ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།
རྨད་བྱུང་སྤྲུལ་པའི་གླེགས་བམ། །
རྨད་བྱུང་སྤྲུལ་པའི་གླེགས་བམ་བཞུགས་སོ། །
ན་མོ་གུ་རུ་བཛྲ་དྷ་ར་ཡ། ཆོས་རྣམས་ཐམས་ཅད་མ་འདྲེས་ས་ལེར་མཁྱེན། །མར་གྱུར་འགྲོ་བ་ཡོངས་ལ་བུ་ལྟར་བྱམས། །སྐྱོ་ངལ་མེད་པར་འགྲོ་ལ་ཆོས་འཁོར་བསྐོར། །སངས་རྒྱས་ཐུགས་རྗེ་ཅན་ལ་སྤྱི་བོས་འདུད། །བརྩེ་བའི་ཤུགས་ཀྱིས་བསྐྱོད་ནས་ཡར་ལ་བཞེངས། །ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཡོངས་ལ་གཟིགས། །ཉིན་མཚན་མེད་པར་འགྲོ་ཀུན་འདྲེན་མཛད་པའི། །འཕགས་པ་སྤྱན་རས་གཟིགས་ལ་སྙིང་ནས་འདུད། །ཐུགས་ཀྱི་དགོངས་པ་ནམ་མཁའི་ཁྱོན་ལྟར་ཡངས། །
བྱམས་དང་སྙིང་རྗེའི་ཉི་ཟླ་ལྟ་བུར་མངའ། །སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ། །རྒྱལ་བ་ཡབ་སྲས་གཉིས་ཀྱི་ཞབས་ལ་འདུད། །རང་དང་སྐལ་བ་ལྡན་པའི་གདུལ་བྱ་ལ། །བརྩེ་བས་མདོ་སྔགས་ལམ་བཟང་སྟོན་མཛད་པའི། །མཚུངས་མེད་ཆོས་རྒྱལ་ངག་གི་དབང་པོ་ཡི། །བཀའ་དྲིན་དྲན་བཞིན་ལན་བརྒྱར་གུས་ཕྱག་འཚལ། །སེམས་ཅན་གསོད་པ་མཐོང་ན་སྙིང་རྗེ་ནས། །སྲོག་ཚབ་རང་སྲོག་གཏོང་ལ་ཕངས་པ་མེད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མངའ་བའི། །བྱང་
ཆུབ་སེམས་དཔའ་ཡོངས་ལ་གུས་པས་འདུད། །ཁྱེད་རྣམས་མཁྱེན་བརྩེ་ནུས་པའི་ཤུགས་ཕྱུང་ལ། །བདག་དང་འགྲོ་བ་ཡོངས་ཀྱི་ཤེས་རྒྱུད་ལ། །བྱམས་དང་སྙིང་རྗེ་བྱང་སེམས་རིན་པོ་ཆེ། །བཅོས་མིན་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །གཞོན་ནུ་རབ་མཛེས་རྗེ་བཙུན་འཇམ་པའི་དབྱངས། །བདག་གི་སྙིང་ག་ཆོས་ཀྱི་འཁོར་ལོར་བཞུགས། །གཏིང་དཔག་དཀའ་བའི་ཆོས་ཚུལ་རྒྱ་མཚོ་ཡང་། །འཇམ་དབྱངས་ཁྱེད་བཞིན་རྟོགས་པར་བྱིན་གྱིས་རློབས། །བལྟ་བས་མི་ངོམ་ལྷ་མོ་དབྱངས་ཅན་མ། །མགྲིན་པ་ལོངས་
སྤྱོད་འཁོར་ལོའི་རྒྱན་དུ་བཞུགས། །ཆོས་ཀུན་རྟོགས་ནས་གཞན་ལ་སྟོན་པའི་ཚེ། །ལྷ་མོ་ཁྱེད་དང་མཚུངས་པར་བྱིན་གྱིས་རློབས། །སྡིག་ཟས་ཤ་དང་མྱོས་ཆང་བུད་མེད་ལ། །རང་གཞན་ཀུན་གྱི་སྲེད་པ་ལྡོག་པའི་ཕྱིར། །དེ་གསུམ་ཉེས་དམིགས་མདོ་དང་བསྟན་བཅོས་ན། །ཡོད་ཚུལ་ལུང་འདྲེན་བྱས་ནས་བཤད་ཀྱིས་ཉོན། །དེ་ཡང་འཁོར་བའི་སྡུག་བསྔལ་སྤྱི་དང་། ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བའི་རྒྱུའི་གཙོ་བོ་མི་དགེ་བ་བཅུ་ཡིན་ལ། དེའི་ནང་ནས་སྡིག་པ་ཆེ་
ཤོས་སྲོག་གཅོད་ཀྱི་ལས་ངན་པ་འདི་ཉིད་ཡིན། སྲོག་གཅོད་པའི་རྩ་བ་ཤ་འདི་ལ་ཐུག་འདུག་པས། ཐོག་མར་སྡིག་ཟས་ཕ་མའི་ཤ་ཁྲག་ཟོས་འཐུང་བའི་ཉེས་དམིགས་དང་གཅིག །ཉེས་སྐྱོན་ཐམས་ཅད་བསྐྱེད་པའི་རྩ་བ་སྨྱོ་ཆུ་ཆང་གི་ཉེས་དམིགས་དང་གཉིས། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་འཇིག་རྟེན་ཁྱིམ་ཐབས་བུད་མེད་བསྟེན་པའི་ཉེས་དམིགས་དང་གསུམ། ཤ་ཆང་བུད་མེད་ཀྱི་དབང་དུ་སོང་ནས་སྲོག་གཅོད་ཀྱི་ལས་བྱས་པའི་ཉེས་དམིགས་དང་བཞི་པོ་འདི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ཇི་ལྟར་འཆད་ན། རང་གཞན་ཀུན་ཡིད་ཆེས་པའི་ཕྱིར་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མང་པོ་དྲངས་ནས་བཤད་པར་བྱའོ། །དེ་ལ་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་། དེ་ནས་སྤྱི་བོར་བླ་མ་ཐུབ་པའི་དབང་པོ་སྒོམ་བཞིན་པའི་ངང་ནས། དང་པོ་སྡིག་ཟས་ཕ་མའི་ཤ་ཁྲག་ཟོས་པ་དང་འཐུང་བའི་ཉེས་དམིགས་བསམ་པ་ནི། རྒྱལ་བ་ཤཱཀྱ་ཐུབ་པའི་གསུང་རབ་དྲི་མ་མེད་པའི་ནང་ནས། ཐོག་མར་ལང་ཀར་གཤེགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་
པ་རྣམས་ཀྱིས་ཞུས་ནས། ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། གང་གིས་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ན། བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱིས། སེམས་ཅན་ཤ་ཁྲག་ཟ་བ་ལ་སོགས་པའི་བག་ཆགས་ཀྱིས་བསྒོས་པ། ཤའི་ཟས་ལ་ཆགས་པའི་སེམས་ཅན་རྣམས་ཀྱིས་རོ་ལ་སྲེད་པ་སྤང་བའི་སླད་དུ། ཅི་ནས་ཀྱང་སེམས་ཅན་དེ་དག་རོའི་སྲེད་པ་བསལ་ཏེ། ཆོས་ཀྱི་རོའི་ཟས་ལ་མོས་པའི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་སྡུག་པ་དང་ལྡན་ཞིང་ཕན་ཚུན་དུ་བྱམས་པ་ཐོབ་པ་དང་། ཐོབ་ནས་ཀྱང་བྱང་ཆུབ་སེམས་དཔའི་ས་རྣམས་སུ་བྱང་བར་བྱས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ངལ་བསོས་ཏེ། དེ་བཞིན་གཤེགས་པའི་ས་བླ་ན་མེད་པ་འཐོབ་པར་འགྱུར་བའི་ཆོས་བཤད་པར་ཤ་ཟ་བ་ཉེས་པར་བལྟ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་བཤད་དུ་
གསོལ། བཅོམ་ལྡན་འདས་མུ་སྟེགས་ཅན་གཞན་ངན་པར་བཤད་པའི་ཆོས་ཅན། འཇིག་རྟེན་རྒྱང་འཕེན་གྱི་ལྟ་བ་ལ་མངོན་པར་ཞེན་པ་ཡོད་པ་དང་མེད་པའི་ཕྱོགས་དང་། རྟག་པ་དང་ཆད་པར་སྨྲ་བ་རྣམས་ཀྱིས་ཀྱང་ཤ་འཚལ་བ་བཀག་སྟེ་དེ་དག་ཀྱང་མི་འཚལ་ན། འཇིག་རྟེན་གྱི་མགོན་པོ་ཁྱོད་ཀྱིས་བསྟན་པ་ཐུགས་རྗེས་རོ་གཅིག་ཏུ་གྱུར་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལ། རང་ཤ་འཚལ་བ་དང་། འཚལ་བ་མི་ལྡོག་པ་ལྟ་ཅིས་འབྱུང་། ཅི་ནས་ཀྱང་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀྱིས་སེམས་ཅན་རྣམས་ལ་དེ་བཞིན་ཉིད་དུ་ཆོས་བསྟན་པར་བགྱི་བ་དེ་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཐམས་ཅད་དུ་བུ་གཅིག་དང་མཚུངས་པར་གཟིགས་ནས། ཐུགས་རྗེ་ཆེན་པོ་ཅན་གྱིས་ཐུགས་བརྩེ་བའི་སླད་དུ། ཤ་འཚལ་བའི་ནོངས་པ་ལེགས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་བཤད་དོ། །ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་རྒྱུ་ཚད་མེད་པའི་ཕྱིར་ཤ་ཐམས་ཅད་བཟའ་བར་མི་བྱ་སྟེ། དེ་དག་ལ་ཕྱོགས་ཙམ་ཞིག་བཤད་པར་བྱའོ། །དེ་ལ་བློ་གྲོས་ཆེན་པོ་སྲོག་ཆགས་ཡུན་རིང་པོ་ནས་འཁོར་བ་རྣམས་ལ་གང་ཕ་འམ། མ་འམ། སྤུན་ནམ། སྲིང་མོ་འམ། བུ་འམ། བུ་མོ་འམ། གཉེན་བཤེས་སམ། གཉེན་ནམ། གཉེན་ལྟ་བུ་གང་ཡང་རུང་བར་མ་གྱུར་པའི་སེམས་ཅན་དེ་ནི་རྙེད་པར་སླ་བའི་རྣམ་པ་གང་ཡང་མེད་དོ། །གཉེན་དང་གཉེན་ལྟ་བུར་གྱུར་པ་དེ་དག་ཚེ་གཞན་དུ་ལུས་བརྗེས་པ་རི་དྭགས་དང་། ཕྱུགས་དང་། བྱའི་སྐྱེ་གནས་གང་ཡང་རུང་བར་གྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་འདོད་པ་འབྱུང་པོ་ཐམས་ཅད་བདག་དང་འདྲ་བར་གྱུར་པར་འདོད་པས། སྐྱེ་བོ་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལས་བྱུང་བའི་ཤ་ཇི་སྐད་དུ་བཟའ་བར་བྱ། བློ་གྲོས་
ཆེན་པོ་སྲིན་པོ་རྣམས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཆོས་ཉིད་བཟང་པོ་འདི་ཐོས་ནས་ཤ་ཟ་བ་ལས་རྣམ་པར་བཟློག་ཅིང་། སྲིན་པོའི་རང་བཞིན་དང་བྲལ་ནས་སྙིང་རྗེ་ཅན་དུ་འགྱུར་ན། ཆོས་འདོད་པའི་སྐྱེ་བོ་རྣམས་ལྟ་ཅི་སྨོས། དེ་ལྟར་ན་བློ་གྲོས་ཆེན་པོ་ཚེ་རབས་འཕོས་པ་དེ་དང་དེ་དག་ཏུ་སེམས་ཅན་ཐམས་ཅད་གཉེན་བཤེས་དང་། གཉེན་དུ་གྱུར་པའི་འདུ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་གི་འདུ་ཤེས་སུ་བསྒོམ་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་སྤྱོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཤ་བཟའ་མི་རུང་བ་དང་། འཁྲུལ་བའི་ཕྱིར་ཡང་ཤ་ཐམས་ཅད་མི་བཟའ་སྟེ། བློ་གྲོས་ཆེན་པོ་བོང་བུ་དང་། རྔ་མོང་དང་། ཁྱི་དང་། གླང་དང་། མིའི་ཤ་ལ་སོགས་པ་ནི་འཇིག་རྟེན་གྱིས་བཟའ་བ་མ་ཡིན་ན། འདི་ལྟར་ཤན་པ་དག་རིན་གྱི་ཕྱིར་བཟར་རུང་ངོ་། །ཞེས་ཟེར་ཞིང་སྲང་གི་དབུས་དག་ཏུ་འཚོང་བར་བྱེད་པས། དེའི་ཕྱིར་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་གཙང་བར་འདོད་པའི་
ཕྱིར་ཡང་བྱང་ཆུབ་སེམས་དཔས་ནི་ཤ་ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར་ཤ་མི་བཟའོ། །འབྱུང་པོ་རྣམས་དངངས་པར་བྱེད་པའི་ཕྱིར་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པ་རྣལ་འབྱོར་ཅན་གྱིས་ཤ་ཐམས་ཅད་བཟའ་བར་མི་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྨེ་ཤ་ཅན་དང་། གདོལ་བ་དང་། ཉ་པ་ལ་སོགས་པ་ཁྱིའི་ཤ་ཟ་བའི་སེམས་ཅན་རྣམས་ནི་རྒྱང་མ་ནས་མཐོང་ཡང་ཁྱི་རྣམས་འཇིགས་པས་ཟུགས་ཏེ། ལ་ལ་ནི་བདག་ཅག་ཀྱང་བསད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ནམ་མཁའ་དང་། ས་ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ཡོད་པ་དེ་དག་ཀྱང་ཤ་ཟ་བ་རྒྱང་མ་ནས་མཐོང་མ་ཐག་ཏུ་སྣའི་དབང་པོ་རྣོན་པོས་དྲི་ཚོར་ནས། སྲིན་པོ་ལས་མི་དག་མྱུར་དུ་འབྱོལ་བ་བཞིན་ཏེ། ལ་ལ་ནི་ཤིར་དོགས་པར་ཡང་འགྱུར་རོ། །བློ་གྲོས་ཆེན་པོ་དེའི་ཕྱིར་དངངས་པར་འགྱུར་བས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་ཞིང་དྲི་མི་ཞིམ་ལ་མི་སྙན་པར་བྱེད་པ་དང་།
འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་འཕགས་པའི་སྐྱེ་བོ་ནི་དྲང་སྲོང་གི་ཟས་ཟ་སྟེ། ཁྲག་དང་ཤ་མི་ཟ་བས་དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་སྐྱེ་བོ་མང་པོ་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་པ་སྤང་པར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་བཟའོ། །དེ་འདི་ལྟ་སྟེ། བློ་གྲོས་ཆེན་པོ་འཇིག་རྟེན་ན་བསྟན་པ་ལ་སྐུར་པར་སྨྲ་བ་དག་ཡོད་དེ། ཀྱེ་མ་འདི་དག་གི་དགེ་སྦྱོང་ཉིད་ནི་ཅི་ཞིག་ཡོད། འདི་དག་ནི་ཚངས་པར་འཇུག་པའང་ག་ལ་ཡོད་དེ། དེ་ལྟར་འདི་དག་ནི་སྔོན་གྱི་དྲང་སྲོང་གི་ཟས་བོར་ནས་ཤ་ཟན་བཞིན་དུ་ཤའི་ཟས་ཀྱིས་ལྟོ་གང་ཞིང་ནམ་མཁའ་དང་། ས་དང་ཆུ་ལ་གནས་པའི་འགྲོ་བ་ཕྲ་མོ་སྐྲག་པར་བྱེད་པ་རྣམས་འཇིག་རྟེན་འདི་དག་ཀུན་ཏུ་རྒྱུའོ། །འདི་དག་གི་དགེ་སྦྱོང་ཉིད་ནི་ཉམས་སོ། །འདི་དག་གི་སྡིག་པ་མ་སྤངས་པ་ཉིད་ནི་ཞིག་གོ །འདི་དག་ལ་ཆོས་ཀྱང་མེད་འདུལ་བའང་མེད་དོ་ཞེས་དེ་ལྟར་སྡང་བའི་སེམས་འཆང་བ་རྣམས་རྣམ་པ་དུ་མས་བསྟན་པ་ལ་སྐུར་རོ། །
དེའི་ཕྱིར་བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་པ་སྤང་པར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་ཤི་བའི་རོ་དྲི་མི་ཞིམ་ཞིང་མི་འཕྲོད་པ་དང་མཚུངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་མི་ཤི་བའི་ཤ་བསྲེགས་པ་དང་། དེ་མ་ཡིན་པ་སྲོག་ཆགས་གཞན་གྱི་ཤ་བསྲེགས་པར་ཡང་དྲིའི་ཁྱད་པར་གང་ཡང་མེད་དེ། གཉིས་ཀ་དྲི་མི་ཞིམ་པར་མཚུངས་སོ། །དེའི་ཕྱིར་ཡང་བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་གཙང་བར་འདོད་པའི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་དུར་ཁྲོད་པ་རྣམས་དང་། དགོན་པ་ནགས་འདབས་མི་མ་ཡིན་པར་རྒྱུ་བ་བས་མཐའི་མལ་སྟན་ལ་གནས་པའི་རྣལ་འབྱོར་པ་རྣལ་འབྱོར་ལ་སྤྱོད་པ་བྱམས་པ་ལ་གནས་པ་རྣམས་དང་། རིག་སྔགས་འཆང་བ། རིག་སྔགས་གྲུབ་པར་འདོད་པ་རྣམས་ཀྱི་རིག་སྔགས་སྒྲུབ་པ་དང་། ཐར་པ་ལ་གེགས་བྱེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་
རྣམས་ཀྱིས་རྣལ་འབྱོར་སྒྲུབ་པ་ཐམས་ཅད་ཀྱི་བར་ཆད་བྱེད་པར་འགྱུར་བར་རྗེས་སུ་མཐོང་ནས་བདག་དང་གཞན་གྱི་ལུས་ལ་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །གཟུགས་ལ་དམིགས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་ཆགས་པ་བསྐྱེད་པའི་ཕྱིར་ཡང་འབྱུང་པོ་ཐམས་ཅད་བདག་ཏུ་གྱུར་པ་སྙིང་བརྩེ་བའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་དེ་རྣམས་ཀྱང་སྤོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ། །བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལའང་དེའི་ཁ་ཤིན་ཏུ་དྲི་མི་ཞིམ་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །སྡུག་བསྔལ་ཞིང་ཉལ་བ་དང་། སྡུག་བསྔལ་ཞིང་སད་པ་དང་། སྡིག་པའི་རྨི་ལམ་སྤུ་གཡོ་བར་བྱེད་པ་མཐོང་བ་དང་། ཁྱིམ་སྟོང་པ་ན་འདུག་ཅིང་གཅིག་པུ་དབེན་པར་གནས་པའི་ཚེའང་དེ་ལ་མདངས་འཕྲོག་པའི་མི་མ་ཡིན་རྣམས་མདངས་འཕྲོག་པ་དང་། བར་བར་སྡང་བ་དང་། གློ་བུར་དུ་འཇིགས་ཤིང་སྐྲག་པར་འགྱུར་བ་དང་། ཟས་ཀྱི་ཚོད་མི་ཟིན་ཏེ། ཟོས་པ་དང་།
འཐུངས་པ་དང་། འཚོས་པ་དང་། མྱང་བའི་བཅུད་ལེགས་པར་འཇུ་བའི་མཆོག་ཏུ་མི་འགྱུར་བ་དང་། ལྟོ་ན་སྲིན་བུ་སྐྱེས་པ་དང་། མཛེ་མང་པོའི་གཞིར་འགྱུར་བ། ནད་མང་བར་བྱེད་པ་ཡིན། མི་འཕྲོད་པའི་འདུ་ཤེས་ཀྱང་མི་འཐོབ་སྟེ། ངས་ཁ་ཟས་ནི་བུའི་ཤ་དང་སྨན་བཞིན་དུ་བཤད་ལ། བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་པ། འཕགས་པའི་སྐྱེ་བོས་རྣམ་པར་སྤང་པ། ཉེས་པ་དུ་མ་འཐོབ་པར་བྱེད་པ། ཡོན་ཏན་དུ་མས་རྣམ་པར་སྤང་པ། དྲང་སྲོང་མ་ཡིན་པའི་ཟས་མི་བསོད་པ་མི་རུང་བའི་ཟས་ཤ་དང་ཁྲག་རྣམས་དེ་ཇི་ལྟར་སློབ་མ་རྣམས་ལ་གནང་བར་བྱ། བློ་གྲོས་ཆེན་པོ་ངས་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བསྙེན་པ། འཕགས་པ་མ་ཡིན་པའི་སྐྱེ་བོས་རྣམ་པར་སྤང་པ། ཡོན་ཏན་མང་པོ་འཐོབ་པར་བྱེད་པ། ཉེས་པ་མང་པོ་རྣམ་པར་སྤང་པ་སྔོན་གྱི་དྲང་སྲོང་གི་ཟས་བསོད་པ། འབྲས་དང་། ནས་དང་། གྲོ་དང་། སྲན་མ་རྡེའུ་དང་། བལ་སྲན་དང་། སྲན་ཆུང་ལ་སོགས་པ་དང་། མར་དང་། འབྲུ་མར་དང་། སྦྲང་རྩི་དང་། ཧྭགས་དང་། བུ་རམ་དང་།
ཁ་འདའ་དང་། ཤ་ཁ་ར་ལ་སོགས་པའི་ཟས་རྣམས་འོས་ཤིང་བརྟགས་པ་ཡིན་ཞེས་གནང་ན། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན། སྐྱེས་བུ་བླུན་པོ་འདུལ་བ་ལ་རྣམ་པར་རྟོག་པ། རྣམ་པ་མང་པོ་སྨྲ་བ་ཤ་ཟན་གྱི་རིགས་ཀྱི་བག་ཆགས་ཀྱིས་བགོས་པ་རོ་ལ་སྲེད་པ་ལ་ཤིན་ཏུ་ཆགས་པ་ཁ་ཅིག་ནི་འདི་བསོད་པའི་ཁ་ཟས་ཡིན་པར་འཛིན་ཏེ། བློ་གྲོས་ཆེན་པོ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དད་པ་ཅན་རྣམ་པར་རྟོག་པ་མི་མངའ་བ། ཤཱཀྱའི་རིགས་ཀྱི་རིགས་སུ་མིའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ལུས་སྲོག་དང་། ལོངས་སྤྱོད་ལ་མ་ཆགས་པ། རོ་ལ་མ་ཞེན་པ་རོ་ལ་མི་བརྐམ་པ། སྙིང་རྗེ་ཅན། འབྱུང་པོ་ཐམས་ཅད་བདག་བཞིན་དུ་དད་པར་འདོད་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་དུ་སྡུག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་སྙམ་དུ་འཛིན་པར་བཤད་དོ། །བློ་གྲོས་ཆེན་པོ་སྔོན་འདས་པའི་དུས་ན་རྒྱལ་པོ་སེང་གེ་མདངས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ཁ་ཟས་སུ་ཤ་ཟ་ཞིང་མ་འོས་པར་བསྟེན་པར་རོ་ལ་སྲེད་ཅིང་ཆགས་པ་ལ་འདུན་པའི་ཕྱིར་མིའི་
ཤའང་ཟོས་པར་གྱུར་ནས། དེའི་ཕྱིར་མཛའ་བོ་དང་། བློན་པོ་དང་། གཉེན་དང་། གཉེན་འདབ་ཀྱི་སྐྱེ་བོའི་ཚོགས་ཀྱིས་ཀྱང་སྤངས་པར་གྱུར་ན། གྲོང་ཁྱེར་བ་དང་། ཡུལ་གྱི་འགྲོ་བ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། བདག་གི་སྲིད་དང་ཡུལ་ཡོངས་སུ་བཏང་བའི་ཕྱིར་རབ་ཏུ་ཉོན་མོངས་པར་གྱུར་ཏོ། །བློ་གྲོས་ཆེན་པོ་དབང་པོས་ཀྱང་སྔོན་ལྷའི་བདག་པོ་ཐོབ་པར་གྱུར་ནས་ཤ་ཟ་བའི་བག་ཆགས་ཀྱི་ཉེས་པས་ཁྲའི་གཟུགས་སུ་བྱས་ནས་ལས་ཀུན་བྱ་ཐི་བའི་གཟུགས་དང་ཆ་བྱད་འཆང་བ་ཤིན་ཏུ་གཙེས་པར་གྱུར་ཏེ། རྒྱལ་པོ་བཞི་ལྡན་ཉེས་པ་མེད་པ་འབྱུང་པོ་ལ་སྙིང་བརྩེ་བ་ཅན་ཉིད་ཀྱང་སྲང་ལ་བཏབ་ཅིང་སྡུག་བསྔལ་ཆེན་པོ་ཐོབ་པར་བྱས་སོ། །བློ་གྲོས་ཆེན་པོ་དེ་ལྟར་ཚེ་དུ་མར་གོམས་ཤིང་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཀྱང་བདག་དང་གཞན་ལ་ཉེས་པ་ཐོབ་པར་བྱེད་པར་གྱུར་ན་གཞན་དག་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་མིའི་དབང་པོར་གྱུར་པ་གཞན་རྣམས་ཀྱང་རྟ་ཤུགས་དྲག་པོས་ཁྱེར་ནས། འབྲོག་དགོན་པ་ན་འཁྱམས་འཁྱམས་པ་ལས་སྲོག་གི་རིམ་གྲོའི་ཕྱིར་སེང་གེ་མོ་དང་འཚོས་པར་འགྱུར་ཏེ། བུ་དག་ཀྱང་
སྐྱེས་པར་གྱུར་ཏོ། །སེང་གེ་དང་འགྲོགས་པའི་རྒྱུས་རྒྱལ་པོའི་བུ་རྐང་བཀྲ་ལ་སོགས་པ་ང་སྔོན་གྱི་ཚེ་རབས་ལ་ཤ་ཟ་བའི་ཉེས་པའི་བག་ཆགས་ཀྱིས་མིའི་དབང་པོར་གྱུར་ཀྱང་ཤ་ཟ་བར་གྱུར་ཏོ། །བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལའང་ཁྱིམ་བདུན་པའི་གྲོང་ན་ཤ་ལ་ཤིན་ཏུ་བརྐམ་ཞིང་མི་འོས་པར་བསྟེན་ན། མི་ཤ་ཟ་བའི་མཁའ་འགྲོ་ཕ་དང་། མཁའ་འགྲོ་མ་མ་རུངས་པ་དག་ཏུ་སྐྱེའོ། །བློ་གྲོས་ཆེན་པོ་དེ་དག་ཚེ་བརྗེས་ནས་ཀྱང་ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས་སེང་གེ་དང་། སྟག་དང་། གཟིག་དང་། སྤྱང་གི་དང་། ས་རཀྵ་དང་། བྱི་ལ་དང་། ཝ་དང་། འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང་། ཤ་མང་དུ་ཟ་བའི་སྲིན་པོ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུའང་ལྟུང་བར་བྱེད་དོ། །དེར་ལྷུང་བ་རྣམས་མིའི་སྐྱེ་གནས་ཀྱང་འཐོབ་པར་དཀའ་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན། ཤིན་ཏུ་བསྙེན་པ་རྣམས་ལ་ལྟ་ལོས་ཀྱང་སྐྱེ་མོད། ཕྱིར་བཟློག་པས་ནི་ཡོན་ཏན་ཤིན་ཏུ་མང་ན། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་ཡོན་ཏན་དང་། ཉེས་པ་
འདི་དག་དང་། གཞན་ཡང་ཁོང་དུ་མི་ཆུད་དོ། །བློ་གྲོས་ཆེན་པོ་ཡོན་ཏན་དང་ཉེས་པ་འདི་དག་ལ་སོགས་པ་མཐོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའ་བར་བཤད་དོ། །བློ་གྲོས་ཆེན་པོ་གལ་ཏེ་ཇི་ལྟར་ཤ་སུས་ཀྱང་མི་ཟ་ན་ནི་དེའི་ཕྱིར་སྲོག་ཆགས་རྣམས་ཀྱང་གསོད་པར་མི་འགྱུར་ན། བློ་གྲོས་ཆེན་པོ་སྲོག་ཆགས་ཉེས་པ་མེད་པར་རིན་གྱི་ཕྱིར་བསད་པ་ནི་ཕལ་ཆེའི་དེ་ལས་གཞན་གྱི་ཕྱིར་ནི་ཉུང་ངོ་། །བློ་གྲོས་ཆེན་པོ་རོ་ལ་སྲེད་པ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། དེ་ལ་ཤིན་ཏུ་བསྙེན་པས་མིའི་ཤ་དག་ཀྱང་མི་དག་ཟ་བར་གྱུར་ན། རི་དྭགས་དང་། ཕྱུགས་དང་། བྱ་དང་། སྲོག་ཆགས་ལས་བྱུང་བའི་ཤ་དེ་དག་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་ཤའི་རོ་ལ་སྲེད་པས་གཟིར་བ་རྣམས་ཀྱིས་རྒྱ་དང་འཁྲུལ་འཁོར་འདི་དག་དེ་ལྟ་དེ་ལྟར་བཅས་ཏེ། དེ་དག་གིས་ནི་བྱ་པ་དང་། ཤན་པ་དང་། ཉ་པ་ལ་སོགས་པས་ནམ་མཁའ་ལ་རྒྱུ་བ་དང་། ས་ལ་འགྲོ་བ་དང་། ཆུ་ལ་རྒྱུ་བའི་སྲོག་ཆགས་ཉེས་པ་མེད་པ་རྣམས་རྣམ་པ་དུ་མས་གསོད་པར་བྱེད་དོ། །བློ་གྲོས་ཆེན་པོ་
