ་འདི་ཡང་རང་ལ་ཕན་ཕྱིར་བླངས། །དགེ་འདིས་ཀྱང་རང་གཞན་ལ་ཕན་ནས། །རྗེ་དམ་པ་གོང་མའི་རྣམ་ཐར་བཞིན། །ཆོས་ཉམས་སུ་བླངས་ནས་འཚང་རྒྱ་ཤོག །ཨ་བོ་ཕུན་ཚོགས་དགེ་ལེགས་བྱེ་བའི། །རྒྱལ་ལོ་འབྱུང་གནས་བླ་
མ་རིན་ཆེན། །གཅེས་ཕྲུག་སྤྱི་བོའི་རྒྱན་དུ་ཟུངས་ཨང་། །ལོ་གོ་སྙིང་གཏམ་དང་པོ་ཡིན་ཡ། །ཨ་བོ་འདོད་འབྱུང་ནོར་བུ་ལས་ལྷག །རྒྱལ་ལོ་སངས་རྒྱས་གོ་འཕང་རིན་ཆེན། །གཅེས་ཕྲུག་མྱུར་དུ་ཐོབ་ཐབས་གྱིས་ཨང་། །ལོ་གོ་སྙིང་གཏམ་གཉིས་པ་ཡིན་ཡ། །ཨ་བོ་རྫོགས་པའི་སངས་རྒྱས་གོ་འཕང་། །རྒྱལ་ལོ་ཐོབ་ཐབས་མདོ་སྔགས་ལྷ་ཆོས། །གཅེས་ཕྲུག་ཚུལ་བཞིན་ཉམས་སུ་ལོངས་ཨང་། །ལོ་གོ་སྙིང་གཏམ་གསུམ་པ་ཡིན་ཡ། །ཨ་བོ་སངས་རྒྱས་སྒྲུབ་པའི་རྟེན་བཟང་། །རྒྱལ་ལོ་ལྷོ་རྒྱལ་འཛམ་གླིང་མི་ལུས། །གཅེས་ཕྲུག་ལུས་འདིའི་སྟེང་ནས་འབོད་ཨང་། །ལོ་གོ་སྙིང་གཏམ་བཞི་པ་ཡིན་ཡ། །ཨ་བོ་ཚེ་གཅིག་སངས་རྒྱས་དཀའ་བས། །རྒྱལ་ལོ་ཕྱི་མར་རྣམ་སྨིན་བརྒྱད་ལྡན། །གཅེས་ཕྲུག་རྟེན་བཟང་ཐོབ་ཐབས་གྱིས་ཨང་། །ལོ་གོ་སྙིང་གཏམ་ལྔ་པ་ཡིན་ཡ། །ཨ་བོ་ཡང་ན་དག་ཞིང་ཞིག་ཏུ། །རྒྱལ་ལོ་ཕྱི་མར་སྐྱེ་ཐབས་གྱིས་ལ། །གཅེས་ཕྲུག་ཞིང་དེར་སངས་རྒྱས་སྒྲུབས་ཨང་། །ལོ་གོ་སྙིང་གཏམ་ལྔ་པ་ཡིན་ཡ། །ཨ་བོ་བྱ་བཏང་ཚོགས་དྲུག་རང་གྲོལ། །རྒྱལ་ལོ་སྙིང་གཏམ་འདི་དྲུག་བྱས་ན། །
གཅེས་ཕྲུག་སྐྱིད་པའི་ཉི་མ་འཆར་ངེས། །ལོ་གོ་སྙིང་གཏམ་ཚར་ནི་ཡིན་ཡ། །ལགས་སོ། །ཡ་ཡ། ཞེས་པ་འདི་ཡང་རང་ལ་སྨྲས་པའོ། །ཨ་བོ་སྦྱིན་པ་ཡིད་བཞིན་ནོར་བུ། །ལོ་གོ་དྲིན་ཅན་མ་གྱུར་འགྲོ་བས། །སེམས་རྟེན་ཅི་འདོད་རེ་བ་སྐོངས་ཨང་། །ལོ་ལོ་སྙིང་གཏམ་དང་པོ་ཡིན་ཡ། །ཨ་བོ་ཚུལ་ཁྲིམས་གངྒཱའི་ཆུ་བོས། །ལོ་གོ་ཉོན་མོངས་ནག་ནོག་དྲི་མ། །སེམས་རྟེན་ལྷག་མ་མེད་པར་ཁྲུས་ཨང་། །ལོ་ལོ་སྙིང་གཏམ་གཉིས་པ་ཡིན་ཡ། །ཨ་བོ་བཟོད་པའི་གོ་ཆ་གྱོན་ལ། །ལོ་གོ་གཞན་གྱི་ཚིག་རྩུབ་མཚོན་ཆས། །སེམས་རྟེན་རྒྱག་རུང་གནོད་མེད་གྱིས་ཨང་། །ལོ་ལོ་སྙིང་གཏམ་གསུམ་པ་ཡིན་ཡ། །ཨ་བོ་བརྩོན་འགྲུས་རྟ་ཕོར་ཞོན་ལ། །ལོ་གོ་མདོ་སྔགས་ལམ་ལ་ཞུགས་ནས། །སེམས་རྟེན་སངས་རྒྱས་ས་ལ་སོང་ཨང་། །ལོ་ལོ་སྙིང་གཏམ་བཞི་པ་ཡིན་ཡ། །ཨ་བོ་བསམ་གཏན་ས་མཁར་རྡུངས་ལ། །ལོ་གོ་རྣམ་གཡེང་དམག་གི་དཔུང་ཚོགས། །སེམས་རྟེན་གཅིག་ཀྱང་འོང་མེད་ཁོགས་ཨང་། །ལོ་ལོ་སྙིང་གཏམ་ལྔ་པ་ཡིན་ཡ། །ཨ་བོ་ཤེས་རབ་སྒྲོན་མེ་སྦོར་ལ། །ལོ་གོ་མི་
ཤེས་མུན་པ་ནག་པོ། །སེམས་རྟེན་མྱུར་དུ་སངས་ཐབས་གྱིས་ཨང་། །ལོ་ལོ་སྙིང་གཏམ་དྲུག་པ་ཡིན་ཡ། །ཨ་བོ་རི་བ་ཚོགས་དྲུག་རང་གྲོལ། །ལོ་གོ་སྙིང་གཏམ་འདི་དྲུག་བསྒྲུབས་ན། །སེམས་རྟེན་སྐྱིད་པའི་ཉི་མ་འཆར་ཨང་། །ལོ་ལོ་སྙིང་གཏམ་འགྲུབ་ནི་ཡིན་ཡ། །ལགས་སོ། །ཡ་ཡ། ཞེས་པ་འདི་ཡང་རི་བོ་རྨ་ཆེན་ནས་སྨྲས་པའོ། །ཕུལ་བྱུང་སྤྲུལ་སྐུ་གཙུག་ཏུ་བཞུགས། །དུང་དུང་གུས་འདུད་ཐུགས་དབུས་ཟུངས། །རྒྱུད་ཐུལ་ཀུན་མགུ་སྒྲུབ་ཐུབ་ནུས། །ཚུར་མགུ་ཀུན་འབྱུང་བྱུང་དུས་འཛུམ། །རྒྱུད་རྩུབ་བརྐུས་རྫུན་སྡུག་ཏུ་འཇུག །ཚུར་སྡུག་ཀུན་འབྱུང་བྱུང་དུས་ངུ་། །ཕུ་ནུ་བུ་ཆུང་ཡུལ་ཕྱུགས་བསྐྱུར། །ཆུ་རྒྱུན་ལྷུང་ལྷུང་བུང་ཆུང་འཕུར། །ཁུ་བྱུག་འདུ་ལུང་སྒྲུབ་ཕུག་ཟུངས། །རྒྱུན་དུ་སྐུ་གསུང་ཐུགས་གསུམ་བཀུར། །ཕུལ་བྱུང་ཐུབ་གསུང་དུས་ཀུན་སྒྲུབས། །ཟུང་འཇུག་སྐུ་གསུམ་མྱུར་འགྲུབ་འགྱུར། །ཀླུ་སྒྲུབ་བུ་རྒྱུད་བཙུན་ཆུང་མཆུས། །ཐུབ་གསུང་བཅུད་འདུས་གླུ་ཆུང་བྱུང་། །ཀུན་རྒྱུད་གླུས་བསྐུལ་མྱུར་མྱུར་དུ། །ཐུབ་གསུང་གསུང་ཀུན་སྒྲུབ་ནུས་འགྱུར། །ཞེས་ཞབས་ཀྱུ་ཁོ་ན་ལས་བྱས་པའི་གླུ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་
སྨྲས་པའོ། །བསྟེན་ཚེ་ཉེར་འཚེ་གེགས་མེད་བདེ། །བདེ་གཤེགས་བརྙེས་བྱེད་སེམས་བསྐྱེད་བདེ། །བདེ་ཆེན་སྐྱེ་མེད་ཤེས་དེ་བདེ། །བདེ་ལེགས་དགེ་སྟེར་རྗེ་དེ་མཁྱེན། །བཤེས་གཉེན་ལེགས་བསྟེན་བདེ་ཆེན་འདྲེན། །ཐེག་ཆེན་སེམས་བསྐྱེད་བདེ་གཤེགས་བརྙེས། །དགེ་བྱེད་ཁེ་ཆེ་བདེ་ལེགས་འཕེལ། །སྐྱེ་མེད་དེ་ཤེས་བདེ་སྟེར་ངེས། །སྡིག་སྒྲིབ་གྲིབ་འདིས་སྤྲིན་བཞིན་བསྒྲིབས། །སྡིག་སྒྲིབ་ཀྱིས་ཟིན་མི་མི་སྐྱིད། །སྡིག་སྒྲིབ་འདི་གཉིས་འཇིགས་འཇིགས་ཀྱི། །སྡིག་སྒྲིབ་བཤིག་ཕྱིན་སྐྱིད་ཀྱི་རིགས། །གཅིག་གཉིས་མི་ཡིས་མི་རིག་རིའི། །ཡིད་གཉིས་མི་འཛིན་གཅིག་དྲིལ་གྱིས། །རིམ་གཉིས་ཏིང་འཛིན་ཅིག་དམིགས་ཕྱིན། །སྒྲིབ་གཉིས་བཤིག་ཞིག་ཅིའི་ཕྱིར་མིན། །ཆོས་བརྩོན་བློ་གྲོས་མཆོག་ཚོར་འགྲོགས། །ཆོས་ཉོན་དོན་སོམས་སྒོམ་ཚོ་རྒྱོབ། །ཆོས་འདོད་ཕོ་མོར་ཆོས་ཚོ་ཤོད། །ཆོས་སྤྱོད་སྤྱོད་འཕྲོ་བསྔོ་ཚོ་མཛོད། །གོ་གོ་དགོད་འཆོར་ཆོས་རྩོམ་ཁོ། །མཐོང་མཐོང་བློ་རྣོ་དོན་གོ་སྤྲོ། །བཏོན་བཏོན་བློ་རྨོངས་མགོ་བོ་འཁོར། །ཐོས་ཐོས་ཚོགས་རྫོགས་གྲོལ་ཐོབ་ཤོག །ཅེས་
པ་འདི་ཡང་རྩོམ་དཀའ་བའི་ཚིག་གིས་སྦྱར་བའོ། །བླ་མ་སངས་རྒྱས་བདག་ཕྱག་འཚལ། །ཕན་དགའ་བཟང་རྣམས་གནང་བར་འཚལ། །བྱ་བཏང་བསམ་དཀར་བསླབ་བྱ་བཤད། །དད་ཅན་ཐམས་ཅད་གསན་པར་འཚལ། །བླ་མ་རྣམས་ལ་དད་ན་བཟང་། །ཕན་དགའ་དཔག་པར་དཀའ་བ་གནང་། །ཕ་མ་རྒས་ཁར་བྱམས་ན་བཟང་། །རྟག་པར་ཕ་མར་གང་བྱམས་འཚལ། །རྒྱལ་མཁྱེན་ཕྱོགས་བརྒྱས་ཕྱག་བྱས་སྐྱོབ། །སྐྱབས་རྒྱལ་མཁྱེན་རྒྱས་ཕྱག་བརྐྱངས་ཀྱིས། །རྒྱལ་སྤྱོད་སྐྱོང་ཕྱིན་ཕྱིས་སྐྱིད་མྱོང་། །སྐྱིད་མྱོང་བྱ་བྱེད་རྒྱ་སྐྱེད་གྱིས། །ཁྱིམ་གྱི་གྱོང་གྱོད་འགྱོད་སྐྱོ་སྐྱེ། །ཁྱིམ་དམྱལ་སྐྱོ་སྐྱེ་ཕྱིར་རྒྱབ་རྒྱོངས། །སྨྱོ་སྤྱོད་སྐྱོན་བྱས་ཕྱིས་འགྱོད་སྐྱེ། །འགྱོད་སྐྱེ་སྨྱོ་སྤྱོད་ཕྱི་རྒྱབ་རྒྱོངས། །འབྲེལ་འབྲེལ་སྤྲོ་བྲོད་འགྲོ་འདྲེན་སྲས། །སྤྲོ་བྲོད་འགྲོ་འདྲེན་སྲས་འབྲེལ་འགྲོགས། །ཕྲད་ཕྲད་སྲོག་འཕྲོག་འགྲན་བྲལ་དགྲ། །སྲོག་འཕྲོག་འགྲན་བྲལ་དགྲར་སྐྲག་བྲོས། །འཕྲོད་འཕྲོད་འགྲིག་གྲོགས་བྲལ་འཕྲོ་དྲན། །བྲལ་འཕྲོ་དྲན་གྲོགས་ཕྲད་འཕྲོ་འགྲོགས། །འགྲོགས་འགྲོགས་དགྲར་བྲོས་འགྲོགས་འཕྲོ་སྐྲག །འགྲོགས་འཕྲོ་སྐྲག་འགྲོ་ཕྲད་འཕྲོ་
བྲོས། །དཀོན་མཆོག་མཆོད་བསྟོད་དགོས་འདོད་སྩོལ། །རྟོག་དཔྱོད་བློས་ཐོངས་ཆོས་དོན་གོ །སྲོག་གཅོད་སོགས་སྤོངས་མངོན་མཐོར་འགྲོ། །གཙོ་བོ་ཉོན་མོངས་ཚོགས་ཆོམ་གྲོལ། །ཕྱོགས་ཕྱོག་ཐོས་ཐོས་ཕོ་མོ་ཚོས། །དགོས་འདོད་ཡོངས་སྩོལ་འགྲོ་མགོན་མཆོག །སློབ་དཔོན་དཀོན་མཆོག་སོགས་མཆོད་བསྟོད། །ཉོན་མོངས་ཚོགས་བཅོམ་ཡོངས་གྲོལ་ཤོག །ཅེས་པ་འདི་ཡང་རྩོམ་དཀའ་བའི་ཚིག་གིས་སྦྱར་བའོ། །མཆོད་འོས་མགོན་རྗེ་སྐྱབས་གནས་འདུད། །འདུད་གནས་སྐྱབས་རྗེ་མགོན་འོས་མཆོད། །སྦྱིན་གཏོང་ཆེ་ཚེ་སྙན་གྲགས་ཆེ། །ཆེ་གྲགས་སྙན་ཚེ་ཆེ་གཏོང་སྦྱིན། །སྡོམ་ཁྲིམས་ལེགས་བདེ་དགེ་རྟེན་གཞི། །གཞི་རྟེན་དགེ་བདེ་ལེགས་ཁྲིམས་སྡོམ། །བཟོད་པ་སྒོམ་པའི་ཆོས་པ་བཟང་། །བཟང་བ་ཆོས་པའི་བསྒོམ་པ་བཟོད། །བརྩོན་པ་བཟང་ན་བྱ་བ་ལེགས། །ལེགས་པ་བྱས་ན་བཟང་བ་བརྩོན། །ཞི་ཞིང་དུལ་གནས་བདེ་དགའ་སྐྱིད། །སྐྱིད་དགའ་བདེ་གནས་དུལ་ཞིང་ཞི། །ཤེས་རབ་ཆོས་བཟང་ཡོད་པ་ལེགས། །ལེགས་པ་ཡོད་བཟང་ཆོས་རབ་ཤེས། །སྦྱར་དཀའ་མགུར་
ལེགས་རབ་སྙན་གཏམ། །གཏམ་སྙན་རབ་ལེགས་མགུར་དཀའ་སྦྱར། །ཟབ་ལམ་ཆེས་དཀའ་ཀུན་མི་ཤེས། །ཤེས་མི་ཀུན་དཀའ་ཆེས་ལམ་ཟབ། །སྣང་བཞིན་མེད་ཕྱིར་སྣང་བ་སྟོང་། །སྟོང་བ་སྣང་ཕྱིར་མེད་བཞིན་སྣང་། །མཁས་རྣམས་རྟོགས་ཉིད་དེ་ལྟར་གནས། །གནས་ལྟར་དེ་ཉིད་རྟོགས་རྣམས་མཁས། །བླུན་རྣམས་མཐོང་བ་ལོག་པའི་འཁྲུལ། །འཁྲུལ་བའི་ལོག་པ་མཐོང་རྣམས་བླུན། །ཞེས་ཚིག་རྐང་གོང་མའི་མཇུག་ནས་ཡར་བཏོན་ན་ཚིག་རྐང་འོག་མ་འོངས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །ཆོས་རྣམས་སྣང་སྟོང་སྣང་རྣམས་ཆོས། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་། །འདྲ་བ་རྨི་ལམ་རྨི་བ་འདྲ། །མཚར་བ་ལྟོས་དང་ལྟོས་པ་མཚར། །མཁས་པས་དེ་རྟོགས་དེ་བས་མཁས། །འགྲོ་ས་བདེ་ཞིང་བདེ་ས་འགྲོ། །རྨོངས་རྣམས་མ་རྟོགས་མ་རྣམས་རྨོངས། །འཁོར་བར་རིམ་བཞིན་རིམ་པར་འཁོར། །ཞེས་ཚིག་རྐང་རེ་རེའི་མགོ་མཇུག་གང་ནས་ཀློག་ན་ཡང་ཚིག་དོན་གཅིག་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །དད་ཅན་བདག་ལ་སྙན་གསན་འཚལ། །འདོད་ཡོན་མོ་གཞོན་གྲོགས་སོགས་སྤོངས། །སེམས་དེ་ཡེངས་མེད་དགེ་རེམ་རེམ། །མི་ཁྱིའི་གླིང་
འདི་མི་སྐྱིད་ཀྱི། །དཔྱིད་དབྱར་ཕྱོགས་ཕྱོགས་བྱ་སྐྱིབས་སྐྱིད། །བྲག་ཁྲོད་འགྲིམ་སྤྲང་ཕྲན་སྨྲས་གྲོས། །སྒྱུ་ལུས་དངུལ་བུམ་དབུས་སུ་ཟུངས། །མཁས་རྣམས་དེ་ཤེས་དེ་རྣམས་མཁས། །ཞེས་བྱ་དཀའ་བ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །བཟའ་ཚང་ཐ་མ་བྲལ་སྙམ་ནས། །མཚན་ལྡན་བླ་མ་བཙལ་ན་བཟང་། །དལ་བརྒྱད་ཚང་ལ་རབ་དགའ་ནས། །རྣམ་དཀར་ལས་ལ་འབད་ན་བཟང་། །གང་ཡང་རྟག་པར་དཀའ་སྙམ་ནས། །གང་ལའང་མ་ཆགས་སྤངས་ན་བཟང་། །ཕ་མར་གནང་བ་བླངས་བྱས་ནས། །སྐྲ་བཅད་གཟན་ཤམ་བླངས་ན་བཟང་། །བཀའ་བསྟན་རྣམས་ལ་རབ་སྦྱངས་ནས། །བཀའ་གདམས་རྣམ་ཐར་བསྐྱངས་ན་བཟང་། །གསང་བ་སྔགས་ལ་རབ་ཉན་ནས། །གསང་ནས་རང་ཉམས་བླངས་ན་བཟང་། །ཡན་ལག་མ་ཚང་ལམ་སྤངས་ནས། །ལམ་བཟང་ཆ་ཚང་བསླབས་ན་བཟང་། །བཟང་བཟང་ཆ་ཚང་ལམ་བཟང་ལ། །ཡང་ཡང་བག་ཆགས་བཞག་ན་བཟང་། །གཞན་ལ་བསམ་པ་མ་གནག་པར། །གཞན་ཕན་བསམ་པ་ལྡན་ན་བཟང་། །ཕན་བཏགས་མ་བཏགས་གང་ལ་
ཡང་། །ཕན་བྱས་ངན་མ་བྱས་ན་བཟང་། །ཕམ་ཁ་ཐམས་ཅད་རང་བླངས་ནས། །རྒྱལ་ཁ་གཞན་ལ་བཏང་ན་བཟང་། །མ་རབས་བྱ་བ་རྣམས་སྤངས་ནས། །ཡ་རབས་བྱ་བ་བྱས་ན་བཟང་། །བླ་མ་རྣམས་ལ་ཞལ་མཇལ་ནས། །སངས་རྒྱས་བཀའ་ལ་སྦྱངས་ན་བཟང་། །གསང་སྔགས་ལམ་བཟང་རྣམས་ཉན་ནས། །ལྷ་སྔགས་བཟླས་པ་མཛད་ན་བཟང་། །ཚ་ངར་འབར་ཐབས་མང་ན་ཡང་། །ཨ་ཧཾ་འབར་འཛག་བྱས་ན་བཟང་། །ལག་པ་མཉམ་བཞག་ཕྱག་རྒྱ་བཅས། །ལྟ་བར་མཉམ་པར་བཞག་ན་བཟང་། །རང་གཞན་སངས་རྒྱས་ཐབས་གང་ལའང་། །རང་ན་ཚ་ཡང་འབད་ན་བཟང་། །བྱ་བ་ཐམས་ཅད་རབ་སྤངས་ནས། །བྱ་བྲལ་སྤྲང་ནག་བྱས་ན་བཟང་། །གང་ལ་ཆགས་སྡང་མ་བྱས་པར། །གང་ཕན་གཞན་ལ་བྱས་ན་བཟང་། །གནས་ངན་ཐམས་ཅད་རྒྱང་སྤངས་ནས། །གནས་བཟང་རྣམས་ལ་བསྡད་ན་བཟང་། །ལག་གཡས་འགྲམ་པ་ལ་སྦྱར་ནས། །ངག་དབྱངས་སྙན་པ་བླངས་ན་བཟང་། །གངས་དཀར་བྲག་དམར་རྩ་བ་ནས། །གང་ཕན་དབྱངས་སྙན་བླངས་ན་བཟང་། །ཉམས་དགའ་གཡའ་སྤང་ནགས་ཚལ་
ནས། །ཉམས་ཤར་དབྱངས་སྙན་བླངས་ན་བཟང་། །རྣར་སྙན་བྱ་དབྱར་གྲགས་སྐབས་ལ། །དབྱངས་སྙན་ལྷང་ལྷང་བླངས་ན་བཟང་། །དཔག་ཚད་རྒྱང་ལ་གནས་བཅས་ནས། །དབྱངས་སྙན་རྒྱང་ནས་བླངས་ན་བཟང་། །ཞེས་གི་གུ་རྣ་རུ་འགྲེང་བུ་ཞབས་ཀྱུ་གང་ཡང་མེད་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །ཨ་རོག་ལུས་མཛེས་སྦྲང་མ། །མྱུར་དུ་སྦྲང་རྩི་ལོངས་དང་། །མེ་ཏོག་བྱ་བ་འབྲིང་རེད། །སྔ་བར་བསྐམས་ནས་ཨེ་འགྲོ། །སྦྲང་རྩི་མང་པོ་ལོངས་ལ། །མེ་ཏོག་སྐམ་པའི་དུས་སུ། །ཚང་གི་ཕུ་དེ་སྙོགས་ལ། །ལུས་བདེ་ཁ་སྐྱིད་རྒྱོབ་ཡ། །ཨ་རོག་སྨུག་རིལ་བྲ་བ། །མྱུར་དུ་སྔོ་རྩྭ་ལོངས་དང་། །རྩྭ་ཡི་བྱ་བ་འབྲིང་རེད། །སྔ་བར་སྐྱ་བོར་ཨེ་འགྲོ། །ཟ་རྩྭ་མང་པོ་ལོངས་ལ། །རྩྭ་རྣམས་སྐྱ་བོར་སོང་དུས། །བུག་པ་ཕུགས་རིང་སྙོགས་ལ། །ལུས་བདེ་ཁ་སྐྱིད་རྒྱོབ་ཡ། །ཨ་རོག་བྱ་བཏང་རི་བ། །མྱུར་དུ་དགེ་སྦྱོར་གྱིས་དང་། །ལུས་འདིའི་བྱ་བ་འབྲིང་རེད། །སྔ་བར་ཞིག་ནས་ཨེ་འགྲོ། །དགེ་སྦྱོར་མང་པོ་གྱིས་ལ། །སྒྱུ་ལུས་ཞིག་པའི་དུས་སུ། །དག་པའི་ཞིང་ཞིག་སྙོགས་ལ། །ལུས་
བདེ་ཁ་སྐྱིད་རྒྱོབ་ཡ། །ཞེས་པ་འདི་ཡང་སྦྲང་མ་དང་བྲ་བ་འགའ་རེས་གསོག་འཇོག་བྱེད་པ་མཐོང་ནས་བླངས་པའོ། །ན་མོ་གུ་རུ། ཆོས་རྒྱལ་ངག་གི་དབང་པོ་ཡི། །ཞབས་ལ་གུས་པས་གསོལ་བ་འདེབས། །སྐལ་ལྡན་གྲོགས་མཆེད་ཤེས་རྒྱུད་ལ། །ཡེ་ཤེས་འབར་བར་བྱིན་གྱིས་རློབས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྫོགས་ཆེན་སྒོམ་ཚུལ་མི་ཤེས་སམ། །རྫོགས་པ་ཆེན་པོ་བསྒོམ་པ་ནི། །རང་གི་སེམས་ལ་བལྟ་བ་ཡིན། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སེམས་ཀྱི་གནས་ལུགས་མི་ཤེས་སམ། །སེམས་ཀྱི་གནས་ལུགས་མི་ཤེས་ན། །སེམས་ལ་ཅེར་གྱིས་བལྟས་པའི་ཚེ། །ས་ལེ་སང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །འདི་ཡིན་མེད་པའི་གསལ་ཞིང་དྭངས། །སྨྲ་རྒྱུ་མེད་པའི་ཉམས་མྱོང་དེ། །རང་གནས་བསམ་གཏན་དངོས་ཡིན་ནོ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སེམས་ཀྱི་འཇོག་ཚུལ་མི་ཤེས་སམ། །སེམས་ཀྱི་འཇོག་ཚུལ་མ་ཤེས་ན། །འགྱུར་བ་མེད་པ་རི་བོ་བཞིན། །ཡངས་དོག་བྲལ་བ་ནམ་མཁའ་བཞིན། །མི་གཡོ་དྭངས་པ་རྒྱ་མཚོ་བཞིན། །ཁྱབ་གདལ་ཟང་ཐལ་ངང་ཉིད་དུ། །ས་ལེ་ཧྲིག་གེ་
འཇོག་པ་ཡིན། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྣམ་རྟོག་ལམ་འཁྱེར་མི་ཤེས་སམ། །རྣམ་རྟོག་ལམ་འཁྱེར་མ་ཤེས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ལ་རྣམ་རྟོག་ཤར་བའི་ཚེ། །དགག་སྒྲུབ་བླང་དོར་མི་བྱེད་པར། །སེམས་ཉིད་རང་གི་ངང་དུ་ཞོག །རང་སར་འགྲོ་བར་ཐེ་ཚོམ་མེད། །སེམས་ཀྱི་གསལ་ཆ་ཉམས་གྱུར་ནས། །ཅི་ཡིན་འདི་ཡིན་མེད་པ་ཡི། །ལུང་མ་བསྟན་དུ་འབྱམས་གྱུར་ན། །མུན་ཁང་མར་མེ་བཏེགས་པ་བཞིན། །ལྟ་སྟངས་རིག་པའི་ངར་བསྐྱེད་དེ། །སང་ངེ་ཡེ་རེ་བསྒོམ་པ་ཡིན། །ཡིད་དཔྱོད་རྩོལ་བས་བསླད་གྱུར་ན། །ཉི་མ་སྤྲིན་ལས་གྲོལ་བ་བཞིན། །ཡིད་དཔྱོད་རྩོལ་བ་ལིངས་ཀྱིས་བོར། །རང་བྱུང་ཡེ་ཤེས་སེམས་ཉིད་ངང་། །རང་སར་གློད་ནས་འཇོག་པ་ཡིན། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ད་དུང་སྙིང་གཏམ་ཤར་གཅིག་བཤད། །འཐད་དམ་སྙམ་ན་སེམས་ལ་ཆོངས། །འགྲོ་ན་རང་གནས་བསམ་གཏན་ངང་། །ས་ལེ་སང་ངེ་ཧྲིག་གེ་སོང་། །རྫོགས་ཆེན་རྣལ་འབྱོར་འགྲོ་ཚུལ་ཡིན། །འདུག་ན་མ་བཅོས་རིག་པའི་ངང་། །ཀྱི་ལེ་ཝལ་ལེ་འབོལ་
ལེར་སྡོད། །རྫོགས་ཆེན་རྣལ་འབྱོར་འདུག་ཚུལ་ཡིན། །ཟ་ན་གནས་ལུགས་ལྟ་བའི་ངང་། །ཕྱལ་ལེ་ཁྲེས་སེ་བུན་ནེ་ཟོ། །རྫོགས་ཆེན་རྣལ་འབྱོར་ཟ་ཚུལ་ཡིན། །ཉལ་ན་མཉམ་ཉིད་ཟང་ཐལ་ངང་། །རྗེན་ནེ་ལྷག་གེ་ཤིག་སེ་ཉོལ། །རྫོགས་ཆེན་རྣལ་འབྱོར་ཉལ་ཚུལ་ཡིན། །གཞན་གྱི་ཚིག་ལ་གསན་པའི་ཚེ། །སྟོང་ཉིད་ངང་དུ་རྗེན་ནེ་ཉོན། །རྫོགས་ཆེན་རྣལ་འབྱོར་གསན་ཚུལ་ཡིན། །རང་གིས་གཏམ་རྣམས་བཤད་པའི་ཚེ། །ལྟ་བའི་ངང་ནས་ལྷག་གེ་ཤོད། །རྫོགས་ཆེན་རྣལ་འབྱོར་བཤད་ཚུལ་ཡིན། །སེམས་ལ་ཉིན་དང་མཚན་དུ་ལྟོས། །རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི། །ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རང་རིག་ཀུན་ཏུ་བཟང་པོའི་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །ཀུན་ཏུ་བཟང་པོ་ལོགས་ན་མེད། །རང་བྱུང་ཆོས་སྐུ་ཨེ་མ་ཧོ། །མ་འགག་རང་གསལ་རྡོ་རྗེ་སེམས། །སྨྲ་བརྗོད་བྲལ་བའི་སེམས་ལ་ལྟོས། །རྡོ་རྗེ་སེམས་དཔའ་ལོགས་ན་མེད། །རང་བྱུང་ལོངས་སྐུ་ཨེ་མ་ཧོ། །དྲན་རྟོག་རང་གྲོལ་པདྨ་འབྱུང་། །འཛིན་མེད་ཟང་ཐལ་ངང་དུ་ཞོག །པདྨ་འབྱུང་
གནས་ལགས་ན་མེད། །རང་བྱུང་སྤྲུལ་སྐུ་ཨེ་མ་ཧོ། །ཞེས་སེམས་ངོ་སྐྱོང་ཚུལ་བླུན་པོའི་སྙིང་གཏམ་འདི་ནི་གྲོགས་མཆེད་དག་ལ་རིག་འཛིན་ཚོགས་དྲུག་རང་གྲོལ་གྱིས་གསལ་འདེབས་བོགས་འབྱིན་གྱི་ཚུལ་དུ་བྲིས་པའོ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །སེམས་ལ་མཐའ་མེད་ངོས་བཟུང་མེད། །འཕོ་འགྱུར་མེད་པའི་ནམ་མཁའ་འདྲ། །འཁོར་འདས་སྐྱོན་ཡོན་གང་ཡང་འབྱུང་། །ཐམས་ཅད་སེམས་ལས་འབྱུང་བའི་ཕྱིར། །སེམས་ནི་ཀུན་གྱི་འབྱུང་གནས་ཡིན། །ཐམས་ཅད་སེམས་ཀྱིས་བྱས་པའི་ཕྱིར། །སེམས་ནི་ཀུན་གྱི་མཁན་པོ་ཡིན། །ཐམས་ཅད་སེམས་སུ་འདུས་པའི་ཕྱིར། །སེམས་ནི་ཀུན་གྱི་རྩ་བ་ཡིན། །ཐམས་ཅད་སེམས་ལ་གནས་པའི་ཕྱིར། །སེམས་ནི་ཀུན་གྱི་གཞི་མ་ཡིན། །ཡ་གི་རྒྱལ་བའི་ཞིང་ཁམས་ནས། །མ་གི་དམྱལ་ཁམས་བཅོ་བརྒྱད་ཡན། །རང་སྣང་ཡིན་པར་བློ་ཐག་ཆོད། །དཔལ་ཆེན་ཁྲག་འཐུང་མན་ཆད་ནས། །ཐེའུ་རང་གྲོང་རྒྱུ་ཡན་ཆད་ཡང་། །རང་སྣང་ཡིན་པར་བློ་ཐག་ཆོད། །ཕྱི་སྣོད་འཇིག་རྟེན་ཐམས་ཅད་དང་། །ནང་བཅུད་སེམས་ཅན་སྣང་བ་ཡང་། །རང་སྣང་ཡིན་པར་བློ་ཐག་ཆོད། །ཚེ་འདིའི་
སྣང་བ་ཐམས་ཅད་དང་། །བར་དོ་ཕྱི་མའི་སྣང་བ་ཡང་། །རང་སྣང་ཡིན་པར་བློ་ཐག་ཆོད། །མི་ཡིས་གནོད་འཚེ་བྱས་པ་དང་། །ལྷ་འདྲེའི་གནོད་པ་ཆོ་འཕྲུལ་ཡང་། །རང་སྣང་ཡིན་པར་བློ་ཐག་ཆོད། །རང་སྣང་གཞི་མེད་སྟོང་པ་ཡིན། །སྟོང་ལ་སྣང་བ་རྨི་ལམ་འདྲ། །སྣང་སྟོང་ཡིན་པར་བློ་ཐག་ཆོད། །བཅད་འཕྲོ་ཤེས་པ་ལྷོད་ཀྱིས་གློད། །གློད་ཚེ་སྟོང་སང་ནམ་མཁའ་དང་། །འདྲ་བའི་ཉམས་ཤིག་འབད་མེད་འཆར། །དེ་ཀའི་ངང་ལ་མཉམ་པར་ཞོག །དེ་རྗེས་ཚོགས་གསོག་སྒྲིབ་སྦྱོང་སོགས། །བྱེད་ན་སྒྱུ་མ་ལྟ་བུར་སྤྱོད། །གླུ་འདི་ཐོས་ཚད་ལ་ཕན་ཤོག །ཚོགས་གཉིས་མཐར་ཕྱིན་སྐུ་གཉིས་ཀྱི། །གོ་འཕང་ཐོབ་པ་རྣམས་ལ་འདུད། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །མཁའ་ལ་འཁྲིགས་པའི་སྤྲིན་འཇའ་བཞིན། །སྣང་ཡང་རང་བཞིན་གྲུབ་པ་མེད། །སྤྲིན་འཇའ་ནམ་མཁའི་ཆོ་འཕྲུལ་ཡིན། །ཅིར་སྣང་རང་རིག་ཆོ་འཕྲུལ་ཡིན། །རིག་པའི་ངོ་བོ་ངོས་བཟུང་མེད། །བཙལ་ན་མི་རྙེད་ནམ་མཁའ་འདྲ། །ནམ་མཁའི་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། །ཆོས་སྐུ་བདག་མེད་སྤྲོས་བྲལ་
གྱི། །ངང་དུ་རྩེ་གཅིག་མཉམ་པར་ཞོག །དེ་རྗེས་སྒྱུ་མ་རྨི་ལམ་ལྟར། །བསོད་ནམས་ཚོགས་ལ་འབད་པར་མཛོད། །ཕྱོགས་བཞིར་འཁྱམས་ནས་བདེ་སྡུག་ཀུན། །མྱོང་བའི་རིག་པའི་ཁྱེའུ་ཆུང་། །ཆོས་སྐུ་ཡུམ་ཆེན་མའི་པང་དུ། །ཀྱི་ལི་མེ་རེ་དགའ་འཛུམ་མེ། །བསྡད་ནས་བསོད་ནམས་ཚོགས་བསགས་ཀྱི། །ནུ་ཞོ་མངར་མོ་འཐུང་ནུས་ན། །སྐུ་གཉིས་ལུས་སྟོབས་ཆེར་རྒྱས་ནས། །འགྲོ་དོན་རྩེད་མོ་བྱེད་པར་ནུས། །གླུ་འདི་ཐོས་པས་ཚོགས་གཉིས་བསགས། །སྐུ་གཉིས་གོ་འཕང་ཐོབ་པར་ཤོག །ཐབས་ཤེས་ཟུང་འབྲེལ་ཉམས་ལེན་བྱས། །ཆོས་གཟུགས་ཟུང་འབྲེལ་ཐོབ་ལ་འདུད། །འཇའ་སྤྲིན་སྣང་ཡང་འཛིན་མེད་ལྟར། །ཆོས་རྣམས་རང་བཞིན་མ་གྲུབ་སྟོང་། །འཇའ་སྤྲིན་མཁའ་ལས་བྱུང་བ་བཞིན། །ཆོས་རྣམས་རིག་པའི་རྩལ་ལས་བྱུང་། །ནམ་མཁའ་འཛིན་མེད་སྟོང་པ་ལྟར། །རིག་པའི་ངོ་བོ་སྟོང་པ་ཡིན། །སྟོང་པ་དེ་ལ་མཉམ་འཇོག་དུས། །ཨ་མ་ལབ་ཀྱི་སྒྲོན་མ་ཡི། །ཐབས་མཁས་གདམས་པ་འདི་ཀ་ཟབ། །རང་གི་སྙིང་གར་རིག་པ་ནི། །ཐིག་ལེ་ཞིག་གི་
རྣམ་པར་དམིགས། །ཕཊ་སྒྲ་ལྷང་ངེ་བ་ཞིག་གིས། །སྤྱི་བོའི་མཁའ་ལ་རྒྱངས་སེ་འཕངས། །ནམ་མཁར་ཡལ་ནས་དབྱེར་མེད་འདྲེས། །ནམ་མཁའི་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། །ཆོས་སྐུ་མཐའ་དབུས་དང་བྲལ་བའི། །ངང་དུ་བདེ་འཇམ་ཐང་ཆེན་དུ། །རྟ་རྒོད་སྲབ་ཁ་གློད་པ་བཞིན། །འཛིན་པས་མ་བཅིངས་གློད་ལ་ཐོངས། །རྟ་ཆད་ལྷན་ནེར་འདུག་པ་བཞིན། །གློད་འཕྲོ་ཀྱི་ལེ་མེ་རེ་སྡོད། །རྗེས་སུ་རིག་པའི་ངོ་བོ་སྟོང་། །ཆོས་རྣམས་རིག་པའི་རོལ་པ་དང་། །སྒྱུ་མ་ལྟ་བུར་མ་གཏོགས་པར། །ཐོག་མ་མེད་ནས་ད་བར་དུ། །རང་གཞན་སེམས་ཅན་ཐམས་ཅད་ཀུན། །འཁོར་བའི་གནས་སུ་འཁྱམ་འཁྱམས་ནས། །སྡུག་བསྔལ་མྱང་བ་སྙིང་རེ་རྗེ། །ད་ལྟ་སྡུག་བསྔལ་དཔག་མེད་ཀྱིས། །མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །ཕྱིན་ཆད་སྡུག་བསྔལ་མྱོང་དགོས་པའི། །མ་གྱུར་འགྲོ་བ་སྙིང་རེ་རྗེ། །ད་ནི་རང་ཉིད་བདེ་བ་དང་། །འགྲོ་ཀུན་གཏན་བདེའི་གོ་འཕང་ལ། །འགོད་པའི་དོན་དུ་ཐོག་མར་རང་། །སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཕྱིར་ལུས་སྲོག་ལོངས་སྤྱོད་ལ། །ནམ་
ཡང་ཅུང་ཟད་མི་ལྟ་བར། །རྒྱལ་སྲས་སྤྱོད་པ་རླབས་པོ་ཆེ། །རྣམས་ལ་ཞུམ་པ་མེད་པར་འཇུག །སྙམ་དུ་སྙིང་རྗེ་ཤུགས་དྲག་པོའི། །སྒོ་ནས་བྱང་ཆུབ་སེམས་བསྐྱེད་ལ། །སྤྱོད་ཕྱོགས་རྣམས་ལ་འཇུག་པར་བགྱི། །ཕྱོགས་བཅུར་ངལ་གསོ་མེད་པར་ཁྱབ། །བདེ་སྡུག་སྣ་ཚོགས་མྱོང་བ་ཡི། །རང་བྱུང་རིག་པའི་མགྲོན་ཆུང་དེ། །ཆོས་སྐུ་ཡངས་པའི་མགྲོན་ཁང་དུ། །བབས་ནས་སོས་དལ་ངལ་གསོས་བསྡད། །ཚོགས་གསོག་ཁེ་ཚོང་བྱས་གྱུར་ན། །ཆོས་གཟུགས་ཁེ་རྒྱལ་ལོན་པར་འགྱུར། །གླུ་འདི་ཐོས་པས་ཐབས་ཤེས་གཉིས། །ཟུང་འབྲེལ་ཉམས་བླངས་སངས་རྒྱས་ཤོག །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཨེ་མ་སྐལ་ལྡན་ཕོ་མོ་ཚོ། །ནམ་མཁའ་བཞིན་དུ་རང་གི་སེམས། །སྟོང་པ་མཐའ་དབུས་མེད་པར་སྒོམས། །རྒྱ་མཚོ་བཞིན་དུ་དྭངས་ཤིང་གསལ། །གང་ཡང་འགག་མེད་འཆར་བར་སྒོམས། །ཕྱི་སྣོད་ནང་བཅུད་ཆུ་ཟླ་བཞིན། །སེམས་ཀྱི་དབྱིངས་སུ་ཤར་བར་སྒོམས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཅིར་སྣང་སྟོང་གཟུགས་ཡིན་པར་སྒོམས། །དེ་ལྟར་བསྒོམས་
པའི་ཤེས་པ་ལ། །ངོས་བཟུང་ཅི་ཡང་མེད་པར་སྒོམས། །དེ་ནས་ཅི་ཡང་མི་བསྒོམ་པར། །རང་བབས་ཅག་གེ་མག་གེ་སྡོད། །བསྡད་ཚེ་མཁའ་ལ་འཕུར་བ་བཞིན། །སང་སང་ཡངས་ཡངས་ཕྱལ་ལེ་བའི། །ཉམས་ཤིག་མ་བཅོས་རང་བབས་འཆར། །ཤར་བའི་ངང་དུ་མ་ཡེངས་ཞོག །བརྒྱ་བཤད་སྟོང་ཚོ་ཙམ་བཤད་ཀྱང་། །སེམས་ཀྱི་གནས་ལུགས་ངེས་ངེས་པོ། །དེ་ཀ་ཡིན་པས་རྒྱུན་དུ་སྐྱོངས། །རྣལ་འབྱོར་པ་དེ་འཆི་བའི་ཚེ། །སྐྱེ་མེད་ཆོས་སྐུ་མངོན་དུ་འགྱུར། །འགག་མེད་གཟུགས་སྐུའི་འགྲོ་དོན་འབྱུང་། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཉོན་དང་དད་ཅན་སྐྱེ་བོ་ཀུན། །ད་ལྟའི་སྣང་གྲགས་ཆོས་རྣམས་ཀུན། །ནམ་མཁའི་འཇའ་བཞིན་སྟོང་བའི་གཟུགས། །རང་སེམས་སྟོང་བ་ཉིད་དང་འདྲེས། །སེམས་ཉིད་ནམ་མཁའ་སྟོང་བར་འདྲེས། །ནམ་མཁའ་ཆོས་སྐུ་ཆེན་པོར་འདྲེས། །ཆོས་སྐུ་ཁྱབ་གདལ་མེར་བར་སྒོམས། །དེ་ནས་སྒོམ་མཁན་བློ་དང་ཁྲོལ། །རང་བབས་མེ་རེ་འཛིན་མེད་ཞོག །བཞག་ཚེ་ལྕི་བའི་ཁུར་ཆེན་ཞིག །ཡུན་རིང་ཁུར་
ནས་ཕོག་པ་བཞིན། །བདེ་ལ་ཡང་བའི་ཉམས་མྱོང་སྐྱེ། །ངང་དུ་གུ་ཡངས་ཡན་པར་གློད། །སྤྲོས་བྲལ་རང་བྱུང་ལྟ་བ་ལ། །སྤྲོས་པ་མང་པོའི་དགོས་པ་ཆུང་། །སྤྲོས་མེད་སྐྱོང་བའི་རྣལ་འབྱོར་པ། །ལུས་རྒྱའི་འཆིང་བ་ཞིག་པ་དང་། །སྐྱེ་མེད་ཆོས་སྐུ་མངོན་དུ་འགྱུར། །འགག་མེད་གཟུགས་སྐུ་འགྲོ་ལ་འཆར། །རྣལ་འབྱོར་སེམས་ལ་གང་ཤར་བླངས། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །ཉོན་དང་ལས་ལྡན་སློབ་བུ་རྣམས། །ཆོས་རྣམས་རྨི་ལམ་ལྟ་བུར་སྒོམས། །ཆོས་ཀུན་སེམས་སུ་འདུས་པར་སྒོམས། །སེམས་ཉིད་སྟོང་པ་ཉིད་དུ་སྒོམས། །སྟོང་པ་མཐའ་དབུས་མེད་པར་སྒོམས། །མཐའ་བྲལ་ཆོས་སྐུ་ཡིན་པར་སྒོམས། །དེ་ནས་ཅི་ཡང་མ་སྒོམ་སྡོད། །བསྡད་ཚེ་གྲུ་ཆེན་ཕྱོགས་བཞི་རུ། །བརྟོད་པའི་ཐག་པ་བཅད་པའི་ཚེ། །རྒྱ་མཚོའི་གཞུང་ན་གནས་པ་ལྟར། །གཏད་མེད་ཡངས་པ་ཆེན་པོ་ཡི། །ཉམས་ཤིག་འབད་མེད་ལྷུག་པར་འཆར། །ཤར་བའི་ངང་ལ་མ་ཡེངས་པར། །འཇོག་པའི་རྣལ་འབྱོར་འཆི་བའི་དུས། །སྐྱེ་མེད་ཆོས་སྐུ་
མངོན་དུ་འགྱུར། །འགག་མེད་གཟུགས་སྐུས་འགྲོ་བ་འདྲེན། །རྣལ་འབྱོར་སེམས་ལ་གང་ཤར་བླངས། །ཐོས་ཚད་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །ཨེ་མ་བྱ་བཏང་རྣལ་འབྱོར་པ། །རང་སེམས་དང་པོ་བྱུང་ས་དང་། །བར་དུ་ལུས་སོགས་གང་ན་གནས། །ཐ་མར་འགྲོ་ས་ཨེ་ཡོད་དང་། །དབྱིབས་དང་ཁ་དོག་ཨེ་འདུག་ལྟོས། །བལྟས་པས་གང་ཡང་མ་མཐོང་ན། །མ་མཐོང་བ་དེ་མཐོང་བའི་མཆོག །བལྟས་པས་སེམས་ལ་མཐོང་བ་མེད། །མེད་པའི་ངང་དུ་གློད་ལ་ཐོངས། །ཡལ་ལེ་ལམ་མེ་འཛིན་མེད་ཞོག །བཞག་སར་མི་འདུག་སེམས་འཕྲོ་དུས། །སྔར་བཞིན་བྱུང་གནས་འགྲོ་གསུམ་ཚོལ། །ཅི་འདྲ་ཞིག་རེད་ཞིབ་ཏུ་ལྟོས། །བལྟས་པས་ཅི་ཡང་མཐོང་རྒྱུ་མེད། །མེད་པའི་ངང་དུ་རྩོལ་མེད་ཞོག །ཡང་འཕྲོ་ཡང་ལྟོས་ཡང་ཞོག་བཟང་། །ལྟ་མཁན་རྣམ་རྟོག་ཡིན་མོད་ཀྱང་། །ལྕགས་ཀྱིས་ལྕགས་རྣམས་གཤག་པ་ལྟར། །རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དག །དེ་ལྟར་ཡང་ཡང་ཉམས་བླངས་ན། །རྣམ་རྟོག་ཇེ་ཉུང་ཇེ་ཉུང་འགྲོ། །སྐབས་ཤིག་རྣམ་རྟོག་མེད་པར་གནས། །དེ་དུས་རྩོལ་བ་
མ་མང་བར། །འཇོག་སྒོམ་ཁོ་ན་བྱས་ན་ལེགས། །གླུ་འདི་ཐོས་ཚད་ལ་ཕན་ཤོག །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །ཉོན་དང་བྱ་བཏང་རི་ཁྲོད་པ། །ཕྱི་ལ་མ་ལྟ་ནང་དུ་ལྟོས། །བློ་ཁ་ནང་དུ་ཚུར་ཕྱོགས་ལ། །ནང་གི་སེམས་ལ་ཅེར་གྱིས་ལྟོས། །བལྟས་པས་ཅི་ཡང་མཐོང་རྒྱུ་མེད། །མེད་པའི་ངང་ལ་ཤེས་པ་ལྷོད། །ལྷན་ནེ་ལྷང་ངེ་རྩོལ་མེད་ཞོག །བཞག་ཚེ་ཡུན་རིང་མི་སྡོད་པར། །བཟང་ངན་རྣམ་རྟོག་སྐྱེས་པའི་ཚེ། །རྐུན་མ་བཞིན་དུ་ཙིར་གྱིས་ཟུངས། །བཟུང་འཕྲོ་ངོ་ལ་ཅེར་གྱིས་ལྟོས། །བལྟས་པས་ཅི་ཡང་མ་རྙེད་ན། །ངང་དུ་གློད་ལ་ཕྱམ་གྱིས་ཞོག །རྣམ་རྟོག་བྱུང་དུས་རྗེས་མ་རྒྱུགས། །བྱུང་མ་ཐག་ནས་རྣམ་རྟོག་ངོ་། །ལྟོས་དང་སྟོང་ཉིད་ཁོ་ན་ཡིན། །རྣམ་རྟོག་མང་པོ་འཕྲོ་བའི་དུས། །སྟོང་ཉིད་སྟོན་པའི་སློབ་དཔོན་གྲོགས། །ཡིན་པས་སྐྱོན་དུ་མ་བལྟ་བར། །དགའ་བ་སྒོམས་ལ་ངོ་ལ་ལྟོས། །མེ་ཤིང་ཅི་ཙམ་མང་ན་ཡང་། །ཁོལ་མོའི་རླུང་གིས་བསྐྱོད་ནུས་ན། །མེ་ལྕེ་དེ་ཙམ་ཆེ་བ་ལྟར། །རྣམ་རྟོག་ཅི་ཙམ་འཕྲོ་ན་ཡང་། །ཀུན་གྱི་ངོ་བོ་བལྟ་ནུས་ན། །སྟོང་པ་ཉིད་ཀྱི་ཡོང་སྒོ་
