ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།
དག་སྣང་སྤྲུལ་པའི་གླེགས་བམ།
དག་སྣང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་རབ་ཏུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །
འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་པའི། །
རྒྱལ་བ་རྡོ་རྗེ་འཆང་དབང་ཡབ་ཡུམ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །
རྡོ་རྗེ་འཆང་གིས་ཇི་སྙེད་གསུངས་པ་ཡི། །གསང་སྔགས་སྡུད་མཛད་རིགས་སྔགས་འཆང་བའི་རྗེ། །ལོག་འདྲེན་བདུད་སྡེའི་ཚོགས་རྣམས་འཇོམས་མཛད་པའི། །མཐུ་སྟོབས་བདག་པོར་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ལས་ཀྱང་དཀོན་པའི་གསང་སྔགས་ཆོས། །བརྟེན་ནས་དཀའ་ཚེགས་མེད་པར་ཚེ་གཅིག་ལ། །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །གཙོ་འཁོར་གསུམ་ལ་གུས་པས་ཕྱག་འཚལ་ལོ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་སཱ་ར་ཧ། །ཏཻ་ལོ་ནཱ་རོ་རྣམས་ཀྱིས་གཙོར་བྱས་པའི། །གྲུབ་ཐོབ་བརྒྱད་ཅུ་རིག་འཛིན་བརྒྱད་ལ་སོགས། །རྒྱ་གར་མཁས་གྲུབ་ཡོངས་ལ་གུས་ཕྱག་འཚལ། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་དང་། །གྲུབ་དབང་མི་ལ་རྭ་ལོ་རྡོ་རྗེ་གྲགས། །གཙང་སྨྱོན་དབུས་སྨྱོན་འབྲུག་པ་ཀུན་ལེགས་སོགས། །བོད་ཀྱི་མཁས་གྲུབ་རྣམས་ལ་གུས་པས་འདུད། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔོན་བཏང་སྟེ། །གསང་བ་སྔགས་ལ་བརྟེན་ནས་སངས་རྒྱས་པའི། །སྔོན་བྱོན་མཁས་གྲུབ་ཚད་ལྡན་ཡོངས་ལ་འདུད། །ཀུན་གྱི་རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །རང་ལ་དགྱེས་བཞིན་གསང་སྔགས་ཟབ་མོའི་ཆོས། །སྩོལ་མཁས་ཆོས་རྒྱལ་ངག་གི་དབང་པོ་སོགས། །རྩ་བའི་བླ་མ་རྣམས་ལ་གུས་པས་འདུད། །དད་གུས་དག་སྣང་འཆར་བར་མཛད་དུ་གསོལ། །གསང་འདུས་བདེ་མཆོག་ཀྱཻ་རྡོར་དུས་འཁོར་དང་། །དམ་པ་རིགས་
བརྒྱ་སྒྲུབ་པ་བཀའ་བརྒྱད་སོགས། །ཡི་དམ་ལྷ་ཚོགས་རྣམས་ལ་བདག་གིས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་བཞིན་ཕོབ། །ཉི་ཤུ་རྩ་བཞིའི་གནས་དང་དུར་ཁྲོད་བརྒྱད། །ས་འོག་ས་སྟེང་ས་བླ་གསུམ་བོ་ལ། །གནས་པའི་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད། །སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །གསང་སྔགས་བསྐྱེད་རྫོགས་གསང་བ་སྒྲོགས་པ་ལ། །ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་མཁའ་འགྲོ་མས། །མ་ཡིས་བུ་བཞིན་གནང་བ་སྩོལ་བ་དང་། །བགེགས་ཀུན་ཉེ་བར་ཞི་བའི་འཕྲིན་ལས་མཛོད། །ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་སྲུང་མ། །ཆོས་མཛད་བུ་ལྟར་སྐྱོང་བའི་དམ་ལྡན་མ། །ཚེ་རིང་མཆེད་ལྔ་ལུས་དང་གྲིབ་མ་བཞིན། །འགྲོགས་ནས་ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །དེ་ལྟར་ལྷ་ལ་མཆོད་བསྟོད་གསོལ་བཏབ་ནས། །དམ་བའི་ཆོས་དང་ཆོས་མཛད་ཐམས་ཅད་ལ། །དད་གུས་དག་སྣང་བསྐྱེད་ཚུལ་བཤད་པར་བྱ། །མདོ་སྔགས་ལམ་ལ་སློབ་འདོད་གུས་བས་ཉོན། །དེ་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྒྱ་བོད་ཀྱི་མཁས་གྲུབ་མང་པོས། སྤྱིར་མདོ་སྔགས་ཀྱིས་བསྡུས་བའི་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་པ་ལོན་ན། དབུ་རྫོགས་ཕྱག་གསུམ་གང་ལ་ཡང་ཕྱོགས་མེད་ཀྱི་དད་གུས་དག་སྣང་སྐྱེ་ཞིང་། འཁོར་འདས་ཀྱི་
ཆོས་ཐམས་ཅད་ཀྱི་ངོ་བོ་གདོད་ནས་སྟོང་ཞིང་། རྣམ་པ་སྒྱུ་མ་རྨི་ལམ་ལྟར་སྣང་ལ་རང་བཞིན་གྱི་མ་གྲུབ་པར་རྟོགས་ན། འཁོར་བ་ཡང་བདེ་བའི་རང་བཞིན་དུ་འཆར་ལ། སྒོས་སུ་གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས་ཐབས་ལ་མཁས་པས་སྤྱོད་ཤེས་ན། འདོད་ཡོན་ལྔ་བདེ་བའི་ལོངས་སྤྱོད་དང་། འདོད་ཡོན་ལྔའི་ནང་ནས་ཀྱང་ལྟོ་གོས་བུད་མེད་གསུམ་བདེ་བའི་འབྱུང་གནས། ཁྱད་པར་དུ་མི་ལུས་རིན་པོ་ཆེ་ལ་བརྟེན་ནས་མདོ་སྔགས་ཀྱི་ཆོས་ལ་ལོངས་སྤྱོད་ཤེས་ན་ཚེ་འདི་ཕྱིའི་བདེ་སྐྱིད་ཐམས་ཅད་འབྱུང་བར་འགྱུར་བས་ན། དེང་སང་གི་དུས་འདིར་ཆོས་མཛད་ཀུན་གྱི་ནང་ན་ཕལ་ཆེ་བ་ཞིག་ལ་ཕར་བལྟས་ན་འཁོར་བ་འདི་ལ་ཞེན་ཆགས་དང་། འདོད་ཡོན་ལྔ་ལ་སྲེད་པ་དང་། ལུས་ལ་གཅེས་འཛིན་ཆེ་བ་ལྟར་སྣང་ཡང་སྐྱོན་གྱིས་མི་གོས་པའི་གདེངས་ཅི་ཡོད་མི་ཤེས་སྙམ་དུ་གང་ལ་ཡང་ལོག་ལྟ་སྤུ་ཙམ་ཡང་མི་བྱེད་པར། ཐམས་ཅད་ལ་དད་གུས་དག་སྣང་སྦྱོང་དགོས་ཞེས་གང་གསུངས་པ་རྣམས་འདིར་བཤད་རྒྱུའི་ཆོས་སོ། །དེ་ཇི་ལྟར་འཆད་ན་ཀུན་ཡིད་ཆེས་པའི་ཕྱིར་དཔེ་བཞག་ལུང་མང་པོ་དྲངས་རིགས་པས་ཀྱང་བསྒྲུབས་ནས་བཤད་པར་བྱའོ།། དེ་ཡང་འོ་སྐོལ་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་རྣམ་པར་འདྲེན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་དོན་དམ་པར་འཁོར་འདས་ཐམས་ཅད་ཀྱི་ཐོག་མར་རྫོགས་བྱང་བླ་ན་མེད་པའི་གོ་འཕང་དམ་པ་མངོན་དུ་མཛད་ཀྱང་།
ཞིང་འདིར་རིགས་ཅན་གསུམ་གྱི་སྐྱེ་དགུ་མཐའ་ཡས་པ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་སྟོབས་དང་ཤིན་ཏུ་ཐབས་ལ་མཁས་པའི་སྤྱོད་པ་རྨད་དུ་བྱུང་བས་སླར་ཡང་ཞི་བ་བརྙེས་པའི་ཚུལ་གྱིས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདུལ་བྱར་གྱུར་བ་མཐའ་དག་ལ་རང་རང་གི་བློ་དང་འཚམ་པར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་། དེ་དག་ཀྱང་བསྡུ་ན་ཀུན་རྫོབ་ཆོས་ཅན་གྱི་བདེན་པ་གཙོ་བོར་སྟོན་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། དོན་དམ་ཆོས་ཉིད་ཀྱི་བདེན་པ་གཙོ་བོར་སྟོན་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུས་ཏེ། ལངྐར་གཤེགས་པར། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས། དེ་ལྟར་མདོ་སྔགས་ཟུང་དུ་འབྲེལ་བའི་ཆོས་ཚུལ་རྣམས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ཞིང་། དེ་དག་གི་ཚིག་རེ་རེ་ལའང་དོན་དུ་མའི་བདག་ཉིད་དུ་གནས་པའི་ཕྱིར་ན། མཐའ་གཅིག་ཏུ་གཟུང་དཀའ་བས། སོ་སྐྱེས་ལམ་ཞུགས་པ་རྣམས་ཀྱིས་ཕྱོགས་རེ་རེ་ཞེན་པའི་བློས་ཚིག་ཕྱིར་འབྲང་སྟེ་དཔྱད་ཅིང་གཞིག་ན་འགལ་བ་ལྟར་སྣང་བ་ཆོས་ཉིད་ཡིན་ཏེ། མཁས་པའི་དབང་བོ་རྗེ་བཙུན་མི་འགྱུར་རྡོ་རྗེའི་ཞལ་ནས། འོ་སྐོལ་གྱི་སྟོན་པས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་
དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ཙམ་ལ་ཡང་། མི་མཐུན་པ་མང་སྟེ། དེ་ཡང་ཉན་ཐོས་ཀྱི་ལུགས་ལ་རྒྱལ་པོ་གསལ་གྲགས་སུ་གྱུར་པའི་ཚེ་ཐུགས་བསྐྱེད་པར་བཤད། ཐེག་ཆེན་གྱི་ལུགས་ལ་མདོ་བསྐལ་པ་བཟང་པོར། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །ཞེས་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་ཐུགས་བསྐྱེད་པ་དང་། སྙིང་རྗེ་པད་དཀར་དུ་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་སྐྱེ་བ་བཞེས་པའི་དུས་སུ་དང་། དྲིན་ལན་བསབ་པའི་མདོར། དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་དུས་སུ་དང་། ཕུང་པོ་གསུམ་པའི་མདོར། ཚོང་དཔོན་གྱི་བུ་མངོན་དགར་འཁྲུངས་པའི་དུས་སུ་དང་། ཡང་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་ཐུགས་བསྐྱེད་ཚུལ་སོགས་མང་། དེ་བཞིན་དུ་ཚོགས་བསགས་ཚུལ་ལའང་། སངས་རྒྱས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ལས། ཀྱེ་མ་སངས་རྒྱས་ཡོན་ཏན་ཆེ། །བསྐལ་བ་གྲངས་མེད་གསུམ་བསགས་པ། །ཞེས་གྲངས་མེད་གསུམ་དུ་ཕལ་ཆེར་འདོད་ཀྱང་། རྒྱ་ཆེར་རོལ་པར་གྲངས་མེད་བདུན་དང་། སྡེ་པ་ཐ་དད་པའི་འཁོར་ལོར་གྲངས་མེད་བཅུ་དང་། བརྒྱད་སྟོང་འགྲེལ་ཆེན་དུ་གྲངས་མེད་སུམ་ཅུ་རྩ་གསུམ་དུ་བཤད་པ་སོགས་ཀྱང་མི་མཐུན། མངོན་པར་བྱང་ཆུབ་པའི་ཚུལ་ལའང་། མདོ་ལྟར་ན་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །དེ་ནས་བསམ་གཏན་བཞི་དང་རིག་པ་གསུམ་
བསྐྱེད་ནས། སྐྱ་རེངས་འཆར་ཁར་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་ཤར་ཞིང་། བདེན་པ་བཞི་ཁོང་དུ་ཆུད་ནས་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་བྱང་ཆུབ་པར་བཤད། སྔགས་ལྟར་ན་རྒྱུད་སྡེ་བཞི་པོ་རིམ་པ་བཞིན། དང་པོ་བྱ་རྒྱུད་ལྟར་ན་ཐོག་མར་བདུད་བཏུལ། དེ་ནས་གུང་ཐུན་ལ་བསམ་གཏན་བཞི་དང་། མངོན་ཤེས་ལྔ་ལ་སོགས་པའི་ཏིང་ངེ་འཛིན་གྱི་བརྟན་པ་ཐོབ་ནས། མཚན་མོའི་མཐར་སྐྱ་རེངས་འཆར་བའི་དུས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲིད་པའི་སྐྱེ་བ་མཐར་ཕྱིན་པར་བྱས་ཏེ། གཉིས་སུ་སྣང་བ་མེད་པའི་ཡེ་ཤེས་མཐར་ཕྱིན་པ་ཐོབ་ནས་སངས་རྒྱས་པར་བཤད། སྤྱོད་རྒྱུད་ལྟར་ན་དེ་ཉིད་སྔགས་ཀྱི་ས་བཅུ་རྫོགས་མ་ཐག །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབྱིངས་སུ་མངོན་པར་བྱང་ཆུབ་པར་བཤད། འདི་ལ་བུ་སྟོན་གྱིས། ཐོག་མར་ཏིང་ངེ་འཛིན་གྱིས་བདུད་བཅོམ་ནས། ཁམས་གསུམ་ལས་འདས་ཏེ་འོག་མིན་སྟུག་པོ་བཀོད་པར་སྐྱེས་ནས་མངོན་བྱང་ལྔའི་བྱང་ཆུབ་པར་བཤད་པ་ལ། བོ་དོང་པཎ་ཆེན་གྱིས། དེ་ལྟར་མ་ཡིན་པའི་ཤེས་བྱེད་དུ་སྐྱེ་བ་གཅིག་གིས་ཐོགས་པ་འོག་མིན་དུ་སྐྱེས་ནས་རྒྱུན་མཐའི་རྟེན་ལ་རྫོགས་པར་སངས་རྒྱས་པའི་ཕྱིར་དང་། ཞེས་སོགས་ཀྱི་སྒྲུབ་བྱེད་མཛད་པའང་ཡོད་དོ། །རྣལ་འབྱོར་རྒྱུད་དུ། སློབ་དཔོན་ཤཱཀྱ་བཤེས་
གཉེན་གྱི་བཞེད་པ་ལྟར་ན། ཆུ་བོ་ནཱཻ་རཉྫ་ནའི་འགྲམ་དུ་དཀའ་བ་སྤྱོད་པའི་ཚེ། རྣམ་སྨིན་གྱི་ལུས་དེར་དོར་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་ཕྱིན་ཏེ། མངོན་བྱང་ལྔའི་སྒོ་ནས་སངས་རྒྱས། སླར་སྔར་གྱི་ལུས་ལ་ཞུགས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པའི་ཚུལ་བསྟན་པར་བཞེད། སློབ་དཔོན་ཀུན་དགའ་སྙིང་པོ་ནི་ཐོག་མར་འོག་མིན་དུ་སངས་རྒྱས་ནས་སླར་ཞིང་འདིར་སྐྱེ་བ་སྟོན་པར་བཞེད་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཕན་བདེའི་རྒྱུར། བདག་ནི་སངས་རྒྱས་མཆོག་ཏུ་འགྱུར་རོ་ཞེས་རྣལ་འབྱོར་བས་བསམས་ནས། སློབ་པའི་བྱ་བ་མཐར་ཕྱིན་པ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བས་རྫོགས་པའི་སངས་རྒྱས་ཐོབ་པར་བྱས་སོ། །ཞེས་དགོངས་ནས་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་བའི་ཚེ། དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་ལྟ་བུས་མི་མཇེད་ཀྱི་ཞིང་འདི་ཡོངས་སུ་གང་བར་གྱུར་པ་དེ་དག་བྱང་ཆུབ་སེམས་དཔའི་ཐད་དུ་ལྷགས་ནས། སྔགས་དང་སེ་གོལ་གྱི་སྒྲས་ཏིང་ངེ་འཛིན་ལས་བསླངས་ཏེ། རང་སེམས་སོ་སོར་རྟོགས་པ་ལ་སོགས་མངོན་བྱང་ལྔས་སངས་རྒྱས་པར་བཤད། བླ་མེད་ལྟར་ན་རང་གིས་ཞིང་སྦྱངས་པ་ལས་གྲུབ་པའི་འོག་མིན་གྱི་ཞིང་ཁམས་དེར། སྨོན་ལམ་ལེགས་པར་སད་པའི་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འོད་ཟེར་
ཆེན་པོའི་དབང་བསྐུར་བ་ལེགས་པར་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས་དཔའ་བར་འགྲོ་བའམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུའི་ཚོགས་ཐམས་ཅད་ལ་དེ་ཁོ་ན་ཉིད་དུ་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་སྤྲོས་པའི་མཐའ་བག་ཆགས་ཕྲ་མོ་གང་བུད་ཤིང་བརླན་མེད་པ་ལྟར། ཞེན་པའི་གཤེར་དང་ཡུན་རིང་མོ་ནས་བྲལ་བ། གཉེན་པོ་ཡེ་ཤེས་ཀྱི་མེ་ལྕེ་གྲངས་མེད་པ་འབར་བས་ཤིན་ཏུ་ཕྲ་བར་བྱས་པ། དེ་དག་གཉིས་སུ་མེད་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ལེགས་པར་བཅོམ་སྟེ། དེ་ཁོ་ན་ཉིད་མ་རིག་པ་ཐམས་ཅད་རྣམ་པར་བཅད་ལ། དེ་ཁོ་ན་ཉིད་རིག་པར་གདགས་པའི་གཉིས་སུ་མེད་པའི་བློས་མངོན་པར་བྱང་ཆུབ་པར་བཤད་ལ། དེ་བཞིན་དུ་སྤོང་བའི་ཐེག་པ་དང་། བསྒྱུར་བའི་ཐེག་པ་དང་། རང་བཞིན་ཤེས་པའི་ཐེག་པ་སོགས་སུ་དབྱེ་བའི་དབང་གིས། ཆགས་བྲལ་ཐེག་པའི་སྐབས་ནས་སྤང་བར་བྱ་བ་རྣམས། རྡོ་རྗེ་ཐེག་པའི་གསང་བ་བླ་ན་མེད་པའི་སྐབས་སུ་བསྟེན་པར་བྱ་བ་ཁོ་ན་ཡིན་པས་མཚོན། ཐེག་པ་གོང་འོག་ཐམས་ཅད་ཀྱི་འཇུག་བྱ་གང་ཟག །འཇུག་བྱེད་དབང་པོ། སྤང་བྱ་ཆགས་སོགས། སྤོང་བྱེད་དབང་སོགས། ཐུན་མོང་དུས་ཚིགས་ཀྱི་སྒོ་ནས་དབྱེ་བ། ས་ལམ་གྱི་གྲངས་དང་རིམ་པའི་བསྒྲོད་ཚུལ་སྣ་ཚོགས་སུ་གསུངས་པ་རེ་རེ་
ནས་བགྲང་བར་མ་ལངས་པས། དེ་དག་གི་དགོངས་པའི་གནད་མ་ལོངས་པས་ཕྱོགས་རེར་མངོན་པར་ཞེན་པའི་བློས་བརྟགས་པ་ན། ཐམས་ཅད་ཀྱང་ནང་འགལ་བའི་རང་བཞིན་ཡིན་ལ། དེ་དག་ལས་གང་ཡང་རུང་བ་ཞིག་འཐད་ལྡན་དུ་ཁས་བླངས་པས་ན། ཅིག་ཤོས་དེ་དག་ལོག་པར་འགྱུར་ཞིང་། དེ་བས་ན་ཐེག་པ་འདི་དག་བླང་བྱའམ་འོན་ཏེ་དོར་བྱ་ཞིག་གོ་སྙམ་དུ་བློ་གྲོས་ཆུང་ངུ་དག་སོམ་ཉིར་བྱེད་པ་ནི་ཆོས་སྤོང་གི་ལས་མི་བཟད་པ་སྟེ། ཏིང་འཛིན་རྒྱལ་པོར། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་ལས། །གང་གིས་མདོ་སྡེ་སྤོང་བྱེད་པ། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། གང་གིས་སེམས་ཀྱི་གནས་ལུགས་གཏན་ལ་མ་ཕེབས་པར་རྣམ་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི། འདི་དག་ནི་རང་བཟོ་ཅན་གྱིས་རང་བཟོར་བྱས་པ་ཡིན་ནོ་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བ་བའི་བདག་པོ། མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད། །ས་སྟེང་མི་ཡིས་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །ཞེས་སོགས་རྒྱ་ཆེར་གསུངས་པ་འདི་དག་བསླུ་
བ་མེད་པ་རྡོ་རྗེའི་ཚིག་ཏུ་རིག་པར་བྱ་བ་ཉིད་ཡིན་པས། འཇམ་དབྱངས་ས་པཎ་གྱིས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ནར་རྗེས་དཔགས་ན། །འགྲོ་བའི་བླ་མའི་གསུང་ལ་བརྒལ་བ་སྟེ། །དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །ཞེས་གསུངས་པ་བཞིན་ནོ། །འོ་ན་བསྟན་པ་ཐམས་ཅད་འགལ་མེད་དུ་ཇི་ལྟར་སྒྲུབ་ཅེ་ན། འདི་ལ་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པ་ནི་སངས་རྒྱས་ཀྱི་ཁྱད་ཆོས་ཡིན་པས། ཆོས་སྒོ་སྣ་ཚོགས་ཐ་དད་དུ་བསྟན་པ་དེ་དག་དོན་ལ་སོ་སོ་མ་ཡིན་གྱི། གདུལ་བྱའི་གང་ཟག་ཁམས་དབང་མོས་པ་སྣ་ཚོགས་པ་དེ་དག་གདུལ་བར་བྱ་བའི་ཕྱིར་སོ་སོའི་བློ་དང་འཚམས་པར་བསྟན་པ་སྟེ། སྒྲོན་གསལ་ལས། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །དེ་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་དང་། མཚན་བརྗོད་དུ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་སྟོན་པ་པོ། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་རྒྱས་པར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་དང་། འབྲིང་དུ་ཉོན་མོངས་པ་ཕྲ་རགས་བཅུ་གཉིས་ལ་དགོངས་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་གསུངས་པ་དང་། བསྡུས་པར་ཉོན་མོངས་པ་དུག་གསུམ་དུ་འདུས་པར་དགོངས་ནས་སྡེ་སྣོད་གསུམ་དུ་གསུངས་པ་རྣམས། གདུལ་བྱ་གང་ཟག་གི་དབང་པོ་དང་ཇི་ལྟར་འཚམས་པར་བསྟན་པ་སྟེ། བདེ་མཆོག་ཉུང་ངུའི་
རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་ཅིང་། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་བློ་དང་ལྡན་པ་དག་གིས་ཕྱོགས་རེ་བའི་རྨོངས་ཞེན་དོར་ནས། དྲང་བའི་དོན་དང་། ངེས་པའི་དོན་དང་། དགོངས་པ་ཅན་དང་། དགོངས་པ་ཅན་མིན་པ་དང་། དགོངས་པ་ཅན་ལ་ཡང་དགོངས་པ་བཞི་དང་། ལྡེམ་དགོངས་བཞི་དང་། སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པའི་བྱེ་བྲག་ཤེས་པར་བྱ་བ་ནི། གནད་ཀྱི་དམ་པར་ཆེ་སྟེ། སྒྲོན་མ་གསལ་བར། གླེང་བསླངས་པ་ཡི་གྲངས་ནི་ལྔ། །རིག་པ་རྣམ་པ་བཞི་ཡིན་ལ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །བཤད་པ་ཡང་ནི་རྣམ་པ་བཞི། །ལྔ་བའི་དབྱེ་བ་རྣམ་པ་གཉིས། །དྲུག་པའི་དབྱེ་བ་ལྔ་དང་ལྡན། །བདུན་བའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་དང་། དེ་ཉིད་ལས། དྲང་བ་དང་ནི་ངེས་དོན་བཅས། །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་མ་ཡིན་ཏེ། །མཐའ་ནི་དྲུག་ཏུ་ཤེས་པར་བྱ། །སྐལ་ལྡན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་དེ་དགོངས་བཤད་དོ། །དབང་པོ་དམན་
པའི་སེམས་ཅན་རྣམས། །རྟོགས་ཕྱིར་ཤིན་ཏུ་གསལ་བ་ཡི། །དེ་ཉིད་ངེས་པར་སྟོན་པ་ནི། །དགོངས་པ་མིན་པའི་བཤད་པའོ། །དཀྱིལ་འཁོར་ལ་སོགས་ཆོག་ཞིབ་ལ། །སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །དོན་རྒྱས་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པ། །ཀོ་ཊ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་གྲགས། །ཞེས་སོགས་རྒྱས་པར་གསུངས་པ་འདིའི་དོན་ཁོང་དུ་ཆུད་པ་ན་གོང་དུ་བཤད་བའི་འགལ་བ་ཐམས་ཅད་ནད་གྲོལ་གདོན་གྲོལ་ལ་འགྲོ་བར་ཐེ་ཚོམ་མེད་དོ། །ཞེས་གསུངས་སོ། །གཞན་ཡང་ཐེག་པའི་རྣམ་གྲངས་མང་སྟེ། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །ཞེས་དང་། ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །ཞེས་དང་། འབྱུང་བཞི་ཟད་པའི་རྒྱུད་ལས། རྒྱུ་ཆོས་རྣམས་དང་འབྲས་བུའི་ཕྱིར། །ཐེག་པ་དེ་ཡང་རྣམ་པ་གཉིས། །ཞེས་དང་། ཡེ་སྒྲོན་ལས། ཆེ་ཆུང་རིམ་པའི་བློ་ཡོད་ཕྱིར། །ཐེག་པའི་གྲངས་ཀྱང་དེ་བཞིན་ཏེ། །བསྡུ་ན་ཆེ་ཆུང་རྣམ་གཉིས་སོ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། ང་ཡི་བསྟན་པ་རྣམ་གཉིས་ཏེ། །དམན་པ་མུ་སྟེགས་ཐེག་པ་དང་། །མཆོག་གྱུར་སངས་རྒྱས་ཐེག་པའོ། །ཞེས་དང་། ལངྐར་གཤེགས་པ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་
ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་དང་། མདོ་སྡེ་རྒྱན་ལས། སྦྱོར་བ་དང་ནི་ཚོགས་དག་དང་། །བསམ་པ་དང་ནི་བཤད་ཉིད་དང་། །སྒྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །ཅེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། ཡང་ལངྐར་གཤེགས་པ་ལས། ཆོ་འཕྲུལ་མངོན་བྱུང་གི་ཐེག་པ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། འཁོར་ལོ་རྒྱུན་གྱི་ཐེག་པ་དང་། དོན་དམ་ངེས་པའི་ཐེག་པ་དང་བཞི་གསུངས། གསང་སྙིང་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པ་སྔགས་ཀྱི་ཐེག་པ་ཞེས་ལྔ་གསུངས། གསང་བ་ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །ཅེས་དང་། དཀྱིལ་འཁོར་བསྡུ་བ་ལས། ལྷ་དང་མི་ཡི་ཉན་ཐོས་དང་། །སངས་རྒྱས་རང་བྱུང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་དང་། ནམ་མཁའ་ཆེན་པོ་ལས། དེ་ལྟར་བརྒྱད་ལས་འདས་པའི་ཞེས་བརྒྱད་སོགས་བཤད་ཚུལ་མི་འདྲ་བ་མང་ཡང་། ཀུན་བྱེད་ལས། བྱུང་ནི་ཐེག་པ་དགུ་རུ་བྱུང་། །གསུངས། གཞན་ཡང་མཚན་ཉིད་རྒྱུའི་ཐེག་པ་གཅིག་པུ་ལའང་ཐེག་པ་གསུམ་དུ་ཕྱེ་བ་ཡོད་དེ། གླང་ཆེན་རབ་འབོགས་ཀྱི་
ལེའུ་གསུམ་པ་ལས། མཚན་ཉིད་ཐེག་པ་གསུམ་ལ་སྡེ་སྣོད་གསུམ། །ཞེས་དང་། དུར་ཁྲོད་རྒྱན་གྱི་རྒྱུད་ལས། གཞན་ཡང་ང་ཡིས་གསུངས་པའི་བཀའ། །དུས་གཅིག་ཉིད་དུ་གསུངས་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་སྣང་། །ཆོས་ཚུལ་དུ་མའི་བྱེ་བྲག་དང་། །འདུ་ཤེས་དུ་མའི་བྱེ་བྲག་གིས། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། ལངྐར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲངས་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པ་བཤད་དོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། བླ་མ་ཞང་གིས། སེམས་ཅན་གྱི་རྣམ་པར་རྟོག་པ་དང་མཐུན་པར་སངས་རྒྱས་ཀྱི་ཐེག་པའི་མཐའ་ལ་ཟད་པ་མེད། ཅེས་གསུངས་པ་འདི་རྣམས་གོ་ན་རྙིང་མའི་ཐེག་པ་རིམ་དགུ་གསུངས་པ་ལ་ཡང་དག་སྣང་སྐྱེ་བར་འགྱུར་སྟེ། རྗེ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་མཁས་གྲུབ་རྗེ་ལ། སངས་རྒྱས་རིན་ཆེན་གྱིས། གསང་སྔགས་རྙིང་མ་བ་འདི་ལ་སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དགག་བ་འདུག་ཅིང་། ད་ལྟ་ཡང་སྐུར་བ་འདེབས་བ་མང་དུ་འདུག་པ། འདི་ཇི་འདྲ་ཞིག་ཡིན་ཞེས་དྲིས་པ་ལ། མཁས་གྲུབ་རྗེའི་ཞལ་ནས། གསང་སྔགས་བསྟན་པ་སྔ་
དར་གྱི་དུས་འགྱུར་བ་ལ་རྙིང་མ་དང་། ཕྱི་དར་ལ་འགྱུར་བ་ལ་གསར་མ་ཞེས་འབྱུང་བ་ཡིན། རྙིང་མ་ལ་སྐུར་བ་འདེབས་པ་མང་བའི་རྒྱུ་མཚན་ཡང་། སྔོན་གླང་དར་མས་བསྟན་པ་བསྣུབས་ནས་བར་སྟོངས་བྱུང་དུས་གསང་སྔགས་པ་རྣམས་སྦྱོར་སྒྲོལ་ལ་སོགས་པ་སྤྱོད་པ་ཕྱིན་ཅི་ལོག་བྱེད་པ་བྱུང་བ་དང་། དེང་སང་ཡང་ཁྱིམ་པ་ལྕང་ལོ་ཅན་གྱི་སྤྱོད་པ་མང་པས་གང་ཟག་གི་སྤྱོད་པ་ལ་དཔག་ནས་ཆོས་ལ་སྨོད་པ་འདི་བྱུང་བ་འདྲ། དེ་མིན་སྔགས་རྙིང་མ་འདི་དང་པོ་ཆོས་རྒྱལ་དམ་པ་རྣམས་ཀྱིས་བཻ་རོ་ཙཱ་ན་དང་རྨ་གཉག་གཉིས་དགེ་སློང་མི་ལྔ་ལ་སོགས་པའི་ཚད་མའི་སྐྱེས་བུར་གྱུར་པ་ལོ་ཙཱ་བ་རྣམས་ལ་གསེར་བྲེས་བཤར་ལ་ཡོན་དུ་བསྐུར་ནས། རྒྱ་གར་དུ་བརྫངས་ཏེ། རྫོགས་པ་ཆེན་པོ་ལ་སོགས་པའི་གསང་སྔགས་བླ་ན་མེད་པའི་ཆོས་རྣམས་པཎྚི་ཏ་དང་། གྲུབ་པ་བརྙེས་པ་རྩོད་མེད་དུ་གྲགས་པ་རྣམས་ལ་ཞུས་ཤིང་བསྒྱུར། གཞན་ཡང་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་ལ་སོགས་པའང་བོད་དུ་སྤྱན་དྲངས་ནས་དེ་དག་གིས་ཀྱང་གསུངས་པའི་ཆོས། ཐེག་པ་བླ་ན་མེད་པའི་ཆོས་ཟབ་སྐྱོན་དང་བྲལ་བ་ཡིན་ཏེ། འདི་ཚུལ་བཞིན་ཉམས་སུ་བླངས་ནས་གྲོལ་བ་དང་། གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་བ་ཚད་མས་གྲུབ་པོ། །བསམ་ཡས་ན་ཡང་ད་དུང་སྔ་འགྱུར་གྱི་རྒྱ་དཔེ་མང་དུ་ཡོད་པར་འདུག་ཅིང་། བོད་པ་ལོ་ཙཱ་བས་ཀྱང་རྒྱ་གར་དུ་བྱོན་པས། ཡུལ་དབུས་འགྱུར་ཚལ་ན་གསང་སྙིང་། ལུང་གི་མདོ་ལྔ་ལ་སོགས་པ་རྒྱ་དཔེ་འདུག་ཟེར།
དེས་ན་འདི་ལྟ་བུའི་ཐེག་ཆེན་བླ་ན་མེད་པའི་ཆོས་ཟབ་མོ་ལ་སྐུར་པ་འདེབས་པ་རྣམས་ནི་དམྱལ་བའི་རྒྱུ་ཁོ་ནར་བྱས་སོ། །གསུངས། ཡང་མཁས་གྲུབ་རྗེས། བླུན་པོ་ཁ་ཅིག་ཟླ་བ་གྲགས་པ་བོད་ཀྱི་མཁས་པ་སྔ་མ་ཁ་ཅིག་གིས་བཀག་པས། ཟླ་བ་གྲགས་པ་བཀག་བ་ལ་དེ་ཙམ་དུ་མཚར་ཆེ་རྒྱུ་མེད་དོ་ཞེས་སྨྲ། ཁ་ཅིག་གིས་ཕར་ཕྱིན་འཆད་པ་ན་རྗེ་བཙུན་བྱམས་མགོན་ལ་ཡང་མདོ་དང་མ་མཐུན་པའི་སྐྱོན་བརྗོད་ཀྱི་ཚིག་ཟུར་བྲིས་པར་སྣང་། བོད་བླུན་པོ་དག་གི་དགག་ཡུལ་ནི་ད་ལྟ་རང་ཉིད་ཀྱི་རྙེད་བཀུར་དང་། འཁོར་འདུ་བ་སོགས་ཉམས་པར་མི་འགྱུར་ཞིང་། ད་ལྟ་ལུས་ལ་དབྱུག་པ་སོགས་ཀྱི་འགོག་བྱེད་མི་འབྱུང་ན། སངས་རྒྱས་ཉིད་ཀྱང་མཚན་ནས་སྨོས་ཏེ་འགོག་པར་བྱེད་པ་ལ་ཡ་མི་ང་བར་སྣང་གསུངས། ཡང་། བླུན་པོ་འཇིག་རྟེན་ཕ་རོལ་སྤངས་པ། མདོ་རྒྱུད་ཀྱི་གཞུང་ལུགས་རྒྱ་ཆེན་པོ་དག་ཀློག་པ་ཙམ་ཡང་མ་བྱས་པར། ཕྲག་དོག་གདོན་གྱིས་བསླད་པའི་རྡོལ་གཏམ་བྱུང་རྒྱལ་དུ་སྨྲ་བ་བསྟན་བའི་སྙིང་པོ་ལ་མི་མཐུན་པར་འཛིན་པའི་ནག་པོའི་ཕྱོགས་ཀྱི་བདུད་ཀྱི་རིགས་ཀྱི་ལྷས་ཡིད་བསྒྱུར་བའི་གཞན་དབང་དུ་སོང་བདག་གི་གཏམ་ལ། བློ་དང་ལྡན་པ་བདག་ཉིད་ལེགས་སུ་འདོད་པ་དག་གིས་རྣ་བ་དགབ་པར་བྱོས་ཤིག །གསུངས། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་ལས། ཐོས་ཆུང་ལོག་ལྟ་ཅན་གྱི་རིགས་ཁ་ཅིག་ན་རེ། སྔགས་རྙིང་མའི་རྒྱུད་ལ་ལ་
ཡང་དག་པ་མ་ཡིན། རྒྱ་གར་ན་མི་འདུག་ཟེར་བ་སོགས་ནི་རང་གི་བློ་གྲོས་ཀྱི་མིག་ལོང་བ་ཡིན་ཏེ། རྒྱ་གར་ཐང་བི་ལ་ཧ་རའི་གཙུག་ལག་ཁང་ན་རྙིང་མའི་ཆོས་སྐོར་རྒྱུད་རྒྱ་དཔེ་བཞུགས་པའི་མཚན་ཡི་གེར་བཀོད་ན་བཀའ་རྒྱས་པ་ཙམ་བཞུགས་པར་གྲགས། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། གཙོ་བོ་རྙིང་མའི་རྫོགས་རིམ་སྟོན་པ་ཡིན་པས། རྫོགས་ཆེན་ལ་སངས་རྒྱས་ཀྱི་ཆོས་མེད་བྱར་མི་རུང་ལ། ཆོས་སྤོང་ནི་མཚམས་མེད་པ་ལས་ཀྱང་ལྕི་བ་མང་དུ་གསུངས་བས་བག་ཡོད་པར་གྱིས་ཤིག །ཆོས་སྤོང་གིས་ཐམས་ཅད་འཕུང་དུ་འཇུག་པས། གཞུང་ལུགས་རྣམ་དག་རྣམས་ལ་བལྟ་བ་དང་ཉན་པ་གལ་ཆེའོ། །གསུངས། མཉམ་མེད་པོ་ཏོ་བས། ཆོས་ཐམས་ཅད་གཅིག་པ་ཡིན། ང་ཅག་གི་ཆོས་དང་ཁོང་ཅག་གི་ཆོས་བྱས་ནས་གཞན་གྱི་ཆོས་ལ་སྨད་ན་དམྱལ་བར་སྐྱེ། གསུངས། དེས་ན་མདོ་སྔགས་ཆོས་ཀྱི་སྙིང་པོ་དབུ་རྫོགས་ཕྱག་གསུམ་ཞེས་བོད་ཁམས་ཡོངས་ལ་འབྲུག་བཞིན་དུ་གྲགས་པ་རྣམས་ལ་ཕྱོགས་མེད་ཀྱི་དད་གུས་དག་སྣང་སྦྱོང་བཞིན་དུ། རང་ཉིད་གང་མོས་ཀྱི་ཆོས་དེ་ཉམས་སུ་ལེན་པ་གཅེས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་
ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱིས། ཕྱག་ཆེན་དང་རྫོགས་ཆེན་དབུ་མ་གསུམ། །མཁས་པས་བལྟས་ན་གཅིག་ཏུ་འདུག །བླུན་པོ་ཆོས་སྤོང་མཛད་འདོད་རྣམས། །སོ་སོར་ཕྱེས་ལ་ང་ཡིས་སྒོམས། །འབྲུག་པ་ཀུན་ལེགས་དེ་སྐད་ལོ། །ཞེས་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། དབུས་གཙང་མངའ་རིའི་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མ་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག །དོན་མེད་ཁ་སྡིག་མ་གསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་། །ཞེས་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་ཞལ་ནས། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །ཞེས་དང་། ཀུན་མཁྱེན་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཞལ་ནས། བོད་དུ་བྱུང་བའི་གྲུབ་མཐའ་སྣ་ཚོགས་འདི་དག་ལ། སྐུར་བ་འདེབས་པའི་འོས་སུ་གྱུར་པ་གཅིག་ཀྱང་མི་སྣང་བས། བདག་བདེ་ལེགས་སུ་འདོད་པ་རྣམས་ནི་ཀུན་ལ་དག་
སྣང་གིས་ཁྱབ་པར་བྱེད་པ་ཉིད། རང་ལ་ཕན་པའི་འདུན་མའི་རྩ་བར་སེམས་སོ། །ཞེས་གསུངས་པ་ལྟར་ཆོས་ལུགས་ཡོངས་ལ་དད་གུས་དག་སྣང་བྱེད་བཞིན་རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལེན་པ་མ་གཏོགས། ཆོས་ལུགས་གང་ལ་ཡང་ཁ་གཏོང་བ་སོགས་གཏན་ནས་མི་བྱའོ། །དེ་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ། ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ་སྐྱེ་འགགས་གནས་གསུམ་དང་བྲལ་བ་དེ་ལ། གདོད་མའི་མགོན་པོ་འོད་མི་འགྱུར་བའམ། ཆོས་སྐུ་ཀུན་ཏུ་བཟང་པོ། ཡུམ་ཆེན་མོ་སོགས་མིང་གི་རྣམ་གྲངས་མཐའ་ཡས་ཀྱང་། དོན་དམ་པར་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་མཐའ་བྲལ་ཆོས་སྐུ་འམ་ཆོས་ཀྱི་དབྱིངས་འདི་ལ་གཞོལ་ཞིང་འབབ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་མཆོག་ཀྱང་ཆོས་སྐུ་འགྱུར་བ་མེད་པ་འདི་ཡིན་ཏེ། མདོ་ལས། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །གསུངས། དཔེར་ན་ཁ་དོག་ལྔ་ལྡན་གྱི་འཇའ་ཚོན་རི་མོ་ཇི་ཙམ་ཤར་ཡང་དེ་ཐམས་ཅད་ནམ་མཁའི་དབྱིངས་ལས་ཚུར་བྱུང་། ནམ་མཁའི་དབྱིངས་ལ་བརྟེན། ནམ་མཁའི་དབྱིངས་སུ་ཡལ་བ་ལྟར། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་ཚུར་བྱུང་། ཆོས་ཀྱི་དབྱིངས་ལ་བརྟེན། ཆོས་ཀྱི་དབྱིངས་ལ་ཐིམ་པར་འགྱུར། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སངས་རྒྱས་སུ་
ཞིག་གིས་སྤྲུལ་པའམ། རྣམ་འཕྲུལ་ཡིན་བཤད་ཀྱང་དོན་གྱི་ངོས་ནས་འགལ་བ་མེད། དེ་ལ་དགོངས་ནས་རྙིང་མའི་རྒྱུད་འགའ་རེ་ན་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཡིན་གསུངས། ལུང་གཞན་འགའ་རེ་ན། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་ལས་གཞན་ཡོད་མིན། །ཞེས་དང་། རྗེ་འབྲུག་པ་ཀུན་ལེགས་ཀྱིས། རྒྱུད་ལས། སངས་རྒྱས་ཀུན་ཏུ་བཟང་པོ་ང་། །དམྱལ་བ་ཀུན་ཏུ་བཟང་པོ་ང་། །གསུངས་པའི་ལུང་དེ་ཆོས་ཐམས་ཅད་ཀྱི་རྣམ་པ་མི་གཅིག་པ་མ་གཏོགས་ངོ་བོ་གཅིག །དཔེར་ན་ངས་དམག་བྱས་ན་དམག་དཔོན་ཀུན་ལེགས། གཞས་བྱས་ན་གཞས་མཁན་ཀུན་ལེགས། ཆོས་བཤད་ན་ཆོས་རྗེ་ཀུན་ལེགས། ཟེར་རུང་། ངའི་ངོ་བོ་གཅིག་ལས་མ་འདས་པ་བཞིན། གཤིས་སྟོང་ཉིད་དེ་རྒྱུ་རྐྱེན་ཕུན་སུམ་ཚོགས་པས་བསྐྱེད་ནས། སྤངས་རྟོགས་མཐར་ཕྱིན་པ་དེ་ལ། རྫོགས་པའི་སངས་རྒྱས་སུ་མཚན་གསོལ། གཤིས་སྟོང་ཉིད་དེ་ལས་ངན་སྣ་ཚོགས་ཀྱིས་བསྐྱེད་ནས་འཁོར་བར་འཁྱམས་པ་དེ་ལ་སེམས་ཅན་ཞེས་མིང་བཏགས་རུང་། དོན་སྟོང་པ་ཉིད་དུ་གཅིག་གསུངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ནི་ནམ་མཁའ་ལྟར་འཁོར་འདས་ཡོངས་ལ་ཁྱབ་ཅིང་བརྡལ་ནས་ཕྱོགས་དང་རིས་སུ་མ་ཆད་པར་དུས་དང་རྣམ་པ་ཐམས་ཅད་དུ་ཡེ་ནས་གནས་པ་ཡིན།
ཤེས་ན་དོན་དམ་དུ་སེམས་ཅན་ཇི་སྙེད་མཆིས་པ་ཀུན་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཆོས་སྐུ་ཀུན་ཏུ་བཟང་པོའི་ཡ་གཅིག་ཡིན་ཞིང་། འཁོར་བའི་མཐོ་དམན་གང་དུ་སྐྱེས་ཀྱང་སངས་རྒྱས་ཀྱི་ཐུགས་ཀྱི་ཀློང་ལས་ནམ་ཡང་མི་འདའ། དེ་ལ་དགོངས་ནས་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་ཉིད། །གསུངས། སེམས་ཅན་རྣམས་ཀྱིས་ཀྱང་སེམས་ལ་ངོ་བོ་ངོས་གཟུང་དབྱིབས་ཁ་དོག་སྐྱེ་འགག་གནས་གསུམ་དང་བྲལ་བ་སྐྱེ་མེད་ཆོས་སྐུ་རུ་ཡེ་ནས་གནས་པ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། སེམས་ནི་སངས་རྒྱས་ཀྱིས་མ་གཟིགས། །མི་གཟིགས་གཟིགས་པར་མི་འགྱུར་རོ། །གསུངས། སངས་རྒྱས་ཀྱི་ཞལ་ནས། སེམས་ནི་ཁ་དོག་དབྱིབས་མེད་ནམ་མཁའ་ལྟ་བུའོ། །གསུངས། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགགས་མེད་པས་ནམ་མཁའ་འདྲ། །གསུངས། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །གསུངས། ཤེས་ན་དོན་དམ་པར་ཆོས་ཀྱི་སྐུ་འམ་ཆོས་དབྱིངས་ཀྱི་ཀློང་ན་སངས་རྒྱས་དང་སེམས་ཅན་ཐུགས་ཡིད་གཉིས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་འདྲེས་ནས་ཡེ་ནས་གནས་པ་ཡིན་ཏེ། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། སངས་
རྒྱས་ཀྱི་སྟོང་པ་དང་། སེམས་ཅན་གྱི་སྟོང་པ་གཉིས་ལོགས་སུ་འདི་ཡིན་ཞེས་འབྱེད་རྒྱུ་ག་ན་ཡོད། ཆུ་རླབས་དང་། ཆུ་འཁྱིལ་ལི་བ་གཉིས་ཆུའི་ངོ་བོར་གཅིག་གམ་གསུངས། དེ་ལྟར་ཤེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ནམ་མཁའི་འཇའ་ཚོན། ཆུ་ནང་གི་ཟླ་གཟུགས། སྒྱུ་མ་རྨི་ལམ་ལྟར་སེམས་ཅན་གྱི་སེམས་ཉིད་སྟོང་པ་དོན་དམ་ཆོས་ཀྱི་སྐུའི་རོལ་བ་ཡིན་ཞེས་བརྗོད་ཀྱང་འགལ་བ་མེད། དེ་ལ་དགོངས་ནས་ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་སེམས་ཀྱི་རི་མོ་ཡིན། །གསུངས། དགོངས་པ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །གསུངས། ཡང་ཆོས་ཐམས་ཅད་ཀྱི་གདོད་མའི་གཤིས་ལུགས་སྟོང་པ་ཉིད་དང་དབྱེར་མེད་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཁྱབ་བརྡལ་ཆེན་པོ་དུས་དང་རྣམ་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས། ཚུར་འོག་མིན་གྱི་ཞིང་དང་། གཞན་རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་ལྔ་སོགས་ཞིང་ཁམས་ཚད་མེད་པ་སངས་རྒྱས་རྣམས་ཀྱིས་བཀོད་པ་ལས། རྣམ་སྣང་གངས་ཆེན་མཚོའི་ཕྱག་གི་ལྷུང་ཟེད་ཀྱི་ནང་ན་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པ་ལ། ཞིང་ཁམས་ཉི་ཤུ་རྩ་ལྔ་གནས་པའི་
ཐུགས་ཀའི་ཐད་གྱི་པདྨ་བཅུ་གསུམ་པའི་ནང་ན་སྟོང་གསུམ་མི་མཇེད་ཀྱི་ཞིང་ཁམས་འདི་ཉིད་ཡོད་ཅེས་གསུངས། ཤེས་ན་འོ་སྐོལ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཀློང་དུ་ཆུད་པ་ཙམ་དུ་མ་ཟད། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཕྱག་གི་མཐིལ་ན་གནས་པ་ཡིན་པར་གདའ། དཔེར་ན་ཡུལ་བཟང་པོ་མི་བདག་བཟང་པོའི་དཀྱིལ་ན་ཡོད་པའི་མི་ཞིག་གདོན་གྱིས་སྨྱོས་ནས་སྤྱོད་ལོག་བྱས། ཚ་གྲང་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་མྱོང་བ་གཞན་ནུས་ལྡན་ཞིག་གིས་གདོན་དང་ཕྲལ་བར་བྱས། ཐབས་མཁས་པས་སྤྱོད་པ་དེ་དང་འདི་གྱིས་དང་ཞེས་བསླབས་ནས། བསླབ་པ་ལྟར་བྱས་ན་གང་དུ་བསྡད་ཀྱང་བདེ་བ་ལྟར། འོ་སྐོལ་སེམས་ཅན་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དཀྱིལ་དང་། ཁྱད་པར་ཐུབ་པ་གངས་ཆེན་མཚོའི་ཕྱག་ཏུ་བཟུང་ཡོད་ཀྱང་མ་རིག་ཉོན་མོངས་པ་གདོན་ལྟ་བུས་སྨྱོས་ནས། ལོག་སྤྱོད་ལྟ་བུའི་ལས་ངན་པ་བསགས་པས་སྤྱིར་འཁོར་བ་དང་། ཁྱད་པར་ངན་སོང་གི་སྡུག་བསྔལ་མྱོང་བ་ཡིན་ཀྱང་། ནུས་ལྡན་ལྟ་བུའི་མཚན་ལྡན་བླ་མས་མ་རིག་ཉོན་མོངས་ཀྱི་གདོན་དང་བྲལ་ནས། གནས་ལུགས་ཇི་བཞིན་པ་དང་། དགེ་སྡིག་བླང་དོར་མ་ནོར་བ་བསྟན། དེ་ལྟར་བྱས་ན་འཁོར་འདས་གང་དུ་བསྡད་ཀྱང་སྡུག་བསྔལ་མེད་པར་བདེ་སྟེ། བྱང་ཆུབ་སེམས་དཔའ་གནས་ལུགས་ཀྱི་ལྟ་བ་རྟོགས་ནས་མངོན་དུ་གྱུར་པ་དང་། སྡིག་པ་སྤངས་དགེ་བ་ཆེན་པོ་བསྒྲུབས་པའི་རིགས་དམྱལ་བའི་མེ་ནང་དུ་བཅུག་ཀྱང་ཉི་ཟེར་གྱི་
ནང་དུ་གནས་པ་ལྟ་བུ་དང་། གྲང་བའི་དམྱལ་བར་གནས་ཀྱང་ཟླ་ཟེར་གྱི་ནང་དུ་བསྡད་པ་ཙམ་གྱི་སྣང་བ་འབྱུང་བ་མ་གཏོགས། ཚ་གྲང་གི་སྡུག་བསྔལ་ལུས་སེམས་ཀྱིས་གཏན་ནས་མི་མྱོང་ཞེས་གསུངས། དེས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་དམྱལ་བའི་མེ་ནང་ནས་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་། ཐུགས་སྐྱོ་བ་ཅུང་ཟད་ཙམ་ཡང་མི་འབྱུང་བ་ཡིན་སྐད། དེས་ན་གནས་ལུགས་རྟོགས་པའི་རྣལ་འབྱོར་བ་ལ་འཁོར་འདས་བཟང་ངན་བླང་དོར་རེ་དོགས་བྲལ་བའི་རྒྱུ་མཚན་ཡང་དེ་ཡིན། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་དཀར་ནག་དང་། སྒྱུ་མ་རྨི་ལམ་གྱི་རྒྱུ་མཚན་ཤེས་པས། དེ་རྣམས་ཀྱི་བཟང་ངན་ལེགས་ཉེས་འདོར་ལེན་བྱས་ཀྱང་རུང་མ་བྱས་ཀྱང་ཕན་གནོད་མེད་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པའི་རྣལ་འབྱོར་པས་འཁོར་འདས་ཀྱི་འདོར་ལེན་བྱས་ཀྱང་ལེགས། མ་བྱས་རུང་འགལ་བ་མེད་མོད། འོན་ཀྱང་གནས་ལུགས་རང་ངོ་ཤེས་པ་ཙམ་དུ་མ་ཟད་བསྒོམས་ནས། ལུས་སེམས་ལ་བཟང་ངན་གང་གིས་ཕན་གནོད་གང་ཡང་མི་འབྱུང་བར་སྒྱུ་མ་རྨི་ལམ་ཙམ་དུ་མངོན་སུམ་དུ་འགྱུར་རག་གི་བར་དང་། མངོན་དུ་གྱུར་ནས་རང་ལ་ཕན་གནོད་མེད་རུང་། ཕ་མ་སེམས་ཅན་ལ་ཕན་ཕྱིར་དུས་རྟག་ཏུ་དགེ་སྡིག་གི་འདོར་ལེན་བྱེད་དགོས། བྱས་པ་ལ་འགལ་བ་ཡང་མེད། གནས་ལུགས་མཁའ་ལྟར་རྟོགས་ནས་མངོན་དུ་གྱུར་ཀྱང་།
རྒྱུ་འབྲས་སྔར་བས་ཞིབ་མོ་བྱེད་པ་སྟོང་ཉིད་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་པའི་རྣལ་འབྱོར་པའི་ཁྱད་ཆོས་ཡིན། དེ་ལྟར་རྟོགས་པའི་རྣལ་འབྱོར་པས་ཆོས་མ་བྱས་ཀྱང་བློ་བདེ་སྟེ། རྗེ་མི་ལས། བླ་མ་རྗེ་ཡི་བཀའ་དྲིན་གྱིས། །འཁོར་འདས་དགག་སྒྲུབ་མེད་པར་གོ །ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །ཞེས་དང་། འཁོར་བ་གཞན་དུ་སྤང་དུ་མེད། །མྱ་ངན་འདས་པ་སྒྲུབ་ཏུ་མེད། །རང་སེམས་སངས་རྒྱས་སུ་བློ་ཐག་ཆོད། །ཅེས་དང་། འཁོར་བ་ཞི་བ་ཡིན་པ་ཆ་མེད་དམ། །རང་སེམས་སངས་རྒྱས་ཡིན་པ་ཆ་མེད་དམ། །གསུངས། རས་ཆུང་བས། སེམས་མ་བཅོས་པ་འདི་སངས་རྒྱས་རང་དུ་འདུག །ཅེས་དང་། འཁོར་བར་འཁྱམས་ཀྱང་ཉམ་ང་མེད། །འཁོར་བ་བྱང་ཆུབ་ལམ་དུ་བདེ། །གསུངས། ཀློང་ཆེན་རབ་འབྱམས་པས། ཆོས་ཀུན་ཡེ་ནས་སངས་རྒྱས་པས། །ཁམས་གསུམ་འཁོར་བའི་མིང་ཡང་མེད། །ཅེས་དང་། འཁོར་འདས་རྨི་ལམ་བཟང་ངན་འདྲ། །རང་སྣང་གཞི་མེད་སྟོང་པའི་གཟུགས། །ད་རེས་བླང་དོར་གཉིས་མེད་པའི། །རིག་པ་རང་ས་བཟུང་ན་ལེགས། །གསུངས། དེས་ན་འཁོར་བའི་རང་མཚང་རིག་ནས་གནས་ལུགས་ངང་ལ་བཙན་ས་ཟིན་ན་འཁོར་བ་ཡང་བདེ་བའི་རང་བཞིན་ཡིན་པས། དེ་ལྟ་བུའི་རྣལ་འབྱོར་པས་འཁོར་འདས་ལ་བླང་དོར་མི་དགོས་པར་གསུངས་སོ། །ཡང་གསང་སྔགས་ཀྱི་བསྐྱེད་བའི་རིམ་པ་ལ་སྒྱུ་མ་ལྟ་བུའི་གོམས་པ་མངོན་དུ་གྱུར་ན། ཕྱི་སྣོད་དག་པའི་གཞལ་ཡས་ཁང་དང་།
ནང་བཅུད་འགྲོ་བ་མ་ལུས་པ་ལྷ་དང་ལྷ་མོའི་རྣམ་པར་ཤར་ནས། རྣལ་འབྱོར་བ་ཁོ་རང་གི་སྣང་ངོར་ས་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་འགྱུར་ཏེ། རྗེ་ནཱ་རོ་པས། སྣོད་ནི་གཞལ་ཡས་ཁང་ཡིན་ལ། །བཅུད་ནི་ལྷ་དང་ལྷ་མོ་སྟེ། །འགྲོ་བ་རིགས་དྲུག་བདེ་གཤེགས་དྲུག །དམྱལ་བའི་འཇིག་རྟེན་བདེ་བ་ཅན། །ལྷ་ཡི་འཇིག་རྟེན་བདེ་བ་ཅན། །ཡི་དྭགས་འཇིག་རྟེན་བདེ་ཆེན་གྱི། །ངང་དུ་ཤེས་ན་ལྷ་ཡི་སྐུ། །ཞེས་པ་དང་། ཡང་། སྣོད་ནི་འཇིག་རྟེན་མིན་ཏེ་གཞལ་ཡས་ཁང་། །བཅུད་ནི་སེམས་ཅན་མིན་ཏེ་རྒྱལ་བ་ཉིད། །གསུངས། དེས་ན་སྣོད་བཅུད་ཐ་མལ་དུ་མི་ལྟ་བར་དག་སྣང་འབའ་ཞིག་བྱེད་པ་གཅེས། དེ་ཡང་དཔེར་ན་དངུལ་ཆུ་དཀར་མོ་ས་ནང་དུ་ལྷུང་ཡང་ས་རྡུལ་གྱིས་གོས་མི་སྲིད་པ་བཞིན་དུ། ཆོས་ཀུན་བདེན་མེད་སྟོང་པ་ཉིད་དུ་རྟོགས་པའི་ངེས་པ་དོན་གྱི་རྟོགས་ལྡན་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་ཕོ་མོ་རྣམས་འཇིག་རྟེན་པའི་ཁྱིམ་དུ་གནས་ནས། ཤ་ཆང་བུད་མེད་ལ་སོགས་པའི་འདོད་ཡོན་ལ་འཇོལ་ཉོག་ཏུ་སྤྱོད་ཀྱང་རྟོགས་པའི་སྟབས་ཀྱིས་སྡིག་པའི་སྐྱོན་གྱིས་ནམ་ཡང་གོས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། མི་དགེ་བ་བཅུའི་ཆེ་ཤོས་རྣམས་སྨྲས་ནས། དེ་དག་དང་ལྡན་པས་བདག་མེད་པའི་ཆོས་ལ་འཇུག་ཅིང་། ཆོས་ཐམས་ཅད་གདོད་མ་ནས་དག་པར་དད་པ་དང་མོས་
བའི་སེམས་ཅན་དེ་ངན་སོང་དུ་མི་འགྲོའོ། །ཞེས་པ་དང་། བདུད་འདུལ་བའི་ལེའུ་ལས། དགེ་སློང་གང་གིས་ཆོས་ཐམས་ཅད་དུལ་བར་ཤེས་ཤིང་ཉེས་པ་རྣམས་ཀྱི་ཐོག་མའི་མཐའ་ཡང་རང་བཞིན་གྱིས་དབེན་པར་ཤེས་ཏེ། ཉེས་པ་བྱུང་བའི་འགྱོད་པ་སེལ་ཞིང་བརྟན་པོར་མི་བྱེད་པས་མཚམས་མེད་པ་ཡང་གནོན་ན། ཆོ་ག་དང་ཚུལ་ཁྲིམས་ལ་ལོག་པར་ཞུགས་པ་ཕྲན་ཚེགས་ལྟ་ཅི་སྨོས། ཞེས་དང་། མ་སྐྱེས་དགྲའི་མདོ་ལས། མཚམས་མེད་བྱེད་པས་དམ་པའི་ཆོས་འདི་ཐོས་ནས་འཇུག་ཅིང་མོས་ན་དེའི་ལས་དེ་ལས་ཀྱི་སྒྲིབ་པ་ཡིན་ཞེས་ང་མི་སྨྲའོ། །ཞེས་གསུངས། དེ་ལྟ་བུའི་ངེས་དོན་སྟོན་པའི་ཡུལ་སྣོད་ལྡན་ནི། འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཅིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །གསུངས། དེ་ལྟ་བུ་ལ་བླ་མས་ཀྱང་ཐོག་མ་ནས་ངེས་དོན་སྟོན་པར་བྱ་སྟེ། རིན་ཆེན་ཕུང་པོའི་མདོ་ལས། དགེ་བའི་བཤེས་གཉེན་གྱིས་ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་ལས་བརྩམས་ཏེ་སྟོན་པར་བྱེད་གསལ་བར་བྱེད་པ་དེ་ནི། དགེ་བའི་བཤེས་གཉེན་ལམ་དྲང་བོ་ནས་འཁྲིད་བར་བྱེད་པ་ཡིན་
ནོ། །ཞེས་དང་། འཕགས་པ་ལྷས། རྟེན་ཅིང་འབྲེལ་བར་འབྱུང་བ་འདི། །ཤེས་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་འདི་ཁོ་ན་བསྙད་པར་བྱ། །གསུངས། དེས་ན་སྔོན་སྦྱངས་ལས་འཕྲོ་ཅན། ཅིག་ཆར་བའི་རིགས་གང་ཟག་དབང་པོ་ཡང་རབ་རྣམས་ལ་ཐོག་མ་ནས་ངེས་དོན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་བསྟན་ནས། རྗེས་སུ་མདོ་སྔགས་ཀྱི་ལམ་བཟང་ལ་བསླབས་ན་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་ཡང་དཔའ་ཞུམ་པ་མེད་པར་སློབ་ནུས་པར་གསུངས་སོ། །དེས་ན་དེ་ལྟ་བུའི་རིགས་ཅན་རྣམས་ཀྱིས་ལམ་ལ་རིམ་གྱིས་མ་བསླབས་སོ་ཞེས་སྐུར་བ་མི་འདེབས་པར་དད་གུས་དག་སྣང་སྦྱོང་བ་གལ་ཆེའོ། །སྒོས་སུ་གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས་ཐབས་ལ་མཁས་པས་སྤྱོད་ཤེས་ན། འཁོར་བའི་ཕུན་ཚོགས་གཟུགས་མཛེས་པ་དང་། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་བའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་རེ་རེ་ལ་བརྟེན་ནས་འཕྲལ་དུ་བདེ་ཞིང་ཕུགས་སུ་ཕན་པའི་ཡོན་ཏན་མཐའ་ཡས་པ་འབྱུང་སྟེ། འདོད་ཡོན་ལྔས་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་དང་བཅས་པའི་ལུས་སེམས་ཚིམ་པས་བདེ་ཞིང་། རྒྱལ་བ་སྲས་དང་བཅས་པའི་ཐུགས་དགྱེས་པ་བསྐྱེད་ནས་བསོད་ནམས་རྒྱ་ཆེན་འབྱུང་། འདོད་ཡོན་ལྔ་ལ་ལོངས་སྤྱད་རྒྱུ་མེད་ན་ཀུན་གྱིས་ངན་སོང་གསུམ་ལྟར་སྡུག་བསྔལ་མྱོང་བས་ན། དམྱལ་བ་ཡི་དྭགས་དུད་འགྲོ་དང་ཁྱད་མེད་
པར་འགྱུར། འདོད་ཡོན་གྱི་བདེ་བ་ཡོད་མེད་ཀྱིས་མཐོ་རིས་དང་ངན་སོང་གི་ཁྱད་བྱུང་། འདི་མེད་ན་ཁྱད་ཡོད་དོགས་མེད། འདོད་ཡོན་ལྔ་ལ་བརྟེན་ནས་བདེ་སྐྱིད་ཚད་མེད་པ་མྱོང་ཞིང་བདེ་བའི་སྒོ་ནས་འདོད་ཡོན་ཆོས་ཕྱོགས་སུ་བཏང་། སྒོམ་སྒྲུབ་བྱས་ན་གཏན་གྱི་བདེ་བ་ཡང་འདོད་ཡོན་ལྔ་ལ་བརྟེན་ནས་འཐོབ་པས་ན། སངས་རྒྱས་རྣམས་ཀྱི་སེམས་ཅན་རྣམས་གནས་སྐབས་སུ་མངོན་མཐོ་ལྷ་མིའི་གནས་སུ་སྐྱེ་བའི་ཐབས་གསུངས། སེམས་ཅན་རྣམས་ཀྱིས་བསྒྲུབ་པ་ཡིན། འདོད་ཡོན་ལྔ་ལ་བརྟེན་ནས་གནས་སྐབས་སུ་ལུས་སེམས་བདེ་བའི་ཕན་ཡོན་ཡོད་པ་སྨོས་ཅི་དགོས། མཐོང་ཐོས་མྱོང་བས་ཤེས་སླ་ལ། འདོད་ཡོད་ལྔའི་མཆོད་སྦྱིན་བཏང་། སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་དགེ་བ་བྱས་ན་མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་སྐྱེ་བ་འདི་འམ་མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས་ཐོབ་སྟེ། གསང་འདུས་ལས། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །སངས་རྒྱས་མྱུར་དུ་འཐོབ་བར་འགྱུར། །གསུངས། འདི་མེད་ན་བདེ་བ་གང་ཡང་ཐོབ་མི་སྲིད། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཐམས་ཅད་ཚོགས་བསགས་པ་ལས་བྱུང་བ་ཡིན། ཚོགས་གསོག་རྒྱུ་མ་མཆིས་ན་བདེ་བ་ལ་སྤྱོད་རྒྱུ་ཞིག་ཀྱང་མ་མཆིས། དཔེར་ན་ས་བོན་མ་བཏབ་པར་སྟོན་ཐོག་འབྱུང་རྒྱུ་མེད་པ་དང་འདྲའོ། །
ཐབས་ལ་མཁས་མི་མཁས་ནི་དཔེར་ན་བུ་ཆུང་བསམ་མེད་དེས་མེ་ཡིས་མི་འཚིག་པའི་ཐབས་མི་ཤེས་པས་མེ་ཁ་ནས་འཇོག་མི་རུང་སྟེ། བཞག་ན་མེས་འཚིག་པར་འགྱུར་ལ། ཨ་མས་མེ་ཡིས་མི་འཚིག་པའི་ཐབས་ཤེས་པས་མེས་མི་འཚིག་པར་མ་ཟད་མེ་ལ་བརྟེན་ནས་བཟའ་བཏུང་ཐམས་ཅད་དྲོན་པོ་བྱས་ན་རང་གཞན་ལ་ཕན་པར་འགྱུར་རོ། །དཔེ་དེ་བཞིན་དུ་གང་ཟག་ལས་དང་པོ་བས་སྐྱོན་གྱིས་མི་གོས་བའི་མདོ་སྔགས་ཆོས་ཀྱི་ཐབས་མི་ཤེས་པས་འདོད་ཡོན་བསྟེན་ན་ལས་ཉོན་གྱིས་འཕུང་བར་འགྱུར་ལ། གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས་མདོ་སྔགས་ཀྱི་ལམ་ཁྱེར་ཤེས་པས། འདོད་ཡོན་ལ་སྤྱད་ཀྱང་སྐྱོན་གྱིས་མི་གོས་པར་མ་ཟད་དེ་ལ་བརྟེན་ནས་རང་གཞན་ལ་ཕན་ཐོགས་པར་འགྱུར་རོ། །གཞན་ཡང་འདོད་ཡོན་ལྔའི་ལོངས་སྤྱོད་ཡོད་ན་དེང་སང་བླ་མ་རྣམས་ཀྱང་མ་བོས་ཀྱང་ལོ་རེ་བཞིན་རྒྱུག་ཅིང་། མེད་ན་ཕྱོགས་དེར་མི་འབྱོན། དེ་ཡང་འདོད་ཡོན་གྱི་ཡོན་ཏན་ཡིན། སྔོན་གྲྭ་རྐྱང་ཞིག་ཡོད་པ་དགོན་པའི་བླ་མ་གྲྭ་པ་གཞན་གྱིས་ཁོ་ལ་རྒྱུ་ནོམ་དང་ཡོན་ཏན་མེད་ཚེ་བརྙས་སྨོད་བྱུང་ཚེ། ཁོ་རང་རྒྱ་ནག་ཏུ་སོང་ནས་དངུལ་དང་གོས་དར་སོགས་ནོམ་པ་མང་པོ་ཁྱེར་འོང་ཚེ་སྔར་གྱི་བླ་མ་གྲྭ་པ་བརྙས་སྨོད་བྱེད་པ་ཚོས་ཀྱང་སྟན་མཐོན་པོར་བཞག་ཟས་ཞིམ་པོ་དྲངས་མཆོད་བསྟོད་བཀུར་ཚེ། དངུལ་རྡོ་ཚད་ཅིག་ཡོད་པ་མགོ་ཐོག་ཏུ་བཞག །དངུལ་རིན་པོ་ཆེ་འདི་ཡོད་ན་འདི་འདྲ་འབྱུང་བ་
ཡ་མཚན། ཐུགས་རྗེ་ཅན་ཐུགས་དམ་སྐྱབས་འོག་ནས་ནམ་ཡང་མ་འདོར་ཞེས་ཀུ་རེ་ཁ་རྒྱགས་སྨྲས་པ་ལྟར། བླ་མ་རྣམས་ལ་ཡང་རྒྱུ་ནོམ་པ་ཡོད་ན་ཡོན་ཏན་མེད་ཀྱང་ཀུན་གྱིས་བཀུར། ནོམ་པ་མེད་ན་བླ་མ་སངས་རྒྱས་དངོས་ཡིན་རུང་ཀུན་གྱིས་བརྙས་བཅོས་བྱེད་པ་མང་། དེས་ན་འདོད་ཡོན་ལོངས་སྤྱོད་འདི་ཀུན་ལ་དགོས་ཤིང་ཁྱད་པར་ཐབས་མཁས་བསྡུ་བཞིས་འགྲོ་དོན་མཛད་པའི་བླ་ཆེན་བླ་ཆུང་དང་། བསྐྱེད་རྫོགས་ཉམས་སུ་ལེན་པའི་རྣལ་འབྱོར་བའི་མཐུན་རྐྱེན་དུ་འདོད་ཡོན་ལོངས་སྤྱོད་མེད་ཐབས་མེད་པར་བསྟེན་དགོས་ཞེས་རྒྱུད་སྡེ་རྣམས་ལས་གསུངས་ལ། མདོ་ལས་ཀྱང་འབད་རྩོལ་མེད་པར་བྱུང་ཆགས་ཞེན་མེད་ན་དགེ་སློང་གིས་ཀྱང་གསེར་སྲང་བརྒྱའི་རིན་གྱི་ཟས་དང་། སྟོང་གི་རིན་གྱི་གོས་ཀྱང་གྱོན་ཆོག་པར་གསུངས་པའང་ཡོད་སྐད། འདོད་ཡོན་ལོངས་སྤྱོད་རྒྱལ་བ་རྣམས་ཀྱིས་སྤྱོད་མི་རུང་ཞེས་མ་བཀག་པར་མ་ཟད། ལོངས་སྤྱོད་རྒྱས་པའི་ཐབས་མདོ་རྒྱུད་བསྟན་བཅོས་ན་མཐའ་ཡས་པ་གསུངས་སྣང་། འདོད་གསོལ་བྱེད་ན་ཡང་། ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཅེས་པ་ལྟ་བུ་གྲངས་མང་། འདོད་ཡོན་ལྔ་ངན་ན་དེ་འདྲ་ཞིག་ཤོག་ཟེར་དོགས་མེད། འོན་ཀྱང་མདོ་རྒྱུད་དང་བླ་མ་དམ་པ་འགའ་རེས། འདོད་ཡོན་ལ་ཉེས་དམིགས་ཆེ་སྤོང་དགོས་ཞེས་གསུངས་པའི་དགོངས་གཞི་ནི། འདོད་སྲེད་ཆགས་ཞེན་སྐྱེས། འདོད་ཡོན་གྱི་ཕྱིར་སྡིག་པ་མི་དགེ་བ་བྱས་
འཇོག་གི་དགོངས་ནས་དེ་སྐད་གསུངས་པ་ཡིན། འདོད་ཡོན་ལ་ཧ་ཅང་ཆགས་ཞེན་མེད་འདོད་ཡོན་ཕྱིར་སྡིག་པ་མ་བྱས་ན། འདོད་ཡོན་ལ་སྤྱད་པ་ཙམ་གྱིས་ངན་སོང་དུ་ལྟུང་བར་མི་འགྱུར། འདོད་ཡོན་ལ་སྤྱད་པས་ལྟུང་ཟེར་ན། དེ་ཡིན་ན་ཟས་ཁམ་གང་མི་ཟ་བ་གཅིག་མེད། ཐམས་ཅད་ལྟུང་དགོས་པར་འགྱུར་བས་དེ་མི་འགྲིག །འདོད་ཡོན་ལྔའི་ནང་ནས་ལྟོ་གོས་འདི་ལ་ཆོས་པ་འཇིག་རྟེན་པ་ཐམས་ཅད་བརྟེན་དགོས། འདི་ལ་བརྟེན་ནས་བྱ་བ་གང་བྱེད་ཀྱང་ཡོང་། བདེ་བ་གང་ཡང་ཐོབ། ལྟོ་གོས་འདི་ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི་མ་ཡིན། ཆོས་སྒྲུབ་པར་མཐུན་རྐྱེན་ཟས་གོས་བཟང་པོ་ཡོད་ན་ཆོས་ཡོང་། ལྟོ་གོས་བཟང་པོ་མ་མཆིས་ཀྱང་ལུས་སེམས་བདེ་བར་གནས་པའི་ལྟོ་གོས་ཞིག་ཅི་ནས་ཀྱང་དགོས། གོས་དྲོ་ལྟོ་མོད་ན་དགེ་སྦྱོར་གང་འདོད་ཡོང་། སངས་རྒྱས་ཀྱི་གསུང་རབ་ན། ཟས་མཆིས་ན་སྲོག་མཆིས། སྲོག་མཆིས་ན་ཆོས་ཀྱང་མཆིས་གསུངས་པ་མང་། སྔོན་རྗེ་མི་ལས་དཀའ་བ་སྤྱད་དུས། ཁྱི་ར་བ་འགའ་རེས་ཤ་དང་ཕྱེའི་ལྷག་མ་ཕུལ་བ་ཤ་ཚོད་མཛད་ནས་གསོལ་བས། སྐུ་ལུས་འབོལ་ཤིགས་ཀྱིས་བཏང་བས་སྒོམ་ཤེད་ཆེར་སོང་། ལུས་བདེ་སེམས་གསལ་དུ་སོང་བས་དགེ་སྦྱོར་བཟང་པོ་འཕེལ་བ་བྱུང་གསུངས། ལྟོ་གོས་མེད་པར་ཆོས་ཕར་ཞོག་འཇིག་རྟེན་ཀྱང་མི་འོང་བ་མཐོང་ཐོས་མྱོང་བས་གྲུབ། གོས་མེད་པར་ཞག་གཅིག་
ལྟོ་མེད་པར་ཞག་གཉིས་ཙམ་ལ་སྡོད་དགོས་བྱུང་ན་དགེ་སྦྱོར་བྱེད་མི་ནུས་པར་མ་ཟད་རང་གར་ཉལ་ནས་ཀྱང་སྡོད་མི་ནུས་ན། ཞག་མང་པོར་སྡོད་མི་ནུས་པ་སྨྲོས་ཅི་དགོས། དེས་ན་ཆོས་པ་རྣམས་ཀྱིས་ཆོས་བསྒྲུབ་པའི་མཐུན་རྐྱེན་དང་སེམས་ཅན་རྣམས་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་དམིགས་ནས། རྒྱལ་བློན་ཁྱིམ་པ་རྣམས་ཀྱིས་གསོག་འཇོག་དང་ཞིང་ལས་སོ་ནམ་ལ་རེམས་པ་གལ་ཆེ། བླ་མ་ཆོས་པ་ཐམས་ཅད་ཀྱིས་ཆར་ཆུ་དུས་སུ་འབབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པའི་ཐབས་རྒྱལ་བ་རྣམས་ཀྱིས་གསུངས་པ་ལ་འབད་དགོས། རི་ཆེ་ན་སྐྱིབས་དྲོ་ཟེར་བ་ལྟར་ཀུན་གྱིས་ལོངས་སྤྱོད་རྒྱས་པའི་ཐབས་ལ་འབད་ན་ཕྱུག་པོ་མང་པོ་ཡོང་། ཕྱུག་པོ་མང་པོ་ཡོད་ན་བླ་མ་རྣམས་ལ་འབུལ་བ། ཆོས་པ་བྱ་བཏང་རི་ཁྲོད་པ་ལ་མཐུན་རྐྱེན་ཟས་གོས། དགོན་པ་རྣམས་ལ་འགྱེད་ཕོག །དབུལ་པོ་རྣམས་ལ་ལྟོ་གོས་འབྱུང་སྙམ་ནས། རང་ལ་མེད་རུང་ཐམས་ཅད་ཀྱི་སེམས་དྲོ། ཡོད་ན་ཕན་མེད་ན་གནོད་ཟེར་བ་ཡིན་པས། ཕྱུག་པོ་སེར་སྣ་ཆེ་རུང་དབུལ་པོར་ངང་ངམ་ཤུགས་ཀྱིས་ཕན། གལ་ཏེ་མ་ཕན་རུང་གནོད་མི་སྲིད། དབུལ་པོ་མང་ན་མུག་སྣ་དེ་ཡོད་མེད་གཉིས་ཀར་གནོད། ཕྱུག་པོ་སེར་སྣ་ཆེ་རུང་ཤི་དུས་རྒྱུ་ནོམ་པ་གང་ཡོད་ཚེ་ཕྱི་མར་ཁུར་མི་འགྲོ་ཐམས་ཅད་བཞག་ཡོང་། ཤུལ་ན་ཡོད་པས་ཆོས་ཕྱོགས་སུ་བཏང་ན་ཡར་མར་གྱི་མཆོག་དམན་ཡོངས་ལ་ཕན་ཡོང་། གལ་ཏེ་ཕྱུག་པོ་སེར་སྣ་ཅན་གྱི་ནོར་
དགྲ་འདྲེ་ལ་ཤོར་ཡང་དེ་རྣམས་ལ་ཕན་ཐོགས་ཡོང་། ཁང་བ་མེ་ལ་ཤོར་ཡང་གསུར་དྲིས་བར་སྣང་གི་དྲི་ཟ་བྱེ་བ་དུང་ཕྱུར་གྱི་ལུས་སེམས་ཚིམ་ཡོང་། མི་ལྟོགས་ཀྱི་ཁང་པ་ཚིག་པ་དང་མི་འདྲ། དབུལ་པོའི་ཁང་བ་མེ་ལ་ཤོར་ན་གཞོབ་དྲིས་ནམ་མཁའི་ལྷ་ཡན་ཆད་བརྒྱལ་འགྲོ། རང་གི་ཕོ་ལྷ་ཚུན་ཆད་བྲོས་འགྲོ། ཕྱུག་པོ་ཤི་ན་རོ་ཡང་དུར་ཁྲོད་དུ་བསྐྱལ་ན་བྱ་ཁྱི་ལྟོགས་པའི་ལུས་སེམས་ཚིམ་པས་ལུས་ཀྱི་སྦྱིན་པའི་མཆོག་ཏུ་འགྱུར། དབུལ་བོ་ཤི་བའི་རོ་ཡང་བྱ་ཁྱི་ལ་འཆའ་རྒྱུ་མེད། རྒྱུ་ནོམ་པ་སེར་སྣ་བྱས་བསགས་ན་ཕྱུག་པོ་ཡོང་། ཕྱུག་པོར་ཡོང་ན་འཇིག་རྟེན་འདིའི་སྐྱིད་ཡོང་པ་ཕར་ཞོག །མཆོད་སྦྱིན་བྱས་ན་ཕྱི་མའི་བདེ་སྐྱིད་ཀྱང་ཚེ་འདིར་འགྲུབ་ཡོང་། དེ་རྣམས་ལ་དགོངས་ནས་འབྲུག་པ་ཀུན་ལེགས་ཀྱིས། འགའ་རེར་སྦྱིན་པ་མ་གཏོང་སེར་སྣ་གྱིས་རྒྱུ་ནོམ་བསགས་དགོས་ཞེས་ཆོས་གསུངས་ཚེ། ཚེ་དབང་འཛོམ་ཟེར་བས། བླ་མ་གཞན་ཚོས་ཕྱུག་པོར་སྦྱིན་པ་ཐོངས་གསུངས་པ་ཁྱེད་ཀྱིས་མ་གཏོང་གསུངས་པ་ཅི་ཡིན་ཞུས་པའི་ལན་དུ། སྤྱིར་གྱི་མི་ཐམས་ཅད་ལ་གྱིས་ཞེས་ན་མི་བྱེད། མ་བྱེད་བྱས་ན་བྱེད་པ་མང་། ཁྱད་པར་ཕྱུག་པོའི་མདུན་དུ་སྦྱིན་པ་ཐོངས་སྨྲས་ན་སྔོན་བསོད་ནམས་བསགས་པས་ད་ལྟ་ཕྱུག་པོ་བྱུང་བ་ནི། ཁོ་ལ་མངོན་ཤེས་མེད། ཁོ་རང་ལ་དབང་ཡོད་དུས་བཏང་ན་ཕན་བསམ་རུང་དེ་མི་གོ་བར་ཐོངས་ཟེར་མཁན་ལ་ཨེ་སྟེར་ན་སྙམ་
པའི་གོ་བ་ལོག་པ་སྐྱེ་སྲིད་པས། ཕྱུག་པོར་སྦྱིན་པ་མ་གཏོང་བྱས་པ་ཡིན། ཡང་ཡུལ་ན་ཕྱུག་པོ་ཡོད་པ་རང་གིས་ཀྱང་བློ་དྲོ། དེང་སང་ཕྱུག་པོའི་ཁང་བ་ལ་མེ་ཤོར་ནའང་། གསུར་གྱིས་ཡི་དྭགས་རྣམས་ཀྱང་ཚིམ། མི་ལྟོགས་ཀྱི་ཁང་བ་ཚིག་པ་དང་མི་འདྲ། མི་ལྟོགས་ཀྱི་ཁང་པ་ཚིག་ན་གཞོབ་ཀྱིས་ཕོ་ལྷ་ཚུན་བྲོས་པ་ཞིག་འོང་། དེས་ན་འགྲོ་མགོན་གཙང་བའི་ཚོགས་ཆོས་མནོ་འཁོར་ན། བྲེ་རེ་ཕུལ་རེ་ནས་གསོག་ནུས་ན། ཕྱུག་པོའི་རྟེན་འབྲེལ་དེ་ཡིས་འགྲིགས། གསུངས་པ་ཡོད། གནོད་སྦྱིན་ནོར་ལྷ་ཚོ་ཡང་མི་སེར་སྣ་ཅན་ལ་ནོར་བཅོལ་པོ་བྱེད་ཟེར་བའང་འདུག་གསུངས། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་བས། འཇིག་རྟེན་ལོངས་སྤྱོད་ལ་བརྟེན་ནས་ཆོས་འབྱུང་། ཆོས་བསྒྲུབ་པ་ལ་བརྟེན་ནས་འཇིག་རྟེན་ལོངས་སྤྱོད་རྒྱས་པ་འབྱུང་། ཆོས་དང་འཇིག་རྟེན་གཉིས་མི་འགལ་བ་ཙམ་དུ་མ་ཟད་གཅིག་གྲོགས་སུ་གཅིག་འགྲོ། འོ་ན་བླ་མ་མང་པོས་ཚ་གྲང་ལྟར་འགལ་ཟེར་བ་དེ་ཅི་ཡིན་ཟེར་ན། དེ་གང་ཟག་ཕལ་ཆེར་གྱིས་དང་པོ་ལོངས་སྤྱོད་སྡིག་པ་བྱས་ནས་བསགས། བར་དུ་ལོངས་སྤྱོད་གང་ཡོད་ལ་ཆགས་ཤིང་ཞེན། མཐར་བླ་མ་དཀོན་མཆོག་ལ་མཆོད་པ་དབུལ་པོ་ལ་སྦྱིན་པ་སོགས་གཏོང་མི་ནུས། སེར་སྣ་ཆེར་སོང་། ལག་པ་ཇེ་དམ་དུ་སོང་། ཟས་ནོར་གྱི་སྟེང་ནས་ཆགས་སྡང་སོགས་ཉོན་མོངས་ལངས། ཆོས་དང་མི་མཐུན་པའི་ལས་ངན་པ་བསགས་ན་འགལ་ཞེས་གསུངས་པ་
ཡིན་གྱི། དེ་མ་ཡིན་པར་ཟས་ནོར་གསོགས་དུས་སྡིག་དང་མ་འདྲེས་པར་བསགས། བར་དུ་ལོངས་སྤྱོད་ལ་ཆགས་ཞེན་མེད། མཐར་བླ་མ་དཀོན་མཆོག་ལ་མཆོད་པ། དབུལ་བོ་ཉམ་ཐག་ལ་སྦྱིན་པ། རང་གིས་ཆོས་བསྒྲུབ་པའི་མཐུན་རྐྱེན་བྱས་ཆོས་མཐུན་གྱི་བྱ་བ་བྱས་ན་འགལ་ཞེས་གསུངས་པའི་ཚིག་ཏུ་འཁྲུལ་བར་མི་བྱའོ། །དེ་ལྟ་བུའི་གང་ཟག་དེ་ཆོས་དང་མི་འགལ་བར་མ་ཟད་འཇིག་རྟེན་གྱི་སྐྱེ་བོ་དང་ཡང་མི་འགལ། དེ་ཅིའི་ཕྱིར་ཞེ་ན། ཟས་ནོར་ཆོས་ཕྱིར་བློས་བཏང་བ་ཡིན་པས། ཚེ་བློས་བཏང་གི་མིང་ཐོབ། ཆོས་བྱས་པ་ཡིན་པས་ཆོས་དང་མཐུན། འཕྲལ་དུ་ཟས་ནོར་གསོག་འཇོག་བྱས། ཁྱིམ་པ་ཕོ་མོ་ལྟར་བྱས་པ་ཡིན་པས་འཇིག་རྟེན་སྐྱེ་བོ་ཀུན་དང་མཐུན། དེ་ལྟར་བྱས་ན་ཆོས་དང་འཇིག་རྟེན་གཉིས་བྱས་ཀྱང་མི་འགལ་བའི་རྟགས་སུ། བླ་མ་སྐྱེས་བུ་དམ་པ་དུ་མས་ལུགས་གཉིས་ཟུང་འབྲེལ་གྱི་བསླབ་བྱ་མང་པོ་གསུངས་པ་དང་། སྔོན་གྱི་སྐྱེས་བུ་དམ་པ་ད་ལྟའི་བླ་ཆེན་རྣམས་ཀྱིས་ལུགས་གཉིས་གཅིག་གྲོགས་སུ་གཅིག་ཁྱེར་ནས་ཀུན་མཐུན་ཆོས་མཐུན་གཉིས་པོ་བྱུང་ངོ་། །ཞེས་གསུངས་པ་ཡིན། འགལ་ན་དེ་ལྟར་གསུང་བར་མི་འགྱུར། དེ་ཡིན་རུང་འགལ་ཟེར་ན། དེ་ཡིན་ན་དེང་སང་ཆོས་དང་མཐུན་པ་ཞིག་བཙལ་ཀྱང་རྙེད་དཀའ་བར་འགྱུར། དེ་ཡིན་ན་ལོག་རྟོག་གི་ཁུར་གྱིས་ནོན་ནས་ཀུན་ལ་སྒྲོ་སྐུར་
འདེབས་དགོས་པས་དེ་མི་རུང་། ངས་བཤད་པ་དེ་ལྟར་ལེགས་པར་གོ་ན་ཆོས་དང་མཐུན་པ་མང་པོ་ཡོད་པར་མཐོང་ནས་དད་གུས་དག་སྣང་རྩོལ་མེད་དུ་འབྱུང་བས་ཤིན་ཏུ་ལེགས། འདོད་ཡོན་གྱི་བདེ་བ་ལ་ལོངས་སྤྱོད་བཞིན་དཀའ་བ་མེད་པར་བདེ་བ་ནས་བདེ་བར་བསྒྲོད་པ་གསང་སྔགས་ཀྱི་ཁྱད་ཆོས་ཡིན་ཏེ། འདུས་པའི་རྩ་རྒྱུད་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པར་བསྟེན་ན་ནི། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །སངས་རྒྱས་མྱུར་དུ་འཐོབ་བར་འགྱུར། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པ་བསྟེན་བྱ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །སློང་མོ་ཟ་ཞིང་མི་བཟླ་སྟེ། །སློང་ལའང་དགའ་བར་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་ཟློས། །ཞེས་དང་། མ་ཧཱ་མ་ཡ་ལས། བདེ་བས་སྒྲུབ་པ་ཞེས་བྱ་བ། །བདེ་བས་འཁོར་བ་གཅོད་པར་བྱེད། །ཅེས་གསུངས། དེ་ལྟར་རྒྱུད་དང་བསྟན་བཅོས་དུ་མ་ནས་བསྔགས་བརྗོད་མཛད་པ་མང་། འདོད་ཡོན་མི་སྤོང་བར་དེ་ལ་བརྟེན་ནས་གསང་སྔགས་ཉམས་སུ་ལེན་དགོས་པའི་རྟགས་སུ་གནས་སྐབས་སུ་ལུས་སེམས་བདེ་བའི་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་སྒོ་མཐའ་ཡས། ཞི་རྒྱས་དབང་དྲག་སོགས་སེམས་ཅན་ལ་གནས་སྐབས་སུ་ཕན་པའི་ཐབས་མཆོག་གསང་སྔགས་ན་ཡོད་ཡོད་ཅིང་མདོ་སྡེ་ན་མེད། ཐུན་མོང་གི་དངོས་
གྲུབ་ལ་བརྟེན་ནས་སྔགས་ཀྱི་རྣལ་འབྱོར་པ་རང་གཅིག་པུ་བདེ་བ་ཙམ་དུ་མ་ཟད། དེའི་འཁོར་དུ་གཏོགས་ཚད་ཡུལ་ཁམས་དེ་བདེ་ཡོང་། བདེ་བའི་ངོས་ནས་གསང་སྔགས་ཀྱི་ལམ་ཉམས་སུ་བླངས་ན་རབ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ། འབྲིང་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་རུ་འཚང་རྒྱ། ཐ་མ་རྣམས་ཀྱང་མ་འོངས་པའི་དུས་སྐྱེ་བ་བཟང་པོ་ཤ་སྟག་བླངས་ནས་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ལ་འཚང་རྒྱ་བ་རྡོ་རྗེ་འཆང་དཔལ་ཀུན་ཏུ་བཟང་པོས་གསུངས། དེས་ན་ཚེ་འདི་སྐྱིད་ཕྱི་སྐྱིད་ཀྱི་ཆོས་ཟབ་མོ་གསང་སྔགས་ཁོ་ན་ཡིན། འདི་འདྲ་སྔར་མ་བྱུང་ཕྱིན་ཆད་འབྱུང་དཀའ། ད་ལྟ་ཡང་སྐྱེས་བུ་བསོད་ནམས་ཅན་སྐལ་ལྡན་ལས་འཕྲོ་ཅན་མ་གཏོགས་མཇལ་དཀའ་གསུངས། འདི་ལ་བལྟས་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྐང་ལག་སོགས་ཆོས་ཕྱིར་གཏོང་དགོས། རང་བདེ་གཞན་ལ་བྱིན། གཞན་སྡུག་ཚུར་ལེན་དགོས། འདོད་ཡོན་ལོངས་སྤྱོད་ཀྱང་སྤོང་ཅི་ནུས་བྱ་དགོས། དེ་ལྟར་བྱས་ན་ཡང་རབ་བསྐལ་བ་གྲངས་མེད་གསུམ། འབྲིང་གི་དྲུག །ཐ་མའི་དགུ་ལ་སོགས་བསྒུགས་ནས་འཚང་རྒྱ་དགོས། སྔགས་ལམ་ལ་བལྟས་ན་མདོ་ལམ་མི་བདེ་ལམ་ཡུན་རིང་བ་ཡིན་ཞེས་སྐྱེས་བུ་དམ་པ་དུ་མས་གསུངས། སེམས་ཅན་ལ་དམིགས་པའི་སྐྱེས་བུ་སྙིང་རྗེ་ཆེན་པོ་ཅན་རྣམས་ཀྱིས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་རིང་ལམ་དེ་ཁོ་ན་
ལ་མི་ཞེན་པར་སྔགས་ཀྱི་སྒོར་འཇུག་དགོས། གསུངས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེའི་ངོས་ནས་སེམས་ཅན་རེ་རེའི་ཕྱིར་དམྱལ་བར་བསྐལ་མང་སྡོད་པ་བྱུང་ན་བཟོད་ཀྱང་། སེམས་ཅན་རྣམས་ཀྱིས་སྡུག་བསྔལ་བཟོད་མེད་མྱོང་བའི་ངོས་ནས་འཚང་རྒྱ་བ་ཞིག་དེ་རིང་ནངས་པར་གཉིས་ཀྱི་དེ་རིང་རྒྱ་ཐབས་ཞིག་ཡོད་ན་བྱ་དགོས། སངས་རྒྱས་ན་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པའི་ཕྱིར་རོ། །སྔགས་ཀྱི་རྣལ་འབྱོར་བས་ཟས་ཀྱང་བཅུད་ཅན་གྱི་རིགས་གང་བཟང་ཐམས་ཅད་བསྟེན་དགོས། ཁྱད་པར་ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་དང་། རིག་མ་བསྟེན་པ་སྔགས་ཀྱི་ཕྱག་རྒྱ་ཡིན་པས། འདི་གསུམ་དུས་རྒྱུན་དུ་བསྟེན་དགོས། བཟའ་བཏུང་བཟང་པོ་མ་བསྟེན་ན་ལུས་སྟོབས་མི་རྒྱས། ལུས་སྟོབས་མ་རྒྱས་ན་བདེ་བ་མེད། བདེ་བ་མེད་ན་བདེ་སྟོང་དུ་སྦྱོར་རྒྱུ་མེད། དེ་མེད་ན་བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མི་འཐོབ། བཟའ་བཏུང་ལོངས་སྤྱོད་ལ་ཅི་བདེར་ལོངས་སྤྱོད་དགོས། ཞེས་སྔགས་གཞུང་དུ་མ་ནས་གསུངས་པས་དེ་ལྟར་མ་བསྟེན་ན། དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པ། །གསུངས་པས་རྩ་ལྟུང་བཅུ་གསུམ་པ་དེ་འཕོག །ཤ་ཟོས་ཆང་འཐུང་ན་འཇིག་རྟེན་པས་ཀྱང་ལུས་སྟོབས་རྒྱས་ནས་བུད་མེད་ལ་སྤྱད་ནས་བདེ་བ་མོད། སྔགས་ཀྱི་རྣལ་འབྱོར་བའི་ཐིག་
ལེ་རྒྱས་ཚེ་ཕྱག་རྒྱ་མ་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་མངའ་བརྙེས། འདོད་ཡོན་ལྔ་པོ་འདིས་དང་པོ་ཆོས་ལ་འཇུག་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་གྲོགས་བྱེད། མཐར་ཐུག་སྐུ་གཉིས་ཀྱི་གོ་འཕང་འཐོབ་པའི་རྐྱེན་བྱེད། ཐབས་མཁས་བསྡུ་བཞིའི་སྒོ་ནས་གཞན་དོན་ཀྱང་རྒྱ་ཆེན་འབྱུང་བར་བྱེད་དོ། །དེས་ན་ཆོས་པ་འཇིག་རྟེན་པ་རྣམས་ཀྱི་སུ་ཡིན་ཀྱང་ཐོག་མར་བཙལ་བའི་དུས་སུ་ཡང་སྡིག་དང་མ་འདྲེས་པ་བྱས་བཙལ། བར་དུ་བསྟེན་པའི་དུས་སུ་ཆགས་སྡང་སོགས་ཉོན་མོངས་པའི་དབང་དུ་མ་ཤོར་བ་བྱས་བསྟེན། ཐ་མ་བསྟེན་པའི་རྗེས་སུ་ཡང་ལས་ངན་འདྲ་མ་བསགས་བའི་ལུགས་གཉིས་ཀྱི་བླང་དོར་ཚུལ་བཞིན་བྱས་ན་ལེགས། ཁྱད་པར་གསང་སྔགས་ཀྱི་རྣལ་འབྱོར་པའི་མཁོ་བའི་ཡོ་བྱད་བསྟེན་བའི་དམ་རྫས་ནི། མཁས་གྲུབ་རྗེས་མཛད་པའི་རྣལ་འབྱོར་རོལ་བའི་དགའ་སྟོན་དང་། འཇམ་དབྱངས་སངས་རྒྱས་རྡོ་རྗེས་མཛད་པའི་ལོངས་སྤྱོད་དམ་ཚིག་བདེ་བའི་དཔལ་སྦྱིན་སོགས་ནས་བཤད་པ་ལྟར་བསྟེན་པ་གལ་ཆེ། འདོད་ཡོན་ལྔའི་ནང་ནས་ལྟོ་གོས་བུད་མེད་གསུམ་པོ་འདི་ཐབས་མཁས་ཀྱིས་སྤྱོད་ཤེས་ན། བདེ་སྐྱིད་ཀྱི་འབྱུང་གནས་ཡིན་ཏེ། དེ་ཡི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ཡང་ཇ་འདི་རྒྱ་ནག་དང་བོད་ཀྱི་བསོད་ནམས་ཀྱི་དཔལ་ལས་འཁྲུངས་པ་ཡིན་
ཏེ། འབྲུག་པའི་ཇ་མཆོད་ལས། ཕུན་ཚོགས་བསོད་ནམས་སྟོབས་ལས་གྲུབ་པའི་བཅུད། །རྒྱ་ཇ་དྲི་བཟང་མདོག་མཛེས་རོ་བརྒྱ་བ། །གསུངས། དེས་ན་རྒྱ་གར་སོགས་ཕྱོགས་གཞན་ན་མེད་པའི་ཁྱད་ཆོས། གངས་ཅན་བོད་ཀྱི་སྐྱེ་བོ་ཕོ་མོ་ཡོངས་ཀྱི་བཏུང་བ་མཆོག་ཇ་འདི་ཡིན། ཇ་འདི་མི་འཐུང་བའི་མི་གཅིག་མེད། མཐོ་བ་རྒྱལ་བློན་ནས་དམའ་བ་སྤྲང་སློང་ཡན་གྱིས་འཐུང་། ཇ་འཐུང་ན་ཆུ་འཐུང་བ་དང་མི་འདྲ། སྐོམ་པའི་གདུངས་པ་སེལ། ལུས་དང་རྩ་ཁམས་ཐམས་ཅད་དྲོས། བདེ་དྲོད་འབར་བ་ལྟ་བུའི་ཉམས་སྐྱེ། ལུས་ལ་གཟི་མདངས་རྒྱས། རིག་པ་གསལ། སྨྲ་ལྕེ་བདེ། གཉིད་ཆུང་། མགོ་ན་བས་འཐུང་ན་མགོ་ནད་སེལ། ཇ་འདི་གཅིག་པུ་ལ་འདོད་ཡོན་ལྔ་ཚང་། དབང་པོ་སྒོ་ལྔ་ཚིམ། ཁ་དོག་མཛེས་པས་མིག་ཚིམ། ཕྱར་ན་སྒྲ་སྙན་པས་རྣ་བ་ཚིམ། སྣུམ་ན་དྲི་ཞིམ་པས་སྣ་ཚིམ། འཐུང་ན་རོ་མངར་བས་ལྕེ་ཚིམ། རེག་ན་རེག་བྱ་འཇམ་པས་ལུས་ཚིམ་ནས་དབང་པོ་སྒོ་ལྔ་ལ་བདེ་བ་ཚད་མེད་བསྐྱེད། དེའི་མཐུས་ནང་སེམས་ལ་དགའ་བདེའི་ཉི་མ་འཆར། ཇ་འདི་ལ་བརྟེན་ནས་ཁྱིམ་པ་རྣམས་ཀྱིས་སོ་ནམ་འོང་། མཚན་ཉིད་པ་ལ་སློབ་གཉེར་ཡོང་། ཐུགས་དམ་པ་རྣམས་ལ་ཐུགས་དམ་འཕེལ། བླ་མ་རྣམས་ལ་འགྲོ་དོན་ཡོང་། ཇ་འདི་ལ་ཡོན་ཏན་བརྒྱ་ཕྲག་མང་པོ་མངའ། དེས་ན་རོ་བརྒྱའི་
བཅུད་ལྡན་རྒྱ་ཇའི་བཏུང་བ་དང་། །ཞེས་པ་དང་། ཕུན་ཚོགས་དྲི་ངད་ལྡན་པའི་ཇ་དཀར་ཕུད། །སོགས་ཀྱིས་ཇ་འདི་བསྟོད་ནས་བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་གཞི་བདག་ལ་ཕུད་མཆོད་པ་ཡིན། ཇ་འདི་ངན་ན་ལྷ་ལ་མི་འབུལ། ལྷ་ལ་ཕུལ་བ་དེ་བཟང་བའི་རྟགས་ཡིན། མཉམ་མེད་ཇོ་བོ་རིན་པོ་ཆེ་ཡང་བོད་ལ་བྱོན་དུས་ཇ་དྲངས་པ་བཞེས་ནས། འདི་བཏུངས་ན་རིག་པ་དྭངས་པ་སྨྲ་ལྕེ་བདེ་བ་ཕུང་པོ་ཡང་བ་སོགས་ཡོན་ཏན་མང་པོ་སྣང་ཞེས་སླར་རྒྱ་གར་དུ་སྐྱེས་སུ་ཡང་ལན་མང་བསྐུར་སྐད། ཇ་འདི་ཆུ་ངན་ཀུན་ཀྱང་བདུད་རྩིར་བསྒྱུར་བའི་རྩི་ཡིན་པས། ལྷའི་བདུད་རྩི་དང་མཚུངས། ཇ་འདི་བས་བཏུང་བ་ཞིག་རྒྱ་བོད་ཧོར་སོག་གང་ན་ཡང་མེད། ཇ་འདི་ལ་ཡོན་ཏན་མང་པོ་ལྡན་པས་རིན་དུ་གསེར་དངུལ་གོས་དར་རྟ་མཛོ་སོགས་ནོར་རྫས་རྔམ་ཅན་རྣམས་བྱིན་ནས་ཉོས་པ་ཡིན། ཡོན་ཏན་མེད་ན་ནོར་དེ་ལྟ་བུ་བྱིན་ནས་མི་ཉོ། དེ་ཡང་ཇ་འདི་བཟང་བའི་རྟགས་ཡིན། ཇ་འདི་ཤིང་གི་ལོ་མ་ཡིན་པས་སྡིག་པ་ཡང་སྤུ་ཙམ་མེད། འོ་ན་ཇ་བཏུས་ནས་འཚོང་མཁན་གྱིས་སྲིན་འབུ་མང་པོ་བཅུར། ཇ་འཚོང་མཁན་གྱི་དྲེལ་རྟ་མཛོ་གཡག་ལ་བཀལ་ནས་རྒལ་བ་བཏོན། ངལ་དུབ་ཀྱིས་ལམ་ནས་ཤི། ཇ་འདིའི་ཕྱིར་ཚོང་དཔོན་དང་གཡོག་པོ་མི་ཡང་མང་པོ་ཤི་བའི་ཉེས་པ་དེ་རྣམས་ཀྱི་ཆེ་ཤོས་ཇ་འཐུང་བ་པོ་རྣམས་ལ་འབྱུང་བས་འཐུང་
མི་རུང་ཉེས་པ་ཆེ་ཟེར་ན། སྤྱིར་སངས་རྒྱས་ཀྱི་གསུང་ལས་འབྲས་ཀྱི་དབྱེ་བ་ལམ་རིམ་སོགས་ན་བཤད་ཡོད་ཙ་ན། སེམས་ཅན་གསོད་བསམ་པ་ནི་ཡིད་ལ་མ་ཤར། དང་པོ་གསོད་པའི་སྦྱོར་བ་མ་བརྩམས། བར་དུ་རང་ངམ་གཞན་གྱིས་མ་བསད། ཐ་མ་བསད་ཚར་སོང་སྙམ་པའི་བློ་མ་སྐྱེས་པར་མ་ཤེས་པའི་དབང་གིས་སྲིན་འབུ་སོགས་བསད་ན་ཉེས་པ་ཞིག་ཡོད་རུང་སྲོག་གཅོད་ཀྱི་ཕམ་པ་མི་འབྱུང་བར་གསུངས། དེས་ན་ངེད་ཚོས་ཇ་བཏུ་དགོས་མ་བཤད། ཇ་ཁྱེར་ཤོག་ཅེས་བཤད་པ་མེད། ཇ་ཡི་ཕྱིར་ཡང་སྲིན་འབུ་སོད་ཁལ་རྟ་རྒལ་བ་ཐོན་མི་ཕྱུགས་མང་པོ་འཆི་རུ་འཇུག་པའི་བསམ་སྦྱོར་སོགས་གང་ཡང་མེད་པས་ན་ཇ་འཐུང་བ་ཙམ་གྱིས་ཉེས་པ་ཕྲན་བུ་ཆུང་ངུ་རེ་འབྱུང་བ་མ་གཏོགས་ཉེས་པ་ཆེན་པོ་ཞིག་མི་འབྱུང་། ཉེས་པ་ཅུང་ཟད་རེ་ཡོད་ཀྱང་ཇ་ལ་བརྟེན་ནས་ཆོས་པ་རྣམས་ཀྱིས་དགེ་སྦྱོར་བྱས་པ་ལ་བརྟེན་ནས་འབྲེལ་ཚད་ཐམས་ཅད་ལ་ཕན་པའི་ཕྱིར། བསྔོ་བ་སྨོན་ལམ་གྱི་མཚམས་སྦྱོར་བྱས་ན་ཉེས་པ་ཆུང་ངུ་དེ་ལྟ་བུ་རེ་འདག་པར་མ་ཟད། འབྲེལ་ཐོགས་ཐམས་ཅད་ལ་འཕྲལ་ཕུགས་སུ་ཕན་ཐོགས་ཀྱང་བརྒྱ་སྟོང་འགྱུར་གྱི་ཆེ་བ་འབྱུང་བས་སྐྱོན་གྱིས་མི་གོས། འོ་ན་འོ་སྐོལ་ཆོས་པ་རྣམས་ལ་སྐྱོན་གྱིས་མི་གོས་རུང་། ངེད་ཚོ་ལ་བརྟེན་ནས་ཇ་འཐུ་བ་དང་འཚོང་བ་པོ་ལ་སྡིག་པ་ཆེན་པོ་འབྱུང་བས། འཐུང་མི་རུང་ཟེར་ན། ཇ་འཐུ་བ་རྣམས་ཀྱིས་ཀྱང་ཇ་འཐུ་བསམ་པ་མ་གཏོགས་འབུ་གསོད་མ་བསམས། གསོད་པའི་སྦྱོར་བ་མ་
བརྩམས། འབུ་རྣམས་ཀྱང་ཇ་འཐུ་བའི་ས་ན་མེད། ཡོད་ཀྱང་བྲོས་སོང་ན་ག་ལ་གསོད། རང་གར་མ་མཐོང་མ་ཤེས་པར་རྐང་ལག་གི་སྲིན་འབུ་རེ་གཅུར་བཏང་ཡང་དེའི་ཤ་མ་ཟོས་ཁྲག་མ་འཐུང་། དེས་ན་སྡིག་པ་ཆེན་པོ་མེད། འོན་ཀྱང་ཉེས་པ་ཆུང་ངུ་ཞིག་ཡོད་པས་འཛེམ་ལོས་དགོས། འཛེམས་ཀྱང་མ་ཤེས་པའི་དབང་གིས་བསད་སོང་བ་ལ་ཁོང་རིགས་རྣམས་ཀྱིས་ཀྱང་ཇ་ལ་བརྟེན་ནས་ཚོགས་བསགས་སྒྲིབ་སྦྱོང་གང་ནུས་བྱས། འོ་སྐོལ་ཆོས་པ་རྣམས་ཀྱིས་ཀྱང་དེ་དག་རྣམས་ལ་དམིགས་ནས་དགེ་སྦྱོར་བྱས་ན་ཉེས་པ་ལས་དགེ་བ་སྟོབས་ཆེ་བར་གྱུར་ནས་ཐམས་ཅད་ལ་སྐྱོན་གྱིས་མི་གོས། དེས་ན་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་ཇ་འཐུང་བཞིན་ཕྱག་བསྐོར་བསྙེན་གནས་སྨྱུང་གནས་ཡིག་དྲུག་བགྲངས་ཇ་ཡིས་དཀོན་མཆོག་མཆོད་སྦྱིན་པ་བཏང་དགེ་བ་བསྒྲུབས། ཆོས་པ་རྣམས་ཀྱིས་ཇ་འཐུང་བཞིན་ཐོས་བསམ་སྒོམ་གསུམ་གང་ལ་འབད་ན་ཉེན་ལས་ཁེ་ཆེ་བས་དེ་ལྟར་གྱིས། ཡང་མར་འདི་ལ་ཡོན་ཏན་དུ་མ་མངའ། ས་ཡི་བཅུད་འདུས་པ་རྩི་ཤིང་ཡིན། རྩི་བཅུད་མཛོ་འབྲིས་བསྡུས་པ་འོ་མ་ཡིན། འོ་མའི་བཅུད་ཐམས་ཅད་ཚུར་འདུས་ནས་མར་འདི་བྱུང་བ་ཡིན་པས་མར་འདི་ཟས་སྐོམ་གཞན་དང་མི་འདྲ། མར་འདི་ཟོས་ན་ལུས་སྟོབས་རྒྱས། ཤ་འཇམ་ཤ་སྣུམ་དང་ལྡན། རྒས་ཁ་སྲ། ལྟོགས་སྐོམ་གྱི་གདུང་བ་མཐའ་དག་སེལ།
རླུང་ནད་སོགས་ནད་དུ་མ་ལ་ཕན། མར་འདི་ལ་འདོད་ཡོན་ལྔ་ག་ཚང་བས་དབང་པོ་སྒོ་ལྔ་ལ་བདེ་བ་བསྐྱེད། སེམས་ལ་དགའ་བ་བསྐྱེད། སྐྱེ་བོ་ཕོ་མོ་རྣམས་ལ་འཇིག་རྟེན་ཡོང་། ཆོས་པ་རྣམས་ལ་ཆོས་ཡོང་། དེས་ན་སྨན་རྒྱུད་ལས། མར་འདིས་སེམས་ཅན་ལ་ཕན་བདེའི་ལས་སྟོང་ཕྲག་ཅིག་བྱེད་པར་གསུངས། དཀོན་མཆོག་མཆོད་པའི་མཆོག་ཀྱང་མར་འདི་ཡིན། མར་འདི་ལ་བརྟེན་ནས་བསོད་ནམས་ཆེན་པོ་འཐོབ་སྟེ། ཡོན་ཏན་བདུད་རྩིའི་རྒྱ་མཚོ་འབར་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡིས། །སྟོང་གསུམ་གང་བར་ཕུལ་བ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིག་པ་གཅིག་བྱུགས་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །གསུངས། སྔོན་རྒན་མོ་གཅིག་གིས་སངས་རྒྱས་ལ་དམིགས་ནས་མར་མེ་ཆུང་ངུ་གཅིག་ཕུལ་བས། སངས་རྒྱས་ཀྱིས་རྒན་མོ་དེ་ལ་ཁྱོད་མ་འོངས་པ་ན་སངས་རྒྱས་མར་མེའི་འོད་ཅེས་བྱ་བ་ཞིག་ཏུ་འགྱུར་ཞེས་ལུང་བསྟན་ཐོབ་པ་སོགས་མར་འདིའི་སྒོ་ནས་ཆོས་བྱས་ན་ཕན་ཡོན་མཐའ་ཡས་པ་མདོ་རྒྱུད་བསྟན་བཅོས་མང་པོ་ནས་གསུངས། འོ་ན་མར་འདིའི་ཕྱིར་ཁྱིམ་པ་སོགས་ཀྱིས་མཛོ་མོའི་རྟོལ་ལུ་སོགས་བསད་ནས་སྡིག་པ་ཚད་མེད་བྱེད་པས། མར་འདི་སྡིག་ཟས་ཡིན། སྡིག་པ་དེའི་ཆེ་ཤོས་ཟ་བ་པོ་རྣམས་ལ་འབྱུང་བས། ཆོས་པ་རྣམས་ཀྱིས་ཆོས་རྣམ་དག་ཅིག་བྱེད་ན་མར་འདི་ཟ་མི་རུང་སྤོང་དགོས་ཟེར་ན། སྤྱིར་འཁོར་
བའི་གནས་ན་སྡིག་དང་མ་འདྲེས་པའི་ཟས་ཞིག་དཀོན་པས། སྡིག་པ་དང་ཅུང་ཟད་ཙམ་ཡང་མ་འདྲེས་པའི་ཟས་ཞིག་རྙེད་དཀའ། སྡིག་པ་ཅུང་ཟད་ཡོད་ཁི་ཞེས་འབྲོག་པ་སོགས་ཀྱིས་མར་མ་བླངས། ཆོས་པ་རྣམས་ཀྱིས་མ་ཟོས་ན། མི་ཡང་མང་པོ་རླུང་གིས་འཆི་ཞིང་ཆོས་པ་རྣམས་ལ་ཡང་ཐོས་བསམ་སྒོམ་གསུམ་སོགས་གང་ཡང་མི་ཡོང་། བླ་མ་དཀོན་མཆོག་གསུམ་སོགས་མཆོད་ནས་བསོད་ནམས་ཀྱང་གསོག་རྒྱུ་མེད་པར་འགྱུར་བས་ཉེས་པ་ད་དུང་དེ་ཆེ། དེ་བས་འབྲོག་པ་རྣམས་ཀྱིས་མཛོ་མོའི་བུ་སོགས་མ་བསད་པར་ཅི་ནུས་ཀྱི་སྡིག་པ་ལ་འཛེམ་བཞིན་འོ་མ་བཞོས་མར་བླངས། མར་ལ་བརྟེན་ནས་ཡར་བླ་མ་དཀོན་མཆོག་ལ་མཆོད་པ་མར་དབུལ་བོ་ལ་སྦྱིན་པ་བར་དགེ་འདུན་མང་པོ་ལ་བསྙེན་བཀུར་བྱས་ན་མ་ཤེས་བཞིན་དུ་སྲིན་འབུ་བསད་པ་སོགས་ཀྱི་སྡིག་པ་ལས་དགེ་སྟོབས་ཆེ་བར་གྱུར་ནས་ཉེན་ཆུང་ལ་ཁེ་ཆེ་བར་འབྱུང་། འོ་སྐོལ་ཆོས་པ་རྣམས་ཀྱིས་མར་སྤངས་པ་བས་མར་བསྟེན་ན་སྦྱིན་བདག་མཛོ་འབྲི་སྲིན་འབུ་སོགས་མར་ལ་བརྟེན་ནས་བཟང་ངན་འབྲེལ་ཐོགས་རྣམས་ལ་ཕན་ཕྱིར་དགེ་སྦྱོར་བྱས་ན་ཉེས་པ་བས་ཕན་ཡོན་ཆེ་བར་འགྱུར། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། ཁྱིམ་པ་རྣམས་ལ་སྡིག་པ་འཛེམ་དགེ་བ་སྒྲུབ་གསུངས་པ་མ་གཏོགས། མཛོ་འབྲི་མ་བཞོ་མར་མ་ལེན་ཞེས་མ་གསུངས། དགེ་སློང་སོགས་ཆོས་པ་རྣམས་ལ་ཡང་
ཟས་དཀར་གསུམ་མངར་གསུམ་བསྟེན་གསུངས་པ་མ་གཏོགས། འདི་ཡང་སྤོངས་ལ་མུག་སྡུག་མྱོང་མ་གསུངས། དེས་ན་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་མཛོ་འབྲིའི་བུ་མ་གསོད་པར་འོ་མ་བཞོས་མར་ལོངས། དེ་ལ་བརྟེན་ནས་ཆོས་གྱིས། རང་གིས་ཀྱང་ཟོ་ཕྱག་བསྐོར་ཁ་ཏོན་སོགས་གྱིས། ཆོས་པ་རྣམས་ཀྱིས་མར་བསྟེན་ལ་ཆོས་བཞིན་འདུལ་བ་བཞིན་དགེ་སྦྱོར་རྣམ་དག་གྱིས་དང་མར་ཟོས་བའི་ཉེས་པ་སོགས་ཀྱི་སྐྱོན་གྱིས་མི་གོས། སྡིག་དང་ཅུང་ཟད་མ་འདྲེས་པའི་ཟས་ཤིག་འཁོར་བ་ན་དཀོན་པས། ཆོས་པ་འཇིག་རྟེན་པ་སུ་ཡིན་རུང་ཆོས་མི་བྱ་བར་རང་གར་བག་མེད་དུ་མར་སོགས་ཟས་གང་ལ་སྤྱད་ཀྱང་ཉེས་པ་མེད་པར་མི་འགྱུར་བའི་ཧ་དེ་གོ་ནས་ལོངས་སྤྱོད་ཤེས་བྱེད་པ་གལ་ཆེ། ཡང་རྩམ་པ་འདི་ཁ་དོག་མཛེས་སྒྲ་ཡང་བསྒྲགས་ན་སྙན། དྲི་ཞིམ་རོ་མངར་རེག་བྱ་འཇམ་པས་འདོད་པའི་ཡོན་ཏན་ལྔ་ཚང་། མི་རྣམས་ཀྱི་དབང་བོ་སྒོ་ལྔ་མཉེས་བར་བྱེད་པའི་ཟས་ཀྱི་མཆོག་འདི་ཡིན་ཏེ། སྨན་གྱི་རྒྱུད་ལས། ཟས་ཀྱི་མཆོག་གྱུར་ནས་རྙིང་རྩམ་པ་སྟེ། །གསུངས། ཟས་འདི་ལ་བརྟེན་ནས་ཕུང་ཁམས་རྒྱས་པས་བཟང་སྟེ། རྗེ་མི་ལས། རྙེད་དཀའ་འཇིག་སླའི་ལུས་པོ་འདི། །ཟས་དང་འཕྲད་པས་སྐུ་ཁམས་བཟང་། །གསུངས། ཟས་འདི་ཆོས་པ་འཇིག་རྟེན་པ་སུ་ལ་ཡང་མེད་དུ་མི་རུང་སྟེ། སྤྱན་སྔ་བས། མེད་དུ་མི་རུང་རྩམ་པ་ཁོ་ན་སྟེ། །གསུངས། དེ་ཐུགས་བདེ་ན་རྩམ་པ་མེད་ན་མི་ཀུན་
འཆི་ཡང་འདིས་ཐམས་ཅད་ཀྱི་སྲོག་བཟུང་ཡོད་པ་ཙམ་དུ་མ་ཟད་ལུས་སྲོག་ཡར་ཡར་བསྐྱེད་པས། སྨན་དཀར་པོ་ཆིག་ཐུབ་ཡིན་ཏེ། སྨན་པ་ཞིག་ལ་དཀར་པོ་ཆིག་ཐུབ་གང་ཡིན་དྲིས་ཚེ་རྩམ་པ་ཐུན་གཅིག་བསྐུར་ནས་འདི་ཡིན་ཟེར་སྐད། དེས་ན་རྒད་པོ་འགའ་རེས། མགོ་ནག་མི་འཆི་གོས་སྨན་རྩམ་པ་དྲིན་ཅན་པོ་ཟེར། རྒྱ་རྣམས་ཀྱིས་ཟ་མ་རིན་པོ་ཆེ་ཟེར་ཡར་སྟེགས་སུ་བཞག །མར་ས་ལ་ལྷུངས་ན་མགོ་ཐོག་ཏུ་བཞག་ནས་དྲིན་ཅན་པོ་འདི་དང་མི་འབྲལ་བར་ཤོག་ཅེས་སྨོན་ལམ་འདེབས། རྩམ་པ་འདིས་མི་རྣམས་ཀྱི་བཀྲེས་པའི་གདུང་བ་བསལ་ལུས་ཟུངས་བསྐྱེད། ལུས་ལ་བདེ་བ་སེམས་ལ་དགའ་བ་དཔག་ཏུ་མེད་པ་བསྐྱེད། འདིའི་སྟེང་ནས་ཆོས་འཇིག་རྟེན་གྱི་བདེ་སྐྱིད་སྙན་གསུམ་གང་ཡང་ཐོབ་པས། འདི་བདེ་བ་ཐམས་ཅད་སྟེར་བའི་ཡིད་བཞིན་གྱི་ནོར་བུ་དང་འདྲ། འདི་མི་རྣམས་ཀྱི་བསོད་ནམས་ཀྱི་མཐུ་དང་། སངས་རྒྱས་རྣམས་ཀྱི་རྣམ་འཕྲུལ་ལས་བྱུང་བ་ཞིག་ཡིན་ཞིང་། ཁྱད་པར་འཕགས་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས་བྱུང་བའི་ཟས་ཡིན་པས་ཟས་འདི་མི་འཕྲོད་པའི་མི་གཅིག་མེད། མི་ཟ་བ་ཡང་མེད། རྩམ་བ་འདི་ཟོས་ནས་མ་འཕྲོད་གནོད་ནས་ཤི་སོང་ཟེར་བ་གཅིག་མེད། འདི་ལ་ཆོས་པ་འཇིག་རྟེན་པ་ཐམས་ཅད་བརྟེན་དགོས། འོ་ན་འདིའི་ཕྱིར་ས་ཡི་སྲིན་འབུ་བགྲང་
གིས་མི་ལངས་པ་འཆི་བས་ཕན་ཡོན་བས་ཉེས་པ་ཆེ་བས་བསྟེན་མི་རུང་ཟེར་ན། སྲིན་འབུ་ཁ་ཤས་ཤི་འགྲོ་ཡང་ཉེས་པ་མེད་པ་མ་ཡིན་ཏེ། དེ་བས་རྩམ་པ་འདིས་མི་བྱེ་བ་ཐེར་འབུམ་གྱི་སྲོག་བཟུང་ཡོད་པས། མི་གཅིག་གི་སྲོག་བཟུང་ཡང་སྲིན་འབུ་ཁྲི་ཚོ་གཉིས་དང་སྟོང་ཚོ་གཅིག་གི་སྲོག་བཟུང་བ་ཙམ་གྱིས་ཕན་ཡོན་ཡོད་པས། དེས་ན་ཁེ་ཉེན་གང་ཆེ་བ་ལྟོས། ཁེ་ཆེ་བ་ཉེན་ཆུང་བ་དེ་འདེམས་དགོས། སྲིན་འབུ་ཁ་ཤས་འཆི་བའི་ཉེས་པར་འཇིགས་ནས་ཁྱིམ་པས་ཞིང་འདེབས་པ་བཞག །ཆོས་པ་འཇིག་རྟེན་པ་རྣམས་ཀྱིས་རྩམ་པ་སྤངས་ནས་ཆོས་བྱས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མི་འཐོབ་པ་ཕར་ཞོག །ཐམས་ཅད་མུ་གེས་ཤི་ཡོང་། མུ་གེར་འཆི་རུ་བཅུག་ན་མི་བསད་པའི་སྡིག་པ་ཡོད་པར་མ་ཟད་སྔགས་ཀྱི་རྣལ་འབྱོར་བ་ཡིན་ན་ལྷ་བསད་པའི་ཉེས་པ་འབྱུང་བས་སྡིག་པ་དེ་ཆེ། ལྟོགས་ན་མུ་གེའི་འཆི་རུ་འཇུག་སུས་ཀྱང་མི་ཐུབ། ལྟོ་འདིའི་ཕྱིར་སྲིན་འབུ་མི་ཚད་ལྟོགས་ན་མི་རྣམས་ཀྱིས་ཕན་ཚུན་གསོད་རེས་བྱས་ཤ་ཁྲག་ཟ་ཞིང་འཐུང་ངེས། དེ་བས་ཞིང་སྟེང་གི་སྲིན་འབུ་ཁ་ཤས་ཤི་ཡང་ཁྱིམ་པ་རྣམས་ཀྱིས་ཞིང་བཏབ་རྩམ་པའི་སྟེང་ནས་ཆོས་བྱས། ཆོས་པ་རྣམས་ཀྱིས་ཟས་ཕུལ་བའི་སྦྱིན་བདག་སྲིན་འབུ་ཤི་བ་སོགས་ལ་དམིགས་ནས་དགེ་སྦྱོར་རྣམ་དག་བྱས་ན་སྲིན་འབུ་ཤི་བ་སོགས་ལ་ཕན་ཡོང་། སྲིན་འབུ་ཕལ་ཆེར་མི་ཡིས་མ་བསད་རུང་ཞག་རེའི་ཚེ་མིན་མེད་པ་མང་། ཕལ་
ཆེ་བ་བྱ་དང་བྱེའུ་ཆུང་གིས་ཟ། ཉི་མས་བསྲེགས་སྟོན་མཇུག་དགུན་ཁ་ཐམས་ཅད་ཤི་འགྲོ། དེ་ལྟར་ཤི་བ་ལ་དགོས་པ་མེད་དེ། དེ་བས་མི་ཆོས་བྱེད་མཁན་རྣམས་ཀྱིས་མཐུན་རྐྱེན་གྱི་ཆེད་དུ་ཤི་ན་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་འདྲེན་པས་དགོས་པ་ཆེ། ཡང་རྩམ་པ་འདིའི་ཕྱིར་ཁྱིམ་པ་ཕོ་མོ་རྣམས་ཀྱིས་སྲིན་འབུ་སོགས་བསད་ནས་སྡིག་པ་མང་པོ་བྱས་རུང་། འོ་སྐོལ་རབ་བྱུང་བསྙེན་རྫོགས་སོགས་ཆོས་པ་དགོན་དང་རི་ཁྲོད་ནས་སྡོད་པ་སོགས་ཟས་ཟ་མཁན་ལ་ཟས་ཟོས་པ་ཙམ་གྱི་ཉེས་པ་མ་གཏོགས་ཉེས་པ་ཆེན་པོ་མི་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྲིན་འབུ་གསོད་དགོས་སྙམ་པ་ཡིད་ལ་མ་ཤར། སོད་ཅེས་ཁ་ནས་མ་བཤད། བསམ་སྦྱོར་གང་ཡང་མེད་ན་ཉེས་པ་ཆེན་པོ་ཞིག་འབྱུང་བ་རྒྱལ་བ་སྲས་བཅས་ཀྱིས་མ་གསུངས་པའི་ཕྱིར་རོ། །ཅུང་ཟད་ཡོད་པ་ཆོས་བྱས་པའི་མཐུ་ལས་བྱང་ཞིང་དག་པར་འགྱུར་བས་སྐྱོན་གྱིས་མི་གོས། ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་བསམ་བཞིན་དུ་བསད་པ་མིན་པས་ཉེས་པ་ཆུང་། དགེ་བ་བྱས་ན་སྡིག་པ་བས་དགེ་བ་སྟོབས་ཆེ་བར་སོང་ནས་སྐྱོན་མེད། དེས་ན་སངས་རྒྱས་ཀྱིས་ཞིང་མ་འདེབས་བཏབ་ན་སྡིག་པ་ཆེ་ཞེས་སྔར་མ་གསུངས་ད་ཡང་མི་གསུང་། རྒྱལ་བ་རྣམས་ཀྱིས་ལོ་ལེགས་པའི་ཐབས་སྣ་ཚོགས་གསུངས། སྔོན་སངས་རྒྱས་ཀྱིས་ཀྱང་བསོད་
སྙོམས་བྱས་ཟས་ཀྱི་བྱ་བ་མཛད། གཞན་རྗེས་འཇུག་ཡོངས་ལ་ཟས་བསོད་སྙོམས་ལ་བརྟེན་གསུངས་པ་མ་གཏོགས། ཟས་ཉེས་དམིགས་ཆེ་བས་ཁོང་གི་རྗེས་འཇུག་རྣམས་ཀྱིས་རང་ལྟོག་གྲིར་འཆི་རུ་ཆུག་མ་གསུངས། ཟས་འདི་སྤོང་དགོས་གསུངས་པ་ཡང་ཟས་ལ་ཡོན་ཏན་དུ་བལྟས་ནས་བག་མེད་དུ་མི་སྤྱོད་པ་དང་། གསོག་འཇོག་ཆེར་མི་མཛད་པ་ཟས་ཀྱི་ཕྱིར་སྡིག་པའི་ལས་མི་བྱེད་པར་དགོངས་ནས་དེ་སྐད་གསུངས་པ་ཡིན་གྱི། གཏན་ནས་མ་ཟ་སྤོང་ཞེས་པའི་ཚིག་ཏུ་འཁྲུལ་བར་མི་བྱའོ། །ཟས་སྤངས་ནས་ཆོས་ཤིག་འོང་བ་སངས་རྒྱས་ཀྱིས་མ་གསུངས། དེས་ན་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་ཡུལ་ཁམས་ཀྱི་མི་ཐམས་ཅད་ཚེ་རིང་ནད་མེད་པར་བདེ་ཞིང་། ཆོས་མཛད་སྐྱེས་བུ་རྣམས་ལ་ཆོས་ཀྱི་མཐུན་རྐྱེན་སྒྲུབ་པའི་ཆེད་དུ་དམིགས་ནས་ཞིང་ལས་ལ་འབད། ཆོས་མཛད་རྣམས་ཀྱིས་ཡུལ་ཕྱོགས་ཀུན་ཏུ་ལོ་ལེགས་འབྱུང་བའི་ཕྱིར་སྐུ་རིམ་ཀྱང་བྱ་དགོས། བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ་ཟེར་བ་ཡིན་པས། ཆོས་པ་སྐུ་རིམ་གྲོང་ཆོག་ཁོ་ན་བྱེད་མཁན་ལ་ཡང་ཡག་པོ་རེད་སྙམ་དག་སྣང་སྦྱོང་དགོས། མཐུན་རྐྱེན་ཟས་གོས་འཛོམ་པར་བསགས་ནས་ཟ་བཞིན་དུ་ལོ་ཏོག་ཕྱིར་སྲིན་འབུ་ཤི། ཁལ་རྟ་རྒལ་བ་བཏོན་པ་སོགས་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་གནས་སྐབས་སུ་བདེ་ཞིང་། མཐར་ཐུག་སངས་རྒྱས་ཕྱིར་མི་ལུས་
ཐོབ་ཚད་ཀྱིས་ཆོས་བྱས་ན་སྡིག་པ་བས་ཕན་ཡོན་ཆེ་བ་འབྱུང་། དེ་ལྟར་མ་ཡིན་པར་ཁྱིམ་པ་རྣམས་ཀྱིས་ཞིང་བཏབ་ནས་རང་གིས་ཟོས་ནས་གཞན་ཆོས་ཕྱོགས་སུ་མ་བཏང་ཆོས་པ་རྣམས་ཀྱི་སྦྱིན་བདག་གིས་གང་ཕུལ་ཟོས་ནས་དགེ་སྦྱོར་མ་བྱས་ན་དུག་ཟོས་ཟོས་ནས་སྨན་མ་འཐུང་བ་ལྟར་སྡིག་དང་འདྲེས་པའི་ཟས་ཟོས་ནས། སྡིག་པ་འཇོམས་བའི་དགེ་བ་མ་བྱས་པ་ཡིན་པས། ནད་ཟུག་ལྡང་བ་ལྟར་ཚེ་འདི་ཕྱིར་སྡུག་བསྔལ་འབྱུང་ངེས་པས་གོ་བར་གྱིས། ཡང་ཤ་འདི་རྩམ་བ་བས་ལྷག་གི་ནུས་པ་ཡོད། མི་རྣམས་ཀྱི་ལུས་སྟོབས་རྒྱས་པས་ཟས་ཀྱི་མཆོག་འདི་ཡིན། ནད་པ་ཟུངས་ཟད་སང་འཆི་གནང་འཆི་ཟེར་བ་ཡང་ཤ་བཟང་བོ་ཞིག་གིས་སྲོག་འཆད་བ་མཐུད་ནུས། དེས་ན་སངས་རྒྱས་ཀྱིས་དགེ་སློང་རླུང་ཤས་ཆེ་བ་རྣམས་ལ་ཚོང་འདུས་ཀྱི་ཤ་ཟོ་ཞེས་གནང་བ་བྱིན་ཡོད། ཉན་ཐོས་རྣམ་གསུམ་དག་བའི་ཤ། །ཟ་བར་རུང་གིས་མི་ཟ་ན། །ལྷས་སྦྱིན་གྱི་ནི་བརྟུལ་ཞུགས་འགྱུར། །གསུངས། རྣམ་གསུམ་དག་བའི་ཤ་ཟོས་ན་ཆོག་བ་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་ཡིན་ཏེ། མཁས་གྲུབ་རྗེས། འདོད་སྲེད་ཆེན་པོས་བསྟེན་ན་མ་གཏོགས། རྣམ་གསུམ་དག་བའི་ཤ་ནི་དགེ་སློང་རྣམས་ཀྱིས་བཞེས་ཆོག་ཚུལ་ནི་སྡོམ་གསུམ་རྣམ་བཤད་ནས་ཤིན་ཏུ་རྒྱས་པར་གསུངས་པ་དང་། རྗེ་སངས་རྒྱས་རྡོ་རྗེས། གསང་སྔགས་ཀྱི་རྣལ་
འབྱོར་བས་ཤ་ཟོས་ཆོག་ཚུལ་ལུང་རིག་གིས་བསྒྲུབས་ནས་ལོངས་སྤྱོད་དམ་ཚིག་ལས་གསུངས་པ་དང་། གསང་འདུས་ལས་ཀྱང་། གླང་པོའི་ཤ་དང་རྟ་ཡི་ཤ། །དེ་བཞིན་དམ་བ་ཁྱི་ཡི་ཤ། །ཟས་ཀྱི་ཕྱིར་དུ་བཟའ་བར་བྱ། །ཞེས་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། ཤ་དང་ཆང་ལ་མ་བརྟེན་བར། །གསང་སྔགས་འགྲུབ་བར་མི་འགྱུར་ཏེ། །ས་དང་རླན་ལ་མ་བརྟེན་པར། །མྱུ་གུ་སྐྱེ་བར་མི་འགྱུར་རོ། །ཞེས་དང་། ཧེ་རུ་ཀ་རྩ་བའི་རྒྱུད་ལས། རྡོ་རྗེ་ལྷ་མོ་མྱོས་བྱེད་ཤ་རྣམས་ཀྱིས། །སྐྱེ་བོ་གུས་བས་རབ་ཏུ་མཆོད་བྱེད་ན། །ཧེ་རུ་ཀ་དཔལ་མངོན་དགར་གྱུར་བ་ཡི། །གང་ཕྱིར་དེ་རྣམས་ལག་ན་མཆོག་གི་གནས། །མགུ་བའི་ཐུགས་ཀྱིས་མྱུར་དུ་སྩོལ་བར་འགྱུར། །ཞེས་གསུངས། སྔོན་རྒྱ་གར་གྱི་གྲུབ་ཐོབ་ཕལ་ཆེ་བས་དུར་ཁྲོད་དུ་ཕེབས་ནས། བཾ་རོ་བཤས་ནས་ཚོགས་འཁོར་བསྐོར་ཏེ་ཤ་ཆེན་བཞེས་པ་དང་། བོད་ཀྱི་གྲུབ་ཐོབ་གླིང་ཆེན་རས་པ་དང་། གཙང་སྨྱོན་པས་བུད་མེད་ཀྱི་རོའི་ཐོད་པ་བཀོག་ནས་ཀླད་བ་ཞོ་ལྟར་འཐུང་བ་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་བོས་རྟ་ཤི་བའི་གློ་བ་རྣག་གིས་ཟིན་ཡོད་བ་རྣག་དང་བཅས་ཏེ་བཞེས་པ་སོགས་དེ་འདྲའི་ལོ་རྒྱུས་བརྒྱ་དགོས་ན་སྟོང་ཡོད། དེས་ན་རྭ་ལོས། རིག་མ་བརྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །དམ་ཉམས་སྒྲོལ་བ་དྲག་པོའི་བརྟུལ་ཞུགས་ཡིན། །གསུངས་བ་ལྟར་སྔགས་ཀྱི་རྣལ་འབྱོར་བས་ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན་
པས་ལམ་གྱི་གྲོགས་སུ་འགྱུར་སྟེ། རྗེ་མི་ལས་སྒྲུབ་པ་མཛད་དུས་ཁྱི་ར་བ་འགའ་ཞིག་གིས་ཤ་ཕུལ་བས་དགེ་སྦྱོར་ཤེད་ཆེར་སོང་ཉམས་རྟོགས་ཁྱད་པར་ཅན་སྐྱེས་གསུངས། ཡང་སྲིང་མོ་དང་མཛེས་སེ་གཉིས་ཀྱིས་ཤ་ཆང་སོགས་འཚོ་བ་ཁྱེར་འོངས་བ་བཞེས་བས། དབུ་མའི་རྩམ་དུད་གྲོལ་བའི་གྲོགས་སུ་གྱུར་ནས་ནམ་མཁའ་ལ་འཕུར་ནུས་བ་བྱུང་བར་གདའ། གཞན་ཡང་ཤ་ཟོས་ན་ལུས་སྟོབས་རྒྱས་ནས་ཐིག་ལེ་འཕེལ་བའི་བདེ་བ་ཆེ། བདེ་བ་ཆེ་ན་སྟོང་པ་ངེས། བདེ་སྟོང་གཉིས་སྦྱོར་ནུས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། ཤེས་ན་ཤ་འདི་སྔགས་ཀྱི་དམ་རྫས་ཀུན་གྱི་མཆོག་ཅིག་ཡིན། འོ་ན་དུས་འཁོར་ན་ཟ་བ་པོ་དང་གསོད་པ་པོ་གཉིས་ཀྱི་ཟ་བ་བོ་ཉེས་པ་ཆེ་ཞེས་བཤད་འདུག་ཟེར་བ་དེ་བདེན་ན། གསོད་མཁན་ཤན་པ་དང་ཟ་མཁན་བླ་མ་དགེ་སློང་རྣམས་ཀྱི་ཟ་བ་པོ་བླ་མ་དགེ་སློང་ལ་ཉེས་པ་ཆེན་པོ་འོང་ཟེར་ན། དེ་ལ་སེམས་ཅན་གསོད་པའི་བསམ་པ་དང་སྦྱོར་བ་དངོས་གཞི་མཐར་ཐུག་གསུམ་མམ་གང་རུང་ཞིག་ཚང་ན་ཉེས་པ་ཆེ་བ་ཡིན་གྱི། དེ་རྣམས་ཀྱི་གང་ཡང་མི་ལྡན་ན་ཤ་ཟོས་བའི་ཉེས་པ་ཙམ་ཞིག་འབྱུང་བ་མ་གཏོགས་སྡིག་པའི་ཆེ་ཤོས་མི་འབྱུང་། དེ་ལྟར་མ་ཤེས་ན་ཇ་མར་རྩམ་པ་ཤ་ཐུད་སོགས་ཟས་གང་ཡིན་རུང་འབུལ་བ་པོ་སྦྱིན་བདག་དང་ཟ་བ་པོ་ཆོས་པ་གཉིས་ཀྱི་ཆོས་པ་ལ་ཉེས་པ་
ཆེན་པོ་འཕོག་ཟེར་དགོས། དེ་ཡིན་ན་སྦྱིན་བདག་གིས་ཟས་ནོར་ཕུལ་བ་ཡང་ཆོས་ཀྱི་མཐུན་རྐྱེན་ཕུལ་བ་མ་ཡིན་པར་སྡིག་པ་ཆེན་པོ་ཞིག་ཕུལ་བ་ཡིན་ཟེར་དགོས། དེ་ཡིན་ན་སྦྱིན་བདག་ལ་ཕན་ཡོན་འབྱུང་མི་དགོས་ཉེས་པ་ཆེན་པོ་འབྱུང་བར་འགྱུར། དེ་ཡིན་ན་ཆོས་པ་རྣམས་ལ་སངས་རྒྱས་ཀྱིས་ཟས་དཀར་གསུམ་མངར་གསུམ། རྣམ་གསུམ་དག་པའི་ཤ་སོགས་བསྟེན་རུང་གསུངས་པ་ཡང་མི་རུང་བར་འགྱུར། དེ་ཡིན་ན་ཆོས་རྣམ་དག་ཅིག་བྱེད་ན་མུ་གེས་འཆི་རུ་འཇུག་དགོས། དེ་ཡིན་ན་ཆོས་ལུགས་དེ་ནང་པ་མ་ཡིན་བར་ཕྱི་རོལ་པ་ཁ་ཅིག་གིས་ལག་ལེན་མ་ནོར་བ་ཡིན་པས་ཁམས་ཆེ། མུ་གེས་འཆི་རུ་བཅུག་ན་མདོ་ལྟར་ན་མི་བསད་པའི་ཉེས་པ་འབྱུང་། སྔགས་ལྟར་ན་དེ་ཙམ་དུ་མ་ཟད་ཡི་དམ་གྱི་ལྷ་བསད་བའི་ཉེས་པ་འབྱུང་བར་བཤད། དེའི་རྣམ་སྨིན་གྱིས་ཤི་མ་ཐག་ནས་ངན་སོང་གསུམ་དུ་སོང་ནས་ཚ་གྲང་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་མྱོང་བར་འགྱུར། དེ་ནི་ཆོས་ལ་བརྟེན་ནས་རང་ངན་སོང་དུ་ལྟུང་བའི་རྒྱུ་བསམ་བཞིན་སྒྲུབ་པ་ཡིན་པས་གཞན་མ་སེམས། འོ་སྐོལ་ནང་པའི་ཆོས་འདི་སེམས་ཅན་ཐམས་ཅད་གནས་སྐབས་སུ་ལྷ་མིའི་བདེ་བ་མྱོང་བས་བདེ་ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་གཏན་དུ་བདེ་བའི་ཐབས་ཤ་སྟག་ཡིན་པས། ཆོས་བྱེད་ན་འདི་སྡུག་ཕྱི་མར་སྡུག་པ་ཞིག་བྱེད་དགོས་པར་མ་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་
ཆོས་འདི་ལམ་བདེ་བ་ནས་བདེ་བར་བསྒྲོད་པའི་ཆོས་པས་དཀའ་སྤྱད་སོགས་སྡུག་བསྔལ་མྱོང་དགོས་པ་ཞིག་གཏན་ནས་མ་གསུངས། ཤ་སོགས་འདོད་ཡོན་ལ་སྤྱད་པའི་ཉེས་པ་རྣམས་མདོ་སྔགས་ཀྱི་ཆོས་ཉམས་སུ་བླངས་རུང་དེའི་མཐུ་ལས་བྱང་ཞིང་དག་ངེས། ཆོས་གཞན་ཕར་ཞོག་མ་ཎི་དང་ལྟུང་བཤགས་ཚར་གཅིག་བཏོན་པའི་ཕན་ཡོན་སོགས་ལ་ལྟོས་དང་ཧ་གོ་ཡོང་། དེས་ན་བླ་མ་དགེ་སློང་སྔགས་ཀྱི་རྣལ་འབྱོར་བ་སོགས་ཆོས་པ་རྣམས་ལ་རྣམ་གསུམ་དག་པའི་ཤ་མ་ཟ་ཞེས་དགག་པ་མ་མཛད། སངས་རྒྱས་ཀྱིས་ཟོ་ཞེས་གནང་བ་བྱིན་ཡོད་ན་གཞན་གྱིས་དགག་དོན་མེད། དགག་ཀྱང་ཐུབ་དོགས་མེད། སྡིག་དང་མ་འདྲེས་པའི་ཤ་ལ་ཀུན་གྱིས་ལོངས་སྤྱོད་ལ་དམ་པའི་ཆོས་བཞིན་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་པར་གྱིས་ཤིག །ཡང་ཆང་འདི་ལ་ཡོན་ཏན་མང་། ལྷ་ཡུལ་ནས་བདུད་རྩིའི་ཐིགས་པ་ཞིག་ལྷུང་བ་འཛམ་གླིང་སྐྱེ་བོ་རྣམས་ཀྱི་བསོད་ནམས་ལས་འབྲུ་རྣམས་བཅུད་དུ་ཆགས་ནས་ཆང་གི་དྭངས་མར་གྱུར་པ་ཡིན། ཆང་འདི་ཁ་དོག་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག་བྱ་འཇམ་པས་འདོད་ཡོན་ལྔ་ཚང་བས་ཕུན་སུམ་ཚོགས་པ་ལྷའི་བདུད་རྩི་དང་འདྲ། མཐོང་ན་ཡིད་དགའ་བསྟེན་ནས་འབྲལ་མི་ཕོད། རོ་མྱངས་ན་ཞིམ་ཞིང་ཁོང་དུ་སོང་ན་ལུས་སེམས་བདེ། འཐུང་གྱིན་ཇེ་བདེར་འགྱུར། གཉིད་