འོན་ཀྱང་སྨད་པར་གྱུར་པའི་སེམས་གཏུམ་པ་ཅན་སྲིན་པོ་ལྟར་སྙིང་རྗེ་མེད་པ་རྣམས་ནི་སྲོག་ཆགས་སུ་འདུ་ཤེས་པས་གསོད་ཅིང་ཟ་ཡང་སྙིང་རྗེ་ནམ་ཡང་མི་སྐྱེའོ། །བློ་གྲོས་ཆེན་པོ་གང་ཉེ་བར་བཟུང་སྟེ་ཉན་ཐོས་རྣམས་ལ་གནང་བར་བྱས་སམ། བྱས་པ་དང་། བྱེད་དུ་མ་བཅུག་པ་དང་། མ་བརྟགས་པ་ཞེས་བྱའི་ཤའང་རུང་བ་མེད་ན། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཤཱཀྱའི་སྲས་ཡིན་ནོ། །ཞེས་ཁས་ལེན་པ་ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ། སྐྱེས་བུ་གླེན་པ་ལོག་པའི་རྟོག་གེས་སེམས་ཉམས་པར་གྱུར་པ། འདུལ་བ་ལ་རྣམ་པ་མང་པོར་རྣམ་པར་རྟོག་པ། སྨྲ་བའི་འཇིགས་ཚོགས་ལ་ལྟ་བ་རྒྱས་པ་རོའི་སྲེད་པ་ལ་ཆགས་པ་རྣམས་ཤ་ཟ་བའི་གཏན་ཚིགས་སུ་སྣང་བ་དེ་དང་དེ་དག་སྟོན་ཏེ། ང་ལའང་ཡང་དག་པ་མ་ཡིན་པར་སྐུར་བ་འདེབས་པར་སེམས་སོ། །དོན་འབྱུང་བའི་གླེང་གཞི་དེ་དང་དེ་དག་ལ་བརྟགས་ནས་སྨྲ་སྟེ། སྔོན་བྱུང་བ་འདི་ནི་གླེང་གཞི་འདི་ལས་བཅོམ་ལྡན་འདས་ཀྱིས་ཤའི་ཟས་གནང་སྟེ་རུང་བའང་ཡིན། ཁ་ཟས་བསོད་པར་ཡང་གསུངས་ཏེ། དེ་བཞིན་གཤེགས་པ་ཉིད་
ཀྱིས་ཀྱང་གསོལ་ཅེའོ། །བློ་གྲོས་ཆེན་པོ་མདོ་གང་ལས་བསྙེན་པར་གནང་བ་མེད་དེ། ཟས་བསོད་པའི་ནང་དུའང་རུང་བར་མ་བཤད་དོ། །བློ་གྲོས་ཆེན་པོ་གལ་ཏེ་ངས་གནང་བར་བྱ་བར་འདོད་དམ། ངའི་ཉན་ཐོས་རྣམས་ཀྱིས་བསྙེན་པར་རུང་བ་ཞིག་ཡིན་ན་ནི། བྱམས་པས་གནས་པའི་རྣལ་འབྱོར་ཅན་དུར་ཁྲོད་པ་རྣམས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་སེམས་ཅན་ཐམས་ཅད་བུ་གཅིག་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར་ཤ་ཐམས་ཅད་ཟ་བ་གཅོད་པར་ཡང་བྱས་སོ། །བློ་གྲོས་ཆེན་པོ་ངས་ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཆོས་འདོད་པ་ཐེག་པ་ཐམས་ཅད་ལ་རབ་ཏུ་ཞུགས་པ་རྣམས་དང་། དུར་ཁྲོད་པ་བྱམས་པ་ལ་གནས་པ་དགོན་པ་པ་རྣལ་འབྱོར་ལ་སྤྱོད་པ་རྣམས་ཀྱིས་རྣལ་འབྱོར་ཐམས་ཅད་སྒྲུབ་པ་དང་། སེམས་ཅན་ཐམས་ཅད་བུ་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར་ཤ་ཐམས་ཅད་གཅོད་པར་ཡང་བྱས་སོ། །བསྟན་པ་བརྗོད་པ་དེ་དང་དེ་ལ་བསླབ་པའི་གཞི་རིམ་པས་བཅའ་བ་སྐས་ཀྱི་གདང་བུ་བྲེས་པའི་ཚུལ་དུ་རྣམ་གསུམ་བཅས་ནས།
འདིའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེའི་ཕྱིར་རང་བཞིན་གྱི་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཀུན་ཐབས་མེད་པར་རིལ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ་ངས་ཤའི་ཟས་སུ་ལ་ཡང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །བློ་གྲོས་ཆེན་པོ་གང་ཡང་ང་ལ་དེ་བཞིན་གཤེགས་པས་ཀྱང་གསོལ་ཏོ། །ཞེས་སྐུར་པ་འདེབས་པར་སེམས་པ་དེའང་བློ་གྲོས་ཆེན་པོ་སྐྱེས་བུ་བླུན་པོ་རང་གི་ལས་ཀྱི་ཉེས་པའི་སྒྲིབ་པ་ལ་གནས་པ་དག་ལ་ཡུན་རིང་པོར་དོན་མེད་པ་དང་། གནོད་པ་དང་། མི་བདེ་བ་སྒྲུབ་པར་འགྱུར་རོ། །བློ་གྲོས་ཆེན་པོ་ངའི་འཕགས་པ་ཉན་ཐོས་རྣམས་ནི་ཁ་ཟས་ཐ་མལ་པའང་མི་ཟ་ན་ཤ་དང་ཁྲག་གི་ཟས་མི་རུང་བ་ལྟ་ཅི་སྨོས། བློ་གྲོས་ཆེན་པོ་ངའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་ཟས་ཟ་སྟེ། ཟང་ཟིང་གི་ཟས་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ལྟ་ཅི་སྨོས་སོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ནི་
ཆོས་ཀྱི་སྐུ། ཆོས་ཀྱི་ཟས་ཀྱིས་གནས་པ་ཡིན་ལ། ཟང་ཟིང་གི་སྐུ་མ་ཡིན། ཟང་ཟིང་གི་ཟས་ཐམས་ཅད་ཀྱིས་གནས་པ་མ་ཡིན་ཏེ། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་སྲེད་པས་འཚོ་བའི་བག་ཆགས་ཐམས་ཅད་སྤངས་ཤིང་ཉོན་མོངས་པའི་ཉེས་པའི་བག་ཆགས་ཐམས་ཅད་མེད་པ། སེམས་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་མཚུངས་པར་གཟིགས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །དེ་ལྟར་བློ་གྲོས་ཆེན་པོ་ང་ནི་སེམས་ཅན་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན། ཇི་ལྟར་བདག་གི་བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། །ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱིས་ཟོས་སོ་ཞེས་བྱ་བ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཆེན་གྱིས། །ཆང་དང་ཤ་དང་སྒོག་ཙོང་དག །བཟའ་ཞིང་བཏུང་བར་མི་བགྱི་བ། །རྒྱལ་བ་ཁྱུ་མཆོག་བཤད་དུ་གསོལ། །དྲི་ང་འཕགས་པ་
མིན་པས་བསྙེན། །མི་སྙན་པར་ཡང་བྱེད་པ་སྟེ། །ཤ་ནི་གཅན་གཟན་རྣམས་ཀྱིས་ཟ། །བཟར་མི་རུང་བར་ཐུབ་ཆེན་གསུངས། །ཟོས་ན་ཉེས་པ་གང་ཡིན་དང་། །མ་ཟོས་པ་ཡི་ཡོན་ཏན་དག །ཤ་ཟ་དེ་ལ་གང་ཡོད་པ། །བློ་གྲོས་ཆེན་པོས་ཤེས་པར་གྱིས། །འཁྲུལ་བ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངངས་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་ཙོང་དག །ཆང་དག་རྣམ་པ་སྣ་ཚོགས་དང་། །ཀེའུ་དང་སྒོག་སྐྱ་དེ་བཞིན་ཏེ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང་། །འབྲུ་མར་གྱིས་ཀྱང་བྱུག་པ་སྤང་། །ཁྲི་ལ་རྟེན་འཆའི་སེམས་ཅན་རྣམས། །བུ་ག་བུ་གར་འཇུག་འགྱུར་ཕྱིར། །ཁྲི་ལ་ཉལ་བར་མི་བྱའོ། །ཟས་ལས་དྲེགས་པ་སྐྱེ་བར་འགྱུར། །རྟོག་པ་དྲེགས་ལས་བྱུང་བ་སྟེ། །རྟོག་པས་འདོད་ཆགས་རབ་ཏུ་བསྐྱེད། །དེ་ཡི་ཕྱིར་ན་བཟར་མི་བྱ། །རྟོག་པ་ལས་ནི་འདོད་ཆགས་བསྐྱེད། །འདོད་ཆགས་ཀྱིས་ནི་སེམས་རྨོངས་པས། །རྨོངས་པས་འདུ་བར་རབ་ཏུ་འགྱུར། །སྐྱེ་སྟེ་འགྲོ་བར་མི་འགྱུར་རོ། །ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་
ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པ་ཤ་ཟ་ན། །འཇིག་རྟེན་གཉིས་ནི་ཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལས་བརྟུལ་ཞུགས་ཉམས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོང་། །མ་རུངས་འོ་དོད་འབོད་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོད་མེད་པས། །དེ་བས་ཤ་ནི་མི་བཟའོ། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ང་དང་སངས་རྒྱས་དག་གིས་བཤད། །སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་བ་སྨེ་ཤ་ཅན་རིགས་དང་། །བཙོ་བླག་མཁན་དུ་ཡང་ཡང་སྐྱེ། །མཁའ་འགྲོའི་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །མི་ཡི་ཐ་མ་དེ་དག་ནི། །སྲིན་པོ་བྱི་ལའི་མངལ་དུ་སྐྱེ། །གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་
འདས་དང་སོར་ཕྲེང་དང་། །ལངྐར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤང་བའི་ཕྱིར། །བྲམ་ཟེའི་རིགས་སམ་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་དོགས་པ་ཡིས། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡིས། །རྟོག་གེ་ཅན་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བ་འོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་ངོ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པར་ཡང་། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །སེང་གེ་དག་དང་སྟག་རྣམས་དང་། །ཝ་ལ་སོགས་དང་འགྲོགས་བྱ་བས། །
ངས་ནི་བྱམས་པས་གནས་པ་ལ། །རྟག་པར་རྣམ་པར་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་དངངས་པར་འགྱུར་བའི་ཤ །དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ལངྐར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང་པོ་ལས་ཤ་མི་བཟའ་བའི་ལེའུ་སྟེ་དྲུག་པའོ། །ཞེས་དང་། མྱ་ངན་འདས་པའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤ་མི་འཚལ་བ་ལ་ཤ་སྩལ་བ་མི་རིགས་མོད། དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཤ་མི་འཚལ་བ་དག་ལ་ཡོན་ཏན་ཆེན་པོ་བརྒྱད་དང་ལྡན་པར་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་སོ། ཁྱོད་ཀྱིས་ངའི་དགོངས་པ་ཤེས་པ་ཤིན་ཏུ་ལེགས་སོ། །ཆོས་སྲུངས་པའི་བྱང་ཆུབ་སེམས་དཔའ་དག་ནི་འདི་ལྟར་རིག་པར་བྱའོ། །རིགས་ཀྱི་བུ་དེང་ཕན་ཆད་ཉན་ཐོས་ཀྱི་ཉེ་གནས་དག་ཤ་ཟར་མི་གནང་ངོ་། །གལ་ཏེ་ཡོན་བདག་གིས་དད་པས་བྱིན་ནའང་། དེ་ལ་བུའི་ཤ་ལྟ་བུར་
འདུ་ཤེས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཅིའི་སླད་དུ། དེ་བཞིན་གཤེགས་པས་ཤ་འཚལ་དུ་མི་གནང་། བཀའ་སྩལ་པ། རིགས་ཀྱི་བུ་ཤ་ཟ་བ་ནི་སྙིང་རྗེ་ཆེན་པོའི་རིགས་གཅོད་པ་ཡིན་ནོ། །འོད་སྲུངས་ཀྱིས་གསོལ་པ། སྔོན་བཅོམ་ལྡན་འདས་ཀྱིས་ཤ་བརྟགས་པ་རྣམ་གསུམ་འཚལ་དུ་གནང་བ་མ་ལགས་སམ། བཀའ་སྩལ་པ། འོད་སྲུངས་ཤ་བརྟགས་པ་རྣམ་གསུམ་ཟར་གནང་བ་ནི། བགས་ཀྱིས་བཅད་པའི་ཐབས་སུ་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། ཅིའི་སླད་དུ་མ་བརྟགས་པ་རྣམ་པ་བཅུ་དང་། བརྟགས་པ་རྣམ་པ་དགུའི་བར་དུ་འཚལ་དུ་མི་གནང་། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། དེའང་བགས་ཀྱིས་བཅད་པའི་དོན་དུ་གསུངས་ཏེ། མདོར་ན་ཤ་བཅད་པའི་དོན་དུ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པས་ཉའི་ཤ་ལ་བསོད་པའི་ཟས་སོ་ཞེས་གསུངས། བཀའ་སྩལ་པ། རིགས་ཀྱི་བུ་ངས་ནི་ཉ་ཤ་ལ་སོགས་པ་ལ་བསོད་པའི་
ཟས་སོ་ཞེས་མ་གསུངས་ཀྱི། བུ་རམ་གྱི་ཤིང་དང་། འབྲས་དང་། ཁ་ར་དང་། ཁྲེ་དང་། ནས་ལ་སོགས་པ་དང་། ཧ་སེ་དང་། འོ་མ་དང་། ཞོ་དང་། མར་དང་། འབྲུ་མར་ལ་སོགས་པ་ལ་བསོད་པའི་ཟས་སོ་ཞེས་གསུངས་ཏེ། གོས་རྣམ་པ་མང་པོའང་འཆང་དུ་གནང་བར་ངས་གསུངས་མོད་ཀྱི། འཆང་དུ་གནང་བ་དེའང་ཁ་དོག་བསྒྱུར་པ་ལ་བྱ་ན། ཉ་ཡི་ཤ་ལ་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུངས་ཀྱིས་གསོལ་པ། དེ་བཞིན་གཤེགས་པས་ཉ་ཤ་འཚལ་དུ་གནང་ན་རོ་རྣམ་པ་ལྔ་པོ། འོ་མ་དང་ཞོ་དང་དར་བ་དང་། མར་དཀར་དང་། ཞུན་མར་དང་། ཏིལ་མར་ལ་སོགས་པ་དང་། གོས་ཀའུ་ཤ་ཡ་དང་། དོ་ཤལ་དང་ཀོ་ལྷམ་དང་། གསེར་དངུལ་གྱི་སྣོད་ལ་སོགས་པའང་འཆང་དུ་མི་གནང་བའི་རིགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་གཅེར་བུ་པའི་ལྟ་བ་དང་མཐུན་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཚུལ་ཁྲིམས་བཅས་པ་རྣམས་ནི་སོ་སོར་དགོངས་ཏེ་གསུངས་པ་ཡིན་པས། དགོངས་པ་ཐ་དད་པའི་ཕྱིར་ཤ་བརྟགས་པ་རྣམ་གསུམ་ཟར་གནང་བ་ཡིན་ནོ། །འདུ་
ཤེས་ཐ་དད་པའི་ཕྱིར་ཤ་རྣམ་པ་བཅུ་བཅད་པ་ཡིན་ནོ། །འདུ་ཤེས་ཐ་དད་པས་རང་ཤི་བ་ལ་སོགས་པ་ཤ་ཐམས་ཅད་ཟར་མི་རུང་ངོ་ཞེས་གསུངས་སོ། །འོད་སྲུངས་ངས་ནི་དེང་ཕན་ཆད་ཉེ་གནས་སུ་གྱུར་པ་རྣམས་ཀྱིས་ཤ་ཐམས་ཅད་ཟར་མི་རུང་ངོ་། །ཞེས་གསུངས་སོ། །འོད་སྲུང་ཤ་ཟ་བ་དག་ནི་འགྲོ་འམ། སྡོད་དམ་འདུག་གམ། ཉལ་ཡང་སེམས་ཅན་གང་ལ་དྲིས་ཕོག་པ་ཐམས་ཅད་འཇིགས་སྐྲག་གོ །འདི་ལྟ་སྟེ། དཔེར་ན་མི་ཞིག་སེང་གེའི་དྲི་བྲོ་བས་ཐམས་ཅད་འཇིགས་ཤིང་སྐྲག་གོ །རིགས་ཀྱི་བུ་དཔེར་ན། མི་ཞིག་སྒོག་པ་ཟོས་ན་མནམ་པས་ཐམས་ཅད་ཀྱི་མི་འདོད་དེ་འབྱོལ་ན། དེ་ལ་ཉེ་བར་བསྙེན་པ་ལྟ་ཅི་སྨོས། ཤ་ཟ་བ་རྣམས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་རྣམས་ལ་ཤའི་དྲིས་ཕོག་ནས་སྐྲག་སྟེ་ཤི་བས་འཇིགས་པའི་འདུ་ཤེས་འབྱུང་ངོ་། །ཆུ་ལ་གནས་པ་དང་། ཐང་ལ་གནས་པ་དང་། ནམ་མཁའ་ལ་འགྲོ་བའི་སྲོག་ཆགས་ཐམས་ཅད་འབྱོལ་ཞིང་འབྲོས་ཏེ། འདི་ནི་བདག་ཅག་གི་དགྲ་ཡིན་ནོ་ཞེས་ཟེར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དག་ཤ་ཟ་བར་མི་སྩོལ་ལོ། །སེམས་ཅན་སྒྲོལ་བའི་ཕྱིར་ཤ་ཟ་བ་སྟོན་ཏེ།
ཟ་བ་ལྟར་བྱེད་ནའང་ཡང་དག་པར་ན་མི་ཟའོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་ནི་ཡོངས་སུ་དག་པའི་ཟས་ཀྱང་མི་ཟ་ན་ཤ་ཟ་བ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཚད་མེད་པ་བརྒྱ་ན་འཕགས་པའི་ལམ་བཞིས་བྱུང་བའི་འཕགས་པ་ཀུན་ཀྱང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་ནུབ། གཟུགས་བརྙན་ལ་ཆོས་སུ་བྱེད་པ་ན། དགེ་སློང་དག་འདུལ་བ་འཛིན་པ་དང་འདྲ་བར་འཆོས་ཤིང་མདོ་སྡེ་ཀློག་པ་དང་འདོན་པ་ནི་ཉུང་གི །ལུས་གསོ་བའི་ཕྱིར་ཁ་ཟས་ལ་ནི་ཆགས། ལུས་ལ་ནི་གོས་ངན་པ་རྩུབ་པོ་གྱོན་ལ། མདོག་ཀྱང་ནག་པོར་གྱུར། གཟི་བརྗིད་ཀྱང་མེད་ལ། བ་ལང་དང་། ལུག་ཀྱང་འཚོ། ཤིང་དང་རྩྭའང་ཁུར་དུ་ཁྱེར་ཏེ། སྐྲ་དང་སེན་མོ་ནི་རིང་དུ་བསྐྱེད་པ་དག་ཀྱང་འབྱུང་སྟེ། ངུར་སྨྲིག་གི་གོས་གྱོན་མོད་ཀྱི། རྔོན་པ་དང་འདྲ་སྟེ། མིག་ཕབ་ལ་གོམ་པ་དལ་ཡང་བྱི་ལ་བྱི་བ་ལ་འཇབ་པ་དང་མཚུངས་ཏེ། བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་རྟག་ཏུ་བརྗོད་ཀྱང་། ནད་དང་སྡུག་བསྔལ་དང་། གཉིད་དང་མི་གཙང་བས་གཟིར་ཏེ།
ཕྱི་རོལ་གྱི་ཚུལ་འཆོས་ཀྱང་ནང་གི་སེམས་ནི་ཕྲག་དོག་དང་འདོད་པས་ཟིལ་གྱིས་ནོན་པས་ཆོས་ལོག་པ་ཅན་གྱི་བྲམ་ཟེ་ལ་སོགས་པ་དང་མཚུངས་སོ། །དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་གི་གཟུགས་སྟོན་ཅིང་། ངན་པར་ལྟ་བ་བསྐྱེད་ནས་ཡང་དག་པའི་ཆོས་ལའང་སྐུར་པ་འདེབས་སོ། །གང་ཟག་དེ་དག་གིས་དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་དང་། འདུལ་བ་དང་། སྤྱོད་ལམ་དང་རྣམ་པར་གྲོལ་བའི་འབྲས་བསྟན་པ་དང་། མ་བརྟགས་པའི་ཆོས་སྤང་བ་བསྟན་པའང་མ་རུངས་བར་བྱས་དགོངས་ཏེ་གསུངས་པ་ཤིན་ཏུ་ཟབ་མོའང་མ་རུང་བར་བྱས་ནས་སོ་སོའི་རང་བཟོས་མདོ་སྡེ་དང་འདུལ་བ་བཤད་དེ། འདི་སྐད་དུ་དེ་བཞིན་གཤེགས་པས་བདག་ཅག་ཤ་ཟ་བར་གནང་ཞེས་ཟེར་ཏེ། ཡི་གེར་བྲིས་ནས། སངས་རྒྱས་ཀྱིས་གསུངས་སོ་ཞེས་ཕན་ཚུན་དུ་རྩོད་ཅིང་སོ་སོ་ནས་བདག་ནི་དགེ་སྦྱོང་ཤཱཀྱའི་སྲས་སོ་ཞེས་སྒྲགས་སོ། །རིགས་ཀྱི་བུ་དེའི་ཚེ་ན་གཞན་ཡང་དགེ་སྦྱོང་དག་འབྲུ་མང་དུབ་སགས་ཤིང་ཉའི་ཤ་ལ་ལག་བདར་དེ་སྤྱོད་དོ། །མར་གྱི་སྣོད་དང་། རིན་པོ་ཆེའི་གདུགས་དང་། ཀོ་ལྷམ་དག་འཆང་ཞིང་།
རྒྱལ་པོ་དང་། བློན་པོ་དང་ཁྱིམ་བདག་ལ་བསྟེན་ནས་མཚན་ལྟ་བ་དང་། སྐར་མ་ལྟ་བ་དང་། མོ་དང་སྨན་དཔྱད་དག་སློབ་ཅིང་། བྲན་ཕོ་དང་། བྲན་མོ་དང་། གསེར་དང་དངུལ། མུ་ས་ལ་གརྦྷ་དང་། སྤུག་དང་ཤེལ་དང་མུ་ཏིག་དང་། བྱུ་རུ་དང་། སྤུར་ལང་དང་། ཤེལ་གྱི་སྣམ་བུ་དང་། དོ་ཤལ་ལ་སོགས་པ་དང་། ཤིང་ཏོག་རྣམ་པ་སྣ་ཚོགས་ལ་སྤྱོད་དེ། གཞན་ཡང་རྩལ་དང་། རི་མོ་དང་འཇོ་བ་ལ་སྤྱོད་པ་དང་། ཡི་གེ་སློབ་པའི་སློབ་དཔོན་དང་། ཞིང་རྨོ་བ་དང་། ཞིང་རྔ་བ་དང་། བྱད་སྟེམས་དང་། སྔགས་དང་སྨན་སྦྱོར་བ་དང་། གླུ་གར། རོལ་མོ་དང་། སྤོས་དང་། མེ་ཏོག་གི་འཇོ་བ་དང་། ཨུག་ཤུད་དང་མིག་མངས་དང་། བཟོ་རྣམ་པ་སྣ་ཚོགས་སློབ་ཅིང་བྱེད་པ་དག་འབྱུང་ངོ་། །དགེ་སློང་གང་ཞིག་མི་དགེ་བའི་དངོས་པོ་དེ་དག་སྤངས་ན། གང་ཟག་དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། །དེ་ནས་འོད་སྲུངས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་།
དགེ་བསྙེན་མ་ཡོན་བདག་ལ་ལྟོས་ཏེ། འཚོ་བ་དག་བསོད་སྙོམས་བྱེད་པའི་ཚེ། ཤ་དང་འདྲེས་པའི་ཟས་ཤིག་སྩལ་ན། ཇི་ལྟར་འཚལ་བར་བགྱིས། ཅིས་བརྟགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། ཤ་དང་ཟས་སོ་སོར་ཕྱེ་ལ་ཆུས་བཀྲུས་ཏེ་བཟའ་བར་བྱའོ། །གལ་ཏེ་ལྷུང་བཟེད་ཤ་དང་འབགས་ཀྱང་བྲོ་བའི་རོ་མེད་ན། སྤྱོད་ཀྱང་ཉེས་པ་མེད་དོ། །གལ་ཏེ་བསོད་སྙོམས་ཀྱི་ནང་ན་ཤ་མང་དུ་འོང་ནའང་བླང་བར་མི་བྱའོ། །གལ་ཏེ་ཟས་ཀྱི་ནང་ན་ཤ་སྣང་ན་མ་ཟ་ཞིག །ཟོས་ན་ཉེས་པ་དང་བཅས་ཏེ། ངས་ཤ་ཟར་མི་གནང་བ་དང་བཅས་པ་འདི་རྒྱས་པར་བསྟན་ན། ཟད་པའི་མཐའ་མེད་དེ། མྱ་ངན་ལས་འདའ་བའི་དུས་ལ་བབ་པས་ཕྱོགས་ཙམ་ཞིག་བཤད་དོ། །འདི་དག་ནི་དྲིས་པའི་ལན་བཏབ་པ་ཞེས་བྱའོ། །ཞེས་དང་། སོར་ཕྲེང་ཅན་གྱི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། དེ་བཞིན་གཤེགས་པའི་སྙིང་པོའི་སླད་དུ་སངས་རྒྱས་རྣམས་ཤ་མི་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཤིན་ཏུ་དེ་བཞིན་ཏེ། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་འཁོར་བའི་
ཚེ་རབས་དེ་དག་ལ་སེམས་ཅན་ཐམས་ཅད་མར་མ་གྱུར་པ་དང་སྲིང་མོར་མ་གྱུར་པ་གང་ཡང་མེད་དོ། ཁྱིར་གྱུར་པ་ཡང་ཕར་གྱུར་ཏེ། འཚོ་བའི་འཇིག་རྟེན་ནི་བྲོ་མཁན་བཞིན་ནོ། །དེ་བས་ན་བདག་གི་ཤ་དང་གཞན་གྱི་ཤ་ཡང་ཤ་གཅིག་པ་ཡིན་པས་སངས་རྒྱས་རྣམས་ཤ་མི་གསོལ་ལོ། །གཞན་ཡང་འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཏེ་དབྱིངས་གཅིག་ཏུ་གྱུར་པའི་རང་ཤ་ཟ་བར་འགྱུར་བས་སངས་རྒྱས་རྣམས་ཤ་མི་གསོལ་ལོ། །ཞེས་དང་། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་འཇིག་རྟེན་པའང་རེ་ཞིག་ཚུན་ཆད་བདག་ཉིད་ཤ་ཟ་བ་ལ་མི་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འཇིག་རྟེན་པ་ལ་སངས་རྒྱས་ཀྱི་ཚིག་དང་མཐུན་པ་ཡོད་པ་དེ་ཡང་ཐམས་ཅད་དུ་ཐམས་ཅད་སངས་རྒྱས་ཀྱི་ཚིག་ཏུ་རིག་པར་བྱའོ། །ཞེས་དང་། དྲན་པ་ཉེར་བཞག་གི་མདོ་ལས། དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དྭགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དྭགས་ཀྱི་འཇིག་རྟེན་ན་ཡི་དྭགས་
ཁྲག་ཟ་བ་ཞེས་བྱ་བ་ཁྲག་གིས་སྲོག་འཚོ་བར་བྱེད་པ་ཇི་ལྟར་འདུག་པ་མཐོང་ངོ་། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མི་གང་ལ་ལ་དེའི་ལུས་བརྟེན་པར་བྱ་བའི་ཕྱིར་ཤའི་ཁྲག་འཐུང་ལ་དེ་ལ་དགའ་ཞིང་གཏུམ་པ་དང་། ཕྲག་དོག་དང་སེར་སྣས་མངོན་པར་ཉམས་པ། བུ་དང་ཆུང་མ་ལ་བསླུ་བར་བྱེད་ཅིང་སྲོག་གཅོད་པར་བྱེད་ན་ཁྲག་ལ་འཆུམས་པའི་ངང་ཚུལ་ཅན་ཏེ། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དྭགས་ཁྲག་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་ལས་ཉིད་ཀྱིས་བསྐྱེད་པའི་ཡུལ་དུ་སྐྱེ་བར་འགྱུར་ལ་དེ་ལ་མི་དག་འདི་ནི་གནོད་སྦྱིན་ཞིག་ཡིན་ནོ་ཞེས་བརྗོད་དེ། དེ་ལ་མཆོད་པའང་བྱེད་དོ། །དེ་ལ་ཀུན་ནས་བསྐོར་ནས་ཁྲག་གི་གཏོར་མས་ཀྱང་མཆོད་པར་བྱེད་དེ། དེ་ཕྱིར་ཞིང་ཁྲག་འཐུང་བས་མྱོས་ནས་མི་དག་ལ་གནོད་པ་བྱེད་དོ། །དེ་ལ་མི་དག་ཡང་དང་ཡང་དུ་གནོད་སྦྱིན་འདི་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡིན་ནོ་ཞེས་བརྗོད་དེ། དེ་ལྟར་དེ་གཅིག་ནས་གཅིག་ཏུ་བརྗོད་པར་བྱེད་དོ། །ཚེའང་སྔ་མ་བཞིན་