མང་། །གླུ་འདི་ཐོས་ཚད་ལ་ཕན་ཤོག །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །ཉོན་དང་དད་ཅན་ཆོས་མཛད་མཁན། །ལུས་ངག་ཡིད་གསུམ་ཁོང་གློད་ལ། །ཞོག་དང་རྣམ་རྟོག་འགག་ཤུལ་ན། །སངས་སངས་ཡངས་ཡངས་འདིའོ་ཞེས། །གཞན་ལ་སྨྲ་རུ་མི་བཏུབ་པའི། །རང་གི་ཉམས་སུ་མྱོང་བ་ཡི། །ལྐུག་པས་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་འཆར། །དེ་གའི་ངང་དུ་ཁ་རོག་པ། །ཅག་གེ་མག་གེ་འཇམ་ལྡེམ་མེ། །ཅི་ཙམ་གནས་རག་བར་ལ་ཞོག །མི་གནས་རྣམ་རྟོག་ལངས་པའི་དུས། །ཕར་ལྟ་ཚུར་ལྟ་མ་མང་བར། །ཤེས་པ་ཅོག་གེ་གློད་ལ་ཐོངས། །གློད་པས་རྣམ་རྟོག་རང་སར་ཞི། །སྔར་གྱི་མཉམ་བཞག་ཤུགས་ཀྱིས་ཟིན། །དུས་དང་རྣམ་པ་ཐམས་ཅད་དུ། །ཤེས་པ་ལྷོད་ཀྱིས་གློད་ནས་ཉལ། །ཆོག་པའི་ཆོས་ཤིག་འདི་ཡིན་ཏེ། །ཨ་མ་ལབ་སྒྲོན་དྲིན་ཅན་རྣམས། །ཉལ་བས་ཆོག་པའི་ཆོས་ཡིན་ཀྱང་། །བུ་སློབ་ཐམས་ཅད་ཉལ་མ་ནུས། །དེས་ན་རྒད་མོ་ཡིད་མ་ཆེས། །ཞེས་གསུངས་ཉལ་ནུས་རྣལ་འབྱོར་པ། །གོལ་ས་མེད་དེ་ཨ་མ་ཡིས། །གང་ཡང་ཡིད་ལ་མ་བྱས་ན། །གོལ་
སར་ལྟུང་བ་ཅི་ལས་བྱུང་། །བསམ་མེད་བསྒོམ་པ་མ་ནོར་ན། །ཆོས་སྐུའི་བྱང་ཆུབ་ཐེ་ཚོམ་མེད། །ཅེས་གསུངས་རྣམ་རྟོག་མ་མང་བར། །བློ་བདེ་འབོལ་ལེ་ཉོལ་ལ་སྡོད། །གླུ་འདི་ཐོས་ཚད་ལ་ཕན་ཤོག །ན་མོ་གུ་རུ། མེ་རྡོ་དང་མེ་ཆ་གྲང་ན་ཡང་། །མེ་བརྡབས་ན་མེ་སྟག་ཚ་མོ་འབྱུང་། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །མཚོ་ཆུ་བོ་ཤིན་ཏུ་སླ་ན་ཡང་། །དགུན་འཁྱགས་ན་སྲ་བའི་དར་དཀར་འབྱུང་། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །མའི་མངལ་སྒོར་ལག་མགོ་མི་ཐར་ཀྱང་། །མར་ནང་ནས་བུ་ཆུང་ཆེ་བ་འབྱུང་། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །ལ་ཡུང་མའི་ས་བོན་ཤིག་ཙམ་ལ། །འབྲས་ཁོ་ལས་བརྒྱ་འགྱུར་ཆེ་བ་འབྱུང་། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །གྲོ་ནས་སྲན་ས་བོན་སྐམ་ལ་ཆུང་། །སར་བཏབ་ན་ལྗང་བུ་རིང་བོ་འབྱུང་། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །ཕྱི་བྲག་གིས་སྨྲ་བ་མི་ཤེས་ཀྱང་། །ནང་བྲག་ཆ་མང་བོ་ལྷང་ལྷང་འབྱུང་། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །ཤིང་སྐམ་པོ་པགས་པ་ཞིག་གིས་བཏུམས། །དེ་བརྡུངས་ན་རྔ་སྒྲ་ཆེ་བ་འབྱུང་། །འདི་མཚར་རེ་ཞིག་
རེད་ཧ་ཧ་ཧ། །གཡུ་གསེར་དངུལ་མུ་ཏིག་ཆུང་ན་ཡང་། །འདི་ཉོས་ན་རིན་ཐང་ཤིན་ཏུ་ཆེ། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །མཚན་གཏི་མུག་གཉིད་ཀྱི་དབང་སོང་ཚེ། །སྣ་ཚོགས་པའི་རྨི་ལམ་མང་པོ་རྨིས། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །རང་སེམས་ཉིད་སྟོང་གསལ་འཛིན་མེད་ལས། །སྤྱིར་འཁོར་འདས་སྐྱོན་ཡོན་གང་ཡང་འབྱུང་། །འདི་མཚར་རེ་ཞིག་རེད་ཧ་ཧ་ཧ། །སྡེའི་ཆོས་པ་ཁ་ཅིག་སེམས་དེ་དོག །ཚིག་ངན་པ་དམ་དུམ་ཁོག་མི་ཤོང་། །དཔེ་དུད་ཁུག་ར་ཙེའི་སྣེ་བུད་བཞིན། །རྟགས་ངོ་མདངས་ལྡོག་པ་ཧ་ཧ་ཧ། །ང་བན་རྒན་སེམས་འདིའི་ཡངས་རེ་ལྟོས། །མཁར་མདའ་འཕངས་རྒྱ་མཚོར་ཆུ་ཐིམ་ལྟར། །གང་གར་སོང་འདིར་སོང་མི་ཤེས་ཀི །འདི་དགོད་རྒྱུ་ཞིག་རེད་ཧ་ཧ་ཧ། །ཞེས་པ་འདི་ཡང་སེམས་ལ་གང་ཤར་རང་དགར་བྲིས་པའོ། །ནམ་མཁའ་ལྟར། །ཐུགས་ཡངས་པའི། །གུ་རུ་མཁྱེན། །ཆོས་དབྱིངས་ཀྱི། །ཐང་ཆེན་ནས། །རིག་སྟོང་གི །རྟ་མཆོག་ཁ། །གློད་ལ་ཐོངས། །རྒྱུགས་རྒྱུགས་རྒྱུགས། །ཡན་པར་རྒྱུགས། །དགའ་ཡལ་ལེ། །སྐྱིད་ཆིལ་ལེ། །བན་མ་བུན། །ཕྱ་མ་འཕྱོ། །འལ་མ་འོལ། །
ཤག་མ་ཤིག །ཁྲལ་མ་ཁྲོལ། །སངས་མ་སངས། །ཡ་ལ་ལ། །ཡེངས་ཡེངས་ཡེངས། །ཡེ་རེ་རེ། །ཕྱམ་ཕྱམ་ཕྱམ། །མེ་རེ་རེ། །རྒྱོབ་རྒྱོབ་རྒྱོབ། །མ་ཡེངས་པའི། །ལྕག་གིས་རྒྱོབ། །ཨ་ཡོ་ཤེ །ཨེ་ཧ་ཧ། །དེ་ཙམ་གྱིས། །ཆོག་ནི་གྱིས། །བན་རྒན་འབབ། །གཡང་ཟོག་པོ། །སེམས་བསྐྱེད་ཀྱི། །རི་ཁར་བུད། །ཚོགས་བསགས་ཀྱི། །རྩྭ་ཆུ་ཐུངས། །ངོ་མཚར་ཆེ། །ཨེ་མ་ཧོ། །ཞེས་པ་འདི་ཡང་སྣང་བ་བན་བུན་གྱི་ངང་ནས་སྨྲས་པའོ། །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །རང་སེམས་ཕོ་གསར་ཡ་བོ་ཁོས། །ཕྱི་སྣང་བུ་མོ་མགོ་སྟོང་མའི། །ཕྱི་ལ་རྒྱུག་དུས་འདི་ལྟར་དུ། །སྐད་ཆ་དྲིས་དང་དགོད་ཁ་འཆོར། །ཨ་རོག་སེམས་ཉིད་གཞོན་ནུ་ཨང་། །ད་ནངས་གང་ནས་ལངས་ནས་འོངས། །ད་ཁྱོད་ཅིའི་འོངས་གང་དུ་འགྲོ། །ཁྱོད་སྡོད་ལུས་དབྱིབས་ངོ་མདངས་ལ། །བན་རྒན་ང་ཡིས་བལྟ་དགོས་ཞེས། །ཤོད་དང་ཅི་ཡང་མི་སྨྲ་བར། །གར་སོང་མེད་པར་ཡལ་ནས་འགྲོ། །སོང་ས་འོང་ས་མཐོང་མི་འགྱུར། །མ་མཐོང་ཙ་ན་ཨ་མཚར་རེ། །སྙམ་དུ་ཁ་རོག་པ་སྡོད་
དང་། །ཡང་འོང་འོངས་ཚེ་དེ་མ་ཐག །ངོ་མཚར་ཨེ་ཁྱོད་འདི་ནས་སྡོད། །འགྲོ་འདུག་མང་པོ་ངལ་བའི་རྒྱུ། །ཁྱོད་ལ་འདྲི་རྒྱུ་མང་བོ་སྣང་། །ཁྱོད་ནི་སུ་ཡི་བུ་ཚ་ཡིན། །འགྲོ་བསྡད་མང་བ་དགོས་དོན་ཅི། །ཕ་མའི་མིང་ལ་ཇི་སྐད་ཟེར། །ཁྱོད་ལོ་དུ་ཡིན་ལ་སོགས་པ། །སྔར་བཞིན་དྲིས་དང་ངོ་ཚ་ནས། །གང་ཞིག་ཅིག་ལ་བྲོས་བུད་འགྲོ། །སོང་ཚེ་ཤུལ་ནས་ཨ་མཚར་རེ། །སྙམ་དུ་ཁ་རོག་པ་སྡོད་དང་། །ཡང་འོང་འོངས་ཚེ་ཡང་དྲིས་དང་། །དགོད་རྒྱུ་ཞིག་ཡིན་ཨ་ཧ་ཧ། །མཚར་རེ་ཞིག་ཡིན་ཨེ་ཧེ་ཧེ། །འདི་ཐོས་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །ཨེ་མ་རྫོགས་ཆེན་རྣལ་འབྱོར་པ། །བྱ་བཏང་ཚོགས་དྲུག་རང་གྲོལ་སེམས། །ནམ་མཁའ་བཞིན་དུ་རྒྱ་རེ་ཆེ། །ས་གཞི་བཞིན་དུ་སྲ་ཞིང་བརྟན། །རྒྱ་མཚོ་བཞིན་དུ་དྭངས་ཤིང་གསལ། །ཆོས་ཀུན་སེམས་ཀྱི་རྩལ་དུ་རྫོགས། །འཁོར་འདས་གཉིས་ཀྱི་འཛིན་པ་བདག །བདག་གཞན་དགྲ་གཉེན་དགག་སྒྲུབ་བྲལ། །ཆོས་དབྱིངས་ངང་དུ་མེར་གྱིས་སོང་། །གང་དུ་བསྡད་ཀྱང་ཉམས་རེ་དགའ། །སུ་དང་འགྲོགས་ཀྱང་ཞེ་རེ་བྲོད། །མི་དགའ་བྱ་བའི་
མིང་ཡང་མེད། །གུ་ཡངས་ཡན་པ་བློ་རེ་བདེ། །ཆོས་དབྱིངས་ངང་དུ་དགའ་ཡལ་ལེ། །ཨེ་མ་རྨད་བྱུང་སྐལ་བ་བཟང་། །འདི་ཐོས་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོར་གུས་ཕྱག་འཚལ། །དབྱར་དགུན་མེད་པར་གངས་རི་ཆགས། །སྟོན་དཔྱིད་མེད་པར་ན་བུན་འཁྲིགས། །རི་ཀླུང་མེད་པར་རི་དྭགས་གནས། །ཉིན་སྲིབ་མེད་པར་མེ་ཏོག་བཀྲ། །ངོ་མཚར་རི་བོ་རྨ་ཆེན་ན། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཚེ་འདིའི་སྣང་བ་རྨི་ལམ་དང་། །འདོད་ཡོན་སྒྱུ་མ་ལྟ་བུར་བསྒོམས། །ཆོས་རྣམས་སེམས་ཀྱི་ཆོ་འཕྲུལ་དང་། །སེམས་ཉིད་སྟོང་གསལ་བདེ་ཉམས་བསྐྱངས། །དེ་ལྟར་རྟོགས་ལ་དགའ་བ་དང་། །མ་རྟོགས་འགྲོ་ལ་སྙིང་རྗེ་བསྒོམས། །ཨེ་མ་སྣ་ཚོགས་སྣང་བའི་ཆོས། །རང་བཞིན་མེད་བཞིན་སྣང་བ་མཚར། །འདི་ཐོས་རྒྱུད་ལ་ཕན་པར་ཤོག །ཆོས་རྒྱལ་ཞབས་ལ་མགོས་ཕྱག་འཚལ། །སྟོང་ཉིད་རྟོགས་པའི་གང་ཟག་གིས། །མ་རྟོགས་འགྲོ་ལ་སྔར་བས་ཀྱང་། །ལྷག་པའི་སྙིང་རྗེ་ཤུགས་དྲག་སྐྱེ། །སྙིང་རྗེའི་ཤུགས་ཀྱིས་འགྲོ་བ་ཡི། །སྡུག་བསྔལ་སེལ་ཞིང་བདེ་
བའི་ཐབས། །ལས་འབྲས་སྔར་བས་བརྒྱ་སྟོང་ལྷག །འདོར་ལེན་བྱེད་འདོད་ངང་གིས་འབྱུང་། །སྟོང་པ་ཉིད་དང་སྙིང་རྗེ་འབྲེལ། །སྙིང་རྗེ་ལས་འབྲས་འབྲེལ་ཡོད་པས། །མི་དེའི་འདུན་མ་གཏན་ནས་ལེགས། །ཡང་དག་སྟོང་ཉིད་རྟོགས་པ་དང་། །སྙིང་རྗེ་སྐྱེ་བ་དུས་མཉམ་ཞེས། །གྲུབ་ཆེན་དམ་པ་སངས་རྒྱས་གསུངས། །སྟོང་ཉིད་རྟོགས་དང་མ་རྟོགས་དེ། །སྙིང་རྗེ་ཡོད་མེད་སྟེང་ནས་ཤེས། །སྙིང་རྗེ་ཆེན་པོ་མ་མཆིས་ན། །སྟོང་ཉིད་རྟོགས་པ་དེ་དང་འདྲ། །ལྟ་བར་མཉམ་པར་བཞག་ཡོད་དུས། །ཅུང་ཟད་ཙམ་རེས་རྐྱེན་བྱས་ནས། །འགྲོ་ལ་སྙིང་རྗེ་སྐྱེ་བ་དེ། །དཔེར་ན་བུ་གཅིག་ཤི་བའི་མས། །ཅུང་ཟད་རྐྱེན་རེས་བུ་དེ་དྲན། །མྱ་ངན་ལྡང་བ་ལྟ་བུ་དགོས། །འགྲོ་ལ་སྙིང་རྗེ་སྒོམ་ཡོད་དུས། །ཅུང་ཟད་ཙམ་རེས་རྐྱེན་བྱས་ནས། །ལྟ་བ་དྲན་ནས་དགའ་བ་དེ། །དཔེར་ན་བུ་ཆུང་ངུ་སྒང་ལ། །ཨ་མ་སླེབ་པ་ལྟ་བུ་དགོས། །ནམ་ཡང་སྟོང་ཉིད་སྙིང་རྗེ་གཉིས། །མ་བུ་བཞིན་དུ་འགྲོགས་ཡོད་པའི། །མི་དེའི་འདུན་མ་རྩེ་མོར་ཕྱིན། །སྙིང་རྗེ་ཆེན་པོའི་ཀུན་སློང་གི །སྒོ་ནས་བྱང་ཆུབ་སེམས་བསྐྱེད་ལ། །མི་དགེ་ཕྲ་ཞིང་ཕྲ་བ་
སྤོངས། །དགེ་ཚོགས་མཐའ་དག་བསྒྲུབ་ལ་འབོད། །སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །ལས་འབྲས་རྣམས་ལས་ཟབ་པའི་ཆོས། །གཞན་ན་མེད་ཅེས་རྒྱལ་བའི་སྲས། །རྣམས་ཀྱིས་ཡང་དང་ཡང་དུ་གསུངས། །ཆོས་འདི་ཉམས་སུ་སུས་བླངས་ཀྱང་། །མི་དེའི་འདུན་མ་དགུང་ལ་རེག །འདི་ཐོས་རྒྱུད་ལ་ཕན་པར་ཤོག །ཀུན་གྱིས་གཙུག་གི་རྒྱན་དུ་འཛིན། །ཆོས་ཀྱི་རྒྱལ་པོ་ངག་དབང་ཝང་། །དྲིན་གྱིས་ཚོགས་དྲུག་རང་གྲོལ་ངས། །ཅེར་གྱིས་བལྟས་པས་སེམས་ངོ་མཐོང་། །སྤྲོས་བྲལ་ནམ་མཁའ་ལྟ་བུ་མཐོང་། །མཐོང་བའི་ངང་ལ་ཅོག་གེ་བཞག །བཞག་པས་རྣམ་རྟོག་ཕྲ་རགས་ཞི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །འབྲེལ་བ་སྐལ་བ་ཤིན་ཏུ་བཟང་། །བཟང་པོའི་གླུ་འདི་སེམས་ལ་ཤར། །ཤར་ཚེ་ཐོགས་པ་མེད་པར་བླངས། །བླངས་པ་ཐོས་ཚད་ལ་ཕན་ཤོག །ཆོས་རྒྱལ་ཞབས་ལ་མགོས་ཕྱག་འཚལ། །ཆོས་རྣམས་ཐམས་ཅད་ངོ་བོ་སྟོང་། །ཆོས་དབྱིངས་སྟོང་པ་དེ་ལ་ཟེར། །ཆོས་ལས་ཆོས་དབྱིངས་གཞན་ན་མེད། །ཆོས་ཀྱི་དབྱིངས་ལས་ཆོས་གཞན་མེད། །ཆོས་རྣམས་ཆོས་ཀྱི་
དབྱིངས་ལ་བརྟེན། །ཆོས་དབྱིངས་ཆོས་རྣམས་ཡོངས་ལ་བརྟེན། །ཆོས་རྣམས་ཆོས་ཀྱི་དབྱིངས་ལ་འབྲེལ། །ཆོས་དབྱིངས་ཆོས་རྣམས་ཡོངས་ལ་འབྲེལ། །ཆོས་པ་ཚོགས་དྲུག་རང་གྲོལ་ངས། །ཆོས་རྣམས་སྣང་སྟོང་རྟེན་འབྲེལ་རྟོགས། །ཆོས་འདི་ཐོས་ཚད་ལ་ཕན་ཤོག །ཆོས་རྒྱལ་ངག་གི་དབང་པོར་འདུད། །ཕྱི་སྣོད་ནང་བཅུད་སེམས་ཅན་རྣམས། །རང་རང་ས་ན་མ་འདྲེས་པར། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ཡང་རང་བཞིན་གྲུབ་པ་མེད། །ཐམས་ཅད་མཁྱེན་པ་སངས་རྒྱས་གསུངས། །ཐམས་ཅད་ཡེ་སྟོང་ཡིན་པ་ལ། །ཡིན་པར་རང་གིས་ངོ་ཤེས་དགོས། །ཆོས་རྣམས་ངོ་བོ་སྟོང་པ་ལ། །མཐའ་བྲལ་ཆོས་དབྱིངས་ཆེན་པོ་ཟེར། །ཤེས་ན་ཆོས་དབྱིངས་ཕོ་བྲང་ན། །སངས་རྒྱས་སེམས་ཅན་ཐམས་ཅད་གནས། །འཁོར་འདས་རྨི་ལམ་བཟང་ངན་འདྲ། །རང་སྣང་གཞི་མེད་སྟོང་པའི་གཟུགས། །དོན་དམ་བླང་དོར་གཉིས་མེད་པའི། །ཆོས་དབྱིངས་བཙན་ས་བཟུང་ན་ལེགས། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །ཆོས་མ་བྱས་ཀྱང་བློ་རེ་བདེ། །དཔེར་ན་འཚོ་མེད་ནད་ཀྱིས་ཟིན། །
ལོ་མང་མལ་སར་ལྷུང་བའི་མི། །སྨན་པས་སྨན་བྱིན་ནད་དེ་སོས། །རི་མགོ་མཐོན་པོ་ཞིག་གི་རྩེར། །ཕྱིན་ནས་ཕྱོགས་མཚམས་ཀུན་མཐོང་ཚེ། །སེམས་ལ་དགའ་བདེ་འཆར་བ་བཞིན། །མ་རིག་ཉོན་མོངས་དབང་དུ་སོང་། །འཁོར་བར་ཡུན་རིང་འཁྱམས་པའི་མི། །བླ་མས་ཁྲིད་བྱས་ཆོས་རྣམས་ཀྱི། །གནས་ལུགས་ཐོག་མར་ཤེས་པའི་ཚེ། །སེམས་ལ་དགའ་བདེ་སྐྱེ་བར་འགྱུར། །འདི་ཐོས་རྒྱུད་ལ་ཕན་པར་ཤོག །ཆོས་རྒྱལ་ཞབས་ལ་མགོས་ཕྱག་འཚལ། །འོད་གསལ་མཐོང་བར་བྱིན་གྱིས་རློབས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བེའུ་ཕུར་ཐང་དུ་བརྡབས་པ་བཞིན། །ལུས་པོ་གཡོ་འགུལ་མེད་པར་སྡོད། །ལོགས་བྲིས་ལྷ་སྐུའི་སྤྱན་ཕྱེ་བཞིན། །མིག་གཉིས་འབྱེད་སུམ་མེད་པར་ཞོག །རས་བལ་ཐང་ལ་བརྡལ་བ་བཞིན། །ཤེས་པ་ལྷོད་ཀྱིས་གློད་ལ་ཞོག །བཞག་ཚེ་རྣམ་རྟོག་འགག་ཤུལ་ན། །སྤྲིན་མེད་མཁའ་ལྟར་གསལ་སང་ངེ་། །དྲི་མེད་ཤེལ་ལྟར་ཟང་ཐལ་ལེ། །འདུག་པ་དེ་ཀ་དོན་དམ་པའི། །འོད་གསལ་རྫོགས་ཆེན་ལྟ་བ་ཡིན། །དེ་ཡི་ངང་ལ་མཉམ་པར་ཞོག །མཁའ་ལྟར་
དག་པའི་འོད་གསལ་ཏེ། །བྱིང་རྨུགས་གཉིས་དང་མི་ནོར་ཡང་། །དྭངས་ལ་མི་རྟོག་བསམ་གཏན་དང་། །ནོར་ཉེན་ཆེ་བས་ནོར་མི་རུང་། །བཟང་ངན་རྣམ་རྟོག་ལངས་པའི་དུས། །རྣམ་རྟོག་ཕྱིར་དུ་ཕར་མ་རྒྱུགས། །ཚུར་ལ་བཀུག་ནས་ངོ་མ་བལྟ། །གང་ཡང་བྱ་རྩོལ་མ་བྱེད་པར། །ཤེས་པ་ལྷོད་ཀྱིས་གློད་ལ་ཐོངས། །རྣམ་རྟོག་རང་སར་ཞི་བར་འགྱུར། །ཡུན་རིང་མཉམ་པར་བཞག་པའི་ཚེ། །དཔེར་ན་ཆུ་རྙོག་དྭངས་པ་ན། །སྣ་ཚོགས་གཟུགས་བརྙན་འཆར་བ་བཞིན། །སེམས་ཉིད་ཇེ་དྭངས་ཇེ་གསལ་དུ། །སོང་ནས་སྤྱན་དང་མངོན་ཤེས་སོགས། །ཡོན་ཏན་མང་པོ་འབད་མེད་འཆར། །ཨོ་རྒྱན་དངོས་སུ་བྱོན་ན་ཡང་། །རྫོགས་ཆེན་ལྟ་བ་དེས་ལྷག་མེད། །ཀློང་ཆེན་རབ་འབྱམས་བྱོན་ན་ཡང་། །རྣམ་རྟོག་ལམ་འཁྱེར་དེས་ལྷག་མེད། །རྗེ་འབངས་ཉེར་ལྔ་བྱོན་ན་ཡང་། །ཉམས་མྱོང་གསུང་རྒྱུ་དེས་ལྷག་མེད། །རྣལ་འབྱོར་ང་ཡང་ཉལ་བ་དང་། །འགྲོ་ཡང་བསྒོམ་རྒྱུ་དེས་ལྷག་མེད། །སོ་སོར་རྟོག་པས་དཔྱད་ན་ཡང་། །རླུང་གིས་སྤྲིན་གཏོར་མཁའ་མཐོང་བཞིན། །སེམས་ཉིད་སྟོང་གསལ་དེ་ཀ་མཐོང་། །དེ་ལས་ལྷག་
ཅིག་མཐོང་རྒྱུ་མེད། །མ་དཔྱད་རང་བབས་བཞག་ན་ཡང་། །ཆུ་མ་རྙོག་ན་དྭངས་པ་བཞིན། །སེམས་ཉིད་སྟོང་གསལ་དེ་ཀ་མཐོང་། །དེ་ལས་ལྷག་ཅིག་མཐོང་རྒྱུ་མེད། །ལྟ་བ་རྣམ་གྲངས་མང་ན་ཡང་། །སེམས་ཉིད་སྟོང་གསལ་འཛིན་མེད་འདི། །རྫོགས་ཆེན་ལྟ་བ་འཁྲུལ་མེད་ཡིན། །རྣལ་འབྱོར་པ་དེ་འཆི་བའི་ཚེ། །འཆི་བ་འོད་གསལ་ཟིན་པར་འགྱུར། །འདི་ཐོས་རྒྱུད་ལ་ཕན་ཐོགས་ནས། །འོད་གསལ་མངོན་དུ་འགྱུར་བར་ཤོག །ཆོས་ཀྱི་རྒྱལ་པོར་མགོས་ཕྱག་འཚལ། །ཆོས་རྣམས་ནམ་མཁའི་འཇའ་སྤྲིན་བཞིན། །སྣང་ཡང་རང་བཞིན་མ་གྲུབ་སྟོང་། །འཇའ་སྤྲིན་ནམ་མཁའི་ཆོ་འཕྲུལ་བཞིན། །ཆོས་རྣམས་རིག་པའི་ཆོ་འཕྲུལ་ཡིན། །རིག་པའི་ངོ་བོ་སྟོང་བ་ཡིན། །སྟོང་སང་ནམ་མཁའ་ཡངས་པ་འདྲ། །དེ་ལ་མཉམ་པར་འཇོག་པའི་དུས། །ཐོག་མར་རང་རིག་ཐིག་ལེ་ཞིག །རྣམ་པར་སྙིང་གར་གནས་པར་བསྒོམ། །ལུས་ལས་འོད་ཟེར་དཔག་མེད་འཕྲོས། །སྣོད་བཅུད་ལ་ཕོག་མ་དག་སྦྱངས། །འོད་དུ་ཞུ་ནས་རང་ལ་ཐིམ། །རང་ལུས་འོད་ཞུ་སྙིང་ག་ཡི། །ཐིག་ལེ་ལ་ཐིམ་
ཐིག་ལེ་དེ། །དཔེར་ན་སྐྱེན་པོས་མདའ་འཕངས་བཞིན། །ཕཊ྄་ཀྱིས་ནམ་མཁར་ཡར་ལ་འཕངས། །མཁའ་ལ་འཇའ་ཚོན་ཡལ་བ་ལྟར། །ཐིག་ལེ་ནམ་མཁར་ཡལ་ནས་འདྲེས། །ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། །ཆོས་སྐུ་ཁྱབ་གདལ་ངང་དུ་གློད། །གློད་འཕྲོ་ཀྱི་ལི་མེ་རེ་སྡོད། །ཡུན་རིང་བར་དུ་འདུག་ཐུབ་ལྟོས། །དེ་ལས་ལངས་ནས་རྗེས་ཐོབ་དུས། །མཁའ་ལ་འཇའ་ཚོན་འཐེན་པ་བཞིན། །རང་རིག་སྟོང་གསལ་ཡངས་པ་རུ། །སྣོད་རྣམས་ཐམས་ཅད་དག་པའི་ཞིང་། །བཅུད་རྣམས་ལྷ་དང་ལྷ་མོར་དམིགས། །གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་སུ། །རང་ཉིད་སོང་ནས་སངས་རྒྱས་ལ། །མཇལ་ཞིང་དམ་ཆོས་ཉན་པར་བསྒོམ། །གཞན་ཡང་རང་ཉིད་སེང་གེ་དང་། །ཉི་མ་ཟླ་བའི་སྟེང་དུ་བསྡད། །ནམ་མཁར་གྱེན་དུ་འགྲོ་བ་དང་། །རི་བྲག་རྣམས་ལ་ཐལ་བྱུང་དུ། །ཕུག་ནས་ཕར་འགྲོ་ཚུར་འགྲོ་དང་། །རང་ལུས་ལྷ་ཡི་སྐུ་རུ་བསྒོམ། །གཅིག་ལས་མང་པོར་སྤྲུལ་བ་དང་། །མང་པོ་གཅིག་ལ་སྡུད་པ་དང་། །གཅིག་ནས་གཅིག་ཏུ་གནས་ཡང་བསྒྱུར། །འདི་ནི་
ཀུན་མཁྱེན་ཆོས་རྒྱལ་གྱིས། །ཉིན་ཞིག་གསུང་གི་ཞོར་ཞིག་ལ། །ཁྱོད་ཀྱིས་ལྟ་བ་སྐྱོང་དུས་སུ། །སྐབས་རེ་འདི་ལྟར་གྱིས་ཤིག་དང་། །དགོས་པ་དུ་མ་ཡོད་དོ་གསུངས། །བརྗེད་ཀྱིས་དོགས་ནས་ཡི་གེར་བྲིས། །མཐོང་ཐོས་རྒྱུད་ལ་ཕན་པར་ཤོག །ཐུགས་ཆོས་སྐུའི་མཁའ་ལས་མ་གཡོས་བཞིན། །སྐུ་རབ་མཛེས་འོད་གསལ་ཉི་མ་ཤར། །བུ་བདག་གཞན་པད་ཚལ་ལེགས་སྐྱོང་བའི། །མཚན་སྙན་པ་ངག་དབང་ཝང་ལ་འདུད། །སྤྱིར་ལྟ་བ་འཚོལ་ཚུལ་མང་ན་ཡང་། །ནང་སེམས་སྟེང་ལྟ་བ་འཚོལ་བའི་ཚེ། །ཁྱོད་ནམ་མཁའ་འདི་ལ་དཔེ་ལོངས་ལ། །ད་མཐའ་དབུས་མེད་པའི་ལྟ་བ་ཚོལ། །སྤྱིར་སྒོམ་པ་བསྒོམ་ཚུལ་མང་ན་ཡང་། །ནང་སེམས་ཉིད་འོད་གསལ་བསྒོམ་པའི་ཚེ། །ཁྱོད་ཉི་ཟླ་འདི་ལ་དཔེ་ལོངས་ལ། །ད་གསལ་འགྲིབ་མེད་པའི་སྒོམ་ཞིག་རྒྱོབ། །སྤྱིར་སྤྱོད་པ་སྤྱོད་ཚུལ་མང་ན་ཡང་། །ནང་ལྟ་སྒོམ་བོགས་འབྱིན་སྤྱོད་པའི་སྐབས། །ཁྱོད་སྐྱི་བསེར་རླུང་འདིར་དཔེ་ལོངས་ལ། །ད་ངོས་གཟུང་མེད་པའི་སྤྱོད་པ་གྱིས། །སྤྱིར་འབྲས་བུ་ཐོབ་ཚུལ་མང་ན་ཡང་། །ནང་ལྟ་
སྒོམ་སྤྱོད་གསུམ་མཐར་ཕྱིན་འབྲས། །དཔེ་སྤྲིན་མེད་མཁའ་ལ་ཉི་ཤར་འདྲ། །རང་གཞན་དོན་ལྷུན་གྲུབ་འབྲས་བུ་ཐོབ། །གླུ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས། །རི་རྨ་ཆེན་མགུལ་ནས་རང་ལ་བླངས། །འདི་མཐོང་དང་ཐོས་ཚད་དད་ཅན་གྱི། །ནང་སེམས་ལ་ཕན་ཐོགས་འབྱུང་བར་ཤོག །དྲིན་ཅན་བླ་མ་ཆོས་རྒྱལ་ཝང་ལ་འདུད། །རི་ཁྲོད་འགྲིམ་པའི་བྱ་བཏང་སྒོམ་ཆེན་ཨང་། །ཁྲག་རུལ་རྣག་རུལ་བསགས་པའི་རྨ་རུལ་ལ། །ཐུག་གང་རེག་གང་མི་འཇུག་བྱིས་པ་བཞིན། །ལས་ཉོན་སྡུག་བསྔལ་རྩ་བ་སེམས་ཉིད་ལ། །རྟོག་དཔྱོད་མི་བྱེད་ཧོན་ནེ་བསྡད་ན་འཕུང་། །ཟ་བྱིན་པགས་པ་གྱོང་པོ་ཐར་བཅད་ནས། །པགས་མཉེད་མཁས་པས་མཉེས་པའི་དཔེ་བཞིན་དུ། །ཚོགས་གསོག་བྱེད་བཞིན་སེམས་ཉིད་གྱོང་པོ་ཁོ། །ལུང་རིག་བརྒྱ་ཕྲག་སྤྲོས་ལ་བདར་ཤ་ཆོད། །མཉེད་འོང་ཚར་ནས་མཉེ་བ་ངལ་བའི་རྒྱུ། །འོན་ཀྱང་ཆུ་ཐིགས་ལྷུང་ན་མཉེ་དགོས་བཞིན། །བདར་ཤ་ཆོད་ནས་དཔྱད་པ་ངལ་བའི་རྒྱུ། །འོན་ཀྱང་ཆགས་ཞེན་བྱུང་ན་དཔྱད་འཇོག་བཟང་། །ཁྱི་རྒན་ཁ་སྒོར་གང་བྱུང་ཟ་བ་བཞིན། །མི་རྟོག་ཐམས་ཅད་བསྒོམ་
དུ་བཟུང་ན་འཕུང་། །ངང་བས་ཆུ་ལས་འོ་མ་ལེན་པ་བཞིན། །རྟོག་མེད་སྟོང་གསལ་ཟང་ཐལ་རྗེན་པ་སྐྱོངས། །གླུ་འདི་ཉིན་ཞིག་རང་ལ་ཕན་ཕྱིར་བླངས། །ཐོས་ཚད་རྣམས་ཀྱི་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོ་གཏན་གྱི་སྐྱབས། །སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །སེམས་ཉིད་ནམ་མཁའ་ས་གཞི་དང་། །རྒྱ་མཚོ་བཞིན་དུ་རྒྱ་ཆེ་བའི། །རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །གངས་ཅན་བོད་ཀྱི་གླུ་དབྱངས་མཁན། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཤོག་དྲིལ་བཞིན་དུ་སེམས་ཀུམ་པ། །བླ་མའི་ཐབས་མཁས་གདམས་ངག་གིས། །དབེན་པར་བསྡད་ནས་བདར་ཤ་བཅད། །ཀམ་ཀུམ་མེད་པར་ཐར་བཅད་ནས། །ད་ནི་བདར་ཤ་ཆོད་ཡག་རེད། །ནམ་ཞིག་མཉམ་པར་བཞག་ན་ཡང་། །གང་ཞིག་ཅིག་ལ་ལྷོད་ལྷོད་ལྷོད། །ཕྱམ་ཕྱམ་མེ་རེ་རེ་བྱེད་གདའ། །འཁོར་བ་ཟེར་བའི་འཇིགས་པོ་ཆེ། །སྤང་མ་དགོས་པར་རྒྱན་དུ་ཤར། །སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །བཙལ་མ་དགོས་པར་རང་ལས་བྱུང་། །སྟོང་ཉིད་བསྒོམས་པས་སྙིང་རྗེ་ཁོ། །བསྒོམ་མ་དགོས་པར་ཤུགས་
ཀྱིས་སྐྱེས། །གཉིས་ཀ་མ་བུ་བཞིན་དུ་གདའ། །ངོ་མཚར་རྨད་བྱུང་སྐལ་བ་བཟང་། །རྫོགས་ཆེན་རྣལ་འབྱོར་གསར་པ་ཚོ། །དབེན་པར་རྫོགས་ཆེན་སྒོམ་པའི་དུས། །ཐོག་མར་སེམས་ཀྱི་རྩད་གཅོད་གྱིས། །སྐྱེ་མེད་སྟོང་པར་ཁོ་ཐག་ཆོད། །གཅོད་མཁན་དེ་ཡང་སེམས་ཡིན་པས། །རང་བཞིན་གྲུབ་པ་ཨེ་འདུག་ལྟོས། །བལྟས་པས་ཅི་ཡང་མི་མཐོང་ཚེ། །སྤྲོས་པ་མང་པོའི་ཁ་དགོས་མེད། །མ་མཐོང་བ་དེའི་ངང་དུ་སྐྱུར། །བསྐྱུར་ཚེ་ས་ལེ་སང་ངེ་བ། །ཧྲིག་གེ་རྗེན་ནས་ཡེ་རེ་བ། །བསྒོམ་མེད་རྫོགས་ཆེན་ལྟ་བ་ཡིན། །ཡེངས་མེད་སྐྱོངས་དང་ཨེ་མ་ཧོ། །གླུ་འདི་ཐོས་ཚད་རྫོགས་ཆེན་པ། །གསར་བུ་རྣམས་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལུས་པོ་གཡོ་འགུལ་མེད་པར་སྡོད། །ངག་གིས་སྨྲ་བ་ཐམས་ཅད་ཆོད། །མིག་གཉིས་མ་བཙུམ་ཧྲིག་གེ་ཞོག །ཁ་རླུང་ཤུགས་ཆུང་དལ་བར་གྱིས། །སེམས་ཀྱིས་སྣང་གྲག་གང་ལ་ཡང་། །འདི་ཞེས་འཛིན་པ་མེད་པར་ཞོག །ལུས་ངག་ཡིད་གསུམ་ཁོང་ལྷོད་ནས། །སོས་དལ་ལྷན་ནེ་བསྡད་པའི་ཚེ། །རྣམ་རྟོག་མེད་པར་
ཀྱི་ལེར་གནས། །གང་ཡང་མི་མཐོང་བརྗོད་མི་ཤེས། །ས་ལེ་སང་ངེ་ཧྲིག་གེ་བ། །སྤྲིན་མེད་སྟོན་གྱི་མཁའ་འདྲ་བ། །སེམས་ཀྱི་གནས་ལུགས་རྗེན་པ་ཡིན། །དེ་ཡི་ངང་ལ་གནས་པར་གྱིས། །འདི་ཐོས་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཨེ་མ་སྐལ་ལྡན་སློབ་མ་རྣམས། །ལུས་པོ་འགུལ་མེད་ཅོག་གེ་ཞོག །ངག་གི་སྨྲ་མེད་ཅོག་གེ་ཞོག །སེམས་ཉིད་རྟོག་མེད་ཅོག་གེ་ཞོག །ཅོག་བཞག་གསུམ་གྱི་སྒོ་ནས་སེམས། །གནས་ལུགས་ཇི་བཞིན་མཐོང་བར་འགྱུར། །རྣམ་རྟོག་བྱུང་ན་གླང་པོ་ཆེར། །ཚེར་མ་ཟུག་ཀྱང་རྩོལ་མེད་བཞིན། །རྟོག་མེད་ཧད་དེ་ཕྱད་དེ་ཞོག །བཞག་ན་ཆུ་རྙོག་དྭངས་པ་ན། །ཆུ་ཡིས་རང་མདོག་སྟོན་པ་བཞིན། །ཕྲ་རགས་རྣམ་རྟོག་ཀུན་འགགས་ཚེ། །གསལ་སྟོང་བདེ་ཉམས་ཤུགས་ཀྱིས་འཆར། །ཤར་བ་དེ་ནི་འགག་མི་དགོས། །གསལ་སྟོང་བདེའོ་སྙམ་པ་ཞིག །བྱུང་ན་དེ་ཀ་རྣམ་རྟོག་ཡིན། །རྣམ་རྟོག་དེ་ཀ་བོར་ལ་ཐོངས། །དུས་དང་རྣམ་པ་ཐམས་ཅད་དུ། །རྣམ་རྟོག་ཕྲ་རགས་གང་སྐྱེས་བོར། །བསྒོམ་མེད་ཧད་དེ་ཕྱད་དེ་སྡོད། །
སེམས་ངོ་གསལ་སྟོང་འདིའོ་ཞེས། །བློ་ཡི་གཏད་ས་ཞིག་བྱུང་ན། །དེ་ཡང་རྣམ་རྟོག་ཡིན་པས་ན། །དེ་ཀ་རང་སར་ཞི་བར་གྱིས། །གནས་འདུག་འཕྲོས་བཞག་སྙམ་པ་ཞིག །བྱུང་ན་དེ་ཀ་རྣམ་རྟོག་ཡིན། །དེ་ཡང་རང་སར་ཞི་བར་གྱིས། །བྱིང་རྒོད་དབང་དུ་ཨེ་སོང་དང་། །ཨེ་འགྲོ་སྙམ་པ་ཞིག་སྐྱེས་ཀྱང་། །དེ་ཡང་རྣམ་རྟོག་ཡིན་པས་ན། །དེ་ཀ་བོར་ལ་ལྷན་ནེར་སྡོད། །གཞན་ཡང་བཟང་ངན་སྣ་ཚོགས་ཀྱི། །ཉམས་སྣང་ཅི་བྱུང་དགག་མི་དགོས། །དེ་དང་འདི་བྱས་འཛིན་པ་ཞིག །བྱུང་ན་དེ་ཀ་རྣམ་རྟོག་ཡིན། །དེ་ཡང་ལིངས་ཀྱིས་བོར་ལ་ཐོངས། །རྣམ་རྟོག་ཕྲ་རགས་ཅི་བྱུང་ཡང་། །གཉེན་པོ་གཞན་ཅང་བཙལ་དགོས་མེད། །དྲན་རྟོག་མེད་པར་ཧད་དེ་ཞོག །རྣམ་རྟོག་རང་སར་ཞི་བར་འགྱུར། །མདོར་ན་རྣམ་རྟོག་བཟང་བོ་རྟས། །མི་ཁུག་པ་ཞིག་བྱུང་ཡང་བོར། །དུས་དང་རྣམ་པ་ཐམས་ཅད་དུ། །མི་རྟོག་ངང་དུ་ལྷན་ནེར་གནས། །གནས་ཚེ་དཔེར་ན་ཆུ་རྙོག་ཅིག །མ་རྙོག་བཞག་ན་ས་རྡུལ་དྭངས། །དྲི་མེད་ཆུ་ཡི་རང་མདོག་མཐོང་། །གཟུགས་བརྙན་སྣ་ཚོགས་འཆར་བ་ལྟར། །ཉོན་མོངས་རྣམ་པར་རྟོག་པ་
ཡིས། །སེམས་ཉིད་འོད་གསལ་བསླད་འདུག་པས། །ཕྲ་རགས་རྣམ་རྟོག་ཐམས་ཅད་བོར། །མི་རྟོག་ངང་དུ་ལྷན་ནེ་གནས། །བསྡད་ན་རྣམ་རྟོག་ཀུན་ཞི་ཚེ། །ཀ་དག་སེམས་ཉིད་འོད་གསལ་མཐོང་། །ཉམས་སྣང་རྣམ་པ་སྣ་ཚོགས་འབྱུང་། །འདི་ཐོས་རྒྱུད་ལ་ཕན་པར་ཤོག །ཆོས་ཀྱི་རྒྱལ་པོར་གུས་པས་འདུད། །སེམས་ལ་འཁོར་འདས་ཀུན་རྫོགས་པའི། །རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཚོགས་དྲུག་རང་གྲོལ་ཞེས་བྱ་ངས། །དོན་དམ་རྡོ་རྗེའི་གླུ་ཆུང་འཐེན། །ཨེ་མ་རང་གི་སེམས་ཉིད་ཀྱི། །ངོ་བོ་ཡེ་ནས་སྟོང་པ་ཉིད། །ཡ་ཀི་སངས་རྒྱས་ཞིང་ཁམས་ནས། །མ་ཀི་དམྱལ་བ་ཡན་ཆད་ལ། །སེམས་ཉིད་སྟོང་པས་ཁྱབ་པར་གདའ། །སྟོང་བ་ཉིད་ལ་མཐའ་དབུས་མེད། །མཐའ་བྲལ་ནམ་མཁའ་ཡངས་པ་འདྲ། །འཁོར་འདས་ཆོས་རྣམས་མ་ལུས་པ། །ཐམས་ཅད་སེམས་ཀྱི་ནང་ན་གནས། །གནས་པའི་འཁོར་འདས་ཆོས་རྣམས་ཀུན། །སྣང་ཙམ་མ་གཏོགས་ངོ་བོ་སྟོང་། །སྣང་སྟོང་ཆུ་ནང་ཟླ་གཟུགས་འདྲ། །བདེ་བ་ཅན་དང་དམྱལ་བ་གཉིས། །རྣམ་པ་བཟང་ངན་ལྟར་སྣང་ཡང་། །ངོ་བོ་
སྟོང་པ་བཟང་ངན་མེད། །དེ་ལྟར་ཡེ་ནས་ཡིན་པ་ལ། །ཡིན་པར་ཤེས་ནས་དེའི་ངང་ལ། །ཡང་ཡང་བདག་གིས་གོམས་པའི་མཐུས། །ད་ནི་སྲིད་ཞིའི་སྤང་བླང་བྲལ། །མྱང་འདས་ཐོབ་ཀྱང་དགའ་རྒྱུ་མེད། །ཞི་བར་གནས་ལ་དགོས་པ་ཆུང་། །འཁོར་བར་འཁྱམས་ཀྱང་སྡུག་རྒྱུ་མེད། །དགའ་བཞིན་འགྲོ་དོན་བྱས་ན་འཚེངས། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །ཕ་མར་མ་གྱུར་གཅིག་ཀྱང་མེད། །ཐམས་ཅད་དྲིན་ཅན་ཤ་སྟག་ཡིན། །ད་ནི་དྲིན་ལན་འཇལ་བའི་ཕྱིར། །མ་གྱུར་འགྲོ་བའི་དོན་ལ་འཇུག །སེམས་ཉིད་གནས་ལུགས་ཇི་བཞིན་རྟོགས། །འབྲལ་མེད་སྐྱོང་བའི་རྣལ་འབྱོར་ངའི། །སེམས་ཉིད་སྟོང་གསལ་ཆོས་སྐུ་ཡིན། །ད་ལྟའི་སྒྱུ་ལུས་གཟུགས་སྐུ་ཡིན། །ཆོས་སྐུའི་ངང་ལས་མ་གཡོས་བཞིན། །གཟུགས་སྐུས་འགྲོ་བའི་དོན་ལ་བརྩོན། །ནམ་ཞིག་སྒྱུ་ལུས་གཟུགས་ཀྱི་སྐུ། །འཆི་བ་འོད་གསལ་ཆོས་སྐུར་བསྡུ། །ཆོས་སྐུའི་དབྱིངས་ལས་གཟུགས་སྐུར་ལྡང་། །སླར་ཡང་འགྲོ་དོན་དཔག་མེད་བྱེད། །གནས་ལུགས་རྟོགས་པའི་རྣལ་འབྱོར་ང་། །འཁོར་བར་ཁོར་ཡུག་འཁྱམས་ན་ཡང་། །ཉམ་ང་བག་ཚ་སྤུ་
ཙམ་མེད། །སྐུ་གསུམ་འཁོར་ལོ་བསྐོར་བ་ཡིན། །འཆི་བ་འོད་གསལ་ཆོས་སྐུ་ཡིན། །བར་དོའི་སྒྱུ་ལུས་ལོངས་སྐུ་ཡིན། །སྐྱེ་བ་ལེན་པ་སྤྲུལ་སྐུ་ཡིན། །ད་ནི་སྐུ་གསུམ་འཁོར་ལོ་བསྐོར། །མ་གྱུར་འགྲོ་བའི་དོན་ལ་བརྩོན། །དཔེར་ན་སྒྱེ་ཞབས་རྡུལ་སྤྲུགས་བཞིན། །འཁོར་བ་དོང་ནས་མ་སྤྲུགས་བར། །འགྲོ་བའི་དོན་ལ་བརྩོན་པར་སྨོན། །སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཐུགས་མཁའ་ལྟར་སྟོང་ཞིང་ཤེལ་ལྟར་དྭངས། །རང་སེམས་ངོ་སྤྲོད་པའི་ཆོས་རྒྱལ་ལ། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །སེམས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སྤྲིན་དཀར་ནག་འཇའ་ཚོན་རི་མོ་གསུམ། །དུས་དང་པོ་བྱུང་ཀྱང་མཁའ་ལས་བྱུང་། །དུས་བར་དུ་གནས་ཀྱང་མཁའ་ལ་བརྟེན། །མཐར་ཐིམ་ཡང་མཁའ་ལ་ཐིམ་པར་འགྱུར། །འོད་འོད་ཟེར་འོད་ཀྱི་གུར་ཁང་གསུམ། །དུས་དང་པོ་བྱུང་ཀྱང་ཉི་ཟླས་བྱུང་། །དུས་བར་དུ་གནས་ཀྱང་ཉི་ཟླར་བརྟེན། །མཐར་ཐིམ་ཡང་ཉི་ཟླར་ཐིམ་པར་འགྱུར། །མདོག་རབ་མཛེས་མེ་ཏོག་རྩི་ཤིང་གསུམ། །དུས་དང་པོ་བྱུང་ཡང་རི་ལས་