མི་འོང་བ་གཉིད་ཁུག །གཏམ་མེད་པ་གཏམ་རྡོལ། གླུ་མི་ཤེས་པར་གླུ་འབྱུང་། སྐྱགས་ཤོར་རྣམས་ལ་སྙིང་སྟོབས་འཛུལ། ལུས་ཀྱི་འབྱུང་བ་ཆ་སྙོམས། ནད་རྣམས་ཀུན་ལ་ཕན། ཁྱད་པར་བད་རླུང་འདུ་བ་སེལ། སྨན་རྣམས་ནང་ནས་བདུད་རྩི་སྨན་འདི་མཆོག །སེམས་སྡུག་ཅན་གྱིས་འཐུང་ན་མྱ་ངན་སངས། མི་ཁོམ་པ་ལས་ཀྱིས་བྲེལ་ཡོད་པས་འཐུང་ན་བྲེལ་བ་དལ་དུ་འཇུག །ཆང་འདི་སྐྱིད་སྡུག་ཀུན་ལ་དགོས། མི་ཆེ་ཆུང་ཀུན་གྱིས་འཐུང་། དོན་ཞིག་བསྒྲུབས་ཀྱང་གླེང་བའི་གཞིར་དགོས། མཛའ་བཤེས་འདུས་ཀྱང་ངོ་དགའི་སྐྱེས་སུ་དགོས། གཉེན་འདུན་ཚོགས་ཀྱང་སྣ་ལེན་གཞི་རུ་དགོས། གྲོང་དང་སྡེ་དགོན་དབེན་པའི་རི་ངོགས་མན་ཆད་ན་ལོངས་སྤྱོད་ཀུན་གྱི་གཞི་མོར་བསྟེན། བླ་མ་དགེ་བཤེས་མཚན་ཉིད་པས་ཀྱང་ལྐོག་ཏུ་འཐུང་། སྐྱེས་པ་བུད་མེད་བན་བོན་སྔགས་པ་རྣམས་ཀྱིས་ཅི་ཡོད་ཆང་ལ་འཇལ། གྲུབ་ཐོབ་རྣམས་ཀྱིས་ཀྱང་ཉི་མ་འཛིན་པ་སོགས་ཆང་ལ་བརྟེན་ནས་གྲུབ་རྟགས་སྟོན། གསང་སྔགས་ཟབ་མོའི་སྒྲུབ་རྫས། དབང་དང་བྱིན་རླབས་ཆོས་སྒོ་འབྱེད་ཐབས། བསྐྱེད་རྫོགས་ལམ་གྱི་མཐུན་རྐྱེན། རྩ་གསུམ་ལྷ་ཡི་མཆོད་པ། བསྟན་སྲུང་བསྟེན་པའི་རྫས། ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཀྱི་མཆོག་ཀྱང་ཆང་འདི་ཡིན། འདི་ཡོད་ན་དཔའ་བོ་མཁའ་འགྲོ་འདུ། རྣལ་འབྱོར་དབང་ཕྱུག་དགྱེས། ཚོགས་གཉིས་ཡོངས་སུ་རྫོགས།
ལྷ་ཡིས་དགྱེས་བཞིན་རོལ། འདྲེ་རྣམས་ཞིམ་པས་འཁྱེར། སྔགས་ཀྱི་རྣལ་འབྱོར་པ་རབ་ཀྱིས་བཏུངས་ན་དྭངས་མ་འཕེལ་བས་ལུས་བདེ། བདེ་དྲོད་སྐྱེས་པས་ཏིང་འཛིན་འཕེལ། རིག་ངར་ཐོན་པས་རྟོགས་པ་འཆར་བ་སོགས་བརྟགས་ཤིང་དཔྱད་ན་ཡོན་ཏན་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་། ལྷ་ཡི་བདུད་རྩི་ལྟ་བུའི་མི་ཡུལ་བཏུང་བའི་མཆོག་གྱུར་འདི་རང་གཞན་གྱིས་རོལ་ལ་ཉིན་མཚན་རྟག་ཏུ་དགའ་བདེའི་དཔལ་ལ་ལོངས་སྤྱོད་ཅེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཆང་གི་བྱུང་རབས་དང་ཡོན་ཏན་ལ་བསྔགས་པ་བདུད་རྩིའི་ཟིལ་དངར་མ་ལས་གསུངས་པ་འོག་ནས་འཆད་པར་འགྱུར་རོ། །མཁས་པ་གཡུ་ཐོག་པའི་གསོ་བ་རིག་པའི་བསྟན་བཅོས་ལས་ཀྱང་ཆང་གི་ཡོན་ཏན་མང་པོ་གསུངས་སྐད། གཞན་ཡང་ཨོ་རྒྱན་ཆེན་པོས་པདྨ་གཡང་འབུམ་ནས་ཆང་གི་བསྔགས་བརྗོད་མང་པོ་གསུངས། བདེ་མཆོག་གི་རྒྱུད་ལས་ཀྱང་། ཆང་མེད་པ་ལ་ཡེ་ཤེས་ཅི། །ཆང་ནི་ཡེ་ཤེས་སྐྱེ་བའི་རྒྱུ། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། དངོས་གྲུབ་རྩ་བ་ཤ་ཆང་སྟེ། །དེ་མེད་པར་ནི་དངོས་གྲུབ་མེད། །ཚེ་འདིར་དངོས་གྲུབ་རྙེད་འདོད་པས། །ཤ་དང་ཆང་དང་ལྡན་པར་བྱ། །ཞེས་དང་། སྡོམ་འབྱུང་ལས། ཆང་གི་སྟོན་མོས་དགའ་བྱས་ལ། །རྡོ་རྗེ་གླུས་ནི་དགའ་བར་བྱ། །ཞེས་དང་། དུས་འཁོར་ལས། ཆང་དང་སྒྲོན་མ་
སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། ཞེས་དང་། རྣལ་འབྱོར་དབང་ཕྱུག་བིརྺ་བས་རྒྱལ་ཁམས་ཀྱི་ཆང་འཐུང་མཛད་པའི་ལོ་རྒྱུས་རྣམས་ལས་ཤེས་སོ། །སྔགས་པ་དམ་ཚིག་ཅན་གྱིས་ཆང་འཐུང་བའི་མང་ཉུང་གི་ཚད་ནི། བརྟག་གཉིས་ཀྱི་རྒྱུད་ལས། སྐྱེས་པའི་ཐོད་པ་ཆ་གཅིག་པ། །བཏུང་བ་བཟང་པོས་ཡོངས་བཀང་སྟེ། །ཞེས་ཐོད་པ་མཚན་ལྡན་དུམ་བུ་གཅིག་པ་ཞིག་གི་གང་ཙམ་འཐུང་རུང་བར་གསུངས། དེ་བྱིན་གྱིས་བརླབས་ནས་འཐུང་ཚུལ་ནི། སྡོམ་འབྱུང་ལས། ཨོཾ་ཨཱཿཧཱུཾ་ཞེས་བྱ་སྔགས་ཀྱིས། །རྟག་ཏུ་བྱིན་གྱིས་བརླབ་པར་བྱ། །ཧ་ཧོ་ཧྲཱིཿཞེས་བྱ་སྔགས་ཀྱིས། །སྦྱང་བ་དང་ནི་རྟོགས་པ་སྟེ། །ཡི་གེ་ཧས་ནི་ཁ་དོག་འཕྲོག །ཧོ་ཡིས་དྲི་ནི་འཇོམས་པར་བྱེད། །ཡི་གེ་ཧྲཱིཿཡིས་ནུས་པ་གཞོམ། །བདུད་རྩིའི་རྣམ་པས་བསྟེན་པར་བྱ། །གསུངས། འབྲུག་པ་ཀུན་ལེགས་ཀྱིས། བདུད་རྩིའི་རྒྱ་མཚོ་སྔགས་ཀྱི་དམ་རྫས་ཡིན། །གསུངས། དེས་ན་མཛོ་མོའི་བུ་བསད་འདྲི་ཡི་བུའི་ཁ་འཕྲོག་མུག་སྡུག་མྱོང་གི་བཅུག་ནས་འོ་མ་འཐུང་བ་བས་འབྲས་ཆང་འདི་འཐུང་བ་དགའ་སྟེ། ཀུན་ལེགས་ཀྱིས། ལྷོ་པས་དགེ་བཤེས་ཆོས་པ་ཀུན། །འབྲས་ཆང་ཁག་མོ་མི་འཐུང་བར། །བུ་ཆུང་ནུ་ཞོ་འཕྲོག་ནས་ཅི་བྱ་བ་གསུངས། དེས་ན་ཁྱིམ་པ་རྣམས་ཀྱིས་ཀྱང་ཆང་གི་ཕྱིར་སྡིག་པ་མ་བྱས། ཆང་འཐུངས་
ནས་ཀྱང་མི་དགེ་བ་མ་བྱས་ན་ཆང་འཐུང་བ་གཅིག་པུ་ལ་ཉེས་པ་རེ་ཡོད་ཀྱང་། ཆོས་ལྡན་གྱི་བྱ་བ་གྱིས་དང་བྱང་ཞིང་དག་ནས་སྐྱོན་མི་ཡོང་། གསང་སྔགས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་སྔགས་ཀྱི་བསྐྱེད་རྫོགས་ཀྱི་གཞུང་བཞིན་བསྟེན་ན་ཉེས་པའི་སྐྱོན་གྱིས་མི་གོས་པ་ཙམ་དུ་མ་ཟད། ལམ་གྱི་གྲོགས་སུ་སོང་ནས་རྟོགས་པ་ཁྱད་པར་ཅན་སྐྱེ་བས་དེ་ལུགས་གྱིས། འོ་ན་མདོ་ན་ཤ་ཆང་གཉིས་རང་གིས་ལོངས་སྤྱོད་བ་སྨོས་ཅི་དགོས། སྦྱིན་པར་བྱིན་ཡང་དམྱལ་བ་ངུ་འབོད་དུ་སྐྱེ་གསུངས་པ་ཅི་ཡིན་ཟེར་ན། དེ་ཆང་ནི་ཉེས་པ་བསྐྱེད་པའི་གཞི་ཡིན་པས། ཆང་འཐུང་ན་སྲོག་གཅོད་སོགས་མི་དགེ་བཅུ་བྱེད་ཀྱི་དོགས་ནས་ཆུ་མ་འོང་ཆུ་རྐ་རྒྱངས་ནས་འཐེན་པ་ཡིན་བས་དེ་ལ་དགོངས་གཞི་ཆེ། ཆང་ལ་བརྟེན་ནས་སེམས་ཅན་གཞན་ལ་ཕན་ཐོགས། ཆོས་ལྡན་གྱི་བྱ་བ་མང་པོ་འོང་བའི་དགོས་པ་ཆེ་ན། ཆང་གིས་མི་ཚད་དུག་དང་ངན་སྔགས་མཚོན་ཆ་སོགས་སྦྱིན་པར་བཏང་ན་ཡང་ཉེས་པ་མེད་པར་གསུངས། སངས་རྒྱས་ཀྱི་ཆོས་རྣམས་སྐྱོན་འགོག་ཐབས་དང་ཡོན་ཏན་སྐྱེད་པའི་ཐབས་ཤ་སྟག་ཡིན་པས། བློ་གྲོས་དང་ལྡན་པས་ཡུལ་དུས་དང་བསྟུན་ནས་སྒྲུབ་ཤེས་ན་སངས་རྒྱས་ཀྱིས་མ་གནང་བའི་སྡིག་པ་ཡང་དགེ་བར་འགྱུར་ན་བསྒྲུབ་ཆོག །ཡང་གང་ཟག་གི་བློ་ཁའི་ཆེ་ཆུང་ངམ་ཡུལ་དུས་ཀྱི་དབང་གིས་སངས་རྒྱས་
ཀྱིས་སྒྲུབས་གསུངས་པའི་དགེ་བ་ཡང་མི་དགེ་བར་འགྱུར་ན་རེ་ཞིག་འཇོག་དགོས། མདོར་ན་སངས་རྒྱས་ཀྱི་གསུང་ལྟར་བསྒྲུབས་ན་ཁེ་གང་ཆེ་ཉེན་གང་ཆུང་ལྟོས། ཁེ་ཆེ་བ་དང་ཉེན་ཆུང་བ་དེ་བསྒྲུབ་དགོས། ཉེན་ཆུང་ངུ་རེ་བལྟས་ནས་ཁེ་ཆེན་པོ་འབྱུང་བ་དེ་སྤོང་མི་རུང་། དཔེར་ན་སངས་རྒྱས་ཀྱིས་སྡིག་པ་ཅི་ཡང་མི་བྱ་ཞིང་གསུངས་པས་ན། ཞིང་བཏབ་ན་སྲིན་འབུ་མང་བོ་འཆི་ཁི་ཞེས་ཞིང་འདེབས་པ་བཞག་ན་འཇིག་རྟེན་པ་ལ་བདེ་སྐྱིད་མི་ཡོང་། ཆོས་པར་ཆོས་མི་འོང་བར་ཀུན་གྱིས་མུག་སྡུག་མྱངས་ནས་ལྟོགས་གྲིར་འཆི་རུ་འཇུག་དགོས་པ་ལྟ་བུའོ། །ཡང་གོས་འདི་སྤྱིར་མི་རྣམས་ལུས་སེམས་བདེ་བར་འཚོ་བའི་གཞི་ཡིན། སྒོས་སུ་ཆོས་མཛད་སྐྱེས་བུ་རྣམས་ཀྱི་ཆོས་ཀྱི་གྲོགས་ཁྱད་པར་ཅན་ཡིན། ལྟོ་ཡོད་ཀྱང་གོས་ངན་ན་ཕོ་བར་ཟས་དུགས་ནས་ན་ཟུག་ལངས་འཆི་བ་ཡིན་ཡང་གོས་ཀྱི་ཐུགས་རྗེས་ལྟོ་ཅི་ཙམ་ཟོས་ཀྱང་ལུས་ལ་བདེ་བ་སེམས་ལ་དགའ་བ་འབྱུང་། སྤྱིར་སེམས་ཅན་ཐམས་ཅད་ཀྱི་སྤྱི་གོས་ནི་ཉི་མ་ཡིན། ཉི་མས་དྲོ་ན་ཐམས་ཅད་བདེ། སྒོས་སུ་གཡང་མོ་ལུག་གི་བལ་འཇམ་ལས་བྱས་པའི་སྣམ་བུ་དང་རས་ཐེར་གོས་ཆེན་སོགས་མི་ཀུན་གྱི་ལུས་འཚོ་བའི་གོས་ཡིན། དྲོ་འཇམ་ཡང་བས་བདེ། ཁྱད་པར་ལུ་གུའི་ཚར་བུ་སོགས་པགས་པའི་རིགས་དྲོ་བས་དགུན་གོས་ཀྱི་མཆོག་ཡིན། རྗེ་མི་ལས། དྲོ་འཇམ་ལུ་གུའི་ཚར་བུར་ཡོད། །གྱོན་
མ་མྱོང་ལ་ཅི་ཆ་ཡོད། །གསུངས། གོས་བཟང་པོ་ལ་འདོད་ཡོན་ལྔ་ཚང་། ཁ་དོག་རི་མོའི་གཟུགས་མཛེས། སྤྲུགས་ན་སྒྲ་སྙན། བསྣམས་ན་དྲི་ཞིམ། མྱངས་ན་རོ་མངར། རེག་ན་རེག་བྱ་འཇམ་པས་དབང་བོ་སྒོ་ལྔ་ལ་བདེ་བ་བསམ་གྱིས་མི་ཁྱབ་པ་འབྱུང་། ལུས་བདེ་བའི་ཤུགས་ཀྱིས་སེམས་དགའ། ལུས་སེམས་དགའ་བདེས་ཚིམས་ན་ཆོས་པ་ཞིག་གིས་ཆོས་གང་བྱེད་འདོད་པ་རྣམས་ཡོང་། གོས་ལ་བརྟེན་ནས་བདེ་སྐྱིད་སྙན་གསུམ་ཐམས་ཅད་འབྱུང་། འོ་ན་པགས་པ་ལ་སོགས་པའི་གོས་འདི་ལ་ཉེས་དམིགས་མཐའ་ཡས་པར་གསུངས། འདི་སྡིག་པའི་གོས་ཡིན་པས་གྱོན་ན་མི་རུང་བས་སྤང་དགོས་གསུངས་པ་ཅི་ཡིན་ཟེར་ན། དེ་གོས་ཀྱི་ཕྱིར་སྡིག་པ་བྱེད་ཀྱི་དོགས་ནས་དེ་སྐད་གསུངས་པ་ཡིན། གོས་ཀྱི་ཕྱིར་སྡིག་པ་མ་བསགས། འབད་མེད་དུ་བྱུང་ན་གོས་བཟང་པོ་གྱོན་ཡང་ཉེས་དམིགས་ཆེན་པོ་མེད། ཅུང་ཟད་རེ་ཡོད་ཀྱང་ཆོས་ཀྱི་མཐུས་དག་ནས་སྐྱོན་གྱིས་མི་གོས། དེས་ན་སངས་རྒྱས་ཀྱིས་ཆོས་གོས་རྣམ་གསུམ་གྱོན་ངོ་ཚ་ཁྲེལ་ཡོད་བསྟེན་ན་ངོ་ཚ་འགོགས་པའི་ཐབས་གོས་ཡིན། གོས་གྱོན་ན་མི་རུང་ཐམས་ཅད་གཅེར་བུར་འབུད་དགོས་ན། བསིལ་ལྡན་ལྗོངས་འདིའི་མི་ཐམས་ཅད་དགུན་ཞག་གཅིག་གཉིས་ཙམ་ལ་ཤི་ཡོང་། ཤི་
རུ་བཅུག་ན་ཕན་ཡོན་ཡོད་ཅེས་སངས་རྒྱས་ཀྱི་གསུང་ན་ཡོད་དམ་བསམ་མནོ་ཐོངས། གཅེར་བུ་བྱས་གསང་མཚན་ཡང་མི་སྦེད་པ་དེ་སྨྱོན་པ་ཡིན་གྱི་གཞན་དེ་འདྲ་མཛད་མཁན་སུ་ཡོད། ཆོས་མཛད་སྐྱེས་བུ་རྣམས་ཀྱིས་བསྟན་པའི་ཆེ་བ་འདོན་ཕྱིར་གོས་བཟང་པོ་གྱོན་དགོས། གྱོན་ན་ཁྱིམ་པ་ཕོ་མོ་རྣམས་ཀྱིས་བསྟན་པའི་སྒོར་ཞུགས་ན་ག་འདྲའི་སྐྱིད་བོ་ཡོང་བ་རེད་སྙམ་ཡིད་སྨོན་བྱས་ནས་བསྟན་པའི་སྒོར་འཇུག་པ་མང་། དད་གུས་དག་སྣང་བྱས་མཆོད་བསྟོད་བཀུར་ནས་བསོད་ནམས་བསགས་མཐོ་རིས་དང་ཐར་པའི་བདེ་བ་ཐོབ་པའི་དགོས་པ་ཡོད། ཆོས་པ་ནང་ན་ཡོན་ཏན་ཀུན་ལྡན་ཡང་ཕྱི་ཆ་ལུགས་ལེགས་པོ་མ་བྱས་ངན་ངོན་ཆད་ཆོད་སྨྱོན་པ་འདྲ་བ་བྱས་ན་ཁྱིམ་པ་ཕོ་མོ་རྣམས་མངོན་ཤེས་མེད་པས་ཆོས་པ་བཟང་པོ་ཡིན་པ་ཧ་མི་གོ །འགའ་རེས་སྙིང་རྗེ་ཟེར། འགའ་རེས་ཁ་མིང་སྣ་མིང་འདོགས། བརྙས་སྨོད་ཁྱད་གསོད་བྱེད། སངས་རྒྱས་ཀྱི་བསྟན་པའི་བླ་བཙོངས་རྐང་འདྲེན་སྐྱུགས་བྲོ་བོ་མར་རྒྱུགས་སོགས་སྨྲ། ལས་ངན་པ་བསགས་ནས་ཆོས་པ་བཟང་པོ་ལ་བརྟེན་ནས་ངན་སོང་དུ་ལྟུང་བ་མང་པོ་འོང་། དེས་ན་སྤྱིར་མི་ཐམས་ཅད་ཀྱིས་སྡིག་དང་མ་འདྲེས་པའི་གོས་ཞིག་གྱོན་རྒྱུ་རྙེད་དཀའ་ནའང་། གོས་གྱོན་ནས་ཆོས་ལྡན་གྱི་བྱ་བ་བྱས་ན་གོས་ལ་བརྟེན་ནས་ཉེས་པ་ལས་དགེ་བ་སྟོབས་ཆེན་འབྱུང་བས། གོས་གྱོན་ན་ཆོག་པས་གྱོན་
དང་བཟང་། སྒོས་སུ་ཆོས་མཛད་སྐྱེས་བུ་རྣམས་ཀྱིས་གོས་དྲོ་འཇམ་མཛེས་པ་གྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་དང་། བསྟན་འཛིན་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་བསྐྱངས། བསྡུ་བཞིའི་སྒོ་ནས་གཞན་དོན་བྱས། ཆོས་ལྡན་གྱི་བྱ་བ་གང་ལེགས་བྱས། ཁྱད་པར་སྔགས་ཀྱི་རྣལ་འབྱོར་བས་གོས་ལྷ་ལ་ཕུལ་བའི་ཚུལ་དུ་གྱོན་ནས། རིམ་གཉིས་ཀྱི་ཉམས་ལེན་ལ་ཉིན་མཚན་མེད་པར་འབད་ན། ཚེ་གཅིག་ལུས་གཅིག་ལ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནས། གོས་སོགས་ཀྱིས་འབྲེལ་བ་ཐོགས་ཚད་ཀྱི་གཙོར་བྱས་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པས་དེ་ལུགས་གྱིས། གོས་གང་བཟང་གྱོན་ནས་ཆོས་ལྡན་གྱི་བྱ་བ་གང་ཡང་མ་བྱས། སྔགས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་རིམ་གཉིས་མ་བསྒོམས་པར་རང་དགར་རྣམ་གཡེང་དང་། རོ་ཉལ་བྱས་ན་གོས་གྱོན་པའི་ཉེས་པ་ཙམ་ཡང་མི་ཁེག་པར་འཁོར་བ་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར། མདོར་ན་འཁོར་བའི་གནས་ནི་སྡིག་དང་མ་འདྲེས་པའི་ཟས་གོས་ཤིག་མེད་པས་ཟས་ཟོས་གོས་གྱོན་བཞིན་དུ་སྡིག་པ་མི་དགེ་བར་འཛེམ། ཕན་ཡོན་ཆེ་བའི་ཆོས་གང་ཟབ་རྣམས་ཀུན་གྱིས་བསྒྲུབ་པ་གཅེས། དེ་ལྟར་བྱས་ན་
སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བས། ཆོས་ཟེར་བ་དེ་འདྲ་ཞིག་ལ་ཟེར་དགོས། ཡང་བུད་མེད་འདི་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིད་བཞིན་གྱི་ནོར་ལས་ལྷག་སྟེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་ཡུམ་ལ་བརྟེན་ནས་འཇིག་རྟེན་འདིར་བྱོན། སངས་རྒྱས་ཀྱིས་འགྲོ་ལ་ཕན་ཐོགས་ཅི་འདྲ་བྱུང་བཤད་ཅི་དགོས། ཀུན་གྱི་ཡིད་ན་ཡོད་པ་དེ་རེད། དེ་བཞིན་དུ་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། རྗེ་འབངས་ཉེར་ལྔ། མར་མི་དྭགས་གསུམ། ཁུ་རྔོག་འབྲོམ་གསུམ། རྗེ་རིན་པོ་ཆེ་ཡབ་སྲས་གསུམ་སོགས་སྔོན་བྱོན་སྐྱེས་བུ་དམ་པ་ཅི་ཙམ་བྱུང་། དེ་ཐམས་ཅད་མའི་མངལ་ཁོ་ན་ལས་བྱུང་། ཁོང་རྣམས་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་ཇི་ལྟར་བཀོད་སོམས་དང་། ཕོ་སྐྱེས་ཀྱི་གཤང་ལམ་ནས་སྐྱེས་བུ་དམ་པ་དེ་འདྲ་ཞིག་ཕར་ཞོག །བུ་རྐང་ཞ་ལག་རྡུམ་ཞིག་ཀྱང་བྱུང་བ་ཚོར་མ་མྱོང་། སྤྱིར་བུད་མེད་འདི་མེད་ན་སེམས་ཅན་རྣམས་ཀྱི་ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་ལས་ལྷག་པ་འདི་གང་ནས་རྙེད། གནམ་ནས་མི་འབབ། ས་ནས་མི་སྐྱེ། བཅོས་ནས་མི་འགྲུབ། འོ་སྐོལ་རྣམས་ཀྱི་ལུས་སྲོག་འདི་ཡང་མ་དྲིན་ཅན་མས་བྱིན། འཇིག་རྟེན་འདི་
ན་མ་དྲིན་ཅན་མས་བུ་ལ་བྱམས་བྱམས་ཤིག་ཕ་ཡིས་ཀྱང་བྱམས་མི་འོང་། སེམས་ཅན་ཐམས་ཅད་ལ་མ་ལས་དྲིན་ཆེ་བ་མེད། ཨ་མ་བུད་མེད་ཡིན་གྱི་ཕོ་སྐྱེས་ག་ལ་ཡིན། བུད་མེད་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཅན་ཡིན། ནང་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡང་མང་པོ་ཡོད། འཇིག་རྟེན་ན་མོ་ལས་བཟང་བ་ཞིག་མེད་དེ། ཆོས་རྗེ་འབྲུག་པ་ཀུན་དགའ་ལེགས་པས། འཇིག་རྟེན་གྱི་སྣོད་བཅུད་ལའང་ཟླ་བ་ཕོ་དང་ཉི་མ་མོ་ཡིན་ཏེ། ཉི་མ་ཤར་དུས་ཟླ་བ་འོད་ཙམ་མི་འོང་། བལ་ཡང་ལུག་ཕོའི་བལ་ལས་མོའི་བལ་འཇམ། ཤིང་ཡང་མོ་གསོམ་རང་དགའ། ནས་ཀྱང་དཀར་མོ་ནས་ཟེར་བ་མིན་པ་དཀར་ཕོ་ནས་ཟེར་ན་མི་ཡོང་། རྡོ་ཡང་མོ་རྡོ་དེ་བརྩིགས་ན་ལེགས། འཇིག་རྟེན་ཕྱོགས་ནས་དེས་མི་ཚད་མང་པོས་མོ་དགའ་བའི་ལོ་རྒྱུས་འདུག །དེ་འདྲ་འཇིག་རྟེན་ཡིན་མོད་ཟེར་ན། ཆོས་ལ་ཐམས་ཅད་ཀྱི་དྲག་ཤོས་དེ་ལ་ཡུམ་ཤེར་ཕྱིན་ཟེར་བ་མིན་པ་ཕ་ཤེར་ཕྱིན་ཟེར་བ་མེད། གསང་སྔགས་ན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ན་བཞུགས་ཟེར་བ་མིན་པ་ཨ་ཕའི་དེ་ན་བཞུགས་ཟེར་བ་མེད། གཞན་ཡང་དཀྱིལ་འཁོར་ཡང་མཁའ་འགྲོ་རྒྱ་མཚོ་ཟེར་བ་དེ་རྒྱ་ཆེ། གཉིས་སུ་མེད་པའི་རྒྱུད་བྱས་ཀྱང་མ་ལ་
བརྟེན་དགོས། ཆོས་སྐྱོང་ཚོའི་ཡང་ཡུམ་དེ་གཉན་པར་འདུག །བླ་མ་ཆུང་མ་ཡོད་པ་ཚོ་ཡང་སྤྲང་འགྱིང་གང་ཡང་བྱས་ནས་ཇོ་མོ་གསོ་དགོས་ཀྱི་ཨེ་འདུག །ལྷ་ས་ན་བུ་མོ་ལ་བལ་བོས་སྤོས་ཤེལ་མུ་ཏིག་གང་ཙམ་སྟེར་གྱི་འདུག །ཁྱོ་ཀས་ལྟོ་ཕྱིད་ན་དྲེགས་པར་བརྩི་དགོས། ཆོས་ཀྱི་མ་མོ་མ་བསླབ་ཁོང་དུ་ཆུད་གསུངས། ས་སྐྱ་བའི་བསྟོད་པ་ནའང་ཡ་མཚན་པར་མཛད་ཀྱི་འདུག །སྐྱབས་འགྲོ་ཞིག་བྱེད་ནའང་། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་བ་མིན་པ་ཕ་ནམ་མཁའ་དང་མཉམ་པ་ཟེར་མཁན་མེད། དུས་འཁོར་ནས་ཀྱང་། ཡུམ་རྣམ་ཀུན་མཆོག་གི་སྟོང་པ་ཉིད་གསུངས་པ་ཡོད། ཉམས་སུ་ལེན་ནའང་གཉུག་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ཟེར་བ་མ་གཏོགས་གཉུག་ཕོའི་གནས་ལུགས་ཟེར་བ་མེད། བྱིན་རླབས་ཀྱི་རྩ་བ་དེ་ལ་ཡང་བླ་མ་ཟེར་བ་མ་གཏོགས་བླ་ཕོ་ཟེར་བ་མེད། དེ་བཞིན་དུ་བག་མ་ལེན་པ་སོགས་ལ་དཀའ་དགུ་ཅི་འདྲ་འདུག །དེས་ན་ཆོས་འཇིག་རྟེན་གང་ལ་མོ་ཆགས་འདི་གལ་ཆེ། འོ་ན་རྡོ་རྗེ་འཆང་ཟེར་ཀྱང་ཡུམ་ཤེར་ཕྱིན་ལ་མ་བརྟེན་པར་མི་འཐོབ། དེས་མི་ཚད་འདས་མ་འོངས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་ལམ་ཡང་ཡུམ་ཆེན་མོ་ཡིན། མོ་ལ་སྨོད་པ་ནི་གསང་སྔགས་ནས། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་
བྱེད་པ་བཅུ་བཞི་པ། །ཞེས་ལྟུང་བ་འབྱུང་བ་མ་གཏོགས་ཡོན་ཏན་འབྱུང་བར་མ་གསུངས། དེ་བས་ན་བླ་མ་བཟང་པོ་ཆགས་ལམ་པ་ཚོ་ལ་ཡང་རིག་མ་ལ་མཁོ་བའི་ཡོ་བྱད་ཀྱིས་བསྙེན་བཀུར་དགོས་པར་གསུངས། ཞེས་གསུངས་ལ། འོ་ན་འདོད་ཆགས་སྤྱོད་པ་ནི་སྡུག་བསྔལ་ལ་སྤྱོད་པ་ཡིན་ཟེར་ན། དེ་རྫུན་ཡིན་ཏེ། འདོད་པ་སྤྱོད་དུས་བདེ་བ་ཚད་མེད་པ་མྱོང་རྒྱུ་ཡོད་བཞིན་དུ་དེ་སུ་ཞིག་གི་སྡུག་བསྔལ་ཡིན་ཟེར། དེ་སྡུག་བསྔལ་ཡིན་ཞེས་བཤད་ན་ཆོས་པ་ཞིག་མི་དགོས་ཁྱིམ་པ་ཕོ་མོའི་རྣ་བར་ཡང་མི་འགྲོ། དེ་སྡུག་བསྔལ་མིན་རུང་དེའི་འཕྲོ་ལ་སྡུག་བསྔལ་མང་པོ་དྲངས་ནས་འོང་བས་ན་སྡུག་བསྔལ་གྱི་རྒྱུ་ཡིན་ཟེར་ན། དེ་ཡིན་དོགས་མེད། དེའི་འཕྲོ་ལ་རབ་ལ་བསྟན་འགྲོ་ཡོངས་ལ་ཕན་པའི་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་སྐུ་དང་ཞབས་དྲུང་གདུང་རྒྱུད་འཛིན་པ་འབྱུང་། འབྲིང་ལ་སྡེ་པ་ཚོ་པ་རྒྱལ་ཁམས་ལ་ཕན་པའི་རྒྱལ་པོ་དང་བློན་པོ་ཕེར་པའི་བུ་འབྱུང་། ཐ་མ་ལ་ཡང་ཁྱིམ་ཚང་བཟའ་མི་ཕ་མ་རྒན་རྒོན་གྱི་ལྟོ་རྒྱབ་བསྒྲུབས་ནས། ཆོས་འཇིག་རྟེན་བྱེད་ནུས་པའི་བུ་དང་བུ་མོ་བཟང་པོ་འབྱུང་སྡུག་བསྔལ་ཞིག་ག་ལ་འབྱུང་། ཡང་འཇིག་རྟེན་ཁམས་འདི་ན་བདེ་བའི་མཆོག་གཅིག་ཡོད་པ་འདོད་ཆགས་ཀྱི་བདེ་བ་འདི་ཡིན་ཞེས་སྨན་རྒྱུད་སོགས་ནས་གསུངས། རྒན་གཞོན་བྱིས་པ་རྣམས་ཀྱིས་
ཀྱང་བཤད་ཡོང་། བུད་མེད་ལ་བརྟེན་ན་བདེ་བ་ཆེ་བའི་རྟགས་སུ་ཆོས་པ་འཇིག་རྟེན་པ་གང་གིས་ཀྱང་བུད་མེད་ཀྱི་སྟེང་དུ་སྲོག་འཇོག །ཐ་ན་ཁྱི་རྒན་བྱ་རི་དྭགས་ཡན་ཆད་ཀྱིས་འདི་ཀའི་ལས་ལ་སྤྱོད། འདི་སྡུག་བསྔལ་ཞིག་ཡིན་ན་སྤྱོད་དོགས་མེད། འོ་ན་འདི་བདེ་རུང་འདིས་མི་བདེ་བ་གཞན་དྲངས་ཡོངས་པས་མི་བཟང་སྐྱོན་ཆེ་ཟེར་ན། དེ་ཐབས་མ་མཁས་པ་ཡིན་གྱི། ཐབས་མཁས་ན་ལྕགས་ཀྱང་གསེར་དུ་འགྱུར། དགྲ་ཡང་གཉེན་དུ་འགྱུར། དུག་ཀྱང་བདུད་རྩིར་བསྒྱུར་ཐུབ་པ་མིག་གིས་མཐོང་། རྣ་བས་ཐོས། བུད་མེད་བསྟེན་ཤེས་ན་འདིས་སྡུག་བསྔལ་མི་འདྲེན་པར་མ་ཟད་འདི་ལ་བརྟེན་ནས་བདེ་སྐྱིད་དཔག་མེད་དྲང་ཡོངས། སྔགས་ཀྱི་རྣལ་འབྱོར་པས་མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཡང་བུད་མེད་ལ་བརྟེན་ནས་འཐོབ་ཡོང་། གྲུབ་ཆེན་བརྒྱད་ཅུའི་ཕལ་ཆེར་བོད་ཀྱི་མཁས་གྲུབ་མང་པོ་ཡང་བུད་མེད་ལ་བརྟེན་ནས་སངས་རྒྱས་པ་མང་། མ་འོངས་པ་ན་ཡང་བུད་མེད་ལ་བརྟེན་ནས་སངས་རྒྱས་པ་འབྱུང་གསུངས། སྡུག་བསྔལ་གང་གིས་འདྲེན་ན་སྲོག་གཅོད་པ་མ་བྱིན་ལེན་ཚིག་རྩུབ་སོགས་གཞན་གྱི་ལུས་སེམས་ལ་དངོས་བརྒྱུད་ནས་གནོད་པས། སྡིག་པ་མི་དགེ་བས་སྡུག་བསྔལ་དྲང་ཡོང་བ་ཐག་ཆོད། དེང་སང་ཕར་ལ་བརྡུངས་ན་ཚུར་ལ་ཡང་བརྡུང་ཡོངས་པ་མཐོང་ཐོས་མྱོང་བས་གྲུབ་ལ། བུད་མེད་ལ་ཕར་
སྤྱད་ན་ཚུར་ལ་ཤ་འཇམ་པོ་བྱས་གླན་པ་མ་གཏོགས་ཁྱོད་ཀྱིས་མོ་ལ་འདི་འདྲ་མི་འོས་ཞེས་བརྡུངས་པ་ཞིག་མེད། དེ་མ་གནོད་པར་མ་ཟད་ཕན་ཞིག་ཐོགས་པའི་རྟགས་ཡིན། རབ་བྱུང་དགེ་སློང་ཁྲིམས་ལྡན་པ་མ་གཏོགས་པས། གཞན་སུ་ཞིག་ཡིན་རུང་བུད་མེད་ལ་ལོངས་སྤྱོད་དང་བཟང་། བུད་མེད་ལ་མ་སྤྱད་ན་མི་རབས་ཆད་འགྲོ། མི་རབས་ཆད་ན་མི་བཟང་། མི་མང་པོ་སྤེལ་དགོས། མི་མང་པོ་སྤེལ་ན་ནང་ན་ཁྱིམ་པ་བྱེད་རྒྱུ་དང་། ཆོས་སྒོར་འཇུག་རྒྱུ་མང་པོ་འབྱུང་། དེ་བྱུང་ན་ཁྱིམ་པས་སྦྱིན་བདག་བྱས། ཆོས་སྒོར་ཞུགས་པས་བསྟན་པ་བཟུང་ན། སེམས་ཅན་ཀུན་ལ་གནས་སྐབས་སུ་བདེ་སྐྱིད་སྔར་བས་ཆེ་ཞིང་། ཆོས་བྱས་པའི་མཐུས་མཐར་ཐུག་སངས་རྒྱས་པའི་དགོས་པ་ཡོད། མི་ལུས་འདི་ནི་ཡིད་བཞིན་ནོར་བུ་ལས་ལྷག་ཅེས་སངས་རྒྱས་བྱང་སེམས་རྣམས་ཀྱིས་གསུངས། དེ་བདེན་ན་ཡིད་བཞིན་གྱི་ནོར་བུ་གོང་འཕེལ་དུ་གཏོང་དགོས། ཉུང་དུ་བཏང་ནས་གང་ཡོང་། འགའ་རེས་བུད་མེད་འདི་སྡུག་བསྔལ་གྱི་འབྱུང་གནས་ཡིན་ཚོ་ཟེར་བ་དེ་བུད་མེད་གཉོམ་ཆུང་བའི་ཚོད་ཀྱི་གཏམ་ཞིག་ཏུ་མངོན་ནོ། །བུད་མེད་འདི་ལས་ཁྱད་པར་འཕགས་པ་ཞིག་གཞན་ན་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་
མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡི། །གསལ་བ་དེ་ལ་མཚོན་པའོ། །གསུངས། གཞན་ཡང་སྔགས་ཀྱི་རྒྱུད་སྡེ་དུ་མ་དང་། རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་བུད་མེད་ལ་བསྔགས་བརྗོད་རྒྱ་ཆེར་མཛད་པ་མཐའ་ཡས། བུད་མེད་སུ་མཐོང་ཡང་འདི་ཕྱིའི་བདེ་སྐྱིད་ཐམས་ཅད་སྟེར་བའི་འབྱུང་གནས་རྡོ་རྗེ་ཕག་མོ་དང་། རྗེ་བཙུན་སྒྲོལ་མ་སོགས་ཡེ་ཤེས་ཀྱི་མཁའ་འགྲོ་ལྟ་བུར་བལྟས་ནས། དངོས་སུ་བསྐོར་བ་ལན་གསུམ་དང་། ཕྱག་ལན་གསུམ་བྱས། ཁྱོད་མ་བདག་ནི་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱོངས་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །ཞེས་གསོལ་བ་ལན་གསུམ་འདེབས་དགོས་པར་གསུངས། གལ་ཏེ་དངོས་སུ་མ་ནུས་ན་ཡིད་ཀྱིས་དེ་དག་བྱ་དགོས། བུད་མེད་རྣམས་མི་བཟང་སྐྱོན་གྱི་འབྱུང་གནས་ཤིག་ཡིན་ན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཕྱག་འཚལ་དོགས་ཡང་མེད་ལ། གཞན་རྗེས་འཇུག་ལ་ཕྱག་འཚོལ་ཞེས་ཀྱང་མི་གསུངས། སྐྱེས་བུ་དམ་པས་ཕྱག་འཚལ་འོ་སྐོལ་རྣམས་ལ་ཡང་ཕྱག་གྱིས་གསོལ་བ་ཐོབ་གསུངས་བ་དེ་ཡོན་ཏན་ཀུན་གྱི་འབྱུང་གནས་ཤིག་ཡིན་པའི་རྟགས་ཡིན། གལ་ཏེ་ཕྱག་མི་འཚལ་རུང་བསྡིག་རྡུང་སོགས་ལུས་སེམས་ལ་དངོས་སུ་གནོད་པའི་བྱ་བ་གཏན་ནས་བྱེད་མི་རུང་སྟེ།
བྱས་ན་སྐྱེ་བ་དུ་མར་བུད་མེད་དང་མི་འཕྲད། མ་འཕྲད་ན་དལ་འབྱོར་གྱི་མི་ལུས་མི་འཐོབ། མ་ཐོབ་ན་གཞན་གང་གི་ལུས་བླངས་ཀྱང་ཐར་པའི་གོ་འཕང་ཞིག་གཏན་ནས་ཐོབ་པའི་སྐལ་པ་མེད། གལ་ཏེ་བུད་མེད་ལ་བརྟེན་ནས་མི་ལུས་ཞིག་ཐོབ་ཀྱང་བུད་མེད་ཀྱི་གྲོགས་བཟང་པོ་ཞིག་མི་རྙེད། རྙེད་ཀྱང་གཞན་དབང་དུ་སོང་ནས་རང་གིས་ཅི་བདེར་ལོངས་སྤྱོད་མི་ཆོག །བུད་མེད་མེད་ན་བ་དང་ཁྱི་མོ་ལ་ཞོན་པས་མི་འོང་། ཕོ་སྐྱེས་སུ་ལ་ཡང་གྲོགས་བུད་མེད་ཅིག་དགོས། བུད་མེད་མེད་པའི་ཁྱོ་ཁ་དེའི་སྡུག་གཅིག་མེད། རྡོ་རྗེ་འཆང་གིས་ཀྱང་ཡུམ་ཞིག་བང་འདུག་པ་དེ་ཟུང་འཇུག་གི་མཚོན་བྱེད་ཡིན། འོན་ཀྱང་སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་བ་དང་འཇིག་རྟེན་པ་རྣམས་ལ་ཡང་གྲོགས་བུད་མེད་དགོས། བརྙས་སྨོད་བྱ་མི་རུང་བའི་བརྡ་ཡིན། སྨད་ན་ཉེས་པ་ཆེ་སྟེ། དཔལ་ཏཱི་ལ་ཀ་ལས། འཇིག་རྟེན་མ་དང་སྨོད་གྱུར་ན། །སྨོད་པ་ཉིད་ཀྱིས་ཉམས་གྱུར་ཏེ། །བསྐལ་པ་བྱེ་བ་སྟོང་གིས་ཀྱང་། །དངོས་གྲུབ་གོ་འཕང་འཐོབ་མི་འགྱུར། །གསུངས། སྔོན་ཚངས་པ་ཕུན་སུམ་ཚོགས་པ་དབང་ཕྱུག་ཅེས་བྱ་བས་བུད་མེད་དུ་བསྒྱུར་ནས་རྒྱལ་བ་ཚེ་དཔག་མེད་ཀྱི་སྤྱན་སྔར་འཁོད་པ་ལ། བརྒྱ་བྱིན་གཙུག་ཕུད་འཛིན་ཅེས་བྱ་བས་རྣམ་གྲངས་དུ་མས་སྨད་པ་ལ་
རྗེས་སུ་བཤགས་པ་མ་བྱས་པས་ཚེ་རབས་བརྒྱད་ཁྲི་བཞི་སྟོང་དུ་བུད་མེད་དུ་སྐྱེས་པར་གསུངས། སྔོན་གྲུབ་ཆེན་ཀུ་ཀུ་རཱི་བས་ཀྱང་སྐུ་ཚེ་སྔ་མར་བུད་མེད་ལ་ཁ་བཏང་མང་པོ་བྱས་པས། ཕྱིས་སྐུ་ཚེ་དེར་སྔགས་ཀྱི་ལམ་གྲོགས་སུ་ལྷ་མིའི་བུ་མོ་མ་འབྱོར་པར་ཁྱི་མོ་ཞིག་བསྟེན་དགོས་བྱུང་བའི་ཚུལ་བསྟན་སྐད། དེས་ན་གསང་སྔགས་ཀྱི་དབང་ཐོབ་འདོད་ཆགས་ལམ་འཁྱེར་གྱི་གདམས་ངག་ཡོད་པ་རྣམས་ཀྱིས་བུད་མེད་བསྟེན་པ་ལ་ཁ་གཏོང་གཏན་ནས་མི་རུང་། འོ་ན་རབ་བྱུང་དགེ་སློང་གིས་བུད་མེད་མཛེས་མའི་གདོང་ལ་བལྟ་བ་དང་། ལྷན་དུ་བསྡད་ཅིང་འགྲོ་བ་དང་། གླུ་དབྱངས་སྙན་པ་རྒྱང་ནས་ལེན་པ་སོགས་ལ་ཉན་ཡང་མི་རུང་བའི་བཅས་པ་མཛད། མདོ་ལས། བལྟས་ཤིང་གཏམ་ཀྱང་འཕུང་གྱུར་ན། །དེ་ཉིད་བསྟེན་པ་སྨོས་ཅི་དགོས། །གསུངས་པ་སོགས་ནི་གང་ཡིན་ཟེར་ན། དེ་ནི་གསང་སྔགས་ཀྱི་འདོད་ཆགས་ལམ་འཁྱེར་གྱི་གདམས་པ་མེད་པའི་དགེ་སློང་ཤ་སྟག་གིས་སྡོམ་པ་ཤོར་གྱིས་དོགས་ནས། ནམ་ཡང་མི་འཆོར་བའི་དོན་དུ་ཆུ་མི་འོང་ཆུ་རྐ་རྒྱང་ནས་འཐེན་པ་ཡིན། བུད་མེད་ལ་ཆགས་པའི་དབང་གིས་བལྟ་བ་དང་། སྐད་གྲག་པ་ལ་ཉན་མི་རུང་བ་ཡིན་གྱི། དགེ་སློང་ཡིན་རུང་ཆགས་པ་མ་སྐྱེས་ན་བུ་མོ་མཛེས་མའི་གདོང་ལ་ལན་གཅིག་གིས་མི་ཚད་བརྒྱ་བལྟས་
ན་ཡང་སྐྱོན་མེད། འོན་ཀྱང་ཁྲིམས་ལྡན་རྣམས་ཀྱིས་དེ་ལྟར་བྱས་ན་འཇིག་རྟེན་མིག་སྔར་མི་མཛེས་སྤངས་ན་ལེགས། མདོར་ན་ཁྱེད་ཆོས་པ་འཇིག་རྟེན་པ་གང་གིས་སྤྱིར་བུད་མེད་འདི་སྐྱོན་གྱི་གོང་བུར་ལྟ་བ་འདི་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་མ་ལོན་པའི་མཚང་དུ་གོ་ནས། ད་ནས་བུད་མེད་འདི་ཆོས་འཇིག་རྟེན་གང་བྱེད་རུང་ས་གཞི་ལྟ་བུ། ཡོན་ཏན་མ་ལུས་པའི་འབྱུང་གནས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བལྟས་ནས། དུས་ནམ་ཡང་བརྙས་སྨོད་ཁྱད་གསོད་སུན་འབྱིན་སོགས་ལུས་སེམས་ལ་གནོད་པའི་བྱ་བ་ཅུང་ཟད་ཙམ་ཡང་མ་བྱེད་པར་ཟས་གོས་སོགས་ཀྱིས་མཆོད་བསྟོད་བཀུར། ཁྱད་པར་ལུས་སྲོག་བསྐྱེད་པའི་དྲིན་ཅན་གྱི་མ་ལ་དྲིན་གཟོ་བཟང་པོ་གྱིས། དེ་ལྟར་བྱས་ན་བུད་མེད་ལ་བརྟེན་ནས་ལེགས་ཚོགས་རྒྱས་ཤིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱང་དགྱེས་ནས། མཆོག་ཐུན་མོང་གི་དངོས་གྲུབ་ཀྱང་དངོས་སམ་བརྒྱུད་ནས་སྟེར་བར་འགྱུར་རོ། །གཞན་ཡང་མཁས་པའི་དབང་པོ་དགེ་བཤེས་སོག་བཟློག་པའི་ཞལ་ནས། འདོད་ཡོན་ལྔ་སྤྱོད་ཅིང་བུད་སྨད་དང་བཅས་པས་ཐེག་ཆེན་གྱི་གྲལ་དུ་མི་ཆུད་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་མི་བཞེད་དེ། འཕགས་པ་སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་
ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་བསྒྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་དང་། མངོན་རྟོགས་རྒྱན་ལས། འདོད་ལ་སྤྱོད་པ་ཐབས་མཁས་དང་། །ཞེས་འབྱུང་ལ། གསང་སྔགས་པ་ནི་འདོད་ཡོན་ལྔ་ལ་ངེས་པར་བསྟེན་པར་གསུངས་ཏེ། རྒྱུད་དག་ལས། དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟེན་ན་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། སྔོན་གྱི་རྣལ་འབྱོར་རྒྱུད་ཀྱི་རྒྱལ་པོ་རབ་གསལ་ཟླ་བ་དང་། གསང་བ་འདུས་པའི་རྒྱལ་པོ་བི་སུ་ཀལྤ་དང་། རྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་ཨིནྟྲ་བྷུ་ཏི་ལ་སོགས་པ་དེ་རྣམས་ཁྱིམ་པ་བུད་མེད་དང་བཅས་པ་ཁོ་ན་ཡིན་ལ། ཨིནྟྲ་བྷུ་ཏིའི་ཁབ་ཏུ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཐུན་མོང་གི་ཆོས་བསྟན་པས། རྒྱལ་པོས། ལུམྦུའི་ཚལ་ནི་ཉམས་དགའ་བར། །ཝ་ཉིད་སེང་གེར་འགྱུར་སྲིད་ཀྱང་། །འདོད་ཡོན་སྤང་བའི་ཐར་པ་ནི། །བདག་གིས་ནམ་ཡང་མི་འཚལ་ལོ། །ཞེས་གསོལ་བས། དབང་པོ་རབ་གསང་སྔགས་ཀྱི་སྣོད་དུ་གཟིགས་ནས་དབང་བསྐུར་རྒྱུད་གསུངས་པས་རྒྱལ་པོ་འཁོར་དང་བཅས་པས་གྲོལ་བ་ཐོབ་པ་ཡང་གསར་མའི་
གཞུང་ལ་གྲགས། གསུངས། པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས། གཙང་མི་གཙང་ལ་སོགས་པའི་རྟོག་པས་འཆིང་བ་ཡིན། རྟོག་པ་དེ་སྤངས་ནས་དེ་དག་བདུད་རྩིར་བྱིན་གྱིས་བརླབས་ནས་སྤྱད་ན་ཆོས་ཐམས་ཅད་ལ་ཐ་དད་རྟོག་པ་འབྱུང་བ་རྫུན་པར་ངེས་ཤེས་འབྱུང་ལ། མི་མ་ཡིན་ཁ་ཅིག་དེ་ཉིད་ལ་དགའ་བས་ཆོས་བཞིན་དུ་སྐྱོབ་པ་དང་། དེའི་གདམས་ངག་འཛིན་པར་འགྱུར་བ་ཡོད་དོ། །ཤ་ལྔ་བདུད་རྩི་ལྔ་ནི་མཚོན་པ་ཙམ་སྟེ། ཡུལ་གང་ན་ཤ་ལ་སོགས་པ་མི་གཙང་བར་འཛིན་པ་དེ་ལ་མ་ཆགས་པར་སྤྱོད་དེ། འདི་ནི་སྤྱོད་པ་མྱུར་བའོ། །ཞེས་གསང་སྔགས་ཀྱི་ཐབས་མྱུར་བའི་ཡན་ལག་ཏུ་བཤད་དོ། །སམྦུ་ཊར་ཡང་། གོང་དུ་བཤད་པའི་གཤང་གཅི་ཁྲག་དང་ནི། །ཤ་དང་ཉ་ཡི་སྦྱིན་བསྲེག་ནི། །ལྷ་ནི་ཁྱོད་ཀྱིས་གསུངས་པ་ཉིད། །ཇི་ལྟར་ཡེ་ཤེས་སེམས་དཔའ་ལ། །མི་གཙང་བས་ནི་ཁ་བསྐང་ན། །སྡིག་པ་ཅི་ལྟར་སྐྱེ་མི་འགྱུར། །གལ་ཏེ་སྡིག་ལས་ཇི་ལྟར་འབྲས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་ཤེས་རྨོངས་པའི་སེམས་ཅན་གང་། །ཡེ་ཤེས་ཐབས་ནི་རྣམ་པར་སྤངས། །ཕྱི་རོལ་དངོས་པོར་མངོན་ཞེན་པས། །རྟོག་པའི་དྲ་བས་དྲ་བར་བྱས། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་
པ་སྟེ། །འདི་རྣམས་ཆོས་ནི་རང་བཞིན་དག །མ་སྐྱེས་པ་དང་གནས་མེད་ཅིང་། །སེམས་ཅན་ཡེ་ཤེས་འཕེལ་བའི་ཕྱིར། །དོན་དམ་ལ་ནི་བསོད་ནམས་ཉིད། །ཐབས་ནི་སངས་རྒྱས་རྣམས་ཀྱིས་བསྟན། །སྐྱེ་བ་དང་ནི་སྤང་མེད་ན། །བསོད་ནམས་མེད་ལ་སུ་ཞིག་ཞེན། །གསུངས། གསང་སྔགས་ཀྱི་ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་། སྐྱེ་བོ་རང་ག་བས་སྤྱོད་པ་གཉིས་ཀྱི་བསམ་སྦྱོར་གཏན་ནས་མི་གཅིག་ཀྱང་། ཐ་མལ་བས་ཕར་བལྟས་ན་འཇིག་རྟེན་སྤྱོད་པ་དང་ཁྱད་པར་མེད་པ་འདྲ་བ་ཞིག་ཏུ་མཐོང་སྟེ། སྔོན་སློབ་དཔོན་འཇམ་དཔལ་བཤེས་གཉེན་འབན་མོ་ཆུང་མ་ཅན་དུ་མཐོང་བ་དང་། དཔལ་ཤ་བ་རཱི་དབང་ཕྱུག་རི་དྭགས་གསོད་པའི་རྔོན་པར་མཐོང་བ་བཞིན་ནོ། །ཉོན་མོངས་དུག་ལྔ་པོ་དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་སྤང་བྱར་མཛད་ཀྱང་། གསང་སྔགས་པས་དུག་ལྔ་ཡེ་ཤེས་ལྔར་གྲོལ་བ་ཡིན་ཏེ། སམྦུ་ཊི་ལས། ཆགས་པས་ཆགས་པ་དག་འགྱུར་ཏེ། །ཞེ་སྡང་ཉིད་ཀྱིས་ཞེ་སྡང་སྦྱོང་། །གཏི་མུག་ཉིད་ཀྱིས་གཏི་མུག་སྦྱོང་། །ང་རྒྱལ་ཉིད་ཀྱིས་ང་རྒྱལ་སྦྱོང་། །ཕྲག་དོག་གིས་ནི་ཕྲག་དོག་སྦྱོང་། །རྡོ་རྗེ་འཛིན་སོགས་ཐམས་ཅད་སྦྱོང་། །ཞེས་དང་། བརྟག་གཉིས་ལས། ཇི་ལྟར་མེ་ཡིས་ཚིག་པ་ཡང་། །མེ་ཉིད་ལ་ནི་བདུག་པར་
བྱ། །དེ་བཞིན་འདོད་ཆགས་མེས་ཚིག་གིས། །འདོད་ཆགས་མེ་ཡིས་བདུག་པར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་གྱུར་པ། །འདོད་ཆགས་ཀྱིས་ནི་རྣམ་གྲོལ་འགྱུར། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་སོ། །དེས་ན་གསང་སྔགས་ཀྱི་ལམ་ལ་སློབ་པའི་རྣལ་འབྱོར་པས་འདོད་ཡོན་གང་ལ་སྤྱད་ཀྱང་། གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ཡེ་གདོད་མའི་གནས་ལུགས་སྟོང་པ་ཆེན་པོར་གྲོལ་བའི་གནད་ཤེས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་དཀའ་ལས་ཆེན་པོ་ཞིག་མྱང་མི་དགོས་པར་མདོ་རྒྱུད་བསྟན་བཅོས་མང་པོ་ནས་ཡང་ཡང་གསུངས་སོ། །དེས་ན་འདོད་ཡོན་ལ་སྤྱོད་བའི་ཆོས་པ་ཐམས་ཅད་ལ་དད་གུས་དག་སྣང་སྦྱང་པར་བྱའོ།། ༈ སྨྲས་པ། ཆོས་སྐུ་ཀུན་ལ་ཁྱབ་པའི་ཀུན་ཏུ་བཟང་། །ལོངས་སྐུ་མཚན་དཔེས་སྤྲས་པ་རྡོ་རྗེ་འཆང་། །སྤྲུལ་སྐུ་འགྲོ་དོན་མཛད་པའི་ཤཱཀྱ་ཐུབ། །སྐྱབས་མཆོག་གསུམ་དང་བརྒྱུད་པའི་བླ་མས་སྐྱོངས། །བདག་སེམས་གསལ་སྟོང་
གཟིམ་ཁང་ཉམས་དགའ་རུ། །འཇམ་དབྱངས་དབྱངས་ཅན་ལྷ་མོ་རྟག་བཞུགས་ནས། །བདེ་སྟོང་བདུད་རྩིའི་རོ་ཡིས་མྱོས་བཞིན་དུ། །གསང་གཏམ་ཞུ་ཡང་མ་དགོས་གསུང་དུ་གསོལ། །ཤ་ཆང་བུད་མེད་རྣམས་དང་ལྷན་ཅིག་ཏུ། །གླུ་གར་རྩེད་འཇོ་བྱེད་བཞིན་ལམ་བཟང་ལ། །སློབ་མཁན་རྣལ་འབྱོར་ཕོ་མོ་དགའ་བའི་ཕྱིར། །རྡོ་རྗེ་གླུ་དབྱངས་སྙན་ལ་རིང་བ་ལེན། །ངོ་མཚར་རྒྱལ་བའི་གསུང་རབ་མཐའ་ཡས་ཀྱང་། །མཁས་པ་ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ནས་ཆོས་ཀུན་དགོངས་པ་ལོན་ཙ་ན། །གསར་རྙིང་ཡོངས་ལ་དད་གུས་དག་སྣང་འཆར། །ངེས་དོན་ལྟ་བ་རྟོགས་པའི་རྣལ་འབྱོར་པ། །འཁོར་བར་འཁྱམས་ཀྱང་སྡུག་བསྔལ་བདེ་བར་འཆར། །དངུལ་ཆུ་དཀར་མོ་ས་ལ་མི་འདྲེས་བཞིན། །སྡིག་པས་ནམ་ཡང་གོས་པ་མེད་པ་མཚར། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་ཡི། །གཞི་བཟུང་གསང་སྔགས་དབང་ལུང་ཁྲིད་ཐོབ་ནས། །འདོད་ཡོན་མ་སྤངས་རྒྱན་དུ་རོལ་བཞིན་དུ། །བསྐྱེད་རྫོགས་ལམ་ལ་སློབ་རྣམས་སྐལ་བ་བཟང་། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ལྷ་ལ་མཆོད་པའི་ཚུལ་དུ་འདོད་ཡོན་ལྔ། །ཁྱད་པར་ཤ་ཆང་བུད་མེད་གསུམ་བསྟེན་ཀྱང་། །ཉམས་རྟོགས་གོང་འཕེལ་སངས་རྒྱས་མྱུར་འཐོབ་འགྱུར། །གང་ཟག་དབང་པོ་ཡང་
རབ་རྣལ་འབྱོར་པས། །རྒྱལ་པོ་ཨིནྡྲ་བྷུ་ཏིའི་རྣམ་ཐར་བཞིན། །འདོད་ཡོན་མ་སྤངས་ལམ་དུ་འཁྱེར་བའི་དུས། །དང་གུས་དག་སྣང་མཆོད་བསྟོད་བཀུར་བར་རིགས། །གལ་ཏེ་མཆོད་བཀུར་བསྟོད་བསྔགས་མི་བྱེད་ཀྱང་། །ཐེག་ཆེན་སྤྱོད་པ་བློ་དམན་མང་པོ་ཡི། །བློ་ལ་མ་ཤོང་དོན་མེད་ཁ་བཏང་ན། །ཚེ་འདིར་སྡུག་ཅིང་ཕྱི་མར་དམྱལ་བར་འགྲོ། །དེ་ཕྱིར་ཐེག་པ་ཆེན་པོའི་རྣལ་འབྱོར་པའི། །ཕྱི་ཡི་སྤྱོད་ལམ་མིག་སྔར་མི་མཛེས་ཀྱང་། །ནང་གི་ཐུགས་དགོངས་ཅི་ཡིན་མི་ཤེས་པས། །ཀུན་ལ་དད་གུས་དག་སྣང་སྦྱངས་ན་ལེགས། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །འཇམ་མགོན་བླ་མ་ཡབ་སྲས་རྣམ་ཐར་བཞིན། །མདོ་སྔགས་གཉིས་ཀ་ཟུང་འབྲེལ་ཉམས་བླངས་ནས། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་པར་སྨོན། །ཕྱི་རབས་རྗེས་འཇུག་གང་ཟག་ལས་ཅན་རྣམས། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ལ། །དགོས་པ་མེད་པར་འདའ་བར་མི་བྱེད་ཅིང་། །གནང་བཀག་སོ་མཚམས་ཤེས་ནས་སྤྱོད་པར་གྱིས། །གླུ་འདི་ཐོས་ཚད་རྣལ་འབྱོར་ཕོ་མོ་ཡིས། །གསང་སྔགས་ཁྲོམ་དུ་ནམ་ཡང་མི་སྒྲོགས་པར། །དུར་ཁྲོད་ལ་སོགས་དབེན་པའི་གནས་རྣམས་སུ། །གསང་ནས་ཉམས་སུ་བླངས་ནས་འཚང་རྒྱ་ཤོག །ཅེས་པའང་བར་
སྐབས་ཀྱི་ཚིགས་སུ་བཅད་པའོ།། ༈ དེ་ཡང་ཁྱད་པར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི་ནི་བདེ་སྐྱིད་ཐམས་ཅད་འབྱུང་བའི་གཞི་མ་ཡིད་བཞིན་གྱི་ནོར་ལས་ལྷག་སྟེ། རྗེ་རིན་པོ་ཆེས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །གསུངས། ཡིད་བཞིན་ནོར་ལས་ལྷག་པའི་རྒྱུ་མཚན་གང་ཡིན་ཞེ་ན། ནོར་བུ་ལ་ཟས་གོས་གསེར་དངུལ་སོགས་ཐུན་མོང་གི་དངོས་གྲུབ་འབྱུང་བ་མ་གཏོགས། མཆོག་གི་དངོས་གྲུབ་མི་འབྱུང་། མི་ལུས་ལ་བརྟེན་ནས་མཁའ་སྤྱོད་རལ་གྲི་རིལ་བུ་མིག་སྨན་སོགས་གྲུབ་པ་བརྒྱད་ཞི་རྒྱས་དབང་དྲག་སོགས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ཅིང་། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་པའི་ཕྱིར་རོ། །མི་ཡི་ལུས་ཀྱི་ནང་ནས་ཀྱང་གླིང་གཞན་གསུམ་ལས་ལྷོ་འཛམ་བུའི་གླིང་དུ་སྐྱེས་པའི་མི་ཁྱད་པར་དུ་འཕགས། འཛམ་གླིང་མི་རྣམས་ཀྱིས་ལས་བཟང་ངན་གང་བྱས་ཀྱི་འབྲས་བུ་སྨིན་པ་ལ་མྱུར་བས་ལས་ཀྱི་ས་བ་ཡིན། གླིང་གཞན་དེ་ལྟར་མ་ཡིན། དེས་ན་གླིང་གཞན་དང་འཇིག་རྟེན་ཁམས་གཞན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ཅན་མྱུར་དུ་སངས་རྒྱས་ནས།
འགྲོ་དོན་མཐའ་ཡས་པ་མཛད་འདོད་པ་རྣམས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་ངོ་མཚར་གྱི་ལྟས་དང་ཆོ་འཕྲུལ་བྱུང་ན་མི་དགའ་བར། བདེ་བ་ཅན་བས་གསང་སྔགས་མྱུར་ལམ་གྱི་སྒོ་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ནས། ཚེ་མཇུག་ནས་འགྲོ་དོན་འབྱུང་བའི་ས་ལྷོ་འཛམ་གླིང་ཞེས་བྱ་བ་དེ་རུ་སྐྱེ་བར་ཤོག་ཅེས་ཐུགས་སྨོན་གཏོང་བ་ཡིན། ཞེས་སྐྱེས་བུ་དམ་པ་མང་པོས་གསུངས། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཅན་དུ་སྐྱེས་ན་འཇིག་རྟེན་འདིའི་བསྐལ་པ་གཅིག་བདེ་བ་ཅན་གྱི་ཞག་གཅིག་ཡིན་པས། བསྐལ་པ་མང་པོར་རང་ཉིད་བདེ་བ་ཙམ་མ་གཏོགས་འཚང་མི་རྒྱ། སངས་མ་རྒྱས་ན་འགྲོ་དོན་ཆེན་པོ་མི་འབྱུང་། བྱང་ཆུབ་སེམས་དཔས་འཁོར་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསམས་ན་བསྐལ་པ་མང་པོར་སྡོད་པ་ཕར་ཞོག །དེ་རིང་ནངས་པར་གཉིས་ཀྱིས་ཀྱང་དེ་རིང་སངས་རྒྱས་ནས་སེམས་ཅན་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པ་ལ་སྔ་ཕྱི་ཁྱད་པའི་ཕྱིར་རོ། །ལྷ་རྣམས་ཀྱང་འཆི་བའི་ཚེ་ལྷ་གཞན་གྱིས་ཁྱོད་ཀྱིས་སླར་སྐྱེ་བའི་སྨོན་ལམ་ཐོབ་སྨྲས་ན། འགའ་རེས་ལྷ་ཡུལ་དུ་སྐྱེས་ནས་ཅི་བྱ། འཕོ་ལྟུང་གིས་སྡུག་བསྔལ་བར་གདའ་སྨོན་པ་མི་གཏོང་། དེ་བས་ལྷོ་འཛམ་བུའི་
གླིང་གི་མི་ཞིག་ཏུ་སྐྱེས་ན་ཆོས་ཀྱི་མཐུ་ལ་བརྟེན་ནས། འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་སོགས་སྡུག་བསྔལ་གྱི་མིང་ཡང་མེད་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འདུག །སྐྱེ་བ་ཕྱི་མར་མདོ་སྔགས་ཀྱི་ཆོས་དར་བའི་གླིང་ལྷོ་འཛམ་གླིང་གི་མི་རུ་སྐྱེས་ནས། རྟེན་དེ་ལ་འཚང་རྒྱ་བར་ཤོག་ཅེས་སྨོན་ལམ་འདེབས་པར་མདོ་ལས་གསུངས། སྔགས་ལྟར་ན་ལུས་འདི་ཡིད་བཞིན་གྱི་ནོར་དང་ལྷ་བས་ལྷག་པའི་རྟེན་བཟང་པོ་ཡིན་པར་མ་ཟད། གཟུགས་ཀྱི་ཕུང་པོ་འདི་རྣམ་པར་སྣང་མཛད་ཀྱི་སྐུའི་རང་བཞིན་ཡིན་གསུངས། དེས་ན་མི་ལུས་རིན་པོ་ཆེ་ནོར་བུ་ལས་ལྷག་ཅིང་རྣམ་པར་སྣང་མཛད་དང་མཚུངས་པ་འདི་མི་འཇིག་པར་ཡུན་རིང་དུ་གནས་པའི་སླད་དུ། རྒྱལ་བ་རྣམས་ཀྱིས་ཚེ་སྒྲུབ་དང་རིམ་གྲོ་མང་པོ་གསུངས་པ་ཡིན། འོ་སྐོལ་རྣམས་ཀྱིས་ཀྱང་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་ཀྱང་། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཟེར། ཆོས་སྐྱོང་ཞིག་ལ་འདོད་གསོལ་བྱེད་ཀྱང་། ནད་མེད་ཚེ་དང་དབང་ཕྱུག་དང་། །ཞེས་འཕྲིན་བཅོལ་མཛད་པ་ཡིན། འདི་མི་གཙང་བའི་རྐྱལ་བ་ལྟ་བུ་ཞིག་ཡིན་ན་དེ་ལྟར་མི་བྱ། མི་ལུས་
རིན་པོ་ཆེ་འདི་ལ་སྐྱོན་ཞིག་མ་ཞུགས་ན། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་བྱས་ཀྱང་ཡོང་། ལུས་འདི་ལ་ཅི་བྱུང་ཡང་འབྱུང་དུ་ཆུག་ཆོས་བྱེད་ཟེར། ཨུ་ཚུགས་བྱས་འབྱུང་བ་ཆ་མི་སྙོམས་བའི་སྤྱོད་ངན་རྐྱང་བྱས་ན་སྐབས་ཤིག་ལུས་ལ་ནད་སྣ་དུ་མའི་ཚང་བཅས། ཆོས་ཕར་ཞོག་ཐ་ན་ལང་འདུག་ཀྱང་དཀའ་བ་འབྱུང་། ཆོས་སྒྲུབ་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་སྙིང་པོ་ལེན་འདོད་ན་ཐོག་མར་ལུས་རྟེན་འདི་ནད་མེད་བདེ་བར་ཡུན་རིང་དུ་གནས་པའི་ཐབས་སུ་ཚེ་སྒྲུབ་དང་ལྟོ་གོས་བཟང་བོ་བསྒྲུབ་དགོས། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ལན་མོ་བྱས་ཀྱང་མི་ཡོང་། སེང་གེ་མཆོངས་སར་ཝ་ལྡང་ན་ལྟག་ཚིགས་ཕུད་བ་ལྟར། དཀའ་བ་སྤྱད་ནས་ཉམས་རྟོགས་འབྱུང་མི་དགོས་ནད་དུ་མ་འབྱུང་ཉེན་ཡོད། རྗེ་མི་ལ་ལ་ངན་རྫོང་སྟོན་པས། ཁྱེད་ཀྱི་བླ་མ་དང་སྒྲུབ་པ་མཛད་པའི་དུས་དཀའ་བ་སྤྱད་པ་ལྟ་བུ་ཞིག་ཕར་ཞོག །དེའི་ཆ་འདྲ་ཙམ་ཞིག་ལག་ལེན་ལ་ཐེབས་དཀའ་བར་གདའ། བརྒྱ་ལ་ལག་ལེན་ལ་བཏབ་ཀྱང་ཕུང་པོས་ཀྱང་གཅོག་དཀའ་བར་འདུག་གསུངས། དེང་སང་བྱ་བཏང་སྒོམ་ཆེན་པ་ཕལ་ཆེ་བ་ཞིག་གིས་ཐབས་མི་མཁས་པར་དམ་པ་གོང་མའི་ལན་མོ་བྱས། ཆུ་རུལ་འཐུང་
ས་རླན་ཐོག་ཉལ་བ་སོགས་སྤྱོད་ལོག་བྱས། ཚ་གྲང་བཀྲེས་སྐོམ་མྱོང་དུ་བཅུག་ནས་འབྱུང་བ་འཁྲུག་ལོ་ནད་ཚེ་ནད་བྱས། འཆི་རུ་འཇུག་པ་རྣམས་ཀྱིས་རང་གི་བསམ་བཞིན་དུ་རང་ལག་ཉེས་ལ་བཏང་བ་ཡིན་པས། དེ་བས་སྙིང་མེད་སྨྱོན་པ་ཞིག་གཞན་ན་མེད། བློ་ལྡན་རྣམས་ཀྱིས་དལ་བའི་རྟེན་ཡིད་བཞིན་གྱི་ནོར་ལས་ལྷག་པ་དེ་བརླག་མི་ཕོད་དེ། བཤེས་སྤྲིངས་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་ཕྱིན་ཅིང་། །བྱང་ཆུབ་མཆོག་གི་དགེ་བའི་ས་བོན་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །གསུངས། བླ་མ་འགའ་རེས་བླ་མའི་སྐུ་དོན་དང་ཆོས་སྒྲུབ་དུས། སེམས་ཅན་གྱི་དོན་བྱེད་དུས་ལུས་སྲོག་འདོར་དགོས་རུང་དོར་གསུངས་པ་རྣམས་ཆོས་ལ་སྙིང་རུས་འབྱུང་བའི་ཐབས་སུ་གསུངས་བ་ཡིན་གྱི། ངེས་པར་ཆོས་ཕྱིར་ཕྱེ་ལེབ་མར་མེར་ལྡང་བ་ལྟར། ལུས་སྲོག་མ་འཚོ་རང་གི་རང་ལག་ཉེས་སུ་མྱུར་དུ་ཐོངས་གསུངས་བའི་ཚིག་ཏུ་འཁྲུལ་བར་མི་བྱ། འབྲུག་པ་ཀུན་ལེགས་ཀྱིས། འགའ་ཞིག་ན་རེ། དཔལ་ལྡན་ནཱ་རོ་པ་དེས་བླ་མའི་བཀའ་སྒྲུབ་པ་ལ་གཡང་དང་ཆུ་དང་མེ་སོགས་གང་ལ་ཡང་མ་བརྩིས་པར་མཆོངས་བ་དེ་ཡ་མཚན། ད་ལྟ་བླ་མས་མཆོངས་བྱས་ན་ནི་ཐོག་སོ་གཅིག་ལའང་
མཆོང་མི་ནུས་ཟེར། ངས་འདི་སྐད་བྱས། དེ་དུས་ཀྱི་བླ་མ་ཏཱེ་ལོ་བྱ་བས་མཁར་མེད་པ་ལ་རྫུ་འཕྲུལ་གྱིས་མཁར་གཅིག་སྤྲུལ་ནས། ནཱ་རོ་བའི་སེམས་ཀྱི་སྙེམས་ཐག་བཅད་པ་ཡིན་མོད། གཞན་ཐང་བདེ་མོ་ནས་སོར་བཞི་ཙམ་ཡང་མར་ལ་བོགས་མེད་བྱས་པས། འོ་ན་རྐང་བ་ཆག་པའི་སྡུག་བསྔལ་མི་ཡོང་ངམ་ཟེར། རྨི་ལམ་ལ་གཡང་ས་ལ་མཆོངས་པས་རྐང་ལག་ཆག་ནས་སྡུག་བསྔལ་བྱུང་བའི་ཉམས་ཡང་ཡོད། མལ་ས་ནས་བླ་ལོག་ཡང་འགྲེས་པ་མེད། དེ་བཞིན་ཡོང་བསམ་པ་མཛད་ནས། ད་ལྟ་བླ་མ་རྣམ་པས་ཤེས་རབ་ཆུང་ཆུང་ལ་དད་པ་དགའ་མོ་ཡོད་པའི་མི་ལྐུགས་པ་འདྲ་བ་གཡང་ལ་མཆོང་བཅུག་ན་ཕྱག་གིས་བྱིལ་བ་མཛད་པས་ཨེ་སོས་མི་ཤེས་པས། ལྷ་རྗེ་བོས་ནས་རྐང་ལག་ལ་ཆག་ཆིངས་མཛད་དགོས་བྱུང་ཙ་ན། དཔོན་སློབ་གཉིས་ཀ་འགྱོད་ལ་ངོ་ཚ་བའི་གཏམ་གྱི་དཔེ་འཁྱེར་བ། ཕུག་པ་བསོད་རྒྱལ་བས་རྒོད་ཀྱི་རྐང་དམར་ཞབས་ལ་བྱུགས་ནས་འཕུར་བས། སོག་རགས་སུ་རྐེ་རྫིང་ངེ་བས་རྒྱབ་ནས་བགད་ཆ་མང་པོ་ཤོར་བ་དེ་འདྲ་ཡོངས་གསུངས་པ་དེ་ཐུགས་བདེན་པར་གདའ། དཔེར་ན་མི་ཐབས་མཁས་པ་དགྲ་དང་འཐབ་དུས་ཕ་རོལ་གྱི་མདའ་མཚོན་གང་ལ་ཡང་བྱོལ་ཅི་ཐུབ་བྱས། རང་གིས་ལུས་ལ་རྨ་མེད་པ་གཞན་ཕ་རོལ་གྱི་
དགྲ་ཐབས་གཡོ་སྒྱུ་སྣ་ཚོགས་པའི་སྒོ་ནས་ཕམ་ཅི་ཐུབ་བྱས་ན་དཔའ་བོ་ཟེར་གྱི། རང་མྱུར་དུ་རོ་རྒང་ངེ་གཏོང་དུ་འཇུག་པ་ལ་གླེན་པ་གོ་མ་ཆོད་ཟེར་གྱི་དཔའ་བོ་མི་ཟེར་བ་ལྟར། ཆོས་བྱེད་དུས་ཟས་གོས་ཀྱིས་ལུས་བསྐྱངས་ནས་ན་ཟུག་མི་བདེ་བ་མེད་པར་བྱས། དམ་པའི་ཆོས་བཞིན་བྱས་རང་རྒྱུད་ཉོན་མོངས་པའི་དགྲ་ཐམས་ཅད་ཆམ་ལ་ཕབ་ན་ཆོས་པ་བཟང་པོ་ཟེར་གྱི། ལྟོ་གོས་ཡེ་མེད་པ་བྱས་ཡང་ན་གང་བྱུང་ངན་ངོན་ནད་སློང་བ་བསྟེན་ནས་ཆོས་ཀྱི་སྔོན་དུ་རང་གི་རང་རོ་རྒང་ངེ་བཏང་ན་གླེན་པ་ཨུ་ཚུགས་ཅན་ཐབས་མི་མཁས་པ་ཟེར་གྱི། ཆོས་མེད་པར་ཤི་བ་ལེགས་སུས་ཟེར། དཔེར་ན་དཔའ་བོ་དགྲ་དང་འཐབ་དུས་རང་ལ་ཇི་ཙམ་འཛེམ་ཀྱང་མ་ཁོག་ཕ་རོལ་དགྲ་ཕམ་རང་ཡང་མཚོན་བབས་ནས་ཤི་ཙ་ན། གཞན་གྱིས་ཀྱང་དེའི་ཉིན་མི་དེས་གཅིག་ཁྱག་ཡོད་བུ་རྒོད་པོ་དཔའ་བོ་དེ་འདྲ་ལ་ཟེར། དེ་མ་བསད་ན་ཨང་ཞེས་ཡིད་སྨོན་བྱེད་ཅིང་རང་ཡང་མི་འགྱོད་པ་ལྟར། ཆོས་བྱེད་དུས་ལུས་སྲོག་འཚོས་ཀྱང་མ་ཕན་རུང་དམ་པའི་ཆོས་ཀྱང་ཡོང་ན་ནད་ཀྱིས་བཏབ་ནས་ཤི་སོང་ཡང་། གཞན་གྱིས་དེས་ཆོས་ལེགས་པོ་བྱས་ཆོས་པ་དེ་འདྲ་ལ་ཟེར། ད་དུང་མ་ཤི་ན་ཨང་ཟེར་ཡིད་སྨོན་བྱེད་ཅིང་རང་ཡང་མི་འགྱོད་པ་ཞིག་འོང་། ཆོས་ཕྱིར་འཆི་དགོས་ཟེར་བ་ལ་ཡང་རྣམ་པ་མང་། ཀུན་མཐའ་གཅིག་ཏུ་བཟུང་
ནས་གཞན་དཀའ་སྤྱད་མི་བྱེད་པ་རྣམས་ལ་ཁ་མ་གཏོང་། རང་གིས་དཀའ་བ་སྤྱད་པ་ཡོན་ཏན་ཏུ་རློམས་ནས་གཞན་ཐམས་ཅད་ལ་ཁ་གཏོང་བ་འདི་ཆོས་ཆེན་པོ་མི་ཤེས་པའི་རང་མཚང་བསྟན་པ་ཡིན་པས་གཞན་མ་སེམས། གསང་སྔགས་ཀྱི་རྣལ་འབྱོར་པ་བསྐྱེད་རྫོགས་ཀྱི་རྟོགས་པ་དང་ལྡན་པ་ཡིན་ན་དཀའ་སྤྱད་ཀྱིས་ལུས་གདུང་དུ་བཅུག་ན་ཡི་དམ་ལྷ་ལ་བརྙས་པ་ལྟ་བུའི་ཉེས་པ་འབྱུང་སྟེ། རས་ཆུང་རྡོ་རྗེ་གྲགས་པས། འཚོ་བ་དཀའ་ཐུབ་ཞིག་ལ་བྱང་ཆུབ་རེ། །ཕྱི་དྲོ་དགུང་ལྟོ་བཅད་པའི་ཡུས་བོ་ཆེ། །ལྷ་ལ་བརྙས་པ་བྱས་པ་མ་ཚོར་གདའ། །གསུངས། འབྲུག་པ་ཀུན་ལེགས་ཀྱིས། གདོད་ནས་སེམས་ཅན་སངས་རྒྱས་ཡིན་པ་ལ། །དེ་ལྟར་མ་ཤེས་འཁྲུལ་པའི་ལུས་རྣམས་བླངས། །དེ་ཉིད་མ་ཤེས་དཀའ་ཐུབ་སངས་རྒྱས་ཟེར། །སྐུ་གསུམ་བརྙས་པ་བགྱིས་པ་མཐོལ་ལོ་བཤགས། །གསུངས། དེ་འདྲའི་རྣལ་འབྱོར་པའི་ཕུང་པོ་ཚ་གྲང་བཀྲེས་སྐོམ་གྱིས་གདུང་དུ་བཅུག་ན། ཕུང་པོ་སངས་རྒྱས་མངའ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །ཞེས་རྩ་ལྟུང་བརྒྱད་པ་འཕོག །སྔགས་ཀྱི་བསྐྱེད་རྫོགས་བསྒོམ་པའི་རྣལ་འབྱོར་པས་ལྷ་ལ་ཕུལ་བའི་ཚུལ་དུ་གོས་རྒྱན་སོགས་ལེགས་པོ་གྱོན་ཁྲུས་དང་གཙང་སྦྲ་སོགས་ཀྱིས་ལུས་ལ་བྱི་དོར་བྱས། ཤ་
ཆང་སོགས་འདོད་ཡོན་བཅུད་ཅན་བསྟེན་ན་རང་གི་ཚོགས་རྫོགས་ཤིང་། ཟས་གོས་སྟེར་བའི་སྦྱིན་བདག་རྣམས་ལ་ཡང་བསོད་ནམས་མཐའ་ཡས་འབྱུང་སྟེ། རྗེ་མི་ལ་རས་པས་སྦྱིན་བདག་འགའ་ལ། རྣལ་འབྱོར་བ་རྩ་རླུང་སྒོམ་པའི་བ་སྤུ་རེ་རེའི་རྩ་བ་ན་ཡང་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་ཡོད་པར་མདོ་རྒྱུད་ཀུན་ནས་གསུངས་པས། བྲོ་བཟང་བོ་དྲོངས་ཤིག་གསུངས། སྔོན་དབུས་གཙང་གི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་པ་བཟང་པོ་ཞིག་གིས། སྦྱིན་བདག་འབྱོར་ལྡན་གྱི་སེར་འབྲས་དགེ་གསུམ་ལ་མང་ཇ་བསྐོལ་ནས་ཕུལ་བ་བས་ཁོ་བོས་ཇ་ཕོར་བ་གང་རེ་བསྐོལ་ནས་འཐུང་བ་འདི་བསོད་ནམས་ཆེ། དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་རང་ལུས་ལྷ་རུ་གསལ་བའི་ནང་དུ་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་མ་ལུས་པ་སྤྱན་དྲངས་ནས། ཇ་ཕོར་དེ་འདོད་ཡོན་ལྔའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་དམིགས་ནས་ཕུལ་བ་ཡིན་པའི་ཕྱིར་རོ། །གསུངས། དེས་ན་འདོད་ཡོན་ལོངས་སྤྱོད་ཀྱིས་ལུས་འདི་གཅེས་པར་སྐྱོངས་ལ་དམ་པའི་ཆོས་ཀྱི་སྙིང་པོ་ལེན་པར་གྱིས། འོ་ན་ཚོགས་བསགས་པ་ལ་དངོས་འབྱོར་ལས་ཡིད་སྤྲུལ་ཁྱད་ཆེ་བ་ཡིན་ནམ་ཟེར་ན། སྤྲུལ་ནུས་ན་དངོས་འབྱོར་གྱི་མཆོད་པ་ལས་ཡིད་སྤྲུལ་ལྷག །དེ་ཅིའི་ཕྱིར་ཞེ་ན། སྡིག་དང་ཅུང་ཟད་མ་འདྲེས།
ཟག་མེད་ཀྱི་མཆོད་པ་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །ཡིད་ཀྱིས་སྤྲུལ་མ་ནུས་ན་དངོས་འབྱོར་ཕུལ་བ་བསོད་ནམས་ཆེ། མིག་ཟིམ་ཟིམ་བྱས་པས་བསོད་ནམས་གང་ཡང་མི་ཡོང་། འོ་སྐོལ་རྣམས་ཀྱིས་ཡོད་ན་སེར་སྣ་མི་བྱེད་པར་དངོས་འབྱོར་གྱི་མཆོད་པ་ཅི་ནུས་འབུལ་ཞིང་། དེ་ལ་དམིགས་ནས་ཡིད་ཀྱིས་ཀྱང་ཅི་ལྕོགས་སྤྲུལ་ནས་འབུལ་བ་གཉིས་ལྡན་བྱས་ན། ཚོགས་རྫོགས་པ་ལ་ཁྱད་ཆེན་པོ་འབྱུང་བས་གཉིས་ཀ་ཟུང་འབྲེལ་བྱེད་པ་གཅེས། དེ་ཡང་གང་ཟག་དབང་པོ་ཡང་རབ་གསང་སྔགས་བསྐྱེད་རྫོགས་ཀྱི་གདེངས་དང་ལྡན་པའི་རྣལ་འབྱོར་པས་ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས། འདོད་ཡོན་ལྔ་དང་། ཁྱད་པར་ཤ་ཆང་བུད་མེད་གསུམ་ལ་ལོངས་སྤྱོད་བཞིན་གསང་སྔགས་ཀྱི་ལམ་ལ་སློབ་དུས། རྩ་གསུམ་ལྷ་ལ་ཡང་འདོད་ཡོན་སྤྱི་དང་། ཁྱད་པར་གསང་མཆོད་ཕུལ་ན་ཐུགས་མཉེས་ནས་རང་རྒྱུད་ལ་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་བསྐྱེད་པར་དགོངས་ནས། རྗེ་རིན་པོ་ཆེས་གསང་འདུས་ཀྱི་དཀྱིལ་འཁོར་འཁོར་ལོ་མཆོད་པའི་སྐབས་སུ། གསང་བའི་འཁོར་ལོ་ཨིནྡྲ་ནཱི་ལ་ལྟར། །ཤིན་ཏུ་སྔོ་བའི་རྡོ་རྗེ་བུང་བ་ཡིས། །བསྐྱོད་པའི་པདྨོ་ལས་འོང་མེ་ཏོག་དམར། །མི་བསྐྱོད་རྡོ་
རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །སྤྲུལ་པའི་འཁོར་ལོར་གཏུམ་མོའི་མེས་བསྲེགས་ནས། །ཡིད་འོང་དྲི་ཡི་ངད་ལྡན་ག་བུར་སྤོས། །ཉམས་སུ་མྱོང་བའི་ཡིད་རབ་སིམ་བྱེད་པ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཆོས་ཀྱི་འཁོར་ལོའི་དབུས་གནས་བདེ་བའི་དངོས། །ཧཱུཾ་ཡིག་ཉི་མ་གསལ་བའི་འོད་ཟེར་ཅན། །མི་ཤེས་མུན་འཇོམས་སྔགས་ཀྱི་མར་མེ་འདི། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །བདེ་ཆེན་འཁོར་ལོའི་དབུས་ན་ལེགས་གནས་པ། །ཀུན་ད་ལྟར་དཀར་དྲི་ཡི་བྱུགས་པ་ཡིས། །ལུས་ཀུན་ཁྱབ་པར་བདེ་བའི་མཆོག་སྟེར་བ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །རྨི་ལམ་ཡུལ་ལ་རོལ་བ་ཅི་བཞིན་དུ། །གང་གང་དབང་བོའི་ལམ་ནས་བྱུང་ནས་ནི། །དེ་དང་དེ་ཡི་ཡུལ་ལ་ལོངས་སྤྱོད་ཟས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །སྙོམས་འཇུག་དགའ་བའི་རོལ་བ་ལས་བྱུང་བ། །མི་ཤིག་ཡི་གེ་མཆོག་གི་རོལ་མོའི་སྒྲ། །ཨཱ་ལི་ཀཱ་ལིའི་གདངས་སུ་ཤར་བ་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཞེས་པས་ནང་གི་ཉེར་སྤྱོད་དབུལ། དེ་ནས། རིན་ཆེན་དབང་གི་རྒྱལ་པོ་བཻ་ཌཱུརྻའི། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་
དབུལ་བར་བྱ། །མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྙན་ལ་དབུལ་བར་བྱ། །ག་བུར་ཨ་ཀར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ཤངས་ལ་དབུལ་བར་བྱ། །ལུས་མཆོག་བརྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ལྗགས་ལ་དབུལ་བར་བྱ། །ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བའི། །དཔག་བསམ་གོས་ལ་སོགས་པའི་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ལུས་ལ་དབུལ་བར་བྱ། །ཞེས་པ་ཕྱིའི་འདོད་ཡོན། འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཡིད་འཕྲོག་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །པདྨ་ཅན་སོགས་ཕྱག་རྒྱའི་གཟུགས་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཟུར་གྱིས་བལྟ་ཞིང་འཛུམ་པའི་བཞིན་རས་ཅན། །དྲུག་ལྡན་ལ་སོགས་ཡང་དག་གླུ་ལ་མཁས། །
པདྨ་ཅན་སོགས་ཕྱག་རྒྱའི་གླུ་དབྱངས་མཆོག །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །ལྷན་ཅིག་སྐྱེས་དང་སྦྱར་བའི་བཟང་པོའི་དྲི། །གང་གི་ལུས་ལས་རྟག་ཏུ་རྣམ་འབྱུང་བ། །པདྨ་ཅན་སོགས་ཕྱག་རྒྱའི་དྲི་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །གང་ཞིག་མྱངས་པས་བྱང་ཆུབ་སེམས་འཇུ་བ། །བིམ་པ་ལྟར་དམར་མ་མཆུའི་སྦྲང་རྩི་སོགས། །པདྨ་ཅན་སོགས་ཕྱག་རྒྱའི་རོ་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །གསང་བའི་སྣ་རྩེ་ཕན་ཚུན་ཕྲད་པ་ཡི། །རེག་བྱ་མྱོང་བའི་གཏུམ་མོ་སྐུལ་བྱེད་མ། །པདྨ་ཅན་སོགས་ཕྱག་རྒྱའི་རེག་བྱ་མཆོག །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་དབུལ། །ཞེས་པས་ནང་གི་འདོད་ཡོན་དབུལ་བར་གསུངས། ཡང་བདེ་མཆོག་མཆོད་ཕྲེང་གི་སྐབས་སུ། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང་། །བཞིན་རས་རྒྱས་པའི་ཟླ་བའི་མཛེས་པ་འཕྲོག །ཨུཏྤལ་སྔོན་པོའི་མིག་གཅན་མཆུ་སྒྲོས་དམར། ཏིང་འཛིན་པིར་ལེགས་མ་འདི་ནི་དགའ་ལྡན་འདེབས་དུས། གནས་གསུམ་མཁའ་འགྲོ་རྣམས་ཀྱིས་དབྱངས་སུ་བསྒྲགས་པ་སྟེ། རྗེ་རིན་པོ་ཆེས་བདེ་མཆོག་གི་མཆོད་འཕྲེང་དུ་བཀོད་པར་མཛད་པ་ཡིན་སྐད། སྤེལ་ལེགས་མེ་ཏོག་
ཕྲེང་བ་འཛིན་མཛད་མ། །འདོད་པའི་བདེ་ལ་ཆགས་པ་མང་སྤྲུལ་ཏེ། །དཀྱིལ་འཁོར་བ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །ཉེར་སྤྱོད་ལྷ་མོའི་བདེ་བས་མཆོད་པར་བྱ། །དེ་བཞིན་དུ། སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ། །ཞེས་པའི་གནས་སུ་རིམ་པ་བཞིན། དྲི་ཞིམ་བདུག་པའི་སྤོས་ཕོར་འཛིན་མཛད་མ། །རིན་ཆེན་འོད་འབར་སྣང་གསལ་འཛིན་མཛད་མ། །སྟོང་གསུམ་ངད་ལྡང་དྲི་མཆོག་འཛིན་མཛད་མ། །རོ་བརྒྱ་ལྡན་པའི་ཞལ་ཟས་འཛིན་མཛད་མ། །ཞེས་པ་བསྒྱུར་ནས་གཞན་རྣམས་སྔར་བཞིན་དུ་འདོན། ཡིད་འོང་རོལ་མོའི་ཆ་བྱད་མཐའ་ཡས་ལས། །བྱུང་བའི་གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་པས་ལུས་སེམས་གདུང་བ་ཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། །ཞེས་རོལ་མོ་རྣམས་དབུལ། ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱིས་དགའ་སྐྱེད་མཆོད་པའི་ལྷ་མོ་ནི། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མས། །གདངས་སྙན་སྒྲ་ཡིས་རྣ་བའི་དགའ་སྟོན་འགྱེད། །རབ་འབྱམས་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་བསྩལ་དུ་གསོལ། །
དེ་བཞིན་དུ། པི་ཝང་ཞེས་པ་ནས་དགའ་སྟོན་འགྱེད། ཅེས་པའི་ཚིག་རྐང་གཉིས་ཀྱི་གནས་སུ། བཞིན་མཛེས་འཛུམ་དང་ལྡན་པའི་འགྱིང་བག་ཅན། །སྙན་པའི་གླུ་ལེན་མཛེས་པའི་གར་བསྒྱུར་མ། །དེ་བཞིན་དུ། མེ་ཏོག་ཀོང་བུ་དྲི་ཞིམ་བདུག་སྤོས་དང་། །མར་མེའི་སྡོང་བུ་དྲི་ཡི་དུང་ཕོར་འཛིན། ༈ དྲི་མེད་མེ་ལོང་སྦྲང་ཆང་སྣོད་དང་ནི། །སྣ་ཚོགས་གོས་དང་ཆོས་ཀྱི་འབྱུང་གནས་འཛིན། །ཞེས་པ་བསྒྱུར་ནས་གཞན་རྣམས་སྔར་བཞིན་བཏོན་ནས། རིག་མ་བཅུ་དྲུག་གིས་མཆོད། རབ་འབྱམས་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་གྱུར་བ་ལས་བྱུང་ལྷ་མོ་ནི། །བཞིན་རས་རྒྱས་ཤིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡི་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་ཐམས་ཅད་ནི། །གཟུགས་ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་སྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག །དེ་བཞིན་དུ་ཚིགས་བཅད་རྣམས་སྔ་མ་བཞིན་དུ་བརྗོད་ལ། ཁྱད་པར་ནི་གཟུགས་ཞེས་པ་ཐོག་མ་བཞིན་ལ་རིམ་པ་བཞིན། སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་པ་བརྗེས་ནས། བཞིན་རས་རྒྱས་ཤིང་སྐུ་ཡི་མཛེས་པ་སྟོན། །ཞེས་པའི་གནས་སུ། སྙན་པའི་པི་ཝང་རྡུང་ཞིང་གླུ་ལེན་མ། །
དེ་བཞིན་དུ་འོག་མ་གསུམ་ལ་ཡང་། བཟང་པོའི་དྲི་ཡིས་ཕྱོགས་ཀུན་རབ་འགེངས་མ། །བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། །འཇམ་མཉེན་རེག་བྱ་མཆོག་གིས་ཡིད་འཕྲོག་མ། །ཞེས་འདོད་ཡོན་ལྔས་མཆོད་པར་གསུངས་སོ། །དེ་བཞིན་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞིའི། །འདོད་པའི་སྒྱུ་རྩལ་ལ་མཁས་ལུས་ཕྲ་མ། །ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཕོ་ཉའི་ཚོགས། །མཛེས་སྡུག་སྒྱུ་མའི་ཕྱག་རྒྱ་རྣམས་ཀྱང་འབུལ། །ཞེས་དང་། རྒྱལ་དབང་ལྔ་བས། པད་མ་ཅན་སོགས་ཡིད་འཕྲོག་ལྷ་མོའི་གཟུགས། །རྐེད་ཕྲ་ནུ་འབུར་བྷ་ག་མངོན་པར་རྒྱས། །དབང་པོ་དྲུག་ལ་དགའ་བའི་བདེ་སྟེར་བ། །ནམ་མཁའི་ཁམས་ཀུན་ཡོངས་སུ་བཀང་སྟེ་འབུལ། །མཁའ་ལ་མཁའ་ཡིས་སྦྱོར་བ་ཇི་བཞིན་དུ། །དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་པའི། །བདེ་སྟོང་ཡེ་ཤེས་མཆོག་གིས་དགྱེས་བསྐྱེད་ནས། །ཐབས་ལམ་ཟབ་མོས་ཚེ་འདིར་གྲོལ་བྱིན་རློབས། །ཞེས་གསུངས། གཞན་ཡང་གྲུབ་དབང་མཁར་རྡོ་རིན་པོ་ཆེའི་གཟིགས་སྣང་ཙཎྚ་ལི་སྡེ་ལྔའི་ཆོག་ལས། ཧཱུཾ། ཐུགས་
ལས་སྤྲོས་པའི་རྡོ་རྗེ་ཕོ་ཉ་མོ། །མཛེས་ཤིང་སྒེག་ལ་ཆགས་པའི་རྣམ་འགྱུར་ཅན། །མཆོད་པའི་ལས་ལ་རྣམ་པར་གོམས་པ་ཡིས། །ཞལ་གྱི་ཆབ་སྐྱེམས་མི་ཟད་ཨརྒྷཾ་སྤྲོ། །གཡའ་ཆུ་སིལ་མའི་ཞབས་བསིལ་རྒྱུན་དུ་སྦྲེངས། །མཛེས་པའི་ལང་ཚོ་མེ་ཏོག་ཀུན་ནས་འཛུམ། །ཁ་དང་ལུས་ནི་དྲི་ཞིམ་བདུག་སྤོས་འཐུལ། །ཡེ་ཤེས་སྣང་གསལ་བདེ་དྲོད་འོད་དུ་འབར། །ཆགས་པའི་རྡུལ་རྒྱུན་དྲི་ཆབ་ཡོངས་སུ་འགྱེད། །ལྗགས་བཅུད་མངར་བའི་རོ་བརྒྱའི་ཞལ་ཟས་འབུལ། །སིད་དང་འཁུན་ཅིང་བསྲུབ་པའི་སྒྲ་སྙན་སྒྲོགས། །རང་རང་མཆོད་རྫས་དགྱེས་པ་སྐྱེད་བྱེད་པའི། །མཛེས་སྡུག་གར་མཁན་མཆོད་པའི་ལྷ་མོ་ཡིས། །རྣམ་པར་མཆོད་པ་ཡོངས་སུ་སྤྲོས་པས་མཆོད། །བདེ་ཆེན་རོལ་པའི་རྩལ་སྣང་མ་འགག་པས། །ཡེ་ཤེས་སྒྱུ་མའི་ངང་དུ་བཞེས་སུ་གསོལ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །གཞན་ཡང་མདོ་ནས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་པ། སྔགས་ནས་ལྷ་སྔགས་ཏིང་ངེ་འཛིན་གྱི་སྒོ་ནས་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་རྣམས་བྱིན་གྱིས་བརླབས་ནས་མཆོད་སྦྱིན་བྱས་ན། བསྐལ་བ་མང་པོའི་ཚོགས་དུས་གཅིག་ལ་རྫོགས་ནས། ཚེ་གཅིག་
ལ་སངས་རྒྱས་པར་འགྱུར་བས་ཡར་མར་གྱི་ཚེས་བཅུ་སོགས་སྐབས་སྐབས་སུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་གལ་ཆེ་སྟེ། དེ་ལ་སྔོན་གྱི་དུས་སུ་རྒྱ་གར་འཕགས་པའི་ཡུལ་ན་འབྱོར་ལྡན་གྱིས་གསེར་སྲང་བཅོ་བརྒྱད་ཙམ་གྱི་རིན་གྱི་ཚོགས་རྫས་བརྒྱ་ཕྲག་མང་པོ་ཚོགས་པར་བྱས། རིམ་གཉིས་ཀྱི་རྣལ་འབྱོར་ཕོ་མོ་བརྒྱ་ཕྲག་དུ་མ་ཚོགས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིན་སྐད། བོད་འདི་འབྱོར་བ་ཆུང་བས་དེ་ཙམ་མ་འཛོམས་ཀྱང་། ཐབས་ཤེས་ཀྱི་རྫས་ཤ་ཆང་ལ་སོགས་རང་རང་གིས་གང་འཛོམ་གྱིས་ཚོགས་འཁོར་བསྐོར་ན་ཆོག་པར་གསུངས། ཚོགས་མཆོད་ཀྱི་སྐབས་སུ་རྡོ་རྗེའི་གླུ་དང་གར་གྱི་མཆོད་པ་ཡང་བྱ་སྟེ། ཚེས་བཅུའི་བསྐུལ་བྱང་ལས། འབྱོར་ལྡན་ག་ནའི་ཙཀྲ་བྱ། །ཉམས་ཀྱི་བྲོ་རྡུངས་གར་སྟབས་བྱོས། །ལུས་ལ་བདེ་བའི་ཉམས་མྱོང་འབར། །ངག་གིས་ཆོས་བཤད་ཉམས་དབྱངས་བླངས། །གསང་བ་ངག་ལ་ནུས་པ་འཆར། །ཡིད་ཀྱིས་མི་རྟོག་ཅི་འཛིན་སྒོམས། །སྨྲ་མེད་རྟོགས་པའི་ཉམས་ཡང་འཆར། །ཞེས་དང་། གསང་རྒྱུད་རིན་པོ་ཆེ་ལས། གླུ་ནི་ཆོས་ཉིད་སྟོང་པའི་གླུ། །གར་ནི་དོན་དམ་རྟོགས་པའི་གར། །བྲོ་ནི་གདུག་
པ་འདུལ་བའི་བྲོ། །གླུ་བྲོ་གར་གྱིས་མཆོད་པ་འབུལ། །ཞེས་དང་། རྡོ་རྗེ་གུར་གྱི་དཀའ་འགྲེལ་དུ། སངས་རྒྱས་གར་མཁན་རྡོ་རྗེ་ཡིས། །འདོད་ཆགས་ཅན་གྱིས་བྱང་ཆུབ་སྒྲུབ། །ཅེས་དང་། བླ་མ་དགོངས་འདུས་ལས། གར་སྟབས་འཆམ་དང་རྣམ་འགྱུར་དུ་མ་ཡིས། །རྣལ་འབྱོར་ཉམས་དང་བསྟུན་ཏེ་གཞུང་བཞིན་བྱ། །དེས་ན་བྱིན་འབེབས་མ་མོ་མཁའ་འགྲོ་འདུ། །མངའ་ཐང་ལོངས་སྤྱོད་དཔལ་འབྱོར་གོང་དུ་བསྐྱེད། །ཅེས་དང་། རྡོ་རྗེ་གུར་ལས། གར་དང་གླུ་ལ་རབ་ཞེན་པའི། །སེམས་ཅན་རྣམས་ནི་བསྡུ་བའི་ཕྱིར། །སངས་རྒྱས་གར་མཁན་རོལ་བ་མཛད། །སངས་རྒྱས་གར་མཁན་རྡོ་རྗེ་ཡིས། །འདོད་ཆགས་ཆེན་པོས་བྱང་ཆུབ་སྒྲུབ། །ཅེས་དང་། དང་པོའི་སངས་རྒྱས་ལས། དགའ་བདེ་དེ་བཞིན་སྤྲོ་བ་ཡིས། །གླུ་གར་རོལ་མོའི་རྣམ་པར་རོལ། །དྲི་དང་ཕྲེང་བ་བྱུག་པ་ཡིས། །རིགས་སྔགས་རྒྱལ་པོ་རབ་བསྒྲུབ་བྱ། །ཇི་ལྟར་བདེ་བའི་བདེ་བ་བཟུང་། །ཇི་ལྟར་འདོད་པ་དེ་ལྟར་སྤྱད། །ཇི་ལྟར་བཟའ་བཏུང་སྤྱོད་པས་ཀྱང་། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །ཞེས་དང་། ཀྱཻ་རྡོ་རྗེ་ལས། གང་དུ་གུས་བཅས་གླུ་ལེན་དང་། །གང་དུ་གུས་བཅས་གར་བྱེད་པ། །ཞེས་དང་། མངོན་བརྗོད་བླ་མའི་ལེའུ་ཉེར་ལྔ་བར་གསུངས་པའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལེན་
ཚུལ་ནི། རང་བདེ་མཆོག་ཡབ་ཡུམ་ལ་སོགས་པའི་ལྷར་གསལ། སྣོད་བཅུད་ཀྱང་གཞལ་ཡས་ཁང་དང་ལྷར་བལྟས། སྙོམས་འཇུག་གི་བདེ་བ་བསྐྱེད་ནས་འདི་ལྟར་ལེན་པར་བྱ་སྟེ། ཁྲོ་བོ་བདེ་བ་དགྱེས་པ་ཡིས། །བདེ་བའི་ལོངས་སྤྱོད་ལས་བྱུང་བའི། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་བསྟེན་པར་བྱེད། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ཧོ། དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨཱི་ཨཱ་ཨཱ་ར་ལི་ཧོ། རབ་དགྱེས་མགོན་པོ་ཁྱོད་བཞུགས་མཛོད། །མཁའ་འགྲོ་དྲྭ་བའི་བདེ་བ་སྩོལ། །དགྱེས་བའི་བདེ་བ་སྩོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ཧོ། བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོ་ཁྱོད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །ཅེས་གསུངས་པས། དང་པོའི་ཚིག་བཞི་ལ། ལོ་ཆུང་གི་འགྱུར་ལས། ཁྲོ་བོ་བདེ་བའི་དགྱེས་པ་ཡི། །
ལོངས་སྤྱོད་ལས་ནི་བྱུང་བ་ཡིས། །རབ་རྨོངས་མ་ཡིས་བསྙེན་བྱས་ནས། །བདེ་བའི་སྦྱོར་བ་ལ་ཞུགས་ཏེ། །ཞེས་འབྱུང་ངོ་། །ཅིའི་ཕྱིར་དཔྱིད་ཀྱི་རྒྱལ་མོའི་གླུ་ཞེས་བྱ་སྙམ་ན། བདེ་བའི་དགའ་སྟོན་འབར་བས། མེ་ཏོག་སོགས་རྒྱས་པའི་དཔྱིད་ཀྱི་དུས་དང་འདྲ་བས་ན་དཔྱིད་དོ། །རྒྱལ་མོ་ནི་མཆོག་གི་དོན་ནོ། །བྱེད་ལས་དེ་ལྟ་བུ་སྒྲུབ་པའི་གླུ་ལ་དཔྱིད་ཀྱི་རྒྱལ་མོའི་གླུ་ཞེས་བྱའོ། །ཐེག་པ་བླ་ན་མེད་པའི་ལམ་ནི་བདེ་བའི་ཁྱད་དུ་བྱས་ལ། གླུ་འདིས་བསྐུལ་ན་བདེ་བ་འཕེལ་བའི་གནད་ཡོད་པས། འདི་ནི་མཁའ་འགྲོ་མའི་བྱིན་རླབས་ཆགས་པའི་གླུ་ཁྱད་པར་ཅན་ཡིན་ནོ། །དེ་བཞིན་རྗེ་བདག་ཉིད་ཉིད་ཆེན་པོས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་མཛད་པ་ནི་འདི་ལྟ་སྟེ། ཧཱུྃ། བདེ་བ་ཆེ་ལ་དགྱེས་པའི་ཧེ་རུ་ཀས། །བདེ་བས་རབ་མྱོས་མ་ལ་བསྙེན་བྱས་ནས། །ཆོ་ག་བཞིན་དུ་ལོངས་སྤྱད་པ་ཡིས་ནི། །ལྷན་སྐྱེས་བདེ་བའི་སྦྱོར་བ་ལ་ཞུགས་སོ། །བདེ་བ་ཆེན་པོས་ཡིད་ནི་རབ་བསྐྱོད་པས། །ལུས་ནི་ཀུན་ཏུ་གཡོ་བའི་གར་གྱིས་ནི། །ཕྱག་རྒྱའི་པདྨར་རོལ་པའི་བདེ་བ་ཆེ། །རྣལ་འབྱོར་མ་མཆོག་རྣམས་ལ་མཆོད་པར་མཛོད། །ཡིད་འོང་ཞི་བའི་ཉམས་ཀྱིས་གར་མཛད་པ། །རབ་དགྱེས་མགོན་པོ་ཁྱེད་དང་མཁའ་འགྲོའི་ཚོགས། །བདག་གི་མདུན་དུ་བཞུགས་ཏེ་བྱིན་རློབས་ལ། །ལྷན་སྐྱེས་
བདེ་ཆེན་བདག་ལ་སྩལ་ཏུ་གསོལ། །བདེ་ཆེན་ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །བདེ་ཆེན་སྤངས་པའི་དཀའ་ཐུབ་དུ་མ་ཡིས། །ཚེ་གཅིག་གྲོལ་བར་མི་བཞེད་བདེ་ཆེན་ཀྱང་། །ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཡིན། །འདམ་གྱི་དབུས་སུ་སྐྱེས་པའི་པདྨ་བཞིན། །ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །རྣལ་འབྱོར་མ་མཆོག་པདྨའི་བདེ་བ་ཡིས། །སྲིད་པའི་འཆིང་བ་མྱུར་དུ་གྲོལ་བར་མཛོད། །སྦྲང་རྩིའི་འབྱུང་གནས་རྣམས་ཀྱིས་སྦྲང་རྩིའི་བཅུད། །བུང་བའི་ཚོགས་ཀྱིས་ཀུན་ནས་འཐུང་བ་ལྟར། །མཚན་ཉིད་དྲུག་ལྡན་མཚོ་སྐྱེས་རྒྱས་པ་ཡིས། །བཅུད་བཅིངས་པ་ཡི་རོ་ཡིས་ཚིམ་པར་མཛོད། །གསུངས། སཱ་ར་ཧས། གླུ་གར་གླིང་བུ་རྩེ་འཇོའི་རོལ་མོའི་ཚོགས་སུ་འཇུག །ཧེ་རུ་ཀ་ཡི་གར་དང་དྲུག་ལས་སྐྱེས་སོགས་གླུས། །སེམས་ལ་གཟེངས་བསྟོད་ཅུང་ཟད་སྐྱོ་བར་མི་བྱའོ། །གསུངས། འོ་ན་རབ་ཏུ་བྱུང་བ་ལ་གླུ་གར་བཀག་པར་མ་ཟད། སྔགས་ལས་ཀྱང་ཁྲོམ་སོགས་སུ་བྱེད་པར་མ་གནང་སྟེ། རྗེ་མི་ལས།གསང་སྔགས་གསང་ནས་སྦྱོང་རྒྱུ་ལ། །བརྟུལ་ཞུགས་ཁྲོམ་དུ་བཤད་པ་ཕངས། །ཞེས་དང་། མཁན་པོ་དཀོན་མཆོག་རྒྱལ་བོ་དང་། དཔའ་བོ་གཙུག་ལག་པ་
རྫོགས་ཀྱིས་བཀག་པའི་ཕྱིར་རོ་ཞེ་ན། དགག་བྱ་བ་ལ་དགོས་པ་གཙོ་བས། སྤྱིར་བསྟན་འགྲོ་ལ་མ་ཕན་པའི་ཁར་གནོད་ན་དགག་ལ། ཕན་པར་འགྱུར་ན་དམིགས་བསལ་གྱི་གནང་བ་ཡོད་ཅིང་། སྐྱོན་མེད་པར་མ་ཟད་ཡོན་ཏན་བསྐྱེད་པར་གསུངས་ཏེ། བླ་མ་དགོངས་འདུས་ལས། རྩ་བརྒྱུད་བླ་མ་དབྱིངས་ན་དགྱེས། །ཡི་དམ་ལྷ་ཚོགས་བརྩེ་བས་དགོངས། །མཁའ་འགྲོ་ཆོས་སྐྱོང་སྡོང་གྲོགས་སྒྲུབ། །བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས། །འཕྲིན་ལས་རྣམ་བཞི་ཤུགས་ཀྱིས་འབྱུང་། །ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ། །གཞན་ཕན་འགྲོ་དོན་མཐའ་རྒྱས་འགྱུར། །ཞེས་གསུངས། །དཔལ་ལྡན་བཞད་པ་རྡོ་རྗེའི་ཐབས་ལམ་སྙིང་བཅུད་ལས། རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ་བགྲོད་པ་གཅིག་པའི་ལམ་དུ་གྱུར་པ་རྡོ་རྗེ་ཐེག་པ་ཡིན་ལ། དེའི་གཙོ་བོ་ཡང་རྣལ་འབྱོར་བླ་མེད་ཡིན་ཞིང་། དེའི་བསྒྲུབ་བྱའི་སྙིང་པོ་མཐར་ཐུག་པ་ནི་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཡིན་ལ། དེ་སྒྲུབ་པར་བྱེད་པ་ལ་ཕྱག་རྒྱའི་ལམ་ལ་བརྟེན་པ་ངེས་པར་དགོས་པ་ཡིན་ཏེ། ཀློང་གསལ་ལེའུ་བརྒྱད་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྷ་གའི་དབྱིངས་ལས་རང་བྱུང་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་
གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་གནས་ཡིན། །འདི་ཉིད་མ་བརྟེན་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན། །བདེ་ཆེན་འདི་བསྟེན་བདེ་བ་འཐོབ། །ཡང་དག་སངས་རྒྱས་འདི་ལས་བྱུང་། །ཞེས་པ་དང་། ཐབས་ལམ་བདེ་ཆེན་སྙིང་པོ་ལས། གསང་སྔགས་བདེ་བ་ལམ་བྱེད་ནི། །དྲི་མས་དྲི་མ་བཀྲུས་པ་བཞིན། །རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་སྦྱོང་། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་ཡིས་ཡང་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་ཆགས་པ་ཅན་རྣམས་ཆགས་ལམ་གྱི་སྒོ་ནས་བགྲོད་དགོས་པར་མ་ཟད། དུས་གསུམ་རྒྱལ་བའི་ཡེ་ཤེས་ཀྱང་། །ལྷན་སྐྱེས་བདེ་བ་ཆེ་ལས་བརྙེས། །ཞེས་གསུངས་ཤིང་། བདེ་མཆོག་ཉུང་ངུའི་རྒྱུད་ལས་ཀྱང་། སློབ་དཔོན་ལུས་ལ་ལེགས་གནས་ཏེ། །སྒྲུབ་པ་པོ་ལས་མཆོད་པ་ལེན། །དཔའ་བོ་རྣམས་ཀྱི་སྟན་དག་དང་། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །གླུ་དང་གར་ལ་སོགས་པ་བྱ། །ཞེས་གསུངས་ཤིང་། དེའི་འགྲེལ་བར། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་
པོས་དེ་ལྟར་ན། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་གནས་ནས་སློབ་མའི་མཆོད་པ་ལེན་པས་ཚོགས་རྫོགས་སླ་བ་བཞིན་དུ། ཕྱག་རྒྱའི་ལུས་ལ་ཡང་གནས་ནས་བྱིན་གྱིས་བརླབས་ནས་ལམ་མྱུར་བ་ཡིན་ནོ། །ཞེས་པ་ནས་གླུ་དང་གར་ལ་སོགས་པའི་མཆོད་པས་རང་དང་ཕྱག་རྒྱ་ལ་མཆོད་པར་བྱའོ། །ཞེས་བྱ་བའི་བར་གྱི་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་ཞུགས་ནས་སློབ་མ་ལ་དངོས་གྲུབ་སྩོལ་ཞིང་མཆོད་པ་ལེན་པ་བཞིན་དུ། ཕྱག་རྒྱ་མའི་ལུས་ལ་ཞུགས་ནས་དངོས་གྲུབ་སྩོལ་ཞིང་མཆོད་པ་ལེན་པ་དངོས་སུ་གདུང་བའི་ཤུགས་ཀྱིས། ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་རྡོ་རྗེ་སློབ་མས་ཇི་ལྟར་བསྟེན་པ་བཞིན་དུ། ཕྱག་རྒྱའི་བསྟེན་ཚུལ་ཡང་དེ་ལྟ་བུར་དགོས་པར་གསུངས་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འཇུག་སྒོ་གཅིག་པུར་གྱུར་བ་ཡིན་ཏེ། བདེ་མཆོག་རྩ་རྒྱུད་ལས། ཇི་ལྟར་མཆོད་པ་བྱས་ནས་ནི། །སྒྲུབ་པོ་ས་འོག་ལངས་པ་དང་། །ཞི་བ་ཉིད་དང་རྒྱས་པ་དང་། །ཞེས་པ་ནས། ཅི་རུང་བ་ཡི་ལས་ཀུན་ལ། །ཉོན་མི་མོངས་པར་འགྲུབ་པ་སྟེ། །ཐེ་ཚོམ་མེད་པར་སྒྲུབ་པ་པོས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའི་བར་གསུངས། རྡོ་རྗེ་མཁའ་འགྲོ་ལས། ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བའི་
བློ་ཡི་མཐུ། །འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་ན། །དེར་ནི་ལྷ་མོ་སུ་ཞིག་འགོག །ཅེས་དང་། སཱ་ར་ཧས། མ་ལུས་རང་བཞིན་གང་གིས་མི་ཤེས་པར། །ཀུན་ཏུ་རྒྱུ་ཡི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྐོམ་པས་སྨིག་རྒྱུ་སྙོགས་པ་བཞིན། །སྐོམ་པས་ཕྱིན་ཀྱང་ནམ་མཁའི་ཆུ་རྙེད་དམ། །རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །བདེ་བ་གང་གི་རྣམ་པར་རོལ་བ་ནི། །ཅི་སྟེ་དེ་བསྟེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ཞེས་བདེ་སྟོང་མ་སྦྱར་བར་སངས་རྒྱས་མི་འགྲུབ་པར་གསུངས་ཤིང་། བདེ་སྟོང་སྦྱོར་བ་ལ་དེའི་ཡ་གྱལ་བདེ་བ་ཆེན་པོ་ཚང་དགོས། དེའི་བདེ་བ་ཡང་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལ་ལྟོས་དགོས་པས། རྗེ་ཐམས་ཅད་མཁྱེན་པས། ཕྱག་རྒྱ་མཆོག་དང་ཀུན་ཏུ་འདུས་གྱུར་ཏེ། །རྡོ་རྗེ་པདྨ་སྦྱོར་བའི་སྙོམས་འཇུག་གིས། །བདེ་བ་ཆེན་པོའི་རང་བཞིན་མ་བཙལ་ན། །ལམ་བཟང་མྱུར་བའི་མཐར་ཐུག་གང་ལས་ཡིན། །དེ་ཕྱིར་སྟོང་བ་བཞི་ཡི་ཏིང་ངེ་འཛིན། །ཕྱག་རྒྱ་ཟབ་མོའི་རྗེས་སུ་འགྲོ་ལྡོག་པར། །རྣམ་དག་རིག་པས་བསྒྲུབ་པར་མ་ནུས་ན། །ཕོ་ཉའི་ལམ་ལ་དགའ་བ་དགའ་བ་ཙམ། །འདོད་ཡོན་ལམ་བྱེད་ལམ་འདིའི་ཁྱད་ཆོས་ཏེ། །དེ་ཡི་གཙོ་བོ་རེག་བྱ་དེ་ཡི་ཡང་། །ཕུལ་
དུ་བྱུང་བ་ཆོས་འབྱུང་རེག་བྱ་སྟེ། །དེས་བསྐྱེད་བདེ་བ་ལམ་བྱེད་ལམ་གྱི་ཕུལ། །ཞེས་གསུངས་ཤིང་། དེ་ཡང་གཙོ་བོ་ནི་ཕྱག་རྒྱའི་སྲོག་རྩོལ་ཞེས་ཕྱག་རྒྱའི་སྦྱོར་བ་ལ་བརྟེན་ནས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བགྱིས་པས་རྫོགས་རིམ་གྱི་ཡེ་ཤེས་ཁྱད་པར་ཅན་དེ་རྒྱུད་ལ་མ་སྐྱེས་པར་འཚང་རྒྱ་བའི་ཐབས་མེད་པས། བདག་ཅག་གི་སྟོན་པ་འོག་མིན་དུ་འཚང་རྒྱ་བའི་མཛད་པ་སྟོན་པར་བཞེད་པའི་ཚེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ལྷའི་བུ་མོ་ཐིག་ལེ་མཆོག་མ་བཀུག་སྟེ་དབང་གསུམ་པ་དངོས་དབང་དུ་བསྐུར། དེ་ལ་བརྟེན་ནས་སངས་རྒྱས་པར་གསུངས་པ་བཞིན་དུ། ཕྱག་རྒྱ་བསྟེན་ནས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་བསྐྱེད་དེ། དེ་གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པས། མ་དག་པའི་སྣང་ཞེན་གྱི་དྲི་མ་རྣམས་སྦྱངས་ཏེ། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་བསྐྱེད། དེ་ལས་མཆོག་གི་དངོས་གྲུབ་བསྒྲུབ་དགོས་པ་ཡིན་ལ། དེ་ལས་གཞན་པ་ཐུན་མོང་དང་ཐུན་མོང་མིན་པའི་དངོས་གྲུབ་མང་པོ་ཡང་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབ་དགོས་པ་འོག་ཏུ་འཆད་པར་བྱ་ཞེས་ལུང་དང་རིག་པས་བསྒྲུབས་ནས་རྒྱ་ཆེར་གསུངས་སོ། །ཡང་ཨོ་རྒྱན་ཆེན་པོའི་གསུང་ཉི་མ་གྲགས་པའི་གཏེར་མ་ཕག་མོ་དམར་མོའི་
ཟབ་ཏིག་ལས་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་གྱུར་པའི། །སྐལ་ལྡན་སྐྱེས་བུ་མྱུར་ལམ་བགྲོད་འདོད་རྣམས། །མཚན་དང་ལྡན་པའི་མུ་ཏྲ་བསྟེན་པར་བྱ། །ཡ་ཁ་འཇིག་རྟེན་ཆོས་བརྒྱད་ཀྱིས་བཅིངས་ནས། །སྐལ་ལྡན་སྐྱེས་བུའི་ཉམས་ལེན་མ་འབྱོངས་ན། །དལ་འབྱོར་སྣོད་དུ་གསང་སྔགས་རུལ་བ་ཡིན། །ཚེ་འདིའི་བདེ་སྐྱིད་རྨི་ལམ་སྣང་བ་འདྲ། །ཐབས་ཀྱི་གདམས་པའི་མཐུན་རྐྱེན་བཙལ་བར་བྱ། །ཉིན་མཚན་མེད་པར་ཆུ་བོའི་གཞུང་བཞིན་སྦྱོར། །དེ་ཚེ་ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས། །རྡོ་རྗེ་བཙུན་མོའི་བྷ་གའི་གཞལ་ཡས་ན། །དགའ་བཞིའི་བརྡ་སྐད་བསྒོམ་བཟླས་མཆོད་བསྟོད་ཀྱིས། །ཕྱོགས་བཅུའི་རྒྱལ་བ་རིག་འཛིན་ཕོ་མོ་དང་། །དཔའ་བོ་མཁའ་འགྲོ་ཐམས་ཅད་སྙོམས་པར་འཇུག །ཉོན་མོངས་ལས་རླུང་ཛྙཱ་ན་དྷུ་ཏིར་རྒྱས། །ཐམས་ཅད་བདེ་བའི་གོ་འཕང་རྡོ་རྗེ་འཆང་། །འབྲིང་གིས་ཉིན་མཚན་དུས་དྲུག་བཅད་ལ་སྦྱར། །ཐ་མའང་ནི་ཉིན་མཚན་དུས་བཞིར་སྦྱོར། །འདི་ནི་མཐར་ཕྱིན་རྡོ་རྗེ་གསང་བའི་སྐུ། །མུ་ཏྲ་མི་འབྲལ་གྲིབ་བཞིན་བསྟེན་ཅིང་རོལ། །བལྟ་དང་འཁྱུད་དང་འོ་སེན་ཆགས་གཏམ་སྨྲ། །
དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནི། །ཉམས་གྲིབ་ཀུན་བྱང་ཡིད་འོང་བུད་མེད་འདུ། །མཚན་ལྡན་མཁའ་འགྲོ་རྣམས་ཀྱིས་སྲོག་ལྟར་གཅེས། །ངག་སྙན་ཏིང་འཛིན་གསལ་ཞིང་ཤེས་རབ་འབར། །མི་རྟོགས་ཉམས་མྱོང་འཆར་ཞིང་ཡེ་ཤེས་རྒྱས། །བདེ་བ་རྒྱས་པས་ལྷ་ཀླུ་མི་གསུམ་གྱི། །རིགས་ལྡན་བུ་མོ་ཐམས་ཅད་དབང་དུ་འགྱུར། །འབྱུང་བ་སྙོམས་པས་ནད་མེད་རྒས་སྲ་ཞིང་། །ངག་ལ་ནུས་པ་སེམས་ལ་རྟོགས་པ་འཆར། །ཀུན་རྫོབ་ཐིག་ལེ་འབྱོངས་པའི་རྟེན་འབྲེལ་གྱིས། །ཉིན་མོ་མི་འདུ་མཚན་མོ་བུད་མེད་འདུ། །ནངས་ནུབ་ཟས་འདུ་བདེ་བ་མེ་ལྟར་འབར། །ཚོགས་དྲུག་ཡུལ་སྣང་བདེ་བ་ཆེན་པོར་འཆར། །འདོད་ཆགས་མ་སྤངས་ལམ་དུ་ཁྱེར་བ་ཡིས། །གནས་ལུགས་མངོན་གྱུར་ཆོས་སྐུར་སངས་རྒྱས་ཤིང་། །འགགས་མེད་ལོངས་སྐུས་ས་བཅུའི་ཞིང་ཀུན་ཁྱབ། །མ་འགག་སྤྲུལ་སྐུས་འགྲོ་དྲུག་ཁ་ལོ་བསྒྱུར། །ཡེ་ཤེས་མཁའ་འགྲོའི་ལུང་བསྟན་རྒྱུན་དུ་འབྱུང་། །འཇིག་རྟེན་མི་མོས་ཞབས་ཏོག་མཉེས་པ་སྒྲུབ། །ལྷ་འདྲེ་མི་གསུམ་འདུ་ཞིང་ཁ་ལོ་བསྒྱུར། །ཞེས་པ་ལ་སོགས་པའི་བསྔགས་བརྗོད་རྒྱ་ཆེར་གསུངས་སོ། །ཏཱ་རེ་ཕྱི་རྒྱུད་ལས། བསྐལ་པ་བྱེ་བ་གྲངས་མེད་པར། །བཟང་པོ་སྤྱོད་པ་ཁོ་ནས་
ཀྱང་། །བྱང་ཆུབ་རིན་ཆེན་མ་ཐོབ་བ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ཚེ་འདི་ཉིད་ཀྱིས་འཐོབ་པར་འགྱུར། །བུད་མེད་སྦྱོར་ལས་ཕྱག་རྒྱ་ཆེ། །མངོན་དུ་མཚོན་པར་བྱེད་པ་དེ། །ཁྲུས་དང་གཙང་སྦྲ་མི་དགོས་ཤིང་། །དཀའ་སྤྱད་སྡོམ་པ་མེད་པར་ཡང་། །བདེ་བ་ཉིད་དང་དགའ་བས་འགྲུབ། །གཟུགས་བརྙན་བླུགས་མ་ལ་སོགས་པས། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་གྱུར་ཏོ། །གཡོ་དང་སྨྲ་བ་སྤྱོད་པ་ཀུན། །ཕྱག་རྒྱ་སྔགས་དང་ཆོ་གར་འགྱུར། །མར་མེ་ལེགས་པར་བླངས་ནས་ནི། །མུན་པའི་ཁྲོད་ན་ནོར་བུ་ལེན། །སྒྲིབ་པའི་མུན་པར་ཆོས་ཀྱི་དབྱིངས། །བུད་མེད་བདེ་བས་འཚོ་བར་བྱ། །ཞེས་དང་། ཨཱརྻ་དེ་བས། བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱེད་པ་ལ། བདེ་བ་ཆེན་པོའི་ཐབས་ལས་གཞན་མེད་དེ། དེའི་དོན་དུ་ཟས་དང་གནས་ལ་སོགས་པའི་བདེ་བས། དབང་ཕྱུག་ཆེན་པོ་བརྒྱད་དང་ལྡན་པའི་བདེ་བ་བསྒྲུབ་པར་བྱའོ། །ཞེས་དང་། སློབ་དཔོན་ཆེན་པོས། བྱད་མཚར་སྐད་སྙན་གླུ་དབྱངས་མཁན། །ཤ་འཇམ་སོ་ལེགས་སྨྲ་བ་སྙན། །ཁྱད་པར་ཁྲོམ་གསེབ་བཅུག་ན་མཚར། །སྐྱེས་པ་ཀུན་གྱི་ཡིད་འཕྲོག་མ། །གསང་གནས་སྤུ་མེད་
རུས་སྦལ་རྒྱབ། །དེ་འཕྲད་དངོས་གྲུབ་རིང་མི་འགྱུར། །ཅེས་དང་། རྡོ་རྗེ་གུར་ལས། བུད་མེད་མཆོག་མཐོང་ལུས་བདེ་ཞིང་། །གླུ་ཐོས་པས་ཀྱང་ཡང་དག་བདེ། །དྲི་ཞིམ་མནམ་ལས་བདེ་བ་ཆེ། །སྐྱེ་གནས་རེག་ལས་ཀྱང་བདེ་ཆེ། །རོ་མཆོག་བཏུང་བ་དང་སྦྱར་བའི། །བདེ་བ་སུས་ཀྱང་ལྡོག་མི་ནུས། །གསུངས། དེ་ལྟ་བུའི་ཡོན་ཏན་ཅན་གྱི་ཕྱག་རྒྱ་མ་དེ་ཉིད་འབད་པས་བཙལ་དགོས་པ་ཡང་སློབ་དཔོན་ཆེན་པོས། མཛེས་ཤིང་ཡིད་འོང་འོད་ལྡན་མ། །གཡེམ་ཆུང་ཁྱད་པར་ཆོས་ལ་མོས། །དེ་ལྟ་བུ་ཡི་བུད་མེད་ཉིད། །སྲིན་མོའི་གླིང་ན་ཡོད་ཀྱང་རུང་། །ནོར་བུ་སྲོག་དང་བསྡོས་ནས་ལེན། །རྣལ་འབྱོར་བརྩོན་འགྲུས་ཅན་གྱིས་སྒྲུབ། །སྨྲ་རྩོད་འཆར་ཀའི་ཕྱིར་མི་གཏོང་། །ཞེས་གསུངས། དེང་སང་གི་དུས་འདིར་ཆགས་ལམ་གྱིས་འགྲོ་ཕན་འབྱུང་བའི་ལུང་བསྟན་ཡོད་དེ། སློབ་དཔོན་ཆེན་པོའི་ཐབས་ལམ་བདེ་ཆེན་སྙིང་པོ་ལས། སྙིགས་དུས་སྐྱེ་བོ་བརྩོན་འགྲུས་ཆུང་། །ལེ་ལོ་སྙོམས་ལས་ཆེ་བ་དང་། །བར་ཆད་རྐྱེན་མང་དང་བཅས་ཕྱིར། །རྒྱ་ཆེའི་ཆོས་ཀྱི་དོན་མི་འབྱུང་། །ཟབ་ལམ་གནད་ཀྱི་གདམས་པ་འདིས། །དུས་དེར་འགྲོ་ཕན་བྱེད་པར་འགྱུར། །གསུངས། བདེ་སྟོང་སྦྱོར་ཚུལ་ནི། ལུས་མེད་མཁའ་འགྲོའི་
ཆོས་སྐོར་ལས། ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དབང་དང་བྱིན་རླབས་ཀྱིས་སྨིན་པར་བྱས་ནས་བདེ་བའི་སྟན་ལ་འདུག་སྟེ། ཡབ་ཡུམ་ལྷའི་ང་རྒྱལ་དང་ལྡན་པས་མཁའ་གསང་བྱིན་གྱིས་བརླབས་ནས། བརྩེ་བ་དང་དུང་བའི་སྒོ་ནས་རྩའི་ནུས་པ་རྒྱས་པར་བྱས་ལ། དེ་ནས་དལ་བུས་སྙོམས་པར་འཇུག་ཅིང་ཐིག་ལེ་རིམ་པས་ཕབ་ལ་བདེ་སྟོང་གི་ངང་ལ་གནས་པར་བྱ། མཐར་བདེ་བ་རྒྱས་ནས་ཐིག་ལེ་ཉམས་སུ་ཉེ་བ་ན། འོག་རླུང་དྲག་ཏུ་འཐེན། རྒྱུ་མའི་ཞབས་སྒལ་བ་ལ་སྦྱར་ནས། ཧཱུྃ་ཞེས་དབུ་མའི་ནང་ནས་ཡར་དྲག་ཏུ་དྲངས་ནས། བདེ་ཆེན་གནས་སུ་ལྷན་གྱིས་བསྐྱལ་ལོ། །ཤིན་ཏུ་ཐིག་ལེ་རྒྱས་ནས་མི་ཐུབ་པར་འཆོར་ན་རྩ་དགག་པའི་སྦྱོར་བ་ལ་འབད་པར་བྱའོ། །དེ་ལྟར་རྩ་ནུས་ལྡན་གྱི་སྟེང་དུ་ཐིག་ལེ་ཕབ་ཅིང་། བདེ་བ་ལ་སྟོང་པའི་རྒྱས་བཏབ་ཅིང་བདེ་སྟོང་གི་ཉམས་ཡང་ནས་ཡང་དུ་བྱས་ཤིང་། མཇུག་རྡོ་རྗེ་སྐྱིལ་ཀྲུང་གིས་སྟེང་འོག་གི་རླུང་ལན་གསུམ་བཅུད་ལ་བོར་ལ་ཐིག་ལེ་གནས་སུ་ཁྱབ་པར་དགྲམ། རྗེས་ལུས་སེམས་རྩོལ་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ །གསུངས། དེ་ལྟར་ཐབས་དུ་མའི་སྒོ་ནས་བདེ་བ་ཆེར་
བསྐྱེད་ནས། བདེ་བའི་ངང་ནས་སྟོང་པ་ཉིད་ལ་མཉམ་པར་བཞག་པས། བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་པར་འགྱུར་རོ། །༈ གཞན་ཡང་མཁས་པའི་དབང་པོ་ཀློང་ཆེན་རབ་འབྱམས་པ་དེ་ཉིད་ལྷུན་གྲུབ་གླིང་ན་བཞུགས་པའི་དུས་སུ་སྐལ་ལྡན་འགས་ཞུས་པ། ཆང་འདི་ངོས་ལྐོག་ཙམ་ལ་ཐམས་ཅད་ཀྱིས་འཐུངས་ཀྱང་། སྒོས་སུ་སྒོམ་ཆེན་པ་ཁོ་ན་ལ་འཐུང་ཞེས་བཀའ་གདམས་འདུལ་འཛིན་ལ་སོགས་ཀྱི་གྲྭ་པ་རྣམས་ཁ་ཟེར་བར་གདའ་བས། ཐམས་ཅད་ཀྱིས་འཐུང་བའི་རྒྱུ་མཚན་དང་། ཆང་གི་ཡོན་ཏན་ལེགས་པ་ཞིག་ཆོས་གཞས་སུ་མཛད་པར་ཞུ་ཞེས་པའི་ལན་དུ། ཆང་གི་བྱུང་རབ་དང་ཡོན་ཏན་བརྗོད་པ་བདུད་རྩི་ཟིལ་མངར་མ་ཞེས་བྱ་བའི་རྡོ་རྗེ་གླུ་འདི་གསུངས་སོ། །ན་མོ་གུ་རུ། ཆང་གི་ཡོན་ཏན་ལ་བསྔགས་པ། དཔལ་ལྡན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཆང་གི་མེས་པོ་རྡོ་རྗེ་འཆང་ཆེན་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་མཆོད། །སྐལ་བཟང་རྣམས་ཀྱི་བཏུང་བའི་མཆོག་གྱུར་པའི། །བདུད་རྩི་ཆང་གི་ཡོན་ཏན་བཤད་ཀྱིས་ཉོན། །ཡིད་འོང་མཐོ་རིས་ལྷ་ཡི་གྲོང་ཁྱེར་ནས། །བདུད་རྩིའི་ཐིག་པ་མཆོག་གཅིག་ལྷུང་བ་ནི། །འཛམ་གླིང་སྐྱེ་བོ་ཡོངས་ཀྱི་
བསོད་ནམས་ལས། །འབྲུ་རྣམས་བཅུད་ཆགས་ཆང་གི་དྭངས་མར་གྱུར། །ཁ་དོག་རོ་ལྡན་སྦྲང་རྩི་ལྟ་བུ་ལ། །དྲི་བསུང་ཕུན་ཚོགས་ལྷ་ཡི་བདུད་རྩི་བཞིན། །མཐོང་ན་ཡིད་དགའ་བསྟེན་པས་འབྲལ་མི་ཕོད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བར་བདེ་ལ་མྱངས་ན་ཞིམ་པ་སྟེ། །ཁོང་དུ་སོང་ན་ལུས་སེམས་མཆོག་ཏུ་བདེ། །སྣང་བ་ཁྲོལ་བས་ཆོས་ཉིད་རྟོགས་པ་འདྲ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བའི་རྗེས་ལ་བློ་བདེ་རང་མལ་དུ། །རྟོག་མེད་ངང་ལ་རྒྱ་ཡན་གཉིད་ཕེབས་པས། །ཏིང་འཛིན་འོད་གསལ་བསམ་གཏན་འབྱོངས་པ་འདྲ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བའི་མོད་ལ་དགའ་བདེའི་གཏམ་རྣམས་དང་། །ཡིད་འོང་སྙན་པའི་གླུ་དབྱངས་དུ་མ་འབྱུང་། །གཞན་ལ་མི་འཇིགས་སྤོབས་པ་དཔག་ཏུ་མེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །རོ་མཆོག་བརྒྱ་ལྡན་བདུད་རྩི་ཆང་ཉིད་ལ། །གཙོ་བོ་རོ་མཆོག་མངར་སྐྱུར་ཁ་བ་གསུམ། །ཕྱོགས་སུ་མ་ཆད་གཅིག་ལ་ཀུན་ཚང་བའི། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དང་པོ་མངར་བ་ཅུང་ཟད་སྐྱུར་བའི་རོ། །འབོལ་ཞིང་འཁྲིལ་ལ་ཁ་བས་
འབྲལ་མི་ཕོད། །བརྟགས་ཤིང་ངོ་མཚར་རོ་མཆོག་དཔག་ཏུ་མེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འཐུང་བས་ལུས་བདེ་གཟི་བརྗིད་འཕྲལ་ལ་སྐྱེ། །མགྲིན་པའི་མཚོ་རོལ་གྲེ་འགྱུར་ཕུན་སུམ་ཚོགས། །སྣང་བ་ཡུལ་བདེ་སེམས་ལ་དགའ་བ་རྙེད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །འདུ་བ་སྙོམས་ཤིང་ནད་རྣམས་ཀུན་ལ་ཕན། །ཁྱད་པར་བད་རླུང་འདུ་བ་སེལ་བའི་སྨན། །སྨན་རྣམས་ནང་ནས་བདུད་རྩི་སྨན་གྱི་མཆོག །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །གང་དུ་ཕྲད་ན་བྲེལ་བའང་དལ་འགྱུར་ཅིང་། །འཐུང་བའི་མོད་ལ་སེམས་ཀྱི་སྡུག་བསྔལ་འགགས། །ཉིན་མཚན་ཡུན་ཐུང་སོང་བ་མི་ཚོར་བས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྐྱིད་སྡུག་ཀུན་ལ་རང་གཞན་དགོས་པ་དང་། །ཆེ་ཆུང་ཀུན་གྱིས་ཡོངས་སུ་སྤྱད་པ་དང་། །གཞི་བྱེས་ཀུན་ཏུ་མེད་ཐབས་མེད་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དོན་རྣམས་བསྒྲུབ་ཀྱང་གླེང་བའི་གཞིར་དགོས་ལ། །མཛའ་བཤེས་འདུས་ཀྱང་ངོ་དགའི་སྐྱེས་སུ་དགོས། །གཉེན་འདུན་ཚོགས་ཀྱང་སྣ་ལེན་གཞིར་དགོས་པས། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །མཐོན་པོར་གྱུར་པའི་མི་དབང་རྒྱལ་པོ་ནས། །བླ་མ་མཆོག་དང་དགེ་བཤེས་མཆོག་རྣམས་དང་། །
ཁྲིམས་ལ་དབང་བའི་མི་ཆེན་ཆེ་དགུས་བསྟེན། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །ཡུལ་ཁམས་སོ་སོའི་གྲོང་གི་མི་རྣམས་དང་། །སྡེ་དགོན་ཕལ་དང་དབེན་པའི་རི་ངོགས་ནའང་། །ལོངས་སྤྱོད་ཀུན་གྱི་གཞི་མོར་བསྟེན་པས་ན། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྒྲིན་པོར་རློམས་བའི་བཀའ་གདམས་འདུལ་འཛིན་དང་། །མཚན་ཉིད་པ་དང་ཇོ་གདན་ལ་སོགས་ཀྱང་། །ལྐོག་ཏུ་འཐུངས་ཤིང་སྲེད་པ་སུ་བས་ཆེ། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །སྐྱེས་པ་རྣམས་ཀྱང་ཇི་ཡོད་ཆང་ལ་འཇལ། །བུད་མེད་རྣམས་ཀྱང་བལ་སྐུད་གཏེ་མར་འཇོག །ཡོན་ཏན་མཁན་རྣམས་བཟོ་ཡོན་འཚབ་ཏུ་འཇོག །སྔགས་བོན་རྣམས་ཀྱང་རྔ་གཤང་རིན་དུ་འཇལ། །བཙུན་པ་རྣམས་ཀྱང་བཙུན་ཆས་ཚབ་ཏུ་འཇོག །གྲུབ་ཐོབ་རྣམས་ཀྱང་ཉི་མ་གཏེ་བར་འཇོག །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །གསང་སྔགས་ཟབ་མོའི་སྒྲུབ་རྫས་ཡིན་པ་དང་། །དབང་དང་བྱིན་རླབས་ཆོས་སྒོ་འབྱེད་པ་དང་། །བསྐྱེད་རྫོགས་ལམ་གྱི་མཐུན་རྐྱེན་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང་། །སྲུང་མ་དམ་ཅན་རྒྱ་མཚོ་བསྟེན་པ་དང་། །ཚོགས་ཀྱི་འཁོར་
ལོའི་ལོངས་སྤྱོད་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་འདུ་བ་དང་། །རྣལ་འབྱོར་དབང་ཕྱུག་ཚོགས་རྣམས་དགྱེས་པ་དང་། །ཚོགས་གཉིས་རྫོགས་པའི་དམ་རྫས་ཡིན་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །མི་རྣམས་ཀུན་ཀྱང་དགའ་བས་བསྟེན་བ་དང་། །འདྲེ་རྣམས་ཀུན་ཀྱང་ཞིམ་བས་འཁྱེར་བ་དང་། །ལྷ་རྣམས་ཀུན་ཀྱང་དགྱེས་པར་རོལ་པའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །དྭངས་མ་འཕེལ་བའི་ལུས་སེམས་བདེ་བ་དང་། །བདེ་དྲོད་སྐྱེས་པའི་ཏིང་འཛིན་འཕེལ་བ་དང་། །རིག་ངར་ཐོན་པའི་རྟོགས་པ་འཆར་བའི་ཕྱིར། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །བརྗོད་ཀྱི་མི་ལངས་ལྷ་ཡི་བདུད་རྩི་བཞིན། །མི་ཡུལ་བཏུང་བའི་རོ་མཆོག་དམ་པ་འདི། །རང་གཞན་ཀུན་གྱིས་དགྱེས་ཤིང་རོལ་བར་མཛོད། །ཚུལ་འདི་སྣང་བ་རྒྱ་ཡན་རྣལ་འབྱོར་བ། །རིག་བ་གུ་ཡངས་ཡན་པ་བློ་བདེས་བླངས། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ཉིན་མཚན་རྟག་ཏུ་དགའ་བདེ་ཕྱམ་གདལ་ཤོག །ཆང་གི་ཡོན་ཏན་ལ་བསྔགས་པ་བདུད་རྩིའི་ཟིལ་དངར་ཞེས་བྱ་བ་ཐེག་པ་རྒྱལ་བའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའོ། །སྣང་བ་ཀུན་
བན་བའི་བུན་མ། །རིག་པ་ཀུན་ཕྱད་མའི་ཕྱོད་མ། །རང་རྒྱུད་ཀུན་ཤག་མའི་ཤིག་མ། །རང་སེམས་ཀུན་ཁྲལ་མའི་ཁྲོལ་མ། །དགའ་ཡལ་ལེ། སྐྱིད་ཆིལ་ལེ། བན་མ་བུན་མ་ར་ཡ། ཕྱད་མ་ཕྱོད་མ་ར་ཡ། ཤག་མ་ཤིག་མ་ར་ཡ། ཁྲལ་མ་ཁྲོལ་མ་ར་ཡ། རྒྱོབ་རྒྱོབ་རྒྱོབ། བདུད་རྩི་ཆང་གི་རྦ་ཀློང་དེ་ལ་ཅོང་ངེ་བ་ཞིག་རྒྱོབ། ཞོང་ངེ་བ་ཞིག་གསོལ། ཁྲོལ་ལེ་བ་ཞིག་མཆོད། ཅེས་དང་། ཨོ་རྒྱན་ཆེན་པོའི་གསུང་པདྨ་གཡང་འབུམ་ལས། རོ་མཆོག་བརྒྱ་ལྡན་བདུད་རྩིའི་མཆོག །རོ་ལྡན་མདངས་དང་འཇམ་པའི་མཆོག །ལྟོ་ལ་མི་གནོད་མགྲིན་པར་འཇམ། །མཐོང་བ་ཙམ་གྱིས་འཛུམ་དང་ལྡན། །འཐུང་བ་ཙམ་གྱིས་སྐོམ་པའི་གདུང་བ་སེལ། །ལག་ཏུ་བླངས་པས་ཡིད་ཀྱི་ཉམས་རེ་དགའ། །ལྗགས་ལ་ཕོག་པས་ཚོར་བའི་འདུ་ཤེས་སྐྱེས། །མགྲིན་པར་ཕོག་པས་ལུས་ཀྱི་ན་ཚ་ཞི། །སེམས་ལ་ཕོག་པས་སེམས་འཕང་མཐོ། །བདུད་རྩི་གསེར་སྐྱེམས་དམ་པ་དང་། །ཆང་བས་ངོ་ཆེ་ཏིང་འཛིན་གང་ཡང་མེད། །གཞན་ལ་ཉོས་ན་མཆན་གྱི་བུ་ཡང་སྟེར། །མི་ལ་བཙོངས་ན་འདོད་ཡོན་སྣ་ལྔ་ཁུག །ཅེས་དང་། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་ནས།