ཏེ། དེ་ལྟར་དེ་ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་ལྟར་ཡི་དྭགས་རྫུ་འཕྲུལ་ཆེ་བ་དེ་ཉིད་བྱེད་དོ། །དེ་དེ་ལས་ཐར་ན་ལས་དེ་དང་རྒྱུ་མཐུན་པར་རང་གི་ལས་ལ་སྤྱོད་པ་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་དུ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་པའམ། བུད་མེད་དུ་སྐྱེས་ན་མི་དེ་མཁའ་འགྲོ་མ་འམ་མཁའ་འགྲོར་འགྱུར་བ་མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དྭགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དྭགས་ཤ་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ་། །དེ་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེར་སྣ་ལ་ཆགས་པའི་ཟིལ་གྱིས་ནོན་པ་གང་གིས་བ་ལང་ངམ། རྟ་འམ། རི་དྭགས་སམ། ཕག་གམ། ལུག་ཤི་བའི་ཤ་རིན་ཐང་ངམ། སྲང་ལ་གཡོ་བྱས་ནས་རིན་ཆེན་པོར་བཙོངས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དྭགས་ཤ་ཟ་བ་
རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་བཞི་མདོ་དང་། སུམ་མདོ་དང་། ཚོང་འདུས་དང་། ལམ་གཞི་དང་། སྲང་དང་། གྲོང་ཁྱེར་དང་། གཙུག་ལག་ཁང་གི་གནས་རྣམས་ཀྱི་གནོད་སྦྱིན་དུ་སྐྱེ་བར་འགྱུར་ཏེ། ངོ་བོ་ཉིད་གཏུམ་པར་གྱུར་པ་ཤེས་སོ། །ཡི་དྭགས་རྫུ་འཕྲུལ་ཆེ་བ་མི་དགེ་བའི་ལས་ཤིན་ཏུ་མི་ཟད་པའང་མ་ཡིན་ལ། དེ་སྦྱིན་པ་ཚེར་མ་ལྟ་བུའང་བྱིན་ཏེ། རྒྱུ་དེས་རྫུ་འཕྲུལ་ཆེ་བ་ཉིད་དུ་འགྱུར་རོ། །དེ་ལ་མི་ཕལ་པ་དག་མ་ཧེ་དང་། རི་དྭགས་དང་། སྦྲུལ་དང་། ལུག་ལ་སོགས་པ་དག་སྲོག་གཅད་ནས་ཤས་ཤིན་ཏུ་ཚིམ་པར་བྱེད་དོ། །དེ་ལྟར་དེ་ཉེས་པར་བྱས་པའི་ངོ་བོ་ཉིད་ཀྱིས་ཇི་སྲིད་དུ་མི་དགེ་བའི་ལས་ཕྲག་དོག་བྱས་པ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེར་འབྱུང་བར་འགྱུར་རོ། །དེ་ཕྱིས་ཡི་དྭགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་མཐུན་པར་ལས་ཉེ་བར་འགྲོ་བ་དང་། ལས་སོ་སོར་འབྲང་བ་ཇི་ལྟ་བ་བཞིན་དུ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །གལ་ཏེ་བརྒྱ་ལ་ལེགས་པར་བྱས་པ་དེས་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་
སྐལ་བ་མཉམ་པར་མིར་སྐྱེས་ན་ཤ་ཟ་བ་ཤན་པ་ཕལ་བ་འམ་དུམ་བུར་བྱེད་པའི་མིར་འགྱུར་བ་མཐོང་ངོ་། །ཞེས་དང་། ཡང་མདོ་དེ་ཉིད་ལས། འདི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་དེར་མི་དགེ་བའི་ལས་བྱེད་པས་ཤིན་ཏུ་གང་བའི་འབྲས་བུ་མི་དགེ་བས་ཤིན་ཏུ་གང་བ་དེ་ལྟ་བུ་ལ་སྤྱོད་དོ། །དེ་ལྟར་ལོ་འབུམ་ཕྲག་དུ་མར་སྡིག་པའི་ལས་དགྲ་ལྟ་བུར་གྱུར་ཅིང་མི་ཕན་པར་འདོད་པ་དེས་དམྱལ་བ་དེར་འཚོད་དོ། །དེ་གལ་ཏེ་དེ་ལས་ཐར་ནས་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་རྒྱུག་པ་དང་། དེས་རྒྱང་རིང་པོ་ནས་ཁྱིའི་ཚོགས་ཆེན་པོ་དག་ཁ་གདངས་ཤིང་སྤྲོ་བ་ཆེ་ལ་ཤིན་ཏུ་མགྱོགས་པས་རྡོ་རྗེ་ལྟར་རྣོ་ཞིང་ཤིན་ཏུ་འཇིགས་པའི་སྒྲ་འབྱིན་པའི་ཁྱི་དེ་ཁྱི་རྣམས་ཀྱིས་བསྐོར་ནས་རྒྱུག་ཅིང་འོང་བ་མཐོང་ངོ་། །མཐོང་ནས་སེམས་ཅན་དམྱལ་བ་པ་དེས་འབྲོས་པར་བརྩམ་པ་དང་། དེ་ནས་ཁྱི་དེ་དག་ཐམས་ཅད་ཀྱིས་བརྒྱུགས་ནས་དེ་བཟུང་ངོ་། །བཟུང་ནས་ཀྱང་མ་ལུས་པར་ཟ་སྟེ། རྒྱུས་པའི་ཚོགས་ནས་རྒྱུས་པའི་ཚོགས་དང་། གནད་ཀྱི་བར་ནས་གནད་ཀྱི་བར་དང་། རུས་པའི་
ཚིགས་ནས་རུས་པའི་ཚིགས་ཏེ། ཇི་ལྟར་དེ་ཡུངས་འབྲུ་ཙམ་ཡང་མ་ལུས་པ། དེ་ལྟར་ཡན་ལག་དང་ཉིང་ལག་ཐམས་ཅད་ཟའོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། དེ་ལྟར་དེ་ཡུན་རིང་དུ་ཁྱི་དེ་རྣམས་ཟའོ། །དེའི་ལས་ཀྱི་འབྲས་བུ་དེ་གང་ཞིག་ཡིན་སྙམ་ན། གང་དེས་ཤ་སྟོན་བྱ་བའི་ཕྱིར་སེམས་ཅན་བསད་ཅིང་སྲོག་བཅད་པའི་འབྲས་བུ་ནི་དེ་ཡིན་ནོ་གསུངས། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། ཤ་ཟོས་ན་ཞེ་སྡང་གི་ལས་སྐྱེཿ རྒྱུ་ལྕིའོཿ ཁྲག་འཐུང་ན་གཏི་མུག་གི་ལས་སྐྱེཿ རྐྱེན་ལྕིའོཿ ཆང་འཐུང་བ་ལསཿ ཤ་ཁམ་གཅིག་ཟོས་པ་སྒྲིབ་པ་ཆེཿ རང་གིས་སྲོག་མ་བཅད་པའི་ཤ་ལོ་བརྒྱར་ཟོས་པ་ལསཿ སྲོག་བཅད་པའི་ཁྲག་ཐིགས་པ་གཅིག་བཏུང་བ་སྡིག་པ་ཆེཿ དེ་ཅིའི་ཕྱིར་ཞེ་ནཿ རྒྱུ་རྐྱེན་ལས་བྱུང་བ་དངཿ ཁྲག་ཅེས་བྱ་བ་ནིཿ དངོས་པོ་མཐོང་ན་ཁམས་གསུམ་སྐྲགཿ འཐུང་བ་མཐོང་ན་སྲིད་གསུམ་བརྒྱལཿ ལས་སྒྲིབ་ཐམས་ཅད་བསྐྱེད་པ་གཅིག་ཡིནཿ འབྲུའི་ཕྱོགས་བརྩི་བ་ནཿ རང་གིས་ཆང་འཐུང་ནས་ལས་མ་བསགས་ནཿ སྐྱེ་བ་གཅིག་གིས་ཡི་དྭགས་སུ་སྐྱེ་བར་འགྱུརཿ ལས་
བསགས་ན་ཚ་བའི་དམྱལ་བར་སྐྱེ་བར་འགྱུར་རོཿ རང་གིས་སྲོག་མ་བཅད་པའི་ཤ་ཟོས་ན་སྐྱེ་བ་གཅིག་གིས་དམྱལ་བའི་གནས་སུ་བསྐལ་པ་གཅིག་གནས་པར་འགྱུརཿ རང་གིས་སྲོག་བཅད་པའམཿ གཅོད་པར་བསྐུལ་བའི་ཤ་ཟོས་ནཿ སྐྱེ་བ་གཅིག་གིས་བསྐལ་པ་འབུམ་དུ་དམྱལ་བར་གནས་པར་འགྱུར་རོཿ གཞན་གྱིས་སྲོག་བཅད་པའི་ཁྲག་འཐུང་ནཿ རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་པར་ཏེཿ རང་གིས་ཡུལ་གང་ཡིན་པའི་ཁལ་གཅིག་འཐུང་ནཿ བསྐལ་པ་རེ་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པའི་གནས་སུ་སྐྱེའོཿ ཚེ་གཅིག་ཏུ་འཐུང་ན་བསྐལ་པ་གྲངས་མེད་པ་གཅིག་འཁོར་བར་འཁྱམ་མོཿ སྲོག་མ་བཅད་པའི་ཁྲག་འཐུང་ནཿ ཚེ་ཕྱི་མ་ལ་དུད་འགྲོའི་སྐྱེ་བ་བདུན་ལེན་ནོཿ རང་གིས་སྲོག་བཅད་པའི་ཁྲག་ལན་གཅིག་འཐུང་ནཿ ཁྲོ་ཆུ་ཚ་མོ་བླུགས་པའི་གནས་སུ་སྐྱེའོཿ རང་གིས་བསད་པའི་ཤ་དྲོན་མོ་དང་ཁྲག་དྲོན་མོ་རང་གི་ལུས་དང་མཉམ་པ་གཅིག་ཟོས་འཐུང་ནཿ ཚེ་འདིའི་ཕྱི་མ་ལ་བསྐལ་པ་གཅིག་ཁྲོ་ཆུ་ཁོལ་མའི་གནས་སུ་སྐྱེ་བར་འགྱུར་རོཿ ཤ་དམར་པོ་དང་ཁྲག་དམར་པོ་
ཟོས་ན་སྐྱེ་བ་བདུན་འདས་པའི་ཕ་རོལ་ཏུ་ཁྲོ་ཆུ་ཁོལ་མ་བླུགས་པའི་གནས་སུ་སྐྱེ་བར་འགྱུར་རོཿ ཤ་བཙོས་པ་དང་ཁྲག་བཙོས་པ་ཟོས་ནཿ སྐྱེ་བ་བཅུ་འདས་པའི་ཕ་རོལ་ཏུ་ཁྲོ་ཆུ་ཁོལ་མའི་གནས་སུ་སྐྱེ་བར་འགྱུར་རོཿ དེ་བཞིན་དུ་ཤ་དང་ཁྲག་ནི་ཁམས་གསུམ་ཕུང་བར་བྱེད་པའི་ཟས་ཡིན་ཏེཿ བདག་པོ་མང་པོ་བརྒྱུད་པའི་ཤ་ནི་ཉེས་པ་ཆུང་སྟེཿ དཔེར་ན་བདག་པོ་བརྒྱ་བརྒྱུད་ནས་སྐྱེ་བརྒྱའི་འོག་ཏུ་དམྱལ་བར་འགྲོ་དགོས་ཏེཿ བཅུ་བརྒྱུད་བཅུའི་འོགཿ དེ་བཞིན་དུ་འགྱུར་ཤེས་པར་བྱའོཿ དེ་བཞིན་དུ་རང་བཞིན་གྱིས་ཤི་བའི་ཤ་ལས་བསད་པ་གཅིག་ལྕིའོཿ གཞན་གྱིས་བསད་པའི་བརྒྱ་ལས་རང་གིས་བསད་པ་གཅིག་ལྕིའོཿ རང་གིས་བསད་པའི་ཤ་བཅུ་ལས་གཞན་བསྐུལ་ནས་བསད་པ་གཅིག་ལྕིའོཿ དེ་ལྟ་བུའི་འགྱུར་ཤེས་པར་བྱའོཿ དེ་ལྟར་དུག་གསུམ་བསྐྱེད་པའི་ཟས་ཤ་ཁྲག་ཆང་གསུམ་རྟག་པར་ཟོས་ནཿ ཟས་ལ་བརྟེན་ནས་ཉོན་མོངས་པ་ལྔ་སྐྱེ་བར་འགྱུར་རོཿ གསུངས། རྙིང་རྒྱུད་དགོངས་འདུས་ལས། ཤ་དང་ཁྲག་ལ་སོགས་པའི་ཟས། །བཀུ་བའི་སྡིག་ཟས་ཆེན་པོ་སྟེ། །གང་གིས་ཟོས་པའི་ལུས་རྣམས་ལ། །དྲི་
ཡིས་འཚོ་བ་ཀུན་འདུས་ནས། །མདངས་དང་བཅུད་རྣམས་འཕྲོག་པར་བྱེད། །དེས་ནི་གཟི་མདངས་ཡལ་བྱེད་འགྱུར། །ཞེས་དང་། ཁྲག་ལ་སོགས་པའི་རྫས་ཆེན་ལྔ། །དངོས་པོ་ཁོ་ནར་དེར་བརྟགས་ན། །འབྱུང་པོ་ཁྲག་གི་དྲི་བསྣུམས་པའི། །ལུས་ལེན་རིགས་ནི་འཛིན་པ་ཡིན། །ཞེས་དང་། རྙིང་རྒྱུད་ཀུན་འདུས་རིགས་པའི་མདོ་ལས། ཤ་དང་ཁྲག་ལ་སོགས་པའི་ཟས། །བཀུ་བའི་དངངས་ཟས་ཆེན་པོ་སྟེ། །གང་གིས་ཟོས་པའི་ལུས་རྣམས་ལ། །འབྱུང་པོ་དྲི་ཟ་ཀུན་འདུས་ནས། །དྲི་སྣོམས་རོ་དང་བཅུད་རྣམས་འབྱིན། །དེས་ནི་གཟི་མདངས་ཡལ་འགྱུར་ན། །ཅི་ཕྱིར་ཅི་སྟེ་དེ་རྣམས་བཟའ། །ཞེས་དང་། ཁྲག་ལ་སོགས་པའི་རྫས་ཆེན་ལྔ། །དེ་ཉིད་དངོས་པོར་དེ་བརྟགས་ན། །འབྱུང་པོ་ཁྲག་གི་དྲི་སྣོམས་པའི། །ལུས་ལེན་རིགས་ནི་འཛིན་པ་ཡི། །མ་བདུན་རྔམས་པའི་ཆ་ལུགས་སུ། །གང་ཞིག་རྟོག་པར་དེར་གོལ་ན། །སྲིན་མོ་མི་སྡུག་ཤ་ཟ་མོ། །ལངྐའི་ཡུལ་དུ་དེ་དག་འཁོར། །ཞེས་དང་། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས། ཆང་དང་། ཤ་དང་། ཀུན་དོང་དང་། ཀེའུ་
དང་། སྒོག་སྐྱ་དང་། འདྲེས་པ་དང་། ལྷག་རོལ་དང་། འདི་རྣམས་ཁྱད་པར་དུ་གཉེར་པས་སྤང་བར་བགྱིའོ། །ཞེས་དང་། དོན་ཡོད་ཞགས་པའི་སྙིང་པོ་ལས། ཆང་དང་། ཤ་དང་། བཙོང་དང་། སྒོག་སྐྱ་དང་། བདེ་བྱེད་ལ་བྱིན་པའི་ལྷག་མ། ཁྱད་པར་དུ་སྲུང་བར་འདོད་པས་དེ་རྣམས་སྤང་བར་བྱའོ། །མི་གཡོ་བའི་རྒྱུད་ལས། ཞོ་དང་། འོ་མ་དང་། མར་དང་། ལ་དུ་དང་། ལ་བན་དང་། སྣུམ་འཁུར་དང་། འཁུར་སྐྱ་དང་། འབྲས་དང་། འབྲས་ཟན་ལ་སོགས་པ་དག་སྨྱུང་བ་དང་ལྡན་པས་བཟའ་བར་བྱའོ། །ཤ་དང་ཆང་དང་། སྒོག་པ་ལ་སོགས་པ་བཀུ་བའི་ཟས་རྣམས་ཀུན་ཏུ་སྤང་བར་བྱའོ། །ཞེས་དང་། སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་པདྨ་དྲྭ་བ་ལས། མཆོད་པ་རྙིང་དང་སྒོག་པ་དང་། །འབགས་དང་ལྷག་མར་གྱུར་པ་དང་། །ཤ་དང་དམན་པའི་ལག་གི་ཟས། སྲོག་ཆགས་ཡོད་པའི་ཆུ་རྣམས་སྤོངས། །ཞེས་དང་། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་ཐེག་ཆེན་བསྡུས་པ་ལས། ཤ་དང་ཉ་དང་ཆང་དང་སྒོག་པ་དང་ལ་ཕུག་དང་། རྒྱ་སྐྱགས་ཀྱི་ལས་དང་ཏིལ་གྱི་ལས་དང་།
ཞིང་ལས་ལ་སོགས་པ་ནི་རྟག་ཏུ་སྤང་པའོ། །ཞེས་དང་། འཇམ་དབྱངས་མིའི་དབང་པོ་གྲགས་པས་མཛད་པའི་ལྟ་བའི་འདོད་པ་མདོར་བསྟན་ལས། སློབ་དཔོན་དང་ནི་ཁྱིམ་པ་དང་། །བྲམ་ཟེ་དང་ནི་དཀའ་ཐུབ་ཅན། །ཤ་ཟོས་པ་དང་ཆང་འཐུང་ན། །ཤི་ནས་ཡི་དྭགས་འགྲོ་བ་འོ། །ཞེས་དང་། ཉ་ཤ་ཆང་གི་བཏུང་བ་རྣམས། །ཕ་དང་མ་ཡིས་བྱིས་པ་ལ། །དེ་ཡི་གོ་སྐབས་སྦྱིན་མི་བྱ། །དེ་བཞིན་བཟའ་བར་བྱ་བའི་ཟས། །འོ་མ་མར་ཏེ་ཤ་མེད་པའོ། །ཞེས་དང་། ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་ལས། རྣལ་འབྱོར་པས་བསྒོམ་པའི་དུས་ཐམས་ཅད་དུ། ཉ་དང་ཤ་ལ་སོགས་སྤངས་ཤིང་མི་མཐུན་པ་མ་ཡིན་པ་དང་། ཟས་ཚོད་ཟིན་པར་བཟའ་བར་བྱའོ། །ཞེས་དང་། བི་མ་ལ་མི་ཏྲས་མཛད་པའི་མི་རྟོག་པ་བསྒོམ་དོན་ལས། རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ་ཉ་དང་ཤ་ལ་སོགས་པ་སྤང་ཞིང་། མི་མཐུན་པ་མ་ཡིན་པ་དང་། ཟས་ཀྱི་ཚོད་ཟིན་པར་བཟའ་བར་བྱའོ། །གསུངས། རྒྱལ་སྲས་ཐོགས་མེད་ཀྱི་ཞལ་ནས། ཐོག་མེད་དུས་ནས་གཉེན་གྱུར་སྲོག་ཆགས་རྣམས། །ལས་ཀྱི་ཤི་
ནའང་མཆི་མ་འབྱུང་རིགས་ན། །དེ་དག་ཤ་ཡི་ཆེད་དུ་བསད་པའི་ཤ །བཟའ་བ་རིགས་པ་མ་ཡིན་ཤེས་རབ་གྲུབ། །ཅེས་གསུངས་སོ། །དུས་འཁོར་རྩ་རྒྱུད་ལས། ལྷ་དང་རང་འཇིགས་ཕ་མེས་དང་། །འདོད་གྲུབ་དོན་དང་བཙོང་ཕྱིར་དང་། །གདུལ་དཀའ་སྡིག་པ་བྱེད་རྣམས་ཀྱིས། །གནོད་བྱེད་མིན་པའི་སེམས་ཅན་བསད། །དེ་ཡི་ཤ་དེ་ཉོ་བ་དང་། །ཟ་འདོད་ཁ་ན་མ་ཐོ་བཅས། །ཞེས་པ་ནི། བདག་ཉིད་ལ་བཙོང་པའི་ཆེད་དུ་བསད་པའི་ཤ་ཤེས་བཞིན་དུ་ཉོས་ནས་ཟ་བར་འདོད་པ་ཁ་ན་མ་ཐོ་བ་དང་བཅས་པ་སྟོན་པའོ། །དུས་འཁོར་རྒྱུད་འགྲེལ་ལས། རྫས་ཀྱིས་ཉོས་པ་ནི་མ་ཡིན་ཅིང་། ཕ་མེས་ལ་སོགས་པ་དང་མཆོད་སྦྱིན་ལ་སོགས་པའི་བྱ་བ་ལ་བསད་པ་ཡང་མ་ཡིན་ཏེ། མཚན་མ་དང་བཅས་པའི་ཤ་བཟའོ། །ཞེས་དེ་བཞིན་གཤེགས་པས་མ་གསུངས་སོ། །ཞེས་མཚན་མ་དང་བཅས་པའི་ཤ་ནི། རང་གིས་ཟ་བའི་ཆེད་དུ་བསད་པའི་ཤ་རང་གི་རྫས་ཀྱིས་ཉོས་པ་དང་། ཕྱུགས་ཀྱི་མཆོད་སྦྱིན་སོགས་ཀྱི་དོན་དུ། གསོད་པའི་མཚན་མ་བཏབ་ནས་བསད་པའི་ཤའོ། །གསུངས། ཁྱད་པར་མི་ཡི་ཤ་ནི་ཐམས་ཅད་ཀྱིས་
གཏན་ནས་ཟར་མི་རུང་སྟེ། མདོ་རྩ་ལས། མིའི་ཤ་ནི་ཐམས་ཅད་དུའོ། །ཞེས་པའི་རྒྱ་ཆེར་འགྲེལ་ལས། སྨན་གྱི་དོན་དང་སྨན་མ་ཡིན་པའི་དོན་ཐམས་ཅད་དུ་མི་ཤ་ཟོས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་། ཡང་ཤ་དམར་པོ་རློན་པ་ནད་ཀྱི་དོན་མ་ཡིན་པར་ཟ་བ་ཉེས་པ་སྦོམ་པོར་འགྱུར་ཏེ། མདོ་རྩ་ལས། དེ་གཞན་གྱི་དོན་དེར་ན་སྦོམ་པོའོ། །ཞེས་པའི་རྒྱ་ཆེར་འགྲེལ་ལས། ཤ་རློན་པ་དེ་སྨན་གྱི་དོན་ལས་གཞན་པ་གསང་སྔགས་སྒྲུབ་པ་ལ་སོགས་པའི་དོན་དེར་ཟ་ན་དགེ་འདུན་དབྱེན་གྱི་དགེ་འདུན་ལྷག་མའི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་ཏེ། བདག་ཉིད་འདྲེའི་ནང་དུ་གཏོགས་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས། མདོ་རྩ་ལས། སྟག་གི་གོད་མ་མི་ཟའོ། །གླང་པོ་ཆེ་དང་རྟ་དང་ཀླུ་རྣམས་ཀྱི་ཤ་མི་ཟའོ། །རྨིག་གཅིག་པ་དང་ཝ་དང་སྤྲེའུ་དང་ཤིང་རྟ་མོ་དང་བྱ་རོག་དང་། བྱ་རྒོད་དང་། ཆུ་སྐྱར་དང་། ཁྱི་དང་བྱེ་ཁྲ་དང་འུག་པ་དང་། དེ་ལས་གཞན་པའི་བྱ་མི་རོ་ཟ་བ་དང་། བྱ་དཀར་དང་ཕ་ཝང་དང་སྐྱིན་གོར་དང་དྲེའུ་སྲིན་དང་སྲིན་བུ་རྣམས་ཀྱི་ཤ་ཡང་མི་བཟའོ། །
གསུངས། ལངྐར་གཤེགས་པའི་འགྲེལ་བ་མཁན་པོ་ཛྙཱ་ན་བཛྲའི་ཞལ་ནས། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ནས་རིག་པ་འཛིན་པའི་སྡེ་སྣོད་ཀྱི་བར་གྱི་བསྟན་པ་བརྗོད་པ་དེ་དང་དེ་དག་ལས། སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་བསླབ་པའི་གཞི་མའི་རིམ་གྱི་བཟའ་བ་སྐས་ཀྱི་གདངས་བུ་བྲེས་པའི་ཚུལ་དུ་རྣམ་པ་གསུམ་བཅས་ནས། དོན་ཆེན་པོ་དང་ལྡན་པ་གོང་མ་རྣམས་མི་ཉམས་པར་བྱ་བའི་དོན་དུ་ཉན་ཐོས་རྣམས་ལ་གནང་བར་བྱས་པའི་རྣམ་གསུམ་དག་པའི་ཤ་ལ་སོགས་པ་ཡང་། ཐེག་པ་གོང་མ་རྣམས་སུ་བཀག་སྟེ། དེའི་ཕྱིར་རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་སྲིན་པོ་ལ་སོགས་པ་རྗེས་སུ་བཟུང་བ་འམ། དངོས་སམ་བརྒྱུད་པས་སེམས་ཅན་ལ་གནོད་པ་མི་སྲིད་པར་བྱ་བའི་དོན་དུ་སྲོག་ཆགས་ཐམས་ཅད་ཀྱི་ཤ་དུས་སམ་གནས་སྐབས་ཐམས་ཅད་དུ། ཀུན་ཏུ་འགའ་ཡང་ཟ་བའི་ཐབས་མེད་པར་རིལ་གྱིས་བཀག་པའོ། །ཞེས་དང་། སྨན་དང་འདྲ་བ་དྲང་སྲོང་གི་ཟས་རྣམས་ཀྱང་རན་པ་ཙམ་དུ་བཟའ་ཞིང་། ཤའི་ཟས་ལ་ནི་མི་འཕྲོད་པའི་འདུ་ཤེས་ཀྱིས་སྤང་པར་བྱའོ། །
གསུངས། ཡང་འགྲེལ་བཤད་མཁན་པོ་སློབ་དཔོན་ཡེ་ཤེས་བཟང་པོའི་ཞལ་ནས། ཐམས་ཅད་མཁྱེན་པས་གཞན་ལ་གནོད་པ་ལ་ལྟོས་ཏེ། ཤ་ཟ་བ་དང་ཟ་བར་བསྐུལ་བ་ལ་ནི་སྡིག་པར་གསུངས་སོ། །མཐའ་གསུམ་བཀག་པར་གྱུར་པ་ལས་སྡིག་པ་མི་བྱ་སྟེ། མཐའ་གསུམ་ཡོངས་སུ་དག་པ་ནི། བདག་གིས་མ་བསད་གསོད་དུ་མ་བཅུག་ལྟོས་པ་ཡང་མེད་པ་སྟེ། རྣམ་པ་དེ་ལྟར་འབྲས་ཆན་ལྟ་བུར་བསླངས་པའི་ཟས། མ་བསླངས་པ་མ་བསམས་པར་བྱིན་པ་ནི་ཡོངས་སུ་དག་པ་སྟེ། སྨན་ལྟ་བུར་ཤིས་པའི་ཟས་སོ། །སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་དེ་ཡང་བཀག་པའོ། །སྔགས་མཁན་ལ་ནི་ཁྱད་པར་དུ་སྟེ། སེམས་ཅན་མགུ་བར་བྱ་བ་དང་། ལྷ་མངོན་པར་དྭངས་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཡུལ་ཐམས་ཅད་ཀྱི་རོ་མྱོང་བག་ཆགས་པ་ཡོངས་སུ་སྤངས་ན་ཐར་རོ། །གསུངས། རྒྱལ་བུ་དད་པ་བརྟན་པོའི་ཞལ་ནས། སྲིན་པོའི་རྒྱལ་པོ་ང་ལ་ཉོན། །དེ་བཞིན་སྲོག་བཅད་ཤ་ཟོས་པས། །ཚེ་ཐུང་ཕལ་ཆེར་དམྱལ་བར་འགྲོ། །ལན་དུའང་གསོད་གཅོད་རང་ཤ་དག །གཞན་གྱིས་ཟ་ཞིང་
འཇོམས་པར་བྱེད། །རྒྱུ་སོང་འབྲས་བུའང་དེ་དང་མཚུངས། །ཡང་། སྲིན་པོའི་རྒྱལ་པོ་ང་ལ་ཉོན། །གྲོགས་ངན་སྟོབས་ཀྱིས་ཕུང་པ་མང་། །ཕ་མར་མ་གྱུར་མེད་པ་ཡི། །ཤ་ཁྲག་ཟོས་ན་དམྱལ་བར་འགྲོ། །ཞེས་དང་། ཇོ་བོ་ཆེན་པོའི་ཞལ་ནས། ནང་དུག་ལྔའི་མི་གཙང་བ་ལ་གད་དར་མཛོད། །ཕྱི་འབགས་བཙོག་གི་དྲི་མ་ལ་གད་དར་མཛོད། བར་བཏང་སྙོམས་དང་ལེ་ལོའི་དྲི་མ་ལ་གད་དར་མཛོད། དངོས་པོ་ངན་པ་ཤ་ཆང་དང་སྒོག་བཙོང་ལ་གད་དར་མཛོད། ངེད་གཙང་མ་རིགས་ཀྱི་ཟས་མ་ཡིན་པ་ལ་གད་དར་མཛོད། དེར་ལོངས་སྤྱོད་ཅིང་དུས་ཚིགས་འཛིན་པ་རྣམས། དུས་ཚིགས་མ་ཡིན་པའི་མི་གཙང་བ་ལ་གད་དར་མཛོད། །གསུངས། སྔོན་བཀའ་གདམས་བླ་མ་ཞང་སྟོན་དར་མ་རྒྱལ་མཚན་དང་། བྱང་ཆུབ་བཟང་པོ་གཉིས་འདམ་གྱི་ལམ་དུ་ཇ་བ་དང་འཕྲད་ནས། བསོད་སྙོམས་བྱས་པས། ཁམས་པ་གཅིག་གིས་ཤ་སྐམ་སྨད་ཁོག་གཅིག་ཕུལ་བས། བྱང་ཆུབ་བཟང་པོ་ན་རེ། ཨ་མེས་འདི་འོ་སྐོལ་གྱི་མའི་རོ་སྨད་ལགས་མོད། ཉ་ར་ཡུན་རིང་མཛད་ནས་གདའ་སྟེ། སྤྱིར་བུས་བཟར་ག་ལ་རུང་། དེ་ནས་ངེད་ཉན་
ཐོས་ཀྱི་ཆ་ལུགས་ཅན་གྱིས། འདི་འདྲ་ཟོས་ན་སྤྱང་ཁྱིའི་གྲལ་དུ་ཞུགས་འཚལ་མོད། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི་ཟེར་ནས། ཞལ་ནག་ཐོམ་མེ་བཞུགས་ནས་གདའ། དེར་ཁམས་པ་རོ་གྱོང་མི་གྱོང་མེད་དེ་ཡང་བྲེད་ནས། ཏབ་ཏོབ་ལ་ཕྱག་ཅིག་བཙལ་ཏེ། ཤ་ཁྱེར་ནས་བྲོས་སོང་། ཞང་སྟོན་བཞད་ཅིང་བཞུགས་ནས་འདུག་འཕྲོ་ལ་ཞལ་ནས། ཁྱོད་སྐྱེ་བའི་དུས་ནས་ཕ་མ་དད་པ་ཅན་ཡོད་པ་དང་། གྲོང་པ་ཚོའི་མཐའ་མ་མཐོང་བར་བླ་མ་བཟང་པོའི་དྲུང་དུ། སྔ་མོ་ནས་རབ་ཏུ་བྱུང་བ་དང་། ཕྱིས་ཀྱང་བློ་སྦྱོང་ལེགས་པས། མའི་ཤ་ལ་སྲེད་པ་རང་ངོ་མཚར་ཆེ། ངེད་རྒན་པོ་ཀུན་གྱིས་མི་ཡུལ་དུ་ཡུན་རིང་པོར་བསྡད་ཙ་ན་ཅི་ཡང་མཐོང་འོང་གིན་གདའ་ཡིས་གསུངས། དེ་ནས་ཁམས་པ་ཡར་རྒན་ཞིག་ན་རེ། ཁྱེད་སུའི་བནྡེ་ཡིན་ཟེར། ཞང་སྟོན་པ་ན་རེ། ངེད་བཀའ་གདམས་པའི་བནྡེ་ཡིན་གསུངས། ཁམས་པ་ན་རེ། འོ་ན་བཀའ་གདམས་པ་ལ་སྐྱབས་སུ་མཆི། ཁམས་སུའང་བཀའ་གདམས་པའི་དགོན་པ་ཆེན་པོ་ཞིག་འོང་བར་ཤོག་ཅིག །ཟེར་བ་བྱུང་། རྒྱུ་འབྲས་བསྟན་པའི་མདོ་ལས།
སོ་སྟོར་བ་ནི་རུས་པ་འཆའ་ཞིང་ཤ་ཟ་བ་ལས་སོ། །ཞེས་དང་། ཁྱི་དང་ཕག་གི་རྒྱུ་མ་དང་ཤ་ཟོས་པ་ནི། ལྗན་ལྗིན་གྱིས་གང་བའི་དམྱལ་བར་སྐྱེའོ། །ཉ་བཤོར་ཞིང་ཟ་བ་ནི་རལ་གྲིའི་ནགས་ཚལ་ཅན་གྱི་དམྱལ་བར་སྐྱེའོ། །ཞེས་དང་། བཤེས་གཉེན་འབྲོམ་རིན་པོ་ཆེའི་ཞལ་ནས། རང་གི་ཤ་ཁྲག་ཆགས་མེད་གཏོང་བའི་ཚེ། །ཕ་མའི་ཤ་ཁྲག་ཟ་བའི་ཆོས་པ་སུ། །སྲོག་ལན་རྒྱུན་མར་འདེད་དུས་མི་འགྱོད་དམ། །གསུངས། སྔོན་རྒྱ་གར་གྱི་ཨ་ཙ་ར་སྙིང་རྗེ་ཅན་བཟང་པོ་ཞིག་བོད་དུ་འོང་ནས། ཐམས་ཅད་ལ་བལྟས་ནས། བོད་ཀྱི་ཆོས་པ་རྣམས་ཀྱི་མཛད་སྤྱོད་གང་ལ་བལྟས་ཀྱང་ཡག་པོ་འདུག་སྟེ། ཤ་ལ་མི་འཛེམ་པར་ཐམས་ཅད་ཀྱིས་ཟ་བ་འདི་ཡག་པོ་མ་རེད་ཟེར་སྐད། རྗེ་བླ་མ་འཇམ་དབྱངས་རྒྱ་མཚོས། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པས། ཟ་བ་པོ་དང་གསོད་པ་པོ་གཉིས་ཕྱོགས་གཅིག་ཏུ་འཛོམ་པའི་རྟེན་འབྲེལ་གྱིས་སྲོག་གཅོད་ཀྱི་ལས་ངན་པ་བྱེད་རྒྱུ་བྱུང་བ་ཡིན་པས། རྒྱུ་དེ་ལ་རྟེན་ཅིང་འབྲེལ་ནས། མ་འོངས་པ་ན་ཤ་ཟ་བ་པོ་དང་ཕྱུགས་གསོད་པ་པོ་གཉིས་ལ་རྣམ་སྨིན་ཆེ་ཆུང་གི་ཁྱད་ཡོད་པ་མ་གཏོགས་ཟ་བ་པོ་
