ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།
ངོ་མཚར་སྤྲུལ་པའི་གླེགས་བམ།
ངོ་མཚར་སྤྲུལ་པའི་གླེགས་བམ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བར་དུ་བསྐལ་ཆེན་གྲངས་མེད་ཚོགས་གཉིས་བསགས། །ཐ་མ་མངོན་པར་རྫོགས་པར་སངས་རྒྱས་པའི། །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །སྐུ་ཚེ་འདི་ཡི་གོང་ལ་དགའ་ལྡན་དུ། །དམ་པ་ཏོག་དཀར་ཞེས་བྱར་སྐྱེ་བ་བཞེས། །གཟིགས་པ་ལྔ་ཡིས་གཟིགས་ནས་དགའ་ལྡན་གྱི། །གནས་ནས་འཕོ་བར་མཛད་ལ་ཕྱག་འཚལ་ལོ། །ས་ལུག་ལོ་ཡི་ས་ག་ཟླ་བའི་ཚེས། །བཅོ་ལྔའི་མཚན་མོ་གླང་
ཆེན་ཐལ་དཀར་གྱི། །རྣམ་པས་རབ་མཛེས་སྒྱུ་འཕྲུལ་ལྷ་མོ་ཡི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ལྕགས་ཕོ་སྤྲེའུ་ལོ་དབོ་ཟླའི་ཚེས་པ་བཅུའི། །ཉིན་པར་བཀྲ་ཤིས་ལུམ་བིའི་ནགས་ཚལ་དུ། །སྒྱུ་འཕྲུལ་ལྷ་མོའི་རྩིབས་ལོགས་གཡས་པ་ནས། །གཟུགས་སྐུ་བལྟམས་པར་མཛད་ལ་ཕྱག་འཚལ་ལོ། །ལང་ཚོ་རབ་རྒྱས་སྐུ་ན་གཞོན་པའི་དུས། །སྟོབས་ལྡན་དྲེགས་ཅན་སྐྱེ་བོ་ཀུན་འདུས་ནས། །ཡིག་རྩིས་སྟོབས་སོགས་སྒྱུ་རྩལ་འགྲན་པའི་ཚེ། །ཀུན་ལས་མཆོག་གྱུར་མཛད་ལ་
ཕྱག་འཚལ་ལོ། །དགུང་ལོ་ཉེར་དགུའི་བར་དུ་རྒྱལ་ས་བཟུང་། །རྒྱལ་སྲིད་བསྐྱངས་ཚེ་ཡིད་འོང་ས་འཚོ་དང་། །གྲགས་འཛིན་མ་སོགས་རབ་མཛེས་བཙུན་མོ་ཡི། །འཁོར་གྱིས་བསྐོར་བར་མཛད་ལ་ཕྱག་འཚལ་ལོ། །ན་རྒ་འཆི་བ་གཟིགས་པས་ཐུགས་སྐྱོ་ནས། །ས་ཕོ་བྱི་བའི་ལོ་ལ་རྒྱལ་སྲིད་སྤངས། །མཆོད་རྟེན་རྣམ་དག་དྲུང་ནས་དབུ་སྐྲ་བསིལ། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་བྱོན། །མཁའ་ཁྱབ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །གཡོ་བ་མེད་པར་དགུང་ལོ་དྲུག་གི་བར། །
དཀའ་སྤྱད་དྲག་པོ་མཛད་ལ་ཕྱག་འཚལ་ལོ། །བདུད་ཀྱི་སྡེ་རྣམས་ཕམ་པར་བྱ་ཕྱིར་དང་། །རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དབང་གི །དྲུང་དུ་གཤེགས་པར་མཛད་ལ་ཕྱག་འཚལ་ལོ། །ལས་ཅན་རྩྭ་འཚོང་ཁྱེའུ་བཀྲ་ཤིས་ཀྱིས། །ཕུལ་བའི་རྩྭ་ཡི་གདན་ལ་སྐྱིལ་ཀྲུང་བྱས། །བྱམས་པའི་ཏིང་ངེ་འཛིན་གྱིས་ནམ་སྲོད་ལ། །བདུད་སྡེ་ཕམ་པར་མཛད་ལ་ཕྱག་འཚལ་ལོ། །དགུང་ལོ་སོ་ལྔ་ཤིང་ཕོ་རྟ་ཡི་ལོ། །ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ཡི། །ཐོ་
རངས་མངོན་པར་རྫོགས་པར་སངས་རྒྱས་པའི། །རྨད་བྱུང་མཛད་པ་བསྟན་ལ་ཕྱག་འཚལ་ལོ། །ཚངས་དང་དབང་པོས་གསོལ་བ་བཏབ་པའི་ངོར། །ཆུ་སྟོད་ཟླ་བའི་ཚེས་པ་བཞི་ཡི་ཉིན། །ཝ་ར་ཎ་སིའི་གནས་སུ་བདེན་པ་བཞིའི། །ཆོས་འཁོར་བསྐོར་བར་མཛད་ལ་ཕྱག་འཚལ་ལོ། །དགུང་ལོ་བརྒྱད་ཅུ་གྱ་གཅིག་ལྕགས་འབྲུག་ལོ། །དཔྱིད་ཐའི་ཚེས་པ་བཅོ་ལྔའི་ནངས་པར་ལ། །རྩྭ་མཆོག་གྲོང་དུ་རྡོ་རྗེའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་བའི་མཆོད་པའི་ཚོགས་རྣམས་དང་། །འཇིག་རྟེན་ཁམས་དང་སངས་རྒྱས་ཞིང་ཀུན་ན། །མཆོད་པ་ཅི་མཆིས་བློ་ཡིས་བླངས་ནས་འབུལ། །བདག་གཞན་ཚོགས་གཉིས་རྫོགས་ཕྱིར་བཞེས་སུ་གསོལ། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཐོག་མེད་དུས་ནས་ཐ་མ་ད་ལྟའི་བར། །མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ། །དེ་དག་ཐམས་ཅད་བདག་ཉིད་གཅིག་པུས་བཤགས། །ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། །རང་གཞན་སྐྱེ་འཕགས་རྣམས་ཀྱི་དགེ་བའི་ཚོགས། །མཐོང་ཐོས་དྲན་དང་མི་དྲན་ཐམས་
ཅད་ལ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་བྱ། །སྟོན་པས་གཙོར་བྱས་ཕྱོགས་བཅུའི་སངས་རྒྱས་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་དང་། །གསེར་གྱི་མཎྜལ་དུང་དཀར་གཡས་འཁྱིལ་སོགས། །ཕུལ་ནས་འགྲོ་ལ་ཆོས་འཁོར་བསྐོར་བར་བསྐུལ། །རྒྱལ་བ་རྣམས་ཀྱི་སྐུ་དངོས་ཐུགས་སྤྲུལ་གྱི། །དགེ་བའི་བཤེས་གཉེན་འགྲོ་བའི་དོན་མཛད་པ། །ཀུན་ལ་རིན་ཆེན་ཁྲི་དང་དར་ཟབ་གདན། །ཕུལ་ནས་ཞབས་པད་བརྟན་ཕྱིར་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །སྟོན་པས་བདག་གཞན་རྗེས་སུ་འཛིན་པ་དང་། །བསྟན་པ་དར་ཞིང་བསྟན་འཛིན་སྐུ་ཚེ་བརྟན། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་རྒྱུ་རུ་བསྔོ། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི། །མཛའ་བཤེས་ཆེན་པོ་སྟོན་པ་སངས་རྒྱས་ཀྱི། །ངོ་མཚར་སྐྱེས་རབས་རྣམ་པར་ཐར་པ་དང་། །གསུང་རབ་
བཞིན་དུ་བྱས་ན་ད་ནས་བཟུང་། །ཚེ་རབས་ཀུན་ཏུ་མ་ནོར་ལམ་ལ་ཞུགས། །བདེ་ནས་བདེ་བར་མཐོ་ནས་མཐོ་རུ་འགྲོ། །མཐར་ཐུག་རྫོགས་པའི་སངས་རྒྱས་གོ་འཕང་འཐོབ། །ལྷར་བཅས་འགྲོ་ཀུན་གཙུག་གི་རྒྱན་དུ་འགྱུར། །དེ་ཕྱིར་སྟོན་པའི་སྐྱེས་རབས་རྣམ་ཐར་དང་། །གསུང་བཞིན་ལྷ་ཆོས་བྱེད་ཚུལ་བདག་གིས་བཤད། །ཚེ་རབས་ཀུན་ཏུ་བདེ་ཞིང་སྐྱིད་འདོད་པའི། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་གུས་པས་ཉོན། །ཅེས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ། ཉིད་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དང་མཐུན་པའི་རྣར་སྙན་ཡིད་འབབ་བསྟོད་ཚིག་གི་སྒྲ་དབྱངས་སྒྲོགས་བཞིན་དུ་རབ་ཏུ་གུས་པས་ལྷ་ཕྱག་གྲངས་མེད་བྱས་ནས་ཡན་ལག་བདུན་པ་ཞིག་སྔོན་དུ་བཏང་ནས། འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་འདྲེན་པ་མཉམ་མེད་སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་གྱི་སྐྱེས་རབས་རྣམ་པར་ཐར་པ་དང་། གསུང་བཞིན་བྱས་ན་ལམ་ལ་ནོར་གྱི་དོགས་པ་མེད་པར་ད་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། བདེ་ནས་བདེ་བར་མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་
པའི་གོ་འཕང་མཐོན་པོར་རིམ་གྱིས་སོན་པར་འགྱུར་བས་ན། དེའི་ཕྱིར་འདིར་སྐལ་བཟང་གི་སྐྱེ་བོ་ཕོ་མོ་རྣམས་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་སྐྱེས་རབས་རྣམ་ཐར་དང་། གསུང་བཞིན་དུ་དམ་པའི་ལྷ་ཆོས་བྱེད་ཚུལ་གསལ་བར་བཤད་པར་བྱ་སྟེ། དེ་ཡང་བདག་ཅག་སྙིགས་དུས་ཀྱི་འགྲོ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ཀྱིས་འདུལ་བའི་སྤྱོད་ཡུལ་དུ་མ་གྱུར་པ། མ་རུངས་ཤིན་ཏུ་གདུལ་དཀའ་བ། སྡུག་བསྔལ་གྱིས་ཆེས་ཆེར་མནར་བ་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་གཅིག་པུ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཅན་དེ་ནི། སྐུ་ཚེ་སྔ་མའི་སྔ་མ་སྔོན་ཡུན་རིང་པོ་བས་ཀྱང་ཆེས་རིང་བ། བསྐལ་པ་བརྗོད་ཀྱིས་མི་ལངས་པའི་ཆེས་བརྗོད་ཀྱིས་མི་ལངས་པའི་སྔོན་རོལ་ན། བདག་ཅག་རྣམས་དང་སྐལ་བ་མཉམ་པར་སྤྱོད་པ་ཞིག་ལས་ནམ་ཞིག་ན་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། འཕགས་པ་འཇམ་དཔལ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོས་རྗེས་སུ་བཟུང་
ཞིང་བསྐུལ་བའི་མཐུས། སེམས་ཅན་སྡུག་བསྔལ་གྱིས་ཉམས་ཐག་པ་ལ་བཟོད་གླགས་མེད་པའི་སྙིང་རྗེ་དང་། སངས་རྒྱས་རྣམས་ཀྱི་མཐུ་སྟོབས་གཟི་བརྗིད་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཚུལ་རྣམས་ཐོས་ཤིང་མཐོང་བའི་རྐྱེན་གྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་ནི། སྟོན་པ་ཐུགས་རྗེ་ཅན་འདི། སྔོན་དམྱལ་བའི་ཤིང་རྟ་འདྲེན་པར་གྱུར་པའི་ཚེ། གྲོགས་ཟླ་བོ་ཞིག་དང་གཉིས་ཀྱིས་ལྕགས་བསྲེགས་ཀྱི་ས་གཞིར། གཤིན་རྗེ་ཨ་གླང་གི་ཤིང་རྟ་འདྲེན་པ་ལས། ཟླ་བོ་དེ་ཉམས་ཆུང་བས་འདྲེན་མ་ནུས་པ་ན། གཤིན་རྗེ་ཨ་གླང་ཁྲོས་ནས་ལྕགས་ཀྱི་མདུང་རྩེ་གསུམ་པ་བྲང་ལ་བསྣུན་པས་ཁྲག་གི་ཆར་བ་འབབ་ཅིང་། སྡུག་བསྔལ་གྱིས་ཉམས་ཐག་ནས་སྨྲེ་སྔགས་འདོན་པ་ན། །དེ་ལ་བཟོད་གླགས་མེད་པའི་སྙིང་རྗེ་སྐྱེས་ནས། ཟླ་བོ་འདི་སྡུག་བསྔལ་ལས་ཐར་བར་བྱས་ཏེ། དམྱལ་བའི་སྡུག་བསྔལ་འདི་བདག་གཅིག་པུས་བཟོད་པར་བྱའོ་སྙམ་དུ་ཐུགས་བསྐྱེད་དེ། གཤིན་རྗེ་ཨ་གླང་ལ་ཟླ་བོ་ཉམས་ཐག་འདི་ཐོངས་ལ། འདིའི་ཐག་པའང་ངའི་མགོ་ལ་སྐོན་ཅིག །ང་གཅིག་པུས་དྲང་བར་བྱའོ་ཞེས་གསུངས་
པས། ཨ་གླང་ཁྲོས་ནས་ལྕགས་ཀྱི་མདུང་རྩེ་གསུམ་པ་བསྣུན་པས། བསྐལ་པ་བརྒྱར་བསགས་པའི་སྡིག་པ་དག་ཅིང་། དེ་ནས་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པར་གསུངས། འདི་ནི་བཅོམ་ལྡན་འདས་ཀྱིས་བྱམས་པའི་ཐུགས་བསྐྱེད་མཛད་པའི་ཐོག་མ་ཡིན་པས། དེ་ནས་བཟུང་སྟེ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་རྒྱུན་མི་འཆད་དུ་བསྐྱེད་པར་མཛངས་བླུན་ལས་གསུངས། ཡང་རྒྱལ་པོ་གསལ་རྒྱལ་གྱིས། སྟོན་པས་ཐོག་མར་གང་དུ་ཐུགས་བསྐྱེད་ལགས་ཞུས་པས། བཀའ་བསྩལ་པ། སྔོན་ང་རྒྱལ་པོ་འོད་ལྡན་དུ་གྱུར་ཚེ། གླང་ཆེན་འདུལ་མཁན་གྱི་ཁ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བརྩོན་འགྲུས་དང་སྟོབས་ཐོས་ནས་དད་དེ། སྦྱིན་པ་དག་བྱིན་བསོད་ནམས་དགེ་བྱས་ཏེ། །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རང་བྱུང་སངས་རྒྱས་གྱུར་ནས་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་བསྒྲལ་བར་བྱ། །ཞེས་བྱང་ཆུབ་
མཆོག་ཏུ་ཐུགས་བསྐྱེད་པར་གསུངས། ཡང་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་བའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ། །རྫའི་བུམ་པ་འཇམ་གྱིས་བཀང་བ། མེ་ལོང་གི་ཁ་བརྒྱན་པ་སོགས་མཆོད་བའི་ཡོ་བྱད་ཅི་ཡོད་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་བརྗོད་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས། ཡང་སྔོན་ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བར་གྱུར་ཚེ། དེ་བཞིན་གཤེགས་པ་མི་ཐུབ་ཟླ་བའི་རྒྱལ་མཚན་ལ། བསོད་སྙོམས་ཕུལ་ནས་སྤྱན་སྔར་བསྡད་པ་དང་། དེ་བཞིན་གཤེགས་པ་མི་ཐུབ་ཟླ་བའི་རྒྱལ་མཚན་གྱིས་ཁྱེའུ་དེ་ལ། བྱང་ཆུབ་ཀྱི་ལམ་བསྟན་པ་ན། ཕྱིར་མི་ལྡོག་པའི་དད་པ་ཆེན་པོས་སྐྱབས་སུ་སོང་ཞིང་། བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས། ཡང་སྔོན་ཆོས་ཀྱི་རྒྱལ་པོ་ཚེ་རྣམ་རྒྱལ་ཞེས་བྱ་བའི་བུ་གཞོན་ནུ་བརྩོན་འགྲུས་སྤྱོད་པ་ཞེས་བྱ་བར་གྱུར་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་
དང་མཇལ་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་བཀོད་པ་དང་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་དད་པ་བརྟན་པོ་ཐོབ་ནས། སངས་རྒྱས་ཕུང་པོ་ཆེན་པོ་འཁོར་བཅས་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་བར་དུ། མཆོད་པའི་དངོས་པོ་ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས། ཡང་སྔོན་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་བའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཅེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ། བྱང་ཆུབ་ཀྱི་ལམ་རྒྱས་པར་བསྟན་ཅིང་། རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པ་ལ་དད་དེ། སངས་རྒྱས་དཀོན་མཆོག་ཡན་ལག་འཁོར་བཅས། ལོ་སྟོང་དུ་མཆོད་ཅིང་བསྙེན་བཀུར་ནས། བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས། ཡང་སྔོན་བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ། རལ་པ་གསེར་གྱི་ཁ་དོག་ལྟ་བུ་གདན་དུ་བཏིང་། ཨུཏྤལ་མེ་ཏོག་སྙིམ་པ་གང་གཏོར་ནས་སེམས་བསྐྱེད་པས།
སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་སྤྲིན་འདི་མ་འོངས་བ་ན། ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་སུ་འགྱུར་ཞེས་ལུང་བསྟན་པར་གསུངས། ཡང་སྔོན་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་ཚེ། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་བ། འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ། ལོ་བརྒྱ་ཕྲག་མང་པོའི་བར་དུ་མཆོད་ཅིང་། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དང་རང་གི་སློབ་མ་བྲམ་ཟེ་རིག་བྱེད་ཀློག་པ་སྟོང་ལ་སོགས་སྲོག་ཆགས་བྱེ་བ་ཕྲག་མང་པོ། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་ཁྲིད་ནས། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག །དེ་རྣམས་ཀྱིས་སེམས་བསྐྱེད་ནས། རང་རང་གི་ཞིང་བཟུང་བ་ན། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བདེ་བ་ཅན་གྱི་ཞིང་བཟུང་། གཞན་རྣམས་ཀྱིས་ཀྱང་ཞིང་བཟང་པོ་གདུལ་བྱ་དག་པ་འབའ་ཞིག་བཟུང་ཁྱད་པར་བསྐལ་བཟང་འདིར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སྐར་མ་སྐྱོངས་ལ་སོགས་བྱང་སེམས་དཔའ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་པོ་ཐམས་ཅད་ཀྱིས་འཇིག་རྟེན་རྒྱས་ཤིང་ལོངས་སྤྱོད་ཆེ་བ། གདུལ་བྱ་ཚེ་རིང་ཞིང་རྒྱུད་དག་པ་ཤ་སྟག་བཟུང་ནས།
རྩོད་ལྡན་ཚེ་ལོ་བརྒྱ་བའི་དུས་ཀྱི་གདུལ་བྱ་མ་རུངས་ཚེ་ཐུང་ལོངས་སྤྱོད་ཆུང་བ། དམུ་རྒོད་བསམ་པ་ངན་པ། འཁྲུག་རྩོད་ཅན་དེ་དག་སུས་གདུལ་བར་ནུས་ཞེས་ཡལ་བར་དོར་བ་ན། བྲམ་ཟེ་རྒྱ་མཚོའི་རྡུལ་བཟོད་གླགས་མེད་པའི་སྙིང་རྗེ་སྐྱེས་ནས། སྙིགས་དུས་ཀྱི་གདུལ་བྱ་སེམས་ཅན་ཉམས་ཐག་རྣམས་ཀྱི་དོན་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་སྟེ། དུས་ངན་འདིར་འབྱོན་པར་དམ་བཅས་པ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཤིང་། མེ་ཏོག་གི་ཆར་བབ། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱིས་འགྲན་ཟླ་མེད་པ་པད་དཀར་ལྟ་བུར་བསྔགས་ཤིང་། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བྲམ་ཟེ་རྒྱ་མཚོའི་རྡུལ་ཁྱོད་མ་འོངས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་དེར། སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྱུར་ཏེ། སངས་རྒྱས་ཀྱི་མཛད་པ་མཐའ་དག་བྱེད་པར་འགྱུར་ལ། ཁྱོད་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་གནས་པར་འགྱུར་ཞིང་། ཆོས་ནུབ་ནས་ཀྱང་ལུས་ལས་སྐྱེས་པའི་སྐུ་གདུང་རྣམས་
ཀྱིས་ཀྱང་ཡུན་རིང་པོར་སེམས་ཅན་གདུལ་བར་འགྱུར་རོ་ཞེས་ལུང་བསྟན། གཞན་ཡང་སྟོན་པ་ཐུགས་རྗེ་ཅན་གྱིས་སྔོན་འདས་པའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ་མཉེས་པའི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་ཡང་དང་ཡང་དུ་ཐུགས་བསྐྱེད་པར་གསུངས། དེ་བཞིན་དུ་འོ་སྐོལ་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་། བླ་མ་དགེ་བའི་བཤེས་གཉེན་དང་། སྐུ་གསུང་ཐུགས་རྟེན་གྱི་དྲུང་དང་། རང་ཡང་མདུན་གྱི་ནམ་མཁར་ཚོགས་ཞིང་གི་ལྷ་ཚོགས་དཔག་ཏུ་མེད་པ་བཞུགས་པར་དམིགས་ནས། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པས་མཆོད་ནས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། རང་གི་ཚེ་འཁོར་བ་ཐོག་མ་མཆིས་པས་ན། སེམས་ཅན་ཐམས་ཅད་ཀྱིས་ཚེ་སྔོན་རང་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་ལ། ཕ་མ་ནམ་བྱས་རེས་ཀྱི་ཚེ་འདིའི་ཕ་མས་བསྐྱངས་པ་བཞིན་དུ། དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན་པས། དྲིན་ཅན་གྱི་ཕ་མ་སེམས་ཅན་བདེ་བ་མེད་པ་རྣམས་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སྡུག་བསྔལ་ཅན་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་རྒྱུན་
རིང་ལ་ཤུགས་དྲག་པ་བསྒོམས་ནས། སྙིང་ཐག་པས་ད་ནས་བཟུང་སྟེ་བདག་གིས་ཕ་མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་བདེ་ལ་དགོད་པར་བྱ་སྙམ་པའི་གཞན་ཕན་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་བསྐྱེད། གཞན་དོན་བྱེད་པ་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཡོད་ཚུལ་བསམས་ནས་སྐོམ་པས་ཆུ་འདོད་པ་ལྟར་འགྲོ་ཀུན་དོན་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་འཐོབ་ན་ཅི་མ་རུང་། ཐོབ་པར་གྱུར་ཅིག །ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་པའི་བླ་ན་མེད་པའི་བྱང་ཆུབ་དོན་གཉེར་གྱི་བློ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་དགོས་པ་ཤེས་ནས། སྡིག་པ་སྤོང་བ། དགེ་བ་སྒྲུབ་པ། སེམས་ཅན་གྱི་དོན་བྱེད་པའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་པར་བྱ་སྙམ་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་དང་། དེ་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་སྤྱད་པའི་མཐུས་སངས་རྒྱས་ནས། སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་དུས་སྐབས་ཞིག་ནམ་འོང་ན། མྱུར་དུ་
འོང་ན་ཅི་མ་རུང་། འོང་བར་གྱུར་ཅིག །འོང་ཚེ་ཞི་བར་སྐད་ཅིག་ཙམ་ཡང་མི་གནས་པར། ཇི་སྲིད་འཁོར་བ་ན་སེམས་ཅན་གཅིག་ཀྱང་མ་ལུས་པ་དེ་སྲིད་དུ་འགྲོ་བའི་དོན་ལ་བརྩོན་པར་བྱའོ་སྙམ་དུ། བླ་མ་དངོས་སུ་ཡོད་ན། དེའི་རྗེས་ཟློས་བྱ། མེད་ན་ཚོགས་ཞིང་གཙོ་བོའི་རྗེས་སུ་ཟློས་པར་མོས་ལ། ༈ གཏན་གྱི་སྐྱབས་གནས་བླ་མ་དཀོན་མཆོག་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་དང་། །རྩ་བའི་བླ་མ་བདག་ལ་དགོངས་སུ་གསོལ། །ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན། །སྡུག་བསྔལ་ཀུན་དང་བྲལ་ན་ཅི་མ་རུང་། །དེང་ནས་བཟུང་སྟེ་བདག་གིས་སེམས་ཅན་གྱི། །སྡུག་བསྔལ་བསལ་ནས་བདེ་ལ་དགོད་པར་བྱ། །འགོད་ཕྱིར་སངས་རྒྱས་གོ་འཕང་འཐོབ་པར་བྱ། །འཐོབ་ཕྱིར་དམ་པའི་ལྷ་ཆོས་སྒྲུབ་པར་བགྱི། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །མཐའ་ཡས་འགྲོ་བ་སྒྲོལ་བར་སེམས་བསྐྱེད་དོ། །ཞེས་གསེར་སྦྱངས་བཙོ་མ་ལྟ་བུའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉིན་རེ་བཞིན་དུ་ཡང་ཡང་བསྐྱེད་པར་བྱའོ།
༈ དེ་ནས་སྟོན་པ་ཐུགས་རྗེ་ཅན་གྱིས། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་ནི། གྲངས་མེད་དང་པོ་ལ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ནས། དེ་བཞིན་གཤེགས་པ་ཡུལ་འཁོར་སྐྱོངས་གི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་ཞིང་མཆོད་པས་མཉེས་པར་མཛད། གྲངས་མེད་གཉིས་པ་ལ། དེ་བཞིན་གཤེགས་པ་ལེགས་མཛད་ནས་བཟུང་སྟེ། དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་གྱི་བར། སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་ཞིང་མཆོད་པས་མཉེས་པར་མཛད། གྲངས་མེད་གསུམ་པ་ལ། དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ། དེ་བཞིན་གཤེགས་པ་འོད་བསྲུངས་གི་བར། སངས་རྒྱས་བདུན་ཁྲི་བདུན་སྟོང་ལ། བསྙེན་བཀུར་ཞིང་མཆོད་པས་མཉེས་པར་མཛད་ནས་ཚོགས་གཉིས་བསགས་པར་གསུངས། དེ་ནི་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། སྟོན་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་ན། བྱ་རྒོད་ཕུང་པོའི་རི་གཅིག་པུར་སངས་
རྒྱས་བྱེ་བ་ཁྲག་ཁྲིག་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ། བཀུར་སྟི་བྱས་ཞེས་ཟླ་བ་སྒྲོན་མའི་མདོ་ལས་གསུངས། དེ་བཞིན་དུ་འོ་སྐོལ་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བླ་མ་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ལྡན་པ་ཐམས་ཅད་ལ། ཟང་ཟིང་གི་ནོར་དང་། ལུས་ངག་གི་ཞབས་ཏོག །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་པ་ལ་བསླབ་པར་བྱ། གཞན་ཡང་བསྐལ་ཆེན་གྲངས་མེད་གསུམ་གྱི་བར་ལ། སྟོན་པ་ཐུགས་རྗེ་ཅན་སྔོན་རྒྱལ་པོ་ཁ་ཏོག་དམ་པ་ཞེས་བྱ་བར་གྱུར་ཚེ། གནོད་སྦྱིན་ཞིག་ལ། འདུས་བྱས་ཐམས་ཅད་མི་རྟག་སྟེ། །ཅི་ཙམ་སྐྱེས་པ་སྡུག་བསྔལ་བཅས། །ལྔ་ཕུང་མཚན་མ་མེད་པས་སྟོང་། །བདག་དང་བདག་གི་བ་ཡང་མེད། །ཅེས་པའི་ཚིགས་བཅད་འདི་གསན་པའི་ཕྱིར་དུ། བཙུན་མོ་ཡིད་དུ་འོང་བ་དང་། སྲས་གཅེས་པ་གནོད་སྦྱིན་ལ་བྱིན་ཏེ་ཟར་བཅུག་པ་དང་། རྒྱལ་པོ་ཆེན་པོ་ག་ན་ཤ་ནི་བ་ལི་ཞེས་བྱ་བར་གྱུར་ཚེ། བྲམ་ཟེ་ལེའུ་དུ་ཆ་ཞེས་བགྱི་བ་ལྔ། ཟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་
ལྟུང་ངོ་། །འདུས་པ་ཡོད་ན་འབྲལ་བར་འོང་། །སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཞེས་པའི་ཚིགས་བཅད་འདི་གསན་པའི་ཕྱིར་དུ་སྐུ་ལུས་ལ་མར་མེ་སྟོང་བཙུགས་ཏེ་མེ་སྦར་བར་མཛད་པ་དང་། རྒྱལ་པོ་ཆེན་པོ་བྱི་ལིང་གར་ལིང་ཞེས་བྱ་བར་གྱུར་ཚེ། བྲམ་ཟེ་ཁྱེའུ་བདུན་ཞེས་བགྱི་བ་ལ། འདུས་བྱས་ཐམས་ཅད་མི་རྟག་སྟེ། །སྐྱེ་བ་ཐམས་ཅད་སྡུག་བསྔལ་བཅས། །ཆོས་ཀུན་སྟོང་བས་བདག་པོ་མེད། །བདག་གི་བ་ཡང་ཡོད་མ་ཡིན། །ཞེས་ཚིགས་བཅད་འདི་གསན་བའི་ཕྱིར་དུ་སྐུ་ལ་ལྕགས་གཟེར་སྟོང་གིས་བཏབ་པ་དང་རྒྱལ་ཚབ་ད་མ་གམ་ཞེས་བྱ་བར་གྱུར་ཚེ། བྲམ་ཟེ་ཞིག་ལ། བྱམས་པའི་སེམས་ནི་གོམས་པར་བྱ། །ཞེ་སྡང་ཁྲོ་བའི་འདུ་ཤེས་སྤང་། །སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབས། །ཀུན་ལ་བརྩེ་ཞིང་མཆི་མ་ཟག །དགའ་བ་ཆེན་པོ་གོམས་པར་བྱ། །གཞན་ལ་བདག་དང་མཐུན་པའི་ཆོས། །བྱང་ཆུབ་སེམས་ཀྱིས་བསྐྱབས་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཞེས་པའི་ཚིགས་བཅད་འདི་གཉིས་གསན་པའི་ཕྱིར་དུ་མེའི་དོང་ཟབས་སུ་ཁྲུ་བཅུ་པ་མེ་མ་མུར་གྱིས་བཀང་བའི་ནང་
དུ་མཆོངས་པ་དང་། དྲང་སྲོང་ཨུར་ཏ་ལ་ཞེས་བྱ་བར་གྱུར་ཚེ། བྲམ་ཟེ་ཞིག་ལ། ལུས་ཀྱི་སྤྱོད་པ་རབ་བསྡམས་ཤིང་། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ཕྲ་མ་རྫུན་དང་ཚིག་རྩུབ་དང་། །ཀྱལ་བ་སྨྲ་བར་མི་བྱའོ། །འདོད་པ་རྣམས་ལ་མི་ཆགས་ཤིང་། །ཞེ་སྡང་སེམས་ཀྱང་མེད་པར་བྱ། །ངན་པར་ལྟ་བ་ཀུན་སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །ཞེས་པའི་ཚིགས་བཅད་འདི་གཉིས་གསན་པའི་ཕྱིར་དུ་སྐུ་ལུས་ཀྱི་པགས་པ་བཤུས་ནས། རུས་པས་སྨྱུག་གུ་བྱས། ཁྲག་སྣག་ཚར་སྦྱར་ཏེ། ཚིགས་བཅད་འདི་དག་བྲིས་པར་མཛད་པ་སོགས། ཆོས་ཚིགས་བཅད་རེའི་ཕྱིར་དུའང་དཀའ་བ་བསམ་གྱིས་མི་ཁྱབ་པ་སྤྱད་དོ། །དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་ནས་ཆོས་ཉན་པའི་ཕྱིར། ལུས་ལོངས་སྤྱོད་རྣམས་ཕངས་པ་མེད་པར་བཏང་ནས། དཀའ་བ་ཅི་ནུས་སུ་སྤྱོད་པ་ལ་བསླབ་པར་བྱ། གཞན་ཡང་སྐྱེས་རབས་སོ་བཞི་པ་ལས། སངས་རྒྱས་ཐུགས་རྗེ་ཅན། སྔོན་བྲམ་ཟེ་ཆེན་པོ་ཞིག་ཏུ་གྱུར་པའི་ཚེ། སྟག་མོ་ཕྲུག་གུ་དང་བཅས་པ་ལྟོགས་ནས་ཉམ་ཐག་པ་ཞིག་
མཐོང་ནས། སྙིང་རྗེས་མ་བཟོད་པར། རང་ལུས་སྦྱིན་པ་བཏང་ནས། སྟག་མོ་མ་བུ་རྣམས་ཀྱི་ལུས་གསོས་བ་དང་། སྔོན་ཡུལ་ཤི་པིའི་རྒྱལ་པོར་གྱུར་ཚེ། ནོར་ལོངས་སྤྱོད་ཐམས་ཅད་སྦྱིན་པ་བཏང་། ཐ་ན་རང་གི་སྤྱན་ཡང་བྲམ་ཟེ་ལོང་བ་ཞིག་ལ་བྱིན་ནས། ལོང་བ་མིག་དང་ལྡན་པར་མཛད་པ་དང་། སྔོན་ཀོ་ས་ལ་ཡི་རྒྱལ་པོར་གྱུར་ཚེ། ཚེ་སྔོན་གླ་མི་ཞིག་ཏུ་གྱུར་ཚེ། གཞན་ལ་ཟན་དྲོན་ཙམ་ཞིག་བྱིན་པའི་འབྲས་བུས་ཚེ་དེར་རྒྱལ་པོར་གྱུར་པ་དྲན་ཏེ། འཁོར་རྣམས་ལ། རྒྱུ་ཆུང་ངུས་འབྲས་བུ་རྒྱ་ཆེན་པོ་ཐོབ་པ་འདི་ལ་ལྟོས་ཞེས་ཆོས་བསྟན་ཅིང་སྦྱིན་པ་རྒྱ་ཆེན་པོ་མཛད་པ་དང་། སྔོན་ཚོང་དཔོན་སྦྱིན་ལ་དཔའ་བར་གྱུར་ཚེ། བདུད་ཀྱིས་མེ་འོབས་སྤྲུལ་ཡང་། སྙིང་སྟོབས་ཆེན་པོས་མེ་འོབས་བ་རྒལ་ནས་འཕགས་པ་མཆོད་པ་དང་། སྔོན་ཚོང་དཔོན་ཟིལ་གྱིས་མི་ནོན་པར་གྱུར་ཚེ། ལྷ་ཡིས་ཉམས་སད་ནས་ནོར་ཀུན་མི་སྣང་བར་བྱས་ཀྱང་། རྩ་སྔོན་པོ་བརྔས་ཏེ་བཙོངས་པའི་རིན་གྱིས་ཕོངས་པ་རྣམས་གསོས་པ་དང་། སྔོན་རི་བོང་གི་གཙོ་བོར་གྱུར་ཚེ། འཁོར་རྣམས་ལ་ཆོས་བསྟན། བྲམ་ཟེ་
བཀྲེས་པ་ཞིག་གསོ་བའི་ཕྱིར་རང་ལུས་མེ་ནང་དུ་མ་ཆོངས་པ་ལྷ་དབང་གིས་བླངས་ཏེ། ཀུན་ལ་ངོ་མཚར་ཞེས་བསྟན་པ་དང་། སྔོན་བྲམ་ཟེ་ཨ་ག་ཏ་རུ་གྱུར་ནས་དཀའ་ཐུབ་ཀྱི་ནགས་ན་གནས་ཚེ། ལྷ་ཡིས་ཉི་མ་གསུམ་དཀའ་ཐུབ་ཀྱི་ཟས་བསླངས་ཀྱང་། མ་ཆགས་པར་ཕངས་པ་མེད་པར་བྱིན་ནས་ཏིང་ངེ་འཛིན་གྱི་དགའ་བདེས་འཚོ་བར་མཛད་པ་དང་། སྔོན་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པའི་ཚེ། འགྲོ་ཀུན་བྱམས་དང་བརྩེ་བས་བསྐྱངས་ཤིང་ཁྱད་པར་གནོད་སྦྱིན་ལྔ་ལུས་ཀྱི་ཁྲག་གིས་གསོས་ནས། ནམ་ཞིག་སངས་རྒྱས་པའི་ཚེ་ཆོས་ཀྱི་བདུད་རྩི་སྟེར་ཞེས་གསུངས་པ་དང་། སྔོན་རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པའི་ཚེ། བུ་དང་བུ་མོ་ནོར་དང་གླང་ཆེན་སོགས་གཅེས་དགུ་ཀུན་བཏང་ཞིང་མི་འཇིགས་པའི་སྦྱིན་པས་འགྲོ་ཀུན་བདེ་བར་མཛད་པ་དང་། སྔོན་མཆོད་སྦྱིན་བྱེད་པའི་ས་སྐྱོང་རྒྱལ་པོར་གྱུར་ཚེ། གཞན་དབང་དུ་མ་བཏང་བར་དུད་འགྲོ་བ་གྲངས་ལས་འདས་པའི་སྲོག་བསྐྱབས། འགྲོ་ཀུན་དགེ་བཅུའི་ཁྲིམས་ལ་བཀོད་ནས་སྦྱིན་པ་མཐར་ཕྱིན་པ་ལྟར། འོ་སྐོལ་རྣམ་ཀྱིས་ཀྱང་སྦྱིན་པ་གཏོང་བ་ལ་བསླབ་པར་བྱ།
སྔོན་ལྷའི་དབང་པོར་གྱུར་ཚེ། ལྷ་མ་ཡིན་དང་གཡུལ་འགྱེད་པའི་དུས། བྱ་ཡི་ཚང་ཞིག་གཟིགས་ནས། རང་སྲོག་ཡལ་བར་བཏང་ནས་བྱ་ཕྲུག་གི་སྲོག་བསྐྱབས་པ་དང་། སྔོན་བྲམ་ཟེ་ཞིག་ཏུ་གྱུར་ཚེ། སློབ་དཔོན་གྱིས་བྲམ་ཟེ་རྒུད་ཚེ་རྐུ་བ་རུང་ཞེས་བསྐུལ་ཡང་། མ་བྱིན་པ་ལེན་པ་ནམ་ཡང་མི་རུང་ཞེས་མ་བླངས་པ་དང་། སྔོན་ཤི་བིའི་རྒྱལ་པོར་གྱུར་ཚེ། བློན་པོས་མྱོས་བྱེད་མ་ཞེས་བྱ་བའི་བུད་མེད་མཛེས་མ་ཞིག་ཕུལ་ཡང་། སྲོག་ལ་བབ་ཀྱང་ལོག་གཡེམ་མི་བྱ་ཞེས་མ་བྱས་བ་དང་། སྔོན་དེད་དཔོན་ཆེན་པོར་གྱུར་ཚེ། བདེན་ཚིག་བརྗོང་པས་དོན་མཐུན་རྒྱ་མཚོའི་ཀློང་ལས་མཐར་ཕྱིན་པར་མཛད་ཅིང་། རིན་ཆེན་སྣ་ཚོགས་འདོད་དགུའི་ཆར་གྱིས་ཚིམ་པར་མཛད་པ་དང་། སྔོན་ཉ་ཡི་རྒྱལ་པོར་གྱུར་ཚེ། ཉ་ཕྲན་རྣམས་མཚོ་སྐམས་ནས་བྱ་སྣ་ཚོགས་ཀྱིས་གཙེས་པ་ན། བདེན་པའི་ཚིག་གིས་ཆར་ཕབ་ནས་ཉ་རྣམས་གསོས་པ་དང་། སྔོན་བྱ་སྲེག་པར་གྱུར་ཚེ། ནགས་མེས་མཐའ་བསྐོར་ཡང་། བདེན་ཚིག་བརྗོད་པས་མེ་ཕྱིར་ལོག་སྟེ། འགྲོ་བ་གྲངས་མེད་པའི་སྲོག་བསྐྱབས་པ་དང་།
སྔོན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་བའི་ཚེ། མྱོས་བྱེད་ཆང་གིས་རྒྱལ་བློན་སྡེ་དང་བཅས་པ་ཕུང་བར་གཟིགས་ནས་སྤྲུལ་པ་ཞིག་བཏང་སྟེ་ཆོས་བསྟན་ནས་ཐམས་ཅད་བདེ་བ་ལ་བཀོད་པ་དང་། སྔོན་རྒྱལ་རིགས་ཕྱུག་པོར་གྱུར་ཚེ། འདོད་པའི་ཉེས་དམིགས་རིག་ནས། ངེས་འབྱུང་གིས་བསྐུལ་ཏེ། འཁོར་བའི་ལོངས་སྤྱོད་ཐམས་ཅད་སྤངས་ནས་རབ་ཏུ་བྱུང་བ་དང་། སྔོན་གྲགས་ལྡན་བྲམ་ཟེའི་རིགས་སུ་འཁྲུངས་ཚེ། ལོངས་སྤྱོད་ཀུན་སྤངས་ནས་དབེན་པར་བསམ་གཏན་མཛད་ཅིང་རྐྱེན་ངན་ལམ་དུ་བསྒྱུར། གནོད་འཚེའི་སེམས་སྤངས་ཏེ། འཁོར་རྣམས་ལ་ཆོས་བསྟན་པ་དང་། སྔོན་རྒྱལ་པོའི་ཚོང་དཔོན་དུ་གྱུར་ཚེ། གཞན་གྱིས་བསྒྲགས་པའི་ཡོན་ཏན་ཐོས་པས། དགའ་བཞིན་དུ་ཚེ་བློས་བཏང་ནས་རབ་ཏུ་བྱུང་། ཚུལ་ཁྲིམས་མཐར་ཕྱིན་པར་མཛད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་སྲུང་བ་ལ་བསླབ་པར་བྱ། སྔོན་བྲམ་ཟེའི་རིག་ཆེན་པོ་གཙུག་ཕུད་བྱང་ཆུབ་ཞེས་བྱ་བར་གྱུར་ཚེ། རྒྱལ་པོས་བརྙས་ཀྱང་ཁྲོ་བ་མེད་པར་བཟོད་པ་བསྒོམས་རྗེས་སུ་བཟུང་ནས་དམ་ཆོས་བསྟན་པ་དང་། སྔོན་ངང་པའི་རྒྱལ་པོར་གྱུར་
ཚེ། སྙི་ནང་དུ་བཟུང་ཡང་། ཁྲོ་བ་དང་འཇིགས་པ་མེད་པར་ཐབས་མཁས་ཀྱིས་རྒྱལ་པོ་ཚངས་ཕྱིན་འཁོར་བཅས་ལ་ཆོས་བསྟན་པ་དང་། སྔོན་ཀུན་ཏུ་རྒྱུ་རབ་བཟང་དུ་གྱུར་ཚེ། མང་པོས་བརྙས་ཀྱང་ཁྲོ་བ་མེད་པར་བཟོད་པ་བསྒོམས་ནས་ལྟ་བ་ངན་པའི་རྒྱལ་པོ་འཁོར་བཅས་ལ་ཡང་དག་པའི་གནས་ལུགས་བསྟན་པ་དང་། སྔོན་བྱང་ཆུབ་སེམས་དཔའ་སྤྲེའུར་གྱུར་ཚེ། གཡང་དུ་ལྷུང་བའི་མི་ཞིག་རྒྱབ་ཏུ་ཁུར་ནས་དྲངས་ཀྱང་། མི་ངན་དེས་སྤྲེའུ་ངལ་དུབ་ནས་གཉིད་ཡོད་དུས་རྡོ་བརྒྱབ་ནས་གསོད་གྲབ་བྱས་ཀྱང་། བཟོད་པ་བསྒོམས་ནས་སླར་ཡང་ཕན་ཐོགས་མཛད་པ་དང་། སྔོན་རི་དྭགས་ཤ་ར་བྷར་གྱུར་ཚེ། རང་ལ་གནོད་པའི་རྒྱལ་པོ་གཡང་དུ་ལྷུང་བ། རང་ལུས་ལ་བསྐྱོན་ནས་གཡང་ལས་དྲངས་པ་དང་། སྔོན་རི་དྭགས་རུ་རུར་གྱུར་ཚེ་ཆུས་ཁྱེར་བའི་ཉམས་ཐག་མི་ཞིག་ཆུ་ལས་བསྒྲལ་ནས་ང་འདྲ་བའི་རི་དྭགས་ཡོད་པ་སུ་ལ་མ་སྨྲ་ཞེས་བཤད་ཀྱང་། རྒྱལ་པོ་ལ་ཞུས་ནས། དམག་གིས་མཐའ་བསྐོར་ནས་གསོད་ལ་ཐུག་ཀྱང་བཟོད་པ་བསྒོམས་ནས། རྒྱལ་བློན་འཁོར་བཅས་ལ་ཆོས་བསྟན་པ་དང་།
སྔོན་སྤྲེའུའི་རྒྱལ་པོར་གྱུར་ཚེ། རྒྱལ་པོའི་དམག་གིས་སྤྲེའུའི་ཚོགས་རྣམས་ཉམ་ཐག་པར་བྱས་པ་ལ་ཐུགས་བརྩེ་བས་རང་ལུས་ཟམ་པ་ལྟར་བྱས། ལུས་བསྣད་ནས་ཤི་ལ་ཐུག་རུང་སྤྲེའུའི་ཚོགས་མང་པོ་ཆུ་ལས་བསྒྲལ་བ་དང་སྔོན་དྲང་སྲོང་བཟོད་པ་སྨྲ་བར་གྱུར་ཚེ། རྒྱལ་པོས་ལུས་དུམ་བུར་གཏུབས་ཀྱང་། དེ་ལ་ཁྲོ་བ་མེད་པར་སླར་ཡང་ཐུགས་བརྩེ་བས་གནོད་ལན་དུ་ཕན་པ་མཛད་པ་དང་། སྔོན་ཚངས་པའི་རྒྱལ་པོར་གྱུར་ཚེ། ཡན་ལག་སྦྱིན་པ་བཏང་ནས། ལྟ་བ་ངན་པ་འཛིན་ལ་ཐུགས་བརྩེ་བས་ལས་རྒྱུ་འབྲས་བདེན་པའི་ཆོས་བསྟན་པ་དང་། སྔོན་དགོན་པ་ཉམ་ངའི་གླང་ཆེན་དུ་གྱུར་ཚེ། རྒྱལ་པོས་སྤྱུགས་པའི་སྐྱེ་བོ་བདུན་བརྒྱ་ཙམ་ལ། ཐུགས་བརྩེ་བས་མ་བཟོད་པར་རི་ཞིག་གི་རྩེ་ནས་གཡང་ལ་མཆོངས་ནས་ལུས་ཟར་བཅུག་ནས་མི་ཀུན་གསོས་ཏེ། བཟོད་པ་མཐར་ཕྱིན་པར་མཛད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་བཟོད་པ་བསྒོམ་པ་ལ་བསླབ་པར་བྱ། སྔོན་རྒྱལ་བུ་ཟླ་བར་གྱུར་ཚེ། རྐང་ཁྲ་ལ་ཆོས་བསྟན་ཏེ། དེས་ཀྱང་བཙོན་དུ་བཟུང་བའི་མི་རྣམས་བཏང་། ལམ་བཟང་སྒྲུབ་ཅིང་གཞན་ལ་ཡང་བསྟན་ནས་
བརྩོན་འགྲུས་མཐར་ཕྱིན་པར་མཛད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་བརྩོན་འགྲུས་རྩོམ་པ་ལ་བསླབ་པར་བྱ། སྔོན་ལྕགས་ཁྱིམ་ན་གནས་པའི་རྒྱལ་པོར་གྱུར་ཚེ། འཁོར་བར་ཞེན་ལོག་ངེས་འབྱུང་སྐྱེས་ནས། བྱང་སེམས་ཏིང་འཛིན་བསྒོམས་ནས། བསམ་གཏན་མཐར་ཕྱིན་པར་མཛད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་བསམ་གཏན་སྒོམ་པ་ལ་ཡང་བསླབ་པར་བྱ། སྔོན་མ་ཧེ་རྒོད་ཀྱི་ཁྱུ་མཆོག་ཏུ་གྱུར་ཚེ། སྤྲེའུ་ཞིག་ཉིན་རེ་བཞིན་མགོ་ལ་ཞོན། མིག་བཀབ། རྣ་བ་དཀྲུགས། ལམ་འགེགས་སོགས་བྱས་པ་བཟོད་ཅིང་། གཞན་གནོད་སྦྱིན་ཞིག་ལ་ཆོས་བསྟན་པ་དང་། སྔོན་བྱ་ཤིང་རྟ་མོར་གྱུར་ཚེ། སེང་གེའི་གྲེ་བར་རུས་པ་ཟུག་པ་བཏོན་ནས། ལྷ་ལ་རྒྱལ་བ་དགྱེས་པའི་ལམ་བཟང་བསྟན་ནས་ཤེས་རབ་མཐར་ཕྱིན་པར་མཛད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་ཤེས་རབ་ལ་ཡང་བསླབ་པར་བྱའོ། །མདོར་ན་སྟོན་པ་ཐུགས་རྗེ་ཅན་གྱིས། སྔོན་སློབ་པ་ལམ་གྱི་གནས་སྐབས་སུ། རྒྱལ་བློན་བྲམ་ཟེ་ཁྱིམ་བདག་སོགས་སེམས་ཅན་དཔག་ཏུ་མེད་པའི་ལུས་བླངས་ཚེ། སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་དཔག་ཏུ་མེད་པ་མཆོད་ཅིང་། བུ་དང་བུ་མོ། འཁོར་དང་ལོངས་སྤྱོད་ཐམས་ཅད་ཕངས་པ་མེད་པར་འགྲོ་ལ་བཏང་ཞིང་། ཐ་ན་སྡོང་པོ་གཅིག་གི་རྩ་ནས་གཞན་ལ་དབུ་གཅིག་པུ་བཅད་ནས་ཀྱང་སྟོང་ཕྲག་ཞིག་སྦྱིན་པར་བཏང་བར་གསུངས། དེ་བཞིན་དུ་ཤ་དང་ཁྲག་དང་རྐང་ལག་སོགས་ལུས་ཀྱི་སྦྱིན་པ་ཁོ་ན་ཡང་ལན་གྲངས་དཔག་ཏུ་མེད་པར་བཏང་ནས། འགྲོ་ལ་ཕན་ཚད་མེད་པ་བཏགས། །གནོད་པ་ཚད་མེད་ལས་བསྐྱབས་ཏེ། སྒོ་སྣ་ཚོགས་ནས་ཚོགས་གཉིས་བར་མ་ཆད་དུ་བསགས་པར་གསུངས་སོ། །དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་། ཡར་བླ་མ་དཀོན་མཆོག་ལ་མཆོད་འབུལ། མར་དབུལ་པོ་ངན་སློང་ལ་སྦྱིན་གཏོང་། བར་དགེ་འདུན་པ་དང་དྲིན་ཅན་གྱི་ཕ་མ་ལ་ཞབས་ཏོག །གཞན་ཡང་ལུས་ཀྱིས་ཕྱག་དང་བསྐོར་བ། ངག་གིས་ཁ་ཏོན། བཟླས་བརྗོད། སེམས་ཀྱིས་དད་གུས་ངག་སྣང་ཟབ་རྒྱས་གདམས་པ་བསྒོམ་པ་སོགས། ལུས་ངག་ཡིད་གསུམ་གྱི་སྒོ་ནས། རང་གིས་དགེ་བ་བྱེད་པ་དང་། གཞན་ལ་བྱེད་དུ་འཇུག་པ་དང་། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་སྒོ་སྣ་
ཚོགས་ནས་ཚོགས་གཉིས་གསོག་པ་ལ་བསླབ་པར་བྱའོ། ༈ དེ་ནས་སྟོན་པ་ཐུགས་རྗེ་ཅན། ཐ་མ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། འགྲོ་ལ་ཆོས་འཁོར་བསྐོར་ཚུལ་ནི། སྐུ་ཚེ་འདི་ཉིད་ཀྱི་གོང་དུ། སྟེང་ཕྱོགས་དགའ་ལྡན་ལྷའི་ཡུལ་དུ་ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱ་བའི་སྐུའི་སྐྱེ་བ་བཞེས་ནས་ལྷ་རྣམས་ལ་ཆོས་བསྟན། དེ་ནས་ལྷའི་རོལ་མོའི་སྒྲ་ལས། འཛམ་བུ་གླིང་དུ་ཕེབས་པར་བསྐུལ་པའི་ཚེ། མིའི་གདུལ་བྱ་རྣམས་འདུལ་བའི་དུས་ལ་བབ་པར་དགོངས་ནས། ལྷ་རྣམས་ལ་ང་ནི་མི་སྡོད་འཛམ་བུ་གླིང་དུ་འགྲོ །ཁྱེད་རྣམས་དུས་རྒྱུན་དུ་བག་ཡོད་བསྟེན་ཞེས་གསུངས། ཉིད་ཀྱི་ཅོད་པན་བྱམས་པའི་དབུ་ལ་བཅིངས་ནས་རྒྱལ་ཚབ་ཏུ་དབང་བསྐུར། དེ་ནས་རིགས་དང་། ཡུལ་དང་། དུས་དང་། བརྒྱུད་དང་། བུད་མེད་སྟེ་གཟིགས་པ་ལྔ་ལ་གཟིགས་ནས། དགའ་ལྡན་ལྷ་ཡུལ་ནས་བབས་ཏེ། ནམ་མཁའ་ཐམས་ཅད་འོད་ཀྱིས་འགེངས་བཞིན་གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་གཤེགས་ནས། ས་ལུག་ལོ་ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་དུས་སུ།
ཟས་གཙང་གི་བཙུན་མོ་སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས། ཟླ་བ་བཅུ་ཕལ་ཆེར་ལོན་པ་ན་ལེགས་སྦྱར་ལྷའི་སྐད་མང་པོ་བརྗོད་ཅིང་། བཙས་པའི་དུས་ལ་བབས་ཚེ། ཡུམ་སྒྱུ་འཕྲུལ་ལྷ་མོ་ལུམ་བིའི་ནགས་ཚལ་དུ་བྱོན། ལྷ་ཚངས་པ་དང་དབང་པོ་གཉིས་ཀྱིས་ཞབས་ཕྱི་བྱས། ལྷའི་བུ་དང་བུ་མོ་མང་པོས་ནམ་མཁའ་ནས་མཆོད། ཡུམ་གྱིས་སླ་ཤའི་སྡོང་པོའི་ཡལ་ག་ཕྱག་གཡས་ཀྱིས་བཟུང་ནས་རྩིབས་ལོགས་གཡས་ནས། ལྕགས་ཕོ་སྦྲེའུ་ལོ་དབོ་ཟླའི་ཚེས་པ་བཅུའི་ཉིན་སྐུ་བལྟམས་པ་དང་། ཚངས་པ་དང་དབང་པོས་བླངས་ནས་དྲི་མེད་སྤོས་ཆུས་བཀྲུས་ཏེ་མེ་ཏོག་གཏོར། དེའི་ཚེ་ས་ལ་པདྨ་བརྡོལ་ཅིང་། མཁའ་ལ་རིན་པོ་ཆེའི་གདུགས་བྱུང་། ས་ཆེན་དྲུག་ལ་གོམས་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ཞེས། །སྟོང་གསུམ་ཀུན་ཏུ་དབྱངས་ཀྱིས་གོ་བར་མཛད། །ཡབ་ཀྱི་དོན་ཀུན་གྲུབ་པས་གཞོན་ནུ་དོན་གྲུབ་ཅེས་མཚན་གསོལ། ཚངས་པ་དང་མངོན་ཤེས་ལྡན་པའི་དྲང་སྲོང་གིས། འཁོར་ལོས་བསྒྱུར་བའམ། ཡང་ན་སངས་རྒྱས་སུ་འགྱུར་ཞེས་ལུང་ཡང་བསྟན་པ་བྱུང་།
དེ་ནས་གཞོན་ནུ་ལང་ཚོ་རྒྱས་ནས། ཉིན་གཅིག་ལྷས་སྦྱིན་གྱིས་བསད་པའི་གླང་ཆེན་གྱི་རོ་སྲས་གཞོན་ནུ་དོན་འགྲུབ་ཀྱིས་ཞབས་ཀྱི་མཐེ་བོང་གི་རྩེ་ལ་བླངས་ནས། ཕྱི་རོལ་རྒྱང་གྲགས་གཅིག་ཏུ་འཕངས་པའི་ས་ཕྱོགས་དེ་གཤོང་ཆེན་པོ་ཞིག་ཏུ་གྱུར། དེ་ནས་ཤཱཀྱ་རྣམས་དང་སྐྱེ་པོ་ཕལ་མོ་ཆེ་འདུས་ནས། ཡི་གེ་འགྲན་པས། སྲས་གཞོན་ནུ་དོན་གྲུབ་ཀྱིས་ཚངས་པའི་ཡི་གེ་སོགས་ཡིག་རིགས་མི་འདྲ་བ་དྲུག་ཅུ་རྩ་བཞི་བསྟན། རྩིས་འགྲན་པས་སྲས་གཞོན་ནུས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲན་ཇི་སྙེད་ཀྱང་དབུགས་ཐེངས་གཅིག་རང་ལ་བརྩིས། སྟོབས་འགྲན་པས་གཞོན་ནུ་ཐམས་ཅད་སྐུ་ལ་དུས་གཅིག་རུབ་ཀྱང་ཕྱག་རེག་པ་ཙམ་གྱིས་ཐམས་ཅད་ས་ལ་འགྱེལ་བར་གྱུར། གཞན་གྱིས་བདུང་བ་ཙམ་ཡང་མི་ནུས་པའི། མེས་ཀྱི་གནམ་རུ་ཞེས་བྱ་བའི་གཞུ་དེ་བདུངས་ནས་མདའ་འཕངས་བས། ལྕགས་ཀྱི་སླ་ང་ལྔ། ཤིང་ཏ་ལའི་སྡོང་པོ་བདུན། ལྕགས་ཀྱི་ཕག་པའི་གཟུགས་རྣམས་དུས་གཅིག་ལ་ཕུག་ནས་མདའ་ས་འོག་ཏུ་ཐིམ་པའི་ཤུལ་ནས་མདའ་ཆུ་ཁྲོན་པ་ཞེས་བྱ་བའི་ཆུ་བྱུང་། དེ་བཞིན་དུ་སྒྱུ་རྩལ་དྲུག་
ཅུ་རྩ་བཞི་འགྲན་བས། གཞན་ཀུན་ལས་སྲས་གཞོན་ནུ་དོན་གྲུབ། རབ་དང་ཕུལ་དང་མཆོག་ཏུ་གྱུར་པས་ལྷ་མི་ཐམས་ཅད་ངོ་མཚར་བར་གྱུར་ཏོ། །དེ་ནས་དགུང་ལོ་ཉི་ཤུ་ནས་ཉེར་དགུའི་བར་དུ། ས་འཚོ་མ་དང་གྲགས་འཛིན་མ་སོགས་བཙུན་མོའི་འཁོར་གྱིས་བསྐོར་ནས་རྒྱལ་སྲིད་ཆོས་བཞིན་བསྐྱངས། དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རབ་ཏུ་བྱུང་བར་བསྐུལ་ཞིང་། སྐྱེད་མོས་ཚལ་དུ་ཞུགས་པ་ན། མི་རྒས་པ་དང་། ན་བ་དང་། ཤི་བའི་རོ་རྣམས་མཐོང་ནས་ཐུགས་སྐྱོ། དགེ་སློང་ཞིག་མཐོང་བས་ཐུགས་སྤྲོ། དེ་དག་གི་རྐྱེན་གྱིས་ས་ཕོ་བྱི་བའི་ལོ་ལ། རྒྱལ་པོའི་ཁབ་ནས་ཕྱུང་སྟེ། མཆོད་རྟེན་རྣམ་དག་དྲུང་ཏུ་བྱོན་ནས་དབུ་སྐྲ་བསལ་ནས་ནམ་མཁའ་ལ་གཏོར་བ་ལྷ་རྣམས་ཀྱིས་མཆོད་པའི་རྟེན་དུ་ཁྱེར། ཀ་ཤིའི་གོས་བྱིན་ནས་ལྷ་ཞིག་གི་ལག་ནས་དུར་སྨྲིག་གི་གོས་བླངས་ནས་རབ་བྱུང་མཛད། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ། མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་བཞུགས་ནས་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པའི་མཐར་དགའ་མོ་དང་དགའ་སྟོབས་མ་གཉིས་ཀྱིས། བ་སྟོང་གི་འོ་མ་ལན་བཅུ་དྲུག་གི་བར་དུ་ཉིང་ཁུར་བྱས་
པའི་འོ་ཐུག་སྦྲང་རྩི་དང་སྦྱར་བ་དྲངས་པས། སྐུ་ལུས་གསེར་བཙོ་མའི་མདོག་ལྟ་བུར་གྱུར། དེ་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་གཤེགས་ནས་རྩ་འཚོང་ཁྱེའུ་བཀྲ་ཤིས་ཀྱིས་ཕུལ་བའི་རྩྭ་གདན་ལ་བཞུགས་ཏེ། དགུང་ལོ་སོ་ལྔ་ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནམ་སྲོད་ལ་བདུད་ཀྱི་སྡེའི་དམག་དཔུང་བྱུང་ཚེ། བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པས་བདུད་ཀྱིས་མཚོན་ཆ་འཕངས་པ་རྣམས་མེ་ཏོག་དུ་གྱུར། བདུད་ཀྱི་བུ་མོ་རྣམས་བྱུང་ནས་གཟུགས་མཛེས་པ་བསྟན་ནས། བསླུ་བྲིད་བྱས་ཀྱང་བསླུ་མ་ནུས་བར། བདུད་ཀྱི་དཔུང་རྣམས་ཐམས་ཅད་བཏུལ། དེ་ནས་ནམ་གྱི་གུང་ལ་མཉམ་པར་བཞག །ཐོ་རངས་སྐྱ་རངས་ཤར་བ་དང་དུས་མཉམ་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་རྨད་དུ་བྱུང་བ་བསྟན། དེ་ནས་ཐུན་མོང་གདུལ་བྱའི་སྣང་ངོར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་
བྱ། །ཞེས་ཞག་བཞི་བཅུ་ཞེ་དགུའི་བར་དུ་ཆོས་མི་གསུང་བའི་ཚུལ་མཛད་པ་ན། ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་གསོལ་བ་བཏབ་ཀྱང་ཆོས་ཀྱི་འཁོར་ལོ་མ་བསྐོར་བས། བརྒྱ་བྱིན་རོགས་སུ་སྦྲན་པ་ན། དེས་ཀྱང་གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་པ་དང་། དུང་དཀར་གཡས་སུ་འཁྱིལ་བ་རྣམས་ཕྱག་ཏུ་ཕུལ་ཏེ་གསོལ་བ་བཏབ་པ་ལ་བརྟེན་ནས། སྐུ་ཡི་འོད་ཀྱིས་རབ་འབྱམས་ཞིང་ཀུན་འགེངས་བཞིན་དུ་ཡུལ་ཝ་ར་ཎ་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་ཆུ་སྟོད་ཟླ་བའི་ཚེས་པ་བཞི་ཡི་ཉིན། འཁོར་ལྔ་སྡེ་བཟང་པོ་ལ། དང་པོ་བདེན་བཞིའི་ཆོས་འཁོར་བསྐོར། རིམ་གྱིས་དགུང་ལོ་ང་བརྒྱད་པར། བྱ་རྒོད་ཕུང་པོའི་རིར་འཁོར་རྣམ་བཞི་བྱང་ཆུབ་སེམས་དཔའི་འདུས་པ་དང་བཅས་བསམ་གྱིས་མི་ཁྱབ་པར་ཡུམ་སྲས་བཅུ་བདུན་ལ་སོགས། བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་ཅིང་། མ་ལ་ཡ་དང་ཡངས་པ་ཅན་སོགས་གནས་ཐ་དད་པ་དུ་མར། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་སོགས་པར། ཐ་མ་ལེགས་པར་རྣམ་པར་ཕྱི་བའི་ཆོས་འཁོར་བསྐོར་བར་
གསུངས། གཞན་ཡང་ངོ་མཚར་སྐུ་ཡི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྟོན་བཞིན་དུ། གདུལ་བྱ་མཆོག་དམན་བར་བ་རང་རང་སོ་སོའི་བློ་ཁ་དང་འཚམ་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། འགྲོ་བ་གྲངས་མེད་པ་མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་པའི་མཐར། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར། དགུང་ལོ་བརྒྱད་ཅུ་གྱ་གཅིག་པ་ལྕགས་འབྲུག་དཔྱིད་ཐའི་ཚེས་པ་བཅོ་ལྔའི་ནངས་པར་གྱད་ཀྱི་ཡུལ། རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། སེང་གེའི་ཉལ་སྟངས་ཀྱིས་དབུ་བྱང་ཕྱོགས་བོད་ལ་བསྟན་པ་དར་བའི་རྟེན་འབྲེལ་དུ་དབུ་བྱང་དུ་བསྟན་ནས་བཞུགས་ཚེ། རྒྱ་གར་གྱི་རྩི་ཤིང་ནགས་ཚལ་རི་དང་བཅས་པས་མགོ་བྱང་ཕྱོགས་སུ་གུག །གནམ་ས་བར་སྣང་ཐམས་ཅད་འཇའ་འོད་ཀྱིས་གང་ཞིང་ནམ་མཁའ་ནས་སྤྲིན་ཁ་དོག་ལྔ་ལྡན་བྱུང་བའི་གསེབ་ན་ལྷའི་བུ་དང་བུ་མོ་མང་པོའི་ལུས་ཀྱི་ཕྱེད་ཙམ་ཐོན་ནས། གདུགས་རྒྱལ་མཚན་བ་དན་དུ་མ་བསྒྲེངས། བཀྲ་ཤིས་པའི་མེ་ཏོག་དང་བདུད་རྩི་ལ་སོགས
་འདོད་དགུའི་ཆར་ཕབ། བསྟོད་དབྱངས་དང་རོལ་མོའི་སྒྲ་སྒྲོགས་པ་སོགས་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་དང་བཅས་ཏེ། གཟུགས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །དེ་བཞིན་དུ་འོ་སྐོལ་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་བསོད་ནམས་ཡེ་ཤེས་ཀྱི་ཚོགས་བསགས་པས་ཐ་མར་མངོན་པར་རྫོགས་པར་སངས་རྒྱས་ནས། སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད། མཛད་པ་བཅུ་གཉིས་ལ་སོགས་པ་བསྟན་ནས་འགྲོ་བའི་དོན་མཛད་ཅིང་གཞན་ཡང་ནམ་མཁའ་ལ་འཕུར་བ་དང་། རི་བྲག་ལ་འཛུལ་བ་དང་། ལུས་ལས་མེ་འབར་བ་དང་ཆུ་འཁྲུག་པ་དང་། འདོད་དགུར་བསྒྱུར་བ། ལུས་ལྷའི་དཀྱིལ་འཁོར་དུ་སྤྲུལ་ནས་སྐྱེ་བོ་གཞན་ལ་སྟོན་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་པ་སྟོན་བཞིན་དུ། ཟབ་མོ་སྟོང་པ་ཉིད་དང་། རྒྱ་ཆེན་སྤྱོད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། མ་དད་ལོག་ལྟ་ཐེ་ཚོམ་ཅན་གྱི་སྣང་བ་ཡང་དམ་པའི་ཆོས་ལ་བསྒྱུར་ནས། མཐོང་ཐོས་དྲན་རེག་བཟང་ངན་འབྲེལ་ཐོགས་ཐམས་ཅད་མངོན་མཐོ་ལྷ་མིའི་གོ་འཕང་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་ནས་
འབྲེལ་ཚད་ཐམས་ཅད་དོན་དང་ལྡན་པར་བྱེད་ནུས་པར་འགྱུར་རོ། ༈ སྨྲས་པ། སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདག་གཞན་རྗེས་འཇུག་ཡོངས་ལ་ཐུགས་རྗེས་གཟིགས། །མགོན་པོ་ཁྱེད་ཀྱི་རྣམ་ཐར་ཟིན་པ་དང་། །གསུང་བཞིན་ལྷ་ཆོས་ནུས་པར་བྱིན་གྱིས་རློབས། །རྣམ་འདྲེན་བཞི་པ་སྟོན་པ་ཐུགས་རྗེ་ཅན། །བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་དུ། །སངས་རྒྱས་ཚར་ཡང་གདུལ་བྱའི་སྣང་ངོ་རུ། །ཐ་མལ་སོ་སྐྱེ་ཞིག་གི་ཚུལ་འཛིན་པ། །ཕྱོགས་བཅུའི་སངས་རྒྱས་འཕགས་པ་འཇམ་དཔལ་སོགས། །དགེ་བའི་བཤེས་གཉེན་མང་པོས་ལེགས་པར་བསྐུལ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཚུལ་མཐོང་ནས། །བྱམས་དང་སྙིང་རྗེ་གཞན་ཕན་དོན་གཉེར་སྐྱེས། །སངས་རྒྱས་བྱང་སེམས་རྣམས་ཀྱི་མཐུ་སྟོབས་མཐོང་། །འགྲོ་དོན་བྱེད་ལ་དེ་འདྲ་འཐོབ་དགོས་དགོངས། །བཅོམ་ལྡན་ཐུབ་པ་ཆེན་པོ་ལ་སོགས་པའི། །སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ཡི། །དྲུང་དུ་བྱོན་ནས་མཉེས་པས་མཆོད་སྤྲིན་ཕུལ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བར་དུ་
བསྐལ་ཆེན་གྲངས་མེད་དང་པོ་ལ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ནས། །དེ་བཞིན་གཤེགས་པ་ཡུལ་འཁོར་སྐྱོང་གི་བར། །རྫོགས་པའི་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ། །རྟག་ཏུ་བསྙེན་བཀུར་མཆོད་པས་མཉེས་པར་མཛད། །དེ་ནས་བསྐལ་ཆེན་གྲངས་མེད་གཉིས་པ་ལ། །དེ་བཞིན་གཤེགས་པ་ལེགས་མཛད་ནས་བཟུང་སྟེ། །དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་བར། །རྫོགས་པའི་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ། །རྟག་ཏུ་བསྙེན་བཀུར་མཆོད་པས་མཉེས་པར་མཛད། །དེ་ནས་བསྐལ་ཆེན་གྲངས་མེད་གསུམ་པ་ལ། །དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་། །དེ་བཞིན་གཤེགས་པ་འོད་སྲུངས་གཉིས་ཀྱི་བར། །རྫོགས་པའི་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ། །རྟག་ཏུ་བསྙེན་བཀུར་མཆོད་པས་མཉེས་པར་མཛད། །གཞན་ཡང་སངས་རྒྱས་དཔག་མེད་མཆོད་པ་དང་། །སེམས་ཅན་ཡོངས་ལ་ཕན་ཡང་ཚད་མེད་བཏགས། །ཐ་མ་མི་རྣམས་ཚེ་ལོ་བརྒྱ་བའི་དུས། །ཟས་གཙང་སྲས་པོ་གཞོན་ནུ་དོན་གྲུབ་ཏུ། །གྱུར་ཚེ་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་། །ནཻ་རཉྫ་ནའི་འགྲམ་དུ་དཀའ་བ་སྤྱད། །རྡོ་རྗེ་
གདན་གྱི་བྱང་ཆུབ་ཤིང་དྲུང་དུ། །སྲོད་ལ་བདུད་བཏུལ་གུང་ལ་མཉམ་པར་བཞག །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ནས། །ལྷ་མི་ཡོངས་ལ་ཆོས་ཀྱི་འཁོར་ལོ་བསྐོར། །ད་ལྟ་འོ་སྐོལ་གཏན་གྱི་སྐྱབས་སུ་གྱུར། །སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་བཞིན། །འོ་སྐོལ་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་། །མ་གྱུར་འགྲོ་ལ་བྱམས་དང་སྙིང་རྗེ་སྒོམ། །བདག་བས་གཞན་གཅེས་བྱང་ཆུབ་སེམས་བསྐྱེད་ནས། །དེང་ནས་བཟུང་སྟེ་བསྐལ་ཆེན་གྲངས་མེད་པར། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་སོགས། །སངས་རྒྱས་བྱང་སེམས་མང་པོ་བསྙེན་བཀུར་མཆོད། །ལུས་དང་ལོངས་སྤྱོད་ཐམས་ཅད་ཕངས་མེད་དུ། །མ་གྱུར་འགྲོ་བ་ཡོངས་ལ་གཏོང་བར་བྱ། །དེ་ལྟར་སྟོན་པ་ཐུགས་རྗེ་ཆེན་པོ་ཡི། །ངོ་མཚར་རྨད་བྱུང་སྐྱེས་རབས་རྣམ་ཐར་བཞིན། །ཐེག་པ་ཆེན་པོའི་ཆོས་ལ་སློབ་པའི་ཚུལ། །གོ་སླའི་ངག་གིས་ལེགས་པར་བཤད་ཟིན་ནས། །ད་ནི་སྟོན་པའི་གསུང་ལ་ཡིད་ཆེས་ཕྱིར། །སྟོན་པ་མཁྱེན་བརྩེ་ཡོན་ཏན་མངའ་ཚུལ་དང་། །ཕྱི་མར་ཕན་པའི་ལྷ་ཆོས་དོན་གཉེར་ཕྱིར། །ཤི་
ནས་ཕྱི་མར་འགྲོ་ཚུལ་བཤད་ཀྱིས་ཉོན། །དེ་ཡང་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་གྱི་བུམ་བཟང་ལས་ཐོན་པའི། དམ་པའི་ཆོས་ཀྱི་བདུད་རྩི་འཐུང་པ་ལ། ཐོག་མར་གསུང་ལ་ཡིད་ཆེས་ཀྱི་དད་པ་སྐྱེ་བ་དང་། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་སྐྱེ་བའི་ཕྱིར། འདིར་སྟོན་པ་སངས་རྒྱས་ལ་མཁྱེན་བརྩེའི་ཡོན་ཏན་མངའ་ཚུལ་དང་། ལས་བཟང་ངན་གཉིས་ཀྱི་དབང་གིས་ཕྱི་མར་ཡར་མར་ལ་འགྲོ་ཚུལ་བཤད་བར་བྱ་སྟེ། དེ་ཡང་སྔོན་མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་ཏ་བཟང་མོ་ཞེས་བྱ་བ། ཡུལ་ལྷོ་ཕྱོགས་ཀྱི་ཁྱིམ་བདག་བྱ་མཁན་ཞེས་བྱ་བ་ཕྱི་རོལ་པ་ཞིག་གི་ཁྱིམ་དུ་བག་མར་སོང་ནས། བསོད་ནམས་ཀྱི་ཞིང་ས་མེད་པ་ལ་སེམས་མ་དགའ་བར་གདོང་གནག་པས། ཁྱིམ་བདག་གི་ས་ཁྱོད་ཅི་ལ་མ་དགའ་བྱས་པས། ཁྱེད་ལ་ཞིང་མི་གདའ་སྨྲ་བས། ཁོ་ན་རེ། ཞིང་ཡོད་ཉིན་ལམ་རེ་ཡོད་པའི་ཞིང་ཆེན་པོ་ཡང་ཡོད་བྱས་པས། དེས་ཅི་བྱ། ཞིང་དེ་མ་ཡིན། སྦྱིན་པའི་ཞིང་མི་གདའ་སྨྲ་བས། དེ་ཡང་ཡོད། དྲང་སྲོང་འདི་སྙེད་དོ། །བྱས་པས། ཕུག་རོན་གྱི་སྤུ་བཏོགས་ནས་བཏང་བ་འདྲ་བ་དེ་ཚོས་ཅི་ཡོང་སྨྲས་པས། འོ་ན་ཅི་
འདྲ་དགོས་ཟེར། མོ་ན་རེ། སྟོན་པ་སངས་རྒྱས་འདྲ་བ་དགོས་སོ་སྨྲས་པས། དེར་ཐམས་ཅད་ཀྱིས་འོ་ན་སྤྱན་འདྲེན་བྱས་པས། མོ་དགའ་ནས། འོ་ན་འཚོ་བ་སྦྱོར་དང་ཁོ་མོས་སྤྱན་འདྲེན་ཞེས་ཁང་ཐོག་ཏུ་སོང་། ལག་པར་སྤོས་ཐོགས་ནས། རབ་ཏུ་གུས་པས། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་ཟབ། །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་བཟུང་ཞིང་། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཞེས་སྤྱན་འདྲེན་བྱས་ཚེ། ཡུལ་དེ་དང་སངས་རྒྱས་བཞུགས་གནས་གཉིས་ཀྱི་བར་ལ་ཉིན་ལམ་མང་པོ་ཡོད་ཀྱང་། སངས་རྒྱས་ཀྱིས་མཁྱེན་ནས། འཁོར་རྣམས་ལ་གསུངས། འཁོར་རྫུ་འཕྲུལ་ཅན། ཁ་ཅིག་ནི་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན། ཁ་ཅིག་སྤྲིན་གྱི་ཤུགས་ལ། ཁ་ཅིག་རི་བོ་སྤོས་ངད་ལྡན་ལ། ཁ་ཅིག་རི་བོ་མ་ལ་ཡ། ཁ་ཅིག་ནི་གང་འདུས་པ་ལ་སོགས་ཞོན་པ་དུ་མ་དང་བཅས་ཏེ། ནམ་མཁའི་མཐོངས་སུ་འཕགས་ནས་རིམ་བཞིན་ཡུལ་ལྷ་ཕྱོགས་སུ་བྱོན་བས། རྒྱང་ནས་མཐོང་ཚེ་ཐམས་ཅད་དད་ཅིང་དཔའ་ཞུམ་ནས།
བུ་མོ་ལ་འདི་ཁྱོད་ཀྱི་སྟོན་པ་ཡིན་ནམ་ཞེས། རེ་རེ་ནས་དྲིས་པས། མོ་ན་རེ། འདི་ནི་བདག་གི་སྟོན་པའི་སྲས་ཤེས་རབ་ཅན་གྱི་མཆོག་གྱུར་ཤཱ་རིའི་བུ་ཞེས་བྱ་བ་ཡིན་ནོ་ཞེས་རེ་རེ་ནས་བསྙད་དོ། །དེ་ནས་རྗེས་སུ་སྟོན་པ་ཉིད་ཀྱི་འོག་ནས་འདོད་པའི་ལྷ། སྟེང་ནས་གཟུགས་ཀྱི་ལྷ། གཡས་གཡོན་ནས་བྱང་ཆུབ་སེམས་དཔའི་ཚོགས། སྐུའི་གཡོན་ཟུར་ན་ལྷ་དང་མི་བསམ་གྱིས་མི་ཁྱབ་པས་མཆོད་པའི་བྱེ་བྲག་དུ་མས་མཆོད་པའི་དབུས་ན། སྐུ་གསེར་གྱི་མཆོད་སྡོང་འབར་བ་ལྟར། ལྷང་ངེ་། ལྷམ་མེ། ལྷན་ནེར་བྱོན་པའི་ཚེ། གྱོས་རྒྱུག་ལ་སོགས་པ་ན་རེ། འདི་ཁྱོད་ཀྱི་སྟོན་པ་ཡིན་ནམ་དྲིས་པས། བུ་མོ་ན་རེ། འདི་བདག་གི་སྟོན་པ་ལེགས་སོ། །ཞེས་སྨྲས་བས། སྐྱེ་བོ་མང་པོ་དད་ཅིང་བཏུད། དེ་རྣམས་ལ་སྟོན་པས་ཆོས་བསྟན་པས། དཀོན་མཆོག་གསུམ་ལ་དད་ཅིང་འདུན་པར་གྱུར་ཏོ། །ཡང་སྔོན། གཅེར་བུ་པ་ཉེ་ཐུང་གིས། ཁྱིམ་བདག་དཔལ་སྦས་ལ། ཁྱོད་ཀྱི་ཕྱི་སྒོར་དོང་ཆེན་པོ་བརྐོས་ལ། དུ་བ་མེད་པའི་མེ་འབར་བས་ཁོང་སྟེང་དུ་ཕྱག་དར་སྲབ་མོ་ཁོབ། ནང་ནས་ཟས་དུག་ཅན་སྦྱོར་ལ། སངས་རྒྱས་འཁོར་
བཅས་བོས་དང་། ཐམས་ཅད་མཁྱེན་པ་ཡིན་མིན་གསལ་བར་འགྱུར་རོ་བྱས་པས། དེ་ལྟར་བྱས། སངས་རྒྱས་སྤྱན་དྲངས་པས་མཁྱེན་བཞིན་དུ་ཕེབས་སོ། །ཕྱི་སྒོའི་ཐེམ་པ་ལ་ཞབས་བཞག་པ་ན། སེམས་ཅན་མིག་ལོང་བ་རྣམས་ཀྱི་མིག་གིས་མཐོང་། འོན་པ་རྣམས་ཀྱིས་སྒྲ་ཐོས། སྨྱོན་པ་རྣམས་ཀྱིས་དྲན་པ་རྙེད་པ་སོགས་བྱུང་། དེ་ནས་བྱོན་ཏེ་མེའི་ཁར་ཞབས་བཞག་པ་ན། མེ་རང་ཞི་སྟེ་པདྨའི་ཚལ་དུ་གྱུར། དེའི་སྟེང་དུ་སངས་རྒྱས་འཁོར་བཅས་བྱོན་པས། སྐྱེ་བོ་ཐམས་ཅད་ངོ་མཚར་ཏེ། ཅ་ཅོའི་སྒྲ་བྱུང་ངོ་། །ཁྱིམ་བདག་དཔལ་སྦས་དང་ཉེ་ཐུང་གཉིས་ཀྱིས་མཐོང་ནས་བཤགས་པ་བྱས་སོ། །ཁྱིམ་དུ་བྱོན་པས་ཁྱིམ་བདག་ན་རེ། བདག་གིས་མི་དགེ་བའི་བཤེས་གཉེན་གྱི་ངག་ལ་ཉན་ནས་ཟས་ཀྱང་འདྲེན་ཚུལ་མེད། གཞན་གཅིག་སྦྱོར་ཞུས་པས། སངས་རྒྱས་ཀྱིས་ཁྱིམ་བདག་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་
སྦྱོར་ལ་ཚིག་འདི་རྣམས་བཟླས་ལ་དྲོངས་དང་སྐྱོན་མི་ཡོང་གསུངས་པས། ཁྱིམ་བདག་གིས་ཀྱང་ཚིགས་བཅད་དེ་གསུམ་བཏོན་ནས་དྲངས་པས་སངས་རྒྱས་འཁོར་བཅས་ཀྱིས་གསོལ་བས། རྨ་བྱས་བཙན་དུག་ཟོས་པ་བཞིན་དུ་སྐུ་ལ་མ་གནོད་པ་ཙམ་དུ་མ་ཟད། སྔ་རབས་སྐུའི་གཟི་མདངས་ཆེར་འབར་བར་གྱུར་ཏོ། །ཁྱིམ་བདག་དེ་ཡང་རབ་ཏུ་དད་དེ་ཆོས་ཞུས་པས། སྟན་བདེ་བ་དེ་ལ་འདུག་བཞིན་དུ། ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་སྐྱེས་སོ། །སྔོན་ཁྱིམ་བདག་དཔལ་སྐྱེས་ལ་ཐར་པའི་ས་བོན་ཡོད་པ། དགྲ་བཅོམ་པ་སུས་ཀྱང་མ་མཁྱེན་པར་རབ་ཏུ་བྱུང་བ་ལ། སངས་རྒྱས་ཀྱིས་ཁྱིམ་བདག་དཔལ་སྐྱེས་ཀྱི་སྐྱེ་བ་བདུན་གྱི་གོང་རོལ་དུ། ཁྱི་ཞིག་ཏུ་སྐྱེས་པ། ཕག་རྒོད་ཀྱིས་བདས་ནས། མཆོད་རྟེན་ཞིག་ལ་བསྐོར་བ་བྱས་པའི་དགེ་བའི་ས་བོན་ཡོད་པ་མཁྱེན་ནས་རབ་ཏུ་བྱུང་། ཁྱིམ་བདག་དཔལ་སྐྱེས་ལོ་བརྒྱ་ཡིན་རུང་། བརྩོན་འགྲུས་བྱས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ནམ་མཁའ་ལ་འཕུར་བ་བྱུང་། སྔོན་རྒྱལ་པོ་འཕགས་སྐྱེས་པོ་དང་། བློན་པོ་མ་ལ་གནོད་གཉིས་ཀྱིས། ཉེས་པ་མེད་བཞིན་ཤཱཀྱ་ལྔ་
བརྒྱ་བསད་པའི་ཚེ། སྟོན་པའི་དབུ་ཡང་སྨྱུང་བར་གྱུར། དེའི་རྒྱུ་གང་ལགས་ཞུས་པས། སྔོན་ཉ་པ་ལྔ་བརྒྱས་ཉ་ཆེན་པོ་གཉིས་ཀྱི་སྟེང་ནས་གསོན་པོར་ཤ་བཅད་བའི་ཚེ། ཉ་གཉིས་ཀྱིས་འོ་དོད་བོས་པས། ཉ་པའི་ཁྱེའུ་ཞིག་གིས་གོ་ནས་དགའ་བར་གྱུར་ཏོ། །དེའི་དུས་ཀྱི་ཉ་གཉིས་ནི་ད་ལྟའི་རྒྱལ་བློན་གཉིས་ཡིན། ཉ་པ་ལྔ་བརྒྱ་ནི་ཤཱཀྱ་ལྔ་བརྒྱ། ཁྱེའུ་དེ་ང་ཡིན་པས། ད་ལྟ་ངའི་དབུ་སྨྱུང་བར་གྱུར་གསུངས། སྔོན་མོའུ་གལ་གྱི་བུ་ལ་ཉེས་པ་མེད་བཞིན་དུ་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་བཟུང་ནས་རྐང་ལག་འདམ་བུའི་ཚལ་ལྟར་བཅོམ་མོ། །དེའི་རྒྱུ་གང་ཡིན་ཞུས་པས། སྔོན་བྲམ་ཟེ་བཟའ་མི་གཉིས་ཀྱི་བུ་ཕ་མ་ལ་ཁྲོས་ནས། འདི་གཉིས་ཀྱི་རྐང་ལག་འདམ་བུ་བཞིན་བཅོམ་ན་འགལ་བ་མེད་ཞེས་ཚིག་ངན་སྨྲས་པས། ཚེ་རབས་ལྔ་བརྒྱ་རུ་རྐང་ལག་བཅོམས་ནས་ཤི །ད་ལྟ་ཡང་ལས་ཀྱི་ལྷག་མས་དེ་ལྟར་བཅོམ་གསུངས། སྔོན་སྟོན་པས་ལྷ་ཀླུ་མཁའ་ལྡིང་སོགས་འགྲོ་བ་ཡོངས་ལ་ཆོས་གསུངས་པའི་སྐབས་ཤིག་ལ། ཞལ་འཛུམ་པ་དང་བཅས། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་གཅིག་གི་སྲས་མོ་
དང་། ནུབ་ཕྱོགས་ཀྱི་རིགས་ངན་རྔོན་པ་གཅིག་གི་བུ་དང་གཉིས་བཟའ་མིར་འགྱུར་བར་གདའ་ཞེས། མ་འོངས་ལུང་བསྟན་གསུངས་སོ། །དེ་ནས་ཉིན་གཅིག་མཁའ་ལྡིང་ཤར་ཕྱོགས་སུ་སོང་ཚེ། རྒྱལ་པོའི་སྲས་མོ་གཅིག་ནགས་སུ་སོང་ནས་ཤིང་གི་རྩེ་མོ་ན་དུག་སྤྲུལ་ཡོད་པ་མ་མཐོང་བར་ཤིང་འབྲས་ཡོད་པ་མཐོང་ནས་ཤིང་ཁར་འཛེགས་ནས་འབྲས་བུ་བླངས་སོ། །མཁའ་ལྡིང་གིས་སྟེང་ནས་བལྟས་པས་བུ་མོ་ཡོད་པ་མ་མཐོང་བར། ཤིང་སྡོང་ཆེན་པོ་དེའི་རྩེ་མོ་ན་དུག་སྤྲུལ་ཡོད་པ་མཐོང་ནས། ཤིང་དང་བཅས་ཁྱེར་འོངས་པས་བུ་མོ་ཞིག་ཀྱང་བྱུང་བ་སྙིང་རྗེ་ནས་གསོས་སོ། །ཡང་ཉིན་གཅིག་མཁའ་ལྡིང་ནུབ་ཕྱོགས་སུ་སོང་ཚེ་རྔོན་པའི་བུ་གཅིག་གིས་རི་དྭགས་ཆེན་པོ་ཞིག་བསད་ནས་ཁོག་པ་ཁ་ཕྱེ་ཡོད་པའི་སྟེང་དུ་སོང་ཚེ་རྔོན་པ་འཇིགས་ནས་ཤའི་ཁོག་བར་ཞུགས་སོ། །དེ་ཁྱུང་ཆེན་གྱིས་བླངས་ནས་ཚང་དུ་ཁྱེར་འོངས་བས་ནང་ནས་མི་ཞིག་ཀྱང་ཐོན་པ་གསོས་སོ། །དེ་གཉིས་ཀ་བཟའ་མིར་གྱུར་ནས་བུ་ཞིག་ཀྱང་བྱུང་ངོ་། །དེ་ནས་མཁའ་ལྡིང་དེ་སངས་རྒྱས་ཀྱི་དྲུང་དུ་སོང་ནས་ཆོས་ཉན་པའི་སྐབས་ཞིག་ལ། སྔར་གསུངས་
པའི་མི་དེ་གཉིས་ད་འཕྲད་འདུག་གམ་ཞུས་པས། འཕྲད་པ་ཙམ་དུ་མ་ཟད་བུ་ཡང་བྱུང་འདུག་གསུངས། ད་ཡུལ་གང་ན་གདའ་ཞུས་པས། ཁྱེད་རང་གི་རྩ་ན་གདའ་གསུངས་པས། མཁའ་ལྡིང་གིས་ངོ་ཤེས་ནས། དད་པར་གྱུར་སྐད། ཡང་སྔོན་སངས་རྒྱས་ཀྱིས་མ་འོངས་པ་ན། ཤན་པ་མེ་རི་ཅེས་སེང་གེའི་ཕྲུག་གུ་གསོད་པ། བྱ་རྒོད་ཀྱི་ཚང་དུ་འགྲོ་བ། རྒྱལ་པོའི་བུ་མོ་ལེན་པ་མཁྱེན་ནས། ཤན་པའི་རྩར་བྱོན་ནས། ཁྱོད་ཀྱིས་སྡོམ་པ་ལོང་གསུངས་པས། ངས་སྲུང་མི་ནུས་ཟེར། ནུས་པ་ཅིག་གནང་གསུངས་པས། འོ་ན་སྔོན་དུ་གསུངས་དང་ནུས་སམ་མི་ནུས་བལྟ་ཟེར། སངས་རྒྱས་ཀྱི་ཞལ་ནས། སེང་གེའི་ཕྲུག་གུ་མི་གསོད་པ། བྱ་རྒོད་ཀྱི་ཚང་དུ་མི་འགྲོ་བ། རྒྱལ་པོའི་བུ་མོ་བག་མར་མི་ལེན་པ་གསུམ་གྱི་སྡོམ་པ་ལོང་ལ་བསྲུང་བྱས་བས། ཤན་པའི་བསམ་པ་ལ་དེ་འདྲ་ཚེ་འདིར་བྱེད་འདོད་ཀྱང་འོང་བ་དཀའ། དེ་བསྲུང་ནུས་སྙམ་དེ་ལྟར་བྱ་ཞེས་ཁས་བླངས་སོ། །ཕྱིས་ཡུལ་དེའི་རྒྱལ་པོའི་སྤྱན་སྨྱུང་བས། རྒྱ་མཚོའི་མཐའ་རུ་སྨན་ལེན་དུ་འགྲོ་དགོས་པ་བྱུང་། དེ་ལ་གཞན་སུ་འགྲོ་མ་
ནུས་པར་ཤན་པ་བཏང་ནས། ལམ་ནས་ལྟོགས་ཏེ་སེང་གེའི་ཕྲུག་གུ་ཉལ་ཡོད་པ་མཐོང་ནས་གསོད་སྙམ་ལག་ཏུ་བླངས་ནས་སྡོམ་པ་དྲན་ནས་མ་བསད་པར་བཟུང་ཡོད་ཚེ། སེང་གེ་མ་བྱུང་ཚེ། འཇིགས་ནས་བྲོས་ཏེ་བྲག་ཁུང་ཞིག་བསྙེགས་པས་བྱ་རྒོད་ཀྱི་ཚང་ཡིན་ཚེ། སྔར་གྱི་སྡོམ་པ་དྲན། ནང་དུ་མ་སོང་བར་བསྡད་ཚེ། སེང་གེ་མ་བྱུང་བའི་སྔོན་དུ་ཕྲུག་གུ་བཏང་བས། སེང་གེ་མ་དེ་དགའ་ནས་སྨན་བླངས་ནས་བྱིན་པ་ཁྱེར་འོངས་ནས་རྒྱལ་པོ་ལ་ཕུལ་བས་མཉེས་ཏེ། བུ་མོ་བྱིན་པས། ཡང་སྔར་གྱི་སྡོམ་པ་དྲན་ནས་མ་བླངས་ཚེ། རྒྱལ་པོས་དེ་ཅི་ཡིན་དྲིས་པས། སྔར་གྱི་རྒྱུ་མཚན་ཞུས་པས་རྒྱལ་པོ་ཡང་དགྱེས་ནས། གཞན་ནོར་སྣ་མང་པོ་བྱིན་ནས་མགུ་བར་བྱས་སྐད། དེ་བཞིན་དུ་སངས་རྒྱས་ཀྱིས་འདས་མ་འོངས་ད་ལྟ་དུས་གསུམ་པོ་ས་ལེར་མཁྱེན། སྔོན་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་དུས། སངས་རྒྱས་འཁོར་བཅས་ལ་ཆམ་རིམས་དྲག་པོ་བྱུང་ཚེ། སྨན་པའི་རྒྱལ་པོ་འཚོ་བྱེད་བོས་ནས། སྨན་མར་དྲུག་ཅུ་རྩ་བཞི་པ་སྦྱར་ནས། སྨན་པས་ཀུན་དགའ་བོ་ལ་གདམས་པ། བཅོམ་ལྡན་འདས་རྡོ་རྗེའི་སྐུ་
སྲ་བརྟན་མི་ཆོད་པ་ཡིན་པས་སྨན་མར་སྲང་བཅུ་གཉིས་དྲོངས། དགེ་སློང་གཞན་རྣམས་ལ། སྲང་རེ་ལས་མང་བ་མ་འདྲེན་ཞིག་སྨྲས་པས། ཀུན་དགའ་བོས་ཀྱང་དེ་བཞིན་བྱས་པས། ལྷས་སྦྱིན་ན་རེ། ང་ལའང་སྲང་བཅུ་གཉིས་དྲོངས། གོའུ་ཏ་མ་དང་ང་གཉིས་ལ་རིགས་ལ་སོགས་པ་མི་མཉམ་པ་ཅི་ཡོད་བྱས་པས། ཀུན་དགའ་བོས་ཀྱང་། འོ་ན་ཡོང་ཞེས། སྲང་བཅུ་གཉིས་བྱིན་པ་ཟོས་པས་སྨན་མ་ཞུ་བར་ཤི་ལ་ཐུག་པའི་ཚེ། ཀུན་དགའ་བོས་འཚོ་བྱེད་ལ་བཅོས་ཐབས་འདྲ་ཡོད་དམ་ཞུས་པས། སྨན་མ་ཞུ་བ་དུག་དུ་སོང་བ་ལ་བཅོས་ཐབས་མེད་ཟེར། དེ་ནས་སངས་རྒྱས་ལ་ཞུས་པས། ཐབས་ཡོད་ཀྱིས་གསུངས། ལྷས་སྦྱིན་གྱི་མགོ་ལ་ཕྱག་བཞག་ནས། ང་ལ་ལུས་ལས་སྐྱེས་པའི་བུ་སྒྲ་གཅན་འཛིན་དང་། དགྲ་བཞིན་སེམས་པའི་ལྷས་སྦྱིན་གཉིས་ལ་ཁྱད་མེད་སྙམ་བའི་སེམས་ཡོད་ན། བདེན་པའི་ཚིག་དེས་ཚེ་དང་ལྡན་པ་ལྷས་སྤྱིན་གྱི་ནད་འདི་ཞི་བར་གྱུར་ཅིག །ཅེས་བརྗོད་པས། ལྷས་སྦྱིན་ནད་དང་བྲལ་ཚེ་ཁོ་ན་རེ། དགེ་སྦྱོང་གོའུ་ཏ་མ་འདིས་སྨན་ཞིག་ཀྱང་ཤེས་ཚོད་ན་འདུག་སྟེ།
རྒས་ཁར་ལྟོགས་རིར་མ་ཤི་ན་འོང་ངོ་ཟེར་ནས། བདེན་པའི་ཚིག་ཁྱད་དུ་གསོད་ཅིང་སྨོད་པ་དང་བཅས་ཏེ་རང་གནས་སུ་ལོག་སོང་ངོ་། །དེ་བཞིན་དུ་སྟོན་པ་ཐུགས་རྗེ་ཅན་འདི་ལ་དགྲ་གཉེན་ལ་ཁྱད་མེད་པས། གཡས་ནས་མི་གཅིག་གིས་ཙན་དན་གྱི་ལྡེ་གུ་འཇམ་པོས་སྐུ་ལ་བྱུག་པ་དང་། གཡོན་ནས་སྟ་རེ་རྣོན་པོས་གཤག་པ་གཉིས་བྱུང་ཡང་ཉེ་རིང་ཆགས་སྡང་མི་འབྱུང་བར་གཉིས་ཀ་ལ་ཁྱད་པར་སྤུ་ཙམ་ཡང་མེད་པར། མས་བུ་གཅིག་ལ་བརྩེ་བ་ལྟར་རྟག་ཏུ་བརྩེ་བ་རྒྱུན་མི་འཆད་དུ་སྐྱེས་པར་གྱུར་ཏོ། །མདོར་ན་སྟོན་པ་སངས་རྒྱས་ལ་མཁྱེན་པ་དང་བརྩེ་བའི་ཡོན་ཏན་དེ་ལྟ་བུ་མངའ་བས། གང་གསུངས་ལ་ནོར་འཁྲུལ་དང་རྫུན་གྱི་བསྲེ་སླད་འོང་བའི་རྒྱུ་རྐྱེན་གང་ཡང་མེད་པས། དེས་ན་འོ་སྐོལ་རྣམས་ཀྱིས་སྟོན་པ་སངས་རྒྱས་ཀྱིས་སྡིག་པ་སྤོངས་དགེ་བ་སྒྲུབས་ཞེས་གང་གསུངས་པ་རྣམས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ཅིང་ཚད་མར་བཟུང་ནས་བཀའ་བཞིན་སྒྲུབ་པ་གལ་ཆེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་འཆི་ལ་རང་དབང་ཐོབ་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པའི་རྒྱལ་བ་ཤཱཀྱ་ཐུབ་པ་ཞེས་མཚན་སྙན་ཉི་མ་དང་ཟླ་བ་ལྟར་
ཡོངས་ལ་གྲགས་པ་དེ་ཉིད་འཇིག་རྟེན་གྱི་ཁམས་འདིར་ལན་ཅིག་བྱོན་ནས་འགྲོ་བ་ཡོངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ་བྱོན་ནས། གཞོགས་གཡས་ཕབ་དབུ་བྱང་དུ་བསྟན་སེང་གེའི་ཉལ་སྟབས་ཀྱིས་མྱ་ངན་ལས་འདའ་བར་དགོངས་ཚེ། འཇིག་རྟེན་ཁམས་ཀྱི་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱི་མགོ་ཡང་དེའི་ཕྱོགས་སུ་བཏུད་ཅིང་གཞོལ། ས་འདི་ཡང་རྣམ་པ་དྲུག་ཏུ་གཡོ་བ་སོགས་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་དང་བཅས་ཏེ་སྐུ་གཤེགས་པའི་ཚེ། སྐྱེ་འཆི་ལ་རང་དབང་ཐོབ་པའི་དགེ་སློང་ཁྲི་བརྒྱད་སྟོང་ཡང་མྱ་ངན་ལས་འདས་སོ། །དེས་ན་མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་དེ་ལྟ་བུ་ཡང་མི་རྟག་པར་འཇིག་པའི་རྣམ་འགྱུར་བསྟན་སོང་ན། ཆུ་ཤིང་སྙིང་པོ་ལྟ་བུའི་འོ་སྐོལ་མི་རྣམས་ཀྱི་སྒྱུ་ལུས་འཇིག་པ་སྨོས་ཅི་དགོས། སྔོན་སངས་རྒྱས་ཀྱི་འཁོར་དགྲ་བཅོམ་རྫུ་འཕྲུལ་ཅན་ཀུན་གྱི་མཆོག་གྱུར་འཕགས་པ་མོངྒལ་གྱི་བུ་ཡང་། མཐར་གྲོང་ཁྱེར་ཤིང་ཐོག་ཅན་དུ་བྱོན་ནས་སྐུ་གཤེགས་
དུས། སྐྱེ་འཆི་གཉིས་ལ་རང་དབང་ཐོབ་པའི་དགྲ་བཅོམ་པ་བདུན་ཁྲི་བདུན་སྟོང་མྱ་ངན་ལས་འདས་སོ། །སངས་རྒྱས་ཀྱི་འཁོར་ཤེས་རབ་ཅན་ཀུན་གྱི་མཆོག་ཏུ་གྱུར་པ། འཕགས་པ་ཤཱ་རིའི་བུ་ཡང་། རྒྱལ་པོའི་ཁབ་ག་ལ་བ་དེར་བྱོན་ནས་སྐུ་གཤེགས་དུས། སྐྱེ་འཆི་ལ་དབང་ཐོབ་པའི་དགྲ་བཅོམ་པ་བརྒྱད་ཁྲི་མྱ་ངན་ལས་འདས་སོ། །འཕགས་པ་བ་གླང་བདག་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ན་བཞུགས་པས། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་གསན་ནས། ཐུགས་ལས་མེ་བྱུང་ནས་བསྲེགས་ཏེ་མྱ་ངན་ལས་འདས་ཚེ། མེའི་ནང་ནས་ཚིགས་སུ་བཅད་པ་གཉིས་བྱུང་སྟེ། འདུས་བྱས་བསགས་པ་སྐད་ཅིག་འཇིག་འགྱུར་ཏེ། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་འགྱུར། །མཁས་རྣམས་རྟག་ཏུ་དགེ་ལ་བག་ཡོད་ཅིང་། །བསོད་ནམས་ལས་ཀྱི་བྱ་བ་དེ་བརྩོན་བྱ། །ཞེས་པ་དང་། ཐུབ་པ་དེ་ལ་སྒོ་གསུམ་དང་བས་བཏུད། །རང་གི་དགོས་པ་གང་ཡིན་ཐམས་ཅད་བྱས། །གུས་ཤིང་རབ་ཏུ་དད་པས་བླ་མ་དེའི། །ཕྱི་བཞིན་བ་གླང་བདག་ཀྱང་དེ་ལྟར་སོང་། །ཞེས་བྱ་བའི་སྒྲ་བྱུང་ངོ་། །དེ་བཞིན་དུ་དྲང་སྲོང་
ཆེན་པོ་མངོན་ཤེས་ལྔ་ཐོབ་ཅིང་མཁའ་ལ་རྒྱང་རིང་འགྲོ་བ་རྣམས་ཀྱིས་ཀྱང་མི་འཆི་བའི་གནས་དང་ཐབས་མ་རྙེད་པར་གཤེགས། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་དང་། གངས་ཅན་ལྗོངས་ཀྱི་མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ། མར་མི་དྭགས་གསུམ། ཁུ་རྔོག་འབྲོམ་གསུམ། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་སོགས། དགེ་བའི་བཤེས་གཉེན་སངས་རྒྱས་གཉིས་པ་ལྟ་བུ་དེ་ཐམས་ཅད་གཤེགས། དེ་བཞིན་དུ་ལྷའི་ནང་གི་ཚངས་པ་བརྒྱ་བྱིན། མིའི་ནང་གི་འཁོར་ལོས་བསྒྱུར་རྒྱལ། རྒྱལ་བློན་བྱང་ཆུབ་སེམས་དཔའ། མི་སྐྱ་བན་བཙུན། ཉི་མ་དང་ཟླ་བ་རྒྱུ་སྐར་འདྲ་བ་ཐམས་ཅད་བསྡད་དབང་མ་བྱུང་བར་གཤེགས་པ་དེ་ལགས། དེ་བཞིན་དུ་ད་ལྟ་ས་ཐོག་འདི་ན་གནས་ཚད་ཀྱི་འགྲོ་བ་ཐམས་ཅད་སྐྱེས་ནས་འཆི་བ་མ་གཏོགས། འདི་རྣམས་ཀྱི་ནང་ན་མི་འཆི་བར་སྡོད་མཁན་གྱི་མི་གཅིག་ཀྱང་མེད། འཆི་བ་ཙམ་དུ་མ་ཟད། ནམ་འཆི་ལ་ངེས་པ་མེད་དེ། སྔོན་མི་གཅིག་གིས་ནས་རྫ་མ་གང་ཡོད་པ་སྦས་ནས་ཕྱིར་འོང་ཙ་ན་ཟ་སྙམ་ནས་སྤྲང་དུ་
ཕྱིན་པའི་ལམ་དུ་ཤི་བ་བྱུང་ནས་སྔར་ཀྱི་དེ་ཡང་ཟ་ལོང་མ་བྱུང་། དེ་བཞིན་དུ་སྔར་འཆི་བདག་བདུད་པོས་ལས་ཀྱི་འཕྲོ་ཡང་མཐུད་དུ་མ་བཅུག་པར་གློ་བུར་དུ་བསད་ནས་ཚེ་ཕྱི་མར་ཁྲིད་པ་མང་། སྔོན་འབྲོམ་ལོ་རྡེང་གི་གཙོ་བོ་ཀླུ་བསྟན་བྱ་བ་འཆི་ཁར་ཁོ་ན་རེ། སྤྱིར་འབྲོམ་ལོ་རྡེང་གི་ཆེ་ཐབས་ཀྱིས་ང་ལ་ཅི་ཕན། དེའི་ནང་ནས་ཀྱང་བསྟོད་ར་བའི་ཆེ་ཐབས་ཀྱིས་ང་ལ་ཅི་ཕན་ཟེར་ཤི་སྐད། སྔོན་འཕགས་པ་ཉེར་དགའ་ཞེས་བྱ་བར་གསེར་མང་དུ་ཡོད་ཀྱང་ཤི་ནས། གསེར་སྲང་བདུན་ཁྲི་ཙམ་བྱུང་བ། དགེ་སློང་རྣམས་འདུས་བགོས་ཏེ་ཁྱེར། དེ་བཞིན་དུ་འཆི་ཚེ་འཁོར་ནོར་ལོངས་སྤྱོད་ཅི་ཙམ་ཡོད་ཀྱང་ཕན་པ་སྤུ་ཙམ་མེད་པས། དེས་ན་འོ་སྐོལ་རྣམས་ཀྱང་ངེས་པར་འཆི་ཞིང་ནམ་འཆི་ཆ་མེད་འཆི་ཚེ་ཆོས་མ་གཏོགས་གཞན་གང་གིས་མི་ཕན་པའི་ཚུལ་བསམས་ནས་ཆོས་བྱེད་པ་གལ་ཆེ། སྔོན་མོའུ་གལ་གྱི་བུའི་ཕ་འཇིག་རྟེན་འདིར་སྡོད་དུས་ལག་པ་མདོ་སྡེ་དང་མི་འབྲལ། དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར། ཕ་མ་ལ་ཞབས་ཏོག །ངན་སློང་ལ་སྦྱིན་པ་གཏོང་བ་སོགས། དགེ་བའི་ལས་ལ་འབད་པས།
ཤི་ནས་ལྷ་ཚངས་པའི་གནས་སུ་སྐྱེས་ནས། བདེ་སྐྱིད་ཚད་མེད་པ་མྱངས་སོ། །མ་དེ་འཇིག་རྟེན་འདིར་སྡོད་དུས། ཕ་མ་ལ་ཚིག་ངན། དགེ་འདུན་ལ་གཤེ་བསྐུར། དཀོན་མཆོག་ལ་དད་ལོག །ངན་སློང་ལ་འཕྲོག་བཙོམ། ཁྱིམ་ཚེས་ལ་འཁོན་འཛིང་། གཡོག་པོ་ལ་སྡང་པོ་སོགས་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་པ་བྱས་པས། ཤི་ནས་དམྱལ་བར་སྐྱེས་ནས་སྡུག་བསྔལ་ཚད་མེད་པ་མྱངས་སོ། །བུ་སྟོན་པའི་དྲུང་ནས་རབ་ཏུ་བྱུང་ཆོས་བྱས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས། སངས་རྒྱས་ཀྱི་འཁོར་རྫུ་འཕྲུལ་ཅན་ཀུན་གྱི་མཆོག་ཏུ་གྱུར་ནས། རྫུ་འཕྲུལ་གྱིས་དམྱལ་བའི་ཡུལ་དུ་མ་ལེན་དུ་བྱོན་ཚེ། སྡིག་ཅན་གྱི་མི་གཅིག །འདྲེ་དམག་མང་པོས་བཟུང་ནས། སྐེ་ལ་ཐག་པ་ནག་པོ་བརྒྱབ་ནས་ཁྲིད། མཚོན་ཆ་རྣོན་པོ་མང་པོ་ཐོགས་ནས། རྒྱོབ་ཅིག་གཏུབ་ཅིག་སོད་ཅིག་སོགས་མི་སྙན་པ་འཇིགས་པའི་སྒྲ་མང་པོ་སྒྲོགས་ཤིང་འགྲོ་བ་མཐོང་ནས། མི་འདིས་སྡིག་པ་ཅི་བྱས་དྲིས་པས། འདྲེ་དམག་རྣམས་ན་རེ། མི་འདིའི་མིང་ལ་གཅན་གཟན་ཝ་ཟེར། འདི་འཇིག་རྟེན་ཁམས་ན་སྡོད་
དུས། འཁོར་གཡོག་མང་པོས་བསྐོར་ཞིང་ལུག་ཚོན་པོ་མང་པོ་བསད་ནས་ཁྱིམ་ཤ་ཡིས་འགེངས། ཆང་ཞིམ་པོ་ཉིན་མཚན་མེད་པར་འཐུང་ནས། དགེ་བ་ཏིལ་འབྲུ་ཙམ་ཡང་མི་བྱེད། སྡིག་པའི་ལས་རྣམ་པ་སྣ་ཚོགས་པ་བྱེད་དེ། དེ་ཡང་ཁྱི་མང་པོ་བཏང་ནས་རི་དྭགས་མང་པོ་བསད། ཁྲ་ཡང་ལྔ་ཙམ་གསོས་པ་བཏང་ནས། བྱིའུ་མང་པོ་རྩ་ཕུང་གི་ནང་དུ་འབེབས་སུ་བཅུག་བབ་ཚེ་རྩ་ལ་མེ་བཅུག་ནས་བསད། མི་ངན་མང་པོ་བསྡུས་ཏེ་ཐམས་ཅད་སོང་ནས། བཙན་པོ་ལ་བརྐུས། སྙོམས་ཆུང་ལ་འཕྲོག་བཅོམ་བྱས་ནས་མ་བྱིན་པ་མང་པོ་བླངས། རྟ་མང་པོ་གསོས་ནས་འགྲན་རོགས་མེད་རུང་རྟ་རྒྱུག་བྱེད་པའི་མི་ཡ་བོ་བསོད་ཟད་ཞིག་ཡིན། མཁན་པོ། ད་འདི་ལྟར་འཁྲིད་དུས་དམ་པའི་ལྷ་ཆོས་མ་གཏོགས། གཞན་བུ་ཆུང་མ་གཉེན་ཉེ་འབྲེལ་ནོར་ལོངས་སྤྱོད་མང་པོ་ཡོད་ཀྱང་རྗེས་ན་ར་མདའ་རྒྱུག་མཁན་དང་ཕན་མཁན་གཅིག་ཀྱང་མི་འདུག་གཟིགས་དང་ཟེར་དེད་ནས་སོང་ངོ་། །དེ་ནས་མར་ཕྱིན་པས། ལྕང་མའི་སྡོང་པོ་ཞིག་གི་ལྟག་ན། མི་གཞོན་ནུ་ཕོ་མོ་ཉི་ཤུ་ཙམ་ཞིག་དལ་བར་འདུག་པ་ལ་འདིར་ཅི་ལ་བསྡད་དྲིས་པས།
དེ་དག་རྣམས་ན་རེ། འོ་སྐོལ་མི་ཡུལ་ན་མི་མིང་རུས་གཅིག་པ་མང་པོ་ཡོད་པ་གཤིན་རྗེ་ཕོ་ཉ་རྣམས་ཀྱིས་ངོ་མ་ཤེས་བདག་ཅག་ཁྱེར་ནས། མིང་རུས་བསྡུར་ནས་མིན་ཚེ་ཡར་བཏང་སྟེ། དེའི་བར་ལ་རོ་དབྱར་རུལ་དགུན་འཁྱགས་པས་འཇུག་ས་མ་རྙེད་པར་འདིར་ཅུང་ཟད་བསྡད་པ་ལགས། ཁྱེད་ཡར་ཕེབས་ན་ངེད་ཚོའི་ཉེ་འབྲེལ་རྣམས་ལ། བདག་ཅག་གི་དོན་དུ་དམིགས་ནས་མཆོད་སྦྱིན་ཆོས་སྒྲོག་པ་སོགས་དགེ་བར་གྱིས་དང་ཕན་ཐོགས་ཆེའོ་ཟེར་རོ། །དེ་ནས་མར་ཕྱིན་པས། སྡིག་ཅན་གྱི་མི་མང་པོའི་གོས་ཕུད་ནས། ཤིང་གི་ཡལ་ག་ལ་བཀལ་ནས། གཅེར་བུར་གདུག་པའི་ཆུ་ཆེན་པོ་ཞིག་ལ་བརྒལ་ཞིང་འདུག་པས། ཁྱེད་རྣམས་ཀྱི་གསེབ་ན་མོའུ་མགལ་གྱི་མ་ཟེར་བ་རེ་ཡོད་དམ་དྲིས་པས། ཅི་ཡང་མི་སྨྲ་བར་ཆུ་ལ་བརྒལ་ཞིང་འདུག །དེའི་ཚེ་གཤིན་རྗེ་མིང་ཡིག་པ་བྱུང་ནས། སྡིག་ཅན་དེ་དག་གྲངས་སུ་བརྩིས་མིང་ཡིག་བྲིས་ནས་ཁྱེར་སོང་། སྡིག་ཅན་དེ་དག་ན་རེ། སྡིག་པའི་རྣམ་སྨིན་གྱིས་ངན་སོང་དུ་སྐྱེ་ཞིང་། དགེ་བའི་འབྲས་བུས་མཐོ་རིས་སུ་འགྲོ་བའི་ཆ་ཡོད་ན། སྔོན་བསོད་
ནམས་ཅིའི་ཕྱིར་མི་གསོག །འོ་སྐོལ་གྱི་ཡུལ་ན་བུ་ཆུང་མ་གཉེན་ཉེ་འབྲེལ་ཟས་ནོར་ལོངས་སྤྱོད་ཅི་ཙམ་ཡོད་ཀྱང་། མི་གཞན་གྱི་ལོངས་སྤྱོད། འོ་སྐོལ་རྣམས་འདི་ན་སྡུག་བསྔལ་ལོ་ཟེར་ཞིང་མཆི་མ་ཤ་ར་ར་འཛག་པ་མཐོང་། དེ་ནས་ཕྱིན་པས། སྡིག་ཅན་གྲངས་མེད་པ་འགྲོ་བ་ལ། ཁྱེད་རྣམས་ཀྱི་གསེབ་ན་མོའུ་གལ་གྱི་མ་ཟེར་བའི་རྒན་མོ་འདྲ་མེད་དམ་དྲིས་པས། དེ་རྣམས་ཀྱིས་དེ་འདྲ་མ་མཆིས། མཁན་པོ་སླར་གཤེགས་ན་བདག་ཅག་གི་ཉེ་འབྲེལ་རྣམས་ལ། ངེད་རྣམས་ལ་དམིགས་ནས། བླ་མ་དགེ་བའི་བཤེས་གཉེན་ལ་བསྔོ་འབྲེལ་ཞོག །དགེ་འདུན་ལ་འཚོ་བ་ཞབས་ཏོག་གྱིས་ལ་ཐེག་པ་ཆེན་པོའི་ཆོས་སྒྲོགས་ཤིག་དང་ཕན་ཐོགས་ཆེ་བར་འདུག་གྱིས་ཟེར། དེ་ནས་མར་ཕྱིན་པས། གཤིན་རྗེ་ཆོས་རྒྱལ་གྱི་སྒོ་དྲུང་དུ་སླེབས་པས། གཤིན་རྗེ་ཕོ་ཉ་དང་ག་རང་ལ་ཡང་ཁྲུ་བཅུ་དགུ་ཡོད་པ་གཅིག་གིས་སྒོ་སྲུང་ཞིང་འདུག་པ་ལ། སྒོ་འདི་བསྲུངས་ནས་ཡུན་ཅི་ཙམ་ལོན་དྲིས་པས། དེ་ན་རེ། བསྐལ་པ་བཞི་བཅུ་ཐ་མ་པ་ལོན་ཟེར། བསྐལ་པའི་ཡུན་ཅི་ཙམ་ལ་ཟེར་དྲིས་པས། སྒོ་སྔོན་འདི་རུ་ཕ་བོང་ཤིན་ཏུ་མཁྲེགས་པ་
དཔངས་སུ་དཔག་ཚད་སྟོང་ཕྲག་བཞི་བཅུ་ཐ་མ་པ་ཡོད་པ་ཅིག་གི་སྟེང་ན་ཕར་ལ་སྡིག་ཅན་གྱི་མི་རྣམས་ལོ་རེ་ཐེངས་རེ་ཕྱིན་པས་རྡོ་དེ་རྡོལ་བ་ལ་བསྐལ་པ་གཅིག་ལགས། མཁན་པོ་ཅི་ལ་ཕེབས་ཟེར། མ་ལ་སྲི་ཞུ་བྱེད་པའི་ཕྱིར་འོང་བྱས་པས་གཏམ་དེ་ལ་སྒོ་སྲུང་ཡང་དགའ་མགུ་ཡི་རང་སྟེ་ཞུ་སྣ་བྱས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བྱིན་པས། གཤིན་རྗེ་ཆོས་རྒྱལ་གྱིས་ཀྱང་བཞེངས་ནས་བསུ་བ་བྱས། གསུང་གླེང་མཛད་བས། ཆོས་ཀྱི་རྒྱལ་པོས་མཁན་པོ་ཅིའི་ཕྱིར་ཕེབས་དྲིས་པས། མ་ལ་སྲི་ཞུ་བྱེད་དུ་འོང་སྡིག་ཅན་རྣམས་ཁྱེད་དང་མ་མཇལ་བར་གཞན་དུ་འགྲོ་བའི་གོ་སྐབས་མེད་པ་བདག་གིས་ཐོས་པས། བདག་གི་མ་མོའུ་གལ་བྱ་པའི་བུད་མེད་དེ་གང་ན་འདུག་ཞུས་པས། གཤིན་རྗེ་ཆོས་རྒྱལ་གྱིས་ཡིག་མཁན་རྣམས་ལ་མིང་ཡིག་ཚོལ་གསུངས། ཡིག་མཛོད་ཀློག་པས་མི་འདུག་ཟེར། ཆོས་རྒྱལ་གྱིས། འདིར་མི་འོང་བ་གཉིས་ཡོད། དགེ་བ་མང་པོ་བྱས་སྡིག་པ་མེད་པའི་མི་ཤི་བ་དང་མཉམ་དུ་མཐོ་རིས་སུ་སོང་ནས་འདིར་མི་འོང་ཡང་སྡིག་པ་མང་པོ་བྱས་དགེ་བ་མེད་པའི་མི་ཤི་མ་ཐག་དམྱལ་
བར་སོང་ནས་འདིར་མི་འོང་སྟེ། འོན་ཀྱང་ད་དུང་འཚོལ་གསུངས། བཙལ་བས་རྙེད་དེ། ཡི་གེའི་ནང་ན་མོའུ་མགལ་བྱ་བའི་བུད་མེད་ཅིག་མནར་མེད་དམྱལ་བའི་གནས་སུ་སྐྱེས་ནས། ལོ་གསུམ་ཙམ་ལོན་ཟེར་འབྱུང་བས། མོའུ་མགལ་གྱི་བུ་མའི་རྩར་ཕྱིན་མ་དམྱལ་བ་ནས་བཏོན་ཏེ། རིམ་གྱིས་ཡར་གྱི་ལྷ་ཚངས་པའི་གནས་སུ་བསྐྱལ་ནས་ཕ་དང་སྐལ་བ་མཉམ་པར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། མོའུ་མགལ་གྱི་བུ་འདི་ལྟ་བུའི་ཕ་མ་ལ་སྲི་ཞུ་བྱེད་པ་འཇིག་རྟེན་གྱི་ཁམས་གང་ན་ཡང་མེད་གསུངས། ཡང་སྔོན་རྒྱལ་བའི་བློ་གྲོས་ཞེས་བྱ་བ་གཤིན་རྗེ་གཤེད་ཀྱི་སྒོ་ནས་གྲུབ་པ་བརྙེས་པ་གཅིག་ཡོད། མ་དེ་སྒོ་ན་ཐགས་འཐག་པ་ཐག་གི་སྟེང་ནས་ས་ལ་འབབ་དབང་ཡང་མ་བྱུང་བར་ཤི་ནས་གཤིན་རྗེ་ཕོ་ཉ་ཞིག་གིས་ཁྲིད་ནས། གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་ཁྱེར། དགེ་སྡིག་གི་ཤན་ཕྱེ་བས། སྡིག་པ་ཆེ་བ་བྱུང་། ཁང་པ་ནག་པོ་ཞིག་གི་ནང་དུ་ཁྲིད་ནས། ཁྱི་ཆེན་པོ་གཉིས་ཉལ་བའི་བར་ལ་བཞག་བས། རྒན་མོ་གཡས་སུ་ཅུང་ཟད་ཡོ་ན། གཡས་ན་ཡོད་པའི་ཁྱི་དེས་མགོ་བཏེགས་ཏེ་མཆེ་བ་གཉེར་
ནས་ཟ་གྲབས་བྱས། གཡོན་དུ་ཡོ་བ་བྱུང་ན། གཡོན་ན་ཡོད་པའི་ཁྱི་དེས་མགོ་བཏེགས་མཆེ་བ་གཉེར་ནས་ཟ་ཐབས་བྱས་པའི་བར་ན་འཇིགས་ཡེར་རེ་ཡོད་པའི་དུས། བུ་རྒྱལ་བའི་བློ་གྲོས་ཀྱི་བསམ་པ་ལ། གཤིན་རྗེ་ཆོས་རྒྱལ་དབང་ཆེ་བ་བདེན་ཀྱང་། ངེད་མ་སྨད་གཉིས་ལ་འཆི་ཁར་གཏམ་ཚིག་གཅིག་ཙམ་ཡང་གཏོང་དུ་མ་བཅུག །ཐ་ན་ཐག་གི་སྟེང་ནས་འབབ་དབང་ཙམ་ཡང་མ་བྱུང་བར་ཁྲིད་ནས་སོང་བ་འདི་དཔེ་མི་སྲིད་པ་ཞིག་བྱུང་སྙམ། མའི་རོའི་རྩ་ནས། གཤིན་རྗེ་གཤེད་ཀྱི་བསྐྱེད་རིམ་ལ་ཞུགས་ནས། སྔོན་ལ་གཤིན་རྗེའི་ཡུལ་དུ་གཙང་རིས་ཀྱི་དཔལ་མགོན་པོ་བདུན་ཅུ་རྩ་ལྔའི་དམག་དྲངས། དེའི་རྗེས་སུ་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དམག་དྲངས། དེའི་རྗེས་སུ་གཤིན་རྗེ་ཡ་མནྟ་ཀའི་དམག་དྲངས་ཚེ། གཤིན་རྗེ་ཕོ་ཉ་རྣམས་ན་རེ། གནས་འདིར་ནམ་ཡང་དམག་འོང་མི་སྲིད་པ། ད་ལན་དམག་རི་དང་བྲག་འདྲ་བ་གནམ་ས་བར་སྣང་གང་ནས་བྱུང་བ་འདི་སུ་ཞིག་གི་དམག་ཡིན་ཅིའི་ཕྱིར་འོང་བ་ཡིན་ནམ་ཟེར་འཇིགས་པའི་ཚེ། མ་འཁྲིད་པའི་གཤིན་རྗེ་དེ་ན་རེ། དེ་རང་རྒན་མོ་
ཁྲིད་འོང་བ་དེ་ལ་བུ་འཇིགས་པ་ཞིག་གདའ། དེ་མ་ཡིན་ནམ་ཟེར་བ་དང་མཉམ་དུ་ཐག་ཉེར་སླེབས་བྱུང་། དམག་རྣམས་ཀྱིས་རྒྱལ་བའི་བློ་གྲོས་ཀྱི་མ་ཕྱིར་ཐོང་། མི་གཏོང་ན་གཤིན་རྗེའི་ཡུལ་ཁམས་འདི་ཐམས་ཅད་བརླག་པ་ཡིན་ནོ་ཞེས་གཤིན་རྗེའི་འཁོར་རྣམས་ལ་གཡུལ་བཀྱེས་ནས་གཤིན་རྗེ་མང་པོ་ཕམ་ཚེ། ཁྱི་དེ་གཉིས་ཀྱང་ཤི་བ་བཞིན་ཉལ་ནས་མགོ་མ་བཏེགས་ཚེ། མ་ཡང་ཁང་བ་དེ་ནས་ཕྱིར་ཐོན་བྲོས་ནས་དམག་གི་ནང་དུ་སོང་བ་དམག་རྣམས་ཀྱིས་ཁྱེར་ནས། འཇིག་རྟེན་ཁམས་སུ་སླེབས་སླར་རོའི་ནང་དུ་འཛུལ་ནས་སྔར་ལྟར་གསོས་པ་བྱུང་སྐད། ཡང་སྔོན་མི་རྣམས་ཀྱི་ཚེ་ལོ་འབུམ་ཐུབ་པའི་དུས་འཇིག་རྟེན་གྱི་ཁམས་འདིར་དབང་ཕྱུག་བརྒྱད་ཐོབ་པའི་རྒྱལ་པོ་འཇིགས་ཐུལ་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་འབངས་རྒན་མོ་ཞིག་ལ་བུ་གཅིག་ཡོད་པ་གློ་བུར་དུ་ཤི་བས། མ་དེ་རྒྱལ་པོའི་དྲུང་དུ་སོང་ནས། མ་རྒན་མོ་འཆི་རན་པ་དེ་བཞག །ངའི་བུ་འཆི་མ་རན་པ་དེ་ཁྱེར་ནས། གཤིན་རྗེ་ཆོས་རྒྱལ་ཞེས་བྱ་བ་དེས་ད་ལན་ཁྲིམས་མེད་ཀྱི་བྱ་བ་བྱས་པ་འདི་རྒན་མོང་ལ་བརྙས་པ་མ་ཡིན་རྒྱལ་པོ་ཁྱོད་ལ་བརྙས་སྨོད་ཁྱད་གསོད་བྱས་པ་
ཡིན་པས། རྒྱལ་པོ་ལ་ཁྱད་པར་ཅི་ཡོད། ཁྱོད་ཀྱང་མི་ཡི་རྒྱལ་པོ་ཡིན། ཁོ་ཡང་གཤིན་རྗེའི་རྒྱལ་པོ་རེད། ད་ལན་རྒྱལ་པོ་ཁྱེད་བྱོན་ནས། ངའི་བུ་སླར་མ་ལོན་ན། ཁྱེད་ལ་ཡང་རྒྱལ་པོའི་ཐ་སྙད་ཅི་ཡོད། ང་ཡང་ཁྱེད་ཀྱི་སྒོ་ནས་ལྕེབས་ནས་འཆི་བ་ཡིན་ནོ་ཞེས་མྱ་ངན་དང་སྨྲེ་སྔགས་དུ་མ་བཏོན་པས། རྒྱལ་པོའི་ཐུགས་བསམ་ལ་ཡང་རྒན་མོས་བཤད་པ་དེ་ཆ་གཅིག་ན་བདེན་པར་འདུག་སྙམ། ཁྱོད་རེ་ཞིག་མ་ལྕེབ་དང་། ངས་ཨེ་ལོན་ཅིག་བལྟ་ཟེར། དམག་བསྡུ་བའི་རྔ་ཆེན་པོ་དེ་བརྡུངས་པས་དམག་ཀུན་འདུས་པས་གང་དུ་འགྲོ་བ་ཡིན་དྲིས་པས། རྒྱལ་པོ་ན་རེ། རྒན་མོའི་བུ་ཡི་དོན་དུ། གཤིན་རྗེའི་ཡུལ་དུ་འགྲོ་དགོས་བྱས་རྫུ་འཕྲུལ་གྱིས་གཤིན་རྗེའི་ཡུལ་དུ་དམག་ལམ་ཆེན་པོ་བཏོན་དམག་ཐམས་ཅད་ཁྲིད་དེ། གཤིན་རྗེའི་ཡུལ་དུ་སོང་དམག་རྣམས་བཞག་སྟེ་རྒྱལ་པོ་གཅིག་པུ་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་སོང་། གུས་པས་ཕྱག་དང་ཞེ་ས་མང་དུ་བྱས་ནས། ཁྱེད་ཀྱི་ཕོ་ཉ་བ་ཅིག་གིས་ཁྲིམས་མེད་ཀྱི་ལུགས་བྱས། ངའི་འབངས་མི་རྒན་མོ་འཆི་རན་པ་དེ་བཞག་ནས། བུ་འཆི་མ་རན་པ་གཞོན་
ནུ་ཞིག་ཡོད་པ་ཁྲིད་སོང་འདུག་པས། དེ་ཕྱིར་ལོག་རོགས་གྱིས་ཞུས་པས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ན་རེ། བུ་དེ་ལ་ཚེ་ཚད་དེ་མིན་མེད་པས་ཁྱེར་བྱུང་། སྔོན་ལས་ཡིན་པས་སླར་ལོག་ཏུ་མི་ཡོང་གསུངས། ལན་གསུམ་ཞུས་པས་ཀྱང་དེ་སྐད་གསུངས་ཚེ། དེ་ཡིན་ན་ང་ཡང་མི་ཡི་རྒྱལ་པོ་ཡིན་པས་དོན་དེ་མ་འགྲུབ་པར་མི་ཡུལ་དུ་ལོག་ན་ངོ་ཡང་ཚེ། ད་ང་ཡང་འཆི་བ་ཡིན་བྱས་སླར་སོང་། རང་གི་དམག་རྣམས་ལ་གཤིན་རྗེ་ཆོས་རྒྱལ་གྱི་འཁོར་རྣམས་ལ་གཡུལ་འགྱེད་དུ་བཅུག །རྒྱལ་པོས་ལྷ་ཚངས་པས་བྱིན་པའི་བདེ་ཆེན་ཞོ་འཐུང་གི་རུས་པ་ལས་གྲུབ་པའི་མདུང་ཕོག་ཚད་སྒྲོལ་ནུས་པ་ཞིག་ཡོད་པ་ཁྱེར་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྟེང་དུ་ཡར་མཆོངས་ཚེ། སྲིད་པ་གསུམ་པོ་འདི་ཡོམ་ཡོམ་ཡར་འགུལ་བ་བྱུང་། གཤིན་རྗེ་ཆོས་རྒྱལ་ཀྱང་ཐུགས་ཁྲོས་ཡར་བཞེངས། ཕོག་ཚད་འཆི་བའི་ཐོད་དབྱུག་ཅིག་ཡོད་པ་བསྣམས་ནས་མར་ཁྲི་ཐོག་ནས་མཆོངས་ཚེ། སྲིད་པ་གསུམ་པོ་འདི་མར་ཡོམ་ཡོམ་འགུལ་བ་བྱུང་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས། གང་གི་ལྟས་ཡིན་ནམ་གཟིགས་པས། རྒྱལ་པོ་འཇིགས་ཐུལ་དང་
གཤིན་རྗེ་ཆོས་རྒྱལ་གཉིས་འཛིང་གྲབས་ཡོད་པར་མཐོང་། སྐད་ཅིག་ཡུད་ཙམ་ལ་རྫུ་འཕྲུལ་གྱིས་བར་ལ་བྱོན་ནས། ཡར་མར་དུ་བཞུགས་སུ་བཅུག །བར་ནས་གཟུ་བྱས། གཤིན་རྗེ་ཆོས་རྒྱལ་ལ་བུ་ཐོང་བྱས་པས། སྔོན་ལས་ཡིན་ལས་གཏོང་རྒྱུ་མེད་ང་གསོད་དུ་ཆུག་ཟེར། རྒྱལ་པོ་ལ་སྔོན་གྱི་ལས་ལ་བཅོས་པའི་ཐབས་མེད་པས། གཤིན་རྗེ་ཆོས་རྒྱལ་ལ་རྒོལ་བ་མ་ཞུ་བར་སླར་ལོག་བྱས་པས། རྒྱལ་པོ་ན་རེ། དེ་ཡིན་ཡང་ང་འཇིག་རྟེན་ཁམས་སུ་ལྡོག་པ་ངོ་ཚ་བས་འདིར་འཆི་བ་ཡིན་ཟེར། དེར་ལྷའི་དབང་པོས་གཞན་བྱ་ཐབས་མ་བྱུང་བར། འོ་ན་ཁྱེད་ཀྱི་བུ་དེ་ཅི་འདྲ་ཞིག་ཡོད་དྲིས་པས། རྒྱལ་པོས་གཟུགས་ཀྱི་རི་མོ་བྲིས་ནས། འདི་འདྲ་ཞིག་ཡོད་བྱས་པས། བརྒྱ་བྱིན་གྱིས་ལྷའི་བུ་གཞོན་ནུ་དེ་འདྲ་བ་ཞིག་སྤྲད་ནས། ད་འདི་ཁྱེར་ལ་འཁྲུག་པ་མ་རྒྱག་སྔར་གཤིན་རྗེ་ཆོས་རྒྱལ་ལ་རྒོལ་བ་ཞུས་པར་བཟོད་གསོལ་གྱིས་ལ་ད་སླར་ལོག་བྱས་པས། རྒྱལ་པོས་ཀྱང་དེ་བཞིན་དུ་གཤིན་རྗེ་ཆོས་རྒྱལ་ལ་བཟོད་གསོལ་བྱས། ལྷའི་བུ་ཁྱེར་ནས་མི་ཡུལ་དུ་ལོག་ནས་རྒན་མོ་ལ་སྤྲད་པས་དགའ་བར་གྱུར་ཏོ། །
ཡང་སྔོན་རྒྱ་གར་ཤར་ཕྱོགས་ཀྱི། བི་ཁྱ་ཏ་དེ་བ་ཞེས་བྱ་བས། ཆོས་ཀྱི་སྙིང་པོ་མ་ཎི་ཡི་གེ་དྲུག་མའི་བསྒོམ་བཟླས་བྱས་ནས་ལོ་གསུམ་ཙམ་སོང་བ་དང་ནད་ཞིག་གིས་ཐེབས་ནས་གྲོངས་པས། གཤིན་རྗེ་མི་ཤིན་ཏུ་འཇིགས་པ་བཞིས་ཁྲིད་ནས་ཐག་རིང་པོར་ཁྱེར་ཏེ། རི་ཞིག་གི་རྩེ་ལ་སླེབས་པ་དང་། འོད་དཀར་པོ་ཟླ་བའི་འོད་ལས་ལྷག་པ་ཅིག་ནམ་མཁའ་ནས་བྱུང་བའི་རྗེས་ལ། ཐུགས་རྗེ་ཆེན་པོ་རྟ་མགྲིན་སོགས་ལྷ་ལྔ་ཙམ་བྱོན། དེ་མཐོང་ཚེ་གཤིན་རྗེ་མི་རྣམས་བྲོས་པ། རྟ་མགྲིན་གྱིས་དབྱུག་ཐོས་བརྡུངས་པས། ཐུགས་རྗེ་ཆེན་པོའི་ཞལ་ནས། སྙིང་རྗེ། མ་བྱེད་གསུངས། རྟ་མགྲིན་གྱིས་འོ་སྐོལ་གྱི་མི་ལ་བར་ཆད་བྱེད་པ་མི་རིགས་གསུངས། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས། གཤིན་རྗེའི་མི་བཞི་པོ་དེ་ལ་ད་རོ་མ་བསྲེགས་པའི་གོང་ལ་མྱུར་དུ་སླར་སྐྱོལ་ཅིག་གསུངས། གཤིན་རྗེའི་མི་དེ་བཞིས་བསྐྱལ་བས། ཉེ་འཁོར་རྣམས་ཀྱིས་རོ་ཤིང་གསེབ་ཏུ་བཅུག་ནས་མཐའ་ནས་མེ་སྦར་བའི་ཚེ་སླར་སོས་ནས་སྟེང་དུ་ཐོན་པ་བྱུང་། དེ་ནས་བཟུང་སྟེ་པཎྜི་ཏ་གྲུབ་ཐོབ་ཏུ་གྲགས་སོ། །ཡང་ཤར་ཕྱོགས་བྷཾ་ག་ལའི་ལམ་
ཀའི་གྲོང་གི་ཤིང་བཟོ་བ་ཞིག་གིས་རབ་བྱུང་བ་ཞིག་ལ་བསྙེན་བཀུར་བྱས། རབ་བྱུང་དེས་ཀྱང་ཤིང་བཟོ་ལ། ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ཕོག་ནས་ཉམས་སུ་བླངས་ནས་དུས་ཡུན་རིང་སོང་བའི་སྐབས་ཤིག་ནད་གྱིས་བཏབ་ཤི་ནས་གཤིན་རྗེ་སྐྱེས་བུ་ཤིན་ཏུ་འཇིགས་པ་བཞིས་ཁྱེར་ནས། དམྱལ་བའི་གནས་སུ་སོང་། ཀུམ་པ་ནར་ཀའི་ནང་མེས་གང་བའི་ནང་དུ་འཇུག་གྲབས་བྱས་པའི་ཚེ་ཀུམ་པ་ནར་ཀ་ཁ་ཟུམ་ནས་མ་ཆུད་ཕྱིར་བཀྱེད་པ་དང་ཁ་བྱེ་ནས་བྱུང་། ཡང་ཡང་བྱས་པས་དེ་བཞིན་དུ་བྱུང་། གཤིན་རྗེ་སྐྱེས་བུ་བཞི་པོ་འཇིགས་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ཞུས་པས། ཁོང་ན་རེ། མི་དེ་འདིར་སྐྱེ་བའི་རྒྱུད་ཟད། ཐུགས་རྗེ་ཆེན་པོའི་བུ་ཡིན། ད་མྱུར་དུ་ཕྱིར་སྐྱོལ་གསུངས། བསྐྱལ་བས་ཉེ་འཁོར་རྣམས་ཀྱིས་དུར་ཁྲོད་དུ་ཤིང་བརྩིགས་པའི་དཀྱིལ་དུ་བཅུག་མཐའ་ནས་མེ་སྦར་བ་དང་སླར་སོས་ནས་ཕྱིར་ཐོན་པ་བྱུང་། སྔོན་ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ཆོས་ཀློག་ཏུ་བཅུག་པས། ཉུང་ཤས་རེ་ཀློག་ནས་ཀློག་ཏུ་མ་ཉན་པས། མོའུ་གལ་བུས་རྫུ་འཕྲུལ་གྱིས་དམྱལ་བའི་གནས་སུ་
ཁྲིད་ནས། ཁོང་གཉིས་ལ་དམྱལ་བ་བལྟ་རུ་བཅུག་པས། དམྱལ་པའི་སྡུག་བསྔལ་འཚོད་པ་དང་། གཅོད་པ་དང་། གཤག་པ་དང་བརྡེག་པ་སོགས་སྡུག་བསྔལ་བ་མང་པོ་མཐོང་། ཕྱོགས་གཅིག་ན་ལྕགས་ཟངས་ཆེན་པོ་གཉིས་ཀྱི་ནང་ན་ཁྲོ་ཆུ་ཁོལ་བ་མཐོང་ནས། འདིར་མི་སུ་འཇུག་གམ་དྲིས་པས། འདིར་ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ལེ་ལོས་དུས་འདའ་བ་དེ་གཉིས་ཤི་ན་འདིར་འཇུག་གོ་སྨྲས་པས། ཁོང་གཉིས་ཀྱི་བསམ་པ་ལ་ངོ་ཤེས་འདྲ་སོང་ན་ད་ལྟ་རང་བཅུག་ཡོང་སྙམ་ཤིན་ཏུ་འཇིགས་སྐྲག་སྟེ་བྲོས་ནས་མོའུ་གལ་གྱི་བུའི་རྩར་འོངས་ནས། མོའུ་གལ་གྱིས་དེ་གཉིས་ལ། ལེ་ལོ་བྱས་ན་ཉེས་དམིགས་འདི་དང་གཞན་ཡང་ཡོད་པས། བརྩོན་འགྲུས་རྩོམས་ཤིག་གསུངས། དེ་ནས་ལྷའི་གནས་སུ་ཁྲིད་ནས། ཁོང་གཉིས་ལ་ལྷ་ཡུལ་དུ་བལྟ་རུ་བཅུག་པས། ལྷ་ཕོ་མོ་མང་པོས་པི་ཝང་ལ་སོགས་པའི་སྒྲ་སྙན་སྒྲོགས་ཤིང་། ལྷའི་སྐྱིད་དགའ་ལོངས་སྤྱོད་དཔག་ཏུ་མེད་པ་མྱོང་བ་མཐོང་། ཕྱོགས་གཅིག་ན་ལྷའི་བུ་མེད་པའི་གཞལ་མེད་ཁང་ལྷའི་བུ་མོ་མང་པོས་གང་བ་མཐོང་ནས། ལྷའི་བུ་མི་འདུག་པའི་རྒྱུ་
མཚན་དྲིས་པས། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས། བརྩོན་འགྲུས་བརྩམས་པས་དེ་གཉིས་ཤི་འཕོས་ནས་འདིར་སྐྱེའོ། །ཞེས་སྨྲས་པས། དེ་གཉིས་དགའ་ནས་མོའུ་གལ་གྱི་བུ་ལ་སྨྲས། མོའུ་གལ་གྱིས་དེ་གཉིས་ལ། བརྩོན་འགྲུས་བརྩམས་ན་ཕན་ཡོན་འདི་དང་གཞན་ཡང་ཡོད་པས་བརྩོན་འགྲུས་རྩོམས་ཤིག་གསུངས་པས་དེ་གཉིས་ཀྱིས་བརྩོན་འགྲུས་བྱས་པས། རིང་པོར་མ་ལོན་པར་མྱུར་དུ་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ནམ་མཁའ་ལ་འཕུར་ནས་འགྲོ་བ་བྱུང་། ཡང་སྔོན་སངས་རྒྱས་ཀྱི་གཅུང་དགའ་བོ་རབ་ཏུ་བྱུང་ཡང་། ད་དུང་བཟང་མོ་ལ་ཧ་ཅང་ཆགས་པ་མཁྱེན་ནས། རི་བོ་སྤོས་ངད་ལྡན་དུ་ཁྲིད་ནས། སྤྲེའུ་མོ་ཞར་མ་ཅིག་བསྟན་ཏེ། བཟང་མོ་དང་འདི་གཉིས་ལ་གཟུགས་གང་བཟང་གསུངས་པས། དགའ་བོ་ན་རེ། སྤྲེའུ་མོ་བཟང་མོའི་བརྒྱའི་ཆར་ཡང་མི་མཆི་ཟེར། དེ་ནས་སུམ་ཅུ་རྩ་གསུམ་ལྷ་གནས་སུ་ཁྲིད་ནས། ལྷ་མོ་རྣམས་ལ་ལྟོས་གསུངས། བལྟས་པས་ཕྱོགས་གཅིག་ན་ཁང་པ་ཞིག་ན་ལྷའི་བུ་མོ་མང་པོ་འདུག་པ་མཐོང་ནས། ལྷའི་བུ་མེད་པའི་རྒྱུ་མཚན་དྲིས་
པས། མི་ཡུལ་ན་གཅུང་དགའ་བོ་ཞེས་བྱ་བ། སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་ཚངས་སྤྱོད་བསྲུངས་ནས། ཤི་ན་འདིར་འོང་བས། དེའི་ཕྱིར་འདིར་སྡོད་དོ་ཟེར་བ་ཐོས་པས་དགའ་ནས་སྟོན་པའི་དྲུང་དུ་འོངས་པས། སྟོན་པས་གཅུང་དགའ་བོ་ལ། ལྷ་མོ་དེ་དག་དང་བཟང་མོ་གཉིས་གཟུགས་གང་བཟང་དྲིས་པས། དགའ་བོ་ན་རེ། བཟང་མོ་ལྷ་མོ་དེ་དག་གི་བརྒྱའི་ཆར་ཡང་མི་མཆི་ཟེར། སངས་རྒྱས་ཀྱིས་ཚངས་སྤྱོད་བསྲུངས་ན་ཕན་ཡོན་འདི་དང་གཞན་ཡང་ཡོད་པས་སྲུངས་ཤིག་གསུངས་པས། དགའ་བོ་ཡང་བཟང་མོ་ལ་མ་ཆགས་པར་ལྷ་མོ་དེ་དག་ལ་ཆགས་ནས་ལྷའི་གནས་སུ་སྐྱེ་བར་འདོད་ནས་ཚངས་སྤྱོད་བསྲུངས་སོ། །དེ་ནས་ཡང་ཉིན་གཅིག་སངས་རྒྱས་ཀྱིས་དགའ་བོ་ཁྲིད་ནས་དམྱལ་བ་བལྟར་བཅུག་པས། དམྱལ་བའི་ཆུ་བོ་རབ་མེད་དང་། སོག་ལེས་གཤག་པ་དང་། སྟ་རེས་གཅོད་པ་ལ་སོགས་པ་མཐོང་ངོ་། །ཕྱོགས་གཅིག་ན་ཟངས་གཅིག་གི་ནང་དུ་ཁྲོ་ཆུ་བསྐོལ་ནས་ནང་དུ་སེམས་ཅན་སུ་ཡང་མི་འཇུག་པ་ཞིག་མཐོང་ནས། རྒྱུ་མཚན་དྲིས་པས། མི་ཡུལ་ན་གཅུང་དགའ་བོས་ལྷའི་གནས་སུ་སྐྱེ་བའི་ཕྱིར་
ཚངས་སྤྱོད་སྲུང་བ་ཤི་ནས་ལྷར་སྐྱེས། དེ་ནས་ཚེ་འཕོས་ནས་འདིར་འོང་བས་དེ་ནང་དུ་འཇུག་པའི་ཕྱིར་བཞག་གོ་ཟེར་བ་ཐོས་ནས་འཇིགས་ནས་ཕྱིར་འོང་བ་ལ་སྟོན་པའི་ཞལ་ནས། ལྷའི་འཇིག་རྟེན་ལ་སྨོན་ནས་ཚངས་སྤྱོད་བསྲུངས་ན་ཉེས་དམིགས་འདི་དང་གཞན་ཡང་ཡོད་པས། ཁྱོད་མྱང་འདས་ཐོབ་པ་ལ་དགའ་བར་གྱིས། ལྷའི་འཇིག་རྟེན་དུ་ཡང་དགའ་བར་མ་བྱེད་ཅིག་གསུངས་པས། གཅུང་དགའ་བོ་འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས། མྱང་འདས་འཐོབ་ཕྱིར་ཚངས་སྤྱོད་བསྲུངས་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས་སོ། །དེ་བཞིན་དུ་ཚེ་ཕྱི་མར་དགེ་བ་བྱས་པ་རྣམས། ལམ་དཀར་པོ་གྱེན་དུ་བླ་མ་དང་ལྷག་པའི་ལྷ་དུ་མས་ལམ་སྣ་དྲངས་ཏེ། མཐོ་རིས་དང་ཐར་པའི་གནས་སུ་ཡར་ཡར་སོང་ནས་བདེ་སྐྱིད་ཚད་མེད་པ་མྱོང་ཞིང་། སྡིག་པ་མི་དགེ་བ་བྱས་པ་རྣམས། ལམ་ནག་པོ་ཐུར་དུ་གཤིན་རྗེ་ཕོ་ཉ་མདོག་མི་སྡུག་པ་དུ་མས་ཁྲིད་ནས། ངན་སོང་གསུམ་གྱི་གནས་སུ་མར་མར་སོང་ནས་སྡུག་བསྔལ་ཚད་མེད་པ་མྱོང་ངེས། དེས་ན། ཡར་ལྷའི་བདུད་
རྩི་དང་། མར་དམྱལ་བའི་ཁྲོ་ཆུ་འཐུང་བ་དང་། འདུན་མ་གཏན་ལེགས་དང་། གཏན་ཉེས་ཡར་འགྲོ་མར་འགྲོའི་ས་མཚམས་འབྱེད་པའི་དུས་ད་རེས་ཡིན་པས། ད་ལྟ་ཡར་མར་གང་ལ་འགྲོ་བའི་དབང་རང་གི་ལག་ན་ཡོད་པའི་དུས་སྐབས་སུ། འོ་སྐོལ་རྣམས་ཀྱིས་བླང་དོར་སྐྱིད་སྡུག་ལེགས་ཉེས་ཀྱི་འདམ་ཁ་མ་ནོར་བ་བྱས། མར་འགྲོ་མི་དགེ་སྡིག་པ་སྤངས་ནས་ཡར་འགྲོ་དགེ་བའི་ལས་ལ་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་བཞིན་ཉིན་མཚན་མེད་པར་འབད་པར་བྱའོ། །སྨྲས་པ། སེམས་ཅན་སྐྱིད་སྡུག་ལེགས་ཉེས་ས་ལེར་གཟིགས། །དགྲ་དང་གཉེན་ལ་ཁྱད་པར་སྤུ་ཙམ་མེད། །འགྲོ་བ་ཡོངས་ལ་བུ་གཅིག་ལྟར་བརྩེ་བ། །སྟོན་པ་སངས་རྒྱས་མ་གཏོགས་གཞན་ན་གང་། །ནམ་མཁའ་འདི་ལ་འདོམ་གྱིས་འཇལ་ནས་ནི། །འདི་ཙམ་འདུག་ཞེས་ཚད་གཟུང་མི་ནུས་བཞིན། །སྟོན་པའི་ཡོན་ཏན་རིག་པས་དཔྱད་ནས་ནི། །འདི་ཙམ་འདུག་ཞེས་ཚད་གཟུང་ག་ལ་ནུས། །འོན་ཀྱང་སྟོན་པའི་ཡོན་ཏན་རྒྱ་མཚོ་ནས། །མཁྱེན་བརྩེའི་ཡོན་ཏན་མངའ་ཚུལ་ཆུ་ཐིགས་ཙམ། །རྣམ་དཔྱོད་ཀུ་ཤའི་རྩེ་ལ་བདག་གིས་བླངས། །འདི་འདྲའི་
ཡོན་ཏན་ཀུན་ལྡན་སྟོན་པ་སྤངས། །ཕྱི་རོལ་སྟོན་པ་གཞན་ལ་གུས་པ་རྣམས། །ཡན་ལག་བརྒྱད་དང་ལྡན་པའི་མཚོ་འགྲམ་ནས། །བ་ཚའི་ཁྲོན་པ་བརྐོ་དང་ཅིས་མི་མཚུངས། །སྐྱོན་ཟད་ཡོན་ཏན་ལྡན་པའི་སྟོན་པ་ཡི། །རྣམ་ཐར་བསམས་ན་སེམས་ཡོད་ཅིས་མི་དད། །ཀུན་གྱིས་ཕྱི་རོལ་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་རིགས། །འདས་དང་མ་འོངས་ད་ལྟ་དུས་གསུམ་པོ། །ལག་པའི་མཐིལ་ལ་བལྟས་ལྟར་ས་ལེར་གཟིགས། །ཁ་དང་ལག་པ་གཉིས་ཀ་སྤྲད་པ་ལྟར། །འཆུག་མེད་མངོན་ཤེས་མངའ་བའི་སངས་རྒྱས་ལ། །རྫུན་གྱི་ཚིག་གཅིག་གསུང་བའི་རྒྱུ་མེད་ན། །སྟོན་པའི་གསུང་ལ་སུ་ཞིག་ཡིད་མི་ཆེས། །སྟོན་པ་ཐུགས་རྗེ་ཅན་གྱི་གསུང་རབས་ལ། །ཡིད་ཆེས་ཚད་མར་བཟུང་ནས་སྒྲུབ་པར་རིགས། །གྲོགས་གཞན་འཆི་བ་མངོན་སུམ་མཐོང་བཞིན་དུ། །ད་དུང་རང་ཉིད་མི་འཆི་སྙམ་པ་འཁྲུལ། །ཕྱི་མར་ཆོས་མེད་འགྲོ་བ་མཐོང་བཞིན་དུ། །འགྲོ་གྲབས་ལྷ་ཆོས་མི་བྱེད་དེ་བས་འཁྲུལ། །མི་རྣམས་འགའ་རེས་དགུན་རྒྱགས་སྟོན་གྱི་དུས། །མི་སྒྲུབ་
སྡོད་པའི་མི་ལ་བླུན་ཟེར་ན། །ཕྱི་མའི་རྒྱགས་ཕྱེ་ལྷ་ཆོས་ད་ལྟའི་དུས། །མི་སྒྲུབ་སྡོད་རྣམས་དེ་བས་ཤིན་ཏུ་བླུན། །མི་རྟག་འཆི་བ་རིང་མིན་མྱུར་དུ་འོང་། །ཤི་ན་བར་དོར་ལག་སྟོང་གཅེར་བུར་འགྲོ །ཚེ་འདིའི་གཉེན་གྲོགས་ནོར་གྱིས་ཕན་པ་མེད། །དེ་དུས་ཕན་པ་དམ་པའི་ལྷ་ཆོས་དང་། །འདྲེན་མཁན་བླ་མ་ལྷ་དང་དཀོན་མཆོག་ཡིན། །ཚེ་འདིར་དཀར་པོ་དགེ་བ་བྱས་པའི་མི། །ཕྱི་མར་བླ་མ་ལྷ་ཡིས་སྔོན་ནས་བསུས། །མཐོ་རིས་ཐར་ལམ་དཀར་པོ་ཡར་ལ་འགྲོ། །ཚེ་འདིར་ནག་པོ་སྡིག་པ་བྱས་པའི་མི། །ཕྱི་མར་གཤིན་རྗེ་ཕོ་ཉས་མདུན་ནས་ཁྲིད། །ངན་སོང་ལམ་ངན་ནག་པོར་མར་ལ་འགྲོ། །ད་ལྟ་ཡར་མར་གང་ལ་འགྲོ་བའི་དབང་། །འོ་སྐོལ་མི་ཡི་ལག་ན་ཡོད་ཐོག་འདིར། །མར་འགྲོ་མི་དགེ་སྡིག་པའི་ལས་རྣམས་སྤང་། །ཡར་འགྲོ་དགེ་བའི་ལས་ལ་འབད་པར་རིགས། །རྟག་ཏུ་བློ་ལྡན་རྣམས་ཀྱིས་འཆི་བ་དང་། །ཤི་ན་ཕྱི་མར་འགྲོ་བའི་ཚུལ་བསམས་ནས། །སྟོན་ཐོག་ཕྱིར་དུ་སོས་ཀ་འབད་པ་བཞིན། །ཕྱི་མའི་དོན་ལ་ཚེ་འདིར་འབད་པར་མཛོད། ༈ ད་ནི་སྟོན་པ་སངས་རྒྱས་གསུངས་བཞིན་དུ། །མཐོ་རིས་
ཐར་པའི་བདེ་སྐྱིད་སྲོག་འཕྲོག་པའི། །མི་དགེ་སྡིག་པའི་རེག་ཕུང་དུག་གི་ཆུ། །སྤོང་ཚུལ་བདག་གིས་བཤད་ལ་ད་ཡང་ཉོན། ༈ །དེ་ཡང་སྟོན་པ་ཐུགས་རྗེ་ཅན་གྱིས་མི་དགེ་བ་སྤོང་ཚུལ་གསུངས་བ་འདིར་ཀུན་གྱིས་གོ་སླ་ཞིང་ཡིད་ཆེས་པའི་ཕྱིར་སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཤད་པར་བྱ་སྟེ། སྔོན་ཁྱིམ་བདག་ཕྱུག་པོ་གཅིག་ལ་ཆེན་ཆུན་གཉིས་ཡོད་པས། ཆེན་མ་ལ་བུ་མེད་ཆུན་མ་ལ་བུ་ཡོད་པས། ཁྱིམ་བདག་དེས་ཆེན་མ་ལ་མི་བྱམས་ཆུན་མ་ལ་བྱམས་སོ། །དེང་ཚི་ནོར་ཐམས་ཅད་ཀྱི་བདག་མོར་ཡང་ཆུན་མར་གྱུར་ཏོ། །དེར་ཆེན་མ་དེ་འདི་སྙམ་ཏུ་སེམས་ཏེ། བདག་ལ་བུ་གཅིག་ཡོད་ན་ནོར་ཟས་ཐམས་ཅད་ཀྱི་བདག་མོ་ཡང་བདག་ཡིན། ཁྱོ་བོ་ཡང་བདག་ལ་བརྩེ་བ་ལ། ད་བདག་ལ་བུ་མེད་པས་ནོར་རྫས་ཀྱི་བདག་མོར་ཡང་མ་གྱུར། ཁྱོ་བོ་ཡང་མི་བརྩིའོ་སྙམ་ནས། ཆུན་མའི་བུ་བསྙལ་ནས་འདུག་པའི་མཆོག་མ་ཁབ་ཀྱིས་དཀྲུགས་ནས་རྨ་མི་སྣང་བར་བྱས་སོ། །དེ་ནས་དུས་རིང་བོ་མ་ལོན་པར་ཆུན་མའི་བུ་ཤི་བས། ཆུན་མ་ན་རེ། ཆེན་མ་ལ་ཁྱེད་ཀྱིས་ངའི་བུ་བསད་དོ་བྱས་པས།
ཆེན་མས་ཁྱེད་ཀྱི་བུ་བསད་ན་བདག །གང་དུ་སྐྱེས་ཀྱང་ཁྱོ་བོ་དུག་སྦྲུལ་གྱིས་གསོད་པར་གྱུར་ཅིག །བུ་ཆེ་བ་ཆུས་ཁྱེར་བར་གྱུར་ཅིག །ཆུང་བ་གཅན་གཟན་གྱིས་ཟ་བར་གྱུར་ཅིག །ཕ་མ་དང་ཁྱིམ་འཁོར་མེས་ཚིག་པར་གྱུར་ཅིག །བདག་རང་གི་བུ་ཤ་རང་གིས་ཟ་བར་གྱུར་ཅིག །བདག་རང་གསོན་པོར་དུར་དུ་སྦེད་པར་གྱུར་ཅིག །ཅེས་མནའ་ལོག་པ་བོར་རོ། །དེ་ཤི་ནས་དམྱལ་བ་སོགས་ངན་སོང་དུ་ཡུན་རིང་སྐྱེས། ཐར་ནས་དགེ་སློང་མ་ཨུ་ཏྤལ་ཞེས་བྱ་བར་གྱུར་བའི་ཚེ་སྟོད་ཕས་བྲམ་ཟེ་ཞིག་ལ་བག་མར་བཏང་བས། བུ་ཞིག་བཙས་པ་དང་མཉམ་དུ་གྱོས་རྒྱུག་གཉིས་པོ་ཤིའོ། །ཡང་བུ་གཅིག་བཙའ་ཁར་ཁྱོ་བོ་དང་གཉིས་ཀ་ཕ་མའི་ཁྱིམ་དུ་འགྲོ་སྙམ་དུ་སོང་བའི་ལམ་གྱི་བྲག་རྩྭ་ཞིག་ཏུ་སོ་སོར་ཉལ་ནས་བསྡད་པས། ནུབ་མོ་བུ་བཙའ་བའི་དུས་ལ་བབས་ནས། ཁྱོ་བོ་བོས་པས་སྐད་མ་བྱུང་། སྔ་མོ་བལྟས་པས་དུག་སྦྲུལ་གྱིས་རྨུགས་ནས་ཤི་ཡོད་པ་མཐོང་ནས་ངུས་པས་བརྒྱལ་ལོ། །བུ་ཆེ་བ་མ་ལ་འཇུས་ནས་ངུས་པས་བརྒྱལ་བ་སངས་སོ། །དེ་ནས་བུ་ཆེ་བ་ཁུར་ཆུང་བ་པང་དུ་བཟུང་ནས་གྲོགས་མེད་བར་གཅིག་པུར་ཕྱིན་
པས། ལམ་ན་ཆུ་ཆེན་པོ་ཞིག་ཡོད་པ། བུ་གཉིས་ཀ་མ་ཐེག་སྟེ། བུ་ཆེ་བ་ཆུ་འགྲམ་དུ་བཞག །བུ་ཆུང་བ་ཆུའི་ཕ་ཁར་བསྐྱལ་ནས། བུ་ཆེ་བ་ལེན་དུ་འོང་བར་བུས་མ་བསུ་རུ་འོང་བས། བུ་ཆུས་ཁྱེར་བའི་རྗེས་སུ་མས་མ་སླེབས་སོ། །དེ་ནས་ཕར་ལོག་ནས་ཕྱིན་པ་དང་། བུ་ཆུང་བ་ཡང་གཅན་གཟན་གྱིས་ཟོས་ནས། ཁྲག་ཙམ་ལས་མེད་པར་གྱུར་ཏོ། །དེ་ནས་དུ་ཞིང་ལམ་དུ་ཞུགས་ནས་སོང་བས། ཕའི་ཉེ་བ་བྲམ་ཟེ་ཀུན་ཏུ་རྒྱུ་ཞིག་དང་ཕྲད་པས་བདག་གི་ཕ་མ་ཁམས་བདེའམ་དྲིས་པས། ཁྱོད་ཀྱི་ཕ་མ་ནི་ཤིན་ཏུ་མ་བདེ། ཁྱིམ་མེས་ཚིག་ནས་མི་ནོར་བཅས་མེས་ཚིག་བྱས་པས། ངུས་ནས་བརྒྱལ་བས་བྲམ་ཟེ་དེས་བརྒྱལ་བ་སངས་པར་བྱས། ཁོ་རང་གི་ཁྱིམ་དུ་ཁྲིད་ནས་བུ་མོ་བཞིན་དུ་བྱས་སོ། །བྲམ་ཟེ་དེས་ཀྱང་ཡང་གཞན་ཁྱིམ་བདག་ཅིག་ལ་བག་མར་བཏང་། དེ་ནས་སེམས་ཅན་དང་ལྡན་པར་གྱུར་ནས་བུ་བཙའ་ཁར་ཁྱོ་བོ་གྲོང་གཞན་ཞིག་ཏུ་ཆང་འཐུང་དུ་སོང་ངོ་། །མའི་བུ་བཙའ་བའི་དུས་ལ་བབས་ཏེ། སྒོ་མནན་ནས་བུ་བཙས་པས། ཁྱོ་བོ་ཡོངས་ནས་སྒོ་ཕྱེ་བྱས་པས། བུ་བཙས་པ་དང་ཁ་
ཐུག་པས་སྒོ་འབྱེད་མི་ནུས་པར་གདའ་སྨྲས་པས། །ཁྱོ་བོ་ཁྲོས་ནས་སྒོ་བཅག་ནང་དུ་འོང་། ཤི་ལ་ཐུག་པ་བརྡུངས། བུ་དེ་ཡང་བསད་ནས་བུད་མེད་ཀྱི་ཁར་བརྫངས་སོ། །མ་ཟོས་པས་ཤ་མྱག་མྱོག་བཟོས་ཁར་བརྫངས་ནས་འདི་མི་ཟ་ན་ཁྱོད་ཀྱང་གསོད་པ་ཡིན་བྱས་པས་འཇིགས་ནས་རང་གི་བུའི་ཤ་ཡང་ཟོས་སོ། །དེར་ཁྱིམ་ཐབས་དེ་ལ་སྐྱོ་བ་སྐྱེས་ནས། གྲོང་ཁྱེར་ཝ་ར་ཎ་སིར་ཕྱིན་ནས་བྱང་ཆུབ་ཤིང་གི་བསིལ་གྲིབ་ལ་བསྡད་པའི་ཚེ། ཁྱིམ་བདག་གཞོན་ནུ་ཞིག་གི་ཆུང་མ་ཤི་བ་ཞིག་དེར་འོངས་ནས་གཏམ་དྲིས་སོ། །རྒྱུ་མཚན་བཤད་པས། ཁྱིམ་བདག་གཞོན་ནུ་དེས་ངའི་ཁྱིམ་དུ་འགྲོ་ཟེར་ནས་ཕྱིན་པས། ཁྱིམ་བདག་དེའི་ཆུང་མ་བྱས་སོ། །ཡང་དུས་རིང་པོ་མ་ལོན་པར་ཁྱིམ་བདག་དེ་ཤི་བས། བུ་ཚ་མེད་ན་ཁྱིམ་ཐབས་གང་མཛའ་བ་དེ་ཁྱོ་བོ་སྦེད་ན་འོག་ཏུ་སྦེད་བསྲེག་ན་འོག་ཏུ་བཞག་ནས་བསྲེག་པའི་ལུགས་སྲོལ་ཡོད་པས། ཁྱོ་བོ་དུར་དུ་སྦས་པ་དང་། མོ་ཡང་གསོན་པོར་དུར་དུ་སྦས་སོ། །དེའི་ནུབ་མོ་དུར་རྐུན་བྱུང་ནས། རྐུན་མའི་དཔོན་པོ་ཞིག་གི་བག་མར་བླངས་སོ། །དེ་ནས་ཡུན་རིང་མ་ལོན་པར་རྐུན་པོ་དེ་ལ་རྒྱལ་པོའི་
ཆད་པ་བཅད་ནས་བསད་པས། ཡང་དེའི་འོག་ཏུ་གསོན་པོར་དུར་དུ་སྦས་སོ། །དེའི་ནུབ་མོ་གཅན་གཟན་གྱིས་དུར་བསློགས་ནས། མོ་གོས་མེད་པར་གཅེར་བུར་སྟེང་དུ་ཐོན་ནས་འདི་སྙམ་དུ་བསམས་ཏེ། བདག་སྡུག་བསྔལ་འདི་ལྟ་བུ་དཔག་ཏུ་མེད་པས་ཉེན་པས། ད་ནི་སངས་རྒྱས་ལ་སྐྱབས་སུ་འགྲོ་སྙམ་ནས་བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་སོང་བས། ཀུན་དགའ་བོ་སྔོན་དུ་འོང་བ་ལ། གཅེར་བུ་ངོ་ཚ་ནས་བརླ་སྒྲིལ་འདོམས་མི་སྣང་བར་བྱས། ནུ་མ་གཉིས་ལག་པས་བཀབ་ནས་མི་སྣང་བར་བྱས་སོ། །དེ་ནས་སངས་རྒྱས་ཀྱིས་འཕགས་པ་ཀུན་དགའ་བོ་ལ་ཆོས་གོས་སྐོན་དུ་བཅུག་ནས་རབ་ཏུ་བྱུང་། བདེན་བཞིའི་ཆོས་གསུངས། སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཀྱང་ལས་ཀྱི་ལྷག་མས་ལྕགས་ཀྱི་ཁབ་ཅིག་གིས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐལ་མར་ཕུག་པར་གསུངས་སོ། །ཡང་སྔོན་རྐུན་པོ་སུམ་ཅུ་རྩ་གཉིས་ཀྱིས་གླང་གཅིག་བརྐུས་ནས་རྒན་མོ་གཅིག་གི་ནང་དུ་བསད་ནས། རྒན་མོ་དེ་ལ་ཤ་བྱིན་པས་མོ་དགའ་མགུ་ཡི་རང་སྟེ། ཁྱེད་རྣམས་གང་དུ་སྐྱེས་
ཀྱང་ངའི་བུར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་རྣམས་ཤི་ནས་སྐྱེ་བ་ལྔ་བརྒྱའི་བར་དུ་མ་བུར་གྱུར་ནས་བུ་རྣམས་གཞན་གྱིས་དུས་གཅིག་ལ་བསད་པས་མས་མྱ་ངན་བྱས་ནས་ཤིའོ། །དེའི་རྗེས་སུ་རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་རི་དྭགས་ཆེན་པོ་ཞེས་བྱ་བ་ལ་བུ་བདུན་ཡོད་པའི་བུ་ཆུང་ཤོས་ཀྱི་ཆུང་མ་ལྷ་མཚམས་མ་ཞེས་བྱ་བར་གྱུར་ཚེ་བུ་བཙས་དུས་སྒོ་ང་སུམ་ཅུ་རྩ་གཉིས་བཙས་སོ། །སྒོ་ང་རྣམས་བརྡོལ་བའི་ནང་ནས་ཁྱེའུ་གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་དུ་འདུག་པ་མཛེས་ཤིང་བལྟ་ན་སྡུག་པ་སུམ་ཅུ་རྩ་གཉིས་བྱུང་ངོ་། །ཁྱེའུ་དེ་རྣམས་ཆེར་གྱུར་ནས་སྟོབས་རྩལ་གཞན་ལས་ཆེ་བ་བྱུང་བ་བློན་པོ་གཞན་ཞིག་གི་ཕྲག་དོག་སྐྱེས་ནས་རྒྱལ་པོ་གསལ་རྒྱལ་ལ། འདི་རྣམས་མ་བསད་ན་ཁྱེད་ལ་ཡང་རྒོལ་ལོ་ཞེས་ཕྲ་མ་ཞུས་པས། རྒྱལ་པོས་བདེན་སྙམ་ནས་ཉེས་པ་མེད་བཞིན་དུ་ལྷ་མཚམས་མའི་བུ་རྣམས་ཀྱི་མགོ་དུས་གཅིག་ལ་བཅད་ནས་སྒྲོམ་དུ་བཅུག་ནས་ལྷ་མཚམས་མ་སངས་རྒྱས་ཀྱི་དྲུང་ནས་ཆོས་ཉན་པའི་སར་བསྐྱལ་བས། སངས་རྒྱས་ཀྱིས་མཁྱེན་ནས་ལྷ་མཚམས་མ་ཁ་མ་འབྱེད་པར་ཆོས་ཉོན་གསུངས།
བདེན་བཞིའི་ཆོས་གསུངས་པས་ལྷ་མཚམས་མ་སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ནས་ལྷ་མཚམས་མས་སྒྲོམ་གྱི་ཁ་ཕྱེ་བས། བུ་སུམ་ཅུ་རྩ་གཉིས་ཀྱི་མགོ་བྱུང་ངོ་། །སེམས་རྣམ་པར་གྲོལ་བའི་གནད་ཀྱིས་སེམས་ལ་སྡུག་བསྔལ་མ་བྱུང་ངོ་། །དེའི་ཚེ་བློན་པོས་དམག་ཆེན་པོ་བསགས་ནས་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་ལ་བསྐོར་ནས་གསོད་གྲབས་བྱས་ཚེ་རྒྱལ་པོ་འཇིགས་ནས་བློན་པོའི་ཚོགས་ཀྱིས་འདི་ལྟར་བྱས་པ་སངས་རྒྱས་མ་གཏོགས་གཞན་སུས་ཀྱང་སྐྱོབ་མི་ནུས་སྙམ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་སྐྱབས་བཙལ་ལོ། །དེར་ལྷ་མཚམས་མའི་ནང་གི་བློན་པོའི་དམག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་རྒྱལ་པོ་གསལ་རྒྱལ་ལ་བསྐོར་རོ། །དེར་སངས་རྒྱས་ཀྱིས་ལས་རྒྱུ་འབྲས་ཀྱི་ཆོས་གསུངས་པས་རྒྱལ་པོ་གསལ་རྒྱལ་མ་བསད་པར་ཚེ་ཐར་རོ། །ཡང་སྔོན་རྒྱལ་པོ་ཟླ་འོད་ཀྱིས་སྦྱིན་པ་རྒྱ་ཆེན་པོ་བཏང་བས། སྙན་པ་དང་གྲགས་པ་ཆེན་པོ་བྱུང་ཚེ། རྒྱལ་པོ་ཀུ་ཅ་ཞེས་བྱ་བའི་བསམ་པ་ལ་རྒྱལ་པོ་ཟླ་འོད་འདི་ཡོད་ན། བདག་ལ་དཔལ་དང་གྲགས་
པ་མི་འོང་བར་གདའ། འདི་མེད་པ་ཞིག་བྱ་དགོས་སྙམ། གྲོས་བྱས་ནས་བྲམ་ཟེ་ལེའུ་དུང་ཤ་ཞེས་བྱ་བ་དབུ་སློང་དུ་བཏང་ནས་རྒྱལ་པོ་ཟླ་འོད་ཀྱིས་དབུ་བཅད་ནས་བྱིན་ཚེ་ས་གཡོས་སྒྲ་ཆེན་པོ་བྱུང་ངོ་། །བྲམ་ཟེ་དེས་རྒྱལ་པོའི་དབུ་ཁྱེར་བ་མཐོང་ནས། གཞན་གྱི་སློང་མོ་སྟེར་མཁན་གཅིག་ཀྱང་མ་བྱུང་བས་ཞག་བདུན་ལྟོགས་པར་ལུས་སོ། །རྒྱལ་པོ་ཀུ་ཅས་རྒྱལ་པོ་ཟླ་འོད་བཀྲོངས་པ་ཐོས་པས་དགའ་དྲགས་ནས་བརྣངས་ནས་ཤིའོ། །བྲམ་ཟེ་ཡུལ་དུ་སླེབས་པས་རྒྱལ་པོ་ཀུ་ཅ་ཤི་བས་དོན་མ་འགྲུབ་སེམས་མ་དགའ། ཞག་མང་པོ་རྩམ་པ་སྟེར་མཁན་མ་བྱུང་བའི་སྟབས་ཀྱིས་ལྟོགས་གྲིར་ཤི་བ་བྱུང་ངོ་། །སྔོན་ཁྱི་ར་བ་ཞིག་གིས་རི་དྭགས་མང་པོ་བསད་པས་ཤི་ནས་རྒྱ་མཚོའི་མཐའ་རུ། མི་ཡི་ལུས་ལ་གཅན་གཟན་གྱི་མགོ་བོ་ཡོད་པ་ཞིག་ཏུ་སྐྱེས། ལས་དབང་གིས་ཡི་དྭགས་མང་པོ་བྱུང་ནས་མཚོན་ཆ་བརྒྱབ་ཚེ་ལུས་མེ་འབར་ནས་སྡུག་བསྔལ་མྱངས་སོ། །ཡང་བློན་པོ་སྡིག་ཅན་ཞིག་གིས་མི་མང་པོ་བསད་པས་ཤི་ནས་རྒྱ་མཚོའི་མཐའ་རུ་མི་ཞིག་ཏུ་སྐྱེས་པས་ལས་དབང་གིས་རལ་གྲི་གཅིག་ས་ལ་བཙུག་ནས། མི་དེ་རིའི་རྩེར་སོང་ནས་མར་
བརྒྱུགས་ནས་འོང་སྟེ་རལ་གྲིའི་སྟེང་དུ་བརྒྱུགས་པས་ལུས་དུམ་བུ་དུམ་བུར་ཡང་ནས་ཡང་དུ་བྱས་ཏེ་སྡུག་བསྔལ་མྱངས་སོ། །སྔོན་མི་འགའ་ཞིག་གིས་ཤིག་སེན་མོའི་བར་དུ་བཅར། ལ་ལས་མེ་དང་བྱེ་ཚན་གྱི་ནང་དུ་འཕངས། ལ་ལས་འཁྱགས་སྒང་དུ་འཕངས་ནས་འཆི་དུ་བཅུག་པའི་རྣམ་སྨིན་གྱིས་ཤི་ནས། དམྱལ་བར་སྐྱེས་ནས་བྲག་བར་དུ་བཅུར་ལ་ལ་མེར་བསྲེགས། ལ་ལ་འཁྱགས་པའི་སྦུབས་ཁ་བ་བུ་ཡུག་གི་ནང་དུ་གོས་མེད་གཅེར་བུར་འཕངས་ནས་ཚ་གྲང་གི་སྡུག་བསྔལ་ཆེན་པོ་མྱང་ངོ་། །དེ་བཞིན་དུ་སྲོག་གཅོད་བྱས་ན་ཉེས་དམིགས་དེ་དང་དེ་འདྲ་བ་གཞན་ཡང་མང་པོ་འབྱུང་བས། འོ་སྐོལ་རྣམས་ཀྱིས་ཞེ་སྡང་གི་དབང་གིས་མི་གསོད་པ་དང་། གསོད་མཁན་དེ་ཡང་གསོད་པ་སོགས་ཕན་ཚུན་གསོད་རེས་བྱེད་པ་དང་། འདོད་ཆགས་ཀྱི་དབང་གིས་ཤའི་ཆེད་དུ་ར་ལུག་དང་། ལྤགས་པའི་ཆེད་དུ་སྟག་གཟིགས་སོགས་གསོད་པ་དང་། གཏི་མུག་གི་དབང་གིས། དོན་མེད་བཞིན་དུ་རི་ལ་མེ་སྦར་བ་དང་། མིག་གིས་གང་མཐོང་གསོད་པ་སོགས་སྲོག་གཅོད་བྱེད་མི་རུང་། སྔོན་སངས་རྒྱས་
རྣམ་གཟིགས་འཇིག་རྟེན་དུ་བྱོན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་ནས་མྱ་ངན་ལས་འདས་པའི་འོག་ཏུ། ནགས་ཁྲོད་དབེན་པ་ཞིག་ན། དགེ་འདུན་སྟོང་ཕྲག་ལྔ་ཙམ་ཞིག་ཡོད་པ། ཚོང་པ་ལྔ་བརྒྱས་མཐོང་ནས་དད་དེ། དགེ་འདུན་པ་སྤྱི་ལ་ནོར་བུ་རིན་པོ་ཚེ་ཞིག་ཕུལ་ལོ། །དེ་དགེ་འདུན་ཀུན་གྱི་སྤྱི་དཔོན་ལ་བཅོལ་ལོ། །ཉིན་གཅིག་དགེ་འདུན་ཀུན་གྱིས་སྤྱི་དཔོན་དེ་ལ་ཁྱེར་ཤོག་དང་འཚོང་བྱས་པས། སྤྱི་དཔོན་ན་རེ། ཁྱེད་རྣམས་ལ་ཕུལ་བ་མིན། ང་རང་ལ་ཕུལ་བ་ཡིན་བྱས་པས། དགེ་འདུན་རྣམས་ཀྱིས་ཁྱེད་གཅིག་པུ་མ་ཡིན་སྤྱི་ལ་ཕུལ་བ་ཡིན་སྨྲས་པས་སྤྱི་དཔོན་དེ་ཚིག་པ་ཟོས་ནས། སྐྱག་པ་ཟ་བ་ཚོ་ཁྱེད་རྣམས་ལ་ཕུལ་བ་ག་ལ་ཡིན། ང་རང་ལ་ཕུལ་བ་ལགས། ཁྱེད་རྣམས་སྐྱག་པ་ཟོ་ཞེས་ཚིག་ངན་སྨྲས་ཚེ། དགེ་འདུན་པ་རྣམས་སོ་སོར་གྱེས་སོ། །དེ་ནས་སྤྱི་དཔོན་དེ་ཤི་ནས། དམྱལ་བ་མནར་མེད་དུ་སྐྱེས་སོ། །དམྱལ་བའི་སྡུག་བསྔལ་ཡུན་རིང་མྱངས་ནས་ཐར་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་སྐྱེས་བ་དང་བུད་མེད་ཁྱེའུ་དང་། བུ་མོ་ལ་སོགས་པའི་མི་གཙང་བའི་ལྗན་ལྗིན་ཐམས་ཅད་བསྐྱིལ་
ཞིང་འབབ་པའི་ས་ཕྱོགས་ཤིག་ན། བཤང་གཅིའི་རྗིང་བུ་ཞིག་འདུག་པའི་ནང་དུ། སྲིན་བུ་ཆེན་པོ་རྐང་ལག་དྲུག་ཡོད་པ་ཞིག་ཏུ་སྐྱེས་ནས། སྐབས་འགར་ནི་འགྲེ་ལྡོག་བྱེད་ཅིང་རྗིང་བུའི་སྟེང་དུ་འབྱུང་ངོ་། །སྐབས་འགར་ནི་འགྲེ་ལྡོག་བྱེད་ཅིང་རྫིང་བུའི་གཏིང་དུ་འགྲོའོ། །དེར་སངས་རྒྱས་གཙུག་ཏོར་ཅན་ནས་ཤཱཀྱ་ཐུབ་པའི་བར་དུ་སྡུག་བསྔལ་མྱངས་ཤིང་། ད་དུང་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་རྫོགས་རག་གི་བར་དུ། དེར་ཡང་ནས་ཡང་དུ་སྐྱེས་ནས་སྡུག་བསྔལ་མྱང་དགོས་པར་གསུངས་སོ། །ཡང་སྔོན་གྲོང་ཁྱེར་མཉན་ཡོད་ཀྱི་དགེ་བསྙེན་མ་གཅིག་གིས་དགེ་སློང་ཅིག་ལ་དབྱར་ཟླ་གསུམ་དུ་འཚོ་བ་སྦྱོར་བར་ཁས་བླངས་ཏེ། དགེ་སློང་དེ་དབེན་པ་གཅིག་ཏུ་བཞག་ནས། གཡོག་མོ་གཅིག་ཉིན་རེ་བཞིན་འཚོ་བ་སྐྱེལ་དུ་བཏང་བས། གཡོག་མོས་དབེན་པར་སླེབས་པ་དང་། དགེ་སློང་གི་ཟན་ནས་བཅད་གྱིན་ཟོས་སོ། །དེ་ནས་གཡོག་མོ་དེ་ཟོ་མདོག་བཟང་པོར་སོང་ཚེ། །དགེ་བསྙེན་མས་གཡོག་མོ་ལ། ཁྱོད་ཀྱིས་དགེ་སློང་གི་ཟན་བརྐུས་ནས་མ་ཟོས་སམ་དྲིས་པས། གཡོག་མོ་ན་རེ།
བདག་ལ་ཡང་དད་པ་ཅུང་ཟད་ཞིག་ཡོད་ཀྱི། དགེ་སློང་གི་ཟན་ཅིའི་ཕྱིར་ཟ། གལ་ཏེ་ཟོས་ན་བདག་གང་དུ་སྐྱེས་ཀྱང་རང་ཤ་རང་གིས་ཟ་བར་གྱུར་ཅིག་ཅེས་མནའ་བོར་རོ། །དེ་ནས་གཡོག་མོ་དེ་ཤི་ནས། རྒྱ་མཚོའི་མཐའ་རུ་བུད་མེད་ཞིག་ཏུ་གྱུར། ཐབ་ཞིག་ཏུ་ཟངས་ཆེན་པོ་ཞིག་བཙུགས་ནས་ནང་དུ་ཆུ་བླུག་མེ་སྦར་ནས་ཆུ་ཁོལ་བ་དང་། ནང་དུ་མོ་རང་ཞུགས་ནས་འཚོད་ཅིང་ཚོས་ནས་རུས་པ་སླབ་ཕྱིར་བྱུང་བ་དང་རླུང་གིས་བུས་པ་དང་བུད་མེད་སྔ་མ་འདྲ་བ་ཞིག་ཏུ་གྱུར་ཏེ། མོ་རང་གི་ཤ་མོ་རང་གིས་ཟོས་སོ། །དེ་བཞིན་དུ་སྐྱེ་བ་ལྔ་བརྒྱར་རང་ཤ་རང་གིས་ཟ་བར་སྐྱེས། དེ་ནས་ཚེ་འཕོས་ནས་དམྱལ་བའི་གནས་སུ་སྐྱེས་པར་གསུངས། སྔོན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གིས། ཡི་དམ་ལྷའི་ཞལ་མཐོང་བས། ད་འདི་ལ་ལྟོས་ན་སྐྱོན་མི་འོང་གི་སྙམ་ནས། དགེ་འདུན་པའི་སྤྱི་རྫས་ནང་ནས་ཡོ་བྱད་ཅུང་ཟད་ཅིག་བླངས་ནས་སྤྱད་པས། ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་ཞིག་ཏུ་སྐྱེས། བི་ཀ་མ་ལ་ཤི་ལའི་ལག་བདེ་བ་ཞིག་གིས། དགེ་འདུན་གྱི་དེ་རིང་གི་བསྙེན་བཀུར་ནངས་པར་དུ་བསྒྱུར་བས། དེའི་ནུབ་མོ་ཡི་
དྭགས་ཞིག་ཏུ་སྐྱེས། ཡང་དགེ་འདུན་གྱི་གནས་བརྟན་ཞིག་གིས། དགེ་འདུན་རྣམས་ལ་དབང་པོ་ཆེ་བྱས་ཏེ། འབྲས་བྲེ་ཕྱེད་ཙམ་བླངས་ནས་ཟོས་པས། ཡི་དྭགས་ཤིན་ཏུ་དབང་ཆུང་བ་ཞིག་ཏུ་སྐྱེས་པར་གསུངས། དེ་བཞིན་དུ་གཞན་གྱིས་མ་བྱིན་པ་བླངས་ན་ཉེས་དམིགས་དེ་དང་དེ་འདྲ་བ་མང་པོ་འབྱུང་བས། དེས་ན་འོ་སྐོལ་རྣམས་ཀྱིས་སྟོབས་ཀྱིས་གཞན་གྱི་ནོར་ལོངས་སྤྱོད་འཕྲོག་པ་དང་། ཐབས་ཀྱིས་རྐུ་བ་དང་། གཡོ་སྒྱུའི་སྒོ་ནས་ཚོང་བྱེད་དུས་བྲེ་རྒྱ་ལ་སྐྱོན་བཟོས་ནས། རང་ཅི་རྒྱལ་གཞན་ཅི་ཕམ་བྱེད་པ་སོགས་བྱས་ནས་མ་བྱིན་པ་ལེན་མི་རུང་། སྔོན་བྲམ་ཟེ་གཅིག་གིས། འཕགས་པ་ཀ་ཏ་ཡ་ནའི་གསུང་བཞིན། ཉིན་པར་མི་ཚངས་མ་སྤྱད། མཚན་མོ་སྤྱད་པས། ཤི་ནས་དམྱལ་བའི་གནས་སུ་སྐྱེས། ཉིན་པར་གཞལ་མེད་ཁང་ཞིག་ཏུ་བུད་མེད་མཛེས་མ་ཞིག་དང་ལྷན་དུ་དགའ་མགུར་སྤྱོད་ཅིང་། མཚན་མོ་ལོན་ཚེ་བུད་མེད་མཛེས་མ་དེ་མི་སྣང་བར། སྲིན་གྱི་བུད་མེད་འཇིགས་སུ་རུང་བ་ཞིག་ལུས་ལ་འཁྲིལ་ནས་གསོན་པོར་ཤ་བཅད་ནས་ཟོས་ཏེ་སྡུག་བསྔལ་མྱངས་པར་གྱུར། ཡང་སྔོན་
སྨད་འཚོང་མ་ཞིག་གིས་མི་ནག་པ་མང་པོའི་མགོ་བསྐོར་ནས་ནོར་མང་པོ་བླངས། རབ་བྱུང་མང་པོ་བསླུས་ནས་སྡོམ་པ་ཉམས་སུ་བཅུག་པས། ཤི་ནས་དམྱལ་བར་སྐྱེས། གཤིན་རྗེ་སྐྱེས་བུ་རྣམས་ཀྱིས་བཟུང་ནས་གན་རྐྱལ་དུ་བསྒྱེལ་གསང་གནས་སུ་ལྕགས་ཀྱི་གཏུན་བུ་མེ་འབར་བ་བཅུག །ཁྲོ་ཆུ་ཁོལ་མ་བླུག་ནས་བསྲེགས་ཤིང་། གསལ་ཤིང་འབར་བ་གསང་གནས་ནས་བཙུག་སྟེ་སྤྱི་བོར་ཐལ་བ་སོགས་བྱས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡུན་རིང་མྱོང་དགོས་བྱུང་། ཡང་སྔོན་བུད་མེད་གཅིག་གིས་ཉིན་པར་གྱི་དུས་སུ་ལྷ་ལ་མར་མེ་འབུལ་བ་སོགས་དགེ་བ་བྱས། མཚན་མོ་སྐྱེས་པ་མང་པོ་དང་ལྷན་དུ་འདོད་ལོག་སྤྱོད་པ་སོགས་མི་དགེ་བ་བྱས་པས་ཤི་ནས། བུད་མེད་ཞིག་ཏུ་སྐྱེས་དུས་ཉིན་མོ་མཛེས་ཤིང་བལྟ་ན་སྡུག་པ་ལ། མཚན་མོ་ལོན་ཚེ་ཁྱི་མོ་ཞིག་ཏུ་གྱུར་ནས་མི་སྡུག་པར་གྱུར། ཡང་སྔོན་བུད་མེད་ཞིག་གིས་རང་ལ་ཁྱོ་བོ་བཟང་པོ་ཞིག་ཡོད་པ་ལ་དུག་བཏང་ནས་བསད་དེ་ཁྱོ་ག་གཞན་ཞིག་བླངས་ནས་ལྷན་དུ་བསྡད། སྐབས་ཞིག་དེ་ཡང་བཞག་ནས་ཁྱོ་ག་གཞན་ཞིག་བཙལ། མ་བཙལ་བཤད་ཀྱང་ཁ་ལ་མ་ཉན་ཚེ་ཁོ་ཚིག་
པ་གཏིང་ནས་ཟོས་ཏེ། བུད་མེད་དེ་བཟུང་ནས་སྣ་དང་ནུ་མ་བཅད་ཁ་ནང་དུ་བཞག་ཟར་བཅུག་ནས་ངན་གསོད་བྱས་སྐད། སྔོན་དགེ་སློང་བཟོད་པ་སྨྲ་བའི་དྲུང་དུ། རྒྱལ་པོ་འཐབ་མོ་སྐྱེས་ཀྱི་བཙུན་མོ་གཉིས་སོང་ཆོས་ཉན་ནས་བསྡད་ཡོད་པ་ལ། རྒྱལ་པོས་དགེ་སློང་གིས་བཙུན་མོ་ལ་མི་ཚངས་པ་སྤྱད་སྙམ་ཁྲོས་ནས་རལ་གྲི་ཕྱུང་ནས་དགེ་སློང་བཟོད་པ་སྨྲ་བ་ལུས་གཏུབ་ནས་བཞག་གོ །ཡང་སྔོན་རྐུན་པོའི་དམག་དཔོན་དང་གཏུམ་མོའི་མནའ་མ་གཉིས་ཀྱིས། མི་ཚངས་པ་སྤྱད་པ། དགེ་སློང་འཆར་ཀས་བཤད་ཀྱི་དོགས་ནས་ཉེས་པ་མེད་བཞིན་དུ་དགེ་སློང་འཆར་ཀ་བཟུང་ནས་མགོ་བཅད། རོ་ཕྱག་དར་ཁྲོད་དུ་སྦས་པ་རྗེས་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཚོར་ནས། རྐུན་པོའི་དམག་དཔོན་བཟུང་ནས་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་ནས་གསོན་པོར་མེ་ལ་བསྲེགས། མནའ་མ་རྟེའུ་དམུ་རྒོད་ཀྱི་རྐང་ལག་ལ་བཏགས་ནས་བསད་དེ། །སྔོན་རྒྱལ་པོ་ཞིག་ལ་བླ་མཆོད་དྲང་སྲོང་ཞིག་ཡོད་པ་ལ་བཙུན་མོ་བཞིས་ཆོས་ཞུས་པ་ཡིན་ཡང་། གཞན་གྱིས་དྲང་སྲོང་གིས་བཙུན་མོ་རྣམས་ལ་མི་ཚངས་པ་སྤྱད་དོ་ཞེས་
རྒྱལ་པོ་ལ་ཞུས་པས། རྒྱལ་པོས་བདེན་པར་བཟུང་ནས། དྲང་སྲོང་བཟུང་ནས་མེ་ལ་བསྲེགས་པས། བཙུན་མོ་བཞིས་ཀྱང་སློབ་དཔོན་མེ་ལ་བསྲེགས་པ་མ་བཟོད་པར་མེ་ནང་དུ་མཆོངས་ནས་ཤི་བ་བྱུང་། དེའི་རྣམ་སྨིན་གྱིས་རྒྱལ་པོ་དེ་ཤི་ནས་དམྱལ་བ་མནར་མེད་ཀྱི་མེ་ནང་དུ་སྐྱེས་ནས་བསྐལ་པ་དུ་མའི་བར་དུ་སྡུག་བསྔལ་བཟོད་གླགས་མེད་པ་མྱངས། སྔོན་བཙུན་མོ་དམར་རྒྱན་མས། སློབ་དཔོན་བཻ་རོ་ཙ་ན་གཟུགས་མཛེས་པ་ལ་ཆགས་ནས། ཉིན་གཅིག་རྒྱལ་པོ་མེད་ཤུལ་ནས། སློབ་དཔོན་གྱི་དྲུང་དུ་སོང་ནས་འདོད་ཆགས་ཀྱི་གཏམ་མང་པོ་ལབ་སྐུ་ལ་འཇུས་པས། སློབ་དཔོན་བཻ་རོས། མི་ཡིས་ཚོར་ན་བསྟན་པ་ནུབ་ནས་འགྲོ། ང་ཡི་ཕྱི་སྒོ་བཅད་ནས་འོང་ཞེས་གསུངས། ཕྱིར་ཐོན་ནས་བྲོས་སོང་བའི་རྗེས་སུ་རྒྱལ་པོ་སོང་ཚེ། སློབ་དཔོན་གྱིས། བུད་མེད་ཟེར་བ་བཙན་དུག་ཧ་ལ་སྟེ། །སེམས་ཅན་གང་གིས་ཟོས་ཀྱང་འཆི་བ་ཡིན། །སོགས་བུད་མེད་བསྟེན་པའི་ཉེས་དམིགས་མང་པོ་གསུངས་ནས་ཕེབས་སོང་བའི་ཤུལ་དུ་བཙུན་མོ་མཛེ་ནད་ཀྱིས་ཐེབས་པས། སླར་སློབ་དཔོན་བཻ་རོ་ཙ་ན་གདན་དྲངས་བཤགས་པ་བྱས་
པས་དྲག་པ་བྱུང་། སྔོན་རྒྱལ་པོ་འཆར་བྱེད་ཀྱི་བཙུན་མོ་སྔོ་སངས་མས། སངས་རྒྱས་འཁོར་བཅས་དད་པས་བསྙེན་བཀུར་མཆོད་པ་བྱེད་དུ་སྐབས་རེ་འགྲོ་བ་ལ། བཙུན་མོ་དཔེ་མེད་མས་ཕྲག་དོག་བྱས། རྒྱལ་པོ་ལ། བཙུན་མོ་སྔོ་སངས་མ་དང་། སངས་རྒྱས་གཉིས་ལྷན་ཅིག་སྐྱོན་ཆགས་པར་བགྱིད་དོ་ཞུས་པས། རྒྱལ་པོས་བདེན་སྙམ་མདའ་གཞུ་ཁྱེར་ནས་བཙུན་མོ་སྔོ་སངས་མ་སངས་རྒྱས་ཀྱི་དྲུང་ནས་ཚུར་ལོག་དུས་མདའ་འཕངས་སོ། །སྔོ་སངས་མས་སངས་རྒྱས་ལ་ཕྱག་བྱས། བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པས། མདའ་ཕྱིར་ལོག་ནས་རྒྱལ་པོའི་མདུན་དུ་གནས་སོ། །ལན་གསུམ་འཕངས་པ་སྔར་བཞིན་ཕྱིར་ལོག་ནས་མདུན་དུ་གནས་ཚེ། རྒྱལ་པོ་ན་རེ། གཞན་གྱི་ཚིག་ལ་ཉན་ནས་ཀྱང་། །ང་ནི་ཁྱོད་ལ་གསོད་འདོད་ན། །ང་ནི་ཁྱོད་ལ་སྐྱབས་སུ་འགྲོ། །སྡུག་བསྔལ་གྱུར་པ་ང་ལ་སྐྱོབས། །སྨྲས་པས། བཙུན་མོ་སྔོ་སངས་མས་རྒྱལ་པོ་ལ། ཡིད་འོང་བཀའ་མཆིད་བགྱིས་པ་དང་། །བལྟས་པས་ཀྱང་ནི་འཆིང་བྱེད་ཅིང་། །མི་བཟད་དམྱལ་བར་ལྟུང་བས་ན། །ཁྱོད་ཀྱིས་བུད་
མེད་ཚིག་མ་གསན། །ཞེས་སྨྲས། དེ་ནས་རྒྱལ་པོ་བཙུན་མོ་སྔོ་སངས་ཀྱིས་བསྐུལ་ནས་སངས་རྒྱས་ཀྱི་དྲུང་དུ་སོང་། རབ་ཏུ་དད་པས་ཆོས་ཞུས། སངས་རྒྱས་ཀྱིས་བུད་མེད་ཀྱི་ཉེས་དམིགས་རྒྱ་ཆེན་པོ་གསུངས་པས་རྒྱལ་པོ་ཡང་དགེ་བསྙེན་བྱས་ཆོས་བྱས་སོ། །དེ་བཞིན་དུ་མི་ཚངས་སྤྱོད་བྱས་ན་ཉེས་དམིགས་དེ་དང་དེ་འདྲ་གཞན་ཡང་མང་པོ་འབྱུང་བས། འོ་སྐོལ་རབ་བྱུང་དང་བཙུན་མ་རྣམས་ཀྱིས་མི་ཚངས་པ་གཏན་ནས་སྤྱོད་མི་རུང་། ཁྱིམ་པ་ཕོ་མོ་ཡིན་ཡང་ཕོ་སྐྱེས་རྣམས་ཀྱིས་རིགས་གཅིག་པ་དང་། ཚུལ་ཁྲིམས་ཅན་ཀྱི་བཙུན་མ་དང་། བདག་པོ་ཡོད་པའི་བུད་མེད་ལ་སྤྱོད་མི་རུང་། རང་གི་ཆུང་མ་ཡིན་ཡང་མང་པོ་མི་སྤྱོད་ཅིང་། ཁྱད་པར་ན་བ་དང་། སྦྲུམ་མའི་དུས་དང་། བསྙེན་གནས་དང་སྨྱུང་གནས་སྲུང་དུས། ཕ་མ་དང་བླ་མའི་ཐག་ཉེ། སྐུ་གསུང་ཐུགས་རྟེན་གྱི་དྲུང་དུ་སྤྱོད་མི་རུང་། བུད་མེད་རྣམས་ཀྱིས་ཀྱང་རང་གི་ཁྱོ་བོ་མ་གཏོགས་གཞན་གྱི་ཁྱོ་ག་མང་པོ་སྤྱོད་དུ་འཇུག་མི་རུང་། ཁྱད་པར་རབ་བྱུང་དགེ་སློང་སྡོམ་པ་དང་ལྡན་པ་ལ་གཏན་ནས་སྤྱོད་དུ་འཇུག་མི་རུང་། སྔོན་ཝ་ར་ཎ་སིའི་རྒྱལ་པོ་ཚངས་བྱིན་གྱི་