ཨོཾ་སྭ་སྟི་སིདྡྷི། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་ལ་ཕྱག་འཚལ་ལོ། །ས་ཡི་སྙིང་པོ་འགྲོ་བའི་ཉེར་འཚོ་དང་། །དེ་བཞིན་མེ་ཏོག་འབྲས་བུའི་ཚོགས་རྣམས་དང་། །རྩི་སྨན་སྣ་ཚོགས་སྦྱར་བའི་ཕབ་དང་ནི། །འགྲོ་བའི་དག་བྱེད་གྱུར་བའི་ཆུ་གཙང་རྣམས། །སྣོད་དང་རྐྱེན་དང་སྣ་ཚོགས་སྦྱོར་བ་དང་། །དུས་ཀྱི་འགྱུར་བ་བཟང་པོས་ཡོངས་སྨིན་པར། །བྱས་ཤིང་དྭངས་མའི་དྭངས་མ་ལེགས་བྱུང་བས། །འདི་ཡི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཡིན། །ཆེར་དྭངས་ཤེལ་ལྟར་སྣང་བའི་ལྦུ་བ་ཡི། །ཕྲེང་བ་མུ་ཏིག་ཕྲེང་བས་སྤྲས་འདྲ་བ། །མཐོང་བས་མིག་གི་དཔལ་སྟེར་ཆིལ་ཆིལ་སྒྲ། །ཐོས་པས་རྣ་བའི་དཔལ་ལ་བསུང་ངད་ཀྱིས། །དྲི་འཛིན་དབང་པོ་ཚིམ་པར་བྱེད་པ་ཡིན། །ཀུན་ནས་མྱང་བ་ལྕེ་ལི་དཔལ་ཡང་བདེ། །གྲང་དང་ཚ་བའི་ཚེ་ན་དྲོ་དང་ནི། །བསིལ་བྱེད་ལུས་ཀྱི་དབང་པོ་བདེ་བའི་རྒྱུ། །མྱངས་ན་འཐིབས་པ་སེལ་བའི་ཉི་མ་སྟེ། །དགའ་བདེ་བསིལ་བ་སྐྱེད་པའི་ཟླ་བ་ཡིན། །ཤེས་རབ་མེ་ལྕེ་འབར་བྱེད་རླུང་ཡིན་ལ། །སྨྲ་འདོད་རྣམས་ཀྱི་སྤོབས་པའི་དཔལ་ཡང་ཡིན། །གཡུལ་ངོར་ཞུགས་པའི་བརྟུལ་ཞུགས་སྐྱེད་བྱེད་ཅིང་། །འདོད་ལྡན་རྣམས་ཀྱི་བདེ་བ་རྒྱས་བྱེད་ཡིན། །ཞིར་འདོད་
རྣམས་ཀྱི་རྒྱུད་ལ་འདི་ཡིས་ནི། །ཏིང་འཛིན་དམ་པ་ལྷུག་པར་བསྐྱེད་པ་ཡིན། །དེ་ཕྱིར་འདི་ནི་བཏུང་བའི་ཕུལ་ཡང་ཡིན། །ལོངས་སྤྱོད་རྣམས་ཀྱི་སྙིང་པོར་གྱུར་པ་ཡིན། །དེ་སླད་འདི་ནི་མཆོད་འོས་མཆོད་པ་དང་། །སྦྱིན་འོས་རྣམས་ལ་སྦྱིན་པར་བྱ་བ་ཡིན། །ཆང་ལ་བསྔགས་པས་རབ་ཏུ་ཕྱེ་བ་བདུད་རྩི་བུམ་པ་ཞེས་བྱ་བ་ཨི་ཐི། ཞེས་དང་། གཏེར་སྟོན་སྟོབས་ལྡན་རྡོ་རྗེའི་ཞལ་ནས། ཕུན་ཚོགས་ལོ་འབྲས་སྨིན་པ་འབྲུ་ཡི་བཅུད། །ལེགས་བཙོས་བདུད་རྩིའི་ཕབ་ཀྱིས་ནུས་པ་བསྐྱེད། །རོ་བརྒྱ་ལྡན་པའི་འཆི་མེད་ལྷའི་བཏུང་བ། །ཉོན་མོངས་བདུད་འཇོམས་ཡེ་ཤེས་ལྔ་སྐྱེད་རྩི། །ཟག་མེད་བདེ་སྟོང་ཡེ་ཤེས་རྒྱས་པའི་རྫས། །རླུང་ནད་འཁྲུག་པ་ལྡན་འདུས་ནད་ཀྱི་སྨན། །རྣལ་འབྱོར་ཉམས་དང་གསལ་སྣང་འཕེལ་བྱེད་ཅིང་། །སྒོམ་ཆེན་ཏིང་འཛིན་འོད་གསལ་བརྟན་པའི་གྲོགས། །ཆང་ཞེས་བྱ་བའི་བདུད་རྩི་དམ་པ་འདི། །རིན་ཆེན་གསེར་གྱི་སྐྱོགས་སུ་ལེགས་བསྩལ་ཏེ། །རྩ་གསུམ་ལྷ་ལ་ཕུལ་བས་དངོས་གྲུབ་སྩོལ། །དམ་ཅན་སྲུང་མར་ཕུལ་བས་ཐུགས་དམ་སྐོང་། །ལྷ་སྲིན་སྡེ་བརྒྱད་བསྔོས་པས་རུ་ང་ཞི། །འབྱུང་པོ་ཡི་དྭགས་བྱིན་པས་ལན་
ཆགས་འཁྱེར། །བདུད་རྩི་ཆང་གི་བཏུང་བས་ངོམས་བྱས་ན། །ཕྱིན་པས་སྙིང་མེད་སྙིང་སྟོབས་ཆེ་བ་དང་། །ཀླད་མེད་དགྲ་ལ་རྒོལ་བའི་སྤོབས་པ་བསྐྱེད། །བསམ་མེད་བསམ་པས་བློ་གྲོས་སྒོ་ཡང་འབྱེད། །བགྲོད་མེད་བགྲོད་པའི་རྐང་འགྲོས་རྟ་ལྟར་མ་མགྱོགས། །སེར་སྣ་འཇུར་གེགས་ཅན་རྣམས་གཏོང་ཕོད་ཆེ། །ངོ་ནག་བཞིན་སྡུད་རྣམས་ཀྱི་ངོ་ཡང་དཀར། །སྨྲ་ཉུང་ལྐུགས་པ་རྣམས་ཀྱི་ངག་སྒོ་འབྱེད། །འཁྲུག་རྩོད་འཁོན་འགྲས་ཅན་རྣམས་འདུམ་ཞིང་མཐུན། །སྔོན་གྱི་སྐྱིད་སྡུག་མཚང་བརྗོད་དྲན་པ་གསལ། །དེ་ལྟར་སེར་མོ་ཆང་གི་བཏུང་བ་འདིས། །འཇིག་རྟེན་སྐྱེ་བོ་རྣལ་འབྱོར་ཕོ་མོ་དང་། །སྔགས་འཆང་བོན་པོ་རྩིས་མཁན་ལ་སོགས་ལ། །སོ་སོའི་གཞུང་དང་གོ་བར་མཐུན་པ་ཡི། །དགོས་ཆེད་མང་ཡོད་ཡོན་ཏན་མཆོག་གི་གཞི། །དེ་ལྟར་ཤེས་བཞིན་དྲན་ཤེས་བག་ཡོད་པས། །སེར་མོ་ཆང་གི་རྒྱ་མཚོ་ཆེན་པོ་ལ། །སྤྲོ་དགར་བཅས་པའི་བློ་ལྡན་ངང་མོའི་ཚོགས། །བདུད་རྩི་བཅུད་ལེན་ཐབས་ཚུལ་མཁས་པར་མཛོད། །ཅེས་དང་། རྗེ་བཙུན་བོ་དོང་པ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་གྱིས། ཆང་ཞེས་བྱ་བའི་བདུད་རྩི་དམ་པ་འདི། །ད་ལྟ་མི་ཡི་ཡུལ་དུ་མ་འཐུངས་ན། །ཕྱི་མར་ལྷ་ཡི་ཡུལ་དུ་ཇི་ལྟར་འཐུང་། །ངང་པའི་རྒྱལ་པོ་ཕྱོགས་ལས་རྣམ་རྒྱལ་དང་། །མཚོ་མོ་བདུད་རྩི་རུ་སོང་
ཡང་ཨ་ལ་ལ་ཧོ། །ཞེས་གསུངས་པ་ལྟར། ཁོང་རྣམས་ཚོ་ལྟ་བུའི་གྲུབ་ཐོབ་དང་། ཡ་རབས་རྣམས་ཀྱིས་དྲན་ཤེས་བག་ཡོད་བསྟེན་ནས་འཐུང་ན་ཡོན་ཏན་མ་བསྐྱེད་ཀྱང་། སྐྱོན་གྱིས་མི་གོས་པ་ལ་དགོངས་ནས་གསུངས་པ་ཡིན་པས། དེ་འདྲའི་ཆང་འཐུང་མཁན་ལ་ཡང་ཁ་གཏོང་མི་རུང་། འོ་ན་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་ཚེ་བློས་བཏང་ནས་མདོ་སྔགས་ཀྱི་ཆོས་ཟབ་མོ་ཉམས་སུ་བླངས། གཞན་རྗེས་འཇུག་རྣམས་ལ་ཚེ་བློས་མ་བཏང་ན་ཆོས་རྣམ་དག་ཅིག་མི་འོང་། ཚེ་བློས་བཏང་ན་ཆོས་ཡོང་། དེས་ན་ཚེ་བློས་ཐོངས་ཞེས་ཡང་ཡང་གསུངས་པ་ལ། དེང་སང་གི་བླ་ཆེན་དང་སྔགས་ཀྱི་རྣལ་འབྱོར་པ་སྤྱོད་པ་ཆལ་ཆོལ་བྱེད་པ་དང་། དགེ་སློང་སོགས་ཀྱིས་གསོག་འཇོག་བྱེད་པ་འདི། སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་ཉན་ཐོས་དགྲ་བཅོམ་རྣམས་དང་། ཇོ་བོ་རྗེ་ཁུ་རྔོག་འབྲོམ་གསུམ་སོགས་བཀའ་གདམས་བླ་མ་རྣམས་དང་། མི་ལ་ཡབ་སྲས་སོགས་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་གསུང་དང་རྒྱབ་འགལ་བྱས་པ་ཡིན་པས་དེ་མི་རུང་ཟེར་ན། འོ་ཚེ་བློས་ཐོངས་ཟེར་བ་དེ་ཕ་ཡུལ་ནས་བྲོས། གཞན་ཡུལ་ཞིག་གམ་རི་ཁྲོད་ཅིག་ཏུ་སྡོད་པ་གཅིག་པུ་ལ་མི་
ཟེར་གྱི། དེ་ཡིན་ན་སྤྲང་པོ་དང་གླ་བ་སོགས་རི་དྭགས་ཐམས་ཅད་ཀྱིས་ཚེ་བློས་བཏང་ནས་རྒྱལ་བ་སྲས་བཅས་ཀྱི་གསུང་བརྩིས་འདུག་སྟེ། དེས་གང་ཡང་མི་འོང་། ཚེ་བློས་བཏང་ཟེར་བ་དེ་འཁོར་བའི་ཆོས་རྣམས་སྒྱུ་མ་རྨི་ལམ་ལྟར་སྙིང་པོ་མེད་ལ། མི་རྟག་པར་འཇིག་ཅིང་བསླུ་བའི་རང་བཞིན་ཅན་དུ་མཐོང་ནས་གང་ལ་ཡང་ཆགས་ཞེན་གྱི་འཁྲི་བ་གཏན་ནས་མེད་པར་འདིའི་སྒོ་ནས་རྒྱལ་བ་མཆོད་ཅིང་དབུལ་བོར་སྦྱིན་པ་གཏོང་བ་སོགས་བྱས་ནས་སྙིང་པོ་ལེན་སྙམ། ཟས་ནོར་ལོངས་སྤྱོད་གང་ཡོད་ཆོས་ཕྱོགས་སུ་བློས་ལིངས་ཀྱིས་བཏང་བའི་མི་དེ་མཆོག་དམན་སུ་ཡིན་རུང་གནས་གང་དུ་བསྡད་ཀྱང་ཚེ་བློས་བཏང་ཟེར་གྱི། རྒྱུ་ནོམ་མེད་རུང་འདོད་སྲེད་ཞེན་ཆགས་ཅན་ལ་མི་ལྟོགས་སྤྲང་པོ་ཟེར་བ་མ་གཏོགས་ཚེ་བློས་བཏང་གི་མིང་ཡང་ཐོགས་དོགས་མེད། ནོར་རྫས་རི་ཙམ་ཡོད་ཀྱང་དེ་ལ་ཆགས་ཞེན་མེད་ན། དཔེར་ན་རི་སྐྱིབས་ཤིག་ནས་བསྡད་པ་ཙམ་གྱི་སྣང་བ་མ་གཏོགས། ཟས་ནོར་གྱི་སྣང་བ་མེད་པས་སྐྱོན་གྱིས་མི་གོས། ཚེ་བློས་ཐོངས་ན་རྒྱུ་ནོམ་གང་བྱུང་ཡང་དགའ་བ་མེད། སེར་སྣ་མི་སྐྱེ། མ་བྱུང་ཡང་འགྱོད་པ་མེད། སྒྲུབ་བློ་མི་སྐྱེ། དུས་དེ་ཙ་ན་ཚེ་བློས་བཏང་གི་གྲལ་དུ་ཆུད་པ་ཡིན་ཞེས་མཁས་གྲུབ་དུ་མས་གསུངས།
ཚེ་བློས་མ་ཐོངས་ན་དངོས་སུ་བཏང་བ་ལྟར་མཛད་པ་ལ་ཡིད་བརྟན་མེད། ཚེ་སྟོད་ཚེ་བློས་བཏང་བྱས། ཚེ་སྨད་རྒྱུ་ནོམ་ལག་ཏུ་བྱུང་ཚེ་བློས་མ་ཐོངས་པ་མཐོང་ཐོས་མང་། ཚེ་བློས་བཏང་ཟེར་བ་དེ་ཕྱིའི་རྣམ་འགྱུར་ལ་བལྟས་ནས་ཤེས་དཀའ། ནང་གི་སེམས་ལ་བལྟ་དགོས། ཚེ་བློས་སུས་ཐོངས་ཡོད་མངོན་ཤེས་ཅན་ཞིག་མ་གཏོགས་གཞན་གྱིས་མི་ཤེས། རྒྱལ་བ་རྣམས་ཀྱིས་ཚེ་བློས་ཐོངས་གསུངས་པ་ལ་ཡང་རྣམ་པ་མང་། འོ་སྐོལ་རང་དོན་མངོན་དུ་མ་གྱུར་པ་ཆགས་ཞེན་ཆེ་བ་རྣམས་ལ་ཚེ་བློས་བཏང་ནས་ཆོས་སྒྲུབ་དགོས་གསུངས་པ་ཡིན་གྱི། གཞན་སྐུ་ཚེ་སྔ་བའམ་སྐུ་ཚེ་འདིར་རང་དོན་མངོན་དུ་གྱུར། གཞན་ལ་མཁོ་བ་བྱིན། སྙན་པ་སྨྲ། དོན་མཐུན། དོན་སྤྱོད་བསྡུ་བཞིའི་སྒོ་ནས་འགྲོ་དོན་བྱེད་མཁན་དང་། སྔགས་ཀྱི་རྣལ་འབྱོར་བ་འདོད་ཡོན་ལ་བརྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་དགོས་པ་ཆེན་པོ་ཡོད་པ་ལ་ནོར་རྫས་མ་ལེན་སྤྲང་པོ་ལྟ་བུ་བྱེད་དགོས་གསུངས་པའི་ཚིག་ཏུ་འཁྲུལ་བར་མི་བྱ། ཁོང་སྐྱེས་བུ་དམ་པ་རྣམས་ཀྱིས་ནོར་རྫས་མ་བླངས་ན་འགྲོ་བའི་བསོད་ནམས་གསོག་ཚུལ་ག་ལ་ཡོད། སངས་རྒྱས་ཀྱིས་ཁོང་རྣམས་ལ་བསྡུ་བཞིས་གཞན་དོན་
མཛོད་གསུངས་པ་སོགས་དང་འགལ་བར་འགྱུར། འབྲེལ་ཚད་དོན་ལྡན་གྱི་བླ་མ་སྐྱེས་བུ་དམ་པས་ཡོན་བདག་དད་པ་ཅན་གྱིས་གང་ཕུལ་མ་བཞེས་ན། དད་པ་ཅན་གྱི་ཚོགས་བཅག་པ་ཞེས་ལོག་པ་བརྒྱད་ཀྱི་ནང་ནས་གཅིག་ཡིན་པས་མ་བླངས་ན་ཉེས་པ་དེ་བས་ཆེ་བར་གསུངས། ཡང་ཆ་གཅིག་ན་དེང་སང་སྙིགས་དུས་འདིར་ཡུལ་དུས་ཀྱི་དབང་གིས་ལེན་དགོས་ཏེ། དེ་ཡི་རྒྱུ་མཚན་སྔོན་དུས་དང་ད་ལྟ་གང་ནས་འདྲ། དེང་སང་བྱ་བཏང་རེ་གཉིས་ཀྱིས་ལྟོ་མི་ཕྱིད་པ་ལ་ལྟོས། བླ་མ་ཆེ་ཆུང་དགེ་སློང་སོགས་ཆོས་པ་ཀུན་གྱིས་མཁར་བསིལ་དང་ལྷུང་བཟེད་བཟུང་བསོད་སྙོམས་བྱས་ན་ཆོས་མི་དགོས་ལྟོ་ཡང་མི་ཕྱིད། རྒྱ་གར་ལྟ་བུ་བོད་ཡུལ་འདི་མིན། མཐའ་འཁོབ་འདིར་ལོངས་སྤྱོད་དམན། དགེ་སེམས་ཆུང་བས་དགག་བྱ་བ་ལ་དགོས་པ་གཙོ། སངས་རྒྱས་ཀྱི་གསུང་རྣམས་དགེ་སྦྱོར་འཕེལ་ཐབས་དང་། བསྟན་འགྲོ་ལ་ཕན་ཐབས་ཤ་སྟག་ཡིན་པས། གསོག་འཇོག་བྱས་ནས་རང་གི་དགེ་སྦྱོར་འཕེལ། གཞན་བསྟན་འགྲོར་ཕན་ཐོགས་ཆེ་ན་དོན་གྱི་སངས་རྒྱས་ཀྱི་རྣམ་ཐར་ཟུང་གསུངས་པ་བསྒྲུབས་པ་ཡིན་པས་འགལ་བ་མེད། ཡུལ་ངན་པ་ནས་སངས་རྒྱས་ཀྱི་རྣམ་ཐར་ལྟར་བསོད་སྙོམས་བྱས་ཀྱང་། ནང་ཚུལ་ཁྲིམས་ཉམས། དགེ་སྦྱོར་ཉམས་ནས།
ཁྱིམ་པ་ཕོ་མོར་ལས་དང་ཉོན་མོངས་གསོག་གིས་བཅུག་ན་རྣམ་ཐར་ལྟར་སྣང་ཡིན། དོན་གྱིས་སངས་རྒྱས་ཀྱི་བཀའ་བཅག་པ་ཡིན། དེས་ན་མཁས་པས་ཡུལ་དུས་དང་དགོས་པའི་ཆེ་ཆུང་ལ་བལྟས་ནས་སངས་རྒྱས་ཀྱི་བཀའ་བསྒྲུབ་དགོས། མ་ཤེས་ན་བཀའ་ལྟར་བྱས་རུང་སྡིག་པ་གསོག་དུས་འབྱུང་། ཤེས་ན་བཀར་འགལ་བ་ལྟར་སྣང་ཡང་དགེ་བ་མང་པོ་གསོག་དུས་ཡོང་། སངས་རྒྱས་ཞལ་བཞུགས་རྒྱུ་འདྲ་ཞིག་ཡིན་ན། བོད་འདི་ཡི་དྭགས་ཀྱི་ཡུལ་ལྟ་བུར་ལོངས་སྤྱོད་ཆུང་བར་འདུག །བསོད་སྙོམས་བྱས་ན་ལྟོ་མི་ཡོང་པར་མ་ཟད་དགེ་སྦྱོར་གྱི་བར་ཆད་དུ་འགྲོ་བར་གདའ། ཐོས་བསམ་སྒོམ་གསུམ་མི་འཕེལ་བར་མ་ཟད་རང་གཞན་གཉིས་ཀ་ཆགས་སྡང་སོགས་ཉོན་མོངས་འཕེལ་འདུག་པས། བོད་ཡུལ་གྱི་ཁྱེད་ཀྱི་རྗེས་འཇུག་རྣམས་ཀྱིས་གསོག་འཇོག་བྱས་ན་ཨེ་ཆོག་ཅེས་ཞུ་རྒྱུ་ཡིན་ན། ཡུལ་ངན་པ་ནས་ཆགས་ཞེན་ཆེན་པོ་མ་བྱེད་པར་གསོག་འཇོག་གྱིས་ཞེས་གནང་བ་དགྱེས་བཞིན་སྟེར་ངེས། སྔར་སངས་རྒྱས་བཞུགས་དུས་དེ་འདྲ་ཞུས་པས་སྔར་མ་གནང་བ་ཕྱིས་གནང་བ་བྱིན་པའི་ལོ་རྒྱུས་གཏམ་རྒྱུད་མང་པོ་ཡོད། དེས་ན་དེང་སང་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་འདོད་ཡོན་ལོངས་སྤྱོད་ལྷུར་བླངས་པ་ཡིན། འདི་
དགེ་སྦྱོར་འཕེལ་བའི་མཐུན་རྐྱེན་མིན། བསྟན་འགྲོ་ལ་ཕན་ཐོགས་པ་མེད། ཆོས་ཀྱི་བར་ཆད་བསྟན་འགྲོར་གནོད་པའི་རྒྱུ་འབའ་ཞིག་ཡིན་ན་གསོག་འཇོག་མཛད་དོགས་མེད། ཁོང་རྣམས་ཀྱིས་ཚེ་འདིའི་འདོད་ཡོན་སོགས་ལེགས་ཉེས་ཕྲན་ཚེགས་ཞིག་མི་དགོས། སངས་རྒྱས་ཀྱི་ས་ཚུན་གྱི་ཤེས་བྱ་ཀུན་ཐུགས་སུ་ཆུད་ཡོད། མཛད་པ་འདི་འདྲ་གནང་བ་དགོས་པ་ཆེ། ཁོང་རྣམས་ཀྱིས་མ་མཁྱེན་པ་ཞིག་ཨེ་ཚོས་ཤེས་དོགས་མེད། དེང་སང་གི་བླ་མ་སྐྱེས་བུ་དམ་པ་རྒྱལ་བ་པཎ་ཆེན་སོགས་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་། སྔགས་ཀྱི་རྣལ་འབྱོར་འདོད་ཡོན་རྒྱན་དུ་རོལ་ནས་བསྟན་འགྲོའི་དོན་རྒྱ་ཆེན་སྒྲུབ་པ་རྣམས་ཀྱི་རྣམ་ཐར་ལ་ལྟོས། དེ་ལྟར་བྱས་ན་རང་གཞན་ཀུན་གནས་སྐབས་སུ་བདེ་ཞིང་མཐར་ཐུག་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ཡང་འཐོབ་ཡོང་། སངས་རྒྱས་ཀྱི་རྣམ་ཐར་དང་གསུང་རེ་རེ་ཙམ་ལ་ངེས་པ་ལྟར་སྣང་རེ་རྙེད་ཚེ་རི་སུལ་དུ་སྡོད་པའི་བྱ་བཏང་བ་ཁ་ཅིག་གིས། འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་མཁས་གྲུབ་བྱེ་བ་ཐེར་འབུམ་ལ་ཡང་ཁ་བཏང་བྱེད་པ་ཆོས་རྒྱ་ཆེན་པོ་ལ་མ་སྦྱངས་པའི་རང་མཚང་ཕྱིར་བསྟན་པ་ཡིན། མཁས་པའི་བཞད་གད་ཀྱི་གནས་ལས་གཞན་མ་སེམས། སངས་རྒྱས་ཀྱི་རྣམ་ཐར་ཇི་བཞིན་བྱེད་དགོས་ན་སངས་རྒྱས་
བཅོམ་ལྡན་འདས་ཀྱིས་དགོང་ལོ་སུམ་ཅུའི་བར་དུ་བཙུན་མོ་བཞེས་འདུག་པས། དེའི་ལན་མོ་ཡང་ཁྱོད་ཀྱིས་གྱིས། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རྣམ་ཐར་ལྟར་བྱེད་དགོས་པའི་ཕྱིར་རོ། །གསུང་ཐམས་ཅད་ལྟར་བྱེད་དགོས་ཟེར་ན་མགོ་རྐང་ལག་སོགས་ལུས་ཀྱི་སྦྱིན་པ་ཡང་ཐོངས་གསུངས་འདུག་པས། ཁྱོད་ཀྱི་ལུས་ཀྱང་སྦྱིན་པ་གཏོང་དགོས། དེས་ན་གསུང་རྣམས་ཀྱི་དགོངས་པ་ལོན་དགོས། མ་ལོན་ན་ཆོས་ལ་བརྟེན་ནས་ཆོས་མིན་བྱེད་སྲིད། རྒྱལ་བ་རྣམས་ཀྱིས་ཆོས་གསུངས་པ་རྣམས་མི་གཅིག་གིས་བསྒྲུབ་དགོས་ཞེས་གསུངས་པ་མ་ཡིན་པས། གང་ཟག་གཅིག་གིས་ཐམས་ཅད་བསྒྲུབ་དགོས་པའི་ངེས་པ་མེད། བསྒྲུབས་ཀྱང་སྙིགས་དུས་ཚེ་ཐུང་གཅིག་ལ་འགྲུབ་མི་སྲིད་ཅིང་། ལུས་སེམས་ཀྱིས་མི་ལྕོག་པ་ཡང་མང་། སྟོན་པ་ཐུགས་རྗེ་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས། འདོད་ཡོན་ལྔ་ཉེས་དམིགས་ཆེ་དུག་ལྟར་སྤོང་དགོས་གསུངས་པ་དེ། དེ་ལ་བརྟེན་ནས་གཞན་གྱི་ལུས་སེམས་ལ་གནོད་པའི་སྡིག་པ་མི་དགེ་བ་བྱེད་ཀྱིས་དོགས་ནས་དེ་སྐད་གསུངས་པ་ཡིན་གྱི། གཞན་ལ་མི་གནོད་བཞིན་འདོད་ཡོན་གང་ལ་ལོངས་སྤྱོད་ཀྱང་ཉེས་པ་མེད། འདོད་ཡོན་སྤྱད་ཚད་
ངན་སོང་དུ་འགྲོ་གསུངས་པའི་ཚིག་ཏུ་འཁྲུལ་ནས་གཞན་ལ་ཁ་བཏང་བྱེད་པར་མི་རིགས། འདོད་ཡོན་ལ་སྤྱད་ན་ཉེས་པ་ཆེན་པོ་ཡོད་ཟེར་ན་དེ་འགལ་བ་ཆེ། དེ་ཡིན་ན་སྟོན་པས་མངོན་མཐོའི་འདོད་ཡོན་གྱི་བདེ་སྐྱིད་སྒྲུབ་པའི་ཐབས་དུ་མ་གསུངས་པ་ཡང་ཉེས་པ་ཆེ་རུ་གཏོང་བའི་ཐབས་སུ་གསུངས་ཟེར་དགོས། བསོད་ནམས་དམ་པའི་མདོ་ལས། གང་ཞིག་བསོད་ནམས་ཆེན་པོ་འདི། །ཏིལ་འབྲུ་ཙམ་ཞིག་བསགས་གྱུར་ན། །མྱུར་དུ་སངས་རྒྱས་འཐོབ་པར་འགྱུར། །གསུངས་པ་སོགས་འདོད་ཡོན་གཞན་ཕར་ཞོག་རྩམ་པ་ཅུང་ཟད་རེ་སྦྱིན་པ་བཏང་བ་དང་། མར་མེ་ཅུང་ཟད་རེ་ལྷ་ལ་ཕུལ་བས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་ལོ་རྒྱུས་གཏམ་རྒྱུད་དང་ཕན་ཡོན་གསུངས་པ་རྣམས་ཀྱང་དོན་མེད་པར་འགྱུར། དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་རྣམས་གང་ལ་དགོངས་ནས་གསུངས་པ་ཡིན་ནམ་སྙམ་དགོངས་པ་འཚོལ་དགོས། དགོངས་པ་ལོན་ན་འགལ་བ་མེད། མ་ལོན་ན་སངས་རྒྱས་ཀྱིས་གང་ཟག་གི་བདག་མེད་པ་ལ་ཡོད་གསུངས་པ་དང་། ཕ་མར་བྱམས་དགོས་པ་ལ། ཕ་མ་གསད་བྱ་ཡིན་གསུངས་པ་ལྟ་བུས་མཚོན་ཚིག་གི་ངོས་ནས་འགལ་བ་ཅན་གྱི་གསུང་དུ་མ་ཡོད། གཞན་མདོ་རྒྱུད་བསྟན་བཅོས་ན་དེ་
འདྲའི་ཚིག་གི་འགལ་བ་ལྟར་སྣང་བ་བྱེ་བ་དུང་ཕྱུར་ཡོད། དེ་རྣམས་བླུན་པོ་ལ་འགལ་བ་མཁས་པ་ལ་མི་འགལ་བར་མ་ཟད། གཅིག་གྲོགས་སུ་གཅིག་འཁྱེར་ཆོག་པ་མང་སྟེ། རྗེ་རིན་པོ་ཆེས། བླུན་པོ་ལ་འགལ་ཡང་མཁས་པ་ལ་མི་འགལ་བ་མཐའ་ཡས་གསུངས། དེས་ན་སངས་རྒྱས་ཀྱི་གསུང་རེ་རེ་ཙམ་ལ་ངེས་པ་ལྟར་སྣང་རེ་རྙེད་ཚེ། གཞན་ཀུན་ཅི་མིན་པར་སེམས་པ་དེ་ཆོས་མི་དགོས་འཇིག་རྟེན་ཀྱང་མི་ཤེས་བའི་རང་མཚང་ཡིན་ཏེ། དེང་སང་འཇིག་རྟེན་པ་མཁས་པས། གཞན་ཡུལ་ཕྱོགས་སྤྱི་དང་བྱེ་བྲག་རེ་གཉིས་ཙམ་ལ་ཕན་ཕྱིར་གཏམ་མི་མཐུན་པ་ལྟ་བུ་ངོ་ལྐོག་གང་དུ་མང་པོ་སྨྲས་ཚེ། བླུན་པོ་ཞིག་གིས་ཉན་ན་གཏམ་མི་མཐུན་པ་ལྟ་བུ་མང་ཡང་། ཕྱི་ནས་ཐམས་ཅད་བདེ་ཐབས་འཇམ་ཐབས་སུ་གཅིག་ཚེ་ཨང་དེ་རེད་སྙམ་ཡ་མཚན་པར་འཛིན་དགོས། དེ་ལ་འགལ་བ་ཅི་ཡང་མེད། བླུན་པོས་གཏམ་རེ་དྲང་པོར་སྨྲ་བ་དང་། གཞན་གྱི་གཏམ་རེ་རེ་ཙམ་བདེན་པར་བཟུང་ཧ་མགོ་བར་དེ་བཞིན་བྱས་འཁོན་རེས་བརྡུང་རེས་སོགས་བྱུང་ནས་རང་གཞན་ཕུང་ཚུལ་ལ་ལྟོས། དེས་ན་སངས་རྒྱས་ཀྱི་གསུང་བཞིན་སུས་སྒྲུབ་ཀྱི་ཡོད། སུ་འགལ་གྱི་ཡོད་མཁས་པའི་དབང་པོ་ཞིག་མ་གཏོགས་གཞན་པོ་ཏི་ཁ་ཤས་རེ་སྦྱངས་
པས་ཤེས་དཀའ། བླངས་ན་འདོད་ཀྱང་འདོད་ཡོན་ལག་ཏུ་མ་བྱུང་བའི་ཆོས་པ་དང་བྱ་བཏང་བའི་གཟུགས་བརྙན་དང་། བྱུང་ཀྱང་མི་ལེན་པར་མི་ནོར་ཟས་གསུམ་སྤངས་ནས། བྲག་ཕུག་རེར་འཚངས་ནས་སྡོད་པའི་ཆོས་པ་དགའ་མོ་རྣམས་ཀྱིས་ཀྱང་རང་གིས་དེ་ལྟར་བྱས་པའི་སྡུག་ཡུས་ཀྱིས་གཞན་སྐྱེས་བུ་དམ་པ་བླ་ཆེན་རྣམས་དང་། སྔགས་ཀྱི་རྣལ་འབྱོར་བས་འདོད་ཡོན་ལོངས་སྤྱོད་ལ་བརྟེན་ནས་རང་གཞན་བསྟན་འགྲོའི་དོན་ཆེན་སྒྲུབ་པ་རྣམས་ལ་ཁ་མ་གཏོང་། ཁ་བཏང་ན་རང་གི་སྡོམ་པ་འཆོར་བའི་རྒྱུ་ཚེ་བློས་བཏང་བ་ལ་བརྟེན་ནས་རྙེད་པ་ཡིན། དེས་ན་རང་གིས་རང་སྡོམ་འཆོར་བར་བྱེད་པར་མི་འདོད་ན་དེ་རྣམས་ལ་དག་སྣང་སྦྱོངས་དང་བཟང་། འོ་ན་གསང་སྔགས་ཀྱི་ཆོས་འདི་གསང་དགོས་ཚུལ་ལ་བལྟས་ན་འདི་ལ་སྐྱོན་ཞིག་ཡོད་རྟགས་རེད་ཟེར་ན། དེ་གསང་སྔགས་ལ་སྐྱོན་ཞིག་ཡོད་ནས་གསང་དགོས་པ་མ་ཡིན་ཀྱང་། གང་ཟག་དབང་པོ་རྟུལ་པོ་རྣམས་ཀྱིས་ཐོས་ན་ཁ་གཏོང་ཞིང་། འགའ་རེས་ལན་མོ་བྱས་སེང་གེ་མཆོངས་སར་ཝ་ལྡིང་བ་ལྟར་ཉེན་ཆེན་པོ་འབྱུང་གིས་དོགས་ནས་གསང་བ་ཡིན་ཏེ། གསང་སྔགས་གསང་ནས་སྒྲུབ་པ་དེ། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །དབང་པོ་རྟུལ་བོ་རྣམས་ལ་གསང་། །གསུངས། ཡང་སྤྱིར་གསང་
བའི་ཆོས་དེ་འགལ་རྐྱེན་བར་ཆད་མེད་པར་འགྲུབ་སླ་བའི་ཕྱིར་གསང་དགོས་ཏེ། གང་ཤར་རང་གྲོལ་གྱིས། སྒོམ་གང་བྱེད་ཡི་དམ་གང་སྒྲུབ་ཀྱང་། །མི་གཞན་ལ་གསང་བ་ཤིན་ཏུ་གཅེས། །ལར་གསང་བའི་ཆོས་དེ་འགྲུབ་སླ་ཞིང་། །རྐྱེན་བར་ཆད་མེད་པར་མཐུན་རྐྱེན་མྱུར། །གསུངས། རྗེ་མི་ལས་དྭགས་པོ་ལྷ་རྗེ་ལ། སྤྱིར་ཡང་ཡོན་ཏན་གསང་བ་གལ་ཆེ། གསང་སྔགས་གསང་ན་འགྲུབ་པ་ཡིན་པས་གསོང་ལ་སྒྲུབ་པ་གྱིས་ཤིག་གསུངས། མ་གསང་ན་ཉེས་པ་ཆེ་སྟེ། མ་གསང་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མི་ཡིས་སྡུག་བསྔལ་བྱེད། །གསུངས། དེས་ན་སྔགས་ཀྱི་ལྟ་སྤྱོད་གང་བྱེད་གསང་བའི་རྒྱུ་མཚན་དེ་ཡིན་པས་ཁ་གཏོང་ག་ལ་རུང་། འོ་ན་སྔོན་གྱི་རྒྱལ་བ་རྣམས་དང་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་ལན་མོ་བྱས། དེང་སང་གི་གསང་སྔགས་པ་རྣམས་ཀྱིས་ཤ་ཆང་བུད་མེད་ལ་ལོངས་སྤྱོད་མི་རུང་། དཔེར་ན་སེང་གེ་མཆོངས་སར་ཝ་ལྡིང་བ་དང་འདྲ་ཟེར་ན། དེང་སང་ཁྱི་ལྡིང་སར་བྱི་ལ་ལྡིང་ན་རྐེད་པ་ཨེ་ཆག་ལྟོས། སེང་གེ་དང་ཝ་ཡང་དེ་དང་འདྲ། རྐེད་པ་ཆག་དོགས་མེད། སྔགས་ཀྱི་རྣལ་འབྱོར་བ་དཔེ་འདི་ལ་བཞག་པ་མི་འབྱོར་ནི་རབ་འབྱོར་བཏགས་པ་ཡིན།
དཔེ་འདི་དང་འདྲ་དོགས་མེད། དཔེར་ན་སེང་གེའི་ཕྲུ་གུ་དང་འདྲ། སེང་མའི་ལན་མོ་སེང་ཕྲུག་གིས་བྱས་ན་སྐྱོན་མེད་པ་ལྟར། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལན་མ་སྔགས་ཀྱི་རྣལ་འབྱོར་བ་རབ་ཀྱིས་བྱས་ཀྱང་སྐྱོན་མེད། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་སྔགས་ཉམས་སུ་ལེན་དུས་སོ་སྐྱེ་ཡིན། སངས་རྒྱས་མིན། སངས་རྒྱས་ཤིག་ཡང་འཚང་རྒྱ་ཅི་ལ་དགོས། སངས་རྒྱས་ཀྱི་སྤྲུལ་པ་ཞིག་མ་གཏོགས་གསང་སྔགས་ཉམས་སུ་མི་ལོན། ལེན་མི་རུང་ན་སྔགས་ལམ་གསུངས་ནས་ཅི་བྱེད། སེམས་ཅན་ལ་ཕན་པ་མེད་པར་མ་ཟད་གནོད་པར་འགྱུར་ན་མ་གསུངས་བ་དྲག །སྔོན་གྱི་རྒྱལ་བ་རྣམས་དང་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རྗེས་འཇུག་སྔགས་ཀྱི་རྣལ་འབྱོར་བ་རྣམས་ལ་ཁྱེད་ཚོས་ཀྱང་འདི་བཞིན་གྱིས་གསུངས་པ་མ་གཏོགས། ཁྱེད་ཚོས་ངེད་ཚོའི་ལན་མོ་བྱེད་མི་རུང་སེང་གེ་མཆོངས་སར་ཝ་ལྡང་བ་དང་འདྲ་མ་གསུངས། དེ་མ་གསུངས་དུས་ཁོང་རྣམས་ཀྱི་རྣམ་ཐར་དང་གསུང་བ་ལྟར་བྱེད་དགོས། རང་བཟོ་ཞིག་དང་ཡིད་གཉིས་ཐེ་ཚོམ་བྱས་ནས་སྔགས་འགྲུབ་པར་མ་གསུངས་པས། དེ་ལྟར་བྱེད་མི་རུང་སྙམ་ནས་ལོག་ལྟ་དང་ཐེ་ཚོམ་བྱེད་ལྷག་པར་མི་རུང་། བླ་མ་དང་སངས་རྒྱས་ཀྱི་གསུང་བཞིན་བསྒྲུབས་ནས་དམྱལ་བར་སོང་ཡང་འགྱོད་པ་མེད།
འཇིག་རྟེན་པས་ཀྱང་འགྲན་སངས་རྒྱས་ལ་ཚུགས་སྨྲ་བ་ལྟར། རྒྱལ་བ་སྲས་བཅས་ཀྱི་ལན་མོ་བྱས་དེ་དང་མཉམ་པ་ཞིག་ཨེ་འོང་བལྟ་དགོས། དེ་ཨེ་འོང་བལྟ་ན་རྣམ་ཐར་དང་གསུང་ལྟར་མི་བྱེད་པའི་ཐབས་མེད་བྱེད་དགོས། འོ་ན་མི་རུང་བ་དེ་གང་ཡིན་ཟེར་ན། སྔོན་གྱི་སངས་རྒྱས་བྱང་སེམས་ལྟར་འདོད་ཡོན་ལམ་གྱི་གྲོགས་སུ་འཁྱེར་མི་ནུས་བཞིན་དུ་བསྟེན་མི་རུང་། གཞན་གྱི་རྣམ་ཤེས་ཡར་འདྲེན་མི་ནུས་བཞིན་དུ་སེམས་ཅན་གསོད་མི་རུང་། ཤ་ཆང་བུད་མེད་སོགས་འདོད་ཡོན་གྱི་ཕྱིར་སྡིག་པ་མི་དགེ་བ་གང་ཡང་བྱེད་མི་རུང་། འོན་ཀྱང་གསང་སྔགས་ཀྱི་ལམ་ཉམས་སུ་བླངས་ནས་འཚང་རྒྱ་བ་ཐག་ཆོད་ན། ལམ་སྒྲུབ་པའི་མཐུན་རྐྱེན་དུ་ཟས་ནོར་སོགས་མ་བྱིན་པར་བླངས། མཚན་ལྡན་གྱི་བུ་མོ་རྐུ་འཕྲོག་གཡོ་སྒྱུས་བླངས། སྲིན་བུ་སོགས་སེམས་ཅན་ཕྲ་མོ་ཤི་ཡང་ཕྱིས་སངས་རྒྱས་དུས་ཕན་ཐོགས་ཡོང་པས་སྐྱོན་མེད། སྔོན་རྗེ་མི་ལས་སེར་བ་ཕབ་དུས་སྲོག་ཆགས་བགྲངས་ཀྱིས་མི་ལང་བ་ཤི་བ་མཐོང་ནས་བཤུམས་པས་བླ་མ་རྔོག་སྟོན་ཆོས་རྡོར་གྱིས། དེ་ཙམ་སྡུག་མི་དགོས། གསང་སྔགས་ཉམས་སུ་ལོངས་དང་འཚང་རྒྱ། སངས་རྒྱས་ན་བདེ་ཆེན་གྱི་ཞིང་དུ་དྲངས་ཆོག །གསུངས། གསང་སྔགས་ཀྱི་
རྣལ་འབྱོར་བ་བཟང་པོས་འདོད་ཡོན་བསྟེན་པའི་དུས་ལ་བབ་ཚེ། སྡིག་དང་མ་འདྲེས་པའི་ཤ་ཆང་བུད་མེད་ལ་ཅི་ཙམ་སྤྱད་ཀྱང་དམྱལ་བར་མི་འགྲོ་བར་མ་ཟད་མ་བསྟེན་ན་རང་ལ་སྡིག་སྟེ། ལྷོ་བྲག་མར་བས། རང་ལུས་རྒྱལ་བའི་དཀྱིལ་འཁོར་ཤེས། །རྩ་རླུང་ཐིག་ལེ་རྒྱས་པའི་ཕྱིར། །ཤ་ཆང་མི་བསྟེན་རང་ལ་སྡིག །གཞན་ལུས་ལམ་དུ་སློང་ཙ་ན། །ལས་ཀྱི་ཕྱག་རྒྱའི་གདམས་པ་ཡོད། །ཕྱག་རྒྱ་མི་བསྟེན་རང་ལ་སྡིག །གསུངས། ཤ་ཆང་བུད་མེད་ལ་ཉེས་དམིགས་མཐའ་ཡས་པ་གསུངས་འདུག་པས་ན་སྤྱད་ཚད་དམྱལ་བར་འགྲོ་ཟེར་ན། ཆོས་མ་བྱས་རང་དགར་སྤྱད་ན་དུག་འཐུང་ནས་སྨན་མི་བསྟེན་པ་ལྟར་ངན་འགྲོར་སྐྱེ་སྲིད་ཀྱང་། ཆོས་བྱས་ན་དུག་བདུད་རྩིར་བསྒྱུར་བ་ལྟར་སྐྱོན་གྱིས་མི་གོས། དེ་ཡིན་རུང་ཉེས་དམིགས་མཐའ་ཡས་པ་གསུངས་འདུག་བས་དམྱལ་བར་འགྲོ་ངེས་ཟེར་ན། བོད་ལུང་པར་ཆང་མི་འཐུང་བ་གཅིག་མེད། ཕོ་སྐྱེས་བུད་མེད་ཐམས་ཅད་ཀྱིས་འཐུང་། དེ་ཐམས་ཅད་འགྲོ་དགོས། བུད་མེད་ལ་མི་སྤྱོད་བ་ཡང་མེད། དེ་རྣམས་ཀྱང་དམྱལ་བར་འགྲོ་དགོས། ཤ་ཟོས་ཚད་དམྱལ་བར་འགྲོ་ན་བླ་མ་སྐྱེས་བུ་དམ་པ་རྒྱལ་བ་པཎ་ཆེན་མན་ཆད་འགྲོ་དགོས། འགྲོ་ཟེར་ན། དེ་ཡིན་ན་ཡར་འགྲོ་བ་གཅིག་མི་སྣང་། ཆོས་བྱས་པས་སུ་ལ་ཕན། མདོ་སྔགས་ཉམས་སུ་
བླངས་པའི་ཕན་ཡོན་ཕར་ཞོག །ཐོས་པའི་ཕན་ཡོན་དེ་ཡང་ཕར་ཞོག །གཟུངས་སྔགས་གཅིག་བཏོན་པའི་ཕན་ཡོན། ཐ་ན་གཟུངས་མཆོག་རྒྱལ་པོ་པདྨོ་ཥྞཱི་ཥའི་འོག་ཏུ་ལན་གཅིག་འཛུལ་བས་བསྐལ་བ་སྟོང་དུ་བསགས་པའི་སྡིག་པ་འདག་གསུངས་པའི་ཕན་ཡོན་རྣམས་གང་དུ་སོང་། དེ་རྫུན་ཡིན་ཟེར་རམ། རང་གི་བསམ་སྦྱོར་གང་ཡང་མེད་པར་གཞན་གྱིས་བསད་ནས་བཙོང་བའི་ཤ་དང་། རང་གར་ཤི་བའི་ཤ་སོགས་མདོ་སྔགས་ཀྱི་ལམ་གང་ཡིན་ཡང་ཉམས་སུ་ལེན་པས་གཞན་ཕན་གྱི་བསམ་པ་བཟང་པོའི་སྒོ་ནས་ལོངས་སྤྱད་ན་ཉེས་པར་མི་འགྱུར། བླ་མ་སྐྱེས་བུ་དམ་པ་ཞིག་ཡིན་ན་འབྲེལ་ཐོགས་མང་ན་ཕྱིས་འདྲེན་ནུས་པས་ལྷག་པར་བཟང་། གསང་སྔགས་ཀྱི་རྣལ་འབྱོར་བ་བཟང་པོས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅེས་གསང་སྔགས་ཀྱི་བདག་པོ་རྡོ་རྗེ་འཆང་སོགས་རྒྱལ་བ་རྣམས་ཀྱིས་གནང་བ་དགྱེས་བཞིན་བྱིན་ཡོད་པས། གཞན་གྱིས་སྟེར་དགོས་པ་སྨོས་ཅི་དགོས། འདོད་ཡོན་ལ་ཅི་བདེར་སྤྱོད་བཞིན་ཉིན་མཚན་མེད་པར་གསང་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོ་གཞུང་བཞིན་ཉམས་སུ་བླངས་ན། འདོད་ཡོན་གྱི་སྐྱོན་གྱིས་མི་གོས་པར་མ་ཟད་རྒྱན་དུ་འགྱུར་བ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཁྱད་ཆོས་ཡིན་པས་གོ་བར་གྱིས། འོ་ན་སྔགས་གཞུང་དུ་མ་ན་ཐིག་ལེ་ཡུངས་འབྲུ་ཙམ་
ཡང་ཉམས་སུ་མི་འཇུག་པར་རང་གི་སྲོག་ལྟར་གཅེས་པར་བསྲུང་དགོས་ཞེས་གསུངས། ཏཱཻ་ལོ་བས། ཐབས་དང་ཤེས་རབ་བྱིན་རླབས་སྙོམས་པར་འཇུག །དབབ་ཅིང་བསྐྱིལ་ལ་ལྡོག་ཅིང་དྲངས་བ་དང་། །གནས་སུ་བསྐྱལ་ཞིང་ལུས་ལ་ཁྱབ་པའོ། །ཚེ་རིང་མགྱོགས་ལ་སྐྱོན་རྣམས་མཐའ་དག་སེལ། །སྐྲ་དཀར་མེད་ཅིང་རང་ལུས་ཟླ་ལྟར་རྒྱས། །མདངས་གསལ་སྟོབས་འཕེལ་ཅི་འདོད་ལས་ལ་སྦྱོར། །ཐུན་མོང་མྱུར་འགྲུབ་མཆོག་ལ་བརྩོན་པར་འགྱུར། །གསུངས་ཀྱང་། དེང་སང་གསང་སྔགས་ཉམས་སུ་ལེན་པ་རྣམས་ཀྱིས་ཐིག་ལེ་ཅི་ཡོད་རྣག་ཁྲག་བཞིན་བཙིར་ནས་འཕུད་བ་མང་། ཐིག་ལེ་ཡར་དྲངས་པའི་རྟགས་གང་ཡང་མེད་པར་མར་ཕུད་པའི་རྟགས་སུ་ངོ་མདངས་ཤོར། ཕྲུ་གུ་མང་པོ་བཞག་ཡོང་། དེ་ལྟར་བྱས་ན། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བརྗོད། །གསུངས་པས། རྩ་ལྟུང་གཉིས་པ་འཕོག་པ་ཡིན། རྩ་ལྟུང་ཕོག་ན། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་བགྱི། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །གསུངས་པས་ན། དེང་སང་གི་གསང་སྔགས་པ་རྣམས་མིག་བཙུམས་ནས་དམྱལ་བར་མཆོངས་པ་ཡིན་ཟེར་ན། དུས་རྒྱུན་ཏུ་ཐིག་ལེ་མི་
གཏོང་བར་དབབ་བཟུང་ལྡོག་འགྲེམས་བྱེད་དགོས་པ་ཁྱོད་བདེན་ཏེ། འོན་ཀྱང་སྔགས་ཀྱི་རྣལ་འབྱོར་བ་རྟོགས་པ་མཐོན་པོ་བ་རྣམས་ལ་དགག་བྱ་བ་ལ་དགོས་པ་གཙོ་བས། སྣོད་ལྡན་གྱི་སློབ་མ་ལ་གསང་སྔགས་ཀྱི་དངོས་དབང་བསྐུར་དུས་དང་། འགྲོ་དོན་ནུས་པའི་སྤྲུལ་སྐུ་འཇོག་པའི་དུས་སོགས་དགོས་པ་ཁྱད་པར་ཅན་གྱི་ཚེ་བཏང་ཡང་ཉེས་པ་མེད་དམིགས་བསལ་ཡོད། དགེ་སློང་སྡོམ་ལྡན་མ་གཏོགས་གཞན་སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལས་རྒྱ་དང་ལྡན་པ་རྣམས་ཀྱིས་རིག་མ་ལ་སྦྱར་དུས་ཐིག་ལེ་ཕབ་ནས་འཛིན་མ་ནུས་པར་རང་དབང་མེད་པར་ཤོར་འགྲོ་དུས་དང་། ཐིག་ལེ་འཛིན་ནུས་རུང་འདྲེན་འགྲེམས་མ་ནུས་པར་གསང་གནས་ཀྱི་རྩ་འཁོར་རྣམས་སུ་འཁྱིལ་ནས་བསྡད་པ་རུལ་ནས། ན་ཟུག་བྱུང་ནས་སྒོམ་མི་ནུས་བར་འཆི་ལ་ཉེ་བའི་དུས་སོགས་སུ་ཡང་། རང་གཞན་གྱི་ལུས་ལྷར་གསལ་བའི་ཡུམ་གྱི་སྐུའི་གསང་བ་སོགས་སྐུའི་ཆ་ཤས་ཐམས་ཅད་དུ་རྩ་བ་གསུམ་གྱི་ལྷ་ཚོགས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུར་གསལ་བཏབ་ནས། དེ་དག་ལ་ཟག་མེད་བདེ་བ་ཆེན་པོའི་མཆོད་བ་ཕུལ་བའི་ཚུལ་དུ་བཏང་ཡང་ཉེས་པ་མེད་པར་བླ་མ་དམ་པའི་གསུང་སྒྲོས་ལས་བྱུང་། འོ་ན་ཐིག་ལེ་མར་བཏང་ནས་ཡར་ལྡོག་འགྲེམས་མ་
བྱས་ན་བདེ་སྟོང་དུ་སྦྱོར་རྒྱུ་ཅི་ཡོད། དེ་ཡིན་ན་གསང་སྔགས་པ་ཁྱིམ་པ་དང་ཁྱད་པར་མེད་པར་འགྱུར། ཁྱིམ་པ་ཕོ་མོ་དང་། དབྱར་གྱི་གླང་དང་སྟོན་གྱི་ཁྱི་ཡན་ཆད་ཀྱི་བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་ཟེར་ན། དེ་དཔེར་ན་མཛོ་འབྲི་གཅིག་ཙམ་མ་གཏོགས་བཞོ་རྒྱུ་གཞན་མང་པོ་མེད་པས། འོ་མ་ཕོར་བ་བྱས་འཐུང་ན་འོ་མ་སྐྲོགས་ནས་མར་ལེན་རྒྱུ་མེད་པ་ལྟར། སྔགས་ཀྱི་རྣལ་འབྱོར་པ་རྩ་རླུང་ཐིག་ལེ་མ་རྒྱས་པས་ཐིག་ལེ་བཏང་ན། ཡར་འདྲེན་རྒྱུ་དང་བདེ་སྟོང་དུ་སྦྱོར་རྒྱུ་མེད་པ་ཁྱོད་བདེན་མོད། འོན་ཀྱང་མཛོ་འབྲི་མང་པོ་བཞོ་རྒྱུ་ཆེ་བས་འོ་མ་ཕོར་བ་གང་རེ་རང་གཞན་གྱི་འདོད་པ་སྐོང་ཕྱིར་འཐུང་བཞག་རུང་། འོ་མ་སྐྲོགས་ནས་མར་ལེན་རྒྱུ་ལ་མི་གནོད་པ་ལྟར། རྩ་རླུང་ཐིག་ལེ་རྒྱས་པའི་སྔགས་ཀྱི་རྣལ་འབྱོར་བ་བཟང་པོའི་སྐུ་ལུས་འོ་རྐྱལ་བཞིན་བྱང་སེམས་ཀྱིས་གང་ཡོད་པས། འཕུད་རྒྱུ་དང་འདྲེན་རྒྱུ་གང་འདོད་འདོད་ཡོད་པས། ཐིག་ལེ་ཅུང་ཟད་རེ་ཉམས་པས་དབབ་གཟུང་ལྡོག་འགྲེམས་བྱས་ནས་བདེ་སྟོང་དུ་སྦྱོར་རྒྱུ་མེད་པར་མི་འགྱུར་བས་སྐྱོན་གྱིས་མི་གོས། ལྷག་པར་དམིགས་པ་མཁན་གྱིས་གར་བཞུགས་ཞིང་ནས་རྩ་གསུམ་ལྷ་ཚོགས་དཔག་མེད་ཁ་བ་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས་ཡུམ་གྱི་སྐུ་ལ་བཞུགས་སུ་གསོལ། དེ་རྣམས་ལ་བདེ་སྟོང་མཆོད་
པའི་ཚུལ་དུ་ཕུལ་བས་ལྷ་རྣམས་མཉེས་པའི་སྐུ་ལས་འོད་ཟེར་འཕྲོས་ཡབ་ཡུམ་གཉིས་ཀྱི་ལུས་སེམས་ལ་ཞུགས། ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་མུན་པར་ཉི་འོད་ཕོག་པ་ལྟར་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྣམས་ཡར་ངོའི་ཟླ་བ་ལྟར་རྒྱས། ཁྱད་པར་ལུས་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ། ངག་འགགས་མེད་ཚངས་པའི་དབྱངས། སེམས་འཁྲུལ་མེད་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱེད་བའི་སྐལ་བ་རྒྱུད་ལ་བཞག་སོང་སྙམ་པའི་མོས་པ་བརྟན་པོ་ཡུན་རིང་ལ་ཤུགས་དྲག་པ་བྱས་ན་སྤྱིར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གསུངས་པ་ཡིན་ཞིང་། སྒོས་སུ་གསང་སྔགས་མོས་ལམ་གྱི་སྒྲུབ་པ་ཡིན་པས། དེ་འདྲའི་རྣལ་འབྱོར་བ་ལ་ཁེ་མིན་ཕམ་ཁ་མེད་དེ། གསང་འདུས་ལས།། དབང་པོ་གཉིས་ཀྱི་སྦྱོར་བ་ཡི། །བདག་གི་ཁུ་བ་ལ་སོགས་པས། །ཆོ་ག་བཞིན་དུ་ཀུན་མཆོད་ན། །སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །གསུངས་སོ། །གཞན་ཡང་སྡོམ་འབྱུང་ལས། ཡོངས་སུ་རྫོགས་པའི་ལུས་ལྡན་ཞིང་། །ཡན་ལག་མཛེས་གཞོན་པདྨའི་རིགས། །བཟའ་དང་བཏུང་
བས་ཡང་དག་མཆོད། །མཁས་པས་མཆོད་ཡོན་ཕུལ་ནས་ནི། །དེ་ཡི་མོད་ལ་སྙོམས་འཇུག་བྱ། །ཕན་ཚུན་གྱི་ནི་ཤུ་ཀྲ་བླངས། །ཞེས་ཕན་ཚུན་གྱི་བྱང་སེམས་བླངས་ནས་མཆོད་ཅིང་མྱང་བར་ཡང་གསུངས། གལ་ཏེ་གསང་སྔགས་སྒོམ་ཡུན་ཐུང་ཉོན་མོངས་པར་འགྲོགས་ཡུན་རིང་ཤུགས་ཆེ་བས་ན་དབང་དུ་སོང་ནས་ལྟུང་བ་རེ་ཕོག་སོང་ཡང་། གསང་སྔགས་ཀྱི་བཀའ་ཆོས་འདི་གསེར་དང་འདྲ་བས། གསེར་སྣོད་ལ་གས་ཆག་ཅུང་ཟད་རེ་བྱུང་ཡང་། མགར་བ་མཁས་པས་བཅོས་ན་སྔར་དང་ཁྱད་པར་མེད་པ་ལྟར། བཤགས་སྡོམ་རྣམ་དག་བྱས་ན་དམ་ཚིག་ཉམས་ཆགས་ཐམས་ཅད་སོར་ཆུད་ཅེས་སྔགས་ཀྱི་གཞུང་དུ་མ་ནས་གསུངས། གསང་སྔགས་ཀྱི་ཆོས་འདི་ཐབས་མང་དཀའ་བ་མེད་པས། སྔགས་ཀྱི་རྣལ་འབྱོར་བ་ཐམས་ཅད་ཀྱང་ཉམས་ཆག་ཅུང་ཟད་རེ་བྱུང་རུང་བཤགས་སྡོམ་བྱས། སླར་སྔགས་ཀྱི་གཞུང་བཞིན་འབད་ན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཡོང་། དེས་ན་ཐིག་ལེ་བཏང་བ་ལ་རྣམ་པ་མང་བས། ཀུན་མཐའ་གཅིག་ཏུ་བཟུང་ནས་ལོག་ལྟ་བྱས་ཁ་གཏོང་མི་རུང་། ཁྱེད་སོ་ཐར་གྱི་སྡོམ་ལྡན་རྣམས་ཀྱིས་ཚུལ་ཁྲིམས་བསྲུངས་པ་ལེགས་ཀྱང་། བསྲུངས་པའི་སྡུག་ཡུས་ཀྱིས་གཞན་སྔགས་ཀྱི་རྣལ་འབྱོར་པ་རྟོགས་པ་མཆོག་དང་ལྡན་པས་འདོད་ཡོན་ལ་
ཅི་བདེར་སྤྱད་ནས་ལམ་བདེ་ནས་བདེ་བར་བགྲོད་པ་ལ་སྒྲོ་སྐུར་བཏབ་ནས་རང་གི་སྡོམ་པ་འཆོར་དུ་འཇུག་པར་མི་རིགས། སངས་རྒྱས་ཀྱིས། ང་དང་ང་ལྟ་བུས་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་བཟུང་བར་མི་བྱའོ་གསུངས་པས། ཀུན་མཁྱེན་གྱི་གོ་འཕང་མ་ཐོབ་བར་དུ་ཕོ་ཚོད་བྱས་གཞན་ལ་ཁ་བཏང་བྱེད་པ་འདི་འཇོག་རོགས་གྱིས། འོ་ན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལས་རྒྱ་བསྟེན་པའི་དུས་ལ་བབ་ཚེ་རྒྱུད་ཀྱི་དགོངས་དོན་ལྟར་ཕྱག་རྒྱ་མ་བརྟགས་ནས། མཚན་ལྡན་གྱི་རིག་མ་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་བསྟེན་པ་ཡིན་ཡང་། དེང་སང་སྔགས་ཀྱི་ཉམས་ལེན་བྱེད་མཁན་ལ། གང་རྙེད་རྙེད་ཀྱིས་ཆོག་པ་འདི་ཡ་མཚན་ཟེར་ན། དང་པོ་རིག་མ་བརྟགས་ནས་མཚན་ལྡན་བསྟེན་དགོས་པ་ཁྱོད་བདེན་ཀྱང་། ཕྱིའི་རྩ་རླུང་ཐིག་ལེ་ཆེར་རྒྱས་ནས་མ་བརྟགས་པར་བརྒྱ་སྟོང་ལ་སྤྱད་ཀྱང་སྐྱོན་གྱིས་མི་གོས་ཏེ། རྒྱུད་བརྟག་པ་གཉིས་པ་ལས། དང་པོ་རིགས་ལ་བརྟགས་པ་བྱ། །དེ་ནས་རིགས་ལ་རིགས་མི་འབྱེད། །གསུངས། དཔེར་ན་མེ་ཁ་གསོ་དུས་ཤིང་སྐམ་རློན་ལ་བརྟགས་ནས་སྐམ་པོ་འཇོག་དགོས་པ་བདེན་ཀྱང་། མེ་ཆེར་འབར་དུས་མ་བརྟགས་པར་
ཤིང་སྐམ་རློན་གཉིས་ཀ་བཞག་ཀྱང་མེ་ཡི་གྲོགས་སུ་འགྱུར་བ་དང་འདྲའོ། །སྔགས་ཀྱི་རྣལ་འབྱོར་བས་རིག་མ་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་བསྟེན་དགོས་པ་ཁྱོད་བདེན་ཀྱང་། དབང་ལ་རྣམ་པ་མང་པས། སྤྲོས་བཅས་ཀྱི་དབང་བསྐུར་མ་ནུས་རུང་། སྤྲོས་མེད་ཏིང་ངེ་འཛིན་གྱི་དབང་བསྐུར་བྱིན་གྱིས་བརླབས་པས་ཀྱང་ཆོག །དེས་ན་ཆོས་དང་རྒྱ་མཚོ་གཉིས་ཀྱི་གཏིང་དཔག་དཀའ་བས། གསུང་རབ་ཀྱི་དགོངས་པ་མ་ལོན་བཞིན་གཞན་ཁས་མི་ལེན་པར་ཆོས་ལོག་ཏུ་བཟུང་། ཆོས་དང་གང་ཟག་ལ་བརྙས་སྨོད་བྱེད་པ་འདི་ཆོས་སྤོང་གི་ལས་ངན་པ་ཡིན། རྒྱལ་བ་རྣམས་ཀྱིས་དུས་ནམ་ཡང་རྫུན་གྱི་ཚིག་དང་ཆོས་ལོག་ཅིག་སྟོན་མི་སྲིད་དེ། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་པ་དང་། དོན་མེད་དོན་ལོག་སྟོན་པར་མི་སྲིད་པས། །གསུངས་པ་སོགས་ལ་ཐུགས་བསམ་ལེགས་པར་གཏོང་བར་ཞུ། རྒྱལ་བའི་གསུང་རབ་ཕལ་ཆེར་ལེགས་པར་བཟུང་། ཕལ་ཆེར་ལོག་པར་བཟུང་ནས་ཉམས་སུ་བཅུག་ན་བསྟན་བཤིག་ཟེར་བ་གཞན་ན་ཡོད་པར་མ་སེམས། ཡང་ཟས་ནོར་ལོངས་སྤྱོད་དུག་ལྟར་སྤོངས། ཁབ་སྐུད་ཙམ་ཡང་བདག་ཏུ་མ་འཛིན་གསུངས་པ། འདོད་ཡོན་ལོངས་སྤྱོད་གང་ལ་ཆགས་ཞེན་སེར་སྣ་ཆེ་སྟེང་ནས་ཆོས་མི་འོང་
བར་ལས་ངན་པ་གསོག་ན་དུག་ལྟར་སྤོངས། རང་གིས་མཁོ་བའི་ཡོ་བྱད་གང་འཛིན་ཡང་འདི་ལ་བརྟེན་ནས་བྱང་ཆུབ་བསྒྲུབ། འགྲོ་དོན་བྱ་སྙམ་གཞན་ཕན་གྱི་བསམ་པས་མ་གཏོགས་རང་དོན་དུ་དམིགས་ནས་ཁབ་སྐུད་ཙམ་ཡང་བདག་ཏུ་མ་འཛིན་གསུངས་པ་ཡིན་གྱི། འདོད་ཡོན་ཅི་ཙམ་བྱུང་ཡང་དེ་ལ་ཆགས་ཞེན་དང་སེར་སྣ་མེད། སྒོ་གསུམ་གྱིས་རྩོལ་སྒྲུབ་ཆེར་མི་དགོས་པར་འབད་མེད་ལྷུན་གྲུབ་ཏུ་བྱུང་། བྱུང་བ་རྣམས་དེ་མ་ཐག་ཏུ་དུག་ལྟར་མ་སྤངས་པར་རང་གི་ཐུགས་དམ་གྱི་ཆས་ཀ་བྱས་ན་དགེ་སྦྱོར་འཕེལ་ནས་བྱང་ཆུབ་འཐོབ་པའི་གྲོགས་སུ་སོང་། རིམ་གྱིས་ཆོས་ཕྱོགས་སུ་བཏང་ན་གཞན་བསྟན་འགྲོ་ལ་འཕྲལ་ཕུགས་ཕན་པའི་དགོས་པ་ཆེན་པོ་འབྱུང་ན། འཕྲལ་དུ་ཟས་ནོར་ལ་གསོག་འཇོག་མཛད་ཀྱང་སྐྱོན་གྱིས་མི་གོས། སྐྱོན་གྱིས་མི་གོས་པ་ཙམ་དུ་མ་ཟད། ཟས་ནོར་ལོངས་སྤྱོད་དུག་ལྟར་དེ་མ་ཐག་སྤངས་པ་ལས་བརྒྱ་ལྷག་གིས་ཆོས་ལྡན་གྱི་བྱ་བ་མང་པོ་འགྲུབ་ཡོང་། དེ་ལྟ་བུའི་གང་ཟག་བཟང་པོ་ལ་དུག་ལྟར་དེ་མ་ཐག་ཏུ་སྤོང་། ཁབ་སྐུད་ཙམ་ཡང་མ་འཛིན་གསུངས་པའི་ཚིག་ཏུ་འཁྲུལ་བར་མི་བྱ། བདག་ཏུ་འཛིན་མི་རུང་བ་བདེན་གྱི། ཆོས་པ་རྣམས་ཀྱིས་མཁོ་བའི་ཡོ་བྱད་འཛིན་མི་རུང་བར་
ག་ལ་འགྱུར། དེ་ཡིན་ན་སངས་རྒྱས་ཀྱིས་ཆོས་གོས་རྣམ་གསུམ་སོགས་མཁོ་བའི་ཡོ་བྱད་འཛིན་དགོས་གསུངས་པ་དང་། རྣལ་འབྱོར་རོལ་པའི་དགའ་སྟོན་སོགས་གསང་སྔགས་ཀྱི་གཞུང་མང་པོ་ནས། རྣལ་འབྱོར་པའི་ཆས་བདུན་དང་གཞན་མཁོ་བའི་ཡོ་བྱད་འཛིན་དགོས་ཞེས་ཡང་ཡང་གསུངས་པ་མང་པོར་འགལ་ལ། ཁབ་སྐུད་ཙམ་ཡང་འཛིན་མི་རུང་ན། ཆོས་གོས་སྣམ་སྦྱར་དང་། རྣལ་འབྱོར་བའི་ཡོ་བྱད་སོགས་དེ་ལས་ཆེ་བ་རྣམས་འཛིན་མི་རུང་བ་སྨོས་ཅི་དགོས། དེ་ཡིན་ན་སྟོན་པའི་གསུང་ལྟར་བྱེད་ན་རྗེས་འཇུག་ཀུན་གཅེར་ཉལ་བྱ་དགོས། དེ་ལྟར་བྱས་པས་ཆོས་མི་དགོས་འཇིག་རྟེན་ཀྱང་མི་འོང་བར་འཆི་ཉེས་བྱས་འཆི་དགོས། དེ་མི་འཕྲོད། དེས་ན་སངས་རྒྱས་ཀྱི་གསུང་གང་གི་དགོངས་པ་ལོན་དགོས། མ་ལོན་ན་ཆོས་ལ་བརྟེན་ནས་ཆོས་མིན་བྱེད་སྲིད། འོ་ན་སངས་རྒྱས་ལ་ཡང་ཆགས་ཞེན་ག་ལ་མངའ། འཁོར་ཉན་ཐོས་དགྲ་བཅོམ་པ་རྣམས་ལ་ཡང་བདག་འཛིན་སྤུ་ཙམ་མི་མངའ། དེ་བཞིན་དུ་སྔོན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ལ་ཡང་ཆགས་ཞེན་འཁྲུལ་པ་ཞིག་གཏན་ནས་མི་མངའ་སྟེ། ཁོང་རྣམས་ཀྱིས་ཟས་ནོར་གསོག་འཇོག་ལོ་ཟླར་འདངས་པ་ཕར་ཞོག །ཉིན་ཞག་གསུམ་བཞི་ཙམ་ལ་འདངས་པ་ཡང་ཚགས་མ་མཛད། སངས་རྒྱས་
ཀྱིས་གཞན་རྗེས་འཇུག་འོ་སྐོལ་ཆགས་ཞེན་ཡོད་མེད་ཡོངས་ལ་ཞག་ལོན་དང་། བྱིན་ལེན་མ་བྱས་པར་ཟ་མི་རུང་བ་ཡན་ཆད་ཀྱི་བཅས་པ་མཛད་པ་ཡིན་པས། ཁྱེད་རྣམས་ཆགས་ཞེན་མེད་པ་སངས་རྒྱས་སྲས་བཅས་ཀྱི་ཡན་ཞིག་མིན། དེ་དང་མཉམ་པའམ་དེ་ལས་མན་ཞིག་ཡིན་ན་སངས་རྒྱས་ཀྱི་རྣམ་ཐར་གསུང་ལྟར་བསྒྲུབ་དགོས་ཟེར་ན། དེ་སྐད་གསུངས་པ་ཁྱོད་བདེན་བདེན་ཏེ། ཆོས་ཟེར་བ་འདི་ཡུལ་དུས་མི་དང་བསྟུན་ནས་བསྒྲུབ་ཤེས་དགོས། དེང་སང་དུས་ངན་བསྐལ་པ་སྙིགས་དུས་འདིར་སྔོན་སངས་རྒྱས་ཀྱི་དུས་ལྟར་ཆོས་པ་རྣམས་ཀྱིས་གསོག་འཇོག་ཅུང་ཟད་རེ་མ་བྱས། ཉིན་རེ་བཞིན་དུ་འཁར་བསིལ་ལྷུང་བཟེད་ཁུར་ནས་ཁྱིམ་པ་རྣམས་ཀྱི་སྒོར་བརྒྱུགས་ན། ཆོས་འོང་མི་དགོས་ལྟོ་ཡང་འགྲངས་བ་མི་ཐོབ། རང་སྡུག་ལ་གཞན་གྱིས་འཕྱ་བའི་གནས་སུ་འགྱུར། ངས་སྟོན་པའི་རྣམ་ཐར་བཟུང་ནས་གསུང་ལྟར་སྒྲུབ་པ་ཡིན། ཆོས་རྣམ་དག་བྱ་ན་འདི་ལྟར་བྱ་དགོས་ཞེས་སྨྲས་ན། ཚིག་དེ་ཁྱིམ་པ་རྣམས་ཀྱི་སུ་ཡིན་རུང་རྣ་བའི་ནང་མི་དགོས་ཕྱི་སྐྱི་ལ་ཡང་མི་འགྲོ། ཁྱེད་ཀྱིས་སངས་རྒྱས་ཀྱི་རྣམ་ཐར་བཟུང་བ་ཡིན་གྱི་ཆ་མེད། ཁོ་བོ་ཆོས་བལྟས་ན་སྤྲང་པོའི་རྣམ་ཐར་གཙང་མ་རེད་ཅེས་ཧ་བགད་
དི་རི་རི་བྱས་ཡོང་། ཡང་སངས་རྒྱས་ཀྱི་གསུང་འདུལ་བ་ན་གོས་ཧ་ཅང་བཟང་བ་མ་ཡིན་ཧ་ཅང་སྡུག་པ་མ་ཡིན། མཐའ་གཉིས་སུ་མ་ལྷུང་བ་གྱོན་གསུངས། གཞན་སྐྱེས་བུ་དམ་པ་རྣམས་ཀྱིས་ཆོས་སྙིང་ནས་བྱེད་ན། ཆོས་བས་གོས་དུག་ཧྲུལ་རོ་གོས་ངན་ངོན་ལྷགས་པ་ཐུབ་ཙམ་ལུས་དྲོ་བ་ཙམ་གང་རྙེད་གྱོན་ཀྱང་ཆོག་གསུངས་ཏེ། དེང་སང་ཡུལ་བོད་ཡུལ། དུས་སྙིགས་དུས། མི་དད་པ་ཆུང་བའི་དབང་གིས། ས་སྐྱ་པཎ་ཆེན་གྱིས། ནང་ན་ཡོན་ཏན་ཀུན་ལྡན་ཡང་། །ཆ་ལུགས་ངན་ན་ཀུན་གྱིས་བརྙས། །པགས་བྱེའུ་མཁས་ཀྱང་སྤུ་མེད་པས། །འདབས་ཆགས་ཕལ་གྱིས་སྤངས་ཞེས་གྲགས། །གསུངས་པ་ལྟར། ནང་ན་ཡོན་ཏན་ཀུན་ལྡན་ཡང་ཕྱི་གོས་ངན། ངོ་ན་ཤ་རྒྱགས་པ་མེད་ན་དེང་སང་བོད་ན་སྤྲང་པོ་ཀ་སྐྱུགས་བྲོ་བོ་མར་རྒྱུགས་ཞེས་ལྟོ་སྟེར་མི་དགོས། མིག་གིས་མཐོང་སར་ཡང་སྡོད་དུ་མི་འཇུག་པ་མང་། དེ་ལྟར་བྱས་ན་ཆོས་པས་སངས་རྒྱས་ཀྱི་གསུང་ལྟར་གོས་ངན་གྱོན་པས་ལེགས་ཏེ། ལྟོ་མ་རྙེད་ན་སངས་རྒྱས་ཀྱི་གསུང་ན་སྒྲུབ་པ་རྣམ་དག་གྱིས་གསུངས་པ་མི་འོང་བས་འགལ་བར་འགྱུར། སྒྲུབ་པ་ཤོར་ན་གོས་ངན་ངོན་གྱོན་པས་ཐམས་ཅད་མཁྱེན་པ་འཐོབ་མི་འོང་། དེ་བས་ཕྱི་ལ་ཆོས་གོས་རྣམ་གསུམ་སོགས་ཆོས་པའི་ཆ་ལུགས་གང་ཡིན་
རུང་། དེ་གའི་གོས་མཛེས་པ་རེ་གྱོན། མགོ་ལ་སྒོམ་ཞྭ་མཛེས་པ་རེ་མནབས། ལག་ཏུ་མཁར་བསིལ་དང་སྦ་དབྱུག་གང་རུང་རེ་ཐོགས་ནས་བསོད་སྙོམས་བྱས་ན་ཁྱིམ་པ་ཕོ་མོ་སུས་མཐོང་ན་ཡར་ཤོག་ཅེས་དད་གུས་བྱས་མཐུན་རྐྱེན་འབུལ། མཐུན་རྐྱེན་འཛོམ་པས་སྒོམ་སྒྲུབ་འཕེལ། མྱུར་དུ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ། འབྲེལ་ཐོགས་ཐམས་ཅད་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་། སངས་རྒྱས་ཀྱི་གསུང་གང་བསྒྲུབས་ཀྱང་ཡུལ་དུས་དང་བསྟུན་ནས་ཁེ་གང་ཆེ་ཉེན་གང་ཆུང་ལྟོས། ཁེ་ཆེ་བ་དང་ཉེན་ཆུང་བ་དེ་བསྒྲུབ་དགོས། སངས་རྒྱས་ཀྱི་གསུང་རེ་རེ་ཙམ་གྱི་དགོངས་པ་མ་ལོན་པར་དེ་ལྟར་ཨུ་ཚུགས་བྱས་བསྒྲུབ་ན་སྐབས་འགའ་རེ་ཁྱིམ་པ་ཕོ་མོ་སོགས་གཞན་རྣམས་ལ་ཁོང་ཁྲོ་སོགས་ཉོན་མོངས་བསླང་དད་པ་ཡལ། རང་གི་དགེ་སྦྱོར་ཡལ། བསྟན་འགྲོའི་དོན་ཆེན་པོ་འོང་བ་ཡང་མི་འོང་བར་གེགས་སུ་འགྱུར་དུས་འབྱུང་། དེས་ན་བློ་གྲོས་ཅན་གྱིས་སངས་རྒྱས་ཀྱིས་གནང་བཀག་མི་འདྲ་བ་གསུངས་པའི་དགོངས་དོན་རྣམས་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབྱུང་བ་དད་གུས་འཕེལ་བ། རྗེས་སུ་ཡི་རང་བྱེད་པ། ཆོས་པ་རྣམས་ལ་ཆོས་ཡོང་བ། འགྲོ་དོན་འཕེལ་བ། ཀུན་གནས་སྐབས་སུ་བདེ་བ། མཐར་ཐུག་འཚང་རྒྱ་བའི་
ཆེད་དུ་གསུངས་པར་གོ་ནས། བསྟན་འགྲོ་ཡོངས་ལ་ཕན་པའི་ཐབས་སུ་གང་འགྲོ་བ་དེ་གྱིས་དང་། དོན་གྱི་སངས་རྒྱས་ཀྱི་གསུང་ཐམས་ཅད་དང་མ་འགལ་བར་བསྒྲུབ་པ་ཡིན། སྐྱེས་བུ་དམ་པ་ཐམས་ཅད་ཀྱི་རྣམ་ཐར་བཟུང་བ་ཡིན་པས་དེ་ལུགས་གྱིས། ཡང་རྒྱལ་བ་སྲས་བཅས་ཀྱིས་ཟས་ནོར་བསགས་པ་ལ་སྙིང་པོ་མེད། སྡིག་པའི་རྩ་བ་རང་ཡིན་གསུངས་པ་ཡང་ཁྱིམ་པ་ཕོ་མོ་འགའ་ཞིག་གིས་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་ནས། ཟས་ནོར་ལོངས་སྤྱོད་བསགས་ནས་སེར་སྣ་བྱས་ཆོས་ཕྱོགས་སུ་གང་ཡང་མ་བཏང་། ཟས་ནོར་གྱི་སྟེང་ནས་ཆགས་སྡང་ཉོན་མོངས་ལངས་མི་དགེ་བ་བྱས་ན་ལྟོ་རྒྱབ་སྐྱིད་པོ་བྱུང་ནས། ཚེ་འདིར་ལུས་བདེ་སྲོག་བཟུང་ནས་བསྡད་པ་ཙམ་མ་གཏོགས། ཚེ་འདིར་འཚོ་སྐྱོང་གི་སྡུག་བསྔལ་དང་། ཕྱི་མར་འཁོར་བ་ངན་སོང་གི་སྡུག་བསྔལ་མྱོང་བས་ན་དེ་སྐད་གསུངས་པ་ཡིན་གྱི། ཁྱིམ་པ་ཕོ་མོ་སོགས་ཆོས་པ་འཇིག་རྟེན་པ་སུ་ཡིན་རུང་། དང་པོ་ཟས་ནོར་གསོག་དུས་ཤེས་བཞིན་སྡིག་དང་མ་འདྲེས་པར་བསགས། བར་དུ་བསགས་པ་དེ་རང་གིས་ཆོས་བསྒྲུབ་པའི་མཐུན་རྐྱེན་དང་། གཞན་བླ་མ་དགེ་བཤེས་སོགས་དགེ་འདུན་པའི་ཐུགས་དམ་གྱི་ཆས་ཀ །དབུལ་བོ་རྣམས་ཀྱི་ལུས་སྲོག་འཚོ་བའི་ལྟོ་གོས་སོགས་ཆོས་ཕྱོགས་
སུ་བཏང་། མཐར་བསྔོ་བ་སྨོན་ལམ་གྱི་མཚམས་སྦྱོར་བྱས་ན་ཚེ་འདིར་བདེ་སྐྱིད་སྙན་གསུམ། ཕྱི་མར་མཐོ་རིས་ཐར་པའི་གོ་འཕང་ཐོབ་ནས་བདེ་བས་ན། དེ་ལྟར་བྱེད་པ་རྣམས་ལ་ཟས་ནོར་ལ་སྙིང་པོ་མེད་སྡིག་པའི་རྩ་བ་ཡིན་གསུངས་པའི་ཚིག་ཏུ་འཁྲུལ་བར་མི་བྱ། དེ་ལྟར་བྱས་ཀྱང་སྙིང་པོ་མེད་ན་སངས་རྒྱས་ཀྱིས་ཟས་ནོར་ཆོས་ཕྱོགས་སུ་ཐོངས་སྙིང་པོ་ལོངས་གསུངས་པ་དེ་རྫུན་ཡིན་ཟེར་དགོས། དེང་སང་བླ་མ་གསོག་འཇོག་མི་མཛད་པ་མེད། དེ་རྣམས་ཀྱིས་སྡིག་པའི་རྩ་བ་རང་བསགས་ནས་ཤི་ན་དམྱལ་བར་འགྲོ་བ་ཡིན་ཞེས་བླ་མ་ཐམས་ཅད་ལ་སྐུར་བ་འདེབས་དགོས་པས། དེ་མི་འགྲིགས། བླ་མ་རྣམས་ཀྱིས་ཁྱིམ་པ་ཕལ་པ་ལྟར་སྡིག་པ་དང་བཅས་ལོངས་སྤྱོད་བསགས། དེ་ལ་ཆགས་ཞེན་སེར་སྣ་སྐྱེ་མི་རུང་ཡང་། རང་འདོད་ཆགས་ཞེན་གྱི་དབང་གིས་མ་ཡིན་པར། གཞན་ལ་ཕན་འདོགས་ཀྱི་བསམ་པས་སྡིག་དང་མ་འདྲེས་པའི་ལོངས་སྤྱོད་གསོག་དགོས། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་ཐབས་མཁས་བསྡུ་བཞིའི་སྒོ་ནས་འགྲོ་དོན་མཛོད་གསུངས་པས་ན། གསོག་འཇོག་ཅིག་མ་བྱས་པར་བསྡུ་བཞིའི་ལག་ལེན་བྱེད་ཚུལ་མེད་པའི་ཕྱིར་རོ། །བསྡུ་བཞིའི་དང་པོ་
མཁོ་བ་སྦྱིན་རྒྱུ་མ་མཆིས་ན་འགྲོ་དོན་རྒྱ་ཆེན་ག་ལ་འབྱུང་། འཇིག་རྟེན་ན་མ་ཟས་མེད་ལ་བུ་མི་འཁྱུ་ཟེར་བ་ལྟར། བླ་མ་ལ་མཁོ་བ་སྦྱིན་རྒྱུ་མེད་པས་ཆོས་མང་པོ་བཤད་ཀྱང་ཉན་མཁན་དང་གསུང་ལྟར་སྒྲུབ་པ་ཉུང་། བླ་མ་ཟས་ནོར་ཅན་གྱིས་ཐོག་མར་གདུལ་བྱ་ལ་ཟས་གོས་སོགས་མཁོ་བ་བྱིན་ནས་དྲིན་འོག་ཏུ་བཅུག །དེ་ནས་སྙན་པར་སྨྲ། དོན་མཐུན། དོན་སྤྱོད་གསུམ་བྱས་ན་སེམས་ཅན་གྲངས་མེད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས། གལ་ཏེ་ཆོས་མིན་བྱེད་པ་རེ་གཉིས་བྱུང་ན་སྔར་དྲིན་ཆེ་བས་དྲིན་འདྲེན་བྱས་བསྡིགས་ནས་ཚར་བཅད། དེ་ནས་ཚུར་བསྡུས་ནས་ལེགས་ལམ་ལ་བཀོད་ན་ཡོང་། དེས་ན་གཞན་དོན་བྱེད་པའི་བླ་མ་རྣམས་ཀྱིས་སྦྱིན་བདག་དང་ཅན་གྱིས་གང་ཕུལ་བརྩེ་བས་བཞེས་ན་སྦྱིན་བདག་གི་ཚོགས་རྫོགས། དེས་ཟས་ནོར་གང་ཕུལ་དེ་རྣམས་ཀྱིས་བསྡུ་བཞིའི་ལག་ལེན་བྱས་ན་བསྟན་འགྲོ་ཡོངས་ལ་ཕན། དེའི་བསོད་ནམས་ཀྱིས་ཁོང་གིས་ཀྱང་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་སྐུ་གཉིས་ཀྱི་གོ་འཕང་མངོན་དུ་བྱས། དོན་གཉིས་ལྷུན་གྱིས་འགྲུབ་པས་ན་གསོག་འཇོག་ལྟར་སྣང་རེ་མཛད་པའི་བླ་མ་རྣམས་ལ་སྐྱོན་གྱིས་མི་གོས་པ་ཙམ་དུ་མ་ཟད། དེ་ལ་བརྟེན་ནས་བསྟན་འགྲོའི་དོན་རྒྱ་ཆེན་བྱུང་རང་དོན་ཤུགས་
ཀྱིས་འགྲུབ་པས་ན། བླ་མ་རྣམས་ལ་ཁ་གཏོང་མི་རུང་བ་ཙམ་དུ་མ་ཟད། དེ་ལྟར་མཛད་མཁན་གྱི་དེང་སང་བླ་མ་རྣམས་འགྲོ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ལྷག་པར་དད་གུས་ཁྱད་པར་ཅན་བྱེད་དགོས། ཁྱད་པར་སྔགས་ཀྱི་རྣལ་འབྱོར་བ་ཞིག་ཡིན་ན་ཐོག་མར་སྔགས་ཀྱི་སྒོར་མ་ཞུགས་གོང་ནས་མཐུན་རྐྱེན་རྣམས་ཕུན་སུམ་ཚོགས་པར་བསྒྲུབ་དགོས་ཞེས་སྔགས་གཞུང་མང་པོ་ནས་གསུངས། དེ་ཡི་རྒྱུ་མཚན་ནི། གསང་སྔགས་ཀྱི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་ཞུ་དུས་སུ་ཡང་དབང་ཡོན་གཏོར་ཚོགས་གསོལ་ཟས་སོགས། འབུལ་བ་ཞབས་ཏོག་བཟང་པོ་འབུལ་དགོས། ཨོ་རྒྱན་རིན་པོ་ཆེས། བླ་མ་སངས་རྒྱས་དངོས་སུ་མཐོང་ནས་ཅི་གསུང་གི་བཀའ་སྒྲུབ་ཅིང་ལུས་སྲོག་ལ་མི་འཕངས་པ་ཅི་ཡོད་ཆགས་མེད་དུ་འབུལ་ཞིང་བླ་མ་མཉེས་ན། སྙིང་དང་མིག་འབུལ་ཡང་མི་ཆགས་བ་ཞིག་དགོས་གསུངས། དེ་ལྟར་ཕུལ་ན་ཕན་ཡོན་མཐའ་ཡས་ཏེ། རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས། གང་གིས་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོས་སྒྱུར་རྒྱལ་ཐོབ་པར་གསུངས། །ཡེ་ཤེས་རྒྱ་
མཚོའི་རྒྱུད་ལས། རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །གསུངས། རང་ལ་མེད་བཙལ་ནས་མ་རྙེད་ན་མ་གཏོགས། རང་ལ་ཡོད་རྙེད་ནས་བསགས་ཏེ་མ་ཕུལ་ན། བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོད་བརྙས་པ་དང་། གསང་སྔགས་ཀྱི་གདམས་བ་ཟབ་མོ་བརྙས་ལེན་བྱས་པ་ཡིན་པས་ཉེས་པ་ཆེ། དངོས་གྲུབ་གང་ཡང་མི་འཐོབ་སྟེ། དམ་ཚིག་རྡོ་རྗེའི་རྣམ་བཤད་ལས། བླ་མར་ཅི་འབྱོར་ལོངས་སྤྱོད་མ་ཕུལ་བར། །འདོད་པས་ཆོས་ཞུས་བཀྲེན་ཆགས་དབུལ་བོར་སྐྱེ། །གསུངས། བླ་མ་བསྟེན་དུས་ཙམ་དུ་མ་ཟད་བཀའ་བཞིན་དབེན་བར་ཉམས་ལེན་བྱེད་དུས་ཀྱང་ལུས་གསོ་བའི་ལྟོ་གོས། རྡོ་རྗེ་དྲིལ་བུ་སོགས་མཁོ་བའི་ཡོ་བྱད་གང་བསྒྲུབ་དགོས་པ་ཐམས་ཅད་བསགས་ནས་ཡོ་བྱད་ཀུན་དང་ལྡན་པར་བྱ་དགོས་ཏེ། ཀློང་གསལ་ལས། གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསགས། །ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ། །སྒྲུབ་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །རྟེན་འབྲེལ་རྫས་མེད་
དངོས་གྲུབ་ཡལ་བར་དོར། །གསུངས། དེས་ན་མཐུན་རྐྱེན་དཀའ་ཚེགས་མེད་པར་རྙེད་ན་ཕུན་སུམ་ཚོགས་པ་བསྒྲུབ་དགོས། མཐུན་རྐྱེན་འདོད་ཡོན་ཅི་ཙམ་བཟང་བ་དེ་ཙམ་གྱི་མཆོག་ཐུན་གྱི་དངོས་གྲུབ་གང་བསྒྲུབས་ཀྱང་འགྲུབ་པ་ལ་མྱུར་ཁྱད་ཆེ་སྟེ། རྒྱུད་ལས། འདོད་པའི་ཡོན་ཏན་ལྔ་རྣམས་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །གསུངས། དེས་ན་སྔགས་ཀྱི་རྣལ་འབྱོར་བས་གསང་སྔགས་ཀྱི་ལམ་ཉམས་སུ་ལེན་བའི་ཐོག་མཐའ་བར་གསུམ་གང་དུ་ཡང་། སྡིག་དང་མ་འདྲེས་བའི་འདོད་ཡོན་འབད་མེད་ལྷུན་འགྲུབ་ཏུ་བྱུང་ན་གང་གིས་གང་བཟང་ཐམས་ཅད་བསྟེན་ཆོག་པས་ཁ་གཏོང་མི་རུང་། འོ་ན་སྐྱེས་བུ་དམ་པ་མང་པོས་གསང་སྔགས་པས་ཀྱང་། འདོད་ཡོན་སྤོང་དགོས་བསྟེན་མི་རུང་གསུངས་པ་དེ་ཅི་ཡིན་ཟེར་ན། དེ་འདོད་ཡོན་ལ་བརྟེན་ནས་གསང་སྔགས་ཀྱི་བསྐྱེད་རྫོགས་ཉམས་སུ་མི་ལེན་པར་ཁྱིམ་པ་རྣམ་ལྟར་འདོད་སྲེད་ཆེར་སོང་ཞེ་སྡང་མེ་ལྟར་འབར། ལས་ངན་པ་མཚོ་ལྟར་བསགས། སྔགས་ཀྱི་གཞུང་བཞིན་མི་སྤྱོད་པར་ལོག་པར་སྤྱད་ནས། དམྱལ་བའི་གཏིང་རྡོ་བྱེད་པ་རྣམས་ཀྱིས་འདོད་ཡོན་བསྟེན་མི་རུང་བ་བདེན་པས་དེ་སྐད་གསུངས་པ་ཡིན་གྱི། སྔགས་ཀྱི་རྣལ་འབྱོར་བ་རབ་ཀྱིས་འདོད་ཡོན་སྲེད་
པས་བསྟེན་པ་མ་ཡིན་པར། འགྲོ་ཀུན་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་སྒྲུབ་པའི་གྲོགས་སུ་མཐོང་ནས། དེ་ལ་དམིགས་ནས་བསྟེན། འདོད་ཡོན་ལྔ་ལ་བརྟེན་ནས་ལས་ཉོན་མི་ལྡང་བ་ཙམ་དུ་མ་ཟད། འདོད་ཡོན་ལ་བརྟེན་ནས་སྔགས་ཀྱི་ལམ་བསྒོམས་ནས་ལས་དང་ཉོན་མོངས་པ་ཐམས་ཅད་རིམ་གྱིས་གཏན་ཟད་དུ་བཏང་། ཉམས་རྟོགས་ཡོན་ཏན་གོང་འཕེལ་དུ་བཏང་ནས་ཚེ་གཅིག་གམ་བར་དོ་དང་། སྐྱེ་བ་ཕྱི་མའི་རྟེན་དེ་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་ཏུ་འཇུག་པ་རྣམས་ལ་སྤོངས་གསུངས་པའི་ཚིག་ཏུ་འཁྲུལ་བར་མི་བྱ། ཡིད་ཀྱིས་ཆགས་ཞེན་སྤོང་བ་མ་གཏོགས་དངོས་སུ་སྤོང་མི་དགོས་པར་མ་ཟད། སྡིག་དང་མ་འདྲེས་པའི་ལོངས་སྤྱོད་གསོག་དགོས་པའི་རྟགས་སུ། ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་སྔགས་ཀྱི་དམ་ཚིག་ཏུ་གསུངས། སྦྱིན་པ་བྱེད་དགོས་ན་མ་བསགས་པར་སྤངས་ནས་ཅི་གཏོང་། སྤྱིར་མངོན་མཐོ་ངེས་ལེགས་ཀྱི་བདེ་སྐྱིད་ཐམས་ཅད་ཚོགས་བསགས་པ་ལས་བྱུང་བ་ཡིན་པས། སངས་རྒྱས་ཀྱིས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་ཅེས་གསུངས། དེས་ན་སྤོངས་གསུངས་པ་དེ་གང་ཟག་སུ་ལ་གསུང་བ་ཡིན་གྱི་བྱེ་
བྲག་ཤེས་དགོས། སྤོངས་ཞེས་གསུངས་པ་ཐམས་ཅད་འདོད་ཡོན་ལ་བརྟེན་ནས་ཆོས་ཡོང་བ་དང་མི་ཡོང་བའི་གང་ཟག་ཐམས་ཅད་ལ་གསུངས་སྙམ་ནས་འཁྲུལ་བར་མི་བྱ། ལོངས་སྤྱོད་བསགས་ནས་ཆོས་ཕྱོགས་སུ་བཏང་ན་སུ་ཡིན་རུང་མི་དེ་ལ་ཚེ་བློས་བཏང་ཆོས་པ་བཟང་པོ་ཟེར་དགོས། འཕྲལ་དུ་གསོག་འཇོག་བྱས་ཁྱིམ་པ་ཕོ་མོ་ལྟ་བུར་སྣང་ཡང་ཕུགས་སུ་ཆོས་དང་མཐུན་པས་ཁ་གཏོང་རྒྱུ་སྤུ་ཙམ་མེད། དེ་ལྟར་སངས་རྒྱས་ཀྱི་གསུང་གང་གི་དབྱེ་བ་ཤེས་ན་ཆོས་རེ་རེ་དང་མི་མཐུན་པ་ཡང་མེད་ལ། ཆོས་དང་མཐུན་མི་མཐུན་དེ་ཤེས་ཀྱང་དཀའ་བར་འདུག་སྙམ་བརྙས་སྨོད་ཁྱད་གསོད་སྐུར་འདེབས་སུན་འབྱིན་སོགས་བྱེད་པའི་ཉེས་པ་ཀུན་ཁེགས་ནས། དད་གུས་དག་སྣང་སོགས་ལེགས་པ་ཀུན་གྱི་འགོ་ཚུགས་པས། བློ་གྲོས་ཅན་གྱིས་འདི་ལྟ་བུའི་རྒྱལ་བའི་གསུང་ལ་བརྟག་དཔྱད་བྱས་དགོངས་པ་བཙལ་ནས་མ་འཁྲུལ་པའི་ངེས་པ་རྙེད་པར་བྱའོ། །ཡང་ལས་ཀྱི་རྣམ་པར་སྨིན་པ་སངས་རྒྱས་ཀྱིས་ཀྱང་སྐྱོབ་ཏུ་མེད་གསུངས་པ་དེ་ཡང་དཔེར་ན་སྨན་པ་བཟང་རུང་ནད་པར་མ་འཕྲད་ན་ནད་ལ་མི་ཕན་པ་དང་། ཉི་མ་གསལ་རུང་བྲག་ཕུག་ཁ་བྱང་བསྟན་ནང་དུ་མི་འཆར་བ་ལྟར། སངས་རྒྱས་ལ་སེམས་ཅན་སྐྱོབ་པའི་ཡོན་ཏན་ཀུན་དང་ལྡན་རུང་།
གདུལ་བྱ་གང་ཟག་དེ་ལ་ལས་ཀྱི་རྣམ་སྨིན་ངན་པ་དེ་ལས་སྐྱོབ་པའི་ལས་བཟང་གི་འབྲེལ་བ་གཏན་ནས་མེད་པའི་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བསྐྱབས་ནས་ཡར་འདྲེན་མི་ནུས་གསུངས་པ་ཡིན་གྱི། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་བྱང་བསྟན་བྲག་ཕུག་ཏུ་ཉི་མ་མི་འཆར་བ་དེ་ཉི་མ་ལ་འོད་གསལ་བ་མེད་པ་མ་ཡིན་ཏེ། བྲག་ཕུག་ཁོ་རང་ལ་ཉི་མ་འཆར་བའི་གོ་སྐབས་མེད་པ་ལྟར། ལས་ཀྱི་རྣམ་པར་སྨིན་པ་ལས་སངས་རྒྱས་ཀྱིས་སྐྱོབ་མི་ནུས་པ་དེ་སངས་རྒྱས་ལ་དེ་སྐྱོབ་པའི་ནུས་པ་མེད་པ་མ་ཡིན་ཏེ། གདུལ་བྱ་དེ་ལ་ལས་ཀྱི་རྣམ་སྨིན་སྐྱོབ་པའི་ལས་དང་སྐལ་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞལ་མཐོང་གསུང་ཐོས་དད་པ་ཐོབ། འབྲེལ་བ་ཆེ་ཆུང་ཐོགས་པའི་ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས་ལས་ཀྱི་རྣམ་སྨིན་ངན་པ་ཆེན་པོ་རྣམས་ཀྱང་དཀོན་མཆོག་གསུམ་གྱིས་སྐྱོབ་ནུས་ཏེ། སྔོན་སོར་ཕྲེང་གིས་མི་དགུ་བརྒྱ་དགུ་བཅུ་གོ་དགུ་བསད་ཀྱང་ཕྱིས་སངས་རྒྱས་དང་མཇལ་ནས་གསུང་ལྟར་བསྒྲུབས་པས་ལུས་ཀྱི་རྣམ་སྨིན་མྱོང་མ་དགོས། ལྷའི་བུ་ཞིག་ཚེ་འཕོས་ནས་ལས་ཀྱི་དབང་གིས་ཤ་ཟ་མོ་ཕག་མགོ་ཅན་གྱི་མངལ་དུ་སྐྱེ་བ་ཤེས་ནས། སངས་རྒྱས་ལ་སྐྱབས་སུ་སོང་བས་དེ་རུ་མ་སྐྱེས་པར་སླར་ལྷ་ཡུལ་དུ་སྐྱེས། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་སྔོན་ལས་ཀྱི་དབང་གིས་བཞིན་མི་སྡུག་པས། སངས་རྒྱས་ལ་དད་མོས་བྱས་པས་
འཕྲལ་དུ་གཟུགས་མི་སྡུག་པ་དང་བྲལ་ནས་མཛེས་པར་གྱུར། སྔོན་རྒྱལ་བའི་བློ་གྲོས་ཞེས་བྱ་བའི་མ་ཤི་མ་ཐག་གཤིན་རྗེ་གཤེད་ཀྱི་བསྐྱེད་རིམ་ལ་ཞུགས། དམག་དྲངས་ནས་མ་འཆི་བདག་གཤིན་རྗེའི་ལག་ཏུ་ཚུད་པ་ཡང་ཡར་འཕྲོག་བྱུང་། ལྷ་ལྕམ་པདྨ་གསལ་ཤི་བ་ཨོ་རྒྱན་ཆེན་པོས་སླར་གསོས་ནས་དབང་བསྐུར་བ་སོགས་བྱས། རས་ཆུང་བ་ཞག་བདུན་གྱི་ཚེ་མིན་མེད་པ། མ་ཅིག་གྲུབ་པའི་རྒྱལ་མོས་དགུང་ལོ་བརྒྱད་ཅུའི་བར་དུ་ཚེ་བསྲིངས། མི་ཚེ་ཟད་པ་དེ་རིང་ལྟ་བུར་འཆི་བ་ལ་གྲུབ་ཆེན་རྭ་ལོ་ཙཱ་བས་བསྲུང་འཁོར་ཞིག་བསྒོམ་ནས་ཞག་པོ་བདུན་དུ་ཚེ་བསྲིང་ནུས་པ་ཡིན་སྐད། དེ་ལྟ་བུའི་གཏམ་རྒྱུད་མང་། ད་ལྟ་ཡང་ནད་ངན་པས་བཟུང་བ་རྣམས་དཀོན་མཆོག་གསུམ་གྱི་མཐུ་ལ་བརྟེན་ནས་གྲོལ་བ་མང་། འོན་ཀྱང་འཕྲལ་རྐྱེན་བཟློག་པ་ལས་སླ་ཡང་སྔོན་ལས་བཟློག་དཀའ་བས། སྡིག་པའི་ལས་སྲོག་ལ་བབ་ཀྱང་མི་བྱེད་པ་གཅེས། སྔར་བྱས་དང་ཕྱིན་ཆད་ཉོན་མོངས་པའི་དབང་གིས་ཅུང་ཟད་རེ་བྱས་སོང་ན་ཡང་། དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང་ཅི་འབྱོར་གྱིས་མཆོད་བསྟོད་བཀུར་ནས་འབྲེལ་བ་རྒྱ་ཆེན་པོ་འཇོག་དགོས། འོ་ན་དེང་སང་ནད་པ་ལ་སྐུ་རིམ་བསྲུང་བ་བྱས་ཀྱང་མི་ཕན་པར་འཆི་བ་དེ་ཅི་ཡིན་ཟེར་ན། དེ་ཁོ་རང་
ལ་ཕན་ཐོགས་པའི་ལས་འབྲེལ་མེད་པའི་ཕྱིར་རོ། །ལས་འབྲེལ་བརྒྱ་ཡོད་རུང་འཕྲལ་གྱི་འགལ་རྐྱེན་བར་ཆད་མ་གཏོགས་སྔོན་གྱི་ལས་ངན་པ་ལས་སྐྱོབ་ཏུ་སངས་རྒྱས་ཀྱིས་མེད་ཅེས་མདོ་ན་ཐག་རྦད་ཀྱིས་བཅད་འདུག །དེ་བཞིན་དུ་ལྷོ་བྲག་མར་བས་ཀྱང་། སེམས་ཅན་གྱི་ལས་སླེབས་ཚེ་སངས་རྒྱས་ཀྱི་མཐུ་རྡུགས་གསུངས། གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱིས། སེམས་ཅན་གཅིག་གི་ལས་སླེབས་ཚེ། སངས་རྒྱས་སྟོང་གི་མཐུ་རྡུགས་གསུངས། བསམ་པ་ལྷུན་འགྲུབ་ལས། ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ་གསུངས་ཟེར་ན། དེ་སྡུག་བསྔལ་ལས་སྐྱོབ་པའི་ལས་འབྲེལ་གཏན་ནས་མེད་པ་ལ་ཕན་པ་མེད་པར་དགོངས་ནས་དེ་སྐད་གསུངས་པ་ཡིན་ཏེ། ལས་ངན་པ་ལས་སྐྱོབ་པའི་ལས་འབྲེལ་བཟང་པོ་སྔར་ཡོད་ད་ལྟ་མི་སྐྱོབ། ད་ལྟ་བཞག་ཀྱང་ཕྱི་མར་མི་སྐྱོབ་གསུངས་པའི་ཚིག་ཏུ་འཁྲུལ་བར་མི་བྱ། དེ་ཡིན་ན་སངས་རྒྱས་རྣམས་ཀྱང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པ་བུད། དེ་ཅིའི་ཕྱིར་ཞེ་ན། ལས་ངན་རྣམས་སྐྱོབ་པའི་ཡོན་ཏན་མ་མཆིས་པའི་ཕྱིར་རོ། །ལས་ངན་པ་ཞིག་ལས་སངས་རྒྱས་ཀྱིས་བསྐྱབས་ན་ཀུན་གྱིས་སྙམ་མོད། ལས་བཟང་པོ་ཅན་ཞིག་སངས་རྒྱས་ཀྱིས་མ་བསྐྱབས་ཀྱང་དྲག །ཁོ་རང་གིས་རང་མགོ་ཐོན་ཡོང་། སེམས་ཅན་ལས་ངན་པ་ལས་སྐྱོབ་མི་
ནུས་ན་སངས་རྒྱས་པ་ལ་ཡང་དགོས་པ་ཆེར་མེད་ལ། སྡིག་ཅན་གྱིས་གསོལ་བ་བཏབ་པ་ཡང་རང་ངལ་བ་ཙམ་མ་གཏོགས་དགོས་པ་མེད་པར་འགྱུར། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་སྒོ་ནས་འོད་ཟེར་རེ་རེ་ཙམ་སྤྲོས་པས་སེམས་ཅན་མང་པོ་སྔར་སྨིན་གྲོལ་གྱི་ལམ་ལ་བཀོད། ཕྱི་རབས་སངས་རྒྱས་པས་ཀྱང་འགོད་ནུས་གསུངས་པ་དང་། སྡིག་ཅན་མང་པོ་ལས་ཀྱི་རྣམ་སྨིན་ལས་བསྐྱབས་པའི་གཏམ་རྒྱུད་དང་། བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གསུངས་པ་རྣམས་ཀྱང་རྫུན་ཡིན་ཟེར་དགོས། སྐྱབས་འགྲོའི་ཕན་ཡོན་ན། ལས་ངན་སྡིག་སྒྲིབ་བྱང་ཞིང་དག་ནས་མྱུར་དུ་འཚང་རྒྱ་བ་སོགས་ཕན་ཡོན་མང་པོ་གསུངས་པ་དང་། དེ་བཞིན་གཤེགས་པའི་མཚན་གཟུངས་མང་པོའི་ཕན་ཡོན་ན། འདི་ཚར་གཅིག་བཀླགས་ན་མཚམས་མེད་པ་ལྔའི་ལས་བྱས་པ་འདག་ཅིང་མྱང་འདས་ཐོབ་གསུངས་པ་སོགས་ལ་དགོས་པ་ཅི་ཡང་མ་བྱུང་། དེ་ཡིན་ན་སྐྱབས་འགྲོ་དང་། དེ་བཞིན་གཤེགས་པའི་མཚན་སོགས་བརྗོད་ནས་ཅི་བྱ། ད་ལྟ་བླ་མ་སྐྱེས་བུ་དམ་པ་ལ་སྡིག་ཅན་རྣམས་ཀྱིས་སྐྱོབ་ཏུ་རེ་ནས་ལས་འབྲེལ་བཞག་པ་རྣམས་ལ་ཡང་དགོས་པ་མེད་པར་འགྱུར་བ་སོགས་མི་འཕྲོད་པ་མང་པོ་འབྱུང་། དེས་ན་མཐའ་གཅིག་
ཏུ་བཟུང་བར་མི་བྱའོ། །འོ་ན་རྫོགས་ཆེན་གྱི་རྣལ་འབྱོར་བ་སྣང་བཞི་མཐར་ཕྱིན་པས་ལས་འབྲེལ་ཡོད་མེད་སུ་ཡིན་ཡང་རུང་། མཚམས་མེད་ལྔའི་ལས་བྱས་པའི་སྡིག་ཅན་བརྒྱ་སྟོང་ཡོད་ཀྱང་དུས་གཅིག་ལ་བཙན་ཐབས་སུ་འཚང་རྒྱ་བར་བྱེད་ནུས་པར་གསུངས་པས། ཐེག་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་འདི་ཁྱད་ཆོས་ཆེ་ཟེར་ན། མཚམས་མེད་ལྔའི་ལས་བྱས་པའི་སྡིག་ཅན་ཡིན་ཡང་ལས་ལ་བཟང་ངན་མེད་པར་ཐམས་ཅད་འདྲེན་ནུས་གསུངས་ཡོད་པ་ཁྱོད་བདེན་ཏེ། དེ་ལ་ཡང་ཞལ་མཐོང་ངམ་གསུང་ཐོས་སམ་དངོས་པོ་ཆེ་ཆུང་གང་རུང་ཞིག་གིས་ལས་འབྲེལ་ལྟ་བུ་དགོས་པར་འགྱུར། དེ་མི་དགོས་ཟེར་ན་དེང་སང་བླ་མ་ལ་འབྲེལ་ཞོག །སྐྱེས་བུ་དམ་པ་ལ་འབྲེལ་བ་མེད་ན་འདྲེན་ནུས་གསུངས་པ་དང་འགལ་ལ། རྫོགས་ཆེན་པས་སེམས་ཅན་ཐམས་ཅད་བཙན་ཐབས་སུ་འཚང་རྒྱ་རུ་འཇུག་ན་སྔར་རྫོགས་ཆེན་སྒོ་ནས་སངས་རྒྱས་པ་མང་། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་བཙན་ཐབས་སུ་འཚང་རྒྱ་རུ་བཅུག་ན་ཆོག་སྟེ། ཅང་མཛད་སྲོལ་མི་གདའ། དེ་ལྟར་མཛད་ནུས་ན་སངས་རྒྱས་མང་པོ་མི་དགོས་སངས་རྒྱས་གཅིག་ལ་ཡང་འཁོར་བ་དོང་ནས་སྤྲུགས་པའི་ཡོན་ཏན་ཡོད་དེ། དེ་དགའ་བ་ཞིག་བྱུང་བ་ཡིན། དེ་ལྟར་མཛད་ནུས་ན་སངས་རྒྱས་སུ་ཡིན་རུང་བཏང་སྙོམས་སུ་སྐད་ཅིག་ཙམ་ཡང་འདུག་དོན་མེད།
བསྡད་ན་སྔར་སེམས་བསྐྱེད་པ་ཡང་ཉམས་ཤིང་སེམས་ཅན་ལ་བརྩེ་བའི་ཡོན་ཏན་མ་མཆིས་པར་འགྱུར། དེ་འདྲའི་སངས་རྒྱས་ཤིག་ཡོད་པར་མ་གསུངས། དེས་ན་སངས་རྒྱས་རྣམས་ཀྱིས་ཀྱང་གང་འདུལ་གྱི་སྐུར་སྤྲུལ། འབྲེལ་འཇོག་ཏུ་བཅུག་ཆོས་བསྟན་ནས་རིམ་གྱིས་ཡར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་དགོས། དེ་ལྟར་མ་བྱས་གློ་བུར་དུ་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་སྡིག་པ་ཆུས་བཀྲུས་པ་བཞིན་འོད་ཟེར་གྱིས་དག་ཏུ་བཅུག །སྡུག་བསྔལ་མེ་ལོང་གི་རྡུལ་ཕྱིས་པ་ལྟར་བསལ། ཡོན་ཏན་རྣམས་ཟས་ནོར་བཞིན་བྱིན་ནས་སྨིན་གྲོལ་གྱི་ལམ་ལ་སྐད་ཅིག་རེར་འགོད་དཀའ་སྟེ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མི་ནུས། །ཆོས་ཉིད་བདེན་པ་གཏན་ནས་གྲོལ་ཕྱིར་རོ། །གསུངས། འོ་ན་སངས་རྒྱས་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་ལས་འབྲེལ་དགོས་ན་ཅི་ལ་མེད། སེམས་ཅན་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མ་མཆིས་པས་ཚེ་སྔོན་སངས་རྒྱས་ཀུན་སངས་མ་རྒྱས་པའི་སྔོན་རོལ་ཏུ་སེམས་ཅན་རྣམས་ཀྱིས་ཕ་མ་མ་བྱས་པ་གཅིག་མེད། ཕ་མ་བྱས་དུས་སུ་མཐོ་བ་རྟ་དང་གླང་པོ་དམའ་བ་ཁབ་དང་། སྐུད་པ་ཡན་ཆད་བྱིན་
ནས་ཕན་ཚད་མེད་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པ་ཡིན་པས་འབྲེལ་དེ་བས་ཆེ་བ་ཞིག་སུས་འཇོག་ནུས། འབྲེལ་དེ་ཙམ་ཞིག་བཞག་རུང་འདྲེན་མི་ནུས་ན་ཅུང་ཟད་ཞིག་གིས་འབྲེལ་བས་འདྲེན་མི་ནུས་པ་སྨོས་ཅི་དགོས། ཁྱེད་ཚོས་སངས་རྒྱས་རྣམས་ཀྱིས་ཚེ་སྔོན་ཡང་ཡང་དྲིན་གྱིས་བསྐྱངས་ནས། ཕ་མ་སེམས་ཅན་རྣམས་ད་དུང་ལས་འབྲེལ་ཞིག་མ་བཞག་བར་དུ་འདྲེན་མི་ནུས་པ་དེ་ཡ་མཚན། ཁོ་བོ་རྫོགས་ཆེན་པ་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་སངས་རྒྱས་པ་རྣམས་ཀྱིས་སངས་རྒྱས་ནས་བཟུང་ད་བར་དུ་སེམས་ཅན་དཔག་ཏུ་མེད་པ་འདྲེན་གྱི་ཡོད་རུང་། བཀའ་ཐང་ལས། ཁྱད་པར་འཕག་པ་སྤྱན་རས་གཟིགས་དབང་གིས། །འགྲོ་བ་དཔག་མེད་འཁོར་བའི་མཚོ་ལས་བསྒྲལ། །ཕོ་བྲང་པོ་ཏ་ལ་ཡི་རྩེ་མོར་བྱོན། །སེམས་ཅན་གཅིག་ཀྱང་མེད་སྙམ་གཟིགས་པ་ཡི། །འགྲོ་བ་མཐར་ཐུག་མི་འདུག་སྔ་མ་བཞིན། །གསུངས་པ་དང་། རྗེ་བཙུན་མི་ལས། ནམ་མཁའ་མ་ཟད་བར་དུ་སེམས་ཅན་ལ་འཛད་རྒྱུ་མེད་གསུངས་པ་ལྟར་སེམས་ཅན་ལ་འཛད་རྒྱུ་མ་བྱུང་བ་ཡིན་ན་མ་གཏོགས། ཉུང་ཉུང་ཞིག་ཡིན་ན་ད་ཙམ་འཁོར་བ་དོང་ནས་སྤྲུགས་ཡོད་ཚོད་ཡིན། ད་དུང་ཡང་སངས་རྒྱས་རེ་རེས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་ནས་སེམས་ཅན་དཔག་ཏུ་མེད་པ་
སྨིན་གྲོལ་གྱི་ལམ་ལ་འགོད་ངེས། ནམ་ཞིག་འཁོར་བ་དོང་ནས་སྤྲུགས་ཏེ་འཕྲིན་ལས་མཐར་ཕྱིན་པར་མཛད་པ་ཡིན་ཟེར་ན། དེ་འདྲ་ཆགས་པ་འདུག །སངས་རྒྱས་རྣམས་ལ་དད་གུས་སྐྱེ་བ་ལ་ཕན་པས། དེ་ལ་ལན་མི་འདེབས་དེ་ཙམ་གྱིས་ཞོག་ལ་ཐོངས། འོ་ན་སྡིག་པ་ཆུ་ཡིས་འཁྲུ་མི་ནུས་ན། རྣམ་འཇོམས་སྒོ་ནས་ཁྲུས་བྱས་པའི་ཕན་ཡོན་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་པ་དང་། སྡིག་པ་ཀུན་ལས་རྣམ་པར་གྲོལ། །སོགས་ཕན་ཡོན་མང་པོ་གསུངས་པ་རྫུན་ཡིན་ནམ་ཟེར་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །གསུངས་པ་དེ་སངས་རྒྱས་ཀྱིས་ཆོས་ལ་མ་བརྟེན་པར་རང་དགར་འགྲོ་བའི་སྡིག་པ་ཆུ་ཡིས་འཁྲུ་མི་ནུས་པར་དགོངས་ནས་དེ་སྐད་གསུངས་པ་ཡིན། རྣམ་འཇོམས་ན་སྡིག་པ་ཀུན་ལས་རྣམ་པར་གྲོལ། །གསུངས་པ་དེ་སྔགས་དང་ཏིང་ངེ་འཛིན་སོགས་དམ་པའི་ཆོས་ཀྱི་སྒོ་ནས་ཆུ་བྱིན་གྱིས་བརླབས་ནས་ཆུ་ཡིས་བཀྲུས་ན་འདག་བས་ན། དེ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་པས་དེ་ལྟར་གོ་ན་འགལ་བ་མེད། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་གསུངས་པ་ཡང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་སེལ་ན་ཐང་ཡང་། སེལ་ནུས་པ་རེ་གཉིས་
ཡོད་སྲིད་དར། སྔོན་པཎ་ཆེན་ནཱ་རོ་བས་ཏཱཻ་ལོ་བའི་དྲུང་དུ་དཀའ་ཆེན་བཅུ་གཉིས་སྤྱད་དུས། ན་ནས་རོ་ལྟར་གྱུར་ཡོད་ཚེ། གྲུབ་ཆེན་ཏཱཻ་ལོ་བ་བྱོན་ནས་ཕྱག་གིས་བྱིལ་བ་རེ་མཛད་པས་ན་ཚ་ཟུག་རྔུ་ཐམས་ཅད་སངས་ནས་སྔར་ལྟར་བྱེད་པ་བྱུང་། ཉིད་ཀྱི་རྟོགས་པ་གཞན་ལ་མི་འཕོ་གསུངས་པ་ཡང་སེམས་ཅན་ཐམས་ཅད་ལ་མི་འཕོ་རུང་། སྐལ་ལྡན་དད་གུས་ཅན་གྱི་གདུལ་བྱ་ལ་འཕོ་སྲིད་དེ། སྔོན་མ་ཅིག་ལབ་སྒྲོན་མཉམ་བཞག་ལ་བཞུགས་ན་ཉེ་འཁོར་ན་ཡོད་ཚད་ཀྱི་རྟོགས་ཚོགས་རང་འགག་ལ་སོང་ནས། མི་རྟོག་པའི་ངང་དུ་ལྷན་ལྷན་འགྲོ་བ་ཡིན་སྐད། སྔོན་ཇོ་བོ་ཆེན་པོས་རྒྱ་གར་གྱི་སློབ་མ་ཞིག་ལ་སྒོམ་འོང་གི་མེད་པ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་ཁོང་གིས་བསྒོམ་བྱས་ཚེ། བོད་ཀྱི་བུ་སློབ་འགའ་རེས་བླ་མས་བསྒོམས་པས་སློབ་མར་ཕན་ནམ་ཞུས་པས། བླ་མས་བསྒོམས་པས་སློབ་མར་མི་ཕན་ན་བླ་མ་བསྟེན་ནས་ཅི་བྱ་གསུངས་སྐད། གཞན་ཡང་སྔོན་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ནས་རྟོགས་གྲོལ་དུས་གཅིག་ཏུ་བྱུང་བའི་ལོ་རྒྱུས་མང་། ཡང་ལས་མ་བྱས་པ་དང་མི་འཕྲད། གསུངས་པ་ཡང་སེམས་ཅན་རྣམས་ཀྱིས་རང་རང་གིས་ལས་མ་བྱས་པ་དང་འཕྲད་མི་སྲིད་པས་དེ་སྐད་གསུངས་པ་ཡིན་གྱི། སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་གང་འདོད་སྤྲུལ་
ནས་ཕུན་སུམ་ཚོགས་པའི་བདེ་བ་དང་སྤྲོད་པ་ཡིན་པས། སངས་རྒྱས་རྣམས་ཀྱི་མཐུ་ལས་བྱུང་བ་དང་འཕྲད་སྲིད། སྔོན་ཡི་དྭགས་འགའ་ཞིག་ལ་སངས་རྒྱས་དང་། སངས་རྒྱས་ཀྱི་འཁོར་མོའུ་འགལ་གྱི་བུ་སོགས་དགྲ་བཅོམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པས་ཟས་སྐོམ་གནང་བས། བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བར་བྱས་པའི་གཏམ་རྒྱུད་སྣང་། དེས་ན་བསྔགས་བསྟོད་ལས། གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །གསུངས། འོ་ན་སངས་རྒྱས་ཀྱིས་གནང་བ་དེ་ལ་འཕྲད་པ་ལ་ཡང་ལས་འབྲེལ་ཞིག་དགོས་ཟེར་ན། དེ་ལ་གཞན་མི་དགོས་དད་གུས་མོས་པ་ཙམ་བྱས་པས་ཆོག་གོ །དེས་ན་སངས་རྒྱས་ཀྱི་མཐུ་ལས་བྱུང་བའི་ཟས་སྐོམ་སོགས་ཀྱི་རྒྱུས་ལས་བཟང་པོ་ཡི་དྭགས་ཁོ་རང་གིས་མ་བསགས་པར་འཕྲད་བྱུང་བ་ཡིན་པས། ལས་མ་བྱས་པ་དང་འཕྲད་པ་ཡིན་ཟེར་དགོས། དཀོན་མཆོག་བརྩེགས་པ་ལ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུ་དེ་འདྲ་སྨིན་པར་འགྱུར། །གསུངས་པའི་དོན་ལྟར་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་
རྣམས་ཀྱིས་སྡུག་བསྔལ་མྱོང་བའི་རྒྱུ་ལས་ངན་པ་མ་བསགས་ཀྱང་གཞན་གྱི་སྡུག་བསྔལ་མཐོང་ན་སྙིང་རྗེ་སྐྱེས། གཞན་གྱི་སྡུག་བསྔལ་ཚུར་རང་སྟེང་དུ་འབྱུང་བའི་འདུན་པ་དྲག་པོ་བྱས་པས་བླ་མ་འགའ་རེས་སྡུག་བསྔལ་དངོས་སུ་བླངས་ནས་མྱང་བ་ཡང་ཡོད་སྲིད། སྔོན་མི་གཅིག་གིས་ཁྱི་རྐུན་ཞིག་ལ་རྡོ་རྒྱག་པ་བླ་མ་ཞིག་གིས་གཟིགས་ནས། སྡུག་བསྔལ་དང་ལེན་བྱས་པས་ཁྱི་ལ་ན་ཚ་མ་བྱུང་བར། བླ་མའི་སྐུ་རྒྱབ་སྐྲངས་ནས་ན་བ་བྱུང་བ་སོགས་དེ་འདྲའི་གཏམ་རྒྱུད་མང་། དེ་ཡང་ལས་མ་བྱས་པར་འདུན་པ་བྱས་ནས་འཕྲད་པ་ཡིན་ནོ། །འོ་ན་ས་ཐོབ་ཀྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་བདེ་སྐྱིད་འཕྲོག །སྡུག་བསྔལ་དང་སྤྲོད་ནུས་སམ་ཟེར་ན། དེ་བྱེད་དོན་མེད་པའི་བྱེད་མི་སྲིད་པ་མ་གཏོགས། བྱེད་དགོས་པ་བྱུང་ན་དེ་ཡང་བྱེད་ནུས། བྱེད་མི་ཐུབ་པ་གང་ཡང་མེད། དེ་ཅིའི་ཕྱིར་ཞེ་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །སྔོན་གྲུབ་ཆེན་ཉི་མ་འཛིན་སོགས་གྲུབ་ཆེན་མང་པོས་ཉི་མ་རྟོད་ལ་མནན། ཨོ་རྒྱན་ཆེན་པོས་རི་བྲག་མང་པོ་གནས་གཅིག་ནས་གཅིག་ཏུ་སྤོས། རྭ་ལོས་ས་སྟེང་གི་སེམས་དཔའ་བཅུ་གསུམ་བཀྲོངས་ན་གཞན་ཕལ་བ་སྨོས་ཅི་དགོས། རྗེ་བཙུན་མི་ལས། དགེ་བཤེས་རྩག་ཕུ་བ་ལ་བསྙུན་ནད་སྤོས་
ནས་འཆི་ཚད་པ་བྱུང་། དགོན་པ་ཞིག་གི་གྲྭ་པ་རྣམས་ཀྱིས་ཁོང་བརྡུངས་པས། ན་ཚ་ཐམས་ཅད་ནང་ན་བརྡུང་ཟེར་མཁན་ཞིག་ཡོད་པ་དེའི་སྟེང་དུ་བྱུང་ནས་འཆི་ཚད་པ་བྱུང་། སེམས་ཅན་ལ་ཕན་ན་སངས་རྒྱས་བྱང་སེམས་བདུད་དང་གནོད་སྦྱིན་རྒྱལ་གདོན་སོགས་སུ་སྤྲུལ་ནས། དམུ་རྒོད་སེམས་ཅན་རྣམས་འདུལ་བ་ཡིན་ཏེ། ལ་ལ་བདུད་ཀྱི་ཆ་བྱང་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །འཇིག་རྟེན་རྣམས་ཀྱིས་རྟོགས་མི་ནུས། །གསུངས། སྔོན་རྐུན་མ་འགའ་ཞིག་གིས་མི་རྐང་བ་ཞ་བ་གཅིག་གསོན་པོར་བསད་ནས་ཁོང་ཚོ་ལ་ལྷ་གནོད་སྦྱིན་ཞིག་ཡོད་པ་དེར་མཆོད་སྙམས་ནས་གསོད་གྲབས་བྱས་ཚེ། མི་རྐང་ཞ་དེ་སྐྲག་ནས་བྱ་ཐབས་གཞན་མ་བྱུང་། སངས་རྒྱས་ལ་སྐྱབས་འགྲོ་བྱས་པས། སངས་རྒྱས་གནོད་སྦྱིན་དེ་འདྲ་ཞིག་ཏུ་སྤྲུལ་ནས་འོང་མི་འདི་རེས་ང་ལ་གསོན་པོར་ཕུལ་ན་དགོས་པ་ཆེ་ཞེས་གསུངས་ཚེ། རྐུན་མ་རྣམས་ཀྱིས་གནོད་སྦྱིན་མངོན་སུམ་དུ་ཕེབས་པ་ཡིན་སྙམ་དགའ་བཞིན་ཕུལ་བ། ཚུར་ཡུལ་དུ་ཁྲིད་འོང་བས་ཚེ་ཐར་བ་བྱུང་། དེས་ན་བླ་མ་འགའ་རེས། གདོན་སངས་རྒྱས་ཀྱི་རྣམ་འཕྲུལ་ཡིན་ཞེས་གསུངས་པ་ཡིན། གཞན་ཡང་སེམས་ཅན་ལ་ཕན་ན་སངས་རྒྱས་བྱང་སེམས་རྣམས་སྟག་དང་སེང་གེ་
དུག་སྦྲུལ་ཆུ་ཆེན། རི་བྲག་ས་ཆུ་མེ་རླུང་ནམ་མཁའ་སོགས་སུ་སྤྲུལ་ནས་འགྲོ་བའི་དོན་མཛད་པར་གསུངས་པས་ན། སྤྱིར་ཕྱི་སྣོད་ནང་བཅུད་སྐྱེ་འགྲོ་སེམས་ཅན་བཟང་ངན་འབྲིང་གསུམ་ཐམས་ཅད་ལ་སངས་རྒྱས་བྱང་སེམས་ཀྱི་འདུ་ཤེས་བཞག་ནས་དད་གུས་དག་སྣང་སྦྱོང་པ་གཅེས། ཁ་གཏོང་མི་རུང་། ཡང་མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་ལས་བྱས་པ་ཆུད་མི་ཟ་གསུངས་པ་ཡང་དགེ་སྡིག་གི་ལས་གང་ཡིན་ཡང་རྐྱེན་བཟང་ངན་གང་གིས་ཀྱང་མ་བཅོམ་ན། ནམ་ཡང་ཆུད་ཟོས་སུ་མི་འགྲོ་བར་སྐབས་ཤིག་སྟེང་དུ་སྨིན་ངེས་པ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་གྱི། དཔེར་ན་གྲོ་ནས་བཏབ་པ་ནམ་ཞིག་སྐྱེས་ནས་འབྲས་བུ་སྨིན་པ་བདེན་ཀྱང་། ཐན་པས་ཚིག་པའམ་ཕྱུགས་ཀྱིས་ཟོས་པའམ་སེར་བས་བརྡུངས་པ་སོགས་འགལ་རྐྱེན་དང་འཕྲད་ན་འབྲས་བུ་མི་སྨིན་པ་ལྟར། ལས་དགེ་བ་བྱས་པ་ལ་འབྲས་བུ་བདེ་བ་སྨིན་པ་བདེན་ཀྱང་། ཞེ་སྡང་སྐད་ཅིག་གཅིག་གིས་ཀྱང་། །བསྐལ་པ་སྟོང་གི་དགེ་རྩ་འཇོམས། །གསུངས་པ་ལྟར་ཞེ་སྡང་དྲག་པོ་སྐྱེས་པ་དང་། གཞན་ཡང་ང་རྒྱལ་རློམས་སེམས་སྐྱེས་དགེ་བ་གང་བྱས་མི་ལ་ངོམས། གཞན་དགེ་བ་དེ་ལས་ལྷག་བྱས་པ་ལ་ཕྲག་དོག་སྐྱེས་མི་དགེ་བཅུ་སོགས་ལས་ངན་པའི་རྐྱེན་གྱིས་བཅོམས་ན། དགེ་བ་ཆུད་ཟོས་
སུ་སོང་ནས་འབྲས་བུ་བདེ་བ་སྨིན་རྒྱུ་ནམ་ཡང་མི་འབྱུང་། དཔེར་ན་དུག་ཁོང་བར་སོང་ན་ནམ་ཞིག་ན་ཟུག་འབྱུང་བ་བདེན་ཀྱང་། དུག་གསོད་པའི་རྫས་སྔགས་སྨན་ནུས་པ་ཅན་རྐྱེན་དང་འཕྲད་ན་ན་ཟུག་མི་འབྱུང་བ་ལྟར། ལས་སྡིག་པའི་འབྲས་བུ་སྡུག་བསྔལ་འབྱུང་བ་བདེན་ཀྱང་། སྟོབས་བཞིའི་བཤགས་པ། ཁྱད་པར་སྟོང་ཉིད་ཀྱི་ལྟ་བ་སོགས་གཉེན་པོ་ཆོས་ཀྱིས་བཅོམ་ན། སྡིག་པ་ཡང་ཆུད་ཟོས་སུ་སོང་ནས་ནམ་ཡང་འབྲས་བུ་སྡུག་བསྔལ་མི་འབྱུང་བར་འགྱུར་སྟེ། མདོ་ལས། སྔོན་ཆད་བག་མེད་དབང་དུ་སོང་ན་ཡང་། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ལ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཟླ་བ་སྤྲིན་བྲལ་བཞིན་དུ་རྣམ་པར་མཛེས། །གསུངས། འོན་ཀྱང་སྡིག་པ་བྱས་པ་དགེ་བའི་སྟོབས་ཀྱིས་ཆུད་ཟོས་སུ་གཏོང་ནུས། གང་ཟག་སྙིང་རུས་ཅན་སོར་འཕྲེང་དང་། རྗེ་བཙུན་མི་ལ་ལྟ་བུའི་རེ་གཉིས་ཡིན་གྱི། གཞན་གྱིས་དེ་ལྟར་དཀའ་བས་སྡིག་པའི་ལས་ལ་འཛེམ་པ་གཅེས། གལ་ཏེ་བག་མེད་པའི་དབང་གིས་ཅུང་ཟད་རེ་བྱས་སོང་ན་ཡང་། དུག་ཁོང་དུ་སོང་བ་ལྟ་བུའི་གནོང་འགྱོད་ཀྱིས་སྟོབས་བཞིའི་བཤགས་པ་ཤུགས་དྲག་ལ་རྒྱུན་རིང་བ་ཞིག་བྱ་དགོས་སོ། །འོ་ན་ལས་ཀྱི་འབྲས་བུ་གཉེན་པོས་བཅོམ་ནས་ཆུད་
ཟོས་སུ་འགྲོ་བ་དེ་བདེན་ན། སྔོན་བྱོན་སྐྱེས་བུ་དམ་པ་མང་པོས་ལས་ཀྱི་རྣམ་སྨིན་ལྡོག་མ་ནུས་པར་མྱང་བའི་ལོ་རྒྱུས་མང་པོ་སྣང་། དེ་རྣམས་ཀྱིས་གཉེན་པོ་མི་ཤེས་མ་བསྟེན་ཟེར་རྒྱུ་ཅི་ཡོད། དེ་རྣམས་ལ་ཁྱོད་ཀྱིས་ཅི་བྱུང་བ་ཡིན་ཟེར་ན། དེ་ནི་སོ་སྐྱེ་རྣམས་ལ་ལས་རྒྱུ་འབྲས་ཀྱི་འབྲས་བུ་ནམ་ཡང་མི་བསླུ་བར་འབྱིན་ངེས་པས། སྲོག་ལ་བབས་ཀྱང་སྡིག་པའི་ལས་ལ་འཛེམ་དགོས་ཞེས་དེ་ལྟ་བུའི་ཚུལ་བསྟན་པ་ཙམ་ཡིན་གྱིས། ངེས་པར་ཁོང་རྣམས་སངས་རྒྱས་ཀྱང་མྱང་བ་ཡིན་སྙམས་ནས་འཁྲུལ་བར་མི་བྱ། དེ་ཡིན་ན་བླ་མ་སྐྱེས་བུ་དམ་པ་ལ་ཡང་ལས་ཀྱི་རྣམ་སྨིན་ལྡོག་པའི་ནུས་པ་མ་མཆིས་ཞེས་སྐུར་པ་བཏབ་པར་འགྱུར། དེ་ཡིན་ན་དགེ་བ་ཞེ་སྡང་སོགས་ཀྱི་རྐྱེན་གྱིས་འཇོམས་པ་དང་། སྡིག་པ་བཤགས་པས་འདག་གསུངས་པ་སོགས་དང་འགལ་བས་མི་འགྲིགས་པ་མང་པོ་འབྱུང་། དེ་ལྟ་བུའི་གསུང་རབ་ཀྱི་དགོངས་པ་མ་ལོན་ན་འཁྲུལ་གཞི་ཆེན་པོ་འབྱུང་བས་བློ་གྲོས་ཅན་གྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་འཚོལ་བ་ལ་འབོད། ཚད་ལྡན་གྱི་མཁས་གྲུབ་རྣམས་ཀྱི་གསུང་ལ་བརྟེན་ནས་འཁྲུལ་མེད་ཀྱི་ངེས་པ་རྙེད་པ་གཅེས། ཡང་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཡིན་པས། སེམས་ཅན་རྣམས་ཀྱི་ཁམས་དང་བསྟུན་ནས་གང་འདུལ་གྱི་སྐུར་སྤྲུལ། བློ་ལ་གང་ཕན་
གྱི་ཆོས་སྟོན་པ་ཡིན། སྡིག་ཅན་སངས་རྒྱས་ཀྱིས་སྐྱོབ་ནུས། སྡིག་པ་དགེ་བའི་སྟོབས་ཀྱིས་ཆུད་ཟོས་སུ་གཏོང་ནུས་གསུངས་ན། འགའ་རེས་སངས་རྒྱས་ལ་འབྲེལ་བཞག་ཆོས་བྱས་ན་སྡིག་པའི་སྐྱོན་གྱིས་མི་གོས་པར་འདུག་སྙམ་ནས་སྡིག་པ་བྱེད་པའི་རིགས་ལ་དེ་སྐད་མི་གསུངས་པར། སྡིག་ཅན་སངས་རྒྱས་ཀྱིས་སྐྱོབ་ནུས་རུང་མི་སྐྱོབ། སྡིག་པ་གཉེན་པོ་ཆོས་ཀྱིས་ཆུད་གཟན་ནུས་རུང་ཆུད་མི་ཟ་ཞེས་གསུང་སྲིད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་སྐད་གསུངས་ན་གང་ཟག་དེས་སྡིག་པ་བྱས་ན་སངས་རྒྱས་ཀྱིས་མི་སྐྱོབ་ཅིང་སྡིག་པའི་འབྲས་བུ་ཆུད་མི་ཟ་བར་སྡུག་བསྔལ་འབྱུང་བར་འདུག་སྙམ། སྡིག་པའི་ལས་སྲོག་ལ་བབ་ཀྱང་མི་བྱེད་པར་དགེ་བ་ཁོ་ན་བསྒྲུབ་པའི་ཕྱིར་རོ། །ཡང་སྡིག་ཅན་གྱིས་སངས་རྒྱས་ལ་འབྲེལ་བ་བཞག་རུང་སྐྱོབ་མི་ནུས་སྡིག་པའི་འབྲས་བུ་དགེ་བས་བཅོམ་ནས་ཆུད་ཟོས་སུ་གཏོང་མི་ནུས་ཞེས་གསུངས་ན། སྡིག་ཅན་འགའ་རེས་ད་ཅི་བྱས་རུང་ཕྱི་མར་སོང་ན་བདེ་བ་ཞིག་མེད་སྙམ། དགེ་བ་དོར་ནས་སྡིག་པ་འབའ་ཞིག་བྱེད་དེ། སྔོན་རྒད་པོ་ཞིང་ལོ་ཟེར་བ་ཞིག་ལ་གཞན་གྱིས། ཨ་མྱེས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ། མ་ཎི་རེ་ཐོན་ཞེས་བཤད་ཚེ། འོ་ཨ་མྱེས་ཐུགས་རྗེ་ཆེན་པོས་སྐྱོབ་མེད། ཨ་མྱེས་ལས་ངན། མ་ཎི་གཅིག་
གིས་འདག་ས་མེད་གཤིན་རྗེ་ཆོས་རྒྱལ་མདུན་དུ་སོང་ན་དབུར་དབུར་ར་ཞིག་ཡོད་ཟེར། མ་ཎི་ཡང་མི་འདོན་པར་རྒས་རུང་སྡིག་པ་བྱས། ཚེ་འདིའི་བདེ་བ་བསྒྲུབ་པ་ཞིག་བྱུང་། དེ་འདྲའི་རིགས་ལ་སྡིག་ཅན་སངས་རྒྱས་ཀྱིས་སྐྱོབ་མི་ནུས་རུང་སྐྱོབ་ནུས། ཆོས་བྱས་ནས་སྡིག་པ་ཆུད་ཟོས་སུ་གཏོང་མི་ནུས་རུང་གཏོང་ནུས་ཞེས་གསུང་སྲིད་དེ། སྔོན་སངས་རྒྱས་ཀྱི་དྲུང་དུ་ཕ་མ་བསད་པ་འགའ་རེ་འགྱོད་ནས་འོང་བ་ལ། ཐོག་མར་ཉེས་དམིགས་གསུངས་ན་བཤགས་པ་ཡང་བྱེད་ཁོམ་མེད་པར་གསུང་དེ་ཐོས་མ་ཐག་ཏུ་སྙིང་གས་ནས་ཤི་སྟེ། དམྱལ་བར་འགྲོ་བ་མཁྱེན་ནས་ཐོག་མར། ཕ་དང་མ་ནི་གསད་བྱ་ཡིན་གསུངས་ནས་བག་ཕེབས་སུ་བཅུག །དེ་ནས་ཆོས་ཀྱི་ཕན་ཡོན་གསུངས་པས་ཡིད་སྤྲོ་བར་བྱས། དེ་ནས་བཤགས་ཐབས་གཉེན་པོ་བསྟན་པའི་ལོ་རྒྱུས་མདོ་ན་ཡོད། དེ་ཅིའི་ཕྱིར་ཞེ་ན། དེ་སྐད་གསུངས་ན་སྡིག་ཅན་དེ་ཡིད་དགའ་ནས་སྡིག་འཕྲོ་རྦད་ཀྱིས་བཅད། དཀོན་མཆོག་གསུམ་ལ་བཅོས་མ་མ་ཡིན་པའི་དད་གུས་ཁྱད་པར་ཅན་སྐྱེས། དེ་ནས་བཟུང་ཆོས་ཁོ་ན་ལ་འབད་པའི་ཕྱིར་རོ། །མདོར་ན་རྒྱལ་བ་སྲས་བཅས་ཀྱིས་སེམས་ཅན་ལ་གང་ཕན་པ་དེ་གསུངས། ཕན་ན་ཆོས་མིན་ཞེས་བླུན་པོ་མ་གཏོགས་མཁས་པ་སུ་ཞིག་གིས་སྨྲ། མདོ་རྒྱུད་དང་བླ་མ་དམ་པའི་གསུང་སྒྲོས་ན་འདི་ལྟ་བུའི་ཚིག་གི་
འགལ་བ་ཅན་མང་ཡང་། གསུང་དེ་རྣམས་ཀྱི་ཁ་ཅིག་གིས་གང་ཟག་སྤྱི་ལ་མ་ཕན་རུང་འགའ་ཞིག་ལ་ཕན། གསུང་ཁ་ཅིག་གིས་གང་ཟག་འགའ་ཞིག་ལ་མི་ཕན་རུང་གཞན་སྤྱི་ལ་ཕན་ཐོགས་པ་ཡོང་། སེམས་ཅན་ལ་མི་ཕན་པ་ཞིག་གསུངས་མི་སྲིད། དེས་ན་ཐམས་ཅད་ལ་ཁ་གཏོང་མི་རུང་། དག་སྣང་སྦྱོངས་ལ་རང་རྒྱུད་ལ་གང་ཕན་པའི་ཆོས་དེ་ཉམས་སུ་ལོངས། རྒྱལ་བ་རྣམས་ཀྱིས་འོ་སྐོལ་རྣམས་ལ་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱིས་པའི་མིང་བཏགས། འོ་སྐོལ་སེམས་ཅན་རྣམས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ལ་འགོད་ཐབས་སུ་འཁོར་བ་ངན་སོང་གི་སྡུག་བསྔལ་ཁྱད་པར་འདོད་ཡོན་གྱི་ཉེས་དམིགས་གསུངས་ནས་སྐྲག་བསླངས། མཐོ་རིས་ཐར་པའི་བདེ་བ་ཁྱད་པར་ཆོས་བྱས་པའི་ཕན་ཡོན་གསུངས་ནས་ཧེབ་བསླངས། དྲང་དོན་གྱི་ཆོས་སྣ་ཚོགས་བསྟན་ནས་མགོ་གཡོགས་ནས་ངེས་དོན་དུ་ཡར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པ་ཡིན། ཆོས་གཅིག་གསུངས་པས་སེམས་ཅན་ཀུན་ཐུལ་བར་དཀའ། དཔེར་ན་བྱིས་པ་གཅིག་ཡར་བདེ་ས་ཞིག་ཏུ་འཁྲིད་པ་ལ་ཕ་མ་སོགས་མི་རྒན་བསམ་ཤེས་གཅིག་གིས་ཐབས་སྣ་ཚོགས་པས་མགོ་མ་གཡོགས་ན། ངེས་ངེས་གཅིག་བཤད་པས་ཁ་ལ་མི་ཉན་པ་ལ་ལྟོས་དང་ཧ་གོ་ཡོང་། དེས་ན་རྒྱལ་བ་རྣམས་ཀྱིས་བྱིས་
པ་སོ་སོའི་སྐྱེ་བོ་རྣམས་འདུལ་ཐབས་སུ། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །གསུངས་པ་ལྟར། གང་འདུལ་གྱི་ཐབས་ཆོས་མི་འདྲ་བ་སྣ་ཚོགས་པ་གསུངས་པ་ཡིན། འོ་ན་མི་རྒན་གྱིས་བྱིས་པའི་མགོ་གཡོགས་པ་ལྟར། རྒྱལ་བ་རྣམས་ཀྱིས་ཆོས་སྣ་ཚོགས་བསྟན་ནས་སེམས་ཅན་གྱི་མགོ་གཡོགས་པ་ཡིན་ན། སངས་རྒྱས་ཀྱིས་ཀྱང་རྫུན་གསུངས་པ་ཡིན་ནམ་ཟེར་ན། ཕ་མ་སེམས་ཅན་འཕྲལ་ཡུན་དུ་བདེ་ཐབས་སུ་དཔེར་ན་གསོད་པ་འཚོལ་དུ་འགྲོ་བ་ལ་མཐོང་རུང་མ་མཐོང་སྨྲ་བ་ལྟ་བུ། ལས་དང་པོ་བ་ཐེག་པ་ལ་གསར་དུ་ཞུགས་པ་ངེས་དོན་ལ་སྐྲག་པ་སྐྱེ་བ་ལ་རེ་ཞིག་གི་བར་དུ། ཆོས་ཐམས་ཅད་བདག་མེད་པ་ལ་ཡོད་གསུངས་པ་ལྟ་བུའི་ཕན་པས་རྫུན་སྨྲ་སྲིད་དེ། རྗེ་མི་ལས། མི་མངོན་ནམ་མཁའི་དབྱིངས་ཤེད་ན། །རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །གསུངས། སངས་རྒྱས་ཀྱིས་ཀྱང་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་རྫུན་པ་བསླུ་བའི་རང་བཞིན་ཡིན་པས། དེས་ན་ང་ཡང་རྫུན་དུ་སྨྲའོ། །གསུངས། རྫུན་གསུང་ན་ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་བ་ཡི་ཚིག་མི་གསུང་། །ཟེར་བ་དེ་རྫུན་ཡིན་ནམ་ཟེར་ན། སེམས་ཅན་ཐམས་ཅད་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་དང་སྤྲོད་པའི་ཐབས་སུ་རྫུན་ལྟར་སྣང་ཙམ་གསུངས་པ་མ་
གཏོགས། དེ་འདྲའི་དོན་མེད་པར་རང་དགར་དང་། སེམས་ཅན་རྣམས་བསླུ་བའི་རྫུན་ཚིག་གཏན་ནས་སྨྲ་མི་སྲིད་པས་ན། དེ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་པས་དགོངས་དོན་ལོན་དགོས། དེ་དང་དེ་འདྲ་བའི་ཁ་མི་མཐུན་པ་རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་ན་བརྒྱ་སྟོང་སྣང་བས། དེ་དག་ལ་བླུན་པོ་རྣམས་ཀྱིས་ཚིག་གི་ངོས་ནས་དཔྱད་ན་འགལ་བ་ལྟར་སྣང་ཡང་། མཁས་པས་དོན་གྱི་དགོངས་པ་གང་ཡིན་དཔྱད་ན། སེམས་ཅན་རྣམས་ལ་འཕྲལ་ཕུགས་སུ་ཉེས་སྐྱོན་མི་འོང་བར་ཡོན་ཏན་བསྐྱེད་པའི་ཐབས་ཤ་སྟག་ཡིན་པས། དོན་གྱི་ངོས་ནས་འགལ་བ་ཡང་སྤུ་ཙམ་མེད། རྒྱལ་བ་རྣམས་ཀྱིས་ཆོས་ཐམས་ཅད་མཁྱེན་ཅིང་འགྲོ་བ་ཀུན་ལ་ཉེ་རིང་མེད་པར་བརྩེ་བས་སེམས་ཅན་རྣམས་ཀྱི་ཕྱེད་ལ་ཕན་པའི་ཆོས་དང་། ཕྱེད་ལ་གནོད་པའི་ལོག་ཆོས་ཤིག་སྟོན་མི་སྲིད་པས། དེས་ན་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ལོན་ན་ལེགས། གལ་ཏེ་མ་ལོན་རུང་གཞན་ཆོས་དང་གང་ཟག་ལ་སྐྱོན་ཡོད་པར་མ་ཟད་དྲུད་ནས་འགྲོ་ཡང་། ཀུན་མཁྱེན་མ་ཐོབ་བར་དུ་དེ་ཀུན་སྐྱོན་ཡིན་ནམ་ཡོན་ཏན་ཡིན་ཤེས་དཀའ་བས། ཕོ་ཚོད་བྱས་གཞན་ལ་ཁ་གཏོང་གཏན་ནས་མི་རུང་བས། གང་ལ་
དད་གུས་དག་སྣང་སྦྱོངས་ལ་རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལོངས་ལ་སྡོད་དང་། དེ་གདམས་ངག་ཀུན་གྱི་ནང་ནས་ཟབ་ཤོས་ཤིག་ཡིན་པས་ཀུན་གྱིས་ཐུགས་ལ་འཛིན་པར་ཞུ།། ༈ སྨྲས་པ། ཚེ་ཡི་ལྷ་མཆོག་མགོན་པོ་ཚེ་དཔག་མེད། །ཤེས་རབ་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས། །ནོར་གྱི་ལྷ་མཆོག་མགོན་པོ་ཛམ་བྷ་ལ། །ལྷ་མཆོག་གསུམ་གྱིས་རྟག་ཏུ་བུ་བཞིན་སྐྱོངས། །མི་ཁོམ་གནས་སུ་བསྐལ་པ་བརྒྱད་ཁྲིའི་བར། །བཙལ་ཀྱང་རྙེད་དཀའི་མི་ལུས་ཐོབ་དུས་འདིར། །དམ་པའི་ཆོས་ཀྱི་གླུ་དབྱངས་ལེན་ལ་སྤྲོ། །སྐལ་ལྡན་རིགས་ཀྱི་བུ་རྣམས་དགའ་བས་ཉོན། །ཡིད་བཞིན་ནོར་བུར་ཐུན་མོང་དངོས་གྲུབ་རིགས། །འབྱུང་ཡང་མཆོག་གི་དངོས་གྲུབ་འབྱུང་མི་འགྱུར། །མི་ལུས་ལ་བརྟེན་མདོ་སྔགས་ཆོས་བྱས་ན། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབབ་པ་མཚར། །དལ་འབྱོར་ཚང་བའི་མི་ལུས་རིན་པོ་ཆེ། །ཡིད་བཞིན་ནོར་ལས་ལྷག་པ་ཐོབ་དུས་འདིར། །སྡུག་བསྔལ་འབྱུང་གནས་ཁྱིམ་དུ་གནས་བྱས་ན། །ནོར་བུ་མི་གཙང་འདམ་དུ་འཕངས་པ་འདྲ། །ནོར་བུ་རྒྱལ་མཚན་རྩེར་བཞག་མཆོད་པ་ལྟར། །དབེན་པའི་གནས་སུ་མདོ་སྔགས་ཉམས་བླངས་ན། །ལྷ་མི་ཡོངས་ཀྱིས་སྨོན་བའི་གནས་ཡིན་པས། །སྨོན་
གནས་ཐོག་ཏུ་སླེབས་དུས་མ་འཆུག་ཅིག །དགྲ་ཇག་གཅན་གཟན་མེ་ཆུ་གཡང་ལ་སོགས། །ལུས་འདི་དོན་མེད་ཆུད་ཟོས་བཏང་གྱུར་ན། །ཕྱེ་ལེབ་མར་མེར་མཆོངས་དང་ཁྱད་པར་མེད། །དེ་འདྲའི་སྙིང་མེད་སྨྱོན་པ་མ་བྱེད་ཅིག །རྟེན་བཟང་ཡུན་རིང་འཚོ་ཕྱིར་ཚེ་སྒྲུབ་དང་། །ཚེ་ཐར་སྲོག་བླུ་སྤྲང་པོར་སྦྱིན་གཏོང་དང་། །ཚེ་ཡི་བར་ཆད་སེལ་བའི་སྐུ་རིམ་དང་། །བླ་མ་ལྷ་ལ་སྐྱབས་འཇུག་ཞུ་བ་གཅེས། །སྔོན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཀྱིས། །ཚེ་འདི་བློས་ཐོངས་གསུངས་པ་མ་གཏོགས་པ། །ལུས་འདི་ཆུད་ཟོས་ཐོངས་ཞེས་མ་གསུངས་པས། །དེ་ཕྱིར་ལུས་འདི་འཚོ་བ་མཁས་པའི་ལུགས། །ས་རླན་ཉལ་དང་ཆུ་རུལ་འཐུང་བ་སོགས། །ལུས་ལ་ཚེ་མཇུག་ནད་གཅོང་འཇུག་པའི་རྒྱུ། །ཐམས་ཅད་སྤངས་ནས་ས་ཆུ་འཕྲོད་ངེས་ཀྱི། །དབེན་པའི་གནས་སུ་ཟབ་ལམ་བསྒོམ་པར་མཛོད། །གསང་སྔགས་ལུགས་ལ་ཕུང་ལྔ་རིགས་ལྔ་རུ། །བལྟས་ནས་མཆོད་པའི་ཚུལ་དུ་ཟས་གོས་སོགས། །ཕུལ་ན་དེས་ཀྱང་བསོད་ནམས་ཚོགས་རྫོགས་འགྱུར། །བསམ་བཞིན་ལུས་ལ་བརྙས་སྨོད་བྱེད་མི་རུང་། །ལུས་ལ་ནད་ཚ་སྡུག་བསྔལ་མི་གཏོང་བར། །ཤིན་ཏུ་དར་དུ་བཅུག་ནས་གསང་སྔགས་ལ། །སྤྱད་ན་
བདེ་སྟོང་རྟོགས་པ་ཁྱད་པར་ཅན། །སྐྱེས་ནས་ལམ་ལ་ས་ཆོད་ཆེན་པོ་ཡོང་། །སེང་མའི་རྗེས་སུ་སེང་ཕྲུག་འབྲངས་པ་བཞིན། །མཁས་གྲུབ་གོང་མའི་རྣམ་ཐར་རྗེས་འབྲངས་ནས། །འདོད་ཡོན་གླུ་གར་རོལ་མོའི་སྒྲ་དང་བཅས། །གསང་སྔགས་བསྐྱེད་རྫོགས་སྤྱོད་ལ་རྗེས་ཡི་རང་། །འདོད་ཡོན་མ་སྤངས་རྒྱན་དུ་རོལ་བཞིན་དུ། །ཚེ་གཅིག་སངས་རྒྱས་ས་རུ་བགྲོད་པ་ཡི། །རྣལ་འབྱོར་ཕོ་མོར་ཁ་སྨྲས་གཏོང་མི་རུང་། །དད་གུས་དག་སྣང་བྱེད་བཞིན་མཆོད་བསྟོད་བཀུར། །ཤེས་རབ་ཅན་གྱིས་མདོ་སྔགས་གང་གི་སྐབས། །གནང་བཀག་སོ་མཚམས་ཤེས་ནས་ཉམས་བླངས་ན། །འགལ་བ་ཕར་ཞོག་གཅིག་གྲོགས་གཅིག་གིས་བྱས། །མྱུར་དུ་སངས་རྒྱས་ཐོབ་པའི་གྲོགས་སུ་འགྱུར། །བྱང་ཆུབ་སེམས་དཔས་ཐབས་མཁས་མཛད་པའི་སྐབས། །ཆོས་དང་འཇིག་རྟེན་གཉིས་ཀ་ཟུང་འབྲེལ་ཡང་། །འགལ་བ་ཕར་ཞོག་གཅིག་གྲོགས་གཅིག་གྱུར་ནས། །བསྟན་དང་འགྲོ་དོན་རླབས་ཆེན་འབྱུང་བ་མཚར། །རྩ་རླུང་མཁན་གྱི་ཐིག་ལེ་རྒྱས་སྐབས་སུ། །ཡུངས་འབྲུ་ཙམ་ཡང་མ་ཉམས་བསྲུང་དགོས་ཀྱང་། །མ་ཐུབ་ཤོར་ན་པདྨར་ལྷ་ཚོགས་བསྒོམས། །མཆོད་པར་མོས་ན་ཉེས་མེད་ཚོགས་རྫོགས་གསུངས། །གྲུབ་ཐོབ་འགའ་རེས་དངོས་དབང་བསྐུར་དུས་དང་། །
བསྟན་དང་འགྲོ་བ་ཡོངས་ལ་ཕན་པའི་ཕྱིར། །རིགས་བཟང་བཀུག་ནས་གདུང་བརྒྱུད་སྤེལ་བ་ལ། །སྔགས་ལ་ལམ་ཁྱེར་དམིགས་པ་མང་བའི་ཕྱིར། །དེ་དག་གང་ལ་མ་སྨོད་དག་སྣང་སྦྱོངས། །མདོར་ན་གཞན་གྱི་ཆོས་དང་གང་ཟག་ལ། །སྐྱོན་འདྲ་ཡོད་བར་མ་ཟད་དྲུད་འགྲོ་ཡང་། །མངོན་ཤེས་མེད་པས་སྐྱོན་དང་ཡོན་ཏན་གཉིས། །གང་ཡིན་མི་ཤེས་སྙམ་དུ་དག་སྣང་གྱིས། །བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་ཡང་། །དལ་འབྱོར་རྟེན་ཐོབ་བླ་མ་བཟང་དང་མཇལ། །གང་ལ་དད་གུས་དག་སྣང་སྦྱོང་བཞིན་དུ། །མདོ་སྔགས་ལམ་བཟང་ཉམས་སུ་ལེན་པར་སྨོན། །འདི་འདྲའི་གླུ་ལ་ཟད་པ་མི་འདུག་སྟེ། །ཧ་ཅང་མང་ན་ཀུན་གྱི་རྣ་བ་སུན། །སྐབས་འདིར་དེ་ཀ་ཙམ་གྱིས་ཆོག་པར་བྱས། །སྨྲ་བསམ་བརྗོད་འདས་ངང་ལ་འཇོག་པར་བྱ། །གླུ་འདི་ཐོས་ཚད་རྣལ་འབྱོར་ཕོ་མོ་ཀུན། །དགའ་སྤྲོ་དད་གུས་དག་སྣང་བྱེད་བཞིན་དུ། །གསང་སྔགས་བསྐྱེད་རྫོགས་ཉམས་སུ་བླངས་པའི་མཐུས། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ༈ ད་ནི་སྔར་གྱི་གང་བཤད་པ་རྣམས་ལ་ཡིད་ཆེས་ངེས་ཤེས་ལྷག་པར་སྐྱེ་བའི་ཕྱིར་དུ་བླ་ན་མེད་པའི་མདོ་སྔགས་ཀྱི་