རྣམས་ལ་རྣམ་འང་སྨིན་ཞིག་ཡོང་ངེས། དེ་ཅིའི་ཕྱིར་ཞེ་ན། བཀའ་གདམས་པ་རྣམས་ཀྱིས་ཤ་ཟ་བ་པོ་རྣམས་ལ་སྲོག་གཅོད་པའི་ཆ་མཐུན་ཡོང་པའི་ཕྱིར། ཐེག་པ་ཆེ་ཆུང་ཐམས་ཅད་ནས་ཤ་བཀག་པ་ཡིན། ཞེས་གསུངས་པས་ན། ཆོས་པ་ཀུན་གྱིས་ཤ་འདི་གང་གི་ས་ནས་སྤོང་ཅི་ཐུབ་གྱིས་ཤིག །གསུངས་སོ། །དཔེ་ཆོས་རིན་ཆེན་སྤུངས་པ་ལས། ད་ལྟ་ཉ་ཤ་དང་། ཉིང་ཤ་ལ་སོགས་པ་གནང་བ་སྐད་དུ་གསུངས་པ་དེ་དགོངས་པ་ཅན་ཡིན་ཏེ། དང་པོ་ནས་བཀག་ན་བསྟན་པ་ལ་འཇུག་པ་མི་ནུས་པ་ལ། ཁད་ཀྱིས་དགག་པའི་ཐབས་ཡིན་གསུངས། ཡང་ཤ་མི་ཟ་བ་གཅིག་པུས་ཆོག་པར་འཛིན་པ་རྣམས་ལ། ཤ་ཟོས་ཀྱང་ཐར་པའི་བར་ཆད་དུ་མི་འགྱུར་ཞེས་རང་ལྟ་བ་མཆོག་ཏུ་འཛིན་པའི་གང་ཟག་ལ་གསུངས་པ་ཡིན་གྱི། དོན་ལ་ཤ་ཟ་བ་རྣམས་ལ་སྲོག་གཅོད་པའི་ཆ་མཐུན་ཡོང་བའི་ཕྱིར། ཐེག་པ་ཆེ་ཆུང་ཐམས་ཅད་ལས་ཤ་བཀག་པ་ཡིན། སྒོས་བྱང་ཆུབ་སེམས་དཔས་ཤ་ཟ་བར་མི་རུང་གསུངས། སྔོན་འཕགས་པ་ཀ་ཏྱཱ་ཡ་ན་འབྲུམ་བུ་མེ་དབལ་ནག་པོས་བསྙུང་བ་ལ། སྨན་པས་ཤ་དང་ར་ཁྲག་
ཕྱི་ནང་གཉིས་ཀར་གཏོང་བར་ཞུས་པས། བསླབ་པ་ལ་འགལ་བ་ལས་འཆི་བ་དགའ་གསུངས་ནས། མ་བཞེས་པར་མྱ་ངན་ལས་འདས་པ་དང་། རྗེ་སྟག་ལུང་ཐང་བ་སྐུ་གཤེགས་ཁར་བཞེས་ཐུག་ལ་ཚིལ་བུའི་རྡོར་བཏབས་ན་བསྙུན་དྭངས་འགྲོ་བར་ཞུས་པ་ལ། མི་ཚེ་ཧྲིལ་པོར་བསྲུང་ཐུབ་ནས་ཤི་ཁར་སྡོམ་པ་ཉམས་པས་ཅི་རུང་གསུངས་མ་གསན་པར་སྐུ་གཤེགས་པ་སོགས་ཀྱི་ལོ་རྒྱུས་ནི་མང་ངོ་། །ཇོ་བོ་རྗེ། འབྲི་གུང་སྐྱོབ་པ་ཡབ་སྲས། སྟག་ལུང་ཐང་པ་སོགས་སྐྱེས་ཆེན་མང་པོ་ཞིག །བུ་རམ་དང་སྦྲང་རྩི་སོགས་ལ་ཚོགས་ཤ་དང་། འོ་མ་དང་ཞོ་སོགས་ལ་ཚོགས་ཆང་མཛད་པའི་ལོ་རྒྱུས་ལ། དཔོན་སློབ་ལོ་ཆེན་ནི་རྗེས་སུ་ཡི་རང་ཆེར་མཛད་འདུག་གསུངས། རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱིས་ཀྱང་། དེང་སང་བནྡེ་ཕལ་མོ་ཆེས། ཟ་འདོད་འཐུང་འདོད་ཁོ་ནའི་ཆེད་དུ་ཚོགས་ཆང་བཟོས་ནས་བག་མེད་དུ་འཐུང་མཁན་ཚོ་ལ་བལྟས་ན་ནི། གོང་གི་ཇོ་བོ་དང་འབྲི་སྟག་སོགས་ཀྱི་མཛད་པ་དེ་ཡང་ཡ་མཚན་ཆེའོ་གསུངས། སྔོན་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ། གྲོང་ཁྱེར་གྲུ་ཆ་ཞེས་བྱ་བ་ན། ཕ་མི་སྡུག་
པའི་གཟུགས་ཅན་དང་། མ་བྲམ་ཟེ་མོ་མཛེས་མ་ལ། བུ་མིག་དམར་བ་མཆེ་བ་རྣོ་བ་ཞིག་སྐྱེས་ཏེ། ཆུང་ནས་འབུ་དང་སྦྲང་བུ་གཏུབ་ཀྱིན་ཟ་ཞིང་། ཆེར་སོང་ནས་ཉ་དང་རི་དྭགས་ཐུབ་ཚད་བསད་ནས་ཟོས། ཆང་ཡང་བག་མེད་དུ་བཏུངས་སོ། །དེ་ནས་སྙིང་ལ་དུག་དབལ་ནག་པོས་ཟིན་ཏེ་ཤིའོ། །ཤི་མ་ཐག་དམྱལ་བའི་གནས་སུ་ལྷུང་ནས་གཅན་གཟན་གདུག་པ་ཅན་རྣམས་ཀྱིས་གསོན་པོར་སྟེང་གི་ཤ་བཅད་ནས་ཟོས་དམྱལ་སྲུང་རྣམས་ཀྱིས་ཁྲོ་ཆུ་ཁོལ་མ་ཁ་རུ་བླུགས་ཚེ། སྨྲེ་སྔགས་བཏོན་པ། སྔོན་ཚེ་གཞན་གྱི་ཤ་ཟོས་པས། །ད་ལྟ་རང་གི་ཤ་ལ་ཡང་། །གཅན་གཟན་གཏུམ་པོ་རྣམས་ཀྱིས་ཟ། །བདག་གིས་ཤ་ཁྲག་མ་སྤངས་ཟོས། །གཞན་གྱིས་བདག་ལ་རྔམས་ཤིང་ཟ། །ཟ་བའི་ཚེ་ན་ཤ་ཞིམ་སྟེ། །རྣམ་སྨིན་མྱོང་དུས་ཡི་རེ་མུག །ཆང་འཐུང་བ་ཡི་རྣམ་སྨིན་གྱིས། །དམྱལ་སྲུང་ཤིན་ཏུ་འཇིགས་པ་ཡིས། །ཁྲོ་ཆུ་ཁོལ་མ་ཁ་རུ་བླུགས། །བདག་གིས་བག་མེད་སྤྱད་པ་ཡི། །གཞན་གྱིས་བདག་ལ་ཚོད་འཛིན་མེད། །འཐུང་པའི་ཚེ་ན་ཆང་ཞིམ་སྟེ། །རྣམ་སྨིན་མྱོང་དུས་ཡི་རེ་མུག །ཟེར་
རོ། །དེ་ནས་ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་ཀྱང་སྡུག་བསྔལ་མྱོང་དགོས་པར་གསུངས་སོ། །སྔོན་རྒྱལ་པོ་སེང་གེ་འབངས་བཟང་གིས་ཤ་ཁོ་ན་ཟོས་པས། ཕྱིས་སྲེད་པ་ཆེར་སོང་། མིའི་བུ་ཆུང་གཞོན་ནུའི་ཤ་ཡང་ཟོས་པས། བློན་འབངས་ཀུན་གྱིས་རྒྱལ་པོ་ཡུལ་ལས་བཏོན་ནས་སྡུག་བསྔལ་མྱངས། ཤི་ནས་ངན་སོང་དུ་སྐྱེས་སོ། །སྔོན་རྒྱལ་བུ་དད་པ་བརྟན་པོ་སྲིན་པོའི་ཡུལ་ལ་ཕེབས་དུས། ལམ་འགགས་པ་གཅིག་ལ་སྲིན་པོའི་རྒྱུ་མཚན་དྲིས་པས། ཁོ་ན་རེ། ཁྱེད་རང་གི་སྟོན་པ་ཤཱཀྱ་ཐུབ་པ་ཟེར་བ་དེས། བཅྭོ་ལྔའི་ཉིན་པར་སྲིན་པོ་རྣམས་ལ་བསྙེན་གནས་ཀྱི་སྡོམ་པ་ཕོག །ཤའི་ཉེས་དམིགས་མང་པོ་བསྟན། ཤ་དེ་ཡང་ཕ་ཤ་མ་ཤ་ཡིན། ཐམས་ཅད་ཀྱིས་ཆོད་གསུངས་ཀྱང་། ངེད་སྲིན་པོ་རྣམས་ཀྱི་ཟས་སྐལ་ཤ་ཁྲག་ཡིན་པས། བཅྭོ་ལྔ་མ་གཏོགས་དུས་ཐམས་ཅད་དུ་གཅོད་མ་ནུས། དེའི་ཉིན་བྱོན་ན་གནོད་པ་མི་བྱེད་ཀྱི་སྟེང་དུ་ཞབས་ཏོག་བྱེད་པའང་སྲིད་ཟེར། སྔོན་རྒྱལ་པོ་དཔའ་བོ་ལ། རྒྱལ་པོ་སྤྱོད་མེད་ཀྱིས་རི་དྭགས་ཀྱི་ཤ་བསྟན་ནས་ཤ་ཟའམ་ཟེར་བ་ལ། རྒྱལ་པོ་དཔའ་བོ་ན་རེ། ཤ་དམར་པོ་ཟ་བ་སྲིན་པོ་ཡང་མི་
རུང་ན། མིར་ལྟ་སྨོས་ཀྱང་ཅི་འཚལ་ཟེར་རོ། །སྔོན་རྟ་མགྲིན་དང་། ཕག་མོའི་རྣལ་འབྱོར་བ་གཉིས་ཀྱིས། ཡི་དམ་བསྒྲུབས་ནས། དངོས་གྲུབ་ཐོབ་ཁར། རྟ་དང་ཕག་གི་ཤ་ཞིག་ཟོས་པས། གེགས་བྱས་ནས་མ་ཐོབ་སྐད། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། སྔགས་ཀྱི་ཐེག་པར་རྣལ་འབྱོར་བ་རྣམས་ཀྱིས་ཤ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ། དེ་ཉིད་ཀྱང་རྟག་ཏུ་སྲོག་བཅད་པ་ལས་འབྱུང་གི །སྲོག་བཅད་པ་མེད་པར་ནི། འགའ་ཞིག་གིས་འཚེ་མི་སྲིད་དོ། །གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མི་འབྱུང་ངོ་། །དེའི་ཕྱིར་ཟ་བ་པོ་དང་གསོད་པ་པོ་དག་སྲོག་གཅོད་པར་འགྱུར་རོ། །འདིར་ཡང་ཉི་མ་སོ་སོར་སྔགས་པས་དམ་ཚིག་བཞི་ཕྱེའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་དང་། རྗེ་མི་ལའི་ཞལ་ནས། ཉེས་མེད་སྲོག་ཆགས་བསད་ནས་ཟ། །མྱོས་བྱེད་སྡིག་ཆུ་སྦྱར་ནས་འཐུང་། །ཡང་སོས་དམྱལ་བའི་རྟེན་འབྲེལ་བསྒྲིགས། །མིག་ཅན་ངན་འགྲོའི་གཡངས་ལ་མཆོངས། །ཁྱེད་གཟོབ་ཅིག་གཟོབ་ཅིག་ལྷ་མི་ཚོ། །ཚེར་མ་ཟུག་པའང་མི་བཟོད་
ན། །གཞན་སྲོག་བཅད་ནས་ཟ་ཡིན་གདའ། །ཡང་སོས་སྡུག་བསྔལ་ཞེ་རེ་འཚེར། །ལུས་ལ་མེ་འབར་སྐྱི་ཤ་བུན། ཁྱེད་ཀྱི་སྡིག་ཟས་ཁྲ་བོ་ཤ །མ་གོད་མ་ཉམས་ཡེ་རེ་ཡོད། ཁྱེད་རང་ལོངས་ལ་གང་དགའ་གྱིས། །གསུངས། འགྲོ་མགོན་ཕག་མོ་གྲུ་པས། བསླབ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་། ཁ་ན་མ་ཐོ་བའི་ཟས་ཤ་ལ་སོགས་པ་གཏན་ནས་སྤངས་པས། ཚིལ་བུའི་རྡོར་ཙམ་བཏབ་པའི་ཐུག་པའང་མི་བཞེས་ཤིང་། སྐུ་མྱ་ངན་ལས་འདའ་ཁར་དུག་གི་བསྙུང་གཞི་བྱུང་བ་ལ་སྔགས་ཀྱིས་བཏབས་པའི་ཆང་གི་ཉིད་ཁུ་ཞལ་གང་བཞེས་ན་ཕན་པ་གསལ་བཞིན་དུ། སྐུ་སྲོག་དང་བསྡོས་ནས་སྤངས་པ་ཡིན་ནོ། །ཞེས་རྣམ་ཐར་བསྡུས་པ་ཞིག་ལས་གསུངས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས། བོད་ཀྱི་ཆོས་ལོག་པར་སྤྱོད་པ་རྣམས་ལ་བཀའ་ཤོག་བརྫངས་པ་ལས། ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །ཁྲ་དང་སྤྱང་གི་བས་ནི་ཤ་དད་ཆེ། །བོང་རེངས་གླང་རེངས་བས་ནི་འདོད་ཆགས་ཆེ། །ཁང་རུལ་སྦུར་གོག་པས་ནི་སྐྱུར་དད་ཆེ། །ཁྱི་དང་ཕག་པ་བས་ནི་གཙང་བཙོག་ཆུང་། །གཙང་མ་ལྷ་ཡི་རིགས་ལ་
དྲི་ཆེན་དང་། །དྲི་ཆུ་ཁུ་ཆུ་ཁྲག་གིས་མཆོད་ཕུལ་བས། །རོ་མྱགས་འདམ་དུ་སྐྱེས་པ་སྙིང་རེ་རྗེ། །སྡེ་སྣོད་གསུམ་གྱི་ཆོས་ལ་སྐུར་བཏབ་པས། །མནར་མེད་དམྱལ་བར་སྐྱེས་པ་སྙིང་རེ་རྗེ། །སྒྲོལ་བའི་སྲོག་ཆགས་བསད་པའི་རྣམ་སྨིན་གྱིས། །ལས་ཀྱི་སྲིན་པོར་སྐྱེས་པ་སྙིང་རེ་རྗེ། །སྦྱོར་བའི་འདོད་ཆགས་དར་བའི་རྣམ་སྨིན་གྱིས། །མངལ་གྱི་སྲིན་བུར་སྐྱེས་པ་སྙིང་རེ་རྗེ། །ཞེས་གསུངས། ལྕང་སྐྱ་ཐམས་ཅད་མཁྱེན་པའི་ཞལ་ནས། རང་ལ་བསྙེན་བཀུར་ཆེད་དུ་སྲོག་བཅད་པའི། །སེམས་ཅན་ཤ་ཁྲག་རུས་གསུམ་སྤུངས་དཀྱིལ་དུ། །གྲི་ཕྱར་མཆིལ་མིད་ཆེས་ཆེར་རིངས་ཤིང་རྔམས། །དཔུང་ཚོགས་དགྲ་བགེགས་འདུལ་ལ་ཆས་འདྲ་བའི། །དགེ་འདུན་གཟུགས་བརྙན་རྣམས་ལ་ཐུགས་རྗེ་གཟིགས། །ཞེས་དང་། འབྲུག་པ་ཀུན་ལེགས་ཀྱིས་ཤ་ཟ་བའི་ཉེས་པའི་ལོ་རྒྱུས་མང་པོ་བྱུང་བའི་འཕྲོས་ལ། ཉ་ཕག་སྒོག་གསུམ་ཉེས་པ་ཆེ་བར་གསུངས་པ་ཞིག་ལབ་ཀྱིན་འདུག །ངས་འདི་སྐད་བྱས། སྤྱིར་གྱི་ཐེག་པ་ཆེ་ལ་ཤ་རྣམས་བཀག་གསུངས་པ་ཡོད། དེའི་དོན་སྙིང་རྗེ་ལ་གནོད།
ཤའི་བྲོ་བ་ཚོར་བས་དེའི་སྲོག་ལ་གནོད་དོགས་པ་དང་། བློ་ལད་དོགས། ཁྱད་པར་སེམས་ཅན་ཐམས་ཅད་ཕ་མ་ཡིན་པ་མདོ་རྒྱུད་ཀུན་ནས་གསུངས་ཤིང་། རང་གིས་ཀྱང་མྱོང་བས་གྲུབ་པར། སེམས་ཅན་ལ་ཐོག་མ་འདི་ནས་བྱུང་མེད་པས། ཕ་མ་ཡིན་པར་ཡིད་ཆེས། ཕ་བྱས་པའི་རུས་པའི་ཕུང་པོ་དང་། མ་བྱས་པའི་ནུ་ཞོ་རྒྱ་མཚོར་བསྐྱིལ་ན་ཁམས་གསུམ་སྣོད་དུ་ག་ལ་ཤོང་། དེས་ན་བསམ་མནོ་བཏང་ན་ཕ་མའི་ཤ་འམ་བུའི་ཤ་སུས་ཟ་ནུས། ཉན་ཐོས་རྣམས་ཁ་ཤ་ཟ་བར་འདོད་པ་དང་། རང་ལ་ཉེས་པར་འགྱུར་བའི་དམིགས་ཤ་མ་བྱུང་ན། དེས་ཆོག་པར་བརྩིས་ནས། ཉན་ཐོས་རྣམ་གསུམ་དག་པའི་ཤ །ཟ་བར་རུང་གིས་མི་ཟ་ན། །ལྷས་སྦྱིན་གྱིས་ནི་བརྟུལ་ཞུགས་འགྱུར། །གསུངས་པ་ལ་འཁྲིས་ནས། ཤ་བཞེས་གྱིན་འདུག་སྟེ། འདི་ལ་མཚུངས་པ་ཞིག་ཞུ་ན། སྟུ་ཤར་པོ་གསུམ་འཁོར་བ་ཞིག་ལ་བྱས་ཨེ་ཆོག་མི་ཆོག་ན། ཚོང་འདུས་གསུམ་དུ་མ་བྲིན་པའི་ཤ་ཡང་ཟོས་མི་ཆོག །དོན་ལ་མི་བསམ་པར་ཚིག་ལ་འཁྲིས་པ་འདིས་ཕུགས་སྐྱོན་གཅིག་ནི་རང་ལ་འོང་གསུངས། ཡང་ཁོང་རྒྱལ་ཁམས་མང་པོར་ཕེབས་
པའི་སྐབས་ཤིག །དགོན་པ་འགའ་རེས་གྲྭ་པ་ཤ་ལ་སྲེད་པ་ཅན་མང་པོས། སྟོན་ཁ་དགོན་མཐའ་ལ་ཤ་འཚོང་མཁན་བྱུང་ཚེ། ཤ་ཐམས་ཅད་ཧབ་ཐོབ་བརྒྱབས་ནས་ཉོས་འགྲོ་བ་མཐོང་ཚེ། འདི་ན་སྤྱང་ཚང་ཞིག་འདུག །འདི་ན་ཡང་སྤྱང་ཚང་ཞིག་འདུག་ཅེས་ཟུར་ཟ་བཏང་སྐད། བསླབ་པ་ཀུན་ལས་བཏུས་པ་ལས། དེ་ལྟར་རེ་ཞིག་རྟག་ཏུ་བྱ་བའི་སྨན་གྱིས་ལུས་བསྲུང་བར་བྱའོ། །དེ་ལ་ཉ་དང་ཤས་ནི་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས་བཀག་པའི་ཕྱིར་རོ། །དེ་ལས་འདི་སྐད་གསུངས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་དུ་མི་ཟའོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། འདུལ་བ་ལས་དེ་ལ་རྣམ་པ་གསུམ་ཡོངས་སུ་དག་པ་ཟོས་ན་སྤོང་བའི་བར་ཆད་དུ་མི་འགྱུར་རོ། །ཞེས་གང་གནང་བ་དེ་ནི། དེ་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱི་མངོན་པའི་ང་རྒྱལ་བསལ་བ་དང་། སྐལ་བ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་མི་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་གསུངས་ཏེ། བསྟན་པ་བརྗོད་པ་དེ་དང་
དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐས་ཀྱི་གདང་བུ་བྲེས་པའི་ཚུལ་དུ་རྣམ་པ་གསུམ་བཅས་ནས། དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེས་ན་རང་ཤི་བ་བཅུའི་ཤ་ཡང་བཀག་གོ །ཞེས་གསུངས་སོ། །སངས་རྒྱས་ཀྱིས་སྐས་ཀྱི་གདང་བུ་བྲེས་པའི་ཚུལ་དུ་བསླབ་པ་རྣམ་པ་གསུམ་རིམ་པར་བཅས་ཚུལ་ནི། འདུལ་བ་ལས། ཐོག་མར་མིའི་ཤ་དང་རྨིག་གཅིག་པའི་ཤ་ལ་སོགས་པ་བཀག་པའི་བསླབ་པ་བཅས། དེའི་རྗེས་རྣམ་གསུམ་དག་པའི་ཤ་མ་གཏོགས་ཤ་གཞན་རྣམས་བཀག་པའི་བསླབ་པ་བཅས་པ་སྟེ། འདུལ་བ་ལས་བཅས་པའི་རིམ་པ་གཉིས་དང་། ཐེག་པ་ཆེན་པོ་ལས་སྤྱིར་བཏང་དུ་ཤ་ཙམ་རང་ཤི་བ་ཡན་ཆད་ཐམས་ཅད་བྱང་ཆུབ་སེམས་དཔའ་ལ་བཀག་པའི་བསླབ་པ་སྟེ། རྣམ་པ་གསུམ་བཅས་པའོ། །ཞེས་བླ་མ་སྔ་མ་དག་འཆད་དོ། །མཁྱེན་བརྩེ་རིན་པོ་ཆེས། གསུང་རབ་སྡེ་སྣོད་ལས། ངས་ཤའི་ཟས་སུ་ལའང་མ་གནང་མི་གནང་གནང་བར་མི་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་ངས་བཤད་དོ། །ཞེས་དང་། དེང་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་བཟར་མི་རུང་
ངོ་། །ཞེས་བཤད་པ་མ་གཏོགས་བཤས་རའི་ནང་དུ་ཚག་ལུག་གི་མགོ་ལ་རྟགས་གསལ་བཀོད་ཤོག་གསུང་བ་མ་མཐོང་གསུངས། ཡང་ཉེ་སྐོར་གྱི་གྲོང་བ་རྣམས་ནས་སེམས་ཅན་རྒྱགས་པ་དང་ལུས་བོངས་ཆེ་བ་ལ་སོགས་རློམ་སེམས་ཀྱིས་བསད། དེའི་མཆིན་པ་ལ་སོགས་སྡིག་ཟས་ཀྱི་ཕུད་དེ་ཐུགས་དམ་པ་དང་སྒོམ་ཆེན་པ་ཚོ་ལ་ཕུལ་ཤོག །ཅེས་ཁྱེར་ཡོང་གི་འདུག་གོ །ཨའི་ཁོ་རེ། སྟེར་བ་དང་དག་སྣང་ལོས་ཡིན་ཏེ། གསོད་ནུས་པ་དེ་སྙིང་ཁམས་ཤིན་ཏུ་ཆེ། ཁོང་ཚོའི་སྣང་བ་ལ་གསོད་པ་ལ་ཉེས་པ་ཆེན་པོ་ཡོད་པ་དེ་མི་རྩི་བར། ཕྲན་ཚེགས་བྱིན་པ་ལ་ཕན་ཡོན་ཆེན་པོ་འོང་དུ་རེ་བས་ཁོང་རང་ཚོའི་ཉེས་པ་འདག་པ་དང་། སེམས་ཅན་དེ་ངེད་ཚོས་ལྕགས་ཐག་འཐེན་བྱས་ཆོག་པ་ལྟ་བུའི་རེ་ཆེན་པོ་ཞིག་བདོག་སྟེ་ག་ནས་ཡོང་། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲང་ཡང་ས་ཡིས་ལང་མི་འགྱུར། །ཞེས་སེམས་ཅན་ཐམས་ཅད་ཀྱིས་རང་གི་མ་བྱས་པ་ཁོང་འཇིག་རྟེན་པས་དེ་ལྟར་མ་རིག་སྟེ་གསོད་ནུས་ཀྱང་། རང་རེ་ཆོས་པ་ཚོས་བཟའ་ནུས་པའི་ཁ་
ན་མི་འདུག །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་སྔོན་མའི་ཕ་དང་། མ་དང་། སྤུན་དང་། མཛའ་བཤེས་ལ་སོགས་པ་ཡིད་ལ་གཅེས་དགུ་དེ་ཚོ། དེང་སང་དུད་འགྲོ་ཟེར་བའི་སྒུར་པོ་གཏི་མུག་ཅན། བླང་དོར་ལ་རྨོངས་པ་མགོ་ལ་རྭ་ཅོ་ཅན། སུག་བཞིས་ས་ལ་འགྲོ་བའི་ལུས་སྟབས་འདི་འདྲ་ཞིག་ཏུ་སོང་བས་ཕ་མ་དང་། གཉེན་བཤེས་དེ་དག་ཡིན་སྙམ་པའི་རྣམ་རྟོག་ཙམ་ཡང་མེད་པར་གྱང་རྭ་སྟོང་པར་བཅུག །འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ལས་ཕྱིར་ལྡོག་ཅིང་། སྙིང་རྗེ་ཆེན་པོ་དང་ཞེ་འགྲས་པས་མཐོང་བ་ཙམ་གྱིས་ཡིད་དུ་མི་འོང་བའི་སྡིག་ཅན་ཤན་པ་ཟེར་བ་དེའི་ལག་ཏུ་རང་གི་སྐྱེ་བ་སྔོན་མའི་ཕ་དང་། མ་དང་། སྤུན་ཟླ་གཉེན་བཤེས་ལ་སོགས་པ་དེ་དག་མཐར་ཆགས་སུ་རྩིས་སྤྲོད་བྱས་པའི་ཚེ། མ་རྒན་དེ་དག་ལུས་འདར་ཁྲི་ལི་ལི། མིག་མཆི་མ་ཁྲམ་ཁྲམ། དབུགས་སྦུད་པ་ལྷེད་ལྷེད་པའི་ངང་ནས་འདི་སྙམ་དུ། ད་ཅི་དྲག །ཀྱི་ཧུད། འབྲོས་ས་ནི་མེད། འཕུར་ནི་མི་ཐུབ། ད་ལྟ་ཉིད་དུ་ས་འདིར་དིམ་ན་དིམ་ན་སྙམ་པའི་སྡུག་བསྔལ་དོས་དྲག་ལ་ལྕིད་ཆེ་བ་འཇིགས་སྐྲག་གི་སྣང་བ་དམྱལ་མེའི་དོང་ཁར་ལྷགས་པ་ལྟ་བུའི་ངང་དེར།
ལུས་གནམ་ས་བསྒྱུར། བྲང་དྲོད་ཚ་ལྷམ་ལྷམ་བྱེད་ཅིང་མིག་སྔོ་ཧུར་ཧུར་བལྟ་བཞིན་པ་དེའི་ལྟོ་བ་གྲིས་ཁ་ཕྱེ། ལག་པ་ཤད་དེ་བཏང་ནས་འགུལ་བ་ཙམ་ཡང་མེད་པར་འཇིག་རྟེན་ཕྱི་མའི་ལམ་པོ་ཆེར་བཏང་བ་ཡིན་འདུག་པས། འཇིག་རྟེན་ཁྱིམ་པའི་མཆོད་གནས་ལ་དགའ་རྒྱུ་མི་འདུག་གོ །ཨོ་རྒྱན་རིན་པོ་ཆེ་མཁྱེན་ཞེས་ཡང་ཡང་སྨྲས། མཆི་མ་དབང་མེད་དུ་ཤོར་བདག་ཉིད་ལ་དགའ་བ་རྣམས་ནས་ཕྱིན་ཆད་སྲོག་ལ་བབས་ཀྱང་སྲོག་གཅོད་ཀྱི་ལས་འདི་སྤོངས་ཤིག །ཅིའི་ཕྱིར་ན་དྲན་པ་ཉེར་གཞག་ལས། སེམས་ཅན་གཅིག་གི་སྲོག་བཅད་ཀྱང་བར་གྱི་བསྐལ་པ་གཅིག་ཏུ་ཉི་ཚེ་བའི་དམྱལ་བར་འཚོད་པར་གསུངས་ཤིང་། དེ་ལྟ་བུའི་སྦྱིན་པའི་གནས་ལའང་། མདོ་ལས། ཤ་དང་ཆང་གི་སྦྱིན་པ་དང་། །དུག་དང་མཚོན་ཆའི་སྦྱིན་པ་སོགས། །ཞེས་མི་དགེ་བའི་ལས་སུ་དངོས་བརྒྱུད་ཀུན་ནས་འགྱུར་བར་བཤད་པས་སྦྱིན་པ་དེ་ལྟ་བུ་ཡང་གནས་མ་ཡིན་ནོ། །ལམ་འཁྱེར་མི་ཤེས་པ་རྣམས་ནས་ཤ་བཟའ་བ་ཡང་སྤོང་ཅི་ཐུབ་གྱིས་ཤིག །དེ་ལྟ་བུའི་བདེན་པའི་ཚིག་ཀུན་ཏུ་འགྲུབ་པར་གྱུར་ཅིག །
གསུངས་སོ། །རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་ནས། ལྷག་པར་བྱང་ཆུབ་སེམས་དཔས་ཤའི་རོ་ལ་སྲེད་ན་སེམས་ཅན་ལ་སྙིང་རྗེ་ཉམས་པར་འགྱུར་བ་སོགས་ཀྱི་དགག་བྱ་ཡོད་གསུངས། མཁས་གྲུབ་རྗེས་མཛད་པའི་སྡོམ་གསུམ་རྣམ་བཤད་ལས། སྤྱིར་བཏང་བྱང་ཆུབ་སེམས་དཔའ་ཙམ་གྱིས་ཤ་བཟར་མི་རུང་བ་སྟོན་པ་ཡིན་པས། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བ་གང་ཡིན་ཀྱང་ཤ་བཟར་མི་རུང་བ་ཡིན་ལ། དེའི་ཕྱིར་རང་ཉིད་བྱང་ཆུབ་སེམས་དཔར་ཁས་ལེན་པ་དང་། གཞན་གྱིས་བྱང་ཆུབ་སེམས་དཔའོ་ཞེས་སྙན་པའི་ཚིག་གིས་ངོར་བསྟོད་པ་དང་དུ་ལེན་པར་བྱེད་པ། ཤ་ཟོས་ན་རང་དོན་དུ་ཤ་ལ་སྲེད་པ་དྲག་པོ་སྐྱེ་ཞིང་། དེའི་དབང་གིས་སྙིང་རྗེ་ཆེན་པོར་ཉམས་པར་འགྱུར་བའི་དགག་བྱ་འདྲེན་པའམ། འདྲེན་དུ་དོགས་པའི་ཐེག་པ་ཆེན་པོའི་དགེ་སློང་ངམ། དགེ་ཚུལ་ལམ། རྒྱལ་པོ་འམ། བློན་པོ་འམ། གྲོང་དཔོན་ནམ། ཁྱིམ་ན་གནས་པའི་བུད་མེད་དག་གིས་ཀྱང་ཤ་བཟའ་བར་མི་བྱ་གསུངས། དེས་ན་བྱང་ཆུབ་སེམས་དཔར་ཁས་ལེན་ཅིང་དམ་བཅའ་བ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལན་བརྒྱ་
ཕྲག་གཅིག་བླངས་པ་དག་གིས་ནི། ཤ་མི་ཟ་བ་ལྟ་ཅི་སྨོས། བསམ་བཞིན་དུ་སེམས་ཅན་སྟོང་ཕྲག་དུ་མ་རྒྱུན་མི་འཆད་པར་སྲོག་གཅད་དམ་གཅོད་དུ་འཇུག་པ་ལའང་མི་རིགས་པར་ཅིའང་མི་བརྩི་ཞེས་གསུངས་པ་ནི་ཐུགས་ཤིན་ཏུ་མད་དེ། དེང་སང་ལུང་བསྟན་དེ་ཐོག་ཏུ་བབས་ནས་གདའ། གཞན་ཡང་ཤ་ལ་ཡང་མི་མཐུན་པའི་འདུ་ཤེས་བསྐྱེད་པ་དང་། ཤ་ལ་སྲེད་པའི་ཉེས་དམིགས་བསྒོམས་ནས་སྤང་དགོས་སོ། །དེ་ཡང་ཤ་དང་ཁྲག་ལ་སོགས་པ་ནི། འབྲས་དང་ནས་དང་འོ་མ་དང་མར་ལ་སོགས་པ་ལྟར་རང་གི་མདུན་དུ་བྱུང་ཙམ་ནས་ཟས་ཡིད་དུ་འོང་ཞིང་གཙང་ལ་རོ་ཕུན་སུམ་ཚོགས་པའི་ཟས་བསོད་པ་ཡིན་པར་ཡིད་ལ་བྱས་ན། སྲེད་པ་དྲག་པོ་དེ་རྒྱས་པར་འགྱུར་གྱི་འགོག་མི་ནུས་པས། མ་ཟོས་གོང་ཉིད་ནས་ཕ་མའི་ཁུ་ཁྲག་ལས་བྱུང་བའི་མི་གཙང་བའི་འདུ་ཤེས་དང་། ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་སེམས་ཅན་འདི་ལ་བུ་གཅིག་པ་དང་འདྲ་བར་བལྟ་བར་བྱ་བ་ཡིན་པས། བུའི་ཤ་དང་མཚུངས་པ་དེ་དག་སྲེད་པས་ཟ་མི་རུང་ངོ་སྙམ་དུ་མི་རུང་བའི་འདུ་ཤེས་ཉེ་བར་འཇོག་གསུངས། ཤ་ལ་
སྲེད་པའི་ཉེས་དམིགས་ཡིད་ལ་བྱ་ཚུལ་ནི། རི་དྭགས་རྔོན་པ་དང་ཉ་བཤོར་བ་དང་། ཤན་པ་བྱེད་པ་ལ་འཇུག་པ་དང་། རིན་བྱིན་ནས་སྲོག་གཅོད་དུ་བཅུག་ནས་ཤ་ཉོ་བ་དང་། དེའི་སླད་དུ་སྲོག་བཅད་དེ་འཚོང་པ་དང་། ཤ་ལ་སྲེད་པས་གོམས་པ་ཐལ་ནས་མི་བསད་དེ་ཟ་བའི་རྒྱལ་བུ་སེང་གེ་འབངས་བཟང་དང་། རྒྱལ་བུ་རྐང་བཀྲ་ལ་སོགས་པའི་ཚུལ་ལྟར་དུ་གྱུར་པ་དང་། དྲི་མི་ཞིམ་ཞིང་སྲོག་ཆགས་མང་པོ་དངངས་པ་དང་སྐྲག་པར་འགྱུར་བ་དང་། རིགས་སྔགས་ཀྱི་ཁྱད་པར་མང་པོ་འགྲུབ་པའི་གེགས་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་སྐྱེ་བའི་གེགས་བྱེད་པ་སོགས་རྒྱ་ཆེར་གསུངས་པ་དེ་དག་ཡིད་ལ་བྱེད་པའོ། །གསུངས། དེས་ན་ཤའི་རོ་ལ་ཆགས་པའི་སྲེད་པའི་དབང་གིས་ཤ་ཟ་བར་རུང་བར་འདུལ་བ་ལས་གནང་ངོ་ཞེས་ཁོ་བོ་ཅག་ནི། རྣམ་པ་ཐམས་ཅད་དུ་མི་སྨྲ་ལ། དེ་འདྲ་བ་སྐྱོན་མེད་པར་གཉིད་ཀྱི་རྨི་ལམ་དུ་ཡང་མི་སྨྲའོ། །གསུངས། དེས་ན་ཐེག་པ་ཆེན་པོའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གང་དག་ཤ་ཟོས་ན་རང་གི་སྙིང་རྗེ་ཆེན་པོ་ཉམས་འགྲོ་ཞིང་བློའི་ཤུགས་ཆུང་དུ་འགྲོ་བར་མྱོང་བས་གྲུབ་པ་དང་།