བྱུང་། །དུས་བར་དུ་གནས་ཀྱང་རི་ལ་བརྟེན། །མཐར་ཐིམ་ཡང་རི་ལ་ཐིམ་པར་འགྱུར། །རླབས་ཆེན་པོ་ཆུང་ངུ་ཆུ་བུར་གསུམ། །དུས་དང་པོ་བྱུང་ཡང་མཚོ་ལས་བྱུང་། །དུས་བར་དུ་གནས་ཀྱང་མཚོ་ལ་བརྟེན། །མཐར་ཐིམ་ཡང་མཚོ་ལ་ཐིམ་པར་འགྱུར། །ཕྱི་སྣང་གྲག་ནང་གི་རྣམ་རྟོག་གསུམ། །དུས་དང་པོ་བྱུང་ཡང་སེམས་ལས་བྱུང་། །དུས་བར་དུ་གནས་ཀྱང་སེམས་ལ་བརྟེན། །མཐར་ཐིམ་ཡང་སེམས་སུ་ཐིམ་པར་འགྱུར། །ཆོས་ཐམས་ཅད་རང་གི་སེམས་ཀྱི་འཕྲུལ། །སེམས་སྟོང་གསལ་ངང་ལ་མཉམ་པར་ཞོག །གཞན་མ་རྟོགས་འགྲོ་ལ་སྙིང་རྗེ་སྒོམས། །སེམས་བསྐྱེད་ལ་རྒྱལ་སྲས་སྤྱོད་པ་སློབས། །གླུ་འདི་ཡང་རང་ལ་ཨེ་ཕན་ཕྱིར། །རི་གངས་དཀར་རྨ་ཆེན་མགུལ་ནས་བླངས། །དགེ་འདིས་ཀྱང་རང་གཞན་ལ་ཕན་ནས། །སེམས་སྐྱེ་མེད་ཆོས་སྐུ་མངོན་འགྱུར་ཤོག །ཐུགས་མཁའ་ལྟར་སྟོང་ཞིང་རབ་ཏུ་ཡངས། །ཕ་མ་ལྟར་དྲིན་ཆེ་ཆོས་རྒྱལ་ཝང་། །མགོའི་ཞྭ་ལྟར་སྤྱི་བོའི་རྒྱན་དུ་བཞུགས། །བུས་དྲན་ལྟར་འདུད་དོ་བྱིན་གྱིས་རློབས། །རྗེ་མི་ལ་སྐལ་ལྡན་རྒྱ་མཚོ་སོགས། །རྗེ་གོང་མའི་རྣམ་ཐར་རྗེས་
ཞུགས་ནས། །རྗེ་རྨ་ཆེན་བཞུགས་གནས་གངས་རི་ནས། །རྗེ་ཆོས་རྒྱལ་བུ་ངས་གླུ་ཆུང་ལེན། །ཁྱོད་ནམ་མཁའ་ཡངས་པར་དཔེ་ཞོག་ལ། །སེམས་མཐའ་དབུས་མེད་པའི་སྒོམ་ཞིག་རྒྱོབ། །ནང་རྣམ་རྟོག་ལྷོ་སྤྲིན་ལྟར་འཁྲིགས་ཀྱང་། །སེམས་ནམ་མཁའ་བཞིན་དུ་བདེ་མོར་བཞུགས། །ཁྱོད་འོད་གསལ་ཉི་མར་དཔེ་ཞོག་ལ། །སེམས་གསལ་འགྲིབ་མེད་པའི་སྒོམ་ཞིག་རྒྱོབ། །ནང་རྣམ་རྟོག་ཉི་ཟེར་ལྟར་འཕྲོ་ཡང་། །སེམས་ཉི་མ་བཞིན་དུ་བདེ་མོར་བཞུགས། །ཁྱོད་རྨ་ཆེན་རི་ལ་དཔེ་ཞོག་ལ། །སེམས་གཡོ་འགུལ་མེད་པའི་སྒོམ་ཞིག་རྒྱོབ། །ནང་རྣམ་རྟོག་རྩི་ཤིང་ལྟར་སྐྱེ་ཡང་། །སེམས་རི་བོ་བཞིན་དུ་བདེ་མོར་བཞུགས། །ཁྱོད་རྒྱ་མཚོ་ཆེན་པོར་དཔེ་ཞོག་ལ། །སེམས་ཁ་གཏིང་མེད་པའི་སྒོམ་ཞིག་རྒྱོབ། །ནང་རྣམ་རྟོག་རྦ་རླབས་ལྟར་འཁྲུགས་ཀྱང་། །སེམས་རྒྱ་མཚོ་བཞིན་དུ་བདེ་མོར་བཞུགས། །གླུ་སྔོན་ཆད་མང་པོ་མང་པོ་བླངས། །གླུ་ལེན་ལ་ཤིན་ཏུ་ཤིན་ཏུ་དགའ། །གླུ་འདི་ཡང་ལྷང་ངེ་ལྷང་ངེ་བླངས། །གླུ་ཐོས་ཚད་ཇེ་སྐྱིད་ཇེ་སྐྱིད་ཤོག །ཅེས་པ་འདི་རྣམས་ཀྱང་ཚོགས་དྲུག་རང་གྲོལ་གྱིས་བླངས་
པའོ། །ཆོས་རྒྱལ་ཞབས་ལ་མགོས་ཕྱག་འཚལ། །རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །གངས་ཅན་ཁྲོད་ཀྱི་གླུ་དབྱངས་མཁན། །རི་བ་ཚོགས་དྲུག་རང་གྲོལ་ངས། །རེས་འགའ་ནམ་འཆི་ཆ་མེད་བསྒོམས། །ནམ་འཆི་ཆ་མེད་སྒོམ་ཙ་ན། །འཆི་བདག་ཐག་ཉེར་སླེབས་པ་འདྲ། །ཅི་དྲག་སྙམ་པས་བློ་སྣ་ཐུང་། །རེས་འགའ་འཁོར་བའི་ཉེས་དམིགས་བསྒོམས། །འཁོར་བའི་ཉེས་དམིགས་སྒོམ་ཙ་ན། །ཉེས་ཅན་བཙོན་རར་ཆུད་པ་འདྲ། །བདེའོ་སྙམ་པ་ཅུང་ཟད་མེད། །རེས་འགའ་འགྲོ་ལ་སྙིང་རྗེ་བསྒོམས། །འགྲོ་ལ་སྙིང་རྗེ་སྒོམ་ཙ་ན། །བུ་ཆུང་ན་བའི་ཨ་མ་འདྲ། །ཅུང་ཟད་ཡལ་བར་འདོར་སྙམ་མེད། །རེས་འགའ་བླ་མར་གསོལ་བ་བཏབ། །བླ་མར་གསོལ་བ་འདེབས་ཙ་ན། །ཁྱེའུས་ཕ་མ་འབོད་པ་འདྲ། །རྗེས་སུ་མི་འཛིན་དོགས་པ་མེད། །རེས་འགའ་ཡི་དམ་བསྐྱེད་རིམ་བསྒོམས། །ཡི་དམ་བསྐྱེད་རིམ་སྒོམ་ཙ་ན། །འབག་བཟོ་མཁས་པས་འབག་བཞེངས་འདྲ། །བསྐྱེད་རིམ་ཟེར་བ་འདི་ཨང་སྙམ། །རེས་འགའ་གཏུམ་མོའི་བདེ་དྲོད་སྦར། །གཏུམ་མོའི་བདེ་དྲོད་སྦར་ཙ་ན། །ཇ་ཚ་དྲོ་གོས་གྱོན་པ་འདྲ། །དྲོ་
ཞིང་བདེ་བའི་ཉམས་དང་ལྡན། །རེས་འགའ་རྫོགས་ཆེན་ལྟ་བ་བསྒོམས། །རྫོགས་ཆེན་ལྟ་བ་སྒོམ་ཙ་ན། །ཁྱུང་ཆེན་མཁའ་ལ་ལྡིང་བ་འདྲ། །འཁོར་བའི་གཡང་ས་འཇིགས་པ་མེད། །རེས་འགའ་འོད་གསལ་ཐོད་རྒལ་བསྒོམས། །འོད་གསལ་ཐོད་རྒལ་སྒོམ་ཙ་ན། །འོག་མིན་ཞིང་དུ་སླེབས་པ་འདྲ། །མྱང་འདས་ཨེ་ཐོབ་རེ་བ་མེད། །རྣལ་འབྱོར་སེམས་མཁར་ཉམས་མྱོང་སྤྲིན། །འཁྲིགས་ཚེ་ཉམས་མགུར་ཆར་པ་བྱུང་། །ཐོས་ཚད་ཤེས་རྒྱུད་ཞིང་ས་བརླན། །ཉམས་རྟོགས་ལོ་ལེགས་འཁྲུང་བར་ཤོག །ཅེས་པ་འདི་ཡང་ཉམས་མྱོང་མེད་རུང་ཡོད་ཡོད་ལྟར་བླངས་པའོ། །ཆོས་རྒྱལ་ཞབས་ལ་གུས་ཕྱག་འཚལ། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །གང་ཤར་གླུ་དབྱངས་བླངས་ཚད་ཀུན། །འགྲོ་ལ་ཕན་པར་བྱིན་གྱིས་རློབས། །ཕྱེ་མ་ལེབ་ཀྱིས་རྒྱང་རིང་ནས། །ལྷབ་ལྷབ་བྱས་ཚེ་འགའ་ཞིག་གིས། །མཐོང་ནས་གཤོག་པ་ཀ་ཚོད་ཀྱི། །ལུས་པོ་ཅི་འདྲ་ཞིག་ཡོད་སྙམ། །བརྒྱུགས་ནས་དྲུང་དུ་སོང་ཙ་ན། །ཨ་མེ་ཡ་སྡེབ་ཆེ་གི་སྙམ། །འོན་ཀྱང་ལྟོས་དང་གཤོག་སྟེང་ན། །ངོ་མཚར་རི་མོ་སྣ་ཚོགས་
ཡོད། །རྐང་དྲུག་བུང་བས་རྒྱང་རིང་ནས། །སྒྲ་ཆེན་བསྒྲགས་ཚེ་འགའ་ཞིག་གིས། །ཐོས་ནས་སྒྲ་སྐད་ཀ་ཚོད་ཀྱི། །ལུས་པོ་ཅི་འདྲ་ཞིག་ཡོད་སྙམ། །བརྒྱུགས་ནས་དྲུང་དུ་སོང་ཙ་ན། །ཨ་མེ་ཡ་སྡེབ་ཆེ་གི་སྙམ། །འོན་ཀྱང་ལྟོས་དང་ལུས་པོ་ན། །ངོ་མཚར་ཐིག་ལེ་སྣ་ཚོགས་ཡོད། །རྣལ་འབྱོར་ང་ཡིས་རྒྱང་རིང་ནས། །གླུ་དབྱངས་འཐེན་ཚེ་འགའ་ཞིག་གིས། །གོ་ནས་མགུར་འབུམ་ཀ་ཚོད་ཀྱི། །ཉམས་རྟོགས་ཅི་འདྲ་ཞིག་ཡོད་སྙམ། །བརྒྱུགས་ནས་དྲུང་དུ་སོང་ཙ་ན། །ཨ་མེ་ཡ་སྡེབ་ཆེ་གི་སྙམ། །འོན་ཀྱང་ལྟོས་དང་མགུར་འབུམ་ན། །ངོ་མཚར་མགུར་མ་སྣ་ཚོགས་ཡོད། །མགུར་འབུམ་མཐོང་ཐོས་དྲན་རེག་དང་། །འབྲི་འདོན་ཀློག་འཆང་བྱེད་ཚད་ཀུན། །གནས་སྐབས་བདེ་ཞིང་སྐྱིད་པ་དང་། །མཐར་ཐུགས་སངས་རྒྱས་ཐོབ་པར་སྨོན། །སྨོན་བཞིན་མྱུར་དུ་འགྲུབ་གྱུར་ཅིག །སྨོན་བཞིན་འགྲུབ་ན་དགའ་བ་ལ། །སྨོན་བཞིན་འགྲུབ་ན་སྐྱིད་པ་ལ། །སྨོན་བཞིན་དཀོན་མཆོག་མཐུས་འགྲུབ་ཤོག །དེ་སྐད་སྨོན་པའི་དགེ་བ་དེས། །དེ་ཉིད་མ་རྟོགས་འགྲོ་བ་ཀུན། །ཀུན་ཏུ་བཟང་པོའི་གོ་འཕང་ལ། །ལ་འུར་སོན་པའི་
བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་བྲིས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱར་གང་ལ་གང་འཚམ་གྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་འཁོད་པའི་ནང་ཚན་ལས། ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གངས་རིའི་མགུལ་ནས་བཞེངས་པའི་སྐོར་རོ།།
བྲག་དཀར་སྤྲེལ་རྫོང་དང་ཀྱ་ཕུག་པདྨ་རྫོང་དང་ཟྭ་ལུང་སོགས་ནས་བཞེངས་པའི་སྐོར།
༈ བྲག་དཀར་སྤྲེལ་རྫོང་དང་ཀྱ་ཕུག་པདྨ་རྫོང་དང་ཟྭ་ལུང་སོགས་ནས་བཞེངས་པའི་སྐོར། དབུ་རྫོགས་ཕྱག་ཆེན་གཅོད་བརྒྱུད་བླ་མ་རྣམས། །དབུ་མའི་ཡར་སྣེ་སྤྱི་བོའི་རྒྱན་དུ་བཞུགས། །ཕུན་ཚོགས་ཚོགས་གཉིས་མཐར་ཕྱིན་སངས་རྒྱས་ཀྱི། །གསུང་རབ་རབ་འབྱམས་གདམས་པར་འཆར་དུ་གསོལ། །བྲག་དཀར་ཤེལ་དཀར་སྤུངས་འདྲའི་སྤྲེལ་རྫོང་ནས། །སེམས་དཀར་རྣམ་དཀར་དགེ་སྒྲུབ་རྣལ་འབྱོར་ངར། །ངེས་ངེས་ཁྲིག་ཁྲིག་ཉམས་མྱོང་མ་མཆིས་ཀྱང་། །ལེགས་ལེགས་འགྲིག་འགྲིག་ཉམས་མགུར་ལྷང་ལྷང་ལེན། །ཡང་དག་དག་སྣང་དད་གུས་ཤེས་རབ་ཅན། །བུ་རྣམས་རྣམ་དག་དད་པས་གླུ་འདིར་ཉོན། །བཀའ་འགྱུར་བསྟན་འགྱུར་བོད་ཀྱི་མཁས་གྲུབ་ཀྱིས། །བཀའ་འགྲེལ་བསྟན་བཅོས་བརྩམས་ལ་དཔེ་ལྟོས་གྱིས། །སངས་རྒྱས་གསུང་
ལ་ལན་གཅིག་མ་བལྟས་ན། །སངས་རྒྱས་བསྟན་ལ་མཇལ་བ་དགོས་པ་ཆུང་། །ཤེས་རབ་རྟ་ཕོར་ལེ་ལོའི་སྒྲོག་མ་རྒྱག །གསུང་རབ་དགོངས་འགྲེལ་ཐང་ལ་གཅིག་རྒྱུགས་ཨང་། །བཀའ་དང་བསྟན་བཅོས་བལྟས་ན་ཕན་ཡོན་ཆེ། །བཀའ་སྲུང་དམ་ཅན་རྒྱ་མཚོས་སྲུང་སྐྱོབ་མཛད། །ཡ་མཚན་ཆེ་བའི་མདོ་རྒྱུད་བསྟན་བཅོས་ལ། །ཉིན་མཚན་མེད་པར་དབེན་པ་བསྟེན་ལ་གཟིགས། །ཆོས་ཤེས་ཆོས་རྣམས་གཞན་ལ་འཆད་ཤེས་བཞིན། །ཆོས་མིན་ཆོས་པས་བྱས་ན་ལྟས་ངན་ཡིན། །ཐོས་པ་བྱས་པ་ཁོ་ནས་མ་ཚིམ་པར། །ཐོས་བསམ་སྒོམ་གསུམ་སྒོ་ནས་རང་རྒྱུད་ཐུལ། །གླུ་འདི་ཐོགས་མེད་བླངས་དགེས་འགྲོ་རྣམས་ཀྱི། །ཀླུ་སྒྲུབ་ཐོགས་མེད་རྣམ་ཐར་ཟིན་ཕྱིར་བསྔོ། །ཞེས་པ་འདི་ཡང་སློབ་བུ་ཡོངས་ལ་གངས་ཅན་བོད་ཀྱི་གླུ་དབྱངས་མཁན་ཚོགས་དྲུག་རང་གྲོལ་གྱིས་བྲག་དཀར་སྤྲེལ་རྫོང་ནས་སྨྲས་པའོ། །མ་བཞིན་བཞིན་མདངས་འཛུམ་ནས་ཕར་ཕྱིན་དང་། །མ་སྨིན་སྨིན་པར་བྱེད་པའི་གསང་སྔགས་དབང་། །མ་གྲོལ་གྲོལ་བྱེད་བསྐྱེད་རྫོགས་རྫོགས་ཆེན་ཁྲིད། །མ་ལུས་ལུས་མེད་གནང་མཁས་བླ་མར་འདུད། །བྲག་དཀར་དཀར་ཕྱོགས་ལྷ་གནས་སྤྲེལ་
རྫོང་ནས། །སེམས་དཀར་དཀར་ཆོས་སྒྲུབ་པའི་རྣལ་འབྱོར་ངས། །རྣམ་དཀར་དཀར་པོའི་དགེ་བསྐུལ་རྒྱང་གླུ་ལེན། །ལས་དཀར་དཀར་པོའི་སེམས་ཀྱིས་སྒྲུབ་རྣམས་ཉོན། །ཡ་མཚན་མཚན་ལྡན་བླ་མ་དམ་པ་ཡིས། །ཅི་གསུངས་གསུང་བཞིན་བསྒྲུབས་ན་རང་ཉིད་ཀྱིས། །ཅི་བསམས་བསམ་དོན་ཐམས་ཅད་ཆོས་བཞིན་དུ། །འགྲུབ་ངེས་ངེས་ཚིག་ཡིན་པས་གལ་ཆེ་ཨང་། །ནམ་ཡང་ཡང་ཡང་མི་རྙེད་མི་ཡི་ལུས། །ལུས་འདི་འདི་བཞིན་མི་རྟག་མྱུར་དུ་འཇིག །འཇིག་ཚེ་ཚེ་འདིའི་རྒྱུ་ནོར་ཟས་གསུམ་མི། །མི་ཕན་ཕན་ངེས་ཆོས་ཡིན་ཚེ་བློས་ཐོངས། །ལས་དཀར་དཀར་པོའི་སེམས་ཀྱིས་ལེགས་བསྒྲུབས་ན། །འོད་དཀར་དཀར་པོའི་ལམ་བརྒྱུད་གྱེན་དུ་འགྲོ། །ལས་ནག་ནག་པོའི་སེམས་ཀྱིས་བསྒྲུབ་གྱུར་ན། །མུན་ནག་ནག་པོའི་ལམ་བརྒྱུད་ཐུར་དུ་འགྲོ། །དཀར་ཆོས་ཆོས་མིན་མི་དགེ་གང་བྱས་ཀྱི། །རྣམ་སྨིན་སྨིན་པའི་ཚུལ་རྣམས་ཞིབ་ཏུ་སོམས། །དུས་ཀུན་ཀུན་ལ་གནོད་འཚེ་མ་བྱེད་པར། །ཅི་ཕན་ཕན་ཐོགས་མཛོད་དང་འདི་ཕྱིར་བདེ། །འཁོར་བ་པ་ལ་བདེ་བ་ཅུང་ཟད་མེད། །སྐྱབས་
མཆོག་མཆོག་གསུམ་བསྟེན་ལ་སྐྱབས་འགྲོ་རེམ། །གཏན་བདེ་བདེ་བ་ཅན་གྱི་ཞིང་ལ་སོགས། །རྣམ་དག་དག་ཞིང་ཞིག་ལ་ཡིད་སྨོན་གྱིས། །ཨ་མ་མ་བྱས་སེམས་ཅན་གཅིག་ཀྱང་མེད། །བྱས་ཚེ་ཚེ་འདིའི་མ་བཞིན་དྲིན་ཆེ་བའི། །ཕན་སེམས་སེམས་བསྐྱེད་མཛད་ནས་དུས་ཀུན་ཏུ། །ཅི་ཕན་ཕན་ཐོགས་བྱེད་པ་ཤིན་ཏུ་གཅེས། །མ་དག་དག་པའི་སྣང་བར་བསྒྱུར་མཛད་པའི། །བསྐྱེད་རྫོགས་རྫོགས་ཆེན་གདམས་པ་ཉམས་སུ་ལོངས། །བླངས་ན་ན་འཆིའི་དུས་སུ་འཇའ་འོད་སོགས། །གྲོལ་རྟོགས་རྟགས་བཟང་དང་བཅས་གཤེགས་པར་འགྱུར། །ཐུབ་བསྟན་བསྟན་འཛིན་བཞུགས་གནས་སྤྲེལ་རྫོང་ནས། །འདི་བླངས་བླངས་པའི་རྣམ་དཀར་དགེ་བའི་མཐུས། །རྒྱལ་བསྟན་བསྟན་འཛིན་ས་སྟེང་ཡུན་རིང་གནས། །འགྲོ་རྣམས་རྣམ་མཁྱེན་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ཡང་སློབ་བུ་འགྱུར་མེད་ཀྱིས་བསྐུལ་ངོར་གངས་ཅན་བོད་ཀྱི་གླུ་དབྱངས་མཁན་གྱིས་བྲག་དཀར་སྤྲེལ་རྫོང་ནས་སྨྲས་པའོ། །མཚན་ལྡན་གྱི་བླ་མ་སྤྱི་བོར་བཞུགས། །གུས་ལྡན་གྱི་གྲོགས་ལ་ཐུགས་རྗེས་གཟིགས། །དོན་ལྡན་གྱི་གླུ་དབྱངས་སྙན་མོ་ལ། །སྐལ་ལྡན་གྱི་གྲོགས་རྣམས་མ་ཡེངས་
ཉོན། །ཁྲིམས་ལྡན་གྱི་དམ་པའི་རྣམ་ཐར་བཞིན། །ཆོས་ལྡན་གྱི་བྱ་བ་བྱེད་འདོད་ན། །མཚན་ལྡན་གྱི་བླ་མ་ཚུལ་བཞིན་བསྟེན། །བརྒྱུད་ལྡན་གྱི་མདོ་སྔགས་གདམས་པ་ཉོན། །སྐྱོན་ལྡན་གྱི་ཡུལ་གྲོང་ནོར་རྫས་སྤོངས། །བྱིན་ལྡན་གྱི་རི་ཁྲོད་དབེན་པ་སྟེན། །བློ་ལྡན་གྱི་ཆོས་མཐུན་གྲོགས་དང་འགྲོགས། །འབྱོར་ལྡན་གྱི་མི་ལ་སྒྲུབ་རྒྱགས་སློངས། །བདེ་ལྡན་གྱི་ཞིང་དུ་སྐྱེ་རྒྱུ་སྒྲུབས། །སྡུག་ལྡན་གྱི་ངན་སོང་རྒྱུ་རྣམས་དོར། །སྣོད་ལྡན་གྱི་སློབ་མ་རྗེས་སུ་ཟུངས། །དད་ལྡན་གྱི་ཕོ་མོར་དམ་ཆོས་ཤོད། །རིགས་ལྡན་གྱི་གྲོགས་པོ་ཐམས་ཅད་ཀྱིས། །དོན་ལྡན་ཞིག་མི་ལུས་ཐོབ་དུས་མཛོད། །བསིལ་ལྡན་གྱི་བོད་ཡུལ་གླུ་བ་ངས། །དམ་ལྡན་གྱི་གྲོགས་ལ་ཕན་པའི་གླུ། །བྱིན་ལྡན་གྱི་སྤྲེལ་རྫོང་གནས་ནས་བླངས། །ཤེས་ལྡན་གྱི་འགྲོ་ལ་ཕན་པར་ཤོག །ཅེས་པ་འདི་ཡང་གྲོགས་པོ་ཡོངས་ལ་གངས་ཅན་བོད་ཀྱི་གླུ་དབྱངས་མཁན་གྱིས་བྲག་དཀར་སྦྲེལ་རྫོང་ནས་སྨྲས་པའོ། །དམིགས་མེད་བརྩེ་བ་དྲི་མེད་མཁྱེན་པ་ཅན། །མཚུངས་མེད་བླ་མར་ཟོལ་མེད་གུས་ཕྱག་འཚལ། །འཆད་མེད་ཐོགས་མེད་རྨ་ཆུའི་རྒྱུན་བཞིན་དུ། །འཛད་མེད་ངལ་
མེད་རྣལ་འབྱོར་གླུ་དབྱངས་འཐེན། །མི་མེད་དབེན་པའི་རི་ཁྲོད་ཉམས་དགའ་ན། །གྲོགས་མེད་གཅིག་པུར་འདུག་པའི་བྱ་བཏང་ཉོན། །བསླུ་མེད་བླ་མ་དཀོན་མཆོག་རིན་པོ་ཆེ། །འབྲལ་མེད་སྤྱི་བོའི་གཙུག་ཏུ་ཁུར་ཅིག་ཨང་། །འཁྲུལ་མེད་དམ་ཆོས་མཉམ་ཐོབ་གྲོགས་པོ་ལ། །སེལ་མེད་དད་གུས་དག་སྣང་གྱིས་ཤིག་ཨང་། །གྲངས་མེད་ཕན་བཏགས་མ་གྱུར་འགྲོ་རྣམས་ལ། །ཚད་མེད་སྙིང་རྗེ་བསྐྱེད་ལ་ཕན་ཐོགས་ཨང་། །ནོར་མེད་ལམ་བཟང་མདོ་རྒྱུད་མན་ངག་ལ། །ཡེངས་མེད་ཐོས་བསམ་ནན་ཏན་གྱིས་ཤིག་ཨང་། །དོན་མེད་ཚེ་འདིའི་བྱ་བ་བློས་ཐོངས་ལ། །གཡེལ་མེད་རྩེ་གཅིག་སྒོམ་ལ་བརྩོན་ཅིག་ཨང་། །དཔག་མེད་ཡོན་ཏན་གཞི་རྟེན་སྡོམ་པ་གསུམ། །ཉམས་མེད་སྲོག་ལས་གཅེས་པར་སྲུངས་ཤིག་ཨང་། །ཐོགས་མེད་ཨང་དྲུག་གླུ་དབྱངས་བླངས་པ་འདིས། །བྱར་མེད་ཚོགས་དྲུག་རང་གྲོལ་ལ་ཕན་ཤོག །རྨོངས་པ་བ་ལང་ལྟ་བུའི་བདག་བློ་ཆོས། །བསྒྱུར་མཁས་མཁས་བཙུན་བཟང་འཛོམ་བླ་མར་འདུད། །ཕན་ཐོགས་ཐོགས་ཚད་བྱེད་པའི་ཡོན་བདག་གིས། །ལྷ་ཆོས་ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །
གང་འདོད་འདོད་ལྟར་ཕངས་མེད་སྟེར་མཁན་གྱི། །ཡོན་བདག་བདག་གི་གླུ་དབྱངས་འདི་ལ་ཉོན། །མི་ལུས་ལུས་རྟེན་གཞན་ལས་ཁྱད་པར་འཕགས། །མི་རྙེད་རྙེད་དུས་ཆོས་གྱིས་ཡོན་བདག་ཨང་། །རྟག་འཛིན་འཛིན་ཆགས་ཆེ་ན་ཆོས་མི་དྲན། །མི་རྟག་རྟག་ཏུ་སོམས་ཤིག་ཡོན་བདག་ཨང་། །དབེན་གནས་གནས་པ་བདག་གིས་སྙན་པའི་གླུ། །འདི་བླངས་བླངས་པའི་དགེ་བ་ལ་བརྟེན་ནས། །ཆོས་མཐུན་མཐུན་རྐྱེན་སྒྲུབ་པའི་ཡོན་བདག་གི །ཚོགས་རྣམས་རྣམ་པ་ཀུན་ཏུ་བདེ་སྐྱིད་ཤོག །ཨེ་མ་མ་གྱུར་འགྲོ་འདྲེན་རྒྱལ་སྲས་མཆོག །བླ་མ་མ་བཞུགས་ཐུགས་རྗེའི་ཕྱག་རྐྱོངས་ལ། །ཕ་མ་མ་རིག་ཉོན་མོངས་དབང་གྱུར་རྣམས། །ལྷག་མ་མ་ལུས་བདེ་ཆེན་ཞིང་དུ་དྲོངས། །དར་དཀར་འཕྱར་འདྲའི་བྲག་དཀར་སྤྲེལ་རྫོང་ན། །ལུས་དཀར་རྒོད་འདྲའི་བྱ་བཏང་རི་ཁྲོད་པས། །རབ་དཀར་སེམས་ཀྱིས་རྒྱང་གླུ་རིང་བོ་ལེན། །རྣམ་དཀར་དགེ་སྒྲུབ་རྒྱང་ན་གནས་ཀྱང་ཉོན། །མི་མངོན་ཆོས་དབྱིངས་ནམ་མཁའ་ཡངས་པ་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཉི་མ་བཞུགས། །བླ་མ་མེ་ཤེལ་བཟང་
པོར་བསྟེན་ནུས་ན། །ཡོན་ཏན་མེ་ཞིག་རང་རྒྱུད་སྤྲ་བར་འཕོ། །མི་ལུས་རྙེད་དཀའ་དོན་ཆེའི་ཁང་བ་ན། །འཇིག་སླ་ཆོས་ལ་བསྐུལ་བའི་ཕ་མ་ཡོད། །འགྲོགས་ནས་སྡིག་སྤོང་དགེ་སྒྲུབ་སོ་ནམ་རེམ། །མངོན་མཐོའི་བདེ་དགའ་ལོངས་སྤྱོད་འཛད་མེད་འབྱུང་། །ངེས་འབྱུང་རྣམ་དག་རྒྱལ་མཚན་རྩེ་མོ་ན། །བསླབ་གསུམ་ཡིད་བཞིན་ནོར་བུ་བསམ་འཕེལ་ཡོད། །ཉམས་ལེན་རྩེ་གཅིག་གསོལ་བ་འདེབས་ནུས་ན། །ངེས་ལེགས་ཐར་པ་ཙམ་གྱི་དགོས་འདོད་འབྱུང་། །བྱམས་དང་སྙིང་རྗེའི་བྲག་དམར་ཁྱུང་ཚང་ན། །བྱང་ཆུབ་སེམས་མཆོག་བྱ་རྒྱལ་ཁྱུང་ཕྲུག་ཡོད། །ཚུལ་ཁྲིམས་རྣམ་གསུམ་མའི་དྲོད་ཟས་བྱིན་ན། །ཐབས་ཤེས་གཤོག་རྒྱས་ཀུན་མཁྱེན་མཁའ་ལ་འཕུར། །ཞི་གནས་གསེར་གྱི་ཡུ་བ་ལ་བརྟེན་ནས། །ལྷག་མཐོང་འཇམ་དབྱངས་སྤྲུལ་བའི་རལ་གྲི་ཡོད། །དྲན་ཤེས་ལག་པས་ལེགས་པར་འཕྱར་ནུས་ན། །བདག་འཛིན་འཕུང་རྒན་དགྲ་ཡི་སྙིང་རྩ་འདར། །གསང་སྔགས་སྨིན་བྱེད་དབང་གི་གསེར་མཁར་ན། །གྲོལ་བྱེད་ཁྲིད་ཀྱི་གོང་མ་རྒྱལ་པོ་བཞུགས། །དམ་སྡོམ་ཁྲིམས་བརྩིས་ཉམས་ལེན་མཆོད་བཀུར་ན། །
སྐུ་གཉིས་གསེར་ཡིག་གསེར་ཐམ་ཆེན་མོ་གནང་། །ནམ་ཡང་བདག་གཞན་ལས་དཀར་གང་བསགས་རྣམས། །ནམ་མཁའ་ནམ་གནས་བར་ལ་རྒྱལ་བསྟན་གནས། །ནམ་ཡང་རྒྱལ་སྲས་ཞབས་བརྟན་མཛད་པ་རྒྱས། །ནམ་མཁའ་དང་མཉམ་བདག་གཞན་རྣམས་སངས་རྒྱས། །ཞེས་པ་འདི་ཡང་གྲོགས་པོ་ཡོངས་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་བྲག་དཀར་སྤྲེལ་རྫོང་ནས་སྨྲས་པའོ། །གཏན་གྱི་བདེ་སྟེར་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཨེ་མ་སྐལ་ལྡན་ཁྱོད་ཉོན་ཅིག །ཞེན་མེད་བྱ་བཏང་རྣལ་འབྱོར་ངས། །ཕ་ཡུལ་རྒྱབ་ཏུ་བསྐྱུར་བས་བདེ། །ཉེ་འབྲེལ་འཆིང་བ་བཅད་པས་བདེ། །ཟས་ནོར་ཞེན་པ་སྤངས་པས་བདེ། །བྱ་བ་ཐམས་ཅད་བཏང་བས་བདེ། །འགྲོ་ན་ལུས་རྒྱུ་མེད་པས་བདེ། །བསྡད་ན་ཆགས་རྒྱུ་མེད་པས་བདེ། །ཁྱིམ་མཚེས་ཆགས་སྡང་བྲལ་བས་བདེ། །རྫོགས་ཆེན་བེའུ་བུམ་ཁུར་ན་བདེ། །བླ་མའི་གདམས་ངག་སེམས་ལ་བདེ། །ལྟ་བ་འགྱུར་བ་མེད་པས་བདེ། །སྒོམ་པ་བྱིང་རྒོད་མེད་པས་བདེ། །སྤྱོད་པ་གཟའ་གཏད་མེད་པས་བདེ། །འབྲས་བུ་རེ་དོག་ཞིག་པས་བདེ། །དབེན་
གནས་རི་ཁྲོད་ཟིན་པས་བདེ། །གྲོགས་གཅིག་ཀྱང་མེད་ན་དེ་བས་བདེ། །ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །ཚེ་འདིར་ཡང་བདེ་ལ་ཕྱི་མར་བདེ། །བར་དོ་རང་ངོ་ཤེས་པས་བདེ། །ད་ནས་བདེ་ནས་བདེ་བར་འགྲོ། །རྣལ་འབྱོར་བདེ་བའི་སྐྱིད་གླུ་འདིས། །འགྲོ་ཀུན་བདེ་ཞིང་སྐྱིད་པར་ཤོག །དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །ཁྱེད་ཀྱང་ང་བཞིན་ཨེ་སྐྱིད་ལྟོས། །ཞེས་པ་འདི་ཡང་མཆེད་གྲོགས་འགའ་རེས་བདེ་ཞུས་བྱས་པའི་ལན་དུ་སྨྲས་པའོ། །སྙིང་དབུས་བླ་མ་སྤྱི་བོར་བཞུགས། །སྙིང་དང་འདྲ་བའི་བུ་ལ་གཟིགས། །སྙིང་ནས་བུ་ཁྱོད་ཆོས་བྱེད་ན། །སྙིང་པོ་མེད་པའི་བྱ་བ་སྤོངས། །སྙིང་རུས་བསྐྱེད་ནས་སྒོམ་རྒྱོབ་དང་། །སྙིང་ལ་ཉམས་རྟོགས་ཉི་མ་འཆར། །སྙིང་ནས་བླ་མར་གསོལ་བཏབ་ན། །སྙིང་བུམ་བྱིན་རླབས་བདུད་རྩིས་འགེངས། །སྙིང་ནད་ཆེ་བའི་དགྲ་ཡིན་ཡང་། །སྙིང་རྗེ་སྒོམ་པ་ཆོས་པའི་ལུགས། །སྙིང་གྲོགས་རྣམས་ལ་ཕན་ཐོགས་དང་། །སྙིང་ནས་ཚུར་ལ་མ་ལྟར་བྱམས། །སྙིང་རྗེ་སྟོང་ཉིད་ཆོས་ཀུན་གྱི། །སྙིང་པོ་ཡིན་པས་བསྒོམས་ན་འཚེངས། །སྙིང་གཏམ་འདི་ཉིད་བུ་ཁྱོད་ཀྱིས། །སྙིང་དུ་ཆོངས་ལ་ལྷ་ཆོས་
མཛོད། །སྙིང་འདི་ཕྱིར་ཕྱུང་བསྟན་ཡང་ཤ །སྙིང་གཏམ་སྨྲས་པ་དེ་བས་ལྷག །སྙིང་ནས་སྨྲས་པའི་ཚིག་དོར་ན། །སྙིང་རུལ་ཡིན་པས་གཞན་མ་སེམས། །སྙིང་ནས་ཆོས་སྒྲུབ་རྣལ་འབྱོར་ངས། །སྙིང་གཏམ་སྨྲས་པ་ཐོས་ཚད་ཀྱིས། །སྙིང་པོ་མེད་པའི་བྱ་བ་སྤང་། །སྙིང་པོའི་ལྷ་ཆོས་བསྒྲུབ་པར་ཤོག །ཅེས་པ་འདི་ཡང་དད་གཏོང་ཤེས་རབ་སོགས་འཕགས་པའི་ནོར་གྱིས་ཕྱུག་པའི་སློབ་བུ་ལྷ་བཟོ་བློ་བཟང་ཡོན་ཏན་གྱིས་བསྐུལ་ངོར་གངས་ཅན་བོད་ཀྱི་གླུ་དབྱངས་མཁན་གྱིས་བྲག་དཀར་སྤྲེལ་རྫོང་ནས་སྨྲས་པའོ། །སྟེང་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །རྗེ་རྩ་བའི་བླ་མ་ཐུགས་རྗེ་ཅན། །སྤྱིར་སེམས་ཅན་ཡོངས་ལ་ཐུགས་རྗེས་གཟིགས། །སྒོས་ཆོས་མཐུན་གྲོགས་པོ་བུ་བཞིན་སྐྱོངས། །སྔོན་ལས་དང་སྨོན་ལམ་བཟང་པོའི་མཐུས། །ངེད་རྣམ་གཉིས་སྐྱེ་ས་མི་གཅིག་རུང་། །དུས་ད་ལོ་གནས་འདིར་འདུག་ས་གཅིག །འབྲེལ་ལེགས་པོ་བཞག་པ་སྐལ་པ་བཟང་། །ཡར་སྐྱེས་པ་མི་རྟག་ཐ་མར་འཆི། །གཉེན་འདུས་པ་མི་རྟག་ཐ་མར་འབྲལ། །ནོར་བསགས་པ་མི་རྟག་ཐ་མར་འཛད། །མཐོར་སོང་བ་མི་རྟག་ཐ་མར་ལྟུང་། །གྲོགས་ཁྱོད་ཀྱིས་ཆོས་རྣམས་
མི་རྟག་པའི། །ཚུལ་སོམས་ལ་ཚེ་འདི་བློ་ཡིས་ཐོངས། །རྗེ་དམ་པ་གོང་མའི་རྣམ་ཐར་སྐྱོངས། །མི་ང་ཡང་གང་དུ་སོང་ན་ཡང་། །གྲོགས་ཁྱོད་ཀྱིས་ཅི་བསམ་འགྲུབ་པའི་ཕྱིར། །ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །དཔལ་ཆོས་སྐྱོང་སྲུང་མར་འཕྲིན་བཅོལ་བྱ། །ཞལ་མཇལ་རག་བར་དུ་བདེ་བར་བཞུགས། །དུས་རིང་མིན་མྱུར་དུ་མཇལ་བར་ཤོག །བཀྲ་ཤིས་པའི་ཉི་མར་སླར་མཇལ་དུས། །བཀྲ་ཤིས་པས་ཕྱོགས་འདིར་ཁྱབ་གྱུར་ཅིག །ཅེས་པ་འདི་ཡང་བྲག་དཀར་སྤྲེལ་རྫོང་ནས་རྨ་འགྲམ་ཀྱ་ཕུག་པདྨ་རྫོང་དུ་འོང་དུས་བློ་གྲོས་མཆོག་མངའ་གྲོགས་པོ་རི་ཁྲོད་པ་འཇམ་དབྱངས་དར་རྒྱས་ལ་སྨྲས་པའོ། །རྗེ་ཀུན་མཁྱེན་སངས་རྒྱས་ཐུགས་རྗེ་ཅན། །སྤྲང་བདག་གི་སྤྱི་གཙུག་རྒྱན་དུ་བཞུགས། །མགོན་ཁྱོད་ཀྱིས་བསྟན་འཛིན་དགེ་འདུན་རྣམས། །ཐུགས་ཤིན་ཏུ་མཐུན་པར་བྱིན་གྱིས་རློབས། །ཁྱེད་དགོན་པ་སྐྱོང་བའི་བླ་མ་ཡིས། །འགྱེད་མང་ཇ་ཕོགས་རྒྱོབ་བཀའ་ཆོས་གསུངས། །ཁྱེད་དགེ་བསྐོས་ཆེ་ཆུང་དགེ་གཡོག་གིས། །འགྲིག་ཀུན་སྤྱོད་དགེ་འདུན་ནང་ཁྲིམས་སྡོམས། །ཁྱེད་དབུ་མཛད་ཆེ་ཆུང་མཆོད་དབྱངས་པས། །དབྱངས་འདོན་པ་གཉིས་ཀ་ངེས་
ངེས་གྱིས། །ཁྱེད་སྤྱི་པ་གཉེར་བ་ཕྱག་མཛོད་ཀྱིས། །གཞན་ཡོན་བདག་འོང་བ་ལྷ་བཞིན་བཀུར། །ཁྱེད་གྲྭ་པ་རྒན་གཞོན་ཐམས་ཅད་ཀྱིས། །འགྲིག་ཀུན་སྤྱོད་བརྩིས་ལ་ཐོས་བསམ་གྱིས། །ཁྱེད་དཀོན་གཉེར་རྣམས་ཀྱིས་ལྷ་ཁང་གི །ནང་བྱི་དོར་གྱིས་ལ་མཆོད་པ་ཤོམས། །ཁྱེད་ཇ་མ་ཆུ་ལེན་ནང་ཟན་གྱིས། །ལས་གང་བཅོལ་བྱེད་དུས་གོ་ཆོད་གྱིས། །ཁྱེད་དད་ཅན་འབྱོར་ལྡན་ཡོན་བདག་གིས། །དུས་རྟག་ཏུ་དགོན་པ་མཆོད་བཀུར་རེམ། །ཁྱེད་མཆོག་དམན་བར་བ་ཐམས་ཅད་ཀྱིས། །དུས་རྟག་ཏུ་འདོད་ཆུང་ཆོག་ཤེས་སྟེན། །སྔར་རྟེན་བཞེངས་གང་བྱས་ཉམས་པ་གསོས། །ཕྱིས་སྐུ་གསུང་ཐུགས་རྟེན་བཞེང་ལ་བརྩོན། །གཞན་ཆོས་ལ་མ་སྨོད་དག་སྣང་སྦྱོངས། །རང་གང་མོས་ཆོས་དེ་ཉམས་སུ་ལོངས། །ཀུན་འཕགས་ནོར་བདུན་གྱིས་ཕྱུག་ན་བཟང་། །ཀུན་དགེ་སྦྱོང་ཆོས་བཞིར་གནས་ན་བཟང་། །མདོར་བསྡུས་ན་དགོན་དེའི་སྐྱིད་ཨང་ཞེས། །གཞན་མཐོང་ཐོས་ཡིད་སྨོན་འཆོར་ནི་གྱིས། །གླུ་འདི་ཉིད་མཐོང་དང་ཐོས་ཚད་ཀྱིས། །དགོན་ཆེ་ཆུང་ཡོངས་ལ་ཕན་པར་ཤོག །ཅེས་པ་འདི་ཡང་དགོན་པ་
རྣམས་ལ་སྨྲས་པའོ། །སེང་གངས་དཀར་ལྟོངས་སུ་བསྡད་ན་མཛེས། །ཟས་འཚོལ་ཕྱིར་གངས་མཐར་གཅིག་བབས་ན། །གཞན་མི་རྣམས་ངོ་མཚར་ལྟད་མོ་བལྟ། །དུས་རྒྱུན་དུ་བབས་ན་ལྟས་ངན་ཟེར། །རྒོད་བྲག་དམར་སྟོད་དུ་བསྡད་ན་མཛེས། །ཟས་འཚོལ་ཕྱིར་རི་མཐར་གཅིག་འཁོར་ན། །གཞན་མི་རྣམས་ངོ་མཚར་ལྟད་མོ་བལྟ། །དུས་རྒྱུན་དུ་འཁོར་ན་ལྟས་ངན་ཟེར། །ཁོང་སྒོམ་ཆེན་རི་ནས་བསྡད་ན་མཛེས། །ཟས་འཚོལ་ཕྱིར་གྲོང་མཐར་གཅིག་འོངས་ན། །གཞན་མི་རྣམས་ངོ་མཚར་མཇལ་དུ་འོང་། །དུས་རྒྱུན་དུ་སོང་ན་ལྟས་ངན་ཟེར། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་བྲིས་པའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྦྱིན་བདག་རྣམས་ཀྱིས་མཆོད་སྦྱིན་བཏང་བ་དང་། །ཁ་ཏོན་ཕྱག་སྐོར་ལ་སོགས་དགེ་བའི་ལས། །སྔོན་ཆད་བྱས་དང་ཕྱིན་ཆད་བྱེད་རྒྱུ་ཀུན། །བསྟན་འགྲོ་ཡོངས་ལ་ཕན་པའི་ཕྱིར་དུ་བསྔོ། །དེའི་མཐུས་སངས་རྒྱས་བསྟན་པ་དར་བར་ཤོག །
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རིང་བར་ཤོག །འགྲོ་ཀུན་གནས་སྐབས་ཀུན་ཏུ་བདེ་བར་ཤོག །མཐར་ཐུག་སངས་རྒྱས་གོ་འཕང་ཐོབ་པར་ཤོག །དཔེར་ན་ཞིང་ས་ཆེན་པོར་ས་བོན་ཞིག །བཏབ་ན་བརྒྱ་སྟོང་བྱེ་བ་ཆེར་འཕེལ་བཞིན། །དེ་ལྟར་བསྔོས་པས་དགེ་རྩ་ཆེར་འཕེལ་བ། །སླར་ཡང་སྦྱིན་པའི་བདག་པོར་སྨིན་པར་ཤོག །དེའི་མཐུས་ཚེ་རིང་ནད་མེད་ལུས་སྟོབས་རྒྱས། །བུ་དང་ཚ་བོ་ཡང་ཚ་མང་པོ་འཛོམ། །གོང་མའི་མཛོད་བཞིན་འཛད་མེད་འབྱོར་བ་ལྡན། །སླར་ཡང་བསྟན་འགྲོར་ཕན་ཐོགས་ཆེར་འབྱུང་ཤོག །འཆི་དུས་བུ་ཕའི་ཁྱིམ་དུ་འགྲོ་བ་བཞིན། །བདེ་བ་ཅན་གྱི་ལམ་ལ་ཞུགས་མ་ཐག །བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས། །དངོས་སུ་བྱོན་ནས་ལམ་སྣ་འདྲེན་པར་ཤོག །བདེ་བ་ཅན་གྱི་ཞིང་དུ་ལེགས་ཁྲིད་ནས། །བཅོམ་ལྡན་མགོན་པོ་འོད་དཔག་མེད་པ་ཡིས། །མ་ནོར་ཟབ་རྒྱས་ཆོས་བསྟན་ཉམས་སུ་བླངས། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །རྫོགས་སངས་རྒྱས་ཚེ་སྤྲུལ་བ་མང་བོ་བཀྱེས། །ཚེ་འདིའི་ཕ་མ་བུ་དང་ཆུང་མ་དང་། །མཐུན་གྲོགས་ཁྱིམ་མཚེས་
གཡས་གཡོན་འབྲེལ་ཐོགས་ཀུན། །ནུབ་ཕྱོགས་བདེ་བ་ཅན་དུ་འདྲེན་པར་ཤོག །དྲངས་ནས་ཆོས་ཐོས་ཉམས་བླངས་སངས་རྒྱས་ཏེ། །ཡོན་ཏན་ཁྱད་མེད་སྤུན་ཟླ་བཞིན་དུ་འགྲོགས། །དག་དང་མ་དག་ཞིང་ཁམས་རབ་འབྱམས་འགྲིམས། །སངས་རྒྱས་མཆོད་ཅིང་སེམས་ཅན་འདྲེན་པར་ཤོག །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨེ་མ་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་ཞིང་སྐྱིད་པའི་བདེ་བ་ཅན་ཞིང་ཡོད། །ཞིང་དེར་བཅོམ་ལྡན་མགོན་པོ་འོད་དཔག་མེད། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ་བ་བཞུགས། །གཡས་ཕྱོགས་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །གཡོན་གྱི་ཕྱོགས་སུ་མཐུ་ཆེན་ཐོབ་བཞེངས་ནས། །བཞུགས་པའི་མཐའ་སྐོར་དགེ་སློང་བྱེ་བ་འབུམ། །ཆོས་གོས་རྣམ་གསུམ་གསོལ་ནས་སེར་ལྡེམ་མེ། །བཞུགས་པ་ཡོངས་ལ་སྤྱན་དང་མངོན་ཤེས་མངའ། །སེམས་ཅན་ཀུན་གྱིས་བྱ་བ་གང་བྱེད་རྣམས། །ལག་མཐིལ་བལྟས་བཞིན་སྒྲིབ་
མེད་སྤྱན་གྱིས་གཟིགས། །ཁོག་ཏུ་གང་དྲན་ཐུགས་ཀྱིས་ས་ལེར་མཁྱེན། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་པས། །བདག་གི་ཆུ་བུར་མིག་གིས་མི་མཐོང་རུང་། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལག་པ་གཉིས། །ཐལ་མོ་སྦྱར་ནས་རྒྱང་ནས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་བའི་མཆོད་ཚོགས་འབུལ། །འགྲོ་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །མགོན་པོ་འོད་དཔག་མེད་པ་ཐུགས་རྗེ་ཅན། །འཁོར་བཅས་བདག་ལ་བརྩེ་བས་དགོངས་སུ་གསོལ། །ཚེ་ལས་འདས་པ་འདི་ཡིས་ཐོག་དྲངས་པས། །ཚེ་འདས་སེམས་ཅན་ཇི་སྙེད་ཡོད་པ་ཀུན། །འཁོར་བར་མ་གཏོང་ཐུགས་རྗེའི་ཕྱག་རྐྱོངས་ལ། །བདེ་བ་ཅན་གྱི་ཞིང་དུ་དྲང་དུ་གསོལ། །ཚེ་འདས་ཕྱིར་དུ་ཚེ་ལྡན་ཕོ་མོ་ཡིས། །དཀོན་མཆོག་མཆོད་པ་དབུལ་བོར་སྦྱིན་གཏོང་དང་། །དགེ་འདུན་བསྙེན་བཀུར་ལ་སོགས་དགེ་བའི་ལས། །ཅི་བྱས་ཚེ་འདས་ལ་ཕན་ཕྱིར་དུ་བསྔོ། །བ་ཡི་རྗེས་སུ་བེའུ་འབྲང་བ་བཞིན། །ཚེ་འདས་བར་དོ་རིགས་དྲུག་གར་གནས་ཀྱང་། །རྗེས་སུ་སོང་ནས་དེ་ཡི་མཐུ་ལ་བརྟེན། །བདེ་བ་ཅན་གྱི་