ལུང་དང་། རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་གསུང་རྡོ་རྗེ་ཚིག་རྣམས་ལུང་དུ་དྲངས། རིག་པས་ཀྱང་བསྒྲུབས་ནས་སླར་ཡང་རྒྱ་ཆེར་བཤད་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། བསོད་ནམས་དོན་དུ་བུད་མེད་ནི། །ཟླ་བ་ལྟར་དཀར་བཞིན་བཟང་མ། །ལྷ་ཡི་དྲི་བཟང་གིས་བགོས་ནས། །དད་པས་སློབ་དཔོན་ལ་ཕུལ་ན། །རྒྱལ་པོ་ཟླ་བའི་འབྱོར་བ་དང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དག །བྲམ་ཟེ་བཙུན་མོས་མཆོད་ལས་བྱུང་། །ཞེས་དང་། ནཱ་རོ་བས། ལྟོས་མེད་བླ་མ་སངས་རྒྱས་ལ། །ཤེས་རབ་ཡོན་ཕུལ་རྣལ་འབྱོར་བདེ། །ཞེས་དང་། ཚེ་རིང་མཆེད་ལྔས་རྗེ་བཙུན་ལ། བཀའ་རྒྱུད་སྡེ་བླ་ན་མེད་པ་ནས། །ལྷ་དང་ཀླུ་དང་གནོད་སྦྱིན་གྱི། །བུ་མོ་འགུག་ཅེས་གསུངས་པས་ན། །བསྙེན་བཀུར་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་ཡ་མཚན་ཆེའོ་གསུངས། །དེ་ཕྱིར་བདག་ཅག་འདིར་མཆིས་སོ། །ད་མཁྱེན་པར་མཛོད་ཅིག་རྣལ་འབྱོར་པ། །གཅེར་བུའི་ལུས་ལ་གཟི་མདངས་ཅན། །ཞེས་ཞུས་པས། རྗེ་བཙུན་མི་ལའི་ཞལ་ནས། མཆོད་པ་རྣམས་ཀྱི་ནང་ནས་ཀྱང་། །མཚན་ལྡན་ཕྱག་རྒྱ་འབུལ་བ་འདི། །ཁྱད་པར་འཕགས་པའི་འབུལ་བ་ཡིན། །གསུངས་ནས་ལས་ཀྱི་ཕྱག་རྒྱར་བཞེས། གྲུབ་
ཐོབ་ས་ར་ཧས། མདའ་མཁན་གྱི་བུ་མོ་ཕྱག་རྒྱར་བཞེས་ནས། ད་སྔ་ཕན་ཆད་དགེ་སློང་མིན། །དེ་རིང་དུས་ནས་དགེ་སློང་སྟེ། །ཚངས་པར་སྤྱོད་ན་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །གསུངས། གཞན་ཡང་གསང་དབང་ནི། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བབས་པ་སློབ་མའི་ལྕེས་ལེན་པར་བཤད། སློབ་མ་རྟོག་པ་ཆེ་ན་རྫས་གཞན་དང་བསྲེས་ནས་སྟེར་བར་བཤད། རྡོ་རྗེ་གུར་ལས། རྡོ་རྗེ་སོར་མོ་རབ་སྦྱར་གྱིས། །རྡོ་རྗེ་ས་གཞིར་རབ་བསྐུལ་ཏེ། །རྡོ་རྗེ་སེམས་སུ་རྣམ་བྱུང་བ། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །ཞེས་དང་། བརྟག་གཉིས་ལས། བརྟེན་པ་དེ་ལས་གང་བྱུང་བས། །མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་ལྟུང་བར་བྱ། །གསུངས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ། ཕྱག་རྒྱའི་ལག་གཡོན་བླ་མའི་གཡས་ཀྱིས་བཟུང་ནས་སློབ་མ་ལ་གཏད་ལ། འདིར་ནི་ཁྱོད་ཀྱི་དབང་བོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ལྷ་མོ་ཕྱག་རྒྱ་ཆེན་པོ་ནི། །དཔག་མེད་བདེ་བ་རབ་སྟེར་བ། །བུ་ཡིས་ཀུན་ནས་བླངས་ནས་ནི། །བླ་ན་མེད་པའི་མཆོད་པ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་བས་རིག་པ་འདི་
མཆོག་ཡིན། །ཆོས་ཀུན་གཉིས་སུ་མེད་པ་ལ། །དངོས་པོ་གཉིས་སུ་བཏགས་པ་ཡིན། །དེ་བས་འཁོར་བ་རྣམས་བྲལ་བར། །རྟག་ཏུ་ཁྱོད་ཀྱིས་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་མེད་པའོ། །རྨོངས་པ་གང་ཞིག་འདས་གྱུར་ན། །དངོས་གྲུབ་མཆོག་ཀྱང་འགྲུབ་མི་འགྱུར། །ཞེས་བྱིན་ནས། ཕྱག་རྒྱས། དཔའ་བོ་བུ་ནི་བླ་ན་མེད། །དཔའ་བོ་ཁྱོད་ནི་སྤྲོའམ་ཅི། །གཤང་བ་གཅི་བ་བཟའ་བ་དང་། །ཤ་དང་ཁུ་ཁྲག་དེ་བཞིན་ཏེ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །བུད་མེད་རྟག་ཏུ་གུས་པ་དང་། །བདག་གི་པདྨར་འོ་བྱེད་པ། །བུ་ཁྱོད་ཅི་བཞེད་བདེན་པར་སྨྲོས། །ཞེས་འདྲི་བ་ལ། ཁུ་ཁྲག་ལ་སོགས་བཟའ་བ་དང་། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གའི་པདྨར་འོ་བྱེད་པ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཞེས་བརྗོད་པས་རིག་མ་དེ་དགྱེས་ནས་སྐྲ་བཀྲོལ། གོས་དང་བྲལ་བར་བྱས་ཏེ། ཆུ་སྐྱེས་ཕྱེ་ནས་གསལ་བར་སྟོན་ཅིང་། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་
རྟག་ཏུ་ཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་པའི་མཐར་གཉིས་ཀ་སྙོམས་པར་ཞུགས། ལྷན་སྐྱེས་ཀྱི་དགའ་བ་མངོན་དུ་བྱས་ནས་ལྷ་མོ་དེ་དགྱེས་ནས་རྐང་པ་གཡོན་པ་མགོ་ལ་བཞག་ནས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་བཞིན་དུ་སེམས་ཅན་གྱི། །བླ་ན་མེད་པའི་དོན་བྱོས་ཤིག །བསྐྱེད་པའི་རིམ་པ་བསྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །རིག་པ་འདི་ནི་དོར་བྱས་ན། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་མའི་བརྟུལ་ཞུགས་བུ་ཡིས་སྤྱོད། །ཅེས་གསང་དབང་བསྐུར་ཚུལ་རྒྱས་པར་གསང་འདུས་སོགས་ནས་བཤད་དོ། །མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་ཆོག་ལས་ཀྱང་། རིག་མའི་བརྟུལ་ཞུགས་ཀྱི་དབང་བསྐུར་ཚུལ་ནི། ཤེས་རབ་ཀྱི་ལག་པ་སློབ་མའི་ལག་པར་སྦྱིན། དེ་གཉིས་རང་གི་གཡོན་པས་བཟུང་ནས། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་སངས་རྒྱས་ཐམས་ཅད་དཔང་པོ་བྱས་ནས་སློབ་མ་ལ་འདི་བསྒོ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །
དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །གསུངས། གསང་དབང་བསྐུར་དུས། ཕྱག་རྒྱ་རྡོ་རྗེ་ཕག་མོ་དེའི་ལག་པ་ནས་བླ་མས་བཟུང་སྟེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་བུ་ཡིས་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་གཏད། ཕྱག་རྒྱ་དེས། དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་བ་དང་། །རིགས་ལྔ་ལས་ནི་རབ་ཏུ་བྱུང་། །རིག་མ་གུས་པས་ཡང་དག་མཆོད། །གཤང་གཅི་སྟོབས་དང་དྲི་ཆེན་སོགས། །དེ་ནི་སོ་སོར་བཟའ་བ་དང་། །གཞན་ཡང་མཛེས་པའི་དམ་ཚིག་རྣམས། །ཇི་ལྟར་སྤྲོ་བ་བུ་ཡིས་སྨོས། །ཞེས་དྲི་བ་ལ། ཇི་ལྟར་གསུང་བའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དམ་ཚིག་ཐམས་ཅད་བསྐྱང་བའི་ཕྱིར། །པདྨ་རྟག་ཏུ་ཅིས་མི་མཆོད། །དེ་ནས་དེས་རང་གི་བྷ་ག་རྒྱས་པ་ལག་གིས་ཕྱེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བསྟེན་ན། །བདག་ནི་དེ་ཡི་མདུན་གནས་ཏེ། །བདེ་བའི་
ཆོ་ག་ཐམས་ཅད་ནི། །ཇི་ལྟར་བྱ་བ་པདྨས་བགྱི། །ཞེས་བརྗོད་ཅིང་སྙོམས་པར་ཞུགས་པས་དགའ་བ་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་སུམ་དུ་མྱོང་དགོས་པར་གསུངས་སོ། །གཞན་ཡང་སམ་བུ་ཊ་ལས། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རང་གི་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེ་བུ་མོ་འདི་ཁྱེར་ལ། །སྤྱོད་པར་བྱ་བ་རྟོག་པར་བྱ། །ཞེས་དང་། རྡོ་རྗེ་འཕྲེང་བའི་རྒྱུད་ལས། དེ་ནས་བླ་མ་དམ་པ་ཡིས། །སློབ་མ་དེ་ལ་ཕྱག་རྒྱ་གཏད། །ཧཱུྃ་དང་ཕཊ྄་ཀྱིས་ནོར་བུའི་སྒོར། །བཀོད་དེ་རྡོ་རྗེ་རབ་བསྐྱོད་བྱ། །ཞེས་དང་། ཕྱག་རྒྱ་ལམ་རྫོགས་སུ། མ་དང་བུ་མོ་སྲིང་མོ་ཡང་། །ཁྱད་པར་ཅན་གྱིས་བསྟེན་གྱུར་ན། །ཡོན་ཏན་འབྱུང་གི་སྐྱོན་དུ་མིན། །ཞེས་དང་། ལོ་ཚད་ཀྱང་། བཅུ་གཅིག་མ་དང་བཅུ་གཉིས་མ། །བཅུ་དྲུག་མ་དང་ཉི་ཤུ་མ། །ཉི་ཤུ་བཞི་ལོན་བར་དུ་བསྟེན། །ཞེས་གསུངས། ཡོན་ཏན་ཀྱང་རྗེ་མི་ལས། ཕྱག་རྒྱ་བཞི་ལ་མཚན་ཉིད་འཚལ། །པད་ཅན་མདངས་ལྡན་བདེ་བ་རྒྱས། །དུང་ཅན་ཉམས་དགའ་བདེ་བ་མྱུར། །རི་མོ་གཏིང་ཟབ་ཟག་པ་མེད། །གླང་པོས་དངོས་པོའི་གནས་ལུགས་རྟོགས། །དེ་ཕྱིར་ཆགས་ལམ་སྦྱོར་བ་ཡིས། །ཁྱོད་ཀྱང་
ངེས་པར་ཐར་བ་འཐོབ། །ང་ཡང་སྐྱེ་མེད་བཙན་ས་ཟིན། །སྐལ་བར་ལྡན་ནོ་མཚན་ལྡན་མ། །གསུངས། གཞན་ཡང་། བཅུ་གཉིས་མ་བསྟེན་ན་དུས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས། བཅུ་དྲུག་མས་འདོད་པའི་དངོས་གྲུབ་ཆེན་པོ་སྟེར། ཉི་ཤུ་མས་ནམ་མཁའ་འཕུར་བའི་རྫུ་འཕྲུལ་སྟེར། ཉི་ཤུ་རྩ་བཞི་མས་རང་བྱིན་གྱིས་བརླབ་པ་འཐོབ་པར་བཤད། ནཱ་རོས། དེས་ཀྱང་སྒོམ་བསྐྱེད་མ་བྱུང་ཞིང་། །ཏིང་འཛིན་བརྟན་པར་མ་གྱུར་ན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལ། །ལམ་ལྔ་འབྲས་བུ་ཐོབ་པར་གྱིས། །གསུངས། དམ་པ་དང་པོའི་རྒྱུད་ལས། ཆགས་བྲལ་ལྟ་བུའི་སྡིག་པ་མེད། །བདེ་ལས་གཞན་པའི་བསོད་ནམས་མེད། །ཅེས་དང་། བརྟག་གཉིས་ལས། མཆོག་ཐོབ་པ་ཡི་བུད་མེད་གང་། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཡང་ན་བདག་གི་ནུས་པ་ཡིས། །ལྷ་དང་ལྷ་མ་ཡིན་རྣམས་དང་། །གནོད་སྦྱིན་མི་འམ་ཅི་ལས་ཀྱང་། །ཕྱག་རྒྱ་བཀུག་ལ་རབ་ཏུ་བརྟག །དེ་ཡང་ཁྱེར་ལ་སྤྱོད་པ་བྱ། །ཞེས་དང་། སྡོམ་འབྱུང་ལས། པདྨ་མཆོག་ལ་རེག་བྱེད་པས། །ལོ་གཅིག་བར་དུ་མ་བྱས་ན། །སྒྲུབ་པོའི་དམ་ཚིག་
སྤངས་བྱས་ནས། །ཉིན་རེ་འམ་ནི་ཟླ་རེ་འམ། །ཡང་ན་དེ་བཞིན་ལོ་རེ་ལ། །ཇི་བཞིན་བྱིན་གྱིས་བརླབས་བྱས་ན། །ཕྱག་རྒྱའི་དངོས་གྲུབ་འཐོབ་པར་འགྱུར། །ཅེས་དང་། སློབ་དཔོན་ཆེན་པོས། གཞན་གྱིས་གྲོལ་བར་མི་འགྱུར་ཏེ། །གཞན་ལུས་ཕྱག་རྒྱ་བསྟེན་གྱུར་ན། །ཕུང་པོ་ལྷག་མེད་སངས་རྒྱས་ཐོབ། །ཅེས་དང་། ཕ་དམ་པའི་ཞལ་ནས། མཆོག་གི་དངོས་གྲུབ་འདོད་ན་ལས་ཀྱི་ཕྱག་རྒྱ་བསྟེན་དགོས་གསུངས། ཡང་གཏུམ་མོ་ཟླ་གཅིག་བསྒོམས་པ་བས་ཀྱང་། ལས་རྒྱ་ནུབ་གཅིག་བསྟེན་པ་བོགས་ཆེ་གསུངས། ཏིལླིས། ཕྱག་རྒྱ་ལ་བརྟེན་བདེ་སྟོང་ངང་གིས་འཆར། །ཚེ་རིང་མགྱོགས་ལ་སྐྱོན་རྣམས་མཐའ་དག་སེལ། །སྐྲ་དཀར་མེད་ཅིང་རང་ལུས་ཟླ་ལྟར་རྒྱས། །མདངས་གསལ་སྟོབས་འཕེལ་ཅི་འདོད་ལས་ལ་སྦྱོར། །ཐུན་མོང་མྱུར་འགྲུབ་མཆོག་ལ་བརྩོན་པར་འགྱུར། །ཞེས་དང་། ནཱ་རོས། གདོལ་བའི་བུ་མོ་བཀུག་ནས་ནི། །བརྟུལ་ཞུགས་སྤྱོད་པ་བསྐྱང་པར་བྱ། །དངོས་གྲུབ་ཚེ་འདིར་ངེས་པར་འགྲུབ། །ཅེས་དང་། རྗེ་མར་བས། རང་ལུས་རྒྱལ་བའི་དཀྱིལ་འཁོར་ཤེས། །རྩ་རླུང་ཐིག་ལེ་རྒྱས་པའི་ཕྱིར། །ཤ་ཆང་མི་བསྟེན་རང་ལ་སྡིག །གཞན་ལུས་ལམ་
དུ་སློང་ཙ་ན། །ལས་ཀྱི་ཕྱག་རྒྱའི་གདམས་ངག་ཡོད། །ཕྱག་རྒྱ་མི་བསྟེན་རང་ལ་སྡིག །གསུངས། རྗེ་མི་ལས། ཟག་བཅས་ལུས་ཀྱི་བདེ་བ་ལས། །ཟག་མེད་སེམས་ལ་རྟོག་པ་འཆར། །ལམ་ཕོ་ཉས་བགྲོད་པ་ངོ་མཚར་ཆེ། །ཞེས་དང་། དྭགས་པོ་ལྷ་རྗེས། གསུང་རབ་ཚར་གཅིག་བཞེངས་པ་ལས། རླུང་ཐུན་གཅིག་བསྒོམ་པ་དང་། ལས་རྒྱ་ནུབ་གཅིག་བསྟེན་པ་བསོད་ནམས་ཆེ་གསུངས་སྐད། དཔལ་ཕག་མོ་གྲུ་བས་ཀྱང་། རང་བཞིན་བདེ་བ་འདོད་གྱུར་ཅིང་། །གཞན་གྱི་དོན་དུ་འགྱུར་བ་ན། །ཁམས་གསུམ་གང་བའི་བུ་མོ་ལ། །རང་ཉིད་ལོངས་སྤྱོད་བྱ་དུས་ཡིན། །ཞེས་དང་། རྗེ་གླིང་རས་པས། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བར་འདོད་ན་ལས་ཀྱི་ཕྱག་རྒྱའི་གདམས་ངག་དགོས། ཞེས་ཡང་ཡང་གསུངས། རྗེ་རྒྱ་རས་ཀྱིས། བདེ་སྟོང་ལམ་དུ་འཁྱེར་ཙ་ན། །ལས་ཀྱི་ཕྱག་རྒྱའི་གདམས་ངག་ཡོད། །ཅེས་དང་། རྗེ་རྫིང་ཁ་རྟོགས་ལྡན་གྱིས། ཆགས་ལམ་པདྨའི་ཚལ་ན་བུང་བ་ང་། །བདེ་སྟོང་སྦྲང་རྩིས་མྱོས་ཤིང་གླུ་འདི་འཐེན། །གསུངས། གསང་འདུས་ལས། དཀའ་ཐུབ་དཀའ་སྤྱད་མི་བཟད་པས། །བསྟེན་ན་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །
ཞེས་དང་། དགྱེས་རྡོར་ལས། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་སྤངས་ན་བརླག་པར་འགྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་ན། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཆགས་པའི་ཞགས་པས་རྣམ་བཅིངས་པས། །འཇིག་རྟེན་ཆགས་པས་མྱོས་པར་བཤད། །ཆགས་དང་བྲལ་བའི་བྱང་ཆུབ་ནི། །ཆགས་པ་མཆོག་ལྡན་རྣམས་ཀྱིས་སྨད། །ཅེས་དང་། ལྕེ་སྤྱང་ཚོགས་རོལ་གྱི་རྒྱུད་ལས། སྣང་བ་ཐམས་ཅད་ཟིལ་གྱིས་གནོན། །ངོ་ཚ་གཙང་སྦྲའི་རྟོག་པ་བྲལ། །ཀུན་ཀྱང་གཅེར་བུའི་ཆ་ལུགས་ཀྱིས། །ཀུན་ཏུ་རྒྱུ་ཡི་མཆོད་པ་བྱ། །ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་དང་། རྡོ་རྗེ་གུར་ལས། བདག་ཉིད་ཧེ་རུ་ཀར་བསྒོམས་ལ། །རང་གི་བཙུན་མོ་ལྷར་བསྒོམས་ཏེ། །ཆགས་ཆེན་གྱིས་ནི་འདོད་བྱེད་པ། །དེ་རྣམས་ལ་ནི་ང་མཉེས་འགྱུར། །ཞེས་དང་། བརྟག་གཉིས་ལས། འདོད་ཆགས་ཆེན་པོ་རྗེས་ཆགས་པ། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་དང་། སམ་བུ་ཊ་ལས། རྒོད་དང་བལྟ་དང་ལག་
བཅང་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས། །ཞེས་དང་། ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་གོང་ན་མེད། །ཅེས་དང་། སྙན་རྒྱུད་ལས། དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། །ཅེས་དང་། ལྭ་བ་པས་ཀྱང་། གཉིད་དང་ཆང་དང་བུད་མེད་གསུམ། །དབང་པོ་དམན་པས་སྤོང་བྱེད་ཀྱང་། །རྣལ་འབྱོར་པ་ཡི་ལམ་མཆོག་ཡིན། །ཞེས་དང་། རྡོ་རྗེ་འཕྲེང་བའི་རྒྱུད་ལས། སྙིགས་མ་ལྔ་ཞེས་བྱ་བའི་དུས། །སེམས་ཅན་མྱུར་དུ་དངོས་གྲུབ་འདོད། །སྣོད་དུ་བྱ་བ་འདོད་པ་ཡིན། །ཞེས་དང་། ནཱ་རོས། ཡོན་ཏན་ཅན་གྱིས་དབེན་གནས་སུ། །ཤེས་པ་སྐྱོ་ཡང་བསྟེན་དུ་རུང་། །གསུངས། གསང་འདུས་རྩ་རྒྱུད་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །གསུངས། བརྟག་གཉིས་ཀྱི་སྤྱོད་པའི་སྐབས་ལས། གལ་ཏེ་དགའ་བས་གླུ་བླངས་ཏེ། །དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་བའི་རྒྱུར་ནི་གར་བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །ཡོ་གིས་མཉམ་པར་བཞག་པས་བྱེད། །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། རང་བཞིན་ལམ་ལ་
བརྟན་ནས་ནི། །ཐམས་ཅད་བྱས་ཀྱང་གྲོལ་བར་འགྱུར། །ཅེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཆགས་མེད་སྤྱད་བྱ་རྣལ་འབྱོར་པ། །དངོས་པོ་ཀུན་ལ་ཐམས་ཅད་ཆེ། །འཁོར་བའི་འདམ་གྱི་དབུས་སུ་ཡང་། །གོས་མེད་མྱ་ངན་འདས་པར་འགྱུར། །ཅེས་གསུངས་སོ། །འོད་བསྲུང་གིས་ཞུས་པའི་མདོ་ལས། འོད་བསྲུང་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །འོད་བསྲུང་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་ཉོན་མོངས་པས་ཀྱང་ལོག་པར་ལྟུང་བར་མི་འགྱུར་རོ། །གསུངས། སམྦུ་ཊ་ལས། བཟའ་དང་བཅའ་བ་ཅི་སྙེད་པ། །རྣལ་འབྱོར་བས་ནི་བཟའ་བར་བྱ། །རོ་ནི་ཐལ་བས་བགོས་བྱས་ཤིང་། །རོ་ཡི་གོས་ཀྱང་བགོ་བར་བྱ། །ཞེས་དང་། བརྟག་གཉིས་ལས། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་དང་། གསང་འདུས་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོངས། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་དང་། སློབ་དཔོན་ཆེན་པོས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །
ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱོད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱོད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །གསུངས། སེམས་ཀྱི་སྒྲིབ་སྦྱོང་ལས། རྣམ་ཤེས་ངན་པས་བསྟེན་བྱས་ན། །འདོད་པས་འཆིང་བ་ཉིད་དུ་འགྱུར། །དེ་ཉིད་མཁས་པས་བསྟེན་བྱས་ན། །འདོད་པས་ཐར་པ་རབ་ཏུ་སྒྲུབ། །ཅེས་དང་། རང་ལྷར་སྦྱོར་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་བྱེད་བརྩོན་ལྡན་པས། །རྣལ་འབྱོར་འདོད་ཡོན་ལོངས་སྤྱོད་ཀྱང་། །གྲོལ་འགྱུར་གོས་པར་མི་འགྱུར་རོ། །ཞེས་དང་། ཡེ་ཤེས་རྒྱས་པའི་མདོ་ལས། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་དང་། ཕལ་པོ་ཆེ་ལས། གང་དག་སེམས་ཅན་དོན་འགྱུར་བའི། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་བབ་པ་ཡིས། །ལོ་ཏོག་ཕུན་སུམ་ཚོགས་པར་བྱེད། །གསུངས། བཙུན་མོ་དོ་ཧ་ལས། རང་གི་བུ་མོ་སྲིང་མོ་ཚ་མོ་མ་དང་ནི། །གཡུང་མོ་ཚོས་མ་སྨད་འཚོང་གོས་རས་ཀྱིས་འཚོ་བ། །སྔོ་བསང་དང་ནི་དཀར་དམར་
སེར་ཤམ་སྨུག་ནག་མ། །སྨེ་ཤ་ཅན་ལ་རྒྱུད་སྦྱངས་བླངས་པའི་ཕྱག་རྒྱ་ནི། །བཅུ་དྲུག་ལོ་ལོན་རབ་ཏུ་མཛེས་ཤིང་སྐྲ་སེར་ལི། །བ་ལས་དྲིས་ཁྱབ་ནུ་མ་སྲ་མཁྲེགས་སྐེད་པ་ཕྲ། །སྨད་ཀྱི་ཞེང་རྒྱས་བྷ་ག་རུབ་ཅིང་ཆགས་པའི་མདངས། །རྒྱས་མ་དང་བཅས་གསང་ཐུབ་གུས་པས་རབ་ཏུ་གཞོལ། །དད་པ་རབ་ཏུ་བརྟན་ཅིང་རྟོགས་བ་ཆུང་གྱུར་དང་། །རྟགས་གསུམ་ལྡན་པའི་ཕྱག་རྒྱ་དབང་གིས་སྨིན་པར་བྱས། །ཡོན་ཏན་བཟུང་ནས་རང་གི་རིག་པའི་ཡེ་ཤེས་སྦྱིན། །སྐབས་སུ་རོ་སྙོམས་སྤྱོད་པའི་ཕྱག་རྒྱས་བཟུང་། །ཞེས་དང་། ཡང་བཙུན་མོ་དོ་ཧ་ཆུང་ངུ་ལས། །རིག་མ་མཆོག་ལ་ལྷན་ཅིག་སྐྱེས་པ་ཡང་ཡང་སྨིན་པ་ནི། །ཐབས་ཀྱི་མཆོག་ཏུ་བླ་མ་དམ་པས་གསུངས་པས་ན། །གང་སྐྱེས་ལྷན་ཅིག་སྐྱེས་པ་ཡིན་ནོ་གཞན་མ་གཅིག་ཀྱང་མེད། །མ་མཆུའི་རོ་བཏུང་བདེ་ཆེན་གཉུག་མ་མཆོག །དེ་ལྟར་རྒྱུན་དུ་ཡིད་ལ་སཱ་ར་ང་ཡིས་བྱས། །རྒྱན་དང་གྲེ་བཟང་རོ་མཆོག་རོལ་མོ་དང་། །རེག་བྱ་མཆོག་དང་གར་དང་རྡོ་རྗེའི་གླུ། །བདུད་རྩི་ལྔ་དང་སྒྲོན་མ་ཐ་མ་དང་། །འདོད་ཆགས་ལ་སོགས་ཚིམ་པས་ཡིད་ཀྱིས་སྤྱད། །ཅེས་དང་། ཀ་ཁ་དོ་ཧ་ལས། ཀ་ནི་ཡུམ་གྱི་པདྨའི་ནང་དུ་གནས་པ་སྟེ། །ལུས་རྣམས་བཅིངས་ཤིང་བདུད་རྩི་འཛག །མགུལ་ནས་
འཁྱུད་པའི་གདོལ་བའི་གཞོན་ནུ་མ། །བྱང་སེམས་འཛག་ཅིང་འདི་ནི་དཔྱིད་ཀའི་ཡལ་ག་ཡིན། །ཞེས་དང་། ལྷན་སྐྱེས་མཆོག་ནི་གང་གིས་འཆིང་མི་ནུས། །ཧ་ནི་ཀྱེ་ཧོ་རྒོད་པ་ཡི། །རྩེ་བ་སྣ་ཚོགས་ཀྱིས་ནི་ཚིམ། །རྨོངས་པས་མ་འཕྲོག་དེ་དང་དེ་ཉིད་དེ། །དབང་ཕྱུག་དབྱིབས་མེད་ཁ་དོག་དུས་གསུམ་མེད། །ཀུ་རེ་རྩེད་མོས་བླ་མེད་ལེགས་པར་འགྲུབ་པར་འགྱུར། །གསུངས། རྗེ་མི་ལས། རས་ཆུང་བ་ལ། ཕྱག་རྒྱ་མཚན་ལྡན་གྲོགས་སུ་གཅེས། །ཉམས་མྱོང་བདེ་བ་སེམས་ལ་གཅེས། །གསུངས། ཕ་དམ་པས། བླ་མ་ཆར་ཆུང་བ་ལ། ལས་ཀྱི་ཕྱག་རྒྱ་བསྟེན་ན་བདེ་སྟོང་རྒྱུན་ཆད་མེད་དོ་བུ། །ཞེས་དང་། དིང་རི་བརྒྱད་ཅུ་ལས། བདེ་སྟོང་འཕྲུལ་འཁོར་པི་ཝང་ཁོང་རྒྱུས་འདྲ། །མཐུན་རྐྱེན་ལས་ཀྱི་སྦྱོར་རོ་དིང་རི་བ། །གསུངས། བདེ་མཆོག་རཱ་ལི་ལས། བུམ་པའི་དབང་ཐོབ་དགེ་བསྙེན་དེ། །གསང་བའི་དབང་ཐོབ་དགེ་ཚུལ་ཡིན། །ཤེས་རབ་ཡེ་ཤེས་དགེ་སློང་སྟེ། །རྫོགས་པ་དགེ་སློང་ཆེན་པོ་ཡིན། །ཞེས་དང་། དུས་འཁོར་ལས། ཁྱེད་ནི་རྟག་ཏུ་བུད་མེད་རྣམས་དང་སྦྱོར་ཡང་དཀར་པོ་མི་འདོར་ཚངས་པར་སྤྱོད་པ་སྟེ། །ཞེས་དང་། དགྱེས་རྡོར་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུས་
སྤྲས། །ཁུ་བ་ཞེས་བྱ་རྣམ་པར་གྲགས། །དེ་མེད་པས་ནི་བདེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ཞེས་བདེ་སྟོང་སྐུ་དང་ཡེ་ཤེས་མཚན་དང་དཔེ་བྱད་ཐམས་ཅད་ཀྱང་ཕྱག་རྒྱ་མ་ལ་བརྟེན་ནས་ཐིག་ལེ་མ་ཉམས་པར་སྤེལ་བ་ལ་ལྟོས་དགོས་སོ། །ཀྱཻ་རྡོར་གྱི་རྒྱུད་ལས། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་སྨོན་ལམ་ཀྱང་འདེབས་དགོས་ན་ཁ་གཏོང་ག་ལ་རུང་། ཡང་རྒྱུད་དེ་ཉིད་ལས། ཚལ་དང་སྐྱེ་བོ་མེད་གནས་དང་། །བདག་གི་ཁྱིམ་གྱི་ནང་དུ་ཡང་། །གཅེར་བུ་ཕྱག་རྒྱ་ཆེ་བྱས་ནས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཙུམྦྷ་འཁྱུད་པ་བྱས་ནས་ནི། །དེ་བཞིན་བྷ་གར་རེག་པ་ཉིད། །སྐྱེས་པའི་སྣ་ནི་གཞིབ་པ་ཉིད། །མ་མཆུའི་སྦྲང་རྩི་བཏུང་བ་ཉིད། །རྟག་ཏུ་མྱོས་པའི་མཚན་མ་ལས། །བོ་ལ་ལྡན་པས་ལག་པས་བྱ། །ཁྱོགས་དང་བརླ་ཞེས་བྱ་བ་དང་། །དེ་བཞིན་ཤིན་ཏུ་བཀལ་བ་ཉིད། །ཡང་ཡང་རྡོ་རྗེས་འདོད་པར་བྱ། །སྟེང་དང་འོག་ཏུ་ལྟ་བ་ཉིད། །
དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །གསུངས། འགྲེལ་ཆེན་ལས། ཕོ་མཚན་སྟེང་དུ་གནས་པ་དང་། །མདུན་དུ་རྒྱབ་ནས་མི་མོ་ཡིས། །རིམ་པས་རྐེད་པ་འདེགས་པར་བྱ། །མི་མོའི་ཁྱོགས་སུ་རབ་ཏུ་གྲགས། །མི་མོའི་པུས་མོའི་མཐིལ་བླངས་ནས། །གཡས་དང་གཡོན་གྱི་དཔུང་པ་ཡིས། །སྦྱར་ཏེ་སྟེང་གི་ཀ་ར་ན། །གཉིས་ཀ་སྟེང་དུ་ཕྱོགས་པར་གནས། །བརླ་ཞེས་བྱ་བའི་མཚན་ཉིད་དོ། །ངང་པའི་གཤོག་པ་མཚུངས་རྣམ་པ། །གན་རྐྱལ་པ་རུ་རབ་ཏུ་གྲགས། །རྐང་པ་རབ་ཏུ་བརྐྱངས་གྱུར་པ། །གཉིས་ཀྱིས་རབ་ཏུ་བརྐྱངས་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །སྔགས་རིམ་ཆེན་མོ་ལས། གནས་ཁྱད་པར་ཅན་དུ་རིག་མ་ཉི་ཤུ་དང་ལྷན་ཅིག་ཏུ་ལག་པས་ཕྱག་རྒྱ་དང་གླུའི་མཆོད་པ་དང་། གར་ལ་སོགས་པའི་སྦྱོར་བས་ཉིན་མཚན་དུ་རོལ་ནས་ཕྱག་རྒྱ་ཆེན་པོའི་གོ་འཕང་སྒྲུབ་པ་སྟེ། རྒྱལ་པོ་ཨིནྟྲ་བྷུ་ཏིས། འདི་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་གྲུབ་པར་སྤྱོད་བསྡུས་ལས་གསུངས་སོ། །གསུངས། གཞན་ཡང་གསང་བའི་གནས་རྗེ་བདག་ཉིད་ཆེན་པོའི་གསུངས་མཁས་གྲུབ་རྗེས་ཟིན་བྲིས་མཛད་པ་ལས། ༈ བླ་མ་དང་རྡོ་རྗེ་འཆང་གི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་རྒྱུད་
སྡེ་ནས་ལན་ཅིག་མ་ཡིན་པར་ཡང་ཡང་གསུངས་པའི་ཕྱག་རྒྱའི་སྲོག་རྩོལ་གྱི་གནད་མཐར་ཐུག་པ། རྗེ་བཙུན་བླ་མའི་ལེགས་བཤད་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བའི་གནད་རྣམས་བརྗེད་བྱང་དུ་བྲི་བར་འཚལ་ན། བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་གནང་བ་མཛད་ནས་བདེ་ཆེན་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། དེ་ལ་ལས་རྒྱ་ལ་བརྟེན་པའི་དགོས་པ་ནི། དེ་བརྟེན་པས་སྲོག་རྩོལ་དབུ་མར་ཞུགས་ཏེ། ཡས་བབས་དང་མས་བརྟན་གྱི་དགའ་བཞི་བསྐྱེད་པའི་ཆེད་ཡིན་ནོ། །དེས་ན་ཐབས་ཀྱི་མཆོག་འདི་བཤད་པ་ལ་གསུམ། ལས་ཀྱི་ཕྱག་རྒྱའི་མཚན་ཉིད། སྲོག་རྩོལ་དུ་འགྲོ་བའི་གདམས་ངག་དངོས། ཐབས་དེ་ལ་བརྟེན་ནས་དགའ་བཞི་སྐྱེད་ཅིང་བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་བཞི་རིམ་སོགས་ནས་གསུངས་པའི་པདྨ་ཅན་ལ་སོགས་པ་བཞིའི་དོན་ནི། རྩའི་དབྱིབས་མི་འདྲ་བ་སོགས་བཞིའི་སྒོ་ནས་བཏགས་པ་ཡིན་ལ། དེ་ཡང་དྷུ་ཏཱིའི་མས་སྣའི་དབང་དུ་བྱས་པ་ཡིན། དེའི་རྣམ་པ་ཇི་བཞིན་པ་ནི་ཡས་སྣ་ཀུན་རྫོབ་ཀྱིས་མཚོན་པར་བྱེད་དོ། །དེས་ན་གླང་པོ་ཅན་གྱི་རྩའི་མར་སྣ་གཡོན་ནས་གཡས་སུ་ཅུང་ཟད་འཁྱིལ་བའི་རྣམ་པར་ཡོད་ལ། དེའི་རྟགས་རྩ་དེའི་ཡས་སྣ་ཡོད་ཕྱོགས་ཀྱིས་བུད་
མེད་དེའི་སྣ་གཡས་སུ་འཁྱིལ་བའི་རྣམ་པ་ཅན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དེ་གླང་པོ་ཅན་གྱི་རིགས་སུ་གཏོགས་པ་ཡིན་ནོ། །དུང་ཅན་མ་ནི་རྩ་དེའི་མས་སྣ་དུང་དཀར་གྱི་ཁ་ལྟ་བུ་འཁྱིལ་ཞིང་སྦུབས་རིང་བ་ཞིག་ཡོད་པས། དེའི་རྟགས་ལ་རྩའི་ཡས་སྣ་ཡོད་ཕྱོགས་ཀྱི་སྐྲ་དང་སྣ་ཡང་རིང་བ་ལ་སོགས་པའི་ལས་རྒྱ་དེ་དུང་ཅན་མའི་རིགས་སུ་ཤེས་པར་བྱའོ། །རི་དྭགས་ཅན་མ་ནི་རྩ་དེའི་མས་སྣ་རི་དྭགས་གླ་བའི་ལྟེ་བ་འདྲ་བ་ཁ་རྩུབ་ཅིང་གོར་མོའི་རྣམ་པ་ཅན་དུ་ཡོད་པའི་རྩ་དེའི་ཁ་ཤིན་ཏུ་འཚོལ་དཀའ་བས། དེས་ན་རྣལ་འབྱོར་པས་སེན་མོས་བཙལ་དགོས་པ་སོགས་གསུངས་སོ། །དེས་རྟགས་ལ་ཡས་སྣའི་ཕྱོགས་ཀྱི་སྣ་ལ་རི་མོ་ཡོད་ལ། དེར་མ་ཟད་ལུས་གཞན་ལས་སྦོམ་པ་སོགས་ཡིན་ནོ། །པདྨ་ཅན་ནི་མས་སྣ་མེ་ཏོག་པདྨའི་དབྱིབས་ལྟ་བུར་ཡོད་པའི། རྩ་དེའི་ཁ་བཙལ་སླ་ཞིང་འབྱེད་པར་སླ་བས་ཕྱག་རྒྱའི་མཆོག་ཏུ་གསུངས་པ་ཡིན་ནོ། །དེའི་རྩའི་ཡས་སྣའི་ཕྱོགས་དེའི་སྣ་ནི་ཛ་བའི་མེ་ཏོག་ལྟར་ཡོད་པར་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིའི་རྩ་ལ་མི་འདྲ་བའི་ཁྱད་པར་དེ་ལྟར་ཡོད་པའི་སྒོ་ནས་པདྨ་ཅན་སོགས་སུ་བཞག་པའི་དོན་དེ་ཉིད་རང་གི་བླ་མ་ཁོ་ནའི་མན་ངག་ཡིན་པས། རང་ཁོ་ནས་སྙིང་ལ་བཅང་རྒྱུ་ཡིན་གསུངས། དེའི་རྒྱུ་མཚན་ཆགས་
ལམ་ལ་ཤིན་ཏུ་མཁས་པར་གྲགས་པའི་བོད་ཀྱི་བླ་མ་ཐམས་ཅད་ཀྱིས། རྒྱུད་ནས་གསུངས་པའི་ཕྱག་རྒྱ་རིགས་བཞིའི་ཁྱད་པར་སྣ་གཡོན་གཡས་སུ་འཁྱིལ་བ་དང་། ཞེས་སོགས་རྩའི་དབྱིབས་ལ་བརྟགས་པའི་དོན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་ཤིང་། རྩ་ལ་མི་འདྲ་བ་ཡོད་པའི་གནད་མ་རྟོགས་པ་ཤ་སྟག་ཡིན་པས། ཕྱོགས་འདི་ལ་ཁ་བོ་ཇི་ལྟར་ཆེ་ཡང་མཁས་པའི་བཞད་གད་ཀྱི་གནས་འབའ་ཞིག་ཡིན་གསུངས་སོ། །གཉིས་པ་སྲོག་རྩོལ་དུ་གཏོང་བའི་ཐབས་དངོས་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། །རྩ་ནི་ཉེ་བར་བཙལ་བྱས་ཏེ། །བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །ཞེས་པས་བསྟན། དེའི་དོན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ནི་བུད་མེད་ཀྱི་དྷུ་ཏཱི་ཡིན་ལ། ཉེ་བར་བཙལ་བྱ་ཞེས་པ་ནི། རྣལ་འབྱོར་བས་རྩ་དེའི་མར་སྣ་བཙལ་བར་བྱས་ལ། དེ་ཡང་བྱ་རོག་གདོང་ཞེས་པ་ནི། འཇིག་རྟེན་པ་ལ་བྱ་ལེར་གྲགས་པ་དེ་ལ་ཟེར་བ་ཡིན་ཞིང་། དབུ་མའི་མས་སྣ་རྩ་དེའི་དབུས་ནས་འབྱུང་ངོ་། །དེ་ལ་སྐྱེས་པའི་དྷུ་ཏཱི་ནི་སྦོམ་ཞིང་ཐུང་བར་གནས་པས། ནོར་བུའི་བུ་ག་ལས་ཕྱིར་ནར་ནས་ཡོང་བ་མི་སྲིད་ལ། བུད་མེད་ཀྱི་དྷུ་ཏཱི་ཕྲ་ཞིང་རིང་བས། བྱ་རོག་གདོང་ལས་ཕྱིར་ནར་འོང་བ་སྲིད་པའི་སྐབས་ཡོད་པས།
སྙོམས་འཇུག་གི་ཚེ་བུད་མེད་ཀྱི་རྩ་དེ་རྣལ་འབྱོར་པའི་རྩའི་མས་སྣའི་ནང་དུ་འཇུག་པའི་སྦྱོར་བ་བྱེད་པ་ཡིན་ཏེ། དེའི་ཕྱིར་དུ་ཕྱག་རྒྱའི་དྷུ་ཏཱིའི་རིགས་མི་འདྲ་བ་བཞིའི་གནས་ཚུལ་ཤེས་ནས་ཚོལ་བ་དང་། ཁ་འབྱེད་པའི་མན་ངག་གིས་ཤེས་རབ་ཀྱི་རྩ་སད་པར་བྱའོ། །དེ་ནས་ཕྱག་རྒྱའི་རྩ་དེ་རང་གི་རྩའི་ནང་དུ་བཅུག་ནས། བྱེད་པ་དམ་དུ་བཅིངས་པའི་སྦྱོར་བ་བྱ། དེ་ལྟར་བྱས་པས་ཕྱག་རྒྱའི་རྩའི་ནང་ནས་རླུང་བྱུང་སྟེ། རང་གི་རྩའི་ནང་དུ་སླེབས་པ་ན། སྙོམས་འཇུག་གི་བདེ་བ་སོགས་གཞན་ལས་ཀྱང་ལྷག་པའི་བདེ་བ་སྐྱེ་ལ། རླུང་དེ་རང་གི་དྷུ་ཏཱིའི་ནང་དུ་བརྒྱུས་པས། རང་གིས་ཐུར་སེལ་གྱི་རླུང་གྱེན་དུ་ལོག་སྟེ། ཕྱག་རྒྱའི་རླུང་དེས་ཡར་སྣ་འདྲེན་བྱས་ནས། དབུ་མར་ཞུགས་ཤིང་བརྒྱུས་པས་དྲོད་འབར་ནས། སྤྱི་བོའི་ཧཾ་ཡིག་ཞུ་ཞིང་བྱང་སེམས་དྷུ་ཏཱིའི་མར་སྣར་སླེབས་པ་ན། ཕྱག་རྒྱའི་ཡང་ཁུ་བ་ཞུ་ནས་དྷུ་ཏཱིའི་ལམ་ནས་བྱུང་སྟེ། རང་གི་རྩའི་ནང་དུ་འཕྲད་པ་ན། ཐབས་ཤེས་ཟུང་དུ་འབྲེལ་བའི་གནད་ཀྱིས་སྔ་མའི་བདེ་བ་ལས་ཀྱང་ཆེས་ཆེ་བའི་བདེ་བ་ཞིག་བྱུང་ཞིང་། དེ་ནས་མན་ངག་གིས་གྱེན་དུ་བཟློག་པའི་སྦྱོར་བ་བྱས་པས། ཐིག་ལེ་དེ་ལྟེ་བར་སླེབས་པ་ན། རྒྱུ་མཐུན་གྱི་ཚུལ་གྱི་དགའ་བ། སྙིང་གར་སླེབས་པ་ན། རྣམ་སྨིན་གྱི་ཚུལ་གྱི་མཆོག་དགའ། མགྲིན་པར་
སླེབས་པ་ན། སྐྱེས་བུ་བྱེད་པའི་ཚུལ་གྱི་ཁྱད་དགའ། གཙུག་ཏོར་དུ་སླེབས་པ་ན། དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཤིན་ཏུ་རྣལ་འབྱོར་བསྒོམ་པར་བྱའོ། །གསུམ་པ་བདེ་སྟོང་སྦྱོར་ཚུལ་ནི། དེ་འདྲ་བའི་ཡས་བབས་དང་མས་བརྟན་གྱི་དགའ་བཞི་སྐྱེས་པ་དེའི་ཚེ། དབུ་མའི་ལྟ་བ་མཐར་ཐུག་དང་སྦྱར་ནས་བསྐྱངས་པས། སྲིད་པའི་སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་དོ། །གཞན་ཡང་རྡོ་རྗེ་ལྟེ་བས་པདྨ་མནན་པ་དང་། སྐྱིལ་ཀྲུང་ཞེས་སོགས་ཀྱི་དོན་ཡང་། ཡུམ་གྱི་རྩའི་མས་སྣ་ཡབ་ཀྱི་རྩའི་མས་སྣའི་ནང་དུ་བཅུག་པ་དེས། དོན་གྱི་རྡོ་རྗེ་སྐྱིལ་ཀྲུང་གཡས་གཡོན་གཉིས་ཀྱི་རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་པ་འབྱུང་ཞིང་། དེའི་ཚེ་རྣལ་འབྱོར་བའི་སེམས་ནོར་བུའི་ནང་གི་དྷཱུ་ཏཱིའི་ནང་དུ་སོང་བ་ལ། ཡེ་ཤེས་ཀྱི་ངོ་བོ་ལྷན་སྐྱེས་འབྱུང་ངོ་། །དེ་དགའ་བ་གཞན་གསུམ་ཡང་ཡིན་ནོ། །པདྨ་ཅན་གྱི་བགྲོད་ཚུལ་ནི། པདྨའི་བྱེད་པ་ཞེས་པ་ཕལ་བ་ལྟར་སྟེང་ནས་བགྲོད་པའོ། །གླང་པོ་ཅན་མའི་བགྲོད་ཚུལ་ནི། དུད་འགྲོ་ལྟར་རྒྱབ་ནས་བགྲོད་པའོ། །དུང་ཅན་མའི་བགྲོད་ཚུལ་ནི། ག་ཧ་ར་ཏིའི་སྦྱོར་བ་ཞེས་བྱ་བ། རྐང་བ་གཉིས་ཕྲག་པ་ལ་བཀལ་ཏེ་འོག་ནས་བགྲོད་པའོ། །
རི་དྭགས་ཅན་མའི་བགྲོད་ཚུལ་ནི། བི་མ་སའི་བཅིངས་པ་ཞེས་བྱ་བ། རྡོ་རྗེ་སེམས་དཔའ་ལྟར་སྐྱིལ་ཀྲུང་བཅས་ལ་བགྲོད་པར་བྱ་བ་ཡིན་ནོ། །རྟགས་ཀྱི་རྩ་གཉིས་མི་འབྲལ་བར་བྱེད་པ་ཤིན་ཏུ་གལ་ཆེ་ལ། དེ་ནི་རྣལ་འབྱོར་པའི་ལག་པས་བྱེད་དགོས་པར་རྒྱུད་ལས་བཤད་དོ། །ཞལ་གྱི་གདམས་པ་ཤིན་ཏུ་གསང་ངོ་། །བླ་མ་དམ་པའི་ཞལ་འབའ་ཞིག་ལས་བྱུང་བ། གཞན་ལ་མེད་པའི་ཁྱད་ཆོས་ཟབ་པོ། །གསང་བ་ལས་ཀྱང་ཆེས་གསང་བའི་མན་ངག་གསེར་ཁུར་པོ་ཁྱེར་ནས། ས་སྟེང་ཐམས་ཅད་དུ་བཙལ་ཀྱང་རྙེད་པ་མ་ཡིན་ནོ། །འདིའི་དཔེ་སུ་ལ་མ་སྟོན། བསྟན་ན་དེ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀའ་ཆད་ཀྱིས་དམ་ཚིག་ཉམས་པས། ཤིན་ཏུ་དམ་པར་བྱའོ། །ྀཨཚ། ས་མ་ཡ། རྒྱ་རྒྱ་རྒྱ། ཞེས་རྗེ་བློ་བཟང་གྲགས་པ་ཡབ་སྲས་ཀྱི་གསུང་རྡོ་རྗེའི་ཚིག་འདི་ཁོ་ནས་ཀྱང་ངེས་ཤེས་འདྲོངས་ནས། སྔགས་ལ་དད་གུས་དག་སྣང་འབད་མེད་ལྷུན་འགྲུབ་ཏུ་སྐྱེ་བར་གདོན་མི་ཟའོ། །དེའི་རྒྱུ་མཚན་རྗེ་རིན་པོ་ཆེས་གསང་སྔགས་ཀྱི་རྫོགས་རིམ་སྐབས་ཀྱི་ཟབ་གནད་འདི་དང་འདི་འདྲ་བ་གསུངས་དྲགས་པས། ནམ་མཁའ་ནས་མཁའ་འགྲོ་མ་མང་པོས། ག་འདྲ་ཞིག་མ་གསུངས་ན་ཨང་སྙམ་སྔགས་ལ་སེར་སྣ་ཤོར། ཞེས་དམ་པ་གོང་མ་
རྣམས་གསུངས། ཕ་དམ་པའི་ཞལ་ཆེམས་འདས་ཡིག་ཆེན་མོ་ལས། སྤྱིར་ཆོས་མ་བྱས་པར་སངས་རྒྱས་པ་བཞི་ཡོད་དེ། གཅིག་ནི་སྐྱེ་བ་སྔ་མ་ལ་སྦྱངས་པའི་འཕྲོ་ཚེ་འདིར་སད་པས་ལམ་གྱི་རྟོགས་པ་རང་བྱུང་དུ་རྒྱུད་ལ་སྐྱེས་པའི་གང་ཟག་ཡིན། གཅིག་དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས་འཕོ་བའི་སྦྱོར་བ་ཤེས་ནས་སངས་རྒྱས་པའི་གང་ཟག་ཡིན། གཅིག་ཕྱག་རྒྱ་མ་རྩ་པདྨ་ཅན། ཁྲག་དང་ཁུ་བ་འོ་མར་འབབ་པའི་མཚན་བཟང་པོ་ཅན། དེ་ལ་སློབ་དཔོན་མཁས་གྲུབ་ཉམས་སུ་ལེན་ཤེས་པའི་དགའ་བ་བཞི་ལམ་དུ་འཁྱེར་ཤེས་པ། ཕྱག་རྒྱ་བཞིའི་གོ་བ་འཁྱེར་བའི་གང་ཟག་གིས། རྒྱུད་བདེ་བའི་ཉམས་རྟོགས་གུས་པས་ཕུལ་བས། མ་བསྒོམས་པར་ཕོ་དང་མོ་གཉིས་ཀ་སངས་རྒྱས་པའོ། །དེ་ཅི་སྟེ་ཞེ་ན། རྩ་དང་རླུང་དང་ཐིག་ལེའི་གནད་གྱིས་སོ། །གཅིག་སྐྱེ་བ་བདུན་པའི་བྱང་ཆུབ་སེམས་དཔའི་ཤ་ཟོས་ན་སྡིག་པོ་ཆེ་ཡང་འཚང་རྒྱ་བ་ཡིན་ནོ། །གསུངས། དེས་ན་ཕྱག་རྒྱ་མཚན་ལྡན་བསྟེན་ཤེས་ན་གནད་ཆེ་བས་ཁ་གཏོང་མི་རུང་ངོ་། །གཞན་ཡང་། རྗེ་མི་ལའི་གསང་བའི་མགུར་དྲུག་ལས། ཤེས་རབ་རང་བཞིན་བུད་མེད་འདི། །ལྷན་སྐྱེས་དང་སྒྱུ་མ་སྒྲུབ་པའི་རྒྱུ། །སྤྱིར་དམན་པར་ནམ་
ཡང་མི་བལྟ་ཞིང་། །སྒོས་ཕག་མོར་ལྟོས་ལ་གསོལ་བ་ཐོབ། །ཅེས་དང་། རྒྱུད་བརྟག་པ་གཉིས་པ་ནས་གསུངས་པས་རྡོ་རྗེ་གླུའི་སྐད་གཉིས་ཤན་སྦྱར་ཀུན་མཁྱེན་པད་དཀར་གྱིས་བསྒྱུར་བ་ལས། བདེ་བ་ཅན་གནས་རྡོ་རྗེ་ནི། །ལྟེ་བ་རུ་ནི་པདྨ་ཡིས། །རྒྱུན་ཏུ་འབོད་པ་ཅང་ཏེའུ་བརྡུང་། །རྩོད་པར་མི་བྱ་སྙིང་རྗེ་བས། །དེ་ལ་ཤ་ནི་བཟའ་བ་དང་། །ཆང་ནི་ཤིན་ཏུ་བཏུང་བ་སྟེ། །ཀྱེ་ཧོ་སྐལ་ལྡན་གཞུག་པར་བྱ། །སྐལ་པ་མེད་པ་སྤངས་ནས་སུ། །གཤང་བ་དང་ནི་གཅི་བ་རྡུལ། །ཁུ་བ་རྣམས་ནི་སྦྱར་བར་བྱ། །ཚོད་མ་དང་ནི་ཤ་ཆེན་པོ། །དེ་ལ་མང་པོ་བཟའ་བ་ཡིན། །འོང་བ་དང་ནི་འགྲོ་བར་བྱ། །དག་དང་མ་དག་མི་དམིགས་པས། །རུས་རྒྱན་ཡན་ལག་རྣམས་ལ་གདགས། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་པར་དབང་གཉིས་སྦྱོར་འཇུག་པ། །རེག་མིན་དེ་ལ་སྤང་བྱ་མིན། །གྲུབ་པའི་ལེགས་བཤད་ཇི་བཞིན་ཏུ། །བློ་གསལ་པདྨ་དཀར་པོར་བསྒྱུར། །གསུངས་སོ། །རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །སྐྱེ་བོ་གང་དང་གང་རྣམས་ཀྱིས། །ཤ་ནི་མཁས་པས་བཟའ་བྱ་བ། །སེམས་ཅན་རེ་རེ་དབང་དུ་འགྱུར། །ཞེས་དང་། རྒྱུད་གཞན་ལས། རྡོ་རྗེ་ཆོས་དང་སངས་རྒྱས་དང་། །རྣལ་འབྱོར་མ་དང་མི་མོ་ཡིས། །གླུ་དང་གར་ནི་འདི་དག་གིས། །
ལེགས་པར་གླུ་བླངས་གར་ཡང་བྱ། །ཞེས་དང་། འདུས་པར་ཡང་། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །ཞེས་དང་། ཀུན་མཁྱེན་པདྨ་དཀར་པོས། རྡོ་རྗེ་མཁའ་འགྲོར་བཤད་པའི་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི། བརྟག་གཉིས་སུ་བཤད་པའི་བཞི་ལ་སོགས་པའི་འདོད་པའི་བསྟན་བཅོས་ཀྱི་རིགས་ཤེས་པར་བྱའོ། །གསུངས། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི། འོ་བྱེད་པ། འཁྱུད་པ། སོ་འདེབས་པ། སེན་མོ་འདེབས་པ། ཡང་དག་པར་བསྐྱོད་པ། སིད་ཀྱི་སྒྲ་སྒྲོགས་པ། སྐྱེས་པའི་བྱ་བ་བྱེད་པ། སྟེང་ན་འདུག་པ། དེ་བརྒྱད་པོ་རེ་རེ་ལ་ཡང་བརྒྱད་བརྒྱད་ཕྱེ་བས་དྲུག་ཅུ་རྩ་བཞིའོ། །སམ་བུ་ཊ་ལས། ངེས་པར་ཐམས་ཅད་མ་སྐྱེས་པའི། །རྣམ་པ་ཡིས་ནི་རྣལ་འབྱོར་གྱིས། །ཁྱི་དང་བོང་བུ་རྔ་མོ་དང་། །གླང་པོ་ལ་སོགས་ཁྲག་འཐུང་ནས། །ཤ་ནི་རྟག་ཏུ་བཟའ་བར་བྱ། །ཤ་ཆེན་ཁྲག་གིས་གོས་པ་ནི། །ཐམས་ཅད་ཁྱད་པར་དུ་ནི་བལྟ། །དམན་པའི་ཤ་ནི་ཐམས་ཅད་དང་། །སྲོག་ཆགས་འབུམ་ཕྲག་བརྒྱ་ལྡན་བཟའ། །རྣམ་སྣང་ཤིན་ཏུ་རུལ་བ་ནི། །སྲིན་བུ་བརྒྱ་ཕྲག་ཟིར་ཟིར་ལྡན། །ཁྱི་དང་མི་སྐྱུགས་བསྲེས་ནས་ནི། །
ཤ་ནི་རྡོ་རྗེ་ཆུར་གོས་ལྡན། །རྣལ་འབྱོར་བ་ནི་སྤྲོ་བ་ཡིས། །རྣམ་སྣང་བསྲེས་ནས་བཟའ་བར་བྱ། །རྡོ་རྗེའི་ཆུ་ནི་བཏུང་བའོ། །ཞེས་དང་། དེ་ལྟར་བཟའ་བ་སྣ་ཚོགས་དང་། །ཆང་དང་ཉ་དང་ཡང་དག་ལྡན། །དགའ་བའི་ལོངས་སྤྱོད་སྐལ་བཟང་བས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་སྒྲུབ། །ཅེས་དང་། མཁའ་འགྲོ་མ་ཀུན་སྤྱོད་ལས། གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །མི་རྟོག་བདག་ཉིད་སེམས་སྐྱེས་ནས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །ཅེས་དང་། གཞན་ཡང་ཐེག་པ་ཆེན་པོའི་ལུགས་ལ་གཞན་དོན་དུ་འགྱུར་ན་ཕམ་པ་བཞི་སྤྱད་ཀྱང་དགེ་བར་འགྱུར་བ་ལ་དགོངས་ནས། སྤྱོད་འཇུག་ལས། ཐུགས་རྗེ་མངའ་བས་རིང་གཟིགས་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་དང་། དོན་དེ་ཉིད་ཐུགས་ཡུལ་དུ་བཞག་ནས། འཇམ་དབྱངས་ས་པཎ་གྱིས་ཀྱང་། གཞན་གྱི་དོན་གྱི་སེམས་བརྟན་པས། །ཕམ་པ་བཞི་པོ་སྤྱད་ན་ཡང་། །བྱང་ཆུབ་སེམས་དཔའི་དགེ་ཆེན་འགྱུར། །ཞེས་སོགས་རྒྱས་པར་འབྱུང་བས་ཐེག་ཆེན་གྱི་ལུགས་ལ་བསམ་པ་རྒྱ་ཆེན་པོ་དང་ལྡན་ན་སྦྱོར་བ་མི་དགེ་བ་ལྟར་སྣང་བ་དག་ཀྱང་། དགེ་བ་རྒྱ་ཆེན་པོར་སོང་བ་དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་ཕྲུག་མང་པོ་ཞིག་བསྐྱབ་པའི་ཆེད་དུ་
ཚོང་པ་གཡོ་ཅན་བསད་པས་བསྐལ་པ་དགུ་ཁྲིའི་སྡིག་བྱང་ནས། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་ལྟ་བུ་ཉན་ཐོས་ལ་བཀག་པ། བྱང་ཆུབ་སེམས་དཔའ་ལ་གནང་བ་སོགས་སྐབས་ཐོབ་ཤེས་དགོས་སོ། རྗེ་རིན་པོ་ཆེས་མཛད་པའི་སྔགས་རིམ་ཆེན་མོ་ལས། ཆ་ལུགས་མི་ཉམས་ཤིང་གཟུང་བའི་དམ་ཚིག་གི་ཡན་ལག །རྡོ་རྗེ་དང་དྲིལ་བུ་དང་། དགང་བླུག་དང་། རྒྱན་དྲུག་དང་། ཌཱ་མ་རུ་དང་། ཀ་པཱ་ལ་དང་། ཁ་ཊྭཱཾ་ཀ་ལ་སོགས་པ་ཇི་ལྟར་བྱ་བ་དང་། དེ་ལྟར་བྱས་པ་རྣམས་འཆང་བའི་ཚུལ་རྣམས་ཀྱང་། སྔགས་པས་ཀུན་སྤྱོད་དག་པའི་ཐབས་སུ་ཤིན་ཏུ་གལ་ཆེ་གསུངས། དེ་ལ་དགོངས་ནས་མཁས་གྲུབ་རྗེས། རྡོ་རྗེ་ཐེག་པའི་ལམ་གྱི་ཡན་ལག་མི་འབྲལ་བ་དང་། བསྟེན་པར་བྱ་བའི་དམ་ཚིག་གི་རྫས་མེད་དུ་མི་རུང་བ་དག་གི་མཚན་ཉིད་དང་། ཇི་ལྟར་འཆང་བའི་ཚུལ་ལ་སོགས་པ་རྣམ་པར་བཤད་པ་རྣལ་འབྱོར་རོལ་པའི་དགའ་སྟོན་ཞེས་བྱ་བ་སྔར་མེད་པའི་ལེགས་བཤད་ཟླ་མེད་དེ་མཛད་པ་ལགས། དེའི་སྡོམ་ནི། རྡོ་རྗེ་དྲིལ་བུ་ཅང་ཏེའུ་བགྲང་ཕྲེང་དང་། །ལུས་རྒྱན་ཁ་ཊྭཱཾ་ཀ་དང་བཏུང་བའི་སྣོད། །བགོ་བའི་གོས་དང་སྟན་ལ་སོགས་པ་གཞན། །རྣམ་པ་འདི་བདུན་བཤད་
བྱའི་དངོས་པོ་ཡིན། །གསུངས། དེ་ཡང་ཚོགས་ཀྱི་འཁོར་ལོའི་ཚེ། རྣལ་འབྱོར་ཕོ་མོ་རྣམས་གདན་ཇི་ལྟ་བུ་ལ་གནས་པར་འཆད་པ་ནི། བརྟག་གཉིས་ལས། རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་པགས་པ་ཉིད། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། རོ་གདན་དང་། སྟག་ལྤགས་དང་། དུར་ཁྲོད་ཀྱི་རས་ཀྱི་གདན་བྱེད་པར་གསུངས། སྡོམ་གསུམ་རྒྱན་ལས། ཡོ་བྱད་ལོངས་སྤྱོད་མཉམ་བཞག་རྗེས་སྤྱོད་བཞིན། །བསྡུས་ནས་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དྲུག །ཁ་ཊྭཱཾ་ཅང་ཏེའུ་པདྨའི་སྣོད་བགྲང་འཕྲེང་། །བྲིས་སྐུ་གླེགས་བམ་མཆོད་ཕྱིར་ཐོགས་དང་གཞན། །གླང་ཆེན་ལྤགས་སོགས་ཡོ་བྱད་དམ་ཚིག་ཡིན། །ཞེས་དང་། ཡང་དེ་ཉིད་ལས། འདོད་པ་ལྔ་དང་ཤ་ལྔ་བདུད་རྩི་ལྔ། །བཏུང་བ་ལྔ་དང་ཕྱག་རྒྱ་ལྔ་ལོངས་སྤྱོད། །བདུན་ཅུ་རྩ་གཉིས་ཤ་ཡང་མཆོད་དུས་བསྟེན། །གསུངས། གཞན་ཡང་མཁས་གྲུབ་རྗེས། བླ་མེད་དང་ཕར་ཕྱིན་གྱི་ཐེག་པའི་ལྟ་བའི་སྐྱོང་ཚུལ་ཡེ་མི་འདྲ་ཞིང་། ཞི་ལྷག་གི་གོ་རིམ་དང་། ལྟ་བ་སྐྱོང་བའི་བྱེད་ལས་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དང་། རྫོགས་རིམ་དང་། ཕར་ཕྱིན་ཐེག་པ་ལས། སྟོང་ཉིད་མངོན་སུམ་དུ་རྟོགས་པ་མྱུར་བུལ་གྱི་ཁྱད་པར་ཉི་ཟླའི་འགྲོས་དང་། བ་ལང་
གི་འགྲོས་ལས་ཀྱང་ཤིན་ཏུ་ཆེ་བ་ཡོད་ཚུལ་དང་། དེ་ལྟར་འོང་བའི་རྒྱུ་མཚན་གྱིས་གནད་ཤིན་ཏུ་ཟབ་གསུངས། སྔགས་བླ་མེད་ལ་ལམ་གང་གི་སྐབས་སུའང་། མཆོག་ཏུ་བསྔགས་པ་ཕྱག་རྒྱའི་ལམ་ཡིན་ལ། རྗེ་ཉིད་ཀྱིས་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ཆེ་བ་ཡང་ཡང་གསུངས་པ། དེའི་གནད་རྣམས་ཞིབ་པར་བྲིས་པ། ཕྱག་རྒྱ་བཞིའི་ལམ་གསལ་བར་བྱེད་པའི་ཡིག་ཆུང་ཞེས་དང་། གསང་དབང་དངོས་དབང་བསྐུར་བ་ལྟ་བུ་ལ། རིན་པོ་ཆེ་ལྟ་བུའི་གང་ཟག་མཆོག་འགའ་ཞིག་ལ། དགེ་སློང་ཡིན་ཡང་དང་པོ་ནས་དངོས་དབང་བསྐུར་བའི་སྐབས་ཡོད་ཀྱི། དེ་མ་གཏོགས་པའི་ནུས་པ་མ་ཐོབ་བའི་དགེ་སློང་ལ་གསང་དབང་སོགས་དངོས་དབང་དུ་བསྐུར་མི་རུང་གསུངས། ཞི་བྱེད་ཀྱི་རྒྱུད་ལས། ཤ་ཟ་བ་ལ་སྙིང་རྗེ་མེད། །ཤ་ནི་སྙིང་རྗེ་ཅན་གྱིས་ཟ། །ཞེས་དང་། དུས་འཁོར་རྩ་རྒྱུད་ལས། མ་བསླངས་སྣོད་དུ་ལྷུང་གྱུར་པ། །དེ་ཉིད་ཁ་ན་མ་ཐོ་མེད། །སྲོག་ཆགས་གཅིག་གི་ཤ་དག་ནི། །མང་པོ་རྣམས་ཀྱིས་ཟོས་པ་མཆོག །ཅེས་དང་། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལས། འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱིས་གང་བཟའ་བ་མ་ཡིན་བ་དང་། གང་བཙོང་པ་
མ་ཡིན་པ། ཀོ་ཀུ་ལ་སོགས་པ་རང་གི་ལས་ཀྱིས་ཤི་བ་དང་། གཡུལ་དུ་ལས་ངན་པའམ། རང་གི་སྐྱོན་གྱིས་ཆོམ་རྐུན་ལ་སོགས་པས་བསད་པ་དེ་དག་ཐམས་ཅད་རྣལ་འབྱོར་བས་བཟའ་བར་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་དང་། ཡང་རྒྱུད་འགྲེལ་ལས། སྔགས་ཀྱི་ཐེག་པར་རྣལ་འབྱོར་པ་རྣམས་ཀྱིས་ཤ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས། ཞེས་དང་། ནད་གསོ་བའི་སླད་དུ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་གནང་བ་ཡིན་ཏེ། བསླབ་བཏུས་ལས། ན་བའི་གསོས་སྨན་ནི། བདག་གི་དོན་དང་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་འདུལ་བ་ལས་བསྟེན་པར་བྱ་བ་ཉིད་དང་། ལྷུང་བཟེད་དང་ཆོས་གོས་ཀྱང་བཙོངས་ལ་ལུས་གཟུང་ངོ་ཞེས་གསུངས་ན། སྐྱེ་བོ་དཔག་ཏུ་མེད་པ་ཡོངས་སུ་བསྐྱབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་ལུས་ལྟ་ཅི་སྨོས། ཞེས་སོགས་གསུངས། ཡེ་ཤེས་ལྡན་གྱི་ལེའུ་ལས། ཤ་ཟ་བ་གང་འབྱུང་བ་དེ་ནི་དོན་ཆེན་པོ་སྒྲུབ་པའི་ཕྱིར་ཉེས་པ་མེད་དེ། དེ་ལས་འདི་སྐད་དུ་འབྱུང་ངོ་། །དགེ་སློང་དེ་ནི་འཆི་བའི་དུས་བགྱིས་ནས། །འཛམ་བུ་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདི་སོས་པས་ནི་ཏིང་འཛིན་རྣམས་ཀྱང་འཐོབ། །
ཅེས་གསུངས་སོ། །དེ་ནི་སྙིང་རྗེ་ཆེན་པོ་ལ་མངོན་པར་བརྩོན་པ་སྟེ། དེ་ལ་བྱམས་པ་མེད་པ་ཉིད་དུ་མི་དོགས་པས་ཉེས་པ་མེད་དོ་ཞེས་གསུངས་པས། གཞན་དོན་དུ་དགེ་བ་ལ་ཤིན་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔས་ལུས་གསོ་བའི་དགོས་པ་ཁྱད་པར་ཅན་དང་ལྡན་པའི་ཚེ། ཤ་ཟ་ན་ཡང་སྙིང་རྗེ་ཆེན་པོ་དང་འགལ་བར་དོགས་པའི་གཉེན་པོ་དང་སྲེད་པ་སྐྱེ་བའི་གཉེན་པོར་བུའི་ཤ་དང་མཚུངས་པའི་འདུ་ཤེས་དང་། ལུས་གསོ་བའི་སྨན་གྱི་འདུ་ཤེས་ཉེ་བར་བཞག་ནས་ཟ་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ངས་ཁ་ཟས་ནི་བུའི་ཤ་དང་སྨན་བཞིན་བཤད་ལ་ཞེས་གསུངས་པ་ལྟར་རོ། །མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་ལས། སྔོན་འཕགས་པ་ཀ་ཏྱཱ་ཡ་ན། ཁྱིམ་བདག་ཞིག་གི་སྒོར་བསོད་སྙོམས་ལ་བྱོན་ཙ་ན། ཁྱིམ་བདག་དེས་བུ་ཆུང་ཞིག་པང་བར་བཟུང་། ཉ་ཤ་ཞིག་ཞིམ་ཞིམ་ལྟར་བཟའ། ཁྱི་མོ་ཞིག་རུས་པ་བཟའ་བ་ལ་བརྡེག་ཅིང་བསྲུང་བ་གཟིགས་པ། འཕགས་པས་མངོན་ཤེས་ཀྱིས་དཔྱད་པས། སྐྱེ་བ་དེ་ཁའི་ཕ་ཉར་སྐྱེས་པའི་ཤ་བཟའ། མ་ཁྱིར་སྐྱེས་པ་ལ་རྡོ་བརྡེག །རང་ཉིད་གསོད་པའི་དགྲ་བོ་བུར་སྐྱེས་པ་པང་ན་འཚོ་བར་མཁྱེན་པས་ཐུགས་ཤིན་ཏུ་མུག་སྟེ། ཚིགས་སུ་བཅད་པ། ཕ་ཤ་བཟའ་ཞིང་མ་
ལ་བརྡེག །ལས་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ལྟར། སྐྱེ་བ་སྔ་ཕྱིའི་ལུས་སྟབས་འགྱུར་བ་འདིས་ཕ་མའི་ཤ་བཟའ་བ་ལ་ཚམ་ཚོམ་མེད་པའི་སྙིང་ཁམས་འདི་ཡི་རེ་མུག་སྙམ་ནས། སྙིང་བརྩེ་ཤུམ་ཤུམ་ཡོད་ཙ་ན་སྙིང་རྗེ་ཆེན་པོའི་གཤིས་སྟོང་པ་ཉིད་ཀྱི་བརྟུལ་ཞུགས་སུ་ཤར་ནས། ག་རེ་ད་བསད་ཟིན་པ་ལ་ཡི་མུག་བསྒོམས་པ་ཁོ་ནས་མི་ཕན། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེའི་འཇུག་པ་ཚད་མེད་པའི་ཕྱིར། རྡོ་རྗེ་ཐེག་པ་ལ་སྡུག་བསྔལ་བདེ་བར་སྒྱུར་བའི་མན་ངག་ཀྱང་ཡོད་པའི་ཕྱིར། བསྙེན་སྒྲུབ་ཟབ་མོ་ཚད་དུ་ནི་འཁྱོལ། ལྟ་བ་རྣམ་པར་དག་པ་ནི་ཡིད་དཔྱོད་ཕོ་ཚོད་ལ་མི་རེ་བར། ཕྱོགས་ལྷུང་དང་བྲལ་བར་རྟོགས། དེ་ལ་ཉན་ཐོས་ཐེག་པ་ལྟ་བུའི་གུ་དོགས་དང་། སྐྱེ་བོ་ཕལ་པ་ལྟ་བུའི་བག་མེད་པའི་བཟའ་བཏུང་གིས་རང་ཉིད་ལ་སྒྲིབ་པའི་ཕུང་པོ་མི་བཟད་པར་བསྐྱེད་ཅིང་། གཞན་ལ་ཕན་པ་མེད་པའི་ཐབས་ལ་རྨོངས་པ་དེ་འདྲ་ནི་མ་ཡིན་སྙམ་ནས་གཟུངས་སྔགས་ཀྱིས་བཏབ། སྟོང་ཉིད་རྒྱུ་འབྲས་སུ་ཤར་བའི་བདེན་པ་མི་འགོག་ཕྱིར་སྡིག་བཤགས་ལ་དམིགས་ནས། ལོ་ལྟར་ལུག་གཉིས་གསུམ་ཅི་འགྲུབ་དང་
ཉེའུ་བརྒྱ་དང་དྲུག་ཅུ་ཁ་ཡན་རེའི་སྲོག་སྐྱོབ་པའི་དམ་བཅའ་ལྷུར་བླངས། གསང་སྔགས་ཀྱི་དམ་ཚིག་ཁྱད་དུ་མི་གསོད་པའི་ཕྱིར་ཆོས་ཉིད་ལ་ཆོས་ཉིད་ཀྱི་རོལ་བའི་གསལ་སྣང་བཟའ་བའི་རྣལ་འབྱོར་དུ་ཤར་བས། སེམས་ཅན་དེའི་ལུས་ཀྱི་འབྲེལ་བས་ཚོགས་རྫོགས་པར་བྱས་ཏེ། བསྔོ་སྨོན་གྱི་མཚམས་སྦྱོར་དྲག་པོས་རྣམ་པ་ཀུན་ཏུ་རྒྱས་འདེབས་པ་ཡིན་གསུངས། དེས་ན་དེ་ལྟ་བུའི་ཐབས་ཀྱིས་ཟིན་ན་ཤ་ལ་སོགས་པའི་འདོད་ཡོན་གང་ལ་ལོངས་སྤྱད་ཀྱང་ཉེས་པ་མེད་པའི་ཁར་ཚོགས་ཀྱང་རྫོགས་པར་འགྱུར་རོ། །འཇམ་དབྱངས་སངས་རྒྱས་རྡོ་རྗེས་ལོངས་སྤྱོད་ཀྱི་དམ་ཚིག་རྣམ་བཤད་ཟག་མེད་བདེ་བའི་དཔལ་སྟེར་ལས། དེ་ལ་རེ་ཞིག་གསང་ཆེན་གྱི་སྤྱོད་པ་བློར་མི་ཤོང་བའི་སྐལ་དམན་ཁ་ཅིག་གིས་སྙིང་ལ་འདི་ལྟར་སེམས་ཏེ། གང་དག་འདོད་ཡོན་སྣ་ཚོགས་པའི་རྩེ་དགའ་ལ་མངོན་པར་རོལ་བ་དག་ནི། ཀུན་ནས་ཉོན་མོངས་པའི་བློ་ཅན་ཡིན་པའི་ཕྱིར་འཁོར་བའི་བཙོན་ར་མི་ཟད་པར་བཅིངས་པའི་ཞགས་པ་སྲ་བ་ཁོ་ནའོ་ཞེས་བསམ་ཞིང་ངག་ཏུའང་སྨྲའོ། །དེ་ནི་ཟབ་མོས་མ་སྨིན་པའི་གཏམ་འབའ་ཞིག་ཏུ་ཟད་པས་རྣ་བ་དགབ་པར་བྱ་ལ་ཡང་ན་ཅི་ལྟར་འོས་པའི་ལུང་རིགས་ཀྱིས་སུན་དབྱུང་བར་རིགས་སོ། །དེ་ཡང་མདོ་ལས། ཇི་ལྟར་
གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་གསུངས་ཏེ་ཐབས་ལ་མཁས་པའི་དབང་གིས་སོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པས་སོ། །དེ་བཞིན་དུ་རྒྱུད་དུའང་དཔེ་དང་བཅས་ཏེ་གསུངས་ཏེ། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ཉིད་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་པ་ལ། །མོན་སྲན་གྲེའུའི་བཟའ་བ་སྦྱིན། །ཟློག་པའི་སྨན་ནི་བཏང་བ་ཡིས། །རླུང་གིས་རླུང་ལ་བསྣུན་པར་བྱེད། །ཅེས་སོགས་དཔེ་མང་པོ་དང་བཅས་པའི་མཐར། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་བཅིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་སོགས་རྒྱུད་སྡེའི་ལུང་བསམ་གྱིས་མི་ཁྱབ་བོ། །རིགས་པའང་ཡོད་དེ། ཆགས་སོགས་ཉོན་མོངས་པ་རྣམས་དམ་པའི་ཆོས་ཡིན་པར་ནི་སྐབས་འདིར་ཡང་མི་འདོད་ལ། ཐབས་ལ་མཁས་པའི་སྟོབས་ཀྱིས་ཉོན་མོངས་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་
ནི་མདོར་ཡང་བཤད་དེ། སྡུད་པར། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་གསུངས་ཏེ། ཐབས་མཁས་དེ་ནི་རང་བཞིན་ཡོངས་ཤེས་ཡིན། ངེས་ཟིན་པའི་གནད་ཀྱིས་ཉོན་མོངས་པས་མི་འཆིང་བ་ཙམ་དུ་མ་ཟད་གྲོལ་བའི་ཐབས་མཆོག་ཏུའང་འགྱུར། དཔེར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་ཉིད་བཙུན་མོའི་འཁོར་རྒྱ་ཆེན་པོ་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལ་སྤྱད་པའང་བྱང་ཆུབ་ཀྱི་སྤྱོད་པར་བཞག་པ་དེ་ལྟ་བུ་སྟེ། དེ་འདྲ་བ་ཤིན་ཏུ་མང་ངོ་། །དེ་ལྟ་བས་ན་གཞན་གྱིས་བྱས་ན་ངན་འགྲོ་བའི་ལས་མི་བཟད་པའང་། ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་ཟིན་ན་སངས་རྒྱས་ཀྱི་རྒྱུར་འགྲོ་བ་ནི་ངེས་པར་བདེན་ཏེ། གང་གིས་བླུན་པོ་འཆིང་འགྱུར་བ། །འདི་དེས་མཁས་རྣམས་རྣམ་པར་གྲོལ། །ཞེས་རྫུན་མི་གསུང་བའི་སྐྱེས་མཆོག་རྡོ་རྗེ་འཆང་དེས་གསུངས་པའི་ཕྱིར་རོ། །དེ་ལྟར་དོགས་པའི་མཐའ་ལ་དཔྱད་ནས། ལོངས་སྤྱད་བྱའི་འདོད་པ་ལྔ་དང་པོར་སྨོས་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལྔ་ནི་མིག་སོགས་དབང་པོ་ལྔའི་སྤྱོད་ཡུལ་ལོ། །ཤ་ལྔའི་
མིང་ཐོག་གི་ཡི་གེ་གཽ་ཀུ་ད་ཧ་ན། དེ་ཡང་གཽ་ཞེས་པ་དོན་དགུའམ་བཅུ་ལ་འཇུག་ཀྱང་འདིར་བ་ལང་། ཀུཀྐུ་ཁྱི། དནྟ་མཆེ་བ་ཅན་ཏེ་འདིར་གླང་པོ། ཧ་ཡ་རྟ་ནར་མིའི་སྐད་དོད། དེ་རྣམས་ཀྱི་ཤ་ནི་ཤ་ལྔ། བདུད་རྩི་ལྔའི་མིང་ཐོག་གི་ཡི་གེ་ནི། བི་མུ་མ་ར་ཤུ་སྟེ། བིཥྚ་བཤང་བ། མུ་ཊ་གཅི་བ། མསྟ་ཀ་ཀླད་པ། རཀྟ་ཁྲག་སྟེ་རྡུལ། ཤུ་ཀྲ་ཁུ་བ་སྟེ་ལྔ། ཤ་ལྔ་ནི་བཟའ་བའི་བྱེ་བྲག་ཡིན་པས། སམཊར། བཟའ་བ་འདི་དག་ཡང་དག་བརྩམས་ཞེས་དང་། བརྟག་གཉིས་སུ། བཟའ་བ་མི་འཆི་བཅུད་ཕྱེད་དོ། །ཞེས་པ་ལྟར་རོ། །བཏུང་བ་ལྔ་ནི། སྦྲང་རྩི། བུ་རམ། འབྲས་བུའི་བཅུད། ཤིང་ལས་སྐྱེས། བཅོས་མའི་ཆང་སྟེ་ལྔ། མཉམ་སྦྱོར་ལས། སྒེག་མོ་དང་ནི་ན་ཆུང་དང་། །མྱོས་དང་དེ་བཞིན་བདུད་རྩི་དང་། །གཅིག་ཏུ་དཔའ་དང་འདོད་ཆགས་དང་། །གཡོ་ཅན་དེ་བཞིན་བྲན་མོ་དང་། །ཞེས་མྱོས་བྱེད་བརྒྱད་དགོངས་པའི་སྐད་ཀྱིས་གསུངས་སོ། །ཕྱག་རྒྱ་ལྔ་ནི། རྡོ་རྗེ་རིགས་ཀྱི་བུད་མེད། འཁོར་ལོའི་རིགས་ཀྱི། པདྨའི་རིགས་ཀྱི། རིན་པོ་ཆེའི་རིགས་ཀྱི། རལ་གྲིའི་རིགས་ཏེ་ལྔ། དེ་དག་བརྟག་ཐབས་ཀྱི་མཚན་མ་ནི། གང་གི་སྲིན་ལག་རྩ་བ་ན། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་སོགས་དང་། དེ་ཉིད་མཚུངས་
པར་རྣལ་འབྱོར་པ་བརྟག་ཐབས་ཀྱང་། རྣལ་འབྱོར་པ་གང་ནག་པོ་ཉིད། །དེ་ཡི་ལྷ་ནི་མི་བསྐྱོད་པ། །ཞེས་སོགས་དང་། དེ་བཞིན་དུ་དུས་འཁོར་དུའང་། རྣལ་འབྱོར་པ་ནི་སེང་གེ་རི་དྭགས་རྟ་རུ་འགྱུར་ཏེ་ཁྱུ་མཆོག་གླང་པོ་རིགས་ཀྱི་དབྱེ་བ་ལས། །ཞེས་སོགས་གསུངས་ཏེ་རྒྱ་ཆེར་རྟོགས་པར་བྱའོ། །དེ་དག་ནི་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་ཏེ་རྒྱུན་དུ་བསྟེན་པར་བྱ་ལགས། སྟོན་མོ་དང་ཚོགས་མཆོད་ལ་སོགས་པའི་སྐབས་སུ་བསྟེན་པར་བྱ་བའི་ལོངས་སྤྱོད་ནི་ཤ་སྣ་བདུན་ཅུ་རྩ་གཉིས་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ལས། ཁྱི་རྟ་བ་ལང་གླང་པོ་ལུག་དང་ར་དང་རི་དྭགས་བོང་བུ་ཕག་དང་རྔ་མོ་འདི་དག་ཕྱོགས། །ཀུམབྷྲི་ར་དང་མགྲོན་བུ་ཀུ་ལཱི་ར་དང་ཉ་དར་མ་ཀ་ར་དང་སྦལ་བ་རུས་སྦལ་དུང་། །བསེ་དང་སྟག་དང་དོམ་དང་ནེའུ་ལེ་དང་བཅས་འབྲི་དང་ལྕེ་སྤྱང་དང་ནི་སྲམ་དང་བྱི་ལ་དང་། །འབྲོག་དགོན་ཁྱི་དང་སེང་གེ་དང་བཅས་ནོར་དང་བཅུ་སྟེ་འདི་ནི་འབྱུང་བོ་སྐྱེས་དང་ཁྲོ་བོ་སྐྱེས། །གོ་དྷཱ་བྱི་བ་ཤ་ལི་ཛཱ་སྟེ་སྤྲེའུ་དང་ནི་རི་བོང་གཟུངས་མོ་ཨིཥུ་རྩང་པ་བརྒྱད། །ཁེངས་ལྡན་འདབས་ཆགས་དང་ནི་ནེ་ཙོ་ཁུ་བྱུག་དག་དང་རི་སྐྱེགས་རབ་ཏུ་གསལ་བར་ཆུ་ཡི་གཏེར། །ལཱ་བ་ཕུག་རོན་གཞན་ནི་བྱ་དཀར་ཞེས་བྱ་ཙ་ཊ་ཀ་དང་ངུར་བ་དང་ནི་ངང་པ་དང་།
དཔའ་ལྡན་ཁྲུང་ཁྲུང་ཁུ་བྱུག་མིག་དང་ཛ་ཀི་དང་ནི་བྷ་ག་ཝ་རཱི་ཏི་ཏི་རི་དང་བཞད། །ཆུ་ལ་འཇུག་པ་དང་ནི་ཆུ་སྐྱར་རོ་དང་བཅས་པའི་ནོར་རྣམས་རིམ་པ་ཡིས་ནི་རིག་པར་བྱ། །བྱ་རོག་བྱ་རྒོད་འུག་པ་རི་དྭགས་དགྲ་དང་གཙུག་ཕུད་ཅན་དང་བྱ་གག་བྷེ་ཏྲ་གྷ་ར་དང་། །ཧོར་པ་ལྗོན་ཤིང་དགྲ་ནི་གཞན་ཏེ་བཅུ་པོ་ཁྲོ་བོ་ལས་སྐྱེས་ཁྲོ་བོ་ཡི་ནི་རིགས་སུ་འགྱུར། །མིག་སྔོན་དཔལ་ལྡན་ཙ་ཀོ་ར་དང་ཨ་ནི་མ་དང་གུ་ད་མུ་ཁ་བུག་ཀི་རྐང་སྟེང་ཉལ། །བྷེ་ཏུནྟེ་དང་ཨི་པཱ་རི་ཀ་བརྒྱད་པ་མཆོག་གི་འདབས་ཆགས་སུ་འགྱུར་མི་ཡི་བདག་པོ་ཀྱེ། །སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བས་ས་ཡི་སྲིད་པ་ལ་གནས་ས་སྤྱོད་མཁའ་ལ་སྤྱོད་རྣམས་ཀྱིས། །རིགས་སུ་གྱུར་པའི་དམ་ཚིག་མཐའ་དག་རྣམས་ནི་མཆོད་པའི་དུས་སུ་རྣལ་འབྱོར་པ་ཡིས་བཟའ་བར་བྱ། །རྨོངས་པས་གཏི་མུག་དག་ལས་གལ་ཏེ་སྤངས་ན་མི་ཡི་བདག་པོ་མྱུར་དུ་ཉམས་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །འོ་ན་དུས་ཀྱི་འཁོར་ལོར། ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་བའི་རིགས་པས་ཤ་བཀག་པ་དང་ཇི་ལྟར་མི་འགལ་ཞེ་ན། དགྱེས་རྡོར་གྱི་ནཱ་རོ་འགྲེལ་ཆེན་དུ། གང་ལས་ཆེད་དུ་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་གྱུར་ན་སྲོག་གཅོད་པར་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་པས་ཆེད་དུ་བྱས་པ་མ་ཡིན་པ་ཁ་ན་མ་ཐོ་བ་མེད་པའི་གཽ་ཀུ་ལ་སོགས་པའི་བཟའ་
བ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་དྲངས་པའི་ལུང་རིག་འདི་དཔྱད་གཞིར་བཞག་སྟེ་དཔྱད་ན། ལུང་འདིར། གང་ལས་ཆེད་དུ་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་གྱུར་ན། ཞེས་དང་། ལང་གཤེགས་ཀྱི་མདོར་གསུངས་པ་དང་མཚུངས་ཏེ། དེ་ཉིད་དུ། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །ཞེས་གསུངས་ཏེ། དེའི་དོན་ནི། གང་ཟག་གང་སུ་ཡང་རུང་བས་རང་ཉིད་ཀྱིས་བཟའ་བའི་ཕྱིར་དུ་འགའ་ཞིག་ལ་རིན་སྦྱིན་པར་ཁས་བླངས་ནས་ཤ་ཉོ་བར་ཞུགས། འཚོང་བ་པོ་དེས་ཀྱང་རིན་གྱི་ཁེའི་ཆེད་དུ་ཉོ་བ་པོས་རིན་སྦྱིན་པར་ཁས་བླངས་པའི་རྐྱེན་གྱིས་སེམས་ཅན་བསད་པའི་ཤ་དེ་ཉོ་བ་པོས་ཀྱང་རང་གིས་རིན་སྦྱིན་པར་ཁས་བླངས་པའི་རྐྱེན་གྱིས་བསད་པ་ཡིན་པར་ཤེས་བཞིན་དུ། རིན་སྦྱིན་ནས་ཉོས་པ་གཉིས་ཀ་ལ་སྲོག་གཅོད་བའི་སྡིག་པ་མཉམ་པོར་འབྱུང་ཞེས་པའི་དོན་ཏེ། སྡིག་པ་མི་དགེ་བ་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ། ཞེས་གསུངས་པ་ལྟར་ཏེ། ཆེད་དུ་བྱ་བ་ཁ་ན་མ་ཐོ་བ་ནི་དེ་དང་དེ་ལྟ་བུ་གཞན་དག་ཀྱང་ངོ་། །འཆད་ལུགས་འདི་ལྟར་མ་བྱས་ན། ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་བའི་རིགས་
པ་འདི་གཅེར་བུ་པའི་གྲུབ་མཐར་ཐལ་བའི་ཉེས་པ་ཡོད་དོ། །ཁོ་བོའི་ལུགས་ལ། རང་ཉིད་ལ་བྱེ་བྲག་བསྔོས་པའི་མཐོང་ཐོས་དོགས་གསུམ་མེད་ཀྱང་། གཞན་གྱི་བཟའ་བའི་ཆེད་དུ་གཞན་གྱིས་བསད་པའི་ཤ་རང་གིས་ཉོ་བ་དང་ལོངས་སྤྱོད་པ་ལ་སྡིག་ཡོད་བར་སྨྲ་བའི་བློ་རྩེའི་གཏད་སོ་ནི། སྲོག་གཅོད་པ་པོ་དང་ཤ་བཟའ་བ་པོ་འདྲ་བར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། ཤའི་ཕྱིར་གསོད་དུ་འཇུག་པ་པོ་དང་ཟ་བ་པོ་གཉིས་ཀ་སྲོག་གི་བར་ཆད་བྱེད་པའི་གང་ཟག་འདྲ་བའི་ཕྱིར་ཏེ། ཟ་བ་པོའི་གང་ཟག་ཡོད་པའི་རྒྱུ་མཚན་གྱིས་གསད་པའི་ཕྱིར་དང་། ཟ་བ་པོ་ཡོད་པས་གསད་ཀྱི། མེད་ན་མི་གསོད་པའི་ཕྱིར། དེས་ན་འདི་ལྟ་བུ་ཉོ་བ་དང་བཟའ་བ་ནི་རྟེན་གང་གིས་བྱས་ཀྱང་བྱས་པ་ཙམ་གྱིས་སྡིག་དུ་འགྱུར་བའི་ཕྱིར་རོ་སྙམ་པ་ནི་འདོད་པའི་རྩ་བ་ཡིན་ནོ། །ལུགས་དེ་སུན་འབྱིན་པ་ལ་གཏན་ཚིགས་མ་ངེས་པ་དང་དམ་བཅའ་མ་ངེས་པ་གཉིས་འབྱུང་བའི་དང་པོ། ཁྱོད་ཀྱི་གཏན་ཚིགས་དེ་ཙམ་གྱིས་ཟ་བ་པོ་དང་གསོད་པ་པོ་སྡིག་པ་མཉམ་པར་རྟོགས་པར་བྱེད་ན། བྲེ་སྲང་ལ་གཡོ་བྱེད་པ་པོ་དང་ཉོ་བ་པོ་སྡིག་པ་མཉམ་པ་སོགས་སྐྱོན་མང་པོ་འཇུག་སྟེ། འདི་ལྟར། ཀུན་དགའ་ར་བ་ཁྲོན་པ་རྫིང་། །དེར་ནི་ལུས་ཅན་ཤི་གྱུར་ན། །བྱེད་པའི་སྐྱེད་བྱེད་ཡིན་པའི་ཕྱིར། །དེ་ལ་སྐྱོན་ནི་ཡོད་པར་འགྱུར། །གསད་བྱ་ཡོད་པས་
གསོད་ཡོད་ཀྱི། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་གསད་བྱ་གསོད་པ་གཉིས། །སྡིག་པ་མཉམ་པར་འཐོབ་པར་འགྱུར། །མཐོང་དང་ཐོས་དང་བསྣམས་བ་དང་། །རེག་དང་དྲན་པ་ཉིད་དང་ནི། །ཤ་ལ་བྱས་ནའང་ཆོས་མིན་འབྲེལ། །འདི་ལྟ་བུར་ནི་འགྱུར་བ་ཡིན། །གསལ་བར་བྱེད་པའི་ཉི་མ་དང་། །སྐྱེ་བའི་རྒྱུ་ཡི་ཕ་དག་དང་། །སྐྱོང་བ་བྱེད་པའི་མི་བདག་རྣམས། །གོས་བྱེད་པ་ཡིས་ཇི་ལྟར་ན། །ཟས་ཀྱི་བྱ་བའང་མི་རིག་ཏེ། །གང་ཕྱིར་སྐྱོན་ནི་གཉིས་འབྱུང་བ། །མ་ཟོས་པ་ལ་མ་ཡིན་ཏེ། །ཟོས་ལས་སྲོག་ཆགས་སྐྱེ་འགྱུར་ཞིང་། །དེ་དག་ཐུར་དུ་འབྱུང་བར་འགྱུར། །སྐྱེས་པ་མཉམ་འགྱུར་མ་ཟོས་ན། །མ་སྐྱེས་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་ལ། སྐྱོན་གཉིས་ནི། ཟས་ཟོས་པས་ལུས་ཀྱི་སྲོག་ཆགས་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་ཉམས་པའི་རྐྱེན་བྱེད་པའི་ཕྱིར་ཟས་ཀྱི་བྱ་བ་གང་ཡང་མི་རིགས་པར་འགྱུར་རོ། །ཞེས་པའོ། །གལ་ཏེ་རང་གིས་མ་བསད་ན་ཟོས་པ་ལ་སྐྱོན་དེ་འོང་དོན་མེད་དོ་ཞེ་ན། ཁྱོད་རང་གི་རྩ་བའི་རིགས་པ་ཁྱོད་ཉིད་ཀྱིས་བཀག་པར་འགྱུར་རོ། །གལ་ཏེ་གཞན་གྱི་རྒྱུ་མཚན་གྱིས། །སྐྱོན་དེ་ཁྱོད་ནི་མི་འདོད་ན། །གཞན་གྱིས་གསད་པར་འགྱུར་པ་ཡི། །སྡིག་དེ་སྤྱོད་པ་ག་ལ་འོང་། །ཞེས་པས་སོ། །ཁྱོད་ཀྱི་
དམ་བཅའ་དེ་བར་མ་ངེས་པ་ཁོ་ན་རེ་སྲོག་ཆགས་དེ་གསོད་པ་ལ་ལུས་ཀྱིས་བརྡེག་པ་སོགས་དང་། ངག་དང་ཡིད་ཀྱིས་གནང་བ་སྦྱིན་པ་སོགས་གང་དུ་ཡང་མ་གཏོགས་པའི་ཟ་བ་པོས་དེའི་ཤ་ཟོས་ཙམ་ལ་སྲོག་གཅོད་དུ་གཏོགས་པའི་སྡིག་པ་ཡོད་དོན་མེད་དེ། སྲོག་གཅོད་དེ་དང་འབྲེལ་བའི་བྱ་བ་གང་ཡང་མ་བྱས་པའི་ཕྱིར། དེའི་ཕྱིར་ཉན་ཐོས་རྣམས་ལ་དེ་ལྟ་བུའི་ཤ་ཟ་བ་གནང་བ་ལ་སྐྱོན་མེད་པ་ཉིད་དོ་འཆད་པ་ལ། གང་ཕྱིར་མི་བརྡེག་གནང་མི་སྦྱིན། །དེས་ན་སྡིག་དེ་ཡོད་མ་ཡིན། །དེ་ཕྱིར་ཤ་སོགས་རྗེས་གནང་བ། །སྐྱོན་མེད་པར་ནི་གཟུང་བར་བྱ། །ཤ་ཟ་བ་ནི་སྐྱོན་བཅས་མིན། །དེ་ཚེ་སྲོག་ཆགས་གནོད་མིན་ཕྱིར། །མུ་ཏིག་རྨ་བྱའི་སྒོ་སོགས་དང་། །འབྲས་དང་ཆུ་ཡི་དགོས་པ་བཞིན། །ཞེས་སོགས་བཤད་དེ། ལུང་དེ་རྣམས་རྟོག་གེ་འབར་བའི་ཡིན་ནོ། །དེ་ལྟར་བཤད་པའི་གྲུབ་དོན་ནི། ཁ་ན་མ་ཐོ་བའི་རྫས་ལ་ལོངས་སྤྱོད་པ་བཀག་ནས། ཁ་ན་མ་ཐོ་བ་མེད་པའི་རྫས་དང་ཡོ་བྱད་བསྟེན་པར་གནང་བ་ཡིན་ནོ། །བཤད་པའི་འཕྲུལ་དེ་འདྲ་བས་འགལ་མེད་དུ་མི་སྒྲུབ་པར། འགྲེལ་ཆེན་དྲི་མེད་འོད་ལས། གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མི་འབྱུང་ངོ་། །ཞེས་ཟད་བྱེད་པའི་ལུགས་བཀོད་པ་རང་གི་ཁུངས་སུ་འདྲེན་པ་ཡང་མཐོང་ལ། དེ་ལ་འཕྱས་གདགས་བའི་ཡི་གེའི་
སྣང་བས། ཕྱིན་ཆད་དུས་འཁོར་དང་སྡོམ་གསུམ་རྒྱན་འཆད་པ་དག་གིས་ཕྱོགས་སྔ་ཕྱིའི་གཞུང་དབྱེས་འབྱེད་པ་གལ་ཆེ་བར་གདའོ། །ཞེས་གསུངས། ཡང་ཁ་ཅིག་ན་རེ། འོ་ན་འོད་དཔག་མེད་དང་སྤྱན་རས་གཟིགས་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་སྐྱབས་མགོན་རྒྱལ་བ་ཡབ་སྲས། གནམ་བསྐོས་གོང་མ་རྒྱལ་པོ་སོགས་བླ་ཆེན་རྒྱལ་བློན་མང་པོ་དང་། གྲུབ་ཐོབ་ཀྱི་བརྒྱུད་པ་ཡིན་ཟེར་བའི་གསང་སྔགས་ཀྱི་རྣལ་འབྱོར་པ་གྲུབ་ཐོབ་ཕོ་མོ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་ནང་ནས། རེ་གཉིས་ཙམ་མ་གཏོགས་ཕལ་ཆེ་བ་ཞིག་གིས་སྡིག་ཟས་ཕ་མ་སེམས་ཅན་གྱི་ཤ་ཟ་བ་འདི་སྤོང་བ་ཕར་ཞོག །ཤ་ཁྲག་འདིའི་དོན་དུ་ཉིན་རེ་བཞིན་ར་ལུག་གཡག་གསུམ་སོགས་སེམས་ཅན་བརྒྱ་སྟོང་མང་པོ་བཤན་པ་སོགས་ལ་གསོད་དུ་འཇུག་པ་འདི་ཅི་འདྲ་ཞིག་ཡིན། སངས་རྒྱས་ཀྱི་བཅས་པ་འདི་ལ་མཐོ་དམན་ལ་ཁྱད་ཨེ་ཡོད། བཙན་པོ་རྣམས་ཀྱིས་བསྲུང་མི་དགོས་གཉོམ་ཆུང་གིས་བསྲུང་དགོས་པ་འདྲ་ཨེ་ཡིན། ཡང་ན་སྐྱོན་གྱིས་མི་གོས་པའི་གདེངས་ཅི་ཞིག་ཡོད། རང་ལ་སྐྱོན་གྱིས་མི་གོས་ན་ཡང་། གཞན་ཕ་མ་སེམས་ཅན་རྣམས་ཤ་ཡི་ཕྱིར་དུ་ཤན་པ་སོགས་ལ་གསོད་དུ་འཇུག་ཕོད་དམ། སེམས་ཅན་དེ་དག་གསོད་པའི་དུས་སྡུག་
བསྔལ་མྱོང་བ་མཐོང་ཞིང་ཐོས་བཞིན་དུ་སྙིང་མི་རྗེའམ། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ་གསུངས་པ་དེ་བདེན་ན། ཆོས་ཀྱི་རྩ་བ་འདི་ནས་འཛུགས་དགོས་པས། དེས་སྙིང་རྗེ་ཆེན་པོའི་སྒོ་ནས་ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་སྡིག་ཟས་ཕ་མའི་ཤ་ཁྲག་ཟ་བ་འདི་གཏན་ནས་དུག་བཞིན་དུ་སྤོང་བར་རིགས་སོ་ཟེར་ན། དེ་ཡི་རྒྱུ་མཚན་ཅུང་ཟད་ཙམ་ཞིག་བཤད་ཀྱིས་ལེགས་པར་ཉོན་ཅིག །འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་བའི་མཛའ་བཤེས་ཆེན་པོ་སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་ནི་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཡིན་པས། ཆོས་ཀྱང་སེམས་ཅན་རྣམས་ཀྱི་བློ་ཁ་དང་འཚམ་པར་བསྟན་ནས་སེམས་ཅན་རྣམས་བདེ་ལ་འགོད་པ་ཡིན་ལ། དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་མི་ནག་པ་ཐ་ཆད་ཤན་པ་ལྟ་བུ་ཞིག་ལ། ཁྱོད་ཀྱིས་ཤ་མ་ཟ་ཞེས་གསུངས་ན་གཏན་ནས་མི་ཉན་པར་མ་ཟད། ཤ་ཡི་ཕྱིར་དུ་ཁྱོད་ཀྱིས་ལག་བརྡར་ནས་སྲོག་མ་གཅོད་ཅེས་བཤད་ན་ཡང་མི་ཉན་པའི་རིགས་ཀྱང་ཡལ་བར་མི་འདོར་བར་དེའི་ཚོད་ཀྱི་ཆོས་བསྟན་ནས་རྗེས་སུ་འཛིན་ཚུལ་ནི། ཐོག་མར་ཤན་པ་དེ་ལ་མཁོ་བ་སྦྱིན། སྙན་པར་སྨྲས་ནས་སེམས་དགའ་བར་བྱས། དེ་ནས་བཞིན་འཛུམ། ཞལ་ནས་སྤྱིར་སྡིག་པ་སྣ་རེ་སྤངས་པ་དང་། དགེ་བ་སྣ་རེ་བསྒྲུབས་ན་ཡང་ཕན་ཡོན་ཆེ་ཚུལ་དང་། ཁྱད་པར་ཉིན་རེ་ཙམ་ལ་སྲོག་གཅོད་པ་སྤངས་ན་
ཡང་ཚེ་འདིར་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་། མཐར་ཐུག་སངས་རྒྱས་ཚེ་དཔག་མེད་ལྟ་བུའི་གོ་འཕང་འཐོབ་པས། ཁྱོད་ཀྱིས་དུས་རྒྱུན་དུ་ཤ་དང་སྲོག་གཅོད་སྤོང་མ་ནུས་ན་ཡང་། བཅོ་ལྔ་འམ། གནམ་གང་། ཚེས་བརྒྱད་ཙམ་རེར་སྲོག་གཅོད་མ་བྱེད་དང་བཟང་ཞེས་གསུངས་ནས། དེ་ཙམ་གྱིས་དགེ་བ་ལ་བཀོད་ནས་རྒྱུད་ལ་རྣམ་དཀར་གྱི་དགེ་བ་འཇོག་པ་ཡིན། དེ་བས་བློ་མཐོ་བ་ལ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་སྟེར། དེ་ལས་དྲག་ཙམ་ལ་སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་སྣ་གཅིག་གམ། སྣ་འགའ་ཙམ་དང་། ཡོངས་རྫོགས་དགེ་བསྙེན་ཙམ་སྟེར། ཡང་ཁྱིམ་ནས་རབ་ཏུ་བྱུང་བ་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་བླངས་ནས་བསྲུང་ནུས་པ་རྣམས་ལ་དེ་རྣམས་ཀྱི་གང་རུང་བྱིན་ནས་སྲུང་དུ་འཇུག །དེའི་དུས་སུ་ཤ་གཏན་ནས་ཟ་མི་རུང་ཞེས་བཅས་པ་མཛད་ན། ཤའི་སྲེད་པ་ཅན་རྣམས་ཀྱིས་ཤ་ཟ་རྒྱུ་མེད་ན་རབ་ཏུ་བྱུང་མི་ཐུབ་སྙམ་བསྟན་པ་ལ་མི་འཇུག་གིས་དོགས་ནས། ཐོག་མར་རྨིག་ཟླུམ་དང་མི་ཤ་ལ་སོགས་པའི་ཤ་ཁ་ཤས་མ་གཏོགས། གཞན་རྨིག་པ་ཁ་ཕྲག་སོགས་ཀྱི་ཤ་ཟ་ཆོག་ཅེས་ཤའི་བཅས་པ་དེ་ཙམ་ལས་མ་མཛད། དེ་ནས་ཡང་བློ་མཐོར་སོང་བ་རྣམས་ལ་རྨིག་པ་ཁ་
ཕྲག་སོགས་གང་ཡིན་ན་ཡང་། མཐོང་ཐོས་དོགས་པ་མེད་པ་སྟེ་རྣམ་གསུམ་དག་པའི་ཤ་མ་གཏོགས་གཞན་དམིགས་ཤ་དང་། ཉིན་ཤ་སོགས་ཟོས་མི་ཆོག་པའི་བཅས་པ་མཛད། དེ་ནས་ཡང་བློ་མཐོ་བ་ཐེག་པ་ཆེན་པོའི་རིགས་ཅན་སྙིང་རྗེ་ཆེན་པོ་ཅན་རྣམས་ལ་འགྲོ་དྲུག་ཚེ་སྔོན་གྱི་ཕ་མ་ཡིན་ཞེས་ཐེག་ཆེན་སེམས་བསྐྱེད་ལེན་དུ་བཅུག་ནས། ཤ་ཐམས་ཅད་ཕ་མའི་ཤ་ཡིན་པས་རང་གར་ཤི་བའི་ཤ་ཡང་ཟ་མི་རུང་ཞེས་ཤ་གཏན་ནས་ཟ་མི་ཆོག་པའི་བཅས་པ་མཛད་པ་ཡིན་ལ། དེ་ལྟ་བུའི་ཐེག་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གཞན་ལ་ཕན་ཕྱིར་སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ནས་ཤ་གཏན་ནས་མི་ཟ་བ་ཡིན་ནོ། །དེས་ན་སངས་རྒྱས་ཀྱི་བཅས་པ་ནི་གང་ཟག་གི་བློ་ཁའི་ཆེ་ཆུང་གི་དབང་གིས་སྐས་ཀྱི་རིམ་པ་བཞིན་བཅས་པ་ལ་མཐོ་དམན་མང་པོ་ཡོད་པ་ཤེས་དགོས་པ་ཡིན། དེ་ལ་ཡང་སོ་ཐར་བྱང་སེམས་སྔགས་སྡོམ་གང་གི་སྐབས་སུ་དམིགས་བསལ་ཡོད་དེ། དཔེར་ན་དགེ་སློང་རྒན་པ་རླུང་གིས་འཆི་བ་དང་། བྱང་ཆུབ་སེམས་དཔའི་སྐུ་བསྙུང་ལུས་ཟུངས་ཟད་ནས་གཤེགས་ལ་ཉེ་བ་དང་། གསང་སྔགས་ཀྱི་རྣལ་འབྱོར་བ་རྩ་རླུང་ལས་སུ་རུང་ནས་བདེ་སྟོང་གི་གྲོགས་སུ་སོང་ནས། མཆོག་གི་དངོས་གྲུབ་ལ་སྦྱར་བ་རྣམས་ལ་དམིགས་བསལ་ཡོད་པར་གསུངས་པས་ཟོས་ན་སྐྱོན་མེད་དོ། །དེས་
ན་གནང་བཀག་གི་ས་མཚམས་ཤེས་ན་ཤ་ཟ་དགོས་དུས་ཟ་ཆོག །མི་དགོས་དུས་སུ་བཞག་ན་ཡང་ཡོང་བས། གུ་དོགས་པོ་དེ་འདྲ་མཛད་མི་དགོས། ལྷག་པར་རྒྱལ་བ་ཡབ་སྲས་ལྟ་བུའི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་། བླ་མ་གྲུབ་ཐོབ་རྣམས་ལ་སངས་རྒྱས་ཀྱིས་བཅས་པ་མཛད་པ་མ་ཡིན། རང་རེ་སོ་སོའི་སྐྱེ་བོ་ཉོན་མོངས་རང་དགར་སྤྱོད་པ་རྣམས་ལ་དེ་མི་རུང་ཞེས་བཅས་པ་མཛད་པ་ཡིན་པས། ཁོང་རྣམས་ཀྱིས་གང་མཛད་ལ་དད་གུས་དག་སྣང་མ་བྱུང་ན་ཡང་ཁ་གཏོང་མི་རུང་། ཡང་ཁོང་ཚོས་དེ་འདྲ་མཛད་ན་ངེད་ཚོ་སྨོས་ཅི་དགོས། ཞེས་སེང་གེ་མཆོངས་སར་ཝ་སྐྱེས་མཆོང་མི་རུང་བས་གཟབ་འཚལ། གཞན་ཡང་རང་འདོད་ཀྱི་འཁྲི་བ་མེད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱིས་ཤ་གནང་བ་ཙམ་དུ་མ་ཟད། སྐབས་སྐབས་གཞན་ལ་ཕན་ན་ལུས་ངག་གི་ལས་བདུན་གནང་བའི་སྐབས་ཀྱང་ཡོད་པས། དེང་སང་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཕལ་ཆེ་བ་ཞིག་གིས་ཤ་སྨོས་ཅི་དགོས། སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་རྣམས་ལ་མི་འཛེམ་པར་སྤྱོད་པ་ལྟ་བུ་ལ་ཡང་གཞན་ལ་ཕན་པའི་དགོས་པ་གང་ཡོད་མི་ཤེས་སྙམ་དུ་ལོག་ལྟ་མི་བྱེད་ཅིང་། དེ་ཡི་ལན་མོ་ཡང་བྱེད་མི་དགོས། དེས་
ན་འཇམ་དབྱངས་དང་སྤྱན་རས་གཟིགས་འོད་དཔག་མེད་ཀྱི་རྣམ་འཕྲུལ་གོང་མ་རྒྱལ་པོ་རྒྱལ་བ་ཡབ་སྲས་སོགས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། སྔགས་ཀྱི་སྒོ་ནས་གྲུབ་པ་ཐོབ་པ་རྣམས་གོང་ཕུད་དུ་གཏོང་དགོས། དེ་མ་ཡིན་པའི་སོ་སོའི་སྐྱེ་བོ་ང་དང་ང་ལྟ་བུའི་གང་ཟག་གིས་སངས་རྒྱས་ཀྱིས་བཅས་པ་གང་མཛད་པའི་གནང་བཀག་གི་ས་མཚམས་ཤེས་པར་བྱས་ནས་འཛོལ་མེད་དུ་སྤྱོད་དགོས། འོན་ཀྱང་བླ་མས་བྱ་གསོད་ན་ཉེ་གནས་ཀྱིས་སྒོ་ང་གཅོག་ཟེར་བའི་དཔེ་ལྟར། དེང་སང་བླ་མས་ཅི་མཛད་ཕལ་ཆེར་སློབ་མས་ཀྱང་བྱས་ཡོང་བས། དུས་ངན་འདིར་ས་ཐོབ་ཀྱི་བླ་མ་སྐྱེས་ཆེན་གྲུབ་ཐོབ་རྣམས་ཀྱིས་ཀྱང་རྗེས་འཇུག་རྣམས་ལ་ཕན་ཕྱིར་སྙིང་རྗེ་ཆེན་པོའི་སྒོ་ནས་སེམས་ཅན་ལ་འཕྲལ་ཕུགས་གང་དུ་ཕན་པའི་མཛད་བཟང་ཡང་དག་པ་བསྟན་དུ་གསོལ་ཞེས་གསོལ་བ་འདེབས་པ་ལགས་སོ། །ཡང་ཁ་ཅིག་ན་རེ། སྔགས་པ་རྣམས་ལ་དར་བའི་སྦྱོར་སྒྲོལ་ཟེར་བ་འདི་ཆོས་ལོག་ཡིན། འདོད་ཆགས་ཀྱི་སྦྱོར་བ་བྱས་ནས་འཚང་རྒྱ་ན། ཁྱི་དང་ཕག་པ་བོང་བུ་གླང་བུ་སྨད་འཚོང་མ་དང་རྒད་པོ་འདོད་ཆགས་ཅན་ཚོ་སྔོན་ནས་གྲོལ་ཏེ་མ་གྲོལ་འདུག །སྲོག་ཆགས་བསྒྲལ་བས་སངས་རྒྱས་ན་སྔོན་ལ་ཉ་པ་ཤན་པ་འཇིག་རྟེན་ན་མི་གསོད་རྣམས་ཀྱང་སངས་རྒྱས་པར་གདའ། དེ་འདྲའི་ཆོས་ལོག་རྣམས་
རྒྱང་རིང་དུ་དོར་བར་བྱ་དགོས་སོ་ཟེར་རོ། །དེ་ལ་རྒྱུ་མཚན་བཤད་པར་བྱ་སྟེ། དེ་ལ་གཞན་ལ་ཕན་པའི་དགོས་པ་མེད། གསང་སྔགས་ཀྱི་ཐབས་ཀྱིས་མ་ཟིན་པར་སྦྱོར་སྒྲོལ་སྒྲ་ཇི་བཞིན་པར་རང་དགར་འཇིག་རྟེན་བ་ལྟར་སྤྱད་ན་ལོག་པ་ཡིན་ལ། སྙིང་རྗེ་ཆེན་པོའི་སྦྱོར་བ་ནི་བྱང་ཆུབ་སེམས་དཔས་ཀྱང་སྤྱོད་པ་ཡིན་ཏེ། མདོ་ལས། བྲམ་ཟེ་ཁྱེའུ་བླ་མས་ཚོང་དཔོན་གྱི་བུ་མོ་འདོད་ཆགས་ཀྱིས་འཆི་ལ་ཉེ་བ་ལ་སྙིང་རྗེ་ནས་མི་ཚངས་པ་སྤྱད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བཤད། དེ་འདྲའི་རིགས་ལ་མདོ་ནས་སྐྱོན་མེད་པར་གསུངས་ལ། གསང་སྔགས་བླ་མེད་ཀྱི་སྐབས་སུ་ཐབས་ཀྱིས་ཟིན་ན། རྒྱུད་ལས། མ་དང་སྲིང་མོ་བུ་མོ་ལ། །བསྒྲོད་ན་མྱུར་དུ་འགྲུབ་པར་འགྱུར། །ཅེས་སོགས་བརྒྱ་དགོས་ན་སྟོང་འདུག་པས་མང་པོ་སྨོས་ཅི་དགོས། ཡང་སྙིང་རྗེས་སྒྲོལ་བ་ནི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་མང་པོའི་ཚོགས་རྫོགས་པར་གསུངས་པས་གསལ་ལོ། །གསང་སྔགས་ནས་ཞིང་བཅུ་ཚང་བའི་བསྟན་དགྲ་ནི་བསྒྲལ་བར་གསུངས་ཏེ། གསང་བ་སྙིང་པོ་ལས། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ལ་རྡོ་རྗེ་ཕུར་པས་
གདབ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་གསུངས་པ་ལྟར། གཟུགས་བརྙན་ལ་དགྲ་བོ་དེའི་བླ་བཀུགས་ནས་སྒྲོལ་བར་གསུངས། ཞིང་བཅུ་ནི་འདྲེན་ལུགས་མང་ཡང་། འདིར་གོ་བདེ་བ་ནི། ཀློང་རྡོལ་བླ་མ་རིན་པོ་ཆེས། སངས་རྒྱས་བསྟན་པ་བཤིག་དང་གཅིག །དཀོན་མཆོག་དབུ་འཕང་སྨད་པ་གཉིས། །དགེ་འདུན་དཀོར་ནི་འཕྲོག་པ་གསུམ། །ཐེག་ཆེན་སྨོད་ཅིང་སུན་འབྱིན་བཞི། །བླ་མའི་སྐུ་ལ་བསྡོ་བ་ལྔ། །རྡོ་རྗེ་སྤུན་སུན་འབྱིན་པ་དྲུག །སྒྲུབ་ལ་བར་ཆད་བྱེད་པ་བདུན། །བརྩེ་བ་སྙིང་རྗེ་གཏན་མེད་བརྒྱད། །དམ་ཚིག་སྡོམ་པ་བྲལ་བ་དགུ། །ལས་འབྲས་ལོག་པར་ལྟ་བ་བཅུ། །དེ་དག་བསྒྲལ་བའི་ཞིང་བཅུའོ། །གསུངས། འོ་ན་དེ་ཅི་ལྟར་སྒྲོལ་ཟེར་ན། སྔགས་པ་ཞེ་སྡང་ཅན་གྱིས་རྫས་ཅན་དུ་མས་ས་སྣ་ཆུ་སྣ་ཧྲུལ། སྡེ་བརྒྱད་སོགས་ལ་གཏད་ནས་རང་གཞན་གཉིས་ཕུང་བྱེད་པ་ལྟ་བུ་མ་ཡིན་གྱི། སྔགས་པ་སྙིང་རྗེ་ཅན་གྱིས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ལྷ་སྔགས་ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲལ་བར་གསུངས་ཏེ། ཕུར་པ་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་བསྟིམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །གསུངས་པ་ལྟར།
བྱམས་སྙིང་རྗེ་སྔོན་དུ་བཏང་ནས་རང་ལྷར་གསལ། ཕུར་པ་སྲས་མཆོག་ཏུ་གསལ། དེ་ནས་བཀའ་སྡོད་ཆོས་སྐྱོང་རྣམས་བཀྱེ་ནས་དགྲ་བགེགས་བཀུག་ནས་བསྟིམས་པས། དགྲ་བགེགས་དངོས་སུ་གསལ་བར་བྱས། ཕུར་པ་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་བབ། དགྲ་བགེགས་ཀྱི་ལས་ཉོན་སྒྲིབ་གཉིས་བག་ཆགས་དང་བཅས་བ་སྦྱངས། རྣམ་ཤེས་ཨཱཿདཀར་པོའི་རྣམ་པར་ཕུར་པའི་ཁོང་གསེང་བརྒྱུད་ནས་ཡར་དྲངས། ཡི་དམ་ལྷའི་ཐུགས་ཀར་འཕངས་ནས་ཐུགས་ཆོས་ཀྱི་སྐུ་ལ་དབྱེར་མེད་དུ་བསྟིམས་ནས་ལྟ་བའི་དགོངས་པ་ལ་མཉམ་པར་བཞག་པས་ཆོས་སྐུར་སངས་རྒྱས། ཚེ་བསོད་ལྷག་མ་ནྲཾ་ཡིག་གི་རྣམ་པར་ཚུར་བསྡུས་ནས་རང་ལ་བསྟིམས་པས་ཚེ་དང་བསོད་ནམས་རྒྱས། ཤ་ཁྲག་རྣམས་བདུད་རྩིར་བྱིན་གྱིས་བརླབས་ནས། དམ་ཅན་ཆོས་སྐྱོང་ལ་ཕུལ་བས་ཚིམ་སོང་སྙམ་པའི་དམིགས་པ་ལ་བརྟེན་ནས་སྒྲོལ་བར་གསུངས་ལ། དེ་ལྟར་བསྒྲལ་ན་ཉེས་པ་མེད་པར་མ་ཟད་འཚེངས་བ་གསུམ་འབྱུང་སྟེ། རྣམ་ཤེས་དྲངས་པས་དགྲ་བགེགས་འཚེངས། །ཤ་ཁྲག་མཆོད་པས་ཆོས་སྐྱོང་འཚེངས། །ཚེ་བསོད་ལྷག་མས་རྣལ་འབྱོར་འཚེངས། །འཚེངས་
པ་གསུམ་ཞེས་དེ་ལ་བཤད། །ཅེས་སྔགས་འཆང་རྣམས་ཀྱིས་བཤད་ལ། དེ་བཞིན་དུ་དགེ་བཤེས་སོག་བཟློག་པས། སྦྱོར་སྒྲོལ་ལ་སོགས་པ་གསར་རྙིང་གཉིས་ཀ་ནས་མཐུན་པར་བཤད། བམ་སྒྲུབ་ཀྱང་རོ་ལངས་གསེར་སྒྲུབ་ཅེས། མཁའ་སྤྱོད་ལ་སོགས་པའི་གྲུབ་ཆེན་བརྒྱད་གསར་མའི་རྒྱུད་དུ་བྱུང་། བདུད་རྩིའི་རིལ་བུ་སྒྲུབ་པ་ལ་ཡང་། རྙིང་མ་བ་སྨན་སྒྲུབ་ཟེར་བས། དོན་དུ་འདྲ་ཡང་སྤྱོད་ཚུལ་དེ་རྣམས་དངོས་གྲུབ་སྒྲུབ་པ་ལ་སོགས་པའི་སྐབས་སུ་དགོས་གསུངས། གཞན་ཡང་བཀའ་ཐང་ལས། སྔགས་པ་བླ་མས་དམ་ཚིག་བསྒྲགས་པ་དང་། །རྒྱུད་ནས་ཇི་སྐད་བཤད་པ་བཞིན་དུ་གྱིས། །སྐོམ་དུ་ཆང་གསོལ་དགེ་འདུན་དཀོར་མ་འབགས། །ཟས་སུ་ཅི་དགར་ལོངས་སྤྱོད་དུག་མ་ཟ། །གོས་སུ་དཀར་དམར་ནག་པོ་སྔགས་ཆས་གྱིས། །གནས་སུ་སྒྲུབ་ཁང་ཟུང་ལ་ཡོན་ཏན་སྤེལ། །བསྟན་པ་བསྲུང་ཕྱིར་སྒྲུབ་པ་དང་དུ་ལོངས། །ཞེས་དང་། མཐུ་གཏད་བུ་ལོན་བཞིན་དུ་བསྙེགས་དུས་འབྱུང་། །བསྟན་པ་བསྲུང་ཕྱིར་ཕྱི་རབས་སྔགས་པ་རྣམས། །སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན། །དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམས། །ལྷ་འདྲེ་མ་རུངས་ཡིད་ཀྱི་གཟུགས་ཅན་ལ། །ཤ་ཡི་མི་ངན་མཐིལ་བརླག་གཏོང་བྱེད་ན། །
སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུར། །སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲ། །སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབ། །ལས་སུ་མཐུ་སྒྲུབ་བྲན་དུ་ལྷ་འདྲེ་བཀོལ། །ནོར་དུ་རྫས་གསོག་མཚོན་དུ་ཀླུ་གཏད་རྒྱོབ། །སྲིད་དུ་ལིངྒ་ཆོས་ལ་མནན་པ་གྱིས། །ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན། །གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོས། །མཐུ་དང་ཆོས་སུ་ལྡན་པའི་འགྲོ་དོན་གྱིས། །གསུངས། གཞན་ཡང་རྗེ་བཙུན་ཆེན་པོ་ཏཱ་ར་ན་ཐའི་རྣམ་ཐར་མ་བཅོས་ལྷུག་པའི་རྟོགས་བརྗོད་ལས། ཡང་འདི་ན་གང་དག་བསྟོད་མི་ཤེས་ཀྱིས་བསྟོད་པ་དང་། སྨད་མི་ཤེས་ཀྱིས་སྨད་པ་ཟེར་བ་དེ་འདྲ་ཞིག་ཡོང་གིན་གདའ། ཁོ་བོ་སྨད་པའི་ཁུངས་ཀྱིས་མངོན་སྤྱོད་ཀྱི་ལས་བྱས་སོ་ཞེས་སྟོད་སྨད་འདི་ཚོ་ན་ཡང་ཡང་ཟེར་བ་འདུག །དེ་རྣམས་ལ་སྨྲས་བ། རེ་ཞིག་ངན་སོང་སྦྱོང་རྒྱུད་ལས། གླེན་པས་དཀོན་མཆོག་གསུམ་སྨོད་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཆོས་མིན་ལྡན་དང་སྡིག་སྤྱོད་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་
ཀྱིས་གསད། །ཅེས་བསྒྲལ་བར་བྱ་བའི་ཡུལ་བདུན་ལ་གསད་ལས་བྱ་བར་གསུངས། དགྱེས་རྡོར་ལས་ཀྱང་། བསྟན་ལ་གནོད་པ་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ནི། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་གསད་པར་བྱ་བ་ཉིད། །ཅེས་གསུངས། དཔལ་གསང་བ་འདུས་པ་ལས་ཀྱང་། མ་དད་སྨྲ་བའི་སེམས་ཅན་དང་། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །གདུག་བའི་སེམས་ཅན་གཞན་ལ་ཡང་། །རབ་ཏུ་བསྐུལ་བ་འདི་བྱའོ། །ཞེས་དང་། མགོན་པོ་དེ་ཡིས་བསླུ་བ་ཡིས། །ལུས་ཅན་ཐམས་ཅད་འཇིག་མཛད་ཀྱང་། །ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་། །བྱང་ཆུབ་ལམ་ནི་རྙེད་མི་དཀའ། །ཞེས་གསུངས། དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དཔལ་རྡོ་རྗེ་ཁྲོ་བོའི་རྒྱུད་ལས། ཨེ་མ་ཧོ་གསོད་པ་འདི་ནི་བཟང་། །ཇི་སྲིད་སྡིག་པ་དག་ལས་གྲོལ། །སྡིག་པ་སྟོང་ཕྲག་བྱས་པ་ཡང་། །མནར་མེད་ལ་སོགས་མི་སྐྱེའོ། །ཞེས་མངོན་སྤྱོད་ཀྱི་ལས་ནི་གཞན་ཕན་འགྲོ་དོན་མཆོག་ཏུ་བཤད། བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྤྱོད་པ་ཅན་རྣམས་ཀྱིས་ཐབས་མཁས་ཆེན་པོ་ཅིག་ཡིན། རྒྱུད་སྡོམ་པ་གསུམ་པ་ལས་ཀྱང་། གདུག་པ་རྣམས་ལ་བཟློག་སྟེ་བྱ། །དངོས་སུ་འམ་ཡང་ན་སྔགས་སམ་གཞན། །འཕྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་
གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མི་བྱེད་དེ་ཡིས་ནི། །ངེས་པར་དམ་ཚིག་ཉམས་པར་འགྱུར། །གདོན་དང་ལོག་འདྲེན་དག་གིས་ཀྱང་། །ངེས་པར་འཆི་སྟེ་དམྱལ་བར་ནི། །ཡུན་རིང་སྡུག་བསྔལ་གྱིས་གདུངས་ཏེ། །དེ་བས་ནན་ཏན་ལྡན་པ་རུ། །བཟོད་པ་མི་བསྐྱེད་སྙིང་རྗེ་ཡིས། །སྔགས་ཀྱིས་ངེས་པར་གསད་པར་བྱ། །ཞེས་མ་རུངས་པ་ལ་དྲག་ལས་མ་བྱས་ན་དམ་ཚིག་ཉམས་འགྲོ་བར་བཤད། དེ་བཞིན་དུ་རྒྱུད་གཞན་ལས་ཀྱང་། རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཐེག་པ་ཆེན་པོར་སུན་འབྱིན་དང་། །མི་གང་སྔགས་ཀྱི་རྒྱུད་དག་གི །སྦྱོར་བ་ལ་ནི་འཆའ་བྱེད་པ། །ནན་ཏན་བསྐྱེད་དེ་བསད་པའམ། །ཡང་ན་གནས་ནས་བསྐྲད་པར་བྱ། །ཞེས་གསུངས། རྩ་ལྟུང་བཅུ་བཞིའི་ནང་ན། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་བྱ་བ་ཞིག་མི་གདའ་འམ། གདུག་པ་ཅན་ལ་སྙིང་ཉེ་བར་བྱས་ན་རྩ་ལྟུང་ཡིན་པར་བཤད། དེའི་ཤུགས་ལ་མངོན་སྤྱོད་མ་བྱས་ན་ཉེས་པ་དང་། བྱས་ན་ཕན་ཡོན་འབྱུང་ཟེར་བ་ཞིག་ཡོད་པ་ཡིན། མི་ནག་པ་ཆོས་ལ་སོལ་ཕྱེ་ལས་གནག་བ། དབང་འདྲ་ཡོད་བས་དཀོན་མཆོག་གི་དབུ་འཕང་སྨོད་པ་རྣམས། མངོན་སྤྱོད་ཀྱི་ཡུལ་ཡིན་པ་སྨོས་ཅི་དགོས། ཆོས་པའམ་དགེ་
བཤེས་སུ་རྫུ་བ། བསྟན་པ་དང་སེམས་ཅན་ལ་གནོད་པ་རང་བྱེད་པ་འདི་ཀུན་ཀྱང་བསྒྲལ་བར་བྱ་བའི་ཡུལ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྷརྨ་རཀྵི་ཏས་ཀྱང་། བཟང་པོ་ལྟ་བུར་ཀུན་གྱིས་བཅོས་ན་ཡང་། །ལོག་ལྟའི་ནགས་སུ་བདག་ལྟ་འཁྲུག་པ་ཡིས། སྟག་མོ་བུ་ཟན་ལྟ་བུར་འཇིགས་པ་དེ། །བཀའ་སྡོད་སྲུང་མ་རྣམས་ཀྱིས་བསྒྲལ་བྱ་ཡིན། །ངུར་སྨྲིག་གོས་ཅན་ཞི་དུལ་མཛེས་གྱུར་ཀྱང་། །བྱི་ལ་བཞིན་དུ་བསམ་པ་མ་རུངས་པའི། །དམ་པའི་གཟུགས་བརྙན་གསོ་རུ་མེད་པ་དེ། མ་མོ་རྣམས་ཀྱི་ཁ་རུ་གདབ་བྱ་ཡིན། །ཁྲི་ཕྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང་། །ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི། །ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེ། །གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ་བྱ་ཡིན། །ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང་། །ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང་། །སྤང་བླང་ཐམས་ཅད་ཁྱད་དུ་གསོད་པ་དེ། །དྲང་སྲོང་རྣམས་ཀྱིས་དམོད་པས་གདབ་བྱ་ཡིན། །རྟགས་དང་ལྡན་ཡང་ཚུལ་ཁྲིམས་མི་བསྲུང་ཞིང་། །འདོད་པའི་ལས་ལ་སྣང་བ་འབྱམས་གྱུར་ནས། །དམ་པ་རྣམས་ལ་སྒྲོ་སྐུར་འདེབས་པ་དེ། །མཁའ་འགྲོ་རྣམས་ཀྱིས་ཕ་རོལ་བསྒྲལ་བྱ་ཡིན། །རྙེད་པའི་ཆེད་དུ་དམ་པའི་གཟུགས་བཟུང་ནས། །ཁྱི་ཕག་བཞིན་དུ་འདོད་ཡོན་འཇོལ་
ཉོག་བྱེད། །སྔགས་སུ་ཁས་བླངས་ཐམས་ཅད་བསླུ་བ་དེ། །རྡོ་རྗེ་འཛིན་པའི་ཐབ་ཏུ་གཞུག་བྱ་ཡིན། །ཐེག་ཆེན་སྐད་དུ་ལས་འབྲས་ཁྱད་གསོད་ཅིང་། །སྟོང་པའི་རྦད་ཀྱིས་འཁོར་ཚོགས་བསླུ་བ་ཡི། །འགོང་པོ་བཞིན་དུ་ཅི་རུ་རྫུ་བ་དེ། །དམ་ཚིག་ཅན་གྱི་སྔགས་ཀྱིས་གསད་བྱ་ཡིན། །འདི་ལྟར་སོ་སོ་ཐར་པ་ཕར་ཞོག་གི །རང་ཉིད་ངན་འགྲོ་ཆེན་པོར་འགྲོ་དགོས་ཀྱང་། །བསྟན་པ་འཇིག་པའི་དགྲ་བགེགས་མི་སྒྲོལ་རི། །དམ་ཉམས་ཕ་རོལ་དགྲ་བགེགས་བསྒྲལ་བར་བྱ། །ཞེས་འབྱུང་། གཞུང་འདི་བྱང་ཆུབ་སེམས་དཔའི་བློ་སྦྱོང་གི་གཞུང་ཡིན། བྱང་ཆུབ་སེམས་ཀྱི་མངའ་བདག་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་རྩིས་སུ་མཛད་པ་ཡིན་པས། མངོན་སྤྱོད་དང་བྱང་ཆུབ་ཀྱི་སེམས་འགལ་མི་འགལ་བསམ་མནོ་ཐོངས། གལ་ཏེ་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་མངོན་སྤྱོད་བྱར་མི་རུང་ན། རྒྱུད་སྡེ་བཞི་པོ་ཐམས་ཅད་ནས་བསད་བསྐྲད་དབྱེ་བ་རྨོངས་རེངས་ཕུར་གདབ་ཀྱི་ལས་མཐའ་ཡས་པ་ཞིག་གསུངས་པ་ཐམས་ཅད་དགོས་མེད་དུ་ཐལ་བས་སེར་རྒྱག་གམ་ཅི། ཁོ་བོ་ཅག་ཏ། དར་མ་མདོ་སྡེ་ལ་སོགས་པ་རྡོ་རྗེ་འཛིན་པའང་བཅུ་གསུམ་བསྒྲལ་ཟེར་བ་དེའི་མི་བརྒྱུད་ཡིན། མཚན་ཉིད་པ་སྐམ་པོ་ཚོ་ཡང་མཐུ་བ་སྡིག་བྱེད། གདམས་
ངག་ཐོར་བུ་རེ་ཞུས་ཞག་ཤས་མཚམས་ཙམ་བྱས་པ་ཚོ་ཡང་། སྔགས་ནུས་ཀྱི་ཁུར་འདྲ་ལེན་ན། ངས་མངོན་སྤྱོད་བྱས་རང་བྱས་ན་ཡང་། ཕ་ཚེ་བུ་རབས་ཀྱི་ལས་ཀ་སྲིད་པ་བསྐོས་བསྐོས་པ་དེ་ཀ་ཡིན། ཞེས་གསུངས་པ་སོགས་ལུང་ཤིན་ཏུ་མང་ངོ་། །དེས་ན་ཆོས་ཀྱི་གནད་ཤེས་ན་སྔགས་པ་ཧོམ་ཁུང་ཁའི་ཡང་སངས་རྒྱ་བར་གསུངས་པས། གང་ལ་ཡང་ཁ་མི་གཏོང་བར་དག་སྣང་བྱའོ། །ཐ་ན་སྡིག་ཅན་ཤན་པ་ཐམས་ཅད་ལ་དོན་དག་གང་ཡང་མེད་བཞིན་དུ་སྤྱི་བསྡུས་བྱས་ཁ་གཏོང་མི་རུང་སྟེ། དེའི་ནང་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པའང་ཡོད་སྲིད་དེ། སྔོན་རྒྱལ་སྲས་ཐོགས་མེད་རིན་པོ་ཆེ་དངུལ་ཆུ་ཆོས་རྫོང་ན་བཞུགས་དུས། རྒྱལ་སྲས་རིན་པོ་ཆེ་དང་བླ་མ་གཞན་གཅིག་གཉིས་ཀ་དུས་མཉམ་དུ་བྱུང་བས། བླ་མ་དེས་ཡུལ་ཕྱོགས་ཀྱི་དཀོར་ཐམས་ཅད་བསྡུས་ནས་སླར་འཆི་དུས་སུ་ངའི་ནོར་གྱི་ཆ་གཅིག་རྒྱལ་སྲས་དངུལ་ཆུར་ཕུལ་ཞེས་ཤི་བས། དེ་ལྟར་བྱས་པས། རྒྱལ་སྲས་ཉེ་གནས་ཀྱིས་བླངས་ནས་ཕུལ་བས། རྒྱལ་སྲས་ཀྱིས་དེ་མ་ལེན་ཞིག །ང་ལ་འདྲེན་སྐལ་མེད་གསུངས། ཉེ་གནས་ཀྱིས་མ་ཉན་པར་རྒྱུན་ལྡན་བྱུ་རུ་ཕྱེད་ཚལ་རེ་བྱུང་བ་ལ་དགྱེས་བཞིན་དུ་བསྔོ་སྨོན་མཛད། ད་ལན་དངོས་པོ་འདི་ཚན་ཙམ་ཡོང་མ་མྱོང་བས། བསྔོ་སྨོན་མཛད་དགོས་ཞུས་པས། བསྔོ་སྨོན་རྒྱ་ཆེན་
མཛད་ནས་དངོས་པོ་དེ་ཀུན་ལྕགས་སུ་བསྒྱུར་ནས། སྟ་རེ་སྟེའུ་སོགས་ལག་ཆ་མང་དུ་སྟ་གོན་གྱིས་ཤིག་ཅེས་བསྒོ་བས། ཉེ་གནས་ཀྱིས་དེ་བཞིན་ཚར་བ་ལས། ལོ་འགའ་ལོན་ནས་ཡུལ་དེ་དང་ཉེ་བའི་ཐང་མཚམས་སུ་བྲག་ཆེན་པོ་ཞིག་ལ་ཕྱག་བཙུགས་ནས་འདིར་རྣ་བ་ཉོན་དང་གསུངས་པས། ཉན་ཙ་ན་འཚེར་སྒྲ་དང་འུར་སྒྲ་ཆེ་བས། ཅི་ལགས་ཞུས་པས་མི་དེ་རྣམས་ལ་བྲག་འདི་བསྲེགས་ཤིག་གསུངས་བསྲེགས་པས། བྲག་གི་ལྟོ་བར་སྡིག་པ་མཐོ་གང་ཙམ་ལ་སྡིག་པ་དེ་ལས་ཆུང་བ་སྟོང་ཕྲག་མང་བོས་བསྐོར་ནས་འུར་ཆོམ་གྱིས་བྲག་ཡུར་བ་བཞིན་དུ་ཟ་བ་མཐོང་བས། སྡིག་པ་གཞན་རྣམས་ལ་ལྗགས་མཆིལ་བཏབས་ནས་དྲངས། སྡིག་པ་ཆེ་བ་དེ་རྭ་ཅོར་བཅུག །རྒྱ་བཏབ་ནས་གཙང་ཀ་ཎི་སྒོ་བཞིའི་འོག་ཤན་པ་མི་སྡུག་པ་འཇིགས་པ་གཅིག་ལུག་གསོད་པའི་ཁོང་ལག་བཏང་བ་ཙམ་དུ་སླེབས་པ་ཡོད་པས། མྱུར་བར་སོང་ལ་དེར་འཕྲོད་པ་གྱིས་ཞེས་བསྒོས་ནས་བརྫངས་པས་ཇི་བཞིན་ལྟར་ཕར་གང་ཡང་ཟེར་མ་དགོས་པར། བང་མི་སླེབས་མ་ཐག་སྣ་ཉེར་ཞིང་འདིར་ཁྱེར་ཤོག་ཅེས་རྭ་ཅོའི་རྒྱ་བཤིག་ནས་སྡིག་པའི་མཇུག་མ་ནས་འཇུས། ལུག་གི་ཁོང་ནང་གི་ཁྲག་ལ་ཡར་བཤར་མར་བཤར་རེ་བྱས་ཁ་ལ་བསྟབས་ནས་ཟོས་སོ། །དེ་ནས་ལུག་གི་
དོན་སྙིང་ལྔ་པོ་དེ་རྒྱལ་སྲས་ལ་བསྐུར་ནས་ངག་ནས་ཐབས་རྡུགས་ཁྱོད་འདི་ཡང་མི་འདྲོངས་པ་ཨང་། ཞེས་བརྗོད་ནས་བཏང་ངོ་། །དེ་ནས་སྡིག་པ་དེ་ཤན་པས་དྲངས། ལུག་དེའི་འདྲེན་སྐལ་རྒྱལ་སྲས་ལ་ཡོད་པས་ཁོང་གིས་དྲངས་སྐད། དེས་ན་དེ་འདྲ་བའི་གཏམ་རྒྱུད་མང་པོ་སྣང་བས་རང་ལ་མངོན་ཤེས་ཐོགས་མེད་མ་བྱུང་གི་བར་དུ་དགོན་མཐའ་ཚོ་ན་ཡོད་པའི་ཤན་པ་སོགས་ལ་ཡང་ཁས་མི་གཏོང་བར་དད་གུས་དག་སྣང་ཕྱོགས་དང་རིས་སུ་མ་ཆད་པར་ཀུན་ལ་སྦྱང་བར་བྱའོ། །གཞན་ཡང་ཆོས་ལུགས་རབ་འབྲིང་ཐ་གསུམ་ཆོས་པ་མཆོག་དམན་བར་གསུམ་གང་ལ་ཡང་དད་གུས་དག་སྣང་རྗེས་སུ་ཡི་རང་བྱེད་པ་དམ་པ་གོང་མའི་རྣམ་ཐར་ཡིན་ཏེ། རྗེ་སྣ་ཚོགས་རང་གྲོལ་གྱིས། སངས་རྒྱས་བསྟན་པ་ནི་མཁའ་ལྟར་རྒྱ་རེ་ཆེ། །བསྟན་འཛིན་སྐྱེས་བུ་ནི་ཉི་བཞིན་ཀུན་ལ་ཁྱབ། །ཐེག་པའི་འཇུག་སྒོ་ནི་སྐར་ཚོགས་ལས་ཀྱང་མང་། །ཟབ་མོའི་གདམས་པ་ནི་རྙིང་མའི་བཀའ་གཏེར་ཕྱུག །སྤྲོས་བྲལ་ཕྱག་ཆེན་ནི་དྭགས་པོ་བཀའ་རྒྱུད་མཁས། །དཀའ་སྤྱད་སྙིང་རུས་ནི་དཔལ་ལྡན་འབྲུག་པ་ཆེ། །སྙིང་རྗེ་བྱང་སེམས་ནི་བཀའ་གདམས་སློབ་བརྒྱུད་བཟང་། །གཞུང་ལུགས་བཤད་སྲོལ་ནི་ས་སྐྱ་འགྲན་ཟླ་བྲལ། །ཉན་ཐོས་འདུལ་ཁྲིམས་ནི་དགའ་ལྡན་སློབ་བརྒྱུད་བརྩོན། །རྐྱེན་ངན་ལམ་འཁྱེར་
ནི་ཞི་བྱེད་ཆོས་ཀྱིས་བྱེད། །རྣམ་རྟོག་དངོས་འཛིན་ནི་གཅོད་ཡུལ་ཟབ་མོས་འཇོམས། །དུས་འཁོར་སྦྱོར་དྲུག་ནི་ཇོ་ནང་ཆོས་ལུགས་མཁས། །ཨེ་མ་དེ་སོགས་ཀྱི་ཆོས་ལུགས་མཐའ་ཡས་པ། །བདག་སོགས་སློབ་བརྒྱུད་རྣམས་ཡི་རང་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་ཆོས་དང་གང་ཟག་མི་གཅིག་པ་ཡོངས་ལ་དད་གུས་དག་སྣང་རྗེས་སུ་ཡི་རང་བྱེད་ཅིང་། ངག་ནས་ཀྱང་དེ་བཞིན་བརྗོད་ཅིང་མཆོད་བསྟོད་བཀུར་བར་བྱའོ། །མདོར་བསྡུ་ན། ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་ཚེ་ཐུང་ནམ་འཆི་ཆ་མེད་བསམས་ནས། རང་གིས་ཤེས་བཞིན་སྡིག་པ་མི་བྱེད་པར་མ་ཤེས་བཞིན་དུ་རྐང་བས་སྲིན་འབུ་བརྫིས་ནས་བསད་པ་སོགས་སྡིག་པ་མི་དགེ་བ་གང་བྱས་ཆོས་བྱེད་ནུས་ན་འདག་པར་ཤེས་ནས། འཚོ་སྐྱོང་ཞིང་ལས་སོགས་ཁྱིམ་གྱི་སོ་ནམ་ལ་འབད་དེ་ཟས་ནོར་བསགས་ནས། གོས་བཟང་གྱོན་ཟས་བཟང་ཟོས་ནས་ཉལ་བསྡད་པ་ཙམ་གྱིས་མི་འོང་བར་གོ་ནས། ལུས་ཀྱིས་ཕྱག་དང་བསྐོར་བ། ངག་གིས་ཁ་ཏོན་བཟླས་བརྗོད། སེམས་ཀྱིས་དད་མོས་སྙིང་རྗེ། དཀོན་མཆོག་གསུམ་ལ་མཆོད་འབུལ། བླ་མ་རྣམས་ལ་ཞབས་ཏོག །དགེ་འདུན་རྣམས་ཀྱི་ཆས་ཀ །བྱ་བཏང་སྒོམ་ཆེན་པའི་སྒྲུབ་རྒྱགས། དབུལ་བོ་རྣམས་ལ་སྦྱིན་གཏོང་སོགས་ཆོས་ཅི་