རང་དོན་དུ་རོ་ལ་སྲེད་པ་དྲག་པོ་སྐྱེ་བར་མཐོང་ནས། དགག་བྱ་དེ་དག་འགོག་པའི་སླད་དུ། རྣམ་གསུམ་དག་མ་དག་དང་། བསད་པ་དང་རང་ཤི་བའི་ཤ་ཐམས་ཅད་མི་ཟ་བ་ཡིན་ན་ནི་མཆོག་ཏུ་ངོ་མཚར་ཆེ་གསུངས། གཞན་ཡང་ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་ཀྱང་ཤ་ཟ་བ་བཀག་སྟེ། དྲང་སྲོང་སུ་གེས་སྨྲས་པ། ཁྱོད་ཀྱིས་ཕྱུགས་ནི་སྔོན་བསད་དེ། ཁྲག་གིས་འདམ་རྫབ་ཏུ་བྱས་པས། །གལ་ཏེ་མཐོ་རིས་འགྲོ་གྱུར་ན། །གང་གིས་དམྱལ་བར་འགྲོ་བར་འགྱུར། །ཞེས་དང་། ནེ་ཙོས་སྨྲས་པ། གཟུར་ཤིང་བཅད་དེ་ར་ལུག་བསད། །ཁྲག་གིས་རྫབ་ཏུ་བྱས་ནས་ནི། །གལ་ཏེ་དེ་ལྟར་མཐོ་རིས་འགྲོ། །དམྱལ་བར་ཅིས་ན་འགྲོ་བར་འགྱུར། །ཞེས་དང་། དྲང་སྲོང་བྱ་བས་སྨྲས་པ། གང་གིས་གང་གི་ཤ་ཟ་བ། །དེ་དག་གཉིས་ཀྱི་ཁྱད་པར་ལྟོས། །གཅིག་ནི་སྐད་ཅིག་འགྲངས་པར་འགྱུར། །གཅིག་ནི་གཏན་དུ་སྲོག་དང་འབྲལ། །འཆིའོ་སྙམས་པས་སྡུག་བསྔལ་གང་། །སྐྱེས་བུ་ལ་ནི་སྐྱེས་གྱུར་ལ། །རྗེས་སུ་དཔག་པ་དེ་ཡིས་ནི། །གཞན་ཡང་བསྲུང་པར་འོས་པའོ། །ཞེས་དང་།
སེམས་ཅན་གཅིག་ལ་མི་འཇིགས་ཡོད། །བྱིན་པ་དེ་ནི་མཆོག་ཡིན་གྱིས། །བྲམ་ཟེ་སྟོང་གི་གྲངས་རྣམས་ལ། །བ་སྟོང་གསེར་དང་བཅས་པ་ཡི། །གང་གིས་གསེར་གྱི་རི་བོ་དང་། །རིན་ཆེན་བཀང་སྟེ་སྦྱིན་པ་དང་། །དེ་དང་མཉམ་པ་མ་ཡིན་ནོ། །ཞེས་ཕྱི་རོལ་བའི་དྲང་སྲོང་མཁས་པ་སྙིང་རྗེ་ཅན་དུ་མས་སྨྲས་པའོ། །དེས་ན་སངས་རྒྱས་ཐུགས་རྗེ་ཅན་གྱིས་གསུང་དང་མཐུན་པ་ཕྱི་རོལ་པ་དང་། འཇིག་རྟེན་པའི་ཁྲོད་ན་ཡོད་ཀྱང་རུང་། སངས་རྒྱས་ཀྱི་བཀའ་བཞིན་དང་དུ་བླངས་ན་སྐྱོན་མེད་དེ། དུས་འཁོར་དུ་ཡོན་ཏན་གྱི་ཆོས་དང་ལྡན་པ་ཕྱི་རོལ་པའི་ནང་དུ་སྣང་ཡང་། བདག་ཅག་གིས་བསྙེན་བཀུར་བར་བྱའོ། །ཞེས་དང་། སོར་ཕྲེང་ཅན་གྱི་མདོ་ལས། གང་འཇིག་རྟེན་པ་ལ་སངས་རྒྱས་ཀྱི་ཚིག་དང་མཐུན་པ་ཡོད་པ་དེ་ཡང་ཐམས་ཅད་ཐམས་ཅད་སངས་རྒྱས་ཀྱི་ཚིག་ཏུ་རིག་པར་བྱའོ། །ཞེས་གསུངས་སོ། །དེས་ན་ཤ་ཟ་བ་འདི་ཕྱི་ནང་གཉིས་ཀས་ཉེས་པ་ཆེ་ཞེས་མཐུན་པར་བཤད་སྣང་། འོ་ན་སློབ་དཔོན་ཆེན་པོ་ཡོན་ཏན་འོད་དང་། རྒྱ་ཆེར་འགྲེལ་མཁན་པོ་དག །ཉན་ཐོས་རྣམ་གསུམ་དག་པའི་ཤ །བཟར་རུང་ཤ་ནི་མི་ཟ་ན། །
ལྷས་སྦྱིན་གྱི་ནི་བརྟུལ་ཞུགས་འགྱུར། །ཞེས་པ་གང་ཡིན་སྙམ་ན། དེ་ནི་བདུད་ལྷས་སྦྱིན་གྱིས་དུས་རྒྱུན་དུ་ཕྲག་དོག་གི་དབང་གིས། སངས་རྒྱས་ལ་སྒྱོགས་རྡོ་འཕངས། གླང་ཆེན་རྦད་པ་སོགས་གནོད་པའི་ལས་མང་པོ་བྱས། ལྷག་པར་དུ་དགེ་འདུན་གྱི་དབྱེན་ཆེན་པོ་བྱས་ནས། རང་གི་འཁོར་ལ་དགེ་སྦྱོང་གོའུ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་ལ་གནོད་པར་འགྱུར་བའི་ཕྱིར་རོ། །ཞེས་སངས་རྒྱས་ལས་ལྷག་པའི་སྙིང་རྗེ་ཆེ་བ་འདྲ་བའི་བསླབ་པ་བཅས་པ་ཡིན་སྐད། དེ་བཞིན་དུ་རང་རེ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་ཡང་། རྙེད་བཀུར་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། ཁ་ཅིག་གིས་ཤ་ཆང་མི་བསྟེན་པ་སོགས་ཆོས་པ་གཞན་ལས་ལྷག་པའི་ཁྱད་ཆོས་འདོན་པར་བྱེད་པ་ནི་ལྷས་སྦྱིན་དང་མཚུངས་གསུངས་པ་ཡིན་གྱི། དེ་མ་ཡིན་པར་སྙིང་རྗེ་ཆེན་པོའི་སྒོ་ནས་སེམས་ཅན་ལ་དངོས་སམ་བརྒྱུད་ནས། མི་གནོད་པར་ཕན་པའི་ཕྱིར་ཤ་མི་ཟ་བ་སོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཀའ་གདམས་གོང་མའི་རྣམ་
ཐར་སྐྱོང་མཁན་གྱི་ནང་པ་དང་། སྙིང་རྗེ་ཅན་གྱི་ཕྱི་རོལ་པའི་དྲང་སྲོང་ཆེན་པོ་ལ་སོགས་ཆོས་པ་འཇིག་རྟེན་པ་སུ་ཡིན་ཡང་ཤ་མ་ཟོས་ན། དེ་རྣམས་ལྷས་སྦྱིན་དང་མཚུངས་བྱས་པའི་ཚིག་ཏུ་འཁྲུལ་བར་མི་བྱ་སྟེ། དེ་ཡིན་ན་ཁས་མ་སྨྲ་བ་མ་གཏོགས། ཤ་ཟོས་ཚད་པོ་དོན་གྱི་སངས་རྒྱས་ཀྱི་བརྟུལ་ཞུགས་སུ་ཁས་བླངས་པར་འགྱུར་ལ། དེ་ཡིན་ན་སྔར་གྱི་ལུང་འདྲེན་དེའི་ཚིག་ཀྱང་བསྒྱུར་ནས། ཉན་ཐོས་རྣམ་གསུམ་དག་པའི་ཤ །བཟར་རུང་ཤ་ནི་ཟོས་པ་ན། སངས་རྒྱས་ཀྱི་ནི་བརྟུལ་ཞུགས་འགྱུར། །ཞེས་ཁར་ཤ་ཟ་འདོད་པ་ཕལ་ཆེར་གྱིས་ལུང་འདྲེན་གྱི་སྣོན་པ་བྱེད་པར་རིགས་སོ། །ཡང་ལང་ཀར་གཤེགས་པ་ལས། བསྟན་པ་ལ་སྨོད་པའི་དགག་བྱ་མཐོང་ནས་མི་ཟ་བར་གསུངས་པ་ནི། ཡུལ་དུས་འགའ་ཞིག་ཏུ་མུ་སྟེགས་གཅེར་བུ་པ་སོགས་ཀྱང་ཤ་མི་ཟ་ན། དགེ་སློང་དག་ནི་དེ་བས་ཀྱང་དམན་ནོ་ཞེས་སོགས་ཀྱིས་བསྟན་པ་སྤྱི་ལ་དམིགས་ནས་མ་དད་པ་སྐྱེ་བར་མཐོང་ནས་ཤ་མི་ཟ་བར་གསུངས། ཡང་སངས་རྒྱས་ཀྱི་བསྟན་པ་སྙིང་རྗེའི་རབ་ཏུ་ཕྱེ་བ་ཡིན་པས་རང་ལ་ཉེས་པ་མི་འབྱུང་ན་ཡང་། གཞན་ལ་སྙིང་རྗེ་བསྐྱེད་ནས་ཀྱང་ཤ་
བཟའ་བར་མི་བྱའོ། །གསུངས། གཞན་ཡང་ཤའི་ཉེས་དམིགས་མདོ་རྒྱུད་བསྟན་བཅོས་བླ་མ་གོང་མའི་རྣམ་ཐར་མགུར་འབུམ་གསུང་བགྲོས་གཏམ་རྒྱུད་ཀུན་ན་མཐའ་ཡས་པ་ཡོད་ཚད་པོ་ཕྱོགས་གཅིག་ཏུ་བསྡུས་ནས། གླེགས་བམ་དུ་བསྒྲིགས་རྒྱུ་ཡིན་ན་པོ་ཏི་གཅིག་ལོངས་པར་གདའ། དེས་ན་ཤ་འདི་ས་ལམ་གྱི་གེགས། ངན་སོང་གི་ས་བོན། སྲོག་གཅོད་ཀྱི་གཤེད་མ། ཤ་འདིས་མ་གྱུར་སེམས་ཅན་གྱི་ལུས་སྲོག་ལ་གནོད་གནོད་ཅིག་ཟས་གཞན་གང་གིས་ཀྱང་མི་གནོད། སྡིག་ཟས་ཕ་མའི་ཤ་ཁྲག་བསྟེན་པ་འདི་རང་དང་རང་གི་སློབ་མ་ཡོན་བདག་རྣམས་ཀྱིས་གཙོ་བྱས་པའི་བློ་ལྡན་སྙིང་རྗེ་ཅན་གྱི་ཆོས་པ་འཇིག་རྟེན་པ་སྐྱ་སེར་ཕོ་མོ་དྲག་ཞན་འབྲིང་གསུམ་ཐམས་ཅད་ཀྱིས་ད་ནས་བཟུང་སྟེ། ཕྱིན་ཆད་ཕ་ཤ་མ་ཤ་བུ་ཤ་མི་གཙང་བ་དུག་ལྟ་བུར་བལྟས་ནས་སྤང་བར་བྱའོ། །དེ་ལྟར་བྱེད་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདུད་རྩི་འབེབས་སྦྱང་གི་དམིགས་པ་བྱའོ། །སྨྲས་པ། ཟབ་གསལ་ཐུགས་ཀྱིས་དུས་གསུམ་ས་ལེར་གཟིགས། །བྱམས་དང་བརྩེ་
བས་འགྲོ་ཀུན་བུ་ལྟར་སྐྱོང་། །ཀུན་གྱི་སྐྱབས་གནས་སངས་རྒྱས་ཐུགས་རྗེ་ཅན། །འབྲལ་མེད་སྤྱི་བོར་བཞུགས་ལ་བྱིན་གྱིས་རློབས། །འཁོར་བའི་རྩ་བ་འདོད་སྲེད་ཆེར་འཕེལ་ཞིང་། །ཆོས་ཀྱི་རྩ་བ་སྙིང་རྗེའི་རྒྱུན་གཅོད་པའི། །སྡིག་ཟས་ཕ་མའི་ཤ་ཁྲག་ཉེས་དམིགས་རྣམས། །སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་ལེན། །སྡིག་ཟས་ཕ་མའི་ཤ་ཁྲག་ཟོས་ཚད་ཀུན། །ཕྱི་མར་དམྱལ་བ་ངུ་འབོད་གནས་སུ་སྐྱེ། །གཞན་ཡང་ཚ་དམྱལ་འོ་དོད་འབོད་སོགས་སུ། །སྐྱེས་ནས་ཤ་ཟ་དེ་དག་འཚོད་པར་འགྱུར། །སྡིག་ཅན་གཞན་གྱིས་བསད་པའི་ཤ་ཟོས་ན། །དམྱལ་བའི་གནས་སུ་བསྐལ་པ་གཅིག་ཙམ་གནས། །རང་གིས་གསོད་དམ་གཞན་ལ་གསོད་བཅུག་ནས། །ཟོས་ན་བསྐལ་པ་འབུམ་དུ་དམྱལ་བར་གནས། །གཞན་གྱིས་བསད་པའི་ཁྲག་ལ་ལོངས་སྤྱད་ན། །བསྐལ་པ་གཅིག་ཙམ་དཀོན་མཆོག་སྒྲ་མི་ཐོས། །རང་གིས་གཞན་སྲོག་བཅད་ནས་ཁྲག་འཐུང་ན། །དམྱལ་བ་ཁྲོ་ཆུ་ཁོལ་མའི་ནང་དུ་སྐྱེ། །གཡག་ལ་ཁྲག་རྒྱབ་བཙོས་ནས་ཟོས་པ་ན། །ཕྱི་མར་སྐྱེ་བ་བདུན་དུ་དུད་འགྲོར་སྐྱེ། །ཤ་ཁྲག་རང་གི་ལུས་བོངས་ཙམ་
ཟོས་ན། །བསྐལ་པ་གཅིག་ལ་ཁྲོ་ཆུ་ཁོལ་མར་སྐྱེ། །ཤ་ཁྲག་དམར་པོར་ཟོས་ན་སྐྱེ་བ་བདུན། །འདས་པའི་འོག་ཏུ་ཁྲོ་ཆུ་ཁོལ་མར་འཚོད། །བཙོས་ནས་ཟོས་ཀྱང་སྐྱེ་བ་བཅུ་ཡི་འོག །དམྱལ་བ་ཁྲོ་ཆུ་ཁོལ་མའི་ནང་དུ་སྐྱེ། །རི་དྭགས་བསད་ནས་ཟོས་ན་དམྱལ་བར་སྐྱེ། །གཅན་གཟན་གདུག་པ་ཅན་གྱིས་གསོན་པོར་ཟ། །གཤིན་རྗེས་ཁྲོ་ཆུ་ཁོལ་མ་ཁ་ལ་བླུག །ཁོག་རྣམས་ཚིག་ནས་ངུ་འབོད་ཆེན་པོ་བྱེད། །ཆུ་ཡི་ནང་གི་ཉ་བཟུང་ཟོས་པ་ན། །རལ་གྲི་ནགས་ཚལ་ཅན་གྱི་དམྱལ་བར་སྐྱེ། ཁྱི་དང་ཕག་གི་རྒྱུ་མ་ཤ་ཟོས་ན། །མི་གཙང་ལྗན་ལྗིན་གང་བའི་དམྱལ་བར་སྐྱེ། །ཤ་དང་ཁྲག་ལ་རྔམས་ནས་ཟ་བ་རྣམས། །ཕྱི་མར་ཡི་དྭགས་ཤ་ཁྲག་ཟ་བར་སྐྱེ། །ར་ལུག་གཡག་གསུམ་བསད་ནས་ཤ་བཙོངས་ན། །ཕྱི་མར་གནོད་སྦྱིན་གདུག་པ་ཅན་དུ་སྐྱེ། །ཤ་སྟོན་བྱ་བའི་ཕྱིར་དུ་སྲོག་བཅད་ན། །རབ་ཏུ་ཚ་བའི་དམྱལ་བར་སྐྱེ་བར་འགྱུར། །ཤ་ཁྲག་ཟོས་ན་སྟག་སེང་སྤྱང་གི་དང་། །ཝ་དང་བྱི་ལ་གཅན་གཟན་རིགས་སུ་སྐྱེ། །མི་ཤ་ཟ་བའི་ཕྲ་མེན་ཕོ་མོ་དང་། །མ་རུངས་ཤ་ཟ་མཁའ་འགྲོའི་ནང་དུ་སྐྱེ། །གཞན་ཡང་
སྡིག་ཅན་གྲོང་གི་ཤན་པ་དང་། །རྔོན་པ་སྲིན་པོ་རྨེ་ཤ་ཅན་དུ་སྐྱེ། །ངོ་མི་ཚ་བར་ཤ་ཟོས་ཁྲག་འཐུང་པས། །ཕྱི་མར་ངོ་ཚ་མི་ཤེས་སྨྱོན་པར་འགྱུར། །ཤ་ཟོས་རུས་པ་མུར་ནས་འཆོས་པ་ཡི། །ཕྱི་མར་གཞོན་དུས་སོ་རྣམས་ལྷུང་བར་འགྱུར། །དེ་ཕྱིར་ཤ་ཁྲག་ཁམས་གསུམ་ཕུང་བའི་ཟས། །ཡིན་ཞེས་ཐུགས་རྗེ་ཆེན་པོའི་རྒྱུད་ལས་གསུངས། །རང་གི་ཁ་བསུམ་མགོ་བཅད་སྙིང་ཕྱུང་ནས། །ཤ་ཁྲག་གཞན་གྱིས་ཟོས་ན་ཅི་འདྲ་འོང་། །དེ་ཕྱིར་རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པའི་ཤ་འདི་མ་ཟ་ཞིག །ཤ་འདིའི་ཕྱིར་དུ་འཇིག་རྟེན་ཁམས་འདི་ན། །ཉིན་རེ་བཞིན་དུ་སེམས་ཅན་གྲངས་མེད་གསོད། །ཤ་འདིས་སེམས་ཅན་སྲོག་ལ་གནོད་གནོད་ཅིག །ཟས་གཞན་གང་གིས་གནོད་པར་མི་འགྱུར་བས། །ནག་ཆང་བསྟེན་པ་ལས་ཀྱང་སྡིག་ཟས་ཤས། །སེམས་ཅན་གཞན་གྱི་སྲོག་ལ་གནོད་ཚབས་ཆེ། །དེའི་ཕྱིར་སེམས་ཅན་སྲོག་ལ་གནོད་པའི་ཟས། །ཤ་འདི་སྙིང་རྗེ་ཅན་གྱིས་མ་ཟ་ཞིག །དམྱལ་བའི་རྒྱུ་ཡི་གཙོ་བོ་སྲོག་གཅོད་ཡིན། །སྲོག་གཅོད་བྱེད་པའི་རྩ་བ་ཤ་འདིར་ཐུག །ཤ་ཡི་ཕྱིར་དུ་ར་ལུག་གཡག་གསུམ་བཟུང་། །ཁ་སྣ་
བསུམ་ནས་གསོད་པ་སྙིང་རེ་རྗེ། །ལ་ལ་གསོན་པོར་བཟུང་ནས་གྲི་ཡིས་གཤག །ཁོང་ལག་བཏང་ནས་གསོད་པ་སྙིང་རེ་རྗེ། །ལ་ལའི་སྙིང་གི་ཐད་ཀའི་མཆན་འོག་ནས། །གྲི་མདུང་བརྡབས་ནས་གསོད་པ་སྙིང་རེ་རྗེ། །ལ་ལའི་སྐེ་ཚིགས་མཚམས་ནས་གྲི་ཡིས་གཉག །མགོ་བོ་བཅད་ནས་གསོད་པ་སྙིང་རེ་རྗེ། །དེ་བཞིན་གསོད་ལུགས་མི་འདྲ་སྣ་ཚོགས་སྒོས། །ཕ་མ་སེམས་ཅན་གསོད་པ་སྙིང་རེ་རྗེ། །ཚེ་རབས་ཀུན་ཏུ་ཕ་མ་སེམས་ཅན་གྱི། །ཤ་ཁྲག་ནམ་ཡང་ཟ་བར་མ་གྱུར་ཅིག །སངས་རྒྱས་ཐུགས་རྗེ་ཅན་གྱི་བྱིན་རླབས་ཀྱིས། །ཤ་ལ་ནམ་ཡང་སྲེད་པ་མེད་པར་ཤོག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ གཉིས་པ་ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་སྨྱོ་ཆུ་ཆང་གི་ཉེས་དམིགས་བསམ་པ་ནི། སྔོན་ཨོ་རྒྱན་པདྨ་འབྱུང་གནས་ལ། རྒྱལ་བུ་ཀུན་དགའ་དཔལ་གྱིས། ཆང་ཞེས་བྱ་བ་འདི་སྔོན་གང་ལས་བྱུང་བའི་རྒྱུ་མཚན་བཤད་དུ་གསོལ། ཞེས་ཞུས་པས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་སྔོན་བསྐལ་པ་བཞི་སྟོང་སུམ་བརྒྱ་བརྒྱད་ཅུ་འདས་པ་ན།
དེ་བཞིན་གཤེགས་པ་ཟླ་བའི་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱོན་ནས། ཆོས་འཁོར་བསྐོར་བའི་དུས་སུ། སངས་རྒྱས་ལ་ཆོས་མཉན་པའི་སེམས་ཅན་ལྷའི་རྒྱལ་པོ་བརྒྱད་དང་། ལྷ་མ་ཡིན་གྱི་རྒྱལ་པོ་བརྒྱད་དང་། མིའི་རྒྱལ་པོ་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་དང་། ཀླུ་ལ་སོགས་པ་སྡེ་བརྒྱད་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་འདུས་ཏེ། དེ་བཞིན་གཤེགས་པ་ལས་ཆོས་མཉན་པས་དེའི་དུས་སུ། སེམས་ཅན་ལ་གནོད་པར་བྱེད་པའི་རྒྱལ་པོ་བདུད་སྡིག་ཅན་ཞེས་བྱ་བ་དེས་མ་བཟོད་ནས། དེ་བཞིན་གཤེགས་པ་འདི་ལ་སེམས་ཅན་མང་པོ་འདི་ལྟར་འདུས་པར་གྱུར་ནས། ང་ལ་སེམས་ཅན་གཅིག་ཀྱང་མི་ཡོང་བ་འདིས་ཅིས་ཡོང་སྙམ། ཤིན་ཏུ་སྨྲེ་སྔགས་བཏོན་ཏེ་ཉལ་བའི་ཚེ། རྒྱལ་པོ་སྡིག་ཅན་དེའི་སྲུང་མ་ལྷ་གཏུམ་ཅན་ནག་པོ་ཞེས་བྱ་བ་དེས། རྒྱལ་པོ་ལ་རྨི་ལམ་འདི་སྐད་ཅེས་རྨི་བར་བྱས་སོ། །རྒྱལ་པོ་ཁྱོད་མྱ་ངན་མ་བྱེད་ཅིག །ངས་ཁྱོད་ལ་བསྟན་པ་སྦྱིན་པར་བྱ་ཞེས་འདི་སྐད་ཅེས་སྨྲས་སོ། །སེང་གེ་སྨྱོན་པ་དཀར་པོའི་ཀླད་པ། གཏི་མུག་སྨྱོན་པ་གླང་པོ་དྲག་པོའི་ཁ་ཡི་ལྷུ་བ། དུག་སྦྲུལ་གྱི་ལྕེ། བུང་བ་སྨྱོན་
པའི་སྦྲང་རྩི། ཁྱི་སྨྱོན་པའི་ཁ་ཆུ། བདུད་ཀྱི་བྲོ་མཁན་དགུའི་རྐང་དམར། དུར་ཟ་བའི་སྤྱང་ཀིའི་མིག་འབྲས། དུར་གྱི་ཤ །སྲིན་མོའི་མངལ་ཁྲག་སྟེ། རྫས་དགུ་པོ་དེ་དག་རྙེད་ནས་བསྒྲུབ་པའི་དུས་སུ། དམོད་སྔགས་འདི་བཟླ་ཞིང་ལྡེ་གུ་བྱས་ནས་བསྒྲུབ་ན་ཆང་ཞེས་བྱ་བ་དུག་གི་ཀླུང་ཆེན་པོ་འབྱུང་ངོ་། །ཞེས་རྨི་ལམ་རྨི་བར་བྱས་སོ། །རྒྱལ་པོ་བདུད་སྡིག་ཅན་དེ་གཉིད་སད་ནས་རབ་ཏུ་དགའ་བ་ཆེན་པོར་གྱུར་ཏེ། རྫས་དེ་དག་ཐམས་ཅད་འཚོགས་པར་བྱས་ནས། བྲག་རི་ཆེན་པོའི་སྤོ་ལ་རྡོ་ཡི་ཕྲུ་བ་ལེགས་པར་བཅོས་ཏེ། རྫས་དེ་དག་རྨི་ལམ་བཞིན་དུ་བསྒྲུབས་པས། ཆང་གི་ཆུ་ཀླུང་ཆེན་པོ་རྒྱུན་དུ་འབབ་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ལ་ཆོས་མཉན་པའི་སེམས་ཅན་ཐམས་ཅད་ཀྱིས། དེ་ནི་ཆུ་ཡིན་སྙམས་ནས་འཐུང་བས། མྱོས་ཤིང་རབ་ཏུ་རྨོངས་པར་གྱུར་ཏོ། །ཆང་དེའི་དུག་ས་ལ་ཐིམ་པས་འབྲུའི་ཆང་དང་། བཅོས་པའི་ཆང་གཉིས་པོ་དེའི་རྒྱུ་མཚན་གྱིས་བྱུང་ངོ་། །རྒྱལ་པོ་བདུད་སྡིག་ཅན་དེ་དགྱེས་ཤིང་། སངས་རྒྱས་ཀྱི་དྲུང་དུ་འདུས་པ་དང་། བདུད་རང་ལ་འཚོགས་པའི་སེམས་
ཅན་གྱི་མང་ཉུང་ཇི་སྙེད་ཅིག་ཡོད་སྙམ་ནས། འགྲན་པར་བལྟས་པས། ཆ་བཞི་ལས་ཆ་གསུམ་དུ་གྱུར་ཅིང་། ལྷག་མ་ཆ་གཅིག་གི་ཕལ་ཆེ་བ་སངས་རྒྱས་ཀྱི་དྲུང་དུ་འདུས་ཤིང་། ཆ་གཅིག་གི་ཉུང་བ་ནི་བདུད་ལ་འཚོགས་པས། བདུད་ཀྱི་རྒྱལ་པོ་དེ། ཡང་མྱ་ངན་གྱིས་མནར་བས། ཉམ་ཐག་པར་གྱུར་ཏེ་འདུག་པ་ལས། སྲུང་མ་ལྷ་གཏུམ་ཆེན་ནག་པོ་དེ་ན་རེ། ཁྱོད་མྱ་ངན་མ་བྱེད་ཅིག །བསྐལ་པ་འདིའི་སེམས་ཅན་གྱི་ཚེ་ལོ་འབུམ་ཕྲག་གཅིག་དང་། བསོད་ནམས་ཆེ་བ་ཡིན་པས་ཁྱོད་ལ་འཚོགས་པ་ཉུང་བ་ཡིན་མོད། འདི་ནས་ཕྱིན་ཆད་མ་འོངས་པ་ན། ཚེ་ཐུང་བའི་བསྐལ་པ་མང་པོ་འབྱུང་བའི་ཚེ། སངས་རྒྱས་ཀྱི་བསྟན་པ་ལས་ཁྱོད་ཀྱི་བསྟན་པ་ལྷག་པར་རབ་ཏུ་རྒྱས་པར་འགྱུར་རོ། །ཞེས་སྨྲས་ལ། རྒྱལ་པོ་སྡིག་ཅན་གྱིས་ཚིག་དེ་ཐོས་ནས། སྨོན་ལམ་ལོག་པ་འདི་ལྟར་བཏབ་པའོ། །དེང་ཕྱིན་ཆད་བསྐལ་པ་ཚེ་ཐུང་བ་རྣམས་ལ། སངས་རྒྱས་ཀྱི་བསྟན་པ་ལས་ངའི་བསྟན་པ་རབ་ཏུ་རྒྱས་ཤིང་སེམས་ཅན་ངན་སོང་གསུམ་གྱི་འབྲས་བུར་གྱུར་ཅིང་། ཁྱད་པར་རྡོ་རྗེ་དམྱལ་བར་ལྟུང་བའི་འབྲས་བུ་བསག་པར་གྱུར་ཅིག །
ཅེས་སྨོན་ལམ་ལོག་པ་བཏབ་པ་ལ། སངས་རྒྱས་ཀྱིས་དེ་མཁྱེན་ནས། སྨོན་ལམ་བཟང་པོ་འདི་ལྟར་བཏབ་པའོ། ཁྱོད་ཀྱི་རྫས་དགུ་པོ་དེ་དག་ལས་གྲུབ་པའི་ཆང་དེ་ནི། ངས་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་བྱིན་གྱིས་བརླབས་ནས། དེ་ལ་སེམས་ཅན་གྱི་ཉོན་མོངས་དུག་ལྔ་རྣམས་བསྲེས་ནས་གསོལ་བས་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བྲལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའོ། །སེང་གེ་སྨྱོན་པ་དཀར་པོའི་ཀླད་པའི་དུག་ལས་གྲུབ་པའི་ཕྱིར། སྐྱེ་བོ་དམན་པ་རྣམས་ཀྱིས་ཆང་འདི་འཐུང་ན། ང་ལས་མཆོག་མེད་སྙམ་ནས། དཀོན་མཆོག་ལ་བརྙས་ཤིང་སྨོད་པས། དམྱལ་བ་སོགས་ངན་སོང་གསུམ་དུ་ལྟུང་བའི་འབྲས་བུ་གསོག་པ་དང་། རྒྱལ་པོ་ཡ་རབས་རྣམས་ལ་སྐུར་པ་འདེབས་པས། རྒྱལ་པོའི་བཀའ་ཆད་འོང་བ་དང་། གྲོགས་མཚུངས་པ་དང་འཐབ་མོ་སྤྲོད་པ་བྱས་ནས། བྲལ་བར་འགྱུར་བ་སོགས་བྱུང་བ་དེ་དུག་དང་པོ་ལས་བྱུང་ངོ་། །གཏི་མུག་སྨྱོན་པ་དྲག་པོ་གླང་པོའི་ཁ་ཡི་ལྦུ་བ་ལས་
གྲུབ་པས། ཆང་མ་འཐུང་བའི་སྐྱེ་བོས་ཆང་ལ་མི་འདོད་པའི་གཏམ་སྨྲ་ན། ཡིད་མི་མགུ་ཞིང་། ཡི་དམ་ལྷ་ལ་ནང་མཆོད་བྱུང་བ་དང་། དམ་པ་ལ་སྐྱེམས་སུ་གྱུར་པའི་ཆང་འདི་མ་འཐུང་ཞེས་ཟེར་བ་འདིས་ཅི་ཡོང་བྱས་ནས། སྨོད་པའི་གཏམ་ངན་སྣ་ཚོགས་བརྗོད་དེ། ཆང་ང་ལ་རྙེད་པར་འདུག་ཅིང་། ངས་ཡང་ཡང་འཐུང་བར་གྱུར་ཅིག་སྙམ་པས། ལོག་པར་ལྟ་བའི་སེམས་དྲག་པོ་བསྐྱེད་པ་དེ་དུག་གཉིས་པ་ལས་བྱུང་ངོ་། །དུག་སྦྲུལ་གྱི་ལྕེའི་དུག་ལས་གྲུབ་པས། མི་ལ་གཏམ་ངན་གླེང་ཞིང་མཚང་འབྲུ་བྱས་ཏེ། བསྲན་མི་ཚུགས་པར་བྱེད་པ་ནི། དུག་གསུམ་པ་ལས་བྱུང་ངོ་། །བུང་བ་སྨྱོན་པའི་སྦྲང་རྩི་ལས་གྲུབ་པས། ཆང་གི་རོ་སྦྲང་རྩིའི་རོ་ལས་ལྷག་པར་ཞིམ་པ་དང་། སྤང་མི་ནུས་པར་བྱེད་པ་ནི། དུག་བཞི་པ་ལས་བྱུང་ངོ་། ཁྱི་སྨྱོན་གྱི་ཁ་ཆུ་ལས་གྲུབ་པས། སྐྱེ་བོ་མང་པོ་གཞན་དང་འཐབ་མོ་སྤྲོད་པ་དང་། བརྡེག་པ་དང་། བཙོག་པ་དང་། ཤ་རུས་པགས་པ་སོགས་བྲལ་ནས་སྡུག་པར་བྱེད་པ་དེ་ནི་དུག་ལྔ་པ་ལས་བྱུང་ངོ་། །བདུད་ཀྱི་བྲོ་མཁན་དགུའི་རྐང་དམར་ལས་གྲུབ་པས། ཆང་གིས་མྱོས་པའི་སྐྱེ་བོ་རྣམས་
ཀྱི་རྐང་ལག་གི་རྐང་དམར་ཐམས་ཅད་ཚ་རུམ་ནས་འདུག་པ་དང་། ཉལ་ས་མི་བདེ་བས། ཀེར་ལངས་ཤིང་རྡོག་རྡོག་བྱེད་པ་དང་། ཀུ་ཅོ་འདོན་པ་དང་། རྟ་ལ་ཞོན་ན་སྨྱོན་པ་ལྟ་བུར་གད་པ་དང་། ངམ་གྲོག་དང་། བྲག་དང་། ཆུ་ཀླུང་ལ་སོགས་ལ་མི་སྐྲག་པར་རྒྱུག་རྒྱུག་བྱས་ཏེ་ལྷུང་ཞིང་བརྒྱལ་བར་གྱུར་ཏེ། ཤ་རུས་དང་བྱད་བཞིན་དྲལ་བས་སྡུག་པར་བྱེད་པ་ནི་དུག་དྲུག་པ་ལས་བྱུང་ངོ་། །དུར་ཟ་བའི་སྤྱང་ཀིའི་མིག་འབྲས་ལས་གྲུབ་པས། ཆང་གིས་ཤིན་ཏུ་མྱོས་པའི་མིའི་མིག་མི་གསལ་ཞིང་འབྱེད་བ་སུམ་མི་ནུས་པ་དང་། ཅི་ཡང་ངོ་གསལ་བར་མི་ཤེས་པ་བློ་འཐུམ་པར་བྱེད་པ་ནི་དུག་བདུན་པ་ལས་བྱུང་ངོ་། །དུར་གྱི་ཤ་ལས་གྲུབ་པས་ཆང་རྒྱུན་དུ་བསྟེན་པའི་མི་རྣམས་ཀྱི་བྱད་བཞིན་ཐལ་མདོག་ལྟ་བུར་གྱུར་ནས་མི་སྡུག་པར་གྱུར་པ་ནི། དུག་བརྒྱད་པ་ལས་བྱུང་ངོ་། །སྲིན་མོའི་མངལ་ཁྲག་ལས་གྲུབ་པའི་ཕྱིར། ཆང་རྒྱུན་དུ་འཐུང་བའི་སྐྱེ་བོ་རྣམས་ཀྱི་ལུས་ལ་ལྷན་ཅིག་སྐྱེས་པའི་ལྷ་ཡལ་ཏེ། དེའི་ཤུལ་དུ་བདུད་ཀྱི་རྒྱལ་པོ་བརྟན་པར་བཞུགས་ནས། མི་དེའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་མེ་
ལྟར་འབར་བ་དང་། ཆུ་ལྟར་འཁྲུགས་པ་དང་། རླུང་ལྟར་བསྐྱོད་པ་དང་། ས་ལྟར་འཐོར་བ་སོགས་བྱེད་དེ། མི་དགེ་བཅུ་དང་། མཚམས་མེད་ལྔ་ལ་སོགས་པའི་ལས་བྱེད་ཅིང་། དམ་ཚིག་དང་སྡོམ་པ་ཉམས་པས། ངན་སོང་གསུམ་དང་། རྡོ་རྗེ་དམྱལ་བ་སོགས་སུ་ལྷུང་ནས། དམྱལ་བའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ། །ཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་སོ། །ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གྱི་འདི་དང་ཕྱི་མའི་བཟང་ངན་གྱི་རྒྱུ་འབྲས་སངས་རྒྱས་བྱང་སེམས་རྣམས་ཀྱིས་གསུངས་སོ། །འོན་ཀྱང་བདུད་ཀྱི་དུག་དགུ་པོ་ལས་བྱུང་བའི་ཆང་འདི་འཐུང་བའི་སྐྱེ་བོ་རྣམས་མྱོས་པའི་ཚེ། སྐྱེ་བ་སྔ་མ་གང་ལས་སྐྱེས་པའི་བག་ཆགས་གོ་སླ་བ་ཡིན་ནོ། །གང་ཞེ་ན། སྐྱེ་བ་སྔ་མ་ལྷ་དང་མིའི་གནས་ལས་སྐྱེས་པའི་མི་རྣམས་ཀྱིས་ཆང་འཐུང་ནས་མྱོས་པའི་ཚེ། ལུས་ངག་ཡིད་གསུམ་མི་ཉམས་པར་བློ་བརྟན་པ་བརླིང་ཞིང་ཚིག་དྲང་པོར་སྨྲ་ཞིང་དུལ་བའི་ཚུལ་གྱིས་གནས་སོ། །ལྷ་མ་ཡིན་གྱི་གནས་ལས་སྐྱེས་པའི་མི་རྣམས་མྱོས་པའི་ཚེ། འཐབ་རྩོད་དང་གཡུལ་སྤྲོད་པ་དང་འཐབ་