མདུན་ན། ཁྱིམ་བདག་ཕྱུག་པོ་གཅིག་ལ་བུ་གཉིས་ཡོད་པས། ཕུ་བོ་ལ་སྤྱིན་པ་དང་། ནུ་བོ་ལ་ཚུལ་ཁྲིམས་ཟེར། དེ་གཉིས་མཁས་ཤིང་བློ་དང་ལྡན་པ་དྲང་ལ་གཡོ་སྒྱུ་མེད་པས། རྒྱལ་པོས་ཞལ་ལྕེ་བར་བསྐོས་སོ། །དེའི་ཚེ་ཚོང་དཔོན་ཞིག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོ་བ་ལ་ནུ་བོ་ཚུལ་ཁྲིམས་ཀྱིས་ནོར་མང་པོ་བསྐྱིས་ནས། ཚོང་དཔོན་དང་ཚུལ་ཁྲིམས། དེའི་བྱ་དང་བཅས། ཕུ་བོ་སྦྱིན་པའི་དྲུང་དུ་ཕྱིན་ཏེ། ནུ་བོ་ཚུལ་ཁྲིམས་ན་རེ། ངས་ནོར་འདི་རྙེད་ཅིག་ཚོང་དཔོན་ལ་སྐྱིས་ཡོད། མི་ཡི་སྐྱེ་འཆིལ་ངེས་པ་མེད། ང་ཤི་འདྲ་སོང་ན་བུ་འདི་ཆུང་བས་ན། ཕུ་བོ་ཁྱོད་ཀྱིས་དཔང་པོ་གྱིས་སྨྲས་སོ། །དེ་ནས་ཚུལ་ཁྲིམས་ཤི་སོང་། ཚོང་དཔོན་གྱིས་རྒྱ་མཚོ་འཁོར་ནས། ཚུལ་ཁྲིམས་ཀྱི་བུ་ཡི་ནོར་གྱི་སྐྱིན་པ་དགོས་བྱས་པས། ཚོང་དཔོན་གྱི་བསམ་པ་ལ། བྱིན་ན་སྐྱིན་པ་འཁོར་དཀའ་ད་སྟེར་མི་དགོས་པའི་ཐབས་ཤིག་བྱ་སྙམ། སྦྱིན་པའི་ཆུང་མ་ལ། ནོར་བུ་རིན་པོ་ཆེ་སྲང་ཁྲི་ཕྲག་གཅིག་རི་བ་ཅིག་བྱིན་ཏེ། ཁྱོད་ཀྱིས་ཁྱོ་བོ་ལ་རྫུན་གཅིག་སྨྲ་རུ་ཆུག་བྱས་པས་ཆུང་མས་ཁྱོ་བོར་བཤད་པས་རྫུན་སྨྲར་མི་
འདོད་པས། ཡང་ཚོང་དཔོན་གྱིས་ནོར་བུ་རིན་པོ་ཆེ་ཁྲི་ཕྲག་གཉིས་རི་བ་ཅིག་ཁྱེར་འོངས་ནས་ཆུང་མ་དེ་ལ་སྤྲད་དེ་ཅིས་ཀྱང་སྦྱིན་ལ་རྫུན་གཅིག་སྨྲ་རུ་ཆུག་ཁྱོད་ཤེས་ཟེར་ནན་ཏན་བྱས་བས། ཆུང་མས་སྦྱིན་པ་ལ་བཤད་པས་མ་ཉན་ཚེ། ཆུང་མ་ན་རེ། གཞན་གྱི་ཆུང་མས་གང་བཤད་ལ་ཁྱོ་བོས་ཉན། ཁྱོ་བོས་གང་བཤད་ལ་ཆུང་མས་ཉན་པ་ལ། ཁྱོད་ནི་ངའི་ཁ་ལ་ལན་ཅིག་ཙམ་ཡང་མི་ཉན་ནངས་བུ་འདི་བསད་ནས་ཤ་ཡང་ཟོས་ང་ཡང་ལྕེབ་པོ་བྱས་པས། སྦྱིན་པ་སྐྲག་སྟེ་རྫུན་སྨྲ་བར་ཁས་བླངས་སོ། །དེ་ནས་ཚོང་དཔོན་ལ་ཚུལ་ཁྲིམས་ཀྱི་བུས་ནོར་གྱི་སྐྱིན་པ་དགོས་ཞེས་དེད་པས། ཚོང་དཔོན་གྱིས། ཁྱོད་ཀྱི་ཕས་ང་ལ་ནོར་བསྐྱིས་པ་མེད་དོ་བྱས་པས། བུ་ན་རེ། ལོ་ཟླ་ཚེས་གྲངས་འདི་ལྟ་བུ་ལ་བསྐྱིས། དཔང་པོ་ཨ་ཁུ་སྦྱིན་པ་ཡང་ཡོད་བྱས་པས། འོ་ན་སྦྱིན་པ་ལ་འདྲི་བྱས། གཉིས་ཀ་འོངས་ནས་དྲིས་བས། སྦྱིན་པས། ངས་ནུ་བོ་ཚུལ་ཁྲིམས་ཀྱིས་ཚོང་དཔོན་ལ་ནོར་མང་པོ་བསྐྱིས་བཏང་བ་ནི་མི་དྲན་ནོ་ཞེས་རྫུན་སྨྲས་པས། ཡུལ་མི་ཐམས་ཅད་ཀྱིས་ཀྱང་ད་རེས་གཤགས་ལོག་བྱས་སོ་ཞེས་གཏམ་ངན་བྱུང་ངོ་། །དེ་ནས་སྦྱིན་པ་
ཤི་ནས་བསྐལ་པ་དཔག་ཏུ་མེད་པར་དམྱལ་བར་སྐྱེས་སོ། །དེ་ལས་ཐར་ནས་སྐྱེ་བ་དཔག་ཏུ་མེད་པར་ཡི་དྭགས་སུ་སྐྱེས་སོ། །དེ་ལས་ཐར་ནས། བྱོལ་སོང་གི་གནས་སུ་སྐྱེས་སོ། །དེ་ལས་ཐར་ནས། མིའི་ནང་དུ་སྐྱེས་ཀྱང་སྐྱེ་བ་ལྔ་བརྒྱའི་བར་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་རྐང་ལག་གང་ཡང་མེད་པའི་ཤའི་རིལ་བུ་ལྟ་བུར་གྱུར་ནས་སྡུག་བསྔལ་བར་གྱུར་ཏོ། །ཡང་སྔོན་ཝ་མོ་གཅིག་ཟས་འཚོལ་དུ་ཕྱིན་པས། རུས་སྦལ་ཅིག་དང་ཕྲད་པས་བཟུང་ཚེ། རུས་སྦལ་ན་རེ། ང་མ་གསོད་དང་། ངས་ཁྱོད་ཕུན་སུམ་ཚོགས་པ་ཞིག་བྱའོ་ཟེར། ཝས་བཏང་ཚེ། རུས་སྦལ་གྱིས་སེང་གེ་མ་བུ་ཉལ་བའི་བྲག་ཕུག་ཞིག་བསྟན་ནས། ཡུལ་ཕ་ཀིའི་བྲག་ཕུག་ན། སྐྱིན་འཁོར་མ་སྨད་བརྒྱད་གཉིད་དུ་ལོག་འདུག་པས། དེ་རྣམས་ཁྱོད་ཀྱིས་སོང་ལ་ཟོ་ཞིག་བྱས་ནས་རྫུན་སྨྲས་པས། ཝས་བདེན་སྙམ། བྲག་ཕུག་གི་སྒོ་རྩར་སོང་བའི་ཝ་གཞན་གཅིག་དང་འཕྲད་པས། ཝ་དེ་ན་རེ། ཉིན་པར་སྐྱིན་འཁོར་མ་སྨད་བརྒྱད་གཉིད་ནས་སྡོད་མི་སྲིད། གཅན་གཟན་གདུག་པ་ཅན་ཉལ་ནས་སྡོད་པ་ཡིན་པས་མ་
འགྲོ་བྱས་པས། ཝ་དེས། བདག་ནི་སྟོབས་དང་བརྩོན་འགྲུས་ཆེ། །བདག་དང་མཚུངས་པ་གཞན་ན་མེད། །གླང་ཆེན་གྱང་ལ་བབ་པ་བཞིན། །སྐྱིན་འཁོར་མ་སྨད་འདིར་གཞོམ་བྱ། །ཟེར། བྲག་ཕུག་ཏུ་ཕྱིན་པས་སེང་གེ་མོ་གཅིག་ལ་ཕྲུག་གུ་གཉིས་སྐྱེས་ནས་འདུག་པས་ཕྲུག་གུ་གཉིས་ཀྱིས་ཝ་བཟུང་ནས་གསོད་གྲབས་བྱས་ཚེ། སེང་གེ་མ་ནེ་ར། བུ་བུ་དེ་འདྲ་བ་ལག་འབབ་རིན་མི་འདུག་པས་མ་གསོད་ཐོང་ཞིག་བྱས་པས། ཕྲུག་གུ་གཉིས་ཀྱིས་ཝ་མ་བསད་པར་རྩེད་མོ་ཐབས་ལ་གཅིག་གིས་ཝའི་རྣ་བ་བཅད། གཅིག་གིས་རྔ་མ་བཅད་ནས་ཕྱིར་བཏང་བས་ཝ་དེ་ཕྱི་རོལ་ཏུ་ཐོན་པས་ཝ་སྔ་མ་དེས་མཐོང་ནས། ཁྱོད་ནི་སྟོབས་དང་བརྩོན་འགྲུས་ཆེ། །ཁྱོད་དང་མཚུངས་པ་གཞན་མེད་ན། །དེ་རིང་ལུས་མཛེས་མི་སྡུག་གྱུར། །ཁོ་བོ་དོན་དང་ལྡན་མ་གྱུར། །སྨྲས་པས། ཁོ་ན་རེ། བྱམས་པའི་ཚིག་ལ་མ་ཉན་པར། །རུས་སྦལ་ཚིག་ལ་ཉན་པས་ཕུང་། །ཁྱོད་བདེན་བདག་འཁྲུལ་དགོས་པ་ཆུང་། །མི་ཤེས་མཁས་པས་སྨད་པར་རིགས། །ཟེར་རོ། །དེ་ནས་རུས་སྦལ་དེ་ཤི་ནས། བྲམ་ཟེ་ཞིག་གི་བུར་སྐྱེས། སངས་རྒྱས་ཀྱི་དྲུང་
ནས་དགེ་སློང་བྱས། བསོད་སྙོམས་ལ་སོང་བས། འཕགས་པ་ཉེར་དགའི་དགེ་སློང་གསང་བ་དེ་ལ། བྲམ་ཟེ་ཤིན་ཏུ་གཏུམ་ལ་སངས་རྒྱས་ཀྱི་བསྟན་ལ་གནག་པ་ཞིག་གི་སྒོ་བསྟན་ནས། དེར་སོང་དང་བསོད་སྙོམས་ཕུན་སུམ་ཚོགས་པ་དང་ལྡན་ནོ་ཞེས་རྫུན་སྨྲས་པ། བདེན་སྙམ་སོང་བས། བྲམ་ཟེ་དེ་དང་འཕྲད་མ་ཐག་ཏུ་དབྱུག་པ་སོགས་ཀྱིས་བརྡུངས་ནས། དགེ་སློང་དེའི་མགོ་བོ་ཞོམ་ལྷུང་བཟེད་བཅག །ཆོས་གོས་རལ་ནས་མ་ཤི་བ་ཙམ་བྱས་བཏང་ངོ་། །ཡང་སྔོན་རབ་འཇིགས་ཀྱིས་གསེར་བུམ་པ་གང་རྙེད་པ་རྫུན་ཕམ་གྱི་ནང་དུ་བཞག་ཡོད་པ། རྫུན་ཕམ་གྱིས་གསེར་བཏོན་ནས། བུམ་པར་ཤིང་ཕྱེ་བླུག་ནས། རབ་འཇིགས་ལ་གསེར་དེ་ལྷ་འདྲེའི་ནོར་ཞིག་ཡིན་ནམ། ཤིང་ཕྱེ་རུ་གྱུར་འདུག་ཅེས་རྫུན་ཞིག་སྨྲས་པས། སྐྱེ་བ་ལྔ་བརྒྱའི་བར་དུ་ཤིང་ཕྱེའི་ནང་གི་སྲིན་བུར་སྐྱེས་པ་བྱུང་། དེ་བཞིན་དུ་རྫུན་སྨྲས་ན་ཉེས་དམིགས་དེ་དང་དེ་འདྲ་གཞན་ཡང་མང་པོ་འབྱུང་བས། དེས་ན་འོ་སྐོལ་རྣམས་ཀྱིས་འདྲེ་མ་མཐོང་བ་ལ་མཐོང་། འདྲེ་མི་གནོད་པ་ལ་གནོད། དགྲ་མི་འོང་བ་ལ་ཡོང་། གཏམ་མ་
ཐོས་པ་ལ་ཐོས། མི་ཤེས་པ་ཐམས་ཅད་ངས་ཤེས་ཟེར་བ་སོགས་རྫུན་གྱི་རིགས་སུ་གྱུར་པ་སྨྲར་མི་རུང་། སྔོན་ཝ་ར་ཎ་སིའི་རྒྱལ་པོ་ཚངས་བྱིན་གྱི་མདུན་ན། དྲང་སྲོང་ཅིག་ཡོད་པ་ལ་སློབ་མ་ཁྱེའུ་ལྔ་བརྒྱ་ཙམ་ཡོད་ལ། དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་ནས་བྲམ་ཟེ་རིག་པ་དང་ལྡན་པ་ཞིག་བྱུང་སྟེ། དྲང་སྲོང་དེའི་ཁང་བའི་ཉེ་འདབས་ཤིག་ཏུ་གནས་བཅས་ཏེ་བསྡད། དེའི་ཚེ་དྲང་སྲོང་དེས་སློབ་མ་བྲམ་ཟེ་ཁྱེའུ་ལྔ་བརྒྱ་བོ་ལ་ཆོས་གོས་དང་བསོད་སྙོམས་ཀྱིས་ཕན་འདོགས་ནུས་ཀྱང་ཚིགས་སུ་བཅད་པས་ཕན་འདོགས་པར་མི་ནུས་པས་ཁྱེའུ་རྣམས་ཀྱིས་བྲམ་ཟེ་རིག་པ་དང་ལྡན་པ་དེ་ལ་ཞུས་པས། བྲམ་ཟེ་རིག་པ་ཅན་དེ་ན་རེ། ཚིགས་སུ་བཅད་པ་མི་ཤེས་པའི་སློབ་དཔོན་དེས་ཅི་བྱ། འདིར་ཤོག་དང་ཁོ་བོས་ཁྱེད་རྣམས་ལ་ཚིགས་སུ་བཅད་པས་ཕན་གདགས་ཞེས་དཔོན་སློབ་ཀྱི་བར་དུ་དབྱེན་བྱས་པས། ཁྱེའུ་ལྔ་བརྒྱ་བོས་སྔར་གྱི་སློབ་དཔོན་དྲང་སྲོང་དེ་བོར་ཏེ་བྲམ་ཟེ་དེའི་དྲུང་དུ་སོང་ངོ་། །དེའི་དུས་ཀྱི་བྲམ་ཟེ་མཁས་པ་དེ་སངས་རྒྱས་ཡིན་པས། དེའི་རྣམ་སྨིན་གྱིས་ཕྱིས་སངས་རྒྱས་པའི་ཚེ། བདུད་ལྷས་སྦྱིན་གྱིས་སངས་རྒྱས་དང་འཁོར་དགེ་འདུན་
རྣམས་ཀྱི་བར་དུ་ཕྲ་མ་མང་པོ་བཅུག་ནས་དགེ་འདུན་གྱི་དབྱེན་ཆེན་པོ་བྱས། དགེ་འདུན་པ་མང་པོའི་ཐོས་བསམ་སྒོམ་གསུམ་ལ་བར་ཆད་ཆེན་པོ་བྱུང་། ལྷས་སྦྱིན་ཀྱང་ཚེ་འཕོས་ནས་དམྱལ་བར་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱངས་སོ། །སྔོན་རྒྱལ་པོ་ཟླ་བ་སེང་གེ་དང་། བཙུན་མོ་གཟུགས་ཀྱི་ཉི་མ་གཉིས་ཤིན་ཏུ་མཐུན་ཚེ། རིགས་ངན་གྱི་བཙུན་མོ་ཕྲག་དོག་སྐྱེས། རྒྱལ་པོ་དང་གཟུགས་ཀྱི་ཉི་མ་གཉིས་ཀྱི་བར་ལ་གཡོག་མོ་ཡ་མ་གནྡྷེ་ཟེར་བས་ཕྲ་མ་མང་པོ་བྱེད་དུ་བཅུག་པས། གླང་ཆེན་བསད། སྲས་ཀྱང་བཀྲོངས། གཟུགས་ཀྱི་ཉི་མ་ཡུལ་བཏོན། ཕུང་ཁྲོལ་ཆེན་པོ་བྱས་པ་ཕྱིས་ཤེས་ནས། བློན་པོ་རྣམས་ཀྱིས་རིགས་ངན་གྱི་བུ་མོ་དང་གཡོག་མོ་གནྡྷེ་གཉིས་བཟུང་། གསོན་སྙིང་ལ་དམར་འདོན་བརྒྱབ་ནས་གསོད་སྙམ་ཡང་། གཟུགས་ཀྱི་ཉི་མས་སྙིང་རྗེ་ནས་བཀབ་པས། གསོད་དུ་མ་བཅུག །འོན་ཀྱང་བློན་པོ་རྣམས་ཀྱིས་མ་ཉན་བར་རིགས་ངན་གྱི་བུ་མོའི་མིག་བཏོན། ཡ་མ་གནྡྷེའི་རྐང་པ་བྲེགས་ནས་སྡུག་བསྔལ་མྱངས། ཤི་ནས་དམྱལ་བར་སྐྱེས་པ་བྱུང་། དེ་བཞིན་དུ་ཕྲ་མ་བྱས་
ན་ཉེས་དམིགས་དེ་དང་དེ་འདྲ་གཞན་ཡང་མང་པོ་འབྱུང་བས། འོ་སྐོལ་རྣམས་ཀྱིས། མངོན་སུམ་དུ་ཁྱོད་ལ་ཁོ་འདི་ལྟ་བུ་ཟེར་བར་འདུག་ཅེས་སྨྲ་བ་དང་། འདི་ལྟར་བྱེད་ཅིང་འདུག་གོ་ཟེར་དཀྲུགས་པ་དང་། ཡང་ལྐོག་ནས་ཁྱོད་ལ་ཆེ་གེ་མོ་ཞིག་གིས་འདི་སྐད་ཟེར་ཏེ། ཁྱོད་ཀྱིས་བཟོད་པ་སྒོམས་ཤིག །འོན་ཀྱང་ཅུང་ཞིག་སྨྲ་དགོས་སོ་ཞེས་སྙིང་ནས་འཐབ་ན་དགའ་བ་དང་། ཡང་གཅིག་གི་དྲུང་དུ་ཕྱིན་ནས། ཁྱོད་ལ་འདི་སྐད་ཟེར་བར་འདུག་པས་དེ་མི་འོས་འཐབ་དགོས་ཟེར། ཡང་གཅིག་གི་སར་ཕྱིན་ཁྱོད་ལ་འདི་སྐད་ཟེར་བར་གདའ། འོན་ཀྱང་ངས་སྨྲས་ཞེས་མ་བཤད། ཁྱོད་ཀྱང་རང་གར་མ་སྡོད་ཅེས་མི་གཉིས་རེའམ། ཡང་ན་མི་མང་པོ་འཁོན་འཛིང་བྱེད་དུ་འཇུག་པ་སྟེ། དེ་ལྟ་བུའི་ཕྲ་མའི་རིགས་བྱེད་མི་རུང་། སྔོན་ཝ་ར་ཎ་སིའི་རྒྱལ་པོ་ཚངས་བྱིན་གྱི་མདུན་ན་ཁྱིམ་བདག་ཕྱུག་པོ་གཅིག་ཡོད་པས། དགེ་སློང་སྟོང་ཕྲག་གཉིས་ལ། ལོ་བཅུ་གཉིས་ཀྱི་བར་དུ་འཚོ་བ་སྦྱར་བས། གཡོག་ལྔ་བརྒྱ་ཡོད་པ་སུན་ནས་དགེ་འདུན་རྣམས་ལ་སྤྲང་པོ་མུ་ལྟོ་བ་འདི་རྣམས་ཀྱིས། འོ་སྐོལ་ཉོན་མོངས་སུ་བཅུག་གོ་ཞེས་ཚིག་རྩུབ་
པོ་སྨྲས་པས་ཤི་ནས་སྐྱེ་བ་ལྔ་བརྒྱའི་བར་དུ་རིགས་ངན་དབུལ་ཞིང་ཕོངས་པའི་སྤྲང་པོ་མུ་ལྟོ་བར་སྐྱེས་པར་གྱུར། སྔོན་སངས་རྒྱས་འོད་སྲུང་གི་དུས། བྲམ་ཟེ་ཕྱུག་པོ་ཞིག་གི་བུ་གཉིས་རབ་ཏུ་བྱུང་ནས། ཕུ་བོས་སྒྲུབ་པ་བྱས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ། ནུ་བོས་དགེ་འདུན་པའི་ཞལ་ཏ་བྱས་ནས་ཕུ་བོ་ལ་ཁྱོད་ཀྱིས་ཀྱང་སྐབས་རེ་དགེ་འདུན་གྱི་ཞལ་ཏ་རེ་གྱིས་ཞེས་ཡང་ཡང་བསྐུལ་ཡང་མ་བྱས་ཚེ། ཚིག་པ་ཟོས་ནས་ཁྱོད་རྟག་ཏུ་འགྲོ་མི་ཤེས་པའི་འཕྱེའོ་ཞིག་འདོད་དམ་ཞེས་ཚིག་རྩུབ་སྨྲ་པས་ཕྱིས་བཤགས་པ་བྱས་ཀྱང་། ཤི་ནས་སྐྱེ་བ་ལྔ་བརྒྱར་འཕྱེ་བོ་རུ་གྱུར་ཏོ། །སྔོན་སངས་རྒྱས་འོད་སྲུང་གི་དུས། དགེ་སློང་སྤོང་བ་པོ་ཞིག་ཀློག་པ་པོ་རྣམས་ཀྱི་རྩར་འོངས་ནས། བསམ་གཏན་མ་བཏུབས་པས་ཚིག་པ་ཟོས་ནས་དགེ་སློང་འདི་རྣམས་ཀྱིས་མཚན་གང་པོ་སྦལ་བ་ལྟར་སྐད་འབྱིན་ནོ་ཞེས་ཚིག་རྩུབ་སྨྲས་པས། སྐྱེ་བ་ལྔ་བརྒྱར་སྦལ་བར་སྐྱེས་སོ། །སྔོན་བྱ་ཐམས་ཅད་འདུས་ནས་རྒྱལ་པོ་འཚོལ་བ་ན། འུག་པ་ལ་བལྟས་སྟེ་བྱ་ཁ་ཅིག་ན་རེ། འདི་ཚོགས་ཀྱི་དབུས་སུ་བརྗིད་ཆེ། མཚན་མོ་འགྲོ་ན་མིག་
གསལ། མགོ་ལ་ར་ཡོད་པས་འདི་ཡིས་རྒྱལ་པོ་བྱའོ་ཟེར་བ་ན། ཁྭ་ཏ་ན་རེ་ཁྱོད་ཅི་ཟེར། འདིའི་རྐང་བ་སེར་ཀ་གས་པས་བྲན་རྐང་། མ་ཡར་མོ་ལ་ཤ་བརྐུས་ནས་ཟོས་པས་མོའི་ཞག་མིག་ཏུ་བླུག་པས་མིག་སེར་པོར་སོང་བས་ཞག་མིག །འུག་པའི་སྒྲ་འབྱིན་པས་སྐད་མི་སྙན། མགོ་ལ་ར་ཡོད་པས་ལྟས་ངན་གྱི་བྱ་ངན་འདི་ཡིན་པས་བདག་དེར་མ་གཏོགས་སོ་ཞེས་ཁོ་ལངས་སོང་། བྱ་གཞན་རྣམས་ཀྱིས་རྒྱུ་མཚན་ཐམས་ཅད་ཚང་འདུག་པས། ཁྭ་ཏ་བདེན་ཟེར། འུག་པ་གཅིག་པུ་ས་དེར་བཞག་ནས་བྱ་ཀུན་གྱེས་སོ། །དེར་འུག་པ་ལ་ཁྭ་ཏའི་ཚིག་ངན་གྱིས་སྨ་ཕབ། དེ་ནས་བཟུང་སྟེ་འུག་པས་ཁྭ་ཏ་ནམ་མཐོང་ཀྱང་བདས་ནས་གནོད་པ་རང་བྱས་པས། ཁྭ་ཏ་བསྐལ་བའི་བར་དུ་འུག་པ་ལ་འབྲོས་དགོས་པ་བྱུང་བ་ཡིན་ནོ། །དེ་བཞིན་དུ་ཚིག་རྩུབ་སྨྲས་ན་ཉེས་དམིགས་དེ་དང་དེ་འདྲ་བ་གཞན་ཡང་མང་པོ་འབྱུང་བས། འོ་སྐོལ་རྣམས་ཀྱིས། རང་ལ་དངོས་སུ་གཞན་གྱིས་ཚུར་ལ་ལུས་ཀྱི་གནོད་པ་བྱས་པ་ལ་ཚིག་རྩུབ་སྨྲ་བ་དང་། ཡང་རང་ལ་གཞན་གྱིས་ལུས་ཀྱིས་གནོད་པ་མི་བྱས་ཀྱང་། ངག་གིས་མི་སྙན་པ་སྨྲ་བའི་ལན་དུ་ཚིག་
རྩུབ་སྨྲ་བ་དང་། གཞན་གྱིས་ལུས་ངག་གི་གནོད་པ་བྱས་རུང་མ་བྱས་རུང་། དེ་དང་དེའི་གཉེན་མཚན་ནམ་མཛའ་བཤེས་ལ་སྨད་ར་གཏོང་བ་སོགས། ཚིག་རྩུབ་ཀྱི་རིགས་སྨྲར་མི་རུང་། སྔོན་རྒྱལ་པོ་ཆེན་པོ་ཞིག་ལ། མཆོད་གནས་དགེ་སློང་སྐྲ་རྟའི་རྔོག་མ་དང་། པགས་པ་རྟའི་པགས་པ་ལྟར་གྱོང་ཞིང་རྩུབ་པ། མི་སྡུག་པའི་མཚན་རྟགས་བཅོ་བརྒྱད་དང་ལྡན་པ་ཞིག་ཡོད་དོ། །དེའི་ཚེ་རྒྱལ་པོའི་བུ་མོ་རྡོ་རྗེ་ཞེས་བྱ་བས་ངེད་ཀྱི་ཁྱིམ་ན་མཆོད་གནས་སྒྲ་རྟའི་རྔོག་མ་ལྟར་གྱོང་ཞིང་རྩུབ་པ། པགས་པ་ཡང་རྟའི་པགས་པ་ལྟར་གྱོང་ཞིང་རྩུབ་པ། མི་སྡུག་པའི་མཚན་རྟགས་བཅོ་བརྒྱད་དང་ལྡན་པ་ཞིག་ཡོད་དོ་ཞེས་སྨྲས་པས་སྐྱེ་བ་ལྔ་བརྒྱའི་བར་དུ་དེ་ལྟ་བུའི་སྐྱེ་བ་བླངས་སོ། །ཕྱིས་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ལ་བུ་མོ་སྐྲ་དང་པགས་པ་རྩུབ་པ་སོགས་མི་སྡུག་པའི་མཚན་རྟགས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་པ་གཞན་ལ་སྟོན་པ་ལ་ངོ་ཚ་ནས། མི་གཞན་གྱི་མི་མཐོང་བའི་སར་སྦས་སོ། །དེ་ཕྱིས་སངས་རྒྱས་དང་མཇལ་བའི་བྱིན་རླབས་ཀྱིས་གཟུགས་མཛེས་པར་གྱུར་ཏོ། །སྔོན་དགེ་སློང་གཅིག་དང་
དགེ་ཚུལ་གཉིས་འགྲོགས་ནས་ཕྱིན་པས། དགེ་སློང་དེ་ཡུར་བ་ཞིག་ལ་རྒྱངས་ཀྱི་མཆོངས་ནས་ཕྱིན་པས། དགེ་ཚུལ་དེས་དགེ་སློང་དེ་ལ་ཁྱོད་ནི་སྤྲེའུ་བཞིན་རྩལ་ཆེ་བར་འདུག་གོ་བྱས་བས་སྐྱེ་བ་ལྔ་བརྒྱའི་བར་དུ་སྤྲེའུ་རུ་སྐྱེས་སོ། །ཡང་དགྲ་བཅོམ་པ་སྐད་ངན་པ་ཅིག་ལ་ཁྱོད་ཀྱི་སྐད་དེ་ཁྱི་ཟུག་པ་འདྲའོ་ཞེས་སྨྲས་པས། ཁྱིའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། ཡང་བུད་མེད་གཅིག་གིས་བུད་མེད་གཞན་མ་ལ་ཁྱི་མོ་འདྲ་བ་ཡིན་སྨྲས་པས། ཁྱི་མོའི་སྐྱེ་བ་ལྔ་བརྒྱ་བླངས་པར་གསུངས། དེ་བཞིན་དུ་ངག་འཁྱལ་སྣ་ཚོགས་སྨྲས་ན་ཉེས་དམིགས་དེ་དང་གཞན་ཡང་མང་པོ་འབྱུང་བས། འོ་སྐོལ་རྣམས་ཀྱིས། འཇིག་རྟེན་པའི་ངག་འཁྱལ་ཀུ་རེ་བཞད་གད་བྱེད་པའི་གཏམ་སྣ་ཚོགས་གཏོང་བ་དང་། ཕ་མེས་དགུ་བརྒྱུད་ཀྱི་གཏམ། སངས་རྒྱས་མི་བདེན། ཆོས་མི་བདེན་ཟེར་བ་ལྟ་བུའི་མཐོ་བཤད་དམའ་བཤད་སྨྱོན་པ་བཞིན་ཁ་ནས་ཅི་ཟེར་འདི་ཟེར་མེད་པའི་དོན་མེད་ལབ་ལོབ་མང་པོ་བྱེད་པ་སོགས། ངག་འཁྱལ་གྱི་རིགས་སྨྲར་མི་རུང་། ༈ སྔོན་ཡུལ་འཁོར་མོ་འཇིགས་ན། རྒྱལ་པོ་བརྣབ་སེམས་ཅན་ཞིག་ཡོད་པའི་ལྷོ་ཕྱོགས་ན་བྲམ་
ཟེ་ཕྱུག་པོ་ཞིག་ལ་ཁང་པའི་ཕུག་ན། ཅི་འདོད་ལོངས་སྤྱོད་འབྱུང་བའི་ཁྲོན་པ་ཅིག་ཡོད་པས། རྒྱལ་པོ་དེ་གདན་དྲངས་ནས་བསྙེན་བཀུར་རྒྱ་ཆེན་པོ་བྱས་སོ། །རྒྱལ་ངན་དེས་བྲམ་ཟེ་འབྱོར་བ་དང་བྲལ་བར་བྱ་སྙམ་པའི་བསམ་ངན་སྐྱེས་ནས་ཕོ་བྲང་དུ་སོང་། མི་གཅིག་བཏང་ནས་ཕྱུག་པོ་ལ་ཁྲོན་པ་དེ་ཞག་འགའ་ཡར་ལ་གཡར་བོ་ཐོངས། མ་བཏང་ན་ཆད་པ་གཅོད་བྱས་པས། བྲམ་ཟེས་ཡར་མི་འགྲོ་བ་ཤེས་ནས། ཁྲོན་པ་འབུལ་བས་མར་ལེན་མཁན་ཐོངས་བྱས་པས། རྒྱལ་པོས་བློན་པོ་ཐམས་ཅད་བསགས་ནས། བང་ཆེན་པ་ཐོངས་ལ་ཁྲོན་པ་ལོངས་ལ་ཤོག །མ་བླངས་ན་ཁྱེད་རྣམས་ཀྱི་མགོ་གཅོད་བྱས་པས། བློན་པོ་རྣམས་ཀྱིས་གྲོས་བྱས་ཏེ། རྒྱལ་པོ་གདུག་པ་ཅན་འདི་མ་བསད་ན། ཕྱིན་ཆད་ད་དུང་ཡང་མི་འོས་པའི་གཏམ་འདི་ལྟ་བུ་འོང་བས་འདི་གསོད་དགོས་ཞེས་ཐམས་ཅད་ལོག་ནས་རྒྱལ་པོ་བསད་པས་ངན་སོང་དུ་སྐྱེས་སོ། །བྲམ་ཟེ་ཆད་པ་ལས་གྲོལ་ལོ། །ཡང་སྔོན་གྲོང་འདབ་ཞིག་ཏུ་ཝ་ཅིག་ཟས་འཚོལ་དུ་སོང་བས། ལུག་ཐུག་མི་བསྲུན་པ་གཉིས་ཡུན་རིང་འཐབ་པས་རའི་རྩ་བ་ནས་ཁྲག་
བྱུང་བ་མཐོང་ནས། ཝ་བརྣབ་སེམས་སྐྱེས་ཏེ་ཁྲག་རྟག་པར་གཟས་པས། ལུག་ཐུག་གཉིས་པོ་ཕན་ཚུན་དུ་བརྡུང་བའི་བར་དུ་ཝའི་མགོ་ཆུད་པས་རྫ་མ་རྡོ་གཉིས་བར་དུ་བརྡུངས་པ་བཞིན། མགོ་བོ་ཁ་མང་པོར་གས་ནས་དེ་མ་ཐག་ཤི་བར་གྱུར་ཏོ། །སྔོན་ཡུལ་ཝ་ར་ཎ་སིའི་རྒྱལ་པོ་ཚངས་པས་བྱིན་གྱི་མདུན་ན་བྲམ་ཟེ་ཕྱུག་ཅིང་བཙན་པ་ཞིག་གིས་གཞན་ནོར་ལ་བརྣབ་སེམས་ཆེན་པོ་བྱས། ནོར་ཅི་འབྱོར་ཀུན་གསེར་དུ་བསྒྲིལ་ནས་བསགས་པས། གསེར་བུམ་པ་བདུན་བྱུང་བ་གཏེར་དུ་སྦས་སོ། །དེ་ནས་བྲམ་ཟེ་དེ་གསེར་ལ་ཆགས་བཞིན་དུ་ཤི་བས་སྦྲུལ་ཆེན་པོ་ཞིག་ཏུ་སྐྱེས་ནས་བསྲུངས་སོ། །སྦྲུལ་དེ་ཤི་ནས་ཀྱང་ཡང་དང་ཡང་དུ་སྦྲུལ་དུ་སྐྱེས་ནས་གསེར་བུམ་པ་བདུན་པོ་དེ་བསྲུངས་སོ། །སྔོན་ཀླུ་མང་པོ་ཞིག་སྦྲུལ་དུ་བརྫུས་ནས་མཚོ་ཁར་ལྟད་མོ་བལྟ་རུ་འོང་བ། ཀླུ་བདུད་བྱུང་ནས་གཅོས་པ་མི་གཅིག་གིས་མཐོང་ནས། ཀླུ་བདུད་དེས་སྦྲུལ་རྣམས་གསོད་དུ་མ་བཅུག་པས། སྦྲུལ་གཅིག་གིས་མགོ་བཏེགས་ནས་དངོས་གྲུབ་སྟེར་བའི་བརྡ་བྱས་ནས་སོང་ངོ་། །མི་དེ་ཡི་བསམ་པ་ལ་ནོར་བུ་ལ་སོགས་ཅི་འདྲའི་དངོས་གྲུབ་ཅིག་སྟེར་
རམ་སྙམ་ནས་བརྣབ་སེམས་ཆེན་པོ་སྐྱེས་མཚོ་ཁར་སོང་ནས་ཡུན་རིང་བསྒུགས་པས་ཅི་ཡང་མ་བྱིན་ཚེ། ད་མི་སྟེར་བར་འདུག་སྙམ་ལོག་ནས་ཚུར་འོང་ལམ་གྱི་སྡོང་པོ་ཞིག་གི་རྩ་ནས་ངལ་གསོས་པས་གཉིད་དུ་སོང་། གཉིད་སད་ཚེ་ཀླུས་རིན་པོ་ཆེའི་དངོས་གྲུབ་བྱིན་པས། ད་བར་མི་སྟེར་བ་ཅི་ཡིན་དྲིས་པས། ཁྱོད་འདོད་པས་བསྒྲིབས་ནས་ད་བར་ངས་བྱིན་ཀྱང་མི་མཐོང་བར་གདའ། ད་འདོད་པ་ཟད་པས་མཐོང་བྱུང་ཟེར་སྐད། དེ་བཞིན་དུ་བརྣབ་སེམས་ཆེན་པོ་བྱས་ན་ཉེས་དམིགས་དེ་དང་དེ་འདྲ་གཞན་ཡང་མང་པོ་འབྱུང་བས། འོ་སྐོལ་རྣམས་ཀྱིས། རང་གིས་ཟས་གོས་གསེར་དངུལ་གཡུ་བྱུར་སོགས། དངོས་པོ་རྣམས་ལ་ཆགས་ཞེན་བྱེད་པ་དང་། གཞན་གྱི་ནོར་འདི་དང་འདི་ལྟ་བུ་བདག་ལ་བྱུང་ན་སྙམ་གཡོ་སྒྱུ་སྣ་ཚོགས་ཀྱི་སྒོ་ནས་ལེན་སྙམ་པ་དང་། ཡང་བདག་ཏུ་མ་བཟུང་བའི་རི་དང་ལུང་པ་རྩྭ་ཆུ་བཟང་བ་སོགས་ལ་ཆགས་ནས། དེ་འདྲ་ཡོད་ན་སྙམ་པའི་བརྣབ་སེམས་བྱེད་མི་རུང་། སྔོན་ཡུལ་ཕྱོགས་གཅིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད། དེའི་རི་ཁྲོད་ན་གཅན་གཟན་གྱི་རྒྱལ་པོ་ཀུན་ཏ་ཞེས་
བྱ་བ་ལུས་གསེར་གྱི་ཁ་དོག་ལྟ་བུ་སྡེར་མོ་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བྱམས་སྙིང་རྗེ་དང་ལྡན་པ་ཞིག་ཡོད་པ་རྒྱལ་པོའི་རྨི་ལམ་དུ་བྱུང་བས། རྔོན་པ་རྣམས་ལ་དེ་སོད་ལ་པགས་པ་བཤུས་ནས་སྡེར་མོ་ཆོད་ལ་ཁྱེར་ཤོག །དེ་མ་བྱུང་ན་ཁྱེད་ཚོ་ཐམས་ཅད་ཀྱི་སྐེ་དུས་གཅིག་ལ་བཅད་ནས་གསོད་དོ་བྱས་པས། རྔོན་པ་ཐམས་ཅད་གྲོས་བྱས་ཏེ་རྔོན་པས་མི་སྙིང་སྟོབས་ཅན་ཞིག་ཡོད་པ་དེ་ལ་ཁྱོད་སོང་ལ་རི་དྭགས་དེ་སོད་དང་། ངེད་རྣམས་ཀྱིས་ནོར་མང་པོ་བསྡུས་ནས་ཁྱོད་ལ་སྟེར། གལ་ཏེ་ཁྱོད་མ་འོངས་ཀྱང་བུ་སྨད་ནོར་དང་ལྡན་པར་བྱ་ཞེས་སྨྲས་པས། མི་དེ་ནགས་ཁྲོད་དུ་ཕྱིན་པ་དང་། བྱེ་མའི་འདམ་དུ་བྱིང་ནས་འགྲོ་ནི་ཆེན་པོ་མ་ནུས། ཚད་པས་གདུངས་སྐམ་ལ་ཉེ་བ་དང་། གཅན་གཟན་གྱི་རྒྱལ་པོ་ཀུན་ཏས་མཐོང་ནས་སྙིང་རྗེ་སྐྱེས་ལུས་ཆུ་ལ་བཅུག་ནས། རྔོན་པའི་ལུས་ལ་ཁྲིལ་གྱིས་འཁྲིལ་ལོ། །ཡང་ཡང་དེ་ལྟར་བྱས་ནས་རྔོན་པ་དེའི་ལུས་ཚད་པས་གདུངས་བ་དེ་གསོས་སོ། །རྔོན་པ་དེའི་བསམ་པ་ལ། རྒྱལ་པོས་བཤད་པའི་རི་དྭགས་དེ་འདི་ཡིན་པར་འདུག །འདིས་ངའི་སྲོག་བསྐྱབས་པས། འདི་གསོད་པ་ལས་
ང་ཤི་བ་སླའོ། །འོན་ཀྱང་མ་བསད་ན་རྔོན་པ་ཐམས་ཅད་ཀྱི་སྐེ་རྒྱལ་པོས་དུས་གཅིག་ལ་བཅད་ནས་གསོད་པས་ད་ཅི་དྲག་གམ་སྙམ་ནས་ངོ་འཛུམ་གནག་བསྡད་པས། གཅན་གཟན་དེས་ཁྱོད་ཀྱི་ངོ་འཛུམ་གནག་པ་ཅི་ཡིན་དྲིས་པས། རྔོན་པ་དེས་སྔར་གྱི་ལོ་རྒྱུས་རྣམས་བཤད་པས། གཅན་གཟན་གྱི་རྒྱལ་པོ་དེ་ན་རེ། དེ་ཡིན་ན་ཁྱོད་འཇིགས་སྐྲག་སྡུག་བསྔལ་མི་དགོས། ངའི་སྲོག་མ་གཅོད་པར། ངའི་སྡེར་མོ་ཆོད་པགས་པ་བཤུས་ལ་ཁྱེར་ཅིག་བྱས་པས། རྔོན་པ་དེས་མི་ཕོད་རུང་པགས་ཀྱིས་སྡེར་མོ་བཅད་པགས་པ་བཤུས་ནས་རྒྱལ་པོ་ལ་ཕུལ་བས། རྔོན་པ་ཐམས་ཅད་ཀྱི་སྐེ་མ་བཅད་དོ། །གཅན་གཟན་གྱི་རྒྱལ་པོ་དེའི་ཤ་ཁྲག་གྲོག་སྦུར་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་ཟོས་འཐུངས་པས། དེ་དག་ཐམས་ཅད་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེས་སོ། །གནོད་སེམས་ཅན་གྱི་སྡིག་རྒྱལ་དེ་ཤི་ནས་རྒྱ་མཚོའི་ནང་གི་ཆུ་སྲིན་ཆེན་པོ་ཞིག་ཏུ་སྐྱེས་སོ། །དེའི་ལུས་ལ་སྲོག་ཆགས་དཔག་ཏུ་མེད་པས་ཟོས་པས་མ་བཟོད་དེ་ཤེལ་གྱི་རི་ལ་ལུས་ཀྱི་ལྗིད་བཀལ་ནས་ཕྲུགས་པས་སྲོག་ཆགས་རྣམས་བཅར་བའི་རྒྱ་
མཚོ་ཡང་ཁྲག་གིས་རྒྱང་གྲགས་རེ་དམར་པོར་འགྲོ་བ་བྱུང་། དེ་ལྟར་སྲོག་ཆགས་མང་པོས་ཡང་ཡང་ཟོས་པས་སྡུག་བསྔལ་ཡུན་རིང་མྱངས་སོ། །སྔོན་སྤྲང་པོ་ཞིག་དགེ་འདུན་པ་མང་པོ་ལ་སེམས་ཁྲོས་ནས། འདི་རྣམས་ཀྱི་སྐེ་ཤིང་རྟའི་འཁོར་ལོ་ཞིག་གིས་བཅད་ན་ཅི་མ་རུང་སྙམ་པའི་གནོད་སེམས་སྐྱེས་པས། ཕྱི་དྲོ་ལམ་གྱི་འགྲམ་ན་ཉལ་ཡོད་པའི་མགོ་ལ་རྒྱལ་པོའི་ཤིང་རྟའི་འཁོར་ལོ་བསྐོར་ནས་འགྲོ་བ་ཕོག་ནས་མགོ་བོ་ཆད་ནས་ཤིའོ། །ཤི་ནས་མནར་མེད་པའི་དམྱལ་བར་སྐྱེས་སོ། །ཡང་སྔོན་ཁྲ་ཞིག་གིས་བྱིའུ་ཞིག་གསོད་སྙམ་བདས་པས་བྱིའུ་ཚེར་ཕུང་ཞིག་གི་གསེབ་ཏུ་ཞུགས་པས། ཁྲས་ཚད་མ་ཟིན་པར་ཚེར་ཕུང་གི་རྩ་བར་བབས་པས། ཚེར་མའི་རྩ་བ་ན་བྱི་ལ་རྒན་པ་ཞིག་ཡོད་པས་ཁྲ་དེ་བཟུང་ནས་བསད་སྐད། དེ་བཞིན་དུ་གནོད་སེམས་བྱས་ན་ཉེས་དམིགས་དེ་དང་དེ་འདྲ་གཞན་ཡང་མང་པོ་འབྱུང་བས། དེས་ན་འོ་སྐོལ་རྣམས་ཀྱིས་དངོས་སུ་གཞན་གྱིས་ཚུར་ལ་གནོད་པ་བྱས་པ་མེད་རུང་། གཞན་ལ་གནོད་སེམས་འཆང་བ་དང་། ཡང་གཞན་གྱིས་གནོད་པ་བྱས་པ་ཞེ་ལ་བཞག་ནས་དེའི་ལན་དུ་གནོད་པ་བྱེད་སྙམ་པ་
དང་། གནོད་པ་བྱེད་མཁན་ཁོ་ལ་གནོད་མ་ནུས་ཀྱང་། དེའི་གཉེན་ཚན་ནམ་མཛའ་བཤེས་སོགས་ལ་གནོད་ཅི་འཁྱོལ་བྱའོ་སྙམ་པས། གནོད་སེམས་བྱེད་མི་རུང་། སྔོན་སངས་རྒྱས་མི་བསྐྱོད་པ་འཇིག་རྟེན་དུ་བྱོན་ནས་འགྲོ་དོན་དཔག་ཏུ་མེད་པ་མཛད། དེའི་བསྟན་པ་ལ་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ་ཅིག་བྱུང་ངོ་། །དེ་ལ་སློབ་མ་ཐར་པ་ནག་པོ་ཞེས་བྱ་བ་ཅིག་ཡོད་པས། བླ་མས་ངེས་དོན་གྱི་ཆོས་བསྟན་པ་ཁོས་ལོག་པར་གོ །རྗེས་སུ་བླ་མ་ལ་ཡང་དད་ལོག་བྱས། ལས་རྒྱུ་འབྲས་ལ་མི་བརྩི་བར་ཕོ་བྱུང་ཚད་བསད་ནས་ཤ་ཟོས། མོ་བྱུང་ཚད་ལ་སྦྱོར་བ་བྱས། ལོག་སྤྱོད་མང་པོ་བྱས་པས་ཤི་ནས་ལྕེ་སྤྱང་། དུར་ཕག །དུར་བྱ། ཁྲའི་ལུས་མང་པོ་བླངས། དེ་ནས་མནར་མེད་དམྱལ་བར་སྐྱེས། དེ་ནས་སྲིན་བུའི་སྐྱེ་བ་མང་པོ་བླངས། མཐར་ལང་ཀ་པུ་རིར། བདུད་པོ་རུ་ཏྲ་ཐར་པ་ནག་པོ་ཞེས་བྱ་བར་གྱུར། ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ། སེམས་ཅན་ལ་གནོད་འཚེ་ཆེན་པོ་བྱས་སོ། །དེའི་ཚེ་དགེ་སློང་ཐུབ་དཀའ་གཞོན་ནུ་དེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོར་གྱུར་ཏོ། །ཁོང་
གིས་ཞི་བས་མི་ཐུལ། དྲག་པོས་ཐུལ་བ་མཁྱེན་ནས། དཔལ་ཆེན་པོ་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད་པ། སྤྱན་ཉི་ཤུ་རྩ་བདུན་ཡོད་པ། སྐུ་ལ་གཤོག་སྒྲོ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཞིག་ཏུ་སྤྲུལ་ཏེ་བཏུལ་ནས་ཆོས་བསྟན། བསྟན་པའི་སྲུང་མར་བསྐོས། མ་འོངས་པ་ན་དེ་བཞིན་གཤེགས་པ་ཐལ་བའི་དབྱངས་ཞེས་བྱ་བར་སངས་རྒྱས་ཞེས་ལུང་བསྟན་ཏོ། །ཡང་སྔོན་ལག་པའི་སྐར་མ་ཞེས་བྱ་བས་སངས་རྒྱས་ཀྱི་ཉེ་གནས་ལོ་མང་པོ་འབད་དུ་བྱས་ཀྱང་། སངས་རྒྱས་ཀྱིས་ཅི་མཛད་ཐམས་ཅད་གསོག་དང་གསོབ་འབའ་ཞིག་ཏུ་བལྟས་པས་ས་གས་ནས་དམྱལ་བར་ལྷུང་ངོ་། །སྔོན་རྒྱ་གར་གྱི་གྲུབ་ཐོབ་ཅིག་དང་། ཕྱི་རོལ་པ་གཉིས་ཀྱིས་ཕྱི་ནང་གི་གྲུབ་མཐའི་རྩོད་པ་བྱས་པས། ཕྱི་རོལ་པས་ཚེ་ཕྱི་མ་མེད་ཟེར། གྲུབ་ཐོབ་དེས་ཡོད་གསུངས། འོ་ན་སྟོན་བྱས་པས། གྲུབ་ཐོབ་དེས་ཕྱི་རོལ་པ་ཁྲིད་ནས། དམྱལ་ཁམས་བཅོ་བརྒྱད་བསྟན་པས། ཁོ་ཡིད་ཆེས་པ་བྱུང་སྐད། ཡང་སྔོན་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་གཉིས་དམྱལ་བར་ཕྱིན་དུས་ཕྱི་རོལ་མུ་སྟེགས་པ་ལས་རྒྱུ་འབྲས་མེད་པར་ལྟ་བའི་ལོག་ལྟ་ཅན་གྱི་སློབ་དཔོན་ཞིག་ཀྱང་
དམྱལ་བར་སྐྱེས་ནས་སྡུག་བསྔལ་མྱོང་བ་མཐོང་ངོ་། །དེ་བཞིན་དུ་ལོག་ལྟ་བྱས་ན་ཉེས་དམིགས་དེ་དང་དེ་འདྲ་བ་གཞན་ཡང་མང་པོ་འབྱུང་བས། དེས་ན་འོ་སྐོལ་རྣམས་ཀྱིས། སྐྱོན་མེད་པ་ལ་སྐྱོན་དུ་ལྟ་བ། དཀོན་མཆོག་གསུམ་བདེན་པ་ལ་རྫུན་པར་ལྟ་བ། ལས་རྒྱུ་འབྲས་ཡོད་པ་ལ་མེད་པར་ལྟ་བ་སོགས་ལོག་ལྟའི་རིགས་སུ་གྱུར་པ་བྱེད་མི་རུང་། སྔོན་སངས་རྒྱས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཤ་ཟོས་པའི་ཉེས་པ་གསུང་དུ་གསོལ་ཞེས་ཞུས་པས། སངས་རྒྱས་ཀྱིས་བཀའ་སྩལ་པ། ཕྱོགས་ཙམ་ཞིག་བཤད་པ། སེམས་ཅན་ཐམས་ཅད་ཕ་མ་ཡིན་པས་ཕ་མའི་ཤ་བཟར་མི་རུང་། གལ་ཏེ་ཟོས་ན་དམྱལ་བ་ངུ་འབོད་དུ་སྐྱེས་ཤིང་། ཐར་ནས་མི་ཤ་ཟ་བའི་ཕྲ་མེན་ཕ་དང་ཕྲ་མེན་མ་དང་། ཤ་མང་དུ་ཟ་བའི་སེང་གེ་དང་སྟག་དང་། གཟིག་དང་སྤྱང་ཀི །བྱི་ལ། ཝ་དང་། འུག་པ། སྲིན་པོ་སོགས་སུ་སྐྱེ། མིར་སྐྱེས་ཀྱང་སྙིང་རྗེ་མེད་པ། དྲི་མི་ཞིམ་ཞིང་སྨད་པ་དང་། སྨྱོན་པ་དང་། གདོལ་བ། སྨེ་ཤ་ཅན་གྱི་རིགས་དང་། བཙོ་བླག་མཁན་དུ་ཡང་ཡང་སྐྱེ་
བར་གསུངས་སོ། །སྔོན་རྟ་མགྲིན་གྱི་རྣལ་འབྱོར་བ་ཞིག་གིས་དངོས་གྲུབ་ཅིག་ཐོབ་ཁར། རྟ་ཤ་ཞིག་ཟོས་པས་མ་ཐོབ། རྡོ་རྗེ་ཕག་མོའི་རྣལ་འབྱོར་བ་གཅིག་གིས་དངོས་གྲུབ་ཅིག་ཐོབ་ཁར་ཕག་ཤ་ཞིག་ཟོས་པས་མ་ཐོབ་སྐད། ངས་ཀྱང་སྙིང་རྗེ་བསྒོམས་ནས་རྒྱུད་ལ་མ་སྐྱེས་པར་ཡུན་རིང་སོང་བས། ཕྱིས་ཤ་མ་ཟོས་པར་སྤངས་པས་སྙིང་རྗེ་རང་བཞིན་ཤུགས་ཀྱིས་སྐྱེས་པ་བྱུང་། སྔོན་རྒྱལ་པོ་སེང་གེ་འབང་བཟང་ཞེས་བྱ་བའི་ཟས་སུ་ཤ་ཁོ་ན་ཟོས་པས། ཕྱིས་སུ་སྲེད་པ་ཆེར་སོང་། མིའི་ཤ་ཡང་ཟོས་པར་གྱུར་པས། བློན་འབངས་རྣམས་ཀྱིས་རྒྱལ་པོ་ཡུལ་བཏོན་ནས་སྡུག་བསྔལ་མྱངས། ཤི་ནས་ངན་སོང་དུ་སྐྱེས་སོ། །སྔོན་རྒྱལ་བུ་དད་པ་བརྟན་པོ་སྲིན་པོ་ལང་ཀ་པུ་རངས་ཡུལ་དུ། མེ་ཏོག་ཀུ་ཤན་ལེན་དུ་བྱོན་དུས། ལམ་འགག་ན་མི་སེར་པོ་མིག་དམར་པོ་རལ་པ་དམར་སེར་རྐང་བའི་སར་སླེབས་པ། སྦར་མོ་རྣམས་ལྕགས་ཀྱི་རྣམ་པར་སྔོ་སེང་ངེ་རྣོ་བ། སྣ་ཆེ་ཞིང་སོ་རྣོ་བ། ལག་ན་གསེར་གྱི་རལ་གྲི་ཐོགས་པ་ཞིག་འདུག་པའི་དྲུང་དུ་སོང་ནས་སྲིན་པོ་རྣམས་ཀྱི་རྒྱུ་མཚན་དྲིས་པས། ཁོ་ན་རེ། ཁྱེད་རང་གི་སྟོན་པ་ཤཱཀྱ་ཐུབ་པ་
ཞེས་ཟེར་བ་དེས། བཅོ་ལྔའི་ཉིན་པར་སྲིན་པོ་རྣམས་ལ་བསྙེན་གནས་ཀྱི་སྡོམ་པ་ཕོག །ཤའི་ཉེས་དམིགས་མང་པོ་བསྟན། ཤ་དེ་ཡང་ཕ་དང་མའི་ཤ་འབའ་ཞིག་ཡིན་ཐམས་ཅད་ཀྱིས་ཆོད་གསུངས་ཀྱང་། ངེད་སྲིན་པོ་རྣམས་ཀྱི་ཟ་སྐལ་ཤ་ཁྲག་ཡིན་པས། ཆོས་བཅོ་ལྔ་མ་གཏོགས་དུས་ཐམས་ཅད་དུ་གཅོད་མ་ནུས། འོན་ཀྱང་ཁྱེད་མི་རྣམས་དང་མི་འདྲ་ཚམ་ཚོམ་ལ་དམ་བཅའ་མི་བྱེད། དམ་བཅས་ནས་བཅས་པ་ལ་མི་འདའ་བ་ངེད་ཀྱི་ལུགས་ཡིན། ད་ཁྱོད་དུས་ཁྱད་པར་ཅན་ཚེས་བཅོ་ལྔའི་ཉིན་པར་འབྱོན་དགོས། དེའི་ཉིན་བྱོན་ན་གནོད་པ་མི་བྱེད་ཀྱི་སྟེང་དུ་ཞབས་ཏོག་བྱེད་པའང་སྲིད་ཟེར་རོ། །སྔོན་རྒྱལ་པོ་དཔའ་བོ་རྟ་བ་བརྒྱ་ཙམ་ཞིག་བྱས་ནས་སྐྱོ་སངས་བྱེད་ཅིང་ཡོད་པའི་རྩར། རྒྱལ་པོ་སྤྱོད་མེད་ཀྱི་རྟ་བ་ཉིས་བརྒྱ་ཙམ་ཞིག་བྱས་ནས་རི་དྭགས་ཀྱི་ཤ་དམར་པོ་ཁྱེར་ནས་བྱུང་། ཁྱེད་ཤ་དམར་པོ་འདི་ཟ་འམ་ཟེར་བ་ལ། རྒྱལ་པོ་དཔའ་བོ་ན་རེ། ཤ་དམར་པོ་ཟ་བ་སྲིན་པོ་ཡང་མི་རུང་ན། མིར་ལྟ་སྨོས་ཀྱང་ཅི་འཚལ། ད་ལྟ་དག་འཁོར་གཡོག་ལ་སོགས་པ་རག་སྟེ། སྡིག་རྒྱལ་གྱི་ཚེ་ལ་བརྟན་པ་མ་
ཐོབ་པས། ལུས་སྲོག་དང་བྲལ་ཙ་ན། གྲོགས་མེད་གཅིག་པུར་རྐང་འགྲོས་འབབ་སྟེ། ད་ལྟ་བསད་པ་རྣམས་ཀྱིས་ལན་ལྡོན་ན་ཕམ་པར་འགྲོ། ངས་ནི་བཙན་པོ་དང་། ཕྱུག་པོ་དང་རིགས་བཟང་བ་ལ་སོགས་པ་སུས་ཀྱང་། ང་བཙན་པོ་ཡིན་པས་མ་ཤི་བ་བྱ་བ་ལ་སོགས་པ་གཅིག་ཀྱང་མ་མཐོང་བྱས་པས། རྒྱལ་པོ་སྤྱོད་མེད་ཁ་སྐྱེངས་ངོ་ཚ་བས་ཞུམ་ནས་ལན་གླན་པར་མ་ནུས་སོ། །གཞན་ཡང་ལྷོ་ནུབ་ཡུལ་གྱི་སྲིན་པོ་རྣམས་ཀྱི་ཁ་གཏམ་ལ། འདི་ནས་བྱང་ཕྱོགས་གདོང་དམར་སྲིན་པོ་བོད་ཀྱི་ཡུལ་བྱ་བ་ན། སེམས་ཅན་གྱི་སྲོག་བཅད་ནས་ཤ་ཟོས་ཁྲག་འཐུང་བ་ཙམ་དུ་མ་ཟད། རུས་པ་ཡན་ཆད་བརྡུངས་ནས་མུར་ཞིང་དེའི་ཁུ་བ་ཡང་འཐུང་སྐད། ངེད་ཚོ་ལས་དེ་རྣམས་ཤིན་ཏུ་འཇིགས་པར་གདའ་ཞེས་ཟེར་སྐད། དེས་ན་ཤ་ཟོས་ན་སྲིན་པོ་དངོས་ཡིན། རུས་ཁུ་ཡན་ཆད་འཐུང་ན་སྲིན་པོ་ལས་འཇིགས་པ་ཡིན་པས། འཇིགས་རུང་སྲིན་པོ་གཞན་ན་ཡོད་པར་མ་སེམས་ཤིག །གཞན་ཡང་ཤ་འདི་དངོས་གྲུབ་དང་ས་ལམ་གྱི་གེགས། ངན་སོང་གི་ས་བོན། སྲོག་གཅོད་ཀྱི་གཤེད་མ། ཤ་འདིས་སེམས་ཅན་གྱི་ལུས་སྲོག་
ལ་གནོད་གནོད་ཅིག་ཟས་གཞན་གང་གིས་ཀྱང་མི་གནོད། སྡིག་ཟས་ཤ་འདི་ཆང་དང་བུད་མེད་བསྟེན་པ་ལས་ཀྱང་ཐུ་བ་ཡིན་པས། ཀུན་གྱིས་དུག་བཞིན་དུ་སྤོངས་ཤིག་ཅེས་ཚོགས་དྲུག་རང་གྲོལ་གྱིས་གསོལ་བ་འདེབས་པ་ལེགས་སོ། །སྔོན་བུད་མེད་ཞིག་གི་བུ་བཙའ་ཁར་ཁྱོ་ག་གྲོང་གཞན་ཞིག་གི་ནང་དུ་ཆང་འཐུང་དུ་སོང་ངོ་། །བུད་མེད་ཀྱིས་བུ་བཙས་པའི་དུས་ལ་བབ་ཚེ་སྒོ་མནན་ནས་བུ་བཙས་པའི་དུས། ཁྱོ་ག་ཆང་གིས་བཟིས་ནས་ཡོང་སྒོ་ཕྱེ་ཟེར་བ་བུད་མེད་ཀྱིས་བུ་བཙས་པས་ཅུང་ཞིག་སྒོ་འབྱེད་མི་ནུས་པར་གདའ་བྱས་པས། དེར་ཁྱོ་བོ་ཁྲོས་ནས་སྒོ་བཅག་ནས་ནང་དུ་འོངས། ཁྱོད་ཀྱིས་ང་ལ་སྒོ་མི་འབྱེད་ན་འདི་དགོས་ཟེར། བུད་མེད་དེ་བརྡུངས་ནས་འཆི་ཚད་པ་བྱས། བུ་བཙས་པ་དེ་ཡང་བླངས་ནས་བསད་དེ་མའི་ཁ་ནང་དུ་བརྫང་ངོ་། །བུད་མེད་དེས་མ་ཟོས་པས། ཡང་བུའི་ཤ་དེ་གཏུབས་བཅད་མྱག་མྱོག་ཏུ་བཏང་ནས་ཁར་བརྫངས་ཏེ། ད་མི་ཟ་ན་གསོད་པ་ཡིན་ཞེས་གྲི་ཚད་པས། སྲོག་ལ་འཇིགས་དྲགས་ནས། བུ་དེའི་ཤ་མི་འདོད་བཞིན་དུ་ཟ་དགོས་བྱུང་། དེས་ན་ཆང་འདི་སྨྱོ་ཆུ་དངོས་
ཡིན་པས། འཐུངས་ན་དེ་ལྟ་བུའི་ཕུང་ཚབ་ས་ཆེན་པོ་ཡང་བྱེད་ནུས། སྔོན་རྒྱལ་བློ་ན་སྡེ་དང་བཅས་པ་ཆང་གིས་ཕུང་བ་ཞིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་གཟིགས་ནས། ཁོང་གི་སྤྲུལ་པ་ལག་ན་ཆང་བུམ་པ་གང་ཐོགས་པ་ཞིག །རྒྱལ་བློན་རྣམས་ཀྱི་ཐད་ཀའི་མདུན་གྱི་ནམ་མཁར་སོང་ནས། ཆང་གི་བུམ་པ་བསྟན་ནས། འདི་ཨེ་ཉོ་བྱས་པས། རྒྱལ་བློན་རྣམས་ཀྱིས་ནང་ན་ཅི་ཡོད་བྱས་པས། སྤྲུལ་པ་ན་རེ། ནང་ན་དོན་ཡལ་ནོར་ཡང་ཟད་པར་བྱེད་ཅིང་། རང་གཞན་ཐམས་ཅད་འཕུང་བར་བྱེད་པའི། དུག་ཆུ་ངར་མ་ལྟ་བུའི་མིང་ལ་མྱོས་འགྱུར་གྱི་ཆང་ཞེས་བྱ་བ་དེ་ཡོད་བྱས་པས། རྒྱལ་བློན་སྡེ་དང་བཅས་པས་ཆང་གི་ཉེས་དམིགས་ཤེས་ནས་དུག་བཞིན་སྤངས་པས་རྒྱལ་ཁམས་ཐམས་ཅད་བདེ་བར་གྱུར། ཡང་སྔོན་རྐུན་མ་གཉིས་གྱིས་མི་ཚང་གཅིག་གི་མཛོད་ཕུག་སྟེ་ནོར་བཙལ་བས། ཆང་བཙགས་རན་པའི་རྫ་མ་གཅིག་དང་འཕྲད་དེ། ཞབས་ནས་བཙགས་ན་ཚོར་གྱི་དོགས་ནས་ཁ་ནས་བཅུས་ནས་འཐུངས་བས་བཟི་ཏེ། གཅིག་ན་རེ། ང་གླུ་ལེན་ཟེར་བ་ལ། གཅིག་པོ་ན་རེ། འདི་ཅི་ཟེར་བདག་པོས་ཚོར་ན་རང་ཅག་གཉིས་ཀ་
བསད་ཡོང་ཁ་རོག་པ་སྡོད་བྱས་ཀྱང་མ་ཉན་པར་གླུ་བླངས་པ། ཆང་ཁ་ནས་བཙགས་ན་འདི་འདྲ་ན། །ད་ཞབས་ནས་བཙགས་ན་ཅི་ལྟར་མཆི། ཟེར་ཞིང་བྲོ་འཁྲབས་པས། བདག་པོས་ཚོར་བ་བྱུང་ཡང་ཁྱིམ་བདག་དེ་མི་བཟང་པོ་ཞིག་ཡིན་པས་མ་བརྡུངས་བར་ཆང་ཡང་མཉམ་པོར་འཐུང་སྐད། ཁྱིམ་བདག་དེ་ངན་པ་ཞིག་ཡིན་ན་རྐུན་མ་དེ་གཉིས་ཀྱང་ཆང་གིས་མྱོས་ནས་ཆག་སྒོ་རིན་གྱིས་ཉོས་པ་བྱུང་། ཡང་སྔོན་མི་གཅིག་ཆང་གིས་བཟི་ནས་རྟ་ཡིས་འཕངས་དྲུད་པས་ལུས་ཀུན་དུམ་བུར་ཆད། རྐང་པ་གཡས་ཡོབ་ཆེན་དུ་བཟུང་ནས་རྟ་རང་ཁྱིམ་དུ་ལོག་ནས་བྱུང་སྐད། ཡང་མི་གཅིག་གིས་ཆང་འཐུང་བཟི་ནས་གད་ཁ་ཞིག་ནས་ཆབ་བསང་བྱས་པས་གད་ཁ་ནས་ལྷུངས་རྐེད་པ་ཆག་ནས་ཤི་བ་བྱུང་། ཡང་མི་གཅིག་གིས་ཆང་འཐུང་ནས་བཟི། ཚོང་ཟོང་དངུལ་རྡོ་ཚད་ཅིག་ཡོད་པ་ཡང་སྟོར་སྐད། གཞན་ཡང་ཆང་འཐུང་ན་ཚེ་འདིར་འཕུང་བ་ཙམ་དུ་མ་ཟད། ཕྱི་མར་དམྱལ་བ་ངུ་འབོད་དུ་སྐྱེས་ཤིང་། ཁྱི་དང་སྨྱོན་པའི་ལུས་ཀྱང་མང་པོ་ལེན་པར་གསུངས་སོ། །དེས་ན་ཆང་འདི་ཉེས་པ་ཀུན་གྱི་རྩ་བ་ཡིན་
པས། འོ་སྐོལ་རྣམས་ཀྱིས་དུག་ཆུ་ངར་མ་ལྟ་བུར་བལྟས་ནས། རྩྭ་རྩེའི་ཟིལ་པ་ཙམ་ཡང་མི་འཐུང་བར་སྤང་བར་བྱའོ། །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་སྨིན་པར་འགྱུར་གསུངས་པ་དང་། ཁྱད་པར་དྲི་མི་ཞིམ་པ་བདུག་པ་ལས། སྣ་གཉེར་བ་དང་འཁྱོགས་པོ་སོགས་སྣ་སྐྱོན་ཅན་དང་དྲི་ངན་བྲོ་བ་འོང་བར་གསུངས། དེས་ན་དྲི་མི་ཞིམ་པ་ངན་པ་ཞིག་ལ་སྒོག་པ་དང་ཐ་མ་ཁ་ལས་ཐུ་བ་ཞིག་གཞན་ན་མེད། དེས་ན་ཕྱི་མ་སྣ་སྐྱིན་ཅན་དང་ལུས་ལས་དྲི་ངན་པ་འབྱུང་བར་འདོད་ན་མ་གཏོགས་མི་འདོད་ཕྱིན་ཆད་གདོང་མི་མཛེས་པ་དང་དྲི་ངན་འབྱུང་བས་རྒྱུའི་གཙོ་བོ་འདི་གཉིས་སྤང་དགོས། སྔོན་གྱི་བླ་མ་དམ་པ་འགའ་ཞིག་གིས། ཐ་མ་ཁ་ཡི་དུད་པ་ཕོག་ཚད་ཀྱི་ལྷ་ཀླུ་མི་མ་ཡིན་པ་ཆེས་ཆེར་བརྒྱལ་འགྲོ་ཞིང་། ལ་ལ་གྲིབ་ཕོག་གི་དོགས་ནས་སེམས་མི་དགའ་བར་འགྲོ་ལ། གཞན་ཡང་ཐ་མ་ཁ་ཁོག་ཏུ་སོང་བའི་མི་དེའི་སེམས་འཚུབ། ཆགས་སྡང་ཆེ། རྩ་དབུ་མ་ལ་དུད་པ་ཕོག་པས་འཕོ་བ་བཏབ་ན་ཡང་ཐེབས་དཀའ་བར་གསུངས། ཡང་བླ་མ་
ཁ་ཅིག་གི་ཞལ་ནས། དུས་ཀྱི་མཐའ་ལ་འབྱུང་བས་ཐ་ཞེས་བྱ། །ཉེས་ཀུན་གཞི་མ་ཡིན་པས་མ་ཞེས་བྱ། །ཀུན་གྱི་ཁ་རུ་འཐུང་བས་ཁ་ཞེས་ཟེར། །དེ་ཕྱིར་ཐ་མ་ཁ་འདི་སྤང་བར་བྱ། །གསུངས་སྐད། སྔོན་བླ་མ་ཞིག་གི་དྲུང་དུ་བུད་མེད་བདུད་མོ་གཉིས་བྱུང་ནས། འདོད་ལོག་སྤྱོད་དགོས་བྱས་པ་མ་སྤྱད་པས། ཕྱིར་ལོག་པས་ལམ་ཁ་ནས་མངལ་ཁྲག་ས་ལ་ལྷུང་བ་ལ། སྨོན་ལམ་ལོག་པ་འདི་ལྟར་བཏབ་སྟེ། མི་གཙང་བའི་རྫས་ངན་འདི་བསྐལ་པ་སྙིགས་པའི་ཐ་མ་ལ་ས་གསེབ་ནས་སྒོག་པ་དང་ཐ་མ་ཁ་རུ་སྨིན་ནས། དེ་ཁ་ལ་རེག་ཚད། གྲིབ་ཀྱི་ནོན་ནས་བསམ་པ་ངན་དུ་སོང་། ལས་ངན་སྡིག་པ་བསགས། ཤི་ན་དམྱལ་བར་འགྲོ་བར་གྱུར་ཅིག་སོགས། སྨོན་ལམ་ལོག་པ་མང་པོ་བཏབ་སྐད། དེས་ན་སྒོག་པ་དང་ཐ་མ་ཁ་འདི་གཉིས། མངལ་ཁྲག་མི་གཙང་བ་ལས་བསྐྱེད་པས། ཤིན་ཏུ་མི་གཙང་ཞིང་དྲི་ངན་པ་སྨོན་ལམ་ལོག་པ་ལས་བྱུང་བས། བཀྲ་མི་ཤིས་པའི་རྫས་ངན་ཡིན་པས་བསྟེན་མི་རིགས། སྔོན་དགེ་སློང་ཞིག་གིས་འབྲས་བུ་ཞིག་ཐོབ་ཁར་སྒོག་པ་ཞིག་ཟོས་པས་མ་ཐོབ་པ་བྱུང་།
སྔོན་འདས་ལོག་ཁ་ཅིག་དམྱལ་བར་ཕྱིན་དུས། ཐ་མ་ཁ་འཐུང་མཁན་མང་པོ། དམྱལ་བ་མེ་མདག་དུད་པའི་ཚལ་སོགས་སུ་སྐྱེས་ནས་སྡུག་བསྔལ་མྱོང་བ་མཐོང་བ་བྱུང་། འཇིག་རྟེན་པའི་ཁ་གཏམ་ལ་ཡང་། དུད་འཐེན་དམྱལ་བའི་གཏིང་དུ་སྐྱེ། །དུད་སྒྲོན་དེ་ཡི་འཁོར་དུ་སྐྱེ། ཟེར་བ་ཡང་མ་གོ་འམ། དེས་ན་ཐ་མ་ཁ་དང་སྒོག་པ་བསྟེན་ན་ཉེས་དམིགས་དེ་དང་གཞན་ཡང་མང་པོ་ཡོད་པས། ཁྱིམ་པ་ཕོ་མོ་སྤྱི་དང་། ཁྱད་པར་རབ་བྱུང་དགེ་སློང་རྣམས་ཀྱིས་དུག་བཞིན་དུ་སྤང་བར་བྱའོ། །སྔོན་མཛའ་བོའི་བུ་མོ་ཞེས་བྱ་བརྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོ་བར་ཆས་པས། མས་འགྲོར་མ་བཅུག་པར་ལམ་བཅད་ནས་ཉལ་བའི་མགོ་རྡོག་པས་ཕུད་ནས་སོང་། རྒྱ་མཚོར་གྲུ་བཏང་ནས་ཕྱིན་པས་གྲུ་ཞིག །ཚོང་པ་མང་པོ་རྒྱ་མཚོར་ནུབ་ནས་ཤི། མཛའ་བོའི་བུ་མོས་ཤིང་ཚལ་ཞིག་ལ་འཇུས་ནས་རྒྱ་མཚོའི་མཐར་ཕྱིན་པའི་སྐབས་ཤིག་གྲོང་ཁྱེར་ཞིག་མཐོང་ནས་སོང་། ལྕགས་ཁང་ཞིག་ཏུ་ཕྱིན་པས་གཤིན་རྗེ་རྣམས་ཀྱིས་སྒོ་བཅད་དོ། །དེར་བལྟས་ཚེ་མ་ལ་གནོད་པ་བྱས་པའི་མི་གཅིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་འཁོར་ནས་
ཀླད་ཁྲག་འཐོར་བཞིན་སྡུག་བསྔལ་མྱོང་བ་ཞིག་མཐོང་ངོ་། །དེ་ནས་འཁོར་ལོ་དེ་འཕགས་ནས་བྱུང་། མཛའ་བོའི་བུ་མོའི་མགོ་ཐོག་ཏུ་བབས་ནས་དྲག་ཏུ་འཁོར་བས་མགོ་བོ་གས་ཀླད་ཁྲག་ཐོན། བཟོད་གླགས་མེད་པའི་སྡུག་བསྔལ་ཆེན་པོ་བྱུང་ནས། འདི་ལྟར་ཕ་མ་ལ་གནོད་པ་བྱས་པ་རྣམས་སྙིང་རེ་རྗེ། དེ་རྣམས་ཀྱི་སྡུག་བསྔལ་བདག་གིས་བཟོད་པར་བྱ་ཡི་དེ་རྣམས་འདིར་མི་འོང་བར་གྱུར་ཅིག །བྱས་པས་ལྕགས་ཀྱི་འཁོར་ལོ་ཡར་ནམ་མཁའ་ལ་འཕགས་སོ། །ཚེའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེས། ཡང་སྔོན་རྣ་བ་བྱེ་བ་རི་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོ་ཁར་མས་བུ་དང་གསོན་པོར་ནམ་ཞིག་འཕྲད་ན་བྱས་ངུས་པས། བུའི་བསམ་པ་ལ་མ་འདིས་ང་འགྲོ་ཁར་བཀྲ་མི་ཤིས་པ་བྱས་སོ་སྙམ། ཁྲོས་ནས་མ་ལ་ཁྱོད་ངན་སོང་ལ་ཅིའི་ཕྱིར་མི་བལྟ་ཞེས་ཚིག་ངན་སྨྲས་ནས་སོང་། རྒྱ་མཚོར་ཞུགས་ནས་ནོར་བུ་བླངས། རྒྱ་མཚོའི་འགྲམ་དུ་ཚུར་ཐོན་ནས། ཉིན་གཅིག་ཚོང་བས་བསྐྱུར། ལམ་སྟོར་ནས་སོང་སོང་བས་ངན་སོང་གི་གནས་མང་པོ་མཐོང་བ་བྱུང་། ཡང་སྔོན་བྱིས་པ་
གཞོན་ནུ་གཅིག་མ་ལ་ཁྲོས་ནས། སྡང་མིག་བལྟས། ཚིག་ངན་མང་པོ་སྨྲས་པས། ཚེ་ཡང་རིང་པོ་མ་ལོན་པར་ཤི་ནས་དམྱལ་བའི་གནས་སུ་སྐྱེས་སོ། །སྡང་མིག་བལྟས་པའི་རྣམ་སྨིན་གྱིས་གཤིན་རྗེ་རྣམས་ཀྱིས་བཟུང་ནས་དཔྲལ་བའི་མིག་བྱུང་། ཚིག་ངན་སྨྲ་བའི་རྣམ་སྨིན་ལ་ལྕེ་ལྐོག་མའི་འོག་ནས་མར་བཏོན་ས་ལ་བརྒྱངས་ནས་སྟེང་དུ་ལྕགས་ཀྱི་ཕུར་བ་འདོམ་གང་ཙམ་བཏབ་ནས་སྡུག་བསྔལ་མྱང་དུ་བཅུག་སྐད། དེ་བཞིན་དུ་དྲིན་ཅན་གྱི་ཕ་མ་གཉིས་ལ་གནོད་པ་ཅུང་ཟད་རེ་བྱས་ན་ཡང་། ཚེ་འདིར་ཚེ་ཐུང་ནད་མང་། གཏམ་ངན་འབྱུང་། དོན་མི་འགྲུབ། ཤི་ན་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་དགོས་པས། དེས་ན་འོ་སྐོལ་རྣམས་ཀྱིས་དྲིན་ཅན་གྱི་ཕ་མ་ལ་གནོད་པ་ཅུང་ཟད་ཙམ་བྱེད་མི་རུང་། གལ་ཏེ་བྱས་སོང་ན་ཡང་། དེ་མ་ཐག་བཤགས་པ་བྱས། ཕྱིན་ཆད་དེ་འདྲ་མི་བྱེད་པའི་སྡོམ་སེམས་བྱེད་པ་གཅེས། སྔོན་མི་གཅིག་ཆུ་ཆེན་པོ་ཞིག་གིས་ཁྱེར་ནས་འགྲོ་བ། རི་དྭགས་རུ་རུ་བྱ་བས་མཐོང་ནས་རྒྱབ་ཏུ་བསྐྱོན་ཏེ་ཚུར་སྐམ་དུ་བླངས་ནས། ནགས་ཁྲོད་འདིར་ང་ལྟ་བུའི་རི་དྭགས་འདུག་ཞེས་སུ་ལ་མ་སྨྲ་བྱས་ཀྱང་།
མི་ངན་ཁྲེལ་མེད་དེས་ཡུལ་དུ་སོང་ནས་རྒྱལ་པོ་ལ་ཞུས། དམག་དྲངས་ནས་འོངས། མི་དེས་རྒྱལ་པོ་ལ་ལག་བརྐྱངས་ནས་རི་དྭགས་དེ་བསྟན་པའི་ཚེ། ལག་པ་མཁྲིག་མའི་མཚམས་ནས་ཆད་དེ་ས་ལ་ལྷུང་བར་གྱུར། དེ་ནས་ཤི་ནས་དམྱལ་བར་སྐྱེས། ཡང་སྔོན་མི་ཞིག་ཁྲོན་པ་ལྟ་བུའི་ནང་ན་ཆུ་ཡོད་པ་མཐའ་རིས་བསྐོར་ནས་འགྲོ་ས་མེད་པ་ཞིག་ཏུ་ལྷུངས་པ། སྦྲེའུ་ཞིག་གིས་མཐོང་སྙིང་རྗེ་ནས་མར་སོང་རྒྱབ་ཏུ་ཁུར་ནས་རི་ཁར་བཏོན་ནས། མི་དེ་ལ་ང་ངལ་དུབ་འདུག་པས་གཉིད་དགོས། ཁྱོད་ཀྱིས་ང་གཅན་གཟན་གཞན་གྱིས་འཚེ་བ་མེད་པར་སྲུངས་བྱས་གཉིད་པས། མི་ངན་དེས་སྤྲེའུའི་དྲིན་བརྗེད་ནས། ད་འདི་བསད་ནས་ཤ་ཟ་སྙམ་ངན་སེམས་སྐྱེས། རྡོ་ཆེན་པོ་ཞིག་བཏེགས་ནས་བརྒྱབ་པས་མ་ཕོག་པར་ས་ལ་བརྒྱབ་པའི་སྒྲ་སྤྲེའུས་ཚོར་ནས། དགྲ་གཞན་ཞིག་བྱུང་ངམ་སྙམ། ཕར་མཆོངས་ཏེ་ཚུར་བལྟས་པས་ཁོ་ཡིན་པར་ཤེས་སོ། །མི་དེས་དྲིན་ལན་ལོག་པར་འཇལ་བའི་རྣམ་སྨིན་གྱིས་ཡུལ་ལ་ཡང་མ་ཕྱིན་པར་ལམ་བར་ནས་མཛེ་ནད་ཀྱིས་ཐེབས་རྐང་ལག་ཆད་ནས་ཡུན་རིང་སྡུག་
བསྔལ་མྱངས་པའི་མཐར་ས་གས་ནས་མགོ་བོ་ཐུར་དུ་བསྟན་ནས་དམྱལ་བར་ལྷུང་ངོ་། །དེས་ན་ཕན་པའི་ལན་དུ་དེ་འདྲའི་གནོད་པ་གཏན་ནས་བྱེད་མི་རུང་། སྔོན་རྒྱལ་པོ་ཞིག་གི་གཡོག་མོས་ཁྱི་རྣམས་དུས་རྟག་ཏུ་བཏགས་ནས་ལྟོ་ཡང་མི་སྟེར་བར། ཁྱི་ཡི་ལྟོ་སྐལ་ཕྱེད་ལྐོག་ནས་བཙོངས་ནས་རྒྱན་ཆ་འདྲ་ཉོས། ཁྱི་གཅིག་ཙམ་ཞིག་ལྟོགས་གྲིར་འཆི་རུ་བཅུག་པའི་རྣམ་སྨིན་གྱིས། གཡོག་མོ་དེ་ཤི་ནས་དམྱལ་བའི་བར་ལམ་ཞིག་ན་ཁྱི་མོ་ཞིག་ཏུ་སྐྱེས། ཚེར་ཕུང་དམར་པོ་ཞིག་ལ་ལྕགས་ཐག་ཀྱང་དམར་པོ་ཞིག་གིས་དུས་རྒྱུན་དུ་བཏགས་པས་ཁ་ནས་མེ་དམར་པོ་འབར་ཞིང་ལྟོགས་སྐོམ་གྱིས་གདུངས་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱངས། སྔོན་ཚོང་དཔོན་གཅིག་གིས་བོང་བུ་ཞིག་དེད་ནས་ཚོང་ལ་སོང་བས། ཁལ་ལྕི་བས་བོང་བུ་འགྲོ་རྒྱུ་ཆེན་པོ་མ་བྱུང་བ་ལ་ཁོ་ཁོང་ཁྲོ་ལངས་ནས། དབྱུག་པ་ཞིག་གིས་མང་པོ་བརྡུངས་བའི་རྣམ་སྨིན་གྱིས། ཤི་ནས་དམྱལ་བའི་གནས་སུ་སྐྱེས། གཤིན་རྗེ་སྐྱེས་བུ་མདོག་མི་སྡུག་པ་སྙིང་རྗེ་མེད་པ་ཁྲོ་ཞིང་གཏུམ་པ་ཞིག་གིས་མི་དེ་བཟུང་ཁ་སྦུབ་ཏུ་བསྒྱེལ་ནས། ལྕགས་ཀྱི་དབྱུག་པ་གྲུ་བཞི་པ་ཞིག་
གིས་བརྡུངས་ནས་སྡུག་བསྔལ་ཆེན་པོ་བྱུང་ངོ་། །དེ་བཞིན་དུ་ཁྱི་ལ་ལྟོ་མ་བྱིན་པ་དང་བོང་བུ་སོགས་སྒོ་ཕྱུགས་ལ་བརྡུངས་ན་ཉེས་དམིགས་དེ་འདྲ་བ་འབྱུང་བས། དེས་ན་ཁྱེད་ཁྱིམ་པ་རྣམས་ཀྱིས་ཁྱིའི་ནངས་ནུབ་ཀྱི་ལྟོ་ཆག་ཏུ་འཇུག་མི་རུང་། བོང་བུ་རྟ་གླང་མཛོ་གཡག་སོགས་ལ་ཁལ་ལྕི་མོ་བཀལ་ནས་བརྡེག་རྡུང་བྱེད་མི་རུང་། སྔོན་ཁྱིམ་བདག་གི་བུ་དགའ་བའི་བློ་གྲོས་དང་། ཁྱིམ་བདག་གི་བུ་མོ་དཔལ་གྱི་འོད་ཟེར་ཞེས་བྱ་བ་གཉིས། གཅིག་ལ་གཅིག་ཆགས་ནས་ཉིན་ཡང་མཉམ་དུ་བསྡད། མཚན་ཡང་ལྷན་དུ་ཉལ་བ་ལས། དུས་ནམ་ཞིག་གི་ཚེ་བུ་མོ་དེ། ཕ་མས་ཁྱིམ་ཐབས་གཞན་ཞིག་ལ་བཏང་བས། ཁྱེའུ་དེ་བུ་མོ་དེ་ལ་ཆགས་བཞིན་དུ་ཤི་བས། བུ་མོ་དེའི་མངལ་གྱི་སྲིན་བུར་སྐྱེས་སོ། །བུ་མོ་དེའི་མངལ་ན་ནས། སངས་རྒྱས་འཁོར་བཅས་གདན་དྲངས་ནས། བུ་མོ་འདི་ནད་འདི་ལྟ་བུས་མནར་བ་ལས་ཅི་འདྲ་ཞིག་ཡིན་ནམ་ཞེས་སངས་རྒྱས་ལ་ཞུས་པས། སངས་རྒྱས་ཀྱིས་བཀའ་བསྩལ་པ། ཁྱིམ་བདག་གི་བུ་དགའ་བའི་བློ་གྲོས་དེ། བུ་མོ་འདི་ལ་ཆགས་བཞིན་དུ་ཤི་བ་དེ། སླར་བུ་
མོ་འདིའི་མངལ་གྱི་ནང་གི་སྲིན་བུར་སྐྱེས་ཏེ། མངལ་ན་བར་གྱུར་ཏོ། །སྐྱེ་བ་འདིར་མ་ཟད་སྐྱེ་བ་ལྔ་བརྒྱའི་བར་དུ་གང་དུ་སྐྱེས་པ་དང་། བུ་མོ་འདིའི་མངལ་གྱི་སྲིན་བུར་སྐྱེ་བར་འགྱུར་རོ། །གཞན་ཡང་དམྱལ་བ་སོགས་སུ་སྐྱེས་ནས་ཀྱང་སྡུག་བསྔལ་ཡུན་རིང་མྱོང་བར་འགྱུར་གསུངས། སྔོན་བུད་མེད་ཅིག་འཆི་ཁར་བུ་གཅིག་ཡོད་པ་ལ་ཆགས་ཞེན་དྲག་པོ་སྐྱེས་ནས་ཤི་བས་དེ་ཡི་གོས་ཀྱི་གོང་བའི་ཤིག་ཏུ་སྐྱེས་པ་བུ་ཡིས་མ་ཡིན་པར་མ་ཤེས་པར་བླངས་ནས་སེན་མོའི་བར་དུ་བཅར་ནས་བསད་ཀྱང་། ད་དུང་ཆགས་ཞེན་མ་ཆོད་པར་བུ་ཡི་ལུས་ཀྱི་ཤིག་ཏུ་སྐྱེས་ནས་ཡང་ཡང་བསད་ནས་སྡུག་བསྔལ་མྱངས། སྔོན་དགོན་པའི་ཇ་མ་ཞིག་དགེ་འདུན་པའི་ཇ་ཐུག་ལ་ཆགས་བཞིན་དུ་ཤི་ནས། དགེ་འདུན་པ་རྣམས་ལ་ཇ་ཐུག་བསྐོལ་སྣོད་རྡོ་ལས་གྲུབ་པ་ཞིག་ཡོད་པའི་མཐིལ་གྱི་རྡོ་གསེབ་ཏུ་སྦལ་བ་ཞིག་ཏུ་སྐྱེས། མེ་བཏང་བ་དང་ཚ་ནས་སྐད་འདོན། མེ་བཞག་པ་དང་སྐད་མི་གྲག་པ་དེ་གྲྭ་པ་གཞོན་ནུ་རྣམས་ཀྱིས་རྒན་པ་ལ་དྲིས་པས། རྒན་པ་ཁ་ཅིག་ན་རེ། སྔོན་ནས་འདི་འདྲ་ཡོད། རྡོ་གསེབ་དུ་ཆུ་སོང་བ་མིན་ནམ་ཟེར། ཉིན་གཅིག་རྡོ་སྣོད་དེ་
སྐད་ཆེན་པོ་དང་བཅས་གས་ནས་སོང་བ་བལྟས་ཚེ། མཐིལ་ནས་སྦལ་བ་རིལ་མ་ཙམ་ཞིག་བྱུང་སྐད། ཡང་སྔོན་དགེ་སློང་ཞིག་ལྷུང་བཟེད་ལེགས་པ་ཞིག་ཡོད་པ་དེ་ལ་ཆགས་བཞིན་དུ་ཤི་ནས་སྦྲུལ་ཞིག་ཏུ་སྐྱེས་ནས་ལྷུང་བཟེད་ནང་དུ་འཁྱིལ་བ་བཏོན་ནས་འཕངས་པས་ཤི་ནས་དམྱལ་བའི་མེ་ནང་དུ་སྐྱེས། ཡང་དགེ་སློང་ཞིག་སྣམ་སྦྱར་ལེགས་པོ་ཞིག་ཡོད་པ་ལ་ཆགས་བཞིན་དུ་ཤི་བས་བྱི་ལ་ཞིག་ཏུ་སྐྱེས། སྣམ་སྦྱར་བར་དུ་བསྡད་སྐད། དེས་ན་བུ་དང་ཆུང་མ་ཟས་གོས་ནོར་རྫས་གང་ལ་ཆགས་རུང་ལུས་ངན་པ་བླངས་ནས་སྡུག་བསྔལ་མྱོང་བས། གང་ལ་ཡང་ཆགས་ཞེན་སྐྱེ་མི་རུང་། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་ཁབ་ལེན་དང་སྲན་ཅན་གཉིས་ཀྱི་ཚེ་གང་པོ་ཚུལ་ཁྲིམས་ལེགས་པར་བསྲུངས་ཀྱང་། འཆི་ཁར་དགྲ་བཅོམ་པ་ཞིག་ལ་ཁོང་ཁྲོ་སྐྱེས་ནས་ཤི་བས་གཉིས་ཀ་དམྱལ་བ་མནར་མེད་དུ་ལྷུང་། སྔོན་སངས་རྒྱས་ཀྱི་དུས་སུ་དགེ་སློང་རྒན་པ་ཞིག་ཉེ་གནས་གཞོན་པ་ཞིག་ཡོད་པ་ལ་དུས་རྒྱུན་དུ་ཚིག་པ་ཟ་ཞིང་། ཁྱད་པར་ཉིན་གཅིག་ཁོང་ཁྲོ་ཆེན་པོ་ལངས་པའི་མཐུས་ལུས་མ་
སྤངས་བར་སྐད་ཅིག་དེ་ཉིད་ལ་སྦྲུལ་ཆེན་པོ་ཞིག་ཏུ་གྱུར། ཁྲི་འོག་ཏུ་མར་བབ་སོང་བསྡད་ནས་ཉེ་གནས་བསྒུགས་ནས་གསོད་གྲབས་བྱས་ཚེ། ཉེ་གནས་གྲྭ་པ་གཞོན་པ་དེས་ཤེས་ནས་བྲོས་སོ། །སྔོན་དགེ་ཚུལ་ཞིག་ཀླུ་རྣམས་ལ་ཁྲོས་ནས་སྨོན་ལམ་ལོག་པ་བཏབ་པས། དེ་མ་ཐག་ཡན་ལག་རྣམས་ནས་ཆུ་འཛག་ནས་ཀླུ་རྣམས་ལ་གནོད་པའི་ཀླུ་མ་རུངས་པ་ཞིག་ཏུ་གྱུར། ཀླུ་གཞན་ལ་ཀླད་པའི་ནད་བཏང་ནས་བསད་དོ། །དེས་ན་རང་གཞན་ཐམས་ཅད་འཕུང་བྱེད་ཁོང་ཁྲོ་འདི་ཡིན་པས། དགྲ་ཡི་རྩ་བར་བཟུང་ནས། ཁོང་ཁྲོ་ནམ་བྱུང་ཡང་དེ་མ་ཐག་པང་དུ་དུག་སྦྲུལ་བྱུང་བ་འདོར་བ་ལྟར། རྒྱང་རིང་དུ་དོར་བར་བྱའོ། །སྔོན་བུད་མེད་སེར་སྣ་ཅན་ཞིག་གིས་མཆོད་སྦྱིན་བྱེད་པ་ཕར་ཞོག །གཡོག་པོ་གཡོག་མོ་ལ་ཡང་ལྟོ་མི་སྟེར་གཡོ་སྒྱུ་བྱས། མོ་རང་གིས་གཡོག་པོ་གཡོག་མོ་དང་ལྷན་དུ་ལྟོ་ཟ་དུས། ལྟོ་ཆེན་བོ་མི་ཟ་བའི་ཁུལ་བྱས། དེ་ཡང་མྱུར་དུ་ཟོས་ལངས་ནས་ལས་ཀ་འདྲ་བྱས་ཏེ། གཡོག་པོ་རྣམས་ལ་ཁྱིམ་བདག་མ་ང་རང་གིས་ཀྱང་ལྟོ་ཆེན་པོ་མི་ཟ་ན་ཁྱེད་གཡོག་པོ་རྣམས་ཀྱིས་ལྟོ་ཆེན་པོ་ག་ལ་ཟ་རུང་། ད་མྱུར་དུ་ཟོ་
ལས་ཀ་ལ་རྒྱུག་ཟེར། ལྟོ་ཆེན་པོ་མི་སྟེར། བྱིན་པ་དེ་ཡང་བག་ཕབ་ནས་ཟ་ཁོམ་མེད་པར་ལས་ཀ་བྱེད་དུ་འཇུག །དེ་རྣམས་གཞན་དུ་སོང་བ་དང་། མོ་རང་གིས་ལྟོ་ཞིམ་པོ་དང་མང་པོ་བཟོས་ནས་ཡག་ཚད་ཟོས་ནས་བསྡད། གཡོག་པོ་རྣམས་ནང་དུ་འོངས་པ་དང་སྔར་རྒྱུན་ལྟར་མི་ཟ་བའི་ཁུལ་བྱས། ཉིན་གཅིག་འབྲི་འཇོ་བའི་སྒང་ལ། བེའུ་བཏགས་ཡོད་པ་ཤོར་ནས་འོ་མ་བསྒྱེལ་ནས་ས་ལ་བོ་བས། མོ་ཚིག་པ་ཟོས། མགོ་ལ་དབྱུག་པ་རྒྱབ་པས་བེའུའི་མིག་ལ་ཕོག་པས་མིག་ཡ་གཅིག་བཅར། དེ་ནས་བུད་མེད་ངན་མ་དེ་ཤི་ནས། སེར་སྣ་བྱས་པའི་རྣམ་སྨིན་གྱིས་ཡི་དྭགས་སྡོང་དུམ་མེས་ཚིག་པ་བཞིན་མདོག་ནག་པ། སྐྲ་གཟེང་རྒྱུ་མ་སྟོང་པ་སྒལ་ཚིག་ལ་འབྱར་བ། རྐང་ལག་ཕྲ་བ་ཞིག་ཏུ་སྐྱེས། སྔོན་བེའུའི་མིག་བཅར་བའི་རྣམ་སྨིན་གྱིས་མིག་ཡ་གཅིག་ཞར་བ། སྔོན་ཁ་ནས་ངས་ཀྱང་ཟས་ཆེན་པོ་མི་ཟ་ཞེས་རྫུན་བྱས་པའི་རྣམ་སྨིན་གྱིས། ཁ་ཁབ་མིག་ལྟར་ཆུང་ཞིང་མགྲིན་པ་རྟ་རྔ་ཙམ་ཕྲ་བ། ལྐོག་ནས་ཟས་མང་པོ་ཟོས་པའི་རྣམ་སྨིན་གྱིས། མགྲིན་པར་ལྦ་བ་ཆེན་པོ་བྱུང་། མགྲིན་པ་ཕྲ་
བས་མགོ་དང་ལྦ་བ་གཉིས་མི་ཐེག་ཅིང་། ལྟོགས་ཤིང་སྐོམས་ནས་སྡུག་བསྔལ་ཆེན་པོ་མྱངས་སྐད། དེས་ན་སེར་སྣ་བྱས་ནས་གཡོག་པོ་གཡོག་མོ་ཚོར་ལྟོ་མ་བྱིན་ན་དེ་འདྲ་ཡོང་བས། འདི་སྐྱེས་ཕོ་མོ་སྤྱི་དང་། ཁྱད་པར་བུད་མེད་རྣམས་ཀྱི་སེམས་ལ་བཞག་འཚལ། སྔོན་ཤཱ་རིའི་བུ་དང་། མོའུ་མགལ་གྱི་བུ་གཉིས་ཁམས་སེང་དུ་མཆིས་པའི་ས་ན། ཡི་དྭགས་མོ་སྔོ་ལ་སྐམ་པ། སྐྲ་འཛིངས་པ། མིག་དམར་ལ་གཡོན་དུ་ཡོ་བ། མཆུ་རིང་ལ་གཡས་སུ་ཡོ་བ། ཁ་ནས་ང་དགོས། མེད་མ་སྦྱིན། སྟེར་ན་ཆེ་བར་འོང་། ཆེས་ཆེར་བྲི་ལ་བྱིན་ཞེས། སྒྲ་རྣམ་པ་ལྔ་བརྗོད་པ། སྐྱི་ཟིང་ངེ་བ་ཞིག་དང་འཕྲང་པས། དེ་སངས་རྒྱས་ལ་ཞུས་པས། བཀའ་བསྩལ་པ། སྔོན་སེར་སྣ་བྱས་པའི་དབང་གིས་ཡི་དྭགས་སུ་སྐྱེས། གཞན་ལ་མིག་གིས་མི་ལེགས་པར་བལྟས་པས་མིག་ཡོ་བ་བྱུང་། སྟེར་ན་ཆེ་བར་འོང་ཞེས་པས་མཆུ་རིང་ལ་ཡོ་བ་བྱུང་། སྔོན་བརྗོད་པའི་བག་ཆགས་ངན་པའི་དབང་གིས་ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་ཡིན་གསུངས། དེས་ན་ཟས་ནོར་གང་ལ་ཡང་སེར་སྣ་བྱེད་མི་རུང་། སྔོན་བུད་མེད་གཅིག་གིས་གཞན་གྱིས་
སྦྱིན་པ་གཏོང་བ་ཞིག་གཏོང་དུ་མ་བཅུག་པར་སྦྱིན་པའི་ཁ་འགེགས་བྱས་པའི་རྣམ་སྨིན་གྱིས། ཤི་ནས་བུད་མེད་ནོར་ཡོད་ཀྱང་དབང་མེད་པ་ཞིག་ཏུ་སྐྱེས་ནས། སྦྱིན་པ་སྣ་གཅིག་གཏོང་རྒྱུའི་སྐལ་པ་མ་བྱུང་། དེས་ན་གཞན་གྱིས་སྦྱིན་པ་གཏོང་བའི་གྲོགས་བྱེད་མ་ནུས་རུང་། སྦྱིན་པའི་ཁ་འགོག་མི་རུང་ངོ་། །སྨྲས་པ། རྣམ་འདྲེན་རྒྱལ་བ་སྟོང་གི་ནང་ནས་ཀྱང་། །པད་དཀར་ལྟ་བུར་བསྔགས་པའི་བཅོམ་ལྡན་འདས། །བདག་གི་སྤྱི་གཙུག་འཁོར་ལོའི་རྒྱ་ན་དུ་བཞུགས། །སྤྱི་བོར་བརྒྱན་ནས་དེ་གསུང་གླུ་རུ་ལེན། །སྔོན་ཚེ་མི་རྣམས་ཚེ་ལོ་བརྒྱ་བའི་དུས། །སྟོན་པ་སངས་རྒྱས་ཞིང་འདིར་བྱོན་པའི་ཚེ། །ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། །བརྒྱ་བྱིན་གྱིས་ཀྱང་དུང་དཀར་གཡས་འཁྱིལ་ཕུལ། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་དགོས་ཞེས། །རབ་ཏུ་གུས་པས་གསོལ་བ་བཏབ་པའི་ངོར། །ཝ་ར་ཎ་སི་བྱ་རྒོད་ཕུང་པོའི་རི། །ཡངས་པ་ཅན་སོགས་རྒྱ་གར་འཕགས་ཡུལ་ན། །ཕྱོགས་བཅུའི་ཞིང་ཀུན་འོད་ཀྱིས་འགེངས་བཞིན་དུ། །ལྷ་མི་ཡོངས་ལ་ཆོས་འཁོར་བསྐོར་བ་རྣམས། །རྒྱས་པར་
ཕྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། །བསྡུ་ན་སྡིག་སྤོང་དགེ་སྒྲུབ་གཉིས་སུ་འདུས། །མི་དགེ་བཅུ་པོ་ཆེན་པོ་བྱས་གྱུར་ན། །དམྱལ་བར་སྐྱེ་ཞིང་འབྲིང་ཙམ་བྱས་པ་རྣམས། །ཡི་དྭགས་སྐྱེ་ཞིང་ཆུང་ངུ་ཙམ་བྱས་པ། །དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་མྱོང་། །གལ་ཏེ་ངན་སོང་གསུམ་གྱི་གནས་ངན་ནས། །ཐར་ནས་མི་ཡི་གནས་སུ་སྐྱེས་ན་ཡང་། །སྲོག་གཅོད་བྱས་པས་ཚེ་ཐུང་ནད་མང་ཞིང་། །མ་བྱིན་བླངས་པས་འབྱོར་བ་ཆུང་བར་འགྱུར། །མི་ཚངས་སྤྱད་པས་ཁྱིམ་ཐབས་ཡིད་མི་འོང་། །རྫུན་ཚིག་སྨྲ་བས་གཞན་གྱིས་སྐུར་བ་འདེབས། །ཕྲ་མ་སྨྲ་བས་གཉེན་བཤེས་འབྱེད་པ་མང་། །ཚིག་རྩུབ་སྨྲ་བས་མི་སྙན་གཏམ་ངན་ཐོས། །ངག་འཁྱལ་སྨྲ་བས་ཚིག་ལ་ཡིད་མི་ཆེས། །བརྣབ་སེམས་བྱས་པས་བསམ་པའི་དོན་མི་འགྲུབ། །གནོད་སེམས་བྱས་པས་དགྲ་དང་འཇིགས་སྐྲག་མང་། །ལོག་ལྟ་བྱས་པས་ལྟ་བ་ངན་པར་འགྱུར། །དེ་ཕྱིར་སྟོན་པ་སངས་རྒྱས་གསུང་བཞིན་དུ། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །མི་
དགེ་སྡིག་པ་བཅུ་པོ་དུག་བཞིན་སྤོངས། །གཞན་ཡང་རང་གཞན་འཕུང་བྱེད་མྱོས་འགྱུར་ཆང་། །སེམས་ཅན་སྲོག་ལ་འཚེ་བའི་སྡིག་ཟས་ཤ། །ཉེས་ཀུན་གཞི་མ་བཀྲ་མི་ཤིས་པའི་རྫས། །སྒོག་བཙོང་ཐ་མ་ཁ་རྣམས་སྤངས་བར་བྱ། །འཁོར་བ་སྤྱི་དང་ཁྱད་པར་ངན་སོང་རྒྱུ། །ཕ་མ་དྲིན་ཅན་རྣམས་ལ་གནོད་ཅིང་འཚེ། །བྲན་གཡོག་སྒོ་ཕྱུགས་རྣམས་ལ་སྡང་བ་དང་། །ཆགས་སྡང་སེར་སྣ་ལ་སོགས་བྱེད་མི་རུང་། །ཐུབ་པའི་དབང་པོའི་གསུང་རབ་དགོངས་དོན་ལྟར། །མི་དགེ་སྡིག་པའི་ལས་རྣམས་སྤོང་བའི་ཚུལ། །ཀུན་གྱིས་ཚིག་དོན་གོ་སླ་ཡིད་ཆེས་ཕྱིར། །གཏམ་རྒྱུད་མང་པོ་སྦྱར་ནས་བཤད་ཟིན་ཏོ། ༈ ད་ནི་ཉི་མའི་གཉེན་གྱི་གསུང་བཞིན་དུ། །རྣམ་དཀར་དགེ་བའི་འཆི་མེད་བདུད་རྩི་དེ། །ངོམ་པ་མེད་པ་ཀུན་གྱིས་འཐུང་བའི་ཚུལ། །འདིར་ནི་གསལ་བར་བཤད་ཀྱི་ལེགས་པར་ཉོན། དེ་ཡང་མཉམ་མེད་བུ་རམ་ཤིང་པས་རྣམ་དཀར་གྱི་དགེ་བ་སྒྲུབ་ཚུལ་གསུངས་པ་རྣམས་འདིར་ཀུན་གྱིས་གོ་སླ་བའི་ཕྱིར་གཏམ་རྒྱུད་དང་སྦྱར་ནས་བཤད་པར་བྱ་སྟེ། སྔོན་རྒན་མོ་ཞིག་གིས་སངས་རྒྱས་བཅོམ་ལྡན་
འདས་ལ་མར་མེ་ཆུང་ངུ་ཞིག་ཕུལ་བས། སངས་རྒྱས་ཀྱིས་རྒན་མོ་དེ་མ་འོངས་པ་ན་སངས་རྒྱས་མར་མེ་འོད་ཅེས་བྱ་བ་དབང་བཅུ་དང་ལྡན་པ་ཞིག་ཏུ་འགྱུར་ཞེས་ལུང་བསྟན་པ་བྱུང་། གཞན་ཡང་མར་མེ་ཕུལ་ན་ཚེ་འདིར་བགེགས་བར་ཆད་ཞི་བ་དང་འཆི་ཁར་ཤེས་པ་གསལ་བ་དང་། བར་དོར་མུན་པ་མི་འཐིབ་པ་དང་། གལ་ཏེ་མུན་པ་འཐིབས་ཀྱང་འོད་སྣང་བྱུང་ནས་བསལ་ནས་ལམ་རྙེད་པ་དང་། སངས་རྒྱས་མ་ཐོབ་བར་དུ་གང་དུ་སྐྱེས་ཀྱང་གཟུགས་བྱད་མཛེས་པ་དང་། མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་པས། དེས་ན་ལྷ་ལ་མར་མེ་འབུལ་བ་ལ་བརྩོན་པར་བྱ། སྔོན་མི་གཅིག་གིས་ཟན་སྣུམ་ཅན་ཞིག་མེ་ཁ་ན་བཞག་པས་སྣུམ་མེ་ནང་དུ་ཐིགས་པ་ལ་རྩེ་མཚར་ལྟ་བུར་ཁ་ནས་བཅོམ་ལྡན་མེ་ལྷ་མཆོད་ཅེས་སྨྲ་བས། མེ་ལྷས་དངོས་གྲུབ་བྱིན་ཏེ། ལོངས་སྤྱོད་དཔག་ཏུ་མེད་པ་བྱུང་བ་དང་། རབ་འཇིགས་ཀྱིས་གསེར་བུམ་པ་གང་རྙེད་དུས། འདིའི་ཐོག་ནས་དཀོན་མཆོག་གསུམ་པོ་ལ་ལན་ཅིག་མཆོད་པ་ཞིག་འབུལ་སྙམ་པའི་བསམ་པ་ལེགས་པོ་ཞིག་སྐྱེས་པ་བྱུང་། ཕྱིས་མཆོད་པ་འབུལ་
རྒྱུ་མ་བྱུང་ཡང་། ལན་ཅིག་བསམ་པ་བཟང་པོ་རེ་སྐྱེས་པའི་མཐུས། ཚེ་རབས་མང་པོར་གསེར་ལ་སོགས་རིན་པོ་ཆེ་ལ་ལོངས་སྤྱད་རྒྱུའི་སྐལ་བ་བྱུང་། དཀོན་མཆོག་མཆོད་ཅེས་ཁ་ནས་འདོན་རྒྱུ་བྱུང་བ་དང་། མཆོད་སྙམ་པའི་བསམ་པ་རེ་སྐྱེས་ན་ཡང་ཕན་ཡོན་དེ་ལྟ་བུ་བྱུང་ན། སྙིང་ཐག་པ་ནས་དཀོན་མཆོག་མཆོད་ན་ཕན་ཡོན་རྒྱ་ཆེན་པོ་འབྱུང་བ་སྨོས་ཅི་དགོས། དེས་ན་འོ་སྐོལ་རྣམས་གྱིས་སྤོས་མར་མེ་ཞལ་ཟས་ལ་སོགས་ཀྱིས་དཀོན་མཆོག་མཆོད་པ་ལ་ཡང་བརྩོན་པར་བྱའོ། །སྔོན་སངས་རྒྱས་གཞན་གྱིས་མི་ཐུབ་པའི་དུས་སུ། དགེ་སློང་ཆོས་སྨྲ་བ་དེས་པ་ཞེས་བྱ་བ་ལ། ཡུལ་དེའི་རྒྱན་པོ་རྒྱལ་བ་པོ་ཞེས་བྱ་བས། གདུགས་དང་མཆིལ་ལྷམ་བླ་གོས་མགྲོན་བུ་ལྔ་ཕུལ་ནས་སྨོན་ལམ་བཏབ། དགེ་སློང་དེས་ཀྱང་ཡོན་བསྔོ་བ་བྱས་ནས། མི་དེ་ཡུལ་དུ་འོང་བས་ཆུའི་ཁྲོན་པའི་ནང་ནས། གསེར་དངུལ་བརྡོལ་ནས། ཆུ་བུམ་ཆེན་པོ་ཞིག་གི་ལྔ་ཙམ་ལེན་རྒྱུ་བྱུང་། དེ་ནས་ཀྱང་མཆོད་སྦྱིན་རྒྱ་ཆེན་པོ་བྱས་པས། ཡུལ་དེའི་རྒྱལ་པོར་གྱུར། དེ་ནས་སྔར་གྱི་དེ་བས་ཀྱང་མཆོད་སྦྱིན་རྒྱ་ཆེན་པོ་བྱས་
པས་ཤི་ནས། གཞན་འཕྲུལ་དབང་བྱེད། འཕྲུལ་དགའ། དགའ་ལྡན། སུམ་ཅུ་རྩ་གསུམ་རྣམས་ཀྱི་རྒྱལ་པོ་བྱེ་བ་ཕྲག་དུ་མར་བྱས། དེ་ནས་མིའི་རྒྱལ་པོ་བསོད་ནམས་ཞེས་བྱ་བ་བཙས་པའི་ཚེ། ལྷའི་རིན་པོ་ཆེའི་ཆར་པུས་མོ་ནུབ་པ་བབ་ཅིང་། དབང་ཆེ་བར་གྲགས་པ། བསམ་པ་ཙམ་གྱིས་དགོས་འདོད་ཐམས་ཅད་ཆར་བཞིན་འབབ་པར་གྱུར། མཐར་རྒྱལ་བ་ཤཱཀྱ་ཐུབ་པར་གྱུར་ཏོ། །སྔོན་ཚེ་དང་ལྡན་པ་ཀ་ཏ་ཡ་ནའི་བུ་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་པ་ལ། བྲམ་ཟེའི་བུ་མོ་སྐྲ་ཅན་གྱིས། མ་ལ་རང་གི་སྐྲ་བཅད་ནས་བཙོང་དུ་བཅུག་ནས། ཀརྴ་པ་ཎི་ལྔ་བརྒྱ་ཁུགས་པས། འཚོ་བ་སྦྱར་ནས་དྲངས་པས། རིང་པོ་མ་ལོན་པར། བུ་མོ་དེ་རྒྱལ་པོ་གཏུམ་པོ་རབ་སྣང་གི་བཙུན་མོར་བླངས། མིང་ལ་བཙུན་མོ་ཞི་བ་ཞེས་བྱ་བར་གྲགས། དཔལ་འབྱོར་ཆེན་པོ་དང་ལྡན་པར་གྱུར། མ་དེ་ལ་རྒྱལ་པོས་གསང་བའི་རྒྱན་ལྔ། ཕྱི་རོལ་གྱི་རྒྱན་བརྒྱད། གྲོང་ཁྱེར་མཆོག་ལྔ་བྱིན་པས་བདེ་ཞིང་སྐྱིད་པར་གྱུར། སྔོན་བྲམ་ཟེ་བཟའ་མི་གཉིས་ཀྱིས། རང་སངས་རྒྱས་ཤིག་ལ་ཆོས་སྟོན་ཞིག་དྲངས་པས། དེའི་བསོད་ནམས་ཀྱིས་ཚེ་དེ་
ཉིད་ལ་ཞིང་གི་སྟེང་དུ་གསེར་གྱི་སྙེ་མ་འཁྲུངས་ནས། ཚེ་གང་པོ་བདེ་སྐྱིད་ཚད་མེད་པ་བྱུང་། སྔོན་བྱིས་པ་གཅིག་གིས་སངས་རྒྱས་ལ་ས་ལག་པ་གང་ཕུལ་བས། འཛམ་གླིང་ཕྱེད་དབང་བའི་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བར་གྱུར། རྒན་མོ་ཅིག་གིས་འཕགས་པ་ཀ་ཏ་ཡ་ན་ལ། ཆུ་ལྷུང་བཟེད་གང་དྲངས་པས། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེས། སྔོན་མ་བཟང་མོ་དང་། བུ་གེ་སར་གཉིས་ལ་རྒྱགས་ཆད་ནས་ཡོད་པའི་སྐབས་ཤིག་དགེ་སློང་བསོད་སྙོམས་པ་ཞིག་བྱུང་བ་ལ་འབྲས་ཕུལ་གང་ཡོད་པ་དེ་འདྲེན་སྙམ་ཟངས་སུ་བཙོས་པས་མང་དུ་འཕེལ་བ་བྱུང་། དེ་དྲངས་པས་བསོད་ནམས་ཆེན་པོ་སྐྱེས་ཏེ། གེ་སར་ཤར་གྱི་ནགས་ཁྲོད་དུ་ཕྱིན་པས་ཅི་བསམ་འགྲུབ་པའི་ལྷ་མ་རྙེད། ནུབ་ཀྱི་ནགས་ཁྲོད་དུ་ཕྱིན་པས་ལྷ་སྨན་གྱི་འཚོ་བའི་གཡང་རྐྱལ་བྱིན་པ་ཁྱེར་འོང་། གཡང་རྐྱལ་ནས་ཟས་ཕུན་སུམ་ཚོགས་པ་བྱུང་བ་མ་ལ་བྱིན། མ་བུ་གཉིས་པོ་སྐྱིད་པོ་བྱུང་། བྲམ་ཟེའི་བུ་མོ་ཞིག་གིས་དགེ་སློང་ཞིག་ལ་ཁབ་ཅིག་ཕུལ་བས་འཕགས་པ་ཤཱ་རིའི་བུར་གྱུར། སྐྱུ་རུ་ར་གཅིག་ཕུལ་བས། སྟོང་
འཁོར་ལོས་བསྒྱུར་རྒྱལ་དང་འགྲན་བའི་ལོངས་སྤྱོད་ཅན་ཞིག་ཏུ་གྱུར། མི་དབུལ་པོ་གཅིག་གིས་གཞན་ཅི་ཡང་མ་འབྱོར་བར་རྡེའུ་སྤར་གང་རིན་པོ་ཆེ་སྣ་ཚོགས་པར་དམིགས་ནས། དགེ་འདུན་པའི་ཚོགས་གྲལ་དུ་གཏོར་བས་ཕྱིས་མིར་སྐྱེས། སྐྱེས་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབས་ནས་ཁྱིམ་གང་བ་དང་། ཡང་མི་དབུལ་པོ་གཉིས་ཀྱིས། གཞན་གྱིས་དགེ་འདུན་པ་མང་པོ་ལ་མང་ཇ་རྒྱག་པའི་ནང་དུ། འོ་མ་མར་གྱི་འབྲེལ་བ་ཅུང་ཟད་རེ་བཞག་པས། ཕྱིས་འོ་མ་དང་མར་ཁུའི་རྒྱ་མཚོ་ལ་ལོངས་སྤྱད་རྒྱུའི་སྐལ་བ་བྱུང་། སྤྲང་པོ་ཞིག་གིས་དགེ་འདུན་པ་མང་པོ་མཐོང་ནས། སྔ་དྲོ་འདི་རྣམས་མཆོད་རྒྱུའི་སྐལ་བ་རེ་བྱུང་ན་ཨང་སྙམ་པས་བསོད་ནམས་ཆེན་པོ་སྐྱེས་ནས། ཕྱི་དྲོ་དཔོན་པོ་ཞིག་གི་ཚབ་བྱེད་རྒྱུ་བྱུང་ནས། བསམ་པའི་ནང་ལྟར་དགེ་འདུན་པ་རྣམས་མཆོད་རྒྱུའི་སྐལ་བ་བྱུང་། དེ་བཞིན་དུ་དགེ་འདུན་པ་རྣམས་ལ་དངོས་པོ་ཅུང་ཟད་རེས་མཆོད་པ་དང་། མཆོད་སྙམ་པ་རེ་བྱུང་ན་ཡང་ཕན་ཡོན་དེ་ལྟ་བུ་བྱུང་བས། སྙིང་ཐག་པ་ནས་དགེ་འདུན་པ་ལ་བསྙེན་བཀུར་བྱས་མཆོད་ན་ཕན་ཡོན་རྒྱ་ཆེན་པོ་འབྱུང་བ་སྨོས་ཅི་དགོས། དེས་
ནའོ་སྐོལ་རྣམས་ཀྱིས་དགེ་འདུན་པ་མང་པོ་ལ་ཇ་ཐུག་དང་འགྱེད་གཏོང་བ་དང་། དེ་འདྲ་མི་ནུས་པ་རྣམས་ཀྱིས་ཀྱང་དགེ་འདུན་པ་བཞི་སྡེ། ཐ་ན་རེ་རེ་ཡན་ཆད་ལ་ཇ་ཕོར་བ་གང་རེ་གཙང་མ་བྱས་འདྲེན་པ་སོགས་ཆེ་འབྱོར་ཆུང་འབྱོར་གྱི་སྒོ་ནས། དགེ་འདུན་པ་རྣམས་མཆོད་བསྟོད་བཀུར་བ་ལ་བརྩོན་པར་བྱའོ། །སྔོན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་དུས། དགེ་སློང་རྣམས་ལ་བཀའ་སྩལ་བ། ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི། ཚངས་པ་དང་། སློབ་དཔོན་དང་། སྦྱིན་པའི་འོས་སུ་གྱུར་པ་དང་། མི་དང་ལྷ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕ་མ་གཉིས་ནི་རིག་པའི་སྒོ་ནས། དེ་དག་དང་འདྲ་བའི་ཕྱིར་རོ་ཞེས་ཚིགས་སུ་བཅད་ནས་བཀའ་བསྩལ་པ། ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་
གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་བཀུར་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་ཆ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པར་མི་འགྱུར་ལ། །ཤི་ན་མཐོ་རིས་འགྲོ་བར་འགྱུར། །གསུངས་པས། དགེ་སློང་རྣམས་ཀྱི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །སྔོན་མཛའ་བོའི་བུ་མོས་ཚོང་བྱས། ཉིན་གཅིག་ཀརྴ་པ་ཎི་བཞི། ཉིན་གཅིག་བརྒྱད། ཉིན་གཅིག་བཅུ་དྲུག །ཉིན་གཅིག་སུམ་ཅུ་རྙེད་པ་མ་ལ་བྱིན་པས། ཚེ་དེར་རྒྱ་མཚོའི་གླིང་དུ་ཕྱིན་ནས། གྲོང་ཁྱེར་ཆེན་པོ་བཞི་ལ་རིམ་བཞིན་སོང་ངོ་། །གྲོང་ཁྱེར་གཅིག་ཏུ་སྔོན་ལ་ཕྱིན་པས་ལྷ་མོ་བཞི་འོངས་ནས་སྔོན་ནས་བསུས་ནང་དུ་བོས་ནས་སོང་མཆོད་དོ། །ཡང་གྲོང་ཁྱེར་གཅིག་ཏུ་ཕྱིན་པས་ལྷ་མོ་བརྒྱད་ཀྱིས་མཆོད། ཡང་གྲོང་ཁྱེར་གཅིག་ཏུ་ཕྱིན་པས་ལྷ་མོ་བཅུ་དྲུག་གིས་མཆོད། ཡང་གྲོང་ཁྱེར་གཅིག་ཏུ་ཕྱིན་པས་ལྷ་མོ་སུམ་ཅུས་མཆོད་ནས། དེ་དག་རྣམས་སུ་ལོ་མང་པོའི་བར་དུ་དགའ་མགུར་སྤྱད་ནས་བདེ་
སྐྱིད་ཚད་མེད་པ་མྱངས་སོ། །དེ་བཞིན་དུ་ཕ་མ་མཆོད་ན། ཚེ་འདིར་ཡང་ལྷ་མིའི་དཔལ་འབྱོར་མང་པོ་ཐོབ་ཅིང་སྙན་པ་དང་གྲགས་པ་ཆེ། ཤི་ན་ཡང་མཐོ་རིས་ལྷ་མིའི་ནང་དུ་སྐྱེས་ནས་བདེ་ཞིང་སྐྱིད་པར་འགྱུར་བས། དེས་ན་འོ་སྐོལ་རྣམས་ཀྱིས་རྒས་པའི་དྲིན་ཅན་གྱི་ཕ་མ་གཉིས་རྟག་ཏུ་ལྷ་བཞིན་བཀུར་ནས་ཟས་ཞིམ་པོ་གོས་འཇམ་ཡང་གཏམ་སྙན་པོའི་སྒོ་ནས་མཆོད་པར་བྱའོ། །སྔོན་བུད་མེད་ཅིག་གིས་ངན་སློང་ཞིག་ལ་ལྟོ་ཞིག་བྱིན་པས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁང་པ་ཞིག་ཏུ་རོ་བརྒྱ་ལྡན་པའི་ཟས་ཟ་བ་ཞིག་ཏུ་སྐྱེས་པ་དང་། སྔོན་རྫི་བོ་གཅིག་གིས་ཟན་ཞིག་ཟོས་པའི་ལྷག་མ་ཅུང་ཞིག་ཡོད་པ་གྲོག་ཚང་ཞིག་ལ་བཏབ་པས། ཡུལ་གྲུ་ཆེན་པོ་ཞིག་གི་རྒྱལ་པོར་སྐྱེས་པ་དང་། བུད་མེད་ཅིག་གིས་ཁྱི་འཁྱམ་ཞིག་ལ་ལྟོ་ཁྲུ་བཤལ་ཞིག་བླུད་པས། ཤི་ནས་མི་ལུས་གླང་གི་མགོ་ཅན་ཞིག་གིས་བུད་མེད་དེ་ཁྲིད་ནས་དམྱལ་བའི་གནས་སུ་འགྲོ་བའི་ལམ་འོག་ནས་མི་ལུས་ཁྱི་མགོ་ཅན་ཞིག་བྱུང་ནས་གླང་མགོ་ཅན་དེ་ལ་འཛིང་རེས་བྱས་པའི་བར་དེར་བུད་མེད་དེ་ལམ་དཀར་པོ་ཞིག་ལ་ཞུགས་ནས་མཐོ་རིས་སུ་སོང་
ངོ་། །གཞན་ཡང་དབུལ་བོ་ལ་ལྟོ་ཟན་ཆང་གཅིག་བྱིན་ཀྱང་མ་འོངས་པ་ན་བརྒྱ་འགྱུར་གྱི་ལོངས་སྤྱོད་འབྱུང་། མྱུར་མོ་བྱས་བྱིན་ན་རང་གི་དོན་གང་ཡིན་ཡང་མྱུར་མོར་འགྲུབ། ཁྱི་སོགས་ཀྱི་འཇིགས་པ་འོང་དུ་མ་བཅུག་ན། ས་གང་དུ་སོང་ཡང་འཇིགས་པ་མི་ཡོང་། རང་གི་ལག་གིས་བྱིན་ན། རང་གི་ལག་ཏུ་ཟས་ནོར་འཇོག་མཁན་མང་པོ་འབྱུང་། དབུལ་པོར་སྦྱིན་པ་བཏང་ན་སངས་རྒྱས་བྱང་སེམས་ཐམས་ཅད་དགྱེས་པས་མཆོད་པའི་མཆོག་ཏུ་འགྱུར། ལྷ་རྣམས་དགའ་ནས་སྲུང་སྐྱོབ་བྱེད། མི་རྣམས་དགའ་ནས་སྙན་པ་དང་གྲགས་པ་ཆེན་པོ་འབྱུང་། དེའི་ཤུགས་ཀྱིས་ནོར་ལོངས་སྤྱོད་གནང་མཁན་དང་འབུལ་མཁན་ཡང་མང་པོ་འབྱུང་། ལྷ་མི་ཐམས་ཅད་ཀྱིས་མཆོད་བསྟོད་བཀུར་ནས་ཚེ་འདིར་ཡང་བདེ་སྐྱིད་སྙན་གསུམ་འབྱུང་། ཕྱི་མར་ལྷ་དང་མིའི་ནང་དུ་སྐྱེས་ན་ཡང་ཕྱུག་པོ་ནོར་ལྡན་གྱི་རིགས་སུ་སྐྱེ། ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འབྱུང་། དེ་དུས་ཀྱང་སྔོན་གྱི་བག་ཆགས་བཟང་པོ་སད་ནས་མཆོད་སྦྱིན་བྱེད་འདོད་འབྱུང་། བྱས་ན་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཀྱང་བདེ་བླག་དུ་འཐོབ་པས། ཆོས་བྱེད་ནུས་ན་
དབུལ་པོར་སྦྱིན་པ་བཏང་བ་འདི་ཁོ་ནས་ཆོག་འདི་ལས་ལྷག་པའི་ཆོས་གཞན་མི་དགོས། དེས་ན་འོ་སྐོལ་རྣམས་ཀྱིས་དབུལ་པོ་ངན་སློང་ལ་སྦྱིན་པ་གཏོང་བ་ཤིན་ཏུ་གལ་ཆེ་བས་ལག་ལེན་ལ་རྒྱུན་དུ་འདེབས་དགོས། སྔོན་དགེ་སློང་གཅིག་གིས་མཆོད་རྟེན་ཞིག་ལ་ཕྱག་ཅིག་ཕུལ་བས། སངས་རྒྱས་ཀྱི་ཞལ་ནས། དགེ་སློང་འདིའི་ལུས་ཀྱིས་ཅི་ཙམ་ནོན་པ་དེ་ཙམ་གྱིས། འདི་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་ན་རྡུལ་ཕྲན་ཅི་ཡོད་ཀྱི་གྲངས་ལས་སྟོང་འགྱུར་གྱིས་སྟོང་འཁོར་ལོས་སྒྱུར་རྒྱལ་གྱི་ལུས་ལེན་ཞེས་གསུངས། སྔོན་ཁྱི་ཞིག་ཕག་གིས་བདས་པས་མཆོད་རྟེན་ཅིག་ལ་བསྐོར་བ་ལན་ཅིག་བྱས་པའི་བསོད་ནམས་ཀྱི་མཐུས། མཐར་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བར་གྱུར་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས། དེ་བཞིན་དུ་ཕྱག་དང་བསྐོར་བ་བྱས་ན་སྡིག་སྒྲིབ་འདག་པ་སོགས་ཕན་ཡོན་གཞན་ཡང་མང་པོ་ཡོད་པས། དེས་ན་སྐུ་གསུང་ཐུགས་རྟེན་ལ་ཕྱག་བསྐོར་བྱེད་པ་ལ་ཡང་བརྩོན་པར་བྱའོ། །སྔོན་བྲམ་ཟེ་ཞིག་གིས་མཆོད་རྟེན་ཞིག་གི་ཁ་དོག་སེར་པོ་བྱས། དྲི་བཟང་གི་ལག་
རིས་སུམ་ཅུ་བྱས་པས། ཕྱིས་སངས་རྒྱས་ཀྱི་དུས་གཅུང་དགའ་བོ་ཞེས་བྱ་བ་སྐུ་ལུས་གསེར་གྱི་མདོག་ལྟ་བུ་མཚན་བཟང་སུམ་ཅུས་བརྒྱན་པ་དེ་བྱུང་། སྔོན་ཕག་ཞིག་ལུས་ལ་འདམ་གྱིས་གོས་པ། མཆོད་རྟེན་ལ་དྲུད་པས་མཆོད་རྟེན་གྱི་གས་ཁ་བསུབས་པས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་སྐྱེས། དེས་ན་མཆོད་རྟེན་རྙིང་བ་ལ་ཞིག་གསོ། སྐུ་དཀར་གསོལ་བ་སོགས་བྱས་ན་ཕན་ཡོན་དེ་དང་དེ་འདྲ་གཞན་ཡང་ཡོད་པས། དེ་སེམས་ལ་བཞག་ནས་བརྩོན་པར་བྱའོ། །སྔོན་མི་གཅིག་གིས་ལམ་འཕྲང་དོག་པོ་ཞིག་ན་ཡར་མར་ལ་འགྲོ་བའི་རྐང་པ་ལ་གནོད་པའི་རྡོ་ཞིག་ཡོད་པ་བཏོན་ནས་འཕངས་པས། ཤི་ནས་གཤིན་རྗེ་ཆོས་རྒྱལ་གྱིས་ཡར་བཏང་བས། མི་ཡུལ་དུ་ལོག་མ་ཎི་ཡི་གེ་དྲུག་མ་བགྲངས་པས། སངས་རྒྱས་ཀྱི་ཞིང་ཁམས་ཤིག་ཏུ་སྐྱེས་སྐད། གཞན་ཡང་གྲུ་ཟམ་དང་ལམ་ངན་བཅོས་ན། ཚེ་ལ་བར་ཆད་མེད་པ་དང་། ཚེ་གེགས་འདྲ་བྱུང་བ་རྣམས་ཀྱང་གྲོལ་བས་སྐུ་རིམ་གྱི་མཆོག་ཏུ་འགྱུར། ཕྱི་མར་བར་དོའི་འཕྲང་ལ་བགྲོད་མི་དགོས། བདེ་བའི་ལམ་ལ་ཞུགས་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། ས་ལམ་
རིམ་གྱིས་བསྒྲལ་ནས། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སྐལ་བ་ཡོད་པས། དེས་ན་གྲུ་ཟམ་དང་ལམ་ངན་པ་བཅོས་པ་ལ་ཡང་བརྩོན་པར་བྱའོ། །སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། བྲམ་ཟེ་ཞིག་གིས་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ནས་བསྲུངས་པས། མི་ཡི་རྒྱལ་པོར་སྐྱེས། རྒྱལ་པོ་དེས་ཀྱང་བསྙེན་གནས་བསྲུངས་པས་ལྷར་སྐྱེས། ལྷ་དེས་ཀྱང་སངས་རྒྱས་ཀྱི་དྲུང་ནས་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ཏེ། ཆོས་ཉན་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ། སྔོན་གྲོང་དཔོན་ཞིག་གིས་སྲོག་གཅོད་ཀྱི་སྡོམ་པ་ཉིན་གཅིག་ཙམ་བསྲུངས་པས། མཐར་སངས་རྒྱས་ཕན་བཞེད་ཞེས་བྱ་བར་སངས་རྒྱས། སྔོན་བུད་མེད་ཅིག་གིས་རང་གི་ཁྱོ་ག་ཚོང་དུ་སོང་ཤུལ་ནས་སྐྱེས་པ་གཞན་ཞིག་བཙལ་བས། བུས་ངས་ཕ་ཡོངས་ན་བཤད་བྱས་པས། མ་ཚིག་པ་ཟོས་ནས་བུ་ལ་རྐང་ཐོ་བརྒྱབ་པས་བུ་ཤི་བ་བྱུང་། དེ་ནས་ཁྱོ་ག་འོངས་བས་ཤེས་ནས་དགུང་མོ་སང་གི་ད་ཙམ་ཁྱོད་ལ་ངས་སྟེར་རོ་བྱས་པས། བུད་མེད་འཇིགས་ནས་དགུང་མོ་ཆང་ལ་དུག་བཏབ་
ནས་བྱིན་པས། ཚོང་པ་དཔོན་གཡོག་བཅུ་ལྷག་ཅིག་སྡེབས་གཅིག་ལ་ཤི་བ་བྱུང་། དེ་ནས་བུད་མེད་རྒས་ནས་འགྱོད་པ་དྲག་པོ་བྱུང་། བླ་མ་ཞིག་ལ་ཞུས་པས། བླ་མ་དེས་རྒན་མོ་ལ་སྨྱུང་གནས་སྲུང་དུ་བཅུག་པས། སྡིག་སྒྲིབ་ཀྱི་དབང་གིས་ཉིན་གཅིག་ལྟོགས་ནས་ཟས་ཟོས། ཉིན་གཅིག་སྐོམས་ནས་ཆང་འཐུང་། ཉིན་གཅིག་ལེགས་པར་བསྲུངས་པས་རྗེས་སུ་ཤི་ནས། སྨྱུང་གནས་ལན་གཅིག་བསྲུངས་པའི་མཐུས་སྡིག་སྒྲིབ་དེ་ཀུན་དག་ནས། རྒྱལ་པོ་ཞིག་གི་བུར་སྐྱེས། དེའི་ཚེ་སྔོན་སྨྱུང་གནས་བསྲུངས་དུས་ལྟོ་ཟོས་པས་མདོག་མི་སྡུག་པར་གྱུར། ཆང་འཐུངས་པས་སྨྱོན་པ་བཞིན་ཤེས་པ་མཐོ་དམན་ཅན་ཞིག་བྱུང་སྐད། དེས་ན་བསྙེན་གནས་དང་། སྨྱུང་གནས་ལན་རེ་ཙམ་བསྲུངས་ན་སྡིག་པ་དག་ཅིང་ལྷ་དང་མིའི་ནང་གི་དྲག་ཤོས་སུ་སྐྱེས་ནས་མཐར་སངས་ཡང་རྒྱ་བས། དེས་ན་ཁྱིམ་པ་ཕོ་མོ་སོགས་ཀྱིས་ཚེགས་ཆུང་དོན་ཆེ་བའི་བསྙེན་གནས་དང་སྨྱུང་གནས་བསྲུང་བ་ལ་ཡང་བརྩོན་པར་མཛོད་ཅིག །སྔོན་ར་ཛ་ཞེས་བྱ་བ། ལས་ཀ་སྐྱབས་འགྲོ། ནོར་དུ་དད་པ། ཟས་སུ་བསོད་སྙོམས་བྱེད་པ་ཞིག་བོད་ཕྱོགས་མདོ་
ཁམས་ཡུལ་དུ་ཕྱིན་པས། ཁྱིམ་བདག་གཅིག་ལ་ཟས་བསླངས་པས། མར་ཟན་ཅིག་བྱིན་པ་ཁྱེར་ནས་ཕྱིན་པ་ན། ཁྱི་རྒད་པོ་སྟོབས་མེད་པ་ཞིག་ལམ་ཀའི་བཞི་མདོ་ན་ཉལ་བ་མཐོང་ནས། འདི་མི་ཟས་ལ་བསྟེན་དགོས་པས་ཟ་རྒྱུ་མེད་པ་སྙིང་རྗེ་སྙམ། ཟན་དེ་ཁྱི་ལ་བྱིན་ནས་ཁང་བཟང་ཞིག་ཏུ་ཕྱིན་པས། མི་མང་པོ་ཤི་བ་མཐོང་ནས། རྟོགས་ལྡན་ཨ་ཙ་ར་གསུམ་ཁྲིད་ནས་ཡོང་། བཞི་པོ་དེར་བསྡད་པས་སྲོད་ལ་གདོན་མིག་མང་པོ་ཅན་ཞིག་མངོན་སུམ་དུ་འོངས་ཕུ་བརྒྱབ་ནས་མར་མེ་བསད་པས། རྟོགས་ལྡན་རྣམས་ཀྱིས་གཏོར་རྒྱག་བྱས་ཀྱང་མ་ཐུབ་པར་ཚུར་རྟོགས་ལྡན་ཨ་ཙ་ར་གསུམ་པོ་དུས་གཅིག་ལ་བསད་དོ། །ར་ཛ་ལ་ཁྱོད་བློ་དཀོན་མཆོག་ལ་གཏོད་ངེས་པས་མི་གསོད་ཟས་ཟོ་ཟེར་གདོན་དེ་སོང་། དེའི་ཕྱི་ཉིན་དགེ་སློང་བགྲེས་པོ་ཞིག་ཁྲིད་ནས་འོངས་དེར་བསྡད་པས། སྲོད་ལ་གདོན་བྱུང་ནས་མར་མེ་ལ་ཕུ་བརྒྱབ་པས་གསོད་མ་ནུས། དགེ་སློང་བགྲེས་པོས་སེ་གོལ་ཞིག་གཏོགས་པས། མིག་མང་དེ་གན་རྐྱལ་དུ་འགྱེལ་བ་བྱུང་། དེ་ནས་དམ་ལ་བཏགས་སོ། །སྔོན་རྒྱ་གར་ཤར་
ཕྱོགས་ཀ་མ་རུ་བའི་བྱང་ཕྱོགས་ལ་འོ་བར་བ་ཏ་ཞེས་བྱ་བ་ན། གནོད་སྦྱིན་ཨ་ལང་འབར་ཞེས་བྱ་བས་ཞག་རེ་ལ་མི་རེ་ཁྱེར་ནས་ཟ་བ་ལ། ཞག་གཅིག་བྲམ་ཟེའི་བུ་མོ་དགེ་བསྙེན་བདེ་མ་ཞེས་བྱ་བ་ཞིག་ལ་ཟ་རེས་བབས་ནས། དགེ་བསྙེན་བདེ་མ་ལོང་ཁྲིད་དང་འཁར་བ་ལ་བརྟེན་པ་དེས། ལྷ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཀྱིན་འཁོར་ཞིང་ཁྲོལ་ཁྲོལ་གནོད་སྦྱིན་གྱི་རྩར་ཕྱིན་པས། གནོད་སྦྱིན་དེས་མེ་དཔུང་ཆེན་པོ་ཞིག་ཏུ་མཐོང་ནས་ཟ་བར་མ་ནུས་སོ། །ཡང་རྒྱ་གར་ཤར་ཕྱོགས་ན། དགེ་སློང་ཞིག་སྐྱབས་འགྲོ་བྱེད་ཅིང་ཡོད་པ་ལ། གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་དགེ་སློང་དེ་ཟ་བསམས་ནས་ཕྱིན་པས། དགེ་སློང་གི་རྩར་སླེབས་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་མཐོང་ནས་ཕྱག་བསྐོར་བྱས་སོ། །ཡང་དགེ་སློང་བགྲེས་གཞོན་གསུམ་ལམ་དུ་སོང་བས། བགྲེས་པ་དེས་སྐྱབས་འགྲོ་བྱེད་ཀྱིན་ཕྱིན། གཞོན་པ་གཉིས་ཀྱིས་ལོང་གཏམ་མང་པོ་ལབ་ཀྱིན་སོང་བས། ཇག་པ་མང་པོ་ཕྲད་པས། ཇག་པ་རྣམས་ན་རེ། དགེ་སློང་བགྲེས་པོ་འདི་ཆོས་པར་འདུག་པས་ཐོངས། གཞོན་པ་གཉིས་མི་ནག་སྐྱ་བོ་
དང་ཁྱད་མི་འདུག་པས་ཁྱིགས་ཤིག་ཟེར། བཤའ་ལུག་བཞིན་དུ་བཀྱིགས། སྒོག་པ་བཞིན་དུ་བཤུས། སྙེ་ཕུང་བཞིན་དུ་བརྡུངས། རྐུས་ནོར་བཞིན་དུ་གྲོགས་ཕུག་ཞིག་དུ་སྦས་སོ། །དེ་བཞིན་དུ་སྐྱབས་འགྲོ་བྱས་ན་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་དང་། གཞན་ཡང་སྡིག་སྒྲིབ་འདག་པ། ཉམས་རྟོགས་འཆར་བ། མྱུར་དུ་འཚང་རྒྱ་བ་སོགས་ཕན་ཡོན་གཞན་ཡང་མང་པོ་ཡོང་བས། ནངས་ནུབ་ཀུན་ཏུ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ལ་བརྩོན་པར་བྱའོ། །སྔོན་བྷཾ་ག་ལའི་བུད་མེད་ཞིག་གི་ཁྱོ་བོ་ཤི་ནས་ཡི་དྭགས་ཤིག་ཏུ་སྐྱེས། རྟག་ཏུ་ནང་དུ་འོང་བ་ལ། ཡུལ་དབུས་ཀྱི་ཚོང་དཔོན་ཞིག་དེར་འོངས་ནས། སྤྱན་རས་གཟིགས་ཀྱི་སྒོམ་བཟླས་བྱེད་ཀྱིན་བསྡད་པས་ཡི་དྭགས་དེ་ནང་དུ་འོང་མ་ནུས་པས། བུད་མེད་དེས་ཚོང་དཔོན་ལ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཞུས་ནས་ཉམས་སུ་བླངས་པས། དེ་ནས་བཟུང་སྟེ་ཡི་དྭགས་དེ་མ་འོང་། བུད་མེད་དེ་ཡང་མཐར་གྲུབ་པ་ཐོབ་པ་བྱུང་། ཡང་ཕྱི་རོལ་བ་མུ་སྟེགས་པ་ཞིག་ལ་མཛེ་བྱུང་ནས། ནང་པ་དང་མཐུན་པའི་བསོད་ནམས་བསགས་སྐྱབས་
འགྲོ་དང་བཤགས་པ་བྱས། མ་ཎི་ཡི་གེ་དྲུག་མ་ཚད་མེད་པ་བཞི་དང་སྦྱར་ནས་བཟླས་པས་མཛེ་ནད་ལས་གྲོལ་ནས་ལུས་སྔར་བཞིན་དུ་གྱུར། ད་དུང་ཡང་དེ་བཞིན་དུ་དཀའ་ཐུབ་ཆེན་པོས་སྒྲུབ་པ་རྩེ་གཅིག་ཏུ་བྱས་པས་གྲུབ་པ་ཐོབ་སྟེ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཞེས་གྲགས་སོ། །སྔོན་རྒྱ་གར་ལྷོ་ཕྱོགས་སུ་བསྟན་པ་དར་བའི་ཚེ། གྲོང་ཁྱེར་ཆེན་པོ་ཞིག་ན། ཚོང་དཔོན་གྱི་བུ་སུ་ཁ་དེ་བ་ཞེས་བྱ་བ་ཞིག་ཡོད་པ་དེས། པཎྜི་ཏ་ཞིག་ལ་མ་ཎི་ཡི་གེ་དྲུག་པ་ཞུས་ནས། བུད་མེད་ཀྱི་གཡོག་བྱས་ནས་ལོ་བཅུ་གཉིས་བསྒྲུབས་པའི་རྨི་ལམ་དུ་འཕགས་པའི་ཞལ་གཟིགས་ཏེ་པོ་ཏ་ལར་འདོང་གསུང་ངོ་། །བདག་འགྲོ་སྟེ་སློབ་དཔོན་ལ་འདྲི་དགོས་ཞེས་ཞུས་ནས་གཉིད་སད་པ་དང་། སློབ་དཔོན་དང་གཡོག་ལ་དྲིས་པས། དེ་ངེད་གཉིས་ཀྱིས་ཀྱང་དྲིན་ཡིན་པས། ངེད་གཉིས་ཀྱང་འཁྲིད་དགོས་བྱས་པས། ཡང་སྒྲུབ་པ་ཡུན་རིང་བྱས་པས། འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་བྱོན་ནས། དཔོན་གཡོག་གསུམ་ག་པོ་ཏ་ལའི་ཞིང་ཁམས་སུ་འཁྲིད་དུས། སུ་ཁ་དེ་བས་ཁ་ཕྱིར་ཕྱོགས་ནས་སྨྲས་པ། ལྟོས་ཤིག་སྔགས་
ཀྱི་ནུས་པ་དག །ཆེ་བ་ཚང་ཡང་གྲུབ་པ་ཐོབ། །བྱ་བ་ཐམས་ཅད་ཡོངས་སྤོངས་ལ། །སྔགས་ཀྱི་བྱ་བ་སྒྲུབ་པར་གྱིས། །གསུངས་ནས་པོ་ཏ་ལར་གཤེགས་སོ། །སྔོན་རྒྱ་གར་ལྷོ་ཕྱོགས་སུ་བསྟན་པ་དར་བའི་ཚེ། གཙུག་ལག་ཁང་ཆེན་པོ་ཞིག་ན། པཎྜི་ཏ་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་ཞིག་ཉིན་རེ་བཞིན་དུ་སྔ་དྲོ་པོ་ཏ་ལར་གཤེགས་ནས་ཐུགས་རྗེ་ཆེན་པོ་ལ་ཆོས་གསན་པས། དེ་ལ་གཡོག་དགེ་བསྙེན་ཅིག་ཡོད་པས། ང་ཡང་ལན་ཅིག་འཁྲིད་དགོས་ཞུས་པས། ངས་འཕགས་པ་ལ་ཞུ་གསུངས། དེའི་ཕྱིར་ཉིན་ཕེབས་ནས་འཕགས་པ་སྤྱན་རས་གཟིགས་ལ། ངའི་ཉེ་གནས་དགེ་བསྙེན་དེ་ཁྲིད་ཡོང་ན་ཆོག་གམ་ཞུས་པས། འཕགས་པའི་ཞལ་ནས། དགེ་བསྙེན་དེས་ལས་ངན་ཆེན་པོ་བྱས་པས་ད་མྱུར་དུ་དམྱལ་བར་སྐྱེ་བས། ང་དང་མཇལ་བའི་སྐལ་བ་མེད་གསུངས། ལས་ངན་པ་ཅི་བྱས་ཞུས་པས། ཁྱེད་རང་གི་གཙུག་ལག་ཁང་གི་བརྒྱད་སྟོང་པ་དངུལ་གྱི་གླེགས་བམ་ལ་གསེར་གྱིས་བྲིས་པའི་ཤོག་བུ་གཉིས་བརྐུས་ནས་གཟུགས་མཆོག་མ་ལ་བྱིན་གསུངས། དེ་ནས་ཕྱིར་ཕེབས་འཕགས་པའི་
གསུང་དེ་དགེ་བསྙེན་ལ་བཤད་པས་ཁོ་ཤིན་ཏུ་ངོ་ཚ་དམྱལ་བར་སྐྱེ་བར་འཇིགས་ནས་ངུས་ཏེ། བདག་ལས་ངན་འདི་ལས་ཐར་བའི་ཐབས་ཤིག་ཐུགས་རྗེས་གཟུང་དུ་གསོལ་ཞེས་ཞུས་པས། ཡི་གེ་དྲུག་པའི་སྒོམ་བཟླས་རྫོགས་པར་གནང་ནས། ལྷོ་ཕྱོགས་དཔལ་གྱི་རིའི་ནགས་གསེབ་ཞིག་ཏུ་སྡོང་པོ་ཞིག་གི་ཁོག་པར་བསྡད་པས། ཤིང་དེའི་པགས་པ་ཟ་ཞིང་ལོ་བཅུ་གཉིས་བར་དུ་བསྒྲུབས་པས་གྲུབ་པ་ཐོབ། ཀླུའི་དབང་པོ་ནོར་རྒྱས་ཀྱིས་འཚོ་བ་སྦྱར་བ་བཞེས་སོ། །དེ་ནས་བཟུང་སྟེ་འཇིག་རྟེན་དུ་ཀ་མ་ལ་གོ་མི་ཞེས་བྱ་བའི་གྲུབ་ཐོབ་ཆེན་པོར་གྲགས་སོ། །སྔོན་སློབ་དཔོན་དགའ་རབ་རྡོ་རྗེས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ལན་གཅིག་ཙམ་མ་གཏོགས་བགྲངས་མ་དགོས་པར་སྐད་ཅིག་དེ་ཉིད་ལ་སངས་རྒྱས་སོ། །དེ་བཞིན་དུ་སྤྱན་རས་གཟིགས་དབང་ཕྱུག་གི་སྒོམ་བཟླས་བྱས་ན་ཕན་ཡོན་དེ་དང་དེ་འདྲ་གཞན་ཡང་མང་པོ་ཡོད་པས། ལོ་རྒྱུས་དེ་རྣམས་ལ་ཡིད་ཆེས་པར་བྱས་ནས། བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་འདི་ཀུན་གྱི་ལྷག་པའི་ལྷ་རུ་བསྟེན་ཅིང་། ཆོས་ཐམས་ཅད་ཀྱི་སྙིང་པོ་མ་ཎི་ཡི་གེ་དྲུག་མ་ཆུ་བོའི་རྒྱུན་བཞིན་དུ་བགྲང་
བ་ལ་བརྩོན་པ་གཅེས་སོ། །སྔོན་རྗེ་ན་རོ་བས། བདེ་མཆོག་ཡི་གེ་བདུན་པའི་བསྙེན་པ་འབུམ་ཕྲག་ཞིག་བཟླས་པས། ས་གཡོས་ཤིང་ལུང་བསྟན་ཐོབ་པ་བྱུང་། སྔོན་སློབ་དཔོན་ཟླ་གྲགས་སྐུ་འཚགས་པའི་ཚེ། རྒན་མོ་གཅིག་གི་བུ་མོ་བག་མར་གཏོང་བའི་ཕྱིར་ནོར་བསླངས་པས། སློབ་དཔོན་ལ་ན་བཟའ་དང་ཆོས་པོ་ཏི་གཅིག་མ་གཏོགས་གཞན་ཅི་ཡང་མེད་པས། རྒན་མོ་སེམས་མ་དགའ་ནས་ངུས་པས་སློབ་དཔོན་གྱིས་སྙིང་རྗེ་ནས། རྩིག་ལོགས་ལ་སྒྲོལ་མ་རྒྱན་དང་བཅས་པ་གཅིག་བྲིས་ནས་བསྟོད་པ་མཛད་པས། ཞབས་ཀྱི་གདུ་བུའི་ནོར་བུ་རིན་པོ་ཆེ་བརྒྱད་སྟོང་རི་བ་ཞིག་གོག་ནས་བྱུང་བ་དེ་རྒན་མོ་ལ་བྱིན་པས་ཚིམ་པར་མཛད་དོ། །དེས་ན་ཡི་དམ་ལྷའི་སྒོམ་བཟླས་དང་། སྒྲོལ་མ་ཁ་འདོན་བྱའོ། །སྔོན་རྒྱལ་པོ་གཅིག་གི་བཙུན་མོ་རྣམས་ཀྱིས་སྐྱེད་ཚལ་ན་གླུ་ལེན་བྲོ་རྡུང་བཞིན་ཡོད་པས། མི་གཅིག་གི་རམ་པ་འཐག་པའི་སྒྲས་གླུ་བྲོ་མི་སྙན་པར་བྱས་སོ་བྱས་བློན་པོ་འགའ་རེས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་མི་དེ་སོད་ཅིག་གསུངས་པ། བློན་པོ་མཆོག་གཅིག་གིས་གསོད་པའི་ཉེས་པ་
མེད་དོ་ཞུས་པས། འོ་ན་མ་གསོད་གསུངས་ནས། མ་བསད་པར་མི་དེ་ཚེ་ཐར་བ་བྱུང་། མི་ཚེ་ཐར་དུ་བཏང་བའི་བསོད་ནམས་ཀྱིས། བློན་པོ་དེ་ཚེ་འཕོས་ནས། རྒྱལ་པོ་མ་སྐྱེས་དགྲའི་བློན་པོ་བཙན་ཕྱུག་འཛོམ་པ་ཞིག་གི་བུ་གང་གྷ་དར་ཞེས་བྱ་བར་གྱུར་ཏོ། །ལོ་བཅུ་དྲུག་ལོན་ནས་རབ་ཏུ་བྱུང་སྙམ་པར་ཕ་མས་བྱེད་དུ་མ་བཅུག་ཚེ། ད་ནི་ཤི་ནས་དབུལ་པོ་ཞིག་གི་བུར་སྐྱེས་ནས་རབ་ཏུ་བྱུང་ནས་ཆོས་བྱ་དགོས་སྙམ། བྲག་མཐོན་པོ་ཞིག་གི་ཁ་ནས་མཆོངས་པས་འཆི་མ་འདོད། ཡང་ཆུ་ཆེན་པོ་ཞིག་ལ་མཆོངས་པས་ཀྱང་མ་ཤི། ཡང་རྒྱལ་པོའི་ཆད་པ་བཅད་ནས་གསོད་དུ་འཇུག་སྙམ། བཙུན་མོ་རྣམས་ཀྱི་རྒྱན་གོས་ཕུད་ནས་ཁྲུས་བྱེད་དུས་ཁྱེར་ནས་བྲོས་པས། རྒྱལ་པོ་མ་སྐྱེས་དགྲས་མདའ་ལན་གསུམ་འཕངས་པས་འགྲོར་མ་འདོད་པས། ཁྱོད་ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་ཆེན་པོ་འཇིག་རྟེན་སྐྱོང་བ་སུ་ཞིག་གི་བུ་ཡིན་དྲིས་པས། གང་གྷ་དར་ན་རེ། ང་ནི་ལྷ་ཀླུ་གནོད་སྦྱིན་གང་གི་བུ་མ་ཡིན། ཁྱེད་ཀྱི་བློན་པོ་ཞིག་གི་བུ་ཡིན་ཏེ། འཁོར་དང་ལོངས་སྤྱོད་འདུ་འཛི་ཆེ་བས་རབ་ཏུ་བྱུང་བའི་སྐལ་བ་མ་མཆིས་པས། ཤི་ནས་མི་དབུལ་པོ་ཞིག་གི་
ལུས་བླངས་ནས་རབ་ཏུ་བྱུང་ནས་བྱང་ཆུབ་སྒྲུབ་སྙམ། བྲག་གཡང་ཆུ་ལ་མཆོངས་ཀྱང་འཆི་མ་འདོད། རྒྱལ་པོའི་ཆད་པ་ཕོག་པའི་ལས་བྱས་ན་ཡང་རྒྱལ་པོས་ཀྱང་བདག་གསོད་མ་ཐུབ་པས། ད་ནི་རྒྱལ་པོས་བདག་རབ་ཏུ་བྱུང་བར་ཞུ་ཞུས་པས། རྒྱལ་པོ་མ་སྐྱེས་དགྲ་ངོ་མཚར་དགའ་མགུ་ཡི་རང་སྟེ། སངས་རྒྱས་ཀྱི་དྲུང་དུ་ཁྲིད་ནས་རབ་ཏུ་བྱུང་། བདེན་བཞིའི་ཆོས་བསྟན་པས། སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་མི་དང་དུད་འགྲོ་སོགས་སེམས་ཅན་གཞན་གྱི་སྲོག་བསྐྱབས་ན་ཤི་ན་མཐོ་རིས་སུ་སྐྱེ་ཞིང་། སྐྱེ་བ་དེར་ཚེ་ལ་བར་ཆད་མེད་པར་ཚེ་རིང་ནད་མེད་པ་དེ་ལྟ་བུར་འགྱུར་བས། དེས་ན་ཚེ་ཐར་སྲོག་བླུ་བྱེད་པ་ལ་འབད་བར་བྱའོ། །སྔོན་རྒྱལ་པོ་ཆེན་པོ་གཉིས་ཀྱིས་སྐྱེས་ཕར་བསྐྱེལ་ཚུར་བསྐྱེལ་བྱས་ནས་མཛའ་མོ་ཡོད་པས། ཉིན་གཅིག་རྒྱལ་པོ་གཉིས་ལྷན་ཅིག་ཏུ་འཛོམ། རྒྱལ་པོ་གཅིག་གིས་ཁྱད་ནོར་ངོ་མཚར་བ་མང་པོ་བསྟན་ནས། རྒྱལ་པོ་གཞན་དེ་ལ། ཁྱེད་ལ་ངེད་ལ་མེད་པའི་ཁྱད་ནོར་ངོ་མཚར་བ་ཅི་ཡོད་དྲིས་པས། རྒྱལ་པོ་དེ་ན་རེ།
ང་ལ་ཁྱད་ནོར་ངོ་མཚར་བ་ཆེར་མེད་དེ། རྟ་རྫི་ངོ་མཚར་བ་ཞིག་ཡོད་སྨྲས་པས། འོ་ན་རྟ་རྫི་ལ་ངོ་མཚར་བའི་ཡོན་ཏན་ཅི་ཡོད་དྲིས་པས། སྙིགས་དུས་འདིར་རྒྱལ་བློན་ཡིན་ཡང་རྫུན་མི་སྨྲ་བ་དཀོན་ཀྱང་། རྟ་རྫི་ཁོ་ཚེ་གང་པོ་རྫུན་གཅིག་ཙམ་མི་སྨྲ་བས་ངོ་མཚར་ཆེ་འམ་སྙམ་སྨྲས་བས། རྒྱལ་པོ་དེ་ན་རེ། ངས་རྫུན་སྨྲ་རུ་འཇུག་ནུས་ཟེར། དེ་མི་ནུས་སྨྲས་པས། རྒྱལ་པོ་གཉིས་ཀྱི་རྒྱལ་སའི་ཕྱེད་རྒྱན་དུ་བཙུགས་ནས། རྒྱལ་པོ་དེའི་བུ་མོ་ན་ཆུང་མཛེས་མ་ཞིག་རྟ་རྫི་ཡོད་སར་བཏང་ནས། བཟའ་མི་བྱས་མཐུན་པར་ཡོད་ཐོག་ལ་བུད་མེད་དེས་ནད་རྫུ་བྱས། རྟ་རྫིས་ནད་ལ་ཅི་ཕན་དྲིས་པས། གཞན་ཕན་མེད། ནུས་ན་རྒྱལ་པོའི་ཅང་ཤེས་ཀྱི་རྟ་བསད་ནས་སྙིང་ཁྲག་ང་ལ་སྟེར་རྒྱུ་བྱུང་ན་ཕན་སྨྲས་པས། རྟ་རྫིས་དེ་མི་ནུས་བྱས། བུ་མོས་ནད་ཆེར་སོང་འཆི་ལ་ཉེ་བ་ལྟར་བྱས་བས། ཁོའི་སེམས་ཀྱིས་མ་བཟོད་བར་དགོང་གཅིག་ཅང་ཤེས་རྟ་དེ་གསོད་སྙམ་སྟ་རེ་ཁྱེར་ནས་རྩར་སོང་བས་རྟས་ཤེས་ནས་བྲོས་སོ། །དེའི་ཕྱི་དགོང་སོང་བས་ཀྱང་རྟས་ཤེས་ནས་བྲོས། དེའི་ཕྱི་ཉིན་གྱི་དགོང་མོ་ཡང་སོང་ཚེ། ཅང་ཤེས་ཀྱི་རྟའི་བསམ་པ་ལ། རྟ་རྫི་
འདིས་རྒྱུན་དུ་རྩྭ་ཆུ་བྱིན་པས་དྲིན་ཅན་ཡིན། སྙིང་རེ་རྗེ། ད་ཁོ་ལ་ཕན་ན་ང་བསད་ཀྱང་རུང་སྙམ་མ་བྲོས་པར་མགོ་བསྟན་ནས་བསྡད་པས། རྟ་རྫིས་ཀྱང་གསོད་མ་ནུས་རུང་། འདོད་པས་གདུངས་ནས་བུད་མེད་ཀྱི་དབང་དུ་སོང་བའི་མཐུས་རྟ་ཅང་ཤེས་ཀྱི་མགོ་ལ་སྟ་རེ་རྒྱབ་ནས་བསད། སྙིང་ཁྲག་བླངས་ནས་བྱིན་པས། བུ་མོ་དེས་ནད་དྲག་པའི་ཁུལ་བྱས། ཞག་གཅིག་གི་འཕྲོ་ལ་ཅང་ཤེས་ཀྱི་རྟ་ཡི་མགོ་དང་རྔོག་མ་སོགས་རྟ་བསད་པའི་རྟགས་སྟོན་རྒྱུ་རྣམས་ཁྱེར་ནས། རྒྱལ་པོའི་རྩར་བྲོས་སོང་ངོ་། །དེ་ནས་རྟ་རྫིའི་བསམ་པ་ལ། ངས་ཚེ་འདི་ལ་རྫུན་སྔར་མ་སྨྲས་ད་ནི་རྒྱལ་པོ་ལ་རྫུན་སྨྲས་ན་ཡོང་ངམ་མི་ཡོང་སྙམ་ཐེ་ཚོམ་བྱུང་ནས། ཐོ་ཞིག་བརྩིགས་ནས། ངས་རྫུན་སྨྲ་བ་བཟང་ན། ཞུ་དུས་ཐོ་མི་འཇིག་པར་ཤོག །མི་བཟང་ན་འཇིག་པར་ཤོག་ཅེས་བརྗོད་ནས། ཐོ་དེ་རྒྱལ་པོ་ཡིན་པའི་ཁུལ་བྱས་དྲུང་དུ་སོང་། རྒྱལ་པོས་དྲི་བ་ལྟར་བྱས་ཏེ། རྟ་རྣམས་བདེའམ་བྱ། དེའི་ལན་དུ་བདེ་ལགས་ཞུས་པས། ཐོ་ཅུང་ཞིག་འཁྲུགས་སོ། །དེ་ནས་ཡང་རྒྱལ་པོས་ཁྱད་པར་ཅང་ཤེས་ད་ལྟ་བདེ་བར་ཡོད་དམ་
ཞེས་དྲིས་པ་ལྟར་བྱས། དེའི་ལན་དུ་བདེ་བར་ཡོད་ལགས་ཞུས་པས། ཐོ་འགྱེལ་ལོ། །ཡང་བརྩིགས་ནས་རྒྱལ་པོས་དྲི་བ་ལྟར་བྱས། རྟ་སྤྱི་བདེའམ་བྱས། ལན་དུ་བདེ་རྒྱུ་ཆེར་མ་བྱུང་ལགས་ཞུས་པས། ཐོ་མ་འཁྲུགས། ཁྱད་པར་ཅང་ཤེས་བདེ་བར་གནས་ཡོད་དམ་བྱས། ལན་དུ་རྟ་ཅང་ཤེས་ད་ལོ་བདག་གིས་གསོད་དགོས་བྱུང་ལགས་ཞུས་པས། ཐོམ་ཞིག་པར་སྔར་རྒྱུན་ལྟར་གནས་པ་བྱུང་། ཡང་རྒྱལ་པོས་རྟ་ཅིའི་ཕྱིར་བསད་ཅེས་དྲིས་པ་ལྟར་བྱས། དེའི་ལན་དུ་བུ་མོ་ཞིག་བྱུང་ནས་བཟའ་མི་བྱས་ཚུལ་ནས་བཟུང་། མཇུག་གི་བྲོས་ཚུལ་གྱི་བར་རྒྱས་པར་ཞུས་པས། ཐོ་མ་ཞིག་པ་ཙམ་དུ་མ་ཟད་སྔར་བས་བརྟན་པར་གནས་ཚེ། རྟ་རྫིའི་བསམ་པ་ལ། ངས་ཚེ་གང་པོ་འདི་ལ། རྫུན་གཅིག་ཀྱང་མ་ལབ་པས་ད་བར་བདེ་བ་བྱུང་། ད་དུང་ཡང་རྫུན་མ་སྨྲས་ན་བདེ་བའི་ཚོད་ན་གདའ། གལ་ཏེ་ད་རེས་མ་བདེ་རུང་། ཤི་ན་ཕྱི་མར་བདེ་བས། སྲོག་ལ་བབ་ཀྱང་ད་རེས་རྒྱལ་པོ་ལ་རྫུན་མི་ཞུ་བར་དྲང་པོར་ཞུ་སྙམ་པ་བྱུང་། དེ་ནས་རྒྱལ་པོ་གཉིས་ཀྱི་གཅིག་གིས་བུ་མོ་དེ་བོས་ནས་ལྐོག་ཏུ་སྦས་ནས་བཞག །གཅིག་གིས་རྟ་རྫི་བོས་
ནས། རྒྱལ་བློན་མི་མང་འཚོགས་པའི་དཀྱིལ་ནས། རྒྱལ་པོས་རྟ་རྫི་ལ། རྟ་རྣམས་བདེ་བར་ཡོད་དམ་གསུངས་པས། རྟ་རྫི་ན་རེ། ད་ལོ་བདེ་རྒྱུ་ཆེར་མེད་ལགས་ཞུས་པས། འོ་ན་ཁྱད་པར་ཅང་ཤེས་ད་ལྟ་བདེ་བར་ཡོད་དམ་གསུངས་པས། ཅང་ཤེས་རྟ་ད་ལོ་གསོད་དགོས་བྱུང་ལགས་ཞུས་པས། དེ་ཅིའི་ཕྱིར་བསད་གསུངས། སྔར་གྱི་བུ་མོ་དེ་བྱུང་ནས་མཇུག་གི་བྲོས་ཚུལ་བར་རྫུན་གྱི་བསྲེ་སླད་མེད་པར་དྲང་པོར་ཞུས་པས་དེར་འཚོགས་པ་ཀུན་ངོ་མཚར། རྒྱལ་པོ་གཞན་དེའི་རྒྱལ་སའི་ཕྱེད་ཐོབ་པས། རྒྱལ་པོ་ཡང་ཐུགས་དགའ་ནས་རྟ་རྫི་དེ་ཡང་གོ་ས་སྤོས་ཏེ། བློན་པོ་ཞིག་གི་གོ་སར་བཞག་ནས། མི་ཀུན་གྱི་བདེན་རྫུན་གྱི་དཔང་པོ་བྱས་སྐད། དེ་བཞིན་དུ་རྫུན་མ་སྨྲ་བར་དུས་རྒྱུན་དུ་དྲང་པོར་སྨྲས་ན་ཕན་ཡོན་དེ་དང་དེ་འདྲ་བ་གཞན་ཡང་མང་པོ་འབྱུང་བས། དེས་ན་འོ་སྐོལ་རྣམས་ཀྱིས་རྫུན་སྤངས་ནས་རྟག་ཏུ་གཏམ་དྲང་པོར་སྨྲས་ན་ལེགས་སོ། །སྔོན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་བློ་དང་ལྡན་པ་ཞིག་ཡོད་པ་དེས། བྲམ་ཟེ་མཆོག་སྲེད་སོགས་མཁས་པ་རྣམས་འདུས་ཏེ་རྩོད་པ་ན། མཁས་པ་
མཆོག་སྲེད་ལ་རྒྱལ་པོ་མགུ་སྟེ། རང་གི་བུ་མོ་གསེར་མདོག་ཅན་ཁྱིམ་ཐབས་སུ་བྱིན་པས། བུ་མོའི་བསམ་པ་ལ་འདི་བས་ང་མཁས། ང་བས་མཁས་པ་ཞིག་བྱུང་ན་དེས་ཁྱིམ་ཐབས་བགྱིད་དོ། །སྨྲས་སོ། །དེ་ལ་བྲམ་ཟེ་མཆོག་སྲེད་སེམས་འཁྲུགས་ཏེ། ང་ལྟ་བུའི་མཁས་པར་མི་མགུ་ན། བུ་མོ་ཁྱོད་ཀྱི་མགོ་བསྐོར་རོ་སྙམ། གླེན་པ་ཞིག་བཙལ་བས། མཐའ་ཞིག་ན་གླང་རྫི་གཟུགས་བཟང་ཞིང་འདུ་ཤེས་གླེན་པ་གཅིག་གིས་ཤིང་སྡོང་ཞིག་གི་ཡལ་གའི་རྩེ་མོ་ན་བསྡད། རྩ་བ་གཅོད་པ་ཞིག་འདུག་པ་དེ་ལ་དཔག་ནས་གླེན་པ་ཡིན་པར་ཤེས་ཏེ། དེ་གསང་ནས་ཁྲིད་འོང་གྲིབ་མ་ལ་བཞག །འོ་མའི་སྐུ་མ་ཉེ་བྱས། ཨོཾ་སྭ་སྟི་བྱ་བ་བསླབས་ནས་ཁ་ཏོན་བྱེད་དུ་བཅུག །དེ་ནས་བདག་ལ་སློབ་དཔོན་ང་ལས་ཆེས་ཤིན་ཏུ་མཁས་པ་ཞིག་ཡོད་པ། དེ་བུ་མོའི་ཁྱིམ་ཐབ་དང་རྒྱལ་པོའི་མཆོད་གནས་སུ་འབུལ་ཞུས་ནས། གླེན་པ་ལ་པཎྜི་ཏའི་ཆས་བསྐོན་ནས་ཁྱོད་ཀྱིས་མི་མང་འཚོགས་པའི་དབུས་སུ་སོང་དུས་ཨོཾ་སྭ་སྟི་བརྗོད་ལ་མེ་ཏོག་རྒྱལ་པོའི་སྤྱི་བོར་ཞོག །གཞན་སུ་ལ་ཡང་གཏམ་ལན་མ་འདེབས་བྱས་ནས་ཁྲིད་པས་མི་ཀུན་གྱིས་མཁས་
པ་མཆོག་སྲེད་ལས་ལྷག་པའི་ཁོང་གི་སློབ་དཔོན་མཁས་པ་བྱོན་པ་ལ། ལྟད་མོ་བལྟ་ཟེར་སྐྱེ་བོ་ཕོ་མོ་ཀུན་འདུས་པའི་ཁྲོད་དུ་ཁྲི་སོ་སོ་ལ་རྒྱལ་བློན་བུ་མོ་བྲམ་ཟེ་མཆོག་སྲེད་བཅས་བཞུགས། ཀུན་གྱི་གོང་དུ་བླུན་པོ་དེ་བཞག་པས་རྒྱལ་པོའི་སྤྱི་བོར་མེ་ཏོག་བཞག་ནས། སྔར་བསླབས་པ་བརྗེད་ནས། ཨོཾ་ས་ན་ཀྲུར་བྱས་པས། དེ་བོད་སྐད་དུ་བསྒྱུར་ན་མོ་མཚན་གྱི་ལྕེ་རིང་ཞེས་ཕྱིན་ཅི་ལོག་ངོ་ཚའི་གཏམ་ཡིན་པས། དེ་ཐོས་པས་དེར་འཚོགས་པ་ཀུན་ཁ་སྐྱེངས་ངོ་ཚ་ཁོང་འཛུམ་ཤོར་ཅོ་འདྲི་བར་བརྩམས་པ་ན། བྲམ་ཟེ་མཆོག་སྲེད་ན་རེ། དེ་ཉིད་ཀྱིས་འདི་མཁས་པ་ཡིན་ཏེ། ཨོཾ་དང་། སན་དང་ཀྲུ་དང་། རའི་སྒྲ་ལས་དྲངས་ནས་འདི་སྐད་ཅེས་བྱའོ། །ཞེས་གསུངས་ཏེ། ཐམས་ཅད་ཀྱི་སྤོབས་པ་བཅོམས་པ་དང་། མོ་དེས། ཨ་ཏི། ཀ་པ། ཙི་ཏེ། ཝ་ག །བི་ཤྭ། ཞེས་པ་བོད་སྐད་དུ་བསྒྱུར་ན་ཁྱད་པར་འཕགས་པའི་ངག་འགའ་ཞིག་གདའ་འམ་དྲིས་པས། ལན་ཅི་ཡང་མ་བྱུང་ཡང་མཆོག་སྲེད་ན་རེ། ངའི་བླ་མ་མཁས་པ་ཆེན་པོ་ཡིན་པས། བུད་མེད་ལ་ལན་ག་ལ་འདེབས་ཞེས་ཚིག་སྐྱོབས་
སྨྲས་སོ། །དེ་ནས་རྒྱལ་པོའི་བུ་མོས་གླེན་པ་དེ་གཙུག་ཁང་དུ་ཁྲིད་ནས་བསྟན་པ་ན། ཡར་གྱི་བདེར་གཤེགས་སྐུ་གཟུགས་སོགས་ལ་མིག་མི་ཆགས་པར། མར་གྱི་སྒོ་རྒྱབ་སྲིད་པའི་འཁོར་ལོའི་དུད་འགྲོའི་གླང་མཐོང་བས། སྔར་གྱི་བ་ལང་ཚོ་དྲན་ཏེ་ལག་པ་བརྐྱང་ནས་ངག་ཏུ་མ་ཧེ་ལ་སོགས་འབོད་པའི་སྒྲ་བྱུང་བས། བྲམ་ཟེ་མཆོག་སྲེད་ཀྱིས་མགོ་བསྐོར་བཏང་བར་ཤེས་ནས། བུ་མོའི་བསམ་པ་ལ། ང་ལ་འདི་ལྟ་བུ་བྱས་ཀྱང་ངས་འདི་ལ་མཆོག་སྲེད་ལས་མཁས་པ་ཞིག་བྱ་སྙམ། གླེན་པ་བ་གླང་རྫི་དེ་ལ་བློ་སྦྱོང་དུ་བཅུག་པས་བློ་ནུས་མེད་ཚེ། ལྷ་མོ་དབྱངས་ཅན་མའི་སྐུ་གཟུགས་ཡོད་པའི་ལྷ་ཁང་ཞིག་ཏུ་བཞག་ནས། ལྷ་མོ་དབྱངས་ཅན་མ་སྒྲུབ་ཏུ་བཅུག །ཡུན་རིང་བསྒྲུབས་པས་མ་འགྲུབ་ཚེ། རང་གི་གཡོག་མོ་ནག་མོ་ཞེས་བྱ་བའི་བུ་མོ་ཞིག་ཡོད་པ་ལ། ཁྱོད་ལྷ་ཁང་གི་དབྱངས་ཅན་མའི་སྐུ་རྒྱབ་ན་སྡོད་ལ་ཐོ་རང་གི་དུས་སུ་ཅི་འདོད་དྲིས། ཁོ་དངོས་གྲུབ་འདོད་ཅེས་ལག་པ་བསྐྱངས་བྱུང་ན། རང་གི་ཁ་ནས་བྱུང་བའི་ལ་དུ་ཅིག་དེའི་ཁར་ཆུག་ཅིག་སྨྲས་པས། གཡོག་མོས་ཀྱང་དེ་ལྟར་བྱས་པས། རྫི་བོ་གླེན་པ་དེའི་བསམ་
པ་ལ། དབྱངས་ཅན་མས་མངོན་སུམ་དངོས་གྲུབ་གནང་བ་ཡིན་སྙམ་ཡིད་གཉིས་ཐེ་ཚོམ་མེད་པར་ཁ་རུ་ཟོས་པའི་མོད་ལ། མགོ་བཏུམས་སངས་པ་བཞིན། མི་ཤེས་པ་ཀུན་སངས། སྤྲིན་བྲལ་མཁའ་ལ་ཉི་མ་ཤར་བ་བཞིན་དུ། བློ་གྲོས་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་ཏེ། ཤེས་བྱའི་གནས་ཐམས་ཅད་ས་ལེར་གཟིགས་པས། བྲམ་ཟེ་མཆོག་སྲེད་ལས་ཀྱང་མཁས་པ་ཆེན་པོར་གྱུར་ཏོ། །དེ་ནས་བུ་མོས་སྔར་དྲིས་པ་ལན་མ་བྱུང་བ་རྣམས་དྲིས་པས། ལན་དུ་སྡེབ་སྦྱོར་གྱི་བསྟན་བཅོས་གཞོན་ནུ་མ་འབྱུང་བ་ཆུང་བ་གསུམ་མཛད་དོ། །དེའི་དུས་སུ་པཎྜི་ཏ་ནག་མོའི་ཁོལ་བོ་ཞེས་འཇིག་རྟེན་དུ་གྲགས་སོ། །དེ་ལྟ་བུའི་མཁས་པ་ཆེན་པོ་དེས། གཞན་གྱི་བཞིན་གྱི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ལུས་ཇི་ལྟར་གནས་པ་རྟོག་པ་ལས། རྒྱལ་པོའི་བཙུན་མོའི་སྐུ་འདྲ་ཞིག་བཟོས་ནས། འདི་བཙུན་མོ་དང་འདྲའམ་ཞེས་བསྟན་པས། ཤིན་ཏུ་འདྲ་སྟེ་འོན་ཀྱང་སྐྱེ་གནས་ཀྱི་ཐད་ན་སྨེ་བ་ཞིག་ཡོད་པ་དེ་འདི་ལ་ཆད་འདུག་བྱས་པས་དེ་ལ་བརྟགས་པས་དེ་ཁོ་ན་ལྟར་བྱུང་བ། རྒྱལ་པོ་ན་རེ། འདི་ལྟ་བུ་བདག་གིས་ཀྱང་མ་
རྟོགས་ན། འདིའི་ཤེས་ལུགས་ཀྱིས་བཙུན་མོ་ལ་འདོད་ལོག་སྤྱོད་པ་ལ་ཞུགས་ནས་མཐོང་བ་ཡིན་ངེས་སྙམ། པཎྜི་ཏ་དེ་སྤྱུགས་སོ། །དེ་ནས་དུས་རིང་ཞིག་ན། སྙན་དངགས་ལ་སོགས་པའི་མཁན་པོ་རྒྱལ་པོ་ཉིད་ཀྱི་ཐད་དུ་འཇོག་པ་ལ། བརྟགས་པས་སྔར་གྱི་པཎྜི་ཏ་དེ་བས་མཁས་པ་ཞིག་གཞན་ན་མེད་པར་རྟོགས་ཏེ། སྤྱུགས་པ་བཙལ་བས་མ་རྙེད། མཁས་པ་གཞན་བརྟག་པའི་ཕྱིར། ཆུ་ཡི་ནང་གི་པདྨོ་ལ། །འདར་བར་བྱེད་པའི་རྒྱུ་ནི་གང་། །ཞེས་ཤླཽ་ཀ་ཕྱེད་གཉིས་པ་འདི་བྲིས་ནས། དགེ་འདུན་གྱི་གནས། རྒྱལ་པོའི་ཁབ། དྷ་རི་མ་དང་། ཆང་འཚོང་མའི་ཁང་པ་སོགས་སུ་བཏང་ནས། འདིའི་རྒྱུ་མཚན་ཤེས་པ་བྱུང་ན་དགའ་ཆེན་པོ་སྟེར་ཞེས་བསྒྲགས་པས། བྱ་དགའ་དོན་དུ་གཉེར་བ་མང་པོས་ལན་སོ་སོར་སྨྲས་ཀྱང་། ལན་དེ་ཀུན་ལ་རྒྱལ་པོས་གཟིགས་པས་ཐུགས་ལ་མ་བབས། རེ་ཞིག་ནག་མོའི་ཁོལ་བོ་པཎྜི་ཏ་དེ་ཆང་འཚོང་མའི་ཁང་བ་ན་བསྡད་ཡོད་པའི་ཚེ། ཆང་ཉོ་བའི་མི་རྣམས་ཀྱིས་སྔར་གྱི་ཡ་མཚན་ཆེ་བའི་གཏམ་གླེངས་པས། ནག་མོའི་ཁོལ་བོ་པཎྜི་ཏ་དེས། པདྨ་འདར་བའི་རྒྱུ་ནི། ཕྱི་དྲོ་ཉི་མ་
ནུབ་རིར་ཡོལ་དུས་བུང་བ་པདྨོར་ཞུགས་ནས་བཅུད་ལེན་པའི་བར་ལ་ཉི་མ་ནུབ་པས། པདྨོ་ཁ་ཟུམ་ཚེ་བུང་བ་འཕུར་བར་འདོད་ནས་ནང་ནས་འཕུར་ཚེ་པདྨ་འདར་བ་ཡིན་པ་ཤེས་ནས་སྨྲས་པ། བུང་བ་ཞུགས་ཚེ་ཉི་མ་ནུབ། །འཕུར་བར་འདོད་པ་འདར་བའི་རྒྱུ། །ཞེས་པའི་ཤླཽ་ཀ་ཕྱེད་དང་སྔར་གྱི་རྒྱུ་མཚན་གྱི་ཤོ་ལོ་ཀ་གཉིས་ཀྱིས་ཤོ་ལོ་ཀ་གཅིག་བྱུང་ངོ་། །དེར་ཆང་འཚོང་མ་བྱ་དགའ་ལ་རྔམས་པས། པཎྜི་ཏ་བསད་ནས་རོ་ས་འོག་ཏུ་སྦས་ཏེ། རྒྱལ་པོའི་ཐད་དུ་ཤོ་ལོ་ཀ་ཕྱེད་པ་དེ་ཁྱེར་ནས་ཕྱིན་པས་ཐུགས་ལ་བབས་ནས་ཤིན་ཏུ་དགྱེས་འདི་སུས་ཤེས་དྲིས་པས། ཆང་འཚོང་མས་བདག་གིས་ཤེས་སོ་ཞུས་པས། རྒྱལ་པོས་བརྟགས་པས་དེ་མ་ཡིན་པར་ཤེས་ཏེ། སླར་དྲིས་ཀྱང་མ་བཤད་པས། ཆང་འཚོང་མའི་ཁང་པ་བསློགས་པས་རོ་རྙེད་པ་ལས། དེ་དབང་ཕྱུག་ཆེན་པོས་སླར་སོས་པར་བྱས་སོ། །སྔོན་རྒྱ་གར་གྱི་གཙུག་ལག་ཁང་ཞིག་ན། མཁན་པོ་བགྲེས་པོ་ཅིག་ཡོད་པ་དེའི་བསམ་པ་ལ། ན་ཚོད་རྒན་ལ་ཅི་ཡང་མི་ཤེས་པ་འདིས་ཅི་ཡོང་། ད་ནི་ཐོས་པ་བཙལ་བར་བྱའོ་སྙམ་ནས་ཐོས་པ་ལ་བརྩོན་པ་ན།
ཕྱོགས་དེའི་རྒྱལ་པོ་དྷརྨ་པ་ལ་ཞེས་བྱ་བ་ན་རེ། ཁྱོད་ལ་མཁས་པ་ཞིག་བྱུང་ཙ་ན། ཤིང་འདི་ལ་ཡང་འབྲས་བུ་སྐྱེའོ་ཞེས་ཤིང་སྐམ་པོ་ཞིག་བསྟན་ནོ། །དེ་ཐོས་པ་དང་རྟ་མགྱོགས་པ་ལ་ལྕག་གིས་བརྒྱབ་པ་བཞིན་དུ་གྱུར་ཏེ། འཇམ་དབྱངས་ལ་གསོལ་བ་བཏབ་པས་ཞག་བདུན་ནས་མཁས་པའི་དབང་པོར་གྱུར་ཏེ། རྒྱལ་པོའི་ཐད་དུ་སོང་ནས། ཁྱེད་ཀྱི་ཤིང་སྐམ་པོའི་འབྲས་བུ་ཁྱེར་ཤོག་ཅེས་སྨྲས་པས། རྒྱལ་པོ་དྷརྨ་པ་ལ་ངོ་མཚར་སྐྱེས། རྒྱལ་པོ་དེ་ལ་སོགས་པ་ཐམས་ཅད་ཀྱིས་བཀུར་རོ། །སྔོན་མ་ག་དྷ་བཟང་མོས་སངས་རྒྱས་འཁོར་བཅས་སྤྱན་དྲངས་ཚེ། སྟོན་པས་བཀའ་སྩལ་པ། དགེ་སློང་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱིས་ཚུལ་ཤིང་ལོངས་ཤིག་དེར་འགྲོའོ། །རྫུ་འཕྲུལ་དང་མི་ལྡན་པ་རྣམས་གྲོང་དུ་བསོད་སྙོམས་ལ་སོང་ཞིག་གསུངས་པས། ཐམས་ཅད་ཀྱིས་དེ་ལྟར་གྱེས་པ་ན། པཎྜི་ཏ་མཁས་ཤིང་རྫུ་འཕྲུལ་དང་མི་ལྡན་པ་ཞིག་གིས་ཀྱང་ཚུལ་ཤིང་བླངས་པ། གཞན་ན་རེ། ཁྱེད་ལ་རྫུ་འཕྲུལ་མེད་དོ་ཞེས་བརྗོད་པས། ཁོང་ན་རེ། ཁོ་བོས་སྤང་པར་བྱ་བ་ནི་སྤངས། རྟོགས་པར་ནུས་པའི་ཤེས་རབ་ནི་ཡོད་པས་རྫུ་
འཕྲུལ་ད་ལྟ་ཉིད་དུ་བསྒྲུབས་པས་ཆོག་གིས་ཁྱེད་རྣམས་ཅུང་ཟད་ཅིག་བཞུགས་ཅིག་ཟེར། དེ་ཉིད་དུ་བསྒོམས་པས་རྫུ་འཕྲུལ་ཐོབ་པ་བསྟན་པས་ཀུན་དད་དེ། ཐམས་ཅད་རྫུ་འཕྲུལ་གྱིས་ནམ་མཁའ་ལ་ཡར་གྱེན་དུ་འཕགས་ནས་ཕར་གཤེགས་སོ། །དེ་བཞིན་དུ་བླ་མ་མཁས་པ་བསྟེན། ལྷག་པའི་ལྷ་ལ་གསོལ་བ་འདེབས་བཞིན་ཐོས་པ་བཙལ་ན། བླུན་པོ་བ་གླང་རྫི་ཡང་མཁས་པའི་དབང་པོར་འགྱུར་ཞིང་། མཁས་པར་གྱུར་ནས་བསྒོམས་ན་ཉམས་རྟོགས་ཀྱང་མྱུར་དུ་སྐྱེ་བས། དེས་ན་འོ་སྐོལ་རྣམས་ཀྱིས་བླ་མ་མཁས་པ་བསྟེན་ནས་དམ་པའི་ཆོས་ཡང་ཡང་ཉན་ཏེ་ཐོས་པ་རྒྱ་ཆེན་པོ་བཙལ་ནས་སྒོམ་ལ་སྦྱོར་བར་བྱའོ། །སྔོན་ཡུལ་ཡངས་པ་ཅན་གྱི། ཁྱིམ་བདག་ཀུན་དགའི་ཆུང་མ་ལེགས་སྦྱིན་མ་ལ་ཁྱེའུ་ཅིག་བཙས་པས། ཕ་མ་ཆོས་ལ་སྤྱོད་ཚེ་དགའ་ནས་ལྕེ་ལས་འོད་ཟེར་འཕྲོས་པ་ཕ་མ་ལ་ཕོག་པས་བྱམས་པ་ལ་ལྷན་ལྷན་གནས་པ་བྱུང་། དེ་ཁྱེར་ནས་གྲོང་ཁྱེར་གྱི་བཞི་མདོར་བྱིན་པས་ལྕེ་ལས་འོད་ཟེར་འཕྲོས། གྲོང་ཁྱེར་བ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པ་བྱུང་ཚེ། མིང་ལ་ཁྱེའུ་བྱམས་
པ་ཞེས་བཏགས་སོ། །ཆེར་སོང་བླ་མ་ཀུན་བཟང་གི་དྲུང་ནས་རབ་ཏུ་བྱུང་སོ་ཐར་གྱི་སྡོམ་པ་གནང་བ་ཡབ་ཡུམ་སྲས་བཅས་ཀྱིས་ཐོབ་བོ། །འབྱོར་བ་དཔག་མེད་ཡོད་པ་སྐྱབས་གནས་དང་། སྙིང་རྗེའི་ཡུལ་དང་། གློ་བུར་དུ་ལྷགས་པ་སོགས་ལ་ཆགས་པ་མེད་པར་བྱིན། ཡབ་ཡུམ་སྲས་གསུམ་གྱི་ཆགས་སྡང་མི་དགེ་བའི་གནས་ཐམས་ཅད་སྤངས་ཏེ། བདེ་བ་ནས་བདེ་བའི་གནས་སུ་ཕྱིན་ཏེ། གནས་གང་ལ་ཆགས་པ་སྤངས་ཏེ། ཆགས་པ་མེད་པར་འགྲོ་བའི་དོན་མཛད་དོ། །སྔོན་ཡུལ་མ་ག་དྷའི་ཁྱེའུ་ཟླ་བ་ཞེས་བྱ་བས་ཆུང་ནས་བཟུང་སྟེ། མ་ནུས་པ་སྐྱོང་བ་དང་། ཡོན་ཏན་ཅན་ལ་མཆོད་ཅིང་བསྟོད་པ་དང་། བྱམས་དང་སྙིང་རྗེ་ལྡན་པ་ཀུན་གྱི་གོང་དུ་འཁུར་བ་དང་། ལྷ་རྣམས་ཀྱིས་ཀྱང་སྡོང་གྲོགས་རྒྱ་ཆེན་པོ་བྱེད་དོ། །དེ་བླ་མ་སངས་རྒྱས་ཡེ་ཤེས་ཀྱི་དྲུང་དུ་རབ་ཏུ་བྱུང་། རྒྱུད་ཚོད་མཐོ་བའི་སྡོམ་པ་གསུམ་ཀ་ཐོབ་པ་བྱུང་། མཚན་ཀྱང་ཡེ་ཤེས་སྙིང་པོར་བཏགས་སོ། །དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་ཤིང་སྐུ་བསྟེན་པའི་ཤིང་དྲུང་དུ་པདྨ་འདམ་གྱིས་མ་གོས་པ་བཞིན་དུ། གྲོང་ཡུལ་གྱི་འདུ་འཛིའི་རྣམ་
གཡེང་ཐམས་ཅད་སྤངས་ཉན་རང་གི་སེམས་ཀྱིས་ཤིན་ཏུ་དབེན་པའི་དགོན་པ་བསྟེན་ཏེ་གཞན་དོན་འབའ་ཞིག་ལས་མ་གཡོས་པར་བཞུགས་སོ། །སྔོན་མ་ག་དྷའི་ཡུལ་པདྨ་ཅན་གྱི་ཁྱེའུ་དགེ་འདུན་འཕེལ་ཞེས་བྱ་བས་ཆུང་དུས་ལོ་དྲུག་བདུན་ཙམ་ནས་ཆོས་གོས་རྣམ་གསུམ་ཁྱེར་ཤོག་ཟེར། དེ་རབ་ཏུ་བྱུང་བས། གཞན་གྱི་ཁྱེའུ་མང་པོ་ཡང་རབ་ཏུ་བྱུང་ངོ་། །དེ་ཐམས་ཅད་ཁེ་གྲགས་དང་རྙེད་བཀུར་ཡིད་ལ་མ་བྱས་པར་རི་དྭགས་བཞིན་དུ་རེ་ཁྲོད་དབེན་པར་གནས། རི་དྭགས་ཤི་བའི་རོ་ལྟར། རྣམ་པར་མི་རྟོག་པ་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་པ་བྱས་པས་ལྷ་ཀླུ་དགའ། ཡུལ་ཕྱོགས་ལ་ཆར་ཆུ་དུས་སུ་བབས། མུ་གེའི་སྒྲ་མི་གྲགས། ནད་མེད་བདེ་བར་གྱུར། གྲོང་ཁྱེར་གྱི་ཁྱེའུ་ཕལ་ཆེར་ཆོས་ལ་བཀོད་དོ། །ཡང་སྔོན་ཡུལ་སེར་སྐྱའི་བྲམ་ཟེའི་ཁྱེའུ་གསལ་བ་ཞེས་བྱ་བ། བླ་མ་བློ་གྲོས་འཇིགས་མེད་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ། འཇིག་རྟེན་འདིའི་ཐེ་ཚོམ་ཐམས་ཅད་སྤངས་ནས་ལོ་ལྔ་བཅུ་རྩ་ལྔའི་བར་དུ་སྒྲུབ་པ་ལ་ནན་ཏན་གཅེས་སྤྲས་བྱས་སོ། །སྔོན་ཡུལ་ཀོའུ་ཤ་དྷིའི་རྒྱལ་བོ་ཆགས་པ་མེད་པས་རྒྱལ་
སྲིད་ལ་ཆགས་པ་སྤུ་ཙམ་ཡང་མེད་པར་སྤངས་ནས། བླ་མ་ཆགས་པ་མེད་པ་བསྟེན་ཏེ་ལོ་མའི་སྤྱི་ལ་བུ་ཞིག་གི་ནང་དུ་ལོ་ཉི་ཤུ་རྩ་དགུའི་བར་དུ་གཉིད་དང་ལེ་ལོ་སྤངས་ཏེ། རྒྱུན་ཆད་མེད་པར་འགྲོ་བའི་དོན་ལ་བརྩོན་འགྲུས་ཆེན་པོ་བྱས་སོ། །དེ་བཞིན་དུ་གང་ལ་ཆགས་པ་མེད་པར་རབ་ཏུ་བྱུང་ནས་རི་ཁྲོད་དབེན་པའི་གནས་སུ། འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་ཕྱིར། བླ་མའི་བཀའ་བཞིན་སྒྲུབ་པ་ལ་བརྩོན་པར་བྱའོ། །སྔོན་ལྷ་རྗེ་བསམ་གཏན་བྱ་བ་ལ། གཉན་ཆེན་ཐང་ལྷས་ཟླ་བ་གཅིག་གི་བར་དུ་འཚོ་བ་བཟང་པོ་དྲངས། ཡང་འཕགས་པ་བྱང་ཆུབ་དཔོན་གཡོག་ལ་ཐང་ལྷས་གཡག་རྒོད་ཀྱི་ཞོ་དར་མང་པོ་ཟླ་བ་གཅིག་གི་བར་དུ་དྲངས། ཕེབས་ཁར་དངུལ་སྒ་ཅིག་ཕུལ་བ་ད་དུང་དགེ་འདུན་རྒྱལ་པོའི་དཀོར་མཛོད་ན་ཡོད་སྐད། རྗེ་བཙུན་མི་ལ་རས་པ་ལ། ལྷའི་བུ་མོ་བདུན་གྱིས་འབྲས་དཀར་མོའི་འཚོ་བ་དྲངས། ཚེ་རིང་མཆེད་ལྔས་འདོད་ཡོན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དྲངས། དེས་ན་འདོད་པ་ཐམས་ཅད་སྤངས་ནས་དབེན་པའི་གནས་སུ་སྙིང་ནས་ཆོས་བཞིན་བྱས་ན། འདོད་པ་ཆུང་བའི་ཆོས་པ་དེ་དག་ལ། འདོད་པ་
ཆུང་བས་མིའི་མཆོད་པ་སྨོས་ཅི་དགོས། ལྷས་ཀྱང་མཆོད་པ་ཡིན་པས། དེས་ན་འོ་སྐོལ་རྣམས་ཀྱིས་དུས་རྒྱུན་དུ་འདོད་ཆུང་ཆོག་ཤེས་བྱེད་པ་གལ་ཆེ། སྔོན་གནོད་སྦྱིན་ལྔས་ཝ་ར་ཎ་སིའི་མི་ལ་གནོད་ནས་མི་མང་པོ་ཤི་ཚེ། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ལ་བྱམས་པ་སྒོམས་ཤིག་གསུངས་པས། ཀུན་གྱིས་བྱམས་པ་བསྒོམས་པས་གནོད་སྦྱིན་ལྔས་གནོད་མ་ནུས། སྔོན་སངས་རྒྱས་ཀྱིས་ཀྱང་བདུད་སྡིག་ཅན་བྱེ་བ་དུང་ཕྱུར་མང་པོ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད་གསུངས། སྔོན་བྲམ་ཟེ་ཞིག་གིས་ལམ་གྱི་བཞི་མདོ་ན་ཉལ་བའི་མཛེ་མོ་ཞིག་འདུག་པ་སྙིང་རྗེ་ནས། རྒྱབ་ཏུ་ཁུར་དབེན་པའི་གནས་སུ་བཞག་པ་གཞན་གྱིས་མཐོང་ནས་བྲམ་ཟེ་རིགས་ལས་ཉམས་སོ་ཟེར་འཕྱ་སྨོད་སྐུར་བ་འདེབས་པ་བྱུང་ཡང་དེ་ལ་མ་འཛེམ་པར་ཡང་ཡང་སྔས་ཁར་སོང་། ཟས་བྱིན་གོས་གཡོགས་སྐྱབས་འགྲོའི་དམིགས་རིམ་བསྟན་སྐྱབས་འགྲོ་བྱེད་དུ་བཅུག །རྨ་བཀྲུས་སྨན་གྱིས་གསོས་ནས་ནད་ལས་ཐར་བར་བྱས་སོ། །སྔོན་རྟོགས་ལྡན་ཞིག་གིས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ། མི་ཤི་
བའི་རུས་པ་གདན་དུ་བཏིང་། དམན་པའི་གོས་གྱོན། རོ་ཟས་ཟོས། རོ་ལྟར་ཉལ་ནས་ཡོད་པ་ལ། ཉིན་གཅིག་སྤྱང་མོ་ཞིག་གི་རོ་ཡོད་བཞིན་དུ་བཞག་ནས། རྟོགས་ལྡན་ལ་འཛིང་པ། མི་དམར་པོ་ཞིག་གིས་མདའ་རྒྱབ་པས། སྤྱང་མོ་རྨས་པར་སྙིང་རྗེ་ཆེན་པོ་སྐྱེས་ནས་རྟོགས་ལྡན་རོ་ཉལ་ལངས་ནས། རང་གི་ལུས་ཀྱི་གནག་ཤ་བཅད་ནས་བྱིན་སྤྱང་མོ་གསོས་པས། རིང་པོ་མ་ལོན་པར་སོས་པར་གྱུར། ལན་ཅིག་ཡང་སྤྱང་མོ་དེས་བཟུང་ཡང་རྟོག་མེད་དུ་གནས་པ་ན། མཁའ་འགྲོ་མ་ཞིག་བྱུང་ནས། ཅི་དགའ་འབུལ་ཟེར། འོ་ན་སྤྱང་མོ་ཤ་ཟ་མོ་འདི་དག་པའི་ཞིང་ཁམས་སུ་དྲོངས་བྱས་པས། དེ་ཡི་སྙིང་དེ་བཏོན་ནས་སྣང་སྟོང་འོད་དུ་ཡལ་ནས་སོང་། ཡང་སྔོན་རྒྱལ་བུ་བློ་གྲོས་འཕེལ་གྱིས། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་བསྒོམས། ཡབ་ལ། སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། གནོད་འཚེ་བྱེད་མི་རུང་ཞེས་ཆོས་བསྟན། ནག་ཅན་གྱི་མི་བཙོན་དུ་བཟུང་བ་རྣམས་ཀྱང་ཐར་བར་བྱས། དེ་ནས་ཡུལ་གཞན་ཞིག་ཏུ་ཕྱིན་པའི་ལམ་ནས་གཅན་གཟན་མང་པོ་ཕྲད་ཀྱང་བྱམས་པ་བསྒོམས་པས། གནོད་པ་
མ་བྱས། ཡུལ་གཅིག་ཏུ་ཕྱིན་པས། རྒྱལ་པོ་འཇིགས་བྱེད་ཅེས་བྱ་བའི་བཙུན་མོ་ཞིག་གི་ཁོག་ཏུ་ཀླུ་བདུད་ཞུགས་ནས་རྒྱལ་པོ་བསད། དེ་ནས་མི་མང་པོ་བསད་ནས་ཟོས་སོ། །དེ་དུས་མི་གཅིག་ལ་ཟ་རེས་བབས་ནས་འགྲོ་བ་སྙིང་རྗེ་ནས། དེའི་ཚབ་ཏུ་སོང་བས། བཙུན་མོ་མཛེ་ནད་ཀྱིས་ཐེབས་པའི་སྣ་ནས་དུག་སྦྲུལ་ཞིག་བྱུང་ནས་ཟ་གྲབས་བྱས་ཚེ། བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པས། བླ་མ་ཨ་ཝ་དྷུ་ཏི་པས་གནང་པའི་སྤྲུལ་པའི་རལ་གྲི་ཞིག་ཡོད་པ་དེ་རང་བྱུང་ནས། སྦྲུལ་དེ་གཏུབས་ནས་ཀླུ་བདུད་དེ་ཡང་བཏུལ་ལོ། །དེ་ནས་བཙུན་མོ་ནད་ལས་ཐར་བས་བཙུན་མོ་བྱས། རྒྱལ་ས་བཟུང་། རྒྱལ་ཁམས་ཐམས་ཅད་བྱམས་པས་བསྐྱངས་སོ། །ཐམས་ཅད་ཀྱིས་རྒྱལ་པོ་སྤྱི་བོར་བཀུར་ནས་གསུང་བཞིན་དམ་པའི་ཆོས་ལ་སྤྱོད་པར་གྱུར་ཏོ། །དེ་བཞིན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རང་གི་ལུས་དང་སྲོག་ལ་མི་ལྟ་བར་སེམས་ཅན་ཐམས་ཅད་ལ་ཕན་རྒྱ་ཆེན་པོ་གདགས་པར་བྱའོ། །སྔོན་མི་རྒན་པོ་ཅིག་ལ། ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ། རྣམ་ཐོས་སྲས་ཀྱི་ནོར་དང་འགྲན་
པ་ཡོད་དེ། རྒན་པོ་དེའི་བུ་དགྲས་ཁྱེར་ནས་མ་རྙེད་དོ། །དེ་ནས་རྒན་པོ་དེས་མྱ་ངན་བྱས། རང་གི་ཡུལ་དུ་ཡང་མ་བསྡད་པར་གཞན་གྱི་ཡུལ་ཞིག་ཏུ་འཕོས་ནས་བསྡད་དོ། །ལོ་ཡང་མང་པོ་ལོན་ནས་ཉིན་གཅིག་བུ་དེ་ཤིན་ཏུ་ལྟོགས་པ་སྤྲང་པོ་རུ་སོང་ནས་ཕའི་སྒོ་རུ་འོངས་ནས་ཟས་བླངས་བས། ཕས་རང་གི་བུ་ཡིན་པར་ངོ་ཤེས་ཏེ། བུ་འདིར་ཤོག་བྱས་པས། བུས་ཕ་ཡིན་པར་ངོ་མ་ཤེས་པར་འཇིགས་ནས་བྲོས་སོ། །ཕ་ན་རེ། གཞན་ལ་ཕ་ཀི་བྲོས་པར་ངའི་བུ་ཡིན། འདིར་ཁྲིད་ཤོག་བྱས་པས། གཞན་མིས་བཟུང་བས་བུ་དེ་འཇིགས་ནས་བརྒྱལ། ཁ་ནས་དབུགས་ཀྱང་མ་ཐོན། འཆི་བའི་དུས་ལ་བབས་པས། ཕས་ཐོངས་ཤིག་བྱས་པས། བཏང་ཚེ་བུ་དེ་ལངས་ནས་སོང་ངོ་། །ཕྱིས་བུ་དེ་གྲོགས་པོ་ཞིག་དང་བཅས་འོང་ངོ་། །ནམ་ཞིག་བུ་དེ་ཡང་གྲོགས་པོ་མེད་པར་བྱུང་ངོ་། །ཁྱིམ་དེར་ཡང་བསྡད་དོ། །ནམ་ཞིག་ན་ཕ་ན་རེ། ཁྱོད་ངའི་བུ་གྱིས་ངས་ཕ་བྱ་ཞེས་སྨྲས་པས། བུས་དེ་ལྟར་བྱས་ནས་ཞག་གཅིག་གཉིས་སོང་ནས་ཕས་བུ་ལ་ང་ཚོང་དཔོན་ཕུན་སུམ་ཚོགས་པ་ཡིན་ཡུལ་ཀོ་ཤམ་པ་ཡིན། བུའི་མིང་དྲི་མ་མེད་ཡིན་ཏེ་བྱས་
པས། བུས་ངའི་ཕ་ཡིན་པར་འདུག །ངའི་ཁྱིམ་ཡིན་པར་འདུག་སྙམ་བློ་བརྟན་ནོ། །དེ་བཞིན་དུ་བོད་དུ་དར་བའི་དབུ་རྫོགས་ཕྱག་གསུམ་སོགས་ཆོས་ལུགས་གྲུབ་མཐའ་མི་གཅིག་པ་འདི་རྣམས་ཀྱང་། རྒྱུ་མཚན་ཤེས་ན་དོན་གྱི་གཅིག་ཡིན་པས། དེས་ན་འོ་སྐོལ་རྣམས་ཀྱིས་ཆོས་ལུགས་གང་ལ་ཡང་མི་སྨོད་པར་དག་སྣང་སྦྱང་བར་བྱའོ། །སྔོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རིན་པོ་ཆེའི་སྐུ་ཚེ་སྔ་ཕྱི་ཐམས་ཅད་དུ་ཆོས་ལུགས་གཞན་ཐམས་ཅད་ལ་སྐུར་བ་མི་འདེབས་ཅིང་གང་མོས་དེ་ལ་འདུན་པ་དང་། དེ་ཉིད་ཆོས་སྤྱོད་བཅུའི་སྒོ་ནས་ཉམས་སུ་ལེན་ཅིང་། དུས་གསུམ་བསགས་པའི་དགེ་ཚོགས་རྣམས་སེམས་ཅན་གྱི་དོན་དུ་བསྔོ་ཞིང་སྨོན་ལམ་རྒྱ་ཆེན་བཏབ་པའི་སྐྱེས་རབས་རྣམ་པར་ཐར་པ། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཆོས་ལུགས་གཞན་ལ་མི་སྨོད་རང་ཉིད་གང་མོས་ཆོས་དེ་ལ་རབ་ཏུ་འདུན་པས། ཡི་གེར་འབྲི་བ་དང་ཉན་པ་དང་ཀློག་པ་དང་འཛིན་པ་དང་འཆང་བ་དང་ཁ་ཏོན་དུ་བྱེད་པ་དང་། དེ་དོན་སེམས་ཤིང་སྒོམ་པ་སྟེ་ཆོས་སྤྱོད་བཅུའི་སྒོ་ནས་ཉམས་
སུ་ལེན་ཅིང་། དུས་གསུམ་བསགས་པའི་དགེ་ཚོགས་རྣམས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །སྨྲས་པ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །འདྲེན་པ་མཉམ་མེད་སྟོན་པ་སངས་རྒྱས་གསུང་། །ལན་གཅིག་མ་ཡིན་ཡང་ཡང་འཆད་ལ་སྤྲོ། །སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་ལེན། །འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཞིང་། །བསླུ་མེད་དཀོན་མཆོག་གསུམ་ལ་མཆོད་པའི་ཚོགས། །ཕུལ་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད། །དེ་ཕྱིར་དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཕུལ། །དགེ་འདུན་རྣམས་ལ་མང་ཇ་ཕོར་བ་རེ། །ཕུལ་ཡང་ཚེ་འདིར་ལོ་ལེགས་འབྲུ་ནོར་འཕེལ། །ཕྱི་མར་མཐོ་རིས་ཐར་པའི་གནས་སུ་འགྲོ། །དེ་ཕྱིར་དགེ་འདུན་སྡེ་རྣམས་མཆོད་བསྟོད་བཀུར། །རྒས་པའི་ཕ་དང་མ་སོགས་དྲིན་ཅན་ལ། །དྲིན་གཟོ་བྱས་ན་ཚེ་འདིར་ཅི་བསམ་འགྲུབ། །འཇིག་རྟེན་ཕྱི་མར་བདེ་སྐྱིད་དཔལ་ལ་སྤྱོད། །དེ་ཕྱིར་དྲིན་ཅན་རྣམས་ལ་དྲིན་གཟོ་གྱིས། །དབུལ་པོ་རྣམས་ལ་སྦྱིན་པ་བཏང་གྱུར་ན། །ཚེ་འདིར་
སྙན་གྲགས་རྒྱས་ཞིང་ཟས་ནོར་འདུ། །ཕྱི་མར་མཐོན་པོ་འབྱོར་པ་ཅན་དུ་འགྱུར། །དེ་ཕྱིར་དབུལ་པོ་རྣམས་ལ་སྦྱིན་པ་ཐོངས། །ཕྱག་གཅིག་འཚལ་ཡང་ལུས་ཀྱིས་ནོན་ཚད་ཀྱི། །དབང་ཆེན་གསེར་གྱི་ས་གཞིར་ཐུག་གི་བར། །རྡུལ་གྱི་གྲངས་མཉམ་འཁོར་ལོས་སྒྱུར་བར་སྐྱེ། །དེ་ཕྱིར་བླ་མ་ལྷ་ལ་གུས་ཕྱག་འཚལ། །སྐུ་གསུང་ཐུགས་རྟེན་རྣམས་ལ་བསྐོར་བ་རེ། །བྱས་ཀྱང་ལས་ངན་སྡིག་སྒྲིབ་ཀུན་དག་ནས། །ཕྱི་མར་མི་ལུས་ཐོབ་ནས་འཚང་རྒྱ་འགྱུར། །དེ་ཕྱིར་ཀུན་གྱིས་བསྐོར་བ་བྱེད་ལ་བརྩོན། །མཆོད་རྟེན་ཞིག་གསོ་ལམ་འཕྲང་བཟོ་བ་དང་། །བསྙེན་གནས་སྨྱུང་གནས་ལན་ཅིག་བསྲུངས་ན་ཡང་། །སྡིག་སྒྲིབ་དག་ནས་མཐོ་རིས་ཐར་པ་ཐོབ། །དེ་ཕྱིར་དེ་དག་རྣམས་ལ་བརྩོན་པར་རིགས། །གང་ཞིག་སྐྱབས་སུ་སོང་བའི་ཕན་ཡོན་ནི། །གཟུགས་སུ་གྲུབ་ན་སྟོང་གསུམ་འཇིག་རྟེན་གྱི། །ཁམས་འདི་ལ་ཡང་ཤོང་བར་མི་འགྱུར་གསུངས། །དེ་ཕྱིར་ནངས་ནུབ་ཀུན་ཏུ་སྐྱབས་འགྲོ་གྱིས། །བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །ཆོས་ཀུན་སྙིང་པོ་ཡི་གེ་དྲུག་མ་ཡིན། །
མ་ཎིའི་ཕན་ཡོན་བཤད་ན་བརྗོད་མི་ལངས། །དེ་ཕྱིར་ཀུན་གྱིས་མ་ཎི་པདྨེ་བགྲོངས། །སྲོག་གཅོད་སྤངས་ན་ཚེ་རབས་ཐམས་ཅད་དུ། །ཚེ་ལ་བར་ཆད་ཅུང་ཟད་ཙམ་མི་འབྱུང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དེ་ཕྱིར་སྲོག་གཅོད་སྤོངས་ལ་ཚེ་ཐར་ཐོངས། །རྫུན་སྤངས་བདེན་པར་སྨྲས་ན་གཞན་གྱིས་ཚིག །ཚད་མར་འཛིན་ཅིང་སྐྱེ་བ་བདུན་ལ་རྫུན། །མ་སྨྲས་དྲང་སྲོང་བདེན་ཚིག་འགྲུབ་པར་འགྱུར། །དེ་ཕྱིར་རྫུན་སྤངས་དྲང་པོར་སྨྲ་བ་གཅེས། །བླ་མ་བསྟེན་ནས་ཡོན་ཏན་སློབ་ནུས་ན། །བླུན་པོ་བ་ལང་རྫི་བོ་ཡིན་ན་ཡང་། །མཁས་པའི་དབང་པོར་གྱུར་ནས་ཀུན་གྱིས་བཀུར། །དེ་ཕྱིར་བླ་མ་བསྟེན་ལ་ཐོས་བསམ་གྱིས། །འཁོར་བའི་ཁྱིམ་ཐབ་མེ་ཡི་འོབས་དང་འདྲ། །རབ་ཏུ་བྱུང་བ་བསིལ་སར་གནས་པ་འདྲ། །རབ་བྱུང་ཁྱིམ་པ་ཁྱད་པར་བརྒྱ་ཕྲག་ཡོད། །དེ་ཕྱིར་ཁྱིམ་དུ་མ་འདུག་རབ་ཏུ་བྱུང་། །རི་ཁྲོད་དབེན་པ་ལྷ་ཡི་ཡུལ་དང་མཚུངས། །གཅིག་པུར་བསྡད་པ་ལྷ་ལས་སྐྱིད་པར་འགྱུར། །དེ་ཕྱིར་རྣམ་གཡེང་འདུ་འཛིའི་ཡུལ་སྤོངས་ལ། །དབེན་པའི་གནས་སུ་གཅིག་པུར་སྒོམ་སྒྲུབ་གྱིས། །ཧ་ཅང་འདོད་པ་ཆེ་
བའི་མི་རྣམས་ཀྱིས། །ཅི་བྱས་སེམས་ལ་ནམ་ཡང་བདེ་དུས་མེད། །འདོད་ཆུང་ཆོག་ཤེས་བདེ་བ་རྒྱུན་མི་འཆད། །དེ་ཕྱིར་འདོད་པ་ཆུང་ཞིང་ཆོག་ཤེས་བྱ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མངའ་བའི། །བྱང་ཆུབ་སེམས་དཔའ་གང་དུ་གནས་ཀྱང་བདེ། །དེ་ཡི་ཕྱོགས་ཀྱི་སེམས་ཅན་རྣམས་ཀྱང་བདེ། །དེ་ཕྱིར་བྱམས་དང་སྙིང་རྗེ་བྱང་སེམས་སྦྱོངས། །དག་སྣང་སྦྱངས་ན་མ་བསྒྲུབས་ལྷ་ཞལ་མཐོང་། །འབད་རྩོལ་མེད་པར་ཉམས་རྟོགས་ཡོན་ཏན་འཆར། །དེ་ཕྱིར་ཆོས་དང་གང་ཟག་གཞན་རྣམས་ལ། །དག་སྣང་སྦྱོངས་ལ་གང་ཆོས་ཉམས་སུ་ལོངས། །བསགས་པའི་དགེ་ཚོགས་གནས་སྐབས་མཐར་ཐུག་གི །སྨོན་གནས་རྣམས་སུ་འདུན་པ་དྲག་པོ་ཡིས། །བསྔོས་ན་དགེ་རྩ་མི་ཟད་གོང་འཕེལ་འགྱུར། །དེ་ཕྱིར་བསྔོ་བ་སྨོན་ལམ་མཚམས་སྦྱོར་མཛོད། ༈ ད་ནི་ཆོས་ཀྱི་ལུགས་དང་མི་འགལ་ཞིང་། །འཇིག་རྟེན་མི་ཆོས་ལུགས་ཀྱང་འགྲུབ་པའི་ཕྱིར། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་བཞིན་དུ། །ད་དུང་དམ་ཆོས་བསླབ་བྱ་བཤད་ཀྱིས་ཉོན། །དེ་ཡང་སྟོན་པ་ཐུགས་རྗེ་ཅན་གྱིས་
གསུངས་པའི་དམ་པའི་ཆོས་དང་མི་འགལ་ཞིང་། འཇིག་རྟེན་མི་ཆོས་ཀྱི་བྱ་བ་རྣམས་ཀྱང་ལེགས་པར་འགྲུབ་པའི་ཕྱིར། དམ་པ་གོང་མའི་གསུང་བཞིན་ལུགས་གཉིས་ཀྱི་བསླབ་བྱ་རྣམས་བཤད་པ་ལ། ཐོག་མར་བྱ་མི་འོས་པ་རྣམས་སྤོང་དགོས་ཚུལ་ནི། སྔོན་རྫི་བོ་གཅིག་གིས་ནམ་ཟླ་སྟོན་གྱི་དུས་སུ་གླང་བོར་ནས། འཚོལ་དུ་ཕྱིན་པས་གླང་མ་རྙེད། ལྟོགས་སྐོམ་པའི་ངང་ནས་རི་སུལ་ཅིག་ན་ཕར་ཕྱིན་པས། ཆུ་མིག་ཆུང་ཆུང་ཅིག་འདུག་པ། ཤིང་ལོ་ཆེ་བ་གཅིག་ཏུ་བསྐྱིལ་ནས་འཐུང་རན་པ་དང་། བྱ་རོག་གཅིག་བྱུང་ནས། གཤོག་པ་བརྡབས་ནས་གཏོར་སོང་། དེ་ལྟར་ལན་གསུམ་གྱི་བར་དུ་གཏོར་སོང་ཚེ། གླང་རྫིའི་བསམ་པ་ལ་ངས་གང་ཡང་མ་ཉེས་པའི་ཁར་ཆུ་ཡང་འཐུང་དུ་མི་སྟེར་ན་ཟེར། དབྱུག་པ་ཅིག་ཡོད་པ་ཀླད་ལ་བསྐོར་ནས་བརྒྱབ་པས་བྱ་རོག་གི་མགོ་ལ་ཕོག་ནས་ཤིའོ། །དེ་ནས་གླང་རྗིའི་བསམ་པ་ལ། འདི་འདྲ་ཅི་ཡིན་མི་ཤེས་སྙམ་ནས། ཆུ་འཐོར་བ་རྣམས་ལ་བལྟས་པས། ཆུ་ཕོག་ཚད་ཀྱི་སེམས་ཅན་ཤི་འདུག །ཆུ་དེའི་རྩ་བ་འཚོལ་དུ་ཕྱིན་པས། དུག་སྦྲུལ་ཞིག་གཉིད་ལ་སོང་བའི་ཁ་ཆུ་ཡིན་པར་ཤེས་སོ། །
དེ་ནས་གླང་རྫིའི་བསམ་པ་ལ། ང་ལ་བྱ་རོག་གིས་ཕན་བཏགས་པར་འདུག་སྟེ། ངས་བརྟག་དཔྱད་མ་བྱས་པར་བྱ་རོག་བསད་པ་མ་བཟང་སྙམ། རྗེས་ནས་འགྱོད་པ་སྐྱེས་ཀྱང་བྱ་ཐབས་མ་བྱུང་། སྔོན་གྲོང་ཁྱེར་སེར་སྐྱའི་བྲམ་ཟེ་མོ་ཞིག་ལ་བུ་ཆུང་ཞིག་ཡོད་པ། ཆུ་ཞིག་ལེན་དུ་འགྲོ་བའི་བར་ལ། ནེའུ་ལེ་ཞིག་ལ་བཅོལ་ནས་སོང་། བུ་ཆུང་ཤིང་ཞིག་གི་རྩར་བསྙལ་ནས་བཞག་སྟེ། ནེའུ་ལེ་ཤིང་གི་རྩེར་བསྡད་ནས་བསྲུངས་པའི་སྐབས་ཤིག་དུག་སྦྲུལ་ནག་པོ་ཞིག་བུ་ཆུང་གི་རྩར་བྱུང་བར། ནེའུ་ལེའི་བསམ་པ་ལ། རྟ་བཅོལ་བུ་བཅོལ་སྙིང་ནས་བཅོལ་ཟེར་བ་ཡིན་པས་བྲམ་ཟེ་མོས་ང་ལ་སྙིང་ནས་བཅོལ་བ་ཡིན། ངས་ཀྱང་བཅོལ་གྱི་སྟེང་ལ། མགོ་ཐོན་པ་ཅིག་བྱ་དགོས་སྙམ། ནེའུ་ལེ་དུག་སྦྲུལ་གྱི་ཁར་འཚངས་ནས་སྦྲུལ་གྱི་སྐེ་བཅད་ནས་བསད་དེ། མོ་ཆུ་ལེན་པའི་རྩར་བརྒྱུགས་ནས་ཕྱིན་པས། བྲམ་ཟེ་མོའི་བསམ་པ་ལ། སེམས་ཅན་འདི་དམར་དང་ཆེ། ཁ་ལ་ཁྲག་གཅིག་ཀྱང་འགོས་འདུག །འདིས་ངའི་བུ་ཟོས་པ་ཡིན་སྙམ་ནས། སྐྱོགས་གཅིག་ཡོད་པ་ཀླད་ལ་བསྐོར་ནས་བརྒྱབ་པས།