འགྲུབ་བྱ་དགོས། དེ་ལྟར་བྱས་ན་སྡིག་པ་ལས་དགེ་བ་སྟོབས་ཆེ་བར་གྱུར་ནས་སྡིག་བའི་སྐྱོན་གྱིས་མི་གོས་པར་མ་ཟད། དགེ་སྟོབས་ཀྱིས་ཚེ་འདི་ཕྱིར་བདེ་བས་དེ་ལུགས་གྱིས། ཆོས་པ་རྣམས་ཀྱིས་སྦྱིན་བདག་གི་ལག་ནས་ཟས་གོས་བླངས་ནས་ཁར་ཟོས་རྒྱབ་ཏུ་གོན་བའི་ཉེས་པ་རྣམས་ཆོས་རྣམ་དག་བྱས་ན་འདག་པར་གོ་ནས། སྡིག་དང་འདྲེས་པའི་ལོག་པའི་འཚོ་བ་མ་ཡིན་པས་ཆོས་མཐུན་གྱི་འཚོ་བ་རང་བདེ་བའི་ཐབས་སུ་བསྒྲུབ་དགོས་ཏེ། མདོ་སྡེ་རྒྱན་ལས། ས་བཟང་བ་དང་གྲོགས་བཟང་བ། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་དང་། བྱང་གཏེར་ལས། དབེན་པའི་གནས་སུ་ཡོ་བྱད་བསགས། །བདེ་བའི་སྟན་ལ་འདུག་པར་བྱ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། གདམས་པ་ཁྱད་པར་ཅན་ཞུ་བ་ལ། ཡོ་བྱད་ཚང་བར་དགོས་ཏེ། དེ་མ་ཚང་ན་མཁའ་འགྲོའི་ཆད་པ་འབྱུང་བས་ཚང་བར་བསགས་ན། ཕྱག་རྟེན་དང་། དབང་ཡོན་དང་། ཚོགས་འཁོར་དང་། གཏོར་མའི་རྒྱུ་དང་། རང་གི་ཁམས་གསོ་དང་། དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བསག་གོ །ཞེས་གསུངས། དེ་ལྟར་མཐུན་རྐྱེན་བསགས་ནས་ཆགས་ཞེན་མེད་པར་སྤྱོད་བཞིན་དུ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ན་གནས་སྐབས་སུ་གདམས་པ་ལོན་ཅིང་།
མཐར་ཐུག་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད་དེ། ཨོ་རྒྱན་རིན་པོ་ཆེས། དེ་ལྟར་བསགས་པ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་གདམས་པ་ལོན་ཅིང་། མཐར་ཐུག་དངོས་གྲུབ་ཐམས་ཅད་ཐོབ་པའོ། །གསུངས་སོ། །དེས་ན་ད་ལྟ་ཤ་ཆང་བུད་མེད་སོགས་འདོད་ཡོན་ལ་ལོངས་སྤྱོད་བཞིན་མདོ་སྔགས་ཀྱི་ཆོས་བྱེད་པའི་ཆོས་པ་མཆོག་དམན་བར་བ་གང་ལ་ཡང་ཁ་མི་གཏོང་བར། དད་གུས་དག་སྣང་སྦྱོང་ཞིང་རང་ཉིད་ལ་འདོད་ཡོན་གྱིས་སྐྱོན་གྱིས་མི་གོས་པའི་གདེངས་མེད་བཞིན་དུ་གང་དགར་མི་སྤྱོད་པར། སྡིག་དང་མ་འདྲེས་པའི་ཟས་ནོར་ལ་ལོངས་སྤྱོད་མཁས་པོ་བྱས་དམ་པའི་ཆོས་བཞིན་དུ་བྱས་ན་ཚེ་འདི་ཕྱི་གཉིས་ཀ་ལ་བདེ་སྐྱིད་ཉི་མ་བཞིན་དུ་འཆར་བར་འགྱུར་རོ།། ༈ སྨྲས་པ། ཚེ་ཡི་མཆོག་སྩོལ་ལྷ་མོ་རྣམ་རྒྱལ་མ། །ཤེས་རབ་མཆོག་སྩོལ་ལྷ་མོ་དབྱངས་ཅན་མ། །ནོར་གྱི་མཆོག་སྩོལ་ལྷ་མོ་ནོར་རྒྱུན་མ། །ལྷ་མོ་གསུམ་གྱིས་བརྩེ་བས་འབྲལ་མེད་སྐྱོངས། །རྒྱ་གར་བོད་ཡུལ་མཁས་གྲུབ་ཐམས་ཅད་ཀྱི། །རྣམ་ཐར་རྗེས་སུ་ཁ་མིག་ཡར་བལྟ་བྱས། སྔགས་ལ་སློབ་མཁན་རྣལ་འབྱོར་ཕོ་མོ་ལ། །དད་གུས་དག་སྣང་སྐྱེ་བའི་གླུ་
དབྱངས་ལེན། །བླ་ན་མེད་པའི་མདོ་དང་རྒྱུད་སྡེ་དང་། །རྒྱ་བོད་མཁས་གྲུབ་ཚད་ལྡན་ཐམས་ཅད་ཀྱིས། །སྔགས་ཀྱི་སྐབས་སུ་འདོད་ཡོན་ལོངས་སྤྱོད་ཅེས། །མགྲིན་གཅིག་དབྱངས་གཅིག་བཞིན་དུ་གསུངས་ལ་ལྟོས། །ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བས། །རྒྱུད་ཀྱི་རྒྱལ་པོ་གསང་འདུས་བདེ་མཆོག་སོགས། །གསང་སྔགས་བླ་མེད་རྫོགས་རིམ་མཐོན་པོའི་སྐབས། །ཐབས་མཆོག་ལས་རྒྱའི་བདེ་བ་ཆེན་པོ་ལ། །བརྟེན་ནས་འོད་གསལ་སྒྱུ་ལུས་ཟུང་འཇུག་སྐུ། །སྒྲུབ་ཚུལ་ཟབ་གནད་ཤིན་ཏུ་གསལ་བར་གསུངས། །དེ་ཚེ་ནམ་མཁའི་མཁའ་འགྲོ་མ་ཚོགས་ཀྱིས། །རྒྱུད་ན་གབ་སྦས་གཅུས་དཀྲུག་བྱས་པ་རྣམས། །འདི་འདྲའི་རྗེན་ལ་ཕུད་ནས་གསུངས་པ་ཞིག །སྔར་ཡང་མ་བྱུང་ཕྱིན་ཆད་མི་འབྱུང་ཞེས། །ཕན་ཚུན་གླེང་ཞིང་རྗེས་སུ་ཡི་རང་བྱུང་། །འོན་ཀྱང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་ཡི། །གསང་སྔགས་ཟབ་མོ་ཧ་ཅང་རྗེན་ལ་ཕུད། །གསུངས་པ་ཤིན་ཏུ་འཕང་སེམས་ཆེན་པོ་སྐྱེས། །ཕྱིན་ཆད་ཧ་ཅང་རྗེན་པར་མ་གསུངས་ན། །སྙམ་ནས་སྔགས་ལ་སེར་སྣ་ཤོར་བ་བྱུང་། །དེ་ལྟར་གསུངས་པ་རྣམས་ལ་ཡིད་ཆེས་ན། །ཕྱིན་ཆད་གསང་སྔགས་སྤྱོད་ལ་དད་གུས་གྱིས། །ཁ་ཡིས་བཏང་ན་མཁའ་འགྲོའི་བཀའ་ཆད་འོང་། །ཤི་ན་ཆོས་སྤོང་ལས་ཀྱི་དམྱལ་བར་སྐྱེ། །རང་གིས་
གསང་སྔགས་ཉམས་སུ་མི་ལོན་ཀྱང་། །གཞན་གྱིས་ཉམས་སུ་ལེན་པའི་རྣལ་འབྱོར་ལ། །ཁ་ཙམ་མིན་པར་དག་སྣང་མཛོད་ཅིག་ཅེས། །ཚོགས་དྲུག་རང་གྲོལ་ཀུན་ལ་གསོལ་བ་འདེབས། །འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། །བླ་མ་ཡི་དམ་ཌཱཀྐིའི་སྤྱན་སྔར་བཤགས། །མཁའ་འགྲོའི་སྙིང་གཏམ་གསང་བ་བསྒྲགས་ཆེས་ན། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དབུས་ཀྱི་ལྷུན་པོ་འཕོ་འགྱུར་མ་བྱུང་བར། །ལེགས་བཤད་འདི་ཡང་མི་ཉམས་ས་སྟེང་འདིར། །གནས་ནས་ཉི་ཟླ་བཞིན་དུ་ཕན་ཐོགས་ཤིང་། །ནོར་བུ་བཞིན་དུ་དགོས་འདོད་ཀུན་འབྱུང་ཤོག །དཔེ་འདི་འབྲི་ཞིང་མཐོང་ཐོས་དྲན་རེག་གི །ཆོས་མཛད་སྐྱེས་བུ་ཐམས་ཅད་ཐུགས་མཐུན་ཞིང་། །མདོ་སྔགས་ཆོས་ལ་མི་ཕྱེད་དད་པ་སྐྱེས། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་གྱུར་ཅིག །གླེགས་བམ་གང་དུ་གནས་པའི་ས་ཕྱོགས་སུ། །མདོ་སྔགས་ཟུང་འབྲེལ་བསྟན་པ་དར་ཞིང་རྒྱས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་བཞིན་འཁོར། །ཉིན་མཚན་གཡེལ་བ་མེད་པར་གྲོགས་བྱེད་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཆོས་ལུགས་གང་ལའང་དག་སྣང་འབྱོངས་པ་དང་། །མདོ་སྔགས་ལམ་བཟང་ཉམས་སུ་བླངས་
པའི་མཐུས། །རིང་པོར་མི་ཐོགས་མྱུར་དུ་འཚང་རྒྱ་ཤོག །རྫོགས་སངས་རྒྱས་ནས་སྟོན་པ་སངས་རྒྱས་ལྟར། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་ཀུན་ལ། །མདོ་སྔགས་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །ཐམས་ཅད་སངས་རྒྱས་ས་ལ་འགོད་པར་ཤོག །ནོར་བུ་དཔག་བསམ་ཤིང་དང་བུམ་བཟང་བཞིན། །འབད་དང་རྩོལ་བ་ཅུང་ཟད་མི་དགོས་པར། །འདོད་དགུའི་འབྱོར་བ་དབྱར་གྱི་མཚོ་ལྟར་འཁྱིལ། །བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཅེས་དག་སྣང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་འདི་ནི་རང་ཉིད་རྒྱལ་ཁམས་མང་པོར་འཁྱམས་ཚེ། ས་ཐོབ་ཀྱི་སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྲུལ་པ་བླ་མ་སྐྱེས་བུ་དམ་པ་རྣམས་དང་། གསང་སྔགས་ཀྱི་རྣལ་འབྱོར་བ་ཤ་ཆང་བུད་མེད་འདོད་པའི་ཡོན་ཏན་ལྔ་ལ་ཅི་དགར་སྤྱོད་པ་རྣམས་ལ། ཆོས་པ་འཇིག་རྟེན་པ་ཕལ་ཆེ་བ་ཞིག་གིས་ཁ་གཏོང་མཁན་གྱི་རིགས་མང་པོ་མཐོང་ཞིང་ཐོས་པས་རྐྱེན་བྱས་རྩོམ་འདུན་ཡོད་པའི་ཁར། གསང་སྔགས་ཀྱི་རྣལ་འབྱོར་བ་ཀུན་གྱི་མཆོག་གྱུར་རང་གི་བུ་ཆེན་གྲུབ་དབང་༧པདྨ་རང་གྲོལ་དང་། དམག་གསར་མཁའ་འགྲོ། སྦས་པའི་རྣལ་འབྱོར་པ་ཆེན་པོ་པདྨ་རིག་འཛིན་དང་རིན་ཆེན་རྡོ་རྗེ། རིམ་གཉིས་ཉམས་སུ་ལེན་པའི་མཐོང་སའི་མཚམས་པ་དང་སློབ་བུ་འཇམ་
དབྱངས། གཞན་ཡང་གསང་སྔགས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་འཛིན་པའི་རེབ་གོང་དང་། ཞོ་འོང་གི་སྔགས་མང་སོགས་དད་ཅན་གྱི་རྣལ་འབྱོར་ཕོ་མོ་བརྒྱ་ཕྲག་དུ་མས། གསང་སྔགས་ཀྱི་ཆོས་དང་། གང་ཟག་འདོད་ཡོན་ལ་སྤྱོད་པ་རྣམས་ལ་ཕྱོགས་མེད་ཀྱི་དད་གུས་དག་སྣང་རྩོལ་མེད་དུ་འཆར་བའི་སྔར་མེད་གླེགས་བམ་ཞིག་འཇོག་པ་དགོས་ཞེས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། ཕྱི་འདུལ་བ་ནང་གསང་སྔགས་ཡང་གསང་བླ་ན་མེད་པའི་རྣལ་འབྱོར་པ་༧ཚོགས་དྲུག་རང་གྲོལ་ལམ་མིང་གཞན་ཡོངས་སུ་གྲགས་པ་ཞབས་དཀར་བླ་མ་ཞེས་འབོད་པས། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། དབུས་གཙང་དག་པའི་ཞིང་གི་ཤར་ཕྱོགས། མདོ་སྨད་ཙོང་ཁའི་སྐྱེས་རིའི་ལྷོ་ཕྱོགས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་འཁྲུངས་ཡུལ། རེབ་གོང་གྲུབ་པ་ཐོབ་པའི་གནས་བརྒྱད་ཀྱི་ཐག་ཉེ། ནགས་ཚལ་མང་པོ་རྒྱས་པའི་གོང་རོལ། སྤང་གཞོང་མེ་ཏོག་བཀྲ་བའི་འདབས་རོལ། རོང་དང་འབྲོག་པ་གཉིས་ཀྱི་སོ་མཚམས། རི་བོ་མཐོ་ལ་ཡངས་པ། ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་པའི་རི་རྩེ་ནམ་མཁའ་མཐོང་རྒྱ་ཆེ་ཞིང་། འོད་གསལ་ཉི་འོད་འཁྱིལ་བའི་ལྷ་ཁང་བདེ་བ་ཅན་ནས་སྦྱར་བའོ།། །།
རྫོགས་རིམ་འོད་གསལ་མངོན་དུ་བྱེད་པའི་ཐབས་བདེ་བ་ཆེན་པོ་བསྐྱེད་ཚུལ་འདོད་ཡོན་ལྷ་མོའི་དགའ་སྟོན།
རྫོགས་རིམ་འོད་གསལ་མངོན་དུ་བྱེད་པའི་ཐབས་བདེ་བ་ཆེན་པོ་བསྐྱེད་ཚུལ་འདོད་ཡོན་ལྷ་མོའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། ༈ ན་མོ་གུ་རུ་དེ་བ་ཌཱཀྐི་ནི་ཡེ། དེ་ཡང་གསང་སྔགས་བླ་མེད་ཀྱི་རྫོགས་རིམ་འོད་གསལ་མངོན་དུ་བྱེད་པའི་ཐབས་བདེ་བ་ཆེན་པོ་བསྐྱེད་ཚེ། གཟུགས་སྒྲ་དྲི་རོ་རེག་བྱའི་དངོས་པོ་ཐམས་ཅད་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པའི་མཆོད་རྫས་སྣ་ཚོགས་པ་ཐོགས་པའི་འདོད་ཡོན་ལྔའི་ལྷ་མོ་ཡིད་དུ་འོང་བ་བལྟ་བས་ཆོག་མི་ཤེས། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་མཛེས་པར་བསྐྱེད་ནས། རང་ཉིད་ཀྱང་ལྷར་གསལ་བ་ལ་ལྷ་མོ་དེ་དག་རྣམས་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ་བས། དེ་དག་ལ་ལོངས་སྤྱད་པ་ལ་བརྟེན་ནས་རྒྱུད་ལ་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྒྱས་བྱུང་སྙམ་པ་དུས་རྒྱུན་དུ་ཡིད་ལ་བྱེད་དགོས་ཏེ། རྗེ་བདག་ཉིད་ཆེན་པོའི་མཛད་པའི་རིམ་ལྔ་གསལ་སྒྲོན་ལས། དེ་ཡང་ཕྱི་ནང་གི་གཟུགས་ཀྱི་སྐྱེ་མཆེད་ཐམས་ཅད་ཡོངས་སུ་གྱུར་པ་
ལས། གཟུགས་རྡོ་རྗེ་མ་ལག་པའི་པདྨ་འཇམ་པས་མེ་ལོང་བཟུང་ནས་ཞི་བའི་མིག་གིས་བལྟ་ཞིང་། མུ་ཏིག་གི་ཆུན་པོ་འཕྱང་བ། ནུ་མ་རྒྱས་ཤིང་འབུར་ལ་བར་དོགས་པ། གོས་ཅུང་ཟད་གྲོལ་ཞིང་རོ་སྨད་མཛེས་པར་སྟོན་པར་བསམས་ནས། དེའི་གཟུགས་ལ་རྒྱུན་ཏུ་བལྟས་པ་ལས་བདེ་བ་ཆེན་པོ་བྱུང་བར་བསམ་མོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་གླུ་སྙན་པ་ལེན་ཅིང་པི་ཝང་གི་སྒྲ་སྒྲོགས་པ་བསྐྱེད་པ་དང་། དྲི་རྣམས་དྲི་རྡོ་རྗེ་མ་གར་བྱེད་ཅིང་ནོར་བུའི་སྣོད་དུ་གུར་གུམ་དང་། ཨ་ཀ་རུ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དང་། ག་བུར་ལ་སོགས་པའི་དྲི་བཟང་གིས་བཀང་བ། ཕྱོགས་བཅུར་དྲི་བཟང་པོས་ཁྱབ་པར་བསྐྱེད་པ་དང་། རོ་རྣམས་རོ་རྡོ་རྗེ་མ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་སྣོད་རོ་སྣ་ཚོགས་ཀྱིས་བཀང་བ་དང་། ལྷའི་བདུད་རྩིས་བཀང་བར་བཟུང་བར་བསྐྱེད་པ་དང་། རེག་བྱ་རྣམས་རེག་བྱ་རྡོ་རྗེ་མ་མཚན་ཐམས་ཅད་ཀྱིས་བརྒྱན་པ། ཁྲོ་གཉེར་གསུམ་གྱིས་མཛེས་པ། རྐེད་པ་ཤིན་ཏུ་ཕྲ་བ། ལྟེ་བ་ཤིན་ཏུ་ཡངས་ཤིང་གཡས་སུ་འཁྱིལ་བ། རོ་སྨད་དང་འདོམས་སྡུག་པ། འགྲོས་དལ་ཞིང་སྒེག་པ་ཐམས་ཅད་ཀྱང་བཞིན་འཛུམས་ཤིང་ཆགས་པའི་མིག་གིས་
བལྟ་བར་བསྐྱེད་ནས། སྒྲ་དྲི་རོ་ལ་སྤྱོད་པ་དང་། །ཕན་ཚུན་འཁྱུད་དེ་རེག་བྱ་ལ། སྤྱད་པས་བདེ་བ་ཆེན་པོ་རྒྱས་པར་བསམ་མོ། །ཞེས་གསུངས་པ་ལྟར་བསྒོམས་པས་བདེ་བ་རྒྱས་ཚེ་བདེ་བའི་ངང་ནས་འོད་གསལ་བསྒོམ། འོད་གསལ་ལས་སྒྱུ་ལུས་སུ་ལངས་པས་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་རོ། །སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་བླངས་བ། ༈ བླ་མ་ལྷ་དང་ཌཱ་ཀྐི་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོད་གསལ་མངོན་དུ་བྱེད་པའི་ཐབས། །བདེ་བ་རྒྱས་པར་བྱིན་གྱིས་རློབས། །ཕྱི་ནང་གཟུགས་ཀྱི་སྐྱེ་མཆེད་ཀུན། །ཡོངས་རྫོགས་གཟུགས་ཀྱི་རྡོ་རྗེ་མ། །ལག་པད་འཇམ་པས་མེ་ལོང་བཟུང་། །མཛེས་པའི་མིག་གིས་ཟུར་གྱིས་བལྟ། །མུ་ཏིག་དཀར་པོས་ཆུན་པོ་འཕྱང་། །ནུ་འབུར་རྒྱས་ཤིང་བར་དོག་པ། །ཅུང་ཟད་གོས་གྲོལ་རོ་སྨད་ཀྱི། །མཛེས་པའི་པདྨ་སྟོན་པར་བསམ། །དེ་ཡི་གཟུགས་ལ་བལྟས་པ་ལས། །བདེ་བ་ཆེན་པོ་བྱུང་བར་མོས། །སྒྲ་རྣམས་སྒྲ་ཡི་རྡོ་རྗེ་མ། །སྙན་པའི་གླུ་ལེན་པི་ཝང་གི །སྒྲ་སྙན་སྒྲོགས་པར་བསྐྱེད་པ་དང་། །དེ་ཡི་སྒྲ་ལ་ཉན་པ་ལས། །བདེ་བ་ཆེན་པོ་བྱུང་བར་མོས། །དྲི་རྣམས་དྲི་ཡི་རྡོ་རྗེ་མ། །གར་བྱེད་ནོར་བུའི་སྣོད་མཆོག་ཏུ། །གུར་ཀུམ་བཟང་པོ་ཨ་ཀ་རུ། །
ཙན་དན་ག་བུར་ལ་སོགས་པའི། །དྲི་ཡིས་བཀང་བའི་དྲི་ཞིམ་གྱིས། །ཕྱོགས་ཀུན་ཁྱབ་པར་བསྐྱེད་པ་དང་། །དེ་ཡི་དྲི་ལ་སྣོམ་པ་ཡིས། །བདེ་བ་ཆེན་པོ་བྱུང་བར་མོས། །རོ་རྣམས་རོ་ཡི་རྡོ་རྗེ་མ། །གསེར་དངུལ་ལ་སོགས་རིན་པོ་ཆེའི། །སྣོད་མཆོག་རོ་རྣམས་སྣ་ཚོགས་དང་། །ལྷ་ཡི་བདུད་རྩིས་བཀང་བར་བསྐྱེད། །དེ་ཡི་རོ་རྣམས་མྱངས་བ་ལས། །བདེ་བ་ཆེན་པོ་བྱུང་བར་མོས། །རེག་རྣམས་རེག་བྱ་རྡོ་རྗེ་མ། །མཚན་རྣམས་ཀུན་གྱིས་བརྒྱན་པ་དང་། །ཁྲོ་གཉེར་གསུམ་མཛེས་རྐེད་པ་ཕྲ། །ལྟེ་བ་ཡངས་ཤིང་གཡས་སུ་འཁྱིལ། །རོ་སྨད་འདོམས་སྡུག་འགྲོས་ཀྱང་དལ། །སྒེག་ཅིང་སོ་དཀར་བཞིན་འཛུམས་ཤིང་། །ཆགས་པའི་མིག་གིས་ལྟ་བར་བསྐྱེད། །ཕན་ཚུན་འཁྱུད་དེ་རེག་བྱ་ལ། །སྤྱད་པས་སྔར་གྱི་དེ་བས་ཀྱང་། །བདེ་བ་ཆེན་པོ་རྒྱས་པར་བསམ། །བདེ་བ་རྒྱས་ཚེ་དེ་ཉིད་ཀྱི། །ངང་ནས་འོད་གསལ་སྒྱུ་ལུས་བསྒོམ། །དེ་ལྟར་ཡང་ཡང་བསྒོམ་ནུས་ན། །ཟུང་འཇུག་རྡོ་རྗེ་འཆང་དབང་གི །གོ་འཕང་ཚེ་འདིར་འཐོབ་པར་འགྱུར། །གླུ་འདི་ཐོས་ཚད་ལུས་སེམས་ལ། །བདེ་བ་ཆེན་པོ་རྒྱས་པར་ཤོག །ཅེས་པ་འདི་ཡང་ཞབས་དཀར་བས་སྦྱར་བའོ།། །།
ཡེ་ཤེས་ཀྱི་ཕྱག་རྒྱ་མ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཚུལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།
ཡེ་ཤེས་ཀྱི་ཕྱག་རྒྱ་མ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཚུལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།། ཨོཾ་སྟེང་ཕྱོགས་མཁའ་སྤྱོད་ཞིང་ན་བཞུགས་པ་ཡི། །མཁའ་འགྲོའི་གཙོ་མོ་ནཱ་རོ་མཁའ་སྤྱོད་མ། །ཁྱེད་ལ་ཉེ་རིང་ཆགས་སྡང་མི་མངའ་བས། །མི་མངོན་དབྱིངས་ནས་བདག་ལ་བརྩེ་བས་དགོངས། །ཨོ་ཌི་བི་ཤྭ་བས་མཐའི་ནགས་ཁྲོད་དུ། །ཁྱེད་ཀྱིས་རྣལ་འབྱོར་དབང་ཕྱུག་དྲིལ་བུ་བ། །འཁྱུད་དང་ཙུམྦྷའི་བདེ་བས་རྗེས་བསྐྱངས་ཏེ། །ཁ་སྦྱོར་མཆོག་གི་རོལ་བའི་ལོ་རྒྱུས་དང་། །དེ་བཞིན་ཀུ་ས་ལི་དང་ནཱ་རོ་སོགས། །བརྩེ་བས་རྗེས་སུ་བཟུང་བའི་ངོ་མཚར་གྱི། །ལོ་རྒྱུས་མང་པོ་ཐོས་པས་དགའ་ཞིང་སྤྲོ། །བདག་ཀྱང་དེ་བཞིན་རྗེས་སུ་གཟུང་དུ་གསོལ། །ངོ་བོ་རྗེ་བཙུན་མ་ཁྱེད་ཡིན་པ་ལ། །རྣམ་པ་ལྷ་ཡི་བུ་མོ་གཞོན་ནུ་མ། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང་། །ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་མཛེས། །རང་འདྲའི་ལྷ་མོ་མང་པོའི་འཁོར་གྱིས་བསྐོར། །འོད་ཀྱི་ལམ་ལ་རོལ་མོའི་སྒྲ་དང་བཅས། །དུ་མར་སྤྲོ་ཞིང་གཅིག་ཏུ་སྡུད་པ་སོགས། །ངོ་མཚར་རྫུ་འཕྲུལ་སྣ་ཚོགས་སྟོན་བཞིན་དུ། །མི་མངོན་
དབྱིངས་ནས་གནས་འདིར་གཤེགས་སུ་གསོལ། །རིན་ཆེན་ཁྲི་བཟང་མཛེས་ཤིང་ཡངས་པའི་ཐོག །འབོལ་གདན་འཇམ་པའི་སྟེང་དུ་དགྱེས་བཞིན་བཞུགས། །རང་ཉིད་ལྷ་རུ་གསལ་བའི་ཐུགས་ཀ་ནས། །མཆོད་པའི་ལྷ་དང་ལྷ་མོ་མང་པོ་སྤྲོས། །དེ་དག་བལྟ་དང་དགོད་དང་ལག་བཅང་དང་། །འཁྱུད་པའི་རྣམ་འགྱུར་མང་པོ་སྟོན་བཞིན་དུ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་ཞིང་། །རེག་བྱ་འཇམ་པའི་མཆོད་རྫས་སྣ་ཚོགས་དང་། །ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་འབུལ། །བཞེས་ནས་བདེ་སྟོང་ཡེ་ཤེས་བསྐྱེད་དུ་གསོལ། ༈ །ཡེ་ཤེས་མཁའ་འགྲོའི་མཚན་རྟགས་ལྡན་པ་ཡི། །པདྨ་ཅན་གྱི་ལྷ་མོ་གཞོན་ནུ་མ། །ཡར་ལངས་གོས་གྲོལ་སྐུ་ལུས་རྗེན་པར་བསྟན། །རྐེད་ཕྲ་ནུ་འབུར་བྷ་ག་མངོན་པར་རྒྱས། །ཟླུམ་རྒྱས་དྲོ་འཇམ་པདྨ་དམ་ཞིང་ཟབ། །དྷུ་ཏིའི་མར་སྣ་ཕྱེས་པས་སིད་སྒྲ་སྒྲོགས། །འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཆགས་པའི་རྣམ་འགྱུར་མི་འདྲ་མང་པོ་སྟོན། །གཟུགས་མཛེས་ཡིད་འོང་བལྟ་བས་ཆོག་མི་ཤེས། །ངག་གི་སྐད་གདངས་སྙན་པས་ཡིད་འགུགས་ཅིང་། །ལུས་དང་
ཁ་ཡི་དྲི་ཞིམ་ངད་པ་འཐུལ། །མ་མཆུ་ལྕེ་ཡི་སྦྲང་རྩི་མངར་པོ་སྟེར། །རེག་བྱ་འཇམ་པས་དགའ་བདེ་འབྲལ་མི་ཕོད། །ཡིད་ལ་དྲན་པ་ཙམ་གྱིས་བདེ་སྟེར་མ། །ཚུར་ལ་འོང་ནས་རང་དང་ལྷན་ཅིག་འཁོད། །ཆགས་པའི་མིག་གིས་བལྟ་ཞིང་དགའ་བའི་འཛུམ། །འཇམ་མཉེན་ལག་པས་འཁྱུད་ནས་འོ་བྱེད་ཅིང་། །བརླ་གཉིས་བར་ཕྱེ་རྡོ་རྗེ་པདྨར་རོལ། །འཇམ་པའི་ཤ་སྦྱར་ནེམ་པའི་ནུ་འཇམ་གླན། །ཁ་ཡི་ནང་དུ་ལྕེ་བཞག་འཇིབ་ཏུ་འཇུག །འོག་ནས་འདེགས་ཤིང་སྟེང་ནས་དལ་བུས་བསྲུབ། །དྲོ་འཇམ་པདྨའི་ཕུགས་སུ་རྡོ་རྗེ་བསྣུན། །ཡར་ཡར་གཏང་ནས་ཁ་སྦྱར་འཁུན་བཞིན་དུ། །དགའ་བཞིའི་བདེ་སྟོང་ཡེ་ཤེས་མཆོད་པར་འབུལ། །དེ་ལྟར་ཕུལ་བས་ཤིན་ཏུ་ཐུགས་མཉེས་ཏེ། །ཚེ་རབས་ཀུན་ཏུ་ལས་ཀྱི་ཕྱག་རྒྱ་མ། །མཛད་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཡི། །མཆོག་གི་དངོས་གྲུབ་སྒྲུབ་པའི་གྲོགས་མཛོད་ཅིག །ནམ་ཞིག་འཆི་ཚེ་ནཱ་རོ་མཁའ་སྤྱོད་མ། །མངོན་སུམ་བྱོན་ནས་འཛུམ་པའི་ཞལ་བསྟན་ཏེ། །འཇམ་པའི་ཕྱག་གིས་བདག་གི་ལག་ནས་དྲོངས། །མཁའ་སྤྱོད་དག་པའི་ཞིང་དུ་འཁྲིད་དུ་གསོལ། །ཚེ་རབས་ཀུན་ཏུ་ནཱ་རོ་མཁའ་སྤྱོད་མར། །འབྲལ་མེད་བདེ་སྟོང་དཔལ་ལ་ལོངས་སྤྱོད་ཅིང་། །ས་ལམ་ཡོན་ཏན་
མཐར་ཕྱིན་སངས་རྒྱས་ནས། །འགྲོ་ཀུན་མཁའ་སྤྱོད་ཞིང་དུ་འཁྲིད་པར་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་དང་། །བདེ་ཆེན་ཕྱག་རྒྱ་ཆེན་པོས་བཀྲ་ཤིས་ཤོག། །།༈ ཨོཾ་ནུབ་ཕྱོགས་བལ་བོད་གཉིས་ཀྱི་སོ་མཚམས་སུ། །མཐོན་མཐིང་རྒྱལ་མོ་ཞེས་བྱར་མཚན་གསོལ་བའི། །ངོ་མཚར་བཀྲ་ཤིས་གཡང་ཆགས་དཔལ་གྱི་རི། །ཕྱི་ནི་གངས་རི་ནང་ནི་གཞལ་ཡས་ཁང་། །ནང་ན་བོད་ཁམས་སྐྱོང་བའི་བསྟན་བསྲུང་མ། །ཚེ་རིང་མཆེད་ལྔ་འཁོར་བཅས་རྟག་ཏུ་བཞུགས། །ཀུན་ལ་མངོན་ཤེས་རྫུ་འཕྲུལ་མངའ་བས་ན། །གསང་གཏམ་མི་ལ་མ་བཤད་བརྩེ་བས་དགོངས། །སྔོན་ཚེ་ལ་ཕྱི་གངས་ཀྱི་ར་བ་དང་། །ཆུང་བར་སྨན་ལུང་ཕོ་བྲང་ལ་སོགས་སུ། །རྗེ་བཙུན་བཞད་པ་རྡོ་རྗེའི་གསང་ཡུམ་དུ། །བཞེས་དུས་ཡང་ཡང་བྱོན་པའི་ལོ་རྒྱུས་དང་། །དེ་རྗེས་རྣལ་འབྱོར་རུས་པའི་རྒྱན་ཅན་གྱིས། །ཕྱག་རྒྱར་ལྔ་གར་བཞེས་པའི་ངོ་མཚར་གྱི། །ལོ་རྒྱུས་མང་པོ་ཐོས་པས་དགའ་ཞིང་སྤྲོ། །བདག་ཀྱང་དེ་བཞིན་རྗེས་སུ་གཟུང་དུ་གསོལ། །ངོ་བོ་ལྷ་མོ་ཁྱེད་
རྣམས་ཡིན་པ་ལ། །རྣམ་པ་མི་ཡི་བུ་མོ་གཞོན་ནུ་མ། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང་། །ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་མཛེས། །རང་འདྲའི་བུ་མོ་མང་པོའི་འཁོར་གྱིས་བསྐོར། །འོད་ཀྱི་ལམ་ལ་རོལ་མོའི་སྒྲ་དང་བཅས། །དུ་མར་སྤྲོ་ཞིང་གཅིག་ཏུ་སྡུད་པ་སོགས། །ངོ་མཚར་རྫུ་འཕྲུལ་སྣ་ཚོགས་སྟོན་བཞིན་དུ། །མི་མངོན་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ། །རིན་ཆེན་ཁྲི་བཟང་མཛེས་ཤིང་ཡངས་པའི་ཐོག འབོལ་གདན་འཇམ་པའི་སྟེང་དུ་དགྱེས་བཞིན་བཞུགས། །རང་ཉིད་ལྷ་རུ་གསལ་བའི་ཐུགས་ཀ་ནས། །མཆོད་པའི་ལྷ་དང་ལྷ་མོ་མང་པོ་སྤྲོས། །དེ་དག་བལྟ་དང་དགོད་དང་ལག་བཅང་དང་། །འཁྱུད་པའི་རྣམ་འགྱུར་མང་པོ་སྟོན་བཞིན་དུ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་ཞིང་། །རེག་བྱ་འཇམ་པའི་མཆོད་རྫས་སྣ་ཚོགས་དང་། །ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་འབུལ། །བཞེས་ནས་བདེ་སྟོང་ཡེ་ཤེས་བསྐྱེད་དུ་གསོལ།། །།༈ ཡེ་ཤེས་མཁའ་འགྲོའི་མཚན་རྟགས་ལྡན་པ་ཡི། །པདྨ་ཅན་གྱི་བུ་མོ་གཞོན་ནུ་མ། །ཡར་ལངས་གོས་གྲོལ་སྐུ་ལུས་རྗེན་པར་བསྟན། །རྐེད་ཕྲ་ནུ་འབུར་བྷ་ག་མངོན་པར་རྒྱས། །ཚུར་ལ་འོངས་ནས་རང་དང་ལྷན་ཅིག་
འཁོད། །གཟུགས་མཛེས་ཡིད་འོང་བལྟ་བས་ཆོག་མི་ཤེས། །ངག་གིས་སྐད་གདངས་སྙན་པོས་ཆགས་པའི་གཏམ། །ཤོབ་ཤོབ་སྨྲ་བས་ཡིད་ཀྱང་དབང་མེད་འགུགས། །འཇམ་མཉེན་ལག་པས་འཁྱུད་ཅིང་འོ་བྱས་པས། །ལུས་དང་ཁ་ཡི་དྲི་ཞིམ་ངད་པ་འཐུལ། །བརླ་གཉིས་འཁྱུད་ནས་རྡོ་རྗེ་པདྨར་དྲངས། །ཟླུམ་རྒྱས་དྲོ་འཇམ་པདྨ་དམ་ཞིང་ཟབ། །འཇམ་པའི་ཤ་སྦྱར་ནེམ་པའི་ནུ་འཇམ་གླན། །རེག་བྱ་འཇམ་པས་དགའ་བདེ་འབྲལ་མི་ཕོད། །ཁ་ཡི་ནང་དུ་ལྕེ་བཞག་འཇིབ་རེས་བྱ། །མ་མཆུ་ལྕེ་ཡི་སྦྲང་རྩི་མངར་པོ་སྟེར། །འོག་ནས་འདེགས་ཤིང་སྟེང་ནས་དལ་བུས་བསྲུབ། །དྲོ་འཇམ་པདྨའི་ཕུགས་སུ་རྡོ་རྗེ་བཏང་། །རྡོ་རྗེའི་རྩ་བ་པདྨའི་ཁ་གཉིས་སྦྱར། །པདྨ་བཙུགས་པས་འདོད་ཆགས་གཏིང་ནས་ལངས། །དབང་མེད་འགུལ་བས་ལུས་རྔུལ་ཅག་སྒྲ་འབྱིན། །འདོད་པས་གདུང་བས་ཚུར་གླན་དམ་དུ་འཁྱུད། །ཡར་ཡར་གཏད་ནས་ཁ་སྦྱར་འཁུན་བཞིན་དུ། །དགའ་བཞིའི་བདེ་སྟོང་ཡེ་ཤེས་མཆོད་པར་འབུལ། །དེ་ལྟར་ཕུལ་བས་ཤིན་ཏུ་ཐུགས་མཉེས་ཏེ། །
ཚེ་རབས་ཀུན་ཏུ་ལས་ཀྱི་ཕྱག་རྒྱ་མ། །བྱས་ནས་བདེ་སྟོང་དཔལ་ལ་ལོངས་སྤྱོད་ཅིང་། །ས་ལམ་ཡོན་ཏན་མཐར་ཕྱིན་སངས་རྒྱས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང་། །བདེ་ཆེན་ཕྱག་རྒྱ་ཆེན་པོས་བཀྲ་ཤིས་ཤོག །ཅེས་ཡེ་ཤེས་ཀྱི་ཕྱག་རྒྱ་མ་ལ་བརྟེན་ནས་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་བསྐྱེད་དེ། བདེ་སྟོང་གི་ངང་ལ་མཉམ་པར་བཞག་ནས། མཉམ་བཞག་གི་ངང་ལས་མ་གཡོས་བཞིན་སྒྱུ་ལུས་ལྷ་སྐུར་ལྡང་བར་བྱའོ། །དེ་ལྟར་རེས་མོས་བྱས། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་ཚུལ་འདི་ནི་གཞན་ལ་ཤིན་ཏུ་གསང་བའི་གནས་ཡིན་པས། སུ་ལ་ཡང་བསྟན་པར་མི་བྱའོ། །ས་མ་ཡ་རྒྱ་རྒྱ་རྒྱ། བཀའ་བརྒྱུད་གོང་མས་རྒྱ། མཁའ་སྤྱོད་མས་རྒྱ། ཚེ་རིང་མཆེད་ལྔས་རྒྱ། རྒྱ་གསུམ་དང་ལྡན་པའི་གདམས་ངག་ཟབ་མོ་འདི་ནི་ཞབས་དཀར་བས་སྦྱར་བའོ།། །།སརྦ་མངྒ་ལཾ།། །།
༈ སྨྲས་པ། རྣམ་ཀུན་མཆོག་ལྡན་དོན་གྱི་རྡོ་རྗེ་ཀུན་ཏུ་བཟང་། །རྣམ་རོལ་བཤེས་གཉེན་མཆོག་གི་སྐུར་བསྟན་དྲིན་ཅན་རྗེ། །རྣམ་གསུམ་དད་པས་རྩེ་གཅིག་གསོལ་འདེབས་བདག་རྒྱུད་ལ། །རྣམ་པ་ཀུན་ཏུ་བྱིན་ཕོབ་འབྲལ་མེད་བརྩེ་བས་སྐྱོངས། །མཐའ་ཡས་འགྲོ་བ་འདུལ་ཕྱིར་གང་འདུལ་སྐུར་བསྟན་པ། །གངྒཱའི་རྡུལ་སྙེད་གྲངས་མེད་ཞིང་ཁམས་རབ་འབྱམས་ཀྱི། །ལྷ་མཆོག་ཡི་དམ་ཞི་དང་ཁྲོ་བོའི་ཚོགས་རྣམས་ཀྱིས། །མཆོག་ཐུན་དངོས་གྲུབ་སྩོལ་ལ་བདག་རྒྱུད་སྨིན་གྲོལ་མཛོད། །བརྟན་དང་གཡོ་བའི་དངོས་ཀུན་ཅི་དགར་བསྒྱུར་ནུས་ཤིང་། །རྣལ་འབྱོར་ལམ་གྱི་གྲོགས་མཛད་བར་ཆད་ཀུན་སེལ་བའི། །གནས་གསུམ་མཁའ་འགྲོ་མ་སྲིང་ཌཱཀྐིའི་ཚོགས་རྣམས་ཀྱིས། །དགའ་བཞིའི་བདེ་ཆེན་སྦོར་ལ་ས་ལམ་མཐར་ཕྱིན་མཛོད། །རྒྱལ་བསྟན་རིན་ཆེན་བསྲུང་ཞིང་དེ་འཛིན་སྐྱོང་
མཛད་པའི། །མ་ཧཱ་ཀཱ་ལ་ཨེ་ཀ་ཛ་ཊི་རཱ་ཧུ་ལ། །ཐིག་ལེ་རྩལ་སོགས་རྡོ་རྗེ་ཆོས་སྲུང་ཚོགས་རྣམས་ཀྱིས། །མ་གཡེལ་དུས་ཀུན་གཟིགས་ལ་རྣལ་འབྱོར་ཕྲིན་ལས་སྒྲུབས། །རིམ་དགུའི་གནད་གསང་རྡོ་རྗེ་ཐེག་པ་ཡི། །ཉེ་ལམ་དམར་ཁྲིད་གསང་བའི་ཡང་ཞུན་མཆོག །དག་སྣང་སྤྲུལ་པའི་གླེགས་བམ་ཞེས་བྱ་འདི། །སྐལ་ལྡན་ལས་སད་རྣམས་ཀྱི་དཔལ་དུ་བྱོན། །སྐྱབས་མགོན་དམ་པའི་ཞལ་གྱི་བུམ་བཟང་ལས། །རིག་འཛིན་ཆེན་པོ་མཐའ་བྲལ་རྡོ་རྗེ་ལ། །བཀའ་ལུང་གནང་ཞིང་ཆོས་འདིའི་བདག་པོ་རུ། །མངའ་གསོལ་དབུགས་དབྱུང་ཞལ་བཀོད་རྒྱས་པར་གནང་། །འདི་ཉིད་ཇི་བཞིན་ཉམས་སུ་ལེན་ནུས་པའི། །རྗེས་འཇུག་སྐལ་ལྡན་ཡོད་ན་ལོངས་ཤིག་དང་། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་གོ་འཕང་མཆོག །རིང་མིན་ཚེ་འདི་ཉིད་ལ་བདེ་བླག་ཐོབ། །ཤ་ཆང་ལ་སོགས་བཟའ་བཏུང་ཚོགས་
སུ་རོལ། །ཞིང་སྔགས་ལྷན་སྐྱེས་ཕོ་ཉ་མགྲོན་དུ་འགུགས། །ཉིན་མཚན་དགའ་བདེའི་དཔལ་ལ་རྟག་རོལ་པའི། །དཔའ་བོ་རིག་འཛིན་ཚོགས་རྣམས་ཉམས་རེ་དགའ། །དེ་ལྟའི་གདམས་པའི་མཐར་ཐུག་ཡང་ཞུན་འདིའི། །མི་ཟད་པར་གྱི་མཆོད་སྦྱིན་སྤེལ་བའི་ཆེད། །བསྔོ་སྨོན་དག་པའི་མཚམས་སྦྱོར་སྔོན་སོང་ཞིང་། །རིས་མེད་བསྟན་པ་ཀུན་ལ་དག་སྣང་འབྱོངས། །དམ་པའི་གསུང་བཞིན་སྒྲུབ་པའི་རྣལ་འབྱོར་པ། །བོན་རྒྱའི་དཔལ་མཁར་རྒྱལ་གྱིས་པར་ཡོན་དང་། །འཚོ་བ་སྦྱར་ནས་འབྲི་བརྐོ་བྱེད་རྣམས་ཀྱིས། །ནོར་འཁྲུལ་ལྷག་ཆད་མ་བྱུང་ལེགས་པར་བསྐྲུན། །འདི་ཡི་དགེ་བའི་ལེགས་ཚོགས་གང་མཆིས་པ། །རྣམ་པ་ཀུན་ནས་ཀུན་ཏུ་མི་ཉམས་ཤིང་། །དབྱར་གྱི་མཚོ་ལྟར་གོང་དུ་འཕེལ་རྒྱས་ནས། །དྲིན་ཅན་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཤོག །ལུས་སྐྱེད་ཕ་མ་ཞབས་ཏོག་སྲི་ཞུའི་ཆེད། །འོ་ཞོ་འཐུང་དང་ཤ་ཁྲག་ཟོས་ལ་སོགས། །འདི་ལ་སྒོ་གསུམ་འབྲེལ་བ་གང་ཐོགས་རྣམས། །
གཙོར་བྱས་མཁའ་མཉམ་འགྲོ་ཀུན་སངས་རྒྱས་ཤོག །བདག་སོགས་དེང་ནས་སྐྱེ་བའི་ཕྲེང་བ་རུ། །མཚན་ལྡན་བཤེས་གཉེན་མཆོག་དང་མི་འབྲལ་ཞིང་། །རིམ་གཉིས་ལམ་གྱི་ཉམས་ལེན་མཐར་ཕྱིན་ནས། །གདོད་མའི་གནས་ལུགས་ཇི་བཞིན་རྟོགས་པར་ཤོག །ཁྱད་པར་མ་རྒྱུད་མཁའ་འགྲོའི་གདམས་པ་མཆོག །རྩ་ཐིག་རླུང་གི་ཉམས་ལེན་རྩལ་རྫོགས་ཤིང་། །མཚན་ལྡན་མུ་ཏྲའི་བོགས་འབྱིན་ལ་བརྟེན་ནས། །ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ཤོག །གནས་སྐབས་སུ་ཡང་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་འབད་རྩོལ་མེད་པར་འགྲུབ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །མི་ཉམས་ཕྱོགས་དུས་ཀུན་ཏུ་འཕེལ་རྒྱས་ཤོག །ཡངས་པའི་རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་འཕེལ། །ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་
ལེགས། །ནད་མུག་འཁྲུག་རྩོད་ཀུན་ཞི་ཆོས་འཕེལ་ངོས། །རྫོགས་ལྡན་དུས་བཞིན་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་དག་སྣང་སྤྲུལ་པའི་གླེགས་བམ་གྱི་པར་བྱང་ཉུང་བསྡུས་འདི་ནི། དད་ལྡན་དམ་ཚིག་གཙང་ཞིང་བླ་མའི་བཀའ་བཞིན་བསྒྲུབ་པའི་གཉེར་བ་རབ་བྱུང་དང་། ལྷ་ཁང་དབུ་མཛད་གཉིས་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཆེད་དུ། ཁྱུང་དགོན་སྤྲུལ་མིང་ཁྱབ་བརྡལ་ཀློང་ཡངས་སུ་འབོད་པས། དབེན་གནས་བཀྲ་ཤིས་འཁྱིལ་བའི་ཡང་རྩེ་བདེ་བ་ཅན་གྱི་ལྷ་ཁང་ནས་སྦྱར་བ་དགེའོ།། འདིས་ཀྱང་མདོ་སྔགས་ཀྱི་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་འབད་མེད་དུ་སྐྱེ་བར་གྱུར་ཅིག། །།
འཇམ་དབྱངས་སྤྲུལ་པའི་གླེགས་བམ།
འཇམ་དབྱངས་སྤྲུལ་པའི་གླེགས་བམ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཚོགས་གཉིས་ཆུ་གཏེར་ཆེན་པོ་རླབས་ཆེན་སྤྱོད་པའི་ས་འཛིན་དབང་པོས་བསྲུབས་པ་ལས་བྱུང་བའི། །སྐྱོན་གྱི་དྲི་མས་དབེན་ཞིང་ཡོན་ཏན་དཀྱིལ་འཁོར་རབ་རྒྱས་མཚན་དཔེ་གཟི་བརྗིད་འོད་ཟེར་འབར། །གཟུགས་སྐུ་ཉིན་བྱེད་གཞོན་ནུ་སྟོང་གསུམ་མི་མཇེད་ཞིང་འདིའི་གདུལ་བྱ་ཡོངས་ཀྱི་དཔལ་དུ་ཤར། །འགྲོ་ཀུན་རྨོངས་
པའི་མུན་སེལ་ཕན་བདེའི་པད་ཚལ་ཡོངས་འཕེལ་ཟས་གཙང་སྲས་པོ་གང་དེ་རྒྱལ། །ཕན་བདེའི་འབྱུང་གནས་ཐུབ་བསྟན་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལ། །མ་རྟོགས་ལོག་རྟོག་དྲི་མས་གོས་པ་འཆད་རྩོད་རྩོམ་པས་བྱི་དོར་བྱས། །ཐོས་བསམ་སྒོམ་གསུམ་རྒྱལ་མཚན་རྩེར་མཆོད་མཆོག་ཐུན་དངོས་གྲུབ་ཆར་བཞིན་ཕབས། །སྐྱེ་དགུའི་དབུལ་ཕོངས་སེལ་མཛད་སྲས་ཀྱི་ཐུ་བོ་མི་ཕམ་འཇམ་དབྱངས་དང་། །ཀླུ་སྒྲུབ་ཐོགས་མེད་ལ་སོགས་རྒྱ་གར་མཁས་གྲུབ་ཐམས་ཅད་ཕྱག་གི་ཡུལ། །ངོ་མཚར་གསུང་རབ་ཡིད་བཞིན་ནོར་བུ་དེ་དག་ཀུན། །སྐྱེ་དགུ་རྣམས་ཀྱི་
སྲིད་ཞིའི་དབུལ་བ་སེལ་སླད་དུ། །དཀའ་བ་དུ་མས་གངས་ཅན་ལྗོངས་འདིར་འདྲེན་མཛད་པའི། །ཆོས་རྒྱལ་ལོ་པཎ་སྐུ་དྲིན་དྲན་ན་ཅིས་མི་དད། །ནམ་ཡང་འཆི་བ་མེད་པ་རྡོ་རྗེའི་སྐུ་བརྙེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །རྒྱལ་བའི་གསུང་རབ་རབ་འབྱམས་རིན་ཆེན་ཀུན་གྱི་མཛོད་འཛིན་མཉམ་མེད་ཇོ་བོ་ཆེན་པོ་དང་། །རྒྱལ་བ་གཉིས་པ་ཀུན་མཁྱེན་བློ་བཟང་གྲགས་པ་རྣམ་གསུམ་རིམ་པར་ལེགས་བྱོན་ནས། །ཕན་བདེའི་འབྱུང་གནས་བསྟན་པ་སྤེལ་ནས་འགྲོ་ལ་བདེ་སྐྱིད་བྱུང་བས་སྐུ་དྲིན་བསམ་ན་སུ་ཡིས་འཁོར། །གསུང་རབ་ནོར་བུའི་སྒྲོམ་གྱི་ཁ་ཕྱེས་ནས། །འཕངས་པ་མེད་པར་གནང་བའི་བླ་མ་རྣམས། །རང་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །བསམ་གྱིན་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། །ད་ནི་རང་ཉིད་ནམ་འཆི་ངེས་པ་མེད། །བླ་མའི་དྲིན་ལས་རང་གིས་གང་ཐོབ་པའི། །ངོ་མཚར་གསུང་རབ་རིན་ཆེན་དགའ་སྟོན་འགྱེད། །སྐལ་ལྡན་སྙིང་གི་བུ་རྣམས་གུས་པས་ལོངས། །ཞེས་ཞིང་མཆོག་དམ་པ་དེ་དག་
རྣམས་ལ་བསྟོད་ཚིག་མེ་ཏོག་གི་མཆོད་པས་མདུན་བསུས་ཏེ་བར་སྐབས་ཀྱི་བརྗོད་བྱའི་དོན་ནི། དེ་ཡང་འོ་སྐོལ་གྱི་རྣམ་འདྲེན་དམ་པ། སྙིགས་མ་ལྔ་ཆེས་ཆེར་བདོ་བའི་ཚེ། སྙིང་སྟོབས་བཙན་པོའི་གོ་ཆ་མ་སྨད་པར་གྱོན་པའི་མཉམ་མེད་ཟས་གཙང་གི་སྲས་པོ་ཞེས་རྣམ་འདྲེན་རྒྱལ་བ་སྟོང་གི་ནང་ནས་ཀྱང་པད་དཀར་ལྟ་བུར་ཤིན་ཏུ་བསྔགས་ཤིང་། སྙན་གྲགས་ཆེན་པོ་སྲིད་པའི་རྭ་བ་ལས་བརྒལ་ཏེ། ནམ་མཁའི་ཕ་མཐའ་སྙེགས་པ་གང་དེས། ཕྱོགས་བཅུའི་ཞིང་ཀུན་འོད་ཀྱིས་འགེངས་བཞིན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་བས། ངོ་མཚར་གསུང་རབ་ཡིད་བཞིན་གྱི་ནོར་བུ་རྣམས་སྲས་ཀྱི་ཐུ་བོ་བྱམས་པ་དང་འཇམ་དབྱངས། དེའི་སྲས་ཀླུ་སྒྲུབ་དང་ཐོགས་མེད་སོགས་མཁས་གྲུབ་ནམ་མཁའི་སྐར་ཚོགས་ཙམ་གྱིས་རིམ་བཞིན་མ་རྟོགས་ལོག་རྟོག་གློ་བུར་
གྱི་དྲི་མས་གོས་པ་རྣམས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བྱི་དོར་ཡང་ཡང་བྱས། ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་མཚན་གྱི་རྩེར་མཆོད་ནས། གདུལ་བྱའི་ཡིད་ཀྱི་རེ་བ་སྐོང་བཞིན་ཡོད་དུས། ཆོས་རྒྱལ་ཆེན་པོ་རྣམས་ཀྱི་སྐུ་རིང་ལ། ལོ་པཎ་མཁས་གྲུབ་དུ་མས་བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་གདན་དྲངས་པའི་མཐུས། སྐྱེ་དགུ་ཡོངས་ལ་སྔར་བས་བདེ་སྐྱིད་འཕེལ་ཞིང་རྒྱས་པ་བྱུང་། དེ་ཉིད་བསྟན་འཛིན་གྱི་སྐྱེས་མཆོག་རྣམས་ཀྱིས་རིམ་བཞིན་ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་མཚན་རྩེར་མཆོད་པའི་མཐུས། ད་ལྟའི་བར་དུ་མ་ཉམས་པར་གནས་པ་དེ་ཉིད་རང་སྟོབས་ཀྱིས་ཐོབ་པ་མ་ཡིན་ཀྱང་མཚན་ལྡན་གྱི་བླ་མ་དུ་མའི་བཀའ་དྲིན་ལ་བརྟེན་ནས་བདག་གིས་ཀྱང་གཙུག་གི་རྒྱན་དུ་ཐོབ་པ། ད་ནི་རང་ཡང་ན་སོ་ནི་རྒས། ནམ་འཆི་ལ་ངེས་པ་མི་འདུག་སྙམས་ནས། སྐལ་ལྡན་གྱི་སློབ་མ་རྣམས་ལ་རང་གིས་སྔར་བླ་མ་རྣམས་ཀྱི་དྲིན་ལས་ཐོབ་པའི་གསུང་རབ་རིན་ཆེན་མང་པོའི་དགའ་སྟོན་འགྱེད་པ་ནི། འདི་ལྟ་སྟེ།། ༈ །།དེ་ཡང་དད་གཏོང་བློ་གྲོས་མཆོག་ཏུ་མངའ་བའི་སྐལ་ལྡན་གྱི་བུ་ཆེན་སྡེ་པ་བློ་བཟང་ཚེ་རིང་དང་། དབང་པོ་རྣམ་གཉིས་ཀྱིས་རང་ཉིད་གངས་རིར་སྡོད་པའི་རིང་ལ། བདག་དང་མཚམས་པ་མང་པོ་ལ། འཚོ་བའི་མཐུན་རྐྱེན་བཟང་པོ་སྦྱར། ཡོན་བདག་གི་གཙོ་བོ་བྱས། རྗེས་ནས་བློ་བཟང་ཚེ་རིང་གིས་ཚེ་བློས་བཏང་ནས་གནས་
ཆེན་དེར་འོངས། མཁོ་བའི་ཡོ་བྱད་མང་པོ་ཡང་ཕུལ་ནས། བླ་མ་རིན་པོ་ཆེ་ད་ནི་རྒན་པོ་འཆི་ལ་ཉེ་བ་བདག་ཀྱང་། ཐུགས་བརྩེ་བ་ཆེན་པོས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྐྱབས་འཇུག་དང་། དབེན་པར་ལྷ་ཆོས་བྱེད་ལུགས་ཀྱི་གདམས་པ་སྩལ་དུ་གསོལ་ཞེས་ཞུ་དོན་ཚིགས་སུ་བཅད་ནས་དབྱངས་སུ་ཕུལ་བ། ངོ་མཚར་མ་རིག་མུན་སེལ་སྒྲོན་མེ་མཆོག །ཉོན་མོངས་དུག་གསུམ་ནད་སེལ་སྨན་པ་མཆོག །འདོད་དགུའི་དངོས་གྲུབ་སྩོལ་བའི་ནོར་བུ་མཆོག །བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་མཆོག །མི་མངོན་དབྱིངས་ན་བཞུགས་པའི་རྡོ་རྗེ་འཆང་། །བདག་གཞན་སྣང་ངོར་ཚོགས་དྲུག་རང་གྲོལ་རྗེ། །བཀའ་དྲིན་འཁོར་མེད་བླ་མ་རིན་པོ་ཆེའི། །ཞབས་ཀྱི་པདྨོར་ལན་བརྒྱར་གུས་ཕྱག་འཚལ། །མཆོད་ཚོགས་འབུལ་ཞིང་སྔར་བྱས་སྡིག་ལྟུང་བཤགས། །སྐུ་གསུང་ཐུགས་ཀྱི་མཛད་པར་རྗེས་ཡི་རངས། །བདག་གཞན་འགྲོ་ལ་ཆོས་འཁོར་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་བླ་མའི་སྐུ་ཚེ་བརྟན་ཕྱིར་བསྔོ། །དེ་མཐུས་སྐུ་ཚེ་མཛད་འཕྲིན་རྒྱས་གྱུར་ཅིག །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བརྩེ་བ་ཆེན་པོས་བདག་ལ་ཅུང་ཟད་དགོངས། །ཚེ་གང་པོ་འདིར་དཀོར་ནག་དུག་ཆུ་འཐུངས། །ཤི་ན་ངན་སོང་མ་གཏོགས་འགྲོ་ས་མེད། །ད་ནི་ན་སོ་རྒས་ནས་འཆི་ལ་ཉེ། །འཆི་བས་འཇིགས་
ནས་ཆོས་ཤིག་བྱེད་སྙམ་འོངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་སུ་ཟུངས། །ལྷ་ཆོས་བྱེད་ཚུལ་གདམས་པ་སྩོལ་བར་ཞུ། །ཆོས་བཞིན་ནུས་པར་བླ་མས་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། འོ་ཆོས་རྣམ་དག་ཅིག་སྙིང་ནས་བྱེད་ན། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་། ད་ལྟའི་རྩ་བའི་བླ་མ་ཡན་ཆད་ཀྱི་བླ་མ་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལྟར། ཐོག་མར་ཚེ་འདི་བློས་གཏོང་དགོས་ཏེ། དེ་ཡི་རྒྱུ་མཚན་ཚེ་འདིའི་བྱ་བ་བློས་མ་བཏང་ན། ཆོས་རྣམ་དག་ཅིག་མི་འོང་བར་མ་ཟད། སྡིག་སྡུག་གཏམ་ངན་གསུམ་དུས་གཅིག་ལ་སླེབ་འོང་སྟེ། པོ་ཏོ་བའི་གསུང་བགྲོས་ལས། ཆོས་མ་བྱུང་ཚད་ཚེ་འདི་མ་སྤངས་པས་ལན་གསུངས། ཤྭ་བོ་བའི་ཞལ་ནས། ཚེ་འདིའི་བསྒྲུབ་བྱ་ཆེ་ཙ་ན་ཐུགས་མི་བདེ། གར་རྒྱུག་ཆ་མེད། དེ་ཙ་ན་སྡིག་སྡུག་གཏམ་ངན་གསུམ་དུས་གཅིག་ལ་སླེབ་འོང་། ཞེས་དང་། དགེ་བཤེས་སྟོན་པས། ཨ་ཏི་ཤ་ལ་ཚེ་འདིའི་བདེ་སྐྱིད་དང་རྙེད་བཀུར་སོགས་འདོད་ནས་ལས་བྱས་པ་རྣམས་ལ་འབྲས་བུ་ཅི་མཆིས་ཞུས་པས། འབྲས་བུ་དེ་ཁོ་ན་ཉིད་མཆིས་གསུངས། ཕྱི་མ་ལ་ཅི་མཆིས་ཞུས་པས། དམྱལ་བ་མཆི། ཡི་དྭགས་མཆི། དུད་འགྲོ་མཆི་གསུངས་སོ། །ཚེ་བློས་ཐོངས་ན་ཆོས་དང་སྲིད་ཞིའི་བདེ་སྐྱིད་སྙན་གསུམ་ཐམས་ཅད་དུས་གཅིག་ལ་འོང་སྟེ། པོ་ཏོ་བའི་གསུང་
བགྲོས་ལས། དབྱངས་ལ་སོགས་པ་འཐེན་པ་ལ། དང་པོ་ཨེ་ཟེར་བ་དེ་ཐོན་པར་དཀའ། འགོ་དེ་རྒྱངས་འཐེན་ཐུབ་བྱུང་ན། དེ་ནས་ལས་སླ། དེ་བཞིན་དུ་ཆོས་བྱེད་པ་ལ། དང་པོ་ཚེ་འདི་བློས་ཐོངས་པ་དཀའ་བ་ཡིན། འདི་ལན་གཅིག་ཐོངས་ན་དེ་ནས་ལས་སླ་གསུངས། སངས་རྒྱས་ཀྱི་ཞལ་ནས་ཀྱང་། གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤོང་། །འདོད་པ་ཐམས་ཅད་ཡོངས་སྤངས་ན། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཞེས་དང་། རྟོག་ལྡན་བསམ་གཏན་དཔལ་གྱིས། ཚེ་འདིའི་སྐྱིད་འདོད་སྡུག་བསྔལ་ཡིན། །རླུང་ལ་བསྐུར་ན་གཏན་སྐྱིད་འབྱུང་། །ཞེས་དང་། སྐྱེ་མཆོག་པའི་ཞལ་ནས། ཅིས་ཀྱང་དགོས་པ་མེད་ཙ་ན། །གྲགས་པས་ས་སྟེང་ཁྱབ་པ་ལགས། །ལུས་སྲོག་ཆོས་ཕྱིར་ཐོངས་ཙ་ན། །སྙན་པའི་སེར་བུ་བསྐྱོད་པ་ལགས། །གསུངས། གཞན་ཡང་། མདོ་ལས། འདོད་པ་ཟད་ན་འཕགས་པ་དངོས་ཡིན་ཏེ། །འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ནོ། །ཞེས་དང་། ཐོག་མའི་བློ་སྦྱོང་ལས། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །འདོད་པ་སྤངས་པའི་རྩ་ན་གདའ། །གསུངས། དེས་ན་མཉམ་མེད་ཇོ་བོ་རྗེ་སྐུ་འདའ་ཁར། རྣལ་འབྱོར་པ་ཕྱག་པ་ཁྲི་མཆོག་གིས། ཇོ་བོ་གཤེགས་པ་ན། བདག་གིས་རྩེ་གཅིག་ཏུ་བསྒོམ་པར་ཞུ་ཞུས་པས། བྱ་བ་ངན་པ་ཡིན་པས་བོར་ལ་ཐོངས་གསུངས། འོ་ན་འཆད་པར་ཞུ་ཞུས་པས་ཀྱང་དེ་སྐད་གསུངས། འོ་ན་རེས་བཤད་རེས་བསྒོམ་པར་ཞུ་ཞུས་པས་ཀྱང་། དེ་སྐད་
གསུངས། འོ་ན་ཅི་བགྱིད་ཞུས་པས། ཚེ་བློས་ཐོངས་གསུངས། དེས་ན་ཚེ་བློས་བཏང་འདི་ཆོས་ཀྱི་འགོ་ཡིན་ཏེ། རིགས་པའི་དབང་ཕྱུག་གི་ཞལ་ནས། ཆོས་ཀྱི་ཉམས་ལེན་སྣ་གཅིག་མ་གྲུབ་པར། །ཁྱོད་ཉིད་ཆོས་པར་རློམས་པ་ཀྱེ་མ་བླུན། །ཆོས་ཀྱི་སྙིང་པོ་ཚེ་འདི་བློས་ཐོངས་པ། །རང་གི་རྒྱུད་ལ་འདུག་གམ་མི་འདུག་ལྟོས། །གསུངས། འདི་ཆོས་ཀྱི་འགོ་ཙམ་དུ་མ་ཟད། ཐོག་མཐའ་བར་གསུམ་དུ་གལ་ཆེ་བས། ཐུགས་དམ་གྱི་མཐིལ་དུ་བྱ་དགོས་སྟེ། ཡང་དགོན་པའི་ཞལ་ནས། ངས་ནི་ཚེ་བློས་གཏོང་བ་ལ། སྒྲུབ་པའི་མཐིལ་དུ་བྱས་པ་ཡིན་ནོ་སྐྱེས་བུ་ཀུན་གསུངས་སོ། །དེས་ན་སྔར་ཆོས་བྱས་སམ་མ་བྱས། ད་ཆོས་ཡོང་ངམ་མི་ཡོང་། རང་གི་ཕ་ཡུལ་དང་ཉེ་འབྲེལ་ཟས་ནོར་སོགས་ཚེ་འདིའི་ཕུན་ཚོགས་རྣམས་བློས་བཏང་མ་གཏང་ལ་བརྟག་པ་བྱ་དགོས། འདི་བློས་ཐོངས་འདུག་ན་སྔར་ཡང་ཆོས་བྱས་ཏེ། ད་ཡང་ཆོས་ཡོང་། འདི་བློས་མ་ཐོངས་འདུག་ན་སྔར་ཡང་ཆོས་མ་བྱས། ད་ཡང་ཆོས་མི་ཡོང་སྟེ། མར་པ་ལོ་ཙཱས། རྗེ་མི་ལ་འབྱོན་ཁར། བུ་འཇིག་རྟེན་འདི་བློས་མ་ཐོངས་པར་འདི་ཡི་བྱ་བ་དང་དམ་པའི་ཆོས་བསྲེས་ན། ཆོས་ཤོར་ཟིན་པ་དེ་རང་ཡིན་གསུངས་སྐད། པོ་ཏོ་བའི་གསུང་བགྲོས་ལས། ཚེ་འདི་མ་ཉམས་པ་གཅིག་དང་ཕྱི་མའི་ཆོས་གཉིས་ལྷན་དུ་མི་ཡོང་། པགས་པ་གཅིག་ལ་སྤུས་བྲང་ལག་
པས་ཐེག་ཚད་གཅིག་དང་། རླིད་བུ་ཆུ་ཐུབ་པ་གཉིས་ཡོང་ས་མེད་གསུངས། ས་སྐྱ་པཎ་ཆེན་རིན་པོ་ཆེའི་ཞལ་ནས། ཚེ་འདིའི་ཕུན་ཚོགས་ཆེ་ཐབས་མ་ཤོར་བར། །གཏན་གྱི་ཕན་བདེ་ཐར་པ་རེ་བ་དེ། །རྨོངས་པའི་ཞེ་འདོད་གཟུ་ལུམ་ཉིད་ཡིན་པས། །ཚེ་འདི་བློས་ཐོངས་འབད་པས་བྱང་ཆུབ་སྒྲུབས། །ཞེས་དང་། ཆོས་རྗེ་རྒྱལ་སྲས་པས་ཀྱང་། དམ་པའི་ཆོས་དང་ཚེ་འདིའི་མདུན་མ་གཉིས། །མཉམ་དུ་འགྲུབ་པ་སུ་ཡང་ཡོད་མ་ཡིན། །སྒྲུབ་པར་འདོད་པ་དེ་དག་རང་ཉིད་ཀྱིས། །རང་ཉིད་བསླུ་བ་ཉིད་ལ་ཐེ་ཚོམ་མེད། །གསུངས། འོ་ན་ཚེ་བློས་གཏོང་དགོས་ན། གང་གཏོང་སྙམ་ན་ཕ་ཡུལ་དང་ཉེ་འབྲེལ། ཡུལ་མི་ཁྱིམ་འཚེ་ཟས་ནོར་ལོངས་སྤྱོད་ལུས་ཀྱི་གཅེས་འཛིན་ཐམས་ཅད་བློས་གཏོང་དགོས། ཇི་ལྟར་གཏོང་ན། བླ་མ་གོང་མ་རྣམས་ཀྱི་ཞལ་ནས། ཚེ་བློས་གཏོང་བའི་གཏད་པ་བཞི། རྡོ་རྗེ་གསུམ། བུད་སྙེགས་ཐོབ་གསུམ་དགོས་པ་ཡིན་གསུངས། གཏད་པ་བཞི་ནི། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་པོ་སྟོང་པར་གཏད། རྡོ་རྗེ་གསུམ་ནི། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་འཇོག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །བུད་སྙེགས་ཐོབ་གསུམ་ནི། མི་ཁྱུ་ནས་བུད། ཁྱི་གྲལ་སྙེགས། ལྷ་གྲལ་ཐོབ་པ་གསུམ་མོ། །དེ་བཅུ་ལ་ཕུགས་ནོར་བཅུ་ཞེས་པའི་ཐ་སྙད་མཛད། དེ་རྣམས་ཡིད་ལ་བཞག་པ་ཙམ་གྱིས་
ཉོན་མོངས་ཀྱི་རྗེ་བོ་འགྱེལ། ལས་ངན་གྱི་གྲུ་འཇིག །གཉེན་པོའི་ཐང་བདེ་བ་ལ་སླེབས་པས། དེས་ན་ཕུགས་ནོར་འདི་དག་ཡོད་ན། ཚེ་འདིའི་བདེ་བ་དང་ཚེ་ཕྱི་མའི་བདེ་བ་ཐམས་ཅད་དཀའ་ཚེགས་མེད་པར་མྱུར་དུ་འགྲུབ་པར་འགྱུར་རོ། །སྨྲས་པ། ཐུབ་པའི་དབང་པོ་དྲིན་ཅན་བླ་མ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །མཉམ་མེད་ཟས་གཙང་སྲས་པོ་དེ་ཉིད་ཀྱིས། །ན་རྒ་འཆི་བ་གཟིགས་པས་ཐུགས་སྐྱོ་ནས། །རྒྱལ་སྲིད་སྤངས་ནས་ནེ་རཉྫ་ནའི་འགྲམ། །ལོ་དྲུག་དཀའ་བ་སྤྱད་མཐར་རྫོགས་སངས་རྒྱས། །དེ་བཞིན་དམ་པ་གོང་མ་ཐམས་ཅད་ཀྱིས། །མི་རྟག་འཆི་བ་བསམ་པས་ཐུགས་སྐྱོ་ནས། །ཚེ་འདི་བློས་བཏང་དབེན་པར་ཉམས་ལེན་མཛད། །ཚེ་གཅིག་སངས་རྒྱས་ཐོབ་པའི་རྣམ་ཐར་བཞིན། །རང་ཡང་ནམ་འཆི་ཆ་མེད་ཚུལ་བསམས་ནས། །དམ་ཆོས་རྣམ་དག་འོང་དུ་མི་སྟེར་བའི། །ཕ་ཡུལ་ཞིང་ཁང་ཉེ་འབྲེལ་ཟས་ནོར་སོགས། །ཚེ་འདིའི་བྱ་བ་བློ་ཡིས་ཅིས་མི་གཏོང་། །ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ། །རང་ཉིད་འཚོ་བའི་ཡོ་བྱད་མ་གཏོགས་པ། །གསེར་དང་དབྱིག་སོགས་ལྷག་པའི་ཡོ་བྱད་ནི། །རང་གི་དོན་དུ་ཏིལ་ཙམ་མི་འཆང་ངོ་། །བདག་ལ་ངེས་པར་འོང་བ་འཆི་བ་ཡིན། །དེ་ཚེ་ནོར་དང་འཁོར་སོགས་ཀྱིས་མི་ཕན། །དེ་དང་བྲལ་བས་ལྷག་པར་སྡུག་
བསྔལ་འགྱུར། །དེ་ལྟར་བསམས་ནས་ཚེ་འདིའི་ཆེ་ཐབས་སྤངས། །བློ་ཕུགས་ཆོས་གཏད་ཆོས་ཕུགས་སྤྲང་ལ་གཏད། །སྤྲང་ཕུགས་ཤི་གཏད་ཤི་ཕུགས་བྲག་ལ་གཏད། །ཐེབས་མེད་རྡོ་རྗེ་སྔོན་དུ་ལེགས་པར་བཏང་། ཁྲེལ་མེད་རྡོ་རྗེ་ངེས་པར་རྗེས་ལ་འཇོག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་པར་བྱ། །མི་ཡི་ཁྱུ་ནས་ཅི་བུད་ཅི་ཐོན་བྱ། །དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་ཏེ། ཁྱི་གྲལ་སྙེགས་ནས་ལྷ་གྲལ་ཐོབ་པར་བྱ། །མདོར་ན་མི་རྟག་འཆི་བ་མྱུར་དུ་འོང་། །ད་ནི་ཚེ་བློས་གཏོང་བའི་དུས་ལ་བབས། །བླ་མའི་ཐུགས་རྗེ་རང་གི་དགེ་བའི་མཐུས། །ཚེ་འདིའི་བྱ་བ་བློ་ཡིས་ཐོང་བར་ཤོག །ཅེས་ཚིག་ངག་གིས་བཏོན་ནས་དོན་ཡིད་ལ་བསམ་ན་ཚེ་འདི་བློ་ཡིས་མྱུར་དུ་ཐོང་བར་འགྱུར་རོ། །ཞེས་སྨྲས་པའོ།། ༈ །།ཡང་བློ་ཁ་ཆོས་ལ་ཕྱོགས་པའི་སྐལ་ལྡན་གྱི་སློབ་བུ་བསོད་ནམས་སྟོབས་ཆེན། ངག་དབང་ཆོས་འགྲུབ་གཉིས་ཀྱིས། འདི་ཕྱིའི་གཏན་གྱི་༧སྐྱབས་གནས་རིན་པོ་ཆེ་ལགས། མདོ་རྒྱུད་མན་ངག་ཐམས་ཅད་ནས་ཡོན་ཏན་ཀུན་གྱི་གཞིར་གྱུར་མཚན་ལྡན་རྩ་བའི་བླ་མ་ཚུལ་བཞིན་བསྟེན་པ་གལ་ཆེ་ཚུལ་ཡང་དང་ཡང་དུ་གསུངས་འདུག་ན་ཡང་། བདག་ཅག་གཉིས་བློ་རྨོངས་པས་བསྟེན་ཚུལ་མི་ཤེས་པར་འདུག་པས། བླ་མ་ཚུལ་བཞིན་བསྟེན་ཚུལ་ཞིག་གསུང་དུ་གསོལ་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། ངོ་མཚར་སྐྱེ་མཆོག་
རིན་པོ་ཆེ། །ཡ་མཚན་སྤྲུལ་པའི་རྣལ་འབྱོར་པ། །ཉམ་ཐག་སྐྱོང་བའི་དྲིན་ཅན་མ། །འཕོངས་ལ་གང་འདོད་སྟེར་བའི་ཕ། །ཐར་པའི་ལམ་སྟོན་ས་མཁན་མཆོག །ལེགས་ཉེས་བླང་དོར་སྟོན་པའི་མིག །ངན་སོང་འཇིགས་ལས་སྒྲོལ་བའི་དཔོན། །ཉོན་མོངས་ནད་སེལ་སྨན་གྱི་བླ། །ཀུན་ལ་ཕན་པའི་ཉི་མ་མཆོག །དགོས་འདོད་སྩོལ་བའི་ཡིད་བཞིན་ནོར། །ཆོས་ཀྱི་སྒྲ་འབྱིན་ལྷ་ཡི་རྔ། །ཅི་འདོད་འབྱུང་བའི་བུམ་པ་བཟང་། །ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝར། །མཇལ་བ་དོན་ལྡན་སངས་རྒྱས་དངོས། །མཚན་ལྡན་བླ་མ་རིན་པོ་ཆེ། །མཚན་སྙན་ཚོགས་དྲུག་རང་གྲོལ་རྗེ། །མདོ་རྒྱུད་མན་ངག་ཐམས་ཅད་ནས། །ཡོན་ཏན་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་གལ་ཆེ་ཞེས། །ཡང་ནས་ཡང་དུ་གསུངས་པ་གོ །གོ་རུང་བསྟེན་ཚུལ་མི་ཤེས་གདའ། །དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི། །ཞལ་གདམས་ཉུང་ལ་འདུས་པ་ཞིག །སྩོལ་ཅེས་ཐལ་སྦྱར་གསོལ་བ་འདེབས། །དེང་ནས་བཟུང་སྟེ་ཚེ་རབས་ཀུན། །དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན། །གསུང་གི་བདུད་རྩི་ངོམས་མེད་མྱང་། །སྨིན་ཅིང་གྲོལ་བའི་སྐྱབས་འཇུག་ཞུ། །དག་དང་མ་དག་རབ་འབྱམས་ཞིང་། །གང་དུ་བསྐལ་བརྒྱར་བཙལ་གྱུར་ཀྱང་། ཁྱོད་ལས་ལྷག་པའི་དགེ་བའི་བཤེས། །རྙེད་པར་དཀའ་བ་བདག་གིས་གོ །ད་ནི་འདིའི་མཚོན་དགེ་ཚོགས་ཀྱང་། ཁྱེད་ཀྱིས་རྗེས་སུ་འཛིན་ཕྱིར་བསྔོ། །དེང་ནས་
བཟུང་སྟེ་བྱང་ཆུབ་བར། །མགོན་པོ་ཁྱོད་དང་མི་འབྲལ་ཤོག །ཅེས་ཕུལ་བའི་ལན་དུ། འོ་ན་མདོ་སྡེ་སྡོང་པོ་བཀོད་པ་ལས། སེམས་དགུས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བར་གསུངས་པ་ནི། བསྟེན་ཚུལ་ཐམས་ཅད་ཀྱི་གནད་བསྡུས་པ་ཡིན་པས། དེ་ལ་དང་པོ་བུ་མཛངས་པ་ལྟ་བུའི་སེམས་ནི། དཔེར་ན་བུ་མཛངས་པ་དེས། བྱ་བ་རང་དབང་དུ་མི་འཇུག་གི །ཕའི་ངོར་ལྟ་ཞིང་དེའི་དབང་དུ་བཏང་ནས་ངག་བཞིན་བྱེད་པ་ལྟར། རང་དབང་དོར་ནས་རང་ཉིད་བླ་མའི་དབང་དུ་བཏང་ནས། རྟག་ཏུ་དགེ་བའི་བཤེས་གཉེན་གྱི་ངོར་ལྟ་ཞིང་། གསུང་བཞིན་བྱེད་པའོ། །གཉིས་པ་རྡོ་རྗེ་ལྟ་བུའི་སེམས་ནི། དཔེར་ན་མི་ཆོད་པ། མི་ཤིག་པ། བདེན་པ། སྲ་བ། བརྟན་པ། ཐོགས་པ་མེད་པ། མི་ཕམ་པ་སྟེ། ཁྱད་ཆོས་བདུན་དང་ལྡན་པའི་རྡོ་རྗེ་ལྟར། བདུད་དང་སྡིག་གྲོགས་སོགས་ཀྱིས་བླ་མ་དང་སློབ་མ་གཉིས་ཀའི་བར་དུ་འབྱེད་པའི་དབྱེན་དང་རྫུན་ཚིག་ཇི་ལྟར་སྨྲས་ཀྱང་ནམ་ཡང་མི་ཕྱེད་པར་བྱེད་པའོ། །གསུམ་པ་ས་ལྟ་བུའི་སེམས་ནི། དཔེར་ན་ས་གཞི་འདིའི་སྟེང་དུ་ཅི་བཞག་ཀྱང་འཁུར་བ་ལྟར། བླ་མས་བྱ་བ་ལས་དོན་གྱི་ཁུར་གང་བསྐུར་ཀྱང་སྐྱོ་ངལ་མེད་པར་ཐམས་ཅད་འཁུར་བའོ། །བཞི་པ་ཁོར་ཡུག་གི་རི་ལྟ་བུའི་སེམས་ནི། དཔེར་ན་ཁོར་ཡུག་གི་རི་བོ་ཆེན་པོ་སུ་གང་གིས་སྒུལ་མི་ནུས་པ་ལྟར། བླ་མ་བསྟེན་ནས་
ཆོས་བྱེད་དུས། ལྟོགས་སྐོམ་སོགས་མི་འདོད་པའི་སྡུག་བསྔལ་ཅི་བྱུང་ཡང་དེ་ཀུན་གྱིས་སྒུལ་མི་ནུས་པར་བྱེད་པའོ། །ལྔ་པ་འཇིག་རྟེན་པའི་བྲན་ལྟ་བུའི་སེམས་ནི། དཔེར་ན་རྒྱལ་པོའི་བྲན་གྱིས་ངན་ལས་ཅི་བྱེད་དགོས་ཀྱང་སྒྲུབ་པ་ལྟར། བླ་མས་བཅོལ་བའི་ངན་ལས་ཐམས་ཅད་ཉམས་སུ་ལེན་པ་ལ་ཡིད་མི་འཁྲུག་པར་བྱེད་པའོ། །དྲུག་པ་ཕྱག་བདར་པ་ལྟ་བུའི་སེམས་ནི། དཔེར་ན་ཕྱག་དར་བྱེད་པའི་བྲན་གཡོག་ལ་ཆེ་བའི་ང་རྒྱལ་མེད་པ་ལྟར། བླ་མ་ལས་ང་ཆེ་སྙམ་པའི་ང་རྒྱལ་ཐམས་ཅད་སྤངས་ནས་བླ་མ་ལས་རང་དམའ་བར་འཛིན་པའོ། །བདུན་པ་ཐག་པ་ལྟ་བུའི་སེམས་ནི། དཔེར་ན་ཐག་པའི་ནང་དུ་གང་བཞག་ཀྱང་འཛིན་པ་ལྟར། བླ་མའི་བྱ་བ་ཤིན་ཏུ་བྱ་དཀའ་བའི་ཁུར་ལྕི་བ་རྣམས་ཀྱང་སྤྲོ་བཞིན་འཛིན་པར་བྱེད་པའོ། །བརྒྱད་པ་ཁྱི་ལྟ་བུའི་སེམས་ནི། དཔེར་ན་སྒོ་ཁྱི་ལ་ཁྱིམ་བདག་གིས་ཅི་ལྟར་སྨྲས་ཀྱང་མི་ཁྲོ་བ་ལྟར། བླ་མས་བརྙས་སྨོད་ཁྱད་གསོད་གཤེ་ཞིང་མཚང་འབྲུ་སོགས་ཅི་ལྟར་གསུངས་ཀྱང་དེ་ལ་ནམ་ཡང་མི་ཁྲོ་བར་བྱེད་པའོ། །དགུ་པ་གྲུ་ལྟ་བུའི་སེམས་ནི། དཔེར་ན་གྲུ་ཆེན་པོ་དེ་ཆུ་ཡི་ཁར་ཕར་ཚུར་གང་དུ་བརྒྱ་སྟོང་འགྲོ་དགོས་ཀྱང་སྐྱོ་བ་མེད་པ་ལྟར། བླ་མའི་བྱ་བ་ལ་ཇི་ཙམ་ཞུགས་ཀྱང་། འགྲོ་ཞིང་འོང་བས་མི་སྐྱོ་བར་བྱེད་པའོ། །དེ་ལྟ་བུའི་སེམས་དགུའི་སྒོ་ནས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་ན། ཆེད་དུ་གཉེར་ནས་
མ་བསྒྲུབས་ཀྱང་ཡོན་ཏན་མང་པོ་ངམ་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་ཞིང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །སྨྲས་པ། སངས་རྒྱས་ཀུན་ལས་ལྷག་པའི་དྲིན་ཅན་རྗེ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་མཚན་ལྡན་བླ་མ་རྗེ། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཡོན་ཏན་གཞིར་གྱུར་དྲིན་ཅན་བླ་མ་རྗེ། །ཚུལ་བཞིན་བསྟེན་པ་བདེ་ལེགས་རྩ་བ་རུ། །ཤེས་ནས་སྲོག་གི་ཕྱིར་ཡང་མི་སྤོང་བར། །རབ་ཏུ་གུས་པའི་སྒོ་ནས་བསྟེན་པར་བྱ། །མཚན་ལྡན་བླ་མའི་ངོར་བལྟ་དབང་དུ་བཏང་། །དགའ་བཞིན་བྱེད་པ་མཛངས་པའི་བུ་ལྟར་བྱ། །བདུད་དང་སྡིག་གྲོགས་སོགས་ཀྱིས་དབྱེན་བྱས་རུང་། །ནམ་ཡང་མི་ཕྱེད་རྡོ་རྗེ་ལྟ་བུར་བྱ། །བླ་མས་བྱ་བ་ལས་དོན་ཁུར་བསྐུར་ཀྱང་། །ཐམས་ཅད་འཁུར་བ་ས་གཞི་ལྟ་བུར་བྱ། །བླ་མ་བསྟེན་དུས་སྡུག་བསྔལ་ཅི་བྱུང་ཡང་། །སྒུལ་མི་ནུས་པ་རི་བོ་ལྟ་བུར་བྱ། །ངན་ལས་ཐམས་ཅད་ཉམས་སུ་ལེན་དགོས་ཀྱང་། །ཡིད་མི་འཁྲུག་པ་རྒྱལ་པོའི་བྲན་ལྟར་བྱ། །ང་རྒྱལ་སྤངས་ནས་བླ་མ་རྣམས་ལས་རང་། །དམའ་ས་འཛིན་པ་ཕྱག་དར་ལྟ་བུར་བྱ། །བླ་མའི་སྐུ་དོན་བྱ་དཀའི་ཁུར་ལྕི་བ། །སྤྲོ་བཞིན་འཛིན་པ་ཐག་པ་ལྟ་བུར་བྱ། །བླ་མས་བརྙས་ཤིང་གཤེ་ལ་མཚང་བྲུས་ཀྱང་། །དེ་ལ་ཁྲོ་བ་མེད་པ་ཁྱི་
ལྟར་བྱ། །བླ་མའི་དོན་དུ་འགྲོ་ཞིང་འོང་བ་ལ། །ནམ་ཡང་སྐྱོ་བ་མེད་པ་གྲུ་ལྟར་བྱ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གིས་དེ་ལྟར་ནུས་པར་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །དགེ་བའི་བཤེས་གཉེན་དེ་ལྟར་བསྟེན་པར་ཤོག །ཅེས་པའི་ཚིག་ངག་ཏུ་བཏོན་ནས་དོན་ཡིད་ལ་བསམ་ན་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ནུས་པའི་སྐལ་པ་དང་ལྡན་པར་འགྱུར་རོ།། ༈ །།ཡང་ཚེ་འདིའི་སྣང་ཤེས་དོར་ནས་ཕྱི་མ་དོན་དུ་གཉེར་བའི་སློབ་བུ་བློ་བཟང་ཚུལ་ཁྲིམས་ཀྱིས། ཁོ་བོ་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ས་གསུམ་འགྲོ་བ་ཡོངས་ཀྱི་མ་རིག་པའི་མུན་པ་སེལ་བའི་བསྟན་པའི་སྒྲོན་མེ་ཆེན་པོ་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལྟར། དལ་བ་བརྒྱད་དང་འབྱོར་པ་བཅུ། དལ་འབྱོར་དོན་ཆེ་བ་རྒྱུ་དང་དཔེ་དང་གྲངས་ཀྱི་སྒོ་ནས་རྙེད་དཀའ་བའི་ཚུལ་རྣམས་ཉུང་ལ་འདུས་པ་ཞིག་གསུང་དུ་གསོལ། ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། འཆད་པས་གདུལ་བྱའི་རྒྱུད་ལ་ཕན། །རྩོད་པས་ཕ་རོལ་རྒོལ་བ་འཇོམས། །རྩོམ་པས་རྒྱལ་བསྟན་ཉིན་མོར་བྱེད། །འཆད་རྩོད་རྩོམ་ལ་ཐོགས་པ་མེད། །སྙིགས་དུས་མཁས་པ་ཡོངས་ཀྱི་མཆོག །སྐྱེ་དགུའི་ཕྱག་དང་མཆོད་པའི་ཞིང་། །འགྲོ་བ་ཡོངས་ཀྱི་དགེ་བའི་བཤེས། །འབྲེལ་ཚད་དོན་ལྡན་རྣལ་འབྱོར་པ། ཁྱེད་ཀྱིས་བརྩེ་བས་བདག་ལ་དགོངས། །ཚེ་སྟོད་ཚེ་
འདིའི་དབང་དུ་སོང་། །དལ་འབྱོར་མི་ལུས་རིན་པོ་ཆེ། །དོན་མེད་ཆུད་ཟོས་བྱས་པ་ལ། །སྐྱོ་ནས་དལ་འབྱོར་མི་ལུས་ལ། །ཆོས་ཀྱིས་སྙིང་པོ་བླང་ན་སྙམ། །མ་ནོར་ཐར་པའི་ལམ་སྟོན་པའི། །རྗེ་བཙུན་ཁྱེད་ཀྱི་སྤྱན་སྔར་འོངས། །ད་ནི་བླ་མ་རིན་པོ་ཆེ། །བྱང་ཆུབ་ལམ་རིམ་ཆེན་མོ་ལྟར། །དལ་བ་བརྒྱད་དང་འབྱོར་པ་བཅུ། །ཚང་བའི་མི་ལུས་རིན་པོ་ཆེ། །ཐོབ་པ་དོན་ཆེ་རྙེད་དཀའ་བ། །བསམས་ནས་སྙིང་པོ་ལེན་དགོས་ཚུལ། །ཤིན་ཏུ་ཉུང་འདུས་ཁ་གསལ་ཞིག །བརྩེ་བས་བདག་ལ་གསུང་དུ་གསོལ། །རྗེ་བཙུན་མཉན་པ་ཁྱེད་དང་འགྲོགས། །དལ་འབྱོར་མི་ལུས་གྲུ་བོ་ཆེར། །བརྟེན་ནས་རང་སེམས་ཉམ་ཐག་མགྲོན། །འཁོར་བའི་དུག་ཆུ་རབ་མེད་ལ། །བརྒལ་ནས་སྐྱེ་རྒ་ན་འཆི་སོགས། །སྡུག་བསྔལ་མིང་ཙམ་མ་མཆིས་པའི། །གཏན་བདེ་ཐར་པའི་གྲོང་ཁྱེར་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །ཅེས་ཟེར་བའི་ལན་དུ། འོ་དེ་ཡིན་ན། མི་ཁོམ་པ་བརྒྱད་དང་བྲལ་བ་ལ་དལ་བ་བརྒྱད་ཟེར། མི་ཁོམ་པ་བརྒྱད་ནི། དམྱལ་བ་དང་གཅིག །ཡི་དྭགས་དང་གཉིས། དུད་འགྲོ་དང་གསུམ། ལྷ་ཚེ་རིང་པོ་དང་བཞི། ལོག་ལྟ་ཅན་དང་ལྔ། ཡུལ་མཐའ་འཁོབ་ཀླ་ཀློ་དང་དྲུག །གླེན་ལྐུགས་སོགས་དབང་པོ་མ་ཚང་བ་དང་བདུན། སངས་རྒྱས་འབྱུང་བ་མེད་པས་རྒྱལ་བའི་བཀའ་མེད་པ་དང་བརྒྱད་དོ། །དེ་བརྒྱད་དུ་སྐྱེས་ན་དགེ་བ་བྱ་བའི་
དལ་བ་མེད་པས་ན། མི་ཁོམ་བརྒྱད་ཅེས་བྱའོ། །འོ་སྐོལ་རྣམས་དེ་བརྒྱད་དང་བྲལ་ནས་དགེ་བའི་ལས་བྱ་བའི་དལ་བ་ཡོད་པས་ན། དལ་བ་བརྒྱད་ཅེས་བྱའོ། །འབྱོར་པ་བཅུ་ནི། མི་ལུས་ཐོབ་པ་དང་གཅིག །འཁོར་རྣམ་བཞི་རྒྱུ་བའི་ཡུལ་དབུས་སུ་སྐྱེས་པ་དང་གཉིས། མིག་རྣ་བ་སོགས་དབང་པོ་ཚང་བ་དང་གསུམ། མཚམས་མེད་པའི་ལས་མ་བྱས་པའམ་བྱེད་དུ་མ་བཅུག་པས་ན་ལས་མཐའ་མ་ལོག་པ་དང་བཞི། ཕན་བདེའི་འབྱུང་གནས་འདུལ་བ་སོགས་དམ་པའི་ཆོས་ལ་དད་པ་དང་ལྔ་པོ་དེ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་མཐུན་རྐྱེན་ཡིན་པས་རང་གི་འབྱོར་པ་ཞེས་བྱའོ། །སངས་རྒྱས་བྱོན་པ་དང་གཅིག །དམ་པའི་ཆོས་བསྟན་པ་དང་གཉིས། བསྟན་པ་གནས་པ་དང་གསུམ། བསྟན་པ་དེའི་རྗེས་འཇུག་མང་པོ་ཡོད་པ་དང་བཞི། དེས་ཀྱང་གཞན་ཕྱིར་སྙིང་ནས་བརྩེ་བས་ཆོས་སྟོན་ཅིང་སྦྱིན་བདག་རྣམས་ཀྱིས་ཟས་གོས་སོགས་སྟེར་བ་དང་ལྔའོ། །དེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་རང་གིས་ཆོས་སྒྲུབ་པའི་མཐུན་རྐྱེན་ཡིན་པས་གཞན་འབྱོར་ཞེས་བྱའོ། །དལ་འབྱོར་དོན་ཆེ་ཚུལ་ནི། དཔེར་ན་ཡིད་བཞིན་ནོར་བུ་ལ་ཟས་གོས་སོགས་ཐུན་མོང་གི་དགོས་འདོད་འབྱུང་ཀྱང་མཆོག་གི་དངོས་གྲུབ་མི་འབྱུང་ལ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ལ་བརྟེན་ནས་ཆོས་བྱས་ན་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་པས་ཡིད་བཞིན་ནོར་བུ་ལས་
ལྷག་པས་ན། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་དོན་ཆེ་བའོ། །ད་རེས་ཙམ་མ་གཏོགས་ཕྱིས་འདི་ལྟ་བུའི་རྟེན་མི་ཁོམ་པའི་གནས་རྣམས་སུ་བསྐལ་པ་བརྒྱད་ཁྲིར་བཙལ་ཀྱང་རྙེད་དཀའ་སྟེ། དེ་ཡི་རྒྱུ་མཚན་ནི། རྒྱུ་ཡི་སྒོ་ནས་རྙེད་དཀའ་ཚུལ་ནི། ཚུལ་ཁྲིམས་ཀྱིས་གཞི་བཟུང་། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་དགོས་པས་རྙེད་དཀའ། དཔེ་ཡི་སྒོ་ནས་རྙེད་དཀའ་ཚུལ་ནི། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་དཀའ་བ་ལྟར་མི་ཉིད་ཐོབ་པར་དཀའ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས། གཞན་ཡང་གྱང་ལོགས་ལ་སྲན་མ་གཏོར་ན་ས་ལ་ལྷུང་བ་རྣམས་མི་ཁོམ་པའི་གནས་སུ་སྐྱེས་པའི་ཚོད་དང་། རེ་རེ་ཙམ་ཆགས་པ་དལ་འབྱོར་མི་ལུས་ཀྱི་ཚོད་ཙམ་ཡིན་པས་རྙེད་དཀའ། གྲངས་ཀྱི་སྒོ་ནས་རྙེད་དཀའ་ཚུལ་ནི། དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ། ཡི་དྭགས་ནི་བྱེ་མའི་གྲངས་ཙམ། དུད་འགྲོ་ནི་ཆང་གི་སྦང་མ་ཙམ། ལྷ་དང་ལྷ་མིན་ནི་ཁ་བ་བུ་ཡུག་ཙམ། དལ་འབྱོར་ཚང་བའི་མི་ལུས་ནི་སེན་མོའི་སྟེང་དུ་བླངས་པའི་རྡུལ་བཞིན་དུ་ཤིན་ཏུ་ཉུང་བས་རྙེད་དཀའ། དེ་ལྟར་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་དོན་ལྡན་ཞིག་བྱའོ་སྙམ་དུ་
བསམ་པར་བྱའོ། །སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །དལ་འབྱོར་རྙེད་དཀའ་དྲན་པར་བྱིན་གྱིས་རློབས། །དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ། །ལོག་ལྟ་ཅན་དང་མཐའ་འཁོབ་ཀླ་ཀློ་དང་། །རྒྱལ་བའི་བཀའ་མེད་པ་དང་གླེན་ལྐུགས་སྟེ། །མི་ཁོམ་བརྒྱད་དང་བྲལ་བ་དལ་བ་བརྒྱད། །མི་ལུས་ཐོབ་དང་དགེ་སློང་ཕ་ལ་སོགས། །འཁོར་ཡང་རྣམ་བཞི་རྒྱུ་བའི་ཡུལ་དབུས་སྐྱེས། །དབང་པོ་སྒོ་ལྔ་ཚང་ཞིང་འདུལ་བ་སོགས། །ཕན་བདེའི་འབྱུང་གནས་དམ་པའི་ཆོས་ལ་དད། །མཚམས་མེད་མ་བྱས་བྱེད་དུ་མ་བཅུག་པས། །ལས་མཐའ་མ་ལོག་པ་སྟེ་རང་འབྱོར་ལྔ། །སངས་རྒྱས་བྱོན་དང་དེ་ཡིས་དམ་ཆོས་བསྟན། །བསྟན་པ་གནས་དང་དེ་ཡི་རྗེས་འཇུག་མང་། །དེས་ཀྱང་བརྩེ་བས་ཆོས་སྟོན་ཡོན་བདག་གིས། །མཐུན་རྐྱེན་སྦྱོར་བ་རྣམས་ནི་གཞན་འབྱོར་ལྔ། །དེ་འདྲའི་དལ་འབྱོར་མི་ལུས་རིན་ཆེན་ལ། །བརྟེན་ནས་དམ་པའི་ལྷ་ཆོས་ཉམས་བླངས་ན། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཐོབ། །ཡིད་བཞིན་ནོར་ལས་ལྷག་པས་དོན་རེ་ཆེ། །ད་རེས་མ་གཏོགས་ཕྱིས་ནས་རྙེད་པར་དཀའ། །ཚུལ་ཁྲིམས་གཞི་བཟུང་སྦྱིན་སོགས་གྲོགས་བྱས་ཏེ། །སྨོན་ལམ་མཚམས་སྦྱོར་བྱས་ནས་ཐོབ་དགོས་པས། །རྒྱུ་ཡི་སྒོ་ནས་
བསམས་ཀྱང་རྙེད་པར་དཀའ། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་བུ་ག་རུ། །རུས་སྦལ་ལོང་བའི་མགྲིན་པ་ཆུད་དཀའ་ལྟར། །མི་ལུས་རྙེད་པར་དཀའ་ཞེས་རྒྱལ་བས་གསུངས། །དཔེ་ཡི་སྒོ་ནས་བསམས་ཀྱང་རྙེད་པར་དཀའ། །སེམས་ཅན་གཞན་གྱི་གྲངས་ལ་བསམ་ཙ་ན། །ས་ཡི་རྡུལ་བཞིན་ཤིན་ཏུ་གྲངས་མང་ཞིང་། །མི་ལུས་སེན་མོའི་སྟེང་གི་རྡུལ་བཞིན་ཉུང་། །གྲངས་ཀྱི་སྒོ་ནས་བསམས་ཀྱང་རྙེད་པར་དཀའ། །དེ་ལྟར་རྙེད་དཀའ་དོན་ཆེའི་མི་ཡི་ལུས། །ཐོབ་དུས་ཆོས་ཀྱི་སྙིང་པོ་ལོན་པ་དགོས། །མདོར་ན་དལ་འབྱོར་དོན་ཆེ་རྙེད་པར་དཀའ། །ད་ནི་ལྷ་ཆོས་བྱེད་པའི་དུས་ལ་བབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །དལ་འབྱོར་དོན་ལྡན་ནུས་པར་བྱིན་གྱིས་རློབས། །ཞེས་ཚིག་ལེགས་པར་བཏོན་ནས་དོན་ལ་ཚུལ་བཞིན་བསམ་ན་དལ་འབྱོར་གྱི་རྟེན་ལ་དམ་པའི་ཆོས་ཀྱིས་སྙིང་པོ་ལེན་འདོད་ཀྱི་བློ་ངམ་ངམ་ཤུགས་ཀྱིས་སྐྱེ་བར་འགྱུར་རོ། །ཞེས་སྨྲས་སོ།། ༈ །།ཡང་ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པའི་སྐལ་ལྡན་གྱི་སློབ་བུ་སྦྱིན་པ་ནོར་བུས། ཁོ་བོ་ལ་སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་བླ་ན་མེད་པ། བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལྟར། འཆི་བ་མི་རྟག་པ། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་
གསུམ་གྱི་སྒོ་ནས། བསམ་ཚུལ་ཉུང་ལ་འདུས་པ་ཞིག་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། དུས་གསུམ་སངས་རྒྱས་འདུས་པའི་སྐུ། །དམ་པའི་ཆོས་ཀུན་སྒྲོག་པའི་གསུང་། །མཁྱེན་བརྩེ་དཔག་པར་དཀའ་བའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །མི་རྟག་འཆི་བ་དྲན་དང་གཅིག །ཚེ་འདི་བློ་ཡིས་ཐོངས་དང་གཉིས། །དམ་པའི་ལྷ་ཆོས་བྱེད་དང་གསུམ། །འདི་གསུམ་མཉམ་དུ་འོང་གསུངས་ཀྱང་། །བདག་ནི་རྟག་འཛིན་ཆེ་དང་གཅིག །ཚེ་འདིར་ཤི་སྦར་འཐམས་དང་གཉིས། །འཇིག་རྟེན་མི་ཆོས་བྱེད་དང་གསུམ། །འདི་གསུམ་མགོ་མཉམ་ཡོང་ཞིང་གདའ། །རྟག་པར་མི་གཞན་འཆི་བ་མཐོང་། །རྟག་ཏུ་ཁྱེད་དང་གསུང་རབ་ནས། །རྟག་པའི་ཆོས་མེད་མང་གསུངས་ཀྱང་། །རྟག་འཛིན་ཆེ་བའི་བུ་ངན་ལ། །མཁྱེན་རབ་འཇམ་དཔལ་གཞོན་ནུ་དེ། །མི་ཡི་གར་གྱིས་རྣམ་རོལ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡིས། །མཛད་པའི་མཚུངས་མེད་ལེགས་བཤད་མཆོག །སྐལ་བཟང་ཐར་པ་བགྲོད་འདོད་པའི། །འཇུག་ངོགས་བླ་ན་མ་མཆིས་པ། །བྱང་ཆུབ་ལམ་རིམ་ཆེན་མོ་ལྟར། །རྩ་བ་གསུམ་དང་རྒྱུ་མཚན་དགུ །ཐག་བཅད་གསུམ་གྱི་སྒོ་ནས་ནི། །མི་རྟག་འཆི་བ་བསམ་པའི་ཚུལ། །ཤིན་ཏུ་ཁ་གསལ་ཉུང་འདུས་ཤིག །བདག་ལ་བརྩེ་བས་གསུང་དུ་གསོལ། །མཚན་ལྡན་བླ་མ་རིན་པོ་
ཆེ། །འཆི་བ་དྲན་པར་བྱིན་གྱིས་རློབས། །རྟག་པར་མི་འཆི་སྙམ་པ་ཡི། །རྟག་འཛིན་གདོན་དང་བྲལ་གྱུར་ཅིག །དེང་ནས་བཟུང་སྟེ་བྱང་ཆུབ་བར། །མགོན་པོ་ཁྱོད་དང་མི་འབྲལ་ཞིང་། ཁྱོད་ཀྱི་གསུང་གི་བདུད་རྩི་མྱངས། །རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་ཟེར་བའི་ལན་དུ། འོ་འཆི་བ་མི་རྟག་པ་བསྒོམ་ཚུལ་གྱི་རྩ་བ་གཅིག་ནི། ངེས་པར་འཆི་བ་བསམ་པ་ཡིན། དེའི་རྒྱུ་མཚན་བསམ་པ་ལ་གསུམ་སྟེ། དང་པོ་འཆི་བདག་ངེས་པར་འོང་ལ་རྐྱེན་གྱིས་བཟློག་ཏུ་མེད་པར་བསམ་པ་ནི། ལུས་ཅི་འདྲ་ཞིག་གི་སྐྱེ་བ་བླངས་ཀྱང་། འཆི་བདག་ངེས་པར་འོང་ལ། དེ་ཡང་རྫས་སྔགས་སྨན་དང་སྟོབས་དང་ནོར་སོགས་རྐྱེན་གང་གིས་ཀྱང་བཟློག་དུ་མེད་པས་ངེས་པར་ང་འཆི་སྙམ་དུ་བསམ། གཉིས་པ་ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པར་བསམ་པ་ནི། ཟས་ནོར་སོགས་ཟད་སོང་ན་སླར་སྣོན་དུ་ཡོད་ཀྱང་། མི་ཚེ་ནི་དེ་ལྟར་མ་ཡིན་པར་སྣོན་པ་ཅུང་ཟད་མེད་པར་མ་ཟད། འབྲིད་བྱེད་བར་མ་ཆད་དུ་ཡོད་པས་ན་ངེས་པར་འཆི་སྙམ་དུ་བསམ། གསུམ་པ་གསོན་པའི་ཚེ་ལ་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པ་ནི། དེ་ཡང་ཡུན་ཐུང་ཚེ་ཡི་ཕྱེད་གཉིད་ལ་ཟད། ཕྱེད་ལ་ཆུང་དུས་ཆོས་མི་དྲན། རྒས་ནས་དྲན་ཀྱང་ཆོས་མི་ནུས། གཞོན་དུས་དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམ་བུན་བསྐྱེད་བཟའ་བཏུང་ལོང་གཏམ་རྣམ་གཡེང་གི་
དབང་དུ་སོང་ནས་ཆོས་བྱ་ལོང་མེད་པར་ངེས་པར་འཆི་སྙམ་དུ་བསམ་མོ། །ཐག་བཅད་པ་གཅིག་ནི། འཆི་བའི་དགྲ་ནི་དགག་ཏུ་མེད་པར་ངེས་པར་འོང་ན། ཚེ་འདིའི་བསླུ་བྲིད་ལ་དགའ་བས་ཅི་ཞིག་བྱ། ཚེ་འདིའི་འཁྲི་བ་ཐམས་ཅད་བཅད་ནས་ཆོས་ཤིག་མ་བྱས་པའི་ཐབས་མི་འདུག་སྙམ་དུ་བསམ་སྟེ། ཆོས་བྱེད་དགོས་པ་ལ་ཐག་བཅད་ཅིང་ཞེ་དམ་མང་དུ་བྱ་བའོ། །ཡང་རྩ་བ་གཅིག་ནི་ནམ་འཆི་ངེས་པ་མེད་པ་བསམ་པ་ཡིན། དེའི་རྒྱུ་མཚན་བསམ་པ་ལ་གསུམ་སྟེ། དང་པོ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་བསམ་པ་ནི། གླིང་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་། ལྷོ་འཛམ་བུ་གླིང་གི་ཚེ་ལ་ངེས་པ་མེད་པས་ན་ནམ་འཆི་ངེས་པ་མེད་སྙམ་དུ་བསམ། གཉིས་པ་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་བསམ་པ་ནི། ཆར་རླུང་གསེབ་ཀྱི་མར་མེ་ལྟར། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། འབྱུང་བཞིའི་གནོད་པ་སོགས་ཚེ་ལ་གནོད་པའི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་ན་ནམ་འཆི་ངེས་པ་མེད་སྙམ་དུ་བསམ། གསུམ་པ་ལུས་ཤིན་ཏུ་ཉམ་ཆུང་བས་ན་ནམ་འཆི་ངེས་པ་མེད་བསམ་པ་ནི། སྒྱུ་ལུས་ཆུ་ཡི་ཆུ་བུར་དང་འདྲ་བས་ཐ་ན་ཚེར་མ་ཟུག་པ་ཙམ་གྱི་རྐྱེན་ལ་བསྙད་བཏགས་ནས་ཀྱང་འཇིག་པར་འགྱུར་བས། རྐྱེན་
ངན་ཕྲ་མོས་ཀྱང་གཞོམ་སླ་བས་ལུས་ཤིན་ཏུ་ཉམ་ཆུང་བས་ན་ནམ་འཆི་ངེས་པ་མེད་སྙམ་དུ་བསམ་མོ། །ཐག་བཅད་པ་གཅིག་ནི། འཆི་བདག་གིས་ལུས་སྲོག་ནམ་འཇོམས་ངེས་པ་མི་སྣང་ན། ཚེ་འདིའི་བྱ་བ་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་བྱས་ནས་མྱུར་བར་མྱུར་དུ་ཆོས་ཤིག་མི་བྱེད་པའི་ཐབས་མི་འདུག་སྙམ་དུ་བསམ་སྟེ། ད་ལྟ་ཉིད་ནས་ཆོས་བྱ་བར་ཐག་གཅོད་པའི་ཞེ་དམ་མང་དུ་བྱེད་པའོ། །ཡང་རྩ་བ་གཅིག་ནི། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་མི་ཕན་པ་བསམ་པ་ཡིན། དེའི་རྒྱུ་མཚན་བསམ་པ་ལ་གསུམ་སྟེ། དང་པོ་གཉེན་གྱིས་མི་ཕན་པ་བསམ་པ་ནི། འཆི་བའི་དུས་ལ་བབ་པའི་ཚེ། བརྩེ་གདུང་ཆེ་བའི་གཉེན་བཤེས་མང་པོས་མཐའ་བསྐོར་ཀྱང་ནང་ནས་གཅིག་ཙམ་ཡང་འཁྲིད་ས་མེད་སྙམ་དུ་བསམ། གཉིས་པ་ནོར་གྱིས་མི་ཕན་པ་བསམ་པ་ནི། ཡིད་དུ་འོང་བའི་ནོར་གྱི་ཕུང་པོ་ཇི་སྙེད་ཡོད་ཀྱང་རྡུལ་ཕྲན་ཙམ་ཡང་ཁྱེར་དབང་མེད་སྙམ་དུ་བསམ། གསུམ་པ་ལུས་ཀྱིས་མི་ཕན་པ་བསམ་པ་ནི། གཅེས་པར་བསྐྱངས་པའི་ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་མལ་དུ་བཞག་ནས་འགྲོ་སྙམ་དུ་བསམ་མོ། །ཐག་བཅད་པ་གཅིག་ནི། འཆི་ཚེ་མགོན་སྐྱབས་དཔུང་གཉེན་ཆོས་མ་གཏོགས་གཞན་གང་ཡང་མེད། ཚེ་འདིའི་ཕུན་ཚོགས་རྣམས་ཀྱིས་བདག་དོར། བདག་གིས་འདི་རྣམས་འདོར།
ནམ་འདོར་ཆ་མི་འདུག །དོ་ནུབ་ཡིན་ཡང་དོར་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་ཉེན་ཡོད་པས་ཚེ་འདིའི་བྱ་བ་ཐམས་ཅད་ཆམས་ཀྱིས་བཞག་ནས་ཆོས་ཤིག་མི་བྱེད་པའི་ཐབས་མི་འདུག་སྙམ་དུ་བསམ་སྟེ། ཆོས་བྱེད་པར་བློ་ཐག་གཅོད་ཅིང་ཞེ་དམ་མང་དུ་བྱ་བའོ། །སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །སྔོན་ཆད་མ་ཤི་ལུས་པ་གཅིག་ཀྱང་མེད། །དེ་བཞིན་རང་ཡང་མི་རྟག་ངེས་པར་འཆི། །དེ་ཡི་རྒྱུ་མཚན་འཆི་བདག་ངེས་པར་འོང་། །རྐྱེན་གྱིས་བཟློག་ཐབས་མེད་པས་ངེས་པར་འཆི། །ཚེ་ལ་གསར་དུ་སྣོན་པ་ཅུང་ཟད་མེད། །འབྲིད་བྱེད་བར་མ་ཆད་པས་ངེས་པར་འཆི། །གཉིད་དང་བཟའ་བཏུང་ལོང་གཏམ་སོགས་ཀྱིས་གཡེངས། །ལྷ་ཆོས་བྱེད་ལོང་མེད་པར་ངེས་པར་འཆི། །དོན་མེད་ཚེ་འདིའི་བྱ་བ་བློས་བཏང་ནས། །ངེས་པར་ལྷ་ཆོས་བྱེད་ལ་བློ་ཐག་བཅད། །ད་ལྟ་གཞོན་ནུ་མང་པོ་འཆི་བ་བཞིན། །རང་ཡང་གློ་བུར་ནམ་འཆི་ངེས་པ་མེད། །དེ་ཡི་རྒྱུ་མཚན་འཛམ་གླིང་ཚེ་ཚད་ལ། །ངེས་པ་མེད་པས་ནམ་འཆི་ངེས་པ་མེད། །ཚེ་ལ་ནད་གདོན་དགྲ་སོགས་གནོད་པ་མང་། །གསོན་རྐྱེན་ཉུང་བས་ནམ་འཆི་ངེས་པ་མེད། །སྒྱུ་ལུས་ཉམ་ཆུང་རྐྱེན་ངན་ཕྲ་མོས་ཀྱང་། །འཇིག་པར་སླ་བས་ནམ་འཆི་ངེས་པ་མེད། །དོན་མེད་ཚེ་འདིའི་བྱ་བ་བློས་བཏང་ནས། །ད་ལྟ་ལྷ་ཆོས་བྱེད་ལ་བློ་ཐག་བཅད། །
འཇིགས་རུང་འཆི་བདག་ཐོག་ཏུ་བབས་པའི་ཚེ། །ལྷ་ཆོས་མ་གཏོགས་གང་གིས་ཕན་པ་མེད། །དེ་ཡི་རྒྱུ་མཚན་བརྩེ་གདུང་ཆེ་བའི་གཉེན། །གཅིག་ཀྱང་འཁྲིད་ས་མེད་པས་ཕན་པ་མེད། །འབད་པས་བསྒྲུབས་པའི་ཡིད་དུ་འོང་བའི་ནོར། །རྡུལ་ཙམ་འཁྱེར་དབང་མེད་པས་ཕན་པ་མེད། །ལྷན་ཅིག་སྐྱེས་པའི་རང་གི་ཤ་རུས་ཀྱང་། །མལ་དུ་བཞག་ནས་འགྲོ་བས་ཕན་པ་མེད། །དོན་མེད་ཚེ་འདིའི་བྱ་བ་བློས་བཏང་ནས། །ཕན་ངེས་ལྷ་ཆོས་བྱེད་ལ་བློ་ཐག་བཅད། །མདོར་ན་མི་རྟག་འཆི་བ་མྱུར་དུ་འོང་། །ད་ནི་ལྷ་ཆོས་བྱེད་པའི་དུས་ལ་བབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གིས་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །ཞེས་ཚིག་ལེགས་པར་བཏོན་ནས་དེ་དག་གི་དོན་ལ་བསམ་ན་ཚེ་འདིའི་སྣང་ཤས་ཆུང་དུ་སོང་ནས། ཕྱི་མར་བདེ་ཐབས་ལྷ་ཆོས་བྱེད་འདོད་ཀྱི་བློ་ངམ་ངམ་ཤུགས་ཀྱིས་སྐྱེ་བར་འགྱུར་རོ།། ༈ །།ཡང་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་བརྩོན་པའི་སློབ་བུ་མཁས་བཙུན་དོན་ལྡན་གྱིས། ཁོ་བོ་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གླེགས་བམ་གཅིག་གི་རྫུ་ལ་བསྟེན་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལྟར། ངན་སོང་གི་རྒྱུ་མི་དགེ་བཅུ་ངོས་བཟུང་ནས་སྤོང་བ་དང་། མཐོ་རིས་རྣམ་སྨིན་བརྒྱད་ལྡན་གྱི་རྟེན་བཟང་གི་
རྒྱུ་སྒྲུབ་ཚུལ་ཉུང་ལ་འདུས་པ་ཞིག་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། གདུལ་བྱ་འདུལ་བའི་ཐབས་ལ་མཁས། །ཉེས་པའི་སྐྱོན་གྱིས་མ་གོས་བཙུན། །བྱམས་དང་སྙིང་རྗེ་བྱང་སེམས་བཟང་། །མཁས་བཙུན་བཟང་གསུམ་ཀུན་འཛོམས་པའི། །མཇལ་དཀའི་དགེ་བའི་བཤེས་གཉེན་མཆོག །མགོན་ཁྱོད་ཞབས་ཀྱི་པདྨོ་ལ། །ཕྱག་འཚལ་གསོལ་བ་འདེབས་པའི་འབྲས། །བདག་ནི་ལས་ཉོན་དབང་དུ་སོང་། །ཚེ་འདིར་ཆུང་དུས་ཆོས་མ་དྲན། །ཆེར་སོང་དགོན་པའི་དཀོར་ལ་རྔམས། །དཀོར་གྱིས་ཚོས་པས་ཇེ་བླུན་སོང་། །ཆོས་ཞོག་འཇིག་རྟེན་མི་ཆོས་ཀྱང་། །མ་ཤེས་ཐབས་རྡུགས་སྣ་ཚོགས་བྱས། །དགེ་བ་དག་ཀྱང་མ་བྱས་པར། །སྡིག་པ་དག་ཀྱང་ཉེར་བསགས་པས། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་མི་ཐོས་ཞེས། །སློབ་དཔོན་ཞི་བ་ལྷས་གསུངས་པ། །གོ་བས་སྡིག་པ་འདོར་འདོད་བྱུང་། །ལམ་མཆོག་སྒྲུབ་ལ་མཚན་ཉིད་ཀུན། །ཚང་བའི་རྟེན་བཟང་མ་ཐོབ་ན། །ལམ་ལ་ས་ཆོད་མི་འབྱུང་ཞེས། །རྒྱལ་བ་བློ་བཟང་གྲགས་པ་ཡིས། །གསུངས་པ་གོ་ནས་སྒྲུབ་འདོད་སྐྱེས། །ད་ནི་ལེགས་ཉེས་བླང་དོར་ཀུན། །གསལ་བར་སྟོན་པའི་མགོན་ཁྱོད་ཀྱིས། །བྱང་ཆུབ་ལམ་རིམ་ཆེན་མོ་ལྟར། །ངན་སོང་གསུམ་དུ་སྐྱེ་བའི་རྒྱུ། །མི་དགེ་
བཅུ་པོ་རབ་སྤངས་ནས། །རྣམ་སྨིན་བརྒྱད་ལྡན་རྟེན་བཟང་རྒྱུ། །སྒྲུབ་ཚུལ་ཉུང་ལ་འདུས་པ་ཞིག །བརྩེ་བ་ཆེན་པོས་གསུང་དུ་གསོལ། །བླང་དོར་སྟོན་པའི་དགེ་བའི་བཤེས། །ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །ཁྱེད་ཀྱིས་གསུང་བཞིན་མི་དགེ་སྤང་། །དགེ་བ་བསྒྲུབས་ནས་འཚང་རྒྱ་ཤོག །ཅེས་ཟེར་བའི་ལན་དུ། འོ་ན་ངན་སོང་གི་རྒྱུ་མི་དགེ་བཅུ་ནི། མི་རྟ་ཁྱི་དང་ར་ལུག་སོགས་སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་གཅིག །གསེར་དངུལ་རྒྱན་གོས་བཟའ་བཏུང་སོགས་གཞན་གྱིས་མ་བྱིན་པ་ལེན་པ་དང་གཉིས། ཁྱིམ་པས་རང་གི་ཆུང་མ་བཞག་ནས་གཞན་གྱི་བུད་མེད་ལ་སྤྱོད་ཅིང་། རབ་བྱུང་གིས་བུད་མེད་ལ་མི་ཚངས་པ་སྤྱོད་པ་དང་གསུམ་པོ་འདི་ལ་ལུས་ཀྱི་ལས་ནི་རྣམ་པ་གསུམ་ཟེར། མཐོང་བ་ལ་མ་མཐོང་ཟེར་བ་སོགས་རྫུན་སྨྲས་པ་དང་གཅིག །གཞན་མཐུན་པ་འབྱེད་པའི་ཕྲ་མ་སྨྲ་བ་དང་གཉིས། གཞན་གྱི་སེམས་ལ་གནོད་པའི་ཚིག་ངན་སྨྲས་པ་དང་གསུམ། དོན་མེད་ལོང་གཏམ་ལབ་ལོབ་ཀྱི་ངག་འཁྱལ་སྨྲས་པ་དང་བཞི་པོ་འདི་ལ་ངག་གི་རྣམ་པ་བཞི་ཟེར། གཞན་གྱི་ནོར་ང་ལ་བྱུང་ན་སྙམ་པའི་བརྣབ་སེམས་དང་གཅིག །དགྲ་སོགས་མི་མཛའ་བ་ལ་གནོད་པ་སྐྱེལ་སྙམ་པ་དང་། གཞན་གྱིས་གནོད་པ་རེ་དེ་ལ་བྱུང་ན་ཅི་མ་རུང་སྙམ་པའི་གནོད་སེམས་
དང་གཉིས། ལས་རྒྱུ་འབྲས་དང་དཀོན་མཆོག་གསུམ་སོགས་མེད་པར་འཛིན་པའི་ལོག་ལྟ་དང་གསུམ་པོ་འདི་ལ་ཡིད་ཀྱི་རྣམ་པ་གསུམ་ཟེར། མི་དགེ་བཅུ་པོ་འདི་ཆེན་པོ་བྱས་ན་ཕྱི་མར་དམྱལ་བར་སྐྱེ། འབྲིང་ཙམ་བྱས་ན་ཡི་དྭགས། ཆུང་ངུ་ཙམ་ལས་མ་སྤྱད་ཀྱང་དུད་འགྲོའི་གནས་སུ་སྐྱེས་ནས་མི་བཟོད་པའི་སྡུག་བསྔལ་མྱོང་ངོ་། །དེས་ན་ངན་སོང་གསུམ་གྱི་རྒྱུ་མི་དགེ་བ་བཅུ་པོ་འདི་ངོ་ཤེས་པར་བྱས་ནས་ནམ་ཡང་དུག་བཞིན་དུ་སྤང་བར་བྱའོ། །ཕྱི་མར་རྣམ་སྨིན་བརྒྱད་ལྡན་གྱི་རྟེན་བཟང་ཐོབ་པའི་རྒྱུ་སྒྲུབ་ཚུལ་ནི། ཚེ་ཕུན་སུམ་ཚོགས་པའི་རྒྱུ་ལ་སེམས་ཅན་ལ་མི་འཚེ་ཞིང་མི་འཚེ་བའི་བསམ་པ་བརྟེན་པ་དང་། ཚེ་ཐར་སྲོག་བསླུ་གཏོང་བ་དང་། ནད་གཡོག་སྨན་སྦྱིན་པ་དང་གཅིག །ཁ་དོག་ཕུན་སུམ་ཚོགས་པའི་རྒྱུ་ལ། མར་མེ་སོགས་སྣང་བ་དང་གོས་གསར་རྒྱན་མཛེས་སྦྱིན་པ་དང་གཉིས། རིགས་ཕུན་སུམ་ཚོགས་པའི་རྒྱུ་ལ། ང་རྒྱལ་བཅོམ་ནས་བླ་མ་ལ་ཕྱག་དང་གཞན་ལ་བྲན་ལྟར་གུས་པར་བྱ་བ་དང་གསུམ། དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུ་ལ། ནོར་ལོངས་སྤྱོད་ཀྱི་སྒོ་ནས་དབུལ་པོ་ངན་སློང་དང་མི་སློང་བ་ཐམས་ཅད་ལ། སྦྱིན་པ་རྒྱ་ཆེན་པོ་གཏོང་བ་དང་བཞི། ཚིག་བཙུན་པའི་རྒྱུ་ལ་ངག་གི་མི་དགེ་བ་བཞི་སྤངས་པ་དང་ལྔ། དབང་ཆེ་བར་གྲགས་པའི་རྒྱུ་ལ། ཕྱི་མར་རང་ལ་ཡོན་
ཏན་སྣ་ཚོགས་བསྒྲུབ་པར་སྨོན་ལམ་འདེབས་པ་དང་། དཀོན་མཆོག་མཆོད་པ་དང་ཕ་མ་ཉན་རང་མཁན་སློབ་བླ་མ་རྣམས་མཆོད་པ་དང་དྲུག །སྐྱེ་བ་ཕོ་ལུས་ཐོབ་པའི་རྒྱུ་ལ། རང་ཕོ་ལུས་ཐོབ་པ་ལ་དགའ་ཞིང་བུད་མེད་ཀྱི་ལུས་ཐོབ་པ་མི་དགའ་ཞིང་། གཞན་བུད་མེད་ཀྱི་ལུས་ཐོབ་པར་འདོད་པ་རྣམས་ཀྱི་འདུན་པ་བཟློག་པ་དང་། ཕོ་ཡི་དབང་པོ་མི་གཅོད་ཅིང་གཞན་གྱིས་གཅོད་པ་ཐར་བར་བྱ་བ་དང་བདུན། སྟོབས་དང་ལྡན་པའི་རྒྱུ་ལ། གཞན་གྱིས་མ་ནུས་པ་རང་གིས་བྱེད་ཅིང་། བསྡོམས་ནས་ནུས་པ་ལ་གྲོགས་བྱེད་བཟའ་བཏུང་སྟེར་བར་བྱ་བ་དང་བརྒྱད་དོ། །དེ་ལྟར་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་དལ་འབྱོར་གྱི་རྟེན་བཟང་པོ་ཞིག་ཕྱི་མར་ཐོབ་ན་རྟེན་དེ་ལ་ལམ་སྒྲུབ་ན་ས་ཆོད་གཞན་དང་མི་འདྲ་བ་ཡོང་བས། དེའི་རྒྱུ་ལ་ད་ལྟ་འབད་པར་བྱའོ། །སླར་ཡང་སྨྲས་པ། དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །སྡིག་སྤོང་དགེ་བ་སྒྲུབ་པར་བྱིན་གྱིས་རློབས། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །མི་དགེ་བཅུ་པོ་དེ་དག་བྱས་གྱུར་ན། །ངན་སོང་སྐྱེ་བས་དུག་བཞིན་སྤང་བར་བྱ། །ཚེ་རིང་རྒྱུ་ལ་ཚེ་ཐར་སྲོག་བསླུ་གཏོང་། །གཟུགས་བྱད་མཛེས་ཕྱིར་མར་མེ་བཟོད་པ་
བསྒོམ། །རིགས་མཐོའི་རྒྱུ་ལ་ཀུན་ལ་གུས་པར་བྱ། །དབང་ཕྱུག་ཆེ་ཕྱིར་སློང་ལ་སྦྱིན་པ་བྱ། །ཚིག་བཙུན་རྒྱུ་ལ་ངག་གི་མི་དགེ་སྤང་། །དབང་ཆེར་གྲགས་ཕྱིར་མཆོད་འབུལ་སྨོན་ལམ་འདེབས། །སྐྱེས་པའི་རྒྱུ་ལ་ཕོ་དབང་གཅོད་པ་སྤང་། །སྟོབས་ལྡན་རྒྱུ་ལ་གཞན་གྱི་ལས་གྲོགས་བྱ། །དེ་ལྟར་བྱས་ན་རྣམ་སྨིན་བརྒྱད་ལྡན་གྱི། །རྟེན་བཟང་ཐོབ་ནས་ལམ་ལ་ས་ཆོད་འབྱུང་། །དེ་ཡི་རྒྱུ་ལ་ད་ལྟ་འབད་པར་བྱ། །མདོར་ན་མི་དགེ་བཅུ་པོ་རབ་སྤངས་ནས། །ད་ནི་དགེ་བ་སྒྲུབ་པའི་དུས་ལ་བབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །སྡིག་སྤོང་དགེ་སྒྲུབ་ནུས་པར་བྱིན་གྱིས་རློབས། །ཞེས་ཚིག་རྣམས་བཏོན་ནས་དོན་ཡིད་ལ་བསམ་ན་སྡིག་སྤོང་དགེ་བའི་ལས་ལ་ངམ་ངམ་ཤུགས་ཀྱིས་འཇུག་པར་འགྱུར་རོ།། ༈ །།ཡང་ཚེ་སྟོད་ཚེ་འདིར་ཆགས་ནས་འཇིག་རྟེན་མི་ཆོས་བྱས་ཀྱང་། ཚེ་སྨད་ལ་ངེས་འབྱུང་སྐྱེས་ནས་དམ་པའི་ལྷ་ཆོས་བྱེད་པའི་སློབ་བུ་བསོད་ནམས་སྙན་གྲགས་ཀྱིས། ཁོ་བོ་ལ་རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག་ལྟ་བུའི་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལྟར། འཁོར་བ་སྤྱིའི་སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ་གྱི་སྒོ་ནས་བསམ་ཚུལ། བྱེ་བྲག་རིགས་དྲུག་གི་སྡུག་བསྔལ་དྲུག་བསམ་ཚུལ་རྣམས་ཉུང་ལ་འདུས་པ་ཞིག་གསུང་དུ་གསོལ་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། ངན་སོང་ནས་འོང་སེམས་ཅན་ཡང་། །སོ་སོ་སྐྱེ་བོའི་ས་འདི་ནས། །
སངས་རྒྱས་ས་རུ་འཁྲིད་མཛད་པའི། །བླ་མ་ཁྱེད་ལ་གུས་ཕྱག་འཚལ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་བཤགས། །མཛད་པ་ཡི་རང་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་ཚོགས་མཛད་ཕྲིན་རྒྱས་ཕྱིར་བསྔོ། །འདི་དང་ཕྱི་མ་བར་དོའི་སྐྱབས། །རྩ་བའི་བླ་མས་བདག་ལ་དགོངས། །སྔོན་ཆད་དགེ་བའི་བཤེས་གཉེན་གྱིས། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལ། །སྐྱོ་བ་སྐྱེ་བའི་ཆོས་གསུངས་ཀྱང་། །མ་རིག་ཉོན་མོངས་ཚན་ཆེ་བས། །སྡུག་བསྔལ་ཐམས་ཅད་བདེ་བར་བཟུང་། །སྐྱོ་བ་མ་སྐྱེས་ཞེན་ཆགས་སྐྱེས། །ད་ནི་བླ་མ་རིན་པོ་ཆེ། །འཁོར་བར་ངེས་འབྱུང་དྲག་པོ་སྐྱེས། །ཐར་པ་དོན་གཉེར་སྐྱེ་ཐབས་སུ། །འཇམ་མགོན་བློ་བཟང་གྲགས་པ་ཡིས། །མཛད་པའི་རབ་འབྱམས་གསུང་རབ་ལ། །ལྟ་བའི་མིག་དང་འདྲ་བ་ཡི། །བྱང་ཆུབ་ལམ་རིམ་ཆེན་མོ་ཡི། །ནང་ནས་གསུངས་ལྟར་འཁོར་བ་སྤྱིའི། །སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ། །བྱེ་བྲག་རིགས་དྲུག་སྡུག་བསྔལ་དྲུག །བསམ་ཚུལ་ཉུང་ལ་འདུས་པ་ཞིག །བདག་ལ་བརྩེ་བས་གསུང་དུ་གསོལ། །དེང་ནས་འཁོར་བར་སྐྱོ་ཤས་སྐྱེས། །ཚེ་འདིའི་དོན་ལ་མི་འབད་པར། །ཐར་པ་དོན་གཉེར་བློ་སྐྱེས་ནས། །དེ་དོན་སྒྲུབ་པར་བྱིན་གྱིས་རློབས། །ཐར་པའི་གོ་འཕང་མ་ཐོབ་བར། ཁྱེད་ཀྱིས་འབྲལ་མེད་བརྩེ་བས་སྐྱོངས། །མགོན་ཁྱོད་
ཐུགས་རྗེས་འཁོར་བ་ལས། །ཐར་ནས་བདེ་ཆེན་མཆོག་ཐོབ་ཤོག །ཅེས་ཕུལ་བའི་ལན་དུ། འཁོར་བ་སྤྱིའི་སྡུག་བསྔལ་བརྒྱད་ནི། སྐྱེས་པའི་སྡུག་བསྔལ་དང་གཅིག །རྒས་པའི་སྡུག་བསྔལ་དང་གཉིས། ན་བའི་སྡུག་བསྔལ་དང་གསུམ། འཆི་བའི་སྡུག་བསྔལ་དང་བཞི། དགྲ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་དང་ལྔ། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་དྲུག །འདོད་པའི་དངོས་པོ་བཙལ་ནས་མི་རྙེད་པའི་སྡུག་བསྔལ་དང་བདུན། སྡུག་བསྔལ་སྔ་མའི་གཞི་རྟེན་ཕྱི་མའི་སྣ་འདྲེན་ཟག་བཅས་ཉེར་ལེན་ཕུང་པོ་ལྔའི་སྡུག་བསྔལ་དང་བརྒྱད་དོ། །སྡུག་བསྔལ་དྲུག་ནི། འཁོར་བ་འདི་ན་དགྲ་གཉེན་དུ་འགྱུར། གཉེན་དགྲ་རུ་འགྱུར་བས་དགྲ་གཉེན་ལ་ཡིད་བརྟན་མེད་པའི་སྡུག་བསྔལ་དང་གཅིག །འདོད་ཡོན་ལ་ཅི་ཙམ་སྤྱད་ཀྱང་བཟང་པོས་ཚིམ་ཏེ་ཆོག་ཤེས་དང་། ངན་པས་སུན་ཏེ་ཞེན་ལོག་མ་བྱུང་བས་ངོམས་པ་མེད་པའི་སྡུག་བསྔལ་དང་གཉིས། ལུས་བཟང་ངན་འབྲིང་གསུམ་ཅི་ཙམ་བླངས་ཀྱང་ཡང་ནས་ཡང་དུ་འདོར་དགོས་པའི་སྡུག་བསྔལ་དང་གསུམ། སླར་ཡང་མའི་མངལ་དུ་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་དང་བཞི། རྒྱལ་པོ་སྤྲང་པོར་འགྱུར་བ་སོགས་ཡང་ནས་ཡང་དུ་མཐོ་དམན་སྣ་ཚོགས་སུ་འགྱུར་བའི་སྡུག་བསྔལ་དང་ལྔ། གྲོགས་མེད་པར་རང་ཉིད་གཅིག་པུར་ཕྱི་མར་འགྲོ་དགོས་པས་གྲོགས་ལ་
ཡིད་བརྟན་མེད་པའི་སྡུག་བསྔལ་དང་དྲུག་གོ །ཡང་འཁོར་བའི་སྡུག་བསྔལ་གསུམ་ནི། ཟག་བཅས་འཁོར་བའི་བདེ་བ་ཐམས་ཅད་ནམ་ཞིག་སྡུག་བསྔལ་དུ་འགྱུར་བས་འགྱུར་བའི་སྡུག་བསྔལ་དང་གཅིག །རྒས་པའི་སྡུག་བསྔལ་གྱི་ཐོག་ཏུ་ན་བ། ན་བའི་ཐོག་ཏུ་འཆི་བའི་སྡུག་བསྔལ་བྱུང་བ་བཞིན། སྡུག་བསྔལ་སྔ་མའི་ཐོག་ཏུ་ཕྱི་མ། ཕྱི་མའི་སྟེང་དུ་ཕྱི་མ་བསྣན་ནས་ལུས་སེམས་ཀྱིས་མི་བཟོད་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང་གཉིས། ལས་ཉོན་གྱི་དབང་གིས་འདི་དང་འདི་བྱ་སྙམ། གྲབས་ཤོམས་བྱེད་པ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མོ། །བྱེ་བྲག་རིགས་དྲུག་གི་སྡུག་བསྔལ་སོ་སོར་བསམ་ཚུལ་ནི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་གཅིག །ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་གཉིས། དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་གསུམ། མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བཞི། ལྷ་མ་ཡིན་གྱི་འཐབ་རྩོད་ཀྱི་སྡུག་བསྔལ་དང་ལྔ། ལྷའི་འཆི་འཕོ་ལྟུང་བའི་སྡུག་བསྔལ་དང་དྲུག་གོ །མདོར་ན་ལས་ཉོན་དབང་གིས་འཁོར་བའི་གནས་འདིར་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱོད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་དང་། བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་སྒྲུབ་
པའི་ཐབས་འབའ་ཞིག་ལས་མི་འདུག་པས། དེས་ན་འཁོར་བ་འདི་མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་དང་། འཁོར་བའི་ཕུན་ཚོགས་ཀྱང་དུག་དང་འདྲེས་པའི་ཟས། སྤུ་གྲིའི་ཁ་ཡི་སྦྲང་རྩི། དུག་སྦྲུལ་མགོ་ཡི་ནོར་བུ་ལྟར་རེག་ན་ཡང་ཕུང་བའི་ཚུལ་བསམས་ནས། སྐྱུག་ནད་ཅན་ལ་ཟས་བསྟན་པ་ལྟར། འཁོར་བའི་ཕུན་ཚོགས་ཀྱི་བདེ་བ་ལ་ཞེན་པ་གཏིང་ནས་ལོག་ཏེ་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ལས་ཉོན་གྱི་རྦ་རླབས་ཆེན་པོ་དྲག་ཏུ་འཁྲུག་ཅིང་། སྡུག་བསྔལ་གསུམ་གྱི་ཆུ་སྲིན་འཇིགས་སུ་རུང་བས་གང་བ་འདི་ལས་ཐར་བའི་ཐབས་དམ་པའི་ལྷ་ཆོས་ཁོ་ན་ལ་འབད་པར་བྱ་དགོས་སོ། །སྨྲས་པ། དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །འཁོར་བའི་སྡུག་བསྔལ་དྲན་པར་བྱིན་གྱིས་རློབས། །འགྲོ་བ་སྤྱི་ལ་སྐྱེ་རྒ་ན་འཆི་དང་། །མི་སྡུག་དགྲ་འཕྲད་སྡུག་པའི་གཉེན་དང་འབྲལ། །འདོད་པའི་དངོས་པོ་བཙལ་ན་མི་རྙེད་ཅིང་། །ཉེར་ལེན་ཕུང་པོ་ལྔ་ཡི་སྡུག་བསྔལ་དང་། །དགྲ་གཉེན་མ་ངེས་འདོད་ཡོན་ངོམས་པ་མེད། །ལུས་ནི་བླངས་ནས་ཡང་ཡང་འདོར་བ་དང་། །མ་ཡི་མངལ་དུ་ཡང་ཡང་ཉིང་མཚམས་སྦྱོར། །ཡང་ནས་ཡང་དུ་མཐོ་དམན་སྣ་ཚོགས་འགྱུར། །གྲོགས་ལ་ཡིད་བརྟན་མེད་པའི་སྡུག་བསྔལ་དང་། །འགྱུར་བའི་སྡུག་བསྔལ་སྡུག་བསྔལ་
སྡུག་བསྔལ་དང་། །འདུ་བྱེད་སྡུག་བསྔལ་ལ་སོགས་སྡུག་བསྔལ་མང་། །བྱེ་བྲག་དམྱལ་བ་ཚ་གྲང་སྡུག་བསྔལ་དང་། །ཡི་དྭགས་རྣམས་ལ་བཀྲེས་སྐོམ་སྡུག་བསྔལ་དང་། །དུད་འགྲོ་རྣམས་ལ་བཀོལ་སྤྱོད་སྡུག་བསྔལ་དང་། །མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། །ལྷ་མ་ཡིན་ལ་འཐབ་རྩོད་སྡུག་བསྔལ་དང་། །ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཡོད། །འཁོར་བ་མེ་འོབས་སྲིན་གླིང་དུག་སྦྲུལ་ཚང་། །འཁོར་བའི་ཕུན་ཚོགས་དུག་དང་འདྲེས་པའི་ཟས། །སྤུ་གྲི་རྣོན་པོའི་ཁ་ཡི་སྦྲང་རྩི་དང་། །དུག་སྦྲུལ་ནག་པོའི་མགོ་ཡི་ནོར་བུ་ལྟར། །རེག་ཀྱང་ཕུང་ན་བསྟེན་པ་སྨོས་ཅི་དགོས། །མདོར་ན་འཁོར་བའི་གནས་ན་བདེ་བ་མེད། །ད་ནི་ཕྱི་ཕྱག་འཚལ་བའི་དུས་ལ་བབ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །འཁོར་བ་ཞེན་པ་ལྡོག་པར་བྱིན་གྱིས་རློབས། །ཞེས་ཚིག་ལེགས་པར་བཏོན་ནས་དོན་ཡིད་ལ་བསམ་ན་འཁོར་བའི་ཕུན་ཚོགས་ལ་ཆགས་ཞེན་ཆུང་དུ་སོང་ནས། གཏན་བདེ་ཐར་པའི་གོ་འཕང་ཐོབ་པའི་ཐབས་དམ་པའི་ལྷ་ཆོས་བྱེད་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ངམ་ངམ་ཤུགས་ཀྱིས་སྐྱེ་བར་འགྱུར་རོ།། ༈ །།ཡང་སྐལ་ལྡན་གྱི་སློབ་བུ་དགེ་འདུན་ཐོས་བསམ་དང་། བསམ་འགྲུབ་སེང་གེ་གཉིས་ཀྱིས། ཁོང་གཉིས་ལ་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་དང་བསྲུང་ཚུལ་ཉུང་
ལ་འདུས་པ་ཞིག་གསུང་དུ་གསོལ། ཞེས་ཞུ་དོན་དབྱངས་སུ་ཕུལ་བ། སྔོན་དུས་ཟས་གཙང་སྲས་པོ་ཡི། །དུས་ཀྱི་ཁྲིམས་ལྡན་དགེ་སློང་མཆོག །དགེ་སློང་མི་འཁྲུགས་རྣམ་ཐར་ལྟར། །ཉེས་ལྟུང་དྲི་མས་མ་གོས་པར། །བཙུན་པ་ཡོངས་ཀྱི་དགེ་བའི་བཤེས། ཁྱེད་ཀྱིས་ཡོན་ཏན་ཀུན་གྱི་གཞི། །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །བླངས་ནས་ཉམས་མེད་བསྲུང་དགོས་ཞེས། །ཡང་ཡང་ནན་གྱིས་གསུངས་ན་ཡང་། །དེ་ཡི་བསྲུང་ཚུལ་མི་ཤེས་གདའ། །ད་ནི་ཡོངས་འཛིན་རིན་པོ་ཆེ། །རང་གིས་ཇི་ལྟར་ཁས་བླངས་པའི། །ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་དང་། །བསྲུང་ཚུལ་ཉུང་འདུས་བསྟན་དུ་གསོལ། །དེང་ནས་བཟུང་སྟེ་ཁས་བླངས་ཁྲིམས། །མིག་བཞིན་བསྲུང་བར་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ཀྱིས། །འབྲལ་བ་མེད་པར་རྗེས་སུ་ཟུངས། །ཚུལ་ཁྲིམས་བསླབ་པ་མི་ཉམས་པར། །གོང་ནས་གོང་དུ་འཕེལ་གྱུར་ཅིག །ཅེས་ཕུལ་བའི་ལན་དུ། འོ་དེ་ཡང་སྐྱེ་འཆི་འཁོར་བའི་སྡུག་བསྔལ་བསམས་ནས། སྲིད་པ་འདི་མེ་འབར་བའི་ནགས་ཀླུང་ལྟར་མཐོང་བའི་བློས་དེ་ལས་ཐར་པའི་ཐབས་དམ་པ། སོ་སོར་ཐར་པའི་སྡོམ་པ་རིགས་གང་ཡང་རུང་བ་བླངས་ནས་ཚུལ་བཞིན་བསྲུང་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། མྱ་ངན་འདས་པ་ལས། ཚུལ་ཁྲིམས་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་ཐེམས་
སྐས་སོ། །ཤིང་ལ་སོགས་པའི་རྩ་བ་ས་ཡིན་པ་ལྟར་རྩ་བའོ། །ཚོང་དཔོན་ཚོང་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །བརྒྱ་བྱིན་གྱིས་རྒྱལ་མཚན་བསྒྲེང་བ་ལྟར་ཆོས་ཐམས་ཅད་ཀྱི་རྒྱལ་མཚན་ནོ། །སྡིག་པ་ཐམས་ཅད་དང་ངན་སོང་གི་ལམ་གཏན་གཅོད་པའོ། །སྡིག་པའི་ནད་ཐམས་ཅད་གསོ་བའི་སྨན་གྱི་སྡོང་པོ་ལྟ་བུའོ། །སྲིད་པའི་ལམ་ཉམ་ང་བའི་བརྒྱགས་ཚོགས་སོ། །ཉོན་མོངས་པའི་དགྲ་འཇོམས་པའི་གོ་མཚོན་ནོ། །ཉོན་མོངས་པའི་སྦྲུལ་གདུགས་སེལ་བའི་རིག་སྔགས་སོ། །སྡིག་པའི་ཆུ་ལས་སྒྲོལ་བའི་ཟམ་པའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དྭངས་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེ་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིགས་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་ཕྲག་འཕགས། །ཞེས་དང་། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཇི་ལྟར་ལོ་ཏོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་