པའི་ཚིག་སྨྲས་ཏེ་ཕྲག་དོག་དང་། སེར་སྣ་སོགས་གཤིས་ལུགས་ངན་པ་སྣ་ཚོགས་ཀྱིས་གནས་པར་འགྱུར་རོ། །དམྱལ་བའི་གནས་ལས་སྐྱེས་པའི་མི་རྣམས་ཀྱིས་མྱོས་པའི་ཚེ། རྒྱུ་རྐྱེན་མེད་པར་ངུ་འབོད་པར་གནས་སོ། །ཡི་དྭགས་ཀྱི་གནས་ལས་སྐྱེས་པའི་མི་རྣམས་ཀྱིས་མྱོས་པའི་ཚེ། ལུས་མི་ཐེག་ཅིང་འཁྱོམས་ལྡེམ་ལྡེམ་པ་དང་། ལྷུང་བ་སོགས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་ལས་སྐྱེས་པའི་མི་རྣམས་ཀྱིས་མྱོས་པའི་ཚེ། ངག་གིས་ཚིག་ཅི་ཡང་སྨྲར་མི་ནུས་པ་དང་། དུད་འགྲོ་བཞིན་གླེན་ལྐུགས་ཤིང་ལྡབ་ལྡིབ་ཏུ་འགྱུར་རོ། །བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་གསུངས་སོ། །དེ་ཅི་ཡིན་ཞེ་ན། ངའི་སློབ་མ་དགེ་འདུན་བཙུན་པ་རྣམས་ཉོན་ཅིག །ཆང་འདི་རྩྭའི་རྩེ་ལ་ཆགས་པའི་ཟིལ་བ་ཙམ་ཡང་འཐུང་ན། ང་ཡི་སློབ་མ་མ་ཡིན་ནོ། །བཙུན་པ་གང་དག་ཆང་འཐུང་ན་སྨྱོན་པ་ལྟ་བུར་གྱུར་ཏེ། ལུས་ངག་ཡིད་གསུམ་རྒྱ་ཡན་དུ་བཏང་ཞིང་། ངག་གིས་ངག་
འཁྱལ་དྲག་པོ་སྨེ་བཙོག་གི་གཏམ་སྣ་ཚོགས་སྨྲ་ཞིང་། ཡིད་ལ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་སོགས་ཉོན་མོངས་པ་ཐམས་ཅད་འབར་བར་གྱུར་ནས། ལུས་སེམས་དྲན་པ་མེད་པར་བརྒྱལ་ཏེ། རྨོངས་ཤིང་གཞི་དང་བྱེས་ལ་ཉལ་བར་བྱེད་པའི་དུས་སུ་སྐྱུགས་པའི་ཁ་ལ་ཁྱིས་བལྡགས་པ་དང་། གོས་མེད་པར་གཅེར་བུར་གསང་གནས་སོགས་ལུས་གཞན་མི་རྣམས་ཀྱིས་མཐོང་ནས་ངོ་ཚ་བའི་གནས་སུ་འགྱུར་རོ། །ལྷན་ཅིག་སྐྱེས་པའི་ལྷ་ཡང་བྲོས་ཏེ། མཁའ་འགྲོ་ཆོས་སྐྱོང་རྣམས་ཁྲོས་པའི་རྐྱེན་གྱིས་རྒྱུ་རྐྱེན་མེད་པར་སྣ་དང་ཁ་ནས་ཁྲག་དབྱུང་བ་དང་། བྲག་རི་དང་བཞོན་པ་སོགས་ནས་ལྷུང་བ་དང་། མེ་དང་ཆུའི་འཇིགས་པ་ལ་སོགས་སུ་ལྷུང་ནས། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །རྡོ་རྗེ་དམྱལ་བའི་ཚེ་ཚད་ཇི་སྙེད་ཅིག་ཡོད་སྙམ་ན། ས་ལ་འབྲུབ་ཁུང་གྲུ་བཞི་པ་ཞིག་བྱས་པའི་ཟབ་དང་ངོས་བཞིར་འདོམས་བརྒྱད་ཅུ་བརྒྱད་ཅུའི་ཚད་ཀྱི་ནང་དུ་ཏིལ་གྱིས་བཀང་བར་བྱས་ནས། བསྐལ་པ་གཅིག་འདས་པ་ན་ཏིལ་རེ་ཕྱུང་པས་ཏིལ་གྱི་གང་བུ་དེ་ཟད་པར་གྱུར་པའི་དུས་ན། རྡོ་རྗེ་དམྱལ་
བའི་ཚེ་ཡང་དེའི་དུས་སུ་ཟད་པར་འགྱུར་རོ། །གཞན་ཡང་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་ལྟ་ཅི་སྨོས། ངའི་སློབ་མ་དགེ་འདུན་བཙུན་པ་རྣམས་ཉོན་ཅིག །ཆང་འདི་འཐུང་བ་ལ་སྤྲོ་ན་ཁྱེད་རྣམས་སྡུག་བསྔལ་དེ་མྱོང་བ་མ་གཏོགས་བདེ་བའི་གནས་ག་ལ་རྙེད། ཁྱེད་རྣམས་ཀྱིས་ཆང་ཞེས་བྱ་བ་ལྷ་ལ་མཆོད་པའི་འོས་སུ་གྱུར་པ་ན། རང་རེ་རྣམས་ཆང་འདི་མི་འཐུང་ཞེས་སྨྲ་བར་གྱུར་པ་འདི་ཅི་ཡིན་ཞེ་ན། ལྷའི་གོ་འཕང་མ་ཐོབ་པའི་ཕྱིར། ལྷའི་མཆོད་པ་འདི་ལ་ལོངས་སྤྱོད་ག་ལ་ནུས། དཔེར་ན་སེང་གེ་མཆོངས་པའི་ཤུལ་དུ་ཝ་ཡིས་མཆོངས་ན་ཚང་ར་ཆག་སྟེ་ཤི་བ་དང་། བྱ་ཁྱུང་གིས་ལྡིང་བའི་ལམ་དུ་བྱེའུས་འཕུར་ནས་གཤོག་པ་གཅོག་པའི་དཔེ་ལ་ལྟོས་ཤིག །ལྷའི་མཆོད་པར་ལོངས་སྤྱོད་པར་ནུས་ན། སངས་རྒྱས་ཀྱིས་གསུངས་པའི་འདུལ་ཁྲིམས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་བཅས་མཚམས་ཀྱི་སྤྱོད་ཚུལ་ལ་མི་སྤྲོ་བ་ཅི་ལགས། ཆང་འདི་ཆོས་སྐྱོང་སྲུང་མ་ལ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་འབུལ་བས། དེ་རྣམས་ཀྱིས་སེམས་ཅན་གྱི་ཉོན་མོངས་དུག་ལྔ་ལ་བསྲེས་ནས་བདུད་
རྩིར་གྱུར་པར་བཞེས་ལ། སེམས་ཅན་གྱི་ཉོན་མོངས་པ་ཞི་བར་བྱས་སོ། །ཤ་ལྔ་ཞེས་པའི་ནང་དུ་མི་རྟ་ཁྱི་གསུམ་གྱི་ཤ་ཡོད་དེ། དེ་རྣམས་ཁྱེད་ཀྱིས་གསོལ་བར་ནུས་སམ། བདུད་རྩི་ལྔ་ཞེས་པའི་ནང་དུ་དྲི་ཆེན་དྲི་ཆུ་ཞེས་པ་མིའི་གཤང་གཅིན་གཉིས་ཡོད་དེ། ཁྱེད་རྣམས་ཀྱིས་དེ་སྦྱངས་རྟོག་སྦར་གསུམ་བྱས་ནས་འཐུང་བར་ནུས་སམ། གལ་ཏེ་ནུས་ན་ཆང་འཐུང་བ་ཡིན་མོད། མི་ནུས་ན་མི་འགྱུར་རོ། །གསང་སྔགས་ཀྱི་ལུགས་ལ་ཆང་འདི་ནི་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་པའི་ཚུལ་འདི་ནི་རྒྱུད་སྡེ་གང་ལས་གསུངས་པའི་རྒྱུ་མཚན་དྲིས་ན་ཁྱོད་ཅི་སྨྲས། རྡོ་རྗེ་འཆང་གིས་མི་མཁྱེན་པ་ནི་ངོ་ཚ་མེད་པར་ཁྱོད་ཀྱི་ཚུལ་འདི། རི་བོང་གི་མགོ་ལ་རྭ་སྐྱེས་པ་དང་། མོ་གཤམ་ལ་བུ་ཡེ་མེད་པ་དང་འདྲའོ། །དགེ་སྡིག་ཤན་འབྱེད་ཆོས་ཀྱི་རྒྱལ་པོའི་ཆད་པ་ལ་ཁ་གསག་དང་བསླུ་བ་མེད་པའི་ཕྱིར་འབད་པ་དང་བརྩོན་པའི་སྒོ་ནས་སྤང་པ་དགོས་སོ། །ཡང་ཆོས་ཚུལ་བཞིན་དུ་སྤྱོད་པའི་རྒྱལ་པོ་དང་བློན་པོ་དང་ཡ་རབས་སོགས་མི་རྣམས་ཀྱིས་ལེགས་པར་རབ་ཏུ་ཉོན་ཅིག །ཆང་ཞེས་བྱ་བ་འདི་ལ་སྨྱོན་པའི་ཆང་དང་། དཔའ་བོའི་ཆང་དང་།
སྙེམས་པའི་ཆང་། ཕྱུག་པོའི་ཆང་། སྦྱིན་ལོའི་ཆང་། མ་མནོ་པའི་ཆང་ཞེས་པའི་མིང་དུ་བཏགས་སོ། །སྨྱོན་པའི་ཆང་ཞེས་པ་ནི། རྒྱལ་པོའི་ཁྲིམས་འཆའ་བའི་ཡ་རབས་རྣམས་ཀྱིས་ཆང་འཐུང་ན་སྨྱོན་པ་ལྟར། སེམས་ཀྱིས་ཚུལ་དང་ཚུལ་མིན་མི་ཤེས་པ་དང་། དགེ་སྡིག་དང་། བདེན་རྫུན་མི་འབྱེད་པ་དང་། ཤབ་ཤུབ་སོགས་མི་ཤེས་པར་སྨྱོན་པ་ལྟར་བྱེད་པས། འཇིག་རྟེན་འདི་ལ་མི་ངན་པར་གྲགས་ནས། སྐྱེ་བ་ཕྱི་མར་ཡང་དགེ་སྡིག་བླང་དོར་མི་ཤེས་པས། སྔར་བཤད་པའི་ངན་སོང་གི་སྡུག་བསྔལ་མྱོང་བ་ལྟ་ཅི་སྨོས། དཔའ་བོའི་ཆང་ཞེས་པ་ནི། དཀོན་མཆོག་གསུམ་བརྙས་ཤིང་སྨོད་ལ་མི་འཇིགས་པའི་དཔའ་བོ་དང་། རྒྱལ་པོ་དང་བློན་པོ་ཡ་རབས་རྣམས་ལ་བརྙས་པའི་ཚིག་སྨྲས་ནས་ནན་ཏུར་ཆད་པར་གྱུར་པའི་དཔའ་བོ་དང་། གཉེན་བཤེས་དང་གྲོགས་མཚུངས་པ་ལ་ངན་ཚིག་སྨྲས་ནས་བརྡེགས་བརྡུངས་འཐབ་པ་སོགས་བྱས་ཏེ་འབྲལ་བ་མི་ཤེས་པ་ནི་དཔའ་བོའི་ཆང་ངོ་། །སྙེམས་པའི་ཆང་ཞེས་བྱ་བ་ནི། རིགས་ངན་པ་ཡིན་ཡང་ཆེ་བར་སྙེམས་པ་དང་། དམའ་བ་ཡིན་ཡང་མཐོ་
བར་སྙེམས་པ་དང་། དབུལ་བོ་ཡིན་ཡང་ཕྱུག་པོར་སྙེམས་པ་དང་། བླུན་པོ་ཡིན་ཡང་མཛངས་བར་སྙེམས་པ་དང་། ཡོན་ཏན་མི་སློབ་པ་ཡིན་ཡང་མཁས་པར་སྙེམས་པའི་ཆང་ངོ་། །ཕྱུག་པོའི་ཆང་ཞེས་པ་ནི། ང་ལ་གསེར་དངུལ་ཡོད། ང་ལ་ནོར་ཕྱུགས་སོགས་ཡོད་ཅེས་སྨྲས་ནས། གཞན་གྱིས་བཙལ་ན། གཏོང་མི་ནུས་པ་ངོ་ཚ་བའི་ཕྱུག་པོ་དང་། ཟས་ཆེན་པོ་ཡོད་ཅེས་སྨྲས་ནས་མི་མང་པོ་འདུས་ཏེ། ཟ་བ་ལ་ཟད་ན་ངོ་ཚ་བའི་ཕྱུག་པོའི་ཆང་ངོ་། །སྦྱིན་ལོའི་ཆང་ཞེས་པ་ནི། བཞོན་པའི་རྟ་མི་ལ་བྱིན་ནས། རྐང་ཐེང་པོར་གྱུར་པའི་སྦྱིན་ལོ་དང་། ལུས་ལ་གྱོན་པའི་གོས་སྟེར་ནས་གཅེར་བུར་འདུག་པའི་སྦྱིན་ལོ་དང་། རང་གིས་ཟ་བའི་ཟས་གཞན་ལ་སྟེར་ནས་རང་ལྟོགས་པའི་སྦྱིན་ལོའི་ཆང་ངོ་། །མ་མནོ་པའི་ཆང་ཞེས་པ་ནི། ཕྱི་མ་སྟེར་བ་ལ་སྔར་གྱིས་སྟེར་ན་མ་མནོ་པའི་ཆང་། ཕྱི་མ་བརྗོད་པའི་ཚིག་སྔར་བརྗོད་ན་མ་མནོ་པ་དང་། གཞན་ལ་སྨྲ་བའི་དུས་སུ་མ་བབ་པར་སྔར་གྱིས་སྨྲ་ན་མ་མནོ་བའི་ཆང་ངོ་། །སྤྱིར་ཆང་འཐུང་བས་དང་པོ་ལུས་ཀྱི་མཐུ་སྟོབས་ཉམས་པ་དང་། གཉིས་པ་བྱད་བཞིན་གྱི་མདོག་ངན་པར་གྱུར་ཏེ།
གཉེར་མ་མང་པོར་གྱུར་ནས། རེངས་པ་དང་། སྐེམས་པར་འགྱུར་རོ། །གསུམ་པ་ངག་རྣོ་བ་ཉམས་པ་ནི། སྨྲ་བ་ལ་ལྡིབ་པར་གྱུར་ནས། ངག་འཆལ་སོགས་སྨྲ་བའོ། །བཞི་པ་བློ་མི་གསལ་བ་ནི། རྨོངས་པར་འགྱུར་བ་དང་། ལྔ་པ་འདི་ཕྱིའི་དགེ་སྡིག་གི་ལས་འབྲས་མ་བསམ་པར་རྨོངས་པར་ཤི་བའོ། །དྲུག་པ་ཚེ་འདི་ལ་སྡུག་ཡུས་ཉོས་པ་དེ། དེ་ཡོང་ཞེས་ཐམས་ཅད་ཀྱིས་བརྙས་པའི་གནས་སུ་འགྱུར་རོ། །བདུན་པ་ཚེ་ཕྱི་མ་ལ་ཡང་སྔར་བཤད་པའི་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་ནས། གལ་ཏེ་མིའི་གནས་སུ་སྐྱེས་ན་བློ་རྨོངས་པར་གྱུར་ཏེ། གཤིས་ལུགས་ངན་པར་འགྱུར་རོ། །ཞེས་གསུངས་སོ། །ཡང་རྗེ་བཙུན་ཡེ་ཤེས་དཔལ་འབྱོར་གྱི་ཞལ་ནས། མྱོས་འགྱུར་གྱི་རིགས་གཏོགས་ཐ་མ་ཁར་གྲགས་པའི་དྲི་ངན་འདི་ནི། སངས་རྒྱས་ཀྱིས་འདུལ་བའི་བཅས་པ་མཛད་དུས་མ་བྱུང་བ་མ་གཏོགས་ཆང་དང་འདྲ་བར་བཅས་པ་མཛད་པར་འགྱུར་བའི་ཚོད་དུ་འདུག་ཀྱང་། དེ་དུས་མ་དར་བས་མ་མཛད་ལ། དེ་བྱུང་ཚུལ་ནི། སངས་རྒྱས་འདའ་ཚུལ་བསྟན་ནས། ལོ་མང་པོ་ཞིག་སོང་
མཚམས་ཞིག་ཏུ་བདུད་ཀྱི་རིགས་ཅན་བུད་མེད་ཅིག་གིས་སྨོན་ལམ་ལོག་པ་བཏབ་པ་ལ་བརྟེན་ནས། མངལ་ཁྲག་ས་ལ་ལྷུང་བ་ལས་སྔོ་ཞིག་སྐྱེས་ཏེ། དེ་ནས་རིམ་གྱིས་རྒྱ་གར་ནག་སོགས་སུ་དར་བ་ཡིན་ལ། དེའི་དུ་བ་རྔུབ་པ་པོ་དག་གི་སེམས་ལ་འབྱུང་པོའི་གདོན་ཞུགས་ནས། ཡང་ཡང་རྔུབ་འདོད་སྐྱེས་ནས་རྔུབ་པར་འགྱུར་རོ། །དེའི་ཉེས་དམིགས་ནི། ལུས་ལ་ཕན་པ་གང་ཡང་མེད་པར་མ་ཟད། ནད་དང་ཁ་ལ་དྲི་ངན་བསྐྱེད་ཅིང་བག་མེད་པའི་གནས་ལ་སྦྱོར་བ་དང་། དེ་རྔུབ་པའི་མི་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མི་དགྱེས་ཤིང་། ཡི་དམ་གྱི་ལྷ་དང་སྲུང་མ་ལྟ་ཞོག །འཇིག་རྟེན་པའི་ལྷ་ཀླུ་དཀར་ཕྱོགས་པའང་མི་འཁོར་བ་དང་། ངག་གི་ནུས་པ་གཅོད་པས། བཟླས་པ་ལ་ནུས་པ་མེད་པ་དང་། མི་དེ་དགེ་འདུན་དང་གཙུག་ལག་ཁང་དང་། རྟེན་གྱི་དྲུང་དུ་སོང་ན་དྲི་ངན་པས་ཁྱབ་པར་འགྱུར་རོ། །དེའི་རྣམ་སྨིན་གྱི་འབྲས་བུས་ཚེ་ཕྱི་མ་ན་ངན་སོང་གི་གནས་མི་གཙང་བའི་ནང་དུ་སྐྱེས་ནས་སྡུག་བསྔལ་དཔག་མེད་མྱོང་ཞིང་། གལ་ཏེ་དེ་ལས་ཐར་ནས་བདེ་འགྲོ་ཙམ་ཐོབ་ཀྱང་ལུས་ལ་དྲི་མི་ཞིམ་པ་བྲོ་བར་འགྱུར་རོ། །
ཞེས་མཁས་པ་དག་གི་གསུང་སྒྲོས་ལས་འབྱུང་བས། དེ་ཡང་ཆང་དང་འདྲ་བར་སྤང་བར་བྱའོ། །ཞེས་གསུངས། གཞན་ཡང་དཔལ་ཨོ་རྒྱན་ཆེན་པོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཞུད་དུས་སུ། རྗེ་འབངས་སྤྱི་དང་ཁྱད་པར་སྔགས་པ་རྣམས་ལ་ཞལ་གདམས་འདི་ལྟར་གསུངས་སོ། །ང་ཡི་རྗེས་འཇུག་སྔགས་འཆང་ཚོགས་རྣམས་གསོན། །པད་འབྱུང་སྲིན་པོ་འདུལ་དུ་འགྲོ་བ་ལ། །མྱ་ངན་མ་བྱེད་ཞལ་གདམས་འདི་ཉིད་ནི། །ང་ཉིད་བཞུགས་དང་ཁྱད་མེད་སེམས་ལ་ཆོངས། །སྔགས་པ་ཕུང་བྱེད་རྒྱུ་ནི་ཆང་ནག་ཡིན། །ཆང་ལ་འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཉོན་མོངས་མ་ལུས་པ། །སློང་བའི་རྒྱུ་ཀུན་འདི་ལ་ཚང་པ་ཡིན། །དེ་ཕྱིར་ཆང་ནག་མ་འཐུང་ཞལ་གདམས་ཡིན། །ཆང་འཐུང་ལྷ་བསྒོམ་བཟླས་བརྗོད་བྱེད་པ་ནི། །རབ་ཚ་ཟངས་ཞུན་ཁར་ལྡུད་དམྱལ་བར་སྐྱེ། །ཆང་འཐུང་ཟོར་འཕེན་མནན་གཏད་བྱེད་པ་ནི། །ལྷ་མིན་འཁྲུག་པའི་དམག་དཔོན་ཆེན་པོར་སྐྱེ། །ཆང་འཐུང་བླ་མ་རྡོ་རྗེ་སྤུན་ལ་ནི། །བསྡིག་རྡུང་བྱེད་པ་རྡོ་རྗེ་དམྱལ་བར་སྐྱེ། །ཆང་འཐུང་ཆོས་རྩོད་ང་
རྒྱལ་བྱས་པ་ཡིས། །ལྕེ་ལ་ཐོང་གཤོལ་རྨོ་བའི་དམྱལ་བར་སྐྱེ། །ཆང་འཐུང་གཞན་ལ་གྲི་ཕྱར་ཁྲོས་པ་ཡིས། །གནོད་སེམས་བྱེད་པ་ཡི་དྭགས་དམྱལ་བར་སྐྱེ། །ཆང་འཐུང་གཞན་གྱི་བུད་མེད་ལ་སྤྱོད་པ། །ཤལ་མ་ལི་ཡི་སྡོང་པོར་དྲག་ཏུ་འདྲུད། །ཆང་འཐུང་རྐུ་འཕྲོག་སྣ་ཚོགས་བྱས་པ་ཡིས། །ཡི་དྭགས་མཚོན་ཆའི་འཁོར་ལོ་ཅན་དུ་སྐྱེ། །ཆང་འཐུང་ངོ་ཚ་ཁྲེལ་འཛེམ་བྲལ་བ་དེ། །གླེན་ཅིང་ལྐུགས་པ་དུད་འགྲོའི་གནས་སུ་སྐྱེ། །སྔགས་པ་ཆང་འཐུང་ཁྱི་ཡི་ལུས་སུ་སྐྱེ། །གལ་ཏེ་མིར་སྐྱེ་ནའང་སྨྱོན་པར་སྐྱེ། །ཆང་འཐུང་དེ་ཕྱིར་མདོ་དང་རྒྱུད་སྡེ་ནས། །བཀག་ཕྱིར་པདྨས་ཆང་འཐུང་གསུངས་པ་མེད། །མ་འོངས་སྙིགས་མའི་དུས་ཀྱི་སྔགས་པ་རྣམས། །ཆང་འཐུང་ཨོ་རྒྱན་པདྨའི་གསུང་ཡིན་ཟེར། །དེ་དག་ང་ཡི་རྗེས་འཇུག་མ་ཡིན་ཏེ། །ནག་པོ་བདུད་ཀྱི་རྗེས་སུ་ཞུགས་པ་ཡིན། །ང་བསམ་ང་བསྒོམ་ང་མཆོད་བྱེད་པའི་མིས། །ཆང་འཐུང་པདྨ་ང་ཉིད་བསླུས་པ་ཡིན། །གསུངས། གཞན་ཡང་ཐང་ཡིག་ཤེལ་བྲག་མ་ལས། རང་ལ་མི་ཕན་གཞན་གནོད་ཁ་ཟས་འདི། །མིས་འཕྱ་རང་ཕུང་ཆང་ནག་བདུད་ཟས་ཡིན། །
འགྱོད་པ་ཕྱི་ལ་མ་བྱེད་སྔོན་བསམ་ཐོངས། །རང་གིས་རང་ཉིད་མ་བསླུ་རྗེ་འབངས་རྣམས། །གསུངས། དྲན་པ་ཉེར་བཞག་ལས། ཆང་གི་ཉེས་དམིགས་རྒྱས་པར་གསུངས་པ་རྣམས་མདོར་བསྡུས་ཏེ་བཤད་ན། སེམས་ཅན་དམྱལ་བ་ངུ་འབོད་དུ་སྐྱེ་བར་འགྱུར་རོ། །གང་གིས་ཁྱིམ་གྱི་གནས་ནས་ཕྱུང་སྟེ་སྡོམ་པ་བླངས་བསམ་གཏན་གྱི་བདེ་བས་སེམས་སྦྱངས་ཤིང་། ཞི་བའི་དགེ་སློང་གི་དགེ་འདུན་དག་གིས་འཁོར་དུ་ཆང་བྲིམས་ཏེ། ར་རོ་བར་བྱས་ན། དེ་ཤི་ནས་དམྱལ་བ་རབ་ཏུ་གདུང་པ་ཆེན་པོས་བྱས་པའི་ཚོར་བ་མྱོང་བར་འགྱུར་རོ། །དེར་སྐྱེས་ན་ཕྲ་སྐམ་གྱི་ཁ་གདངས་པའི་ནང་དུ། ཟངས་དམར་པོ་བསྐོལ་པ་རབ་ཏུ་འབར་བ་ལྡུགས་སོ། །དེ་འཐུང་བ་ན་མཆུ་རྐན་ལྕེ་ཨོལ་གོང་གློ་སྙིང་ཕོ་བ་རྒྱུ་མ་སོགས་ཁོག་པ་ཀུན་བསྲེགས་ནས་རོ་སྨད་ནས་འབྱུང་བར་འགྱུར། ཆང་འཐུང་སྟེའོ་དོད་འབོད་ཅིང་ངུ་འཁྲུག་ཅིང་སྨྲེ་སྔགས་འདོན་ནོ། །ཡང་རི་གཉིས་ཤུགས་ཀྱིས་བརྒྱུགས་པའི་བར་དུ་འཐག་གོ །ཡང་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཡང་རི་གཉིས་བར་དུ་བཅུག་ནས་འཐག་གོ །དེ་ནས་
ཐར་ནས་བརྒྱུགས་པས། གཤིན་རྗེ་གཞན་དང་འཕྲད་ནས་ལྕགས་ཀྱི་རྫ་མའི་ནང་དུ་ཁ་བུབ་ཏུ་བཅུག་ནས་བསྲེག་པར་འགྱུར། དེ་ནས་ཐར་ནས་བྲོས་ཀྱང་ལྕགས་ཀྱི་ཁྭ་རབ་ཏུ་འབར་བ་དག་གིས་བཟུང་ནས་ཡན་ལག་ཉིང་ལག་གི་གནད་ཚིགས་ཚིགས་སུ་བརྒྱ་འམ་སྟོང་དུ་ཟའོ། །ཡང་ཐར་ནས་བྲོས་པས་བཀྲེས་སྐོམ་པས་མཚོ་མཐོང་ནས་དེར་བརྒྱུགས་པ་དང་། མཚོ་དེ་རོ་ཉེ་རབ་ཏུ་བསྐོལ་པས་གང་བ་ཡིན་ཏེ་དེར་ཁྲུས་བྱེད་དུ་འཇུག་གོ །ཞུགས་པར། ཆུ་སྲིན་རྣམས་ཀྱིས་བཟུང་ནས་ཁ་བུབ་ཏུ་དྲངས་ཏེ་རོ་ཉེ་དེའི་ནང་དུ་སྐོལ་ལོ། །ཐར་ནས་བྲོས་པས་གཤིན་རྗེ་རྣམས་ཀྱིས་མཐོང་ནས་བཟུང་མདུང་གིས་འབིགས་མདུང་རྩེ་བར་འགའ་རྒྱབ་ནས་འབྱུང་། བར་འགའ་གློ་དང་མགྲིན་པ་ཕུགས་ནས་འབྱུང་ངོ་། །དེ་ལས་ཐར་ནས་བྲོས་པས་གྲོང་ཁྱིམ་དང་མཚོ་ལྟེང་ཀ་ཕུན་སུམ་ཚོགས་པ་མཐོང་སྟེ། དེར་བརྒྱུགས་པས་གྲོང་དེའི་ནང་དུ་འཇུག་གོ །གྲོང་དེ་ཀུན་ཀྱང་རབ་ཏུ་བསྐོལ་བ་འབར་བ་དེའི་ནང་ན་སྲོག་ཆགས་མར་ཀོ་ཏ་ཀ་ཁ་མཆེ་བ་རྣོན་པོ་རྣམས་ཀྱིས་གང་བ་ཡིན་ཏེ། དེའི་ནང་དུ་ཞུགས་པ་དང་། ཁྱིམ་དེའི་སྒོ་གཅོད་སྲོག་ཆགས་མཆུ་རྣོན་རྣམས་
ཀྱིས་ཟ་བར་བྱེད་དོ། །མིར་སྐྱེས་ན་དེ་སེམས་འཁྲུག་པར་འགྱུར་ཞིང་དབུལ་བ་དང་། ལམ་པོ་ཆེ་དང་བཞི་མདོའི་ཚོང་བ་དང་། བྱིས་པ་ཐམས་ཅད་ཀྱིས་བཞད་གད་པར་གྱུར་ཅིང་བཞིན་གྱི་མདོག་ངན་པ་དང་། སོ་འབའ་ཞིག་སྣང་བ་དང་། རྐང་པ་ཤིན་ཏུ་རྡོལ་བ་དང་། ལུས་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པ་དང་། བུ་དང་ཆུང་མ་དང་ཕ་དང་མ་དང་གཉེན་བཤེས་རྣམས་ཀྱིས་བཏང་བར་འགྱུར་རོ། །གསོ་སྦྱོང་བ་རྣམས་ལ་ཆང་བླུད་ན། དེ་ཤི་ནས་དམྱལ་བ་སྒྲ་ཆེན་པོར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་གསོ་སྦྱོང་བ་ལ་ཆང་བླུད་པ་ལྟར་རོ་ཉེ་བཞུས་པ་ལྕགས་ཕོར་འབར་བའི་ནང་ནས་ཁར་ལྡུགས་སོ། །ལྡུད་པ་ན་དམྱལ་བ་གཞན་དག་ན་མེད་པའི་སྙིང་རྗེའི་སྒྲ་ཆེན་པོ་ནམ་མཁའ་གང་བ་འབྱུང་བར་འགྱུར་རོ། །མིར་སྐྱེས་ན་ཡིད་མི་གཞུང་པར་འགྱུར་ཞིང་དེ་དུས་ཐུང་ངུས་ཀྱང་བརྗེད་པར་འགྱུར། དེ་ཡི་ཡིད་གཞུང་པ་ཆུང་བས་ལོངས་སྤྱོད་མེད་པར་འགྱུར་ཞིང་སྐྱེ་བོའང་དགའ་བར་མི་འགྱུར། དེའི་ནོར་དེ་དག་མེད་པར་འགྱུར་ཞིང་ནད་ཆུང་ངུས་ཀྱང་འཆི་བར་འགྱུར་རོ། །སྡོམ་པ་བླངས་མ་ཐག་ལ་
ཆང་བླུད་ན། དེ་ཤི་ནས་དམྱལ་བ་ཐམས་ཅད་སྒྲ་འབྱིན་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ལྕགས་ཀྱི་གཏུན་ཤིང་བརྡེག་པ་ན་སྒྲ་ཆེན་པོས་དམྱལ་བའི་འཁོར་དེ་དག་ཐམས་ཅད་གང་བར་འགྱུར་རོ། །གལ་ཏེ་འཁོར་ཡུག་རི་དང་ཆུ་བོ་དག་མེད་ན་གླིང་བཞི་པོ་ཡང་སྒྲ་འབྱུང་བར་འགྱུར་རོ། །མིར་སྐྱེས་ན་ཆུ་དཀོན་པའི་ཡུལ་དང་འབྲོག་ཏུ་སྐྱེ་བར་འགྱུར་རོ། །དགེ་བསྙེན་བསླབ་པའི་གཞི་ལྔ་ཡོད་པ་ལ་ཆང་འཐུང་པ་ཡོན་ཏན་ཡིན་པར་བསླབ་པའི་གཞི་འཛིན་དུ་བཅུག་ན། དེ་ཤི་ནས་དམྱལ་བ་སྐྲ་མེ་འབར་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མེ་རབ་ཏུ་འབར་བས། སྐྲ་ནས་རྐང་པའི་བར་དུ་བསྲེག་ཅིང་འཚོད་ལ་རབ་ཏུ་འབར་རོ། །རྐང་པ་ཁྱི་ཀླད་པ་བྱ་རྒོད། དབུས་སུ་ཝ་དག་གིས་ཟའོ། །མིར་སྐྱེས་ན་རྣམ་པ་ཐམས་ཅད་དུ་ཆང་མེད་པའི་ཡུལ་དེ་ལྟ་བུར་སྐྱེ་བར་འགྱུར་ཞིང་གཟུགས་དང་རོ་མངོན་པར་ཤེས་པར་མི་འགྱུར་རོ། །ཆང་འཚོང་པ་ན་ཆུ་མང་བར་བྱེད་ལ་རིན་ཐང་གཞན་ཡིན་ན་གཞན་དུ་བཙོངས་ཏེ། དེ་ལ་སྐྱོན་ཁ་ན་མ་ཐོ་བ་རྫུན་དང་། མ་བྱིན་པར་ལེན་པ་དང་། ཆང་འཐུང་བ་དེ་དག་བྱུང་ངོ་། །དེ་ཤི་ནས་དམྱལ་བ་མེའི་ཕྱེ་མ་སྲིན་
བུར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་འབྱུང་ངོ་། །ནད་རེ་རེས་ཀྱང་ཉིན་གཅིག་ལ་གླིང་བཞིའི་མི་ཀུན་འཆི་ནུས་པའི་ནད་དེ་ལྟ་བུ་འབྱུང་ངོ་། །གཞན་ཡང་ལུས་ལ་སྲིན་བུ་དག་འབྱུང་བར་འགྱུར་ཏེ། པགས་པ་ཁྲག་ཤ་ཚིལ་རུས་པ་རྐང་དག་ལ་ཕུག་ཅིང་འཐུང་ངོ་། །གཤིན་རྗེར་འཇིགས་ཤིང་ངུ་སྐད་འབྱིན་པ་ན་མེས་བསྲེག་ཅིང་འཚོད་ལ་འབར་བར་བྱེད་དོ། །མིར་སྐྱེས་ན་དེ་སྡུག་བསྔལ་བ་དང་དབུལ་བར་འགྱུར་རོ། །སེང་གེ་དང་སྟག་དང་གཟིག་དང་རི་སྐེག་ས་དང་ཤང་ཤང་ཏེའུ་དག་ཆང་གིས་བྲིད་དེ་ཉམས་པ་བྱས་ལ་བཟུང་ནས་བསད་པ་གང་ཡིན་པ་དེ་ཤི་ནས་དམྱལ་བ་ལྕགས་ཀྱི་མེ་འབར་བའི་གཏུན་ཤིང་གིས་ཡན་ལག་ཉིང་ལག་ཐམས་ཅད་བྱེ་མའི་ཚད་ཙམ་དུ་རློག་གོ །དེ་ནས་འོ་དོད་འབོད་ཅིང་ངུ་སྐད་འབྱིན་སྨྲེ་སྔགས་འདོན་ཅིང་རྒྱུག་པ་དང་། གཏུན་ཤིང་འབར་བ་རྣམས་ཀྱིས་འཚོག་གོ །གཤིན་རྗེ་རྣམས་ཀྱིས་བཟུང་ནས་ཡན་ལག་ཐམས་ཅད་འཚོག་ཅིང་གཤེག་ལ་འདྲལ་ལོ། །མིར་སྐྱེས་ན་དྲེགས་ཅན་དུ་སྐྱེ་བར་འགྱུར་དབུལ་
བར་འགྱུར་ཞིང་སྨན་པ་དང་སྨན་སྦྱོར་བ་དང་བྲལ་བའི་ཡུལ་ངན་པ་དང་། རྩྭ་དང་མྱ་ངན་དང་། མེས་ཚིག་པས་འཇིགས་པ་མང་བའི་ཡུལ་ངན་པ་དག་ཏུ་སྐྱེ་བར་འགྱུར་རོ། །ཆང་ནི་གཡུལ་འགྱེད་པའི་དོན་དུ་ཇི་ལྟར་གླང་པོ་ཆེན་པོའི་གཡུལ་དུ་མི་མང་པོ་གསོད་པར་འགྱུར་ཏེ། དེ་ལས་བདག་ཅག་རྒྱལ་བར་འགྱུར་བར་བྱའོ་སྙམ་ནས། གླང་པོ་ཆེ་དག་ལ་ཆང་བླུད་དེ། མི་བསད་ན་དེ་དག་ཤི་ནས་དམྱལ་བ་རྡོ་མེ་འབར་བ་ཆར་ལྟར་འབབ་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མེ་འབར་བའི་གླང་ཆེན་ཚེ་སྲོག་འཕྲོག་པས་བཟུང་ནས་ལུས་ཕུག་ཕྱེ་མར་རློག་ཅིང་། འཕེན་པར་བྱེད་ཡན་ལག་ཉིང་ལག་ཐམས་ཅད་སོ་སོར་འབྱེད་དོ། །དེ་ནས་ཐར་ནས་གཤིན་རྗེ་རྣམས་ཀྱིས་བཟུང་ཟངས་དམར་པོ་བསྐོལ་བའི་ནང་དུ་བཅུག་ནས་བསྲེག་ཅིང་འཚོད་པར་བྱེད་དོ། །མིར་སྐྱེས་ན་དེས་གླང་པོ་ཆེ་གསད་པར་བཤོམས་ཀྱང་གླང་པོ་ཆེ་ས་དེ་གསོད་པར་འགྱུར་དབུལ་ཞིང་བྱད་བཞིན་ངན་ལ་རྐང་པ་དང་ལག་པ་བོང་བུའི་རྐང་པ་ལྟར་འགྱུར་ཞིང་ལུས་རྟག་ཏུ་རྩུབ་པར་འགྱུར་རོ། །ཆང་ནི་བུད་མེད་གཞན་འོས་པ་མ་ཡིན་པ་ལ་བླུད་དེ། བླུད་ནས་ཀྱང་མྱོས་པས་