ཞིང་དུ་སྐྱེ་བར་ཤོག །གལ་ཏེ་དེ་འདྲའི་སྐལ་བར་མི་ལྡན་ན། །མཐོ་རིས་ཡོན་ཏན་བདུན་ལྡན་མི་ལུས་ཐོབ། །རྟག་ཏུ་ངུ་དང་ན་རོའི་རྣམ་ཐར་བཞིན། །མཚན་ལྡན་བླ་མ་ཚུལ་བཞིན་བསྟེན་པར་ཤོག །དང་པོ་ཐོས་པ་བྱེད་པའི་དུས་སྐབས་སུ། །ཀུན་མཁྱེན་བློ་བཟང་གྲགས་པའི་རྣམ་ཐར་བཞིན། །རྒྱ་ཆེར་ཐོས་པ་བྱས་ནས་མདོ་རྒྱུད་དང་། །བསྟན་བཅོས་ཐམས་ཅད་གདམས་པར་འཆར་བར་ཤོག །བར་དུ་དབེན་པ་བསྟེན་ནས་བསྒོམས་པའི་མཐུས། །གྲུབ་ཆེན་མི་ལ་རས་པའི་རྣམ་ཐར་བཞིན། །སྙིང་རུས་བསྐྱེད་ནས་བསྒོམས་པས་གྲུབ་རྟགས་རིགས། །ཕུལ་བྱུང་སྐྱེ་འགྲོ་གཞན་ལ་སྟོན་ནུས་ཤོག །ཐ་མ་འགྲོ་དོན་བྱེད་པའི་དུས་སྐབས་སུ། །སངས་རྒྱས་ཐུགས་རྗེ་ཅན་གྱིས་རྒྱ་གར་དུ། །ཕུན་སུམ་ཚོགས་པའི་ཆོས་འཁོར་བསྐོར་བ་བཞིན། །ཆོས་འཁོར་བསྐོར་ནས་འགྲོ་ཀུན་སྨིན་གྲོལ་ཤོག །སྔོན་བླ་མ་བསྟེན་དུས་དད་པ་ཆུང་། །ད་དད་པ་ཆེ་དུས་བླ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་བླ་མའི་མདུན་ནས་འདུག་མི་འདོད། །ད་བསྡད་ན་འདོད་དུས་བླ་མ་མེད། །དེ་གཉིས་ཀ་
འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་བླ་མའི་གསུང་ལ་ཉན་མི་འདོད། །ད་ཉན་ན་འདོད་དུས་བླ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་བླ་མར་ཆོས་མང་ཞུ་མི་འདོད། །ད་ཞུས་ན་འདོད་དུས་བླ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་བླ་མ་བསྟེན་དུས་འབུལ་རྒྱུ་མེད། །ད་འབུལ་རྒྱུ་རྙེད་དུས་བླ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་བླ་མ་བཞུགས་དུས་མཇལ་མི་འདོད། །ད་མཇལ་ན་འདོད་དུས་བླ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་ཨ་མ་ཡོད་དུས་དུང་སེམས་ཆུང་། །ད་དུང་སེམས་ཆེ་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་ཨ་མར་ཡུན་རིང་འགྲོགས་མི་འདོད། །ད་འགྲོགས་ན་འདོད་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །
སྔོན་ཨ་མའི་ཚིག་ལ་ཉན་མི་འདོད། །ད་ཉན་ན་འདོད་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་ཨ་མ་ཡོད་དུས་ཕན་མི་ཐོགས། །ད་ཕན་འདོགས་ཐུབ་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་ཨ་མ་ཡོད་དུས་ཐུག་མི་འདོད། །ད་ཐུག་ན་འདོད་དུས་ཨ་མ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་གྲོགས་པོ་ཡོད་དུས་བརྩེ་གདུང་ཆུང་། །ད་བརྩེ་གདུང་ཆེ་དུས་གྲོགས་པོ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་གྲོགས་པོ་ཡུན་རིང་འགྲོགས་མི་འདོད། །ད་འགྲོགས་ན་འདོད་དུས་གྲོགས་པོ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་གྲོགས་ཀྱི་ཚིག་ལ་ཉན་མི་འདོད། །ད་ཉན་ན་འདོད་དུས་གྲོགས་པོ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་གྲོགས་པོ་ཡོད་དུས་ཕན་མི་ཐོགས། །ད་ཕན་འདོགས་ཐུབ་དུས་གྲོགས་པོ་མེད། །
དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །སྔོན་གྲོགས་པོ་ཡོད་དུས་འཕྲད་མི་འདོད། །ད་འཕྲད་ན་འདོད་དུས་གྲོགས་པོ་མེད། །དེ་གཉིས་ཀ་འཛོམ་པའི་དུས་མ་བྱུང་། །ང་རི་ཁྲོད་དབེན་པར་སྒོམ་དུ་འགྲོ། །ཞེས་པ་འདི་ནི་རི་ཁྲོད་དུ་སོང་ཤུལ་ནས་ལོ་སྔ་ཕྱི་བྱས་བླ་མ་ཨ་མ་གྲོགས་པོ་འགའ་རེ་གཤེགས་པ་ལ་ཡིད་སྐྱོ་བའི་ཤུགས་ཀྱིས་ཚོགས་དྲུག་རང་གྲོལ་གྱིས་ཀྱ་ཕུག་པདྨ་རྫོང་ནས་བླངས་པའོ། །ལྗོན་ཤིང་ཡལ་ག་ཁྱོད་ད་ལྟ་འགུལ་སྐྱོད་འདྲ་མ་མང་། །བྱ་རྒྱལ་ཁུ་བྱུག་ང་ཡང་ཡང་ཁྱོད་སྟེང་ནས་མི་གྲག །སྟོན་གསུམ་ནམ་ཟླ་ཁོ་སླེབས་དུས་མྱུར་དུ་རང་འགྲོ་ངེས། །མདངས་ལྡན་མེ་ཏོག་ཁྱོད་ད་ལྟ་འགུལ་འཁྲིག་འདྲ་མ་མང་། །ཡིད་འོང་བུང་བ་ང་ཡང་ཡང་ཁྱོད་སྟེང་ལ་མི་འབབ། །ཟམ་ཟིམ་ཁ་ཆར་ཁོ་སླེབས་ན་མྱུར་དུ་རང་འགྲོ་ངེས། །དམ་ལྡན་མཆེད་གྲོགས་རྣམས་ད་ལྟ་ཅ་ཅོ་རང་མ་མང་། །སྐལ་ལྡན་བྱ་བཏང་ང་ཕྱོགས་འདིར་ཡང་ཡང་ནི་མི་འོང་། །སྐྱོ་ཤས་ཤུགས་དྲག་ཁོ་སྐྱེས་ན་མྱུར་དུ་རང་འགྲོ་ངེས། །ཞེས་པ་འདི་ཡང་གྲོགས་མཆེད་མང་པོས་ཚེ་བློས་བཏང་སྟེ་ཡུལ་ཕྱོགས་གཞན་དུ་འགྲོ་མི་ཐུབ་ཟེར་བ་ཐོས་པའི་ལན་དུ་བྲིས་པའོ། །རྗེ་བླ་མ་ཆོས་
རྒྱལ་ངག་དབང་ཝང་། །བུའི་ཤེས་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ངའི་རྗེས་འཇུག་ཆོས་མཐུན་སྙིང་གི་བུ། །རྗེ་དམ་པ་གོང་མའི་རྣམ་ཐར་བཞིན། །རང་གང་འདོད་དབེན་པར་ད་སོང་ལ། །ཆོས་ཟབ་རྒྱས་གདམས་པ་ཉམས་སུ་ལོངས། །ང་ཐག་རིང་དབུས་གཙང་དག་ཞིང་གི །གནས་དབེན་པའི་དགའ་ཚལ་ཉམས་དགར་འགྲོ། །གནས་དབེན་པའི་ཡོན་ཏན་དྲན་པའི་མོད། །དུས་ད་དུང་དབེན་པ་བསྟེན་སྙིང་འདོད། །རི་སྨུག་ཆུང་འཐེན་པའི་ཁྲོད་ཅིག་ན། །བློ་ཆོས་སུ་འགྲོ་བའི་དབེན་གནས་ཡོད། །ཤིང་རྩི་ཐོག་མེ་ཏོག་སིལ་ཐོག་མོད། །བྱ་བྱེའུ་ཆུང་སྐད་སྙན་སྣ་ཚོགས་སྒྲོག །སེམས་སྤྲོ་བའི་སྤང་གཞོངས་འཇམ་པོ་དང་། །བྲག་ཕུག་པ་ཤིན་ཏུ་སྲ་བ་ཡོད། །གནས་དེ་འདྲ་བསྟེན་པའི་མི་དེ་ལ། །སེམས་སྐྱིད་པའི་ཉི་མ་ཁོང་ནས་འཆར། །གླུ་འདི་ཐོས་རྣམས་ཀྱིས་སྒོམ་རྒྱག་ཕྱིར། །གནས་ཤིན་དུ་དབེན་པ་བསྟེན་པར་ཤོག །ཅེས་པ་འདི་ནི་ཀྱ་ཕུག་ནས་སྨྲས་པའོ། །མི་སོགས་འགྲོ་ཀུན་སྐྱབས་གནས་བླ་མ་རྗེ། །མི་འབྲལ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །མི་ངས་བཟའ་བཏུང་མི་བརྗེད་དྲན་པ་ལྟར། །མི་རྟག་འཆི་བ་དྲན་པར་བྱིན་
གྱིས་རློབས། །མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །མི་ཚེ་ཡུན་ཐུང་ནམ་འཆི་ངེས་པ་མེད། །མི་སྔར་མ་ཤི་ཟེར་བ་ཐོས་མ་མྱོང་། །མི་མང་ཤི་བའི་རྩིས་གྲངས་ཞིབ་ཏུ་ཐོངས། །མི་ཀུན་གསོད་པའི་གཤིན་རྗེའི་ཕོ་ཉ་ཡིས། །མི་ཁྱོད་ཚེ་ཐར་བྱས་ནས་མི་འཇོག་ངེས། །མི་བཟོད་ངན་སོང་སྡུག་བསྔལ་མྱོང་བའི་རྒྱུ། །མི་དགེ་བཅུ་ཡི་འབྱུང་གནས་གྲོང་ཡུལ་ཡིན། །མི་ཁ་ངན་པ་ཉེས་སྐྱོན་ཤུགས་ཀྱིས་འོངས། །མི་དགེ་སྡིག་པའི་གྲོགས་ཀྱིས་ཐུར་དུ་ཁྲིད། །མི་ཟ་འདོད་ཀྱང་ལོག་འཚོ་དཀོར་ཟས་འབག །མི་མང་འཛོམ་སར་འགོ་ནད་འཁོན་འཛིང་མང་། །མི་སྙན་གཏམ་ངན་ཉིན་རེ་བཞིན་དུ་ཐོས། །མི་ཚེ་སྡིག་སྡུག་གཏམ་ངན་ངང་ལ་འཛད། །མི་ཁྱོད་གྲོང་དུ་སོང་ནས་མ་འདུག་ཨང་། །མི་ཡི་ཡོད་མེད་གཉིས་ཀ་སྡུག་བསྔལ་ཆེ། །མི་ནོར་ཟས་གསུམ་ཅུང་ཟད་འཛོམ་པ་ལ། །མི་ཐེག་ཁྲལ་དང་འུ་ལག་དཔོན་པོས་འཇོག །མི་ངན་རྐུན་མས་བརྐུ་ཞིང་ཇག་པས་འཕྲོག །མི་མིན་ལྷ་འདྲེས་ན་ཚ་གོད་ཁ་གཏོང་། །མི་ཕྱུགས་ནོམ་པ་འཛད་སྙམ་སེམས་སྡུག་མང་། །མི་ནོར་ཟས་གསུམ་མེད་ན་ལྟོ་རྒྱབ་
གཉིས། །མི་འདང་མི་ཁེབས་སེམས་ལ་བདེ་དུས་མེད། །མི་དཔོན་ཕྱུག་པོའི་བྲན་དང་གཡོག་བྱས་ན། །མི་དེས་ལས་ཀ་གང་བཅོལ་བྱེད་དགོས་ཤིང་། །མི་བཟང་ཟས་གོས་ཧྲལ་ཧྲུལ་གོས་ངན་གྱོན། །མི་ཟད་ཤིག་མང་དགྲ་བོར་འཐབ་མོ་འཆོར། །མི་གཞན་འགའ་རེའི་ལག་ནས་བུ་ལོན་བླངས། །མི་འཕྲོད་མི་རུང་ཡང་ཡང་འདེད་དུ་འོངས། །མི་ངན་སྤྲང་སློང་ཟེར་ཞིང་བསྡིག་རྡུང་མང་། །མི་ཁྱོད་ཡོད་མེད་གཉིས་ཀ་མ་སྨོན་ཨང་། །མི་མེད་རི་ཁྲོད་དག་པའི་ཞིང་དང་མཚུངས། །མི་འདོད་སྡུག་བསྔལ་མི་སྙན་མིང་ཡང་མེད། །མི་ཡིས་ནམ་ཡང་བདག་ཏུ་མ་བཟུང་བའི། །མི་འཛད་ཆུ་ཤིང་སྔོ་ཚོད་ཤིང་འབྲས་མང་། །མི་གཅིག་ཁ་དེ་ཇི་ལྟར་བྱས་ཀྱང་སོས། །མི་ལ་ལ་སོགས་གོང་མའི་རྣམ་ཐར་བཞིན། །མི་ཆོས་སྤངས་ནས་རྣམ་དག་ཆོས་བྱས་ན། །མི་གཡོག་མ་བྱས་རྒྱུ་ནོམ་མ་བསོགས་ཀྱང་། །མི་ཟས་དམ་དུམ་ཤུགས་དང་སྟབས་ཀྱིས་འོངས། །མི་ལྟོགས་མི་གྲང་དགེ་སྦྱོར་གོང་འཕེལ་འགྱུར། །མི་ཚེ་འདི་འམ་ཕྱི་མར་སངས་རྒྱས་ནས། །མི་ཡི་གཙོར་བྱས་འགྲོ་ཀུན་འདྲེན་པར་འགྱུར། །མི་ཁྱོད་རི་ཁྲོད་
བསྟེན་ལ་ཆོས་སྒྲུབས་ཨང་། །མི་རྟག་འཆི་བ་དྲན་པའི་གླུ་དབྱངས་འདི། །མི་ཁོམ་བརྒྱད་ཀྱི་ནང་དུ་མ་སྐྱེས་ཀྱང་། །མི་བསམ་དགུ་བསམ་སེམས་ཉིད་མི་ཁོམ་པའི། །མི་ངའི་རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཆོས་ལུང་ཕུའི་དབེན་གནས་ཟྭ་ལུང་ནས་རང་ལ་སྨྲས་པའོ། །གསུང་རབ་དགོངས་འགྲེལ་ཚིག་དོན་ཀུན་ལ་མཁས། །མཁས་པར་མ་ཟད་ཐུགས་རྒྱུད་དུལ་ཞིང་ཞི། །ཞི་བར་མི་གནས་འགྲོ་ལ་དམ་ཆོས་སྟོན། །སྟོན་པའི་བསྟན་འཛིན་བླ་མའི་ཞབས་ལ་འདུད། །ཚེ་འདི་ཡུན་ཐུང་ནམ་འཆི་ངེས་པ་མེད། །ཚེ་ཐར་ཡིན་ཞེས་ཟེར་བ་གཅིག་མི་སྣང་། །ཚེ་ལ་སྣོན་པ་ཅུང་ཟད་ཙམ་ཡང་དཀོན། །ཚེ་ཚད་ལྔ་བཅུ་རིང་བ་དྲུག་ཅུ་སྟེ། །ཚེ་ཕྱེད་ཡད་མ་ཡུད་ལ་ཤོར་ནས་ཐལ། །ཚེ་ལྷག་ཅི་ཙམ་ཡོད་དེ་སུས་མི་ཤེས། །ཚེ་སྲོག་མི་བརྟན་ཆུ་ཡི་ཆུ་བུར་འདྲ། །ཚེ་ལ་གནོད་པའི་རྐྱེན་ནི་ཤིན་ཏུ་མང་། །ཚེ་ཡི་འཕེན་ཟད་འཆི་ནད་བྱུང་བའི་ཚེ། །ཚེ་དཔག་མེད་མགོན་སྒྲོལ་མ་དཀར་མོ་སོགས། །ཚེ་ལྷ་མང་པོ་དངོས་སུ་བྱོན་ན་ཡང་། །ཚེ་བསྲིང་མི་ཐུབ་ཤི་ན་བར་དོར་འཁྱམ། །ཚེ་
འདིའི་ལྟོ་རྒྱབ་ཕྱིར་དུ་སྡིག་བྱས་ན། །ཚེ་ཟད་སྲིན་བུ་གྲོག་ཚང་ཁར་ཆུད་བཞིན། །ཚེ་རབས་ཕྱི་མར་དམྱལ་བའི་གནས་སུ་ལྟུང་། །ཚེ་འདིར་དགེ་བ་བྱས་ན་ཕྱི་མར་བདེ། །ནམ་འཆི་ཆ་མེད་སྡིག་པ་བྱེད་མི་རུང་། །རུང་བ་ཆོས་ཡིན་སྒྲུབས་ཞེས་བླ་མས་གསུངས། །གསུངས་པ་དེ་བཞིན་བདག་གིས་ཡི་གེར་བཀོད། །བཀོད་པ་འདི་ཡིས་རང་གཞན་ལ་ཕན་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ཡོངས་ལ་ཕན་ཕྱིར་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །དྲིན་ཅན་བླ་མ་དང་ཁ་ཐག་རིང་བའི་དུས། །མཇལ་འདོད་དད་གུས་དང་དག་སྣང་སྐྱེ་སྐྱེ་འདྲ། །མཇལ་ནས་ལོ་ཟླ་ཙམ་འགྲོགས་དང་དུས་མཉམ་དུ། །དད་གུས་ཇེ་ཆུང་སོང་ལོག་ལྟ་ཇེ་ཆེར་གྱུར། །གྲྭ་སློབ་ཡོན་བདག་ཚོས་མཆོད་བསྟོད་བཀུར་བའི་དུས། །ཁ་ཙམ་ཚིག་ཙམ་མིན་སྙིང་ནས་བྱམས་བྱམས་འདྲ། །ཚིག་ངན་ཅུང་ཟད་ཙམ་སྨྲས་དང་དུས་མཉམ་དུ། །བྱམས་པ་གནས་འགྱུར་ནས་ཞེ་སྡང་ཞིག་ཏུ་སོང་། །དྲོ་འཇམ་གོན་པ་དང་ཞིམ་པའི་ཟས་འཛོམས་ཚེ། །ཆོས་པ་དགའ་མོ་ཚོའི་གྲལ་དབུར་བཞུགས་བཞུགས་འདྲ། །ལྟོགས་འཁྱགས་ངལ་བ་ཞིག་བྱུང་དང་དུས་མཉམ་དུ། །ཆོས་
པའི་ཁྱུ་ནས་བུད་ཆོས་མིན་གྲལ་དུ་ཐལ། །ཞེས་པ་འདི་ཡང་རང་གི་སྤྱོད་ཚུལ་ལ་ཉིན་ཞིག་ལྟ་རྟོག་ཅུང་ཟད་བགྱིས་ཚེ། རྐྱེན་ངན་ཅུང་ཟད་ཙམ་ཡང་མི་ཐེག་པར་གོ་ནས་ཁྲེལ་བདས་ཀྱི་ཚུལ་དུ་དབུས་ཀྱི་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །ཉམས་རྟོགས་མཐར་ཕྱིན་བླ་མའི་ཞབས་ལ་འདུད། །ཉམས་སྣང་སྣ་ཚོགས་འཆར་བའི་རྣལ་འབྱོར་ཉོན། །ཉམས་སུ་བསྐྱེད་རྫོགས་རྫོགས་ཆེན་ལེན་པའི་ཚེ། །ཉམས་ལ་ལྷ་ཡིས་ཞལ་གཟིགས་ཆོས་སྟོན་སོགས། །ཉམས་སྣང་རྣམ་པ་སྣ་ཚོགས་འཆར་རོ་ཞེས། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པ་རྣམས་གསུངས། །ཉམས་དེ་བཟང་ངན་གང་ལ་ཆགས་མི་རུང་། །ཉམས་ལ་ཞེན་ཆགས་གཡེང་ན་དམ་ཆོས་གང་། །ཉམས་སུ་ལེན་པའི་རྣལ་འབྱོར་བར་ཆད་ཡིན། །ཉམས་རྟོགས་གོང་ནས་གོང་དུ་མི་འཕེལ་གསུངས། །ཉམས་མྱོང་རྟོགས་ལྡན་གོང་མའི་རྣམ་ཐར་བཞིན། །ཉམས་གང་ཤར་ཡང་མ་ཆགས་མ་ཡེངས་པར། །ཉམས་ལེན་མཛོད་དང་མྱུར་དུ་སངས་རྒྱས་ནས། །ཉམ་ཐག་འགྲོ་བ་ཡོངས་ལ་ཕན་པར་འགྱུར། །ཉམ་ཆུང་བྱ་བྲལ་ཚོག་དྲུག་རང་གྲོལ་གྱིས། །ཉམས་ལ་གང་ཤར་སྨྲས་པ་དགེ་ལེགས་
འཕེལ། །ཞེས་པ་འདི་ཡང་དད་ལྡན་འཕྲིན་ལས་སྨིན་གྲོལ་གྱིས་ཉམས་སྣང་སྣ་ཚོགས་བྱུང་བ་གང་ཡིན་ནམ་ཟེར་བའི་ལན་དུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །བླ་མ་རྣམས་དང་ཡི་དམ་ལྷ་ལ་འདུད། །བདག་གཞན་ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཡ་རབས་དད་ཅན་སྐལ་ལྡན་སློབ་མ་ལ། །ཡ་མཚན་ཆེ་བའི་ཁ་ཏ་ཅུང་ཟད་བྱ། །མི་ལུས་རིན་ཆེན་ཡང་ཡང་རྙེད་པར་དཀའ། །མི་ཚེ་ཡུན་ཐུང་ནམ་འཆི་ངེས་པ་མེད། །ཕྱི་མར་རང་ཉིད་བདེ་ཞིང་སྐྱིད་འདོད་ན། །ཕྱིན་ཆད་གང་དུ་སྡོད་ཀྱང་འདི་བཞིན་གྱིས། །བྱང་ཆུབ་མ་ཐོབ་བར་དུ་བླ་མ་སྟེན། །གནས་ལུགས་མ་རྟོགས་བར་དུ་ཐོས་པ་གྱིས། །ཆོས་ནི་ཤེས་པས་མི་ཆོག་ཉམས་སུ་ལོངས། །ཆོས་གང་ཉམས་སུ་ལེན་དུས་འདུ་འཛི་སྤོངས། །བསྟན་པ་མ་ཐོབ་བར་དུ་རི་ཁྲོད་ཟུངས། །གྲོགས་ངན་མ་སྟེན་ཆོས་མཐུན་གྲོགས་དང་འགྲོགས། །ཉིན་མཚན་རྟག་ཏུ་དམ་པའི་ཆོས་ལ་འབུངས། །ཆོས་བཞིན་བྱས་ན་ལྟོ་རྒྱབ་ཞོར་ལ་འབྱུང་། །འདོད་པ་མ་ཆེ་ནོར་ལ་ཆོག་ཤེས་སྟེན། །ང་རྒྱལ་མ་ཆེ་ཞི་ཞིང་དུལ་བར་གྱིས། །རྙེད་དང་བཀུར་སྟི་འཆིང་བྱེད་ཡིན་པས་སྤོངས། །བསྟོད་དང་སྙན་གྲགས་
བསླུ་བྲིད་ཡིན་པས་དོར། །དམན་པ་རྣམས་ལ་མ་བརྙས་སྙིང་རྗེ་སྐྱེད། །དགྲ་གཉེན་གཉིས་ལ་ཆགས་སྡང་མེད་པར་མཛོད། །མཁས་གྲུབ་མ་སྨོད་གུས་པས་བཀའ་ཆོས་ཉོན། །གཞན་སྐྱོན་མ་ཚོལ་རང་སྐྱོན་རྟོགས་ལ་སྤོངས། །ཆོས་མཛད་ཡོངས་ལ་བྲན་ལྟར་གུས་པར་གྱིས། །འགྲོ་བ་ཡོངས་ལ་བུ་བཞིན་བྱམས་པར་མཛོད། །བཞིན་མདངས་མ་གནག་འཛུམ་བཞིན་ཚིག་འཇམ་སྨྲོས། །ལབ་ལབ་མ་མང་ཚོད་ཟུངས་རན་པར་སྨོས། །གྲུབ་མཐའ་གང་ལའང་མ་སྨོད་དག་སྣང་སྦྱོངས། །རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལོངས། །སེར་སྣ་མ་ཆེ་གང་ཡོད་མཆོད་སྦྱིན་ཐོངས། །སྤྱོད་ལོག་མ་བྱེད་ཚུལ་ཁྲིམས་རྣམ་དག་སྲུངས། །ཞེ་སྡང་མ་ཆེ་ཁྲོ་མེད་བཟོད་པ་སྒོམས། །ལེ་ལོ་མ་ཆེ་སྒྲུབ་ལ་བརྩོན་འགྲུས་གྱིས། །རྣམ་གཡེང་དགྲ་རྣམས་བསམ་གཏན་མདུང་གིས་ཐུལ། །མི་ཤེས་མུན་ནང་ཤེས་རབ་སྒྲོན་མེ་སྦོར། །མདོར་ན་ཆོས་དང་མཐུན་པའི་བྱ་བ་གྱིས། །བྱས་ན་བདེ་སྐྱིད་ཉི་མ་འཆར་བར་ངེས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །བདག་གཞན་སྒོ་གསུམ་ཆོས་དང་མཐུན་
པར་ཤོག །ཅེས་པ་འདི་ཡང་དད་ཅན་ཡེ་ཤེས་ལྷུན་གྲུབ་ཀྱིས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་ངོར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །ན་མོ་གུ་རུ་བྷྱ། སྔོན་སྦྱངས་ལས་འཕྲོ་ཅན། །སྐལ་ལྡན་སྙིང་གི་བུ། །ཚེ་འདི་བློ་ཡིས་ཐོངས། །མཚན་ལྡན་བླ་མ་སྟེན། །མདོ་རྒྱུད་མན་ངག་ཉོན། །རི་ཁྲོད་དབེན་པ་སྙོགས། །རྩེ་གཅིག་ཉམས་སུ་ལོངས། །ཚེ་དང་སྒྲུབ་པ་སྙོམས། །སྙན་པའི་བ་དན་གཡོ། །ཉམས་རྟོགས་ཟླ་ལྟར་རྒྱས། །བདེ་སྐྱིད་ཉི་མ་འཆར། །ཚིག་འདི་ཤིན་ཏུ་བདེན། །འདི་ལས་གཞན་ངས་མི་ཤེས། །མདོར་བསྡུས་ཞལ་གདམས་འདིས། །ཀུན་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སློབ་མ་ཀུན་ལ་ཕན་ཕྱིར་དབེན་གནས་ཟྭ་ལུང་ནས་བྲིས་པའོ། །དྲིན་ཅན་རྩ་བའི་བླ་མ་བྱིན་རླབས་ཅན། །བདག་གི་ཤེས་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །མི་རྣམས་ནམ་འཆི་ངེས་པ་ཅང་མི་འདུག །གྲོགས་པོ་ཕལ་ཆེར་ཕྱི་མའི་ལམ་ལ་ཐལ། །རང་ཡང་ནམ་འགྲོའི་ངེས་པ་མ་མཆིས་བཞིན། །ཡུན་རིང་སྡོད་གཤོམ་བྱེད་པའི་བློ་རིང་བོ། །སོས་དལ་བདེ་བར་འདུག་པའི་སྙིང་ཁམས་ཅན། །ད་རེས་གཏན་བདེ་སྒྲུབ་དབང་ཡོད་དུས་འདིར། །
སྙོམ་ལས་ངང་ལ་སྡོད་པའི་དུས་ཚོད་མིན། །འཆི་བའི་ནད་ནི་གློ་བུར་སྟེང་དུ་འོང་། །འོངས་དུས་ན་ཟུག་མ་བཟོད་གཡག་ལྟར་འཁུན། །དབུགས་ཀྱང་རིང་ལེན་ཐུང་ལེན་བྱེད་པའི་དུས། །འགའ་རེས་ཡར་བཏེགས་མར་བསྙལ་ཁ་ལོ་བསྐོར། །ཅི་འདྲ་རེད་ཅེས་འདྲི་དུས་འགྱོད་ཀྱང་འཕྱིས། །ཤིན་ཏུ་བརྩེ་བའི་གཉེན་བཤེས་རྣམས་དང་བྲལ། །བསགས་པའི་རྒྱུ་ནོམ་ཐམས་ཅད་ཤུལ་དུ་བསྐྱུར། །འཇིག་རྟེན་ཕྱི་མར་ལག་སྟོང་འགྲོ་དགོས་པས། །གཉེན་བཤེས་རྒྱུ་ནོམ་ཕྱིར་དུ་སྡིག་མ་གསོགས། །གཉེན་བཤེས་རྒྱུ་ནོམ་ཕྱིར་དུ་སྡིག་བསགས་ན། །རྒྱུས་མེད་ཆ་མེད་བར་དོའི་འཕྲང་རིང་ལ། །གྲོགས་མེད་གཅིག་པུར་འགྲོ་དུས་འཇིགས་སྐྲག་ཆེ། །དེ་ལས་ཐར་ཀྱང་དམྱལ་བའི་གནས་སུ་ལྟུང་། །ལྷུང་ན་ཚ་གྲང་སྡུག་བསྔལ་བཟོད་གླགས་མེད། །དེ་ཕྱིར་རང་གིས་རང་ལ་སྙིང་རྗེ་ན། །ཚེ་འདིའི་གཉེན་བཤེས་རྒྱུ་ནོམ་བློ་ཡིས་ཐོངས། །ཕྱི་མར་གཏན་བདེའི་ལྷ་ཆོས་འབད་པར་གྱིས། །བླ་མའི་བྱིན་རླབས་སེམས་ལ་མྱུར་ཞུགས་ནས། །ཚེ་བློས་བཏང་ནས་དམ་ཆོས་བསྒྲུབ་པར་ཤོག །ཅེས་པ་འདི་ཡང་
དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དབེན་པར་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །གྲུབ་དབང་མི་ལ་རས་པ་ལ་སོགས་པའི། །སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་བཞིན། །མིང་དང་དོན་གཉིས་མཐུན་པའི་བྱ་བཏང་ཞིག །བྱེད་པའི་དུས་ཤིག་བདག་ལ་ནམ་འོང་ཨང་། །སྤང་ལྗོངས་ནགས་ཚལ་མེ་ཏོག་རྒྱན་ལྡན་ཞིང་། །ཆུ་གཙང་རྒྱུན་འབབ་བྱ་བྱེའུ་སྐད་སྙན་སྒྲོག །ན་བུན་ལྡིང་བའི་དབེན་པའི་དགའ་ཚལ་དུ། །གཅིག་པུར་འདུག་པའི་དུས་ཤིག་ནམ་འོང་ཨང་། །བསྒྲུབ་པའི་དུས་སུ་དཀའ་ཚེགས་དཀའ་ལས་མྱང་། །སྤྱད་པས་མི་ངོམས་སྡིག་སྡུག་གཏམ་ངན་གསུམ། །སྣ་འདྲེན་ཤ་སོགས་ཞིམ་མངར་ཟས་སྤངས་ནས། །ངན་ངོན་ཟ་བའི་དུས་ཤིག་ནམ་འོང་ཨང་། །དད་ཟས་ལོག་འཚོ་མི་དགོས་ཤིག་སྲོ་མེད། །ཚེ་རིང་ནད་མེད་རིག་པ་ཤིན་ཏུ་གསལ། །ཉམས་རྟོགས་འཆར་སོགས་ཕན་ཡོན་མང་གསུངས་པས། །བཅུད་ལེན་བྱེད་པའི་དུས་ཤིག་ནམ་འོང་ཨང་། །དོན་མེད་རྣམ་གཡེང་གཏི་
མུག་རོ་ཉལ་སྤངས། །བླ་མའི་གདམས་ངག་རྩེ་གཅིག་ཉམས་སུ་བླངས། །ཚེ་མཇུག་འདི་ལ་ས་ལམ་མཐར་ཕྱིན་ནས། །གཞན་དོན་བྱེད་པའི་དུས་ཤིག་ནམ་འོང་ཨང་། །ཞེས་པ་འདི་ཡང་སློབ་བུ་དོན་ཡོད་ཕུན་ཚོགས་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབུས་ཀྱི་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །ན་མོ་རཏྣ་གུ་རུ། ལྷ་ལམ་དྲོ་འཇམ་ཉི་མ། །འཛིན་མའི་མེ་ཏོག་སྤང་རྒྱན། །བར་སྣང་ཆུ་འཛིན་འཛོམས་དུས། །སྤྲིན་དཀར་མེ་ཏོག་མཛེས་ཀྱང་། །ཉི་མ་ནུབ་རིར་ཡིབས་ནས། །རི་མགོ་མུན་པས་ནོན་ཚེ། །སྤྲིན་དཀར་མེ་ཏོག་ལུས་པ། །དཀར་གསལ་མཛེས་རྒྱུ་མི་སྣང་། །གོང་གི་ཤ་ཚའི་མ་རྒན། །འགབ་ཀྱི་སྙིང་ཉེའི་སྲིང་མོ། །བར་གྱི་བུ་ང་འཛོམས་དུས། །མིང་སྲིང་བདེ་སྐྱིད་སྤྲོ་ཡང་། །དྲིན་ཅན་ཨ་མ་ཤི་ནས། །སེམས་མགོ་སྐྱོ་བས་ནོན་ཚེ། །མིང་སྲིང་ཤུལ་དུ་ལུས་པ། །འདི་སྐྱིད་སྤྲོ་རྒྱུ་མི་སྣང་། །བྱ་རྒྱལ་ཁུ་བྱུག་སྔོན་མོས། །མཛེས་པའི་མགྲིན་པ་བཏེགས་ནས། །ཕྱོགས་བཞིར་ཁ་བལྟས་ལྷང་ལྷང་། །སྐད་སྙན་སྒྲོག་པ་ཐོས་ཚེ། །བྱམས་པའི་མིག་གིས་བུར་བལྟས། །སྙན་པས་མིང་ནས་འབོད་པའི། །རྒས་
པའི་ཨ་མ་དྲན་ནས། །མིག་ནས་འཆི་མ་ལྷུང་བྱུང་། །ཁུ་བྱུག་ཡུལ་གཞན་སོང་བར། །སྐྱོ་བ་ཅུང་ཟད་སྐྱེ་ཡང་། །ཕྱིར་ལོ་འོང་ཚུལ་བསམས་ཚེ། །སྐྱོ་བ་སྐྱེ་རྒྱུ་མི་སྣང་། །མ་རྒན་ཕྱི་མར་སོང་ལ། །སྐྱོ་བ་ཚད་མེད་སྐྱེ་བ། །ཕྲད་རྒྱུ་མེད་ཚུལ་བསམས་ཚེ། །སྐྱོ་བ་སངས་དུས་མི་སྣང་། །མ་ལ་ཕྲད་འདོད་ཆེ་ཡང་། །ཕྲད་ཡུལ་ཨ་མ་མེད་ཚེ། །ཕྲད་ན་འདོད་ཀྱང་སུར་འཕྲད། །སྲིང་མོར་ཕྲད་རུང་མི་ཕན། །མ་ལ་ཞེན་ཆགས་ཆེ་ཡང་། །ཆགས་ཡུལ་ཨ་མ་མེད་ཚེ། །ཆགས་ན་འདོད་ཀྱང་སུར་ཆགས། །གཞན་ན་ཆགས་སའི་མ་མེད། །ད་ནི་མའི་དྲིན་ཆོས་ཀྱིས། །འཇལ་ཕྱིར་དབེན་པར་ཆས་འགྲོ། །བུ་ངས་ཆོས་ཀྱིས་མ་ལ། །ཕན་ཐོགས་འབྱུང་བར་གྱུར་ཅིག །གཅིག་པུར་སྐྱོ་མགུར་འཐེན་པ། །ཨ་མས་ཚོར་ན་དགའ་བ། །ཆོས་ཀྱིས་མ་ལ་ཕན་ནས། །བུ་ཞེས་གླེང་ན་སྐྱིད་པ། །སྐྱོ་བྲལ་རང་སེམས་མཁའ་ལ། །སྐྱོ་ཤས་ཆུ་འཛིན་འཁྲིགས་ཚེ། །སྐྱོ་དབྱངས་དབྱར་རྔ་ལྡིར་བཞིན། །སྐྱོ་མགུར་ཆར་འདི་བབ་པོ། །ན་མོ་རཏྣ་གུ་རུ། སྤྲིན་འཇའ་ཉི་མ་རྣམ་གསུམ། །མཁའ་ལ་དུས་གཅིག་འཛོམས་ནས། །དགའ་སྟོན་
སྦྲང་ཆབ་ཕབ་ཚེ། །སྤྲིན་དཀར་ལང་ཚོ་གསར་ཡང་། །འཇའ་ཡལ་ཉི་མ་ནུབ་ནས། །ས་གཞི་སྨག་གིས་ཁེབས་ཚེ། །སྤྲིན་དཀར་ཤུལ་དུ་ལུས་པ། །འོད་མདངས་ཅི་ཡང་མི་སྣང་། །བླ་མ་གྲོགས་བདག་རྣམ་གསུམ། །ས་ལ་དུས་གཅིག་འཛོམས་ནས། །དགའ་སྟོན་ཆོས་གཏམ་བགྱིས་ཚེ། །ཉམས་དགའ་སྣང་བ་སྤྲོ་ཡང་། །གྲོགས་གཤེགས་བླ་མ་ཞིང་བརྗེས། །རང་སེམས་སྐྱོ་བས་ཁེབས་ཚེ། །བདག་ཉིད་ཤུལ་དུ་ལུས་པ། །དགའ་སྤྲོ་ཅི་ཡང་མི་སྣང་། །རབ་མཛེས་མེ་ཏོག་ཚལ་ན། །ལུས་མཛེས་བུང་བ་མང་པོས། །དགའ་བའི་གར་བསྒྱུར་གླུ་བླངས། །སྦྲང་རྩི་ལེན་པ་མཐོང་ཚེ། །སྔོན་དུས་བླ་མའི་དྲུང་ནས། །སློབ་མས་གསོལ་འདེབས་ཕྱག་བྱས། །དབང་ལུང་ཁྲིད་གསུམ་ཞུས་པ། །དྲན་ནས་འཆི་མ་ལྷུང་བྱུང་། །འོད་གསལ་ཉི་མ་ནུབ་རིར། །ཡིབས་ཚེ་ཅུང་ཟད་སྐྱོ་བ། །ཉིན་རེ་བཞིན་དུ་འཆར་ཚུལ། །བསམས་ན་སྐྱོ་རྒྱུ་མི་སྣང་། །ཉི་མ་ལས་ལྷག་བླ་མ། །ཞིང་གཞན་གཤེགས་ལ་སྐྱོ་བ། །ནམ་ཡང་མཇལ་རྒྱུ་མེད་ཚུལ། །བསམས་ཀྱིན་སྐྱོ་བ་སྐྱེས་བྱུང་། །བླ་མར་མཇལ་
འདོད་ཆེ་ཡང་། །མཇལ་ཡུལ་བླ་མ་མེད་ཚེ། །མཇལ་ན་འདོད་ཀྱང་སུར་མཇལ། །གཞན་ལ་མཇལ་བས་མི་ཕན། །བླ་མར་བདག་སེམས་ཆགས་རུང་། །ཆགས་ཡུལ་བླ་མ་མེད་ཚེ། །ཆགས་ན་འདོད་ཀྱང་སུར་ཆགས། །གཞན་ན་ཆགས་ས་མི་སྣང་། །ད་ནི་བླ་མའི་སྐུ་དྲིན། །གཞལ་ཕྱིར་དབེན་པར་ཆས་འགྲོ། །བུ་ངའི་སྒྲུབ་པས་བླ་མའི། །ཐུགས་དགོངས་རྫོགས་པར་གྱུར་ཅིག །གཅིག་པུར་སྐྱོ་མགུར་འཐེན་པ། །བླ་མས་གསན་ན་དགའ་བ། །སྒྲུབ་པའི་མཆོད་པས་དགྱེས་ནས། །བུ་ཞེས་གླེང་ན་སྐྱིད་པ། །ན་མོ་རཏྣ་གུ་རུ། དང་པོ་ལུས་སྲོག་བསྐྱེད་མ། །བར་དུ་ཟས་གོས་སྟེར་མ། །ཐ་མ་ཆོས་སྒོར་འཇུག་མ། །རྒས་པའི་དྲིན་ཅན་ཨ་མ། །སྔོན་དུས་ཉིན་གཅིག་ཙམ་ལ། །གསོན་བྲལ་བྱེད་མི་ཕོད་རུང་། །ད་ལྟ་ཤི་ནས་གཏན་བྲལ། །བྱས་རུང་སྡོད་དགོས་དུས་བྱུང་། །ཀྱེ་ཧུད་སྡོད་མི་ཚུགས་རུང་། །འདུས་ནས་འབྲལ་བ་འཇིག་རྟེན། །འཁོར་བའི་ཆོས་ཉིད་ཡིན་པས། །གཞན་དུ་འགྲོ་ས་མི་སྣང་། །ད་ནི་འཕྲད་ན་འདོད་ཀྱང་། །ཅང་ཤེས་རྟ་ཕོར་ཞོན་ནས། །ས་སྟེང་ཉུལ་ནས་བཙལ་ཀྱང་། །མ་ལ་འཕྲད་དུས་མི་འབྱུང་། །
མ་བུར་ཚེ་འདིར་ལྷན་ཅིག །འདུས་ནས་རྩེ་དགོད་བྱེད་བཞིན། །སྐྱིད་དགའ་ལོངས་སྤྱོད་དགའ་སྟོན། །བྱེད་པའི་སྐལ་བ་ཆད་སོང་། །ད་ནི་ཞིམ་མངར་བཟའ་བཏུང་། །བྱིན་ནས་དྲོ་འཇམ་ཡང་གོས། །ཡོད་ཚད་བསྐོན་ན་འདོད་ཀྱང་། །བསྐོན་ཡུལ་ཨ་མ་མི་སྣང་། །རྣར་སྙན་ཡིད་འབབ་གཏམ་སྙན། །ད་ལྟ་རང་གིས་ཤེས་ཚེ། །མ་ལ་བཤད་ན་འདོད་ཀྱང་། །བཤད་ཡུལ་ཨ་མ་མི་སྣང་། །ཤ་ཚ་སྙིང་ཉེའི་སྤུན་ཟླ། །ཆུང་འདྲིས་མཐུན་གྲོགས་ཕོ་མོ། །ཡུལ་མི་ཁྱིམ་མཚེས་རྒན་རྒོན། །ལྷ་བས་ལྷག་པའི་སེམས་བཟང་། །མ་བཞིན་རང་ལ་བྱམས་པའི། །གཉེན་བཤེས་བརྩེ་གདུང་ཅན་རྣམས། །ཐམས་ཅད་འདི་ཡི་ཆོས་ཉིད། །ནམ་ཞིག་སོ་སོར་འབྲལ་ངེས། །ནམ་འབྲལ་ངེས་པ་མི་སྣང་། །སང་དགོང་དོ་ནུབ་ཡིན་ཡང་། །བྲལ་ནས་ཨེ་འགྲོ་བསམས་ན། །ད་ལྟ་ཡུད་ཙམ་འཚོགས་དུས། །ཕན་ཚུན་སེམས་ལ་གནོད་པའི། །བྱ་བ་ངན་པ་སུས་བྱེད། །བརྩེ་ཞིང་དུང་བའི་སྒོ་ནས། །ཕན་ཐོགས་བྱེད་པར་རིགས་སོ། །སྔར་ཡང་དྲིན་ཅན་ཨ་མར། །ཟས་བྱིན་གོས་བསྐོན་སེམས་ལ། །ཕན་
པའི་གཏམ་སྙན་སྨྲས་མོད། །འོན་ཀྱང་སེམས་ལ་གནོད་པའི། །ཚིག་ངན་དམ་དུམ་ཤོར་བ། །དེང་སང་བསམ་བློ་བཏང་ཚེ། །སེམས་ལ་འགྱོད་པ་སྐྱེས་ནས། །མིག་ཆུ་འདོན་དགོས་བྱུང་བ། །ད་ཡང་ཁྱོད་ཀྱིས་བརྗེད་ནས། །བརྩེ་བས་གཉེན་བཤེས་གཞན་ལ། །ཅི་ཕན་ཕན་ཐོགས་མ་བྱས། །ཚིག་ངན་རེ་གཉིས་ཤོར་ན། །ཕྱི་ནས་གཏན་བྲལ་གྱུར་དུས། །འགྱོད་པ་དྲག་པོ་འབྱུང་ངེས། །དེ་དུས་འགྱོད་ཀྱང་འཕྱིས་སོང་། །ངུས་རུང་སུར་ཕན་སུས་གོ །འགྱོད་མེད་འདོད་ན་སུ་ལ། །ད་ལྟ་གནོད་འཚེ་མ་བྱེད། །ཐབས་མཁས་བསྡུ་བཞིའི་སྒོ་ནས། །བློ་ཁ་ཆོས་ལ་སྒྱུར་ཨང་། །སྔ་སོར་བརྩེ་གདུང་ཅན་གྱི། །གཉེན་བཤེས་ལ་ལ་ཤི་བྲལ། །ལ་ལ་གསོན་བྲལ་བྱས་ཚུལ། །བསམས་ན་ད་ལྟ་འགྲོག་པའི། །གཉེན་བཤེས་འདི་དང་ངེད་གཉིས། །ནམ་ཚོད་ཅིག་ལ་བྲལ་འགྲོ། །སྙམ་ན་སྔར་བས་འདོད་གདུང་། །ཁོང་ན་མེ་བཞིན་འབར་བྱུང་། །དེ་དང་ལྷན་དུ་བདག་འཛིན། །ཆགས་ཞེན་འཁྲུལ་བ་བྱུང་ནས། །ནམ་ཡང་འབྲལ་མི་ཕོད་པར། །ལྷན་ཅིག་སྡོད་འདོད་སྐྱེས་ཀྱང་། །ཡུན་རིང་འགྲོག་པའི་མཐུ་མེད། །ཕྱི་
མར་འཁྲིད་པའི་ས་མེད། །ཁྲིད་རུང་གར་འགྲོ་ཆ་མེད། །བསམས་ན་ཚེ་འདིར་ཡུད་ཙམ། །འགྲོག་ལ་དོན་གོ་མི་སྣང་། །དེ་ཕྱིར་ཆགས་ནས་ཅི་བྱ། །དེ་བས་ཆོས་ཤིག་བྱ་དགོས། །བསམས་ནས་ཞེན་ཆགས་ཆོད་སོང་། །ད་ནི་སྐྱེ་བ་ཕྱི་མར། །ཕ་མ་གཉེན་བཤེས་ཐམས་ཅད། །དག་པའི་ཞིང་དུ་དྲངས་ནས། །འགྲོག་པའི་སྐལ་བ་ལྡན་ཕྱིར། །རང་གི་ལུས་སྲོག་ལ་ཡང་། །ཆགས་ཞེན་སྤུ་ཙམ་མེད་པར། །དབེན་པའི་དགའ་ཚལ་ཉམས་དགའ། །འགྲིམ་པའི་གོ་ཆ་གྱོན་སོང་། །དང་པོ་སྨོན་འཇུག་སེམས་བསྐྱེད། །བར་དུ་ཚོགས་གཉིས་དགེར་འབད། །ཐ་མ་བསྔོ་སྨོན་མཚམས་སྦྱོར། །ཉིན་བཞིན་བྱེད་པར་སྨོན་ནོ། །མ་འོངས་ཕ་མ་གཉེན་བཤེས། །འགྲོ་ལ་ཅི་ཕན་བྱེད་སྙམ། །རང་གི་ཡིད་ན་ཡོད་པ། །དེ་བཞིན་འགྲུབ་པར་གྱུར་ཅིག །ཅེས་པ་འདི་རྣམས་ཀྱང་དབུས་ཀྱི་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །བློ་ཕུགས་གཏད་ན་མི་བསླུ་བའི། །འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དཔུང་། །བླ་མ་ཡི་དམ་དཀོན་མཆོག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དལ་འབྱོར་མི་