དཀར་མཆོག །སྙིང་རྗེ་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་སོ། །དེས་ན་མིག་འབྲས་བཞིན་བསྲུང་བ་གལ་ཆེ། དེ་ཡང་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱ། མ་གུས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་སྟོན་པ་དང་། དེས་གསུངས་པའི་བསླབ་པ་རྣམས་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་བྱ། བག་མེད་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོར་དྲན་ཤེས་ངོ་ཚ་ཁྲེལ་ཡོད་བསྐྱེད་ནས་བག་དང་ལྡན་པར་བྱ། ཉོན་མོངས་པ་མང་བ་ལྟུང་བ་འབྱུང་བའི་སྒོ་ཡིན་པས། དེའི་གཉེན་པོ་རྣམས་བརྟེན་ལ་ཉོན་མོངས་པ་གང་སྐྱེས་ཀྱང་འབུར་འཇོམས་བྱ། མདོར་ན་ཉེས་པས་ནམ་ཡང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བསླབ་པར་བྱའོ། །སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་མིག་བཞིན་བསྲུང་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་མཐོ་རིས་ཐར་པའི་ཐེམ་སྐས་འདྲ། །ཚུལ་ཁྲིམས་ཡོན་ཏན་གཞི་རྟེན་ས་གཞི་འདྲ། །ཚུལ་ཁྲིམས་ཆོས་ཀྱི་སྔོན་འགྲོ་ཚོང་
དཔོན་འདྲ། །ཚུལ་ཁྲིམས་དམ་པའི་ཆོས་ཀྱི་རྒྱལ་མཚན་འདྲ། །སྡིག་དང་ངན་སོང་ལམ་གཅོད་སྒོ་མོ་འདྲ། །སྡིག་པའི་ནད་འཇོམས་སྨན་གྱི་སྡོང་པོ་འདྲ། །ཉམ་ང་སྲིད་པའི་ལམ་གྱི་རྒྱགས་ཕྱེ་འདྲ། །ཉོན་མོངས་དགྲ་རྣམས་འཇོམས་པའི་གོ་མཚོན་འདྲ། །དེ་ཕྱིར་ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །རང་གི་མིག་འབྲས་བཞིན་དུ་བསྲུང་བར་བྱ། །དེ་ཡང་མི་ཤེས་ལྟུང་བ་འབྱུང་བའི་སྒོ། །དེ་ཡི་གཉེན་པོར་བསླབ་བྱ་ཤེས་པར་བྱ། །མ་གུས་པ་ཡང་ལྟུང་བ་འབྱུང་བའི་སྒོ། །དེ་ཡི་གཉེན་པོར་བསླབ་པར་གུས་པར་བྱ། །བག་མེད་པ་ཡང་ལྟུང་བ་འབྱུང་བའི་སྒོ། །དེ་ཡི་གཉེན་པོར་དྲན་ཤེས་བརྟེན་པར་བྱ། །ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་སྒོ། །དེ་ཡི་གཉེན་པོ་བརྟེན་ལ་འབུར་འཇོམས་བྱ། །མདོར་ན་ཉེས་པས་ནམ་ཡང་མ་གོས་པར། །ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བར་བྱ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཚུལ་ཁྲིམས་བསླབ་པ་བསྲུང་བར་བྱིན་གྱིས་རློབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་པའི་རྒྱུ་རུ་བསྔོ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཚུལ་ཁྲིམས་བསླབ་པ་འབྲལ་བར་མ་གྱུར་ཅིག །ཅེས་བཏོན་ནས་དོན་ལེགས་པར་བསམ་ན་ཚུལ་ཁྲིམས་ལ་གཅེས་སྤྲས་འབྱུང་བར་འགྱུར་རོ།། ༈ །།ཡང་སློབ་བུ་ཚེ་བློས་
བཏང་རི་ཁྲོད་པ་བློ་བཟང་ཚུལ་ཁྲིམས་ཀྱིས། བླ་མ་རིན་པོ་ཆེ་བདག་ལ་དུས་རྒྱུན་དུ་སེམས་ལ་བཅང་རྒྱུའི་ཞལ་གདམས་ཟབ་མོ་ཞིག་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། རྒྱལ་ཀུན་མཁྱེན་བརྩེ་འཕྲིན་ལས་གཅིག་བསྡུས་བདག །མཆོག་ཐུན་དངོས་གྲུབ་མ་ལུས་ཆར་བཞིན་དུ། །འབེས་མཛད་རྩ་བའི་བླ་མ་རྡོ་རྗེ་འཆང་། །ཚོགས་དྲུག་རང་གྲོལ་ཞབས་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིའི་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །མཚན་དཔེའི་རྒྱན་སྤྲས་གཟི་བརྗིད་ཕུང་པོའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་སྒྲོག་པའི་གསུང་། །མཁྱེན་བརྩེ་ཤེས་བྱ་ཀུན་ལ་ཐོགས་མེད་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་བདག་བསྟོད་དོ། །རང་དོན་མཐར་ཕྱིན་གཞན་དོན་བསྡུ་བཞི་ཡི། །སྒོ་ནས་འགྲོ་བའི་དོན་ལ་སྐྱོ་ངལ་མེད། །སྙིགས་དུས་འགྲོ་བའི་དབུལ་སེལ་ཡིད་བཞིན་ནོར། །འགྲོ་བའི་རེ་སྐོང་ཁྱོད་ལ་ཕྱག་འཚལ་ལོ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བདག་ལ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། ཁྱེད་མིན་རེ་ས་གཞན་ན་མ་མཆིས་པས། །འབྲལ་བ་མེད་པར་རྗེས་སུ་བཟུང་དུ་གསོལ། །སྟོན་པའི་བསྟན་པ་རིགས་པས་ལེགས་པར་སྒྲུབ། །དཀོན་མཆོག་གསུམ་
ལ་སྙིང་ནས་སྐྱབས་འགྲོ་ཞིང་། །བླང་དོར་ཚུལ་བཞིན་སྒྲུབ་ལ་བརྩོན་པ་ཡི། །བླ་མའི་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས། །ཐོས་པ་ཙམ་གྱིས་ཐེག་ཆེན་རིགས་སད་ཅིང་། །བསམ་ན་བྱང་ཆུབ་སེམས་དཔའི་གྲལ་དུ་ཆུད། །བསྒོམས་པས་གེགས་མེད་བདེ་བླག་འཚང་རྒྱ་བའི། །ཟབ་མོ་གནད་ཀྱི་གདམས་པ་བསྟན་དུ་གསོལ། །བླ་མས་གནང་བའི་གདམས་ངག་བདུད་རྩི་མཆོག །ཆོས་བརྒྱད་དཀོར་ནག་དུག་ཆུས་མ་བསླད་པས། །དབེན་པའི་གནས་སུ་ཉམས་སུ་ལེན་པར་སྨོན། །སྨོན་པ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། །གཡས་ནས་ཙན་དན་ལྡེ་གུས་བྱུགས་པ་དང་། །གཡོན་ནས་སཏྭ་རེས་གཤོག་པ་གཉིས་བྱུང་ཡང་། །ཉེ་རིང་མེད་པར་བརྩེ་བས་སྐྱོང་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མགོས་ཕྱག་འཚལ། །འགྲོ་བའི་དོན་དུ་མནར་མེད་མེ་ནང་དུ། །བསྐལ་པ་རྒྱ་མཚོའི་བར་དུ་གནས་དགོས་ཀྱང་། །སྙིང་རྗེས་མི་སྐྱོ་གཞན་དོན་ལྷུར་ལེན་པའི། །བྱང་ཆུབ་སེམས་དཔའ་རྣམས་ལ་གུས་ཕྱག་འཚལ། །སེམས་ཅན་ཉམ་ཐག་མཐོང་ན་སྤྱན་ཆབ་འབྱིན། །སྲོག་འཚབ་རང་སྲོག་གཏོང་ཡང་འཕངས་པ་མེད། །སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་གུས་པས་འདུད། །ནང་པ་སངས་རྒྱས་པ་ཡི་ཁྱད་ཆོས་མཆོག །ལེགས་ཚོགས་ཡོན་ཏན་འབྱུང་གནས་ཡིད་བཞིན་ནོར། །ཐེག་ཆེན་རྩ་བ་སྙིང་རྗེ་རིན་པོ་ཆེ། །དེ་ཡི་སྒོམ་ཚུལ་བཤད་ཀྱིས་གུས་པས་ཉོན། །དེ་ཡང་ཕྱི་རོལ་པ་སོགས་གཞན་ལ་མེད་པའི་ནང་པ་སངས་རྒྱས་པ་ཡི་ཁྱད་
ཆོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོངས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྩ་བ། སྙིང་རྗེ་ཆེན་པོ་འདི་ཡིན་པས་ཐེག་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་སྟེ། རྒྱལ་བ་གཉིས་པས་ལེགས་བཤད་ཟླ་མེད་ས་གསུམ་གྱི་སྒྲོན་མེ་བྱང་ཆུབ་ལམ་རིམ་ཆེན་མོ་ལས། ཇི་སྐད་དུ། ཐོག་མར་གལ་ཆེ་བ་ནི། སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ན་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་པའི་ཕྱིར་ངེས་པར་དམ་བཅའ་བར་འགྱུར་ལ། སྙིང་རྗེ་མེད་ན་དེ་ལྟར་བྱེད་པ་མི་འོང་བས། འགྲོ་བ་མ་ལུས་པ་སྒྲོལ་བའི་ཁུར་འཁྱེར་བ་ནི། དེ་ལ་རག་ལས་པའི་ཕྱིར་དང་། ཁུར་དེ་མི་འཛིན་ན་ཐེག་པ་ཆེན་པོར་མི་ཆུད་པའི་ཕྱིར། སྙིང་རྗེ་ནི་ཐོག་མར་གལ་ཆེ་བ་ཡིན་ནོ། །དེ་ལྟར་ཡང་བློ་གྲོས་མི་ཟད་པས་བསྟན་པ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དེ། དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན་དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་
ནོ། །ཞེས་དང་། གཱ་ཡ་གཽ་རི་ལས་ཀྱང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ། །ཞེས་སོ། །དེ་ལྟར་དམ་བཅས་པ་དེ་ཡང་། ཚོགས་གཉིས་རྒྱ་ཆེན་པོ་ལ་མ་བསླབ་ན་མི་འགྲུབ་པར་མཐོང་ནས་བྱ་དཀའ་བའི་ཚོགས་རྒྱ་ཆེན་པོ་ལ་འཇུག་པས་ན་སྤྱོད་པ་ལ་འཇུག་པའི་རྟེན་ནོ། །བར་དུ་གལ་ཆེ་བ་ནི། དེ་ལྟར་ལན་གཅིག་སེམས་དེ་ལྟ་བུ་སྐྱེས་ནས་ཞུགས་ཀྱང་སེམས་ཅན་གྲངས་མང་ཞིང་བྱད་ངན་པ་དང་། བསླབ་པར་བྱ་བ་ཡང་ཤིན་ཏུ་བྱ་དཀའ་ཞིང་མཐའ་ཡས་པ་དང་། དུས་ཀྱང་དཔག་ཏུ་མེད་པར་དགོས་པར་མཐོང་བ་ན་ཞུམ་ནས་ཐེག་པ་དམན་པར་ལྟུང་བ་ལ། སྙིང་རྗེ་ཆེན་པོ་ལན་གཅིག་བསྐྱེད་པ་ཙམ་མིན་པར་ཇེ་འཕེལ་དུ་གོམ་པར་བྱས་པས་རང་གི་བདེ་སྡུག་ལ་མི་ལྟ་ཞིང་གཞན་གྱི་དོན་ལ་མི་སྐྱོ་བས་ཚོགས་ཐམས་ཅད་བདེ་བླག་ཏུ་རྫོགས་པར་བྱེད་དེ། སྒོམ་རིམ་དང་པོ་ལས། དེ་ལྟར་སྙིང་རྗེ་ཆེན་པོས་བསྐྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ལ་མི་ལྟ་བར་གཞན་ལ་ཤིན་ཏུ་ཕན་པ་དོན་དུ་གཉེར་བའི་ཕྱིར་ཚོགས་བསོག་པ་ཤིན་ཏུ་བྱ་དཀའ་ཞིང་ཡུན་རིང་ལ་དུབ་པར་འགྱུར་བ་ལ་
འཇུག་གོ །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་གསུངས་པ་ལྟ་བུ་སྟེ། དེ་ལ་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་གྱི་སྐྱེ་བ་མི་ལེན་པ་ཅི་ཡང་མེད་དེ། དེས་བདེ་བའི་སྐྱེ་བ་མི་འདོར་བ་ཅི་ཡང་མེད་དོ་ཞེས་སོ། །དེ་ལྟར་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ན་རིང་པོར་མི་ཐོགས་པར་ཚོགས་ཡོངས་སུ་རྫོགས་སོ། །གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་ནོ། །ཞེས་སོ། །ཐ་མར་གལ་ཆེ་བ་ནི། སངས་རྒྱས་རྣམས་འབྲས་བུ་བརྙེས་པའི་ཚེ་ཡང་ཐེག་དམན་བཞིན་ཞི་བར་མི་གནས་པར་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་སྟེ། དེ་མེད་ན་ཉན་ཐོས་ལྟར་འགྱུར་བའི་ཕྱིར་ཏེ། བསྒོམ་རིམ་བར་པ་ལས། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་གི་བར་དུ་བཞུགས་པར་མཛད་དོ། །ཞེས་དང་། བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་ནོ། །ཞེས་སོ། །དཔེར་ན་ལོ་ཏོག་ལ་ཐོག་མར་ས་བོན་དང་བར་དུ་ཆུ་དང་ཐ་མར་སྨིན་པ་གལ་ཆེ་བ་ལྟར་སངས་རྒྱས་ཀྱི་ལོ་ཏོག་ལ་ཡང་ཐོག་མཐའ་
བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཡིན་པར་དཔལ་ལྡན་ཟླ་བ་གྲགས་པས་གསུངས་ཏེ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སོ། །དོན་གྱི་དབང་འདི་གཟིགས་ནས། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱི་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་མཆིས་པར་འགྱུར་རོ། །བཅོམ་
ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ་ཞེས་གསུངས། གཞན་ཡང་རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། འདི་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི། སྙིང་རྗེ་ཆེན་པོ་ཡིན་ནོ་ཞེས་དང་། ཕར་ཕྱིན་བསྡུས་པ་ལས། ཐུབ་རྒྱལ་ཐེག་པ་སྙིང་རྗེའི་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། མཚན་གྱི་ལྷ་མོ་དཔྱིད་ལྡན་ནོར་བཟང་མས། ཁོ་མོའི་སྙིང་རྗེ་རྒྱ་མཚོ་ཚད་མེད་དོ། །འདི་ལས་དུས་གསུམ་རྒྱལ་བ་འཇིག་རྟེན་འབྱུང་། །དེས་ནི་འགྲོ་བའི་སྡུག་བསྔལ་སེལ་བར་བྱེད། །ཞེས་དང་། རྒྱན་ལས། དང་པོ་རྩ་བ་ཐ་མར་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེ་ལྗོན་ཤིང་ཆེན་པོ་ཡིན། །རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱད་བཟོད་པ་ཉིད་མི་འགྱུར། །ཞེས་དང་། སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ཀྱི། །སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ལྟར་འདི་དག་ལ་ནི་སྡུག་བསྔལ་ཡང་། །བརྩེས་བསྐྱེད་བདེ་བ་གཞལ་དུ་མེད་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས།
སངས་རྒྱས་ཐོབ་པར་བྱེད་པའི་ཆོས་ནི་གཅིག་སྟེ། བདག་གི་བདེ་བ་ལ་མ་ཆགས་པའི་སྙིང་རྗེ་ཆེན་པོའོ། །ཞེས་དང་། བློ་སྦྱོང་སྙན་བརྒྱུད་དུ་ལུང་དུ་དྲངས་པ་ལས། མཆོད་པ་བླ་ན་མེད་པ་ནི་རྣམ་པ་གསུམ་སྟེ། སེམས་བསྐྱེད་པ་དང་། ཆོས་འཛིན་པ་དང་། སྙིང་རྗེ་བསྒོམ་པའོ། །ཞེས་དང་། དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། ཚེ་རིང་བ་ནི་སྙིང་རྗེ་ཆེ་བ་ལས་འོངས་སོ། །ཞེས་དང་། སངས་རྒྱས་ཀྱི་སྦྲིད་པ་སངས་པའི་སྒྲ་ལས། ཡོན་གྱི་མཆོག་ནི་སྙིང་རྗེ་སྟེ། དེ་བས་སྙིང་རྗེ་ལྡན་པར་བྱོས། །ཞེས་དང་། དགེ་བཤེས་སྟོན་པའི་དྲུང་དུ། བཙུན་ཆུང་ཞིག་མཇལ་དུ་བྱུང་བ་ལ། ཁམ་པ་ལུང་པ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པ་ལ། ཁམ་པ་གྲོག་ཁ་རེ་བཞུགས། དབུ་བཏུམས་ཏེ་བཤུམ་པ་འབའ་ཞིག་མཛད་ཅིང་གདའ་ཞུས་པས། སྟོན་པ་དབུ་ཞྭ་ཕུད། ཐུག་ཀར་ཐལ་མོ་སྦྱར་ནས། སྤྱན་ཆབ་མང་པོ་བྱུང་ནས་ཤིན་ཏུ་ངོ་མཚར་ཆེ། ཆོས་བྱ་བ་ཁོང་གིས་བྱས་པ་ཡིན། འདིའི་ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ། ད་ལྟ་བཤད་ན་ཁོང་མི་མཉེས་པར་འདུག་གསུངས་པར་གདའ། དེས་ན་ཇོ་བོ་བཀའ་བརྒྱུད་རྣམས་ཀྱང་ཐུགས་དམ་གྱི་གཙོ་བོ་འདི་ལ་མཛད་པར་གདའ་གསུངས། བཀའ་གདམས་གླེགས་བམ་ལས། ཇོ་བོ་སེམས་ཅན་ཉོན་མོངས་པ་ཚན་ཆེ་བར་ཡོད་ན་དེ་
དག་བསལ་ནས་གདམས་ངག་བྱེད་ན་ཅི་འདྲ་ཞིག་བགྱིད་འཚལ། འབྲོམ་སྙིང་རྗེ་ཕན་སེམས་གལ་ཆེ། ཇོ་བོ་ཆོས་ཐམས་ཅད་རང་ལས། སྙིང་རྗེ་ཕན་སེམས་གལ་ཆེ་བ་མ་ལགས་སམ། འབྲོམ་དེ་བས་ཁོ་དེ་སྐད་ཟེར། དེ་མེད་ན་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཤས་ཆེན་པོ་རྣམས་མི་ཐུལ། ཇོ་བོ་འོ་ན་འཇིག་རྟེན་གྱི་ནད་ཡམས་ཆེན་པོ་ལ་སོགས་པ་འགོ་བའི་ནད་ཀྱི་གསེབ་ཏུ། ཕན་སེམས་ཀྱིས་ཕྱིན་ན་འགོ་འམ་མི་འགོ །འབྲོམ་རང་འདོད་ཀྱི་འཁྲི་བ་མ་ཞུགས་པས། ཕན་སེམས་ཁོ་ནས་ཕྱིན་ན་དེ་མི་འགོ་བར་མ་ཟད། སྔགས་ནག་གི་ཕུར་ཁ་དང་མུ་སྟེགས་ཀྱི་ངན་སྔགས་ཀྱི་སྣ་དང་། མ་མོའི་རྦོད་ཁ་དང་། དམག་འཁྲུག་བྱེད་པའི་གསེབ་ཏུ་ཕྱིན་ཀྱང་། དེ་ལ་གནོད་པ་འོང་མི་སྲིད། ཇོ་བོ་ཕན་སེམས་ཆེན་པོ་སྐྱེ་བ་ལ་རྒྱུ་གང་གལ་ཆེ། འབྲོམ་སྙིང་རྗེ་དྲག་པོ་ཐུན་མོང་མ་ཡིན་པ་དེ་གལ་ཆེའོ་གསུངས། ཡང་ཇོ་བོ་ངའི་ལུགས་ཀྱི་ཚད་མེད་བཞིའི་འགོ་གང་ནས་རྩོམ། འབྲོམ་སེམས་ལ་བཟོད་ཀླག་མེད་པ་གཅིག་བྱུང་ན། དེ་ལ་འདོར་འདོད་ཀྱི་སེམས་སྐྱེ་བ་གཅིག་འོང་བ་ཡིན། དཔེར་ན་བུ་མེ་དོང་དུ་ལྷུང་ན། མ་ལ་བཟོད་ཀླག་མེད་པའི་སེམས་སྐྱེ་སྟེ། བྱ་བ་གལ་ཆེ་འོ་ཐམས་ཅད་ལང་ངེ་ལོང་ངེ་ལ་བསྐྱུར་ནས། བུ་གཅིག་པུ་ཅི་ཐོན་གྱི་སེམས་སུ་རྔམས་
ནས་འགྲོ། འབྲོམ་གཞན་དུ་བུ་ལ་བྱམས་པ་ཆེན་པོ་ཡོད་ཀྱང་། བུ་དེ་ཙམ་དུ་མི་ཉེས་ན་བྱ་བ་གཞན་གཙོར་བྱེད་དོ། །འབྲོམ་སེམས་ཅན་ཐམས་ཅད་ལ་བཟོད་ཀླག་མེད་པའི་སྙིང་རྗེ་ཡོད་ན། བྱ་བ་ཐམས་ཅད་དོར་ནས་སེམས་ཅན་ཅི་འདྲོངས་བྱེད་པ་གཅིག་འོང་། དེ་ལ་བརྟེན་ནས་ཕ་མ་ཡིན་པར་ངོ་ཤེས་པར་གོ །ཉེ་རིང་གཅིག་ཀྱང་མེད། དེ་དག་བདེ་ན་དང་སྐྱིད་ན་དགའ་བའི་སེམས་འབའ་ཞིག་སྦྱོང་ངོ་། །དེ་ཡང་སངས་རྒྱས་ཐོབ་ན་བདེ་སྐྱིད་ཐམས་ཅད་ཞོར་ལ་འོང་བས། སངས་རྒྱས་ལ་ཅི་འཁོད་བྱེད་པའོ། །འབྲོམ་དེས་ན་སྙིང་རྗེ་ཆེན་པོ་ནས་འགོ་བཟུང་ལ། སྙིང་རྗེ་བའི་སེམས་ཅན་རྣམས་སུ་ཡིན་ལྟོས། ཕ་མར་ཤེས་ཙ་ན། ཕན་ཅི་ཐོགས་ཀྱི་བྱམས་པ་གྱིས། བྱམས་པ་སྡོ་ཙ་ན་ཐམས་ཅད་སྐྱིད་ན་དགའ་བ་སངས་རྒྱས་ན་དགའ་བའི་དགའ་བ་སྒོམས། དགའ་བ་སྡོ་ཙ་ན་ཐམས་ཅད་ལ་ཉེ་རིང་དང་ཕྱོགས་རིས་མེད་པ། རང་སྐྱིད་པ་ལ་ཉེ་རིང་མེད་པ་བཞིན་བཏང་སྙོམས་ཆེན་པོས་ཁྱབ་པར་གྱིས། ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སླེབ་པར་གྱིས། འབྲོམ་དེས་ན་ཕན་སེམས་ཀྱི་རྩ་བ་སྙིང་རྗེ་ཡིན། སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་འབྱུང་གསུངས། སྙིང་རྗེ་མེད་པའི་སྐྱོན་ནི་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་
གང་། །དེ་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་དང་། འཇམ་དཔལ་རྣམ་འཕྲུལ་ལས། སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་། སེམས་ཅན་ཡལ་བར་འདོར་བ་ནི་བདུད་ཀྱི་ལས་སོ། །ཞེས་དང་། འགྲོ་མགོན་གཙང་པ་རྒྱ་རས་ཀྱིས། སྙིང་རྗེ་མེད་ལ་འགྲོ་དོན་རྒྱངས་ཁྱི་ཟ་གསུངས་སོ། །འོ་ན་སྙིང་རྗེ་ཇི་ལྟར་བསྒོམ་སྙམ་ན། ཚེ་འདི་ལ་དྲིན་ཆེ་ཤོས་མ་ཡིན་པས་དེ་ལ་ཐོག་མར་བསྒོམ་ཚུལ་ནི། བློ་སྦྱོང་ལེགས་བཤད་ཀུན་འདུས་ལས། མ་འདིས་བདག་ལ་བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བཟུང་སྟེ། འཕྲལ་ཡུན་དུ་ཕན་པའི་ཕྱོགས་རྣམས་སྒྲུབ་པ་དང་། གནོད་པ་དང་སྡུག་བསྔལ་ལས་ཅི་ནུས་ཀྱིས་བསྐྱབས་པ་དང་། བདག་ལ་སྡུག་བསྔལ་བྱུང་དུས་མི་བཟོད་པའི་སྒོ་གསུམ་གྱི་རྣམ་འགྱུར་དང་། བདག་གི་ཆེད་དུ་སྡིག་སྡུག་དང་དུ་བླངས་པ་རྣམས་བསམས་ནས་སྙིང་རྗེ་དྲག་ཏུ་སྒོམས། དེའི་དུས་སུ་བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་། སྐྱབས་འགྲོ་བྱེད་ཅིང་བསྒོམས་ན་འཆུན་ཆེ་ཞིང་སྐྱེ་སླ་བར་འདུག་པས་དེ་བཞིན་བྱ། སྐྱབས་འགྲོ་བྱེད་པའི་དུས་སུ་རང་བཏང་སྙོམས་སུ་བཞག །མ་དམིགས་ཡུལ་དུ་བྱས། དེའི་སྡིག་སྡུག་རྣམས་བསམས་ཏེ། སྐྱབས་གསོལ་སྙིང་གི་དཀྱིལ་རུས་པའི་གཏིང་ནས་བྱ། གཞན་ལ་མི་གནོད་ན་སྐད་གསེང་མཐོན་པོས་
བྱ། སྙིང་རྗེ་སྐྱེས་ན་ཉམས་བྱུང་རྒྱལ་དུ་བསྐྱང་ཞིང་སྣ་མི་བསྐྱིལ། དེ་ལྟར་དྲག་ལ་ཡུན་རིང་བསྒོམས་པས། སྙིང་རྗེ་སྐྱེས་ཏེ་མ་དེའི་སྡིག་སྡུག་བསལ་བ་དང་། བདེ་དགེ་བསྐྱེད་པར་འདོད་ཀྱང་། དེའི་ནུས་པ་བདག་ལ་མེད་ཅིང་། བླ་མ་དཀོན་མཆོག་ལ་ཡོད་པས། མ་ལག་ཞ་མའི་བུ་ཆུས་ཁྱེར་ན་གཞན་ལ་ར་མདའ་སྒྲོན་པ་བཞིན་དུ། བླ་མ་དཀོན་མཆོག་ལ་སྐྱབས་འགྲོ་དང་གསོལ་འདེབས་དྲག་པོ་བྱའོ། །མའི་མཚོན་ཏེ་ཕ་ལ་སོགས་པ་གང་སྙིང་ཉེ་བ་དང་། དྲིན་ཆེ་བ་རྣམས་ལ་དེ་ལྟར་བསྒོམ་མོ། །སྡུག་བསྔལ་ཆེ་བ་ལ་བསྒོམ་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་བསམ་པ་སྟེ། འདི་རྣམས་ནི་བདག་ཚད་པས་ཅུང་ཟད་གདུངས་པའང་། བསིལ་བའི་ཐབས་བྱེད་པ་དང་། ཐ་ན་ཁ་ཚིག་གིས་དོགས་ནས། ཚོད་མ་ལ་ཕུས་འདེབས་པ་དང་། བདག་འཁྱགས་ཀྱིས་དོགས་ནས། ལུས་ཀྱི་དྲོད་ཀྱིས་བསྲོ་བ་དང་། བདག་བཀྲེས་སྐོམ་གྱིས་དོགས་ནས། རང་གིས་སྤྱོད་མི་ནུས་པའི་ལོངས་སྤྱོད་རྣམས་འཕངས་པ་མེད་པར་སྟེར་བ་དང་། ནུ་ཞོས་ཡང་ཡང་བསྐྱངས་པ་དང་། བདག་ལ་ཐ་ན་བཟའ་བཏུང་གི་ཟ་ཚུལ་ཚུན་ཆོད་ལེགས་པར་སློབ་ཅིང་། བདག་ན་ཡིས་དོགས་ཤི་ཡིས་དོགས་ནས་དཀའ་བ་དཔག་མེད་སྤྱོད་པའི་མ་ཡིན་ན། འདི་དག་ཚ་གྲང་བཀྲེས་སྐོམ་གླེན་ལྐུག་སོགས་
ཀྱིས་གཟིར་བའི་གནས་སྐབས་འདི་འདྲར་གྱུར་པ་སྙིང་རྗེ་སྙམ་དུ་དྲག་ཏུ་བསྒོམས་ཤིང་། སྙིང་རྗེ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ནས་དེ་དག་སྡུག་བསྔལ་བྲལ་བ་དང་། བདེ་བ་ལ་འགོད་པའི་དོན་དུ་སྔར་བཞིན་གསོལ་བ་གདབ། ཡང་རྣམ་པ་གསལ་བའི་དགྲ་དང་ནད་གདོན་དང་ཁྲལ་བུ་ལོན་སོགས་ཀྱིས་ཉམ་ཐག་པའི་མི་སོགས་སྡུག་བསྔལ་གང་ཆེ་བ་ལ་དེ་ལྟར་བསྒོམ་མོ། །སྡིག་པ་ཆེ་བ་ལ་བསྒོམ་པ་ནི། ཁ་དྲག་བཙན་ཕྱུག་འཛོམ་ཞིང་། འཁོར་གཡོག་མང་ལ་སྡིག་པ་རླབས་ཅན་བྱེད་པ་འདི་རྣམས་ངན་སོང་བས་ཀྱང་ཆེས་ཆེར་སྙིང་རྗེ་བར་འདུག །འདི་དག་ལ་སྙིང་རྗེ་དྲག་པོ་སྐྱེ་ཐང་པ་ལ་མི་སྐྱེ་བ་དེ། རྟག་པར་རང་ལའང་ཚེ་འདིའི་ཕུན་ཚོགས་ཐོབ་འདོད་ཀྱི་བློ་ཕུག་ན་ཡོད་པའི་རྟགས་སུ་གདའ་གསུངས། འདི་རྣམས་རང་གཞན་ལ་གང་ཕན་བྱས་པས་ཆོག་པ་ལ། ཚེ་འདིའི་བྱ་བ་ཅུང་ཟད་རེའི་ཕྱིར། འདི་ཙམ་པའི་སྡིག་པ་བྱེད་བྱེད་ནས། དངོས་སུ་རང་གཞན་གཉིས་ཕུང་བྱེད་ཅིང་། ཕུགས་སུ་རང་གི་འདུན་མ་གཏན་བརླག་ལ་གཏོང་བ་འདི་རྣམས་སེམས་སོ་ན་གནས་པས་དུག་འཐུང་ན་ཅི་ཟེར། དེའི་དཔེར་ཡང་མི་བཟོད་ན་འདི་ལྟ་བུའི་ལས་བྱེད་པ་རེ་སྙིང་རྗེ་སྙམ་དུ་དྲག་ཏུ་བསྒོམ་ཞིང་ཡང་སྔར་ལྟར་བྱའོ། །གཞན་ཡང་གང་སྡིག་པ་ཆེ་བ་རྣམས་ལའང་དེ་ལྟར་བསྒོམ་མོ། །སྐྱེ་དཀའ་བ་ལ་བསྒོམ་པ་ནི། བདག་གིས་ཕན་བཏགས་པའི་ལན་དུ་གནོད་པ་བྱེད་
པ་ལྟ་བུ་ལ་ཡང་བསྒོམ་སྟེ། འདིས་ཐོག་མ་མེད་པ་ནས་སྡུག་བསྔལ་དཔག་མེད་མྱོང་ཞིང་། ད་དུང་ཡང་གནོད་པ་ལ་སོགས་པའི་ལས་ངན་བསགས་པས་སྡུག་བསྔལ་དཔག་མེད་མྱོང་བར་འགྱུར་ལ། འདི་དག་གིས་ཀྱང་བདག་གི་ཕ་མ་ཡང་ཡང་བྱས་ཤིང་ཕན་ཡང་ཡང་བཏགས་པའི་དྲིན་ཅན་ཡིན་ན། འདི་ལྟར་གྱུར་པར་སྙིང་རྗེ་སྙམ་དུ་སྔར་ལྟར་བསྒོམ་མོ། །སེམས་ཅན་ཐམས་ཅད་ལ་བསྒོམ་པ་ནི། རང་གི་ཚེ་འདིའི་མ་ལྟ་བུ་དེ་ཤེས་པ་གདོན་གྱིས་བརླམས་པས་ན་སྨྱོ་བར་གྱུར། མིག་ཀྱང་ལོང་། ལོང་ཁྲིད་ཀྱང་མེད། ས་ཕྱོགས་ཀྱང་མི་བདེ། དེའི་དབང་གིས་གོམ་པ་རེ་བོར་བ་ན་བརྡབ་ཅིང་འོང་། དེ་ནས་ཀྱང་གཡང་འཇིགས་སུ་རུང་བར་ལྷུང་བར་འདུག་ན། དེ་ལ་སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་སྐྱེ་བ་ཡིན། དེ་བཞིན་དུ་སེམས་ཅན་ཐམས་ཅད་མ་ནི་ཡིན། ཉོན་མོངས་པའི་གདོན་གྱིས་བཏབ་སྟེ། ཐོག་མ་མེད་པ་ནས་སྨྱོས་པ་བཞིན་དུ་གྱུར། གཏི་མུག་གིས་ཤེས་རབ་ཀྱི་མིག་ཀྱང་ལོང་། དགེ་བའི་བཤེས་གཉེན་གྱི་ལོང་འཁྲིད་ཀྱང་མེད། འཁོར་བའི་ཀད་བུབ་མང་པོའི་ལམ་ཡང་མི་བདེ། དེ་ནས་ངན་སོང་རྣམ་པ་གསུམ་གྱི་གཡང་ས་འོག་ནས་འོག་ཏུ་ཁྲོགས་ཀྱིས་ལྟུང་བ་རྣམས་ལ་དམིགས་ཀྱིན་ཡང་སྙིང་རྗེ་བསྒོམ་མོ། །འདི་སྐྱེ་བ་ཡང་སླ་ཞིང་བསོད་ནམས་ཀྱང་ཆེ་གསུངས།
གཞན་ཡང་བཀའ་གདམས་གླེགས་བམ་ལས། ཇོ་བོ་སྙིང་རྗེ་བསྒོམ་པའི་ཐབས་གཅིག་ཞུ་འཚལ། འབྲོམ་ཞུ་བ་ཆེ། སེམས་ཅན་ནད་དྲག་པོས་གཟིར་བའི་རྩར་རྒྱུག །དེ་སེམས་ཅན་ཐམས་ཅད་ལ་དམིགས་པས་ཁོབས་ལ། སེམས་ཅན་ཐམས་ཅད་ཀྱིས་འདི་ལྟ་བུའི་ལུས་བླངས་པས། ལུས་འདི་ཡོད་ན་ནད་འདི་འབྱུང་། མཛེ་ཐོག་ཏུ་ཕོལ། གཉན་ཐོག་ཏུ་གཟེར། གཟེར་ཐོག་ཏུ་གཟེར་བསྣན་ནས། སྡུག་བསྔལ་འདི་འདྲ་བ་འབའ་ཞིག་འོང་བ་སྙིང་རེ་རྗེ། ཨ་ཙ་མ་འདི་གཞན་མིན། ང་ཡང་ཡང་བསྐྱེད་པའི་ཕ་མ་ཡིན་པ་སྙམ་དུ། རྩ་བའི་མ་དེ་མེ་དོང་དུ་ལྷུང་བའི་སྙིང་རྗེ་ཙམ་དུ་མི་བཟོད་པར་བྱའོ། །དེ་བཞིན་དུ་དབུལ་བ་དང་ཕོངས་པ་དང་། བཀྲེས་སྐོམ་གོས་མེད་པ་རྣམས་ཀྱི་རྩར་ཕྱིན་ཅིང་། ཡང་དེ་ཁོ་ན་བཞིན་དུ་སྙིང་རྗེ་བསྒོམ་མོ། རང་གི་སྤྱིལ་བུ་ན་གནས་པའི་ཚེ་ཡང་དམྱལ་བ་ཡི་དྭགས་ལ་སོགས་པ་འཁོར་བའི་སྡུག་བསྔལ་སེམས་བརྩེ་ཡམ་ཡམ་པ་སྒོམས། དེ་ཡང་བཟོད་ཀླག་མེད་པར་སྒོམས་གསུངས། ལམ་རིམ་མྱུར་ལམ་ལས་ཐོག་མར་བཤན་པས་གསོད་བཞིན་པའི་ལུག་ལྟ་བུ་སྡུག་བསྔལ་གྱིས་ཉམ་ཐག་པའི་འགྲོ་བ་རྣམས་ལ་དམིགས་ནས་སྒོམས། དེའི་ཚུལ་ནི་མདུན་དུ་དེ་རྣམས་ཀྱི་རྣམ་པ་གསལ་བར་དམིགས་ནས། ཡན་ལག་རྣམས་ནི་བཅིངས། བྲང་གི་པགས་
པ་ནི་གཤགས། བཤན་པའི་ལག་པ་ཁོང་བར་བཅུག་པས་སྲོག་ལ་བབས་པ་ནི་མངོན་སུམ་དུ་ཤེས། མིག་བཤན་པའི་གདོང་ལ་ཧྲིག་ཧྲིག་ཏུ་བལྟ་ཞིང་སྡུག་བསྔལ་གྱིས་ཉམ་ཐག་པའི་ཚུལ་བསམ་ནས། དེས་ན་འདི་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་ན་ཅི་མ་རུང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསུངས། དེ་ལ་མྱོང་བ་ཐོན་པ་ན་དགེ་འདུན་གྱི་དཀོར་ལ་བག་མེད་དུ་སྤྱོད་པ་དང་། ཚུལ་འཆལ་དང་ཆོས་སྤོང་མཁན་དང་ལོག་ལྟ་ཅན་དང་། སེམས་ཅན་ལ་འཚེ་ཞིང་སྡིག་པ་མི་དགེ་བ་སྣ་ཚོགས་བྱེད་པ་ལ་རྐྱེན་རྐྱེན་པོར་བྱེད་པའི་འགྲོ་བ་རྣམས་ལ་དམིགས་ནས་སྒོམས་གསུངས། དེ་དག་ནི་མཚོན་པ་ཙམ་སྟེ། རྒྱས་པར་འཁོར་བ་སྤྱིའི་སྡུག་བསྔལ་བརྒྱད་དང་དྲུག་དང་། གསུམ་དང་བྱེ་བྲག་རིགས་དྲུག་སོ་སོར་སྡུག་བསྔལ་དང་། བྱང་ས་ལས་སྙིང་རྗེས་དམིགས་པའི་སྡུག་བསྔལ་བརྒྱ་རྩ་བཅུ་གསུངས་པ་ལ་བལྟས་ནས་བློའི་མཐུ་ཡོད་པ་རྣམས་ཀྱིས་བསྒོམ་པར་བྱའོ། །གང་ལྟར་བྱས་ཀྱང་སྙིང་རྗེ་སྐྱེ་བར་མི་འདོད་ན། རྟེན་འབྲེལ་སྙིང་པོའི་ཁྲིད་ལས་སྐྱབས་སེམས་སྔོན་དུ་སོང་བས་
རང་གི་སྤྱི་བོར་པད་ཟླའི་གདན་ལ། རྩ་བའི་བླ་མ་སྤྱན་རས་གཟིགས་སུ་བསྒོམས་པས་རང་གི་མདུན་དུ་རྩ་བའི་མ་གསལ་བཏབ་ནས། དེའི་ལྟོར་ཆགས་པ་ནས་བཙས་པ་དང་། མཐར་ནར་སོན་པའི་བར་བསྐྱངས་པའི་དྲིན་བསམ་ལ། བརྩེ་གདུངས་དྲག་ཏུ་ཤུགས་བསྐྱེད་ནས། ངག་ཏུ་ངའི་མ་ཞེས་ཡང་ཡང་བརྗོད་ལ། བ་སྤུ་གཡོ་བ་དང་འཆི་མ་འཁྲུགས་པ་ནམ་བྱུང་བར་བསྒོམ་ཞིང་། དེ་ལྟར་མ་བྱུང་ན་ལུས་སྤུས་བྲང་སྦྱར། གདོང་སྨད། བཞིན་བསྡུས། ལག་པས་འགྲམ་སྐྱོར། སྲིན་ལག་ཁར་བཅུག །མྱ་ངན་གྱི་ལུས་གནད་དང་ལྡན་པར་སྙིང་རྗེ་དྲག་ཏུ་བསྒོམས་ཤིང་། ཕ་བླ་མ་བདག་གི་མ་དྲིན་ཅན་འདི་ཐར་པའི་ལམ་ལ་དུས་ད་ལྟ་རང་དྲོངས་མཛོད། ཅེས་ར་མདའ་འབོད་པའི་ཚུལ་དུ་སྐད་ཀྱི་ང་རོ་ཆེན་པོས་གསོལ་བ་འདེབས་ཤིང་། བསྒོམ་གྱི་སྣེ་ཟིན་ནས་དམིགས་པ་ཁ་བསྒྱུར། འགྲོ་དྲུག་ཕ་མ་ཡོངས་ལ་སྤོས་ནས་བསྒོམ་སྟེ། ལྷ་ལ་འཆི་འཕོ། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་མྱོང་གྲུབ་སྐྱེ་རྒ་ན་འཆི། དུད་འགྲོ་ལ་གསོད་འཁོལ། ཡི་དྭགས་བཀྲེས་སྐོམ། དམྱལ་བའི་ཚ་གྲང་བཙོ་བསྲེག་རྣམས་དྲན་པར་བྱས་ལ་སྙིང་རྗེ་བསྐྱེད་ཅིང་། ཡུས་ངོ་ཐོན་གྱི་ཕ་མ་ཞེས་དྲག་ཤུལ་དུ་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས།
མ་རྒན་འགྲོ་དྲུག་གི་སྡུག་བསྔལ་དང་ལེན་གྱིས་བཟོད་སྟོབས་བསྐྱེད་མཐར། བདག་གཞན་མཉམ་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་འཇོག་གསུངས་པ་ལྟར་ཡང་བསྒོམ་པར་བྱའོ། །སྙིང་རྗེ་ཆེན་པོ་མ་སྐྱེས་ཀྱི་བར་དུ། ཐུན་གྱི་ངོ་བོ་ཙམ་ལ་བསྒོམ་པར་མ་ཟད། ཐུན་རྗེས་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་དྲན་པར་བྱས་ནས་རྒྱུན་ལྡན་དུ་བསྒོམ་ན་བོག་ཆེ་སྟེ། བསྒོམ་རིམ་བར་པ་ལས། སྙིང་རྗེ་དེ་ཏིང་ངེ་འཛིན་ལ་འདུག་ཀྱང་རུང་སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་གསུངས། དེས་ན་ཐུན་མཚམས་རྣམས་སུ་སྙིང་རྗེ་སྟོན་པའི་གསུང་རབ་དགོངས་འགྲེལ་ལ་བལྟ་ཞིང་ཚིགས་སུ་བཅད་པ་དབྱངས་སུ་བཏོན་ནས་བསྐྱང་བར་བྱའོ། །བཀའ་གདམས་གླེགས་བམ་ལས། འབྲོམ་རིན་པོ་ཆེས། བདག་གི་ཕ་མ་ཉོན་མོངས་དགྲ་བོས་ཁྱེར། །དགྲ་བོར་བཅས་པ་སྐྱེ་རྒ་ན་འཆི་ཡི། །ཆུ་བོ་བཞི་རུ་རབ་ཏུ་བྱིང་བར་གྱུར། །ཐར་པའི་གཟིངས་བཅས་བླ་མ་མཉན་པ་མཆོག །ཕན་བདེའི་སྐྱ་བས་ཁ་ལོ་རབ་བསྒྱུར་ནས། །བདག་གི་ཕ་མ་སྐམ་ལ་འདོན་དུ་གསོལ། །ཕལ་ཆེར་མུ་མཐའ་མེད་པའི་རྒྱ་མཚོར་ཤོར། །བླ་མ་ཀླུ་དབང་གཙུག་གི་ནོར་བུ་ཅན། །ང་ཡི་ཕ་མ་བདེ་བའི་སྐམ་ལ་དྲོངས། །མཐུ་དཔལ་རྨད་མངའ་ཁྱེད་ཀྱིས་དྲང་དུ་གསོལ། །ཞེས་པ་དང་།
སྐུ་གསུམ་དོན་ཐུགས་ལས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ནི། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །ཕ་མ་འདི་དག་འཁོར་འཁྱམས་སྙིང་རེ་རྗེ། །བརྩེ་སེམས་བུ་གཅིག་ཤི་བའི་མ་བཞིན་དུ། །འཁོར་བའི་མཚོ་ལས་སྒྲོལ་བར་དམ་བཅའ་ཞིང་། །ཇི་ལྟར་བྱ་མོས་སྒོང་གསོ་གབ་པ་ལྟར། །རྣམ་མཁྱེན་ས་ལ་འགོད་པའི་བྱམས་པ་དང་། །རྒྱལ་པོའི་གདུང་རྒྱུད་ཆད་ཁར་སྲས་འཁྲུངས་ལྟར། །བདེ་དགའ་རྒྱ་མཚོ་ཐོབ་པའི་དགའ་བ་དང་། །དྲང་སྲོང་རྒྱལ་པོས་གཏོར་མ་བསྔོ་བ་བཞིན། །ཉེ་རིང་དགྲ་གཉེན་མེད་པའི་བཏང་སྙོམས་དང་། །འགྲོ་རྣམས་བླ་མེད་ས་ལ་འགོད་པའི་ཕྱིར། །བདག་གིས་ཐེག་ཆེན་བླ་མེད་སྒྲུབ་པར་བགྱི། །གནོད་པའི་ལན་དུ་ཕན་པའི་གདུང་ཤུགས་བསྐྱེད། །གསུངས་པ་སོགས་ཚིགས་བཅད་གང་ཤེས་བརྗོད་ཅིང་དོན་ཡིད་ལ་བསམ་པར་བྱའོ། །དེ་ལྟར་བསྒོམས་པས་སྙིང་རྗེ་སྐྱེས་པའི་ཚད་ནི། བསྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ། སེམས་ཅན་ལ་ཡང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པས་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ། ཞེས་དང་། དེ་བཞིན་དུ་རྗེ་རིན་པོ་ཆེས། བུ་ཆུང་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་པ་ལ་མ་དེ་སྙིང་རྗེ་ཇི་ཙམ་སྐྱེས་པ་དེ་ཙམ་པའི་བློ་ཆོད་གཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེ་བ་ན། སྙིང་རྗེ་
ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ། །སྨྲས་པ། སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར། །ཡལ་བར་མི་འདོར་བརྩེ་བས་སྐྱོང་མཛད་པའི། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདག་གི་ཕ་མ་ཡོངས་ལ་ཐུགས་རྗེས་གཟིགས། །རང་གི་ལུས་སྲོག་གཅོད་པའི་དགྲ་ལ་ཡང་། །ཕ་མའི་འདུ་ཤེས་སྐྱེས་ནས་ལྷག་པར་དུ། །བརྩེ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བདག་གི་ཕ་མ་སེམས་ཅན་བུ་བཞིན་སྐྱོངས། །སེམས་ཅན་སྡུག་བསྔལ་མཐོང་ན་བཞུགས་མི་ཚུགས། །འགྲོ་དོན་མཛད་པའི་རྩ་བརྒྱུད་བླ་མ་ཡིས། །བདག་གི་ཕ་མ་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་མ་ལུས་ཞི་བར་བྱིན་གྱིས་རློབས། །རང་གི་ཚེ་རབས་ཐོག་མ་མ་མཆིས་པས། །ཚེ་སྔོན་ཕ་མར་མ་གྱུར་གཅིག་ཀྱང་མེད། །དྲིན་ཅན་ཕ་མར་གྱུར་པའི་འགྲོ་ཀུན་གྱིས། །མི་འདོད་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཚེ་སྔོན་བུ་ངན་རང་ཉིད་ཚ་བའི་དུས། །བསིལ་བར་བྱེད་པའི་དྲིན་ཅན་ཕ་མ་རྣམས། །ལ་ལ་ད་ལྟ་ཚ་དམྱལ་བརྒྱད་དུ་སྐྱེས། །ཚ་བའི་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཚེ་སྔོན་བུ་ངན་རང་ཉིད་གྲང་བའི་དུས། །དྲོད་ཀྱིས་བསྐྱངས་པའི་དྲིན་ཅན་ཕ་མ་རྣམས། །ལ་ལ་ད་ལྟ་གྲངས་དམྱལ་བརྒྱད་དུ་སྐྱེས། །གྲང་བའི་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཚེ་སྔོན་བུ་ངན་རང་ཉིད་བཀྲེས་སྐོམ་དུས། །བཟའ་བཏུང་སྟེར་བའི་དྲིན་ཅན་ཕ་མ་རྣམས། །ལ་ལ་ད་ལྟ་ཡི་དྭགས་གནས་སུ་སྐྱེས། །བཀྲེས་
སྐོམ་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཚེ་སྔོན་བུ་ངན་རང་ཉིད་བླུན་པའི་དུས། །བླང་དོར་སྟོན་པའི་དྲིན་ཅན་ཕ་མ་རྣམས། །ལ་ལ་ད་ལྟ་དུད་འགྲོའི་གནས་སུ་སྐྱེས། །བཀོལ་སྤྱོད་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཚེ་སྔོན་བུ་ངན་རང་ཉིད་ན་བའི་དུས། །ནད་གཡོག་བྱེད་པའི་དྲིན་ཅན་ཕ་མ་རྣམས། །ལ་ལ་ད་ལྟ་མི་ཡི་གནས་སུ་སྐྱེས། །ན་འཆིའི་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཚེ་སྔོན་བུ་ངན་རང་ཉིད་འཇིགས་པའི་དུས། །བསུ་སྐྱེལ་བྱེད་པའི་དྲིན་ཅན་ཕ་མ་རྣམས། །ལ་ལ་ད་ལྟ་ལྷ་མིན་གནས་སུ་སྐྱེས། །འཐབ་རྩོད་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཚེ་སྔོན་བུ་ངན་རང་ཉིད་དབུལ་བའི་དུས། །གང་འདོད་སྟེར་བའི་དྲིན་ཅན་ཕ་མ་རྣམས། །ལ་ལ་ད་ལྟ་ལྷ་ཡི་གནས་སུ་སྐྱེས། །འཕོ་ལྟུང་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཀྱེ་ཧུད་ཕ་མར་མ་གྱུར་སུ་ཡང་མེད། །འཁོར་བའི་གནས་སུ་བདེ་བ་གང་ཡང་མེད། །རང་ལ་སྐྱོབ་པའི་ནུས་པ་ཅི་ཡང་མེད། །ཀྱེ་མ་ཀྱེ་ཧུད་ད་ནི་ཇི་ལྟར་བྱ། །བདེ་མེད་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཡི། །ཕ་མ་སེམས་ཅན་འདི་ཀུན་སྡུག་བསྔལ་དང་། །སྡུག་བསྔལ་རྒྱུ་དང་བྲལ་ན་ཅི་མ་རུང་། །སྡུག་བསྔལ་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ཅིག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །བདག་གིས་ཕ་མ་དྲིན་ཅན་སེམས་ཅན་གྱི། །སྡུག་བསྔལ་བསལ་ནས་བདེ་ལ་འགོད་པར་བྱ། །དེ་ལྟར་ནུས་པར་བླ་མས་བྱིན་གྱིས་རློབས། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་མཐུས། །ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སྡུག་བསྔལ་དང་། །ན་འཆི་འཐབ་
རྩོད་འཕོ་ལྟུང་སྡུག་བསྔལ་སོགས། །འགྲོ་དྲུག་སྡུག་བསྔལ་མ་ལུས་ཞི་བར་ཤོག །ཆོས་མཛད་སྐྱེས་བུ་རྣམས་ཀྱི་རྒྱན་གྱི་མཆོག །དཔག་མེད་ཡོན་ཏན་འབྱུང་གནས་ཡིད་བཞིན་ནོར། །ཆོས་ཀྱི་རྩ་བ་སྙིང་རྗེ་རིན་པོ་ཆེ། །ཚེ་རབས་ཀུན་ཏུ་འབྲལ་བ་མེད་གྱུར་ཅིག །ཅེས་པའི་ཚིག་རྣམས་ངག་ཏུ་བརྗོད་ཅིང་སྙིང་ཐག་པ་ནས་དེ་དག་གི་དོན་རྣམས་ཡིད་ལ་བསམས་ན། རིང་པོར་མི་ཐོགས་པར་སྙིང་རྗེ་ཆེན་པོ་རྒྱུད་ལ་བདེ་བླག་ཏུ་སྐྱེས་ནས། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར་བས་ན། བསྒོམ་པ་ལ་བརྩོན་པར་མཛོད་ཅིག །ཅེས་སྨྲས་པའོ།། ༈ །།ཡང་དད་གཏོང་བློ་གྲོས་ཆེ་བའི་སྐལ་ལྡན་གྱི་སློབ་བུ་ལྷ་རྗེ་ཀུན་དགས་རྣ་གཡུ་སོགས་ནོར་སྣ་མང་པོ་ཞིག་ཕུལ་ནས། རབ་ཏུ་གུས་པའི་ཕྱག་དང་བཅས་ཁོ་བོ་ལ་ངེས་པར་སངས་རྒྱས་ཐོབ་པའི་གདམས་པ་ཞིག་བསྟན་དུ་གསོལ། ཞེས་ཞུ་དོན་ཚིགས་སུ་བཅད་དེ་དབྱངས་སུ་ཕུལ་བ། ཟབ་གསལ་ཐུགས་ཀྱི་མཐིང་ཤོག་ལ། །ཟབ་རྒྱས་ཆོས་ཀྱི་གསེར་ཡིག་བྲིས། །མི་བརྗེད་གཟུངས་ཀྱི་ན་བཟས་ཀླུབས། །རྗེ་གླེགས་བམ་ལྟ་བུའི་རྣལ་འབྱོར་པ། །མཁྱེན་རབ་ཁ་གཉིས་ཤིན་ཏུ་རྣོ། །མ་རྟོག་ལོག་རྟོག་ཐེ་ཚོམ་གྱི། །རྨོངས་པའི་དྲ་བ་རྩད་ནས་གཅོད། །རྗེ་རལ་གྲི་ལྟ་བུའི་རྣལ་འབྱོར་པ། ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་རྗེས་ཡི་རང་། །ཟབ་རྒྱས་ཆོས་ཞུ་ཞབས་བརྟན་འབུལ། །དགེ་ཚོགས་སྐུ་ཚེ་བརྟན་ཕྱིར་བསྔོ། །དེ་མཐུས་བསྐལ་བརྒྱར་ཞབས་
བརྟན་ཤོག །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད། །གདམས་པ་རིན་ཆེན་མཛོད་འཛིན་པའི། །མཚན་ལྡན་བླ་མ་རིན་པོ་ཆེ། །བརྩེ་བ་ཆེན་པོས་བདག་ལ་དགོངས། །སྔོན་ཆད་ཚེ་འདིའི་དབང་དུ་སོང་། །དལ་འབྱོར་མི་ལུས་རིན་ཆེན་འདི། །དོན་མེད་ཚེ་འདིའི་ལས་ལ་བསྐོལ། །དོན་ཆེན་ཡལ་བར་ཤོར་ནས་སོང་། །ད་ནི་རྒན་པོ་འཆི་ལ་ཉེ། །མི་རྟག་འཆི་བ་མྱུར་དུ་འོང་། །བསམ་པས་སྐྱོ་བ་ནང་ནས་སྐྱེས། །ད་ལྟ་བླ་མའི་ཞབས་དྲུང་སྙེགས། །ད་ནི་རྗེ་བཙུན་རིན་པོ་ཆེ། །འཆི་བྲོད་གདམས་པ་བསྟན་དུ་གསོལ། །བསྟན་བཞིན་ཉམས་སུ་ལེན་ནུས་པར། །བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས། །དེང་ནས་བཟུང་སྟེ་ཚེ་རབས་ཀུན། ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །གསུངས་བཞིན་ཐོས་བསམ་བསྒོམ་བྱས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་ཕུལ་བའི་ལན་དུ་གདམས་པ་འདི་ཉིད་བསྟན་ཏེ། །འོ་ངེས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར། ཐེག་པ་ཆེན་པོ་མདོ་སྔགས་ཀྱི་ཆོས་ཀྱི་སྒོར་ཞུགས་ནས། ཆོས་རྣམ་དག་ཅིག་བྱེད་རྒྱུ་ཡིན་ན། ཐེག་ཆེན་ཆོས་ཀྱི་རྩ་བའི་རྨང་རྡོ་ལྟ་བུའི་བྱམས་སྙིང་རྗེ་གཉིས་དང་། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ལ་བསླབ་ན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་ནས། དཀའ་ཚེགས་མེད་པར་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བས་བློ་གྲོས་ཅན་རྣམས་ཀྱིས་འདི་ལ་བསླབ་པ་གལ་ཆེ། དེ་ལ་ཇི་ལྟར་སློབ་སྙམ་ན། དེ་ཡང་རང་གི་ཚེ་སྔོན་མ་རྣམས་སུ་དྲིན་ཅན་གྱི་ཕ་མ་སོགས་གཉེན་མཛའ་བཤེས་སུ་གྱུར་ནས་ཕན་
ཚད་མེད་བཏགས། གནོད་པ་ཚད་མེད་ལས་བསྐྱབས། སེམས་ཅན་ཐམས་ཅད་ད་ལྟའི་གནས་སྐབས་འདིར་ཚེ་རབས་གཏན་དུ་བདེ་ཞིང་སྐྱིད་པའི་ཟག་མེད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་བདེ་བ་ཕར་ཞོག །བར་སྐབས་སུ་ཟག་བཅས་ལྷ་མིའི་ནང་གི་ཚངས་པ་བརྒྱ་བྱིན་སོགས་ཕུན་སུམ་ཚོགས་པ་ཙམ་ཞིག་གི་བདེ་བ་ཡང་མེད་པ་འདི་རྣམས་སྙིང་རེ་རྗེ། དྲིན་ཅན་ཕ་མ་སེམས་ཅན་འདི་དག་ཀུན་ཟག་བཅས་ཟག་མེད་ཀྱི་བདེ་བ་དག་དང་། དེའི་རྒྱུ་དགེ་བ་ཀུན་དང་ལྡན་པ་ཞིག་བྱུང་ན་ཅི་མ་རུང་། ལྡན་པར་གྱུར་ཅིག །ལྡན་པ་ཞིག་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། སྙམ་དུ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཤུགས་དྲག་ལ་རྒྱུན་རིང་བ་སྒོམས། ཡང་སྐྱེ་རྒ་ན་འཆི་ཡོད་མེད་འདུ་འབྲལ་བརྡེག་བརྡུང་སོགས་འཁོར་བ་སྤྱི་ཡི་སྡུག་བསྔལ་དང་། ཁྱད་པར་དུ་དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་རྣམས་བསམ་སྟེ། སྡུག་བསྔལ་མྱོང་བའི་ཕ་མ་སེམས་ཅན་འདི་ཀུན་ཤིན་ཏུ་སྙིང་རེ་རྗེ། འདི་རྣམས་སྤྱིར་འཁོར་བ་དང་། ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་དང་བྲལ་བ་ཞིག་བྱུང་ན་ཅི་མ་རུང་། བྲལ་བར་གྱུར་ཅིག །བྲལ་བ་ཞིག་བདག་གིས་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། སྙམ་དུ་སྙིང་རྗེ་ཤུགས་དྲག་པོ་ནན་ཏན་ཡང་ཡང་སྒོམས།
དེ་ནས་བདག་གིས་ནམ་ཞིག་ཕ་མ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་ནུས་སྙམ་པ་དང་། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང་། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་ནུས་སྙམ་པ་དང་། ནམ་ཞིག་དམྱལ་བར་ཡུན་རིང་དུ་གནས་ནས་སེམས་ཅན་ལ་ཕན་འདོགས་ནུས་སྙམ་པ་དང་། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཆེན་པོས་སེམས་ཅན་རྣམས་ཀྱི་བསམ་པ་རྫོགས་པར་བྱེད་ནུས་སྙམ་པ་དང་། ནམ་ཞིག་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ངེས་པར་འབྱིན་ནུས་སྙམ་པ་དང་། སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་། དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་སིམ་པར་མི་བྱེད་པའི་ཚིག་དང་། གཞན་ལ་མི་ཕན་པའི་འཚོ་བ་དང་། ལུས་དང་ཤེས་རབ་དང་། ནོར་དང་དབང་ཕྱུག་དང་ལྡན་པ་དང་། གཞན་ལ་གནོད་པ་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང་། སེམས་ཅན་རྣམས་ཀྱི་སྡིག་པའི་འབྲས་བུ་བདག་ལ་སྨིན་ཅིང་། བདག་གི་དགེ་བའི་འབྲས་བུ་དེ་དག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསྒོམ་མོ། །སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་པོ་ངོ་བོ་རྣམ་རྟོག་ཡིན་ཡང་། ཤིན་ཏུ་ངོ་མཚར་ཅན་ཡིན་པས། སྐྱེས་བུ་ཆེན་པོ་རྣམས་ཀྱིས་ཀྱང་བསྒོམ་པར་གསུངས་ན། འོ་སྐོལ་རྣམས་
ཀྱིས་བསྒོམ་དགོས་པ་ལྟ་ཅི་སྨོས། དེས་ན་རབ་ཏུ་འབད་ནས་བསྒོམ་པར་བྱའོ། །སླར་ཡང་སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །ཀྱེ་ཧུད་ཕ་མར་མ་གྱུར་སེམས་ཅན་མེད། །འཁོར་བའི་གནས་ན་བདེ་བ་སྐད་ཅིག་མེད། །བདེ་མེད་སེམས་ཅན་བྱམས་པས་ཅིས་མི་སྐྱོང་། །སྡུག་བསྔལ་ཉམ་ཐག་འགྲོ་རྣམས་སྙིང་རེ་རྗེ། །བདག་གིས་ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི། །མི་འདོད་སྡུག་བསྔལ་སེལ་ནུས་སྙམ་པ་དང་། །ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས། །འབྱོར་པ་ཆེན་པོར་འཇོག་ནུས་སྙམ་པ་དང་། །ནམ་ཞིག་ཤ་ཁྲག་རུས་པ་དང་བཅས་པའི། །ལུས་ཀྱིས་འགྲོ་དོན་བྱེད་ནུས་སྙམ་པ་དང་། །ནམ་ཞིག་དམྱལ་བར་གནས་ནས་སེམས་ཅན་ལ། །ཕན་འདོགས་ཆེན་པོ་བྱེད་ནུས་སྙམ་པ་དང་། །ནམ་ཞིག་འབྱོར་པ་ཆེན་པོས་སེམས་ཅན་གྱི། །བསམ་པ་རྫོགས་པར་བྱེད་ནུས་སྙམ་པ་དང་། །ནམ་ཞིག་སངས་རྒྱས་གྱུར་ནས་སེམས་ཅན་གྱི། །སྡུག་བསྔལ་ངེས་པར་འབྱིན་ནུས་སྙམ་པ་དང་། །སེམས་ཅན་རྣམས་ལ་མི་ཕན་སྐྱེ་བ་དང་། །དོན་དམ་རོ་ལ་གཅིག་ཏུ་སྤྱོད་པ་དང་། །སྐྱེ་བོ་ཐམས་ཅད་དགའ་བར་མི་བྱེད་ཚིག །སེམས་ཅན་གཞན་ལ་མི་ཕན་འཚེ་བ་དང་། །ལུས་དང་ཤེས་རབ་ནོར་དང་དབང་ཕྱུག་དང་། །གཞན་ལ་གནོད་པ་བྱེད་ལ་སེམས་དགའ་བར། །ཚེ་རབས་ཀུན་
ཏུ་མ་གྱུར་སྙམ་པ་དང་། །སེམས་ཅན་སྡིག་པའི་འབྲས་བུ་བདག་ལ་སྨིན། །བདག་གི་དགེ་བའི་འབྲས་བུ་དེ་དག་ལ། །སྨིན་པར་གྱུར་ཅིག་སྙམ་དུ་བསྒོམ་པར་བྱ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །གཞན་ཕན་བསམ་པ་འབྱོངས་པར་བྱིན་གྱིས་རློབས། །ཞེས་ཚིག་ངག་ཏུ་བརྗོད་ཅིང་། དོན་ཡིད་ལ་བསམ་ན་བྱམས་པ་དང་སྙིང་རྗེ་གཞན་ལ་ཕན་འདོགས་འདོད་ཀྱི་བྱང་ཆུབ་ཀྱི་སེམས་རྣམས་རིམ་གྱིས་ངམ་ངམ་ཤུགས་ཀྱིས་རྒྱུད་ལ་བདེ་བླག་ཏུ་སྐྱེས་ནས། ཐེག་པ་ཆེན་པོའི་གྲལ་དུ་ཆུད་ཅིང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །ཞེས་སྨྲས་པའོ།། ༈ །།ཡང་རང་བཞིན་གྱིས་བསམ་པ་བཟང་ཞིང་། ཚུལ་ཁྲིམས་གཙང་བའི་སྐལ་ལྡན་གྱི་སློབ་མ་བློ་བཟང་དོན་འགྲུབ་ཀྱིས། ཁོ་བོ་ལ་སྐྱེ་དགུའི་འདོད་དོན་མ་ལུས་པ་ཡོངས་སུ་སྐོང་བའི་གདམས་པ་རིན་ཆེན་དབང་གི་རྒྱལ་པོ་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལྟར། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ཚུལ་དང་། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ཚུལ་ཁ་གསལ་ཞིང་ཉུང་ལ་འདུས་ཆེ་བ་ཞིག་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། འགྲོ་ཀུན་མ་འདྲིས་མཛའ་བའི་བཤེས། ཁྱེད་ཀྱིས་བདག་ཅག་རྣམས་ཀྱི་ཕྱིར། །བསྐལ་པ་དཔག་མེད་སྔོན་རོལ་ནས། །ཡང་ཡང་བྱང་ཆུབ་ཐུགས་མཆོག་བསྐྱེད། །རང་ཉིད་གཅེས་འཛིན་སྡུག་བསྔལ་སྒོ། །གཞན་རྣམས་གཅེས་
འཛིན་ཡོན་ཏན་གཞིར། །གཟིགས་ནས་རང་ཉིད་ཡལ་བར་དོར། །སེམས་ཅན་གཞན་ལ་རབ་ཏུ་གཅེས། །སྡུག་བསྔལ་རང་བདེ་འདོད་ལས་བྱུང་། །བདེ་བ་གཞན་ཕན་སེམས་ལས་བྱུང་། །དེ་གཉིས་རྣམ་དབྱེ་ལེགས་མཁྱེན་ནས། །བདག་བདེ་གཞན་གྱི་སྡུག་བསྔལ་བརྗེ། །སྙིང་རྗེ་ཆེན་པོས་ཐུགས་བསྐྱོད་ནས། །འགྲོ་བའི་དོན་ལ་སྐྱོ་ངལ་མེད། །གནོད་པ་བྱེད་པའི་དགྲ་ལ་ཡང་། །རབ་ཏུ་བརྩེ་བས་ཕན་ཐོགས་མཛད། །དམ་ཆོས་འོ་མ་བསྲུབས་པ་ལས། །བྱུང་བའི་བྱང་ཆུབ་སེམས་ཀྱི་མར། །རང་ཡང་བཞེས་ཤིང་གཞན་དག་ལ། །བགོ་བཤའ་བྱེད་པ་ཁྱེད་མིན་སུ། །དེ་ཕྱིར་བདག་བས་གཞན་གཅེས་ཀྱི། །བྱང་ཆུབ་སེམས་ལ་མངའ་བརྙེས་པས། །འབྲེལ་ཚད་དོན་ལྡན་བླ་མ་ལ། །ཕྱག་འཚལ་གསོལ་བ་འདེབས་པའི་འབྲས། །འཇམ་དབྱངས་མི་ཡི་ཚུལ་འཛིན་པའི། །རྒྱལ་བ་བློ་བཟང་གྲགས་པ་ཡི། །གདམས་པ་རིན་ཆེན་དབང་གི་རྒྱལ། །བྱང་ཆུབ་ལམ་རིམ་ཆེན་མོ་ལྟར། །རྒྱུ་འབྲས་མན་ངག་བདུན་དང་ནི། །བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །བསྒོམ་ཚུལ་ཞལ་གདམས་ཟབ་མོ་ཞིག །བརྩེ་བས་བདག་ལ་བསྟན་དུ་གསོལ། །ཞེས་ཕུལ་བའི་ལན་དུ། འོ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ཚུལ་ལ། དང་པོ་མར་ཤེས་པ་ནི་རང་གི་ཚེ་འཁོར་བ་ཐོག་མ་མ་མཆིས་པའི་ཚེ་རབས་སྔོན་མ་རྣམས་སུ། སེམས་
ཅན་ཐམས་ཅད་རང་གི་མར་མ་གྱུར་པ་ནི་གཅིག་ཀྱང་མེད། སེམས་ཅན་རེ་རེས་ཀྱང་མ་བྱས་པ་གྲངས་ཀྱིས་མི་ཆོད་ཅེས་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་གསུངས་པས་ན། གསུང་དེ་ཚད་མར་བཟུང་ནས། སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་རང་གི་མ་ཡིན་སྙམ་དུ་བསམ། གཉིས་པ་དྲིན་དྲན་པ་ནི་སེམས་ཅན་རྣམས་ཀྱིས་མ་བྱས་རེས་ཀྱིས། ཚེ་འདིའི་མས་རང་ཇི་ལྟར་བསྐྱངས་པ་དེ་ལྟར་ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཅན་ཤ་སྟག་ཡིན་སྙམ་དུ་བསམ། གསུམ་པ་དྲིན་གཟོ་བ་ནི་འཇིག་རྟེན་འདི་ན་ལན་གཅིག་ཟས་གོས་ཙམ་བྱིན་པ་དང་། འཇིགས་པ་ལས་སྐྱོབ་པའི་དཔོན་ཞིག་ལ་ཡང་སླར་མི་དེས་དྲིན་གཟོ་ཞིག་མ་བྱས་ན་ཀུན་གྱིས་མི་དེ་ལ་ཁྲེལ་མེད་པར་བརྩི་ན། ཚེ་འཁོར་བ་ཐོག་མེད་ནས་ཡང་ཡང་ཕན་བཏགས་འཇིགས་པ་ལས་བསྐྱབས་པའི་མ་གྱུར་སེམས་ཅན་ཐམས་ཅད་ལ། རང་གིས་དྲིན་གཟོ་ཞིག་མ་བྱས་ན་དེ་ལས་ཁྲེལ་མེད་ཅིག་གཞན་ན་མེད་པས། སེམས་ཅན་ཐམས་ཅད་ལ་དྲིན་གཟོ་བཟང་པོ་ཞིག་ཅི་ནས་ཀྱང་བྱ་སྙམ་དུ་བསམ། བཞི་པ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་ཀྱང་། སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་ཤོར་བའི་དབང་གིས། ད་ལྟའི་གནས་སྐབས་ཐར་པའི་བདེ་བ་ཕར་ཞོག །མངོན་མཐོའི་ནང་གི་ལྷའི་དབང་པོ་
ཚངས་པ་བརྒྱ་བྱིན། མིའི་ནང་གི་འཁོར་ལོས་བསྒྱུར་རྒྱལ་ཙམ་གྱི་བདེ་བ་ཡང་མེད། དེ་ཕར་ཞོག །མི་ཕལ་ཆེར་ལ། དེང་སང་གི་མི་ཚང་ཕྱུག་པོ་གཅིག་གི་བདེ་བ་ཡང་མེད། དེ་ཕར་ཞོག་ངན་སོང་གསུམ་གྱི་སེམས་ཅན་ལ་མི་ཐབས་སྡུག་ཤོས་ཙམ་ཞིག་གི་བདེ་བ་ཡང་མེད་པས་ན། མ་གྱུར་སེམས་ཅན་འདི་ཀུན་བདེ་བ་དང་ལྡན་ན་ཅི་མ་རུང་། ལྡན་པར་གྱུར་ཅིག །ལྡན་པ་ཞིག་བྱའོ་སྙམ་དུ་དཔེར་ན་མས་བུ་གཅིག་པུ་ཟས་གོས་ཀྱིས་ཕོངས་པ་ལ་རྟག་ཏུ་བྱམས་པ་ལྟར། སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་བྱམས་པ་བསྒོམ་མོ། །ལྔ་པ་སྙིང་རྗེ་ནི་ཡང་སེམས་ཅན་ལ་བདེ་བ་མེད་པར་མ་ཟད། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ། མི་ལ་ཡོད་པ་འཚོ་སྐྱོང་། མེད་པ་བཙལ་ན་མི་རྙེད་པའི་སྡུག་བསྔལ་དང་། དགྲ་མི་སྡུག་པ་དང་འཕྲད་ཅིང་གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་དག །ཐུན་མོང་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་སྟེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པས་ན། སྡུག་བསྔལ་གྱིས་མནར་བའི་མ་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་། བྲལ་བར་གྱུར་ཅིག །བྲལ་བར་བྱའོ་སྙམ་དུ་དཔེར་ན་མས་བུ་གཅིག་ཡོད་པ་མེ་ནང་དུ་ལྷུང་བ་མཐོང་ན་མི་བཟོད་པའི་སྙིང་རྗེ་
སྐྱེ་བ་ལྟར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྒོམས། དྲུག་པ་ལྷག་བསམ་ནི་བྱམས་པ་དང་སྙིང་རྗེ་དྲག་པོའི་ངང་ནས། བདེ་བ་མེད་ཅིང་སྡུག་བསྔལ་གྱིས་བར་མཚམས་མེད་པར་གདུངས་པས་ཉམ་ཐག་མ་གྱུར་སེམས་ཅན་འདི་དག་རྣམས་ཀྱིས་བུ་བདག་ལ་མི་རེ་ན་སུ་ལ་རེ། བུ་བདག་གིས་མ་འདི་དག་ལ་ཕན་མི་འདོགས་ན་གཞན་སུ་ཞིག་གིས་ཕན་འདོགས། ད་ནི་མ་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་ཉམ་ཐག་པ་ཀུན་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ལས་བདག་གིས་བསྒྲལ་བར་བྱའོ། །བདེ་བ་མེད་པ་རྣམས་གནས་སྐབས་སུ་ལྷ་མིའི་བདེ་བ་དང་། མཐར་ཐུག་གཏན་བདེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བདག་ཉིད་གཅིག་པུས་འགོད་པར་བྱའོ་སྙམ་དུ་ལྷག་བསམ་རྣམ་དག་སྒོམས། བདུན་པ་བྱང་ཆུབ་ཀྱི་སེམས་ནི། འོ་ན་རང་གིས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བདེ་བ་ལ་འགོད་པའི་ཁུར་ཁྱེར་ཀྱང་། ད་ལྟའི་གནས་སྐབས་སུ་རང་གིས་སེམས་ཅན་ཐམས་ཅད་ཕར་ཞོག་སེམས་ཅན་གཅིག་ཙམ་གྱི་སྡུག་བསྔལ་སྣ་གཅིག་མི་སེལ། བདེ་བ་སྣ་གཅིག་སྟེར་མི་ནུས་པར་མ་ཟད། རང་ཡང་ལས་ཉོན་དབང་གིས་གར་འགྲོའི་གཏད་སོ་མ་མཆིས་པས། དེ་ལྟ་བུའི་ནུས་པ་སུ་ལ་ཡོད་སྙམ་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་དང་ལྡན་པའི་ཡང་དག་པར་རྫོགས་
པའི་སངས་རྒྱས་ལ་ཡོད། རང་གིས་དེ་ལྟ་བུའི་གོ་འཕང་ཞིག་ཐོབ་རྒྱུ་ཡིན་ན་སྐུའི་སྒོ་ནས་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་བྱེ་བ་ཐེར་འབུམ་གྱི་སྡུག་བསྔལ་དུས་གཅིག་ལ་བསལ། བདེ་བ་ལ་དུས་གཅིག་ལ་འགོད་པའི་ནུས་པ་ཡོད་པས་ན། ད་ནི་རང་གཞན་གང་གི་དོན་དུ་ཡང་སངས་རྒྱས་ཀྱི་གོ་འཕང་ཞིག་མ་ཐོབ་པའི་ཐབས་མི་འདུག་པས། བདག་གིས་མྱུར་བར་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་ན་ཅི་མ་རུང་། ཐོབ་པར་གྱུར་ཅིག །ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་དུ་བློ་སྦྱོང་བའོ། །བདག་གཞན་བརྗེ་པའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ཚུལ་ནི། འོ་ན་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་སྙམ་ན། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་གྱུར་འགྲོ་བ་ཡོངས་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་སློབ་པ་ལམ་གྱི་གནས་སྐབས་སུ། རང་ཡལ་བར་དོར་གཞན་གཅེས་པར་བཟུང་ནས། གྱོང་དང་ཕམ་ཁ་རང་གིས་བླངས། ཁེ་དང་རྒྱལ་ཁ་གཞན་ལ་བྱིན་པས་སྔོན་ནས་སངས་རྒྱས་སོ། །འོ་སྐོལ་རྣམས་ཀྱིས་གཞན་ཡལ་བར་དོར་རང་གཅེས་པར་བཟུང་ནས་རང་དོན་མ་འགྲུབ་པར་མ་ཟད། ད་བར་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་བ་ཡིན་པས། ད་ནི་སངས་རྒྱས་ཀྱི་རྣམ་ཐར་ལྟར། རང་གིས་ཀྱང་
སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་སངས་རྒྱ་བའི་ཕྱིར་བདག་བས་གཞན་གཅེས་ཀྱི་བསམ་པས་གྱོང་དང་ཕམ་ཁ་རང་གིས་བླངས། ཁེ་དང་རྒྱལ་ཁ་གཞན་ལ་སྟེར་ཐུབ་ན་ཅི་མ་རུང་། ཐུབ་པར་གྱུར་ཅིག །ཐུབ་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་དུ་བློ་སྦྱོང་བ་འདི་ཀ་ལགས། དེ་ལྟར་སྦྱངས་ན་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །ནམ་མཁའི་མཐའ་མཉམ་སེམས་ཅན་ཐམས་ཅད་ནི། །བདག་གི་ཨ་མར་མ་གྱུར་གཅིག་ཀྱང་མེད། །གྱུར་དུས་ཚེ་འདིའི་མ་བཞིན་དྲིན་རེ་ཆེ། །དྲིན་ཅན་རྣམས་ལ་དྲིན་གཟོ་ཅིས་ཀྱང་དགོས། །བདེ་བ་མེད་པ་རྣམས་ལ་བྱམས་པར་བྱ། །སྡུག་བསྔལ་ཉམ་ཐག་ཡོངས་ལ་སྙིང་རྗེ་སྒོམས། །བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བསལ། །གཏན་བདེ་སངས་རྒྱས་ས་ལ་འགོད་པར་བྱ། །སྡུག་བསྔལ་བསལ་ནས་བདེ་ལ་འགོད་པའི་སླད། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པར་བྱ། །སྔོན་ཚེ་བཅོམ་ལྡན་འདས་ཀྱིས་རང་དོན་དོར། །གཞན་དོན་མཛད་ནས་སངས་རྒྱས་ཐོབ་པ་ལྟར། །ད་ནི་བདག་ཀྱང་རང་དོན་ཡལ་བར་དོར། །འགྲོ་བ་གཞན་གྱི་དོན་ལ་བརྩོན་པར་བྱ། །རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པ་ན། །བུ་དང་བུ་མོ་རྒྱལ་སྲིད་སྦྱིན་པ་ལྟར། །ཤིན་ཏུ་འཕྲེང་བའི་འཁོར་དང་ལོངས་སྤྱོད་སོགས། །
འཕངས་པ་མེད་པར་ཡོངས་སུ་གཏང་བར་བྱ། །རྒྱལ་བུ་སྙིང་སྟོབས་ཆེན་པོར་གྱུར་པ་ན། །སྟག་མོ་རང་གི་ཤ་ཡིས་གསོས་པ་ལྟར། །ཤིན་ཏུ་གཅེས་པའི་སྒྱུ་ལུས་ཕུང་པོ་འདི། །ཤ་ཟའི་ཚོགས་ལ་དགའ་བས་སྦྱིན་པར་བྱ། །རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པ་ན། །གནོད་སྦྱིན་རང་གི་ཁྲག་གིས་གསོས་པ་ལྟར། །གཅད་པར་དཀའ་བའི་སྙིང་ཁྲག་དྲོན་མོ་འདི། ཁྲག་འཐུང་དག་ལ་བརྩེ་བས་སྦྱིན་པར་བྱ། །ཚོང་དཔོན་ཁྱེའུ་ཆུ་འབེབས་གྱུར་པ་ན། །བདེ་གཤེགས་མཚན་བརྗོད་ཉ་རྣམས་དྲངས་པ་ལྟར། །ཆོས་ཀྱི་འཕོངས་པའི་སྐྱེ་བོ་ཐམས་ཅད་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱ། །རྒྱལ་བུ་དགེ་དོན་ཆེན་པོར་གྱུར་པའི་ཚེ། །ངན་ངོན་ལོག་སྒྲུབ་ཐུགས་རྗེས་བཟོད་པ་ལྟར། །འཁོར་གྱིས་ལོག་སྒྲུབ་གཤིས་ངན་འཁྲུག་པ་ལ། །སྙིང་རྗེ་ཆེན་པོས་ལྷག་པར་བརྩེ་བར་བྱ། །བྱང་ཆུབ་སེམས་དཔའ་སྤྲེའུར་གྱུར་པ་ན། །སྡིག་ཅན་ཁྲོན་པའི་གནས་ནས་དྲངས་པ་ལྟར། །ངན་པ་དག་ལ་ཕན་བཏགས་མི་ཤེས་ཀྱང་། །བཟང་ལན་མི་འདོད་སྙིང་རྗེས་དྲང་བར་བྱ། །འདིའི་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །བྱང་ཆུབ་སེམས་མཆོག་འབྱོང་བའི་རྒྱུ་རུ་བསྔོ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཤོག །ཅེས་ཚིག་གི་རྗེས་སུ་དོན་འབྲང་བ་བྱས། བློ་ཡང་ཡང་སྦྱངས་ན། སྐབས་ཤིག་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་
རྣམས་ངམ་ངམ་ཤུགས་ཀྱིས་འབྱོང་བར་འགྱུར་རོ། །ཞེས་སྨྲས་པའོ།། ༈ །།ཡང་དད་བརྩོན་སྙིང་རྗེ་དང་ལྡན་པའི་སློབ་བུ་སྦྱིན་པ་སངས་རྒྱས་ཀྱིས་རྩམ་པ་དོ་པོ་གཅིག་དང་ལྷ་རྫས་བཅས་ཕུལ་ནས་གདམས་པ་དགོས་ཞེས་ཞུ་དོན་ཕུལ་བ། མཉམ་མེད་ཐུབ་དབང་རྣམ་ཐར་ལྟར། །དང་པོ་བྱང་ཆུབ་ཐུགས་བསྐྱེད་ནས། །བར་དུ་བསྐལ་མང་ཚོགས་གཉིས་བསགས། །ཐ་མ་རྫོགས་པའི་སངས་རྒྱས་ཐོབ། །ད་ལྟ་བདག་སོགས་གཙུག་གི་རྒྱན། ཁྱེད་ལ་གུས་པས་ཞུ་དོན་ནི། །ཆོས་མེད་དཀོར་ཟན་སེར་གཟུགས་བདག །དང་པོ་མ་རིག་དབང་དུ་སོང་། །བར་དུ་ཉོན་མོངས་དུག་ལྔ་ལངས། །ཐ་མ་ལས་ངན་སྣ་ཚོགས་བསགས། །ད་ལྟ་ཆོས་མེད་ལུས་སུ་སྐྱེས། །ད་ནི་བླ་མ་རིན་པོ་ཆེ། ཁྱེད་ལ་བསྟེན་ནས་ལྷ་ཆོས་ཤིག །བྱེད་སྙམ་ཞབས་པད་དྲུང་དུ་འོང་། །རྫོགས་པའི་སངས་རྒྱས་ཐོབ་པའི་ཐབས། །ཟབ་རྒྱས་གདམས་པ་སྩལ་དུ་གསོལ། །དེང་ནས་བཟུང་སྟེ་བྱང་ཆུབ་བར། ཁྱེད་ཀྱིས་རྗེས་སུ་འཛིན་པར་ཞུ། ཁྱེད་ཀྱི་ཐུགས་རྗེ་ལ་བསྟེན་ནས། །ལྷ་ཆོས་བྱས་ནས་འཚང་རྒྱ་ཤོག །ཅེས་ཕུལ་བའི་ལན་དུ་གདམས་པ་འདི་ཉིད་བསྟན་ཏེ། འོ་སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མ་མྱུར་དུ་མངོན་པར་རྫོགས་པར་སངས་
རྒྱས་པ་ཡིན་པས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་སེམས་བསྐྱེད་པ་འདི་གལ་ཆེ། དེ་ཇི་ལྟར་བསྐྱེད་ན་བླ་མའི་དྲུང་ངམ། སྐུ་གསུང་ཐུགས་རྟེན་གྱི་མདུན་ནམ། ཡང་ན་རང་གི་མདུན་གྱི་ནམ་མཁར་འཇའ་དང་འོད་ཀྱི་ཀློང་ན་བླ་མ་ཐུབ་པའི་དབང་པོ་སོགས་ཚོགས་ཞིང་རྣམས་ཁྲ་ལམ་མེར་བཞུགས་ཡོད་པར་མོས་ནས། དེ་ལ་ཡན་ལག་བདུན་པ་མཎྜལ་ཕུལ། སྐྱབས་འགྲོ་བྱ། དེ་ནས་སེམས་བསྐྱེད་དངོས་ལ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཕར་ཕྱིན་དྲུག་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་ལ་བསླབ་པར་བྱ་སྙམ་དུ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་བརྗོད་པར་བྱ། དེ་ནས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་
མི་འགྱུར་དེ་ལྟར་བྱ། །ཞེས་སྤྲོ་བ་བསྐྱེད། དེ་ནས་སེམས་བསྐྱེད་དེ་ཉམས་པའི་རྒྱུ་ནག་པོའི་ཆོས་བཞི་སྤོང་བ་ནི། བླ་མ་མཁན་སློབ་སོགས་ལ་རྫུན་སྨྲས་ནས་དབུ་བསྐོར་བ་དང་གཅིག །གཞན་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་དང་གཉིས། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་མི་སྙན་པ་སྨྲས་པ་དང་གསུམ། ལྷག་བསམ་མ་ཡིན་པར་གཡོ་སྒྱུ་བྱེད་པ་དང་བཞི་ཡིན། སེམས་བསྐྱེད་འཕེལ་བའི་རྒྱུ་དཀར་པོའི་ཆོས་བཞི་ལ་བསླབ་པ་ནི། སེམས་ཅན་སུ་ལ་ཡང་ཐ་ན་ཀུ་རེ་བཞད་གད་ཀྱི་ཕྱིར་ཡང་རྫུན་མི་སྨྲ་བ་དང་གཅིག །གཡོ་སྒྱུ་མེད་པར་དྲང་པོར་བྱེད་པ་དང་གཉིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པ་བརྗོད་པ་དང་གསུམ། རང་ལ་ལྟོས་པའི་གདུལ་བྱ་རྣམས་ཉི་ཚེ་བའི་ཐེག་པ་ལ་མི་སྦྱོར་བར་རྫོགས་པའི་བྱང་ཆུབ་འཛིན་དུ་བཅུག་པ་དང་བཞི་ཡིན། གཞན་ཡང་སེམས་བསྐྱེད་འཕེལ་བའི་ཕྱིར་དུ་དཀོན་མཆོག་མཆོད་པ་ལ་སོགས་པའི་ཚོགས་གཉིས་བསོག་པ་ལ་བརྩོན་པར་བྱའོ། །སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་མཆོག་འབྱོངས་བར་བྱིན་གྱིས་རློབས། །སྟོན་པ་སངས་རྒྱས་དང་པོ་ཐུགས་བསྐྱེད་བཞིན། །རང་ཡང་སྨོན་འཇུག་སེམས་བསྐྱེད་བྱེད་པ་ལ། །བླ་མ་རྟེན་གྱི་དྲུང་ངམ་རང་ག་ཡང་། །མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་བར་སྒོམས། །ཡན་ལག་བདུན་པ་མཎྜལ་སྐྱབས་འགྲོ་བྱ། །ཕྱོགས་
བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་བདག་ལ་དགོངས་སུ་གསོལ། །བདེ་གཤེགས་རྣམས་ཀྱིས་བྱང་ཆུབ་ཐུགས་བསྐྱེད་ནས། །བྱང་སེམས་བསླབ་བྱ་རིམ་བཞིན་བསླབས་པ་ལྟར། །བདག་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བྱང་སེམས་བསླབ་བྱ་རིམ་བཞིན་བསླབ་པར་བགྱི། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡི། །ཚེ་འདིར་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །དེ་རིང་སྟོན་པ་སངས་རྒྱས་རིགས་སུ་སྐྱེས། །རྫོགས་པའི་སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་རིགས་མཐུན་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་ལ་གནས་པར་བྱ། །རྫུན་གྱིས་བླ་མ་མཁན་སློབ་དབུ་བསྐོར་ཞིང་། །དགེ་བ་བྱེད་ལ་འགྱོད་སེམས་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔར་ཁྲོས་ནས་མི་སྙན་སྨྲས། །ལྷག་བསམ་མ་ཡིན་གཡོ་སྒྱུ་བྱེད་པ་སྟེ། །སེམས་བསྐྱེད་ཉམས་པའི་ནག་པོའི་ཆོས་བཞི་སྤང་། །ཀུ་རེའི་ཕྱིར་ཡང་རྫུན་གྱི་ཚིག་མི་སྨྲ། །གཡོ་སྒྱུ་མེད་པར་དྲང་པོ་བྱེད་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བརྗོད། །གདུལ་བྱ་ཐེག་ཆེན་ཆོས་སྒོར་འཇུག་པ་སྟེ། །སེམས་བསྐྱེད་འཕེལ་བའི་དཀར་པོའི་ཆོས་བཞི་བསླབ། །གཞན་ཡང་སེམས་བསྐྱེད་གོང་དུ་འཕེལ་བའི་ཕྱིར། །ཚོགས་གཉིས་བསག་པ་ལ་ཡང་བརྩོན་པར་བྱ། །དཔལ་ལྡན་རྩ་
བའི་བླ་མ་རིན་པོ་ཆེ། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །འདིའི་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །སེམས་བསྐྱེད་གོང་དུ་འཕེལ་བའི་རྒྱུ་རུ་བསྔོ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཤོག །ཅེས་སེམས་བསྐྱེད་ཡང་ཡང་བྱའོ། །ཞེས་སྨྲས་པའོ།། ༈ །།ཡང་བླ་མ་ལ་མོས་གུས། མཆེད་གྲོགས་ལ་བརྩེ་གདུངས། སེམས་ཅན་ལ་སྙིང་རྗེ་ཆེ་བའི་སྐལ་ལྡན་གྱི་སློབ་མ་བློ་བཟང་དགེ་ལེགས་ཀྱིས། ཉིན་གཅིག་མཁོ་བའི་ཡོ་བྱད་མང་པོ་ཕུལ་ནས། རབ་ཏུ་གུས་པས་ཕྱག་དང་བཅས་རང་གི་འདོད་པའི་ཆོས་ཀྱི་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བདག་བས་གཞན་གཅེས་བྱང་སེམས་ཀྱིས། །གང་ཡོད་ཆགས་མེད་སྦྱིན་པར་གཏོང་། །མིག་གི་འབྲས་བཞིན་ཚུལ་ཁྲིམས་བསྲུང་། །སྲོག་ལ་བབས་ཀྱང་བཟོད་པ་བསྒོམ། །དགེ་ཚོགས་འགྲོ་བའི་དོན་ལ་བརྩོན། །གཡོ་མེད་ཏིང་འཛིན་ངང་ལ་བཞུགས། །ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན། །ཐབས་མཁས་བསྡུ་བཞིའི་གཞན་དོན་མཛད། །རང་གཞན་དོན་གཉིས་མཐར་ཕྱིན་པའི། །མཚན་ལྡན་བླ་མ་རིན་པོ་ཆེའི། །ཞབས་ལ་ཕྱག་འཚལ་མཆོད་པ་འབུལ། །བརྩེ་བ་ཆེན་པོས་བདག་ལ་དགོངས། །བློ་གྲོས་ངན་པའི་སློབ་བུ་ངས། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ཀྱང་། །རང་གི་དོན་
དུ་ཚོགས་གཉིས་བསགས། །རང་རྒྱུད་སྨིན་པར་བྱེད་ཚུལ་དང་། །གཞན་གྱི་དོན་དུ་བསྡུ་བཞི་བསླབ། །གཞན་རྒྱུད་སྨིན་པར་བྱ་བའི་ཚུལ། །སྔོན་ཆད་ཡང་ཡང་ཐོས་ན་ཡང་། །ད་དུང་ཆེན་པོ་མི་ཤེས་གདའ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡིས། །རང་དོན་ཇི་ལྟར་བསྒྲུབ་ཚུལ་དང་། །གཞན་དོན་ཇི་ལྟར་བྱ་དགོས་ཚུལ། །པཎ་ཆེན་ཐམས་ཅད་མཁྱེན་པ་སོགས། །དམ་པ་གོང་མའི་གསུང་བཞིན་དུ། །ཉུང་འདུས་གསལ་བར་བསྟན་དུ་གསོལ། །དེང་ནས་བཟུང་སྟེ་ཚེ་རབས་ཀུན། ཁྱོད་མཉེས་འབའ་ཞིག་སྒྲུབ་པ་དང་། ཁྱོད་ཀྱི་གསུང་བཞིན་ཟབ་རྒྱས་ཆོས། །སྤྱད་ནས་མྱུར་དུ་འཚང་རྒྱ་ཤོག །ཅེས་ཕུལ་བའི་ལན་དུ། འོ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། རང་རྒྱུད་སྨིན་བྱེད་ཕྱིན་དྲུག་གི་དང་པོ་སྦྱིན་པའི་ཉམས་ལེན་ནི། རྙེད་བཀུར་དང་གྲགས་པ་སོགས་ལ་མི་བལྟ་བར་ཆོས་ཀྱི་ཕོངས་པའི་སེམས་ཅན་རྣམས་ལ་དམ་པའི་ཆོས་ཅི་ནུས་སུ་སྟོན་པར་བྱེད་པའི་ཆོས་ཀྱི་སྦྱིན་པ་དང་། མི་དང་མི་མ་ཡིན་དང་འབྱུང་པོས་གནོད་པའི་སེམས་ཅན་རྣམས་འཇིགས་པ་དེ་དག་ལས་སྐྱོབ་པར་བྱེད་པ་མི་འཇིགས་པའི་སྦྱིན་པ་དང་། དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ལས་དང་རྣམ་སྨིན་ལ་རེ་བ་མེད་པར་སེར་སྣ་སྤང་སྟེ། ཇི་ལྟར་འོས་པའི་ཡོ་བྱད་གཏོང་བར་བྱེད་པ་ཟང་ཟིང་གི་སྦྱིན་པ་སྟེ། སྦྱིན་པ་རྣམ་པ་གསུམ་
གྱི་ཉམས་ལེན་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཉམས་ལེན་ནི། མི་དགེ་བ་བཅུ་ལ་སོགས་ཇི་ལྟར་ཁས་བླངས་པའི་སྡོམ་པ་དང་འགལ་བའི་ཉེས་སྤྱོད་རྣམས་སྤངས་ནས། སྦྱིན་སོགས་ཕར་ཕྱིན་དྲུག་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་པར་དག་པ་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད། སྐྱེས་པ་རྣམས་གོང་འཕེལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་པར་དག་པ་ལ་སྦྱར་ནས་སྨིན་གྲོལ་གྱི་ལམ་ལ་འགོད་པར་བྱའོ། །གསུམ་པ་བཟོད་པའི་ཉམས་ལེན་ནི། སེམས་ཅན་ཐམས་ཅད་དགྲར་ལངས་ཀྱང་ཁྲོ་བའི་སེམས་སྐད་ཅིག་ཀྱང་མི་བསྐྱེད་པར་གནོད་ལན་དུ་ཕན་པ་བསྒྲུབ་སྟེ། རང་གཞན་གྱི་རྒྱུད་ལ་བཟོད་པའི་ཕར་ཕྱིན་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་ཟས་ནོར་དང་། གནས་མལ་ལ་སོགས་ཀྱི་ཕོངས་པ་དང་། ན་ཚ་སོགས་མི་འདོད་པའི་སྡུག་བསྔལ་ཐོག་ཏུ་བབས་པའི་ཚེ་སྡུག་བསྔལ་འདི་ལྟར་མྱོང་བ་སྔར་ལས་ངན་བསགས་པའི་འབྲས་བུ་ཡིན། འདི་ལ་བརྟེན་ནས་ལས་ངན་མང་པོ་དག་འགྲོ་བས་མི་འདོད་རྒྱུ་མི་འདུག་ཅིང་། ཁྱད་པར་ཆོས་ཕྱིར་སྡུག་བསྔལ་བྱུང་བ་ལ་བཟོད་བསྲན་བསྐྱེད་པ་ལ་བརྟེན་ནས། ཐམས་ཅད་མཁྱེན་པའི་ལམ་ལ་ཉེ་བར་འགྱུར་བས། སྡུག་བསྔལ་འདི་དག་དང་དུ་བླངས་ཏེ་རང་གཞན་གྱི་འཁོར་བ་དང་ངན་སོང་གི་རྒྱུན་བཅད་པར་
བྱའོ། །གཞན་ཡང་དཀར་ནག་གི་ལས་ཀྱི་རྣམ་པར་སྨིན་པ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་། བླ་ན་མེད་པའི་བྱང་ཆུབ་དང་གསུང་རབ་ཡན་ལག་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་ལ་མོས་པ་བསྐྱེད་ན་འབྲས་བུ་ཆེ་བས། དེ་ལ་མོས་པར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བརྗོད་བྱའི་དོན་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །བཞི་པ་བརྩོན་འགྲུས་ཀྱི་ཉམས་ལེན་ནི། མཚན་དཔེ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་དང་། སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཆོས་རེ་རེ་བསྒྲུབ་པའི་ཕྱིར། བསྐལ་པ་འབུམ་ཕྲག་རེ་རེར་མནར་མེད་དུ་གནས་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་ནའང་། བརྩོན་པ་མི་འདོར་ཞིང་སྤྲོ་བ་བསྐྱེད་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་རང་རྒྱུད་ལ་སྡུད་པར་བྱེད་པ་དང་། གཞན་ཡང་དགེ་བའི་ལམ་ལ་བཀོད་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ། །ལྔ་པ་བསམ་གཏན་གྱི་ཉམས་ལེན་ནི། ངོ་བོའི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན། ཕྱོགས་ཀྱི་སྒོ་ནས་ཞི་གནས་དང་ལྷག་
མཐོང་དང་། དེ་གཉིས་ཟུང་དུ་འབྲེལ་བའི་བསམ་གཏན། བྱེད་ལས་ཀྱི་སྒོ་ནས་ཚེ་འདིར་ལུས་སེམས་བདེ་བར་གནས་པའི་བསམ་གཏན། ཡོན་ཏན་གྱི་རྟེན་བྱེད་པའི་བསམ་གཏན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་རྣམ་པ་ཐམས་ཅད་ལ་བསླབ་པར་བྱའོ། །དྲུག་པ་ཤེས་རབ་ཀྱི་ཉམས་ལེན་ནི། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་ཚུལ་རྟོགས་པའི་ཤེས་རབ་སྟེ་རྣམ་པ་ཐམས་ཅད་པ་ལ་བསླབ་པར་བྱའོ། །གཞན་རྒྱུད་སྨིན་བྱེད་བསྡུ་བཞི་ནི། །སེམས་ཅན་ཐམས་ཅད་སྦྱིན་པས་འཁོར་དུ་བསྡུས་ཏེ་ཚར་བཅད་རྗེས་འཛིན་གྱི་སྒོ་ནས་ཆོས་སྟོན་པས་སྙན་པར་སྨྲས་པ་དང་། ཆོས་བསྟན་པའི་དོན་ཉམས་སུ་ལེན་དུ་འཇུག་པས་དོན་སྤྱོད་པ་དང་། གཞན་ལ་བསྟན་པ་ལྟར་རང་གིས་ཀྱང་ཉམས་སུ་ལེན་པས་དོན་མཐུན་པ་སྟེ། གཞན་དོན་བྱེད་པའི་ཐབས་བཟང་པོ་འདི་ལ་བརྟེན་ནས། སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པར་བྱའོ། །སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་པའི་ཕྱིར། །རྙེད་བཀུར་གྲགས་པ་སོགས་ལ་མི་བལྟ་བར། །ཆོས་ཀྱིས་ཕོངས་པ་རྣམས་ལ་ཆོས་སྦྱིན་དང་། །འཇིགས་
པས་ཉེན་ལ་མི་འཇིགས་སྦྱིན་པ་དང་། །ནོར་གྱིས་དབུལ་ལ་ཟང་ཟིང་སྦྱིན་པར་བྱ། །ཉེས་སྤྱོད་ཐམས་ཅད་སྡོམ་པའི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས་ལ་བསླབ། །གནོད་པ་བྱེད་ལ་ཁྲོ་མེད་བཟོད་པ་དང་། །ཆོས་ཕྱིར་སྡུག་བསྔལ་དང་ལེན་བཟོད་པ་དང་། །ཆོས་ལ་ངེས་སེམས་བཟོད་པ་རྣམས་ལ་བསླབ། །ཡུན་རིང་གོ་ཆ་ཆེན་པོའི་བརྩོན་འགྲུས་དང་། །དགེ་བའི་ཆོས་རྣམས་སྡུད་པའི་བརྩོན་འགྲུས་དང་། །སེམས་ཅན་དོན་བྱེད་བརྩོན་འགྲུས་རྣམས་ལ་བསླབ། །འཇིག་རྟེན་འཇིག་རྟེན་ལས་འདས་བསམ་གཏན་དང་། །ཞི་གནས་ལྷག་མཐོང་ཟུང་འབྲེལ་བསམ་གཏན་དང་། །ལུས་སེམས་བདེ་བའི་བསམ་གཏན་རྣམས་ལ་བསླབ། །གནས་ལུགས་རིག་པ་དོན་དམ་ཤེས་རབ་དང་། །གནས་ལྔ་རིག་པ་ཀུན་རྫོབ་ཤེས་རབ་དང་། །འགྲོ་དོན་ཤེས་པའི་ཤེས་རབ་རྣམས་ལ་བསླབ། །གདུལ་བྱར་མཁོ་བ་སྦྱིན་ནས་འཁོར་དུ་བསྡུ། །འདུས་ཚེ་དམ་པའི་ཆོས་ཀྱིས་སྙན་པར་སྨྲས། །སྨྲས་པའི་དོན་བཞིན་དེ་ལ་སྤྱོད་དུ་འཇུག །དོན་དེར་མཐུན་པའི་ཉམས་ལེན་རང་ཡང་བྱ། །གཞན་དོན་བྱེད་པའི་ཐབས་བཟང་བསྡུ་བཞིའི་སྒོས། །འགྲོ་ཀུན་སྨིན་གྲོལ་ལམ་ལ་འགོད་པར་བྱ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གིས་དེ་ལྟར་ནུས་པར་བྱིན་གྱིས་རློབས། །འདིའི་མཚོན་
དུས་གསུམ་བསགས་པའི་དགེ་བའི་ཚོགས། །རང་གཞན་དོན་གཉིས་འགྲུབ་པའི་རྒྱུ་རུ་བསྔོ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཕ་རོལ་ཕྱིན་དྲུག་བསྡུ་བཞིར་སློབ་གྱུར་ཅིག །ཅེས་ཚིག་རྗེས་སུ་དོན་འབྲང་བ་བྱས། ཤར་བསྒོམ་བྱས་ན་ནམ་ཞིག་རྒྱལ་སྲས་ཀྱི་སྤྱོད་པ་རླབ་པོ་ཆེ་རྣམས་ལ་ཞུམ་པ་མེད་པར་སློབ་ནུས་པར་འགྱུར་རོ། །ཞེས་སྨྲས་པའོ།། ༈ །།ཡང་དད་གཏོང་བློ་གྲོས་དང་ལྡན་པའི་སློབ་བུ་མཁས་གྲུབ་ཀྱིས་དངུལ་དང་ལུག་སོགས་ནོར་རྫས་མང་པོ་ཕུལ་ནས། བདག་རྒན་པོ་འཆི་ལ་ཉེ་བ་ལ། ངེས་པར་སངས་རྒྱས་ཐོབ་པའི་གདམས་པ་ཟབ་མོ་ཞིག་གནང་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། ལེགས་ཚོགས་ཀུན་གྱི་རྩ་བ་ཟླ་མེད་ཅིང་། །ལེགས་ལམ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །ལེགས་གནས་སྐུ་བཞི་དམ་པའི་ཞིང་ཁམས་སུ། །ལེགས་པར་འཁྲིད་མཛད་བླ་མའི་ཞབས་པད་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཚེ་དང་བསྒྲུབ་པ་སྙོམ་པའི་མཆོད་པ་འབུལ། །སྔོན་ཆད་ཚེ་འདིའི་དབང་སོང་མཐོལ་ལོ་བཤགས། །ཕྱི་ནང་གསང་བའི་མཛད་པར་རྗེས་ཡི་རང་། །བདག་སོགས་འགྲོ་ལ་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་ཚོགས་བླ་མའི་བཞེད་དོན་འགྲུབ་ཕྱིར་བསྔོ། །དེ་མཐུས་སྐུ་ཚེ་མཛད་འཕྲིན་རྒྱས་པར་ཤོག །དཔལ་ལྡན་རྩ་བའི་བླ་མ་རིན་པོ་
ཆེ། །མི་རྒན་བདག་ལ་སངས་རྒྱས་ཐོབ་པའི་ཐབས། །རྒྱལ་བའི་གསུང་རབ་ཀུན་གྱི་གནད་འདུས་པའི། །ཚེགས་ཆུང་དོན་ཆེའི་གདམས་པ་བསྟན་དུ་གསོལ། །རྣམ་དག་བླ་མ་མཆོག་གི་ཐུགས་རྗེ་ཡིས། །རྣམ་མང་ཚེ་འདིའི་བྱ་བས་མི་གཡེང་བར། །རྣམ་དཀར་ཐོས་བསམ་བསྒོམ་པའི་གྲུར་ཞུགས་ནས། །རྣམ་གྲོལ་ནོར་བུའི་གླིང་དུ་ཕྱིན་པར་ཤོག །ཅེས་ཕུལ་བའི་ལན་དུ། འོ་ངེས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་ཆོས་རྣམ་པར་དག་པ་ཞིག་བྱེད་ན། བོད་ཀྱི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་གླང་རི་ཐང་པ་རྡོ་རྗེ་སེངྒེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་དུ་གྲགས་པ་དེས། སྟོན་པ་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་ཀུན་འུབ་ཀྱིས་བསྡུས་ཏེ་མཛད་པའི། སྔར་མེད་ཀྱི་གདམས་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་བློ་སྦྱོང་ཚིག་རྐང་བརྒྱད་མ་འདི་བཞིན་ཉམས་ལེན་བྱེད་པ་གལ་ཆེ། དེ་ཡང་རང་གི་ཚེ་སྔོན་དྲིན་ཅན་གྱི་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཕར་ཞོག །དེའི་ནང་ནས་ཐ་ན་ངན་སློང་གཅིག་ཙམ་ལ། བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས་ཏེ། ཟས་གོས་སོགས་སྦྱིན་པ་སྣ་རེ་ཙམ་བཏང་བའི་བསོད་ནམས་ཀྱིས་ཚེ་འདིར་ཡང་བདེ་སྐྱིད་སྙན་གསུམ་འཛོམ་ཞིང་། ཕྱི་མར་ཕྱུག་པོ་འབྱོར་ལྡན་གྱི་བུ་རུ་སྐྱེས་ནས་གནས་སྐབས་སུ་ལྷ་མིའི་བདེ་བ་ཚད་མེད་པ་
ཐོབ་ནས་བདེ་ཞིང་། མཐར་ཐུག་སྐྱོན་ཀུན་ཟད་ཡོན་ཏན་ཀུན་དང་ལྡན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ལ། ཡང་དགྲ་ལ་སོགས་གཞན་གནོད་པ་བྱེད་པ་ལ། བཟོད་པ་ལན་རེ་ཙམ་བསྒོམ་རྒྱུའི་སྐལ་པ་བྱུང་ན་ཡང་། དེའི་མཐུས་ཚེ་འདིར་ཡང་བསོད་ནམས་ཆེན་པོ་རྒྱས་ནས་གཞན་ཀུན་གྱིས་ཆོས་པ་བཟང་པོ་རུ་གོ་ནས་ལྷ་མི་ཡོངས་ཀྱིས་ངང་གིས་བྱམས་ཤིང་ཕྱི་མར་ཚེ་རབས་ཀུན་ཏུ་གཟུགས་བྱད་མཛེས་ཤིང་འཁོར་གདུལ་བྱ་མང་པོ་འདུས་ནས་བཀུར་ཞིང་། མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་ཐོབ་ནས་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན་དུ་འགྱུར་རོ། །དེས་ན་སེམས་ཅན་རེ་རེ་ལ་ཡང་བརྟེན་ནས་རང་གི་འཕྲལ་ཕུག་གི་འདོད་དོན་ཐམས་ཅད་འགྲུབ་ན་སེམས་ཅན་ཐམས་ཅད་ཀྱིས་སྨོས་ཅི་དགོས། དེས་ན་མ་གྱུར་སེམས་ཅན་རང་ལ་འཕྲལ་ཕུག་གང་དུའང་ཕན་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་ཡིད་བཞིན་གྱི་ནོར་བུ་ལྟར་བལྟས་ནས། གཅིག་ཀྱང་ཡལ་བར་མི་འདོར་བར་རང་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་རྟག་ཏུ་གཅེས་པར་འཛིན་པ་དང་། གྲོང་དགོན་དབེན་གནས་སོགས་གནས་བཟང་ངན་གང་དུ་སྡོད་ཀྱང་རུང་། སྐྱ་སེར་ཕོ་མོ་ལ་སོགས་གྲོགས་སུ་དང་འགྲོགས་ཀྱང་རུང་། རང་ཉིད་གཞན་ཀུན་ལས་དམན་པར་བལྟ་ཞིང་གཞན་ཀུན་ཡོན་ཏན་ཀུན་གྱི་འབྱུང་གནས་ཡིད་བཞིན་གྱི་ནོར་
ལྟར་བལྟས་ནས། མཆོག་དམན་བར་གསུམ་ཐམས་ཅད་ལ་སྙིང་ཐག་པ་ནས་མཆོད་བསྟོད་བཀུར་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གུས་པ་ཁྱད་པར་ཅན་བྱ་བ་དང་། འགྲོ་འཆག་ཉལ་འདུག་སོགས་སྤྱོད་ལམ་གང་གི་དུས་སུ་ཡང་། རང་རྒྱུད་ལ་རྟོགས་ཤིང་ཆགས་སྡང་སོགས་ཉོན་མོངས་པ་ཕྲ་རགས་གང་སྐྱེས་ཀྱང་སྐྱེས་མ་ཐག་མ་བཅོམ་ན། རང་གཞན་ཀུན་ཕུང་ནས་མ་རུངས་པ་བྱེད་པས་ན། དེ་མ་ཐག་བཙན་ཐབས་སུ་གདོང་ནས་བཟློག་པར་བྱེད་པ་དང་། ཤིན་ཏུ་རང་བཞིན་ངན་པའི་སེམས་ཅན་སྡིག་པའི་ལས་ཚན་པོ་ཆེ་དང་། སྡུག་བསྔལ་དྲག་པོས་ནོན་པ་མཐོང་ཚེ་ཡལ་བར་མི་འདོར་བར། རིན་ཆེན་གཏེར་དང་འཕྲད་པ་ལྟར། རྙེད་པར་དཀའ་བར་བསམས་ནས་གཅེས་པར་འཛིན་པ་དང་། རང་ལ་གཞན་གྱིས་ཕྲག་དོག་གི་དབང་གིས་དོན་མེད་པར་གཤེ་སྐུར་མཚང་འབྲུ་བརྡེག་བརྡུང་སོགས་མི་རིགས་པའི་ཉེས་སྐྱོན་ཆེན་པོ་བྱེད་པ་བྱུང་ན་ཡང་དག་གཙང་ཙམ་ཡང་མི་བྱ་བར། རང་ལ་ཁྱོད་རང་གིས་ཚེ་སྔོན་ལས་ངན་བསགས་པས་ལན། ད་ནི་མི་འོས་པ་ཞིག་བྱུང་བ་མིན། འོང་ངེས་ཤིག་ཐོག་ཏུ་བབས་པ་ཡིན། ད་ཕྱིན་ཆད་སྡུག་བསྔལ་འདི་དང་འདི་འདྲ་མི་འདོད་ན། དེའི་རྒྱུ་ད་ལྟ་གཏན་ནས་མ་བྱེད། བྱས་ན་ད་དུང་ཡང་འདི་བཞིན་འབྱུང་ཞེས་གྱོད་མཁོན་དང་། མངན་ཆེན་ལེ་ལེན་ཐམས་ཅད་རང་ལ་བདའ་ཞིང་།
གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་ལེན། ཁེ་དང་རྒྱལ་ཁ་ཐམས་ཅད་ཕན་བདེ་འབྱུང་གནས་མ་གྱུར་སེམས་ཅན་དེ་དག་ལ་འཕངས་པ་མེད་པར་སྟེར་བ་དང་། རང་གིས་སྔར་གྱི་གཉེན་ཉེ་བ་གྲ་རོགས་གྲོགས་མཆེད་གྲྭ་བུ་སློབ་ཡོན་བདག་ཕོ་མོ་སོགས་གང་ལ་ཕན་བཏགས་པའི་ཡུལ། རེ་བ་ཆེ་བ་གང་ལ་ལ་ཞིག་གིས་ཕན་པའི་ལན་དུ་དྲིན་གཟོ་མེད་པར་མ་ཟད། ད་དུང་དེའི་ཐོག་ཏུ་ཁའི་ཟས་འཕྲོག །རྒྱབ་ཀྱི་གོས་བཤུས། ལག་གི་ནོར་ཁྱེར་བ་སོགས་ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་བྱས་ན་ཡང་། རང་གི་སྦྱིན་པ་དང་བཟོད་པའི་ཕར་ཕྱིན་རྫོགས་པའི་རྟེན་བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དམ་པར་བལྟ་བ་དང་། མདོར་ན་དངོས་དང་བརྒྱུད་ནས། ཕན་བདེ་མ་ལུས་པ་མ་གྱུར་སེམས་ཅན་ཀུན་ལ་འབུལ་ཞིང་། སེམས་ཅན་ཐམས་ཅད་ཀྱི་གནོད་པ་དང་སྡུག་བསྔལ་ཐམས་ཅད་གསང་བའི་སྒོ་ནས་དངོས་དང་ཡིད་ཀྱིས་རང་ལ་ལེན་སྙམ་པ་དང་། དེ་དག་ཀུན་ཀྱང་རྙེད་མ་རྙེད་བདེ་མི་བདེ་སྙན་མི་སྙན་བསྟོད་དང་སྨད་པ་སྟེ། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པའི་དྲི་མས་མ་སྦགས་ཤིང་། ཆོས་ཀུན་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པའི་བློས། དངོས་པོ་གང་ལའང་ཆགས་ཞེན་མེད་པར་བསླབས་ནས། ཞེན་ཆགས་སོགས་ཉོན་མོངས་པའི་འཆིང་བས། སྔར་བཅིངས་པ་ཀུན་ལས་གྲོལ་བར་བྱ་བ་དེ་བརྒྱད་པོ་འདི་ཁོང་གི་ཐུགས་དམ་གྱི་གཙོ་བོ་ཡིན་
སྐད། སྐྱེས་བུ་དམ་པ་དེ་ཉིད་ཀྱིས་དེ་བརྒྱད་སྨོན་ལམ་གྱི་ཡུལ་དུ་བྱས་ཏེ་ཚིགས་སུ་བཅད་ནས་གསུངས་པ་ནི་འདི་ལྟ་སྟེ། སྨྲས་པ། བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ནས་དམན་བལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གུས་པར་འཛིན་པར་ཤོག །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །རང་བཞིན་ངན་པའི་སེམས་ཅན་ནི། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་ལྟར། །རྙེད་པར་དཀའ་བས་གཅེས་འཛིན་ཤོག །བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱས་ནའང་། །བཤེས་གཉེན་དམ་པར་བལྟ་བར་ཤོག །མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །
རྟོག་པའི་དྲི་མས་མ་སྦགས་ཤིང་། །ཆོས་ཀུན་སྒྱུ་མར་ཤེས་པ་ཡིས། །ཞེན་མེད་བཅིངས་པ་ལས་གྲོལ་ཤོག །ཅེས་གསུངས་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་གསུང་བྱིན་རླབས་ཅན་དེ་དག་བཏོན་ནས་སྨོན་ལམ་ཚུན་ཆད་བཏབ། འཕྲལ་དུ་ལག་ལེན་ལ་ཅི་ཐེབས་བྱས་ན། གནས་སྐབས་སུ་རང་གཞན་གྱི་དོན་ཐམས་ཅད་འགྲུབ་ཅིང་མཐར་ཐུག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་སྨྲས་པའོ།། ༈ །།ཡང་བསླབ་གསུམ་རྒྱན་དང་ལྡན་ཞིང་བྱང་ཆུབ་སེམས་གཉིས་འབྱོངས་པའི་སྐལ་ལྡན་གྱི་སློབ་བུ་མཐའ་ཡས་རྒྱ་མཚོས། ཁོ་བོ་ལ་གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོ་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལྟར། ཞི་གནས་ཀྱི་རྒྱུ་ཚོགས་དྲུག་དང་། ཉེས་པ་ལྔ་སྤོང་བའི་གཉེན་པོར་འདུ་བྱེད་བརྒྱད་བརྟེན་ཚུལ་དང་། སེམས་གནས་དགུ་དང་སྟོབས་དྲུག་དང་། ཡིད་བྱེད་བཞིའི་སྒོ་ནས་ཞི་གནས་སྒྲུབ་ཚུལ་རྣམས་གོ་སླ་ལ་འཁྱེར་བདེ་བ་ཚིག་ཉུང་ལ་དོན་འདུས་པ་ཞིག་གསུང་དུ་གསོལ་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། བཞག་ན་གཡོ་མེད་རི་ལྟར་བརྟན། །བཏང་ན་དམིགས་པ་ཀུན་ལ་འཇུག །ཤིན་སྦྱངས་བདེ་བས་ལུས་སེམས་ཁྱབ། །དགའ་བདེའི་ངང་ལ་རྟག་ཏུ་བཞུགས། །མཚན་ལྡན་བླ་མ་རིན་པོ་ཆེ། །བརྩེ་བས་བདག་ལ་ཅུང་ཟད་དགོངས། །རབ་ཏུ་གུས་པས་
ཕྱག་དང་བཅས། །རྗེ་བཙུན་སྙན་དུ་འདི་སྐད་ཞུ། །སེམས་ནི་རྣམ་པར་གཡེང་བའི་མིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །གསུངས་ལྟར་ཞི་གནས་མ་འགྲུབ་པས། །སེམས་ནི་གཡེང་བའི་དབང་དུ་སོང་། །སྔོན་ཆད་དགེ་སྦྱོར་མང་པོ་ཞིག །བྱེད་ཁུལ་བྱས་ཀྱང་གནད་མ་སོང་། །ད་ནི་རྗེ་བཙུན་རིན་པོ་ཆེས། །ཆོས་ཀྱི་རྒྱལ་པོ་ཙོང་ཁ་བས། །མཛད་པའི་གཞུང་བཟང་ཆུ་བོ་ཀུན། །འདུ་བའི་ལེགས་བཤད་རྒྱ་མཚོ་ཆེ། །བྱང་ཆུབ་ལམ་རིམ་ཆེན་མོ་ལྟར། །ཞི་གནས་བསྒྲུབ་པའི་རྒྱུ་ཚོགས་དང་། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །སེམས་གནས་དགུ་དང་སྟོབས་དྲུག་དང་། །ཡིད་བྱེད་བཞི་ཡི་སྒོ་ནས་ནི། །ཞི་གནས་སྒྲུབ་ཚུལ་གོ་སླ་ཞིང་། །འཁྱེར་བདེ་ཚིག་ཉུང་དོན་འདུས་ཤིག །བརྩེ་བ་ཆེན་པོས་གསུང་བར་ཞུ། ཁྱེད་ཀྱི་ཐུགས་རྗེ་བྱིན་རླབས་ཀྱིས། །ཤིན་སྦྱངས་བདེ་བས་རབ་བརྒྱན་པའི། །ཞི་གནས་མཚན་ཉིད་ཚང་བ་ཞིག །བདག་གི་རྒྱུད་ལ་སྐྱེ་བར་ཤོག །ཅེས་ཕུལ་བའི་ལན་དུ། འོ་དེ་ཡིན་ན་ཞི་གནས་རྒྱུད་ལ་སྐྱེ་བའི་རྒྱུ་ཚོགས་དྲུག་ནི། ཏིང་ངེ་འཛིན་གྱི་འགལ་རྐྱེན་མེད་ཅིང་། མཐུན་རྐྱེན་རྙེད་སླ་བའི་མཐུན་པའི་ཡུལ་དུ་གནས་པ་དང་གཅིག །ཟས་གོས་བཟང་པོ་དང་མང་པོ་ལ་ལྷག་པར་ཆགས་པ་མེད་པས། འདོད་པ་ཆུང་བ་དང་གཉིས། ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱེད་པ་དང་གསུམ། ཉོ་
ཚོང་སྐར་རྩིས་སྨན་སོགས་བྱ་བ་མང་པོ་སྤོང་བ་དང་བཞི། རང་གིས་སྔར་ཇི་ལྟར་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་ལྔ། སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམས་ནས། ཚེ་འདིའི་འདོད་པའི་རྣམ་རྟོག་ཐམས་ཅད་སྤོང་བ་དང་དྲུག་གོ །ཏིང་ངེ་འཛིན་གྱི་གེགས་ཉེས་པ་ལྔ་ནི། ཏིང་ངེ་འཛིན་ལ་སྦྱོར་བའི་ཚེ་དེ་ལ་མི་སྤྲོ་ཞིང་དེའི་མི་མཐུན་ཕྱོགས་ལ་དགའ་བའི་ལེ་ལོའི་ཉེས་པ་དང་གཅིག །སངས་རྒྱས་ཀྱི་སྐུ་གཟུགས་སོགས་ལ་སེམས་གཏད་ནས་ཏིང་ངེ་འཛིན་ལ་བརྩོན་པའི་ཚེ་གདམས་ངག་བརྗེད་པའི་ཉེས་པ་དང་གཉིས། ཏིང་ངེ་འཛིན་ལ་གཞག་པའི་ཚེ་བྱིང་རྒོད་གཉིད་ཀྱི་ཉེས་པ་དང་གསུམ། བྱིང་རྒོད་བྱུང་དུས་འདུ་མི་བྱེད་པའི་ཉེས་པ་དང་བཞི། བྱིང་རྒོད་ཆོད་ནས་སེམས་དམིགས་རྟེན་ལ་གནས་དུས་འདུ་བྱེད་པའི་ཉེས་པ་དང་ལྔའོ། །དེ་དག་གི་གཉེན་པོ་འདུ་བྱེད་བརྒྱད་ནི། དང་པོ་ཏིང་ངེ་འཛིན་ལ་སྦྱོར་བའི་ཚེ། ལེ་ལོའི་གཉེན་པོར་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པའི་དད་པ་དང་གཅིག །ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་དང་གཉིས། ཏིང་ངེ་འཛིན་ལ་རྩོལ་བའི་བརྩོན་འགྲུས་དང་གསུམ། རྩོལ་བའི་འབྲས་བུ་ཤིན་སྦྱངས་ཀྱི་བདེ་བ་དང་བཞི་པོ་བསམས་ནས། ཏིང་ངེ་འཛིན་བསྒོམས་པ་ལས་ཡིད་སྤྲོ་སིང་ངེ་བྱའོ། །ཏིང་ངེ་འཛིན་ལ་བརྩོན་ཚེ་གདམས་ངག་བརྗེད་པའི་གཉེན་པོར། དམིགས་རྟེན་མི་བརྗེད་པའི་དྲན་པ་རྒྱུན་ཆགས་སུ་
བསྟེན་པ་དང་ལྔ། ཏིང་ངེ་འཛིན་ལ་གཞག་ཚེ་བྱིང་རྒོད་ཀྱི་གཉེན་པོར་བྱིང་རྒོད་འོང་མི་འོང་ཤེས་པའི་ཤེས་བཞིན་གྱི་བྱ་ར་བརྟེན་པ་དང་དྲུག །བྱིང་རྒོད་བྱུང་དུས་འདུ་མི་བྱེད་པའི་གཉེན་པོར། དེ་མ་ཐག་བྱིང་རྒོད་སྤོང་བའི་འདུ་བྱེད་བརྟེན་པ་དང་བདུན། བྱིང་རྒོད་མེད་པར་གནས་དུས་འདུ་བྱེད་པའི་གཉེན་པོར་འདུ་མི་བྱེད་པར་བཏང་སྙོམས་སུ་གློད་ནས་འཇོག་པ་དང་བརྒྱད་དོ། །སེམས་གནས་ཐབས་དགུའི་སྒོ་ནས་ཞི་གནས་སྒྲུབ་ཚུལ་ལ་དང་པོ་འཇོག་པ་ནི། ཕྱི་རོལ་ལ་གཡེང་བའི་སེམས་བསྡུས་ཏེ་དམིགས་རྟེན་གྱི་སྟེང་དུ་སེམས་འཇོག །གཉིས་པ་རྒྱུན་དུ་འཇོག་པ་ནི། བཞག་པའི་དམིགས་རྟེན་དེ་ཉིད་ལས་གཞན་དུ་མི་ཡེངས་པར་དམིགས་པ་དེ་ལ་རྒྱུན་དུ་འཇོག །གསུམ་པ་སླན་ཏེ་འཇོག་པ་ནི། བརྗེད་ངེས་ཀྱི་དབང་གིས་ཕྱི་རོལ་དུ་གཡེང་ན་དེ་ཤེས་པར་བྱས་ནས་སླར་དམིགས་རྟེན་དེ་ཉིད་ལ་སླན་ཏེ་འཇོག །བཞི་པ་ཉེ་བར་འཇོག་པ་ནི། སེམས་རང་བཞིན་གྱིས་རྒྱ་ཆེ་བས་ཡང་ནས་ཡང་དུ་ནང་དུ་བསྡུས་ཏེ་ཕྲ་བར་བྱས་ཉེ་བར་འཇོག །ལྔ་པ་དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་ཏིང་ངེ་འཛིན་ལ་དགའ་བས་སེམས་དུལ་བར་བྱེད། དྲུག་པ་ཞི་བར་བྱེད་པ་ནི། རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད། བདུན་པ་རྣམ་པར་ཞི་བར་བྱེད་པ་
ནི། ཆགས་སེམས་དང་ཡིད་མི་བདེ་བྱིང་རྨུགས་སོགས་ལངས་བྱུང་བ་རྣམ་པར་ཞི་བར་བྱེད། བརྒྱད་པ་རྩེ་གཅིག་ཏུ་འཇོག་པ་ནི། རབ་ཏུ་འབད་ནས་བྱིང་རྒོད་ཀྱིས་བར་ཆད་པ་མེད་པ་བྱས་རྒྱུན་ཆགས་སུ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇོག་པར་བྱེད། དགུ་པ་མཉམ་པར་འཇོག་པ་ནི། བྱིང་རྒོད་ཀྱི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་ནས། འབད་མེད་ལྷུན་གྲུབ་ཏུ་ཏིང་ངེ་འཛིན་ལ་ངམ་ངམ་ཤུགས་ཀྱིས་འཇུག་པའི་ཚེ་རྩོལ་བའི་འདུ་ཤེས་མེད་པར་བཏང་སྙོམས་སུ་གློད་ནས་མཉམ་པར་འཇོག་པའོ། །ཡང་སྟོབས་དྲུག་གི་སྒོ་ནས་ཞི་གནས་སྒྲུབ་ཚུལ་ལ། དང་པོ་ཐོས་པའི་སྟོབས་ནི། གདམས་ངག་ཐོས་པའི་སྟོབས་ལ་བརྟེན་ནས་སེམས་མཉམ་པར་འཇོག་ཚུལ་ལེགས་པར་ཤེས་པར་བྱས་ནས་འཇོག་པས་ན། ཐོས་པའི་སྟོབས་ཟེར། གཉིས་པ་བསམ་པའི་སྟོབས་ནི། དེ་ལྟར་མཉམ་པར་གཞག་པ་དེ་ཡང་ཡང་བསམ་པའི་སྟོབས་ཀྱིས་རྒྱུན་ཅུང་ཟད་འཐུད་ནས་སྐྱོང་བས་ན། བསམ་པའི་སྟོབས་ཟེར། གསུམ་པ་དྲན་པའི་སྟོབས་ནི། དེ་ནས་དྲན་པ་ཉམས་ནས་ཡེངས་ན་མྱུར་དུ་བསྡུ་ལ། དམིགས་པ་བརྗེད་པ་མྱུར་དུ་དྲན་པ་དང་། དྲན་ནས་དམིགས་པ་ལས་མ་ཡེངས་པའི་དྲན་པའི་སྟོབས་ཤུགས་ཅན་བསྐྱེད་པས་ན། དྲན་པའི་སྟོབས་ཟེར། བཞི་པ་ཤེས་བཞིན་གྱི་སྟོབས་ནི། དྲན་པ་སྟོབས་ཅན་འགྲུབ་པ་དང་། དམིགས་
པ་ལས་གཞན་དུ་མི་གཡེང་བས་བྱིང་རྒོད་སོགས་ཀྱི་སྐྱོན་ཡོད་མེད་མཐོང་བའི་སྒོ་ནས་བྱ་ར་བྱེད་པའི་ཤེས་བཞིན་སྟོབས་ཅན་བསྐྱེད་པས་ན། ཤེས་བཞིན་གྱི་སྟོབས་ཟེར། ལྔ་པ་བརྩོན་འགྲུས་ཀྱི་སྟོབས་ནི། དེ་ནས་བརྗེད་ངེས་ཕྲ་མོས་གཡེང་ན་ཡང་། དེ་མ་ཐག་རིག་ནས་རྒྱུན་གཅོད་པ་དང་། བཅད་ནས་མི་མཐུན་ཕྱོགས་ཀྱིས་བར་མ་བཅད་པས་རྒྱུན་ཇེ་རིང་དུ་གཏོང་བས་རྩོལ་བའི་སྟོབས་བསྐྱེད་པས་ན། བརྩོན་འགྲུས་ཀྱི་སྟོབས་ཟེར། དྲུག་པ་ཡོངས་སུ་འདྲིས་པའི་སྟོབས་ནི། དེ་སྐྱེས་པ་ན་འབད་ནས་བསྒོམས་པས་ནམ་ཞིག་བསྒོམ་ལ་ཡོངས་སུ་འདྲིས་པའི་སྟོབས་ཀྱིས། འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་ཧྲིལ་ཧྲིལ་འགྲོ་བར་འགྱུར་བས་ན། ཡོངས་སུ་འདྲིས་པའི་སྟོབས་ཟེར། ཡང་ཡིད་བྱེད་བཞིའི་སྒོ་ནས་ཞི་གནས་སྒྲུབ་ཚུལ་ལ། དང་པོ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ནི། ཞི་གནས་བསྒོམ་པའི་ཚེ་ཐོག་མར་བྱིང་རྒོད་ཤས་ཆེ་བས། རབ་ཏུ་འབད་པས་བསྒྲིམས་ནས་ཏིང་ངེ་འཛིན་ལ་འཇུག་དགོས་པས་ན། བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཟེར། གཉིས་པ་ཆད་ཅིང་འཇུག་པའི་ཡིད་བྱེད་ནི། དེ་ནས་བསྒོམས་ན་བྱིང་རྒོད་ཀྱིས་ཏིང་ངེ་འཛིན་བར་ཆད་ཅིང་ཆད་མ་ཐག་སླར་ཏིང་ངེ་འཛིན་ལ་འཇུག་པས་ན། ཆད་ཅིང་འཇུག་པའི་ཡིད་བྱེད་ཟེར། གསུམ་པ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ནི། དེ་ནས་བྱིང་རྒོད་ཀྱིས་བར་ཆད་རྒྱུ་མེད་པར་
ཡུན་རིང་བའི་བར་དུ་ཏིང་ངེ་འཛིན་ལ་འཇུག་ཐུབ་པས་ན། ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཟེར། བཞི་པ་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་ནི། དེ་ནས་བསྐྱངས་པའི་བར་ཡང་མི་འཆད་ཅིང་རྩོལ་བ་ཡང་རྒྱུན་པར་བརྟེན་མི་དགོས་པར་ངམ་ངམ་ཤུགས་ཀྱིས་ཏིང་ངེ་འཛིན་ལ་འཇུག་པས་ན། རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་ཟེར་རོ། །ཡང་དྲན་ཤེས་གཉིས་ལ་བརྟེན་ནས་ཞི་གནས་སྒྲུབ་ཚུལ་ནི། དང་པོ་དྲན་པ་ནི། ཐུབ་དབང་སོགས་དམིགས་རྟེན་གང་ཡིན་ཡང་། དེ་ཉིད་ཡིད་ལ་ཐུ་རེ་དྲན་པར་བྱ། གཉིས་པ་ཤེས་བཞིན་ནི། བྱིང་རྒོད་གང་རུང་བྱུང་ནས། དྲན་པ་ཤུགས་ཞན་དུ་སོང་བའམ། དྲན་པ་ཉམས་མ་ཐག །ཤེས་བཞིན་གྱིས་ཤེས་པར་བྱས་ནས་སླར་སྔར་གྱི་དམིགས་རྟེན་ཡིད་ལ་ཝ་ལེར་དྲན་པར་བྱ། འོ་ན་ཏིང་ངེ་འཛིན་གྱི་བདུད་བྱིང་རྒོད་གཉིས་ཇི་འདྲ་ཞིག་ཡིན་སྙམ་ན། བྱིང་བ་ཕྲ་མོ་ནི། སེམས་དྭངས་ཆ་ཙམ་མ་འགགས་ཀྱང་དམིགས་རྟེན་མི་གསལ་བ་དེ་ཡིན། བྱིང་བ་རགས་པ་ནི། སེམས་ཀྱི་དྭངས་ཆ་ཡང་ཉམས་ནས་མུན་མུན་པར་སོང་བའོ། །རྒོད་པ་ཕྲ་མོ་ནི། དམིགས་རྟེན་ལ་གཡོ་མེད་དུ་མི་གནས་པར་ཅུང་ཟད་འཕྲོ་བའོ། །རྒོད་པ་རགས་པ་ནི། ཟས་གོས་རྩེ་རྒོད་སོགས་ཆགས་ཡུལ་རྣམས་ལ་འཕྲོ་བའོ། །བྱིང་རྒོད་ཆེ་དུས་རིག་པ་བསྒྲིམས། བྱིང་རྒོད་ཉུང་དུ་སོང་དུས་ཅུང་ཟད་གློད།