འཁྲུལ་པར་བྱས་ལ། དེ་དང་ལྷན་ཅིག་ཏུ་མི་ཚངས་པར་སྤྱད་ན་དེ་ཤི་ནས་དམྱལ་བ་འཆི་མེད་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ཁྱི་འབར་བ་དག་གིས་རླིག་པ་འབྱིན་ཅིང་། ཕྱུང་ཡང་སླར་སྐྱེས་པར་འགྱུར་རོ། །ཡང་འབྱིན་ཚེ་ངུ་སྐད་འབྱིན་ནོ། །དེ་ལས་ཐར་ནས་བྲོས་པས་ངམ་གྲོག་ཆེན་པོར་བྱ་རོག་རྒོད་དང་འུག་པ་བྱ་རྟ་མི་ཀ་ལྕགས་མཆུ་སེན་མོ་འབར་བ་རྣམས་ཀྱིས་བཟུང་ནས། ཡན་ལག་ཉིང་ལག་སོ་སོར་ཕྱེ་སྟེ་ཟའོ། །མིར་སྐྱེས་ན་རྒྱལ་པོས་བཟུང་ཞིང་ལུས་མདོག་ངན་པ་དང་བཞིན་མདོག་ངན་པར་འགྱུར་ཞིང་དེ་ཉིད་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །ཆང་ནི་དུག་དང་སྦྱར་ནས་དགྲ་གསོད་པར་བྱ་བའི་ཕྱིར་བླུད་ན། དེ་ཤི་ནས་འཁོར་ལྕགས་ཚལ་དགོན་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ལྕགས་ཀྱི་ཐག་པས་བཅིངས་ནས་ལྕགས་ཀྱི་འཁོར་ལོ་བསྐོར་གཤིན་རྗེ་དག་གིས་མཚོན་ཆས་འདེབས་ཤིང་ཤ་ལྷག་མ་མེད་པར་བྱེད། དེ་ལས་ཐར་ནས་བྲོས་པས་ལྕགས་ཀྱི་སྦྲུལ་རྣམས་ཀྱིས་བཟུང་ནས་ཟའོ། །མིར་སྐྱེས་ན་སྦྲུལ་གྱིས་འཛིན་པ་འམ། མགོའི་ནོར་བུ་འབྱིན་པར་འགྱུར་བ་འམ། སྦྲུལ་
རྣམས་ཀྱིས་སྲོག་དང་འབྲལ་བར་འགྱུར་རོ། །སེམས་ཅན་སོ་སོ་འཚོ་བར་བྱ་བའི་ཕྱིར་ཆང་འཐུང་བའི་ཟོང་ངམ་རིན་བྱིན་ན། དེ་ཤི་ནས་དམྱལ་བ་རབ་རིབ་ཀུན་བསགས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མུན་ནག་ལས་བྱུང་བའི་མེ་ནང་དུ་འཇུག་གོ །སྲེག་ཅིང་འཚོད་ལ་གདུང་བས་ངུ་ཞིང་སྐད་འབྱིན་ཏོ། །སོག་ལེ་དག་གིས་ཀྱང་མགོ་ནས་རྐང་པའི་བར་དུ་ཕྱེད་མར་གཤག་གོ །མིར་སྐྱེས་ན་རྟག་ཏུ་སྐོམ་པ་དང་བཀྲེས་པས་གདུང་པར་འགྱུར་ཞིང་དེར་ནོར་རྫས་དང་བྲལ་བར་འགྱུར་ལ། གང་ན་བཟའ་བཏུང་ཉུང་བའི་གླིང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །ནད་མི་བཟད་པས་ཐེབས་པ་དང་བུ་བཙས་པ་དག་ལ་ཆང་འཐུང་བའི་ཟོང་དང་རིན་གྱི་དོན་དུ་གོས་ཀྱི་རྒྱུའམ་ཟས་ཀྱི་རྒྱུ་བྱིན་ན། དེ་ཤི་ནས་དམྱལ་བ་གཤིན་རྗེའི་མཚམས་ཀྱི་དགོན་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་རྐང་པ་སེན་མོ་སོགས་གཤིན་རྗེ་དག་གིས་ཟ་ཞིང་མདུང་ཐུང་རྩེ་མོ་འབར་བ་དག་གིས་ལོ་འབུམ་ཕྲག་དུ་མར་འཚོད་ཅིང་སྲོག་ལ་གཤག་ཅིང་གསོད་དོ། །མིར་སྐྱེས་ན། དེ་ཡུལ་ངན་པ་དང་། གནས་ངན་པ་དང་རི་བྲག་ངན་པ་དག་ཏུ་ཕག་འཚོ་བ་དང་ལོང་བར་འགྱུར་རོ། །
ཆང་ཇི་ལྟར་ཁ་ཅིག་ནི་དར་བ་ལྟ་བུ་དང་། ཁ་ཅིག་ནི་ཆུ་ལྟ་བུ་དང་། ཁ་ཅིག་ནི་ཞོག་ཆུ་ལྟ་བུ་དེ་ལྟར་བཅོས་ནས་འབྲོག་དགོན་པར་ཞུགས་པའི་དེད་དཔོན་དག་ལ་བླུད་དེ། དེའང་ར་རོ་ཞིང་ཤིན་ཏུ་ར་རོ་བར་འགྱུར། དེ་ཀུན་གྱིས་ཤིན་ཏུ་ར་རོ་བར་བྱས་ཏེ། ར་རོ་དེ་དག་དེས་བསད་ནས་ནོར་གང་དང་གང་ཡོད་པ་དེ་འཕྲོག་ན་དེས་བསླུས་པ་ཡིན་པས་འཇིག་རྟེན་ན་ཆོམ་རྐུན་པ་ཞེས་བྱའོ། །དེས་ལས་ཀྱིས་བསྐྱོད་པས་ཤི་ནས་དམྱལ་བ་ཤིང་ཤལ་མ་ལི་ཆེན་པོའི་ནགས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མེ་འབར་བའི་རྡོ་ཆར་གྱིས་ལུས་ཀུན་སྲེག་ཅིང་འབིགས་ལ་གཅོད་པར་བྱེད་དེ་སའི་བར་དུ་སྲེག་པར་བྱེད་དོ། །ཟངས་དང་རོ་ཉེར་བསྲེས་པ་རབ་ཏུ་བསྐོལ་པའི་ཆུ་རྟག་ཏུ་འཇིགས་པ་ཞེས་བྱ་བར་ལོ་འབུམ་ཕྲག་དུ་མར་འཚོད་ལ་གཤིན་རྗེ་རྣམས་ཀྱིས་རལ་གྲི་མདའ་བོ་ཆེ་འབར་བས་འདེབས་པར་བྱེད་དོ། །མིར་སྐྱེས་ན། མིག་གི་མདོག་ནག་ཅིང་རྟག་ཏུ་ཁྲོ་ལ་ཕྲག་དོག་མང་པོར་འགྱུར་རོ། །ཆང་གི་དབང་དུ་བྱས་ནས་སིང་པོ་ལྟར་བཅོས་ཏེ། འབྲོག་དགོན་པའི་སྐྱེ་བོ་མང་པོ་དག་ལ་བླུད་ན། དེ་ཤི་ནས་དམྱལ་
བ་ཤིང་ཤལ་མ་ལི་ཆེན་པོར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ཆང་གི་ལས་ཀྱིས་བྱས་པའི་ཤིང་ཤལ་མ་ལི་འདབ་མ་སྤུ་གྲི་ལྟ་བུ་ཡལ་ག་མེ་འབར་བ་ལྟ་བུ་དུད་པ་བདུག་ཅིང་རླུང་དུག་བྱུང་སྟེ། དཔག་ཚད་གཅིག་ཚུན་ལ་རླུང་དུག་ལྟ་བུས་གནོད་ཅིང་ཤིང་ཤལ་མ་ལི་ཆེན་པོའི་ནགས་དཔག་ཚད་སུམ་སྟོང་ཡོད་པར་ཆུད་ན་མདོག་མེ་དུ་བར་བསྲེས་པ་དུག་ལྟ་བུའི་ཤུགས་ཀྱིས་སྡུག་བསྔལ་འབུམ་སྙེད་མྱོང་ངོ་། །ཤིང་ལས་སྤུ་གྲི་ལྟ་བུའི་ཆར་བབ་སྟེ། ལག་ན་རལ་གྲི་མདའ་བོ་ཆེ་ཐོགས་པས་ལུས་ཀུན་གཤག་ཅིང་འདྲལ་ལ་དུམ་བུར་བྱེད་དོ། ཁ་ཅིག་གཤིན་རྗེ་ལ་འཇིགས་ནས་ནགས་ཁྲོད་ན་ཞུམ་ཞུམ་པར་འདུག་པ། བྱ་རྒོད་ཀྱིས་མིག་འབྱིན་ཅིང་ཁུ་བའང་འཐུང་ངོ་། ཁ་ཅིག་གཤིན་རྗེ་དང་འཕྲད་ནས་རལ་གྲི་དག་གིས་འདེབས་ཤིང་གཤག་གོ །ཁ་ཅིག་ཤིང་ཁར་འཛེགས་པ་ཤིང་ལས་ཡལ་ག་ལྷུང་བས། དེ་དག་གི་ལུས་དུམ་བུ་བརྒྱ་སྟོང་བྱེ་བར་རློག་གོ །གང་དག་ཚུལ་དེའི་འཐོར་ཏོ་ལ་འཛེག་པ་དེ་དག་བ་ཚྭའི་ཆུ་བོ་བཞུས་པར་འཇུག་སྟེ། ཇི་སྲིད་སྡིག་པ་མ་ཟད་བར་དུ་ལོ་འབུམ་ཕྲག་དུ་མར་རྒྱུས་པ་དང་རུས་པ་དང་ལུས་ཉིད་ཀྱིས་གནོད་པ་མྱོང་ངོ་། །
མིར་སྐྱེས་ན། དེ་ཡིད་རྣམ་པར་གཡེངས་ཤིང་ནད་དྲག་པོ་འམ་སྙིང་ནད་དམ་ངལ་རྐྱེན་མང་བ་འམ། རྐང་འབམ་གྱིས་ཐེབས་པར་འགྱུར་ཞིང་ལོང་བས་ཉམ་ཐག་པར་འགྱུར་རོ། །བུད་མེད་ཡོན་ཏན་གཞན་དག་ལ་ཐབས་གཞན་གྱིས་སྤྱོད་པའི་བྲིད་དེ་བླུད་ནས་ར་རོ་བར་བྱས་ཏེ། སེམས་འཁྲུལ་བར་བྱས་ན་དེ་ཤི་ནས་དམྱལ་བ་ཆུ་ཤིང་བསྲེག་པའི་དུད་པའི་ཚལ་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་རྒྱང་གྲགས་གསུམ་དུ་ས་བརྐོས་པའི་ནང་མེ་མདག་དུད་པ་འཁྲིགས་བར་འཇུག་ཅིང་། དེ་ལས་ཐར་ནས་བྱ་དུ་བའི་མདོག་གི་ཕྲེང་བ་ཞེས་བྱ་བའི་མཆུ་རྣོན་པོ་དག་གིས་རུས་པ་ཕུག་ནས་རྐང་ཟ་བར་བྱེད་དོ། །མིར་སྐྱེས་ན། གློ་དང་མཇུག་ཏོ་དག་ལ་གདོན་གྱི་ནད་ཀྱིས་ཐེབས་ཤིང་དབུལ་བ་དང་ཚེ་ཐུང་བར་འགྱུར་རོ། །དགྲ་གསོད་པའི་ཕྱིར་དང་། ཆོམ་རྐུན་དང་རྒྱལ་པོས་བཀྲབས་པ་གསད་པའི་ཕྱིར་བླུད་ན། དེ་ཤི་ནས་དམྱལ་བ་མེ་མདག་དུད་པའི་ཚལ་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མེ་མདག་སྤུ་གྲི་ལྟ་བུའི་རླུང་ལྡང་ལ། རླུང་གི་ཤུགས་ཀྱིས་དེར་སྐྱེས་པ་རྣམས་ཕན་ཚུན་དུ་བརྡབ་པས་ལུས་ཕྱེ་མར་རློག་གོ །
སྤུ་གྲིས་གཤག་ཅིང་མེ་དང་ནད་མཚོན་བ་ཚྭའི་ཚོར་བ་མཆོག་ཏུ་ཚ་བ་འཇིགས་པ་མྱོང་ངོ་། །མིར་སྐྱེས་ན་གཞང་འབྲུམ་རིམས་གསུམ་པས་ཐེབས་པར་འགྱུར་ཞིང་རྟག་ཏུ་གྲང་བའི་རིམས་ཀྱིས་ཐེབས་པར་འགྱུར་རོ། །ཕྱི་རོལ་ལ་བློ་མངོན་པར་ཞེན་པའི་ངང་ཚུལ་ཅན་དག་བསླུ་བའི་བསམས་པས་བླུད་ན། དེ་ཤི་ནས་དམྱལ་བ་གློག་གི་ན་བུན་ཚལ་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ཁྲུ་ཉིས་བརྒྱར་དམྱལ་བའི་མེས་གང་བ་དེར་གཤིན་རྗེ་རྣམས་ཀྱིས་བཟུང་ནས་འཇུག་སྟེ་རྐང་པ་ནས་མགོ་ལ་སོགས་པའི་བར་བཏེག་ཅིང་བཞུའོ། །ཡང་སྐྱེས་ཡང་བསྲེག་པར་བྱེད་དོ། །མིར་སྐྱེས་ན་ཡུལ་ཡ་བ་ན་དང་བ་ལྷི་ཀ་དེར་སྐྱེས་ཤིང་བཀོལ་བས་ཉམས་པར་འགྱུར་ཏེ། ཤུགས་དྲག་པོས་བཀོལ་བར་འགྱུར་རོ། །ཆང་གིས་ཡིད་གཡེངས་ན་ལམ་དུ་འཇུག་པ་ལ་ངལ་བར་མི་འགྱུར་རོ་སྙམ་ནས་ལམ་དུ་འཇུག་པའི་ཆེད་དང་། རྔོན་པ་དག་རི་དྭགས་གསོད་པ་ལ་འགྲོ་བ་མགྱོགས་པར་འགྱུར་རོ་སྙམ་ནས་བླུད་ན། དེ་ཤི་ནས་དམྱལ་བ་ཀུན་ཏུ་རྟོག་བྱེད་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་གཤིན་རྗེ་རྣམས་ཀྱིས་བརྒྱ་འམ། ཡང་ན་སྟོང་ངམ་བྱེ་བ་
བརྒྱ་འམ་ཡང་ན་སྟོང་དུ་བྱེད་དེ། སེམས་ཅན་དམྱལ་བའི་འཁོར་གཞན་དུ་གནོད་པ་གང་དང་གང་འབྱུང་བ་དེ་ཐམས་ཅད་ཀྱི་བཞི་འགྱུར་དེར་འབྱུང་སྟེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་གནོད་པ་སྣ་ཚོགས་དག་བྱེད་དུ་འཇུག་གོ །མིར་སྐྱེས་ན། དེ་མཆོག་ཏུ་ཁྲོ་བའི་ཁྲོ་བར་འགྱུར་ཞིང་བཀའ་བློ་མི་བདེ་བར་འགྱུར་རོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་མདོ་ལས། ཆང་འཐུང་ན་ངན་པ་བག་མེད་པ་སུམ་ཅུ་རྩ་ལྔར་འགྱུར་བར་ཤེས་པར་བྱོས་ཤིག །སུམ་ཅུ་རྩ་ལྔ་གང་ཞེ་ན། མངོན་པར་སྣང་བཞིན་དུ་ནོར་ཟད་པ། ནད་མང་པོ་འདུ་བ། འཐབ་མོ་དང་རྩོད་པ་རྣམས་སྐྱེ་བ། ཁྲེལ་ཞིང་ངོ་ཚ་བ་ལ་མི་འཛེམ་པ། མི་སྙན་པར་གྲགས་པར་བྱེད་པ། ཤེས་རབ་ཉམས་པར་བྱེད་པ། སྐྱིད་པ་སྔོན་ཆད་མ་བསགས་པ། དའང་མི་གསོག་པ། སྐྱིད་པའི་བསགས་པ་ཀུན་ཟད་ཅིང་མེད་པར་བྱས་པ། གསང་བ་རྣམས་སྨྲ་བ། ལས་སུ་བྱ་བ་རྣམས་ཤོར་བ། ཞན་ཏེ་ཉམ་ཆུང་བར་འགྱུར། མྱ་ངན་གྱི་རྩ་བ། མར་མི་
འཛིན་པ། ཕར་མི་འཛིན་པ། ཐར་པ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་བཙུན་པ་ལ་བསྟི་སྟང་རིམ་གྲོ་མི་བྱེད་པ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ། དགེ་འདུན་ལ་རིམ་གྲོ་མི་བྱེད་པ། སྡིག་བྱེད་པའི་གྲོགས་པོ་ལ་རིམ་གྲོ་བྱེད་པ། དགེ་བའི་གྲོགས་པོ་ཀུན་སྤོང་ཞིང་ཁྱད་དུ་གསོད་པ། ངོ་ཚ་མི་ཤེས་པ། ཁྲེལ་གྱི་དོགས་པ་མེད་པ། སྤ་ཞིང་མཛེས་པའི་བག་མི་བྱེད་པ། གཡེམ་པ་ལ་བག་མེད་པ། འགྲོ་བ་མང་པོའི་ཡིད་དུ་མི་འོང་བ། འགྲོ་བ་མང་པོས་སྤང་པ། རིགས་པ་ཆེན་པོ་དང་། གཉེན་པ་དང་། རིགས་གཅིག་པ་སྤང་བ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་འཛིན་པ། ཡང་དག་པའི་ཆོས་ཀུན་སྤོང་བ། ཉེས་པར་བྱེད་སྟོང་པའི་མི་རིགས་ཤེས་བླ་མས་སྨད་པ། མྱ་ངན་ལས་འདས་པ་དང་རིང་དུ་བྲལ་བ། སྨྱོན་པར་གྱུར་པའི་ལས་སེམས་ཤིང་ངན་པའི་སྐྱོན་རྣམས་སྣ་ཚོགས་སུ་བྱེད་པ་ཡིན་ཏེ། ཤི་ནས་སེམས་ཅན་དམྱལ་བར་ལྟུང་ཞིང་ལུས་དང་བྲལ་ནའང་ལམ་ངན་པར་འགྲོ་བས་བླ་འོག་ཀུན་གྱིས་ཀྱང་མི་བཏུང་ཞིང་སྤོང་བར་བྱའོ། །ཞེས་དང་། བསླབ་པ་ལྔའི་མདོ་ལས། ཆང་འཐུང་བ་ནི་ཚ་བའི་དམྱལ་
བར་ལྷུང་ཞིང་སྐྱེ་བར་འགྱུར་རོ། །དེར་ལྷུང་བའི་སེམས་ཅན་ནི་ལོ་སྟོང་ཕྲག་མང་པོར་འཚོད་པར་འགྱུར་རོ། །དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་ངོགས་སུ་སྐྱུར་བར་བྱེད་དོ། །གང་དུ་འགྲོ་ས་མེད་པར་ཡང་དང་ཡང་དུ་སྐྱུར་བར་བྱེད་དོ། །དེར་དམྱལ་བའི་སྲུང་མ་རྣམས་ཀྱིས་མཆིལ་པས་ཉ་འདོན་པ་ལྟར། ལྕགས་སྲེགས་ཀྱི་ས་གཞི་ལ་རྡེབས་པར་བྱེད་དོ། །འདི་ལྟར་སྒྲོག་ཏེ། ཀྱེ་སྐྱེས་བུ་ཅི་འདོད། ཇོ་བོ་སྐོམ་མོ། །དམྱལ་བའི་སྲུང་མ་དེས་ལྕགས་འབར་བའི་ལྕགས་ཀྱུས་ཁ་ཕྱེ་སྟེ། ལྕགས་བཞུ་བའི་ཁུ་བ་ལྡུག་པར་བྱེད་དོ། །དེའི་མཆུ་སྲེག་གོ །མགྲིན་པ་སྲེག་གོ །བྲང་སྲེག་གོ །རྒྱུ་མ་སྲེག་གོ །སྙིང་ཡང་སྲེག་གོ །གཤང་ལམ་ནས་མར་འཐོན་པར་བྱེད་དོ། །དེ་རྣམས་ཀྱིས་སྡུག་བསྔལ་མྱོང་བར་བྱེད་ཅིང་ངུ་ལ་འདྲེ་བར་བྱེད་དོ། །དེའི་དུས་སུ་ཡང་འཆི་བར་ནི་མི་འགྱུར་ཏེ་ཇི་སྲིད་ཀྱི་བར་དུ་སྡིག་པའི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ། །དེ་སྲིད་དུ་དེ་རྣམས་ཀྱིས་རྣམ་པར་སྨིན་པའི་ཚོར་བ་མྱོང་བར་བྱེད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚ་ཞིང་རྩུབ་པའི་ཆུ་བོ་
ནི། །བར་མེད་ཤིན་ཏུ་བགྲོད་པར་དཀའ། །ལྕགས་ཀྱི་པདྨའི་འདབ་མ་རྣམས། །འདབ་མ་རྣོ་བའི་སྟེང་དུ་འགྲོ། །ཆུ་བོ་རབ་མེད་གཞི་མེད་པར། །ཆོས་མིན་ཇི་ལྟར་སྤྱོད་པར་འགྱུར། །གང་ཞིག་ཆང་འཐུང་བ་དེ་ནི། །སྡིག་པ་ཆུང་བ་མ་ཡིན་ནོ། །དེ་མིར་གྱུར་ཀྱང་རྟག་ཏུ་བརྗེད་ངེས་པ་དང་། ལུག་ལྟར་ལྐུགས་པ་དང་། ཤེས་རབ་འཆལ་བ་དང་། རིག་པ་མི་ཤེས་པ་དང་། རྟག་ཏུ་གཉིད་དུ་འགྲོ་བ་དང་། བློ་གྲོས་དམན་པ་དང་། གཏི་མུག་ཆེ་བ་དང་། འཇིགས་པ་དང་། སྐྲག་པར་འགྱུར་བ་དང་། དོགས་པར་འགྱུར་བ་དང་། ཕྲ་མ་ཅན་དང་། ཚིག་མི་བརྟན་པ་དང་། སེར་སྣ་ཅན་དང་། ཕྲག་དོག་ཅན་དང་། ངེས་པར་མི་འབྱུང་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཤེས་རབ་ཆུང་བ་དང་། དགེ་བའི་ཆོས་རྣམས་མི་རེག་པ་སྟེ། སྐྱེ་བ་ལྔ་བརྒྱར་གནོད་སྦྱིན་སྐྱེ། །སྐྱེ་བ་ལྔ་བརྒྱར་ཁྱི་དང་ནི། །མཐའ་ཡས་སྨྱོན་པར་སྐྱེ་བར་འགྱུར། །ཆང་འཐུང་བ་ཡི་ཉེས་པ་འོ། །མྱོས་པར་འགྱུར་བའི་ཆང་གི་བཏུང་བའི་རྣམ་པར་སྨིན་པའོ། །ཆང་འཐུང་བ་ནི་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ནི། །ཐོབ་སྟེ་དེ་ཡི་
ཕན་ཡོན་ནི། །སུམ་ཅུ་རྩ་དྲུག་མི་དམན་པར། །འདས་དང་མ་འོངས་པ་ཡི་དུས། །ད་ལྟར་བྱུང་བ་ཅུང་ཟད་དུ། །མྱུར་དུ་ཤེས་པར་འགྱུར་བ་དང་། །རྟག་ཏུ་དྲན་པ་གནས་པ་དང་། །དེ་ནི་སྨྱོ་བར་མི་འགྱུར་ཞིང་། ཁྱད་པར་འཕགས་པའི་ཤེས་རབ་དང་། །མི་རྨོངས་པ་དང་བག་ཡོད་དང་། །ཚིག་ནི་ཤིན་ཏུ་གསལ་བ་དང་། །ངོ་ཚ་ཤེས་ཤིང་ཚིག་ནི་གསལ། །འདི་ནི་ལོག་པར་སྨྲར་མི་འགྱུར། །ཕྲ་མ་དང་ནི་ཚིག་རྩུབ་མེད། །དོན་མེད་པ་ལ་མི་བསྟོད་ཅིང་། །ཉིན་དང་མཚན་དུ་དེ་བཞིན་དུ། །བྱས་པ་ཤེས་ཤིང་བྱས་པ་ཚོར། །འདོད་མེད་རྟོགས་དང་ཚུལ་ཁྲིམས་ལྡན། །ཁྲོ་བ་མེད་ཅིང་ཚིག་ནི་དྲང་། །འཇིགས་པ་མེད་ཅིང་སྨྲ་བར་མཁས། །ངོ་ཚ་ཁྲེལ་ཡོད་ཕུན་སུམ་ཚོགས། །འཇིགས་པ་མེད་ཅིང་དོགས་པ་མེད། །ཡིད་གཞུང་ཐོས་པ་འཛིན་པ་དང་། །དོན་ཡོད་སྐྱེ་བོ་མང་ནང་མཁས། །ཆང་གི་བཏུང་བ་སྤངས་པ་ཡི། །སྐྱེས་པ་འམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་རྣམས་མྱོང་བར་འགྱུར། །ལྷ་རྣམས་དང་ནི་མི་རྣམས་སུ། །དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་བདེ་འགྲོ་མཐོ་རིས་ལྷའི་འཇིག་
རྟེན་དང་མཐོ་རིས་སུ་སྐྱེའོ། །ཞེས་དང་། ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་མདོ་ལས། ཚེ་འདི་ལ་ཆང་གི་དབང་དུ་སྲེད་པ་ནི། ཚེ་ཕྱི་མ་ལ་ཆུའི་སྲིན་བུར་སྐྱེའོ། །ཅི་སྟེ་མིར་སྐྱེས་ན་ཡང་ལྷ་གོར་དང་། དབུགས་མི་བདེ་བའི་ནད་ཀྱིས་བྱིངས་པར་འགྱུར་རོ། །ཞེས་དང་། དྲན་པ་ཉེར་བཞག་ལས། ཆང་ནི་དུག་གི་མཆོག་ཡིན་ཏེ། །ཆང་འཐུང་བ་ལ་བརྟེན་མི་བྱ། །ཆང་འཐུང་བ་ལ་བརྟེན་པ་ནི། །དགེ་བའི་ཆོས་རྣམས་ཉམས་པར་འགྱུར། །གང་གིས་རྟག་ཏུ་ཆང་བསྟེན་པ། །དེ་ཡི་བློ་ནི་མི་བརྟན་ཞིང་། །བློ་ཡོ་བ་ལ་ཆོས་མེད་དེ། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཉམས་བྱེད་ནང་ན་ཉམས་མཆོག་ནི། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །མི་ལ་ཉམས་པས་ཉམས་བྱེད་པ། །དེ་ལྟ་བས་ན་ཆང་མི་བསྟེན། །ཆང་འཐུང་བ་ལ་བརྟེན་བྱེད་པ། །མི་སྡུག་སྡིག་པའི་ཆོས་ཡིན་ཏེ། །དེ་ལྟ་བས་ན་དུག་ལྟ་བུའི། །ཆང་འཐུང་བ་ནི་རྣམ་པར་སྤོངས། །ཆང་འཐུང་བ་ལ་གནས་པའི་སྐྱོན། །ནོར་ཟད་ངན་པར་བརྗོད་བྱེད་ཅིང་། །ལེ་ལོ་ཤིན་ཏུ་སྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཆང་གིས་འདོད་ཆགས་སྐྱེད་བྱེད་
ཅིང་། །དེ་བཞིན་ཁྲོ་དང་གཏི་མུག་དག །ཡང་དང་ཡང་དུ་སྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཅེས་དང་། དོན་མེད་གཞི་ནི་ཆང་ཡིན་ཏེ། །སེམས་ཅན་དམྱལ་བའི་བཞད་གད་པ། །དབང་པོ་ཐམས་ཅད་རྣམས་ཉམས་ཤིང་། །དོན་མེད་པ་ཡི་རྒྱུར་གྱུར་ཏོ། །ཚིག་ལ་ཤིན་ཏུ་དགའ་བ་དང་། །ཆགས་པ་དང་ནི་འཇིགས་པ་དང་། །ངག་གི་སྐྱོན་དང་རློམ་པ་དང་། །ཚིག་རྩུབ་གཞི་ནི་དེ་ཡིན་ནོ། །ཆང་གིས་ཀུན་ཏུ་གཡེངས་པའི་ཡིད། །བྱ་དང་མི་བྱ་མི་ཤེས་པ། །མི་དེ་ཕྱུགས་དང་མཚུངས་པ་ཡིན། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཆང་གིས་གཡེངས་པའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །གང་ཞིག་རྟག་ཏུ་གསོན་འདོད་པས། །རྟག་པར་ཆང་ནི་རྣམ་པར་སྤོངས། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་གསུམ་གྱི་ཐེམ་སྐས་ཏེ། །མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གི་སྐྱོན་གྱིས་བསླུས་པ་ཡི། །མི་དག་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་
དུ་དུག་ནི་ཆང་། །དེ་བཞིན་དམྱལ་བའི་ནང་ནས་དམྱལ། །ནད་ཀྱི་ནང་ནས་ནད་མཆོག་ནི། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་དང་དབང་པོ་ཉམས་བྱེད་ཅིང་། །རིན་ཆེན་ཆོས་ནི་ཟད་བྱེད་པ། །ཚངས་པར་སྤྱོད་པ་འཇིགས་བྱེད་པ། །མི་བཟད་ཆང་ནི་སྐྱེས་གནས་གཅིག །རྒྱལ་པོ་དང་ནི་བསྟན་བཅོས་མཁས། །ཆང་གིས་གཡེངས་པར་བྱེད་འགྱུར་ན། །ཐ་མལ་མི་དག་ཆང་འཐུང་བ། །བསླུས་པར་འགྱུར་བ་ཅི་ཞིག་སྨོས། །ཆང་ལ་བརྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སཏྭ་རེ་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །ཡང་བ་དག་ཏུ་ཉེ་བར་བསྟན། །ཆང་གིས་ཕྲོག་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བ། །མི་ཤེས་རྣམ་པར་མི་ཤེས་ཤིང་། །ཐམས་ཅད་མི་ཡིས་མི་ཤེས་སོ། །གང་ཞིག་ཆང་ལ་བརྟེན་བྱེད་པ། །སྐྱེ་བོ་རེས་འགའ་དགའ་བྱེད་ཅིང་། །རེས་འགའ་ཡོངས་སུ་གདུང་བྱེད་ལ། །རེས་འགའ་སྡིག་པ་བྱེད་པ་ཡིན། །བློ་ནི་ཤིན་ཏུ་རྨོངས་སྐྱེ་ཞིང་། །འཇིག་རྟེན་གཉིས་ནི་རྣམས་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུར། །སྲེག་བྱེད་ཁོ་ན་ཆང་ཡིན་ནོ། །མི་གང་དག་ནི་ཆང་སྤོང་པ། །ཆོས་ཀྱི་
ངང་ཚུལ་མཉམ་པར་བཞག །གང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོ་འོ། །ཆང་འཐུང་བ་ཡིས་བསླུས་པ་དག །དེ་ནི་བྱེད་པ་དམན་པ་ཡིན། །མི་བཟད་སེམས་ཅན་དམྱལ་བར་ལྟུང་། །དོན་མེད་ཅི་ཞིག་ཡོངས་སུ་གདུང་། །འཐུང་བའི་ཚེ་ན་ཆང་ཞིམ་ཏེ། །རྣམ་སྨིན་ཚེ་ན་མཆོག་ཏུ་ཚ། །ཀིམ་པ་ཀ་ནང་ཀིམ་པ་ཀ །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱོང་ན་བསིལ་ཡང་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །སྡིག་པའི་ཆོས་རྣམས་བྱེད་པ་ལ། །སེམས་གཡེངས་པ་དག་དགའ་བར་བྱེད། །ཕྱི་ནས་རྣམ་སྨིན་ཚ་བ་རུ། །བློ་ངན་ཡོངས་སུ་གདུང་བར་འགྱུར། །གསུངས། མཁས་པ་སད་ཛས་བུ་ལ་སྤྲིངས་པ་ལས། གང་ཞིག་འཐུང་ནས་ར་རོ་གོམ་ཚུགས་དབང་མེད་འདོར། །ཡུལ་གོང་མ་འདིའི་བར་ཡང་འཁྱམས་ཤིང་རྡེག་འཆོས་འགྱུར། །བཟའ་དང་མི་བཟའ་དེ་བྱ་དེ་མེད་འདྲེས་པར་ཟ། །དེ་བས་བུ་ཁྱོད་མྱོས་འགྱུར་ཁུ་བ་རྟག་ཏུ་སྤོངས། །གང་འཐུང་ན་ནི་བདག་ལ་བརྟན་མེད་བློ་ཉམས་
ཤིང་། །ཕྱུགས་དང་འདྲ་བར་མཛའ་བོས་སྤོང་ཞིང་དགྲ་བོས་འཕྱ། །འདུས་པ་བྲོ་གར་བྱེད་ཅིང་གླུ་ལེན་མཁར་རྔ་རྡུང་། །དགེ་ལེགས་གྲགས་ཉམས་རྒྱུ་དེ་སུ་ཞིག་འཐུང་བར་བྱེད། །དེ་འཐུང་ངོ་ཚ་ཁྲེལ་ཡོད་དོར་ནས་ནི། །གཅེར་བུར་ཕྱུང་ཡང་འཛེམ་མེད་སྨྱོན་པ་བཞིན། །རྐུན་བུ་གཅན་གཟན་རྒྱུ་བའི་ལམ་དུ་འགྲོ། །ལུས་སྲོག་ཉམས་རྒྱུ་དེ་ནི་ཁྱོད་ཀྱིས་སྤོངས། །དེ་འཐུང་སྐྱུགས་པས་གོས་པས་འགྱེལ་གྱུར་ནས། ཁ་ཡང་ཁྱི་ཡིས་དོགས་པ་མེད་པར་ལྡག །དྲན་མེད་ལམ་པོ་ཆེར་ཡང་ཉལ་འགྱུར་ན། །བག་མེད་རྩ་བ་རྟག་ཏུ་སྤང་པར་བྱ། །གང་ཞིག་འཐུང་ནས་མྱོས་པར་འཁྲུལ་འགྱུར་ཏེ། །འབྲིས་ན་ཨནྡྷ་དག་ཀྱང་རྨེ་བྱུང་ན། །དུད་ཆེན་འཐིབས་ཏེ་ཕན་ཚུན་ཐལ་མར་འཚུབ། །ཕུང་ཁྲོལ་རྩ་བ་དེ་ནི་སུ་ཞིག་འཐུང་། །གང་ཞིག་མཐོང་ན་དཔལ་གྱི་གཞིར་གྱུར་རིགས། །ཇེ་མཐོ་ཇེ་མཐོ་གྱུར་པའང་བརླག་བདོ་བ། །ནོར་གྱི་དབྱིག་ལྡན་ཁྱིམ་ཀྱང་འཕུང་འགྱུར་བ། །ཉེས་མང་གཞི་རྩ་དེ་ནི་སུ་ཞིག་འཐུང་། །གློ་བུར་ངུ་ཞིང་རེས་འགའ་རྒོད་པར་བྱེད། །མ་ངེས་སྨྲ་ཞིང་གདོན་གྱིས་ཟིན་པ་བཞིན། །མ་བརྟགས་མང་དུ་སྨྲ་ཞིང་ཚིག་རྩུབ་