ནེའུ་ལེའི་མགོ་ལ་ཕོག་ནས་ཤིའོ། །དེ་ནས་སྔར་གྱི་ས་ལ་ལོག་ཡོང་བས། བུ་ཆུང་མ་བསད་པར། བུ་ལ་གནོད་པའི་དུག་སྦྲུལ་གྱི་སྐེ་བཅད་ནས་བསད་འདུག་པ་མཐོང་ནས། མོའི་བསམ་པ་ལ། ནེའུ་ལེས་ང་ལ་ཕན་བཏགས་འདུག་པ་ལ། ངས་ནེའུ་ལེ་བསད་སྙམ་རྗེས་ནས་འགྱོད་པ་དྲག་པོ་སྐྱེས་ཀྱང་བྱ་ཐབས་མ་བྱུང་། སྔོན་རྒྱལ་པོ་ཟླ་བ་སེང་གེ་དང་བཙུན་མོ་གཟུགས་ཀྱི་ཉི་མ་གཉིས་ཀྱི་བར་ལ། རིགས་ངན་གྱི་བཙུན་མོ་དང་། གཡོག་མོ་གཉིས་ཀྱིས་དབྱེན་བཅུག་ནས། ཉེས་པ་མེད་བཞིན་དུ། རྒྱལ་པོས་གཟུགས་ཀྱི་ཉི་མ་གསོད་གྲབས་ལན་གསུམ་བྱས་པས། ནེ་ཙོ་སྨྲ་མཁན་ཞིག་ཡོད་པ་དེས། སྔར་གྱི་གཏམ་རྒྱུད་དེ་གཉིས་ཀ་བཤད་ནས་ལན་གཉིས་ལྡོག་ཀྱང་། རྗེས་མ་དེ་ལ་ནེ་ཙོ་ཡང་བཟུང་ནས་མགོ་བཅད། གཟུགས་ཀྱི་ཉི་མ་ཡང་ཡུལ་བཏོན་པའི་རྗེས་སུ། སྔར་གྱི་གཏམ་རྣམས་རྫུན་པར་ཤེས། ནེ་ཙོ་གང་སྨྲས་བདེན་པར་ཤེས་ནས། རྒྱལ་པོའི་བསམ་པ་ལ། ང་ལ་ཕན་པར་སྨྲས་པའི་ནེ་ཙོ་སྨྲ་བའི་རྒྱལ་པོ་དེ་བསད་པ་མ་བཟང་སྙམ་ནས། རྗེས་ནས་འགྱོད་ཀྱང་བྱ་ཐབས་མ་བྱུང་། ཡང་སྔོན་རྒྱལ་པོ་ཞིག་ལ། བློན་པོ་
ཤིན་ཏུ་མཁས་པ་ཞིག་ཡོད་པས། རྒྱལ་པོ་ལ་གང་དགོས་པ་ཐམས་ཅད་སྒྲུབ་པ་ལ་སྐབས་ལྷའི་ཡུལ་ནས་ནད་ཀུན་འཚོ་བའི་སྨན་གྱི་སྡོང་པོའི་འབྲས་བུ་བླངས་ནས་བཙུག་པས། བློན་པོ་གཞན་ཞིག་གི་ཕྲག་དོག་གི་དབང་གིས། བློན་པོས་སྨན་གྱི་སྡོང་པོ་བཙུག་མི་འདུག །རྗེས་སུ་རྒྱལ་པོ་གསོད་ཐབས་དུག་གི་སྡོང་པོ་བཙུག་འདུག་བྱས། རྒྱལ་པོ་ལ་ཞུ་ལོག་ཕུལ་བས། རྒྱལ་པོས་བརྟག་དཔྱད་མ་བྱས་པར། བློན་པོ་དེའི་ཚིག་བདེན་པར་བཟུང་ནས། བློན་པོ་བཟང་པོ་དེ་བཟུང་ནས་བསད་དོ། །རྗེས་ནས་སྨན་གྱི་སྡོང་པོ་ཆེར་རྒྱས་ཀྱང་། རྒྱལ་པོས་དུག་སྡོང་ཡིན་བསམ། ཉིན་གཅིག་ནག་ཅན་ཞིག་གི་རྐང་ལག་བཅད་ནས། དུག་ཤིང་གི་རྭ་བའི་ནང་དུ་ཆུག་ཅེས་བཅུག་པས། མི་དེས་ཤིང་གི་ལོ་མ་མེ་ཏོག་འབྲས་བུ་རྣམས་ཟོས་པས། སྔར་གྱི་ཡན་ལག་བཅད་པ་དང་ནད་ཡོད་པ་ཐམས་ཅད་སོས་པ་བྱུང་། དེ་རྒྱལ་པོས་མཐོང་ནས། སྔར་གྱི་བློན་པོ་དྲིན་ཅན་དེས་ང་ལ་ཕན་པའི་སྨན་གྱི་སྡོང་པོ་འདི་ལྟ་བུ་བཙུགས་ཀྱང་། དེ་ངས་བསད་ནས་དྲིན་ལན་ལོག་པར་འཇལ་འདུག་སྙམ་འགྱོད་པ་དྲག་པོ་སྐྱེས་པ་བྱུང་།
ཡང་སྔོན་ནགས་འདབས་ཞིག་ན་བྱ་ཐི་བ་གཉིས་ཡོད་པས། དབྱར་ཀ་སྔོ་བསགས་པའི་ཁང་པ་གང་ཡོད་པ་དེ་བྱ་ཐི་བ་མོ་ལ་སྲུང་དུ་བཅུག་ནས། བྱ་ཕོ་དེ་གཞན་དུ་སོང་། ཕྱིར་ལོག་ནས་བལྟས་པས་སྔོ་སྐམས་ནས་ཉུང་དུ་སོང་བ་མཐོང་ནས། ཆུང་མ་ལ། ཁྱོད་ཀྱིས་སྔོ་འབྲས་ཐམས་ཅད་ཟོས་སོ་བྱས་བས། ཐི་བ་མོ་ན་རེ། བདག་གིས་ཅི་ཡང་ཟོས་པ་མེད་ཅེས་སྨྲས་ཀྱང་མ་ཉན་པར་ཁྲོས་ནས་བརྡུངས་པས་མོ་ཤིའོ། །དེའི་ཕྱི་ལོ་སྔོ་འབྲས་ཀྱིས་ཁང་པ་དེ་གང་ནས་བཞག་པ་སྐམས་ནས་ཉུང་དུ་སོང་བ་མཐོང་ནས། རང་གི་གྲོགས་མོ་ལ་སྐྱོན་མེད་པ་ཤེས་ནས་མྱ་ངན་གྱིས་ནོན་པ་ན། ནགས་དེ་ན་གནས་པའི་ལྷ་རྣམས་ཀྱིས་སྨྲས་པ། ནགས་ན་གནས་པའི་ཐི་བ་ནི། །འདབ་མ་ཁྲ་བོ་མིག་དམར་བ། །ལེགས་ཉེས་རྣམ་པར་མི་དཔྱོད་པར། །ཆུང་མ་བསད་ནས་མྱ་ངན་གྱིས། །ཞེས་སྒྲོག་གོ །དེས་ན་བྱ་བ་གང་བྱེད་ཀྱང་སྔོན་དུ་ལེགས་པར་བརྟགས་ནས་མ་བྱས་ན། བྱ་བ་ནོར་ནས། བཟང་ལན་ངན་གྱིས་འཇལ་བ་དེ་འདྲ་འབྱུང་བས། འོ་སྐོལ་རྣམས་ཀྱིས་བྱ་བ་གང་བྱེད་ཀྱང་སྔོན་དུ་བརྟག་དཔྱད་བྱེད་པ་གལ་ཆེ། མ་བརྟགས་པའི་བྱ་
བ་བྱེད་མི་རུང་། སྔོན་མི་གཡོ་ཅན་ཞིག་གིས། བོང་བུ་ཤི་བའི་རྔ་མ་བཅད་ནས། རི་དྭགས་ཤིག་གི་རྔ་མ་དང་། བོང་ཤ་གཉིས་ཁྱེར་ནས་སོང་། ཤ་ཉོ་ཡེ་དྲིས་པས་གཞན་རྣམས་ན་རེ། ཅི་ཡི་ཤ་ཡིན་ཟེར་བ་དང་། རི་དྭགས་ཀྱི་རྔ་མ་དེ་བསྟན་ནས། རི་དྭགས་འདི་ཡི་ཤ་ཡིན་བྱས་པས། གཞན་རྣམས་ཀྱིས་རི་དྭགས་ཀྱི་ཤ་ཡིན་སྙམ་བོང་ཤ་ལ་རིན་ལེགས་པོ་སྤྲད་ནས་ཉོས་སོང་ཚེ། གཡོ་སྒྱུ་ཅན་གྱི་མི་དེས་ཁོ་བོ་ནི་ཐབས་མཁས་པ་ཡིན་སྙམ་ནས། རང་གི་སྐྱོན་མཚང་ཆེན་པོ་དེ་ཡང་ཡོན་ཏན་དུ་རློམས་སོ། །དེས་ན་གཞན་ལ་དེ་འདྲའི་མགོ་བསྐོར་གཏོང་མི་རུང་། སྔོན་ཡུལ་བྷ་གའི་བྲམ་ཟེ་ཨ་ཤད་ཐ་བྷུ་ཏི་ཞེས་བྱ་བ་དེ་ཡུལ་ཀུན་ཏུ་རྒྱུ་བ་ན། རིགས་མཐུན་བྲམ་ཟེ་གཞན་ཞིག་བྱུང་ནས་དེ་དང་འགྲོགས་ནས་སོང་དུས། གྲོགས་དེ་བཟང་ངན་གང་འདྲ་ཡིན་མི་ཤེས་བསམ། སེམས་ཕེབས་པ་མ་བྱུང་བས། གྲོགས་དེ་གཡོ་ཅན་ཞིག་ཡིན་པས། དེས་ཤེས་ནས་བག་ཕེབས་པའི་ཐབས་སུ། གཉིས་ཀ་གྲོང་གཞན་ཞིག་ཏུ་སོང་ནས། ཚུར་འོང་བའི་ལམ་བར་ནས། ང་ཕྱིར་གཅིག་འགྲོ་དགོས་ཟེར་བ་ཁྱོད་ཅིའི་
ཕྱིར་འགྲོ་དྲིས་པས། གཡོ་ཅན་གྱི་གྲོགས་དེ་ན་རེ། ཁྱིམ་བདག་དེའི་ཁང་བའི་རྡུལ་གཅིག་བདག་གི་གོས་ལ་འབྱར་འདུག་པས། དེ་མ་བསྐྱལ་ན་མ་བྱིན་ལེན་དུ་འགྱུར་ཟེར་སོང་ནས་བསྐྱལ་བའི་ཁུལ་བྱས། སླར་ལོག་ཚེ། བྲམ་ཟེ་ཨ་ཤད་ཐ་བྷུ་ཏི། གྲོགས་དེའི་ངག་ལ་ཡིད་ཆེས་ནས་ནོར་ཐམས་ཅད་ཀྱི་གཉེར་ཁ་བྱེད་དུ་བཅུག་གོ །དེ་ནས་སྐབས་ཤིག །བྲམ་ཟེ་ཨ་ཤད་ཐ་གངྒཱ་ལ་ཁྲུས་བྱེད་དུ་ཕྱིན་པའི་ཤུལ་ན་བྲམ་ཟེ་རྡུལ་སྐྱེལ་གྱིས་ནོར་ཅི་ཡོད་ཁུར་ནས་བྲོས་སོ། །ཁོ་ཕྱིར་འོངས་ནས་རང་ལ་སྨད་ར་མང་པོ་བྱས་གྲོང་རྣམས་སུ་སོང་ངོ་། །དེས་ན་དེ་འདྲའི་གཡོ་སྒྱུ་བྱས་ནས་གཞན་གྱི་ནོར་འཁྱེར་མི་རུང་། སྔོན་ཐ་ག་བ་ཞིག་གཞན་དུ་སོང་ཤུལ་ན། ཐ་ག་པའི་ཆུང་མ་དང་སྐྱེས་པ་གཞན་ཞིག་གི་བར་གྱི་ཕོ་ཉ་མོ་འབྲེག་མཁན་གྱི་ཆུང་མས་བྱས་ནས་གསུམ་པོ་ཐ་ག་བའི་ཁྱིམ་དུ་འདུས་པའི་ཐོག་ལ་ཐ་ག་བ་སླེབས་པས་སྐྱེས་པ་དེ་བྲོས་སོ། །ཕོ་ཉ་མོ་ཚངས་བང་དུ་གབ་པ་དང་། ཐ་ག་པས་རྒྱུ་མཚན་ལ་བརྟགས་ཏེ། རང་གི་ཆུང་མས་སྐྱེས་པ་གཞན་བླངས་འདུག་སྙམ། ཆུང་མ་ཀ་བ་ལ་བཅིངས་ནས་བཞག །ཁོ་ཆང་གིས་མྱོས་བའི་
སྟབས་ཀྱིས་གཉིད་དུ་སོང་ངོ་། །དེའི་བར་ལ་ཐ་ག་པའི་ཆུང་མས་ཕོ་ཉ་མོ་ཁྱོད་ལ་ཉེས་པ་མེད་པས། ཁོས་ཅི་ཡང་མི་བྱེད་ཀྱི། འདིར་ཅུང་ཟད་ཅིག་སྡོད་ཅིག་བྱས། གཡོ་སྒྱུ་བྱས་ཕོ་ཉ་མོ་ཀ་བ་ལ་བཅིངས་སྟེ་བཞག་གོ །མཚན་མོ་ནམ་ཕྱེད་ཙམ་ན་གཉིད་སད་དེ། སྐྱེས་པ་གཞན་དང་ཉལ་བའི་རྒྱུ་མཚན་མང་པོ་བཤད་ནས་སྣ་བྲེགས་ནས་ཡང་གཉིད་ལོག་གོ །དེ་ནས་ཕོ་ཉ་མོ་སྐྲག་སྟེ་ཐ་ག་བའི་ཆུང་མ་ལ་སྐད་ཆུང་ངུས་ཁོ་མོའི་སྣ་བཅད་ཚར་གྱིས་ད་བཅིངས་པ་འདི་འགྲོལ་རོགས་གྱིས་ཟེར་བ་བཀྲོལ་བས་ཕོ་ཉ་མོ་འཇིགས་ནས་ཡུལ་དུ་བྲོས་སོ། །ཐ་ག་པའི་ཆུང་མ་དེས་རང་ཀ་བ་ལ་བཅིངས་ཏེ་རྫུན་བྱས་ནས་བསྡད་དོ། །དེར་ཁོ་གཉིད་སད་དེ་གཉིས་པོ་ཡུན་རིང་དུ་རྩོད་པ་བྱས་པའི་མཐར་མོ་ན་རེ། ཁོ་མོ་ལ་སྐྱེས་པ་གཞན་གྱི་སྐྱོན་མེད་པ་ལ་ཁྱོད་ཀྱིས་སྐྱོན་ཅན་དུ་བྱས་མོད། ང་ལ་སྐྱོན་མེད་ན། བདེན་པའི་ཚིག་དེས་སྣ་བཅད་པ་སླར་སྐྱེ་བར་གྱུར་ཅིག་ཅེས་སྨྲས་ནས། མོ་ལ་སྣ་སྐྱེས་འདུག་བདེན་པ་ཡིན་མིན་ལྟོས་བྱས་པས། ཐ་ག་པས་བལྟས་པས་སྣ་ཡོད་ཚེ། ཁོ་མགོ་འཁོར་ནས་བདེན་སྙམ་ཆུང་མ་ལ་གནོད་
པ་བྱེད་མ་ནུས་སྐད། དེ་བཞིན་དུ་རང་ལ་འབབ་པའི་ཉེས་སྐྱོན་རྣམས། གཡོ་སྒྱུ་བྱས་ནས་གཞན་ལ་བསྒྱུར་མི་རུང་། ཡང་སྔོན་བྲམ་ཟེ་གཞོན་ནུ་ཞིག་གིས། ལྷ་མཆོད་ཕྱིར་ར་ཞིག་ཁྲིད་ནས་འགྲོ་བ། རྐུན་པོ་ལྔས་མཐོང་ནས། བདག་ཅག་གིས་སྐྱེས་འདི་ལེན་པའི་ཐབས་བྱའོ་ཞེས་གྲོས་བྱས་ཏེ། བྲམ་ཟེ་དེ་འགྲོ་བའི་ལམ་གྱི་མཚམས་མཚམས་སུ་ཕྱིན་ནས། རྐུན་པོ་སྔ་མ་དེ་དང་འཕྲད་པ་ན། ཀྱེ་མ་འཇིག་རྟེན་ན་བྲམ་ཟེ་ཁྱི་འཁྲིད་པའང་གདའོ་བྱས་པས། ཁོ་ལ་ལན་ཅི་ཡང་མ་སྨྲས་སོ། །ཡང་གཉིས་པ་དེས་དེ་སྐད་བཤད་པ་ལ། ལན་ཟེར་དུ་ཚད་པ་ཙམ་མོ། །གསུམ་པ་དེ་དང་འཕྲད་ནས། དེ་སྐད་གླེང་ཚེ་ཅུང་ཟད་ཡིད་མ་ཆེས་པར་བལྟས་ཏེ་སོང་ངོ་། །དེ་ནས་བཞི་པས་དེ་སྐད་གླེང་བ་ན། ལེགས་པར་བརྟགས་པས་ཁྱི་ལ་མེད་པའི་ར་ལ་ཡོད་པའི་རྭ་དང་ཁ་སྤུ་འཕྱང་བ་ལ་སོགས་པའི་རྟགས་འདུག་པས་ཡིད་ཆེས་པར་བྱས་སོང་ངོ་། །དེ་ནས་མཐར་རྐུན་པོ་ལྔ་པ་དེས་སྔ་མ་ལྟར་བརྗོད་པ་དང་། བྲམ་ཟེ་དེའི་བསམ་པ་ལ། མི་ལྔས་ཁ་མཐུན་པར་ཟེར་ལུགས་ཀྱིས། འདི་ངེས་པར་གནོད་སྦྱིན་ཞིག་ར་སྐྱེས་སུ་སྤྲུལ་ནས་བདག་གི་མཆོད་
སྦྱིན་ཟ་བར་འོང་ངེས། ད་ཁྲིད་ན་མི་འོང་བར་གདའ་སྙམ། དེ་ཉིད་དུ་བོར་ནས་སོང་བ། རྗེས་སུ་རྐུན་པོ་ལྔ་ཡིས་ཁྱེར་ནས་སོང་ངོ་། །དེ་བཞིན་དུ་མི་མང་པོ་ཁ་མཐུན་པོ་བྱས་གཡོ་སྒྱུའི་སྒོ་ནས་གཞན་གྱི་ནོར་ལེན་མི་རུང་། སྔོན་འུག་པའི་རྒྱལ་པོ་མདའ་བཟང་ལ། བློན་པོ་གསེར་མིག་དང་། བྱ་རོག་གི་རྒྱལ་པོ་ཡུལ་འཁོར་སྲུང་ལ། བློན་པོ་སྤྲིན་གྱི་ཤུགས་ཅན་བྱ་བ་ཡོད། འུག་པ་དང་། བྱ་རོག་གཉིས་ཡུན་རིང་འགྲས་པས། བྱ་རོག་གིས་འུག་པ་མ་ཐུབ་པས། བྱ་རོག་གི་བློན་པོས་རང་གི་བྱ་རོག་ཀུན་བསྡུས་ནས། དགྲ་འདི་འཐབ་པས་མི་ཐུབ་པར་གདའ། ད་འདི་བསླུ་དགོས་པས་ཁྱེད་རྣམས་ཀྱིས་ངའི་སྤུ་རྣམས་ཐོགས་ལ་ཁྱེད་རང་རྣམས་གཞན་དུ་སོང་བྱས་པས། དེ་ལྟར་བྱས་ཏེ། རང་གི་ཚང་ཤིང་ནེ་གྲོ་དྷའི་སྡོང་པོ་ཞིག་ཡོད་པའི་རྩར་བོར་ནས་སོང་ངོ་། །བྲག་ཆེན་པོ་ལ་གནས་པའི་འུག་པ་ཐམས་ཅད་ཚོགས་ཏེ། དམག་འོང་བས་གཞན་སུ་ཡང་མེད་པར། སྙིང་རྗེ་རྗེ་སྐད་ཅིག་འདུག་གོ །དེ་ལ་རྒྱུ་མཚན་དྲིས་པས། ངས་འདུམ་པ་བྱས་ན་འདོད། ཁོང་ཚོས་རྩོད་པ་བྱས་ན་འདོད་ནས་
ངེད་ཀུན་ཁ་མ་འཆམ་པར་ཁོང་རྣམས་ཀྱིས་ང་དགྲ་ཕྱོགས་སུ་འཕངས་པ་འདིའོ་བྱས་པས། འུག་པའི་རྒྱལ་པོ་ན་རེ། བདེན་ཡང་དག་པ་འདི་རང་གནས་སུ་འཁྱེར་དགོས་ཟེར་བ་ལ། འུག་པའི་བློན་པོ་ན་རེ། འདི་བྱ་རོག་གི་བློན་པོ་ཤེས་རབ་ཅན་ཡིན་པས་ཅི་ཡིན་ཆ་མེད། མ་བརྟགས་པའི་བྱ་བ་བྱེད་མི་རུང་། འདི་ག་རང་དུ་བཞག་ནས་ཟས་སྦྱོར་བ་འཐད་དོ། །བྱས་པས། འུག་པའི་རྒྱལ་པོས་མ་ཉན་པར་ཁྱེར་ནས་འོང་བ་དང་། འུག་པའི་བློན་པོ་དེ་ཡིད་མ་ཆེས་པར་ལོགས་གཅིག་ཏུ་སོང་ངོ་། །དེ་སོང་བ་དང་བྱ་རོག་དེས་བློན་པོ་བྱས་ཏེ། འུག་པའི་རྒྱལ་པོས་བྱ་རོག་ལ་ཁྱོད་མཁས་པས་ཚང་འདི་འདི་ལས་སྐྱིད་པ་ཞིག་བྱེད་ཐང་དྲིས་པས། བྱ་རོག་ན་རེ། ཤིང་སྐམ་པོའི་ཁྲི་བརྩིགས་པའི་ནང་དུ་སྤྲ་བ་དུལ་མས་བཀང་ན་དྲོ་ཞིང་བདེ་བ་ཞིག་ཡོད་བས། དེ་ལྟར་བགྱིད་དོ་ཟེར། དེ་བཞིན་བྱས་སོ། །དེར་ཐམས་ཅད་དགའ་སྟེ་ཉིན་མོ་བྱ་རོག་གིས་ཟས་འཚོལ། མཚན་མོ་ཚང་སྲུང་ཞིང་ཡོད་པ་ན། དེ་རང་གི་ཟླ་བོ་བྱ་རོག་རྣམས་ཀྱི་ཁྲོད་དུ་ཕྱིན་ནས། སང་ནངས་བར་ཉིན་ཕྱེད་ཙམ་ལ་ཁྱེད་རེ་རེས་མེ་མགལ་རེ་ཁྱེར་ཤོག་ཅིག་བྱས་ཏེ་སླར་
ལོག་གོ །དེ་ནས་སང་ཉིན་ཕྱེད་དུ་སོང་ཚེ། ཉིན་མོ་འུག་པའི་མིག་གིས་མི་མཐོང་བ་ཐམས་ཅད་ཚང་ན་ཡོད་པ་ལ། རེ་རེ་ནས་ཚང་དུ་མེ་མགལ་རེ་བཅུག་སྟེ་འུག་པ་ཐམས་ཅད་དེ་ཉིད་དུ་བསྲེགས་སོ། །དེང་སང་ཡོད་པའི་འུག་པ་འདི་དག་བློན་པོ་གསེར་མིག་ཅན་གྱི་རྒྱུད་ཡིན་སྐད། དེས་ན་དེ་འདྲའི་གཡོ་སྒྱུ་ཆེན་པོ་བྱས་ནས། སྡིག་པ་ཚབས་ཆེན་བྱེད་མི་རུང་། སྔོན་དབུས་ཕྱོགས་ཀྱི་སྔགས་པ་མར་ནག་འཚོང་མཁན་ཞིག་གིས། སྲང་དབྱིབས་འདྲ་བ་ཆེ་ཆུང་གཉིས་བྱས་ནས། དང་པོ་སྲང་ཆུང་ཤོས་ཕུ་དུང་ནང་དུ་སྦས། ཚོང་བྱེད་ཁར་གཞན་གྱི་བྲེ་སྲང་བསྡུར་བས། སྲང་ཁོ་ཆེ་བ་བྱུང་བས། ཁོ་ན་རེ། སེམས་ཅན་ཉོན་མོངས་པ་སྙིང་རེ་རྗེ། བྲེ་སྲང་གང་དགའ་བ་ལ་གྱིས་ཟེར་ཏེ། དེ་ནས་ཉོ་བ་བག་ཙམ་ཡེངས་པ་ན། ཕུ་དུང་ནང་གི་སྲང་ཆུང་བ་དང་བརྗེས་ནས་ཚོང་བྱས་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་བཟང་ཕྱི་ལ་བསྟན། ངན་ཁོག་ཏུ་སྦས་ནས་གཞན་མགོ་བསྐོར་ཞིང་བྲེ་ལོག་དང་སྲང་ལོག་ལ་སོགས་ཐབས་སྣ་དགུས་རང་ཅི་རྒྱལ་དང་གཞན་ཅི་ཕམ་བྱེད་མི་རུང་། གལ་ཏེ་
བྱས་ན་ཕྱི་མར་ངན་སོང་དུ་ལྷུང་ནས་སྡུག་བསྔལ་མྱོང་བ་ཙམ་དུ་མ་ཟད། ཚེ་འདིར་ཡང་སྐབས་དེར་ལེགས་པ་ལྟ་བུར་སྣང་ཡང་། ལས་རྒྱུ་འབྲས་འདི་བདེན་དྲགས་པས་རྗེས་ནས་མི་དེ་ལ་སྐྱིད་པོ་ཞིག་གཏན་ནས་མི་ཡོང་། ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན་མཐར་རང་གི་ལུས་དང་སྲོག་གི་བདུད་དུ་འབབ་པར་འགྱུར་ཏེ། སྔོན་ཆུ་འགྲམ་ཞིག་ན་ཆུ་སྐྱར་རྒན་པོ་ཞིག་བཀྲེས་པས་ཉེན་ཅིང་ཡོད་པ་ན། དེར་ཉ་ཞིག་བྱུང་ཚེ། ཆུ་སྐྱར་གྱིས་ངོ་གནག་ནས་བསྡད་པས། ཉས་ཁྱོད་ལ་ཅི་བྱུང་དྲིས་པས། ཆུ་སྐྱར་ན་རེ། ཆུ་འདི་ཐམས་ཅད་མྱུར་དུ་སྐམས་ནས་ཁྱེད་རྣམས་འཆི་བར་འདུག་པས། ཁྱེད་ཀུན་ཤི་ན་ཁོ་བོ་ལ་ཟས་མེད་སྙམ་སེམས་སྡུག་པོ་བྱུང་ནས་ངོ་གནག་སྨྲས་པས། དེར་ཉ་རྣམས་འདུས་ཏེ། ད་ཅི་བྱ་དྲིས་པས། ཁོ་ན་རེ། ལ་འདིའི་ཕ་རོལ་ན། མཚོ་བཟང་པོ་ཞིག་འདུག །ང་ཡིས་ལམ་སྣ་བྱ་ཡི་ཐམས་ཅད་དེར་འགྲོ་ཟེར། ཉ་རྣམས་ཀྱིས་ངེད་རྣམས་འགྲོ་མི་ནུས་ཀྱི་འོན་ཀྱང་ཁྱོད་རང་ཤེས་སྨྲ་བས། ཁོ་ན་རེ། འོ་ན་ངས་རེ་རེ་ནས་འཁྱེར་ལ་བསྐྱལ་བར་བྱའོ་བྱས་པས། དེ་ལ་ཐམས་ཅད་གྲོས་མཐུན་ནས། ཁོ་ཡིས་ཉ་རེ་རེ་ནས་ཁྱེར་
ཞིང་རྒྱང་རིང་ཞིག་ན་རྡོ་ལེབ་ཞིག་ཡོད་པའི་ཁར་བཞག་ནས་ཟོས་སོ། །དེ་བཞིན་ཉ་མང་པོ་ཟོས་པའི་མཐར་སྦལ་པ་བུ་ལིང་ཀ་ཞེས་བྱ་བ་ཞིག་ཡོད་པ་དེ་ཁྱེར་ཞུས་པས་ཁྱེར་ནས་སོང་རྡོ་ལེབ་ཀྱི་སྟེང་དུ་བཞག་པ་དང་། སྔར་ཉ་རྣམས་བསད་པའི་རུས་པ་སོགས་མཐོང་ནས། སྦལ་བ་དེས་རང་གསོད་པ་ཤེས་ནས་སླར་ཆུ་སྐྱར་གྱི་མགྲིན་པར་འཇུས་ཏེ་བསྡམས་པས་ཆུ་སྐྱར་འཕུར་ནས་ཁྱེར་རོ། །དེ་ན་གནས་པའི་འབྱུང་པོ་དག་གི་ཐད་དུ་སླེབས་པ་དང་། ཆུ་སྐྱར་གཡོ་ཅན་དེའི་མགྲིན་པ་སྦལ་པ་བུ་ལིང་ཀས་བསྡམས་པས་དབུགས་འགགས་ནས་ས་ལ་ལྷུང་ནས་ཤིའོ། །ཡང་སྔོན་མི་གླེན་པ་ཞིག་གིས་གསེར་བུམ་པ་གང་རྙེད་པའི་ནང་ནས་གསེར་ཉུང་ཤས་ཤིག་ཁྱེར་ནས། གྲོགས་པོ་སྤྱང་པོ་ཞིག་ཡོད་པར་བསྟན་ནས་འདི་ཅི་རེད་དྲིས་པས། གསེར་རེད་ཟེར། འོ་ན་ད་དུང་ཡོད་བྱས་པས། གྲོགས་སྤྱང་པོ་དེ་ན་རེ། དེ་ཡིན་ན་ལེགས། ངེད་གཉིས་ཀྱི་ཐུན་མོང་དུ་བྱའོ་ཞེས་གཉིས་པོ་སོང་། གསེར་བུམ་བླངས་ནས་སྡོང་པོ་ཆེན་པོ་ཞིག་གི་རྩར་སྦས་ཏེ། ནམ་དགོས་པའི་ཚེ་གཉིས་ཀས་ལེན་བྱས་པས། སྤྱང་
པོས་བླུན་པོ་བསླུ་སེམས་སྐྱེས་ནས། བུམ་པ་བླངས་ནས་གཞན་དུ་སྤས། བླུན་པོ་ལ་ཁྱོད་ཀྱིས་བརྐུས་པ་ཡིན་བྱས་པས། བླུན་པོ་ན་རེ། ངས་རྐུ་ན་དང་པོ་ནས་ཐུན་མོང་དུ་བྱ་ཅི་དགོས། ངས་མ་བརྐུས་བྱས་པས། སྤྱང་བོས་མ་ཉན་ཏེ། གླེན་པ་རྒྱལ་པོའི་དྲུང་དུ་ཁྲིད་ནས་སྔར་ལྟར་ཞུས་ནས་འདི་ལ་ཆད་པ་ཆོད་བྱས་པས། རྒྱལ་པོ་ན་རེ། ད་དུང་བརྟག་དགོས་གསུངས། སྤྱང་པོ་ན་རེ། འོ་ན་གསེར་བཅོལ་བའི་ཤིང་གི་ལྷ་ལ་དྲི་བར་བྱའོ་བྱས་པས། རྒྱལ་པོས་དེ་ཡོང་གསུངས། དུས་བཏབ། སྤྱང་པོ་དེས་རང་གི་ཕ་རྒན་པོ་ཞིག་ཡོད་པ་ལ་གསེར་གླེན་པས་བརྐུས་སོ་གྱིས་ཞེས་བསླབས་ཏེ། དུས་ལ་བབས་པ་ན། སྡོང་པོའི་ཁོག་པ་རུལ་བར་ཕ་སྦས་ཏེ། སྐྱེ་བོ་མང་པོ་རྒྱལ་པོ་དང་བཅས་པའི་དབུས་སུ་ལྷ་མཆོད་དེ། ལེགས་ཉེས་འབྱེད་པའི་དཔང་པོར་གསོལ། བདེན་པ་བརྡར། རྒྱུ་མཚན་རྒྱས་པར་བསྙད་པས། སྡོང་པོའི་ནང་གི་མི་རྒན་དེས། སྐད་སྦུབས་སུ་བླངས་ནས། གསེར་བུམ་གླེན་པས་བརྐུས་སོ་ཞེས་སྨྲས་ཚེ། སྤྱང་པོ་ན་རེ། ཀུན་གྱིས་འདི་ལ་ལྟོས་ཤིག་ཟེར། རྒྱལ་པོ་ན་རེ་བདེན་ཡང་དག་གོ་གསུང་ཙ་ན། བླུན་པོ་
ན་རེ། ཁྱེད་ཐམས་ཅད་བདེན་ན་ང་ཡང་བདེན། སུ་མི་བདེན་ཟེར་ན། ཤིང་གི་ལྷ་འདི་མི་བདེན་པས། ཐོག་མར་ངས་ཤིང་གི་ལྷ་འདི་བསྲེགས། དེ་ནས་ཁྱེད་རང་རྣམས་ཀྱིས་ང་སོད་ཅིག་བྱས་པས། སྤྱང་པོ་ན་རེ། འདི་ལྷ་ཡིན་པས་བསྲེགས་ན་ཁྱོད་ལ་མི་རུང་བ་ཡོང་བྱས་པས། གླེན་པ་ན་རེ། ད་ལྟ་ཉིད་དུ་འཆི་བ་ལས་མི་རུང་བའི་ཚབས་ཆེ་བ་ཞིག་མི་ཡོང་ཟེར། ཤིང་མང་པོ་སྤུངས་ཏེ་སྡོང་པོ་དེའི་རྩ་ནས་མེ་བཅུག་པ་དང་། ཕ་རྒན་པོ་དུ་བས་འཚུབས་ནས་ས་ལ་བྲུལ་ནས་བྱུང་ཚེ་འགའ་རེས་ལྷ་ས་ལ་བྲུལ་ལོ་ཟེར། གཞན་ན་རེ་ལྷ་མ་རེད་མི་རྒན་ཞིག་བྲུལ་འདུག་ཟེར། གླེན་པ་ན་རེ། ཀུན་གྱིས་སྤྱང་པོའི་ཕ་རྒན་འདི་ལ་ལྟོས་ཤིག་བྱས་པས། ཀུན་བཞད་གད་ཐག་གེ་བ་ཞིག་བྱུང་། སྤྱང་པོ་ངོ་ཚ་ནས་གདོང་སྨད་ནས་བསྡད་དོ། །དེའི་ཚེ་ནམ་མཁའ་ནས་ལྷའི་ཚིགས་བཅད་བརྗོད་པ། ཧ་ཅང་གླེན་པ་གླེན་པ་མིན། །ཧ་ཅང་མཁས་པ་མཁས་པ་མིན། །ཧ་ཅང་མཁས་པ་མཁས་ཡིན་ན། །ཕ་རྒན་དུ་བས་གསོད་ལ་ལྟོས། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་མི་གཡོ་ཅན་དེ་བསད། ཕ་ལ་ཉེས་
པ་ཆེར་མེད་པས་བཏང་། བླུན་པོ་ལ་གསེར་གྱི་བུམ་པ་གཏད་དོ། །ཡང་སྔོན་མི་གཡོ་ཅན་ཞིག་གིས། གཟིག་ལྤགས་ཞིག་རྙེད་པ་བོང་བུ་ལ་བཀབ་ནས། ཉིན་གུང་ཡང་གཞན་གྱི་ཞིང་ཟར་བཅུག་པས། གཞན་ཀུན་གྱིས་ཞིང་ལ་གཟིག་ཅིག་འདུག་ཅེས་སྨྲ་བ་ལ། ཧ་ཅང་ཞིང་ལ་གནོད་ཆེས་ནས། མཐར་ཞིང་བདག་ཐམས་ཅད་འདུས་ཏེ། གཟིག་བསད་ནས་བལྟས་པས། མི་གཡོ་ཅན་དེའི་བོང་བུ་ཡིན་པ་ངོ་ཤེས་སོ། །དེ་བཞིན་དུ་གཡོ་སྒྱུ་ཆེ་དྲགས་ན་མཐར་རང་ཕུང་བས། གཡོ་སྒྱུ་འདི་གཏན་ནས་བྱེད་མི་རུང་། སྔོན་མདོ་སྨད་ཀྱི་དཔོན་པོ་ཞིག་གིས་རང་སྡེའི་མི་ཚང་ཞིག་གི་ལག་ནས་སྔ་ཕྱི་རིམ་པ་བྱས་ནས་ཟས་ནོར་ས་ཞིང་མང་པོ་བླངས་པས། ལན་མ་བྱུང་ཚེ། བུད་མེད་ཅིག་ཡོད་པ་དེ་ཡང་ཕྲོགས་པས། མི་དེས་སྡུག་མ་ཐེག་པར། རང་གི་ནོར་ཀུན་གཞན་དུ་ཁྱེར་ནས་སྦས། དཔོན་པོའི་ལག་ཏུ་མི་རྒྱག་པ་བྱས། དེ་ནས་དཔོན་པོ་དེ་གཞན་ཞིག་ཏུ་སོང་ཤུལ་དུ་མཚན་མོ་ཞིག་ལ་དཔོན་པོའི་ཁང་པ་ལ་མེ་བཞག །དེའི་རྗེས་སུ་རང་གི་ཁང་པ་ལ་ཡང་མེ་སྦར་ནས་ཡུལ་གཞན་ཞིག་ཏུ་བྲོས་སོ། །མེ་ནང་དུ་དཔོན་པོའི་ཟས་ནོར་ཀུན་
དང་རྟ་ཕྱུགས་ཀྱང་མང་པོ་ཚིག་པས། དཔོན་པོ་ཕྱིར་ལོག་དུས་སྡོད་ས་ཡང་མེད་པར་མི་ཚང་ཞིག་ཏུ་སྡོད་དགོས་བྱུང་སྐད། དེ་བཞིན་དུ་དཔོན་པོས་གཡོག་པོ་རྣམས་ལ་སྡུག་བཏང་ན། དེ་འདྲ་ཡོང་ཉེན་ཆེ་བས། ལས་རྒྱུ་འབྲས་ལ་མི་བརྩི་བར་མི་འོས་པའི་བྱ་བ་དེ་འདྲ་བྱེད་མི་རུང་། སྔོན་སྦྲ་ནག་ཕྱོགས་ཀྱི་མི་གཅིག་གིས་དུས་རྒྱུན་དུ་ཇག་བྱས་མི་མང་པོ་བསད། ནོར་མང་པོ་ཕྲོགས་པའི་མཐར་རྒྱ་མི་མང་པོས་བཟུང་ནས་ཤིང་ལ་བརྒྱངས་ནས་སྟེང་ནས་གསོན་པོར་གྲི་ཡིས་ཤ་བཅད་ནས་ཁ་ནང་དུ་བཞག་རང་ཤ་ཟར་བཅུག །རང་ཁྲག་འཐུང་དུ་བཅུག་ནས་ངན་གསོད་བྱས་བསད་དོ། །ཡང་སྔོན་མཚོ་སྔོན་པོའི་ཕྱོགས་ཀྱི་མི་ངན་གཅིག་གིས་དུས་རྒྱུན་དུ་རྐུན་མ་མང་པོ་བྱས། དཔོན་པོ་ལ་ཡང་ཁ་བཏང་བས། ཉིན་གཅིག་དཔོན་པོས་ཁོ་བཟུང་ནས། ལག་པ་བཅད། ཁ་ལ་སྒོ་ལྕགས་རྒྱབ་ནས་ཞག་མང་པོ་བཞག །ཡང་ཁམས་པ་མི་གཉིས་ཀྱིས་དུས་རྒྱུན་དུ་འཕྲོག་བཅོམ་མང་པོ་བྱས་པ། གཞུང་དགའ་ལྡན་ཕོ་བྲང་གིས་བཟུང་ནས། གཅིག་གི་མིག་གཉིས་བཏོན། གཅིག་གི་ལག་པ་གཡས་བཅད།
ཡར་དབུས་ཕྱོགས་ཀྱི་མི་ངན་གཅིག་གིས་གནས་བསྐོར་བ་མང་པོ་ནང་དུ་བོས། དགོང་མོ་ཐམས་ཅད་ཀྱི་མགོ་ཤག་འདབས་སུ་སྟོན་དུ་བཅུག་ནས་བསྙལ། ནམ་གུང་སྟེང་ནས་གདུང་མ་ཆེན་པོ་ཞིག་ཀུན་གྱི་མགོ་ཐོག་ཏུ་འཕངས་པས་མ་ཕོག །མི་དེ་རྣམས་ཀྱིས་གཞུང་དུ་ཞུས་ནས་མགོ་རྡུང་མཁན་དེ་དང་ནང་མི་ཁྱིམ་ཚེས་དང་བཅས་པ་བསད། ཡང་གནས་བསྐོར་བ་ཞིག་བྲག་ཕུག་ཞིག་ཏུ་ཉལ་ཡོད་པའི་ཚེ། མི་ངན་མགོ་བརྡུང་མཁན་གསུམ་ཡོང་བ་ཤེས་ནས། གནས་བསྐོར་བ་དེས་གོན་པ་ཤུལ་དུ་བཞག་ནས་གཅེར་བུར་ཐོན་ནས། མདུང་ཞིག་ཡོད་པ་ལག་ཏུ་བཟུང་ནས། མུན་པའི་ནང་ན་བསྡད་ཚེ། མགོ་བརྡུང་མཁན་རྣམས་ཀྱིས་གོན་པའི་ནང་ན་ཡོད་སྙམ། དེའི་སྟེང་དུ་རུབ་ཚེ། གནས་བསྐོར་བས་གློ་ནས་མདུང་རྒྱབ་པས། མགོ་རྡུང་མཁན་གསུམ་པོ་ཕར་བསད་སྐད། ཡང་མི་ངན་གཅིག་གིས། གནས་བསྐོར་བ་ཞིག་ཁང་བའི་སྐར་ཁུང་གི་ཐད་དུ་སྔས་བཞག་ནས་ཉལ་དུ་བཅུག་ཚེ། དེས་ཀྱང་ཤེས་ནས་རང་གི་མགོ་ཡི་ཐད་དུ་ཇ་བསྐོལ་སྣོད་བཞག་ནས་བསྡད་ཚེ། ནམ་གུང་སྐར་ཁུང་ནས་རྡོ་ཆེན་པོ་ཞིག་འཕངས་པ་ཇ་
བསྐོལ་སྣོད་རྫ་མ་ལ་ཕོག་པས་རྫ་མ་བཅག་པ་གཞུང་ལ་ཞུས་ནས་མི་དེ་ཡང་ངན་གསོད་བྱས་ནས་བསད་སྐད། དེས་ན་དེ་འདྲའི་གཏམ་མང་བས་ལྟོགས་ནས་མུ་གེས་འཆི་རུང་། ཚེ་འདི་ཕྱི་གཉིས་ཀ་བརླག་པའི་མི་ངན་ཁྲེལ་མེད་ཀྱི་བྱ་བ་ཇག་རྐུན་འཕྲོག་བཅོམ་བྱེད་མི་རུང་། སྔོན་མི་གཞོན་དར་མ་ཞིག་དང་ཕྲུག་གུ་ཆུང་ཆུང་ཞིག་གཉིས་མ་མཐུན་པར་གཞོན་པའི་ང་རྒྱལ་གྱིས་ཕྲུག་གུ་ལ་བརྙས་བཅོས་བྱས་འོག་ཏུ་བཅུག་ནས་མང་པོ་བརྡུངས་པས། ཕྲུག་གུ་དེའི་གཅིན་པ་ཡང་ཤོང་བ་བྱུང་བས་བཏང་ངོ་། །ཡང་ཉིན་གཅིག་ཕྲུག་གུ་དེས་སྐྲ་གྲི་རྣོན་པོ་ཞིག་གོས་ཀྱི་འོག་ཏུ་སྦས་ནས་སོང་ཚེ། མི་གཞོན་དེས་མཐོང་ནས་ཚུར་འོངས་རྡུང་གྲབས་བྱས་ཚེ། ཞུ་བ་ཕུལ་ཀྱང་མ་ཉན་པར་ཡང་འོག་ཏུ་བཅུག་ཚེ། ཕྲུག་གུས་འོག་ནས་གྲི་བཏོན་ནས་བརྒྱབ་པས་སྟེང་ནས་ས་ལ་འབབ་ལོང་ཡང་མ་བྱུང་བར་ཤི་བས། མི་གཙང་བ་ཡང་ཤོར། ཕྲུག་གུ་རོ་ཡི་འོག་ནས་རེ་ཞིག་མ་ཐར་བར་སྡོད་དགོས་བྱུང་སྐད། དེས་ན་སྙོམ་ཆུང་གི་མི་ལ་བརྙས་བཅོས་བྱས་ཚོན་མི་ཟིན་པར་བརྡུངས་ན། རང་སྲོག་ཀྱང་སྐྱེལ་བས་ཚོད་ཟིན་ན་
དགའ། སྙོམ་ཆུང་གི་མི་ལ་དེ་འདྲ་བྱེད་མི་རུང་། ཡང་སྔོན་སེང་གེ་ཅིག་དང་། རི་བོང་གཉིས་ལྷན་དུ་བསྡད་པས། སེང་གེས་རི་བོང་ལ་གཙེས་ནས་དམའ་ཐབས་སུ་བརྙས་བཅོས་བྱས་པར་ཡིད་བསུན་ནས། རི་བོང་གིས་ཉིན་གཅིག་སེང་གེ་ལ་ཁྱེད་ལས་ལྷག་པ་གཞན་ན་ཡོད་དམ་དྲིས་པས། ང་ལས་ལྷག་པ་གཞན་ན་མེད་ཟེར་བ། འོ་ན་ཁྱེད་འདྲ་བ་ཞིག་འདུག་བྱས་པས། ཡོད་ན་དེ་དང་འགྲན་དགོས་ཟེར་བ། མཚན་མོ་ཞིག་ལ་སེང་གེ་ཁྲིད་ནས་སོང་གཏིང་རིང་བའི་ཁྲོན་པའི་ཆུ་ཞིག་གི་ཁ་བསྟན་ནས། དེར་སོང་དང་དེ་ན་གདའ། ང་འཇིགས་པས་མི་འགྲོ་བྱས་པས། སེང་གེས་སོང་ནས། མར་ནང་དུ་བལྟས་ཚེ། ཟླ་བ་དཀར་བའི་ངོགས་ལ་སེང་གེ་རང་གི་གཟུགས་བརྙན་ཆུ་ནང་དུ་ཤར་བ་མཐོང་ནས། གཞན་ཞིག་ཡིན་སྙམ། མཆེ་བ་གཙིགས་ངར་བས་མ་གིས་ཀྱང་དེ་ལྟར་བྱས་ཚེ། ང་རྒྱལ་གྱིས་ཁྲོན་པའི་ནང་དུ་མཆོངས་ནས་ཤི་སྐད། དེས་ན་སྙོམ་ཆུང་ལ་གཙེས་རྒྱུ་མང་ན། དེ་འདྲ་ཡང་ཡོང་བས། སྙོམ་ཆུང་ལ་བརྙས་བཅོས་བྱེད་མི་རུང་། ཡང་སྔོན་གླང་ཆེན་ཁྱུ་ཅིག་འོངས་ནས་རི་བོང་ཀུན་གྱི་སྡོད་ས་
འཕྲོགས་བས། མཚན་གཅིག་རི་བོང་བློ་ལྡན་ཞིག་སོང་གླང་ཆེན་རྣམས་ལ་གཙེས་པས། གླང་ཆེན་རྣམས་ཀྱིས་རི་བོང་བདས་ཚེ། རི་བོང་གཡང་ཁ་ཆེན་པོ་ཞིག་ལ་མར་བབས་ནས་བྲོས་སོང་ཚེ། གླང་ཆེན་རྣམས་ཀྱིས་འགྲོ་ས་ཡོད་སྙམ་རི་བོང་བདས་ནས་སོང་ཚོད་མ་ཟིན་པར་ཐམས་ཅད་གཡང་ལ་ལྷུངས་ནས་ཤི་སྐད། དེས་ན་སྙོམ་ཆུང་ལ་ཐུབ་ཚོད་བྱས། ཡུལ་དང་ཞིང་ཁང་སོགས་ཕྲོགས་ན་ཡང་དེ་འདྲ་འོང་བས། ནམ་ཡང་དེ་འདྲ་བྱེད་མི་རུང་། སྔོན་ལྷོ་ཕྱོགས་ཀྱི་རྒྱུད་ན་རྒྱལ་པོ་ན་རཾ་མ་ཏི་མིའི་བདག་པོ་ཞེས་བྱ་བ་གཅིག་ཡོད་པ་ལས། ཡུལ་ཁྲིམས་ཀྱི་རྒྱལ་བུ་ལོ་ཉི་ཤུ་ལོན་ནས། ཕའི་ཐད་དུ་འགྲོར་མེད་པར། ལྕགས་ཀྱི་དྲ་བར་བཅུག་ནས། ལུགས་ཀྱི་བསྟན་བཅོས་བསླབས་ནས་ཡབ་རྒྱལ་པོ་ཤི་བ་དང་། བུ་རྒྱལ་པོ་བྱེད་པ་ལ། དེའི་དུས་སུ་རྒྱལ་པོ་དེ་ལ་བུ་ལོ་བརྒྱད་པ་ཞིག་ཡོད་པ་ལ། གོས་ལེགས་པ་ཅིག་ཡོད་པ། མ་ལ་གོས་འདི་སྤོས་དང་། ང་རྒྱལ་པོ་བྱེད་དུས་གྱོན་ནོ་བྱས་པས། མས་ཕ་ཡོད་པས་ད་དུང་རྒྱལ་ས་མི་འཐོབ་བྱས་པས། བུ་ན་རེ། ད་ལྟ་ཐོབ་པའི་ཐབས་ཅི་ཡོད་དྲིས་པས།
མ་ན་རེ་ཁྱོད་ཀྱིས་ཕ་གསོད་ནུས་ན། བསད་ནས་རྒྱལ་རྔ་བརྡུངས་ན་ཐོབ་བྱས་པས། བུ་ཡིས་དེ་བཞིན་བྱའོ་བྱས། མས་ཆུ་གྲི་རྣོན་པོ་ཞིག་བྱིན་པ་བུ་ཡིས་ཐོགས་ཏེ། རྒྱལ་པོ་ཁྲི་སྟེང་ན་ཡོད་པའི་ཐད་དུ་སོང་སྟེ། ཕ་ལ་དགའ་བ་དང་རྩེད་མོའི་རྣམ་འགྱུར་ཅུང་ཟད་བྱས། མང་དུ་སོང་བ་དང་ཆུ་གྲིས་ཕའི་ལྟོ་བ་དཀྲུགས་ནས་བསད་དོ། །དེ་རིང་ནས་ང་རྒྱལ་པོ་ཡིན་ནོ་ཞེས་རྒྱལ་རྔ་བརྡུངས་པས། འབངས་རྣམས་ཀྱིས་ཀྱང་། འདི་ལྟ་བུ་ནུས་པས་འདི་ནི་ཤིན་ཏུ་དཔའ་བ་ཞིག་གོ་ཟེར། དེ་ལ་རྒྱལ་སྲིད་བྱིན་སྐད། དེས་ན་ཁྲེལ་མེད་ཀྱི་བྱ་བ་དེ་འདྲ་བྱེད་གཏན་ནས་མི་རུང་། སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད། གྲོང་ཁྱེར་ཆེན་པོ་བ་རུ་ན་ཞེས་བྱ་བ་ན། ཁྱིམ་བདག་ཞིག་ལ་བུ་མེད་ནས་ལྷ་ལ་གསོལ་བ་བཏབ་པས་ཟླ་བ་བཅུ་ནས་ཁྱིམ་ཐབ་ལ་བུ་ཞིག་བཙས་ཏེ། དེའི་མིང་ལ་ལྷ་ཆེན་པོ་ཞེས་བཏགས། དེའི་བཙས་སྟོན་གྱི་ཕྱིར་ཕ་རྒྱ་མཚོར་ནོར་བུ་ལེན་དུ་སོང་བས་ལོ་བཅུ་གཉིས་ཐོགས་སོ། །དེའི་སྐབས་སུ་བུ་དེ་ཤིན་ཏུ་སྐྱེས་དྲག་པས་ལང་ཚོ་སྨིན་ནས་རང་གི་མ་ལ་འདོད་ལོག་སྤྱོད་པ་ལ་ཞུགས་ཏེ། དེའི་ཚེ་མས་བུ་ལ་སྨྲས་པ། བུ་ཁྱོད་ང་དང་ལྷན་
ཅིག་དགའ་ཞིང་འདུ་བར་འདོད་ན། ཁྱོད་ཀྱི་ཕ་རྒྱ་མཚོ་ནས་སླར་ལོག་ནས་སླེབ་དུ་ཉེ་བས་ལམ་དུ་སྒུགས་ལ་ཕ་གསོད་ཅིག་བྱས་པས། བུས་ཀྱང་དེ་བཞིན་བྱས་ནས་ལམ་དུ་ཕ་བསད་དོ། །དེ་ནས་རེ་ཞིག་ནས་མ་དེ་སྐྱེས་པ་གཞན་ཞིག་དང་ལྷན་དུ་འགྲོགས་པ་དང་། ལྷ་ཆེན་འཁྲུགས་ནས་མ་ཡང་བསད་དོ། །དེ་ན་རང་གི་མཆོད་གནས་དགྲ་བཅོམ་པ་ཞིག་ཡོད་པ་དེ་ལ་ཆོས་ཅི་རིགས་ཉན་ཅིང་ཡོད་པ་ལ། དེས་མངོན་ཤེས་ཀྱིས་སྔར་གྱི་ཉེས་པ་གཞན་ལ་སྒྲོགས་ཀྱི་དོགས་ནས་འཇིགས་ཏེ་དེ་ཡང་བཀྲོངས་སོ། །དེ་ནས་རང་ཡང་བྱ་བ་མ་ཡིན་པ་དེ་རྣམས་ལ་ཡིད་བསུན་ནས། ཁྱིམ་དུ་སྡོད་སྙིང་མ་འདོད་པར་ཡུལ་གཞན་དུ་འཁྱམས་སོ། །དེས་ན་དཔེ་མི་སྲིད་པའི་མཚམས་མེད་ཀྱི་ལས་ཚན་པོ་ཆེ་དེ་འདྲ་བྱེད་མི་རུང་། སྔོན་ཡུལ་དབུས་ཀྱི་རྒྱལ་པོ་དྷརྨ་པ་ལ་ཞེས་བྱ་བས་སྐབས་ཤིག་ཉ་པ་རུ་ཏོལ་ཞེས་བྱ་བ་བློན་པོར་བསྐོས། སྐྱེ་བོ་ཕལ་པོ་ཆེས་བཀུར་བ་ན། ཉ་པ་མི་ངན་དེས་དྲིན་ལ་མ་བསམ་པར་རྒྱལ་པོ་བསད། རྒྱལ་བོ་ར་མ་པ་ལ་དང་། པ་ལ་བྱ་བ་གཉིས་ཡོད་པ་ཡུལ་ནས་བཏོན། རྒྱལ་ས་བཟུང་བས།
སྔར་གྱི་རྒྱལ་པོ་དེ་ལ་བློན་པོ་རྙིང་པ་པཎྜི་ཏ་ཀྲི་ཏི་བྱ་བ་ཞིག་ཡོད་པ་ལ་བློན་པོ་གྱིས་བྱས་པས་མ་ཉན་ཚེ་ཟླ་བ་གསུམ་ཙམ་ལ་བཙོན་དུ་བཟུང་སྡུག་བཏང་། དེ་ནས་བཏང་ནས། ཕར་ཞིག་ཏུ་སོང་ཚེ་བྱིས་པ་མང་པོའི་ཁྲོད་ན་སྔར་གྱི་རྒྱལ་པོའི་སྲས་གཉིས་ཡོད་པ་འཕྲད་པས། ར་མ་པ་ལ་བྱིས་པ་རྣམས་ཀྱི་དཔོན་པོ་བྱས་རྩེད་མོ་བྱས་སོ། །དེ་ནས་ཆེར་སོང་ནས་གླང་པོ་ཆེ་ཁ་ཤས་བསྡུས། སྔར་གྱི་རྩེ་གྲོགས་རྣམས་ཀྱིས་དམག་བྱས། ཉ་བའི་རྒྱལ་པོ་དེ་ལ་འཐབ་པའི་དུས་བཏབ། ཉ་པའི་རྒྱལ་པོས་དམག་འཐབ་པའི་སྔ་ཉིན་ནས་གླང་པོ་ཆེའི་གདོང་གསེར་གྱི་དྲ་བས་གཡོགས་པས་གླང་ཆེན་དེ་ལ་ཚིག་པ་ཟོས་ཡོད་པ་མ་ཤེས་ཕན་ཚུན་འཐབ་ཏུ་ཉེ་བ་ན་གླང་ཆེན་བཏང་བས། ཕར་མ་སོང་བར་ཚུར་ལོག་ནས། ཉ་པའི་རྒྱལ་པོ་དཔུང་དང་བཅས་པ་བསད་དོ། །དེ་ནས་རྒྱལ་པོ་ལ་སྲས་ར་མ་པ་ལ་བཞག་སྐད། དེས་ན་རང་གི་དཔོན་པོ་སོགས་ལ་ཁྲེལ་མེད་ཀྱི་བྱ་བ་དེ་འདྲ་བྱེད་མི་རུང་། སྔོན་རྒྱལ་བུ་དགེ་དོན་དང་། ནུ་བོ་སྡིག་དོན་གཉིས་རྒྱ་མཚོར་ནོར་བུ་ལེན་དུ་སོང་ནས། ནོར་བུ་ལོན་ནས་ཕྱིར་ལོག་པའི་ལམ་ནས། སྡིག་དོན་ལ་བསམ་པ་
ལོག་པ་སྐྱེས་ནས་མཚན་ཞིག་དགེ་དོན་གཉིད་ལོག་ཡོད་པའི་མིག་ལ་སྙུག་གཤགས་བརྒྱབ་ནས་མིག་བཅར་ཏེ་ཤུལ་དུ་བཞག་ནས་ནོར་བུ་ཁྱེར་ནས་སོང་ངོ་། །དགེ་དོན་ཝ་ར་ཎ་སིའི་རྒྱལ་པོ་ལི་ཤིའི་གྲོང་འདབས་སུ་ཕྱིན། རྗེས་སུ་མིག་ཀྱང་སླར་བྱུང་། ཝ་ར་ཎ་སིའི་རྒྱལ་པོས། རྒྱལ་བུ་དགེ་དོན་ཡིན་པར་ངོ་ཤེས་བུ་མོ་ཡང་བཙུན་མོར་བྱིན་པ་ཁྲིད་ནས་སླར་རང་ཡུལ་དུ་སླེབས་ཚེ། སྡིག་དོན་བཙོན་དོང་དུ་བཅུག་ཡོད་པ་ཡང་ཐར་བར་བྱས་སོ། །དེས་ན་རང་གི་སྤུན་གྲོགས་སོགས་ལ་ཁྲེལ་མེད་ཀྱི་བྱ་བ་དེ་འདྲ་བྱེད་མི་རུང་། སྔོན་མི་གཅིག་དང་རྒྱལ་པོ་ཞིག་གཉིས་ནགས་སུ་སོང་བས། རྒྱལ་པོ་སྟག་ཞིག་གིས་གསོད་ལ་ཁད་ལ། མི་དེས་རལ་གྲི་རྒྱབ་ནས། སྟག་གི་སྐེ་བཅད་ནས་བསད་པས། རྒྱལ་པོ་མགུ་ཡང་བྱ་དགའ་མ་བྱིན་ཚེ། མི་དེས་ཉིན་གཅིག་རྒྱལ་པོའི་རྨ་བྱ་གར་མཁན་ཅིག་ཡོད་པ་དེ་བཟུང་ནས་སྦས་ཏེ། བསད་པའི་ཁུལ་བྱས་པས། རྒྱལ་པོས་ཁྱོད་ཀྱིས་ངའི་རྨ་བྱ་ཅིའི་ཕྱིར་བསད་བྱས་པས། མི་དེ་ན་རེ། ངའི་བསམ་པ་ལ། རྒྱལ་པོ་སྟག་གིས་གསོད་དུས་ངས་སྲོག་ཐར་བ་བྱས་པས་བྱ་དགའ་ཡང་
མ་བྱིན། ད་ལན་འདི་ཙམ་ཞིག་གསོལ་རས་སུ་ཞུས་ན་སྐྱོན་མེད་དམ་སྙམ། བརྐུས་སོ་ཞུས་པས། རྒྱལ་པོ་ན་རེ། འབངས་ཀྱིས་རྗེ་ཡི་ཞབས་ཏོག་བྱས་པ་དྲིན་དུ་ཅི་ལ་རྩི། འདི་སོད་ཟེར་འོ་ན་ང་མ་གསོད་དང་རྨ་བྱ་ད་ལྟ་མ་བསད་པར་ཡོད་ཅེས་ཕུལ་ནས། མི་དེ་རྒྱལ་པོ་ངན་པ་དེའི་འོག་ན་མ་བསྡད་པར་སོང་ངོ་། །དེས་ན་དཔོན་པོ་རྣམས་ཀྱིས་ཀྱང་འབངས་མིས་ཕན་ཅི་ཙམ་བཏགས་ཀྱང་ལས་བྱས་པ་རྣམས་ལ་ངོ་མེད་པའི་ཁྲེལ་མེད་ཀྱི་བྱ་བ་དེ་འདྲ་བྱེད་མི་རུང་། སྔོན་རྒྱལ་པོ་སངས་རྒྱས་དཔལ་གྱི་བཙུན་མོ་འོད་གསལ་ཤི་ནས། ཉིན་གཅིག་གྲོང་ཁྱེར་གྱི་ལྷོ་སྒོར་ཕྱིན་པ་ན། བུ་མོ་མཛེས་མ་གོས་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་མཐོང་ནས། བཙུན་མོར་བླངས་སོ། །དེ་ནས་བཙུན་མོ་ལ་བསམ་ངན་སྐྱེས། བཙུན་མོ་སྔ་མའི་བུ་འདི་མ་སྤྱུགས་ན་རྗེས་ནས་ལེགས་པོ་མི་འོང་སྙམ། ན་རྫུ་བྱས་པས། རྒྱལ་པོས་ན་བ་ལ་ཅི་ཕན་དྲིས་པས། མོ་ན་རེ། རྒྱལ་བུ་འདིའི་ལྷ་དང་ལོ་དང་རིགས་ཐམས་ཅད་ཁོ་མོ་ལ་གཟན་པར་གདའ་བས། ལོ་ཁ་ཤས་ཤིག་ཁམ་རྡའི་ཡུལ་དུ་བཏང་ནས་བཞུགས་སུ་བཅུག་ན། ངའི་ནད་འདི་ལ་ཕན་བྱས་པས། རྒྱལ་པོ་དེ་
རང་གི་བུ་ལ་གཅེས་ཀྱང་། འདོད་ཆགས་ཆེ་བས་བུད་མེད་ཀྱི་དབང་དུ་སོང་། རང་གི་གཅེས་པའི་བུ་ཡང་ཁམ་རྡའི་ཡུལ་དུ་བཏང་ངོ་། །སྔོན་ཡུལ་ཟངས་གླིང་གི་རྒྱལ་པོ། བྷ་ལ་དེ་བ་ཞེས་བྱ་བའི་བཙུན་མོ་ཀུན་བཟང་མ་ལ། སྲས་གཅིག་བྱུང་བ་མཚན་ལ་རྒྱལ་བུ་དོན་ཐམས་ཅད་འགྲུབ་པ་ཞེས་བཏགས། བཙུན་མོ་དེ་ཤི་ནས། བཙུན་མོ་པདྨ་ཅན་ཞེས་བྱ་བ་ཞིག་བླངས་ནས་སྲས་ཅིག་འཁྲུངས་པ་ལ་མཚན་གཞོན་ནུ་དོན་ཡོད་ཅེས་བཏགས་སོ། །དེ་ནས་གཞན་མི་ཀུན་གྱི་ཁ་གཏམ་ལ། རྒྱལ་པོའི་རྒྱལ་ས་སྲས་ཆེ་བ་དོན་འགྲུབ་ཀྱིས་འཐོབ་བོ་ཞེས་གླེང་བ་གོ་ནས། བཙུན་མོ་པདྨ་ཅན་གྱི་བསམ་པ་ལ། ངའི་བུས་རྒྱལ་ས་མ་ཐོབ་ན། ང་ཨ་མ་ལ་ཡང་ཡོང་སྒོ་མི་ཡོང་། རྒྱལ་བུ་ཆེ་བ་འདི་མེད་པ་ཞིག་བྱ་དགོས་སྙམ་བསམ་ངན་སྐྱེས་སོ། །དེ་ནས་ནད་རྫུ་བྱས། འགྲམ་གཡས་གཡོན་དུ་རམས་དང་མཚལ་བཟུང་ནས་རྣག་ཁྲག་ལྟ་བུའི་ལུད་པ་འཕངས་པས། རྒྱལ་བོས་ནད་ལ་ཅི་ཕན་དྲིས་པས། ཕན་ཐབས་གཅིག་ཙམ་ཞིག་འདུག་སྟེ། དེ་འདྲ་བྱས་པས་ཅི་ཡོང་། ང་འཆི་བ་ཡིན་བྱས་པས། རྒྱལ་པོས་ཁྱོད་ལ་ཕན་
ཐབས་ཅི་ཡོད་ཀྱང་དེ་བྱ་དགོས་བྱས་པས། བཙུན་མོ་ན་རེ། དེ་ཡིན་ན། བྱེད་པའི་དམ་བཅའ་སྔོན་དུ་བྱ་དགོས་ཞེས་རྒྱལ་པོ་རྟེན་གྱི་དྲུང་དུ་ཁྲིད་ནས་དམ་བཅའ་བྱེད་དུ་བཅུག་གོ །དེ་ནས་བཙུན་མོ་ན་རེ། སྔར་རྒྱལ་པོས་མི་བྱེད་སྙམ་ནས་མ་ཞུས་ད་བྱེད་ན། རྒྱལ་བུ་དོན་ཐམས་ཅད་འགྲུབ་པ་འདི། མི་མིན་བདུད་ཀྱི་ཆོ་འཕྲུལ་དུ་འདུག་པས། འདི་བཙས་ནས་མ་དེ་ཡང་གྲོངས། ད་ང་ལ་ཡང་གནོད་པ་སྐྱེལ་གྱིན་འདུག་སྟེ། བདག་རང་ན་བ་མནངས་ཆུང་སྟེ། རྒྱལ་པོ་རང་གི་སྐུ་སྲོག་ལ་སྐྱོན་འོང་པའི་ལུང་བསྟན་རྨི་ལྟས་བདག་ལ་བྱུང་། ད་བྱེད་ན་རྒྱལ་བུ་འདི་བསད་ནས་འདིའི་སྙིང་ང་ལ་བྱིན་ནས་ཟོས་ན་ངའི་ནད་འདི་ལ་ཕན། རྒྱལ་པོའི་སྐུ་སྲོག་གི་གེགས་ཀྱང་དེས་བཟློག་འགྲོ། དེ་ལྟར་མི་ནུས་ན། རྒྱལ་བུ་འདི་ཕྱིའི་རྒྱ་མཚོའི་གླིང་མི་མེད་ཀོ་ཤའི་གནས་སུ་བསྐྱལ་ན་ཕན་པར་འདུག་བྱས་པས། རྒྱལ་པོས་སྲས་གསོད་ནི་མ་ཕོད། ཡུལ་དེར་སྤྱུགས་པར་ཁས་བླངས་སོ། །དེ་ཐོས་ནས་སྲས་གཉིས་ཤིན་ཏུ་ཐུགས་མཐུན་པས་འབྲལ་མ་ཕོད་པར་ཨ་ཇོ་དགུང་ལོ་བཅུ་གསུམ་གཅུང་པོ་དགུང་ལོ་དགུའི་ཐོག་ལ། གཉིས་ཀ་ལྐོག་ནས་
ཡུལ་གཞན་དུ་བྲོས་པས། རྒྱལ་པོ་བཙུན་མོ་ཐམས་ཅད་མྱ་ངན་གྱིས་ནོན། སྲས་གཉིས་ཀས་ཀྱང་རེ་ཞིག་གི་བར་དུ། དཀའ་ལས་ཆེན་པོ་མྱངས་དགོས་བྱུང་། སྔོན་རྒྱལ་བུ་གཡུ་རྣ་ཅན་དང་། སྲས་མོ་ལྷ་གཅིག་གསེར་འཛོམ་གཉིས་ཀྱི་མ་ཤི་ནས། མ་ཡར་མ་གཞན་ཅིག་བླངས་པས། མོའི་བསམ་པ་ལ། རྒྱལ་པོའི་སྲས་སྲས་མོ་གཉིས་མ་བསད་ན། ང་མ་ཡར་མ་ཡིན་པས་རྗེས་ལ་ལེགས་པོ་མི་ཡོང་སྙམ། བསམ་པ་ངན་པ་སྐྱེས་ནས། ན་རྫུ་བྱས་པས། རྒྱལ་པོས་ནད་ལ་ཅི་ཕན་དྲིས་པས། མོ་ན་རེ་རྒྱལ་པོས་སྟེར་ཕོད་ན་སྲས་སྲས་མོ་གཉིས་ཀྱི་སྙིང་གིས་ཕན་དེ་རྒྱལ་པོས་ལེན་ག་ལ་ནུས། དེ་མ་ཡིན་པའི་ཕན་ཐབས་གཞན་མེད་པས་འཆི་བ་ལས་འོས་ཅི་ཡོད་བྱས་པས། རྒྱལ་པོ་བུད་མེད་ཀྱི་དབང་དུ་སོང་ནས། སྲས་སྲས་མོ་གཉིས་མཚོ་ཞིག་གི་ཁར་ཁྲིད་ནས་གསོད་གྲབས་བྱས་ཚེ་མཚོ་ནས་ཀླུ་ཞིག་ཐོན་ནས་སྙིང་གཉིས་སྤྲད་པས། བུ་བུ་མོ་གཉིས་མ་བསད་པར་སྦས་ནས་བསད་པའི་ཁུལ་བྱས། སྙིང་དེ་གཉིས་སྲས་སྲས་མོ་གཉིས་བསད་པའི་སྙིང་ཡིན་ཞེས་མོ་ལ་ཟར་བཅུག་པས།
མོས་ཀྱང་ནད་དྲག་པ་ལྟར་བྱས་སོ། །ཉིན་གཅིག་སྲས་སྲས་མོ་གཉིས་མ་བསད་པར་ཡོད་པ་མཐོང་ནས་ཡང་ན་རྫུ་བྱས་པས། ཡང་རྒྱལ་པོས་སྲས་སྲས་མོ་གཉིས་བྲག་ཞིག་གི་ཁར་ཁྱེར་ནས་གསོད་གྲབས་བྱས་ཚེ། བྲག་དེའི་ནང་ནས་ལྷ་ཞིག་ཐོན་ནས་སྙིང་གཞན་གཉིས་སྤྲད་པས། རྒྱལ་པོས་སྲས་སྲས་མོ་གཉིས་སྦས་ནས་དེ་གཉིས་བསད་པའི་སྙིང་ཡིན་ཞེས་མོ་ལ་བྱིན་ནས་ཟར་བཅུག་པས། མོ་ཡང་ནད་དྲག་པ་ལྟར་བྱས། ཡང་སྲས་སྲས་མོ་གཉིས་མཐོང་ནས་ནད་རྫུ་ཆེན་པོ་བྱས་པས། སྲས་སྲས་མོ་གཉིས་གསོད་མཁན་ལ་སྤྲད་ནས་ཐག་རིང་དུ་ཁྱེར། བསད་པའི་ཁུལ་བྱས་ཁྱི་ཡི་སྙིང་གཉིས་བཏོན་ནས། ཁྱེར་འོང་མོ་ལ་ཟར་བཅུག །སྲས་སྲས་མོ་གཉིས་ཡུལ་གཞན་དུ་སོང་ངོ་། །ཡང་སྔོན་རྒྱལ་པོ་བྷ་གའི་བཙུན་མོ་ནོར་འབྱིན་མ་ཤི་ནས། ནགས་ན་གནས་པའི་བུ་མོ་གཟུགས་མཛེས་པ་ཞིག་འདུག་པ་བཙུན་མོར་བླངས་པས། སྐབས་ཞིག་རྒྱལ་བུ་དད་པ་བརྟན་པོ་ཡུལ་འདོན་པའི་ཕྱིར་ན་རྫུ་བྱས་པས། རྒྱལ་པོས་ཅི་ཕན་དྲིས་པས། སྲིན་པོའི་གནས་ཀྱི་མེ་ཏོག་ཀུ་ཤ་ན་ཞེས་བྱ་བ་དེ་རྒྱལ་བུ་བཏང་ནས་བླངས་ན་ཕན། རྒྱལ་པོ་འདི་ཡང་
ང་མ་ཡར་མོར་བྱུང་གི་དོགས་ནས་མི་མཉེས་པར་འདུག །རྒྱལ་པོ་ཁྱོད་ཀྱང་ཐུགས་ཆུང་བས་གཏོང་མི་ཕོད། ད་ཁོ་མོ་འཆི་བ་ལས་འོས་གདའ་ཡེ་བྱས་པས། རྒྱལ་པོ་སྐྱེ་དམན་གྱི་དབང་དུ་སོང་། རྒྱལ་པོ་དད་པ་བརྟན་པོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཏང་ངོ་། །དེ་ནས་མ་ཤི་བར་ཕྱིར་འོངས་ཚེ། མོ་ན་རེ། ཕག་ཤ་གསར་བས་དུག་རོ་རྙིང་པ་བསླང་། ད་ནི་ཐར་མེད་ཀྱི་ནད་བྱུང་། ད་རྒྱལ་པོ་ལ་མཐུ་ཡོད་ན། མཁར་ཆེན་པོ་ཞིག་བརྩིགས་ན་ནད་འདི་ཨེ་དྲག་ཟེར། དེ་བརྩིགས་པས་ནད་ཀྱི་སུམ་གཉིས་ཙམ་དྲག་ཟེར། ད་དུང་བླ་རིའི་ནང་སྟོང་པ་བྱས་ནང་དུ་ཆུ་བསྐྱིལ། ཙན་དན་སྡོང་པོ་སྐྱེས་པ་སོགས་བྱས་ན་ནད་འདི་སུམ་ཆ་འདི་དྲག་ཙམ་ཡིན་སྨྲས་པས། དེ་ཡང་འགྲུབ་པས་ནད་དྲག་ཟེར། རྗེས་སུ་ད་དུང་རྒྱལ་པོ་བསད། ཡུལ་ཁམས་ཀུན་བརླག་པའི་བསམ་སྦྱོར་ཡོད་པ་ཤེས་ནས་མཐར་ཐབས་མཁས་ཀྱི་གསོད་དགོས་བྱུང་། དེས་ན་འཇིག་རྟེན་པ་རྣམས་ཀྱིས། བུད་མེད་ཀྱི་བློ་དང་ཐལ་ཕུང་གི་མཁར། བུད་མེད་ཀྱི་གྲོས་མགོ་རའི་ལམ་སྣ་ཟེར་བའི་གཏམ་དཔེ་ལྟར། བུད་མེད་ངན་མའི་ཁ་ལ་ཉན་
ནས་རང་གཞན་ཕུང་བའི་གཏམ་རྒྱུད་མང་པོ་ཡོད་པས། བློ་གྲོས་ཅན་རྣམས་བུད་མེད་ངན་མའི་ཁ་ལ་གཏན་ནས་ཉན་མི་རུང་། སྔོན་བུད་མེད་གཅིག་གིས་རང་གི་གཏན་གྲོགས་ཤིག་ཡོད་པ་བཞག་ནས། གོས་རྒྱན་རྣམས་ཁྱེར་ནས་ཁྱོ་ག་གཞན་ཞིག་ཡོད་སར་བསྙེགས་པས། ལམ་ནས་ཇག་པ་བྱུང་། གོས་རྒྱན་ཐམས་ཅད་ཇག་པས་ཁྱེར་ནས་མོ་གཅེར་བུར་ངོ་ཚ་ནས། ཤིང་ལོ་ཆེན་པོ་མང་པོ་སྟེང་དུ་བཀབ་ནས་སྡོང་པོ་གཅིག་གི་རྩར་བསྡད་པས་ནམ་ཞིག་གི་ཚེ། ཝ་མོ་གཅིག་གིས་ཤ་དུམ་ཞིག་ཁ་ལ་ཁྱེར་ནས་མཚེ་འགྲམ་དུ་ཡོང་ཚེ། མཚོ་ནང་ན་ཉ་གཅིག་གི་མགོ་མཚོ་ཁར་འབུར་འབུར་ཐོན་པ་མཐོང་ནས། ཁའི་ཤ་ཁྱེར་བ་དེ་ས་ལ་བཞག་ནས། ཉ་འཛིན་དུ་སོང་བས་ཉ་རྒྱ་མཚོའི་གཏིང་དུ་བྲོས་ནས་མ་ཟིན་ཕྱིར་འོངས་བས་སྔར་གྱི་ཤ་བཞག་པ་ཁ་ཏ་ཞིག་གིས་སྡོང་མགོ་ཞིག་ལ་ཁྱེར་ནས་མེད་ཚེ། ཝ་ཡིས་ཕར་བལྟ་ཚུར་བལྟ་མང་པོ་བྱས་ཚེ། བུད་མེད་དེ་ན་རེ། ཁ་ཤ་བཞག་ནས་ཉ་ཤ་བསྙབ། །ཉ་ཤ་རྒྱ་མཚོའི་གཏིང་དུ་སོང་། །ཁ་ཤ་ཁྭ་ཏས་སྡོང་མགོར་ཁྱེར། །ཕར་བལྟ་ཚུར་བལྟ་ཅི་ལ་ལྟ། །ཞེས་འཕྱ་སྨོད་བྱས་ཚེ། ཝ་ན་རེ།
གཏན་གྲོགས་བཞག་ནས་ཁྱོ་གྲོགས་བསྙེགས། །གོས་དང་རྒྱན་རྣམས་ཇག་པས་ཁྱེར། །ཤིང་ལོ་མེད་ན་ངོ་ཡང་ཚ། །ཕར་བལྟ་ཚུར་བལྟ་ཁྱོད་ལ་བལྟས། །བྱས་འཕྱ་སྨོད་བཏང་བས། མོ་རང་གི་ཡང་མཚང་ལ་ཕོག་ནས་ངོ་ཚ་བ་བྱུང་སྐད། དེས་ན་རང་སྐྱོན་ཡོད་པ་མི་ཚོར་བར་བཞག་ནས། མི་གཞན་གྱི་སྐྱོན་གླེང་མི་རུང་། སྔོན་བྱི་ལ་ཞིག་གིས་རྐུ་བྱས་པས་ཉིན་གཅིག་མི་གཅིག་གིས་བཟུང་ནས། རྣ་བ་བཅད་ནས་བཏང་། ཡང་རྐུ་གཅིག་བྱས་པས་མི་གཅིག་གིས་བཟུང་ནས། རྔ་མ་བཅད་ནས་བཏང་། ཡང་ཉིན་གཅིག་སོང་བ་དགེ་སློང་ཞིག་གིས་མཐོང་ནས་ཕྲེང་བ་འཕངས་པ་སྐེ་ལ་བསྐོན་པ་ཁྱེར་ནས་བྲོས་པས། ཉི་མ་མང་པོ་ལྟོ་མ་རྙེད་པས་གཟུགས་ངན་དུ་སོང་། ཉིན་གཅིག་བྱི་བ་ཅིག་དང་འཕྲད་པས། གནོད་པ་མ་བྱས་པར་མཐོང་ནས་སྐད་ཀྱང་སྙོམ་པོ། །འགྲོས་ཀྱང་དལ་པོ་ཞི་བ་དུལ་བ་ལྟ་བུའི་གཡོ་སྒྱུ་བྱས་པས། བྱི་བ་དེས་ཁྱོད་སུ་ཡིན་བྱས་པས། ང་བྱི་ལའི་དགེ་བསྙེན་ཡིན་ང་སྔར་གྱི་སྲོག་གཅོད་བྱས་པར་འགྱོད་ནས་དགེ་སློང་ཞིག་གི་དྲུང་དུ་སོང་། སྐྲ་གཅོད་པའི་ཚབ་ལ་རྣ་བ་དང་
མཇུག་མ་བཅད། ཕྱིན་ཆད་སྡིག་པ་མི་བྱེད་པའི་སྡོམ་པ་བླངས་པས་ཁོང་ཡང་ཐུགས་དགྱེས་ཕྱག་ཕྲེང་འདི་ཡང་དད་རྟེན་དུ་བདག་ལ་གནང་བྱུང་། ཞེས་ཚིག་འདྲ་ཆགས་པ་བཤད་དོ། །འོ་ན་ཁྱོད་གཟུགས་པོ་ངན་པ་ཅི་ཡིན་བྱས་པས། དེ་ངས་ཤ་སྤངས་ནས་དཀའ་སྤྱད་བྱས་པས་འདི་ལྟར་གྱུར་བྱས་པས། འོ་ན་ཟས་སུ་ཅི་ཟ་བ་ཡིན་དྲིས་པས། ཤིང་ཐོག་ཟ་བྱས་པས། ཁོའི་ཚིག་དེ་བདེན་པར་བཟུང་། རང་ཡུལ་དུ་བྱི་ལ་གཡོ་ཅན་དེ་ཁྲིད་ནས། བྱི་བ་ཀུན་གྱིས་བཀུར་ཞིང་ཤིང་ཐོག་ཕུལ་ཚེ་མི་ཟ་བར། ཁྱེད་ཀུན་གྱིས་ཉིན་རེ་བཞིན་ང་ལ་བསྐོར་བ་རེ་གྱིས། གཞན་ཞབས་ཏོག་མི་དགོས་བྱས། བསྐོར་བ་བྱེད་དུ་བཅུག་ནས། ཉིན་རེ་བཞིན་བྱི་བ་རེ་བཟུང་ནས་ཟོས། མི་གཙང་བ་ས་འོག་ཏུ་སྦས་སོ། །དེ་ནས་བྱི་བ་རྣམས་ཉུང་དུ་སོང་། བྱི་ལ་བརྒྱགས་ཏུ་སོང་ཚེ། བྱི་བ་ཐམས་ཅད་འདུས་ནས། རྒྱལ་པོ་ན་རེ། ང་ཡི་འཁོར་རྣམས་ཇེ་ཉུང་རེད། །དགེ་བསྙེན་སྐུ་བརྗིད་ཇེ་ཆེ་རེད། །ཟེར་ནས་ཐམས་ཅད་ཡིད་མ་ཆེས་པར་བྲུན་པ་བཙལ་ནས་བལྟས་པས་ནང་ནས་བྱི་བའི་སྤུ་བྱུང་ཚེ། བྱི་བའི་རྒྱལ་པོ་ན་རེ། ཟས་སུ་ཤིང་ཏོག་ཟ་བ་ལ། །
རིལ་མ་སྤུ་ཅན་ག་ནས་འོང་། ཟེར་ནས་བྱི་ལའི་མགུལ་དུ་དྲིལ་བུ་ཞིག་བཏགས་ནས། བསྐོར་བ་བྱས་ཚེ། བྱི་བ་རྗེས་མའི་དུས་སུ་དྲིལ་བུས་སིལ་ཞེས་སྒྲ་བྱུང་བས་བལྟས་ཚེ་བྱི་བ་གཅིག་བཟུང་ནས་ཟ་བ་མཐོང་ནས། བྱི་བ་ཀུན་བྲོས་སོང་སྐད། དེས་ན་མི་གཡོ་ཅན་དེ་འདྲའི་ཁ་ལ་གཏན་ནས་ཉན་མི་རུང་། སྔོན་འུག་པ་ལ་བྱ་གཞན་གྱིས་ཁྱོད་ཀྱི་མིག་སེར་པོ་འདི་ཅི་ལ་བྱུང་དྲིས་པས། དེ་སྣུམ་ཟོས་པས་བྱུང་ཟེར། རྐང་པ་སེར་ཁ་མང་བ་ཅི་བྱུང་དྲིས་པས། དེ་སྣུམ་རིགས་མིག་གིས་མ་མཐོང་བས་ལན་ཟེར། འོ་ན་མགོ་ལེབ་པ་འདི་གང་ཡིན་དྲིས་པས། དེ་ཆོས་མང་པོ་མགོ་ལ་བཞག་པས་དེ་ལྟར་གྱུར་ཟེར། རྣ་བ་ཆུང་བ་ཅི་ཡིན་དྲིས་པས། དེ་ཆོས་སྐད་རྣ་བས་མ་གོ་བས་ལན་བྱས་པས། གཏམ་དེ་ལ་བྱ་ཀུན་གྱིས་ཁྲེལ་བ་བྱུང་། དེང་སང་མི་ཀུན་གྱི་ཁ་གཏམ་ལ་འུག་པའི་བཤད་བཤད་མ་བྱེད་ཟེར་བ་དེ་ཡིན་སྐད། དེས་ན་དེ་འདྲའི་གཏམ་མི་མཚུངས་པ་ལབ་ན། མི་ཀུན་གྱིས་བཞད་གད་དང་ཁྲེལ་བའི་རྒྱུ་ཡིན་པས་ལབ་མི་རུང་། སྔོན་ཆུ་འགྲམ་ཞིག་ན་རི་བོང་ཞིག་ཡོད་པའི་ཐད་ཀྱི་ཤིང་གི་ཡལ་
གཞིག་ཆག་པ་ཆུ་ལ་ལྷུང་ཚེ་ཅལ་ཞེས་སྒྲ་བྱུང་བ་ལ་ཁོ་སྐྲག་ནས་བྲོས་ཏེ། རང་གི་ཟླ་བོ་དག་ན་རེ་ཅི་ཉེས་ཟེར། ཁོ་ན་རེ་ཅལ་བྱུང་ངོ་བྱས་པས། དེ་ཐམས་ཅད་བྲོས་ནས་སོང་། ཝ་སྐྱེས་དང་ལྕེ་སྤྱང་སྟག་གཟིག་དོམ་དྲེད་གླང་ཆེན་ཐམས་ཅད་ཀྱིས་དྲིས་པ་ལ། རི་བོང་གིས་ཅལ་བྱུང་ངོ་བྱས་པས་ཐམས་ཅད་བྲོས་པས་མཐར་སེང་གེ་དང་ཕྲད་ནས་དྲིས་པས་ཅལ་བྱུང་བྱས་པས། ཅུང་ཞིག་བྲོས་ཏེ་སེང་གེ་དཔའ་བས་ཀུན་སྡོད་དང་རྒྱུ་མཚན་དྲི་ཡི་ཟེར། རི་བོང་ལ་ཅལ་རང་ཅི་ལ་ཟེར་བྱས་པས། རི་བོང་ན་རེ། དེ་བསྟན་རྒྱུ་ཡོད་ཟེར། ཐམས་ཅད་ཁྲིད་ནས་སྔར་གྱི་སར་སོང་། ཆུ་ཡི་ནང་ན་ལོ་མ་ཅན་གྱི་ཤིང་གི་ཚལ་བུ་ཞིག་ལྷུངས་ཡོད་པ་མཐོང་ནས་བསྟན་ཏེ། འདི་ལགས་སོ་ཟེར་སྐད། དེར་ན་རྒྱུ་མཚན་མ་དྲིས་པར་གཞན་གྱིས་གང་བཤད་ཚད་ཀྱི་ཁ་ལ་ཉན་མི་རུང་། སྔོན་སེང་གེ་ཞིག་དང་ཝ་གཉིས་ཀྱིས་རི་དྭགས་བསད་པའི་ཤ་ལྷན་དུ་ཟོས་ནས་ཡུན་རིང་སོང་ནས། ཉིན་གཅིག་གླང་པོ་ཆེ་ཞིག་བསད་ནས། སེང་གེ་ང་རྒྱལ་ཆེ་བས་ཝ་སྐྱེས་ལ་ངས་བསད་པ་ཡིན་ཁྱོད་ཀྱིས་ཁུར་ཅིག །དེ་ལྟར་མིན་ན་ཤ་ཟ་བ་མ་རེ་ཞིག་བྱས་པས།
ཝའི་བསམ་པ་ལ་འཁུར་ག་ལ་ནུས། ཤ་མི་ཟ་བ་ཡང་ག་ལ་རུང་། ཐབས་ཤིག་བྱ་དགོས་སྙམ། ཇོ་བོ་ལ། འཇིག་རྟེན་ཆོས་ལུགས་ན། སེམས་ཅན་ཆེན་པོའི་རོ་འཁུར་བའི་ཚེ། དེའི་སྟེང་ན་འཁུན་པ་གཅིག་ཀྱང་དགོས་པསན། ཁྱོད་ཀྱིས་ཁུར་དང་ངས་སྟེང་ནས་འཁུན་གཉིས་ཀ་ངས་མི་ཡོང་བྱས་པས། སེང་གེས་ཁུར་ཚེ་སྟེང་དུ་ཞོན་ནས། ཝའི་བསམ་པ་ལ། རི་དྭགས་ཀྱི་རྒྱལ་པོ་འདི་ལྟ་བུའི་སྟེང་ནས་ཅི་སྟེ་འཁུན་སྙམ། གླུ་དབྱངས་ལེན་སྙིང་འདོད་ཀྱང་ཤེས་ཀྱི་དོགས་ནས་འཁུན་བུ་དབྱངས་བྱས་བ་དེ་སྡུག་འཁུན་མ་ཡིན་དགའ་བའི་དབྱངས་སོ། །དེས་ན་ཧ་ཅང་རློམ་སེམས་དང་ང་རྒྱལ་ཆེ་ན་སྡུག་བསྔལ་ཡང་ཐོག་ཏུ་འོང་ཉེན་ཆེ་བས། རློམ་སེམས་དང་ང་རྒྱལ་བྱེད་མི་རུང་། སྔོན་རྒྱལ་པོ་ཟླ་བའི་སེང་གེས་མེ་ཏོག་ལྡུམ་རར་རི་ཕག་ཅིག་ཞུགས་པས། མེ་ཏོག་རྣམས་ཟོས་པ་ལྡུམ་ར་སྲུང་མཁན་གྱི་རིགས་ངན་རྔོན་པའི་བུ་ཞིག་ཡོད་པ་དེས་མཐོང་ནས། མདའ་གཞུ་ཐོགས་ནས་རི་ཕག་བདས་པས། ཟིན་ལ་ཁད་ལ་དེ་ལས་ཉེ་བ་ཞིག་ནས། གླ་བ་ཞིག་རྒྱངས་ཏེ་ཐོན་བྱུང་པས། ཁོའི་
བསམ་པ་ལ། ཕག་པ་བསད་ཀྱང་ཤ་མ་གཏོགས་མི་འདུག །དེ་བས་གླ་བ་འདི་བསད་ན་ཤ་པགས་གཉིས་ཀ་ཡོང་བར་འདུག་སྙམ། ཕག་པ་ཐང་ཆད་པ་དེ་བཞག་ནས། གླ་བ་ཐང་མ་ཆད་པ་དེ་ཉི་མ་ཕྱེད་ཙམ་བདས་པས་ཟིན་ལ་ཁད་ལ། དེ་བས་ཉེ་བ་ཞིག་ནས་ཤ་བ་ཞིག་རྒྱངས་ཏེ་ཐོན་བྱུང་པས། ཡང་ཁོའི་བསམ་པ་ལ། གླ་བ་འདི་ལས་ཤ་བ་འདི་བསད་ན། ཤ་པགས་རུས་གསུམ་ཡོད་སྙམ་ནས། གླ་བ་ཐང་ཆད་པ་དེ་བཞག །ཤ་བ་ཐང་མ་ཆད་པ་དེ་བདས་པས། ཉི་མ་ཡང་ནུབ། ཤ་བ་དེ་ཡང་། ནགས་མཐའ་མེད་དུ་ཤོར་རོ། །དེའི་ཚེ་བར་སྣང་ལྷས་སྨྲས་པ། དང་པོ་བརྩམས་པ་མི་འགྲུབ་ན། །རྗེས་ལ་བྱ་བ་འགྲུབ་མི་སྲིད། །སྔ་མ་མ་ཟིན་ཕྱི་མ་སྟོར། །རྔོན་པས་ཕག་རྒོད་བདས་པ་བཞིན། །བློ་མང་བྱ་བ་འགྲུབ་མི་སྲིད། །ཅེས་བསྒྲགས་སོ། དེ་ནས་རྔོན་པའི་བུ་ནགས་མཐའ་མེད་ལ་མགོ་འཐོམས། རང་གི་ཡུལ་གང་ན་ཡོད་ཀྱང་མ་ཤེས། སྔར་ཡོང་པའི་ལམ་ཡང་སྟོར་ཏེ། འགྲོ་ས་ཡང་མ་རྙེད་པར། །ཉིན་ཞག་ཕྱེད་དང་གཉིས་ལྟོ་མེད་པར་ལྟོགས་སྐོམས་ཐང་ཆད་ནས་ལུས་སོ། །དེས་ན་ཧམ་པ་ཆེ་བའི་མི་ལ་དྲན་རྒྱུ་
མང་། བྱ་བ་མང་པོ་བརྩམས་རུང་འགྲུབ་མི་སྲིད། བྱ་བ་སྔ་མ་མ་འགྲུབ་པར་རྗེས་མའི་མ་གོ་མི་རྩོམ་པར། སྔ་མ་དེ་ལ་གཅིག་དྲིལ་བྱེད་དགོས། མི་དྲན་དགུ་དྲན་མི་བྱེད་དགུ་བྱེད་ཀྱི་མགོ་ལ་མི་ཡོང་དགུ་ཡོང་བས། དེ་འདྲ་བྱེད་མི་རུང་། སྔོན་བྱ་ཐམས་ཅད་འདུས་ནས་བྱའི་རྒྱལ་པོ་འཚོལ་བའི་ཚེ། གང་གི་ཉི་མ་ཤར་བ་སྔོན་དུ་མཐོང་བ་དེས་རྒྱལ་པོ་བྱེད་ཟེར། བྱ་ཐམས་ཅད་ཁ་ཤར་དུ་བལྟས་ཚེ། ཕ་ཝང་གིས་ཁ་ནུབ་ཏུ་བལྟས་པས་ཕུག་རོན་ཀྱང་ཁ་ནུབ་ཏུ་ཕྱོགས་ཚེ། ཕ་ཝང་གིས་ཕུག་རོན་ལ་ཕྱེ་འགམ་དུ་བཅུག་ནས་མགོ་བསྐོར་བས། ནུབ་རི་ལ་ཉི་མ་ཕོག་པ་ཕུག་རོན་དང་གཉིས་ཀས་མཐོང་ཡང་། ཕུག་རོན་གྱི་ཁ་སྐྱ་ཕྱེས་འགགས་ནས་བཤད་མ་ནུས་པར་འུག་འུག་བྱས་པས། ཕ་ཝང་གིས་ཉི་མ་ཤར་འདུག་ཅེས་ནུབ་རི་བསྟན་པས། བྱ་ཀུན་གྱི་རྒྱལ་པོ་མ་བྱས། ཡང་ནམ་འཕང་སུ་མཐོ་བ་རྒྱལ་པོར་བཀོད་བྱས་པས། ཕ་ཝང་བྱ་རྒོད་ཀྱི་སྤུ་གསེབ་ཏུ་ཡིབས་ནས་བསྡད་པས། བྱ་རྒོད་འཕུར་ནས་ནམ་འཕང་བསྟོད་བསྟོད་དེ། སྐབས་ཤིག་བྱ་རྒོད་ན་རེ། དགུང་ལ་རེག་རེག་ཟེར་ནས་འདབ་
རྒྱངས་འཕངས་པ་དང་། ཕ་ཝང་བྱ་རྒོད་ཀྱི་སྤུ་གསེབ་ནས་ཐོན་ཏེ་ཡར་འཕུར་ནས། དེ་བས་ཀྱང་དགུང་ལ་རེག་རེག་ཟེར་ནས། གཤོག་ཆུང་བསྐུམ་ནས་ཀུན་གྱི་སྔོན་ལ་མར་ས་ལ་བབ་བསྡད་པས། རྗེས་སུ་བྱ་ཐམས་ཅད་འོངས་ནས་ཕ་ཝང་ལ་བལྟས་ནས་སྤུ་མེད་ལ་རྭ་ཡོད་པ་མི་སྡུག་པ་ལྟས་ངན་འདི་ལྟ་བུས་རྒྱལ་པོ་ག་ལ་འོང་། ཁོས་ཅི་བྱ་ཟེར། རྒྱལ་པོ་ཕར་ཞོག་བྱ་ཕལ་པའི་གྲལ་ལ་ཡང་མ་ཚུད། དེས་ན་གཞན་གྱིས་བརྙས་ཤིང་སྨོད་པའི་གནས་སུ་འགྱུར་བའི་བྱ་སྤྱོད་ངན་པའི་རིགས་སུ་གྱུར་པ་བྱ་མི་རུང་པས་སྤང་པར་བྱའོ། །སྨྲས་པ། ལྷ་མཆོག་ཀླུ་དབང་གྲུབ་པ་རིག་འཛིན་གཙོ། །དྲང་སྲོང་རྒྱས་པ་གྲོགས་མཁར་རྐང་མིག་སོགས། །ཀུན་གྱི་སྤྱི་བོའི་གཙུག་གི་རྒྱན་གྱུར་པའི། །ཀུན་མཁྱེན་ཐུབ་དབང་ཞལ་ནས་གསུངས་པ་ཡི། །དམ་པའི་ཆོས་ཀྱི་ལུགས་དང་མི་འགལ་ཞིང་། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་བཞིན་དུ། །འཇིག་རྟེན་མི་ཆོས་བདེ་ལེགས་འགྲུབ་པའི་ཕྱིར། །འཇིག་རྟེན་མི་ལ་ཕན་པའི་གླུ་དབྱངས་ལེན། །དམ་པའི་ལྷ་ཆོས་འཇིག་རྟེན་མི་ཆོས་གཉིས། །ཤེས་རབ་ཅན་ལ་འགལ་མེད་གྲོགས་སུ་འགྲོ། །དེ་ཕྱིར་
ལུགས་གཉིས་ཟུང་དུ་འབྲེལ་བའི་སྒོས། །དོན་གཉིས་སྒྲུབ་པར་འདོད་རྣམས་འདི་བཞིན་གྱིས། །མ་བརྟགས་བྱ་བ་བྱས་ན་རང་གཞན་ཕུང་། །ཕྱིས་ནས་འགྱོད་པ་སྐྱེ་བ་བླུན་པོའི་ལུགས། །དེ་ཕྱིར་བྱ་བ་གང་དང་གང་བྱེད་ཀྱང་། །ཐོག་མར་བརྟགས་ཤིང་དཔྱད་ནས་བྱེད་པ་གཅེས། །གཡོ་སྒྱུ་བྱས་པ་སྐབས་དེར་ལེགས་ན་ཡང་། །རྗེས་སུ་རང་གི་སྲོག་གི་བདུད་དུ་འབབ། །དེ་ཕྱིར་ཟས་ནོར་གང་གི་ཕྱིར་དུ་ཡང་། །གཡོ་སྒྱུའི་རིགས་སུ་གྱུར་པ་བྱེད་མི་རུང་། །མི་འོས་ནོར་མང་བླངས་ན་ལས་དབང་གིས། །ཐ་མར་རང་གི་ནོར་ཡང་བརླག་པ་མང་། །དེ་ཕྱིར་ལེན་པར་འོས་པ་མ་གཏོགས་པ། །མི་འོས་ནོར་ལ་བརྣབ་སེམས་རེ་བ་སྤང་། །རྐུས་དང་འཕྲོག་བཅོམ་བྱས་ན་ཚེ་འདིར་ཡང་། །གཞན་གྱིས་བཟུང་ནས་བརྡུང་དང་བསད་པ་མང་། །དེ་ཕྱིར་ལྟོགས་རུང་མི་ངན་ཁྲེལ་མེད་ཀྱི། །བྱ་བ་ཇག་རྐུན་འཕྲོག་བཅོམ་བྱེད་བྱེད་མི་རུང་། །བཙན་པོ་ཡིན་ཡང་བཙན་ཚོད་མ་ཟིན་ན། །སྙོམ་ཆུང་རྣམས་ཀྱི་ལག་ཏུ་གྲི་རུ་འཆི། །དེ་ཕྱིར་རང་ཉིད་ཇི་ལྟར་བཙན་ན་ཡང་། །སྙོམ་ཆུང་རྣམས་ལ་བརྙས་བཅོས་བྱེད་
མི་རིགས། །ཕ་དང་མ་སོགས་གསད་བྱ་མ་ཡིན་པ། །བསད་ན་རང་ཉིད་འདི་ཕྱི་གཉིས་ཀར་ཕུང་། །དེ་ཕྱིར་དཔལ་འབྱོར་ཅི་ཙམ་ཐོབ་ན་ཡང་། །རྒྱལ་བློན་ཕ་མ་སྤུན་གྲོགས་གསད་མི་བྱ། །ཕན་བཏགས་ལན་དུ་དྲིན་གཟོ་མ་མཆིས་ཀྱང་། །གནོད་པ་བྱེད་པ་ཁྲེལ་མེད་རྣམས་ཀྱི་ལུགས། །དེ་ཕྱིར་ཕན་ཐོགས་བྱས་ལ་ངོ་མེད་པའི། །ཁྲེལ་མེད་བྱ་བ་ནམ་ཡང་མ་བྱེད་ཨང་། །བུད་མེད་ངན་མའི་ཁ་ལ་ཉན་ནས་ནི། །རང་གཞན་མང་པོ་ཕུང་བའི་ལོ་རྒྱུས་མང་། །དེ་ཕྱིར་གཡོ་སྒྱུ་ཅན་གྱི་བུད་མེད་ཀྱི། །ཁ་ལ་སྐྱེས་པ་རྣམས་ཀྱིས་མ་ཉན་ཅིག །རང་སྐྱོན་མི་མཐོང་གཞན་གྱི་སྐྱོན་རྣམས་མཐོང་། །འཕྱ་སྨོད་བྱས་ན་རང་ལ་དེ་འདྲ་འོང་། །དེ་ཕྱིར་གཞན་སྐྱོན་མང་པོ་མཐོང་ན་ཡང་། །མ་མཐོང་བ་ལྟར་བྱས་ནས་སྨོད་མི་བྱ། །རྒྱུ་མཚན་མི་འདྲི་གཞན་གྱི་ཁར་ཉན་ན། །སྐབས་རེ་དོན་མེད་ངལ་དུབ་སྡུག་བསྔལ་འོང་། །དེ་ཕྱིར་བཤད་ཚད་ཁ་ལ་ཉན་མི་རུང་། །དེ་ཡི་རྒྱུ་མཚན་འདྲི་བ་ཤིན་ཏུ་གཅེས། །འུག་པའི་གཏམ་བཞིན་སྔ་ཕྱི་འགལ་བའི་གཏམ། །བློ་ལྡན་དྲུང་དུ་སྨྲས་ན་ཁྲེལ་བའི་རྒྱུ། །དེ་ཕྱིར་མི་འགྲིག་གཏམ་རྣམས་གཏོང་བ་
ལས། །དེ་བས་ཁ་རོག་བསྡད་པ་གདམས་ངག་ཟབ། །བྱ་བ་བརྒྱ་ཕྲག་མང་པོའི་མགོ་རྩོམ་པའི། །མི་དེས་བྱ་བ་གཅིག་ཀྱང་འགྲུབ་མི་སྲིད། །དེ་ཕྱིར་བྱ་བ་མགོ་མ་མ་འགྲུབ་པར། །བྱ་བ་རྗེས་མ་མང་པོ་རྩོམ་མི་བྱ། །ནང་ན་ཡོན་ཏན་མང་པོ་ལྡན་ན་ཡང་། །ཕྱི་ཡི་ཆ་ལུགས་ངན་ན་ཀུན་གྱིས་བརྙས། །དེ་ཕྱིར་གཞན་གྱི་སེམས་ལ་མི་འབབ་པའི། །ཆ་ལུགས་བྱ་སྤྱོད་ངན་པ་སྤོང་བར་མཛོད། ༈ ད་ནི་མཉམ་མེད་ཟས་གཙང་སྲས་པོ་ཡིས། །ལེགས་པར་གསུངས་པའི་ཆོས་དང་མི་འགལ་ཞིང་། །འཇིག་རྟེན་མི་ཆོས་འགྲུབ་ཕྱིར་བྱ་འོས་པ། །ཇི་ལྟར་བྱ་ཚུལ་བདག་གིས་བཤད་ཀྱིས་ཉོན། །དེ་ཡང་མཉམ་མེད་ཟས་གཙང་གི་སྲས་བོས་གསུངས་པའི་དམ་པའི་ཆོས་ཀྱི་དགོངས་དོན་དང་མི་འགལ་ཞིང་། འཇིག་རྟེན་མི་ཆོས་ཀྱི་བྱ་བ་རྣམས་ཀྱང་བདེ་ལེགས་སུ་འགྲུབ་པའི་ཕྱིར། བྱ་བར་འོས་པའི་རིགས་རྣམས་སྒྲུབ་པའི་ཚུལ་བཤད་པར་བྱ་སྟེ། སྔོན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས། བོད་དུ་དགེ་བ་བཅུའི་ཁྲིམས་ཀྱི་སྟེང་དུ། དཀོན་མཆོག་ལ་གུས་པ། དམ་ཆོས་སྒྲུབ་པ། ཕ་མ་
བཀུར་བ། ཡོན་ཏན་ཅན་གོང་དུ་བཀུར་བ། རིགས་མཐོ་དང་རྒན་ལ་ཕུ་དུད། མཛའ་བཤེས་ལ་གཞུང་། ཡུལ་མི་ལ་ཕན་འདོགས་པ། ཡིད་དྲང་བ། མིག་ཡ་རབས་ལ་ལྟ་བ། ཟས་ནོར་ལ་སྤྱོད་ཤེས་པ། དྲིན་ཅན་ལ་ཕན་ལན། བྲེ་སྲང་ལ་གཡོ་སྒྱུ་མེད་པ། སྤྱི་སྙོམས་ཤིང་ཕྲག་དོག་མེད་པ། བུད་མེད་ཀྱི་ཁ་ལ་མི་ཉན་པ། ངག་འཇམ་ཞིང་སྨྲ་མཁས་པ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས། བཙན་པོས་ཕྱག་རྒྱས་བཏབ་སྟེ། འབྲས་ལྡན་དུས་ཀྱི་མཁའ་ལ། རྟ་ལྗང་གི་དབང་པོ་ཤར་བ་ལྟར་གསལ་ཞིང་། གསེར་གྱི་གཉའ་ཤིང་འཛིན་རི་ལྟར་ལྕི་བར་མཛད་པས། བོད་ཆེན་པོའི་རྒྱལ་ཁམས་ཀྱི་ཁྱོན་ཀུན་ལ་གནས་པའི་སྐྱེ་དགུ་མཐའ་དག་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་དགའ་སྟོན་ལན་གཅིག་མིན་པར་མྱོང་བར་མཛད་གསུངས། ཆོས་རྒྱལ་ཆེན་པོ་དེ་ཡི་རྣམ་ཐར་བཞིན་དུ། རྒྱལ་པོ་རྣམས་ཀྱིས་ཀྱང་རྒྱལ་ཁམས་ཐམས་ཅད་ཆོས་བཞིན་དུ་བསྐྱང་བར་བྱའོ། །སྔོན་ཡུལ་ཡངས་པ་ཅན་གྱི་རྒྱལ་བུ་ཀུན་ཏུ་དགའ། ལྷ་མོ་ཁྲོ་གཉེར་ཅན་དང་ལྷན་ཅིག་ཏུ་གནས་ནས། བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་སྤྱོད་པ་ལ་དྲན་པས་བརྗེད་པ་མེད་པར་བྱས། ཤེས་བཞིན་གྱིས་བརྟན་པར་བྱས། བག་ཡོད་པས་མི་དགེ་བའི་རྣམ་པ་ཙམ་ཡང་མེད་པར་བསྟན། དབང་པོ་སྒོ་ལྔའི་ཆགས་སྡང་གི་སྤྱོད་པ་ཅུང་ཟད་ཙམ་ཡང་བཅིལ་ཏེ་བསྡམས་སོ། །ཉིན་གསུམ་མཚན་གསུམ་དུས་དྲུག་ཏུ་རང་གི་ཤེས་རྒྱུད་ལ་རང་འདོད་ཀྱི་འཁྲི་བ་འདུག་གམ་མི་འདུག་ལྟ་བ་དང་། ཁྱིམ་ན་གནས་པའི་ཁྱིམ་གྱི་ཉོན་མོངས་པས་གོས་མ་གོས་ལྟ་བ་དང་། གཞན་དོན་ལས་ཉམས་མ་ཉམས་ལྟ་བ་དང་། སྤྱིར་ཡང་མུ་སྟེགས་བྱེད་ཀྱི་སྤྱོད་པ་སེམས་ལ་ཞུགས་པ་མི་ཚོར་བས། དེ་ཞུགས་མ་ཞུགས་ལྟ་བ་དང་། གཞན་ཡང་སྤང་བྱ་ལ་གཉེན་པོར་འཁྲུལ་ལམ་མ་འཁྲུལ་དཔྱོད་པ་དང་། གཉེན་པོ་ལ་སྤང་བྱར་འཁྲུལ་མ་འཁྲུལ་ལྟ་བ་དང་། སྤང་བྱ་དང་གཉེན་པོ་གཉིས་ཆོས་ཀྱི་དབྱིངས་སུ་སློངས་མ་སློངས་ལྟ་བ་དང་། ནང་དུ་ཏིང་ངེ་འཛིན་དེ་དག་རྒྱས་པ་ལ་བརྩོན་ཞིང་། ཤེས་རབ་ཆེན་པོའི་དབྱིངས་སུ་འཁྱོང་བས་དུས་འདའ་བར་བྱེད་དོ། །དེ་ལྟར་བྱས་པའི་མཐུས་ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པ་དང་། རྒྱལ་སྲིད་
འཕེལ་བ་དང་། རྒྱལ་བུ་དེ་ཡང་མིའི་དབང་པོར་བཀུར་བ་དང་། ཆོས་ཀྱི་བླ་མར་བཟུང་སྟེ། ཐམས་ཅད་ཀྱིས་མཆོད་པར་བྱེད་པ་བྱུང་། དེ་བཞིན་དུ་དྲན་ཤེས་བག་ཡོད་བསྟེན་ཅིང་། ཉིན་མཚན་དུས་དྲུག་ཡང་དང་ཡང་དུ་སེམས་རྒྱུད་ལ་བརྟགས་ནས་གནོད་སེམས་དང་སྡིག་པའི་ལས་ཐམས་ཅད་སྤངས་ནས། ཕན་སེམས་དང་དགེ་བའི་ལས་ཐམས་ཅད་ལ་བརྩོན་པར་བྱའོ། །སྔོན་ཡུལ་བདེ་ལྡན་གྱི་རྒྱལ་བུ་དཀོན་མཆོག་འབངས་ཞེས་བྱ་བའི་སྐུ་ལུས་ཀྱི་རོ་སྟོད་གསེར། སྐེད་པ་དུང་། རོ་སྨད་གཡུ་ལས་བྱས་པ། སོ་དུང་སོ་ཁོར་མར་ཡོད་པ་མཛེས་ཤིང་ཡིད་དུ་འོང་བ་དེས་རྫུ་འཕྲུལ་གྱིས་ཨོ་རྒྱན་གྱི་ཡུལ་དུ་བྱོན། ཡུམ་གསང་བ་ཡེ་ཤེས་སྤྱན་དྲངས། རིག་གནས་བཅོ་བརྒྱད་ལ་མཁས་ཀྱང་སྦས་པའི་བརྟུལ་ཞུགས་མཛད། ཀུ་སུ་ལུའི་སྤྱོད་པས་འགྲོ་དོན་རྒྱུན་མི་འཆད་དུ་མཛད་དོ། །དེ་བཞིན་དུ་རང་གི་ཡོན་ཏན་ཅི་ཡོད་ནང་དུ་སྦེད་ཅིང་སེམས་ཅན་གཞན་གྱི་དོན་ལ་བརྩོན་པར་བྱའོ། །སྔོན་ཡུལ་བྷཾ་ག་ལའི་རྒྱལ་བུ་དད་པ་བརྟན་པས། སྒྲོལ་མ་དང་། ཁྲོ་གཉེར་ཅན། ནོར་རྒྱུན་མ་གསུམ་གྱི་སྤྲུལ་པ། སྲིན་པོའི་བུ་མོ་ཀུ་ཤ་ན་དང་།
ཀླུ་ནག་པོའི་བུ་མོ་ཡང་ཤ་ན། ཀླུ་དཀར་པོའི་བུ་མོ་སུམ་ཤ་ན་གསུམ་བཙུན་མོར་གདན་དྲངས། དུས་དང་གནས་སྐབས་ཐམས་ཅད་དུ་རྙེད་པ་དང་བཀུར་སྟི་ལ་མི་ལྟ། ཁེངས་དྲེགས་དང་ང་རྒྱལ་མི་མཛད། བླ་མའི་བཀའ་དང་གཅིག་ཀྱང་མི་འགལ་བར་ཡབ་དང་འཁོར་འབངས་རྣམས་ཀྱིས་ཐོག་དྲངས། འགྲོ་བ་གཞན་གྱི་དོན་ཁོ་ན་མཛད་ནས། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་བདུན་པ་ལ་ཚེའི་འདུ་བྱེད་བཏང་སྟེ། བདེ་བ་ཅན་དུ་གཤེགས་སོ། །དེ་བཞིན་དུ་རྙེད་པ་དང་བཀུར་སྟི་ཁེངས་དྲེགས་སྤངས་ནས། བླ་མའི་བཀའ་དང་མི་འགལ་བར་ཕ་མ་འཁོར་གཡོག་གིས་ཐོག་དྲངས་མཐོང་ཐོས་ཀྱི་སེམས་ཅན་ཐམས་ཅད་རབ་ཏུ་བྱམས་པས་སྐྱོང་བར་བྱའོ། །སྔོན་ཡུལ་ཝ་ར་ཎ་སིའི་ཁྱེའུ་དགའ་འཛིན་ཞེས་བྱ་བས་ཆུང་ནས་བཟུང་སྟེ། སེམས་ཅན་ཕ་མར་བལྟས་ནས་བྱམས་ཤིང་ཉིན་གཅིག་ངན་སློང་གོས་མེད་པ་ཞིག་ལ་རྒྱབ་ཀྱི་གོས་ཕུད་ནས་སྤྲད་དོ། །ཉིན་གཅིག་མུ་སྟེགས་པའི་རྣལ་འབྱོར་ཞིག་གིས་སྐྱོགས་གཅིག་འཕངས་ནས་དགའ་འཛིན་གྱི་མགོ་ལ་ཕོག་ཚད་པ་ཞིག་བྱུང་ཡང་། ལན་དུ་བརྡེག་པ་དང་ངག་
གི་ཉེས་པ་བཞི་མ་བྱས་ན། ཡིད་ཀྱི་ཉེས་པ་གསུམ་ལྟ་ཅི་སྨོས། ད་རྒྱལ་བློན་རྣམས་ཀྱིས་མཐོང་ནས། མུ་སྟེགས་བཟུང་ནས་གསོད་པར་རྩོམ་པ་ན། དགའ་འཛིན་གྱིས་འདི་བདག་ཅག་གི་ཚེ་སྔོན་གྱི་ཕ་མ་ཡིན་པས་བདེ་བར་ཐོང་ཞེས་གནོད་པ་ལས་བསྐྱབས་སོ། །ཡང་མུ་སྟེགས་པ་འགའ་ཞིག་གིས་བཟུང་ནས། ནང་པའི་ཆོས་ལུགས་དང་ལྷ་ཐོང་། མི་གཏོང་ན་གསོད་པ་ཡིན་ཞེས་གྲི་བཏོན་ནས་གསོད་གྲབས་བྱས་ཀྱང་། རང་གི་ལྷ་ཆོས་མ་བཏང་། ཚིག་ངན་ཙམ་ཡང་མི་སྨྲ་བར་གནས་སོ། །གཞན་ཡང་རྒྱལ་བློན་འཁོར་འབངས་རྣམས་ལ་ཆོས་བསྟན་ནས། ཐམས་ཅད་ལ་མི་དགེ་བཅུ་སྤོང་དུ་བཅུག །དཀོན་མཆོག་ལ་མི་ཕྱེད་པའི་དད་པ་བྱེད་དུ་བཅུག་གོ །དེ་བཞིན་དུ་རང་གིས་ཀྱང་མི་དགེ་བ་བཅུ་སྤངས་ནས་དད་པ་བརྟན་པོ་བྱེད་ཅིང་། གཞན་ལ་ཡང་མི་དགེ་བ་བཅུ་སྤོང་དུ་བཅུག་ནས། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་བརྟན་པོ་བྱེད་དུ་འཇུག་པར་བྱའོ། །སྔོན་ཝ་ར་ཎ་སིའི་དགེ་བསྙེན་བཙུན་པ་ཞེས་བྱ་བས་དུས་རྒྱུན་དུ། གཞན་གྱིས་ཚུར་ལ་གནོད་པ་ཅི་ཙམ་བྱས་ཀྱང་ལན་དུ་ཁྲོ་བ་སྐད་ཅིག་ཙམ་ཡང་མི་བྱེད། ཡོན་ཏན་རྒྱ་མཚོ་ལྟ་
བུ་ཡོད་ཀྱང་ང་རྒྱལ་མི་བྱེད། སྤྲང་པོ་བཞིན་དུ་དམན་ཆ་བླངས་ནས་བླ་མ་དགེ་བའི་བཤེས་གཉེན་མང་པོ་ལ་བསྙེན་བཀུར་བྱས། ཡོན་ཏན་བསླབས་པས་མཁས་པའི་གྲགས་པ་ཆེན་པོ་བྱུང་། དེ་ནས་དགེ་བསྙེན་དེས་སྐྱེ་བོ་ཐམས་ཅད་ལ་ཆོས་བསྟན་པས་ཡུལ་ཁམས་ཐམས་ཅད་བདེ་ལ་བཀོད་དོ། །དེ་བཞིན་དུ་ཁྲོ་དང་ང་རྒྱལ་སྤངས་ནས་དམན་ཆ་བླངས། བླ་མ་དགེ་བའི་བཤེས་གཉེན་བསྟེན། ཡོན་ཏན་བསླབས་ནས་འགྲོ་བ་གཞན་ལ་ཆོས་བསྟན་ནས་རྒྱལ་ཁམས་བདེ་ལ་འགོད་པར་བྱའོ། །སྔོན་གྲོང་ཁྱེར་སྒྲ་ལྡན་གྱི་ཁྱེའུ་རིན་ཆེན་སྙིང་པོས་སྐྱེས་ནས་བཟུང་སྟེ། གནས་གང་དུ་སྡོད། གྲོགས་སུ་དང་འགྲོགས། སྤྱོད་ལམ་ཅི་བྱེད་ཀྱང་། ཆོས་ཀྱི་གཏམ་འབའ་ཞིག་ལས། ངག་འཁྱལ་བའི་གཏམ་གང་ཡང་མ་སྨྲས་སོ། །གཞན་ཕ་མ་དང་སྒྲ་ལྡན་གྱི་མི་རྣམས་ཀྱང་ཡང་དག་པའི་ཆོས་ལ་བཀོད་ནས་ཐམས་ཅད་ཀྱི་ངན་སོང་གི་སྒོ་ཁེགས་པར་གྱུར་ཏོ། །དེས་ན་ངག་འཁྱལ་སྤངས་ནས་ཆོས་དང་མཐུན་པའི་གཏམ་བཤད་ནས་འགྲོ་ཀུན་བདེ་ལ་དགོད་པར་བྱའོ། །སྔོན་གྲོང་ཁྱེར་སྒྲ་ལྡན་གྱི་ཁྱེའུ་པདྨ་ཞེས་བྱ་
བས་ལོ་བརྒྱད་ནས་དགེ་ཚུལ་གྱི་སྡོམ་པ་བླངས་ནས། མཁན་སློབ་མགོ་ཡི་ཞྭ་བཞིན་ཁུར། བསུ་སྐྱེལ་བཀུར་སྟི་གདན་བཏིང་མཆོད་ཅིང་བསྟོད་དོ། །གཞན་ཡང་ཆོས་ལ་མཁས་པ་དང་། ཆོས་སྒོར་ཞུགས་པ་སུ་མཐོང་ན་ཡང་། འདི་རྣམས་ལ་བསྟེན་ནས། བདག་ལ་ཡོན་ཏན་དུ་མ་འབྱུང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཡང་འདི་རྣམས་ལ་བསྙེན་ནས་འབྱུང་ངོ་སྙམ། མཆོད་བསྟོད་བཀུར། སེམས་ཅན་ཐམས་ཅད་ལ་ཕ་མ་བུ་ཚའི་འདུ་ཤེས་བཞག་ནས། རབ་ཏུ་བྱམས་པས་བསྐྱངས་སོ། །དེ་བཞིན་དུ་བླ་མ་མཁན་པོ་རིམ་གྲོ་དང་། གཞན་ཆོས་མཛད་ཡོངས་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་བཀུར་ཞིང་། སེམས་ཅན་སུ་མཐོང་ཡང་། རྒན་པ་ལ་ཕ་མ། མཉམ་པ་ལ་སྤུན་དང་སྲིང་མོ། ཆུང་བ་ལ་བུ་དང་བུ་མོའི་འདུ་ཤེས་བསྐྱེད་ནས། རབ་ཏུ་བྱམས་པས་བསྐྱང་བར་བྱའོ། །སྔོན་ཡུལ་ཡངས་པ་ཅན་གྱི་ཁྱེའུ་འོད་ཟེར་ཞེས་བྱ་བ། དེ་སྐྱེས་མ་ཐག་ནས་ཡར་ལ་ལངས་ནས་སོང་། དགེ་སློང་འོད་དཔག་མེད་ལ་ཕྱག་བྱས་པས་ཀུན་ཡ་མཚན་པར་གྱུར་ཏོ། །དེ་ནས་བཟུང་དགེ་སློང་འོད་དཔག་མེད་ཀྱིས་གཙོར་བྱས།
དགེ་འདུན་ཐམས་ཅད་དགེ་བའི་བཤེས་གཉེན་དུ་བསྟེན། ཡོན་ཏན་ལ་གེགས་བྱེད་པའི་སྡིག་པའི་གྲོགས་པོ་དང་སྐད་ཅིག་ཙམ་ཡང་མི་འགྲོགས། ཕ་མ་གཉིས་ལ་དབུལ་པོ་རྣམས་ལ་ཟང་ཟིང་གི་སྦྱིན་པ་བྱེད་དུ་བཅུག །ཁྱེའུས་དབུལ་འཕོངས་རྣམས་ལ་སྨྲས་པ། འཇིག་རྟེན་འདི་ན་ཞིང་ལ་ས་བོན་མ་བཏབ་པར་སྟོན་ཏོག་མི་འབྱུང་བ་ལྟར། རྒྱུ་དགེ་བ་མ་བྱས་པས། འབྲས་བུ་བདེ་བ་མི་འབྱུང་བས། ད་ཁྱེད་རྣམས་ཀྱིས་དངོས་པོ་བྲེ་གང་ལས་མེད་རུང་། ཕུལ་དོས་དཀོན་མཆོག་མཆོད། ཕུལ་དོ་ཕ་མའམ་ནད་པ་ཕོངས་པ་ལ་ཕྱིན། ཕུལ་དོ་ནི་རང་གིས་ལོངས་སྤྱོད་ཅེས་ལས་རྒྱུ་འབྲས་ཀྱི་ཆོས་བསྟན་པས། དེར་འཚོགས་པ་རྣམས་ཀྱིས་ཀྱང་རང་རང་གིས་གང་ནུས་ཀྱི་སྡོམ་པ་བླངས་ནས་བསྲུངས། མུ་སྟེགས་པ་སོགས་སྡིག་གྲོགས་སྤངས། འོད་དཔག་མེད་སོགས་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་བསྟེན་ཏོ། །དེ་བཞིན་དུ་སྡིག་པའི་གྲོགས་པོ་སྤང་། དགེ་བའི་བཤེས་གཉེན་བསྟེན། ཆོས་དང་ཟང་ཟིང་གི་སྒོ་ནས་རང་གི་ཉེ་འཁོར་མཐོང་ཐོས་ཐམས་ཅད་ལ་ཕན་ཅི་ཐོགས་ལ་འབད་པར་བྱའོ། །
སྔོན་གྲོང་ཁྱེར་རྡོ་འཇོག་གི་རྒྱལ་བུ་བདེ་མཆོག་ཅེས་བྱ་བས་ཀླུ་གདུག་པ་ཅན་ཞིག་ཡོད་པ་འདུལ་བར་དགོངས་པས། སྐུ་ཚེ་དེ་ལ་མི་ཐུལ་བར་མཁྱེན་ནས། ཚེ་འཕོས་ནས་རིགས་ངན་ཞིག་གི་བུར་སྐྱེས་ནས། བ་གླང་བསྐྱངས་པས་མིང་ལ་བ་གླང་སྐྱོང་དུ་འབོད། སྔར་གྱི་རྒྱལ་ས་དེར་མི་སུ་བསྡད་པ་ཐམས་ཅད་ཀླུ་བདུད་དེས་བསད་པས། སྐབས་ཞིག་རིགས་ངན་བ་ལང་སྐྱོང་རྒྱལ་སར་བཞག་པས། ཁོང་གིས་ཤེས་རབ་ཀྱི་རལ་གྲི་བསྣམས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ན། ནམ་སྲོད་སྦྲུལ་ནག་པོ་འདོམ་ལྔ་ཙམ་ཞིག་བྱུང་བ། སྐྲག་སྟེ་ཕྱིར་ལོག་ནམ་གུང་སྟག་ཅིག་བྱུང་བ་ཡང་འཇིགས་ནས་ལོག །ཐོ་རངས་སེང་གེ་ཞིག་བྱུང་བ་ལ་རལ་གྲི་བསྣུན་པས། ལུས་དུམ་བུ་གཉིས་སུ་སོང་བ་སྙམ་བྱེད་པ་ལ་རྗེས་སུ་བལྟས་པས་རོ་མི་འདུག །དེ་ལྟར་དུས་གསུམ་དུ་འཇིགས་པ་གསུམ་བྱུང་པས་གནོད་མ་ནུས་པ་ལ་མཐོ་བའི་སེམས་མ་བྱུང་བར། ང་རྒྱལ་བཅག་སྟེ་ཞི་ཞིང་དུལ་བའི་སྒོ་ནས་བླ་མའི་གདམས་ངག་དྲན་པར་བྱས་སོ། །དེ་ལྟར་བྱས་པས་གཞན་སྐྱེ་བོ་ཀུན་གྱིས་རྒྱལ་པོར་བཀུར་ནས།
ཀླུ་གནས་པའི་མཚོ་དེ་ཡང་བསུབས་ནས་གཙུག་ལག་ཁང་བཞེངས། རྒྱལ་ཁམས་ཐམས་ཅད་ཆོས་བཞིན་བསྐྱངས་པས་བདེ་སྐྱིད་ལྷ་དང་འགྲན་པ་བྱུང་ཡང་། ང་རྒྱལ་གྱི་གཉེན་པོར་བླ་མའི་གདམས་ངག་དྲན་པར་བྱས་སོ། །དེ་བཞིན་དུ་སྟོབས་དང་དཔའ་རྩལ་ནོར་དང་ལོངས་སྤྱོད་ཅི་ཙམ་ཡོད་ཀྱང་། ང་རྒྱལ་སྤུ་ཙམ་མི་བྱེད་པར་བླ་མའི་གདམས་ངག་དྲན་པར་བྱའོ། །སྔོན་ཆུ་བོ་ཡ་མུ་ནའི་གླིང་གི །ལྷའི་རྒྱལ་པོ་ཞེས་བྱ་བ་ཤིང་ལྗོན་པ་ཞིག་གི་དྲུང་དུ་བཞུགས་དུས། ཤིང་དེའི་རྩར་ཤམ་ཐབས་སྔོན་པོ་གྱོན་པའི་བདུད་གདུག་རྩུབ་ཅན་ཞིག་བྱུང་ནས། ལྕགས་མདའ་བརྒྱབ་པས་མ་ཚུགས་པས། ཚིག་ངན་མང་པོ་སྨྲས་བཞིན་བདུད་དེ་འདིར་སོང་མེད་པར་བྲོས་སོང་ངོ་། །དེའི་དུས་བདུད་སྡེ་དེས་ཆགས་སྡང་ཆེན་པོ་བྱས་པ་ལ་ལྷའི་རྒྱལ་པོས། བདུད་དེས་ཆགས་སྡང་བྱས་པ་སྒྱུ་མ་སྤྲུལ་པར་ལྟ་བ་དང་། མི་སྙན་པའི་ཚིག་བྲག་ཆར་ལྟ་བ་དང་། ལུས་ལ་ལྕགས་མདའ་འཕངས་པ། སྔོན་བདུད་དེ་སྟག་ཏུ་སྐྱེས་ནས་མི་དང་དུད་འགྲོ་ཟོས་པའི་དུས་སུ་ལྷའི་རྒྱལ་པོ་དེ་དུས་ཝ་ར་ཛཱ་ཞེས་བྱ་བར་གྱུར་ནས་མདའ་
བརྒྱབ་པའི་ལས་ལན་དུ་ཤེས་ནས། ཆགས་སྡང་ཚིག་ངན་བརྡེག་བརྡུང་གང་ཡང་མ་བྱས་སོ། །དེ་བཞིན་དུ་ཆགས་སྡང་གི་ཡུལ་བྱུང་ཚེ་སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ། མི་སྙན་ཚིག་རྣམས་ཐོས་ཚེ་བྲག་ཆ་བཞིན་དུ་བལྟ། ལུས་ལ་གནོད་པ་བྱུང་བའི་ཚེ་ཡང་སྔོན་གྱི་ལས་སུ་བལྟ་བར་བྱའོ། །སྔོན་སློབ་དཔོན་ཀླུ་སྒྲུབ་ཀྱིས། རིག་འཛིན་སྡེ་སྣོད་ནས་འབྱུང་བའི་ཐབས་ཀྱིས་ནམ་མཁའ་ལ་འགྲོ་བའི་ལོ་མ་བསྒྲུབས་ཏེ། ལོ་མ་གཉིས་བསྣམས་ནས་འཕུར་ཏེ། རྒྱ་མཚོའི་གླིང་ཕྲན་ཞིག་ན་དྲང་སྲོང་གསེར་འགྱུར་གྱི་རྩི་ཤེས་པ་ཞིག་ཡོད་པའི་དྲུང་དུ་ཕྱིན་ཏེ། གསེར་འགྱུར་གྱི་རྩི་སློབ་པར་ཞུ་ཞུས་པས། དྲང་སྲོང་དེ་ན་རེ། རིག་པ་རིག་པ་བརྗེ་བ་སྟེ། །རིག་པ་ནོར་གྱིས་བླུ་བའམ། །ཡང་ན་རིག་པ་བུ་ལ་སྦྱིན། །བར་མ་དོར་ནི་མ་ཡིན་ནོ། །ཞེས་འབྱུང་བས། ཁྱོད་ཀྱིས་ནམ་མཁའ་ལ་འགྲོ་བའི་ཤིང་ལོ་དེ་ང་ལ་ཡོན་དུ་ཕུལ་དང་སློབ་ཟེར། དེ་ཕུལ་བས་གདམས་ངག་ལོན་པ་དང་། ཕག་ན་ཡོད་པའི་ཤིང་ལོ་དེ་བསྣམས་ཏེ་འཕུར་ནས་འཛམ་བུ་གླིང་དུ་བྱོན་ནས། གསེར་འགྱུར་གྱི་རྩིས་སེམས་ཅན་ལ་ཕན་རྒྱ་ཆེན་པོ་བཏགས་སོ། །དེ་བཞིན་དུ་
རིག་གནས་ཀྱི་ཡོན་ཏན་མང་པོ་བསླབས་ནས་སེམས་ཅན་ལ་ཅི་ཕན་བྱའོ། །སྔོན་ལྷོ་ཕྱོགས་ཀྱི་རྒྱུད་ན། རྒྱལ་པོ་བྷོ་ཛ་དེ་བ་ཞེས་བྱའི་ཕོ་བྲང་དུ་བྲམ་ཟེ་ཞིག་ནོར་རྐུ་རུ་ཕྱིན་པས། རྒྱལ་པོ་དེ་གཉིད་དུ་སོང་བའི་སྟེང་ན་སྦྲུལ་ཞིག་འདུག་པ། རྒྱལ་པོ་སྲུང་མཁན་གྱི་སྤྲེའུ་ཞིག་ཡོད་པ་དེས་མཐོང་ནས་རལ་གྲི་བརྡེག་པར་བརྩམས་པ་ན། བྲམ་ཟེ་རྐུན་པོ་དེས་སྦྲུལ་གསོད་པ་ཙམ་དུ་མ་ཟད་རྒྱལ་པོ་ལ་ཡང་གྲི་ཕོག་ནས་གསོད་པར་ཤེས་ནས་མ་བཟོད་དེ། བྲམ་ཟེའི་བསམ་པ་ལ། བདག་བསད་ཀྱང་རུང་། མི་ཡི་རྒྱལ་པོ་འདི་གསོད་པ་ལ་འཕངས་སྙམ། སྤྲེའུའི་རལ་གྲི་ལ་འཇུས་ཏེ་ཀུ་ཡིས་བཏབ་པས། རྒྱལ་པོ་གཉིད་སད་དེ། རྒྱུ་མཚན་དྲིས་པས། བྲམ་ཟེ་དེས་རྒྱུ་མཚན་ལེགས་པར་ཞུས་པས། རྒྱལ་པོ་མགུ་སྟེ། མཁས་པ་དགྲ་བོར་གྱུར་ཀྱང་བཟང་། །བླུན་པོ་གྲོགས་ལའང་དེ་ལྟར་མིན། །སྤྲེའུས་རྒྱལ་པོ་གསོད་པ་ལ། བྲམ་ཟེ་རྐུན་པོས་བཟློག་ལ་ལྟོས། །ཞེས་སྨྲས་ཏེ། བྲམ་ཟེ་རྐུན་པོ་མགུ་བའི་ནོར་བྱིན་ནས་བཏང་ངོ་། །དེས་ན་ལེགས་ཉེས་ཤེས་པར་བྱས་ཏེ་རང་གི་རྒྱལ་པོ་སོགས་གཞན་ལ་ཕན་
འདོགས་པར་བྱའོ། །སྔོན་ཡུལ་ཝ་ར་ཎ་སིའི་ཚོང་དཔོན་དགེ་བ་བཟང་པོ་ཞེས་བྱ་བ་ལ་བློན་བྱ་སྲོ་ལོང་ཀུན་ཏུ་རྒྱུ་བྱ་བ་དང་། ནེ་ཙོ་གཡུ་མཐིང་ཟེར་བ། ཆུང་མ་མ་གོ་ལ། བྲན་མོ་མཆུ་སྙུང་བྱ་བ་ཡོད། ཚོང་དཔོན་དེ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོ་ཁར་ང་ཕྱིར་སླེབས་རག་བར་དུ། བུད་མེད་ཀྱིས་ལུས་ཐུབ་པར་གྱིས། བྲན་མོས་གཡོག་གི་ལས་གྱིས། མ་བཅོལ་བའི་འདུན་མ་མ་བྱེད། བྱ་སྲོ་ལོང་ཀུན་ཏུ་རྒྱུས་ཕྱི་གཉེར་གྱིས། ནེ་ཙོ་གཡུ་མཐིང་ལ་ནང་གཉེར་གྱིས་ཞེས་བཤད་ནས་སོང་ངོ་། །སྐབས་ཤིག །བྲན་མོའི་ཚོང་དཔོན་དགེ་བ་བཟང་པོ་ཞེས་བྱ་བ་ཞིག་ཡོད་པ་དེ་དང་ཆུང་མ་མ་གོལ་གཉིས་ཀྱི་བར་ནས་བཤད། མ་གོལ་གྱིས་ཚོང་དཔོན་དེ་ལེན་གྲབས་བྱས་ཚེ། བྱ་སྲོ་ལོང་ཀུན་ཏུ་རྒྱུས་སྒོ་བསྡམས་ལྡེ་མིག་སྦས། ཐེམ་སྐས་ཀྱི་སྟེང་དུ་བསྡད་གཏམ་རྒྱུད་མང་པོ་བཤད་ནས། རང་གི་ཚོང་དཔོན་འཁོར་རག་བར་དུ། ཚོང་དཔོན་གཞན་དེ་ལེན་དུ་མ་བཅུག་པར་གོ་ཆོད་པོ་བྱས་སོ། །དེ་བཞིན་དུ་གཞན་གྱིས་རང་ལ་ལས་གང་བཅོལ་ཀྱང་གོ་ཆོད་པར་བྱའོ། །སྔོན་མི་གཅིག་དང་། རྒྱལ་པོ་གཉིས། ནགས་འཐུག་པོར་ཞུགས་པ་ན།
སོས་ཀའི་ཚད་པ་སྟོབས་ཆེ་བས། རྒྱལ་པོ་ཤིན་ཏུ་སྐོམས་པར་གྱུར་པ་དང་། མི་དེ་ན་རེ། རྗེ་ཡིས་གསོལ་དུ་རུང་ན། འདི་ན་ང་ལ་སྐྱུ་རུ་ར་གསུམ་ཡོད་ཅེས་ཕུལ་བས། རྒྱལ་པོས་དེ་བཞེས་པས་ཚད་པའི་གདུངས་བ་ཞི་ནས་ཐུགས་མཉེས་ཏེ། ཁྱོད་ཀྱིས་དེ་རིང་ང་ལ་སྲོག་བྱིན་ནོ་གསུངས། རྗེས་སུ་དེའི་དྲིན་གཟོ་ལ། བུ་མོ་དང་རྒྱལ་སྲིད་ཀྱི་ཕྱེད་ཙམ་བྱིན། མི་དེ་ཡང་རབ་ཏུ་དགའ་ནས་རྒྱལ་པོའི་དྲིན་ལན་དུ་བཀའ་བཞིན་སྒྲུབ་བོ། །དེ་བཞིན་དུ་རྒྱལ་པོ་རྣམས་ཀྱིས་རང་ལ་དྲིན་ཆེ་བའི་འབངས་རྣམས་ལ་དྲིན་གཟོ་བྱ་ཞིང་བློན་འབངས་རྣམས་ཀྱིས་ཀྱང་དྲིན་ཆེ་བའི་རྒྱལ་པོའི་བཀའ་བཞིན་བསྒྲུབས་ནས་དྲིན་གཟོ་ལེགས་པོ་བྱའོ། །སྔོན་ནོར་མེད་དབུལ་པོ་ཞིག་གི་བུས། གཞན་གྱི་རྫི་བོ་བྱས། ཕན་པའི་སེམས་ཀྱིས་རང་གི་དྲིན་ཅན་གྱི་མ་བསྐྱངས། ལན་ཅིག་གཡུ་ཞིག་རྙེད་ནས་མ་ལ་བྱིན། མ་ཡང་དགའ་ནས་བུ་ལ་ཆང་བྱིན་པ་འཐུངས་པའི་ཚེ། ཕྱོགས་གཞན་ཞིག་ནས་བུང་བ་ཞིག་བྱུང་བ་ཆང་གི་ནང་དུ་ལྷུངས་ནས་ཤི་ཚེ། དེའི་རྗེས་སུ་བུང་བ་གཞན་མ་ཞིག་འོངས་ནས་རྒྱ་མདུད་མགོ་ཞེས་མིང་ནས་
འབོད་ཅིང་། དཀར་ནག་ཕྱེད་དེ་གང་དུ་ཐལ། །སྐད་སྙན་འཚེར་ཏེ་མི་གདའ་བ་ཟེར། མྱ་ངན་བྱེད་པ་མཐོང་ནས་སྙིང་རྗེ་སྐྱེས། འོན་ཀྱང་ཚིག་དེ་ལ་གད་མོ་ཤོར་བ་བྱུང་། དེའི་ཚེ་ཡུལ་དེར་ཐན་པ་བྱུང་བས་ཆར་ཕབ་ནས་ཀླུ་ལ་ཕན་བཏགས་པས། དྲིན་གཟོ་ལ་ཀླུ་ཡུལ་དུ་བོས། ཀླུའི་བུ་མོ་ནོར་དང་བཅས་པ་བྱིན། མི་ཡུལ་དུ་བསྐྱལ་བས། ཀླུའི་བུ་མོས་སྤྲུལ་པའི་ལྷ་ཁང་བཞེངས། ཡུལ་ཁམས་ཆོས་ལ་བཀོད། བདེ་སྐྱིད་ཚད་མེད་བྱུང་། དེ་བཞིན་དུ་དྲིན་ཅན་གྱི་ཕ་མ་སོགས་དྲིན་ཅན་རྣམས་ཀྱི་དྲིན་དེ་ནམ་ཡང་མ་བརྗེད་པ་བྱས་ནས་དྲིན་གཟོ་བྱེད་དགོས། སྔོན་རྒྱལ་བུ་དད་པ་རབ་ཏུ་བརྟན་པ་ཁཾ་དྷའི་ཡུལ་དུ་ཕྱིན་ཚེ། ཡུལ་དེའི་རྒྱལ་པོ་དཔལ་ཞེས་བྱ་བ་ཤི་ནས། དེའི་རྒྱལ་ས་བྲམ་ཟེ་སྟོན་པ་དཔལ་ཞེས་བྱ་བ་ལོ་བརྒྱད་ཅུ་ལོན་པ་ཞིག་གིས་བཟུང་ཡོད་པའི་ཕོ་བྲང་གི་སྒོ་སྟོད་ལ་རྒྱལ་བུས་བརྡུངས་པས། བྲམ་ཟེའི་བུ་མོ་འཕྲེང་ལྡན་མ་ཕྱི་སྒོར་ཕྱིན་ནས་ནང་དུ་གདན་དྲངས། རྒྱུ་མཚན་དྲིས་པས། རྒྱལ་བུ་ཡིན་ཚེ་བྲམ་ཟེ་དེས་བུ་མོ་རྒྱལ་སྲིད་དང་བཅས་ཕུལ་བ་བཞེས་ཏེ། བྲམ་ཟེ་སྟོན་པ་དཔལ་དྲིན་ཆེ་བས་དབང་བཙན་པར་བྱས། བཀུར་
སྟི་ཕུན་སུམ་ཚོགས་པའི་སྒོ་ནས་བསྐྱངས། བྲམ་ཟེ་དེ་ཤི་ནས་དྲིན་གཟོ་རུ་མཆོད་སྦྱིན་རྒྱ་ཆེན་པོ་བྱས། རྗེས་སུ་རྒྱལ་ས་ཕན་ཚུན་གཉིས་ཀ་བཟུང་། རྒྱལ་ཁམས་ཆོས་བཞིན་བསྐྱངས་པས། ཀུན་གྱིས་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཞེས་བསྟོད་ཅིང་དྲིན་གཟོ་མང་པོ་བྱས་སོ། །དེ་བཞིན་དུ་དྲིན་ཅན་གྱི་མི་ལ་ཤི་གསོན་གང་གི་དུས་སུ་ཡང་དྲིན་གཟོ་བྱ་དགོས། སྔོན་ཕོ་རེང་པོ་གཅིག་ལ་ཞིང་ཞིག་ཡོད་པ། ཕན་སེམས་ལྡན་པའི་རི་བོང་ཞིག་གིས་ཟོས་པ་མཐོང་ནས། ཉིན་གཅིག་མི་དེས་མདའ་གཞུ་ཁྱེར་ནས་གསོད་དུ་ཕྱིན་པ་ན། རི་བོང་ན་རེ། ང་མ་གསོད་དང་བཟང་ལན་དུ། མཐའ་འཁོབ་རྒྱལ་པོའི་བུ་མོ་དང་། ལྷོ་ནུབ་མཚམས་ཀྱི་སྲིན་པོའི་མི་ནོར་རྣམས་སྟེར་ཞེས་མི་དེ་ཁྲིད་ནས་སོང་། ཐབས་མཁས་དུ་མའི་སྒོ་ནས་དེ་དག་བླངས་ནས་བྱིན་པས་ཁོ་ཚེ་གང་པོ་སྐྱིད་པོ་བྱུང་། ཡང་སྔོན་དབུལ་པོ་ཅིག་ཚོགས་ཁང་ཞིག་གི་སྒོ་དྲུང་དུ་བསྡད་ཚེ། སྤྲང་མོ་རྒན་མོ་ཤིག་དང་སྲོ་མ་མང་པོ་ཡོད་པ་ཞིག་གིས་ཁྱོད་ལ་ཅི་ཞིག་དགོས་ཟེར། གྲོགས་དགོས་བྱས་པས། འོ་ན་ཤིང་སྡོང་ཆེན་པོ་ཕ་གིའི་རྩ་བར་ཉོལ་ལ།
དོ་ནུབ་ཤིང་སྡོང་དེའི་རྩེ་མོའི་བྱ་ཆེན་པོ་གཉིས་ཀྱིས་ཅི་ཟེར་ཉོན་ཟེར། ཉན་པས་བྱ་ཕྲུག་ཆུང་བས་ཆེན་པོ་ལ། ཁྱོད་ཀྱི་ལྟོ་བ་ཁེང་བ་ལ་ཟས་ཅི་ཙམ་དགོས་ཟེར། བྱ་ཆེན་པོ་ན་རེ། གླང་ཆེན་གྱི་ཤ་སྟོང་བྱུང་ན་ཁེངས་ཟེར་བ། སྔ་མོ་རྒན་མོ་དེ་ལ་སྨྲས་པས། རྒན་མོ་དེ་སོང་། བུ་མོ་ཞིག་ལ་བཤད་པས། བུ་མོ་དེས་གླང་ཆེན་གྱི་ཤ་སྟོང་བསྐྱལ་བ། བྱ་ཆེན་པོ་དེས་ཟོས་ནས་ཤ་གཅིག་ཁྱེར་འོངས་ནས་སྡོང་རྩེར་བཀལ་ནས་བཞག །བྱ་ཆུང་བ་འོང་ཚེ་བྱིན་ནས། དེ་རིང་ངས་ལྟོ་བ་ཁེངས་པ་ཙམ་དུ་མ་ཟད་ཤ་གཅིག་ཁྱོད་ལ་ཡང་འཇོག་རྒྱུ་བྱུང་བ་འདི་སྡོང་རྩའི་མི་མ་གིའི་དྲིན་དུ་གདའ་བས། དྲིན་གཟོ་ལ་ཅི་དགོས་དྲིས་དང་ཅི་ཟེར་སྒྲུབ་ཟེར། བྱ་ཆུང་བ་དེ་འདྲི་རུ་བྱུང་བ་ལ། མི་དེས་ང་ལ་གྲོགས་མོ་ཞིག་དགོས་བྱས་པས། འོ་ན་ང་ལ་ཞོན་ཟེར། ཞོན་ནས་ནུབ་ཕྱོགས་སུ་སོང་། དགོན་སྡེ་ཞིག་གི་ཁང་པའི་ཡང་སྟེང་དུ་སླེབས་ཚེ་བུ་མོ་གཞོན་ནུ་མ་ཞིག་ཡོད་པ་ཁྱེར་ནས་ཚུར་ལ་ཞོན་ནས་འོང་བས་དེ་ཐོབ་པ་བྱུང་། དེ་བཞིན་དུ་དྲིན་ཅན་གྱི་རིགས་སུ་གྱུར་པ་ཐམས་ཅད་ལ་དྲིན་གཟོ་རྒྱ་ཆེན་པོ་བྱའོ། །སྔོན་ཡུལ་ཝ་ར་ཎ་སིའི་རྒྱལ་བུ་ལྷ་སྐྱེས་ཞེས་བྱ་
བ་དགྲ་གཉེན་ཀུན་ལ་བྱམས་སེམས་ཆེ་བས། ཁྲོ་བ་མི་མངའ། དགྲ་ལ་ཡང་མི་སྙན་པ་མི་བརྗོད་ལ། དེ་ཡང་ཉིན་གཅིག་རྒན་མོ་གཅིག་ལ་ཟས་ཞིམ་པོ་མང་པོ་བྱིན་ནས། རྒན་མོ་ཁྱོད་ཝ་ར་ཎ་སིའི་མི་སྣ་མང་བ། བསོད་ནམས་ཀྱང་ཆུང་བ་འདིར་བསླངས་ནས་ཅི་ཡོང་། རྒྱལ་པོ་ཁྱབ་འཇུག་ཅེས་བྱ་བ་ནོར་ལོངས་སྤྱོད་ཆེ་བ་དཔའ་ཞིང་སྟེར་ཕོད་པ་ལ། ཁོང་མི་ཆེ་བས་སྔར་སུས་སློང་མ་ནུས། ཁྱེད་རང་ཕྱིན་ནས་བསླངས་ན་དབུལ་བ་སེལ་བར་བྱེད་མོད། དེར་སོང་དང་བཟང་བྱས་པས། རྒན་མོ་ཡང་སོང་ནས་རྒྱལ་པོ་ཁྱབ་འཇུག་ཕོ་བྲང་གི་སྒོ་ན་ཡོད་པའི་དུས་ཤིག་ལ་སྔར་གྱི་གཏམ་དེ་སྨྲས་པས། རྒྱལ་པོ་ནག་པོ་ཁྱབ་འཇུག་སྤྱིར་ཕྲག་དོག་ཆེ་ཞིང་། ཁྱད་པར་རྒྱལ་བུས་ཡབ་ལ་ཟུར་ཟ་བ་ཚེ་གང་བོ་འཛུམ་པ་ཅིག་མི་ཡོང་བ་དེ་གཏམ་དེ་ཐོས་པ་དང་། འཛུམ་མུལ་བྱས་ནས་རྒན་མོ་ཟས་སྐོམ་གྱིས་ཚིམས་པར་བྱས། ཉིན་གཅིག་རྒྱལ་པོ་ཁྱབ་འཇུག་དེ་རྒྱལ་བུའི་དྲུང་དུ་ཚུར་བྱོན་པ་ལ། རྒྱལ་བུས་ཀྱང་རྒྱང་ནས་བསུ་བ་ཆེན་པོ་བྱས། དྲུང་དུ་སོང་ནས་གུས་པས་ཕྱག་ཕུལ་བས། ཁྱབ་འཇུག་གིས་ཀྱང་ཚུར་དེ་
ལྟར་བྱས་པ་བྱུང་། དེ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ནས། རྒྱལ་བུ་ལྷ་སྐྱེས་ཀྱི་གཅུང་ལྷས་བྱིན་ལ། ཁྱབ་འཇུག་གི་བུ་མོ་ཡང་བཙུན་མོར་བྱིན་པར་གཅུང་གིས་རྒྱལ་ས་བཟུང་། རྒྱལ་བུ་ལྷ་སྐྱེས་འཕགས་པ་ཐུགས་རྗེ་སྤྲིན་གྱི་དྲུང་ནས་རབ་ཏུ་བྱུང་ནས་གཅུང་དང་ཁྱབ་འཇུག་གཉིས་ཀས་མཆོད་བསྟོད་བཀུར་རོ། །དེ་བཞིན་དུ་རང་ལ་སྡང་བའི་དགྲ་འདུལ་བ་ལ་ཡང་མི་སྙན་པ་བརྗོད་པས་ཐུལ་བར་དཀའ་སྙན་པ་བརྗོད་པས་ཐུལ་སླ་བས་དེས་ན་དགྲ་ལ་ཡང་མི་སྙན་པ་མི་བརྗོད་པར་སྙན་པ་བརྗོད་ནས་ཐབས་མཁས་ཀྱི་སྒོ་ནས་འདུལ་བར་བྱའོ། །སྔོན་བཤེས་གཉེན་འབྲོམ་སྟོན་པ་ལ་དགེ་བཤེས་ཁུས་སྨད་ར་དང་ཟུར་ཟ་མང་པོ་བྱས་པ་ལ། འབྲོམ་གྱིས་དེ་གསན་པས་དགེ་བཤེས་ཁུ་ལ་བསྟོད་ར་མང་པོ་བཏང་། ངས་མ་བྱུང་ཁོ་བདེན། ང་ལ་ལོང་བྱུང་ན་ཕར་སྐུ་མདུན་དུ་འགྲོ་བ་ཡིན་ཞེས་གསུངས་པ། ཡོན་བདག་ཤག་མགོན་གྱིས་ཁུ་ལ་ཞུས་པས། གཏམ་དེ་ཐོས་པ་དང་། དགེ་བཤེས་ཁུ་རབ་ཏུ་མགུ་ནས། ཚུར་འབྲོམ་སྟོན་གྱི་དྲུང་དུ་བྱོན་པ་ལ། འབྲོམ་གྱིས་ཀྱང་བསུ་བ་བྱས། ཐུགས་ཡིད་གཅིག་ཏུ་འདྲེས་པས། རྗེས་སུ་ཁུ་རྔོག་
འབྲོམ་གསུམ་ཞེས་ཡོངས་ལ་གྲགས་པ་དེ་བྱུང་། དེས་ན་རང་ལ་མི་མཛའ་བས་ཚུར་ངན་སྨྲས་བྱས་པ་གོ་ཡང་། དེ་ཡི་ལན་དུ་སླར་སྨད་ར་མི་གཏོང་བར་བསྟོད་ར་བརྗོད་ན་དགྲ་ཡང་གཉེན་དུ་འགྱུར་ཞིང་། གལ་ཏེ་མ་གྱུར་ཀྱང་ཞེ་སྡང་ཞི་ནས་གནོད་པ་སྐྱེལ་དུ་མི་ཡོང་བས། དེ་ལྟ་བུའི་ཐབས་མཁས་དང་ལྡན་པར་བྱའོ། །སྔོན་ནགས་ཚལ་སྟུག་པོར་གནས་པའི་རི་བོང་མང་པོ་ཞིག་གི་ཐག་ཉེ་ན། མཚེའུ་ཞིག་ཡོད་པས་ཆུ་དེ་འཐུང་ཞིང་བདེ་བར་གནས་པ་ལ། སྐབས་ཤིག་སོས་ཀའི་ཚད་པས་གདུངས་བའི་གླང་ཆེན་མང་པོ་དེར་བྱུང་། རྫིང་བུ་རྫིས་རི་བོང་རྣམས་ཡུལ་བཏོན་པས། ཐམས་ཅད་གྲོས་བྱས་པས། གཅིག་ན་རེ། ཐབས་ཤིག་འདུག་པས། ཁོ་བོ་ཁྱེད་ཀུན་གྱིས་ཤིང་མཐོན་པོ་ཞིག་གི་ཁར་སྐྱོལ་བྱས་པས། རི་བོང་གཞན་ཀུན་གྱིས་ཁོ་ཤིང་མཐོན་པོ་ཞིག་གི་རྩེར་བསྐྱལ་ལོ། །དེ་ནས་གླང་ཆེན་ཀུན་འདུས་པ་ན་སྐད་མཐོན་པོས། ཀྭ་ཡེ་སྡོད་ཅིག་བྱས་པས། གླང་ཆེན་རྣམས་ཀྱིས་གདོང་གྱེན་དུ་ཕྱོགས་ནས་ཁྱེད་སུ་ཡིན་ཟེར། ང་ཡ་ཀིའི་སྐལ་ལྡན་ཟླ་བའི་ཕོ་ཉ་ཡིན་བྱས་པས། ཁྱོད་འདིར་
ཅི་ལ་བཏང་དྲིས་པས། ཟླ་བའི་ཞལ་ནས་ངའི་ལྟོ་བ་ན་གནས་པའི་རི་བོང་འདིའི་རིགས་སུ་གཏོགས་པ་འདི་རྣམས་ཡུལ་འདོན་ན་ཁྱེད་རྣམས་ལ་ཚ་ཟེར་བཀྱེའོ་ཟེར་གིན་གདའོ་བྱས། ཡང་ཚེས་བཅུ་བཞིའི་ཟླ་བ་སྤྲིན་གཡོ་བའི་ངོགས་ན་གནས་པ་དེ་བསྟན་ནས། ཟླ་བ་འདིས་ཁྱེད་རྣམས་ལ་སྔར་བས་ཉིས་འགྱུར་གྱི་བཀའ་སྐྱོན་པར་གདའོ། །དེ་བས་ཁྱེད་རྣམས་བདེ་བར་འདོད་ན་ངའི་ངག་མི་སྙན་ཡང་ཉོན་ང་ལ་མ་འཚེ་ཞིག་བྱས་པས། གླང་ཆེན་རྣམས་ཀྱིས་གྲོས་བྱས་ཏེ། ཟླ་བས་ངེད་རྣམས་ལ་བཀའ་མ་བཀྱོན་དང་། གསུང་ལ་ཉན། ཕོ་ཉ་ཁྱོད་ལ་མི་འཚེ་ཟེར། འོ་ན་ང་གླང་ཆེན་ཁྱུ་མཆོག་གི་སྤྱི་བོར་འབབ་བྱས་པས་དེ་ལྟར་བགྱིད་ཟེར་ས་ལ་བབ་ནས་སྤྲིན་དང་བྲལ་བའི་ཟླ་བ་བསྟན་ཏེ། ད་ཟླ་བ་ཁྱེད་རྣམས་ལ་བཀའ་བཀྱོན་པ་མི་འདུག །ཁྱེད་ཐམས་ཅད་རང་གནས་སུ་བདེ་བར་སོང་ཤིག་བྱས་པས་གླང་ཆེན་ཀུན་སོང་ཚེ། རི་བོང་ཀུན་སྔར་རྒྱུན་ལྟར་བདེ་བར་གནས་སོ། །དེས་ན་དེ་ལྟ་བུའི་ཐབས་མཁས་ཀྱིས་དགྲ་འདུལ་བར་བྱའོ། །སྔོན་གྲོང་ཁྱེར་བདེ་ལྡན་གྱི་རྒྱལ་བུ་སྐྱབས་སྦྱིན་ཞེས་བྱ་བས་གྲོང་ཁྱེར་གྱི་ཁྲོན་པར་གླང་པོ་ཆེ་ལྷུང་
བའི་རོ་ལ་གྲོང་འཇུག་མཛད་ནས་བསྐྱལ་བས། དེའི་བར་ལ། བློན་པོ་ཀུན་ཏུ་འགྲོ་ཞེས་བྱ་བས། རྒྱལ་པོའི་ལུས་ལ་གྲོང་འཇུག་བྱས། རང་གི་རོ་ལ་རྨ་བཏོད་ནས་ཉམས་པར་བྱས་ནས་བློན་པོས་རྒྱལ་པོ་བྱས་སོ། །རྒྱལ་པོ་དེ་ཕྱིར་འོངས་ནས་འཇུག་ཡུལ་མ་རྙེད་པར་ནེ་ཙོ་ཞིག་གི་རོ་ལ་ཞུགས་ནས། སྔར་གྱི་བཙུན་མོའི་རྩ་རུ་སོང་ཡིན་ཚུལ་བཤད་པས། བཙུན་མོ་ན་རེ། ད་ཐབས་ཅི་ཡོད་དྲིས་པས། ནེ་ཙོས་བཙུན་མོ་ལ་ཁྱོད་ཀྱིས་དུས་རྒྱུན་དུ་ང་ལ་གཅེས་པར་གྱིས་དང་། ངས་ཉིན་གཅིག་རྒྱལ་པོས་ཟས་ཟ་དུས་ཤིག་ལ་ལུས་ཐལ་བར་བཅུག་ནས་འོང་སྐུ་མདུན་དུ་སྤྲུགས་དང་ཟས་སུ་ཐལ་བ་སོང་ཚེ། རྒྱལ་པོས་ང་ལ་བརྒྱབ་ཡོང་། དེ་དུས་ང་ཤི་ཚེ་ཁྱོད་ཀྱིས་ངའི་ནེ་ཙོ་ལེགས་པོ་དེ་ཤི་བ་ཞེས་ངུས་དང་རྒྱལ་པོས་ཁྱོད་ཀྱི་མྱ་ངན་སངས་ཕྱིར། ནེ་ཙོའི་རོ་ལ་གྲོར་འཇུག་བྱས་ཡོང་། དེའི་བར་ལ་ང་སྔར་གྱི་ལུས་ལ་འཇུག་ཅེས་གྲོས་བྱས་ནས། དེ་ལྟར་བྱས་པས། སྔར་གྱི་ལུས་ལ་ཞུགས་ནས། སྔར་ལྟར་རྒྱལ་པོ་བྱས་སོ། །བློན་པོ་ནེ་ཙོར་གྱུར་པ་དེ་ཡང་རྗེས་ནས་རྒྱལ་པོས་སྙིང་རྗེ་ནས། ཁྱེའུ་ཞིག་གི་
རོ་རྙེད་པ་ཆུས་བཀྲུས་ནས་བློན་པོའི་རྣམ་ཤེས་དེ་ལ་བཀུག་ནས་ཡོན་ཏན་བསླབས། རབ་ཏུ་བྱུང་། དབེན་པར་བཞག །འཚོ་བ་སྦྱར་རོ། །དེས་ན་རང་གི་བུ་བཞིན་དུ་བསྐྱངས་པའི་བློན་པོ་སོགས་ཀྱིས་རང་ལ་དགྲ་བཞིན་བལྟས་ནས་གནོད་པ་ཆེན་པོ་བྱེད་ན་ཡང་། གནོད་ལན་དུ་གནོད་ཆེན་པོ་མི་སྐྱེལ་བར། དེ་ལྟ་བུའི་ཐབས་མཁས་ཀྱིས་འདུལ་བར་བྱའོ། །སྔོན་གྲོང་ཁྱེར་རྩ་མཆོག་གི་རྒྱལ་བུ་སེང་གེ་སྒྲ་ཞེས་བྱ་བ། ལོ་གཅིག་ལོན་པ་ན་ལོ་བདུན་ཙམ་ལོན་པའི་གཟུགས་བོང་ཙམ། རལ་པ་སྔོན་པོ་རྐེད་པ་ཙམ་དུ་ཉིལ་ལེ་བ་གཞོན་ནུ་ལ་རྒྱལ་པོའི་ཆས་བྱས། ཡབ་ལ་རྟ་པ་བརྒྱས་བསྐོར་ཏེ། རྒྱལ་བུས་གདོང་ཙམ་ལ་ཞུགས་ཏེ་རྩྭ་མཆོག་གི་བྱང་ཕྱོགས་ན་ཕར་ཕྱིན་པ་དང་། ཡབ་ཀྱི་དགྲ་རྒྱལ་པོ་སྤྱོད་མེད་རྟ་པ་ཉིས་བརྒྱ་དང་བཅས་རི་དྭགས་བཤོར་ཞིང་ནགས་གསེབ་ན་ཡོད་པའི་སར་སོང་ཚེ། ས་མེར་མེར་གཡོ་ཞིང་། ལམ་གྱི་རྡོ་ཕ་བོང་སྡོང་དུམ་ལ་སོགས་པ་ཡང་སྣ་ལ་སྡོད་མ་ཚུགས་པར་གཡས་གཡོན་དུ་འཕར་ཞིང་འགྲོ་བ་མཐོང་བས། སྡིག་རྒྱལ་སྤྱོད་མེད་འཁོར་བཅས་སྐྲག་གོ །དེར་ཐོག་ཆེན་པོ་ཞིག་བྱུང་བ་རྒྱལ་བུ་སེང་གེ་
སྒྲའི་སྡིགས་མཛུབ་ཀྱི་རྩེ་མོ་ལ་བླངས་ནས་བྲག་ལ་བརྒྱབ་པས་གྲོག་པོ་བཏོད་པ་བྱུང་། དྲུང་དུ་སོང་ནས་མདུང་ཤིང་ས་ལ་བསྣུན་པས་ས་དོང་དུ་སོང་། ནང་དུ་རྒྱལ་པོ་སྤྱོད་མེད་འཁོར་བཅས་ནུབ་པས། རབ་ཏུ་འཇིགས་པའི་ང་རོས་ད་རེས་རྟ་ཉིས་བརྒྱ་པོ་འདི་བཞེས། དེ་ནས་རྗེས་སུ་རྒྱལ་སྲིད་ཀྱང་འབུལ་ལོ། །བདག་ཅག་འདི་ནས་ཐོན་པར་གྱིས་ཟེར་བ་ལ། རྒྱལ་བུ་སེང་གེ་ན་རེ། འོ་ན་ཁྱོད་ཀྱིས་སྡང་སེམས་འདོར་རམ་མི་འདོར། འདོར་ན་རྒྱལ་སྲིད་མེད་ཀྱང་སླ། མི་འདོར་ན་ད་ལྟ་རང་བརླག་པ་ཡིན་གསུངས་པས། ཅི་གསུང་བགྱིའོ་ཟེར། ས་སྟེང་དུ་བཏོན་ནས། ཆས་དང་རྟ་མེད་པར་ཡུལ་དུ་ཕྱིན་པས། རྒྱལ་བུ་སེང་གེའི་ང་རོས། སྡིག་རྒྱལ་སྤྱོད་མེད་ཕམ་མོ་ཞེས་ཡུལ་ཕྱོགས་ཐམས་ཅད་ལ་གྲགས་པས་ཁྱབ། དེ་བཏུལ་བས་ནགས་ཀྱི་རི་དྭགས་ཚུན་ཆད་ལ་བདེ་བ་ཚད་མེད་པ་བྱུང་། སྔོན་རྒྱལ་བུ་འོད་སྟག་ཅེས་བྱ་བ་ནགས་ཁྲོད་ཅིག་ཏུ་སོང་བ་མཐའ་འཁོབ་རྒྱལ་པོ་ཞིག་གིས་བཟུང་བཀྱིགས་ནས་ཤིང་གི་ཡལ་ག་ལ་བཀལ་བ། ཡབ་རྒྱལ་པོས་ཚོར་ནས། ལྕགས་ཀྱི་མདའ་གཞུ་ཐོགས། ཤིན་ཏུ་
འཇིགས་པའི་གཟུགས་སུ་ཕྱིན། མདའ་བཀང་ནས་ཐང་ཤིང་ལ་བརྒྱབ་པས། ཐང་ཤིང་ཆེན་པོ་དེ་འགྱེལ་ནས་ཤིང་གཞན་མནན་པ་མཐོང་ཚེ། མཐའ་འཁོབ་རྒྱལ་པོ་འཇིགས་ཤིང་སྐྲག་སྟེ། སྟོབས་ཅན་ཁྱོད་ཀྱི་འདོད་པ་སྨོས། ཅི་གསུངས་སྒྲུབ་ཟེར། འོ་ན་ངའི་བུ་ཁྲོལ། ཁྱོད་ཀྱི་བུ་མོ་འདི་ལ་བྱིན་ཅིག་སྨྲས་པས་བྱིན་པས་གཉེན་དུ་གྱུར། དེ་ནས་ཐབས་ཀྱིས་ཆོས་ལ་བཀོད་དོ། །དེས་ན་རང་ལ་གནོད་པའི་དགྲ་བསད་ན་ཚེ་འདིར་ཡང་དགྲ་མང་དུ་འགྲོ་ཞིང་ཕྱི་མར་དམྱལ་བར་འགྲོ་བས། བློ་གྲོས་ཅན་རྣམས་ཀྱིས་དགྲ་གསོད་མི་དགོས་པར་དེ་འདྲའི་ཐབས་མཁས་ཀྱིས་འདུལ་བར་བྱའོ། །སྔོན་ཕ་རྒད་པོ་གཅིག་ལ་བུ་གཉིས་ཡོད་པ། ནོར་དང་གདམས་ངག་སྟེར་བས་ཁྱེད་གཉིས་གང་འདོད་དྲིས་པས། བུ་ཆུང་བས་གདམས་ངག་འདོད་ཟེར་བས། བུ་ཆེ་བ་ན་རེ། གདམས་ངག་ཁྱོད་འཁྱེར་ན་ང་ནོར་ཚགས་བྱེད་པ་ལས་འོས་མེད་ཟེར་ནོར་རྣམས་ཚགས་བྱས་སོ། །དེ་ནས་ཕ་འཆི་ཁར། བུ་ཆུང་བས་གདམས་ངག་དགོས་བྱས་པས། རྒད་པོ་ན་རེ། ཏུག་གིས་ཐུག་ན་རྒན་པ་ལ་གྲོས་དྲིས་བྱ་བ་ལས་གཞན་མ་བྱུང་། དེར་ནོར་མེད་ནས་
ཡུལ་གཞན་དུ་ཕྱིན་ཙ་ན། རྒྱལ་པོ་ཤི་བའི་བཙུན་མོས་རྒྱལ་སྲིད་བཟུང་ནས་འདུག་པ། རྒད་པོ་ཅིག་ལ། འདི་ཅི་འདྲ་ཡིན་དྲིས་པས་དེས་ཐམས་ཅད་བསླུ་བ་ཡིན་པས། གན་དུ་འགྲོ་ན། འདི་ལྟར་གྱིས་བྱས་ནས་བསླབ་བྱ་བསླབས་པ་ལྟར་བྱས་པས། བུད་མེད་དེས་འདི་བློ་དང་ལྡན་པ་ཅིག་འདུག་སྙམ་མགུ་ནས་ཁྱིམ་ཐབ་བྱས་ཏེ། ཕའི་གཡོ་བྱེད་པས་རྒྱལ་པོའི་རྒྱལ་སྲིད་ཐོབ་པ་བྱུང་། ཡང་སྔོན་རྒྱལ་པོ་གཅིག་གི་མིག་ན་ནས། སྨན་པས་བུད་མེད་རང་གི་ཁྱིམ་ཐབ་མ་ཡིན་པའི་སྐྱེས་པ་གཞན་གྱིས་མ་སྤྱད་པའི་ནུ་ཞོ་དགོས་ཟེར་བས་རྒྱལ་པོས་དེ་ལྟ་བུ་ཡོད་པ་ལ་བྱ་དགའ་སྟེར་བྱས་པས། བུད་མེད་གཅིག་ན་རེ། ཁྱོ་ག་ལ་དེ་ལྟ་བུ་ང་ཡིན་གྱིས་ལ་བྱ་དགའ་ལོང་ཟེར་བས། ཁོས་གྲོགས་པོ་གཅིག་ལ་དྲིས་པས། གྲོགས་པོ་དེ་ན་རེ། དེ་མི་བདེན། མི་བདེན་ན་རྒྱལ་པོའི་ཆད་པ་འོང་བས། དེ་ལས་བཟློག་ལ་དྲིས་ལ་ཅི་ཟེར་ལྟོས་བྱས་པས། ཁྱོ་གས་ཁྱོད་ཀྱི་དེས་མི་འོང་བར་འདུག །སྐྱེས་པ་བརྒྱས་སྤྱད་པ་ཞིག་དགོས་ཟེར་བྱས་པས། མོ་ན་རེ། དེ་ང་ལ་ཡོད་ཡོང་ཟེར་བགྲངས་བས། དགུ་བཅུ་གོ་དགུ་
བྱུང་སྐད། དེ་ཡང་གྲོགས་པོ་བློ་ལྡན་དེ་ལ་དྲིས་པས། རྒྱལ་པོའི་ཆད་པ་མ་བྱུང་བ་ཡིན། དེ་བཞིན་དུ་བྱ་བ་གང་བྱེད་ཀྱང་གྲོགས་པོ་བཟང་པོ་ལ་དྲིས་ནས་བྱས་ན་བབ་མི་བརྡལ་བ་འོང་པས། དེས་ན་བྱ་བ་རང་གིས་མི་ཤེས་པ་དང་ཤེས་ན་ཡང་གྲོགས་པོ་བཟང་པོ་ལ་དྲིས་ནས་བྱའོ། །སྔོན་བྱི་བ་དབྱིག་ལྡན་དང་། ཕུག་རོན་རི་མོའི་མགྲིན་པ་ཅན། གསང་བར་རྒྱུ་བའི་བྱ་རོག །རི་དྭགས་རི་མོའི་ལུས་ཅན། རུས་སྦལ་དལ་གྱིས་འགྲོ་རྣམས་གྲོགས་མཆེད་བྱས། གཅིག་གིས་གཅིག་ལ་ཕན་འདོགས་པ་མ་གཏོགས་གནོད་མི་སྐྱེལ་བའི་མནའ་བསྐྱལ་ལོ། །དེ་ནས་ཕུག་རོན་རི་མོའི་མགྲིན་ཅན་འཁོར་བཅས་བྱ་རྒྱས་ཟིན་པ་དང་། འཁོར་རྣམས་འཕུར་བར་འདོད་པ་ལ། ཕུག་རོན་རི་མོའི་མགྲིན་ཅན་ན་རེ། ཁྱེད་རྣམས་དེ་ལྟར་མ་བྱེད། ངས་གང་བྱེད་གྱིས་བྱས་ཐམས་ཅད་ཐིབས་ཀྱི་བསྡད་པ་དང་མི་རྒན་དེའི་བསམ་པ་ལ་བྱ་ཐམས་ཅད་ཟིན་འདུག་སྙམ་བྱ་རྒྱ་བཏང་བ་དང་། རི་མོའི་མགྲིན་ཅན་འཕུར་བས་བྱ་ཐམས་ཅད་དུས་མཉམ་དུ་འཕུར་ནས་སོང་། གྲོགས་པོ་བྱི་བ་དབྱིག་ལྡན་གྱི་དྲུང་དུ་བབས་ཏེ་ཀྱེ་གྲོགས་པོ་དབྱིག་ལྡན་འདིར་བྱོན་དང་བྱས་པས།
དབྱིག་ལྡན་འོང་ཁྱོད་ཅི་ཉེས་དྲིས་པས། ངེད་བྱ་ཐམས་ཅད་རྒྱས་བཅིངས་པ་འདིའོ། །ད་ཁྱེད་ཀྱིས་ཆོད་ཅིག་བྱས་པས། བཅད་ནས་ཕན་བཏགས་སོ། །ཡང་ཉིན་གཅིག་རུས་སྦལ་དལ་གྱིས་འགྲོ་དེ་བྱི་ལ་རྒན་པོ་ཅིག་དང་འཕྲད་པས་ཁྱེར་རོ། །དེས་གྲོགས་རྣམས་བོས་པས། ཕུག་རོན་གྱིས་ཚོར་ནས། རི་དྭགས་དང་གཉིས། བྱི་བ་དབྱིག་ལྡན་གྱི་རྩར་ཕྱིན་ནས་གྲོས་བྱས་པས། བྱི་བ་ན་རེ། རི་དྭགས་ཁྱོད་སོང་ལ་བྱི་ལ་རྒན་པོ་འགྲོ་བའི་ལམ་ནས་ཤི་རྫུན་གྱིས་དང་། དེར་ཁོས་རུས་སྦལ་བཞག་ནས་འོང་གིས། དེའི་ཚེ་བྱ་རོག་གིས་རུས་སྦལ་གྱི་རྒྱུད་ནས་ཟུང་ལ་ལོང་ཤོག །དེ་དུས་རི་དྭགས་ཀྱང་བྲོས་བྱས་པས། དེ་ལྟར་བྱས་པས་རུས་སྦལ་དེ་བྱི་ལ་རྒན་པོའི་ཁ་ནས་ཐར་བ་བྱུང་། དེ་བཞིན་དུ་གྲོགས་བཟང་པོ་བསྟེན་ན་སྡུག་བསྔལ་ལས་ཐར་ཞིང་། བདེ་བ་དང་ལྡན་ཞིང་གྲོས་མཐུན་གྱི་སྒོ་ནས་བྱ་བ་བསྒྲུབས་ན་འགྲུབ་ལ། གལ་ཏེ་མ་འགྲུབ་ན་ཡང་མཛེས་ཤིང་གཞན་གྱི་འཕྱ་སྨོད་མི་འོང་། རྗེས་ནས་འགྱོད་པ་མི་སྐྱེ་བས། དེས་ན་འོ་སྐོལ་རྣམས་ཀྱིས་གྲོགས་བཟང་པོ་བཙལ་ནས་གྲོགས་མཆེད་བྱས་
ཕན་ཆད་གཅིག་གིས་གཅིག་ནམ་ཡང་མི་བསླུ་བར། སྡུག་བསྔལ་གྱིས་ཉེན་པའི་དུས་སུ་ཕན་འདོགས་པ་དང་། བྱ་བ་ལས་དོན་རེ་བྱུང་ཚེ་བློ་ལྡན་གྲོགས་ལ་གྲོས་འདྲི་ཞིང་། གྲོས་མཐུན་གྱི་སྒོ་ནས་བྱ་བ་གང་ཡང་བསྒྲུབ་པར་བྱའོ། །སྔོན་རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་རི་དྭགས་ཆེན་པོ་བྱ་བའི་བུ་ཆུང་བའི་ཆུང་མ་ལྷ་མཚམས་མ་ཟེར་བའི་བུད་མེད་བཟང་མོ་ཞིག་ཡོད་དོ། །དེ་དུས་རྒྱ་མཚོ་ལས་བྱ་ཞིག་གིས་འབྲས་ཀྱི་སྙེ་མ་ཞིག་ཁྱེར་འོང་བ། རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་དུ་ལྷུང་བ། རྒྱལ་པོའི་བློན་པོ་སོ་སོར་བགོས་ནས་བྱིན་ཏེ། ཁྱེད་རྣམས་ཀྱིས་འདི་སྤེལ་གསུངས་བ། བློན་པོ་རི་དྭགས་ཆེན་པོས་ལྷ་མཚམས་མ་ལ་སྤྲད་པས། སྤེལ་ནས་མང་དུ་འཕེལ་ལོ། །གཞན་རྣམས་ཀྱིས་སྤེལ་མ་ཤེས་སོ། །ཉིན་གཅིག་རྒྱལ་པོའི་བཙུན་མོ་བསྙུང་ནས་བློན་པོ་རྣམས་ལ་འབྲས་སྤེལ་དུ་བཅུག་པ་ཁྱེར་ཤོག་དང་བཙུན་མོ་ལ་སྨན་དུ་གཏོང་དགོས་ཞེས་གསུངས་པས། བློན་པོ་ཁ་ཅིག་གིས་བྱི་བས་ཟོས་ནས་མ་སྨིན་ཟེར། ཁ་ཅིག་གིས་རུལ་ཏེ་མ་སྨིན་ཟེར། བློན་པོ་རི་དྭགས་ཆེན་པོ་ལྷ་མཚམས་མ་ལ་འདྲི་རུ་ཕྱིན་པས། མནའ་མ་ན་རེ། མི་གཅིག་ཏུ་
མ་ཟད། མི་བརྒྱ་སྟོང་ཁྲི་འབུམ་གྱི་སྨན་དུ་འགྱུར་བ་ཡོད་ཅེས་མང་པོ་ཞིག་བསྐུར་བས། སྨན་དུ་བཏང་བས་ནད་དྲག་པས་རྒྱལ་པོ་དགའ་ནས་བློན་པོ་ལ་བྱ་དགའ་ཆེན་པོ་གནང་ངོ་། །དེའི་ཚེ་ཉི་འོག་གི་རྒྱལ་པོ་གཞན་ཞིག་རྒྱལ་པོ་གསལ་རྒྱལ་ལ་འཐབ་པར་བརྩམས་པ་ན། རྒྱལ་པོ་དེས་ཐོག་མར་རྒྱལ་པོ་གསལ་རྒྱལ་ལ་བློན་པོ་བློ་ལྡན་ཡོད་མེད་བལྟ་སྙམ། རྟ་མ་བུ་ཆེ་ཆུང་སྤུ་ཁ་འདྲ་བ་གཉིས་བང་ཆེན་པར་བསྐུར་ནས། འདིའི་མ་བུ་གང་ཡིན་བྱས་བས། རྒྱལ་པོ་གསལ་རྒྱལ་འཁོར་བཅས་ཀྱིས་ཤན་མ་བྱེད། བློན་པོ་རི་དྭགས་འཛིན་གྱི་མནའ་མ་ལྷ་མཚམས་མ་ལ་དྲིས་པས། མནའ་མ་ན་རེ། དེ་ལས་སླ། རྟ་མ་བུ་གཉིས་ཕྱོགས་གཅིག་ཏུ་བཞག་ནས་བཟའ་རྒྱུ་ཞིམ་པོ་ལྷན་དུ་བྱིན་ན། མ་གང་ཡིན་པ་དེས། བུ་གང་ཡིན་པ་དེའི་མདུན་དུ་བཟའ་རྒྱུ་སྟོབ་པར་འགྱུར་ཟེར། དེ་ལྟར་བྱས་པས་རྟ་མ་སྨད་ཀྱི་ཤན་ཕྱེས་ནས་བང་ཆེན་པ་ལ་བསྐུར་རོ། ཡང་སྤྲུལ་ཕོ་མོ་ཆུ་ཞེང་གབ་པ་གཉིས་བང་ཆེན་པ་ལ་བསྐུར་ནས། ཕོ་མོ་གང་ཡིན་ཟེར་བ་བློན་པོའི་མནའ་མ་ལ་དྲིས་པས། རས་འཇམ་པོའི་སྟེད་དུ་ཞོག་དང་མོ་
གང་ཡིན་པ་དེ་བདེ་བ་ལ་ཆགས་ནས་གནས་ལ། ཕོ་གང་ཡིན་པ་དེས་བདེ་བ་མི་བཟོད་པར་འགུལ་བར་འགྱུར་ཟེར་བ་ལྟར་བྱས་ནས་སྤྲུལ་ཕོ་མོ་ཤན་ཕྱེ་ནས་སླར་བསྐུར་རོ། །ཡང་ཤིང་མགོ་མཇུག་སྦོམ་ཕྲ་མཉམ་པ། སྟ་རེ་དང་སྟེའུའི་རྗེས་མེད་པ་ཅིག་བསྐུར་ནས། མགོ་མཇུག་གང་ཡིན་དྲིས་པས། སྔར་བཞིན་ལྷ་མཚམས་མ་ལ་དྲིས་པས། ཆུ་ལ་བསྐུར་དང་། རྩེ་མོ་གང་ཡིན་པ་དེ་ཆུ་སྟེང་དུ་ཐོན་ཞིང་སྔོན་ལ་འགྲོ། རྩ་བ་གང་ཡིན་པ་དེ་ཆུའི་གཏིང་དུ་བྱིང་ཞིང་རྗེས་ནས་འགྲོ་ཟེར་བ་ལྟར་བྱས་པས་ཤན་ཕྱེ་ནས་སླར་བསྐུར་བས། རྒྱལ་པོ་དེས་བང་ཆེན་པ་ལ་བྱ་དགའ་ཆེན་པོ་བྱིན། རྒྱལ་པོ་གསལ་རྒྱལ་ལ་བློན་པོ་རིག་པ་དང་ལྡན་པ་ཡོད་པར་གདའ། འཐབ་པས་མི་ཐུབ་སྙམ། རྒྱལ་པོ་གསལ་རྒྱལ་ལ་བཀུར་སྟི་མང་དུ་བྱས་མཛའ་བར་བྱས་ཏེ་དགའ་བར་བྱས་སོ། །དེ་ལ་རྒྱལ་པོ་གསལ་རྒྱལ་དགའ་མགུ་ཡི་རངས་ཏེ། བློན་པོ་རི་དྭགས་ཆེན་པོ་ཁྱོད་ཀྱིས་འདི་ལྟ་བུ་རྟོགས་ཤིང་ཁོང་དུ་ཆུད་པ་ངོ་མཚར་ཆེའོ་གསུངས་ནས་བྱ་དགའ་ཆེན་པོ་གནང་བས། བློན་པོས་བདག་གིས་ཤེས་པ་མ་ཡིན་མནའ་མ་བློ་དང་ལྡན་པ་ཞིག་ཡོད་པ་དེས་འདི་
རྣམས་རྟོགས་ཤིང་ཁོང་དུ་ཆུད་དོ་ཞུས་པས། རྒྱལ་པོས་དེ་ཡིན་ན་ཁྱོད་ཀྱི་མནའ་མ་ལྷ་མཚམས་མ་དང་བདག་གཉིས་མིང་སྲིང་བྱའོ་གསུངས། མིང་སྲིང་ལྟར་ཤིན་ཏུ་མཛའ་བར་བྱས་སོ། །ཡང་སྔོན་རྗེ་བཙུན་མི་ལའི་མས་དབུས་ཕྱོགས་ཀྱི་རྣལ་འབྱོར་བ་གནས་བསྐོར་བྱེད་པ་བང་ཆེན་དུ་འོས་པ་ཅིག་ལ་བཟའ་བཏུང་བྱིན། གོས་བེམ་པོ་ཅིག་འདུག་པ་ལ་ལྷན་བརྒྱབ། བེམ་པོའི་ནང་གི་རྒྱབ་གཞུང་དུ་རྣལ་འབྱོར་བ་ལ་རྒྱུས་མེད་པའི་གསེར་སྲང་བདུན་སྦས། དེའི་སྟེང་དུ་ལྷན་པ་ནག་པོ་ཁ་གང་གྲུ་བཞི་བ་ཞིག་བརྒྱབ་དབུས་སུ་སྐུད་པ་དཀར་པོ་སྦོམ་པའི་གཟེར་ཚེམས་སྐར་མ་སྨིན་དྲུག་གི་དབྱིབས་འདྲ་བ་ཕྱིར་མི་མངོན་པ་གཅིག་གི་མནན་ཏེ། རྣལ་འབྱོར་པ་རང་ལ་རྔན་པ་ཆེན་པོ་བྱིན། ཡི་གེ་རྒྱ་ཅན་ཞིག་བསྐུར་བ་རྣལ་འབྱོར་བ་དེས་ཁྱེར་ནས། རྗེ་མི་ལ་ལ་སྤྲད་པ་ཀློག་པའི་ནང་ན། མ་ཁམས་བདེ། ཡུལ་དུ་མཐུའི་རྟགས་ཐོན། ད་དུང་སེར་བ་ཕོབ། རྒྱགས་ཆད་ན་ལུང་པ་ཁ་བྱང་དུ་ལྟ་བ་སྤྲིན་ནག་པོ་ལྡིང་ཞིང་སྐར་མ་སྨིན་དྲུག་འཆར་བའི་འོག་ན་རང་རེའི་ཉེ་ཚན་གྲོང་པ་བདུན་ཡོད་པས་དེ་ན་རྒྱགས་ཅི་འདོད་ཡོད་པས་
ལོངས། རྩད་མ་ཆོད་ན་ལུང་པ་དེའི་ནང་ན་རྣལ་འབྱོར་བ་འདི་རང་བཞུགས་པས། གཞན་དུ་མ་འདྲི་བྱ་བ་ཞིག་འདུག་པ། རྗེ་མི་ལ་དང་བླ་མ་གནུབས་ཆུང་བ་གཉིས་ཀྱིས་མ་མཁྱེན། བླ་མ་ལ་ཇོ་མོ་ཡེ་ཤེས་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་ཡོད་པ་དེས་ཤེས་ནས། རྣལ་འབྱོར་པ་དེ་ནང་དུ་བོས། ཆང་ཞིམ་པ་བྱིན་ཏེ་བཟི་བ་དང་། རྣལ་འབྱོར་བའི་རྒྱབ་ནས་བེམ་པོ་ཕུད་དེ་མོ་རང་གིས་གྱོན་ནས། བེམ་པོ་འདི་འདྲ་གྱོན་ནས་རྒྱལ་ཁམས་འགྲིམ་པའི་མི་ལ་སྐྱིད་འོང་ཟེར་ཕར་ཙམ་ཚུར་ཙམ་བྱས་ཁང་སྟེང་དུ་འཛེགས་ནས་སོང་སྟེ། བེམ་པོའི་ནང་ནས་གསེར་བཏོན། ལྷན་པ་སྔར་བཞིན་བཙེམས། བེམ་པོ་རྣལ་འབྱོར་པ་ལ་གཡོགས། གསེར་རྗེ་མི་ལ་དང་བླ་མ་རྣམ་གཉིས་ལ་སྤྲད་ནས། མོ་ན་རེ། ཐོས་པ་དགའ་ལ་མ་གྲུང་མོ་ཞིག་ཡོད་པར་གདའ། ལུང་པ་ཁ་བྱང་དུ་ལྟ་བར་ཉི་མ་མི་འཆར་བ་ལྟར། རྣལ་འབྱོར་བའི་བེམ་པོའི་ནང་ལ་ཉི་མ་མི་འཆར་བ་ལ་ཟེར་བར་གདའ། སྤྲིན་ནག་པོ་ལྡིང་བ་ལྷན་པ་ནག་པོ་ཁ་གང་བཏབ་པ་ལ་ཟེར། སྐར་མ་སྨིན་དྲུག་འཆར་བ། སྐུད་པ་དཀར་བའི་ཧབ་བཙེམས་ལ་ཟེར། ཉེ་ཚན་
གྲོང་པ་བདུན་ནི་གསེར་སྲང་བདུན་ལ་ཟེར། རྩད་མ་ཆོད་ན་ལུང་པ་དེ་ན་རྣལ་འབྱོར་པ་འདི་རང་བཞུགས་པས་གཞན་དུ་མ་འདྲི་བྱ་བ་མ་གོ་ན་གསེར་རྣལ་འབྱོར་བའི་བེམ་པོ་ལ་ཡོད་པས་གཞན་དུ་མ་འཚོལ་བྱ་བར་གདའ་བྱས་པས། བླ་མ་ན་རེ་ཁྱེད་བུད་མེད་བློ་རྣོ་ཟེར་བ་དེ་བདེན་པར་གདའ་གསུངས། དེས་ན་དེ་ལྟ་བུའི་བློ་གྲོས་དང་ལྡན་པའི་བུད་མེད་ལ་གྲོས་ཡང་འདྲི་རུང་ཞིང་། ཁ་ལ་ཡང་ཉན་པར་བྱའོ། །སྔོན་འབྲུག་པ་ཀུན་ལེགས་ཀྱིས། ངག་དབང་ཆོས་རྒྱལ་སྐུ་མཚམས་ལ་ཡོད་དུས་ཤིག་ལ། ཉེ་གནས་ལ། ང་སྐུ་མདུན་དུ་ལན་ཅིག་འགྲོ་དགོས་བྱས་པས། དེ་མི་ཡོང་མཚམས་དམ་པོ་ཡོད་བྱས་པས། ང་ལ་སྦུབ་ཆལ་བཟང་པོ་ཞིག་གཟིགས་འབུལ་ཞུ་རྒྱུ་ཡོད་དོ་བྱས་པས། འོ་ན་ངས་ཞུ་ཟེར་ནས་ཞུས་པས། བླ་མ་ངག་དབང་ཆོས་རྒྱལ་གྱིས་འོ་ན་ཁོ་ནང་ལ་འོང་དུ་ཆུག་གསུངས། སོང་ནས་གླེང་མོ་མང་པོ་བྱས་ནས། སྐབས་ཤིག་བླ་མས་ཁྱོད་ལ་སྦུབ་ཆལ་ཞིག་ཡོད་པ་ཁྱེར་ཤོག་དང་བལྟ་གསུངས་པས། འབྲུག་པ་ཀུན་ལེགས་ན་རེ། སྦུབ་ཆལ་གཞན་མེད། ངས་ཁ་སྦུབ་སྦུབ་འདིའི་ནང་
ནས་གཏམ་ཆལ་ཆལ་ཐོན་པ་འདི་ཡིན་ལགས་ཞུས་པས། བླ་མ་ཉེ་གནས་དང་བཅས་དཔོན་སློབ་ཀུན་བཞད་གད་ཐག་གེ་བ་ཞིག་བྱུང་། བཀའ་ཡང་མ་བཀྱོན་སྐད། ཡང་སྔོན་མི་གཅིག་སྐྱེ་དམན་གཞན་ཞིག་གི་རྩར་དགུང་མོ་སོང་བས། སྔ་མོ་ཁྱོ་གས་ཤེས་ནས། རོགས་གཞན་དང་བཅས་འོང་སྒོ་ནས་བསྒུགས་ཏེ་འཛིན་གྲབ་བྱས་ཚེ། ཁོས་ཟིན་གྱི་དོགས་ནས། གོས་ཕུད་དེ་གཅེར་བུར་བྲོས་པས་མ་ཟིན། ལ་ཞིག་གི་ཕར་རྒྱབ་ཏུ་སོང་ནས། རྒད་པོ་ཞིག་གི་ཞིང་རྨོ་བ་ལ། རྒྱང་རིང་པོ་ནས་ལག་པ་གཡབ་སྐད་ཆེན་པོས་གཅེར་བུར་བྲོས། ཡོང་ཡོང་ཟེར་གྱིན་རྒྱུག་པས། རྒད་པོའི་བསམ་པ་ལ། མི་ཕ་ཀིའི་འབྲོས་ལུགས་དང་ཟེར་ལུགས་གང་ལ་བལྟས་ན་སྐྱོན་ཅིག་འདུག་ལན་ཅིག་ང་ཡང་འབྲོ་དགོས་སྙམ། རྒད་པོས་ཀྱང་གོས་ཕུད་སྟེ་གཅེར་བུར་ཕ་གི་ནགས་གསེབ་ཏུ་བྲོས་པས། ཤུལ་གྱི་གོས་ཁོས་གོན་ནས། ཞིང་རྨོ་ཞིང་བསྡད་པས། འཛིན་མཁན་གྱི་མི་རྣམས་བྱུང་ནས། གཅེར་བུ་རེ་མཐོང་ངམ་དྲིས་པས། མི་གཅེར་བུ་འདྲ་མ་མཐོང་། མི་གཅེར་བུ་ཞིག་དེད་ནས་ཅི་བྱ་བྱས་བས་སླར་ལོག་ཚེ། རྒད་པོ་བོས་ནས།
ཁོ་རང་གི་གོས་བསྐོན་རྒྱུ་མཚན་བཤད་པས་གཉིས་ཀ་ཧ་བགད་བྱས་སྐད། ཡང་སྔོན་ཁྱིམ་བདག་ཞིག་གི་ཞིང་རི་བོང་གི་ཟོས་པ་མཐོང་ནས་ཚིག་པ་ཟོས་མདའ་གཞུ་ཁྱེར་ནས་གསོད་དུ་ཕྱིན་པས། རི་བོང་གིས་མི་དེ་ལ་ཁ་བལྟས་ནས་རྒད་པོས་ཡ་ཁ་ཤོ་བ་མི་དེས་མཐོང་ནས། མདའ་བརྡེག་ལོང་མེད་པར་རྒོད་རྒྱུ་བྱུང་མང་པོ་བགད་པས། ཞེ་སྡང་ཡང་ཞི་ན་ས་མ་བསད་པར་རི་བོང་བཏང་སྐད། ཡང་སྔོན་གཡོག་མོ་ཞིག་ཆུ་ལེན་དུ་ཕྱིན་པས། ཆུ་ཟོམ་ནང་དུ་ཉ་ཞིག་བྱུང་བ། ཁྱིམ་བདག་གིས་མཐོང་ནས། གཡོག་མོ་ལ་ཉ་འདི་ཙམ་ཡོད་པ་མི་མཐོང་བ་ཟེར་ཚིག་པ་ཟོས་ནས་བརྡེག་ཏུ་འོང་ཚེ། གཡོག་མོས་ཆུ་ནང་དུ་སྐྱོགས་བརྒྱབ་ནས་ཉ་ལེན་གྲབ་བྱས་པས། ཉ་དེ་རྒོད་བཞིན་དུ་ཆུ་ནང་ནས་ཡར་རྒྱུག་མར་རྒྱུག་བྱས་པས་གཡོག་མོ་བགད། གཉིས་ཀ་རྒོད་པ་ཁྱིམ་བདག་གིས་མཐོང་ནས་བརྡེག་ལོང་མེད་པར་རྒོད་རྒྱུ་བྱུང་། གསུམ་ཀ་མང་པོ་བགད་པས་ཁྱིམ་བདག་གི་ཞེ་སྡང་ཞི་ནས་གཡོག་མོར་མ་བརྒྱབ། གཡོག་མོས་ཀྱང་ཉ་མ་བསད་པར་སླར་རང་གནས་སུ་བསྐྱལ་སྐད། སྔོན་གཅོད་གཏོང་མཁན་
ཞིག །མཚན་མོ་གཅོད་གཏོང་དུ་ཕྱིན་པས། རོགས་པ་གཅིག་ཡོད་པ་དེས། རྩག་པ་ཞིག་ཡོད་པ་ཕྱིར་སློག་ནས་གྱོན་ཏེ་ཐག་ཉེར་སོང་ཚེ། གཅོད་པས་མཐོང་ནས་འདྲེ་ཞིག་ཡིན་སྙམ་འཇིགས་ནས་ཕཊ྄་བྱས་ཚེ། རོགས་པ་དེས་ཁོ་འཇིགས་པ་ཤེས་ནས་ཕར་སོང་ཚེ་ཕཊ྄་བྱས། ཡང་ག་ལེ་བྱས་སོང་ཚེ་སླེབས་ལ་ཁད་ལ་ཕཊ྄་བྱས་ན་ཡང་མི་འགྲོ་བ་འཇིགས་པོ་གདའ་ཟེར། ལངས་ནས་བྲོས་སོང་ཚེ་མི་དེ་ཡང་ག་ལེ་བྱས་རྗེས་སུ་ཡོང་བས། ཁོ་ཁྱིམ་དུ་འཛུལ་ནས། ངའི་རྗེས་འདི་ན་འདྲེ་ཞིག་ཀྱང་འོང་གིན་གདའ་སྒོ་ཆོད་བྱས་པས། རོགས་པ་དེ་སླེབ་བྱུང་ཚེ་ངོ་ཤེས་ནས་ཐམས་ཅད་བཞད་གད་བྱས་སྐད། སྔོན་ཙཱ་རིའི་གྲུབ་པ་ཞིག་གིས་ཤ་ཞིག་ཟ་སྙམ་མལ་ནས་གཅེར་བུར་ལངས་ཏེ། གནམ་ལ་ཤ་བཏགས་ཡོད་པ་གྲི་ཡིས་བཅད་པས་ཤ་མ་བཅད་པར་རང་གི་གསང་མཚན་བཅད་ནས་ཤི་བས། ཕུག་པ་དེ་ལ་གསང་མཚན་བཅད་ཕུག་ཅེས་ཟེར། སྔོན་ལ་ཕྱི་གངས་ཀྱི་གྲུབ་ཆེན་ཞིག་གཅེར་བུར་ལངས་ནས་མེ་བཏང་བས། ཐལ་དོང་ནང་ནས་བུད་མེད་ཞིག་གི་མོ་མཚན་ཞིག་མཐོང་བ་བལྟས་པས་ཆེར་སོང་ཚེ། ལྟས་ངན་ཡིན་སྙམ་མོ་མཚན་
ནང་དུ་མེ་མ་མུར་སྐྱོགས་གང་བླུག་པས། རང་གི་གསང་མཚན་ཐོག་ཏུ་བླུགས་ཏེ་ཚིག་ནས་ཤི་སྐད། སྔོན་མི་གཉིས་ལམ་དུ་སོང་ཚེ། གླང་ཆེན་དང་ཕག་གཉིས་སྔ་ཕྱི་བྱས་ནས་འགྲོ་བ་མཐོང་ནས། གཅིག་ན་རེ། འདི་གཉིས་ཀྱི་སྣ་དང་མཇུག་མ་རྒྱབ་སོགས་གང་ལ་བལྟས་ན་ལུས་དབྱིབས་འདྲ་བས། གླང་ཆེན་རྒུད་པ་ཕག་ཏུ་གྱུར་པ་འདྲ་ཟེར། ཡང་གཅིག་པོ་ན་རེ། དེ་མ་རེད། ཁོ་བོས་འདི་གཉིས་འདྲ་ཚུལ་ལ་བལྟས་ན། ཕག་དར་ན་གླང་ཆེན་དུ་གྱུར་པ་འདྲ་ཞེས་རྩེད་མོ་བྱས་སྐད། སྔོན་བླ་མ་ཅིག་ལ་མི་གཞན་ཞིག་གིས་ཁྱེད་སྨྱོ་འདུག་ཟེར་བ་ལ། བླ་མ་ན་རེ། ང་ཡིས་བལྟས་ན་ཁྱོད་རེ་སྨྱོ། །ཁྱོད་ཀྱིས་བལྟས་ན་ང་རེ་སྨྱོ། །ང་སྨྱོ་བ་ཆོས་ཀྱི་དབྱིངས་སུ་སྨྱོ། །ཁྱོད་སྨྱོ་བ་འཁོར་བའི་འདམ་དུ་སྨྱོ། །གསུངས་སྐད། ཡང་སྔོན་དབུ་མཛད་ཅིག་གིས། ཉམས་མགུར་ན། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག་ཟེར་བ་ལ། དབྱངས་རིང་པོ་བྱས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག་བྱས་པས། གཞན་གྲྭ་པ་ཁ་རྒོད་ཞིག་ན་རེ། འདི་འདྲ་ཐོབ་པ་ད་རེས་ཙམ་ཞིག་ཡིན་ཟེར་བ་བསྒྱུར་ནས།
འདི་འདྲ་ཐོས་པ་ད་རེས་ཙམ་ཞིག་ཡིན་ཞེས་བཏོན་པས་ཀུན་བཞད། ཡང་སྔོན་བླ་མ་མཁས་པ་ཞིག་གིས་མི་དགེ་བཅུ་བཤད་ནས། དལ་འབྱོར་གྱི་ཆོས་བཅོ་བརྒྱད་སོང་བྱས་པ་ལ། གཞན་ཅིག་གིས་དེ་དུས་ཁྱེད་ཚོས་ཡར་ལ་ཅི་ཞུས་བྱས་པས། ཉན་མཁན་ཁ་རྒོད་ཅིག་ན་རེ། གཞན་ཞུ་མ་ནུས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །མི་དགེ་བཅུ་ཡི་རྣམ་དབྱེ་ལེགས་གསུངས་ནས། །དལ་འབྱོར་ཆོས་ནི་བཅོ་བརྒྱད་སོང་ཞེས་ཟེར། །མཁྱེན་པ་ཆེན་པོ་མངའ་ལ་གསོལ་བ་འདེབས། ཞེས་སྐུ་བསྟོད་ཅིག་ཕུལ་བྱས་ཀུན་བཞད། སྔོན་རྒྱལ་དབང་ལྔ་པ་རིན་པོ་ཆེ་ལ། ཞབས་ཕྱི་བ་རྣམས་ཀྱིས་གསོལ་འདེབས་ཞིག་དགོས་ཟེར་བ་ལ། གཅིག་གིས་གཅིག་ལ་རྐུ་ཞིང་ཀུན་གྱིས་རྐུ། །རྐུན་མ་རྐུ་བ་ཀུན་གྱི་མཆོག་ཡིན་ཏེ། །རྐུན་མ་རྒྱ་མཚོའི་དབུས་ན་ལྷང་ངེ་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །གྱིས་གསུངས་བཞད་སྐད། སྔོན་སྨན་པ་ཞིག་གིས་ནད་པ་གཅིག་ལ། ཁྱོད་ཀྱི་ལྕེ་སྟོན་བྱས་པ། ནད་པས་མ་གོ་བར་གསང་མཚན་སྟོན་ཟེར་སྙམ་བསྟན་པས། སྨན་པ་འཛུམ་བཞིན་དུ། དེ་ཡང་བཟང་པོར་གདའ། ད་ཁ་ནང་
གི་ལྕེ་ཞིག་སྟོན་བྱས་ནས་བསྟན་པས་སྨན་པ་ནད་གཡོག་ནད་པ་གསུམ་པོ་བགད། ཡང་སྔོན་མནའ་མ་ཞིག་རྒད་པོས་སྡོད་དུ་མ་བཅུག་པ། ཨ་ནེ་རྒན་མོ་ལ་བཤད་པས། རྒན་མོ་ན་རེ། དེ་ཡིན་ན་མནའ་མ་ཁྱོད་ངའི་ཉལ་སར་ཉོལ། ང་ཁྱོད་ཀྱི་ཉལ་སར་ཉལ་བྱས་དེ་ལྟར་བྱས་པས། རྒད་པོས་མནའ་མ་ཡོད་སར་སོང་ནས་འདོད་པ་སྤྱད་ཚེ། རྒད་མོས་མནའ་མ་ཡིན་ཁུལ་བྱས། ཁྱེད་ཀྱི་རྒན་མོ་དང་ངེད་གཉིས་ལ་ཁྱད་འདུག་གམ་དྲིས་པས། ཁྱད་ཤིན་ཏུ་ཆེ་བར་གདའ་ཟེར་བ་དང་། རྒན་མོ་རྒོད་རྒྱུ་བྱུང་ནས་མ་ཐུབ་པར་བགད་པས། རྒད་པོས་ཀྱང་རང་གི་རྒན་མོ་ཡིན་པར་ངོ་ཤེས་ནས་བགད། དེ་མནའ་མས་ཀྱང་ཚོར་ནས་བགད་དོ། །སྔོན་བྱིས་པ་ཞིག་གི་ལག་ན་ཡོས་ཁ་ཤས་ཡོད་པས་རྡོག་པོ་གཅིག་བྲུལ་བ་ཁུང་བུ་ཞིག་ཏུ་ཤོར་བས་བྱིས་བས་ཁུང་དེར་མཛུབ་མོ་བཅུག་ནས་མ་ལོན་ཚེ། ནང་དུ་ཁ་བལྟས་ནས་མང་པོ་ངུས་པས། སྣབས་ལུག་ནས་ཁུང་བུར་སོང་བ་མགོ་བཏེགས་པས་སྣབས་ལ་ཡོས་འབྱར་ནས་སྟེང་དུ་བྱུང་ཚེ། བྱི་ས་པ་དགའ་ནས་རྒོད་པ་དགེ་བཤེས་གླང་རི་ཐང་བས་གཟིགས་པས་ཁོང་
ཡང་བཞད་སྐད། སྔོན་བླ་མ་ཅིག་གིས་འཕྱན་ཞིག་བཏང་ནས་དཀོན་མཆོག་མཆོད་བྱས་པས་དྲི་བཟང་ཕུན་སུམ་ཚོགས་པ་བྱུང་ཡང་། དེར་ཡོད་པའི་བུ་སློབ་འགའ་ཞིག་ལ་རྒོད་རྒྱུ་བྱུང་ནས་མ་ཐུབ་པར་བགད་དོ། །དེས་ན་བྱིང་རྨུག་གིས་ནོན་པ་དང་། དོན་མེད་ཀྱི་ཆགས་སྡང་དང་། མྱ་ངན་སེམས་ཁྲལ་ཅན་གྱི་མི་ཕལ་ཆེ་བ་ལ། འདི་དང་འདི་འདྲའི་གཏམ་རྒྱུད་དང་ཁ་བཅོག་ཀུ་རེ་རྩེད་མོའི་གཏམ་སྣ་ཚོགས་བཤད་ནས། རྒོད་ཁ་བླང་ནས་སྐྱོན་དེ་དག་བསལ་བར་བྱའོ། །སྔོན་གྱི་རྒྱལ་པོ་རབ་སྣང་ཞེས་བྱ་བ་དེ་སྡིག་པའི་བུ་ཡིན་པས། དེས་མར་གྱི་མིང་ཙམ་ཚོར་ན་ཡང་མི་དགའ་བས། རྒྱལ་པོ་ལ་གཉིད་གཏན་ནས་མ་འོང་། སྨན་པའི་རྒྱལ་པོ་འཚོ་བྱེད་བོས་པས། སྨན་པ་ན་རེ། བློན་པོ་རྣམས་ལ། རྒྱལ་པོ་ལ་ཡོད་པའི་རྔ་མོང་མགྱོགས་པ་དེ་སྟ་གོན་གྱིས། གླང་པོ་ཆེ་འདམ་བུའི་རི་ལ་འབྲས་ཡོས་བྱིན་ལ་ཆུ་མ་བླུད་ཅིག །ཆུ་གླང་མོའི་གྲོད་བུ་གང་ཚགས་གྱིས་ཤིག་བྱས་པས། བློན་པོ་རྣམས་ཀྱིས་ཀྱང་སྨན་པའི་ངག་བཞིན་བྱས་སོ། །དེ་ནས་རྒྱལ་པོས་མ་ཚོར་བ་བྱས། ཆང་བཟང་པོ་ལ་རྩི་མར་གྱི་དྭངས་མ་སྦྱར་ནས།
རྒྱལ་པོ་ལ་བླུད་པས། དེ་མ་ཐག་རྒྱལ་པོ་གཉིད་དུ་སོང་ངོ་། །སྐབས་དེར་འཚོ་བྱེད་རྔ་མོང་མགྱོགས་པ་དེ་ལ་ཞོན། ཆུ་གྲོད་བུ་གང་པོ་དེ་ཁྱེར་ནས་བྲོས་སོ། །དེ་ནས་རྒྱལ་པོ་གཉིད་སད་ནས། སྒྲེགས་པ་བྱས་པ་ལ། མར་གྱི་དྲི་མ་ཆིལ་བྱུང་བས། རྒྱལ་པོ་ཁྲོས་ནས། སྨན་པ་གང་ན་ཡོད་དྲིས་པས་སོང་ཚར་ཞུས་པས། དེས་ང་ལ་མར་བྱིན་འདུག་པས། བློན་པོ་ཅིག་གླང་པོ་ཆེ་འདམ་བུའི་རི་ལ་ཞོན་ནས་རྒྱུག་ལ་ལམ་ནས་སོད་ཤོག་ཅིག །གཡོ་ཅན་དེས་ཟས་གང་བྱིན་ཡང་མ་ཟ་ཞིག་གསུངས་པས། བློན་པོ་ཞིག་གླང་པོ་ལ་ཞོན་ནས་བདས་པས། སྨན་པ་འཚོ་བྱེད་ཀྱི་རྗེས་ཟིན་ལ་ཉེ་བ་ན། ཆུ་དང་འཕྲད་དེ་གླང་པོ་ཆེ་སྐོམ་པས་ཆུ་ཐུངས་ནས་འགྲོར་མ་ཉན་པའི་བར་ལ་ཆེར་འགྱངས་སོ། །དེ་ནས་བདས་པས་ཟིན་ལ་ཉེ་བ་ན་སྨན་པས་སྔར་གྱི་ཆུ་གྲོད་པ་གང་པོ་འཕངས་པས། གླང་པོ་ཆེ་ཆགས་པའི་སྟོབས་ཀྱི་གླང་མོའི་གྲོད་བུ་དེ་ལ་སྣམ་སྣོམ་མང་པོ་བྱས་པའི་བར་ལ་སྨན་པ་འཚོ་བྱེད་མཉན་ཡོད་ཀྱི་ཀུན་དགའ་ར་བར་ཕྱིན་པར་གྱུར་ཏོ། །བློན་པོ་སླེབ་དུ་ཉེ་བ་ན་འཚོ་བྱེད་ཀྱིས་བློན་པོ་ལ་ཁོང་ནད་ཅིག་ཡོད་པ་
ཤེས་ནས། སེན་མོ་གཡོན་པའི་ཐོག་ཏུ་འཁྲུ་སྨན་ཅིག་བླུག །གཡས་པའི་སེན་མོའི་བར་དུ་སྐྱུ་རུ་ར་གཅིག་བཅངས་སྟེ། སླེབ་མ་ཐག་ཁྱོད་འོང་བ་ལེགས་སོ། །འདི་ཟོ་ཞིག་བྱས། གཡོན་ངོས་ཀྱི་སྨན་བྱིན་ནས། གཡས་པ་དེའི་འཕྲོ་ཡིན་ཁུལ་བྱས། འཚོ་བྱེད་ཀྱིས་ཟོས་བས། བློན་པོས་ཁོ་རང་ཡང་ཟ་བར་འདུག་སྙམ་ཟོས་པས། ཁོང་ནད་བཀྲུས་ཏེ། དེ་ཚུགས་ནས་ནད་དྲག་པ་བྱུང་། དགའ་ནས་ཕྱིར་ལོག་པས། རྒྱལ་པོས་གཡོ་ཅན་དེ་བསད་དམ་དྲིས་པས། བློན་པོ་དེ་ན་རེ། མ་སོད་ཤོར་སོང་། ཁྱེད་ཀྱི་ནད་ལ་ཕན་འདུག་གམ། དྲིས་པས། རྒྱལ་པོ་ན་རེ། ཕན་འདུག་ཟེར། འོ་ན་ང་ལ་ཡང་ཁོང་ནད་ཅིག་སྔོན་ལ་ཡོད་པ་ད་ལན་སྨན་པས་ཟས་ཤིག་བྱིན་པ་ཟོས་པས་ཕན་འདུག་པས། ཕན་ཐོགས་བྱེད་མཁན་གྱི་མི་ལ་དྲིན་གཟོ་མ་བྱུང་རུང་། གསོད་པའི་ཁྲིམས་ཡོད་དམ་ཞུས་པས། རྒྱལ་པོས་ཀྱང་ཐུགས་བསམ་བཞེས་ནས། དེ་ཤིན་ཏུ་བདེན་པར་འདུག་གསུངས། འཚོ་བྱེད་ལ་བཀའ་དྲིན་གཏང་རག་ཏུ་རས་ཟུང་ཞིག་ཕུལ་བ་དེ། འཚོ་བྱེད་ཀྱིས་སྟོན་པ་སངས་རྒྱས་ལ་ཕུལ་བ། སྟོན་པའི་ན་བཟའ་བྱས་པར་གསུངས་
སོ། །དེས་ན་འཚོ་བྱེད་ཀྱིས་ཟས་སུ་སྒྲོ་བཏགས་ནས། སྨན་བྱིན་ཏེ་རྒྱལ་བློན་གཉིས་ཀྱི་ནད་གསོས་པ་ལྟར། བདག་གིས་ཀྱང་གདུལ་བྱ་དད་ཅན་རྣམས་ལ་ཕན་པའི་ཕྱིར། འཇིག་རྟེན་མི་ཆོས་དང་སྒོ་བསྟུན་ནས་དམ་པའི་ལྷ་ཆོས་འདི་ལེགས་པར་བཤད་ཟིན་ཏོ། །ལེགས་བཤད་འདི་ཡི་ནང་བཞིན་བྱས་ན་ཚེ་འདིར་ཆོས་དང་མཐུན་པའི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས་བདེ་ཞིང་། ཤི་ནས་ཕྱི་མར་ཡང་མངོན་མཐོ་ལྷ་མིའི་ནང་དུ་སྐྱེས་ནས་སྐྱིད་ལ། ནམ་ཕུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས། འགྲོ་བ་ལྷ་དང་བཅས་པའི་གཙུག་གི་རྒྱན་དུ་འགྱུར་བར་གདོན་མི་ཟའོ། །དེས་ན་འདི་ནི་རང་གི་སྐྱོན་དང་ཡོན་ཏན་རྣམས་ལ་བལྟ་འདོད་པ་རྣམས་ལ་གསལ་བར་སྟོན་པའི་མེ་ལོང་དང་། གཞན་གྱི་སྐྱོན་ཡོན་ལེགས་ཉེས་བླང་དོར་གྱི་གནས་རྣམས་ལ་ལྟ་འདོད་པ་རྣམས་ཀྱི་མིག་དང་འདྲ་བས། བློ་གྲོས་ཅན་རྣམས་ཀྱི་ལེགས་བཤད་འདི་ཉིད་སངས་རྒྱས་ཀྱི་གསུངས་བཞིན་གཅེས་པར་ཟུངས་ཤིག ། ༈ དེ་ལྟར་ལེགས་པར་བཤད་པའི་དགེ་བ་རྣམས་གནས་
སྐབས་དང་མཐར་ཐུག་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་ཞིང་། སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་བྱ་བ་ནི། སྨྲས་པ། སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཁྱེད་ཀྱི་སྐྱེ་རབས་རྣམ་པར་ཐར་པ་བཞིན། །བདག་ཀྱང་སྒྲུབ་པར་ནུས་པའི་སྨོན་ལམ་འདེབས། །རྣམ་དག་སྨོན་གནས་འགྲུབ་པར་བྱིན་གྱིས་རློབས། །མགོན་ཁྱོད་དང་པོ་སངས་རྒྱས་དཔག་མེད་ཀྱི། །དྲུང་དུ་བྱོན་ནས་ཐུགས་མཆོག་བསྐྱེད་པ་ལྟར། །བདག་ཀྱང་དེང་ནས་སངས་རྒྱས་མང་པོ་ཡི། །དྲུང་དུ་སོང་ནས་སེམས་མཆོག་བསྐྱེད་པར་ཤོག །བར་དུ་བསྐལ་ཆེན་གྲངས་མེད་གསུམ་གྱི་བར། སངས་རྒྱས་མང་པོ་བསྙེན་བཀུར་མཆོད་པ་ལྟར། །བདག་ཀྱང་དེང་ནས་བསྐལ་ཆེན་གྲངས་མེད་པར། །སངས་རྒྱས་དཔག་ཏུ་མེད་པ་མཆོད་པར་ཤོག །སྔོན་ཚེ་རྒྱལ་པོ་མང་པོར་གྱུར་པའི་ཚེ། །ཆོས་ཕྱིར་ལུས་དང་སྲོག་ཀྱང་བཏང་བ་ལྟར། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཆོས་ཕྱིར་ལུས་དང་སྲོག་ཀྱང་གཏོང་བར་ཤོག །བྲམ་ཟེ་ཆེན་པོ་ཞིག་ཏུ་གྱུར་བའི་ཚེ། །སྟག་མོ་མ་བུ་ཤ་ཡི་གསོས་པ་ལྟར། །བདག་ཀྱང་ཉམ་ཐག་
འགྲོ་ལ་སྙིང་རྗེ་ནས། །གཅེས་པའི་ལུས་ཀྱང་ཕངས་མེད་སྤྱིན་པར་ཤོག །ཤི་བའི་རྒྱལ་པོར་གྱུར་ཚེ་ལོངས་སྤྱོད་དང་། །སྤྱན་ཡང་བྲམ་ཟེ་ལོང་བར་བྱིན་པ་ལྟར། །བདག་ཀྱང་ཟས་ནོར་ལོངས་སྤྱོད་སྦྱིན་པར་བཏང་། །ལོང་བ་རྣམས་ལ་མིག་ཀྱང་སྟེར་བར་ཤོག །ཀོ་ས་ལ་ཡི་རྒྱལ་པོར་གྱུར་པའི་ཚེ། །ཚེ་རབས་དྲན་ཅིང་སྦྱིན་པ་བཏང་བ་ལྟར། །བདག་ཀྱང་ཚེ་རབས་དྲན་ཅིང་སེམས་ཅན་ལ། །ཆོས་དང་ཟང་ཟིང་སྦྱིན་པ་གཏོང་བར་ཤོག །ཚོང་དཔོན་སྦྱིན་ལ་དཔའ་བར་གྱུར་པའི་ཚེ། །མེ་འོབས་བརྒལ་ནས་འཕགས་པ་མཆོད་པ་ལྟར། །བདག་ཀྱང་ལུས་དང་སྲོག་ལ་མི་ལྟ་བར། །སྙིང་སྟོབས་ཆེན་པོས་དཀོན་མཆོག་མཆོད་པར་ཤོག །ཚོང་དཔོན་ཟིལ་གྱིས་མི་ནོན་གྱུར་པའི་ཚེ། །རྩྭ་བཙོང་རིན་གྱིས་ཕོངས་པ་གསོས་པ་ལྟར། །བདག་ལ་ནོར་རྫས་མེད་ཀྱང་ཐབས་མཁས་ཀྱི། །ནོར་རྣམས་བསྒྲུབས་ནས་ཕོངས་པ་གསོ་བར་ཤོག །རི་བོང་གྱུར་ཚེ་བྲམ་ཟེ་བཀྲེས་པ་ཞིག །གསོ་ཕྱིར་མེ་ཡི་ནང་དུ་མཆོངས་པ་ལྟར། །བདག་ཀྱང་བཀྲེས་པས་ཉེན་པའི་སེམས་ཅན་ལ། །རང་གི་ལུས་ཀྱང་བཏང་ནས་གསོ་བར་
ཤོག །བྲམ་ཟེར་གྱུར་ནས་དཀའ་བ་སྤྱོད་པའི་ཚེ། །དཀའ་ཐུབ་ཟས་ཀྱང་སློང་ལ་བྱིན་པ་ལྟར། །བདག་ལ་འཚོ་བ་ཅུང་ཟད་ཙམ་ཞིག་ལས། །མེད་རུང་སློང་བ་བྱུང་ན་སྟེར་བར་ཤོག །རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པའི་ཚེ། །གནོད་སྦྱིན་རང་གི་ཁྲག་གིས་གསོས་པ་ལྟར། །བདག་ཀྱང་ཁྲག་ལ་དགའ་བའི་སེམས་ཅན་ལ། །ལུས་ཀྱི་ཁྲག་ཀྱང་བྱིན་ནས་གསོ་བར་ཤོག །རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པའི་ཚེ། །བུ་དང་བུ་མོ་རྒྱལ་སྲིད་སྦྱིན་པ་ལྟར། །བདག་ཀྱང་གཅེས་པའི་མི་ནོར་ཟས་གསུམ་ཀུན། །བཏང་ནས་འགྲོ་ཀུན་བདེ་ལ་འགོད་པར་ཤོག །ས་སྐྱོང་རྒྱལ་པོར་གྱུར་ཚོ་བགྲང་ཡས་ཀྱི། །དུད་འགྲོའི་སྲོག་བསྐྱབས་དགེ་ལ་བཀོད་པ་ལྟར། །བདག་ཀྱང་དུད་འགྲོ་མང་པོའི་སྲོག་སྐྱོབ་ཅིང་། །འགྲོ་ཀུན་དགེ་བཅུའི་ཁྲིམས་ལ་འགོད་པར་ཤོག །ལྷ་ཡི་དབང་པོར་གྱུར་ཚེ་གཡུལ་འགྱེད་དུས། །རང་སྲོག་བློས་བཏང་བྱ་ཕྲུག་སྲོག་བསྐྱབས་ལྟར། །བདག་ཀྱང་རང་གི་ལུས་སྲོག་བློས་བཏང་ནས། །སེམས་ཅན་གཞན་སྲོག་སྐྱོབ་ལ་འབད་པར་ཤོག །བྲམ་ཟེར་གྱུར་ཚེ་རང་གི་སློབ་དཔོན་གྱིས། །བསྐུལ་ཡང་མ་བྱིན་པ་རྣམས་མ་
བླངས་ལྟར། །བདག་ལ་གཞན་ནོར་ལོང་ཞེས་བསྐུལ་ན་ཡང་། །མ་བྱིན་པ་རྣམས་ནམ་ཡང་མི་ལེན་ཤོག །ཤི་བིའི་རྒྱལ་པོར་གྱུར་ཚེ་བློན་པོ་ཡིས། །མཛེས་མ་ཕུལ་ཡང་ལོག་གཡེམ་མ་བྱས་ལྟར། །བདག་ལ་གཟུགས་མཛེས་བུ་མོ་ཕུལ་ན་ཡང་། །མི་ཚངས་སྤྱོད་པ་ནམ་ཡང་མི་བྱེད་ཤོག །དེད་དཔོན་ཆེན་པོར་གྱུར་ཚེ་བདེན་ཚིག་གིས། །དོན་མཐུན་རྒྱ་མཚོའི་ཀློང་ནས་མཐར་ཕྱིན་ལྟར། །བདག་ཀྱང་བདེན་ཚིག་འགྲུབ་ནས་ཉམ་ཐག་གི །སེམས་ཅན་ཆུ་དང་མཚོ་ལས་སྒྲོལ་པར་ཤོག །ཉ་ཡི་རྒྱལ་པོར་གྱུར་ཚེ་བདེན་ཚིག་གིས། །ཆར་ཕབ་མཚོ་སྐམ་ཉ་རྣམས་གསོས་པ་ལྟར། །བདག་ཀྱང་བདེན་ཚིག་བརྗོད་ནས་སེམས་ཅན་ལ། །ཕན་པའི་དུས་སུ་ཆར་པ་འབེབས་པར་ཤོག །སྲེག་པའི་ཕྲུག་གུར་གྱུར་ཚེ་བདེན་ཚིག་གིས། །ནགས་མེ་ཕྱིར་ལོག་གཞན་སྲོག་བསྐྱབས་པ་ལྟར། །བདག་ཀྱང་བདེན་ཚིག་བརྗོད་ནས་ནགས་ལ་མེ། །ཤོར་བ་བསད་ནས་གཞན་སྲོག་སྐྱོབ་པར་ཤོག །ལྷ་དབང་བརྒྱ་བྱིན་གྱུར་ཚེ་ཆོས་བསྟན་ནས། །རྒྱལ་བློན་སྡེ་རྣམས་མྱོས་ཆང་སྤངས་པ་ལྟར། །བདག་གིས་གཞན་
རྣམས་ཆང་གིས་ཕུང་བ་ལ། །ཆོས་བསྟན་ཆང་སྤངས་བདེ་ལ་འགོད་པར་ཤོག །རྒྱལ་རིགས་ཕྱུག་པོར་གྱུར་ཚེ་འདོད་ཡོན་གྱི། །ཉེས་དམིགས་མཐོང་ནས་བློ་ཡིས་བཏང་བ་ལྟར། །བདག་ཀྱང་འདོད་ཡོན་ཉེས་དམིགས་ལེགས་བསམ་ནས། །འཁོར་བའི་ཕུན་ཚོགས་བློ་ཡིས་གཏོང་བར་ཤོག །གྲགས་ལྡན་བྲམ་ཟེའི་རིགས་སུ་འཁྲུངས་པའི་ཚེ། །རྐྱེན་ངན་ལམ་བསྒྱུར་གནོད་སེམས་སྤངས་པ་ལྟར། །བདག་ཀྱང་རྐྱེན་ངན་ཆོས་ཀྱི་གྲོགས་སུ་བསྒྱུར། །གནོད་ཅིང་འཚེ་བའི་བསམ་ངན་སྤོང་བར་ཤོག །རྒྱལ་པོའི་ཚོང་དཔོན་གྱུར་ཚེ་རབས་བྱུང་ནས། །ཁས་བླངས་ཚུལ་ཁྲིམས་མཐའ་རུ་ཕྱིན་པ་ལྟར། །བདག་ཀྱང་ཚེ་རབས་ཀུན་ཏུ་རབ་བྱུང་ནས། །ཁས་བླངས་ཚུལ་ཁྲིམས་མཐའ་རུ་ཕྱིན་པར་ཤོག །གཙུག་ཕུད་བྱང་ཆུབ་གྱུར་ཚེ་རྒྱལ་པོ་ཡིས། །བརྙས་ཀྱང་ཁྲོ་མེད་བཟོད་པ་བསྒོམས་པ་ལྟར། །བདག་ལ་མཐོན་པོ་རྣམས་ཀྱིས་བརྙས་ན་ཡང་། །ནམ་ཡང་ཁྲོ་མེད་བཟོད་པ་བསྒོམ་པར་ཤོག །ངང་བའི་རྒྱལ་པོར་གྱུར་ཚེ་སྙི་ནང་དུ། །བཟུང་ཡང་ཁྲོ་དང་འཇིགས་མེད་ཆོས་བསྟན་ལྟར། །བདག་ཀྱང་གཞན་གྱིས་བཟུང་ནས་བཀྱིག་ན་
ཡང་། །ཁྲོ་དང་འཇིགས་པ་མེད་པར་ཆོས་སྟོན་ཤོག །ཀུན་རྒྱུ་བྱང་ཆུབ་ཞེས་བྱར་གྱུར་པའི་ཚེ། །མང་པོས་བརྙས་ཀྱང་ཁྲོ་མེད་བཟོད་པ་ལྟར། །བདག་ལ་མང་པོ་རུབ་ནས་བརྙས་སྨོད་ཀྱང་། །མི་ཁྲོ་དེ་དག་ཆོས་ལ་སྦྱོར་བར་ཤོག །སྤྲེའུ་གྱུར་ཚེ་གཡང་ལ་ལྷུང་བའི་མི། །དྲངས་ཚེ་མི་དེས་གནོད་ཀྱང་ཕན་བཏགས་ལྟར། །བདག་གིས་ཕན་བྱས་ལན་དུ་གནོད་ན་ཡང་། །ད་དུང་གནོད་ལན་ཕན་པས་འཇལ་བར་ཤོག །རི་དྭགས་ཤར་ར་གྱུར་ཚེ་རང་ཉིད་ལ། །གནོད་པའི་རྒྱལ་པོ་གཡང་ལས་དྲངས་བ་ལྟར། །བདག་ཀྱང་དགྲ་དང་གཉེན་ལ་ཁྱད་མེད་པར། །གནོད་པའི་དགྲ་ཡང་བུ་བཞིན་སྐྱོང་བར་ཤོག །རི་དྭགས་བསེ་རུར་གྱུར་ཚེ་ཆུས་ཁྱེར་མི། །བསྒྲལ་ནས་གནོད་པ་བྱས་ཀྱང་བཟོད་པ་ལྟར། །བདག་གིས་ཕན་བཏགས་ལན་དུ་གནོད་བྱེད་ཀྱང་། །དེ་ལ་ཁྲོ་མེད་བཟོད་པ་བསྒོམ་པར་ཤོག །སྤྲེའུར་གྱུར་ཚེ་རང་ལུས་ཟམ་པར་བྱས། །སྤྲེའུ་མང་པོ་ཆུ་ལས་བསྒྲལ་བ་ལྟར། །བདག་ཀྱང་རང་གི་ལུས་ལ་བསྟེན་ནས་གཞན། །འཇིགས་པས་ཉེན་པ་ཆུ་ལས་སྒྲོལ་པར་ཤོག །དྲང་སྲོང་བཟོད་པ་སྨྲ་
བར་གྱུར་པའི་ཚེ། །རྒྱལ་པོས་ལུས་པོ་གཏུབས་ཀྱང་བཟོད་པ་ལྟར། །བདག་ཀྱང་གཞན་གྱིས་ལན་མང་གཏུབས་ན་ཡང་། །ཁོང་ཁྲོ་བྲལ་ཞིང་བཟོད་པ་བསྒོམ་པར་ཤོག །ཚངས་པའི་རྒྱལ་པོར་གྱུར་ཚེ་ཡན་ལག་བྱིན། །ལྟ་ངན་ཡང་དག་ལམ་ལ་བཀོད་པ་ལྟར། །བདག་ཀྱང་ཡན་ལག་ལ་སོགས་ལུས་བཏང་ནས། །ལྟ་ལོག་ཡང་དག་ལམ་ལ་འགོད་པར་ཤོག །གླང་ཆེན་གྱུར་ཚེ་སྐྱེ་བོ་བདུན་བརྒྱ་ཙམ། །བཀྲེས་པ་ལུས་པོ་བྱིན་ནས་གསོས་པ་ལྟར། །བདག་གིས་གཅེས་པའི་ལུས་ཀྱང་བཀྲེས་པ་ལ། །ཕངས་མེད་ཕྱིན་ནས་སེམས་ཅན་གསོ་བར་ཤོག །རྒྱལ་བུ་ཟླ་བར་གྱུར་ཚེ་རྐང་ཁྲ་ལ། །ཆོས་བསྟན་བཙོན་དུ་བཟུང་རྣམས་བཏང་བ་ལྟར། །བདག་གིས་བརྩོན་འགྲུས་ཆེན་པོས་ཆོས་བསྟན་ནས། །བཙོན་དུ་བཟུང་བ་རྣམས་ཀྱང་ཐར་བར་ཤོག །ལྕགས་ཁྱིམ་གནས་པའི་རྒྱལ་པོར་གྱུར་བའི་ཚེ། །བྱང་སེམས་ཏིང་འཛིན་བསྒོམ་ལ་བརྩོན་པ་ལྟར། །བདག་ཀྱང་རྣམ་གཡེང་ཚོགས་རྣམས་རྒྱང་བསྲིངས་ནས། །དབེན་པའི་གནས་སུ་བསམ་གཏན་བསྒོམ་པར་ཤོག །མ་ཧེར་གྱུར་ཚེ་སྤྲེའུས་གཙེས་པ་ལ། བཟོད་ཅིང་གནོད་སྦྱིན་ཞིག་
ལ་ཆོས་བསྟན་ལྟར། །བདག་ལ་དམན་པ་རྣམས་ཀྱིས་གཙེས་ན་ཡང་། །བཟོད་ཅིང་གནོད་སྦྱིན་རྣམས་ལ་ཆོས་སྟོན་ཤོག །བྱ་ཤིང་རྟ་མོར་གྱུར་ཚེ་ཉམ་ཐག་གི །སེངྒེ་གསོས་ནས་ལྷ་ལ་ཆོས་བསྟན་ལྟར། །བདག་གིས་ཤེས་རབ་ཆེན་པོས་འཆི་བ་རྣམས། །གསོ་ཞིང་ལྷ་ལ་དམ་ཆོས་སྟོན་པར་ཤོག །ཐ་མར་ཟས་གཙང་སྲས་པོར་གྱུར་པའི་ཚེ། །མྱུར་དུ་སངས་རྒྱས་ཆོས་འཁོར་བསྐོར་བ་ལྟར། །བདག་ཀྱང་མྱུར་དུ་མངོན་པར་སངས་རྒྱས་ནས། །མཁའ་མཉམ་འགྲོ་ལ་ཆོས་འཁོར་བསྐོར་བར་ཤོག །སྟོན་པ་འདས་ཀྱང་གསུང་རབས་གླེགས་བམ་གྱིས། །འགྲོ་བ་ཡོངས་ལ་ཕན་ཐོགས་འབྱུང་བ་ལྟར། །བདག་ནི་ཤི་ཡང་གླེགས་བམ་འདི་ཉིད་ཀྱིས། །མཐོང་ཐོས་འགྲོ་ལ་ཕན་ཐོགས་འབྱུང་བར་ཤོག །དཔེ་འདི་གང་གིས་འབྲི་ཞིང་འདོན་པ་དང་། །ལན་ཅིག་ཙམ་རེ་ཐོས་པ་ཐམས་ཅད་ཀྱི། །མི་དགེ་སྡིག་པའི་བསམ་སྦྱོར་ཤུགས་ཀྱི་འགགས། །རྣམ་དཀར་དགེ་བ་ངང་གིས་འཕེལ་བར་ཤོག །གླེགས་བམ་གང་དུ་གནས་པའི་ས་ཕྱོགས་སུ། །ནད་མུག་འཁྲུག་རྩོད་མིང་ཡང་མི་གྲགས་ཤིང་། །ལོ་