བྱིང་རྒོད་ཕྲ་རགས་ཐམས་ཅད་དང་བྲལ་ནས། དམིགས་རྟེན་ལ་ལྷན་ནེ་གནས་དུས་རྩོལ་བ་མེད་པར་བཏང་སྙོམས་སུ་གློད་ནས་ཏིང་ངེ་འཛིན་གྱི་ངང་ལ་བཞག་པས་སྔར་བས་བརྟན་ཞིང་ཤིན་སྦྱངས་ཀྱི་བདེ་བ་དང་བཅས་པའི་ཞི་གནས་མཚན་ཉིད་པ་འགྲུབ་པར་འགྱུར་རོ། །འདི་ལ་ཉེས་པ་ལྔ་བྱིང་རྒོད་གཉིས་ལ་བསྡུས། འདུ་བྱེད་བརྒྱད་དྲན་ཤེས་གཉིས་ལ་བསྡུས་ནས་སྐྱོང་ཚུལ་མདོར་བསྡུས་ཡིན་པས་ལས་དང་པོ་པ་ལ་སྟབས་བདེ་ཞིང་ཞི་གནས་སྐྱེ་སླ་བར་གསུངས་སོ། །དེ་ལྟར་གཞུང་ཁུངས་ཐུབ་ནས་ཞི་གནས་སྒྲུབ་ཚུལ་མི་འདྲ་བ་གསུངས་པའི་ནང་ནས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་ལ་བརྟེན་ནས་ཞི་གནས་བསྒྲུབ་ན། གཞན་རྣམས་ཀྱང་དེའི་ཁོངས་སུ་དོན་གྱིས་འདུས་པས་དེ་ཁོ་ནས་ཀྱང་ཆོག་མོད། འོན་ཀྱང་འདི་དག་ཤེས་ན་གཅིག་གྲོགས་སུ་གཅིག་འགྲོ་བས། ཏིང་ངེ་འཛིན་སྐྱོན་མེད་སྒྲུབ་པར་འདོད་པའི་གང་ཟག་ལ་སྒྲུབ་ཚུལ་མི་འདྲ་བ་འདི་དག་མེད་མི་རུང་ཡིན་པས། རིན་པོ་ཆེའི་གཏེར་ལྟར་གཅེས་སྤྲས་གྱིས་ཤིག །དེ་ལྟར་ཞི་གནས་བསྒྲུབ་པའི་ཚེ། བྱིང་རྒོད་དང་བྲལ་ནས་ཏིང་ངེ་འཛིན་རི་བོ་ལྟར་མི་གཡོ་བར་བརྟན་པོ་བྱུང་ན། ཞི་གནས་རྗེས་མཐུན་པ་ཟེར། ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པས་ཏིང་ངེ་འཛིན་བརྟན་
པོ་བྱུང་ཚེ། ཞི་གནས་མཚན་ཉིད་པ་ཟེར། དེ་འདྲའི་ཞི་གནས་ཐོབ་ནས། ལྷག་མཐོང་དུ་སྦར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པར་འགྱུར། ཡང་ཞི་གནས་དེ་ཁོ་ནའི་རྒྱུན་བསྐྱངས་ཀྱང་། མངོན་ཤེས་ལ་སོགས་ཞི་གནས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ། །སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །ཞི་གནས་རི་ལྟར་བརྟན་པར་བྱིན་གྱིས་རློབས། །མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །འདོད་ཆུང་ཆོག་ཤེས་བྱ་བ་ཐམས་ཅད་སྤངས། །ཚུལ་ཁྲིམས་བསྲུང་ཞིང་འདོད་པའི་རྣམ་རྟོག་སྤངས། །འདི་དག་ཞི་གནས་འགྲུབ་པའི་རྒྱུ་ཚོགས་ཡིན། །དང་པོ་ཏིང་ངེ་འཛིན་ལ་སྦྱོར་བའི་ཚེ། །ལེ་ལོའི་གཉེན་པོར་ཏིང་འཛིན་ཡོན་ཏན་ལ། །དད་དང་མདུན་དང་རྩོལ་དང་རྩོལ་བ་ལས། །བྱུང་བའི་ཤིན་སྦྱངས་བདེ་བ་ལེགས་བསམས་ནས། །རང་སེམས་ཏིང་འཛིན་བསྒོམ་ལ་སྤྲོ་བར་བྱ། །དེ་ནས་ཏིང་ངེ་འཛིན་ལ་བརྩོན་པའི་ཚེ། །གདམས་ངག་བརྗེད་པའི་གཉེན་པོར་དྲན་པ་བརྟེན། །ཏིང་ངེ་འཛིན་ལ་བཞག་ཚེ་བྱིང་རྒོད་ཀྱི། །གཉེན་པོར་ཤེས་བཞིན་སོ་པ་རྒྱུན་དུ་བཞག །བྱིང་རྒོད་བྱུང་ཚེ་འདུ་མི་བྱེད་པ་ཡི། །གཉེན་པོར་བྱིང་རྒོད་སེལ་ཐབས་འདུ་བྱེད་བརྟེན། །བྱིང་རྒོད་མེད་པར་གནས་དུས་འདུ་བྱེད་པའི། །གཉེན་པོར་
འདུ་མི་བྱེད་པར་བཏང་སྙོམས་བཞག །དམིགས་རྟེན་ཐོག་ཏུ་རང་སེམས་ལེགས་པར་འཇོག །རྒྱུན་དུ་འཇོག་དང་ཡེངས་ན་སླན་ཏེ་འཇོག །ཉེ་བར་འཇོག་དང་དུལ་བར་བྱེད་པ་དང་། །ཞི་བར་བྱེད་དང་རྣམ་པར་ཞི་བར་བྱེད། །རྩེ་གཅིག་བྱེད་དང་མཉམ་པར་འཇོག་པར་བྱ། །ཐོས་པའི་སྟོབས་ཀྱིས་མཉམ་གཞག་ལེགས་པར་བྱ། །བསམ་པའི་སྟོབས་ཀྱིས་དེ་ཡི་རྒྱུན་སྐྱོང་ཞིང་། །དྲན་པའི་སྟོབས་ཀྱིས་བརྗེད་ན་དྲན་པར་བྱ། །ཤེས་བཞིན་སྟོབས་ཀྱིས་བྱིང་རྒོད་ཤེས་ནས་སྤོང་། །བརྩོན་འགྲུས་སྟོབས་ཀྱིས་ཡེངས་མེད་རྒྱུན་དུ་སྐྱོང་། །ཡོངས་སུ་འདྲིས་པའི་སྟོབས་ཀྱིས་འབད་མེད་དུ། །ཏིང་ངེ་འཛིན་ལ་ཧྲིལ་ཧྲིལ་འགྲོ་བར་འགྱུར། །དང་པོ་ཏིང་ངེ་འཛིན་ལ་བཞག་པའི་ཚེ། །རབ་ཏུ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དགོས། །བྱིང་རྒོད་དབང་སོང་ཏིང་འཛིན་བར་ཆད་པའི། །དུས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད་བརྟེན། །བྱིང་རྒོད་གཉིས་ཀྱིས་བར་ཆད་མི་ནུས་དུས། །ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དགོས། །དེ་ནས་ངམ་ངམ་ཤུགས་ཀྱིས་ཏིང་འཛིན་ལ། །རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་འོང་། །མདོར་ན་དམིགས་རྟེན་ཡིད་ལ་ཐུ་རེ་དྲན། །བྱིང་རྒོད་འོང་བ་ཤེས་པར་བྱས་ལ་སྤོང་། །སྔར་གྱི་དམིགས་རྟེན་ཝ་ལེར་དྲན་པར་བྱ། །བྱིང་རྒོད་ཆོད་ནས་
ལྷན་ནེར་གནས་པའི་ཚེ། །རྩོལ་བ་གློད་ནས་བཞག་ན་བརྟན་པར་འགྱུར། །དེ་ལྟར་ཞི་གནས་སྒྲུབ་ནས་མི་གཡོ་བར། །ཡུན་རིང་གནས་ན་ཞི་གནས་རྗེས་མཐུན་ཟེར། །ཤིན་སྦྱངས་བདེ་བས་ལུས་སེམས་ཟིན་པའི་ཚེ། །ཞི་གནས་མཚན་ཉིད་པ་ཡིན་ངོ་མཚར་ཚེ། །དེ་ལ་བརྟེན་ནས་ལྷག་མཐོང་བསྒོམ་ནུས་ན། །ཟབ་མོ་སྟོང་ཉིད་ལྟ་བ་མངོན་དུ་འགྱུར། །ཞི་གནས་ཁོ་ན་བསྐྱངས་ཀྱང་མངོན་ཤེས་སོགས། །ཞི་གནས་ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར། །བླ་མའི་ཐུགས་རྗེ་རང་གི་དགེ་ཚོགས་མཐུས། །ཞི་གནས་རྟོགས་པ་མངོན་དུ་འགྱུར་བར་ཤོག །ཅེས་སྨྲས་པའོ།། ༈ །།ཡང་འཕགས་པའི་ནོར་བདུན་གྱིས་ཕྱུག་པའི་སློབ་བུ་བསྟན་འཛིན་རབ་རྒྱས་ཀྱིས་ཁོ་བོ་ལ། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་། གསུང་རབ་མ་ལུས་པ་གདམས་པར་འཆར་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་ཅིང་། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་སྟེ། ཆེ་བ་བཞི་དང་ལྡན་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་དགོངས་པ་དང་མཐུན་པར། ལྷག་མཐོང་གི་རྒྱུ་ཚོགས་དང་། ཤིང་རྟ་རྣམ་བདུན་གྱི་རིག་པས་ལྷག་མཐོང་གི་ལྟ་བ་གཏན་ལ་ཕབ་ནས་མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་གཉིས་བསྒོམ་ཚུལ་ཤིན་ཏུ་ཁ་གསལ་ཉུང་འདུས་ཤིག་གསུང་བར་ཞུ་ཞེས་ཞུ་
དོན་དབྱངས་སུ་ཕུལ་བ། ལྔ་ལྡན་འོག་མིན་ཞིང་གི་མགོན་པོ་ཡི། །སྐུ་རུ་བཞེངས་ཀྱང་སྣ་ཚོགས་ཟློས་གར་གྱི། །བྱམས་པས་འགྲོ་ལ་དམ་ཆོས་དར་བར་མཛད། །བཀའ་དྲིན་མཚུངས་མེད་བླ་མར་གུས་ཕྱག་འཚལ། །དེང་ནས་བཟུང་སྟེ་དབེན་པའི་དགའ་ཚལ་དུ། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བགྱི། །སྔོན་ཆད་ཚེ་འདིའི་དབང་སོང་མཐོལ་ལོ་བཤགས། །མགོན་ཁྱོད་གསུང་གི་མཛད་པར་རྗེས་ཡི་རང་། །ད་རེས་ངེས་དོན་ཆོས་འཁོར་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་ཡང་དག་ལྟ་བ་རྟོགས་ཕྱིར་བསྔོ། །གནས་ལུགས་ལྟ་བ་མྱུར་དུ་མངོན་གྱུར་ཤོག །མདོ་སྔགས་བསྟན་པ་འགལ་མེད་རྟོགས་པ་དང་། །ཟབ་རྒྱས་གསུང་རབ་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཆོས་སྤོང་ཉེས་སྤྱོད་ཐམས་ཅད་རང་འགགས་སུ། །འགྲོ་བའི་ཆེ་བ་བཞི་དང་ལྡན་པ་ཡི། །བྱང་ཆུབ་ལམ་རིམ་ཆེན་མོའི་དགོངས་དོན་ལྟར། །ལྷག་མཐོང་རྟོགས་པའི་རྒྱུ་ཚོགས་གཙོ་བོ་དང་། །ཤིང་རྟ་རྣམ་བདུན་རིགས་པས་ལྷག་མཐོང་གི །ལྟ་བ་གཏན་ལ་ཕབ་ནས་སྐྱོང་ཚུལ་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་ཀྱང་། །སྐྱོང་ཚུལ་ཁ་གསལ་ཉུང་ལ་འདུས་པ་ཞིག །བརྩེ་བ་ཆེན་པོའི་སྒོ་ནས་
གསུང་དུ་གསོལ། །ཞེས་ཕུལ་བའི་ལན་དུ། འོ་ལྷག་མཐོང་གི་རྒྱུ་ཚོགས་ཀྱི་གཙོ་བོ་ནི། གསུང་རབ་ཀྱི་གནད་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མཁས་པ་བསྟེན་ནས། དྲི་མ་མེད་པའི་གཞུང་ལུགས་ཉན་ཏེ་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་བསྐྱེད་པ་ནི་ལྷག་མཐོང་གི་རྒྱུ་ཚོགས་མེད་མི་རུང་ཡིན་པར་གསུངས། དེ་ནས་ཤིང་རྟ་རྣམ་བདུན་ཞེས་རིག་པ་རྣོན་པོ་མི་འདྲ་བ་བདུན་གྱི་སྒོ་ནས་ལྷག་མཐོང་གི་ལྟ་བ་གཏན་ལ་འབེབས་ཚུལ་ནི། དཔེར་ན་རལ་གྲིའི་འཁྲུལ་འཁོར་ཤེས་པར་འདོད་པའི་མི་ཡིས་ཐོག་མར་ཤིང་གི་རལ་གྲི་ལ་བསླབ་པ་ལྟར། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པའི་གང་ཟག་གིས། ཐོག་མར་ཤིང་རྟ་རྣམ་བདུན་གྱི་རིག་པ་འདི་ལ་སྦྱང་བར་བྱ་སྟེ། དེ་ཡང་སྲོག་ཤིང་དང་འཁོར་ལོ་དང་གཟེར་བུ་སོགས་ཡན་ལག་རྣམས་ཚོགས་པ་ལ་བརྟེན་ནས་ཤིང་རྟ་ཞེས་བརྗོད་པ་འདི། ཡན་ལག་དེ་དག་དང་གཅིག་ཡིན་སྙམ་ན་དེ་མ་ཡིན་ཏེ། ཡིན་ན་ཡན་ལག་མང་བ་བཞིན་དུ་ཤིང་རྟ་ཡང་མང་པོར་འགྱུར་བ་དང་། ཡང་ན་ཤིང་རྟ་གཅིག་ཡིན་པ་བཞིན་ཡན་ལག་རྣམས་ཀྱང་ཆ་མེད་གཅིག་ཏུ་འགྱུར་བའི་སྐྱོན་དང་། འཇིག་རྟེན་ན་ཡང་ཤིང་རྟ་དང་ཤིང་རྟའི་ཡན་ལག་ཅེས་མིང་སོ་སོར་བརྗོད་པ་ཡང་
དོན་མེད་པར་འགྱུར་བས་ན། གཅིག་མ་ཡིན་པར་ཐག་ཆོད་པ་དང་གཅིག །འོ་ན་ཡན་ལག་རྣམས་དང་སོ་སོ་བ་ཡིན་སྙམ་ན། དེ་ཡང་མིན་ཏེ་ཡིན་ན། དཔེར་ན་རྟ་གཡག་ར་རྣམས་བསལ་བའི་ཤུལ་ན་ལུག་འདི་འོ་ཞེས་སྟོན་རྒྱུ་ཡོད་པ་ལྟར། ཡན་ལག་རྣམས་སོ་སོར་བསལ་བའི་ཤུལ་ན་ཤིང་རྟ་འདི་འོ་ཞེས་སྟོན་རྒྱུ་ཡོད་དགོས་ཀྱང་རིག་པས་དཔྱད་ན་མེད་པས་ན་སོ་སོར་ཡང་མེད་པར་ཐག་གཅོད་པ་དང་གཉིས། འོ་ན་ཡན་ལག་རྣམས་ཀྱི་རྟེན་དུ་ཡོད་དམ་སྙམ་ན། དེ་ཡང་མེད་དེ་ཡོད་ན། དཔེར་ན་མཁར་གཞོང་དང་ཞོ་སོ་སོར་ངོས་འཛིན་རྒྱུ་ཡོད་པ་ལྟར་ཤིང་རྟ་དང་ཡན་ལག་རྣམས་སོ་སོར་ངོས་འཛིན་རྒྱུ་ཞིག་ཡོད་དགོས་ཀྱང་རིག་པས་བརྟག་ན་མེད་པས། ཡན་ལག་རྣམས་ཀྱི་རྟེན་དུ་ཡང་མེད་པར་ཐག་གཅོད་པ་དང་གསུམ། འོ་ན་ཡན་ལག་རྣམས་ལ་བརྟེན་ནས་ཡོད་དམ་སྙམ་ན། དེ་ཡང་མེད་དེ། ཡོད་ན་ཁང་པ་ལ་བརྟེན་ནས་མི་གནས་པ་ལྟར་ཡན་ལག་རྣམས་ལ་བརྟེན་ནས་ཤིང་རྟ་ཡོད་དགོས་ཀྱང་རིག་པས་བལྟས་ན་མི་མཐོང་བས་ན། ཡན་ལག་རྣམས་ལ་བརྟེན་ནས་ཀྱང་ཤིང་རྟ་མེད་པར་ཐག་གཅོད་པ་དང་བཞི། འོ་ན་ཡན་ལག་དེ་དག་ལ་ཤིང་རྟ་ལྡན་པ་ཡིན་ནམ་སྙམ་ན། དེ་ཡང་མིན་ཏེ་ཡིན་ན་དཔེར་ན་དབུལ་པོ་ནོར་དང་ལྡན་
ན་དབུལ་པོ་ལས་སོ་སོར་ལོགས་སུ་ནོར་ངོས་འཛིན་རྒྱུ་ཡོད་པ་བཞིན་དུ། ཡན་ལག་རྣམས་ལས་སོ་སོར་ལོགས་སུ་ཤིང་རྟ་ངོས་འཛིན་རྒྱུ་ཞིག་དགོས་ཀྱང་དེ་ཡང་རིགས་པས་བཙལ་ན་མི་རྙེད་པས། ཡན་ལག་ལ་ཤིང་རྟ་ལྡན་པ་ཡང་མ་ཡིན་པར་ཐག་གཅོད་པ་དང་ལྔ། འོ་ན་ཡན་ལག་ཐམས་ཅད་འཚོགས་པ་ཙམ་གྱིས་ཤིང་རྟ་ཡིན་སྙམ་ན། དེ་ཡང་མ་ཡིན་ཏེ། ཡིན་ན་འཁོར་ལོ་སོགས་ཡན་ལག་རྣམས་སོ་སོར་བྲལ་ནས་གནས་ཁང་སོགས་ན་ཕྱོགས་གཅིག་ཏུ་བཞག་ཡོད་དུས་ཀྱང་ཡན་ལག་ཐམས་ཅད་འཚོགས་ཡོད་པས། དེ་ཡི་དུས་སུ་ཡང་ཤིང་རྟ་ཡོད་དགོས། དེའི་དུས་སུ་ཤིང་རྟ་མེད་ན། ཕྱིས་བསྒྲིགས་ནས་འཚོགས་པ་ཙམ་གྱི་དུས་སུ་ཡང་ཤིང་རྟ་གློ་བུར་དུ་ག་ནས་འོང་། ཡན་ལག་འཚོགས་པ་ཙམ་ནི་ཤིང་རྟའི་གདགས་གཞི་ཡིན་གྱི་ཤིང་རྟ་མ་ཡིན་པས། ཡན་ལག་འཚོགས་པ་ཙམ་ཤིང་རྟ་མ་ཡིན་པར་ཐག་གཅོད་པ་དང་དྲུག །འོ་ན་ཡན་ལག་རྣམས་འཚོགས་པའི་དབྱིབས་དེ་ཤིང་རྟ་ཡིན་ནམ་སྙམ་ན། དེ་ཡང་མ་ཡིན་ཏེ། ཡིན་ན་འཇིག་རྟེན་པའི་གྲགས་པས་ཀྱང་གནོད་དེ། ཤིང་རྟ་དང་ཤིང་རྟའི་དབྱིབས་ཞེས་སོ་སོར་གྲགས་པ་འགོགས་མི་ནུས་ཤིང་ཡན་ལག་འཚོགས་པའི་དབྱིབས་ཤིང་རྟའི་གདགས་གཞི་མིན་གྱི་ཤིང་རྟ་
དེའི་བཏགས་ཆོས་ཡིན་པས་དེ་གཉིས་མི་གཅིག་སོ་སོ་ཡིན་པའི་ཕྱིར་རོ། །གལ་ཏེ་དབྱིབས་ཤིང་རྟ་མིན་མོད་འོན་ཀྱང་ཡིན་དུ་སྲིད་ཀྱང་། དབྱིབས་ཁོ་ཡང་ཡན་ལག་ལས་ཟུར་དུ་ཅི་འདྲ་འདུག་ཅེས་རིགས་པས་བཙལ་ན་མི་རྙེད་པས་དབྱིབས་ཁོ་ཡང་དམིགས་སུ་མེད་ན་ཤིང་རྟར་ག་ལ་འགྱུར། དེས་ན་ཡན་ལག་འཚོགས་པའི་དབྱིབས་ཀྱང་ཤིང་རྟ་མ་ཡིན་པར་ཐག་གཅོད་པ་དང་བདུན་ནོ། །དེ་ལྟར་ཤིང་རྟ་རྣམ་བདུན་གྱི་རིགས་པས་དཔྱད་ཚེ། འཇིག་རྟེན་ན་ཤིང་རྟར་གྲགས་པ་དེ་ཡན་ལག་རྣམས་འཚོགས་པའི་སྟེང་དུ་མིང་གི་ཕར་བཏགས་པ་ཙམ་ཞིག་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མི་རྙེད་པར་འགྱུར་རོ། །དཔེར་ན་ཤིང་གི་རལ་གྲིའི་འཁྲུལ་འཁོར་བསྐོར་ནས་ལོབ་ཚེ་དངོས་སུ་རལ་གྲིའི་འཁྲུལ་འཁོར་བསྐོར་ནས་ཕ་རོལ་གྱི་དགྲ་རྣམས་ཕྱེ་མར་འཐག་ནས་འཇོམས་པ་ལྟར། དེ་ལྟར་ཤིང་རྟ་ལ་རིགས་པ་སྦྱངས་ནས་ལོབ་པའི་ཚེ། ཤིང་རྟ་རྣམ་བདུན་གྱི་རིགས་པ་དེ་ཉིད་ཀྱིས་དངོས་སུ་གང་ཟག་དང་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས། ཚུགས་ཐུབ་བདེན་གྲུབ་ཏུ་འཛིན་པའི་བདག་འཛིན་གྱི་དགྲ་ཀུན་སྟོང་པ་ཉིད་དུ་ཕྱེ་མར་འཐག་དགོས་ཏེ། དེ་ཡང་གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ་ནི། གཟུགས་ཕུང་དང་ཚོར་ཕུང་འདུ་ཤེས་ཀྱི་ཕུང་པོ་
སོགས་ཕུང་པོ་ལྔ་ཚོགས་པ་ལ་བརྟེན་ནས་ངའམ་བདག་ཟེར་བ་འདི། ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་སྙམ་ན། དེ་མ་གྲུབ་སྟེ་གྲུབ་ན་ཕུང་པོ་ལྔ་བཞིན་དུ་ང་ཡང་མང་བར་འགྱུར་བ་དང་། ཡང་ན་ང་གཅིག་ཡིན་པ་བཞིན། ཕུང་པོ་ལྔ་ཡང་གཅིག་ཏུ་འགྱུར་བའི་སྐྱོན་དང་། འཇིག་རྟེན་ན་ང་དང་ངའི་ཕུང་པོ་ཞེས་སོ་སོར་བརྗོད་པ་ཡང་དོན་མེད་པར་འགྱུར་བས་ན། ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་མ་གྲུབ་པར་ཐག་བཅད། འོ་ན་ཕུང་པོ་ལྔ་དང་ཐ་དད་དུ་གྲུབ་སྙམ་ན། དེ་ཡང་མ་གྲུབ་སྟེ་གྲུབ་ན་དཔེར་ན་རྟ་གཡག་ར་རྣམས་བསལ་བའི་ཤུལ་ན་ལུག་འདི་འོ་ཞེས་སྟོན་རྒྱུ་ཡོད་པ་ལྟར། ཕུང་པོ་སོ་སོར་བསལ་བའི་ཤུལ་ན་ང་འད་ིའོ་ཞེས་སྟོན་རྒྱུ་ཞིག་ཡོད་དགོས་ཀྱང་། རིགས་པས་དཔྱད་ན་མེད་པས་ན། སོ་སོར་ཡང་མ་གྲུབ་པར་ཐག་བཅད། འོ་ན་ཕུང་པོ་ལྔ་ཡི་རྟེན་དུ་ཡོད་དམ་སྙམ་ན། དེ་ཡང་མེད་དེ་ཡོད་ན། དཔེར་ན་མཁར་གཞོང་དང་དེའི་ནང་གི་ཞོ་གཉིས་སོ་སོར་ངོས་འཛིན་ཡོད་པ་ལྟར། ང་དང་ཕུང་པོ་ལྔ་ཡང་སོ་སོར་ངོས་འཛིན་རྒྱུ་ཡོད་དགོས་ཀྱང་། རིགས་པས་བརྟག་ན་མེད་པས་ཕུང་པོ་ལྔ་ཡི་རྟེན་དུ་ཡང་མེད་པར་ཐག་བཅད། འོ་ན་ཕུང་པོ་ལྔ་ལ་བརྟེན་ནས་ཡོད་དམ་སྙམ་ན། དེ་ཡང་མེད་དེ། ཡོད་ན་ཁང་པ་ལ་བརྟེན་ནས་མི་གནས་པ་ལྟར་ཕུང་པོ་ལྔ་ལ་བརྟེན་ནས་
ང་བདག་ཡོད་དགོས་ཀྱང་རིགས་པས་བལྟས་ན་མི་མཐོང་བས། ཕུང་པོ་ལྔ་ལ་བརྟེན་ནས་ཀྱང་ང་མེད་པར་ཐག་བཅད། འོ་ན་ཕུང་པོ་ལྔ་ལ་ང་ལྡན་ནམ་སྙམ་ན། དེ་ཡང་མི་ལྡན་ཏེ་ལྡན་ན། དཔེར་ན་དབུལ་པོ་ནོར་དང་ལྡན་ན། དབུལ་པོ་ལས་ལོགས་སུ་ནོར་ངོས་འཛིན་རྒྱུ་ཡོད་པ་བཞིན་དུ། ཕུང་པོ་ལྔ་ལས་ལོགས་སུ་ང་ངོས་འཛིན་རྒྱུ་ཞིག་དགོས་ཀྱང་། དེ་ཡང་རིགས་པས་བཙལ་ན་མི་རྙེད་པས། ཕུང་པོ་ལྔ་ལ་ང་ལྡན་པ་ཡང་མ་ཡིན་པར་ཐག་བཅད། འོ་ན་ཕུང་པོ་ལྔ་འཚོགས་པ་ཙམ་ང་ཡིན་ནམ་སྙམ་ན། དེ་ཡང་མིན་ཏེ་ཡིན་ན། གཟུགས་ཕུང་དུམ་བུར་གཏུབས་ནས་དུར་ཁྲོད་སོགས་ན་ཕྱོགས་གཅིག་ཏུ་བཞག་ཡོད་དུས་ཀྱང་ཕུང་པོ་འཚོགས་ཡོད་པས། དེའི་དུས་སུ་ཡང་ང་ཡོད་དགོས། དེ་དུས་ང་མེད་ན་ད་ལྟ་ཕུང་པོ་ལྔ་འཚོགས་པ་ཙམ་གྱི་དུས་ཀྱང་གློ་བུར་དུ་ང་ག་ནས་འོང་། ཕུང་པོ་ལྔ་འཚོགས་ཙམ་ནི་གདགས་གཞི་ཡིན་གྱི་ང་མ་ཡིན་པས། ཕུང་པོ་འཚོགས་པ་ཙམ་ཡང་ང་མ་ཡིན་པར་ཐག་བཅད། འོ་ན་ཕུང་པོ་ལྔ་འཚོགས་པའི་དབྱིབས་ཡིན་ནམ་སྙམ་ན་དེ་ཡང་མིན་ཏེ། ཡིན་ན་འཇིག་རྟེན་པའི་གྲགས་པས་ཀྱང་གནོད་དེ། ང་དང་ཕུང་པོ་ཞེས་སོ་སོར་གྲགས་པ་འགོགས་མི་ནུས་ཤིང་། ཕུང་པོ་ལྔ་འཚོགས་པ་ངའི་གདགས་གཞི་ཡིན་གྱི།
ང་ནི་དེ་ཡི་བཏགས་ཆོས་ཡིན་པས། དེ་གཉིས་མི་གཅིག་སོ་སོར་ཡིན་པའི་ཕྱིར་རོ། །གལ་ཏེ་དབྱིབས་ང་མིན་མོད། འོན་ཀྱང་ཡིན་དུ་སྲིད་ཀྱང་དབྱིབས་ཁོ་ཡང་ཕུང་པོ་ལྔ་ལས་ཟུར་དུ་བཀར་ནས་ཅི་འདྲ་འདུག་ཅེས་རིགས་པས་བཙལ་ན་མི་རྙེད་པས། དབྱིབས་ཁོ་ཡང་དམིགས་སུ་མེད་ན་ང་རུ་ག་ལ་འགྱུར། དེས་ན་ཕུང་པོ་ལྔ་འཚོགས་པའི་དབྱིབས་ཀྱང་ང་མ་ཡིན་པར་ཐག་བཅད། དེ་ལྟར་ཤིང་རྟ་རྣམ་བདུན་གྱི་རིགས་པ་ལ་བརྟེན་ནས་བརྟགས་ཤིང་དཔྱད་པའི་ཚེ་སྔ་སོར་དུས་རྟག་ཏུ་ང་ཞེས་མིག་གིས་མཐོང་རྒྱུ་ལག་པས་འཛིན་རྒྱུ་ཡོད་པ་དེ་ལྟ་བུ་ཕུང་པོ་ལྔའི་སྟེང་དུ་མིང་གིས་ཕར་བཏགས་པ་ཙམ་ཞིག་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མ་རྙེད་པར་སྟོང་ཆམ་གྱིས་སོང་བའི་ཚེ་དབུ་མའི་ལྟ་བ་དང་པོ་རྙེད་པ་ཡིན། དེའི་ཚེ་ང་རང་བཞིན་གྱིས་མ་གྲུབ་པར་སྟོང་པ་ཉིད་དུ་འདུག་སྙམ་པའི་ངེས་ཤེས་ཤུགས་དྲག་པོ་འདྲེན། དེ་ནས་ཆོས་ཀྱི་བདག་མེད་གཏན་ལ་དབབ་ཚུལ་ནི་གཟུགས་ཅན་རང་ལུས་ལྟ་བུ་ལ་མཚོན་ན། ངའི་ལུས་པོ་ཞེས་ཟེར་བ་འདི། རྐང་པ་ལག་པ་མགོ་བོ་བཅས་ཡན་ལག་ལྔ་དང་གཅིག་ཏུ་གྲུབ་བམ་སྙམ་ན་ཞེས་སྔར་བཞིན་རིགས་པས་དཔྱད་ནས། རང་བཞིན་མེད་པའི་ངེས་པ་འདྲེན་པར་བྱ། ཡང་གཟུགས་མེད་རང་སེམས་ལྟ་བུ་ལ་མཚོན་ན། ངའི་སེམས་ཞེས་ཟེར་བ་འདི་སྔ་ཕྱི་བར་གསུམ་གྱི་རྣམ་རྟོག་
མང་པོ་འདི་དང་གཅིག་ཏུ་གྲུབ་སྙམ་ན། ཞེས་སྔར་བཞིན་དཔྱད་ལ། རང་བཞིན་མེད་པར་གཏན་ལ་དབབ། གཞན་ཡང་གཟུགས་ཅན་གཟུགས་མེད་མང་པོ་ལ་སྤྲོས་ནས་ཐུབ་ཆོད་ལ་དཔྱད་ནས་རང་བཞིན་མེད་པའི་ངེས་པ་འདྲེན། དེ་ནས་སྤྲོས་པ་ཆེར་མི་བྱེད་པར་དེ་བཞིན་དུ་རི་རྭ་བ་ཁང་ཁྱིམ། རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་རི་རབ་སོགས་སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་སྟེང་དུ་མིང་གིས་ཕར་བཏགས་པ་ཙམ་ཞིག་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མི་འདུག་སྙམ་པའི། སྟོང་ཉིད་ཀྱི་ངེས་ཤེས་ཤུགས་དྲག་པོ་དྲངས་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་གདོད་ནས་ནམ་མཁའ་ལྟར་སྟོང་སང་འབའ་ཞིག་ཏུ་ངེས་པའི་ངེས་ཤེས་དེ་ཉིད་ཀྱི་རྒྱུན་སྐྱོང་བ་ནི་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །ཡང་བྱིང་རྒོད་ཀྱི་བར་བཅད་ནས་མི་ངེས་པའི་ཚེ་སྔར་བཞིན་དཔྱད་ནས། སྟོང་ཉིད་ཀྱི་ངེས་ཤེས་ཤུགས་དྲག་པོ་དྲངས་ལ། སྟོང་སང་ངེར་ངེས་པའི་ངང་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པ་དང་དཔྱད་པ་གཉིས་ཀ་སྤེལ་མར་བྱའོ། །དེ་ལྟར་བྱིང་རྒོད་ཀྱི་སྐྱོན་བསལ་ནས། མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་རྒྱུན་དྲན་ཤེས་ཀྱིས་བསྐྱངས་པའི་ཚེ་སྐབས་ཤིག་བྱིང་རྒོད་ཕྲ་རགས་ཐམས་ཅད་དང་བྲལ་ནས། འབད་རྩོལ་མེད་པར་མཉམ་གཞག་གི་
ངང་དུ་ངམ་ངམ་ཤུགས་ཀྱིས་འགྲོ་བའི་ཚེ་རྩོལ་བ་གློད་ནས་བཏང་སྙོམས་སུ་བཞག་ན་ཅི་ཙམ་འདོད་པ་དེ་ཙམ་དུ་གསལ་འགྲིབ་མེད་པར་མཉམ་གཞག་ལ་གནས་པ་བྱུང་ན། ལྷག་མཐོང་རྗེས་མཐུན་པ་ཟེར། དེ་ནས་བསྐྱངས་པས་ལུས་སེམས་ལ་སྔར་མེད་པའི་ཤིན་སྦྱངས་ཀྱི་དགའ་བདེ་ཁྱད་པར་ཅན་དང་བཅས་པས་མཉམ་གཞག་བརྟན་པོ་བྱུང་ན། ལྷག་མཐོང་མཚན་ཉིད་པ་ཟེར། དེའི་ཚེ་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱི་ངང་དུ་རང་སར་ཞི་ནས། མཉམ་གཞག་གི་ངོ་བོ་སུ་གང་གིས་ཀྱང་མ་སྒྲིབ་པར། སྟོན་དུས་ཀྱི་ནམ་མཁའ་གཡའ་དག་པའི་དཀྱིལ་ལྟར་གསལ་འགྲིབ་མེད་པར་རྗེན་ལྷག་གེར་མཐོང་བ་དང་མི་འབྲལ་བ་བྱུང་ཚེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ཟེར། དེ་ནས་ཡུན་རིང་མཉམ་པར་བཞག་ན། མི་རྟོག་པ་དང་། གསལ་བ་དང་། དྭངས་པ་དང་། ཕྲ་བ་སྟེ་མཚན་ཉིད་བཞི་ལྡན་དུ་སྐྱེ་སྟེ། མི་རྟོག་པ་ནི་མཉམ་པར་གཞག་པ་ན་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་མི་ཚོར་ཞིང་འཁྲུལ་རྟོག་ཐམས་ཅད་དང་བྲལ་ནས་གནས་པ་འོང་། གསལ་བ་ནི་སྟོན་དུས་ཀྱི་ཉི་མ་ཕྱེད་ཀྱི་དུས་ཀྱི་ནམ་མཁའི་དཀྱིལ་གསལ་བ་དང་ཁྱད་པར་མེད་པ་འོང་། དྭངས་པ་ནི་ཏིང་གཙང་མའི་ནང་དུ་ཆུ་བླུགས་ནས་ཉི་མ་ལ་བཞག་ནས་བལྟས་པ་དང་འདྲ་བ་
འོང་། ཕྲ་བ་ནི་མཚན་ཉིད་གསུམ་པོ་དེའི་ངང་ནས་བལྟས་ན་དངོས་པོ་སྤུའི་རྩེ་མོ་གཤགས་པའི་ཆ་གཅིག་བྱུང་ཡང་མཐོང་བ་འོང་། དེ་ནས་བསྒོམ་ན་མངོན་ཤེས་དང་རྫུ་འཕྲུལ་སོགས་ལྷག་མཐོང་གི་ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར་རོ། །སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །ཡང་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཤིང་རྟ་ཡན་ལག་རྣམས་དང་གཅིག་མིན་བཞིན། །ང་དང་ཕུང་པོ་གཅིག་ཏུ་གྲུབ་པ་མེད། །ཡན་ལག་རྣམས་ལས་ལོགས་ན་ཤིང་རྟ་མེད། །དེ་བཞིན་ཕུང་པོ་ལས་གཞན་ང་ཡང་མེད། །ཤིང་རྟ་ཡན་ལག་རྣམས་ཀྱི་རྟེན་དུ་མེད། །དེ་བཞིན་ང་ཡང་ཕུང་པོའི་རྟེན་དུ་མེད། །ཤིང་རྟ་ཡན་ལག་རྣམས་ལ་བརྟེན་ནས་མེད། །དེ་བཞིན་ང་ཡང་ཕུང་པོར་བརྟེན་ནས་མེད། །ཡན་ལག་རྣམས་ལ་ཤིང་རྟ་མི་ལྡན་བཞིན། །ཕུང་པོ་ལྔ་ལ་ང་ཡང་ལྡན་པ་མིན། །ཤིང་རྟ་ཡན་ལག་འཚོགས་ཙམ་མིན་པ་ལྟར། །ང་ནི་ཕུང་པོའི་འཚོགས་པ་ཙམ་ཡང་མིན། །ཤིང་རྟ་ཡན་ལག་འཚོགས་པའི་དབྱིབས་མིན་བཞིན། །ང་ནི་ཕུང་པོ་འཚོགས་པའི་དབྱིབས་ཀྱང་མིན། །དཔྱད་ན་ཤིང་རྟ་རང་བཞིན་མེད་པ་ལྟར། །ང་ཡང་རང་བཞིན་མེད་པར་ཤེས་པར་བྱ། །དེ་བཞིན་རིགས་པས་དཔྱད་ན་གཟུགས་ཕུང་སོགས། །ཆོས་ཀྱི་བདག་མེད་གཏན་ལ་དབབ་པར་བྱ། །ཕབས་ནས་ཆོས་ཀུན་སྟོང་པ་ཉིད་དུ་འདུག །སྙམ་དུ་སྟོང་ཉིད་ངེས་ཤེས་ཤུགས་དྲག་དྲངས། །
མདོར་ན་འཁོར་འདས་ཆོས་རྣམས་མ་ལུས་པ། །གདོད་ནས་མཁའ་ལྟར་སྟོང་སང་འབའ་ཞིག་ཏུ། །ངེས་པའི་ངང་དུ་མཉམ་པར་འཇོག་པ་ལ། །མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་ཟེར། །ཞི་གནས་སྙིང་སྟོབས་ཅན་གྱི་རྣལ་འབྱོར་པས། །ཤིང་རྟ་རྣམ་བདུན་རྣོ་ངར་རིག་པས་ཡི། །རལ་གྲིའི་འཁྲུལ་འཁོར་ཡང་ཡང་བསྐོར་ཙ་ན། །བདག་འཛིན་དགྲ་རྣམས་ཕྱེ་མར་འཐག་པར་འགྱུར། །དེ་ལྟར་བསྐྱངས་ཚེ་བྱིང་རྒོད་སྐྱོན་དང་བྲལ། །མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི། །ངང་དུ་ངམ་ངམ་ཤུགས་ཀྱིས་འགྲོ་བའི་ཚེ། །རྩོལ་བ་གློད་ནས་བཞག་ཚེ་སྔར་བས་ཀྱང་། །གསལ་ཞིང་བརྟན་ན་ལྷག་མཐོང་རྗེས་མཐུན་ཟེར། །དེ་ནས་སྦྱངས་ཚེ་ལུས་སེམས་གཉིས་ཀ་ལ། །སྔར་མེད་ཤིན་སྦྱངས་བདེ་བ་འབར་བའི་ཚེ། །ལྷག་མཐོང་མཚན་ཉིད་པ་ཡིན་ངོ་མཚར་ཆེ། །དེ་ཚེ་རྣམ་རྟོག་སྟོང་ཉིད་དབྱིངས་སུ་ཞི། །སྟོང་ཉིད་ངོ་བོ་ལྷག་གེར་མཐོང་བ་ལ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་ཞེས་ཟེར། །དེ་ནས་བསྐྱངས་ཚེ་རྟོག་མེད་ལྷན་ནེར་གནས། །ཤིན་ཏུ་གསལ་ཞིང་དྭངས་པའི་མཉམ་གཞག་འབྱུང་། །དེ་ཡི་ངང་ནས་བལྟས་ན་ཕྱི་ནང་གི །དངོས་པོ་སྤུ་རྩེ་ཙམ་ཞིག་ཚུན་ཆད་མཐོང་། །དེ་ནས་བསྐྱངས་ན་མངོན་ཤེས་རྫུ་འཕྲུལ་སོགས། །ལྷག་མཐོང་ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །དབུ་མའི་ལྟ་བ་རྟོགས་པའི་རྒྱུ་རུ་བསྔོ། །དེང་ནས་བཟུང་སྟེ་ཡང་དག་ལྟ་བ་དང་། །ཚེ་རབས་ཀུན་ཏུ་འབྲལ་བར་མ་
གྱུར་ཅིག །ཅེས་པ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་སྦྱོང་ཚུལ་ནི། དཔེར་ན་ཤིང་རྟ་ཡན་ལག་གི་སྟེང་དུ་སྒྲོ་བཏགས་པ་མ་གཏོགས། དཔྱད་ན་དོན་དམ་པར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལྟར། ང་ཡང་ཕུང་པོ་ལྔའི་སྟེང་དུ་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་དཔྱད་ན་དོན་དམ་པར་རང་བཞིན་མེད་པར་རྟོགས། དེ་བཞིན་དུ་ཆོས་གཞན་ཐམས་ཅད་ཀྱང་རང་བཞིན་མེད་པར་རྟོགས་པས་རྟག་མཐར་མི་ལྟུང་། ཡང་རང་བཞིན་མེད་རུང་མ་དཔྱད་པའི་ཚེ་ཀུན་རྫོབ་ཀྱི་སྣང་ངོར་ཡན་ལག་གི་སྟེང་དུ་མིང་གིས་བཏགས་པ་ཙམ་ཞིག་ཡོད་པ་ལྟར་ང་ཡང་རང་བཞིན་མེད་རུང་མ་དཔྱད་པའི་ཀུན་རྫོབ་ཀྱི་སྣང་ངོར་ཕུང་པོ་ལྔའི་སྟེང་དུ་མིང་གིས་བཏགས་པ་ཙམ་ཞིག་ཡོད་པར་ཤེས་པ་དེ་བཞིན་དུ་ཆོས་གཞན་ཐམས་ཅད་ཀྱང་མིང་གིས་བཏགས་པ་ཙམ་ཞིག་ཡོད་པར་ཤེས་པས་ཆད་མཐར་མི་ལྟུང་། དཔེར་ན་ཤིང་རྟ་རང་བཞིན་མེད་རུང་ཡན་ལག་འཚོགས་ཙམ་གྱི་རྟེན་འབྲེལ་ལ་བརྟེན་ནས་ཤིང་རྟའི་དོན་བྱེད་ནུས་པས་ན་ཤིང་རྟའི་མིང་ཙམ་ཡོད་པས་ཀྱང་ཡོད་གོ་ཆོད་པ་ལྟར། ང་ཡང་རང་བཞིན་མེད་རུང་ཕུང་པོ་ལྔའི་ཚོགས་ཙམ་གྱི་རྟེན་འབྲེལ་ལ་བརྟེན་ནས་ངའི་དོན་གང་ཡང་བྱེད་ནུས་པས་ན་ངའི་མིང་ཙམ་ཡོད་པས་ཀྱང་ཡོད་གོ་ཆོད་ཡོང་། དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་རུང་རྒྱུ་རྐྱེན་རྟེན་འབྲེལ་
ལ་བརྟེན་ནས་མིང་ཙམ་བརྡའ་ཙམ་བཏགས་པ་ཙམ་ཡོད་པས་ཡོད་གོ་ཆོད་ཡོང་། མདོར་ན་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་རུང་། ཀུན་རྫོབ་ཏུ་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་སྒྱུ་མ་རྨི་ལམ་ལྟར། ལས་འབྲས་དང་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་འཐད་པའི་ཚུལ་ལ་ངེས་པ་ཤུགས་དྲག་པོ་དྲངས་ནས། ཚོགས་བསོགས་སྒྲིབ་སྦྱོང་སོགས་སྤྱོད་ཕྱོགས་རྣམས་ལ་ཡང་སྒྱུ་མ་རྨི་ལམ་ལྟར་འཇུག་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ངོ་བོ་སྟོང་བཞིན་དུ་སྣང་ཞིང་། རྣམ་པ་སྣང་བཞིན་དུ་སྟོང་པའི་སྣང་སྟོང་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་སྦྱངས་ན། སྐབས་ཞིག་ཡིད་ངོར་སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་ཟ་ཟི་བན་བུན་ལང་ལོང་དུ་སོང་ནས་རེག་རྒྱུ་མེད་དམ་སྙམ་པའི་ཉམས་འབྱུང་། འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་ཐམས་ཅད་སྒྱུ་མར་ཤར་ནས་གང་ལའང་ཆགས་སྡང་མི་འབྱུང་། གཞན་ཆགས་སྡང་བྱེད་པ་མཐོང་ན་རྒོད་འཆོར་བ་འབྱུང་ངོ་། །ཡུན་རིང་པོ་སྦྱངས་པས་ནམ་ཞིག་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མངོན་སུམ་དུ་གྱུར་ནས་ཕ་རོལ་གྱི་ཡུལ་ཕྱོགས་མཐོང་བ་ལ་སོགས་པའི་སྤྱན་དང་། སེམས་ཅན་གཞན་གྱི་སེམས་ལ་ཅི་དྲན་ཤེས་པ་ལ་སོགས་པའི་མངོན་ཤེས་དང་། རི་བྲག་ལ་ཐལ་བྱུང་དུ་བགྲོད་པ་ལ་སོགས་པའི་རྫུ་འཕྲུལ་ཐོབ་པར་འགྱུར་རོ། །སྨྲས་པ། དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །སྒྱུ་མའི་ཏིང་ངེ་འཛིན་འབྱོངས་པར་བྱིན་གྱིས་རློབས། །
ཤིང་རྟ་ཡན་ལག་ཐམས་ཅད་འཚོགས་ཙམ་གྱི། །སྟེང་དུ་མིང་གིས་ཕར་བཏགས་མ་གཏོགས་པ། །རང་བཞིན་གྲུབ་པ་རྡུལ་ཙམ་མ་མཆིས་ཀྱང་། །ཡན་ལག་ཆ་ཤས་འཚོགས་པའི་རྟེན་འབྲེལ་ལ། །བརྟེན་ནས་ཤིང་རྟའི་དོན་བྱེད་ནུས་པས་ན། །མིང་ཙམ་ཡོད་པས་ཡོད་གོ་ཆོད་པ་ལྟར། །ང་ཡང་ཕུང་པོ་ལྔ་པོ་འཚོགས་ཙམ་གྱི། །སྟེང་དུ་རྟོག་པས་བཏགས་པ་མ་གཏོགས་པ། །རང་བཞིན་གྲུབ་པ་རྡུལ་ཙམ་མ་མཆིས་ཀྱང་། །ཕུང་པོ་ལྔ་པོ་འཚོགས་པའི་རྟེན་འབྲེལ་ལ། །བརྟེན་ནས་ང་ཡི་དོན་བྱེད་ནུས་པས་ན། །མིང་ཙམ་ཡོད་པས་ཡོད་གོ་ཆོད་པར་གྱུར། །དེ་བཞིན་ཆོས་རྣམས་ཐམས་ཅད་དོན་དམ་དུ། །རང་རང་གདགས་གཞིའི་སྟེང་དུ་མིང་བཏགས་པ། །མ་གཏོགས་རང་བཞིན་གྲུབ་པ་མ་མཆིས་ཀྱང་། །ཀུན་རྫོབ་རྒྱུ་རྐྱེན་འཚོགས་པའི་རྟེན་འབྲེལ་ལ། །བརྟེན་ནས་དཀར་ནག་ལས་འབྲས་བྱ་བྱེད་སོགས། །འཐད་པའི་ཚུལ་ལ་ངེས་ཤེས་ཤུགས་དྲག་དྲངས། །གང་སྣང་ཚུགས་ཐུབ་བདེན་པར་མི་འཛིན་པར། །སྣང་སྟོང་སྒྱུ་མའི་གཟིགས་མོར་ལམ་ལམ་བལྟ། །སྒྱུ་མ་བཞིན་དུ་ལས་འབྲས་བླང་དོར་སོགས། །རྒྱལ་སྲས་སྤྱོད་པ་རྣམས་ལ་འཇུག་པར་བྱ། །དེ་ལྟར་རྗེས་ཐོབ་སྒྱུ་མ་ལྟ་བུ་ཡི། །ཏིང་ངེ་འཛིན་ལ་ཡུན་རིང་སྦྱངས་གྱུར་ན། །ཡིད་ངོར་སྣང་བ་སང་སེང་ཁྲལ་མ་ཁྲོལ། །ཤག་ཤིག་ཟ་ཟི་བན་བུན་ལང་ལོང་དུ། །སོང་ནས་རེག་རྒྱུ་མེད་དམ་སྙམ་པ་འོང་། །ནམ་ཞིག་སྒྱུ་མའི་ཏིང་འཛིན་མཐར་
ཕྱིན་ནས། །ཡུལ་གཞན་མཐོང་ཞིང་ཕ་རོལ་སེམས་རྒྱུད་ཤེས། །རི་བྲག་རྣམས་ལ་ཐལ་བྱུང་བགྲོད་པ་སོགས། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཐོབ་པར་འགྱུར། །བླ་མའི་བྱིན་རླབས་རང་གཞན་དགེ་བའི་མཐུས། །སྒྱུ་མའི་ཏིང་འཛིན་མཐའ་རུ་ཕྱིན་པར་ཤོག །ཅེས་སྨྲས་པའོ།། ༈ །།ཡང་དད་གཏོང་བློ་གྲོས་མཆོག་མངའི་སློབ་བུ་སྡེ་པ་བློ་བཟང་ཚེ་རིང་དང་། སྐྱེས་བུ་དམ་པ་གོང་མའི་ཡང་སྤྲུལ་རྩེ་བརྒྱད་བླ་མ་བློ་བཟང་ཆོས་གྲགས་རྣམ་གཉིས་ཀྱིས་ཚེ་བློས་བཏང་ནས་འོངས་ཏེ་མཁོ་བའི་ཡོ་བྱད་མང་པོ་ཕུལ་ནས། གུས་པས་ཕྱག་དང་བཅས་བླ་མ་རིན་པོ་ཆེ། བདག་ཅག་གཉིས་ལ་འཁོར་བར་སྐྱེ་བའི་རྒྱུན་བཅད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལྟ་སྤྱོད་ཟུང་དུ་འབྲེལ་བའི་གདམས་པ་མཆོག་ཏུ་གྱུར་པ་ཞིག་གནང་བར་ཞུ་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྒྱས། །ཐབས་མཁས་བསྡུ་བཞིའི་འོད་སྟོང་འགྱེད། །གདུལ་བྱ་གླིང་བཞི་ཐོགས་མེད་བགྲོད། །རྗེ་ཉི་ཟླ་ལྟ་བུའི་རྣལ་འབྱོར་པ། །སྐུ་གསུམ་ལྷུན་གྲུབ་རྩལ་གསུམ་རྫོགས། །ཉམས་དང་རྟོགས་པའི་གཡུ་རལ་རྒྱས། །ཐུབ་བསྟན་གངས་རིའི་རྒྱན་དུ་མཛེས། །རྗེ་སེངྒེ་ལྟ་བུའི་རྣལ་འབྱོར་པ། །ཐུགས་རྗེ་ཐབས་མཁས་གྲུ་བོ་ཆེར། །བརྟེན་ནས་གདུལ་བྱ་མགྲོན་པོ་རྣམས། །འཁོར་བའི་ཆུ་བོ་ཆེ་ལས་སྒྲོལ། །རྗེ་མཉན་པ་ལྟ་བུའི་རྣལ་འབྱོར་པ། །ཟབ་རྒྱས་གདམས་པའི་སྨན་རྐྱལ་ཐོགས། །འགྲོ་ཀུན་ཉོན་མོངས་ནད་རྣམས་གསོས། །གཏན་
བདེ་ལུས་ཟུངས་རྒྱས་པར་བྱེད། །རྗེ་སྨན་པ་ལྟ་བུའི་རྣལ་འབྱོར་པ། །ཀྱེ་ཧུད་བདག་ཅག་ཐོག་མེད་ནས། །མ་རིག་འཚོ་མེད་གཅོང་གིས་ཟིན། །ཆགས་སྡང་གཉིས་ཀྱི་ཚ་གྲང་འཐབ། །སྡུག་བསྔལ་གསུམ་གྱི་ཟུག་གཟེར་ལངས། །བདག་བསྟོད་གཞན་སྨོད་འཁུན་བུ་ཤོར། །དགེ་བའི་ཟས་ལ་ཞེན་པ་ལོག །མི་དགེ་ཆང་སྐྱུར་དབང་མེད་འཐུངས། །ན་ཚ་སྔར་བས་ཆེ་བར་སོང་། །མི་ན་བ་ཡི་དགུ་གཅིག་ན། །དགེ་བའི་བཤེས་གཉེན་སྨན་པ་མེད། །གསོན་པའི་རེ་བ་མ་མཆིས་དུས། །ཨེ་མ་ལས་དང་སྨོན་ལམ་བཟང་། །རྗེ་བཙུན་སྨན་པའི་རྒྱལ་པོ་ཁྱེད། །བྱོན་ནས་དམ་ཆོས་སྨན་ཡང་བཏང་། །མ་རིག་གཅོང་ནད་སངས་པའི་མོད། །ཉོན་མོངས་ནད་གཞན་རིམ་གྱིས་དྭངས། །དགེ་བའི་ཟས་ཀྱི་དང་ཁ་ཕྱེ། །ད་ནི་དགེ་སེམས་ཟོ་མདོག་བཟང་། །འཁོར་བའི་མལ་ནས་ཡར་ལངས་ནས། །ཐར་པའི་ལམ་ལ་གོམ་པ་རེ། །འདོར་བའི་སྐལ་པ་ད་ལྟ་བྱུང་། །བཀའ་དྲིན་ཆེའོ་སྨན་པའི་རྒྱལ། །ད་ནི་ཆོས་ཀྱི་སྨན་ཡོན་དུ། །བསྒྲུབ་པའི་མཆོད་པ་རྒྱུན་དུ་འབུལ། །སླར་ཡང་ཉོན་མོངས་ནད་བྱུང་ཡང་། །རྗེ་བཙུན་སྨན་པ་ཁྱེད་ལ་རེ། །ད་ནི་བཀའ་གདམས་གོང་མ་ཡིས། །སྦྱར་ཞིང་གསོལ་བའི་སྨན་གྱི་འཕྲོ། །མ་རིག་ཉོན་མོངས་ནད་ཀྱི་རིགས། །ཐམས་ཅད་གཅིག་ཆར་རབ་བཅོམ་ནས། །གཏན་བདེའི་ལུས་ཟུངས་རྒྱས་མཛད་པའི། །ལྟ་སྤྱོད་ཟུང་དུ་འབྲེལ་བའི་ལམ། །གདམས་པ་ཀུན་
གྱི་རབ་དང་ཕུལ། །སྨན་མཆོག་འཆི་མེད་བདུད་རྩི་ཞིག །བདག་ཅག་གཉིས་ལ་སྩལ་དུ་གསོལ། །ཞེས་སྨྲས་པའི་ལན་དུ། ཀྱེ་སྐལ་ལྡན་གྱི་བུ་གཉིས་མ་ཡེངས་པར་ཉོན་ལ་ཡིད་ལ་ལེགས་པར་ཟུངས་ཤིག །འཁོར་བ་འདིར་འཁྱམས་ནས་སྡུག་བསྔལ་སྣ་ཚོགས་མི་འདོད་བཞིན་དུ་མྱོང་དགོས་པ་འདི་གང་ལས་བྱུང་སྙམ་ན། གཏམ་རྒྱུད་གཅིག་བཤད། སྔོན་སྟོན་པ་ཤེས་རབ་གཡུང་དྲུང་བྱ་བ་ཤིན་ཏུ་སྡར་བས། ནུབ་གཅིག་ཕྱི་རོལ་ཏུ་སོང་ནས་ཆོས་བཤད་ནས་མཆོད་ཁང་ནང་དུ་འོང་ཙ་ན་ཙད། མར་མེ་རླུང་གིས་བསྒུལ་བས། འོད་ཕྱགས་མ་ལ་ཕོག་པས་སྡིག་པ་གཅིག་སྒབ་སྒབ་བྱུང་བར་གཟིགས་ནས། འ་བྱས་སྐད་ངན་བཏོན་པས། ཕུག་ན་ཡོད་པའི་སྒོམ་ཆེན་གཅིག་ཀྱང་། ཕྱིར་ཐོན་བྱུང་ནས་སློབ་དཔོན་ལ་སྐད་ངན་བྱུང་བས་འཚེ་བ་ཞིག་བྱུང་བ་ཡིན་སྙམས་ནས། འས་བཏབ་པས། དགེ་བཤེས་ཡུང་བ་བྱུང་ནས། ཅི་ཉེས་བྱས་པས་འདི་ཅི་ཡིན་ཟེར། ཡུང་བ་པ་དཔའ་བས་དྲུང་དུ་ཕྱིན་ནས་བལྟས་པས། ཕྱགས་མར་སོང་བས་ཁོང་རང་ཚོ་པར་འགྱེལ་ཚུར་འགྱེལ་ནས་གད་མོ་ཤོར་སྐད། དེ་ཡང་མ་རིག་པ་ལས་བྱུང་བ་ལྟར། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཕར་དེད་ན་མ་རིག་པ་ཡིན། འོ་ན་གང་མ་
རིག་སྙམ་ན། ཆོས་དང་གང་ཟག་གཉིས་བདག་མེད་སྟོང་པ་ཉིད་དུ་མ་རིག་པ་ཡིན། འོ་ན་དེ་ཇི་ལྟར་མ་རིག་སྙམ་ན། དཔེར་ན་མི་གཅིག་དགུང་དུས་མུན་པ་རབ་རིབ་ལ་ཕྱིན་ན། མུན་པ་རབ་རིབ་ཀྱིས་བསྒྲིབས་ནས། ས་ན་ཐག་པ་ཁྲ་བོ་འཁྱིལ་ནས་ཡོད་པ་གསལ་པོར་མ་མཐོང་ཚེ། སྟེང་ན་སྦྲུལ་མེད་རུང་དེ་སྦྲུལ་དུ་མཐོང་ནས། ཤིན་ཏུ་འཇིགས་ཤིང་སྐྲག་ནས་སྙིང་ཁར་འཚངས་པ་ལྟར། འོ་སྐོལ་རྣམས་ཀྱང་མ་རིག་པ་མུན་པ་ལྟ་བུས་བསྒྲིབས་ནས། ལུས་སེམས་ཐག་ཁྲ་ལྟ་བུའི་གནས་ལུགས་གསལ་པོར་མ་མཐོང་ཚེ། སྟེང་ན་ང་མེད་རུང་དེ་ལ་བརྟེན་ནས་ང་ཞེས་མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་ཡོད་ཡོད་འདྲ་བ་སྦྲུལ་གྱི་སྣང་བ་ལྟར་བྱུང་ནས། བདག་གཞན་རིས་སུ་བཅད། རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་ལྡང་བས་ཆགས་སྡང་སྐྱེས། ཆགས་སྡང་གཉིས་ལ་བརྟེན་ནས་ཉོན་མོངས་པ་གཞན་ཐམས་ཅད་རིམ་གྱིས་རྒྱས་ནས། ཉོན་མོངས་པའི་དབང་གིས་འཁོར་བ་མཐོ་དམན་དུ་སྐྱེ་བའི་ལས་བཟང་ངན་ཐ་དད་པ་བསགས། ལས་ཀྱི་དབང་གིས་འཁོར་བ་མཐོ་དམན་དུ་མི་འདོད་བཞིན་དུ་འཁོར་ནས་སྦྲུལ་གྱི་འཇིགས་སྐྲག་ལྟར་སྡུག་བསྔལ་ཅི་ཡང་མྱོང་བ་
ཡིན་ཏེ། རྒྱལ་དབང་ལྔ་པ་རིན་པོ་ཆེའི་ཞལ་ནས། གཏི་མུག་མུན་པ་འཐིབ་པོའི་རབ་རིབ་ཀྱིས། །ལུས་སེམས་ཐག་ཁྲར་འཁྱིལ་བའི་སྣང་ཚུལ་ལ། །ང་འོ་སྙམ་པས་དུག་སྦྲུལ་འཇིགས་རུང་གི ། སྡུག་བསྔལ་གསུམ་གྱིས་དངངས་སྐྲག་ཅིར་ཡང་འཁོར། །ཞེས་དང་། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ནས། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཕར་གཏུགས་ན་མ་རིག་པ་ཡིན་གསུངས། འོ་ན་མ་རིག་པ་དེ་ཇི་ལྟར་རིག་པར་བྱ་སྙམ་ན། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་ནས་འཇིགས་ཤིང་སྐྲག་པའི་མི་དེ་ལ། རྒྱུས་ཡོད་ཀྱི་གྲོགས་གཞན་ཞིག་གིས་སྦྲུལ་མེད་ཚུལ་གྱི་རྒྱུ་མཚན་རྣམས་སྨྲས་ན། དེ་ལ་བརྟེན་ནས་རང་གིས་ཀྱང་ཐག་ཉེར་བཏུད་ནས་ཞིབ་ཏུ་བལྟས་པས། སྦྲུལ་མ་ཡིན་པར་ཐག་པ་ཡིན་པར་མཐོང་ཚེ་འཇིགས་སྐྲག་རང་ཞི་ལ་སོང་ནས་ཞེ་བློ་བདེ་བ་ལྟར། འོ་སྐོལ་རྣམས་ཀྱིས་བདག་མེད་ལ་བདག་ཏུ་བཟུང་ནས་སྡུག་བསྔལ་བ་ལ། བླ་མ་དགེ་བའི་བཤེས་གཉེན་རྒྱུས་ཡོད་ཀྱི་གྲོགས་ལྟ་བུས་བདག་མེད་ཚུལ་ལུང་རིགས་ཀྱི་སྒོ་ནས་ཞིབ་ཏུ་གསུངས་ཚེ། དེ་ལ་བརྟེན་ནས་རང་གིས་ཀྱང་
ཤེས་རབ་མིག་ལྟ་བུས་ཞིབ་ཏུ་བརྟགས་ཤིང་དཔྱད་པས་གང་ཟག་དང་ཆོས་རྣམས་བདག་མེད་སྟོང་པ་ཉིད་དུ་རྟོགས་ཚེ། སྦྲུལ་གྱིས་འཇིགས་སྐྲག་ལྟ་བུའི་འཁོར་བའི་སྡུག་བསྔལ་རྣམས་ཀྱང་རང་ཞི་ལ་སོང་ནས་ཞེ་བློ་བདེ་བ་ལྟར། ཐར་པའི་བདེ་བ་ཐོབ་པར་འགྱུར་རོ། །དེ་ལྟར་བདག་མེད་ཀྱི་ལྟ་བ་རྣམ་པར་དག་པ་ལ་སྤྱོད་པ་རྣམ་པར་དག་པ་དགོས། དཔེར་ན་བྱ་གཤོག་པ་གཉིས་འཛོམ་གྱིས་ནམ་མཁའ་ལ་འཕུར་ནུས། གཤོག་པ་ཡ་གཅིག་བཟང་ཡང་གར་ཡང་མི་ཕྱིན་པ་ལྟར། ལྟ་སྤྱོད་ཟུང་དུ་འབྲེལ་བའི་ཉམས་ལེན་ལ་བརྟེན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ནུས། ལྟ་སྤྱོད་གང་རུང་གཅིག་བཟང་ཡང་ས་ལམ་གར་ཡང་ཕྱིན་མི་ནུས། འོ་ན་ལྟ་སྤྱོད་ཟུང་དུ་འབྲེལ་བའི་ཉམས་ལེན་ཇི་ལྟར་བྱ་སྙམ་ན། མདོ་ཧྲིལ་གྱིས་དྲིལ་བའི་ལག་ལེན་ལ་སྔོན་གྱི་བཀའ་གདམས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས། འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་རྩ་བ་བདག་མེད་ལ་བདག་ཏུ་འཛིན་པའི་མ་རིག་པ་འདི་ཡིན་པར་མཁྱེན་ནས། གཅིག་དང་དུ་བྲལ་གྱི་རིགས་པས་གང་ཟག་དང་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས། མཉམ་གཞག་
ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་པ་ཉིད་ལ་བསླབས་པས་ལྟ་སྤྱོད་ཟུང་འབྲེལ་གྱི་ལམ་རྣམ་པར་དག་པ་དེ་ལ་བརྟེན་ནས་སངས་རྒྱས་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་། གང་ཟག་གི་བདག་མེད་ལ་ད་ལྟ་རྨི་ལམ་ཚུན་ཆད་དུ། ང་ང་ཟེར་སྙིང་ནང་དུ་དམ་སྦྲེང་སྦྲེང་མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་ཡོད་ཡོད་ལྟ་བུ་འདི། ལུས་སེམས་གཉིས་ཀྱི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར། རང་ངོས་ནས་གྲུབ་པའི་ངའམ་བདག་ཞིག་ཡོད་ན། ལུས་སེམས་གཉིས་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན། ལུས་ལ་ཡན་ལག་ཉིང་ལག་དང་། སེམས་ལ་སྔ་ཕྱི་བར་གསུམ་གྱི་དྲན་བསམ་གྱི་རྣམ་རྟོག་མང་བ་བཞིན་དུ་ང་དེ་ཡང་ཐ་དད་པ་མང་པོར་འགྱུར་ལ། ཡང་ན་ང་གཅིག་ཡིན་པ་བཞིན་དུ་ཐམས་ཅད་ཆ་མེད་གཅིག་ཏུ་འགྱུར། གཅིག་ཏུ་འདོད་ན་ང་དང་ངའི་ལུས་སེམས་ཞེས་མིང་སོ་སོར་བཏགས་པ་ཡང་དོན་མེད་ཅིང་ལུས་འཇིག་པའི་ཚེ་ང་ཡང་སྐྱེ་འཇིག་བྱེད་པར་འགྱུར། ལུས་མེད་པར་འགྱུར་བའི་ཚེ། ང་ཡང་མེད་པར་འགྱུར་བར་འདོད་ན། ལས་བྱས་པ་ཆུད་ཟ་བ་སོགས་ཉེས་པ་དུ་མ་ཡོད་པས། ང་དེ་ལུས་སེམས་གཉིས་དང་གཅིག་ཏུ་མ་གྲུབ་པར་ཐག་བཅད། ཡང་
ཐ་དད་དུ་གྲུབ་ན་ལུས་ཀྱི་ཡན་ལག་དང་ཉིང་ལག་སོགས་ཆ་ཤས་རེ་རེ་ནས་བསལ་ཞིང་སེམས་ཀྱི་སྔ་ཕྱི་བར་གསུམ་གྱི་རྣམ་རྟོག་སོ་སོར་ཕྱེས་ནས་བལྟས་ཚེ། ངའམ་བདག་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མི་རྙེད་པར་སྟོང་ཆམ་གྱིས་སོང་ཚེ། དེ་བཞིན་དུ་ཆོས་ཀྱི་བདག་མེད་ལ་གཟུགས་ཅན་རང་ལུས་ལྟ་བུ་ལ་མཚོན་ན། ལུས་ཞེས་པ་ཡན་ལག་ལྔའི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ལུས་ཤིག་ཡོད་ན། ཡན་ལག་རྣམས་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་ཡན་ལག་ལྔ་བཞིན་དུ་ལུས་ཀྱང་ལྔར་འགྱུར་ལ། ཡང་ན་ལུས་གཅིག་པ་བཞིན་དུ་ཡན་ལག་རྣམས་ཀྱང་ཆ་མེད་གཅིག་ཏུ་འགྱུར། གཅིག་ཏུ་འདོད་ན་ལུས་དང་ལུས་ཀྱི་རྐང་ལག་མགོ་ཞེས་མིང་སོ་སོར་བཏགས་པ་ཡང་དགོས་པ་མེད་ལ། ལུས་ཀྱི་རྐང་པའམ་ལག་པ་བརྐྱངས་ཚེ། ལུས་ཀུན་གཡོ་དགོས་མི་གཡོ་ན་སོ་སོར་གྲུབ་པའི་རྟགས་ཡིན་པས། ལུས་ཡན་ལག་རྣམས་དང་གཅིག་ཏུ་མ་གྲུབ་པར་ཐག་བཅད། ཐ་དད་དུ་གྲུབ་ན་ཡན་ལག་ཉིང་ལག་སོགས་སོ་སོར་བསལ་བའི་ཤུལ་ན། ལུས་ཞེས་སྟོན་རྒྱུ་ཨེ་ཡོད། སོ་སོར་རྟོག་
པའི་ཤེས་རབ་ཀྱི་མིག་གིས་བལྟས་པས། ལུས་ཞེས་པ་མིང་ཙམ་མ་གཏོགས་རང་བཞིན་གྱིས་གྲུབ་པ་སྐྲའི་རྩེ་མོ་བརྒྱར་བགོས་པའི་ཆ་ཙམ་ཡང་མ་རྙེད་པར་སྟོང་ཆམ་གྱིས་སོང་བའི་ཚེ། ཡང་དེ་བཞིན་དུ། གཟུགས་མེད་རང་སེམས་ལྟ་བུ་ལ་མཚོན་ན། སེམས་ཞེས་བྱ་བ། རྣམ་པར་རྟོག་པ་འདི་རྣམས་ཀྱི་སྟེང་དུ་ཕར་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་སེམས་ཤིག་ཡོད་ན། རྣམ་པར་རྟོག་པ་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན། ཉིན་རེ་ལ་ཡང་རྣམ་རྟོག་བསམ་གྱིས་མི་ཁྱབ་པ་རྒྱུ་བ་བཞིན་དུ་སེམས་ཡང་མང་བར་འགྱུར། ཡང་སེམས་གཅིག་ཡིན་པ་བཞིན་དུ། འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་ཀྱང་ཆ་མེད་གཅིག་ཏུ་འགྱུར། གཅིག་ཏུ་འདོད་ན་སེམས་དང་རྣམ་རྟོག་ཅེས་མིང་སོ་སོར་བཏགས་པ་ཡང་དོན་མེད་དུ་འགྱུར་ཞིང་། ད་ལྟའི་རྣམ་རྟོག་གི་སྟེང་དུ་འདས་པ་དང་མ་འོངས་པའི་རྣམ་རྟོག་གཉིས་ཀྱང་ཡོད་དགོས་པ་སོགས་ཉེས་པ་དུ་མ་ཡོད་པས། སེམས་དང་རྣམ་རྟོག་ཀུན་གཅིག་ཏུ་མ་གྲུབ་པར་ཐག་བཅད། ཐ་དད་དུ་གྲུབ་ན་སྔ་ཕྱི་བར་གསུམ་
གྱི་རྣམ་པར་རྟོག་པའི་བྱེ་བྲག་རྣམས་སོ་སོར་ཕྱེས་ནས་བལྟས་ཚེ། སེམས་ཞེས་པ་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མ་རྙེད་པར་སྟོང་སང་ངེར་སོང་ཚེ། དེ་བཞིན་དུ་རི་རབ་ཁང་ཁྱིམ་སོགས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་གང་ལའང་ཐུབ་ཚོད་ལ་དཔྱད་ནས། གང་ཡང་མིང་བརྡའ་ཙམ་མ་གཏོགས་རང་ངོས་ནས་མ་གྲུབ་པ་སྟོང་སང་འབའ་ཞིག་ཏུ་ངེས་ཚེ། དེའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག །ཡང་བྱིང་རྒོད་ཀྱིས་བར་བཅད་ནས་མི་ངེས་པར་གྱུར་ཚེ། སྔར་ལྟར་དཔྱད་ནས་སྟོང་སང་ངེར་ངེས་ཚེ་དེའི་ངང་ལ་བཞག །ཡང་སྐབས་རེར་བྱིང་རྨུག་གཉིད་གསུམ་རྣམ་རྟོག་འཕྲོ་རྒོད་གང་བྱུང་ལ་ཡང་སྔར་ལྟར་དཔྱད་ནས། རང་བཞིན་གྱིས་མ་གྲུབ་པར་སྟོང་པ་ཉིད་དུ་ལྷང་ངེར་ངེས་ཚེ། སྟོང་སང་དེ་ཉིད་ཀྱི་ངང་དུ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི། མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་སྐྱོང་ཚུལ་ལོ། །སྨྲས་པ། གདོད་ནས་དག་པའི་སེམས་ཀྱི་ངོ་བོ་ཉིད། །རྗེན་པར་སྟོན་མཛད་དྲིན་ཅན་བླ་མ་དང་། །དབྱེར་མེད་འཇམ་དཔལ་རྡོ་རྗེ་ཙོང་ཁ་པ། །བླ་མ་ལྷག་པའི་ལྷ་ཡི་ཞབས་ལ་འདུད། །གཉིད་ཀྱིས་མྱོས་པའི་ཤེས་ངོར་རྨི་ལམ་ཡུལ། །སྒྱུ་མས་བསླུས་པའི་རྟ་དང་གླང་པོ་སོགས། །སྣང་བ་ཙམ་ལས་གཞི་དེར་
དོན་གྱི་ཆོས། །གང་ཡང་མེད་པར་བློ་ཡིས་བཏགས་པ་ཙམ། །དེ་བཞིན་བདག་གཞན་འཁོར་བ་མྱང་འདས་སོགས། །ཆོས་ཀུན་བློ་དང་མིང་གི་ཐ་སྙད་ཀྱིས། །བཏགས་པ་ཙམ་ལས་གདགས་གཞི་རྣམས་ཀྱི་སྟེང་། །རང་གིས་ཡོད་པ་རྡུལ་ཙམ་མ་མཆིས་སོ། །དེ་ལྟ་ན་ཡང་མ་རིག་གཉིད་འཐུག་གིས། །སྦགས་པའི་སོ་སོའི་སྐྱེ་བོའི་ཚོགས་དྲུག་ངོར། །གང་སྣང་གཞི་དེར་དོན་གྱིས་གྲུབ་པ་ཞིག །འཆར་ཚུལ་རང་རེའི་བློ་ངན་འདི་ལ་ལྟོས། །དེ་ལྟར་འཁྲུལ་པའི་བློ་ལ་སྣང་བ་ཡི། །ང་སོགས་ངོས་ནས་གྲུབ་པའི་སྡོད་ལུགས་འདི། །དགག་བྱ་ཕྲ་མོ་ཡིན་པའི་བློ་ཡི་ངོར། །ལྷག་མ་མེད་པར་ཁེགས་པ་ཤིན་ཏུ་གཅེས། །གལ་ཏེ་ང་ཞེས་ཕུང་པོའི་སྟེང་ཉིད་དུ། །མིང་ཙམ་མིན་པར་རང་ཉིད་ཡོད་གྱུར་ན། །གཞན་ལ་རག་ལས་ལྟོས་གྲུབ་མི་རུང་བས། །བདག་ཕུང་ཤར་ནུབ་རི་བཞིན་འབྲེལ་མེད་འགྱུར། །གཞན་ཡང་གཅིག་དང་དུ་མ་རྒྱུ་འབྲས་སོགས། །རྣམ་པར་བརྟག་པའི་ངེས་ངོར་དཔྱད་བྱའི་ཆོས། །རྡུལ་ཙམ་མི་དམིགས་དམིགས་གཏད་ཞིག་པ་ཡིས། །སྟོང་སང་མཁའ་ལྟར་ཤར་བའི་ཤེས་རབ་དེ། །ལྟ་བ་དངོས་ཡིན་དེ་དང་དུས་མཚུངས་སུ། །མི་བརྗེད་དྲན་པས་འཚིར་བཟུང་ཤེས་བཞིན་གྱིས། །རྒྱང་སོ་བཙུགས་ནས་ཏིང་འཛིན་བརྟན་པོ་ཡི། །བདེ་གསལ་མི་རྟོག་བསྒོམ་གྱི་ཡང་རྩེར་སོན། །དེ་ལྟར་རྩེ་གཅིག་འཇོག་དང་ཡང་དང་ཡང་། །དཔྱད་པས་ངེས་ཤེས་ཤུགས་
དྲག་རྡོ་རྗེ་ལྟར། །མི་ཤིག་རྩེ་མོ་བརྒྱ་པའི་མཚོན་ཆ་ཡིས། །བདག་འཛིན་རི་བོ་འཇོམས་པར་གདོན་མི་ཟ། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་མཉམ་པར་གཞག་ནས་རྗེས་ཐོབ་ཏུ་ལངས་པའི་ཚེ། ང་དང་ལུས་སེམས་སོགས་འདི་ལྟར་སྣང་བའི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་དོན་དམ་པར་ངོ་བོ་གདོད་ནས་སྟོང་པ་ནམ་མཁའ་ལྟ་བུ་ཡིན་ཀྱང་། ཀུན་རྫོབ་ཏུ་རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་ལ་བརྟེན་ནས་སྒྱུ་མ་རྨི་ལམ་ལྟར། རྣམ་པ་དགག་མེད་དུ་སྣང་ཚུལ་ལ་བསམས་ནས། ལས་རྒྱུ་འབྲས་མི་བསླུ་བར་བདེན་པར་ངེས་པ་ལ་ངེས་ཤེས་ཤུགས་དྲག་དྲངས། གང་ཡང་ཚུགས་ཐུབ་བདེན་གྲུབ་ཏུ་མི་འཛིན་པར་སྒྱུ་མ་རྨི་ལམ་གྱི་སྣང་བ་ལྟར། སྣང་སྟོང་དུ་ལམ་ལམ་བསྒོམ་ཞིང་། སྒྱུ་མ་མཁན་གྱིས་སྒྱུ་མའི་རྟ་གླང་སོགས་ཀྱི་སྣང་བ་རྣམས་རང་བཞིན་གྱིས་མ་གྲུབ་པ་ཤེས་བཞིན་དུ་ཉེ་རིང་ཆགས་སྡང་མེད་པར། རང་གཞན་གང་གི་དོན་དུ་ཡང་སྤྲུལ་བསྒྱུར་སྣ་ཚོགས་ཡང་བྱེད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཚུགས་ཐུབ་བདེན་གྲུབ་དངོས་པོ་མཚན་མར་མ་གྲུབ་པ་ཤེས་བཞིན་དུ། ཉེ་རིང་ཆགས་སྡང་མེད་པར་རང་གཞན་གང་གི་དོན་དུ་ཡང་། ལྷ་བསྒོམ་སྔགས་བཟླ་ཚོགས་བསགས་སྒྲིབ་སྦྱོང་སྡིག་སྤོང་དགེ་སྒྲུབ་སོགས་སྤྱོད་ཕྱོགས་རྣམས་ལ་བརྩོན་པར་བྱ་བ་ནི། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐྱོང་
ཚུལ་ལོ། །སྨྲས་པ། མཉམ་གཞག་རྒྱལ་བ་སྐལ་བཟང་རྒྱ་མཚོའི་མགུར་ལས་མཁའ་ལྟར་དག་པའི་རྗེས་ཐོབ་ཏུ། །རྟེན་འབྲེལ་འཚོགས་པ་དབང་པོའི་གཞུ་རིས་ལྟར། །མ་བརྟག་ཉམས་སུ་མཚར་བའི་སྣང་བ་ཀུན། །རང་བཞིན་ཅིར་ཡང་མ་གྲུབ་བ་སླུ་བྲིད་ཙམ། །བདེ་སྡུག་རྨི་ལམ་ཡུལ་གྱི་རོལ་པ་དང་། །གཟུགས་སྣང་སྒྱུ་མའི་སྤྲུལ་པའི་གྲོང་ཁྱེར་འདྲ། །སྒྲ་གྲགས་རི་ཕུག་སྟོང་པའི་བྲག་ཆ་དང་། །མཚུངས་མོད་ཞེན་པས་འཇུག་རྣམས་བྱིས་པ་བཞིན། །འོན་ཀྱང་སྐྱེས་བུའི་བཞིན་དང་མེ་ལོང་གསལ། །འཕྲད་ཚེ་སྟོང་པའི་སྣང་བརྙན་བསྙོན་མེད་དུ། །ཤར་བཞིན་ཆོས་ཀུན་སྣང་དང་སྟོང་པ་ཟུང་། །གཅིག་ཏུ་འདུ་བའི་རྟེན་འབྲེལ་བསླུ་མེད་ཕྱིར། །རང་རྒྱུད་སྡོམ་པ་གསུམ་གྱི་བཅས་མཚམས་སོགས། །དཀར་ནག་ཕྲ་ཞིང་ཕྲ་བའི་བླང་དོར་ལའང་། །ཞིབ་མོར་འཇུག་པའི་རྣམ་ཐར་གཙང་མ་ཡིས། །བློ་བདེ་གཏན་གྱི་མདུན་མ་བསྒྲུབ་པར་བྱ། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ལྟ་སྤྱོད་ཟུང་འབྲེལ་ལམ། །ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ལ་འབད་ན། རིང་པོར་མི་ཐོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་དག །ཆོས་སྐུ་དང་གཟུགས་སྐུ་མངོན་དུ་བྱས། རང་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རོ། །ཞེས་སྨྲས་པའོ། །ཁོང་གཉིས་དགའ་མགུ་ཡི་རངས་
ནས། ཕྱག་འཚལ་ཏེ་རང་རང་གི་གནས་ཁང་དུ་སོང་ངོ་།། ༈ །།ཡང་བླ་མ་དགེ་བའི་བཤེས་གཉེན་བཟང་པོའི་རྣམ་འཕྲུལ། ལུང་རྟོགས་ཡོན་ཏན་དུ་མའི་མངའ་བདག་ཆེན་པོ་བོན་རིའི་སྤྲུལ་པའི་སྐུའི་དགེ་རྒན་ཕུན་ཚོགས་ཀྱིས། ཁོ་བོ་ལ་གཞུང་ཁུངས་ཐུབ་ཅིག་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་བསྒྲུབ་པའི་ཚུལ་ཉུང་ལ་འདུས་པ་ཞིག་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་དབྱངས་སུ་ཕུལ་བ། འགྲོ་ཀུན་ཆོས་ཀྱི་དབུལ་བ་ལ། །ཟབ་རྒྱས་ལེགས་བཤད་དགོས་འདོད་སྩོལ། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །རྗེ་བཙུན་ཁྱེད་ལ་གུས་ཕྱག་འཚལ། །རང་དོན་བདག་འཛིན་འཆིང་བ་བཅད། །གཞན་དོན་བྱང་ཆུབ་སེམས་ལ་སྦྱངས། །གཉིས་དོན་སྣང་བ་ཆོས་ལ་བསྒྱུར། །བསམ་དོན་འགྲུབ་པའི་གུ་རུ་རྗེ། །བདག་ནི་ཚེ་རབས་ཐོག་མེད་ནས། ཁམས་གསུམ་འཁོར་བའི་ཁང་པ་རུ། །བདག་ཏུ་འཛིན་པའི་མལ་སྟན་བཏིང་། །བདེ་སྡུག་བཏང་སྙོམས་གོས་ཀྱིས་བཏུམས། །ཆོས་བརྒྱད་སྔས་ལ་མགོ་བོ་གཏད། །མ་རིག་འཐུག་པོའི་གཉིད་དུ་ལོག །བག་ཆགས་ངན་པའི་རྨི་ལམ་རྨིས། །གཉིད་དང་རྨི་ལམ་ངན་པ་ལ། །ཐོག་མཐའ་སངས་པའི་དུས་མ་བྱུང་། །ངོ་མཚར་རྗེ་བཙུན་ཐུགས་རྗེ་ཅན། ཁྱེད་ཀྱིས་ཟབ་དང་རྒྱ་ཆེ་བའི། །གསུང་རབས་ལྷ་ཡི་རྔ་བོ་ཆེ། །ཡང་ཡང་དྲག་ཏུ་བརྡུང་བའི་མོད། །དབང་མེད་མ་རིག་གཉིད་ལས་སད། །བག་ཆགས་ངན་པའི་རྨི་ལམ་ཆད། །བཀའ་དྲིན་ཆེ་འོ་བླ་མ་རྗེ། །ད་དུང་མ་རིག་
གཉིད་སོང་ན། །ཁྱེད་ཀྱིས་ཡང་ཡང་སློང་དུ་གསོལ། །ད་ནི་བླ་མ་ཐུགས་རྗེ་ཅན། །བདག་ལ་ཁུངས་ཐུབ་གཞུང་བཟང་ལ། །བརྟེན་པའི་ཞི་ལྷག་བསྒྲུབ་ཚུལ་གྱི། །གདམས་པ་ཉུང་ལ་འདུས་པ་ཞིག །བརྩེ་བའི་སྒོ་ནས་གནང་དུ་གསོལ། །ཞེས་ལེགས་པར་བསྐུལ་བའི་ལན་དུ། འོ་དེ་ཡིན་ན། རྒྱ་ནག་སྟོང་ཁུན་གྱི་རྒྱལ་པོའི་ལོངས་སྤྱོད་དང་འགྲན་པའི་ཟ་ཧོར་རྒྱལ་པོ་ཆེན་པོའི་རྒྱལ་རིགས་སུ་སྐུ་འཁྲུངས་ནས། རིགས་པའི་གནས་ལྔ་དང་། སྡེ་སྣོད་གསུམ་རྒྱུད་སྡེ་བཞི་སོགས་ལུང་གི་ཡོན་ཏན་དང་། བསླབ་པ་གསུམ་དང་རིམ་གཉིས་སོགས་ཀྱི་རྟོགས་པ་མངོན་དུ་གྱུར་པའི་རྟགས་སུ་རྒྱ་གར་གྱི་སློབ་མས་ཅི་མཛད་བོད་ནས་ས་ལེར་གཟིགས་ཤིང་ཞབས་ས་ལ་མི་རེག་པར་གཙུག་ལག་ཁང་རྣམས་ལ་ཕྱག་བསྐོར་མཛད་པ་སོགས་མངོན་ཤེས་དང་རྫུ་འཕྲུལ་སོགས་རྟོགས་པའི་ཡོན་ཏན་དུ་མ་དང་ལྡན་ཞིང་རྗེ་བཙུན་སྒྲོལ་མ་སོགས་ཡི་དམ་གྱི་ལྷ་ནམ་མཁའི་སྐར་ཚོགས་ཙམ་གྱི་ཞལ་གཟིགས་ཤིང་གསུང་གིས་གནང་བ་ཐོབ་པས། སངས་རྒྱས་གཉིས་པ་མཉམ་མེད་ཇོ་བོ་ཆེན་པོ་ཞེས། སྙན་པའི་བ་དན་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་བོད་ཡུལ་གངས་ཅན་ལྗོངས་འདིར་བྱོན་དུས། ལྷ་བླ་མ་བྱང་ཆུབ་འོད་སོགས་ཀྱིས་བསྟན་པ་དག་ཐེར་མཛད་དགོས་པའི་གསོལ་བ་བཏབ་པའི་ངོར། ལེགས་བཤད་མཚུངས་མེད་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་
སངས་རྒྱས་ཀྱི་བསྟན་པ་བོད་ཡུལ་མུན་པའི་གླིང་འདིར་ཉི་མ་ཤར་བ་ལྟར་མཛད་པས་འཕགས་ཡུལ་ལས་ཀྱང་ཆེས་ཆེར་གསལ་བར་བྱུང་། གཞུང་འདི་ནི་ལམ་རིམ་ཆེ་ཆུང་ཐམས་ཅད་ཀྱི་མ་ལྟ་བུ་ཡིན། འདི་ལས་ལྷག་པའི་གཞུང་ཁུངས་ཐུབ་ཅིག་བཙལ་ན་མི་རྙེད་པས། དེ་ཉིད་ཀྱི་ནང་ལྟར་བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ་ནི་འདི་ལྟ་སྟེ། བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག །མངོན་ཤེས་བསྐྱེད་པ་ཉིད་དུ་བཞེད། །ཇི་ལྟར་འདབ་གཤོག་མ་རྒྱས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་མ་ཡིན། །མངོན་ཤེས་ལྡན་པའི་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་དེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེས་བ་བརྒྱར་ཡང་ཡོད་མ་ཡིན། །མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་བྱས་མངོན་ཤེས་དག །འགྲུབ་པར་འགྱུར་གྱི་ལེ་ལོས་མིན། །ཞི་གནས་གྲུབ་པ་མ་ཡིན་པར། །མངོན་ཤེས་འབྱུང་བར་མི་འགྱུར་ལ། །དེ་ཕྱིར་ཞི་གནས་འགྲུབ་པའི་ཕྱིར། །ཡང་ནས་ཡང་དུ་འབད་པར་བྱ། །ཞི་གནས་ཡན་ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་
ཀྱང་། །ཏིང་འཛིན་གྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་གནས། །དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །རྣལ་འབྱོར་ཞི་གནས་འགྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་དང་། རང་གཞན་གྱི་དོན་གཉིས་གང་བསྒྲུབ་ཀྱང་། མངོན་ཤེས་ཡོད་ན་ས་ཆོད་ཆེན་པོ་འབྱུང་བས། མངོན་ཤེས་འཆར་པའི་གཞི་ནི་ཞི་གནས་ཡིན་པས། དེ་བསྒྲུབ་པ་ལ་འབད་པར་བྱས་ན་འགྲུབ་ཀྱི་ལེ་ལོ་བྱས་ན་འགྲུབ་པ་མིན། ཞི་གནས་མ་འགྲུབ་པར་དུ་མངོན་ཤེས་ཀྱང་འབྱུང་བར་མི་འགྱུར་བས། དེའི་ཕྱིར་ཞི་གནས་བསྒྲུབ་ཕྱིར་ཡང་ནས་ཡང་དུ་འབད་དགོས། ཞི་གནས་ཀྱི་རྒྱུ་ཚོགས་མེད་ན་ཡང་ཡུན་རིང་འགྲུབ་པར་མི་འགྱུར་བས། དེའི་ཕྱིར་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་གསུངས་པའི་སྤང་བར་བྱ་བ་དང་། སྔོན་དུ་འགྲོ་བ་དང་། ལྡོག་པར་བྱ་བ་དང་། གདུངས་བ་བཅད་པ་དང་། ཡིད་འབྱུང་བར་བྱ་བ་དང་། ཡོན་ཏན་རྗེས་སུ་དྲན་པ་དང་། བརྩོན་པར་བྱ་བ་དང་། ཟུང་དུ་འབྲེལ་བར་བྱ་བ་དང་། གནས་པ་ཐབས་ཀྱི་ཡན་ལག་རྣམས་དང་། གཞན་ཡང་ཉན་ས་ནས་ཞི་གནས་ཀྱི་ཡན་ལག་གི་ཚོགས་བཅུ་གསུམ་གསུངས་པ་སོགས་ཤེས་ནས་བསྒྲུབ་ན་ལེགས་མོད། འོན་ཀྱང་དེ་དག་རྣམས་ཀྱི་ནང་ནས་གཙོ་བོ་ཚུལ་
ཁྲིམས་ཀྱི་ཡན་ལག་དང་། འདོད་པ་ཆུང་བ། ཆོག་ཤེས་པ། དབེན་པར་གནས་པ་བཞི་ཅིས་ཀྱང་དགོས་པར་གསུངས་པས། རྒྱུ་ཚོགས་དེ་དག་ལ་ལེགས་པར་གནས་ནས། ལུས་གནད་རྣམ་སྣང་ཆོས་བདུན་ནམ། ཡང་ན་ཙོག་བུ་སོགས་གང་བདེར་གནས་ནས། ལུས་དྲང་པོར་བསྲངས་ཏེ་ཤེས་པ་གཞན་དུ་མ་ཡེངས་པ་བྱས། ཐུབ་དབང་གི་སྐུ་སོགས་དམིགས་པ་གང་རུང་གཅིག་གསལ་བཏབ་ལ། ཡིད་དམིགས་རྟེན་དེ་ཐོག་ཏུ་གཞག །བཞག་ནས་དམིགས་པ་དེ་ཉིད་མ་བརྗེད་པར་ཡིད་ལ་ཐུ་རེ་དྲན་པར་བྱ། དེའི་ཚེ་བྱིང་རྒོད་ཀྱིས་དྲན་པ་ཉམས་པ་བྱུང་ན་དེ་མ་ཐག་ཤེས་པར་བྱས་ནས་སླར་དམིགས་པ་ལ་འདོགས་དགོས། དེ་ལྟར་དྲན་ཤེས་གཉིས་ཀྱིས་བསྐྱངས་པས། ནམ་ཞིག་བྱིང་རྒོད་གཉིས་དང་བྲལ་ནས། ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་བརྒྱན་པའི་ཞི་གནས་མཚན་ཉིད་པ་ཐོབ་ཚེ། མངོན་ཤེས་ཀྱང་ཐོབ་བར་འགྱུར་རོ། །ཡང་གཞུང་བཟང་པོ་དེ་ལྟར་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་ནི་འདི་ལྟ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་འང་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀ་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །
དངོས་པོ་རང་ལས་མི་སྐྱེ་ཞིང་། གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ཀྱིས་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །སྟོང་ཉིད་བདུན་ཅུའི་རིགས་པ་དང་། །དབུ་མ་རྩ་བ་སོགས་ལས་ཀྱང་། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །སྟོང་པ་ཉིད་དུ་གྲུབ་བཤད་པ། །གང་ཕྱིར་གཞུང་ནི་མང་གྱུར་པས། །དེ་ཕྱིར་འདིར་ནི་མ་སྤྲོས་ལ། །གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ། །བསྒོམས་པའི་དོན་དུ་རབ་ཏུ་བཤད། །དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པ་ནི་བསྒོམས་པ་ཉིད། །འདི་ནི་ཤེས་རབ་བསྒོམ་པ་ཡིན། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་བཞིན། །ཤེས་རབ་དེ་ཉིད་རིགས་དཔྱད་པ། །རྣམ་རྟོག་མེད་པར་དེ་བསྒོམ་བྱ། །རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །དེ་ལྟར་ཡང་ནི་བཅོམ་ལྡན་གྱིས། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །མི་རྟོག་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་
ལས་ཀྱང་། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམ་གྱུར་ན། །རྣམ་རྟོག་བགྲོད་དཀའ་ལས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པས། །རང་བཞིན་མེད་པར་ཤེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །དེ་ལྟར་དེ་ཉིད་བསྒོམས་བྱས་ན། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །ཞེས་གསུངས་པ་ལྟར། ཐོག་མར་ལྷག་མཐོང་གི་རྒྱུ་ཚོགས། བླ་མ་མཚན་ལྡན་ལ་ལྷག་མཐོང་གི་གདམས་པ་ཡང་ཡང་ཞུས་ནས་ཉན་པ་དང་། དེ་དོན་ལ་ཡང་ཡང་བསམ་པ་དང་། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ་དང་། བསག་སྦྱང་ལ་ཡང་ཡང་འབད་པར་བྱ། དེ་ནས་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་དྲང་པོར་བྱ། དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་ཆོས་ཀུན་སྐྱེ་བ་མེད་པར་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ལ་ཤེས་རབ་ཟེར་བས། དེ་ཤེས་པར་བྱ་ཚུལ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡོད་པ་ལས་སྐྱེས་སྙམ་ན། དཔེར་
ན་མྱུ་གུ་དེ་རྒྱུའི་དུས་ཡོད་ན། གྲུབ་ཚར་ཟིན་པས་སྐྱེ་མི་དགོས། སྐྱེ་དགོས་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྲོ་དགོས་པའི་ཕྱིར་རོ། །མེད་པ་ལས་སྐྱེས་སྙམ་ན། དེ་ཡིན་ན་ནམ་མཁའ་ལ་མེ་ཏོག་སྐྱེ་དགོས་ཀྱང་མི་སྐྱེ་བའི་ཕྱིར་རོ། །ཡོད་མེད་གཉིས་ཀ་ལས་སྐྱེས་སྙམ་ན། སྔར་བཤད་པའི་ཉེས་པ་གཉིས་ཀར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡོད་མིན་མེད་མིན་ལས་སྐྱེས་སྙམ་ན། དེ་འདྲ་སྔར་ཡང་སྐྱེས་པ་མ་མཐོང་ལ། ཕྱིན་ཆད་ཀྱང་སྐྱེ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་དཔྱད་ན་ཆོས་ཐམས་ཅད་སྐྱེ་བ་མེད་པར་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་འགྱུར། ཕྱི་ནང་གི་དངོས་པོ་འདི་དག་ཐམས་ཅད་རང་ལས་རང་སྐྱེས་སྙམ་ན། མི་སྐྱེ་སྟེ་དཔེར་ན་མི་ཞིག་རང་ལས་རང་སྐྱེ་མི་སྲིད་པ་ལྟར། ཕྱི་ནང་གི་དངོས་པོ་རྣམས་ཀྱང་རང་ལས་རང་སྐྱེ་མི་སྲིད། གལ་ཏེ་སྐྱེས་ན་བསྐྱེད་བྱ་སྐྱེད་བྱེད་གཉིས་གཅིག་ཏུ་འགྱུར་པའི་ཕྱིར་རོ། །གཞན་ལས་སྐྱེས་སྙམ་ན། དཔེར་ན་བུ་ཆུང་ཞིག་ཕ་མའི་ཁུ་ཁྲག་ལས་སྐྱེས་ན། རྒྱུ་ཁུ་ཁྲག་གི་དུས་ན་འབྲས་བུ་བུ་ཆུང་དམིགས་དགོས་ཀྱང་། དེའི་དུས་མི་དམིགས་པའི་ཕྱིར་རོ། །གལ་ཏེ་འབྲེལ་མེད་གཞན་ལས་སྐྱེ་ན། རྐང་པ་ལས་ལག་པ། ལག་པ་ལས་རྐང་པ། མེ་ལས་ཆུ། ཆུ་ལས་མེ་སྐྱེས་པ་སོགས། རྒྱུ་མཐུན་མི་མཐུན་ཐམས་ཅད་ལས་ཐམས་ཅད་སྐྱེས་དགོས་
ཏེ། དེ་མི་སྐྱེ་བའི་ཕྱིར་རོ། །བདག་གཞན་གཉིས་ཀ་ལས་སྐྱེས་སྙམ་ན། སྔར་བདག་གཞན་རེ་རེ་བ་ལ་དཔྱད་ཚེ་སྐྱེ་བ་མེད་པར་ཁེག་ཟིན་པའི་ཕྱིར་རོ། །རྒྱུ་མེད་ལས་སྐྱེས་སྙམ་ན། དེ་ཡིན་ན། འཇིག་རྟེན་པ་རྣམས་སྟོན་ཐོག་འབྱུང་བའི་ཕྱིར་ཞིང་ལས་ལ་མ་འབད་ན་ཡང་སྐྱེ་དགོས་ཏེ། མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་དཔྱད་ཚེ་ཕྱི་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པར་སྟོང་པ་ཉིད་དུ་ཤེས་པར་འགྱུར་རོ། །ཡང་ཆོས་ཐམས་ཅད་གཅིག་ཏུ་མེད་དེ། ཆ་བཅས་ཡིན་པའི་ཕྱིར་རོ། །ཐ་དད་དུ་མེད་དེ་ཆ་རྣམས་སོ་སོར་བསལ་བའི་ཤུལ་ན་མི་དམིགས་པའི་ཕྱིར་རོ། །གཞན་ཡང་སྟོང་ཉིད་བདུན་ཅུའི་རིགས་པ་དང་། དབུ་མ་རྩ་བ་སོགས་གཞུང་མང་པོ་ནས་དངོས་པོ་རྣམས་གདོད་མ་ནས་སྟོང་པ་ཉིད་དུ་གྲུབ་པར་བཤད་པ་ལ་རྒྱ་ཆེར་བལྟ་ཞིང་ལྟ་བའི་ཕུ་ཐག་ཆོད་པར་བྱ་དགོས་པ་ཞལ་འཕང་མཛད་ནས་མ་སྤྲོས། འདིར་ལུང་རིགས་ཀྱིས་གྲུབ་པའི་གྲུབ་མཐའ་ཙམ་ཞིག་བདག་མེད་པ་བསྒོམ་པའི་དོན་དུ་རབ་ཏུ་བཤད་པ་ཡིན། དེ་ལྟ་བས་ན་སྔར་རིགས་པས་དཔྱད་ཚེ་ཆོས་ཀུན་ངོ་བོ་རྡུལ་ཙམ་མི་དམིགས་པས་ན། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མི་དམིགས་པ་སྟོང་པ་ཉིད་དུ་འདུག་སྙམ་དུ་ཡང་ནས་ཡང་དུ་དཔྱད་ནས་བསྒོམ་པ་དེ་ནི། ཤེས་རབ་སྟོང་པ་ཉིད་བསྒོམ་པ་ཡིན་ནོ། །འོ་ན་དེ་ལྟར་དཔྱད་ནས་ཆོས་ཐམས་
ཅད་རང་བཞིན་མེད་པར་ངེས་པར་བྱས་ནས་སྟོང་པ་ཉིད་དུ་བསྒོམ་པའི་ཤེས་རབ་དེ་ཉིད་ལ་འཛིན་པ་ཇི་ལྟར་སྤོང་སྙམ་ན། ཤེས་རབ་ཀྱིས་ཆོས་རྣམས་ཀྱི་རང་བཞིན་བཙལ་ནས་མ་རྙེད་པ་དེ་བཞིན་དུ། ཤེས་རབ་དེ་ཉིད་ཀྱང་རིགས་པས་དཔྱད་ནས། རང་བཞིན་མེད་པར་རྟོགས་པས། རྣམ་པར་རྟོག་པ་མེད་པ་དེ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུར་ངེས་པས་ཡུལ་ཡུལ་ཅན་ཐམས་ཅད་སྟོང་ཉིད་འབའ་ཞིག་ཏུ་གྱུར་པའི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བྱས། རྟོག་མེད་དུ་བསྒོམ་དགོས་པའི་ཚུལ་མདོ་རྒྱུད་ཀྱི་ལུང་གིས་བསྒྲུབས་ནས་རྒྱས་པར་གསུངས་པ་ཡིན་ལ། དེ་ལྟར་ལུང་དང་རིགས་པ་མི་འདྲ་བ་དེ་དག་གི་སྒོ་ནས། ཆོས་རྣམས་སྐྱེ་བ་མེད་པས་རང་བཞིན་མེད་པར་ངེས་པར་བྱས་ནས། དེའི་ངང་དུ་རྣམ་རྟོག་གཞན་མེད་པར་བྱས་ནས་བསྒོམ་དགོས་པའི་ཚུལ་ཅུང་ཟད་མདོར་བསྡུས་ནས་གསུངས་པའོ། །དེ་ལྟར་བསྒོམས་ན་རིམ་གྱིས་དྲོད་སོགས་དང་། ས་དང་པོ་རབ་ཏུ་དགའ་བ་སོགས་ས་ལམ་རྣམས་ཐོབ་ནས་སངས་རྒྱས་བྱང་ཆུབ་ཡུན་མི་རིང་བར་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་སྨྲས་པའོ།། ༈ །།ཡང་སྐལ་བཟང་གི་སློབ་བུ་བློ་བཟང་བསྟན་འཛིན་གྱིས། ཁོ་བོ་ལ་བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་དམ་གྱི་གཙོ་བོ་ནང་སེམས་རྒྱུད་གྱོང་པོ་འདི་མྱུར་དུ་ཐུལ་བའི་གདམས་པ་ཐུན་མོང་མ་ཡིན་པ་ཤིན་ཏུ་ཟབ་པ་ཞིག་བསྟན་
དུ་གསོལ་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། ཕ་སངས་རྒྱས་ཀུན་ལྷག་བཀའ་དྲིན་ཅན། །བུ་བདག་ལ་དར་གཅིག་སྙན་གསན་ཞུ། །བློ་རྩེ་གཅིག་གུས་པས་ཕྱག་དང་བཅས། །ཕ་བླ་མའི་དྲུང་དུ་འདི་སྐད་ཞུ། །བདག་ཚེ་སྟོད་ཡད་མ་ཡུད་ལ་སོང་། །ཚེའི་བར་ལ་འདོད་ཡོན་དཀོར་གྱིས་བསླུས། །ད་ཚེ་ལྷག་ཅི་ཙམ་ཡོད་མ་ཤེས། །རང་ཆུང་ངུ་མ་ལ་སྐྱེས་ནས་བཟུང་། །གཞན་རྒན་གཞོན་མང་པོ་ཤི་བ་མཐོང་། །ང་རང་ཡང་ནམ་འཆི་ཆ་མི་འདུག །དུས་དོ་ནུབ་ཡིན་ཡང་འཆི་ཉེན་གདའ། །དེ་བསམས་ནས་མགོན་ཁྱོད་ཞབས་དྲུང་བསྙེགས། །ཕ་བླ་མས་རྗེས་བཟུང་སྤྲང་པོ་ངས། །ཆོས་ཟབ་མོ་སྟོང་ཉིད་མཚོན་རྣོན་གྱིས། །དགྲ་བདག་འཛིན་ཕུང་རྒན་བཏུལ་ན་སྙམ། །དེ་འདུལ་བའི་འདུལ་ལུགས་ཇི་ལྟར་བྱེད། །སེམས་ངོ་བོ་ཆོས་སྐུར་མ་རྟོགས་པར། །བློ་མ་རིག་འཁྲུལ་བས་འཁོར་བར་འཁྱམས། །ནད་ཉོན་མོངས་ཚན་ཆེས་མནར་ལགས་པས། །འདི་འཇོམས་པའི་ཆོས་ཀྱི་སྨན་མཆོག་ཞུ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །མགོན་ཁྱེད་ཀྱི་ཐུགས་དམ་ཀུན་གྱི་མཐིལ། །གནད་ཟབ་མོའི་ནང་ནས་ཡང་ཟབ་ཅིག །ཐུགས་བརྩེ་བས་བདག་ལ་སྩོལ་བར་ཞུ། །ཕ་བླ་མའི་བཀའ་བཞིན་བསྒྲུབ་པ་ལ། །གེགས་གོལ་ས་མེད་པའི་སྨོན་ལམ་འཚལ། །ཉམས་རྟོགས་པའི་ཡོན་ཏན་ཁྱད་
པར་ཅན། །དུས་རིང་མིན་སྐྱེ་བར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། འོ་བྱང་ཆུབ་ཀྱི་སེམས་ལ་མངའ་བརྙེས་པའི་བླ་མ་གསེར་གླིང་པ་ལས། ཇོ་བོ་རྗེས་གསན་པའི་ཐེག་པ་ཆེན་པོའི་བློ་སྦྱོང་གི་རྩ་ཚིག་ལས། རྨི་ལམ་སྣང་བ་སེམས་ཀྱི་ངོ་བོར་བསྟན། །སེམས་ཉིད་སྒྱུ་མ་ཇི་བཞིན་སྟོང་པར་རྟོགས། །སྣ་ཚོགས་སྤྲིན་བཞིན་སྟོང་པའི་ངང་ལས་བྱུང་། །ཆུ་ཡི་ཆུ་བུར་བཞིན་དུ་དབྱེ་བ་མེད། །དེ་ཕྱིར་བརྗོད་མེད་སྤྲོས་བྲལ་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ནི། དང་པོ་དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲངས་ཏེ། སྐྱབས་སེམས་བླ་མའི་གསོལ་འདེབས་སྔོན་དུ་བཏང་། དེ་ནས་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་གཏན་ལ་དབབ། སྒྱུ་མའི་དཔེས་སེམས་ཉིད་སྟོང་པར་གཏན་ལ་དབབ། སྤྲིན་གྱི་དཔེས་སྟོང་པ་ལས་སྣང་བ་འབྱུང་བར་གཏན་ལ་དབབ། ཆུ་བུར་གྱི་དཔེས་སྣང་སྟོང་དབྱེར་མེད་དུ་གཏན་ལ་དབབ། ནམ་མཁའི་དཔེས་བརྗོད་མེད་སྤྲོས་བྲལ་དུ་གཏན་ལ་དབབ། དེ་ལྟར་གཏན་ལ་དབབ་ནས་དངོས་གཞི་མཉམ་གཞག་སྤྲོས་བྲལ་བསྒོམས། རྗེས་སུ་བསྔོ་བ་སྨོན་ལམ་བྱ། ཐུན་མཚམས་སུ་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་སྣང་སྟོང་དུ་ཤེས་པར་བྱ་ཞིང་། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་བྱམས་སྙིང་རྗེ་ཆེན་པོ་བསྒོམས་
ཤིང་བདག་བས་གཞན་གཅེས་ཀྱི་བསམ་སྦྱོར་ལ་འབད་པར་བྱའོ། །དེ་ལྟར་བྱས་ན་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱ་བར་འགྱུར་རོ། །སླར་ཡང་ཚིགས་སུ་བཅད་ནས་སྨྲས་པ། བདེ་བའི་མལ་དུ་ལུས་གནད་བསྲངས། །སྐྱབས་སེམས་གསོལ་འདེབས་སྔོན་དུ་བཏང་། །རྨི་ལམ་བཞིན་དུ་ཡུལ་སྣང་ཀུན། །རང་གི་སེམས་སུ་གཏན་ལ་དབབ། །སྒྱུ་མ་བཞིན་དུ་སེམས་ཉིད་ཀྱང་། །སྟོང་པ་ཉིད་དུ་གཏན་ལ་དབབ། །མཁའ་ལ་སྤྲིན་བཞིན་སྟོང་པ་ལས། །སྣང་བ་འབྱུང་བར་གཏན་ལ་དབབ། །ཆུ་བུར་བཞིན་དུ་སྣང་སྟོང་གཉིས། །དབྱེར་རུ་མེད་པར་གཏན་ལ་དབབ། །ནམ་མཁའི་དཔེ་བཞིན་བརྗོད་དུ་མེད། །སྤྲོས་དང་བྲལ་བར་གཏན་ལ་དབབ། །དེ་ལྟར་གཏན་ལ་ཕབས་པའི་མཐར། །དངོས་གཞི་སྤྲོས་བྲལ་ངང་ལ་བཞག །རྗེས་སུ་བསྔོ་བ་སྨོན་ལམ་བྱ། །ཐུན་མཚམས་རྣམས་སུ་ཆོས་རྣམས་ཀུན། །སྒྱུ་མ་ལྟ་བུར་ཤེས་པར་བྱ། །དེ་ལྟར་མ་རྟོགས་འཁོར་འཁྱམས་ཀྱི། །འགྲོ་ལ་བྱམས་དང་སྙིང་རྗེ་སྒོམས། །གྱོང་དང་ཕམ་ཁ་རང་གིས་ལེན། །ཁེ་དང་རྒྱལ་ཁ་གཞན་ལ་སྟེར། །སྙམ་པའི་བསམ་པ་ཤུགས་དྲག་བསྐྱེད། །འཕྲལ་དུ་རང་གིས་གང་ནུས་རྣམས། །ལག་ལེན་ལ་ཡང་ཅི་ཐེབས་བྱ། །དེ་ལྟར་བྱང་ཆུབ་སེམས་གཉིས་པོ། །ཟུང་འབྲེལ་ཉམས་སུ་བླངས་གྱུར་ན། །སྲིད་ཞིའི་མཐའ་ལ་
མི་གནས་པར། །རྣམ་མཁྱེན་སངས་རྒྱས་ཐོབ་པར་འགྱུར། །ཞེས་སྨྲས་པའོ།། ༈ །།ཡང་མདོ་རྒྱུད་ནས་བཤད་པའི་སློབ་མའི་མཚན་ཉིད་ཐམས་ཅད་ཚང་བའི་སྐལ་ལྡན་གྱི་སློབ་བུ་མཐོ་ལྡིང་དགེ་སློང་ངག་དབང་ཡེ་ཤེས་དང་། བཀྲ་ཤིས་སྒང་གི་དབུ་མཛད་ཟུར་པ་བློ་བཟང་ཚུལ་ཁྲིམས། བློ་བཟང་དགེ་ལེགས་དང་བློ་བཟང་བསྟན་འཛིན་བཞི་ཡིས། སྔ་ཕྱི་རིམ་པ་བྱས་སྐུ་གསུང་ཐུགས་རྟེན་གསེར་དངུལ་ཇ་མར་གོས་དར་སོགས་མང་པོ་ཕུལ། ཉིན་གཅིག་ཁོང་བཞི་པོ་འོང་ནས། ཇ་དཀར་དང་འབྲས་ཀྱི་འཚོ་བ་དྲངས་ནས། དགེ་སློང་ངག་དབང་ཡེ་ཤེས་ཀྱིས་རབ་ཏུ་གུས་པའི་སྒོ་ནས། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་འདི་ཕྱིའི་གཏན་གྱི་སྐྱབས་མགོན་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་རྩ་བའི་བླ་མ་རིན་པོ་ཆེ་ལ་ཞུ་བ། བདག་ཅག་རྣམས་ཀྱི་སྐྱེ་འཆི་འཁོར་བའི་སྡུག་བསྔལ་ལ་བསམ་ན་བློ་བདེ་བ་ཞིག་མ་མཆིས་ཀྱང་། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་རྗེ་བཙུན་དེད་དཔོན་ཆེན་པོ་ཁྱེད་དང་མཇལ་བ་ཙམ་གྱིས་བློ་བདེ་ཞིང་། གསུང་གི་བདུད་རྩི་མྱོང་ཚེ། རང་གིས་ཉམས་སུ་ལེན་ནུས་ན་ཡར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདུག་སྙམ། སྔར་མེད་པའི་དགའ་བདེས་ལུས་སེམས་ཁྱབ་པ་བྱུང་མོད། འོན་ཀྱང་སྔར་ཁྱེད་ཀྱིས་སྐལ་བཟང་གི་གདུལ་བྱའི་གྲྭ་པ་བུ་སློབ་མང་པོ་ལ་ཞལ་
གདམས་དང་ཉམས་མགུར་མང་པོ་བསྩལ་པ་ཐོས། ད་ནི་ཁྱེད་ཉི་མ་བཞིན་དུ་ཕྱོགས་གཅིག་ནས་མི་བཞུགས་པར་འགྲོ་བའི་དོན་དུ་ཕྱོགས་གཞན་དུ་ཕེབས་འགྲོ་བས་ན། ཡང་ཡང་མི་མཇལ་བར་གདའ། ད་ལན་མཇལ་བའི་དུས་འདིར་ངེད་འདིར་འཚོགས་རྡོ་རྗེ་སྤུན་བཞི་པོ་ལ། ཐུགས་བརྩེ་བས་ཞལ་གདམས་ཟབ་མོ་ཞིག་སྩོལ་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། མཉམ་གཞག་ནམ་མཁའ་ལྟ་བུ་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུ་ཡིས། །ཏིང་ངེ་འཛིན་གྱི་ངང་ཉིད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་བསོགས། །ཆོས་རྣམས་སེམས་ཀྱི་རོལ་པ་དང་། །སེམས་ཉིད་སྟོང་པ་ཉིད་དུ་རྟོགས། །སྟོང་གསལ་ངང་ལས་ཤེས་བྱའི་ཆོས། །ཐམས་ཅད་མ་འདྲེས་ས་ལེར་མཁྱེན། །ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །གཟུགས་སྐུ་འགྲོ་བའི་དོན་ལ་བྱོན། །འཁོར་བ་ཇི་སྲིད་མ་སྟོངས་བར། །དེ་སྲིད་འགྲོ་བའི་དོན་ལ་བརྩོན། །སྐྱབས་མགོན་ཡིད་བཞིན་ནོར་བུ་ཡི། །སྙན་གྱི་དབང་པོ་དར་གཅིག་གསོན། །བདག་ཅག་རྡོ་རྗེ་སྤུན་བཞི་པོས། །སྔོན་ཆད་བསམ་བློ་འདི་ལྟར་བཏང་། །མི་ལུས་རི་དྭགས་ཉམས་ཆུང་པོ། །ཆུང་ངུ་མ་ལ་སྐྱེས་ནས་བཟུང་། །ལོ་དང་ཟླ་བའི་རྔོན་པས་བདས། །ཞག་དང་ཟ་མའི་ཤ་ཁྱིས་དེད། །རྒས་པས་དབུགས་འཚངས་བྱིན་པ་འདར། །ན་བའི་མདའ་ཡིས་
གློ་བརྡེག་བྱས། །འཆི་བའི་གཡང་དུ་ལྷུང་ལ་ཁད། །དེ་ལ་བསམ་ཚེ་སྐྲག་པ་སྐྱེས། །ངན་སོང་གསུམ་གྱི་མེ་འོབས་སུ། །ཆུད་ན་སྡུག་བསྔལ་བཟོད་པར་དཀའ། །མཐོ་རིས་ལྷ་མིའི་ཚེར་དོང་དུ། །ལྷུང་ན་བདེ་བའི་གོ་སྐབས་མེད། །འདོད་ཡོན་དཀོར་ནག་དུག་གི་ཆུ། །འཐུང་ན་ཐར་པའི་སྲོག་རྩ་གཅོད། །འཁོར་བའི་སྡུག་བསྔལ་བསམ་ཙ་ན། །སྔར་ལས་ལྷག་པའི་འཇིགས་སྐྲག་སྐྱེས། །ད་ནི་ཅི་དྲག་སྙམ་ཡོད་དུས། །རྗེ་བཙུན་མཉན་པ་ཁྱེད་དང་མཇལ། ཁྱེད་ཀྱི་ཐུགས་རྗེའི་གྲུ་ཆེན་ལ། །བརྟེན་ནས་འཁོར་བའི་དུག་གི་ཆུ། །ད་རེས་བརྒལ་ནས་ཕ་རོལ་གྱི། །ཐར་པའི་གྲོང་ཁྱེར་ཉམས་དགའ་རུ། །འགྲོ་བའི་སྐལ་པ་འབྱུང་བ་ལ། །བསམ་པས་སེམས་ལ་དགའ་བ་སྐྱེས། །མགོན་ཁྱོད་གསུང་གི་བདུད་རྩི་ཡིས། །ཆོས་འདོད་སྐོམ་གྱི་གདུངས་པ་བསལ། །ཡིད་ཀྱི་རེ་བ་རྫོགས་པའི་མོད། །རབ་ཏུ་དགའ་ཞིང་སྤྲོ་བ་སྐྱེས། །ད་ནི་བླ་མ་རིན་པོ་ཆེ། །ཞུ་བ་དོན་གཞན་མ་ལགས་ཏེ། །བདག་གཞན་དེང་ནས་བྱང་ཆུབ་བར། །འབྲལ་མེད་རྗེས་སུ་བཟུང་དུ་གསོལ། །བདག་ཅག་རྡོ་རྗེ་སྤུན་བཞི་པོ། །ཐོས་པས་ངན་འགྲོར་མི་ལྟུང་ཞིང་། །བསྒོམ་པས་འཁོར་བར་མི་འཁྱམས་པའི། །ཞལ་གདམས་ཟབ་མོ་སྩལ་དུ་གསོལ། །ཞེས་སྨྲས་པའི་ལན་དུ། ཀྱེ་སྐལ་ལྡན་རིགས་ཀྱི་བུ་རྣམས་སྤྱིར་ཞལ་གདམས་ཟེར་བ་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་དམ་པ་གོང་མ་རྣམས་ཀྱི་ཞལ་ནས་ཞལ་བརྒྱུད། སློབ་མ་ཡང་སློབ་
རྣམས་ལ་ཡང་ནས་ཡང་དུ་གདམས་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལམ་རིམ་བློ་སྦྱོང་སོགས་བདག་གིས་གང་ཐོས་པ་རྣམས་སླར་རང་གི་ཁ་ནས་ཁྱེད་རྣམས་ལ་གདམས་ཚར་སོང་བ། དེ་རྣམས་ལ་ངའི་ཞལ་གདམས་ཞེས་བཤད་ཀྱང་ཆོག་པས། དེ་ལས་ལྷག་པའི་ཞལ་གདམས་གསར་པ་ཞིག་ད་བཤད་རྒྱུ་མེད་པས། དེ་ལུགས་བཞིན་ཉམས་སུ་བླང་ན་ཆོག་མོད། འོན་ཀྱང་གལ་ཆེ་ན་འབུམ་ལ་བརྒྱ་ཚར་ཐོན་བྱ་བ་ཡིན་པས། སླར་དེ་དག་རྣམས་ཀྱི་ནང་ནས་གལ་ཆེ་བ་ལ་གསལ་འདེབས་ཞུ་བས་གསན་པར་འཚལ། དེ་ཡང་སྙིགས་དུས་ཀྱི་ཚེ་ཐུང་ནམ་འཆི་ལ་ངེས་པ་མེད། གཞན་མང་པོ་ཞིག་ཤེས་ཀྱང་བསྒོམ་ལོང་མེད་ཚུལ་སོམས་ལ། དུས་དང་རྣམ་པ་ཐམས་ཅད་དུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་ཆོས་གཅིག་ཆོག །དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ངོ་བོ་སྟོང་གསལ་འཛིན་མེད་ཟང་ཐལ་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་གཞི་མ། མཐའ་བྲལ་ཆོས་སྐུ་ཀློང་ཡངས་ཆེན་པོའི་ངང་དུ་བཏང་བཞག་མེད་པར་གློད་ལ་གུ་ཡངས་ཁྱབ་བརྡལ་གྱི་དྲན་པས་མ་བརྗེད་པར་སྐྱོངས་དང་། ནམ་ཞིག་མ་རིག་ཉོན་མོངས་རྟོགས་ཚོགས་ཀྱི་མུན་པ་རིམ་གྱིས་མཐའ་ནས་སངས་ཏེ། གནས་ལུགས་སྟོང་གསལ་གྱི་ནམ་མཁའ་ཡངས་པ་ལངས་ནས་མཐའ་དབུས་གསལ་འགྲིབ་མེད་པར་གྱུར་པའི་ཚེ། དེའི་ངང་དུ་སྣང་སེམས་ཐམས་ཅད་འདྲེས་ནས། སྣང་བ་ཕྱི་རུ་མ་ལུས། སེམས་ཉིད་ནང་དུ་
མ་ལུས། སྣང་བས་སྟོང་པ་མ་བསྒྲིབ། སྟོང་པས་སྣང་བ་མ་བཀག །སྣང་སྟོང་ཟུང་འཇུག་ཡངས་པ་ཆེན་པོའི་ཀློང་དུ་ནམ་ཡང་མེར་གྱིས་སོང་ནས་གནས་པ་ཞིག་བྱུང་ན། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྩད་ནས་སངས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཚིག་དོན་ཐམས་ཅད་ས་ལེར་སེམས་ལ་འཆར་ཞིང་། འཁོར་འདས་ཡོངས་ལ་ལྟད་མོ་བལྟ་ནུས་པའི་ཆོས་གཅིག་ཤེས་ཀུན་གྲོལ་བྱ་བ་འདི་ཀ་ལགས། དེས་ན་ཆོས་དེ་སྟོན་པའི་བླ་མ་དུས་གསུམ་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བས། དེ་ཉིད་རྒྱལ་ཀུན་འདུས་པའི་ངོ་བོར་བལྟས་ལ། མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་སྙིང་ནས་ཐོབ་ལ། དེ་ནས། བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །གསུངས་པ་དང་། དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམ། །ཅིར་ཡང་ས་ལེའི་ཐུགས་ལ་གསོལ་བ་འདེབས། །གསུངས་པའི་དོན་ལྟར། བླ་མའི་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུ་འཁོར་འདས་ཡོངས་ལ་ཁྱབ་བརྡལ་ཕྱོགས་རིས་མེད་པ་གསལ་སྟོང་སྤྲོས་པ་དང་བྲལ་བ་དུས་གསུམ་འཕོ་འགྱུར་མེད་པར་དུས་རྟག་ཏུ་ས་ལེར་གནས་པ་དང་། རང་གི་སེམས་གཉིས་ནམ་མཁའ་ལ་ནམ་མཁའ་འདྲེས་པ་ལྟར་བསྲེས་ལ། ཐུགས་ཡིད་གཅིག་འདྲེས་ཀྱི་མཉམ་གཞག་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཆེན་པོ་དེའི་ངང་དུ་ཉིན་མཚན་ཁོར་ཡུག་ཏུ་ཞོག་ལ། ཡང་མི་གནས་ཤིང་སྐྱོ་
བའི་དུས་སུ། བླ་མ་ལ་གསོལ་འདེབས་གྱིས་ལ། ཐུགས་ཡིད་བསྲེས་པའི་ངང་ལ་བློ་ལྷོད་ཀྱིས་གློད་ལ་རྩེ་གཅིག་ཏུ་མཉམ་པར་ཞོག །ཡང་བྱིང་རྨུགས་གཉིད་གསུམ་བྱུང་དུས་སུ་ཡང་སྐད་གསང་མཐོན་པོས་བླ་མ་ལ་གསོལ་འདེབས་གྱིས་ལ། རིག་པ་ནམ་མཁའ་ལྟར་ཕྱོགས་བཅུར་ཐོངས་ལ་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་ཐོངས་ལ། གུ་ཡངས་ཁྱབ་བརྡལ་གྱི་དྲན་པས་རྒྱངས་སོ་ཚུགས་ལ་མ་ཡེངས་པར་ཕྱལ་ལེ་ཁ་ཡན་བྱུང་རྒྱལ་དུ་སྐྱོངས་ཞེས་ཚིགས་སུ་བཅད་ནས་སྨྲས་པ། བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་གསོལ་བ་འདེབས། །ཐུགས་དགོངས་ནམ་མཁའི་མཐའ་དང་མཉམ། །འཁོར་འདས་ཀུན་ལ་ཁྱབ་ཅིང་བརྡལ། །དུས་གསུམ་བསྒྲིབ་མེད་ས་ལེར་མཁྱེན། །རྒྱལ་ཀུན་ཐུགས་ལ་གསོལ་བ་འདེབས། །སེམས་ཉིད་དག་པ་ཆོས་དབྱིངས་ཀྱི། །ཞིང་ཁམས་མཐའ་ཡས་མུ་མེད་ན། །བཞུགས་པའི་བླ་མ་རྒྱལ་ཀུན་དང་། །ཐུགས་ཡིད་འདྲེས་པར་བྱིན་གྱིས་རློབས། །མདོ་རྒྱུད་བསྟན་བཅོས་འོ་མའི་མཚོ། །བླ་མས་རྣམ་དཔྱོད་ཕྱག་གིས་བསྲུབས། །མན་ངག་མར་གྱི་ཉིང་ཁུ་བྱུང་། །བདག་ལ་བསྩལ་པ་བཀའ་དྲིན་ཆེ། །མཆོག་ཐུན་དངོས་གྲུབ་ཀུན་འབྱུང་བའི། །སེམས་ཉིད་ནོར་བུའི་གཏེར་མཛོད་སྒོ། །བླ་མའི་མན་ངག་ལྡེ་མིག་གིས། །ཕྱེས་པས་
བདག་གཞན་དོན་གཉིས་འགྲུབ། །རང་སེམས་ཆོས་དབྱིངས་ཞིང་ཁམས་ན། །འཁོར་འདས་ལྟད་མོ་སྣ་ཚོགས་སྣང་། །སེམས་ལས་ལྟད་མོ་ཆེ་བ་ཞིག །འཇིག་རྟེན་ཁམས་ན་ཡོད་མ་མྱོང་། །འཁོར་འདས་ཆོས་ཀུན་འབྱུང་བའི་གནས། །སེམས་ཀྱི་གནས་ལུགས་ནམ་མཁའ་འདྲ། །ཕྱོགས་རིས་མེད་པའི་མཁའ་ཀློང་དུ། །རྩོལ་སྒྲུབ་མེད་པར་ལྷོད་ཀྱིས་ཞོག །སྣང་བ་བཟང་ངན་ཅིར་སྣང་ཡང་། །ཕྱི་ན་ཡོད་པ་མ་ཡིན་ཏེ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སེམས་ཉིད་སྟོང་པའི་རང་གཟུགས་ཡིན། །ཆོས་ཀུན་གཞི་མ་སེམས་ཉིད་ཀྱང་། །ནང་ན་ཡོད་པ་མ་ཡིན་ཏེ། །ཕྱི་ཡི་ནམ་མཁའ་ཡངས་པ་བཞིན། །འཁོར་འདས་ཀུན་ལ་ཁྱབ་ཅིང་བརྡལ། །ཆོས་ཉིད་ཁྱབ་བརྡལ་ཆེན་པོ་ལ། །འདི་ཞེས་ཚད་བཟུང་མ་མཆིས་པའི། །ངང་ལ་མཐའ་དབུས་མེད་པར་གློད། །གློད་ན་མཁའ་ལྟར་འགྱུར་མེད་གསལ། །ནམ་མཁའ་འདོམ་གྱིས་འཇལ་བ་བཞིན། །ཆོས་དབྱིངས་ཁྱབ་བརྡལ་ཆེན་པོ་ལ། །ཕྱོགས་རིས་གོ་ལེར་མ་གཅོད་ཅིག །བཅད་ན་མཐོ་དམན་གསལ་འགྲིབ་ཡོང་། །མདོར་ན་གང་ཤར་སེམས་ཀྱི་རྩལ། །སེམས་ཉིད་སྟོང་གསལ་ངང་ལ་ཞོག །ནམ་ཡང་སྡུག་བཙིར་མ་བྱེད་པར། །གུ་ཡངས་ཡན་པ་བློ་བདེ་གྱིས། །ཕྱོགས་རིས་མེད་པར་ཀུན་ལ་ཁྱབ། །རྒྱ་ཆད་མེད་པར་བརྡལ་བ་ཡི། །གནས་ལུགས་ཁྱབ་བརྡལ་སྟོང་གསལ་གྱི། །
ངང་ལ་དེ་ལྟར་མཉམ་གཞག་ན། །གློ་བུར་ཉོན་མོངས་རྣམ་རྟོག་སངས། །ཆོས་ཀུན་ཚིག་དོན་སེམས་ལ་འཆར། །འཁོར་འདས་ལྟད་མོ་ཐམས་ཅད་མཐོང་། །བདག་གཞན་དོན་གཉིས་འགྲུབ་པར་འགྱུར། །དོན་དམ་བྱང་ཆུབ་སེམས་མཆོག་ལ། །བརྟེན་ནས་ཆོས་སྐུ་མངོན་དུ་བྱས། །ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །གཟུགས་སྐུས་འགྲོ་དོན་བྱེད་པར་ཤོག །ཅེས་སྨྲས་ཚེ། ཡང་སློབ་བུ་བློ་བཟང་དགེ་ལེགས་ན་རེ། དོན་དམ་བྱང་ཆུབ་སེམས་ཀྱི་ཞལ་གདམས་ཟབ་མོ་དེ་ཐོས་པ་ཙམ་གྱིས་ཀྱང་རིག་པ་གུ་ཡངས་སང་ངེར་སོང་ནས་ལྷག་མཐོང་གི་ཉམས་འཆར་བ་སྙམ་པ་བྱུང་བས་བཀའ་དྲིན་ཤིན་ཏུ་ཆེ། ད་དུང་མཉམ་གཞག་གི་རྗེས་སུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་ཚུལ་གྱི་ཞལ་གདམས་ཤིག་དགོས་ཟེར་བའི་ལན་དུ་འདི་སྐད་སྨྲས་སོ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །གསལ་རིག་སྟོང་གསུམ་དབྱེར་མེད་པའི། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །མཐའ་བྲལ་སྟོང་གསལ་བསྒོམས་རྗེས་སུ། །དེ་ལྟར་གནས་ལུགས་མ་རིག་པས། །མ་རིག་དབང་གིས་ཉོན་མོངས་རྒྱས། །ཉོན་མོངས་དབང་གིས་ལས་ངན་བསགས། །ལས་ངན་དབང་གིས་ལུས་ངན་བླངས། །འཁོར་བའི་སྡུག་བསྔལ་དཔག་མེད་ལ། །རྒྱུན་དུ་སྤྱོད་པའི་སེམས་ཅན་ཀུན། །
རང་གི་ཕ་མར་མ་གྱུར་མེད། །ཀུན་ཀྱང་དྲིན་ཅན་ཤ་སྟག་ཡིན། །དྲིན་ཅན་རྣམས་ལ་བདེ་བ་མེད། །སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ད་ནི་ཀུན་གྱི་སྡུག་བསྔལ་བསལ། །བདེ་ལ་འགོད་སྙམ་གཏོང་ལེན་བྱ། །དབུགས་དེ་ཚུར་ལ་འོང་བའི་དུས། །འགྲོ་བའི་སྡུག་བསྔལ་ལས་ཉོན་རྣམས། །འོད་ཟེར་ནག་པོའི་རྣམ་པ་རུ། །བྱུང་ནས་རང་གི་སྙིང་དབུས་སུ། །ཐིམ་པས་བདག་འཛིན་རྡུལ་དུ་བརླག །མ་གྱུར་འགྲོ་ཀུན་སྡུག་བསྔལ་དང་། །ལས་ཉོན་ཀུན་དང་བྲལ་བར་མོས། །དབུགས་དེ་ཕར་ལ་འགྲོ་བའི་དུས། །རང་གི་བདེ་དགེ་གང་ཡོད་རྣམས། །འོད་ཟེར་དཀར་པོའི་རྣམ་པར་སོང་། །འགྲོ་ཀུན་ལུས་སེམས་ཡོངས་ལ་ཁྱབ། །གནས་སྐབས་ཐམས་ཅད་བདེ་དང་ལྡན། །མཐར་ཐུག་སངས་རྒྱས་ཐོབ་ནུས་པའི། །སྐལ་བ་ཅན་དུ་གྱུར་པར་མོས། །དབུ་མ་རིན་ཆེན་འཕྲེང་བ་ལས། །བདག་ལ་དེ་དག་སྡིག་སྨིན་ཞིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །པཎ་ཆེན་ཤཱཀྱ་ཤྲཱིས། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་སོགས་སྨོན་ལམ་གང་ཤེས་བྱ། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །ཀུན་རྫོབ་བྱང་ཆུབ་སེམས་འདི་ལ། །སློབས་དང་སངས་རྒྱས་ཐོབ་པར་འགྱུར། །ཞེས་སྨྲས་པས། ཡང་སློབ་བུ་བློ་བཟང་བསྟན་འཛིན་གྱིས། འགྲོ་བའི་སྡུག་བསྔལ་བླངས་ནས་མ་སྦྱང་ན་ཆོག་
གམ་ཟེར་བའི་ལན་དུ་མ་སྦྱང་ཡང་ཆོག་ཚུལ་འདི་སྐད་ཅེས་སྨྲས་སོ། །དཔེར་ན་གསེར་འགྱུར་རྩི་མཆོག་གིས། །ལྕགས་རྣམས་གསེར་དུ་བསྒྱུར་བ་བཞིན། །བྱང་ཆུབ་སེམས་གཉིས་རྟེན་འབྲེལ་གྱིས། །སྡུག་བསྔལ་བདེ་བར་འཆར་བར་འགྱུར། །རྨ་བྱའི་ཕོ་བའི་ནུས་པ་ཡིས། །དུག་ཞུ་ཟས་སུ་འགྱུར་བ་བཞིན། །བྱང་ཆུབ་སེམས་གཉིས་ནུས་པ་ཡིས། །གཞན་གནོད་བླངས་ཚད་ཕན་པར་འགྱུར། །ཞིང་ལ་མི་གཙང་ལུད་སྦྱར་ན། །ལོ་ཏོག་ལེགས་པོ་སྨིན་པ་ལྟར། །སྡུག་བསྔལ་བླངས་ནས་བཟོད་ནུས་ན། །སངས་རྒྱ་བ་ལ་ཤིན་ཏུ་ཉེ། །མེ་དཔུང་ཆེན་པོ་འབར་བ་ཡི། །སྟེང་དུ་རྩྭ་ཤིང་བཞག་པ་ལྟར། །བྱང་ཆུབ་སེམས་གཉིས་སྦྱོང་མཁན་ལ། །རྐྱེན་ངན་ན་ཚ་གྲོགས་སུ་འགྱུར། །རྨ་བྱ་དུག་དང་འཕྲད་ཙ་ན། །ཟོས་པའི་སྟེང་དུ་ཟ་བ་བཞིན། །སྡུག་བསྔལ་སྔ་མ་མི་སྤོང་བར། །སྟེང་དུ་སྡུག་བསྔལ་ཆེས་ཆེར་བླངས། །སྡུག་བསྔལ་བདེ་བར་མ་ཤར་ན། །སྡུག་བསྔལ་སྤངས་པས་ག་ལ་ལངས། །སྡུག་བསྔལ་བདེ་བར་ཤར་ཙ་ན། །སྤོངས་ཤིག་ཟེར་ཡང་སྤོང་དོན་མེད། །རྨི་ལམ་སྐབས་ཀྱི་སྡུག་བསྔལ་ལ། །བླང་དང་སྤོང་རྒྱུ་གཉིས་མེད་བཞིན། །སྡུག་བསྔལ་ངོ་བོ་གདོད་ནས་སྟོང་། །སྟོང་པ་ཉིད་ལ་སྤོང་ལེན་ཅི། །སྡུག་བསྔལ་སྤོང་རྒྱུ་མེད་བཞིན་དུ། །ཡོད་སྙམ་སྤོང་བ་སྡུག་བསྔལ་རྒྱུ། །
བདེ་སྡུག་ངོ་བོ་གདོད་ནས་སྟོང་། །སྟོང་ཞིང་སྣང་བ་སྒྱུ་མ་འདྲ། །སྒྱུ་མའི་རྟ་དང་གླང་པོ་སོགས། །སྒྱུ་མ་མཁན་གྱིས་བྱས་པ་ལྟར། །བདེ་སྡུག་བཟང་ངན་སྣོད་བཅུད་ཆོས། །ཐམས་ཅད་རང་གི་སེམས་ཀྱིས་བྱས། །བྱེད་མཁན་སེམས་ཉིད་གདོད་ནས་སྟོང་། །སྟོང་གསལ་ནམ་མཁའ་ཡངས་པ་འདྲ། །དེ་ལ་དོན་དམ་བྱང་ཆུབ་ཀྱི། །སེམས་ཟེར་དེ་ཡི་ངང་ལ་ཞོག །ཞོག་དང་བདེ་སྐྱིད་ཉི་མ་འཆར། །དེ་ལྟར་རྟོགས་ན་སྡུག་བསྔལ་ཀུན། །བླངས་ནས་སླར་ཡང་སྤོང་མི་དགོས། །དགོས་ཀྱང་སྤོང་རྒྱུ་གང་ནས་རྙེད། །དོན་དམ་བྱང་ཆུབ་སེམས་ཀློང་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །ཆོས་ཉིད་ངང་དུ་དགའ་ཡལ་ལེར། །གནས་པའི་རྣལ་འབྱོར་པ་ཞིག་གྱིས། །ཞེས་སྨྲས་པས། བློ་བཟང་ཚུལ་ཁྲིམས་ན་རེ། དོན་དམ་གནས་ལུགས་མངོན་དུ་གྱུར་ནས་སྡུག་བསྔལ་བདེ་བར་ཤར་བ་ལ། ནད་གདོན་སོགས་རྣལ་འབྱོར་པའི་རྒྱན་ཡིན་པས་སྤོང་མི་དགོས་པ་ཁྱེད་ཀྱི་གསུང་དེ་ཤིན་ཏུ་བདེན་ཏེ། རྗེ་མི་ལས། ནད་དང་གདོན་དང་སྡིག་སྒྲིབ་རྣམས། །རྣལ་འབྱོར་པ་ཡི་རྒྱན་དུ་མཛེས། །ཞེས་དང་། རྒྱན་དུ་ཆེ་བའི་ན་ཚ་འདི། །སྤོ་ཐབས་ཡོད་དེ་སྤོ་དོན་མེད། །ཅེས་གསུངས་པ་ལྟར་ལགས་མོད། འོན་ཀྱང་། ཡང་ཁོང་གིས། ཁྱོད་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་། །བདག་གིས་བླངས་ནས་སྦྱོང་བར་ཤོག །གསུངས་པ་ལྟར། བདག་ཅག་གིས་གནས་
ལུགས་ཀྱི་རང་ས་མ་ཟིན་བར། ཀུན་རྫོབ་ཏུ་སྒྱུ་མ་རྨི་ལམ་ལྟར་གཞན་གྱི་སྡུག་བསྔལ་བླངས་པ་སྦྱོང་ཚུལ་ཞིག་ཀྱང་གསུང་ན། ན་བ་ལ་སོགས་པ་བྱུང་དུས་སུ་ཕན་ཆེ་བར་གདའ་ཟེར་བའི་ལན་དུ། འོ་ན་སྦྱངས་ཀྱང་ཆོག་ཅེས་སྦྱོང་ཚུལ་འདི་སྨྲས་སོ། །ཨེ་མ་སྐལ་ལྡན་སྙིང་གི་བུ། །འོ་ན་ན་བ་སོགས་ཀྱི་དུས། །འགྲོ་བའི་སྡུག་བསྔལ་ཀུན་བླངས་ནས། །མི་བཞག་སྦྱོང་ན་འདི་ལྟར་གྱིས། །དབུགས་དེ་ཕྱིར་ལ་གཏོང་བའི་དུས། །བླངས་པའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །འོད་ཟེར་ནག་པོའི་རྣམ་པ་རུ། །ཕྱི་རུ་ཐོན་ནས་བར་སྣང་ངམ། །ཡང་ན་ས་རྡོ་གང་རུང་ལ། །སིབ་སིབ་ཐིམ་ནས་སྟོང་པར་ཡལ། །ནད་དང་སྡིག་སྒྲིབ་དག་པར་མོས། །དབུགས་དེ་ནང་དུ་ལེན་པའི་དུས། །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་ཀུན། །འོད་ཟེར་དཀར་པོའི་རྣམ་པར་བྱུང་། །རང་གི་ལུས་ལ་སིབ་སིབ་ཐིམ། །རང་ལུས་དྭངས་ཤིང་གསལ་བར་མོས། །དེ་ནས་ཡི་དམ་ལྷ་རུ་སྒོམས། །དབུགས་དེ་ཕར་ལ་གཏོང་བའི་དུས། །ཐུགས་སྲོག་སྔགས་ལས་འོད་ཟེར་དང་། །འདོད་ཡོན་ལྷ་མོ་དཔག་མེད་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ། །འདོད་ཡོན་ལྔ་ཡིས་མཆོད་པར་མོས། །དབུགས་དེ་ཚུར་ལ་ལེན་པའི་དུས། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས། །ལྷ་སྐུ་ཡིག་འབྲུ་
ཕྱག་མཚན་གྱི། །རྣམ་པར་བྱུང་ནས་རང་ལུས་ལ། །མཚོ་ལ་ཁ་བ་བབས་ལྟར་ཐིམ། །འཇའ་ལུས་འོད་སྐུར་གྲོལ་བར་མོས། །དབུགས་དེ་ཕར་ལ་གཏོང་བའི་དུས། །རང་ལས་འོད་ཟེར་དཔག་མེད་འཕྲོས། །ཕྱི་རོལ་སྣོད་བཅུད་ཡོངས་ལ་ཕོག །མ་དག་ཉེས་སྐྱོན་ཐམས་ཅད་སྦྱངས། །ཕྱི་སྣོད་ཐམས་ཅད་དག་པའི་ཞིང་། །ནང་བཅུད་ལྷ་དང་ལྷ་མོར་གྱུར། །དབུགས་དེ་ཚུར་ལ་ལེན་པའི་དུས། །སྣོད་བཅུད་བཅུད་དང་ནུས་པ་རྣམས། །འཆི་མེད་ཚེ་ཡི་བདུད་རྩི་ཡི། །རྣམ་པར་བྱུང་ནས་རང་ལ་ཐིམ། །འཆི་མེད་རིག་འཛིན་ཐོབ་པར་མོས། །གཞན་ཡང་གཏོང་ལེན་འདི་ལྟར་གྱིས། །དབུགས་དེ་ནང་དུ་ལེན་པའི་དུས། །བླ་མ་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་རང་ལ་ཞུགས་པར་མོས། །དབུགས་དེ་ཕར་ལ་གཏོང་བའི་དུས། །རང་གི་བདེ་དགེ་ཕར་ལ་སོང་། །འགྲོ་ཀུན་བདེ་དང་ལྡན་པར་མོས། །སྡུག་བསྔལ་ལེན་དང་སྦྱོང་བ་ཡི། །ཉམས་ལེན་ཡང་ཡང་བྱས་གྱུར་ན། །ནམ་ཞིག་དངོས་སུ་ལེན་ནུས་ཤིང་། །བླངས་པ་གཞན་ལ་སྤོ་བར་ནུས། །དེ་དུས་འགྲོ་ལ་མི་སྤོ་བར། །ས་རྡོ་སོགས་ལ་སྤོ་དགོས་གསུངས། །རྨ་བྱས་བཙན་དུག་ཟོས་གྱུར་ན། །སྒྲོ་མདོངས་གཞན་ལས་མཛེས་པ་བཞིན། །དེ་ལྟར་བླངས་ནས་སྦྱངས་གྱུར་ན། །མཚན་དཔེས་བརྒྱན་པའི་སྐུ་ཐོབ་འགྱུར། །ཞེས་སྨྲས་པས། ཁོང་རྣམས་ཤིན་ཏུ་དགའ་ནས། ད་རེས་གཞན་གྱི་སྡུག་བསྔལ་