ལུས་རིན་པོ་ཆེ། །ཤིན་ཏུ་རྙེད་དཀའ་དོན་ཡང་ཆེ། །རྙེད་དུས་ཆུད་ཟོས་མ་གཏོང་ཨང་། །བརྩིགས་པའི་གནས་ཁང་བསགས་པའི་ནོར། །འགྲོགས་པའི་གཉེན་བཤེས་རྒྱབ་ཏུ་བསྐྱུར། །ཕྱི་མར་ནམ་འགྲོ་ཆ་མེད་པས། །འགྲུབ་མེད་བྱ་བ་མ་མང་ཨང་། །བདེ་འདོད་སྡུག་བསྔལ་མི་འདོད་པ། །སེམས་ཅན་ཐམས་ཅད་བློ་མཐུན་པས། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཨང་། །འགྲོ་ལ་བྱམས་ན་བུ་ཆུང་ལ། །གཅེས་ན་ཕ་མ་དགའ་བ་བཞིན། །རྒྱལ་བ་སྲས་བཅས་ཐུགས་མཉེས་པས། །འགྲོ་ལ་ཕན་ཐོགས་གྱིས་ཤིག་ཨང་། །ཁྲོས་པས་རང་གི་དགེ་རྩ་འཇོམས། །མཛའ་བཤེས་གྲོགས་པོ་རྣམས་ཀྱང་སུན། །ཞེ་སྡང་དྲག་པོའི་གཞུ་འཐེན་ནས། །ཚིག་རྩུབ་དུག་མདའ་མ་འཕེན་ཨང་། །ཆོས་པ་འགའ་རེས་ཕྱི་རོལ་གྱི། །སྤྱོད་བ་མིག་སྔར་མི་མཛེས་ཀྱང་། །ནང་གི་ཐུགས་དགོངས་མི་ཤེས་པས། །གང་ལའང་དག་སྣང་གྱིས་ཤིག་ཨང་། །དམ་པའི་ཆོས་ལ་མི་བཟང་མེད། །དབུ་མ་ཕྱག་རྫོགས་ཞི་བྱེད་གཅོད། །ལ་སོགས་ཆོས་ལ་བཟང་ངན་ཕྱེ། །ཕྱོགས་རིས་ཆགས་སྡང་མ་བྱེད་ཨང་། །རང་
གིས་བརྩིགས་པའི་གནས་ཁང་དུ། །རྟག་ཏུ་འདུག་དབང་རང་ལ་མེད། །དོན་མེད་ཁང་ལས་མ་བྱེད་པར། །རི་ཁྲོད་བྲག་ཕུག་སྟེན་ཅིག་ཨང་། །སེམས་ཅན་སེམས་ལ་གང་ཤར་རྣམས། །རྒྱལ་བའི་ཐུགས་ཀྱིས་ས་ལེར་མཁྱེན། །ཕྱོགས་བཅུའི་རྒྱལ་རྣམས་ཐུགས་ཁྲེལ་བའི། །བསམ་ངན་ཡིད་ལ་མ་འཆང་ཨང་། །འགྲོ་ཀུན་ལུས་ངག་བྱ་སྤྱོད་གང་། །བྱས་ཚུལ་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །རྟག་ཏུ་ཡེ་ཤེས་སྤྱན་གྱིས་གཟིགས། །སྤྱོད་ངན་ལྐོག་ཏུ་མ་བྱེད་ཨང་། །འཁོར་བ་སྡུག་བསྔལ་ཐམས་ཅད་པོ། །ལས་དང་ཉོན་མོངས་རྒྱུ་ལས་བྱུང་། །ལས་ཉོན་རྩ་བ་བདག་འཛིན་ཡིན། །བདག་འཛིན་ཕུང་རྒན་ཐུལ་ཅིག་ཨང་། །ཆོས་རྣམས་ཐམས་ཅད་སེམས་ཀྱི་འཕྲུལ། །སེམས་ཉིད་དཔྱད་ན་ངོས་གཟུང་བྲལ། །ངོས་གཟུང་མེད་པའི་སྟོང་སང་གི །ངང་ལ་མཉམ་པར་ཞོག་ཅིག་ཨང་། །ཆོས་ཀུན་རྨི་ལམ་སྒྱུ་མ་འདྲ། །རང་བཞིན་གྲུབ་པ་རྡུལ་ཙམ་མེད། །མེད་བཞིན་སྣང་བའི་ཆོས་རྣམས་ལ། །ཚུགས་ཐུབ་བདེན་པར་མ་འཛིན་ཨང་། །འཁོར་བའི་སྡུག་བསྔལ་ཀུན་ལས་སྐྱོབ། །བདེ་བ་ཀུན་
ལ་སྤྲོད་པའི་མགོན། །བསླུ་མེད་དཀོན་མཆོག་གསུམ་ཡིན་པས། །རྟག་ཏུ་སྐྱབས་སུ་སྟེན་ཅིག་ཨང་། །བྱིན་རླབས་སྩོལ་བའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་ཆོས་སྐྱོང་གསུམ། །གཡེལ་མེད་ཚུལ་བཞིན་སྟེན་ཅིག་ཨང་། །མཚན་ལྡན་རྩ་བའི་བླ་མ་ཡིས། །རང་ལ་མ་ནོར་ཆོས་བསྟན་པ། །ཡིན་མིན་ཐེ་ཚོམ་མ་བྱེད་པར། །རྩེ་གཅིག་ཉམས་སུ་ལོངས་ཤིག་ཨང་། །དགེ་ཆོས་གང་བྱེད་ཐོག་མ་རུ། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ལ། །ཐ་མ་འདུན་པ་དྲག་པོ་ཡིས། །བསྔོ་སྨོན་རྣམ་དག་གྱིས་ཤིག་ཨང་། །དེ་ལྟར་མཛད་ན་གནས་སྐབས་སུ། །མངོན་མཐོ་ལྷ་མིའི་བདེ་བ་འབྱུང་། །མཐར་ཐུགས་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་དམ་པ་འཐོབ་པར་འགྱུར། །དགེ་འདིས་མཚོན་པའི་རང་གཞན་གྱིས། །དགེ་བ་ཅི་བསགས་འགྲོ་བ་ཀུན། །སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་དད་ཅན་སློབ་བུ་ངག་དབང་དར་རྒྱས་ཀྱིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཟྭ་ལུང་ནས་སྦྱར་བའོ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་
རློབས། །ཕན་པའི་སྙིང་གཏམ་ཚིག་འགའ་སྨྲ། །མ་ཡེངས་ལེགས་པར་ཉོན་ཅིག་ཨང་། །ཐོས་བསམ་བྱས་པའི་དགོས་པ་ནི། །ལག་ལེན་མཁས་པ་ཡིན་པ་ལ། །ཆོས་ཀྱི་ཕྱག་ལེན་མི་ཤེས་པར། །འཇིག་རྟེན་ཤེས་རྒྱ་མ་ཆེ་ཨང་། །ཁྱིམ་སྤངས་རབ་ཏུ་བྱུང་ནས་བཟུང་། །དགེ་སྦྱོང་ཆོས་བཞི་བསྟེན་དགོས་པས། །ཚིག་ངན་ཁབ་ཙམ་མི་བཟོད་པར། །ངན་ལན་འཁོན་འཛིན་མ་བྱེད་ཨང་། །རང་ཉིད་བཙུན་པར་ཁས་བླངས་བསྟོད། །གཞན་ལ་སྡོམ་ཤོར་ཟེར་ནས་སྨོད། །རང་གིས་རློམ་སེམས་མི་སྤོང་བར། །གཞན་ལ་བརྙས་སྨོད་མ་བྱེད་ཨང་། །ཆོས་དང་ཆོས་མིན་ཤན་འབྱེད་པ། །ཀུན་མཁྱེན་སྤྱོད་ཡུལ་ཡིན་པ་ལ། །མཐོང་ལམ་ཙམ་ཡང་མ་སྐྱེས་པར། །ཆོས་ལ་བཟང་ངན་མ་འབྱེད་ཨང་། །ཕྱི་ཡི་སྤྱོད་ལམ་མི་མཛེས་ཀྱང་། །ནང་རྒྱུད་སྨིན་ཅིང་གྲོལ་བ་མང་། །མངོན་ཤེས་མེད་བཞིན་རྣལ་འབྱོར་པའི། །རྒྱུད་ཚོད་ནམ་ཡང་མ་འཛིན་ཨང་། །འདུལ་ཁྲིམས་བསྲུང་བ་ཆགས་སྡང་སོགས། །ཉོན་མོངས་འདུལ་ཐབས་ཡིན་པ་ལ། །ཚུལ་ཁྲིམས་སྲུང་གིན་དུག་གསུམ་སོགས། །ཉོན་
མོངས་ཆེ་རུ་མ་འགྲོ་ཨང་། །འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །སྒྲུབ་པ་སྙིང་པོར་མཛད་དགོས་ལ། །རང་དོན་མ་ལེགས་ཕྲན་ཚེགས་ཕྱིར། །སེམས་འཁྲུགས་སེམས་བསྐྱེད་མ་འཆོར་ཨང་། །གཞན་སྐྱོན་ཉོན་མོངས་མི་དགེའི་ལས། །སྤོང་བའི་ཐབས་ལ་བརྩོན་དགོས་ན། །རང་སྐྱོན་སྤོང་བ་སྨོས་ཅི་དགོས། །གཡོ་སྒྱུ་ཁྲམ་གསུམ་སྤོངས་ཤིག་ཨང་། །ལྟ་བ་རྟོགས་ན་སྔར་བས་ཀྱང་། །སྡིག་པ་ཕྲ་མོའང་འཛེམ་དགོས་ལ། །དགེ་བ་སྤངས་ནས་མི་དགེ་བཅུ། །སྔར་བས་ལག་ལེན་མ་ཆེ་ཨང་། །གསང་སྔགས་སྡོམ་པ་གསུམ་ལྡན་ལ། །གནང་བཀག་སོ་མཚམས་མི་ཤེས་པར། །ང་ལ་གང་ཡང་མ་བཀག་ཅེས། །སོ་ཐར་ཁྱད་དུ་མ་གསོད་ཨང་། །གསང་སྔགས་གསང་ནས་སྒྲུབ་པ་ལ། །དབེན་པར་གསང་ནས་མི་སྒྲུབ་པར། །ཁྲོམ་དང་གྲོང་ཡུལ་དགོན་སོགས་ནས། །གསང་བ་ནམ་ཡང་མ་སྒྲོགས་ཨང་། །རྒྱལ་བས་བསྔགས་པའི་རི་ཁྲོད་དུ། །ཐག་རིང་བགྲོད་དཀའ་མི་ཚུགས་ཟེར། །གྲོང་གི་སྦྲ་ཆད་ཁང་རུལ་ནས། །གཏན་དུ་སྡོད་གྲབས་མ་བྱེད་ཨང་། །མདོར་ན་མདོ་རྒྱུད་མན་ངག་ཀུན། །སེམས་ཅན་ཉོན་མོངས་
འདུལ་ཐབས་ཡིན། །རྟག་ཏུ་ཐོས་བསམ་སྒོམ་གསུམ་སྒོས། །རང་རྒྱུད་ཉོན་མོངས་ཐུལ་ཅིག་ཨང་། །ཨང་ཡིག་བཅུ་བཞིའི་ཞལ་གདམས་འདི། །བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། །སློབ་བུ་ཚུལ་ཁྲིམས་རྣམ་རྒྱལ་ལ། །སྨྲས་པ་བཞིན་དུ་འགྲུབ་པར་ཤོག །ཅེས་པ་འདི་ནི་དབུས་ཀྱི་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །ན་མོ་རཏྣ་གུ་རུ། མ་གྱུར་འགྲོ་བའི་སྐྱབས་མགོན། །མ་རིག་དབང་གྱུར་བདག་ལ། །མ་ནོར་ལམ་བཟང་སྟོན་པའི། །མ་ལས་ལྷག་པའི་བླ་མར། །སྔོན་ཆད་ལོ་འམ་ཟླ་གཅིག །ཞག་བདུན་ཙམ་ལ་བྲལ་ནས། །ཕྱོགས་གཞན་འགྲོ་དགོས་བྱུང་ན། །མི་འཐད་འབྲལ་མི་ཕོད་རུང་། །རྟག་འཛིན་ཕྱི་བཤོལ་མཁན་གྱི། །འགྲོ་རྣམས་ཆོས་ལ་བསྐུལ་ཕྱིར། །སྔོན་དུས་སྟོན་པ་སངས་རྒྱས། །གཟུགས་སྐུ་མྱ་ངན་འདས་བཞིན། །མཚན་ལྡན་རྩ་བའི་བླ་མའི། །སྐུ་དེ་མི་རྟག་ཚུལ་བསྟན། །ད་ལྟ་གཟུགས་སྐུ་ཆུ་བུར། །མིག་གི་ལམ་དུ་མི་སྣང་། །ཀྱེ་ཧུད་སྐལ་དམན་རང་ཉིད། །ཉ་མོ་ཆུ་དང་བྲལ་བཞིན། །ཤུལ་ནས་མྱ་ངན་བྱེད་བཞིན། །སྡོད་དགོས་དུས་ངན་བྱུང་སོང་། །ད་ནི་དཔོན་སློབ་འཁོར་
བཅས། །ཚེ་འདིར་ལོ་འམ་ཟླ་བར། །འགྲོག་པ་ཕར་ཞོག་ཡུད་ཙམ། །འགྲོག་པའི་སྐལ་བ་མེད་བཞིན། །གཞན་ཡང་འབྲེལ་ཚད་བླ་མ། །དམ་ཚིག་གཅིག་པའི་སྤུན་གྲོགས། །ཅི་གསུང་སྒྲུབ་པའི་སློབ་བུ། །རྒྱུ་ཟས་འབྲེལ་ཐོགས་ཡོན་བདག །དད་ཅན་ཕོ་མོ་རྣམས་ཀྱང་། །འདི་ཡི་རང་བཞིན་ཡིན་པས། །ནམ་ཞིག་སོ་སོར་འབྲལ་ངེས། །ནམ་འབྲལ་ངེས་པ་མི་སྣང་། །ད་ལྟ་ཡུད་ཙམ་འགྲོག་དུས། །བླ་མ་གྲོགས་མཆེད་སློབ་མ། །སྦྱིན་བདག་རྣམས་ཀྱི་སེམས་ལ། །གནོད་པའི་བྱ་བ་མ་བྱེད། །ཟས་གོས་ནོར་རྫས་ཆོས་ཀྱིས། །ཅི་ཕན་ཕན་ཐོགས་མཛོད་ལ། །ཅི་སྨྲས་ཇི་བཞིན་སྒྲུབས་ཤིག །ཞེན་ཅིང་ཆགས་ནས་ཅི་བྱ། །རང་གཞན་གཉིས་ཀྱི་སུ་ཡང་། །ཚེ་འདིར་ཡུན་རིང་མི་སྡོད། །ཕྱི་མར་སོ་སོར་འགྲོ་ངེས། །སང་འགྲོ་གནངས་འགྲོའི་ཆ་དེ། །རང་གཞན་གཉིས་ལ་མེད་ཕྱིར། །ད་ནི་ཚེ་འདིའི་ཞེན་ཆགས། །འཁྲི་བ་རྦད་ཀྱིས་བཅད་ནས། །ཚེ་རབས་ཕྱི་མར་འབྲེལ་ཚད། །དག་པའི་ཞིང་དུ་འགོད་ཕྱིར། །བྱ་བཏང་རྣལ་འབྱོར་ང་ཡིས། །རི་ཁྲོད་དབེན་པའི་གནས་སུ། །ཟབ་མོའི་སྒྲུབ་པ་བྱེད་ལ། །
བློ་ཁ་ཆེས་ཆེར་ཕྱོགས་སོ། །ནམ་ཞིག་སངས་རྒྱས་མཆོད་ཅིང་། །སེམས་ཅན་འདྲེན་པར་སྨོན་ནོ། །རང་གི་ཡིད་ལ་ཅི་བསམ། །དེ་བཞིན་འགྲུབ་པར་གྱུར་ཅིག །ང་རང་སྐྱོ་བའི་མགུར་འདིས། །ང་ལ་ཕན་ཐོགས་བྱུང་ཚེ། །ང་ཡི་སློབ་བུ་ཡོངས་ལ། །ང་བཞིན་ཕན་སྙམ་བསྐུར་སོང་། །སྐྱོ་བ་རང་སྐྱེས་འོང་དཀའ། །སྐྱོ་ཤས་སེམས་ལ་བསྐྱེད་ན། །སྐྱོ་མགུར་འདི་འདྲ་འཐེན་དང་། །སྐྱོ་ཤས་ངེས་འབྱུང་སྐྱེ་ཡོང་། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཟྭ་ལུང་ནས་སྨྲས་པའོ། །གཏན་གྱི་སྐྱབས་གནས་བླ་མར་གསོལ་བ་འདེབས། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །ཕྱི་རོལ་སྣང་བ་དཔེར་བཞག་གྲོས་ཤིག་འདེབས། །སོར་བཅུ་བྲང་ལ་ཁྲོམས་ལ་སོམས་ཤིག་བུ། །ནོར་བུ་དོར་ནས་མཆིང་བུ་འཚོལ་བ་བཞིན། །བླ་མ་དོར་ནས་གྲོགས་ངན་མ་ཚོལ་བུ། །གསེར་དངུལ་ཁྲོད་དུ་སློག་ཧྲུལ་དྲུད་པ་བཞིན། །ཡོན་ཏན་བོར་ནས་ཉེས་སྐྱོན་མ་འཚོལ་བུ། །རིན་ཆེན་གླིང་ནས་ཟོང་ཟད་སླར་ལོག་བཞིན། །དལ་འབྱོར་ཐོབ་ནས་སྟོང་ལོག་མ་བྱེད་བུ། །རང་ལ་མི་འཆིའི་གདེང་ཞིག་ཡོད་པ་
བཞིན། །ཡུན་རིང་སྡོད་ཤོམ་བློ་རྒྱ་མ་ཆེ་བུ། །མིག་ཅན་འགའ་རེ་གཡང་ལ་མཆོང་བ་བཞིན། །ཤེས་བཞིན་ལས་འབྲས་ཁྱད་དུ་མ་གསོད་བུ། །མི་གཙང་ཁྲོད་ལ་དགའ་བའི་སྦྲང་མ་བཞིན། །འཁོར་བའི་བདེ་ལ་ཆགས་ཞེན་མ་ཆེ་བུ། །ལྕགས་ཀྱུ་མེད་པའི་གླང་ཆེན་སྨྱོན་པ་བཞིན། །ཉེས་ལྟུང་དུ་མའི་འདམ་དུ་མ་བྱིང་བུ། །གཡོ་ཅན་ཆུ་སྐྱར་བྱི་ལའི་སྤྱོད་པ་བཞིན། །ཟོག་གིས་རང་གཞན་གཉིས་ཀ་མ་སླུ་བུ། །རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་བཞིན། །མ་གྱུར་འགྲོ་རྣམས་ཡལ་བར་མ་དོར་བུ། །མཚོ་འཁྱགས་སྟེང་དུ་ཆུ་རྒྱུན་བཀྲམ་པ་བཞིན། །ང་བདག་འཛིན་པ་ཇེ་ཆེར་མ་གཏོང་བུ། །དེད་དཔོན་བསྟེན་ན་རིན་ཆེན་གླིང་བགྲོད་བཞིན། །བླ་མ་བསྟེན་ནས་གསང་སྔགས་སྒོར་ཞུགས་བུ། །གྲུ་དེ་གས་ཆག་བྱུང་ན་ཉེན་ཆེ་བཞིན། །དམ་ཚིག་ཉམས་ན་ཉེན་ཆེ་སྲུངས་ཤིག་བུ། །ནོར་བུ་ལོན་ཚེ་མཆོད་བསྟོད་གསོལ་འདེབས་བཞིན། །དབང་ཁྲིད་ཐོབ་ནས་ཉམས་སུ་ལོངས་ཤིག་བུ། །ནོར་བུ་མཆོད་ན་དགོས་འདོད་འབྱུང་བ་བཞིན། །གསང་སྔགས་ཉམས་བླངས་དངོས་གྲུབ་ཀུན་འབྱུང་བུ། །མདོར་ན་སེང་ལྤགས་གྱོན་པའི་ཝ་
སྐྱེས་བཞིན། །ཆོས་པར་བརྫུས་ནས་ཆོས་མིན་མ་བྱེད་བུ། །སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་བཞིན། །ཆོས་མིན་དོར་ལ་ཆོས་བཞིན་གྱིས་ཤིག་བུ། །གླུ་འདི་བཏོན་དང་ཐོས་ཚད་ཐམས་ཅད་ཀྱི། །རྒྱུད་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་ཤོག །ཅེས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སློབ་བུ་སྐལ་ལྡན་རང་གྲོལ་ལ་དབེན་གནས་ཟྭ་ལུང་ནས་གདམས་པའོ། །རྩ་གསུམ་ལྷ་ཚོགས་རྣམས། །སྙན་པའི་གླུ་ཡིས་མཆོད། །ཉམས་རྟོགས་ཡོན་ཏན་རྣམས། །སྐྱེ་བར་བྱིན་གྱིས་རློབས། །བྱ་བཏང་རི་བ་ངས། །མི་མེད་ལུང་སྟོང་ནས། །རང་ཉིད་སྐྱོ་སངས་ཕྱིར། །དགའ་སྤྲོའི་རྒྱང་གླུ་ལེན། །མཚན་ལྡན་བླ་མ་ལ། །ཟོལ་མེད་དད་གུས་སྐྱེས། །སྐལ་ལྡན་སློབ་བུ་ཡི། །གྲལ་དུ་ཚུད་ལ་སྤྲོ། །དལ་འབྱོར་རྙེད་དཀའ་ཤེས། །ཚེ་ལྷག་དོན་ལྡན་བྱས། །འཛམ་གླིང་མིའི་ནང་ནས། །བུ་རྒོད་པོ་རང་བྱུང་། །མི་རྟག་འཆི་བ་དྲན། །ཚེ་འདི་བློ་ཡིས་བཏང་། །ཆོས་པ་དགའ་མོ་ཚོའི། །གྲལ་དབུར་བཞག་ན་མཛེས། །ལས་འབྲས་རྣམ་དབྱེ་ཤེས། །སྡིག་སྤངས་དགེ་བ་བསྒྲུབས། །ངན་སོང་གསུམ་པོ་ལ། །འཇིགས་པ་སྤུ་ཙམ་
མེད། །འཁོར་བའི་ཉེས་དམིགས་བསམས། །འཁྲི་བ་བཙན་ཆོད་བྱས། །བདེ་ཆེན་ཐར་བའི་ཞིང་། །གང་དུ་སོང་ཡང་ཡོང་། །ཁས་བླངས་སྡོམ་པ་རྣམས། །བསྲུང་རྒྱུའི་སྐལ་བ་བྱུང་། །སྡོམ་བརྩོན་ཐམས་ཅད་ཀྱི། །ཁྱུ་མཆོག་ང་ལ་གྱིས། །ཕ་མ་སེམས་ཅན་ལ། །བྱམས་དང་སྙིང་རྗེ་སྐྱེས། །བྱང་ཆུབ་སེམས་དཔའ་ཡི། །གྲལ་དུ་ཚུད་པ་མཚར། །བདག་འཛིན་ཉོན་མོངས་རྣམས། །སྣ་ཚོགས་ཐབས་ཀྱིས་བཏུལ། །འཕགས་པ་དགྲ་བཅོམ་ཚོའི། །གྲལ་དུ་སླེབ་ལ་ཁད། །གསང་སྔགས་བླ་མེད་ཆོས། །གསང་ནས་ཉམས་སུ་བླངས། །ཚེ་གཅིག་སངས་རྒྱས་དེ། །ད་ནི་ཡོང་ཡོང་འདྲ། །སྔོན་ཆད་སྤྱོད་ཚུལ་ལ། །བསམས་པས་སྤྲོ་ཤུགས་ཀྱིས། །སྙན་པའི་གླུ་ཆུང་འདི། །ཁ་ནས་ཤོར་བུད་སོང་། །སྐྱིད་པའི་རྒྱང་གླུ་འདི། །ཐོས་ཚད་བདེ་སྐྱིད་ཤོག །ཅེས་པ་འདི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཟྭ་ལུང་ནས་བླངས་པའོ། །ཕྱག་དང་མཆོད་པའི་ཞིང་མཆོག །འདི་ཕྱི་གཏན་གྱི་སྐྱབས་གནས། །གྲུབ་པའི་དབང་ཕྱུག་ཆེན་པོ། །མཁར་རྡོ་རིན་པོ་ཆེ་ཞེས། །མཚན་སྙན་ཉི་ཟླ་ལྟར་གྲགས། །སྙན་པ་ལྷ་མིའི་ཡུལ་ན། །
ཉིན་རེ་ཡང་ཡང་གླེང་བའི། །མཚན་ལྡན་བླ་མའི་སྙན་དུ། །ཚེ་རབས་གཅིག་ཙམ་མ་ཡིན། །ཚེ་རབས་མང་པོའི་བར་དུ། །བརྩེ་བས་རྗེས་སུ་བཟུང་བའི། །སྐལ་ལྡན་སློབ་མས་གུས་ཞུ། །མགོན་ཁྱོད་ངོ་མཚར་རྨད་བྱུང་། །བསྐལ་བ་དཔག་མེད་སྔོན་ནས། །སངས་རྒྱས་ཚར་ནས་འགྲོ་ལ། །གང་འདུལ་གཟུགས་སྐུ་བསྟན་ནས། །གང་འཚམ་ཟབ་རྒྱས་ཆོས་གསུངས། །སེམས་ཅན་མང་པོ་སྨིན་གྲོལ། །ལམ་ལ་བཀོད་པ་མཐའ་ཡས། །སྐབས་འདིར་གངས་ཅན་ལྗོངས་འདིའི། །སྐལ་བཟང་གདུལ་བྱའི་སྣང་ངོར། །སྔགས་འཆང་གོས་དཀར་ལྕང་ལོ། །ཅན་གྱི་ཚུལ་བཟུང་གསང་སྔགས། །རྡོ་རྗེ་ཐེག་པའི་ཆོས་ཀྱི། །འཁོར་ལོ་བསྐོར་བ་ངོ་མཚར། །ཕུལ་བྱུང་ལྟས་དང་ཆོ་འཕྲུལ། །སྨིན་གྲོལ་སློབ་མ་ཡང་སློབ། །དགེ་ལེགས་བདེ་སྐྱིད་བཀྲ་ཤིས། །ཆེན་པོས་ཕྱོགས་ཀུན་ཁྱབ་བྱུང་། །ཁྱེད་ཀྱིས་གདུལ་བྱ་ཡོངས་ལ། །དངོས་སམ་བརྒྱུད་ནས་ཕན་ཐོགས། །བྱུང་བའི་བཀའ་དྲིན་སྟོང་གསུམ། །གསེར་གྱིས་བཀང་རུང་གཞལ་དཀའ། །འོན་ཀྱང་ད་དུང་སྐལ་བཟང་། །གདུལ་བྱ་ཡོངས་ཀྱི་དོན་དུ། །
བསྐྱེད་རིམ་རྫོགས་རིམ་རྫོགས་ཆེན། །ཁྲིད་ཡིག་ཤིན་ཏུ་གསལ་བ། །ཤེལ་དཀར་ཕྲེང་བ་ལྟ་བུ། །གསུངས་ཞེས་ཞུ་རྟེན་ལྷ་རྫས། །དྲི་མེད་ཤེལ་ཕྲེང་ཞིག་ཕུལ། །སོར་བཅུ་སྙིང་གར་སྦྱར་ནས། །གསོལ་བ་ཡང་ཡང་འདེབས་པས། །བརྩེ་བ་ཆེན་པོའི་སྒོ་ནས། །གསུང་ཚེ་བདག་ལ་སྩོལ་ཅིག །ཅེས་པ་འདི་ཡང་དབེན་གནས་ཟྭ་ལུང་ནས་ལྷ་རྫས་དྲི་མེད་བཅས་ཕུལ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །མཚན་ལྡན་བླ་མའི་ཞབས་ལ་འདུད། །མི་མཐུན་རྐྱེན་དང་བར་ཆད་སོལ། །ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཨེ་མ་སྐལ་ལྡན་ཆོས་མཐུན་གྲོགས། །དབུས་གཙང་དག་པའི་ཞིང་དུ་འོངས། །ཆོས་ལ་ཐོས་བསམ་བྱེད་དུས་སུ། །མ་ཡེངས་བརྩོན་འགྲུས་སྐྱེད་ཅིག་ཨང་། །ཡོན་ཏན་ཆེ་ཆུང་གང་ཡིན་ཡང་། །མཚན་ལྡན་བླ་མ་བསྟེན་ལས་འབྱུང་། །རྟག་ཏུ་བླ་མ་ཅི་མཉེས་གྱིས། །ཐུགས་དང་འགལ་བ་མ་བྱེད་ཨང་། །བླ་མ་གྲོགས་ཀྱི་བཀའ་དྲིན་གྱིས། །ཕུལ་བྱུང་མདོ་རྒྱུད་མན་ངག་དོན། །ཅུང་ཟད་ཙམ་ཞིག་ཤེས་པའི་ཚེ། །རང་མཐོང་ང་རྒྱལ་མ་ཆེ་ཨང་། །ཐོས་པ་མང་པོ་བྱས་པ་དེ། །རང་རྒྱུད་ཉོན་མོངས་འདུལ་ཐབས་
ཡིན། །ཐོས་པ་བྱས་ཀྱིན་རང་རྒྱུད་དེ། །ཇེ་རྩུབ་ཇེ་ངན་མ་འགྲོ་ཨང་། །ཁྱིམ་སྤངས་རབ་བྱུང་དགེ་སློང་བྱས། །བསླབ་པ་བླངས་ནས་མི་སྲུང་བར། །ནོར་ཕྱུགས་བགྲངས་ནས་ཉོ་ཚོང་བྱས། །སྡོམ་པ་འཆོར་གི་མ་འཇུག་ཨང་། །ཁྱིམ་པ་རྣམས་དང་རབ་བྱུང་གཉིས། །བཟང་ངན་གཉིས་ཀྱི་ཁྱད་ཐོན་དགོས། །རྫུན་སྨྲས་གཡོ་སྒྱུ་འཁོན་འཛིང་བྱས། །ཁྱིམ་པ་ལས་ཐུ་མ་བཅོ་ཨང་། །ཆ་ལུགས་ངན་པའི་གང་ཟག་གི །ནང་ན་ཡོན་ཏན་ལྡན་པ་མང་། །རང་ལ་མངོན་ཤེས་མེད་བཞིན་དུ། །དམན་པར་བལྟས་ནས་མ་བརྙས་ཨང་། །སེམས་ཅན་མོས་པ་སྣ་ཚོགས་པས། །རྒྱལ་བའི་ཆོས་ལུགས་མཐའ་ཡས་འབྱུང་། །རང་དང་མི་མཐུན་ཆོས་ལུགས་ལ། །ངན་པར་བལྟས་ནས་མ་སྨོད་ཨང་། །ཐོས་པ་བྱས་ནས་དབེན་པའི་གནས། །རི་ཁྲོད་བསྟེན་ནས་མི་བསྒོམ་པར། །གྲོང་གི་སྦྲ་ནག་ཁང་རུལ་འགྲིམས། །གྲོང་ཆོག་རྐྱང་བ་མ་བྱེད་ཨང་། །མདོར་ན་རབ་ཏུ་བྱུང་ནས་བཟུང་། །ཐོས་བསམ་སྒོམ་གསུམ་མི་བྱེད་པར། །ལོ་ཟླ་ཕར་རེ་ཚུར་རེ་ཟད། །རབ་བྱུང་དོན་མེད་མ་བྱེད་ཨང་། །བྱ་བཏང་ཚོགས་
དྲུག་རང་གྲོལ་གྱིས། །རང་གི་སེམས་ལ་གང་ཤར་རྣམས། །དད་ལྡན་དགེ་འདུན་བཟོད་པར་སྨྲས། །ཐོས་ཚད་ཡོངས་ལ་ཕན་པར་ཤོག །རབ་གསལ་ཐུགས་ཀྱི་རིན་ཆེན་ཤོག་སྔོན་ལ། །ཡོན་ཏན་དུ་མའི་གསེར་ཡིག་སྣ་ཚོགས་བཀྲ། །བླ་མ་འཇམ་དབྱངས་སྤྲུལ་བའི་གླེགས་བམ་ལ། །འཕྲིན་ཡིག་དྲི་མེད་དར་གྱི་ན་བཟའ་འབུལ། །ཁྱོད་ཐུགས་ཆོས་སྐུ་ལྷ་ཡི་ལམ་ཡངས་ངོས། །བྱམས་དང་བརྩེ་བའི་ཆུ་འཛིན་འབུམ་འཁྲིགས་ནས། །རྣར་སྙན་ཡིད་དགའི་གསུང་དབྱངས་དབྱར་རྔ་ལྡིར། །ཐབས་མཁས་བསྡུ་བཞིའི་སྦྲང་ཆར་ཕབ་པའི་ཚེ། །གདུལ་བྱ་འཛིན་མའི་ཞིང་ས་གཤིན་པོ་ལ། །སྔར་མེད་ཕན་བདེའི་ལོ་ཏོག་ཅིར་ཡང་འཁྲུངས། །སྙན་གྲགས་ཆུ་རྒྱུན་མང་བྱུང་སྐྱེ་དགུ་ཡི། །རྣ་བའི་མཚོར་ཞུགས་སེམས་ཀྱི་ཀླུ་དབང་དགྱེས། །སློབ་བུ་མགྲིན་སྔོན་འགའ་རེས་མགྲིན་པ་བཏེགས། །ཁྱེད་སྐུ་བདེ་བར་བཞུགས་ཞེས་གདངས་སྙན་སྐད། །ལྷང་ལྷང་བསྒྲགས་པ་བྱ་བཏང་མི་རྒན་ངས། །གོ་ཚེ་སེམས་ལ་སྔར་མེད་དགའ་སྤྲོ་ཤར། །བདག་ལུས་དབྱར་ཁང་སྟེང་དུ་དུས་རྒྱུན་དུ། །ལོ་ཟླ་ཉིན་ཞག་ཆར་བ་བབས་ན་ཡང་། །
མཆོག་གསུམ་ཐུགས་རྗེས་ཐིགས་ཆག་བཟང་པོའི་མཐུས། །ད་དུང་མ་ཞིག་སྔར་བཞིན་བདེ་བར་མཆིས། །ཡོན་ཏན་འོད་འབར་ཁྱེད་སྐུ་ཉི་མ་དེ། །ལོ་ཟླ་ཉིན་ཞག་རྟ་ལྗང་ཤུགས་ཀྱིས་དྲངས། །སྐད་ཅིག་ཙམ་ཡང་མི་སྡོད་ཞིང་གཞན་གྱི། །ནུབ་རིར་ཉེ་བ་མཐོང་ནས་བདག་ཡིད་སྐྱོ། །ལུང་རིགས་ལུས་སྟོབས་རབ་ཏུ་རྒྱས་བཞིན་དུ། །བཤད་སྒྲུབ་བསྟན་པའི་ཁུར་ཆེན་མི་འཁུར་བར། །རྙེད་བཀུར་གླང་མོའི་ཕྱིར་དུ་རབ་རྒྱུག་པའི། །དགེ་བཤེས་གླང་ཆེན་སྨྱོན་པ་དེས་ཅི་བྱ། །ཐོས་བསམ་གཤོག་རྒྱས་བྱ་རྒྱལ་རྒོད་པོ་ཁྱོད། །གྲོང་དགོན་འདུ་འཛིའི་ཚང་ལ་མ་ཆགས་པར། །སྐབས་རེ་རི་ཁྲོད་ལྷ་ཡི་ལམ་ལ་འཕུར། །དཔྱད་འཇོག་སྒོམ་གྱིས་ནམ་འཕང་ཆེས་ཆེར་བསྟོད། །ཚེམ་སྟུག་དཀར་དམར་ཐིག་ལེ་ལུས་ལ་འཆང་། །སྐྲ་ཡི་རྭ་གདེངས་ཉམས་ལེན་གར་སྟབས་བསྒྱུར། །དབེན་པའི་པད་ཚལ་འགྲིམ་པའི་བུང་བ་ངས། །འཕྲིན་ཡིག་དར་དིར་སྒྲོག་འདིར་གསན་པར་རིགས། །རྗེ་ཁྱོད་བཞིན་རས་གཡོ་མེད་རི་དབང་གི །རྐེད་ན་འཁོར་བའི་སྤྱན་རས་ཉི་ཟླ་ཡི། །ལྟ་སྟངས་འོད་དེ་འཕྲིན་ཡིག་སྐྱེད་ཚལ་
དུ། །འཇིག་རྟེན་ཚེ་སྒྲུབ་རིལ་བུ་ཞིག་བཅས་ཕུལ། །ཕུལ་མཐུས་རིང་མིན་མྱུར་མཇལ་ཡོང་བར་ཤོག །ཅེས་པ་འདི་ནི་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྒྱལ་མཁན་ཆེན་རིན་པོ་ཆེ་ལ་དབུས་གཙང་ནས་ཕུལ་བའོ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །དང་པོ་དད་ཅན་གྲྭ་སློབ་སྦྱིན་བདག་གིས། །རྒྱུ་ནོམ་སེར་སྣ་མ་བྱས་འབུལ་ཚུལ་ལེགས། །བར་དུ་དབུས་གཙང་དག་པའི་ཞིང་ཁམས་ནས། །རྣལ་འབྱོར་བདག་གིས་ཆོས་ཕྱོགས་གཏོང་ཚུལ་ལེགས། །ཐ་མ་ལྷ་ཆོས་བྱས་ཚད་བདག་གཞན་ཀུན། །འཕྲལ་ཕུགས་བདེ་ཕྱིར་བསྔོ་སྨོན་བྱེད་ཚུལ་ལེགས། །ལེགས་གསུམ་ལེགས་ཀྱི་དགེ་བ་བྱས་པའི་མཐུས། །འགྲོ་ཀུན་ལེགས་ཚོགས་འཕེལ་ཞིང་རྒྱས་པར་ཤོག །ཅེས་པ་འདི་ཡང་དབུས་གཙང་དག་པའི་ཞིང་དུ་སླེབས་ནས། སླར་རང་ཡུལ་གྱི་གྲྭ་སློབ་སྦྱིན་བདག་ཐམས་ཅད་ལ་ཡི་གེ་བསྐུར་བའི་མཇུག་ཏུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཐུགས་སྨོན་བཞིན་དུ་སངས་རྒྱས་འགྲོ་བ་འདྲེན། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འདུད། །བདག་གི་སྨོན་ལམ་འགྲུབ་པར་བྱིན་གྱིས་
རློབས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །མགུར་བསྐུལ་མ་ཎི་བཏོན་པའི་དགེ་བ་དང་། །གཞན་ཡང་དུས་གསུམ་བསགས་པའི་དགེ་བའི་མཐུས། །དྲིན་ཅན་བླ་མའི་བཞེད་དོན་ཀུན་འགྲུབ་ཤོག །ལུས་སྲོག་སྐྱེད་པའི་དྲིན་ཅན་ཕ་མ་དང་། །ཆོས་གྲོགས་གྲྭ་སློབ་ཡོན་བདག་དྲིན་ཅན་དང་། །ཞོན་བཀལ་བཞོས་པའི་སྒོ་ཕྱུགས་དྲིན་ཅན་ཀུན། །མྱུར་དུ་རྫོགས་པའི་སངས་རྒྱས་འཐོབ་པར་ཤོག །ཤ་ཟོས་སྤུ་དང་པགས་པ་གྱོན་པ་དང་། །རྡོ་དང་དབྱུག་པས་བརྡུངས་དང་མཚོན་གྱིས་བསད། །དུག་དང་མཐུས་བསད་རྐང་བས་གཅུར་ཚད་ཀྱི། །འགྲོ་རྣམས་སངས་རྒྱས་གོ་འཕང་མྱུར་འཐོབ་ཤོག །གཞན་ཡང་ནམ་མཁའ་ཡངས་པའི་མཐའ་མཉམ་པའི། །མར་གྱུར་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཚོགས་རྫོགས་སྒྲིབ་སྦྱངས་སངས་རྒྱས་འཐོབ་པར་ཤོག །སྨོན་ལམ་དེ་དག་མྱུར་དུ་འགྲུབ་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་། །ཡུལ་ལྷ་གཞི་བདག་རྣམས་ཀྱི་
བཀྲ་ཤིས་ཤོག །ནམ་མཁའི་མཐའ་མཉམ་འཇིག་རྟེན་ཁམས་རྣམས་སུ། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་ཤིང་། །དགེ་ལེགས་ཕུན་ཚོགས་ཡར་ངོའི་ཟླ་ལྟར་འཕེལ། །འགྲོ་ཀུན་རྟག་ཏུ་བདེ་བའི་བཀྲ་ཤིས་ཤོག །ཁྱད་པར་རྒྱ་བོད་སོག་གསུམ་རྒྱལ་ཁམས་ཀྱི། །ནད་རིམས་མུ་གེ་འཁྲུག་རྩོད་ཀུན་ཞི་ནས། །ལོ་ལེགས་འབྲུ་ནོར་ཆེར་འཕེལ་སྐྱེ་འགྲོ་ཀུན། །ཉིན་མཚན་རྟག་ཏུ་བདེ་བའི་བཀྲ་ཤིས་ཤོག །ལྷག་པར་རྣལ་འབྱོར་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་ལོ་བརྒྱའི་བར་དུ་འདུག་པ་དང་། །འདུག་རག་བར་ལ་འཁོར་ནོར་ལོངས་སྤྱོད་འཛོམས། །རྣམ་དཀར་དགེ་ཆོས་གཞོལ་བའི་བཀྲ་ཤིས་ཤོག །ཅེས་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱར་གང་ལ་གང་འཚམ་གྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་འཁོད་པའི་ནང་ཚན་ལས། བྲག་དཀར་སྤྲེལ་རྫོང་། ཀྱ་ཕུག་པདྨ་རྫོང་། ཟྭ་ལུང་སོགས་ནས་བཞེངས་པའི་སྐོར་རོ།། །།
དབེན་གནས་ཁྱད་འཕགས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་བཞེངས་པའི་སྐོར།
༈ དབེན་གནས་ཁྱད་འཕགས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་བཞེངས་པའི་སྐོར། ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། སྐྱོན་ཟད་ཡོན་ཏན་ཀུན་ལྡན་རྫོགས་སངས་རྒྱས། །མགོན་དེས་བསྟན་པ་མདོ་རྒྱུད་དམ་པའི་
ཆོས། །དེ་ཉིད་འཛིན་སྐྱོང་སྤེལ་མཁས་དགེ་འདུན་ཏེ། །བསླུ་མེད་དཀོན་མཆོག་གསུམ་གྱིས་རྟག་ཏུ་སྐྱོངས། །རྒྱལ་བའི་མདོ་སྔགས་བསྟན་པ་རིན་པོ་ཆེ། །རྒྱལ་ཁམས་ཡོངས་ལ་དར་ཞིང་རྒྱས་མཛད་པའི། །རྒྱལ་སྲས་གཞན་ལས་ལྷག་པའི་བཀའ་དྲིན་ཅན། །རྒྱལ་བ་ཡབ་སྲས་གསུམ་གྱིས་དགེ་ལེགས་སྩོལ། །གསོལ་བ་བཏབ་ན་དགོས་འདོད་ཀུན་འབྱུང་བའི། །མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་མཆོག །འབྲལ་མེད་སྤྱི་བོར་བཀུར་ནས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ། །བླ་མས་རྗེས་བཟུང་ཚོགས་དྲུག་རང་གྲོལ་ངས། །རི་ཁྲོད་དབེན་པའི་ལྗོན་ཤིང་བསིལ་གྲིབ་ལ། །འཁོད་ནས་དམ་ཆོས་བདུད་རྩི་འཐུང་བཞིན་དུ། །སྙན་པའི་གླུ་དབྱངས་བླངས་ཚུལ་བཤད་པར་བྱ། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །མདོ་སྔགས་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས། །གཏན་བདེ་སངས་རྒྱས་གོ་འཕང་འཐོབ་འདོད་པའི། །སྐལ་བཟང་སྐྱེ་བོ་ཕོ་མོ་མ་ཡེངས་ཉོན། །དེ་ཡང་སྟོད་ན་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏེ་སེ་སེང་གདོང་མ་དཀར་མོ་སྐུ་ཡི་གནས།
བར་ན་ཁུངས་བཙུན་པ་ལ་ཕྱི་སྟག་གདོང་མ་ཁྲ་མོ་གསུང་གི་གནས། སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཙཱ་རི་ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས་གསུམ་ལས། ཐོག་མར་ཙཱ་རི་རོང་སྐོར་དང་གནས་ནང་ན་སྡོད་པའི་སྐབས་རྣམས་སུ་གླུ་དབྱངས་སྣ་ཚོགས་བླངས་པ་ནི་འདི་ལྟར་རོ། །ཆོས་སྐུ་ཀུན་ཁྱབ་ཀུན་ཏུ་བཟང་པོ་དང་། །ལོངས་སྐུ་མཚན་དཔེས་སྤྲས་པ་རྡོ་རྗེ་འཆང་། །སྤྲུལ་སྐུ་འགྲོ་འདྲེན་ཤཱཀྱ་ཐུབ་པ་གསུམ། །མདོ་སྔགས་བསྟན་པ་ཡོངས་ཀྱི་བདག་པོ་དངོས། །འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང་། །རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་སོགས། །རྒྱ་གར་ཡུལ་གྱི་མཁས་གྲུབ་ཇི་སྙེད་ཀུན། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་སྟེ། །འཕགས་ཡུལ་པཎ་གྲུབ་གངས་རིའི་ཁོང་གསེང་ནས། །ཟབ་རྒྱའི་ཆོས་ཀྱི་ཆུ་ཀླུང་སྤྱན་དྲངས་ཏེ། །བོད་ཡུལ་སྔོན་མེད་ཆོས་ཀྱི་རྒྱ་མཚོས་བཀང་། །ལོ་ཙཱ་བ་རྣམས་བཀའ་དྲིན་འཁོར་ཐབས་མེད། །འཆི་མེད་རྡོ་རྗེའི་སྐུ་བརྙེས་པད་འབྱུང་གིས། །བོད་ཡུལ་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །གཙུག་ལག་ཁང་བཞེངས་ཆོས་ཀྱི་འཁོར་ལོ་བསྐོར། །མདོ་སྔགས་
བསྟན་པའི་ཉི་མ་དེ་ནས་ཤར། །ཟབ་རྒྱས་གདམས་པའི་མཛོད་འཛིན་ཇོ་བོ་རྗེས། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བསྟན། །གསུང་རབ་ཐམས་ཅད་གདམས་པར་འཆར་དུ་བཅུག །བཀའ་གདམས་པ་ཞེས་གྲགས་པས་ས་སྟེང་ཁྱབ། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་ནས། །ལེགས་བརྒྱུད་ལྟ་སྒོམ་སྤྱོད་པ་ཐུགས་ཉམས་སུ། །བཞེས་ནས་བཀའ་བརྒྱུད་བསྟན་པ་ཉི་མ་ལྟར། །གསལ་མཛད་དྭགས་པོ་ལྷ་རྗེ་ལས་གཞན་གང་། །རྒྱལ་བ་རང་ཉིད་ཞིང་འདིར་བྱོན་པ་ལྟར། །བསྟན་པ་འཛིན་སྐྱོང་སྤེལ་ལ་འགྲན་ཟླ་བྲལ། །འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པ་ཡི། །ཡོན་ཏན་གསང་བའི་བདག་པོས་བརྗོད་མི་ལང་། །ཤེས་བྱའི་མཁའ་དབྱིངས་ལེགས་བཤད་འབྲུག་སྒྲས་བཀང་། །ཕྱིར་རྒོལ་ཐེའུ་རང་སྟོང་གི་ཀླད་པ་འགེམས། །རིགས་པ་གནམ་ལྕགས་ཐོག་གིས་ལོག་སྨྲ་ཡི། །བྲག་རི་བཤིག་ལ་ས་སྐྱ་པཎ་ཆེན་བསྔགས། །དྲི་མེད་རྒྱལ་བའི་བཀའ་ཡི་སྙིང་པོའི་དོན། །དམ་ཆོས་སྡུག་བསྔལ་ཞི་བྱེད་གཅོད་ཡུལ་བསྟན། །སྤེལ་བའི་གྲུབ་ཐོབ་དམ་པ་སངས་རྒྱས་དང་། །མ་ཅིག་ལབ་སྒྲོན་ཡིན་ཞེས་