ལེགས་འབྲུ་ནོར་ལོངས་སྤྱོད་འཕེལ་ཞིང་རྒྱས། །བཀྲ་ཤིས་དགེ་ལེགས་གཡང་ཀུན་འཁྱིལ་བར་ཤོག །ཅེས་ངོ་མཚར་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་འདི་ནི། ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་རི་བོ་དགེ་ལྡན་པའི་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཐོན་པོ་སྲིད་པའི་རྩེ་མོའི་བར་དུ་ཆེས་ཆེར་སྒྲེང་བའི་བླ་མ་སྐྱེས་བུ་དམ་པའི་རྣམ་འཕྲུལ་བོན་རིའི་སྤྲུལ་སྐུ་དང་། རྡོ་ཆུའི་སྤྲུལ་སྐུ། བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པའི་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་མདའ་བ་བླ་མ་དང་། སོག་པོ་དགེ་སློང་བློ་བཟང་བསྐལ་བཟང་། གསང་སྔགས་སྔ་འགྱུར་རྙིང་མའི་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས་པའི། ཡ་ཐོ་རིང་བླ་མ་དང་། རིག་འཛིན་ཨོ་རྒྱན་རྣམ་རྒྱལ། འཕགས་པའི་ནོར་བདུན་གྱིས་ཕྱུག་ཅིང་དཔལ་ལྡན་འབྲི་གུང་པའི་རང་ལུགས་འཛིན་པའི་རྒྱང་གྲགས་བླ་མ་དང་། ཀུན་བཟང་བསྟན་འཛིན། དཔལ་ལྡན་ས་སྐྱ་པའི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་བའི། བོན་མོ་ཕུག་གི་བླ་མ་དང་། བཞི་སྡེའི་སློབ་བུ་རྒྱལ་མཚན། མཁས་བཙུན་བཟང་གསུམ་འཛོམ་པའི་མང་ནང་བླ་
མ་དང་། བློ་བཟང་ཕུན་ཚོགས། དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་བསྟན་འཛིན་ཉི་མ་དང་། བསོད་ནམས་རིན་ཆེན་རྣམས་ཀྱིས་ལྷ་རྫས་བཅས། ཀུན་གྱི་ཤེས་རྒྱུད་ལ་ཕན་པའི་ལེགས་བཤད་ཅིག་དགོས་ཞེས་སྔ་གོང་ནས་བསྐུལ་བ་དང་། ཕྱིས་སུ་སྔོན་བསགས་སྨོན་ལམ་གྱི་མཐུ་ཆེ་ཞིང་། དད་གཏོང་ཤེས་རབ་ཀྱི་ནོར་དང་ལྡན་པའི་པུ་ཧྲེང་བཤད་འཕེལ་གླིང་གི་ཆོས་མཛད་ཐོགས་མེད་དང་། དགེ་སློང་བསྟན་དར། རིག་གནས་ཤེས་བྱའི་ཕྱོགས་ལ་བློ་གྲོས་ཆེ་བའི་བློ་བཟང་དར་རྒྱས་དང་། དགེ་རྒན་དྲུང་པ། ལུགས་གཉིས་བླང་དོར་གྱི་གནས་རྣམས་ལ་མཁས་པའི་དབུ་མཛད་དོན་འགྲུབ་ཆོས་འཕེལ་དང་། དགེ་སྐུལ་རྟ་མགྲིན། རྣམ་དཀར་དགེ་སྦྱོང་ལ་བརྩོན་པའི་གཉེར་ཚང་སྡེ་པ་དང་། གྲྭ་ཚང་གཉེར་བ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་ལ་བརྩོན་པའི་བློ་བཟང་བསོད་ནམས་དང་། བསོད་ནམས་དར་རྒྱས་སོགས་དད་ཅན་གྱི་སློབ་བུ་དགེ་འདུན་འདུས་སྡེ་ཡོངས་ཀྱིས་ཀྱང་། ཁྱེད་གདུལ་བྱ་གཞན་དོན་དུ་ཕེབས་འགྲོ་ཡང་། འདིར་སྡོད་པའི་བདག་ཅག་རྗེས་
འཇུག་རྣམས་ལ། ཐོས་པ་ཙམ་གྱིས་བློ་ཆོས་མིན་གྱི་སྣང་བ་དུར་རེ་པོ་འདི་འགགས་ནས། རྣམ་དཀར་དགེ་བའི་བག་ཆགས་སེམས་ལ་འཇོག་ནུས་པའི། ལེགས་བཤད་ཟབ་མོ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར། རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང་། སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ལྷག་བསམ་དག་པས་ཀུན་ནས་བསླངས་ཏེ། སྟོན་པ་ཐུགས་རྗེ་ཅན་གྱི་སྐྱེས་རབས་རྣམ་ཐར་དང་། གསུང་རབ་ཀྱི་དགོངས་དོན་རྣམས་ཀུན་གྱིས་གོ་སླ་བའི་ཕྱིར་ངོ་མཚར་བའི་གཏམ་རྒྱུད་རྣམ་པ་སྣ་ཚོགས་དང་སྦྱར་ནས། བྱ་བཏང་སྙོམ་ལས་པ་ཚོགས་དྲུག་རང་གྲོལ་ལམ། མིང་གཞན་བྱམས་པ་ཆོས་དར་དུ་འབོད་པས། བདེ་སྐྱིད་སྙན་གསུམ་འཛོམ་པའི་པུ་ཧྲེང་བཤད་འཕེལ་གླིང་གི་དགོན་པའི་འདུ་ཁང་གི་ཡང་སྟེང་། འོད་གསལ་ཉི་འོད་འཁྱིལ་བའི་བཀའ་འགྱུར་ལྷ་ཁང་ཉམས་དགའ་ནས་སྦྱར་བའོ། ༈ སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་དང་། ཆོས་དང་འཇིག་རྟེན་གཉིས་ཀྱི་བསླབ་བྱའི་མཆོག །སྔར་མེད་ངོ་མཚར་སྤྲུལ་པའི་གླེགས་བམ་འདི། །ཆོས་པ་འཇིག་རྟེན་པ་ལ་ཕན་པའི་ཕྱིར། །མདོ་སྨད་རེབ་
ཀོང་གསེར་མོ་ལྗོངས་ཀྱི་ཡུལ། །གནས་མཆོག་བཀྲ་ཤིས་འཁྱིལ་ནས་པར་དུ་བསྒྲུབས། །འདིས་མཚོན་དགེ་བས་རྒྱལ་ཁམས་ཐམས་ཅད་ལ། །བདེ་སྐྱིད་ཉི་མ་བཞིན་དུ་འཆར་བར་ཤོག །།སརྦ་མངྒ་ལཾ།། །།
བཀའ་གདམས་སྤྲུལ་པའི་གླེགས་བམ། མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
བཀའ་གདམས་སྤྲུལ་པའི་གླེགས་བམ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། རབ་འབྱམས་ཞིང་ཀུན་འོད་ཀྱིས་འགེང་བཞིན་དུ། །ངོ་མཚར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །འགྲོ་ཀུན་མངོན་མཐོ་ངེས་ལེགས་གོ་འཕང་ལ། །འགོད་མཛད་སངས་རྒྱས་ཞབས་རྡུལ་སྤྱི་བོར་ལེན། །མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི། །བསྟན་པ་རིན་ཆེན་འཛིན་སྐྱོང་སྤེལ་བ་ལ། །འགྲན་གྱི་དོ་མེད་ཉི་ཟླ་ལྟར་གྲགས་པའི། །བྱམས་མགོན་འཇམ་པའི་དབྱངས་ལ་གུས་ཕྱག་འཚལ། །འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །རྒྱལ་
བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ཅེས། །སྙན་གྲགས་སྲིད་པའི་ར་བ་ལས་བརྒལ་ཏེ། །ནམ་མཁའི་ཕ་མཐར་སོན་པ་གང་དེ་མཆོད། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྙིང་པོ་ཀུན། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས། །འདོམས་མཛད་ཇོ་བོ་ཆེན་པོའི་བཀའ་དྲིན་དེ། །བསམས་ཀྱིན་ལག་པད་ཆོས་འཁོར་ངོས་སུ་ཟུམ། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་ཆེན་རྣམས། །སླར་ཡང་ལམ་རིམ་ཆེ་ཆུང་མཛོད་ཁང་དུ། །བྱུར་བུར་སྤུང་མཁས་རྒྱལ་བ་ཙོང་ཁ་པའི། །སྐུ་
དྲིན་བསམས་ཀྱིན་བསྟོད་བསྔགས་མེ་ཏོག་འཐོར། །མ་ནོར་ལམ་རིམ་སྟོན་པའི་དགེ་བའི་བཤེས། །རང་གི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག །ཟླ་མེད་བླ་མ་མཆོག་གི་བཀའ་དྲིན་རྣམས། །བསམས་ཀྱིན་རྟག་ཏུ་མཉེས་པའི་མཆོད་སྤྲིན་སྤྲོ། །དེང་དུས་ཐུབ་བསྟན་ཉི་མ་བོད་ལ་ཤར། །སྐུ་གསུང་ཐུགས་རྟེན་སྐར་ཚོགས་ལས་ཀྱང་བཀྲ། །བསྟན་འཛིན་སྐྱེས་བུ་རི་དང་བྲག་བས་མང་། །དེ་དག་ཀུན་ལའང་ཡིད་ཀྱིས་གུས་པས་འདུད། །རབ་འབྱམས་གསུང་རབ་དགོངས་འགྲེལ་བལྟ་བའི་མིག །མ་རིག་མུན་པ་སེལ་
བའི་སྒྲོན་མེ་མཆོག །གང་འདོད་རེ་སྐོང་ཡིད་བཞིན་ནོར་འདྲ་བ། །སྐྱེས་བུ་གསུམ་གྱི་ལམ་ལས་གཞན་ན་གང་། །ཐོས་ན་ཡིད་འཕྲོག་བསམ་ན་རྒྱུད་ལ་ཕན། །གཅིག་ཤེས་ཀུན་གྲོལ་གནད་ཀྱི་གདམས་པ་འདི། །ཉམས་སུ་ལེན་པ་ཕར་ཞོག་ལན་གཅིག་ཙམ། །ཐོས་པའང་བསྐལ་བརྒྱར་བསོད་ནམས་བསགས་པའི་འབྲས། །དེ་ཕྱིར་ཀུན་གྱིས་ཡང་ཡང་ཐོས་དཀའ་བའི། །བྱང་ཆུབ་ལམ་རིམ་ཆོས་ཀྱི་རྔ་བོ་ཆེ། །སྐལ་བཟང་གདུལ་བྱའི་དབུས་སུ་ཅིས་མི་བརྡུང་། །གཏམ་རྒྱུད་དབྱུག་གུས་
དལ་བུས་བརྡུང་ལ་ཉོན། །དེ་ཡང་འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་དང་གསུང་རབ་བཞིན་བྱས་ན། མངོན་མཐོ་ངེས་ལེགས་ཀྱི་བདེ་བ་གང་འདོད་པ་རྣམས་ལག་པས་བཟོས་པ་འདྲ་བ་ཞིག་འོང་བར་དགོངས་ནས་གདམས་པའི་མཛོད་འཛིན་ཇོ་བོ་རྗེས་རྒྱལ་བའི་གསུང་རབ་ཀུན་གྱི་བརྗོད་བྱའི་དོན་མཐའ་དག་བསྡུས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ལ། དེ་ཉིད་ཀུན་མཁྱེན་ཙོང་ཁ་བ་ཆེན་པོས་ལུང་རིགས་ཀྱི་ལམ་ནས་སླར་གསལ་བར་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ཇི་ལྟར་འཆད་ན། འདིར་ལམ་རིམ་གྱི་དགོངས་དོན་རགས་རིམ་ཙམ་ཞིག་བློ་དམན་བདག་འདྲས་ཉན་ན་ཚིག་དོན་གོ་སླ་ཞིང་། བསམས་ན་རྒྱུད་ལ་སྐྱེ་སླ་བའི་ཕྱིར་བཀའ་གདམས་གོང་མའི་གསུང་སྒྲོས་གཏམ་རྒྱུད་དང་སྦྱར་ནས་ཅུང་ཟད་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཡང་བཀའ་གདམས་བསྟན་པའི་སྲོག་ཤིང་མཁས་བཙུན་བཟང་གསུམ་འཛོམ་པའི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བའི་གསུང་སྒྲོས་སྔར་མེད་ལེགས་བཤད་དཔེ་ཡི་ལམ་
རིམ་རིན་ཆེན་སྤུངས་པ་ལས། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྣམ་པ་ཐམས་ཅད་མཁྱེན་པ། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དུ་གྱུར་པ་དེས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མ་རྡོ་རྗེ་གདན་དུ་སྲོད་ལ་བདུད་ཀྱི་སྡེ་རྣམས་ཕམ་པར་མཛད་ནས། གུང་ལ་མཉམ་པར་བཞག །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཀའ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་ཚུལ་དུ་བསྐོར་ནས། སེམས་ཅན་གྱི་དོན་མཛད། དེ་ཡང་འོ་སྐོལ་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་བཅས་པར་གཟིགས་ནས། དེའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཀའ་བསྩལ་ནས། རིགས་ཅན་བྱང་ཆུབ་གསུམ་ལ་བཀོད། རིགས་མེད་ལྷ་དང་མི་ལ་བཀོད་དེ། སེམས་ཅན་རྣམས་གྲོལ་ཞིང་ཐར་པའི་ལམ་ལ་བཀོད་པ་ཡིན་གསུངས། དེ་ནས་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས། སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་སྐུ་མཆེད་
ལ་སོགས་པ་སངས་རྒྱས་ཀྱིས་ལུང་བསྟན་པའི་གང་ཟག་ཁ་ཡར་བྱོན། གཞན་ཡང་མཁས་པ་པཎྜི་ཏ་དང་། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་མང་དུ་བྱོན་ནས། འཛམ་བུའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ཡིན་གསུངས། དེ་ལྟར་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པ་ནས་བརྒྱུད་པ་བར་མ་ཆད་པས། སངས་རྒྱས་ཀྱི་བསྟན་པ་བཤད་རྒྱུད་དང་། སྒྲུབ་རྒྱུད་ཀྱི་གདམས་པ་བུམ་པ་གང་བྱོ་ལྟ་བུ་ཇོ་བོ་རྗེ་ལྷ་གཅིག་ལ་མངའ་བ་ལགས་པར་གདའ། དེ་ཡང་ཇོ་བོ་རྗེ་ལྷ་གཅིག་སངས་རྒྱས་བསྟན་པའི་མངའ་བདག་རིག་པའི་གནས་ལྔ་ལ་མཁས་པ། ཡོངས་སུ་རྫོགས་པའི་པཎྜི་ཏ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ཡི་དམ་གྱི་ལྷ་ཐམས་ཅད་ཀྱི་ཞལ་གཟིགས་པ། བླ་མ་བརྒྱུད་པའི་གདམས་ངག་ཐུན་མོང་མ་ཡིན་པ་མངའ་བ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་ཐུགས་ཀྱིས་གཞན་དོན་གཙོ་བོར་མཛད་པའི་ཡང་དག་པའི་དགེ་བའི་བཤེས་གཉེན་སངས་རྒྱས་གཉིས་པ་ལྟ་བུ་དེས། འོ་སྐོལ་བྱང་ཕྱོགས་བོད་ཀྱི་རྒྱལ་ཁམས་མུན་པའི་སྨག་རུམ་དང་འདྲ་བ་འདིར། ཐུགས་རྗེའི་སྤྱན་གྱིས་གཟིགས་
ནས། སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་དུས་སུ་བྱོན། ཆོས་མང་པོ་གསུངས་ནས། བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་འདྲ་བར་མཛད། བོད་ཐམས་ཅད་དཀར་ལམ་གྱིས་བཏང་སྟེ། འགྲོ་བ་མང་པོ་གྲོལ་ཞིང་ཐར་པའི་ལམ་ལ་བཀོད་པ་ལགས་གསུངས། ཡང་པོ་ཏོ་བའི་གསུང་སྒྲོས་དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོ་ལས། སྤྱིར་ཇོ་བོ་རྗེ་ལྷ་གཅིག་གིས་སངས་རྒྱས་ཀྱི་བསྟན་པ་ལེགས་པར་གཏན་ལ་ཕབ་པ་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ལགས། དེའི་དོན་གདམས་ངག་ཏུ་གསུངས་པ་དགེ་བཤེས་པ་རྣམས་ལ་གསུང་སྒྲོས་མི་འདྲ་བ་མང་དུ་ཡོད་ཀྱང་། དོན་ལ་ཁྱད་པར་མེད་པས་ཕན་ཚུན་སྤོང་ལེན་བྱ་མི་དགོས་གསུངས། བཀའ་གདམས་དགེ་བའི་བཤེས་གཉེན་རིན་པོ་ཆེ་སྣེའུ་ཟུར་པའི་ཞལ་ནས། རོང་དུ་སྔགས་པ་ཚན་གཅིག་ཆང་ཕུད་གཏོར་བ་མ་ཕྲེལ་བ་ལ། སྔགས་པ་ལྷ་མོ་འབར་བྱ་བས་ཆང་ཕུད་གཏོར་ནས། དཀོན་མཆོག་གསུམ་པོ་བཞེས། ཆོས་སྐྱོང་སྲུང་མ་བཞེས། དུས་གསུམ་ཕ་མ་བཞེས། འགྲོ་དྲུག་སེམས་ཅན་བཞེས། ད་ལུས་རྒྱུ་ཅང་གདའ་འམ་ཟེར། དེ་
བཞིན་དུ་དཔལ་ལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་རྒྱུད་སྡེ་བཞི་དང་། སྡེ་སྣོད་གསུམ་གྱི་དོན་གང་ཡང་མ་འདུས་པ་མེད། དེ་ལྟར་ན་ཇོ་བོའི་མན་ངག་འདི་སྦྱར་ལེགས་པ་ལགས་པས། འདི་ལ་བག་རེ་གསོལ་བར་ཞུ། གསོལ་གྱི་རྟིང་ལ་མི་སྐྱུག་པར་ཞུ། སྐྱུག་སྐྱུག་འདྲ་ན་མཆིལ་མ་དང་ཕུས་གདབ། རྡོ་བྲང་གླན། སྐྲ་འཐེན་པ་ཚུན་ཆད་བྱེད་པར་ཞུ། དེ་ནས་ད་ལྟ་ཁ་ན་མི་གསོལ་ན་ཡང་། ཕྱིས་གསོལ་བའི་ཆེད་དུ་ཨམ་ཕྲག་གཡོན་ཁོ་ནར་འཇུག་པར་ཞུ། བྲུལ་དོགས་ན་ཕུགས་སུ་ཡང་འབུལ་བར་ཞུ་གསུངས། ཡང་ཨ་ཏི་ཤའི་ཆོས་འདི་ལྟ་བུ་སྔར་ཡང་མ་བྱུང་། ད་ཡང་ཡོང་སྟེ་མི་ཡོང་གསུངས། དགེ་བའི་བཤེས་གཉེན་ཤ་བོ་བའི་ཞལ་ནས། སྐྱེས་བུ་རབ་འབྲིང་ཐ་གསུམ་ལ་བློ་སྦྱོང་བ་འདི་སྡོམ་པ་འབོག་བདོ་བ་ཡང་ཡིན། སློབ་གཉེར་བྱེད་བདོ་བ་ཡང་ཡིན། འདིར་བློ་འབྱོངས་ན་ནོར་འཚོལ་བའི་བློ་མི་སྐྱེ་བས་མི་ཐམས་ཅད་དད་ཡོང་བས་ཚོགས་གསོག་བདོ་བ་ཡང་ཡིན། མཐུན་འཇུག་བྱེད་བདོ་བ་ཡང་ཡིན་གསུངས། དེས་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ། བསྟན་པ་ཐམས་ཅད་འགལ་མེད་དུ་
རྟོགས་པའི་ཆེ་བ། གསུང་རབ་མ་ལུས་གདམས་པར་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་བཞི་དང་ལྡན་པའི་བྱང་ཆུབ་ལམ་གྱི་རིམ་པ་འདི་ཉིད་ཉམས་སུ་ལེན་པ་ལྟ་ཅི་སྨོས། ལན་གཅིག་ཐོས་པ་ཡང་སྐལ་པ་བཟང་སྟེ། སྔོན་དགེ་སློང་ཨུ་པ་ཀུ་ཏེ་བྱ་བས་ཆོས་འཆད་པའི་སྒྲ། ཁྱི་མོ་གཅིག་གི་རྣ་བས་ཐོས་པས། ཁྱི་མོ་སྒྲིབ་པ་སྲབ་ནས་ཁྱི་མོ་དེ་ཚེའི་དུས་བྱས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས། ཡང་སྔོན་དགེ་སློང་གཅིག་གི་བྲང་ཁང་གི་གདུང་རྩ་ན་བྱ་ཐི་བ་གཅིག་ཉལ་ཞིང་ཡོད་པས། དགེ་སློང་དེ་ཐོ་རངས་འཕགས་པ་སྡུད་པ་ཞལ་འདོན་མཛད་པའི་སྒྲ་དེ་ཡང་ཡང་ཐོས་པས། བྱ་ཐི་བ་དེའི་སྒྲིབ་པ་སྲབ་ནས། བྱ་དེ་ཤི་མ་ཐག་མི་ལུས་ཐོབ་སྟེ། དཀོན་མཆོག་གསུམ་ལ་དད་པ་ཞིག་བྱུང་ནས། རབ་ཏུ་བྱུང་བས་འཕགས་པ་སྡུད་པ་རྣ་བར་ཐོས་པ་ཙམ་གྱིས་སློབ་མ་དགོས་པར་ཤེས་པ་ཞིག་བྱུང་སྐད། སྔོན་སངས་རྒྱས་ཀྱིས་མཉན་ཡོད་ན་ཆོས་གསུངས་པའི་རྩ་བ་ན་སྦལ་བ་གཅིག་ཡོད་པའི་རྣ་བར་ཆོས་ཀྱི་སྒྲ་ཐོས་པ་ལ།
དུས་གཅིག་གི་ཚེ། གནག་རྫི་དགའ་བོ་བྱབ་འོངས་ནས་ཁོས་མ་མཐོང་བར་སྦལ་པའི་སྟེང་དུ་འཁར་བ་ཨོཾ་ཚུགས་བྱས་ཆོས་ཉན་པས། སྦལ་པ་བརྫིས་ནས་ཤི་བས་སྔར་ཆོས་ཐོས་པ་དང་། དེའི་ཚེ་ཆོས་ཀྱི་སྒྲ་རྣ་བར་ལྷང་ལྷང་ཡོད་པའི་འཕྲོ་ལ་ཤི་བའི་སྟབས་ཀྱིས་སྦལ་པ་དེ་ཚེ་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས། དེར་སྐྱེས་པ་དང་གནས་གསུམ་ལ་རྟོག་པ་བྱུང་སྟེ། གང་ནས་སྐྱེས་པ་དང་། གང་དུ་སྐྱེ་བ་དང་། ལས་གང་གིས་སྐྱེས་པ་གསུམ་ལ་བརྟགས་པས། སྔར་སྦལ་པ་ཞིག་ཏུ་སྐྱེས་པ་ལ། ཆོས་ཀྱི་སྒྲ་རྣ་བར་ཐོས་པ་ཙམ་གྱིས་ལྷར་སྐྱེས་པར་རྟོགས་ནས། སངས་རྒྱས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཏེ། ལྷའི་མེ་ཏོག་མང་པོ་ཁྱེར། ལྷའི་བུ་མང་པོ་དང་བཅས་མཉན་ཡོད་དུ་སངས་རྒྱས་མཆོད་དུ་འོང་བས། སངས་རྒྱས་ཀྱིས་ཀྱང་། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ནི་ཞི་བའོ། །ཞེས་གསུངས་པས། ལྷའི་བུ་དེས་བདེན་པ་མཐོང་སྟེ། མཉན་ཡོད་འོད་ཀྱིས་གང་བར་བྱས་ནས།
སླར་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སོང་ངོ་། །དེས་ན་ཆོས་ལ་གོ་བ་ལྷང་ངེ་བ་ཞིག་མ་སྐྱེས་ཀྱང་ཆོས་ཀྱི་སྒྲ་ཐོས་པ་ཙམ་གྱིས་ཀྱང་། ཕྱི་མ་ལ་ཆོས་ཀྱི་བག་ཆགས་འཇོག་པས། ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་བཟང་པོའི་སྒོ་ནས་གསན་འཚལ། དེ་ཡང་སློབ་མ་ཆོས་ཀྱི་སྣོད་ལྡན་ལ་འདི་ལྟ་བུའི་ཆོས་ལན་རེ་ཙམ་འཆད་པ་པོ་ཡང་སྐལ་པ་ཆེས་ཤིན་ཏུ་བཟང་སྟེ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་པ་ལམ་གྱི་དུས་སྐབས། ཐབས་མཁས་བསྡུ་བཞིའི་སྒོ་ནས་ཆོས་བསྟན་ཏེ་གདུལ་བྱ་མང་པོའི་རྒྱུད་སྨིན་ཅིང་གྲོལ་བར་མཛད་པས་མཐར་སངས་རྒྱས་པ་ཡིན། དེ་བཞིན་དུ་བླ་མས་ཀྱང་གདུལ་བྱ་ཉམ་ཐག་ལ་ཟས་སྐོམ་སོགས་སྦྱིན་ནས་ཚིམ་པར་བྱས། དེ་ནས་དམ་པའི་ཆོས་ཀྱི་སྙན་པ་སྨྲ། དེ་ལྟར་དུ་སྤྱོད་དུ་བཅུག །དེ་ནས་རང་ཡང་དེ་དང་མཐུན་པར་བྱས། སློབ་མའི་རྒྱུད་སྨིན་ཅིང་གྲོལ་བར་བྱས་ན་སློབ་མ་ལ་ཆོས་བཤད་པ་ཁོ་ན་ལ་བརྟེན་ནས་ཀྱང་མྱུར་དུ་འཚང་རྒྱ་བར་འགྱུར་ཏེ། སྔོན་དགེ་སློང་ལྷ་ཆེན་པོ་ཞེས་བྱ་བས་ཕ་མ་བསད་སློབ་དཔོན་བཀྲོངས་ནས་མཁན་སློབ་མེད་པའི་དགེ་སློང་བྱས་ཆོས་
པ་ལྟར་བརྫུས་ནས་ཡུལ་གཞན་དུ་འཁྱམས་ནས། ཁོ་བོ་དགྲ་བཅོམ་པ་ཞིག་ཡིན་ཞེས་གཞན་ལ་ཆོས་བསྟན་པས། སློབ་མ་དགྲ་བཅོམ་པ་མང་པོ་བྱུང་། ཕྱིས་ཁོ་ཤི་ནས་དམྱལ་བར་སྐྱེས་པ་སློབ་མ་དགྲ་བཅོམ་པ་རྣམས་ཀྱིས་མཐོང་ནས་ཡར་བཏོན་པ་བྱུང་། དེ་བཞིན་དུ་ཆོས་སྟོན་ཤེས་ན་གཞན་དད་ཅན་ལ་བསྟན་ན་སློབ་མ་བཟང་པོ་བྱུང་ཚེ་བླ་མ་ལ་ཡང་ཕན་པ་འབྱུང་། སྔོན་རྗེ་བཙུན་མི་ལས། ཆུ་བར་དུ་སྔར་གྱི་གྲྭ་བུ་སློབ་གཞན་སྐལ་ལྡན་མཇལ་མི་མང་པོ་ལ། དྲང་དོན་ལས་རྒྱུ་འབྲས་ཀྱི་རྣམ་བཞག །ངེས་དོན་སྙིང་པོ་དོན་གྱི་ངོ་སྤྲོད་རྣམས་ཉི་མ་མང་པོའི་བར་དུ་གསུངས་དུས། སྐལ་ལྡན་གྱི་བུ་སློབ་འགས་ནམ་མཁར་ལྷའི་ཆོས་ཉན་གྱི་གང་བ་མངོན་སུམ་དུ་མཐོང་། འགའ་ཞིག་ལ་ལྷ་མིའི་ཆོས་ཉན་གྱི་ས་དང་བར་སྣང་ཀུན་གང་འདུག་སྙམ་པའི་ཉམས་དགའ་ཡལ་ལེ་བ་བྱུང་། ཀུན་གྱི་ཐུན་མོང་གི་མཐོང་སྣང་དུ། ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཀྱི་གུར་དང་། ཁ་དོག་སྣ་ལྔའི་སྤྲིན་གྱི་གདུགས་རྒྱལ་མཚན་སོགས་མཆོད་རྫས་དཔག་མེད་ཀྱི་གང་བ་དང་། མེ་ཏོག་ཁ་དོག་སྣ་ལྔའི་ཆར་འབབ་པ་དང་། ཡིད་འཕྲོག་པའི་རོལ་
མོའི་སྒྲ་མང་པོ་ཐོས་པ་དང་། སྔར་ཚོར་མ་མྱོང་བའི་དྲི་ཞིམ་པོ་ཚོར་བ་བྱུང་། ཡང་སྔོན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་སྐལ་བཟང་གི་གདུལ་བྱ་མང་པོ་ལ་ཉིན་གཅིག་བཀའ་ཆོས་གནང་བའི་དུས་སུ། ནམ་མཁའ་སྟོང་པ་ནས་མེ་ཏོག་གི་ཆར་འབབ་པ་དང་། འཇའ་འོད་ཀྱི་གུར་ཕུབ་པ་ཀུན་གྱིས་མཐོང་། ནམ་མཁར་ལྷའི་ཆོས་ཉན་གྱི་གང་བའི་ནང་ནས་ལྷའི་བུ་གཞོན་ནུ་མང་པོ་བྱུང་ནས་འབྲོམ་གྱི་དབུ་དང་སྙན་སོགས་ལ་མེ་ཏོག་གི་རྒྱན་འདོགས་པ་ཇོ་བོ་ཆེན་པོས་གཟིགས་པ་བྱུང་། སྔོན་འགྲོ་མགོན་གཡུ་ཐོག་པས་སློབ་མ་ལ་ཆོས་འཆད་པའི་སྐབས་ཤིག་ཏུ། ལྷ་མང་པོ་ཆོས་ཉན་དུ་བྱུང་བ་ཀུན་གྱིས་མ་མཐོང་ཡང་། ཨ་རུ་ར་རློན་པའི་ཆར་ཕབ་པས། ཁོང་གི་སྐུ་པང་དུ་ཨ་རུ་ར་རྣམ་རྒྱལ་ཞིག་བྱུང་། ཀུན་གྱིས་ཅི་འདོད་ལེན་རྒྱུ་བྱུང་ནས་ངོ་མཚར་བ་བྱུང་། སྔོན་རྒྱ་གར་ན་དགེ་སློང་བྱམས་སྙིང་རྗེ་དང་ལྡན་པ་ཞིག་ཐེག་པ་ཆེན་པོའི་མདོ་འདོན་པ་ལ། ནམ་མཁའི་ལྷ་མང་པོས་ཉན་པ་བྱུང་། དེ་བཞིན་དུ་ཟང་ཟིང་གི་ནོར་འབུལ་བ་ལ་མི་ལྟ་བར་སེམས་སྐྱེད་བཟང་པོའི་སྒོ་ནས་འདི་ལྟ་བུའི་ཆོས་ཟབ་མོ་
བསྟན་ན་ནམ་མཁའི་ལྷ་ཡན་ཆད་ཀྱིས་གསན་ཅིང་རྟག་ཏུ་སྲུང་སྐྱོབ་བྱེད་པར་འགྱུར། དེས་ན་བླ་མས་ཀྱང་ཀུན་སློང་ཀུན་སྤྱོད་བཟང་པོས་ཆོས་འཆད་ཅིང་། མཇུག་ཏུ་དཔོན་སློབ་ཐུན་མོང་གིས་ཆོས་ལ་འཆད་ཉན་བྱས་པའི་དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ། འདུན་པ་དྲག་པོས་བསྔོ་བ་བྱས་ན། འཆད་ཉན་བྱས་པ་ཙམ་གྱིས་ཀྱང་དལ་འབྱོར་ཐོབ་པ་དོན་དང་ལྡན་པར་འགྱུར་རོ། །ད་ནི་ཉམས་སུ་བླང་བྱའི་གདམས་པ་དངོས་སྟོན་པ་ལ། སྦྱོར་དངོས་མཇུག་གསུམ་ཐུན་མཚམས་ཀྱི་རིམ་པ་རྣམས་ལས། དང་པོ་སྦྱོར་བ་ནི། སྔོན་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས་རྗེས་འཇུག་འོ་སྐོལ་རྣམས་ལ། དཀོན་མཆོག་གསུམ་གྱི་ཆེ་བ་འབྱིན་པ་དང་། ལས་ཀྱི་སྒྲིབ་པ་སྦྱོང་བ་ལ་འདི་ལྟར་བྱ་དགོས་ཞེས་གོ་བ་བསྐྱེད་པའི་ཕྱིར། འགྲོ་ལ་ཆོས་འཁོར་བསྐོར་བའི་དུས་སོགས་ལ། ས་ཕྱོགས་དང་གནས་ཁང་རྣམས་བྱི་དོར་མཛད་པ་དང་། གཅུང་དགའ་བོ་ཡང་རབ་ཏུ་བྱུང་ནས་གཙུག་ལག་ཁང་ལ་ཕྱག་བདར་བྱེད་དུ་བཅུག་པས། ཚར་མང་པོའི་བར་དུ་མཛད་པ་དང་། སྔོན་ལམ་
ཕྲན་བྱ་བ་ཡང་རབ་ཏུ་བྱུང་ནས། ཁོའི་སྒྲིབ་པ་སྦྱོང་ཕྱིར། གཙུག་ལག་ཁང་གི་སྒོ་ར་ནས། དགེ་སློང་རྣམས་ཀྱི་མཆིལ་ལྷམ་ཕྱིར་བཅུག་པས། དེའི་བར་ལ་རྡུལ་ཕྱིས་དྲི་མ་དག །སློབ་དུ་བཅུག་པས། དབྱར་ཟླ་གསུམ་ལ་མ་ལོབ་པ་ལ། སྐབས་ཤིག་ཁོའི་སྒྲིབ་པ་དག་ནས་ཚིག་དོན་ལ་བརྟགས་པས། རྡུལ་ཞེས་པ་ཕྱི་རོལ་ས་རྡུལ་མ་ལགས། ནང་གི་འདོད་ཆགས་སོགས་ཉོན་མོངས་པ་ལ་ཟེར་སྙམ་ནས། དེ་དོན་བསྒོམས་པས། དགྲ་བཅོམ་པར་གྱུར། བཅོམ་ལྡན་འདས་ཀྱིས་དེའི་ཆེ་བ་འབྱིན་ཕྱིར་གསོ་སྦྱོང་གི་དགེ་སློང་མ་རྣམས་ལ་ཆོས་འཆད་དུ་བཅུག་པས། ལམ་ཕྲན་གྱིས་སྨྲས་པ། རྡུལ་འདི་ས་རྡུལ་མ་ཡིན་འདོད་ཆགས་རྡུལ། །མཁས་པ་གང་གིས་རྡུལ་འདི་རྣམས་སྤངས་པ། །དེ་ནི་སངས་རྒྱས་བསྟན་ལ་བག་ཡོད་འགྱུར། །ཞེས་སོགས་ཀྱི་ཆོས་བསྟན་ནས་མ་སྨིན་པ་མང་པོ་སྨིན་པར་བྱས། སྨིན་པ་རྣམས་གྲོལ་བར་བྱས་སོ། །དེས་ན་སྔོན་ན་ག་གེ་སར་གླིང་གི་རྣལ་འབྱོར་པ་མངོན་ཤེས་ལ་ཐོགས་པ་མེད་པ་གཅིག་ལ་ཇོ་བོ་དཔོན་སློབ་བལྟར་བྱོན་པས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་
ཀྱིས་མཛད་པའི་གཙུག་ལག་ཁང་ཅིག་གི་དྲུང་ན། ཤིང་ནྱེ་གྲོ་དྷ་ཞིག་ཡོད་པའི་རྩ་ན། ཕྱག་བདར་མཛད་ཀྱིན་འདུག་སྐད། དགེ་བཤེས་སྤྱན་སྔ་བའི་ཞལ་ནས། རྣལ་འབྱོར་པ་དང་ལྟ་བ་རྟོགས་པ་ཡིན་པས་ཅི་ཡང་བྱ་མི་དགོས་ཟེར་བར་ཡོན་ཏན་ཐམས་ཅད་བསོད་ནམས་བསགས་པ་ལས་འབྱུང་བར་དགོངས་པས་ཕྱག་བདར་མཛད་པ་འདི་ཡང་གདམས་ངག་ཡིན་གསུངས་སྐད། སྔོན་རྗེ་བཙུན་མི་ལས་ཀྱང་། དྭགས་པོ་ལྷ་རྗེ་འབྱོན་ཁར་ཞལ་གདམས་གསུངས་པ་ལས། གཙང་སྦྲ་ཆེ་བར་བྱ། རྣམ་རྟོག་ཆུང་བར་བྱ་གསུངས། དེས་ན་འོ་སྐོལ་ལས་དང་པོ་པས་དམ་པ་གོང་མའི་རྣམ་ཐར་གསུངས་ལྟར། རི་ཁྲོད་དབེན་པ་སོགས་གང་དུ་སྡོད་སའི་གནས་ཁང་ལ་ཐོག་མར་བྱི་དོར་ལེགས་པར་བྱ། དྲི་བཟང་གི་ཆུས་ཆག་ཆག་གདབ། སྔོན་གྱི་ཇོ་བོ་ཡབ་སྲས་ཀྱི་རྗེས་འཇུག་བཀའ་གདམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྟན་པའི་བདག་པོ་ཐུབ་དབང་གི་སྐུ་རེ་འབྲལ་སྤང་གི་ཚུལ་དུ་འཆང་ནས་གར་བཞུགས་སར་གོང་ནས་བཤམས་ཏེ་ཅི་འབྱོར་པའི་མཆོད་པ་འབུལ་བའི་རྣམ་ཐར་ལྟར། ཐུབ་དབང་གི་སྐུ་རེ་རྒྱུན་ལྡན་དུ་འཆང་ཞིང་།
རྟེན་དེའི་གཙོ་མཛད་སྐུ་གསུང་ཐུགས་རྟེན་གང་ཡོད་རྣམས། གནས་ཁང་གཙང་མ་དེའི་གོང་གི་མཐོ་བའི་སར་ལེགས་པར་བཀྲམ་པར་བྱ། སྔོན་ཇོ་བོ་གཅིག་གིས་གཞིའི་ཀུན་དགའ་ར་བར་ཉ་མ་ཡོད་པའི་སྔོན་དུ་གདིང་བ་རྩིད་སྐུད་ཀྱིས་ཆུམ་ཆུམ་བཙེམ་པས། ཉ་མ་རྣམས་ན་རེ། ཨ་ཙ་མ་སྐུད་པ་དེ་འདྲ་བས་ག་ན་མཆི་ཟེར་བ་ལ། དེས་ང་ལ་བལ་སྐུད་མེད་བྱས་པས། ད་བདག་གིས་འབུལ་ལགས་ཟེར་ནས། སང་ནངས་པར་བལ་དང་སྐུད་པ་མང་པོ་བྱུང་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་རང་ལ་སྟེར་དུ་རེ་བའི་བློས་གཞན་གྱི་དྲུང་དུ། དེ་འདྲའི་གཏམ་དང་སྤྱོད་པ་བྱས། གཡོ་སྒྱུའི་སྒོ་ནས་བཙལ་བའི་ནོར་གྱིས་དཀོན་མཆོག་མཆོད་པས་མི་ཡོང་། གཞན་ཡང་སྲོག་གཅོད་རྐུ་འཕྲོག་སོགས་ཀྱི་སྒོ་ནས་བླངས་པའི། ལོག་འཚོ་སོགས་ཀྱིས་མ་སྦགས་པའི་ཅི་འབྱོར་བའི་མཆོད་པ་རྣམས་ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བ་བྱས་བཀོད་པ་མཛེས་པར་བཤམས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྩྭ་ཚོང་གི་ཁྱེའུ་བཀྲ་ཤིས་ལས། རྩྭ་བཞེས་ནས་རྩྭའི་རྩེ་མོ་ནང་དུ་
བསྟན་རྩ་བ་ཕྱིར་བསྟན་རྩྭ་རྣམས་མ་འཁྲུགས་པར་བཏིང་སྟེ། སྟེང་དུ་བཞུགས་ནས་ཚེས་བཅོ་ལྔའི་སྐྱ་རེངས་དང་པོ་འཆར་བའི་ཚོད་ཙམ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་པ་ཡིན་པས། འོ་སྐོལ་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་། སྟོན་པའི་རྣམ་ཐར་ལྟར་བྱས་ན་འཚང་རྒྱ་བའི་རྟེན་འབྲེལ་གྱི་ཆེ་བ་ཡོད་པས། རང་གང་དུ་སྡོད་པའི་མལ་སའི་འོག་ཏུ་རྩྭ་དུར་བ་ཅི་འབྱོར་དང་། དེའི་ཁར་འབོལ་གདན་སོགས་སྟན་བཤམས། སྔོན་ཡུལ་བཅོམ་བརླག་ཞེས་བྱ་བའི་སྤྲེའུ་ཞིག་གིས། རང་སངས་རྒྱས་ལྔ་བརྒྱ་སྐྱིལ་ཀྲུང་བྱས་བསམ་གཏན་ལ་གནས་པ་མཐོང་ནས། སྤྲེའུས་ཀྱང་སྐྱིལ་ཀྲུང་བྱས་ནས་བསྡད། ནམ་ཞིག་གི་ཚེ་རང་སངས་རྒྱས་དེ་རྣམས་འབར་བ་དང་གསལ་བ་ལ་སོགས་པའི་རྫུ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་ཚེ། སྤྲེའུ་འཁྱམས་ནས། དྲང་སྲོང་ལྔ་བརྒྱ་རི་སུལ་ན་སྤྱོད་ལམ་སྣ་ཚོགས་པས་འདུག་པའི་དྲུང་དུ་སོང་ནས། སྐྱིལ་ཀྲུང་བྱས་ནས་བསྡད་པས། མཁན་པོས་འཁོར་དྲང་སྲོང་རྣམས་ལ། སྤྲེའུ་རྣམས་ནི་དྲན་པ་དང་ལྡན་པ་སྟེ། འདིས་དྲང་སྲོང་ཁ་ཅིག་གིས་སྤྱོད་ལམ་དེ་ལྟ་བུ་མཐོང་གིས། ཁྱེད་ཅག་ཀྱང་
སྐྱིལ་ཀྲུང་གྱིས་ལ་སྡོད་ཅིག་བྱས་པས། ཀུན་གྱིས་སྐྱིལ་ཀྲུང་བྱས་ནས་བསྡད་པས། སྔོན་གྱི་དགེ་བའི་རྩ་བ་མངོན་དུ་གྱུར་ནས། མཁན་སློབ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བསྐྱེད་ནས། རང་བྱང་ཆུབ་མངོན་དུ་བྱས་སོ། །སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ། ཞབས་རྡོ་རྗེ་སྐྱིལ་ཀྲུང་བྱས་སྐུ་དྲང་པོར་བསྲངས་ནས། སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པ་ཡིན། དེས་ན་ཆོས་ཐམས་ཅད་རྟེན་འབྲེལ་ལ་རགས་ལས་པས། འོ་སྐོལ་སྟོན་པའི་རྗེས་འཇུག་རྣམས་ཀྱང་མྱུར་དུ་ཁོང་ལྟར་འཚང་རྒྱ་བའི་རྟེན་འབྲེལ་དུ། བདེ་བའི་སྟན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ། ལག་པ་མཉམ་བཞག །སྒལ་ཚིགས་བསྲང་བ། མགྲིན་པ་ཅུང་ཟད་བཀུག་པ། མིག་སྣ་རྩེར་ཕབ་པ། མཆུ་སོ་མ་རེག་པར་བྱ་བ། ལྕེ་རྩེ་ཡ་རྐན་ལ་ཅུང་ཟད་སྦྱར་བ་སྟེ། ལུས་རྣམ་སྣང་ཆོས་བདུན་གྱིས་གནས་པར་བྱ། སྔོན་འབན་གུང་རྒྱལ་གྱི་ཡོན་བདག་འདྲ་ཡོང་བའི་ངོར་
མཛེས་ཆོས་སུ་མཆོད་པ་བཤམས་ནས། རྗེས་སུ་ཀུན་སློང་ལ་བརྟགས་པས་ཡོན་བདག་གི་ངོར་མཛེས་ཆོས་བྱས་པ་ཤེས་ནས་མཆོད་པའི་ནང་དུ་ཐལ་བ་སྤར་གང་གཏོར་ནས། དགེ་སློང་རང་ཟོག་མ་བྱེད་པར་བཞུགས་ཤིག་གསུངས་པ་དེ་ཕ་དམ་པས་གསན་ནས། བོད་ན་དཀོན་མཆོག་མཆོད་པ་ལ་འབན་གུང་རྒྱལ་གྱི་ཐལ་བ་སྤར་གང་པོ་དེ་བཟང་གསུངས་སྐད། ཇོ་བོའི་ཞལ་ནས། ཁོ་བོས་བསྒོམ་པ་རིན་ཆེན་བླ་མ་བསྒོམ་སྐད། བསྒོམ་ཙ་ན་བསྒོམ་པ་དར་ཡུག་དང་ཇ་སིག་མང་པོ་ཡོང་བར་སེམས་ན་ཅི་ཙམ་བསྒོམ་པ་སྡིག་པ་ཡིན། བསྒོམ་ཙ་ན་སྐྱེ་བའི་རྒྱ་མཚོ་མཐར་དབྱུང་བྱང་ཆུབ་མཆོག་གི་ས་བོན་འདེབས་སེམས་ན། སེམས་པ་ཙམ་ཞིག་བྱས་པའི་བསོད་ནམས་ནམ་མཁར་མི་ཤོང་གསུངས། དགེ་བཤེས་སྟོན་པས་ཇོ་བོ་ལ། ཚེ་འདིའི་བདེ་སྐྱིད་རྙེད་བཀུར་འདོད་ནས་བྱས་པའི་ལས་རྣམས་ལ་འབྲས་བུ་ཅི་མཆིས་ཞུས་པས། འབྲས་བུ་དེ་ཁོ་ན་ཉིད་མཆི་གསུངས། ཕྱི་མ་ལ་ཅི་མཆིས་ཞུས་པས། དམྱལ་བ་མཆི། ཡི་དྭགས་མཆི། དུད་འགྲོ་མཆི་གསུངས། དེས་ན་འདི་ལྟ་བུའི་གདམས་པ་ཟབ་མོ་ཉམས་སུ་ལེན་པའི་ཐོག་
མར་ཀུན་སློང་ལ་བརྟགས་ཏེ་ཀུན་སློང་ངན་པ་དེ་འདྲའི་རིགས་སྐྱེས་པ་དོར་ནས། དགེ་སེམས་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་བྱ་དགོས། སྔོན་ཁྱེའུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བས། དེ་བཞིན་གཤེགས་པ་མི་ཐུབ་ཟླ་བའི་རྒྱལ་མཚན་ལ་ཁ་ཟས་ཕུལ་ཏེ། སྐྱབས་འགྲོ་དང་བསླབ་པའི་གཞི་ལྔ་བླངས་ནས། སྐྱབས་འགྲོ་བྱས་པ་དང་། ཡང་སྔོན་བྲམ་ཟེ་ཞིག་གི་བྱིས་པ་མང་པོ་སྔར་མ་སོས་ཤི་སོང་བ། ཕྱིས་བུ་གཅིག་བཙས་པ་ལམ་པོ་ཆེར་ཁྱེར་ནས། སངས་རྒྱས་བྱོན་པ་དང་དགེ་འདུན་བྱུང་ཚད་ལ་བྱིས་པའི་མིང་གིས་སྐྱབས་འགྲོ་བྱས་པས་མ་ཤི་བ་བྱུང་། ཡང་བུ་གཅིག་བཙས་པ་ལམ་ཕྲན་ཞིག་ཏུ་ཁྱེར་ནས། སངས་རྒྱས་འཁོར་བཅས་བྱོན་པ་དང་འཕྲད་ཚེ་སྔར་ལྟར་སྐྱབས་འགྲོ་བྱས་པས་མ་ཤི་བ་བྱུང་བས། གཉིས་ཀའི་མིང་ལ་ལམ་པ་དང་། ལམ་ཕྲན་དུ་བཏགས། གཉིས་ཀ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར། སྔོན་བདག་ཅག་གི་སྟོན་པ་རྫ་མཁན་གྱི་ཁྱེའུ་ཡངས་པའི་འོད་ཅེས་བྱ་བར་གྱུར་དུས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་དད་པའི་སེམས་ཀྱིས་
གདུགས་གཅིག །རྫ་བུམ་གཅིག །ཀརྴ་པ་ཎི་ལྔ། འཇམ་ཕོར་གང་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སེམས་བསྐྱེད་པས་ཐུབ་པ་ཆེན་པོ་དེ་ཉིད་ཀྱིས་ཁྱོད་མ་འོངས་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན། སྔོན་སྟོན་པ་དེ་ཉིད་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར་གྱུར་དུས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་འཁོར་བཅས་ལ་བསོད་སྙོམས་མལ་ཆ་ཡོ་བྱད་དཔག་ཏུ་མེད་པའི་བསྙེན་བཀུར་བྱས་ནས་བདག་གི་འདིའི་མཚོན་དགེ་བའི་ཚོགས་ཀྱིས་སྙིགས་མའི་དུས་སུ་བཅོམ་ལྡན་འདས་སུ་གྱུར་ཏེ། སེམས་ཅན་རྣམས་ཐེག་པ་གསུམ་གྱི་བྱང་ཆུབ་ལ་འགོད་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཅིག་ཅེས་སེམས་བསྐྱེད་པས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་ཀྱང་། ཁྱོད་མ་འོངས་སྙིགས་མ་ཚེ་ལོ་བརྒྱ་པའི་དུས་སུ། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྱུར་ནས་ཆོས་འཁོར་བསྐོར་ཞེས་ལུང་བསྟན། སྔོན་རྒྱལ་པོ་མ་སྐྱེས་དགྲའི་བུ་མོ་མྱ་
ངན་མེད་ཀྱིས། ཡབ་ལ། དེ་བཞིན་གཤེགས་པའི་སྲས་གང་ཡིན་ཞེས་སྨྲ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལགས་སོ་ཞེས་གཏམ་དེ་བརྗོད་པས། རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོ་ཉི་ཤུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་དུ་ལྷའི་བུ་ལྔ་བརྒྱ་ཐམ་པས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་། དཀོན་མཆོག་གསུམ་པོ་ཡིད་ཀྱི་མདུན་དུ་བཞུགས་པར་མོས་ནས། སངས་རྒྱས་ཆོས་ཚོགས་མ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ངག་ཏུ་འདོན། དོན་ཡིད་ལ་བསམ་བཞིན་དུ་སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་ཡང་སྒོམས། སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷ་བཟང་མོས་ཁང་ཐོག་ཏུ་སྤོས་ཕུལ། ཆུ་སྦྲེང་། མེ་ཏོག་གཏོར། རབ་ཏུ་གུས་པས་འདི་སྐད་དུ། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་ཟབ། །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་
བཟུང་ཞིང་། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཞེས་སངས་རྒྱས་འཁོར་བཅས་སྤྱན་འདྲེན་བྱས་ཚེ། མ་ག་དྷའི་ཡུལ་དང་། སངས་རྒྱས་བཞུགས་པའི་མཉན་ཡོད་གཉིས་ཀྱི་བར་ལ་དཔག་ཚད་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་པ་དཔག་ཚད་རེ་རེར་ཉིན་ལམ་འབྲིང་པོར་ཡོད་ཀྱང་སངས་རྒྱས་འཁོར་བཅས་རྫུ་འཕྲུལ་གྱིས་ནམ་མཁར་འཕགས་ཏེ། ཐོག་མར་སྲས་སྒྲ་གཅན་འཛིན་གྱིས་ཡབ་ཀྱིས་ཇི་ལྟར་སྤངས་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་། ནོར་བུ་རིན་པོ་ཆེ་སྣ་བདུན་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་བཅས་པ་སྤྲུལ་ནས་སྔོན་ལ་གཤེགས་པ་དང་། དེ་ཁྱིམ་བདག་བྱ་མཁན་འཁོར་བཅས་ཀྱིས་མཐོང་ནས། ཁྱེད་ཀྱི་སྟོན་པ་འདི་མིན་ནམ་ཟེར་བར། མ་ག་དྷ་ན་རེ། འདི་ནི་དེ་བཞིན་གཤེགས་པའི་སྲས་སྒྲ་གཅན་འཛིན་བཟང་པོ་ཡིན་ཏེ། ཡབ་ཀྱིས་ཇི་ལྟར་སྤངས་པའི་འཁོར་ལོས་བསྒྱུར་བའི་ཆ་བྱད་ཀྱིས་བྱོན་པ་ཡིན་ཞེས་སྨྲས་སོ། །ཡང་འཕགས་པ་ཀུན་ཤེས་ཀོའུ་དི་ནྱ་འབར་བ་དང་། གསལ་བ་དང་། གློག་འབྱིན་པ་དང་། གཅིག་ཏུ་གྱུར་ཅིང་མང་དུ་སྤྲུལ་པ་དང་།
མང་དུ་སྤྲུལ་ཞིང་གཅིག་ཏུ་སྡུད་པ་དང་། སྣང་བ་དང་མི་སྣང་བ་ལ་སོགས་པའི་རྫུ་འཕྲུལ་དུ་མ་བསྟན་ནས་བྱོན་པ་དང་། ཁྱེད་ཀྱི་སྟོན་པ་འདི་ཡིན་ནམ་ཟེར། འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་འབྲས་བུ་ཐོབ་སྔ་བ། ཀུན་ཤེས་ཀོའུ་དི་ནྱ་ཞེས་བྱ་བ་ཡིན་སྨྲས་པ་དང་། དེ་ནས་ཤཱ་རིའི་བུ་འབྲུག་གི་ཤིང་རྟ་ལ་ཞོན་ནས། འབར་བ་དང་གསལ་བ་ལ་སོགས་པ་རྫུ་འཕྲུལ་ཡ་མ་ཟུང་དཔག་ཏུ་མེད་པ་བསྟན་ནས་བྱོན་ནོ། །སྟོན་པ་འདི་སུ་ཡིན་ཟེར། འདི་ནི་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་ནང་ནས། ཤེས་རབ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་འཕགས་པ་ཤཱ་རིའི་བུ་ཡིན་སྨྲས་པ་དང་། ཡང་མོའུ་འགལ་གྱི་བུ་སེང་གེའི་ཤིང་རྟ་ལ་ཞོན་ནས། འབར་བ་ལ་སོགས་པ་རྫུ་འཕྲུལ་ཡ་མ་ཟུང་བསྟན་ནས་བྱོན་ནོ། །འདི་སྟོན་པ་ཡིན་ནམ་ཟེར་བར། འདི་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ནང་ནས་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པ། འཕགས་པ་མོའུ་འགལ་གྱི་བུ་ཞེས་བྱ་བ་ཡིན་ནོ་སྨྲས་སོ། །དེ་ནས་འོད་སྲུངས་ཀྱིས་གསེར་གྱི་རི་ལ་རིན་པོ་ཆེའི་ཤིང་སྣ་ཚོགས་སྐྱེས་པའི་ནང་ན། འབར་བ་ལ་
སོགས་པའི་སྤྱོད་ལམ་སྣ་ཚོགས་བསྟན་ནས་བྱོན་པས། སྔར་བཞིན་ཟེར་བར། འདི་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་སྤྱངས་པའི་ཡོན་ཏན་ལ་གནས་པ། གནས་བརྟན་འོད་སྲུངས་ཆེན་པོ་ཡིན་སྨྲས་སོ། །དེ་ནས་རིམ་གྱི་གོང་བཞིན་དུ་ལ་ལ་ནི་འབར་བར་བྱེད། ལ་ལ་ནི་གསལ་བར་བྱེད། ལ་ལ་ནི་གློག་འབྱིན་པར་བྱེད། ལ་ལ་ནི་གཅིག་ཏུ་སྡུད་ཅིང་མང་པོར་སྤེལ་བ་ལ་སོགས་པའི་ཡོན་ཏན་གྱི་ཆོ་འཕྲུལ་སྣ་ཚོགས་པ་སྤྲུལ་ཞིང་བྱོན་པས། རེ་རེ་ནས་དྲིས་ཤིང་རིམ་པ་བཞིན་འདི་ལྟར་ཡིན་ཞེས་སྨྲས་སོ། །དེའི་རྗེས་ལ་བཅོམ་ལྡན་འདས་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། སྐུ་གསེར་གྱི་མཆོད་སྡོང་འབར་བ་ལྟར་མཛད་ནས་བྱོན་ཏེ། བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད་ནས། མ་ག་ངྷ་བཟང་མོ་དང་། ཁྱིམ་བདག་བྱ་མཁན་དང་བཅས་པ་ལ་སོགས་པ་སྲོག་ཆགས་བརྒྱ་སྟོང་དུ་མ་ལ་ཆོས་བསྟན་པས་བདེན་པ་མངོན་སུམ་དུ་མཐོང་ནས། ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབད་པ་དང་། དགེ་འདུན་ལ་འདུན་པར་གྱུར་ཏོ། །དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་མ་ལུས་
སེམས་ཅན་མ་སོགས་བཏོན་ནས་ཚོགས་ཞིང་སྤྱན་འདྲེན་དུས་དེ་ལྟར་བྱོན་པར་མོས་དགོས། ཡང་སྔོན་སངས་རྒྱས་འཇིག་རྟེན་དུ་བྱོན་དུས་ལྷ་མང་པོས་ནམ་མཁའ་ནས་བདུད་རྩིའི་ཆུས་ཁྲུས་གསོལ། ཚངས་པ་བརྒྱ་བྱིན་གྱིས་ལྷའི་གོས་ཀ་ཤི་ཀའི་ན་བཟའ་ཕུལ་བ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་ལ་ཁྲུས་གསོལ་ཞིང་སྐུ་ཕྱི་བྱས་ན་བཟའ་ཕུལ་ནས། མདུན་གྱི་གདན་ཁྲི་ཕུན་སུམ་ཚོགས་པ་ལ་དགྱེས་བཞིན་བཞུགས་པར་མོས་ལ། ངག་ཏུ་ཇི་ལྟར་བལྟམས་པ་དང་། དེ་དག་སྐུ་ལ་མཚུངས་པ། སྲབ་འཇམ་ཡང་བ་མ་དང་། བདག་དང་འགྲོ་ལ་ཐུགས་བརྩེ་ཕྱིར་རྣམས་འདོན། སྔོན་དགེ་སློང་ཞིག་གིས་དང་བའི་སེམས་ཀྱིས་མཆོད་རྟེན་ལ་ཕྱག་བྱས་ཚེ། སངས་རྒྱས་ཀྱི་ཞལ་ནས། དགེ་སློང་དག་འདིས་ས་ཇི་ཙམ་ཞིག་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་རྣམས་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་བསྒྱུར་རྒྱལ་གྱི་རྒྱལ་སྲིད་ཉིས་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ་གསུངས། དེས་ན་སྔོན་
སངས་རྒྱས་ཐུགས་རྗེ་ཅན་ལ་ལྷའི་དབང་པོ་ཚངས་པ་བརྒྱ་བྱིན་དང་། ཀླུའི་རྒྱལ་པོ་དགའ་བོ་འཇོག་པོ། མིའི་རྒྱལ་པོ་འཁོར་ལོས་བསྒྱུར་རྒྱལ་སོགས་སྐྱེ་དགུ་ཀུན་གྱི་སྤྱི་བོས་བཏུད་ནས་ཕྱག་འཚལ་བ་དང་། ན་ག་གེ་སར་གྱི་རྣལ་འབྱོར་པ་ཆེན་པོས་མཉམ་མེད་ཇོ་བོ་རྗེ་ལ། མཁས་པ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། ཞེས་ཕྱག་འཚལ་བ་ལ་ཇོ་བོས་ཀྱང་། དོན་གྱི་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། ཞེས་ཕྱག་ལན་གནང་བ་ལྟར། འོ་སྐོལ་རྣམས་ཀྱིས་མདུན་གྱི་ཚོགས་ཞིང་ལྷ་ཚོགས་རྣམས་ལ་ཡན་ལག་བདུན་པའི་ཐོག་མར་དངོས་དང་། ཡིད་ཀྱིས་ལུས་གྲངས་མེད་སྤྲུལ་ནས་ཕྱག་འཚལ། སྔོན་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་སངས་རྒྱས་མར་མེ་མཛད་ལ་མེ་ཏོག་ཨུཏྤ་ལ་ལྔ་གཏོར་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཤིང་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འཕགས་སོ། །དེའི་ཚེ་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་འདི་མ་འོངས་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན། གཞན་ཡང་སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁར་གཏོར་ན་ཡང་། མཐར་སངས་རྒྱས་ཐོབ་པ་སྙིང་རྗེ་པདྨ་དཀར་པོའི་
མདོ་ནས་གསུངས། དེས་ན་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མཆོད་ཡོན་ཕུལ་བ་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་གྱིས་ཞབས་བསིལ་ཕུལ་བ་དང་། སྲིང་མོ་གངྒཱའི་ལྷ་མོས་མེ་ཏོག་ཕུལ་བ་དང་། སྤོས་ཚོང་ཁྱེའུ་བཀྲ་ཤིས་ཀྱིས་བདུག་སྤོས་ཕུལ་བ་དང་། རྒྱལ་པོ་གསེར་གྱི་ལག་པས་སྣང་གསལ་ཕུལ་བ་དང་། དྲི་ཟའི་རྒྱལ་པོ་རབ་དགས་དྲི་ཆབ་ཕུལ་བ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞལ་ཟས་ཕུལ་བ་དང་། མགར་བ་ལྷ་དགའ་ཀླུ་དགས་སིལ་སྙན་ཕུལ་བ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དངོས་དང་ཡིད་ཀྱིས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་འབུལ། སྔོན་རྒྱལ་པོ་མ་སྐྱེས་དགྲས་ཡབ་བསད་པ་སོགས་སྡིག་པའི་ལས་མང་པོ་བྱས་པ་ལ་ཤིན་ཏུ་གནོད་ཞིང་འགྱོད་ནས། སངས་རྒྱས་ཀྱི་སྤྱན་སྔར། འོ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་མ་རིག་པའི་དབང་གིས་སྔར་སྡིག་པ་གང་བྱས་ཚད་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་ཕྱག་འཚལ་བས། སངས་རྒྱས་ཀྱི་ཞལ་ནས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རང་
གི་སྡིག་པ་ཙམ་དུ་མ་ཟད། སེམས་ཅན་གཞན་གྱི་སྡིག་པ་བྱས་པ་ཡང་མཐོལ་བཤགས་བྱས་པ་ངོ་མཚར་ཆེ་གསུངས་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་ཚོགས་ཞིང་གི་སྤྱན་སྔར་རང་གཞན་གྱི་སྡིག་པ་མཐོལ་བཤགས་བྱ། སྔོན་མུ་ཏོ་བ་གཅིག་གིས་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་འཁོར་བཅས་བསྙེན་བཀུར་བྱས་པ་ལ་རྗེས་སུ་ཡི་རང་ཕུལ་བས། བསོད་ནམས་དེ་དང་མཉམ་པ་ཐོབ་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་སྐྱེ་འཕགས་རྣམས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བྱ། སྔོན་ལྷའི་དབང་པོ་ཚངས་པ་བརྒྱ་བྱིན་གཉིས་ཀྱིས་སངས་རྒྱས་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་དུང་དཀར་གཡས་འཁྱིལ་སོགས་ཕུལ་ནས་ཆོས་འཁོར་བསྐོར་བར་བསྐུལ་བ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཆོས་འཁོར་མི་བསྐོར་བར་བཞུགས་པ་རྣམས་ལ་གསེར་གྱི་འཁོར་ལོ་དུང་དཀར་སོགས་ཡིད་ཀྱིས་ཕུལ་ནས་ཆོས་འཁོར་བསྐོར་བར་བསྐུལ། སྔོན་དེད་དཔོན་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་བ་ལ། འཇིག་རྟེན་ལ་ཕན་པ་དང་བདེ་བའི་སླད་དུ་བསྐལ་པར་བཞུགས་པར་གསོལ་
བ་བཏབ་པས། བཅོམ་ལྡན་འདས་ཀྱིས་དེད་དཔོན་ཁྱོད་ང་ལ་དད་པས་བསྙེན་བཀུར་ཞིང་། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་མཐུས། ཁྱོད་མ་འོངས་པའི་དུས་སུ་སངས་རྒྱས་སྙིང་རྗེ་ཅན་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན། གཡུ་ཐོག་པ་རིན་པོ་ཆེ་མཁའ་འགྲོ་མ་མང་པོས་མཁའ་སྤྱོད་དུ་གདན་འདྲེན་པ་སློབ་མ་ཞིག་གིས་མཐོང་ནས་གདན་འདྲེན་དུ་མ་བཅུག་པར་བཞུགས་པར་གསོལ་བ་བཏབ་པས་ལོ་གཅིག་ཙམ་བཞུགས་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དངོས་སུ་བཞུགས་པའི་བླ་མ་རྣམས་ལ་ཡང་སྐབས་རེ་བསྙེན་བཀུར་བྱས། གཡུང་དྲུང་སྣ་ཚོགས་རྡོ་རྗེ་སོགས་ཀྱིས་མཚན་པའི་གདན་ཁྲི་སོགས་ཕུལ་ནས་བསྐལ་ཆེན་ཁྲི་ཕྲག་མང་པོའི་བར་དུ་བཞུགས་པར་གསོལ་བ་འདེབས། ཡིད་ཀྱིས་ཀྱང་ཕྱོགས་བཅུའི་ཞིང་ན་མྱ་ངན་འདའ་སྟོན་གང་བཞེད་ལ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པར་བསམ། སྔོན་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་པའི་དགེ་ཚོགས་དང་།
དེ་ལ་མུ་ཏོ་བས་རྗེས་སུ་ཡི་རང་བྱས་པའི་དགེ་བ་རྣམས་སངས་རྒྱས་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་བསྔོས་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དགེ་བ་གང་བྱས་རྣམས་རྫོགས་བྱང་དུ་བསྔོ་བ་རྣམས་ཀྱི་དམིགས་པ་བྱས། ངག་ཏུ་ཇི་སྙེད་སུ་དག་མ་འདོན། སྔོན་མཉམ་མེད་པོ་ཏོ་བས་སློབ་མ་རྣམས་ལ་ད་ལྟ་དད་པས་ཀུན་ནས་བསླངས་ཏེ། མཎྜལ་གཅིག་ཕུལ་ན། འདི་ནས་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་མཎྜལ་གྱི་ཇི་ཙམ་ནོན་ཚོད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་གསུངས། རྒྱལ་བ་ཙོང་ཁ་པ་ཆེན་པོས་འོལ་ཁ་ཆོས་ལུང་དུ་རྡོ་གྲུ་བཞི་རྩ་བ་བརྟན་པ་ཞིག་ལ་མཎྜལ་མཛད་ནས། ཕྱག་ངར་གྱིས་ཕྱིས་ཤིང་མཎྜལ་གྲངས་གསོག་མཛད་པས་ཕྱག་མཛུབ་ཀྱི་རྩེ་རྣམས་སེར་ཀར་སོང་། ཕྱག་ངར་ལ་ཤ་རོ་ཆགས་པ་བྱུང་སྐད། དེས་ན་སྐྱབས་མགོན་༧རྒྱལ་བ་པཎ་ཆེན་སོགས་བླ་མ་ཆེན་པོ་རྣམས་ལ། རྒྱལ་པོ་སོགས་ཕྱུག་པོ་སྟོབས་ཅན་ཁ་ཅིག་གིས་སྔོན་དུ་མཇལ་རྟེན་ཙམ་ཕུལ། དེ་ནས་སླར་ཡང་འབུལ་བ་བསམ་གྱིས་མི་ཁྱབ་པ་མང་པོ་ཕུལ་ནས་ཆོས་འབྲེལ་ཞུ་
བ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་སྔར་མཆོད་པ་ཙམ་དུ་མ་ཟད། ད་དུང་སླར་ཡང་ཡིད་ཀྱིས་རི་རབ་གླིང་བཞི་གླིང་ཕྲན། ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པ་ཕུལ་བར་མོས་ནས་ངག་གིས། ཨོཾ་བཛྲ་བྷུ་མི་ཞེས་མཎྜལ་སོ་བདུན་མ་འདོན། ལག་གིས་མཎྜལ་སྟེང་དུ་ཚོམ་བུ་རྣམས་བཀོད་ནས་འབུལ། སྔོན་སློབ་དཔོན་ལ་ཝ་པས། བླ་མ་ལ་གསོལ་བ་བཏབ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཨའི་གདམས་པ་བསྒོམས་པས་ནུབ་གཅིག་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་བྱུང་། དེ་བཞིན་དུ་སྔོན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཀྱིས་བླ་མ་ལ་གསོལ་བ་བཏབ་ནས་ལམ་ཉམས་སུ་བླངས་པས། ས་ལམ་གྱི་ཡོན་ཏན་མཐའ་དག་རྒྱུད་ལ་སྐྱེས་ནས་སངས་རྒྱས་པ་ལྟར། འོ་སྐོལ་རྣམས་ཀྱང་བྱང་ཆུབ་ལམ་གྱི་རིམ་པ་འདི་རྒྱུད་ལ་བདེ་བླག་ཏུ་སྐྱེས་ནས་མྱུར་དུ་སངས་རྒྱ་བའི་ཕྱིར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ལ་སྙིང་ཐག་པ་ནས་གསོལ་བ་འདི་ལྟར་གདབ། མཉམ་མེད་ཐུབ་པའི་དབང་པོ་མན་ཆད་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱི། །ལམ་རིམ་བརྒྱུད་པའི་བླ་མར་གསོལ་
བ་འདེབས། །སྐྱེ་དགུའི་འདོད་དོན་མ་ལུས་ཡོངས་སྐོང་བའི། །སྐྱེས་བུ་གསུམ་གྱི་ལམ་རིམ་བདག་རྒྱུད་ལ། །སྐྱེས་ནས་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། ཚོགས་ཞིང་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གཞན་སེམས་ཅན་རྣམས་ཀྱི་ལུས་སེམས་ལ་ཞུགས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ངན་པ་ཐམས་ཅད་མུན་པའི་གླིང་དུ་ཉི་མའི་འོད་ཕོག་པ་ལྟར་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་སོགས་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་སྐལ་བ་རྒྱུད་ལ་བཞག་སོང་སྙམ་པའི་མོས་པ་བྱ། དེ་དག་རྣམས་མདོར་བསྡུ་ན། སྔོན་བྱང་ཆུབ་སེམས་ལ་མངའ་བརྙེས་པའི་བླ་མ་གསེར་གླིང་པ་དང་། ཇོ་བོ་རྗེ་ཡབ་སྲས་སོགས་བཀའ་གདམས་བླ་མ་གོང་མས་གདམས་པ་ཟབ་མོ་བྱང་ཆུབ་ལམ་གྱི་རིམ་པ་འདི་དང་། འདི་འདྲ་རྒྱུད་ལ་བདེ་བླག་ཏུ་སྐྱེ་སླ་བའི་ཕྱིར། སྦྱོར་བའི་ཆོས་དྲུག་སྔོན་
དུ་བཏང་བ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་དམ་པ་གོང་མའི་ཕྱག་ལེན་དེ་བཞིན་དུ། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡོད་བཀྲམ་པ། རྟེན་གྱི་དྲུང་དུ་མཆོད་པ་གཡོ་མེད་པར་བཙལ་ནས་བཀོད་པ་མཛེས་པར་བཤམས་པ། བདེ་བའི་སྟན་ལ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ་སོགས་གང་བདེར་གནས་ནས་ལུས་དྲང་པོར་བསྲང་སྟེ། སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་བསྒོམ་པ། མདུན་གྱི་ནམ་མཁར་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་སོགས་སྐྱབས་ཡུལ་གྱི་ལྷ་ཚོགས་མ་ལུས་པ་བཞུགས་ཡོད་སྙམ་དུ་ཚོགས་ཞིང་གསལ་གདབ་པ། བསག་སྦྱང་གི་གནད་ཐམས་ཅད་འདུས་པའི་ཡན་ལག་བདུན་པ་འབུལ་བ། མཎྜལ་ཕུལ་ཏེ་ཕྱིན་ཅི་ལོག་གི་བློ་སྣ་འགག་པ་དང་། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་སྐྱེ་བ་དང་། རྐྱེན་ཕྱི་ནང་གི་བར་ཆད་ཀུན་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་པ་རྣམས་རྒྱུད་དང་འདྲེས་ངེས་བྱའོ། ༈ །དངོས་གཞི་ལ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནི། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་པ་
ལམ་གྱི་གནས་སྐབས་སུ་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་བསྟེན་པ་དང་། ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟང་གིས་བླ་མ་བརྒྱ་དང་བཅུ་བསྟེན་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་གྲུབ་བརྒྱད་ཐོབ་པའི་རིག་འཛིན་བརྒྱད་བསྟེན་གཞན་ཡང་མང་སྟེ། ཐ་ན་རྫ་མ་བཟོ་མཁན་ལའང་གཏུགས་ནས་རྫ་བཟོ་ཚུལ་ཡན་ཆད་སློབ་པར་མཛད། མཉམ་མེད་ཇོ་བོ་ཆེན་པོས་དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས་གཞན་ཡང་མང་སྟེ། ཐ་ན་སྒྲ་དང་ཚད་མ་རྣམས་ཕྱི་རོལ་པའི་མཁས་པ་ཁ་ཅིག་ནས་ཀྱང་གསན་སྦྱོང་མཛད། ཁྱོན་ཇོ་བོ་ལ་བླ་མ་བརྒྱ་དང་ལྔ་བཅུ་ཡོད་གསུངས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། ཇོ་བོ་ཆེན་པོ་དང་། རྗེ་བཙུན་སེ་བཙུན་པ་སོགས་བླ་མ་ལྔ་ཙམ་བསྟེན། དགེ་བཤེས་གསང་ཕུ་བས། བྱིས་པ་ལས་ཀྱང་ལེགས་བཤད་པ། །ཐམས་ཅད་བླང་བྱ་ཁོ་ན་ཡིན། །གསུངས་ནས་ཀུན་ལས་ཉན་པས་བླ་མ་ཤིན་ཏུ་མང་། ཐ་ན་ཁམས་ནས་བྱོན་པའི་ལམ་ཁར་དགེ་བསྙེན་ཞིག་ཆོས་འཆད་ཅིང་འདུག་པ་ལ་ཡང་ཉན་པས། འཁོར་རྣམས་ཀྱིས་དེ་ལ་ཉན་པ་སྟངས་ཞན་བྱས་པས། ཁྱེད་རྣམས་དེ་སྐད་
མ་ཟེར་ང་ལ་ཕན་པ་གཉིས་བྱུང་གསུངས་སྐད། ལྷོ་བྲག་མར་པ་རིན་པོ་ཆེས་ཀྱང་། པཎ་ཆེན་ནཱ་རོ་པ། མཻ་ཏྲི་པ། ཀུ་ཀུ་རི་པ་སོགས་བླ་མ་མང་པོ་བསྟེན་ནས་ཆོས་གསན། རྣལ་འབྱོར་དབང་ཕྱུག་མི་ལ་རས་པས་བཀའ་དྲིན་ཆེ་ཤོས་མར་པ་དང་། རྔོག་སྟོན་སོགས་བླ་མ་བཅུ་ཙམ་བསྟེན་པར་གདའ། རྒྱལ་བ་གཉིས་པ་རྗེ་བདག་ཉིད་ཆེན་པོས། རྗེ་བཙུན་འཇམ་པའི་དབྱངས། རྗེ་རེད་མདའ་བ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་སོགས་བླ་མ་དགེ་བའི་བཤེས་གཉེན་མང་དུ་བསྟེན། དེ་བཞིན་དུ་སྔོན་གྱི་བླ་མ་གོང་མ་རྣམས་ཀྱིས་བླ་མ་བསྟེན་པ་མང་ཉུང་ཡོད་པ་མ་གཏོགས། བླ་མ་མ་བསྟེན་པ་གཅིག་ཀྱང་མེད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་རྣམ་གྲོལ་སྒྲུབ་པ་ལ་ཆོས་ཤེས་དགོས། ཤེས་པ་ལ་བླ་མ་བསྟེན་ནས་ཐོས་དགོས་པས། བླ་མ་མང་པོ་བསྟེན་མ་ནུས་ཀྱང་བླ་མ་བཟང་པོ་རེ་གཉིས་ཙམ་མ་བསྟེན་པའི་ཐབས་མེད་པས་ཅི་ནས་ཀྱང་བསྟེན་དགོས་ཏེ། པོ་ཏོ་བའི་གསུང་སྒྲོས་ལས། རྣམ་གྲོལ་སྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད། ཚེ་འདིའི་བྱ་བ་བལྟས་ནས་བྱས་ཆོག་པ་ལ་ཡང་སློབ་དཔོན་མེད་
པས་མི་ཡོང་ན། ངན་སོང་གསུམ་ནས་འོངས་མ་ཐག །འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པས་ག་ནས་འོང་གསུངས། སྔོན་སློབ་དཔོན་བཻ་རོ་ཙ་ན་དང་། སྒྲ་བསྒྱུར་མར་པ་ལོ་ཙཱ་སོགས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་ལུས་སྲོག་ལ་མ་ལྟོས་པར། བླ་མ་དང་གདམས་ངག་འཚོལ་བའི་ཕྱིར་རྒྱ་གར་འཕགས་པའི་ཡུལ་དབུས་སུ་སོང་ནས། བླ་མ་དང་གདམས་ངག་གང་བཟང་ཞེས་གཞན་ལ་རྩད་བཅད་ནས་དྲིས་པས། གཞན་གྱི་ཁ་མཐུན་པར་འདི་བཟང་ཞེས་ཟེར་བ་རང་གིས་ཀྱང་བརྟགས་ན་བཟང་གི་སྙམ་པའི་བླ་མ་མི་ལ་ངོམ་ཆོག་ཅིང་རང་གི་ཡིད་འཕྲོག་པ་མང་པོ་བསྟེན་ནས། ཟབ་རྒྱའི་གདམས་པ་རྣམས་ཐོབ་ནས་བོད་ཐམས་ཅད་ཆོས་ཀྱི་དཀར་ལམ་མེར་བཏང་བ་ལྟར། འོ་སྐོལ་རྣམས་ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་མི་དགོས་ཀྱང་། དབུས་གཙང་དག་པའི་ཞིང་ལ་སོགས་པའི་ཡུལ་ཉེ་རིང་གང་གི་བླ་མ་སུ་བཟང་གང་བཟང་དྲིས་ནས་གཞན་ཀུན་གྱི་དིང་སང་འདི་བཟང་ཞེས་ཁ་མཐུན་པར་སྨྲ་ཞིང་། །རང་གི་ཡིད་འཕྲོག་ཅིང་སེམས་ཁ་ཁེངས་པ་དད་པ་དབང་མེད་དུ་སྐྱེ་བའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་
བཙལ་ནས་བསྟེན་དགོས། འོ་ན་མཚན་ཉིད་དང་མི་ལྡན་པའི་བླ་མ་དེ་ཅི་འདྲ་ཞིག་ཡིན་སྙམ་ན། སྔོན་མཚན་ཉིད་པའི་སྟོན་པ་གཉིས་ཀྱི་གཅིག་གིས་ཆོས་བཤད་བྱས་པས་ཟས་ནོར་བག་རེ་བྱུང་ཚེ། གཅིག་པོ་ན་རེ་ཁྱོད་ཀྱིས་གོ་བཅད་ཟེར། ཡང་མཚན་ཉིད་པའི་སྟོན་པ་ཞིག་ན་རེ། ཆོས་དག་མང་རབ་ཤེས་ཏེ་ད་དུང་དོན་གཅིག་མ་འགྲུབ་ཟེར་བ། དོན་གང་ཡིན་བྱས་པས་ཁྲི་ཁ་ཞིག་ནས་བླ་མ་ཁྲི་པ་ཞིག་གི་མིང་མ་ཐོགས་ཟེར་སྐད། དེ་བཞིན་དུ་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཤས་ཆེ་བས་བླ་མ་མི་འོང་། སྔོན་སྔགས་པ་ཞིག་གིས་རྡོར་ལེགས་བརྟེན་ནས་ལོ་གཉིས་གསུམ་ཙམ་ལ་འཕྲིན་ལས་མྱུར་བ་བྱུང་། དེའི་འཕྲོ་ནས་བཟུང་ཉིན་རེ་གཉིས་ཀྱི་གསུར་མཆོད་ཆག་པ་བྱུང་ན། ན་ཚ་དང་གོད་ཁ་གཏོང་ལ། ཡང་རེམས་ནས་གསོལ་མཆོད་བྱས་ཚེ་འཕྲིན་ལས་མྱུར་བ་ཞིག་བྱུང་སྐད། དེ་བཞིན་དུ་བླ་མ་ནོར་རྫས་ཀྱི་འདོད་པ་ཅན་ཕྱག་རྟེན་རེ་བལྟས་ནས། དང་པོའི་དུས་ཐུགས་རྗེ་ཆེ་ཆེ་འདྲ་བ་བྱས། ཁོ་ཟླ་བ་ཁ་ཤས་སོང་ཚེ་སློབ་མའི་བསྙེན་བཀུར་དང་ཞབས་ཏོག་བག་རེ་ཆུང་བ་དང་ཅུང་ཟད་འགྱངས་པ་
བྱུང་ན་ཀོ་ལོང་དམ་ཞིང་། ནོར་སྙིང་སྡུག་རེ་ཕུལ་ན་འཛུམ་ཡལ་ཡལ་ཡོང་། ཅུང་ཟད་རེ་ལ་ཡང་དགའ་མི་དགའི་རྣམ་འགྱུར་སྣ་ཚོགས་སྟོན་ཅིང་། སློབ་མས་ཆོས་བཞིན་བྱེད་མི་བྱེད་མི་བལྟ་བར། ཕྲལ་གྱི་ཟས་ནོར་ཁོ་ན་ལ་བལྟ་ཞིང་རྡོར་ལེགས་ལྟར་འགྱུར་ལྡོག་ཆེ་བའི་བླ་མ་དེས་མི་ཡོང་། སྔོན་ཝ་མོ་ཞིག་ཟས་ཚོལ་དུ་ཕྱིན་པས། རྩིག་ཕག་ཅིག་ན་རམ་ཚོས་བྱེད་པའི་ཕྲུ་བ་ཞིག་འདུག་པ་ལ་ཅི་བྲོ་བསྣུམས་པས། ཁ་སྤུ་སྔོ་ཡལ་གྱིས་སོང་བས། དེར་ལུས་ཀུན་ཚོས་ཕྲུར་བཅུག་ནས་སྤྲུགས་པས་ཤིན་ཏུ་མཛེས་པ་ཞིག་བྱུང་བས། དུད་འགྲོ་ཐམས་ཅད་ཀྱི་དཔོན་དུ་བཀུར་ནས། གླང་པོ་ཆེའི་ཤུལ་སྟེང་དུ་བཞག་ནས་བསྙེན་བཀུར་བྱེད་ཙ་ན། ཝ་རྣམས་ལ་ལྷག་པར་སྡང་བ་བྱུང་བས། ཝ་རྣམས་ཀྱིས་གྲོས་བྱས་པས། འུ་ཅག་གི་དཔོན་པོ་འདིའི་མཚུལ་པ་མཇུག་མ་གང་ལ་བལྟས་ན་འུ་ཅག་ཝའི་རིགས་དང་ཤིན་ཏུ་འདྲ་བར་འདུག་པས། འུ་ཅག་ཐམས་ཅད་ཀྱིས་ཁོའི་སྔོན་དུ་སྐད་འདོན་བྱས་ཏེ། ཐམས་ཅད་ཀྱིས་ཝ་སྐད་བཏོན་པས། དེར་ཝ་དེས་ཀྱང་སྐད་མ་བཏོན་ན་སྤུ་བྱི་བས་ཝ་སྐད་བཏོན་པས་གླང་པོ་ཆེས་བསྐྱུར་སྐད། དེའི་ཚེ་ནམ་
མཁའ་ནས་ལྷས་ཚིགས་བཅད་བརྗོད་པ། མ་རབས་མཐོ་སར་ཕྱིན་པ་འདི། །འགྲོ་བ་རྣམས་ལ་རྩྭ་བཞིན་བལྟ། །དེ་དག་མྱུར་དུ་ཕུང་འགྱུར་ཏེ། །ལྤགས་པ་སྔོན་པོའི་ཝ་བཞིན་ནོ། །ཟེར་སྐད། དེ་བཞིན་དུ་ནང་ན་ཡོན་ཏན་མེད་པར་ཕྱིའི་སྤྱོད་ཚུལ་བཟང་བཟང་འདྲ་བ། གོས་ཀྱི་ལྷབ་ལྷུབ་དང་། སྤྱོད་པའི་འགྱིང་བག་དང་བཅས་ནས་མཐོན་པོ་ལ་བྱམས་ཤིང་། གང་དམན་པ་ལ་སྡང་བའི་ཝ་སྐྱེས་འདྲ་བའི་བླ་མ་དེས་མི་ཡོང་། སྔོན་ནགས་གསེབ་ཅིག་ཏུ་སྤྲེའུ་མང་པོ་ཡོད་པ་ལས། སྤྲེའུའི་དཔོན་པོ་ཞིག་ཡོད་པས་མཚན་མོ་ནགས་ཀྱི་མཐའ་མར་ཕྱིན་པས། ཁྲོན་པ་གཅིག་གི་ནང་ན་ཟླ་བའི་གཟུགས་བརྙན་དཀར་ལྷག་གེ་ཤར་འདུག་པ་མཐོང་ནས། ཟླ་བ་མ་གི་ཡར་བླང་སྙམ་པས་ཁོ་མ་ཐར་ཏེ། ཟླ་བོ་ཀུན་བོས་ནས་ངའི་མཇུག་མ་ལ་རྩལ་སྟོབས་ཆེ་བ་གཅིག་འཇུས་ཤིག་ཟེར་ཏེ། དེ་ལྟར་རིམ་གྱིས་འཇུས། ཀུན་གྱི་མཇུག་ཏུ་འཁོས་ཆུང་གཅིག་གིས་ཁྲོན་ཁར་འཛིན་དུ་བཅུག་ནས། དཔོན་པོས་སྣ་དྲངས་ཏེ་ཁྲོན་པའི་གཏིང་དུ་ཟླ་བ་རྙབ་ཏུ་ཕྱིན་པས། ཁྲོན་ཁའི་སྤྲེའུ་དེས་མ་ཐུབ་པར་ལག་ནས་ཤོར་བས་སྤྲེའུ་
ཀུན་ཁྲོན་པར་རུབ་ཀྱིས་སོང་སྐད། དེ་དུས་ལྷས་ཚིགས་བཅད་བརྗོད་པ། མི་མཁས་ཚད་མར་མ་གྱུར་པའི། །དཔོན་པོ་ངན་པའི་ངག་ཉན་ན། །དེ་དག་མྱུར་དུ་འཕུང་འགྱུར་ཏེ། །ཆུ་ཟླ་རྙབ་པའི་སྤྲེའུ་བཞིན། །ཞེས་ཟེར་རོ། །དཔེ་དེ་བཞིན་སློབ་དཔོན་ངན་པ་ཆོས་མི་ཤེས་ཀྱང་ཆོས་ལྟར་བཅོས་པ་དབང་པོ་ཆེའི་ཁ་ལ་ཉན་ན། རང་ཕུང་བར་མ་ཟད་བཀའ་མ་ཆོག་པའི་རིང་ལ་གཞན་སློབ་མ་ཐམས་ཅད་ཀྱང་ཕུང་ནས། ངན་སོང་དུ་དཔོན་སློབ་ཀུན་རུབ་ཀྱིས་འགྲོ་བས། སྤྲེའུའི་དཔོན་པོ་འདྲ་བའི་བླ་མ་དེས་མི་ཡོང་། སྔོན་ཞང་པ་ཚབ་ཁྲོད་པ་བྱ་བ་ཆོས་མཁས་ལ་ཚུལ་ཁྲིམས་མེད་པ་ཞིག་ན་རེ། སློབ་མ་ཀུན་ལ་ང་ཟེར་ཉོན། ང་བྱེད་མ་བྱེད་ཟེར་ལོ། །དེ་བཞིན་དུ་ཁ་ནས་ཆོས་བཤད་ཤེས་ཀྱང་སྤྱོད་པ་ཆོས་བཞིན་མི་བྱེད་པའི་བླ་མ་དེས་སློབ་མའི་མགོ་མི་འདྲོང་། དེས་ན་པོ་ཏོ་བའི་ཞལ་ནས། ད་ལྟ་མི་ནག་པ་ཀུན་གྱིས་གཉེན་འདམ་པ་རེ་ལ་ཡང་རྟོག་དཔྱོད་མང་དུ་བྱེད་ཏེ། བཤེས་གཉེན་སྣ་རེ་སློབ་པ་ཡང་དཔོན་མཁས་མི་མཁས་ལ་རྩིས་གདབ་ཆེར་བྱེད་ན། འོ་སྐོལ་དེ་རྣམས་ཀྱི་དོ་མིན། སོ་སོ་སྐྱེ་བོའི་ས་ནས་སངས་རྒྱས་ཀྱི་ས་རུ་འགྲོ་བའི་
ལམ་མཁན་བླ་མ་ལ་རེ་དགོས་པས། སློབ་དཔོན་གྱི་སྐྱོན་ཡོན་ལེགས་པར་བརྟགས་ལ། ལམ་སྣ་འདྲོང་ངེས་ཀྱི་བླ་མ་རེ་འཚོལ་དགོས། དེ་ཡང་ཆོས་འབྲེལ་མ་བྱས་པའི་གོང་ལ་སྐྱོན་འདུག་གམ་མི་འདུག་རྟོག་དགོས། ཆོས་འབྲེལ་བྱས་ནས་ཡོན་ཏན་ལ་བརྟགས་དགོས་གསུངས། འོ་ན་བླ་མ་མཚན་ཉིད་དང་ལྡན་པ་དེ་ཇི་འདྲ་ཞིག་ཡིན་སྙམ་ན། རབ་བྱུང་ན་སྔོན་གྱི་ཇོ་བོ་འབྲོམ་ཁུ་རྔོག་སོགས་བཀའ་གདམས་བླ་མ་གོང་མ་རྣམས་ལྟར། བླ་མ་བསླབ་གསུམ་རྟོགས་པའི་ཆོས་ཀྱིས་རྒྱུད་དུལ་བ་ཞི་བ་ཉེ་བར་ཞི་བ། སྡེ་སྣོད་གསུམ་གྱི་ལུང་གི་ཆོས་ཀྱིས་རྒྱུད་ཕྱུག་ཅིང་། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ། གདུལ་བྱ་ལ་སྨྲ་མཁས་པ། བརྩེ་བ་དང་ལྡན་པ་ཆོས་འཆད་པ་སོགས་སློབ་མ་སྐྱོང་བ་ལ་སྐྱོ་ངལ་མེད་པ་ཞིག་དགོས། སྔོན་ཇོ་བོ་བོད་ཡུལ་གྱི་སྙེ་ཐང་ན་བཞུགས་དུས། ཐེང་གཅིག་ངས་བསྒོམ་ཞིག་བྱ་དགོས་པར་འདུག་གསུངས། དེ་ཅི་ལགས་ཞུས་པས། རྒྱ་གར་ན་ངའི་སློབ་མ་ཞིག་བསྒོམ་པར་འདོད་འདུག་སྟེ་མི་ཡོང་འདུག་གསུངས། སློབ་མས་བསྒོམ་མ་བྱུང་བ་ལ་བླ་མས་བསྒོམས་
པས་ཕན་ནམ་ཞུས་པས། དེ་ལ་མི་ཕན་ན་བླ་མས་ཅི་བྱེད་གསུངས། ཡང་ཐང་གཅིག་རྒྱ་གར་ནས་ངའི་སློབ་མ་གཅིག་གིས་ང་ལ་མཆོད་པ་འབུལ་བའི་དྲིལ་བུའི་སྒྲ་ཐོས་གསུངས། སྔོན་བཀའ་གདམས་བསྟན་པའི་འབྱུང་གནས་འབྲོམ་གྱིས་དུས་གཅིག་གི་ཚེ་ན་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག་པས། རྟ་བའི་ཉིན་ལམ་བཅུ་བདུན་ཚུན་ཆད་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྣམ་པ་ཝལ་གྱིས་ཐུགས་ལ་བྱུང་བ་ཡིན་གསུངས། སྤྱན་སྔ་པས་རྣལ་འབྱོར་པ་ལ་འབྲོམ་ལ་མངོན་ཤེས་ཇི་ཙམ་མངའ་ཞུས་པས། རྟ་བའི་ཉིན་ལམ་བཅུ་བདུན་ཚུན་ཆད་མངའ་བར་གདའ་གསུངས། སྔོན་རྗེ་མི་ལས་མཉམ་བཞག་གི་ངང་ནས་རས་ཆུང་པ་རྒྱ་གར་དུ་ཕར་འགྲོ་ཚུར་འོང་བ་རྣམས་གསལ་ལེར་གཟིགས་ནས། ཚུར་འོང་དུས་སྔོན་དུ་བསུ་བ་བྱེད་དུ་བྱོན། རས་ཆུང་པས་ཉིན་གཅིག་མཉམ་བཞག་གི་ངང་ནས། སྲིད་པའི་རྩ་རྩེ་ཀུན་གཟིགས་ཤིང་ཁྱད་པར་རྗེ་བཙུན་མི་ལས་སྙེ་ནམ་གྲོད་ཕུག་ན་སློབ་མ་རྣམས་ལ་ཆོས་འཆད་པ་དང་བཞེངས་བཞུད་གང་བྱེད་ཐམས་ཅད་གཟིགས་པ་བྱུང་། དེ་བཞིན་དུ་བླ་མ་རྒྱང་ན་གནས་ཀྱང་སློབ་མའི་སྐྱིད་སྡུག་
ཡེ་ཤེས་ཀྱི་སྤྱན་གྱིས་སྒྲིབ་མེད་གཟིགས་ཤིང་། གསོལ་བ་འདེབས་པ་ལྷའི་སྙན་གྱིས་ལྷང་ལྷང་གོ་བ། བསྒོམ་མ་སྐྱེས་པ་ཡང་བྱིན་གྱིས་བརླབས་ནས་རྒྱུད་ལ་དབང་མེད་དུ་སྐྱེ་རུ་འཇུག་པའི་བླ་མ་ཞིག་དགོས། སྔོན་རས་ཆུང་པས་རྒྱ་གར་ནས་མུ་སྟེགས་ངན་སྔགས་ཁྱེར་འོང་བ། རྗེ་བཙུན་གྱིས་རང་གཞན་ཕུང་དུ་དོགས་ནས། རས་ཆུང་པ་ཆུ་ལེན་དུ་སོང་ཤུལ་ནས་མེ་ལ་བསྲེགས་པས། རས་ཆུང་སྔར་མཛད་སྤྱོད་ལ་མི་མོས་པ་ཅུང་ཟད་སྐྱེས་ཡོད་པའི་ཁར་དེ་ལྟར་མཛད་ཚེ་དད་པ་རྩ་བ་ནས་ལོག་པའི་རྣམ་འགྱུར་བསྟན་ཚེ། རྗེ་བཙུན་གྱིས་ལུས་ལྷའི་དཀྱིལ་འཁོར་དུ་སྤྲུལ། ཕ་བོང་འདམ་ལྟར་བརྫིས་ཟན་ལྟར་བཅད། ནམ་མཁའ་ལ་བྱ་ལྟར་འཕུར་གློག་ལྟར་འཁྱུག་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་པ་བསྟན་ནས། རས་ཆུང་པའི་མ་དད་པའི་སྣང་བ་བསྒྱུར་པ་དང་། སྔོན་ཁམས་སུ་རབ་ཏུ་བྱུང་བའི་མཁན་པོ་གཅིག་ཆང་བག་རེ་གསོལ་བས། མཁན་བུ་ཀུན་མཁན་པོའི་ལད་མོ་བྱས་ནས་ཆང་འཐུང་བ་ལ། ཁྱེད་ཆང་མ་འཐུང་ང་དང་མི་འདྲ་གསུངས་པ་ལ། མ་ཉན་ཚེ་ཉིན་གཅིག་མཁན་བུ་རྣམས་
བོས་ནས། ཇ་རྟེན་དུ་རྒྱ་ཁབ་སྙིམ་པ་གང་རེ་དྲངས་ནས། ངའི་ལན་མོ་བྱེད་ན་ད་འགོམས་ཤིག་གསུངས་ནས་ཞལ་དུ་ཞུ་ནས་ཀྲོག་ཀྲོག་གསོལ་བས། གཞན་མཁན་པོ་རྣམས་ཀྱིས་འགམ་མ་ཐུབ་པ་བྱུང་ནས་ཕྱག་འཚལ་ནས་གསུངས་ལྟར་མཛད་སྐད། དེ་བཞིན་དུ་སློབ་མ་བླ་མའི་མཛད་སྤྱོད་ལ་མི་མོས་ཤིང་། བཀའ་བཞིན་མི་བྱེད་པ་ལ། མི་མོས་པའི་སྣང་བ་བསྒྱུར་ནུས་དབང་མེད་དུ་དད་པ་སྐྱེ་ནུས་པར་བྱེད་པའི་བླ་མ་ནུས་པའི་ཡོན་ཏན་གྱི་རྟགས་དང་ལྡན་པ་ཞིག་དགོས། སྔོན་པོ་ཏོ་བ་དཔོན་སློབ་ཐང་དཀྱིལ་ཞིག་ན་ཡོད་དུས་ཞིག་ལ་འབྲོག་པ་ཕྱུག་པོ་ཞིག་གི་ཕ་ཤི་ནས་དངུལ་སྲང་མང་པོའི་རིན་ཐང་ཅན་གྱི་གཡུ་ཆེན་པོ་ཞིག་ཕུལ་བ་དེར་ཞོག་ཅིག་གསུངས་ནས་བསྔོ་བ་མཛད། འབྲོག་པ་ས་དེར་ཞག་གི་བསྡད་ནས་ཕྱི་ཉིན་དཔོན་སློབ་ཕེབས་ཤུལ་དུ་བལྟས་ཚེ་སྔར་གྱི་གཡུ་ཕུལ་བ་དེ་ཀ་ན་བཞག་འདུག་པ་མཐོང་ནས་ཁོ་དད་པ་སྐྱེས། བླ་མ་དང་འཁོར་ཐམས་ཅད་ངོ་མཚར་ཆེ་བར་འདུག་སྙམ། དེར་ཁོས་ཀྱང་གཡུ་ཁྱེར་མ་འོང་བར་ས་དེ་ཁར་བཞག་སྐད། སྔོན་གུང་ཐང་གནས་བརྟན་གསེར་ཞོ་བྱ་བའི་དྲུང་དུ། རྒྱ་གར་གྱི་རྣལ་འབྱོར་པ་ཞིག་བྱོན་
ནས། དེ་མན་ངག་ཞུས་ཏེ་སྒྲུབ་པའི་མོད་ལ་གྲུབ་ནས། ས་འོག་གི་གཏེར་བག་རེ་མཐོང་བ་བྱུང་། དེ་ནས་རྣལ་འབྱོར་པ་གཤེགས་པ་ལ་རེ་ཕྲུག་གི་ན་བཟའ་གཅིག་ཕུལ་ནས་མི་གཉིས་སྐྱེལ་དུ་བཏང་བས། ཡ་གིར་སླེབས་ཙ་ན་ན་བཟའ་ཕུལ་བ་དེ་སྐྱེལ་མཁན་གཉིས་ལ་བྱིན་ནས། ཁོ་གཉིས་ཀྱི་ང་ལ་གྲང་བ་ཡིན་སྙམ་ཏེ། ང་ལ་གྲང་བ་མེད་གསུངས་ནས་གཤེགས་སྐད། སྔོན་རྗེ་མི་ལ་ལ་དྭགས་པོ་ལྷ་རྗེས་གསེར་སྲང་མང་པོ་དང་ཇ་ཕུལ་བ། རྗེ་བཙུན་གྱིས། གསེར་དང་མི་རྒན་ལོ་མི་མཐུན། །ཇ་བསྐོལ་བའི་ཐབ་ཆས་བདག་ལ་མེད། །སོགས་མགུར་གསུངས་སླར་གནང་ནས་སྒྲུབ་རྒྱགས་གྱིས་གསུངས། དེ་བཞིན་དུ་བླ་མ་ཟང་ཟིང་ནོར་ལ་མི་བལྟ་ཞིང་། གང་ལ་ཡང་ཆགས་ཞེན་སྤུ་ཙམ་མེད་པ་ཞིག་དགོས། སྔོན་སྣར་ཐང་ན་སྐྱེ་པེ་གྲགས་རིན་བྱ་བའི་བཙུན་ཆུང་ཤེས་རབ་ཅན་ཞིག་ཡོད་པས། དགུང་ཕྱི་དྲོའི་ཁ་ཟས་ཟོས་པ་སློབ་དཔོན་གྱིས་ལན་གཅིག་མཐོང་བས་ཅི་ཡང་མི་གསུངས་བར་གཟིམ་མལ་དུ་བྱོན་ནས། ལྟུང་བ་ཕྲ་མོ་བྱུང་བ་ལ་ཡང་སྙིང་རྗེ་ནས་སྤྱན་ཆབ་བསིལ་བ་གྲྭ་པས་མཐོང་ནས།
ཁོང་གིས་ང་ལ་ལྟུང་བ་འདི་ཙམ་བྱུང་བ་ལ་ཐུགས་ཀྱིས་མི་བཟོད་པར་སྤྱན་ཆབ་བསིལ་ན། འདི་འདྲ་བའི་སློབ་དཔོན་གྱི་ཐུགས་དང་འགལ་བ་སུས་བྱེད་སྙམ་ནས། གསུངས་ལྟར་བྱས་པས་ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་བཙུན་པའི་ཚད་ཅིག་བྱུང་། སྔོན་བླ་མ་དྷརྨ་རཀྵི་ཏ་བྱ་བ་བཞུགས་པའི་ཐག་ཉེ་ན་མི་ཞིག་ནད་དྲག་པོས་ཐེབས་པ་ལ། སྨན་པ་ན་རེ། ནད་འདི་ལ་མི་གསོན་པོའི་ཤ་རྙེད་ན་ཕན་དེ་མི་རྙེད། གཞན་ཐབས་མེད་ཟེར། དེས་ཕན་ན་ངས་སྦྱིན་གྱི་གསུངས་ནས་བླ་མས། རང་གི་བརླ་ཤ་ནས་ཤ་བཅད་ནས་བྱིན། ནད་པས་ཤ་དེ་ཟོས་པས་ཕན། ཁོང་གིས་སྟོང་ཉིད་ཀྱི་རྟོགས་པ་མངོན་དུ་མ་གྱུར་པས་ཟུག་རྔུ་ཆེན་པོ་བྱུང་ཡང་། ནད་པ་སྙིང་རྗེ་བས་འགྱོད་པ་མ་སྐྱེས། ནད་པ་ལ་ཕན་ནམ་དྲིས་པས་བདག་གི་ནད་ལ་ཕན་ལགས་ཏེ། ཁྱེད་འོ་བརྒྱལ་དུ་བཅུག་ཟེར། ཁྱོད་བདེ་ན་ང་ཤི་ཡང་བཟོད་གསུངས། བླ་མ་བྱམས་པའི་རྣལ་འབྱོར་པས། ཆོས་གསུང་བའི་རྩ་རུ་མི་ཞིག་གིས་ཁྱི་ལ་དབྱུག་པ་རྒྱབ་པས། བླ་མ་ཨ་ར་གསུངས་ནས་འགྱེལ་བས། གཞན་རྣམས་ཁྱི་ལ་ཅི་ཡང་མ་གནོད་པར་འདུག་པ་ལ་ཚུལ་འཆོས་རེ་ཆེ་སྙམ་པ་བྱུང་བར།
བླ་མས་མཁྱེན་ནས་སྐུ་རྒྱབ་བསྟན་པས་ཁྱི་ལ་རྒྱབ་པའི་ཐད་ན་སྐུ་ཤ་ཁྱུ་རེ་སྐྲངས་འདུག་པ་མཐོང་ནས་ཡིད་ཆེས་ནས་དད་པ་བྱུང་། དེ་བཞིན་དུ་སློབ་མ་ལ་ཉེས་ལྟུང་ཕྲ་མོ་རེ་ཕོག་པ་ལ་ཡང་མི་བཟོད་པའི་སྙིང་རྗེ་སྐྱེ་ཞིང་། སློབ་མ་སོགས་གཞན་ལ་ཕན་ན་སྐུ་ཤ་གཅོད་པ་ལ་ཡང་ཕངས་པ་མེད་པ། གཞན་གྱི་སྡུག་བསྔལ་ཡང་དངོས་སུ་རྒྱུད་སྟེང་དུ་ལེན་ནུས་པའི་བླ་མ་ཞིག་དགོས། སྔོན་ཏེ་ལོ་པའི་དྲུང་དུ་པཎ་ཆེན་ནཱ་རོ་པས་དཀའ་བ་མང་པོ་སྤྱད་ནས་རོ་ལྟར་གྱུར་པ་ལ། ཏེ་ལོ་པའི་ཕྱག་གིས་བྱིལ་བ་རེ་མཛད་པས་སོས་པ་བྱུང་། པཎ་ཆེན་ནཱ་རོ་པ་ལ་ཌོཾ་བྷི་པས་ཆང་བུམ་པ་གང་ཁྱེར་ནས་ཕུལ་བས་མགོ་ཐོག་ཏུ་ཕྱག་བཞག་ནས་བྱིན་གྱིས་བརླབས་པས། ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་ནས། སྡེ་སྣོད་གསུམ་ལ་མཁས་པ་བྱུང་། ཌོཾ་བྷི་པ་དང་ཇོ་བོ་གཉིས་ཀྱི་བར་དུ་ཟླ་ལམ་ཞིག་ཡོད་ཀྱང་། ཇོ་བོས་གསོལ་བ་བཏབ་པས་རྨི་ལམ་དུ་མི་ཤ་ལག་པ་ཞིག་ཁྱེར་ནས་བྱོན་ཏེ། ཁོང་རང་གི་གསོལ་ཞིང་ཇོ་བོ་ལ་ཁྱོད་ཟ་འམ་ཟེར་ནས་སྲིན་ལག་གཅིག་བཅད་ནས་བྱིན་པ་ཟོས་པ་རྨིས་པས་མནལ་སད་ཙ་ན། སྔར་མེད་པའི་
ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་རང་འཁྲུངས་སུ་བྱུང་། མ་ཅིག་གིས་མི་ཚང་ཞིག་གི་ཆོས་ཀློག་ཀྱིན་ཏིང་ངེ་འཛིན་བསྒོམས་པས། སྒོ་རུ་རྣལ་འབྱོར་པ་གཅིག་བྱུང་ནས་བསོད་སྙོམས་བླངས་པས་རང་ག་ཏིང་ངེ་འཛིན་གྱི་ངང་ལ་ལྷན་ལྷན་གནས་པ་བྱུང་བས་ནང་ན་སུ་ཡོད་དྲིས་པས་མ་ཅིག་ཡོད་ཟེར་བ་དེའི་བྱིན་རླབས་སུ་གོ་ནས་ནང་དུ་འོངས་ཕྱག་འཚལ་བྱིན་རླབས་སོགས་ཞུས་སྐད། དེ་བཞིན་དུ་བླ་མ་རྟོགས་པས་བདག་རྒྱུད་གྲོལ་ཞིང་། ཐུགས་རྗེས་གཞན་རྒྱུད་སྨིན་པར་བྱེད་ནུས་པའི་བླ་མ་བྱིན་རླབས་ཅན་ཞིག་དགོས། སྔོན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཞལ་གཟིགས་ནས་ཆོས་ཐོབ་པ་དང་། རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ནམ་འདོད་དུས་ཞལ་གཟིགས་པ་དང་། གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཕྱག་ན་རྡོ་རྗེ་ལ་དངོས་སུ་ནམ་འདོད་དུས་ཆོས་ཞུ་ཆོག་པ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ལྷ་མོ་དབྱངས་ཅན་མའི་ཕྱག་ཏུ་བསྣམས་ནས་རི་རབ་གླིང་བཞི་གླིང་ཕྲན་བསྟན་པ་བྱུང་། དེ་བཞིན་དུ་བླ་མ་ལྷག་པའི་ལྷ་རྣམས་ཀྱི་ཞལ་གཟིགས་ཤིང་གསུང་གིས་སྣང་བ་ཐོབ་པ་ཞིག་དགོས། པོ་ཏོ་བའི་ཞལ་ནས།
བསྒོམ་པ་སྤ་བསྒོམ་བྱ་བ་ས་གོང་མའི་ཏིང་ངེ་འཛིན་བརྙེས་པ་ཞིག་བཞུགས་པ་ལ། དུས་གཅིག་གི་ཚེ་ཁོང་ལ་འཇུག་པའི་ཉེས་པ་ཞིག་བྱུང་ངམ་སྙམ་ནས་ཐུགས་མ་བདེ་བ་ལ། ཁ་སར་པཱ་ཎིའི་ལུགས་སྐུ་ཞིག་ལ་བསྐོར་བ་མཛད་ཀྱིན་བཞུགས་པས་ལུགས་སྐུས་གསུང་བྱོན་ནས། དེས་ཁྱེད་ལ་ཉེས་པར་མི་འགྱུར་གྱི་གསུངས་སྐད། འོ་སྐོལ་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་པ་ལ་ལམ་མཁན་གྱི་བླ་མ་འཁོར་བ་ལས་རིང་དུ་སོང་བ་དེ་ལྟ་བུ་རེ་འཚོལ་དགོས་གསུངས། ཡང་ཁོང་གིས། ངས་ད་ལྟ་རི་རྩེ་ཡ་གི་ན་གསེར་གྱི་ཁྲོན་པ་རྡོལ་ནས་ཡོད་ཀྱིས་ཁྱེད་རང་ལེན་དུ་སོང་བྱས་ཀྱང་། ངས་ངག་འཁྱལ་དུ་གོ་ནས་ཁྱེད་འགྲོར་མི་ཉན། ང་རང་གིས་རིངས་པར་ཕྱིན་ན་ཁྱེད་ཚོ་ཡང་གཞུག་ན་ཡར་འགྲིལ་ཡོང་། དེ་བཞིན་དུ་བླ་མ་རང་ཆོས་བཞིན་མི་བྱེད་པར་གཞན་ལ་ཆོས་བཤད་ཀྱང་ལག་ལེན་བྱེད་མཁན་མི་ཡོང་། བླ་མ་རང་གིས་ཆོས་བཞིན་བྱས་ན། གཞན་ཡང་རྗེས་སུ་སློབ་པ་བག་རེ་ཡོང་། དེས་ན་བླ་མ་དེ་ཁོ་རང་ཡང་ཆོས་བཞིན་བྱེད་ལ། གཞན་ཡང་ཆོས་བཞིན་བྱེད་དུ་སྦྱོར་བ་ཞིག་དགོས་གསུངས།
དེ་འདྲའི་བླ་མ་ཞིག་དང་མཇལ་ན་སློབ་མ་དེ་ཇི་ལྟར་ངན་རུང་རྒྱུད་བྱིན་གྱིས་བརླབས་ནས་བཙན་ཐབས་སུ་སངས་རྒྱ་བ་འབྱུང་། འོ་ན་སྙིགས་དུས་འདིར་ཡོན་ཏན་དེ་འདྲ་དང་ལྡན་པའི་དགེ་བའི་བཤེས་གཉེན་རྙེད་དཀའ་བས་མ་རྙེད་ན་ཇི་ལྟར་བྱ་སྙམ་ན། སྔོན་གྱི་བཀའ་གདམས་བླ་མ་ཞང་བཙུན་ཡེར་པ་དང་། གཉན་སྟོན་རྣམ་གཉིས་ལ་སྨྲ་མཁས་སོགས་གཞན་ཡོན་ཏན་རྒྱ་ཆེན་པོ་མི་མངའ་ཡང་། བསླབ་པ་གསུམ་དང་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བས། གཞན་འགྲོགས་ཚད་དང་དྲུང་དུ་འཁོད་ཚད་ཀྱི་གྲྭ་བུ་སློབ་རྣམས་ལ་ཕན་པ་བྱུང་། དེ་བཞིན་དུ་བླ་མ་གཞན་ཡོན་ཏན་རྒྱ་ཆེ་དཔངས་མཐོ་བ་མ་མཆིས་ཀྱང་། བསླབ་པ་གཙང་ཞིང་བྱང་སེམས་ཆེ་བ་བསྟེན་རུང་། གལ་ཏེ་དེ་ལྟ་བུ་ཡང་མ་རྙེད་ན། སྡེ་སྣོད་གསུམ་པོ་སོགས་རང་ལ་མཁོ་བའི་ཆོས་ལ་མཁས་ན་ཁྱིམ་པ་ཡིན་ཡང་བསྟེན་ཆོག་པ་ཇོ་བོ་རྗེས་གསུངས་སོ། །འོ་ན་བླ་མ་མཚན་ཉིད་དང་ལྡན་པ་དེས་སློབ་མ་ཇི་ལྟར་སྐྱོང་སྙམ་ན། སྔོན་གྱི་བཀའ་གདམས་པ་དང་བཀའ་བརྒྱུད་པའི་བླ་མ་མཚན་ཉིད་དང་ལྡན་པའི་ཞབས་དྲུང་དུ། སློབ་མ་སྣོད་དང་ལྡན་པ་གཏུགས་ཚེ་
ཐུགས་སྤྲོ། སློབ་མ་དེ་འབྱོར་བ་མེད་པ་ཡིན་ན། ལྟོ་གོས་ཆོས་གསུམ་གྱི་སྒོ་ནས་བསྐྱངས་ཏེ་ཐར་པའི་ལམ་ལ་འགོད་པ་ལྟར། སློབ་མ་སྣོད་ལྡན་བྱུང་ན་བརྩེ་བས་རྗེས་སུ་བཟུང་། རང་ལ་འབྱོར་བ་ཡོད་སློབ་མ་ལ་གཏན་ནས་མེད་པ་ཡིན་ན། ཕངས་པ་མེད་པར་ལྟོ་གོས་ཆོས་གསུམ་གྱི་སྒོ་ནས་སྐྱོང་བའི་བླ་མ་ཐུགས་རྗེ་ཆེ་བ་ཞིག་དགོས། སྔོན་པོ་ཏོ་བ་གངས་སྐྱ་མོ་ན་བཞུགས་ཙ་ན། ནངས་མ་གཅིག་གི་མི་ཞིག་གིས་བོང་ཐོར་གཅིག་ལ་ལུག་ཁལ་གྱི་ནང་དུ་ལ་མ་ཁྲེས་སེ་རེ་བཅུག་ནས་འགེལ་བ་གཟིགས། དེ་ནས་སང་ནང་པར་ལ་མ་ཁྲེས་སེ་གཉིས་བཅུག་ནས་འགེལ་བ་གཟིགས་པས་ཁོང་གི་ཐུགས་ལ་བླ་མས་སློབ་མ་སྐྱོང་བ་ཡང་འདི་འདྲ་བ་ཞིག་དགོས་སྙམ་པ་དགོངས། ཡང་བཙུན་རྒྱབ་པའི་བཙུན་པ་ཇོ་ལགས་ཟེར་བ་གཅིག །པོ་ཏོ་བ་ལས་ཀྱང་སྔ་བ་ནས་དགེ་བཤེས་སྟོན་པའི་ཕྱག་ཕྱིར་བཞུགས་པ་དེ་བསྙུང་བས། དེའི་ནད་གཡོག་པོ་ཏོ་བ་དང་། ཕུ་ཆུང་བ་དང་དགེ་ཚུལ་གཅིག་དང་གསུམ་གྱིས་བྱེད་པ་ལ། མུ་གེ་ཆེ་བས་ཁོང་རྣམས་ལ་རྒྱགས་རྩམ་མེད་པས་གཞན་དུ་འགྲོ་བར་རིངས་ཀྱང་།
ནད་པ་མ་སོས་པས་ད་ནད་པ་མྱུར་དུ་དྲག་པར་འདོད། ནད་པ་ཡང་དང་ཁ་བྱེ་ནས་ཅིག་ཆར་ཟས་སྐོམ་འདོད། ཟས་སྐོམ་བཟང་པོ་ཟོས་ན་ནད་པ་དྲག་པའི་ཐབས་ཡིན་ཡང་། འདོད་ཚད་སྦྱིན་ན་ནད་ལོག་ནས། སླར་ཡང་རིང་རྒྱང་ངེ་སོང་གི་དོགས་ནས། ཟས་ཆེ་བར་འདོད་ཀྱང་ཆུང་ངུ་སྟེར། སྐོམ་མང་དུ་འདོད་ཀྱང་ཉུང་ངུ་སྟེར་བ་ལ་བརྟེན་ནས། ངེད་ཀྱི་དགེ་བཤེས་སྟོན་པས་རིམ་གྱིས་སྟོན་པ་ཡང་དེ་ལྟ་བུ་ཞིག་ཡིན་པར་དགོངས། སྔོན་གཙང་བུ་སྒོམ་ཆུང་སྒྲགས་ཀྱི་སྤེའུ་ཀེ་རུ་ན་གཅིག་པུར་བཞུགས་དུས། བྲག་ལ་ཁུག་རྟའི་ཚང་བཅའ་བ་ལ་ཚེགས་ཆེ་བར་འདུག་དགོངས་འདག་པ་ཁྱེར་ནས་སྐྱོར་སྐྱོར་མཛད་པའི་མོད་ལ་ཐང་ལ་ལོག་གིན་སོང་། བྱ་ཁོ་ཇི་ལྟར་བྱེད་གཟིགས་ནས་དེ་ལྟར་རིམ་གྱིས་བརྩིགས་པས་ཚང་དེ་འགྲུབ་པ་བྱུང་བས། ངས་བྱའི་ཚང་ལ་བརྟེན་ནས་ཆོས་གོ་གསུངས། དེ་བཞིན་དུ་བླ་མས་སློབ་མ་ལ་ཆོས་སྟོན་པ་ཡང་། ཐོག་མར་ཟབ་མོ་སྟོང་པ་ཉིད་དང་། གསང་སྔགས་ཀྱི་རིམ་གཉིས་སོགས་བསྟན་ན་འགའ་ཞིག་ལ་ཕན་ལས་གནོད་ཆེ་བ་འབྱུང་བས། རེ་ཞིག་བཞག་ནས། བྱང་ཆུབ་ལམ་གྱི་རིམ་པ་འདི་བཞིན་ལམ་
ལ་རིམ་གྱིས་བློ་སྦྱངས་ན་གང་གི་ས་ནས་ཆོས་ཀྱི་བབས་མི་བརྡལ་བ་ཞིག་འོང་། དགེ་བཤེས་གསང་ཕུ་བའི་ཞལ་ནས། འགྲོ་ནི་ཡེ་འགྲོ་བན་གྱིས་མཆོངས་ས་མེད། ཉ་ནི་བག་ཀྱིས་ཟ། རི་བོ་དལ་གྱིས་འཛེག །དོན་ཆེན་རིམ་གྱིས་གཉེར་བྱ་བ་ཡིན་གསུངས། དེ་ལྟར་ཡིན་པའི་ཤེས་བྱེད་ཀྱང་། རྒྱལ་གྱི་གངས་རྒྱ་མོར། དགེ་བཤེས་གྲགས་རྒྱལ་གྱིས་བྱང་ཆུབ་ལམ་གྱི་སྒྲོན་མ་ཞུས་ནས་གསུང་བའི་སྐབས་སུ་འདི་སྐད་གསུངས་ཏེ། རྦ་ཙ་ཀླུ་རྡོར་བྱ་བའི་གཙོ་བོ་རྒད་པོ་གཅིག་རབ་ཏུ་བྱུང་ནས། པོ་ཏོ་བ་ལ་ཆོས་ཉན་པ་ལ། ཁོ་ཤེད་དགེ་བཤེས་ལེགས། རིམ་གྱིས་སློབ་པ་དེ་གཞོན་པ་ལོང་ཡོད་པ་རྣམས་ཀྱི་ཆོས་སུ་འདུག །ང་རྒས་པས་ལོང་མེད་རྒན་པོའི་ཆོས་ཤིག་ཞུ་བྱས་པས། ཚོགས་སུ་འདི་སྐད་གསུངས་ཏེ། མདོ་ཁམས་སྨད་དུ་མགར་བ་ཞིག་གིས་ཁབ་མིག་རྒྱང་རིང་ངེ་བ་བྱས་འདུག་པར། ཁབ་མིག་རིང་བྱས་པས། དེ་ལ་ལེགས་མི་ལེགས་གང་ཡང་མི་ཟེར་བར། ང་ལ་ཕས་བསླབ་པ་ཡིན་ཟེར་རོ། །དེ་བཞིན་དུ་ང་ལ་ཡང་ཇོ་བཙུན་རིན་ཆེན་འོད་ན་རེ། ང་རྒས་པས་ལོང་མེད་པས་རྒན་པོའི་
ཆོས་ཤིག་ཞུ་ཟེར་རྒན་པོའི་ཆོས་ཤིག་ཁྱོད་ལ་མཁོ་ན་ཡང་མཁོ་སྟེ། ང་ལ་འབྲོམ་དགེ་བསྙེན་རྒད་པོ་ཞིག་གིས་བསླབས་པའི་ཆོས་ལམ་གྱི་རིམ་པ་དེ་རང་ཡིན། རྒན་པའི་ཆོས་གཅིག་དང་། གཞོན་པའི་ཆོས་གཅིག་གཉིས་ང་ལ་མེད་གསུངས། དེ་བཞིན་དུ་རྒན་གཞོན་དབང་པོ་རྣོ་རྟུལ་གང་ཡིན་ཡང་ལམ་ལ་བན་མཆོང་མི་བྱེད་པར་ཆོས་བྱང་ཆུབ་ལམ་གྱི་རིམ་པ་འདི་བཞིན་རིམ་གྱིས་འཁྲིད་ན་འཕྲལ་ཕུགས་གང་དུའང་བཀྲ་ཤིས་པས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི་ནི་ཀུན་གྱི་གཞུང་ལམ་ཡིན་པས་ལམ་ལ་འདམ་ཁ་མེད་པར་ཐམས་ཅད་འདིར་འཇུག་པར་བྱ། སྔོན་ཤྭ་བོ་པའི་དྲུང་དུ་སློབ་མ་གསར་པ་རེ་བྱུང་བ་དང་། ཇོ་བོ་ཁྱོད་ངའི་དྲུང་དུ་སྡོད་པ་ཡིན་ན། ཁོ་བོ་ནི་སྐྱོན་དང་མཚང་འབིགས་པས་རྒོལ་ལོ། །དེ་ཙ་ན་ཁྱེད་རང་ཀོ་ལོང་མ་དམ་ཞིག་གསུངས། ཁོང་ལ་བརྟེན་ཚད་མ་འཚེངས་མེད་པར་གདའ། དེ་བཞིན་དུ་བླ་མ་དེའི་སྙིང་ནས་སློབ་མ་ལ་བརྩེ་ཡང་། དངོས་སུ་སློབ་མ་དམུ་རྒོད་ལ་བཀའ་བཀྱོན། སྙོམ་ཆུང་རྣམས་གཟེངས་བསྟོད། འདོད་པ་དང་ཉོན་མོངས་དབང་དུ་འཆོར་འཆོར་འདྲ་བ་རྣམས་ཚར་བཅད་ནས། ཕྱོགས་
ཐམས་ཅད་དུ་ལམ་འཁྱོག་ཏུ་མི་སྟེར་བར་ཡར་མཐོ་རིས་དང་ཐར་པའི་ལམ་ལ་འགོད་དགོས། སློབ་མའི་སྣང་བར་གང་ཤར་བྱེད་དུ་བཅུག་ནས་མར་ངན་སོང་དང་ངན་འགྲོའི་ལམ་ལ་བཏང་ན་མི་ཡོང་བས། སློབ་མ་སྐྱོང་ཚུལ་ལ་མཁས་པར་བྱའོ། །འོ་ན་སློབ་མ་ངན་པ་སྣོད་དང་མི་ལྡན་པ་དེ་ཅི་འདྲ་ཞིག་ཡིན་སྙམ་ན། སྔོན་དགེ་བཤེས་འབྲོམ་གྱི་སྐུ་དྲུང་དུ་རྒྱུས་སྟོན་ཀེ་རུ་ཞེས་བྱ་བ་བཙུན་པ་ཞིག་པའི་དགེ་བསྙེན་ཞིག་འོངས་ནས། ཕྱག་རྟེན་དུ་གསེར་ཞོ་ཕྱེད་ཙམ་ཕུལ་ནས། ཆོས་དང་རྒྱགས་གཉིས་ཀ་ཞུ་བ་ཡིན་ཟེར་བ་ལ། དགེ་བཤེས་སྟོན་པ་ཞལ་ནག་རོག་གེ་བཞུགས་སྐད། དེའི་ཚེ་དགེ་བཤེས་ཕུ་ཆུང་པ་མདུན་ན་ཡོད་པས་བཀའ་བཀྱོན་པ་བྱུང་། སྔོན་རྗེ་མི་ལ་ཐོག་མར་ལྷོ་བྲག་མར་པ་མཇལ་དུས། ཕྱག་འཚལ་ཞབས་སྤྱི་བོར་བླངས་ནས་བླ་མ་རིན་པོ་ཆེ་བདག་ཉི་མ་ལ་སྟོད་ཀྱི་མི་སྡིག་པོ་ཆེ་ཞིག་ལགས་པས། ལུས་ངག་ཡིད་གསུམ་ཡང་འབུལ། ལྟོ་གོས་ཆོས་གསུམ་ཡང་བླ་མ་ལ་ཞུ། ཚེ་འདིར་སངས་རྒྱས་པ་ཞིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། མར་པའི་ཞལ་ནས། སྡིག་པོ་ཆེ་ཡིན་པའི་ཡུས་
ང་ལ་ཅི་འགྲོ། ངའི་ཆེད་དུ་སྡིག་པ་བསག་ཏུ་བཏང་བ་ནི་མིན། གང་ལྟར་ནའང་ལུས་ངག་ཡིད་གསུམ་འབུལ་བ་དེ་བཟང་། ལྟོ་གོས་ཆོས་གསུམ་ཀུན་མི་ཡོང་ཞེས་ཕྱི་རབས་གདུལ་བྱ་ལ་གོ་བ་སྐྱེ་ཕྱིར་དེ་སྐད་གསུངས། དེ་བཞིན་དུ་མཇལ་མ་ཐག་ནས་ལྟོ་གོས་ཆོས་གསུམ་ཐམས་ཅད་དགོས་ཟེར་བའི་ཧམ་པ་ཅན་གྱི་སློབ་མ་དེས་མི་ཡོང་། སྔོན་སྐྱེས་བུ་སེ་ཐེར་བ་ལ་ཁམས་པ་ཚན་གཅིག་གིས། ཇ་སྐོལ་དང་ངེད་ཀྱིས་ཆོས་ཉན་ཅིག་བྱ་བྱས་པས། ཁོང་གིས་ཁམས་པ་གླེན་པ་ཚན་གཅིག་གིས་བསྐོར་ན་དཔེ་མེད་པར་འགྲོ་བ་ཟེར་རོ། །སྔོན་ཀུན་དགའ་བོ་སངས་རྒྱས་ཀྱི་ཉེ་གནས་སུ་བསྐོས་པའི་ཚེ། སྟོན་པས་མི་གསོལ་བའི་ན་བཟའ་རྙིང་པ་དང་། གསོལ་རས་ཀྱི་ལྷག་མ་མི་གནང་བ་དང་། ཆོས་འདོད་པ་རྣམས་ཀྱི་ཞུ་སྣ་བྱེད་དུ་སྟོན་པའི་སྤྱན་སྔར་དུས་ནམ་ཡང་འོང་ཆོག་པ་གསུམ་གནང་ན་ཞབས་འབྲིང་བྱེད་ཅེས་ཞུས་པས་གནང་། ཀུན་དགའ་བོས་དེ་མ་འོངས་པའི་གང་ཟག་ལ་དགོངས་པ་ཡིན། དེས་ན་ཆོས་ལ་ཅི་ཡང་མི་རྩི་བར་ཇ་སུན་རེ་རེའི་མཐོ་དམན་ལ་ཐུགས་ལ་བཏགས་མ་བཏགས་རྩི་བ་དེ་ཕུགས་རུལ་བའི་རྟགས་ཡིན་པས་དེ་ལྟ་
བུའི་སློབ་མས་མི་ཡོང་། སྔོན་པོ་ཏོ་བའི་དྲུང་དུ་ཞའི་ངང་པ་རྒྱ་གར་བྱ་བའི་བཙུན་པ་ཞིག་བྱུང་བ་ལ། དགེ་བཤེས་ཀྱིས་ཐུགས་ཐག་པ་ནས་གདམས་ངག་བསྟན་ཀྱང་། ཁོ་ལ་ནང་ན་ཆོས་ལ་ཉེར་ལེན་མེད་པས་ཐབས་ཅི་བྱས་རུང་རྒྱུད་ལ་ཡོན་ཏན་གང་ཡང་མ་སྐྱེས་པས། དགེ་བཤེས་ཀྱི་ཞལ་ནས། ནང་གི་ཉེར་ལེན་མེད་པ་ལ། །ཕྱིའི་རྐྱེན་གྱིས་མི་ཕན་ཏེ། །ཞའི་ངང་པ་རྒྱ་གར་ལ། །རིན་ཆེན་གསལ་གྱི་གདམས་ངག་རྡུགས། གསུངས། དེ་བཞིན་དུ་ནང་ན་ཆོས་ལ་ཉེར་ལེན་མེད་པ་ལ་ཐབས་ཅི་བྱས་རུང་མི་ཕན། དེས་ན་ཆོས་ལ་འདོད་པ་མེད་པའི་སློབ་མ་དེས་མི་ཡོང་། སྔོན་གཅིག་གིས་གཙུག་གཏོར་དཀར་མོའི་སྔགས་ཀྱི་ཕན་ཡོན་མེས་མི་ཚུགས་ཆུས་མི་ཚུགས་བྱ་བ་ལ་སོགས་པ་རྣམས་མཐོང་བས་ཁོས་སྙིང་པོ་བྲིས་ཏེ། ར་གཅིག་ཡོད་པའི་སྐེ་རུ་བཏགས་ཏེ་བྱིས་པ་འཚོ་རུ་བཏང་བས། སྤྱང་ཀི་བྱུང་ནས་ར་ཟོས་ཏེ། དེར་བྱིས་པས་འུ་ཅག་གི་ར་སྤྱང་ཀིས་ཁྱེར་བྱས་པས་ཕ་ན་རེ། འོ་ན་ཨ་ན་ལེ་རྡུགས་སོང་བྱས་པས། བྱིས་པ་ན་རེ་ཨ་ན་ལེ་ཚུན་ཆད་ཅན་ཅོན་དུ་ཟོས་སོང་ཟེར་རོ། །དེ་བཞིན་
དུ་སློབ་མ་ངན་པས་ཉོན་མོངས་སྤྱང་ཀི་དང་འདྲ་བ་དེ་མི་ཐུབ་པའི་རིང་ལ། སློབ་དཔོན་ཚུན་ཆད་ཅན་ཅོན་དུ་བཙོངས་པ་མང་བས། དེ་ལྟ་བུའི་སློབ་མས་མི་བཏུབ། སྔོན་བུད་མེད་གཅིག་ལ་མནའ་མ་གསར་པ་ཞིག་ཡོད་པས། དེ་ལ་མས་བུ་ལ་མི་སྡོད་ཀྱི་དོགས་ནས། མནའ་མའི་དྲུང་དུ་བུ་ལ་བསྟོད་ར་མང་པོ་བཏང་བས། བག་མ་ན་རེ། ཨ་ནེ་ནི་བསྟོད་ར་ཆེ་ཏེ། བདག་ནི་མི་གཅིག་དང་ཡང་མི་མཇལ་ཟེར་རོ། །དེ་བཞིན་དུ་མཚན་ཉིད་དང་མི་ལྡན་པའི་སློབ་མ་ངན་པ་ཡིད་དུ་མི་འོང་བ་ལ། གཞན་འགའ་ཞིག་གིས་འདི་དད་གཏོང་ཤེས་རབ་ཆེ་སོགས་ཟེར་བསྟོད་ར་གཏོང་ཡང་། དེ་དང་མ་མཇལ་བ་དགའ་གསུངས། འོ་ན་སློབ་མ་བཟང་པོ་ཆོས་ཀྱི་སྣོད་དང་ལྡན་པའི་མཚན་ཉིད་ཅི་འདྲ་ཞིག་ཡིན་སྙམ་ན། རབ་བྱུང་ན་སྔོན་གྱི་བཀའ་གདམས་བླ་མ་གོང་མ་རྣམས་ཀྱི་སློབ་རྒྱུད་ལྟར། ཆགས་སྡང་མེད་པ། བློ་གཟུ་བོར་གནས་པ། བླང་དོར་འབྱེད་པའི་བློ་གྲོས་དང་ལྡན་པ། ཆོས་ལ་དོན་གཉེར་ཆེ་བ། ཆོས་དང་ཆོས་སྨྲ་བ་ལ་གུས་པ། ཡིད་ལེགས་པར་གཏད་ནས་ཉན་པ་ཞིག་དགོས། སྔོན་འཕགས་པ་ནོར་བཟང་གིས་ཕྱོགས་བཅུ་
ཐམས་ཅད་དུ་བླ་མ་བརྒྱ་རྩ་བཅུ་བསྟེན་པའི་དུས། ཁོང་ཡངས་ཤིང་གསལ་ལ་དྲི་མ་མེད་པར་གྱུར་པའི་བླ་མ་ཐམས་ཅད་ལ་སངས་རྒྱས་ཀྱི་འདུ་ཤེས་རྣལ་མ་ཡོད་པས། གཞན་དུ་འགྲོ་བའི་དུས་ན་འབྲལ་ཡེ་མི་ཕོད་པར་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱེད་ཅིང་མིག་མཆི་མས་གང་བས་ཡང་དང་ཡང་དུ་ལྟ་བ་སོགས་བྱས་པའི་རྣམ་ཐར་ལྟར། བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་གུས་གདུང་ཤུགས་དྲག་པོས་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲུག་ཅིང་། ནམ་ཡང་བླ་མ་དང་འབྲལ་བླག་མི་ཕོད་པའི་སློབ་མ་ཞིག་དགོས། སྔོན་སྔགས་པ་དད་ཅན་ཞིག་ལ་བླ་མ་གཞན་ཞིག་གིས་དད་པར་འགྱུར་རམ་མི་འགྱུར་ཚོད་བརྟག་ཕྱིར། སྔགས་པ་ཁྱོད་ཀྱི་བླ་མ་གཤེགས་པ་དེ་དམྱལ་བར་སྐྱེས་འདུག་གསུངས་པས། སྔགས་པ་ན་རེ། ངའི་བླ་མ་དུས་གསུམ་གྱི་སངས་རྒྱས་དེ་རང་ཀ་དམྱལ་བར་སྐྱེ་དོགས་མེད། གལ་ཏེ་སྐྱེས་ན་དམྱལ་བའི་འགྲོ་བ་རྣམས་ལ་ཕན་པའི་དགོངས་གཞི་ཞིག་ཡོད་ནས་སྐྱེས་པ་ཡིན་ལས་ཆེ། ང་ཡང་ཤི་མ་ཐག་ཁོང་གི་འཁོར་དུ་སྐྱེས་ནས་ཐུགས་དགོངས་རྫོགས་པར་བྱེད་ནུས་
པར་ཤོག་སྨྲས་པས། བླ་མ་མཉེས་ནས་སློབ་མ་དད་པ་ཅན་བྱ་བ་ཁྱོད་འདྲ་ལ་ཟེར་ངས་ཁྱོད་ལ་ཀུ་རེ་བྱས་གསུངས་སྐད། སྔོན་ཕན་ཡུལ་ཡ་ངས་ཀྱི་རྒན་མོ་དད་པ་ཤིན་ཏུ་ཆེ་བ་དགེ་འདུན་ཁོ་ན་ལ་མོས་པ་ཞིག་ཡོད་པ་ལ། དུས་ཅིག་གི་ཚེ་དགེ་འདུན་རྒྱལ་བས་མོའི་གྲོང་དུ་ཆོམ་པོ་བྱས་རྒན་མོའི་སྒོ་བཅག་པས། གཞན་ཀུན་གྱིས་མོ་ལ་སྙིང་ཚིམ་དགེ་འདུན་ཁོ་ན་ལ་དད་པ་བྱས་པས་དེ་བྱས་བྱས་པས། མོ་ཕྱིར་བསྐོར་ལོག་བྱས། ཅི་རུང་ཆ་རུང་ཆོས་བདེན་ཟེར་རོ། །དེ་བཞིན་དུ་རྐྱེན་གང་གིས་གཙེས་རུང་བླ་མ་ལ་དད་པ་འགྱུར་བ་མེད་པ་དེ་ལྟ་བུ་ཞིག་དགོས། སྔོན་རྗེ་བཙུན་མི་ལས་མར་པ་བསྟེན་དུས་སྲས་མཁར་དགུ་ཐོག་རྩིག་དུས་ཆོས་མ་གནང་བའི་ཁར། གན་རྐྱལ་དུ་ནམ་ལངས་པ་དང་ཁ་སྦུབ་ཏུ་ས་རུབ་པ་ལྟ་བུ་བརྡབས་པ་སོགས་བཀའ་བཀྱོན་ཕྱག་འབེབས་ཚར་མང་པོ་བྱས། ཡིད་ཆད་དྲག་པོ་ལན་བརྒྱད་ཙམ་བཏང་ཡང་། ལོག་ལྟ་སྐད་ཅིག་ཙམ་ཡང་མ་སྐྱེས་པ་ལྟར། བླ་མས་བཀའ་བཀྱོན་བརྡུང་བཙོག་བརྒྱ་སྟོང་བྱས་ཀྱང་ལོག་ལྟ་མ་སྐྱེ་བར་ད་དུང་སྤྲོ་བཞིན་ཞབས་ཏོག་སྒྲུབ་ནུས་པའི་སློབ་མ་ཞིག་དགོས། སྔོན་ནཱ་རོ་པས་ཏེ་ལོ་
བསྟེན་དུས། གཡང་ལ་མཆོང་བ་དང་། མེའི་དཀྱིལ་དུ་འདུག་པ་སོགས་དཀའ་ཆེན་བཅུ་གཉིས་དཀའ་ཕྲན་བཅུ་གཉིས་སྤྱོད་དགོས་པ་བྱུང་ཡང་། བཀའ་གཅིག་ཀྱང་མ་བཅག་པར་བསྒྲུབས་པ་ལྟར། བླ་མས་བཀའ་གང་ཕེབས་ལ་བཟང་ངན་དང་བླང་དོར་མི་བྱེད་པར་ཇི་བཞིན་སྒྲུབ་པ་ཞིག་དགོས། སྔོན་འཕགས་པ་རྟག་ཏུ་ངུས་བྱང་སེམས་ཆོས་འཕགས་ལ་ཆོས་ཀྱི་ཡོན་དབུལ་སྙམ་དེའི་ཆེད་དུ་ལུས་ཀྱི་པགས་པ་ཁྲག་དང་རུས་པ་གཞན་ལ་བཙོངས་པ་དང་། བྱང་སེམས་ཆོས་འཕགས་ཀྱིས་ཆོས་འཆད་སར་ཆུས་ཆག་ཆག་གདབ་སྙམ། ཆུ་བཙལ་བས་བདུད་ཀྱིས་སྦས་ནས་ཆུ་མ་རྙེད་པར། བྱང་སེམས་ཆོས་འཕགས་ཀྱི་སྐུ་ལ་རྡུལ་ཕོག་གི་དོགས་ནས། རང་གི་རྩ་ཆེན་རྣམས་སུ་ཁྲག་གཏར་ནས་ཆག་ཆག་བཏབ། དེ་བཞིན་དུ་ཚོང་དཔོན་གྱི་བུ་མོ་ལྔ་བརྒྱས་ཀྱང་ལུས་ཀྱི་ཁྲག་གིས་ས་ལ་ཆག་ཆག་བཏབ། དེ་བཞིན་དུ་བླ་མའི་ཕྱིར་ལོངས་སྤྱོད་སྨོས་ཅི་དགོས་བླ་མ་མཉེས་ན་མིག་དང་སྙིང་བཏོན་ནས་འབུལ་དགོས་ཀྱང་སྤུ་ཙམ་མི་ཆགས་པར་འབུལ་ནུས་པ་ཞིག་དགོས། དེ་ལྟ་བུའི་སློབ་མ་སྣོད་ལྡན་ཞིག་
བྱུང་ན། བླ་མ་ཇི་ལྟར་ངན་རུང་ཕྱོགས་བཅུའི་རྒྱལ་བ་རྣམས་བླ་མ་ངན་པ་དེའི་ལུས་ལ་ཞུགས་ནས་མཆོད་པ་གང་ཕུལ་བཞེས་སློབ་མའི་རྒྱུད་བྱིན་གྱིས་བརླབས་ནས་སངས་རྒྱ་བར་འགྱུར། འོ་ན་སློབ་མ་སྣོད་ལྡན་དེ་འདྲ་བ་རྙེད་དཀའ་བས་མ་རྙེད་ན་ཇི་ལྟར་བྱ་སྙམ་ན། སྔོན་དགེ་བཤེས་པོ་ཏོ་བའི་དྲུང་དུ་མི་རེ་འོང་ཙ་ན་མི་གཞི་ཅི་འདྲ་གསུངས། དེར་མི་གཞན་གྱིས་མི་གཞི་རང་འབྲིང་ངེ་བ་ཞིག་གདའ། ཤེས་རབ་ནི་ཆེ་བ་ཞིག་གདའ་བྱས་ཙ་ན། ཁོ་བོ་སློབ་མའི་དམྱལ་བར་བསྐྱུར་བའི་གཉེར་མ་མཆིས། ད་ལྟ་ནས་ཁྲེས་པོ་ཁུར་ལ་རྒྱུགས་གསུངས། མི་གཞི་ནི་གྲོགས་སུ་བཏུབ་པ་ཞིག་གདའ། དད་པ་དང་ཤེས་རབ་ཆུང་ངུ་གདའ་བྱས་ཙ་ན། དད་པ་འདུས་བྱས་ཡིན་པས་བསྐྱེད་འཚལ། ཤེས་རབ་ཆུང་ཡང་མ་ཤེས་ན་ངས་ལན། མི་བྱེད་ན་ཁོས་ལན་གསུངས་སྐད། དེས་ན་ཡོན་ཏན་གཞན་མ་ཚང་ན་ཡང་། མི་གཞི་བཟང་པོ་ལྷ་འདྲ་བ་ཞིག་གལ་ཆེ། གལ་ཏེ་དེ་འདྲ་ཡང་མ་བྱུང་ན་ཆོས་དང་བླ་མ་ལ་དད་པ་ཡོད་ན་ཆོས་བཤད་པའི་སྣོད་དུ་རུང་ཞེས་དམ་པ་གོང་མ་འགའ་ཞིག་གིས་གསུངས། འོ་ན་སློབ་མ་སྣོད་དང་ལྡན་པ་དེས་བླ་མ་ཇི་
ལྟར་བསྙེན་དགོས་སྙམ་ན་བསམ་པ་དད་གུས་ཀྱི་སྒོ་ནས་བསྟེན་ཚུལ་ནི། སྔོན་རྒྱལ་བ་རྡོ་རྗེ་འཆང་གིས་སྙིགས་དུས་གདུལ་བྱའི་སྣང་ངོར་རང་ཉིད་སློབ་དཔོན་གཟུགས་སུ་འོང་གསུངས་པ་དང་། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་ཉེ་གནས་ཀུན་དགའ་བོས་མྱ་ངན་མཛད་པས། སངས་རྒྱས་ཀྱི་ཞལ་ནས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །གསུངས། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིགས་དུས་སུ་དགེ་བའི་བཤེས་གཉེན་མཆོག་དམན་འབྲིང་གསུམ་བཟང་ངན་སྣ་ཚོགས་ཀྱི་ཚུལ་བཟུང་ནས་འགྲོ་བའི་དོན་མཛད་གསུངས་པས། དེས་ན་ངའི་བླ་མ་འདི་བདག་ཅག་རྣམས་ཀྱི་སྣང་ངོར་རྣམ་པ་མིའི་གཟུགས་སུ་ཤར་ཡང་། ངོ་བོ་དུས་གསུམ་གྱི་སངས་རྒྱས་དངོས་ཡིན་སྙམ་དུ། སངས་རྒྱས་དངོས་ཀྱི་དད་པ་སྙིང་ཐག་པ་ནས་བྱ། འོ་ན་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པ་ལ། བདག་གི་དགེ་བའི་བཤེས་གཉེན་ལ་
ལ་ནི་ཐུགས་གཏུམ། ལ་ལ་ནི་ཕྱོགས་ལྷུང་ཆེ། ལ་ལ་ནི་སེར་སྣ་ཆེ། ལ་ལ་ནི་བསླབ་པ་གཡེལ། ལ་ལ་ནི་མཁྱེན་པ་ཆུང་བ་སོགས་སྐྱོན་ནི་མང་པོ་སྣང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་ཆེན་པོ་ནི་མཐོང་རྒྱུ་མི་སྣང་བས་སངས་རྒྱས་དངོས་མ་ཡིན་ནོ་སྙམ་ན། དེ་རང་སྣང་མ་དག་པ་ཡིན། རང་སྣང་མ་དག་ན། སྔོན་སངས་རྒྱས་ཀྱིས་ཅི་མཛད་ཐམས་ཅད་དགེ་སློང་ལེགས་སྐར་གྱིས་སྐྱོན་གྱི་ཕུང་པོར་མཐོང་སྟེ་ཡོན་ཏན་ཅི་ཡང་མ་མཐོང་བས། མི་ལོ་བཅུ་གཉིས་བར་དུ་ཁྱོད་གཡོག་བྱས། །ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་། །ཟེར་བ་བྱུང་། སྔོན་རྗེ་བཙུན་བྱམས་པས་རྒྱལ་བ་ཤཱཀྱ་ཐུབ་པ་དབུའི་ཅོད་པན་དུ་འབྲལ་མེད་མཛད་པ། འཁོར་རྣམས་ཀྱིས་དངོས་སུ་མ་མཐོང་བར་བྱང་ཆུབ་མཆོད་རྟེན་ཞིག་ཏུ་མཐོང་། སློབ་དཔོན་ཟླ་གྲགས་ཀྱིས་སྤྱན་རས་གཟིགས་དབུ་ཐོག་ཏུ་བཞུགས་སུ་བཅུག་ཁྱེར་ནས་ཕྱོགས་ཐམས་ཅད་དུ་ཕེབས་ཏེ། ངའི་སྤྱི་བོ་ན་འཕགས་པ་བཞུགས་སོ། །ཕྱག་མཆོད་གྱིས་བྱས་པས། ལ་ལས་ཅི་ཡང་མ་མཐོང་། ལ་ལས་ཁྱི་རོར་མཐོང་། ཕལ་ཆེ་བས་ཆོས་མང་དུ་བཤད་
པས་རླུང་སྨྱོ་ཡིན་ཟེར། ཆང་ཚོང་མ་ཞིག་གིས་ཞབས་ཙམ་མཐོང་བས་ཀྱང་ཐུན་མོང་གི་དངོས་གྲུབ་ཐོབ་པར་གསུངས། སྔོན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོ་རོ་སྨད་འབུས་གཡེང་བར་གཟིགས་པ་དང་། མེ་ཏྲི་པས་རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པ་ཕག་གསོད་པ་སོགས་མི་འཚམས་པར་བྱེད་པར་མཐོང་བ་དང་། ནཱ་རོ་པས་ཏེ་ལོ་པ་ཉ་གསོན་བསྲེག་བྱེད་པ་སོགས་སྨྱོན་པའི་སྤྱོད་པར་མཐོང་བ་དང་། དགེ་ཚུལ་ཚེམ་བུ་བས་རྡོ་རྗེ་ཕག་མོ་མཛེ་མོར་མཐོང་བ་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་བས་རྡོ་རྗེ་ཕག་མོ་ཕག་རྫི་མོར་མཐོང་བ་དང་། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒད་པོ་མགོ་ལ་ཆོས་གོས་དཀྲིས་ནས་རྨོ་རྨོད་ཅིང་། རོལ་ནང་གི་སེམས་ཅན་མང་པོ་ཆུ་ནང་དུ་འཚོད་པར་མཐོང་བ་སོགས་དམ་པ་གོང་མ་རྣམས་ལ་ཡང་མཐོང་སྣང་མ་དག་པ་དེ་འདྲ་བྱུང་ན། ལས་དང་ཉོན་མོངས་པའི་སྒྲིབ་པའི་གཏིང་དུ་ལྷུང་བ་བདག་ལ་མཐོང་སྣང་ལོག་པ་དེ་འདྲ་འབྱུང་བ་སྨོས་ཅི་དགོས་སྙམ་དུ་དད་པ་བྱ། ཡང་ཆ་གཅིག་ན་བླ་མ་རྣམས་ཀྱིས་བདག་
ཅག་གདུལ་བྱ་མ་དག་པ་རྣམས་ཀྱི་ཆེད་དུ་དེ་ལྟ་བུར་སྤྲུལ་ཡང་སྲིད་དེ། སྔོན་ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟང་གིས་དྲང་སྲོང་རྒྱལ་བའི་དྲོད་ཀྱི་གསུང་ལྟར། རྒྱལ་པོ་མེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞུར་ཕྱིན་པས། རྒྱལ་པོ་མེ་ཁྲི་ལ་བཞུགས་ཏེ། བློན་པོ་སྟོང་ཕྲག་བཅུ་དང་། གཤེད་མའི་མི་དམྱལ་སྲུང་འདྲ་བ་འཇིགས་འཇིགས་མང་པོས་ཉེས་ཅན་གྱི་མི་མང་པོའི་མིག་བཏོན་རྐང་ལག་མགོ་བོ་གཅོད་པ་སོགས་ཁྲིམས་གཅོད་པར་མཐོང་བས། རྒྱལ་པོ་མེ་འདི་འདྲ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞུ་རྒྱུ་ཅི་ཡོད་སྙམ་པས། ནམ་མཁའི་ལྷ་རྣམས་ཀྱིས་ཁྱོད་དྲང་སྲོང་རྒྱལ་བའི་དྲོད་ཀྱི་གསུང་མི་དྲན་ནམ་སྨྲས་པས། ནོར་བཟང་གིས་རྒྱལ་པོ་མེ་ལ་བསྐོར་བ་ལན་གསུམ་བྱས་པས། རྒྱལ་པོས་ནང་དུ་ཁྲིད་ནས། ང་ནི་བྱང་ཆུབ་སེམས་དཔའི་རྣམ་ཐར་སྒྱུ་མའི་རོལ་པ་ལ་མངའ་བརྙེས་པ་སྟེ། ངས་ཡུལ་མི་རྣམས་ཉེས་པ་ལ་འཇིགས་ནས་མི་དགེ་བ་ལས་ལྡོག་ཕྱིར་འདི་ལྟ་བུར་སྤྲུལ་པ་ཡིན་གསུངས། སྔོན་ལི་ཡུལ་གྱི་དགེ་ཚུལ་གཉིས་ཀྱིས་རྗེ་བཙུན་འཇམ་དབྱངས་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་ཞལ་མ་གཟིགས་པས། འཕགས་པ་
ཐུགས་རྗེ་རེ་ཆུང་བྱས་པས། འཇམ་པའི་དབྱངས་ནམ་མཁར་བྱོན་ནས། ང་དང་ཁྱེད་ལ་ལས་འབྲེལ་མེད། འཕགས་པ་ཐུགས་རྗེ་ཆེན་པོ་ཁ་བ་ཅན་ན་སྲོང་བཙན་སྒམ་པོར་སྐྱེ་བ་བཞེས་ནས་ཡོད་དེར་སོང་གསུངས་པས། བོད་དུ་འོངས་པས་སྟོད་ལུང་གི་མདར་རྒྱལ་པོའི་ཆད་པས་བཅད་པའི་མགོ་དང་རྐང་ལག །དན་འབག་གི་གུར་གསེབ་ན། མགོའི་ར་བ་མིག་གི་ཕུང་པོ་དང་། རྐང་ལག་གི་འབལ་ཁང་མཐོང་ནས། འཇམ་དཔལ་ཡང་བདུད་དུ་ཐལ། སྤྲུལ་པ་ཅིའི་སྤྲུལ་པ་སྲོག་གཅོད་ཀྱི་རྒྱལ་པོར་འདུག་སྙམ་ཕྱིར་ལོག་པ་རྒྱལ་པོས་མཁྱེན་ནས། སླར་བཀུག་ནས་མཇལ་བས་ང་བོད་ཀྱི་ཨཱརྻ་པ་ལོ་ཡིན། ཡིད་མི་ཆེས་ན་འདི་ལ་ལྟོས་གསུངས་དབུའི་ཐོད་བཤིག་ནས་ཨ་མི་དེ་བ་བསྟན། ངས་གདུལ་བྱ་འདི་རྣམས་ཞི་བས་མི་ཐུལ་བས། སྤྲུལ་པའི་མི་ལ་སྤྲུལ་པའི་ཆད་པས་གཅོད་པ་ཡིན། སེམས་ཅན་ལ་གནོད་པ་བྱེད་པ་མིན། ད་ཁྱེད་གཉིས་ཅི་འདོད་དྲིས་པས། ཁོང་གཉིས་ད་དུང་ཡིད་མ་ཆེས་པར་དངོས་གྲུབ་མ་ཞུས་སྔར་གྱི་ཡུལ་དུ་སླེབ་པ་ཞིག་འདོད་ཟེར། འོ་ན་རྒྱགས་ཕྱེའི་སྣོད་བྱེ་མས་ཁོངས་ལ་
ཉོལ་གསུངས་པས། དེ་ལྟར་བྱས་ཉལ་བས་རང་གི་ལི་ཡུལ་གྱི་ཟག་ཕུག་གི་སྒོ་རྩར་སླེབ་འདུག་བྱེ་མ་ཡང་གསེར་དུ་གྱུར། དགེ་ཚུལ་དེ་གཉིས་དང་པོར་ལོག་རྟོག་མ་སྐྱེས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་རྒྱུ་ཡིན་པ་ལ། ཚེ་དེར་དངོས་གྲུབ་དེ་ལས་མ་ཐོབ། སྐྱེ་བ་དེའི་འོག་རོལ་དུ་དགྲ་བཅོམ་པ་རྒྱན་མེད་འཐོབ་པར་གསུངས། སྔོན་ཡབ་སྲས་མཇལ་དུས་སུ་དེ་བཞིན་གཤེགས་པ་བདུད་དང་། སྨྱོན་པ། ཞ་བོ། འདོད་ཆགས་ཅན། རྨོངས་པ་སོགས་སུ་སྤྲུལ་ནས་འགྲོ་དོན་མཛད་པར་གསུངས། འཕགས་པ་ཐོགས་མེད་ཀྱི་བྱང་ཆུབ་སེམས་དཔས་སྟོབས་ཀྱིས། རྒྱལ་པོ་སྡིག་ཅན་གྱི་རྒྱལ་སྲིད་ཕྲོགས་ཏེ་རང་གིས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་གསུངས། དེས་ན་བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ཀྱིས་རང་རེ་དུག་གསུམ་གྱི་གཞན་དབང་ཁོ་ནར་གྱུར་པའི་འགྲོ་བ་རྣམས་དང་རིགས་མཐུན་པའི་ཚུལ་གྱིས་དོན་མཛད་པ་ལ་མ་དག་པའི་སྣང་ཚུལ་དེ་འདྲ་ཆེད་དུ་གཉེར་ནས་བསྟན་པ་ཡང་ཡིན་སྙམ་ལ་དད་པ་བྱ། ཡང་ཡོན་ཏན་ཡོད་ཀྱང་དགོས་ཆེད་གཞན་ཡོད་ཚེ་མེད་པའི་ཚུལ་སྟོན་སྲིད་དེ། སྔོན་སངས་
རྒྱས་ཀྱིས་དུས་གསུམ་གསལ་ལེར་མཁྱེན་ཀྱང་། བདུད་ཀྱིས་སྒྱོགས་རྡོ་འཕེན་ཁ་བར་དུ་མ་མཁྱེན་པའི་ཚུལ་གནང་འཕངས་པས་ཞབས་ཀྱི་མཐེའུ་ཆུང་བསྣད་པའི་ཚུལ་བསྟན། མོའུ་མགལ་གྱི་བུ་རྫུ་འཕྲུལ་ལ་ཐོགས་པ་མེད་རུང་། མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་འདམ་བུའི་ཚལ་ལྟར་བཅོམ་དུས་རྫུ་འཕྲུལ་མི་མངའ་བའི་ཚུལ་མཛད་ནས་བཅོམ་དུ་བཅུག །གཞན་གྱིས་ཁྱེད་ཀྱིས་དེ་དུས་རྫུ་འཕྲུལ་མི་བྱེད་པ་བྱས་པས། ལས་ཀྱིས་བཅོམ་ནས་རྫུ་བ་རང་ཡང་མ་དྲན་ན་འཕྲུལ་པ་ལྟ་ཅི་སྨོས་གསུངས། དེས་ན་བདག་གི་བླ་མ་དགེ་བའི་བཤེས་གཉེན་འདི་རྣམས་ལ་ཡང་མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་ཁྱད་པར་ཅན་མངའ་ན་ཡང་། དགོས་པ་གཞན་འདྲ་ཡོད་ནས་མི་མངའ་བའི་ཚུལ་མཛད་པ་ཡང་ཡིན་སྙམ་དུ་བསམ་ལ་དད་པ་འགྱུར་མེད་བྱ། སྔོན་དགེ་བཤེས་ལྷ་བཟོ་ལ་སྟོད་ལུང་པས་མཇལ་རེས་ཀྱིས་བཀའ་བཀྱོན་བྱོན་པ་ལ། ལྷ་བཟོའི་སློབ་མ་ཉག་མོ་བས་སློབ་དཔོན་འདིས་འོ་སྐོལ་དཔོན་སློབ་ལ་སྡང་བ་ཞིག་འདུག་བྱས་པས། ཁྱོད་ཀྱིས་བཀའ་བཀྱོན་དུ་གོ་འམ། ཁོ་བོ་ལ་འདི་ལྟ་བུ་མཛད་རེས་ཀྱིས་
ཧེ་རུ་ཀའི་བྱིན་གྱིས་བརླབས་པ་འདྲ་ཞིག་འོང་གསུངས། དེ་བཞིན་དུ་བླ་མས་རྟག་ཏུ་བརྙས་ཤིང་བཀའ་བཀྱོན་ཕྱག་འབེབས་ཅི་བྱུང་ཡང་ཐུགས་ཁྲོས་པ་ཡིན་མི་བསམ་པར། རང་ལ་རྐྱེན་ཕྱི་ནང་གི་བར་ཆད་འདྲ་ཡོད་པ་རྣམས་ཞི་བའི་ཕྱིར་བཀའ་བསྒོ་བྱིན་རླབས་མཛད་པ་ཡིན། ཡང་ཆ་གཅིག་ན། སྔོན་རྗེ་མི་ལར་མར་པས་བཀའ་བཀྱོན་ཕྱག་འབེབས་གནང་བ་ཐུགས་ཀྱིས་དོར་བ་མ་ཡིན་པར་ཐུགས་ལ་བཏགས་པའི་རྟགས་སུ་རྗེས་ནས་གཞན་ལ་མེད་པའི་ཁྱད་ཆོས་སྙན་བརྒྱུད་ཀྱི་གདམས་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་བ་ལྟར། དེ་བཞིན་དུ་ངའི་བླ་མ་དུས་གསུམ་གྱི་སངས་རྒྱས་འདིས་དངོས་སུ་ཐུགས་ཁྲོ་བ་ལྟར་མཛད་ནས་བཀའ་བཀྱོན་ཕྱག་འབེབས་སོགས་གནང་བ་སྙིང་ནས་ཐུགས་ལ་འདོགས་པའི་རྟགས་ཡིན་ཤིན་ཏུ་བཟང་སྙམ་དུ་ལྷག་པར་དད་པ་བྱ། སྔོན་མར་པས་མི་ལར་སྐུ་རྒྱབ་ལ་རྒལ་མིག་གསུམ་ཙམ་བྱུང་བའི་བར་དུ་སྲས་མཁར་དགུ་ཐོག་བརྩིག་ཏུ་བཅུག་པ། ཕར་བལྟས་ན་ལྷོ་བྲག་མར་པའི་སྲས་ཀྱི་ཆེད་ལྟར་སྣང་ཡང་། དོན་གྱིས་རྗེ་མི་ལའི་ལས་སྒྲིབ་སྦྱོང་ཕྱིར་མ་གཏོགས། མར་པ་ལ་རང་འདོད་ཀྱི་འཁྲི་བ་
གཏན་ནས་མེད་པ། དེ་བཞིན་དུ་བླ་མས་རང་ལ་ལས་ཀ་མང་པོ་གཅིག་ཕྱིར་གཅིག་མཐུད་ནས་བཅོལ་རུང་། བླ་མའི་ཆེད་ཡིན་སྙམ་དུ་མི་བསམ་པར། རང་གི་ལས་སྒྲིབ་སྦྱོང་ཕྱིར་འདི་ལྟར་མཛད་པ་བཀའ་དྲིན་རེ་ཆེ་སྙམ་དུ་ལྷག་པར་དད་བཞིན་དུ་བསྒྲུབ་པར་བྱ། སྔོན་ལྷོ་བྲག་མར་པ་དཔོན་སློབ་ཁ་ཤས་འབུལ་སྡུད་དུ་བྱོན་པས། སྦྱིན་བདག་འགའ་རེས་ན་བཟའ་གསར་པ་ཕུལ་བ་ཡང་སྐུ་ལ་མ་བཞེས་པར་སྣོད་དུ་བཅུག་པས། སློབ་མ་ཞིག་གིས་ཁོང་ཕྱག་རྫས་ལ་སེར་སྣ་ཆེ་བར་འདུག་སྙམ་ནས། ན་བཟའ་སྐུ་ལ་བཞེས་ན་ལེགས་ཞུས་པས། ངས་བཙོངས་ནས་ནོར་ཀུན་གསེར་དུ་བསྒྲིལ་ནས་རྒྱ་གར་གྱི་བླ་མ་རྣམས་ལ་གསེར་གྱི་མཎྜལ་ཕུལ་ཏེ་གདམས་ངག་བོད་ལ་བསྒྱུར་སྙམ། གྱོན་ནས་རྙིང་ན་གཞན་གྱིས་མི་ཉོ་ཞིང་རིན་ཐང་ཆུང་སྙམ་པས་མ་གྱོན་གསུངས་པས། སློབ་མ་དེས་འཕྲལ་དུ་སེར་སྣ་ཆེ་བ་ལྟར་མཛད་ཀྱང་། ཕུགས་ཀྱི་དགོངས་གཞི་ནི་འདི་འདྲ་འདུག །སྐྱེས་བུ་དམ་པའི་མཛད་སྤྱོད་ཀྱི་དགོངས་པ་ནི་ལོན་དཀའ་བར་འདུག་སྙམ་སྔར་བས་མི་ཕྱེད་པའི་དད་པ་ཐོབ་པ་བྱུང་། དེ་བཞིན་དུ་
རང་གི་བླ་མ་དགེ་བའི་བཤེས་གཉེན་གྱིས་འཕྲལ་དུ་ནོར་རྫས་ལ་ཆགས་ཞེན་དང་སེར་སྣ་ཆེ་བ་འདྲ་བ་མཛད་པ་ལ་མི་དད་པ་བྱེད་རྒྱུ་མི་འདུག །ཕུགས་ཀྱི་དགོངས་གཞི་ནི་གང་ཡིན་མི་ཤེས་སྙམ་དུ་ལྷག་པར་དད་པ་བྱ། དེ་ལྟར་བླ་མས་ཅི་མཛད་ཐམས་ཅད་ལེགས་པར་བལྟས་ནས་རྟག་ཏུ་སངས་རྒྱས་དངོས་ཡིན་སྙམ་པའི་འགྱུར་མེད་ཀྱི་དད་པ་བརྟན་པོ་ཡོད་ན། བླ་མ་བཟང་པོ་སྨོས་ཅི་དགོས་ངན་པ་མཚམས་མེད་ཀྱི་ལས་བྱེད་མཁན་ཞིག་ཡིན་ཡང་སློབ་མ་ལ་ཕན་ཐོགས་ཏེ། སྔོན་ཕ་མ་དང་སློབ་དཔོན་དགྲ་བཅོམ་པ་གསོད་པའི་དགེ་སློང་ལྷ་ཆེན་པོ་ཞེས་བྱ་བས་མིའི་ཡུལ་གཞན་དུ་སོང་ནས། ཁོ་བོ་དགྲ་བཅོམ་པ་ཞིག་ཡིན་སྨྲས། རྫུན་གཏམ་གྱིས་ཆོས་བཤད་པས་སློབ་མ་དགྲ་བཅོམ་མཁས་བཙུན་བཟང་གསུམ་འཛོམས་པ་མང་པོ་བྱུང་སྐད། ཡང་བླ་མ་ལ་འགྱུར་མེད་ཀྱི་དད་པ་ཡོད་ན་བླ་མས་ཆོས་ལོག་པར་བསྟན་ཀྱང་སློབ་མ་དམྱལ་བར་སྐྱུར་མི་སྲིད་དེ། སྔོན་བྲམ་ཟེ་ཞིག་ལ་སློབ་མ་གཟུགས་མཛེས་སེམས་བཟང་སྐད་སྙན་ཞིག་ཡོད་པར། བྲམ་ཟེའི་ཆུང་མ་ཆགས་ནས་སློབ་དཔོན་མེད་ཤུལ་དུ་སློབ་མའི་མགུལ་དུ་འཁྱུད་ནས་འོ་བྱས་པས་སློབ་
མས་དེ་མི་རུང་ཞེས་ཆགས་པ་མ་སྤྱད་པ་ལ་མོ་ངན་སེམས་སྐྱེས་གདོང་རྣམས་ལ་སྦར་ཤད་བྱས། སློབ་དཔོན་འོང་ཚེ་ཁྱོད་ཀྱི་གྲྭ་པས་ཁྱོད་མེད་ཤུལ་དུ་ང་ལ་ཆགས་པ་སྤྱོད་དུ་འོངས་པ་ངས་སྤྱོད་དུ་མ་བཅུག་པས་གདོང་ཡང་འདི་ལྟར་སོང་བྱས་པས་བྲམ་ཟེ་ཡང་ངན་སེམས་སྐྱེས་ཏེ། སློབ་མ་ལ་ཁྱོད་ཀྱིས་མི་སྟོང་བསད་ནས་སོར་མོའི་འཕྲེང་བ་ཞིག་ཐོགས་ན་སངས་རྒྱ་ཞེས་བཤད་པས། སློབ་དཔོན་གྱི་གསུང་བདེན་པར་བཟུང་ནས་མི་དགུ་བརྒྱ་དང་གོ་དགུ་བསད་ནས་གཅིག་དེ་ལ་གཞན་མ་རྙེད་ནས། མའི་རྩར་འོངས་ནས་ད་ང་སངས་རྒྱས་ནས་མ་ལ་ཕན་པས་མ་བསད་ཀྱང་རུང་སྙམ་མ་གསོད་གྲབས་བྱས་པས་ནམ་མཁར་སངས་རྒྱས་བྱོན་ནས་དེ་ནི་སློབ་དཔོན་གྱིས་ལོག་པའི་ལམ་བསྟན་པ་ཡིན་པས། དེ་ལས་ལོག་ལ་ལེགས་པའི་ལམ་ལ་ཞུགས་གསུངས་པས་སངས་རྒྱས་ཀྱི་གསུང་ལྟར་བྱས་པས། སྡིག་པའི་སྐྱོན་གྱིས་མ་གོས་པར་དགྲ་བཅོམ་པའི་གོ་འཕང་ཐོབ་པ་བྱུང་། ཡང་དད་པ་ཡོད་ན་བླ་མས་ཆོས་མ་ཤེས་ཀྱང་གང་གསུངས་ཆོས་སུ་གོ་ནས་རྒྱུད་གྲོལ་བར་འགྱུར་ཏེ། སྔོན་དགེ་སློང་རི་ཁྲོད་པ་
སྐྱབས་འགྲོ་ཙམ་ལས་མི་ཤེས་པ་ཞིག་ལ་རྒན་མོ་དད་ཅན་ཞིག་གིས་ཆོས་དགོས་ཞེས་ཡང་ཡང་ནན་གྱིས་ཞུས་པས་དགེ་སློང་དེས་ཆོས་མི་ཤེས་པའི་ཤུགས་ཀྱིས། མི་ཤེས་པ་འདི་སྡུག་བསྔལ་ཞེས་སྨྲས་པ་རྒན་མོས་ཆོས་སུ་གོ །མི་ཤེས་པ་ཞེས་པ་མ་རིག་པ་རེད། སྡུག་བསྔལ་ཟེར་བ་མ་རིག་པའི་དབང་གིས་སྡུག་བསྔལ་འབྱུང་གསུངས་པ་རེད་སྙམ། མ་རིག་པ་སྤངས་པས་དགྲ་བཅོམ་ཞིག་བྱུང་སྐད། ཡང་དད་པ་ཡོད་ན་གདམས་པ་ནོར་བ་ཉམས་སུ་བླངས་ཀྱང་དངོས་གྲུབ་ཐོབ་སྟེ། སྔོན་བླ་མ་གཅིག་ལ་སློབ་མ་གཅིག་ཆོས་ཞུ་རུ་ཕྱིན་པས། བླ་མ་ཐུགས་བྲེལ་ཏེ། ཕྱག་ཕྱིར་སྐྱོག་བྱས་ནས། མཱ་ར་ན་ཛ་བྱས་པས། སློབ་མའི་སྙིང་ལ་མཱ་ར་ན་ཛ་སྔགས་ཡིན། ལག་པ་ཕྱིར་སྐྱོག་པ་དེ་ཕྱག་རྒྱ་ཡིན་སྙམ་ནས། མཱ་ར་ན་ཛ་བྱས་ལག་པ་ཕྱིར་སྐྱོག་སྐྱོག་བྱས་ནས་སྒྲུབ་པས་འགྲུབ་ནས། ལས་བཞིའི་འཕྲིན་ལས་བྱེད་ནུས་པ་ཞིག་བྱུང་སྐད། བླ་མ་དང་གདམས་ངག་ལ་ཡིད་ཆེས་ཀྱི་དད་པ་ཡོད་ན་སྔགས་དང་ཕྱག་རྒྱ་དེ་ལྟ་བུས་དངོས་གྲུབ་དེ་འདྲ་ཐོབ་ན། གདམས་པ་མ་ནོར་བ་ཞིག་བསྒྲུབ་ན་དངོས་གྲུབ་ཚེགས་མེད་དུ་ཐོབ་པ་སྨོས་ཅི་
དགོས། སྔོན་ཁྱིམ་བདག་ཅིག་ལ་དགེ་སློང་ཅིག་གིས་བསོད་སྙོམས་བླངས་པས། ཁྱིམ་བདག་དེས་ཁྱེད་དགྲ་བཅོམ་པ་ཡིན་ན་དྲང་། དེ་མིན་མི་འདྲེན་བྱས་པས། དགེ་སློང་གིས་དགྲ་བཅོམ་པ་མིན་ཞེས་ཕྱིར་ལོག་པས། ཁྱིམ་བདག་གི་བསམས་པ་ལ། ཁོང་འདོད་པ་ཆུང་ཚོད་ཀྱིས་དགྲ་བཅོམ་ཡིན་ངེས་སྙམ་ནས། ཚུར་བྱོན་དགྲ་བཅོམ་པ་ཡིན་རུང་མིན་རུང་ཆོས་སྟོན་དྲང་གི་བྱས་ནས་དྲངས་པས། དགྲ་བཅོམ་པ་ཞིག་ལ་དྲངས་པའི་བསོད་ནམས་ཐོབ་པ་བྱུང་། ཡང་སྔོན་རྒན་མོ་གཅིག་གིས་ཁྱིའི་མཆེ་བ་ལ། དགྲ་བཅོམ་པའི་མཆེ་བ་ཡིན་སྙམ་ནས་མཆོད་པས། སྐབས་ཤིག་མཆེ་བ་དེ་ནས་འོད་ཟེར་འཕྲོ་བ་བྱུང་། དེས་ན་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས། མཆོད་བསྟོད་གསོལ་བ་འདེབས་ནུས་ན། བླ་མ་ཇི་ལྟར་ངན་རུང་སློབ་མའི་རྒྱུད་ལ་སངས་རྒྱས་དང་ཁྱད་མེད་པའི་བྱིན་རླབས་དངོས་གྲུབ་འབྱུང་བར་འགྱུར། སྔོན་དགེ་བཤེས་ཡ་གད་པ་རྭ་སྒྲེང་ན་དགེ་བཤེས་ཀྱི་སྤྱན་སྔར་ཡོད་དུས་རྨི་ལམ་ལ། དགེ་བཤེས་ཀྱི་སྐུ་རྒྱབ་ན་དད་གུས་བསྒོམ་ཞིང་ཡོད་པ་ལ། ཞལ་ཕྱིར་བསྒྱུར་
ནས། ཁྱོད་ངའི་སྐྱོན་ལ་ཡོན་ཏན་དུ་མི་བསྒོམ་པར། སྐྱོན་ལ་ཡོན་ཏན་དུ་སྒོམས་དང་། དེས་ཁྱོད་ལ་ཕན་ནམ་མི་ཕན་གཅིག་བལྟ་གསུངས་པ་རྨིས་པས། ཕྱིས་བསམ་ཚེ་ཆོས་དེ་ལས་ཆེ་བ་ཞིག་མ་བྱུང་གསུངས། དེས་ན་བླ་མའི་ཡོན་ཏན་ལ་ཡོན་ཏན་དུ་བལྟ་བར་མ་ཟད། སྐྱོན་ལ་ཡོན་ཏན་དུ་བལྟ་བ་ཞིག་དགོས། བླ་མས་ཅི་མཛད་ལེགས་པར་མཐོང་བའི་དད་པ་ཞིག་མེད་ན་སངས་རྒྱས་དངོས་བསྟེན་རུང་ཕན་ལས་གནོད་ཆེ་སྟེ། སྔོན་དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བ། མདོ་སྡེ་བཅུ་གཉིས་བློ་ལ་ཡོད་པ། བསམ་གཏན་དང་པོའི་ཏིང་འཛིན་ཐོབ་པ། བཅོམ་ལྡན་འདས་ཀྱི་ཉེ་གནས་ལོ་བཅུ་གཉིས་བྱས་པས། བཅོམ་ལྡན་འདས་ཀྱིས་སེམས་ཅན་འདུལ་བའི་ཐབས་དང་སྤྱོད་པ་ཅི་མཛད་ཐམས་ཅད་ཁོས་གཡོ་དང་སྒྱུ་རུ་མཐོང་བས། ཆུ་བོ་བརྒལ་བྱེད་ཀྱི་འགྲམ་ནས་དངོས་སུ་སའི་མཐོང་བྱེ་ནས་སེམས་ཅན་དམྱལ་བར་སོང་སྐད། དེ་བཞིན་དུ་བླ་མའི་དྲུང་དུ་སྡོད་དུས། ཡོན་ཏན་ལ་མི་བལྟ་བར། བླ་མའི་སྐྱོན་རྟོག་གིན་བསྡད་ན། འགྲོ་ས་དམྱལ་བ་ལས་འོས་མེད། དེས་ན་དང་པོ་ཆོས་འབྲེལ་མ་བྱས་ཙ་ན། གང་ཟག་དེའི་
སྐྱོན་ཡོན་ལེགས་པར་བརྟག་དགོས་པ་ཡིན། དེ་ནས་གང་ཟག་དེ་བླ་མར་བསྟེན་ཆོས་འབྲེལ་བཞག་ནས་བཟུང་། བླ་མ་དེ་ཅི་འདྲ་ཞིག་ཡིན་རུང་མཛད་སྤྱོད་ཇི་ལྟར་སྣང་ཡང་། སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ལ། ཅི་མཛད་ཐམས་ཅད་ཡོན་ཏན་འབའ་ཞིག་ཏུ་བལྟ་དགོས། དེས་ན་བླ་མ་ལ་སངས་རྒྱས་དངོས་ཀྱི་དད་པ་འདི་ཤིན་ཏུ་གལ་ཆེ་སྟེ། སྔོན་ཇོ་བོ་ལ་འབྲོམ་སྟོན་པས། བོད་ན་བསྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བསྟེན་ནས་སྐྱེ་བ་ལ། ཁྱེད་བོད་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་པས་ཡོན་ཏན་ཞིག་ག་ནས་སྐྱེ་གསུངས། ཡང་ཇོ་བོ་ལ་བོད་སྟོན་འགའ་རེས་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ། མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་གསུངས། བླ་མའི་ཆོས་ཀྱི་བཀའ་དྲིན་དྲན་ཏེ་གུས་པར་བྱ་ཚུལ་ནི། སྔོན་བཅོམ་ལྡན་འདས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ། རྒྱལ་པོ་བྱི་ལིང་གར་ལིང་
ཞེས་བྱ་བར་གྱུར་ཚེ། ཆོས་ཚིག་བཞི་ཞིག་ཐོབ་པའི་ཕྱིར། ལུས་ལ་ལྕགས་གཟེར་སྟོང་བཏབ་པ་དང་། རྒྱལ་པོ་གན་ཤ་ནི་པ་ལི་ཞེས་བྱ་བར་གྱུར་ཚེ། ཆོས་ཚིག་བཞི་པ་ཞིག་ཐོབ་པའི་ཕྱིར། ལུས་ལ་མར་མེ་སྟོང་བཙུགས་པ་དང་། དེ་བཞིན་དུ་ཆོས་ཚིག་བཞི་པ་རེ་ཐོས་ཕྱིར། མེ་དོང་དུ་མཆོངས་པ་དང་། ལུས་ཀྱི་པགས་པ་ཤོག་བུ་རུས་པ་སྙུག་གུ་ཁྲག་གི་སྣག་ཚ་བྱས་ཡི་གེ་བྲིས་པ་དང་། ཆོས་ཀྱི་ཕྱིར་རང་གི་བཙུན་མོ་ཡིད་དུ་འོང་བ་དང་། སྲས་གཅེས་པ་ཡང་གནོད་སྦྱིན་གཏུམ་པོ་ལ་ཟར་བཅུག་པ་དང་། དཔལ་ལྡན་ཨ་ཏི་ཤས་བླ་མ་གསེར་གླིང་པ་ལ་བྱང་ཆུབ་སེམས་ཀྱི་གདམས་ངག་གསན་པའི་ཕྱིར། རྒྱ་མཚོའི་སྟེང་ལ་གྲུ་གཟིངས་བཅས་ནས་ཟླ་བ་བཅུ་གསུམ་གྱི་བར་དུ་བྱོན་ནས་དཀའ་བ་སྤྱད་པ་དང་། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་རྒྱ་གར་གྱི་ཡུལ་ཐང་ཆེན་པོ་བགྲོད་དཀའ་ཉེན་ཆེ་ལ། གཅན་གཟན་དང་དུག་སྦྲུལ་མང་ཞིང་འཇིགས་པ་ཆེ་བ་ལ་ལུས་སྲོག་ཁྱད་དུ་བསད་ནས་བྱོན་པ་ཡིན་ཏེ། ནགས་འཐུག་པོ་ཞིག་ལ་ཐོན་དུས་མེད། །ལ་རིང་པོ་ཞིག་ལ་བགྲོད་དུས་མེད། །གཅན་གཟན་དང་ཆུ་ལ་ཐར་དུས་མེད། །
ཤིང་སྡོང་མི་རོ་རེངས་པ་འདྲ། །ལམ་དེ་ཀུན་གྱི་ཚ་གྲང་བཤད་ཙ་ན། །དུས་ད་ལྟ་དྲན་ཡང་གློ་སྙིང་འདར། །ཞེས་གསུངས་པ་དེ་ལྟ་བུའི་དཀའ་སྤྱད་མཛད་དགོས་ཀྱང་། ད་ལྟ་རང་རེས་དེ་ལྟ་བུའི་དཀའ་སྤྱད་མི་དགོས་པར། བླ་མ་དགེ་བའི་བཤེས་གཉེན་གྱིས་ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་རྣམས་སྦ་གསང་མེད་པར་ཕས་བུ་ལ་སློབ་པ་བཞིན་སྐྱོ་ངལ་མེད་པར་བསླབས། སངས་རྒྱས་དངོས་དང་མཇལ་ཡང་དེ་ལས་ལྷག་པ་ཞིག་སྟོན་རྒྱུ་མ་མཆིས། རང་ལ་བུ་སྐྱེས་ནས་ཉམས་སུ་ལོན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི་ཐེ་ཚོམ་མི་འདུག །རང་གི་ངོས་ནས་སངས་རྒྱས་ལས་བླ་མ་བཀའ་དྲིན་ཆེ་བར་གདའ། འབད་པ་དང་རྩོལ་བ་ཅུང་ཟད་ཙམ་ཡང་མ་དགོས་པར་བླ་མས་ཟབ་རྒྱས་ཀྱི་ཆོས་གང་འདོད་བསྩལ་བའི་བཀའ་དྲིན་འདི་གཞལ་དགོས་ཤིག་བྱུང་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་རིན་པོ་ཆེས་ཕྱུར་བུར་བཀང་ནས་ལན་སྟོང་ཕུལ་རུང་གཞལ་བར་ག་ལ་ནུས་སྙམ་དུ་བླ་མའི་བཀའ་དྲིན་རྣམས་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་མ་བྱུང་གི་
བར་དུ་བསམ། དུས་རྟག་ཏུ་ཕྱག་དང་ཞེ་ས་གུས་པ་ཁྱད་པར་ཅན་བྱ། སྔོན་འཕགས་པ་རྟ་ཐུལ་དང་། སངས་རྒྱས་གཉིས་སྟབས་གཅིག་ཏུ་བཞུགས་པ་ལ། འཕགས་པ་རྟ་ཐུལ་གྱི་སློབ་མ་བྲམ་ཟེ་ཉེ་རྒྱལ་དང་། པང་ན་སྐྱེས་གཉིས་ཁོང་གི་སྤྱན་སྔར་འོངས་ཏེ། སྔོན་ལ་སངས་རྒྱས་ལ་ཕྱག་བྱ་སྙམ་པས། སངས་རྒྱས་ཀྱི་ཞལ་ནས། གང་ལ་ཆོས་ནི་ཐོས་གྱུར་པ། །དེ་ལ་དང་པོར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་བྲམ་ཟེས་བཞིན། །གསུངས་ནས། སྔོན་ལ་འཕགས་པ་རྟ་ཐུལ་ལ་ཕྱག་གྱིས་གསུངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་། ཀུན་གྱི་ཐོག་མར་བླ་མ་ལ་རབ་ཏུ་གུས་པས་ཕྱག་ལ་སོགས་པ་བྱེད་དགོས། སྔོན་ཞོགས་ཀྱི་མགུ་མི་ཕ་བུ་གཉིས་ཡུང་བར་བྱུང་བ་ལ། གཅིག་གིས་ཁྱེད་ཞོགས་ཀྱི་མགུ་དང་། ཡུང་བའི་བྲན་དང་། རྨ་ཡུལ་གྱི་གཉོས་དང་གསུམ་མི་ཚན་ཆེ་བ་ཡིན་ན། ཁྱེད་མགུ་མི་ད་ལྟ་ཅི་ཕོད་ཕོད་བྱས་བྱས་པས། དང་པོ་དེ་ཚུགས་ལགས་ཏེ། ད་ལྟ་ཉ་ནས་གདའ་ཟེར་བས། བུ་ན་རེ་ང་ནི་ཕ་མེས་གང་བས་ངན་རྒྱུ་མེད་ཟེར་རོ། །དེ་བཞིན་དུ་བླ་མ་ལས་རང་ངན་རྒྱུ་མེད་སྙམ་ནས་ང་རྒྱལ་གྱིས་ཁོག་པ་ཁེངས་ནས་བླ་
མ་ལ་མི་གུས་པ་དེ་ལ་བྱིན་རླབས་མི་འཇུག །སྔོན་ཁྱུང་པོ་གྲགས་སེ་ལ་སློབ་མ་ཞང་སྟོན་ཐུགས་རྗེ་བྱ་བས་བགྲོ་གླེང་བཙུགས་པས་བག་ཙམ་ཁོ་རྒྱལ་བ་བྱུང་ནས། གཞུ་མཁན་ཕྱོགས་ཀྱི་གླང་པོ་ཡིན། །མདའ་མཁན་དྷརྨ་ཀཱིརྟི་ཡིན། །འཕེན་མཁན་ཞང་སྟོན་ཐུགས་རྗེ་ཡིན། །ཁྱུང་པོ་གྲགས་སེ་སྣོམས་ལ་གཤེགས། ཟེར་རོ། །དེ་བཞིན་དུ་བླ་མ་ལ་བརྙས་བཅོས་དང་རྨ་འབེབས་བྱེད་པ་དེ། བདུད་ཀྱིས་ཁྱེར་བ་ཡིན། བླ་མ་ལ་ཐལ་འགྱུར་རྒོལ་ཞིང་ཚིག་རྨ་ཕབ་ན་ཤི་འཕོས་མ་ཐག་དམྱལ་བར་འགྲོ་ཡོང་བས། དེས་ན་རྟག་ཏུ་སངས་རྒྱས་ལས་ཀྱང་ལྷག་པར་བླ་མ་ལ་གུས་དགོས། སྦྱོར་བ་ཟང་ཟིང་གི་འབུལ་བ། ལུས་ངག་གིས་བསྙེན་བཀུར། བཀའ་བཞིན་སྒྲུབ་པའི་སྒོ་ནས་བླ་མ་བསྟེན་ཚུལ་ནི། སྔོན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རྒྱལ་བློན་རྣམས་ཀྱིས་རྒྱ་གར་གྱི་ལོ་པཎ་མཁས་གྲུབ་རེ་རེ་ཙམ་གདན་འདྲེན་པ་ལ་གསེར་གྱི་པ་ཏྲ་དང་། གསེར་ཕྱེ་བྲེ་ལ་གཞལ་ནས་བསྐུར། སློབ་དཔོན་ཆེན་པོ་དང་མཁན་ཆེན་ཞི་བ་འཚོ་སོགས་ལ། ཆོས་ཞུ་ཐེངས་རེ་རེ་ལ་གསེར་དངུལ་སོགས་རིན་པོ་ཆེའི་སྣོད་དུ་མ་བཀང་ནས་
ཕུལ་བ་དང་། སྔོན་ལྷ་བཙུན་ཁུ་དབོན་གྱིས་ཇོ་བོ་གདན་འདྲེན་པའི་ཕྱིར་ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ་སོགས་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་དུ་བརྫངས་པ་དང་། ཇོ་བོ་གདན་འདྲོངས་ནས་འབུལ་བ་མང་པོ་བཏེགས། འབྲོམ་རིན་པོ་ཆེས། ཇོ་བོ་ལ་ཆོས་ཞུ་ཐེངས་གཅིག་ལ་ཡེར་པ་ནས་གསེར་ཞོ་དགུ་དགུ་ལ་སྲང་རེ་བྱས་པའི་སྲང་བརྒྱ་དང་བཅུ་རྟ་བཟང་པོ་བཅོ་བརྒྱད་ཀྱི་མགོ་དྲངས་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། པོ་ཏོ་བའི་ཞལ་ནས། དགེ་བཤེས་སྟོན་པའི་བསྟེན་ཚུལ་གྱི་དབང་དུ་བྱས་ན། རྟག་ཏུ་ངུ་དང་གཉིས་སྐུ་ཤ་བཏང་མ་གཏང་གི་ཁྱད་ལས་མེད་པ་ཞིག་མཛད་པ་ཡིན་གསུངས། ལྷོ་བྲག་མར་པ་རྒྱ་གར་དུ་འགྲོ་ཐེངས་གསུམ་མཛད་པ་རེ་རེ་ལའང་། གསེར་དཀར་ཡོལ་མང་པོ་ཁྱེར་ནས་བླ་མ་རྣམས་ལ་གསེར་གྱི་མཎྜལ་ཁོ་ན་ཕུལ་ནས་ཆོས་ཞུས་པས་ཁོང་གིས། ལོངས་སྤྱོད་སེར་པོ་གསེར་ལ་བྱས། སོགས་མགུར་གསུངས་པར་གདའ། སྔོན་གཞུང་གི་རྔོག་སྟོན་ཆོས་རྡོར་གྱིས། མར་པ་ལ་སྐུ་གསུང་ཐུགས་རྟེན་གསེར་གཡུ་མཛོ་རྟ་སོགས་ནོར་ཡོད་དགུ་ཅོག་ཕུལ་ནས། བླ་མ་རིན་པོ་ཆེ་སྤྱིར་བདག་
རང་གི་སྒོ་གསུམ་བླ་མ་ལ་དབང་ནའང་། ད་ལན་ར་རྒན་མོ་རྐང་ཆག་གཅིག་མིན་ནོར་ཡོད་ཀུན་བླ་མ་ལ་ཕུལ་ལགས་པས། དབང་གདམས་ངག་ཟབ་ཁྱད་ཐོན་པ་ཀུན་དང་། ཁྱད་པར་སྙན་བརྒྱུད་ཤོག་སྒྲིལ་གྱི་གདམས་ངག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། བླ་མ་མར་པ་དགྱེས་བཞིན་དེ་ལྟར་ནའང་། ར་མ་རྐང་ཆག་དེ་ཡང་ཕུལ་གསུངས་པས། རྔོག་གིས་ར་མ་རྒྱབ་ཏུ་ཁུར་འོངས་ནས་ཕུལ་བས་བླ་མ་ཤིན་ཏུ་དགྱེས་ཏེ། གསང་སྔགས་ཀྱི་སློབ་མ་དམ་ཚིག་ཅན་བྱ་བ་ཁྱོད་འདྲ་བ་ལ་ཟེར་བ་ཡིན། ང་ལ་ར་གཅིག་རང་གི་དགོས་རྒྱུ་ཆུང་སྟེ། ཆོས་ཀྱི་ཆེ་བ་འདོན་པ་ལ་དགོས་པ་ཡིན་གསུངས། དབང་དང་གདམས་ངག་ཁྱད་པར་ཅན་མང་པོ་གནང་། སྐྱེས་རབས་ལས། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུར་རོལ་འགྲམ་ཡང་རིང་། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང་། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་། །གསུངས་པའི་ཚིགས་བཅད་འདི་ནི་བྱང་སེམས་ཟླ་བས་བྲམ་ཟེ་ལེགས་བཤད་ཀྱི་སྐྱེས་ཁྱེར་འོང་པ་གཅིག་ལ་གསེར་སྲང་སྟོང་ཕུལ་ནས་
བླངས་སོ། །དེ་དག་རྣམས་བཞིན་རང་ལ་ཡོད་ན། གསེར་དངུལ་གཡུ་བྱུ་རུ་མཛོ་རྟ་བུ་ཆུང་མ་འཁོར་གཡོག་སོགས་གཅེས་ཤིང་ཕངས་པའི་དངོས་པོ་གང་བཟང་ཐམས་ཅད་བླ་མ་ལ་ཕངས་པ་མེད་པར་ཕུལ་ནས་ཆོས་ཞུ་དགོས། བླ་མ་དགྱེས་ན་དངོས་པོ་ངན་ཡང་ཕུལ་ཆོག །དེ་མ་གཏོགས་རང་གི་ངོས་ནས་བཟང་པོ་ཡོད་བཞིན་ངན་པ་འབུལ་མི་རུང་། སྔོན་རྟག་ཏུ་ངུས་བྱང་སེམས་ཆོས་འཕགས་ཀྱི་ཕྱིར་ལུས་ཀྱི་ཤ་ཁྲག་ཀྱང་ཕངས་པ་མེད་པར་བཏང་ནས་ལུས་ངག་གིས་བསྙེན་བཀུར་བགྱིས་པ་དང་། ནཱ་རོས་ཏེ་ལོ་མཉེས་ཕྱིར་ལུས་ཀྱི་སྟེང་ནས་དཀའ་བ་དཔག་ཏུ་མེད་པ་སྤྱད་པ་དང་། རྗེ་མི་ལས་མར་བའི་བཀའ་བཞིན་སྲས་མཁར་དགུ་ཐོག་རང་གཅིག་པུས་བརྩིགས། ཡུམ་བདག་མེད་མའི་སྐུ་གཡོག་ཆུ་ལེན་པ། ཡོས་འཐག་པ། མེ་འབུད་པ། ཐལ་བ་འཕྱགས་པ། ཐ་ན་ཡོས་བརྔོ་བ་དང་བཞོན་མ་འཇོ་བའི་འཕོང་སྟེགས་ཚུན་ཆད་ཀྱི་མི་དལ་བའི་བསྙེན་བཀུར་བྱས། ཡང་གཡུང་སྟོན་ཁྲོ་རྒྱལ་གྱི་དྲུང་ན་གནས་དུས། གྲོགས་པོ་འགའ་ཡུལ་དུ་ལོག་པ་ཚ་ལམ་གཅིག་གི་བར་བསྐྱལ་ནས། ཚུར་ལོག་པའི་ལམ་ན་རྟ་བོང་གི་སྦང་།
བ་གླང་གི་ལྕི་བ། ཁྱི་ལུད་རྣམས་འཐུ་ཞིང་འོང་བས། འཐུ་བ་གང་རྙེད་པ་བླ་མའི་གསོལ་ཞིང་ཞིག་ཡོད་པ་དེའི་ཁར་ས་ཁུང་བྲུས་ཤིང་སྦས་པས། བླ་མ་གཟིམ་ཁང་གི་སྟེང་ན་ཡོད་པས་གཟིགས་ཏེ། གྲྭ་པ་འགའ་ལ་ང་ལ་སྔར་སློབ་མ་ཇི་སྙེད་ཅིག་བྱུང་སྟེ། མ་ཀི་བས་ཤ་ཚ་བ་མ་བྱུང་ད་དུང་མི་ཡོང་གསུངས། དེ་བཞིན་དུ་བླ་མ་ལ་སྐུ་མཉེ་དྲིལ་ཕྱི་གདན་འབུལ་སྙུང་གཡོག །བསྐོར་བ་དང་། ཕྱག་དང་། ལྡང་བ་དང་། འདུད་པ་དང་། བསུ་སྐྱེལ་དང་། ལས་དང་། ཁུར་དང་། བང་ཆེན་མངག་གཞུག་སོགས་བཀའ་གང་ཕེབས་ཐུགས་གང་དགྱེས་ཕན་གང་ཐོགས་པ་རྣམས་ལུས་སྲོག་ལ་མི་བལྟ་བར་སྒྲུབ་པར་བྱ། སྔོན་རིགས་ངན་གྱི་རྣལ་འབྱོར་པ་ཨ་ན་ཀ་ར་བཛྲ་སིདྡྷི་དང་། སློབ་མ་སྒྲ་གཅན་འཛིན་བཟང་པོའི་ལོ་རྒྱུས་ལྟར། བླ་མ་དགྱེས་ཤིང་དོན་དུ་འགྱུར་ན། བླ་མ་བསད་ཀྱང་སློབ་མ་ལ་ཉེས་པར་མི་འགྱུར་གྱི་སྟེང་དུ། བླ་མའི་བཀའ་བཞིན་བསྒྲུབས་པའི་ཕན་ཡོན་འབྱུང་། དེ་ལྟ་བུ་མ་ཡིན་པར་བླ་མ་མི་དགྱེས་ན་ཆོས་ཤིག་ཡིན་རུང་རེ་ཞིག་འཇོག་དགོས། སྔོན་རྗེ་བཙུན་མི་ལས་དགུང་ལོ་བཞི་
བཅུ་ཞེ་བཞི་ནས་བརྒྱད་ཅུ་གྱ་བཞིའི་བར་དུ་བླ་མའི་བཀའ་བཞིན་མི་མེད་པའི་གངས་དང་རི་སུལ་རྣམས་སུ་བསྒོམ་ཐག་ལུས་དང་མ་བྲལ་བ་བྱས་སྒྲུབ་པ་མཛད་པ་དང་། རྣལ་འབྱོར་དབང་ཕྱུག་ཕྱག་པ་ཁྲི་མཆོག་དགུང་ལོ་སུམ་ཅུ་པ་ལ། ཇོ་བོ་རྗེ་དང་མཇལ་ཏེ་གདམས་ངག་ཞུས་ནས་བསྒོམ་པའི་ཚེ། ཇོ་བོའི་ཞལ་ནས། དུས་དེ་རིང་ནས་མིང་ཡང་ཡིད་ལ་མ་བྱེད། རུས་ཡང་ཡིད་ལ་མ་བྱེད་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་སྒོམས་གསུངས་པ། དེ་ཁོང་གི་ཐུགས་ལ་བཞག་ནས། རྭ་སྒྲེང་གི་ཤུགས་གསེབ་ན་ཕར་རི་དྭགས་རྣམས་དང་ཁྱད་པར་མེད་པར་བཞུགས་ནས། མི་སུ་གང་དང་གདོང་ཕྲད་པ་ཙམ་ཡང་མི་མཛད་པར་སྐུ་ཚེ་འདའ་རུ་བཅུག་སྐད། དེ་བཞིན་དུ་བླ་མའི་བཀའ་བཞིན་སྒྲུབ་པའི་མཆོད་པ་ཇི་སྲིད་འཚོའི་བར་དུ་འབུལ་བར་བྱ། འོ་ན་བླ་མ་བསྟེན་དུས་ཆོས་ཇི་ལྟར་ཞུ་སྙམ་ན། སྔོན་གང་པོ་གཞིས་ལ་བསྡད་ནས། ཕུ་བོ་གསུམ་བྱེས་སུ་ཚོང་ལ་སོང་བ་དང་། མནའ་མ་རྣམས་ཀྱི་རྒྱགས་དང་གོས་གང་པོས་སྦྱིན་པ་ལས། མནའ་མ་ཆེན་མོ་དུས་ལ་མཁས་པས། ཁ་ཤ་རས་སྒོ་ཕྱེ་ཙ་ན། བུ་ཀུན་
སློང་དུ་བཏང་པས་སྦྱིན་ནས་བྱུང་། རས་ཕྲ་མོས་སྒོ་ཕྱེ་བའི་དུས་སུ་སློང་དུ་བཏང་པས་སྦྱིན་ནས་བྱུང་། མནའ་མ་གཞན་གཉིས་པོ་དུས་ལ་མི་མཁས་པས་འགྲན་ནས་སློང་དུ་བཏང་བས། ཁ་ཤ་རས་སྒོ་བཅད་ནས། བུ་རམ་གྱི་སྒོ་ཕྱེ་བ་དང་ཕྲད་བུ་རམ་གྱི་སྙིམ་པ་བཀང་ནས་བཏང་། ཡང་རེས་སློང་དུ་བཏང་བས། རེས་སྦོམ་པོས་སྒོ་ཕྱེ་བ་དང་ཕྲད་ནས་སྦོམ་པོ་བྱིན་པས། མ་དགའ་སྟེ་འཁང་ལོ། དེ་བཞིན་དུ་བླ་མ་ལ་ཆོས་ཞུ་བ་ཡང་། ཐུགས་དམ་གྲོལ་བ་དང་། སྐུ་ཁམས་དྭངས་པ། ཐུགས་རྣལ་དུ་ཕེབས་པ་སྤྲོ་ཞིང་དགྱེས་པའི་དུས་སུ་གདམས་ངག་ལེགས་པར་ཞུས་ན་ཡོང་། ཐུགས་དམ་ལ་གནོད་པ་དང་། སྐུ་ཁམས་མ་བདེ་བ། ཐུགས་བྲེལ་ཆེ་བ་དང་། ཐུགས་མི་དགྱེས་པའི་དུས་སུ་མི་ཞུ། དེ་ལྟར་མ་བྱས་ན་ཆོས་མི་ཐོབ་པའི་ཁར་བཀའ་བཀྱོན་ཕྱག་འབེབས་ཀྱང་ཡོང་སྟེ། སྔོན་སྟོན་པ་ཀུ་ཤུར་པ་ཁུ་ཚན་གཉིས་ཀྱིས་ཕྱི་ཕྱག་ལ་བྱོན་པས། དགེ་བཤེས་པོ་ཏོ་བ་བྲག་རྒྱབ་པའི་ཆོས་དབྱེ་བསལ་བྱེད་པའི་ཐུགས་བྲེལ་ནས་འདུག་པ་ལ། གདིང་བ་བཏིང་ནས་ཕྱག་བྱས་པ་ལ། ངའི་སྦ་མཁར་དེ་ཁྱེར་ཤོག་