བླངས་ནས་སྦྱོང་ཚུལ་གསུངས་པ་འདི་ཡང་བདག་ཅག་རྣམས་ལ་ཤིན་ཏུ་ཕན་པ་ཞིག་བྱུང་ཟེར་ཕྱག་བྱས་ཏེ་རང་གནས་སུ་སོང་ངོ་།། ༈ །།ཡང་དད་གུས་ཆེ་ཞིང་རིག་པ་རྣོ་བ་གསོ་བ་རིག་པ་ལ་མཁས་པའི་སློབ་བུ་ལྷ་རྗེ་ཆོས་རྒྱལ་གྱིས། ཤིང་ཐོག་འབྲས་སོགས་ཁ་ཟས་དང་ལྷ་རྫས་དྲི་མེད་བཅས། ཞལ་གདམས་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། སྤྱིར་འགྲོ་བ་ཡོངས་ཀྱི་དགེ་བའི་བཤེས། །སྒོས་བདག་གི་འདི་ཕྱིའི་གཏན་གྱི་སྐྱབས། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །བུ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཀུན་གྱི་མཛོད་འཛིན་མགོན་ཁྱོད་ཀྱིས། །ཆོས་དྲང་དོན་ལས་འབྲས་རྣམ་བཞག་དང་། །ཆོས་ངེས་དོན་སེམས་ཀྱི་ངོ་སྤྲོད་སོགས། །ཆོས་ཟབ་ལ་རྒྱ་ཆེ་མང་གསུངས་ཀྱང་། །སེམས་ཆགས་སྡང་མི་དགེའི་དབང་དུ་སོང་། །ལྷ་བླ་མ་དཀོན་མཆོག་ཐུགས་ཁྲེལ་ཞིང་། །མར་ངན་སོང་ལྷུང་ཡང་སྐྲག་པ་མེད། །སྤྲང་སྙིང་རུལ་བདག་ལ་ཐུགས་རྗེས་གཟིགས། །སྔོན་ཚེ་འདིའི་ལྟོ་གོས་གཉིས་ཀྱི་ཕྱིར། །དུས་ཉིན་པར་ལྟོ་དང་མཚན་མོའི་གཉིད། །གཅོག་མང་པོ་མྱོང་ཏེ་བཟོད་པར་གདའ། །ང་དམ་པའི་ལྷ་ཆོས་བྱེད་དུས་འདིར། །དབྱར་ཉི་མར་བསྡད་ན་ཞུ་ལ་ཁད། །དགུན་ལྷག་པ་ཕོག་ན་འཁྱག་ལ་ཁད། །ལྟོ་ཐུན་གཅིག་ཆག་ན་ཤི་ལ་ཁད། །སྤྲང་གོ་ལོག་པོ་ལ་ཐུགས་རྗེས་གཟིགས། །དུས་
ད་དུང་སེམས་ཁྲིད་སྐྱོང་བའི་དུས། །ནང་སེམས་ལ་ཕན་པའི་ཞལ་གདམས་སྩོལ། །སེམས་གྱོང་པོ་ཐུལ་བའི་དུས་མི་གདའ། །འདི་མྱུར་དུ་ཐུལ་བར་བྱིན་གྱིས་རློབས། །ཞེས་ཕུལ་བའི་ལན་དུ། དེ་ཡང་བླ་མའི་མན་ངག་གི་གནད་ཟབ་མོ་ལ་བརྟེན་སྟེ། རང་གིས་ལུང་རིགས་ཀྱིས་བརྟགས་ཤིང་དཔྱད་ནས། ཆོས་ཐམས་ཅད་ཀྱི་རྩ་བ་འཁོར་འདས་ཡོངས་ལ་ཁྱབ་པ་ཕྱོགས་དང་རིས་སུ་མ་ཆད་པ། འདི་ཞེས་མཚོན་དུ་མེད་པའི་སེམས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་བརྡལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངོ་བོ་རྗེན་ཅེར་གྱིས་མཐོང་དགོས་ཏེ། རྗེ་བཙུན་མི་ལ་རས་པའི་ཞལ་ནས། རྣལ་འབྱོར་མི་ལ་རས་པ་ངས། །ཅེར་གྱིས་བལྟས་པས་ངོ་བོ་མཐོང་། །སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་། །གསུངས། དེའི་ངང་ལ་འཇོག་པའི་ཚེ་ན་ཡང་། ལས་དང་པོ་བས་བསྒོམ་འདེབས་མཁས་དགོས་ཏེ། རྗེ་མི་ལས། བདག་གིས་ཕྱག་རྒྱ་ཆེན་པོ་བསྒོམ་ཙ་ན། །དོན་ཡིན་ལུགས་ཀྱི་སྟེང་དུ་རྩོལ་མེད་བཞག །ཅེས་གསུངས་པ་མ་གཏོགས། རང་ཀ་ཐམ་ཐོམ་དུ་བཞག་ཅེས་མ་གསུངས་པས་ན། ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་དུ་བཞག་པ་ཙམ་མ་ཡིན་པར། ཕྱག་ཆེན་གྱི་གཞུང་འགའ་ཞིག་ལས། ནམ་མཁའ་ལྟར་དཔངས་བསྟོད་ལ་བཞག །ས་གཞི་ལྟར་རྒྱ་བསྐྱེད་ལ་བཞག །གསུངས་པ་དང་། ཁྱུང་ཆེན་
ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་གཉུག་མའི་ངང་ལ་རྩོལ་སྒྲུབ་མེད་པར་བཞག །ཉི་མ་སྤྲིན་དང་བྲལ་བ་བཞིན་དུ་ཀུན་གསལ་མདངས་དང་ལྡན་པར་བཞག །གསུངས་པ་ལྟར། ནམ་མཁའ་ལྟར་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་བཏང་ནས། ཁྱབ་བརྡལ་ཀློང་ཡངས་སེམས་ཀྱི་ངོ་བོ་ཡིན་ལུགས་ཇི་བཞིན་པའི་ངང་ལ་འཇོག་དགོས་ཏེ། རྗེ་མི་ལས། ཉ་མ་དཔལ་དར་འབུམ་ལ། ཁྱོད་ནམ་མཁའ་འདི་ལ་དཔེ་ལོངས་ལ། །མཐའ་དབུས་མེད་པའི་བསྒོམ་ཞིག་གྱིས། །ཞེས་དང་། ཀུན་མཁྱེན་པདྨ་དཀར་པོས། དཔེ་ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །ཡིད་གཞུངས་ནས་སྒོམས་ཤིག་པདྨ་དཀར། །གསུངས། དེ་ལྟར་མཉམ་གཞག་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཆེན་པོའི་ངང་ལ་གནས་པའི་ཚེ་ཡང་། སེམས་ཉིད་ཀྱི་ངོ་བོ་སྟོང་པ་ཉིད་ལས་མ་འདས་ཀྱང་། རྣམ་པ་ལ་ཁ་མཐོན་པོ་ནས་ནམ་མཁའ་ཡངས་པ་ལ་བལྟས་པ་ལྟར་གསལ་སིང་ངེ་། སྟོང་རྗེན་ནེ། ཟང་ཐལ་ལེར་གནས་པ་འབྱུང་། དེའི་ཚེ་ཡང་བློའི་ཟུར་གྱིས་གསལ་བ་དེ་ལ་ངོས་བཟུང་གཏད་སོ་ཨེ་འདུག་བལྟས་ན་ངོས་བཟུང་གཏད་སོ་གང་ཡང་མི་རྙེད་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་འབྱུང་། ཡང་མ་དཔྱད་པར་དེ་ཀའི་ངང་ལ་བཞག་ན་འདི་ཡིན་མེད་པའི་གསལ་སྟོང་ཆེན་པོ་སྨྲ་རྒྱུ་མེད་པའི་ཉམས་སུ་མྱོང་རྒྱུ་ཡོད་ཡོད་ལྟ་བུ་
དེ་ལ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། ཅེས་པ་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་གསུངས་པ་དེ་ཀ་ལགས་པས། དེ་ཉིད་ལ་ངོས་བཟུང་མེད་རུང་ངོས་བཟུང་གི་མཆོག །གཏད་སོ་མེད་རུང་གཏད་སོའི་མཆོག་ཏུ་བཟུང་ནས་རྟག་ཏུ་དེའི་ངང་ལ་འཇོག་པ་ནི་མན་ངག་གི་གནད་དམ་པའོ། །དེ་ལྟ་བུའི་སེམས་ཉིད་སྟོང་གསལ་རྗེན་པའི་ཡེ་ཤེས་ཆེན་པོ་དེ་ཉིད་ངོས་མ་ཟིན་པར་མི་རྟོག་པར་གནས་ཚད་ཐམས་ཅད་བསྒོམ་དུ་བཟུང་ན། སྐབས་རེ་ཚོགས་བསགས་སྒྲིབ་སྦྱོང་བླ་མའི་བྱིན་རླབས་སོགས་ལ་བརྟེན་ནས། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་བྱུང་ཚེ། ཡང་དེ་ཀ་ངོ་མི་ཤེས་པར་དོར་ནས་རང་ཀ་བློས་བཏང་བས་བཏང་སྙོམས་ཐ་མལ་དུ་སྡོད་པ་འམ། ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་དུ་ལུས་ན་ནོར་བ་ཆེན་པོ་ཡིན་པས། དེ་ལྟར་གྱུར་ན་བསྒོམ་གང་ཡིན་བྱིང་བ་གང་ཡིན་གྱི་དབྱེ་བ་ཡང་འབྱེད་དཀའ་ཞིང་། དེ་གཉིས་དབྱེ་བ་མ་བྱས་ན་ལུང་མ་བསྟན་གྱི་ངང་ལ་མི་ཚེ་སྡུག་ཟད་ལ་གཏོང་ཉེན་ཆེ་བས། དེས་ན་གནས་ལུགས་ཀྱི་ངོ་བོ་བླ་མས་ཀྱང་ཐབས་དུ་མ་ལ་བརྟེན་ནས། མངོན་སུམ་མཛུབ་ཚུགས་སུ་ངོ་སྤྲད། སློབ་མས་ཀྱང་ངོ་བོ་བཅར་ཕོག་ཏུ་ངོས་ཟིན་པ་དེའི་ངང་དུ་འཇོག་པ་གལ་ཆེ་ཞེས་སླར་ཡང་རང་གི་ཉམས་ལ་ཤར་བ་གླུ་དབྱངས་སུ་བླང་བ། དབུ་རྫོགས་ཕྱག་གསུམ་གདམས་
པ་རྣམས་སྟོན་པའི། །དྲིན་ཅན་བླ་མ་སྙིང་དབུས་སུ་བཞུགས་ཤིག །ཞི་གནས་ངང་ནས་ལུང་རིགས་གིས་དཔྱད་ཚེ། །ཆོས་ཀུན་རང་བཞིན་མཁའ་ལྟར་དུ་རྟོགས་བྱུང་། །གང་ཤར་རྣམ་རྟོག་ངོ་བོ་ལ་བལྟས་པས། །འཛིན་མེད་ཀློང་དུ་འབད་མེད་དུ་གྲོལ་སོང་། །བལྟ་མཁན་རིག་པའི་རང་ངོ་ལ་བལྟས་པས། །སྟོང་ཉིད་མ་གཏོགས་རྙེད་རྒྱུ་ཞིག་མ་བྱུང་། །བལྟ་ཡུལ་བལྟ་མཁན་སྟོང་ཉིད་དུ་དག་ནས། །མཐོང་རྒྱུ་མེད་པའི་ལྟད་མོ་ཞིག་མཐོང་སོང་། །དེ་ཉིད་ངང་ལ་གློད་ནས་རང་བཞག་པས། །གུ་ཡངས་ཁྱབ་བརྡལ་ཆེན་པོ་ཞིག་བྱུང་སོང་། །མཉམ་གཞག་ནམ་མཁའ་ལྟ་བུ་ཡི་ངང་དུ། །སྣང་སེམས་ཐམས་ཅད་དབྱེར་མེད་དུ་འདྲེས་བྱུང་། །སྣང་སྟོང་སྒྱུ་མའི་གཟིགས་མོ་ལ་ལྟོས་དང་། །རྟག་ཆད་གཡང་ལ་ལྷུང་ས་ཞིག་མི་གདའ། །ཟུང་འཇུག་ཡངས་པའི་ལམ་ཆེན་ལ་ཞུགས་དང་། །ལམ་ལ་ནོར་གྱི་དོགས་པ་ཞིག་མ་མཆིས། །སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་དུ་གཟིམས་དང་། །སྤྲོས་པ་མང་པོ་བྱེད་རྒྱུ་ཞིག་མི་གདའ། །སྨྲ་བ་མ་མང་དེ་ཙམ་ཞིག་གྱིས་ལ། །སྨྲ་བསམ་བརྗོད་མེད་ངང་ལ་རང་ཞོག་ཐོངས། །ཆོས་དབྱིངས་ཁྱབ་བརྡལ་མ་པང་ན་གནས་པའི། །རིག་པའི་ཁྱེ་འུས་གླུ་ཆུང་འདི་བླངས་སོ། །ཞེས་ཕུལ་བས། ཁོ་རང་གི་བསྒོམ་ལ་སྔར་འཕེལ་འགྲིབ་མང་ཞིང་ཡིན་ནམ་མིན་ནམ་སྙམ་པའི་ཐེ་ཚོམ་ཡོད་པ་ཐམས་ཅད་
ཆོད་ནས། སྔར་མེད་པའི་ལྷག་མཐོང་གི་ཉམས་ཁྱད་པར་ཅན་སྐྱེས། གནས་ལུགས་ཀྱི་སྒྲོ་འདོགས་ཆོད་ནས་བོག་ཆེན་པོ་ཐོན་པ་བྱུང་ཟེར་རོ།། ༈ །།ཡང་སྐལ་ལྡན་གྱི་སློབ་བུ། རྟོགས་ལྡན་རྣལ་འབྱོར་པ་ཆེན་པོ། བོན་མོ་ཕུག་གི་བླ་མ་བསོད་ནམས་ཆོས་འཕེལ་དང་། བསྟན་འཛིན་རས་པ། བསྟན་འཛིན་འགྱུར་མེད། བཟོད་པ་ཆོས་འཕེལ་རྣམས་ཀྱིས། རྒྱལ་བའི་གསུང་རབ་ནི་རྒྱ་ཆེ། དེ་ཡི་དགོངས་འགྲེལ་ནི་གྲངས་མང་། སྙིགས་དུས་སེམས་ཅན་ནི་ཚེ་ཐུང་། རང་ཉིད་ནམ་འཆི་ལ་ཆ་མི་འདུག་པས། ཁོང་རྣམས་ལ་རྒན་པོ་འཆི་ཁ་མའི་ཆོས། འབད་རྩོལ་ཆེན་པོ་བྱས་ནས་བསྒོམ་མི་དགོས་པ། ཚེགས་ཆུང་ལ་དོན་ཆེ་བ་མ་བསྒོམ་པར་འཚང་རྒྱ་བའི་གདམས་པ་ཟབ་མོ་ཀུན་གྱི་མཆོག་གྱུར། ཐུགས་ལ་གབ་པ་མངོན་དུ་ཕྱུང་བ། ཐོས་པ་ཙམ་གྱིས་སྲིད་པ་ཧྲུལ་པོར་བྱེད་ནུས་པ་ཞིག་བསྟན་དུ་གསོལ། ཞེས་ཞུ་དོན་དབྱངས་སུ་ཕུལ་བ། ལུང་རྟོགས་ཡོན་ཏན་དཀྱིལ་འཁོར་རྒྱས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས། །གདུལ་བྱ་ཀུ་མུད་ཚལ་རྣམས་སྐྱོང་། །རྗེ་ཟླ་བ་ལྟ་བུའི་རྣལ་འབྱོར་པ། །འཇིག་རྟེན་མི་ཆོས་རྒྱ་མཚོ་བསྒྲལ། །དམ་པའི་ལྷ་ཆོས་ནོར་བུ་བླངས། །འགྲོ་ལ་ལེགས་བཤད་དགོས་འདོད་སྩོལ། །རྗེ་དེད་དཔོན་ལྟ་བུའི་རྣལ་འབྱོར་པ། །ལས་ཉོན་དགྲ་ཡི་ལག་ཏུ་ཤོར། །སྡུག་བསྔལ་ཆད་པས་
མནར་བ་རྣམས། །ཞལ་མཐོང་གསུང་ཐོས་ཙམ་གྱིས་གྲོལ། །རྗེ་ཆོས་རྒྱལ་ལྟ་བུའི་རྣལ་འབྱོར་པ། །བདག་ཅག་འཁོར་བའི་བཙོན་རར་ཆུད། །བདག་འཛིན་ལྕགས་སྒྲོག་དམ་པོས་བཅིངས། །ལས་དང་ཉོན་མོངས་མཚོན་གྱིས་བསྣུན། །ན་རྒ་འབྱོར་རྒུད་ཆད་པས་བཅད། །ལོ་ཟླ་ཉིན་ཞག་ཕོ་ཉ་ཡིས། །འཆི་བདག་ཁྲིམས་ར་ཡ་ང་བར། །སང་འཁྲིད་གནང་འཁྲིད་ལྟ་བུའི་དུས། །རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བྱོན། །ཐབས་མཁས་ཆོས་ཀྱི་ངོ་ཆེན་ཞུས། །འཁོར་བའི་བཙོན་ར་དམ་པོ་ལས། །ཅུང་ཟད་ཐར་པའི་སྐལ་པ་བྱུང་། །བཀའ་དྲིན་ཆེ་འོ་ཆོས་ཀྱི་རྒྱལ། །དྲིན་ལན་བསྒྲུབ་པའི་མཆོད་པ་འབུལ། །ད་དུང་འཁོར་བའི་བཙོན་ར་རུ། །ཆུད་ཀྱང་ཁྱེད་ཀྱིས་ཡང་ཡང་སྐྱོབས། །ད་ནི་བདག་ཅག་བུ་སློབ་ཀྱིས། །ཞུ་བ་དོན་གཞན་མ་མཆིས་ཏེ། །རྒྱལ་བའི་གསུང་རབ་རྒྱ་ཆེ་ཞིང་། །དེ་ཡི་དགོངས་འགྲེལ་གྲངས་ཡང་མང་། །སྙིགས་དུས་སེམས་ཅན་ཚེ་ཐུང་ཞིང་། །ནམ་འཆི་ངེས་པ་མི་འདུག་པས། །མྱང་བས་ཉོན་མོངས་ནད་འཇོམས་པའི། །གདམས་ངག་བདུད་རྩིའི་ཐིག་པ་ཞིག །བདག་ཅག་དད་པའི་གསེར་སྣོད་དུ། །བརྩེ་བ་ཆེན་པོས་བླུག་ཏུ་གསོལ། །ཞེས་ཕུལ་བའི་ལན་དུ། བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། །འཛད་མེད་དངོས་གྲུབ་སྩོལ་བའི་རྩ་གསུམ་ལྷ། །ཐོགས་མེད་འཕྲིན་ལས་
སྒྲུབ་པའི་ཆོས་སྐྱོང་ཀུན། །སྐྱེ་མེད་སེམས་ཉིད་གཅིག་པུའི་རྣམ་འཕྲུལ་དུ། །རྟོགས་ནས་སྐྱབས་གཅིག་སེམས་ཉིད་རིན་པོ་ཆེ། །སྙིང་ནས་རྩེ་གཅིག་གུས་པས་ཕྱག་འཚལ་ནས། །སྐལ་ལྡན་ཚེ་གཅིག་སངས་རྒྱས་འདོད་རྣམས་ལ། །གདམས་ངག་མཆོག་གཅིག་བཤད་ཀྱིས་གུས་པས་ཉོན། །དེ་ཡང་། མཐའ་དབུས་མེད་པའི་ནམ་མཁའ་ཡངས་པའི་ཀློང་ན། གླིང་བཞི་ཡོངས་ལ་ཐོགས་མེད་བསྒྲོད་པའི་འོད་གསལ་ཉི་མ་བཞིན་དུ། འདྲ་འདྲ་འདྲ་ལ་འགྲན་ཟླ་མེད་པའི་རྒྱ་གར་གྲུབ་ཐོབ་བརྒྱད་ཅུའི་ཁྱུ་མཆོག་དཔལ་ལྡན་ས་ར་ཧ་ཆེན་པོ་ཞེས། སྙན་གྲགས་སྲིད་པའི་རྭ་བ་ལས་བརྒལ་ཏེ་ནམ་མཁའི་ཕ་མཐར་འུར་ཞིང་སོང་བ་གང་དེའི་ཞལ་གྱི་བུམ་བཟང་ལས་ཐོན་པའི་དོ་ཧ་རྡོ་རྗེའི་གླུ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས། སེངྒེའི་སྒྲ་ལྟ་བུའི་རྡོ་རྗེའི་གླུ་འདིའི་དོན། གཞི་ལམ་འབྲས་གསུམ་དང་སྦྱར་ནས་ཅུང་ཟད་བཤད་ན། དང་པོ་གཞི་ནི། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་གསུངས་པ་ལྟར། ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ། སྣང་སྲིད་ཀུན་ལ་ཁྱབ་པ། ཕྱོགས་དང་རིས་སུ་མ་ཆད་པ། འདི་ཞེས་མཚོན་དུ་མེད་པ་སྟོང་གསལ་འཛིན་མེད་ཟང་ཐལ་
ཁྱབ་བརྡལ་ཀློང་ཡངས་ཆེན་པོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་ཉིད་གཅིག་པུ་འདི་ནི། རང་ལུས་སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན་གྱི་འབྱུང་གནས་ས་བོན་ལྟ་བུ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་ཁྱབ་བརྡལ་ཀློང་ཡངས་ཆེན་པོ་འདི་ཉིད་སྔར་མ་རྟོགས་པ་ལ་མ་རིག་པ་ཞེས་ཟེར། མ་རིག་པའི་དབང་གིས་ངར་འཛིན་གྱི་བློ་འབྱུང་། དེའི་དབང་གིས་བདག་གཞན་རིས་སུ་བཅད་ནས་ཆགས་སྡང་གཉིས་འབྱུང་། དེ་ལ་བརྟེན་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་རིམ་གྱིས་རྒྱས་ནས་ལས་བཟང་ངན་ཐ་དད་པ་བསགས། ལས་ཀྱི་དབང་གིས་འཁྲུལ་སྣང་བཟང་ངན་སྣ་ཚོགས་བྱུང་བ་མི་བདེན་པ་ལ་བདེན་པར་བཟུང་ནས། ཚེ་འཁོར་བ་ཐོག་མེད་ནས་བཟུང་ད་བར་འཁོར་བ་འདིར་སྒྱུ་མ་རྨི་ལམ་ལྟར་འཁོར་ནས་བདེ་སྡུག་སྣ་ཚོགས་མྱོང་བ་ཡིན་པས། འཁོར་བར་སྐྱེ་བའི་རྩ་བ་ཕར་དེད་ན་སེམས་ཀྱི་གནས་ལུགས་མ་རྟོགས་པའི་མ་རིག་པ་འདི་ཡིན་པའི་ཚུལ་རྣམས་ལེགས་པར་ཤེས་ནས་ལམ་བསྒོམས་ན། མ་རིག་པ་དག་ནས་སངས་རྒྱ་བའི་ཚུལ་ཡང་ཤེས་པར་འགྱུར་རོ། །གཉིས་པ་ལམ་ནི། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས་པ་ལྟར། དང་པོ་ལམ་སྟོན་པའི་མཚན་
ལྡན་གྱི་བླ་མ་དམ་པའི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ། དེའི་ཞལ་ནས་ཐོབ་པའི་གདམས་ངག་གི་གནད་ལ་བརྟེན་ནས། འཁོར་འདས་ཀུན་གྱི་གཞི་མ་སེམས་ཀྱི་གནས་ལུགས་མ་རྟོགས་པས། གནས་སྐབས་གང་ལ་ཡང་མ་རིག་ཉོན་མོངས་ལས་སྒྲིབ་སོགས་གློ་བུར་གྱི་དྲི་མས་བསྒྲིབས། དེའི་དབང་གིས་སྣང་ཞིང་སྲིད་པའི་འཁོར་བའི་ཆོས་ཀུན་འཕྲོ་བ་ཡིན་པས། དེའི་རྒྱུ་མཚན་མ་རིག་པར་འཁྲུལ་པའི་སྣང་བ་མི་བདེན་པ་ལ་བདེན་པར་བཟུང་ནས་ཞེན་ཅིང་ཆགས་ན་སླར་སྔར་བཞིན་འཁོར་བ་མཐའ་མེད་དུ་འཁྱམས་པས་ན། དེ་ལམ་ལོག་པ་ཡིན་པར་ངོ་ཤེས་ནས་དེའི་དབང་དུ་མ་སོང་བར་བྱ་བ་དང་། དེ་ནས་སྣང་སྟོང་སྒྱུ་མ་རྨི་ལམ་ལྟ་བུའི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་འབའ་ཞིག་ཏུ་ལུང་རིགས་དུ་མའི་ལམ་ནས་ཐག་བཅད་ཅིང་། ཀུན་གཞི་སེམས་ཀྱི་གནས་ལུགས་ལ་བརྟགས་ཤིང་དཔྱད་ནས། ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ཟང་ཐལ་ཁྱབ་བརྡལ་ཀློང་ཡངས་ནམ་མཁའ་ལྟར་རྟོགས་པས། མཉམ་གཞག་ནམ་མཁའ་ལྟ་བུའི་ངང་ལ་ཉིན་མཚན་ཁོར་ཡུག་ཏུ་ལོ་ཟླ་བ་བྱས་བཞག་པའི་ཚེ། བཟང་ངན་གྱི་རྣམ་རྟོག་གང་འཕྲོ་ཡང་སྔོན་བསུ་རྗེས་གཅོད་བླང་དོར་སོགས་བློས་བྱ་རྩོལ་གང་ཡང་མི་བྱེད་པར། སྔར་གྱི་གནས་ལུགས་མ་བཅོས་གཉུག་མ་ཁྱབ་བརྡལ་བློ་བྲལ་ཆེན་པོའི་རྒྱུན་སྐྱོང་བ་ལ་འབད་པས།
རྣམ་རྟོག་ཕྲ་རགས་ཐམས་ཅད་འབད་རྩོལ་གྱི་གཉེན་པོ་སྤུ་རྩེ་ཙམ་ཡང་མ་བརྟེན་བཞིན་དུ་རང་ཤར་རང་གྲོལ་དུ་སོང་ནས་གློ་བུར་ལས་ཉོན་གྱི་དྲི་མ་མཐའ་དག་རང་སར་དག་ནས། རིག་སྟོང་རྗེན་པ་བློ་འདས་རྒྱ་ཡན་ཆོས་སྐུ་ཆེན་པོའི་ཀློང་དུ་བཙན་ས་ཟིན་ནས་རྟོགས་པ་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའི་དུས། མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་འཕྲོ་བ་ཡིན་ཚུལ་ཁོང་དུ་ཆུད་ནས། གནས་ལུགས་དེ་ཉིད་ཀྱི་རྒྱུན་སྐྱོང་བ་དེ་ལམ་མ་ནོར་བ་ཡིན་པས། ཐུགས་དམ་གྱི་མཐིལ་དུ་བཟུང་ནས་ཉམས་སུ་ལེན་པ་གཅེས་སོ། །གསུམ་པ་འབྲས་བུ་ནི། འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པས། །ཞེས་གསུངས་པ་ལྟར། དེ་ལྟར་ལམ་ཉམས་སུ་བླངས་པའི་མཐུས་གནས་སྐབས་སུ་ཡང་རང་གཞན་གྱི་འདོད་པའི་འབྲས་བུ་ཐམས་ཅད་སྟེར་ཞིང་། ཁྱད་པར་མཐར་ཐུག་རང་སེམས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་བྱས་ནས། དེའི་ངང་ལ་མ་གཡོས་བཞིན་དུ། གཟུགས་སྐུ་རྣམ་པ་གཉིས་འཇའ་ཚོན་བཞིན་དུ་མ་འདྲེས་པར་སོ་སོར་བྱུང་ནས། རང་གཞན་ཀུན་གྱི་འདོད་པའི་འབྲས་བུ་ཐམས་ཅད་སྟེར་བས་སོ། །དེ་ལྟར་འདོད་པའི་འབྲས་བུ་ཐམས་ཅད་སྟེར་བར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་འདྲ་བའི་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ལ། ཀུན་གྱིས་ཐོག་མར་ཕྱག་བྱར་འོས་པས་ན། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་
དཔལ་ལྡན་ས་ར་ཧ་ཆེན་པོས་ཀྱང་ཕྱག་འཚལ་བའོ། །དེ་འདྲའི་སྐྱེས་བུ་མཆོག་གི་ཆོས་ལུགས་གདམས་པ་ཀུན་གྱི་མཆོག་ཏུ་གྱུར་པའི་ལམ་ཆེན་པོ་འདི་ལ། སྣང་སེམས་གཉིས་དང་མ་བྲལ་ན་ཐབས་ཤེས་གཉིས་དང་མ་བྲལ་བ་ཡིན་པས་ཐབས་ཤེས་ཞེས་ལོགས་སུ་འཚོལ་མི་དགོས་པས། དེས་ན་སྣང་སྟོང་ཟུང་འཇུག་ཡངས་པའི་ལམ་ཆེན་པོ་འདིའི་ཁོངས་སུ་བསྐྱེད་རྫོགས་མན་ཆད་ཀྱི་འབད་རྩོལ་ལ་བརྟེན་པའི་ལམ་འོག་མ་ཐམས་ཅད་ཀྱི་ཐབས་ཤེས་ཀྱི་ཆ་ཀུན་ཀྱང་དོན་གྱིས་འདིར་མ་འདུས་པ་མེད་པའི་ལམ་བཟང་ཆེན་པོ་འདི་ལ། ཁ་ཅིག་གིས་ཐབས་ཤེས་ཕྱོགས་རེ་བར་སོང་ནས་ལམ་ནོར་འདུག་སྙམ་པའི་ཐེ་ཚོམ་གྱིས་དོགས་པ་སྐྱེས་པ་ལོས་བདེན་ཏེ། ཐབས་ཤེས་དེ་འདྲ་དགོས་ན་འདིར་སེམས་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐབས་ཤེས་ཟུང་འབྲེལ་དུ་ཁྱེར་ཆོག་པ་ཡོད་པས། དེ་འདྲའི་དགོས་མེད་ཀྱི་དོགས་པ་སྐྱེ་མི་དགོས་ཏེ། གངས་རིའི་ཁྲོད་ན་སེངྒེ་དཀར་མོ་སྲབ་མེད་དུ་འཕྱོ་འདྲའི་འགྲན་གྱི་དོ་མེད་ཚེ་གཅིག་ལ་སངས་རྒྱས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། དཔལ་མི་ལ་བཞད་པ་རྡོ་རྗེ་ཞེས་མཚན་སྙན་ལྷ་མི་ཡོངས་ཀྱིས་ཉིན་རེར་ལན་བརྒྱར་གླེང་བ་གང་དེའི་ཞལ་གྱི་བུམ་བཟང་ལས། ངས་ནོར་གྱིས་དོགས་ནས་ལམ་གཅིག་བཙལ། །ལམ་ནི་ཟུང་འཇུག་ཡངས་པའི་ལམ། །ད་ནོར་གྱིས་དོགས་པ་ང་ལ་མེད། །ཅེས་གསུངས་པ་
ལྟར། བླ་མ་དམ་པའི་མན་ངག་ཟབ་མོ་ལ་བརྟེན་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་གདོད་ནས་སྟོང་པ་མཁའ་ལྟར་རྟོགས་ཤིང་རྣམ་པ་འགག་པ་མེད་པར་རྨི་ལམ་བཞིན་སྣང་བར་ཤེས། རྨི་ལམ་གྱི་སྣང་བ་ཐམས་ཅད་རང་གི་སེམས་ལས་བྱུང་། སེམས་སུ་སྣང་བ་ལྟར་སྟོང་བཞིན་དུ་སྣང་བའི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཀྱང་། རང་གི་སེམས་ལས་བྱུང་། སེམས་སུ་སྣང་བའི་ཕ་དེ་ཡང་གོ །དེ་ལྟ་བུའི་ཆོས་ཀུན་གྱི་རྩ་བ་འམ། གཞི་མ་འམ། འབྱུང་གནས་ཆེན་པོ་སེམས་ཀྱི་གནས་ལུགས་ནི་སུས་ཀྱང་མ་བྱས་པ། རྒྱུ་མེད་པ་རྐྱེན་མེད་པར་ཡེ་གདོད་མ་ནས་སྟོང་ཞིང་ནམ་མཁའ་ལྟར་ཕྱོགས་དང་རིས་སུ་མ་ཆད་པར་སྟོང་ཉིད་ཀུན་ལ་ཁྱབ་པ་འདི་ཞེས་མཚོན་དུ་མེད་པ། ཟང་ཐལ་ཁྱབ་བརྡལ་ཀློང་ཡངས་མཐའ་བྲལ་ཆོས་དབྱིངས་ཆེན་པོར་གཏན་ལ་ཕབས་ནས། མེ་ལོང་ནང་གི་གཟུགས་བརྙན་ལྟར་རང་སེམས་སྟོང་པ་ཉིད་ཆོས་དབྱིངས་མཐའ་དབུས་བྲལ་བའི་ཀློང་དུ་སྣང་གྲགས་ཀྱི་ཆོས་ཐམས་ཅད་མ་འགག་པར་ཤར་བ་རྣམས་མི་དགག །དེ་ལྟར་དུ་བློས་འཛིན་པའི་ཤེས་པ་ཐམས་ཅད་དང་བྲལ་བར་སེམས་ཉིད་སྟོང་གསལ་འཛིན་མེད་ཟང་ཐལ་སྒོ་ལྔ་ཧར་སངས་རྒྱ་ཡན་མཐའ་བྲལ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཆེན་པོའི་ཀློང་དུ་གཉིས་སུ་མེད་པར་ཞུགས་ནས་རྩེ་གཅིག་
ཏུ་མཉམ་པར་གཞག་དུས། སྣང་སེམས་ཐམས་ཅད་མཉམ་གཞག་ཆེན་པོའི་ཀློང་དུ་རོ་གཅིག་ཏུ་འདྲེས་ནས། སྣང་བ་ཕྱི་རུ་མ་ཆད། སེམས་ཉིད་ནང་དུ་མ་ལུས། མཉམ་གཞག་ཕྱོགས་གཅིག་ཏུ་གོ་ལེར་མ་ཆད། སྣང་བས་གར་ཁྱབ་ཐམས་ཅད་ལ་མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱིས་ཁྱབ། སྟོང་པ་ཉིད་ཀྱིས་གར་ཁྱབ་ལ་སྣང་བས་ཁྱབ་ཅིང་བརྡལ། སྣང་བཞིན་དུ་ངོ་བོ་སྟོང་། སྟོང་བཞིན་དུ་རྣམ་པ་མ་འགག་པར་སྣང་། སྣང་སྟོང་དབྱེར་མེད་ཟུང་འཇུག་ནམ་མཁའ་ལས་ཡངས་པ་འདི་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་མ་ནོར་བའི་གཞུང་ལམ་ཆེན་མོ་ཡིན་ཏེ། རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་དང་། ཀུན་རྫོབ་དང་ནི་དོན་དམ་དག ། སོ་སོའི་ཆ་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་གསུངས་སོ། །དེ་ལྟ་བུའི་སྣང་སྟོང་ཐབས་ཤེས་ཟུང་འཇུག་གི་ལམ་ཡངས་པ་དེ་ཉམས་སུ་བླང་ན། དཔེར་ན་ནོར་བུ་ལས་དགོས་འདོད་ཀུན་འབྱུང་བ་ལྟར། འབད་རྩོལ་མེད་པར་སངས་རྒྱས་ཀྱི་ཡོན་ཏན་ཀུན་འབྱུང་སྟེ། རྗེ་བཙུན་ཆེན་པོའི་ཞལ་ནས། ཡོད་པ་དངོས་པོར་སྣང་བ་དང་། །མེད་པར་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་
རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་བརྗེད་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཁྱེད་འདིར་འཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་ཟབ་མོ་བས་ཀྱང་བོན་སྒྲ་སྙན། །ཨ་བྷི་ར་ཡི་རྒྱལ་ཁམས་སུ། །མཁས་པ་བས་ཀྱང་སྨྱོན་པ་བྲིན། །དུར་ཁྲོད་ཉུལ་བའི་ཝ་སྤྱང་རྣམས། །སེངྒེའི་ང་རོས་འཇིགས་ཤིང་སྐྲག ། འགའ་ཞིག་སྐལ་ལྡན་ཡོད་སྲིད་ན། །འདི་དོན་ཐོས་པས་གྲོལ་བར་འགྱུར། །ཞེས་གསུངས། ཡང་རས་ཆུང་པ་ལ། གཅིག་ཤེས་ཀུན་གྲོལ་རེ་བ་ལ། །གསུངས་པ་དང་། རས་པ་ཞི་བ་འོད་ཀྱིས། གདམས་ངག་ཚིག་གཅིག་སངས་རྒྱས་ཀྱི་ངང་། །ཞེས་གསུངས་པ་རྣམས་གདམས་ངག་འདི་ལ་ཟེར། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་ཉམས་ལེན་ཀུན་འུབ་ཀྱིས་དྲིལ་ན་འདི་ལ་འདུ་སྟེ། རྗེ་བཙུན་གྱིས། སྣང་བ་རང་གི་སེམས་ཉིད་ལགས། །སེམས་ཉིད་སྟོང་པར་ཤེས་པར་གྱིས། །རྟོགས་པ་ཉམས་དང་མ་བྲལ་ན། །ཚུལ་ཁྲིམས་མཆོད་སོགས་དགེ་བའི་ཆོས། །
ཐམས་ཅད་མ་ལུས་དེ་ལ་ཚང་། །ཞེས་དང་། བདེ་མཆོག་མཁའ་འགྲོའི་རྒྱུད་ལས། མན་ངག་གཅིག་ནི་བསྒོམ་པ་ཡིས། །མན་ངག་ཐམས་ཅད་མཚོན་པར་བྱ། །ཇི་ལྟར་ས་གཅིག་ཐོབ་པ་ཡིས། །ས་ནི་ཐམས་ཅད་ཐོབ་པར་འགྱུར། །དེ་བཞིན་མན་ངག་ཐམས་ཅད་ཀྱང་། །མན་ངག་གཅིག་གིས་ཐོབ་པར་འགྱུར། །ཞེས་དང་། བཏགས་གྲོལ་གྱི་རྒྱུད་ལས། རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་དང་། མདོ་ལས། ངས་ནི་འཇིག་རྟེན་ཁམས་རྣམས་སུ། །མདོ་སྡེ་སྣ་ཚོགས་གང་གསུངས་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཚིག་གཅིག་རྣམ་པར་བསྒོམས་པས་ནི། །དེ་དག་ཐམས་ཅད་བསྒོམས་དང་མཚུངས། །ཞེས་དང་། ཤེར་ཕྱིན་ལས། ཆོས་གཅིག་གི་མདོ་དང་རྒྱས་པ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་དང་། དབུ་མ་པས་ཀྱང་། གཅིག་གི་ལྟ་བོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་བོ་ཡིན། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་གསུངས་པ་རྣམས་འདི་ལ་དགོངས་ནས་གསུངས་པ་ཡིན་པས་གུང་གཅིག་ཏུ་འགྲིགས་པར་འགྱུར་རོ། །དེས་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་འབབ་ས་གནད་འགག་མཐར་ཐུག་ཀྱང་། རང་སེམས་སྐྱེ་མེད་ཆོས་དབྱིངས་མཐའ་བྲལ་ཆེན་པོ་འདི་ཀའི་ཐོག་ཏུ་འབབ་པ་ཡིན་ཏེ། རྗེ་རྡོ་རྗེ་རྒྱལ་པོའི་ཞལ་ནས། འགག་
དང་ཉག་ག་གཟིགས་ཙ་ན། །ཚིག་ཚོགས་སྤྲིན་ཕུང་འཁྲིགས་གྱུར་ཀྱང་། །སྐྱེ་མེད་ཐང་དུ་ཁ་བ་བབས། །ཞེས་དང་། མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། །ཆོས་ཉིད་འདི་ལ་གཞོལ་ཞིང་འབབས། །གསུངས། དེས་ན་ཚེ་གཅིག་ལ་སངས་རྒྱ་བར་འདོད་པས། ཐུགས་དམ་གྱི་མཐིལ་འདི་ལ་མཛད་ན་ལེགས་ཏེ། ལྷོ་བྲག་མར་པས་རྗེ་བཙུན་ལ། ཚེ་གཅིག་སངས་རྒྱས་ཐོབ་འདོད་ན། ཡེངས་མེད་སེམས་ལ་ལྟོས་ཤིག་གསུང་། དེ་དག་ལ་དགོངས་ནས། མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། འབྲོམ་འཚང་རྒྱ་བ་ལ་ཐག་ཉེ་བ་ཞིག་དགོས་ན། གསང་སྔགས་ཟབ་མོ་འདི་རྣམས་འདོམས། ཁྱད་པར་དོ་ཧ་སེམས་ལ་ཚུད། འཚང་རྒྱ་བ་ལ་དེ་ལས་ཐག་ཉེ་བ་མེད། སྟོན་དུས་ཀྱི་ལོ་ཏོག་ཁམ་རུམ་མེད་པ་དང་འདྲ། གྲུབ་ཐོབ་ཆེན་པོ་རྣམས་ཀྱི་ཉམས་ལེན་ཡིན། ཁྱད་པར་དུ་དོ་ཧ་འདི་ཀུན་བྱས་ན། ལུང་སྟོང་ན་ཕར་ལ་རྣལ་འབྱོར་པ་བཟང་པོ་ཉམས་གར་རྩེ་ཞིང་། ཌ་མ་རུ་ཁྲོལ་ལེ་འོང་སྲིད། བློ་རབ་ལ་ཆོས་རབ་མཆིས། ཁྱོད་ཀྱི་ཆ་ལུགས་འདི་ཀུན་ལ་ལྷག་པར་འདི་མཐུན་གསུངས་པའི་གླུ་ནི། གསོན་གསང་
སྔགས་ཐེག་པའི་ཡང་རྩེ་ཡིན། །སྒོས་དམ་ཆོས་ཟབ་མོ་དོ་ཧ་དེ། །རྗེ་ས་ར་ཧ་ཡིས་ང་ལ་བྱིན། །བུ་ཐུགས་ཀྱི་དཀྱིལ་དུ་འདི་ཆོངས་གསུངས། །ཞེས་གསུངས་སོ། །དེས་ན་སོ་ནམ་ཟིན་པའི་སྐྱེ་བོ་ཉལ་ནས་སྡོད་པ་ལྟར། ཆོས་ཀུན་སེམས་སུ་ཤེས། སེམས་ཉིད་སྟོང་གསལ་འཛིན་མེད་ཆོས་དབྱིངས་སྤྲོས་བྲལ་ཆེན་པོར་ཐག་ཆོད་པའི་རྣལ་འབྱོར་པས། གཞན་ལྷ་སྒོམ་སྔགས་བཟླ་སོགས་སྤྲོས་བཅས་ཀྱི་བྱ་བ་ཐམས་ཅད་བློས་བཏང་སྟེ། མཉམ་གཞག་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་འབའ་ཞིག་ལ་གནས་པར་བྱའོ། །གཞན་བྱེད་སྙིང་འདོད་པ་དང་། གྱིས་ཞེས་བསྐུལ་བ་རྣམས་བར་ཆད་ཡིན་ཏེ། གསང་བ་གྲུབ་ལས། ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་སོགས་ནི། །བསྒྲུབ་པར་འདོད་པ་མ་འོངས་པའི། །སློབ་དཔོན་དེ་ནི་བདུད་ཀྱི་རིགས། །ཞེས་དང་། རྗེ་མི་ལས་ཀྱང་། བུ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་དུས། །ལུས་ངག་གི་དགེ་སྦྱོར་མ་བརྩོན་ཞིག ། མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །བུ་མ་བཅོས་ལྷུག་པའི་ངང་ལ་ཞོག ། གསུངས། འདི་ཉིད་དོར་ནས་གཞན་དམན་པའི་དགེ་སྦྱོར་སོགས་ལ་བརྩོན་པ་ནི། རྒྱལ་པོ་ཁྲི་ལས་བབས་ནས་ཕྱག་བདར་བྱས་པ་དང་འདྲ་སྟེ། དཔལ་ས་ར་ཧའི་དོ་ཧ་ལས། གནས་ལུགས་རྟོགས་ནས་དམན་པ་ཉིད་བྱེད་ན། །རྒྱལ་པོ་ཁྲི་ལས་བབས་ནས་ཕྱག་བདར་བྱེད་པ་བཞིན། །ཟད་མི་ཤེས་པའི་བདེ་བ་
ཆེན་པོ་ཉིད་སྤངས་ནས། །གང་ཞིག་འཁོར་བའི་བདེ་ལ་རེག་པ་ཉིད་ཀྱིས་འཆིངས། །གསུངས། དཔེར་ན་ལྟོ་བ་འགྲངས་ནས་ཟས་གཞན་གྱི་རྩོལ་བ་མི་བྱེད་པ་ལྟར། འདི་ལྟར་སེམས་ཀྱི་ཕུ་ཐག་ཆོད་ནས། སླར་གཞན་རིགས་གནས་སོགས་མི་སློབ་པར། འདི་ཁོ་ནས་ཆོག་ཤེས་པར་བྱས་སྐྱོང་དགོས་ཏེ། རྗེས་ན་རཏྣས། གང་དུ་མཆོག་གི་གོ་འཕང་ལ། །ཡིད་གཅིག་པ་ཡིས་བསམ་བྱས་ན། །དེ་ལས་དངོས་གྲུབ་རྙེད་འགྱུར་ཏེ། །བྱ་མང་རྩོམ་ལ་འབྲས་བུ་ཅི། །གསུངས། སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱི་གནས་ལུགས་རྟོགས་ནས་སྤྲོས་པ་རྣམས་ལ་ཆེད་དུ་འབད་པ་དེ་ཡང་། ལུང་གཞན་ལས། ནོར་བུ་རྙེད་ནས་འཆིང་བུ་འཚོལ་བ་དང་། །ཟས་མཆོག་རྙེད་ནས་ཟས་ངན་འཚོལ་བ་བཞིན། །གསུངས་སོ། །ཕྱིའི་འཇིག་རྟེན་གྱི་བྱ་བ་ལྟ་ཅི་སྨོས། ནང་མཆོད་སྦྱིན་སོགས་ཀྱང་རེ་ཞིག་བཞག་ནས་བསྒོམ་དགོས་ཏེ། བྷུདྡྷ་ཀ་རས། ཡེ་ཤེས་གོམས་བྱེད་རྣལ་འབྱོར་པ་ཡིས་ཡིད་ནི་འདི་ལྟར་རིག་མིན་ཉིད། །སློང་བ་བགྱིད་དང་ཤིན་ཏུ་མང་པོའི་བཟའ་བ་དང་ནི་གཉིད་ཀྱང་སྟེ། །མྱུར་བའི་དབང་ལས་མང་དུ་སྨྲས་དང་སྒྲ་སྒྲོག་རླུང་དང་ཀློག་པ་དང་། །མཆོད་དང་སྦྱིན་སྲེག་སོགས་ཀྱང་དེ་བཞིན་སྤང་བྱ་འདིར་ནི་ཏིང་ངེ་འཛིན་ལའོ། །གསུངས། བླ་མའི་གདམས་ངག་བདུད་རྩི་ལྟ་བུ་འདི་འདྲ་ཐོབ་ནས། ད་དུང་གཞན་དུ་བསྟན་བཅོས་
དུ་མ་ལ་བལྟ་བ་དེ་ནི། དཔེར་ན་ཆུ་བོར་ནས་ཐང་ཆེན་དུ་འཁྱམས་ནས་སྐོམ་པས་གདུངས་ནས་འཆི་རུ་བཅུག་པ་དང་འདྲ་སྟེ། དཔལ་ས་ར་ཧའི་དོ་ཧ་ལས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུངས་སེལ་བསིལ་བ་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །གསུངས། དེས་ན་རི་དྭགས་ཉལ་སར་ཕུར་པ་བཏབ་པ་ལྟར། མི་མེད་པའི་གངས་དང་རི་སུལ་གྱི་རི་དྭགས་རྣམས་ཀྱི་གདན་ས། བྲག་སྐྱིབས་སུ་ལུས་ངག་ཡིད་གསུམ་གཡོ་བ་མེད་པར་ཆུ་བོའི་རྒྱུན་བཞིན་དུ་གནས་ལུགས་ཀྱི་ངང་ལ་མཉམ་པར་འཇོག་དགོས་ཏེ། ཆུ་བོའི་རྒྱུན་ནི་འབབས་པ་དང་། །མར་མེ་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་གཞག །ཅེས་གསུངས་པས་རྣམ་པར་གཡེང་བར་འགྱུར་བ་དང་། ཕྱིར་བཟློག་པའི་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་དང་། གྲུབ་ཆེན་བརྒྱད་ལྟ་བུ་འཚོལ་བ་ལ་ཡང་ཞེན་པ་བོར་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འབའ་ཞིག་ལ། སེམས་རྩེ་གཅིག་པ་བྱས་བསྒོམས་ན། རྣལ་འབྱོར་པ་སྔོན་སྦྱང་ཅན་ནམ། ཡང་ན་བརྩོན་འགྲུས་ཅན་གྱིས་ཟླ་བ་དྲུག་ཚུན་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྱོད་བསྡུས་ལས། ཟླ་བ་དྲུག་གིས་དོན་འགྲུབ་འགྱུར། །གསུངས། དེས་ན་འབད་
རྩོལ་གྱིས་བསྒོམ་སོགས་ལ་ལྟོས་པ་མེད་པར། མ་བསྒོམ་པར་འཚང་རྒྱ་བའི་གདམས་ངག་འདི་འདྲ་ཡོད་ན། གདམས་ངག་ཡོད་པ་ཡིན་ཏེ། ལྷོ་བྲག་མར་པས། བསྒོམ་ཏེ་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམ་རྒྱ་ན་རྒྱ་བ་ཡིན། །གསུངས་སོ། །འདི་ལྟ་བུའི་གདམས་པ་ཟབ་མོ་ནི། གཞན་འབད་རྩོལ་གྱིས་བསྒོམས་ན་སངས་རྒྱ་བར་འདོད་པའི། ལམ་འོག་མའི་གང་ཟག་བློ་ཆུང་བའི་རིགས་ལ་གསང་དགོས་པ་ནི་གདམས་ངག་ལ་སྐྱོན་ཡོད་ནས་གསང་དགོས་པ་མ་ཡིན་མོད། འོན་ཀྱང་མ་གསང་ན་བློ་ཆུང་དེ་དག་གིས་འདིའི་དགོངས་པ་མི་ལོན་པར་ལོག་ལྟ་སྐྱེས་ནས་ཆོས་སྤོང་གི་ལས་བསོག་ཉེན་ཡོད་པས་ཤིན་ཏུ་གསང་དགོས་ཏེ། ཐལ་འགྱུར་གྱི་རྒྱུད་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བཤད་ན་ཉན་ཐོས་རང་རྒྱལ་ཡང་། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེས་ན་མཆོག་ཏུ་གསང་བར་བྱ། །ཞེས་དང་། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་རྒྱལ་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། དངངས་པ་དང་བརྒྱལ་བར་འགྱུར་ཏེ། གསང་སྔགས་ལ་མི་མོས་ཏེ་ཡིད་དབྱུང་ནས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན།
བསྟན་ཅིང་ཐོས་པ་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །ཞེས་གསུངས། དེས་ན་གདམས་པ་ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་ནི་མཉམ་མེད་ཇོ་བོ། བློ་བཟང་གྲགས་པ་ཡབ་སྲས་སོགས་སྐྱེས་མཆོག་ཐམས་ཅད་ཀྱི་ལྐོག་ནོར་ཁྱད་པར་ཅན་ཡིན་པས། དམ་པ་དེ་དག་སོགས་ལ་ནང་དོན་གྱི་གདམས་པ་འདི་མེད་པར་རང་གཞན་ཀུན་གྱིས་མ་སེམས་ཤིག །སྨྲས་པ། སྔོན་བྱོན་གྲུབ་ཐོབ་ཕོ་མོ་མཁའ་ལྡིང་གིས། །སྣང་སྟོང་ཟུང་འཇུག་ཡངས་པའི་འདབ་གཤོག་རྒྱངས། ཁམས་གསུམ་འཁོར་བའི་གཡང་ས་རབ་བཅད་ནས། །ཀུན་མཁྱེན་མཁའ་ཀློང་ཡངས་པར་འཕུར་ཤུལ་དུ། ཁ་མིག་ཡར་བལྟ་སྐལ་བཟང་ཁྱུང་ཕྲུག་རྣམས། །འཇིག་རྟེན་ཆོས་བརྒྱད་སྒོང་ཤུན་རྡོག་རྫིས་ཐོངས། །དབེན་པའི་བྲག་ལ་མཇུག་སྒྲོ་ལེགས་གཏོད་ལ། །ཟུང་འཇུག་འདབ་གཤོག་རྒྱོངས་ལ་ད་འཕུར་ཅིག །ཅེས་པ་བར་སྐབས་སུ་གླུ་རུ་བླངས་པའོ། །ཡང་སློབ་བུ་བསྟན་འཛིན་རས་པ་ན་རེ། གདམས་ངག་དེ་བདག་ཅག་ལ་ཤིན་ཏུ་ཕན་པ་ཞིག་བྱུང་། དེ་ལྟར་གནས་ལུགས་སྐྱོང་དུས། རྣམ་རྟོག་ལམ་ཁྱེར་སྒེར་དུ་དགོས་སམ་མི་དགོས་ཞེས་དྲིས་པའི་ལན་དུ། འོ་དེ་ལྟ་བུའི་གནས་ལུགས་ཁྱབ་བརྡལ་ཟང་ཐལ་ཀློང་ཡངས་ཆེན་པོའི་ངང་ལ་བློ་ལྷོད་ཀྱིས་གློད་ནས་མཉམ་པར་འཇོག་དུས། དཔེར་ན་རྦ་རླབས་ཆུ་བུར་བྱུང་དུས་རྒྱ་མཚོ་སྔར་ལྟར་གཡོ་བ་མེད་པར་
གནས་ན་རྦ་རླབས་ཇི་ལྟར་ཆེ་ཡང་རང་ཚུགས་མི་ཐུབ་པར་གར་སོང་མེད་པར་རྒྱ་མཚོ་ཆེན་པོའི་ཀློང་དུ་ཐིམ་ནས་གཅིག་ཀྱང་མི་མཐོང་བ་ལྟར། རྣམ་རྟོག་བཟང་ངན་གང་ཤར་ཡང་མཉམ་གཞག་གི་ངང་ལ་སྔར་བཞིན་གཡོ་བ་མེད་པར་གནས་ན་རྣམ་རྟོག་ཇི་ལྟར་མང་ཡང་གཅིག་གིས་ཀྱང་རང་ཚུགས་མི་ཐུབ་པར་གར་སོང་ཆ་མེད་པར་མཉམ་གཞག་ནམ་མཁའ་ལྟ་བུའི་དབྱིངས་སུ་དག་ནས་གཅིག་ཀྱང་མི་མཐོང་བར་གནས་ལུགས་ཀྱི་ངང་དུ་གནས་པ་འབྱུང་སྟེ། རྒྱུད་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །གསུངས། དེ་བཞིན་དུ་བྱིང་རྨུགས་གཉིད་གསུམ་བྱུང་ཡང་གནས་ལུགས་ཀྱི་ངང་ལ་སྔར་བཞིན་བཞག་པས་གྲོལ་བར་འགྱུར་རོ། །དེ་ལྟར་བྱས་ན་རྣམ་རྟོག་ལམ་ཁྱེར་ཞེས་སྒེར་དུ་མི་དགོས། མཉམ་གཞག་འདི་ཀ་རྣམ་རྟོག་གི་གཉེན་པོ་ཡིན་ཏེ། རྗེ་མི་ལས། སེམས་ཉིད་བསྒོམ་དུ་བདེ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཉིད་རང་གི་ངང་དུ་ཞོག ། ཅེས་དང་། ཨོ་རྒྱན་ཆེན་པོས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་གཅོད་བློ་ཡིས་བཅོས་མི་བྱ། །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །གསུངས། ཡང་དཔེར་ན་དར་སེང་ལ་ཁ་བ་བབས་
པ་དང་། གླང་ཆེན་ལ་ཚེར་མ་ཟུག་པ་དང་། ཁང་སྟོང་དུ་ཁྱི་རྐུན་ཞུགས་པ་རྣམས་ལ་ཆེད་གཉེར་གྱིས་རྩོལ་བ་མེད་པ་ལྟར། ཉོན་མོངས་རྣམ་རྟོག་གང་ཤར་ཡང་ཤར་འདུག་སྙམ་པའི་འཛིན་པ་མི་བྱ། འགོག་དགོས་སྙམ་པའི་རྩོལ་བ་མི་བྱ། གང་ལྟར་ཤར་ཡང་རྗེས་སུ་མི་འབྲང་བར་ཤར་བ་དང་སྔར་ལྟར་ཤེས་པ་རང་སར་གློད་ནས། གནས་ལུགས་ཀྱི་ངང་དུ་བཞག་ན། རྣམ་རྟོག་ཤར་བ་དང་གྲོལ་བ་དུས་མཉམ་སྟེ། རིག་འཛིན་ཤྲཱི་སིངྷའི་ཞལ་ནས། མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེན། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ། །གསུངས། ཡང་དཔེར་ན་སྦྲུལ་གྱི་མདུད་པ་ཁོ་རང་གིས་བཤིག་པ་ལྟར། རྣམ་རྟོག་གང་ཤར་ཡང་སེམས་ཉིད་རང་གི་ངང་དུ་བཞག་པས། གཞན་གྱིས་འབད་རྩོལ་གཉེན་པོ་ཅུང་ཟད་ཙམ་ཡང་བརྟེན་མི་དགོས་པར་རང་སར་གྲོལ་བར་འགྱུར་ཏེ། རྒྱུད་ལས། ཇི་ལྟར་ཤར་བའི་རིག་པ་རྣམས། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གསུངས། ཡང་དཔེར་ན་ནམ་མཁའ་ལ། ཤར་ལྷོ་ནུབ་བྱང་ནས་རླུང་ཅི་བྱུང་ཀྱང་། ནམ་མཁའ་གཡོ་བ་མེད་པར་གནས་ན་རླུང་གིས་ནམ་མཁའ་མི་བསྒྲིབ་ཅིང་། བྱ་ཆེ་ཆུང་གང་འཕུར་བའི་རྗེས་དེ་མ་ཐག་མེད་པར་སོང་ནས་ནམ་མཁའ་བར་མི་ཆོད་པ་ལྟར། མཉམ་གཞག་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་དུས། རྣམ་རྟོག་གང་ཤར་ཡང་འཛིན་པ་མེད་པར་བཞག་ན། རྣམ་རྟོག་གིས་མཉམ་གཞག་མི་བསྒྲིབ་ཅིང་རྣམ་
རྟོག་བརྒྱ་སྟོང་ཤར་ཡང་ཏིང་ངེ་འཛིན་གྱི་བར་མི་ཆོད་པས། དེས་ན་གང་ཤར་ལ་འཛིན་པ་མེད་པར་ལམ་དུ་འཁྱེར་ཤེས་ན། རྣམ་རྟོག་གིས་ཕན་གནོད་གང་ཡང་མི་འབྱུང་། བསྒོམ་ལ་འཕེལ་འགྲིབ་མི་སྲིད་པས་རྟག་ཏུ་གནས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་པ་མན་ངག་གི་གནད་དམ་པ་ཡིན་ཏེ། མཁའ་འགྲོའི་སྙིང་ཐིག་ལས། ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག ། གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག ། གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག ། གསུངས་སོ། །མདོར་ན་མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་འདི་ཁོ་ན་བསྐྱང་ན། འདི་ཀ་ཉོན་མོངས་རྣམ་རྟོག་བྱིང་རྨུགས་གཉིད་གསུམ་སོགས་སྤང་བྱ་མཐའ་དག་གི་གཉེན་པོ་བླ་ན་མེད་པ་ཡིན་ནོ། །སྨྲས་པ། མདོ་རྒྱུད་མན་ངག་གོ་མཚོན་མང་ཐོགས་ཀྱང་། །ཉོན་མོངས་དགྲ་མི་ཐུལ་བའི་མི་དེས་ཅི། །བླ་མའི་མན་ངག་མཚོན་རྣོན་གཅིག་གིས་ཀྱང་། །ཉོན་མོངས་དགྲ་རྣམས་ཐུལ་བའི་དཔའ་བོ་དགོས། །བདེ་ཆེན་ཐང་ལ་ཡེངས་འདོད་སློབ་བུ་རྣམས། །ལྟ་བའི་མཚོན་རྣོན་མདུང་རིང་ལག་ཏུ་ཐོགས། །སེམས་ཀྱི་མཁར་བོ་ཆེ་ཡི་སྒོ་འགག་ནས། །ཉོན་མོངས་དགྲ་རྣམས་གང་བྱུང་ཆམ་ལ་ཕོབ། །ཅེས་བར་སྐབས་སུ་གླུ་རུ་བླངས་པའོ། །ཡང་སློབ་བུ་བསྟན་འཛིན་འགྱུར་མེད་ན་རེ། དེ་ལྟར་བསྒོམས་
ན་སྙིང་རྗེ་སྐྱེས་སམ་མི་སྐྱེ་ཞེས་དྲིས་པའི་ལན་དུ། དེ་ཡང་ཆོས་ཀུན་རྩ་བ་སེམས་ཀྱི་གནས་ལུགས་སྟོང་གསལ་ཟང་ཐལ་ཁྱབ་བརྡལ་ཆོས་དབྱིངས་ཆེན་པོའི་ངང་ལ་ཉིན་མཚན་མེད་པར་བཞག་པས། རྟོགས་པ་མངོན་དུ་གྱུར་པའི་ཚེ། དེ་ལྟར་མ་རྟོགས་པའི་ཕ་མ་སེམས་ཅན་ཡོངས་ལ་རང་བཞིན་ཤུགས་ཀྱིས་བཅོས་མ་མ་ཡིན་པའི་ཀུན་ཁྱབ་སྙིང་རྗེ་ཆེན་པོ་སྐྱེ་བ་ཆོས་ཉིད་ཡིན་ཏེ། དབང་མདོར་བསྟན་ལས། སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས། དམིགས་མེད་སྙིང་རྗེའི་འབྲས་བུ་འབྱུང་། །ཞེས་དང་། ལུང་གཞན་ལས། བྱང་ཆུབ་སེམས་དཔས་མཉམ་གཞག་ས། །གོམས་པའི་སྟོབས་ཀྱིས་རྫོགས་པ་ན། །དངོས་འཛིན་གདོན་གྱིས་ཟིན་པ་ལ། ཁྱད་པར་དུ་ཡང་སྙིང་རྗེ་སྐྱེ། །ཞེས་དང་། ཕ་དམ་པ་རྒྱ་གར་གྱིས། སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ། །གསུངས། རྗེ་རྡོ་རྗེ་རྒྱལ་པོས། བྱམས་དང་སྙིང་རྗེ་འབྱོངས་པའི་དུས། །རང་སྲོག་གཅོད་པའི་དགྲ་ལ་ཡང་། །མ་ཡི་འདུ་ཤེས་ཡང་ཡང་འབྱུང་། །གསུངས། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་ཅན་གྱི་རྣལ་འབྱོར་པས། འགྲོ་དོན་བྱས་ན་འགྲུབ་སྟེ། རྗེ་མི་ལས། སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །བདག་གཞན་མེད་ན་འགྲོ་དོན་འགྲུབ། །གསུངས། དེ་ལྟ་བུའི་རྣལ་འབྱོར་པ་དེ་ཀུན་གྱིས་ཕྱག་བྱ་བའི་གནས་ཡིན་ཏེ། ཀློང་ཆེན་རབ་འབྱམས་
ཀྱིས། དེ་འདྲའི་སྐལ་བཟང་བདེ་གཤེགས་རིག་འཛིན་དངོས། །དད་བརྒྱས་སྤྱི་བོར་བཏུད་ནས་ཕྱག་བྱས་འོས། །ཡིད་བཞིན་ནོར་བུ་བས་ཀྱང་ཆེས་ལྷག་པའི། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་དང་། སློབ་དཔོན་ཞི་བ་ལྷས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །གསུངས། །སྨྲས་པ། གནས་ལུགས་སྟོང་གསལ་ནམ་མཁའ་ཡངས་པ་ཡི། །ཉོན་མོངས་ལྷོ་སྤྲིན་རབ་རིབ་དག་གྱུར་ན། །སྙིང་རྗེའི་ཉི་མ་ཕྱོགས་རིས་མེད་པར་འཆར། །འགྲོ་ཀུན་པད་ཚལ་སྐྱོང་བའི་རྟེན་འབྲེལ་འགྲིག །སྟོང་ཉིད་སྙིང་རྗེའི་གྲུ་ཆེན་ལ་བརྟེན་ནས། །འགྲོ་ཀུན་མགྲོན་པོ་འཁོར་བའི་ཆུ་བོ་ལས། །སྒྲོལ་ལ་སྐྱོ་ངལ་མེད་པར་བརྩོན་པ་ཡི། །སྔར་མེད་རྣལ་འབྱོར་མཉན་པ་བྱུང་ན་མཚར། །ཞེས་བར་སྐབས་སུ་གླུ་རུ་བླངས་པའོ། །ཡང་སློབ་བུ་བཟོད་པ་ཆོས་འཕེལ་ན་རེ། དེ་ལྟར་གནས་ལུགས་ཀྱི་རྒྱུན་བསྐྱངས་ན་སྐབས་ཤིག་མཉམ་གཞག་གི་ངང་ནས་འཁོར་འདས་ཀྱི་ལྟད་མོ་རྣམས་མཐོང་ངམ་མི་མཐོང་ཟེར་བའི་ལན་དུ། དེ་ཡང་འཁོར་འདས་ཡོངས་ལ་ཁྱབ་ཅིང་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ངོས་ནས། ནམ་མཁའ་ལྟ་བུ་རབ་ཏུ་གསལ་ཞིང་དྭངས་ལ་བསྒྲིབ་མེད་སྣ་ཚོགས་འཆར་
བའི་ངོས་ནས། དྲི་བྲལ་ཤེལ་དཀར་གྱི་མེ་ལོང་ལྟ་བུ་མཐའ་དང་གཏིང་དཔག་པར་དཀའ་བའི་ངོས་ནས། ཕྱིའི་རྒྱ་མཚོ་ཆེན་པོ་ལྟ་བུ་ངོས་བཟུང་བཟའ་གཏད་དང་བྲལ་བའི་ངོས་ནས་བར་སྣང་དྭངས་པའི་དཀྱིལ་ལྟ་བུའི་དོན་དམ་སྤྲོས་བྲལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འཛིན་མེད་ཟང་ཐལ་རྒྱ་ཡན་ཁྱབ་བརྡལ་ཀློང་ཡངས་ནམ་མཁའ་ལྟ་བུའི་དབྱིངས་སུ་མཉམ་པར་གཞག་པའི་ཚེ། སྐབས་ཤིག་རིག་པ་དྭངས་སྙིགས་ཕྱེས་ནས་མཉམ་གཞག་གསལ་བ་བྱུང་བའི་ཚེ། རང་གི་སྐྱེས་པའི་ཕ་ཡུལ་སོགས་སྔར་འདྲིས་ཆེ་བ་དང་། རྒྱ་དཀར་ནག་སོགས་སྔར་ཆ་མེད་པའི་ཡུལ་དང་། ཡང་སྔར་གྱི་ཕ་མ་སོགས་འདྲིས་ཆེ་བ་དང་། ལྷ་འདྲེ་སོགས་སྔར་རྒྱུས་མེད་པ་དང་། ཕྱོགས་བཅུའི་ཞིང་ཁམས་སངས་རྒྱས་བྱང་སེམས་སོགས་རིམ་གྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་གསལ་བར་མཐོང་སྟེ། སྔོན་རྗེ་བཙུན་མི་ལས་མཉམ་གཞག་གི་ངང་ནས། རས་ཆུང་པ་རྒྱ་གར་དུ་བྱོན་དུས་གར་ཕེབས་གཟིགས་ཤིང་། ཚུར་ཕེབས་དུས་བསུ་བ་མཛད་པ་དང་། རས་ཆུང་པས་ཉིན་གཅིག་མཉམ་གཞག་གི་ངང་ནས་སྤྱིར་སྲིད་པའི་རྩ་རྩེ་ཀུན་གཟིགས་ཤིང་། སྒོས་རྗེ་བཙུན་མི་ལས་གཉའ་ནམ་གྲོགས་པ་ཕུག་ན་སློབ་མ་རྣམས་ལ་ཆོས་འཆད་པ་སོགས་ཅི་མཛད་གཟིགས་པ་བྱུང་། དེའི་ཚེ་རྗེ་བཙུན་མི་ལས། རས་ཆུང་བས་དེ་ལྟར་གཟིགས་པ་མཁྱེན་ནས། ད་ནི་ང་ཡི་
བུ་རས་ཆུང་བ་ཡང་ཕྱག་རྒྱ་ཆེན་པོའི་གདོན་གྱིས་སྨྱོས་ཚར་འདུག་སོགས་གསུངས། ཡང་རྗེ་བཙུན་གྱིས། ངས་མགོ་བོ་བཏུམས་པས་རྒྱངས་མིག་མཐོང་། །འཇིག་རྟེན་མིག་བལྟས་ཅེར་རེ་ལོང་། །ཞེས་དང་། ལྟད་མོ་སེམས་ལ་བལྟ་དུས་སུ། །བསམ་ཡས་ལྟད་མོས་ཅི་ལ་ཕན། །གསུངས། དེས་ན་རྒྱུན་དུ་སེམས་ལ་བལྟ་དགོས། ངོ་མཚར་གྱི་ལྟད་མོ་མཐོང་དགོས། མཐོང་བ་ལ་མ་ཞེན་དགོས། ཞེན་འཛིན་མེད་པར་བསྐྱང་ན་སྐབས་ཤིག་འཁོར་འདས་སེམས་སུ་རྫོགས། སེམས་ཉིད་ཆོས་སྐུར་གཏན་སྲིད་ཟིན་ནས། བྱ་བ་ཐམས་ཅད་ཚར་བ་འབྱུང་སྟེ། རྗེ་མི་ལས། ལྷ་རྣམས་ཀུན་གྱི་དམ་པ་མཆོག །རང་སེམས་ཆོས་སྐུར་མཐོང་བར་འགྱུར། །དེ་ཉིད་མཐོང་ན་འཁོར་འདས་ཀྱི། །ལྟད་མོ་ཐམས་ཅད་མཐོང་བ་ཡིན། །བྱ་བ་ཐམས་ཅད་ཚར་བ་ཡིན། །གསུངས་སོ། །སྨྲས་པ། ཆོས་དབྱིངས་ཁྱབ་བརྡལ་ཀློང་དེ་གུ་རེ་ཡངས། །གུ་ཡངས་བློ་བདེའི་ངང་ནས་གླུ་ཞིག་ལེན། །འཁོར་འདས་ཡོངས་ལ་ལྟད་མོ་བལྟ་འདོད་ན། །གཞན་ལ་མ་བལྟ་རང་གི་སེམས་ལ་ལྟོས། །སེམས་ལ་བྱུང་གནས་འགྲོ་གསུམ་ཨེ་འདུག་ལྟོས། །གནས་འགྱུ་རིག་གསུམ་སྟོང་ངམ་མི་སྟོང་ལྟོས། །སྟོང་པ་ཉིད་ལ་ངོས་བཟུང་ཨེ་འདུག་ལྟོས། །ངོས་བཟུང་མེད་ན་མཐའ་དབུས་ཨེ་འདུག་ལྟོས། །མཐའ་དང་དབུས་མེད་སེམས་ཉིད་
མཁའ་ལས་ཡངས། །ཕྱི་ནང་ཟང་ཐལ་རྒྱ་ཆད་ཕྱོགས་ལྷུང་བྲལ། །སེམས་ཉིད་ཁྱབ་བརྡལ་ནམ་མཁའ་ལྟ་བུའི་ངང་། །ནམ་མཁའ་བཞིན་དུ་མཐའ་དབུས་མེད་པར་ཞོག །ཉི་ཟླ་བཞིན་དུ་གསལ་འགྲིབ་མེད་པར་ཞོག །བར་སྣང་ངོས་ལྟར་ངོས་བཟུང་མེད་པར་ཞོག །བཞག་ན་འཁོར་འདས་ཆོས་ཀུན་སེམས་ལ་འཆར། །གླུ་འདི་ཐོས་ཚད་ཡོངས་ལ་ཕན་པར་ཤོག །ཅེས་སླར་ཡང་གླུ་རུ་བླངས་ནས་གདམས་པས་ཁོང་རྣམས་དགའ་མགུ་ཡི་རང་བའི་ངང་ནས་ཕྱག་དུ་མ་བྱས་རང་རང་གི་བསམ་གཏན་གྱི་ཁང་པར་སོང་ནས་གནས་ལུགས་ཀྱི་ངང་ལ་རྩེ་གཅིག་ཏུ་གཞོལ་བར་གྱུར་ཏོ།། ༈ །།ཡང་སྐལ་ལྡན་གྱི་སློབ་བུ་བློ་བཟང་སྦྱིན་པ་དང་། བསྟན་འཛིན་རྒྱ་མཚོ་གཉིས་ཀྱིས་ལྷ་རྫས་དྲི་མེད་ཕུལ་ནས། བདག་ཅག་གཉིས་ལ་འཆི་ཁའམ་བར་དོར་གྲོལ་ཞིང་ཕྱི་མ་དག་ཞིང་དུ་བགྲོད་པའི་ཞལ་གདམས་དགོས་ཞེས་ཞུ་དོན་ཚིགས་སུ་བཅད་ནས་ཕུལ་བ། རྒྱལ་བའི་རྣམ་འཕྲུལ་བླ་མ་རྗེ། །རྗེ་བཙུན་ཁྱེད་ཀྱིས་དང་པོའི་དུས། །དུས་ཀུན་བླ་མ་དུ་མ་བསྟེན། །བསྟེན་ནས་ཐོས་བསམ་སྒྲོ་འདོགས་བཅད། །བར་དུ་དཀའ་སྤྱད་སྙིང་རུས་བྱས། །དབེན་པར་རྩེ་གཅིག་བསྒོམས་པའི་མཐུས། །ལམ་རྟགས་ཡོན་ཏན་སྣ་ཚོགས་བཅས། །རིང་མིན་སྐུ་གསུམ་མངོན་དུ་གྱུར། །ཐ་མ་ད་ལྟ་གྲུབ་འབྲས་ཀྱིས། །ཕྱོགས་འདིའི་སྐྱེ་དགུས་ཐོག་དྲངས་པའི། །སྐལ་བཟང་གདུལ་བྱ་
མ་ལུས་པ། །མངོན་མཐོ་ངེས་ལེགས་ལམ་ལ་བཀོད། ཁྱེད་ཀྱི་ཕྱི་ནང་གསང་བ་ཡི། །རྣམ་ཐར་བཤད་ན་བརྗོད་མི་ལངས། །དེ་ཕྱིར་ཁྱེད་ཀྱི་ཞབས་པད་ལ། །ལན་ཅིག་མ་ཡིན་ཡང་ཡང་འདུད། །ད་ནི་བླ་མ་རིན་པོ་ཆེ། །ཞུ་བ་དོན་གཞན་མ་ལགས་ཏེ། །སློབ་བུ་ཀུན་གྱི་ཐ་ཤལ་བ། །བདག་ཅག་རྡོ་རྗེ་སྤུན་གཉིས་པོ། །བློ་གྲོས་དམན་ཞིང་སྦྱངས་པ་ཆུང་། །ན་སོ་རྒས་ཤིང་འཆི་ལ་ཉེ། །མང་པོ་བསླབས་ཀྱང་ཤེས་པ་དཀའ། །གལ་ཏེ་ཤེས་ཀྱང་བསྒོམ་ལོང་མེད། ཁྱེད་ཀྱིས་བདག་ཅག་བུ་སློབ་ལ། །དབུ་རྫོགས་ཕྱག་ཆེན་གཅོད་ཡུལ་སོགས། །ཟབ་རྒྱས་གདམས་པ་ངོ་མཚར་ཅན། །ཐོས་པ་ཙམ་གྱིས་ཉམས་དགའ་ཞིང་། །ཞེ་བློ་བདེ་བ་མང་གསུངས་ཀྱང་། །དེ་ཡི་ནང་ནས་འཆི་ཁ་རུ། །གྲོལ་བྱེད་འོད་གསལ་ལྟ་བ་དང་། །བར་དོར་གྲོལ་ཐབས་བསྐྱེད་རིམ་དང་། །དག་ཞིང་བགྲོད་པའི་ཞིང་སྦྱོང་རྣམས། །སྔོན་ཆད་རྒྱས་པར་མང་གསུངས་ཀྱང་། །ད་དུང་བདག་ཅག་བློ་དམན་གཉིས། །ཕྱིན་ཆད་མི་བརྗེད་དྲན་པའི་ཐོ། །མ་ཤེས་དུས་སུ་གསལ་འདེབས་དང་། །འཆི་ཁར་བསམ་ན་བློ་བདེ་བའི། །ཞལ་གདམས་ཤིན་ཏུ་གསལ་བ་ཞིག །རབ་ཏུ་བརྩེ་བས་གསུང་དུ་གསོལ། །བདག་ཅག་རྡོ་རྗེ་སྤུན་གཉིས་པོ། །འདི་ཕྱི་བར་དོའི་གནས་སྐབས་སུ། ཁྱེད་ལས་ལྷག་པའི་སྐྱབས་གཞན་མེད། ཁྱེད་ཀྱིས་འབྲལ་མེད་ཐུགས་རྗེས་ཟུངས། །
ནམ་ཞིག་འཆི་བ་བྱུང་བའི་དུས། །མགོན་ཁྱོད་མདུན་དུ་མངོན་སུམ་བྱོན། །འཆི་བ་ཆོས་སྐུའི་གསལ་འདེབས་མཛོད། །འཆི་བ་ཆོས་སྐུར་མ་གྲོལ་ན། །བར་དོ་ལོངས་སྐུར་བསྒྱུར་གྲོགས་མཛོད། །གལ་ཏེ་བར་དོར་མ་གྲོལ་ན། །ཤར་ཕྱོགས་མངོན་དགའི་ཞིང་ཁམས་སོགས། །དག་པའི་ཞིང་དུ་འཁྲིད་དུ་གསོལ། །ཞེས་ཟེར་བའི་ལན་དུ། འོ་སྐལ་ལྡན་བུ་གཉིས་རྒྱས་པར་སྔར་བཤད་ཟིན་པ་དེ་ཀ་ལགས། ད་ནི་དྲན་ཐོ་ལྟ་བུ་འདི་ལ་གྱིས་ཞེས་ཚིགས་སུ་བཅད་ནས་སྨྲས་པ། དད་པ་བརྟན་ཞིང་ཚུལ་ཁྲིམས་ལྡན། །ཤེས་རྒྱུད་འཇམ་ཞིང་ངང་རིང་པོའི། །སློབ་བུ་བློ་བཟང་སྦྱིན་པ་དང་། །བསྟན་འཛིན་རྒྱ་མཚོ་རྣམ་གཉིས་ལ། །རྣལ་འབྱོར་ཚོགས་དྲུག་རང་གྲོལ་ངས། །ཕྱི་མར་ཕན་པའི་ཞལ་གདམས་སྟེར། །གསེར་སྲང་སྟོང་ལས་འདི་ཉིད་ལྷག །མ་ཡེངས་རྣ་བའི་དབང་པོ་ཉོན། །ཚེ་ཐུང་ནམ་འཆི་ངེས་པ་མེད། །འཇིག་རྟེན་ཕྱི་མར་འགྲོ་གྲབ་གྱིས། །འཆི་བ་ཆོས་སྐུར་གྲོལ་བའི་ཕྱིར། །གནས་ལུགས་ལྟ་བའི་ངང་ལ་ཞོག །བར་དོ་ལོངས་སྐུར་གྲོལ་བའི་ཕྱིར། །སྣང་སྟོང་ལྷ་ཡི་བསྐྱེད་རིམ་སྒོམས། །དག་པའི་ཞིང་དུ་སྐྱེ་བའི་ཕྱིར། །རིགས་ལྔའི་ཞིང་སྦྱོང་ཡང་ཡང་གྱིས། །དེ་ལྟར་བྱས་ན་འཆི་བའི་ཚེ། །གང་ལ་བསམ་ཡང་བབས་མི་བརྡལ། །མང་པོ་ཐོབ་འདོད་གཡེང་བའི་རྒྱུ། །གནད་ཀྱི་གདམས་ངག་
སྙིང་ལ་ཆོངས། །ཞེས་སྨྲས་པས། སྦྱིན་པ་ན་རེ། དེ་ཡང་མི་བརྗེད་པའི་དྲན་ཐོར་ཤིན་ཏུ་བཀའ་དྲིན་ཆེ་བ་བྱུང་ཡང་། ངེད་བློ་རྨོངས། དྲན་བརྗེད་ཆེ། ཕྱིན་ཆད་མ་ཤེས་པ་འདྲ་བྱུང་ན་གསལ་འདེབས་སུ་འགྲོ་བ་ཅུང་འདི་ལས་རྒྱས་པ་ཞིག་གསུང་བར་ཞུ་ཟེར་བའི་ལན་དུ། ཡང་འདི་སྐད་ཅེས་སྨྲས་སོ། །ཆོས་ཀུན་ངོ་བོ་གདོད་ནས་སྟོང་། །སྟོང་བཞིན་སྣང་བ་རྨི་ལམ་འདྲ། །རྨི་ལམ་སེམས་ལས་བྱུང་བ་ལྟར། །ཆོས་ཀུན་རང་གི་སེམས་ལས་བྱུང་། །སེམས་ཀྱི་གནས་ལུགས་གདོད་མ་ནས། །མཁའ་ལྟར་སྟོང་གསལ་འཛིན་པ་མེད། །མཐའ་བྲལ་ཆོས་དབྱིངས་ཆེན་པོ་ཡི། །ཀློང་དུ་ལྷོད་ཀྱིས་གློད་ལ་ཞོག །མཁའ་ལ་སྤྲིན་ཕུང་འཁྲིག་པའི་ཚེ། །རླུང་གིས་བསྐྱོད་ནས་གཏོར་བ་ལྟར། །བྱིང་རྨུགས་གཉིད་གསུམ་བྱུང་བའི་དུས། །ལྟ་སྟངས་རིག་པ་གསལ་ངར་ཐོན། །མཁའ་ལྟར་རྒྱ་བསྐྱེད་དཔངས་བསྟོད་ལ། ཁྱབ་བརྡལ་གུ་ཡངས་ཡན་པར་ཞོག །བྱིང་རྨུགས་གཉིད་གསུམ་རང་སར་དྭངས། །མཉམ་གཞག་སྒྲིབ་མེད་མཁའ་ལྟར་གསལ། །རྦ་རླབས་རྒྱ་མཚོར་ཤར་བ་བཞིན། །རྣམ་རྟོག་གང་ཤར་སེམས་ཀྱི་རྩལ། །རྒྱ་མཚོ་གནས་ན་རྦ་རླབས་ཞི། །དེ་བཞིན་སེམས་ཉིད་སྟོང་གསལ་གྱི། །ངང་དུ་ཞོག་དང་རྣམ་རྟོག་ཡལ། །གནས་ལུགས་ངང་དུ་བཞག་པ་དང་། །རྣམ་རྟོག་རང་སར་གྲོལ་བ་དང་། །གནས་ལུགས་རང་ས་ཟིན་པ་གསུམ། །
སྔ་ཕྱི་མེད་པར་དུས་མཉམ་འོང་། །དེ་ལྟར་ཚེ་འདིར་ཉམས་བླངས་ནས། །མཉམ་གཞག་ལེགས་པོ་འབྱོངས་ཙ་ན། །ནམ་ཞིག་འཆི་བ་བྱུང་བའི་དུས། །འཆི་བ་ཆོས་སྐུར་གྲོལ་བར་འགྱུར། །ཞེས་སྨྲས་པས། བསྟན་འཛིན་རྒྱ་མཚོ་ན་རེ། འོ་དེ་བཀའ་དྲིན་ཆེ་བར་བྱུང་། ད་དུང་དེ་ལྟ་བུའི་བསྐྱེད་རིམ་གྱི་གསལ་འདེབས་ཤིག་ཀྱང་གསུང་བར་ཞུ་ཟེར་བའི་ལན་དུ། སྨྲས་པ། རང་ལུས་སྣོད་བཅུད་སྟོང་པར་སྦྱོངས། །སྟོང་པའི་ངང་ལས་སྐད་ཅིག་གིས། །མེ་ལོང་ནང་དུ་གཟུགས་ཤར་བཞིན། །འབྱུང་བཞི་རིམ་བརྩེགས་གཞལ་ཡས་ཁང་། །དེ་དབུས་རང་ཉིད་ཡི་དམ་ལྷའི། །གསལ་སྣང་ང་རྒྱལ་བརྟན་པོ་བྱས། །དེ་ཡི་ཐུགས་ཀར་སྔགས་འཕྲེང་སྒོམས། །དེ་ལས་འོད་ཟེར་ལྷ་མོ་སྤྲོས། །བླ་མ་རྒྱལ་བ་སྲས་བཅས་མཆོད། །བྱིན་རླབས་འོད་ཟེར་རྣམ་པར་བྱུང་། །རང་ལ་ཐིམ་པས་སྡིག་སྒྲིབ་དག །ལྷ་དང་ཁྱད་མེད་ནུས་པ་ཐོབ། །འོད་འཕྲོས་སྣོད་བཅུད་ཡོངས་ལ་ཕོག །མ་དག་ཉེས་སྐྱོན་ཐམས་ཅད་སྦྱངས། །སྣོད་རྣམས་ཡོངས་རྫོགས་གཞལ་ཡས་ཁང་། །བཅུད་རྣམས་ལྷར་གྱུར་སྒྲ་གྲགས་སྔགས། །དྲན་རྟོགས་ཐུགས་སུ་གྱུར་པར་མོས། །གྲགས་སྟོང་སྔགས་ཀྱི་བཟླས་པ་བྱ། །རྗེས་སུ་སྟོང་པ་ཉིད་དུ་བསྡུས། །སྟོང་པའི་ངང་ལས་ལྷ་རུ་ལྡང་། །བསྔོ་སྨོན་བཀྲ་ཤིས་གང་ཤེས་བྱ། །དེ་ལྟར་ཚེ་འདིར་བསྒོམ་ནུས་ན། །འཆི་བ་ཆོས་སྐུར་མ་གྲོལ་རུང་། །བར་དོའི་སྐབས་ཀྱི་
ཡིད་ལུས་དེ། །སྦྱངས་ནས་ལྷ་རུ་སྒོམ་ཙ་ན། །བར་དོ་ལོངས་སྐུར་གྲོལ་བར་འགྱུར། །ཞེས་སྨྲས་པས། སྦྱིན་པ་ན་རེ། ཉུང་ལ་གོ་བདེ་བ་ཞིག་བྱུང་། ད་དུང་ཞིང་སྦྱོང་བྱེད་ཚུལ་ལ་ཡང་དེ་འདྲ་ཞིག་ཐུགས་རྗེས་གཟིགས་ཞེས་ཟེར་བའི་ལན་དུ་སྨྲས་པ། རང་ཉིད་འོད་ཀྱི་ལམ་ལ་ཞུགས། །བླ་མ་ལྷ་དང་མཁའ་འགྲོ་ཡིས། །ལམ་སྣ་དྲངས་ནས་མངོན་དགའ་སོགས། །རིགས་ལྔའི་ཞིང་དུ་རིམ་གྱིས་སོང་། །སངས་རྒྱས་དེ་དག་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་ཕུལ་བས་མཉེས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །སྙན་པའི་དབྱངས་ཀྱི་གསུང་བྱོན་ནས། །བྱང་ཆུབ་ལུང་བསྟན་ཐོབ་པར་མོས། །ནམ་ཞིག་རང་ཉིད་ཤི་མ་ཐག །དག་པའི་ཞིང་ཁམས་དེ་རྣམས་སུ། །འགྲོ་དགོས་སྙམ་པའི་འདུན་པ་དང་། །སྨོན་ལམ་དག་པས་མཚམས་སྦྱོར་གྱིས། །དེ་ལྟར་ཚེ་འདིར་སྦྱངས་གྱུར་ན། །བར་དོ་ལོངས་སྐུར་མ་གྲོལ་རུང་། །སྐྱེ་བ་སྤྲུལ་སྐུ་དག་ཞིང་ནས། །འཛིན་སྙམ་དག་ཞིང་ཡིད་ལ་བྱས། །སོང་ན་ཞིང་ཁམས་དེ་རྣམས་ཀྱི། །གང་རུང་ཞིག་ལ་སླེབ་པར་ངེས། །སླེབ་མ་ཐག་ཏུ་པདྨོ་ལས། །རྫུས་ཏེ་སྐྱེ་བ་ལེན་པར་ནུས། །བླངས་ནས་སངས་རྒྱས་ཆོས་ཉན་ཏེ། །ཉམས་སུ་བླངས་ནས་སངས་རྒྱས་ཚེ། །མ་དག་ཞིང་གི་འགྲོ་བ་རྣམས། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར། །
ཞེས་སྨྲས་སོ། །ཁོང་གཉིས་ན་རེ། ཡང་ངེད་ཚོ་ལས་ངན་དཀོར་སྒྲིབ་ཆེ་བའི་དབང་གིས་ཞིང་ཁམས་དེ་རྣམས་བགྲོད་པའི་སྐལ་པ་མ་བྱུང་ན་ཅི་འདྲ་ཞིག་བྱ་དགོས་ཟེར་བའི་ལན་དུ། སྨྲས་པ། གལ་ཏེ་སྔོན་གྱི་ལས་དབང་གིས། །དག་ཞིང་བགྲོད་པར་མ་ནུས་ན། །བར་དོའི་དུས་སུ་མངོན་ཤེས་དང་། །རྫུ་འཕྲུལ་ཡོད་པས་རྒྱ་བོད་ནས། །རིགས་མཐོ་ཆོས་ལ་དཀར་བ་ཡི། །ཕ་མ་བཙལ་ནས་རྙེད་པའི་ཚེ། །ཕ་མ་གཉིས་ཀ་རྡོ་རྗེ་འཆང་། །ཡུམ་གྱི་མངལ་དེ་གཞལ་ཡས་ཁང་། །དེ་དབུས་རྣམ་ཤེས་འཇུག་རྟེན་ལ། །ཧཱུྃྃ་ཡིག་ཕྲ་མོ་གསལ་བར་སྒོམས། །དེ་ནས་སྨོན་ལམ་འདི་སྐད་གདབ། །བླ་མ་རྣམས་ཀྱི་བྱིན་རླབས་དང་། །བདག་གཞན་དུས་གསུམ་དགེ་བའི་མཐུས། །བདག་ནི་ཕ་མ་འདི་གཉིས་ལ། །བརྟེན་ནས་དལ་འབྱོར་མི་ལུས་ཐོབ། །མི་ལ་བཞད་པ་རྡོ་རྗེ་བཞིན། །ཆོས་བྱས་ཚེ་གཅིག་ལུས་གཅིག་ལ། །རྫོགས་པའི་སངས་རྒྱས་མངོན་དུ་བྱས། །གཞན་དོན་མཛད་པ་མཐར་ཕྱིན་ཤོག །སྙམ་དུ་འདུན་པ་དྲག་པོ་ཡིས། །རང་སེམས་ཧཱུཾ་ལ་འཇུག་པར་བྱ། །དེ་ལྟར་བྱས་ན་བར་སྲིད་འགགས། །མ་ཡི་མངལ་དུ་འཇུག་པར་ནུས། །ཞུགས་ནས་མི་ལུས་རིན་ཆེན་ཐོབ། །རྟེན་དེར་སངས་རྒྱས་ཐོབ་པར་འགྱུར། །ཞེས་སྨྲས་པས། ཁོང་གཉིས་ཀྱི་ད་ནི་བཀའ་དྲིན་ཆེ་ཟེར་ཚིག་གི་གཏང་རག་ཕུལ། ཕྱག་བྱས། དགའ་ཞིང་སྤྲོ་བཞིན་
དུ་རང་གནས་ཁང་ཆུང་དུ་སོང་ངོ་།། ༈ །།ཡང་འཕགས་པའི་ནོར་གྱིས་ཕྱུག་པའི་སློབ་བུ་སྡེ་པ་དབང་པོས་རི་ཁྲོད་དབེན་པའི་བསྔགས་བརྗོད་ཅིག་གསུངས་དགོས་ཞེས་ཞུ་དོན་དབྱངས་སུ་ཕུལ་བ། མི་རྟག་འཁོར་བའི་ཉེས་དམིགས་དྲན། །འགྲོ་ཀུན་དྲིན་ཅན་ཕ་མར་ཤེས། །རང་གཞན་དོན་དུ་སངས་རྒྱས་ཀྱི། །གོ་འཕང་ཐོབ་འདོད་ཤུགས་དྲག་སྐྱེས། །ཐོབ་ཕྱིར་མཚན་ལྡན་བླ་མ་བསྟེན། །ཟབ་རྒྱས་ཆོས་ལ་ཐོས་བསམ་མཛད། །དེ་ནས་ཚེ་འདིའི་འཁྲི་བ་བཅད། །མིང་དོན་མཐུན་པའི་བྱ་བཏང་བྱས། །རྩེ་ལ་སྤྲིན་དཀར་གཞོན་ནུ་ལྡིང་། །རྐེད་ལ་ན་བུན་དངུལ་མདོག་འཁྲིལ། །རྩ་བ་སྤང་ལྗོངས་མེ་ཏོག་བཀྲ། །རི་དྭགས་མ་བུས་རྩེ་བྲོ་བརྡུང་། །བུང་བས་སྙན་པའི་གླུ་དབྱངས་ལེན། །བྱ་བྱིའུ་དགའ་ཞིང་འཕྱོ་ལ་ལྡིང་། །ཉམས་དགའ་རིག་པ་དྭངས་པ་ཡི། །རི་ཁྲོད་དབེན་པའི་དགའ་ཚལ་དུ། །གཅིག་པུར་དྲང་སྲོང་བཞིན་དུ་གནས། །ཟབ་རྒྱས་གདམས་པ་བསྒོམས་པའི་མཐུས། །རང་གཞན་དོན་གཉིས་ཚེ་འདིར་གྲུབ། །མཚན་ལྡན་བླ་མ་རིན་པོ་ཆེ། །རི་ཁྲོད་དབེན་པའི་བསྔགས་བརྗོད་ཅིག །རྗེས་འཇུག་རྣམས་ལ་གསུང་དུ་གསོལ། །རྗེ་བཙུན་ཁྱེད་བཞིན་བདག་ཅག་ཀྱང་། །རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཀུན་གྱིས་རི་ཁྲོད་དབེན་པ་རུ། །ཆོས་བཞིན་བྱས་ནས་འཚང་རྒྱ་
ཤོག །ཅེས་ཕུལ་བའི་ལན་དུ། འོ་སྤྱིར་འདུས་བྱས་འཇིག་རྟེན་འཁོར་བའི་ཆོས་ཐམས་ཅད་ཟློས་གར་དང་དྲི་ཟའི་གྲོང་ཁྱེར་ལྟར། སྐད་ཅིག་ཀྱང་མི་རྟག་པར་རྣམ་པར་གཡོ་ཞིང་འགྱུར་བའི་ཚུལ་ལ་ཡིད་སྐྱོ། ཁྱད་པར་ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་མ་གཏོགས། བདེ་བའི་གོ་སྐབས་ཁབ་རྩེ་གང་ཡང་མེད་པར་ཤེས་པས་ངེས་འབྱུང་དང་སྐྱོ་ཤས་རྣམས་ཀུན་ཏུ་བརྗེད་པ་མེད་པར་རང་ཤུགས་ཀྱིས་ཤར་ནས། རི་ཀླུང་ནགས་འདབ་ལ་རྒྱུ་བའི་གླང་ཆེན་རྒྱལ་པོའི་སྐྱེད་ཚལ་དུ་བཀུག་ནས། ནོར་བུའི་དྲ་བས་གཡོགས་ཀྱང་དགའ་བར་མི་འགྱུར་བ། དེ་ལྟར་བཅོས་པའི་ཁང་བཟང་དུ་གདན་མཐོན་པོར་ལུས་དར་ཟབ་ཀྱི་སྦུབས་སུ་བཞག་ནས་ཞལ་ཇ་ཆང་གི་ངང་ལ་ཉིན་མཚན་འདའ་བར་བྱས་ཀྱང་དེ་ལ་ནམ་ཡང་དགའ་བར་མི་འགྱུར་བར། འཇིག་རྟེན་ཆོས་བརྒྱད་ཀྱི་འདོར་ལེན་རྣམས་མཐོང་ན་སྐྱུགས་ནད་ཅན་ལ་ཟས་བསྟན་པ་ལྟར། མངོན་ཞེན་གཏིང་ནས་ལོག་ནས་འཁོར་བའི་ཕུན་ཚོགས་ལ་ཡིད་སྨོན་སྐད་ཅིག་ཙམ་ཡང་མི་ཡོང་བར། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་ཀྱི་དུས་སུ་སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བས་ཆུ་སྙིང་ལ་འདོད་ནས། ཕྱོགས་ཀུན་ཏུ་ཆུ་འཚོལ་ཞིང་རྙེད་མ་ཐག་ངོམས་པ་མེད་པར་འཐུང་བ་ལྟར། སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམ་པས་
ཡིད་གདུངས་ཆོས་དང་བླ་མ་སྙིང་ལ་འདོད་ནས། ཕྱོགས་གང་དུ་འཚོལ་ཞིང་མཚན་ལྡན་གྱི་བླ་མ་རྙེད་མ་ཐག་བསམ་པ་དང་སྦྱོར་བས་ཚུལ་བཞིན་བསྟེན་ནས། ཞལ་ནས་བྱུང་བའི་ཟབ་རྒྱས་གདམས་པའི་བདུད་རྩི་ངོམས་མེད་དུ་ལོ་ཟླ་བ་བྱས་འཐུངས་ཤིང་། དེ་ནས་སྡུག་བསྔལ་དུ་མས་གདུངས་ཤིང་ཉམ་ཐག་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་ཤུགས་དྲག་པོའི་ངང་ནས། རྒྱབ་རི་མཐོ་ཞིང་རྩེ་ལ་སྤྲིན་དཀར་རྒྱུན་དུ་ལྡིང་བ། ཉི་མ་སྔ་མོར་འཆར་ཞིང་དགུང་མོར་ནུབ་པའི་ཉི་ཚེ་རིང་བ། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་རབ་དཀར་རྡོ་ཡི་འབབ་སྟེགས་ན། འབབ་ཆུ་གཙང་མས་ཤིན་ཏུ་བསིལ་བསིལ་འཐུང་འཐུང་ཟེར་བ་ལྟར། སྙན་པའི་སྒྲ་སི་ལི་ལི་སྒྲོག་ཅིང་འབབ་པ། ལོ་འདབས་མེ་ཏོག་འབྲས་བུའི་ཡོངས་སུ་མཛེས་པའི་ལྗོན་ཤིང་ལ། དྲི་བཞོན་བསེར་བུས་བཏབ་ཚེ་ཆོས་པ་ཐམས་ཅད་གནས་འདིར་ཤོག་ཅེས་ལག་པས་གཡོབ་པ་ལྟར། ཡལ་འདབ་རྣམས་རྒྱང་ནས་ཕྱོགས་ཀུན་བསྐྱོད་པ། རེས་འགའ་ཏིང་ངེ་འཛིན་བསྒོམ་པ་ལ་ལུས་པོ་འདི་བཞིན་སྡོད་དགོས་ཟེར་བ་ལྟར་གཡོ་འགུལ་མེད་པར་སྡོད་ཅིང་། བྱ་བཏང་རི་ཁྲོད་པ་ལ་འབོལ་སྟན་གྱི་ཆེད་དུ་བཏིང་པ་ལྟར་ས་གཞི་ཐམས་ཅད་ལ་ཤིང་ལོ་གསར་རྙིང་དུ་མ་བརྩེགས་
ནས་ཡོད་པ། བསམ་གཏན་པ་སྤྲོ་བའི་མཆོད་སྤྲིན་གྱི་ཆེད་དུ་མེ་ཏོག་སྣ་ཚོགས་པ་གསར་དུ་ཁ་ཕྱེ་འདྲའི་དྲི་བཟང་འཐུལ་ཞིང་འཛུམ་རྒོད་བྱེད་པའི་རབ་མཛེས་མེ་ཏོག་དུ་མས་ཁོར་ཡུག་གང་བ། མེ་ཏོག་ར་བ་ན་སྦྲང་རྩིའི་རོས་མྱོས་པའི་བུང་བ་མང་པོས་དགའ་བའི་འཕུར་ལྡིང་གཡོ་ཞིང་སྙན་ལ་རིང་བའི་གླུ་དི་རི་རི་ལེན་པ། ལྗོན་ཤིང་གི་ར་བས་བསྐོར་བའི་ནང་ན་ཉི་མའི་མདངས་ཀྱིས་གསལ་བར་བྱས་པའི་ས་གཞི་ལག་མཐིལ་ལྟར་སྙོམས་པ་ལ། གཡུ་དང་བཻཌཱུརྻའི་མདངས་འཛིན་པའི་སྔོ་ལྗང་རྩྭ་འཇམ་པོ་སྐྱེས་པའི་སྟེང་ན་རི་དྭགས་ཀུན་བག་ཕེབས་སུ་རྒྱུ་ཞིང་བརྩེ་བ། ལྗོན་ཤིང་གི་ར་བ་རྣམས་སུ་བྱ་དང་བྱིའུ་མང་པོ་དགའ་ཞིང་ཕྱོགས་ལ་ལྡིང་ཞིང་སྐད་སྙན་སྒྲོག་པ། ལྷ་ཡུལ་གྱི་སྐྱེད་མོས་ཚལ་མི་ཡུལ་དུ་འཕོས་འདྲའི་ཤིན་ཏུ་ཉམས་དགའི་རི་ཁྲོད་དབེན་པའི་གནས་མཆོག་ཏུ་གོམ་པ་བདུན་ཙམ་སྤོས་ཀྱང་བསོད་ནམས་ཆེ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བར། །ཟས་དང་སྐོམ་དང་བྱུག་པ་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བྱེད་ཅིང་། །འདུས་བྱས་ངན་ལ་ཡིད་འབྱུང་སེམས་ཀྱིས་ནི། །དགོན་པར་ཕྱོགས་ཏེ་གོམ་པ་བདུན་བོར་བ། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་།
མདོ་གཞན་ལས། དགོན་པ་བསམ་ནས་གོམ་པ་བདུན་བོར་ན། །དེ་ནི་ས་བདུན་བར་དུ་འཕགས་པར་འགྱུར། །གསུངས་སོ། །དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་། གཞོན་ནུའི་དུས་སུ་དམ་པའི་ཆོས་ལ་ཐོས་བསམ་བྱས་ནས། ན་ཚོད་ཅུང་ཟད་ཡོལ་ནས། སྤང་རི་རྡོ་བ་དང་འདྲེས་པའི་བར་བར་ན། སེ་བའི་ཤིང་སོགས་ཀྱི་ཚང་ཚིང་འཁྲིགས་པ་དང་། སྤེན་མ་ལ་སོགས་མེ་ཏོག་ཅན་གྱི་ཤིང་མང་པོའི་དྲ་བ་འཛེངས་པའི་གསེབ་ན་རྩྭ་ཕུང་སྔོ་སེང་ངེ་སྐྱེས་པ་ལྗོན་ཤིང་གི་དྲ་བའི་གསེབ་ན་བྱ་དང་བྱིའུ་ཚང་བྱས་ཤིང་། རྩ་བ་ན་རི་བོང་སོགས་རི་དྭགས་སྙོམ་ཆུང་གིས་མལ་ས་བཟུང་ནས་བག་ཕེབས་པར་གནས་པ། ཁ་ལྷོ་ལྟ་དགུན་ཉི་འོད་འཁྱིལ་ཞིང་དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས་པ། ཆུ་མེ་ཤིང་འཛོམ་ཞིང་མཐུན་རྐྱེན་བསྒྲུབ་སླ་བའི་དབེན་པའི་དགའ་ཚལ་གྱི་རང་ཤོང་གི་སྤྱིལ་པོ་ཉམས་དགར་དྲང་སྲོང་གི་སྤྱོད་ཚུལ་གྱིས་གཅིག་པུར་གནས་པའི་སྐལ་པ་ཞིག་བྱུང་ན་ཤིན་ཏུའང་བདེ་སྟེ། སོ་ཐར་གྱི་མདོ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་དང་། མདོ་གཞན་ལས། སུ་དག་ནགས་ཁྲོད་མངོན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མྱོང་། །གསུངས། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམ་རྣམ་གཡེང་
འདུ་འཛི་ཆེ་བའི་གྲོང་དང་དགོན་ཆེན་སོགས་ནས་དགེ་བ་དཔག་མེད་བསྒྲུབས་པ་བས། འཛམ་གླིང་ས་ཡི་ལྟེ་བ་གངས་རི་ཆེན་པོ་ཏི་སེ་རང་བྱུང་ཤེལ་གྱི་མཆོད་རྟེན་ལྟ་བུ་རྩེ་མོ་ལ་ན་བུན་གདུགས་ལྟར་ཕུབ་ནས་ཁ་ཆར་མེ་ཏོག་རྒྱུན་དུ་འབབས་པ། རི་ངོས་ལ་ནུས་པ་ཅན་གྱི་སྨན་དང་དྲི་ཞིམ་འབྱུང་བའི་སྤོས་དང་། མེ་ཏོག་སྣ་ཚོགས་སྐྱེ་ཞིང་གནའ་བ་དང་ལྷ་བྱ་གོང་མོ་སོགས་བྱ་རི་དྭགས་ཀུན་འཁོར་བ། རྩ་བ་ན་དད་གུས་ཅན་གྱི་ཡོན་བདག་ཕོ་མོས་ཕྱག་བསྐོར་མཆོད་པ་འབུལ་ཞིང་ཆོས་བཞིན་བྱེད་པ་ལ་མཐུན་རྐྱེན་སྦྱོར་བའི་དབེན་གནས་ཁྱད་པར་ཅན་འདི་དང་འདི་འདྲའི་གནས་སུ། དགེ་སྦྱོར་མེད་པར་ཉལ་ནུས་ན་ཡང་དོན་ཆེ་སྟེ། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། འདུ་འཛིར་དགེ་བ་དཔག་མེད་བསྒྲུབས་པ་བས། །དབེན་པར་ཉལ་ནས་སྡོད་པ་ཆེས་དགའ་སྟེ། །སྡུག་བསྔལ་རྒྱ་མཚོ་བདེ་བའི་རྒྱ་མཚོ་གཉིས། །འདམས་ཁ་མ་ནོར་དགོས་སོ་ཤཱཀྱའི་སྲས། །ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། ཡུལ་གྱི་དགེ་སྦྱོར་བརྒྱ་བས། །དབེན་པའི་དགེ་སྦྱོར་གཅིག་དགའ། །དེས་ན་རི་ལ་སོང་ལ། །གང་ནུས་དགེ་ལ་འབོད་ཅིག །གསུངས། དེ་ཡང་ཐ་མལ་སྐྱེ་བོའི་འདུ་ལོང་མེད་པར་ཤིན་ཏུ་དབེན་པའི་བསྟི་གནས། མེ་ཏོག་འབྲས་བུ་དང་ལྡན་པའི་ལྗོན་ཤིང་དང་འབབ་ཆུ་ཡོད་པ། རྩྭ་སྔོན་པོས་ཁེབས་པའི་སྤང་གཤོངས་ལ་དྲི་ངད་ལྡང་བའི་མེ་ཏོག་སྣ་ཚོགས་སྐྱེས་པ། འཁོར་
ཡུག་ཀུན་ན་ཟོས་ན་རོ་མངར་བའི་ཟྭ་ཚོད་སོགས་སྔོ་ཡི་ཁ་ཟས་མོད་ཅིང་། བྱ་རི་དྭགས་ཕོ་མོ་ཟུང་དུ་འབྲེལ་ནས་བག་ཕེབས་རྒྱུ་ཞིང་སྐད་སྙན་འབྱིན་པ། ཤིན་ཏུ་ཉམས་དགའ་རིག་པ་དྭངས་པའི་དམ་པས་བྱིན་བརླབས་དབེན་པའི་རི་སུལ་གྱི་རང་ཤོང་བསམ་གཏན་གྱི་ཁང་ཆུང་གི་ནང་དུ་འཁོད་ནས། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ལྟར་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས། བླ་མས་གནང་བའི་ཟབ་རྒྱས་གདམས་པ་ཉམས་སུ་ལེན་རྒྱུའི་སྐལ་བ་དང་ལྡན་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཏེ། མདོ་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱིས་དགོན་པ་རབ་དབེན་དུ། །བླ་མེད་བྱང་ཆུབ་བརྙེས་པར་གྱུར། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། སྔོན་གྱི་རྒྱལ་བའི་ཡོན་ཏན་དང་། །གྲུབ་ཐོབ་གོང་མའི་ཡོན་ཏན་ཡང་། །དབེན་པ་བརྟེན་ལས་འབྱུང་བར་གསུངས། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །གསུངས་སོ། །སྐྱེས་བུ་དམ་པ་ཐམས་ཅད་ཀྱི་གྲོང་དང་ཧ་ཅང་ཐག་མི་ཉེ་བའི་ནགས་ཚལ། རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ། འབབ་ཆུ་ཕུན་སུམ་ཚོགས་པ་དང་ལྡན་པའི་དུས་སུ་མེ་ཏོག་སྣ་ཚོགས་འཆར་བ། བྱ་རྣམ་པ་སྣ་ཚོགས་ཀྱིས་སྐད་སྙན་པར་འབྱིན། ཆུ་བསིལ་ཞིང་དྭངས་པའི་རྫིང་བུ་འཁྱིལ་བ། ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་
ཤིང་འབྲས་དུས་སུ་སྨིན་པ། རྩྭ་སེར་འཇམ་གཉེན་ཤིང་ལྡེམ་པོར་སྐྱེས་པས་ཁེབས་ཤིང་ཉམས་དགའ་སྣང་བ་སྤྲོ་བའི་དབེན་པའི་གནས་ཤིག་ཏུ་ཚེ་འདིའི་སྤྱོད་ཡུལ་གང་ལ་ཡང་མ་ཆགས་པར་རང་ཉིད་གཅིག་པུར་འཁོད་ནས། ཉམས་ལེན་བྱེད་རྒྱུའི་སྐལ་པ་ཞིག་ནམ་འོང་ན་སྙམ་པའི་ཡིད་སྨོན་བྱེད་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། ནགས་ན་བྱ་དང་རི་དྭགས་དང་། །ཤིང་དག་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཞེས་དང་། བུ་མོ་བདུན་གྱི་རྟོགས་བརྗོད་ལས། །ཤིང་དྲུང་ནེ་ཙོ་ལྟར་ལྗང་བའི། །དུར་བ་འཇམ་པོའི་གོས་ཅན་དུ། །མཐོང་ཆོས་བདེ་བའི་དགའ་སྟོན་དེར། །ནམ་ཞིག་བདག་ནི་ཉལ་བར་འགྱུར། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། ཡུལ་འདོད་ཡོན་འཆིང་བས་མ་བཅིང་པའི། །གནས་ཉམས་སུ་དགའ་བའི་དབེན་པའི་ཚལ། །དོན་བསམ་སྒོམ་རྣལ་འབྱོར་ལྷུར་ལེན་པར། །མི་ཁོ་བོས་སྙིང་ནས་ཡིད་སྨོན་འཆའ། །ཞེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། དོན་དེ་ཕྱིར་པདྨོའི་དྲ་བ་ཡིས། །སྟེང་མཛེས་པར་ཁེབས་པའི་ཡིད་བཞིན་མཚོ། །རྒྱངས་མིག་ལ་བབས་པའི་ངང་པ་བཞིན། །གནས་དབེན་པའི་དགའ་ཚལ་སྙིང་ནས་དྲན། །ཞེས་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོས། གྲོགས་
བཟང་པོ་འགའ་རེ་རི་ན་བཞུགས། །རི་ཤིན་ཏུ་དབེན་པའི་དགའ་ཚལ་ན། །རང་གཅིག་པུར་དྲང་སྲོང་སྤྱོད་ལ་གནས། །འདི་བསམ་ཞིང་བསམ་ཞིང་སྨོན་པ་སྐྱེས། །ཞེས་དང་། རྗེ་བཙུན་ཤཱཀྱ་རིན་ཆེན་གྱིས། ནགས་ནང་མེ་ཏོག་འཁྲིགས་ཤིང་ལྡིང་བའི་ཁྲོད། །ཤིང་ལོའི་གནས་མལ་བརྟེན་ནས་ཞི་བའི་དོན། །རྩེ་གཅིག་སེམས་པའི་དགའ་བདེ་དེ་ལྟ་བུ། །ལྷ་ཡི་སྐྱེད་ཚལ་ལ་ཡང་ཡོད་པ་མིན། །ངལ་དུབ་ཡོངས་སྤངས་སྐྱེ་བོས་དབེན་པའི་སར། །རྩོད་དང་འཐབ་མོ་རྨོངས་དང་ཆགས་པ་ཡིས། །གདུང་བ་བསྐྱེད་པའི་ནོར་དང་ལྡན་མིན་པར། །གཅིག་པུར་སྤྱོད་པ་ནམ་ཞིག་ཡོངས་སྙམ་སེམས། །ཞེས་གསུངས་སོ། །དེས་ན་རྒྱལ་བ་གོང་མ་རྣམས་ཀྱི་རྗེས་འཇུག་འོ་སྐོལ་རྣམས་ལ་རི་བོ་གནམ་ལ་སྙེགས་འདྲའི་རྩེ་མོ་དང་། ཕྲག་གོང་ན་སྤྲིན་དཀར་གཞོན་ནུ་གདུགས་དང་བ་དན་ལྟར་མཛེས་ཤིང་། སྐེད་པ་ན་ན་བུན་དངུལ་མདོག་དར་གྱི་ཡོལ་བ་ལྟར་བྲེས་པ། རྩ་བ་ན་ལྷ་ཡུལ་སྐྱེད་མོས་ཚལ་ལྟར་སྤང་གཤོང་ནེའུ་སིང་སྔོ་འཇམ་ལ་ཡིད་འོང་མཛེས་པའི་མེ་ཏོག་སྣ་ཚོགས་བཀྲ་བ། རི་ངོས་ནས་འབྲོག་པའི་སྒོ་ཕྱུགས་ཟས་ལ་བཀྲམ་པ་ལྟར། ཤ་བ་དང་རྣ་བ་དགོ་བ་སོགས་སྤུ་སྡུག་རི་དྭགས་དུ་མ་ཁྱུ་ཁྱུ་བྱས་རྒྱུ་བ། རྩི་ཤིང་སྣ་ཚོགས་སྐྱེས་པའི་རྩ་རྩེ་ན་ཁུ་བྱུག་དང་འཇོལ་མོ་སོགས་བྱ་བྱེའུ་
སྐད་སྙན་པ་དུ་མ་སྒྲོག་བཞིན་དུ་གནས་པ། སོས་ཀ་འདོད་པས་མྱོས་པའི་གཞོན་ནུ་དང་ན་ཆུང་མཛེས་མ་ནགས་ནང་དུ་འཁོད་ནས་བརྩེ་དགའ་སྐྱོང་ཞིང་གླུ་ལེན་པ་ལྟར། སྦྲང་རྩིའི་ཆང་གིས་མྱོས་པའི་བུང་བའི་ཁ་ཡིས་མེ་ཏོག་ལ་བསྣུན་ཅིང་འདར་བའི་སྐད་ཀྱིས་ཟིར་ཟིར་གྱི་གླུ་ལེན་པ། ལྷ་ཡི་བུ་མོས་དགའ་བའི་ཅོ་འདྲི་བྱེད་པ་བཞིན། རི་ཡི་ངོགས་ན་བསིལ་བའི་ཆུས་ཆལ་ཆིལ་གྱི་སྒྲས་སྒྲོག་བཞིན་འབབ་པ། ཚད་པས་གདུངས་པའི་དུས་སུ་རི་ཟུར་དུ་ཕྱིན་ན་ལྷ་ཡི་བསིལ་ཡབ་ཀྱིས་གཡབ་པ་ལྟར། རླུང་བསིལ་བུར་ལྡང་བས་བསིལ་བའི་བདེ་བ་ངང་གིས་སྟེར་བའི་ཕུན་སུམ་ཚོགས་པའི་དབེན་པའི་གནས་སུ། དམ་པའི་ཆོས་གྱིས་ཞེས་ཡང་ཡང་གསུངས་ཏེ། ཟླ་བ་སྒྲོན་མའི་མདོ་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་པའི་ནགས་ཁྲོད་བརྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོག་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་དང་། ཇོ་བོ་རྗེས། སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིང་རྟག་ཏུ་དགེ་བ་འཕེལ་སར་སྡོད། །བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བརྟེན། །ཞེས་དང་། རྗེ་རིན་པོ་ཆེས། སྣ་ཚོགས་འདམ་སྐྱེས་དཔག་མེད་གཅལ་དུ་བཀྲམ། །རྐང་དྲུག་ལྡན་རྣམས་མང་པོས་སྒྲ་དབྱངས་སྒྲོག ། སྙན་པའི་དར་དིར་སྒྲོག་
པར་བྱེད་པ་ཡི། །དབེན་གནས་དམ་པ་བརྟེན་དང་རྒྱལ་ཁམས་པ། །ཞེས་དང་། ཀློང་ཆེན་རབ་འབྱམས་ཀྱིས། ཨེ་མ་དད་ལྡན་ཐར་པ་འདོད་པ་དག ། གསང་ཆེན་བླ་མེད་དོན་ལ་རབ་ཞུགས་ནས། །གཅིག་པུར་དབེན་པར་སྒྲུབ་པ་སྙིང་པོར་མཛོད། །ཚེ་འདིར་ཆོས་སྐུའི་གཏན་སྲིད་ཟིན་པ་ལགས། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བརྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། འཆད་ཁ་བའི་ཞལ་ནས། དཀའ་ཐུབ་ཀྱི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་པ་ཞིག་བྱུང་ན་གཟོད་ཕས་བུ་གསོས་བྱ་བ་ཡིན་གསུངས། དེས་ན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལ་ཁ་མིག་ཡར་བལྟ་བྱས། གསུང་རྡོ་རྗེའི་ཚིག་རྣམས་དང་དུ་བླངས་ནས་ཚེ་འདིའི་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ནས། དམ་པ་གོང་མས་བསྔགས་ཤིང་སྨོན་པའི་རི་ཁྲོད་དབེན་པའི་གནས་སུ་ཧྲུལ་པོའི་གོས་གྱོན་ཞིང་། ངན་ངོན་གྱི་ཟས་ཟོས་ནས་རང་ལ་སྔར་བླ་མས་ཟབ་རྒྱས་གདམས་པ་གང་བསྟན་པ་དེ་ཉམས་སུ་ལེན་པ་ལ་ཉིན་མཚན་མེད་པར་བརྩོན་པར་གྱིས་ཤིག །སྨྲས་པ། སྐྱེ་འཆི་འཁོར་བའི་སྡུག་བསྔལ་ལེགས་བསམས་
ནས། །བླ་མའི་ཞབས་བསྟེན་ཟབ་རྒྱས་གདམས་པ་བླངས། །འགྲོ་ཀུན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་ཐོབ་འདོད་བསམ་པས་ཀུན་བླངས་ནས། །རྒྱབ་རི་མཐོ་ཞིང་རྩེ་ལ་སྤྲིན་དཀར་ལྡིང་། །ས་ཕྱོགས་གཙང་མའི་རྡོ་ཡི་འབབ་སྟེགས་ན། །འབབ་ཆུ་གཙང་མས་འཐུང་འཐུང་ཟེར་བ་ལྟར། །ལྷུང་ལྷུང་སྐད་སྙན་སྒྲོག་བཞིན་ཆད་མེད་འབབ། །ལོ་མ་མེ་ཏོག་འབྲས་བུའི་ཡོངས་མཛེས་པའི། །ལྗོན་ཤིང་དྲི་བཞོན་བསེར་བུས་བསྐུལ་བའི་མོད། །རྩེ་གཅིག་བསམ་གཏན་བསྒོམ་རྣམས་འདིར་ཤོག་ཅེས། །ལག་པ་གཡོབ་ལྟར་ཡལ་འདབ་ཕྱོགས་ཀུན་བསྐྱོད། །རེས་འགའ་ཏིང་འཛིན་བསྒོམ་དུས་འདི་ལྟར་དུ། །སྡོད་དགོས་ཟེར་ལྟར་གཡོ་བ་མེད་པར་གནས། །རི་ཁྲོད་པ་ལ་འབོལ་སྟན་བཏིང་བ་ལྟར། །ས་གཞི་ཀུན་ལ་ཤིང་ལོ་དུ་མ་བརྩེགས། །བསམ་གཏན་པ་ལ་མཆོད་སྤྲིན་བསྒྲིགས་པ་ལྟར། །དྲི་ལྡན་མེ་ཏོག་གསར་པས་ཁོར་ཡུག་གང་། །སྦྲང་རྩིའི་ཆང་གིས་མྱོས་པའི་བུང་བ་ཡིས། །འཕུར་ལྡིང་གཡོ་ཞིང་སྙན་པའི་དར་དིར་སྒྲོག །སྔོ་ལྗང་རྩྭ་འཇམ་སྐྱེས་པའི་ས་གཞི་ལ། །ལུས་མཛེས་རི་དྭགས་དུ་མ་བག་ཕེབས་རྒྱུ། །ལྗོན་ཤིང་ཡལ་གར་བྱ་དང་བྱིའུ་ཚོགས། །དགའ་ཞིང་འཕྱོ་ལ་ལྡིང་ཞིང་སྐད་སྙན་འབྱིན། །ལྷ་ཡུལ་སྐྱེད་ཚལ་མི་ཡུལ་འཕོས་འདྲ་བའི། །ཕུན་སུམ་ཚོགས་
པའི་དབེན་པའི་དགའ་ཚལ་དུ། །གོམ་བདུན་སྤོས་ཀྱང་བསོད་ནམས་རྒྱ་ཆེན་ཐོབ། །སོང་ནས་བསྡད་ན་བདེ་སྐྱིད་སྙན་གསུམ་འབྱུང་། །ཉམས་ལེན་བྱས་ན་བླ་མེད་བྱང་ཆུབ་བརྙེས། །དེ་ཕྱིར་སྐལ་ལྡན་སྙིང་གི་སློབ་བུ་རྣམས། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །ཚེ་འདིའི་འཁྲི་བ་ཐམས་ཅད་རྦད་ཀྱིས་ཆོད། །ཉམས་དགའ་རིག་པ་དྭངས་པའི་རི་ཁྲོད་དུ། །རྒྱབ་ཏུ་གཞན་ལ་མི་མཁོའི་གོས་གྱོན་ཞིང་། །ཁ་རུ་གང་བྱུང་ངན་ངོན་བཟའ་བཏུང་བྱས། །ཟབ་རྒྱས་གདམས་པ་ཉམས་སུ་ལེན་པ་ལ། །ཉིན་མཚན་མེད་པར་རབ་ཏུ་འབད་འཚལ་ལོ། །ཞེས་སྨྲས་པའོ།། ༈ །།ཡང་མཁས་བཙུན་བཟང་གསུམ་འཛོམ་པའི་སྐལ་ལྡན་གྱི་བུ་ཆེན་རྩེ་བརྒྱད་བླ་མ། བོན་མོ་ཕུག་གི་བླ་མ་སོགས། ས་དགེ་རྙིང་འབྲུག་གི་ཆོས་རྒྱུད་འཛིན་པའི། ཚེ་བློས་བཏང་གི་སློབ་མ་ལྔ་བཅུ་ལྷག་ཙམ་ལ་གདམས་པ། འོ་སྐལ་ལྡན་བུ་ཀུན། སྤྱིར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་བ་སྟན་པ་རིན་པོ་ཆེ་འདི་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ། རྒྱ་གར་འཕགས་པའི་ཡུལ་དུ་ཉན་ཐོས་སྡེ་བ་བཅོ་བརྒྱད། གངས་ཅན་འཛིན་མའི་ཁྱོན་འདིར། ས་དགེ་རྙིང་འབྲུག །འབྲི་སྟག་དཀར་གསུམ། ཞི་བྱེད་གཅོད་ཡུལ། ཇོ་ནང་བོ་དོང་པ་སོགས་གྲུབ་པའི་མཐའ་ཁྱད་པར་ཅན་མི་འདྲ་བ་མང་དུ་བྱུང་བ་
ཐམས་ཅད་རྒྱལ་བའི་བསྟན་པ་ཁོ་ན་ལས་མཆེད་པ་ཡིན་པས། ངེས་དོན་ལུང་རིགས་ལ་མཁས་ཤིང་། ཉམས་མྱོང་དང་ལྡན་པའི་རྣལ་འབྱོར་པས་དཔྱད་ན་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་འབབ་སྟེ། སངས་རྒྱས་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱིས་རྣམ་རོལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་གྱི་བུམ་བཟང་ལས། ལྷན་ཅིག་སྐྱེས་སྦྱོར་ག་འུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཞེས་དང་། འབྲུག་པ་ཀུན་ལེགས་ཀྱིས། ཕྱག་ཆེན་དང་རྫོགས་ཆེན་དབུ་མ་གསུམ། །མཁས་པས་བལྟས་ན་གཅིག་ཏུ་འདུག ། བླུན་པོ་ཆོས་སྤོང་མཛད་འདོད་རྣམས། །སོ་སོར་ཕྱེས་ལ་ང་ཡིར་བསྒོམས། །འབྲུག་པ་ཀུན་ལེགས་དེ་སྐད་ལོ། །ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །གསུངས། དེས་ན་ཁྱེད་རྣམས་ཀྱིས་གཞན་གྱི་ཆོས་དང་གང་ཟག་ཡོངས་ལ་ཉེ་རིང་ཕྱོགས་རིས་ཆགས་སྡང་གིས་ཀུན་ནས་བསླངས་ཏེ་བཟང་ངན་འདོར་ལེན། བརྙས་སྨོད་ཁྱད་གསོད་སུན་འབྱིན་བྱས་ཆོས་སྤོང་གི་ལས་
བྱེད་མི་རུང་སྟེ། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། རང་ལུགས་འདི་བདེན་གྱི། ཆོས་བྱེད་གཞན་གྱི་གྲུབ་མཐའ་ནི་མ་རུང་པའོ། །དེ་འཛིན་པའི་སྐྱེས་བུ་ནི་གཏི་མུག་པའོ། །ཞེས་སྨོད་པ་ནི་མདོ་ལས་གསུངས་པའི་ཆོས་སྤོང་གི་ལས། འབྲས་བུ་སྡུག་བསྔལ་མི་བཟད་པ་འབྱུང་བའི་རྒྱུ་ཡིན་པས་སྲོག་གི་ཕྱིར་ཡང་དེ་ལྟ་བུའི་ལས་ལ་འཇུག་མི་ཉན་གསུངས། དེས་ན་འོ་སྐོལ་རྣམས་ཀྱི་རྗེ་བདག་ཉིད་ཆེན་པོས་ལམ་གྱི་རིམ་པའི་ཆེ་བ་བཞི་གསུངས་པའི་དགོངས་པ་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་། གསུང་རབ་མ་ལུས་གདམས་པར་འཆར་དགོས་ཏེ། རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་ནས། གང་ཤར་ངོས་འཛིན་ལྟ་བའི་གནད། འདི་འདྲ་བ་ནི། རང་ཅག་རི་བོ་དགེ་ལུགས་པ་དང་། རྙིང་མ་པ་རྒད་པོ་རྣམས་དང་། ས་སྐྱ་པ་སོགས་མཐའ་དག་དགོངས་པ་མཐུན་པ་ཡིན་ཞེས། ཐམས་ཅད་ཀྱི་ལྟ་བའི་དགོངས་པ་མཐུན་ཚུལ་རྒྱས་པར་གསུངས་པའི་མཇུག་ཏུ། རྗེ་བླ་མ་ཙོང་ཁ་བའི་མན་ངག་ལ་བརྟེན་ན། འདི་འདྲ་བའི་བཤད་པ་གུ་ཡངས་པོ་རྒྱབ་ཆོག་གསུངས་སོ། །དེ་ནས་བོད་དུ་དར་བའི་གྲུབ་མཐའ་ཐམས་ཅད་དགོངས་པ་མཐུན་ཅིང་། ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས། ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ཡོངས་ལ་དག་སྣང་ཕྱོགས་མེད་དུ་སྦྱོང་བ་གནད་ཆེ་སྟེ། པཎ་ཆེན་བློ་བཟང་ཡེ་ཤེས་
ཀྱི་ཞལ་ནས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མ་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག ། དོན་མེད་ཁ་སྡིག་མ་བསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་། །ཞེས་དང་། རྒྱལ་དབང་རྗེས། སེམས་རྒྱུད་གཤའ་མ་གཅིག་འདུལ་ན་དག་སྣང་ཕྱོགས་མེད་དུ་སྦྱོངས་དང་། །དག་སྣང་ཕྱོགས་མེད་དུ་སྦྱངས་པས་དག་པ་རབ་འབྱམས་སུ་འཆར་བ། །ཞེས་དང་། ཡང་དགོན་པས། མདོར་ན་མངོན་ཤེས་མ་ཐོབ་བར། །དམ་པ་སུ་ཡིན་མི་ཤེས་པས། །སུ་ལའང་བརྙས་པ་མི་བྱ་ཞིང་། །བཟང་པོར་བལྟ་ཞིང་དག་སྣང་སྦྱང་། །ཞེས་དང་། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། རང་རེ་རྣམས་སྤྱིར་ལུས་ཅན་ཀུན་དང་། སྒོས་ཆོས་མཛད་ཡོངས་ལ་དག་སྣང་འབྱོངས་པ་ཞིག་གཙོ་བོར་བྱ་དགོས། ཞེས་དང་། རྒྱལ་བ་དགེ་འདུན་གྲུབ་ཀྱིས། སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས། །སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས། །ཞེས་དང་། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས། འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་། ཆོས་དང་སྐྱེས་བུ་དམ་པ་
ལ་བརྟེན་པའི་སྡིག་པ་ཤིན་ཏུ་མི་བཟད་པས། ཕྱོགས་འཛིན་གྱི་སྡང་ཤུགས་དོར་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ་ཞེས་ཆོས་ཀྱི་རྒྱལ་མཚན་གསོལ་བ་འདེབས་སོ། །གསུངས། སྨྲས་པ། མ་འདྲིས་མཛའ་བཤེས་ཆེན་པོ་སངས་རྒྱས་ཀྱིས། །ནམ་མཁས་གར་ཁྱབ་སེམས་ཅན་ཐམས་ཅད་ལ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །གསུང་རབ་རྒྱ་མཚོའི་གཏིང་མཐའ་དཔག་པར་དཀའ། ཁ་ཅིག་གསུང་རབ་དགོངས་པ་ཕྱོགས་གཅིག་ཏུ། །འབེབས་པར་འདོད་ཀྱང་གསུང་རབ་རྒྱ་ཆེའི་ཕྱིར། །དགོངས་པ་མ་ལོན་འདོར་ལེན་བྱེད་དགོས་བྱུང་། །འདོར་ལེན་ཤེས་ལ་མཁས་པ་སུ་ཞིག་ཟེར། །གང་ཟག་རྒྱུད་ཚོད་མཐོ་དམན་སྣ་ཚོགས་པའི། །དབང་གིས་ཆོས་ལུགས་མི་འདྲ་སྣ་ཚོགས་ཡོད། །ཕན་ཚུན་འགལ་བ་ལྟར་སྣང་ཐམས་ཅད་པོ། །འདོར་རྒྱུ་ཡིན་ན་མདོ་སྔགས་གཉིས་ཀྱིས་ཀྱང་། །ནང་ན་འགལ་བ་ལྟར་སྣང་དུ་མ་སྣང་། །དེ་ལྟར་ཡིན་ན་རྒྱལ་བའི་གསུང་རབ་དང་། །དགོངས་འགྲེལ་བླ་མ་སོ་སོའི་མན་ངག་གི །ནང་ན་འགལ་བ་ལྟར་སྣང་མང་པོ་གདའ། །བོད་དུ་འགྱུར་བའི་བཀའ་བསྟན་འདིའི་ནང་ན། །བཟང་ངན་འདོར་ལེན་མང་པོ་ཞིག་ཡོད་ན། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འགྱུར་ཙ་ན། །ཆོས་སྤོང་ཅི་འདྲ་མཛད་དགོས་ཐུགས་བསམ་ཐོངས། ཁ་ཅིག་བློ་གྲོས་ཆུང་ངུས་གཞལ་གཞལ་ནས། །རྒྱལ་བའི་གསུང་རབ་
ཕ་མཐའ་རྟོགས་སྙམ་པ། །ནམ་མཁའ་འདོམ་གྱིས་འཇལ་ནས་ཚད་ལེན་ཅིང་། །རྡོ་སྐས་འཛེགས་ནས་ཉི་མ་འཛིན་སྙམ་འདྲ། །སྨན་པས་སྨན་ཀུན་ནད་པ་གཅིག་ཙམ་དོན། །མ་ཡིན་ཀུན་གྱི་དོན་དུ་བསགས་པ་བཞིན། །རྒྱལ་བའི་གསུང་རབ་སེམས་ཅན་གཅིག་ཙམ་ལ། །གསུངས་པ་མ་ཡིན་འགྲོ་ཀུན་དོན་དུ་གསུངས། །དེ་དག་མི་གཅིག་རྒྱུད་ལ་མ་ཕན་ཀྱང་། །སེམས་ཅན་སོ་སོའི་རྒྱུད་ལ་ཕན་ཆེ་བས། །མི་ཕན་ཆོས་ཤིག་རྒྱལ་བས་གསུངས་པ་མེད། །དེ་ཕྱིར་འདོར་རྒྱུའི་ཆོས་ནི་གཅིག་ཀྱང་མེད། །མི་གཅིག་བློ་ལ་འཐད་ཅིང་རྒྱུད་ལ་ཕན། །ཕྱོགས་མཐུན་ཙམ་བླངས་གཞན་མ་འདོར་གྱུར་ན། །སངས་རྒྱས་བསྟན་པ་ཕལ་ཆེར་བསྣུབས་པ་ཡིན། །སེམས་ཅན་དཔག་མེད་བདེ་སྐྱིད་ལ་གནོད་འགྱུར། །སྐོམ་པས་ཆུ་ཀླུང་རྫོགས་པར་མ་འཐུང་ཀྱང་། །ཆུ་འགའ་འཐུངས་པས་ཡིད་ཀྱང་ངོམས་པ་ལྟར། །གཅིག་གིས་ཆོས་ཀུན་ཉམས་སུ་མ་ལོན་ཀྱང་། །གང་མོས་ཉམས་སུ་བླངས་པས་གྲོལ་བར་འགྱུར། །ཐམས་ཅད་ཉམས་སུ་མ་བླངས་མི་གྲོལ་ན། །བོད་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལས། །ཅུང་ཟད་ཙམ་ལས་ཐམས་ཅད་མ་འགྱུར་བས། །ད་དུང་བསྒྱུར་དགོས་རྒྱ་གར་ཡུལ་དུ་རྒྱུགས། །སྔོན་བྱོན་རྒྱ་བོད་མཁས་གྲུབ་ཕལ་མོ་ཆེ། །གདམས་ངག་རེ་རེ་ཙམ་གྱིས་རྒྱུད་གྲོལ་བ། །བརྒྱ་
དགོས་འདུག་ན་སྟོང་ཡོད་རྣམ་ཐར་གཟིགས། །དེ་རྣམས་གྲོལ་བ་མིན་ཞེས་ཟེར་ཕོད་དམ། །བསྟན་པ་ཐམས་ཅད་འགལ་བ་མེད་པར་རྟོགས། །གསུང་རབ་གཅིག་ཀྱང་མ་ལུས་གདམས་པར་ཤར། །རྒྱལ་བའི་དགོངས་པ་བདེ་བླག་མ་རྙེད་རུང་། །ཆོས་སྤོང་ཉེས་སྤྱོད་གཡང་ལ་མ་མཆོངས་ཤིག །ཨེ་མ་ཆོས་མཐུན་སྙིང་གི་སློབ་བུ་ཚོ། །དག་སྣང་ཕྱོགས་མེད་རྩེ་དགའ་རྒོད་བཞིན་དུ། །མདོ་རྒྱུད་མན་ངག་ལམ་ཆེན་ལ་ཞུགས་ནས། །ཐར་པའི་གྲོང་ཁྱེར་ཉམས་དགའ་ད་སྙོགས་ཤིག །དམ་པས་བྱིན་བརླབས་གནས་ཆེན་གངས་རི་ནས། །དམ་ཆོས་བྱེད་པའི་ཚོགས་དྲུག་རང་གྲོལ་གྱིས། །དམ་གཙང་སྐལ་ལྡན་སློབ་མའི་ཚོགས་རྣམས་ལ། །དམ་ཆོས་དེ་དང་དེ་འདྲ་བསྟན་ནས་སོང་། །ཞེས་སྐལ་ལྡན་སློབ་མ་ཡོངས་ལ་ཕན་པའི་གདམས་པ་རྣམས་ལེགས་པར་བཤད་ཟིན་ཏོ། །དེ་ལྟར་སྐལ་ལྡན་གྱི་སློབ་མ་རྣམས་ལ་སྔ་ཕྱི་རིམ་པ་བྱས། གང་ལ་གང་འདོད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དགའ་སྟོན་འགྱེད་པ་རྣམས་གླེགས་བམ་དུ་བཀོད་ནས། ཀུན་ལ་ལུང་ཁྲིད་བྱས་པའི་མཇུག་ཏུ་གྲྭ་བུ་སློབ་རྣམས་ཀྱིས་བཀའ་དྲིན་གཏང་རག་ཏུ་ཟང་ཟིང་ནོར་གྱི་འབུལ་བ་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱས་ནས། བསྟོད་ཚིག་སྙན་པོས་མདུན་བསུས་ཏེ་མཉམ་མེད་ཇོ་བོ་ཆེན་པོའི་གསུང་གི་ཡན་ལག་བདུན་པའི་སྨོན་ལམ་གྱིས་མཚམས་སྦྱོར་འདི་ལྟར་བྱས་སོ། །སྡེ་སྣོད་གསུམ་གྱི་ཤམ་བུ་
མཛེས། །བསླབ་གསུམ་ནོར་བུའི་ཏོག་གིས་མཚན། །གདུལ་བྱ་ལྷ་ཁང་སྟེང་ན་མཛེས། །རྗེ་རྒྱལ་མཚན་ལྟ་བུའི་རྣལ་འབྱོར་པ། །གཞན་ཕན་བྱང་སེམས་རྩལ་སྟོབས་ཆེ། །ཐབས་མཁས་བསྡུ་བཞིའི་གོམ་སྟབས་བསྒྱུར། །བསྟན་འགྲོར་ཕན་པའི་ཁུར་ཆེན་འཁུར། །རྗེ་གླང་ཆེན་ལྟ་བུའི་རྣལ་འབྱོར་པ། །ཚོགས་གཉིས་མེ་ཤེལ་ཁམས་ལས་འཁྲུངས། །ཟབ་རྒྱས་ཆོས་ཀྱི་འོད་སྟོང་འགྱེད། །འགྲོ་ཀུན་མ་རིག་མུན་པ་སེལ། །རྗེ་ཉི་མ་ལྟ་བུའི་རྣལ་འབྱོར་པ། །ཞུ་ཚིག་བསེར་བུས་བསྐྱོད་ནུས་ན། །རྣམ་དཔྱོད་ཡལ་འདབ་རྒྱས་པ་ལས། །ཞལ་གདམས་དྲི་བཟང་ཡང་ཡང་འཐུལ། །རྗེ་ཙནྡན་ལྟ་བུའི་རྣལ་འབྱོར་པ། །བུ་སློབ་གསེར་དངུལ་བུམ་བཟང་དུ། །མྱང་གྲོལ་ཆོས་ཀྱི་བདུད་རྩི་དེ། །ཅི་ཙམ་འབྱོ་ཡང་འཛད་པ་མེད། །རྗེ་བུམ་བཟང་ལྟ་བུའི་རྣལ་འབྱོར་པ། །ལུང་གི་ཆོས་ཀྱི་ཡལ་འདབ་རྒྱས། །རྟོགས་པའི་ཆོས་ཀྱི་འབྲས་བུ་སྨིན། །གདུལ་བྱ་ལྷ་བུའི་རེ་བ་སྐོང་། །རྗེ་དཔག་བསམ་ལྟ་བུའི་རྣལ་འབྱོར་པ། །མཁས་བཙུན་བཟང་པོའི་རྩལ་གསུམ་རྫོགས། །འཆད་རྩོད་རྩོམ་པའི་གཡུ་རལ་རྒྱས། །ཚད་མེད་བཞི་ཡི་སྡེར་བཞི་བགྲད། །རྗེ་སེངྒེ་ལྟ་བུའི་རྣལ་འབྱོར་པ། །སྒྲིབ་གཉིས་སྒོ་ངའི་སྦུབས་ནས་ཐོན། །ཐབས་ཤེས་གཉིས་ཀྱི་གཤོག་སྒྲོ་རྒྱས། །ཐམས་ཅད་མཁྱེན་པའི་མཁའ་ལ་ལྡིང་། །རྗེ་ཁྱུང་ཆེན་ལྟ་བུའི་རྣལ་འབྱོར་པ། །བྱམས་དང་བརྩེ་བའི་སྤྲིན་ཕུང་འཁྲིགས། །ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོག །སྙན་པའི་ཆར་པ་ཕྱོགས་བཅུར་འབེབ། །རྗེ་གཡུ་འབྲུག་
ལྟ་བུའི་རྣལ་འབྱོར་པ། ཁྱེད་ཀྱི་མཁྱེན་རབ་ལྡེ་མིག་གིས། །གསུང་རབ་རིན་ཆེན་མཛོད་ཀྱི་སྒོ། །ཕྱེས་ནས་གང་འདོད་བྱིན་པའི་མོད། །རབ་དགའི་ས་ཐོབ་བཞིན་དུ་སྤྲོ། །བཀའ་དྲིན་ཆེ་འོ་ཆོས་ཀྱི་རྗེ། །དྲིན་ལན་བསྒྲུབ་པའི་མཆོད་པ་འབུལ། །ད་དུང་བྱང་ཆུབ་མ་ཐོབ་བར། །འབྲལ་མེད་རྗེས་སུ་བཟུང་དུ་གསོལ། །ཚེ་རབས་ཇོ་བོའི་གསུངས་ཀུན་ཏུ་དལ་འབྱོར་རྟེན། །ཕུན་སུམ་ཚོགས་པ་ཡོད་གྱུར་ནས། །དཀོན་མཆོག་གསུམ་ལ་སྒོ་གསུམ་གྱིས། །ཕྱག་དང་མཆོད་པས་བཀུར་བར་ཤོག །སྟོབས་བཞི་ཚང་བས་སྡིག་བཤགས་ཤིང་། །དགེ་བ་ཀུན་ལ་ཡི་རང་ཤོག །ཆོས་ཀྱི་འཁོར་ལོ་བསྐོར་བྱེད་པའི། །བསྐུལ་མ་དྲག་ཏུ་ཐེབས་པར་ཤོག །མྱ་ངན་འདའ་སྟོན་གང་བཞེད་ལ། །མི་འདའ་གསོལ་བ་ཐེབས་པར་ཤོག །ཇི་ལྟར་བསྔོས་ཤིང་སྨོན་པ་རྣམས། །བསམ་པ་ཉིད་ནས་འགྲུབ་པར་ཤོག །ཅེས་པ་དང་། གཞན་ཡང་ཕྱག་དང་བཅས་བསྔོ་བ་དང་སྨོན་ལམ་དུ་མས་མཚམས་སྦྱོར་བྱས་སོ། །སྨྲས་པ། རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་ཆོས་རྒྱལ་ངག་གི་དབང་པོ་དང་། །ཇི་ལྟའི་གནས་ལུགས་མངོན་དུ་གྱུར་པས་ཇི་སྙེད་ཆོས་ཀུན་མཁྱེན་པའི་འཇམ་དཔལ་རྡོ་རྗེ་དང་། །ཐོས་བསམ་རྒྱ་ཆེན་མཛད་པས་གསུང་རབ་མ་ལུས་གདམས་པར་ཤར་བའི་འཇམ་དབྱངས་རྒྱ་མཚོ་སོགས། །དགེ་བའི་བཤེས་གཉེན་བརྒྱ་ཕྲག་ཙམ་གྱི་ཞལ་མཐོང་གསུང་དབྱངས་ཐོས་པའི་སྐལ་པ་བྱུང་བ་བཟང་། །བླ་མ་རྣམས་ཀྱི་ཞལ་གྱི་བུམ་བཟང་ལས་ཐོན་གདམས་ངག་བདུད་རྩི་རྣམས། །དད་གུས་གསེར་གྱི་
སྣོད་དུ་བླངས་ནས་རྣམ་དཔྱོད་ལྗགས་ཀྱིས་ངོམས་མེད་མྱང་། །རྒྱལ་བའི་གསུང་རབ་མདོ་རྒྱུད་མན་ངག་གཏེར་མཛོད་མང་པོའི་སྒོ་ཕྱེས་ནས། །གདམས་ངག་རིན་ཆེན་ཉེར་མཁོ་མང་པོ་རང་རྒྱུད་ཨམ་ཕྲག་གཡོན་པར་བཅུག །ངོ་མཚར་ཟབ་རྒྱས་གདམས་པས་ཕྱུག་པའི་མོད། །མི་མེད་དབེན་པའི་རི་ཁྲོད་དགའ་ཚལ་བསྙེགས། །རྩེ་གཅིག་བསྒོམས་པས་བླ་མའི་བྱིན་རླབས་ཀྱིས། །བྱང་ཆུབ་སེམས་སོགས་སྔར་མེད་ཉམས་རྟོགས་ཤར། །ཚོགས་གཉིས་ཤིང་དང་པགས་པ་སྨོན་ལམ་དག་པས་མཚམས་སྦྱོར་ལས་བྱུང་བའི། །སྒྱུ་ལུས་ཕྱི་ལྡིར་སེམས་ཉིད་ནང་སྟོང་ཚོགས་དྲུག་རང་གྲོལ་རྔ་བོ་ཆེ། །བུ་སློབ་རྣམས་ཀྱིས་བསྐུལ་ཚིག་འཇམ་མཉེན་དབྱུག་གུས་དལ་བུས་བརྡུངས་པའི་མོད། །ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་སྙན་པོ་འགག་མེད་ལྷང་ལྷང་བྱུང་འདི་མཚར། །བདག་སེམས་གསལ་སྟོང་ཀུན་དགའ་ར་བ་ན། །ལེགས་བཤད་ཟབ་མོའི་གླེགས་བམ་ཅིར་ཡང་སྣང་། །ནང་ནས་འཇམ་དབྱངས་སྤྲུལ་པའི་གླེགས་བམ་འདི། །སྐལ་བཟང་རྣམས་ལ་སྟེར་བས་དགའ་སྟོན་མཛོད། །མངོན་མཐོ་ངེས་ལེགས་བདེ་སྐྱིད་གཞོན་ནུ་ཀུན། །ཐོས་བསམ་བསྒོམ་པའི་ཟུར་མིག་གཅིག་གིས་ཀྱང་། །དབང་མེད་འགུག་པའི་གདམས་ངག་ལུས་ཕྲ་མ། །འདི་ཉིད་ཆོས་མཛད་ཀུན་གྱིས་བརྟེན་པར་འོས། །ཟབ་རྒྱས་གདམས་པ་དཔག་བསམ་ལྗོན་པའི་འབྲས། །གདུལ་བྱའི་རྒྱུད་
ཀྱི་ས་གཞི་གར་བཏབ་ཀྱང་། །ཀུན་མཁྱེན་དཔག་བསམ་ལྗོན་པ་མྱུར་འཁྲུངས་ནས། །དོན་གཉིས་ལྷུན་འགྲུབ་འབྲས་བུར་ལོངས་སྤྱོད་ཤོག །ཅེས་འཇམ་དབྱངས་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་འདི་ཉིད་ཀྱི་ཚིག་དོན་ཕལ་ཆེ་བ། མཁྱེན་རབ་འཇམ་དབྱངས་མི་ཡི་གར་གྱིས་རྣམ་རོལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་ལེགས་བཤད་ཟླ་མེད། འཇམ་དབྱངས་གཡོན་གྱི་པདྨའི་སྟེང་གི་གླེགས་བམ་མི་ཡུལ་དུ་འཕོས་འདྲའི་ངོ་མཚར་རྨད་བྱུང་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་ལྟར། བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྐལ་ལྡན་གྱི་བུ་སློབ་ཡོངས་ལ་ཕན་ཕྱིར། ཡི་དམ་འཁོར་ལོ་སྡོམ་པའི་ཕོ་བྲང་། དགྲ་བཅོམ་སྟོང་དང་ལྔ་བརྒྱའི་བཞུགས་གནས། གནས་གསུམ་དཔའ་བོ་མཁའ་འགྲོའི་འདུ་ས་གནས་ཆེན་གངས་དཀར་གྱི་རྒྱལ་པོ་ཏི་སེའི་ཤར་ཕྱོགས་རྫུ་འཕྲུལ་ཕུག་ཏུ་སྦྱར་བའོ།། །། སྨྲས་པ། མདོ་རྒྱུད་བསྟན་བཅོས་བླ་མའི་མན་ངག་གི །སྙིང་པོ་འཇམ་དབྱངས་སྤྲུལ་པའི་གླེགས་བམ་འདི། །པར་དུ་སྒྲུབ་མཁན་སློབ་མ་ཡོན་བདག་རྣམས། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཤོག །གངས་ཅན་ལྗོངས་འདིར་ནད་ཡམས་འཁྲུག་པ་སོགས། །བཀྲ་མི་ཤིས་པའི་མིང་ཡང་མི་གྲགས་ཤིང་། །ཟས་ནོར་གཡང་འཁྱིལ་ལོ་ལེགས་འབྲུ་ནོར་འཕེལ། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་སྨོན་ཚིག་ཉུང་འདུས་འདི་ཡང་ཞབས་དཀར་པས་སྦྱར་བའོ། །སརྦ་མངྒ་ལཾ།། །