འབྲུག་བཞིན་གྲགས། །རྒྱ་བོད་མཁས་གྲུབ་དེ་དག་ཐམས་ཅད་ཀྱི། །བསྟན་པ་དེ་འཛིན་བརྒྱུད་པར་བཅས་པ་རྣམས། །ཕྱག་མཆོད་བསོད་ནམས་བསགས་པའི་ཞིང་གི་མཆོག །ཀུན་གྱིས་སྤྱི་བོའི་གཙུག་ཏུ་འཁུར་བར་རིགས། །དེ་ཕྱིར་བདག་གིས་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །ཆོས་སྤོང་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕྱི་ནང་གསང་བའི་མཛད་པར་རྗེས་ཡི་རང་། །དཔག་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གཟུགས་སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་བསྟན་པ་ཐམས་ཅད་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུ་སྐུ་ཚེ་བརྟན་ཕྱིར་བསྔོ། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཤོག །མཐོ་རིས་ཡོན་ཏན་བདུན་གྱིས་མཛེས་བརྒྱན་པའི། །དལ་འབྱོར་ཚང་བའི་རྟེན་བཟང་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་སྨྲ་ཞིང་འགྲོ་ཤེས་ཏེ། །ཕྱག་འོས་རྣམས་ལ་བསྟོད་ནས་ཕྱག་འཚལ་ཤོག །ཞིང་ཁམས་འདི་དང་ཕྱོགས་བཅུའི་ཞིང་ཁམས་ན། །བཞུགས་པའི་རྒྱལ་བ་སྲས་བཅས་མཆོད་པར་ཤོག །
དམ་པའི་ཆོས་སྤངས་འཕགས་པའི་དགེ་འདུན་ལ། །སྐུར་བ་བཏབ་སོགས་སྡིག་ལྟུང་འཆག་པར་ཤོག །བླ་མ་དམ་པའི་སྐུ་ཚེ་མཛད་ཕྲིན་ལ། །ཕྲག་དོག་མེད་པར་ཡི་རང་བྱེད་པར་ཤོག །ཡོན་ཏན་ཡོད་བཞིན་སྦས་ནས་བཞུགས་པ་ལ། །འགྲོ་ལ་ཆོས་འཁོར་སྐོར་ཞེས་བསྐུལ་བར་ཤོག །བསྟན་འཛིན་སྐྱེས་བུ་མྱ་ངན་འདའ་བཞེད་ལ། །ཡུན་རིང་བཞུགས་ཞེས་གསོལ་བ་འདེབས་པར་ཤོག །དགེ་བ་ཅི་བསགས་བསྟན་པ་བསྟན་འཛིན་དང་། །འགྲོ་ལ་ཕན་པའི་ཕྱིར་དུ་བསྔོ་བར་ཤོག །ཅེས་ཡན་ལག་བདུན་པ་དང་འབྲེལ་བའི་སྨོན་ལམ་འདི་ནི། ཆོས་དང་གང་ཟག་ཡོངས་ལ་ཕྱོགས་མེད་ཀྱི་དད་གུས་དག་སྣང་སྦྱོང་བའི་སློབ་བུ་ཀུན་བཟང་གཞན་ཕན་གྱིས་བསྐུལ་ངོར་བྱ་བཏང་རི་ཁྲོད་པ་བྱམས་པ་ཆོས་དར་རམ། མིང་གཞན་ཚོགས་དྲུག་རང་གྲོལ་དུ་འབོད་པས། སར་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་སྨྲས་པའོ། །ཉི་མ་གཡུ་འབྲུག་དུང་རྔ་སེང་གེ་གླང་། །འཁོར་ལོས་སྒྱུར་རྒྱལ་རྒྱལ་མཚན་ནོར་བུ་དང་། །འདྲ་བའི་མཚན་ལྡན་བླ་མར་གསོལ་བ་འདེབས། །བདག་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕུན་ཚོགས་ཚོགས་གཉིས་གསེར་དང་ཤེལ་ལས་གྲུབ། །ཐུགས་རྗེ་འོད་ཀྱིས་འགྲོ་
ལ་དགའ་བདེ་སྟེར། །སྐལ་བཟང་གདུལ་བྱ་པད་ཚལ་རྩེ་དགའ་དགོད། །མཚན་ལྡན་བླ་མ་འཛམ་གླིང་ཉི་མ་འདྲ། །གངས་ཅན་ལྗོངས་ཀྱི་ལྷ་ལམ་ཡངས་པར་འཕགས། །ལེགས་བཤད་སྒྲ་སྒྲོག་བྱིན་རླབས་སྦྲང་ཆར་འབེབས། །གདུལ་བྱ་རྨ་བྱ་དགའ་དད་ཟློས་གར་བསྒྱུར། །མཚན་ལྡན་བླ་མ་གཡུ་འབྲུག་སྔོན་མོ་འདྲ། །ལུང་རྟོགས་ཡོན་ཏན་རི་མོ་གཡས་སུ་འཁྱིལ། །མཁས་མང་སྡུད་པའི་ཆོས་སྒྲ་ལྷང་ལྷང་སྒྲོགས། །ཐོས་ཚད་མ་རིག་ཉོན་མོངས་ནད་རིམས་ཞི། །མཚན་ལྡན་བླ་མ་དུང་དཀར་གཡས་འཁྱིལ་འདྲ། །ཐབས་དང་ཤེས་རབ་ཕུན་ཚོགས་གསེར་གྱི་རྔ། །བརྩེ་ཆེན་དབྱུག་གུས་ཡང་ཡང་དྲག་ཏུ་བརྡུངས། །ཟབ་རྒྱའི་ཆོས་ཀྱིས་སྟོང་གསུམ་ཁྱོན་ཡངས་བཀང་། །མཚན་ལྡན་བླ་མ་ཆོས་ཀྱི་རྔ་ཆེན་འདྲ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་གཡུ་རལ་རྒྱས། །བསྡུ་བཞིའི་ཡན་ལག་ཕྲིན་ལས་རྩལ་སྟོབས་ལྡན། །གདུལ་བྱ་གངས་རིའི་ཁྲོད་ན་རྟག་པར་འགྱིང་། །མཚན་ལྡན་བླ་མ་དར་སེང་དཀར་མོ་འདྲ། །ཐེག་ཆེན་སྟོབས་ལྡན་བསྟན་པའི་ཁུར་ཆེན་ཁུར། །ཕ་རོལ་ཕྱིན་བཅུ་རིན་ཆེན་རྒྱན་གྱིས་སྤྲས། །ལུང་རིགས་སྣ་ཡིས་ཕྱིར་རྒོལ་གླང་བུ་
འཇོམས། །མཚན་ལྡན་བླ་མ་གླང་པོ་རིན་ཆེན་འདྲ། །ལུགས་གཉིས་ཆོས་ཀྱི་ཁང་བཟང་ཉམས་དགའ་བཞུགས། །ཉམས་རྟོགས་ཡོན་ཏན་དུ་མའི་གོས་རྒྱན་མཛེས། །འཕགས་པའི་ནོར་གྱི་རྒྱལ་སྲིད་སྣ་བདུན་མངའ། །མཚན་ལྡན་བླ་མ་འཁོར་ལོའི་སྒྱུར་རྒྱལ་འདྲ། །རིག་པའི་གནས་ལྔ་ཁ་དོག་ལྔ་ལྡན་གོས། །བླ་མེད་གསང་སྔགས་རིན་ཆེན་ཏོག་གིས་མཛེས། །མཁས་གྲུབ་གདུགས་དང་བ་དན་དབུས་ན་མཐོ། །མཚན་ལྡན་བླ་མ་ཐུབ་བསྟན་རྒྱལ་མཚན་འདྲ། །ཅི་འདོད་ལོངས་སྤྱོད་སྦྱིན་པའི་བློ་བྲལ་ཡང་། །ཉམ་ཐག་འགྲོ་བ་མཐའ་ཡས་གང་འདོད་ཀྱི། །མཆོག་ཐུན་དངོས་གྲུབ་མཐའ་ཡས་སྟེར་མཛད་པའི། །མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་འདྲ། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་དབང་ཕྱུག་ཤེས་རབ་ཆེ། །ཚེ་རིང་ནད་མེད་དལ་འབྱོར་རྟེན་བཟང་ཐོབ། །མཚན་ལྡན་བླ་མ་དེ་འདྲར་མཇལ་བར་ཤོག །མཇལ་མ་ཐག་ཏུ་ལུས་ཀྱི་བ་སྤུ་གཡོ། །མིག་ནས་མཆི་མ་གཡོ་བའི་དད་པ་སྐྱེ། །འབད་པ་དུ་མས་ཚུལ་བཞིན་བསྟེན་པ་ལ། །རྟག་ཏུ་ངུ་དང་ནོར་
བཟང་ལྟ་བུར་ཤོག །བླ་མ་དེས་ཀྱང་རང་ཉིད་མཐོང་མ་ཐག །མ་ཡིས་ཡུན་རིང་སྟོར་བའི་བུ་མཐོང་ལྟར། །དགྱེས་པའི་འཛུམ་བསྟན་སྙན་པའི་གསུང་བྱོན་ནས། །སྙིང་ནས་བརྩེ་བས་རྗེས་སུ་འཛིན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་མཚན་ལྡན་བླ་མར་མཇལ་བའི་སྨོན་ལམ་འདི་ཡང་སློབ་བུ་བསྟན་འཛིན་ཉི་མས་བསྐུལ་ངོར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཙཱ་རི་ཏྲ་ནས་སྨྲས་པའོ། །ཀ་ཤིའི་རས་ལྟར་ཐུགས་འཇམ་བླ་མ་བསྟེན། །ཁ་ལག་སྤྲད་ལྟར་འཕྱུག་མེད་གདམས་པ་ལོངས། །ག་བུར་དཀར་ལྟར་སེམས་དཀར་གྲོགས་དང་འགྲོགས། །ང་བདག་ཆེ་ལྟར་གཞན་གཅེས་ཆེ་ན་ལེགས། །ཅ་ཅོའི་གཏམ་ལྟར་ཆོས་གཏམ་ཁོ་ན་གྱིས། །ཆ་ལུགས་ཆོས་ལྟར་བྱས་ན་མིག་སྔར་མཛེས། །ཇ་ཆུ་འདྲེས་ལྟར་ཆོས་སེམས་འདྲེས་པ་གཅེས། །ཉ་ཤར་རྔམ་ལྟར་འདོད་སྲེད་སྐྱེ་བ་ཆོམ། །ཏ་ལ་བཅད་ལྟར་བདག་འཛིན་རྩད་ནས་ཆོད། །ཐ་མལ་གཡོག་ལྟར་ལུས་སེམས་ཆོས་ལ་བཀོལ། །ད་ལྟ་འཆི་ལྟར་ཕྱི་རྩིས་འདུན་མ་ཞོག །
ནཱ་རོ་བ་ལྟར་བླ་མའི་གསུང་བཞིན་སྒྲུབས། །པ་སངས་མཐོ་ལྟར་ལྟ་བ་མཐོ་ན་ལེགས། །ཕ་མས་བྱམས་ལྟར་དྲིན་ཅན་འགྲོ་ལ་བྱམས། །བ་གླང་ཉལ་ལྟར་མ་འདུག་ལྷ་ཆོས་རེམ། །མ་རབས་རྣམས་ལྟར་ཆོས་མིན་ལས་མ་བྱེད། །ཙཱ་རིའི་གནས་ལྟར་བྱིན་ལྡན་དབེན་པ་སྟེན། །ཚ་གྲངས་ནད་ལྟར་ཆོས་སེམས་འགལ་མ་འཇུག །ཛ་ཡིག་འཁྱོག་ལྟར་མ་འཁྱོགས་དྲང་བོ་གྱིས། །ཝ་མོ་རྒྱུག་ལྟར་ལྟོ་ཕྱིར་ཆེར་མ་རྒྱུག །ཞ་ལོང་རྣམས་ལྟར་རྟག་ཏུ་དམན་ས་ཟུངས། །ཟ་མ་བསྟེན་ལྟར་དད་གུས་དག་སྣང་སྟེན། །འ་འུར་འབྲུག་ལྟར་སྐད་མགོ་ཆེར་མ་མཐོ། །ཡ་རབས་བུ་ལྟར་ངོ་ཚ་ཁྲེལ་ཡོད་གྱིས། །རྭ་ལོ་བ་ལྟར་ཟབ་གསལ་བསྐྱེད་རིམས་སྒོམས། །ལྭ་བ་པ་ལྟར་འོད་གསལ་རྫོགས་རིམ་སྒོམས། །ཤཱ་རིའི་བུ་ལྟར་ཤེས་རབ་ཆེ་བར་མཛོད། །ས་ར་ཧ་ལྟར་གདམས་ངག་གླུ་རུ་ལོངས། །ཧ་ལའི་དུག་ལྟར་གཞན་ལ་གནོད་ཚད་སྤོངས། །ཨ་རུ་སྨན་ལྟར་འགྲོ་ལ་ཕན་ཚད་སྒྲུབས། །ཡིད་བཞིན་ནོར་ལྟར་ཕན་པའི་ལེགས་བཤད་ཡིན། །སུ་ཞིག་དེ་ལྟར་བྱས་ཀྱང་དགེ་ལེགས་འཕེལ། །ཞེས་པ་འདི་ཡང་རང་
གཞན་ལ་ཕན་ཕྱིར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་ཙཱ་རི་གཅིག་ཆར་ནས་སྨྲས་པའོ། །ཡར་འབྲོག་གཡུ་མཚོའི་ཉ་མོ་གསེར་མིག །མཚོ་སྟོད་འགྲིམ་པ་དགའ་མོ་འདུག་སྟེ། །སྔ་སོར་ཉ་བ་ངོ་ནག་སླེབས་ནས། །ཉ་མོ་མང་བོ་བསད་པ་ཨེ་གོ །རྒྱ་མཚོའི་གཏིང་ན་བཙན་ས་འཛིན་རྒྱུ། །ཡོད་ན་མྱུར་དུ་ཟུངས་དང་དགའོ། །སྤང་རི་མཐོན་པོའི་ཤ་བ་རྭ་བཅུ། །སྤང་སྟོད་འགྲིམ་པ་དགའ་མོ་འདུག་སྟེ། །སྔ་སོར་རྔོན་པ་ཁྱི་ཁྲིད་སླེབས་ནས། །ཤ་བ་མང་པོ་བསད་པ་ཨེ་གོ །རི་བོའི་རྩེ་ན་བཙན་ས་འཛིན་རྒྱུ། །ཡོད་ན་མྱུར་དུ་ཟུངས་དང་དགའོ། །རི་ཁྲོད་འགྲིམ་པའི་བྱ་བཏང་རྣལ་འབྱོར། །རྒྱལ་ཁམས་འགྲིམ་པ་དགའ་མོ་འདུག་སྟེ། །སྔ་སོར་འཆི་བདག་ཕོ་ཉ་སླེབས་ནས། །རྒན་གཞོན་མང་པོ་བསད་པ་ཨེ་གོ །དམ་པའི་ཆོས་ན་བཙན་ས་འཛིན་རྒྱུ། །ཡོད་ན་མྱུར་དུ་ཟུངས་དང་དགའོ། །གྲང་རེག་བ་མོ་མིག་གིས་མཐོང་བྱུང་། །སྐྱི་བསེར་ཚ་བ་ལུས་ཀྱིས་ཚོར་བས། །ཡང་ཡང་དུས་བཞི་འགྱུར་བ་སེམས་སྐྱོ། །འཕྲིན་ཞིག་ནམ་ཟླའི་རྒྱལ་མོར་བསྐུར་འབྲས། །ནམ་ཟླ་སྲིང་བའི་ཐབས་ཤིག་ཁྱེད་མཁྱེན། །སྒྱུ་ལུས་རྒས་རྟགས་མིག་གིས་མཐོང་བྱུང་། །
ན་ཚ་ཟུག་རྔུ་ལུས་ཀྱིས་ཚོར་བས། །ཡང་ཡང་མི་ཚེ་ཟད་པ་སེམས་སྐྱོ། །འཕྲིན་ཞིག་ཚེ་དཔག་མེད་ལ་བསྐུར་འབྲས། །ལོ་བརྒྱ་ཐུབ་པའི་ཐབས་ཤིག་ཁྱེད་མཁྱེན། །ལོ་ཏོག་བརྔས་པ་རྣ་བས་ཐོས་བྱུང་། །རྩི་ཤིང་བསྐམས་པ་མིག་གིས་མཐོང་བས། །ཡང་ཡང་ལོ་ཟླ་ཟད་པ་སེམས་སྐྱོ། །འཕྲིན་ཞིག་ས་ཆུ་དྲོ་སར་བསྐུར་འབྲས། །མེ་ཏོག་འཁྲུངས་པའི་ཐབས་ཤིག་ཁྱེད་མཁྱེན། །མི་མང་ཤི་བ་རྣ་བས་ཐོས་བྱུང་། །གྲོགས་མཆེད་གཤེགས་པ་མིག་གིས་མཐོང་བས། །ཡང་ཡང་སྐྱེས་ནས་འཆི་བ་སེམས་སྐྱོ། །འཕྲིན་ཞིག་རྡོ་རྗེ་འཆང་ལ་བསྐུར་འབྲས། །སངས་རྒྱས་འཐོབ་པའི་ཐབས་ཤིག་ཁྱེད་མཁྱེན། །བུ་ཡིས་ཁྲིམས་འགལ་ཉེས་པ་བྱས་ན། །དྲིན་ཅན་ཕ་མས་སྐྱོབ་པར་མི་ནུས། །སྲིང་མོ་རྣམས་ཚོ་ག་ལེར་བཞུགས་བཞུགས། །བུ་ཡིས་ཁྲིམས་ལུགས་ཇི་བཞིན་བྱས་ན། །སྲོག་བདག་རྒྱལ་པོའི་བཀའ་བཀྱོན་མི་འདུག །བློན་པོ་རྣམས་ཚོ་ག་ལེར་བཞུགས་བཞུགས། །མི་དགེའི་སྡིག་པ་རང་གིས་བྱས་ན། །ཤཱཀྱ་ཐུབ་པས་སྐྱོབ་པར་མི་ནུས། །སྤྱན་རས་གཟིགས་དབང་ག་ལེར་བཞུགས་
བཞུགས། །དམ་པའི་ཆོས་བཞིན་རང་གིས་བྱས་ན། །གཤིན་རྗེ་ཆོས་རྒྱལ་ཞེད་པོ་མི་འདུག །རཀྴ་གླང་མགོ་ག་ལེར་བཞུགས་བཞུགས། །འདི་ཕྱི་གང་དུ་སྐྱིད་པོ་འདོད་ན། །སྐྱིད་པ་གཞན་ལ་ཡིད་སྨོན་མི་དགོས། །སྐྱིད་པོ་རང་གིས་བྱས་ན་ཆོག་ཡོང་། །སྐྱིད་པའི་ཐབས་ཀྱི་མཆོག་སྟེ་ཆོས་ཡིན། །ཆོས་བཞིན་མཛོད་དང་འདི་ཕྱི་གང་དུ། །བདེ་སྐྱིད་ཉི་མ་བཞིན་དུ་འཆར་ཡོང་། །སྡུག་བསྔལ་རྒྱུ་ནི་སྡིག་པ་ཡིན་པས། །སྡིག་པ་མི་དགེའི་ལས་དེ་བྱས་ན། །སྡུག་པོ་གཞན་གྱིས་རང་ལ་བཏང་ཡོང་། །སྡིག་པའི་ཆེ་ཤོས་མི་དགེ་བཅུ་ཡིན། །མི་དགེ་བཅུ་པོ་དུག་ལྟར་ཆོམ་དང་། །གཞན་གྱིས་སྡུག་པོ་བཏང་ནས་མི་ཡོང་། །ཞེས་པ་འདི་རྣམས་ཀྱང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་ཉིད་ལ་དབེན་གནས་ཙཱ་རི་ནས་སྨྲས་པའོ། །ཨ་མ་ཡུ་མོ་དེ་འདས་སོང་། །ཤེའུ་ཕྲུག་རྫ་ཁྲོད་དུ་སོང་ནས། །སྡོད་པའི་ཁོ་ཐག་དེ་ཆོད་སོང་། །སྤང་གཞོངས་འགྲིམ་པ་ལ་ཆས་འགྲོ། །སྤང་སྟོད་སྤང་སྨད་ཀུན་འགྲིམས་ནས། །རྩྭ་ཟོས་དཀྱུས་རྩེད་རང་བྱེད་དུས། །རྔོན་པ་ཁྱི་ཁྲིད་ཀྱིས་གསོད་ཀི །མ་འཇུག་ཡུལ་ཕྱོགས་འདིའི་གཞི་བདག །ཨ་མ་གསེར་ཉ་དེ་འདས་སོང་། །
ཉ་ཆུང་མཚོ་དཀྱིལ་དུ་སོང་ནས། །སྡོད་པའི་ཁོ་ཐག་དེ་ཆོད་སོང་། །མཚོ་མཐའ་འགྲིམ་པ་ལ་ཆས་འགྲོ། །མཚོ་སྟོད་མཚོ་སྨད་ཀུན་འགྲིམས་ནས། །ཟས་བཙལ་རྩེད་འཇོ་རང་བྱེད་དུས། །ཉ་བ་རྒྱ་ཐོགས་ཀྱིས་གསོད་ཀི །མ་འཇུག་མཚོ་སྨན་གྱི་རྒྱལ་མོ། །ཨ་མ་རྒན་མོ་དེ་འདས་སོང་། །བུ་ང་ཕ་ཡུལ་དུ་སོང་ནས། །སྡོད་པའི་ཁོ་ཐག་དེ་ཆོད་སོང་། །དབེན་གནས་འགྲིམ་པ་ལ་ཆས་འགྲོ། །རི་ཁྲོད་གངས་ཁྲོད་ཀུན་འགྲིམས་ནས། །སྒོམ་བྱས་ཉམས་མགུར་རང་འཐེན་དུས། །འཆི་བདག་བདུད་པོ་ཡིས་གསོད་ཀི །མ་འཇུག་རྩ་གསུམ་གྱི་ལྷ་ཚོགས། །དང་པོ་རྒས་པའི་ཕ་མ། །ན་ཆུང་བུ་དང་བུ་མོར། །འགྲོགས་ནས་རྩེད་དགོད་བྱས་ཚུལ། །ད་ལྟ་ལན་རེ་དྲན་བྱུང་། །བར་དུ་མཚན་ལྡན་བླ་མ། །ཆོས་མཐུན་གྲོགས་དང་འགྲོགས་ནས། །ཆོས་གཏམ་ཀུ་རེ་བྱས་ཚུལ། །ད་ལྟ་ལན་རེ་དྲན་བྱུང་། །ཐ་མ་རིམ་པ་བཞིན་དུ། །ཤི་བྲལ་གསོན་བྲལ་བྱས་དུས། །སེམས་སྐྱོ་མྱ་ངན་བྱས་ཚུལ། །ད་ལྟ་ལན་རེ་དྲན་བྱུང་། །ད་ནི་རང་ཉིད་རྒས་དུས། །མཛའ་བའི་གཉེན་བཤེས་མཁོ་ཡང་། །སྔོན་དུས་
ཡུན་རིང་འགྲོགས་པའི། །བརྩེ་གདུང་ཅན་ཀུན་བཞུད་སོང་། །རང་ཡང་ཕྱི་མར་འགྲོ་བའི། །སྔ་ལྟས་སྐྲ་དཀར་གཉེར་མ། །རྒས་རྟགས་ཕལ་ཆེར་སླེབས་བྱུང་། །མྱུར་དུ་འགྲོ་ལ་ཁད་སྣང་། །སྤྱིར་ནི་འདུས་པ་འབྲལ་ཞིང་། །སྒོས་སུ་སྐྱེས་མཐའ་འཆི་བ། །འཁོར་བའི་ཆོས་ཉིད་ཡིན་སྣང་། །གང་ལའང་ཆགས་ནས་ཅི་བྱ། །སྐྱེ་འཆི་འདུ་འབྲལ་མེད་པའི། །གཏན་གྱི་བཙན་ས་འཛིན་ཕྱིར། །འཁོར་བའི་ཆགས་ཞེན་སྤངས་ནས། །ལྷ་ཆོས་བྱེད་པར་སྨོན་ནོ། །སེམས་ལ་སྐྱོ་བ་སྐྱེས་ནས། །ངག་གིས་སྐྱོ་མགུར་བླངས་སོང་། །ལུས་ཀྱི་བ་སྤུ་གཡོས་ནས། །མིག་ནས་མཆི་མ་ལྷུང་བྱུང་། །སྐྱོ་མེད་སྤྲང་ངའི་རྒྱུད་ལ། །སྐྱོ་ཤས་ལན་རེ་སྐྱེས་དུས། །སྐྱོ་བ་ཆེ་རུ་གཏོང་གྲོགས། །སྐྱོ་མགུར་པི་ཝང་འདི་བརྡུངས། །དྲོད་གཤེར་གཉིས་ཀྱིས་བསྐྱངས་པའི། །མེ་ཏོག་ལོ་འདབ་རྒྱས་ཀྱང་། །མི་འདོད་བ་མོ་བྱུང་ནས། །མཛེས་པའི་འགྱིང་བག་གློད་སོང་། །ཀྱེ་ཧུད་དྲི་ལྡན་མེ་ཏོག །མདོག་ཀྱང་གསར་རྙིང་བརྗེས་ནས། །ད་ནི་སྨུག་པོར་གྱུར་སོང་། །མྱུར་དུ་བསྐམས་པ་སྐྱོ་བྱུང་། །ཆར་དང་ཆུ་བོས་བསྐྱངས་པའི། །དབྱར་མཚོ་
དར་ཞིང་རྒྱས་ཀྱང་། །མི་འདོད་ཐན་པ་བྱུང་ནས། །གང་བའི་མཚོ་ཆུང་བྲི་སོང་། །ཀྱེ་ཧུད་སྔོ་ལྗང་མཚོ་མོའི། །ཆུ་ཡི་མང་ཉུང་བརྗེས་ནས། །ད་ནི་ཇེ་ཉུང་གྱུར་སོང་། །མྱུར་དུ་བསྐམས་པ་སྐྱོ་བྱུང་། །ཕ་མ་གཉིས་ཀྱིས་བསྐྱངས་པའི། །རང་ལུས་བཀྲག་མདངས་རྒྱས་ཀྱང་། །མི་འདོད་རྒས་པ་བྱུང་ནས། །དར་བའི་ལང་ཚོ་རྒུད་སོང་། །ཀྱེ་ཧུད་བྱ་བཏང་རྣལ་འབྱོར། །རང་ལུས་དར་རྒུད་བརྗེས་ནས། །ད་ནི་འབྱུང་བ་རྒུད་སོང་། །མྱུར་དུ་འཆི་སྙམ་སྐྱོ་བྱུང་། །མགྲོན་ཁང་མགྲོན་པོ་རྙིང་བ། །འདུས་པ་སོ་སོར་བྲལ་ནས། །སྔ་ཕྱི་རིམ་པ་བཞིན་དུ། །རང་རང་ཡུལ་དུ་བཞུད་སོང་། །གསར་པ་རྣམས་ཀྱང་ཆས་ཚར། །ད་ནི་འགྲོ་ཁར་ཐུག་བྱུང་། །ནམ་འགྲོའི་ངེས་པ་མི་སྣང་། །བསམས་པས་སྐྱོ་བ་སྐྱེས་སོང་། །རི་ཀླུང་ཁུ་བྱུག་སྔོན་མོ། །འདུས་པ་སོ་སོར་བྲལ་ནས། །སྔ་ཕྱིར་རིམ་པ་བཞིན་དུ། །ལྷོ་མོན་ཕྱོགས་སུ་བཞུད་སོང་། །ཕྱི་མ་རྣམས་ཀྱང་ཆས་ཚར། །ད་ནི་འགྲོ་ཁར་ཐུག་བྱུང་། །ནམ་འགྲོའི་ངེས་པ་མི་སྣང་། །བསམས་པས་སྐྱོ་བ་སྐྱེས་སོང་། །ཕ་ཡུལ་ཕ་མ་མཛའ་བཤེས། །
འདུས་པ་སོ་སོར་བྲལ་ནས། །སྔ་ཕྱི་རིམ་པ་བཞིན་དུ། །འཇིག་རྟེན་ཕྱི་མར་བཞུད་སོང་། །གཞོན་པ་རང་ཡང་རྒས་ཚར། །ད་ནི་འགྲོ་ཁར་ཐུག་བྱུང་། །ནམ་འགྲོའི་ངེས་པ་མི་སྣང་། །བསམས་པས་སྐྱོ་བ་སྐྱེས་སོང་། །མཚན་ལྡན་བླ་མའི་ཞལ་རས། །མཛེས་འཛུམ་བཞད་ཚུལ་དྲན་ན། །བཞིན་ལེགས་བུ་དང་བུ་མོ། །མཛེས་རུང་ལྟ་འདོད་མི་སྣང་། །མཚན་ལྡན་བླ་མའི་གསུང་དབྱངས། །འདྲེན་འགུགས་སྙན་ཚུལ་དྲན་ན། །པི་ཝང་གླིང་བུའི་སྒྲ་དབྱངས། །སྙན་ཡང་ཉན་འདོད་མི་སྣང་། །མཚན་ལྡན་བླ་མའི་ཐུགས་རྒྱུད། །ཞི་དུལ་འཇམ་ཚུལ་དྲན་ན། །སྲབ་འཇམ་ཡང་བའི་གོས་ལ། །དེ་འདྲའི་འཇམ་ཤ་མི་སྣང་། །མཚན་ལྡན་བླ་མའི་ཡོན་ཏན། །ཡོད་ཚད་ཞིབ་ཏུ་དྲན་ན། །ཡིད་བཞིན་ནོར་བུ་ལ་ཡང་། །ཡོན་ཏན་དེ་འདྲ་མི་སྣང་། །མཚན་ལྡན་བླ་མ་དེ་འདྲ། །འཇིག་རྟེན་ཁམས་འདིར་དཀོན་བྱུང་། །རིན་ཆེན་གསེར་གཡུ་དངུལ་ཡང་། །དེ་འདྲའི་དཀོན་རྒྱུ་མི་སྣང་། །མཚན་ལྡན་རྩ་བའི་བླ་མའི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན། །དྲན་ན་མཇལ་འདོད་མ་གཏོགས། །འདོད་པ་གཞན་རྣམས་མི་སྣང་། །མཇལ་ཡུལ་བླ་
མ་གཤེགས་སོང་། །ད་ནི་མཇལ་རྒྱུ་མེད་ཚུལ། །བསམས་ན་ངུ་རྒྱུ་མ་གཏོགས། །འདོད་པ་གཞན་རྣམས་མི་སྣང་། །ཞེས་པ་འདི་རྣམས་ཀྱང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྨྲས་པའོ། །ཨེ་མ་ཉམས་དགའ་རིག་པ་དྭངས། །འདུ་འཛི་མེད་པའི་དབེན་གནས་སུ། །རང་བྱུང་བྲག་གི་ཕུག་པ་རུ། །སྔོ་ལྗང་རྩྭ་དང་འབོལ་གདན་ལ། །གཅིག་པུར་དྲང་སྲོང་སྤྱོད་ཚུལ་གྱིས། །གནས་ནས་བྱམས་དང་སྙིང་རྗེ་དང་། །བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །ལུས་བསྲངས་ངག་གིས་སྨྲ་བ་སྤངས། །རྣམ་རྟོག་སྤྲིན་ཕུང་དྭངས་སུ་བཅུག །སེམས་ཀྱི་ནམ་མཁར་ཧྲིག་གེར་བལྟ། །ཉམས་ཀྱི་འཇའ་ཚོན་ཅི་ཤར་ཡང་། །དེ་ལ་ཆེད་འཛིན་མེད་པར་བཞག །བསྒོམ་རྒྱུ་རྡུལ་ཙམ་མི་དམིགས་ཀྱང་། །ཡེངས་སུ་སྐད་ཅིག་ཙམ་ཡང་མེད། །དེ་ལྟར་མཉམ་པར་བཞག་ཙ་ན། །བཞག་དུས་མི་གཡོ་རི་དབང་བཞིན། །ཅི་ཙམ་བཞག་པ་དེ་ཙམ་གནས། །བཏང་ན་དགེ་བའི་དམིགས་པ་གང་། །ཡིན་ཡང་ཐོགས་པ་མེད་པར་འཇུག །ལུས་སེམས་ལས་རུང་བདེ་ཆེན་འདྲེན། །མ་བསྒྲུབས་ལྷ་ཞལ་མང་པོ་
མཐོང་། །མངོན་ཤེས་རྫུ་འཕྲུལ་ཅིར་ཡང་འབྱུང་། །དེ་ཡིས་གྲགས་པ་ཟླ་འོད་ཀྱིས། །ལྷ་མིའི་རྨོངས་པའི་མུན་པ་སེལ། །ལག་པའི་པདྨོ་དབང་མེད་བསུམས། །རབ་ཏུ་གུས་པས་ཕྱག་འཚལ་ཞིང་། །མཁའ་ལས་ལྷ་ཡི་རོལ་མོ་རྡུང་། །བདུག་སྤོས་མེ་ཏོག་ཆར་པ་འབེབས། །ས་ནས་མི་ཡིས་ཟས་གོས་འབུལ། །ཡ་མཚན་གཏམ་སྙན་ཕྱོགས་བཅུར་སྒྲོག །བསྟན་དང་འགྲོ་བ་མ་ལུས་ལ། །དངོས་སམ་བརྒྱུད་ནས་ཕན་ཐོགས་པའི། །དེ་འདྲའི་སྒོམ་ཆེན་པ་ཞིག་གྱིས། །དེ་མིན་གྲོང་ལྟག་དགོན་ཆུང་དང་། །རི་ཕུག་བྲག་ཕུག་འགའ་རེ་ན། །བསྡད་རུང་སེམས་དེ་གྲོང་དུ་བཏང་། །དགེ་སློང་བྱས་རུང་འདུལ་ཁྲིམས་དང་། །དགེ་སྦྱོང་ཆོས་བཞི་རྩྭ་ལྟར་དོར། །བྱ་བཏང་བྱས་རུང་ཧམ་པ་ཆེ། །ཟས་ནོར་ཁྱིམ་པ་ལས་ཀྱང་གསོག །དེ་འདྲའི་སྒོམ་ཆེན་གཟུགས་བརྙན་གྱི། །ཅི་བྱ་དེ་བས་འཇིག་རྟེན་གྱིས། །ཞེས་པ་འདི་ཡང་བདག་གི་ཡིད་ལ་ཤར་ཚེ་སློབ་བུ་ཡོངས་ལ་ཕན་ཕྱིར་དབེན་གནས་ཙཱ་རི་ནས་སྨྲས་པའོ། །དྲིན་ཅན་བླ་མའི་ཞབས་ལ་འདུད། །མཉམ་བཞག་བརྟན་པར་བྱིན་གྱིས་རློབས། །སེམས་ངོ་འཕྲོད་པའི་རྣལ་འབྱོར་པས། །གནས་ལུགས་ངང་ལ་
མཉམ་འཇོག་དུས། །ནམ་མཁའ་ལྟ་བུར་དཔངས་བསྟོད་དེ། །སྣང་བ་གུ་ཡངས་སང་ངེར་བཞག །ས་གཞི་ལྟ་བུར་རྒྱ་བསྐྱེད་དེ། །དྲན་པ་ཁྱབ་ཀྱང་ཆེ་བར་བཞག །རི་བོ་ལྟ་བུར་ལྷུན་ཕབ་ལ། །སེམས་ཉིད་གཡོ་འགུལ་མེད་པར་བཞག །མར་མེ་ལྟ་བུར་གསལ་བསྟོད་ལ། །རིག་པ་ས་ལེ་ཧྲིག་གེར་བཞག །མན་ཤེལ་ལྟ་བུར་དྲི་མ་སྤངས། །ཤེས་པ་རྟོག་མེད་སང་ངེར་བཞག །སེམས་ཀྱི་བཞག་ཐབས་ལྔ་པོ་འདིས། །སེམས་ངོ་སྐྱོང་ལ་ཕན་པར་ཤོག །ཅེས་པ་འདི་ཡང་ཕྱག་ཆེན་ཞིག་གི་གཞུང་ན་ཡོད་པ་ཚིགས་སུ་བཅད་ནས་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འདི་ཕྱི་གཏན་གྱི་སྐྱབས་གནས་སུ། །བླ་མ་དཀོན་མཆོག་གུས་པས་སྟེན། །ཕྲལ་དུ་བདེ་ཕྱིར་ཁྲིམས་ཡོད་ཀྱི། །དཔོན་བཟང་བཀུར་ཞིང་ཡུལ་ལྷ་རྔོན། །ཚེ་བསོད་སྙན་གྲགས་རྒྱས་པ་ལ། །ཚེ་ཐར་སྲོག་བླུ་སྦྱིན་པ་ཐོངས། །དཔོན་གྱིས་རང་ཉིད་བཀུར་བ་ལ། །མཐོ་བཀུར་དམའ་བ་བརྩེ་བས་སྐྱོངས། །གཡོག་གིས་རང་ལ་བྱམས་པ་ལ། །དཔོན་གྱིས་གང་བཅོལ་གོ་ཆོད་གྱིས། །ཉེ་གནས་ཡུན་རིང་ཆགས་པ་ལ། །ལག་གཙང་ཁོག་ཡངས་ཁ་ལ་ཉོན། །
བླ་དཔོན་སྐུ་ཚེའི་བར་ཆད་ཆེ། །དུག་མཐུ་ངན་སྔགས་ཕྱོགས་ལ་འཛེམས། །ནད་ངོས་མི་ཟིན་སྨན་པ་ཡིས། །སྨན་ལོག་གཙག་བུ་ཁྱེར་ལ་འཛེམས། །གཞན་ལ་ཧམ་པ་མ་ཆེ་བར། །རང་གི་ནོར་གྱིས་ཆོག་ཤེས་གྱིས། །རང་ལ་མངོན་ཤེས་མེད་བཞིན་དུ། །ཕོ་ཚོད་ལོག་ལྟ་བྱེད་མི་རུང་། །རང་ཉིད་བྱ་བ་ཀུན་ཤེས་ཀྱང་། །གཞན་གྱི་བྱ་བ་ཁྱད་མ་གསོད། །རང་གི་གྲུབ་མཐར་ཞེན་ཆེ་ཡང་། །གཞན་གྱི་གྲུབ་མཐའ་སྨོད་མི་བྱ། །རང་གཤིས་ངན་པས་རང་རྒྱུད་སྲེག །ཚིག་ངན་བྱུང་དུས་བཟོད་པ་སྒོམས། །གཞན་རྣམས་ཐམས་ཅད་མགུ་དཀའ་ཡང་། །རང་གིས་ངོ་ཚ་ཁྲེལ་ཡོད་སྟེན། །མ་བརྟགས་བྱ་བ་ནོར་འཁྲུལ་ཆེ། །བྱ་བ་ཐམས་ཅད་རྟོག་ལ་གྱིས། །ལྟ་བ་མཁའ་ལྟར་མཐོ་ན་ཡང་། །རྒྱུ་འབྲས་སྤང་བླང་ཞིབ་ན་ལེགས། །དགོན་ཆུང་གྲྭ་བཙུན་སྨྲ་བ་མང་། །དབྱེན་རྫུན་ཚིག་རྣམས་བཏང་སྙོམས་ཞོག །གཞན་ལ་ཕན་ན་ཕྱུག་པོའི་མཆོག །ཡོད་དུས་གཡོར་སྐྱི་སྟེར་གསུམ་གྱིས། །ཡོན་བདག་དད་པ་ཆེ་ན་ཡང་། །ཆོས་པ་སྡོད་ཡུན་མ་རིང་ཞིག །མི་མང་ཁ་ལ་ཉན་མི་རུང་། །མི་རྒན་བསམ་ཤེས་ཚིག་བཞིན་གྱིས། །
འདི་ནི་མི་རྒན་བསམ་ཤེས་གཏམ། །རྒྱལ་ཁམས་མི་ལ་སྒྲོག་པར་རིགས། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྨྲས་པའོ། །ན་མོ་གུ་རུ། མི་རྟག་འཆི་བ་སྟོན་པའི་སློབ་དཔོན་ལ། །མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ནས། །མི་ཚེ་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །བླ་མ་མང་བསྟེན་བཀའ་ཆོས་མང་ཐོས་པའི། །གུས་ལྡན་མཚན་སྙན་ཞི་བ་ཚེ་རིང་ལ། །ལྷ་ཆོས་བྱེད་ལུགས་བསླབ་བྱ་མི་དགོས་མོད། །འོན་ཀྱང་གསོལ་འདེབས་གླུ་འདིར་གསན་པར་རིགས། །ནམ་ཟླ་དབྱར་དགུན་སྟོན་དཔྱིད་འགྱུར་བ་ལྟོས། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །ཐམས་ཅད་རྟག་པར་བཟུང་ནས་ཅི་ཞིག་བྱ། །མི་རྟག་འཆི་བ་ཡང་ཡང་བསམས་ན་ལེགས། །རི་ཀླུང་གྱང་ར་ཞིག་ཅིང་རལ་བ་ལྟོས། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །ས་མཁར་མཐོན་པོ་བརྩིགས་ནས་ཅི་ཞིག་བྱ། །ཁང་ཆུང་རེ་ནས་དལ་བུར་བཞུགས་ན་ལེགས། །ཕྱུག་པོས་ལོངས་སྤྱོད་བསགས་ཚད་ཟད་པར་ལྟོས། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །
སེར་སྣས་ཟས་ནོར་བསགས་ནས་ཅི་ཞིག་བྱ། །གང་ཡོད་ཆོས་ཀྱི་ཕྱོགས་སུ་བཏང་ན་ལེགས། །རྒན་གཞོན་གོ་རིམ་མེད་པར་འཆི་བ་ལྟོས། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །ཡུན་རིང་སྡོད་ཤོམ་བྱས་ནས་ཅི་ཞིག་བྱ། །ཕྱི་མའི་ལམ་སྣ་ཟིན་ཐབས་བྱས་ན་ལེགས། །རྣལ་འབྱོར་དཔོན་སློབ་སོ་སོར་འབྲལ་ལ་ལྟོས། །འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་རེད། །འཁོར་གཡོག་གཉེན་བཤེས་སྡང་ནས་ཅི་ཞིག་བྱ། །འདུས་པ་འབྲལ་སྙམ་བརྩེ་བས་བསྐྱངས་ན་ལེགས། །དམ་པའི་ལྷ་ཆོས་བྱེད་ལུགས་མང་ན་ཡང་། །མི་དགེ་བཅུ་སྤངས་ཆོས་སྤྱོད་བཅུ་པོ་བསྒྲུབས། །འཕགས་ནོར་བདུན་བཟུང་དགེ་སྦྱོང་ཆོས་བཞི་བསྟེན། །རྒྱུན་དུ་གཞན་ལ་ཅི་ཕན་བྱས་ན་ལེགས། །དགེ་བ་གང་བྱེད་ཐོག་མར་སེམས་བསྐྱེད་དང་། །མཇུག་ཏུ་བསྔོ་བ་སྨོན་ལམ་མཚམས་སྦྱོར་མཛོད། །དེ་ལྟར་བྱས་ན་ཇེ་མཐོ་ཇེ་མཐོར་འགྱུར། །མཐར་ཐུག་རྫོགས་པའི་སངས་རྒྱས་གོ་འཕང་འཐོབ། །ཡུལ་ཕྱོགས་མི་གཅིག་མདོ་དབུས་བར་ཐག་རིང་། །མི་ཚེ་ཡུན་ཐུང་ནམ་འཆི་ངེས་པ་མེད། །རྣལ་འབྱོར་དཔོན་སློབ་ཡང་ཡང་མཇལ་དཀའ་བས། །ད་ལྟའི་
སྙིང་གཏམ་འདི་ཉིད་ཐུགས་ལ་ཟུངས། །གླུ་དབྱངས་འདི་ཉིད་ཐོས་ཚད་ཐམས་ཅད་ཀྱིས། །གང་ལ་བལྟས་ཀྱང་མི་རྟག་འཆི་བ་དྲན། །ཚེ་འདིར་དམ་པའི་ལྷ་ཆོས་བྱས་པའི་མཐུས། །ཕྱི་མར་རྣམ་མཁྱེན་གོ་འཕང་མྱུར་འཐོབ་ཤོག །ཅེས་པ་འདི་ཡང་མཁས་བཙུན་བཟང་གསུམ་འཛོམ་པའི་འདོད་དཔལ་མཁན་པོ་ཞི་བ་ཚེ་རིང་ལ་དགེ་བའི་གསོལ་འདེབས་སུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་སྤྲིངས་པའོ། །བླ་མ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མི་མཐུན་འགལ་རྐྱེན་བར་ཆད་སོལ། །མཐུན་པའི་ལམ་སྣ་ཆོས་ལ་དྲོངས། །ཕྱོགས་མེད་རི་ཁྲོད་འགྲིམ་པ་ཡི། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །དད་ཅན་སྡེ་བ་སྟོབས་ལྡན་ལ། །དགེ་བའི་གསལ་འདེབས་བཤད་ཀྱིས་ཉོན། །སྲོག་བཅད་གཞན་གྱིས་མ་བྱིན་ལེན། །མི་ཚངས་སྤྱོད་དང་རྫུན་གྱི་ཚིག །ཕྲ་མ་ཚིག་རྩུབ་ངག་འཁྱལ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ། །འདི་དག་མི་དགེ་བཅུ་ཡིན་པས། །བྱས་ན་ངན་སོང་གསུམ་དུ་སྐྱེ། །སྤངས་ན་དགེ་བ་བཅུ་ཡང་ཡིན། །མཐོ་རིས་ལྷ་མིའི་ནང་དུ་སྐྱེ། །
དེས་ན་ཁྱོད་ཀྱིས་ཉིན་རེ་བཞིན། །མི་དགེ་བཅུ་པོ་ཨེ་བྱས་ལྟོས། །བྱས་ན་དམྱལ་བར་སྐྱེ་བའི་རྒྱུ། །བྱས་པ་མ་བཟང་སྙམ་ནས་འགྱོད། །བཤགས་པ་གྱིས་ལ་ཕྱིན་ཆད་སྡོམ། །དེ་ལྟར་བྱས་ན་སྡིག་པ་རྣམས། །འདག་ཅེས་ཐུབ་པ་ཆེན་པོས་གསུངས། །ཡི་གེ་འབྲི་ཞིང་དཀོན་མཆོག་མཆོད། །སྦྱིན་པ་གཏོང་ཞིང་ཆོས་ལ་ཉན། །གསུང་རབ་ཀློག་ཅིང་བློ་ལ་འཛིན། །གཞན་ལ་འཆད་ཅིང་ཁ་ཏོན་བྱ། །ཆོས་དོན་སེམས་ཤིང་བསྒོམ་པར་བྱ། །འདི་དག་ཆོས་སྤྱོད་བཅུ་པོ་ཡིན། །ཆོས་སྤྱོད་བཅུ་པོ་འདི་བྱས་ན། །བསོད་ནམས་ཕུང་པོ་དཔག་མེད་ཐོབ། །དབུས་མཐའ་རྣམ་འབྱེད་ལས་གསུངས་པས། །ཁྱོད་ཀྱིས་ཉིན་རེ་གང་ནུས་སྒྲུབས། །འགྱུར་མེད་དད་པ་ཚུལ་ཁྲིམས་ལྡན། །སྦྱིན་གཏོང་བྱེད་ཅིང་ཆོས་མང་ཐོས། །ཁྲེལ་ཡོད་ངོ་ཚ་ཤེས་རབ་རྣམས། །འཕགས་པའི་ནོར་བདུན་ཡིན་པར་གསུངས། །ཁྱེད་ཀྱིས་འདི་བདུན་འཛིན་པར་རིགས། །གཞན་ཚུར་ཁྲོ་ཡང་སླར་མི་འཁྲོ། །ཚུར་ལ་གཤེ་ཡང་སླར་མི་གཤེ། །སྐྱོན་མཚང་འབྲུ་ཡང་སླར་མི་འབྲུ། །རྡེག་རྡུང་བྱེད་ཀྱང་སླར་མི་བརྡེག །དགེ་སྦྱོང་ཆོས་བཞི་ཡིན་པར་
གསུངས། །ཁྱེད་ཀྱིས་འདི་ཡང་བསྟེན་པར་འོས། །དེ་རྣམས་སྔ་སོར་མཛད་ན་ལེགས། །ད་དུང་དེ་བཞིན་ཉམས་སུ་ལོངས། །དེ་ལྟར་བྱས་ན་ཕྱི་མ་རུ། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་དེ་དག་མི་ཁོམ་བརྒྱད། །རྣམས་སུ་ནམ་ཡང་སྐྱེ་མི་འགྱུར། །མི་ཉིད་རྙེད་ཅིང་ཡུལ་དབུས་སྐྱེས། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་མ་ལོག་པ། །སངས་རྒྱས་བྱོན་དང་དེ་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བ་སྟེ། །འབྱོར་བ་བཅུ་དང་ལྡན་པར་འགྱུར། །རིགས་གཟུགས་འབྱོར་དང་དབང་ཕྱུག་དང་། །ཚེ་རིང་ནད་མེད་ཤེས་རབ་ཆེ། །མཐོ་རིས་ཡོན་ཏན་བདུན་ཡང་ཐོབ། །ཚེ་རབས་ཀུན་ཏུ་བདེ་ཞིང་སྐྱིད། །མཐར་ཐུག་རྫོགས་པའི་སངས་རྒྱས་འཐོབ། །མཁའ་མཉམ་འགྲོ་བ་ཡོངས་ལ་ཕན། །ཆོས་རྣམས་ཀུན་གྱི་ཉིང་ཁུ་ཡིན། །ཚིག་དོན་མ་བརྗེད་ཡིད་ལ་ཟུངས། །འདི་ཉིད་ཐོས་ཚད་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་པ་འདི་ཡང་དད་