དང་། རྐང་གཉིས་མཆོག་གྱུར་འདི་བྲེལ་མ་བྲེལ་འདི་ལ་ཕྱག་སྟོབས་པ་གསུངས་སྐུ་རྒྱབ་ཏུ་བེར་ཀ་རྒྱབ་པ་བྱུང་། བླ་མ་ཐུགས་མི་དགྱེས་ན་ནན་གྱིས་གདམས་ངག་ཞུས་ནས་གནང་རུང་མི་ལེགས་ཏེ། སྔོན་པོ་ཏོ་བ་ལ་གཅིག་གིས་མི་དགྱེས་བཞིན་དུ་ཇོ་བོ་མི་གཡོ་བའི་སྒྲུབ་ཐབས་ཞུས་པས། ཆེར་མ་ལོན་པར་ཤི་བས། ཕུ་ཆུང་པའི་ཞལ་ནས་ངས་དེ་ཁོ་ན་ལན་སྙམ་གསུངས་སྐད། དེ་བས་ན་ཆོས་ཀྱི་དཔེ་ཀུན་ཀྱང་མ་ཞུས་པར་ཐབས་ཀྱིས་ཐོབ་པ་དང་། རྐུ་བ་སོགས་བྱས་ན་ཕན་མི་ཐོགས། སྔོན་དགེ་བཤེས་སྟོན་པས་ཆོས་གཅིག་བྲིར་བཅུག་པར་བྲི་མཁན་གྱིས་ཀྱང་གཅིག་བྲིས་ཡོད་ཞུས་པས། འོ་ན་དེས་ཕན་མི་ཐོགས་གཞན་ཞིག་ལ་བྱིན་ལ། ད་ང་ལ་ཞུས་ལ་གཅིག་བྲིས་གསུངས་སྐད། དེ་བས་ན་བླ་མ་ཅི་མཉེས་བྱས་ནས་གདམས་ངག་རྣམས་ལེན་དགོས། དེ་ལྟར་བྱས་ན་ཆོས་དེས་རང་གཞན་གཉིས་ཀར་ཕན་ཐོགས་པ་ཡོང་། འོ་ན་བླ་མ་ཡུན་ཇི་ཙམ་བསྟེན་སྙམ་ན། སྔོན་ཕ་གཅིག་ལ་བུ་བཞི་ཡོད་པའི་ཆུང་བའི་མིང་ལ་གང་པོ་ཟེར་བ་ལ། ལན་གཅིག་ཕ་འཆི་བའི་དུས་ན། བུ་རྣམས་ལ་ཤིང་འགལ་བ་རེ་རེ་ཁྱེར་ཤོག་ལ་མེ་ཐོང་
ཞིག་ཟེར། བུ་ཚོས་དེ་ལྟར་བྱས་པས་མེ་ཆེན་པོ་འབར་བ་ལ། ཕ་ན་རེ་ད་མི་རེ་རེས་ཤིང་འགལ་བ་རེ་རེ་སོ་སོར་ཁྱེར་ཅིག་ཟེར། དེ་ལྟར་བྱས་པས་མེ་དེ་ཤི་བས། ཕ་ན་རེ་འོ་བུ་ཚོ་ཤིང་ཚོ་བསགས་ན་མེ་ཡོད་ལ། སོ་སོར་ཁྱེར་ན་མེ་ཤི་བ་བཞིན་དུ་ཁྱེད་རང་སྤུན་ཚོ་མཐུན་ན་ལེགས་ལ། སོ་སོར་སོང་ན་མེ་ཤི་བ་དང་འདྲའོ་ཞེས་ཁ་ཆེམས་ཕོག །ཡང་བུ་ཆེ་ཐག་ལ་ལྐོག་ཏུ། ཁྱེད་ཚོ་ཡེ་མ་འབྲལ་ཅིག །བརྒྱ་ལ་འབྲལ་ན་ཡང་། ཁྱོད་དང་གང་པོ་གཉིས་མ་འབྲལ་ཅིག །གང་བོ་འདི་བསོད་ནམས་ལས་གྲུབ་པ་ཞིག་འདུག་ཟེར་ནས་ཕ་ཤི་བས། སྤུན་གཞན་དང་བྲལ་ཡང་། ཕུ་བོ་གང་བོ་དང་མ་བྲལ་བས། ཉིན་གཅིག་མི་གཅིག་གིས་ཤིང་མི་ཉོའམ་ཟེར་བ་གང་པོས་བལྟས་པས། གསེབ་ན་ཙན་དན་གོར་ཤི་ཤ་གཅིག་འདུག་པ་མཐོང་ནས་ཤིང་ཁུར་དེ་ཉོས་ཏེ་བཙོངས་པས་ཙན་དན་དེས་ཡོ་བྱད་མང་པོ་ཁུགས། དེ་ནས་ཕུ་བོ་ཕྱིའི་རྒྱ་མཚོ་ལ་ཙན་དན་འདོན་དུ་ཕྱིན་པས། ཙན་དན་བསྲུང་བའི་གནོད་སྦྱིན་རྣམས་ཀྱིས་ཚོར་ནས། གྲུ་སྦུབ་ནས་ཙན་དན་འཕྲོག་པར་འདུག་པ་འཕགས་པ་གང་པོས་མཁྱེན་ནས་རྫུ་
འཕྲུལ་གྱིས་གྲུ་ཁར་བྱོན་ནས་གནོད་པ་ལས་བསྐྱབས་པ་སོགས་གང་བོ་ལ་བསྟེན་ནས་ཕུ་བོས་དོན་ཀུན་འགྲུབ་པ་བྱུང་། དེ་བཞིན་དུ་མཚན་ཉིད་དང་ལྡན་པའི་བླ་མ་དང་འགྲོགས་རྒྱུའི་སྐལ་བ་བྱུང་ན་ཐག་ཉེ་རིང་འཚམས་པར་བྱས། ཚེ་གང་བོ་བརྟེན་ན་ཆོས་ལ་བར་ཆད་མེད་ཅིང་དོན་ཐམས་ཅད་འགྲུབ་ནས་འོང་། དེ་ལྟ་བུའི་སྐལ་པ་མ་བྱུང་ཡང་། སྔོན་ཇོ་བོ་ཆེན་པོས་བླ་མ་གསེར་གླིང་པ་ལོ་བཅུ་གཉིས་བསྟེན་པ་དང་། རབ་ཏུ་མ་བྱུང་བའི་དུས་ཀྱི་བླ་མ་ཨ་ཝ་དྷུ་ཏི་པ་དགུང་ལོ་ཕྱེད་དང་བརྒྱད་ཀྱི་བར་དུ་བསྟེན་པ་དང་། འབྲོམ་གྱིས་ཇོ་བོ་སེ་བཙུན། ཇོ་བོ་རྗེ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་སོགས་ལོ་བཅོ་བརྒྱད་བསྟེན་པ་དང་། མར་པས་ནཱ་རོ་པ་ལོ་བཅུ་ལྷག་བསྟེན་པ་དང་། མི་ལས་མར་པ་ལོ་དྲུག་ཟླ་མཐོང་བརྒྱད་ཙམ་བསྟེན་པ་སོགས་དམ་པ་གོང་མ་རྣམས་ཀྱིས། གདམས་ངག་རྫོགས་ཀྱང་སེམས་ལ་བརྟན་པ་མ་ཐོབ་བར་དུ་བླ་མ་ལོ་ཟླ་བ་བྱས་བསྟེན་པ་ལྟར་མཚན་ལྡན་གྱི་བླ་མ་ཡུན་བསྲིངས་ནས་བསྟེན་དགོས། ཆོས་ཐོབ་མ་ཐག་ནས་གང་དགར་ཕྱིན་ན་བདུད་ཀྱིས་འཁྱེར་ཏེ། སྔོན་རྒྱལ་བའི་བཙུན་པ་སྤུན་གཉིས་ཀྱི་གཅིག་དད་པ་
དང་ཤེས་རབ་ཆེ་ཡང་། བླ་མ་དང་མ་འགྲོགས་པས་ཚོང་པ་གཅིག་ལས་མ་བྱུང་། མཇུག་ཏུ་གྲིར་ཤི། གཅིག་དད་པ་དང་ཤེས་རབ་ཆུང་ཡང་བླ་མ་དང་འགྲོགས་པས་བཟང་པོ་ཞིག་བྱུང་སྐད། རས་ཆུང་པས་རྗེ་བཙུན་ལ་ཁོ་བོ་དབུས་ལ་འགྲོ་བ་ཡིན་ཞེས་ཞུ་བ་ནན་གྱིས་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། བུ་རས་ཆུང་པ་ཉམས་དང་རྟོགས་པ་མཐར་མ་ཕྱིན་གྱི་བར་དུ་བླ་མའི་དྲུང་ནས་མ་འཕགས་ཤིག །ལར་རང་བུ་མའི་རྩར་བསྡད་ན་བསྐྱེད་ཆེ། སྒོ་ང་མའི་དྲོད་ལ་གསོས་ན་རྡོལ་སླ། བསྒོམ་ཆེན་བླ་མའི་དྲུང་དུ་གོལ་ས་མེད་པ་ཡིན། མི་ཉན་པར་འགྲོ་ན་སོང་། ཁྱོད་ལ་དབུས་ཀྱི་ཁྱི་མོ་ཞིག་རྐང་པ་ལ་འཇབ་འདུག་པས། དེ་དུས་བླ་མ་དང་ཉམས་ལེན་མ་བརྗེད་གསུངས་པའི་ལུང་བསྟན་པ་ལྟར། ཡར་ལུང་ལྷ་ལྕམ་གྱིས་བསླུས་པ་བྱུང་། ཕྱིས་རྗེ་བཙུན་གྱི་ཐབས་ཀྱིས་བྲལ་ཐབས་མཛད། སྔོན་མི་ཞིག་གིས་ཞིང་རྨོས་ནས་གླང་གི་སྐེ་ཐག་བཀྲོལ་ནས་བཏང་པས། གླང་རང་ཁྱིམ་དུ་མ་སོང་བར་ལམ་ལོག་ཅིག་ཏུ་ཕྱིན་པས། མི་ཡིས་ཁྲིད་ནས་བསད་སྐད། དེ་བཞིན་དུ་བླ་མ་མཚན་ཉིད་དང་ལྡན་པའི་
དྲུང་དུ་ཆོས་ལ་ཐོས་བསམ་བསྒོམ་གསུམ་བྱེད་ཀྱིན་མི་སྡོད་པར། ཕྲལ་རང་གང་དགར་ཕྱིན་ན་བདུད་ཀྱིས་ཁྱེར་ནས་ཆོས་མགོ་མཐར་མི་ཐོན་པས་ཆོས་བརྒྱད་སོགས་རྐྱེན་བཟང་ངན་གང་གིས་གཡོ་མི་ནུས་པའི་སེམས་ལ་བརྟན་པ་མ་ཐོབ་བར་དུ་བླ་མ་དང་འབྲལ་མེད་འགྲོགས་པར་བྱའོ། །འོ་ན་བླ་མ་ཚུལ་བཞིན་བརྟེན་ན་ཕན་ཡོན་ཅི་འབྱུང་སྙམ་ན། སྔོན་འཕགས་པ་རྟག་ཏུ་ངུས་ཤེར་ཕྱིན་གྱི་གདམས་པ་ཚོལ་བའི་ཚེ། ཉིན་མོ་དང་མཚན་མོ་ཡིད་ལ་མ་བྱས། བཀྲེས་པ་དང་སྐོམ་པ་ཡིད་ལ་མ་བྱས། ཚ་བ་དང་གྲང་བ་ཡིད་ལ་མ་བྱས། ལུས་དང་སྲོག་ལ་མ་བལྟས་པར་བཙལ་བས། བྱང་སེམས་ཆོས་འཕགས་དང་མཇལ་ནས་ཤེར་ཕྱིན་གྱི་གདམས་པ་ཐོབ་ནས་བསྒོམས་པས་རིང་པོར་མི་ཐོགས་པར་ལམ་བཞི་རྒྱུད་ལ་སྐྱེས་པ་བྱུང་། ཚོང་དཔོན་གྱི་བུ་ནོར་བཟང་གིས། དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་གཉིས་བསྟེན་ནས་བཀའ་བཞིན་དུ་བརྩོན་འགྲུས་ཆེན་པོས་ནན་ཏན་བྱས་པས། དོན་ཐམས་ཅད་གྲུབ་པ་བྱུང་། ཉེ་གནས་ཀུན་དགའ་བོས་སངས་རྒྱས་ལ་ཞབས་ཏོག་ཚུལ་བཞིན་བསྒྲུབས་པའི་མཐུས། ཉིན་གཅིག་ཙམ་ལས་བསྒོམ་མ་
དགོས་པར་དགྲ་བཅོམ་པའི་གོ་འཕང་ཐོབ་པ་བྱུང་། དབུས་ཀྱི་རྣལ་འབྱོར་པ་ཕྱག་པ་ཁྲི་མཆོག་དགུང་ལོ་སུམ་ཅུ་ལ་ཇོ་བོ་ཆེན་པོ་དང་མཇལ་གདམས་ངག་ཐོབ་ནས་རྩེ་གཅིག་ཏུ་བསྒོམས་པས། དགུང་ལོ་སུམ་ཅུ་རྩ་ལྔ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། རྩིག་པ་དང་ར་བ་ལ་ཐོགས་པ་མེད་པར་གཤེགས་པ་བྱུང་། ཡང་སྔོན་ནཱ་རོ་པས་ཏེ་ལོ་པ་ལོ་བཅུ་གཉིས་སུ་བསྟེན་ནས། དཀའ་ཆེན་བཅུ་གཉིས་སོགས་སྤྱད་ཅིང་། ཆོས་ཞུས་པས་ཡེ་མ་གནང་ཡང་། མོས་གུས་མ་ལོག་པར་བསྙེན་བཀུར་བྱས་པས། ཉིན་གཅིག་གདོང་ལ་ཞབས་ཐོ་རྒྱབ་པས་བརྒྱལ་སོང་བའི་མཐར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པ་བྱུང་། དེ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་ཚེ་དེར་སངས་རྒྱས་ཀྱི་སར་གཤེགས། དེ་བཞིན་དུ་བླ་མ་ལ་མོས་གུས་བྱས། ལུས་སྲོག་ལ་མི་བལྟ་བར། བསྙེན་བཀུར་བྱེད་ནུས་ན་བླ་མས་ཆོས་ཐུན་གཅིག་མ་བཤད་སློབ་མས་ཉམས་ལེན་ཞག་གཅིག་མ་བྱས་ཀྱང་། བླ་མའི་བྱིན་རླབས་ཞུགས་ནས་སློབ་མའི་རྒྱུད་རང་ཤུགས་ཀྱིས་གྲོལ་བ་མང་། གཞན་ཡང་མི་ལས་
མར་པ་བསྟེན་དུས་སུ་གསུང་བཞིན་དཀའ་སྤྱད་དྲག་པོ་མཛད་པས། སྔར་མཐུས་མི་མགོ་སུམ་ཅུ་སོ་ལྔ་དང་། སེར་བས་སྲོག་ཆགས་ཕྲ་མོ་བགྲང་གིས་མི་ལང་བ་བསད་པའི་སྡིག་པ་དག་ཅིང་། ལོ་ཕྱེད་དང་བརྒྱད་བསྒོམས་པའི་མཐར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་ནམ་མཁའ་ལ་དངོས་སུ་འཕུར་བ་བྱུང་། ས་སྐྱ་པཎ་ཆེན་གྱིས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་བླ་མའི་རྣལ་འབྱོར་ཞིག་ཞུས་པས། ཁྱོད་ང་ལ་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེ་ཁུ་བོའི་འདུ་ཤེས་སྐྱེ། དཀའ་ཐུབ་ཀྱི་ཞབས་ཏོག་ཀྱང་མི་ནུས་གསུངས་ནས་མ་གནང་། ཕྱིས་ཁོང་ལ་འཆི་ལྟས་ཤིག་བྱུང་ཁམས་ཀྱང་མ་བདེ་བ་ལ། དེ་སྐབས་བླ་མའི་སྐུ་ཁམས་ཀྱང་མ་བདེ་བ་ཞག་འགའ་བྱུང་། དེ་དུས་རང་ན་རུང་ཁོང་གི་སྙུང་གཡོག་ཞབས་ཏོག་འབའ་ཞིག་བྱས་པས་སྡིག་པ་དག་པས་བླ་མས་ཀྱང་བླ་མའི་རྣལ་འབྱོར་གནང་། བླ་མ་འཕགས་པ་འཇམ་དཔལ་དུ་མངོན་སུམ་མཐོང་བ་བྱུང་། འཆི་ལྟས་ཀྱང་གྲོལ་ཁམས་ཀྱང་བདེ་བ་བྱུང་། དེ་ནས་བླ་མའི་བྱིན་རླབས་ཞུགས་ཏེ། དཀའ་ཚེགས་མེད་པར་ཕྱི་རུ་ཐོས་བསམ་གྱི་སྒྲོ་འདོགས་ཆོད། ནང་དུ་ཡང་དག་པའི་
རྟོགས་པ་སྐྱེས། ལྷ་འདྲེ་མི་གསུམ་གྱིས་བྱམས་པ་བྱུང་། རྒྱ་ནག་རྒྱལ་པོ་སོགས་དྲེགས་པ་ཅན་ཐམས་ཅད་ཀྱིས་ཆོས་ཞུ་བ་དང་གཙིགས་ཆེ་བ་བྱུང་བས། གཞན་དག་གིས་ཀྱང་དེ་ལྟར་བྱས་ན་ཚོགས་རྒྱ་ཆེན་པོ་རྫོགས་པར་འདུག་གསུངས། སྔོན་ཇོ་བོ་ཆེན་པོས་ལན་གཅིག་བྱིས་པ་ཆུང་ངུ་ལྟར་གཟིམ་ཁང་བྱིས་པ་ཆུང་ངུ་མང་པོས་གང་བར་མཛད་པ། འབྲོམ་སྟོན་པས་ཅི་མི་སྙམ་པར་ཐམས་ཅད་ཕྱགས་ནས་གཙང་སིང་བ་ཞིག་མཛད་པས་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཚུན་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པ་ཝལ་གྱིས་མཁྱེན་པའི་མངོན་པར་མཁྱེན་པ་རྒྱ་ཆེན་པོ་བརྙེས། འབྲོམ་གྱིས་ཇོ་བོ་ལ་ད་སྔའི་བྱ་བ་རྣམས་ཆོས་སུ་སོང་ངམ་མ་སོང་ཞུས་པས། ཇོ་བོའི་ཞལ་ནས། ཁྱོད་ཀྱིས་བླ་མ་སེ་བཙུན་གྱི་གཡོག་བྱས་པ་དེ་ཙམ་ལམ་དུ་སོང་། གཞན་ལམ་དུ་མ་སོང་གསུངས། དགེ་བཤེས་སྙུག་རུམ་པའི་ཞལ་ནས། འཇིག་རྟེན་ལས་འདས་པས་ང་ལ་གནོད་པ་མི་བྱེད། འཇིག་རྟེན་པས་ནི་ང་ལ་མི་ཚུགས་གསུངས་པ་སྟེ། བླ་མ་ལ་མོས་གུས་ཡོད་པའི་ཕན་ཡོན་ཡིན་གསུངས། དགེ་བཤེས་དེའི་རྩར་
ནད་པ་ཞིག་བྱུང་བ་ལ། ཁོང་རང་གི་ཐུགས་དམ་བདུད་རྩི་འཁྱིལ་པ་དེ་བཀྲམ་ནས་ཕྱག་གསུམ་མཛད་པས་ནད་པ་དེ་ལ་སྐད་ངན་ཆེན་པོ་བྱུང་བས། དེ་ཇི་ལྟར་ལགས་ཞུས་པས། ངས་བླ་མ་ལ་གསོལ་བ་བཏབ་པ་ཡིན་གསུངས། ནད་པ་དེ་ཚུགས་ནས་དྲག་པ་བྱུང་སྐད། དེས་ན་བླ་མ་ལ་སྙུང་གཡོག་སོགས་བྱས་པ་དང་། མོས་གུས་ཙམ་བྱས་ན་ཡང་ཚོགས་རྒྱ་ཆེན་པོ་རྫོགས་ནས་ཉམས་རྟོགས་འཆར་ཞིང་། བར་ཆད་ཀྱིས་མི་ཚུགས་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་། གཞན་ཡང་སྔོན་བྱ་ཐམས་ཅད་ཀྱིས་གྱི་མི་གོལ་གྱི་བུ་མོ་འདོད་པ་ལ། གྱི་མི་གོལ་གྱིས་བྱ་རྣམས་ལ་ནམ་འཕངས་སུ་མཐོ་བ་ཞིག་ཁྱེར་ཅིག་བྱས་པས། དེར་ཕ་ཝང་གིས་བསམ་པ་ལ། ནམ་འཕངས་རྒོད་མཐོ་སྙམ། ནུབ་མོ་བྱ་རྒོད་ཀྱི་སྤུ་གསེབ་ཏུ་ཡིབ་ནས་བསྡད། ནང་པར་བྱ་རྣམས་ནམ་འཕངས་བཅད་པས། བྱ་རྒོད་ཁོ་ན་མཐོ་སྟེ། དེར་ལྡོག་མཚམས་སུ་ཕ་ཝང་བྱ་རྒོད་ཀྱི་སྤུ་གསེབ་ནས་ཐོན་ཏེ་ཡ་ཚད་འཕུར་ནས། ཨ་པ་ང་མཐོ་བྱས་པས། གྱི་མི་གོལ་གྱི་བུ་མོ་ཐོབ་སྐད། དེ་ཕ་ཝང་གི་ནུས་པ་མིན་བྱ་རྒོད་ཀྱི་ནུས་པ་ཡིན། དེ་བཞིན་དུ་འོ་སྐོལ་
ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། རང་ལ་ནུས་པ་ཅི་ཡང་མེད་རུང་། བླ་མ་འཁོར་བ་ལས་འཕགས་པ་ཞིག་བསྟེན་ཅིང་། དེའི་ཐུགས་ཟིན་པར་བྱས་པས། བླ་མའི་ཐུགས་དགོངས་ཇི་ཙམ་རྡོལ་པ་དེའི་ཞོར་ལ་མོས་གུས་བྱེད་པའི་སློབ་མ་དེ་ཡང་མི་གྲོལ་མི་སྲིད་གསུངས། སྔོན་ཞང་ཞུང་གི་མི་གཅིག་དང་། བོད་གཉིས་འགྲོགས་ནས་རྒྱ་གར་རྡོ་རྗེ་གདན་དུ་འགྲོ་བ་ལ། ཞང་ཞུང་གི་མི་དེ་ལ་རྒྱགས་ནས་གཙང་མའི་ཕྱེ་མང་པོ་ཡོད། བོད་དེ་ལ་སྲན་ཕྱེ་བྲེ་བཞི་ལས་མེད་པ། བོད་དེས་འུ་རང་གཉིས་ཕྱེ་བསྲེས་ལ་ཟའམ་བྱས་པས། ཞང་ཞུང་ན་རེ་ཁྱོད་ཀྱི་ཕྱེ་ཉུང་པ་དང་ངའི་མང་བ་མི་བསྲེ་ཟེར་བ་ལ། དེས་ང་རང་གི་ཕྱེ་ཟད་ཚོད་ནས་མི་ཟ་བྱས་པས། འོ་ན་རུང་ཟེར་ཏེ་བསྲེས་ནས། ཁ་གཏིང་ཐམས་ཅད་དཀྲུགས་ནས་ཟོས་པས། ཞག་འགའ་ལོན་ནས་ད་ཁྱོད་ཀྱི་ཕྱེ་ཁ་སང་དུ་ཟད། ད་ཁྱེད་མ་ཟ་ཟེར་བ་ལ། བོད་ན་རེ་ངའི་ཕྱེ་ཟད་མཚམས་ནས་མི་ཟ་བར་ཆད་པ་ཡིན་ཏེ། ངའི་ཕྱེ་ད་རུང་མ་ཟད་སྲན་མ་ཚིག་གེ་བ་འདི་ཐམས་ཅད་ངའི་ཕྱེ་ཡིན་ཟེར་རོ། །དེར་ཟད་ཟད་བར་མཉམ་པོར་ཟོས་སྐད།
དེ་བཞིན་དུ་འོ་སྐོལ་རང་རེས་དགེ་བ་ལོགས་སུ་བྱས་པ་བས། བླ་མའི་དགེ་སྦྱོར་དང་ཚོགས་གསོག་མཛད་པའི་གསེབ་ཏུ་རང་གི་ཡོ་བྱད་ཕྲ་མོ་སྲན་ཕྱེའི་ཚུལ་དུ་བཏབ་ནས་བཏང་ཞིང་། བླ་མའི་ལས་དང་བྱ་བ་དང་། བང་ཆེན་མངག་གཞུག་ལ་སོགས་པ་བྱས་ན་དེ་བསོད་ནམས་ཆེ་བ་ཡིན། བླ་མའི་ཚོགས་ཇི་ཙམ་རྫོགས་པ་དེ་ཙམ་དུ་རང་གི་ཡང་ཚོགས་རྫོགས་པར་འགྱུར་ཏེ། བདེ་བའི་འབྲས་བུ་ལ་བླ་མ་དང་མཉམ་དུ་ལོངས་སྤྱོད་ཆོག་པར་གསུངས། སྔོན་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུད་པ་ཀླུའི་བྱང་ཆུབ་ཀྱིས་བླངས་ནས་ཁར་བཅུག་པས། དེ་ཉིད་དུ་ས་དང་པོའི་བདེན་པ་མཐོང་སྐད། དེ་བཞིན་དུ་རང་རེས་ཀྱང་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་མོས་གུས་བྱས་ཤིང་། བླ་མའི་མཆིལ་སྣབས་ལ་སོགས་པ་ཚུན་ཆད་ལ་གཅེས་སྤྲས་བྱས་ན་དངོས་གྲུབ་ཚེགས་མེད་དུ་ཐོབ་པར་འགྱུར། སྔོན་གླིང་རས་པས་འགྲོ་མགོན་ཕག་མོ་གྲུ་པའི་ཞལ་མཇལ་བའི་མོད་ལ་རྟོགས་པ་ཕྱི་གྲོལ་ནང་གྲོལ་དུ་སོང་བས། རྗེ་ཕག་མོ་གྲུ་པས་ཆུ་བོ་གངྒཱ་ཕན་ལ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། དེ་ཚུན་ལ་ཁྱོད་རྟོགས་པ་མཐོ་བ་ཡིན་ཞེས་བསྔགས།
དེ་བཞིན་དུ་སྐལ་ལྡན་ལས་འཕྲོ་ཅན་མཚན་ལྡན་གྱི་བླ་མ་མཇལ་མ་ཐག་རྟོགས་གྲོལ་དུས་གཅིག་ཏུ་འགྱུར་བ་ཡང་མང་བས། རང་རེ་དེ་ལྟ་བུ་མ་བྱུང་ཡང་བླ་མ་བསྟེན་ན་ཡོན་ཏན་རིམ་གྱིས་སྐྱེས་ནས་སངས་རྒྱ་བར་འགྱུར་ངེས། དེས་ན་ཕན་ཡོན་དེ་དང་དེ་འདྲ་རྣམས་ལ་བསམས་ནས་བླ་མ་བསྟེན་པ་ལ་འབད་པར་བྱ། འོ་ན་བླ་མ་རུ་བསྟེན་ནས་བསྟེན་ཚུལ་ཉེས་ན་སྐྱོན་ཅི་འབྱུང་སྙམ་ན། བླ་མའི་ཐུགས་དཀྲུགས་པ་སྐུ་ལ་བདོ་བ་ཕར་ཞོག །ཐ་ན་རྟེན་འབྲེལ་ཅུང་ཟད་རེ་འཆུགས་པ་དང་། བཀའ་རེ་བཅག་པ་དང་མི་མོས་པ་བྱུང་བ་དང་། མ་གུས་པ་ཅུང་ཟད་རེ་ཤོར་ན་ཡང་སྐྱོན་ཆེན་པོ་འབྱུང་སྟེ། སྔོན་མར་པ་ནཱ་རོའི་དྲུང་དུ་གཟིམས་པས་ཐོ་རངས་པཎ་ཆེན་ནཱ་རོ་པས་ཡི་དམ་དགྱེས་པ་རྡོ་རྗེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཁྲ་ལམ་མེར་སྤྲུལ་ནས། བུ་མར་སྟོན་ཆོས་ཀྱི་བློ་གྲོས་མ་ཉལ་བར་ཡར་ལོངས་དང་། ནམ་མཁའ་ལ་ཁྱོད་རང་གི་ཡི་དམ་དགྱེས་པ་རྡོ་རྗེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡང་ཕེབས་འདུག །ཁྱོད་ང་ལ་ཕྱག་འཚལ་ལམ་ཡི་དམ་ལ་ཕྱག་འཚལ་གསུངས་པས། མར་པས་ཡི་
དམ་དགྱེས་རྡོར་རྟེན་དང་བརྟེན་པར་བཅས་པ་ལ་ཕྱག་འཚལ་བས། ནཱ་རོའི་ཞལ་ནས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །ཡི་དམ་བླ་མའི་སྤྲུལ་པ་ཡིན། གསུངས་ཤིང་དཀྱིལ་འཁོར་ཐུགས་ཀར་བསྟིམ། དེའི་རྟེན་འབྲེལ་གནད་ཀྱིས། ཁྱོད་ལ་མི་བརྒྱུད་རིང་པོ་མི་ཡོང་སྟེ། རྟེན་འབྲེལ་དེ་ཡང་སེམས་ཅན་གྱི་སྐལ་པ་ཡིན་གསུངས་པའི་ལུང་བསྟན་ལྟར། སྲས་དར་མ་མདོ་སྡེ་གཤེགས་པར་གྱུར། སྔོན་རྗེ་བཙུན་མི་ལས་ཟངས་ཤིག་མར་པ་ལ་འབུལ་དུས་སྟོང་པར་ཕུལ་བའི་རྟེན་འབྲེལ་དེ་ལ་བརྟགས་ནས་མར་པས་ཁྱོད་ཀྱིས་ང་ལ་ཟངས་སྟོང་པར་ཕུལ་བ་དེས། ཁྱོད་སྒྲུབ་པ་བྱེད་པའི་ཚེ། འཚོ་བ་བཀྲེན་ཙམ་ཡོང་བ་འདུག་སྟེ། འོན་ཀྱང་ཚེ་སྨད་དང་བུ་བརྒྱུད་ལ་ལོངས་སྤྱོད་ཆེན་པོ་འབྱུང་བའི་ཕྱིར་མཆོད་མེ་མར་ཁུས་བཀང་ནས་མཆོད་ཁང་དུ་བཞག་པའི་རྟེན་འབྲེལ་གྱིས་ཚེ་སྨད་དང་བུ་བརྒྱུད་ལ་ལོངས་སྤྱོད་འབྱུང་གསུངས་པ་ལྟར། ཚེ་སྟོད་སྒྲུབ་པ་བྱེད་དུས་དཀའ་ཐུབ་བྱེད་དགོས་བྱུང་། དེས་ན་བླ་མ་བསྟེན་པ་དང་ཆོས་ཞུ་
བའི་དུས་སོགས་ལ་རྟེན་འབྲེལ་ཅུང་ཟད་རེ་འཆུགས་པས་སྐྱོན་དེ་འདྲ་འབྱུང་ན། ཆེན་པོ་འཆུགས་ན་སྨོས་ཅི་དགོས། སྔོན་རྗེ་བཙུན་གྱིས་དབུས་པ་སྟོན་པ། རས་ཆུང་རྡོ་རྗེ་གྲགས་པ། ཞི་བ་འོད་གསུམ་ལ་རྨི་ལམ་སྒུགས་ཤིག་ནང་པར་ཕ་རྒན་ངས་རྨི་ལམ་བརྟག་གི་གསུངས། སྟོན་པས་སེམས་ཅན་མང་པོའི་སྲོག་བཅད་ནས་འགམས་པ་རྨིས་རྨི་ལམ་ངན་ཞུས་པས། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་གདའ་གསུངས། ཞི་བ་འོད་ཀྱིས་ཤར་ནས་ཉི་མ་ཞིག་ཤར་འོངས་པ་སྙིང་ཁར་ཐིམ་པ་རྨིས་པ་ཞུས་པས། ཁྱོད་སེམས་སྐྱེད་ཆུང་པས་འགྲོ་བ་ལ་ཕན་ཆེར་མི་འབྱུང་། ཁྱོད་རང་དག་པའི་ཞིང་དུ་གཤེགས་པར་གདའ་གསུངས། རས་ཆུང་པས་ལུང་པ་ཆེན་པོ་གསུམ་དུ་ཕྱིན་ནས་སྐད་ཆེན་པོ་བཏོན་པ་རྨིས་ཞུས་པས། ཁྱོད་རོ་གྱོང་བའི་སྟབས་ཀྱིས་ངའི་བཀའ་ལན་གསུམ་བཅག་པས། ལུང་པ་གསུམ་དུ་སྐྱེ་བ་བརྒྱུད་ནས། དགེ་བཤེས་རྒྱང་དུ་གྲགས་པ་གསུམ་དུ་འགྱུར་བར་གདའ་གསུངས། སྔོན་སློབ་དཔོན་ཛ་ལན་དྷ་རས། ནག་པོ་སྤྱོད་པ་ལ། ཁྱོད་དེ་ཝའི་ཀོ་ཊིར་མ་འགྲོ་
བར། ས་ཕྱོགས་གཞན་ཞིག་ན་ཟ་མ་ཏོག་ཅིག་ཡོད་པས་ཁ་མ་འབྱེད་པར་ཁྱེར་ཤོག་གསུངས་པར། བཀའ་བཅག་ནས་ཟ་མ་ཏོག་ཁ་ཕྱེས། དེ་ཝའི་ཀོ་ཊིར་སོང་པས་ཅི་བསམ་མ་འགྲུབ་པར་མྱུར་དུ་སྐུ་གྲོངས། དེས་ན་བླ་མའི་བཀའ་བཅག་ན་ཅི་བསམ་མི་འགྲུབ་ཚེ་ལ་བར་ཆད་ཀྱང་ཡོང་། སྔོན་ཁ་ཆེ་དགེ་འདུན་བཟང་པོ་ལ་དབྱིག་གཉེན་གྱིས་ཐེག་པ་ཆུང་ངུའི་ཆོས་རྫོགས་པར་གསན་ནས། ཕྱིས་གཅེན་སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་འབྲང་ནས་ཐེག་ཆེན་དུ་གྱུར་པ་ན། སྔར་གྱི་རང་གི་སློབ་དཔོན་ཁ་ཆེ་དགེ་འདུན་བཟང་པོའི་ཆོས་ལ་མ་མོས་པར་ཁོང་གི་གྲུབ་མཐའ་ཐམས་ཅད་སུན་ཕྱུང་པས་སློབ་དཔོན་ཐུགས་མ་མཉེས་ཕེབས་པ་དབྱིག་གཉེན་གྱིས་གོ་ནས་ཡུལ་མཐའ་འཁོབ་བལ་ཡུལ་དུ་བྲོས་ནས་འོངས་སྐུ་གྲོངས་པའི་ཚུལ་བསྟན། དེས་ན་བླ་མས་གསུངས་པའི་ཆོས་ལ་མི་མོས་པར་ལོག་ལྟ་སྐྱེས་ཐུགས་མི་མཉེས་པ་བྱས་ན་ཚེ་འདིར་ཡང་ཚེའི་དུས་བྱེད་པར་འགྱུར། སྔོན་དགེ་བཤེས་དགོན་པ་པའི་འཁོར་ཅིག་བསམ་དུ་མ་བཏུབ་པར། དགེ་བཤེས་ཀྱིས་འོ་ན་འདི་ལྟར་སོམས་དང་གསུངས་ནས་ཐབས་མང་དུ་བསླབས་པར་སྐྱེད་ཙམ་
མ་བྱུང་བ་ལ། དར་གཅིག་ཚོམ་མེ་བཞུགས་ནས་ཁྱོད་ཀྱིས་སྔར་སློབ་དཔོན་དུ་གྱུར་པ་ལ་མ་གུས་པ་བྱས་པ་མེད་དམ་གསུངས། དེ་ལྟ་བུ་ཞིག་མཆིས་ཞུས་པས་ད་ལྟ་ཡོད་དམ་མེད་གསུངས། ད་ལྟ་ཡོད་ཞུས་པས། འོ་ན་དེ་ལ་བསྙེན་བཀུར་གྱིས་བཟོད་གསོལ་གྱིས་གསུངས་པས། དེ་ལྟར་བྱས་ནས་བསམས་པས་བཏུབ་པ་བྱུང་། དགེ་བཤེས་རྣལ་འབྱོར་པ་ཆེན་པོ་མལ་གྲོ་ན་བཞུགས་དུས། ཇོ་བོ་གཅིག་ཁམས་མ་བདེ་བར་ཅི་བྱས་ཀྱང་མ་ཕན་ནས། དགེ་བཤེས་ཀྱིས་ཁྱོད་རྨི་ལམ་ཅི་འདྲ་རྨིས་དྲིས་པས། ལ་མའི་མེ་མདག་དམར་ཉིལ་ཉིལ་བ་ཁོ་ན་རྨི་ཟེར་བས། འོ་ན་ཁྱོད་ཀྱིས་སློབ་དཔོན་འདྲ་ལ་མ་གུས་པ་བྱས་པ་མིན་ནམ་གསུངས་པས། གཞན་མེད་འདི་ལྟ་བུ་ཞིག་ལ་མ་གུས་པ་བྱས་ཏེ། ཁོང་རང་ཡང་ཉམས་ནས་འདི་ལྟར་དུ་སོང་ཟེར་བས། འོ་ན་ཁྱོད་སོང་ལ་བསྙེན་བཀུར་དང་བཟོད་གསོལ་གྱིས་གསུངས་པས། དེ་ལྟར་བྱས་པས་ཁམས་སངས་ཀྱིས་སོང་བར་གདའ། དེས་ན་བླ་མ་བཟང་ངན་གང་ལ་ཡང་མ་གུས་པ་ཙམ་རེ་བྱས་ན་ཡང་སྐྱོན་ཆེ་བ་འབྱུང་བས་མི་བྱེད་པ་གལ་ཆེ། གལ་ཏེ་བྱས་སོང་ན་
དེ་མ་ཐག་བླ་མའི་དྲུང་དུ་སོང་ནས་བསྙེན་བཀུར་བྱས་བཤགས་སྡོམ་བྱེད་པ་གལ་ཆེ། འོ་ན་བླ་མ་དེ་ཞལ་མ་བཞུགས་ན་ཅི་བྱ་སྙམ་ན། བྲག་རྒྱབ་ཀྱི་བསྒོམ་པ་རྒྱ་སྨོན་བྱ་བས། དགེ་བཤེས་སྟོན་པ་ལ་སྔར་བླ་མར་གྱུར་པ་ལ་མ་གུས་པ་བྱས་ཤིང་། དེ་མཉེས་པར་མ་བྱས་པ་ལ་ད་ལྟ་མཉེས་པར་བྱ་བའི་ཡུལ་དུ་མ་གྱུར་ཏེ། འདས་སམ་ཡུལ་ཐག་རིང་བར་ཕྱིན་ནས་དད་གུས་བྱས་ན། སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་ན། དེ་ལ་ཅི་ལྟར་བགྱི་ཞུས་པས། དགེ་བཤེས་སྟོན་པའི་ཞལ་ནས། དེའི་ཐབས་ཀྱི་མཆོག་འདི་ཡིན་སྤྱིར་བླ་མ་རྣམས་ཀྱི་ཆོས་སྐུ་ལ་ཐ་དད་མེད་པས་ངོ་བོ་གཅིག་ཡིན་པར་བསམས་ལ། ད་ལྟ་རང་གི་མངོན་སུམ་དུ་གྱུར་པའི་བླ་མ་རྣམས་ལ། རྙེད་པ་དང་བཀུར་སྟི་དང་རིམ་གྲོ་སྒྲུབ་པའི་སྒོ་ནས་འབད་པ་བྱས་ལ་བླ་མ་དེ་ཅི་མཉེས་བྱས་ན། སྔར་བླ་མར་གྱུར་པ་ལ་མ་གུས་པའི་ལས་ཀྱི་སྒྲིབ་པ་དེ་བྱང་བ་ཡིན་པས། དེ་ལྟར་མངོན་དུ་གྱུར་པའི་བླ་མ་དེ་ལ་གུས་པའི་སྒོ་ནས་བསྟེན་ཅིང་མཉེས་པར་བྱས་ལ། མ་འོངས་པ་ན་བླ་མ་དང་ཕྲད་པའི་སྨོན་ལམ་རྒྱུན་དུ་གདབ་གསུངས་པ་ལྟར་བྱ། མདོར་ན་སྲིད་ཞིའི་བདེ་སྐྱིད་
ཐམས་ཅད་ཆོས་བྱས་པ་ལས་འབྱུང་ཞིང་། ཆོས་དེ་ནི་བླ་མ་ལས་འབྱུང་བས་ན། རྟེན་འབྲེལ་གྱི་སྒོ་དང་པོ་བླ་མ་བསྙེན་ཚུལ་འཆུགས་ན་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་འཆད་པས། ལུས་དང་སྲོག་ལ་བབས་ཀྱང་མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱེད་ཅིང་། སྔར་ཐུགས་དང་འགལ་བ་བྱུང་བ་ལ་བཤགས་སྡོམ་མང་དུ་བྱ། ལུས་ལོངས་སྤྱོད་གང་གི་སྒོ་ནས་བླ་མ་མཉེས་པ་ལ་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལྟར་རྟག་ཏུ་འབད་པར་བྱའོ། །དེ་ལྟར་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ལ་དམ་པའི་ཆོས་ཀྱི་སྙིང་པོ་ལེན་དགོས་ཚུལ་ནི། མཁས་གྲུབ་རིན་པོ་ཆེའི་ཞལ་ནས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་སྙིང་པོ་ཅི་ལོན་ཞིག་བྱེད་དགོས། ངེད་རང་གི་མནོ་བསམ་དང་ཕྱུགས་ཀྱི་མནོ་བསམ་ལ་ཁྱད་པར་ཅི་འདུག་བལྟ་དགོས་པ་ཡིན། ཕྱུགས་ལའང་མ་འཁྱག་པ་དང་། མ་ལྟོགས་པར་སྐྱིད་པ་ཞིག་བྱེད་དགོས་སྙམ་པའི་བསམ་བློ་གཏང་བ་ཡོད། ངེད་རང་ལའང་དེ་ལས་མེད་ན་ཕྱུགས་དང་ཁྱད་པར་མ་བྱུང་བ་ཡིན་
པས་སྙིང་པོ་ལེན་པ་གལ་ཆེ་གསུངས། འོ་ན་དལ་འབྱོར་ཞེས་བྱ་བའི་ཚིག་དོན་དང་སྙིང་པོ་ལེན་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ད་རེས་འོ་སྐོལ་རྣམས་དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ་དང་། ཡུལ་མཐའ་འཁོབ། དབང་པོ་མ་ཚང་བ། ལོག་ལྟ་ཅན། སངས་རྒྱས་འབྱུང་བ་མེད་པའི་ས་སྟེ་མི་ཁོམ་པའི་གནས་དེ་བརྒྱད་དུ་མ་སྐྱེས་པར། ཆོས་བསྒྲུབ་རྒྱུ་ཡིན་ན་ཁོམ་པ་བྱུང་ནས་ག་ལེ་སོས་དལ་དུ་ཡོད་པས་ན་དལ་བ་བརྒྱད་ཅེས་བྱ་ལ། ཆོས་སྒྲུབ་པའི་མཐུན་རྐྱེན་རང་གི་འབྱོར་པ་མི་ལུས་ཐོབ་པ། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། གནས་ལ་དད་པ། ལས་མཐའ་མ་ལོག་པ་དང་། གཞན་གྱི་འབྱོར་པ། སངས་རྒྱས་བྱོན་པ། ཆོས་གསུངས་པ། བསྟན་པ་གནས་པ། དེའི་རྗེས་འཇུག་ཡོད་པ། གཞན་ཕྱིར་སྙིང་བརྩེ་བ་བཅུ་ཚང་བས་ན། འབྱོར་པ་ཞེས་བྱ་ལ། དེ་ལྟ་བུའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ད་རེས་ཐོབ་པ་འདི་དོན་ཆེ་སྟེ། སྔོན་གྱི་རྒྱལ་པོ་སྤྱན་མེད་འབྱོར་ལྡན། རྒྱལ་བུ་ཟླ་འོད་སོགས་དེད་དཔོན་མཁས་པས་གྲུ་གཟིངས་བསྡམས། རླུང་དར་འཕྱར། མཐུན་
པའི་རླུང་དང་འགྲོགས་ཏེ་རྒྱ་མཚོའི་གླིང་དུ་ཕྱིན་ནས་འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བླངས་ཏེ་རྒྱལ་མཚན་གྱི་རྩེར་བཞག་ནས་དགོས་འདོད་ཀྱི་ཆར་ཕབ་སྟེ་རང་གཞན་གྱི་དབུལ་ཕོངས་ཀུན་སེལ་བར་མཛད་པ་ལྟར། ཚེ་སྔོན་ཚུལ་ཁྲིམས་ཀྱིས་གཞི་བཟུང་། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ནས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་ལ་དམ་པའི་ཆོས་ཀྱི་སྙིང་པོ་བླངས་ན། མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཀྱང་སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་བདེ་བླག་ཏུ་ཐོབ་ནས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར། དེས་ན་བདེ་བ་ཅན་དུ་སྐྱེས་པའི་བྱང་སེམས་རྣམས་ཀྱང་འདི་ནས་ཤར་ཕྱོགས་ལོགས་ན་མི་མཇེད་འཇིག་རྟེན་ཞིང་ཁམས་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱ་བའི་ལུས་རྟེན་ཁྱད་པར་ཅན་ཡོད་པ་དེར་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པ་ཡིན། ལྷ་དག་འཆི་བ་ན་ཡང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་བར་གྱུར་ཅིག །བདེ་འགྲོ་ནི་མིའི་འགྲོ་བའོ་ཞེས་
ལྷ་རྣམས་ཀྱང་མིའི་རྟེན་འདི་ལ་སྨོན་གནས་སུ་བྱེད་པར་གསུངས། འབྲོམ་ལོ་རྡིང་གི་མི་རིགས་དེ། སོ་ནམ་གྱི་ལྷུ་ཡང་གསེར་ལ་བྱེད་པས་ལོ་རྡིང་གི་མི་གཅིག་པུ་རངས་སུ་འཁྱམས་ནས། པུ་རངས་པའི་མི་གཅིག་གླུ་ལེན་པ་ན་རེ། ལོ་རྡིང་བུ་རུ་སྐྱེས་སོ་ཅོག །གསེར་གྱི་རི་ལ་བརྐོ་ན་ཨང་། །ཟེར་བ་ཐོས་པས། ཁོའི་སེམས་ལ་ཁོ་པུ་རངས་པ་ཡང་ལོ་རྡིང་གི་མི་ལ་སྨོན་གནས་འདེབས་ན་ང་ལོ་རྡིང་གི་མི་རང་ཡིན་པ་ལ་ཟེར་ནས་མར་ཡོང་ནས་གསེར་བརྐོས་སྐད། དེ་བཞིན་དུ་དལ་འབྱོར་གྱི་མི་ལུས་འདི་ཐམས་ཅད་ཀྱི་སྨོན་གནས་ཤིག་ཡིན། ལྷ་ཀླུ་ཆོས་ལ་དགའ་བ་ཀུན་ཀྱང་མི་ལུས་ཐོབ་ནས་ཆོས་བྱེད་པར་སྨོན་ལམ་འདེབས་ན། འོ་སྐོལ་ད་རེས་སྨོན་ལམ་གྱི་ཐོག་ཏུ་སླེབས་པའི་དུས་འདིར་དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། སྒོ་སྣ་ཚོགས་ནས་ཚོགས་བསག་དང་སྒྲིབ་སྦྱོང་བྱས་ནས། དོན་ཆེན་ཆོས་ཀྱི་སྙིང་པོ་ལེན་དགོས། འབྲོམ་གྱིས་སྤྱན་སྔ་བ་ལ། དལ་བ་འབྱོར་བ་མི་ལུས་ཐོབ་པ་དྲན་ནམ་གསུངས་པ་དང་། སྤྱན་སྔ་བ་ཡང་ཐུགས་དམ་ལ་འཇུག་རེས་ཀྱིས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་
བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་གྱུར་པ། །དེ་ལས་ཕྱིས་ནས་གང་གིས་སློང་བར་འགྱུར། །ཞེས་འཇུག་པ་ནས་གསུངས་པ་དེ་ལན་རེ་རེ་བཏོན་ནས་ཐུགས་དམ་མཛད་པ་ལྟར། དལ་འབྱོར་དོན་ཆེ་བ་དོན་མེད་དུ་བཏང་ན་མི་རུང་པའི་ཚུལ་བསམས་ནས་སྙིང་པོ་ལེན་པ་ལ་འབད་པར་བྱའོ། །ད་རེས་ཆོས་ཀྱི་སྙིང་པོ་ཞིག་མ་བླང་ན་ཕྱི་ནས་འདི་ལྟ་བུའི་རྟེན་ཤིན་ཏུ་རྙེད་པར་དཀའ་སྟེ། སྔོན་སངས་རྒྱས་ཀྱིས་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་འདི་ཐམས་ཅད་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པའི་ཁ་ན་གསེར་གྱི་གཉའ་ཤིང་བུ་ག་གཅིག་པ་གཅིག་ཡོད་པ་དེ་ཕྱོགས་ཀུན་ཏུ་རླུང་གིས་དེད་ནས་ངེས་མེད་དུ་འཁྱེར་ལ། རྒྱ་མཚོའི་གཏིང་ན་རུས་སྦལ་ལོང་བ་ལོ་བརྒྱ་བརྒྱ་ནས་མགོ་བོ་མཚོ་ཁར་ཐོན་པ་རེ་རེ་ཙམ་བྱེད་པའི་མགྲིན་པ་གསེར་གྱི་གཉའ་ཤིང་གི་བུ་གར་ཆུད་དམ་མི་ཆུད་ཅེས་འཁོར་རྣམས་ལ་དྲིས་པས། འཁོར་རྣམས་ན་རེ། རྒྱ་མཚོ་ནི་ཁ་ཆུང་། གསེར་གྱི་གཉའ་ཤིང་ཕྱོགས་གཅིག་ཏུ་སྡོད་ཅིང་བུ་ག་མང་། རུས་སྦལ་ལ་མིག་ཡོད་ཅིང་རྒྱ་མཚོའི་ཁར་ཡང་
ཡང་ཡོང་ན་ཆུད་སྲིད་ཀྱང་། དེ་ལྟར་མ་ཡིན་པར། རྒྱ་མཚོ་ནི་ཁ་ཆེ། གཉའ་ཤིང་ཕྱོགས་ཀུན་ཏུ་འཕྱོ་ཞིང་། བུ་ག་གཅིག་ལས་མེད། རུས་སྦལ་ལ་མིག་མེད་ཅིང་ལོ་བརྒྱའི་འཕྲོ་ལ་ལན་རེ་ལས་མཚོ་ཁར་མི་ཡོང་བས་ན། ཡེ་མི་ཆུད་ཅེས་ཞུས་པས། སངས་རྒྱས་ཀྱི་ཞལ་ནས། མི་ཁོམ་པའི་གནས་བརྒྱད་ནས་དལ་འབྱོར་ཐོབ་པའང་དེ་དང་མཚུངས་སོ། །དེ་བས་ན་དལ་བ་འདི་དོན་མེད་པར་མ་བྱེད་ཅིག །ཕྱིས་མི་ཁོམ་པར་གྱུར་ན། གསོར་མི་རུང་བར་འགྱུར་ཏ་རེ་གསུངས། པོ་ཏོ་བ་མཁར་ཐོག་ན་བཞུགས་ཙ་ན། དགོངས་ཆོས་ཀྱི་དུས་སུ་ཁྲི་ཁར་བྱོན་ནས་འདི་སྐད་གསུངས། མཁར་ཐོག་གི་རྩྭ་ཤིང་འདི་རྣམས་ཀྱི་གསེབ་ན་རྩྭ་ཉག་མ་གཅིག་གི་ཚད་ཙམ་དལ་འབྱོར་ཐོབ་པ་རྣམས་སུ་འདུག་ལ། འགྲོ་བ་གཞན་རྣམས་རྩྭ་གཞན་པའི་ཚོད་དུ་འདུག་གསུངས། ཡང་པོ་ཏོ་བ་གངས་སྐྱ་མོ་ན་བཞུགས་ཙ་ན། ད་ལྟ་འུ་ཅག་གི་མདུན་འདི་ནས། སྲིན་འབུ་ཞིག་ས་གསེབ་ནས་ཐོན་ཏེ། ཐལ་མོ་སྦྱར་ནས། སངས་རྒྱས་ལ་ཕྱག་འཚལ་ལོ་ཟེར་བ་གཅིག་བྱུང་ན་ངོ་མཚར་ཆེ་འམ་མི་ཆེ་ན། དེ་ངོ་མཚར་ཆེ། དེ་བཞིན་དུ་འོ་སྐོལ་ངན་སོང་
གསུམ་དུ་གཏན་དུ་འཁྱམས་འཁྱམས་པ་ཞིག་ད་རེས། དལ་འབྱོར་ཐོབ་ནས་ཆོས་སྒྲུབ་ཏུ་ཡོད་པ་དེ་བས་ཀྱང་ངོ་མཚར་ཆེ་གསུངས། སྔོན་བྱང་གི་གྲུ་གུ་ཞྭ་བོ་ཆེ་བྱ་བས་ཉག་ཁ་ཞིག་ནས་རྐྱང་འོང་པར་ཞགས་པ་འཕངས་པ་སྟབས་ཁ་ཡག་པ་ཞིག་འཕྲོད་ནས། མི་ཀུན་གྱིས་འཛིན་དཀའ་བའི་རྐྱང་ཞིག་ཟིན་ཏེ་ཞོན་ནས་གླུ་ཁོ་ན་ལེན་པ་ལ། གཞན་གྱིས་ཁྱོད་འདི་ཀ་ཙམ་གྱི་གླུ་ལེན་པ་ཅི་ཡིན་བྱས་པས། ང་ཞྭ་བོ་གཅིག་རྐྱང་ལ་ཞོན་ནས་ད་རྐྱང་གླུ་མི་ལེན་ན་ནམ་ལེན་ཟེར་རོ། །དེ་བཞིན་དུ་སྔོན་བསགས་ལེགས་བྱས་ཀྱིས་འཕངས་པའི་སྟབས་ཁ་ཡག་པ་ཞིག་འཕྲོད་ནས་ད་རེས་མི་ཁོམ་པའི་གནས་བརྒྱད་ནས་བསྐལ་པ་བརྒྱ་ཁྲིར་བཙལ་ཀྱང་རྙེད་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ་ནས་ཆོས་མི་བྱེད་ན་ནམ་བྱེད་དམ་པའི་ལྷ་ཆོས་ཁོ་ནར་འབད་དགོས། སྔོན་འཕན་ཡུལ་ན་ཕྱྭ་མཁར་བྱ་བ་མཁར་རྡོས་ཅན་ཞིག་ཡོད་པ་དགྲས་འཕྲོགས་ནས་ཡུན་རིང་དུ་ཁ་ཉེན་དུ་སོང་བས། རྒད་པོ་གཅིག་དུས་རྟག་ཏུ་མཁར་དེས་གདུངས་ནས་ཡོད་པ་ལ། ལན་གཅིག་རྒད་པོའི་རྣ་བར་ཕྱྭ་མཁར་ཐོབ་ཟེར་བ་ཐོས་པས།
འགྲོ་མི་ནུས་བཞིན་དུ་མདུང་གཅིག་གི་གསུམ་གཉིས་ཙམ་ནས་བཟུང་ཕྱེད་ཤལ་བྱེད་ཅིང་རྨའི་ཕྱྭ་མཁར་ཐོབ་པ་འདི་རྨི་ལམ་མིན་ན་རུང་ཟེར་བ་དང་། སྔོན་རྗེ་མི་ལར་མར་པས་ཡུན་རིང་ཆོས་མ་གནང་བའི་ཁར་བཀའ་བཀྱོན་དང་ཕྱག་འབེབས་རང་མཛད་ནས་ཡིད་ཆད་ལན་མང་དུ་བྱུང་ད་དུང་ཆོས་གནང་ངམ་སྙམ་འདོད་པས་གདུངས་ནས་ཡོད་པར་ཉིན་གཅིག་མདུན་དུ་བོས་ཏེ་ཐུགས་བརྩེ་བའི་ཞལ་ནས། ད་རྗེས་སུ་བཟུང་ནས་མི་རྒན་ང་རང་གི་སྙིང་དང་འདྲ་བའི་གདམས་ངག་རྣམས་སྦྱིན་ཏེ། སྒྲུབ་རྒྱགས་ཀྱང་ང་རང་གིས་སྦྱར་ནས་བསྒོམ་དུ་འཇུག་པ་ཡིན་པས་དགའ་བར་གྱིས་ཤིག་གསུངས་བྱུང་བ་དང་། དེའི་ཚེ་རྗེ་བཅུན་གྱིས་ངའི་འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། རྨི་ལམ་ཡིན་ན་གཉིད་མ་སད་ན་དགའ་སྟེ་སྙམ་པའི་དགའ་སྤྲོ་ཚད་མེད་པ་ཞིག་བྱུང་གསུངས་པ་ལྟར། ད་རེས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་མི་ལུས་རིན་པོ་ཆེ་འདི་ཐོབ་ནས་བླ་མ་དམ་པ་ལ་བསྟེན་ཏེ་ཟབ་རྒྱས་གདམས་པ་ཉམས་སུ་བླང་དུ་ཡོད་པ་འདི་རྨི་ལམ་ཡིན་ནམ། མངོན་སུམ་ཡིན་ནམ་ཨ་རེ་དགའ་དྭངས་རེ་སྤྲོ་སྙམ་དུ་དགའ་སྤྲོ་དང་བཅས་ཆོས་
ལ་བརྩོན་པར་བྱ་དགོས། སྔོན་མར་པའི་དྲུང་དུ་རྗེ་མི་ལས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ལས་སོགས་པ་ལ་རྟེན་འབྲེལ་བཅུ་གཉིས་ཀྱིས་བསྡུས་པའི་ལུས། རྣམ་སྨིན་ཤ་ཁྲག་གདོས་བཅས་རྣམ་པར་ཤེས་པའི་འཛིན་པ་དང་བཅས་པ་འདི། བསོད་ནམས་ཅན་ཐར་པ་འདོད་པ་རྣམས་ཀྱི་དལ་འབྱོར་ལུས་ཀྱི་གྲུ་ཆེན། ལས་ངན་སྡིག་པ་བསོག་པ་རྣམས་ཀྱི་ངན་འགྲོར་འཁྲིད་པའི་སྣ་འདྲེན། ཡར་འགྲོ་མར་འགྲོའི་ས་མཚམས། འདུན་མ་གཏན་ལེགས་དང་། གཏན་ཉེས་ཀྱི་ཁེ་ཉེན་ཤིན་ཏུ་ཆེ་བའི་དུས་སྐྱེ་ས་མང་བ་ཞིག་ཡིན་པར་གོ་ཞེས་རྟོག་ཞུས་ཕུལ་བ་དང་། སྔོན་གཅིག་ལ་གཙང་ཁྱབ་བསླབ་སྟེ། དགེ་དོན་ལེགས་ཀྱི་གཞི། ཆོས་ཚུལ་རབ་ཀྱི་དབྱིངས། མཆོད་རྟེན་ཐམས་ཅད་ལ། གུས་པས་ཕྱག་འཚལ་ལོ་གྱིས་བྱས་པས། དེས་མ་ཤེས་པར། ཡག་ན་ཡག་ཀྱི་གཞི། ཉེས་ན་ཉེས་ཀྱི་གཞི། ཡག་གཞི་ཉེས་གཞི་ལ། གུས་པས་ཕྱག་འཚལ་ལོ། །ཟེར་རོ། །དེ་བཞིན་དུ་ད་རེས་དལ་འབྱོར་གྱི་མི་ལུས་འདིའི་ཐོག་ནས་ཆོས་བྱས་ཏེ་ཡག་གམ་ཡག་ན་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ལ།
མི་དགེ་བ་བྱས་ཏེ་ཉེས་སམ་ཉེས་ན་ངན་སོང་དུ་ལྷུང་ནས་བསྐལ་པ་བྱེ་བར་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་པར་འགྱུར་བས། འདུན་མ་གཏན་ལེགས་དང་གཏན་ཉེས་ཡར་འགྲོ་མར་འགྲོའི་ས་མཚམས་འབྱེད་པའི་དུས་ཡིན་རིག་པ་བསྒྲིམས་ཏེ་འདམ་ཁ་མ་ནོར་བ་བྱས། གཏན་དུ་བདེ་ཞིང་ཡར་འགྲོ་བའི་རྣམ་དཀར་དགེ་བའི་ལས་ལ་འབད་དགོས། སྔོན་མུ་གེ་ཆེན་པོ་ཞིག་བྱུང་བའི་དུས་དབུས་སུ་མི་ལྟོགས་གཟའ་ཚང་གཅིག་གིས། ནངས་མ་གཅིག་འུ་ཅག་ཧ་ཅང་རང་སྡུག་ཆེས་ཀྱིས། ད་ནངས་ཟན་གོང་རེ་གྱིས་ཤིག་ཟེར་ཏེ་བྱས་པས། བྱིས་པ་གཅིག་གིས་ཁོ་རང་གི་ཟན་རྒྱབ་ཏུ་སྦས་ཏེ། ཕའི་ཟན་ནས་ཟོས་པས་ཁྱི་གཅིག་གིས་ཟན་རྒྱབ་ཏུ་སྦས་པ་དེ་ཧད་ཀྱིས་ཁྱེར་བས། བྱིས་པ་ན་རེ། རྒྱ་མ་ལན་གཅིག་གི་སྣེ་ཟན་ཁྱི་ལ་ཤོར་ཟེར་ངུས་སོ། །དེ་བཞིན་དུ་དམ་པའི་ཆོས་ལ་ཕྱི་བཤོལ་བྱས། ཚེ་འདིའི་བྱ་བ་སྔོན་དུ་བྱས་ན་ནམ་ཞིག་རྒྱ་མ་ལན་གཅིག་ཐོབ་པའི་དལ་འབྱོར་མི་ལུས་འཆི་བདག་གིས་བཅོམ་སྟེ་ཆོས་མེད་ལག་སྟོང་དུ་ཕྱི་མར་འགྲོ་དགོས། ཡང་སྔོན་གཙང་པའི་ཨར་པ་ཚན་གཅིག་གིས་དབུས་སུ་ཉའི་ཚོད་མ་བྱས་པས་གཅིག་གི་
ནད་ལ་རྒྱབ་སྟེ་སྐྱུག་སྐྱུག་འདྲ་ཚེ་སྐེ་ལྷམ་སྒྲོག་གིས་བསྡམས་པས། གནས་མོ་ན་རེ་དེ་ཙུག་བྱེད་པ་ཅི་ཡིན་ཟེར་བར། ཁོ་ན་རེ་སྐྱུག་ཏུ་ཕངས་པ་ཞིག་སྐྱུག་པར་གདའ་ཟེར་རོ། །དེ་བཞིན་དུ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་པ་སྙིང་པོ་མ་ལོན་པར་ཆོས་མེད་དུ་འཆི་བ་ལ་ཕངས་དགོས། སྔོན་གཅིག་གི་སྒོ་རྩ་ན་མར་མི་མང་རབས་ཞིག་གི་གསེབ་ན་དགྲ་སྙིང་ན་བ་གཅིག་ཡོད་པ་དེ་མཐོང་ནས། ཁོ་རང་ནང་ན་གྲི་བརྡར་གྱིན་མི་སོད་ཀྱིས་དོགས་ནས་ཕ་མེས་ཀྱིས་བཀུག་པ་ལ་དྲི་བོ་ངས་ནི་ཡན་པར་གཏོང་ཉེན་ཡོད་ཟེར་རོ། །དེ་བཞིན་དུ་སྔོན་གྱི་ལས་བཟང་པོའི་སྟོབས་ཀྱིས་དལ་འབྱོར་གྱི་མི་ལུས་འདི་བཀུག་སྟེ། རང་རེ་དྲི་བོ་ཀུན་གྱིས་ཆོས་ཀྱི་བེད་མི་ཆོད་པར་དོན་མེད་ཆུད་ཟོས་སུ་གཏོང་ཉེན་ཆེ་བས་གཏོང་མི་རུང་། མི་དང་དུད་འགྲོའི་ཁྱད་པར་ཡང་ཆོས་ཡོད་མེད་ཀྱི་སྟེང་ནས་འབྱེད་པས། ཆོས་མ་བྱས་ན་རྭ་མཇུག་མ་སོགས་མེད་རུང་དུད་འགྲོ་དང་ཁྱད་སྤུ་ཙམ་མེད། ཚེ་འདི་ཀ་ཙམ་ཤེས་པས་མི་དང་དུད་འགྲོའི་ཁྱད་པར་འབྱེད་དཀའ། ཚེ་འདིའི་བྱ་བ་ལ་མི་བས་ད་དུང་དུད་འགྲོ་མཁས་ཏེ། དེ་ལ་དཔའ་རྩལ་
གྱིས་དབང་དུ་སོང་ན། བྱ་ཁྲས་ཕུག་རོན་སོགས་བདས་པས་མ་ཐེབ་ཙ་ན་རྡོ་འམ་བྲག་ལ་ཕོག་པས་རྡོ་ལ་སོགས་པ་གས་པ་ཡོང་གིན་འདུག་སྐད། བོངས་དེ་ལས་ཆུང་བ་མེད་ཀྱང་དཔའ་རྩལ་ཆེན་པོ་དེ་ཙམ་ཡོད་པ་ཡིན། བྱ་གླག་ཕོ་ཡིས་གླ་རོ་ནམ་མཁར་ཁྱེར་བ་དེ་མ་ཐེག་ཙ་ན་བཏང་བས། བྱ་གླག་མོ་ཡིས་བར་སྣང་ནས་ཚིར་གྱིས་བཟུང་བའི་དུས་ན་ཡར་ཡངས་ཀྱིས་ཡོང་། མོས་བཏང་ནས་ཕོས་བཟུང་ཙ་ན། མར་ལྟེང་བ་རེ་ཡོང་སྟེ། ཕོ་བས་མོ་རྩལ་ཆེ་བ་ཡིན་སྐད། དེས་ན་རིག་པ་དང་དཔའ་རྩལ་མི་བས་ཀྱང་ལྷག་པ་དུད་འགྲོ་ལ་ཡོད། དགྲ་ཐབས་ལ་མཁས་པའི་དབང་དུ་བྱས་ན། བྲག་རྒྱབ་ན་ཕོ་རོག་གི་ཚང་ཡོད་པ་ལ། ཉིན་གཅིག་ཕ་མ་མེད་ཤུལ་དུ་འུག་པ་འོང་ནས་ཕོ་རོག་གི་ཕྲུག་གུ་ཁྱེར་ཏེ་ཆུ་གླེ་ལ་གཤོག་པའི་འོག་ནས་སྙིང་བྲུས་ནས་བསད་པར། ཕོ་རོག་གཉིས་ཀྱིས་འུག་པ་དེད་དེད་ནས་ཤི་མ་ཤི་མེད་པར་འཛིངས་ནས་བཟུང་སྟེ། སྔར་བུ་བསད་སར་ཁྱེར་ནས་སྔ་མ་ལྟར་གསོད་པ་མཐོང་སྐད། སྐྱེས་པ་ཁྱོ་ག་ཇི་ཙམ་གྲུང་ཡང་དགྲ་ལ་དེ་ཙམ་མི་ནུས། སྨིག་པ་ལ་སྦྲུལ་ཡོང་པ་ལ་སྨིག་པ་གཅིག་གིས་ཚང་གི་རྐེད་པར་གནམ་
ཁུང་བཏོན་ནས་སྦྲུལ་ལ་གཙེས་པས་སྦྲུལ་གྱིས་སྨིག་པ་དེད་པས་སྨིག་པ་ཚང་དུ་བྲོས་ཏེ་གནམ་ཁུང་ན་ཡར་ཐོན་ཏེ། སྦྲུལ་ཚང་སྦུག་ཏུ་འཚངས་ཀྱིས་སོང་བ་དང་གནམ་ཕུག་ནས་མར་སྨིག་པས་སྦྲུལ་གྱི་རྐེད་པར་སོ་བཏབ་ནས་བསད་སྐད། ཕྱི་བ་གསོད་མཁན་གཅིག་གིས་ཕྱི་བ་དེད་པས། ཚང་དུ་ཆུད་པའི་རྐང་པ་ནས་ཟིན་པས། ཕྱི་བས་གྲུ་མོ་བརྒྱངས་ཏེ། ཁ་མར་ལོག་ནས་མི་ཡི་ལག་པ་ལ་སོ་བཏབ་པས། གཞན་མ་ན་རེ་ཕྱི་བ་མ་ཟིན་ནམ་བྱས་པས་ཟིན་ཟེར། འོ་ན་མར་འཐེན་བྱས་པས་ངས་མ་ཟིན་ཁོས་ཟིན་ཟེར་རོ། །དེ་ན་ངན་ཐབས་མཁས་པ་དང་སྙིང་རུས་ཆེ་བ་དེ་ཙམ་མི་ཕལ་པ་ལ་མེད། རྒྱལ་དུ་གཡག་ཡུ་བོ་གཅིག་དང་རྭ་ཅན་གཉིས་འཐབ་པས་རྭ་ཅན་རྒྱལ་ཏེ། དེར་ཡུ་བོ་དེས་ཞག་འགའ་སྒྱུ་རྩལ་སྦྱངས་རྨིག་པ་སྐམ་ནས་འཐབ་པས་གཞུག་ཐ་བ་སྒང་གི་ལྕགས་རིའི་ནང་དུ་བཙུད་ནས་བསད་སྐད། དེས་ན་དགྲ་འཐབ་ལ་མཁས་པ་དེ་འདྲ་དུད་འགྲོ་ཀུན་ལ་ཡོད། ཡང་གཉེན་དང་བུ་སྐྱོང་བའི་དབང་དུ་བྱས་ན། དུད་འགྲོ་མཁས་ཏེ་ཟླ་རེ་ལའང་ཕ་མཉམ་བུ་མཉམ་བྱེད་པ་ཡོད། མིས་དེ་འདྲ་མི་
ནུས། སྲིད་སྡེ་གཅོད་པ་ལ་མཁས་པའི་དབང་དུ་བྱས་ན་ཡང་། འཕན་ཡུལ་གྱི་ལྕང་གསེབ་ན། སྐྱ་གའི་ཚང་མང་པོ་ཡོད་པ་ལ་འུ་གུ་ཆུང་གིས་ཕྲོགས་པས། སྐྱ་ག་གཟའ་མི་གཉིས་ཀྱིས་སྟོད་ལུང་ཚུན་ཆད་ཀྱི་སྐྱ་ག་གཡབ་ནས་འུ་གུ་ཆུང་ཡུལ་ནས་བཏོན་སྐད། ཡང་བྱ་ཡུལ་དུ་གླག་ཚང་དུ་སྦྲུལ་ཞུགས་པ་བཏོན་པའི་ལོ་རྒྱུས་སོགས་དེ་འདྲ་མང་། དེས་ན་སྲིད་སྡེ་གཅོད་པ་ལ་མཁས་པ་དེ་འདྲ་དུད་འགྲོ་ལ་ཡང་ཡོད་པ་ཡིན། ནང་དུ་བསོག་འཇོག་ལ་མཁས་པའི་དབང་དུ་བྱས་ན། བྱི་བ་ཀུན་གྱིས་སྟོན་དཔྱིད་ནས་དང་གྲོ་མ་ལ་སོགས་པ་བསགས་པ་མི་ཡིས་རྙེད་ན་འཚེངས་ནུས་པ་ཡོད་སྐད། སྔོན་གླང་རི་ཐང་བའི་མཎྜལ་གྱི་སྟེང་ན་ཡོད་པའི་གཡུ་བྱི་བ་གཅིག་གིས་མ་ཐེག་པ་གྲོགས་སྦྲན་ཏེ། གཅིག་གིས་ཕུལ་གཅིག་གིས་འཐེན་པ་གཟིགས་པས་ཞལ་འཛུམ་པ་ཞིག་མཛད་པ་བྱུང་། མི་གཅིག་གིས་བྱི་ཚང་དུ་གཡུ་གཅིག་རྙེད་དེ། སང་ནངས་པར་བལྟ་རུ་ཕྱིན་པས། བྱི་བ་དེ་རྩྭ་ཉག་མ་གཅིག་གིས་སྐེ་དཀྲིས་ནས་ལྕེབས་ནས་ཤི་འདུག་སྐད། ཕྱིའི་བཟོ་མཁས་པའི་དབང་དུ་བྱས་ན། ཁ་རག་སྒོམ་ཆུང་བཞུགས་པའི་བྲག་ལ་ཁུག་རྟའི་ཚང་བྱུང་
བ་ལ། དང་པོ་ཚང་བྱེད་ཙམ་ན་བྲག་ལ་ཆུ་གཅིག་བྱུགས་སྐད། དེ་ནས་འཇིམ་པ་སླ་མོ་བྱུགས་ནས། དེ་ནས་རྨང་སྐམ་ཚོད་ན་འཇིམ་པ་རེ་དང་རྡེའུ་རེ་སྤེལ་མར་བཞག་ནས་ཁད་ཀྱི་བྱ་ལ། གཞུག་དུས་གཅིག་ལ་ཀྲོངས་ཀྱིས་བརྩིགས་སྐད། ཤིང་གསེབ་ཀྱི་བྱ་བྱིལ་ཀུན་ཚང་འཆའ་བ་མཐོང་ཙམ་ན་ཡང་དེ་ལྟ་བུའི་རིག་པ་དང་། ཐབས་ལེགས་མི་ཀུན་གྱིས་མི་ཤེས། གཞན་ཡང་ནམ་ཟླ་དུས་བཞིའི་དུས་ཚོད་ལ་སོགས་པ་མི་བས་ཀྱང་ལྷག་པ་དུད་འགྲོ་ཀུན་ལ་ཡོད་པ་ཡིན། དེས་ན་ཚེ་འདིའི་དོན་ཙམ་ལས་སྒྲུབ་མི་ནུས་ན་སྐྱེས་བུ་འམ་མི་ཞེས་མིང་དོན་རང་མ་ཚང་བ་ཡིན། དེས་ན་ད་རེས་མི་དང་དུད་འགྲོ་ཁྱད་པར་འབྱེད་པའི་དུས་འདིར། ཚེ་འདིའི་དོན་ཙམ་ཤེས་པ་དང་བྱེད་པ་ལ་ཕོ་ཁྱོ་ག་གྲུང་པོར་མི་བརྩི་བར། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་མི་ལུས་རིན་པོ་ཆེ་འདི་ཆོས་ཀྱི་སྒོ་ནས་དོན་དང་བཅས་པ་ནོམ་པ་དང་བཅས་པ་ཞིག་བྱས་ཏེ་མི་ཟེར་བའི་མིང་དོན་གཉིས་ཀ་ཚང་བ། དུད་འགྲོ་རྣམས་ལས་ཆེ་ཁྱད་ཐོན་པ་ཞིག་མཛད་དགོས། ཕུ་ཆུང་བའི་ཞལ་ནས། དལ་འབྱོར་གྱི་མི་ལུས་ཐོབ་ནས་དགེ་
བའི་ལས་མ་བྱས་པར་ཤི་ན། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས་ལོངས་མ་སྤྱད་པར་སྟོར་དུ་བཅུག་པ་དང་འདྲ་ལ། སྡིག་པ་བྱས་ན་ནོར་བུ་དུག་དང་འདྲེས་པའི་ལྷད་ཟན་རྡོག་པོ་གཅིག་ཏུ་བཙོང་བ་དང་འདྲ་གསུངས། དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཅི་ནས་ཀྱང་ཆུད་ཟོས་སུ་གཏོང་མི་རུང་། དགེ་བཤེས་དོལ་བའི་ཞལ་ནས། ངས་དལ་འབྱོར་རྙེད་པར་དཀའ་བ་འདི་ལ་འཕྲིགས་ཆུད་པས་ཆོས་ཡོ་དེ་ནས་བྱུང་གསུངས། དགེ་བཤེས་སྤྱན་སྔ་བ་ཁོང་མནལ་ཡེ་མི་ལོག་པར་ཐུགས་དམ་མཛད་པ་ལ། དགེ་བཤེས་རྣལ་འབྱོར་པས། བུ་སྐབས་སུ་ཁམས་བག་རེ་མ་གསེང་ན་ཁམས་ཡང་ལོག་ཉེན་ཡོད་གསུངས་པས། དེ་དག་ལེགས་ཏེ། དལ་འབྱོར་རྙེད་དཀའ་བ་འདི་བསམ་ཙ་ན། གཉིད་ལོག་ལོང་རང་མི་གདའ་གསུངས་ཟེར། དེ་ལ་ཆོས་རྗེ་བས་གསུངས་ནས། དེ་ཤིན་ཏུ་མད་པར་གདའ་དེ་འདྲ་རེ་མེད་ཐབས་མི་འདུག་སྟེ། རང་རེས་ནི་དེའི་ཆ་ཙམ་ཡང་མི་ནུས་པར་འདུག །ཁོང་གིས་མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་སོང་ཟེར་ཏེ། མི་ཚེ་ལ་མནལ་ཡེ་མ་ལོག་པའི་ཚོད་དུ་འདུག་གསུངས་པ་དེ་ལྟར་ཆོས་ཀྱི་
སྙིང་པོ་ལེན་པ་གལ་ཆེ། མདོར་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་ཤིན་ཏུ་དོན་ཆེ་ཞིང་རྙེད་དཀའ་བའི་ཚུལ་ལེགས་པར་བསམས་ནས་རྣམ་དཀར་དགེ་བའི་ལས་ལ་འབད་ན་དལ་འབྱོར་ཐོབ་པ་དོན་དང་ལྡན་པར་འགྱུར་རོ།། ༈ །།སྨྲས་པ། ཐུབ་དབང་ཐུགས་ཀྱི་ཤེལ་དཀར་བུམ་བཟང་དུ། །ལེགས་འཁྱིལ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་དེ། །རྒྱ་བོད་མཁས་གྲུབ་རིན་ཆེན་དུ་མའི་སྣོད། །གཅིག་ནས་གཅིག་བརྒྱུད་བོད་འདིར་འོང་བ་མཚར། །ངོ་མཚར་ཆོས་ཀྱི་བདུད་རྩི་བཟང་པོ་ནས། །ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་། །བརྟེན་ནས་དལ་བའི་རྟེན་ལ་སྙིང་པོ་ལེན། །དགོས་ཚུལ་ཆུ་ཐིགས་ཙམ་ཞིག་བླངས་ཚར་སོང་། །ཚེ་འདིའི་བྱ་བ་བལྟས་ནས་བྱས་ཆོག་པར། །སློབ་མཁན་དགོས་ན་རྣམ་གྲོལ་སྒྲུབ་པ་ལ། །སློབ་མཁན་བླ་མ་མེད་པར་ག་ན་འོང་། །དེ་ཕྱིར་མ་ནོར་ལམ་སྟོན་བླ་མ་ཚོལ། །རྙེད་ནས་ཡོན་ཏན་འབྱུང་གནས་དྲིན་ཅན་རྗེ། །རང་གི་སྲོག་གི་ཕྱིར་ཡང་མི་སྤོང་བར། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ལ། །རྟག་ཏུ་ངུ་དང་མི་ལ་ལྟ་བུར་མཛོད། །དལ་
འབྱོར་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །ད་རེས་ཆོས་ཀྱིས་སྙིང་པོ་མ་བླང་ན། །བྱོལ་སོང་ཕྱུགས་ཀྱི་བུ་དང་ཅིས་མི་འདྲ། །ཡང་ཡང་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །སྐྱོ་ངལ་མེད་པར་ཉིན་མཚན་དུས་དྲུག་ཏུ། །ཆོས་ཀྱི་སྙིང་པོ་ལེན་ལ་ད་བརྩོན་ཅིག །ལམ་གྱི་རྩ་བ་བཤེས་གཉེན་ལེགས་བསྟེན་ནས། །དལ་འབྱོར་རྟེན་ལ་སྙིང་པོ་ལེན་དགོས་ཚུལ། །བཀའ་གདམས་གོང་མའི་གསུང་སྒྲོས་ལ་བརྟེན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་ཟིན་ནས། །ད་ནི་སྙིང་པོ་ལེན་ཚུལ་གདམས་པ་ལ། །ཐོག་མར་སྐྱེས་བུ་ཆུང་དང་ཐུན་མོང་གི །ལམ་གྱི་རིམ་པ་བསྟན་ནས་སྙིང་པོ་ཞིག །ལེན་ཚུལ་གོང་མའི་གསུང་བཞིན་འདི་ན་བཤད། །དེ་ཡང་རང་རེ་རྣམས་ཀྱིས་ད་རེས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ཟིན་ཀྱང་། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་ཅིང་མི་བརྟན་སྙིང་པོ་མེད་ལ། སྒོས་སུ་དལ་འབྱོར་གྱི་ལུས་རྟེན་བཟང་པོ་འདི་ཡུན་རིང་མི་སྡོད་པར་མྱུར་དུ་འཇིག་པར་འགྱུར་བས། ཚེ་འདིའི་ཡུད་ཙམ་གྱི་བདེ་སྐྱིད་ལ་ཆགས་ནས་
གཡེངས་ཏེ། ཆོས་བྱེད་པའི་བློ་ཡོད་ཀྱང་ཕྱི་བཤོལ་བྱས་སང་བྱ་གནངས་བྱ་སྙམ་པའི་ངང་ལ་བཞག་ན་བར་དེར་འཆི་བདག་སླེབས་ནས་ཆོས་ཀྱི་སྐལ་པ་འཆད་པས། མི་རྟག་འཆི་བ་བསམས་ནས་ཚེ་འདིའི་བདེ་འབྱོར་ཐམས་ཅད་གློག་གི་གར་དང་བར་སྣང་གི་འཇའ་དང་གཉིད་ཐུམ་གཅིག་གི་རྨི་ལམ་གྱི་བདེ་བ་ལྟར་མི་རྟག་ཅིང་སྙིང་པོ་མེད་པར་གོ་ནས། དོན་ཆུང་ཚེ་འདིའི་བྱ་བ་ཡུན་རིང་སྡོད་ཤོམས་བྱེད་པའི་བློ་རྒྱ་ཐམས་ཅད་ཆམ་གྱིས་བསྐྱུར་ནས་ད་ལྟ་ཉིད་དུ་དམ་པའི་ཆོས་ཀྱི་སྙིང་པོ་ལེན་དགོས་ཏེ། དེའི་རྒྱུ་མཚན་སྤྱིར་འདུས་བྱས་འཁོར་བའི་ཆོས་ཐམས་ཅད་མི་རྟག་འཇིག་པར་འགྱུར་བས་ན། འཇིག་རྟེན་ཞེས་བྱ་ལ། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་སྟེ། སྟེང་ཕྱོགས་ཁམས་གོང་མའི་ལྷ་ཚེ་རིང་པོ་རྣམས་ཀྱིས། འཇིག་རྟེན་ཁམས་འདི་ལན་གྲངས་མང་པོ་འཇིག་པར་མཐོང་བ་ཡིན་པ་ལ། ལྷ་ཕྲུག་གཞོན་ནུ་མཐོང་མ་མྱོང་བས་འཇིག་རྟེན་ཁམས་འདི་འཇིག་པ་མཐོང་བས་འཇིགས་ཚེ། ལྷ་ཚེ་རིང་རྒན་པ་རྣམས་ན་རེ། འཇིགས་མི་དགོས། འོག་ཕྱོགས་ཀྱི་འཇིག་རྟེན་ཁམས་དེ་སྐབས་རེ་རྡུལ་འཚུབ་
ལོང་ངེ་འདི་ལྟར་འཇིག་པ་ཡིན་ཟེར་སྐད། དེས་ན་རི་རབ་གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་ཉི་མ་ཟླ་བ་ལྕགས་རི་མུ་ཁྱུད་དང་བཅས་པའི་ཕྱི་སྣོད་འཇིག་རྟེན་གྱི་ཁམས་འདི་འདྲ་བ་སྔར་ཡང་ཆགས་ནས་ལན་གྲངས་དུ་མར་ཞིག་ལ། ད་ལྟ་ཡང་ཆགས་པ་འདི་རྣམས་རིང་པོ་མི་ལོན་པར་ནམ་ཞིག་མྱུར་དུ་མེ་ཆུ་རླུང་གསུམ་གྱིས་རིམ་གྱིས་བཤིག་ནས་ཐལ་བ་ཙམ་ཡང་མི་ལུས་པར་ནམ་མཁའི་རང་བཞིན་དུ་འགྱུར་བ་ཡིན་པས། གཞན་མི་རྟག་འཇིག་པ་སྨོས་ཅི་དགོས། དེ་བཞིན་དུ་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཉི་ཟླའི་འཆར་ནུབ་ལོ་དང་ཟླ་བ། ཉིན་དང་མཚན་མོ་སྔ་དྲོ་ཕྱི་དྲོ་སྐད་ཅིག་ཐང་ཅིག་ཡུད་ཙམ་སོགས་གང་ལ་བལྟས་ཀྱང་སྔར་གྱི་ས་ན་མི་སྡོད་པར་མི་རྟག་འགྱུར་ཞིང་འགྱུར་ཞིང་འགྲོ་བས་དངོས་པོ་གང་ཡང་མི་རྟག་པར་བསམས་ནས་གང་ལའང་མི་ཆགས་པར་དལ་བའི་རྟེན་ལ་ཆོས་ཀྱིས་སྙིང་པོ་ལེན་དགོས། མཐོ་རྒྱལ་པོ་ཆེན་པོའི་གདན་ས་ཡང་མི་རྟག་སྟེ། སྔོན་གོང་མ་རྒྱལ་པོའི་གདན་ས་ཡང་སྐབས་ཤིག་རྟ་རྫིས་འཕྲོགས་པ་ཡིན་སྐད། བོད་ཀྱི་རྒྱལ་པོའི་གདན་ས་ཡང་སྔ་མོ་གཅིག་གི་ལག་ནས་གཅིག་གིས་འཕྲོགས་པའི་གཏམ་
མང་པོ་གདའ། མཐའི་རྒྱལ་ཁག་མང་པོ་ཡང་དེང་སང་གོར་ཥ་རྒྱལ་པོས་འཕྲོགས་ནས་གདའ་སྟེ་ཁོ་ཡང་ཅི་འགྱུར་ཅི་ཤེས། དེ་བཞིན་དུ་ད་ལྟའི་རྒྱལ་པོ་དང་མ་འོངས་པ་ན་འབྱུང་བའི་རྒྱལ་པོ་ཡང་དེའི་རང་བཞིན་ལས་མ་འདས། མཐོ་རྒྱལ་པོའི་རྒྱལ་ས་ལ་ཡང་ཡིད་བརྟན་མེད་པར་མི་རྟག་འགྱུར་ན། གཞན་རྣམས་སྨོས་ཅི་དགོས། དམའ་སྤྲང་པོའི་ཉལ་ས་ཡང་མི་རྟག་སྟེ། དབུས་ཀྱི་འབྲས་སྤུངས་ནས་ལྷ་སར་འོང་བའི་ལམ་གྱི་ཡར་ཟུར་གྱི་བྲག་ཁུང་ན་མི་གཅིག་དུས་ཡུན་རིང་བསྡད་པའི་སྐབས་ཤིག་སྤྲང་དུ་སོང་ཤུལ་ནས་སྤྲང་པོ་གཞན་འགའ་ཡོང་ནས་བཟུང་ཁོའི་མལ་ཤོར་ནས་འགྲོ་དགོས་བྱུང་སྐད། དེས་ན་དམའ་སྤྲང་པོའི་ཉལ་ས་ཡན་ཆད་ཀྱང་མི་རྟག་པར་འགྱུར། སྒོ་ན་རྟ་ནོར་ལུག་གསུམ་འཛོམ་པ་ཡང་མི་རྟག་སྟེ། སྔོན་བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་རིན་པོ་ཆེ་མཚོ་སྔོན་པོའི་ཕྱོགས་སུ་ཕེབས་ནས་སྦྱིན་བདག་ཕྱུག་པོ་འགའ་རེ་ལ་ནོར་ལོངས་སྤྱོད་མི་རྟག་ཅིང་སྙིང་པོ་མེད་ཚུལ་ཆོས་བྱ་དགོས་ཚུལ་གསུངས་པས། སྦྱིན་བདག་གཅིག་གིས་ཁོང་ཕེབས་ཤུལ་ནས། ཁོང་གིས་ནོར་
མི་རྟག་ཟེར་ཏེ་ད་བར་དུ་རྟག་འདུག་ད་མི་རྟག་རྒྱུ་ཅི་ཡོང་ཟེར་བ་བྱུང་། ལོ་རྗེས་མ་ཁོང་གིས་གསུངས་བཞིན་ར་ངན་གྱི་ཇག་པ་བྱུང་ནས་ནོར་རྫས་ད་བར་རྟག་འདུག་ད་མི་རྟག་རྒྱུ་ཅི་ཡོད་ཟེར་མཁན་གྱི་རྟ་ནོར་ལུག་གསུམ་གསེར་དངུལ་སོགས་ནོར་རྫས་ཡོད་དོ་ཅོག་ཇག་པས་ཁྱེར་ནས། ཁོ་སྤྲང་པོ་བྱས་དགེ་བཤེས་རིན་པོ་ཆེ་སྟོང་བསྐོར་ན་བཞུགས་པའི་སྐུ་མདུན་དུ་སོང་ནས་ཕྱག་འཚལ་ནས་ཁྱེད་ཀྱིས་གསུངས་ལྟར་གྱུར་ཞུས་ཚེ། ཞལ་འཛུམ་བཞིན་སྙིང་རྗེ་དེ་ཡིན་གསུངས་གནང་སྦྱིན་འདྲ་བྱས་སྐད། དེ་བཞིན་དུ་ན་ཚ་དགྲ་འདྲེ་སོགས་རྐྱེན་བག་རེ་ལ་བརྟེན་ནས་སྔར་ཕྱུག་པོ་དབུལ་པོར་གྱུར་པ་དེ་འདྲ་བརྒྱ་དགོས་ན་སྟོང་ཡོད། དེས་ན་ནོར་ལོངས་སྤྱོད་གང་ཡང་མི་རྟག་པར་འགྱུར་བས་ཡིད་བརྟན་མི་འདུག་སྙམ་དུ་ཆོས་བྱ་དགོས། དཔུང་ཁ་དྲགས་འཛོམ་ཡང་མི་རྟག་སྟེ་ངེད་སང་གི་ཉེ་བ་ཞོ་འོང་དཔྱིས་ཀྱི་སྟོབས་ཚང་སང་ཟེར་བ་སྐབས་ཤིག་སྤུན་བཞི་བུ་གསུམ་ནོར་ལོངས་སྤྱོད་ཀུན་འཛོམ་ནས་ཁས་དྲགས་པ་བྱུང་། ཀུན་གྱིས་སྨོན་པའི་གནས་ཤིག་བྱུང་ཡང་ཡུད་ཙམ་དུ་གདའ། ཕྱིས་སྤུན་དང་བུ་ཕལ་ཆེར་ཤི་ནོར་ཟད་ནས་ཁ་ཉེན་གཉོམ་ཆུང་དུ་
གྱུར་གདའ། དེས་ན་སྤུན་དང་བུ་ཚ་བོ་ཡང་ཚ་འཛོམ་ཡང་ཡུད་ཙམ་ཡིན་པས་གང་ལའང་མི་ཆགས་པར་ཆོས་བྱ་དགོས། ནོར་རྫས་ཅུང་ཟད་ཡིན་ཡང་མི་རྟག་སྟེ། ལྷ་སའི་གླིང་གི་སྤྲང་མོ་མ་བུ་གཉིས་ཀྱི་རྩམ་ཁུག་ཇ་སྐོལ་སྣོད་གོན་པ་ཞིག་ཡོད་པ་ཡང་རྐུན་མ་ཞིག་གིས་མཐོང་ནས་མཚན་མོ་འོང་ནས་ཁྱེར་སོང་བས་སྔ་མོ་སྤྲང་མོ་མིག་ནས་མཆི་མ་མང་པོ་འདོན་པར་གདའ། གཉོམ་ཆུང་ཡང་མི་རྟག་སྟེ། སྔོན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་རྒན་གཉོམ་ཆུང་མང་པོ་མཚན་མོ་མགོ་བརྡུང་གིས་བསད་ནས་ནོར་རྫས་ཐམས་ཅད་ཁྱེར་སྐད། དེས་ན་དེ་དག་རྣམས་ཀྱི་མཚོན་པའི་ཕྱི་སྣོད་འདུས་བྱས་འཇིག་རྟེན་འཁོར་བའི་ཆོས་ཐམས་ཅད་མི་རྟག་མི་བརྟན་སྙིང་པོ་མེད་དེ། བརྩིགས་པ་འཇིག །མཐོན་པོ་ལྟུང་། བསགས་པ་འཛད། འདུས་པ་འབྲལ་བའི་ཚུལ་བསམས་ནས་གང་ལའང་མི་ཆགས་པར་སྙིང་པོ་མེད་པའི་འཁོར་བའི་བྱ་བ་ཀུན་སྤངས་བྱས་ནས། སྙིང་པོ་ཡོད་པ་དམ་པའི་ལྷ་ཆོས་ལ་འབད་ནས་དལ་འབྱོར་ལ་སྙིང་པོ་ལེན་པར་བྱའོ། །སྒོས་སུ་ནང་བཅུད་རང་གཞན་སེམས་ཅན་ཐམས་ཅད་མི་རྟག་པར་
འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་ཏེ། གཞོན་པ་གླུ་ལེན་པ་ན་རེ། འདི་ན་མི་དགའ་རྒྱལ་དུ་འགྲོ། །རྒྱལ་ན་གསེར་གྱི་མཆོད་རྟེན་ཡོད། །དགའ་ཡང་ཡུན་གྱིས་རྟེན་ཡུལ་མིན། །འདི་ན་མི་དགའ་ཡེར་བར་འགྲོ། །དེ་ན་བྲག་ལྷ་མགོན་པོ་ཡོད། །དགའ་ཡང་ཡུན་གྱིས་རྟེན་ཡུལ་མིན། །ཟེར་རོ། །དེ་བཞིན་དུ་འོ་སྐོལ་རང་རེ་རྣམས་ཚེ་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་མི་དགའ་ཞིང་། ཚེ་འདིར་གཏན་དུ་སྡོད་པ་ལ་དགའ་ཡང་། ཡུན་རིང་པོའི་བསྟེན་ཡུལ་མིན་ཏེ། ཡུད་ཙམ་ཞིག་བསྡད་ནས་མྱུར་དུ་སླར་འཇིག་རྟེན་ཕྱི་མར་འགྲོ་སྟེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་འཆི་ལ་རང་དབང་ཐོབ་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ་ཡང་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གྲོང་ཁྱེར་རྩྭ་ཅན་དུ་ཕྱོགས་གཡས་ཕབ་དབུ་བྱང་དུ་བསྟན་ནས་མྱ་ངན་ལས་འདའ་བར་དགོངས་ཚེ། འཇིག་རྟེན་ཁམས་ཀྱི་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱང་དེའི་ཕྱོགས་སུ་བཏུད་ཅིང་གཞོལ། ས་འདི་ཡང་རྣམ་པ་དྲུག་ཏུ་གཡོ་བ་སོགས་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་དང་བཅས་སྐུ་གཤེགས་
པའི་ཚེ། སྐྱེ་འཆི་ལ་རང་དབང་ཐོབ་པའི་དགེ་སློང་ཁྲི་བརྒྱད་སྟོང་ཡང་མྱ་ངན་ལས་འདས་སོ། །དེས་ན་མཚན་དཔེས་བརྒྱན་པའི་རྡོ་རྗེའི་སྐུ་ཡང་མི་རྟག་པར་གཤེགས་པའི་རྣམ་འགྱུར་བསྟན་སོང་ན། ཆུ་ཤིང་སྙིང་པོ་ལྟ་བུའི་འོ་སྐོལ་རྣམས་ཀྱི་སྒྱུ་ལུས་འཇིག་པ་སྨོས་ཅི་དགོས། སྔོན་སངས་རྒྱས་ཀྱི་འཁོར་དགྲ་བཅོམ་རྫུ་འཕྲུལ་ལ་ཐོགས་པ་མེད་པ་མོངྒལ་གྱི་བུ་ཡང་མཐར་གྲོང་ཁྱེར་ཤིང་ཐག་ཅན་དུ་བྱོན་ནས་སྐུ་གཤེགས་དུས། དབང་ཐོབ་པའི་དགྲ་བཅོམ་བདུན་ཁྲི་བདུན་སྟོང་མྱ་ངན་ལས་འདས་སོ། །ཤེས་རབ་ལ་ཐོགས་པ་མེད་པའི་འཕགས་པ་ཤཱ་རིའི་བུ་རྒྱལ་པོའི་ཁབ་ག་ལ་བ་དེར་བྱོན་ནས་སྐུ་གཤེགས་དུས། དགྲ་བཅོམ་པ་བརྒྱད་ཁྲི་མྱ་ངན་ལས་འདས་སོ། །འཕགས་པ་བ་གླང་བདག་སུམ་ཅུ་རྩ་གསུམ་ལྷ་གནས་ན་བཞུགས་པས་སངས་རྒྱས་མྱ་ངན་ལས་འདས་པ་གསན་ནས། ཐུགས་ལས་མེ་བྱུང་སྟེ་མྱ་ངན་ལས་འདས། མེའི་ནང་ནས་ཚིགས་སུ་བཅད་པ་གཉིས་བྱུང་སྟེ། འདུས་བྱས་བསགས་པ་སྐད་ཅིག་འཇིག་འགྱུར་ཏེ། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་འགྱུར། །མཁས་རྣམས་
རྟག་ཏུ་དགེ་ལ་བག་ཡོད་ཅིང་། །བསོད་ནམས་ལས་ཀྱི་བྱ་བ་དེ་བརྩོན་བྱ། །ཞེས་པ་དང་། ཐུབ་པ་དེ་ལ་སྒོ་གསུམ་དང་བས་བཏུད། །རང་གི་དགོས་པ་གང་ཡིན་ཐམས་ཅད་བྱས། །གུས་ཤིང་རབ་ཏུ་དད་པས་བླ་མ་དེའི། །ཕྱི་བཞིན་བ་གླང་བདག་ཀྱང་དེ་ལྟར་སོང་། །ཞེས་བྱ་བའི་སྒྲ་བྱུང་ངོ་། །དེ་བཞིན་དུ་དྲང་སྲོང་ཆེན་པོ་མངོན་ཤེས་ལྔ་ཐོབ་ཅིང་མཁའ་ལ་རྒྱང་རིང་འགྲོ་བ་རྣམས་ཀྱིས་ཀྱང་མི་འཆི་བའི་གནས་དང་ཐབས་མ་རྙེད་པར་གཤེགས། སྔོན་གྱི་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་དང་། གངས་ཅན་ལྗོངས་ཀྱི་མཁན་སློབ་ཆོས་གསུམ་རྗེ་འབངས་ཉེར་ལྔ། མར་མི་དྭགས་གསུམ། ཁུ་རྔོག་འབྲོམ་གསུམ། རྗེ་རིན་པོ་ཆེ་ཡབ་སྲས་སོགས་དགེ་བའི་བཤེས་གཉེན་སངས་རྒྱས་གཉིས་པ་ལྟ་བུ་རྣམས་ཀྱང་གཤེགས། དེ་བཞིན་དུ་ལྷའི་ནང་གི་ཚངས་པ་བརྒྱ་བྱིན། མིའི་ནང་གི་འཁོར་ལོས་སྒྱུར་རྒྱལ། རྒྱལ་བློན་བྱང་ཆུབ་སེམས་དཔའ་མི་སྐྱ་བཙན་བཙུན་ཉི་མ་དང་ཟླ་བ་རྒྱུ་སྐར་འདྲ་བ་ཐམས་ཅད་ཀྱང་བསྡད་དབང་མེད་པར་གཤེགས་སོང་བ་དེ་ལགས། དེ་བཞིན་དུ་ད་ལྟ་རང་རེའི་ཐོག་ན་གནས་
ཚད་པོ་ཐམས་ཅད་འཆི་བ་ལས་མ་འདས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པ་མེད་དེ། སྔོན་སྡིག་རྒྱལ་འཕགས་སྐྱེས་པོ་དང་བློན་པོ་མ་ལ་གནོད་གཉིས་ཀྱིས་གྲོང་ཁྱེར་སེར་སྐྱའི་མི་བདུན་ཁྲི་བདུན་སྟོང་བསད། བུ་མོ་ལྔ་བརྒྱའི་རྐང་ལག་བཅད་ནས་བསད། ཁྱེའུ་ལྔ་བརྒྱ་ལྕགས་ཀྱི་ཤལ་མས་མནན་ནས་གསོད་པའི་འོག་ནས་གཉིས་བྲོས་ནས་སངས་རྒྱས་ཀྱི་དྲུང་དུ་འོང་བ་ལྷུང་བཟེད་ཀྱི་འོག་ཏུ་སྦས་ཀྱང་། རིང་པོར་མ་ལོན་པར་དེ་ཉིད་དུ་ཤིའོ། །རྒྱ་གར་ན་ཤན་པས་མ་ཧེ་གསོད་ཙ་ན། གྲོག་པོ་ཕུག་རྡུགས་སུ་མ་ཧེ་རྣམས་བཅུག །མདོ་མི་ཡིས་བསྲུངས་ནས། འཆོར་ས་མེད་པ་བྱས་གསོད་སྐད། དེ་བཞིན་དུ་འོ་སྐོལ་ཀྱང་འཆི་བདག་གི་བདུད་ཀྱིས་འཆོར་ས་མེད་པར་ན་རྒས་གྲོག་པོ་ཕུག་རྡུགས་སུ་བཅུག་ནས་གཅིག་ཀྱང་མ་ལུས་པར་གསོད་པ་ཡིན། ཚེ་ཐར་དུ་ལུས་པ་སྔར་ཡང་མ་བྱུང་ད་ཡང་བཞག་མི་ཡོང་། པོ་ཏོ་བ་སྒྲོ་ལག་དགོན་པ་ན། ཆོས་མྱ་ངན་བསལ་བ་གསུངས་པའི་ཚེ། ཁོང་གི་ཞལ་ནས། དཔེར་ན་ད་ལྟ་མི་མང་པོ་འདི་ནས་མར་བརྒྱུགས་ནས་འགྲོ་བ་ལ། སྔོན་མ་ལུང་ཕྲན་མདའི་རི་
གདོང་མ་ཀི་འདས་ནས་སོང་བ་ལ། ཕྱི་མ་ཀུན་སྔ་མ་འདས་པ་རྣམས་ལ་འབོད་ཅིང་རྒྱུག་འཕྲོ་མི་གཅོད་པ་ལྟར་འོ་སྐོལ་རང་ཡང་ཚེ་སྐད་ཅིག་མ་གཉིས་པར་མི་སྡོད་པར་འཆི་བའི་ཕྱོགས་སུ་རྒྱུག་ཅིང་། ཟླ་བོ་སྔ་མ་ཤི་བ་ལ་མྱ་ངན་བྱེད་པ་ཡང་དེ་དང་འདྲ་གསུངས། རྔོག་ལེགས་པའི་ཤེས་རབ་གསང་ཕུའི་དགོན་ན་བཞུགས་པའི་དུས་མི་ཤི་བ་གསན་ཙ་ན། ཀྱེ་ཇོ་བོ་ཀུན་བྱ་གཏོང་གདའོ། ཆོས་བཤད་ཟབ་མོ་གདའོ་གསུངས། དམར་ཁྲིད་ཟབ་ཤོས་རང་དེ། ཤི་བ་མཐོང་བ་དང་ཐོས་པ་ཀུན་ཡིན་གསུངས། གསང་ཕུའི་ནགས་བསྲུང་བར་ཞུ་ཞུས་པས། བུ་ནང་གི་བདག་འཛིན་མ་སྤོང་བའི་ཕྱིའི་བདག་འཛིན་གྱིས་ཅི་བྱེད་གསུངས། སྔོན་སྐུ་དྲག་ཞིག་ལ། མི་མ་ཡིན་གྱི་གྲོགས་པོ་ཞིག་ཡོད་པས། ལེགས་ཉེས་གང་ཡོང་ཤེས་པས་ཁྱོད་ཀྱིས་མི་བམ་ཤི་བ་སྔོན་ནས་ཤེས་སམ་དྲིས་པས་དེ་ཡང་ཤེས་ཟེར། དེ་ཡིན་ན་ང་འཆི་བའི་ལོ་སྔ་མ་ཙམ་ན་བརྡའ་ཞིག་གྱིས་སྨྲས་པས་ཡོང་ཟེར། ཕྱིས་མི་མ་ཡིན་དེས་ཁོ་འཆི་བ་ཤེས་ནས་ཉིན་གཅིག་འོངས་ནས། གྲོགས་པོ་ཡ་ཀི་ན་མི་ཞིག་ཤི་འདུག་བྱས་པས་ཁོས་བརྡའ་བྱས་པ་ཡིན་པ་མ་ཤེས།
ཡང་ཉིན་གཅིག་འོངས་ནས་གྲོགས་པོ་མ་ཀི་ན་ཡང་མི་ཞིག་ཤི་འདུག་བྱས་པར་ཡང་སྣང་རྟོག་མ་བཏང་། དེ་ནས་ཁོ་བོ་ན་ནས་གྲོགས་པོ་ད་རེས་ང་མི་འཆི་འམ་དྲིས་པས། ད་རེས་ངེས་པར་འཆི་ཟེར། དེ་ཡིན་ན་ངས་སྔ་གོང་ནས་ང་ལ་བརྡའ་ཞིག་གྱིས་བཤད་པ་མི་བྱེད་པ་ཅི་ཡིན་བྱས་པས། ངས་བརྡའ་བྱས། ཡ་ཀི་ན་མི་ཞིག་ཤི་ཐལ་བྱས། མ་ཀི་ན་མི་ཞིག་ཤི་ཐལ་བྱས་ཞེས་བརྡའ་ལན་གཉིས་ཙམ་བྱས་ཏེ་མི་གོ་བར་གདའ་ད་བར་གྱི་གྲོགས་པོའི་ཐོག་ཏུ་བྱུང་བ་རེད་ཟེར་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་གཞན་ཤི་བ་མཐོང་བ་དང་ཐོས་ཙ་ན། ང་ཡང་འདི་བཞིན་དུ་སོང་། ཁྱོད་ཀྱང་འདི་ལས་མ་འདས་སོ་ཞེས་བྱ་བའི་བརྡའ་སྟོན་ནམ། བྱ་གཏོང་ལྟ་བུར་གོ་བར་བྱས་ནས། དགེ་སྦྱོར་ལ་སྒྲིམ་དགོས། འཆི་བ་ཙམ་དུ་མ་ཟད། རྒན་གཞོན་ལ་གོ་རིམ་དང་ནམ་འཆི་ལ་ངེས་པ་མེད་པར་འཆི་སྟེ། སྔོན་ལྷོ་བྲག་མར་པའི་སྲས་དར་མ་མདོ་སྡེ་ཞེས་བྱ་བ། ཡོད་ན་བོད་གངས་ཅན་སྤྱི་ལ་ཕན་ཐོགས་པའི་ཉི་མ་ལྟ་བུ་དེ་ཡང་སྐུ་ན་ཕྲ་མོའི་དུས་རྟས་དྲུད་དེ་དབུ་བཅག་ནས་གཤེགས་སོ། །ཞོ་འོང་ལ་ཁའི་བུད་མེད་རྡོ་རྗེ་
སྐྱིད་བྱ་བ་ལ་བུ་དབང་ཆེན་ཟེར་བའི་གཅེས་ཕྲུག་སྙིང་དང་འདྲ་བ་ཞིག་ཡོད་པས་ཉིན་གཅིག་མེ་མདའ་བརྒྱབ་པས་ལྕགས་ཆག་ནས་དུམ་བུ་ཞིག་ཐོད་དཀྱིལ་དུ་ཟུག་གློ་བུར་དུ་ཤི་སྐད། སྔོན་མི་ཞིག་གིས་ནས་རྫ་མ་གང་ཡོད་པ་སྦས་ནས་ཕྱིར་འོང་ཙ་ན་བཟའ་སྙམ་ནས་སྤྲང་དུ་ཕྱིན་པས་སྤྲང་ལམ་དུ་ཁོ་ཤི་བ་བྱུང་། མི་ཞིག་གིས་སང་འཆི་རྒྱུ་ཡིན་པ་མ་ཤེས། གཞན་ཞིག་ཏུ་འགྲོ་སྙམ་ལྷམ་བཙེམ་པ་དམ་ཅན་ཆོས་རྒྱལ་གྱིས་མཐོང་སྟེ། མི་དེ་སང་འཆི་བ་མཁྱེན་ནས་བཞད་བགད་ཅིག་བྱས་སྐད། ཡང་སྦ་ནག་ཕྱོགས་ཀྱི་མི་ཚང་ཞིག་གི་གཡོག་པོས་དགོང་མོ་བཟའ་བཏུང་མང་པོ་བྱས་ཉལ་པས་སྔ་མོ་མལ་ས་ན་ཤི་ཡོད་སྐད། ཞོ་འོང་དཔྱིས་ཀྱི་བུད་མེད་ཅིག་གིས་གྲོ་ཕྱེ་བསྣོས་པ་ལག་འོག་ཏུ་མནན་ནས་ཤི་སོང་སྐད། ཡང་གླིང་རྒྱའི་བུད་མེད་ཅིག་གིས་ཞིང་ནང་གི་རྩྭ་རྣམས་བསལ་བ་ལ་ཁྱོ་གས་ལྟོ་བསྐོལ་པ་ཁྱེར་ནས་ཞིང་ཁར་སླེབས་དུས་མོ་མ་ཤི་བར་མཐོང་ཡང་དྲུང་དུ་སོང་དུས་ཤི་འདུག་ཟེར། དེ་བཞིན་དུ་སྔར་འཆི་བདག་བདུད་པོས་ལས་ཀྱི་འཕྲོ་ཡང་མཐུད་དུ་མ་བཅུག་པར་གློ་བུར་དུ་བསད་ནས་ཁྲིད་པ་གྲངས་མང་། དེས་ན་རང་རེ་རྣམས་
ཀྱི་ཡུལ་མི་ཕ་སྤུན་གཉེན་ཉེ་རིང་བླ་མ་མཆེད་གྲོགས་ཕ་མ་སྤུན་ཟླ་བུ་དང་ཆུང་མ་ཚ་བོ་ཚ་མོ་སོགས་གློ་བུར་དུ་ཤི་བ་སྔར་མཐོང་ཐོས་ཡོད་པ་རྣམས་ཡིད་ལ་བསམས་ནས་ང་ཡང་ནམ་ཞིག་འདི་ཡི་རང་བཞིན་ཡིན་པས། ཆོས་ད་ལོ་སང་ཕོད་གཉིས་ཀྱི་ད་ལོ། ཟླ་བ་སྔ་མ་ཕྱི་མ་གཉིས་ཀྱི་སྔ་མ། དེ་རིང་ནངས་པར་གཉིས་ཀྱི་དེ་རིང་། སྔ་དྲོ་ཕྱི་དྲོ་གཉིས་ཀྱི་སྔ་དྲོ་ཙམ་ལ་མ་བྱས་ན་ནམ་འཆི་ལ་ངེས་པ་མི་འདུག་ད་ལྟ་ཉིད་དུ་འཆི་བྲོད་དམ་པའི་ཆོས་ཁོ་ན་ལ་འབད་དགོས་འདུག་སྙམ་དུ་ཡང་ཡང་བསམ་པ་གཅེས། སྔོན་ཕོ་རེང་པ་གཅིག་ལ་བཟའ་རྒྱུ་མེད་ནས་སྤྲང་དུ་ཕྱིན་པས་ནས་ཕད་བུ་གང་རྙེད་དེ། དེ་ཁྱིམ་མི་གཅིག་ཡོད་པའི་གདུང་མ་ལ་བཏགས་ཏེ། ཡང་སྤྲང་དུ་ཕྱིན་པས། ཡང་ནས་ཕད་གང་རྙེད་པས་ཁོ་རེ་བ་སྐྱེས་ཏེ། ད་ནི་ཟས་ནོར་བཙལ་བ་ལ་ཚེགས་མི་འདུག །ཆུང་མ་ཞིག་རང་བླང་དགོས་སྙམ་དེར་ཆུང་མ་ལ་བུ་གཅིག་སྐྱེས་ན། མིང་ཇི་སྐད་དུ་བཏགས་སྙམ་ནས་ཡོད་ཙ་ན་ཉའི་ཟླ་བ་ལྷག་གེ་ཤར་ནས་བྱུང་བ་མཐོང་ནས། འོ་བུའི་མིང་ཟླ་བ་གྲགས་པ་བྱ་བར་གདགས་དགོས་སྙམ་ནས་མནོ་བསམ་དེ་ཚོས་
ཁོ་ཤིན་ཏུ་ཉམས་དགའ་སྟེ། དབྱུག་པ་ཀླད་ལ་བསྐོར་ཞིང་འཕགས་པས། སྔར་གྱི་གདུང་མ་ལ་བཏགས་པའི་ནས་ཕད་ལ་དབྱུག་པ་ཕོག་པས། ནས་ཕད་ཀྱི་ཐག་པ་ཆད་ནས་ཁོ་རང་གི་མགོ་ཐོག་ཏུ་ལྷུང་བས་ལྟག་པ་ཆག་ནས་ཤི་སྐད། དེར་ལྷས་ནམ་མཁའ་ནས་ཚིགས་བཅད་བརྗོད་པ་ནི། མ་འོངས་དངོས་པོ་བསམ་མི་བྱ། །མ་འོངས་དངོས་པོ་བསམ་བྱས་ན། །ཟླ་བ་གྲགས་པའི་ཕ་བཞིན་དུ། །ཕུང་པོ་དེངས་པ་ཉིད་དུ་འགྱུར། །ཞེས་ཟེར་སྐད། དེ་བཞིན་དུ་གློ་བུར་ད་ལྟ་ཡིན་ཡང་འཆི་ཉེན་ཡོད་པས་མ་འོངས་པའི་བསམ་མནོ་གཏོང་མི་རུང་། འཆི་བའི་དུས་ལ་བབས་པའི་ཚེ་ཚེ་འདིའི་ཆེ་ཐབས་ལུས་ལོངས་སྤྱོད་གཉེན་མཛའ་བཤེས་སོགས་གང་གིས་ཀྱང་ཕན་པ་མེད་པར་འཆི་སྟེ། སྔོན་འབྲོམ་ལོ་རྡིང་གི་གཙོ་བོ་ཀླུ་བསྟན་བྱ་བ་འཆི་ཁར་ཁོ་ན་རེ། སྤྱིར་འབྲོམ་ལོ་རྡིང་གི་ཆེ་ཐབས་ཀྱིས་ང་ལ་ཅི་ཕན། དེའི་ནང་ན་སྟོད་ར་བའི་ཆེ་ཐབས་ཀྱིས་ང་ལ་ཅི་ཕན་ཟེར་ཞིང་ཤི་སྐད། སྔོན་འཕགས་པ་ཉེར་དགའ་ལ་གསེར་མང་དུ་ཡོད་ཀྱང་། སྤྱི་བོར་ཕོལ་མིག་བྱུང་ནས་སྨན་པས་རླུང་ནད་རེད་མར་ཁུ་འཐུངས་དང་ཕན་སྨྲས་པས། དེའི་ཉིན་
འཐུང་ན་ཕན་ཀྱང་། ནད་ལ་ཁག་བཞག་ནས་ཉི་མ་གཉིས་ལ་མར་ཁུ་བླངས་ནས། དེའི་ཕྱི་ཉིན་མར་ཁུ་ལྷུང་བཟེད་གང་འཐུངས་ཀྱང་ནད་ཆེར་སོང་བས་ཕན་མ་ཐོགས་པར་མ་ཟད། མར་ཁུ་མ་ཞུ་བར་ཕོ་བར་གནོད་ནས་ཤི་བས། གསེར་སྲང་སུམ་ཁྲི་ཡོད་པ་རྣམས་དགེ་སློང་རྣམས་འདུས་ཏེ་བགོས་ནས་ཁྱེར། དེས་ན་ནོར་ཅི་ཙམ་ཡོད་ཀྱང་འཆི་ཁར་ཕན་པ་མེད་སྐྱུར་ནས་འཆི་དགོས། སྔོན་རྒྱལ་པོ་གསལ་རྒྱལ་ལ། འཁོར་གཡོག་དཔག་མེད་ཡོད་ཀྱང་། བུས་རྒྱལ་སྲིད་ལས་ཕྱུང་གཡོག་མོ་གཅིག་བཅས་རྒྱལ་པོ་མ་སྐྱེས་དགྲའི་སྐྱེད་ཚལ་དུ་སོང་། ལ་ཕུག་ཟོས་ཆུ་འཐུངས་པས་མ་ཞུ་བའི་ནད་ཀྱིས་ཐེབས་ཏེ་རྐང་ལག་རེངས་ཤིང་འགྱེལ་ནས་ས་རྡུལ་གྱིས་ཁ་གང་ནས་ཚེའི་དུས་བྱས། དེས་ན་འཁོར་གཡོག་ཅི་ཙམ་ཡོད་ཀྱང་འཆི་ཁར་ཕན་པ་གཅིག་ཀྱང་མེད། གྲོགས་མེད་གཅིག་པུར་འཆི་དགོས། སྔོན་ངེད་ཀྱི་མའི་མིང་པོ་སྐྱབས་གོ་ཟེར་བའི་གཅེས་ཕྲུག་ཅིག་ཡོད་པ་ལོ་ཉེར་གཅིག་སྟེང་ལ་གློ་བུར་དུ་ནད་དྲག་པོས་ཐེབས་པས་གྲུབ་པའི་དབང་ཕྱུག་ཚོ་འདུའི་མཁན་ཆེན་གདན་དྲངས་གཞན་བན་བོན་
སྔགས་གསུམ་མཐུ་བོ་ཆེ་ཡོད་ཚད་བོས་ནས་ཞི་རྒྱས་དབང་དྲག་གི་སྐུ་རིམ་ཉིན་མཚན་མེད་པར་བྱས་ཀྱང་། སྐུ་རིམ་བྱེད་པའི་སྒང་ལ་ཤི་བ་བྱུང་། སྔོན་ལྷོ་བྲག་མར་པའི་སྲས་རྟས་འཕངས་ནས་དབུ་དུམ་བུ་བརྒྱད་དུ་ཆག་པ་མར་པའི་སྐུ་པང་དུ་བཞག་ནས་དབུ་རལ་ཁྲག་ཉིལ་ལེ་བ་ཡུམ་གྱིས་མཐོང་བས་ཐུགས་དངས་ནས་དྲན་མེད་དུ་སོང་དྲན་པ་སོས་ནས་ཡུམ་གྱིས། སྨན་ཡན་ལག་བརྒྱད་པ་ལ་ཁྱེད་མཁས་ན་བུ་འདི་ལ་གསོ་ཐབས་འདུག་གམ་ཞུས་པས། མར་པའི་ཞལ་ནས། ཆུ་ཟངས་གང་གི་ནང་ན་ཞག་ཉ་མིག་ཙམ་ཞིག་ཡོད་པ་རྩིག་ངོས་ལ་གཏོར་ཚར་འདུག །རོ་མགོ་མེད་ལ་གསོ་ཐབས་མ་མཆིས། སེམས་ཅན་གྱི་ལས་སླེབས་ཚེ་སངས་རྒྱས་ཀྱི་མཐུ་རྡུགས་བྱ་བ་ཡིན་པས་བཅོས་ཐབས་མེད་གསུངས། དེས་ན་ཚེ་ཚད་ལ་བབས་ཚེ་ཐབས་གཞན་གང་གིས་ཀྱང་མི་ཕན་པར་འཆི་ན་འཆི་བྲོད་ཆོས་ཤིག་མ་བྱས་པའི་ཐབས་མི་འདུག་སྙམ་དུ་ཆོས་བྱེད་པ་ལ་བློ་ཐག་རྦད་ཆོད་མཛོད་ཅིག །སྔོན་སངས་རྒྱས་བསོད་སྙོམས་ལ་གཤེགས་ནས་རྒན་རྒོན་མ་བུ་བཞིས་འཚོ་བ་དྲངས་པ་ལ་ཁོང་གིས་མི་རྟག་པའི་ཆོས་གསུངས་ཏེ། སྲིད་པ་ཐམས་
ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྟུང་ངོ་། །འདུ་བ་ཡོད་ན་འབྲལ་བ་ཡོད། །སྐྱེ་བ་ཐམས་ཅད་འཆི་བར་འགྱུར། །གསུངས་པ་མ་བུ་བཞིའི་རྒྱུད་ལ་སྐྱེས་ནས། ཉིན་རེ་བཞིན་ཚིག་བཞི་ཁ་ཏོན་བྱེད་པ། སྒྱུ་མ་མཁན་ཞིག་གིས་རྒྱུད་ལ་སྐྱེས་ཡོད་མེད་བརྟག་ཕྱིར་ཉིན་གཅིག་བུ་ནགས་གསེབ་ཏུ་སོང་བ་སྦས་ཏེ། སྟག་ཅིག་གིས་ཟོས་སོང་བར་སྤྲུལ་པའི་གྲོགས་རྣམས་ཡུལ་དུ་ལོག་ནས་བུ་སྟག་གིས་ཁུར་བྱས་པས་མ་བུ་གསུམ་གྱིས་མྱ་ངན་མ་བྱས། སྒྱུ་མ་མཁན་རང་སོང་རྒད་པོ་ཡོད་སར་ཕྱིན་ནས་བུ་སྟག་གིས་ཁུར་འདུག་སྨྲས་པས། རྒད་པོ་ན་རེ། སྲིད་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྟུང་ངོ་། །འདུ་བ་ཡོད་ན་འབྲལ་བ་ཡོད། །སྐྱེ་བ་ཐམས་ཅད་འཆི་བར་འགྱུར། །དེ་ལ་མྱ་ངན་མི་བྱེད་ཟེར། །མ་ཡོད་སར་སོང་ནས་སྔར་བཞིན་སྨྲས་པས། མ་ན་རེ། དཔེར་ན་ལྗོན་ཤིང་ཕུང་པོ་ལ། །བྱ་བྱིའི་མང་པོས་གནས་བཅས་ཏེ། །སྲོད་ལ་འཚོགས་ཤིང་ཐོ་རངས་གྱེས། །ཆོས་རྣམས་མི་རྟག་དེ་དང་འདྲ། །དེ་ལ་མྱ་ངན་མི་བྱེད་ཟེར། །སྲིང་མོ་ཡོད་སར་ཕྱིན་ནས་སྔར་
བཞིན་སྨྲས་པས། བུ་མོ་ན་རེ། དཔེར་ན་སྣ་ཚོགས་འདུས་པའི་མགྲོན་ཁང་དུ། །མགྲོན་པོ་མང་པོ་འཚོགས་ཤིང་སོ་སོར་གྱེས། །མཇུག་ཏུ་གཅིག་ཀྱང་མི་སྡོད་འགྲོ་བ་ལྟར། །ཆོས་རྣམས་ཐམས་ཅད་མི་རྟག་དེ་དང་འདྲ། །དེ་ལ་བུ་མོ་མྱ་ངན་མི་བྱེད་ཟེར། །མ་བུ་གསུམ་གྱིས་སྔར་གྱི་ལས་འཕྲོ་ཡང་མི་བཅག་པར་བྱེད་པ་མཐོང་། འོ་ན་བུ་ཡོད་པར་དགའ་བ་སྐྱེ་འམ་སྙམ། སྒྱུ་མ་མཁན་གྱིས་བུ་སྦས་པ་བཏང་ནས་བུ་འདི་ན་འདུག་སྨྲས་པས། མ་བུ་གསུམ་གྱིས་བུ་འོང་བ་ལ་ཅེར་རེ་བར་བལྟས་ཏེ། དགའ་བའི་རྣམ་འགྱུར་ཅི་ཡང་མེད་པར་སྔར་གྱི་ལས་འཕྲོ་བྱེད་པ་ལ་སྒྱུ་མ་མཁན་ངོ་མཚར་ནས་སངས་རྒྱས་ལ་ཞུས་པས་གླིང་དེ་ལ་མྱ་ངན་མེད་ཀྱི་གླིང་ཞེས་བཏགས། སྔོན་བུད་མེད་གཤིས་བཟང་མོ་གཅིག་ལ། ཞིང་བཟང་པོ་ཞིག་ཡོད་པ་ལ་ཁྱིམ་མཚེས་ཀྱི་བུ་ཚས་ལམ་བྱས་པས། མོའི་གཉེན་ཀུན་ན་རེ། ཞིང་ལ་ལམ་བྱེད་དུ་མ་འཇུག་བྱས་པས། མོ་ན་རེ། ད་ནམ་འཆི་ཆ་མི་འདུག་ཅིང་། གར་སྐྱེ་ངེས་པ་མི་འདུག་པས་གལ་ཏེ་ཁོང་ཚོའི་བུ་ཚར་སྐྱེས་ན་ང་རང་ཡང་ཕྱིན་པས་ཆོག་པར་འདུག་པས་བསྲུང་དོན་མེད་ཟེར་རོ། །
དེ་བཞིན་དུ་འཆི་བ་མི་རྟག་པ་གར་སྐྱེ་ཆ་མེད་པ་བསམས་ནས་ཚེ་འདིའི་འདུན་མ་ཡག་ཉེས་བཟང་ངན་གང་བྱུང་ཡང་དགའ་སྡུག་ཆགས་སྡང་མེད་པར་བྱ་དགོས། སྔོན་ཡེར་བའི་ཞང་བཙུན་གྱིས་མི་རྟག་པ་འབའ་ཞིག་ཐུགས་ལ་དགོངས་ནས་བག་ཙམ་སྙུང་བ་རེ་བྱུང་ཡང་སྙད་འདོགས་ཀྱིན། ད་རེས་རང་ཆ་ཆ་གསུངས་ནས་ཀ་ཆ་ཕྲ་མོ་ཚུན་ཆད་ཀྱི་ཡོ་བྱད་གང་ཡོད་ཐམས་ཅད་གཞན་ལ་བསྔོས་ནས། མེད་མི་རུང་ཅི་རིགས་ལ་མ་ཤི་བར་ཨེན་ཅིག་གཡར་པོ་ཐོངས། ཤི་ན་ཁྱེད་སྣོམས་ཤིག་གསུངས། སྤྱིར་བདོག་པའི་དངོས་པོ་གང་ཡང་ཚགས་མི་མཛད། སང་གནངས་འཆི་བ་ལྟ་བུའི་སྤྱོད་པ་རྒྱུན་དུ་མཛད་པར་གདའ། བྲག་རྒྱབ་ཀྱི་གཉན་སྟོན་ཤག་འབྱུང་བྱ་བ་ཁོང་ཡང་གཅུང་པོ་གཅིག་ཤི་བས་རྐྱེན་བྱས་ཡིད་འབྱུང་ནས་ཚེ་བློས་བཏང་གི་སྒྲུབ་པ་མཛད་མི་རྟག་པ་འབའ་ཞིག་ཐུགས་ལ་དགོངས་ནས། སྐྱོ་སངས་མཛད་དུས་ཀྱང་། མཛའ་བ་ཡུན་རིང་འཁོད་འཁོད་ནས། །འཆི་བས་སོ་སོར་འབྲལ་འགྱུར་ཞིང་། །མྱ་ངན་ཆེན་པོ་ལྡང་འགྱུར་བ། །དེ་ནི་འཇིག་རྟེན་འདི་ན་ངེས། །ཞེས་སོགས་ཁོ་ན་
གསུངས། ཉེ་གནས་ཀྱིས་དབྱར་ཤིང་གྲབས་བྱེད་རན་ཞུས་པས། དབྱར་སྡོད་མི་སྡོད་ཆ་མེད་པས་ཤིང་བུའི་གྲབས་ཀྱིས་ཅི་བྱེད། སྡོད་ན་བློ་ཚུར་སྟོན་ཅིག་འོང་གིས་གསུངས་ནས་བཞུགས་རྩིས་ཡེ་མི་མཛད་པར་ཐུགས་དམ་འབའ་ཞིག་མཛད་པར་གདའ། ཁ་རག་བསྒོམ་ཆུང་བ། ཁ་རག་གི་བྲག་ཁུང་ན་བཞུགས་ཙ་ན། བྲག་ཁུང་གི་སྒོ་ན་སེ་ཕུང་ཞིག་ཡོད་པ། ཡར་འགྲོ་མར་འགྲོ་ནམ་བྱེད་དུས། ན་བཟའ་ཐོགས་པས། གཅོད་དགོས་དགོངས་པ་རེ་བྱུང་ཙ་ན། དེ་མ་ཐག་མི་རྟག་པ་ཐུར་དྲན་ཏེ། འདི་བཅད་ནས་ཅི་བྱེད་འགྲོ་འོང་བྱེད་ཀྱིན་སྡོད་རྒྱུ་རང་འོང་བའི་ངེས་པ་མེད་དགོངས་གཤེགས་གཤེགས་ཀྱི་བར་དུ་གཅོད་པ་མ་བྱུང་སྐད། འབན་གུང་རྒྱལ་ཁོང་གི་ཐུགས་ལ་མི་རྟག་པ་འཁྲུངས་པས། ཚེ་འདིའི་རྟོག་པ་ཕྲ་མོ་རེ་བྱུང་ཙ་ན། དེ་རིང་སང་གི་དབང་རང་ཡང་བྱར་མེད་པས་གཏན་དུ་སྡོད་ཆས་མ་བྱེད་ཚུལ་ཁྲིམས་རྒྱལ་བ་གསུངས་རང་ལ་རང་སྔན་བགྲང་གིན་ཐུགས་དམ་ལ་ཤིན་ཏུ་བརྩོན་པར་མཛད་པར་གདའ། དེ་དག་རྣམས་བཞིན་འོ་སྐོལ་རྣམས་ཀྱང་རྟག་ཏུ་མི་རྟག་འཆི་བ་བསམས་ནས་ཚེ་འདིའི་ཕྱི་རྩིས་ཀྱི་འདུན་མ་
གང་ཡང་མི་བྱེད་པར་འཆི་ཆོས་ཁོ་ན་ལ་འབད་དགོས། འོ་ན་འཆི་བ་བསམས་རུང་མ་བསམ་རུང་ཐོག་ཏུ་འོང་། བསམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། ཐོག་ཏུ་འོང་བ་བདེན་ཀྱང་མ་འོངས་གོང་དུ་འཆི་བ་བསམ་ན་ཆོས་ཡོད་དེ། སྔོན་ཁྲོ་ཕུའི་སྟོན་པ་གཞོན་ཚུལ་ན་རེ། གཉན་སྟོན་སྟོན་པ་ཆེན་པོ་ཞིག་གིས་འཆི་བ་མི་རྟག་པ་བསྒོམས་ཟེར་བ་ཅང་བདེན་ནམ། བདེན་ན་འཆི་བ་བསྒོམ་མི་དགོས་ཐོག་ཏུ་ཡོང་། ཞེས་འཕྱ་བ་ལ། རྣལ་འབྱོར་པ་ཆེན་པོའི་ཞལ་ནས། ཡོང་ན་ཁོའི་དེ་ལ་གཅིག་ཡོང་གསུངས། སེམས་མི་དགའ་བ་ཞིག་ལས་གཞན་ཅི་ཡོང་ཞུས་པས། ཆོས་ཁོ་ན་ཡོང་གསུངས་སྐད། ཁམས་ལུང་པའི་ཞལ་ནས། མི་རྟག་པ་བསྒོམས་ནས་ཆོས་བྱེད་དུ་རེ་བ་ཡིན། གཞན་དུ་ན་སེམས་མི་དགའ་བ་ལས་ཅི་ཡོང་། མི་རྟག་པ་དྲན་ན་ཆོས་མིན་པ་དགོས་པ་མེད་པར་འོང་སྟེ། རང་རེ་གནངས་ཁོ་ནར་འཆི་ན་ཆུ་ཐམས་ཅད་མར་ཁུར་སོང་། རི་ཐམས་ཅད་གསེར་དུ་སོང་། མི་ཐམས་ཅད་ངེད་རང་གི་བུ་དང་བུ་མོར་སོང་ཡང་དེས་ཅི་བགྱི་གསུངས། འོ་ན་ཆོས་བྱས་རུང་མ་བྱས་རུང་ཐམས་ཅད་མཉམ་
པོར་འཆི་བར་འདུག །ཆོས་བྱས་པར་དགོས་པ་ཅི་ཡོད་སྙམ་ན། འཆི་བ་བདེན་ཡང་འཆི་ལུགས་དང་ཕྱི་མའི་བདེ་སྐྱིད་མི་འདྲ་སྟེ། ཆོས་པ་རབ་འཆི་བ་ལ་བྲོད། འབྲིང་མི་འཚེར། ཐ་མ་མི་འགྱོད་པ་ཡིན་ཏེ། མ་ཅིག་རེ་མའི་ཞལ་ནས། མི་ཞིག་འཆི་བ་ལ་ང་ལས་ཉམས་དགའ་བ་མེད། ངའི་འཆི་བ་འདི་ཀུན་དཔེར་ན་རི་ཆེན་པོའི་འོག་ནས་ཐར་པའི་ཚོད་ཡིན་གསུངས། དེ་བཞིན་དུ་ཉམས་དགའ་ཡལ་ལེ། བློ་བདེ་འབོལ་ལེ་འཆི་བ་ཡིན། དེ་འདྲའི་ཆོས་པས་སྡུག་བསྔལ་འདོད་ཀྱང་མི་མྱོང་སྟེ། གླང་ཐང་པ་ཆེན་པོ་སྐུ་འདའ་ཁར། ང་དམྱལ་བར་སྐྱེ་བར་འདོད་ནས་སྨོན་ལམ་མང་པོ་བཏབ་སྟེ། སྨོན་ལམ་མི་འགྲུབ་པ་འདྲ། ད་ལྟ་ང་ལ་དག་པའི་སྣང་བ་འབའ་ཞིག་ལས། ཐ་མལ་གྱི་སྣང་བ་ཙམ་ཡང་མི་འཆར་བར་འདུག་གསུངས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགས། ཞང་སྟོན་ཆོས་བླ་གྲོངས་ཁར། སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་གཏད་བཅས། །རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཟབ་ཡངས་ཆོས་ཀྱི་ངང་ལས་མ་གཡོས་པར། །འཆི་བ་འདི་ནི་བསོད་ནམས་བསགས་པ་ཡིན། །
ཞེས་མགུར་གསུང་གྱིན་གཤེགས། ཞང་བཙུན་ཡེར་བ་གཤེགས་པ་ན་ལྷའི་རོལ་མོ་དི་རི་བྱེད་པ་ཐམས་ཅད་ཀྱིས་ཚོར་བ་བྱུང་། གཉན་སྟོན་ཤཱཀ་འབྱུང་སྐུ་འདའ་ཁར་དགའ་བཞིན་སྤྲོ་བཞིན་གཤེགས་ཏེ་པུར་སྦྱང་དུས་རུས་སྐུ་ངོ་མཚར་ཅན་ཞིག་བྱོན་སྐད། སྔོན་གླེང་རྒྱའི་དཔལ་ལྡན་ཟེར་བའི་སྔགས་རྙིང་མའི་སྔགས་རྒན་ཞིག་གིས་ཉིན་གཅིག་ཨ་མྱེ་ད་མི་སྡོད་ཟེར་ནས་གནད་གཅོད་མེད་པར་ལུས་དྲང་པོར་བསྲང་སྟེ་མཉམ་པར་བཞག་ནས་གཤེགས་པས་པུར་སྦྱང་ཚེ་ནམ་ཟླ་དགུན་ཡིན་ཡང་པུར་ཁང་གི་སྟེང་གི་ནམ་མཁར་འཇའ་ཚོན་ལག་པས་བཟུང་ཆོག་པ་ལྟ་བུའི་གུར་དང་དྲྭ་བ་དྲྭ་ཕྱེད་ཀྱི་རྣམ་པ་མང་པོ་ཤར། དུད་པ་དཀར་པོ་མདའ་བཞིན་དྲང་པོ་བྱས་ནམ་མཁའི་དབྱིངས་སུ་ཟུག་པ་བྱ་རྒོད་མང་པོ་འོངས་ནས་བསྐོར་བ་བྱས་མཐར་ཤར་ཕྱོགས་སུ་བཞུད་པ་དེར་འཚོགས་པའི་མཆོག་དམན་བར་མ་ཐམས་ཅད་ཀྱིས་མཐོང་ནས་ངོ་མཚར་སྐྱེས། དེ་བཞིན་དུ་འོ་སྐོལ་ཡང་དམ་པའི་ཆོས་བྱས་ན་དེ་འདྲ་འབྱུང་ངོ་། །མདོར་ན་སྤྱིར་འདུས་བྱས་འཇིག་རྟེན་འཁོར་བའི་ཆོས་ཐམས་ཅད་མི་རྟག་མི་བརྟན་སྙིང་པོ་མེད་ཅིང་སྒོས་སུ་
འཆི་ངེས་ནམ་འཆི་ཆ་མེད་འཆི་ཚེ་གཞན་གང་གིས་ཀྱང་མི་ཕན་ཚུལ་བསམས་ནས་དོན་ཆུང་ཚེ་འདིའི་བྱ་བ་ཐམས་ཅད་འཕོངས་ཕྱིས་པའི་རྡོ་བཞིན་རྒྱང་དུ་བསྐྱུར་ནས་འཆི་བྲོད་དམ་པའི་ཆོས་ལ་འབད་དགོས། འོ་ན་ཤི་སོང་རུང་སླར་ཡང་མཐོ་རིས་མི་ཡི་ནང་དུ་སྐྱེ་བ་འདི་ཀ་ཡིན། ད་ཡང་ཕྱིས་ནས་འདི་བཞིན་སྐྱེ་ལོས་ཡོང་། གལ་ཏེ་མ་སྐྱེ་བར་ངན་སོང་གསུམ་དུ་སྐྱེས་རུང་འཇིགས་རྒྱུ་རང་ཅི་ཡོད་སྡུག་བསྔལ་ཡོད་རུང་བཟོད་ཡོང་སྙམ་ན། དེ་འོ་སྐོལ་རྣམས་ཀྱིས་མ་བསམ་པ་ཡིན་ཏེ། སྡུག་བསྔལ་མྱོང་བ་ལྟ་ཅི་སྨོས་སྡུག་བསྔལ་ཐོས་སམ་གཟུགས་བརྙན་རི་མོར་བྲིས་པ་མཐོང་ན་ཡང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་གླགས་མེད་དེ། དེ་ཡི་རྒྱུ་མཚན། ཤི་བའི་འོག་ཏུ་རྩྭ་ཕུང་མེ་ལ་བསྲེགས་པ་བཞིན་རིགས་འདྲ་རྒྱུན་ཆད་ནས་མི་འགྲོ། སྐྱེ་བ་ཞིག་ལེན་དགོས། དེ་ཡང་རང་ལ་དབང་མེད། ལས་ལ་རག་ལས་པས། ལས་དགེ་བ་བྱས་པ་རྣམས་སྔར་འདི་བཞིན་མཐོ་རིས་ལྷ་མིའི་གནས་སུ་སྐྱེ་བ་བདེན་ཡང་། མི་དགེ་སྡིག་པ་བྱས་པ་རྣམས་ཀྱིས་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་པར་དམྱལ་བ་མནར་མེད་སོགས་སུ་སྐྱེ་བར་འགྱུར། དེ་རུ་
སྐྱེས་ན་འཇིགས་སྐྲག་དང་སྡུག་བསྔལ་མཐའ་ཡས་ཏེ། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་དམྱལ་བ་ཡང་སོས་ཡོད། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པའི་འོག་ན། དམྱལ་བ་ཐིག་ནག་བསྡུས་འཇོམས་ངུ་འབོད་ངུ་འབོད་ཆེན་པོ། ཚ་བ་རབ་ཏུ་ཚ་བ། མནར་མེད་རྣམས་ཡོད། དེ་ལ་ཚ་དམྱལ་བརྒྱད་ཟེར། དེ་དག་གི་ཕྱོགས་བཞིའི་ཐག་ཉེ་ན། ཉེ་འཁོར་བའི་དམྱལ་བ་ཡོད། ཚ་དམྱལ་བརྒྱད་ཀྱི་བྱང་ཕྱོགས་ན་ཆུ་བུར་ཅན། ཆུ་བུར་རྡོལ་བ་སོ་ཐམ། ཨ་ཆུ། ཀྱི་ཧུད། ཨུཏྤལ། པདྨ། པདྨ་ཆེན་པོ་ལྟར་གས་པ་སྟེ་གྲང་དམྱལ་བརྒྱད་ཡོད། ཚ་གྲང་དམྱལ་བ་དེ་རྣམས་ཀྱི་ཉེ་འཁོར་ན་ཉི་ཚེ་བའི་དམྱལ་བ་ཡོད། ཕལ་ཆེར་མི་ཡི་ཡུལ་ནའང་ཡོད་གསུངས། དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་དེར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། དེ་ཡང་དམྱལ་བ་ཡང་སོས་ན་སེམས་ཅན་དེ་དག་འདུས་ནས་ལས་དབང་གིས་བྱུང་བའི་མཚོན་ཆ་སྣ་ཚོགས་ཀྱིས་བརྒྱབས་ནས་ཡན་ལག་དང་ཉིང་ལག་བཅད་ནས་ས་ལ་འགྱེལ་ཚེ་ནམ་མཁའ་ནས་སོས་པར་གྱུར་ཅིག་
ཅེས་པའི་སྒྲ་བྱུང་ཚེ་སོས་ནས་སྔར་ལྟར་གསོད་རེས་བྱེད། ཐིག་ནག་ན་དམྱལ་བསྲུང་རྣམས་ཀྱིས་དེར་སྐྱེས་པ་རྣམས་བཟུང་ནས་ལུས་ལ་ཐིག་ནག་པོ་བཏབ་སྟེ་སོག་ལེ་སཏྭ་རེ་སོགས་མཚོན་གྱིས་འདྲ་ཞིང་གཤག །བསྡུས་འཇོམས་ན། དེར་སྐྱེས་པ་རྣམས་བསྡུས་ནས་དམྱལ་བསྲུང་རྣམས་ཀྱིས་རི་གཉིས་རེའི་བར་དུ་བཅར་ནས་སྡུག་བསྔལ་མྱོང་། ངུ་འབོད་ན་ཁང་པ་མེ་འབར་བའི་ནང་དུ་བསྲེགས་ནས་ངུ་འབོད་བྱེད། ངུ་འབོད་ཆེན་པོ་ན་ལྕགས་ཁང་ཉིས་རིམ་གྱི་ནང་དུ་བཅུག་ནས་བསྲེགས་ཚེ་ཁང་པ་ནང་མ་ནས་རྒྱ་ལ་ཐར་རུང་ཕྱི་མ་ནས་མི་ཐར་སྙམ་ངུ་འབོད་ཆེན་པོ་བྱེད། ཚ་བ་ན་ལྕགས་ཟངས་ཚ་བའི་ནང་དུ་ཡོས་བརྔོ་བ་ལྟར་བསྲེག །ལྕགས་ཀྱི་གསལ་ཤིང་མེ་འབར་བས་འཕོངས་ནས་ཕུག་སྟེ་སྤྱི་བོར་འབྱིན། ལྕགས་ཀྱི་ས་གཞིར་བསྒྱེལ་ནས་སྟེང་དུ་ཐོ་བ་ཚ་ཞིང་འབར་བས་བརྡུང་། རབ་ཏུ་ཚ་བ་ན། ལྕགས་ཟངས་ནང་དུ་ཁྲོ་ཆུ་བསྐོལ་པའི་ནང་དུ་འཚོད་ཅིང་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་མེ་འབར་བ་འཕོངས་སུ་བཙུག་ནས་སྤྱི་བོ་ཕྲག་གོང་གཉིས་སུ་འབྱིན་ཅིང་མེ་འབར་ནས་བསྲེག་པར་བྱེད། ལྕགས་ལེབ་ཚ་ཞིང་འབར་བ་ལུས་ལ་
ཡོངས་སུ་དཀྲིས་ནས་བསྲེག་པར་བྱེད་པ་སོགས་སྡུག་བསྔལ་མང་། མནར་མེད་ན། ཕྱོགས་ཀུན་ནས་མེ་འབར་བའི་དཀྱིལ་དུ་བཅུག་ནས་ལུས་མར་མེའི་སྡོང་བུ་ལྟར་བསྲེག །ལྕགས་ཀྱི་མདག་མེ་འབར་བའི་ནང་དུ་འཁྲབ་དུ་འཇུག །ལྕགས་ཀྱི་རི་ལ་འབབ་འཛེག་བྱེད་དུ་འཇུག །ཁ་ནས་ལྕེ་ཕྱུང་ནས་བརྒྱང་། ཁ་ནང་དུ་ལྕགས་ཀྱི་ཐུ་ལུམ་འཇུག་ཟངས་ཞུན་ཁོལ་མ་བླུགས་ནས་ཁོག་རྣམས་ཚིག་ནས་རོ་སྨད་ནས་འབྱུང་བ་སོགས་སྡུག་བསྔལ་མང་། ཉེ་འཁོར་བའི་དམྱལ་བ་ན། མེ་མ་མུར་གྱི་འོབ། རོ་མྱགས་ཀྱི་འདམ། སྤུ་གྲིའི་ལམ། ཐལ་ཚན་གྱི་ཆུ་ཀླུང་རབ་མེད་ཀྱི་ནང་དུ་ཆུད་ནས་སྡུག་བསྔལ་མང་། གྲང་དམྱལ་བརྒྱད་ཀྱི་འོག་ཁ་བའི་ཐང་དང་འཁྱགས་རོམ། སྟེང་ནས་ཁ་བ་བུ་ཡུག་རླུང་གིས་བསྐྱོད་ནས་བབས་པས། དེ་རུ་སྐྱེས་པའི་སྡིག་ཅན་གྱི་སེམས་ཅན་དེ་དག་ཐམས་ཅད་ལས་དབང་གིས་གོས་མེད་པའི་གཅེར་བུར་བསྡད་པ་རྣམས་ཀྱི་ལུས་གྲང་ནས་ཆུ་བུར་བྱུང་། དེ་བས་གྲང་བ་རྣམས་ཆུ་བུར་རྡོལ་ནས་ཆུ་སེར་འཛག །དེ་བས་གྲང་བ་སོ་ཐམ་ནས་སྨྲར་མི་ཤེས། དེ་བས་གྲང་བ་
རྣམས་ཀྱི་རྐན་གྱི་ཕུག་ནས་ཀྱི་ཧུད་ཟེར། དེ་བས་གྲང་བ་ལུས་ཨུཏྤལ་ལྟར་ཁ་ལྔའམ་དྲུག་ཙམ་དུ་གས། དེ་བས་གྲང་བ་རྣམས་ཀྱི་ལུས་ཁ་བཅུའམ་དེ་ལས་མང་བར་གས། དེ་བས་གྲང་བ་རྣམས་ཀྱི་ལུས་པདྨ་ཆེན་པོ་ལྟར་ཁ་བརྒྱའམ་དེ་ལས་མང་བར་གས་ནས་འཆི་རྒྱུ་མེད་པར་གྲང་བའི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་། ཉི་ཚེ་བའི་དམྱལ་བ་ན། ཕྱགས་མ་གཏུན་དང་ཐག་པ་ཀ་བ་ལྟ་བུ་སོགས་ལུས་ཀྱི་བཟོ་དབྱིབས་མི་འདྲ་བ་མང་པོའི་གཟུགས་སུ་སྐྱེས་ནས་སྡུག་བསྔལ་མཐའ་གཅིག་ཏུ་མ་ངེས་པ་སྣ་ཚོགས་ཤིག་མྱོང་བར་འགྱུར། སྔོན་མོའུ་མགལ་གྱི་བུ་དམྱལ་བར་མ་ལེན་དུ་བྱོན་དུས། མི་མིང་ལ་གཅན་གཟན་ཝ་ཟེར་བ་བརྐུ་འཕྲོག་རི་དྭགས་གསོད་མཁན་གྱི་སྡིག་ཅན་ཞིག་བཟུང་ནས་སྐེ་ལ་ཐག་པ་བཏགས་ནས་གཤིན་རྗེའི་ཕོ་ཉ་མདོག་མི་སྡུག་པ་ཉིས་བརྒྱས་དམྱལ་བའི་གནས་སུ་འཁྲིད་པ་མཐོང་། དེ་ནས་མར་བྱོན་པས། གཤིན་རྗེ་ཕོ་ཉ་མང་པོས་མི་དགེ་བ་བྱེད་མཁན་གྱི་སྡིག་ཅན་གྲངས་མེད་པ་ཁྱུ་དེད་བྱས་དམྱལ་བར་འགྲོ་བ་མཐོང་ནས། འདི་ནས་མར་ལ་མོའུ་འགལ་མ་ཟེར་བ་ཞིག་ཨེ་སོང་དྲིས་པས། དམྱལ་བར་ཉིན་རེར་
སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པ་འགྲོ་བར་གདའ། མོའུ་མགལ་མ་སུ་ཡིན་ཟེར་མ་མཐོང་བྱས་པས། ཡང་ཕེབས་ཚེ་སྡོང་པོ་ཞིག་གི་སྟེགས་ན་ཚེ་ཚད་མ་རྫོགས་པར་བསྡད་ཡོད་པ་འགའ་དང་འཕྲད་ནས་འདི་རུ་ཅི་ལ་བསྡད་གསུངས་ཚེ་ཚད་མ་རྫོགས་ནས་སྡོད་དགོས་བྱུང་ཟེར། དེ་ནས་གཤིན་རྗེ་ཆོས་རྒྱལ་གྱི་སྒོ་དྲུང་དུ་བྱོན་པས་གྱད་སྟོབས་པོ་ཆེ་ཁྲིས་སྒོ་བསྲུངས་འདུག །དེའི་ནང་ནས་གཅིག་ལ་སྒོ་འདི་བསྲུངས་ནས་ལོ་ཇི་ཙམ་སོང་དྲིས་པས། བསྐལ་པ་མང་པོ་སོང་ཟེར་བསྐལ་པའི་ཡུན་ཅི་ཙམ་ལ་ཟེར་དྲིས་པས། སྒོ་ཐེམ་གྱི་རྡོ་དཔག་ཚད་མང་པོ་ཡོད་པ་ཞིག་བསྟན་ནས། སྡིག་ཅན་རྣམས་བརྒལ་ནས་རྡོ་འདི་ཟད་པའི་ཡུན་ཙམ་ལ་བསྐལ་པ་གཅིག་ཟེར་བ་ཡིན་ཟེར། ནང་ན་སྐད་ཆེན་པོ་ཅན་ཞིག་གིས་དྲི་བ་མཛད་པ་སུ་རེད་དྲིས་པས་གཤིན་རྗེ་ཆོས་རྒྱལ་ཡིན་ཟེར། དགེ་སྡིག་ཤན་ཕྱེ་ནས་སྡིག་ཅན་དཔག་ཏུ་མེད་པ་གཤིན་རྗེ་མང་པོས་རྡུངས་ཤིག་ཆོམས་ཤིག་ཟེར་དམྱལ་བར་མར་ཁྱུ་དེད་བྱས་ཚེ། སྡིག་ཅན་འགའ་རེ་ཁ་ཕྱིར་ཕྱོགས་ནས་སྨྲེ་སྔགས་དུ་མ་འདོན་པ་མཐོང་ནས་ཁོང་གིས་
སྙིང་རྗེ་ནས་སྤྱན་ཆབ་ཤོར། དེ་ནས་དམྱལ་ཁམས་བཅོ་བརྒྱད་དུ་ཕེབས་ནས་ཚ་གྲང་གི་སྡུག་བསྔལ་མཐོང་ནས་ཡུན་རིང་བར་དུ་བལྟ་མི་ཕོད་པ་བྱུང་གསུངས། སྔོན་འདས་ལོག་གླིང་ཟ་ཆོས་སྐྱིད་ཀྱང་ཤི་ནས་བར་དོར་སོང་དུས། ཐང་ཆེན་པོ་ཞིག་ན་ཆུ་ཆེན་པོ་ལ་ཟམ་ཆེན་པོ་འཕངས་པའི་ཚུར་རོལ་ན་ཆོས་ལ་ཚད་བཙུགས་ནས་མནའ་བསྐྱལ་པའི་མི་ཞིག་གི་ཐོག་ཏུ་ཆོས་རི་བཞིན་བརྩིགས་ནས་མནན་པ་ཞིག་མཐོང་། ཟམ་གྱི་ཕ་རོལ་ན་བར་དོའི་གྲོང་ཁྱེར་ཞིག་གི་ནང་ན་སྔར་ཤི་བའི་རང་གི་ལུག་རྫི་ཞིག་ཡོད་པ་མཐོང་བས་ཁོ་ན་རེད་ཨ་ལྕེ་ཡང་འདིར་བྱོན་ནམ་ཟེར། དེ་རུ་ཡོད་པ་རྣམས་ལ་ལ་སྐྱིད་པ་དང་འགའ་ཞིག་སྡུག་པ་དང་ཁ་ཅིག་ལ་སྐབས་རེ་ཟས་གོས་འོང་བ་མཐོང་ནས་ལུག་རྫིར་འདི་ཅི་ཡིན་དྲིས་པས་འདི་ནི་བར་དོའི་གྲོང་ཁྱེར་ཡིན་ཚེ་ཚད་མ་རྫོགས་པ་རྣམས་འདིར་བསྡད་པ་ལགས། སྐྱིད་པ་རྣམས་ཆོས་བྱས་པ་རྣམས་ཡིན། སྡུག་པ་རྣམས་སྡིག་ཅན། སྐབས་རེ་ཟས་ནོར་འོང་བ་ཡུལ་གྱི་བུ་དང་བུ་མོ་སོགས་ཉེ་འབྲེལ་རྣམས་ཀྱིས་ཚེ་འདས་ལ་དམིགས་ནས་དགེ་བ་བྱས་པའི་འབྲས་བུ་ཡིན་ཟེར། དེ་ནས་གཤིན་རྗེ་ཆོས་རྒྱལ་དྲུང་དུ་སོང་
ནས་དགེ་སྡིག་གི་ཤན་འབྱེད་པ་མང་པོ་གཟིགས། དམྱལ་ཁམས་བཅོ་བརྒྱད་ཀྱང་བསྟན་པ་མཐོང་ནས་རེ་ཞིག་བར་དུ་བལྟ་མ་བཟོད། སྐབས་ཤིག་བལྟས་པས་ཚ་གྲང་སྡུག་བསྔལ་དཔག་ཏུ་མེད་པ་མཐོང་། སྔོན་ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ཆོས་ཀློག་ཏུ་བཅུག་པས། ཉུང་ཤས་རེ་བཀླགས་ནས་ཀློག་ཏུ་མ་ཉན་པས། མོའུ་མགལ་གྱི་བུས་རྫུ་འཕྲུལ་གྱི་དམྱལ་བའི་གནས་སུ་ཁྲིད་ནས། ཁོང་གཉིས་ཀྱིས་བལྟས་པས་དམྱལ་བའི་སྡུག་བསྔལ་འཚོད་པ་དང་གཅོད་པ་དང་གཤག་པ་དང་བརྡེག་པ་སོགས་སྡུག་བསྔལ་བ་མང་པོ་མཐོང་། ཕྱོགས་གཅིག་ན་ལྕགས་ཟངས་ཆེན་པོ་གཉིས་ཀྱི་ནང་ན་ཁྲོ་ཆུ་ཁོལ་བ་མཐོང་ནས། འདིར་སུ་འཇུག་གམ་དྲིས་པས། འདིར་ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ལེ་ལོས་དུས་འདའ་བ་དེ་གཉིས་ཤི་ན་འདིར་འཇུག་གོ་སྨྲས་པས། དེ་གཉིས་ཤིན་ཏུ་སྐྲག་སྟེ་བྲོས་ནས་མོའུ་མགལ་གྱི་རྩར་འོངས་ནས་མཐོང་ཚུལ་རྣམས་བསྙད་པས། མོའུ་མགལ་གྱི་བུས་དེ་གཉིས་ལ་ཉེས་དམིགས་འདི་དང་གཞན་ཡང་འབྱུང་བས་བརྩོན་འགྲུས་རྩོམས་ཤིག་གསུངས་པས་དེ་
གཉིས་ཀྱིས་བརྩོན་འགྲུས་རྩོམ་ཞིང་ཟས་མ་ཟོས་པའི་གོང་དུ་དམྱལ་བ་དྲན་ན་ནི་ཟས་ཟ་བར་མི་བྱེད་ལ། ཟས་ཟོས་པའི་འོག་ཏུ་དམྱལ་བའི་སྡུག་བསྔལ་དྲན་ན་སྐྱུག་པར་བྱེད་དོ། །དེ་ནས་ཡང་ལྷའི་གནས་སུ་ཁྲིད་ནས་བལྟས་པས་ལྷ་ཕོ་མོ་མང་པོས་པི་ཝང་ལ་སོགས་པའི་སྒྲ་སྒྲོག་ཅིང་ལྷའི་སྐྱིད་དགའ་ལོངས་སྤྱོད་དཔག་ཏུ་མེད་པ་མྱོང་བ་མཐོང་། ཕྱོགས་གཅིག་ན་ལྷའི་བུ་མེད་པའི་གཞལ་མེད་ཁང་ལྷའི་བུ་མོ་མང་པོས་གང་བ་མཐོང་ནས། ལྷའི་བུ་མི་འདུག་པའི་རྒྱུ་མཚན་དྲིས་པས། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་པས་དེ་གཉིས་ཤི་འཕོས་ན་འདིར་སྐྱེའོ་ཞེས་སྨྲས་པ་དང་དེ་གཉིས་དགའ་ནས་མོའུ་མགལ་གྱི་བུ་ལ་སྨྲས་པས། མོའུ་མགལ་གྱི་བུས་དེ་གཉིས་ལ་ཕན་ཡོན་འདི་དང་གཞན་ཡང་ཡོད་པས་བརྩོན་འགྲུས་རྩོམས་ཤིག་གསུངས་པས། གཉིས་ཀ་སྔར་བས་བརྩོན་འགྲུས་ཆེས་ཆེར་བྱུང་། སྔོན་དགེ་འདུན་འོད་སྲུངས་ཉི་ཚེ་བའི་དམྱལ་བར་བྱོན་ཚེ་དགེ་འདུན་པའི་འདུ་ཁང་གི་ཀ་བ་ལ་སྣབས་ཕྱིས་པ། དགེ་འདུན་པའི་ཕྱགས་མ་གཏུན་དང་ཐག་པ་སོགས་བརྐུས་པ་རྣམས་དེ་ལྟ་བུའི་གཟུགས་སུ་སྐྱེས་ནས་
སྡུག་བསྔལ་མྱོང་བ་གཟིགས་པ་བྱུང་། འོ་ན་དམྱལ་བར་སྐྱེ་བའི་རྒྱུ་གང་ཡིན་སྙམ་ན། དེའི་རྒྱུ་སྤྱིར་སྲོག་གཅོད་པ་མ་བྱིན་ལེན་མི་ཚངས་སྤྱོད་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ་མི་དགེ་བ་བཅུ་པོ་འདི་ཆེན་པོ་བྱས་ན་དམྱལ་བར་སྐྱེ་ཞིང་ཁྱད་པར་མཚམས་མེད་ལྔ་བྱས་པ་དང་ལོག་ལྟ་སྐྱེས་པ་དང་ཕམ་པ་བཞི་སྤྱད་ན་མནར་མེད་དུ་སྐྱེ། སོ་ཐར་གྱི་ཉེས་བྱས་ཁྱད་དུ་བསད་ན་ཡང་སོས། སོར་བཤགས་ཁྱད་དུ་བསད་ན་ཐིག་ནག་ཏུ་སྐྱེ། སྡེ་འཁྲུག་བྱེད་པའི་དཔོན་པོ་དམྱལ་བར་སྐྱེས་ནས་བསྐལ་པ་དཔག་ཏུ་མེད་པར་ཐར་པའི་དུས་མི་འབྱུང་། དེའི་ཁ་ཕྱོགས་ཞེ་ཕྱོགས་གཉིས་ཀ་བྱེད་པ་བསྐལ་པ་ཆེན་པོ་དྲུག་ཅུར་དམྱལ་བར་སྐྱེ། ཞེ་ཕྱོགས་ཙམ་བྱེད་པ་ཡང་བསྐལ་པ་བཅུ་དྲུག་ཏུ་དམྱལ་བར་སྐྱེ། སྡེ་འཁྲུག་བྱེད་པའི་དུས་སུ་ཤི་ཚད་པོ་དམྱལ་བར་སྐྱེ་ཞེས་འཇམ་དཔལ་རྩ་རྒྱུད་ལས་གསུངས། བྱང་སེམས་ཀྱི་རྩ་ལྟུང་བྱུང་བ་དང་བྱང་ཆུབ་སེམས་དཔའ་གཞན་ལ་དམིགས་ནས་ཁྲོས་ན་ཁོང་ཁྲོ་སྐད་ཅིག་མ་ཅི་ཙམ་སྐྱེས་པའི་གྲངས་དང་མཉམ་པའི་བསྐལ་པར་དམྱལ་བར་གནས་དགོས་
པ་སྤྱོད་འཇུག་ལས་གསུངས། གསང་སྔགས་ཀྱི་རྩ་ལྟུང་བྱུང་ནས་སོར་མ་ཆུད་ཀྱི་བར་ལ་སྐད་ཅིག་མ་ཇི་ཙམ་ཡོད་པའི་གྲངས་མཉམ་པའི་བསྐལ་པར་དམྱལ་བ་མནར་མེད་དུ་གནས་དགོས་པ་རྒྱུད་སྡེ་ཁ་ཅིག་ནས་གསུངས། བླ་མ་ལ་དམིགས་ནས་ཁོང་ཁྲོ་སྐྱེས་ན་བསྐལ་པར་བསགས་པའི་དགེ་རྩ་ཀུན་འཇོམས་ཤིང་ཁོང་ཁྲོ་སྐད་ཅིག་མ་ཇི་ཙམ་སྐྱེས་པའི་གྲངས་མཉམ་བསྐལ་པར་དམྱལ་བར་གནས་དགོས་ཞེས་དུས་འཁོར་རྩ་རྒྱུད་ལས་གསུངས། གཞན་ཡང་པོ་ཏོ་བའི་གསུང་སྒྲོས་ལས། དམ་ཚིག་ཉམས་པ་དང་། དགེ་འདུན་གྱི་དཀོར་ལ་འབགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྡིག་པ་བསགས་ན་རྡོ་རྗེ་དམྱལ་བར་སྐྱེ་སྟེ། མནར་མེད་ལས་གྲོང་ལས་དགོན་པའི་ཚུལ་དུ་ཡོད། སྡུག་བསྔལ་མནར་མེད་ལས་འབུམ་འགྱུར་གྱི་ཆེ་གསུངས་ཏེ། ཐོས་པ་ཙམ་གྱིས་སྙིང་འགས་པ་ཙམ་དུ་འདུག་གསུངས། ཡི་དྭགས་ཀྱི་གནས་ནི་འཛམ་བུ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད། དེ་ལས་འཕྲོས་པ་ནི་མིའི་གནས་ནའང་ཡོད། ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན། ཡི་དྭགས་ཀྱི་གནས་དེར་སྐྱེས་
ན་བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། དེ་ཡང་ཡི་དྭགས་རྣམས་ལས་ངན་པའི་དབང་གིས་བཀྲེས་ཤིང་སྐོམ་པ་དང་ལྡན་པས་པགས་པ་ཤ་ཁྲག་ཀུན་བསྐམས་ནས་སྡོང་དུམ་མེས་ཚིག་པ་ལྟ་བུ་གདོང་སྐྲས་ཁེབས་པ་ཁ་སྐམ་ཞིང་ལྕེས་བལྡག་པ། ཕྱིའི་སྒྲིབ་པ་ཅན་གྱིས་རྒྱང་ནས་ཟས་སྐོམ་མཐོང་ཡང་ཐག་ཉེར་སོང་ན་རྣག་ཁྲག་སོགས་སུ་འགྱུར་ཞིང་མ་གྱུར་ཀྱང་མཚོན་ཆ་ཐོགས་པས་བསྲུངས་ནས་ལོངས་སྤྱོད་དུ་མི་སྟེར། ནང་གི་སྒྲིབ་པ་ཅན་གྱིས་ཟས་སྐོམ་རྙེད་ཀྱང་ཁ་ཁབ་མིག་ཙམ་ལས་མེད་པས་མི་ཤོང་ཤོང་ཡང་མགྲིན་པ་རྟ་རྔ་ཙམ་ལ་མི་ཐར་ཐར་ཀྱང་ལྟོ་བ་རི་ཙམ་ཡོད་པ་མི་ཁེངས་ཁེངས་ཀྱང་རྐང་ལག་འཇག་སྐྱ་ཙམ་གྱིས་མི་ཐེག་པའི་སྡུག་བསྔལ་མྱོང་། ཟས་སྐོམ་གྱི་སྒྲིབ་པ་ཅན་གྱིས་ཟོས་འཐུང་ཚད་མེ་རུ་གྱུར་ནས་འཚིག །འགའ་ཞིག་གིས་མི་གཙང་བ་ལྗན་ལྗིན་ཙམ་ལས་གཞན་བཟའ་བཏུང་བཟང་པོ་བྱ་མི་ནུས། ཁ་ཅིག་གིས་རང་གི་ཤ་བཅད་ནས་ཟ་བ་མ་གཏོགས་གཞན་གང་ལ་ཡང་ལོངས་སྤྱོད་མི་ནུས་པར་གསུངས། སྔོན་བུད་མེད་གཅིག་གིས་འཁོར་གཡོག་རྣམས་ལ་ཟས་
སྐོམ་མ་བྱིན། བེའུ་ཞིག་ཡོད་པའི་མགོ་ལ་དབྱུག་པ་ཞིག་བརྒྱབ་པས་མིག་བཅར། རང་གིས་ལྐོག་ནས་ལྟོ་ཡོག་ཚད་ཟོས་པས་ཤི་ནས་ཡི་དྭགས་མིག་གཡས་ཞར་བ་མགྲིན་པར་ལྦ་བ་ཆེན་པོ་ཡོད་པ་ཞིག་ཏུ་སྐྱེས་ནས་ཟས་སྐོམ་གང་ཡང་མ་རྙེད་པར་སྡུག་བསྔལ་མྱང་། སྔོན་སངས་རྒྱས་ཀྱི་དུས་སུ་བུད་མེད་གཅིག་གིས་ཆུ་ཡན་ཆད་ལ་སེར་སྣ་བྱས་པས་ཕྱིས་ཤི་ནས་ཡི་དྭགས་མོ་ཁ་ནས་མེད་དང་མ་སྟེར་སོགས་སྨྲེ་སྔགས་མི་འདྲ་བ་ལྔ་ཙམ་འདོན་པ་ཞིག་ཏུ་སྐྱེས། སྔོན་རྣ་བ་བྱེ་བ་རི་ཡི་དྭགས་གནས་སུ་ཕྱིན་ནས་གྲོང་ཁྱེར་གཅིག་ན་མི་ནག་པོ་དབྱུག་པ་ཐོགས་པ་ཞིག་འདུག་པ་ལ་ཆུ་ཡོད་དམ་དྲིས་པས་ཅང་མི་སྨྲའོ། །དེར་ཆུ་ཞེས་པའི་སྒྲ་ཐོས་ཚེ་ཡི་དྭགས་སྡོང་དུམ་མེས་ཚིག་པ་འདྲ་བ་རུས་གོང་གི་ལུས་ལ་སྤུ་དང་སྐྲས་གཡོགས་པ་ལྟོ་བ་རི་ཙམ་ཁ་ཁབ་མིག་ཙམ་ཡོད་པ་བརྒྱ་སྟོང་དུ་མ་འདུས་སོ། །རྣ་བ་བྱེ་བ་རི་སྙིང་རྗེ་ཅན་བདག་ཅག་ལ་ཆུ་བླུད་ཅིག་ཟེར་བ་ཁོ་བོས་ཆུ་སློང་ན་ཆུ་ག་ལ་ཡོད་སྨྲས་པས། ཡི་དྭགས་རྣམས་ན་རེ་ཡི་དྭགས་ཀྱི་ཡུལ་ངན་མུ་གེའི་གྲོང་ཁྱེར་འདི་ན་ཆུ་ཞིག་རྙེད་རྒྱུ་ག་ལ་ཡོད། ལོ་བཅུ་གཉིས་ཀྱི་བར་དུ་ཆུ་འཐུང་བ་ལྟ་ཅི་སྨོས་
ཆུའི་མིང་ཙམ་ཡང་ད་རེས་མ་གཏོགས་མ་ཐོས་ཟེར། ཁྱེད་རྣམས་ལས་ཅིའི་དབང་གིས་འདིར་སྐྱེས་བྱས་པས། ཚེ་སྔོན་སེར་སྣའི་དབང་གིས་ལོངས་སྤྱོད་སྦྱིན་པ་མ་བཏང་བས་འདིར་སྐྱེས་ཟེར། ཡི་དྭགས་ཀྱི་གནས་སུ་སྐྱེ་བའི་རྒྱུ་ནི། སྤྱིར་མི་དགེ་བ་བཅུ་འབྲིང་ཙམ་བྱས་ན་སྐྱེ་ཞིང་ཁྱད་པར་ཆགས་པ་དང་སེར་སྣ་བརྣབ་སེམས་མ་བྱིན་པ་བླངས་པ་རྣམས་ཡིན་པས་དེ་རུ་མི་སྐྱེ་བར་འདོད་ན་དེའི་རྒྱུ་དེ་དག་སྤོང་དགོས། དུད་འགྲོའི་གནས་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ཡིན། དེ་ལས་ཁ་འཐོར་བ་ནི་ལྷ་མིའི་གནས་ཀྱི་རི་ཀླུང་ན་གནས་སོ། །དེ་རུ་སྐྱེས་ན་གསོད་ཟ་བཀོལ་སྤྱོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། དེ་ཡང་ཕྱིའི་རྒྱ་མཚོ་ན་དུད་འགྲོ་ཆེ་ཆུང་མདོག་དབྱིབས་མི་འདྲ་བ་ཆང་གི་སྦང་མ་བཞིན་གནས། དེ་དག་གིས་ཕན་ཚུན་གཅིག་གིས་གཅིག་མནན་ཏེ་རྐང་ལག་བརྐྱང་བསྐུམ་དང་དབུགས་ཀྱི་འབྱུང་རྔུབ་ཙམ་ཡང་མི་ནུས་ཆེ་བས་ཆུང་བ་འཁྱུར་མིད་བྱས་ཟོས། ཆུང་བ་རྣམས་རུབ་ནས་ཆེ་བ་འབུག་ཟོས་བྱས་སྡུག་བསྔལ་མྱོང་། ཁ་འཐོར་བ་ལྷ་མིའི་ཡུལ་ན་གནས་པའི་རི་དྭགས་རྣམས་བྲོས་ཀྱང་མི་
ཐར་བར་རྔོན་པ་དང་ཁྱིས་དེད་ནས་གསོད། སྒོ་ཕྱུགས་རྣམས་ལ་མི་ཐེག་པའི་ཁལ་བཀལ་དབྱུག་པས་བརྡུངས་ཤ་པགས་ཀྱི་ཆེད་དུ་གསོད་པ་སོགས་སྡུག་བསྔལ་མང་། སྔོན་ཁྱི་ར་བ་མགོན་པོ་རྡོ་རྗེས་ཤ་བ་ལ་ཁྱི་བཏང་བས་ཤ་བ་འཇིགས་དངངས་སྐྲག་ནས་བྲོས་པས་སྤུ་ཉག་རེའི་རྩེ་ན་རྔུལ་ནག་འཛག་པ་རྗེ་མི་ལའི་དྲུང་དུ་བྱུང་། རྗེ་མི་ལ་རས་ཆུང་གཉིས་མར་ཁྱི་ར་པའི་ཚོང་པ་ཞིག་གི་རྩར་ཕྱིན་དུས་མོན་པ་ཞིག་གིས་ལུག་ནག་པོ་ཞིག་ལ་ཁོང་ལག་བཏང་བས་ལུག་གིས་སྐད་ངན་པ་བཏོན་རྒྱུ་མ་ན་ར་ར་བྲོས་ནས་རྗེ་བཙུན་ཡབ་སྲས་གཉིས་ཀྱི་དྲུང་དུ་འོང་བ་གཟིགས་ནས་མི་བཟོད་པའི་སྙིང་རྗེ་དང་སྐྱོ་ཤས་ངེས་འབྱུང་ཚད་མེད་པ་སྐྱེས་སྤྱན་ཆབ་མང་དུ་ཤོར་བ་བྱུང་། སྔོན་བྲམ་ཟེ་ཤེད་བུ་སེར་སྐྱས་དགེ་འདུན་མང་པོ་ལ་ཆོས་རྩོད་བྱ་དུས་གླང་པོའི་མ་གོ་ཅན་ཁྱོད་ཀྱིས་ཅི་ཤེས་ཞེས་རེ་རེ་བཞིན་དེ་འདྲ་བའི་ངན་སྨྲས་མི་འདྲ་བ་བཅོ་བརྒྱད་བྱས་པས། ཤི་ནས་མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཙམ་ཡོད་པའི་ཆུ་སྲིན་ཉའི་རིགས་སུ་སྐྱེས་ནས་སྡུག་བསྔལ་མྱང་། སྔོན་དགེ་འདུན་པའི་དཀོར་ཟ་མཁན་ཞིག་རྒྱལ་པོའི་ཁབ་ཀྱི་མི་གཙང་བ་བཤང་གཅིའི་ཁྲོད་ཀྱི་
སྲིན་བུ་ཞིག་ཏུ་སྐྱེས་ནས་སྡུག་བསྔལ་མྱང་ངོ་། །དུད་འགྲོ་དེ་དག་ཏུ་སྐྱེ་བའི་རྒྱུ་ནི་སྤྱིར་མི་དགེ་བ་བཅུ་ཆུང་ངུ་བྱས་པ་རྣམས་སྐྱེས་ཤིང་། ཁྱད་པར་ཆོས་སྤང་བ་དང་ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་དང་། ཆོས་སྒོར་ཞུགས་པ་རྣམས་ཀྱིས་ནང་ཕན་ཚུན་གྱི་སྐྱོན་བརྗོད་བྱས་པ་རྣམས་ཡིན། དེ་ཡང་འོ་སྐོལ་རྣམས་ཀྱི་སྔོན་གྱི་དགེ་བའི་མཐུ་ཅུང་ཟད་ཅིག་ལ་བསྟེན་ནས་ད་རེས་མི་ལུས་ཐོབ། དམ་པའི་ཆོས་ཀྱི་སྒོར་ཞུགས་མཚན་ལྡན་བླ་མས་རྗེས་སུ་བཟུང་ཟབ་རྒྱས་གདམས་པ་བསྟན་རུང་ད་དུང་ཆོས་པའི་གཟུགས་བཟུང་ནས་ཆོས་མིན་གྱི་ལས་བྱེད་པའི་བྱ་སྤྱོད་ལ་བལྟས་ན་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཕྱིན་ཆད་མྱོང་འགྱུར་གྱི་ལས་སྡིག་པ་མི་དགེ་བ་བགྲང་གིས་མི་ལངས་པ་བསགས་ཡོད་པའི་ཚོད་ན་གདའ། དེའི་སྟེང་དུ་ད་རེས་ལུས་ཐོག་འདི་ལ་ཡང་ཞར་དང་ཞོར་ལ་མི་དགེ་བའི་ལས་བསགས་པ་རྒྱལ་པོའི་དཀོར་མཛོད་ལ་བལྟས་པ་ལྟར་གང་གི་ཕྱོགས་ནས་བལྟས་ཀྱང་མང་ལ། དགེ་བའི་ལས་བྱས་པ་ནི་བསམ་ན་དྲན་རྒྱུ་རིན་ཆེན་གསེར་ལས་དཀོན་པས་ཤི་ན་འགྲོ་ས་ངན་སོང་དང་། མྱོང་རྒྱུ་
སྡུག་བསྔལ་ལས་འོས་མེད། སྔོན་མི་གཅིག་མཆོད་རྟེན་གྱི་ཁ་ན་བསྡད་འདུག་པ། གཞན་གཅིག་གིས་དེར་མ་སྡོད་རྔ་མོང་དུ་སྐྱེ་བྱས་པས། ཁོ་ན་རེ་འདབ་མ་ཡུག་ཡུག་བྱེད་ཅིང་རྔ་མོང་དུ་སྐྱེ་རུང་ཨེ་མ་ཟིན་ཚར་ཟེར། དེ་བཞིན་དུ་འོ་སྐོལ་རྣམས་མི་དགེ་བའི་དབང་གིས་ངན་སོང་གསུམ་དུ་སྐྱེ་རུང་སྔར་བྱས་ཟིན་ཚར་ཡོད་པས། ད་ནི་རང་ལ་སེམས་ཤིག་ཡོད་ན་སྡོད་པའི་ཚོད་མིན། ད་ལྟ་མ་ཤི་གོང་འདིར་ངན་སོང་གསུམ་གྱི་སྡུག་བསྔལ་གྱི་གཙོ་བྱས་འཁོར་བའི་སྡུག་བསྔལ་མཐའ་དག་ལས་བསྐྱབས་ནས། མཐོ་རིས་དང་ཐར་པའི་བདེ་བ་ལ་འགོད་པའི་སྐྱབ་ཅིག་འཚོལ་དགོས། དེ་ལ་བསླུ་མེད་དཀོན་མཆོག་གསུམ་མ་གཏོགས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་མི་འོང་། འོ་ན་དཀོན་མཆོག་གསུམ་ལ་ཡོན་ཏན་ཅི་འདྲ་ཡོད་ཅེ་ན། སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པས་ཡོན་ཏན་འདི་མེད་བྱ་བ་མེད། སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཡོན་ཏན་མཐའ་ཡས། སྐུའི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་སྐུ་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཞིང་བྱང་ཆུབ་མཆོག་གི་ས་བོན་རྒྱུད་ལ་
བསྐྲུན་ནུས། གསུང་གི་ཡོན་ཏན་གསུང་དབྱངས་ཡན་ལག་དྲུག་ཅུའི་གདངས་པི་ཝང་གླིང་བུ་ལས་བརྒྱ་སྟོང་འགྱུར་གྱིས་ཆེས་ཤིན་ཏུ་སྙན་ཅིང་རིགས་དྲུག་སེམས་ཅན་རང་རང་གི་སྐད་དུ་ཆོས་སྟོན་ནུས། ཐུགས་ཀྱི་མཁྱེན་པའི་ཡོན་ཏན་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་ནས་བལྟས་པ་ལྟར་ས་ལེར་གཟིགས། བརྩེ་བའི་ཡོན་ཏན་ནི་གཡས་ནས་ཙན་དན་གྱི་ལྡེ་གུས་བྱུག་པ་དང་། གཡོན་ནས་སཏྭ་གྲིས་གཤག་པ་གཉིས་ལ་ཡང་ཉེ་རིང་ཕྱོགས་རིས་མེད་པར་བརྩེ། འཕྲིན་ལས་ཀྱི་ཡོན་ཏན་ནི་གདུལ་བྱ་འདུལ་བའི་དུས་ལ་བབས་པའི་ཚེ་སྐུ་གསུང་ཐུགས་ཀྱི་སྒོ་ནས་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་དཔག་མེད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས། སྔོན་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས། སྐུའི་སྒོ་ནས་འོད་ཟེར་སྤྲོ་ཐེངས་རེ་རེ་ལའང་སེམས་ཅན་བྱེ་བ་ཐེར་འབུམ་གྲངས་ཀྱིས་མི་ཆོད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ནས། ངན་སོང་གསུམ་དང་ངན་འགྲོའི་གནས་རྣམས་ལན་དུ་མའི་བར་དུ་སྟོངས་པར་མཛད། སྔོན་ལྷའི་བུ་ཞིག་ཤི་ནས་རྒྱལ་པོའི་ཁབ་ཀྱི་ཤ་ཟ་མོ་
ཕག་མགོ་ཅན་གྱི་མངལ་དུ་སྐྱེ་བ་ཤེས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བས། དེ་རུ་མ་སྐྱེས་པར་སླར་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེས། མི་རྐང་པ་ཞ་བོ་གཅིག་རྐུན་པོ་འགས་བསད་ནས་གནོད་སྦྱིན་ཞིག་ཡོད་པ་མཆོད་སྙམ་པས། མི་རྐང་པ་ཞ་བོ་དེ་འཇིགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བས། སངས་རྒྱས་གནོད་སྦྱིན་དེ་འདྲ་ཞིག་ཏུ་སྤྲུལ་ནས་འོངས་ནས་མི་འདི་ད་རེས་ང་ལ་གསོན་པོར་ཕུལ་དང་དགོས་པ་ཆེ་བྱས་པས། རྐུན་པོ་རྣམས་ཀྱིས་དེ་གནོད་སྦྱིན་ཡིན་སྙམ་ནས་ཕུལ་བས་ཚེ་ཐར་བར་གྱུར། སྔོན་རྒྱལ་པོ་གསལ་རྒྱལ་ལ་བུ་མོ་མདོག་མི་སྡུག་པ་ཞིག་ཡོད་པས་སངས་རྒྱས་ལ་དད་པས་སྐྱབས་སུ་སོང་བས་གཟུགས་བྱད་མཛེས་པར་གྱུར་པ་སོགས་གཏམ་རྒྱུད་དེ་འདྲ་མཐའ་ཡས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་དག་དང་། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་དཔག་མེད་ཚེ་གཅིག་དང་ལུས་གཅིག་ལ་སངས་རྒྱས་ནས་འགྲོ་དོན་མཐའ་ཡས་མཛད་པ་ཐམས་ཅད་ཆོས་ལ་བརྟེན་ནས་བྱུང་བ་ཡིན་ལ། མི་ལ་རས་པས་མཐུ་བཏང་ནས་མི་མགོ་སོ་ལྔ།
སེར་བ་ལན་མང་ཕབ་ནས་སྲོག་ཆགས་བགྲང་གིས་མི་ལང་བ་བསད་ཀྱང་ཕྱིས་ཆོས་ལ་བརྟེན་ནས་སྡིག་པ་ཀུན་དག་ནས་ཚེ་གཅིག་ལ་སངས་རྒྱས། ཡུལ་རེ་སྐོང་ཞེས་བྱ་བའི་མ་གསོད་བྱི་ལི་འུར་པ་ཞེས་བྱ་བས་ཀྱང་རང་གི་དྲིན་ཅན་གྱི་མ་བསད་ཀྱང་། ཕྱིས་ཆོས་བཞིན་བྱས་པས་དག་སྟེ་གྲུབ་པ་ཐོབ་ནས་ནམ་མཁའ་ལ་འཕུར་བ་བྱུང་། པོ་ཏོ་བའི་ཞལ་ནས། དགེ་བཤེས་ཤཱཀྱ་ཡོན་ཏན་གྱིས་ཆོས་ཉམས་སུ་བཞེས་པས། ད་ལྟ་ཡུང་བ་ཙམ་ན་ཁོང་བདེ་སྐྱིད་ཆེ། སྤྱན་སྔ་པས་ཀྱང་དེ་བཞིན་མཛད་པས། ད་ལྟ་ཀླུང་ཤོད་ཙམ་ན་བདེ་སྐྱིད་སྙན་གསུམ་ཁོང་ལ་ཡོད། ངས་ཀྱང་དང་པོར་ཆོས་སྒོར་མ་ཞུགས་ཙམ་ན་བྱང་གསེར་ཁར་ལན་གསུམ་ཕྱིན་པ་ལ་གསེར་ཞོ་གཅིག་ཡོད་པ་ཐུམ་མ་མྱོང་བ་ལ། ད་ལྟ་ཉི་མ་རེ་རེ་ལའང་གསེར་སྲང་མང་པོ་ཡོང་གིན་འདུག །དེས་ན་འོ་སྐོལ་རྣམས་ཀྱིས་ཆོས་བཞིན་བྱས་ན་ཚེ་འདི་ཉིད་ལ་ཡང་བདེ་སྐྱིད་ལྷ་དང་མཉམ་པ་ཡོང་གསུངས། སྔོན་རྐུན་མ་གཉིས་ཀྱིས་མི་ཚང་གཅིག་གི་མཛོད་ཕུག་སྟེ་བཙལ་བས། ཆང་བཙག་རན་པའི་རྫ་མ་གཅིག་དང་འཕྲད་དེ། ཞབས་ནས་བཙགས་ན་ཚོར་གྱིས་
དོགས་ཁ་ནས་བཅུས་ནས་འཐུངས་པས་བཟི་སྟེ། གཅིག་ན་རེ་ང་གླུ་ལེན་ཟེར་བ་ལ་གཅིག་གིས་འདི་ཅི་ཟེར་བདག་པོས་ཚོར་ན་རང་ཅག་གཉིས་ཀ་བསད་ཡོང་བྱས་པས་མ་ཉན་ཏེ་གླུ་བླངས་པར་གདའ། ཆང་ཁ་ནས་བཙགས་པ་འདི་འདྲ་ན། །ཞབས་ནས་བཙག་ན་ཅི་ལྟར་མཆི། །ཟེར་ཞིང་བྲོ་རྩེས་པས། བདག་པོས་ཚོར་བ་བྱུང་ཡང་མ་བརྡུངས་པར་ཆང་མཉམ་པོར་འཐུང་སྐད། དེ་བཞིན་དུ་འོ་སྐོལ་ཆོས་ཀྱི་སྒོར་ཞུགས་པ་རྣམས་ལ་ཡང་བདེ་སྐྱིད་ཁྱིམ་པ་ལས་ལྷག་ན་ཆོས་བཞིན་བྱས་ན་སྨོས་ཅི་དགོས། དེས་ན་ཚེ་འདིའི་བདེ་སྐྱིད་སྙན་གསུམ་ཡང་ཆོས་ལ་བརྟེན་ནས་འབྱུང་བས། ཆོས་ཀྱི་ཡོན་ཏན་ནི་མཐའ་ཡས། ཆོས་དེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་འཕགས་པའི་དགེ་འདུན་གྱི་ཡོན་ཏན་ཡང་མཐའ་ཡས་ཏེ། སྔོན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་དཔག་ཏུ་མེད་པ་དག་པའི་ཞིང་དུ་དྲངས་ནས། ད་ནི་འཁོར་བ་དོང་ནས་སྤྲུགས་ཡོད་དགོངས་ནས་རི་པོ་ཏ་ལའི་རྩེར་ཕྱིན་ནས་གཟིགས་པས། སེམས་ཅན་དེ་ཙམ་ཞིག་བསྒྲལ་རུང་འཁོར་བ་མ་སྟོངས་པར་གཟིགས་པས། སླར་ཡང་ཐུགས་བསྐྱེད་དང་གོ་ཆ་ཆེར་
བསྐྱེད་ནས་ད་དུང་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་འདྲེན་པ་ཡིན་པར་གསུངས། སྔོན་ཤཱ་རིའི་བུ་དང་མོའུ་མགལ་གྱི་བུ་གཉིས་དམྱལ་བར་རྒྱུ་ཞིང་སོང་ནས་མནར་མེད་དུ་སླེབས་ཚེ། མོའུ་མགལ་གྱི་བུ་ནམ་མཁའ་ལ་འཕུར་ནས་ཆར་ཤིང་རྟའི་སྲོག་ཤིང་ཙམ་གྱི་རྒྱུན་ཕབ་པས། ཆུ་དེས་དམྱལ་བའི་མེ་ཀུན་བསད། ཤཱ་རིའི་བུ་ཏིང་ངེ་འཛིན་མོས་པ་ཅན་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་མནར་མེད་གནས་ཀུན་བསིལ་བར་བྱས་སྡུག་བསྔལ་རྒྱུན་བཅད། ཡང་མོའུ་མགལ་གྱི་མ་དམྱལ་བར་སྐྱེས་པ་ལེན་དུ་བྱོན་དུས་ཕེབས་ཞོར་ལ་རྫུ་འཕྲུལ་གྱིས་དམྱལ་བའི་གནས་རྣམས་ཀྱི་ཚ་གྲང་གི་སྡུག་བསྔལ་མཐའ་དག་བསལ་ནས་བདེ་བར་བྱས། མ་དམྱལ་བའི་ཟངས་ཆེན་པོ་དཔག་ཚད་མང་པོ་ཅན་ཞིག་གི་ནང་དུ་འཚོད་པ་ཟངས་དང་བཅས་རྫུ་འཕྲུལ་གྱིས་བཏེགས་ནས། བར་དོའི་སྐབས་ཤིག་ཏུ་ཁྱེར་འོངས་ནས། མ་བཏོན་ཏེ་ཟངས་བཞག་ཡོད་པ་ཉག་ཕྲུག་འདས་ལོག་དམྱལ་བར་སོང་དུས་མཐོང་ནས་འདི་ཅི་ཡིན་ཞེས་འཕགས་པ་སྤྱན་རས་གཟིགས་ལ་དྲིས་པས་འདི་ནི་སྔོན་མོའུ་མགལ་གྱི་མ་འཚོད་པའི་
ཟངས་བུའི་རྫུ་འཕྲུལ་གྱིས་དམྱལ་བ་ནས་བཏེགས་འོངས་པ་འདིར་བཞག་པ་དེ་ཡིན་གསུངས། སྔོན་དབང་ཕྱུག་བརྒྱད་ཐོབ་པའི་རྒྱལ་པོ་འཇིགས་ཐུལ་གྱིས་འབངས་མི་རྒན་མོ་ཞིག་གི་བུ་གློ་བུར་ཤི་བའི་ཕྱིར་རྫུ་འཕྲུལ་གྱིས་གཤིན་རྗེའི་ཡུལ་དུ་དམག་དྲངས་ནས་འཁོར་རྣམས་ཀྱིས་གཤིན་རྗེ་ཆོས་རྒྱལ་གྱི་འཁོར་རྣམས་དང་འཐབ། འཇིགས་ཐུལ་གྱིས་ལྷ་ཚངས་པས་གནང་བའི་བདེ་ཆེན་ཞོ་འཐུང་གི་རུས་པ་ལས་གྲུབ་པའི་མདུང་བརྒྱབ་ན་མི་ཕོག་མི་སྲིད། ཕོག་ན་མི་སྒྲོལ་མི་སྲིད། བསྒྲལ་ན་མི་འདྲེན་མི་སྲིད་པ་ཞིག་ཡོད་པ་ཐོགས་ནས། གཤིན་རྗེ་ཆོས་རྒྱལ་དང་འཛིང་གྲབ་བྱས་པས། སྲིད་པ་གསུམ་པོ་ཡོམ་ཡོམ་འགུལ་བ་བྱུང་། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་སྤྱན་གྱིས་གཟིགས་ནས་སྐད་ཅིག་དེ་ཉིད་ལ་རྫུ་འཕྲུལ་གྱིས་བྱོན། བར་ནས་གཟུ་བྱས་རྒྱལ་པོ་འཇིགས་ཐུལ་ལ་ལྷའི་བུ་ཞིག་སྤྲད། རྒྱལ་པོ་འཇིགས་ཐུལ་གྱིས་གཤིན་རྗེ་ཆོས་རྒྱལ་ལ་རྒོལ་བ་བྱས་པ་བཟོད་གསོལ་བྱས་སླར་མི་ཡུལ་དུ་ལོག་ནས་བྱུང་། ཡང་སྔོན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བའི་མས་ཐག་འཐག་གིན་ཡོད་པ་སྟེང་ནས་ས་ལ་
འབབ་དབང་ཡང་མ་བྱུང་བར་གློ་བུར་དུ་ཤི་བ་མཐོང་ནས། ཁོའི་བསམ་པ་ལ་ངེད་མ་བུ་གཉིས་ཁ་བརྡའ་ཞིག་བྱས་འཆི་རྒྱུ་མ་བྱུང་རུང་། ཐག་གི་སྟེང་ནས་ཀྱང་མར་འབབ་དབང་མ་བྱུང་བ་འདི་གཤིན་རྗེ་དབང་ཆེ་རུང་དཔེ་མི་སྲིད་པ་ཞིག་རེད་སྙམ། མའི་རོའི་རྩ་ནས་བསྐྱེད་རིམ་ལ་བསྡད་དེ། གཤིན་རྗེའི་ཡུལ་ལ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད། གཤིན་རྗེ་ཡ་མནྟཱ་ཀའི་དམག་རྣམས་བཏང་ནས་གཤིན་རྗེའི་ཕོ་ཉ་དང་འཐབ་པའི་བར་དེར། མ་ཁང་པ་ནག་པོ་ཞིག་གི་ནང་དུ་བཅུག་ཡོད་པ་བྲོས་ཏེ་མི་ཡུལ་དུ་ལོག་ནས་སླར་རོའི་ནང་དུ་ཞུགས་ནས་སྔར་ལྟར་སོས་པ་བྱུང་། ཡང་སྔོན་འཕགས་པ་གང་པོ་ཞེས་བྱ་བའི་ཕུ་བོ་ཕྱིའི་རྒྱ་མཚོ་ལ་ཙན་དན་འདོན་དུ་ཕྱིན་པས། ཙན་དན་བསྲུང་བའི་གནོད་སྦྱིན་རྣམས་ཀྱིས་ཚོར་ནས་རླུང་དྲག་པོ་བཏང་ནས་གྲུ་ཁ་སྤུབ་པར་བརྩམས་པ་ན། ཕུ་བོས་འཕགས་པ་གང་པོ་ལ་སྐྱབས་འགྲོ་བྱས་པས་འཕགས་པ་གང་པོས་མཁྱེན་ནས་རྫུ་འཕྲུལ་གྱིས་གྲུ་ཁར་བྱོན་ནས་བསྐྱབས། སྔོན་ཉག་ཕྲུག་འདས་ལོག་བྱང་ཆུབ་སེམས་དཔས་དམྱལ་
བར་ཕྱིན་དུས། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་མདའ་གཞུ་ཞིག་ཐོགས་ཏེ་སེམས་ཅན་མང་པོ་འདྲེན་པ་མཐོང་། དེ་བཞིན་དུ་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་དམྱལ་བའི་སེམས་ཅན་དཔག་ཏུ་མེད་པ་བདེ་ཆེན་ཐར་པའི་གནས་སུ་འདྲེན་པ་མཐོང་། རྗེ་མི་ལས་ཀྱང་སློབ་མ་བོན་པོ་ཞིག་ཡོད་པ་ཤི་ནས་ལས་དབང་གིས་ལྕི་བ་ཞིག་གི་འོག་ཏུ་སྲིན་འབུ་ཁྲ་ལ་རིང་བ་ཞིག་ཏུ་སྐྱེས་ཡོད་པ་གཟིགས་ནས་ལྕི་བའི་རྩར་ཕེབས་མི་ཀུན་གྱིས་མཐོང་སར་རྣམ་ཤེས་དག་པའི་ཞིང་དུ་དྲངས། དེ་འདྲ་བའི་གཏམ་རྒྱུད་ཤིན་ཏུ་མང་། དེས་ན་དགེ་འདུན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། དེ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱས། སྤྱིར་འཁོར་བ་ཁྱད་པར་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་ལ་སྙིང་ཐག་པས་སྐྱབས་སུ་འགྲོ་བ་གལ་ཆེ། བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་བཟུང་མཆོད་བསྟོད་བཀུར་ནས་སྲོག་གི་ཕྱིར་ཡང་མི་གཏོང་བ་དགོས་ཏེ། སྔོན་ཇོ་བོ་བོད་ན་བཞུགས་དུས་རྒྱ་གར་གྱི་མི་བྱུང་བ་ཀུན་ལ་ད་ལྟ་ཕ་གི་ན་གཏམ་ངོ་མཚར་ཅན་ཅི་འདྲ་འདུག་དྲིས་པས། ནང་པ་སངས་རྒྱས་
པའི་དགེ་བསྙེན་གཅིག་མུ་སྟེགས་པས་བཟུང་ནས། ད་ཁྱོད་རང་གི་ལྟ་བ་ཐོངས་ལ་ངའི་ལྟ་བ་ལ་ཞུགས། ཁྱོད་རང་གི་ལྷ་ཐོངས་ལ་ངའི་ལྷ་ལ་འཇུས། དེ་ལྟར་མི་བྱེད་ན་ཁྱོད་གསོད་ཟེར་བ་ལ། དགེ་བསྙེན་ན་རེ་ཚིག་ཙམ་དུ་གཏོང་སྙིང་ནས་གཏོང་མི་ཕོད་བྱས་པས་བསད་ལགས་ཟེར་བ། ཇོ་བོའི་ཞལ་ནས། དགེ་བསྙེན་དེས་བྱ་བ་བྱས་པ་ཡིན་གསུངས། མིའི་རྒྱལ་པོ་ནང་པ་སངས་རྒྱས་པ་ཞིག །གར་ལོག་ཏུ་ཕྱི་རོལ་མུ་སྟེགས་པས་བཙོན་དུ་བཟུང་ནས་གསོད་པས་བསྡིགས་ཏེ་ཁྱོད་ལྷ་དང་ལྟ་བ་གཏོང་ན་མི་གསོད་ཟེར། མི་གཏོང་བྱས་པས། མི་གསོད་པར་མ་ཟད་ཁྱོད་རང་གི་རྒྱལ་སར་སླར་བཞག་ཐོངས་ཟེར། མི་གཏོང་བྱས་པས། ད་དུང་དེའི་སྟེང་དུ་ཁྱོད་རང་གི་རྒྱལ་སྲིད་ཙམ་ཞིག་སྦྱིན་གྱིས་ཐོངས་ཟེར་བས་ཀྱང་། མ་བཏང་པས་བསད་སྐད། དེ་བཞིན་དུ་འོ་སྐོལ་གྱིས་ཀྱང་ལུས་སྲོག་ལོངས་སྤྱོད་གང་གི་ཕྱིར་ཡང་ལྷ་དཀོན་མཆོག་གསུམ་མི་སྤང་བ་དེ་ལྟ་བུ་རེ་བྱེད་དགོས་གསུངས། དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་ཕན་ཡོན་ནི། སྔོན་རྒྱ་མཚོར་ཞུགས་པའི་ཚོང་པ་མང་པོ་ཆུ་
སྲིན་ཆེན་པོ་ཞིག་གི་ཁ་ནང་དུ་འཆོར་དུ་ཉེ་བ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ཆུ་སྲིན་གྱི་ཁ་ནས་ཐར། ཆུ་སྲིན་དེས་ཀྱང་དཀོན་མཆོག་གསུམ་གྱི་སྒྲ་དེ་ཐོས་པས་སྒྲིབ་པ་དག་སྟེ་ཚེའི་དུས་བྱས་ནས་རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་གི་བུར་སྐྱེས། སྔོན་ཁྱུང་གཉིས་ཀྱིས་རི་རབ་ཀྱི་བང་རིམ་གྱི་སྦྲུལ་གཉིས་ལ་གཙེས་པས་སྦྲུལ་གཉིས་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་གནོད་པར་མ་ནུས་པས་ཁྱོད་གཉིས་ཀྱིས་ཅི་བྱས་དྲིས་པས་སྐྱབས་འགྲོ་བྱས་སྨྲས་པས་ཁྱུང་གཉིས་དང་སྦྲུལ་བ་ཞིས་སྐྱབས་འགྲོ་བྱས་པས་རྒྱལ་ཆེན་བཞི་རུ་གྱུར། སྔོན་རི་ཁྲོད་པ་སྐྱབས་འགྲོ་བྱེད་པ་ཞིག་ལ་རྒན་མོ་དད་ཅན་ཞིག་གིས་ཆོས་ཤིག་ཞུས་ནས་ཡོན་དུ་སྣམ་བུ་ཞིག་ཕུལ་བ་རྐུན་པོ་ཞིག་གིས་གོ་ནས། མཚན་མོ་རི་ཁྲོད་པའི་སྒོར་འོང་པ་ནང་ནས་རི་ཁྲོད་པས་སྐྱབས་འགྲོ་བྱས་པའི་མཐུས་ནང་དུ་འཇུག་མ་ནུས། ཕྱི་ནས་བསྡིགས་ཏེ་ཁྱོད་ཀྱི་སྣམ་བུ་དེ་སྒོར་མི་སྟེར་ན་ང་ནང་དུ་འོངས་ནས་གསོན་སྙིང་ལ་དམར་འདོན་བྱས་བསད་ནས་ཁྱེར་འགྲོ་བྱས་འཇིགས་བསླངས་པས། ནང་ནས་རི་ཁྲོད་པ་ཡང་འཇིགས་པ་ལྟར་མཛད། ནང་དུ་མ་འོང་དང་
སྟེར་ཞེས་ཐག་པ་ཞིག་ཁྱེར་ཏེ། སྒོ་ཁུང་ནས་ལག་པ་ཚུར་ཐོངས་དང་སྟེར་བྱས་པས་བཏང་ཚེ་ལག་མགོ་ནས་ཐག་པས་བཟུང་ཚུར་འཐེན་ནས། ཀ་བ་ལ་བཏགས་ཏེ་དབྱུག་པ་ཞིག་ཁྱེར་ཏེ་སྒོ་ཕྱེས་ནས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་གཅིག་རྒྱབ། དེ་བཞིན་དུ་ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་གསུམ་བརྒྱབས་ནས། སྒོ་རྒྱབ་ཐག་པ་བཀྲོལ་ནས་བཏང་བས། རྐུན་མ་ཤིན་ཏུ་ན་ནས་ཆེར་འགྲོ་མ་ནུས་པར་ཚུར་འོངས་ཟམ་པ་ཞིག་ཡོད་པའི་འོག་ནས་བསམ་བློ་བཏང་སྟེ། དཀོན་མཆོག་གསུམ་ལས་མེད་པ་བཟང་། དེ་བས་མང་ཞིག་ཡོད་ན་དེ་རིང་འཆི་ཚད་པ་འབྱུང་བར་གདའ། དཀོན་མཆོག་གསུམ་པོ་བཀའ་དྲིན་ཆེ་སྙམ་སྐྱབས་འགྲོ་བྱས་པའི་ནུབ་དེར་ལྷ་འདྲེ་མང་པོ་ཟམ་སྟེང་དེར་འགྲོ་མ་ནུས་པར་ཟམ་གྱི་སྣེ་དེར་འཚོགས་ཡོད་པ་འདྲེ་མཐོང་མཁན་ཞིག་གིས་མཐོང་ནས་འདིར་འཚོགས་ནས་བསྡད་པ་ཅི་ཡིན་དྲིས་པས་ཟམ་འོག་འདི་ན་མི་གཅིག་གིས་སྐྱབས་འགྲོ་བྱས་པས་འགྲོ་མ་ཕོད་པ་ཡིན་ཞེས་སྨྲས་སྐད། དེ་ལ་སོགས་སྐྱབས་སུ་སོང་བས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་
ལས་བསྐྱབས་ནས། མཐོ་རིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཚུལ་གྱི་གཏམ་རྒྱུད་མཐའ་ཡས་ཀྱང་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མདོར་བསྡུ་ན་ནང་པ་སངས་རྒྱས་པར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། མི་དང་མི་མ་ཡིན་གྱིས་གནོད་པས་མི་ཚུགས་པ་དང་། སྔར་བྱས་ཀྱི་སྡིག་སྒྲིབ་སྲབ་ཅིང་འཛད་པ་དང་། ཚོགས་རྒྱ་ཆེན་པོ་རྫོགས་པ་དང་། ཤི་ན་ངན་སོང་དུ་མི་ལྟུང་བ་དང་། ལམ་ཁྱད་པར་འཕགས་པ་རྒྱུད་ལ་སྐྱེ་བ་དང་། མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གསུངས་སོ། །སྐྱབས་འགྲོའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ་ཞིང་། སངས་རྒྱས་ཀྱི་རྟེན་ཚ་ཚ་ཡན་ཆད་སྤྱི་བོར་བླངས་ནས་གུས་པར་བྱ། ཆོས་ལ་སྐྱབས་སུ་སོང་བས། སེམས་ཅན་ལ་འཚེ་བ་མི་བྱེད་ཅིང་ཆོས་ཀྱི་ཡི་གེ་འབྲུ་གཅིག་ཀྱང་འོ་བརྒྱལ་སར་མི་འཇོག །དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་པ་དང་མི་འགྲོགས་ཤིང་། དགེ་འདུན་གྱི་རྟགས་སྤུ་ཙམ་འཛིན་པ་ལའང་གུས་པར་བྱའོ། །དེ་ལྟར་བསླུ་མེད་དཀོན་མཆོག་གསུམ་གྱི་
སྐྱབས་འོག་ནས་བསྡད་དེ་སྐྱབས་སུ་འགྲོ་བཞིན་དུ་ངན་སོང་གསུམ་གྱི་རྒྱུ་མི་དགེ་བ་སྤངས་མཐོ་རིས་ཀྱི་རྒྱུ་དགེ་བ་སྒྲུབ་དགོས། དེ་ལ་སྡིག་པ་བྱས་པའི་ཉེས་དམིགས་ནི། སྔོན་རྒྱལ་པོ་ཆོས་འཕགས་ཀྱིས་མི་གཅིག་ལ་ཁྲིམས་བཅད་ནས་གསོད་དུ་བཅུག་པས། ཆུ་སྲིན་ཞིག་ཏུ་སྐྱེས་ནས་ལུས་ལ་སྲིན་འབུ་མང་པོ་གནས་ནས་ཟོས་པའི་སྡུག་བསྔལ་བྱུང་། ལྷ་ལྕམ་པདྨ་གསལ་གྱིས་སྐྱེ་བ་སྔོན་རོལ་ཞིག་ཏུ་ཁྱི་གཅིག་ལ་རྡོ་བརྒྱབས་ནས་བསད་པས་ཕྱིས་སྐྱེ་བ་མང་པོ་ཁྱི་ཕག་སོགས་ལུས་ངན་པ་དུ་མ་བླངས། སློབ་དཔོན་བཻ་རོ་ཙ་ནས་ཚེ་སྔོན་མ་ཞིག་ཏུ་ཤིག་མང་པོ་བསད་པས་སྐུ་ཚེ་དེར་ཚ་རོང་རྒྱལ་པོས་ཤིག་དོང་དུ་བསྐྱུར་ནས་སྡུག་བསྔལ་མྱངས། སྔོན་ཁ་ཆེའི་དགེ་སློང་ར་བ་ཏི་བྱ་བ་ཚེ་སྔོན་རྐུན་མོ་ཞིག་ཏུ་གྱུར་དུས་བེའུ་ཞིག་བརྐུས་པས་བདག་པོས་དེད་ནས་ནགས་གསེབ་ན་རང་སངས་རྒྱས་ཤིག་མཉམ་པར་བཞག་འདུག་པའི་མདུན་དུ་བསྐྱུར་ནས་བྲོས་པས། དེས་རང་སངས་རྒྱས་ཁྲིད་ནས་ཞག་དྲུག་དོང་དུ་བཅུག་པའི་རྣམ་སྨིན་གྱིས་སྐུ་ཚེ་དེར་ནགས་གསེབ་ཅིག་ན་སྣམ་བུ་ཚོས་བསྒྱུར་དུས་ཁྱིམ་བདག་ཅིག་གི་
བེའུ་སྟོར་བ་བཙལ་དུ་ཡོང་བས་ཚོས་ཕྲུ་ཁ་ཕྱེས་ནས་བལྟས་ཚེ་སྣམ་བུ་བེའུའི་ཤ་རུ་གྱུར་པར་མཐོང་ནས་རྒྱལ་པོས་བཙོན་དུ་ཟླ་བ་དྲུག་བཟུང་ནས་བཏང་། དགེ་སློང་མ་ཨུད་པ་ལས་ཚེ་སྔོན་མར་བྱིས་པ་ཞིག་གི་མགོ་ལ་ཁབ་བརྡབས་ནས་བསད་པས། ཕྱིས་སངས་རྒྱས་ཀྱི་དུས་སུ་དགྲ་བཅོམ་མར་གྱུར་ཀྱང་རྣམ་སྨིན་གྱིས་མ་བཏང་བར་ལྕགས་ཀྱི་མདུང་ཞིག་གིས་སྤྱི་བོ་ནས་རྐང་མཐིལ་དུ་ཕྱུངས་ནས་གྲོངས། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་དགེ་སློང་སྡེ་སྣོད་འཛིན་པ་ཞིག་ང་རྒྱལ་གྱིས་ཁེངས་ནས་གཞན་དག་ལ་གནག་རྫི་ཡིན་བྱས་པས། སྐྱེ་བ་ལྔ་བརྒྱར་གནག་རྫི་བྱེད་པར་གྱུར། དགེ་སློང་སྤོང་བ་ལ་བརྩོན་པ་ཞིག་ཀློག་པའི་སར་ཕྱིན་པས། ཁོའི་སྤོང་བ་བྱར་མ་བཏུབས་པས་ཚིག་པ་ཟོས་ཏེ། སངས་རྒྱས་འོད་སྲུངས་ཀྱི་དགེ་སློང་འདི་དག་ནི་མཚན་ཐོག་ཐག་སྦལ་པ་བཞིན་སྐད་འབྱིན་ཏོ་སྨྲས་པས། སྐྱེ་བ་ལྔ་བརྒྱར་སྦལ་པར་སྐྱེས། ཡང་སྔོན་སངས་རྒྱས་གཙུག་ཏོར་ཅན་གྱི་དུས། རྒྱལ་པོ་མེ་ཏོག་བྲལ་གྱིས་གཙུག་ལག་ཁང་ཞིག་དགེ་འདུན་ལ་ཕུལ་བ། ཕྱིས་བུ་རབ་ཏུ་བྱུང་ནས་ཕྲག་དོག་གིས་གཞན་སྡོད་དུ་མ་བཅུག་པས།
བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་དམྱལ་བ་སོགས་ངན་སོང་དུ་སྐྱེས་པའི་མཐར་ཀླུ་པདྨའི་གདོང་ཞེས་བྱ་བར་གྱུར་ཏེ་ལུས་ལ་གང་རེག་མེར་འབར་ཏེ་སྡུག་བསྔལ་མྱངས། སངས་རྒྱས་འཁོར་བ་འཇིག་གི་དུས། ཆོས་སྨྲ་བ་འཁོར་མང་པོ་ཅན་ཞིག་གིས་རྙེད་བཀུར་ཐམས་ཅད་འཁོར་སློབ་མ་རྣམས་ལ་མ་བྱིན་པར་རང་གཅིག་པུས་ལོངས་སྤྱོད་ཅིང་དགེ་སློང་གཞན་རྣམས་ལ་མི་སྙན་པ་སྨྲས་པས་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱངས། ཕྱིས་ཤཱཀྱའི་རྒྱལ་པོ་འཇིག་རྟེན་དུ་བྱོན་དུས་ཀླུ་ལོང་བ་ཞིག་ཏུ་གྱུར་ཏེ་ཆུ་ཚན་ནང་དུ་འཚོད་ཅིང་འཁོར་སློབ་མ་རྣམས་ཀྱང་སྦལ་པ་དང་སྲིན་བུར་གྱུར་ནས་ལུས་ཟོས་ནས་སྡུག་བསྔལ་མྱོང་། སྔོན་རྫུན་ཕམ་རབ་འཇིགས་གཉིས་ལ་གསེར་བུམ་པ་གང་ཡོད་པ་རྫུན་ཕམ་གྱིས་ཤིང་ཕྱེ་རུ་གྱུར་འདུག་ཞེས་རྫུན་གཅིག་སྨྲས་པས་སྐྱེ་བ་ལྔ་བརྒྱར་ཤིང་ཕྱེའི་ནང་གི་སྲིན་འབུར་སྐྱེས། དེའི་ལན་དུ་རབ་འཇིགས་ཀྱིས་རྫུན་ཕམ་གྱི་བུ་གཉིས་སྤྲེའུར་བསྒྱུར་ནས། བུ་སྤྲེའུ་རུ་གྱུར་འདུག་ཅེས་རྫུན་སྨྲས་པས་སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས། དྲང་སྲོང་བདེན་ཚིག་གྲུབ་པ་ཞིག་གིས་ཀྱང་རྫུན་གཅིག་
སྨྲས་པས་ལུས་ཀྱི་འོད་ཉམས་པ་བྱུང་། དགེ་སློང་མ་ཞིག་གིས་གྲོགས་མོ་རྣམས་ལ་ཁྱི་མོ་ཚོ་སྨྲས་པས། སྐྱེ་བ་ལྔ་བརྒྱར་ཁྱི་མོར་སྐྱེས། རྒྱལ་པོ་ཞིག་ལ་རང་སངས་རྒྱས་ཀྱི་མཆོད་གནས་མང་པོ་ཡོད་པའི་ནང་ནས་སྐུ་གཟུགས་སྒུར་པོ་ཞིག་ཡོད་པ་མ་ཚང་བ་ལ། རྒྱལ་པོའི་བུ་མོས་རང་སངས་རྒྱས་དེའི་སྐུ་གཟུགས་ཀྱི་ལད་མོ་བྱས་ཏེ་འདི་ལྟ་བུ་དེ་མ་ཚང་འདུག་བྱས་པས། སྐྱེ་བ་མང་པོར་སྒུར་པོར་སྐྱེས། སྔོན་ཇོ་བོས། མཻ་ཏྲི་པས་ནང་གི་རྫས་ཅུང་ཟད་བསྟེན་པ་དགེ་འདུན་པའི་ཁྲིམས་ལ་གནོད་དོགས་ནས་གནས་དབྱུང་བྱས་པས། མཚན་མོ་མནལ་ལམ་དུ་མཻ་ཏྲི་པ་བྱང་སེམས་ཡིན་པ་ལ་གནས་དབྱུང་བྱས་པས་རི་རབ་ལ་ལན་གསུམ་བསྐོར་ཐུབ་པའི་སྦྲུལ་དུ་སྐྱེ་ཟེར་བ་རྨིས། དེ་ལ་ཅིས་ཕན་དྲིས་པས། ཉིན་རེ་ལ་ས་ཚ་བདུན་རེ་བཏབ་ན་ཕན། ཁྱད་པར་བོད་དུ་ཕྱིན་ན་ཕན་ཟེར་བ་རྨིས་པ་སོགས་ཀྱིས་རྐྱེན་བྱས་བོད་དུ་ཕེབས་པ་བྱུང་། སྔོན་བྲམ་ཟེ་ཞིག་གིས་སངས་རྒྱས་འོད་སྲུངས་ཀྱི་ཆོས་སྟོན་པ་མཐོང་ནས། དགེ་སྦྱོང་འདི་ནི་སེངྒེ་བཞིན་འཇིགས་པ་དང་བག་ཚ་བ་མེད་བར་ཆོས་སྟོན་ལ། ཉན་ཐོས་འདི་དག་ནི་རི་དྭགས་ཕྲ་མོ་བཞིན་ཆོས་
ཉན་ནོ་ཞེས་སྨྲས་པས། ཚེ་རབས་ལྔ་བརྒྱར་སེངྒེ་རུ་གྱུར། སྔོན་རྣ་བ་བྱེ་བ་རིས་རྒྱ་མཚོར་རིན་ཆེན་ལེན་དུ་འགྲོ་ཚེ། མས་བུ་དང་གསོན་པོར་ཁོ་མོ་དང་ནམ་འཕྲད་སྙམ་ངུས་པས། འདིས་འགྲོ་ཁར་བཀྲ་མི་ཤིས་པ་སྨྲའོ་སྙམ་ཁྲོས་ནས། མ་ལ་ཁྱོད་ངན་སོང་ལ་ཅིའི་ཕྱིར་མི་གཟིགས། ཞེས་ཚིག་རྩུབ་པོ་སྨྲས་པས། ཕྱིའི་རྒྱ་མཚོར་ཞུགས་ནས་རིན་པོ་ཆེ་བླངས་ནས་རྒྱ་མཚོའི་འགྲམ་དུ་ཡོང་ནས་ཚོང་པ་ཀུན་གྱིས་སྟོར་ཏེ་འཁྱམས་ནས་ངན་སོང་གི་གནས་མང་པོ་མཐོང་བ་བྱུང་། སྔོན་རྫོགས་བྱེད་ཀྱིས་ཆོས་ལོག་བསྟན་པས་ཤི་ནས་དམྱལ་བར་ལུས་ཆེན་པོར་གྱུར་པའི་ལྕེ་ལ་ལྕགས་ཀྱི་ཐོང་གཤོལ་ལྔ་བརྒྱ་བཙུགས་ནས་ཞིང་རྨོས་པའི་སྡུག་བསྔལ་མྱངས་པར་གྱུར། ཡང་སྔོན་བྲམ་ཟེ་རྩ་ནག་སྐྱ་ཞེས་བྱ་བ། གཤིན་རྗེ་གཤེད་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་ཞིག་གིས། རྒྱལ་པོ་ཟླ་བ་སྦས་པའི་བླ་མཆོད་བྱས་པས། རྒྱལ་པོ་དེ་ལ་དགྲ་བྱུང་ཚད་ཐམས་ཅད་ལ་ཁོས་དྲག་པོ་མངོན་སྤྱོད་བྱས་ནས་བསད་པས། སྐྱེ་བ་ཕྱི་མར་དམྱལ་བར་སྐྱེས་ནས། ལོ་གྲངས་དཔག་ཏུ་མེད་པར་སྡུག་བསྔལ་མྱངས་པར་གྱུར།
ཡང་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་ལ་རྩ་ལྟུང་བྱུང་བས། དེའི་གབ་པ་འཚོལ་བའི་ཕྱིར་ཆོས་ལོག་བརྩམས་པས། ཚེ་དེར་མགུལ་འགག་ནད་ཀྱིས་ཐེབས། ཇོ་བོ་ཁ་སར་པ་ཎིར་གསོལ་བ་བཏབ་པས། ཇོ་བོས་ཁྱོད་ཀྱིས་ཆོས་ལོག་བརྩམས་པས་ནད་མི་སོས་པར་མ་ཟད། ཕྱི་མར་ངན་སོང་དུ་འགྲོ་ཞེས་གསུངས་སྐད། སྔོན་མི་གཅིག་གིས་དགེ་འདུན་ལ་བུད་མེད་ཡིན་ཞེས་ངན་སྨྲས་བྱས་པའི་ཚེ་དེར་ཕོ་མཚན་གནས་འགྱུར་ནས་མོ་མཚན་དུ་སོང་ཤི་ནས་སྐྱེ་བ་བརྒྱར་བུད་མེད་ཀྱི་ལུས་བླངས་ནས་སྡུག་བསྔལ་མང་པོ་མྱངས། སྔོན་བྲམ་ཟེ་ཞིག་གི་ཆུང་མ་ལ་བུ་ཞིག་བཙས་པ་ཆེར་སོང་ནས་སློང་མོ་བྱས་པས་ལ་ཕུག་སྤར་བ་གང་རྙེད་པ་མ་ལ་བཅོལ་ནས་སླར་སློང་དུ་སོང་བའི་བར་ལ་མས་རང་སངས་རྒྱས་ཤིག་བསོད་སྙོམས་ལ་བྱོན་པར་ཕུལ་བས། ཁོ་ཕྱིར་འོངས་ནས་ལ་ཕུག་བྱས་པས། མ་ན་རེ་རང་སངས་རྒྱས་ཤིག་ལ་ཕུལ་སོང་བྱས་པས། ཁོ་ཁྲོས་ནས་དེ་ཟོས་པ་དེ་རྐང་ལག་རེངས་ཤིང་སྦོས་ནས་ཤི་བར་མ་གྱུར་ཏམ་ཞེས་ཚིག་ངན་སྨྲས་པས། ལོ་བརྒྱ་སྟོང་མང་པོར་དམྱལ་བར་སྐྱེས་ཕྱིས་རྒྱལ་པོ་གསལ་རྒྱལ་དུ་གྱུར་དུས་ཀྱང་ལ་
ཕུག་ཟོས་ཆུ་འཐུངས་པས་མ་ཞུ་བའི་ནད་ཀྱིས་ཐེབས་ནས་རྐང་ལག་རེངས་ཤིང་སྦོས་ནས་ཤི་བ་བྱུང་། དགེ་བ་བྱས་པའི་ཕན་ཡོན་ནི། རྒྱལ་པོ་གསལ་རྒྱལ་གྱི་སྐུ་ཚེ་སྔོན་མ་ཞིག་ཏུ་དབུལ་པོར་གྱུར་པའི་ཚེ། རང་སངས་རྒྱས་ཤིག་ལ་ཟན་དྲོན་ལན་ཚྭ་མེད་པ་ཞིག་དད་པས་ཕུལ་བས། སུམ་ཅུ་རྩ་གསུམ་གྱི་བདག་པོར་ལན་དྲུག་དང་མཉན་ཡོད་ཀྱི་རྒྱལ་པོ་ལན་དྲུག་བྱས་པའི་མཐར་རྒྱལ་པོ་གསལ་རྒྱལ་དུ་གྱུར། སྔོན་བྱིས་པ་ཞིག་གིས་སངས་རྒྱས་ལ་ས་སྦར་བ་གང་ཕུལ་བས། འཛམ་གླིང་ཕྱེད་ལ་དབང་བསྒྱུར་བའི་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བར་གྱུར། སྔོན་སངས་རྒྱས་གསེར་ཐུབ་ལ་དབུལ་པོ་ཞིག་གིས་གཞན་འབུལ་རྒྱུ་མེད་པས་རྩྭ་བཏུས་ནས་བཙོངས་པའི་རིན་གསེར་གྱི་དོང་རྩེ་གཉིས་ཕུལ་བས། སྐྱེ་བ་ཐམས་ཅད་དུ་ལག་མཐིལ་གཉིས་ནས་གསེར་གྱི་དོང་རྩེ་ཟད་པ་མེད་པ་བྱུང་། སྔོན་དེད་དཔོན་ཐམས་ཅད་སྐྱོབ་དང་ལེགས་གྲུབ་ཞེས་བྱ་བ་རེ་རེ་ལ་ཚོང་པའི་འཁོར་བཞི་ཁྲི་བཞི་ཁྲི་ཡོད་པས། དེད་དཔོན་ལེགས་གྲུབ་ཀྱིས་འཁོར་བ་ལ་སྙིང་པོ་མེད་པར་མཐོང་ནས། འཁོར་ཚོང་པ་རྣམས་བསྐྱུར་ནས།
དྲང་སྲོང་རྣམས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་པས་རང་སངས་རྒྱས་མངོན་དུ་བྱས། ཕྱིས་དེད་དཔོན་ཐམས་ཅད་སྐྱོབ་འཁོར་བཅས་འོངས་ནས་ཚོང་པ་རྣམས་སྤངས་ནས་ཅིའི་ཕྱིར་རབ་ཏུ་བྱུང་སྨྲས་པས། ལེགས་གྲུབ་ཀྱིས་ཆོ་འཕྲུལ་བསྟན་པས་ཀུན་དད་པར་གྱུར་ནས་ཐམས་ཅད་ཀྱིས་ཟང་ཟིང་གི་ནོར་ཕུལ་བས། ཕྱིས་སངས་རྒྱས་ཀྱི་དུས་སུ་ལྷ་བརྒྱད་ཁྲིར་གྱུར། སངས་རྒྱས་ཀྱིས་ཆོས་གསུངས་པས་མཐོང་ལམ་སྐྱེས། སྔོན་རྒྱལ་པོ་ཀྲི་ཀྲིས་སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་པའི་སྐུ་གདུང་ལ་མཆོད་པ་ཕུལ། རིན་ཆེན་སྣ་བཞིའི་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་གཅིག །འཕང་དུ་དཔག་ཚད་ཕྱེད་པ་ཞིག་བརྩིགས་སོ། །དེ་ལ་རྒྱལ་པོ་ཀྲི་ཀྲིའི་བུ་འབྲིང་བས་གདུགས་འབྲིང་ཞིག་བཏགས་པའི་བསོད་ནམས་ཀྱིས། སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཉིས་སྟོང་ལྔ་བརྒྱ་བྱས་པའི་མཐར་སངས་རྒྱས་ཤཱཀྱ་ཐུབ་པའི་གཅུང་དགའ་བོར་གྱུར། སྔོན་རི་བྲག་ཅིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ཞིག་གནས་ཏེ། དེ་ལ་སྐྱེད་ཚལ་ཞིག་ཡོད་པ་ལ་རང་སངས་རྒྱས་ཤིག་བྱོན་པ་ལ། དད་པས་བསོད་
སྙོམས་སྦྱར་བས་ནམ་ཞིག་མྱ་ངན་ལས་འདས་པའི་རུས་པ་རྣམས་ཁྱིམ་བདག་དེས་བུམ་པར་བཅུག་སྟེ་མཆོད་རྟེན་བྱས་གདུགས་རྒྱལ་མཚན་བ་དན་བཙུགས་ནས་གུར་གུམ་གྱིས་བྱུགས། དྲིའི་ལག་རིས་སུམ་ཅུ་བྱས་པས། གཅུང་དགའ་བོར་གྱུར་དུས། མཚན་བཟང་སུམ་ཅུས་བརྒྱན་པ་བྱུང་། སྔོན་རྒྱལ་པོ་གཉེན་ལྡན་གྱི་ནུ་བོས། སངས་རྒྱས་རྣམ་གཟིགས་འཁོར་བཅས་ཀྱི་ཞབས་ཕྱི་བྱས་ཏེ་ཁྲུས་ཁང་དུ་གཤེགས་ནས་སངས་རྒྱས་ལ་ཁྲུས་བྱས་པས། སངས་རྒྱས་རྣམ་གཟིགས་ཀྱི་སྐུ་གསེར་གྱི་མདོག་ལྟ་བུ་དེ་མཐོང་ནས། དགེ་བ་འདིའི་མཐུས་བདག་ཀྱང་མ་འོངས་པ་ན་སངས་རྒྱས་འདིའི་སྐུ་མདོག་བཞིན་ལུས་གསེར་གྱི་མདོག་ལྟ་བུར་གྱུར་ཅིག་བྱས་པས་ཕྱིས་གཅུང་དགའ་བོར་གྱུར་དུས་སྐུ་ལུས་གསེར་གྱི་ཁ་དོག་ལྟ་བུ་བྱུང་། སྔོན་སངས་རྒྱས་བསོད་ནམས་སྐྱབས་འཇིག་རྟེན་དུ་བྱོན་དུས་བུད་མེད་དྷ་ཀ་ཞེས་བྱ་བ་དབུལ་འཕོངས་ཅན་ཁྱོ་ཤུགས་གཉིས་ཡོད་པ་ལ། གོས་རས་ཡུག་གཅིག་ལས་མེད་ཀྱང་། བུད་མེད་དྷ་ཀའི་ལུས་ལས་ཕུད་ནས། དགེ་སློང་ཞིག་བརྒྱུད་ནས་སངས་རྒྱས་བསོད་ནམས་
སྐྱབས་ལ་ཕུལ་བའི་བསོད་ནམས་ཀྱིས་ཚེ་དེར་ཡང་སྔ་དྲོ་ཕུལ་བས་ཕྱི་དྲོ་བསོད་ནམས་སྐྱེས་ཏེ་ཡུལ་དེའི་རྒྱལ་པོ་དང་བཙུན་མོ་ངོ་མཚར་ནས་ལུས་ལ་གྱོན་པའི་གོས་རྒྱན་རྣམས་ཕུད་དེ། བཟའ་མི་གཉིས་ལ་བསྐྱལ་ལོ། །དེའི་ཚེ་བསམ་པ་རྣམ་པར་དག་པས་རས་སྦྱིན་པའི་བསོད་ནམས་ཀྱི་དབང་གིས། བསྐལ་བ་དགུ་བཅུ་རྩ་གཅིག་གི་བར་དུ་གང་དུ་སྐྱེས་ཀྱང་རས་གོས་དང་བཅས་ཏེ་མའི་མངལ་ནས་སྐྱེས་ཏེ་བྲེལ་འཕོངས་མེད་ཅིང་ཡིད་བཞིན་འབྱོར། ཕྱིས་སངས་རྒྱས་ཀྱི་དུས་སུ་ཡང་མའི་མངལ་ནས་གོས་དཀར་པོ་དཀྲིས་ནས་བྱུང་། རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་དགྲ་བཅོམ་མ་དགེ་སློང་དཀར་མོ་ཞེས་བྱ་བར་གྱུར། སྔོན་བྲམ་ཟེ་བཟའ་མི་གཉིས་ཀྱིས་རང་སངས་རྒྱས་ཤིག་ལ་ཆོས་སྟོན་དྲངས་པའི་ཚེ་དེ་ཉིད་རང་ལ་ཞིང་ལ་གསེར་གྱི་སྙེ་མ་འཁྲུངས་པ་བྱུང་། སྔོན་འཕྲེང་ལྡན་མས་སངས་རྒྱས་ལ་བསོད་སྙོམས་ལྷུང་བཟེད་གང་ཕུལ་ནས། དགེ་བའི་རྩ་བ་འདིས་བདག་བྲན་མོ་དང་དབུལ་མོར་མི་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབ་པས། ཚེ་དེ་ཉིད་ལ་རིང་པོར་མ་ལོན་པར་རྒྱལ་པོ་གསལ་རྒྱལ་གྱིས་བླངས་ནས་བཙུན་མོར་གྱུར།
སྔོན་དེད་དཔོན་ཞིག་གིས་ཁྱིམ་བདག་ཁྱོ་ཤུགས་གཉིས་ལ་རིན་པོ་ཆེའི་རྣ་ཆ་རྣ་བ་ལས་བཀྲོལ་ནས། སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་ལ་ཞིག་གསོ་བྱེད་དུ་བཅུག་ནས་གྲུབ་ཚེ་མཆོད་བཀུར་རྒྱ་ཆེན་པོ་བྱས་ཏེ། དགེ་བ་འདིས་བདག་ཕྱུག་པོའི་རིགས་སུ་སྐྱེས་ཆོས་འདི་ལྟ་བུ་ཐོབ་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ཕྱིས་སངས་རྒྱས་ཀྱི་དུས་སུ་ཁྱིམ་བདག་སྟོབས་སྡེ་ཞེས་བྱ་བ་རྣམ་ཐོས་ཀྱི་བུའི་ནོར་ལ་འགྲན་པ་ཞིག་གི་རིགས་སུ་སྐྱེས། མའི་མངལ་ནས་བཙས་དུས་རིན་པོ་ཆེ་བྱེ་བ་རི་བའི་རྣ་ཆ་རྣ་བ་ལ་བཏགས་ཤིང་རྒྱུ་སྐར་གྲོ་བཞིན་ལ་བཙས་པས། གྲོ་ཞུན་སྐྱེས་རྣ་བ་བྱེ་བ་རི་ཞེས་མིང་བཏགས་སོ། །རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་བྱུང་། སྔོན་སངས་རྒྱས་ཀྱི་སྐུ་ཚེ་དེའི་སྔོན་རོལ་ཞིག་ཏུ་ལོ་བདུན་གྱི་བར་སེམས་ཅན་ཐམས་ཅད་ལ་བྱམས་པ་བསྒོམས་པས། བསྐལ་པ་བདུན་དུ་འཇིག་རྟེན་འདིར་མ་འོང་སྟེ། འཇིག་རྟེན་འཇིག་པའི་ཚེ་འོད་གསལ་དུ་སྐྱེས། སྟོངས་པའི་ཚེ་ཚངས་ཆེན་དུ་སྐྱེས། དེ་ནས་སྟོང་ཕྲག་དྲུག་ཅུ་རྩ་དྲུག་གི་བར་དུ་བརྒྱ་བྱིན་དུ་སྐྱེས། དེ་ནས་བརྒྱ་ཕྲག་གྲངས་མེད་པའི་བར་དུ་འཁོར་ལོས་བསྒྱུར་རྒྱལ་དུ་
གྱུར། སྔོན་བཙུན་མོ་དཔལ་གྱི་བློ་གྲོས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ཏེ་མཆོད་རྟེན་ལ་ཕྱག་བྱས་མར་མེ་ཕུལ་བས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་དཔག་ཚད་ཁོར་ཡུག་འོད་ཀྱིས་འགེངས་པའི་བལྟ་ན་སྡུག་པའི་ལྷ་མོ་ཞིག་ཏུ་སྐྱེས་པར་གྱུར། སྔོན་སངས་རྒྱས་འོད་སྲུངས་ཀྱི་དུས་ཀླུ་ཕྲུག་ཞིག་ནམ་མཁའ་ལྡིང་གིས་ཁུར་ནས་རི་རབ་ཀྱི་བང་རིམ་དུ་དྲངས་པ་དང་། དགེ་སློང་བསམ་གཏན་པ་མཐོང་ནས་སེམས་དད་པར་གྱུར་ཏེ། དགེ་སློང་འདི་དག་ནི་སྡུག་བསྔལ་གྱི་རྣམ་པ་འདི་དག་ལས་གྲོལ་བ་ཡིན་ནོ་སྙམ་དུ་སེམས་ཤིང་ཚེའི་དུས་བྱས་པས་བྲམ་ཟེ་ཞིག་གི་བུར་སྐྱེས་ཏེ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར། ཡང་མི་གཅིག་གིས་ལམ་འཕྲང་ཞིག་ན་འགྲོ་མི་ལ་གནོད་པའི་རྡོ་ཞིག་ཡོད་པ་ཕུད་ནས་འཕངས་པས་ཤི་ནས་གཤིན་རྗེས་ཡར་བཏང་སྟེ་ཡིག་དྲུག་བཏོན་པས་སངས་རྒྱས་ཀྱི་ཞིང་ཞིག་ཏུ་སྐྱེས་སྐད། སྔོན་ཕག་ཅིག་གིས་ལུས་ལ་འདམ་གྱིས་གོས་པ། མཆོད་རྟེན་ཞིག་ལ་དྲུད་པས་གས་ཁ་བསྲུབས་པས་སུམ་ཅུ་རྩ་གསུམ་གྱི་
ལྷ་གནས་སུ་སྐྱེས། སྔོན་སངས་རྒྱས་ལ་རྩྭ་ཚོང་བཀྲ་ཤིས་ལྡན་གྱིས་རྩྭའི་གདན་ཕུལ་བས། དེ་མ་འོངས་པའི་དུས་ན་བཅོམ་ལྡན་འདས་རྣམ་པར་སྣང་བྱེད་ཅེས་བྱ་བར་འགྱུར་བར་ལུང་བསྟན། ཡང་སངས་རྒྱས་ལ་ཚོང་དཔོན་ག་གོན་དང་བཟང་པོ་གཉིས་ཀྱིས་ཞོ་སྦྲང་རྩི་དང་བཅས་པ་ཕུལ་བས་མ་འོངས་པ་ན། དེ་བཞིན་གཤེགས་པ་སྦྲང་རྩི་འབྱུང་བ་ཞེས་བྱ་བར་འགྱུར་བར་ལུང་བསྟན། སྔོན་འཕགས་པ་འོད་སྲུངས་ལ། མཛེ་མོ་ཞིག་གིས་སློང་མོ་བྱས་ནས་འབྲས་ཆན་ལྷུང་བཟེད་གང་ཕུལ་བའི་མཐུས་ཚེ་འཕོས་ནས་དགའ་ལྡན་ལྷའི་གནས་སུ་སྐྱེས་སོ། །དགེ་སྡིག་གཉིས་ཀ་བྱས་ན་འབྲས་བུ་བདེ་སྡུག་གཉིས་ཀ་འབྱུང་ཚུལ་ནི། སྔོན་བཤན་པ་ཞིག་གིས། ཉིན་པར་སྲོག་བཅད། མཚན་མོ་འཕགས་པ་ཀ་ཏྱ་ནས་གསུངས་པ་ལྟར་སྲོག་གཅོད་སྤངས་པས། ཕྱིས་མཚན་མོ་གཞལ་མེད་ཁང་དུ་ལྷ་མོ་བཞི་དང་ལྷན་ཅིག་རྩེ་ཞིང་། ཉིན་མོ་གཞལ་མེད་ཁང་དང་བུ་མོ་བཞི་མི་སྣང་བར་ཁྱི་སྲེ་བོ་བཞི་བྱུང་སྟེ་ཁ་སྦུབ་དུ་བསྙལ་ཏེ་རྒྱབ་ཀྱི་ཤ་པགས་ཁམ་ཚད་ཁམ་ཚད་བཅད་ཅིང་ཉི་མ་ནུབ་ཀྱི་བར་དུ་ཟོས། ཉི་མ་
ནུབ་ནས་ཡང་སྔར་གྱི་ལྷ་མོ་བཞི་དང་ལྷན་ཅིག་ཏུ་རྩེ་བ་བྱུང་། སྔོན་བྲམ་ཟེ་བྱི་བོ་བྱེད་པ་གཅིག་གིས་ཉིན་པར་འཕགས་པ་ཀ་ཏྱ་ནས་གསུངས་པ་ལྟར་བྱི་བོ་མ་བྱས། མཚན་མོ་བྱས་པའི་རྣམ་སྨིན་གྱིས། ཕྱིས་ངན་སོང་དུ་སྐྱེས་ཚེ། ཉིན་པར་གཞལ་མེད་ཁང་དུ་ལྷ་མོ་ཞིག་དང་ལྷན་ཅིག་རྩེ་བ་བྱུང་། མཚན་མོ་གཞལ་མེད་ཁང་དང་བུད་མེད་མི་སྣང་བར། སྲིན་གྱི་བུད་མེད་ཆེན་པོ་ཞིག་བྱུང་སྟེ་ལུས་ལ་འཁྲིལ་ནས་ཉི་མ་མ་ཤར་གྱི་བར་དུ་ཟོས། ཉི་མ་ཤར་བ་དང་ཡང་སྔར་བཞིན་གྱུར། སྔོན་རི་དྭགས་གསོད་མཁན་ཞིག་གིས་ཉིན་པར་རི་དྭགས་བསད། མཚན་མོ་ཕྱག་མཆོད་སོགས་བྱས་པས། ཕྱིས་དམྱལ་བར་སྐྱེས་ཚེ་ཉིན་པར་བྱ་དང་གཅན་གཟན་མ་རུངས་པས་ལུས་ཟོས། མཚན་མོ་ལོན་པ་དང་ལྷ་མོ་མང་པོས་མཆོད་ཅིང་དགའ་མགུར་སྤྱོད་པ་བྱུང་ནམ་ལངས་པ་དང་སྔར་ལྟར་གྱུར། སྔོན་རྒན་མོ་སྡིག་ཅན་མ་ཞིག་གིས་སྨྱུང་གནས་ལན་གསུམ་བསྲུངས་པས་ཉིན་གཅིག་ལྟོགས་ནས་ཟས་ཟོས། ཉིན་གཅིག་སྐོམས་ནས་ཆང་འཐུང་། ཉིན་གཅིག་ལེགས་པར་བསྲུངས་པས། ཤི་ནས་ལེགས་པར་བསྲུངས་པའི་མཐུས་སྡིག་སྒྲིབ་དག་ནས་རྒྱལ་པོ་
ཞིག་གི་སྲས་སུ་གྱུར། ཟས་ཟོས་པས་མདོག་མི་སྡུག་པ་དང་། ཆང་འཐུངས་པས་སྨྱོན་པ་བཞིན་ཤེས་པ་མཐོ་དམན་ཆེ་བ་ཞིག་ཏུ་གྱུར། སྔོན་བྲམ་ཟེ་གཅིག་གིས་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བླངས་ནས་ལེགས་པར་བསྲུངས་ན་ལྷར་སྐྱེ་རྒྱུ་ཡིན་པ་ལ་དགུང་ཕྱི་དྲོའི་ཁ་ཟས་ཟོས་པས་ཀླུར་སྐྱེས་འོན་ཀྱང་ཀླུར་སྐྱེས་རུང་བསྙེན་གནས་བསྲུངས་པའི་མཐུས་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར། སྔོན་སངས་རྒྱས་འཁོར་བ་འཇིག་མྱ་ངན་ལས་འདས་པའི་རྗེས་སུ། རྒྱལ་པོ་མཛེས་ལྡན་གྱིས་མཆོད་རྟེན་ཆེན་པོ་ཞིག་བྱེད་དུ་བཅུག་པར་གླ་མི་ཞིག་གིས་འདི་ལྟ་བུའི་མཆོད་རྟེན་ཆེན་པོ་བྱེད་དུ་གཞུག་པར་བརྩམ་པ་ནམ་ཙམ་ཟིན་པར་འགྱུར་མ་ཤེས་སོ་ཞེས་ལན་གཉིས་སུ་འཕྱས་པ་ལ་ཕྱིས་ལེགས་པར་ཟིན་པ་ན་འགྱོད་ནས་གླ་རྔན་གྱིས་གསེར་གྱི་དྲིལ་བུ་བྱེད་དུ་བཅུག་ནས་མཆོད་རྟེན་ལ་བཏགས་སོ། །ཕྱིས་སྙན་པ་བཟང་ལྡན་ཞེས་བྱ་བར་གྱུར་དུས་སྔོན་ལན་གཉིས་འཕྱས་པས་མདོག་ངན་ཞིང་ལུས་ཆུང་བར་གྱུར། དྲིལ་བུ་བཏགས་པས་སྐད་ཤིན་ཏུ་སྙན་པར་གྱུར། སྔོན་མཛའ་བོའི་བུ་མོས་ཚོང་བྱས་ཉིན་
གཅིག་ཀརྴ་པ་ཎི་བཞི། ཉིན་གཅིག་བརྒྱད། ཉིན་གཅིག་བཅུ་དྲུག །ཉིན་གཅིག་སུམ་ཅུ་རྩ་གཉིས་རྙེད་པ་དྲིན་ཅན་གྱི་མ་ལ་བྱིན་ནས། རྒྱ་མཚོར་ཚོང་དུ་འགྲོ་དུས་མས་འགྲོར་མ་བཅུག་པར་སྒོ་བཅད་ནས་ཉལ་བས་མགོ་རྐང་པས་འཕུལ་ནས་སོང་བའི་གྲུ་ཞིག་ནས་གྲུ་ཚལ་ཞིག་ལ་འཇུས་ནས་སྐམ་ལ་ཐོན་པས། སྔོན་མ་ལ་ཀརྴ་པ་ཎི་བྱིན་པའི་བསོད་ནམས་ཀྱིས། དགའ་བ་ཞེས་བྱ་བའི་གྲོང་ཁྱེར་དུ་ཕྱིན་པས་བུད་མེད་གཟུགས་མཛེས་བལྟ་ན་སྡུག་པ་བཞི་བྱུང་ནས་བདེ་བར་བྱོན་ནམ་འདིར་བྱོན་ཞེས་བཟའ་བཏུང་གོས་འབྲུ་རིན་པོ་ཆེ་མང་པོས་བཀུར་སྟི་བྱས་ལོ་མང་པོར་དགའ་མགུར་སྤྱད་དོ། །དེ་ནས་ལྷོ་ཕྱོགས་ར་རོ་བ་ཞེས་བྱའི་གྲོང་ཁྱེར་གྱི་སྒོར་ཕྱིན་པས་ལྷའི་བུ་མོ་སྔར་གྱི་དེ་བས་ཀྱང་མཚར་བ་བརྒྱད་བྱུང་ནས་སྔར་བས་ཀྱང་བསྙེན་བཀུར་བྱས་ལོ་མང་པོ་དགའ་མགུར་སྤྱད་དོ། །དེ་ནས་དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་དུ་ཕྱིན་པས། ལྷ་མོ་དེ་བས་ཀྱང་མཚར་བ་བཅུ་དྲུག་གིས་བསྙེན་བཀུར་སྔར་བས་ལྷག་པར་བྱས་ལོ་མང་པོ་དགའ་མགུར་སྤྱད་དོ། །དེ་ནས་ཡང་ཚངས་པའི་བླ་མ་ཞེས་བྱ་བའི་གྲོང་ཁྱེར་གྱི་སྒོར་ཕྱིན་པས་ནང་ནས་ལྷ་མོ་སྔར་
གྱི་དེ་བས་ཀྱང་གཟུགས་མཛེས་ཤིང་ཡིད་དུ་འོང་བ་སུམ་ཅུ་རྩ་གཉིས་བྱུང་ནས། སྔར་བས་བསྙེན་བཀུར་རྒྱ་ཆེན་པོ་བྱས་ལོ་མང་པོར་དགའ་མགུར་སྤྱད་དོ། །དེ་ནས་ལྕགས་ཀྱི་གྲོང་ཁྱེར་ཞིག་མཐོང་ནས་དེར་ཞུགས་པས། སྔོན་མའི་མགོ་རྐང་པས་འཕུལ་བའི་རྣམ་སྨིན་གྱིས། ཞུགས་མ་ཐག་སྒོ་བཅད་སྒོ་རིམ་པ་གསུམ་ཕྱེས་ནས་སོང་བབ་རིམ་བཞིན་བཅད་ནང་དུ་སོང་བ་དང་སྐྱེས་བུ་ཞིག་གི་མགོ་ན་ལྕགས་ཀྱི་འཁོར་ལོ་མེ་འབར་བ་འཁོར་ནས་རྣག་ཁྲག་བྱུང་བ་ཟས་སུ་ཟ་བར་བྱེད་པ་གཅིག་མཐོང་ནས་འཇིགས་ཤིང་སྐྲགས་ནས་ཁྱོད་ཅིའི་ཕྱིར་འདི་ལྟར་གྱུར་དྲིས་པས། མ་ལ་གནོད་པ་བྱས་པས་འདི་ལྟར་གྱུར་ཟེར་དེ་ཡིན་ན་ངས་ཀྱང་མ་ལ་གནོད་བྱས་པས་ངའི་མགོ་ལའང་འོང་སྙམ་མ་ཐག་སྐྱེས་བུ་དེའི་མགོ་ཐོག་གི་འཁོར་ལོ་དེ་མཛའ་བོའི་བུ་མོའི་མགོར་བྱུང་ནས་འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པ་མྱོངས། དེའི་ཚེ་གཞན་ལ་སྙིང་རྗེ་སྐྱེས་ནས་འདི་འདྲའི་ལས་བྱས་པ་རྣམས་ངས་བཟོད་པར་བྱ་གཞན་གྱིས་ལས་འདི་འདྲ་བྱས་ཚད་འདིར་མ་འོང་ཞིག་ཅེས་སྨྲས་མ་ཐག་འཁོར་ལོ་ནམ་མཁར་
འཕགས་ཚེའི་དུས་བྱས་ནས་དགའ་ལྡན་ལྷའི་གནས་སུ་སྐྱེས་སོ། །ལས་བཟང་ངན་གང་བྱས་རང་རང་གི་རྗེས་སུ་འབྲངས་ནས་བདེ་སྡུག་མྱོང་ཚུལ་ནི། སྔོན་མོའུ་མགལ་བཟའ་ཚོ་གསུམ་གྱིས། ཕས་ཆོས་དགེ་བ་བྱས་པས་ལྷ་ཚངས་པའི་གནས་སུ་སྐྱེས་ནས་བདེ་སྐྱིད་ཚད་མེད་པ་མྱངས། མས་སྡིག་པ་མི་དགེ་བ་བྱས་པས། དམྱལ་བར་སྐྱེས་ནས་སྡུག་བསྔལ་བཟོད་གླག་མེད་པ་མྱངས། བུ་སངས་རྒྱས་ཀྱི་དྲུང་དུ་རབ་ཏུ་བྱུང་ཆོས་ལ་བརྩོན་འགྲུས་བྱས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་གྱུར། སྔོན་བྲམ་ཟེ་མོ་ཞིག་གིས་འཕགས་པ་ཀ་ཏྱ་ཡ་ན་ལ་བསོད་སྙོམས་དྲངས་པས། ཁྱིམ་བདག་དང་བུ་མནའ་མ་བྲན་མོ་བཞི་མ་དགའ་བར་ཁྱིམ་བདག་གིས། དེའི་ཁ་རུ་ཕུབ་མ་མི་ཟའམ་བྱས། དེ་བཞིན་དུ་གཞན་མ་གསུམ་གྱིས། ལྕགས་ཀྱི་ཐུ་ལུམ། རང་ཤ། རྣག་ཁྲག་མི་ཟའམ་ཞེས་ཚིག་ངན་སྨྲས་པས། ཕྱིས་བསོད་སྙོམས་སྟེར་མཁན་བྲམ་ཟེ་མོ་གཞལ་མེད་ཁང་དུ་རོ་བརྒྱའི་ཟས་ཟ་བ་ཞིག་ཏུ་གྱུར་ནས་བདེ་ཞིང་། གཞན་ཚིག་ངན་སྨྲ་མཁན་བཞི་པོ་ཡི་དྭགས་
བཞིར་གྱུར། ཁ་རུ་ཟས་གང་བཞག །ཕུབ་མ། ཐུ་ལུམ། རང་ཤ། རྣག་ཁྲག་ཏུ་གྱུར་ནས་སྡུག་བསྔལ་མྱོང་བ་བྱུང་། དཀར་ནག་གི་ལས་ཆུང་ཡང་འཕེལ་ཆེ་ཚུལ་ནི། སྔོན་དགེ་ཚུལ་ཀྱུན་ཏས་དགེ་སློང་དབྱངས་མི་སྙན་པ་ཞིག་ལ། ཁྱོད་ཀྱི་དབྱངས་ནི་ཁྱི་ཟུག་པ་དང་འདྲའོ་ཞེས་སྨྲས་པས་སྐྱེ་བ་ལྔ་བརྒྱའི་བར་དུ་ཁྱིར་སྐྱེས་པ་དང་། དགེ་སློང་ལུས་རྩལ་ཆེ་བ་ཞིག་ལ་ཁྱོད་ནི་སྤྲེའུ་དང་འདྲའོ་ཞེས་སྨྲས་པས། སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། སྔོན་མིང་སྲིང་གཉིས་ཀྱི་སྲིང་མོའི་ཁྱིམ་ཕྱགས་དོར་བ་རང་སངས་རྒྱས་ཤིག་གི་མགོར་ཕོག་པ་མིང་པོ་ལ་སྨྲས་པས། མིང་པོ་དེ་དགའ་ནས་འཛུམ་པས། ཕྱིས་མིང་པོ་དེ་འཕགས་པ་ཀ་ཏ་ཡ་ན་ཞེས་བྱ་བར་གྱུར་དུས། སྔོན་ལས་ཀྱི་དབང་གིས་ཉེས་པ་མེད་རུང་ཕྲ་མ་ཞིག་ལ་བརྟེན་ནས་རྒྱལ་པོ་གཙུག་ཕུད་ཅན་གྱིས་སྐྱེ་བོའི་ཚོགས་ལ་སྟེང་དུ་ས་གཏོར་དུ་བཅུག་པས། འཕགས་པ་སའི་འོག་ཏུ་ནུབ་ནས་སྡོད་དགོས་བྱུང་། སྔོན་སྲན་མ་འཚོང་མཁན་ཞིག་གིས་སངས་རྒྱས་རྣམ་གཟིགས་ལ་དྭངས་པའི་སེམས་ཀྱིས་སྲན་མ་གཏོར་བས་བཞི་ལྷུང་བཟེད་དུ་སོང་གཅིག་དབུ་
ལ་ཆགས་པས། ཕྱིས་གླིང་བཞི་དང་སུམ་ཅུ་རྩ་གསུམ་གྱི་ཕྱེད་དབང་བའི་རྒྱལ་པོ་སྤྱི་བོ་སྐྱེས་ཞེས་བྱ་བར་གྱུར། སྔོན་བྲམ་ཟེ་ཞིག་གིས་མཆོད་རྟེན་ཞིག་གི་གླང་པོའི་གཟུགས་ཀྱི་རི་མོ་ཉམས་པ་ལ་སླར་ཞིག་གསོ་བྱས་པས། ཚེ་རབས་མང་པོར་གླང་པོ་ཆེ་ཞིག་དང་འབྲལ་མེད་བྱུང་། སངས་རྒྱས་ཀྱི་དུས་སུ་ཡང་ཁྱེའུ་བ་གླང་སྐྱོང་ཞེས་བྱ་བ་སྐྱེས་པ་དང་དུས་མཉམ་གླང་ཆེན་ཞིག་ཀྱང་སྐྱེས་པ་འབྲལ་མེད་བྱུང་། སྔོན་བྱང་ཆུབ་སེམས་དཔའ་དགའ་བྱེད་ཅེས་བྱ་བ་ལ། ཚོང་དཔོན་གྱི་བུ་མོ་དཔལ་ཡོན་མ་ཤིན་ཏུ་ཆགས་པས། འདོད་ཆགས་ཀྱིས་གདུངས་ནས་ཤི་བས། སུམ་ཅུ་རྩ་གསུམ་གྱི་ལྷའི་བུར་སྐྱེས། ལས་མ་བྱས་པ་དང་མི་འཕྲད་པའི་ཚུལ་ནི། སྔོན་དགེ་བཤེས་ཆེན་པོ་གླང་རི་ཐང་པས་སེམས་ཅན་དོན་དུ་དམྱལ་བར་སྐྱེ་བའི་ཐུགས་སྨོན་བཏབ་ཀྱང་དག་པའི་སྣང་བ་འབའ་ཞིག་མ་གཏོགས་དམྱལ་བར་སྐྱེ་བའི་རྟགས་གཅིག་ཀྱང་མ་བྱུང་། སྔོན་སངས་རྒྱས་ཀྱི་དུས་སུ་དགྲ་བཅོམ་པ་སྒུར་ཆུང་གིས་ཐབས་ཅི་བྱས་ཀྱང་ལྟོ་མ་རྙེད་པར་མུ་གེ་མྱངས་པས་མཐར་ཐལ་སྐྱོ་འཐུངས་ནས་གྲོངས་པ་བྱུང་། སྔོན་གྲུབ་ཆེན་མེ་ལོང་རྡོ་རྗེས་སྒྲུབ་པ་
མཛད་དུས། འཚོ་བ་མ་འབྱོར་བར་ཛམྦྷ་ལ་བསྒྲུབས་ནས་ཞལ་བསྟན་ཀྱང་དངོས་གྲུབ་མ་གནང་། ནམ་མཁའ་ལ་འཕུར་ནས་རྫུ་འཕྲུལ་བསྟན་ཀྱང་ཡུལ་མི་མ་དད། སྔོན་ལས་མེད་པས་ཐབས་ཅི་མཛད་རུང་མཐུན་རྐྱེན་མ་འབྱོར་བར། འཕུར་ནས་ཀོང་པོ་རུ་ཕེབས་པས། དེ་ན་སྔོན་རྫི་བོ་ཞིག་ཏུ་གྱུར་དུས་གྲོག་ཚང་ཞིག་ལ་ཟན་ཕྱེ་གཏོར་བའི་སྦྱིན་པའི་འབྲས་བུ་ཡོད་པས་སྐྱེ་བོ་ཕོ་མོ་ཀུན་དད་ནས་འཚོ་བ་བྱུང་སྐད། ཡང་སྔོན་ཡི་དྭགས་མོ་ཕྲུག་གུ་ལྔ་བརྒྱ་ཡོད་པ་ཞིག་གི་ཁྱོ་ག་ཡི་དྭགས་དེས་ལྟོ་མི་ལོ་ལྔ་བརྒྱའི་བར་དུ་བཙལ་ཀྱང་དགེ་སློང་ཞིག་གིས་ལུད་པ་འཕངས་པ་ཞིག་ལས་གཞན་གང་ཡང་མ་རྙེད། ངན་སློང་ཞིག་གིས་སྟོན་མོ་གསུམ་ཉིན་གཅིག་ལ་ཡོད་པ་ཀུན་ཟ་སྙམ་བརྒྱུགས་པས། སྟོན་མོ་གསུམ་པོ་མ་ནོན་པར་ཤོར་ནས་སྐལ་བ་ཆད་པ་བྱུང་སྐད། དེས་ན་སྔོན་གྱི་ལས་ཀྱི་འབྲས་བུ་ཞིག་མེད་ན། བརྒྱ་བསམས་ཀྱང་གཅིག་མ་འགྲུབ་པའི་གཏམ་རྒྱུད་དེ་འདྲ་མང་། ལས་བྱས་པ་ཆུད་མི་ཟ་བའི་ཚུལ་ནི། སྔོན་བདུད་ལྷས་སྦྱིན་འཁོར་ལྔ་བརྒྱ་དང་བཅས་པས། སངས་རྒྱས་གསོད་སྙམ། བྱ་རྒོད་ཕུང་
པོའི་རི་ལ་འཛེགས་ནས་སྒྱོགས་འཕངས་པ། གནོད་སྦྱིན་ལག་ན་རྡོ་རྗེས་བར་སྣང་ནས་ཕྱེ་མར་བརླགས་པས། ཕྱེད་བཅོམ་ལྡན་འདས་ཀྱི་གནས་སུ་ལྷུང་གནོད་སྦྱིན་ཀུ་བེ་རས་བཟུང་བས་ལེགས་པར་མ་ཟིན་པར་དེ་ཉིད་དུ་བསད། རྡོ་ཡི་དུམ་བུ་ཞིག་ཡར་བས་སངས་རྒྱས་ཀྱི་ཞབས་ལ་ཕོག་ནས་རྨ་བྱུང་ངོ་། །དེའི་ཚེ་སངས་རྒྱས་ཀྱིས། གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མེད། །གསུངས། ཡང་སྔོན་སངས་རྒྱས་ཀྱི་ཞབས་དྲུང་དུ་སེང་ལྡེང་གི་ཚལ་བ་ཞིག་སླེབ་བྱུང་བ་ཞབས་ལ་འཛུགས་པ་མཁྱེན་ནས། རྫུ་འཕྲུལ་གྱིས་ནམ་མཁའི་མཐོངས་རྒྱ་མཚོའི་གཏིང་། རི་རབ་ཀྱི་རྩེར་ཕྱིན་ཀྱང་སླེབ་བྱུང་བའི་ཚེ་ཞལ་ནས། གང་དུ་གནས་ཀྱང་ཞེས་པའི་ཚིག་བཞི་དེ་གསུངས་ནས་སྟེང་དུ་ཞབས་བཞག་བས་སྟེང་དུ་རྡོལ་ནས་བྱུང་། དེ་ལས་ཅི་མཛད་ནས་ཟུག་ཞུས་པས། སྔོན་གནས་ཤིག་ན་དེད་དཔོན་གཉིས་ཡོད་པ་རྒྱ་མཚོར་གྲུར་ཞུགས་ནས་སོང་ཚུར་འོང་དུས་དེད་དཔོན་གཅིག་གིས་རིན་པོ་ཆེ་ལྕི་
བས་གྲུ་རྒྱ་མཚོར་ནུབ་སོང་། དེད་དཔོན་དེ་གཞན་དེད་དཔོན་དེས་གྲུ་ནང་དུ་བཞག་ནས་འོངས་པས་ཁོ་ཕྲག་དོག་བསམ་ངན་སྐྱེས་ལྐོག་ཏུ་གྲུ་ཕུག་ནས་ཚོང་པ་ཀུན་རྒྱ་མཚོར་བསྐྱུར་བར་བརྩམས་པ་དེ་མ་བྱེད་ཅེས་བཤད་ཀྱང་མ་ཉན་ཚེ་ཁོ་རང་གི་མདུང་འཕྲོགས་ནས་ཁོའི་སྙིང་ཁར་བསྣུན་ནས་བསད་པས་ལོ་བརྒྱ་སྟོང་བྱེ་བ་མང་པོར་དམྱལ་བར་སྐྱེས། ལས་དེའི་ལྷག་མས་ད་ལྟ་ཡང་ངའི་ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་པ་ཡིན་གསུངས། ཡང་སྔོན་རྒྱལ་པོ་འཕགས་སྐྱེས་པོ་དང་བློན་པོ་མ་ལ་གནོད་གཉིས་ཀྱིས། ཉེས་པ་མེད་བཞིན་དུ་ཤཱཀྱ་ལྔ་བརྒྱ་བསད་པའི་ཚེ། སྟོན་པའི་དབུ་ཡང་བསྙུང་ཚབ་ཆེན་པོས་ཐེབས་པར་གྱུར། དེའི་རྒྱུ་གང་ལགས་ཞུས་པས། སྔོན་ཉ་པ་ལྔ་བརྒྱས་ཉ་ཆེན་པོ་གཉིས་ཀྱི་སྟེང་ནས་ཤ་གསོན་པོར་བཅད་པའི་ཚེ་ཉ་གཉིས་ཀྱིས་འོ་དོད་བོས་པ་ཉ་པའི་ཁྱེའུ་ཞིག་གིས་གོ་ནས་དགའ་བར་གྱུར་ཏོ། །དེའི་དུས་ཀྱི་ཉ་གཉིས་ནི་ད་ལྟ་རྒྱལ་བློན་གཉིས་སུ་གྱུར། ཉ་པ་ལྔ་བརྒྱ་ཤཱཀྱ་ལྔ་བརྒྱ། དེའི་དུས་ཀྱི་ཁྱེའུ་དེ་ང་ཡིན་པས། ད་ལྟ་ངའི་དབུ་བསྙུང་བར་གྱུར་གསུངས། ཡང་སྔོན་ཡུལ་སྒྲ་
མཐར་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་སངས་རྒྱས་འཁོར་བཅས་ལ་གཞན་གྱིས་འཚོ་བ་སྦྱར་མི་ཆོག་པའི་ཁྲིམས་བཅས་པས་གཞན་ཁྲིམས་ལ་འཇིགས་ནས་འཚོ་བ་མ་སྦྱར། དེའི་དུས་བྱང་ཕྱོགས་ནས་ཚོང་པ་ཞིག་འོང་བས་རྟ་ཆས་སུ་ནས་རུལ་ཡོད་པ་ཕུལ་པ་བླངས་ནས་སངས་རྒྱས་འཁོར་བཅས་ཀྱིས་གསོལ། ཤཱ་རིའི་བུ་དང་མོའུ་མགལ་གྱི་བུ་གཉིས། རི་བོ་རྩེ་གསུམ་ཁར་ཕྱིན་པས་བརྒྱ་བྱིན་གྱིས་ལྷའི་བདུད་རྩི་བཏབས་སོ། །དེའི་རྒྱུ་གང་ལགས་ཞུས་པས། སྔོན་སངས་རྒྱས་རྣམ་གཟིགས་འཁོར་བཅས་ཀྱིས་བསོད་སྙོམས་བྱས་པའི་ཚོད་མ་དང་འབྲས་ཆན་གྱིས་ལྷུང་བཟེད་བཀང་བ། བྲམ་ཟེ་སློབ་དཔོན་ཞིག་གིས་མཐོང་བས་ཕྲག་དོག་སྐྱེས་ནས། དགེ་སྦྱོང་མགོ་རེག་འདི་ཚོའི་ཚོད་མ་འབྲས་ཆན་རོ་སྣ་ཚོགས་ཟ་བར་མི་འོས། ནས་རུལ་ཟ་བར་འོས་པ་ཡིན་ཞེས་སྨྲས་པས་བྲམ་ཟེ་ཁྱེའུ་རྣམས་ཀྱིས་ཀྱང་སློབ་དཔོན་གྱིས་དེ་ལྟར་ལགས་སོ་ཞེས་བརྗོད། བྲམ་ཟེ་གཞན་གཉིས་ན་རེ། དེ་སྐད་མ་སྨྲ་ལྷའི་བདུད་རྩི་གསོལ་བར་འོས་ལགས་སྨྲས་སོ། །དེའི་དུས་ཀྱི་བྲམ་ཟེ་སློབ་དཔོན་ཕྲག་དོག་མཁན་དེ་ང་ཡིན། ཁྱེའུ་རྣམས་ནི་དགེ་
སློང་ལྔ་བརྒྱར་གཉིས་ཀྱི་མ་ཚང་བ་འདི། བྲམ་ཟེ་གཞན་གཉིས་ནི་ཤཱ་རིའི་བུ་དང་མོའུ་མགལ་གྱི་བུ་གཉིས་ཡིན་གསུངས། སྔོན་སངས་རྒྱས་ཀྱི་སློབ་མ་དགྲ་བཅོམ་པ་རྫུ་འཕྲུལ་ཐོབ་པ་ཀུན་གྱིས་མཆོག་གྱུར། མོའུ་མགལ་གྱི་བུ་ལ་རྫུ་འཕྲུལ་ཐོགས་པ་མེད་རུང་ལས་དབང་གིས། མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་བཟུང་ནས་རྐང་ལག་རྣམས་འདམ་བུའི་ཚལ་ལྟར་བཅོམ་མོ། །ཤཱ་རིའི་བུས་དེ་དུས་རྫུ་འཕྲུལ་མ་བསྟན་ནམ་བྱས་པས། ལས་ཀྱིས་ནོན་ནས་རྫུ་བའང་མ་དྲན་ན་འཕྲུལ་པ་ལྟ་ཅི་སྨོས་གསུངས་ནས་སྐུ་གྲོངས་དེའི་རྒྱུ་གང་ལགས་ཞུས་པས། སྔོན་བྲམ་ཟེ་བཟའ་མི་གཉིས་ཀྱི་བུ་ཕ་མ་ལ་ཁྲོས་ནས་འདི་གཉིས་རྐང་ལག་འདམ་བུ་བཞིན་བཅོམ་ན་འགལ་བ་མེད་ཅེས་ཚིག་ངན་སྨྲས་པས། ཚེ་རབས་ལྔ་བརྒྱ་རུ་རྐང་ལག་བཅོམ་ནས་ཤི། ད་ལྟ་དགྲ་བཅོམ་པར་གྱུར་ཀྱང་ལས་དེའི་ལྷག་མས་དེ་ལྟར་གྱུར་གསུངས། ཡང་སྔོན་ཁྱིམ་པ་ཀུན་དད་པར་བྱེད་པའི་དགེ་སློང་འཆར་ཀ་མངོན་ཤེས་རྫུ་འཕྲུལ་ཆེ་རུང་། སྔོན་ལས་ཀྱི་དབང་གིས་ཉེས་པ་མེད་བཞིན་དུ་གཏུམ་མོའི་མནའ་མ་དང་རྐུན་པོའི་དམག་དཔོན་གཡོ་ཅན་
ལྔ་བརྒྱས་བཟུང་ནས་མགོ་བཅད་ཕུང་པོ་ཕྱགས་དར་ཁྲོད་དུ་སྦས་སོ། །དེའི་རྒྱུ་གང་ལགས་ཞུས་པས། སྔོན་རྒྱལ་པོ་ཚངས་བྱིན་གྱི་མདུན་ན་འདོན་གྱིས། རྔ་ཕྲན་ཕོ་མོ་གཉིས་ཀྱིས་ཆགས་པའི་དབང་གིས་རྒྱབ་རྒལ་བྱེད་པ་མཐོང་ནས་ཚིག་པ་ཟོས་ནས་གསོད་གྲབ་བྱས་ཚེ་ཁྱེའུ་ལྔ་བརྒྱས་འདི་གཉིས་ལགས་སོ་ཞེས་ལག་པ་བརྐྱངས་ནས་བསྟན་པས། རྔ་ཕྲན་གཉིས་ཀྱིས་སྨོན་ལམ་ལོག་པ་བཏབ་ནས་ཤིའོ། །དེའི་དུས་ཀྱི་མདུན་ན་འདོན་ད་ལྟ་དགེ་སློང་འཆར་ཀ་འདི་ཡིན། རྔ་ཕྲན་ཕོ་མོ་གཉིས་གཏུམ་མོའི་མནའ་མ་དང་རྐུན་པོའི་དམག་དཔོན། ཁྱེའུ་རྣམས་གཡོ་ཅན་ལྔ་བརྒྱ་རུ་གྱུར་ལས་དེའི་དབང་གིས་གྲོངས་པ་ཡིན་གསུངས། དེ་ལྟ་བུའི་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་དགོས་ཚུལ་ནི། སྔོན་ཁྱིམ་བདག་གཅིག་གི་བུད་མེད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་སྟོན་དྲངས་པས། སངས་རྒྱས་ཀྱིས་ཁྱིམ་བདག་མ་མ་འོངས་པ་ན། རང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པས། བུད་མེད་ཀྱིས་ཁྱིམ་བདག་ལ་བཤད་པས། ཁྱིམ་བདག་གི་བསམ་པ་ལ་ཟན་རྡོག་གཅིག་ཙམ་དྲངས་པ་ལ་དེ་ཙམ་གསུངས་པ་མི་བདེན་སྙམ་ནས་
སངས་རྒྱས་ལ། ངའི་བུད་མེད་ལ་ལུང་བསྟན་པ་དེ་བདེན་ནམ་ཞུས་པས། དེ་བདེན་གསུངས། དེ་ཅིས་ཤེས་ཟེར་བ་ལ། ཁྱོད་ཀྱིས་འཇིག་རྟེན་ན་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱིན་པ་མཐོང་ངམ་གསུངས་པས། དེ་མཐོང་ཤིང་ནྱ་གྲོ་དྷ་འདི་ཉིད་ཡིན་ནོ་ཟེར། འོ་ན་དེའི་རྒྱུ་ལ་འབྲས་བུ་དེ་ཙམ་འབྱུང་བར་མི་རིགས་སམ་གསུངས་པས། དེ་ངས་མངོན་སུམ་ཡིན་ནོ་ཟེར། དེ་ཡིན་ན་སྔ་མ་དེ་ཡང་ངའི་ཡེ་ཤེས་ཆེན་པོའི་མངོན་སུམ་ཡིན་ནོ་གསུངས། སྔོན་དྲང་སྲོང་སྣང་བ་ཞེས་བྱ་བས་ཤིང་ནྱ་གྲོ་དྷ་བྱ་བ་གཅིག་ལ་ཡལ་ག་དང་འདབ་མ་མང་དུ་ཡོད་པ། ལོ་བཅུ་གཉིས་སུ་བགྲངས་པས་ཤེས་པར་ཁོ་ཁེངས་ནས་ཡོད་པ་དང་། བྲམ་ཟེ་སྔོ་སངས་བྱ་བ་ཞིག་དེར་འོང་བ་ལ། ཁོ་ན་རེ་ཤིང་འདི་ལ་ཡལ་ག་དང་ལོ་འདབ་དུ་ཡོད་ཟེར་བ་ལ། བྲམ་ཟེ་དེས་རྟོག་དཔྱོད་རང་མེད་པར་འདི་ཙམ་ཡོད་དོ་བྱས་པས། དྲང་སྲོང་དེ་དད་ནས། ངས་དེ་ཙམ་དུ་བགྲངས་པ་ཁྱོད་ཀྱིས་སྐད་ཅིག་ལ་ཤེས་པ། ཁྱེད་ནི་ཐམས་ཅད་མཁྱེན་པའོ། ཁྱོད་སངས་རྒྱས་པའི་དུས་ན་ང་ཡང་འཁོར་དུ་གྱུར་ཅིག་ཟེར་རོ། །དེ་དུས་ཀྱི་བྲམ་
ཟེ་དེ་ནི་ད་ལྟ་ངའོ། །དྲང་སྲོང་ནི་ཤཱ་རིའི་བུ་འདི་ཉིད་དོ་གསུངས། སྔོན་སློབ་པ་ལམ་གྱི་དུས་ནའང་དེ་འདྲ་ན་སངས་རྒྱས་པའི་ཚེ་དུས་གསུམ་ས་ལེར་མཁྱེན་པ་སྨོས་ཅི་དགོས། སངས་རྒྱས་ཀྱིས་ཚེར་མ་རྣོ་བ་དང་། སྲན་མ་ཟླུམ་པ། ཕ་ཝང་ལོང་བུ་གྲུ་བཞིར་འོང་བ། རྨ་བྱའི་མདོངས་བཀྲ་བ་སོགས་ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་རྟེན་འབྲེལ་མ་ལུས་པ་ཐུགས་སུ་ཆུད་པས་གང་ཡང་མ་འདྲེས་པར་ས་ལེར་དུས་གཅིག་ཏུ་མཁྱེན་པས། རྫུན་གསུང་དོན་མེད་པས་གསུང་རྣམས་ཚད་མར་འཛིན་དགོས། འོ་ན་སྡིག་པ་བྱེད་པ་འགའ་ཞིག་ལ་ཚེ་འདིར་བདེ་སྐྱིད་འབྱུང་བ་ཅི་ཡིན་སྙམ་ན། སྔོན་ཡུལ་སྒྲ་སྒྲོག་གི་སྡིག་ཅན་རྒྱལ་པོ་གཙུག་ཕུད་ཅན་གྱིས་འཕགས་པ་ཀ་ཏ་ཡ་ན་ལ་ཐལ་བ་གཏོར་བས་དང་པོ་ཡུལ་དུ་རིན་པོ་ཆེ་སོགས་ཀྱི་ཆར་བབས་ཀྱང་། རྗེས་སུ་སའི་ཆར་བབས་ནས་འོག་ཏུ་ཤོར་ཡུལ་ཁམས་ཐམས་ཅད་དུས་གཅིག་ལ་བརླག་པ་བྱུང་། དེ་བཞིན་དུ་སྡིག་ཅན་ཁ་ཅིག་ལ་ད་ལྟ་བདེ་སྐྱིད་བག་རེ་བྱུང་བ་དེ་སྐྱེ་བ་སྔ་མ་དགེ་བ་བག་ཙམ་བྱས་པའི་འབྲས་བུ་ཡིན། དེ་མྱུར་དུ་ཟད་ནས་ཤི་མ་ཐག་དམྱལ་བར་འགྲོ་བའི་སྔ་ལྟས་ཡིན་པས་དེ་འདྲ་ལ་
སྨོན་རྒྱུ་སྤུ་ཙམ་མེད་གསུངས། འོ་ན་དགེ་བ་བྱས་པ་ཁ་ཅིག་ལ་སྡུག་བསྔལ་འབྱུང་བ་ཅི་ཡིན་སྙམ་ན། སྔོན་རས་ཆུང་པ་ལ་ས་བདག་གི་ནད་བྱུང་བས་རྐྱེན་ངན་དགེ་བའི་བསྐུལ་མར་སོང་། རྒྱ་གར་དུ་ཕྱིན་པས་བླ་མ་ཝ་ལ་ཙནྟྲ་དང་མཇལ། ཕྱག་རྡོར་ཁྱུང་སོགས་ཀྱི་གདམས་པ་ཞུས་པས་སྙུང་གཞི་ལས་གྲོལ་སེམས་ཅན་གཞན་གྱི་མཛེ་ནད་རྒྱུན་བཅད། གྲུབ་པ་ཐོབ་ནས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དགེ་སློང་མ་དཔལ་མོ་ཡང་ས་བདག་གི་ནད་བྱུང་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས་ཞལ་གཟིགས་སྙུང་གཞི་ལས་གྲོལ་གྲུབ་པ་ཐོབ་ནས་དབུ་བཅད་ནས་འཁར་གསིལ་ལ་བཏགས་ནས་གར་མཛད་པ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་དག་ཞིང་དུ་གཤེགས། ཇོ་བོ་འདའ་ཁར་འབྲོམ་གྱིས་ང་ཡང་དགའ་ལྡན་དུ་སྐྱེ་བ་ཞིག་ཞུས་པས། ཕྱིས་སྙུང་གཞི་ས་བདག་གི་ནད་བྱུང་ནས་གཤེགས་རྐྱེན་བྱས་ན། དགའ་ལྡན་དུ་སྐྱེ་གསུངས་པ་ཕྱིས་དེ་ལྟར་གྱུར་ཚེ། འབྲོམ་གྱིས་ངའི་བསམ་དོན་འགྲུབ་གསུངས་སྤྲོ་བཞིན་ངོ་མཚར་བའི་ལྟས་དང་བཅས་དགའ་ལྡན་དུ་གཤེགས། དེས་ན་དགེ་བ་བྱེད་པ་ལ་ན་
ཚ་སོགས་མི་འདོད་པ་བྱུང་བ། ལས་སྒྲིབ་ཀུན་དག་ནས་ཚེ་གཅིག་ལ་སངས་རྒྱས་པའམ། ཡང་ན་ཕྱི་མ་དག་ཞིང་དུ་སྐྱེ་བའི་སྔ་ལྟས་ཡིན་པས། མི་འདོད་པར་བྱར་མི་རིགས། འོ་ན་མི་དགེ་བ་གང་ཡིན་སྙམ་ན། ཆེ་ལོང་རགས་རིམ་ཙམ་བསྡུ་ན་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་མི་ཚངས་པ་སྤྱོད་པ། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ། མི་དགེ་བ་བཅུ་པོ་འདི་ཀ་ཡིན་པས་སྤང་དགོས། དེ་ལ་སྲོག་གཅོད་པ་ནི། ཆེ་བ་མི་དང་རྟ་གཡག་ནས་ཆུང་བ་སའི་སྲིན་འབུ་ལུས་ཀྱི་ཤིག་ཡན་ཆད་གསོད་པ་སྤང་། མ་བྱིན་ལེན་ནི། ཆེ་བ་རྟ་མཛོ་གསེར་དངུལ་ནས་ཆུང་བ་ཁབ་སྐུད་པ་ཡན་ཆད་གཞན་གྱིས་མ་བྱིན་པར་མི་ལེན། མི་ཚངས་སྤྱོད་ནི། ཁྱིམ་པ་རྣམས་ཀྱིས་རང་གི་ཆུང་མ་མ་གཏོགས་གཞན་གྱིས་བདག་ཏུ་བཟུང་བའི་ཆུང་མ་ལ་མི་སྤྱོད། རང་གི་ཆུང་མ་ལ་ཡང་བསྙེན་གནས་སྨྱུང་གནས་བསྲུང་དུས་དང་། སྐུ་གསུང་ཐུགས་རྟེན་གྱི་དྲུང་བླ་མ་ཕ་མའི་ཉེ་འཁོར་སོགས་ནས་སྤྱོད་པ་སྤང་། རྫུན་ནི། ལྷ་མཐོང་འདྲེ་མཐོང་སོགས་ཕ་རོལ་བསླུ་བའི་
རྫུན་ཆེན་པོ་དང་། ཐ་ན་ཀུ་རེ་བཞད་བགད་ཀྱི་ཕྱིར་ཡང་རྫུན་མི་སྨྲ། ཕྲ་མ་ནི་གཏམ་དངོས་སམ་ཡང་ན་རྫུན་དང་གཡོ་སྒྱུ་གང་རུང་གིས་མཐུན་པ་རྣམས་མི་མཐུན་པར་བྱེད་པ་སྤང་། ཚིག་རྩུབ་ནི། སོད་ཆོད་རྒྱོབ་གཏུབས་སོགས་མི་སྙན་པའི་ཚིག་དང་། སྤྲེའུ་དམ་ཉམས་སྡོམ་ཤོར་བདུད་མོ་སོགས་ཕ་རོལ་པའི་སེམས་ལ་གནོད་པའི་ཚིག་རྩུབ་ངན་པ་ཐམས་ཅད་མི་སྨྲ་བར་སྤང་། ངག་འཁྱལ་ནི། དོན་མེད་པའི་གཏམ། འཐབ་རྩོད་ཇག་རྐུན་སྨད་འཚོང་མ་སྨྲེ་སྔགས་ཀྱི་ལད་མོ་རྩེད་རྒོད་འདོད་ཆགས་ལོག་འཚོའི་གཏམ་སོགས་སྨྱོན་པ་བཞིན་མཐོ་བཤད་དམའ་བཤད་ཅི་ཟེར་འདི་ཟེར་མེད་པ་ཐམས་ཅད་སྤང་། བརྣབ་སེམས་ནི། ཕ་རོལ་གྱི་མི་ནོར་ཟས་གསུམ་སོགས་ལོངས་སྤྱོད་འདི་དང་འདི་ལྟ་བུ་ང་ལ་ཡོང་ན་ཅི་མ་རུང་སྙམ་པ་ཐམས་ཅད་སྤང་། གནོད་སེམས་ནི། རང་དང་མི་མཐུན་པའི་ཕ་རོལ་གཞན་ལ་གནོད་ཞིག་སྐྱེལ་སྙམ་པ་དང་གཞན་གྱིས་གནོད་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་སྤང་། ལོག་ལྟ་ནི། བླ་མ་དང་གྲོགས་ལ་སྐྱོན་གྱི་ཕུང་པོར་བལྟ་བ། དཀོན་མཆོག་གསུམ་དང་ལས་རྒྱུ་འབྲས་མེད་པར་
བལྟ་བ། ཕན་བཏགས་པར་གནོད་དང་། གནོད་བསྐྱལ་བ་ལ་ཕན་དུ་བལྟ་བ། ཁྱད་པར་དུ་ཙ་རིའི་ཕྱོགས་ཀྱི་མཐའ་འཁོབ་ཀླ་ཀློ་ན་ཕ་མ་སོགས་ཤི་ན་དགེ་བ་ལ་སྲོག་ཆགས་མང་པོ་ཅི་སོད་བྱས། སེམས་ཅན་བརྒྱ་འམ་སྟོང་རེ་ཙམ་གསོད་རྒྱུ་བྱུང་ན། ཕ་མའི་དྲིན་གཟོ་དགེ་བ་ལེགས་པོ་བྱུང་ཟེར་བ་ཡིན་སྐད། གངས་རིའི་ཕྱོགས་ཀྱི་མཐའ་མི་མོན་པ་རྣམས་ཀྱིས་ཀྱང་ཕ་མ་སོགས་ཤི་ན་གཡག་ཁྲ་བོ་གཅིག་ཅིས་ཀྱང་བཙལ་ནས་གསོད་ལ། གལ་ཏེ་མ་རྙེད་ན་གཞན་བྱ་ཕོ་ཡན་ཆད་ཀྱི་སེམས་ཅན་ཞིག་གསོད་དགོས་སྐད། མཚོ་པདྨའི་ཕྱོགས་ཀྱི་རྒྱལ་པོ་ཞིག་ཤི་བའི་རོ་དང་ལྷན་དུ་དེའི་བཙུན་མོ་བཅུ་གསུམ་དེ་དག་རྣམས་ཀྱི་གཡོག་དང་བཅས་མི་མགོ་སུམ་ཅུ་སོ་གསུམ་སྡེབས་གཅིག་ལ་མེ་ཆེན་པོའི་ནང་དུ་གསོན་བསྲེག་བྱས་སྐད། གཞན་ཡང་བལ་པོ་མོན་སོགས་ན་དེ་ལྟར་ཁྱོ་ཀའི་རོ་དང་ལྷན་དུ་བུད་མེད་གསོན་བསྲེག་བྱེད་པ་དུས་ད་ལྟ་ཡང་མང་པོ་ཡོད་སྐད། དེ་ཅི་ཡིན་དྲིས་ན་ཚེ་ཕྱི་མར་གཉིས་ཀ་ལྷན་དུ་སྐྱེས་ནས་སྐྱིད་པོ་ཡོང་ཟེར་སྐད། ཡང་ཀོང་པོའི་ཕྱོགས་ཞིག་ན་ཡང་དུག་བཏང་ནས་གཞན་བསད་ན་ཕྱུག་པོ་ཡོང་བ་ཡིན་ཟེར་ནས་དུག་བཏང་
ནས་མི་མང་པོ་གསོད་པ་ཡིན་སྐད། དེ་ལྟ་བུའི་གནོད་འཚེ་ཆོས་སུ་བལྟ་བའི་ལྟ་བ་ལོག་པ་ཕྱི་རོལ་པ་སོགས་ཀྱི་རྗེས་སུ་འཇུག་མི་རུང་། ལོག་ལྟ་འདི་མི་དགེ་བ་ཐམས་ཅད་ཀྱི་ནང་ནས་ཐུ་བ་ཡིན་པས་དེ་ལྟ་བུའི་བསམ་སྦྱོར་ངན་པ་དུག་བཞིན་དུ་སྤང་། མདོར་ན་མི་དགེ་བཅུ་པོ་འདི་རང་གིས་མི་བྱེད་པ་ཙམ་དུ་མ་ཟད། གཞན་ལ་བྱེད་དུ་འཇུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་ཙམ་ཡང་མི་བྱེད་པར་སྤང་བར་བྱའོ། །སྔོན་ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་གྱིས་རྫུན་མི་ཟེར་བས་ཐམས་ཅད་ཀྱི་དཔང་པོ་བྱེད་པ་ལ། ལན་ཅིག་གཡོ་ཅན་འགའ་གྲོས་བྱེད་པ་ལ་གཅིག་ན་རེ། ངེད་ཚོ་ལོ་གཅིག་འཚོ་བའི་ཐབས་ཡོད་དེ། ཁྱིམ་བདག་སྡུམ་བྱེད་ཀྱི་འབྱོར་པ་འདི་ཚོ་ངེད་ཀྱི་ཡིན་ནོ་བྱས་ལ། ཁྱིམ་བདག་ཚུལ་ཁྲིམས་ལ་ཐམས་ཅད་ཡིད་ཆེས་པས་ཁོ་དབེན་པར་འཁྲིད་ལ་བསྡིགས་ལ་ཁས་ལེན་བྱེད་དུ་གཞུག་བྱས་པས། དེ་ཐབས་ཡིན་ནོ་ཟེར་ནས། ཚུལ་ཁྲིམས་ཚོང་དཔོན་བཟུང་ནས་དབེན་པར་ཁྲིད་དེ། མཚོན་ཐོགས་ནས་ཁྱོད་འཆི་འམ་གསོན་བྱས་པས། ཁྱེད་ཅི་ལྟར་བྱེད་པའོ་ཟེར། ཁྱེད་རང་ལ་རག་
ལས་པས་ངེད་ཚོའི་དཔང་པོ་བྱས་ན་མི་གསོད་བྱས་པས། བདེན་པས་བྱེད་དགོས་སམ་རྫུན་པས་བྱེད་དགོས་ཟེར། རྫུན་པས་བྱེད་དགོས་བྱས་པས། ཚོང་དཔོན་གྱི་བསམ་པ་ལ་ཚེ་འདིའི་སྲོག་གི་ཕྱིར་རྫུན་བྱས་ན་སྐྱེ་བ་གཏན་དུ་སྡུག་བསྔལ་མྱོང་བར་འགྱུར་བས་དེ་བས་ཤི་བ་རང་སླ་སྙམ། ཁྱེད་རང་སོད་ཅིག་རྫུན་མི་སྨྲ་བྱས་པས་གཡོ་ཅན་རྣམས་ཀྱིས་བཏང་ངོ་། །དེ་བཞིན་དུ་སྲོག་ལ་བབས་ཀྱང་རྫུན་སོགས་མི་དགེ་བ་བཅུ་མི་བྱེད་པ་གལ་ཆེ། འོ་ན་དགེ་བ་ཅི་ལྟར་སྒྲུབ་དགོས་སྙམ་ན། མི་དགེ་བ་བཅུ་པོ་སྤང་བ་དེ་དགེ་བ་བཅུ་ཡང་ཡིན། དེ་ལྟར་སྤོང་བ་ལ་འབད་ན་མཐོ་རིས་ཀྱི་རྟེན་གཙང་མ་ཞིག་ཐོབ་པར་གསུངས། འོན་ཀྱང་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས། ཕྱི་མར་ལམ་སྒྲུབ་པ་ལ་ས་ཆོད་ཆེ་བ་འབྱུང་བའི་ཕྱིར། ཚེ་ཕུན་སུམ་ཚོགས་པ། ཁ་དོག་ཕུན་སུམ་ཚོགས་པ། རིགས་ཕུན་སུམ་ཚོགས་པ། དབང་ཕྱུག་ཕུན་སུམ་ཚོགས་པ། ཚིག་བཙུན་པ། དབང་ཆེ་བར་གྲགས་པ། སྐྱེས་པ་ཉིད་ཡིན་པ། སྟོབས་དང་ལྡན་པ་སྟེ། རྣམ་སྨིན་བརྒྱད་ལྡན་གྱི་ལུས་རྟེན་ཁྱད་པར་ཅན་ཐོབ་པའི་རྒྱུ་དགེ་བར་མཛད་པ་ལྟར། འོ་སྐོལ་རྣམས་ཀྱང་ཚེ་
གཅིག་ལུས་གཅིག་ལ་སངས་རྒྱ་བ་དཀོན་པས་མ་འོངས་པའི་སྐྱེ་བ་གཞན་བརྒྱུད་ནས་སངས་རྒྱ་དགོས། དེ་ལ་ཚེ་རིང་པོ་བྱུང་ན། དགེ་བ་མང་པོ་ཡུན་རིང་བསོག་ནུས་པས། དེའི་རྒྱུ་ལ་ད་ལྟ་སེམས་ཅན་གཞན་ལ་མི་འཚེ་ཞིང་མི་འཚེ་བའི་བསམ་པ་རྒྱུན་དུ་བསྟེན་པ་དང་། གཞན་ཡང་སྲོག་བླུ་ཚེ་ཐར་བཏང་བ་ནད་པའི་ནད་གཡོག་སྨན་སྦྱིན་པ། སྲོག་ཆགས་བོང་བུ་སོགས་ལ་དབྱུག་པ་སོགས་ཀྱིས་འཚེ་བ་མི་བྱེད། གཞན་གྱིས་བྱེད་པ་ལ་ཡང་ཐབས་དུ་མའི་སྒོ་ནས་བྱེད་དུ་མ་བཅུག་ན། ཚེ་རིང་བ་དང་ནད་མེད་པར་འགྱུར། ཁ་དོག་མཛེས་ན་མཐོང་བ་ཙམ་གྱིས་གདུལ་བྱ་འདུ་ཞིང་ཚིག་ལ་ཉན་པས། དེའི་རྒྱུ་ལ་མར་མེ་སོགས་སྣང་བ་དང་། གོས་རྒྱན་གསར་པ་སྦྱིན་པ། གཞན་ཡང་ཁྲོ་བ་མེད་པར་བཟོད་པ་བསྒོམས་ན། གཟུགས་བྱད་མཛེས་པར་འགྱུར། ཀུན་གྱིས་བཀུར་བའི་རིགས་མཐོན་པོར་སྐྱེས་ན། གང་བསྒོ་བ་ལས་གཞན་མི་འདའ་བར་བསྒྲུབས་པས། དེའི་རྒྱུ་ང་རྒྱལ་བཅོམ་ནས་བླ་མ་མཁན་པོ་སོགས་ལ་ཕྱག་སོགས་བྱ་ཞིང་། གཞན་ཀུན་ལ་ཡང་བྲན་ལྟར་གུས་པར་བྱས་ན་མཐོན་པོའི་
རིགས་སུ་སྐྱེ། གཉེན་འཁོར་ལོངས་སྤྱོད་སོགས་འཛོམས་ནས་དབང་ཕྱུག་ཆེ་བ་བྱུང་ན། སྦྱིན་པས་སེམས་ཅན་རྣམས་བསྡུས་ཏེ་སྨིན་པར་བྱེད་ནུས་པས། དེའི་རྒྱུར་ཟས་གོས་སོགས་ཀྱིས་སློང་བ་ལ་ཕན་འདོགས་པ་དང་། མ་བསླང་ཡང་ཕན་འདོགས་གང་ནུས་བྱ། དགེ་འདུན་པ་སོགས་ཆོས་བྱེད་པོ་ལ་མཁོ་བའི་ཡོ་བྱད་མེད་པ་ལ་ཡོ་བྱད་སྦྱིན་པས་དབང་ཕྱུག་ཆེ་བར་འགྱུར། ཚིག་བཙུན་པོ་བྱུང་ན། གདུལ་བྱས་ཚིག་རྣམས་ཚད་མར་བཟུང་ནས་བསྒྲུབས་པས། དེའི་རྒྱུར་ངག་གིས་ཉེས་པ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་རྣམས་སྤངས་པས་ཚིག་བཙུན་པར་འགྱུར། དབང་ཆེ་བར་གྲགས་པ་བྱུང་ན་ཕན་བཏགས་པའི་བྱས་པ་དྲིན་གཟོ་འོང་ཞིང་མྱུར་དུ་བསྒོ་བ་ཉན་པས། དེའི་རྒྱུར་ཕྱི་མར་རང་ལ་ཡོན་ཏན་སྣ་ཚོགས་འབྱུང་བའི་སྨོན་ལམ་འདེབས་ཤིང་། དཀོན་མཆོག་བླ་མ་མཁན་སློབ་ཕ་མ་ལ་མཆོད་པ་བྱས་པས། དབང་ཆེ་བར་གྲགས་པར་འགྱུར། སྐྱེ་བ་ཕོ་ལུས་ཐོབ་ན་ཆོས་བྱེད་པ་ལ་གེགས་ཉུང་བས་ཆོས་གང་བྱེད་ཀྱང་རང་དབང་ཐོབ་པས། དེའི་རྒྱུར་ཕོ་ལུས་ཐོབ་པ་ལ་དགའ་ཞིང་འདུན་པ་བྱ། བུད་མེད་ཀྱི་ལུས་ལ་མི་
དགའ་ཞིང་ཉེས་དམིགས་སུ་བལྟ། ཕོ་ཡི་དབང་པོ་གཅོད་པ་ཐར་བར་བྱས་པས་སྐྱེ་བ་ཕོ་ལུས་ཐོབ་པར་འགྱུར། སྟོབས་དང་ལྡན་ན་རང་གཞན་གྱི་དོན་གང་ཡང་སྤྲོ་བཞིན་སྒྲུབ་ནུས་པས། དེའི་རྒྱུར་གཞན་གྱིས་གཏན་ནས་མ་ནུས་པ་རྣམས་རང་གིས་བྱེད་ཅིང་། བསྡོམས་ནས་ནུས་པ་རྣམས་ལའང་གྲོགས་བྱེད་ཅིང་བཟའ་བཏུང་བྱིན་པས་སྟོབས་དང་ལྡན་པར་འགྱུར། དེ་ལྟར་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པས་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་གྱི་རྒྱུ་ལ་ཚེ་འདིར་འབད་ན། ཕྱི་མར་དེ་ལྟ་བུའི་རྟེན་གཞན་ལས་ཁྱད་པར་དུ་འཕགས་པ་ཐོབ་ནས། རྟེན་དེ་ལ་གང་ཟག་དབང་པོ་རབ་ཀྱིས་གསང་སྔགས་ཀྱི་ལམ་ཟབ་མོ་སོགས་ལ་བརྩོན་ན་ཚེ་དེར་སངས་རྒྱ་ལ། གལ་ཏེ་དེ་ལྟ་བུ་མ་བྱུང་ཡང་མ་འོངས་པ་ན་ལྷ་བས་ལྷག་པའི་ལུས་ཐོབ་ནས། རྟེན་དེ་འམ་མ་འོངས་པའི་སྐྱེ་བ་བཟང་པོ་ཤ་སྟག་བརྒྱུད་ནས་མྱུར་དུ་སངས་རྒྱ་བར་འགྱུར་རོ། །མདོར་ན་སེམས་ཅན་གཞན་ལ་དངོས་སམ་བརྒྱུད་ནས་གནོད་པའི་ལས་ཐམས་ཅད་ལ་མི་དགེ་བ་ཟེར་བས་དུག་བཞིན་དུ་སྤོང་དགོས། སེམས་ཅན་གཞན་ལ་དངོས་སམ་
བརྒྱུད་ནས་ཕན་པ་ཐམས་ཅད་ལ་དགེ་བ་ཟེར་བས་སྒྲུབ་འཚལ། དུས་རྒྱུན་དུ་ཉེས་སྤྱོད་ཀྱིས་མ་གོས་པ་ལ་འབད་ཅིང་། གལ་ཏེ་བག་མེད་པ་དང་། ཉོན་མོངས་པ་སྟོབས་ཆེ་ཞིང་གཉེན་པོ་སྟོབས་ཆུང་བའི་དབང་གིས་འཕྲལ་དུ་ཉེས་པ་བྱས་པ་དང་། ཚེ་སྟོད་དང་ཚེ་རབས་སྔོན་མ་རྣམས་སུ་མ་ཤེས་པའི་དབང་གིས་སྡིག་པ་མི་དགེ་བའི་ལས་བསགས་པ་རྣམས་ཀྱང་སྟོབས་བཞིའི་སྒོ་ནས་བཤགས་དགོས་ཏེ། སྔོན་དགེ་སློང་གཅིག་གྲོང་དུ་བསོད་སྙོམས་ལ་ཕྱིན་པས་ཕམ་པ་བྱུང་ནས། འཆབ་སེམས་ནི་ཡེ་མེད་པར། ང་ནི་ཉམས་པའོ་ཞེས་སྒྲོག་ཅིང་མཉན་ཡོད་ཀྱི་ཐེམ་པ་ལ་འགྱེལ་ནས་འདུག་པ་ལ། བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་མ་འཇིགས་ཤིག་ང་ལ་སྟོབས་བཞི་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་དོ་ཞེས་སྟོབས་བཞི་གསུངས་པ་ཡིན་པས། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་སྟོབས་བཞིའི་བཤགས་པ་བྱས་ན། ཕམ་པ་བཞི་དང་མཚམས་མེད་པ་ལྔའི་ལས་བྱས་པ་ཡང་དག་པར་འགྱུར་ཏེ། སྔོན་མི་གདུང་བ་སོར་མོའི་ཕྲེང་བ་ཅན་ཞེས་བྱ་བས། མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ། ཕྱིས་རྣམ་པར་སུན་འབྱིན་པ་ཀུན་
ཏུ་སྤྱོད་པའི་སྟོབས་ཉམས་སུ་བླངས་པས། སྡིག་པ་ཐམས་ཅད་བྱང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་དུ་ཤོར་བ་ལྟ་བུའི་གནོང་འགྱོད་དྲག་པོའི་སྒོ་ནས་ཡུལ་ཁྱད་པར་ཅན་ཕལ་མོ་ཆེའི་སྤྱན་སྔར་མཐོལ་བཤགས་བྱས་ན་དག་པར་འགྱུར། སྔོན་ཁྱེའུ་བདེ་བྱེད་ཞེས་བྱ་བས་རང་གི་དྲིན་ཅན་གྱི་མ་བསད་པས་ཕྱིས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཉམས་སུ་བླངས་པས་ཤི་ནས་ལྷར་སྐྱེས་ཏེ་འཕགས་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྟོང་ཉིད་བསྒོམ་པ་དང་། མདོ་སྡེ་ཁ་ཏོན་བྱེད་པ་དང་། གསང་སྔགས་ཀྱི་བསྒོམ་བཟླས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་འབུལ། སྐུ་གཟུགས་བཞེངས་པ། ས་ཚ་གདབ་པ་ཆོས་ཀློག་པ་འབྲི་བ་སོགས་དགེ་བའི་ལས་ལ་འབད་ན་སྡིག་པ་དག་པར་འགྱུར། སྔོན་གཅུང་དགའ་བོ་ཞེས་བྱ་བ་བུད་མེད་ལ་ཆགས་པས། ཕྱིས་ཉེས་པ་དེ་ལས་སླར་ལྡོག་པའི་སྟོབས་
ཉམས་སུ་བླངས་པས་ཉེས་པ་ཀུན་དག་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་། ཉེས་པ་ལས་སླར་ལྡོག་པའི་སྟོབས་ཕྱིན་ཆད་སྡིག་པ་མི་དགེ་བའི་ལས་སྲོག་ལ་བབས་ཀྱང་མི་བྱེད་དོ་སྙམ་པའི་སྡོམ་སེམས་ཡང་ཡང་བྱས་ན་སྡིག་པ་དག་པར་འགྱུར། སྔོན་རྒྱལ་བུ་མཐོང་ལྡན་ཞེས་བྱ་བས་རང་གི་དྲིན་ཅན་གྱི་ཕ་བསད་པས། ཕྱིས་རྟེན་གྱི་སྟོབས་ཉམས་སུ་བླངས་པས་སྡིག་པ་དག་ནས་བྱང་ཆུབ་སེམས་དཔར་གྱུར་ཏོ། །དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་། རྟེན་གྱི་སྟོབས་དཀོན་མཆོག་ལ་སྐྱབས་འགྲོ། བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་བྱས་ན་སྡིག་པ་དག་པར་འགྱུར། དེ་ལྟར་བྱས་ན་སྟོབས་བཞི་པོ་དེ་དག་རེ་རེས་ཀྱང་སྡིག་པ་དེ་ཙམ་དག་ན། བཞི་ཀ་ཉམས་སུ་བླངས་ན་སྡིག་པ་འདག་པ་སྨོས་ཅི་དགོས་སྙམ་དུ། དུས་རྒྱུན་དུ་སྟོབས་བཞིའི་སྡིག་བཤགས་བྱེད་པ་ལ་འབད་པར་བྱའོ། །འོ་ན་སྔོན་རྒྱལ་པོ་དཔའ་བའི་བྱིན་གྱིས། མེ་ཏོག་ཟླ་མཛེས་བཀྲོངས་པ་ལ་འགྱོད་དེ་མཆོད་རྟེན་བྱས་མཆོད་པ་ཤིན་ཏུ་རྒྱ་ཆེ་བ་བྱས་ཤིང་། ཉིན་རེ་ལ་དུས་གསུམ་དུ་སྡིག་པ་བཤགས་པ། ལོ་སྟོང་ཕྲག་བྱེ་བ་གོ་
ལྔར་བྱས་ཏེ། ཚུལ་ཁྲིམས་ཡང་དག་པར་བསྲུངས་ཀྱང་། ཤི་འཕོས་ནས་མནར་མེད་དུ་སྐྱེས་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་རེ་གཉིས་སུ་མིག་བཅར་བ་སོགས་སྡུག་བསྔལ་མཐའ་ཡས་པར་མྱངས་པར་གསུངས་པས། སྡིག་པ་བཤགས་ཀྱང་ཨེ་འདག་མི་ཤེས་སྙམ་ན། དེ་ཡང་སྡིག་བཤགས་བྱས་པ་དོན་མེད་དུ་གྱུར་པ་མ་ཡིན་ཏེ། མ་བཤགས་ན་དེ་བས་ཀྱང་ཆེ་བ་དང་རྒྱུན་རིང་བའི་སྡུག་བསྔལ་མྱོང་དགོས་པ་ལ། བཤགས་པས་སྡུག་བསྔལ་ཉུང་དུ་དང་ཡུན་ཐུང་དུ་བཏང་བ་ཡིན། འོན་ཀྱང་སྔོན་ཙ་རི་རོང་བསྐོར་བྱེད་དུས་མི་འགའ་ཞིག་གི་རྐང་པ་ལམ་འཕྲང་གི་རྡོ་ཡིས་བསྣད་པ་ལ་སྨན་བཅོས་བྱས་སླར་སོས་ཀྱང་སྔོན་དུ་འགྲོ་བ་རྣམས་ཀྱང་ཀུན་གྱི་རྗེས་སུ་ལུས་ནས་གནས་འཁོར་བ་ལ་རྒྱང་རིང་ངེ་སོང་བ་ལྟར། སྡིག་པ་བཤགས་པ་བྱས་པས་འདག་ཀྱང་མྱུར་དུ་སངས་རྒྱ་བ་ལ་རྒྱང་རིང་ངེ་འགྱུར། དེས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྔོན་ནས་སྡིག་པས་མ་གོས་པ་བྱེད་པ་མཆོག་ཡིན། གལ་ཏེ་བརྒྱ་ལ་གོས་པ་བྱུང་ན་དེ་མ་ཐག་སྟོབས་བཞིའི་བཤགས་པ་ཡིད་ཆེས་པ་རེ་བྱས་ན་འཕྲལ་དུ་སྡིག་པ་
དག་པར་འགྱུར་རོ།། ༈ །།སྨྲས་པ། ཉི་མའི་གཉེན་གྱིས་འགྲོ་ཀུན་གནས་སྐབས་སུ། །མངོན་མཐོའི་རྟེན་བཟང་ཐོབ་ཐབས་གང་གསུངས་པ། །སྐྱེས་བུ་ཆུང་དང་ཐུན་མོང་ལམ་རིམ་དུ། །བསྡུས་ནས་དམ་པའི་གསུངས་བཞིན་བཤད་ཚར་སོང་། །ངན་སོང་གསུམ་དང་ངན་འགྲོའི་རིགས་སུ་སྐྱེས། །སྡུག་བསྔལ་མྱོང་ན་འདོད་མཁན་སུ་ཡང་མེད། །སྡུག་བསྔལ་མི་འདོད་བདེ་བ་འབྱུང་འདོད་ན། །དེ་རྒྱུ་མི་དགེ་སྤོང་ལ་དགེ་སྒྲུབས། །ལམ་བཟང་སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །ཐོབ་ན་ལམ་ལ་ས་ཆོད་ཆེན་པོ་འབྱུང་། །དེ་ཕྱིར་ཕྱི་མར་རྣམ་སྨིན་བརྒྱད་ལྡན་གྱི། །རྟེན་བཟང་ཐོབ་པའི་རྒྱུ་ལ་ད་འབོད་ཅིག །དེ་ཙམ་ཞིག་ལས་སྒྲུབ་པར་མི་ནུས་པའི། །ཁྱིམ་པ་དམན་པ་བྲན་གཡོག་ལ་སོགས་པས། །དེ་ལྟར་སྒྲུབས་ལ་ཕྱི་མར་མི་ཡི་ལུས། །རྙེད་ནས་རྟེན་དེར་སངས་རྒྱས་ཐོབ་པར་སྨོན། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀའ་དྲིན་ལས། །མངོན་མཐོ་ལྷ་མིའི་ཕུན་ཚོགས་ཐོབ་པའི་ཐབས། །གང་ཤེས་རང་གཞན་ཡོངས་ལ་ཕན་པའི་ཕྱིར། །རགས་རིམ་ཙམ་ཞིག་གསལ་བར་བཤད་ཟིན་ནས། །ད་ནི་འཁོར་བའི་ཆུ་བོ་རབ་མེད་
ལ། །བསླབ་གསུམ་རྣམ་པར་དག་པའི་གྲུ་བཏང་ནས། །བདེ་ཆེན་ཐར་པའི་གྲོང་ཁྱེར་ཉམས་དགའ་རུ། །ལེགས་པར་བགྲོད་ཚུལ་གང་ཤེས་འདི་རུ་བཤད། །དེ་ཡང་སྔོན་བྱིས་པ་ཞིག་སྐས་ལ་འཛེགས་ནས་མ་ལ་ང་ཨེ་མཐོ་ཞེས་དྲིས་པས། མ་ན་རེ་མཐོ་མཐོ་སྟེ་ད་དུང་འགྲོ་ནུས་ན་ཡར་མཐོར་ཐོང་སྨྲས་པ་བཞིན་དུ། རྙེད་དཀའ་འཇིག་སླ་ངན་སོང་སྡུག་བསྔལ་བསམས་ནས་དེ་ལས་སྐྱོབ་པའི་སྐྱབས་འགྲོ་ལས་འབྲས་དཀར་ནག་གི་བླང་དོར་བྱས་ནས། ཕྱི་མར་མཐོ་རིས་སུ་སྐྱེ་བ་ཞིག་བྱས་ན། ངན་སོང་གསུམ་ལ་བལྟས་ན་མཐོ་མཐོ་སྟེ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་མིང་ཙམ་ཡང་མི་ཐོས་པའི་གཏན་བདེ་ཐར་པའི་གོ་འཕང་ཐོབ་ན་ཡོན་ཏན་ཡོད་ཚུལ་ལ་བསམས་ན། མཐོ་རྒྱུ་རང་མེད་པས། ད་དུང་དེའི་སྟེང་དུ་ལམ་ལ་སློབ་ནུས་ན་བསླབས་ནས། ཐར་པའི་གོ་འཕང་ཐོབ་པ་ཞིག་བྱ་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱི་མར་མི་ལུས་ཙམ་ཞིག་ཐོབ་ཀྱང་། སྔར་གྱི་དགེ་བའི་འཕེན་ཤུགས་ཟད་པ་ན། སླར་ཡང་ངན་སོང་གསུམ་དུ་སྐྱེ་ཞིང་། སྡུག་བསྔལ་མྱོང་བཞིན་དུ་འཕྲལ་ལ་སྡིག་པ་བསགས་ནས། བསྐལ་པ་བྱེ་
བ་བརྒྱར་ཡང་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་ཤིང་། མཐོ་རིས་ཀྱི་རྟེན་བཟང་པོ་ཐོབ་ཀྱང་མི་རྟག་ཅིང་། ངན་སོང་གསུམ་གྱི་སྡུག་བསྔལ་ཙམ་ཞིག་མེད་པ་མ་གཏོགས། གཞན་སྐྱེ་རྒ་ན་འཆི་འདུ་འབྲལ་བརྡེག་བརྡུང་། བཀྲེས་སྐོམ་གྲང་དྲོ་ངལ་བཏུབ་སོགས་སྡུག་བསྔལ་མཐའ་ཡས་པའི་ཕྱིར་རོ། །དེས་ན་འཁོར་བའི་ཉེས་དམིགས་རྣམས་བསམས་ནས་རབ་ཏུ་བྱུང་། ལམ་བསླབ་པ་གསུམ་ལ་བསླབས་ནས། གཏན་བདེ་ཐར་པའི་གོ་འཕང་ཐོབ་པར་བྱ་ཚུལ་ནི། སྔོན་སངས་རྒྱས་ཀྱི་གཅུང་དགའ་བོ་རབ་ཏུ་བྱུང་ཡང་བཟང་མོ་ལ་ད་དུང་ཧ་ཅང་ཆགས་པ་མཁྱེན་ནས། རི་བོ་སྤོས་ངད་ལྡན་དུ་ཁྲིད་ནས་སྤྲེའུ་མོ་ཞར་མ་ཞིག་བསྟན་ཏེ། བཟང་མོ་དང་འདི་གཉིས་གང་གཟུགས་བཟང་གསུངས་པས། དགའ་བོ་ན་རེ། སྤྲེའུ་མོ་འདི་བཟང་མོའི་བརྒྱའི་ཆར་ཡང་མི་མཆི་ཟེར། དེ་ནས་སུམ་ཅུ་རྩ་གསུམ་ལྷ་གནས་སུ་ཁྲིད་ནས་ལྷ་མོ་རྣམས་ལ་ལྟོས་གསུངས་པས། དེར་བལྟས་པས་ཕྱོགས་གཅིག་ན་ལྷའི་བུ་མོ་མང་པོ་སྡོད་པ་མཐོང་ནས་རྒྱུ་མཚན་དྲིས་པས། གཅུང་དགའ་བོས་སྟོན་པའི་སྤྱན་སྔར་ཚངས་སྤྱོད་བསྲུངས་ནས་ཤི་ན་
འདིར་འོང་བས་དེའི་ཕྱིར་འདིར་སྡོད་ཟེར་བས། དགའ་ནས་སྟོན་པའི་མདུན་དུ་འོང་བས། ལྷ་མོ་དེ་དག་དང་བཟང་མོ་གཉིས་ཀྱི་གཟུགས་གང་བཟང་གསུངས་པས། བཟང་མོ་ལྷ་མོ་དེ་དག་གི་བརྒྱའི་ཆར་ཡང་མི་མཆི་ཟེར། ཚངས་སྤྱོད་བསྲུང་ན་ཕན་ཡོན་འདི་དང་གཞན་ཡང་ཡོད་སྲུངས་ཤིག་གསུངས་པས། བཟང་མོ་ལ་མ་ཆགས་པར་ལྷ་མོ་དེ་དག་ལ་ཆགས་ནས་ལྷ་གནས་སུ་སྐྱེ་བར་འདོད་ནས་ཚངས་སྤྱོད་བསྲུང་ངོ་། །དེ་ནས་ཉིན་གཅིག་སངས་རྒྱས་ཀྱིས་གཅུང་དགའ་བོ་དམྱལ་བའི་གནས་སུ་ཁྲིད་ནས་བལྟར་བཅུག་པས། དམྱལ་བའི་སྡུག་བསྔལ་ཆུ་བོ་རབ་མེད་དང་། སོག་ལེས་གཤོག་པ་དང་། སཏྭ་རིས་གཅོད་པ་ལ་སོགས་པ་མཐོང་། ཕྱོགས་གཅིག་ན་ཟངས་ཤིག་གི་ནང་དུ་ཁྲོ་ཆུ་བསྐོལ་ནས་ནང་དུ་སེམས་ཅན་སུ་ཡང་མི་འདུག་པ་ཞིག་ཀྱང་མཐོང་ནས་རྒྱུ་མཚན་དྲིས་པས། གཅུང་དགའ་བོས་ལྷའི་འཇིག་རྟེན་དུ་སྐྱེ་བའི་ཕྱིར་ཚངས་སྤྱོད་བསྲུང་བ་ཤི་ན་ལྷ་རུ་སྐྱེ། དེ་ནས་ཚེ་འཕོས་པ་དང་འདིར་འོང་བས་དེ་ནང་དུ་འཇུག་པའི་ཕྱིར་བཞག་གོ་ཟེར་བ། དེ་ཐོས་ནས་འཇིགས་ནས་འོང་བ་སྟོན་པའི་
ཞལ་ནས་ལྷའི་འཇིག་རྟེན་ལ་སྨོན་ནས་ཚངས་སྤྱོད་བསྲུངས་ན་ཉེས་དམིགས་འདི་དང་གཞན་ཡང་ཡོད་པས་ཁྱོད་ཀྱིས་མྱང་འདས་ཐོབ་པ་ལ་དགའ་བར་གྱིས་ལྷའི་འཇིག་རྟེན་ལ་དགའ་བར་མ་བྱེད་ཅིག་གསུངས་པས། གཅུང་དགའ་བོ་འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས་མྱང་འདས་ཐོབ་པའི་ཕྱིར་ཚངས་སྤྱོད་བསྲུང་། ཆོས་ལ་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པའི་གོ་འཕང་ཐོབ། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་མཐོ་རིས་ལྷ་མིའི་གནས་གང་དུ་སྐྱེས་ཀྱང་དགེ་བའི་འཕེན་ཤུགས་ཟད་པ་ན་སླར་ངན་སོང་གི་གནས་སུ་ལྷུང་ནས་སྡུག་བསྔལ་མྱོང་དགོས་པར་བསམས་ནས་མཐོ་རིས་ཀྱི་བདེ་བ་ལ་ཡང་མི་ཆགས་པར། གཏན་བདེ་ཐར་པའི་བདེ་བ་ཐོབ་པ་ཞིག་བྱ་དགོས། སྔོན་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་ཡབ་ཀྱི་རྒྱལ་སྲིད་བཟུང་ཡོད་དུས། དུས་ལན་གཅིག་གི་ཚེ་སྲས་གཞོན་ནུ་ཤིང་རྟ་ལ་ཆིབས་ཏེ། གྲོང་ཁྱེར་གྱི་ཤར་སྒོར་ཕྱིན་པ་ན། མི་རྒས་ཤིང་འཁོགས་པ། ལུས་སྒུར་པོར་གྱུར་པ་མགོ་སྤྲ་ཐོག་བཞིན་དཀར་བ། ཁ་སྣ་ཞོམ་པ། སོ་བུད་པ་འཁར་བ་ལ་བརྟེན་པ། ཡན་ལག་ཐམས་ཅད་འདར་བ་ཞིག་
གཟིགས་པས། ཤིང་རྟའི་ཁ་ལོ་བསྒྱུར་བ་ལ་འདི་ཅི་ཡིན་དྲིས་པས། འདུན་པས་སྨྲས་པ། ལྷ་གཅིག་མི་འདི་རྒས་པས་ཟིལ་གྱིས་ནོན། །དབང་པོ་རྒུད་ཅིང་སྡུག་བསྔལ་ལུས་སྟོབས་ཉམས། །གཉེན་བཤེས་ཚོགས་ཀྱིས་སྤངས་ཤིང་མགོན་མེད་གྱུར། །རང་དོན་མི་ནུས་གཞན་གྱིས་བོར་བ་གཟིགས། །ཞེས་ཟེར་རོ། །དེ་ནས་སྲས་གཞོན་ནུས་འདི་ནི་འདི་གཅིག་པུའི་རིགས་ལགས་སམ། གཞན་གྱི་རིགས་ལའང་འོང་དྲིས་པས། འདུན་པ་ན་རེ། ལྷ་གཅིག །འདི་ཡི་རིགས་ཆོས་མ་ལགས་ཡུལ་འཁོར་ཆོས་མ་ལགས། །སྐྱེ་བོ་ཀུན་ཀྱང་དར་ལ་བབས་པ་རྒས་པས་འཇོམས། །ཁྱོད་ཀྱི་ཡབ་དང་ཡུམ་དང་གཉེན་གྲོགས་ཀྱང་། །རྒས་ལས་ཐར་པའི་ཐབས་ནི་གཞན་མ་མཆིས། །ཞེས་སྨྲས་ཚེ། སྲས་གཞོན་ནུས་སྨྲས་པ། བདག་ཅག་བྱིས་པའི་སྐྱེ་བོ་མི་མཁས་པ། །བློ་ངན་གཞོན་པའི་རྒྱགས་པས་རྒས་མ་མཐོང་། །ད་ནི་སླར་འགྲོ་ཤིང་རྟ་མྱུར་དུ་བསྒྱུར། །གང་ཡང་རྒས་ལ་གནས་ན་རྩེ་དགས་ཅི་ཞིག་བྱ། །གསུངས་ནས་ཤིང་རྟ་ནང་དུ་བསྒྱུར་ཏེ་གྲོང་ཁྱེར་དུ་ཞུགས་
སོ། །ཡང་དུས་གཅིག་གི་ཚེ་སྔར་ལྟར་ལྷོ་སྒོར་ཕྱིན་པས། མི་སྔོ་ཞིང་རིད་པ། དམུ་རྫིང་ཅན་སྨན་པ་དང་ཁ་ཟས་ཀྱི་བོར་བ་རང་གི་མི་གཙང་བས་ལུས་ལ་གོས་ཤིང་། མགོན་མེད་སྐྱབས་མེད་ཅིག་གཟིགས་པས། ཁ་ལོ་བསྒྱུར་བ་ལ་དྲིས་པས། འདུན་པ་ན་རེ། ལྷ་གཅིག་མི་འདི་ནད་ཀྱིས་བཏབ་པ་སྟེ། །ནད་ཀྱིས་ཉེན་ཅིང་མྱུར་དུ་འགུམས་ལ་ཐུག །ཟུག་རྔུས་གཟིར་ཅིང་ལུས་སྟོབས་རྣམ་པར་ཉམས། །མགོན་དང་སྐྱབས་དང་དཔུང་གཉེན་མེད་པ་ལགས། །ཞེས་སྨྲས་པས། སྲས་གཞོན་ནུས་སྨྲས་པ། འདི་ནི་འདི་གཅིག་པུའི་རིགས་ལགས་སམ། གཞན་གྱི་རིགས་ལའང་འོང་དྲིས་པས། འདུན་པས་ཚིགས་བཅད་སྔ་མ་བཞིན་སྨྲས་ཚེ། སྲས་གཞོན་ནུས་སྨྲས་པ། ནད་མེད་པ་ནི་རྨི་ལམ་རྩེ་ཞིང་དགའ་དང་མཚུངས། །ནད་ཀྱི་འཇིགས་པ་འདི་ལྟར་ཤིན་ཏུ་མི་བཟོད་པ། །སྐྱེས་བུ་མཁས་པས་གནས་འདི་མཐོང་ན་ཇི་ལྟ་བུར། །རྩེ་ལ་དགའ་ཞིང་སྡུག་པའི་འདུ་ཤེས་ཅིའི་ཕྱིར་སྐྱེ། །གསུངས་ནས་ཤིང་རྟ་སླར་བསྒྱུར་ཏེ་གྲོང་ཁྱེར་དུ་ཞུགས་སོ། །ཡང་དུས་གཅིག་གི་ཚེ་གྲོང་ཁྱེར་གྱི་ནུབ་སྒོར་ཕྱིན་པས། མི་གཅིག་ཤི་ནས་རོ་
ཁྱོགས་ལ་བཏེག་ཏེ། ཉེ་དུའི་ཚོགས་རྣམས་ངུ་ཞིང་བྲང་བརྡུང་སྨྲེ་སྔགས་འདོན་ཞིང་འོ་དོད་འབོད་པ་ཞིག་གཟིགས་པས། ཁ་ལོ་བསྒྱུར་བ་ལ་དྲིས་པས། འདུན་པ་ན་རེ། ལྷ་གཅིག་མི་འདི་ཤི་བར་གྱུར་པ་སྟེ། །ཕ་མ་མ་མཆིས་བུ་རྣམས་ཀུན་དང་བྲལ། །ལོངས་སྤྱོད་ཁྱིམ་དང་མཛའ་བཤེས་ཚོགས་རྣམས་བཞག །འཇིག་རྟེན་ཕ་རོལ་སོང་སྟེ་སླན་ཆད་འདི་མི་མཐོང་། །ཞེས་ཟེར་རོ། །འདི་ནི་འདི་གཅིག་པུའི་རིགས་སམ། གཞན་ལའང་འོང་སྨྲས་པས། འདུན་པས་ཚིགས་བཅད་སྔ་མ་ལྟར་སྨྲས་ཚེ། སྲས་གཞོན་ནུས་སྨྲས་པ། རྒས་པས་གནོད་པར་འགྱུར་ན་གཞོན་པའི་ཅི་ཞིག་བྱ། །སྣ་ཚོགས་ནད་ཀྱིས་གནོད་འགྱུར་ནད་མེད་ཅི་ཞིག་བྱ། །རིང་དུ་མི་གནས་འཆི་འགྱུར་གསོན་པའི་ཅི་ཞིག་རུང་། །འདུན་པ་སླར་ལོག་འདི་ནས་ཐར་བར་བྱ་བར་བསམ། །གསུངས་ནས་ཤིང་རྟ་སླར་བསྒྱུར་ཏེ་གྲོང་ཁྱེར་དུ་ཞུགས་སོ། །ཡང་དུས་གཅིག་གི་ཚེ་གྲོང་ཁྱེར་བྱང་སྒོ་རུ་ཕྱིན་པས། དགེ་སློང་ཞི་བ་དུལ་བ་ཆོས་གོས་དང་ལྷུང་བཟེད་ཐོགས་པ་ཞིག་གཟིགས་པས། འདི་ཅི་ཡིན་དྲིས་པས།
འདུན་པ་ན་རེ། ལྷ་གཅིག་འདི་མིང་དགེ་སློང་ཞེས་ནི་བགྱི་བ་ལགས། །འདོད་པའི་དགའ་བ་སྤངས་ཤིང་ཤིན་ཏུ་དུལ་བར་སྤྱོད། །བདག་ཉིད་ཞི་བ་འཚོལ་ཞིང་རབ་ཏུ་བྱུང་བར་གྱུར། །འདོད་ཆགས་ཞེ་སྡང་བྲལ་བའི་བསོད་སྙོམས་སྤྱོད་ཅིང་རྒྱུ། །ཞེས་སྨྲས་ཚེ་སྲས་གཞོན་ནུས་སྨྲས་པ། འདི་ནི་དགེ་བར་རབ་སྨྲ་ང་ཡང་འདོད་པ་སྟེ། །རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། །དེ་ནི་བདག་ལ་ཕན་ཞིང་སེམས་ཅན་གཞན་ལའང་ཕན། །འཚོ་བ་བདེ་ཞིང་རྒ་དང་ན་དང་འཆི་ལས་གྲོལ། །གསུངས་ནས་ཤིང་རྟ་སླར་བསྒྱུར་ཏེ་གྲོང་ཁྱེར་དུ་ཞུགས་སོ། །དེ་ལྟར་རྒས་པའི་སྡུག་བསྔལ་དང་ན་བའི་སྡུག་བསྔལ་དང་འཆི་བའི་སྡུག་བསྔལ་གཟིགས་པའི་རྐྱེན་བྱས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཐུགས་སྐྱོ། དགེ་སློང་ཞི་བ་དུལ་བ་དེ་གཟིགས་པས་དགེ་སློང་དེ་ལྟ་བུ་ཞིག་བྱེད་པ་ལ་ཐུགས་སྤྲོ། ཡབ་ཀྱི་དྲུང་དུ་བྱོན་ནས་རབ་ཏུ་བྱུང་བར་གནང་བར་ཞུ་ཞུས་པས་མ་གནང་། གཞན་ཅི་འདོད་སྦྱིན་གྱི་སྲས་རང་གི་གང་འདོད་སྨྲོས་ཤིག་བྱས་པས། སྲས་གཞོན་ནུས་སྨྲས་པ། རྒ་དང་ན་དང་འཆི་འགྱུར་བ། །གལ་ཏེ་འདི་གསུམ་ཡོད་
མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་འགྱུར། །གསུངས་པས། དེ་ལྟ་བུ་སྦྱིན་མི་ནུས་སོ་བྱས་པས། སྲས་གཞོན་ནུས་སྨྲས་པ། རྒས་པ་མཐོང་བ་ན་བའི་སྡུག་བསྔལ་ཏེ། །སེམས་དང་བྲལ་བའི་འཆི་བ་མཐོང་ཙ་ན། །འཇིག་རྟེན་སྤྱོད་པ་བདག་གིས་ནུས་རེ་ཀན། །དེ་བས་བདག་ནི་མངོན་པར་འབྱུང་བར་བགྱི། །གསུངས་ནས་ཕོ་བྲང་དུ་བཞུད་པ་དང་། ཡབ་རྒྱལ་པོས་རྒྱལ་སྲིད་སྤང་གི་དོགས་ནས། སྒོ་བ་བཞིའི་དཔུང་གི་ཚོགས་ཀྱིས་བསྐོར། བཙུན་མོ་རྣམས་ཀྱི་དབུས་སུ་བཞག་ནས། ཉིན་མཚན་མེད་པར་བསྲུངས་སོ། །དེར་མཚན་གཅིག་ཀུན་གཉིད་ཀྱིས་ནོན་པར་བྱས། ནམ་ཕྱེད་ཙམ་ན་ཕོ་བྲང་གི་སྒོ་ཕྱེ་འདུན་པ་ལ་རྟ་མཆོག་སྔགས་ལྡན་ལ་སྒ་ཆས་སྤྲོད་དུ་བཅུག །གོས་ཀ་ཤི་ཀ་དབུ་ལ་ཐོགས། རྟ་མཆོག་སྟེང་དུ་བྱོན་ནས་བྲོས་ཏེ། ཡབ་ཟས་གཙང་བཙུན་མོ་ས་འཚོ་མ། གྲགས་འཛིན་མ། རི་དྭགས་སྐྱེས་གསུམ་བུད་མེད་ཀྱི་འཁོར་དྲུག་ཁྲི་དང་བཅས་པ། རྒྱལ་ཕྲན་བློན་གྱི་ཚོགས་འདོད་ཡོན་ལོངས་སྤྱོད་ཟད་མི་ཤེས་པ་ཐམས་ཅད་མཆིལ་མའི་ཐལ་བ་
བཞིན་དོར་ནས། རང་བྱུང་གི་མཆོད་རྟེན་རྣམ་དག་དྲུང་དུ་བྱོན་རྟ་མཆོག་ཕྱིར་བཏང་དབུ་སྐྲ་བྲེགས་ཏེ། བར་སྣང་ལ་གཏོར་བ་ལྷ་རྣམས་ཀྱིས་མཆོད་པའི་རྟེན་དུ་བླངས་སོ། །དེ་ནས་གོས་ཀ་ཤི་ཀ་བརྒྱ་བྱིན་ལ་སྦྱིན་ནས་བརྒྱ་བྱིན་གྱིས་གོས་ངུར་སྨྲིག་གི་ན་བཟའ་ཕུལ་བ་སྐུ་ལ་གསོལ། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་བ་ལོ་དྲུག་སྤྱད་པ་སོགས་སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་ལྟར་འོ་སྐོལ་རྣམས་ཀྱིས་ཀྱང་། མིའི་སྐྱེ་བའི་སྡུག་བསྔལ། རྒས་པའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། ལྷ་མ་ཡིན་གྱི་འཐབ་རྩོད་ཀྱི་སྡུག་བསྔལ། ལྷའི་འཆི་འཕོ་ལྟུང་བའི་སྡུག་བསྔལ་སོགས། མཐོ་རིས་སུ་སྐྱེས་ནའང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཚུལ་བསམས་ནས། གང་ལ་ཡང་མི་ཆགས་པར་འཁོར་བ་འདི་ལས་ཐར་པ་ཞིག་བྱ་དགོས། སྔོན་བྱིས་པ་ཞིག་ལྟོགས་ནས་མ་ལ་རྩམ་པ་འདོད་ཟེར་བ་ལ། མ་ཡིས་རྩམ་པ་མེད། ཉུང་མ་བསྲེགས་པ་ཞིག་འདོད་དམ། མ་བསྲེགས་པ་ཞིག་འདོད་དམ། ཆོལ་པ་ཞིག་འདོད་དམ་བྱས་པས། བྱིས་པ་ན་རེ་དེ་ཚོ་ཀུན་ཉུང་མ་ཡིན་ང་རྩམ་པ་འདོད་ཟེར་རོ། །དེ་བཞིན་
དུ་འོ་སྐོལ་རྣམས་ཀྱིས་ལྷ་རུ་སྐྱེས་ན་སྐྱིད་སྙམ་སྟེ། ལྷ་ལ་ཡང་སྲེད་པ་འཕེལ་བའི་སྡུག་བསྔལ། འདོད་པས་མྱོས་པའི་སྡུག་བསྔལ། འཆི་འཕོ་ལྟུང་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཀྱི་ལྷ་རིགས་གང་དུ་སྐྱེས་ཀྱང་དེ་ཚོ་ཀུན་སྡུག་བསྔལ་ཡིན། དེས་མི་ཕན་ཐར་པའི་གོ་འཕང་འཐོབ་པ་ཞིག་བྱེད་དགོས། སྔོན་དབུས་ཕྱོགས་ཀྱི་ཞང་མུ་ནེ་དཔལ་བྱ་བ་ལ། བུ་སྤུན་བརྒྱད་ཡོད་དེ། དེ་ཐམས་ཅད་ལའང་བུ་མང་པོ་ཡོད་པས། མུ་ནེ་དཔལ་ཁོ་ལ་མི་ཀུན་སྨོན་ནེ་པར་ཡོད་ཙ་ན། ཁོང་སྡུག་འཁུན་ཤོར་བ་གཞན་གྱིས་ཁྱོད་ལས་སྐྱིད་པ་མེད་པ་ལ། ཅི་ལ་འཁུན་དྲིས་པས། ཁོ་ན་རེ་མི་ཀུན་སྐྱིད་དུ་ཚོར་ཙམ་ན་མི་རུང་། ང་སྐྱིད་པ་ཞིག་བྱུང་བས་ད་མི་རུང་གིས་དོགས་ཟེར་སྐད། དེས་ན་སྐྱིད་པ་དེ་ཡང་སྡུག་བསྔལ་དུ་སོང་ན་སྡུག་པ་ཀུན་ལ་སྨོས་ཅི་དགོས། དེས་ན་ལྷ་དང་མིའི་གནས་ན་བདེ་བ་མེད་ན་ངན་སོང་གསུམ་སྨོས་ཅི་དགོས། དེས་ན་ཁམས་གསུམ་འཁོར་བ་འདི་ནས་མ་ཐར་ཕྱིན། མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་
མ་གཏོགས་བདེ་བའི་གོ་སྐབས་མེད། འཁོར་བའི་ཕུན་ཚོགས་འདི་ཐམས་ཅད་ཀྱང་སྡུག་བསྔལ་བསྐྱེད་པའི་རྒྱུ་འབའ་ཞིག་ཡིན། སྡུག་བསྔལ་ལ་བདེ་བར་འཛིན་མི་རུང་། སྡུག་བསྔལ་སྡུག་བསྔལ་དུ་ངོ་ཤེས་དགོས། ཕྱེ་མ་ལེབ་ཀྱིས་མར་མེ་ལྷ་ཁང་དུ་མཐོང་ནས་དེར་དགའ་དགའ་འདྲ་བར་སྙེགས་པས་མེ་ལྕེས་ཚིག་ནས་མར་ཁུར་ལྷུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་བདེ་བར་མཐོང་ཞིང་ཆགས་པས་འཁོར་བའི་ནང་དུ་ལྷུང་ནས་སྡུག་བསྔལ་མྱོང་། གླང་པོ་ཆེ་རེག་བྱ་ལ་དགའ་བས་ཁོའི་ལུས་ལ་དལ་བུས་ཕྲུག་ཚེ་དགའ་ནས་ཅོག་གེ་སྡོད་པ་ལ་སྤྱི་བོར་ལྕགས་ཀྱུ་བཏབ་ནས་གང་འདོད་དུ་ཁྲིད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱང་རེག་བྱ་ལ་དགའ་དགའ་ན་སྡུག་བསྔལ་གྱི་ལྕགས་ཀྱུས་འཛིན། བུང་བ་མི་གཙང་དྲི་ལ་དགའ་སྟེ་འཁོར་ནས་མི་གཙང་བའི་འདམ་རྫབ་ཏུ་ལྟུང་ཞིང་བྱ་བྱིས་ཀྱིས་འཁྱེར། དེ་བཞིན་དུ་འོ་སྐོལ་ཡང་འདོད་པའི་དྲི་མ་ལ་འཁོར་འཁོར་ནས་ཉོན་མོངས་པའི་འདམ་དུ་བྱིང་ཞིང་ལས་ངན་བདུད་ཀྱིས་འཁྱེར། ལྷོའི་རི་དྭགས་གསོད་པ་ཀུན་གྱིས་ནགས་གསེབ་ཏུ་ཡིབ་ནས།
གླིང་བུ་སོགས་སྒྲ་སྙན་བརྡུངས་པས། རི་དྭགས་སྒྲ་ལ་དགའ་བས་དེ་ཕྱོགས་སུ་ཉན་དུ་འོང་ཚེ་ཕག་ནས་མདའ་རྒྱབ་ནས་གསོད། དེ་བཞིན་དུ་འོ་སྐོལ་ཀྱང་ཚེ་འདིའི་སྙན་གྲགས་ཀྱི་རྗེས་སུ་འབྲངས་ན་ཆགས་སྡང་གི་རྔོན་པས་གསོད་པར་འགྱུར། སྔོན་མི་ཚང་ཞིག་གི་སྒོར་བུ་མོ་གཟུགས་མཛེས་པ་ཞིག་འོང་བ་ཁྱོད་ཀྱི་མིང་ལ་ཅི་ཟེར་ཡོན་ཏན་ཅི་ཡོད་དྲིས་པས། མིང་ལ་བཀྲ་ཤིས་ལྷ་མོ་ཟེར། ཡོན་ཏན་ནི་འདོད་དགུ་བྱིན་ནས་གར་སྡད་སར་བཀྲ་ཤིས་པར་བྱེད་ཟེར་བ་ནང་དུ་བཞག་ཚེ། ཕྱི་དྲོ་བུད་མེད་མདོག་མི་སྡུག་པ་ཞིག་བྱུང་བ། མིང་ལ་ཅི་ཟེར་ཡོན་ཏན་ཅི་ཡོད་དྲིས་པས། མིང་ལ་བྱུར་སྣ་ནག་མོ་ཟེར། ཡོན་ཏན་ཅི་ཡང་མེད་གར་བསྡད་སར་མི་འདོད་སྣ་དགུ་པོ་བཏང་ནས་བཀྲ་མི་ཤིས་པ་བྱེད་ཟེར། དེ་ཡིན་ན་འདིར་མ་སྡོད་ངའི་ནང་ན་བཀྲ་ཤིས་ལྷ་མོ་ཡོད་པ་ལ་གནོད། ད་ལྟ་རང་སོང་སྨྲས་པས། མོ་ན་རེ་ཧེ་ཧེ་བཀྲ་ཤིས་ལྷ་མོ་དང་ངེད་གཉིས་སྤུན་ཡིན་དེ་སྡོད་དགོས་ན་ང་ཡང་སྡོད་དགོས། ང་འགྲོ་ན་དེ་ཡང་འགྲོ་དགོས་ཟེར་བ། ནང་དུ་འོང་ནས་བཀྲ་ཤིས་ལྷ་མོ་ལ་དྲིས་པས་དེ་བདེན་ཟེར། དེ་ཡིན་ན་
གཉིས་ཀ་མི་དགོས་སོང་ཞེས་བཏང་བས་མི་ཚང་དེ་ལ་སྐྱིད་པོ་བྱུང་། ཡང་མི་ཚང་ཞིག་གི་སྒོར་ཕྱིན་པས་སྔར་ལྟར་དྲིས་པས་གཉིས་ཀ་བཞག་པས། སྔ་དྲོ་བཀྲ་ཤིས་ལྷ་མོས་མི་ནོར་ཟས་གསུམ་འཛོམ་པོ་བྱས་ནས་བཀྲ་ཤིས་པ་བྱས་ན། ཕྱི་དྲོ་བྱུར་སྣ་ནག་མོས་ན་ཚ་ཤི་ཆད་གོད་ཁ་སོགས་མི་འདོད་པ་བཏང་ནས་མི་ཚང་དེ་ལ་བདེ་བའི་གོ་སྐབས་མ་བྱུང་སྐད། དེ་བཞིན་དུ་བདེ་སྐྱིད་སྙན་གསུམ་འཛོམ་པ་ཞིག་ལ་སྡིག་སྡུག་གཏམ་ངན་གསུམ་ཡང་རྒྱུན་མི་འཆད་པས། འཁོར་བའི་ཕུན་ཚོགས་འདི་བློས་མ་བཏང་ཕྱིན་ཆད་འདི་ལ་བརྟེན་ནས་མི་འདོད་པ་ཐམས་ཅད་འབྱུང་། སྔོན་སངས་རྒྱས་འཁོར་བཅས་བྱོན་པའི་ལམ་ཞིག་ན་གསེར་ཞིག་ཡོད་པ་གཟིགས་ནས་འདི་ན་དུག་དྲག་པོ་ཞིག་འདུག་གསུངས་བསྐོར་ནས་བྱོན་པ་མི་ཞིག་གིས་གོ་ནས་བལྟས་པས། གསེར་ཡིན་ཚེ་བླངས་ནས་འོང་། རྒྱལ་པོས་མ་ཚོར་བ་བྱས་ལྐོག་ནས་ལོངས་སྤྱད་པས། ཕྱིས་རྒྱལ་པོ་གསལ་རྒྱལ་གྱིས་ཚོར་ནས་བཟུང་བཙོན་རར་བཅུག་དེའི་ཚེ་ཁོས་དུག་དྲག་པོ་དུག་དྲག་པོ་ཞེས་སྨྲས་པས། དེ་ཅི་ཡིན་དྲིས་པས་སངས་རྒྱས་འཁོར་བཅས་ཀྱིས་གསུངས་ཚུལ་བཤད་པས་
རྒྱལ་པོས་ཁྱོད་སངས་རྒྱས་ལ་དད་པ་ཡོད་དམ་བྱས་པས། ཡོད་བྱས་པས་མ་བསད་པར་བཏང་། དེས་ན་འདོད་ཡོན་ལོངས་སྤྱོད་འདི་དུག་དང་འདྲ་བས་རེག་ཚད་ཕུང་བར་འགྱུར། སྔོན་རོང་གི་ཆུའི་ཚུར་ཁར་སྲེ་མོང་ཞིག་གིས་གོང་མོའི་སྐེ་ལ་འཆང་བས། དེར་གོང་མོ་འཕུར་ནས་ཆུ་ཡི་ཕ་ཁར་སོང་བས། སྲེ་མོང་ན་རེ། གོང་མོ་འབྲི་སྐམ་འདྲ་བ་སོད་ལགས་ཏེ། །ཕ་ཡུལ་མེས་བཙན་གཅིག་དང་གཏན་བྲལ་བྱས། །ཟེར་རོ། །དེ་བཞིན་དུ་འོ་སྐོལ་རྣམས་ཀྱང་སྲེད་པའི་དབང་གིས་འདོད་ཡོན་ལ་མྱོང་སྟེ། མཐོ་རིས་ཐར་པ་གཏན་བྲལ་བྱས། སྔོན་དེད་དཔོན་ཆེན་པོ་སིངྒ་ལས་ཚོང་པ་མང་པོ་ཁྲིད་ནས། རྒྱ་མཚོར་ནོར་བུ་རིན་པོ་ཆེ་འདོན་དུ་ཕྱིན་དུས་མི་འདོད་པའི་རླུང་གིས་བསྐྱོད་ནས་སྲིན་མོའི་གླིང་དུ་བསྐྱལ་བས་དེར་ཚོང་པ་རྣམས་ཀྱིས་བུད་མེད་གཟུགས་མཛེས་པ་ལྷ་མོ་འདྲ་བ་མང་པོ་ཡོད་པ་མཐོང་ནས་སྲིན་མོ་ཡིན་པར་མ་ཤེས་བུད་མེད་རང་ཡིན་སྙམ་ནས། བཟའ་མིར་བྱས་ནས་ཡོད་དུས་བུད་མེད་རྣམས་ན་རེ། ཁྱེད་རྣམས་ལྷོའི་ལམ་དུ་མ་འགྲོ་ཞིག་ཟེར། སིངྒ་ལས་དེ་ན་ཅི་ཡོད་དམ་སྙམ་གཞན་དག་
གཉིད་ལོག་པ་དང་སོང་བས་དེ་ན་ལྕགས་མཁར་སྒོ་མེད་ཅིག་འདུག་དེའི་རྩ་ན་ཤིང་སྡོང་རིང་པོ་ཞིག་འདུག་པར་འཛེགས་ནས་བལྟས་པས། ནང་ན་འཛམ་བུ་གླིང་གི་ཚོང་པ་མང་པོས་བུ་དང་བུ་མོ་ཨ་ཕ་ཨ་མ་ཟེར་སྨྲེ་སྔགས་འདོན་གྱིན་འདུག་པ་ཁྱེད་རྣམས་སུ་ཡིན་བྱས་པས། འཛམ་གླིང་གི་ཚོང་པ་ཡིན་ཏེ་མི་འདོད་པའི་རླུང་གིས་སྲིན་མོའི་གླིང་འདིར་བསྐྱལ། སྲིན་མོ་དང་བཟའ་མི་བྱས་ནས་སྐྱིད་རབ་ཡོད་ཙ་ན། ཚོང་པ་ཕྱི་མ་ཁྱེད་རྣམས་བྱུང་བ་དང་འདིར་བཅུག་སྟེ། ད་རེ་རེ་ནས་བསད་ཅིང་ཟའོ་ཟེར། འོ་ན་མི་འབྲོས་སམ་བྱས་པས་འབྲོས་ཐབས་མེད་ཟེར། འོ་ན་ངེད་རྣམས་ལ་འབྲོས་ཐབས་ཡོད་དམ་དྲིས་པས། ཐབས་གཅིག་ཡོད་དེ། ཟླ་བ་འདིའི་བཅོ་ལྔའི་ཉིན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་བྱ་བ་གཅིག་མ་བཏབ་པའི་འབྲས་ས་ལུའི་ལྗང་བ་ཟོས་ཏེ་གསེར་གྱི་བྱེ་མ་ལ་འགྲེ་ལྡོག་ལན་གསུམ་བྱས་ནས་མགོ འཕང་བསྟོད་དེ། འཛམ་བུའི་གླིང་དུ་འགྲོ་འདོད་པ་སུ་ཡོད་ཟེར་ནས་ལན་གསུམ་སྒྲ་འབྱིན་དུ་འོང་དེ་ལ་ངེད་འགྲོ་ཞེས་དྲུང་དུ་སོང་ནས་འཇུས་ན་ཐར་རོ་ཟེར། དེར་དེད་དཔོན་སིངྒ་ལས་གནས་དབེན་པ་ཞིག་ཏུ་ཚོང་པ་རྣམས་
བསགས་ནས་སྔར་གྱི་ལོ་རྒྱུས་རྣམས་བརྗོད་པ་དང་། ཚོང་པ་རྣམས་རེ་རེ་ཞིང་ཡིད་བྱུང་ནས་ཐམས་ཅད་སྡུག་བསྔལ་བར་གྱུར་པ་དང་། ཟླ་བ་དེའི་བཅོ་ལྔ་ལ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་སྔར་ཟེར་བ་བཞིན་འོང་བ་དང་། ངེད་འགྲོ་བྱས་དྲུང་དུ་ཕྱིན་པ་དང་། རྟ་དེ་ན་རེ་ཤེས་ལྡན་དག་བུད་མེད་དེ་རྣམས་གཟུགས་བཟང་ཞིང་མཛེས་པ་དག་བྱས་ནས་བུ་བུ་མོ་རྣམས་ཁྲིད་དེ། གདུངས་བའི་སྐད་སྣ་ཚོགས་ཀྱིས་འབོད་དུ་འོང་བས། དེ་རྣམས་ལ་ཕྱི་མིག་མ་བལྟས་ན་ངའི་སྤུ་ཉག་མ་རེ་རེ་ལ་ཟིན་པས་ཆོག །བལྟས་ན་ངའི་ཟེ་བ་ལ་ཞོན་ཡང་ལྷུང་འགྲོ་གསུངས། ཚོང་པ་རྣམས་ཀྱིས་ཇི་སྐད་གསུངས་པ་དེ་ལྟར་བྱས་ནས་རྟ་དེ་ནམ་མཁའ་ལ་འཕུར་ནས་སོང་བའི་ཚེ། སྲིན་མོ་རྣམས་ཀྱིས་བུ་བུ་མོ་རྣམས་ཁྲིད་རྒྱ་མཚོའི་འགྲམ་དུ་འོང་མི་སྡུག་པའི་རྒྱལ་མཚན་བྱ་བ་གཡབ་འོ་དོད་བོས་ནས་ཁྲེལ་མེད་རྣམས་ངེད་རྣམས་དང་བུ་བུ་མོ་འདི་ཚོ་བསྐྱུར་ནས་འགྲོ་ཕོད་དམ། གལ་ཏེ་འགྲོ་ཡང་ཕྱི་མིག་ཙམ་ཡང་མི་ལྟའམ་བྱས་འདོད་པའི་སྨྲེ་སྔགས་དུ་མ་བཏོན་པས་དེ་ཐོས་ཚེ་འགའ་ཞིག་གིས་སྔར་གྱི་བསླབ་བྱ་བྱས་པ་བརྗེད་ནས་ཆགས་
པའི་དབང་གིས་ཕྱི་མིག་བལྟས་པས་མང་པོ་ས་ལ་མར་ལྷུང་བ་སྲིན་མོ་རྣམས་ཀྱིས་གསོན་སྙིང་ལ་དམར་འདོན་བྱས་ཤ་ཟོས་ཁྲག་གི་ཐིག་པ་རྣམས་ཀྱང་བལྡགས་སོ། །མིག་མ་བལྟས་པ་རྣམས་ལྷོ་འཛམ་བུ་གླིང་གི་རང་རང་གི་གནས་སུ་ཐར་བ་བྱུང་། དེ་བཞིན་དུ་འཁོར་བ་འདི་སྲིན་མོའི་གླིང་དང་འདྲ། ཆུང་མ་དང་བུ་བུ་མོ་རྣམས་སྲིན་མོ་མ་བུ་དང་འདྲ། དེ་ལ་ཞེན་ཅིང་ཆགས་པ་རྣམས་ཕྱི་མིག་བལྟས་པ་དང་འདྲ། འཁོར་བའི་སྡུག་བསྔལ་སྤྱི་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་རྣམས་མྱོང་བ་མི་ལྷུང་བ་རྣམས་སྲིན་མོ་རྣམས་ཀྱིས་བསད་ནས་ཤ་ཟོས་ཁྲག་བལྡགས་པ་དང་འདྲ། བླ་མ་དགེ་བའི་བཤེས་གཉེན་དེད་དཔོན་སིངྒ་ལ་དང་འདྲ། བསླབ་པ་གསུམ་རྟ་སྤྲིན་གྱི་ཤུགས་ཅན་དང་འདྲ། མ་ཆགས་མ་ཞེན་པ་ཕྱི་མིག་མ་བལྟས་པ་དང་འདྲ། བདེ་ཆེན་ཐར་པའི་གོ་འཕང་ནི་ལྷོ་འཛམ་བུ་གླིང་དུ་ཕྱིན་པ་དང་འདྲ་སྟེ། དེས་ན་ད་རེས་འཁོར་བ་འདི་ན་བདེ་བའི་གོ་སྐབས་མེད་ཚུལ་བསམས་ནས། གང་ལའང་མ་ཆགས་པར་ལམ་བསླབ་པ་གསུམ་ལ་བརྟེན་ནས་བདེ་ཆེན་ཐར་པའི་གོ་འཕང་སྙོགས་དགོས། སྔོན་དགེ་སློང་ཞིག་ལྷུང་བཟེད་
བཟང་པོ་ཞིག་ཡོད་པ་ལ་ཆགས་ནས་འཆི་ཁར་རིམ་གྲོ་བ་ལ་ཁྱེར་ཤོག་བྱས་པས་དེས་མ་བྱིན་པ་དང་ངན་སེམས་སྐྱེས། ལྷུང་བཟེད་ལ་ཆགས་ནས་ཤི་བས་ལྷུང་བཟེད་ནང་དུ་སྦྲུལ་ཞིག་ཏུ་སྐྱེས། དུར་ཁྲོད་ནས་རོ་བསྲེག་དུས་སངས་རྒྱས་ཀྱིས་ལྷུང་བཟེད་ནས་སྦྲུལ་བཏོན་པས་ནགས་ཤིག་ཏུ་སོང་། ཁྲོས་པའི་ཁ་ནས་མེ་འབར་ནགས་ཚིག་པས་སྦྲུལ་ཡང་ཚིག་ནས་ཤི་བས་སྐད་ཅིག་མ་ལ་དམྱལ་བར་སྐྱེས་ནས་ལུས་མེས་བསྲེགས་དུས་གཅིག་ལ་མེ་གསུམ་འབར་བར་གྱུར། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྲེད་པ་ཐམས་ཅད་ལ་སྐྲག་པར་གྱིས་ཤིག །སྲེད་པས་ཡོ་བྱད་ཀྱི་ཕྱིར་ངན་སེམས་སྐྱེས་པས། ནགས་འཐུག་པོར་ཁྲོས་པའི་མེ་དང་། སེམས་ཅན་དམྱལ་བའི་མེ་དང་། དུར་ཁྲོད་དུ་མེ་ཕལ་པས་བསྲེགས་པ་ཐམས་ཅད་ལ་ཡིད་དབྱུང་བར་བྱའོ། །དེ་བས་དགེ་སློང་གི་ཡོ་བྱད་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱ་སྟེ། གང་སྐྱེས་པ་དེ་ཡོངས་སུ་སྤང་བར་བྱའོ། །མ་སྤང་ན་འགལ་ཚབ་ཅན་དུ་འགྱུར་རོ་གསུངས། ཡང་སྔོན་དགེ་སློང་ཞིག་ལ་གཡུ་ལེགས་པོ་ཞིག་ཡོད་པ་ཤི་ནས་སྔར་རྒྱུས་ཡོད་
པའི་དགེ་སློང་རྣམས་ཀྱིས་བཙལ་བས་མ་རྙེད་པས། དགེ་སློང་གཅིག་ན་རེ་ཁོ་བོ་མ་ཤི་གོང་དུ་ཡང་གཡུ་དེ་ལ་ཆགས་ཞེན་ཆེ་བས་འདིའི་མགོ་ཡང་ཆུ་སྐོར་ཕྱོགས་སུ་བསྟན་འདུག་པས་ཆུ་རྩ་དེ་རུ་ཚོལ་དང་སྦས་འདྲ་ཡོད་དམ་ཟེར་བཙལ་བས་སྦལ་པ་ཞིག་གིས་རྐང་ལག་འོག་ཏུ་མནན་འདུག་པ་མཐོང་བས་ཀུན་གྱིས་ལེན་པར་བརྩམས་པས་མ་ལོན། སྦལ་པ་གན་རྐྱལ་དུ་བསྒྱེལ་ནས་སྟེང་དུ་ཆུ་ཚན་བླུགས་པས་ཚ་ནས་གཡུ་བཏང་སྐད། སྔོན་འབྲས་སྤུང་གི་གྲྭ་པ་ཞིག་ལ་དངུལ་མང་པོ་ཡོད་པ་ལ་འཆི་ཁར་ཆགས་ནས་གཞན་ལ་སྟེར་མ་ཕོད་པར་ཁང་པའི་རྩིག་གསེབ་ཏུ་སྦས་ནས་ཤི་བས་སྡོམ་ཞིག་ཏུ་སྐྱེས་ནས་དངུལ་གྱི་སྟེང་དུ་ཕར་འགྲོ་ཚུར་འགྲོ་བྱས་པས་དངུལ་སིལ་སིལ་བྱེད་པའི་སྒྲ་གཤག་རོགས་གཉིས་ཀྱིས་ཚོར་ནས་བཙལ་བས་རྙེད་དེ་དངུལ་སྡོམ་དང་བཅས་ར་སྟོད་རིན་པོ་ཆེའི་སྐུ་མདུན་དུ་ཁྱེར་སྐད། ཡང་སྔོན་དགེ་སློང་ཞིག་ཆོས་གོས་ཤིག་ཡོད་པར་ཆགས་ནས་སྦྲུལ་ཞིག་ཏུ་སྐྱེས་ནས་ཆོས་གོས་གསེབ་ཏུ་འཁྱིལ་ནས་སྡོད་པ་བྱུང་། ཡང་སྔོན་བུད་མེད་གཟུགས་བྱད་མཛེས་པ་ཞིག་འཆི་ཁར་རང་གི་གཟུགས་ལ་ཆགས་ནས་སྦྲུལ་ཞིག་
ཏུ་སྐྱེས་རོ་དེའི་ཁ་ནས་ཞུགས་སྣ་ནས་འཐོན་པ་སོགས་བྱས་པ་བྱུང་། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་འཁོར་བའི་ཕུན་ཚོགས་རྣམས་སྡུག་བསྔལ་གྱི་རྒྱུ་རུ་མ་ཤེས་པར་བདེ་བར་བཟུང་ནས་ཞེན་ཅིང་ཆགས་ན་སླར་ཁམས་གསུམ་འཁོར་བར་འཁྱམས་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བས། གང་ལ་ཡང་མ་ཆགས་པ་བྱེད་དགོས། སྔོན་དགེ་སློང་འཆར་ཀ་གཏུམ་མོའི་མནའ་མའི་ཁྱིམ་དུ་སོང་མི་ཚངས་སྤྱོད་ཀྱི་ཉེས་དམིགས་གསུངས་པས། མནའ་མའི་བསམ་པ་ལ་འདིས་ངའི་རྐུན་མའི་དམག་དཔོན་དང་ལྷན་དུ་མི་ཚངས་སྤྱད་པ་ཤེས་འདུག་མ་བསད་ན་གཞན་ལ་བཤད་ན་མི་རུང་སྙམ། ཉེས་པ་མེད་བཞིན་དུ་དགེ་སློང་འཆར་ཀ་རྐུན་མའི་དམག་དཔོན་ལ་གསོད་དུ་བཅུག་ནས་ཕུང་པོ་ཕྱག་བདར་ཁྲོད་དུ་སྦས་སོ། །དེའི་ཆད་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས། བུད་མེད་དེ་རྟིའུ་དམུ་རྒོད་ཀྱི་རྐང་ལག་ལ་བཏགས་ནས་གསོད་དུ་བཅུག །དམག་དཔོན་དེ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་ནས་མེ་ལ་བསྲེགས། དེ་ཡི་གྲོགས་གཡོ་ཅན་ལྔ་བརྒྱ་ཡོད་པ་བཟུང་ནས་རྐང་ལག་བཅད་དོ། །སྔོན་དྲང་སྲོང་བཟོད་
པར་སྨྲ་བའི་དྲུང་དུ་རྒྱལ་པོ་འཐབ་མོ་སྐྱེས་ཀྱི་བཙུན་མོ་འོང་བ་ལ་ཆོས་བཤད་པ་ཡིན་ཀྱང་། རྒྱལ་པོ་ངན་སེམས་སྐྱེས་དྲང་སྲོང་གི་རྐང་ལག་ཐམས་ཅད་བཅད། སྔོན་དྲང་སྲོང་ཞིག་གིས་རྒྱལ་པོ་ཞིག་གི་བླ་མཆོད་བྱས། བཙུན་མོ་བཞི་ཡོད་པ་སྐབས་སྐབས་སྐུ་མདུན་དུ་འོང་ས་ནས་ཆོས་ཞུས་པ་ཡིན་ཀྱང་། གཞན་གྱིས་ཕྲ་མ་བཅུག་པས། རྒྱལ་པོ་ཁྲོས་ནས་དྲང་སྲོང་ཆེན་པོ་དེ་མེ་ལ་བསྲེགས་པས། བཙུན་མོ་བཞིས་ཀྱང་བླ་མཆོད་མེས་ཚིག་ཚེ་སེམས་ཀྱི་མ་བཟོད་པར་མེ་ནང་དུ་མཆོངས་ནས་ཚིག །སྔོན་དགེ་སློང་དཔལ་བྱིན་གྱིས། ཚོང་དཔོན་གྱི་བུ་མོའི་ཁྱིམ་དུ་བསོད་སྙོམས་སུ་ཡང་ཡང་ཕྱིན་ནས་བུ་མོ་ལ་ཆོས་བཤད་པས། སྐབས་ཤིག་འདོད་ཆགས་སྐྱེས་བུ་མོ་དང་ལྷན་དུ་བསྡད། བུ་མོའི་ཁྱོ་གའི་རྒྱུ་ཚོང་དཔོན་གཞན་གྱིས་བུ་ཞིག་ཡོད་པ་ཡང་དུག་བཏང་ནས་བསད་དེ་ཕུང་ཚབས་ཆེན་པོ་བྱུང་། སྔོན་སློབ་དཔོན་རིན་པོ་ཆེ་ཡང་ལྷ་ལྕམ་ལ་བསྟེན་ནས་རྒྱལ་པོས་གསོན་བསྲེགས་བྱས། ལྷ་ལྕམ་མནྡྷ་ར་བ་བཙོན་དོང་དུ་བསྐྱུར་ནས་སྡུག་བསྔལ་བ་བྱུང་། སྔོན་ཨ་རིག་གི་དགེ་སློང་ཞིག་མི་ཚང་ཞིག་གི་ཨ་མཆོད་བྱས་བསྡད་པའི་སྐབས་
ཤིག་ཁྱིམ་བདག་གི་བུད་མེད་དང་ལྷན་དུ་བསྡད་ངན་སེམས་སྐྱེས་ནས་ཁྱོ་ག་ལུང་སྟོང་ཞིག་ཏུ་ཁྲིད་ནས་མགོ་ལ་སཏྭ་རི་བརྒྱབ་པས་མ་ཕོག་པར་ཤོར་སོང་བས་ཁོ་ཡང་གཞན་གྱིས་གསོད་སྙམ་ཡུལ་ཐོན་ནས་བྲོས་སྐད། སྔོན་རེ་ཀོང་ཕྱོགས་ཀྱི་མི་གཞོན་གཉིས་ཀྱིས་བུ་མོ་ཞིག་ཕྱིར་བརྩད་ནས་གྲི་རིང་པོ་ཐོགས་ནས་གཙབ་རེས་བྱས་གཉིས་ཀའི་ལུས་ཀུན་ཚལ་བ་མང་པོ་བཏང་ཡན་ལག་ཕལ་ཆེར་ཡང་ཆད་ནས་ས་ལ་ལྷུང་གཉིས་ཀ་མཐར་འགྱེལ་ནས་ཤི་ཡོད་སྐད། གཞན་ཡང་དེ་བཞིན་དུ་བུད་མེད་ལ་བསྟེན་ནས་རང་གཞན་གཉིས་ཀ་འཕུང་ལ་བཏང་པས་གཏམ་རྒྱུད་དེ་འདྲ་གྲངས་མང་། སྔོན་སློབ་དཔོན་བཻ་རོ་ཙ་ན་ལ། བཙུན་མོ་དམར་རྒྱན་མས་འཇུས་ཚེ། ངས་ཕྱི་སྒོ་བཅད་ནས་འོང་ཞེས་པས་བཏང་ཚེ། སྒོར་ཐོན་ནས་བྲོས་ཏེ། བུད་མེད་ཟེར་བ་བཙན་དུག་ཧ་ལ་འདྲ། །སེམས་ཅན་གང་གིས་ཟོས་ཀྱང་འཆི་བ་ཡིན། སོགས་མགུར་གསུངས་པ་ལྟར་འོ་སྐོལ་རྣམས་ཀྱང་བུད་མེད་ལ་འབྲོས་དགོས། སྔོན་རྗེ་བཙུན་མི་ལ་རས་པ་འདོད་ཆགས་ཡོད་མེད་ཀྱི་ཉམས་ཚད་ཕྱིར་བུ་མོ་འགའ་བྱུང་ནས། འོ་བྱས་རྡོ་རྗེ་
མཉེས་ཚེ་སླར་རྡོ་རྗེ་གསང་བའི་སྦུབས་སུ་ནུབ་སོང་ཞེས་བླ་མ་ཞང་གིས་མཛད་པའི་རྗེ་བཙུན་གྱི་རྣམ་ཐར་ནས་གསུངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཆགས་སེམས་ཀྱིས་བུད་མེད་བསྟེན་ན་ཚེ་འདི་ཕྱི་གཉིས་ཀ་ཕུང་ཚུལ་གྱི་ཉེས་དམིགས་རྣམས་བསམས་ནས། ལྷའི་བུ་མོ་མཐོང་ཡང་འདོད་པ་མི་སྐྱེ་བ་ཞིག་བྱ་དགོས། སྔོན་སོག་ཕྱོགས་ཀྱི་ཨ་ཀ་མེ་རིན་བྱ་བ་རྟ་ནོར་ལུག་གསུམ་འཛོམ་པ་ཇག་པས་ཐོས་ནས། ཉིན་གཅིག་ཇག་པ་མང་པོ་བྱུང་རྟ་དེད་པས་བུ་གཉིས་ར་མདར་ཕྱིན་པའི་ཕར་ལ་ཡང་ཇག་པ་མང་པོར་མདུང་རྒྱབ་ཚུར་ལ་བུ་གཅིག་བསད་གཅིག་རྨས་ནས་ས་ལ་འགྱེལ་བ་ཡུལ་དུ་ཁྱེར་ནས་ཤི། བུ་རྟ་ཀུན་ཉིན་གཅིག་ལ་མེད་པར་སོང་ཚེ་ཕ་སོགས་གཉེན་ཉེ་བ་ཀུན་མྱ་ངན་གྱིས་འཆི་ཚད་པ་བྱུང་། ཡང་རབ་ཆད་རྒན་རྒོན་གཉིས་ལ་ཡང་རྟ་ཕོ་མོ་སུམ་ཅུ་ཙམ་དང་ལུག་བཞི་བརྒྱ་ཙམ་ཡོད་པ་ཇག་པས་ཐོས་ནས་འོང་རྟ་དེད་ཚེ་རྒད་པོ་ར་མདར་རྒྱུག་པའི་རྒྱབ་ནས། རྡོ་ཆེན་པོ་བརྒྱབས་པས་ས་ལ་ཁ་སྦུབ་ཏུ་འགྱེལ། རྒན་མོས་མྱ་ངན་གྱི་སྐད་ཆེན་པོ་བཏོན་པ་གཞན་གྱིས་ཚོར་གྱི་དོགས་ནས་ཁ་ནང་དུ་ལྕི་བ་བརྫངས་ནས་འཆི་ཚད་པ་
བྱས་རྟ་ཀུན་དེད། ཕྱིས་སླར་འོངས་ནས་ལུག་ཀྱང་ཁྱེར་ཏེ། རྒན་རྒོན་གཉིས་ཀ་མྱ་ངན་གྱིས་ཡིད་གདུངས་བཞིན་ཤི། ཡང་ཞབས་དྲུང་ཕྱོགས་ཀྱི་མ་གཅིག་ལ་བུ་བུ་མོ་བཞི་ཡོད་པ་ཚད་པའི་ནད་ཀྱིས་སྡེབས་གཅིག་ལ་ཤི་བས། མ་ཡང་མྱ་ངན་གྱིས་གཟིར་ནས་སྡོད་མ་ཟུག་པར་ཆུ་ལ་མཆོངས་སྐད། དབུས་ཕྱོགས་ཀྱི་ཕ་གཅིག་ལ་བུ་སྙིང་དང་འདྲ་བ་ཞིག་ཡོད་པ་གློ་བུར་དུ་ནད་ཅིག་བྱུང་། འཆི་བར་ཐག་ཆོད་ཚེ་ཕ་ཡིས་མ་བཟོད་པར། དུག་འཐུང་ནས་བུ་ཡི་སྔོན་དུ་ཤི། རྒན་རྒོན་བཟའ་མི་གཉིས་ལ་བུ་གཅིག་ཡོད་པ་ཤི་བས། མྱ་ངན་གྱིས་མའི་མིག་ལོང་། ཕའི་ཤ་ཞུ་པགས་པ་སྐམ་ནས་ཤི་སྐད། ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་རྒན་ཕྱུག་པོ་མང་པོ་ཡོད་པའི་ནང་ནས་གྲྭ་པ་ཞིག་ངན་སེམས་སྐྱེས། མཚན་མོ་མི་སྐྱའི་ཆས་སྤྲད་ནས་སོང་། གྲྭ་རྒན་བདུན་བརྒྱད་ཙམ་ཞིག་རྨ་མེད་པ་བྱས་བསད་ནས་ནོར་རྣམས་ཁྱེར། ཡང་ཡུལ་རེ་ཀོང་གི་ཞོ་འོང་དང་གླེང་རྒྱ་ཟེར་བའི་སྡེ་ཆེན་པོ་གཉིས་ཀྱིས་ལམ་ཞིག་བརྩད་ནས་འཁྲུགས་ཏེ་མི་མགོ་ཉི་ཤུ་རྩ་བདུན་བསད། ཡང་གྲྭ་པ་ཞིག་དང་མི་སྐྱ་གཉིས་ཀྱིས་རས་ཁ་གང་
བརྩད་ནས། གྲྭ་པ་ལ་མི་སྐྱས་གྲི་བཏང་ནས་རྒྱུ་མ་བླུགས་ནས་ཤི་བ་བྱུང་། ཡང་སྔོན་མུ་གེ་ཆེན་པོ་ཞིག་བྱུང་དུས་མི་གཅིག་གིས་ལུས་ཀྱི་གོན་པའི་ནང་དུ་གཡག་གི་སྣ་ལ་རྒྱག་རྒྱུའི་ཤིང་གི་སྣ་གཅུ་བཅུག་ཡོད་པ། གཞན་ཞིག་གིས་ཁ་ཟས་ཞིག་ཡིན་སྙམ་ནས་བསད་སྐད། ཡང་འབྲས་སྤུང་གི་སྨད་སོག་གྲྭ་པ་ཕྱུག་པོ་ཞིག་ལྷ་སར་ཕྱིན་ནས་ཡར་རྩམ་པ་ཐུམ་ཆུང་ཞིག་རྒྱབ་ཏུ་ཁྱེར་འོང་བ་གཞན་གྲྭ་པ་ཞིག་གིས་མཐོང་ནས་དངུལ་ཡིན་སྙམ་ནས་མགོ་ལ་རྡོ་བརྒྱབས་ནས་བསད། ཡང་མི་ངན་ཞིག་གིས་མི་གཅིག་བསད་ནས་མི་འདིའི་ལག་ན་དངུལ་ཁ་གང་ལས་གཞན་གང་ཡང་མི་འདུག་ཀྱང་། གཞུང་དགའ་ལྡན་ཕོ་བྲང་གི་ཁྲལ་མ་ཐེག་པར་གསོད་དགོས་བྱུང་ནས་བསད་པ་ཡིན་ཞེས་ཡི་གེ་བྲིས་ནས་རོ་ལ་སྦྱར་ཡོད་སྐད། ཡང་ཡུལ་ཞོ་འོང་གི་མ་གཅིག་ལ་བུ་ཁ་ངན་ཞིག་ཡོད་པས་ཉིན་རེ་བཞིན་མི་ཚང་འདི་བརླག་རྒྱུ་ཡིན་འཕུང་རྒྱུ་ཡིན་ཟེར་ཁ་ངན་པ་མང་པོ་ལབ་པ། མ་དང་མནའ་མ་གཉིས་འཇིགས་ནས། འདི་མ་བསད་ན་ངེད་ཚོའི་ནོར་ཐམས་ཅད་བརླགས་ནས་འཕུང་བར་འདུག་སྙམ་གྲོས་བྱས་མཚན་གཅིག་གསོད་མཁན་མི་གཞན་ཞིག་
ཁྲིད་འོང་ནས། བུ་གཉིད་དུ་སོང་བའི་ཚེ། མ་དང་ཆུང་མས་དཀར་མེ་བཏེག་ནས་བལྟན་ཏེ་མགོ་ལ་སཏྭ་རི་རྣོན་པོ་བརྒྱབས་ནས་བསད་རོ་སྦས་པ། ཤ་ཉེ་རྣམས་ཀྱིས་མཐོང་ནས་གཉིས་ཀའི་རྐང་ལག་བཅད་ནས་ངན་གསོད་བྱེད་སྙམ་པ། གཞན་གྱིས་ངོ་ཆེན་བྱས་གཉིས་ཀ་ཡུལ་བཏོན་པས་ལོ་གཅིག་གཉིས་སོང་ནས་སྡུག་བསྔལ་མྱང་ཚེ་འགྱོད་པ་དྲག་པོ་སྐྱེས་སྐད། དེས་ན་ནོར་གྱི་ཕྱིར་མས་རང་གི་བུ་ཡང་གསོད་ན་གཞན་སྨོས་ཅི་དགོས། ད་ལྟ་བདེ་བ་ལྟར་སྣང་བ་འདི་དག་བདེ་བ་མ་ཡིན་སྡུག་བསྔལ་འབའ་ཞིག་ཡིན་ཏེ། དཔེར་ན་གྲང་བའི་ཚེ་ཉི་མ་ལ་བསྡ་ན་བདེ་བ་ལྟར་སྣང་སྟེ། དེ་བདེ་བ་མ་ཡིན་གྲང་བའི་སྡུག་བསྔལ་འགགས་ནས་ཚ་བའི་སྡུག་བསྔལ་གྱི་འགོ་ཚུགས་པ་ཡིན་ཏེ་སྐབས་དེར་མ་ཚོར་བ་ཡིན་ཡུན་རིང་ན་ཚ་བའི་སྡུག་བསྔལ་ཚོར་ནས་འོང་། ཚ་བའི་དུས་སུ་བསིལ་སར་སོང་ནས་བསྡད་ཚེ་བདེ་བ་ལྟར་སྣང་བ་ཡང་། བདེ་བ་དངོས་མ་ཡིན། སྐབས་དེར་ཚ་བའི་སྡུག་བསྔལ་འགགས་གྲང་བའི་སྡུག་བསྔལ་གྱི་འགོ་ཚུགས་པའི་བར་དེར་བདེ་བའི་མིང་བཏགས་པ་ཡིན། དོན་གྱིས་བདེ་བ་མ་
ཡིན་ཏེ། དེ་ཡིན་ན་བསྡད་ཀྱིན་བདེ་བ་ཆེར་འགྲོ་དགོས་པ་ལ་ཡུན་རིང་བསྡད་ན་གྲང་བའི་སྡུག་བསྔལ་བཟོད་གླགས་མེད་པ་ཡོང་། ཟས་ཟོས་ཚེ་བདེ་བ་ལྟར་སྣང་ཡང་བདེ་བ་མ་ཡིན་རྒྱགས་པའི་སྡུག་བསྔལ་གྱི་འགོ་ཚུགས་པ་ཡིན། དེ་བཞིན་དུ་རྒྱགས་པའི་སྡུག་བསྔལ་ཞི་བའི་ཚེ་བདེ་བ་ལྟར་སྣང་ཡང་བདེ་བ་མ་ཡིན་ལྟོགས་པའི་སྡུག་བསྔལ་གྱི་འགོ་ཚུགས་པ་ཡིན། ལུས་འདི་ཡང་གཞོན་ནུ་ལང་ཚོ་དར་ལ་བབས་ནད་མེད་བདེ་བ་ལྟར་སྣང་ཡང་བདེ་བ་དངོས་མ་ཡིན། ལུས་འདི་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་གཞི་མ་ཡིན་འདི་ལ་བརྟེན་ནས། སྐྱེ་རྒ་ན་འཆི་ཚ་གྲང་བཀྲེས་སྐོམ་ངལ་དུབ་སོགས་ཚེ་འདིའི་སྡུག་བསྔལ་སྐྱེད་པར་བྱེད། ལུས་འདིས་ལྟོ་གོས་ཕྱིར་མི་དགེ་བའི་ལས་བྱས་ནས་ཕྱི་མར་ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཀྱང་རང་གི་སྟེང་དུ་མི་འདོད་བཞིན་དུ་འདྲེན་པར་བྱེད་དེ། རྒྱལ་པོ་སྲོང་བཙན་སྒམ་པོས་དཀོར་ཟས་བསྡུས་ནས་གཉེན་གྲོགས་བསྐྱངས་ན་བསྡུད་མཁན་རྔ་མོང་དུ་སྐྱེས། ཟ་མཁན་རྣམས་རྔ་ཕྲུག་དང་དཀོར་བདག་རྣམས་རྔ་མོང་བདག་པོར་གྱུར་ནས་བཀོལ་སྤྱོད་ཀྱི་ལན་ཆགས་འདེད་དུ་འོང་། གཞན་
ཡང་དེ་འདྲའི་ལན་ཆགས་ཉི་ཁྲི་འདེད་དུ་འོང་གསུངས། སྔོན་དགེ་སློང་དཀོར་ཟ་མཁན་ཞིག་ཤི་ནས་ལུས་རྣག་ཆུ་འདྲ་བ་ཞིག་ཏུ་སྐྱེས་ནས། སྲིན་འབུ་མཆུ་རྣོན་གྱིས་ཟོས་སྡུག་བསྔལ་མ་བཟོད་པར་ནམ་མཁར་འཕགས་ན། ལུས་ནས་མེ་འབར་ནས་སྡུག་བསྔལ་མྱངས། ཡང་དགེ་སློང་ལི་ཏ་ཞེས་བྱ་བ་དགེ་འདུན་པའི་དཀོར་ཟ་མཁན་ཞིག་ཤི་ནས་ཤིང་སྡོང་ལྟ་བུའི་ལུས་སུ་སྐྱེས་ནས་སྲིན་འབུ་མང་པོ་འདུས་ནས་ལུས་ལ་ཟོས། ཡང་བླ་མ་དཀོར་བསྡུད་མཁན་ཞིག་སྡོམ་ཞིག་ཏུ་སྐྱེས་གཞན་དཀོར་གྱི་བུ་ལོན་ཅན་རྣམས་སྲིན་འབུ་མང་པོར་སྐྱེས་ནས་ལུས་ལ་ཟོས། ཡང་སྔོན་དགེ་བསྙེན་མ་གཅིག་གིས་དགེ་སློང་གཅིག་ལ་འབུལ་རྒྱུའི་ཟས་བྲན་མོ་ལ་བསྐུར། དགེ་སློང་ལ་མ་ཕུལ་བར་ལམ་ནས་མོ་ཡིས་ཟོས་པས་ཤི་ནས་རང་ཤ་རང་གི་ཟ་བ་ཞིག་ཏུ་སྐྱེས་པ་དེ་བཞིན་དུ་ཟས་ནོར་ལ་སེར་སྣ་བྱས་པས་ཡི་དྭགས་སུ་སྐྱེ་བ་དང་། ཟས་ནོར་ཕྱིར་སྲོག་གཅོད་སོགས་མི་དགེ་བ་བྱས་པས་དམྱལ་བར་སྐྱེས་པ་བགྲང་གི་མི་ལང་། དེས་ན་འཕགས་པ་རྣམས་ཀྱིས་སྲིད་པའི་རྩེ་མོ་མན་ཆད་མེ་འབར་བ་ལྟ་བུ་སྡུག་བསྔལ་གྱི་རང་
བཞིན་འབའ་ཞིག་ཏུ་གཟིགས་པ་ཡིན་སྐད། སྔོན་གླང་རི་ཐང་པས་ཉིན་གཅིག་བྱིས་པ་ཞིག་གིས་ས་ཁུང་ནང་ཞིག་ཏུ་ཡོས་རྡོག་ཞིག་ཤོར་སོང་བའི་ཕྱིར་དུ་ཁུང་ནང་དུ་ཁ་བལྟས་ནས་ངུས་ངུས་ནས་སྣབས་ལུགས་པ་ཁུང་བུར་སོང་མགོ་བཏེགས་པས་སྣབས་ལ་ཡོས་འབྱར་ནས་འོང་བས་བྱིས་པ་ཁོ་དགའ་བ་མཐོང་ནས་གཅིག་བཞད། ཉིན་གཅིག་མི་གཅིག་ལ་གཅིག་གིས་ཡོས་བྱིན་པ་སྲེད་པའི་དབང་གིས་བར་ན་ཀ་བ་ཡོད་པ་མ་མཐོང་བར་ལག་པ་གཉིས་ཀ་བཟེད་ནས་བླངས་པས་ཀ་བ་ལ་ལག་པ་གཉིས་ཐོགས་ནས་འཁྱེར་མ་ཤེས་པར་ཡུག་གཅིག་ལུས་པ་མཐོང་ནས་གཅིག་བཞད། ཡང་ཁོང་གི་མཎྜལ་སྟེང་ན་གཡུ་གཅིག་ཡོད་པ་བྱི་བ་གཅིག་གིས་འཁྱེར་བར་བརྩམ་པས་མ་ཐེག་ཚེ་གཞན་གྲོགས་བྱི་བ་བཞི་ཁྲིད་ཡོང་། ཁོ་གན་རྐྱལ་དུ་བསྡད་པའི་སྟེང་དུ་གཡུ་བཞག་ནས་གཞན་རྣམས་ཀྱིས་ཕྱོགས་བཞི་བཏེགས་ནས་འཁྱེར་བ་མཐོང་ནས་གཅིག་བཞད། དེ་གསུམ་མ་གཏོགས་གཞན་བཞད་མ་མྱོང་བས་སློབ་མ་གཅིག་གིས་གཞན་གྱིས་ཁྱེད་ལ་གླང་རི་ཐང་པ་ངོ་ནག་ཟེར་བར་གདའ་ཞུས་ཚེ། ཁོང་གི་ཞལ་ནས་འཁོར་བའི་སྡུག་བསྔལ་བསམ་ན་
གདོང་དཀར་པོ་ཞིག་ག་ནས་འོང་ཞེས་གསུངས་སྐད། སྔོན་ལྷོ་བྲག་མར་པས་རྗེ་བཙུན་མི་ལ་ཡུལ་དུ་འབྱོན་ཁར། བུ་ཚེ་འདི་དང་དམ་པའི་ཆོས་གཉིས་བསྲེས་ན་ཆོས་ཤོར་ཟིན་པ་དེ་རང་ཡིན། བུ་ཡིས་འཁོར་བའི་སྡུག་བསྔལ་སོམས། །འཁོར་བའི་རང་བཞིན་འདི་འདྲ་ཞེས། །བདག་གིས་ལྕེ་བརྒྱ་རབ་སྤྲུལ་ནས། །བསྐལ་པ་བྱེ་བ་བསམ་ཡས་སུ། །བཤད་ཀྱང་བརྗོད་ཀྱིས་མི་ལངས་པས། །ངས་བཤད་དམ་ཆོས་ཆུད་མ་གསན། །ཞེས་གསུངས་པ་ཡིན་སྐད། དེས་ན་འཁོར་བའི་སྡུག་བསྔལ་བཤད་ན་བརྗོད་ཀྱིས་མི་ལངས་པས། མདོར་ན་ཁམས་གསུམ་འཁོར་བའི་གནས་འདིར་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད། བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་གྱི་རྒྱུ་སྒྲུབ་པའི་ཐབས་འབའ་ཞིག་ལས་མི་འདུག །དེས་ན་འཁོར་བ་འདི་མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་། འཁོར་བའི་ཕུན་ཚོགས་རྣམས་དུག་དང་འདྲེས་པའི་ཟས། སྤུ་གྲིའི་ཁ་ཡི་སྦྲང་རྩི།
དུག་སྦྲུལ་མགོ་ཡི་ནོར་བུ་ལྟར་རེག་པ་ཙམ་གྱིས་ཀྱང་ཕུང་བར་འགྱུར་བ་ལ་དགོངས་ནས་རྗེས་འཇུག་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསེར་དངུལ་ལ་སོགས་པའི་ནོར་གྱིས་སོག་འཇོག་བྱེད་པ་ཕར་ཞོག་ཐ་ན་རིན་པོ་ཆེ་ལ་ལག་པས་རེག་ཀྱང་མི་རུང་བའི་དགེ་སློང་གི་བཅས་པ་མཛད་པ་ཡིན། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་དེ་དག་གི་ཚུལ་རྣམས་ཞིབ་ཏུ་བསམས་ཏེ་འཁོར་བའི་ཕུན་ཚོགས་ལུས་ལོངས་སྤྱོད་གང་མཐོང་ཚེ། སྐྱུག་ནད་ཅན་ལ་ཟས་བལྟན་པ་ལྟར་མངོན་ཞེན་གཏིང་ནས་ལྡོག་པ་ཞིག་བྱ་དགོས། སྔོན་ཡུལ་ཀོ་ས་ལའི་ཁྱིམ་བདག་དན་བྱི་ལི་ཞེས་བྱ་བ། རིན་ཆེན་སྣ་ལྔའི་ཁང་བཟང་། འདོད་འབྱུང་ནོར་བུ་འོད་འབར། ལྷའི་བུ་མོ་ལས་གཟུགས་མཛེས་སྐད་སྙན་སེམས་བཟང་བའི་ཆུང་མ། གཞན་ཡང་ལྷ་མིའི་དཔལ་འབྱོར་འདི་མེད་ཅེས་བྱ་བ་མེད་པའི་ཁྱིམ་བདག་ཕྱུག་པོ་དེས་ཀྱང་འཁོར་བའི་ཕུན་ཚོགས་མི་རྟག་མི་བརྟན་སྙིང་པོ་མེད་ཅིང་སྡུག་བསྔལ་གྱི་རྒྱུར་རྟོགས་ནས་ཐམས་ཅད་བཞག་ནས་སངས་རྒྱས་ཀྱི་སྤྱན་སྔར་འོངས་ནས་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར། ཁོང་གིས་དེ་འདྲ་ཡང་བློས་
ཐོངས་ན་འོ་སྐོལ་རྣམས་མི་ནོར་ཟས་གསུམ་ཅུང་རེ་ལ་ཆགས་ནས་རབ་ཏུ་མི་འབྱུང་བ་དེ། ཁྱི་རུས་གོང་ལ་ཆགས་པ་དང་ཕག་མི་གཙང་བ་ལ་ཆགས་པ་དང་འདྲ་བས། དེས་ན་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར་གང་ལ་ཡང་མི་ཆགས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་དགོས། རབ་ཏུ་བྱུང་ན་འཁོར་བའི་སྡུག་བསྔལ་ལས་ཤུགས་ཀྱིས་ཐར་ནས་བདེ་བ་གང་ཡང་ཐོབ་སྟེ། སྔོན་ཡུལ་ཀ་ལིང་ཀའི་རྒྱལ་པོ་ལག་རྣ་ཅན་ཁང་བཟང་གི་ཐོག་ན་འདུག་པའི་ཚེ། བྱ་ཞིག་གིས་ཤའི་དུམ་བུ་ཞིག་ཁྱེར་ནས་འཕུར་བ་ན་བྱ་གཞན་མང་པོས་གཙེས་སོ། །བྱ་དེའི་ཤ་བོར་ཚེ་གཞན་ཞིག་གིས་བླངས་པས་ཤ་བོར་བ་དེ་བཞག་ནས་ཤ་གང་གིས་བླངས་པ་དེ་ཀུན་ནས་བསྐོར་ཏེ་ཕན་ཚུན་དུ་འཕྲོག་པ་མཐོང་ནས་འདི་བཞིན་དུ་བདག་ཀྱང་རྒྱལ་སྲིད་ལ་བརྟེན་ནས་ཉི་འོག་གི་རྒྱལ་པོ་དང་འཐབ་པ་དང་རྩོད་པར་གདོན་མི་ཟ་བས་ད་ནི་རྒྱལ་སྲིད་ཀྱི་བདེ་བས་ཆོག་གོ་སྙམ་ནས་སྨྲས་པ། བྱ་ཡི་ཤ་ཡི་དུམ་བུ་ཁྱེར་བ་ན། །བྱ་གཞན་ཀུན་ནས་བསྐོར་ཞིང་འབྲང་བ་མཐོང་། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། བསེ་རུ་ལྟ་བུར་གཅིག་
པུར་སྤྱོད་པར་གྱུར། །ཅེས་གསུངས་རྒྱལ་སྲིད་སྤངས་ནས་ངེས་པར་རབ་ཏུ་བྱུང་སྟེ་རང་རྒྱལ་གྱི་བྱང་ཆུབ་སྔོན་དུ་བྱས་སོ། །ཡང་སྔོན་ཡུལ་མི་ཐི་ལིའི་རྒྱལ་པོ་གདོང་མ་ལེགས་ཞེས་བྱ་བ་ཁང་བཟང་ཐོག་ན་འདུག་པའི་ཚེ། གླང་གཉིས་འདོད་པའི་རྒྱུས་ཕན་ཚུན་བསྣད་ཅིང་རྨས་པ་མཐོང་ནས་འདི་བཞིན་དུ་བདག་ཀྱང་འདོད་པའི་རྒྱུས་ཉི་འོག་གི་རྒྱལ་པོ་དང་ལྷན་ཅིག་འཐབ་པ་དང་རྩོད་པར་འགྱུར་བར་གདོན་མི་ཟ་བས་ད་ནི་རྒྱལ་སྲིད་ཀྱི་བདེ་བས་ཆོག་གོ་སྙམ་ནས་སྨྲས་པ། འདོད་པའི་གཞི་དང་རྒྱུ་ཡིས་ནོག་གཡོ་ཞིང་། །བསྣད་དང་གཅིག་ཤོས་རྨས་པར་གྱུར་མཐོང་བ། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། །ཅེས་གསུངས་རྒྱལ་སྲིད་སྤངས་ནས་ངེས་པར་རབ་ཏུ་བྱུང་ནས་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་སོ། །ཡང་སྔོན་ཡུལ་ཝ་ར་ཎ་སིའི་རྒྱལ་པོ་ཚངས་བྱིན་བཙུན་མོ་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་སོང་བས། ཨ་མྲའི་ཤིང་གི་མེ་ཏོག་ཤིན་ཏུ་མཛེས་པ་ལ་བཙུན་མོ་རྣམས་ཆགས་ནས་ཡ་ལག་རྣམས་བཅག་པས་མི་མཛེས་པར་གྱུར་པ་མཐོང་ནས་འདི་བཞིན་དུ་བདག་གིས་ཀྱང་
རྒྱལ་སྲིད་ཕུན་སུམ་ཚོགས་པ་ལ་རྒྱལ་པོ་གཞན་ཆགས་ནས་བཅོམ་ཏེ་མི་མཛེས་པར་འགྱུར་བས་ད་ནི་རྒྱལ་སྲིད་ཀྱིས་ཆོག་གོ་སྙམས་ནས་སྨྲས་པ། ཨ་མྲའི་ཤིང་རྩེའི་མེ་ཏོག་ལེགས་རྒྱས་པ། །ཡིད་འོང་གཟུགས་ལྡན་ཆགས་པ་མཐོང་བ་ན། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། །ཅེས་གསུངས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ་རང་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱས་སོ། །ཡང་སྔོན་ཡུལ་བྲང་གིས་ཉལ་གྱི་རྒྱལ་པོ་གཅེར་ཐུལ་ཁང་བཟང་ཐོག་ན་འདུག་པའི་ཚེ། བཙུན་མོ་ཞིག་གསེར་གྱི་གདུ་བུས་བརྒྱན་ནས་ཚོན་རྩི་འཐག་པ་ན་སྒྲ་བྱུང་བས་འདི་བཞིན་དུ་བདག་ཀྱང་རྒྱལ་སྲིད་ལ་བརྟེན་ནས་ཚིག་ངན་སྣ་ཚོགས་འབྱུང་བས་ད་ནི་རྒྱལ་སྲིད་ཀྱིས་ཆོག་གོ་སྙམས་ནས་སྨྲས་པ། གསེར་མགར་གྱིས་ནི་ལེགས་པར་བརྡུངས་པ་ཡི། །གསེར་གྱི་འོད་གསལ་ལག་པའི་མཁྲིག་མ་གཉིས། །བརྡུང་བ་ཐོས་པ་དེ་ལྟར་བདག་དང་ནི། །གཞན་དག་ལྷན་ཅིག་གླེང་གཞི་འདི་ཡི་རྒྱུས། །ཚིག་ངན་སྣ་ཚོགས་འཐོན་ཅིང་སེམས་འཁྲུགས་པ། །དེ་ལྟར་འདོད་པའི་
ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། །ཅེས་གསུངས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ་རང་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱས་སོ། །སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བའི་ཕན་ཡོན་ནི། རི་རབ་ལྷུན་པོ་བས་ཀྱང་དཔངས་མཐོ། རྒྱ་མཚོ་བས་ཀྱང་གཏིང་ཟབ། ནམ་མཁའ་བས་ཀྱང་རྒྱ་ཆེ་ཞེས་བསྔགས་བརྗོད་རྒྱ་ཆེར་གསུངས་པ། ཁྱིམ་བདག་དཔལ་སྐྱེས་ཀྱིས་ཐོས་པས་ཡིད་འཕྲོགས་ནས་ལོ་བརྒྱ་ལོན་རུང་རབ་ཏུ་བྱུང་བརྩོན་འགྲུས་བརྩམས་པས། དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས། གཞན་ཡང་སྔོན་སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་བསྩལ་པ། ཤཱ་རིའི་བུ་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ནི། ཡོན་ཏན་བཅུ་ཡོངས་སུ་འཛིན་ཏོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། འདོད་པ་ལ་ཆགས་པར་མི་འགྱུར་བ་དང་། དགོན་པའི་གནས་ལ་དགའ་བ་དང་། རྙེད་པ་དང་སངས་རྒྱས་ཀྱི་སྤྱོད་ཡུལ་ཐོབ་པ་དང་། ཆུང་མ་དང་བུའི་ཆགས་སྲེད་དང་བྲལ་བ་དང་། ངན་འགྲོར་འགྲོ་བ་རྣམ་པར་སྤང་བ་དང་། བདེ་འགྲོར་འགྲོ་བའི་ཆོས་ལ་བརྟེན་པ་དང་།
སྔོན་གྱི་དགེ་བའི་རྩ་བ་ལས་ཡོངས་སུ་མི་ཉམས་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང་། དེ་ལ་ལྷ་རྣམས་རབ་ཏུ་དགའ་བ་དང་། དེ་ལ་མི་མ་ཡིན་རྣམས་ཀྱིས་བསྲུང་བར་འགྱུར་བ་སྟེ། རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ནི། ཡོན་ཏན་བཅུ་པོ་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་སྒྲོལ་བར་འདོད་པ་དང་། རྒྱུན་དུ་རབ་ཏུ་བྱུང་བར་འདོད་པ་དང་། མངོན་པར་འབྱུང་བ་ལ་ཤིན་ཏུ་དགའ་བར་བྱའོ་གསུངས་སོ། །རབ་ཏུ་བྱུང་ནས་མཁན་སློབ་སྤྱན་སྔར་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་བསྲུང་ན་ཕན་ཡོན་དེ་བས་ཀྱང་ཆེ་སྟེ། སྔོན་གྲོང་དཔོན་ཞིག་གིས་སྲོག་གཅོད་ཀྱི་སྡོམ་པ་ཉིན་གཅིག་ཙམ་བསྲུངས་པས་མཐར་སངས་རྒྱས་ཕན་བཞེད་ཅེས་བྱ་བར་སངས་རྒྱས། སྔོན་ཤན་པ་མེ་རི་ཙེས་རྒྱལ་པོའི་བུ་མོ་ཆུང་མར་མི་ལེན་པ་དང་། སེངྒེའི་ཕྲུག་གུ་ཙན་དན་མེ་ལ་བསྲེགས་ནས་མི་ཟ་བ་དང་། བྱ་རྒོད་ཀྱི་ཚང་དུ་རྟ་ཁྲིད་ནས་མི་འགྲོ་བ་གསུམ་པོ་
སངས་རྒྱས་ཀྱི་མདུན་དུ་ཁས་བླངས་ནས་ཕྱིས་དེ་ལྟར་བསྲུངས་པས་ཚེ་དེར་སེངྒེའི་འཇིགས་པ་དང་བྲལ་ཞིང་། རྒྱལ་པོས་ཀྱང་ནོར་མང་པོ་གནང་ནས་ལོངས་སྤྱོད་ཆེན་པོ་བྱུང་། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་བྲམ་ཟེ་ཞིག་གིས་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བསྲུངས་བས་མིའི་རྒྱལ་པོར་སྐྱེས། རྒྱལ་པོ་དེས་ཀྱང་ཆོས་བཞིན་ཚུལ་ཁྲིམས་བསྲུངས་པས་ལྷར་སྐྱེས། ལྷ་དེ་ཡང་སངས་རྒྱས་དྲུང་དུ་འོངས་ནས་ཆོས་ཉན་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ། དེས་ན་ཚུལ་ཁྲིམས་སྣ་རེ་སྣ་འགའ་ཙམ་བསྲུང་ན་ཡང་ཕན་ཡོན་དེ་འདྲ་ན་དགེ་ཚུལ་དགེ་སློང་གི་སྡོམ་པ་བླངས་ནས་བསྲུང་ན་ཕན་ཡོན་དེ་བས་ཆེ་བ་སྨོས་ཅི་དགོས། ཡང་སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ། མི་ལྔ་བརྒྱ་ཙམ་རབ་ཏུ་བྱུང་ཚངས་པར་སྤྱད་པས་མཐར་ཀུན་ཤི་ནས་གཅིག་ལུས་པས་སྨྲས་པ། བདག་གིས་ཚངས་པར་སྤྱད་པའི་དགེ་བའི་མཐུས། །མ་འོངས་ཤཱཀྱ་ཐུབ་པའི་བསྟན་པ་ལ། །རབ་ཏུ་བྱུང་དགྲ་བཅོམ་ཐོབ་སྣམ་སྦྱར་འཛིན་པ་ཀུན་གྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་
བཅོམ་པ་ཀུན་ཤེས་ཀོའུ་དི་ན་ཡ་ཞེས་བྱ་བར་གྱུར་ནས་སྣམ་སྦྱར་འཛིན་པ་ཀུན་གྱི་མཆོག་ཏུ་ལུང་བསྟན། འཁོར་ལོས་བསྒྱུར་རྒྱལ་ཞིག་ཡིན་ན། ཤིང་སྐམ་པོར་བདེན་པའི་བྱིན་རླབས་བྱས་ན་མེ་ཏོག་གཅིག་ཐོན། ཚུལ་ཁྲིམས་དག་པའི་དགེ་སློང་གིས་ཤིང་སྐམ་པོ་ལ་བྱིན་རླབས་མཛད་ན་མེ་ཏོག་བཅུ་ཐོན་པ་ལ། སློབ་དཔོན་ཟླ་གྲགས་ཚུལ་ཁྲིམས་དག་པའི་དགེ་སློང་ཡིན་པས། ཁོང་གིས་ཤིང་སྐམ་པོ་ལ་བདེན་པའི་བྱིན་རླབས་མཛད་པས། མེ་ཏོག་དགུ་ལས་མ་བྱུང་། འོ་ན་གཅིག་པོ་དེ་ཅིས་ལན་སྙམས་པ་ལ། ཁོང་གིས་བསྟན་བཅོས་བརྩམས་པས་ཤིན་ཏུ་ལེགས་པ་ཞིག་བྱུང་སྟེ། དགྱེས་ནས་ཕྱག་ན་ལྡེ་མིག་ཀྱོག་པོ་ཞིག་ཡོད་པ་དེ་དྲན་པས་མ་ཟིན་པར་ཀླད་ལ་བསྐོར་པ་ཞིག་དྲན་ཏེ། ཕྱིར་བཅོས་མཛད་དེ་བདེན་པའི་བྱིན་རླབས་བྱས་པས་མེ་ཏོག་བཅུ་ཐོན་སྐད། དེས་ན་ཚུལ་ཁྲིམས་དག་པས་སྨོན་ལམ་ཡང་ཅི་བཏབ་ཚད་འགྲུབ་བོ། །མ་བསྲུང་ན་ཉེས་དམིགས་ཀྱང་ཆེ་སྟེ། སྔོན་དགེ་སློང་ཞིག་གིས་སངས་རྒྱས་འོད་སྲུངས་ཀྱིས་བཅས་པ་ཁྱད་དུ་བསད་ནས་ཤིང་ཞིག་གི་ཡལ་ག་བཅད་པས་ཕྱིས་ཀླུ་མགོ་
ན་སྡོང་པོ་ཆེན་པོ་སྐྱེས་པ་ཞིག་ཏུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱང་། ཡང་དགེ་སློང་མང་པོས་བསླབ་པའི་ཡན་ལག་མང་པོ་ཉམས་པས་ངང་པ་དང་ཉར་སྐྱེས། པོ་ཏོ་བའི་གསུང་སྒྲོས་ལས། མི་སྐྱས་ལོ་བརྒྱའི་བར་དུ་ཉིན་རེར་མ་ཆད་པར་མི་དགེ་བ་བཅུ་ཀ་བྱས་པ་བས། སྡོམ་པ་མེད་པས་དད་ཟས་ཁམ་གཅིག་ཟོས་པ་དེ་སྡིག་ཆེ་གསུངས། སྔོན་གཅིག་གིས་བོན་བྱས་པའི་ཕུགས་སུ་ཁྱི་ཤོར་ཏེ། གསས་ཟན་ཁྱིས་ཁྱེར་བས། བདག་པོ་རྣམ་རྟོག་ཟོས་ནས། སྐུ་གཤེན་གསས་ཟན་ཁྱིས་ཁྱེར་བས་མཐར་ཅིར་འགྱུར་བྱས་ལན་འགའ་དྲིས་པས། བོན་པོ་ཁོང་འཁྲུགས་ཏེ་གསས་ཟན་ཁྱིས་ཁྱེར་བས་ཐ་མ་ཁྱི་ལུད་དུ་འགྲོ་ཟེར་རོ། །དེ་བཞིན་དུ་རང་རེས་ཀྱང་ཚུལ་ཁྲིམས་མ་བསྲུང་ན་ཐ་མ་ངན་སོང་དུ་འགྲོ། དེས་ན་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་མ་བསྲུང་བའི་ཉེས་དམིགས་རྣམས་བསམས་ནས་ཚུལ་བཞིན་བསྲུང་དགོས་ཏེ། འབྲོམ་སྟོན་པའི་ཞལ་ནས། རབ་ཏུ་བྱུང་ཕན་ཆད་བདུད་མོ་མཚར་མོ་བརྒྱས་བསླུ་མི་ནུས་ལ། བདུད་ནག་པོ་བརྒྱས་ཆོས་ལས་དབྲལ་མི་ནུས་པ་དེ་འདྲ་གཅིག་འཚལ་གསུངས། ཚུལ་ཁྲིམས་ཀྱི་མགོ་ཐོན་
པ་ལ་གྲོགས་བཟང་པོ་བསྟེན་དགོས། གྲོགས་ངན་བསྟེན་ན་སྤྱོད་ངན་འགོས་ནས་སྡོམ་པའི་མགོ་ཐོན་མི་ཡོང་། སྔོན་འཕན་ཡུལ་གྱི་བཙུན་པ་ཆང་འཐུང་བ་གཅིག་དང་མི་འཐུང་བའི་སྤུན་གཉིས་ཡོད་པ་ལ་ཆང་འཐུང་བ་དེ་རྭ་སྒྲེང་དུ་སོང་ནས། ཕྱིས་ཡུལ་དུ་ལོག་ཙ་ན་ཆང་མི་འཐུང་བ་ཞིག་བྱུང་། ཆང་མི་འཐུང་བ་དེ་ལྷ་སར་སོང་བས། ཕྱིས་འཐུང་བ་ཞིག་བྱུང་སྐད། དེ་བཞིན་དུ་རང་རེ་ལ་ཆོས་བྱ་བསམ་དང་སྡོམ་པ་བསྲུང་སྙམ་པ་བག་རེ་ཙམ་ཡོད་ཀྱང་། གྲོགས་ངན་དང་འགྲོགས་ཙ་ན་ཁོའི་ཤན་ཞུགས་ནས་གཞུག་ཁོ་དང་ཁྱད་མེད་དུ་འགྲོ། གྲོགས་བཟང་པོ་དང་འགྲོགས་ཙ་ན་རང་ལ་ཁྱེར་འཁོས་མེད་ཀྱང་གྲོགས་བཟང་པོ་དེས་འཁྱར་དུ་མི་སྟེར་བསྲུང་སྡོམ་ཡང་ཁོང་གི་ཁྱད་ཆོས་ལ་འགྲོ་བ་ཡིན། སྔོན་རྒྱ་གར་གྱི་ཐ་ག་པ་གཅིག་ཤིང་གཅོད་དུ་ཕྱིན་པས་ཤིང་གཞོན་པ་ལེགས་པ་གཅོད་མ་ཕོད་པར་ནགས་མཐར་ཕྱིན་པས་ནགས་ཀྱི་ལྷ་མོས་ཁྱོད་དངོས་གྲུབ་ཅི་འདོད་སྟེར་ཟེར་བ་ན། གྲོགས་ཤིག་ཡོད་པར་དྲིས་པས། ཁོ་ན་རེ། སྔུན་ནས་རྐང་ལག་གིས་ཐག་བཏགས་པས་མང་པོ་ཟིན་ན། རྒྱབ་ན་ཡང་རྐང་
ལག་ཡོད་ན་ཐག་མང་པོ་ཟིན་ནས་རྙེད་པ་ཡོང་བས། རྒྱབ་ཏུ་རྐང་ལག་བཞི་འདོད་ཞུས་བྱས་པ། དེ་ལྟར་ཞུས་པས་དེ་མ་ཐག་རྒྱབ་ཏུ་རྐང་ལག་བྱུང་། གྲོགས་དང་བསྡེབས་ནས་གྲོང་ཁྱེར་དུ་ཐག་འཐག་རྒྱུ་ཡོད་དམ་ཟེར་དུ་ཕྱིན་པས། གྲོང་པ་རྣམས་ཀྱིས་ལྟས་ངན་ཟེར་རྡོ་འཕངས་ནས་དེད་སྐད། དེའི་ཚེ་ནམ་མཁའི་ལྷས། རང་ཡང་མཁས་པར་མ་གྱུར་ལ། །གྲོགས་ཀྱང་བློ་དང་མི་ལྡན་པས། །དེ་དག་མྱུར་དུ་བརླག་འགྱུར་ཏེ། །ནགས་ཀྱི་ཐ་ག་པ་བཞིན་ནོ། །ཟེར་སྐད། དེ་བཞིན་དུ་རང་ཉིད་ལ་འཁོས་མེད་ཀྱི་སྟེང་དུ་གྲོགས་ངན་གྱི་ཁ་ལ་ཉན་ན་ཚེ་འདི་ཕྱི་གཉིས་ཀ་བརླག་ཡོང་། ཁྱད་པར་བུད་མེད་དང་ཉེ་མི་རུང་། སྔོན་དགེ་སློང་ཞིག་བུད་མེད་ཀྱི་རྩར་ཉལ་བས་སྐབས་ཤིག་འདོད་ཆགས་སྐྱེས་མི་ཚངས་པ་སྤྱད་ནས་སྡོམ་པ་ཤོར་སྐད། སྔོན་དགེ་བཤེས་པོ་ཏོ་བ་ཆེན་པོས་བསོད་སྙོམས་མཛད་པའི་དུས་ན་ཡང་། དགེ་བཤེས་ཕུ་ཆུང་བ་དང་གཉིས་གྲོང་གསེབ་ཏུ་བྱོན་པས། བཙུན་མ་གཅིག་ན་རེ་དེ་རིང་ཁྱེད་གཉིས་ཀྱི་ཆོས་སྟོན་བདག་གིས་བགྱི་ཟེར་ནས་སོང་བ་དང་། པོ་ཏོ་བའི་ཞལ་ནས། བན་དེ་མོའི་བསྙེན་བཀུར་དང་། །ཁྱི་ལུད་
སོགས་ཀྱི་སྦྲང་བུ་འདྲ། །ཕན་པ་བས་ཀྱང་གནོད་པ་ཆེ། །རང་ཅག་འདེང་འདེང་གསུངས་སྐད། །དེས་ན་འོ་སྐོལ་མོ་བྱིས་དང་ཐག་ཉེ་ཞིང་འབྲེལ་ཆེ་ན་ཚེ་འདིར་གྲགས་པ་ངན་པ་དང་ཐག་ཉེ། ཕྱི་མར་ངན་སོང་དང་ཐག་ཉེ་བས་འདི་ལ་བག་ཟོན་ཆེར་བྱེད་དགོས། སྔོན་བུད་མེད་གཅིག་གིས་དགེ་སློང་གཅིག་ལ་སྲོག་གཅོད་གྱིས། ཡང་ན་མི་ཚངས་པ་སྤྱོད། ཡང་ན་ཆང་འཐུངས་བྱས་པས། དགེ་སློང་གིས་དེ་རྣམས་གང་ཡང་མི་རུང་བྱས་པས་མོ་ན་རེ་དེ་ཡིན་རུང་ནང་ནས་གཅིག་མ་བྱས་པའི་ཐབས་མེད་ཟེར། དགེ་སློང་གིས་བསམས་པ་ཐབས་མེད་ན་ཆང་འཐུང་ན་སྐྱོན་ཆུང་སྙམ་འཐུངས་པས་ར་རོ་ཚེ་མི་ཚངས་པ་སྤྱད། དེ་ནས་སྲོག་གཅོད་ཀྱང་བྱས་ནས་སྡོམ་པ་རྩ་བ་ནས་ཤོར་སྐད། དེས་ན་ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པས་རྩ་ཁའི་ཟིལ་པ་ཙམ་ཡང་འཐུང་མི་རུང་། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀུན་ཤེས་སམ་ཀོའུ་ཌིརྻ་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་པོ་སྟེ། འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་བཞི་སྟོང་སོགས་འཁོར་རྒྱ་མཚོའི་ཚོགས་ལ། འཁོར་བ་སྡུག་བསྔལ་
གྱི་རང་བཞིན་ཡིན་ཚུལ་གྱི་སྡུག་བསྔལ་བདེན་པའི་ཆོས་དང་། སྡུག་བསྔལ་མཐའ་དག་ཉོན་མོངས་ཀྱིས་བསྐྱེད་ཚུལ་ཀུན་འབྱུང་བདེན་པའི་ཆོས་དང་། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་མཐའ་དག་བཀག་ནས་འགོག་པ་མངོན་དུ་བྱ་ཚུལ་འགོག་བདེན་གྱི་ཆོས་དང་། ཉོན་མོངས་པ་འགོག་པའི་ལམ་ཚུལ་ཁྲིམས་བསམ་གཏན་ཤེས་རབ་ཀྱི་བསླབ་པ་སྟེ་ལམ་བསླབ་པ་གསུམ་ལ་རིམ་གྱིས་སློབ་ཚུལ་ལམ་གྱི་བདེན་པའི་ཆོས་ཏེ། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས། ལྔ་སྡེས་དགྲ་བཅོམ་པའི་གོ་འཕང་ཐོབ། ལྷ་བརྒྱད་ཁྲི་བཞི་སྟོང་གིས་དུས་གཅིག་ཏུ་བདེན་པ་གཟིགས། དེ་ནས་བཅོམ་ལྡན་འདས་ཝ་ར་ཎ་སིའི་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་གཤེགས་པ་དང་། ཁྱིམ་བདག་གཙོ་བོའི་བུ་གྲགས་པ་ལ་བདེན་བཞིའི་ཆོས་བསྟན་པས་རྒྱན་གྱིས་བརྒྱན་བཞིན་དུ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་སླད་ཀྱིས་བསྙེན་པར་རྫོགས། དེ་ནས་གང་པོ་དང་། དྲི་མེད་དང་། ལག་བཟང་དང་། མིང་ཆེན་རྣམས་ཚུར་ཤོག་གིས་བསྙེན་པར་རྫོགས་བདེན་བཞིའི་ཆོས་བསྟན་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པས་འཇིག་རྟེན་ན་དགྲ་བཅོམ་པ་བཅུ་
སངས་རྒྱས་དང་བཅུ་གཅིག་བྱུང་། དེ་ནས་ཝ་ར་ཎ་སིའི་གྲོང་མིའི་གཙོ་བོའི་བུ་ཐུ་བོ་ལྔ་བཅུ་ཐམ་པ་རབ་ཏུ་བྱུང་བསྙེན་པར་རྫོགས་བདེན་བཞིའི་ཆོས་བསྟན་པས་དགྲ་བཅོམ་ཐོབ། འཇིག་རྟེན་ན་དགྲ་བཅོམ་དྲུག་ཅུ་རྩ་གཅིག་བྱུང་། དེ་ནས་རས་བལ་ཅན་གྱི་ནགས་ཚང་ཚིང་དུ་གཤེགས་ནས། བཟང་སྡེ་ཚོགས་དྲུག་ཅུ་བདེན་པ་ལ་བཀོད། དེ་ནས་གྲོང་ཁྱེར་བདེ་དངོས་སུ་གཤེགས་ནས་གྲོང་མིའི་བུ་མོ་དགའ་མོ་དང་དགའ་སྟོབས་མ་གཉིས་བདེན་པ་ལ་བཀོད། དེ་ནས་གྲོང་ཁྱེར་ལྟང་རྒྱས་སུ་གཤེགས་ནས་ནཻ་རཉྫ་ནའི་འགྲམ་གྱི་བསྟི་གནས་སུ་འོད་སྲུངས་རལ་པ་ཅན་འཁོར་ལྔ་བརྒྱ་དང་བཅས་པ་རབ་ཏུ་བྱུང་བསྙེན་པར་རྫོགས། དེ་ལྟར་རལ་པ་ཅན་སྟོང་རབ་ཏུ་བྱུང་། དེ་ཀུན་ལ་ཆོ་འཕྲུལ་གསུམ་གྱི་གདམས་པ་མཛད། དེ་ནས་དགེ་སློང་གི་འཁོར་སྟོང་དང་བཅས་མ་ག་དྷར་བྱོན། རྒྱལ་པོ་གཟུགས་ཅན་སྙིང་པོ་བྲམ་ཟེ་དང་ཁྱིམ་བདག་བརྒྱ་ཕྲག་དུ་མའི་ཚོགས་དང་བཅས་ལྷ་མི་འབུམ་ཕྲག་དཔག་ཏུ་མེད་པ་ལ་ཆོས་བསྟན་པས་མི་ཕྱེད་པའི་དད་པ་ཐོབ་ཅིང་བདེན་པ་མཐོང་། དེ་ནས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་
དུས། ཤཱ་རིའི་བུ་མོའུ་མགལ་གྱི་བུ་གཉིས་འཁོར་ལྔ་བརྒྱ་དང་བཅས་པ་རབ་ཏུ་བྱུང་བསྙེན་པར་རྫོགས་ཆོས་བསྟན་པས་དགྲ་བཅོམ་པར་གྱུར། དེ་ནས་འཕགས་པ་ཀུན་དགའ་བོ་དང་། འོད་སྲུངས་ཆེན་པོ། རབ་འབྱོར་ཉེ་བར་འཁོར་སོགས་རབ་ཏུ་བྱུང་བསྙེན་པར་རྫོགས་བདེན་བཞིའི་ཆོས་བསྟན་པས། དེ་དག་རྣམས་ཀྱིས་ལམ་བསླབ་པ་གསུམ་ལ་བསླབས་ནས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་པའི་རྣམ་པར་ཐར་པ་ལྟར། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྡོམ་པ་བླངས་ནས་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་འགོག་པའི་ལམ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབས་ནས་ཉོན་མོངས་པ་སུན་དབྱུང་། བསམ་གཏན་གྱི་བསླབ་པ་ལ་བསླབས་ནས་ཉོན་མོངས་པའི་མགོ་མནན། ཤེས་རབ་ཀྱི་བསླབ་པ་ལ་བསླབས་ནས་ཉོན་མོངས་རྩད་ནས་བཏོན་ཏེ་སྐྱེ་རྒ་ན་འཆི་སོགས་འཁོར་བའི་སྡུག་བསྔལ་གྱི་མིང་ཙམ་ཡང་མི་ཐོས་པའི་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ལ་འབད་པར་བྱའོ། །མདོར་ན་སྔོན་གྱི་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་ལས་ལས་བྱུང་བར་གོ །ལས་རྣམས་ཉོན་མོངས་པའི་དབང་
གིས་བསགས་པར་གོ །ཉོན་མོངས་པའི་རྩ་བ་བདག་མེད་ལ་བདག་ཏུ་འཛིན་པའི་མ་རིག་པ་ཡིན་པར་གོ །མ་རིག་པ་དེ་སེལ་བ་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་དགོས་པར་གོ །ཤེས་རབ་དེ་བསམ་གཏན་གྱི་བསླབ་པ་ལ་བརྟེན་ནས་འབྱུང་བར་གོ །བསམ་གཏན་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས་འབྱུང་བར་གོ །ཚུལ་ཁྲིམས་བསྲུང་བ་ལ་ཐོག་མར་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ལེན་དགོས་པར་གོ་ནས། ཐོག་མར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། སོ་སོར་ཐར་པའི་སྡོམ་པ་བླངས་ནས་ཚུལ་ཁྲིམས་མིག་འབྲས་བཞིན་བསྲུང་། དབེན་པའི་གནས་སུ་བསམ་གཏན་རི་བོ་བཞིན་བསྒོམ། བདག་མེད་རྟོགས་པའི་ཤེས་རབ་ནམ་མཁའ་ལྟར་བསྐྱེད་པས་རིང་པོར་མི་ཐོགས་པར་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཡིན་པས། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་གོ་ནས་རབ་ཏུ་བྱུང་སྡོམ་པ་བླངས་ནས་ཚུལ་ཁྲིམས་བསྲུང་། བསམ་གཏན་བསྒོམ་ཤེས་རབ་བསྐྱེད་དེ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་འབད་ན་ཚེ་འདིར་ཡང་བདེ་ལ་ཕྱི་མར་ཡང་སྐྱིད་ཅིང་བསྟན་འགྲོ་
ཡོངས་ལ་ཡང་ཕན་པར་འགྱུར་རོ།། ༈ །།སྨྲས་པ། མཉམ་མེད་ཟས་གཙང་སྲས་པོ་དེ་ཉིད་ཀྱི། །ཐར་པའི་གོ་འཕང་ཐོབ་ཐབས་གང་གསུངས་པ། །སྐྱེས་བུ་འབྲིང་དང་ཐུན་མོང་ལམ་རིམ་དུ། །བསྡུས་ནས་གོང་མའི་གསུང་བཞིན་བཤད་ཚར་སོང་། །ད་ལྟ་འཆི་ཡང་ཕྱི་མར་དལ་འབྱོར་རྟེན། །ཐོབ་པའི་གདེང་ཅན་སྐྱེ་བོ་ཕོ་མོས་ཀྱང་། །ད་དུང་ནུས་ན་ལམ་ལ་སློབ་དགོས་པས། །དེ་ཙམ་ཞིག་གིས་ཆོག་ཤེས་བྱ་མི་རིགས། །ཕྱི་མར་མི་ལུས་རིན་ཆེན་ཐོབ་ན་ཡང་། །སྔར་གྱི་དགེ་བའི་འཕེན་ཤུགས་ཟད་པ་ན། །སླར་ཡང་ངན་སོང་གསུམ་གྱི་གནས་སུ་སྐྱེས། །སྡུག་བསྔལ་མྱོང་བཞིན་འཕྲལ་ལ་སྡིག་བསགས་ནས། །བསྐལ་པ་བྱེ་བར་བདེ་འགྲོའི་སྒྲ་མི་ཐོས། །མཐོ་རིས་རྟེན་བཟང་ཐོབ་ཀྱང་མི་རྟག་འགྱུར། །ངན་སོང་སྡུག་བསྔལ་ཙམ་ཞིག་མེད་མོད་ཀྱང་། །སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་མང་། །དེ་ཕྱིར་མཐོ་རིས་བདེ་བ་ཙམ་ཞིག་གིས། །མི་ཆོག་འཁོར་བའི་ཆུ་བོ་རབ་མེད་ལ། །བསླབ་གསུམ་རྣམ་པར་དག་པའི་གྲུ་ཐོངས་ལ། །ཐར་པའི་གྲོང་ཁྱེར་ཉམས་དགའ་ད་སྙོགས་ཤིག །རྗེ་བཙུན་བླ་མ་མཉན་པ་བཟང་པོ་
ཡི། །དྲིན་ལ་བསྟེན་ནས་འཁོར་བའི་ཆུ་བོ་བརྒལ། །ཐར་པའི་གྲོང་ཁྱེར་སྙེག་ཚུལ་ཤེས་པའི་མདོ། །གོ་སླའི་ངག་གིས་ལེགས་པར་བཤད་ཟིན་ནས། །ད་ནི་རང་གཞན་ཐམས་ཅད་འཚེང་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་གྲུ་གཟིངས་ལེགས་བསྡམས་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་དར་ཆེན་འཕྱར། །ཀུན་མཁྱེན་ནོར་བུ་ལེན་ཚུལ་འདི་རུ་བཤད། །དེ་ཡང་སྔོན་བྱིས་པ་ཆུང་ངུ་གཅིག་ས་སྟེགས་ལ་འཛེགས་ནས། སྤུན་ཆེ་བ་གཅིག་ཡོད་པ་ལ་བོང་གེ་སྙམ་ནས། མ་ལ་ད་ང་ཨ་ཇོ་དང་ཨེ་མཉམ་གི་བྱས་པས། མ་ན་རེ་མཐོ་མཐོ་སྟེ། ད་དུང་མི་མཉམ་གི་མཐོར་ཐོངས་སྨྲས་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱང་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་རབ་ཏུ་བྱུང་ལམ་བསླབ་པ་གསུམ་ལ་བརྟེན་ནས་རང་གཅིག་པུ་འཁོར་བ་ལས་ཐར་བ་ཙམ་ཞིག་བྱས་ན། གཞན་འཁོར་བའི་སེམས་ཅན་ལ་བལྟས་ན་མཐོ་མཐོ་སྟེ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཡོད་ཚུལ་ལ་བསམ་ན། དེ་ཙམ་མཐོ་རྒྱུ་རང་མེད་པས་ད་དུང་དེའི་སྟེང་དུ་ལམ་ལ་སློབ་ནུས་ན་
བསླབས་ཏེ་སངས་རྒྱས་བཅོམ་ལྡན་འདས་དང་མཉམ་པ་ཞིག་བྱ་དགོས། དེ་ཅིའི་ཕྱིར་ཞེ་ན། འཁོར་བར་འཁྱམས་པའི་སེམས་ཅན་རྣམས་རང་གི་ཚེ་སྔོན་ཕ་མ་སོགས་གཉེན་ཉེ་བར་མ་གྱུར་པ་གཅིག་ཀྱང་མེད། ཕ་མ་སེམས་ཅན་འཁོར་བ་ངན་སོང་གི་སྡུག་བསྔལ་གྱིས་གཟིར་ནས་ཉམ་ཐག་པ་རྣམས་ཡལ་བར་དོར་ནས། རང་ཉིད་གཅིག་པུ་ཅི་ཐར་བྱས་ན། དེ་བས་བུ་ངན་ཁྲེལ་མེད་ཅིག་གཞན་ན་མེད། རང་གིས་ཀྱང་ཐར་པ་ཙམ་ཐོབ་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་པས། གཞན་དོན་ཕར་ཞོག་རང་དོན་ཡང་ཉི་ཚེ་ཙམ་ལས་མ་གྲུབ་པའི་ཕྱིར་རོ། །དེས་ན་རང་གཞན་གང་གི་དོན་དུ་ཡང་འགྲོ་ཀུན་དྲིན་ཅན་གྱི་ཕ་མར་བསམས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས། ལམ་ཕར་ཕྱིན་དྲུག་ལ་བསླབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་ཚུལ་ནི། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། ཁོང་གི་སྐུ་ཚེ་དེའི་ཡུམ་ལྷ་མོ་སྒྱུ་འཕྲུལ་མའི་སྐུ་ཚེ་སྔོན་མར་ཡང་མ་བྱས་པ་བགྲང་གིས་མི་ལངས། དེ་བཞིན་དུ་སེམས་ཅན་གཞན་གྱིས་ཀྱང་མ་མ་བྱས་པ་གཅིག་མེད།
སེམས་ཅན་རེ་རེས་ཀྱང་མ་བྱས་པ་གྲངས་ཀྱིས་མི་ཆོད། མ་བྱས་རེས་ཀྱིས་ཚེ་འདིའི་མས་བསྐྱངས་པ་བཞིན་དུ་གནོད་པ་ཚད་མེད་ལས་བསྐྱབས། ཕན་ཚད་མེད་བཏགས་ཞེས་གསུངས། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་མ་བྱས་ཙམ་དུ་མ་ཟད། ཕ་དང་ཕུ་ནུ་སྲིང་མོ་མཁན་སློབ་བུ་ཚ་སོགས་གཉེན་དུ་མ་གྱུར་པ་ཡང་གཅིག་མེད་གསུངས། སྔོན་ཁྱེའུ་པདྨས་གདུལ་བྱ་མང་པོ་འདུས་ཚེ། དེར་འཚོགས་པའི་ལས་ཅན་གྱི་སེམས་ཅན་རྣམས་ཀྱི་གཙོ་བྱས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་ལ་འདི་དག་ནི་བདག་གི་ཕ་འོ་མ་འོ། །བདག་གི་བུ་འོ་དེ་བཞིན་དུ་གཞན་ཡང་བདག་གི་བུ་མོ་འོ་ཞེས་བྱ་བ་ལ་སོགས་པ་ཕ་མ་བུ་ཚའི་འདུ་ཤེས་རབ་ཏུ་བསྒོམས་ཏེ་ལན་གཅིག་མ་ཡིན་ལན་གཉིས་མ་ཡིན་ཉིན་མཚན་དུས་དྲུག་ཏུ་ལན་སྟོང་ཕྲག་དུ་མར་ཏིང་ངེ་འཛིན་གྱིས་དུས་འདའ་བར་བྱས་སོ་གསུངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་སྤྱིར་སེམས་ཅན་ཐམས་ཅད་གཉེན་ཉེ་བ་དང་ཁྱད་པར་མ་ཡིན་ཚུལ་དང་དྲིན་ཆེ་ཚུལ་རྣམས་ལན་གཅིག་མ་ཡིན་པར་ཡང་དང་ཡང་དུ་བསམས་ནས་ཁ་ཙམ་མ་ཡིན་པར་སྙིང་ཐག་
པ་ནས་དྲིན་གཟོ་ཞིག་བྱ་དགོས། སྔོན་སངས་རྒྱས་ཞལ་བཞུགས་དུས། ལྷས་སྦྱིན་ངན་སེམས་སྐྱེས་ནས་རྒྱལ་པོ་མ་སྐྱེས་དགྲའི་དྲུང་དུ་སོང་ནས་ཁྱོད་ཀྱིས་ཡབ་རྒྱལ་པོ་བགྲོངས་ལ་རྒྱལ་སྲིད་ཟུངས། ངས་བཅོམ་ལྡན་འདས་བགྲོངས་ལ་འཁོར་རྣམ་བཞིའི་དཔོན་བྱ་བྱས་པས། མ་སྐྱེས་དགྲས་ཡབ་ཀྱི་དྲིན་བརྗེད་ནས། འདོད་པའི་དབང་གིས་ཕ་བཀྲོངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཕ་མ་སེམས་ཅན་གྱི་དྲིན་རྣམས་བརྗེད། ཉོན་མོངས་པ་དང་འདོད་པའི་དབང་གིས་ཕ་མ་སེམས་ཅན་ལ་གནོད་བྱས་དྲིན་ལན་ལོག་པར་གཞལ་མི་རུང་། འོ་ན་དྲིན་གཟོ་ཇི་ལྟར་བྱ་དགོས་སྙམ་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་དྲིན་གཟོ་བྱ་དགོས། དེ་ལ་བྱམས་པ་བསྒོམ་པ་ནི། སྔོན་པོ་ཏོ་བ་རྭ་སྒྲེང་ན་བཞུགས་ཙ་ན། རྒན་མོ་གཅིག་ན་རེ། ཇོ་བོ་བྱམས་པ་བསྒོམ་པ་ཇི་ལྟ་བུ་ཞིག་ལ་ཟེར་བ་ལགས་ཟེར་བ་ལ་པོ་ཏོ་བས་དེ་ཁྱོད་རང་གི་བུ་ཐོ་ལེ་གྲགས་སྙིང་དུ་སྡུག་ཅིང་གཅེས་པར་འཛིན་པ་ལྟར། སེམས་ཅན་ཐམས་ཅད་ལ་དེ་བཞིན་བྱེད་པ་ཡིན་གསུངས། དེ་བཞིན་དུ་མ་གྱུར་སེམས་ཅན་ཐམས་ཅད་སྙིང་དུ་སྡུག་ཅིང་གཅེས་པར་འཛིན་པ་
བུ་གཅིག་པུའི་མ་ལྟ་བུ་བྱམས་དགོས། སྔོན་མ་བུ་གཉིས་ཆུ་ཆེན་པོ་ཞིག་གིས་ཁྱེར་བ་ལ། མས་བུ་མོ་འདི་ཕར་ཁར་བདེ་སར་གཅིག་ཕྱིན་ན་ཅི་མ་རུང་སྙམ། བུ་མོས་ཨ་མ་དྲིན་ཅན་མ་འདི་ཆུ་ཡིས་མ་ཁྱེར་བར་ཕར་ཁར་གཅིག་ཕྱིན་ན་ཅི་མ་རུང་སྙམ་པའི་འཕྲོ་ལ་ཤི་བས་མ་བུ་གཉིས་ཀ་ལྷ་གནས་སུ་སྐྱེས་པ་བྱུང་། དེ་བཞིན་དུ་མ་གྱུར་སེམས་ཅན་བདེ་བས་ཕོངས་ཚུལ་བསམས་ནས། སེམས་ཅན་བདེ་བ་མེད་པ་འདི་ཚོ་བདེ་བ་ཞིག་དང་ལྡན་ན་ཅི་མ་རུང་ལྡན་པར་གྱུར་ཅིག་ལྡན་པ་ཞིག་བདག་གིས་བྱའོ་སྙམ་དུ་བསམ་དགོས། སྔོན་ཨ་མདོ་ཕྱོགས་ཀྱི་སྡེ་གཉིས་འཁྲུགས་ནས། མ་བུ་གཉིས་རི་ཁར་ཕྱིན་པ་གཞན་པའི་སྡེ་ཡི་དམག་སླེབ་ཚེ་མས་བུ་མོ་འོག་ཏུ་སྦས་སྟེང་དུ་བཀབ་ནས་བསྡད་པའི་མ་བསད་ཀྱང་བུ་མོ་ཐར་བ་བྱུང་སྐད། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་ཅི་ཐོགས་ཀྱི་སྒོ་ནས་བྱམས་དགོས། སྔོན་དབུལ་པོ་གཅིག་གི་བུ་གསེར་ཁར་ཕྱིན་པས། གསེར་གྱི་སྦྲམ་བུ་རའི་མཆིན་པ་ཙམ་གཅིག་རྙེད་པ་ཕ་ཡིས་ཐོས་པས་རང་གིས་རྙེད་པ་དང་ཁྱད་མེད་ཀྱི་དགའ་བ་བྱུང་སྐད། དེ་བཞིན་དུ་སེམས་ཅན་