གཏོང་བློ་གྲོས་ཆེ་བའི་སྡེ་བ་སྟོབས་ལྡན་ལ་དགེ་བའི་གསལ་འདེབས་སུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྤྲིངས་པའོ། །རྗེ་བླ་མ་དཀོན་མཆོག་ཐུགས་རྗེ་ཅན། །སྤྲང་ང་ལ་བློ་གཏད་སྦྱིན་བདག་རྣམས། །ཚེ་འདི་རུ་སྡོད་རུང་བར་ཆད་སོལ། །ཚེ་ཕྱི་མར་འགྲོ་དུས་ལམ་སྣ་དྲོངས། །ཁྱེད་ཡོན་བདག་རྒན་གཞོན་ཕོ་མོ་རྣམས། །ཚེ་རིང་རུང་དྲུག་ཅུ་བདུན་ཅུ་ཡིན། །དེ་ཡན་ལ་སྡོད་མཁན་ཤིན་ཏུ་དཀོན། །ཀུན་མི་སྡོད་འཇིག་རྟེན་ཕྱི་མར་འགྲོ། །ཚེ་འདི་ཡི་སྣང་བ་ཀུན་ནུབ་ནས། །ཚེ་ཕྱི་མའི་ཡུལ་ལ་འགྲོ་བའི་ཚེ། །སྐྱབས་སྐྱེལ་མ་བླ་མ་དཀོན་མཆོག་གསུམ། །ཕན་ཐོགས་པ་འཕགས་ནོར་བདུན་ཡིན་པས། །ལྷ་དཀོན་མཆོག་གསུམ་ལ་དད་པ་གྱིས། །མི་དད་པ་ཅན་ལ་བྱིན་རླབས་འཇུག །ལས་མི་དགེ་བཅུ་སྤོངས་ཚུལ་ཁྲིམས་སྲུངས། །མི་ཁྲིམས་ལྡན་མཐོ་རིས་ཐར་པ་འཐོབ། །ནོར་ལོངས་སྤྱོད་ཡོད་དུས་སྦྱིན་པ་ཐོངས། །ཚེ་འདི་ཕྱིར་བདེ་སྐྱིད་སྙན་གསུམ་འབྱུང་། །རྗེ་བླ་མ་བསྟེན་ལ་ཐོས་པ་གྱིས། །ཆོས་མང་ཐོས་ཀུན་མཁྱེན་གོ་འཕང་ཉེ། །དུས་རྒྱུན་དུ་ངོ་ཚ་ཁྲེལ་ཡོད་སྟེན། །ཁྲེལ་ངོ་ཚ་ལྡན་པ་ལྷ་མིས་བཀུར། །ལེགས་ཉེས་པ་འབྱེད་པའི་ཤེས་
རབ་སྐྱེད། །མི་ཤེས་རབ་ཆེ་བས་ཅི་བསམ་འགྲུབ། །ངེད་རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །ཁྱེད་ཡོན་བདག་རྩ་བ་བཀའ་དྲིན་ཆེ། །ཀུན་གནས་སྐབས་བདེ་ཞིང་མཐར་ཐུག་ཏུ། །སངས་མཉམ་པོར་རྒྱ་བའི་སྨོན་ལམ་འཚལ། །ཞེས་པ་འདི་ཡང་འཕགས་པའི་ནོར་གྱི་མཛོད་འཛིན་པའི་ཡོན་བདག་རྩྭ་འཆང་དགའ་ཚང་ལ་དགེ་བའི་གསལ་འདེབས་སུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྤྲིངས་པའོ། །བྲེ་སེར་འབྲོང་གི་ཚོགས་རྣམས་ཀྱིས། །བདེ་འཇམ་ཡངས་པའི་སྤང་རི་ན། །སྤང་ལ་རྣོ་བའི་རྭ་གཉིས་བརྡར། །རྔ་གཟེང་བྱེད་པ་ཉམས་དགའ་ཡང་། །སྡིག་ཅན་རྔོན་པས་དེད་པའི་ཚེ། །རྔ་མ་བཏེགས་ནས་འབྲོས་ཁོམ་མེད། །བསད་ནས་སྟེང་གི་ཀོ་བ་བཤུས། །དེ་དུས་སྐྲག་ཀྱང་བྱ་ཐབས་མེད། །ཉོན་དང་རྩལ་ལྡན་འབྲོང་ཆུང་རྣམས། །དེ་ལ་ཕན་པའི་ཐབས་འཚོལ་ན། །མ་སྡོད་མི་མེད་རྫ་ལུང་སྙོགས། །བག་ཕེབས་རྩྭ་ཆུ་འཐུངས་ན་ལེགས། །འདབ་ཆགས་བྱེའུ་ཆུང་ཚོགས་རྣམས་ཀྱིས། །སྟོང་གསལ་ནམ་མཁའ་ཡངས་པ་ན། །མཁའ་ལ་གཤོག་བརྒྱངས་སྐད་སྙན་སྒྲོག །འཕུར་ལྡིང་གཡོ་བ་ཉམས་
དགའ་ཡང་། །སྡིག་ཅན་ཁྲ་ཡིས་དེད་པའི་ཚེ། །གཤོག་ཆུང་བརྒྱངས་ནས་འབྲོས་ཁོམ་མེད། །བཟུང་ནས་སྟེང་གི་བྱ་སྤུ་གཏོར། །དེ་དུས་འདར་ཡང་བྱ་ཐབས་མེད། །ཉོན་དང་སྐད་སྙན་བྱེའུ་ཆུང་རྣམས། །དེ་ལ་ཕན་པའི་ཐབས་འཚོལ་ན། །མ་སྡོད་ཤིང་ནགས་མཐུག་པོ་སྙོགས། །བག་ཕེབས་ཤིང་ཐོག་ཟོས་ན་ལེགས། །སྐྱེ་བོ་ཕོ་མོའི་ཚོགས་རྣམས་ཀྱིས། །ལྷོ་རྒྱལ་འཛམ་བུའི་གླིང་བ་ན། །ས་ལ་མཁར་བརྩིགས་དགའ་སྟོན་བྱས། །གླུ་གར་ལེན་པ་ཉམས་དགའ་ཡང་། །སྡིག་ཅན་འཆི་བདག་སླེབས་པའི་ཚེ། །སྨན་དང་རིམ་གྲོ་བྱེད་ཁོམ་མེད། །ཤི་ནས་སྟེང་གི་གོན་པ་བཤུས། །དེ་དུས་འགྱོད་ཀྱང་བྱ་ཐབས་མེད། །ཉོན་དང་དད་ཅན་ཕོ་མོ་རྣམས། །དེ་ལ་ཕན་པའི་ཐབས་འཚོལ་ན། །མ་འདུག་རི་ཁྲོད་དབེན་པ་སྙོགས། །བག་ཕེབས་ལྷ་ཆོས་བྱས་ན་ལེགས། །ཞེས་པ་འདི་ཡང་དད་ཅན་ཕོ་མོ་གཞོན་ནུ་ཡོངས་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྨྲས་པའོ། །མགོན་མེད་ཉམས་ཆུང་རི་བོང་ཕོ་མོ་རྣམས། །ཁྲེལ་མེད་གླག་གིས་གསོད་པ་སྙིང་རེ་རྗེ། །བཟོད་མེད་སྡུག་བསྔལ་མྱོང་ལ་ཕན་པའི་ཐབས། །གཞན་མེད་གསོད་ཚུལ་བསམས་
ནས་བདག་ཡིད་སྐྱོ། །སྐྱབས་མེད་ཉམ་ཆུང་ཁྱིམ་བྱ་ཕོ་མོ་རྣམས། །ཁྲེལ་མེད་མི་ཡིས་གསོད་པ་སྙིང་རེ་རྗེ། །བཟོད་མེད་སྡུག་བསྔལ་མྱོང་ལ་ཕན་པའི་ཐབས། །གཞན་མེད་གསོད་ཚུལ་བསམས་ནས་བདག་ཡིད་སྐྱོ། །ཆོས་མེད་ཉམ་ཆུང་ཁྱིམ་པ་ཕོ་མོ་རྣམས། །ཁྲེལ་མེད་གཤིན་རྗེས་གསོད་པ་སྙིང་རེ་རྗེ། །བཟོད་མེད་སྡུག་བསྔལ་མྱོང་ལ་ཕན་པའི་ཐབས། །གཞན་མེད་གསོད་ཚུལ་བསམས་ནས་བདག་ཡིད་སྐྱོ། །ཆོས་མེད་ཕྱིན་ཆད་ཐམས་ཅད་དེ་དང་འདྲ། །སྡུག་མེད་བདེ་བ་ཅན་དུ་སྐྱེ་འདོད་ན། །དོན་མེད་ཚེ་འདིའི་བྱ་བས་མ་གཡེངས་པར། །བསླུ་མེད་བླ་མ་བསྟེན་ལ་ལྷ་ཆོས་གྱིས། །ཞེས་པ་འདི་ཡང་དད་ཅན་ཡོངས་ལ་ཕན་ཕྱིར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཉམས་དགའ་རིག་པ་དྭངས་པའི་ཙཱ་རི་ནས་སྨྲས་པའོ། །སྤྲིན་དང་བྲལ་བའི་ཉི་མ། །གླིང་བཞིའི་ཕྱོགས་ཕྱོགས་གང་ལ། །ཤར་ཀྱང་གསལ་འགྲིབ་མེད་རུང་། །བྱང་བསྟན་ཕུག་པར་མི་འཆར། །གོས་མེད་འཁྱགས་རུམ་ཅན་རྣམས། །རང་ལུས་དྲོ་བར་འདོད་ན། །ཤར་བསྟན་ཕུག་པར་སྡོད་དང་། །དྲོ་འཇམ་འོད་ཟེར་བཏང་ཡོང་། །གཏེར་བདག་མགོན་པོ་
ཛམ་ལྟ། །རི་རབ་ཕྱོགས་ཕྱོགས་གང་ལ། །བཞུགས་ཀྱང་ཕོངས་པ་མེད་རུང་། །གསོལ་མཆོད་མེད་ལ་མི་གནང་། །ནོར་མེད་དབུལ་བོའི་ཚོགས་རྣམས། །ཟས་ནོར་ལོངས་སྤྱོད་འདོད་ན། །མཆོད་བསྟོད་གསོལ་བ་ཐོབས་དང་། །འདོད་དགུའི་དངོས་གྲུབ་བསྩལ་ཡོང་། །མཚན་ལྡན་དགེ་བའི་བཤེས་གཉེན། །རི་ཀླུང་ཕྱོགས་ཕྱོགས་གང་ལ། །བཞུགས་ཀྱང་ཁྱད་པར་མེད་རུང་། །དད་མེད་ཕྱོགས་སུ་མི་འབྱོན། །ཆོས་མེད་མི་ཡི་ཚོགས་རྣམས། །དད་པས་སྤྱན་འདྲེན་གྱིས་དང་། །ཟབ་རྒྱས་གདམས་པ་གནང་ཡོང་། །ཞེས་པ་འདི་ཡང་སྐྱེ་བོ་ཕོ་མོ་ཡོངས་ལ་ཕན་ཕྱིར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྨྲས་པའོ། །བྱིན་རླབས་སྩོལ་བའི་བླ་མ་བསྟེན། །དངོས་གྲུབ་སྟེར་བའི་ཡི་དམ་བསྟེན། །བར་ཆད་སེལ་བའི་ཆོས་སྐྱོང་བསྟེན། །བསྟེན་པ་གསུམ་གྱི་བསྟན་བཅོས་ཡིན། །ཕྱོགས་རིས་བྲལ་བའི་ལྟ་བ་གཅེས། །བྱིང་རྒོད་བྲལ་བའི་སྒོམ་པ་གཅེས། །ཚུལ་འཆོས་བྲལ་བའི་སྤྱོད་པ་གཅེས། །གཅེས་པ་གསུམ་གྱི་བསྟན་བཅོས་ཡིན། །བླ་མ་མཉེས་པའི་ཞབས་ཏོག་བྱེད། །ཡི་དམ་མཉེས་པའི་བསྙེན་སྒྲུབ་བྱེད། །མཁའ་འགྲོ་
མཉེས་པའི་ཚོགས་མཆོད་བྱེད། །བྱེད་པ་གསུམ་གྱི་བསྟན་བཅོས་ཡིན། །ཚེ་བློས་ཐོངས་ལ་ལྷ་ཆོས་ཡོང་། །རང་འདོད་མེད་ལ་བྱང་སེམས་ཡོང་། །ལྷ་ཆོས་བྱེད་ལ་སྐྱིད་པོ་ཡོང་། །ཡོང་བ་གསུམ་གྱི་བསྟན་བཅོས་ཡིན། །སྨྱོ་སྤྱོད་བྱེད་དང་འཁྲུལ་ཞིག་ནོར། །ཚེ་བློས་བཏང་དང་སྤྲང་པོ་ནོར། །ཆོས་པ་རྣམས་དང་ཟོག་པོ་ནོར། །ནོར་བ་གསུམ་གྱི་བསྟན་བཅོས་ཡིན། །བླ་མར་བརྙས་པའི་སློབ་མ་ངན། །དཔོན་པོར་བརྙས་པའི་གཡོག་པོ་ངན། །ཕ་མར་སྡང་བའི་བུ་ཚ་ངན། །ངན་པ་གསུམ་གྱི་བསྟན་བཅོས་ཡིན། །བླ་མ་རྣམས་ཀྱིས་སློབ་མ་འཚོ། །དཔོན་པོ་རྣམས་ཀྱིས་འཁོར་འབངས་འཚོ། །ཕྱུག་པོ་རྣམས་ཀྱིས་རྟ་ནོར་འཚོ། །འཚོ་བ་གསུམ་གྱི་བསྟན་བཅོས་ཡིན། །རྫུན་མང་སྨྲ་བའི་ཁ་དེ་ཚུམ། །ཚིག་རྩུབ་ཆེ་བའི་ཁ་དེ་ཚུམ། །ངག་འཁྱལ་ལབ་པའི་ཁ་དེ་ཚུམ། །ཚུམ་པ་གསུམ་གྱི་བསྟན་བཅོས་ཡིན། །རྣམ་གཡེང་ངང་ལ་ཉིན་པར་ཟད། །གཏི་མུག་ངང་ལ་མཚན་མོ་ཟད། །དོན་མེད་ངང་ལ་མི་ཚེ་ཟད། །ཟད་པ་གསུམ་གྱི་བསྟན་བཅོས་ཡིན། །བཟའ་ཚང་མང་པོའི་ལྟོ་རྒྱབ་དཀའ། །མི་ངན་
མང་པོའི་དཔོན་པོ་དཀའ། །རྟ་ནོར་མང་པོའི་འཚོ་སྐྱོང་དཀའ། །དཀའ་བ་གསུམ་གྱི་བསྟན་བཅོས་ཡིན། །སེར་སྣ་ཆེ་བའི་ལག་པ་དམ། །དགེ་སློང་གསར་བ་གོས་ཚགས་དམ། །རྒན་རྒོན་བླ་རྒན་ཀོ་ལོང་དམ། །དམ་པ་གསུམ་གྱི་བསྟན་བཅོས་ཡིན། །དགེ་འདུན་ཀུན་ལ་འདུལ་ཁྲིམས་དགོས། །ཆོས་པ་ཀུན་ལ་སྙིང་རྗེ་དགོས། །སྔགས་པ་ཀུན་ལ་དམ་ཚིག་དགོས། །དགོས་པ་གསུམ་གྱི་བསྟན་བཅོས་ཡིན། །བླ་མ་ཐམས་ཅད་འབུལ་བར་དགའ། །དཔོན་པོ་ཐམས་ཅད་བསྟོད་པར་དགའ། །སྔགས་པ་ཐམས་ཅད་ཆང་ལ་དགའ། །དགའ་བ་གསུམ་གྱི་བསྟན་བཅོས་ཡིན། །ཞེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་ཙཱ་རི་ནས་སྨྲས་པའོ། །བླ་མ་དཀོན་མཆོག་གུས་པས་མཆོད། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད། །ཆོས་རྒྱལ་ཕ་མ་ཆོས་གྲོགས་མཆོད། །འདི་ནི་མཆོད་པ་རྣམ་གསུམ་ཡིན། །མཚན་ལྡན་བླ་མ་བསྟེན་རྣམས་སྐྱིད། །ཆོས་ལྡན་བྱ་བ་བྱེད་རྣམས་སྐྱིད། །འབྱོར་ལྡན་མཆོད་སྦྱིན་གཏོང་རྣམས་སྐྱིད། །འདི་ནི་སྐྱིད་པ་རྣམ་གསུམ་ཡིན། །བཤད་བཤད་མི་བདེན་རྟོག་དཔྱོད་དགོས། །ཟོས་ཟོས་མི་ཞིམ་ཁས་མྱང་དགོས། །
འདོད་འདོད་མི་སྟེར་ཆོག་ཤེས་དགོས། །འདི་ནི་དགོས་པ་རྣམ་གསུམ་ཡིན། །བླ་ངན་གཉེར་ངན་ཁ་ལ་ཉན། །རྒྱལ་ངན་བློན་ངན་ཁ་ལ་ཉན། །ཕོ་ངན་མོ་ངན་ཁ་ལ་ཉན། །འདི་ནི་ཉན་པ་རྣམ་གསུམ་ཡིན། །བསམ་ངན་སྦྱོར་རྩུབ་བྱེད་ལ་དགའ། །བླ་ངན་གྲུབ་མཐའི་ཕྱོགས་རིས་དགའ། །མོ་ངན་དབྱེན་ཚིག་རྫུན་ལ་དགའ། །འདི་ནི་དགའ་བ་རྣམ་གསུམ་ཡིན། །དཔོན་ངན་དམག་ཇག་འཁྲུག་རྩོད་བྱེད། །གཡོག་ངན་རྐུ་རྫུན་གཡོ་སྒྱུ་བྱེད། །རྟ་ངན་མི་སྡོད་གློ་འདྲོག་བྱེད། །འདི་ནི་བྱེད་པ་རྣམ་གསུམ་ཡིན། །འཐབ་ཚོད་མི་ཟིན་རང་སྲོག་འཆོར། །བཤད་ཚོད་མི་ཟིན་ཚིག་ངན་འཆོར། །གཉིད་ཚོད་མི་ཟིན་སོ་ནམ་འཆོར། །འདི་ནི་འཆོར་བ་རྣམ་གསུམ་ཡིན། །འདོད་སྲེད་ཅན་རྣམས་ཁ་ཚགས་ཆེ། །རེའུ་ལུག་ཅན་རྣམས་སྡིག་པ་ཆེ། །རྐུ་རྫུན་ཅན་རྣམས་གནོང་འགྱོད་ཆེ། །འདི་ནི་ཆེ་བ་རྣམ་གསུམ་ཡིན། །བུ་རུལ་ཕ་མས་སྐྱོབ་པར་དཀའ། །སྡིག་ཅན་བླ་མས་སྐྱོབ་པར་དཀའ། །ཉེས་ཅན་དཔོན་པོས་སྐྱོབ་པར་དཀའ། །འདི་ནི་དཀའ་བ་རྣམ་གསུམ་ཡིན། །ཕྱི་ལ་དགོས་པ་གོས་དང་རྒྱན། །ནང་དུ་
དགོས་པ་ཞིམ་མངར་ཟས། །ཕྱི་མར་དགོས་པ་དམ་པའི་ཆོས། །འདི་ནི་དགོས་པ་རྣམ་གསུམ་ཡིན། །འདུས་ནས་འབྲལ་བ་གཉེན་བཤེས་ཡིན། །བསགས་ནས་ཟད་པ་ཟས་ནོར་ཡིན། །སྐྱེ་ནས་འཆི་བ་སེམས་ཅན་ཡིན། །འདི་ནི་ཡིན་པ་རྣམ་གསུམ་ཡིན། །ས་རྡོའི་ནང་ན་གསེར་དངུལ་ཡོད། །ཀུ་རེའི་ནང་ན་དོན་དམ་ཡོད། །སེམས་ཅན་ནང་ན་སངས་རྒྱས་ཡོད། །འདི་ནི་ཡོད་པ་རྣམ་གསུམ་ཡིན། །ལྟ་བ་ཕྱོགས་རིས་བྲལ་ན་ལེགས། །སྒོམ་པ་བྱིང་རྒོད་བྲལ་ན་ལེགས། །སྤྱོད་པ་ཚུལ་འཆོས་བྲལ་ན་ལེགས། །འདི་ནི་ལེགས་པ་རྣམ་གསུམ་ཡིན། །གཞན་ཕན་ཆེ་བའི་བླ་མ་བཟང་། །ཅི་གསུང་སྒྲུབ་པའི་སློབ་མ་བཟང་། །དད་པ་ཆེ་བའི་ཡོན་བདག་བཟང་། །འདི་ནི་བཟང་བ་རྣམ་གསུམ་ཡིན། །གཟུགས་བཟང་ལུས་ཀྱི་བཀྲ་ཤིས་གཅིག །ཚིག་འཇམ་ངག་གི་བཀྲ་ཤིས་གཉིས། །བསམ་བཟང་སེམས་ཀྱི་བཀྲ་ཤིས་གསུམ། །འདི་ནི་བཀྲ་ཤིས་རྣམ་གསུམ་ཡིན། །ཞེས་པ་འདི་ཡང་རང་གཞན་ཡོངས་ལ་ཕན་ཕྱིར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྨྲས་པའོ། །དབང་ཆེན་གསེར་གྱི་ས་གཞི་ལ། །རི་བོ་ཆེ་ཆུང་མང་གནས་ཀྱང་། །ཆགས་
ནས་འཕོ་འགྱུར་མེད་པ་དེ། །དབུས་ཀྱི་རི་བོ་མཆོག་རབ་ཡིན། །སྟོང་གསུམ་མི་མཇེད་ཞིང་ཁམས་ན། །སངས་རྒྱས་བྱང་སེམས་མང་གནས་ཀྱང་། །སྐྱེས་ནས་འཆི་རྒྱུ་མེད་པ་དེ། །སློབ་དཔོན་པདྨ་འབྱུང་གནས་ཡིན། །ཤིན་ཏུ་དྭངས་པའི་རྒྱ་མཚོ་ན། །ནོར་བུ་ཆེ་ཆུང་མང་གནས་ཀྱང་། །ཕུན་སུམ་ཚོགས་པའི་ནོར་བུ་དེ། །ཡིད་བཞིན་ནོར་མཆོག་བསམ་འཕེལ་ཡིན། །སངས་རྒྱས་བསྟན་པ་འཛིན་པ་ཡི། །མཁས་བཙུན་བཟང་གསུམ་མང་གནས་ཀྱང་། །གསུང་རབ་གདམས་པར་འཆར་བ་དེ། །རྒྱལ་བ་བློ་བཟང་གྲགས་པ་ཡིན། །གངས་དཀར་ཤེལ་གྱི་ཟུར་ཁ་ན། །གཅན་གཟན་ཆེ་ཆུང་མང་གནས་ཀྱང་། །དཔའ་རྩལ་ཤིན་ཏུ་ཆེ་བ་དེ། །རི་དྭགས་རྒྱལ་པོ་སེང་གེ་ཡིན། །རི་ཁྲོད་དབེན་པའི་དགའ་ཚལ་ན། །རྣལ་འབྱོར་ཆེ་ཆུང་མང་གནས་ཀྱང་། །གྲུབ་རྟགས་དཔག་མེད་སྟོན་པ་དེ། །རྣལ་འབྱོར་དབང་ཕྱུག་མི་ལ་ཡིན། །མཐའ་བྲལ་ནམ་མཁའ་ཡངས་པ་ན། །རྒྱུ་སྐར་ཆེ་ཆུང་མང་གནས་ཀྱང་། །འོད་ཀྱིས་ཕྱོགས་ཀུན་ཁྱབ་པ་དེ། །ཁྲི་གདུགས་ཉི་མ་ཟླ་བ་ཡིན། །གངས་ཅན་འཛིན་
མའི་ཁྱོན་ཡངས་ན། །བསྟན་འཛིན་ཆེ་ཆུང་མང་གནས་ཀྱང་། །འཕྲིན་ལས་ཕྱོགས་ཀུན་ཁྱབ་པ་དེ། །སྐྱབས་མགོན་རྒྱལ་བ་པཎ་ཆེན་ཡིན། །དགུང་སྔོན་དབྱིངས་ལ་ལྡིང་བ་ཡི། །འདབ་བཟང་བྱ་རྒྱལ་མང་གནས་ཀྱང་། །སྤུ་མདོག་འཇའ་ལྟར་མཛེས་པ་དེ། །རྒྱ་ཡུལ་སྤུ་སྡུག་རྨ་བྱ་ཡིན། །ས་སྟེང་འདི་ན་རིག་སྨྲ་ཡི། །དགེ་བཤེས་མཁས་པ་མང་གནས་ཀྱང་། །དྲི་མེད་ལེགས་བཤད་འདོམས་པ་དེ། །ཀུན་མཁྱེན་ས་སྐྱ་པཎ་ཆེན་ཡིན། །རི་དང་བྲག་ལ་སྐྱེས་པ་ཡི། །རྩི་ཤིང་ཆེ་ཆུང་མང་གནས་ཀྱང་། །དྲི་ཞིམ་བཟང་པོ་འབྱུང་བ་དེ། །ཤིང་མཆོག་ཙན་དན་དཀར་དམར་ཡིན། །དབེན་གནས་རྒྱལ་ཁམས་འགྲིམ་པ་ཡི། །བྱ་བཏང་ཆེ་ཆུང་མང་གནས་ཀྱང་། །སྙན་པའི་གླུ་དབྱངས་ལེན་པ་དེ། །བྱ་བཏང་ཚོགས་དྲུག་རང་གྲོལ་ཡིན། །ཞེས་པ་འདི་ཡང་རང་དགར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །དད་བརྩོན་ཤེས་རབ་ཆེ་བ་ན། །མཁས་པའི་དབང་པོ་ཡོང་བ་ཡིན། །སྡོམ་པ་གསུམ་ལ་ཉེས་ལྟུང་གིས། །མ་གོས་བཙུན་པ་ཡོང་བ་ཡིན། །བསོད་ནམས་ཆེ་ཞིང་སྤྱིར་བྱམས་ན། །མི་བཟང་གཙོ་བོ་ཡོང་བ་ཡིན། །བདག་བས་གཞན་
གཅེས་ཆེ་བ་ན། །བྱང་ཆུབ་སེམས་དཔའ་ཡོང་བ་ཡིན། །ཚོགས་གཉིས་ལས་ལ་འབད་པ་ན། །སྐུ་གཉིས་ཐོབ་ནས་ཡོང་བ་ཡིན། །ཆོས་སྐུ་གཟུགས་སྐུ་གཉིས་ཐོབ་ན། །དོན་གཉིས་འགྲུབ་ནས་ཡོང་བ་ཡིན། །ཡོང་བ་དྲུག་གི་གླུ་དབྱངས་འདི། །ཚོགས་དྲུག་རང་གྲོལ་བླངས་པ་ཡིན། །ཞེས་པ་འདི་ཡང་གནས་ཆེན་ཙཱ་རི་ནས་སྨྲས་པའོ། །བླ་མ་སངས་རྒྱས་དངོས་སུ་ཐག་བཅད་ནས། །རང་ལས་དམའ་སར་འཇོག་པའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །དཀོན་མཆོག་མཆོད་ཟེར་གཞན་གྱིས་གང་བྱིན་བླངས། །ཞུན་མར་ཞལ་ཟས་ཟ་བའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །བདག་བས་གཞན་ཕན་བྱེད་པར་སེམས་བསྐྱེད་ནས། །རང་དོན་ཁོ་ན་སྒྲུབ་པའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །ལག་ཏུ་བྱིན་ལེན་མ་བྱས་ལྟོ་མི་ཟ། །ནོར་ཕྱིར་རྩོད་པ་རྒྱག་པའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །སློབ་མ་རྣམས་ལ་ཚེ་བློས་ཐོངས་ཤིག་སྨྲ། །རང་གིས་རྙེད་ཚད་གསོག་པའི་བསམ་ལོག་པོ། །
འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །དངོས་སུ་ཀུན་ལ་དག་སྣང་སྦྱོང་དགོས་ཟེར། །ཕག་ན་སྐྱོན་མཚང་འབྲུ་བའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །རང་ལ་སོ་ཐར་བྱང་སེམས་སྔགས་སྡོམ་མེད། །གཞན་ལ་སྡོམ་པ་འབོགས་པའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །རང་སེམས་ཇ་ཡུན་ཙམ་ལ་མི་སྡོད་པར། །གཞན་ལ་སེམས་འཛིན་སྟོན་པའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །རང་གིས་ཐིག་ལེ་ཡར་འདྲེན་མི་ནུས་ཀྱང་། །གཞན་ལ་ཡར་འདྲེན་སློབ་པའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །རང་གིས་སྤྲོས་བཅས་ཟ་ཆོག་འཐུང་ཆོག་སློབ། །གཞན་ལ་སྤྲོས་མེད་སྟོན་པའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །རང་གིས་འདོད་སྲེད་ཞེན་ཆགས་ཆེ་རུ་བཏང་། །གཞན་ལ་འདོད་ཆུང་གྱིས་ཟེར་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །རང་ཉིད་ཀུན་གྱི་གྲལ་མགོར་ཨེ་ཐོན་བལྟ། །གཞན་ལ་དམན་ས་ཟུངས་ཟེར་བསམ་ལོག་པོ། །འདི་ཡང་
འགལ་བ་ཆེ་བས་སེམས་ལ་ཟུངས། །མདོ་རྒྱུད་བསྟན་བཅོས་ཚད་མར་འཛིན་དགོས་ཟེར། །གཞན་ལ་དགག་པ་གཏོང་བའི་བསམ་ལོག་པོ། །འདི་ཡང་འགལ་བ་ཆེ་བས་སེམས་ལ་ཟུངས། །ཞེས་པ་འདི་ཡང་རང་གཞན་ལ་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས། །སྤྲང་བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །ཆོས་དགེ་བའི་གསལ་འདེབས་ཅུང་ཞིག་བྱ། །སྤྱིར་ཆོས་རྣམས་ཐམས་ཅད་མི་རྟག་ཅིང་། །དགོས་ནམ་འཆི་ཆ་མེད་ཡང་ཡང་སོམས། །དེ་བསམས་ན་ལྷ་ཆོས་བྱེད་འདོད་དྲན། །ཆོས་དྲན་ན་བྱེད་འདོད་ཤུགས་ཀྱིས་འབྱུང་། །ཆོས་བྱེད་ལུགས་ཤིན་ཏུ་མང་ན་ཡང་། །ཁྱེད་དད་ཅན་སྦྱིན་བདག་འདི་བཞིན་མཛོད། །རྗེ་བླ་མར་སྙིང་ནས་གསོལ་བ་ཐོབས། །ལྷ་དཀོན་མཆོག་གསུམ་པོ་མཆོད་བསྟོད་བཀུར། །རྟེན་ཇོ་བོ་རྣམ་གཉིས་མར་མེ་ཕུལ། །དུས་ཡར་ངོའི་ཚེས་བཅུའི་མཆོད་པ་ཐོངས། །སྒོམ་སྒྲུབ་པ་མཛད་ལ་མཐུན་རྐྱེན་སྒྲུབས། །གནས་སྐོར་མི་རྣམས་ལ་གནས་མལ་གཡོར། །ལྟོ་སློང་མི་བྱུང་ན་ཟས་སྦྱིན་ཐོངས། །
ལུས་ཕྱག་དང་སྐོར་བ་གང་ནུས་གྱིས། །ངག་ཁ་ཏོན་བཟླས་བརྗོད་གང་ཤེས་ཐོན། །དུས་རྒྱུན་དུ་བསམ་པ་བཟང་པོ་གྱིས། །ཚེ་འདིར་བདེ་ཕྱི་མར་སྐྱིད་པར་ངེས། །ཞེས་པ་འདི་ཡང་སྦྱིན་བདག་ནམ་མཁའི་མཛོད་པ་ལ་དགེ་བའི་གསལ་འདེབས་སུ་དབེན་གནས་ཙཱ་རི་ནས་སྤྲིངས་པའོ། །ས་ཁྱད་འཕགས་རྒྱ་གར་རྡོ་རྗེ་གདན། །ཡུལ་གྲོང་ཁྱེར་གཅིག་ན་ཚོང་ཕྲུག་མང་། །ཀུན་ཕྱོགས་གཅིག་འཚོགས་ནས་ཉོ་ཚོང་བྱས། །ཚོང་ཁེ་རྒྱལ་ལོན་ཚེ་རྩེ་ཞིང་དགོད། །དུས་ཡུན་རིང་བསྡད་ན་དགའ་བ་ལ། །ཚོང་གང་ཡོད་ཟད་ཚེ་མི་འདུག་པར། །ཀུན་སྔ་ཕྱི་རིམ་པ་བཞིན་དུ་གྱེས། །ཡུན་མི་རིང་གྱེས་ནས་སོང་ལ་སྐྱོ། །ཡུལ་མི་གཅིག་སོ་སོར་སོང་བའི་མཐུས། །སླར་སྔར་བཞིན་ཐམས་ཅད་འཛོམ་པར་དཀའ། །ངེད་དཔོན་སློབ་མི་རྟག་དེ་དང་འདྲ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །རང་འབྱུང་བཞིའི་ལུས་ཀྱང་མི་རྟག་འཇིག །ངས་བསམ་ཞིང་བསམ་ཞིང་ཤེས་པ་འཕྱོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །སྟོད་དབུས་གཙང་དག་པའི་ཞིང་ཁམས་ན། །རྗེ་བླ་མ་གཅིག་ལ་སློབ་མ་མང་། །ཀུན་ཕྱོགས་གཅིག་འཚོགས་ནས་
དབང་ལུང་ཞུས། །ཆོས་གང་འདོད་ཐོབ་ཚེ་རྩེ་ཞིང་དགོད། །དུས་ཡུན་རིང་བསྡད་ན་དགའ་བ་ལ། །ལུང་དབང་ཁྲིད་ཚར་ཚེ་མི་སྡོད་པར། །ཀུན་སྔ་ཕྱི་རིམ་པ་བཞིན་དུ་གྱེས། །ཡུན་མི་རིང་གྱེས་ནས་སོང་ལ་སྐྱོ། །ཡུལ་མི་གཅིག་སོ་སོར་སོང་བའི་མཐུས། །སླར་སྔར་བཞིན་ཐམས་ཅད་འཛོམ་པར་དཀའ། །ངེད་དཔོན་སློབ་མི་རྟག་དེ་དང་འདྲ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །རང་འབྱུང་བཞིའི་ལུས་ཀྱང་མི་རྟག་འཇིག །ངས་བསམ་ཞིང་བསམ་ཞིང་ཤེས་པ་འཕྱོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །ང་ཆོས་ཁྲིམས་དར་བའི་བོད་ཡུལ་ན། །རྗེ་ཆོས་རྒྱལ་གཅིག་ལ་བཀའ་བློན་མང་། །ཀུན་ཕྱོགས་གཅིག་འཚོགས་ནས་གསུང་གྲོས་བྱས། །གྲོས་གང་དགོས་འགྲིག་ཚེ་རྩེ་ཞིང་དགོད། །དུས་ཡུན་རིང་བསྡད་ན་དགའ་བ་ལ། །གྲོས་བྱེད་རྒྱུ་ཚར་ཚེ་མི་སྡོད་པར། །ཀུན་སྔ་ཕྱི་རིམ་པ་བཞིན་དུ་གྱེས། །ཡུན་མི་རིང་གྱེས་ནས་སོང་ལ་སྐྱོ། །ཡུལ་མི་གཅིག་སོ་སོར་སོང་བའི་མཐུས། །སླར་སྔར་བཞིན་ཐམས་ཅད་འཛོམ་པར་དཀའ། །ངེད་དཔོན་སློབ་མི་
རྟག་དེ་དང་འདྲ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །རང་འབྱུང་བཞིའི་ལུས་ཀྱང་མི་རྟག་འཇིག །ངས་བསམ་ཞིང་བསམ་ཞིང་ཤེས་པ་འཕྱོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །སྨད་ཨ་མདོའི་ཕྱོགས་ཀྱི་ས་ཆ་ན། །སྡེ་ཆེན་པོ་གཅིག་ལ་ཕོ་མོ་མང་། །ཀུན་ཕྱོགས་གཅིག་འཚོགས་ནས་དགའ་སྟོན་བྱས། །གོས་རྒྱན་ཆ་ལེགས་ཚེ་རྩེ་ཞིང་དགོད། །དུས་ཡུན་རིང་བསྡད་ན་དགའ་བ་ལ། །གཏམ་སྟོན་མོ་ཚར་ཚེ་མི་སྡོད་པར། །ཀུན་སྔ་ཕྱི་རིམ་པ་བཞིན་དུ་གྱེས། །ཡུན་མི་རིང་གྱེས་ནས་སོང་ལ་སྐྱོ། །ཡུལ་མི་གཅིག་སོ་སོར་སོང་བའི་མཐུས། །སླར་སྔར་བཞིན་ཐམས་ཅད་འཛོམ་པར་དཀའ། །ངེད་དཔོན་སློབ་མི་རྟག་དེ་དང་འདྲ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །རང་འབྱུང་བཞིའི་ལུས་ཀྱང་མི་རྟག་འཇིག །ངས་བསམ་ཞིང་བསམ་ཞིང་ཤེས་པ་འཕྱོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །ཡུལ་ཆོས་ཡུལ་སེར་འབྲས་དགེ་གསུམ་ན། །དགོན་གྲྭ་ས་གཅིག་ན་དགེ་བཤེས་མང་། །ཀུན་ཕྱོགས་གཅིག་འཚོགས་ནས་བགྲོ་གླེང་བྱས། །
ཆོས་དཀའ་གནད་གོ་ཚེ་རྩེ་ཞིང་དགོད། །དུས་ཡུན་རིང་བསྡད་ན་དགའ་བ་ལ། །ཆོས་སློབ་གཉེར་ཚར་ཚེ་མི་སྡོད་པར། །ཀུན་སྔ་ཕྱི་རིམ་པ་བཞིན་དུ་གྱེས། །ཡུན་མི་རིང་གྱེས་ནས་སོང་ལ་སྐྱོ། །ཡུལ་མི་གཅིག་སོ་སོར་སོང་བའི་མཐུས། །སླར་སྔར་བཞིན་ཐམས་ཅད་འཛོམ་པར་དཀའ། །ངེད་དཔོན་སློབ་མི་རྟག་དེ་དང་འདྲ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །རང་འབྱུང་བཞིའི་ལུས་ཀྱང་མི་རྟག་འཇིག །ངས་བསམ་ཞིང་བསམ་ཞིང་ཤེས་པ་འཕྱོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །གནས་དབེན་པའི་དགའ་ཚལ་ཉམས་དགའ་ན། །ཆོས་བརྒྱུད་པ་གཅིག་པའི་རྣལ་འབྱོར་མང་། །ཀུན་ཕྱོགས་གཅིག་འཚོགས་ནས་ཉམས་ལེན་བྱས། །ཉམས་རྟོགས་པ་ཤར་ཚེ་རྩེ་ཞིང་དགོད། །དུས་ཡུན་རིང་བསྡད་ན་དགའ་བ་ལ། །ལོ་ཟླ་མཚམས་ཚར་ཚེ་མི་སྡོད་པར། །ཀུན་སྔ་ཕྱི་རིམ་པ་བཞིན་དུ་གྱེས། །ཡུན་མི་རིང་གྱེས་ནས་སོང་ལ་སྐྱོ། །ཡུལ་མི་གཅིག་སོ་སོར་སོང་བའི་མཐུས། །སླར་སྔར་བཞིན་ཐམས་ཅད་འཛོམ་པར་དཀའ། །ངེད་དཔོན་སློབ་མི་
རྟག་དེ་དང་འདྲ། །ངས་བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །རང་འབྱུང་བཞིའི་ལུས་ཀྱང་མི་རྟག་འཇིག །ངས་བསམ་ཞིང་བསམ་ཞིང་ཤེས་པ་འཕྱོ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྤྲང་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྐྱོ་བ་ཐན་ཐུན་སྐྱེས་པའི་དུས་ཤིག་ལ་དབེན་གནས་ཙཱ་རི་ནས་སྨྲས་པའོ། །ཉོན་དང་ཚོགས་དྲུག་རང་གྲོལ་པ། །ཚེ་འདིར་མངལ་དུ་བཟུང་བའི་མ། །དྲིན་ཅན་ཡིན་ཞེས་ཁྱོད་གླེང་ན། །སྔོན་ཚེ་སྐྱེ་བ་གྲངས་མེད་པར། །ཕན་བཏགས་ཕ་མ་སེམས་ཅན་རྣམས། །དྲིན་དེ་ལན་ཅིག་མི་དྲན་པ། །ཁྱོད་ལ་ཅི་ཞིག་བྱུང་བ་ཡིན། །ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་དང་། །ཞ་ལོང་སྤྲང་པོ་ནད་ཅན་སོགས། །ཉམ་ཐག་མ་གྱུར་སེམས་ཅན་ཀུན། །བློ་ཡིས་འདོར་བར་ནུས་སམ་ཅི། །སེམས་ཅན་ཐམས་ཅད་དྲིན་ཅན་མ། །ཚེ་སྔོན་མ་དང་ཚེ་འདི་ཡི། །མ་ལ་ཁྱད་པར་མེད་དོ་ཞེས། །སངས་རྒྱས་གསུངས་པ་དེ་བདེན་ན། །ཁྱོད་ལ་སྐྱེ་བ་སྔ་ཕྱི་ཡི། །མ་ལ་ཁྱད་པར་ཅིའི་ཕྱིར་བྱུང་། །ཁྱོད་ཀྱིས་ཁྱད་པར་ཕྱེ་བ་ལ། །དགོས་པ་ཅི་ཡོད་བསམ་མནོ་ཐོངས། །མ་གྱུར་སེམས་ཅན་ཀུན་བློས་དོར། །མ་
གཅིག་དྲན་པ་ཆགས་ཞེན་ཡིན། །སྙིང་རྗེ་སྐྱེ་བ་ཡིན་མ་སེམས། །ཕྱོགས་རིས་ཆགས་ཞེན་ཡོད་ཕྱིན་ཆད། །ད་དུང་འཁོར་བས་མཐར་མ་རེ། །ཞེན་ཆགས་ཡོད་བཞིན་ཚེ་འདི་ཡི། །བྱ་བ་བློས་བཏང་ཡོད་མ་སྨྲ། །མ་གྱུར་སེམས་ཅན་ཡལ་བར་དོར། །མ་རྒན་དྲན་ནས་ངུ་བ་དེ། །བླ་མ་རྒྱལ་བ་སྲས་བཅས་ཀུན། །སུ་ཡིས་གཟིགས་ཀྱང་ཐུགས་ཀྱིས་ཁྲེལ། །མ་གྱུར་འགྲོ་བའི་དྲིན་དེ་དྲན། །སྡུག་བསྔལ་བསམས་ནས་ཁྱོད་ངུས་ན། །བླ་མ་རྒྱལ་བ་སྲས་བཅས་དགྱེས། །དེ་ཕྱིར་ཚེ་འདིའི་མ་དྲན་བཞིན། །ཉམ་ཐག་མ་གྱུར་སེམས་ཅན་གྱིས། །སྡུག་བསྔལ་མྱོང་བའི་ཚུལ་སོམས་ལ། །མིག་ནས་མཆི་མ་ཡང་ཡང་ཐོངས། །ཚེ་འདིའི་མ་ལ་བྱམས་པ་བཞིན། །མ་གྱུར་འགྲོ་ལ་བྱམས་པ་དང་། །སྙིང་རྗེ་བྱང་ཆུབ་སེམས་སྐྱེད་དང་། །ཐེག་པ་ཆེན་པོའི་གྲལ་དུ་ཆུད། །དྲིན་ཅན་ཕ་མ་འགྲོ་དྲུག་རྣམས། །དྲིན་དེ་ཡང་དང་ཡང་དུ་བསམས། །ཚེ་འདིའི་མ་ལྟར་ཕར་བསྐྱངས་ན། །ཚུར་ཡང་བུ་ལྟར་བྱམས་པར་འགྱུར། །ཞེས་པ་འདི་ཡང་ཨ་མ་དྲན་པའི་དུས་ཤིག་ཚོགས་དྲུག་རང་གྲོལ་གྱིས་རང་ལ་སྨྲས་པའོ། །ཁྲ་ཡིས་འཛིན་གྱིས་དོགས་
ནས། །བྱེའུ་ཆུང་ས་ནས་མ་བསྡད། །ཤིང་ནགས་མཐུག་པོ་བསྙེགས་ནས། །འཚེ་མེད་སྐད་སྙན་བསྒྲགས་སོང་། །ལྕགས་ཀྱུས་འཛིན་གྱིས་དོགས་ནས། །ཉ་ཆུང་མཚོ་མཐར་མ་བསྡད། །གཏིང་ཟབ་ཆུ་དཀྱིལ་བསྙེགས་ནས། །དགྲ་མེད་རྩེད་འཇོ་བྱས་སོང་། །ལུས་ལ་གསེར་མིག་འཁྱིལ་བྱུང་། །འཁོར་བར་འཆིང་གིས་དོགས་ནས། །མི་ང་ཡུལ་ནས་མ་བསྡད། །རི་ཁྲོད་དབེན་པར་བསྙེགས་ནས། །སྡིག་མེད་དགེ་སྦྱོར་བྱས་སོང་། །རྒྱུད་ལ་ཉམས་རྟོགས་ཤར་བྱུང་། །ཉམས་སྣང་སྣ་ཚོགས་ཤར་དུས། །ཉམས་དགའ་སྣང་བ་སྤྲོ་ནས། །ཉམས་རྟོགས་གདུ་བུ་འཁྲོལ་བཞིན། །ཉམས་མགུར་གླིང་བུ་འདི་བུས། །དམར་སེར་མེ་ཏོག་པད་ཚལ། །བ་མོས་བཅོམ་ན་མི་རུང་། །བསམས་ནས་ལོ་འདབ་བཞད་དུས། །སྦྲང་རྩི་མང་པོ་བསྡུས་སོང་། །ད་ནི་བ་མོ་བྱུང་ཡང་། །བུང་བ་འགྱོད་པ་མི་སྣང་། །ཞིང་བཟང་ལོ་ཡག་སྙེ་མ། །སེར་བ་ཕོག་ན་མི་རུང་། །བསམས་ནས་འབྲས་བུ་སྨིན་དུས། །སྟོན་ཐོག་ཁྱིམ་དུ་བསྡུས་སོང་། །ད་ནི་སེར་བ་བྱུང་ཡང་། །ཞིང་བདག་འགྱོད་པ་མི་སྣང་། །ཡང་ཡང་ཐོབ་དཀའི་མི་ལུས། །
འཆི་ནད་བྱུང་ན་མི་རུང་། །བསམས་ནས་ལུས་སེམས་བདེ་དུས། །ཉམས་ལེན་རྒྱུད་ལ་སྦྱར་སོང་། །ད་ནི་འཆི་བ་བྱུང་ཡང་། །རྣལ་འབྱོར་འགྱོད་པ་མི་སྣང་། །འཁྲུངས་ས་ཕྱི་ཡི་རྒྱ་མཚོར། །འཁྲུངས་པའི་འོད་གསལ་ཉི་མ། །སྡོད་ས་ལྷ་ལམ་ཡངས་པ། །ལས་སུ་གླིང་བཞི་བསྐོར་སོང་། །དྲོ་འཇམ་འོད་ཟེར་བཏང་བས། །པད་ཚལ་ཡོངས་ལ་ཕན་བྱུང་། །འཁྲུངས་ས་རབ་དཀར་གངས་རིར། །འཁྲུངས་པའི་དར་སེང་དཀར་མོ། །སྡོད་ས་གངས་ཀྱི་ར་བ། །ལས་སུ་རི་སུལ་བསྐོར་སོང་། །འོ་མ་ཁ་ཟས་བྱིན་པས། །སེང་ཕྲུག་ཡོངས་ལ་ཕན་བྱུང་། །འཁྲུངས་ས་ཨ་མདོའི་ཕྱོགས་སུ། །འཁྲུངས་པའི་ཚོགས་དྲུག་རང་གྲོལ། །སྡོད་ས་རི་ཁྲོད་དབེན་པ། །ལས་སུ་རྒྱལ་ཁམས་བསྐོར་སོང་། །མགུར་འཐེན་ཆོས་བཤད་བྱས་པས། །དད་ཅན་ཡོངས་ལ་ཕན་བྱུང་། །ཆར་དང་ཁ་བ་གཉིས་ཀྱིས། །རང་གི་མགོ་ལ་གནོད་བྱུང་། །ཡར་ལ་བཀག་པས་མ་ཁོག །ཞྭ་ཞིག་གྱོན་པས་ཕན་སོང་། །རྡོ་དང་ཚེར་མ་གཉིས་ཀྱིས། །རང་གི་རྐང་ལ་གནོད་བྱུང་། །མར་ལ་བསལ་བས་མ་ཚར། །