བདེ་བ་དང་ལྡན་པ་མཐོང་ན་ཡང་། དགའ་བ་ཁྱད་པར་ཅན་བསྐྱེད་དགོས། སྔོན་རྒྱལ་པོ་བྱམས་པའི་སྟོབས་ལ། གནོད་སྦྱིན་ལྔས་ཤ་ཁྲག་བླངས་པ། གཞན་ལ་གནོད་པ་མ་བྱས་པར་ཤ་ཁྲག་མི་རྙེད་པས་ད་འདི་རྣམས་ལ་བདག་གི་ཤ་ཁྲག་སྦྱིན་སྙམ་རང་གི་ཡན་ལག་རྣམས་ལ་མཚོན་བརྒྱབས་ནས་ཁྲག་གཏར་ཏེ་གནོད་སྦྱིན་རྣམས་ཤ་ཁྲག་གིས་ཚིམས་པར་བྱས་ཏེ། བསླབ་པའི་གཞི་ལྔ་ལ་བཀོད་དོ། །དེ་བཞིན་དུ་མ་གྱུར་སེམས་ཅན་ལ་འཕྲལ་དུ་ཤ་ཁྲག་གཏོང་མི་ནུས་ན་ཡང་ནམ་ཞིག་གཏོང་བའི་ཡིད་སྨོན་བྱས། གཞན་ལ་ཕན་ཅི་ཐོགས་ཀྱི་སྒོ་ནས་ཕན་བཏགས་ཏེ་བྱམས་དགོས། རང་གི་བརྩེ་བའི་མས་མཚོན་ནས་ནམ་མཁའི་མཐའ་མཉམ་གྱི་མ་དྲིན་ཅན་རྣམས་ཀྱིས་བདེ་བ་དམ་པ་ཞིག་ཐོབ་ན་ཅི་མ་རུང་སྙམ་དུ་བསམ་ཞིང་། དེའི་ཕྱིར་བདག་གིས་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་བ་བཏང་ནས་མ་གྱུར་འགྲོ་བ་ཀུན་ལ་ཕན་གདགས་སྙམ་པའི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ན་བྱམས་པ་ཚད་མེད་བྱ་བ་ཡིན་གསུངས། སྔོན་བཙུན་པ་བྱང་བ་ཤེས་རབ་འབར་བྱ་བ་ན་རེ། ཁ་ངོམས་ལྟོ་འགྲངས་ཟླ་བོས་བློ་མ་དཀྲོགས་ཙ་ན། ང་རང་
གི་ཕ་མ་ལ་བྱམས་སེམས་ཁྲིག་ཁྲིག་རེ་སྐྱེ་ཞིང་གདའ་ཟེར་སྐད། དེ་བཞིན་དུ་འོ་སྐོལ་ཡང་ཁ་ངོམས་ལྟོ་འགྲངས། ཟླ་བོས་མ་དཀྲོགས་ཙ་ན། རང་རང་གི་ཕ་མ་འམ་གཡོག་པོ་སྙིང་དུ་སྡུག་པ་ལ་བྱམས་སེམས་ཁྲིག་ཁྲིག་རེ་སྐྱེ་བ་ཙམ་གྱིས་བྱང་ཆུབ་སེམས་དཔར་མི་འགྲོ་བས། སེམས་ཅན་ཐམས་ཅད་ལ་བྱམས་པ་ཕྱོགས་རིས་མེད་པ་ཞིག་སྐྱེས་དགོས། འོན་ཀྱང་དང་པོ་ནས་ཕྱོགས་རིས་མེད་པའི་བྱམས་པ་ཆེན་པོ་ཞིག་སྐྱེས་དཀའ་བས། དང་པོ་རྩ་བའི་མ་ནས་བཟུང་བློ་རིམ་གྱིས་སྦྱངས་པས་གཞུག་བྱམས་པ་ཆེན་པོ་སྐྱེ་བ་ལ་ཚེགས་མེད་པས་རིམ་གྱིས་སྦྱང་དགོས། སྔོན་གནོད་སྦྱིན་ལྔས་ཝ་ར་ཎ་སིའི་མི་ལ་གནོད་ནས་མི་མང་པོ་ཤི་ཚེ། རྒྱལ་པོ་བྱམས་པའི་སྟོབས་ཀྱི་ཁྱེད་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་ཤིག་གསུངས་པས། ཀུན་གྱིས་བྱམས་པ་བསྒོམས་པས། གནོད་སྦྱིན་ལྔ་གྲོང་ཁྱེར་དུ་འཇུག་མ་ནུས་གླགས་མ་རྙེད། དེ་ནས་རྫི་བོ་རྩ་ཤིང་འཐུ་བ་རྣམས་མཐོང་ནས། ཁྱེད་རྣམས་བདག་ལ་མི་འཇིགས་སམ་དྲིས་པས། རྒྱལ་པོ་བྱམས་པའི་སྟོབས་ཀྱི་དགོངས་པ་སེམས་
པས་ན་མི་འཇིགས་སྨྲས། དགོངས་པ་ཅི་འདྲ་ཞིག་སེམས་དྲིས་པས། སེམས་ཅན་ལ་བྱམས་པའོ་སྨྲས་པས་གནོད་སྦྱིན་རྣམས་ཀྱིས་རྒྱུ་འདིས་བདག་ཅག་གིས་གླགས་མི་རྙེད་དོ་སྙམ་དུ་སེམས་སོ། །སྔོན་སངས་རྒྱས་ཀྱིས་ཀྱང་བདུད་སྡིག་ཅན་བྱེ་བ་དུང་ཕྱུར་མང་པོ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད་པས། བྱམས་པ་བསྒོམ་ནུས་ན་བསྲུང་བའི་མཆོག་ཏུ་ཡང་འགྱུར་རོ། །སྔོན་གནས་བརྟན་རྒྱལ་ཤེས་བྱ་བ་ན་རེ། ངེད་སྤུན་ཁ་ཟད་ཟད་ལ་འཐབ་ནས། དེ་ནས་ཁོའི་ཕྲུག་གུ་ཀུན་ངའི་པང་དུ་བླངས་ནས་འོ་བྱས་བྲང་ལ་གཅར་བྱས་པས། དེར་ཁོའི་ཞེ་སྡང་ཞི་སོང་ཟེར་རོ། །དེ་བཞིན་དུ་མ་གྱུར་སེམས་ཅན་ཐམས་ཅད་ལ་བྱམས་པ་ཕྱོགས་རིས་མེད་པ་ཞིག་བསྒོམས་ནས། བྱུང་ན་ཞེ་སྡང་མི་སྐྱེ་ཞིང་གལ་ཏེ་སྐྱེས་བྱུང་ན་ཡང་བྱམས་པ་བསྒོམ་པས་ཞི་ཡོང་། དེས་ན་ཞེ་སྡང་གི་གཉེན་པོ་བྱམས་པ་ལས་བཟང་བ་ཞིག་མེད། གཞན་ཡང་བྱམས་པ་བསྒོམས་ན་ལྷ་དང་མི་དགའ་ཞིང་བསྲུང་བ་དང་དུག་མཚོན་མི་གནོད། ཡིད་བདེ་བ་དང་བདེ་བ་མང་། འབད་རྩོལ་མེད་པར་དོན་ཀུན་འགྲུབ། གལ་ཏེ་གྲོལ་བར་མ་གྱུར་ཀྱང་ཚེ་འཕོས་ཚེ་ཚངས་
པའི་འཇིག་རྟེན་དུ་སྐྱེ་བ་སོགས་ཕན་ཡོན་མཐའ་ཡས་པས་བྱམས་པ་བསྒོམ་པ་ལ་འབད་པར་བྱའོ། །སྙིང་རྗེ་བསྒོམ་པ་ནི། སྔོན་ཁམས་པ་འཇམ་དཔལ་བྱ་བའི་རྐང་པ་ན་བ་གཅིག་ལ། དགེ་བཤེས་སྟོན་པའི་ཞལ་ནས། ད་ལྟ་ཁྱོད་ཀྱི་མ་རྒན་ཡུལ་སྣ་གདོང་ན་ཁྱི་ཚན་ཞིག་གིས་རྨུག་གིན་འདུག །གྲོགས་ཀྱང་སུ་ཡང་མི་འདུག་བྱས་ན། རྐང་པ་ན་བ་རང་ཡང་མི་དྲན་པར་སྡུག་རྒན་མ་དེ་དེ་ན་ཅི་བྱེད་ན་ཟེར་ནས་འཐེང་ཁྱེར་ལིང་ངེ་ཆ་ངེས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མའི་བློ་བཅོས་མ་མ་ཡིན་པ་རེ་སྐྱེས་ན་སེམས་ཅན་གྱི་སྡུག་བསྔལ་མཐོང་ཙམ་ན་སྙིང་རྗེ་ཤས་མི་བཟོད་པ་ཞིག་འོང་སྟེ་གསུངས། སྔོན་ཨ་མདོ་ཕྱོགས་ཀྱི་བྱམས་པ་འབུམ་གླིང་བྱ་བ་ན། རི་རྩེ་ཞིག་ན་མཆོད་ཁང་ཞིག་ཡོད་པ་བུད་མེད་ཅིག་གིས་བུ་ཆུང་ཞིག་ཁུར་ནས་མཇལ་དུ་ཕྱིན་པས་བུ་རྒྱབ་ནས་ཤོར་ཏེ་བྲག་རྩ་ན་ཆུ་ཆེན་པོ་ཞིག་འགྲོ་བ་དེའི་ནང་དུ་ལྷུང་བ་མ་ཡིས་སྙིང་རྗེ་ནས་ཤས་མ་བཟོད་པར་ཆུ་ནང་དུ་ལྕེབ་སྐད། ཡང་ཧོར་གྱི་མིང་སྲིང་གཉིས་ཀྱི་མིང་པོ་ཆུ་ལ་བརྒལ་བ་ཆུས་ཁྱེར་བས་སྲིང་མོས་མ་བཟོད་པར་ཆུ་ལ་མཆོངས་སྐད། དེ་
བཞིན་དུ་སེམས་ཅན་ཐམས་ཅད་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་གདུང་བའི་ཚུལ་ལ་བསམས་ནས་འདི་དག་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་བྲལ་བར་གྱུར་ཅིག་བྲལ་བ་ཞིག་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་ཙམ་དུ་བསྒོམ་དགོས། དེ་ལྟར་བསྒོམས་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ན་སྙིང་རྗེ་ཚད་མེད་བྱ་བ་ཡིན། དེ་ཡང་སེམས་ཅན་གཞན་གྱི་སྡུག་བསྔལ་མཐོང་བ་དང་ཐོས་པ་དང་བསམ་པ་ཙམ་གྱིས་རང་གི་ཤ་གཅོད་པ་ཙམ་དུ་སྙིང་རྗེ་མི་བཟོད་པ་སྐྱེས་ན་སྙིང་རྗེ་ཆེན་པོ་བྱ་བ་ཡིན་གསུངས། སྔོན་སྔགས་པ་གཅིག་ལ་ར་གཅིག་ཡོད་པས་དེ་བསད་ནས་ཚོགས་རྐྱེན་བྱ་སྙམ། ར་འོག་ཏུ་བཅུག་ནས་གསུས་པའི་སྤུ་བཏོན་པས། ར་ཡིས་གླེ་སྒྲ་བཏབ་པས་ཁྱིམ་མཚེས་ཀྱིས་ཐོས་ཏེ་ཁང་ཐོག་ནས་བལྟས་པས་ཁོ་ཁ་སྐྱེངས་ནས། དེ་ཙམ་ཞིག་མ་བྱས་ན་འདི་རྩྭ་རང་ཡང་ཟར་མི་འདོད་ཀྱི་ཟེར་ནས་བཏང་སྐད། དེ་བཞིན་དུ་བསམ་སྦྱོར་གཉིས་ཀས་སེམས་ཅན་ལ་གནོད་པ་སྐྱེལ་ཞིང་། ཁ་སྐད་ལ་ཕན་འདོགས་པ་སྐད་དང་སྙིང་རྗེ་བ་སྐད་ཟེར་བ་འདི་འདྲ་ལ་སྙིང་རྗེ་མི་
ཟེར་སྙིང་རྗེ་ཞེས་པ་སྙིང་ཁོང་རུས་པའི་གཏིང་ནས་སྐྱེས་དགོས། སྔོན་སློབ་དཔོན་པཎྜི་ཏ་ཟེར་བ་དང་ཉེ་གནས་གཞོན་རྒྱལ་ཟེར་བ་གཉིས་སྤུན་ཡིན་པས་ཉེ་གནས་ཀྱིས་པཎྜ་ཏ་ཟེར་བའི་འཁོས་མེད་པོ་རང་གི་ལྟོ་གོས་ཙམ་ཡང་མི་འཁྱོངས་པ་འདི་སྙིང་རྗེ་ཞེས་སྨྲས་པ་དང་། སྔོན་རྗེ་བཙུན་མི་ལས་དཀའ་བ་སྤྱོད་དུས་སྲིང་མོས་མཐོང་ནས་སྙིང་རྗེ་བ་དང་ལམ་ཁར་ཉལ་བསྡད་དུས་ན་ཆུང་བུ་མོ་འགའི་གཅིག་གིས་སྙིང་རྗེ་ཤོར་བ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བསྒོམ་པར་ཆོས་ཕྱིར་དཀའ་སྤྱད་བྱེད་པ་ལ་སྙིང་རྗེ་བསྒོམ་པ་སྙིང་རྗེ་གོ་ལོག་ཡིན་པས་དེ་འདྲ་བྱས་ན་མི་ཡོང་། རི་དྭགས་ཁྲི་སྙན་ས་ལེ་བྱ་བ་དེ་དུད་འགྲོ་ཡིན་ཡང་སྙིང་རྗེ་དང་ལྡན་པས་ཁྱི་ར་བས་དེད་པའི་ཚེ་མི་དང་ཁྱིས་གཏུགས་ཀྱང་། ལམ་ན་ཡོད་པའི་སེམས་ཅན་ཕྲ་མོ་རྣམས་རྨིག་པའི་འོག་ཏུ་སོང་དུ་དོགས་ནས་སྣ་ཡིས་འབུད་ཅིང་འགྲོ་བ་ཡིན་སྐད། དེ་བཞིན་དུ་རྒྱུད་ལ་སྙིང་རྗེ་ཞིག་སྐྱེས་ན་སེམས་ཅན་གཞན་ལ་གནོད་འཚེ་བྱེད་པའི་བསམ་སྦྱོར་རང་ཤུགས་ཀྱིས་འགགས་ནས་ཕན་པའི་བློ་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་།
སྔོན་སངས་རྒྱས་ཀྱིས་སློབ་པ་ལམ་གྱི་དུས་སྟག་མོ་མ་བུ་བཀྲེས་པས་ཉེན་པ་ལ་སྙིང་རྗེ་དྲག་པོ་སྐྱེས་ནས་ལུས་སྦྱིན་པར་འཕངས་པ་མེད་པར་བཏང་པ་ལྟར་སྙིང་རྗེ་ཆེན་པོ་སྐྱེས་ན་སེམས་ཅན་ལ་ལུས་སྲོག་གཏང་ཡང་འཕངས་པ་མེད་ན་གཞན་གྱི་དངོས་པོ་གཏོང་ཐུབ་པ་སྨོས་ཅི་དགོས། སློབ་དཔོན་ཆེན་པོ་ཀ་མ་ལ་ཤི་ལའི་ཞལ་ནས། བཅོམ་ལྡན་འདས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་གསུངས། དོན་གྱི་དབང་འདི་གཟིགས་ནས་སངས་རྒྱས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ཆོས་གཅིག་རབ་ཏུ་བཟུང་ཞིང་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་དེའི་ལག་པའི་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ་གསུངས། དེས་ན་སངས་རྒྱས་ཀྱི་རྒྱུ་ཡོན་ཏན་གྱི་གཞི་མ་ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་འདི་ཡིན་པས་འདི་རྒྱུད་ལ་སྐྱེ་བའི་ཕྱིར་རབ་ཏུ་འབད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི་དེ་ལྟར་སེམས་ཅན་ལ་བྱམས་སྙིང་རྗེ་ཁྱད་པར་ཅན་སྐྱེས་ནས། སེམས་ཅན་གྱི་སྡུག་བསྔལ་བསལ་ནས་བདེ་ལ་འགོད་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཡོད་ཀྱང་ད་ལྟ་རང་གིས་
སེམས་ཅན་ཐམས་ཅད་ཀྱི་དོན་ཕར་ཞོག་སེམས་ཅན་གཅིག་གི་དོན་ཡང་མི་ནུས། དེ་བས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་ཚངས་པ་བརྒྱ་བྱིན་ལྟ་བུའི་གོ་འཕང་ཐོབ་ཀྱང་མི་ནུས། དེ་བས་དགྲ་བཅོམ་པ་འམ་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱང་མི་ནུས། དེ་བས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་ཀྱང་སེམས་ཅན་ཉུང་ཤས་ཤིག་གི་དོན་ལས་མི་ནུས། གང་གིས་ནུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་སེམས་ཅན་གྱི་དོན་བྱེད་ནུས། འོ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཅི་ཙམ་ཡོད་སྙམ་ན། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་འདི་འདྲ་ཞིག་གོ་ཞེས་བརྗོད་ཀྱིས་མི་ལངས་ཏེ། སྔོན་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་གྱི་མཐའ་རྟོག་པར་འདོད་ནས། སུམ་ཅུ་རྩ་གསུམ་དང་ཚངས་པའི་འཇིག་རྟེན་དང་དེ་བཞིན་དུ་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་འདས་པ་ན། འཇིག་རྟེན་ཁམས་པདྨོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་པདྨོའི་དཔལ་གྱི་སྙིང་པོའི་རྒྱལ་པོ་
བཞུགས་པའི་ས་རྣམས་སུ་རིམ་གྱིས་ཕྱིན་ཏེ་བལྟས་ཀྱང་། དབུའི་གཙུག་ཏོར་གྱི་མཐའ་མ་མཐོང་བར་ཕྱིར་ལོག་གསུངས་པས་ན། སངས་རྒྱས་ཀྱི་སྐུའི་གསང་བ་བསམ་གྱིས་མི་ཁྱབ། སྔོན་མོའུ་མགལ་གྱི་བུས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གིས་ཅི་ཙམ་ལ་ཁྱབ་ཡོད་བལྟ་དགོངས་ནས། ནུབ་ཕྱོགས་བདེ་བ་ཅན་དང་། དེ་ནས་ཀྱང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་འདས་པ་ན། འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འབྱུང་བ་འཁོར་བཅས་བཞུགས་པའི་གནས་སུ་བྱོན་ཏེ་ཉན་པས་ཀྱང་གསུང་ཆུང་དུ་མ་སོང་ད་དུང་ཡང་ལྷང་ལྷང་ཐོས་པས་གསུང་གི་མཐའ་མ་མངོན་པར་ཕྱིར་ལོག་གསུངས་པས་ན། སངས་རྒྱས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ། སྔོན་མོའུ་འགལ་གྱི་བུ་འཕགས་པ་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་པ་ཡིན་ཡང་། རང་གི་མ་གང་དུ་སྐྱེས་མ་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དམྱལ་བར་སྐྱེས་པ་མཁྱེན། དགྲ་བཅོམ་པ་གཞན་སུས་ཀྱང་ཁྱིམ་བདག་དཔལ་སྐྱེས་ལ་ཐར་པའི་ས་བོན་ཡོད་པ་མ་མཁྱེན་པར་རབ་ཏུ་མ་བྱུང་བ་བཅོམ་ལྡན་འདས་ཀྱིས་
དཔལ་སྐྱེས་ཀྱི་སྐྱེ་བ་བདུན་གྱི་གོང་རོལ་དུ་ཁྱིར་སྐྱེས་པ་ཕག་གིས་བདས་ནས་མཆོད་རྟེན་ཞིག་ལ་བསྐོར་བ་བྱས་པའི་དགེ་བའི་ས་བོན་ཡོད་པར་མཁྱེན་ནས་རབ་ཏུ་བྱུང་བ་སོགས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆོས་ཐམས་ཅད་ས་ལེར་མཁྱེན། སྔོན་སངས་རྒྱས་ལ་བདུད་ལྷས་སྦྱིན་ལེགས་སྐར་མུ་སྟེགས་སྟོན་པ་སོགས་ཀྱིས་གནོད་པའི་ལས་ཅི་བགྱིས་ཀྱང་སྡང་སེམས་མ་བྱུང་། ལྷའི་དབང་པོ་ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུར་རྒྱལ་སོགས་ཀྱིས་ཕན་ཅི་བགྱིས་ཀྱང་ཆགས་སེམས་མ་བྱུང་། དེ་བཞིན་དུ་སངས་རྒྱས་ལ་གཅིག་གིས་གཡས་ནས་ཙན་དན་གྱི་ལྡེ་གུས་བྱུག་ཅིང་གཅིག་གིས་གཡོན་ནས་སཏྭ་རིས་གཤོག་པ་བྱུང་ཡང་གཉིས་ཀ་ཉེ་རིང་ཕྱོགས་རིས་མེད་པར་བརྩེ་གདུང་རྒྱུན་མི་འཆད་དུ་འབྱུང་། སྔོན་མི་སྡིག་ཅན་ཞིག་གིས་བྱ་ངང་སེར་གྱི་ཚང་སྒོ་རྡོས་བཀག་ནས་ངང་པ་གཅིག་གི་མགོ་ཕྱི་རོལ་དུ་བོར་ཙམ་བྱས་ཏེ་བཞག་པས། རྗེས་སོར་ངང་པ་ཁྱོ་ཤུགས་གཅིག་པོ་དེས་ཀྱང་མོ་ཡལ་བར་འདོར་མ་ཕོད་པར་སྙིང་རྗེ་ནས། དེའི་ནང་དུ་མགོ་བརྒྱུས་ནས་གཉིས་ཆར་ལྷན་ཅིག་ཏུ་ཤི་ཡོད་སྐད། དེ་བཞིན་དུ་
སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་གཅིག་ཀྱང་སྐད་ཅིག་ཙམ་ཡང་ཡལ་བར་འདོར་མི་ཕོད་པར། ཕན་ན་དཔྲལ་བའི་མིག་བཏོན་ཁོག་པའི་སྙིང་ཕྱུང་ནས་ཀྱང་སྟེར་ནུས་ཤིང་། སེམས་ཅན་རེ་རེའི་ཕྱིར་ཡང་དམྱལ་བའི་མེ་ནང་དུ་བསྐལ་པ་མང་པོར་གནས་ནུས་པས་ན། སངས་རྒྱས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ། སྔོན་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་སྐུ་གསུང་ཐུགས་ཀྱི་སྒོ་ནས་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་སེམས་ཅན་བྱེ་བ་ཐེར་འབུམ་གྲངས་ཀྱིས་མི་ཆོད་པ་སངས་རྒྱས་ཀྱི་ས་ལ་བཀོད་ནས། ངན་སོང་གསུམ་དང་ངན་འགྲོའི་གནས་རྣམས་ལན་གྲངས་དུ་མར་སྟོངས་པར་མཛད། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་རྒྱུན་བསྲིངས་ནས་སེམས་ཅན་དཔག་མེད་ཐར་པའི་ལམ་ལ་བཀོད་ནས་གནས་སྐབས་སུ་སྤྲུལ་པའི་ཞིང་ཁམས་སྟོང་གསུམ་གྱི་སེམས་ཅན་འཁོར་བ་དོང་སྤྲུགས་ཡང་ཡང་བྱུང་ཞིང་། ད་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་རྫོགས་ནས་སངས་རྒྱས་མོས་པའི་བསྟན་པ་ལ་ཡང་སྟོང་གསུམ་གྱི་སེམས་ཅན་འཁོར་བ་དོང་ནས་སྤྲུགས་ཏེ་སངས་རྒྱ་བར་གསུངས་པས་ན། སངས་རྒྱས་
ཀྱི་འཕྲིན་ལས་ཀྱི་གསང་བ་བསམ་གྱིས་མི་ཁྱབ། དེས་ན་སྔོན་སངས་རྒྱས་སངས་མ་རྒྱས་པའི་དུས་སྐབས་སུ་སེམས་ཅན་གྱི་སྡུག་བསྔལ་བསལ་བདེ་ལ་འགོད་པ་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཡོད་ཚུལ་གྱིས་ཡིད་ཕྲོགས་ནས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ལྟར་འོ་སྐོལ་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བདེ་ལ་འགོད་པ་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཡོད་ཚུལ་རྣམས་བསམས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལྟ་བུ་ཞིག་གི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བར་མྱུར་དུ་ཐོབ་པར་བྱའོ། །ཐོབ་ནས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ལ་བླ་ན་མེད་པའི་བདེ་བ་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་དགོས། དེ་ལྟར་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློ་དཔེར་ན་བཀྲེས་པ་ཟས་དང་སྐོམ་པ་ཆུ་འདོད་པ་ལྟ་བུ་ཞིག་སྐྱེས་ན། བྱང་སེམས་སྐྱེས་པ་ཡིན་གསུངས། སྔོན་རྭ་སྒྲེང་དུ་ཞིང་མོན་ཁྱི་
འཁྲུག་བྱ་བ་ན་རེ། ཇོ་བོ་སེམས་བསྐྱེད་བྱ་བ་དེ་ཇི་ལྟ་བུ་ཞིག་ལ་ཟེར་བ་ལགས་ཟེར་བ་ལ། པོ་ཏོ་བས། དེ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་ཞིག་ལ་ཟེར་བ་ཡིན་ཏེ་བྱས་པས། ཁོ་ན་རེ། ཨ་ཙ་མ་དེ་ལ་སྙིང་ཁམས་ཆེ་བ་གཅིག་དགོས་པར་སྣང་ཟེར་ཏེ། དེ་ཁོས་གོ་བ་ཡིན། དེ་བཞིན་དུ་འོ་སྐོལ་གྱིས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སེམས་ཅན་གྱི་དོན་བྱེད་པ་ལ་སྙིང་ཁམས་བསྐྱེད་དགོས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ནི། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཕ་མ་རུ་དགོངས་བྱམས་སྙིང་རྗེ་ཤུགས་དྲག་པོས་ཐུགས་བསྐྱོད་ནས་རང་དོན་ཡལ་བར་དོར་གཞན་དོན་གཙོ་བོར་མཛད་པས་སངས་རྒྱས། འོ་སྐོལ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཕ་མར་མ་ཤེས་ཆགས་སྡང་དྲག་པོས་ཡིད་བསྐྱོད་ནས་རང་གཅེས་པར་བཟུང་གཞན་ཡལ་བར་དོར་བས་ད་བར་འཁོར་བར་འཁྱམས་པ་ཡིན། ད་ནི་སངས་རྒྱས་ཀྱི་རྣམ་ཐར་བཞིན་སེམས་ཅན་ཐམས་ཅད་ཕ་མ་རུ་བསམས་ནས་བྱམས་སྙིང་རྗེ་ཤུགས་དྲག་པོ་ཡང་ཡང་བསྐྱེད་ནས་རང་
ཡལ་བར་དོར་གཞན་ཕ་མ་སེམས་ཅན་རྣམས་གཅེས་པར་བཟུང་སྟེ། ཁེ་དང་རྒྱལ་ཁ་གཞན་ལ་སྟེར་ཞིང་གྱོང་དང་ཕམ་ཁ་རང་གིས་ལེན་པའི་བསམ་སྦྱོར་ལ་འབད་པར་བྱ། ཆོས་ཐམས་ཅད་ཀྱི་གནད་འགག་དེར་འདུས་ཏེ། གླང་རི་ཐང་པའི་ཞལ་ནས། ངས་ཇི་ཙམ་གྱི་ཆོས་ཟབ་མོ་ཞིག་ཞལ་ཕྱེ་སྟེ་བལྟས་ཀྱང་སྐྱོན་ཐམས་ཅད་རང་གི་ཡིན་ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན་པར་འདུག །དེའི་གནད་ཀྱིས་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་ཕམ་ཁ་རང་གིས་ལེན་པ་འདི་མིན་པ་གོ་རྒྱུ་མེད་གསུངས། དེ་ལྟར་སྦྱངས་ཚེ་སྔར་ཡིན་ན་རང་གཅེས་པར་འཛིན་པ་ལ་ད་ནི་གཞན་གཅེས་པར་འཛིན་པ་བྱུང་། སྔར་གཞན་ཡལ་བར་འདོར་བ་ལ་ད་ནི་རང་ཡལ་བར་འདོར་བའི་བསམ་སྦྱོར་ངང་ངམ་ཤུགས་ཀྱིས་བྱུང་ན་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འབྱོངས་པ་ཡིན། འབྱོངས་ཀྱང་ད་དུང་གོང་འཕེལ་དུ་བྱའོ། །དེ་ལྟ་བུའི་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ཡོད་ན་དམྱལ་བར་ལྟུང་ཡང་མྱུར་དུ་ཐར་ཏེ། སྔོན་བཅོམ་ལྡན་འདས་མཛའ་བོའི་བུ་མོར་གྱུར་ཚེ་མའི་མགོ་ལ་འགོམས་པའི་
རྣམ་སྨིན་གྱིས་དམྱལ་བར་ལྷུང་ནས་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་བྱུང་ནས་འཁོར་བས་ན་ཚ་དྲག་པོ་སྐྱེས་པའི་ཚེ་སེམས་ཅན་གཞན་ལ་སྙིང་རྗེ་སྐྱེས་ནས་བདག་ལྟར་ཕ་མ་ལ་གནོད་པའི་ལས་བྱས་པའི་སེམས་ཅན་རྣམས་ཀྱི་ལས་ངན་པའི་འབྲས་བུ་རྣམས་བདག་ལ་སྨིན་ཏེ་དེ་རྣམས་འདིར་མི་འོང་བར་གྱུར་ཅིག་ཅེས་བསམ་ཞིང་སྨྲས་པས་འཁོར་ལོ་ནམ་མཁའ་ལ་ཡར་འཕགས། ཚེའི་དུས་བྱས་ནས་ལྷར་སྐྱེས། ཡང་བདག་ཅག་གི་སྟོན་པ་འདི་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་ཨ་ཝང་ཞེས་བྱ་བར་གྱུར་དུས། གྲོགས་གཞན་གྱིས་མ་འདྲོངས་པར་སྡུག་བསྔལ་མྱང་བར་མི་བཟོད་པའི་སྙིང་རྗེ་སྐྱེས་ནས། འདི་རྣམས་བདེ་བར་ཐོངས་དང་འདི་རྣམས་ཀྱི་ཚབ་ཏུ་ང་གཅིག་པུས་འདྲེན་སྨྲས་པས། དམྱལ་དཔོན་དེ་ཁྲོས་ནས་སེམས་ཅན་རང་རང་གི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཁྱོད་ཀྱིས་ཅི་བྱར་ཡོད་ཟེར་ནས་མགོ་ལ་ལྕགས་ཀྱི་ཐོ་བ་མེ་འབར་བ་ཞིག་གིས་བསྣུན་པས་ཚེའི་དུས་བྱས་ནས་ལྷར་སྐྱེས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འདི་ཡོད་ན་ཚེ་འདིར་ཡང་ངོ་མཚར་བའི་ལྟས་འབྱུང་སྟེ། སྔོན་བྱ་ས་ཀོ་ཁར་ཀོ་བ་གཅིག་གི་
ནང་དུ་བཙུན་པ་དྲུག་བང་ཆེན་པ་གཅིག་བཅས་ཞུགས་ནས་ཀོ་གྲུ་བརྒྱབས་ནས་ཆུ་དཀྱིལ་དུ་སླེབ་ཚེ་ཀོ་བ་ཆུ་ལ་བྱིང་ཚེ་ཀོ་མཁན་གྱིས་བཅུད་ལྕི་སོང་འདུག་རྐྱལ་ཤེས་པ་ཡོད་ན་གཅིག་ཐོན་བྱས་པས་རྐྱལ་ཤེས་པ་མེད་ཚེ་ནང་ནས་བང་ཆེན་པ་ན་རེ། ཐམས་ཅད་འཆི་བ་ལས་ང་གཅིག་པུ་ཤི་ན་རུང་ཟེར་རྐྱལ་མི་ཤེས་རུང་ཆུ་ནང་དུ་མཆོངས་པས་དེ་མ་ཐག་གྲུ་ཁ་དེར་འཇའ་ཚོན་ཞིག་འཐོན་མེ་ཏོག་གི་ཆར་བབ་པ་བྱུང་ཁོ་ཡང་ཆུ་ནང་ནས་མ་ཤི་བར་ཕར་ཁར་ཐོན་སྐད། སྔོན་བླ་མ་དྷརྨ་རཀྵི་ཏས་གཞན་ནད་པ་ཞིག་གི་སྨན་ལ་མི་གསོན་པོའི་ཤ་མེད་ན་འཆི་བ་ལ་ཁོང་སྙིང་རྗེ་དྲག་པོ་སྐྱེས་ནས་བརླ་སྟེང་ནས་ཤ་བཅད་ནས་བྱིན་པས་མཚན་མོ་མི་དཀར་པོ་ཞིག་གི་ཕྱག་གིས་བྱིལ་བ་ཞིག་མཛད་པས་སོས་པ་ཞིག་རྨིས་པས། གཉིད་སད་ཚེ་དེ་བཞིན་དུ་གྱུར་གསུངས། སྔོན་འཕགས་པ་ཐོགས་མེད་ཀྱིས་ཁྱི་མོ་རོ་སྨད་འབུས་གཡེངས་པ་ཞིག་ལ་སྙིང་རྗེ་སྐྱེས། འབུ་རྣམས་ལ་ཡང་སྙིང་རྗེ་སྐྱེས་ནས་འབུ་རྣམས་བསལ་ནས་ས་ལ་འཕེན་མ་ཕོད་པར་ཁོང་གི་བརླ་ནས་ཤ་བཅད་དེ་སྟེང་དུ་ལེན་པར་བརྩམས་པས་བྱམས་པའི་ཞལ་གཟིགས་
ནས་སྔར་བཞིན་སོས་པ་བྱུང་། རྒྱལ་པོ་དྲི་མེད་ཀུན་ལྡན་གྱིས་རང་གི་སྤྱན་སྦྱིན་པར་བཏང་ཡང་ཕྱིས་བདེན་ཚིག་བརྗོད་པས་སྔར་ལྟར་བྱུང་། དེས་ན་སྙིང་ཐག་པ་ནས་བདག་གཞན་བརྗེ་བ་བྱུང་ན་ཚེ་འདིར་ཡང་སྡུག་པོ་མི་འབྱུང་བས་སྙིང་ཐག་པ་ནས་བྱམས་སྙིང་རྗེ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རྒྱུན་རིང་ལ་ཤུགས་དྲག་པར་བསླབ་པར་བྱའོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས་སེམས་བསྐྱེད་ཆོ་ག་ལ་བརྟེན་ནས་འཛིན་ཚུལ་ནི། སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་སྦྱིན་གྱིས་འཛམ་གླིང་གི་རྒྱལ་པོར་གྱུར་བའི་ཚེ་དེ་བཞིན་གཤེགས་པ་ཟླ་བའི་ཏོག་ལ། གཙུག་ལག་ཁང་བྱེ་བ་ཙམ་ཞིག་ཕུལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན། ཡང་བདེ་གཤེགས་འོད་འཕྲོས། དེ་བཞིན་གཤེགས་པ་མཐའ་ཡས་འོད་ལ། རྩྭ་ཡི་སྒྲོན་མ་ཞིག་ཕུལ་ནས་སེམས་བསྐྱེད། དེ་བཞིན་གཤེགས་པ་ཡོན་ཏན་འཕྲེང་ལྡན་གྱིས། དེ་བཞིན་གཤེགས་པ་བགྱིད་ལྡན་བཞུད་ལ་ཕྱག་འཚལ་ཐལ་མོ་སྦྱར་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་བཞིན་དུ་བསྐལ་
བཟང་གི་སངས་རྒྱས་སྟོང་གིས་སྔོན་དགེ་བའི་རྩ་བ་ཆེ་ཆུང་གང་རུང་ལ་བརྟེན་ནས་བདེ་གཤེགས་གཞན་གྱི་དྲུང་ནས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ། དེ་ཡང་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཚོགས་བསགས་པ་ལས་སྐྱེ་བས་སྔོན་ཇོ་བོ་དབུས་སུ་བྱོན་ཙ་ན། སེམས་བསྐྱེད་ཞུས་པས། ཇོ་བོས་སེམས་བསྐྱེད་ན་མཆོད་པ་ཤོམས་གསུངས། དེར་མི་ཀུན་གྱིས་ཀུན་དགའ་ར་བར་ཕྱག་དར་བྱས་ཏེ་ཁྱམས་སྟོད་དུ་སྔགས་པ་གྲོང་ཆོག་བྱེད་པའི་མཎྜལ་ལྟ་བུ་གཅིག་བཤམས། དེའི་སྟེང་དུ་མར་མེ་གཅིག་སྤོས་གཅིག་ལྷ་བཤོས་གཅིག་བཞག་ནས། ཇོ་བོ་གདན་དྲངས་པས། ཇོ་བོའི་ཞལ་ནས་མཆོད་པ་ངན་སེམས་བསྐྱེད་མི་སྐྱེ་གསུངས་ནས་ཕྱིར་ལོག་ནས་གཤེགས། དེ་ནས་ཡང་སྙིང་ཁམས་བསྐྱེད་ནས་མར་མེ་ལྔ་དྲུག་ཙམ། སྤོས་གཉིས་གསུམ་ཙམ། ལྷ་བཤོས་དྲུག་བདུན་ཙམ་བྱས་ཏེ། ཇོ་བོ་སྤྱན་དྲངས་པས་མ་མཉེས་ཏེ་མཆོད་པ་ངན་སེམས་བསྐྱེད་མི་སྐྱེ་གསུངས་ནས་ཕྱིར་ལོག་ནས་གཤེགས། དེ་ནས་མི་ཀུན་གྱིས་
ནུས་པ་ཡོད་ཚད་བོ་དཀོན་མཆོག་མཆོད་པར་བཤམས་ཏེ། ཁྱམས་སྟོད་ཐམས་ཅད་བཀང་ནས་སྤྱན་དྲངས་པས། དེ་རྟེན་དུ་རུང་ཙམ་ཡིན་གྱི་གསུངས་ནས་སེམས་བསྐྱེད་མཛད་གསུངས། དེ་བཞིན་དུ་འོ་སྐོལ་ཡང་སེམས་བསྐྱེད་བྱེད་དུས་ནུས་པ་ཡོད་ཚད་ཀྱིས། དཀོན་མཆོག་གི་མཆོད་པ་དང་དགེ་འདུན་ལ་བསྙེན་བཀུར། དབུལ་པོ་ལ་སྦྱིན་གཏོང་འབྱུང་པོ་ཡི་དྭགས་ལ་གཏོར་མ་བསྔོ་བ་ལ་སོགས་ཚོགས་རྒྱ་ཆེན་པོ་བསག་དགོས། སེམས་བསྐྱེད་བྱེད་པའི་དུས་ན་ལོངས་སྤྱོད་གཏོང་བའི་ཚད་ནི། རང་ལ་ལོངས་སྤྱོད་ཅི་ཡོད་ཆ་གསུམ་དུ་བཏང་བས་ཆ་གཅིག་དཀོན་མཆོག་མཆོད་པ། གཅིག་བླ་མ། གཅིག་རང་གི་འཚོ་བའི་ཆ་རྐྱེན་དུ་འཇོག་གསུངས། སྔོན་དགེ་བཤེས་ཁུ་ཆེན་པོ་དབུ་རུར་བྱོན་པའི་ཚེ། ཐམས་ཅད་ཀྱིས་སེམས་བསྐྱེད་ཞུས་པ་ན། ལག་པ་གཡས་ན་དར་སྣ་ཐག་ཙམ་རེ་ཐོགས། ལག་པ་གཡོན་ན་ལྷ་བཤོས་མཛུབ་མོ་ཙམ་རེ་ཐོགས་ནས་བྱུང་སྐད། དེ་ལ་དགེ་བཤེས་མ་མཉེས་ཏེ། སེམས་བསྐྱེད་འདི་མི་ཀུན་གྱིས་སླ་སླ་བོ་གཅིག་ཏུ་མཐོང་ནས་འདུག་གསུངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་སེམས་བསྐྱེད་བྱེད་
དུས་དེ་ལྟ་བུའི་སླ་ཆོས་སུ་མ་སོང་བ་བྱས་ཅི་འབྱོར་བའི་མཆོད་པ་རྒྱ་ཆེན་པོ་བཤམས་བླ་མ་ལ་ཕྱག་རྟེན་ཕུན་སུམ་ཚོགས་པ་ཕུལ་ནས་སེམས་བསྐྱེད་ཞུ་དགོས། གལ་ཏེ་མ་འབྱོར་ན་སྔོན་གྲགས་པ་ཐ་ག་པས། རས་ཀྱི་ཁ་ཚར་གཅིག་ཕུལ་བས་སེམས་བསྐྱེད་ཞུས་པ་བཞིན་དུ་ཅི་འབྱོར་པའི་ལོངས་སྤྱོད་ཀྱིས་མཆོད་ནས་ཀྱང་སེམས་བསྐྱེད་ཞུས་ན་རུང་། སེམས་བསྐྱེད་པའི་དོན་དུ་བླ་མ་ལ་ཕྱག་འཚལ་ཡན་ལག་བདུན་པ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་ཚུལ་ནི། སློབ་མས་སློབ་དཔོན་གྱི་རྗེས་བཟློས་བྱས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་དུ་གསོལ། ཞེས་ལན་གསུམ་བྱ། དེ་ནས་སྐྱབས་འགྲོ་བྱ་ཚུལ་ནི། ཡང་སློབ་དཔོན་གྱི་རྗེས་སུ་བཟློས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བྱ། དེ་ནས་སེམས་བསྐྱེད་དངོས་ལ་དང་པོ་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། ཡང་སློབ་མས་སློབ་དཔོན་གྱི་རྗེས་སུ་འདི་སྐད་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་།
ས་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། སྔོན་དགེ་བའི་རྩ་བ་མང་པོ་ལ་བརྟེན་ནས་འགྲོ་ཀུན་དོན་དུ་སྨོན་པ་བྱང་ཆུབ་ཀྱི་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། དགེ་འདུན་ལ་བསྙེན་བཀུར་བྱས་པ་དང་། དབུལ་པོ་ལ་སྦྱིན་པ་བཏང་བ་དང་། གཞན་ཡང་དགེ་བ་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བ་ལ་བརྟེན་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་པའི་སླད་དུ་འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བར་མྱུར་དུ་འཐོབ་པར་བྱའོ། །ཐོབ་ནས་ཞི་བར་ཅུང་ཟད་ཙམ་ཡང་མི་གནས་པར་ངན་སོང་གསུམ་གྱི་སེམས་ཅན་རྣམས་ལྷ་མིའི་གོ་འཕང་ལ་འགོད་པར་བགྱིའོ། །ལྷ་མིའི་འགྲོ་བ་ཀུན་ཐར་པའི་གོ་འཕང་ལ་འགོད་པར་བགྱིའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ས་བཅུའི་བྱང་ཆུབ་སེམས་དཔའི་གོ་འཕང་ལ་འགོད་པར་
བགྱིའོ། །ས་བཅུའི་བྱང་སེམས་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བགྱིའོ། །རིམ་གྱིས་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བགྱིའོ། །ཇི་ལྟར་སྨོན་པའི་གནས་རྣམས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་ལན་གསུམ་བྱ། སྨོན་སེམས་འདི་ནི་ཁྱིམ་པ་ཕོ་མོ་སོགས་སུ་ལའང་བྱས་ཆོག་གསུངས། དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སློབ་དཔོན་གྱི་རྗེས་སུ་བཟློས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འགྲོ་ཀུན་དོན་དུ་འཇུག་པ་བྱང་ཆུབ་ཀྱི་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཕྱིར། མི་དགེ་
བ་ཕྲ་ཞིང་ཕྲ་བ་ཡན་ཆད་སྲོག་ལ་བབས་ཀྱང་སྤོང་བར་བགྱིའོ། །དགེ་བའི་ལས་ཕྲ་ཞིང་ཕྲ་བ་ཡན་ཆད་ཁྱད་དུ་མི་གསོད་པར་དང་དུ་བླངས་ནས་སྒྲུབ་པར་བགྱིའོ། །སེམས་ཅན་སྡུག་བསྔལ་ཅན་རྣམས་ཀྱི་སྡུག་བསྔལ་བསལ། བདེ་བ་མེད་པ་རྣམས་བདེ་བ་ལ་བཀོད་ནས་སེམས་ཅན་གྱི་དོན་ཡང་ཅི་ནུས་སུ་བསྒྲུབ་པར་བགྱིའོ། །དེའི་མཐུ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཚེ་ན་ཡང་ཞི་བར་སྐད་ཅིག་ཡུད་ཙམ་ཡང་མི་གནས་པར་ཚེ་འདིའི་ཕ་མས་ཐོག་དྲངས་པའི་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་གཅིག་ཀྱང་འཁོར་བ་ན་མི་གནས་པ་དེ་སྲིད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བགྱིའོ། །བདག་ཉིད་གཅིག་པུས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་དང་འཕྲིན་ལས་ཐམས་ཅད་མཐར་ཕྱིན་པར་བགྱིའོ། །ལན་གསུམ་བྱ། འཇུག་སེམས་འདི་བསླབ་བྱ་སློབ་ནུས་པ་མ་གཏོགས་ནུས་མི་ནུས་ཐམས་ཅད་
ལ་བྱ་མི་རུང་བར་གསུངས། དེ་ནས་དེ་ལྟར་དུ་འགྲུབ་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པའི་སྟོབས་ཀྱིས་ཇི་ལྟར་སྨོན་པའི་གནས་རྣམས་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་བརྗོད། སློབ་དཔོན་གྱིས་སློབ་མ་རྣམས་ལ་སྤྲོ་བ་བསྐྱེད་པ་ནི། འོ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་མང་པོའི་བར་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན་དུ་གྱུར་པ་ཡིན་པ་ལ། འོ་སྐོལ་རྣམས་ཀྱིས་ཀྱང་ད་རེས་སེམས་བསྐྱེད་པས་སངས་རྒྱས་རྣམས་ཀྱི་སྲས་དང་འགྲོ་བ་ལྷ་མིར་བཅས་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན། ད་ནས་བྱང་ཆུབ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ་ལྷ་མིའི་ནང་ནས་ཕུན་སུམ་ཚོགས་པའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་ནས་བདེ་
ཞིང་སྐྱིད་པའི་སྒོ་ནས་ཚོགས་གཉིས་རྒྱ་ཆེན་པོ་བསགས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་འགོད་པའི་སྐལ་པ་དང་ལྡན་པ་ཡིན་པས། ཀུན་གྱིས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལྟར་དགའ་སྤྲོ་ཚད་མེད་པའི་ངང་ནས་ཕྱིན་ཆད་སྡིག་སྤོང་དགེ་སྒྲུབ་སེམས་ཅན་གྱི་དོན་བྱེད་པ་ལ་བརྩོན་པར་མཛོད་ཅིག །ཞེས་སྤྲོ་བ་བསྐྱེད་དོ། །ཡང་སྔོན་རྗེ་བཙུན་འཇམ་དཔལ། རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སྨོན་སེམས་འཇུག་སྡོམ་སྟབས་གཅིག་ཏུ་མནོས་པ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་སྟབས་བདེ་བའི་ཕྱིར་སྨོན་འཇུག་དུས་གཅིག་ཏུ་ལེན་འདོད་ན་སྤྱོད་འཇུག་ནས་གསུངས་པ་ལྟར་བླ་མའི་གསུང་གི་རྗེས་བཟློས་བྱས་ཏེ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་སླད་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སེམས་དཔའི་བསླབ་པ་
ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་ལན་གསུམ་བྱ། དེང་དུས་བདག་ཚེ་འབྲས་བུ་བཟང་། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་འགྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་སྤྲོ་བ་བསྐྱེད་པར་བྱ། དེ་ལྟར་བླ་མའི་དྲུང་ནས་ལན་གཅིག་བླངས་ནས། ཕྱིས་སྐུ་གསུང་ཐུགས་རྟེན་གྱི་དྲུང་ངམ། ཡང་ན་མདུན་དུ་ཚོགས་ཞིང་དམིགས་ནས་ཉིན་རེ་བཞིན་བླང་ཆོག་པར་གསུངས། དེ་ནས་སློབ་མས་བཀའ་དྲིན་གཏང་རག་གི་མཎྜལ་འབུལ་ཞིང་བསྔོ་བ་སྨོན་ལམ་ཡང་བྱའོ། །དེ་ལྟར་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་དགོས་པས། སྨོན་པ་བྱང་ཆུབ་སེམས་ཀྱི་བསླབ་བྱ་ནི། སྔོན་ཚོང་དཔོན་གྱི་བུ་ནོར་བཟང་ལ། དང་པོ་འཕགས་པ་འཇམ་དཔལ་ལ་སེམས་བསྐྱེད་ཞུས་ནས། དེའི་བསླབ་བྱ་ལ་སློབ་པ་ལ། དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་གཉིས་བསྟེན་པའི་ཐ་མ་ལ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་བཟའ་ཤིང་གི་ར་བ་ཁང་པ་བརྩེགས་པ་རྣམ་པར་
སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ན། མགོན་པོ་བྱམས་པ་བཞུགས་པའི་དྲུང་དུ་ཕྱིན་ནས། དེར་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཐོབ་སྟེ། བྱམས་པས་ནོར་བཟང་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་གསུངས་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །དཀར་པོའི་ཆོས་ཐམས་ཅད་འཕེལ་བའི་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བརྟེན་པའི་ས་ལྟ་བུའོ། །དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པའི་རྣམ་ཐོས་སྲས་ཀྱི་བུ་ལྟ་བུའོ། །རེ་བ་ཐམས་ཅད་སྐོང་བའི་དཔག་བསམ་གྱི་ཤིང་ལྟ་བུའོ། །དོན་ཐམས་ཅད་འགྲུབ་པའི་ཡིད་བཞིན་ནོར་བུ་ལྟ་བུའོ། །ཞེས་དཔེས་ཉིས་བརྒྱ་དང་སུམ་ཅུའི་སྒོ་ནས་རྒྱ་ཆེར་གསུངས། སྔོན་བྱང་ཆུབ་སེམས་ལ་མངའ་བརྙེས་པའི་བུ་མོ་མྱ་ངན་མེད་ཀྱིས་སངས་རྒྱས་ཀྱི་འཁོར་ཉན་ཐོས་མཆོག་བརྒྱད་ཟིལ་གྱིས་མནན་པ་ལྟར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན་དུས་གསུམ་རྒྱལ་བའི་སྲས་སུ་འགྱུར་བས་ན་སེམས་བསྐྱེད་མ་ཐག་ནས་རིགས་ཀྱི་སྒོ་ནས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་
གྱིས་གནོན་ནུས། སྔོན་ཇོ་བོ་ཆེན་པོར་བྱང་ཆུབ་ཀྱི་སེམས་མངའ་བ་ཀླུ་ཞིག་གིས་ཤེས་ནས་ཤིང་ཐོག་རོ་མངར་བ་མང་པོ་ཕུལ་བ་ལྟར། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་དེ་ལྷ་དང་ཀླུ་དང་མི་ལ་སོགས་སྐྱེ་དགུ་ཀུན་གྱི་ཕྱག་དང་མཆོད་པའི་ཞིང་དུ་འགྱུར། སྔོན་མཉམ་མེད་ཇོ་བོ་ཆེན་པོས་རྡོ་རྗེ་གདན་ལ་ཕྱི་བསྐོར་མཛད་པའི་ཚེ། ཇོ་བོའི་སྔོན་ལ་བུད་མེད་རྒན་གཞོན་གཉིས་ཀྱིས་བསྐོར་བ་བྱེད་པས། བུད་མེད་གཞོན་པས་རྒན་པ་ལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞེས་དྲིས་པ་ལ། རྒན་པ་ན་རེ། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་ཟེར་སྐད། བུད་མེད་དེ་གཉིས་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་སྤྲུལ་པ་ཡིན་པར་གསུངས། ཡང་རྡོ་རྗེ་གདན་ལ་བསྐོར་བ་མཛད་པའི་ཚེ་བྱང་ཆུབ་ཆེན་པོས་གསུང་བྱོན་ནས། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས་སྐད། དེས་ན་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་ཕྱིར་ཡང་དང་
ཡང་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་ཞིང་སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་སེམས་བསྐྱེད་པར་བྱའོ། །སྔོན་བླ་རྒན་ཞིག་ལ་གཤག་རོགས་གྲྭ་པ་ཞིག་ཡོད་པ་ཕན་ཅི་ཐོགས་བྱས་བས་ཉིན་གཅིག་བླ་རྒན་མེད་ཤུལ་ནས་ནང་དུ་འཛུལ་ནས་རྐུ་བྱས་པས་བླ་རྒན་ཞེ་སྡང་ལངས་ནས་ད་ནས་ཕན་ཡང་མི་འདོགས་གནོད་ཀྱང་མི་སྐྱེལ་ཟེར་སྐད། དེ་བཞིན་དུ་སེམས་ཅན་གཞན་འགའ་ཞིག་གིས་ཕན་ལན་དུ་གནོད་སྐྱེལ་བ་སོགས་བྱ་སྤྱོད་ངན་པ་ཅི་བྱུང་ཡང་རང་གི་ངོས་ནས་འདི་ལ་དུས་ནམ་ཡང་ཕན་འདོགས་པར་མི་བྱའོ་སྙམ་དུ་བློས་སྤོང་མི་རུང་། སྔོན་ཞོ་འོང་དབྱིས་ཀྱི་བུ་ནོར་བུ་ཟེར་བ་ཞིག་ཡོད་པ་ལ་ཕས་ཁྱོད་ཀྱིས་གཞན་གྱི་ཆུང་མ་རྐུས་ནས་མ་འགྲོ་དང་། ཁྱོད་ལ་ཐུག་པས་ཕ་བཟང་གི་བུ་མོ་ཞིག་ལེན་ཞེས་སྨྲས་ཀྱང་མ་ཉན་པར་གཞན་གྱི་ཆུང་མ་ཁྲིད་ནས་བྲོས་པས་ནོར་ཐམས་ཅད་བརླག་སོང་བས་ཕ་ཁྲོས་ཏེ་ད་ནི་ཕན་འདོགས་རི་ཤི་ཟེར་ཞེ་མནའ་བསྐྱལ་ཕྱིས་མིག་གིས་མཐོང་སར་ཡང་བུ་འོང་དུ་མ་བཅུག་སྐད། དེ་བཞིན་དུ་སེམས་ཅན་གཞན་གྱིས་རང་གི་བཤད་པའི་
ནང་ལྟར་མི་བྱེད་པར། རང་གཞན་གཉིས་ཀ་འཕུང་བ་བྱུང་ཡང་། ཕྱིན་ཆད་འདི་ལ་ཕན་མི་འདོགས་པར་མ་ཟད་ལན་གཅིག་ཙམ་ཡང་འཕྲད་པར་མི་བྱའོ་སྙམ་དུ་ཡལ་བར་འདོར་མི་རུང་། སྔོན་མི་གླེན་པ་ཞིག་གིས་ཉིན་གཅིག་ཟས་མང་པོ་ཟ་རྒྱུ་བྱུང་ནས་ཤིན་ཏུ་འགྲངས་པའི་ཚེ། གཞན་ཡང་འདི་ལྟར་འགྲངས་ཡོད་སྙམ་ནས། དེ་རིང་ངེད་ཚོ་ཐམས་ཅད་ཅི་ཞིག་འགྲངས་འདུག་ཨང་ཞེས་སྨྲས་སྐད། དེ་བཞིན་དུ་རང་རེ་རྣམས་ཀྱིས་ཀྱང་རང་བདེ་ཞིང་སྐྱིད་པའི་ཚེ། རང་བཞིན་གཞན་ཡང་བདེ་ཞིང་སྐྱིད་སྙམ། གཞན་བདེ་བ་མེད་པར་སྡུག་བསྔལ་བ་རྣམས་ཀྱི་སྐྱིད་སྡུག་མི་ཤེས་པ་དེ་འདྲ་བྱ་མི་རུང་། སྔོན་ལྷོ་ཁམས་ནགས་དང་ཉེ་བའི་ཞིང་ཞིག་ལ། སྤྲེའུ་ཟར་འོང་བ་ལ། བདག་པོས་ས་ལ་དོང་བྲུས་ཏེ་ནང་དུ་ཡིབས་ནས་སྤྲེའུ་མ་སྨད་རྣམས་དེད་པས། སྤྲེའུས་བུ་གཅེས་པ་བྱས་ནས་པང་དུ་ཁུར། བུ་མོར་མི་གཅེས་པ་བྱས་ནས་རྒྱབ་ཏུ་ཁུར་ཏེ་བྲོས་པས། དེར་ཉེན་ཙམ་ན་བུ་བསྐྱུར་ནས་ཤིང་ལ་འཛེགས་པས། བུ་མོས་སྐེ་ལ་འཁྲིལ་བ་ཤིང་ཁར་ཐོན། བུ་ཤུལ་དུ་ལུས་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་
དོན་བྱ་བའི་བློ་རེ་ཡོད་ཀྱང་སེམས་ཅན་གྱི་བྱ་སྤྱོད་ངན་པའི་སྟབས་ཀྱིས་རང་ཐོག་ཏུ་རྐྱེན་ངན་ཡོང་དུ་ཉེ་ཙ་ན། སེམས་ཅན་གཞན་ཡལ་བར་དོར་མི་རུང་། སྔོན་འཕན་ཡུལ་གྱི་མི་གཅིག །ཡུལ་གཉལ་དུ་བསྐྱུར་ཕྱིན་པས། བཙུན་པ་གཅིག་གིས་སྒོ་བར་དུ་བཙིར། ཕྱིས་འཕན་ཡུལ་དུ་མི་མང་སར་བཙུན་པ་དེ་ཡོད་ཙ་ན། མི་དེས་སྔར་སྒོ་བར་དུ་བཙིར་པ་ཞེ་ལ་བཞག་ནས། འོ་ཅག་ངོ་ཤེས་པ་ཡོད་བྱས་པས། བཙུན་པ་ན་རེ་མེད་དེ་ཡོང་ཟེར་བས། ཁྱེད་ཀྱིས་སྔར་ང་སྒོ་བར་དུ་བཙིར་པས་ངོ་ཤེས་ཞེས་མི་མང་སར་ཚིག་གིས་དམའ་ཕབ་ནས་ངོ་ཚ་རུ་བཅུག་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་སེམས་ཅན་གཞན་གྱིས་སྔར་གནོད་པ་བྱས་པ་ཞེ་ལ་བཞག་ནས། ཕྱིས་གནོད་ལན་འཇལ་ཐུབ་པ་བྱུང་ན་གནོད་ཆེ་ཐུབ་ཆུང་ཐུབ་སྐྱེལ་སྙམ་པའི་བསམ་སྦྱོར་སྤོང་དགོས། སྔོན་དགེ་བཤེས་གཉིས་འགྲན་ཟླར་ཡོད་པ་ལ། གཅིག་ལ་བུད་མེད་ཡོད་ཟེར་བ་དགེ་བཤེས་གཅིག་དེས་ཐོས་པས། ཉེ་གནས་ལ་ཇ་ཞིམ་པོ་ཞིག་སྐོལ་ཅིག །གཏམ་སྙན་ཐོས་ཟེར་ཇ་བསྐོལ་ནས་དྲངས་ཏེ། གཏམ་སྙན་ཅི་གསན་ཞུས་པས།
རང་རེའི་འགྲན་ཟླ་དེ་ལ་བུད་མེད་བྱུང་ལོ་ཟེར། དེ་ཀུན་སྤངས་གྲགས་རྒྱལ་གྱིས་གསན་པས། ཞལ་ནག་ཏིང་སོང་ནས་དེ་གཉིས་སྡིག་པ་གང་ཆེའམ་གསུང་ཟེར་སྐད། དེ་བཞིན་དུ་རང་རེ་རྣམས་ཀྱིས་ཀྱང་དགྲ་སོགས་ལ་མི་འདོད་པ་བྱུང་བ་ཐོས་ན་དགའ་བ་སྐྱེས་ན་བྱང་ཆུབ་སེམས་དཔར་མི་རུང་བས་སྤང་དགོས། སྔོན་མི་ཐམས་ཅད་དབྱར་བལྟ་ལ་ཕྱིན་པས། ཆུ་ཁ་ན་མཛེ་པོ་རྐང་ཆག་བུ་སྨད་ཉལ་ཉོལ་མང་པོ་དང་བཅས་པ་གཅིག་གིས་མི་སུ་བྱུང་བ་ལ། ངེད་ཆུ་ལ་སྒྲོལ་དང་ཟེར་བ་ལ། གཅིག་བྱུང་གཉིས་བྱུང་གིས་བོར། གཞུག་མ་རྣམས་ཀྱིས་བསམ་པ་ལ། ཁོང་སྔ་མ་ཀུན་གྱིས་མ་བསྒྲལ་པར་བོར། ངས་སྒྲོལ་བར་མི་འོང་སྙམ་གྱིན་བོར། ལ་ལ་དག་ཁྱེད་ཉལ་ཉོལ་མང་ནས་བསྒྲལ་གྱིས་མི་ལངས་འདུག །ངས་གྲོགས་པོ་ཚོ་འཆོར་ཟེར་གྱིན་བོར་བ་ལྟར། དེ་བཞིན་དུ་འོ་སྐོལ་ཡང་འཁོར་བའི་སེམས་ཅན་རྣམས་སྔར་སངས་རྒྱས་གྲངས་མེད་བྱོན་པས་ཀྱང་བསྒྲལ་བར་མ་ནུས་པ་སྟེ། ངས་ཀྱང་བསྒྲལ་མི་ནུས་སྙམ་པ་དང་། སེམས་ཅན་མང་ཆེ་བས་བསྒྲལ་གྱིས་མི་ལངས་སྙམ་པ་དང་། སེམས་ཅན་བྱ་སྤྱོད་ངན་པས་
བསྒྲལ་དུ་མི་བཏུབ་པར་འདུག་སྙམ་ནས། སེམས་ཅན་ཡལ་བར་འདོར་ཉེན་ཆེ་བས། དེ་དུས་སེམས་ཅན་དེ་ལྟར་དུ་འདུག་པས་བསྒྲལ་དགོས་པ་ཡིན། དེ་མིན་ན་བསྒྲལ་ཅི་དགོས་སྙམ་དུ་བློས་མི་སྤོང་བར་སེམས་ཅན་ཐམས་ཅད་སྒྲོལ་བའི་ཁུར་འཁྱེར་དགོས། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་བསྐྱེད་ནས་བསྐལ་ཆེན་གྲངས་མེད་གསུམ་གྱི་མཐར་མ་གཏོགས་སངས་རྒྱས་མ་ཐུབ་ན། བདག་ལྟ་བུས་སངས་རྒྱས་ཀྱི་གོ་འཕང་ག་ལ་ཐོབ་སྙམ་ནས་སེམས་བསྐྱེད་དོར་ན་མི་རུང་བས་དེའི་དུས་སངས་རྒྱས་ཀྱིས་བརྩོན་པས་སྒྲུབ་ན་སྲིན་འབུ་ཡན་ཆད་ཀྱིས་སངས་རྒྱས་ཐོབ་པར་ཞལ་གྱིས་བཞེས་ཤིང་། ཁྱད་པར་གསང་སྔགས་ཀྱི་ཆོས་ཟབ་མོ་ལྟ་བུ་ཉམས་སུ་བླངས་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བ་ཡང་གསུངས་པས། ངས་སངས་རྒྱས་ག་ལ་མི་ཐོབ་སྙམ་དུ་སེམས་བསྐྱེད་ཡང་དང་ཡང་དུ་བྱའོ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འཕེལ་བའི་སླད་དུ་སྒོ་སྣ་ཚོགས་ནས་ཚོགས་གཉིས་རྒྱ་ཆེན་པོ་བསག་པ་ལ་ཡང་འབད་པར་བྱའོ། །ཡང་སྐྱེ་བ་གཞན་དུ་སེམས་བསྐྱེད་ཉམས་པའི་ནག་
པོའི་ཆོས་བཞི་རྫུན་ནི། སྔོན་བྲམ་ཟེ་ཞིག་གིས་གཞན་ཞིག་ནས་ར་ཞིག་ཁྲིད་འོང་བ་རྐུན་མ་མི་ལྔས་མཐོང་ནས། ངེད་རྣམས་ལམ་གྱི་མཚམས་མཚམས་ནས་བསྡད་ལ། ཁྱེད་ཀྱིས་ཁྱི་འདི་འཁྲིད་ནས་ཅི་བྱ། ཞེས་རྫུན་སྨྲོས་དང་ཁོས་བཏང་ནས་ཡོང་ཞེས་གྲོས་བྱས། དེ་ལྟར་སྨྲས་པས་བྲམ་ཟེའི་བསམ་པ་ལ་མི་ལྔས་འདི་ཟེར་ལུགས་ཀྱིས་ལྟས་ངན་པ་ཞིག་ཡིན་ལས་ཆེ་ནང་དུ་ཁྲིད་ན་བཀྲ་མི་ཤིས་པ་ཡོང་སྙམ་བཏང་སོང་བ་རྐུན་མ་རྣམས་ཀྱིས་ཐོབ་སྐད། སྔོན་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་ཉེ་གནས་ཀྱི་མིག་ལ་དུད་པ་ཕོག་ནས་མིག་ཆུ་བྱུང་བ་ལ་བླ་མས་ཅི་བྱུང་དྲིས་པས། ཁོ་ན་རེ་ཁྱེད་ཀྱིས་འཁོར་བ་སྙིང་པོ་མེད་ཚུལ་སོགས་ཆོས་གསུངས་པ་རྣམས་ལ་བསམ་བློ་བཏང་བས་མཆི་མ་ཤོར་ཞེས་ཀུ་རེ་ཞུས་པས། རྗེ་བཙུན་གྱིས་བདེན་སྙམ་ནས་འོ་དེ་ལེགས་གསུངས། ཁོ་བོས་ཀུ་རེ་བྱས་དུད་པས་གནོད་ཞུས་པས། འོ་ཀུ་རེའི་ཕྱིར་ཡང་རྫུན་སྨྲས་ནས་བླ་མའི་དབུ་བསྐོར་མི་རུང་གསུངས། དེ་བཞིན་དུ་སེམས་བསྐྱེད་པའི་བླ་མ་དང་མཁན་སློབ་སོགས་ལ་རྫུན་སྨྲས་ནས་དབུ་བསྐོར་མི་རུང་། གཞན་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་ནི།
སྔོན་ཁམས་ཀྱི་རྒད་པོ་གཅིག་གིས་འཆི་ཁར་བླ་མ་ཞིག་གདན་དྲངས་ནས། བླ་མས་ཁྱོད་ལ་དགེ་བ་ཅི་ཡོད་དྲིས་པས། ཁོ་བོ་ལ་དགེ་བ་གཞན་མེད་བཛྲ་གུ་རུ་དུང་ཕྱུར་ཞིག་སོང་ཞུས་པས། བླ་མ་དེ་ཨོ་རྒྱན་ལ་དད་པ་མེད་པ་ཞིག་ཡིན་པས། ཨ་ཧོ་རྒད་པོ་སྙིང་རྗེ་ཁྱོད་དད་ས་དེ་འཆུགས་སོང་འདུག །ཆོས་ལོག་དེ་བཏོན་ཚད་དམྱལ་བར་འགྲོ་སྨྲས་པས། ཁོ་བོ་འགྱོད་དྲགས་ནས་མཚན་ངུ་ཞིང་བསྡད་པ་གཉིད་དུ་སོང་ཚེ་ཨོ་རྒྱན་དངོས་སུ་བྱོན་ནས་རྒད་པོ་འགྱོད་མི་དགོས་སང་ཉི་དྲོས་ཟངས་མདོག་དཔལ་རི་ནས་དར་ཡུག་ཅིག་བསྐྱང་གི་དེ་ལ་འཇུས་ཤོག་གསུངས་པས་དགའ་དྲགས་ནས་གླུ་ལེན་པ་བྱུང་། སང་ཉི་དྲོས་ཁང་སྟེང་དུ་འཇའ་ཚོན་ཞིག་ཟུག་བྱུང་བ་དང་དུས་མཉམ་དུ་རྒད་པོའི་དབུགས་སོང་སྐད། ཡང་སྔོན་ཇོ་བོ་ལ་གཡོར་པོ་འཆིང་རུའི་བུ་མོ་ཞིག་གིས་མགོ་རྒྱན་ཐམས་ཅད་ཕུལ་ནས་ཡུལ་དུ་སོང་བས་ཕ་མ་ཉི་འབྲེལ་རྣམས་ཀྱིས་མང་པོ་ལབ་ནས་འགྱོད་པ་བསྐྱེད་པས། མོ་སྡུག་དྲགས་ནས་མ་བཟོད་པར་ཆུ་ལ་ལྕེབས་ནས་ཤི་བས་ལྷ་གནས་སུ་སྐྱེས་པ་བྱུང་། དེ་བཞིན་དུ་གཞན་གྱིས་དགེ་བ་བྱེད་པ་
ལ་རྗེས་སུ་ཡི་རང་མི་བྱེད་རུང་ཐབས་དུ་མའི་སྒོ་ནས་འགྱོད་པ་བསྐྱེད་མི་རུང་། བྱང་ཆུབ་སེམས་དཔའ་ལ་མི་སྙན་པ་སྨྲ་བ་ནི། སྔོན་སྟོན་པ་དར་ལོ་དང་ལོ་སྟོན་གཉིས་ཀྱིས་རྗེ་བཙུན་མི་ལ་ལ་ཕྲག་དོག་གི་དབང་གིས་རྩོད་པ་བཙུགས། ལྷག་པར་དར་ལོས་སྐུར་ཞུས་དྲག་པོ་བྱས་པས་ཤི་ནས་གདོན་ཆེན་པོ་འཇིགས་སུ་རུང་བ་ཞིག་ཏུ་སྐྱེས། སྔོན་སངས་རྒྱས་འོད་སྲུངས་ལ་རྫ་མཁན་དགའ་སྐྱོང་བསྙེན་བཀུར་བྱེད་དུ་འགྲོ་བ་ལ། བྲམ་ཟེའི་ཁྱེའུ་བླ་མས་དགའ་སྐྱོང་སངས་རྒྱས་འོད་སྲུངས་ལ་བསྙེན་བཀུར་བྱེད་པ་ཞོག་ཅིག་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་སྨྲས་པས། ཕྱིས་བྲམ་ཟེའི་ཁྱེའུ་བླ་མ་དེ་ཉིད་སངས་རྒྱས་སུ་འགྱུར་དུས་དེའི་རྣམ་སྨིན་གྱིས་ལོ་དྲུག་དཀའ་བ་སྤྱོད་དགོས་པ་དེ་བྱུང་། དེ་བཞིན་དུ་གཞན་དགེ་འདུན་པ་སོགས་གཞན་ལ་ཚིག་ངན་སྨྲས་ན། བྱང་ཆུབ་སེམས་དཔའ་གང་ན་ཡོད་ཆ་མེད། འོ་སྐོལ་ཁ་ལ་བཟོད་གླགས་མེད་པས་གཞན་ལ་ཚིག་ངན་ཐལ་བ་བྱུང་ན་ཉེས་སྐྱོན་ཆེན་པོ་འབྱུང་བས་ཚིག་ངན་སྨྲ་མི་རུང་། ལྷག་བསམ་མ་ཡིན་པར་གཡོ་སྒྱུ་བྱེད་པ་ནི། སྔོན་དབུས་སུ་
སྔགས་པ་མར་ནག་འཚོང་མཁན་གཅིག་གིས། སྲང་དབྱིབས་འདྲ་བ་ཆེ་ཆུང་གཉིས་བྱས་ནས། དང་པོ་སྲང་ཆུང་ཤོས་ཕུ་དུང་ནང་དུ་སྦས་ཚོང་བྱེད་ཁར་གཞན་གྱི་བྲེ་སྲང་བརྡུར་བས། སྲང་ཇོ་བོ་ཆེ་བར་བྱུང་བས། ཁོ་ན་རེ་སེམས་ཅན་ཉོན་མོངས་པ་སྙིང་རེ་རྗེ། བྲེ་སྲང་གང་དགའ་བ་ལ་གྱིས་ཟེར་ཏེ། དེ་ནས་ཉོ་བ་བག་ཙམ་ཡེངས་པ་ན། ཕུ་དུང་ནང་གི་སྲང་ཆུང་བ་དང་བརྗེས་ནས་ཚོང་བྱས་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་བཟང་ཕྱི་ལ་བསྟན་ནས་ངན་ཁོག་ཏུ་སྦས་ནས་གཞན་མགོ་བསྐོར་ཞིང་། བྲེ་ལོག་སྲང་ལོག་ལ་སོགས་ཐབས་སྣ་དགུས་རང་ཅི་རྒྱལ་བྱེད་པ་འདིས་བྱང་ཆུབ་སེམས་དཔའ་མི་ཡོང་བས་སྤང་དགོས། ཡང་འཕན་ཡུལ་རྒྱལ་ན། ནང་པ་ཡེ་ཤེས་འབྱུང་གནས་བྱ་བ་གཅིག་ཡུལ་གཞན་དུ་ཕྲིན་ལ་གཏོང་བ་ལ། ཐག་རིང་སར་གཏང་ན་འགྲོར་མི་ཉན་གྱིས་དོགས་ནས། ཐག་ཉེ་བར་གཏོང་ཟེར། དེ་གཞན་གྱིས་ཁས་བླངས་པ་དང་། ད་དེ་ནས་ཕ་ཚད་དེར་ཡང་ཁྱོད་སོང་དང་ཟེར་ནས་གཏོང་། ཡང་ཐག་ཉེ་བར་གཏང་ན་འགྲོར་མི་ཉན་གྱིས་དོགས་ནས། ཐག་རིང་སར་གཏོང་ཟེར།
དེར་གཞན་གྱིས་མི་འགྲོ་བྱས་པ་དང་། འོ་ན་དེ་བས་ཐག་ཉེ་བ་ཆེ་གེ་མོར་ཁྱོད་སོང་དང་ཟེར་ནས་གཏོང་བའི་གཡོ་ཅན་ཞིག་ཡོད་སྐད། དེ་བཞིན་དུ་འོ་སྐོལ་གྱིས་ཀྱང་རང་འདོད་ཞེ་ལ་བཞག་ནས་གཞན་ལ་ཟོལ་ཁྲམ་བྱེད་པ་འདིས་བྱང་ཆུབ་སེམས་དཔའ་མི་ཡོང་བས་སྤང་དགོས། མདོར་ན་སྔོན་གྱི་སྐྱེས་བུ་དམ་པ་གོང་མ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་པའི་རྒྱུ་ནག་པོའི་ཆོས་བཞི་སྤངས། མི་ཉམས་པའི་རྒྱུ་དཀར་པོའི་ཆོས་བཞི་བརྟེན་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་སེམས་བསྐྱེད་ཉམས་པའི་རྒྱུ། བླ་མ་མཁན་སློབ་སོགས་ལ་རྫུན་སྨྲས་ནས་དབུ་བསྐོར་བ་དང་། གཞན་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་མི་སྙན་པ་སྨྲ་བ་དང་། ལྷག་བསམ་མ་ཡིན་པར་གཡོ་སྒྱུ་བྱེད་པ་སྟེ་ནག་པོའི་ཆོས་བཞི་པོ་དེ་སྤོང་ཞིང་། བྱང་ཆུབ་ཀྱི་སེམས་མི་ཉམས་པའི་རྒྱུ་སེམས་ཅན་ལ་ཀུ་རེ་བཞད་བགད་ཀྱི་ཕྱིར་ཡང་རྫུན་མི་སྨྲ་བ་དང་། གཡོ་སྒྱུ་མེད་པར་དྲང་པོར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་པ་དང་། རང་ལ་ལྟོས་པའི་གདུལ་བྱ་ཉན་རང་སོགས་ཐེག་དམན་ལ་མི་འགོད་
པར་ཐེག་ཆེན་འཛིན་དུ་འཇུག་པ་སྟེ། དཀར་པོའི་ཆོས་བཞི་ལ་བསླབ་པར་བྱའོ། །ནག་པོའི་ཆོས་བཞི་བྱས་པ་དང་། གཞན་གྱིས་གནོད་པ་ཞེ་ལ་བཞག་ནས་སེམས་ཅན་འདིའི་དོན་ནམ་ཡང་གཏན་ནས་མི་བྱ་སྙམ་པ་དང་། ངས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ནུས་སྙམ་པ་དང་། ཐོབ་ཀྱང་སེམས་ཅན་མང་བས་འདྲེན་མི་ནུས་སྙམ་པ་སོགས་བྱང་ཆུབ་ཀྱི་སེམས་ཤོར་བ་བྱུང་ན། དེ་མ་ཐག་བཤགས་པ་བྱེད་ཅིང་སླར་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །འཇུག་པ་བྱང་ཆུབ་སེམས་ཀྱི་བསླབ་བྱ་ནི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ལམ་ལ་དཀའ་བ་སྤྱོད་པའི་ཚེ། ཐུགས་དགོངས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས། བསྐལ་པ་གྲངས་མེད་གསུམ་དུ་གཏོང་བ་དང་། ཡོངས་སུ་གཏོང་བ་དང་། གཏོང་བ་ཆེན་པོ་ལ་སོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པས། མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་གྱི་མགོན་སྐྱབས་དཔུང་གཉེན་གཙུག་གི་རྒྱན་དུ་
གྱུར་པ་ཡིན། དེ་བཞིན་དུ་འོ་སྐོལ་གྱིས་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྒོ་ནས་ཟང་ཟིང་མི་འཇིགས་ཆོས་ཀྱི་སྦྱིན་པ་རྣམས་ལ་བསླབ་ན་རིང་པོར་མི་ཐོགས་པར་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར། སྔོན་སངས་རྒྱས་གཞན་གྱིས་མི་ཐུབ་པའི་དུས། དགེ་སློང་ཆོས་སྨྲ་བ་དེས་པ་ཞེས་བྱ་བ་ལ་ཡུལ་དེའི་རྒྱན་པོ་རྒྱལ་བ་པོ་ཞེས་བྱ་བས། གདུགས་དང་མཆིལ་ལྷམ་བླ་གོས་མགྲོན་བུ་ལྔ་ཕུལ་ནས་སྨོན་ལམ་བཏབ། དེས་ཀྱང་ཡོན་བསྔོ་བ་བྱས་ནས་ཡུལ་དུ་འོང་བས་ཆུའི་ཁྲོན་པའི་ནང་ནས་གསེར་དངུལ་བརྡོལ་ནས་ཆུ་ཟོམ་ཆེན་པོ་ཞིག་གི་ལྔ་ཙམ་ལེན་རྒྱུ་བྱུང་། དེ་ནས་མཆོད་སྦྱིན་རྒྱ་ཆེན་པོ་བྱས་པས། ཡུལ་དེའི་རྒྱལ་པོར་གྱུར། དེ་ནས་དེ་བས་ཀྱང་མཆོད་སྦྱིན་བྱས་པས་ཤི་ནས། གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དགའ་ལྡན་འཐབ་བྲལ་སུམ་ཅུ་རྩ་གསུམ་རྣམས་ཀྱི་རྒྱལ་པོ་བྱེ་བ་ཕྲག་དུ་མར་བྱས་ཏེ་མཐར་མིའི་རྒྱལ་པོ་བསོད་ནམས་ཞེས་བྱ་བར་བཙས་པའི་ཚེ། ལྷའི་རིན་པོ་ཆེའི་ཆར་པུས་མོ་ནུབ་པ་ཙམ་ཕབ་ཅིང་དབང་ཆེ་བར་གྲགས་པ། བསམ་པ་ཙམ་གྱིས་དགོས་འདོད་ཆར་བཞིན་འབབ་པར་གྱུར།
མཐར་རྒྱལ་བ་ཤཱཀྱ་ཐུབ་པར་གྱུར་ཏོ། །སྔོན་ཚེ་དང་ལྡན་པ་ཀ་ཏ་ཡ་ནའི་བུ་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་པ་ལ་བྲམ་ཟེའི་བུ་མོ་སྐྲ་ཅན་གྱིས་མ་ལ་སྐྲ་བཙོང་དུ་བཅུག་ཀརྵ་པ་ཎི་ལྔ་བརྒྱ་ཁུགས་པའི་རིན་གྱིས་འཚོ་བ་སྦྱར་ནས་དྲངས་པས། ཕྱིས་རིང་པོར་མ་ལོན་པར་བུ་མོ་དེ་རྒྱལ་པོ་གཏུམ་པོ་རབ་སྣང་གི་བཙུན་མོར་བླངས། མིང་བཙུན་མོ་ཞི་བ་ཞེས་བྱ་བར་གྲགས། དཔལ་འབྱོར་ཆེན་པོ་དང་ལྡན་པར་གྱུར། མ་དེ་ལ་རྒྱལ་པོས་གསང་བའི་རྒྱན་ལྔ། ཕྱི་རོལ་གྱི་རྒྱན་བརྒྱད་དང་གྲོང་ཁྱེར་མཆོག་ལྔ་བྱིན་ནས་བདེ་ཞིང་སྐྱིད་པར་གྱུར། ཇོ་བོ་རྗེས་སྐྱེ་བ་བདུན་དུ་མི་ལུས་གཙང་མ་ཐོབ་ནས་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར། ཁྱད་པར་སྐུ་ཚེ་དེར་མཐོ་རིས་ཡོན་ཏན་བདུན་གྱིས་བརྒྱན་པའི་དལ་འབྱོར་ཚང་བའི་མི་ལུས་ཐོབ་སངས་རྒྱས་ཀྱི་བསྟན་པ་མཐའ་དག་ལ་མངའ་བརྙེས་ཤིང་། བདག་གཞན་ཐམས་ཅད་ཀྱི་དོན་མ་ལུས་པ་གྲུབ་པ་དེ་སྔོན་བསོད་ནམས་རྒྱ་ཆེན་པོ་བར་མ་ཆད་དུ་བསགས་པའི་འབྲས་བུ་ལས་བྱུང་བ་ཡིན། སྔོན་པོ་ཏོ་བས། ཁོང་གི་སློབ་མ་ཞང་སེ་ཆུང་བྱ་བ་གཅིག་ལ་བསོད་སྙོམས་བྱས་
པའི་ནས་ཅུང་ཟད་ཡོད་པ་གྲ་པ་བགྲེས་པོ་འགའ་ལ་ཚོགས་བསག་ཏུ་བཏང་ནས། འདི་ལྟར་བྱས་པ་བསོད་ནམས་ཆེ། ངས་རྭ་སྒྲེང་ན་ཡོད་དུས་རྒྱགས་ནས་ཕྲན་བུ་ཡོད་པ་བསོད་སྙོམས་པ་ཚན་གཅིག་ལ་བཏང་བས། དེ་ནས་མར་ལ་འཚོ་བ་ལྷུན་གྲུབ་ཏུ་བྱུང་ཁྱོད་ལ་ཡང་དེ་བཞིན་ཡོང་གསུངས། རྒྱ་གར་དུ་སློབ་དཔོན་ཛྙ་པ་རི་བྱ་བ་པཎྚི་ཏ་ཆེན་པོ་གཅིག་ཡོ་བྱད་ཆུང་བས། གཞན་གྱིས་འབུལ་མཁན་མ་བྱུང་བ་ལ་ནུབ་ཅིག་རྨི་ལམ་དུ་ཐུགས་རྗེ་ཆེན་པོས་ཁྱོད་ཀྱི་སྲོག་རྟེན་གྱི་རྒྱགས་ཅུང་ཟད་དེ་ཡང་སྦྱིན་པར་ཐོངས་གསུངས་པ་ལྟར་ལྷག་མ་མེད་པར་བཏང་བས། དེ་མ་ཐག་སློབ་མ་གཅིག་གིས་འབྲས་ཁལ་བཞི་བཅུ་ཕུལ་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ལ་དངོས་པོ་ཆེན་པོ་གཏོང་རྒྱུ་མ་མཆིས་ཀྱང་ཆུང་ངུ་བཏང་ཡང་བསོད་ནམས་རྒྱ་ཆེན་པོ་ཐོབ་ཡོང་། སྔོན་རྫི་བོ་ཞིག་གིས་འཛར་བའི་སྐྱར་ཆུ་ལྷག་མ་ཅུང་ཟད་ཡོད་པ་གྲོག་ཚང་ཞིག་ལ་བཏབ་པས། ཡུལ་གྲུ་ཆེན་པོ་ཞིག་གི་རྒྱལ་པོར་སྐྱེས། སྔོན་མི་གཅིག་གིས་ཟན་སྣུམ་ཅན་ཞིག་མེ་ལ་བསྲོས་ནས་ཟོས་པས་སྣུམ་མེ་ནང་དུ་ཐིགས་པ་བཅོམ་ལྡན་མེ་ལྷ་མཆོད་སྨྲས་པས། མེ་ལྷས་དངོས་གྲུབ་བྱིན་ཏེ་
ལོངས་སྤྱོད་དཔག་ཏུ་མེད་པ་བྱུང་། རྒན་མོ་གཅིག་གིས་འཕགས་པ་ཀ་ཏ་ཡ་ན་ལ་ཆུ་ཕོར་བ་གང་དྲངས་པས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེས། བྲམ་ཟེའི་བུ་མོ་གཅིག་གིས་དགེ་སློང་ཞིག་ལ་སྐྱུ་རུ་ར་གཅིག་ཕུལ་བས། སྟོང་འཁོར་ལོས་བསྒྱུར་རྒྱལ་དང་འགྲན་པའི་ལོངས་སྤྱོད་ཅན་དུ་སྐྱེས། བུད་མེད་ཅིག་གིས་སྤྲང་པོ་གཅིག་ལ། ལྟོ་ཞིག་སྦྱིན་པས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁང་པ་ཞིག་ཏུ་རོ་བརྒྱ་ལྡན་པའི་ཟས་ཟ་བ་ཞིག་ཏུ་སྐྱེས། དབུལ་པོ་འགའ་ཞིག་གིས་གཞན་གྱིས་དགེ་འདུན་པར་མང་ཇ་བསྐོལ་བའི་ནང་དུ་འོ་མ་དང་མར་གྱི་ཐིགས་པ་རེ་ཞལ་འདེབས་བྱས་པས། འོ་མ་དང་མར་ཁུའི་རྒྱ་མཚོ་ལ་ལོངས་སྤྱོད་རྒྱུ་བྱུང་། བུད་མེད་ཅིག་གིས་ཁྱི་འཁྱམ་ཞིག་ལ་ལྟོ་ཕྲུ་མ་ཞིག་བླུད་པས། ཤི་ནས་གཤིན་རྗེ་གླང་མགོ་ཅན་གྱིས་དམྱལ་བར་ཁྲིད་ནས་འགྲོ་བ་ལ། མི་ལུས་ཁྱིའི་མགོ་བོ་ཅན་ཞིག་བྱུང་གླང་མགོ་ཅན་དང་འཛིང་རེས་བྱས་པའི་བར་དེར་བུད་མེད་དེ་ལམ་དཀར་པོ་ཞིག་ལ་གྱེན་དུ་བྲོས་པས་ཐར་ཏེ་མཐོ་རིས་སུ་སོང་སྐད། སྔོན་བྲི་ཤའི་རྒྱལ་པོ་ལ་ཕྱི་རོལ་པའི་སློབ་དཔོན་འཚེ་བ་ཆོས་སུ་སྨྲ་
བ་ཞིག་གིས་ཚེ་འདི་ལ་མི་བསད་ན་འབངས་སུ་འོང་། ཕྱུགས་བསད་ན་ནོར་དུ་འོང་བྱས་ལྟ་བ་ལོག་པར་བཀོད་པས། བར་སྐབས་དེར་རྒྱལ་པོ་དེས་མཆོད་སྦྱིན་མང་པོ་བྱས་པས། ཡོངས་ངའི་ལྟ་བ་འདི་ནོར་ལས་ཆེ་ཚེ་འདིར་མི་བསད་ན་མི་ཤ་ལེན་དུ་འོང་། ཕྱུགས་བསད་ན་ནོར་ཤ་ལེན་དུ་འོང་བ་འདི་དང་དཔེ་སྦྱར་ན་ཕྱི་མ་ལའང་འོང་ངེས་སྙམ། ལྟ་བ་ངན་པ་དེ་ལས་རང་ལོག་བྱུང་། སྔོན་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་སྔར་ལྟ་བ་སེམས་ཙམ་འཛིན་པ་ལ། བསོད་ནམས་མང་པོ་བསགས་པས། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་ལ་བལྟས་པ་ཙམ་གྱིས་སེམས་ཙམ་ལྟ་བ་འགྱུར་ནས་དབུ་མའི་ལྟ་བ་རྟོགས་པ་བྱུང་། ཡང་ཕྱི་རོལ་པ་ཞིག་གིས་ཚོགས་བསགས་པའི་མཐུས་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་བསྟན་བཅོས་བལྟས་པ་ཙམ་གྱིས་ཕྱི་རོལ་པའི་ལྟ་བ་ལས་འགྱུར་ནས་དབུ་མའི་ལྟ་བ་རྟོགས་ནས་བསྟན་བཅོས་ཀྱང་མཛད་སྐད། སྔོན་ལེགས་འོང་སངས་རྒྱས་ཀྱིས་རབ་ཏུ་བྱུང་ཁོའི་སྒྲིབ་པ་སྦྱོང་ཕྱིར། དབྱར་ཟླ་གསུམ་དགེ་འདུན་ལ་མེ་ཏོག་འབུལ་དུ་བཅུག་པས། སྒྲིབ་པ་དག་ནས་ལན་གཅིག་དགེ་འདུན་གྱི་ཕྱག་ན་མེ་
ཏོག་སྔོ་སང་ངེ་འདུག་པ་ལ་བརྟེན་ནས། སྔོན་ཟད་པར་སྔོན་པོའི་ཏིང་ངེ་འཛིན་བསྒོམས་པའི་བག་ཆགས་སད་ནས། ཟད་པར་གྱི་ཏིང་ངེ་འཛིན་སྐྱེས་ནས་དགྲ་བཅོམ་པར་གྱུར། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་སྔོན་གསང་སྔགས་ལ་བརྟེན་ནས་དངོས་གྲུབ་ཐོབ་པ་མང་པོ་བྱུང་བ་ལ། ད་ལྟ་མཆོག་གི་དངོས་གྲུབ་ཕར་ཞོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡང་མེད་པ་དེ་ཚོགས་བསོག་པའི་ཞིང་དགེ་འདུན་བཞི་སྡེ་རེ་ཡང་མ་བཞུགས་པས་ལན་སྐད། སྔོན་སྤྱན་སྔ་བའི་དྲུང་དུ། དགེ་བཤེས་དོལ་པ་ཕྱིན་ནས་ཁོ་བོས་མཚམས་བཅད་སྙིང་པོ་བགྲང་པར་ཞུ་ཞུས་པས། འོ་ན་ཡུལ་དུ་ལོག་ལ་དགེ་སློང་བཞི་སྡེ་ཞིག་ལ་བསྙེན་བཀུར་གྱིས་ལ། དེ་ནས་སྙིང་པོ་བགྲོངས་ཤིག་གསུངས། དེ་ཆོས་མགོ་མཐར་ཐོན་པ་ལ་གལ་ཆེ་བར་དགོངས་པ་ཡིན་གསུངས། ཕུ་ཆུང་བའི་ཞལ་ནས་ཁྱད་པར་སྦྱིན་པ་ལས་བྱུང་བའི་བསོད་ནམས་འདི་ལ་འབད་པ་དྲག་པོ་བྱ་དགོས་ཏེ། དགེ་བཤེས་སྟོན་པ་ལ་འཕྲལ་ལ་གསོལ་རྒྱུའི་ཐུད་ཚལ་རེ་བྱུང་ཡང་མ་སྦགས་པ་བྱས་དགེ་སློང་བཞི་སྡེ་རེ་ལ་འདྲེན་པ་ཡིན་གསུངས། སྔོན་བདག་ཅག་གི་
སྟོན་པ་འདི་ཀ་ཤི་ཀའི་རྒྱལ་པོར་གྱུར་དུས་ཕུག་རོན་གྱི་ཕྱིར་རང་གི་ཤ་ཁྲ་ལ་སྦྱིན་པ་བཏང་། རྒྱལ་པོ་ཟླ་འོད་ཀྱིས་དབུ་བཅད་ནས་སྦྱིན་པར་བཏང་། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་རང་གི་ཁྲག་སྦྱིན་པ་བཏང་། ཁྱེའུ་སེམས་དཔའ་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པར་བཏང་། རྒྱལ་བུ་ཐམས་ཅད་སྒྲོལ་གྱིས་ཟང་ཟིང་ལ་སོགས་བདོག་པའི་དངོས་པོ་ཐམས་ཅད་སྦྱིན་པར་བཏང་། རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ནོར་བུ་སྲས་སྲས་མོ་རང་གི་སྤྱན་ཡང་སྦྱིན་པར་བཏང་། རྒྱལ་པོ་ནོར་བཟང་གིས་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་རང་གི་ནུས་ཚད་ཀྱི་གཞན་ལ་ཕན་གང་ཐོགས་བྱེད་པ་ལ་འབད་དགོས། སྔོན་ཁྱིམ་བདག་སེར་སྣ་ཅན་ཞིག་གིས་ལག་པ་གཡས་གཡོན་སྤོས་ཀྱིན་གཅིག་ལ་གཅིག་སྟེར་བའི་ཚུལ་ཡང་ཡང་བྱས་པས་གོམས་ནས་གཞུག་ཏུ་སྦྱིན་པ་རྒྱ་ཆེན་པོ་གཏོང་ནུས་པ་ཞིག་བྱུང་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཁབ་རྐུད་པ་ལ་སོགས་ཕྲ་མོ་ནས་སྟེར་བ་ལ་བསླབས་པས། གོམས་ན་གཞུག་ཏུ་དངོས་པོ་ཆེན་པོ་ལ་ཡང་མི་ཆགས་པར་གཏོང་ནུས་པ་འོང་། སྔོན་ཇོ་བོ་ལྷ་
སར་བྱོན་དུས་ནས་ཀྱི་འབུལ་བ་མང་པོ་བྱུང་བས། ལྷ་ཁང་གི་རྒྱ་མཐོང་ན་སྤུངས་ནས་ཡོད་པ་ལ། དགེ་བཤེས་སྟོན་པ་བློ་མ་བདེ་ནས་ནངས་པར་སྔ་བར་སོང་ཇོ་བོ་ལ་ནས་ཚོ་ཅི་མཛད་ཞུ་རུ་ཕྱིན་ཙ་ན། ནས་རྡོག་གཅིག་ཀྱང་མི་འདུག་པ་མཐོང་ནས། ནས་ཚོ་གར་བཏང་ལགས་བྱས་པས། ཇོ་བོའི་ཞལ་ནས། ཁོ་བོ་སྦྱིན་པ་གཏོང་བ་ལ་མཁས་པ་ལགས་གསུངས་གཞན་འདིར་བཏང་མ་གསུངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཚེ་འདིའི་སྙན་གྲགས་དང་ཁ་ལན་སོགས་ལ་རེ་བ་མེད་པར། བྱམས་སྙིང་རྗེ་བྱང་ཆུབ་སེམས་དང་། སྒྱུ་མ་རྨི་ལམ་ལྟར་འཁོར་གསུམ་མི་དམིགས་པའི་ལྟ་བའི་རྩིས་ཟིན་པར་བྱས་ཏེ་ཕྱོགས་མེད་ཀྱི་སྦྱིན་པ་གཏོང་བ་ལ་བསླབ་པར་བྱའོ། །སྔོན་རྒྱ་གར་ན་དགེ་སློང་དགོན་པ་པ་གཅིག་བཞུགས་པའི་དྲུང་དུ། རྒྱལ་པོ་དང་ཡུལ་མི་ལ་སོགས་པ་བྱུང་བའི་དུས་ན། ཁོང་ལ་བཟའ་བཏུང་སྦྱིན་རྒྱུ་མེད་པས། བློ་ཚོད་དང་སྦྱར་བའི་ཆོས་རེ་འཆད་པ་ཡིན་སྐད། དེ་བཞིན་དུ་འོ་སྐོལ་ཆོས་པ་རྣམས་ཀྱིས་ཀྱང་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས་ནས། དད་པ་ཅན་ལ་བློ་ཁ་
དང་འཚམས་པའི་ཆོས་ཀྱི་སྦྱིན་པ་ཡང་གཏོང་བར་བྱ། སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དམན་པ་ཉམས་ཐག་པའི་མགོན་དང་སྐྱབས་བྱས་པས། དམན་པ་རྣམས་ཀྱིས་ཞལ་མཐོང་བ་ཙམ་གྱིས་སེམས་ལ་དགའ་བ་བསྐྱེད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་རང་གི་ནུས་པ་དང་བསྟུན་ནས། རྒྱལ་པོ་ཡིན་ན་རི་རྒྱ་དང་ཀླུང་རྒྱ་བསྡམ་པ་དང་དུད་འགྲོ་སོགས་ཚེ་ཐར་སྲོག་བླུ་བྱེད་པ། འཇིགས་པས་ཉེན་པ་འཇིགས་ལས་སྒྲོལ་བ། ཁྲ་དང་སྤྱང་ཀི་སོགས་ཀྱིས་འཚེ་བར་བྱེད་པ་དེ་ལས་སྐྱོབ་པ། ནད་ཀྱིས་ཉེན་པ་ལ་ནད་གཡོག་སྨན་དང་བཀྲེས་སྐོམ་གྲང་པས་འཆི་ལ་ཉེ་བར་ཟས་སྐོམ་གོས་སོགས་བྱིན་ནས་སྲོག་སྐྱོབ་པ། ཐ་ན་སྲིན་འབུ་ཉི་མ་མེས་འཚིག་པ་བསིལ་སར་བཞག །ཆུ་ནང་ལྷུང་བ་སྐམ་ལ་འདོན་པ་སོགས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ལ་ཡང་བརྩོན་པར་བྱའོ། །སྔོན་རབ་འཇིགས་ཀྱིས་གསེར་བུམ་པ་གང་རྙེད་ནས་འདི་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཡིན་ལས་ཆེ་འདིའི་སྟེང་ནས་དཀོན་མཆོག་མཆོད་སྙམ་པ་ལན་གཅིག་སྐྱེས་པས། ཕྱིས་བསྐལ་པ་མང་པོ་ཞིག་གི་བར་དུ་གསེར་ལ་སོགས་པའི་
ལོངས་སྤྱོད་ཟད་མི་ཤེས་པ་བྱུང་། སྔོན་དབུལ་པོ་ཞིག་གིས་གཞན་ཅི་ཡང་མ་རྙེད་པར་རྡེའུ་ཆུང་ངུ་སྤར་གང་རིན་པོ་ཆེ་སྣ་ཚོགས་པར་མོས་ནས་དགེ་འདུན་པའི་ཚོགས་གྲལ་དུ་གཏོར་བས་ཕྱིས་མིར་སྐྱེས། སྐྱེས་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབས་ནས་ཁྱིམ་གང་བ་བྱུང་། སྔོན་སྤྲང་པོ་ཞིག་གིས་ལམ་ན་དགེ་འདུན་པ་མང་པོ་འགྲོ་བ་མཐོང་ནས་རབ་ཏུ་དད་པའི་ཤུགས་ཀྱིས་འདི་རྣམས་ལ་ལྷའི་བདུད་རྩི་སོགས་ཀྱི་མཆོད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་སྔ་དྲོ་སེམས་ལ་ཤར་བས། ཕྱི་དྲོ་བསོད་ནམས་སྐྱེས་ཏེ་ཚོང་དཔོན་ཞིག་གིས་ཚབ་བྱེད་རྒྱུ་བྱུང་ནས་སྔར་གྱི་རང་གིས་བསམས་པ་ལྟར་དགེ་འདུན་སྡེ་མཆོད་རྒྱུའི་སྐལ་པ་བྱུང་། དེས་ན་སྦྱིན་པ་གཏོང་རྒྱུ་མེད་རུང་གཏོང་སེམས་སྤེལ་བ་འདི་སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཐབས་ཚེགས་ཆུང་ལ་དོན་ཆེ་བ་ཡིན་པས་རང་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་ཚོགས་རྣམས་དང་གཞན་ཡང་འདོད་དགུའི་ལོངས་སྤྱོད་ཀྱི་དངོས་པོ་དཔག་ཏུ་མེད་པ་སྤྲུལ་ནས། ཡར་བླ་མ་དཀོན་མཆོག་ལ་མཆོད་པ་རུ་ཕུལ། མར་འགྲོ་བ་རིགས་དྲུག་གི་མ་གྱུར་སེམས་ཅན་
ཐམས་ཅད་ལ་སྦྱིན་པ་རུ་བཏང་། དེ་དག་ལ་ཆོས་བསྟན་ནས་སེམས་ཅན་ཐམས་ཅད་ཟང་ཟིང་གི་སྦྱིན་པས་རྒྱུད་ཚིམས། ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་སོང་སྙམ་པའི་འདུན་པ་དྲག་ཏུ་བྱ། གཞན་ཡང་དབེན་པར་གནས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་གཏོར་མ་བརྒྱ་རྩ་གསུར་བསྔོ་གཅོད་དམིགས་སོགས་ཀྱང་འཕྲལ་དུ་ལག་ལེན་ལ་ཅི་ཐེབས་བྱ་ཞིང་། སྒོ་སྣ་ཚོགས་ནས་གཏོང་སེམས་ལ་གོམས་པར་བྱའོ། །དེ་ལྟར་བྱས་ན་ཚེག་ཆུང་ངུའི་སྒོ་ནས་ཚོགས་གཉིས་བདེ་བླག་ཏུ་རྫོགས་ནས་རིང་པོར་མི་ཐོགས་པར་བླ་མེད་བྱང་ཆུབ་ཀྱི་གོ་འཕང་མཆོག་ལ་རེག་པས། བློ་གྲོས་ཅན་རྣམས་ཀྱིས་འདི་ལ་དུས་རྟག་ཏུ་ནན་ཏན་དུ་འབད་པར་གྱིས་ཤིག ༈ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྔོན་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷའི་བུ་གཉིས་བྱུང་ནས་བསྙེན་གནས་ཀྱི་སྡོམ་པ་ནོད་དེ། ཆོས་ཚིག་བཞི་པ་རེ་ཐོས་པས། དེ་ཉིད་ནས་གྲོལ་བ་བྱུང་། དེས་ན་བསྙེན་གནས་ཉིན་རེ་ཙམ་བསྲུང་ན་ཕན་ཡོན་དེ་འདྲ་ན། དགེ་བསྙེན་ནས་དགེ་སློང་མན་ཆད་ཀྱི་སྡོམ་པ་ཐོབ་ནས་མ་ཉམས་པར་བསྲུངས་ན་མྱུར་དུ་ཐར་པ་ཐོབ་པ་སྨོས་ཅི་དགོས། སྔོན་བྲམ་ཟེ་
ཞིག་གིས་སངས་རྒྱས་ཀྱི་སྤྱན་སྔར་ཡན་ལག་བརྒྱད་པའི་གསོ་སྦྱོང་བླངས་ནས། ཕྱི་དྲོ་བྲམ་ཟེ་གཞན་གྱི་ཁྱིམ་དུ་སོང་བས་ཟས་ཟོ་ཞིག་མི་ཟ་ན་ཁྱིམ་དུ་མ་འདུག་བྱས་པས་ཟས་ཟོས་པས་གསོ་སྦྱོང་རལ། མ་རལ་ན་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེ་རྒྱུ་ཡིན་པ་ལ། དུས་མིན་ཁ་ཟས་ཟོས་པས་རྒྱལ་ཆེན་རིགས་བཞིའི་ལྷ་གནས་སུ་སྐྱེས། དེས་ན་སྡོམ་པ་ཉམས་ན་ཡང་ཕན་ཡོན་དེ་འདྲ་ན། ལེགས་པར་བསྲུངས་ན་ཕན་ཡོན་ཆེ་བ་སྨོས་ཅི་དགོས། སྔོན་སངས་རྒྱས་ཀྱིས་འཁོར་རྣམས་ལ། བསྐལ་བ་བྱེ་བ་གངྒཱའི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པར་ཟས་སྐོམ་གདུགས་དང་མར་མེ་འཕྲེང་བས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ་རིམ་འགྲོ་བྱས་པ་བས་བསྟན་པ་འཇིག་ལ་ཉེ་བའི་སྙིགས་དུས་འདིར་ཉིན་མཚན་གཅིག་ཙམ་ལ་སྡོམ་པ་སྣ་གཅིག་བསྲུང་བ་དེ་བསོད་ནམས་དེ་བས་ཁྱད་པར་དུ་འཕགས་གསུངས། དེས་ན་ཚུལ་ཁྲིམས་བསྲུང་བ་སྦྱིན་པ་ཕལ་གྱིས་དོ་ཟླ་མིན་བསོད་ནམས་དཔག་མེད་ཐོབ་པར་འགྱུར། གཞན་ཡང་ཚུལ་ཁྲིམས་ཅན་གྱིས་དད་ཟས་གཤིན་ཟས་རི་ཙམ་ཟོས་ཀྱང་འཇུ་བ་དང་། སྨོན་ལམ་ཅི་བཏབ་
འགྲུབ་ལྷ་མི་ཀུན་གྱིས་བཀུར། ཤི་ན་མཐོ་རིས་དང་ཐར་པའི་གོ་འཕང་ཐོབ་པ་སོགས་ཕན་ཡོན་མཐའ་ཡས། དེས་ན་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་མ་དགེ་སློང་མི་འཁྲུགས་པ་ཞེས་བྱ་བས་ཚུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་བསྲུངས་ནས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་རང་གིས་ཁས་བླངས་པའི་སྡོམ་པ་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་བསྲུང་དགོས། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཚུལ་ཁྲིམས་བསྲུང་བཞིན་དུ་ཕར་ཕྱིན་དྲུག་སོགས་དགེ་བའི་ཆོས་རྣམས་རང་རྒྱུད་ལ་སྡུད་ཅིང་། གཞན་གྱི་དོན་ཡང་སྐྱོ་ངལ་མེད་པར་རྒྱ་ཆེན་པོ་མཛད་པ་ལྟར་འོ་སྐོལ་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་བསྲུང་བཞིན་དགེ་ལ་གཞོལ་ཅི་ནུས་ཀྱིས་སེམས་ཅན་གཞན་གྱི་དོན་ལ་འབད་དགོས། སྔོན་ཀེག་སྟོན་བྱ་བའི་དགེ་སློང་གཅིག་གིས་མཛེ་མོ་ཞིག་ཁུར་ནས་ཆུ་ལ་བསྒྲལ་ནས། རེག་པ་དེ་བཟོད་པར་གསོལ་ཟེར་སྐད། བྱང་ཆུབ་སེམས་དཔའ་བྱ་བ་དེ་ལྟ་བུ་ཞིག་དགོས་པ་ཡིན། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་ཆེན་པོ་འགྲུབ་པར་འདུག་ན་རང་གི་བཅས་པ་ཕྲ་མོ་རེ་ལ་གནོད་
པར་འདུག་ཀྱང་བྱམས་སྙིང་རྗེ་གཞན་ཕན་གྱི་བསམ་པས་སེམས་ཅན་གྱི་དོན་གཙོ་བོར་བྱེད་དགོས། སྔོན་མི་འགའ་ཞིག་མེས་ཚིག་སྟེ་སོ་གཙིགས་ནས་ནང་དུ་འོང་བ་བྱིས་པས་མཐོང་ནས་ཨ་ཕ་རྒོད་ཀྱིན་འོང་བྱས་པས། ཕ་ན་རེ་ང་རྒོད་པ་མིན་མེས་ཚིག་པ་ཡིན་ཟེར་སྐད། དེ་བཞིན་དུ་ཁ་གཅིག་གིས་ཆོས་བཤད་སོགས་བྱེད་པ་གཞན་དོན་ལྟར་སྣང་ཡིན་དེ་ལ་བརྟེན་ནས་རང་དོན་རྙེད་པ་སྒྲུབ་པ་ཡང་མང་། དེས་ན་བྱང་ཆུབ་སེམས་དཔའ་གཞན་དོན་བྱེད་པ་དང་། ཁྲམ་པ་ཆོས་ལྟར་བཅོས་ནས་རང་དོན་སྒྲུབ་པ་གཉིས་འདྲ་མིན་ནོར་ས་ཡོད་པས་གཞན་དོན་བྱེད་པ་ལ་རང་འདོད་ཀྱི་བསམ་པ་མེད་པ་ཞིག་དགོས། སྔོན་མི་ཞིག་ལ་བ་རོག་མོ་གཅིག་ཡོད་པ་ལ་བལྟས་ནས་བ་རོག་མོ་འདིའི་ངོ་འཛུམ་ལ། བེའུ་ཤི་རོ་གཅིག་ལས་འོས་མེད་ཟེར། དེ་བཞིན་དུ་འོ་ཅག་ཆོས་པ་ཕལ་ཆེར་གྱི་བྱ་སྤྱོད་ལ་བལྟས་ན་འབྲས་བུ་ངན་སོང་གསུམ་ལས་འོས་མེད། སྔོན་ཇོ་བོ་གཅིག་གིས་ལམ་ཁར་ཕྱིང་ཞྭ་གཅིག་གི་ནང་དུ་ཉེའུ་བཏོན་པས། དེར་ཞྭ་ཞིག་པས་ཞྭ་ལག་ཏུ་ཐོགས་ནས། ལྷམ་འབོལ་ནང་དུ་གཤེགས་སུ་གསོལ་ཟེར་
སྐད། དེ་བཞིན་དུ་འོ་ཅག་བན་བཙུན་འགའ་རེའི་བྱ་སྤྱོད་ངན་པ་འདིས་སྡོམ་པ་རྩ་བ་ནས་ཞིག་སྟེ་གཞུག་གྲྭ་ས་དོར་ཏེ་མར་གྲོང་ཁྱིམ་དུ་གཤེགས་དགོས་འབྱུང་ཉེན་ཡོད། སྔོན་གཅིག་གིས་མི་གཉིས་ལ་ཤ་ལྷུ་གཅིག་དྲངས། གཅིག་གིས་ཁམ་རེ་བཅད་ཀྱིན་ཟོས་ནས་གཏུབ་བམ་བགོ་བྱ་བ་ལན་འགའ་བྱས་པས། གཅིག་ན་རེ་གཏུབ་རུང་བགོས་རུང་བརླག་ཟིན་ཚར་ཟེར། དེ་བཞིན་དུ་ཁ་ཅིག་གིས་སྡོམ་པ་བཟང་པོ་གཅིག་ཤོར་གཉིས་ཤོར་ནས། གཞུག་བརླག་འགྲོ་བ་ཡང་མང་དེ་ལྟར་བྱས་ན་མི་ཡོང་། སྔོན་བཙུན་པ་གཅིག་སྤུན་ཟླའི་ཁྱིམ་དུ་ཡང་ཡང་ཕྱིན་པས། མི་ཆེ་བ་ཀུན་གྱིས་ལྐོག་ཏུ་ཉི་མ་ཅག་ལ་ཅི་བྱེད་ན་བྱས་ཤིབས་པ་མཆན་ལྐོག་ལབ་བྱས་པ་བྱིས་པས་གོ་ནས། ཉིན་གཅིག་འོང་ཚེ། བྱིས་པ་ན་རེ་ཨ་ཁུ་ངེད་ཀྱི་ཁྱིམ་དུ་ཉི་མ་ཅག་ལ་འོངས་ནས་ཅི་བྱེད་ཟེར་སྐད། དེས་ན་ཆེ་ངག་ཆུང་བྱ་བ་ཡིན་པས། རང་རེ་ཡང་སྟེར་གི་སྙམས་ནས་སྦྱིན་བདག་མི་ཚང་རེ་རེ་ལ་ཡང་ཡང་བླངས་ནས་སུན་དུ་བཅུག་ན་མི་ཡོང་། སྤྲེའུ་ལ་བྱ་གླག་ནམ་མཁའ་ནས་འོངས་ཙ་ན། དབྱུག་པ་ཐོག་ནས་ཨག་ཨག་ཟེར་ཞིང་ཁ་སྟངས་བཟློ་ལ། དེར་བྱ་གླག་
ཡས་མར་ཞུང་གིས་བྱུང་ཙ་ན། དབྱུག་པ་བསྐྱུར་ནས་ཤིང་ཕུང་གི་གསེབ་ཏུ་མགོ་བཙུགས་ནས་བསྡོད་དེ། དེར་ཁོ་གང་འདོད་ཁྱེར། དེ་བཞིན་དུ་ཁ་ཅིག་གིས་རྐྱེན་ངན་མ་བྱུང་གོང་དུ་ཁ་བོ་ཆེ། རྐྱེན་ངན་བག་ཙམ་རེ་བྱུང་ཡང་མི་ཐུབ་པར་ཁོའི་དབང་དུ་སོང་ནས་རང་གི་སྡོམ་པ་གཏོང་བ་དེ་འདྲས་མི་ཡོང་། སྔོན་རྒན་མོ་ཞིག་གི་ཞིང་བཟང་པོ་ཞིག་གནས་བརྟན་ཞིག་གིས་འཕྲོགས་སོ། །ཉིན་གཅིག་གནས་བརྟན་དེ་ལ་ལག་བདེ་བས་ཚ་བ་འདྲེན་པའི་བར་ན་ཡོག་པ་གཅིག་ཡོད་པ་མ་བསལ་བར་དུ་གནས་བརྟན་གྱིས་ཚ་བ་མི་ལེན་པར་མཐོང་ནས། རྒན་མོ་ན་རེ་ངའི་ཞིང་ཐོག་དེར་ཡོག་པ་གཅིག་སྐྱུར་མ་ཤེས་པ་ཟེར་སྐད། དེ་བཞིན་དུ་ད་ལྟར་དགེ་སློང་ཁ་ཅིག་གིས་རྩ་བའི་སྡོམ་པ་སོགས་འཆོར་བ་མི་འཛེམ། བཅས་པ་ཕྲ་མོ་རེ་ལ་ཀུ་ཅོ་དིང་དིང་བྱེད་པ་ལ་ཚུལ་ཁྲིམས་ཅན་མི་ཟེར། གོ་ལོག་དེ་འདྲས་མི་ཡོང་། སྔོན་པོ་ཏོ་བའི་སློབ་མ་ཀོང་པོ་འདུལ་བ་འཛིན་པ་བྱ་བ་བཟང་པོ་ཞིག་ཡོད་པས། ཁོས་རང་གི་ཡུལ་དུ་མཁར་ལན་རྒྱ་ཆེན་པོ་བྱས་ཏེ། འདུལ་བའི་ལུང་ནས་བཤད་པའི་ཁང་པ་མིག་བརྒྱ་པ་བྱས་པས།
དེ་དགེ་བཤེས་ཀྱིས་གསན་པས་ཐུགས་མ་མཉེས་ཏེ། ཀོང་འདུལ་གྱིས་ཀྱང་ཆུང་མ་བླང་བར་འདུག་གསུངས་པ་ཐོས་ཏེ་དྲུང་དུ་འོང་བ། པོ་ཏོ་བའི་ཞལ་ནས། ཁྱོད་ཀྱིས་མཁར་ལན་རྒྱ་ཆེན་པོ་བྱས་པ་དེ་མ་ལེགས། དེ་ལ་བརྟེན་ཏེ་སྡེ་འཁྲུགས་དང་རྩོད་པ་སོགས་འབྱུང་ཉེན་ཡོད་དེ་བྱུང་ན་ཆུང་མ་བླངས་པ་ལས་ཀྱང་ཐུ་བ་ཡིན་གསུངས་སྐད། དེས་ན་འོ་སྐོལ་ཆོས་པ་རྣམས་ཀྱིས་རང་ཡུལ་མི་ཡུལ་གང་དུ་སྡོད་རྩིས་ཀྱིས་མཁར་ལན་རྒྱ་བོ་ཆེ་དང་སོག་རུམ་བྱས་ན་སྡིག་རྐྱེན་དུ་འགྱུར་བས། སྙིང་ཐག་པ་ནས་རང་གཞན་གྱི་དོན་བྱེད་ན་གཞི་མེད་གནས་མེད་ཕྱོགས་མེད་བྱས་བདག་ཏུ་འཛིན་པ་གཅིག་ཀྱང་མེད་པ་ཞིག་བྱ་དགོས། སྔོན་བུད་མེད་ཅིག་གི་ཁྱོ་ག་མི་ཞིག་གིས་བསད་པས་སྟོང་སྙེག་ཏུ་གཞན་འགྲོ་བ་ལ། མོ་ན་རེ། རྟ་གཡག་བྱུང་ཡང་ཁྱེར་མ་འོང་། ངའི་སྒོ་ལ་མི་ཤོང་གི །ར་ལུག་བྱ་མོ་འདྲ་བ་བྱུང་ན་ཁྱེར་ཤོག་དང་དགའ་ཟེར་སྐད། དེ་བཞིན་དུ་རང་རེ་ཆོས་པ་ཁ་ཅིག་གི་བློ་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་མི་ཤོང་། ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་བྱུང་ན་དགའ་སྟེ། དེ་འདྲའི་ཆོས་པ་ཚུལ་ཁྲིམས་རྣམ་དག་འོང་མི་སྲིད།
དེས་ན་འོ་སྐོལ་རྣམས་ཀྱིས་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཤས་ཀུན་དོར་ཏེ། སྟོན་པ་ཐུགས་རྗེ་ཅན་གྱིས་བཅས་པའི་མཚམས་ལས་མི་འདའ་ཞིང་གལ་ཏེ་ཉེས་ལྟུང་ཕྲ་མོས་གོས་སྲིད་ན་ཡང་དེ་མ་ཐག་བཤགས་སྡོམ་དང་ཕྱིར་བཅོས་བྱའོ། །སྔོན་མི་ཞིག་གིས་ཀླུ་མང་པོ་མཚོ་ཁར་སྦྲུལ་དུ་བརྫུས་ནས་འོང་ཡོད་པ་ཀླུ་བདུད་ཞིག་གིས་གསོད་པ་ལས་ཐར་བར་བྱས་པས། སྦྲུལ་ཞིག་གིས་དངོས་གྲུབ་སྟེར་བའི་བརྡའ་བྱས་ནས་སོང་བས་ཁོ་ནང་དུ་ལོག་ནས་ད་ང་ལ་དངོས་གྲུབ་ཅི་འདྲ་ཞིག་སྟེར་རམ་སྙམ་ཧམ་པ་ཚ་པོ་བྱས་ཕྱི་ཉིན་མཚོ་ཁར་སོང་བས་ཁོ་འདོད་པས་བསྒྲིབས་ནས་ཀླུས་དངོས་གྲུབ་ཁྱེར་འོང་ཡང་མ་མཐོང་། དེ་ནས་ཡུན་རིང་སོང་ནས་ད་དངོས་གྲུབ་མི་སྟེར་རྒྱུ་རེད་སྙམ་ཕྱིར་ལོག་ནས་ལམ་ཞིག་ནས་ངལ་བསོས་པས་གཉིད་དུ་སོང་། སད་ཚེ་ཀླུས་མདུན་ན་དངོས་གྲུབ་ཁྱེར་བ་མཐོང་ནས་ད་བར་མི་སྟེར་བ་ཅི་ཡིན་བྱས་པས་ཁྱོད་འདོད་པས་བསྒྲིབས་ནས་རེ་ཞིག་ངས་ཀྱང་མ་མཐོང་སྐབས་ཤིག་མཐོང་ཡང་ཁྱོད་ཀྱིས་ང་མི་མཐོང་བར་གདའ། ད་ཁྱོད་ཀྱིས་འདོད་པ་ཟད་པས་མཐོང་ཟེར་སྐད།
དེས་ན་དགེ་སློང་ཧམ་པ་ཚ་བ་རྣམས་ལ་ཡོན་བདག་གིས་མཐོང་ཆུང་ཞིང་བསྙེན་བཀུར་མི་འབྱུང་བས། འདོད་ཆུང་ཆོག་ཤེས་འདི་གལ་ཆེ། རྗེ་བཙུན་ཆེན་པོ་སྐལ་ལྡན་རྒྱ་མཚོས་སློབ་མ་རྣམས་ལ་གོ་བ་སྐྱེ་ཕྱིར། སེམས་འདོད་ཆུང་ཆོག་ཤེས་མཛོད་ཁང་སྒོར། །ཁོང་བྱ་བཏང་ཕྱུག་པོ་ཐམས་ཅད་གནས། །གསུངས། འདོད་པ་ཐམས་ཅད་སྤངས་ནས་སྙིང་ནས་ཆོས་བཞིན་བྱས་ན། འདོད་པ་ཆུང་བའི་ཆོས་པ་དེ་ལ་འདོད་པ་ཆུང་བས་མིས་མཆོད་པ་སྨོས་ཅི་དགོས་ལྷས་ཀྱང་མཆོད་པ་ཡིན་ཏེ། ལྷ་རྗེ་བསམ་གཏན་བྱ་བ་ལ། ཐང་ལྷས་ཟླ་བ་གཅིག་གི་བཤོས་དྲངས། ཡང་འཕགས་པ་བྱང་ཆུབ་དཔོན་གཡོག་ཐང་ལྷས་སྤྱན་དྲངས་ཟླ་བ་གཅིག་གི་བར་དུ་གཡག་རྒོད་ཀྱི་ཞོ་དར་མང་པོས་བསྙེན་བཀུར་མཛད། ཕེབ་ཁར་དངུལ་སྒ་གཅིག་ཕུལ་བ་ད་དུང་དགེ་འདུན་རྒྱལ་པོའི་དཀོར་མཛོད་ན་ཡོད་སྐད། རྗེ་བཙུན་མི་ལ་རས་པ་ལ། ལྷའི་བུ་མོ་བདུན་གྱིས་འབྲས་དཀར་མོའི་འཚོ་བ་དྲངས། ཚེ་རིང་མཆེད་ལྔས་འདོད་ཡོན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དྲངས། སྐུ་ལ་དགའ་བཞིའི་བདེ་ཆེན་སྦར་བའི་གྲོགས་ཀྱང་མཛད། དེ་དག་
རྣམས་ལ་དགོངས་ནས་ཇོ་བོ་རྗེས་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པ། སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག །གྲོགས་དག་འདོད་པ་རྣམས་ལ་ཚ་ཆུ་འཐུང་བཞིན་ངོམས་པ་མེད་པས་ཆོག་ཤེས་མཛོད། གསུངས། དེས་ན་འདོད་ཆུང་ཆོག་ཤེས་བྱེད་པ་གལ་ཆེ། སྔོན་ཕ་རྒད་པོ་གཅིག་ལ་བུ་གཉིས་ཡོད་པ་ནོར་དང་གདམས་ངག་སྟེར་བས་ཁྱེད་གཉིས་གང་འདོད་དྲིས་པས། ཆུང་ཤོས་ཀྱིས་གདམས་ངག་འདོད་ཟེར་བས། ཆེ་བ་ན་རེ་གདམས་ངག་ཁྱོད་ཁྱེར་ན་ང་ནོར་ཚགས་བྱེད་པ་ལས་འོས་མེད་ཟེར་ནོར་རྣམས་ཚགས་བྱས། དེ་ནས་ཕ་འཆི་ཁར། བུ་ཆུང་བས་གདམས་ངག་ག་རེ་བྱས་པས། ཏུག་གིས་ཐུག་ན་རྒན་པ་ལ་གྲོས་དྲིས་བྱ་བ་ལས་གཞན་མ་བྱུང་ནས། དེར་ནོར་མེད་ནས་ཡུལ་གཞན་དུ་ཕྱིན་ཙ་ན་རྒྱལ་པོ་ཤི་བའི་བཙུན་མོས་རྒྱལ་སྲིད་བཟུང་ནས་འདུག་པ། རྒད་པོ་གཅིག་ལ་འདི་ཅི་འདྲ་ཡིན་དྲིས་པས། དེས་ཐམས་ཅད་བསླུ་བ་ཡིན་པས་གན་དུ་འགྲོ་ན་འདི་ལྟར་གྱིས་བྱས་བསླབ་བྱ་བསླབས་པ་ལྟར་བྱས་པས། བུད་མེད་དེས་འདི་བློ་དང་ལྡན་པ་ཞིག་འདུག་སྙམ་
མགུ་ནས་ཁྱིམ་ཐབས་བྱས་ཏེ་ཕའི་ཡོ་བྱད་བས་རྒྱལ་པོའི་རྒྱལ་སྲིད་ཐོབ་པ་བྱུང་། ཡང་སྔོན་རྒྱལ་པོ་གཅིག་གི་མིག་ན་ནས་སྨན་པས་བུད་མེད་རང་གི་ཁྱིམ་ཐབས་མ་ཡིན་པའི་སྐྱེས་པ་གཞན་གྱིས་མ་སྤྱད་པའི་ནུ་ཞོ་དགོས་ཟེར་བས། རྒྱལ་པོས་དེ་ལྟ་བུ་ཡོད་པ་ལ་བྱ་དགའ་སྟེར་བྱས་པས་བུད་མེད་གཅིག་ན་རེ། ཁྱོ་ག་ལ་དེ་ལྟ་བུ་ང་ཡིན་གྱིས་ལ་བྱ་དགའ་ལོང་ཟེར་བས་ཁོས་གྲོགས་པོ་གཅིག་ལ་དྲིས་པས། གྲོགས་པོ་ན་རེ་དེ་མི་བདེན་མ་བདེན་ན་རྒྱལ་པོའི་ཆད་པ་ཡོང་བས། དེ་ལས་བཟློག་ལ་དྲིས་ལ་ཅི་ཟེར་ལྟོས་བྱས་པས། ཁྱོ་གས་ཁྱོད་ཀྱི་དེས་མི་འོང་བར་འདུག་སྐྱེས་པ་བརྒྱས་སྤྱད་པ་ཞིག་དགོས་ཟེར་བྱས་པས། མོ་ན་རེ་དེ་ང་ལ་ཡོད་ཡོང་ཟེར་ནས་བགྲངས་པས། དགུ་བཅུ་གོ་དགུ་བྱུང་སྐད། དེ་ཡང་གྲོགས་པོ་བློ་ལྡན་དེ་ལ་དྲིས་པས་རྒྱལ་པོའི་ཆད་པ་མ་བྱུང་བ་ཡིན། བུད་མེད་ཀྱི་ཁ་ལ་ཉན་ན་གཉིས་ཀ་འཕུང་བར་འགྱུར། དེས་ན་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་བཟང་པོ་བསྟེན་ན་ཚུལ་ཁྲིམས་སོགས་ཆོས་མགོ་མཐར་ཐོན་པས་གྲོགས་བཟང་པོ་བསྟེན་ནས་ཆོས་ལྡན་གྱི་བྱ་བ་གང་བྱེད་ཀྱང་བློ་དྲིས་ནས་བྱས་ན་བབ་མི་
བརྡལ་བ་འོང་། སྔོན་ཞང་ཞུང་གི་བཙུན་རྒན་གཅིག་རྭ་སྒྲེང་དུ་འོང་ནས། འདི་ན་ཕྱག་བྱ་དགོས་པ་སུ་ཡོད་ཟེར་བ། འདི་དང་འདི་ཡོད་བྱས་དེ་རྣམས་ལ་ཕྱག་བྱས་ཚར་ནས་ད་སུ་ཡོད་དམ་བྱས། གཅིག་གིས་ད་དུང་སྔགས་པ་དགེ་བསྙེན་ཞིག་དང་ཁྱི་རྒན་འགངས་ཅན་ཞིག་ཡོད་བྱས་ཁྱི་ལ་ཡང་ཕྱག་བྱེད་དུ་བཅུག་སྐད། ཡང་སྔོན་རྒྱལ་པོ་གཙུག་ཕུད་ཅན་གྱིས་བློན་པོ་སྡིག་ཅན་གྱི་ངག་ལ་ཉན་ནས་སྡིག་པ་ཚན་པོ་ཆེ་མང་པོ་བསགས་པའི་ཚེ་དེར་སྟེང་དུ་སའི་ཆར་བབས་ནས་ཤི། སྔོན་རྒྱལ་པོ་མ་སྐྱེས་དགྲས་ལྷས་སྦྱིན་གྱི་ངག་ལ་ཉན་ནས་རང་གི་ཡབ་རྒྱལ་པོ་བཀྲོངས། སོར་མོའི་ཕྲེང་བ་ཅན་གྱིས་སློབ་དཔོན་ངན་པའི་ངག་ལ་ཉན་ནས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ་སོགས་གྲོགས་ངན་ལ་བསྟེན་ནས་རང་གཞན་གཉིས་ཕུང་བྱས་པའི་གཏམ་རྒྱུད་དེ་འདྲ་བ་མཐའ་ཡས། ཁྱད་པར་བུད་མེད་དང་ཉེ་ན་ཚུལ་ཁྲིམས་ཀྱི་མགོ་ཐོན་པ་ཤིན་ཏུ་དཀའ་ཞིང་གལ་ཏེ་ཐོན་ན་ཡང་། དེ་དང་ཉེ་ན་གྲགས་པ་ངན་པ་འབྱུང་བསྟན་པའི་ཞབས་འདྲེན་ཡོང་། པོ་ཏོ་བའི་གསུང་སྒྲོས་ལས། བུད་མེད་ཀྱི་འཁོར་དང་ལྷ་ཁང་གི་ཕུག་
རོན་འདྲ་སྟེ་ཆོས་འཁོར་བཤིག་པ་ཡིན། བུད་མེད་ཀྱི་བསྙེན་བཀུར་དང་གལ་སྙིའི་ཐོ་ཕྱིའི་ཤ་རིད་འདྲ་སྟེ། སྡིག་སྡུག་གཏམ་ངན་གསུམ་འབྱུང་བ་ཡིན་གསུངས། ད་ལྟ་རྣལ་འབྱོར་པ་ཀུན་གྱིས་དང་པོ་དགའ་ཡེ་རེ་ཚོ་ད་ལྟ་ཙམ་ལ་བུད་མེད་རེ་བླངས་ཕན་ཚུན་གཅིག་གིས་གཅིག་དགེ་སྦྱོར་གྱི་གྲོགས་སུ་འགྲོ་རུ་རེ་ཙ་ན་གཞུག་གཅིག་གི་བྱུར་གཅིག་ལ་བཀལ་ནས། བུ་ཉོག་གི་གལ་དུ་འཛིན་ཏེ་དེར་ཐ་མ་གོས་བུམ་པ་ཚུན་ཆད་བཙོངས་ནས་ཟ་དགོས་གསུངས། དེས་ན་གྲོགས་ངན་དང་བུད་མེད་ལ་སོགས་པ་བློས་ཡལ་བར་འདོར་བ་མ་ཡིན་ཀྱང་དངོས་སུ་དེ་དག་དང་ལུས་ངག་གི་འབྲེལ་ཐག་གཅོད་དགོས། དེ་ལྟར་མ་བྱས་ན་ཆོས་རྣམ་དག་མི་འོང་བ་ཙམ་དུ་མ་ཟད་ཉེས་སྐྱོན་མང་པོ་འཕེལ་ཡོང་བས་བློ་གྲོས་ཅན་རྣམས་ཀྱིས་གཟབ་འཚལ། ༈ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་ཝ་ར་ཎ་སིའི་རྒྱལ་པོ་ཚངས་བྱིན་གྱི་བུ་ཀ་ཤི་མཛེས་དགས་རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས། རབ་ཏུ་བྱུང་བས་མཚན་དྲང་སྲོང་བཟོད་པ་སྨྲ་བར་བཏགས། ཁོང་སྐྱེད་མོས་ཚལ་གྱི་ཞི་བའི་ཕྱོགས་ཤིག་ན་བཞུགས་དུས། རྒྱལ་པོ་འཐབ་མོ་སྐྱེས་སོས་ཀའི་ཚེ་སྐྱེད་
ཚལ་དུ་བཙུན་མོ་དང་ལྷན་དུ་འོང་། སྐྱེད་ཚལ་གྱི་བདེ་བ་མྱོང་བས་གདུབ་ནས་གཉིད་དུ་ལོག །བཙུན་མོ་རྣམས་ཤིང་འབྲས་ཚོལ་དུ་ཕྱིན་པས། དྲང་སྲོང་དང་མཇལ་བས་དྲང་སྲོང་གིས་ཆོས་བཤད་དོ། །རྒྱལ་པོ་ལངས་ནས་བལྟས་པས་བཙུན་མོ་རྣམས་མ་མཐོང་བས། རལ་གྲི་བླངས་ནས་བཙལ་བས་དྲང་སྲོང་གི་དྲུང་དུ་འཁོད་པ་མཐོང་ནས། ཞེ་སྡང་སྐྱེས་ཁྱོད་སུ་ཡིན་དྲིས་པས། ང་དྲང་སྲོང་བཟོད་པ་སྨྲ་བ་བྱ་བ་ཡིན། སྨྲས་པའི་ཚེ། རྒྱལ་པོས་བཟོད་མི་བཟོད་ཚད་བལྟ་ཟེར། རལ་གྲིས་དྲང་སྲོང་གི་ལག་པ་གཉིས་བཅད་ནས། ད་སུ་ཡིན་དྲིས་པས། ང་བཟོད་པ་སྨྲ་བའོ་གསུངས། དེ་ནས་རྐང་པ་བཅད་ཅིང་། ཡན་ལག་ཉིང་ལག་རྣམས་བཅད་ནས། ད་སུ་ཡིན་དྲིས་པས། སྨྲས་པ། གལ་ཏེ་བདག་གི་ལུས་ལ་ནི། །ཏིལ་འབྲུ་ཙམ་དུ་གཏུབས་པ་ཡིས། །ལུས་ནི་བྱེ་བ་བརྒྱར་གཏུབས་ནས། །ས་ལ་གཏོར་ཀྱང་བཟོད་མི་སྤོང་། །ཞེས་སོགས་སྨྲས་ནས་སྨོན་ལམ་བཏབ་པ། རྒྱལ་པོ་འདིས་བདག་ལ་ཡང་ནས་ཡང་དུ་དྲིས་ནས། ཡན་ལག་དང་ཉིང་ལག་བཅད་པ་བཞིན་དུ། བདག་གིས་བཟོད་
པ་བསྒོམས་པའི་དགེ་བའི་རྩ་བས། བདག་སངས་རྒྱས་པ་ན། དེ་ལ་ཡང་ཡང་དྲིས་ནས་ཤེས་རབ་ཀྱི་རལ་གྲིས་ཐོག་མར་དེའི་ཉོན་མོངས་གཅོད་པར་གྱུར་ཅིག་གསུངས། སླར་ཡང་རྒྱལ་པོས་བཟོད་དམ་གསོལ་བས་སྨྲས་པ། ལུས་ལ་མཚོན་གྱིས་འདེབས་ན་འང་། །བདག་ནི་སེམས་ཅན་ཀུན་ལ་བྱམས། །གལ་ཏེ་ཁྱོད་ཡིད་མི་ཆེས་ན། །བདག་གི་ཁྲག་འཛག་པ་ལ་ལྟོས། །ཞེས་ཁྲག་འོ་མའི་ཐིགས་པར་འཛག་པའི་ཆོ་འཕྲུལ་བསྟན་ཀྱང་ད་དུང་ཡིད་མ་ཆེས་པར། བཟོད་དམ་སྨྲས་པས། དེ་ནས་དྲང་སྲོང་གིས་ཡན་ལག་དང་ཉིང་ལག་བཅད་པ་རྣམས་གནས་ཇི་ལྟ་བ་བཞིན་བཞག་ནས། རྒྱལ་པོ་ཁྱེད་ཀྱིས་བདག་གི་ལུས། །གཏུབས་ཀྱང་ཤིན་ཏུ་ཕྲ་བ་ཡི། །ཞེ་སྡང་འདི་ལྟར་ཡོད་མིན་ན། །བདག་ལུས་ཇི་ལྟར་སྔོན་བཞིན་ཤོག །ཞེས་སྨྲས་པས་ལུས་སྔར་ལྟར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཡ་མཚན་སྐྱེས་ནས་སྨྲས་པ། ཀྱེ་མའོ་ཆོས་ལ་ལེགས་གནས་པས། །ཀྱེ་མ་བརྟུལ་ཞུགས་འདི་འགྲུབ་སྟེ། །ལུས་ལ་གཏུབ་པར་བྱེད་ནའང་། །ཁྱོད་ལ་མི་དགའ་ཅི་ཡང་མེད། །ཅེས་རྒྱལ་པོ་འཁོར་བཅས་ཀྱིས་དྲང་སྲོང་གི་རྐང་པ་ལ་
ཕྱག་འཚལ་ནས་སོང་ངོ་། །དེའི་དུས་ཀྱི་དྲང་སྲོང་བཟོད་པ་སྨྲ་བ་དེ་ཕྱིས་སྟོན་པ་སངས་རྒྱས་སུ་གྱུར། རྒྱལ་པོ་འཐབ་མོ་སྐྱེས་སངས་རྒྱས་ཀྱི་དུས་འཁོར་ལྔ་སྡེའི་ནང་གི་ཀོའུ་དི་ནྱ་ཞེས་བྱ་བར་གྱུར་ཏེ། སངས་རྒྱས་ཀྱིས་བདེན་བཞིའི་ཆོས་གསུངས་པའི་ཚེ། མཚམས་མཚམས་སུ་ཁྱོད་ཀྱིས་ཤེས་སམ་ཞེས་ཡང་ཡང་དྲིས་པས། ཀོའུ་དི་ནྱས་ཀྱང་ཀུན་འཚལ་ཞེས་གསོལ་པས། དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས། དེས་ན་བཟོད་པ་བསྒོམས་ན་གནས་སྐབས་སུ་དགེ་སློང་བཟོད་པ་སྨྲ་བ་ལྟ་བུའི་མཐོན་པོ་གཟུགས་མཛེས་པའི་ལུས་ལེན་ཞིང་། མཐར་ཐུག་སངས་རྒྱས་བྱང་ཆུབ་སེམས་དཔའ་དེ་འདྲ་ལ་ངན་འབྲེལ་བཞག་ཀྱང་ཕན་ཡོན་དེ་འདྲ་བྱུང་ན་བཟང་འབྲེལ་བཞག་ན་སྨོས་ཅི་དགོས། བཟོད་པ་བསྒོམས་ན་སྨོན་ལམ་ཡང་ཅི་བཏབ་འགྲུབ་པས། འོ་སྐོལ་རྣམས་ཀྱིས་ཀྱང་བཟོད་པ་བསྒོམ་ཞིང་གཞན་བཟོད་པ་ཅན་ལ་འབྲེལ་པ་བཞག །སྨོན་ལམ་བཏབ་ན་ཕན་ཡོན་དེ་འདྲ་འབྱུང་། སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བའི་ཚེ། བཀྲེས་སྐོམ་ཚ་གྲང་ཡིད་
ལ་མ་བྱས། ཉིན་མཚན་མེད་པར་ལུས་སྲོག་ལ་མ་བལྟས་པར་བཙལ་བས། མོད་ལ་རྙེད་ནས་དོན་ཐམས་ཅད་འགྲུབ། དེ་བཞིན་དུ་འོ་སྐོལ་གྱིས་ཀྱང་ཚེ་འདིའི་བདེ་སྡུག་ཕྲ་མོ་ལ་མ་བལྟས་པར་ཆོས་ཕྱིར་དཀའ་བ་སྤྱད་ནས་སྒྲུབ་ནུས་ན། མྱུར་དུ་འདོད་པའི་དོན་འགྲུབ་ནས་ཡོང་། སྔོན་རྒྱལ་པོ་བྱི་ལིང་གར་ལིང་སོགས་ཀྱིས་ཆོས་ཚིག་བཞི་པ་རེའི་ཆེད་དུའང་ལུས་ལ་ལྕགས་གཟེར་སྟོང་བཏབ་པ་དང་། མར་མེ་སྟོང་བཙུགས་པ་དང་། པགས་པས་ཤོག་བུ་རུས་པས་སྙུག་གུ་ཁྲག་གིས་སྣག་ཚ་བྱས་ཆོས་བྲིས་པ་སོགས་དཀའ་བ་དང་དུ་བླངས་ཤིང་དེ་དག་ལ་བཟོད་པར་མཛད་པས་ཐམས་ཅད་མཁྱེན་པའི་གོ་འཕང་མོད་ལ་ཐོབ་པ་ཡིན། སྔོན་གཤེན་སྟོན་གཡུང་དྲུང་རྒྱ་མཚོ་བྱ་བས། མི་གཞན་གཅིག་གིས་གཅིག་ལ་གཤེ་བ་དང་རྒོལ་བའི་ལན་བྱེད་པ་ཀུན་ལ། ཡེ་ཁྱེད་གསེར་མདོག་ཅན་མི་འདོད་པ་ལགས་སམ་གསུངས་སྐད། དེས་ན་སངས་རྒྱས་ཀྱི་སྐུ་གསེར་བཙོ་མ་ལྟ་བུ་དེ་ཡང་གཙོ་བོ་བཟོད་པ་བསྒོམས་པའི་འབྲས་བུ་ལས་བྱུང་བ་ཡིན་པས། འོ་སྐོལ་རྣམས་ཀྱིས་ཀྱང་བཟོད་པ་བསྒོམ་པའི་ཕན་ཡོན་དེ་ཚོ་བསམས་ནས་བཟོད་པ་བསྒོམ་
དགོས། སྔོན་ཇོ་བོ་རྗེ་ལ་རྒྱ་གར་གྱི་ཨ་ཙ་ར་གཤིས་ངན་པ་ཇོ་བོ་ལ་རྟག་ཏུ་ཁྲོ་བ་གཅིག་ཡོད་པ་རྒྱུན་དུ་ཇོ་བོའི་དྲུང་ན་འདུག་པ་ལ། གཤིས་ངན་འདི་མ་བསྟེན་མཛོད་ཞུས་པས། ཇོ་བོའི་ཞལ་ནས། འདི་ངས་བཟོད་པ་བསྒོམ་པའི་རྟེན་ལགས་གསུངས་སྐད། དེས་ན་འོ་སྐོལ་རྣམས་ཀྱིས་ཆེད་དུ་གཉེར་ནས་བཟོད་པ་བསྒོམ་པའི་རྟེན་རེ་འཇོག་དཀའ་ཡང་། གཞན་ཁོང་ཁྲོ་སློང་མཁན་སུ་བྱུང་ཡང་། བཟོད་པའི་ཕར་ཕྱིན་རྫོགས་པར་མཛད་པའི་དགེ་བའི་བཤེས་གཉེན་དུ་བལྟས་ནས་བཟོད་པ་ཅི་ནུས་སུ་བསྒོམ་དགོས། སྔོན་ཐ་ག་པ་ཚན་གཅིག་གིས་དགེ་སློང་དགོན་བ་ཞིག་ལ། ལུས་འདམ་བུ་བཅོམ་པ་ལྟར་བྱས་པས་མགོའི་ཀླད་པ་ཡང་བརྟོལ་བས། དགེ་སློང་དེ་ལ་ཟླ་བོ་གཅིག་ཡོད་པ་དེས། རྒྱལ་པོ་ལ་བཤད་པས། རྒྱལ་པོས་འདི་དག་ཐམས་ཅད་བརླག་པར་བྱེད་ཀྱི་བྱས་པས། ཐ་ག་པ་རྣམས་བྲེད་ནས་དགེ་སློང་གི་རྐང་པ་ལ་ཕྱག་བྱས་བཟོད་པར་གསོལ་བས། ཀླད་པ་ཙ་རེ་བཟོད་དོ་ཟེར་སྐད། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་བཟོད་པ་བསྒོམ་དགོས། སྔོན་བླ་མ་ཞང་གིས། སྔར་གྱི་དགྲ་རྣམས་ཀྱི་
ཡུལ་དུ་ཕྱིན་ནས་སྒོ་ཡོན་བླངས་པས། ཁོང་ཚོ་ཡང་ཁོང་ཁྲོ་ཞི་ནས་ཤིན་ཏུ་དད་དེ་ཁོང་འདི་བཞིན་མཛད། ཕྱིན་ཆད་འོ་སྐོལ་གྱིས་ཀྱང་ཞབས་ཏོག་བྱ་དགོས་ཟེར། སྔོན་ཁྱིམ་བདག་ཕྱུག་པོ་གཅིག་གིས་བུ་མ་སོས་པ་ལ་ཐེངས་གཅིག་བུ་གཅིག་སྐྱེས་པ་ལ་མོ་རྩིས་བྱས་པས་དགེ་བཤེས་བཟང་པོ་ཞིག་གི་བུ་ཡིན་བྱས་ན་སོས་པར་འདུག་ཟེར་བས། ཁོས་ཆུང་མའི་བུ་དེ་ཁྱེར་འོང་ནས་དགེ་བཤེས་གླང་ཐང་པའི་དྲུང་དུ་བཞག་སྟེ། ཁྱེད་རང་གི་བུ་དེ་ན་ཡོད་དོ་བྱས་ནས་འབྲོས་ཐབས་སུ་བྱས་སོང་བས། ཁོང་གི་ཅི་ཡང་མི་གསུང་བར་བུད་མེད་གཞན་ཞིག་ལ་བཅོལ་ནས་གསོས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར། ལོ་འགའ་སོང་ཙ་ན་ཕ་མ་གཉིས་འོང་ནས། བསྙེན་བཀུར་དང་འབུལ་བ་ཆེན་པོ་བྱས་ནས་བུ་བླངས་སྐད། དེས་ན་འོ་སྐོལ་རྣམས་ལ་ཡང་ཉེས་པ་མེད་རུང་གཞན་གྱིས་དངོས་སུ་གྲགས་པ་ངན་པ་དང་སྐུར་པ་བཏབ་ཀྱང་བཟོད་པ་བསྒོམས་ནས་མི་ཁྲོ་བ་དེ་ལྟ་བུ་རེ་བྱེད་དགོས། སྔོན་རྭ་སྒྲེང་དུ་དགེ་སློང་བཟང་པོ་ཞིག་ཇ་བརྡུང་བའི་རྩ་རུ་ཕྱིན་པས། སྡེར་མ་བོར་བའི་ཁག་ངན་བྱུང་བས། མཁན་པོ་ལ་བདག་ལ་ཉེས་པ་མེད་དེ་གང་དྲག་
ཞུས་པས། ཁས་ལོང་ལ་མང་ཇ་བསྐོལ་དང་ད་གཟོད་གཙང་སར་ཡང་ཐོན་པར་འདུག་གི་གསུངས་པས། ཁོང་གིས་ཀྱང་དེ་ལྟར་བྱས་པས་དེའི་ནུབ་མོ་སྡིག་པ་མང་པོ་དག་པའི་རྟགས་བྱུང་། ཕྱིས་གཞན་ནས་སྡེར་མ་རྩད་ཆོད་དེ་ཁོང་གཙང་སར་ཡང་ཐོན་པས་མཁན་པོ་ལ་མོས་སུ་སོང་། དེ་ལྟར་བྱས་པ་ལ་དགའ་བ་སྐྱེས་སྐད། དེས་ན་རང་ལ་ཉེས་པ་མེད་བཞིན་དུ་ཁག་ངན་འདྲ་བྱུང་ཡང་མི་ཁྲོ་བར་སྔོན་གྱི་ལས་སུ་བསམས་ནས་རང་གི་ཉེས་པར་ཁས་བླངས་ནས་བཟོད་སྲན་བསྐྱེད་ན་སྡིག་སྒྲིབ་ཀྱང་མང་པོ་འདག་པས་དེ་ལྟར་བྱ་དགོས། གླང་རི་ཐང་པའི་ཞལ་ནས་ངའི་བློ་འབྱོངས་མ་འབྱོངས། ཁམས་སུ་སྟོན་པ་ཤེར་འབུམ་ཅན་དུ་ཕྱིན་ན་ཤེས། ཁོང་ང་ཡི་སྙིང་དང་འདྲ་བའི་མཆེད་གྲོགས་ཡིན་པས། ང་བྱུང་བ་ལ་རབ་ཏུ་དགའ་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཡོང་དུ་རེ་ན་ཡང་། དེ་ལྟར་མི་བྱེད་པར་མ་ཟད་སླར་བརྡུང་བརྡེག་བྱས། ཅི་ཡོད་འཕྲོགས་སོང་ཡང་ང་ལ་ཁོང་ཁྲོ་མི་སྐྱེ་ཞིང་། སྔར་གྱི་བརྩེ་བ་དེ་མི་འགྱུར་འདུག་ན་འབྱོངས་པ་ཡིན་འདྲ་གསུངས། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་སྔར་ཕན་
བཏགས་ནས་རེ་བ་ཆེན་པོ་བྱས་ཡོད་པ་འགའ་ཞིག་གིས་ཚུར་དྲིན་གཟོ་མི་བྱེད་པའི་ཁར་བརྡུང་བརྡེག་འཕྲོག་བཅོམ་མི་འདོད་པ་ཅི་བྱས་རུང་ཞེ་སྡང་མི་སྐྱེ་བ་ཙམ་དུ་མ་ཟད། སྔར་གྱི་བརྩེ་སེམས་ཀྱང་མི་འགྱུར་བ་དེ་འདྲ་བྱུང་ན་བཟོད་པ་བསྒོམ་པས་བློ་འབྱོངས་པ་ཡིན་པས་དེ་འདྲ་ཞིག་བྱ་དགོས། སྔོན་རྒྱས་སྟོན་གྱིས་བྱིས་པའི་དུས་སུ་གཞན་གྱི་རྟ་དཀྲོགས་པས་འགྲོགས་ནས་བྲག་ལ་མཆོང་ནས་ཤི་བ། ཕ་མས་བརྡུངས་པས་མའི་ངར་གདོང་ལ་རྡོ་རྒྱབ། དེར་ཁྱིམ་དུ་འོང་དུ་མ་བཅུག་པས། ཁོས་སྒོ་ནས་ཁ་མ་བཟོད་པར་འོ་ན་ཁྱེད་རང་གིས་ཡོན་བདག་རྡོ་རྗེ་དབང་ཕྱུག་གི་འབྲི་བརྐུས་ནས་བསད་པ་ཟེར་ནས་འོ་དོད་བོས་པས། གཞན་གྱིས་གོ་ནས་རྟ་སྐྱིན་འབྲི་སྐྱིན་གཉིས་ཀ་སྟེར་དགོས་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཁ་འདི་ལ་བཟོད་གླགས་མེད་པས། གཞན་སྡོམ་མེད། མི་བསད་པ། རྐུན་མ་བྱས་པ། དབང་པོ་སྐྱོན་ཅན་སོགས་ཀྱི་སྐྱོན་རྣམས་ཁྲོམ་སོགས་སུ་བསྒྲགས་ན་ཚེ་འདིར་ཡང་རང་གཞན་གཉིས་ཀར་ཆག་སྒོ་འོང་ཞིང་། མི་དེ་ལ་དུག་བླུད་མཚོན་བརྒྱབ་ནས་མ་བསད་རུང་། ཁོ་བསད་པ་བས་ཀྱང་སྡིག་པ་ཆེ་བར་
གསུངས། སྔོན་སངས་རྒྱས་ཀྱི་དུས་སུ། དགེ་སློང་རྒན་པ་གཅིག་གཞོན་པ་ལ་ཁྲོས་ཏེ་ཚིག་ངན་སྨྲས་ནས་ཤི་བས། སྦྲུལ་གདུག་པ་ཅན་ཞིག་ཏུ་སྐྱེས། སྔོན་དགྲ་བཅོམ་པ་ཞིག་དང་དགེ་ཚུལ་གཉིས་ཀླུ་ཡུལ་དུ་སོང་བས་ཀླུས་དགྲ་བཅོམ་པ་ལ་ལྷའི་བདུད་རྩི་དྲངས་དགེ་ཚུལ་གྱིས་མི་འཇུ་སྙམ་ཟས་རང་ག་གཞན་བྱིན་པས་ཁོ་ཁོང་ཁྲོ་སྐྱེས། བདག་གིས་ཚངས་པར་སྤྱད་པའི་དགེ་བས་ཀླུ་འདི་རྣམས་བརླག་པའི་ཀླུ་ཞིག་ཏུ་སྐྱེ་བར་ཤོག་བྱས་པས་ལུས་མ་བོར་བཞིན་དུ་ཡན་ལག་བཞི་ནས་ཆུ་འཛགས་ནས་ཀླུ་ཞིག་ཏུ་གྱུར་ནས་ཀླུ་གཞན་ཀླད་པའི་ནད་ཀྱིས་བཏབ་པར་གྱུར། སྔོན་དགེ་སློང་ཀོ་ཀ་ལི་ཀས། ཤཱ་རིའི་བུ་དང་མོའུ་མགལ་གྱི་བུ་གཉིས་ལ་ཁྲོས་ནས་མི་ཚངས་སྤྱོད་ཀྱི་བསྐུར་པ་བཏབ་པས་ཁ་ནས་ཁྲག་བསྐྱུགས་ནས་ཤི་བས། དམྱལ་བར་སྐྱེས་ནས་ལྕེ་ཐོག་ཏུ་ལྕགས་ཀྱི་ཐོང་གཤོལ་ལྔ་བརྒྱ་བཙུགས་ནས་རྨོས། སྔོན་བྲམ་ཟེའི་ཁྱེའུ་ནེ་ཙོ་སངས་རྒྱས་ཀྱིས་གསུང་ཞིག་བྱོན་པ་བློ་ལ་མ་བབས་པར་ཁྲོས་ནས་འོང་བ་སངས་རྒྱས་ཀྱིས་རྒྱང་ནས་གཟིགས་ཏེ་འཁོར་རྣམས་ལ། ཁྱེའུ་ནེ་ཙོ་ད་ལྟ་ཚེ་དུས་བྱས་ན་ནི་
ལུས་དང་བྲལ་ནས་ཤི་མ་ཁད་དུ་མདའ་འཕངས་པ་བཞིན་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ང་ལ་རབ་ཏུ་ཁྲོས་པའི་ཕྱིར་རོ་གསུངས། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་དགེ་སློང་ཁབ་ལེན་དང་། སྲན་ཅན་ཞེས་བྱ་བ་གཉིས་ཀྱིས་ཁ་ན་མ་ཐོ་བ་སྐྲའི་རྩེ་མོ་ཙམ་གྱིས་མ་གོས་པ་བྱས་ཚུལ་ཁྲིམས་བསྲུངས་ཀྱང་། འཆི་ཁར་དགྲ་བཅོམ་པ་ཞིག་ལ་ཞེ་སྡང་སྐྱེས་པས་དམྱལ་བ་མནར་མེད་དུ་སོང་། དེས་ན་ཞེ་སྡང་སྐྱེས་ན་ཚུལ་ཁྲིམས་བསྲུངས་ཀྱང་མི་ཕན་དགེ་རྩ་ཐམས་ཅད་བཅོམ་ནས་ངན་སོང་དུ་ལྟུང་། སྔོན་དབུས་ཀྱི་ལྷ་བཙུན་བོ་དྷི་རཱ་ཛས་ཇོ་བོ་ལ་ཁོང་ཁྲོས་སྡིག་པ་བསགས་པས། ཚེ་འདི་ཉིད་ལ་རྣམ་སྨིན་གྱི་སྔོན་བསུས་བསླེབས་ནས་མཛེ་བྱུང་། དེས་ན་ཡུལ་ཁྱད་པར་ཅན་ལ་ཞེ་སྡང་སྐྱེས་ན་ཚེ་འདིར་ཡང་ནད་ངན་པ་འབྱུང་། དེས་ན་བཟོད་པ་ཞིག་མེད་ན་ཁོང་ཁྲོ་ལྟ་བུའི་སྡིག་པ་མེད། དམྱལ་བར་སྐྱུར་བ་ལ་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་པས་ཆོག །དེ་ལ་དགོངས་ནས་སློབ་དཔོན་ཞི་བ་ལྷའི་ཞལ་ནས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་ཕྱིར་བཟོད་ལ་
ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་གོམས་པར་བྱ། །གསུངས། དེས་ན་ཞེ་སྡང་སྐྱེས་པའི་ཉེས་དམིགས་རྣམས་བསམས་ནས་ཀྱང་བཟོད་པ་བསྒོམ་པ་ལ་ནན་ཏན་བྱ་དགོས། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་བྱོན་ཏེ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་བསམ་གཏན་མཁའ་ཁྱབ་ལ་མཉམ་པར་བཞག་སྟེ། ལུས་སེམས་ཚར་བཅད་ཅིང་གཟིར་རོ། །དེའི་ཚེ་ཁ་དང་སྣ་དང་རྣ་བའི་རླུང་ནང་དུ་འགགས་པས། མགོ་བོ་ཐོད་པ་ལ་མདུང་རྟུལ་པོས་བཏབ་པ་བཞིན་དུ་གྱུར་ཏོ། །ཟས་ནི་རྒྱ་ཤུག་གི་འབྲུ་གུ་ཙམ་དང་། འབྲས་ཀྱི་འབྲུ་གུ་ཙམ་དང་། ཏིལ་གྱི་འབྲུ་གུ་ཙམ་དང་། ཆུའི་ཐིགས་པ་ཙམ་དང་། ཟས་མི་ཟ་བར་གནས་པས་སྐུ་ཤིན་ཏུ་རིད་ཅིང་ཉམས་ཆུང་བར་གྱུར་ཏོ། །དེ་ལྟར་དགུང་ལོ་དྲུག་ཏུ་དཀའ་བ་སྤྱད་པའི་མཐར་རིང་པོར་མ་ལོན་པར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འཁོར་བསྐོར་བ་ཡིན་ལ། ཡང་སྔོན་གྲུབ་ཆེན་ཏེ་ལོའི་དྲུང་དུ་པཎ་ཆེན་ནཱ་རོ་པས་ཆོས་ཕྱིར་དཀའ་ཆེན་བཅུ་གཉིས་དཀའ་ཕྲན་བཅུ་གཉིས་ཡང་ཕྲན་བསམ་གྱིས་མི་ཁྱབ་པ་
སྤྱད། དེ་བཞིན་དུ་རྒྱ་གར་གྲུབ་ཐོབ་བརྒྱད་ཅུ་ཕལ་ཆེར་གྱིས་དེ་བཞིན་ཆོས་ཕྱིར་དཀའ་བ་སྤྱད་པས་མཐར་གྲུབ་པ་ཐོབ་པ་ཤ་སྟག་བྱུང་། སྔོན་སློབ་དཔོན་བཻ་རོ་ཙ་ན། ལྷོ་བྲག་མར་པ་སོགས་ལོ་ཙཱ་རྣམས་ཀྱིས་ཀྱང་རྒྱ་གར་དུ་ཆོས་ཕྱིར་བྱོན་ནས་དཀའ་བ་དཔག་ཏུ་མེད་པ་སྤྱད་ནས་དམ་པའི་ཆོས་ཀྱིས་བོད་ཁམས་དཀར་པོར་བཏང་། སྔོན་དབུས་ཕྱོགས་ཀྱི་བཟའ་མི་གཉིས་ཀྱིས་ལོ་གཅིག་ཙམ་ལ་ཚ་བ་འཐུང་ནས་ཟས་ཆེར་མ་ཟོས་པ་བྱས། ཁྱིམ་གྱི་སོ་ནམ་ལ་རེམ་པས་དེ་ནས་བཟུང་ནོར་གྱི་གཞི་ཆགས་ཕྱིས་ཕྱུག་པོར་གྱུར་ནས་གཡུ་གཅིག་པུ་ལ་ཡང་དཀར་ཆེན་འོད་འཕྲོ་བྱ་བ་ལ་སོགས་བསྟར་ལ་བརྒྱུས་པ་མདུང་གང་ཙམ་ཡོད་སྐད། དེས་ན་ཚེ་འདིའི་བདེ་སྐྱིད་སྙན་གསུམ་སྒྲུབ་པ་ལ་ཡང་ཐོག་མར་དཀའ་བ་སྤྱོད་དགོས་ན། ཚེ་རབས་གཏན་དུ་བདེ་ཞིང་སྐྱིད་པའི་ཐབས་དམ་པའི་ཆོས་སྒྲུབ་པ་ལ་ཐོག་མར་དཀའ་བ་ཞིག་མ་སྤྱད་པས་ག་ལ་འོང་། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས་རང་ལ་གྲོས་གཏམ་གྱི་ཚུལ་དུ་སྨྲས་པ། སྐྱིད་འདོད་ཐོག་མར་སྡུག་ཁུར་དགོས། །ངུ་རེ་བྲོ་བ་མ་བྱས་པར། རྒོད་རེ་བྲོ་བའི་ཟས་མི་མྱོང་། །གསུངས་པ་དང་།
ཕ་དམ་པས་དིང་རེ་བ་རྣམས་ལ། སྙིང་རུས་མེད་པའི་མི་ལ་སངས་རྒྱས་དཀོན། །དཀའ་བ་དང་དུ་ལོངས་ཤིག་དིང་རི་བ། །གསུངས། དེས་ན་དམ་པའི་ཆོས་རྣམ་དག་ཅིག་བྱེད་ན་སྐྱིད་པོ་ཐམས་ཅད་བཞག་ནས། བསམ་བཞིན་དུ་སྡུག་བསྔལ་དང་དུ་བླངས་ནས་བཟོད་སྲན་བསྐྱེད་དགོས། སྔོན་རྗེ་བཙུན་མི་ལ་རས་པས་བྲག་དཀར་རྟ་སོ་ན་ཆོས་ཕྱིར་དཀའ་བ་སྤྱོད་དུས། དཀའ་ཐུབ་ཀྱིས་གདུངས་པས་ལུས་རིད་མིག་གཏིང་དུ་ལྷུང་བ། རུས་པ་ཐམས་ཅད་སྒང་དུ་ཐོན་པ་མདོག་སྔོ་ལ་ཤ་རིད་པ། ཤ་རུས་བྲལ་དུ་ཆ་བའི་ལྤགས་པ་ལ་སྤུ་སྔོ་ཟིང་ངེ་བ་སྐྱེས་པ། སྐྲ་ཡིས་ས་ལ་འཁེབས་པ་ཡན་ལག་རྣམས་འཆག་ལ་ཁད་པ་དེ་སྲིང་མོས་མཐོང་ནས་ཐོག་མར་འདྲེ་ཡིན་ནམ་སྙམ་འཇིགས་པ་བྱུང་། དེ་ནས་མིང་པོ་ཡིན་པར་ཤེས་ཏེ་ནང་དུ་འོང་འཇུས་ནས་ཨ་ཇོ་ཨ་ཇོ་ཟེར་བའི་ངང་ནས་ཡུད་གཅིག་དྲན་མེད་དུ་འགྲོ་བ་བྱུང་། དེ་དུས་ཁོང་གི་ཞལ་ནས་ཀྱང་། ངའི་ལུས་ལ་བལྟས་ན་ཀེང་རུས་འདྲ། །སྡང་དགྲས་མཐོང་ཡང་མཆི་མ་འཆོར། །སེམས་ལ་བལྟས་ན་སངས་རྒྱས་དངོས། །རྒྱལ་བས་གཟིགས་ཀྱང་སྤྲོ་
བ་སྐྱེ། །གསུངས། དེས་ན་ཆོས་ཀྱི་ཕྱིར་དེ་བཞིན་དུ་དཀའ་སྤྱད་དང་དུ་ལེན་དགོས་ཏེ། ཁོང་གིས་སློབ་མ་ཡོན་བདག་རྣམས་ལ། ཆོས་ཕྱིར་དཀའ་བ་སྤྱོད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ། བཀའ་དྲིན་དཔག་ཏུ་མེད་པ་ཡོད། །སོགས་གསུངས། སྔོན་གྲུབ་ཐོབ་ཐར་པའི་རྒྱལ་མཚན་གྱིས་ཀྱང་། དབེན་པར་དཀའ་ཐུབ་ཡུན་རིང་སྤྱད་པས་ཉིན་གཅིག་བསེར་མའི་རྣམ་པས་ཐུགས་དྲན་མེད་དུ་འགྱེལ་ཁར་ཇ་དང་རྩམ་པ་ལེགས་པོ་ཞིག་ཟ་འཐུང་བྱེད་རྒྱུ་བྱུང་ན་སྐྱོན་མི་འོང་སྙམ་པའི་ངང་ལ་ཐུགས་དྲན་མེད་དུ་འགྱེལ་ནས་ཡུན་རིང་སོང་། དེ་ནས་སླར་དྲན་པ་རྙེད་ཚེ་བལྟས་པས་སྔར་གྱི་འདོད་པའི་ནང་ལྟར་ཐབ་ལ་ཇ་ལེགས་པོ་ཞིག་བསྐོལ། རྩམ་པ་ཞིག་ཀྱང་བཞག་པ་མཐོང་བས། ད་ང་ཤི་བ་ཡིན་འདི་བར་དོའི་སྣང་བ་ཡིན། འདི་འདྲ་སུས་འཇོག་དོན་མེད་ང་འཁྲུལ་པ་ཡིན་སྙམ་མཉམ་གཞག་ལ་བཞག་ནས་ཡང་བལྟས་ཚེ་ཡོད་པ་མཐོང་ནས། ད་བར་དོའི་འཁྲུལ་སྣང་ཡིན་ནམ་མངོན་སུམ་གང་ཡིན་རུང་ལན་གཅིག་བལྟ་སྙམ་བཞེངས་ནས་བལྟས་ཚེ་མངོན་སུམ་ཡིན་ཚེ་གསོལ། དེ་ནི་ཡུལ་དེའི་
མི་མ་ཡིན་དཀར་ཕྱོགས་པ་ཞིག་གིས་ཤེས་ནས་བསྐྱལ་བ་ཡིན་སྐད། དེ་ནས་བཟུང་སྙིང་ནས་ཆོས་བཞིན་བྱས་ན་ལྷ་འདྲེ་མི་གསུམ་གང་གིས་ཀྱང་འོ་བརྒྱལ་དུ་མི་འཇུག་གི་སྙམ་པ་སྐྱེས་སྐད། རྗེ་རྒོད་ཚང་པས་ཀྱང་ཆོས་ཀྱི་ཕྱིར་འཆི་ཚད་པ་བཅོ་བརྒྱད་ཙམ་མྱངས་གཞན་དཀའ་བ་ཆུང་ཆུང་བསམ་གྱིས་མི་ཁྱབ་པ་སྤྱད། རྨོག་ཅོག་པས་ཀྱང་ལོ་བཅུ་གཉིས་སུ་ཟས་ལ་དཀའ་ཐུབ་མཛད། སྤྱན་སྔ་བས་ཀྱང་ཚེ་སྟོད་སྡུག་ཁུར་ལ་མི་ཚེ་བསྐྱལ། ཤམ་ཐབས་ལ་ཀླན་རྒྱུ་མ་འབྱོར་བར་ཀོམ་པོ་གླན་པས་སྤྱན་སྔ་ཀོ་ཤམ་ཅན་དུ་གྲགས། དེ་བཞིན་དུ་རྗེ་རང་རིག་རས་པས་ཙ་རི་སོགས་སུ་དཀའ་ཐུབ་མཛད་དུས་ལན་གསུམ་ཙམ་ཤི་ནས་སླར་སོས་དབུགས་ཆད་ལ་ཁད་པ་དང་འགྱེལ་རབ་མང་པོ་ཞིག་བྱུང་སྣང་། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཆོས་ཕྱིར་ཅི་ནུས་ཀྱི་བཟོད་སྲན་བསྐྱེད་པར་བྱའོ། ༈ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་རྩྭ་ཡི་གདན་ལ་ཞབས་སྐྱིལ་ཀྲུང་བྱས་ནས། དེང་འདིར་བདག་གི་ལུས་འདི་སྐམ་ཀྱང་རུང་། །པགས་པ་རུས་
པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་བསྐྱོད་པར་མི་བྱའོ། ཞེས་དམ་བཅས་ནས་ཐུགས་གཡོ་བ་མེད་པར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་བྱང་ཆུབ་མངོན་དུ་བྱས་སོ། །རྗེ་མི་ལས་དང་པོ་སྒྲུབ་པ་མཛད་དུས་འབོལ་སྟན་བཤམས་ནས་ད་རེས་ཉམས་རྟོགས་ཁྱད་པར་ཅན་ཞིག་མ་སྐྱེས་བར་དུ་ཚེ་འདིའི་དོན་དུ་ལུས་ཀྱིས་འགུལ་བསྐྱོད་ཙམ་ཡང་མི་བྱེད་པར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་དམ་བཅའ་དྲག་པོ་མཛད་ནས་བསྒོམས་པས་མྱུར་དུ་གྲུབ་པ་ཐོབ་ནས་ནམ་མཁའ་ལ་འཕུར་ནུས་པ་བྱུང་། སྔོན་སངས་རྒྱས་ཀྱིས་དགེ་སློང་ནད་པ་ཞིག་གི་གོས་མི་གཙང་བས་སྦགས་པ་འཁྲུ་བར་བརྩམས་པས། ཀུན་དགའ་བོས་བདག་གིས་འཁྲུ་ཞེས་བླངས་ནས་བཀྲུས་སངས་རྒྱས་ཀྱིས་ཆུ་བླུག་སྟེ་གཙང་བར་བྱས། ལྷུང་བཟེད་ཀྱི་ཞལ་ཟས་ལྷག་མ་གནང་བས་ནད་སོས་པས། དགེ་སློང་དེས་ཀྱང་བདག་གི་རིམ་གྲོ་བཅོམ་ལྡན་འདས་ཀྱིས་མཛད་ན། བདག་ལེ་ལོར་གནས་པ་ནི་ལེགས་པ་མ་ཡིན་ནོ་སྙམ་ནས་བརྩོན་འགྲུས་བརྩམས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། སྔོན་ཁྱིམ་
བདག་དཔལ་སྐྱེས་ཞེས་བྱ་བ་ལོ་བརྒྱ་ལོན་པ་ཞིག་ཡོད་པ། བུ་དང་ཆུང་མ་སོགས་ཁྱིམ་མི་ཐམས་ཅད་སྐྱོ་ཞིང་སྡང་བས། རབ་ཏུ་བྱུང་བའི་ཡོན་ཏན་ཐོས་ནས་རབ་ཏུ་བྱུང་བས་གཞན་རབ་ཏུ་བྱུང་བའི་དགེ་སློང་གཞོན་ནུ་དག་གིས་འཚེ་བ་བྱས་པ་ལ་སྐྱོ་ནས་དབེན་པར་བརྩོན་འགྲུས་ཆེན་པོས་ཆོས་ཡིད་ལ་བྱས་པས་ཉོན་མོངས་པའི་ཟག་པ་ཐམས་ཅད་ཟད་དེ། དགྲ་བཅོམ་པར་གྱུར་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ཏེ་འོད་མའི་ཚལ་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བས་དགེ་སློང་གཞོན་ནུ་ཀུན་གྱི་བླ་མར་གྱུར། སྔོན་ཀུན་དགའ་བོའི་ཚ་བོ་གཉིས་ཀྱིས་བརྩོན་འགྲུས་ཆེན་པོས་ཆོས་ལ་ནན་ཏན་བྱས་པས་དགྲ་བཅོམ་གོ་འཕང་མངོན་དུ་བྱས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་དགེ་སློང་རྒན་པ་རྣམས་ཀྱིས་མཐོང་ནས་སྨྲས་པ། བདག་ཅག་ལེ་ལོ་བྱས་པ་ལྷུང་བཟེད་དུ་ཟོས་པས་སོ་ལྷུང་ཞིང་མགོ་དཀར་པོར་གྱུར་ཀྱང་སེམས་རྩེ་གཅིག་པ་ཡང་མ་ཐོབ་ན། འདི་གཉིས་པོ་ལོ་བདུན་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །བཅོམ་ལྡན་འདས་ཀྱིས་བརྩོན་
འགྲུས་ཀྱིས་བྱང་ཆུབ་ཐོབ་པར་གསུངས་པ་ནི་ལེགས་པར་གསུངས་པའོ་ཞེས་སྨྲས་སོ། །སྔོན་ཀུན་དགའ་བོས་སངས་རྒྱས་ཀྱི་ཉེ་གནས་ལོ་ཉི་ཤུ་ཙམ་བྱས། སངས་རྒྱས་མྱ་ངན་ལས་འདས་ནས་ཡུལ་རྒྱུ་ཞིང་འབྲི་རྫིའི་ལྗོངས་སུ་བྱོན་པས། འབྲི་རྫི་སྤོང་བྱེད་ཀྱི་བུ་རབ་ཏུ་བྱུང་སྟེ་ཆོས་བསྟན་པས། དེས་ཀྱང་བརྩོན་འགྲུས་ཀྱིས་ཆོས་ཉམས་སུ་བླངས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་དེས་མཁན་པོ་ལ་སྨྲས་པ། མཁན་པོ་ཁྱོད་ཀྱང་བག་མེད་མ་མཛད་པར། །ཤིང་དྲུང་འཐིབ་པོ་བརྟེན་ན་མྱ་ངན་འདའ། །ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང་། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །ཞེས་སྨྲས་པ་དང་། ཀུན་དགའ་བོས་ཀྱང་བརྩོན་འགྲུས་བསྐྱེད་དེ་མཉམ་པར་བཞག་པས་མཚན་མོ་གུང་གི་ཐུན་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་འཕུར་ནས་རྒྱལ་པོའི་ཁབ་ཏུ་བྱོན་ཏེ་མདོ་སྡེ་མཐའ་དག་གི་བཀའ་ཡི་བསྡུ་བ་མཛད། འཕགས་པ་ཐོགས་མེད་ཀྱིས་རི་བོ་བྱ་རྐང་དུ་རྗེ་བཙུན་བྱམས་པ་ལོ་འགའ་བསྒྲུབས་པས་མ་འགྲུབ་སྒྲུབ་པ་ཡུན་བསྲིངས་ནས་ལོ་བཅུ་གཉིས་སུ་བསྒྲུབས་པས་འགྲུབ་སྟེ་ཞལ་གཟིགས་དགའ་ལྡན་དུ་
ཁྲིད་ནས་ཆོས་བསྟན་སླར་མི་ཡུལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་རྒྱས་པར་མཛད། སྔོན་ཁྱེའུ་སྦྱིན་པ་ཆེན་པོ་ཀླུ་ཡུལ་དུ་བྱོན་ནས་ཡིད་བཞིན་གྱི་ནོར་བུ་བླངས་ནས་དགོས་འདོད་ཀྱི་ཆར་པ་ཕབ། སེམས་ཅན་གྱི་དབུལ་ཕོངས་ཀུན་བསལ་ནས་དགེ་བ་བཅུའི་ཆོས་ལ་བཀོད་པ་ལྟར། འོ་སྐོལ་ཡང་སེམས་ཅན་གྱི་དོན་དུ་གོ་ཆ་ཆེ་བ་སྙིང་སྟོབས་དང་ལྡན་པ་དེ་ལྟ་བུ་ཞིག་དགོས། སྔོན་མ་གཅིག་ཞ་མའི་གཡོག་མོས་སྐྱེ་བོ་ཀུན་རྟ་རྒྱུག་བྱེད་པ་ལ་བལྟས་པས་རྟ་ཐོག་ན་ལངས་ནས་རྒྱུག་པ་མཐོང་ཡ་མཚན་སྙམས་ནས། དགོང་མོ་མ་གཅིག་ལ་དེ་རིང་ལྟད་མོ་གདའ། ལངས་ནས་རྟ་རྒྱུག་པ་ལ་ཆགས་ཤིང་གདའ་བྱས་པས། ངས་དེ་འདྲ་མིན་པ་སྟན་ཐོག་ཏུ་ཆགས་གསུངས། ཡང་དགོན་པའི་ཞལ་ནས། ལྟོགས་འཁྱགས་འཛོམ་པའི་སྤྱིལ་པོ་རུ། །སྡུག་ཁུར་ཚུགས་པའི་སྙིང་རུས་ཅན། །སྟན་ལ་ཆགས་པའི་སྐྱ་རྩལ་ཅན། །གསུངས། སྔོན་རྗེ་བཙུན་མི་ལས། ཡུན་རིང་བསྒོམས་པས་འཕོངས་ཀྱང་རྨེན་བུའི་དྲ་བར་སོང་བ་དེ། དྭགས་པོ་ལྷ་རྗེ་ལ་བསྟན་ནས།
མན་ངག་ལ་བསྒོམ་པ་ལས་ཟབ་པ་མེད། ངས་ཀྱང་འཕོངས་འདི་བཞིན་སོང་སོང་གི་བར་དུ་བསྒོམས་པས་ཡོན་ཏན་རྒྱུད་ལ་སྐྱེས་པ་ཡིན། ཁྱོད་ཀྱང་སྙིང་རུས་བསྐྱེད་ལ་སྒོམས་ཤིག་གསུངས། ལྷ་རྗེ་དེ་ཉིད་ཀྱིས་ཐུགས་ལ་འཇགས་པ་བྱུང་གསུངས། དེས་ན་ཡུན་ཐུང་ཐུང་གིས་འཁྲུལ་པ་མི་ཆོད་པས་སྙིང་རུས་དང་སྡུག་སྲན་བསྐྱེད་ཡུན་བསྲིངས་ནས་བསྒོམ་དགོས། སྔོན་མི་ཤིག་ཁྱི་ཤིག་གཉིས་ཀྱིས་མིའི་སྤྱི་བོར་སུ་མགྱོགས་བྱས་ཏེ་སྔོན་ལ་བསླེབས་པ་དེས་ཟ་བྱས་ཏེ་ཤིག་གིས་མི་སླེབ་སྙམ་རྒྱབ་ནས་ངལ་མ་གསོས་པར་ག་ལེ་བྱས་སོང་། ཁྱི་ཤིག་གིས་ང་མགྱོགས་སྙམ་མདུན་ནས་ངལ་གསོ་ཡིན་བསྡད་པས། སྔོན་ལ་མི་ཤིག་གིས་སྤྱི་བོར་བསླེབས་ནས་ཟོས་སྐད། དེ་བཞིན་དུ་ཆོས་ཉམས་སུ་ལེན་པ་ལ་ཡང་། དབྱར་དགུན་སྟོན་དཔྱིད་མེད་པར་དགེ་སྦྱོར་ནུར་རེ་རྒྱུན་མ་ཆད་པར་བྱས་ན་མོད་ལ་དོན་འགྲུབ་ནས་འོང་། དགེ་སྦྱོར་འཕེལ་སྒང་ལ་འཕྲོ་བཅད་ཀྱིན་གང་དགར་འཁྱམས་ཤིང་བསྡད་པས་མི་འོང་། དེས་ན་རང་རེ་ལྟོ་རྒྱབ་ལ་གྱོང་བསྐུར་ནས་དུག་པོ་ཆོམ་བེར་རེའི་འོག་ནས་ལྟོ་ངན་ངོན་གང་བྱུང་ཙམ་རེ་ལ་བརྟེན་ནས་
སེམས་ལ་བརྟན་པ་མ་ཐོབ་བར་དུ་སྒྲུབ་པ་བྱེད་འཕྲོ་མི་གཅོད་པར་རྒྱུན་ཆད་མེད་པར་འབད་དགོས། བྱང་པས་དགྲ་ཇག་འགྲོ་ཚེ་སོས་གློད་ནས་བཟའ་རྒྱུ་ཟ། བརྒྱགས་ཕྱེ་འཐག །རྟ་བརྟོད་ཅིང་སྔོན་ལ་གྲབས་སུ་འཛུད། དེ་ནས་དང་པོ་རྟ་ག་ལེ་འགྲོ་དེ་ནས་ཇེ་མགྱོགས་ལ་དགྲ་མིག་གིས་མཐོང་ནས་ཕར་བྲེང་གིས་བརྒྱུགས། འཁྲུགས་ནས་ནོར་འཕྲོགས་ནས་འོང་ལ། ནོར་མ་ཕྲལ་གྱི་བར་དུ་ཕྱིར་མི་ལྡོག་པ་ཡིན་སྐད། དེ་བཞིན་དུ་འོ་སྐོལ་ཆོས་ཉམས་སུ་ལེན་པས། དང་པོ་ཐོས་བསམ་ལ་གཞི་བླངས་ལ། དཀའ་ཐུབ་མི་དྲག་པ་བྱས་ལ། དེ་ནས་རང་བློ་མལ་དུ་ཆུད་པ་དང་དཀའ་ཐུབ་ཇེ་དྲག་ལ་བཏང་ལ་ཆོས་ཀྱི་འདོད་པ་མ་གྲུབ་བར་དུ་བློ་ཕྱིར་མི་ལྡོག་པར་སྒྲུབ་པ་ལ་ནན་ཏན་བྱེད་པ་ཞིག་དགོས། དེ་ལྟར་བྱས་ན་ཡུན་རིང་མི་ཐོགས་པར་དངོས་གྲུབ་ཐོབ་ནས་འོང་། སྔོན་ཁྱི་རྐུན་གཅིག་གིས་འཁུར་བ་གཅིག་ཐོབ་པ་ཆུ་འགྲམ་དུ་ཕྱིན་ཏེ་མིག་ཕར་ཅེར་ཚུར་ཅེར་ཡོད་ཙ་ན་ཁོ་རང་གི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ཡེ་རེ་མཐོང་བས། ཁོའི་སྙིང་ལ་ཁྱི་གཞན་ཞིག་གིས་འཁུར་བ་ཐོགས་འདུག་སྙམ་འཕྲོག་པར་
འདོད་ནས་ཆུ་ནང་དུ་བསྙབས་པས། ཁོའི་འཁུར་བ་ཆུ་ནང་དུ་ཤོར་སོང་། དེ་བཞིན་ཁ་ཅིག་གིས་སྔར་གྱི་བླ་མའི་མན་ངག་བསྒོམ་འཕྲོ་བཅད་ཀྱིན་དེ་བས་གདམས་ངག་ཟབ་མོ་ཞིག་གཞན་ན་ཡོད་སྙམ་འཚོལ་དུ་སོང་ནས་སྔར་གྱི་ཡོན་ཏན་བག་ཙམ་སྐྱེས་པ་དེ་ཡང་སྟོར་གཏོང་བ་མང་། དེ་འདྲ་བྱས་ན་མི་ཡོང་། རང་གི་བླ་མས་གནང་བའི་གདམས་ངག་ཁོ་ན་ལ་གཅིག་དྲིལ་བྱ་དགོས། རྗེ་མི་ལས་ཀྱང་གདམས་ངག་ཟབ་པ་མིན་སྙིང་རུས་ཟབ་པ་ཡིན་པས་སྙིང་རུས་གལ་ཆེ་གསུངས། སྔོན་མི་རྐང་པ་ན་བ་གཅིག་ན་རེ། ང་བསམ་ཡས་སུ་བལྟ་རུ་འགྲོ་ཟེར་བས་གཅིག་གིས་ཁྱོད་རྐང་པ་ན་བས་ཅང་རྟོལ་ལེ་བྱས་པས། ཁོ་ན་རེ་ང་རྐང་པ་ཆད་ཀྱང་རྒྱ་འགྲེས་བྱས་ནས་ཀྱང་འགྲོ་ཟེར་སྐད། དེ་བཞིན་དུ་འོ་སྐོལ་ཡང་ཤི་མ་ཤི་མེད་པར་ཆོས་ཕྱོགས་ལ་འབད་སྙམ་པའི་བློ་དེ་ལྟ་བུ་རེ་བསྐྱེད་ནས་ཆོས་ལ་བརྩོན་དགོས། སྔོན་མི་སོ་ཅན་སོ་མེད་གཉིས་ལ་གཞན་གཅིག་གིས་ཤ་ལྷུ་གཅིག་སྤྱི་ལ་དྲངས་པས། གཅིག་གིས་ཁྱོད་ལ་སོ་མེད་པས་ཅང་ཕེད་དེ་བྱས་པས། གཅིག་ན་རེ་སོ་མེད་རུང་སྙིལ་གྱིས་འབྲད་ཟེར། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་
ཆོས་ཐམས་ཅད་བློས་མི་ཆུན་རུང་ཅི་ནུས་ཀྱིས་ཆོས་ལ་བརྩོན་ཞིང་ཆོས་ནམ་ཡང་བློས་མི་གཏོང་བ་ཞིག་དགོས། ལྷོ་བལ་ནས་རྒྱ་གར་ཕན་ཆད་ཀྱི་མི་དེ་འོ་ཅག་བས་སྙིང་རུས་ཆེ་བས། ཁོང་ལ་འདོད་པའི་དོན་ཟས་ནོར་ལྟ་བུ་ཞིག་ཡོད་པ་དེ་མ་གྲུབ་བར་དུ་སར་ཏི་བཙུགས་ནས་ཅོག་གེར་སྡོད་དེ་གཞུག་ཤི་ནུས་པ་ཡིན་སྐད། དེ་བཞིན་དུ་འོ་སྐོལ་ཡང་ལྟོ་རྒྱབ་ལ་གྱོང་བསྐུར་ནས་དབྱར་དགུན་སྟོན་དཔྱིད་མེད་པར་དམ་པའི་ཆོས་ཉམས་སུ་ལེན་ནུས་པ་ཞིག་དགོས། སྔོན་བུ་མོ་གཅིག་བག་མར་བཏང་བ་ཞག་འགའ་ལོན་པ་དང་མ་ཅན་དུ་ཡོང་ནས་ཨ་མ་ང་ནི་ད་ལྟ་ནས་སྐྱོ་ན་ཟེར། དེ་བཞིན་དུ་འོ་ཅག་ཀྱང་ཆོས་སྒོར་ཞུགས་མ་ཐག་ནས་ཆོས་ཀྱིས་སུན་ནས། བྱས་ན་མ་བྱས་ན་སྙམ་མནོ་བསམ་གང་མིན་ཚད་གཏོང་བ་དེས་མི་འོང་སྐྱོ་ངལ་དང་སུན་པ་མེད་པར་ཆོས་བྱེད་པ་ལ་བརྩོན་དགོས། སྔོན་བསམ་ཡས་སུ་རྒྱལ་བ་བྱང་ཆུབ་ཀྱིས་རྨ་རིན་ཆེན་མཆོག་ལ་བགྲོ་གླེང་བྱས་པས་ཕམ་ནས། རྒྱ་གར་དུ་ཆོས་ཉན་དུ་འགྲོ་ཟེར། རྡོའི་མཆོད་རྟེན་ན་ཡར་བང་བརྒྱུགས་པ་ལྟར། འོ་ཅག་ཀྱང་བརྩོན་འགྲུས་ཙབ་ཙུབ་དང་།
མིག་རུ་ཟིང་ཟིང་བྱས་ཅུང་ཟད་རེ་བསྒོམས་ནས། དེ་ནས་བོར་འཇོག་པའི་བརྩོན་འགྲུས་དེ་འདྲས་མི་འོང་། སྔོན་སེ་མོ་གྲུ་བའི་ཡུལ་དུ་ཇག་པ་བྱུང་པས། ཐམས་ཅད་འུར་བརྒྱུགས་པས་གཅིག་གི་མགོ་སྒོ་ཡི་ཡ་ཐེམ་ལ་བརྒྱབས་ནས་ཆག །གཅིག་གིས་མདའ་གཞུ་བླངས་ནས་བརྒྱུགས་པས་སྒོ་ལ་ཐོགས་ནས་གཞུ་ཆག །གཞན་ཡང་གཞུ་ཏབ་ཏབ་དུ་བརྡུངས་ནས་ཆག་པ་གཅིག་གཉིས་ཙམ་བྱུང་། དེ་ནས་ཕ་ཚད་དུ་ཕྱིན་པས་གནོད་མ་འཁྱོལ་བར་ཡུལ་དུ་ལོག་བྱུང་སྐད། དེ་བཞིན་དུ་གནད་དུ་མི་འགྲོ་བའི་བརྩོན་འགྲུས་ཏབ་ཏབ་པོ་དེ་ལེ་ལོའི་རྒྱུ་ཡིན་དེ་འདྲས་མི་ཡོང་། སྔོན་འབན་སྒོམ་པོ་ཏོ་བའི་སྤྱན་སྔར་ཕྱིན་པས། པོ་ཏོ་བའི་ཞལ་ནས། འབན་སྒོམ་ཁྱོད་ཀྱང་བོང་བུ་མགོ་ལྕག་བྲིམས་པ་གཅིག་འདུག་གོ་གསུངས། དེ་ཇི་ལྟར་ལགས་བྱས་པས། རྣ་བ་བྱེ་བ་རིས་བོང་བུ་ལ་མགོ་ལྕག་བྲིམས་པས། མགོ་འཁོར་ནས་ཉི་ཚེ་བའི་དམྱལ་བའི་གནས་སུ་སོང་ངོ་། །དེ་བཞིན་དུ་ཁྱོད་ཀྱང་དགེ་སྦྱོར་རང་དགའ་རབ་བཏུབ་ཙ་ན་ཙབ་ཙུབ་བྱེད་དེ་ཆོས་ཀྱི་ལམ་སྟོར་དུ་མ་གཞུག་ཅིག །བོང་བུའི་མགོར་ཨོ་ལོང་མ་བརྒྱབ་པར་ག་ལེར་ཐོངས་ཤིག །
ལམ་ལོག་པར་འོང་ངོ་གསུངས་པས། ཡིད་ལ་ཏིག་གིས་སོང་ནས་ནངས་པར་སྔ་མོར་དགེ་བཤེས་ཀྱི་དྲུང་དུ་བྱུང་ནས། དགེ་བཤེས་མདང་གི་བོང་ཆོས་ཨང་དེ་ཟེར་ནས། དགེ་བཤེས་ཕྱག་འཁར་དེངས་དེངས་གདའ་སྐད། དེ་བས་ན་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བརྩོན་འགྲུས་དར་རེ་དྲག་པོ་བྱས་པས་མི་འོང་། ཁོང་གློད་ཞེ་ཆེན་པོ་མནན་ནས་བྱེད་དགོས། དེ་ཡང་གཅིག་ལ་བྱས་པས་མི་འོང་། དགེ་བ་ལ་སྒོ་ཀུན་ནས་འཇུག་པར་བྱ། དེ་ལྟར་བྱས་པས་གཅིག་གི་བར་ཆད་གཅིག་གིས་སེལ། གཅིག་གྲོགས་སུ་གཅིག་སོང་ནས་དགེ་སྦྱོར་ལ་བོགས་ཐོན་པོ་ཡོང་། མདོར་ན་ལེ་ལོ་སྙོམས་ལས་ཀུན་སྤངས་ལ་བརྩོན་འགྲུས་ཡུན་རིང་ལ་ཤུགས་ཆེ་བ་བར་མ་ཆད་དུ་བྱས་ན། ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་ཞིང་གང་བརྩམ་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ་པར་འགྱུར་རོ། ༈ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། སྔོན་རྒྱ་གར་དུ་དགེ་སློང་གཅིག་གིས་མཆོད་ཁང་ཞིག་ན་ཐང་སྐུ་མང་པོ་བཀྲམ་འདུག་པ་ལ་ཕྱག་གཡས་ནས་བཟུང་རིམ་གྱིས་བལྟས་པས། དེ་ན་གཤིན་རྗེ་གཤེད་ཀྱི་ཐང་སྐུ་
གཅིག་འདུག་པ་མཐོང་བས། དེ་ཉིད་ལ་སྐྱེ་བ་སྔ་མའི་ཡི་དམ་གྱི་ལྷ་ཡིན་པར་དྲན་ནས། དེ་ཀ་ལ་ནགས་གསེབ་དུ་ཕྱིན་ནས་བསྒྲུབས་པས་དངོས་གྲུབ་མོད་ལ་ཐོབ་སྐད། ཡང་དགེ་ཚུལ་གཅིག་གིས་མཁན་སློབ་ལ་ཞུས་པའི་པོ་ཏི་གཅིག་རྒྱུན་དུ་ཀློག་གིན་ཡོད་པ་ལ། དུས་གཅིག་གི་ཚེ་ནགས་གསེབ་ནས་རྣལ་འབྱོར་པ་གཅིག་བྱོན་ནས། ཁྱོད་ཀྱི་སྐྱེ་བ་སྔ་མའི་ལས་འཕྲོ་དང་བསྒོམ་འཕྲོ་དེ་མ་ཡིན། འདི་ཡིན་ནོ་ཞེས་རྣ་བར་ཤུབ་པ་གཅིག་བྱས་པས། དགེ་ཚུལ་དེས་སྔར་གྱི་སྐྱེ་བ་དྲན་ནས། པོ་ཏིའི་སྐུ་ཆིངས་ཀྱང་མ་བསྡམས་པར་འཇིག་རྟེན་གྱི་རྟོག་པ་ཐམས་ཅད་རྒྱུན་བཅད་ནས། ནགས་སུ་ཕྱིན་ནས་བསྒོམས་པས་ཐར་པ་ཚེགས་མེད་དུ་ཐོབ་སྐད། ཡང་སྔོན་རྒྱལ་བློན་མང་པོ་ཞིག་འདུན་མ་བྱེད་ཅིང་ཡོད་ཙ་ན། རྣལ་འབྱོར་པ་ཞིག་བྱོན་ནས། རྒྱལ་པོ་ལ་ཁྱོད་ཀྱི་སྐྱེ་བ་སྔོན་མའི་ལས་འཕྲོ་ནི་འདི་ཡིན་ཞེས། ལས་འཕྲོའི་ཆོས་དེའི་མཚན་རྣ་བར་ཤིབ་པ་གཅིག་བྱས་པས། རྒྱལ་པོ་དེ་ཉིད་ཀྱིས་སྐྱེ་བ་དྲན་ནས། དེ་ཀ་ལྟར་ནགས་གསེབ་ཏུ་བསྒོམ་དུ་གཤེགས་པས་དངོས་གྲུབ་ཚེགས་མེད་དུ་ཐོབ་སྐད། དེས་ན་སྐྱེ་བ་དྲན་པ་ལ་སོགས་པའི་
མངོན་ཤེས་འཆར་བའི་རྒྱུ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་ཡིན། མཉམ་མེད་དྭགས་པོ་ལྷ་རྗེས་དང་པོ་བསམ་གཏན་ལ་བཞུགས་པའི་དུས་ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་ནས་ཞག་ལྔ་དྲུག་ཙམ་རེ་འཚོ་བ་མ་གསོལ་ཡང་བཀྲེས་པ་མི་མངའ་ཞིང་སྐུ་ལུས་བདེ་བའི་ཉམས་དང་ལྡན། ཆགས་སྡང་རགས་པ་ནུབ། སྐུ་ལུས་ཀྱི་སྲིན་འབུ་ཐམས་ཅད་ཟད་མནལ་ལམ་དུ་མདོ་སྡེ་གསེར་འོད་ནས་བཤད་པའི་ས་བཅུ་ཐོབ་པའི་སྔ་ལྟས་རྣམས་ཇི་ལྟ་བ་བཞིན་དུ་བྱུང་། རྗེ་མི་ལའི་དྲུང་དུ་མཇལ་དུས་མི་ལའི་ཞལ་ནས། དབུ་རུར་སྡོད་དུས་བཀའ་གདམས་ཉན། །གནས་པ་བཟང་པོའི་ཏིང་འཛིན་མངའ། །ལ་སོགས་ཐུགས་དགྱེས་པའི་མགུར་གསུངས། རྗེ་བཙུན་གྱིས་ཕྱུགས་རྫི་ལོ་བཅུ་དྲུག་ལོན་པ་ཞིག་ལ་ཁྱོད་རང་གི་མདུན་གྱི་རྣ་རྩེའི་ཐད་ཙམ་དུ་སྟོན་པ་སངས་རྒྱས་སྐུ་འདི་ལྟ་བུ་ཞིག་སྒོམས་ཤིག་གསུངས། ཞི་གནས་ཀྱི་དམིགས་པ་ཞིག་ཕོག་ནས་བཏང་ངོ་། །ནང་དུ་མ་ལོག་པར་ཞག་བདུན་སོང་བས་མི་མང་པོས་བཙལ་ཚེ་རྫ་ཁུང་ཞིག་ནས་ལུས་དྲང་པོར་བསྲངས་ནས་མིག་ཧུ་རེ་འདུག །ཅི་བྱེད་པ་ཡིན་དྲིས་པས་ང་བླ་མའི་
གདམས་ངག་བསྒོམ་པ་ཡིན་ཟེར། ཞག་བདུན་སོང་ལོག་མི་ཡོང་བ་ཅི་ཡིན་བྱས་པས། ཁོ་ན་རེ་ང་ཡུད་ཙམ་མིན་པར་མ་བསྡད་རྫུན་ཡིན་ཉི་མ་ལ་བལྟ་ཟེར་བལྟས་པས། བསྒོམ་ལ་འཇོག་དུས་ལས་སྔ་བ་འདི་ཅི་ཡིན་ནམ་ཟེར། དེ་ནས་བཟུང་ཞག་ལྔ་དྲུག་སྟོར་ནས་ཡང་ཡང་འཚོལ་དགོས་བྱུང་བ་སྐྱོ་ནས་ཕ་མས་རྗེ་བཙུན་མི་ལའི་དྲུང་དུ་བསྐྱལ་པས་དབང་གདམས་པ་གནང་ནས་བསྒོམས་པས་ཐུགས་ཀྱི་སྲས་རས་པ་སངས་རྒྱས་སྐྱབས་ཞེས་བྱ་བར་གྲགས་སོ། །ཨ་མདོ་ཕྱོགས་ཀྱི་བྱང་པ་བསྒོམ་ཆེན་བྱ་བ་དབུས་ཕྱོགས་སུ་བྱོན་དབང་ལུང་ཁྲིད་གསུམ་ཐོབ་ནས་ཕྱིར་བྱོན། རི་ཁྲོད་དུ་ཏིང་ངེ་འཛིན་གཅིག་གི་ངང་ལ་སྐུ་གཡོ་བ་མེད་པར་ཟླ་རེ་ཟླ་ཕྱེད་རེ་བཞུགས་པ་ཕྱིས་གཞན་ཡོན་བདག་དད་ཅན་སོགས་ཀྱིས་ཡུན་རིང་མི་བཞུགས་པར་གསོལ་བ་བཏབ་པས། ཞག་བདུན་ལྔ་གསུམ་རེ་ཙམ་ལས་མི་བཞུགས་སྐད། དེས་ན་ཏིང་ངེ་འཛིན་བསྒོམ་ན་ཚེ་འདིར་ཡང་མཐོང་ཆོས་མྱོང་འགྱུར་དུའང་ལུས་སེམས་ལ་བདེ་བ་བསམ་གྱིས་མི་ཁྱབ་ཅིང་། དེ་ལ་བརྟེན་ནས་སྟོང་ཉིད་བསྐྱེད་རྫོགས་སོགས་ལམ་གཞན་བསྒོམ་ན་ས་ཆོད་ཆེན་པོ་འབྱུང་མྱུར་དུ་
སངས་རྒྱ་བ་སོགས་ཀྱི་དགོས་པ་ཡོད། སྔོན་ཡུལ་རྒྱ་གར་གྱི་རྒྱལ་པོ་མངའ་འོག་ན་རྒྱལ་ཕྲན་ཁྲི་ཕྲག་གཅིག་ཡོད་པ་ལ། སྲས་ཁྱེའུ་གངྒ་མ་ཞེས་བྱ་བ་ཞིག་ཡོད་པ་རྒྱལ་སྲིད་ཀྱི་ཉེས་དམིགས་ལ་འཇིགས་ནས་བྲོས་ཏེ་ནགས་ཁྲོད་ཅིག་ཏུ་སོང་བ་གཞན་རྒྱལ་བུ་ཀུན་ཏུ་དགེ་ཞེས་བྱ་བ་ཞིག་འབོད་དུ་སོང་ནས་ཚིགས་སུ་བཅད་ནས་སྨྲས་པ། ཁྱིམ་བཟང་དཔལ་དང་འདྲ་བ་བོར་ནས་ནི། །ནགས་ཁྲོད་ཤིན་ཏུ་དབེན་པའི་གནས་བརྟེན་པ། །བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས། །ཤིན་ཏུ་འཁྲུལ་པས་བདག་ལ་ཚུར་གསོན་དང་། །རྒྱལ་པོའི་སྲིད་བཟུངས་ཆོས་ཀྱང་ཁྱིམ་ནས་སྤྱོད། །བྱས་པས། ཁྱེའུ་གངྒ་མས་སྨྲས་པ། ཁྱོད་ཀྱིས་གསུངས་པའི་ཚིགས་རྣམས་ནི། །བྱམས་ནས་གསུངས་པ་ཡིན་མོད་ཀྱང་། །བདག་གི་དོན་དང་ཤིན་ཏུ་འགལ། །ནགས་ཁྲོད་དབེན་པའི་གནས་མཐོང་ན། །འཁོར་མང་རྒྱལ་པོའི་ཕོ་བྲང་དག །གྲོག་ཚང་ཧྲུལ་པོ་དག་དང་མཚུངས། །བྱས་པས། ཡང་རྒྱལ་བུས་སྨྲས་པ། རྒྱལ་སྲིད་འཛིན་པར་མི་བྱེད་ཀྱང་། །ཁྱིམ་དུ་སྡོད་ལ་ཆོས་གྱིས་ཤིག །བྱས་པས། ཁྱེའུས་སྨྲས་
པ། ཁྱིམ་གྱི་སོ་ནམ་བྱ་བ་ལ། །སྔ་མ་བྱས་པས་ཉོན་མོངས་ནས། །ཕྱི་མ་བྱེད་པའི་ཤ་ཐང་ཆད། །ཁྱིམ་ནི་སྦྲུལ་གྱི་ཚང་དང་འདྲ། །བྱས་པས། རྒྱལ་བུས་སྨྲས་པ། འཁོར་འདབ་བསྟེན་ལ་བདེ་བར་མནོས། །ནོར་རྫས་ཟུངས་ལ་སྦྱིན་པ་ཐོངས། །བྱས་པས། ཁྱེའུས་སྨྲས་པ། གསེར་གྱི་རི་ལ་གཡུ་ཡི་ཁྲོན་རྡོལ་ཀྱང་། །ནོར་གྱི་འོས་སུ་རང་སེམས་ཆོག་ཤེས་བཟང་། །དཔལ་གྱི་རི་ལ་སྲིད་ཀྱི་ཆུ་འབྲུབ་ཀྱང་། །སེམས་ཀྱིས་བསྟེན་ས་བླ་མ་དཀོན་མཆོག་བཟང་། །བྱས་ཡང་སྨྲས་པ། འཁོར་བ་མི་རྟག་སྒྱུ་མའི་ཆོས་འདི་ལ། །བླུན་པོ་ཆགས་ཤིང་མཁས་པས་སྨོད་པའི་གནས། །དེས་ན་བདག་ཀྱང་དབེན་པ་བརྟེན་པ་ལགས། །རྒྱལ་བུ་ཉིད་ཀྱང་དབེན་པ་བརྟེན་ན་ལེགས། །ཞེས་སྨྲས་པས་རྒྱལ་བུ་ཀུན་དགས་ཀྱང་རྒྱལ་སྲིད་བློས་བཏང་ནས་གཉིས་ཀ་ནགས་ཁྲོད་དེར་བཞུགས་ནས་བྱང་ཆུབ་བསྒྲུབས་སོ། །དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་འདོད་ཡོན་འདུ་འཛིའི་ཉེས་དམིགས་དང་དབེན་པའི་ཡོན་ཏན་བསམས་ནས་ཏིང་ངེ་འཛིན་བསྒོམ་པའི་ཐོག་མར་འདུ་འཛིའི་གནས་རྣམས་སྤངས་ནས་རི་ཁྲོད་དབེན་པའི་གནས་བརྟེན་དགོས།
སྔོན་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བའི་དགྲ་བཅོམ་མ་གཅིག་ན་རེ། ང་བསྒོམས་བསྒོམས་ནས་གཞན་ཅི་ཡང་བྱེད་དུ་མ་ཁོམས་གསུངས། འཕགས་མས་ཅི་བསྒོམ་ལགས་བྱས་པས། ངས་འདོད་པའི་རྣམ་པར་རྟོག་པ་དང་། དགྲ་བོའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དང་། ཉེ་དུའི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། ཁྱད་དུ་གསོད་པའི་རྣམ་པར་རྟོག་པ་དང་། ཁྱིམ་གྱི་རྣམ་པར་རྟོག་པ་རྣམས་བསྒོམས་བསྒོམས་ནས་གཞན་བྱེད་པ་མ་ཁོམས་གསུངས་ནས་གཞན་ལ་བརྡའ་མཛད་པ་ཡིན་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱང་རྣམ་པར་རྟོག་པ་དེ་དག་གི་དབང་དུ་སོང་ན་ཞི་གནས་ཀྱི་བསྒོམ་སོགས་ཆོས་སྒྲུབ་པ་ལ་མི་ཁོམས་པས། བསམ་གཏན་བསྒོམ་པའི་ཐོག་མར་རྣམ་རྟོག་ཐམས་ཅད་སྤང་དགོས། དེ་ནས་གནས་དབེན་པར་བསམ་གཏན་ནམ་ཏིང་ངེ་འཛིན་ནམ་ཞི་གནས་དེ་ཇི་ལྟར་བསྒོམ་སྙམ་ན། པོ་ཏོ་བའི་གསུང་སྒྲོས་ལས། བདེ་བའི་སྟན་ལ་འདུག་སྟེ་སེམས་བསྐྱེད་སྔོན་དུ་འགྲོ་བས། ལུས་སེམས་
ཆམ་ལ་ཕབ་ལ། ཕྱི་བལྟས་ཀྱི་དམིགས་པ་སྐུ་འམ་བུམ་པ་ལ་སོགས་པ་ལ་དམིགས་པ་གཏད། ནང་བལྟས་ཀྱི་དམིགས་པ་ལྷ་བསྒོམ་པའམ། རྩ་རླུང་ཀེང་རུས་ལ་སོགས་པ་ལ་སེམས་གཏད་ཅིང་། བྱིང་རྒོད་དུ་མ་སོང་བར་དམིགས་པ་དེ་ཉིད་ལ་མ་ཡེངས་པར་བྱས་ནས་བསྒོམས་པས། འཇིག་རྟེན་པའི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་རིམ་གྱིས་སྐྱེ་ཞིང་ཉམས་སུ་མྱོང་ལ། དེ་དག་ནི་བྱང་ཆུབ་སེམས་དཔའི་ལམ་སྟེགས་དང་། བསྟི་གནས་ཙམ་ཡིན། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་གྱི་ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་གསུངས་པ་ལྟར་ཕྱི་བལྟས་ནང་བལྟས་ཀྱི་དམིགས་བརྟེན་གང་རུང་ཞིག་ལ་བརྟེན་ནས་ཞི་གནས་བསྒྲུབས་ཀྱང་ལེགས་མོད། འོན་ཀྱང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། འཁོར་རྣམས་ལ་དགེ་སློང་དག་དགོན་པ་དང་ཤིང་དྲུང་དང་། ས་ཕུག་ལ་སོགས་པ་ན་འཇིགས་ཤིང་སྤུ་ཟིང་ངེ་བྱེད་ནའང་ང་རྗེས་སུ་དྲན་པར་གྱིས་ཤིག་དང་། འཇིགས་པ་མེད་
པར་འགྱུར་རོ་གསུངས། དེས་ན་སངས་རྒྱས་རྗེས་སུ་དྲན་ན་འཇིགས་པ་ཀུན་ལས་གྲོལ་ཞིང་། གཞན་ཡང་སངས་རྒྱས་ཡིད་ལ་དྲན་པ་ཙམ་གྱིས་བསྐལ་པ་གྲངས་མེད་པའི་སྡིག་པ་འདག་ཅིང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པ་དང་། ཞི་གནས་ཀྱི་ལམ་རྒྱུད་ལ་བདེ་བླག་ཏུ་སྐྱེ་ཞིང་གསང་སྔགས་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་འགྱུར་བ་དང་། འཆི་ཁར་དྲན་པ་མི་ཉམས་ཤིང་སངས་རྒྱས་ཀྱི་སྣང་བ་མི་འབྲལ། ཚེ་འཕོས་ནས་ཀྱང་སངས་རྒྱས་ཀྱིས་ལམ་སྣ་དྲངས་ཏེ་འོག་མིན་དགའ་ལྡན་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་བགྲོད་ཅིང་། སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་དགེ་བའི་བཤེས་གཉེན་མཛད་ནས་མ་ནོར་བའི་ལམ་བསྟན་ཏེ་སངས་རྒྱས་ཀྱི་ས་ལ་འཇོག་པ་སོགས་ཕན་ཡོན་མཐའ་ཡས། དེས་ན་འདིར་ཞི་གནས་དམིགས་རྟེན་གྱི་གཙོ་བོ་ཐུབ་དབང་གི་སྐུ་གཟུགས་ལ་བྱས་ཏེ་ཞི་གནས་སྒྲུབ་པར་བྱའོ། །སྔོན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ལ་བཞད་པའི་རྡོ་རྗེས། ལྷོ་བྲག་མར་པའི་དྲུང་དུ་གདམས་ངག་རྣམས་རྫོགས་པར་
གསན་བླ་མའི་བཀའ་བཞིན་ལྷོ་བྲག་སྟག་ཉའི་བྲག་ལ་བསྒོམས་པའི་དུས་མཆོད་ཀོང་མར་ཁུས་བཀང་བའི་མར་མེ་སྦར་ནས་སྤྱི་བོར་བཞག་སྟེ། མར་མེ་མ་རྫོགས་བར་དུ་ལུས་མི་འགུལ་བར་ཉིན་མཚན་ཐོག་ཐག་འདའ་བར་བྱས་ཏེ་ཟླ་བ་བཅུ་གཅིག་སྟན་གྱི་དྲོད་མ་ཡལ་བར་བསྒོམས་ནས། མར་པའི་སྐུ་མདུན་དུ་བྱོན་ཏེ་རྟོག་འབུལ་བྱས་པ་ལ། རྒྱུ་མཚན་དུ་མའི་སྒོ་ནས་མཉམ་པར་བཞག་པའི་ཚེ་རྣམ་རྟོག་རྒྱུན་ཆད་ནས་སེམས་རྟོག་མེད་དུ་ལྷན་སོང་སྟེ། ལོ་དང་ཟླ་བ་ཞག་ལ་སོགས་པ་ཅི་ཙམ་སོང་ཡང་རང་གིས་མི་ཤེས་པར་གཞན་གྱིས་ཚོད་འཛིན་དགོས་པར་བྱུང་ན་ཞི་གནས་སྐྱེས་པ་ཡིན་སྙམ་ལགས་ཞུས་པས་ཐུགས་དགྱེས་པ་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་མཚན་བཅས་སངས་རྒྱས་ཀྱི་སྐུ་དང་། མཚན་མེད་རང་གི་སེམས་ལ་དམིགས་ནས་ཞི་གནས་ལོ་ཟླ་བ་བྱས་བསྒྲུབས་ཏེ་ནམ་མཉམ་པར་བཞག་ཀྱང་རྣམ་རྟོག་རྒྱུན་ཆད་ནས་རྟོག་མེད་དུ་ལྷན་གྱིས་སོང་གཡོ་འཁྲུག་མེད་པར་རི་བོ་བཞིན་བརྟན་ལ། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག་ཅིང་ལུས་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་གྱི་སྒྲིབ་པ་མཐའ་དག་
དག་ནས་ལུས་ཡང་ཞིང་བདེ་ལ་སེམས་གསལ་ཞིང་དགའ་བའི་ཉམས་སོགས་ལུས་སེམས་ལས་སུ་རུང་བས་ཤིན་སྦྱངས་ཀྱི་བདེ་བ་རྒྱུན་ཆད་མེད་པ་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ལ་ནམ་འདོད་འདོད་དུ་གནས་པ་བྱུང་ན་ཞི་གནས་སྐྱེས་པ་ཡིན། སྐྱེས་འདུག་སྙམས་ནས་མི་འཇོག་པར་ད་དུང་བསྒོམ་ན་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཅི་རིགས་དངོས་སམ་ཉམས་དང་རྨི་ལམ་ལ་འབྱུང་བས་དེ་ལྟ་བུའི་རྟགས་ཁྱད་པར་ཅན་མ་བྱུང་གི་བར་དུ་འབད་པར་བྱའོ། །སྔོན་ཇོ་བོ་ཁུ་འོད་སེང་རྒྱལ་བྱ་བས་དགེ་བཤེས་སྟོན་པ་ལ་རྟོག་པ་ཕུལ་བ། དངོས་གྲུབ་དངོས་གྲུབ་སྐད་པ་དེ་ཉོན་མོངས་པ་མཐའ་དག་ཇེ་ཆུང་ཇེ་ཆུང་ལ་སོང་བ་ཞིག་ལགས་སྙམ་ཞུས་པས། དགེ་བཤེས་ཐུགས་མཉེས་ཏེ། ཇོ་བོ་ཁུ་འོད་སེང་རྒྱལ་གྱི་དེ་ཡིན་གསུངས་སྐད། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་། ཏིང་ངེ་འཛིན་བསྐྱངས་པས་ནང་གི་ཉོན་མོངས་པ་ཐམས་ཅད་ཇེ་ཆུང་ཇེ་ཆུང་ལ་སོང་། ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་ཇེ་ཆུང་ཇེ་ཆུང་ལ་སོང་ན་དེ་ཀ་ལ་དངོས་གྲུབ་ཀྱང་ཟེར་བས། དེ་འདྲ་ཞིག་འོང་དགོས།
སྔོན་བྱང་པ་མོ་གཅིག་གིས། སྔར་ཞིང་འདེབས་མ་མྱོང་བས་ཕྱིས་བོད་དུ་ཞིང་ཆུང་གཅིག་ལ་ས་བོན་བཏབ་པས། སྟོན་ཀ་སྟོན་ཐོག་ཉིས་འགྱུར་གྱི་བྱུང་ཚེ། མོ་རང་གིས་སྔར་བས་ནས་མང་པོ་བྱུང་སྙམ་དགའ་བ་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་སྔར་ཏིང་ངེ་འཛིན་བསྒོམ་མ་མྱོང་བས་བསྒོམ་པའི་ཚེ། ལུས་ལ་བདེ་བ་སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་སོགས་སྐྱེས་ནས་སྔར་བས་བཟང་གི་ཨང་སྙམ་པའི་དགའ་བ་ཞིག་འོང་དགོས། བྱུང་ཡང་ང་རྒྱལ་དང་རློམ་སེམས་མེད་པར་བྱས་ཏེ། ད་དུང་ཡང་འབད་དེ་བསྒོམ་པར་བྱ། སྔོན་དབུས་ཀྱི་སྣ་དམར་དགོན་པ་ན། བསྒོམ་ཆེན་བཟང་དུ་རེ་བ་ཁ་ཅིག་ཡོད་པ་ལ། ཆང་ངར་བསྒོམ་པ་བྱ་བ་ན་རེ། འུ་ཅག་ས་ཚོད་གང་ཙམ་ཡིན་ཟེར་བ་ལ། སྒོམ་སེར་བྱ་བ་ན་རེ། འུ་ཅག་ལ་ས་ཐོབ་པའི་རྟགས་གང་ཡང་མེད་ཟེར། དགེ་བཤེས་མཐའ་བཞིའི་སློབ་མ་ན་རེ། འུ་ཅག་ས་ཚོད་འཇིག་རྟེན་པ་ཡིན་ཟེར་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་སོགས་བསྒོམ་བློ་བྱས་ཀྱང་ས་ལམ་གྱི་དྲོད་རྟགས་གང་ཡང་མེད་ཅིང་། ས་ཚོད་འཇིག་རྟེན་པ་ལས་མ་འཕགས་པར།
ཁྱད་མེད་པ་བྱུང་ན་གནད་དུ་མ་སོང་བ་ཡིན་པས། བསྒོམས་པ་རྒྱུད་ལ་སྐྱེས་པའི་རྟགས་སྒོ་གསུམ་ལ་འཆར་བ་ཞིག་བྱ་དགོས། སྔོན་རྭ་སྒྲེང་ན་ཁམས་པའི་སྒོམ་པ་ཡེ་ཤེས་བྱ་བ་སེམས་གནས་པ་བཟང་པོ་ཡོད་པས། དགེ་བཤེས་སྤྱན་སྔ་བ་དང་གཉིས་ལ། འབར་བ་རྣམ་གཉིས་ཟེར་ནས། ཀུན་གྱིས་ཡིད་སྨོན་བྱེད་པ་དེ། ཕྱིས་ཁམས་སུ་སོང་ནས་ཉོན་མོངས་པ་ཆེར་འབར་ནས་གཞན་ལ་མཐུ་བྱེད་པ་གཅིག་བྱུང་། ཡང་སྔོན་སྟོད་ལུང་པའི་སྒོམ་ཆེན་པ་གཅིག་ལ་དགོང་མོ་ཆུ་ཟངས་བུམ་གང་སྤྱི་བོར་བཞག་ནས་བསྒོམ་པས་ནངས་པར་ཚུན་ཆད་ཆུ་དེ་མི་གཡོ་བར་གནས་པའི་ཏིང་ངེ་འཛིན་བརྟན་པོ་ཡོད་ཀྱང་། དེས་ཀྱང་མཚམས་ཁོངས་ནས་འདུན་མ་ངན་པ་བྱས། ཕྱིས་སྡེ་འཁྲུག་བྱེད་པའི་དཔོན་པོ་གཅིག་བྱུང་། སྔོན་ལྷག་སྤྱོད་ཀྱིས་ཏིང་ངེ་འཛིན་བསྒོམས་པས་བརྟན་པ་ཐོབ་ཀྱང་། ཕྱིས་ཉོན་མོངས་པ་ཆེར་འབར་མི་དགེ་བའི་ལས་ཚན་པོ་ཆེ་མང་པོ་བསགས་ནས་དམྱལ་བར་སྐྱེ་བ་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཏིང་ངེ་འཛིན་སོགས་བསྒོམ་གང་བྱས་ཀྱང་ཉོན་མོངས་པའི་གཉེན་པོར་མ་སོང་བར་གྲོགས་སུ་
སོང་ན་མི་འོང་བས། ཉོན་མོངས་པའི་གཉེན་པོར་འགྲོ་བ་ཞིག་བྱ་དགོས། སྔོན་ཕྱུག་པོའི་བྱིས་པས་མར་ཟན་ཟ་བ། མི་ལྟོགས་ཀྱི་བུ་ཚས་མཐོང་སྟེ་ཨ་མ་ལ་ང་ཡང་མར་ཟན་འདོད་བྱས་པས། མ་ན་རེ་འུ་བུ་ལ་མར་མེད་པས་མར་ཟན་སྦྱིན་རྒྱུ་ག་ན་ཡོང་། ཁོང་ཕྱུག་པོ་ལ་འགྲན་པས་ཅི་ལ་ཕན་བྱས་པས། བྱིས་པས་ཅི་ཡང་མི་ཟེར་སྐད། དེ་བཞིན་དུ་རང་རེ་ཡང་དམིགས་པ་སྣ་གཅིག་ལ་ཞག་གཅིག་སྟན་ཐོག་ཏུ་བསྡད་ནས་བསྒོམ་མ་མྱོང་ཞིང་རྒྱུད་ལ་ཡོན་ཏན་གང་ཡང་མེད་པར་གཞན་ཐོས་བསམ་བསྒོམ་གསུམ་དཀའ་ཐུབ་མང་པོ་བྱས་པའི་སྐྱེས་བུ་དམ་པ་ཀུན་གྱི་བེད་སྐྱིད་སྙན་གསུམ་ལྟ་བུ་འདོད་ཀྱང་ག་ནས་འོང་། ཚེ་འདིའི་བདེ་སྐྱིད་སྙན་གསུམ་འདོད་ཀྱང་སྔོན་ལ་ཚེ་འདི་ལ་མ་བལྟས་པར་སྡུག་སྒུར་བྱས་དབེན་པར་བསམ་གཏན་སྐྱོང་ནུས་ན་ཚེ་འདིའི་བདེ་སྐྱིད་མི་འདོད་ཀྱང་ཤུགས་ཀྱིས་འོང་། སྔོན་མི་གཅིག་གིས་ཡུར་བ་གཅིག་ན་ཉ་ཆེན་པོ་གཅིག་ཤི་ལ་ཁད་འདུག་པ་བླངས་ནས། རྫིང་བུ་ཉེའུས་གང་བ་ཞིག་གི་ནང་དུ་བཞག་པས། ཉ་དེས་ཉེའུ་ཆུང་བ་ཀུན་རུབ་ཀྱིས་ཟོས་པས་སླར་སྡིག་པར་སོང་། ཡང་གཅིག་གིས་ཆུ་བོ་ཆེན་པོ་གཅིག་ལ་
ཟམ་པ་གཉིས་གསུམ་བཙུགས་པས། གྲུ་པ་མང་པོ་ལྟོགས་གྲིར་ཤི་སྐད། དེས་ན་གཞན་ཕན་གྱི་བསམ་པས་སེམས་ཅན་གྱི་དོན་བྱས་རུང་ནོར་ཉེན་ཆེ་བས་རང་རྒྱུད་ལ་མངོན་ཤེས་མ་ཤར་བར་དུ། ཆོས་ལྟར་བཅོས་པའི་ཙབ་ཙུབ་ཐམས་ཅད་རེ་ཞིག་བར་དུ་བཞག་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་དབེན་པར་བསམ་གཏན་སྐྱོང་བ་ལ་འབད་དགོས། སྔོན་དགེ་བཤེས་སྟོན་པ་བཞུགས་པའི་དུས། རྭ་སྒྲེང་གི་གླིང་གསེབ་དེར། འཆལ་བ་དང་དམ་ཉམས་ལ་སོགས་པ་མི་གཏོང་། ངའི་བསྒོམ་ཆེན་སྒྲུབ་པ་རྣལ་མར་བྱེད་པ་ལ་ཉམས་གྲིབ་འོང་གསུངས་ནས་བསྲུང་སྐད། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་སོགས་བསྒོམ་བྱེད་དུས་སུ་སྤྱིར་གྲིབ་ལ་འཛེམ་ན་བཟང་ཁྱད་པར་དཀོར་གྲིབ་འདི་ལ་འཛེམ་དགོས། དཀོར་གྲིབ་འདི་གཞན་ལས་འཇིགས་ཏེ་སྤྱན་སྔ་བས། དཀོར་གྱིས་ཚོས་པས་འཕྲལ་དུ་ཇེ་བླུན་སོང་། བོང་བུ་མངོན་སུམ་འོང་ངོ་ཤཱཀྱའི་སྲས། གསུངས་པ་དང་། རྗེ་མི་ལས་སློབ་མ་ལ། དཀོར་གཉན་པོ་སྲོག་གི་སྤུ་གྲི་དེ། །མང་དྲགས་ན་ཐར་པའི་སྲོག་རྩ་
གཅོད། །གསུངས། དེས་ན་དཀོར་སྒྲིབ་སོགས་གྲིབ་ཐམས་ཅད་ཀྱིས་མ་གོས་པར་ཉམས་རྟོགས་ཤིག་སྐྱེ་བར་འདོད་ན་དབེན་པ་བརྟེན་དགོས་ཏེ། འཆད་ཁ་བའི་ཞལ་ནས། དཀའ་ཐུབ་ཀྱི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་ནུས་པ་ཞིག་བྱུང་ན་ད་གཟོད་ཕས་བུ་གསོས་པ་བྱ་བ་ཡིན་གསུངས། དེས་ན་ཆོས་སྤྱི་དང་ཁྱད་པར་ཞི་གནས་བསྒོམ་པར་འདོད་པས་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་སྟེ། རི་ཁྲོད་དབེན་པའི་གནས་སུ་གཅིག་པུར་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་པ་གཅིག་བྱུང་ན་རིང་པོར་མི་ཐོགས་པར་ཏིང་ངེ་འཛིན་མཆོག་ཐོབ་པར་སངས་རྒྱས་བྱང་སེམས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཡང་ཡང་གསུངས་པས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཚེ་ཐུང་ནམ་འཆི་ཆ་མེད་འདོད་ཡོན་དུག་ཆུའི་ཉེས་དམིགས་རྣམས་བསམས་ཏེ་དབེན་པའི་གནས་སུ་ཏིང་ངེ་འཛིན་ལ་སོགས་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མཆོག་མྱོང་བ་ལ་ཉིན་མཚན་མེད་པར་བརྩོན་པར་རིགས་སོ། ༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྔོན་སངས་རྒྱས་སྣ་ཚོགས་མེ་ཏོག་ཅེས་བྱ་བ་འཁོར་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་བཅས་པ་
ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མུ་ཁྱུད་ཀྱིས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་ཁང་ཡོ་བྱད་ན་བཟའ་ཞལ་ཟས་སོགས་ཀྱིས་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་བྱས་པས། ཉིན་གཅིག་གི་ཚེ་རྒྱལ་པོའི་བུ་སྟོང་གི་ནང་ནས། ཁྱེའུ་ཆོས་དང་ཆོས་བཟང་གཉིས་ཀྱིས། དེ་བཞིན་གཤེགས་པ་ལ། རྒྱལ་པོ་མུ་ཁྱུད་འཛིན་གྱིས་ཡུན་རིང་པོ་ཇི་སྲིད་དུ་དགེ་བའི་རྩ་བ་འདི་ལྟ་བུ་བསྐྱེད་པ་རྣམས་ཟིལ་གྱིས་གནོན་པའི་དགེ་བའི་རྩ་བ་གཞན་མཆིས་སམ་ཞུས་པས། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ཀྱི་ཞལ་ནས། རྒྱལ་པོ་མུ་ཁྱུད་འཛིན་འདིས་བསོད་ནམས་ཀྱི་སྦྱིན་པ་གཏོང་བ་གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའ་གང་ཞིག་དགོན་པའམ་དབེན་པ་ཞིག་ན་གནས་ཤིང་སེ་གོལ་གཏོགས་པ་ཙམ་ཞིག་ཆོས་ཐམས་ཅད་མ་སྐྱེས་པའོ། །ཞེས་བཟོད་པ་ཐོབ་པ་གང་ཡིན་པ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་ཆེ་བར་རིག་པར་བྱའོ། །རིགས་ཀྱི་བུ་རྒྱལ་པོ་མུ་ཁྱུད་འཛིན་འདིས་སྦྱིན་པ་ལྟ་ཞོག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རེ་རེས་ཀྱང་རྒྱལ་པོ་མུ་ཁྱུད་འཛིན་འདིས་སྦྱིན་པ་ཇི་སྙེད་པ་དེ་
སྙེད་ཅིག་སྦྱིན་པར་གྱུར་པ་དེ་བས། །བྱང་ཆུབ་སེམས་དཔའ་དབེན་པར་གནས་པ་ལྷག་པའི་བསམ་པ་དང་ལྡན་པས་ཚུལ་བཞིན་རབ་ཏུ་བརྩོན་པ་ཞིག་གིས། ཆོས་ཐམས་ཅད་སྟོང་པ་ཉིད་དང་། འོང་བ་མེད་པ་དང་འགྲོ་བ་མེད་པ་ཞེས་བྱ་བར་སེ་གོལ་གཏོགས་པ་ཙམ་ཞིག་ཏུ་བཟོད་ཅིང་གནས་པར་གྱུར་ན་སྔ་མ་དེ་བས་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་སོགས་རྒྱ་ཆེར་གསུངས་སོ། །དེ་ནས་ཁྱེའུ་གཉིས་ངོ་མཚར་ནས་རབ་ཏུ་བྱུང་། དེའི་རྗེས་ལ་རྒྱལ་པོ་འཁོར་བཅས་ཀྱིས་ཀྱང་དེ་ཐོས་ནས་རབ་ཏུ་བྱུང་། དེས་ན་དབེན་པར་གནས་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཡུད་ཙམ་རེ་མཉམ་པར་བཞག་ན་ཕན་ཡོན་དེ་ལྟ་བུ་ཡོད་ན་ཡུན་རིང་བསྒོམས་ན་སྨོས་ཅི་དགོས། ཡང་སྔོན་དགེ་སློང་དཔལ་སྦྱིན་གྱིས་ཚོང་དཔོན་གྱི་བུ་མོ་ལ་འདོད་པ་སྤྱད། དེའི་ཁྱོ་ག་བྱེད་རྒྱུའི་ཚོང་དཔོན་གཞན་གྱི་བུ་ཞིག་ཡོད་པ་ལའང་དུག་བཏང་ནས་གསོད་དུ་བཅུག །ཕྱིས་ཤིན་ཏུ་གནོང་ཞིང་འགྱོད་ནས། བདག་འདི་ལས་ཐར་བར་ནུས་པ་སུ་ལ་ཡོད་དམ་སྙམ་ནས་གཙུག་ལག་ཁང་ཀུན་གྱི་སྒོར་ཕྱིན་ནས་ས་ལ་འགྱེལ་ཏེ། ཀྱེ་ཧུད་ཀྱེ་ཧུད་བདག་ནི་དམྱལ་བར་སྐྱེ་བར་འགྱུར་
རོ་ཞེས་སྨྲེ་སྔགས་བཏོན་པས། དེའི་ཚེ་གང་ཞེས་བྱ་བའི་གཙུག་ལག་ཁང་གི་སྒོ་དྲུང་དུ། བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་དང་མཇལ་ཏེ། དགེ་སློང་དག་ཁྱོད་ཅིའི་ཕྱིར་ས་ལ་འགྱེལ་ནས་སྡུག་བསྔལ་བར་གྱུར། དེས་སྨྲས་པ། བདག་གིས་འཇིགས་སུ་རུང་བའི་ལས་འཁྲིག་པ་སྤྱད་མི་ཡང་བསད་པས་བདག་ངེས་པར་དམྱལ་བར་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་གྱི་ཞལ་ནས། དགེ་སློང་མ་འཇིགས་དང་ངས་ཁྱོད་ཀྱི་འཇིགས་པ་མེད་པར་བྱ་གསུངས། ནགས་འཐུག་པོ་ཞིག་ཏུ་ཁྲིད་དེ་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་ནམ་མཁའི་མཐོངས་སུ་ཡར་འཕགས་ནས། ཆོས་རྣམས་གསོབ་སྟེ་སྟོང་ཞིང་སྙིང་པོ་མེད། །སྨིག་རྒྱུ་འདྲ་བཞིན་སྤྲིན་དང་མཚུངས་པ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་དངོས་པོ་མེད། །ཆོས་རྣམས་འདི་དག་རྒྱུ་དང་རྐྱེན་ལས་གྲུབ། །རྒྱུ་དང་རྐྱེན་རྣམས་ངོ་བོ་ཉིད་ཀྱིས་སྟོང་། །རྩ་བ་མི་དམིགས་གདོད་ནས་རབ་ཏུ་ཞི། །ཐོག་མཐའ་དབུས་མེད་དབེན་ཞིང་སྙིང་པོ་མེད། །ཆོས་འདི་ཐམས་ཅད་གདོད་ནས་ཞི་བ་སྟེ། །ཐམས་ཅད་མ་སྐྱེས་རང་
བཞིན་འོད་གསལ་བ། །ཞི་ཞིང་མི་གནས་མྱ་ངན་འདས་པར་མཐོང་། །དེ་ལྟར་ཤེས་པས་ཆོས་རྣམས་རྣམ་པར་གྲོལ། །ཞེས་གསུངས་པ་དེ་ཐོས་པ་དང་ལྷའི་བུ་ཉིས་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། དགེ་སློང་དཔལ་སྦྱིན་ཡང་སྡིག་པ་དང་སྡུག་བསྔལ་འཇིགས་སྐྲག་ཀུན་ལས་རྣམ་པར་གྲོལ་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞལ་ནས། འཇམ་དཔལ་ཆོས་འདི་དག་ནི་སྒྲིབ་པ་མེད་པར་ཅི་ཙམ་དུ་འདོད་པ་ལ་ལོངས་སྤྱོད་ལ། སྲོག་གི་བར་ཆད་བྱས་བཞིན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་ལྟོས། དེ་ཅིའི་ཕྱིར་ཞེ་ན། དེས་ཁམས་གསུམ་པོ་དེ་དག་ཐམས་ཅད་ཡང་དག་པ་མ་ཡིན་པར་ཤེས་ཤིང་། སེམས་ཅན་མིག་ཡོར་དང་འདྲ་བར་ཤེས་པའི་ཕྱིར་རོ། །འཇམ་དཔལ་སྒྱུ་མ་ལྟ་བུའི་སེམས་ལ་གནས་པ་ལ་ནི། ཆོས་གང་ཡང་སྒྲིབ་པ་མེད་དོ། །འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི། རང་གི་རྟོག་པས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་འགྱུར་ཏེ། མེད་པའི་ཆོས་རྣམས་ལ་ལོག་པར་བལྟས་པས་སྡུག་བསྔལ་ཉམས་
སུ་མྱོང་བར་འགྱུར་བའོ་གསུངས། སྔོན་རྒྱལ་པོ་མ་སྐྱེས་དགྲས། ཕ་གཟུགས་ཅན་སྙིང་པོ་བསད། སྟོན་པ་ལ་གླང་ཆེན་རྦད། དགེ་འདུན་ཕོ་མོའི་འཚོ་བ་བཅད། དགྲ་བཅོམ་མ་སེར་སྐྱ་བཟང་མོ་ཆུང་མར་དབང་མེད་དུ་བཀུག་པ་སོགས། སྡིག་པའི་ལས་ཚན་པོ་ཆེ་བྱས་པ་ལ་ཕྱིས་ཤིན་ཏུ་གནོང་ཞིང་འགྱོད་དེ་འཆི་ཚད་པ་བྱུང་། འཇམ་དཔལ་གྱི་དྲུང་དུ་འོང་ནས། སྡིག་པ་དང་འགྱོད་པ་སེལ་བར་ཞུ་ཞུས་པས། འཇམ་དཔལ་གྱིས་རྒྱལ་པོ་ལ་སྡིག་པ་དང་འགྱོད་པའི་ངོ་བོ་ཇི་ལྟར་འདུག་ལྟོས་ཤིག་སོགས་དོན་དམ་པ་ལ་སྦྱར་བའི་ཆོས་མང་དུ་གསུངས་སོ། །རྒྱལ་པོས་ཀྱང་འཇམ་དཔལ་གྱི་གསུང་བཞིན་སྡིག་པ་དང་འགྱོད་པའི་ངོ་བོ་ལ། ཤེས་རབ་ཀྱི་མིག་གིས་བརྟགས་ཤིང་དཔྱད་ནས་བལྟས། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་བལྟས་པས། གང་ཡང་མ་མཐོང་བས། བདག་ཏུ་འདུ་ཤེས་པའི་རྣམ་པར་རྟོག་པ་ཀུན་དང་བྲལ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་དུ་ལྷན་གྱིས་སོང་བའི་དུས། འཇམ་དཔལ་འཁོར་བཅས་ཀྱང་མ་མཐོང་། ཏིང་ངེ་འཛིན་དེ་ལས་ལངས་པས་སྔར་ལྟར་མཐོང་བ་བྱུང་།
དེ་ནས་རྒྱལ་པོ་སྡིག་པ་དང་འགྱོད་པ་དང་ཐེ་ཚོམ་ཀུན་དང་བྲལ་བར་གྱུར། སྔོན་བྱང་ཆུབ་སེམས་དཔའ་དགའ་བྱེད་ཀྱིས། ཚོང་དཔོན་གྱི་བུ་མོ་དཔལ་ཡོན་ཤིན་ཏུ་གཟུགས་མཛེས་པ་མཐོང་ནས། འདོད་ཆགས་ཀྱི་སེམས་བྱུང་བ་དང་། སྐད་ཅིག་མ་དེ་ལ་ཆགས་པའི་ཆོས་དེ་གང་ཡིན་སྙམ་དུ་དྲན་པ་སྐྱེས། འདི་སྙམ་དུ་མིག་ལ་ཆགས་སམ་ཞེ་ན་མ་ཡིན་ཏེ། གཡོ་བ་མེད་པ་བྱེད་པ་མེད་པ་སེམས་མེད་པ། འདུས་བྱས་ཤའི་རིལ་བུ་ཡིན། མིག་དེ་རང་བཞིན་གྱིས་སྟོང་པའི་ཕྱིར་ཆགས་པའི་ཚོར་བ་མེད་དོ། །འོ་ན་རྣ་བ་དང་། སྣ་དང་ལྕེ་དང་མདོག་དང་ཤ་པགས་དང་། རྐང་མཐིལ་ཡན་ཆད་ཀླད་རྒྱ་མན་ཆད་ཀྱི། ལུས་ཕྱི་ནང་རྣམས་ལ་སོ་སོར་བརྟགས་པས། དེ་རྣམས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར། ཆགས་པའི་ཆོས་གང་ཡང་མ་དམིགས་སོ། །དེ་མི་དམིགས་པར་མཐོང་བས་འདོད་ཆགས་ཀྱི་སེམས་དེ་བསལ་ཏེ། བུ་མོ་དེའི་ལུས་ཀྱི་རྐང་པ་ནས་སྤྱི་བོའི་བར་བརྟགས་པ་དེ་བཞིན་དུ། གཞན་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་བརྟགས་པས། ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་
པ་ཐོབ་པ་དང་། སྟེང་གི་བར་སྣང་ལ་ཤིང་ཏ་ལ་གང་ཙམ་དུ་འཕགས་ནས་བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བྱེད་བར་སྣང་ལ་ངང་པའི་རྒྱལ་པོ་བཞིན་དུ་འོང་བ་གཟིགས་སོ། །དེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བསྟན་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དགའ་བྱེད་འདི་ནི་འདོད་ཆགས་ཀྱི་སེམས་ལས་ཆོས་ཐམས་ཅད་ཡོངས་སུ་རྟོགས་སོ། །བདུད་ཀྱི་སྡེ་བཏུལ་ལོ། །ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་གསུངས་སོ། །དེས་ན་ཟབ་མོ་སྟོང་པ་ཉིད་ཀྱིས་མཚམས་མེད་ལྔའི་ལས་དང་། རྩ་བ་བཞིའི་སྡོམ་པ་ཉམས་པ་ཡང་དག་པར་འགྱུར། འདོད་ཆགས་ཀྱི་སྐྱོན་གྱིས་ཀྱང་མི་གོས། སྔོན་རྣལ་འབྱོར་བ་གཅིག་བྲག་ཕུག་འདྲེ་ཅན་ཞིག་ཏུ་ཉལ་བས། དེ་ན་ཡོད་པའི་འདྲེ་མོ་དེ་བྱུང་ནས་མོ་རང་གིས་གནོད་མ་ཚུགས་པས། ཕྱིར་ལོག་ནས་འདྲེ་ཟླ་བོ་མང་པོ་ཁྲིད་ནས་བྱུང་སྟེ་སྔོན་དུ་རྡོ་ཆར་ཞིག་བྱས་ནས་ནང་དུ་བྱུང་བ་དང་། རྣལ་འབྱོར་པ་སྟོང་པ་ཉིད་བསྒོམས་པས། འདྲེ་གཞན་དག་ན་རེ་མི་འདུག་པ་ཟེར་བས། བདག་མོ་དེ་ན་རེ་ད་ཅི་
འདི་ཀ་ན་ཡོད་པ་ཡིན་ཟེར་ནས་སྨིན་ཕྲག་ཏུ་མཛུབ་མོ་བཙུགས་པ་དང་། འདྲེ་མོ་ཞར་མ་གཅིག་ན་རེ་ལེགས་པར་རྟོགས་ཤིག་རེས་ཡོད་རེས་མེད་པ་འདི་འདྲ་བ་གཅིག་གིས་རྡོ་རྗེ་བརྒྱབས་ནས་ངའི་མིག་ཡ་གཅིག་ཀྱང་བཅར་བ་ཡིན་ཟེར་ནས་ཐམས་ཅད་གྱེས་སོ། །དེས་ན་སྟོང་པ་ཉིད་བསྒོམས་ན་སྣང་སྲིད་ལྷ་འདྲེའི་གནོད་པས་མི་ཚུགས། སྔོན་འཇམ་དཔལ་གྱིས། སྟོང་པ་ཉིད་ལས་བརྩམས་ཏེ་སེམས་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། བར་ན་ཡང་མེད་པས། དེ་ལ་ཅི་ཡང་གྲོལ་རྒྱུ་ཡང་མེད། ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་དོ། །ཞེས་གསུངས་པས། དེ་ཐོས་པ་ཙམ་གྱིས་དགེ་སློང་མང་པོ་རྣམ་པར་གྲོལ། དགེ་སློང་ཁ་ཅིག་མ་དད་ནས། ཅི་ཡང་གྲོལ་རྒྱུ་མེད་ན་འོ་སྐོལ་ཆོས་བྱས་པ་དོན་མི་འདུག་པས་འདེངས་ཟེར་ནས་སོང་། རྗེ་བཙུན་འཇམ་དཔལ་གྱིས་དེ་རྣམས་འདུལ་བའི་ཕྱིར། དགེ་སློང་ཞིག་སྤྲུལ་ནས་བཏང་བས། དེ་རྣམས་དང་འཕྲད་པས། ཁྱེད་རྣམས་གར་འགྲོ་སྨྲས་པས། ཁོང་རྣམས་ན་རེ། འཇམ་དཔལ་གྱིས་ཆོས་བསྟན་ནས་གྲོལ་རྒྱུ་ཡང་མེད། ཐོབ་རྒྱུ་ཡང་མེད་ཟེར་བ་ལ་མ་དད་ནས་འགྲོ་
ཟེར། སྤྲུལ་པའི་དགེ་སློང་གི་ཞལ་ནས། འོ་ན་ཁྱེད་རྣམས་ཀྱིས་རྟོགས་རྒྱུ་དང་གྲོལ་རྒྱུ་དེ། གྲུ་བཞི་འམ། ཟླུམ་པོ་འམ། ནར་མོ་ལ་སོགས་དབྱིབས། དཀར་པོ་ལ་སོགས་ཁ་དོག །ཕྱི་ནང་ལ་སོགས་པ་ཇི་ལྟར་འདུག་ལྟོས་ཤིག་དང་གསུངས་པས། ཁོང་རྣམས་ཀྱི་ཤེས་རབ་ཀྱིས་བརྟགས་ཤིང་དཔྱད་ནས་བལྟས་པས་བརྟགས་དོན་བཙལ་ནས་ཅི་ཡང་མ་རྙེད་པས། སྤྲུལ་པའི་དགེ་སློང་ན་རེ། དེ་ལ་དགོངས་ནས་འཇམ་དཔལ་གྱིས་གྲོལ་རྒྱུ་ཡང་མེད་ཐོབ་རྒྱུ་ཡང་མེད། མངོན་པར་རྟོགས་རྒྱུ་ཡང་མེད་གསུངས་པ་ཡིན་ནོ་ཞེས་གསུངས་པས། དགེ་སློང་དེ་དག་རྣམས་ཀྱང་སེམས་རྣམ་པར་གྲོལ་བར་གྱུར་ཏེ། སླར་ལོག་ནས་འཇམ་དཔལ་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡབ་རྒྱལ་པོ་ལ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱང་འདུས་བྱས་པ་གཡོ་བ་སྙིང་པོ་མེད་པ། ཆོས་ཐམས་ཅད་བདག་མེད་པར་བསྟན་པས། ཡབ་རྒྱལ་པོ་ཟས་གཙང་མ་ལ་སོགས་པའི་ཤཱཀྱ་བདུན་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། དེ་བཞིན་དུ་སངས་རྒྱས་ཀྱིས་
འཁོར་རྣམས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་གསུངས་པ་དང་། ཤཱ་རིའི་བུས་ཤེས་རབ་ཕར་ཕྱིན་ལ་ཇི་ལྟར་བསླབ་ཞུས་པས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བསལ་བཞག་མེད་པར་རང་བཞིན་གྱིས་རྣམ་པར་དག་ཅིང་སྟོང་པ་ཉིད་དུ་བསྟན་པ་སོགས། ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་དུས་འཁོར་དཔག་ཏུ་མེད་པ་གྲོལ། སྔོན་རྟག་ཏུ་ངུ་ལ་ནམ་མཁའ་ནས་དེ་བཞིན་གཤེགས་པ་མང་པོའི་ཞལ་བསྟན་ནས་རིགས་ཀྱི་བུ་ཁྱོད་འདི་ནས་ཤར་ཕྱོགས་སུ་དཔག་ཚད་ལྔ་བརྒྱར་རིམ་གྱིས་སོང་དང་། དེ་ན་གྲོང་ཁྱེར་སྤོས་ལྡན་ཞེས་བྱ་བ་ཡོད། དེ་ན་འཕགས་པ་ཆོས་འཕགས་ཞེས་བྱ་བ་ཡོད། དེ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ཟེར་བ་ཐོས་ནས། དེ་ལྟར་ཕྱིན་པས། འཕགས་པ་ཆོས་འཕགས་དང་མཇལ་བས། སྔར་གྱི་དེ་བཞིན་གཤེགས་པ་དེ་རྣམས་གང་ནས་བྱོན་གང་དུ་བཞུད་དྲིས་པས། ཆོས་འཕགས་ཀྱིས་དེ་བཞིན་གཤེགས་པ་དེ་རྣམས་འགྲོ་འོང་མེད་ཚུལ་ནས་བརྩམས་པའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་
གསུངས་པས། རྟག་ཏུ་ངུའི་ཐེ་ཚོམ་ཐམས་ཅད་ཆོད་དེ་མཐོང་ལམ་རྒྱུད་ལ་སྐྱེས། དེས་ན་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ཐོས་པ་ཙམ་གྱིས་གྲོལ་བ་མང་ན། ཐོས་དོན་བསྒོམས་ན་གྲོལ་བ་སྨོས་ཅི་དགོས། དེ་འདྲའི་ཕན་ཡོན་རྣམས་ཤེས་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་བརྩོན་དགོས། སྔོན་སྒྱུ་མ་མཁན་གཅིག་གིས་བལ་ཞིག་ཁུར་ནས་འོང་བ་རྟ་ལ་ཞོན་པའི་མི་ཞིག་དང་འཕྲད་པས་ལྷན་དུ་སོང་། སྐབས་ཤིག་གཉིས་ཀས་ངལ་གསོས་པས། སྒྱུ་མ་མཁན་ན་རེ། ལག་ན་རྫ་མ་ཁ་དོག་པོ་ཞིག་ཡོད་པ་བསྟན་ནས་ཁོ་བོས་བལ་ཁུར་རྟ་ལ་ཞོན་ནས་རེ་ཞིག་རྫ་མ་འདིའི་ནང་དུ་སོང་ན་ཁྱོད་བལྟད་མོ་མི་བལྟ་འམ་བྱས་པས། དེས་བལྟ་བྱས་པས། སྒྱུ་མ་མཁན་གྱིས་བལ་ཁུར་རྟ་ཞོན་ནས་ལྕག་གིས་བྲབ་ཏེ་རྫ་ཁོག་ནང་དུ་ཞུགས་སོང་བ་བལྟས་ཚེ་ནང་ན་གླུ་ལེན་གྱིན་འགྲོ་བ་མཐོང་། ངོ་མཚར་ནས་ཡུན་རིང་བལྟས་ནས་སྐབས་ཤིག་མི་མཐོང་བར་གྱུར་ཚེ་ཡར་མགོ་བཏེགས་ནས་བལྟས་པས་ཁོ་རྟ་ཞོན་ནས་ལུང་པའི་ཕུའི་ཉག་ཁ་ནས་ཕར་སོང་སྐད། ཡང་སྔོན་རྒད་པོ་ཕྱུག་པོ་སེར་སྣ་ཅན་ཆོས་མི་དྲན་པར་བུ་ལོན་གཏོང་
མཁན་ཞིག་ལ་སྒྱུ་མ་མཁན་གཅིག་གིས་ཆོས་དྲན་ཕྱིར། རྒད་པོ་བུ་ལོན་སྡུད་པ་མཐོང་ནས། དེ་འདྲ་བ་ཞིག་བྱས་ཁྱིམ་དུ་སོང་བས་བུ་བུ་མོ་རྣམས་ཀྱིས་ཕ་ཡིན་སྙམ་ཡོད་ཚེ་ཕ་ངོ་མ་དེ་འོངས་ནས་སྒོ་ཕྱེས་བྱས་པས། བུ་བུ་མོ་ཀུན་གྱིས་ངེད་ཀྱི་ཕ་འོང་ཚར་ཕར་སོང་བྱས་པས་མ་སོང་། གང་ཡིན་ངོ་མ་ཤེས་པར་ཡུལ་མི་ཀུན་བསྡུས་ནས་མི་ནོར་ཟས་གསུམ་བགྲང་ངུ་བཅུག་པས་ཁྱད་མ་བྱུང་། མི་རབས་རྩིས་པས་ཕ་ངོ་མས་མི་རབས་གསུམ་ལས་མ་ཤེས་པས། ཕ་ལྟར་བརྫུས་པའི་སྒྱུ་མ་མཁན་གྱིས་མི་རབས་བདུན་བགྲང་བྱུང་བས་ཡུལ་མི་ཁྱིམ་མཚེས་ཐམས་ཅད་ཀྱིས་ཀྱང་སྒྱུ་མ་མཁན་ཕ་ཡིན་པར་ཐག་བཅད་ཕ་ངོ་མ་ཡུལ་བཏོན་པས་འཁྱམས་ནས་ཡུན་རིང་སོང་སྡུག་བསྔལ་མྱངས་པས། སྔར་ཡོད་དུས་ཆོས་ཤིག་མ་བྱས་པ་ལ་འགྱོད་ནས་ཆོས་དྲན་ཡོད་ཚེ་སྒྱུ་མ་མཁན་གྱིས་ཕྱིར་བོས་ནས། ཆོས་ཐམས་ཅད་མི་རྟག་སྙིང་པོ་མེད་པ་འདི་དང་འདྲ་ད་ཁྱོད་ཆོས་ཀྱིས་ཞེས་སྔར་བཞིན་སྡོད་དུ་བཅུག་པས་ཁོ་བློ་ཆོས་ལ་འགྱུར་ནས་ཆོས་བྱས་སྐད། ཡང་སྔོན་སྒྱུ་མ་མཁན་ཟླ་བཟང་བྱ་བས་གྲོགས་པོ་དཔལ་བྱ་བ་རྟ་ཞིག་འདོད་ཡོད་པ་ཤེས་ནས་ཉིན་
གཅིག་སྒྱུ་མ་མཁན་གྱིས་སྒྱུ་མའི་མི་རྟ་གཉིས་སྤྲུལ་ནས། དཔལ་གྱི་སྒོར་སོང་སྟེ་རྟ་ཨི་ཉོ་འམ་བྱས་པས་ཉོ་ཟེར་གོམ་འགྲོས་ལྟོས་བྱས་པས་ཁོ་རྟའི་གོང་ལ་ཞོན་པ་དང་དབང་མེད་དུ་ཁུར་ནས་ཡུལ་མཐའ་མེད་དུ་སོང་ནས་སྐབས་ཤིག་བསྐྱུར་ནས་རྟ་བྲོས་སོང་བས། བལྟས་ཚེ་ཁང་ཆུང་ཞིག་ན་རྒན་མོ་བུ་མོ་གསུམ་ཅན་ཞིག་མཐོང་ནས་ད་ཡུལ་དུ་མི་སླེབ་སྙམ། བུ་མོ་ཞིག་གི་མག་པ་བྱས་བསྡད་པས་ལོ་མང་པོ་སོང་། བུ་བུ་མོ་གསུམ་ཙམ་བྱུང་། ཆུ་འགྲམ་ཞིག་ཏུ་ཕ་བུ་རྩེད་མོ་རྩེ་ཞིང་བསྡད་པས་བུ་ཡིས་ཆུ་ཟླ་མཐོང་ནས་ལེན་དུ་ཕྱིན་པས་ཆུས་ཁྱེར། དེ་ཁོ་རང་ལེན་དུ་ཕྱིན་པའི་རྗེས་སུ་བུ་གཅིག་བྱུང་བ་དེ་ཡང་ཆུས་ཁྱེར། གཉིས་ཀ་མ་ཟིན་པར་ཆུས་ཁྱེར། དེའི་བར་ལ་བུ་མོ་འགྲམ་ན་ཡོད་པ་སྟག་གིས་ཁུར། ཚུར་འགྲམ་ལ་ཐོན་འགྱེལ་ནས་བསྡད་ཙ་ན་ཆུང་མ་སླེབ་པ་དེ་ཡང་བསྡངས་ནས་ཆུ་ལ་ལྕེབས། མ་བུ་ཐམས་ཅད་ཤི་བ་མཐོང་ནས་མྱ་ངན་ཆེན་པོ་བྱས་སྐྲ་འབལ་ཙ་ན་མགོ་དཀར་པོར་སོང་བ་མཐོང་སྙིང་རླུང་ལངས་བྲོས་ནས་འོངས་པས་སྔར་གྱི་ཡུལ་དེར་སླེབས་པའི་སྣང་བ་བྱུང་། དེ་ཚེ་སྒྱུ་མ་མཁན་
གྱིས་བསླུས་པ་ཡིན་པར་ཤེས། དེ་བཞིན་དུ་ཆོས་ཐམས་ཅད་ཤེས་ནས་གནས་ལུགས་དོན་ལ་གོམས་པས་ཕྱིས་ཇོ་བོ་ཆེན་པོའི་དུས་སུ་དགེ་སློང་ཚུལ་ཁྲིམས་རྒྱལ་བར་གྱུར། སྔོན་སངས་རྒྱས་ཀྱི་དུས་སུ་གནས་བརྟན་ཁ་སྒྱུ་མཁན་ཟེར་བ་ཞིག་གིས་ཁ་ནས་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་ཟེར། ལག་ལེན་ལ་ནོར་རྫས་མང་པོ་བསོག་པ་སྒྱུ་མ་མཁན་ཞིག་གིས་མཐོང་ནས། ཉིན་གཅིག་སྒྱུ་མའི་མི་རྟ་གཉིས་སྤྲུལ། མི་དེ་རིན་པོ་ཆེའི་རྒྱན་གྱིས་སྤྲས་རྟ་དེ་ལ་ཞོན་ནས་སྒོར་སོང་ནས། རྟ་དང་རྒྱན་མི་ཉོ་འམ་བྱས་པས། ཉོ་ཟེར་ཁང་པ་མ་གཏོགས་ནོར་ཀུན་བྱིན་པ། སྒྱུ་མ་མཁན་གྱིས་ཡུལ་དུ་ནོར་ཀུན་བླངས། སངས་རྒྱས་འཁོར་བཅས་སྤྱན་དྲངས་ཞག་བདུན་གྱི་བར་དུ་འཚོ་བ་དྲངས། ནོར་ཀུན་ཟད་ཚེ་སྒྱུ་མ་བཤིགས་པས། རྟ་འཇག་མར་གྱུར། རྒྱན་རྣམས་སོལ་བར་གྱུར་ཚེ། གནས་བརྟན་ཁ་སྒྱུ་མཁན་སྒྱུ་མ་མཁན་གྱི་སྒོར་ཕྱིན་ནས། ཁྱོད་ཀྱིས་ང་བསླུས་འདུག་ངའི་ནོར་རྣམས་ཕྱིར་བྱིན་བྱས་པས། ཁྱོད་ཀྱིས་ཀྱང་ང་བསླུས་འདུག་ངའི་རྒྱན་རྟ་རྣམས་ཕྱིར་བྱིན་བྱས་པས། ཁྱོད་ཀྱི་རྟ་རྒྱན་འཇག་མ་དང་སོལ་བར་གྱུར་འདུག་ལོངས་
བྱས་པས། འོ་ན་ཁྱོད་ཀྱི་ཟས་ནོར་ཀྱང་མི་གཙང་པར་གྱུར་འདུག་ལོངས་བྱས་པས། སངས་རྒྱས་ཀྱི་སྤྱན་སྔར་སོང་གཉིས་ཀ་ཁྱད་ཡོད་དམ་མེད་ཞུས་པས། སངས་རྒྱས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་དང་འདྲ། ཁྱད་མེད་ཚུལ་གསུངས། གནས་བརྟན་ཁ་སྒྱུ་མཁན་གྱིས་ཁ་ཞེ་མེད་པར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་བྱུང་། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ཚུགས་ཐུབ་བདེན་གྲུབ་དུ་མི་འཛིན་པར་རང་བཞིན་མེད་པ་སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པར་བྱ། སྔོན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས་རྨི་ལམ་དུ་གངས་ཀྱི་རི་བོ་ཆེན་པོ་ལ་ཕྱོགས་བཞིར་ཀ་བ་བཞི་བཙུགས་པ་སོགས་རྨིས་པ་དང་། དྭགས་པོ་ལྷ་རྗེས་མེ་ཏོག་གི་དཀྱིལ་དུ་སྐུ་སྐྱིལ་ཀྲུང་བཅས་ཏེ་བཞུགས་པའི་མདུན་དུ་ཆུ་མིག་བརྡོལ་བ་རྒྱབ་ཏུ་འོད་འཁྱིལ་བ་སོགས་རྨིས་པ་དང་། རས་ཆུང་པས། རེ་བ་གྱོན་བོང་བུ་ལ་ཁ་ཕྱིར་ཕྱོགས་ནས་ཞོན་པ་དང་། ཁྱི་ལ་ཁལ་བཀལ་ནས་འོ་དོད་འབོད་ཅིང་ཕྱིན་པ་སོགས་རྨིས་པ་དང་། སྔོན་མི་གཅིག་གིས་མགུལ་དུ་ཐག་པ་བཏགས་ནས་མི་མང་པོས་བཙོན་ཁང་དུ་
འཁྲིད་པ་ཞིག་རྨིས་ནས་གྲོགས་ལ་ངའི་རྨི་ལམ་ངན་ང་ད་ལོ་འཆི་ངེས་ཟེར་བ་གྲོགས་ན་རེ། ད་ནངས་མགུལ་ན་ཐག་པ་འདུག་གམ་བྱས་པས། ད་ནངས་ཅི་ཡོད་རྨི་ལམ་ལགས་མོད་བྱས་པས། དེ་ཡིན་ན་རྨི་ལམ་ལ་བདེན་པ་མེད་པས་འཆི་བའི་ངེས་པ་མེད་པས་གྲོགས་པོ་རྣམ་རྟོག་མ་ཆེ་ཟེར་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་དངོས་པོ་དང་མཚན་མར་མི་བཟུང་བར་སྣང་སྟོང་རྨི་ལམ་ལྟ་བུར་ཤེས་པར་བྱ། བེ་བུམ་སྔོན་པོ་ལས། རྒྱལ་པོ་གཅིག་ལ་བློན་པོ་བྱད་ངན་པ་གཅིག་ཡོད་པ་ལ། ལན་གཅིག་རྒྱལ་པོ་དང་གཉིས་མཁར་གཅིག་གི་ཁ་ན་བསྡད་ཡོད་པ་ལ། སྒྱུ་མ་མཁན་པོ་གཅིག་གིས་ལུང་པ་ཆུས་གང་བར་སྤྲུལ་ནས། མཁར་གྱི་བར་ལ་ཆུ་ལྷུད་ལྷུད་བྱུང་བ་དང་། མཉན་པ་གཅིག་གྲུར་ཞུགས་ནས་སྐྱ་བ་འདེབས་ཤིང་མཁར་གྱི་རྩར་འོང་བ་དང་། མཉན་པ་ན་རེ། སྔོན་ལ་བློན་པོ་ཞུགས་ཤིག་ཟེར་ནས་བློན་པོ་ཞུགས་པ་དང་སྒྱུ་མ་ཞིག་ནས་གཡང་དུ་ལྷུང་ནས་བསླུས་པ་ལྟ་བུ་སྟེ། སྒྱུ་མའི་རྫས་སྔགས་ཐེབས་པ་ལ་དེ་དག་བསྙོན་མེད་དུ་ཡོད་ཀྱང་། སྔགས་མ་ཐེབས་པ་ལ་གང་ཡང་མེད་པ་ལྟར། མ་རིག་
པའི་འཁྲུལ་པ་དང་མ་བྲལ་བའི་རིང་ལ་རྒྱ་མཚོ་ལྟ་བུའི་འཁོར་བ་དང་། གྲུ་འགྲུལ་ལྟ་བུའི་རྟེན་གྱི་གང་ཟག །གྲུ་ལྟ་བུའི་ལམ་བསླབ་པ་གསུམ། མཉན་པ་ལྟ་བུའི་དགེ་བའི་བཤེས་གཉེན་དང་། ཕ་རོལ་གྱི་ངོགས་ལྟ་བུའི་མྱ་ངན་ལས་འདས་པ་ཐམས་ཅད་ཅག་གེ་ཡོད་པ་ཡིན་ལ། མ་འཁྲུལ་པ་ལ་དེ་རྣམས་གང་ཡང་གྲུབ་པ་མེད་པ་ཡིན་གསུངས། རིན་ཆེན་སྤུངས་པ་ལས། སྔོན་རྒྱ་གར་དུ་རྒན་མོ་གཅིག་གིས་བུ་བྱེས་སུ་སོང་བའི་ཤུལ་དུ། མིག་ལ་རབ་རིབ་ཀྱི་ནད་བྱུང་སྟེ། མནའ་མས་ཟས་ཅི་བྱིན་པ་ལ་སྐྲ་ཤད་བཏབ་པར་མཐོང་ནས། དེར་བུ་ལོག་ཙ་ན། རྒན་མོ་ན་རེ། ཁྱོད་མེད་ཤུལ་དུ་ཁྱོད་ཀྱི་ཆུང་མས། ང་ལ་འབྲས་ཆན་ལ་སྐྲ་ཤད་བཏབ་པས་ངན་ཟེར་བ་ལ། དེར་བུ་ཆུང་མ་ལ་ཁྲོས་པས། ཆུང་མ་ན་རེ། ངས་སྐྲ་ཤད་མ་བཏབ་རྒན་མོ་རང་གི་མིག་འཁྲུལ་པ་ཡིན་ཁྱེད་རང་གིས་བྱིན་དང་ཟེར་ཏེ། བུས་འབྲས་ཆན་བྱིན་པས། མ་ན་རེ་འདི་ལ་ཡང་འདུག་ཟེར་བས། དེར་མིག་སྐྱོན་ཡིན་པར་ཤེས་ནས། འོ་ན་འབྲས་ཆན་འདི་ཐུ་བར་སྦོས་ཤིག་བྱས་ནས། སྨན་པ་བོས་ཏེ་མིག་བཅོས་པས་གསོས་ཏེ། ད་ཐུ་
བའི་འབྲས་ཆན་དེར་ལྟོས་དང་བྱས་པས། དེར་སྐྲ་ཤད་ཉག་མ་གཅིག་ཀྱང་མེད་པས། ཁོང་ནད་ཀྱང་བཅོས་མ་དགོས་པར་སོས་སྐད། དཔེ་དེ་བཞིན་དུ་ད་ལྟ་འོ་སྐོལ་ལ་བདག་གཞན་སྣོད་བཅུད་དུ་སྣང་བ་འདི་རྣམས་ཐམས་ཅད་ཀྱང་། རང་སེམས་འཁྲུལ་ནས་མེད་པ་ལ་ཡོད་པར་སྣང་བ་ཡིན། དེ་ལ་བླ་མའི་གདམས་ངག་གིས་བློ་བཅོས་པས་ནམ་ཞིག་འཁྲུལ་པ་སངས་ཙ་ན། སྣང་བ་འདི་ཡང་མི་སྣང་བར་འགྲོ་གསུངས། སྔོན་ལྷའི་བུ་པདྨ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་དག་བྱེད་པ་པོས་བྱས་པ་འམ་ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྟོག་པའི་བག་ཆགས་བརྟས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་ཀྱང་རི་བོ་དང་། རྒྱ་མཚོ་དང་ཉི་ཟླ་སོགས་སྲ་ཞིང་འཐས་པ་འདི་ལྟར་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་བརྟས་པའི་དབང་གིས་དེ་ལྟར་སྣང་དུ་རུང་སྟེ། གྲོང་ཁྱེར་ཝ་ར་ཎ་སིར། བྲམ་ཟེ་མོ་གཅིག་
གིས་རང་གི་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱིས་སྟག་དངོས་སུ་མཐོང་ནས་མི་ཐམས་ཅད་བྲོས་ཏེ་གྲོང་ཁྱེར་སྟོང་བ་བྱུང་ངོ་། །དགེ་སློང་གཅིག་གིས་རང་ལུས་མི་གཙང་བར་བསྒོམས་པས། ཐམས་ཅད་རུལ་བར་མཐོང་བ་བྱུང་ངོ་། །དེ་རྣམས་ཡུན་ཐུང་ངུས་ཀྱང་དེ་ལྟར་སྣང་ན་ཐོག་མ་མེད་པའི་དུས་ནས་བག་ཆགས་བརྟས་པས་ཅི་སྟེ་མི་སྣང་གསུངས། ཡང་སྔོན་དགེ་སློང་གཅིག་གིས་རང་ལུས་ཀེང་རུས་སུ་བསྒོམས་པས་ཀེང་རུས་དངོས་སུ་མཐོང་། རྣལ་འབྱོར་པ་གཅིག་གིས་རྡོ་རྗེ་འཇིགས་བྱེད་བསྒོམས་པས་བྲག་ཁུང་གི་ཡ་ཐེམས་ལ་མ་ཧེའི་ར་ཐོགས་པ་བྱུང་། མུ་སྟེགས་ནག་པོ་ཐུབ་རྒྱལ་གྱིས་ནམ་མཁའ་བྲག་ཏུ་བསྒོམས་པས་ཐམས་ཅད་བྲག་ཏུ་དམར་ཆེམ་གྱིས་སོང་། འགྲོ་ས་བཀག་པ་བྱུང་། སྔོན་མི་གཅིག་གིས་ཞིང་དཀྱིལ་ན་ཕ་བོང་ཆེན་པོ་ཞིག་ཡོད་པ་འདོན་འཕྲོ་ལ་ཁྱིམ་དུ་ཟས་ཟར་ཕྱིན་པའི་བར་ལ། བྱིས་པ་ཞིག་ཡོད་པས་ཉ་བཟུང་ནས་ཕ་བོང་གི་འོག་ཏུ་བཅུག་པས། སླར་སོང་སློག་པས་ཉ་ཐོན་ཚེ་རྣམ་རྟོག་སྐྱེས་ནས་ལོག་བྱུང་ཚེ། བྱིས་པས་ཅི་ཉེས་བྱས་
པས། མི་བཤད་པར་ནང་དུ་སོང་ནས་རིམ་འགྲོ་བྱེད་ཀྱིན་འདུག་པར། བྱིས་པས་ངེད་ཀྱིས་ཀྱལ་ཀ་བྱས་པ་ཡིན་བྱས་པས། དེ་རང་ཡང་འདྲེ་ཡིན་ཟེར་ནས་རྟོག་པ་མ་ཞིག་པར་ཤི་བ་བྱུང་། ཡང་སྔོན་བསྒོམ་ཆེན་གཅིག་ལ་གཡོག་གཅིག་ཡོད་པས་བག་ཕྱེ་ལ་འབག་ཅིག་བྱས། དེ་ལ་མཚོན་རྩི་བྱུགས་ནས་མགོ་ལ་གྱོན་ནས། བསྒོམ་ཆེན་པས་མཐོང་བའི་ས་ཞིག་ཏུ་ཁ་དང་ངེ་བསྡད་པས། དེ་ཁོང་གིས་མཐོང་བས་བར་ཆད་ཡིན་སྙམས་ནས་སྟོང་པ་ཉིད་བསྒོམས་ནས་བལྟས་ཙ་ན་ད་དུང་འདུག་པས་བསྒོམ་ཆེན་པ་རྟོག་པ་སྐྱེས་ཏེ། དགོང་མོ་སྔ་མ་དེ་འདྲ་མི་ཡོང་བ་ལ་དེ་རིང་ཉམས་ཚད་ཅིག་བྱུང་ཟེར། ཅི་བྱུང་བྱས་པས་མ་སྨྲས་ཚེ་ངས་ཀུ་རེ་བྱས་པ་ཡིན་བྱས་པས། དེ་ཀ་རང་འདྲེས་བྱེད་དུ་བཅུག་པ་ཡིན་ཟེར་ནས་རྟོག་པ་མ་སེལ་བར་བསྒོམ་ཆེན་པ་གྲོངས་སོ། །སྔོན་ལམ་འབྲས་པའི་བསྒོམ་ཆེན་པ་ཞིག་ལ་རྩ་རླུང་གི་བྱེད་པས། སྐོམ་པའི་ཉམས་ཤིག་བྱུང་སྟེ་ཆུ་འཐུང་འདོད་ནས་ཆུ་ར་ཆུ་མིག་གཙང་པོ་རྣམས་ལ་ཆུ་འཐུང་དུ་ཕྱིན་པས། ཆུ་མི་འདུག་ཐེ་ཚོམ་སྐྱེས་ནས་ཆོས་གོས་ཕ་གིའི་བྲག་བར་ཞིག་ཏུ་བཞག་ནས་ཕྱིར་ལོག་ནས་ཉལ་
བསྡད་གཉིད་སད་པ་དང་། སྐོམ་ཉམས་ཀྱང་ཡལ་འདུག །ཆུ་ར་སོགས་ནའང་ཆུ་འདུག ཆོས་གོས་ཀྱང་གཙང་པོའི་ཕར་ཀ་ན་འདུག་པ་ལེན་པ་ལ་ཀོ་བ་བཏང་དགོས་བྱུང་ཟེར། དེས་ན་སྒྱུ་མ་རྨི་ལམ་ལྟར་རང་བཞིན་གྱིས་གྲུབ་པ་མེད་བཞིན་དུ་སྣང་བའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་སེམས་ཀྱིས་བྱས་ནས་སེམས་ལ་སྣང་བ་ཡིན་པས་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་ཤེས་པར་བྱའོ། །སྔོན་ཇོ་བོ་རྗེས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་ཇོ་བོ་རྗེ་ཞལ་འགྱུར་ཏེ་དེའི་ལྷ་ཁང་ན་ཚུར་བྱོན་ཙ་ན། བུད་མེད་རྒན་གཞོན་གཉིས་ནམ་མཁའ་ལ་བསྡད་ནས། གཞོན་པས་རྒན་པ་ལ་ཆོས་ཐམས་ཅད་གང་དུ་འདུ་དྲིས་པས། རྒན་པ་ན་རེ་རང་གི་སེམས་སུ་འདུ་ཟེར། སེམས་ཀྱི་མཚན་ཉིད་ཅི་ལྟ་བུ་ཡིན་ཟེར་བས། སེམས་ཀྱི་མཚན་ཉིད་ནམ་མཁའ་ལྟ་བུ་ཡིན་གསུངས་པས། ཇོ་བོ་རྗེས་དེའི་དུས་སུ་སེམས་ཙམ་དང་དབུ་མའི་ལྟ་བ་ཐུགས་སུ་ཆུད་སྐད། དེ་སྐད་གསུངས་པ་དེ་ཇོ་བོས་འཁོར་རྣམས་ལ་ཁྱེད་ཀྱིས་མཐོང་ངམ་ཐོས་སམ་གསུངས་པས། མ་ཐོས་མ་མཐོང་ཟེར་ཇོ་བོའི་ཞལ་ནས། ཇོ་མོས་གཡོག་ལ་གསུང་བའི་ཚུལ་
དུ་བྱས་ནས་ང་ལ་གདམས་ངག་གསུངས་པ་ཡིན་གསུངས་སྐད། སྔོན་ཇོ་བོ་ཡབ་སྲས་གཉིས་ཡེར་པ་ལྷ་རི་སྙིང་པོའི་མགུལ་ན་བཞུགས་དུས། དགེ་བཤེས་འབྲོམ་གྱིས་ཇོ་བོ་རྗེ་ལ། །ད་ནི་གཅིག་པུར་ཉམས་ལེན་པས། །སྙིང་པོ་བསྡུས་པ་གནད་ཀྱི་མཆོག །དབེན་པར་གནས་པའི་ཆོས་གཅིག་ཞུ། །འབྲོམ་གཅིག་པུར་འདུག་ན་སེམས་ལ་དཔྱོད། །རྗེ་བླ་མའི་ཐབས་ཀྱིས་བཀྲོལ་ན་གསལ། །འབྲོམ་སེམས་མེད་ཡུལ་རྣམས་སུ་ཡིས་འཛིན། །རྗེ་འཛིན་པ་པོ་མེད་འཛིན་མི་གྱུར། །འབྲོམ་སེམས་མེད་གང་ལ་སུ་ཡིས་སྨྲ། །རྗེ་སྨྲ་བ་པོ་མེད་ཆགས་སྡང་ཅི། །འབྲོམ་ཡུལ་དང་ཡུལ་ཅན་དེ་ལྟར་ཟད། །རྗེ་སེམས་ཀྱི་གཞི་རྩ་གང་ཞིག་ལགས། །འབྲོམ་ཁོ་བོས་དོན་འདི་རྙེད་མ་གྱུར། །རྗེ་རྙེད་པར་མི་འགྱུར་ཇི་ལྟར་ལགས། །འབྲོམ་སྐྱེ་གནས་འཇིག་པ་མི་གདའ་ན། །རྗེ་སྣ་ཚོགས་རིག་པ་ཇི་ལྟར་ལགས། །འབྲོམ་འདི་ནི་སྣང་མེད་སྣང་བ་ཡིན། །རྗེ་སྣང་བ་དེ་ཉིད་མ་ལགས་སམ། །འབྲོམ་སྣང་བ་བྱ་བ་ཅི་ལ་ཟེར། །རྗེ་སྣ་ཚོགས་ཡུལ་དུ་དམིགས་པ་ལགས། །འབྲོམ་ཡུལ་ཉིད་དམིགས་སམ་སེམས་ཉིད་དམིགས། །རྗེ་སེམས་
ཀྱིས་ཡུལ་རྣམས་དམིགས་པ་ཡིན། །འབྲོམ་སེམས་འདི་དཔྱོད་པའི་དུས་ལ་བབས། །རྗེ་སེམས་འདི་དཔྱོད་ལུགས་དུས་ལ་བབས། །འབྲོམ་ཁྱོད་ཀྱི་རིག་པ་སྔ་མ་སྟོན། །རྗེ་འདས་པས་འདི་རུ་བསྟན་མ་མཆིས། །འབྲོམ་འོ་ན་མ་འོངས་རིག་པ་སྟོན། །རྗེ་མ་འོངས་འདི་རུ་འབྱུང་སྲིད་དམ། །འབྲོམ་འོ་ན་ད་ལྟའི་སེམས་འདི་སྟོན། །རྗེ་འཛུག་གུ་གཏད་ས་མི་གདའ་བ། །འབྲོམ་དེ་འདྲ་འོང་བ་ཅི་ཞིག་ཡིན། །རྗེ་དེ་བས་ཁྱོད་ལ་འདྲི་བ་ཡིན། །འབྲོམ་སངས་རྒྱས་ཀུན་ཀྱང་འདི་ལ་གཏུགས། །རྗེ་ཀུན་ལ་མཁས་པ་མ་ཡིན་ནམ། །འབྲོམ་མཁས་པ་ལོག་ཤེས་ག་ལ་ཡིན། །རྗེ་འོ་ན་སེམས་རང་མེད་དམ་ཨང་། །འབྲོམ་ཡོད་ཡོད་འདྲ་མོ་ཤེས་ཀྱིན་གདའ། །རྗེ་ཡང་བཙལ་ཤིང་མ་རྙེད་ན། །འབྲོམ་རང་ལུགས་ཡང་ཡང་མཐོང་བ་ཡིན། །རྗེ་མ་རྙེད་པ་ལ་གཞན་ལགས་སམ། །འབྲོམ་ལྷོད་དེ་གློད་ན་གདམས་པ་ཡིན། །རྗེ་གནད་དོན་འདི་ཡི་རྒྱུད་ལ་གང་། །འབྲོམ་རྒྱལ་དང་སྒྲོལ་མ་ང་ཉིད་ཡིན། །གསུངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་
སེམས་དེ་ཅི་ལྟ་བུ་ཞིག་འདུག་ཡང་ཡང་ལེགས་པར་བརྟགས་ཤིང་དཔྱད་ནས་བཙལ་བས་མ་རྙེད་པའི་ཚེ་སེམས་དེ་རང་བཞིན་གྱིས་གྲུབ་པ་མེད་པར་སྟོང་པ་ཉིད་ཡིན་པར་ཤེས་པར་བྱ། ཡང་ཇོ་བོ་ཡབ་སྲས་གཉིས་ཡེར་པ་ན་བཞུགས་དུས་འབྲོམ་གྱིས། འོ་ན་འཆིང་བའི་རྩ་བ་གང་ལགས། ཇོ་བོའི་ཞལ་ནས། བདག་ཏུ་འཛིན་པ་ཡིན་གསུངས། བདག་ཏུ་འཛིན་པ་གང་ལགས་ཞུས་པས། ལེགས་པའི་ཡོན་ཏན་ཐམས་ཅད་བདག་གཅིག་པུ་ལ་དགོས་པ། ཉེས་པ་ཐམས་ཅད་གཞན་ཁོ་ནས་ལེན་པར་བྱེད་པ་ཞིག་ཡིན་གསུངས། འོ་ན་དེ་འདྲའི་བདག་འཛིན་ཞིག་འདི་ཡིན་གསུངས་པ་གཅིག་གསུང་བར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། བདག་འཛིན་སྒྲོ་བཏགས་ལ་འདི་ཡིན་བསྟན་དུ་ག་ན་རྙེད་གསུངས། ཡང་བདག་འཛིན་འདི་གནས་ས་གང་ན་གནས་ཞུས་པས། ཆ་མེད་ཁོ་བོས་མཐོང་མ་མྱོང་། གནས་བྱ་མེད་པའི་གནས་བྱེད་མི་ཤེས། ངོ་བོ་མེད་པའི་དབྱིབས་ཁ་དོག་མི་ཤེས། གསུངས། འབྲོམ་གྱི་ཞལ་ནས། འོ་ན་འདི་འདྲའི་ཉམ་ཐག་པ་ཞིག་མི་འོང་ལ་ཐང་ཨ་ཞུས་པས། ཇོ་བོའི་ཞལ་ནས་སྨིག་རྒྱུའི་ཆུ་དང་ཟླ་གཉིས་
དང་། རྨི་ལམ་གྱི་རྟ་གླང་ལ་སོགས་པའང་མི་མཐོང་ལ་ཐང་ཨ་གསུངས། ཇོ་བོ་དེ་འཁྲུལ་སྣང་ལགས་མོད་ཞུས་པས། ཇོ་བོའི་ཞལ་ནས། ཁོ་བོ་ཡང་དེ་བཞེད། བདག་འཛིན་ཁོ་ཡོད་ནས་ཆགས་སྡང་བྱེད་པ་མ་ཡིན། གཞུང་སྟོང་གི་ཕྱིར་དུ་ལུང་སྟོང་གི་ཁྱི་ཟུག །བདག་འཛིན་མེད་པ་ལ་རང་རྒྱུད་ཆེན་པོ་འཁྲུལ། ཇོ་བོ་དཔེ་དེ་འདྲ་ན་བདག་འཛིན་ཡེ་མེད་མེད་འདྲ་ཞུས་པས། འདྲ་བྱ་བ་ཅི་ལ་ཟེར་དངོས་ཡིན་མོད་གསུངས། འོ་ན་ཆགས་སྡང་གི་རྩ་བ་བདག་འཛིན་དེ་རང་སེམས་ཡིན་ནམ་ཨང་ཞུས་པས། སེམས་དེའི་ཁ་དོག་གང་དུ་འདའ། དེ་ཁོ་བོས་མཐོང་མ་མྱོང་ཞུས་པས། འོ་ན་དབྱིབས་ཅི་འདྲ་ཞིག་གདའ་གསུངས། ཇོ་བོ་ཁོ་བོས་མཐོང་མ་མྱོང་ཞུས་པས། འོ་ན་དབྱིབས་དང་ཁ་དོག་གཉིས་མ་གྲུབ། མིག་གིས་མཐོང་མ་མྱོང་ཙ་ན་གཟུགས་སུ་མེད་པའི་རྟགས་ཡིན་གསུངས། ཡང་འབྲོམ་གྱིས་ཞུས་པ། ངེད་བདག་འཛིན་ཅན་རྣམས་ཇི་ལྟར་སྤོང་ཞུས་པས། འབྲོམ་ཉིན་གཅིག་ལ་རྣམ་རྟོག་ཅི་ཙམ་ཞིག་རྒྱུ། ཇོ་བོ་བསམ་གྱིས་མི་ཁྱབ་ཅིག་རྒྱུའོ། །འབྲོམ་ཆོས་ཀྱི་དབྱིངས་ཇི་ཙམ་སྐྱེ། ཇོ་བོ་རྟོག་
པས་ཟིལ་གྱིས་མནན་ནས་སྐྱེ་བ་མི་གདའོ། །འབྲོམ་དེ་ལ་བླ་མ་ཨ་བ་ངྷཱུ་ཏི་པའི་བཞེད་པ་དེ་དགོས་པ་ཡིན་གསུངས། ཇོ་བོ་བླ་མའི་གདམས་ངག་དེ་བསྟན་འཚལ། འབྲོམ་རྣམ་རྟོག་བྱུང་ཚད་ཆོས་དབྱིངས་སུ་སྒྱུར། ཇོ་བོ་སྡོང་དུམ་ཐམས་ཅད་གསེར་དུ་སོང་ན་འདོད་པ་ཅན་ལ་མཁོ་སྟེ། ཇི་ལྟར་བསྒྱུར་དུ་བཏུབ་བམ། འབྲོམ་མན་ངག་ལ་བརྟེན་ནས་གསེར་འགྱུར་གྱི་རྩི་བྱས་པས། ལྕགས་གསེར་དུ་འགྲོ་བ་ཡོད། གནད་ཤེས་དགོས་པ་ཡིན། ཇོ་བོ་གནད་བསྟན་འཚལ། འབྲོམ་དགྲ་འཇོམས་པ་ལ་དགྲ་ངོས་ཟིན་འཚལ། ཇོ་བོ་དགྲ་གང་ལགས། འབྲོམ་རྣམ་པར་རྟོག་པ་ཡིན། ཇོ་བོ་དེ་ཇི་ལྟར་འཇོམས། འབྲོམ་ཁོ་འབུར་རེ་བྱུང་ཙ་ན་འཇོམས་འཚལ། ཇོ་བོ་འཇོམས་ལུགས་ཇི་ལྟར་བགྱིད། འབྲོམ་གཞི་གང་ན་འདུག །དབྱིབས་ཁ་དོག་ལ་སོགས་པ་ལ་དཔྱད། སྔ་མ་ཕྱི་མ་ལ་སོགས་པ་ལ་དཔྱད། འགྲོ་ས་དང་འབྱུང་ས་བཙལ། དེའི་དུས་སུ་ཁོ་མི་རྙེད། ཇོ་བོ་དེ་ཅི་ལགས། འབྲོམ་ཁོ་ཡོད་མ་མྱོང་བས་མ་རྙེད་པ་ཡིན། ཇོ་བོ་མ་རྙེད་ན་ཇི་ལྟར་བགྱི། འབྲོམ་རྣམ་རྟོག་ཆོས་དབྱིངས་སུ་བསྒྱུར་བྱ་བ་ཡིན། བཙལ་ནས་མ་རྙེད་ན་
ཆོས་དབྱིངས་ཡིན་པའི་རྟགས་ཡིན། དེ་ལ་གློད་ལ་ཞོག །ཇོ་བོ་ཡང་བྱུང་ན། འབྲོམ་ཡང་འབུར་འཇོམས་གྱིས་བྱ། འབྲོམ་སྡུག་བསྔལ་ལ་སོགས་པའི་རྣམ་རྟོག་བརྒྱ་བྱུང་ན། འཚོལ་ཐེབས་བརྒྱ་བྱས་པས་མི་རྙེད་པ་བརྒྱ་ཐམ་པ་ཡོང་། མ་རྙེད་པའི་དོན་རྙེད་པ་དེ་ཆོས་དབྱིངས་ཡིན། དེ་ལ་བླ་མ་ཨ་ཝ་ངྷཱུ་ཏི་པའི་ཞལ་ནས། རྣམ་རྟོག་ངོ་བོ་ཆོས་དབྱིངས་ཡིན། །བྱུང་ན་དགའ་སྟེ་བསྐུལ་འདེབས་བཟང་། །ཅི་ཕན་རྙེད་པར་མ་གྱུར་པས། གནས་ལུགས་ཡོ་ལངས་ཙམ་དུ་ཟད། ཅེས་གསུངས། འབྲོམ་དུས་གསུམ་སངས་རྒྱས་དགོངས་པ་ཁོང་ལ་ཡོད། འབྲོམ་ཁོ་བོས་ཀྱང་ཉི་མ་ཉིན་ལ་ཡང་བདག་འཛིན་ལ། མི་དགོས་དགུ་དགོས་རྣམ་པར་རྟོག་པ་བརྒྱ། འཕྲོས་མ་ཐག་ཏུ་གཉེན་པོ་བཙལ་བས་ཡེ་མ་རྙེད། ཆོས་བྱེད་པ་དབྱིངས་ཁོ་ན་ཡིན་པར་གདའ། གལ་ཏེ་ཡོད་ན་རྣམ་རྟོག་མང་ལུགས་ལ་གལ་ཏེ་གཅིག་ཙམ་མ་རྙེད་ཁྲིམས་ཡོད་དམ། གསུངས། ཡང་ཇོ་བོའི་ཞལ་ནས། བློ་ཐམས་ཅད་འདས་པའི་ཆ་དངོས་མེད། མ་འོངས་པའི་ཆ་ཡང་དངོས་མེད། ད་ལྟ་ཡང་དངོས་མེད། དངོས་
མེད་རང་སྟོང་དབུ་མ། དེ་ལྟར་གནས་པ་དེ་ལ་ཤེས་རབ་ཟེར་གསུངས། སྔོན་ཁམས་པ་གཅིག་ར་སྒྲེང་དུ་འོངས་ནས། གྲལ་བྱེད་ཁར་ཁོ་ན་རེ། ང་རང་སྟོང་ཉིད་བསྒོམ་པ་ཡིན་པས་གྲལ་འགོར་འགྲོ་ཟེར་སྐད། དེས་ན་གང་ཟག་གི་བདག་རིལ་པོར་བཞག་ནས་ཕྱིའི་ས་རྡོ་རི་ལ་སོགས་པ་རང་སྟོང་སྟོང་པོར་བྱས་པ་ཙམ་གྱིས་མི་ཕན་ཏེ། འབྲོམ་རིན་པོ་ཆེའི་ཞལ་ནས། ལ་ཁའི་ཕ་བོང་སྟོང་མི་སྟོང་འདྲ་ཏེ་རང་གི་སེམས་སྟོང་དགོས་པ་ཡིན་གསུངས། ཡང་ཁོང་གི་ཞལ་ནས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན། སེམས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན། སྟོང་པ་ཡེ་སྟོང་སྤྲོས་བྲལ་གྱི་རང་བཞིན་དུ་ཤེས་པ་ནི་ཡེ་ཤེས་ཡིན་གསུངས། དེ་བཞིན་དུ་འོ་སྐོལ་རྣམས་ཀྱང་ཡོད་ཡོད་ལྟ་བུའི་སྣང་བ་འཆར་བའི་བདག་འཛིན་རྣམ་རྟོག་སོགས་ལ་ཡང་ཡང་བརྟགས་ཤིང་དཔྱད་ནས་མ་རྙེད་པའི་ཚེ་བདག་འཛིན་རྣམ་རྟོག་སོགས་ཀྱང་མིང་གིས་ཕར་བཏགས་པ་ཙམ་ཞིག་མ་གཏོགས་པ་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་པ་ཉིད་དུ་ཤེས་པར་བྱ། པོ་ཏོ་བའི་གསུང་སྒྲོས་དཔེ་ཆོས་ལས། འོ་སྐོལ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱིས་
འཇིགས་པ་ལ། འཁོར་བའི་སྡུག་བསྔལ་ཐམས་ཅད་བདག་ཏུ་འཛིན་པ་ལས་བྱུང་བས། དེའི་གཉེན་པོར་བདག་མེད་ཀྱི་དོན་རྟོགས་དགོས་པས། ད་ང་ལ་གང་ཟག་གི་བདག་རྟག་པ་གཅིག་པུ་རང་དབང་ཅན་དེ་ལ། དངོས་པོ་ཅི་ལྟ་བུ་ཞིག་འདུག་བཙལ་ཏེ། དང་པོ་ལུས་འདི་ལ་གཟུགས་དྲུག་ལྷུ་བཅོ་བརྒྱད། མགོ་བོ་ཡ་ཐོད་མ་ཐོད་གཉིས་ཏེ་ཉི་ཤུར་ཕྱེ། དེ་ལས་ཀྱང་ཆ་ཤས་དུམ་བུར་ཕྱེས་ཏེ། བཤིགས་པས་བདག་གི་དངོས་པོ་ཅི་ཡང་མི་རྙེད་དེ། དེར་གཅིག་པུར་འཛིན་པའི་བློ་ལྡོག་སྟེ་དེ་ཀས་ཆོག་གསུངས། ཆོས་ཀྱི་བདག་ཤེས་བྱ་གཟུགས་ཅན་གཟུགས་མེད་གཉིས་སུ་འདུས་པས། དང་པོ་ཤེས་བྱ་གཟུགས་ཅན་གྱི་དངོས་པོ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཕྱོགས་ཆས་ཕྱེས་པའི་གཞུག་དངོས་པོ་ཅི་ཡང་མི་རྙེད། ཤེས་བྱ་གཟུགས་མེད་ཀྱི་དངོས་པོ་རང་གི་སེམས་སུ་འདུས་པས། སེམས་དུས་གསུམ་གྱིས་ཕྱེས་པས་དངོས་པོ་ཅི་ཡང་མི་རྙེད། སེམས་འདས་པ་ནི་འདས་ཟིན། མ་འོངས་པ་ནི་ད་དུང་མ་སྐྱེས། ད་ལྟའི་སེམས་ཕྱོགས་ན་མི་གདའ། ཡུལ་ན་མི་གནས། ཁ་དོག་དབྱིབས་སུ་མ་གྲུབ་པས།
ཤེས་བྱ་ལ་འཇུག་ས་མེད་པར་དེར་ཤེས་པ་དང་། ཤེས་བྱ་གཉིས་རང་བཞིན་མེད་པར་ནམ་མཁའ་ལྟར་སོང་བ་དེ་ལ། ཤེས་རབ་སྟོང་པ་ཉིད་ཟེར་བ་ཡིན། དེ་ལ་བདེན་རྫུན་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་དང་བྲལ་བས་དབུ་མ་ཞེས་ཟེར་བ་ཡིན་གསུངས། ནམ་མཁའ་རྣམ་པར་དག་པའི་དཀྱིལ་དེ་ངོས་བཟུང་ཐམས་ཅད་དང་བྲལ་བ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་ལ་ཐོས་བསམ་གྱིས་གཏན་ལ་དབབ་ཅིང་གཞིགས་པས། དངོས་པོ་ཅི་ཡང་མ་རྙེད་ཚེ་ཤེས་བྱ་དང་ཤེས་བྱེད་གཉིས་ཀ་རང་བཞིན་མེད་པར་ནམ་མཁའི་དཀྱིལ་ལྟར་སོང་བ་དེའི་ངང་ལ་མཉམ་པར་བཞག་སྟེ་བསྒོམ་པར་བྱའོ། །གསུངས། ཡང་པོ་ཏོ་བའི་གསུང་སྒྲོས་བཻ་བུམ་སྔོན་པོ་ལས། སོ་སོར་རྟོག་པའི་དཔྱད་པས་མ་རྙེད་པའི་ངང་དེ་ལ་ནམ་མཁའ་བཞིན་དུ་སྣང་སྟོང་དབྱེར་མེད་དུ་ཆམ་གྱིས་བག་རེ་བཏང་སྟེ་བསྒོམ་པར་བྱའོ། །དེ་ལ་ཅུང་ཞིག་གོམས་པ་དང་། རེས་སོ་སོར་རྟོག་པའི་དངོས་པོ་རྣམས་ལ་དཔྱོད། རེས་དཔྱད་པས་མ་རྙེད་པའི་ངང་མི་རྟོག་པར་འཇོག གསུངས། དེ་བཞིན་དུ་
འོ་སྐོལ་རྣམས་ཀྱིས་ཀྱང་བརྟགས་ཤིང་དཔྱད་ནས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མི་རྙེད་པར་ནམ་མཁའི་དཀྱིལ་ལྟར་སྟོང་སང་འབའ་ཞིག་ཏུ་གྱུར་པའི་ངང་དེ་ལ་མཉམ་པར་བཞག་པར་བྱ་སྟེ། སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་རང་གི་ཐུགས་སྲས་དགེ་འདུན་རྒྱལ་མཚན་ལ་གདམས་པའི་ཕྱག་ཆེན་ལས། མཉམ་བཞག་གི་ངང་ནས་ཤེས་པ་ཕྲ་མོ་ཞིག་གིས་དཔྱད་པས། ངེད་རང་ལ་ཇི་ལྟར་སྣང་བའི་མཉམ་པར་འཇོག་མཁན་གྱི་བུའམ། བདག་གམ། གང་ཟག་གམ། ང་རྡུལ་ཙམ་མེད་པར་སྟོང་ཆམ་གྱིས་འགྲོ་ལ། དེ་ལྟ་བུའི་སྟོང་སང་དེའི་དོན་སྤྱི་བློ་ལ་གསལ་བར་བྱས་ལ། གཞན་མ་སྤྲོས་པ་གང་ཡང་ཡིད་ལ་མི་བྱེད་པར་རྩེ་གཅིག་ཏུ་མཉམ་པར་བཞག །མེད་དགག་སྟོང་སང་དེའི་འཛིན་སྟངས་ཅུང་ཟད་ཞན་སོང་ན། མཉམ་ཞག་གི་ངང་ནས་སྔར་ལྟར་དཔྱད་ལ་རྩེ་གཅིག་ཏུ་བསྒོམ་པ་ནི་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །གསུངས། ཕྱག་ན་པདྨོའི་རྣམ་རོལ་རྒྱལ་དབང་ཐམས་ཅད་མཁྱེན་པར་མདོ་སྔགས་རབ་
འབྱམས་སྨྲ་བ་བྱམས་པ་རིན་ཆེན་གྱིས་བསྐུལ་ངོར་གདམས་པའི་འཇམ་དཔལ་ཞལ་ལུང་ལས། དཔེར་ན་ནམ་མཁའ་ཞེས་པ་བར་སྣང་གི་སྐྱ་སང་སང་བའི་སྟེང་དུ་དགག་བྱ་ཐོགས་རེག་དང་བྲལ་བ་ཙམ་ལ་བཞག་པ་ལྟར། དགག་བྱ་བདེན་གྲུབ་བཀག་ཙམ་གྱི་སྟོང་སང་མེད་དགག་ལ་ཆོས་གཞན་གྱིས་བར་མ་ཆོད་པ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་རྣལ་མ་ཡིན་ལ། སོ་སོར་དཔྱད་པ་ལ་བརྟེན་པའི་རང་སྟོབས་ཀྱིས་ཞི་གནས་དྲངས་ཏེ་ཡིད་ལ་བྱེད་པ་མེད་པའམ་མི་རྟོག་པ་ཡང་འདི་ཉིད་ལ་ངོས་འཛིན་ནོ་གསུངས། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། བཀའ་གདམས་ལྟ་བའི་ངོས་འཛིན་བདག་ལྟ་དང་། །འཛིན་སྟངས་འགལ་ཕྱིར་ཞེན་པའི་བློ་ཞེས་ཟེར། །མི་བསམ་མི་མནོ་ཡིད་ལ་མི་བྱེད་པ། །ལྟ་བའི་དངོས་གཞིར་མར་མེ་དཔལ་གསུངས། ཞེས་དགེ་ལུགས་པར་ཟུར་ཟ་མཛད་པ་ལ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ལན་གྱི་ཚུལ་དུ་གསུངས་པ། རྗེ་རིན་པོ་ཆེས་བཀའ་གདམས་ལྟ་བ་སྐྱོང་ཚུལ་སྟོང་པ་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྐྱོང་དགོས་པར་གསུངས་པ་དང་། ཇོ་བོས་དབུ་
མའི་མན་ངག་ཏུ། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་བསལ་ཏེ། ཇི་སྲིད་དུ་མཚན་མའི་རྣམ་པར་རྟོག་པའི་དགྲ་འམ་ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་གསུངས་པ་དང་མི་འགལ་ཏེ། ཇོ་བོའི་གསུང་དེ་དོན་ནི། གཅིག་ཏུ་བྲལ་ལ་སོགས་པའི་གཏན་ཚིག་རྣམས་ཀྱིས་ཆོས་རྣམས་བརྟགས་དོན་བཙལ་ནས་ཅི་ཡང་མ་རྙེད་པའི་ཚེ། བརྟགས་དོན་ཅི་ཡང་མ་རྙེད་པའི་སྟོང་སང་དེ་ཉིད་མ་གཏོགས་དགག་བྱ་བཀག་ཤུལ་དུ་སྒྲུབ་པའི་ཆོས་གང་ཡང་ཡིད་ལ་མི་བྱེད་པའི་དོན་ཡིན་གྱི། སྟོང་སང་དེ་ཉིད་ཀྱང་མ་མཐོང་ཞིང་ཡིད་ལ་མི་བྱེད་པ་ཡིན་ཏེ། དཔེར་ན་ཐོག་བཅས་ཀྱི་རེག་བྱ་བཀག་ཙམ་གྱིས་སྟོང་སང་མཐོང་བའི་ཚེ། ཐོག་བཅས་ཅུང་ཟད་ཙམ་ཡང་མ་མཐོང་ཞིང་སྟོང་སང་དེ་ཉིད་མཐོང་བ་ལ་ནམ་མཁའ་མཐོང་བའི་ཐ་སྙད་བཏགས་པའི་ཕྱིར་ཏེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་
ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །མཐོང་བ་དཔེ་གཞན་གྱིས་ནི་སྙེད་པར་ནུས་མ་ཡིན། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །གསུངས་པ་ཡང་སྟོང་ཉིད་མཐོང་བ་ལ་བྱེད་པས། སྟོང་པ་ཉིད་ལ་མཉམ་པར་བཞག་པའི་ཚེ། བདེན་གྲུབ་རྣམ་པར་བཅད་ཙམ་གྱི་མེད་དགག་སྟོང་སང་དེ་ཉིད་མཐོང་བ་དང་། དེ་ཡིད་ལ་བྱེད་པ་ཞེས་པའི་ཐ་སྙད་བྱའི། ཡུལ་ཅི་ཡང་མི་མཐོང་ཞིང་ཅི་ཡང་ཡིད་ལ་མི་བྱེད་པ་ཞེས་ཐ་སྙད་སྦྱར་བར་མི་བྱའོ་གསུངས། རྒྱལ་བ་སྐལ་བཟང་རྒྱ་མཚོས་བླ་མ་བཀྲ་ཤིས་བདེ་ལེགས་ལ་གདམས་པའི་མགུར་ལས། གལ་ཏེ་ང་ཞེས་ཕུང་པོའི་སྟེང་ཉིད་དུ། །མིང་ཙམ་མིན་པར་རང་ཉིད་ཡོད་གྱུར་ན། །གཞན་ལ་རག་ལས་ལྟོས་གྲུབ་མི་རུང་བས། །བདག་ཕུང་ཤར་ནུབ་རི་བཞིན་འབྲེལ་མེད་འགྱུར། །གཞན་ཡང་གཅིག་དང་དུ་མ་རྒྱུ་
འབྲས་སོགས། །རྣམ་པར་བརྟགས་པས་ངེས་ངོར་དཔྱད་བྱའི་ཆོས། །རྡུལ་ཙམ་མི་དམིགས་དམིགས་གཏད་ཞིག་པ་ཡི། །སྟོང་སང་མཁའ་ལྟར་ཤར་བའི་ཤེས་རབ་དེ། །ལྟ་བ་དངོས་ཡིན་དེ་དང་དུས་མཚུངས་སུ། །མི་བརྗེད་དྲན་པས་ཅེར་བཟུང་ཤེས་བཞིན་གྱིས། །རྒྱང་སོ་བཙུགས་ནས་ཏིང་འཛིན་བརྟན་པོ་ཡི། །བདེ་གསལ་མི་རྟོག་བསྒོམ་ཀྱི་ཡང་རྩེར་སོན། །དེ་ལྟར་རྩེ་གཅིག་འཇོག་དང་ཡང་ནས་ཡང་། །དཔྱད་པས་ངེས་ཤེས་ཤུགས་དྲག་རྡོ་རྗེ་ལྟར། །མི་ཤིག་རྩེ་མོ་བརྒྱ་པའི་མཚོན་ཆ་ཡིས། །བདག་འཛིན་རི་བོ་འཇོམས་པར་གདོན་མི་ཟ། གསུངས། དེས་ན་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་དོ་སྙམ་པའི་དམ་བཅས་པ་ཙམ་གྱིས་ཀྱང་མི་ཆོག །ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་ཙམ་དུ་བསྡད་པས་ཀྱང་མི་ཡོང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་ནས། འཁོར་བའི་རྩ་བ་བདག་འཛིན་སོགས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མི་རྙེད་པར་སྟོང་པ་ཉིད་དུ་ཆམ་གྱིས་སོང་བའི་ཚེ། སྟོང་སང་དེ་ཉིད་ཀྱི་ངང་དུ་མཉམ་པར་བཞག་པར་བྱ།
ཡང་བྱིང་རྒོད་ཀྱིས་བར་ཆོད་ནས་མི་ངེས་པར་གྱུར་ན་སྔར་ལྟར་དཔྱད་ནས་སྟོང་སང་འབའ་ཞིག་ཏུ་ངེས་ཚེ་ངེས་ཤེས་དེ་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པ་ནི་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ཡིན། དེ་ལྟར་མཉམ་པར་བཞག་པས་རྗེས་ཐོབ་ཏུ་ཇི་ལྟར་བལྟ་བར་བྱ་སྙམ་ན། པོ་ཏོ་བའི་གསུང་སྒྲོས་ལས། དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་སྐྱེས་པ་དང་བུད་མེད། རྟ་དང་གླང་པོ་ལ་སོགས་པ་སྤྲུལ་བའི་ཚེ། སྒྱུ་མ་མཁན་པོར་སྣང་བ་ཡོད་ཀྱང་ཞེན་པ་མེད་དེ། བྱེད་མཁན་ཁོ་རང་ཡིན་པ་ལྟར། དཔེ་དེ་བཞིན་དུ་འོ་སྐོལ་གྱིས་མཉམ་བཞག་ལ་ཆོས་ཐམས་ཅད་སྟོང་པ་བདག་མེད་པ་ནམ་མཁའི་དཀྱིལ་ལྟར་བསྒོམས་པའི་རྗེས་ཐོབ་ལ། རང་སེམས་འཁྲུལ་པའི་རྣམ་རྟོག་གིས་བྱས་པ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ལ་ཞེན་འཛིན་མེད་པ་སྒྱུ་མ་མཁན་ལྟ་བུའི་ཤེས་པས་དཔྱད་པར་བྱ་སྟེ། སྲིད་གསུམ་སྐྲ་ཤད་འཛིངས་པ་འདྲ། །སྨིག་རྒྱུའི་ཆུ་ལྟར་ནོར་བ་སྟེ། །རྨི་ལམ་སྒྱུ་མ་ལྟ་བུ་རུ། །བསྒོམས་ན་རྣམ་པར་གྲོལ་བར་འགྱུར། །ཞེས་གསུངས། དེས་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་རྟ་གླང་སོགས་ཀྱི་གཟུགས་སྣང་བ་
རྣམས་ལ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཡེ་ནས་སྟོང་ཀྱང་རྫས་སྔགས་བཟང་ངན་གྱི་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས། སྒྱུ་མའི་སྣང་བ་བཟང་ངན་སྣ་ཚོགས་སུ་སྣང་ནས། འགྲོ་འོང་སྐྱེ་འཆི་སོགས་མངོན་སུམ་དུ་སྣང་བ་ལྟར། ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་དེ་ཡེ་ནས་སྟོང་ཀྱང་། ལས་བཟང་ངན་གྱི་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་རྣམ་པ་མ་འགག བཟང་ངན་མ་འདྲེས། བདེ་སྡུག་མ་འཆོལ་བར་སོ་སོར་སྣང་ནས་ཉམས་སུ་མྱོང་བའི་ཚུལ་ལ་བསམས་ནས། ལས་རྒྱུ་འབྲས་མི་བསླུ་བདེན་པ་ལ་ངེས་ཤེས་དྲངས་ནས། སྒྱུ་མ་མཁན་གྱིས་སྒྱུ་མའི་སྣང་བ་རང་བཞིན་གྱིས་མ་གྲུབ་པར་ཤེས་བཞིན་དུ་རང་གཞན་གང་གི་དོན་དུ་ཡང་། རྟ་གླང་སོགས་སྒྱུ་མའི་སྣང་བ་སྣ་ཚོགས་སྤྲུལ་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ཚུགས་ཐུབ་བདེན་གྲུབ་དངོས་པོ་ཚད་མར་མ་གྲུབ་པར་ཤེས་བཞིན་དུ་རང་གཞན་གཉིས་ཀའི་དོན་དུ་ཚོགས་བསག་སྒྲིབ་སྦྱོང་སོགས་སྤྱོད་ཕྱོགས་རྣམས་ལ་ཡང་བརྩོན་པར་བྱའོ། །དེ་ལྟར་མཉམ་
བཞག་ཏུ་ཤེས་རབ་སྟོང་པ་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་ཐབས་ཀྱི་ཆ་རྣམས་ལ་འབད་ན་རིང་པོར་མི་ཐོགས་པར། བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས། ལས་ཉོན་དང་ཤེས་བྱའི་སྒྲིབ་པ་དག །ཆོས་སྐུ་དང་གཟུགས་སྐུ་མངོན་དུ་བྱས། རང་དོན་དང་གཞན་དོན་གཉིས་ཀ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ཞེས་རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས་ཞལ་མཐུན་པར་གསུངས་སོ། །དེས་ན་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ལ་བརྩོན་པར་མཛོད་ཅིག ༈ ད་ནི་ཐབས་མཁས་བསྡུ་བ་རྣམ་བཞིའི་སྒོ་ནས་གཞན་དོན་བྱ་ཚུལ་ནི། སྔོན་དུས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཡོངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུས། ཐོག་མར་གར་བཞུགས་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ལྟ་བུར་སྤྲུལ། ཟས་གོས་སོགས་ཅི་འདོད་ཀྱི་ཆར་ཕབ་ནས་གང་མཁོ་བ་སྦྱིན་ཏེ། གདུལ་བྱ་བཀྲེས་སྐོམ་གྲང་བས་གདུངས་པ་རྣམས་ཀྱང་ལུས་སེམས་ཚིམ་པར་བྱས། དེ་ནས་རྣར་སྙན་ཡིད་ལ་འབབ་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཡིད་སྤྲོ་བར་བྱས། དེ་ནས་གདུལ་བྱ་གང་ལ་
གང་འཚམས་ཀྱི་ཆོས་ལ་སྤྱོད་དུ་བཅུག །དེ་ནས་ཉིད་ཀྱིས་ཀྱང་དེ་དང་མཐུན་པའི་ཆོས་ལ་རྟག་ཏུ་གནས་པར་མཛད་དེ་ཐབས་མཁས་བསྡུ་བ་རྣམ་པ་བཞིའི་སྒོ་ནས་འགྲོ་བ་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་བཞིན་དུ་སྔོན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཀྱིས་ཀྱང་། ཐོག་མར་གདུལ་བྱ་ལ་མཁོ་བ་ཡང་སྦྱིན། དེ་ནས་ཆོས་ཀྱི་དོན་སྙན་པར་སྨྲས། དེ་ནས་གདུལ་བྱ་ལ་དེ་ལྟར་དུ་སྤྱོད་དུ་བཅུག །རང་ཡང་དེ་དང་མཐུན་པར་མཛད་དེ་བསྡུ་བཞི་ལ་བརྟེན་ནས་འགྲོ་དོན་མཛད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་དམུ་རྒོད་གདུལ་དཀའི་སྙིགས་དུས་འགྲོ་བ་ཉམ་ཐག་རྣམས་ཀྱི་དོན་གང་ནུས་རེ་བྱ་དུས། ཐོག་མར་ཟང་ཟིང་གི་མཁོ་བ་སྦྱིན་ནས་འཁོར་དུ་བསྡུ། དེ་ནས་ཁམས་འདྲི་བ་སོགས་འཇིག་རྟེན་དང་མཐུན་པའི་གཏམ་སྨྲས། དེ་ནས་སྡིག་པ་སྤངས་ཤིང་དགེ་བ་སྣ་རེ་ཙམ་བསྒྲུབས་པའི་ཕན་ཡོན་སོགས་ཀྱི་སྙན་པ་སྨྲས་ནས་ཡིད་སྤྲོ་བར་བྱས། སྡིག་པ་སྣ་རེ་སྤོང་བ་དང་དགེ་བ་སྣ་རེ་ཙམ་སྒྲུབ་པ་ཡན་ཆད་ཀྱི་དོན་ལ་སྤྱོད་དུ་འཇུག །རང་གིས་ཀྱང་དོན་དེ་དང་མཐུན་པའི་ཉམས་ལེན་མ་བྱས་ན་ཕ་རོལ་
གདུལ་བྱ་དེས་ཀྱང་དགེ་བ་ལ་མི་སྤྱོད་པས་རང་གིས་ཀྱང་ཕ་རོལ་གྱི་གདུལ་བྱ་དེ་ལས་ལྷག་གམ། མ་མཐའ་དེ་དང་མཉམ་པའི་དགེ་བ་ལ་སྤྱོད། མདོར་ན་མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་དུ་འཇུག་པ། དོན་དེ་དང་མཐུན་པར་བྱ་བ་སྟེ། ཐབས་མཁས་བསྡུ་བ་བཞི་ཡི་སྒོ་ནས་འགྲོ་བའི་དོན་ལ་བརྩོན་པར་བྱའོ། །སྔོན་བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་རིན་པོ་ཆེས་དུས་རྟག་ཏུ་ནོར་རྫས་བདག་ཏུ་མི་འཛིན་པར་གཞན་གང་མཁོ་ལ་ཕངས་པ་མེད་པར་སྦྱིན། གནོད་སྐྱེལ་པ་ལ་ཡང་ཕན་བཏགས། མི་སྙན་བརྗོད་པ་ལའང་གཏམ་སྙན་སྨྲས། སྐྱོན་མཐོང་ཡང་ཡོན་ཏན་དུ་བསྒྱུར་ནས་བརྗོད། ཁྲིམས་འཆལ་དམ་ཉམས་ལ་ཡང་མི་སྙན་པ་མི་སྨྲ། བོན་སྔགས་སོགས་ཆོས་ལུགས་གྲུབ་མཐའ་མི་གཅིག་པ་ལ་ཡང་ཁ་མི་གཏོང་བར་མ་ཟད་དེ་དག་གི་ཆོས་དང་གང་ཟག་ལ་ཡང་བསྔགས་པ་བརྗོད། རྟག་ཏུ་དམན་ས་བཟུང་གཞན་ཐམས་ཅད་སྤྱི་བོར་བཀུར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་གང་འཚམས་ཀྱི་ཆོས་གསུངས་པས་མཐར་བོན་པོ་སྔགས་པ་རྒྱ་མི་ལ་སོགས་པའི་གདུལ་བྱ་དཔག་མེད་འདུས།
བླ་མ་ན་བླ་མ་ཨ་རིག་དགེ་བཤེས་བླ་མ་རེད་ཅེས་རྒྱ་ཟ་ལར་ཡན་ཆད་ཀྱིས་སྙན་པ་དང་གྲགས་པ་ཕྱོགས་བཅུར་བསྒྲགས། མཐོང་ཐོས་དྲན་རེག་གི་སེམས་ཅན་རྣམས་དད་པའི་སྤུ་ལོང་གཡོ་ཞིང་བྱང་ཆུབ་མཆོག་གི་ས་བོན་རྒྱུད་ལ་བསྐྲུན་པར་མཛད། འབྲེལ་ཚད་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད་ནས་ཞིང་ཁམས་གཞན་དུ་གཤེགས་པར་གྱུར་ན་ཡང་ད་དུང་ཨམ་མདོ་ཕྱོགས་ཀྱི་སྐྱ་སེར་ཕོ་མོ་ཕལ་ཆེར་གྱིས་དམ་པ་དེ་ཉིད་ཀྱི་གང་གསུངས་རྡོ་རྗེའི་ཚིག་རྣམས་ཉིན་རེ་བཞིན་གླེང་ཞིང་རྣམ་དཀར་དགེ་བ་སྒྲུབ་པ་མང་པོ་གདའ། ཡང་བདག་གི་བླ་མ་ཆོས་རྒྱལ་ངག་གི་དབང་པོ་ཞེས་བྱ་བ་དེ་ཉིད་ཀྱིས་ཀྱང་གཞན་གདུལ་བྱ་སུ་བྱུང་ཡང་རྗེས་སུ་འཛིན་ཅིང་ཟས་གོས་སོགས་གང་མཁོ་བ་སྦྱིན། དཔེ་ཆ་ཡང་གང་མཁོ་བ་ལ་བལྟ་རུ་བཅུག བྲིས་ནས་གནང་། ཆོས་ཀྱང་འདི་མི་མཁྱེན་དང་འདིའི་དབང་ལུང་ཁྲིད་གསུམ་མེད་ཅེས་བྱ་བ་མེད་པས་གདུལ་བྱ་གང་འདོད་ཀྱི་དམ་པའི་ཆོས་ཉིན་མཚན་བར་མ་ཆད་དུ་གསུངས་ནའང་ཐུགས་སྐྱོ་ངལ་སུན་པ་མེད། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས་ཁོང་གིས་རྗེས་
སུ་བཟུང་བ་ཞིག་ལ་ལེགས་པོ་མ་བྱུང་བ་གཅིག་ཀྱང་མེད། ཐམས་ཅད་མཁས་བཙུན་བཟང་གསུམ་གྲུབ་པ་ཐོབ་པ་ཤ་སྟག་བྱུང་། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་། དངོས་དང་བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་དེ་དག་ལ་ཁ་མིག་ཡར་བལྟ་བྱས་གཞན་གྱི་དོན་ལ་ཡང་ཅི་ནུས་སུ་བསླབས་ན། བསྟན་པ་དང་འགྲོ་བ་ཡོངས་ལ་ཡང་དངོས་སམ་བརྒྱུད་ནས་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ཞིང་། རང་དོན་ཡང་ཤུགས་ཀྱིས་འགྲུབ་པར་འགྱུར་བས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་འཕྲལ་དུ་ལག་ལེན་ལ་ཅི་ཐེབས་མཛོད་ཅིག ༈ སྨྲས་པ། མཉམ་མེད་བུ་རམ་ཤིང་པའི་ཞལ་སྔ་ནས། །རྣམ་མཁྱེན་གོ་འཕང་འཐོབ་ཐབས་གང་གསུངས་པ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རུ། །བསྡུས་ནས་བཀའ་གདམས་གསུང་བཞིན་བཤད་ཚར་སོང་། །འཁོར་བ་མེ་འོབས་སྲིན་གླིང་དུག་སྦྲུལ་ཚང་། །བཙོན་ར་ལྟར་མཐོང་ཐར་པ་དོན་གཉེར་བློ། །ཤུགས་དྲགས་གིས་བསྐྱོད་འཁོར་བར་སྐྱེ་བའི་རྒྱུ། །སྤོང་ཕྱིར་བསླབ་གསུམ་རྣམ་དག་ཉམས་བླངས་ནས། །རང་ཉིད་ཐར་པའི་གོ་འཕང་ཐོབ་པའི་གདེང་། །ཡོད་པའི་སྐལ་བཟང་སྐྱེ་བོ་ཕོ་མོས་
ཀྱང་། །ད་དུང་ནུས་ན་ལམ་ལ་སློབ་དགོས་པས། །དེ་ཙམ་ཞིག་གིས་ཆོག་ཤེས་བྱ་མི་རིགས། །གཏན་བདེ་ཐར་པའི་གྲོང་ཁྱེར་བསྒྲོད་འདོད་ཀྱང་། །ཤེས་རབ་མིག་མེད་དགེ་བའི་བཤེས་གཉེན་གྱི། །ལོང་ཁྲིད་མེད་ཅིང་ཆོས་ཀྱི་མཁར་བ་བྲལ། །སྐྱེ་རྒ་ན་འཆིའི་ལམ་གྱི་བཞི་མདོར་ཉལ། །ལས་ངན་སས་བརླན་ཉོན་མོངས་ཆར་གྱིས་སྦངས། །སྡུག་བསྔལ་གསུམ་གྱི་ཚ་གྲང་བཀྲེས་སྐོམ་གྱིས། །ཤིན་ཏུ་ཉམ་ཐག་གནས་སུ་གྱུར་པ་ཡི། །མ་རིག་དམུས་ལོང་འགྲོ་དྲུག་ཕ་མ་ལ། །ཕྱི་མིག་ཙམ་ཡང་མི་བལྟ་ཡལ་བར་དོར། །རང་ཉིད་བསླབ་གསུམ་ཐེམས་སྐས་ལ་བརྟེན་ནས། །ཐར་པའི་ཁང་བཟང་ནང་དུ་ཞུགས་སོང་ན། །དེ་བས་བུ་ངན་ཁྲེལ་མེད་གཞན་ན་གང་། །ཐར་པ་ཐོབ་ཀྱང་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་མ་ཐོབ་གཞན་དོན་ཕར་ལ་ཞོག །རང་དོན་ཉི་ཚེ་ཙམ་ལས་མི་འབྱུང་བས། །དེ་ཕྱིར་ཐར་པ་ཙམ་གྱིས་ཆོག་ཤེས་ནས། །མ་སྡོད་དགེ་བའི་བཤེས་གཉེན་དེད་དཔོན་བསྟེན། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་གྲུ་གཟིངས་སྡོམས། །རླབས་ཆེན་ཚོགས་གཉིས་དར་ཆེན་རབ་ཕྱར་ནས། །
ཀུན་མཁྱེན་ནོར་བུ་ལེན་དུ་ད་ཆོས་ཤིག །དགེ་བའི་བཤེས་གཉེན་དེད་དཔོན་བཀའ་དྲིན་ལ། །བསྟེན་ནས་སྲིད་ཞིའི་དབུལ་འཕོངས་ཀུན་སེལ་བའི། །ཐམས་ཅད་མཁྱེན་པའི་ནོར་བུ་ལེན་པའི་ཚུལ། །གོ་སླའི་ངག་གིས་ལེགས་པར་བཤད་ཟིན་ནས། །ད་ནི་ཡིད་བཞིན་ནོར་བུ་ལས་ལྷག་པའི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡི། །གདམས་པ་འདི་ཉིད་ཉམས་སུ་ལེན་པའི་ཚེ། །མཇུག་དང་ཐུན་མཚམས་ཇི་ལྟར་བྱ་ཚུལ་བཤད། །དེ་ཡང་མཇུག་ཏུ་ཇི་ལྟར་བྱ་ཚུལ་ནི། སྔོན་གྱི་བཀའ་གདམས་བླ་མ་གོང་མ་རྣམས་ཀྱིས་འདི་ལྟ་བུའི་གདམས་པ་ཟབ་མོས་རྒྱུད་སྦྱངས་ནས་མཇུག་ཏུ། དེ་ལས་བྱུང་བའི་དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བ་མཛད་པ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་ཉིན་རེ་བཞིན་འདི་ལྟ་བུའི་ལམ་ཡོངས་རྫོགས་སམ། ཡང་ན་བཤེས་གཉེན་བསྟེན་ཚུལ་ལྟ་བུ་རེ་རེ་ཙམ་གྱིས་རྒྱུད་སྦྱངས་ནས་མཇུག་ཏུ། དེ་ལས་བྱུང་བའི་དགེ་བ་རྣམས་བཟང་སྤྱོད་དང་སྨོན་ལམ་བདུན་ཅུ་པ་ལ་སོགས་ཀྱི་སྒོ་ནས་བསྔོ་སྨོན་རྣམ་དག་གིས་མཚམས་སྦྱོར་བྱེད་པ་གལ་ཆེ་སྟེ། སྔོན་ལུང་པ་ཞིག་
གི་ཕུ་ན་སྤྲེའུ་ཞིག་ལ། སྤྲེའུའི་འཁོར་སྟོང་གིས་བསྐོར་བ་མཁས་ཤིང་གསལ་བ་ཞིག་ཡོད་པ། དུས་ནམ་ཞིག་རྒྱལ་པོའི་དཔུང་གི་ཚོགས་དང་བཅས། སྤྲེའུའི་མཐའ་ནས་བསྐོར་ཏེ་གསོད་ལ་ཉེ་བའི་ཚེ། སྤྲེའུའི་ཀུན་བྲོས་པས། ཆུ་ཆེན་པོ་ཞིག་ཡོད་པ་ལ་མ་ཐར་ཚེ། སྤྲེའུའི་དཔོན་པོ་དེ་ཆུར་ཞུགས་ཏེ་སྦ་ལ་འཇུས་ནས། གཞན་རྣམས་ལ་ངའི་རྒྱབ་ལ་མཆོངས་ལ་ཆུའི་ཕ་རོལ་ཏུ་སོང་བྱས་པས། ཀུན་གྱིས་དེ་ལྟར་བྱས་པས་སོར་མོ་རྣམས་ཀྱིས་རྒྱབ་བསྣད་པས་པགས་པ་རལ། ཤ་ཁྲག་རུས་པ་བསྣད་ཀྱང་བརྩོན་པ་མ་བཏང་བར་སྤྲེའུ་ཀུན་བསྒྲལ། སྤྲེའུའི་ཕྲུག་གུ་གཅིག་རྒྱབ་ན་འདུག་པ་ཡང་ཆུའི་ཕར་ཁར་བཏོན། འཆི་དུས་རི་དྭགས་འདི་རྣམས་བསྐྱབས་པའི་དགེ་བའི་མཐུས། བདག་སངས་རྒྱས་པའི་ཚེ་ན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་ཤོག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་སྤྲེའུའི་དཔོན་པོ་དེ་ཕྱིས་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར། སྤྲེའུ་རྣམས་འཁོར་རྣམས་སུ་གྱུར། སྤྲེལ་ཕྲུག་དེ་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བར་གྱུར་ཏོ། །ཡང་སྔོན་མུ་ཏོ་བའི་དཔོན་ཞིག་གིས་འཕགས་པ་རང་
སངས་རྒྱས་ཤིག་ལ་དད་ནས་གུས་པས་སྣུམ་འཁུར་ཞིག་ཕུལ་ལོ། །དེས་བླངས་ནས་སྟེང་གི་ནམ་མཁའ་ལ་འཕགས་ནས། འབར་བ་དང་གསལ་བ་དང་ཆར་འབབ་པ་དང་གློག་འབྱིན་པའི་ཆོ་འཕྲུལ་བསྟན་པ་མཐོང་ནས་རབ་ཏུ་དད་ནས། དེའི་རྐང་པ་ལ་གཏུགས་ནས། བདག་གི་དགེ་བའི་རྩ་བ་འདིས་བདག་མིའི་རྒྱལ་པོར་གྱུར་ཏེ། འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་ལ་བསྙེན་བཀུར་ཞིང་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། མུ་ཏོ་བ་གཞན་ཕྱི་བཞིན་འབྲང་བ་རྣམས་ཀྱིས་ཁྱོད་རྒྱལ་པོར་གྱུར་པ་ན། བདག་ཅག་ཀྱང་ཁྱེད་ཀྱི་འཁོར་གྱི་གཙོ་བོར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས། ཕྱིས་མུ་ཏོ་བའི་དཔོན་པོ་དེ་ཤཱཀྱའི་རྒྱལ་པོ་བཟང་ལྡན་དུ་གྱུར། མུ་ཏོ་བ་གཞན་རྣམས་ཀྱང་ཤཱཀྱ་ལྔ་བརྒྱ་རུ་གྱུར་ནས་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་རྒྱ་ཆེར་བྱས་ཐམས་ཅད་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནས་བདེན་པ་མཐོང་། ཡང་སྔོན་བྲམ་ཟེའི་བུ་མོ་ཞིབ་མ་མོ་ཞེས་བྱ་བས། མིང་པོ་རང་སངས་རྒྱས་ཤིག་ཡོད་པ་ལ་རས་ཡུག་ཆེན་པོ་གཅིག་བསྐོན་ཏེ། ཁབ་དང་གྲི་དང་སྐུད་པ་ཡང་ཕུལ་ལོ། །དེས་
བླངས་ཏེ་རས་ཡུག་ཆེན་པོ་འདྲ་བར་བརྩམས་པ་དང་། གྲི་དེས་རྣོ་བར་ཆོད་པ་དང་། ཞིབ་མ་མོས་བདག་གི་དགེ་བའི་རྩ་བ་འདིས་ཤེས་རབ་རྣོ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། དེ་བཞིན་དུ་ཁབ་ཀྱིས་ཟབ་མོར་ཕིགས་པ་ལ། ཤེས་རབ་ཟབ་མོར་གྱུར་ཅིག་ཅེས་སྨོན་ལམ་བཏབ། སྐུད་པས་ཐལ་བྱུང་དུ་འདྲུབ་པ་དང་། བདག་ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུས། ཕྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་དུས་ཤེས་རབ་ཅན་ཀུན་གྱི་མཆོག་གྱུར་འཕགས་པ་ཤཱ་རིའི་བུར་གྱུར། སྔོན་རང་སངས་རྒྱས་འོད་ཟེར་ཅན་ཞེས་བྱ་བས་ཞལ་ཟས་གསོལ་ཚེ་གཞོན་ནུ་འོད་ཟེར་ལྡན་གྱིས་གདུ་བུ་ཕུད་ནས་ལྷུང་བཟེད་ཀྱི་གཞིར་བཞག་པས་ལྷུང་བཟེད་མི་གཡོ་བར་འདུག་པ་མཐོང་ནས། འདིས་ནི་ལྷུང་བཟེད་མི་གཡོ་བ་བཞིན་དུ། དགེ་བའི་རྩ་བ་འདིས་བདག་གི་རྒྱུད་ལ་ཆོས་ཅི་ཡོད་པ་མི་གཡོ་བར་གནས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ཕྱིས་སངས་རྒྱས་ཀྱི་ཉེ་གནས་ཀུན་དགའ་བོར་གྱུར་ནས་སངས་རྒྱས་ཀྱིས་ཆོས་གང་གསུངས་པ་རྣམས་མི་བརྗེད་པར་གྱུར། སྔོན་
དབུལ་མོ་གཉེན་དགའ་མོས་མར་བསླངས་ནས་གྱོ་རལ་ཞིག་གི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ལ་མར་མེ་ཆུང་ངུ་ཞིག་ཕུལ་ནས། དགེ་བའི་རྩ་བ་འདིས་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། འཇིག་རྟེན་དུ་སྟོན་པ་ཤཱཀྱ་ཐུབ་པ་ཇི་ལྟ་བ་དེ་བཞིན་དུ་བདག་ཀྱང་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ། བུ་མོ་འདི་ནི་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་འོད་ཅེས་བྱ་བ་དབང་བཅུ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་པ་བྱུང་། སྔོན་བུད་མེད་དྷ་ཀས་སངས་རྒྱས་བསོད་ནམས་སྐྱབས་ཀྱི་དྲུང་ནས་ཆོས་ཐོབ་ནས་རྣམ་པར་གྲོལ་བའི་སྨོན་ལམ་བཏབ་པས། ཕྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་དུས་བུ་མོ་དཀར་མོ་ཞེས་བྱ་བར་གྱུར་པ་སངས་རྒྱས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་རིང་པོར་མ་ལོན་པར་དགྲ་བཅོམ་མ་དགེ་སློང་མ་དཀར་མོ་ཞེས་བྱ་བར་གྱུར། སྔོན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་འཁོར་བཅས་ཀྱིས་བསྙེན་བཀུར་དཔག་མེད་བྱས་ནས། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་
བསྔོར་བཅུག་པས། དེ་བཞིན་གཤེགས་པ་འོད་དཔག་མེད་དུ་གྱུར། དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནམ་མཁས་བསྙེན་བཀུར་དཔག་མེད་མཛད་ནས། དེ་བཞིན་གཤེགས་པ་ཞིང་གཞན་དུ་གཤེགས་པ་དང་། དགེ་བའི་རྩ་བ་གང་དུ་བསྔོ་ཐེ་ཚོམ་དུ་གྱུར་པ་ན། དེ་བཞིན་གཤེགས་པ་དེས་སྤྲུལ་པ་ཞིག་བཏང་སྟེ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོར་བཅུག་པས་རྗེ་བཙུན་འཇམ་པའི་དབྱངས་སུ་གྱུར། སྔོན་ཡུལ་དབུས་ཀྱི་རྒྱལ་པོ་གོས་སྦྱིན་གྱིས། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་བཅས་ལ་བསྙེན་བཀུར་བྱས་ནས། དགེ་བའི་རྩ་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པར་བསྔོས་ནས་དུང་ཕུལ་བས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་དུ་འགྱུར་བར་ལུང་བསྟན་པ་དང་། དེ་ལ་འགྲན་སེམས་ཀྱིས་མཐའི་རྒྱལ་པོ་ནོར་ལྡན་གྱིས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་བཅས་གདན་དྲངས་ཏེ་བསྙེན་བཀུར་ནས། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པས། བཅོམ་ལྡན་འདས་མགོན་པོ་བྱམས་པར་འགྱུར་བར་ལུང་བསྟན་པ་
བྱུང་། སྔོན་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་རང་གི་སངས་རྒྱས་ཀྱི་ཞིང་ཁམས་བཟུང་བ་ཇི་བཞིན་དུ་བདག་ཀྱང་སྨོན་ལམ་འདེབས་ཀྱི་འགྲུབ་པར་གྱུར་ཅིག་ཅེས་བརྗོད་པས་བདེ་བ་ཅན་གྱི་ཞིང་ཁམས་གྲུབ་པར་གྱུར། དགེ་སློང་བརྟུལ་ཞུགས་མཆོག་ཏུ་གྱུར་པ་ཞིག་གིས་ཡུལ་ཏ་རའི་རྒྱལ་པོར་སྐྱེ་བར་སྨོན་ལམ་བཏབ་པ་ལ། བཅོམ་ལྡན་འདས་ཀྱིས་སྡོམ་བརྩོན་དེ་ནི་བློ་ཆུང་ངོ་ཞེས་གསུངས། ཡུལ་མ་ག་དྷའི་སེར་བསྲུང་སྔགས་པ་གཅིག་གིས། བུམ་པ་བཟང་པོ་ལྟ་བུའི་དགེ་འདུན་ལ་གདུགས་ཚོད་དྲངས་ནས་ཀླུའི་རྒྱལ་པོ་རབ་བཟང་གི་འཁོར་དུ་ཀླུ་གདུག་པ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་པས་ཀླུའི་རྒྱལ་པོ་སོག་མ་མེད་དུ་གྱུར། བྲམ་ཟེའི་ཁྱེའུ་ཀུན་སྙོམས་ཀྱིས་དགེ་བའི་རྩ་བ་རྒྱ་ཆེན་པོ་བྱས་ཏེ་གླང་པོ་ཆེར་སྐྱེ་བར་སྨོན་ལམ་བཏབ་པས་གླང་པོ་ཆེ་ས་སྲུངས་ཀྱི་བུར་གྱུར། བྲམ་ཟེ་སྦྱིན་པ་ལ་དགའ་བ་ཞིག་གིས་མཆོད་རྟེན་གཅིག་ལ་རི་མོ་སྣ་ཚོགས་བྲིས་ནས། འདོད་ཁམས་ན་གཟུགས་ཆེ་བ་ཞིག་ཏུ་སྐྱེ་བར་གྱུར་ཅིག་བྱས་པས། ལྷ་མ་ཡིན་གྱི་གྲོང་ཁྱེར་འོད་ཅན་ཞེས་པ་ལ་དབང་བྱེད་པ་
ལ་ལུས་ཕྱིའི་རྒྱ་མཚོ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་སུ་སླེབས་པ་ཞིག་ཏུ་སྐྱེས། སྔོན་དྲང་སྲོང་ཞིག་ལ་ཉེས་པ་མེད་བཞིན་དུ་རྒྱལ་པོ་ཞིག་གིས་ཁྲིམས་བཅད་ནས་བསད་པས་སྨོན་ལམ་ལོག་པ་བཏབ་པས་ཁྱབ་འཇུག་ཏུ་གྱུར། སྔོན་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ཚར་ནས་ཀུན་གྱིས་སྨོན་ལམ་འདེབས་པའི་ནང་དུ་ས་སྐྱེལ་བའི་གླང་ཞིག་ཡོད་པ་མ་བཞག་པས་གླང་ཁྲོས་ནས་སྨོན་ལམ་ལོག་པ་བཏབ་པས་རྒྱལ་པོ་གླང་དར་དུ་གྱུར། དེས་ན་དགེ་བ་གང་བྱས་ཀྱི་མཇུག་དང་རང་དགར་ཡང་བསྔོ་བ་སྨོན་ལམ་དམན་པ་དང་ལོག་པ་འདེབས་མི་རུང་། དགེ་བ་གང་བྱས་ཀྱི་མཇུག་ཏུ་སྤྱིར་བསྔོ་སྨོན་རྒྱ་གང་ཆེ་དང་ཁྱད་པར་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པའི་བསྔོ་སྨོན་བྱེད་པ་གལ་ཆེ། གཞན་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཡངས་པའི་གྲོང་ཁྱེར་ན་བཞུགས་དུས་ཡུལ་མི་རྣམས་ཀྱིས་ཆོས་སྟོན་འདྲེན་པའི་གྲབས་བྱས་ཚེ། ཁོང་རྣམས་ཀྱི་ཕ་མེས་ཡི་དྭགས་སུ་སྐྱེས་ཡོད་པ་རྣམས་སངས་རྒྱས་ཀྱི་དྲུང་དུ་འོངས་ནས་དེ་རིང་གི་ཆོས་སྟོན་གྱི་དགེ་བ་རྣམས། བདག་ཅག་གི་དོན་དུ་བསྔོ་བར་ཞུ་
ཞུས་པས། དེའི་ཉིན་སངས་རྒྱས་ཀྱིས་ཡི་དྭགས་རྣམས་མངོན་སུམ་དུ་འོང་དུ་བཅུག་པས། ཡི་དྭགས་ཀེང་རུས་དང་སྡོང་དུམ་མེས་ཚིག་པ་འདྲ་བ་མང་པོ་བྱུང་ཚེ་ཡོན་བདག་རྣམས་བྲེད་དེ་ཐམས་ཅད་བྲོས་པས། སངས་རྒྱས་ཀྱི་ཞལ་ནས། འཇིགས་མི་དགོས་ཁྱེད་ཅག་གི་ཕ་མེས་རྣམས་ཀྱིས་སེར་སྣའི་ལས་ངན་བསགས་པས་ཡི་དྭགས་སུ་སྐྱེས་ཡོད་པ་རྣམས་ཡིན། དེ་རིང་གི་དགེ་རྩ་རྣམས་འདི་དག་གི་ཆེད་དུ་བསྔོ་གསུངས་པས། ཡོན་བདག་རྣམས་ཀྱིས་དེ་ལགས་ཞུས་པས། སངས་རྒྱས་ཀྱིས་སྦྱིན་པ་འདི་ཡི་བསོད་ནམས་ནི། །ཡི་དྭགས་རྣམས་ཀྱི་ཕྱི་བཞིན་སོང་། །ཡི་དྭགས་སྡུག་བསྔལ་གང་ཡིན་ལས། །དེ་དག་མྱུར་དུ་ཐར་གྱུར་ཅིག །ཅེས་གསུངས་པས་ཡི་དྭགས་རྣམས་དེ་ཉིད་དུ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སྐྱེས། སྔོན་རྣ་བ་བྱེ་བ་རི་དམྱལ་བའི་གནས་རྣམས་སུ་ཕྱིན་དུས། གྲོང་ཁྱེར་རྡོ་ཅན་གྱི་བཤན་པ་དང་སྨད་འཚོང་མ་སོགས་དམྱལ་བར་སྐྱེས་ནས་སྡུག་བསྔལ་མྱོང་བ་རྣམས་ཀྱིས་ཡུལ་གྱི་བུ་དང་བུ་མོ་སོགས་གཉེན་ཉེ་བ་རྣམས་ལ། ངེད་ཚོས་བསགས་པའི་ཟས་ནོར་གྱི་སྟེང་ནས། །འཕགས་
པ་ཀ་ཏྱ་ན་ལ་བསོད་སྙོམས་ཕུལ་ལ། ངེད་རྣམས་སོ་སོའི་མིང་ནས་ཟུངས་ལ་བསྔོ་བ་གྱིས་ཤིག་དང་། དེས་བདག་ཅག་རྣམས་ཀྱི་ལས་ངན་པ་ཟད་ནས་ཐར་བར་འགྱུར་རོ། །ཞེས་འཕྲིན་བསྐུར་བ་དེ་དག་ལ་བཤད་པས། དེ་ལྟར་འཕགས་པ་ཀ་ཏྱ་ན་ལ་བསོད་སྙོམས་ཕུལ་འཕགས་པས་ཀྱང་བསྔོ་བ་མཛད་པས། དེ་དག་རྣམས་དམྱལ་བ་ནས་ཐར་བར་གྱུར། སྔོན་ཉག་ཕྲུག་འདས་ལོག་བྱང་ཆུབ་སེམས་དཔའ་དམྱལ་བར་ཕྱིན་དུས། དམྱལ་བའི་སྒོ་མང་པོ་ཕྱེ་བའི་ནང་ནས་སྐྱེ་བོ་ཕོ་མོ་མང་པོ་བྱུང་ནས་ལྷོ་འཛམ་གླིང་དུ་ཁྱེད་འགྲོ་ན། ངེད་རྣམས་ཀྱི་ཡུལ་འདི་སྐད་བྱ་བ་ན་བུ་བུ་མོ་སོགས་གཉེན་ཉེ་བ་འདི་སྐད་བྱ་བ་ཡོད་པས་དེ་དག་རྣམས་ལ་ངེད་རྣམས་དམྱལ་བར་སྐྱེས་འདུག་པས། ངེད་རྣམས་ལ་དམིགས་ནས་དགེ་བ་མཛོད་ལ་བསྔོ་བ་རེ་གྱིས་དང་། ཕན་ཐོགས་ཆེན་པོ་འདུག་ཅེས་འཕྲིན་བསྐུར་མཁན་མང་པོ་བྱུང་། སྔོན་གླིང་བཟའ་ཆོས་སྐྱིད་བར་དོར་སོང་དུས་བར་དོའི་གྲོང་ཆེན་པོ་ཞིག་ན་མི་ལ་ལ་འཕྲལ་དུ་ཟས་སྐོམ་མེད་ཀྱང་གློ་བུར་དུ་ཟས་གོས་མང་པོ་བྱུང་བ་ལ་འདི་གང་ནས་བྱུང་ཞེས་སྔར་རང་གི་ལུག་
གི་རྫི་བོ་ཤི་སོང་བ་དེ་ན་འདུག་པ་ལ་དྲིས་པས། དེ་བུ་བུ་མོ་སོགས་གཉེན་ཉེ་བ་རྣམས་ཀྱིས་དེ་དག་ལ་དམིགས་ནས་དགེ་རྩ་བཏང་བསྔོ་བ་བྱས་པའི་འབྲས་བུ་ཡིན་ཟེར། སྔོན་རྗེ་བཙུན་མི་ལ་རས་པས་རྩམ་པ་བྲེ་དོ་འབྲས་བྲེ་གང་ཤ་གཟུགས་གཅིག་མར་ཞོགས་གཅིག་རྣམས་ཁྱེར་ནས་ལ་ཕྱི་གངས་ལ་བསྒོམ་དུ་ཕྱིན་པས། དེའི་མཚན་མོ་ནས་བཟུང་ཁ་བ་ཉིན་མཚན་བཅོ་བརྒྱད་བབས་པས་ཟླ་བ་དྲུག་ཏུ་མིའི་རྒྱུ་འགྲུལ་ཆད་པས། སློབ་འབངས་རྣམས་ཀྱིས་སྐུ་གྲོངས་པར་ཐག་བཅད། ཐུགས་དགོངས་རྫོགས་ཐབས་ཀྱི་ཚོགས་བསག་མཆོད་འབུལ་བྱས་པས། དེ་དུས་རྗེ་བཙུན་གྱི་ཉམས་ལ་བུ་སློབ་མང་པོས་མཐའ་བསྐོར་བཟའ་བཏུང་མང་པོ་དྲངས་པའི་སྣང་བ་ཤར་བས། ཞག་མང་པོ་ཟས་ཟ་སྙིང་མི་འདོད་པ་བྱུང་། ཕྱིས་བུ་སློབ་རྣམས་མཇལ་དུས། དེའི་ཚེ་ཁྱེད་རྣམས་ཀྱིས་ཅི་བྱས་གསུངས་པས། དུས་ཚོད་བརྩིས་པས་མཆོད་འབུལ་བྱས་པའི་དུས་དང་གཉིས་ཀ་མཐུན་པར་བྱུང་ཚེ། རྗེ་བཙུན་གྱི་ཞལ་ནས། འཇིག་རྟེན་པ་རྣམས་ཀྱིས་དགེ་རྩ་བགྱིས་པ་བར་དོར་ཕན་པར་འདུག་སྟེ། དེ་བས་ཀྱང་ད་ལྟ་བར་དོ་གཅོད་པ་སྟོབས་ཆེ་གསུངས།
སྔོན་རི་དྭགས་གསོད་མཁན་ཞིག་འགྱེལ་ནས་རྦབ་དུ་ཤོར་འགྲོ་མི་ནུས་པའི་རྫ་ཁྲོད་ཅིག་ཏུ་ལྷུང་བས། དེར་འབྲུག་ཅིག་ཉལ་ཡོད་པའི་ཁ་ན་ལྦུ་བ་མང་པོ་ཐོན་པ་ཟོས་ནས་བསྡད་པའི་ཚེ། ཉེ་འབྲེལ་རྣམས་ཀྱིས་ཤི་བར་ཐག་བཅད་ནས། དེ་ལ་དམིགས་ནས་དགེ་རྩ་རྒྱ་ཆེན་པོ་བཏང་བསྔོ་སྨོན་གྱི་མཚམས་སྦྱོར་ལེགས་པོ་བྱས་པས་དུས་སྐབས་རྣམས་སུ་མི་དེའི་སྣ་སྒོར་གསུར་དྲི་མང་པོ་ཚོར་བས། ལྟོགས་སྐོམ་གྱི་སྣང་བ་ཡེ་མེད་པར་གྱུར། ཕྱིས་འབྲུག་ནམ་མཁར་འགྲོ་དུས་མཇུག་མ་ལ་འཇུས་ནས་རི་ཁར་ཐོན་ཡུལ་དུ་ལོག་བྱུང་སྐད། དེས་ན་འོ་སྐོལ་རྣམས་ཀྱིས་ཀྱང་ཕ་མ་མཆེད་གྲོགས་སོགས་ཚེ་ལས་འདས་པ་རྣམས་ལ་དམིགས་ནས་ཀྱང་དགེ་རྩ་བཏང་། བསྔོ་སྨོན་བྱས་ན་ཕན་ཡོན་ཆེན་པོ་འབྱུང་། དམྱལ་བར་སྐྱེས་པ་རྣམས་ཀྱང་ལས་ངན་སྒྲིབ་པ་དག་ནས་མཐོ་རིས་སུ་སྐྱེ། མཐོ་རིས་སུ་སྐྱེ་བ་རྣམས་ཀྱང་དག་པའི་ཞིང་དུ་སྐྱེ། དག་ཞིང་དུ་སྐྱེ་བ་རྣམས་སངས་རྒྱས་པར་འགྱུར། ཇོ་བོའི་ཞལ་ནས། མི་ཤི་བ་དེའི་མིང་མ་སྟོར་གྱི་བར་དུ་དགེ་བ་བྱས་ཤིང་བསྔོས་ན་ཕན་གསུངས་སྐད། དེས་ན་འོ་སྐོལ་
རྣམས་ཀྱིས་ཕ་མ་ཉེ་འབྲེལ་ཕ་མེས་ཡང་མེས་སོགས་དྲིན་ཅན་གྱི་མི་ཤི་བ་རྣམས་ཀྱི་དོན་དུ་ལན་གཅིག་ཙམ་མ་ཡིན་པར་མིང་མ་སྟོར་གྱི་བར་དུ་ཡང་དང་ཡང་དུ་དེ་དག་གི་དོན་དུ་དམིགས་ནས་བླ་མ་དགེ་བའི་བཤེས་གཉེན་སོགས་ལ་བསྔོ་འབྲེལ། མ་ཎི་པ་སོགས་ལ་བསོད་སྙོམས་ཕུལ་ནས་བསྔོ་བ་བྱེད་དུ་བཅུག་ན་ཤིན་ཏུ་ལེགས། ཡང་རྒྱ་གར་ན་མུ་སྟེགས་པ་ཀུན། མཆོད་སྦྱིན་དང་ཚོགས་གསོག་བྱེད་ཙ་ན། ར་དང་མ་ཧེ་སྟོང་ཕྲག་རེ་ཙམ་བསད་ནས་མཆོད་སྦྱིན་བྱས། དེས་ཐར་པ་ཐོབ་ལ་རེ་བ་ཡོད་སྐད། དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་ཀྱང་ཚེ་འདས་པ་ལ་དམིགས་ནས་དགེ་རྩ་གཏོང་དུས་སོགས་ལ་ར་ལུག་གཡག་གསུམ་སོགས་སེམས་ཅན་གཞན་གྱི་སྲོག་གཅོད་པ་སོགས་མི་དགེ་བ་བྱས་ན། མུ་སྟེགས་པ་དངོས་ཡིན་པས་དེ་ལྟར་བྱས་བསྔོ་སྨོན་བྱས་རུང་ཚེ་འདས་ལ་ཕན་པ་ལས་གནོད་ཆེ། ཚེ་འདས་མཐོ་རིས་སུ་སྐྱེ་བ་རྣམས་ཀྱང་ངན་སོང་དུ་ལྟུང་ནས་སྡུག་བསྔལ་བར་འགྱུར། དེས་ན་དེ་འདྲ་བྱེད་མི་རུང་། དངོས་པོ་སྡིག་དང་མ་འདྲེས་པས་ཚོགས་བསགས་ནས་བསྔོ་བ་བྱ་དགོས། མདོར་ན་རང་གཞན་གང་གི་དོན་དུ་ཡང་། ཞིང་དག་
པ་བླ་མ་དང་དགེ་འདུན་ཉམས་ཐག་དབུལ་འཕོངས་སོགས་ལ། དངོས་པོ་དག་པ་སྡིག་དང་མ་འདྲེས་པས་མཆོད་སྦྱིན་བྱས། བསྔོ་བ་དག་པ་རང་གཞན་གནས་སྐབས་སུ་བདེ་ཞིང་། མཐར་ཐུག་སངས་རྒྱ་བའི་ཕྱིར་བསྔོ་སྨོན་བྱས་ན། གནས་སྐབས་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས་བསྟན་པ་དང་འགྲོ་བ་སེམས་ཅན་ལ་ཕན་ཐོགས་པར་འགྱུར་རོ། །ཐུན་མཚམས་རྣམས་སུ་ཇི་ལྟར་བྱ་ཚུལ་ནི། སྔོན་གྱི་བླ་མ་གོང་མ་རྣམས་ཀྱིས་བྱང་ཆུབ་ལམ་གྱི་རིམ་པ་འདི་ཉིད་ཉམས་སུ་ལེན་པའི་ཐུན་མཚམས་རྣམས་སུ་དཔེ་ཆ་བལྟ་བ་སོགས་ཚོགས་བསོག་སྒྲིབ་སྦྱོང་མཛད། ཚུལ་ཁྲིམས་མིག་འབྲས་བཞིན་བསྲུང་བ་ལྟར། འོ་སྐོལ་རྣམས་ཀྱིས་ཀྱང་བྱང་ཆུབ་ལམ་རིམ་འདི་ཉིད་ཉམས་སུ་ལེན་པའི་ཐུན་མཚམས་རྣམས་སུ། སྐྱེ་བུ་གསུམ་གྱི་ལམ་དེ་དག་གི་ཐད་དུ་མཁོ་བའི་སྟོན་པའི་གསུང་རབ་དགོངས་འགྲེལ་རྣམས་དང་ཁྱད་པར་ལམ་རིམ་གཞན་རྣམས་ལ་བལྟ་ཞིང་། ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་དུ་ཚོགས་སྒོ་དུ་མ་ནས་བསག་པ་དང་། སྒྲིབ་པ་སྦྱོང་བ་སྒོ་དུ་མ་ནས་བྱ་ཞིང་། ཐམས་ཅད་
ཀྱི་གཞི་མ་ཁས་བླངས་པའི་བསྲུང་སྡོམ་མིག་འབྲས་བཞིན་བསྲུང་བ་དང་། གཞན་ཡང་ཞི་ལྷག་གི་ལམ་བདེ་བླག་ཏུ་སྐྱེ་བའི་རྒྱུར་དབང་པོའི་སྒོ་བསྡམ་པ་དང་། ཤེས་བཞིན་དུ་སྤྱོད་པ་དང་། ཟས་ཀྱི་ཚོད་རིག་པ་དང་། མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང་། ཉལ་བའི་ཚེ་ཇི་ལྟར་བྱ་བ་སྟེ། ཚོགས་བཞི་ལ་ཡང་བསླབ་པར་བྱའོ། །དེས་ན་དབང་པོའི་སྒོ་བསྡམ་ཚུལ་ནི། ཡུལ་ཡིད་དུ་འོང་མི་འོང་བ་ལ་བརྟེན་ནས་ཆགས་སྡང་སྐྱེ་བས། ཡུལ་བཟང་ངན་གང་ལ་ཡང་དབང་པོ་རྣམས་རྒྱ་ཡན་དུ་མི་བཏང་བར་དབང་པོའི་སྒོ་བསྡམས་ནས། དགེ་བའམ། ཡང་ན་རང་ག་ལུང་མ་བསྟན་དུ་བཞག་དགོས་ཏེ། པོ་ཏོ་བའི་གསུང་སྒྲོས་ལས། འོ་སྐོལ་མིག་གི་ཡུལ་དུ་གཟུགས་སྡུག་པ་དང་། མི་སྡུག་པ་ལ་ཆགས་སྡང་སྐྱེ་བ་ལ་ལོང་བའི་འདུ་ཤེས་བསྐྱེད་དགོས། རྣ་བའི་ཡུལ་དུ་སྒྲ་སྙན་པ་དང་མི་སྙན་པ་ལ་ཆགས་སྡང་སྐྱེ་བ་ལ་འོན་པའི་འདུ་ཤེས་བསྐྱེད་དགོས། གཞན་རྒོལ་བ་ལ་ལན་འདོན་པའི་བསམ་པ་སྐྱེ་ན་ལྐུག་པའི་འདུ་ཤེས་བསྐྱེད་དགོས། ཉལ་བའི་ཚེ་ན་རི་དྭགས་ལྟར་ཐུམ་ཕྲས་ཀྱི་འདུ་ཤེས་བསྐྱེད་དགོས། ཁྱིམ་པའི་འདོད་པ་ལ་ཆགས་པ་
སྐྱེ་ན། བཙོན་ར་ལྟ་བུའི་འདུ་ཤེས་བསྐྱེད་དགོས། ཟས་ནོར་ལ་འདུན་པ་སྐྱེས་ན། དགྲའམ་གཤེད་མ་ལྟ་བུའི་འདུ་ཤེས་བསྐྱེད་དགོས། ཤེས་བཞིན་སྤྱོད་ཚུལ་ནི། མིག་གི་བལྟ་བ་དང་། ཡན་ལག་བསྐྱང་བསྐུམ། ཆོས་གོས་ལྷུང་བཟེད་ཀྱི་ལས། ཟས་ཟ་བ་དང་། འགྲོ་ཆག་ཉལ་འདུག་སོགས་བྱ་བ་གང་བྱེད་ཀྱང་བག་མེད་པ་མ་ཡིན་པར། རྟག་ཏུ་དྲན་ཤེས་བརྟེན་ནས་ཆོས་བཞིན་འདུལ་བ་བཞིན་སྤྱོད་པ་དགོས། དྲན་ཤེས་མ་བརྟེན་ན་ཉེས་ལྟུང་འབྱུང་སྟེ། སྔོན་རལ་བསྐོར་མཁན་གཅིག་དང་མདའ་མཁན་པོ་གཅིག་དང་གཉིས་མཚོ་ལ་གྲུ་བཏང་ནས་འཐབ་པ་ལ། ཉིན་གཅིག་མདའ་མཁན་དེ་ངོ་ནག་གེ་བྱས་ནས་ཆུང་མ་ཅན་དུ་སོང་བས། མོས་ཅིའི་ཉེས་དྲིས་པས། ངེད་གཉིས་གྱོད་པོ་ཡིན་པ་ལ། ངའི་མདའ་ཟད་ལ་ཁད། མདའ་ཟད་མ་ཐག་ཁོས་གསོད་བྱས་པས། ཆུང་མ་ན་རེ། ང་ལ་ཐབས་ཡོད་ཀྱི་སང་ང་ཡང་ཁྲིད་ཅིག་ཟེར་ནས། མོས་བཅའ་དར་བྱས་ནས་གྲུ་ནང་དུ་ཞུགས་ཏེ། ཁོང་གཉིས་འཐབ་བདོ་ཙ་ན། མོ་གྲུ་ནང་ནས་མགོ་རྙེང་བྱས་པས། རལ་བསྐོར་མཁན་མོ་ལ་མིག་ཡེངས་ནས་མདའ་
ཕོག་ནས་ཤི་བས་རལ་བསྐོར་མཁན་ན་རེ། བདག་ནི་དགྲ་ཡིས་མ་བསད་དེ། །དྲན་དང་ཤེས་བཞིན་ཉམས་པས་བསད། །དེ་ཕྱིར་བློ་དང་ལྡན་པའི་མིས། དྲན་དང་ཤེས་བཞིན་རྟག་ཏུ་སྲུངས། ཟེར་ནས་ཤི་ལོ། དེ་བཞིན་དུ་འོ་སྐོལ་ཡང་དྲན་ཤེས་མ་བརྟེན་པར་དབང་པོས་ཡུལ་ལ་ཡེངས་ན་ཉེས་ལྟུང་གི་མདའ་ཕོག་གསུངས། པོ་ཏོ་པའི་གསུང་སྒྲོས་ལས། སྒོ་གསུམ་ཞི་བ་དུལ་བ་བག་དང་ལྡན་པར་བྱས་ནས་མིག་གཉའ་ཤིང་གང་ཙམ་དུ་བལྟ་དགོས་པ་ཡིན་ཏེ། ཉི་མ་དགོང་ཁའི་གླང་སྟོར་བའམ། སྨྱོན་པ་ཤོར་བ་བཞིན་དུ་མིག་ཕྱོགས་བཞིར་བལྟས། རྡོག་སྣ་ལ་རྡིའུ་སྦྲིང་སྦྲིང་བྱས་པས་ཆོས་དང་ཅི་ལ་མཐུན་གསུངས། སྔོན་བྲམ་ཟེ་མོ་ཞིག་གི་བུ་ཆུང་བསྙལ་ཡོད་སར་སྦྲུལ་ཞིག་ཡོད་པ། ནེའུ་ལེ་ཞིག་ཡོད་པས་བུ་ཆུང་ལ་གནོད་ཀྱི་དོགས་ནས་སྦྲུལ་བསད་ནས་ཁ་ཁྲག་བཅས་བུ་ཆུང་གི་སྔས་ན་ཡོད་པ་མས་མཐོང་ནས་སྔོན་དུ་བུ་ཆུང་ལ་མ་བལྟས་པར་ནེའུ་ལེས་བུ་ཆུང་ཟོས་སྙམས་བརྒྱབ་པས་ནེའུ་བསད་ནས་བུ་ཆུང་ལ་བལྟས་ཚེ་བུ་མ་ཡིན་པར་སྦྲུལ་བསད་པ་ཤེས་པས་འགྱོད་པ་བྱུང་སྐད། དེ་བཞིན་དུ་འོ་སྐོལ་ཡང་སྤྱོད་ལམ་ལ་མ་
བརྟགས་པར་བབ་བཅོལ་བྱེད་པ་འདི་ལ་འཕྲལ་དུ་གྱོད་དང་ཉེས་ལྟུང་གི་ཕོག་ནས་ཕུགས་ངན་སོང་དུ་སྐྱེ་བས། དེས་ན་གང་བྱེད་ཀྱང་དྲན་ཤེས་ཀྱིས་ཟིན་པར་བྱེད་དགོས། ཟས་ཀྱི་ཚོད་རིག་པ་ནི། ཟས་ཧ་ཅང་ཉུང་བ་དང་མང་བ་མ་ཡིན། མི་འཇུ་བ་དང་མི་འཕྲོད་པ་མ་ཡིན། ལོག་པའི་འཚོ་བ་མ་ཡིན་པར། ཆོས་མཐུན་གྱི་འཚོ་བས་འགྲང་ལྟོག་རན་པར་བྱ་དགོས་ཏེ། པོ་ཏོ་བའི་གསུང་སྒྲོས་ལས། མི་གཅོང་ཅན་ན་ན་རྒད་པོ་དེས། ཁ་ཟས་གར་ཐོད་ཐོད་མི་ཟ་བར། ཟས་ཀྱི་ཚོད་རིག་པར་བྱེད་དེ། ཁ་ན་ཞིམ་པར་སྣང་ཡང་གནོད་པའི་ཟས་མི་ཟ། འཕྲལ་དུ་ཡོག་པར་སྣང་ཡང་ཞུ་མི་ཞུ་བའི་ཚོད་བཟུང་ནས་རན་པར་ཟ་བ་ཡིན། དེ་བཞིན་དུ་འོ་སྐོལ་ཡང་ཟས་ཀྱི་ཚོད་རིག་པར་བྱེད་དགོས་གསུང་། སྔོན་དབུས་ཀྱི་མལ་གྲོའི་བུད་མེད་ཅིག་གིས་བསྙེན་གནས་བསྲུང་བའི་ཉིན་མོ་གྲོ་སྐྱོར་དང་དུས་གནོན་ལ་ཟས་སྣ་མང་པོ་གཡོས་ནས་ཟོས་པས། བུ་ན་རེ་ཨ་མས་བསྙེན་གནས་འདི་བྱ་བྱས་ནས། དེ་ནུབ་ཕོ་བ་ན་ནས་གྲོངས་ཟེར་རོ། །དེ་བཞིན་དུ་འོ་སྐོལ་གྱིས་ཀྱང་དད་པ་ཅན་གྱི་རྫས་དང་དགེ་འདུན་གྱི་དཀོར་ལ་
བག་ཚ་མེད་པར་བྱུང་ཚད་བླང་གྱིན་ཆ་ལེ་ཆོ་ལེར་ལོངས་སྤྱོད་པ་འདི་བྱས་བྱས་ན། ཕྱི་མ་ངན་སོང་དུ་འགྲོ་ཉེན་ཡོད་པས་གཟབ་འཚལ། སྔོན་རྒྱལ་པོའི་ཆད་པས་གསོད་པའི་བྲམ་ཟེ་གཟའ་ཚོ་གསུམ་ནགས་གསེབ་ན་ཕར་འགྲོ་བ་ཞག་བདུན་གྱི་རྒྱགས་ལས་མེད་པ་ལ། ལམ་དུ་ཞག་བཅུ་གཉིས་འགོར་བས་ཤིན་ཏུ་ཉོན་མོངས་པ་ལ། དེར་བུས་ཕ་མ་གཉིས་ལ་དྲིན་ལན་བསབ་པའི་ཆེད་དུ་ལྕེབས་ཏེ་ཤ་ཕ་མར་ཟར་བཅུག་པས། ཕ་མས་དེར་ཡང་དབང་མེད་ནས་ཤ་ཟོས་ཏེ། ཤ་དེ་ཡང་ཞིམ་པའི་ཆགས་ཞེན་མེད་པར་ཟོས་པས་འགྲོ་སར་གཏོལ་བ་ཡིན་སྐད། དེ་བཞིན་དུ་འོ་སྐོལ་ཡང་བཟའ་བཏུང་ལ་ཆགས་ཞེན་དང་རོ་མྱང་བ་ཡིད་ལ་མི་བྱེད་པར་ལུས་འདི་གསོ་ལ་གཞན་དོན་དུ་བྱང་ཆུབ་སྒྲུབ་སྙམ་པས་ཟས་གང་ལའང་ལོངས་སྤྱོད་དགོས། མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་ནི། ཉིན་པར་མཐའ་དག་དང་མཚན་མོ་ཡང་ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་དགེ་ཆོས་ཀྱི་རྣལ་འབྱོར་ལ་བརྩོན་པའོ། །ཉལ་བའི་ཚེ་ཇི་ལྟར་བྱ་བ་ནི་གློ་གཡས་པ་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་སེངྒེ་ལྟར་ཉལ་ལ་སང་ཉིན་ཡང་སྔ་བར་ལངས་
ནས་དགེ་ཆོས་ལ་བརྩོན་པར་བྱ་སྙམ་དུ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་གཉིད་ལོག་པར་བྱའོ། ༈ སྨྲས་པ། གསུང་རབ་ཀུན་གྱི་སྙིང་པོ་བསྡུས་བསྡུས་པ། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡི། །གདམས་པ་ཟབ་མོ་ཉམས་སུ་བླངས་པའི་མཇུག །ཐུན་མཚམས་ཇི་ལྟར་བྱ་ཚུལ་བཤད་ཚར་རོ། །ཨེ་མ་རྒྱ་བོད་མཁས་གྲུབ་མ་ལུས་པའི། །ཐུགས་ཀྱི་ཉིང་ཁུ་སྐྱེས་བུ་གསུམ་གྱི་ལམ། །ཉམས་སུ་བླང་བྱར་ཡོད་པའི་སྐལ་བཟང་རྣམས། །དོན་ཆུང་ཚེ་འདིའི་བྱ་བ་རྒྱང་བསྲིངས་ཏེ། །རྣམ་གཡེང་མེད་པའི་རི་ཁྲོད་དབེན་པའི་གནས། །སྤང་གཤོང་ནགས་ཚལ་མེ་ཏོག་བཀྲ་བའི་ལྗོངས། །འཁོར་ཡུག་རི་དྭགས་བག་ཕེབས་རྒྱུ་བའི་ས། །ཉམས་དགའ་སྣང་བ་སྤྲོ་བའི་སྤྱིལ་པུ་རུ། །ལུས་ལ་ཕྱག་དར་ཁྲོད་ཀྱི་གོས་འཆིང་ཞིང་། །གང་བྱུང་ངན་ངོན་ཟས་ཀྱི་འཚོ་བ་ལ། །བརྟེན་ནས་ཚུལ་བཞིན་ཉམས་སུ་ལེན་ནུས་ན། །ངོ་མཚར་བདེ་སྐྱིད་ཉི་མ་འཆར་བར་འགྱུར། །དེ་ལྟར་ཕར་ཕྱིན་ཐེག་པའི་ལམ་བཟང་ལ། །བསླབ་ན་ནམ་ཞིག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་ཐོབ་ནས་ཉམས་ཐག་
སེམས་ཅན་རྣམས། །སངས་རྒྱས་ས་ལ་འདྲེན་པར་གདོན་མི་ཟ། །འོན་ཀྱང་རང་གི་ངོས་ནས་ཉམ་ཐག་གི །སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་ཀྱི། །མེ་ནང་བསྐལ་པ་རྒྱ་མཚོར་སྡོད་དགོས་ཀྱང་། །སྙིང་རྗེས་མི་སྐྱོའི་བརྩོན་འགྲུས་གོ་ཡོད་ཀྱང་། །མ་གྱུར་སེམས་ཅན་ཐམས་ཅད་བཟོད་མེད་ཀྱི། །སྡུག་བསྔལ་དྲག་པོས་ཡུན་རིང་མནར་ཚུལ་དང་། །སངས་རྒྱས་ཐོབ་ནས་འགྲོ་ཀུན་སྡུག་བསྔལ་ལས། །སྒྲོལ་བའི་ནུས་པ་ཡོད་པའི་ཚུལ་བསམ་ཚེ། །གཞན་གྱི་ངོས་ནས་སངས་རྒྱས་གོ་འཕང་དེ། །དེ་རིང་ནངས་པར་གཉིས་ཀྱི་དེ་རིང་ཡང་། །ཐོབ་ན་སྙམ་པའི་ཤུགས་དྲག་སྙིང་རྗེ་ཡིས། །བསྐྱོད་པའི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས། །ཚེ་གཅིག་ལུས་གཅིག་སངས་རྒྱས་ཐོབ་འདོད་ན། །རྒྱུ་ཡི་ཕར་ཕྱིན་ཐེག་པའི་ལམ་བཟང་ལ། །འབྲས་བུ་གསང་སྔགས་ལམ་བསྣོན་འདེབས་ནུས་ན། །དལ་འབྱོར་དོན་ལྡན་འགྱུར་ཚུལ་ཟུར་ཙམ་བཤད། དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱི་རིམ་པ་དེ་དག་ལ་བསླབ་ན། མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས་བསྐལ་ཆེན་གྲངས་མེད་གསུམ་གྱི་མཐར་ནམ་ཞིག་
སེམས་ཅན་ལ་ཕན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཅི་འདྲ་བ་ཞིག་ཡོང་ངེས། འོན་ཀྱང་དེ་ཙམ་གྱིས་ཆོག་གམ་སྙམ་ན་མི་ཆོག་སྟེ། དེ་ཡི་རྒྱུ་མཚན་རང་གི་ངོས་ནས་སེམས་ཅན་རེ་རེའི་ཕྱིར་ཡང་དམྱལ་བའི་མེ་ནང་དུ་བསྐལ་པ་རྒྱ་མཚོར་གནས་ནས། སངས་རྒྱས་སྒྲུབ་དགོས་ཀྱང་མི་སྐྱོ་བ་བརྩོན་འགྲུས་ཀྱི་གོ་ཆ་ཡོད་ཀྱང་། ཕ་མ་སེམས་ཅན་གཞན་བཟོད་གླགས་མེད་པའི་སྡུག་བསྔལ་གྱིས་མནར་བའི་ཚུལ་ལ་བསམས་ན། སེམས་ཅན་གྱི་ངོས་ནས་སངས་རྒྱས་ཀྱི་གོ་འཕང་དེ་རིང་ནངས་པར་གཉིས་ཀྱི་དེ་རིང་ཙམ་ལ་ཐོབ་ཐབས་ཤིག་མཆིས་ན་བྱེད་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་ན་སྐུ་གསུང་ཐུགས་ཀྱི་སྒོ་ནས་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་སྡུག་བསྔལ་གྱི་གདུངས་པའི་སེམས་ཅན་བྱེ་བ་ཐེར་འབུམ་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་ཡོད་པའི་ཕྱིར་རོ། །དེས་ན་མ་གྱུར་འགྲོ་བའི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། མྱུར་བ་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་སེམས་ཅན་ཐམས་ཅད་ལ་ཕན་གདགས་སྙམ་
པའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་གསང་སྔགས་ཉམས་སུ་ལེན་ངེས་པ་རྣམས་ཀྱིས་ད་དུང་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱི་རིམ་པ་ལ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་སྣོན་མ་བཏབ་ནས་ཉམས་སུ་བླངས་ན་རྣལ་འབྱོར་པ་བརྩོན་འགྲུས་ཅན་སྐལ་པ་རབ་ཚེ་གཅིག་ལ་སངས་རྒྱ། འབྲིང་འཆི་ཁ། ཐ་མ་བར་དོ། ཡང་ཐ་ཡང་མ་འོངས་པའི་སྐྱེ་བ་གསུམ་མམ། བདུན་བཅུ་དྲུག་ཚུན་ཆད་ལ་འཚང་རྒྱ་བ་གསང་སྔགས་ཀྱི་རྒྱུད་མང་པོ་ནས་གསུངས་ལ། དམ་པ་གོང་མ་ཐམས་ཅད་ཀྱི་མདོ་སྔགས་ཀྱི་ལམ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླངས་པ་ལ་བརྟེན་ནས། མཆོག་ཐུན་དངོས་གྲུབ་ཐོབ་ཚུལ་གྱི་ངོ་མཚར་བའི་རྣམ་ཐར་མཐའ་ཡས་ཏེ། སྔོན་མགོན་པོ་ཀླུ་སྒྲུབ་ཀྱིས་ཟུང་འཇུག་སྐུ་བརྙེས་ནས་དགུང་ལོ་དྲུག་བརྒྱ་བཞུགས། མཁན་ཆེན་ཞི་བ་འཚོས་དགུང་ལོ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བཞུགས། སློབ་དཔོན་པདྨ་དང་པཎ་ཆེན་བི་མ་ལ་མི་ཏྲ་རྣམ་གཉིས་འཆི་མེད་རྡོ་རྗེའི་སྐུ་བརྙེས། ཕ་དམ་པ་རྒྱ་གར་དགུང་ལོ་ལྔ་བརྒྱ་དང་བཅུ་བདུན་ཙམ་བཞུགས། གཤེགས་རྒྱུའི་སྔ་ལོ་ཉིན་གཅིག་
ལོ་རྗེས་མ་ད་ཙམ་དིང་རི་ལ་རྒྱ་གར་གྱི་ཨ་ཙ་ར་རྒན་པོ་ཞིག་གི་རོ་ཞིག་ཡོང་གསུངས། ལོ་རྗེས་མར་དེ་དུས་ཙམ་ལ་སྐུ་སྙུན་ཚུལ་བསྟན་པས་བུ་སློབ་རྣམས་ཀྱིས་སྙུང་གཞི་ཅི་འདྲ་དྲིས་པས། སེམས་ན་བར་འདུག་གསུངས། སེམས་ཇི་ལྟར་སྙུང་དྲིས་པས། སྣང་སེམས་གཉིས་དབྱེར་མེད་དུ་འདྲེས་ནས་ན་ཚུལ་ཞིག་འདུག་སྟེ་སྨྲར་མི་ཤེས་པར་གདའ་གསུངས། བཅོས་ཐབས་དྲིས་པས་ལུས་ན་བ་ཡིན་ན་ཐབས་ཡོད་ངེས་ཏེ། སེམས་ན་བར་བཅོས་ཐབས་མེད་གསུངས་ནས་མཐར་ངོ་ཚར་བའི་ལྟས་དང་བཅས་ཏེ་གཤེགས། ར་ལོས་འཇིགས་བྱེད་ཀྱི་བསྐྱེད་རིམ་བསྒོམས་ནས་རྭ་ཤད་བྱས་ཡར་ལྷ་ཤམ་པོའི་བྲག་བསྙིལ། ས་སྟེང་སེམས་དཔའ་བཅུ་གསུམ་བཀྲོངས་ཀྱང་སྐྱོན་གྱིས་མ་གོས། བྱང་ཆུབ་འོད་དང་ར་ལོ་གཉིས་ཀྱི་ནུས་མཐུ་འགྲན་པས། བྱང་ཆུབ་འོད་ཀྱིས་ཕུར་པ་དབལ་ན་མེ་འབར་བ་མི་ཚད་བཏང་བས། ར་ལོའི་བསྲུང་འཁོར་དགུ་བསྒོམས་པ་བརྟོལ་ནས་བྱུང་། ཕྱིས་ར་ལོས་དེ་ཅིའི་ཁྱད་ཡིན་དྲིས་པས་བྱང་ཆུབ་འོད་ན་རེ། ངེད་གཉིས་བསྐྱེད་རིམ་ལ་ཁྱད་མི་འདུག་སྟེ། རྫོགས་རིམ་གྱི་
ལྟ་བའི་དགོངས་པ་མཐོ་དམན་གྱི་ཁྱད་ཡིན་གསུངས་སྐད། གྲུབ་ཆེན་ལ་པས་རྫོགས་རིམ་ལོ་བཅུ་གཉིས་བསྒོམས་པའི་མཐར་ཙ་རི་ནས་མཁའ་སྤྱོད་དུ་གཤེགས། རྗེ་མི་ལས་ལོ་ཕྱེད་དང་བརྒྱད་བསྒོམས་པས་ནམ་མཁའ་ལ་འཕུར་བ་དང་། ལུས་ལྷའི་དཀྱིལ་འཁོར་དུ་སྤྲུལ་ནས་སྟོན་ནུས་པ་སོགས་རྫུ་འཕྲུལ་མཐའ་ཡས་པ་བྱུང་། གཤེགས་ཁར་བུ་སློབ་རྣམས་ལ་ང་ཡུན་རིང་ཨེ་སྡོད་མི་ཤེས་པས། ཁྱེད་རྣམས་ང་ལ་ཉན་ནས་ང་བཞིན་བྱེད་ན། ང་ཕྱིར་འབྲོང་ཞིག །ང་ཕྱིར་འབྲོང་ཞིག་གསུངས་མཉམ་བཞག་གི་ངང་ལ་བཞག་ནས་དགུང་ལོ་བརྒྱད་བཅུ་རྩ་བཞི་བཞེས་པའི་ཤིང་ཡོས་ལོའི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བཞིའི་ཉི་ཤར་ལ་ལྟས་ཆོ་འཕྲུལ་དཔག་མེད་དང་བཅས་མངོན་པར་དགའ་བའི་ཞིང་ཁམས་སུ་གཤེགས། མ་གཅིག་ལབ་སྒྲོན་དགུང་ལོ་དྲུག་བཅུ་ལ་སླར་ཚེམས་སྐྱེས་གཞོན་ཤ་ཆགས། ཕག་སྒྲ་དང་བཅས་རི་བྲག་ལ་ཐོགས་མེད་དུ་བསྒྲོད་ཅིང་། སྲས་ཐོད་སྨྱོན་ལྷ་འདྲེས་གཡང་ལ་བསྐྱུར་བས་དབུ་ཚལ་པ་མང་པོར་ཆག་པ་ཕྱག་གིས་བྱིལ་བ་མཛད་པས་སྔར་ལྟར་སོས། མངོན་ཤེས་ལ་ཐོགས་པ་མེད་དགུང་ལོ་དགུ་བཅུ་གོ་
ལྔ་ལོན་པའི་མཐར་གཤེགས་ཁར། བུ་སློབ་རྣམས་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་འདོད་པས་གཅོད་ཆོས་འདི་ལ་ཉམས་ལེན་མཛོད་གསུངས་སྤྱན་ནམ་མཁའ་ལ་ཆེར་རེ་གཟིགས་ནས་མགུར་འདི་གསུངས་སོ། །དམ་ཆོས་ཟབ་མོ་གཅོད་ཆོས་འདི། །གདམས་ངག་གཞན་ལས་ཁྱད་པར་འཕགས། །བྱིན་རླབས་ལུས་སེམས་འབྲལ་བ་འདི། །འཕོ་བ་གཞན་ལས་ཁྱད་པར་འཕགས། །ང་རང་རྒན་མོ་ལབ་སྒྲོན་འདི། །བུད་མེད་གཞན་ལས་ཁྱད་པར་འཕགས། །ཞེས་གསུངས་ནས། མཐར་འཛུམ་ཞིང་བཞད་བཞིན་དགུན་ཟླ་འབྲིང་པོའི་ཚེས་བཅུ་གསུམ་གྱི་གདུགས་ཤར་དྲོས་ལ་རོལ་མོའི་སྒྲ་དང་བཅས་ཏེ་ནུབ་ཕྱོགས་ཨུ་རྒྱན་དུ་གཤེགས། སྔོན་ཇོ་བོ་ཆེན་པོས་རྒྱ་མཚོ་ཆེན་པོར་གྲུ་བཏང་ནས་བླ་མ་གསེར་གླིང་པའི་དྲུང་དུ་ཕེབས་པའི་ཚེ་དབང་ཕྱུག་ཆེན་པོས་རླུང་དམར་གཡོས་གྲུ་བཤིག་པར་བརྩམ་ཚེ་གཤིན་རྗེ་གཤེད་ཀྱི་བསྐྱེད་རིམ་གྱི་སྒོ་ནས་བཏུལ་དུས་དེར་ཡོད་པ་ཀུན་གྱིས་ལྷ་དངོས་སུ་མཐོང་། སྐུ་གཤེགས་དུས་འབྲོམ་གྱིས་གསོལ་བ་བཏབ་དུས་སླར་ཡང་བྱོན་ནས་ཞལ་བསྟན་ཅིང་སླར་ཡང་ངོ་
མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་མེད་བཅས་དགའ་ལྡན་དུ་གཤེགས། རྗེ་བདག་ཉིད་ཆེན་པོས། རྗེ་བཙུན་འཇམ་དབྱངས་བསྒྲུབས་ནས། འཇམ་དབྱངས་ལ་མི་ལ་མི་བཞིན་དམ་པའི་ཆོས་ཀྱི་དཀའ་གནད་རྣམས་ཀྱི་དྲི་བ་མཛད་ཆོག་ཅིང་སྐུ་གཤེགས་དུས་རྫོགས་རིམ་གྱི་འོད་གསལ་ལ་བཞུགས་དུས་སྐུ་གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་བལྟ་བས་ཆོག་མི་ཤེས་པ་གཟི་བརྗིད་འོད་ཟེར་འཕྲོ་བ་ཞིག་ཏུ་གྱུར་ནས་ངོ་མཚར་བའི་ལྟས་དང་བཅས་དགའ་ལྡན་དུ་གཤེགས། སྤྱན་སྔ་བས་ལན་གཅིག་སེར་བ་ཞིག་བྱུང་བ་པྲ་ཕབ་ནས་བརྟགས་པས། སྦྲུལ་ཆེན་པོ་མཇུག་མ་ཕྱིའི་རྒྱ་མཚོར་ལུས་པ། མགོ་བོ་རི་རབ་ཀྱི་ཁ་ན་སླེབས་པ་གཅིག་གི་ཁ་ནས་གཏོང་འདུག་པ་ལ། ཧཱུཾ་ཕཊ་བྱས་པས་རྒྱ་མཚོའི་ནང་དུ་དམར་ཉོག་གིས་སོང་ནས་ཤི། རྣལ་འབྱོར་ཤེས་རབ་རྡོ་རྗེ་ལ། ཀླུ་སྲིན་མོ་ཞིག་བར་ཆད་ལ་བྱུང་བས། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄་བྱས་པས་བྲོས་ནས་སོང་བ་ཕྱིའི་རྒྱ་མཚོའི་འགྲམ་ནས་ཕྱི་མིག་གཅིག་བལྟས་ནས་ཡང་ཕྱིའི་རྒྱ་མཚོ་རང་ཡང་བརྒལ་ནས་བྲོས། ལོ་ཙཱ་བ་རིན་ཆེན་བཟང་པོས་རྟ་མགྲིན་གྱི་རྟ་སྐད་བཏོན་པས་འདྲེ་ཀླད་པ་ན་
ནས་བྲོས། ལྷ་རྗེ་བསམ་གཏན་བྱ་བས་ཐུགས་རྗེ་ཆེན་པོའི་བཟླས་པ་ཚད་དུ་བསྐྱལ་བས་རྟ་མགྲིན་གྱིས་དབང་ལན་གསུམ་བསྐུར་བའི་སྣང་བ་བྱུང་། ཕར་རིའི་ནགས་ལ་མེ་ཤོར་བ་ལ་རྒྱངས་ནས་སྔགས་བཏབ་པས་བསད། ཉིན་གཅིག་ཐོག་ཅིག་བབས་བྱུང་བ་མཛུབ་མོ་ལ་དཀྲིས་ནས་ཕ་རོལ་གྱི་བྲག་ལ་བརྒྱབ། གཤེགས་དུས་ནམ་མཁའ་ལ་བཟང་སྤྱོད་འདོན་གྱིན་གཤེགས་སྐད། ལྷོ་བྲག་མར་པ་དང་སྲས་དར་མ་མདོ་སྡེ་གཉིས་ཀྱིས་འཕོ་བ་གྲོང་འཇུག་མཛད། གཤེགས་ཁར་མར་པས་ཡུམ་བདག་མེད་མ་ཐུགས་ཀར་བསྟིམས། བུ་ཀུན་འཕོ་བ་སྤར་ན་འདི་ལྟར་གྱིས་གསུངས། འཕོ་བ་སྤར་ཆོག་མཛད་པས་སྤྱི་གཙུག་གི་ཐོད་པའི་དུམ་བུ་ཞིག་ཡར་བའི་ནང་ནས། འོད་བྱ་མོའི་སྒོ་ང་ཙམ་ཞིག་ནམ་མཁའ་ལ་སོང་ནས་གཤེགས། སྲས་དར་མ་མདོ་སྡེ་གཤེགས་ཁར་ཕུག་རོན་ལ་གྲོང་འཇུག་མཛད་འཕུར་ནས་རྒྱ་གར་དུ་སོང་དུར་ཁྲོད་དུ་རོ་གསར་པ་བསྐྱལ་བ་ལ་གྲོང་འཇུག་མཛད་ནས་གསང་སྔགས་ཏེ་ཕུའི་སྡོང་པོ་ཞེས་བྱ་བར་གྱུར། རས་ཆུང་པ། རས་ཆུང་མ། གཡུ་ཐོག་གསར་རྙིང་རྣམས་ཀྱིས་ལུས་
མ་སྤངས་པར་སྐུ་ལུས་དེ་ཉིད་ཀྱི་སྟེང་ནས་མཁའ་སྤྱོད་དུ་མི་ཀུན་གྱིས་མཐོང་སར་གཤེགས། འབྲུག་པ་ཀུན་ལེགས་ཀྱིས་ཁྱི་དང་རྟ་སོགས་བསད་ནས་སླར་གསོས། ཉི་ཟེར་ལ་འཁོར་གསུམ་བཀལ་བ་སོགས་གྲུབ་རྟགས་དུ་མ་བསྟན། གཤེགས་ཁར་བརླ་གཡས་པའི་སྟེང་དུ་འཇའ་ཟུག་ནས་གཤེགས། ཕྱིས་བལྟས་ཚེ་བརླ་དེ་ན་ཐུགས་རྗེ་ཆེན་པོའི་རུས་སྐུ་ངོ་མཚར་ཅན་ཞིག་བཞུགས་སྐད། སྔོན་ཇོ་བོའི་བླ་མ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཁོང་སྡོང་པོ་ཞིག་གི་ཙ་ན་བཞུགས་སྐབས་མི་གཅིག་བྱུང་ནས་ཤིང་སྡོང་བཅད་པས། མ་གཅོད་ཡང་ཡང་བྱས་པས་མ་ཉན་ཚེ་ཡར་བཞེངས་ནས་ཞབས་ས་ལ་བརྡབས་ནས་ཁྱོད་ཀྱིས་ང་སུ་ཡིན་ཤེས་སམ་བྱས་པས་གྲོང་ནས་མི་ལྔ་བྱུང་ནས་མི་དེ་ལ་གྲི་རེ་བརྒྱབས་ནས་བསད་པ་འཆི་ཉེར་སླར་བཟོད་གསོལ་བྱས་པས། ངའི་ཞབས་ཁྲུས་ལ་རྨ་ནང་དུ་བླུགས་གསུངས་པ་ལྟར་བྱས་པས་མི་དེ་སླར་སོས་པ་བྱུང་། ཡང་ཉིན་གཅིག་ཡུལ་དེའི་རྒྱལ་པོའི་སྟེང་དུ་དམག་ཆེན་པོ་ཞིག་ཆུ་བོ་གངྒ་བརྒལ་ནས་སླེབ་བྱུང་བ་དམག་བཟློག་མཛད་པར་ཞུ་ཞུས་པས། གཏོར་མ་ཞིག་བཏང་བ་བྱིའུ་ཆུང་ཆུང་ཞིག་བྱུང་ནས་
ཟོས་པས། བྱ་ཆེན་པོ་ཞིག་ཏུ་གྱུར་པ་ནམ་མཁར་འཕུར་བས་གཤོག་སྒྲོའི་རླབས་ཀྱིས་རླུང་ནག་འཚུབ་མ་ཆེན་པོ་བྱུང་བས་དམག་ཐམས་ཅད་གངྒའི་ཕ་རོལ་ཏུ་བསྐྱལ་པས། དམག་དེ་རྣམས་ལ་ཡང་ཉེས་སྐྱོན་མེད་པ་བྱུང་། །གཤེགས་ཁར་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་བསྟན་ནས་གཤེགས། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་དགུང་ལོ་བརྒྱ་དང་བརྒྱད་བཞུགས་པའི་མཐར་ནམ་མཁའ་ལ་ཡར་གྱེན་དུ་འཕགས་ནས་གཤེགས། སྔོན་བྱང་བདག་རིག་འཛིན་ཆེན་པོས་མི་གཅིག་ཤི་ནས་ཞག་མང་པོ་སོང་བ་ཞིག་ཀྱང་སླར་གསོས་ཤ་མ་ཟ་དང་ལོ་གསུམ་སྡོད་གསུངས་པས་ཁོས་ལོ་གཅིག་སོང་ནས་ཤ་ཞིག་ཟོས་པས་ཤི་བ་བྱུང་། ཁོང་གིས་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་བསྟན་ནས་གཤེགས། ལྕེ་བཙུན་སེངྒེ་དབང་ཕྱུག་འོ་ཡུག་ཕྱི་གོང་གི་ཐད་ཀའི་ནམ་མཁའ་ནས་འོད་དང་སྒྲ་དང་བཅས་ཏེ་གཤེགས། གྲུབ་ཆེན་ཏེ་ལོ་པས་བུ་ཀུན་བསྐྱེད་རིམ་རྫོགས་རིམ་དུ་བསྡུ་ན་འདི་ལྟར་གྱིས་གསུངས། ནམ་མཁའ་ལ་འཕགས་ནས་ཞལ་ནས་ཨ་ཞེས་བརྗོད་པས་ལུས་འོད་དུ་ཞུ་
ནས་ཇེ་ཆུང་ཇེ་ཆུང་དུ་གྱུར་ནས་ནམ་མཁའ་ལ་ཡལ་བ་དང་། ཨ་ཡི་སྒྲ་དེ་ཡང་ཆུང་དུ་ཆུང་དུ་གྱུར་ནས་ཡལ་སོང་། གྲུབ་ཆེན་མེ་ལོང་རྡོ་རྗེས་བུ་སློབ་རྣམས་ལ་ཞལ་ཆེམས་ཀྱི་མགུར་གསུངས་མཐར་ཧིག་བརྗོད་པས་སྤྱི་བོ་ནས་འོད་ཕུབ་ཙམ་ཞིག་ནམ་མཁའ་ལ་སོང་། དེ་ཆེར་སོང་སྦྲ་ཙམ་ནས་ནམ་མཁའི་ཁམས་གང་བར་གྱུར་འོད་དང་སྒྲ་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་མེད་བཅས་གཤེགས། སྔོན་པོ་ཏོ་བ་གཞོན་དུས། ཤ་ར་བ་ཤཱཀ་དབང་ཟེར་བའི་སྔགས་རྙིང་མ་མཁན་གཅིག་ཤི་བའི་པུར་སྦྱངས་པ་ལ་འཇའ་འོད་ལ་སོགས་བྱུང་བ་ཡབ་ལ་དྲིས་པས། བསྒོམ་ཆེན་ཞིག་གྲོངས་པ་ཡིན་ཟེར་བས། བསྒོམ་ཆེན་དེ་འདྲ་བ་ཞིག་ངས་ཀྱང་བྱེད་དགོས་དགོངས་པ་བྱུང་། སྔོན་ཨམ་མདོ་ཕྱོགས་ཀྱི་སྔགས་པ་གཅིག་ཤི་བའི་པུར་སྦྱངས་པའི་རུས་པ་རྣམས་མ་ཉམས་པར་དཀར་ཀྲོང་ངེ་གནས་པ་ལ་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་དུ་མའི་རང་བྱོན། ཤ་ཁྲག་ཞུ་བ་ཐམས་ཅད་ཁ་དོག་སྣ་ལྔའི་འཕེལ་གདུང་དུ་སོང་ནས་སྲན་མ་བཞིན་སྤར་བ་བྱས་བླང་ཆོག་པ་ཞིག་བྱུང་སྐད། ཡང་བདག་གི་དྲིན་ཅན་བླ་མ་འཇམ་དབྱངས་རྒྱ་
མཚོའི་སྐུ་པུར་བཞུ་བའི་ཉིན་གྱི་ཐོ་རངས་གདུང་ཁང་སྟེང་དུ་ཤར་ཕྱོགས་ནས་འཇའ་ཚོན་ཆེན་པོ་ཞིག་ཟུག་པ་དེར་ཡོད་པའི་འཚོགས་པ་ཀུན་གྱིས་མཐོང་ཞིང་མེ་རྣམས་ཁ་དོག་སྣ་ཚོགས་པའི་རྣམ་པར་འབར་བ་དང་། ཁ་དོག་སྣ་ལྔའི་འཕེལ་གདུང་སྲན་མ་ཙམ་མང་པོ་བྱུང་། གཞན་ཡང་གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས་རྒྱ་བོད་དུ་གྲུབ་ཐོབ་ཕོ་མོ་ནམ་མཁའི་སྐར་ཚོགས་ཙམ་ཞིག་བྱུང་བའི་ངོ་མཚར་བའི་རྣམ་ཐར་རྣམས་བཤད་ན་མཐའ་ཡས། དེ་དག་རྣམས་ལ་དགོངས་ནས་བཀའ་གདམས་བླ་མ་གོང་མ་རྣམས་ཀྱི་ཞལ་ནས། བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས། སློབ་མ་སྣོད་དང་ལྡན་པ་གཅིག་ལ་དབང་བཞི་རྫོགས་པར་བསྐུར་ནས། ལམ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་རྣམས་ཐུན་བཞི་ལ་སོགས་པས་ཉམས་སུ་བླངས་ན། སངས་རྒྱས་ཟན་དྲོན་མོ་ལ་ལག་པས་བཟོ་བྱེད་པའི་ཚོད་ཙམ་ཡིན་པར་འདུག་གསུངས། དེས་ན་རབ་ཏུ་སྤྲོ་བས་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ནས་གསང་སྔགས་ཉེ་ལམ་གྱི་སྒོར་ཞུགས་ནས་ཟབ་མོའི་གདམས་པ་རྣམས་ཉམས་སུ་བླངས་ཏེ་དལ་འབྱོར་ཐོབ་པ་དོན་
དང་ལྡན་པར་མཛོད་ཅིག ༈ སྨྲས་པ། ཟླ་མེད་སྟོན་པ་སངས་རྒྱས་རི་དབང་དེ། །ཐུགས་སྲས་རི་བོ་བྱེ་བའི་དབུས་ན་མཛེས། །ངོ་མཚར་མི་ཕམ་འཇམ་དབྱངས་གསེར་གྱི་རི། །ཡོན་ཏན་རིན་ཐང་ཆེ་ཞེས་ཀུན་གྱིས་གླེང་། །དྲི་མེད་ཐུབ་བསྟན་ལྷ་ཡི་ལམ་ཡངས་པོར། །མཁས་གྲུབ་རྒྱུ་སྐར་ཚོགས་ཀྱིས་རབ་བརྒྱན་ཀྱང་། །ཟབ་རྒྱས་ལེགས་བཤད་འོད་སྣང་རབ་སྤྲོ་བ། །ཀླུ་སྒྲུབ་ཐོགས་མེད་ཉི་ཟླ་ཡིན་པར་ཁུམས། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བཙུགས། །བསྟན་འཛིན་དགེ་འདུན་སྡེ་ཡིས་ས་སྟེང་ཀུན། །འགེངས་མཛད་ཇོ་བོ་བློ་བཟང་ཡབ་སྲས་ཀྱི། །སྐུ་དྲིན་གཞལ་དགོས་བྱུང་ན་སུ་ཡིས་འཁོར། །བྱང་ཆུབ་ལམ་རིམ་སྟོན་པའི་བླ་མ་རྗེ། །རང་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །ཁྱོད་སྤངས་སངས་རྒྱས་བྱོན་ཡང་ཕྱག་མི་འཚལ། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་བཞུགས། །བརྒྱུད་པ་ཁུངས་བཙུན་ཐུབ་དབང་ཞལ་སྔ་ནས། །ལེགས་འོངས་ཟབ་རྒྱས་ཆོས་ཚུལ་མཐའ་ཡས་ཀྱང་། །ཀུན་གྱི་གནད་དོན་བྱང་ཆུབ་ལམ་རིམ་གྱི། །གླེགས་བམ་ཆུང་ཆུང་ཞིག་ལ་འདུས་པ་མཚར། །ཐོས་ན་གོ་སླ་
བསམ་ན་རྒྱུད་ལ་ཕན། །བསྒོམ་ན་མཆོག་དམན་བར་གསུམ་ཐམས་ཅད་གྲོལ། །དེ་ཕྱིར་འདི་ཉིད་བཀའ་གདམས་གོང་མ་ཡིས། །སྤྲུལ་པའི་གླེགས་བམ་ཞིག་དང་ཅིས་མི་འདྲ། །བདག་སེམས་གསལ་སྟོང་ཀུན་དགའ་ར་བ་ན། །ལེགས་བཤད་ཟབ་མོའི་གླེགས་བམ་ཅི་ཡང་སྣང་། །ནང་ནས་བཀའ་གདམས་སྤྲུལ་པའི་གླེགས་བམ་འདི། །སྐལ་བཟང་རྣམས་ལ་སྟེར་བས་དགའ་སྟོན་མཛོད། །རྒྱལ་བའི་གསུང་རབ་དགོངས་དོན་རྟོགས་པར་དཀའ། །བདག་བློ་རྨོངས་པའི་འགལ་འཁྲུལ་བྱུང་སྲིད་ན། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །འདི་ཡིས་བསྟན་འགྲོར་ཕན་པར་བྱིན་གྱིས་རློབས། །གླིང་བཞི་གླིང་ཕྲན་པདྨ་འདབ་བརྒྱད་ཀྱི། །དབུས་ཀྱི་རི་དབང་ཟེའུ་འབྲུ་ནམ་གནས་བར། །ལེགས་བཤད་འདི་ཡང་མི་ཉམས་ས་སྟེང་འདིར། །གནས་ནས་བསྟན་འགྲོ་ཡོངས་ལ་ཕན་པར་ཤོག །བདག་གཞན་དེང་ནས་བྱང་ཆུབ་མ་ཐོབ་བར། །དལ་འབྱོར་རྟེན་ཐོབ་མཚན་ལྡན་བླ་མ་མཇལ། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ལ། །འཕགས་པ་རྟག་ཏུ་ངུ་དང་འགྲན་པར་ཤོག །ངོམས་པ་
མེད་པར་རྒྱ་ཆེན་ཐོས་པ་བཙལ། །གསུང་རབ་གདམས་པར་ཤར་ནས་རྒྱལ་བའི་བསྟན། །འཆད་རྩོད་རྩོམ་གསུམ་སྒོ་ནས་སྤེལ་བ་ལ། །ཀུན་མཁྱེན་ཙོང་ཁ་པ་དང་མཚུངས་པར་ཤོག །ཚེ་འདིའི་ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །དབེན་པར་སྙིང་རུས་བསྐྱེད་ནས་རྩེ་གཅིག་ཏུ། །བསྒོམས་ནས་ཚེ་གཅིག་སངས་རྒྱས་ཐོབ་པ་ལ། །རྣལ་འབྱོར་མི་ལ་རས་པ་ལྟ་བུར་ཤོག །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ནས་འགྲོ་བ་ཀུན། །མངོན་མཐོ་ངེས་ལེགས་ལམ་ལ་འགོད་པ་ལ། །འདྲེན་མཆོག་ཤཱཀྱའི་དབང་པོར་མཉམ་པར་ཤོག །ཅེས་བཀའ་གདམས་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་འདི་ནི། ལུགས་གཉིས་ཀུན་མཁྱེན་སྨྲ་བའི་དབང་ཕྱུག་སྡེ་པ་དབང་པོ་དང་། བློ་བཟང་ཚེ་རིང་། མཁས་བཙུན་བཟང་གསུམ་འཛོམ་པའི་བློ་བཟང་དགེ་ལེགས་དང་། བསྟན་འཛིན་རབ་རྒྱས། བསླབ་གསུམ་རྒྱན་གྱིས་མཛེས་པའི་སྦྱིན་པ་ནོར་བུ་དང་། བློ་བཟང་ཚུལ་ཁྲིམས། འཕགས་པའི་ནོར་གྱིས་ཕྱུག་པའི་བློ་བཟང་སྦྱིན་པ་དང་། བསྟན་འཛིན་རྒྱ་མཚོ། བྱང་ཆུབ་སེམས་གཉིས་འབྱོངས་པའི་ངག་དབང་
སེང་གེ་དང་། མཐའ་ཡས་རྒྱ་མཚོ། དད་གཏོང་བློ་གྲོས་ཆེ་བའི་འཇིགས་མེད་རྒྱལ་མཚན་དང་། བསོད་ནམས་སྙན་གྲགས། ཀུན་སྤངས་རྟོགས་ལྡན་འཁྲུལ་ཞིག་བསྟན་འཛིན་རས་པ་དང་། ཀུན་བཟང་གཞན་ཕན། ཚེ་འདིའི་སྣང་ཤས་དོར་ནས་དབེན་པར་སྒྲུབ་ལ་གཞོལ་བའི་བསྟན་འཛིན་དབང་ཕྱུག་དང་། སྐལ་བཟང་ཤེས་རབ་སོགས་དད་ཅན་གྱི་སློབ་མ་མང་པོས། སེམས་ལ་ཕན་པའི་གདམས་པ་ཞིག་དགོས་ཞེས་བསྐུལ་ངོར། བཀའ་གདམས་གོང་མ་རྣམས་ཀྱི་གསུང་སྒྲོས་གཏམ་རྒྱུད་དང་སྦྱར་ནས། རང་གཞན་གྱི་རྒྱུད་ལ་ཕན་དུ་རེ་བའི་ལྷག་བསམ་གྱིས། བྱ་བཏང་རི་ཁྲོད་པ་ཚོགས་དྲུག་རང་གྲོལ་གྱིས། བདེ་མཆོག་འཁོར་ལོའི་ཕོ་བྲང་། དགྲ་བཅོམ་མང་པོའི་བཞུགས་གནས། དཔའ་བོ་མཁའ་འགྲོའི་ཞིང་ཁམས། འཛམ་གླིང་ས་ཡི་ལྟེ་བ། གནས་ཆེན་གངས་དཀར་ཏི་སེའི་ངོ་མཚར་རྫུ་འཕྲུལ་ཕུག་གི་དབེན་གནས་སུ་སྦྱར་བའོ། ༈ སྨྲས་པ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་དོན། །ཀུན་འདུས་བཀའ་གདམས་སྤྲུལ་པའི་གླེགས་བམ་མཆོག །སྟོད་སྨད་ཡོངས་ལ་རྒྱ་
ཆེར་སྤེལ་བའི་ཕྱིར། །དབེན་གནས་བཀྲ་ཤིས་འཁྱིལ་ནས་པར་དུ་བསྒྲུབས། །འདིས་མཚོན་དགེ་བས་ཕན་བདེ་འབྱུང་བའི་གནས། །རྒྱལ་བསྟན་ནོར་བུ་ཡུན་རིང་གནས་པ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རྒྱལ་མཚན་བརྟན། །འགྲོ་ལ་བདེ་སྐྱིད་ཉི་མ་འཆར་བར་ཤོག །གཞན་ཡང་ལྗོངས་འདིར་ནད་ཡམས་མུ་གེ་དང་། །འཐབ་རྩོད་འཁྲུག་པའི་མིང་ཡང་མི་གྲགས་ཤིང་། །ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས། །རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཁྱད་པར་པར་འདིའི་དོན་དུ་འབད་པ་ཡི། །པར་དཔོན་སློབ་མ་སྦྱིན་བདག་ཐམས་ཅད་ཀྱི། །གནས་སྐབས་ཚེ་དང་བསོད་ནམས་ཆོས་འཕེལ་ཞིང་། །མཐར་ཐུག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག། །།སརྦ་མངྒ་ལཾ།། །