ལྷམ་ཞིག་གྱོན་པས་ཕན་སོང་། །རྫུན་དང་ཚིག་རྩུབ་གཉིས་ཀྱིས། །རང་གི་སེམས་ལ་གནོད་བྱུང་། །ཕར་ལ་ལན་བྱས་མ་ཐུབ། །བཟོད་པ་བསྒོམས་པས་ཕན་བྱུང་། །མར་དང་འོ་མའི་གཞི་མ། །འདོད་འཇོའི་བ་མོ་རྒས་རུང་། །ད་དུང་འོ་མ་བཞོས་པས། །མར་ཡང་མང་པོ་ལོན་སོང་། །ས་ལམ་བགྲོད་པའི་གཞི་མ། །ཅང་ཤེས་རྟ་མཆོག་རྒས་རུང་། །ད་དུང་ཞོན་ནས་སོང་བས། །ཐག་རིང་མང་པོ་འཁོར་སོང་། །ལྷ་ཆོས་བྱེད་པའི་གཞི་མ། །དལ་འབྱོར་མི་ལུས་རྒས་རུང་། །ད་དུང་སྒོམ་སྒྲུབ་བྱས་པས། །ཉམས་རྟོག་མང་པོ་ཤར་སོང་། །པདྨས་བརྒྱན་པའི་མཚོ་ཡིས། །ངང་བ་བསྡུ་འདོད་མེད་རུང་། །སུ་ཡིས་མ་བོས་བཞིན་དུ། །ངང་བ་ཕོ་མོས་བསྐོར་བྱུང་། །དྲི་ལྡན་ཡིད་འོང་པདྨས། །བུང་བ་བསྡུ་འདོད་མེད་རུང་། །སུ་ཡིས་མ་བོས་བཞིན་དུ། །བུང་བ་ཕོ་མོས་བསྐོར་བྱུང་། །བྱ་བཏང་རྣལ་འབྱོར་བདག་གིས། །སློབ་མ་བསྡུ་འདོད་མེད་རུང་། །སུ་ཡིས་མ་བོས་བཞིན་དུ། །སྐལ་ལྡན་སློབ་མས་བསྐོར་བྱུང་། །ཆར་སྦྱིན་གཏོང་མཁན་ཀླུ་ཡིས། །ཁྱིམ་པའི་ཞིང་སའི་སྟེང་དུ། །གང་ཡོད་ཆར་བ་ཕབ་པས། །ཞིང་
བདག་ཡོངས་ལ་ཕན་སོང་། །ཟང་ཟིང་སྦྱིན་མཁན་མི་ཡིས། །ཉམ་ཐག་སྤྲང་པོའི་སྣོད་དུ། །གང་ཡོད་སྦྱིན་པར་བཏང་བས། །དབུལ་པོ་ཡོངས་ལ་ཕན་སོང་། །ཆོས་སྦྱིན་གཏོང་མཁན་བདག་གིས། །སྐལ་ལྡན་སློབ་མའི་རྣ་བར། །གང་ཡོད་གདམས་པ་བཤད་པས། །དད་ཅན་ཡོངས་ལ་ཕན་སོང་། །ཞེས་པ་འདི་རྣམས་ཀྱང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྨྲས་པའོ། །ན་མོ་གུ་རུ། འདི་ཕྱི་དང་བར་དོར། །བློ་རྩེ་དེ་གཏད་ན། །ནམ་ཡང་ནི་བསླུ་མེད། །སངས་རྒྱས་ཆོས་དགེ་འདུན། །བྱིན་རླབས་ཀུན་སྩོལ་བའི། །དྲིན་ཅན་གྱི་བླ་མ། །དངོས་གྲུབ་ཀུན་སྟེར་བའི། །ཡི་དམ་གྱི་ལྷ་ཚོགས། །བར་ཆད་ཀུན་སེལ་བའི། །མཁའ་འགྲོ་དང་ཆོས་སྐྱོང་། །སྤྲང་པོ་ངའི་མགོན་སྐྱབས། །དཔུང་གཉེན་དུ་ཁུགས་པ། །བསམ་གྱིན་དུ་རང་བློ། །བདེ་བ་དེ་སྐྱིད་དོ། །མཚན་ལྡན་གྱི་བླ་མ། །མང་པོ་ཡི་ཞལ་གྱི། །བུམ་བཟང་ལས་ཐོན་པའི། །ཟབ་རྒྱས་ཀྱི་གདམས་པའི། །མྱོང་གྲོལ་གྱི་བདུད་རྩི། །མང་པོ་ཞིག་འཐུངས་པས། །ཆོས་སྤོང་གི་ནད་གཅོང་། །རང་འགག་ལ་བུད་སོང་། །ཤེས་
རབ་ཀྱི་ལུས་སྟོབས། །ཆེས་ཆེར་དུ་རྒྱས་བྱུང་། །དག་སྣང་གི་གཟི་མདངས། །འབར་བ་འདི་སྐྱིད་དོ། །སྨིན་གྲོལ་གྱི་གདམས་པའི། །ལྡེ་མིག་ནི་བཟང་ཞིང་། །ཐོས་བསམ་དང་སྒོམ་གྱིས། །འབྱེད་ཚུལ་ལ་མཁས་པས། །གཟུང་འཛིན་གྱི་སྒོ་ལྕགས། །དམ་པོ་ཡང་ཕྱེ་སོང་། །ཁྲེགས་ཆོད་ཀྱི་ལྷ་ཁང་། །ཡངས་པ་ཆུ་ཚུད་བྱུང་། །སྣང་བཞི་ཡི་ལྷ་སྐུ། །མཇལ་བ་འདི་སྐྱིད་དོ། །དད་བརྩོན་དང་ཤེས་རབ། །ལྡན་པ་ཡི་ཚོགས་རྣམས། །མཚན་ལྡན་གྱི་བླ་མའི། །ཞབས་དྲུང་དུ་སོང་ལ། །གདམས་ངག་གི་ལྡེ་མིག །ལག་ཏུ་རང་ལོངས་དང་། །ཤེས་རབ་ཀྱི་སྒོ་འཕར། །བརྒྱ་ཕྲག་ཅིག་ཕྱེ་ཡོང་། །ཐུན་མོང་གི་ལམ་རྣམས། །རིམ་པ་བཞིན་བགྲོད་ལ། །རྫོགས་ཆེན་གྱི་ཆོས་ཀྱི། །རི་དབང་རྩེར་ཕྱིན་དང་། །སྟོང་གསལ་གྱི་ལྟ་བའི། །ནམ་མཁའ་རང་ལངས་ཡོང་། །ལྷུན་གྲུབ་ཀྱི་སྣང་བཞིའི། །ཉི་མ་ཡང་འཆར་ངེས། །ངོ་མཚར་གྱི་ལྟད་མོ། །དེ་དུས་སུ་མཐོང་ངོ་། །མངལ་སྐྱོན་གྱིས་མ་གོས། །པདྨོ་ལས་འཁྲུངས་ཤིང་། །འཆི་བདག་གིས་མི་ཚུགས། །རྡོ་རྗེ་ཡི་སྐུ་བརྙེས། །ཨོ་རྒྱན་གྱི་ཐུགས་བཅུད། །རྫོགས་
ཆེན་གྱི་ཆོས་ལ། །ད་ལྟ་རང་མཇལ་བ། །བླ་མ་ཡི་བཀའ་དྲིན། །ཆོས་རྒྱལ་ཝང་བཀའ་དྲིན། །འཁོར་ཐབས་རང་མེད་དོ། །དྲིན་ལན་དུ་སྒྲུབ་པའི། །མཆོད་པ་རང་འབུལ་ལོ། །བསྒྲུབས་འབྲས་ཀྱིས་བསྟན་འགྲོར། །ཕན་ཐོགས་ཤིག་ཤོག་ཨང་། །ཞེས་སྐྱིད་པའི་རྒྱང་གླུ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་བླངས་པའོ། །ནམ་ཡང་ནི་མི་ཉམས། །སེམས་བསྐྱེད་ཀྱི་ལུས་ལ། །རྣམ་དག་གི་ཚུལ་ཁྲིམས། །རྩལ་གསུམ་ཡང་རྫོགས་ཤིང་། །གཞུང་ལུགས་ནི་རབ་འབྱམས། །གཡུ་རལ་གྱིས་ནོན་པ། །ཁུར་དུ་ཡང་མ་སོང་། །རྒྱན་དུ་རང་བཟུང་ནས། །ཐུབ་བསྟན་གྱི་གངས་རིའི། །ཁྲོད་ན་རང་འཕྱོ་བའི། །འགྲན་བྲལ་གྱི་མི་ཡི། །སེང་གེ་མཆོག་བློ་བཟང་། །ཡབ་སྲས་ཀྱི་བུ་རྒྱུད། །དགེ་ལུགས་པའི་དགེ་བཤེས། །སེང་ཕྲུག་གི་སེང་མའི། །ངར་སྐད་དང་མཚུངས་པའི། །ལུང་རིགས་ཀྱི་ང་རོ། །ཆེས་ཆེ་རུ་བསྒྲགས་ཚེ། །ཕྱིར་རྒོད་གྱི་ཝ་སྐྱེས། །ཐམས་ཅད་ཀྱང་བརྒྱལ་འགྲོ། །ནང་བའི་ཡང་ལོག་རྟོག །མཆེ་བ་ཅན་ཕལ་ཆེར། །རྒྱང་རིང་ན་གནས་ཀྱང་། །སྙིང་རྩ་དེ་འདར་
ན། །གྲུབ་རྟགས་ལ་དེ་ཉིད། །གཅིག་པུས་ཀྱང་ཆོག་ཡོང་། །འཁོར་བ་ཀུན་སྡུག་བསྔལ། །རྒྱ་མཚོ་རུ་ཤེས་ནས། །ངེས་འབྱུང་དང་སྐྱོ་ཤས། །ཐུགས་རྒྱུད་ལ་གྲུབ་པའི། །གྲུབ་རྟགས་ནི་ཁྱིམ་སྤངས། །རབ་ཏུ་རང་བྱུང་ནས། །གང་ལ་ཡང་ཆགས་ཞེན། །ཆུང་བ་འདི་ཡིན་པས། །གྲུབ་རྟགས་ལ་དེ་ཉིད། །གཅིག་པུས་ཀྱང་ཆོག་ཡོང་། །སེམས་ཅན་ཀུན་དྲིན་ཅན། །ཕ་མ་རུ་ཤེས་ནས། །བྱང་ཆུབ་ཀྱི་སེམས་དེ། །ཐུགས་རྒྱུད་ལ་གྲུབ་པའི། །གྲུབ་རྟགས་ནི་རང་འདོད། །རྩ་བ་ནས་བུད་ནས། །གཞན་ཕན་གྱི་ཐབས་ལ། །བརྩོན་པ་འདི་ཡིན་པས། །གྲུབ་རྟགས་ལ་དེ་ཉིད། །གཅོག་པུས་ཀྱང་ཆོག་ཡོང་། །ཆོས་རྣམས་ཀུན་རང་བཞིན། །མ་གྲུབ་པར་ཤེས་ནས། །ཡང་དག་གི་ལྟ་བ། །ཐུགས་རྒྱུད་ལ་གྲུབ་པའི། །གྲུབ་རྟགས་ནི་བདག་འཛིན། །ཇེ་ཆུང་ལ་སོང་ནས། །ཐུགས་རྒྱུད་ནི་ཞི་ཞིང་། །དུལ་བ་འདི་ཡིན་པས། །གྲུབ་རྟགས་ལ་དེ་ཉིད། །གཅིག་པུས་ཀྱང་ཆོག་ཡོང་། །མདོར་བསྡུས་ན་ཆོས་ཕུང་། །བརྒྱད་ཁྲི་དང་བཞི་སྟོང་། །ཐམས་ཅད་ཀྱི་གནད་འགག །དཔེ་ཐོག་ཏུ་མ་ལུས། །ཐུགས་རྒྱུད་ལ་
གྲུབ་པའི། །གྲུབ་རྟགས་སུ་ཉོན་མོངས། །བརྒྱད་ཁྲི་དང་བཞི་སྟོང་། །ཐམས་ཅད་ཀྱི་རྩ་བ། །དུག་ལྔ་དེ་ཇེ་ཆུང་། །སོང་བ་འདི་ཡིན་པས། །གྲུབ་རྟགས་ལ་དེ་ཉིད། །གཅིག་པུས་ཀྱང་ཆོག་ཡོང་། །ཆོས་གང་ཡང་ཉོན་མོངས། །གཉེན་པོ་རུ་སོང་ན། །དམ་ཆོས་ཀྱི་དགོས་པ། །དེ་ཀ་རང་ལགས་པས། །གྲུབ་རྟགས་ཀྱི་ཆེ་ཤོས། །དེ་ཀ་རང་ཡིན་ངེས། །གྲུབ་རྟགས་ཀྱི་མཆོག་དེ། །དགེ་ལུགས་པས་བསྟན་ཡོང་། །དེ་འདྲ་ཡི་གྲུབ་རྟགས། །སྟོན་རྒྱུ་ཞིག་མེད་པར། །ནམ་མཁའ་ལ་འཕུར་ནུས། །རི་བྲག་ལ་འཛུལ་ཀྱང་། །གྲུབ་རྟགས་ཀྱི་མཆོག་ཏུ། །མཁས་པ་རྣམས་མི་བཞེད། །དེ་ལྟར་དུ་གོ་ན། །གྲུབ་ཐོབ་ནི་རྐྱང་ཡིན། །རྣལ་འབྱོར་ང་བློ་བཟང་། །གྲགས་པ་ཡི་བུ་རྒྱུད། །གྲུབ་རྟགས་ཀྱི་མཆོག་ལ། །དེ་ཀ་རང་འདོད་དོ། །ཉམས་དབྱངས་འདིས་བློ་བཟང་། །ཡབ་སྲས་ཀུན་མཆོད་པས། །ཉོན་མོངས་ཀུན་ཐུལ་བར། །བྱིན་གྱིས་རང་རློབས་ཤིག །ཅེས་པ་འདི་ཡང་འགའ་རེས་དགེ་ལུགས་པ་བརྒྱ་བཟང་རུང་ཕྱག་རྫོགས་པ་ལྟར་གྲུབ་རྟགས་སྟོན་མཁན་གཅིག་ཀྱང་མི་སྣང་སོགས་ཟེར་བ་བྱུང་བས་རྐྱེན་བྱས། བྱ་བཏང་ཚོགས་དྲུག་རང་
གྲོལ་གྱིས་དབེན་གནས་ཙཱ་རི་ནས་རྒྱང་གླུའི་ཚུལ་དུ་འཐེན་པའོ། །ནམ་མཁའ་ལས་ཡངས་ཤིང་། །རྒྱ་མཚོ་ལས་དྭངས་པ། །ཆོས་ཀུན་གྱི་འབྱུང་གནས། །ཆོས་དབྱིངས་ལ་འདུད་དོ། །རྣལ་འབྱོར་ངའི་སེམས་ཉིད། །སྟོང་གསལ་ནི་འཛིན་མེད། །ཆོས་དབྱིངས་ཀྱི་ནམ་མཁའ། །ཡངས་པ་ཡི་ཀློང་དུ། །ཞེ་སྡང་ཅན་འགའ་རེས། །ཁ་ལྕེའི་གཞུ་འཐེན་ནས། །ཚིག་ངན་གྱི་དུག་མདའ། །ལན་མང་དུ་འཕངས་ཀྱང་། །གར་སོང་དང་འདིར་སོང་། །རྗེས་མེད་དུ་གྱུར་ནས། །རང་གཞན་ལ་ཕན་གནོད། །སྤུ་ཙམ་ཞིག་མ་བྱུང་། །ཆོས་དབྱིངས་ཀྱི་ཐང་མ། །ཕྱོགས་ཀུན་ཏུ་བརྡལ་བས། །སྡུག་བཙིར་གྱི་འཆིང་བ། །ལྷོད་གྲོལ་ལ་ལངས་སོང་། །ཀུན་རྫོབ་ཀྱི་ཆོས་ཀུན། །ཆོས་དབྱིངས་ལས་མི་འདའ། །གར་བསྡད་ཀྱང་ཆོས་དབྱིངས། །ཕོ་བྲང་དུ་འདུག་གོ །འཁོར་འདས་ཀྱིས་བསྡུས་པའི། །ཆོས་རྣམས་ཀུན་སྣང་སྟོང་། །སྒྱུ་མ་ཡི་གཟིགས་མོར། །ལམ་ལམ་དུ་ཤར་བྱུང་། །རྟག་ཆད་དང་བྲལ་བའི། །དབུ་མ་བ་ང་གྱིས། །ཕྱོགས་རིས་དང་བྲལ་བའི། །རྫོགས་ཆེན་པ་ང་གྱིས། །དགག་སྒྲུབ་དང་བྲལ་བའི། །ཕྱག་ཆེན་པ་ང་གྱིས། །
ཉམས་མགུར་འདི་དབུ་རྫོགས། །ཕྱག་ཆེན་གསུམ་བརྒྱུད་པའི། །བླ་མ་རྣམས་མཆོད་པས། །བྱིན་རླབས་ཀུན་སྩོལ་ཅིག །ནམ་མཁའ་དང་འདྲ་བའི། །ལྟ་བ་ཡི་རྒྱལ་པོ། །ཐམས་ཅད་ཀྱིས་རྟོགས་པའི། །ཡིད་སྨོན་ཞིག་འཆའོ། །ཞེས་པ་འདི་ཡང་འགའ་རེས་ཁྱེད་ལ་ཚིག་ངན་ཞིག་ཞུས་ཀྱང་ཐུགས་གཏིང་ནས་ཁྲོ་བ་ཅུང་ཟད་མི་སྣང་། ཁོང་ཚོས་ཚིག་ངན་ཁབ་ཙམ་ཡང་མི་བཟོད་པ་ཟེར་བའི་ལན་དུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་བླངས་པའོ། །རྩ་གསུམ་གྱི་ལྷ་ཚོགས། །གསོལ་བ་རང་འདེབས་བཞིན། །དབེན་པ་རུ་སྒོ་གསུམ། །རང་བབས་སུ་གློད་ནས། །ཆོས་ཀུན་གྱི་རྩ་བ། །སེམས་ཉིད་ནི་སྐྱེ་འགག །གནས་གསུམ་དང་བྲལ་བའི། །གནས་ལུགས་ནི་སྟོང་གསལ། །སྤྲོས་བྲལ་གྱི་ངང་ལ། །ཉིན་མཚན་དུ་བཞག་དུས། །གནས་ལུགས་ཀྱི་སྟོང་ཆར། །ཕྱི་རོལ་གྱི་ནམ་མཁས། །ཉིན་མཚན་དུ་འགྲན་ཀྱང་། །འགྲན་པར་ནི་མ་བཟོད། །ཆུ་འཛིན་གྱི་ཕག་ཏུ། །ལན་མང་དུ་ཡིབས་སོང་། །གནས་ལུགས་ཀྱི་གསལ་ཆར། །ཕྱི་རོལ་གྱི་ཉི་མས། །ཉིན་རེ་བཞིན་འགྲན་ཀྱང་། །འགྲན་མ་ཚུགས་ངོ་ཚ། །ནུབ་རིའི་ཕག་བརྒྱུད་
ནས། །གླིང་གཞན་དུ་བྲོས་སོང་། །སྟོང་གསལ་ཉམས་ནམ་མཁའ། །ཉི་མ་ལས་ལྷག་བྱུང་། །ནམ་མཁའ་དང་ཉི་མ། །རྣལ་འབྱོར་པ་ང་གྱིས། །ཞེས་པ་འདི་ཡང་ཉིན་ཞིག་ཕྱི་དྲོ་ཉི་མ་དྲོ་ས་ཞིག་ཏུ་བསྡད་ནས་ནང་སེམས་ཉིད་སྟོང་གསལ་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་ཡོད་དུས། ནམ་མཁའ་སྤྲིན་གྱིས་བསྒྲིབས། ཉི་མ་ནུབ་རིར་ཡིབས་སོང་བས་རྐྱེན་བྱས་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཡིད་ལ་ཤར་བ་ལྟར་བླངས་པའོ། །ལྔ་ལྡན་གྱི་འཇའ་ཚོན། །སྟོང་གསལ་གྱི་ནམ་མཁའ། །ཡངས་པ་ཡི་ཀློང་ན། །སྟོང་པ་ཡི་ཆ་ནས། །རོ་གཅིག་ཏུ་གནས་ཀྱང་། །སྣང་བ་ཡི་ཆ་ནས། །དུ་མ་རུ་ཤར་བའི། །ཡ་མཚན་གྱི་ལྟད་མོ། །འདི་ཉིད་ལ་བལྟས་པས། །རྒྱུ་འབྲས་དང་རྟེན་འབྲེལ། །མི་བསླུ་བར་ངེས་པའི། །ཧ་དེ་ཡང་གོ་སོང་། །འཁོར་འདས་ཀྱི་ཆོས་རྣམས། །སྟོང་གསལ་གྱི་སེམས་ཉིད། །ཡངས་པ་ཡི་ཀློང་ན། །སྟོང་པ་ཡི་ཆ་ནས། །རོ་གཅིག་ཏུ་གནས་ཀྱང་། །སྣང་བ་ཡི་ཆ་ནས། །དུ་མ་རུ་ཤར་བའི། །ཡ་མཚན་གྱི་ལྟད་མོ། །འདི་ཉིད་ལ་བལྟས་པས། །རྟག་ཆད་སོགས་གེགས་རྣམས། །ཆོས་དབྱིངས་ཀྱི་ཀློང་དུ། །ལྷག་མེད་དུ་གྲོལ་སོང་། །གེགས་སེལ་དང་བོགས་འདོན། །
གདམས་པ་ཡི་ཚོགས་རྣམས། །རེ་ཞིག་གི་བར་དུ། །ག་ལེ་རང་བཞུགས་ཤིག །སྙན་པའི་དབྱངས་མཁས་པའི། །སྙན་ལམ་དུ་ཕུལ་ཀྱང་། །སྙན་པོ་རེད་གསུངས་ནས། །སྙན་གྲགས་ཀྱང་བརྗོད་ཡོང་། །ཞེས་པ་འདི་ཡང་ཉིན་ཞིག་འཇའ་ཚོན་ཤར་བ་ཞིག་མཐོང་བའི་ཚེ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཙཱ་རི་ནས་སྨྲས་པའོ། །ནམ་འཆི་ཆ་མེད་འཁོར་བར་བདེ་བ་མེད། །རང་དོན་མ་གྲུབ་གཞན་དོན་འོང་བ་མེད། །མ་གྱུར་འགྲོ་བ་ཡོངས་ལ་འཛད་མཐའ་མེད། །འགྲོ་དོན་མ་སྔ་སྒོམ་གྱིས་སྙིང་གི་བུ། །བསྒོམས་ནས་སངས་རྒྱས་ཐོབ་ན་མཁའ་མཉམ་གྱི། །འགྲོ་དོན་མཛད་ཆོག་སྐུ་ལས་འོད་ཟེར་རེ། །སྤྲོས་ཀྱང་སེམས་ཅན་དཔག་མེད་བདེར་འགོད་ནུས། །དེ་དུས་འགྲོ་དོན་བྱེད་དགོས་སྙིང་གི་བུ། །དེང་སང་མི་མང་བསྡུས་ནས་དབང་ལུང་དང་། །ཁྲིད་སོགས་བྱེད་པ་འགྲོ་དོན་ཡིན་སྙམ་ཡང་། །རྣམ་གཡེང་ཆགས་སྡང་སྡུག་བསྔལ་བསྐྱེད་པའི་རྒྱུ། །སྐྱིད་འདོད་སྡུག་ལ་མ་དགའ་སྙིང་གི་བུ། །གྲོང་སྡེ་ཀུན་ལ་ཁྲལ་ཆེན་བསྡུས་ནས་ནི། །མཆོད་སྦྱིན་གཏོང་བ་ཚོགས་གསོག་ཡིན་སྙམ་ཡང་། །ཀུན་ལ་སྡིག་སྡུག་
གཏམ་ངན་འབྱུང་བའི་རྒྱུ། །སྐྱིད་འདོད་སྡུག་ལ་མ་དགའ་སྙིང་གི་བུ། །མི་དང་དུད་འགྲོས་ས་རྡོ་ཤིང་གསུམ་བླངས། །ལྷ་ཁང་རྟེན་བཞེངས་ཕན་ཡོན་ཆེ་སྙམ་ཡང་། །མི་ཕྱུགས་ངལ་ཞིང་སྲིན་བུ་གསོད་པའི་རྒྱུ། །དུད་འགྲོར་སྒལ་པ་མ་འདོན་སྙིང་གི་བུ། །ས་དགེ་རྙིང་གསུམ་བཀའ་བརྒྱུད་ཆེ་བཞི་སོགས། །ཕྱོགས་འཛིན་བསྟན་པའི་ཞབས་ཏོག་ཡིན་སྙམ་ཡང་། །བདག་བསྟོད་གཞན་སྨོད་བསྟན་པའི་ཞབས་འདྲེན་རྒྱུ། །གྲུབ་མཐའི་ལ་རྒྱ་མ་རྩོད་སྙིང་གི་བུ། །དབང་ལུང་ཁྲིད་གསུམ་བསྟན་བཅོས་མང་པོ་བསགས། །རང་གཞན་ཀུན་གྱི་རྒྱུད་ལ་ཕན་སྙམ་ཡང་། །ཉམས་སུ་མ་བླངས་ཕན་མེད་ང་རྒྱལ་རྒྱུ། །དཔེ་མང་བསྡུ་ལ་མ་དགའ་སྙིང་གི་བུ། །དཔེ་ལྟ་འཆད་རྩོད་ཉམས་དབྱངས་ལེན་པ་སོགས། །སེམས་ལ་ཡར་སྐྱེད་བོགས་འདོན་ཡིན་སྙམ་ཡང་། །རྩེ་གཅིག་སྒོམ་ཚེ་རྣམ་རྟོག་འཕེལ་བའི་རྒྱུ། །སྤྲོས་པ་ཐམས་ཅད་དོར་ཞིག་སྙིང་གི་བུ། །ཁང་བའི་གད་བདར་བཟའ་བཏུང་གཡོ་བསྐོལ་སོགས། །བྱ་བྱེད་མང་བ་བདེ་ཐབས་ཡིན་སྙམ་ཡང་། །དོན་མེད་ངང་དུ་མི་ཚེ་འཛད་པའི་རྒྱུ། །བྱ་བ་ཐམས་ཅད་སྤོངས་ཤིག་སྙིང་
གི་བུ། །དགོན་གཞི་བཟུང་ནས་རྙེད་ཚད་གསོག་པ་དེ། །དགོན་པ་ཡུན་རིང་གནས་ཕྱིར་ཡིན་སྙམ་ཡང་། །གྲྭ་སློབ་ཆགས་སྡང་འཐབ་རྩོད་སྐྱེ་བའི་རྒྱུ། །གཞི་དགོན་བདག་ཏུ་མ་འཛིན་སྙིང་གི་བུ། །ལྷ་རྟེན་དཔེ་ཆ་མཆོད་རྫས་སྣ་ཚོགས་པ། །རི་ཁྲོད་དབེན་པར་སྡོད་དུས་མཁོ་སྙམ་ཡང་། །འགྲོ་དུས་ཁུར་ལྕི་བརླགས་ན་སེམས་སྡུག་རྒྱུ། །ཅིས་ཀྱང་དགོས་པ་མེད་དོ་སྙིང་གི་བུ། །མདོར་ན་སྤྲང་བོ་བཞིན་དུ་དམན་ས་ཟུངས། །དྲང་སྲོང་བཞིན་དུ་དབེན་པར་གཅིག་པུར་སྡོད། །རྗེ་བཙུན་མི་ལ་ཇི་བཞིན་སྒྲུབ་ལ་གཞོལ། །སྙིང་གཏམ་འདི་རྣམས་མ་བརྗེད་སྙིང་གི་བུ། །ཞེས་པ་འདི་ནི་སྐལ་ལྡན་སྙིང་གི་སློབ་བུ་ཀུན་བཟང་རང་གྲོལ་ལ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ནས་སྨྲས་པའོ། །ཆོས་སྐུ་ཀུན་ཏུ་བཟང་པོ་མན་ཆད་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱི། །རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཡི། །ཁྲེགས་ཆོད་གནས་ལུགས་ལྟ་བ་རྟོགས་པ་དང་། །ཐོད་རྒལ་ཉམས་ཀྱི་
སྒོམ་པ་མཐར་ཕྱིན་ནས། །སྣང་བཞི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །རྒྱལ་བའི་རྣམ་འཕྲུལ་བླ་མའི་རྣམ་ཐར་ལ། །ལོག་ལྟ་སྐད་ཅིག་ཙམ་ཡང་སྐྱེ་མི་རུང་། །སངས་རྒྱས་དངོས་ཡིན་སྙམ་པའི་མོས་གུས་གྱིས། །བླ་མའི་བྱིན་རླབས་འཇུག་གོ་སྙིང་གི་བུ། །རྡོ་རྗེ་སྤུན་གྱིས་ཅི་བྱས་སྐྱོན་དུ་མཐོང་། །ཁྲོས་ནས་ངན་སྨྲ་ཚིག་རྩུབ་བྱེད་མི་རུང་། །དཔའ་བོ་མཁའ་འགྲོ་ཡིན་སྙམ་དག་སྣང་སྦྱོངས། །མཁའ་འགྲོས་དངོས་གྲུབ་སྟེར་རོ་སྙིང་གི་བུ། །ཚིག་རེའང་བསྐལ་བརྒྱར་ཐོས་དཀའི་རྫོགས་ཆེན་ཆོས། །རྣམ་དག་ཡིན་མིན་ཐེ་ཚོམ་སྐྱེ་མི་རུང་། །ཐེག་དགུའི་ཡང་རྩེ་ཡིན་སྙམ་དད་གུས་གྱིས། །ཆོས་སྐྱོང་སྲུང་མས་བསྲུང་ངོ་སྙིང་གི་བུ། །ལྟོ་གོས་ཙམ་གྱི་རྩོལ་སྒྲུབ་ཐམས་ཅད་བོར། །ན་བུན་གོས་གྱོན་བྲག་ཕུག་ཞྭ་ལྟར་བསྟེན། །ཆོས་ཕྱིར་ལྟོགས་རུང་འཁྱགས་རུང་སྡུག་བསྲན་སྐྱེད། །ལས་ངན་སྡིག་སྒྲིབ་འདག་གོ་སྙིང་གི་བུ། །ལོང་མེད་བརྩོན་འགྲུས་སྙིང་རུས་བསྐྱེད་འདོད་ན། །ནམ་འཆི་ཆ་མེད་འཁོར་བའི་ཉེས་དམིགས་དང་། །ཐར་བའི་ཕན་ཡོན་གོང་མའི་རྣམ་ཐར་སོམས། །བརྩོན་འགྲུས་སྙིང་རུས་འབྱུང་ངོ་སྙིང་གི་བུ། །རྒྱལ་
བ་ཀུན་གྱི་བྱིན་རླབས་འཇུག་འདོད་ན། །སྐྱབས་གནས་ཐམས་ཅད་རྩ་བའི་བླ་མར་འདུས། །བཟླས་བརྗོད་གཞན་བསྐྱུར་བླ་མར་གསོལ་བ་ཐོབས། །རྒྱལ་ཀུན་བྱིན་རླབས་འཇུག་གོ་སྙིང་གི་བུ། །འཁོར་འདས་ཆོས་ལ་ལྟད་མོ་བལྟ་འདོད་ན། །ཆོས་ཀུན་རྩ་བ་རང་གི་སེམས་ལ་ཐུག །སྒོམ་སྒྲུབ་གཞན་ཞོག་རྒྱུན་དུ་སེམས་ལ་ལྟོས། །ངོ་མཚར་ལྟད་མོ་མཐོང་ངོ་སྙིང་གི་བུ། །ཚེ་འདིར་འཇའ་ལུས་འོད་སྐུ་བསྒྲུབ་འདོད་ན། །སྤྲོས་པ་ཀུན་དོར་འོད་གསལ་ཐོད་རྒལ་སྒོམས། །ཤ་རུས་གདོས་བཅས་སྣང་བ་ཀུན་དག་ནས། །འཇའ་ལུས་འོད་སྐུ་འགྲུབ་བོ་སྙིང་གི་བུ། །མདོར་ན་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །འཕོངས་རུལ་གདན་རྡོལ་ཤི་རུང་རྫོགས་ཆེན་སྒོམས། །གསུངས་ལྟར་ལམ་བཟང་འདི་ལ་ནན་ཏན་མཛོད། །བདག་གཞན་དོན་གཉིས་འགྲུབ་བོ་སྙིང་གི་བུ། །དགེ་འདིས་དམ་གཙང་དཔོན་སློབ་འཁོར་བཅས་ཀྱིས། །དམ་པས་བྱིན་བརླབས་དབེན་པའི་རི་སུལ་དུ། །ཟབ་ལམ་རྫོགས་པ་ཆེན་པོའི་བཤད་སྒྲུབ་ཀྱི། །བསྟན་པའི་རྒྱལ་མཚན་མི་ནུབ་འཛིན་པར་ཤོག །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་
དད་གུས་དག་སྣང་ཆེ་བའི་བུ་མཆོག་སྐལ་ལྡན་རང་གྲོལ་དང་། །ཀུན་བཟང་གཞན་ཕན་བསྟན་འཛིན་ཉི་མ་རྣམས་ལ་ཙཱ་རི་ནས་སྨྲས་པའོ། །ཚེ་སྔོན་བསྐལ་མང་ཚོགས་གཉིས་བསགས་པའི་མཐུས། །ཚེ་འདིར་དཔལ་འབྱོར་རིན་ཆེན་སྤུངས་པ་འདྲ། །སྔོན་གོམས་བག་ཆགས་བཟང་པོ་ཚེ་འདིར་སད། །དད་གུས་སྙིང་རྗེ་མཆོད་སྦྱིན་བྱེད་ལ་སྤྲོ། །ཟང་ཟིང་ནོར་ལ་སྙིང་པོ་མེད་ན་ཡང་། །མཆོད་སྦྱིན་མཛད་ན་ཕན་བདེ་སྙིང་བོ་ལེན། །ཐ་མལ་ནོར་གྱིས་མཚན་དཔེས་བརྒྱན་པའི་སྐུ། །སྒྲུབ་ལ་བརྩོན་པའི་རྒྱལ་ཡུམ་གང་དེའི་དྲུང་། །འཇིག་རྟེན་འཁོར་བའི་བྱ་བ་ལས་འདས་ཤིང་། །མྱང་འདས་བདེ་བ་ད་དུང་མ་ཐོབ་པར། །གཉིས་མེད་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། །རབ་ཏུ་གུས་པས་ཞུ་ཡིག་ཉུང་ངུ་འབུལ། །ཁྱེད་སྐུ་རབ་ཏུ་བདེ་བའི་གཏམ་སྙན་དང་། །མཁོ་བའི་ཡོ་བྱད་གནང་བ་མཐོང་བའི་མོད། །བདག་སེམས་ཤིང་བལ་དགའ་སྤྲོའི་དྲི་བཞོན་གྱིས། །བསྐྱོད་ནས་དགའ་གཏམ་ཤག་ཤོག་འདབ་སྒྲ་སྒྲོགས། །ཕྲན་ཀྱང་བླ་མའི་ཐུགས་རྗེས་སྒྱུ་ལུས་བདེ། །རྒྱུད་ལ་ཉམས་རྟོགས་ཡོན་ཏན་རི་བོང་རྭ། །འོན་ཀྱང་བླ་མར་གསོལ་བཏབ་ཉམས་ལེན་བྱས། །ཉམས་
རྟོགས་འཆར་བའི་རེ་བ་བྱེད་བཞིན་མཆིས། །རྒྱལ་ཡུམ་ཁྱེད་ཀྱིས་གང་གསུངས་བདག་གིས་བགྱིད། །ཁྱེད་ཀྱིས་ད་དུང་སྔར་བས་སུམ་འགྱུར་གྱིས། །མཆོད་སྦྱིན་ཕྱག་སྐོར་ཁ་ཏོན་དགེ་ལ་འབོད། །ཁྱད་པར་འཁོར་གཡོག་སྡེ་རྣམས་བུ་བཞིན་སྐྱོངས། །སྔོན་གྱི་ལས་བཟང་སྨོན་ལམ་དག་པའི་མཐུས། །ཚེ་འདིར་དཔོན་སློབ་འབྲེལ་བ་སྐལ་བ་བཟང་། །ཀུན་ཀྱང་གནས་སྐབས་ཚེ་རིང་ནད་མེད་ཅིང་། །མཐར་སངས་མཉམ་པོར་རྒྱ་བའི་སྨོན་ལམ་འཚལ། །ད་རེས་གཟིགས་རྟེན་སྟོང་པ་མིན་ཙམ་དུ། །ཁ་བའི་མདངས་འཛིན་ལྷ་རྫས་དྲི་མེད་བཅས། །སར་གནས་དག་པ་མཁའ་སྤྱོད་ཙཱ་རི་ནས། །ཟླ་ཚེས་བཟང་པོར་ཕུལ་བ་དགེ་ལེགས་འཕེལ། །ཞེས་པ་འདི་ཡང་རྒྱལ་ཡུམ་འཆི་མེད་ཟླ་བ་པད་དཀར་གྱིས་གསུང་ཡིག་ཅིག་བསྐུར་བའི་ལན་དུ་ཙཱ་རི་ནས་ཕུལ་བའོ། །སྤང་རི་ནགས་ཚལ་རྒྱུ་བའི་རི་དྭགས་རྣམས། །དབྱར་གསུམ་རྩི་ཐོག་ཟ་བ་ཉམས་དགའ་སྟེ། །སྡིག་ཅན་མི་དང་ཁྱི་ཡིས་དེད་ཙ་ན། །དངངས་སྐྲག་འཇིགས་ནས་བྲོས་པས་ཁ་ལྕེ་བསྐམས། །དེ་དུས་རྫ་རིར་འགྲོ་འདོད་དྲན་ན་ཡང་། །འབྲོས་པའི་དབང་མེད་མི་ངན་ལག་ཏུ་
ཆུད། །ད་དུང་མི་ཁྱིས་མ་ཟིན་རི་དྭགས་ཚོ། །མ་འདུག་མ་འདུག་མྱུར་དུ་རྫ་རིར་ཕྲོས། །བྲག་སྟོད་མཐོན་པོར་གནས་པའི་བྱ་རྒོད་རྣམས། །ལིང་ལིང་གཟན་ལ་རུབ་པ་ཉམས་དགའ་སྟེ། །ཐག་རྙི་ཁྲ་བོས་བཟུང་ནས་འགག་ཙ་ན། །དངངས་སྐྲག་འཇིགས་ནས་གཤོག་སྒྲོ་ས་ལ་རྡེབ། །དེ་དུས་ནམ་མཁར་འཕུར་འདོད་དྲན་ན་ཡང་། །འཕུར་བའི་དབང་མེད་བྱ་གསོད་ལག་ཏུ་ཆུད། །ད་དུང་རྙི་ཡིས་མ་ཟིན་བྱ་རྒོད་ཚོ། །མ་འདུག་མ་འདུག་མྱུར་དུ་མཁའ་ལ་འཕུར། །འཛམ་བུའི་གླིང་དུ་སྐྱེས་པའི་ཕོ་མོ་རྣམས། །ཚེ་འདིར་ལོངས་སྤྱོད་འཛོམ་པ་ཉམས་དགའ་སྟེ། །འཆི་ནད་དྲག་པོས་ལུས་ལ་ཐེབས་ཙ་ན། །དངངས་སྐྲག་འཇིགས་ནས་མལ་ནས་རྐང་ལག་གཡབ། །དེ་དུས་ལྷ་ཆོས་བྱེད་འདོད་དྲན་ན་ཡང་། །བྱེད་པའི་དབང་མེད་འཆི་བདག་ལག་ཏུ་ཆུད། །ད་དུང་འཆི་ནད་མ་བྱུང་ཕོ་མོ་རྣམས། །མ་འདུག་མ་འདུག་མྱུར་དུ་ལྷ་ཆོས་གྱིས། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཁྱིམ་པ་ཕོ་མོ་ཡོངས་ལ་དབེན་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་སྨྲས་པའོ། །དབྱར་གསུམ་ནམ་ཟླ་སླེབས་པ་འདི་དགའོ། །མེ་ཏོག་སྣ་ཚོགས་འཁྲུངས་པ་འདི་
སྐྱིད་དོ། །གློ་བུར་བ་མོའི་གནོད་པ་ནི་མ་བྱུང་། །ནམ་ཟླའི་རྒྱལ་མོའི་བཀའ་དྲིན་རང་ལགས་སོ། །སྟོན་ཟླ་གསུམ་པོ་སླེབས་པ་འདི་དགའོ། །འབྲས་བུ་སྣ་ཚོགས་སྨིན་པ་འདི་སྐྱིད་དོ། །གློ་བུར་སེར་བའི་གནོད་པ་ནི་མ་བྱུང་། །ནུས་ལྡན་སེར་སྲུང་བཀའ་དྲིན་རང་ལགས་སོ། །ཐོས་བསམ་སྒོམ་གསུམ་བྱས་པ་འདི་དགའོ། །ཉམས་རྟོགས་སྣ་ཚོགས་ཤར་བ་འདི་སྐྱིད་དོ། །གློ་བུར་ཚེ་ལ་བར་ཆད་ནི་མ་བྱུང་། །དཔལ་ལྡན་བླ་མའི་བཀའ་དྲིན་རང་ལགས་སོ། །ཞེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཙཱ་རི་ནས་སྨྲས་པའོ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་གསུང་མདོ་རྒྱུད་བསྟན་བཅོས་དགོངས་དོན་རྣམས། །བདག་གིས་སླར་ཡང་གླུ་རུ་བླངས་པ་ཡིས། །བདག་གཞན་ཡོངས་ལ་ཕན་པར་བྱིན་གྱིས་རློབས། །ཚེ་འདིར་ཐོས་བསམ་རྒྱ་ཆེར་མ་བྱས་མོད། །འོན་ཀྱང་བསྐལ་བ་མང་པོའི་སྔོན་རོལ་ནས། །ཕྱོགས་བཅུའི་སངས་རྒྱས་མང་པོར་བྱ་བ་བྱས། །ངེས་པ་དོན་གྱི་ཆོས་མང་ཁོང་དུ་ཆུད། །ཚེ་འདིར་བླ་མ་རེ་ལས་ཟབ་གནད་ཅན། །ཆོས་རེ་ཐོས་ཀྱང་ཆོས་མང་གནད་འགག་
གྲོལ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་ལ། །ཐུགས་དམ་མཐིལ་བྱས་བདག་བས་གཞན་གཅེས་འབྱོངས། །གསང་སྔགས་བསྐྱེད་རྫོགས་རྫོགས་ཆེན་བསྒོམས་པའི་མཐུས། །དབུ་མའི་རྩ་མདུད་རིམ་གྱིས་ལྷོད་ནས་གྲོལ། །མགྲིན་པར་མི་ལ་རས་པས་གར་བྱས་བཞིན། །ནམ་ཡང་མི་ཟད་གླུ་དབྱངས་གཏེར་ཁ་རྡོལ། །རྗེས་འཇུག་སྐལ་ལྡན་གདུལ་བྱ་ཕོ་མོ་ལ། །ཕན་ཕྱིར་མདོ་རྒྱུད་བསྟན་བཅོས་དགོངས་དོན་རྣམས། །གོ་སླ་ཁྱེར་བདེའི་ཕྱིར་དུ་གླུ་རུ་བླངས། །འབྲེལ་ཚད་མངོན་མཐོ་ངེས་ལེགས་ལམ་ལ་བཀོད། །གངས་ཅན་ལྗོངས་ཀྱི་ཕྱི་རབས་གང་ཟག་ལ། །ཕན་པའི་འཇོག་པ་བྱེད་རྒྱུ་གཞན་མ་མཆིས། །ཀུན་གྱི་སྤྱི་རྒྱུར་ངོ་མཚར་མགུར་འབུམ་གྱི། །གླེགས་བམ་འདི་ཉིད་འཇོག་པ་བྱས་པ་ཡིན། །འདི་ཉིད་རྒྱལ་བའི་གསུང་རབ་མདོ་རྒྱུད་དང་། །རྒྱ་བོད་མཁས་གྲུབ་གོང་མའི་ཐུགས་ཉམས་སུ། །འཁྲུངས་པའི་རྡོ་རྗེའི་གླུ་ཡི་དགོངས་དོན་ལྟར། །ཡིན་པས་གནད་ཟབ་བྱིན་རླབས་དཔག་མེད་ཡོད། །མདོ་རྒྱུད་བསྟན་བཅོས་ལྟ་བར་མི་ནུས་པས། །འདི་ལ་ལྟོས་དང་ལེགས་ཉེས་བླང་དོར་ཤེས། །དགེ་སྡིག་ལེགས་ཉེས་
བླང་དོར་སྟོན་པས་ན། །མགུར་འབུམ་འདི་ཉིད་བླ་མ་ཞིག་དང་མཚུངས། །མཐོང་ཐོས་སྐྱོ་སངས་ཉམས་དགའ་སྣང་བ་སྤྲོ། །མགུར་འབུམ་འདི་ཡིས་གྲོགས་ཀྱི་གོ་ཡང་ཆོད། །དེ་བཞིན་བྱས་ན་ཅི་བསམ་རེ་བ་སྐོང་། །མགུར་འབུམ་འདི་ཉིད་ཡིད་བཞིན་ནོར་བུ་འདྲ། །དེ་ཕྱིར་མཆོག་དམན་ཀུན་གྱིས་གླེགས་བམ་འདི། །ནོར་བུ་བཞིན་དུ་སྤྱི་བོར་ལེན་པར་རིགས། །འདི་ཉིད་འཛིན་སྐྱོང་སྤེལ་བའི་གང་ཟག་ལ། །ཆོས་སྐྱོང་དཀར་ཕྱོགས་ལྷ་ཡིས་སྲུང་སྐྱོབ་གྱིས། །གླེགས་བམ་གང་དུ་གནས་པའི་ས་ཕྱོགས་སུ། །ཆོས་དང་དགེ་ལེགས་བཀྲ་ཤིས་འཕེལ་བ་དང་། །མགུར་དབྱངས་མཐོང་ཐོས་དྲན་རེག་སེམས་ཅན་ཀུན། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་གྱུར་ཅིག །ཅེས་པ་འདི་ཡང་མགུར་འབུམ་གྱི་མཇུག་ཏུ་སྨོན་ཚིག་ཏུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཁྱད་འཕགས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་སྨྲས་པའོ། །ངོ་མཚར་ཕྱོགས་བཅུའི་ཞིང་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་སོགས་ནམ་མཁའ་གང་བར་བྱོན་ནས། མདུན་གྱི་ནམ་མཁའ་འཇའ་
ཟེར་འོད་ཕུང་འཁྱིལ་བའི་ཀློང་དུ་བཞུགས་ཏེ། གནས་འདིར་བཀྲ་ཤིས་པའི་མེ་ཏོག་དང་། འདོད་དགུའི་ཆར་ཕབ་རོལ་མོའི་སྒྲ་སྒྲོག་པར་གྱུར། རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །སངས་རྒྱས་བྱང་སེམས་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །མི་ལ་ན་ཚ་མེད་པའི་བཀྲ་ཤིས་ཤོག །ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག །ཞིང་ལ་སད་སེར་མེད་པའི་བཀྲ་ཤིས་ཤོག །མཛོད་ལ་གང་སྟོངས་མེད་པའི་བཀྲ་ཤིས་ཤོག །ཡུལ་ལ་འཁྲུག་རྩོད་མེད་པའི་བཀྲ་ཤིས་ཤོག །འགལ་རྐྱེན་ཐམས་ཅད་མེད་པའི་བཀྲ་ཤིས་ཤོག །མི་རྣམས་ཚེ་རིང་ནད་མེད་བཀྲ་ཤིས་ཤོག །ཕྱུགས་ལ་གཡང་ཀུན་འཁྱིལ་བའི་བཀྲ་ཤིས་ཤོག །མི་ཕྱུགས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཆར་ཆུ་དུས་སུ་འབབ་པའི་བཀྲ་ཤིས་ཤོག །ལོ་ལེགས་འབྲུ་རྣམས་འཕེལ་བའི་བཀྲ་ཤིས་ཤོག །མཐུན་རྐྱེན་ཐམས་ཅད་འཛོམ་པའི་བཀྲ་ཤིས་ཤོག །ཀུན་གྱིས་ལྷ་ཆོས་བྱེད་པའི་
བཀྲ་ཤིས་ཤོག །ཆོས་མགོ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ཆོས་པས་ས་སྟེང་ཁྱབ་པའི་བཀྲ་ཤིས་ཤོག །ཚེ་འདིར་ཐམས་ཅད་སྐྱིད་པའི་བཀྲ་ཤིས་ཤོག །ཕྱི་མར་བྱང་ཆུབ་ཐོབ་པའི་བཀྲ་ཤིས་ཤོག །ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དགེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་དང་དགེ་ལེགས་བདེ་སྐྱིད་ཆེན་པོས་ཕྱོགས་ཀུན་ཁྱབ་ནས། དུས་ནམ་ཡང་མི་ཉམས་པར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་པ་འདི་ཡང་མགུར་འབུམ་གྱི་མཇུག་ཏུ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ཁྱད་འཕགས་དཔལ་གྱི་ཙཱ་རི་ནས་བྲིས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོས་མཆོག་དམན་བར་མའི་གདུལ་བྱར་གང་ལ་གང་འཚམ་གྱི་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་པ་ཡི་གེར་འཁོད་པའི་ནང་ཚན་ལས། འགྲན་ཟླ་ཐམས་ཅད་དང་བྲལ་བའི་དབེན་གནས་ཁྱད་འཕགས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་བཞེངས་པའི་སྐོར་རོ