འབྱིན། །སྒོ་གསུམ་ཉམས་བྱེད་དེ་ནི་བཏུང་མི་བྱ། །གང་ཞིག་ཉེས་པས་སྔོན་གྱི་ལྷ་རྣམས་མྱོས། །ལྷ་ཡི་དབང་པོའི་དཔལ་ནི་ཉམས་གྱུར་ནས། །སྐྱབས་འདོད་ཕྱིར་ན་རྒྱ་མཚོའི་ནང་དུ་གབ། །ལྷ་ཡང་ཉམས་བྱེད་དེ་ནི་བཏུང་མི་བྱ། །མི་བྱ་བ་ཡང་བྱ་བ་བཞིན་དུ་བྱེད། །མི་བདེན་པ་ཡང་བདེན་པ་བཞིན་དུ་སྨྲ། །ཞུམ་པ་རྣམས་ཀྱང་མ་ཞུམ་བཞིན་དུ་སྤྱོད། །མྱོས་འགྱུར་རིགས་ཉམས་སྡུག་བསྔལ་རྒྱུར་གྱུར་པ། །སྡིག་པའི་སྲིན་མོ་བྱུར་ངན་མངོན་སུམ་བཞིན། །རྩོད་པའི་གཞི་དང་ཐ་དད་མ་ཡིན་པ། །སྙིང་གི་མུན་པ་མི་བཟད་དེ་སུས་འཐུང་། །དེ་འཐུང་ཡིད་ནི་རབ་ཏུ་འཁྲུགས་གྱུར་ནས། །བརྩེ་བའི་ཕ་དང་མ་ཡང་གསོད་འགྱུར་ཞིང་། །ཉེས་མེད་དགེ་སློང་བྲམ་ཟེ་དྲང་སྲོང་གསོད། །ཆོམ་རྐུན་དང་ནི་ལོག་གཡེམ་སྨད་པ་བྱེད། །རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་བ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟའི་མུན་པ་འཛིན། །མི་དགེའི་རྩ་བ་དེ་ནི་བཏུང་མི་བྱ། །གང་ཞིག་འཐུང་ན་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་ལྟ་བ་འཚོ་བ་ཆོ་ག་དང་། །དྲན་པ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །
དགེ་ཆོས་ཆུད་ཟོན་དེ་ནི་བཏུང་མི་བྱ། །དེ་འཐུང་སྡིག་སྤྱོད་རྣམས་ནི་ལུས་ཞིག་ནས། །རབ་ཏུ་བཟོད་དཀའི་སེམས་ཅན་དམྱལ་བར་ལྟུང་། །ཡི་དྭགས་དུད་འགྲོ་རྣམས་དང་སྨྱོན་པར་འགྱུར། །སྡུག་བསྔལ་རྩ་བ་དེ་ནི་བཏུང་མི་བྱ། །ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་སུམ་ཅུ་སོ་ལྔ་གསུངས། །དེ་ཕྱིར་བུ་ཁྱོད་བདག་ལ་ཕན་འདོད་ན། །ཉེས་ཀུན་རྩ་བ་དེ་ནི་བཏུང་མི་བྱ། །ཆང་དགའ་དགོས་པ་ཐམས་ཅད་ལ། །རྟག་ཏུ་བག་མེད་སྤྱོད་པར་འགྱུར། །མཁས་པ་རྣམས་ཀྱིས་སྨད་འགྱུར་ཞིང་། །དཀར་པོའི་ཆོས་རྣམས་འགྲིབ་པར་འགྱུར། །ཉེས་ཀུན་རྩ་བ་བག་མེད་གནས། །འདི་དང་གཞན་དུ་རྣམ་པར་རྨོངས། །དེ་བས་སྐྱེ་བོ་ཆེན་པོ་ཁྱོད། །ཆང་ལ་དགའ་བ་རྟག་ཏུ་སྤོངས། །གསུངས། །རྒྱལ་སྲས་ཐོགས་མེད་ཀྱིས། སྡིག་སྡུག་གཏམ་ངན་དུག་ཤིང་བསྐྱེད་པའི་རླན། །ཐོས་བསམ་བསྒོམ་པའི་སྨན་ཤིང་སྲེག་པའི་མེ། །དྲན་ལྡན་མྱོས་པར་བྱེད་པའི་མི་བཟད་གདོན། །མྱོས་འགྱུར་ཀུན་ཏུ་སྤོངས་ཤིག་ཤེས་རབ་གྲུབ། །གསུངས། དཔེ་ཆོས་རིན་ཆེན་སྤུངས་པ་ལས། ཆང་ལ་ཡང་ཚ་སིངས་དང་། སྐོལ་མ་
ལ་སོགས་པ་ཡང་། ཆང་གི་སྲེད་པ་ཅན་རྣམས་ལ་དྲང་དོན་དུ་གནང་བ་སྐད་དུ་གསུངས་པ་ཡིན་གྱི། དོན་ལ་འདུལ་བ་ལུང་ཐམས་ཅད་ནས་ཆང་བཏུང་དུ་མ་གནང་། དེར་མ་ཟད་དེ། གསང་སྔགས་ཀུན་ནས་ཀྱང་ཆང་བསྟེན་པའི་རྫས་སུ་བཤད་ཀྱང་། བདེ་མཆོག་གི་རྒྱུད་བདུད་རྩི་ཆང་གི་ལེའུ་ནས། བདུད་རྩི་མྱང་བ་ཙམ་མ་ཡིན་པ། ཐ་མལ་གྱི་སྲེད་པས་ཆང་འཐུང་བ་ལ་ཉེས་དམིགས་དཔག་ཏུ་མེད་པ་བཤད་ནས་ཡོད་པར་འདུག །སྔོན་ཇོ་བོ་བོད་ན་བཞུགས་ཙ་ན། ཇོ་བོའི་ཞལ་ནས། རྩ་བའི་སྡེ་བཞི་གང་ན་ཡོད་པ་ན། སངས་རྒྱས་ཀྱི་བསྟན་པ་གནས་པ་ཡིན་པས། བོད་དུ་རྩ་བའི་སྡེ་བཞི་འཛུགས། ཕལ་ཆེན་པའི་མཁན་པོ་ངས་བྱ་གསུངས། གཉིས་པོ་རྒྱ་གར་ནས་སྤྱན་དྲོངས་གསུངས་པ་ལ། ཕྱིས་བསླབ་པའི་སློབ་དཔོན་ཞུས་ཀྱང་མ་གནང་སྟེ། ཁྱེད་བོད་ཆང་འཐུང་སྟེ་མཆི། དེ་ཙམ་གྱིས་དམྱལ་བར་འགྲོ། ཁོ་བོ་ནི། མི་དོན་མེད་དུ་དམྱལ་བར་བསྐྱུར་པའི་གལ་མ་མཆིས་གསུངས་སྐད། གཏེར་སྟོན་སྟོབས་ལྡན་རྡོ་རྗེའི་ཞལ་ནས། ཆང་གིས་མྱོས་ནས་དགེ་སློང་སྡོམ་པ་ཤོར། ཁྱིམ་བདག་
ཁྲེལ་ཤོར་ལུས་མི་ཐུབ་པ་དང་། །ཨ་ནེ་བཙུན་མས་བྱི་བྱས་བྱི་ཕྲུག་འདོན། །དངོས་སུ་ངོ་ཚས་བཅིངས་པས་ལྐོག་ཏུ་བསད། །མི་དགེ་མཚམས་མེད་མི་རུང་ལས་གསོགས་ཚེ། ཁྱིམ་གྱི་བདག་མོ་ཨ་ནེ་བཙུན་མ་རྣམས། །སེར་མོ་ཆང་ལ་ཧབ་འཐུང་མ་བྱེད་ཅིག །ཁྱད་པར་འདུལ་ཁྲིམས་སྲུང་བའི་དགེ་སློང་ལ། །སྟོན་པས་ཆང་ནི་རྩ་བཀག་མཛད་པ་དང་། །གལ་ཏེ་དགེ་སློང་གང་ཞིག་ཆང་འཐུང་ན། །དེ་ནི་ང་ཡི་དགེ་སློང་མ་ཡིན་ཞིང་། །ང་ཡང་དེ་ཡི་སྟོན་པ་མ་ཡིན་ནོ། །ཞེས་གསུངས་གསང་སྔགས་རྣལ་འབྱོར་པ་རྣམས་ཀྱང་། །ཐབས་ཤེས་རྫས་དང་དམ་རྫས་དག་གི་ཕྱིར། །བག་ཡོད་བསྟེན་ལས་བག་མེད་གྱུར་པའི་ལས། །བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལས་ཉམས་ཤིང་སླར་ཡང་ངན་སོང་ལྟུང་། །ཞེས་དང་། རྣལ་འབྱོར་གང་ཞིག་ཆང་གིས་མྱོས། །ངུ་འབོད་དམྱལ་བར་འཚོད་པར་བྱེད། །ཅེས་གསུངས་པས། ལྟ་བ་དགོངས་པ་ནུས་པ་དང་ལྡན་པ་མ་ལགས་པ། བག་མེད་སྨྱོ་ཐབས་མྱོས་བྱེད་སྤོང་བར་ཞུ། འོ་ན་སྔོན་གྱི་གྲུབ་དབང་རྣམས་ཀྱིས་ཆང་མང་དུ་བཞེས་པ་དཔེར་ན།
ཨོ་རྒྱན་ཆེན་པོ་དང་། ཌོམ་བྷི་པ། བིརཝཱ་བ། གཙང་སྨྱོན་པ། འབྲུག་སྨྱོན་པ་སོགས་རྒྱ་བོད་ཀྱི་གྲུབ་བརྙེས་རྣམས་ཀྱི་རྣམ་ཐར་ལ་འགྲན་ན། ཇི་ལྟར་སྟག་གིས་མཆོངས་པའི་སར། །ཝ་ཡིས་མཆོངས་ན་སྐེ་ཚིགས་བུད། ཅེས་པ་ལྟར་འགྱུར་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆང་གིས་འཇིག་རྟེན་བརྙས་འགྱུར་ཞིང་། །དོན་ཡལ་ནོར་ཡང་ཟད་པར་འགྱུར། །རྨོངས་པས་བྱ་བ་མ་ཡིན་བྱེད། །དེ་བས་ཆང་ནི་རྟག་ཏུ་སྤོངས། །ཞེས་དང་། ཇོ་བོ་བཀའ་གདམས་པས། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན། །རྩྭ་མཆོག་ཟིལ་བ་ཙམ་ཡང་བཏུང་མི་བྱ། །གསུངས། ཡན་ལག་བརྒྱད་པའི་རྒྱུད་ལས། ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། །ཞེས་དང་། སྙན་རྒྱུད་རྡོ་རྗེ་ཚིག་རྐང་ལས། བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལས་ཉམས་ཤིང་སླར་ཡང་ངན་
སོང་ལྟུང་། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་འགྱུར་གང་། །ངུ་འབོད་གནས་སུ་འཚོད་པར་འགྱུར། །གསུངས། གཞན་ཡང་དྲན་པ་ཉེར་བཞག་ལས། རྒྱལ་པོ་ཞིག་གིས། མགྲོན་པོ་སྐོམ་པས་གདུང་པ་འགའ་ལ་བུར་ཆང་བླུད་པས། དམྱལ་བ་ངུ་འབོད་ཆེན་པོར་སྐྱེས་པར་གསུངས། གསང་བ་རྒྱན་ཞེས་བྱ་བའི་རྒྱུད་ལས། རྫུན་གྱི་ཚིག་ནི་སྨྲ་མི་བྱ། །ཆང་ནི་བཏུང་བར་མི་བྱ་འོ། །གསུངས། བཀའ་གདམས་ཕ་ཆོས་ལས། ལ་ལས་མཐུན་རྐྱེན་སྣ་རེ་ཙམ་ཚང་བས་ཆོག་སྙམ་ནས་ངོ་མཚར་ཆེ། ཁྱེད་བསོད་ནམས་ཆེན་པོ་བསགས་ཐེག་པ་ཆེན་པོ་འདི་འདྲ་བ་མཉན་དུ་ཡོད་པ་ཟེར་ནས། སྣོད་ཅི་འདྲ་མི་བལྟ་བར། བཅུད་ཆེ་རེ་ཉེ་རེ་ལ་བླུགས་ཏེ། ད་གཟོད་བླ་མ་འབྲོམ་གྱི་རྣམ་པར་ཐར་པ་ལ་ཟེར་ནས། གསང་སྔགས་ཟབ་མོའི་ལས་སྐལ་ཚོ་མི་བྱེད་པར་ཟས་སྐལ་ཚོ་ཟ། བདུད་རྩིར་མིང་བཏགས་ནས་ཆང་བག་མེད་ཚོ་འཐུང་། ཐབས་སུ་མིང་བཏགས་ནས་ཤ་བག་མེད་དུ་སྤྱོད། ཟ་དུས་སེམས་ཅན་གཞན་གྱིས་གོ་བ་
བླངས་ནས་འཆི་བ་མ་བྱུང་བས། སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོ། རང་གིས་ལག་བདར་ཏེ། བྱང་ཆུབ་སེམས་དཔས་ཕ་མ། སྔགས་པས་ལྷ་གསོད་པ་ལགས་མོད། དེ་དུས་སུ་བ་གླང་གི་མཆོད་སྦྱིན་གྱིས་ཉེན་དུ་ཆེ་བར་གདའ། དེ་ནས་ཚོགས་འཁོར་སྐད་དུ་མིང་བཏགས་ནས། བག་མེད་མང་པོ་འདུས་ནས་བག་མེད་དུ་འཁྲབ། གྲུབ་ཐོབ་མང་པོ་བཟི་ནས་འགྱེལ། དེས་མི་འོང་རང་ཉིད་སངས་རྒྱས་གསོན་མ་ཡིན་སྐད་དུ། སངས་རྒྱས་བདུད་རྩིས་ང་རྒྱལ་ཏེ་འཐབ། དེ་ནས་སངས་རྒྱས་རྣམས་ཀྱི་གསུང་ནི་འདི་ལྟ་སྟེ། ང་དང་། ཁྱེད་དང་། ནན་ཏར་ན་ཅི་མ་མཉམ་པ་དང་། ང་བླ་མ་ཡིན་སུ་ཞིག་པོའི་སྲས་པོ་ཡིན། སུ་ཞིག་པོའི་དབོན་པོ་ཡིན། དགོན་པ་འདི་ལ་ང་ལས་དབང་ཆེ་བ་སུ་ཡོད། ཡུལ་འདི་ན་ངས་དབང་མ་བསྐུར་བའི་མི་སུ་ཡོད། ཡོན་བདག་གི་རྩ་བ་ཡིན་རྒྱུ་ངེད་ཀྱི་ཡིན་ཟེར་ནས། བྱིས་པ་བུ་མོ་རང་གི་སྣབས་ལུད་འཕྱིད་མི་ཤེས་པ་རེ་ལ་བླ་མ་སློབ་དཔོན་དུ་མིང་བཏགས། སྒམ་སྒོམ་ཉོན་མོངས་པ་དུ་མས་གཟིར་བ་བླང་དོར་མི་ཤེས་པ་རེས། བླ་མ་སངས་རྒྱས་སུ་ཐོས་པས།
འོ་ན་ང་རང་ཡང་ཨ་ཙི་བར་འོང་ཨང་སྙམ་དུ་བསྒོམ་ནི་བཟང་། སངས་རྒྱས་ཀྱི་བྱ་བ་སེམས་ཅན་གཅིག་མི་འདྲོངས་གསུངས། བཀའ་གདམས་བུ་ཆོས་ལས། སངས་རྒྱས་ཀྱིས་ཆང་ཐམས་ཅད་བཀག །དེའི་རྒྱུ་མཚན་ཡང་སོ་སོར་ཐར་པ་ཐམས་ཅད་སོ་སོར་ཐར་པའི་སྡོམ་པ་དང་འབྲེལ་དུ་འོང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཚད་མེད་པ་བཞི་བསྒོམ་པ་ལ་འགལ་བ་བཞི་བསྐྱེད་དུ་འོང་། དེ་དག་གི་ཡང་དགག་བྱ་ཡིན་ན་རིག་པ་འཛིན་པ་དག་ལྷའི་བསྐྱེད་རིམ་སྒོམ་པའི་སྐབས་སུ་རིག་པ་ཤིན་ཏུ་གསལ་དགོས་པ་ཡིན་མོད། ཆང་མྱོས་ཆུ་ཡིན་མོད། འོན་ཏེ་ཟག་པ་མེད་པའི་བདུད་རྩིར་དངོས་སུ་སྒྱུར་ཤེས་དགོས་སོ། །གཞན་དུ་ན་ལྷའི་སྐུ་མདོག་དུ་མ། ཕྱག་མཚན་དུ་མ། ལྷ་དཔག་ཏུ་མེད་པའི་ནང་དུ་ལྷ་དཔག་ཏུ་མེད་པ་བསྒོམ་པ་ལ་སོགས་པ། སོ་སོ་སྐྱེ་བོས་མྱོས་ཆུ་མ་འཐུང་ཡང་མི་ཆུན་གྱིས། མི་ཐུབ་པ་ལ་འཐུང་ན་ཅི་འདྲ། དེས་ན་འདི་བདེ་བར་གཤེགས་པས་བཀག །བཀག་བཞིན་དུ་འཐུང་ན་ནི། བདེ་བར་གཤེགས་པའི་བཀའ་འདས་ཀྱི་རྩ་བའི་ལྟུང་བ་འོང་། ཆོས་རྒྱུས་ཆུང་ངུ་ལ་ལ་ན་རེ། འདུལ་བ་དང་ཉན་ཐོས་
པའི་ལུགས་ལ་ཆང་བཏུང་དུ་མི་བཏུབ། ངེད་གསང་སྔགས་པ་ཡིན་པས་འཐུང་བས་ཆོག་ཟེར་ཏེ། འོ་ན་དེ་ཙམ་དུ་ཁྱོད་ཀྱིས་རྩྭ་མཆོག་གང་ཙམ་འཐུང་ཆོག་ན། ངེད་ཀྱིས་རྩྭ་མཆོག་སྟོང་འཐུང་བས་ཆོག །དེའི་རྒྱུ་མཚན་ཅི་ཡིན་ན། ཁྱེད་ཀྱིས་རྩྭ་བའི་ལྟུང་བ་ཤོར་བས་ཆོག་པ་ལ། ངེད་ཀྱིས་ཡན་ལག་གི་ལྟུང་བ་ཤོར་བས་ཅི་སྟེ་མི་ཆོག །ལར་གསང་སྔགས་གཤའ་མ་ཞིག་མཛད་ན། ཀྲི་ཡའི་སྐོར་བཞིན་དུ་མཛད་ན་ངོ་མཚར་ཆེ། གསུངས། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། ཆང་ནི་ཉེས་པ་ཀུན་གྱི་གཞི། །མདོ་སྡེ་ཐམས་ཅད་ཀུན་ནས་བཀག །རྡོ་རྗེ་རྩེ་མོ་ལས་ཀྱང་བཀག །རྒྱུད་སྡེ་གཞན་དང་གཞན་ལས་ཀྱང་། །སློབ་མ་དབང་བསྐུར་ནོད་པའི་ཚེ། །ཉེས་པ་ཀུན་གྱི་རྩ་བ་སྟེ། །ཆང་ནི་རབ་ཏུ་སྤོངས་ཞེས་གསུངས། །སྤྱིར་ནི་ཉེས་ལྟུང་གཞི་མ་ཆང་། སྒོས་སུ་བརྩོན་འགྲུས་བར་ཆོད་དང་། །ལེ་ལོ་སྙོམས་ལས་བག་མེད་ཀྱིས། །དགེ་ཚོགས་ཡོན་ཏན་འཕྲོག་པའི་བདུད། །རྣལ་འབྱོར་བ་ཡིས་མ་སྤངས་ན། །ཕྱག་སོགས་ཡན་ལག་བདུན་པ་དང་། །འཕྲལ་གྱི་ཡི་དམ་གཅོག་པར་བྱེད། །དོ་
ནུབ་ར་རོ་བག་མེད་པས། །སང་ནས་འབད་པ་བྱ་ཡིས་ཟེར། །སང་ཡང་བདུད་ཀྱིས་ཆང་བླུད་པས། །ཡང་འབྱམས་ཡང་འབྱམས་ཆང་ལ་འབྱམས། །དགེ་སྦྱོར་གཙང་མ་ཅི་མ་ཚང་། །བག་མེད་ཁྱིམ་སུན་འབྱིན་ལ་སོགས། །ལུས་ངག་ཡིད་གསུམ་མ་བསྡམས་པས། །མི་དགེ་བཅུ་ལ་སོགས་པ་ཡི། །བཀག་པ་ཐམས་ཅད་འཇོལ་ཉོག་སྤྱོད། །དེ་སོགས་ཆང་གི་ཉེས་དམིགས་རྣམས། །ལྷག་པའི་བསམ་པས་བསྐུལ་བ་ཡི། །མདོ་སོགས་བཤད་པར་གཟིགས་ལ་སྤོངས། །ཅིས་ཀྱང་སྤང་བར་མ་གྱུར་ནའང་། །དམན་ས་བཟུང་ལ་རན་པར་འཐུངས། །གསུངས། མཁྱེན་བརྩེ་རིན་པོ་ཆེས། ཆང་གིས་བཟི་བའི་ནུས་པ་ཟིལ་གྱིས་གནོན་ཐུབ་པ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་། གྲུབ་ཆེན་བིརཝཱ་པ་སོགས་ཀྱི་རྣམ་པར་ཐར་པ་དང་སྤྱོད་ཡུལ་ཡིན་པ་མ་གཏོགས། གསང་སྔགས་མོས་པས་སྤྱོད་པའི་གང་ཟག་ལམ་ཞུགས་པ་རྣམས་ཀྱིས་བཏུང་བར་མ་གསུངས་སྟེ། རྒྱུད་ལས། སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་གྱུར་གང་། །ངུ་འབོད་གནས་སུ་འཚོད་པར་འགྱུར། །ཞེས་
གསུངས་པས། དེང་སང་གི་བླ་མ་གྲུབ་ཐོབ་ཏུ་རློམ་པ་རྣམས་ཆང་གིས་བཟི་ཐུབ་པ་འདུག་གམ་མི་འདུག །མི་འདུག་ན་གོ་བཅད། འདུག་ན་རྒྱུན་དུ་རྟོགས་པ་ལ་མཉམ་རྗེས་མེད་པའི་གདེངས་ཡོད་ཀྱང་། ཆང་གིས་བཟི་བ་དང་སྨྱོན་པ་ལ་ཁྱད་པར་མེད། སྨྱོན་པ་དང་དུས་མཚུངས་པར་ཐུགས་དམ་དང་སྒོམ་གྱི་དྲན་པའི་ཚུགས་ཁ་ཤོར་བ་ལྟ་ཅི། འདུ་ཤེས་མ་འཁྲུལ་བ་ཙམ་ཡང་མེད་གསུངས། སྔོན་རྗེ་ཕག་མོ་གྲུ་བའི་ཞབས་ཤིན་ཏུ་སྙུང་པས། སྔགས་མཁན་ཞིག་ན་རེ། ཆང་གི་ཉིང་ཁུ་གསོལ་ཞལ་གང་ཙམ་གསོལ་བ་བྱུང་ན་སྐུ་ཁམས་འདི་བཟང་ནས་འོང་ཞུས་པས། ཁོང་གི་ཞལ་ནས་ཨ་རྫི་རྫི། ཆང་གི་རྣམ་པར་སྨིན་པ་ནི་ཤིན་ཏུ་འཇིགས་གསུངས་ནས། སྐུ་སྲོག་གི་ཕྱིར་དུ་ཡང་ཆང་ཕོར་པ་གང་ཙམ་ཡང་མ་གསོལ་ན། གཞན་རང་དགར་འཐུང་པ་སྨོས་ཅི་དགོས། དེས་ན་ཁོང་ལས་ཐེག་པ་ཆེན་པོའི་གསང་སྔགས་ལ་མཁས་པ་སྔར་སུ་མ་བྱོན་ཏེ། ང་གསང་སྔགས་པ་ཡིན་ཞེས་ཆང་མ་གསོལ་འདུག་པས། དེང་སང་ང་གསང་སྔགས་པ་ཡིན་ཟེར་ནས། ཆང་ལ་བག་མེད་དུ་སྤྱོད་པ་འདི་ནི་རང་ཉིད་
ཕུང་བའི་རྒྱུ་ཡིན་པས། རང་ལེགས་སུ་འདོད་པ་རྣམས་ཀྱིས་དང་པོ་བཀའ་རྒྱུད་པའི་རྣམ་ཐར་ལྟར་ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་མྱོས་འགྱུར་གྱི་ཆང་སྤང་པར་བྱའོ། །མཁས་གྲུབ་རྗེས་མཛད་པའི་སྡོམ་གསུམ་རྣམ་བཤད་ལས། ཆང་ནི་ནད་པ་ལ་ཡང་སྲོག་གི་ཕྱིར་ཡང་གནང་བའི་སྐབས་མེད་དོ། །དེ་ཡང་རབ་བྱུང་གཅིག་པུ་མ་ཡིན་གྱི། ཆོས་འདི་བའི་བསླབ་པ་བླངས་པ་ཁྱིམ་པ་ཡན་ཆད་ཀྱིས། ནད་གསོ་བའི་ཕྱིར་ཡང་རྩྭ་ཀུ་ཤའི་རྩེ་མོ་ཆང་ལ་ཉུགས་པ་ཁར་བཅུག་སྟེ་རོ་མྱང་བ་ཙམ་ཡང་མི་རུང་ན། ཧུབ་གཅིག་གམ་གཉིས་སུ་ལོངས་པ་ལྟ་ཅི་སྨོས། དེ་ལྟར་ཡང་མདོ་རྩ་ལས། ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་། །དགེ་བསྙེན་ཡན་ཆད་ཐམས་ཅད་ཀྱིས་མི་བླུད་དོ། །ཞེས་པའི་རྒྱ་ཆེར་འགྲེལ་པ་ལས། ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་། །ཞེས་བྱ་བ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་ནད་པའི་ཡུལ་ལ་རྗེས་སུ་གནང་བ་དེ་དམིགས་ཀྱིས་བསལ་བ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤཱཀྱ་ན་བར་གྱུར་པ་དག་ལ་དེ་ཉིད་མ་གནང་བར་གསུངས་པ་ཡིན་ནོ། །དེ་ཡང་དགེ་སློང་དག་ང་
ལ་སྟོན་པ་ཞེས་ཟེར་བ་ཁྱེད་ཅག་གིས་ཆང་ཐ་ན་རྩྭ་མཆོག་གིས་ཀྱང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་བསྙེན་ཡན་ཆད་ཐམས་ཅད་ཀྱིས་མི་བླུད་དོ་ཞེས་བྱ་བ་ནི། དགེ་བསྙེན་གྱི་མཐའ་ཡན་ཆད། ཆོས་འདི་ལ་བསླབ་པ་བླང་བ་ཐམས་ཅད་ཀྱིས་ཀྱང་ཆང་བླུད་པར་མི་བྱའོ། །འདིར་གཞུང་ནི། དགེ་བསྙེན་གྱིས་མི་བྱ་བའི་ལས་དྲུག་སྟེ། སེམས་ཅན་བཙོང་པ་དང་། མཚོན་ཆ་བཙོང་པ་དང་། ཆང་བཙོང་པ་དང་། དུག་བཙོང་པ་དང་། རྒྱ་སྐྱེགས་ཀྱི་ལས་དང་། །ཏིལ་བཙིར་བའི་ལས་སོ། །ཞེས་གསུངས་པ་ཡིན་ནོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་ཐམས་ཅད་ལ་གསོ་བའི་དོན་ཉིད་མ་གཏོགས་སོ་ཞེས་བྱ་བའི་ལྷག་མའོ་ཞེས་བྱ་བ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་བཀག་པ་ལ་གསོ་བའི་དོན་ཉིད་དུ་ནི་མ་གཏོགས་ཏེ། དགག་པ་མེད་དོ་ཞེས་གསུངས་པ་དེའི་ལྷག་མ་ནི། མྱོས་པར་འགྱུར་བའི་བཏུང་བ་བཀག་པ་ཡིན་ཏེ། འདི་ནི་གསོ་བའི་དོན་དུ་ཡང་བཀག་པར་ཤེས་པར་བྱའོ། །ནད་གསོ་བའི་དོན་ཉིད་དུ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་
ལྷག་པར་སྤྱོད་པ་ལ་ནི་ལྟུང་བ་མེད་དེ། དཔེར་ན་ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་གསོ་བའི་དོན་ཉིད་དུ་མ་གཏོགས་སོ་ཞེས་བསྟན་པའི་ལྷག་མ་དམིགས་ཀྱིས་བསལ་བ་ནི། མྱོས་པར་འགྱུར་བའི་བཏུང་བ་མ་གཏོགས་སོ་ཞེས་བྱ་བ་འདི་ཡིན་ཏེ། སྡིག་པ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་པའི་ཕྱིར་དེ་ལ་དམིགས་ཀྱིས་བསལ་བ་མེད་དོ། །ཞེས་གསུངས་སོ། །དེ་ལྟར་ན་ནད་གསོ་བའི་དོན་དུ་རང་ལ་དམིགས་པའི་ཤ་བཟའ་བ་སོགས་ཁ་ན་མ་ཐོ་བ་ཐམས་ཅད་གནང་བ་དམིགས་བསལ་ཡིན་ཀྱང་། ཆང་ནི་ནད་གསོ་བའི་དོན་དུ་ཡང་གནང་བའི་དམིགས་བསལ་མེད་དོ་ཞེས་གསལ་བར་བཤད་པས། ཤ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པ་དང་། ཆང་བག་མེད་དུ་འཐུང་བ་ལ་སྐྱོན་དུ་མི་བརྩི་བ་སོགས་ལོག་པའི་ཆོས་ལུགས་དུ་མས་སྡིག་པ་ཐམས་ཅད་ཀྱི་སྒོར་གསུངས་པའི་ཉེས་པ་རྒྱས་པར་བྱེད་དོ། །དེའི་ཕྱིར་མདོ་དང་བསྟན་བཅོས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་ནས། མཐའ་གཅིག་ཏུ་ཆང་ལ་ཉེས་པ་ཐམས་ཅད་ཀྱི་སྒོར་གྱུར་པའི་དགག་པ་རྒྱ་ཆེར་ཡང་དང་
ཡང་དུ་ལན་གཅིག་མ་ཡིན་པར་གསུངས་ཀྱང་། དེ་ཉིད་ལ་འཛེམ་མེད་པར་སྤྱོད་པ་ལ་སྐྱོན་དུ་མི་བྱེད་པ་ནི། སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པའི་རྒྱུ་གཞན་གང་ལས་ཀྱང་སྟོབས་ཆེས་ཆེ་བ་ཡིན་ལ། དེ་ཡང་བཅས་པ་དང་འགལ་བའི་ཉེས་པ་གཞན་གང་ཡིན་ཀྱང་དེ་དག་ལ་སྤྱད་པས་ཉེས་པ་ཐམས་ཅད་ཀྱི་སྒོར་འགྱུར་ཚུལ་ཆང་འཐུང་བ་དང་མཚུངས་པ་གཅིག་ཀྱང་མེད་པས། དེའི་ཕྱིར་བསྟན་པ་ལ་གནོད་པས་ཆང་བསྟེན་པ་དང་མཚུངས་པ་ཅིའང་མེད་པས། ཆང་བཅས་རྐྱང་ཡིན་ཀྱང་གནང་བའི་སྐབས་མེད་པ་ཡིན་ནོ། །བསྟན་པ་ལ་གནོད་པའི་ཚབས་གཞན་ལས་ཆེས་ཆེ་བས་འདིའི་གཟུགས་བརྙན་ཙམ་གྱིས་ཀྱང་བསྟན་པ་ལ་གནོད་པར་མཐོང་སྟེ། རྒྱལ་པོ་གླང་དར་མས་ཀྱང་བསྟན་པ་བསྣུབས་པའི་རྟེན་འབྲེལ་དུ། ལྷ་སའི་གཙང་ཁང་གི་སྒོ་ལ་འདམ་ཞལ་བྱས་པ་ལ་རབ་བྱུང་ཆང་འཐུང་བའི་གཟུགས་བརྙན་བྲིས་ནས་བཞག་ལ། བལ་པོར་རབ་བྱུང་གིས་ཆང་བུམ་འཁྱེར་བ་གཟིགས་པས་ཐུགས་ཕྱུང་སྟེ། ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཀྱང་མྱ་ངན་ལས་འདས་ཞེས་གྲགས་སོ། །དེ་ལྟར་
ཡིན་ན་ད་ལྟ་བླ་གོས་དང་མཐང་གོས་ཆང་གི་སྐྱུགས་པས་གཡོགས་པར་བྱེད་པའི་ཁྱུ་ཆེན་པོ་དག་གིས་རྒྱལ་བའི་བསྟན་པ་ཉིན་རེ་བཞིན་བྲི་བར་བྱེད་པ་ལྟ་སྨོས་ཀྱང་ཅི་ཞིག་དགོས། གལ་ཏེ་དེ་ནི་ཉན་ཐོས་ཀྱི་རྣམ་གཞག་ཡིན་གྱི། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རབ་བྱུང་རྣམས་ལ་ནི་ཅི་དགར་གནང་བ་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་ནི་རྒྱུད་སྡེ་རིན་པོ་ཆེ་དག་གི་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་ལོག་པར་རྟོག་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། སྡོམ་པ་བསྒྲག་པའི་སྐབས་སུ། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རབ་ཏུ་སྤང་བར་བྱ། །ཞེས་གསུངས་ལ། དེ་ཉིད་བླ་མེད་ཀྱི་དཀྱིལ་ཆོག་ཚད་ལྡན་དུ་མར་ཡང་གསུངས་པའི་ཕྱིར་དང་། དུས་འཁོར་ནས་ཀྱང་དངོས་སུ་དགག་པ་དམིགས་སུ་ཕུག་པ་མཛད་པའི་ཕྱིར་རོ། །གལ་ཏེ་ཚོགས་ཀྱི་འཁོར་ལོའི་སྐབས་སུ་ཆང་མ་འཐུང་ན། དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཞེས་པའི་ཉེས་པ་འབྱུང་བ་མིན་ནམ་ཞེ་ན། དེ་ལྟ་ན་དམ་རྫས་ཀྱི་གཙོ་བོ་ཤ་ལྔ་དང་བདུད་རྩི་ལྔ་ཡིན་པས། བཤང་གཅི་དང་ཁྱི་ཤ་ལ་སོགས་ཀྱང་དངོས་སུ་མ་བསྟེན་ན་དམ་ཚིགས་ལས་འདས་
པའི་ཉེས་པར་འགྱུར་རོ། །གལ་ཏེ་དེ་དག་ནི། ཟས་གཞན་ལ་ཤ་ལྔ་དང་བདུད་རྩི་ལྔར་བསྒོམས་ནས་བྱིན་གྱིས་བརླབས་པ་དང་། བདུད་རྩི་རིལ་བུ་བཏབ་ནས་ལོངས་སྤྱད་པ་ཙམ་གྱིས་ཆོག་གོ་སྙམ་ན། འོ་ན་ཆང་ལ་ཡང་ཚུལ་དེ་ཉིད་ཅིའི་ཕྱིར་མི་མཚུངས་ཏེ། དམ་ཚིག་གི་རྫས་སུ་མཚུངས་པ་ལ་བཤང་གཅི་ཕོར་བ་གང་བ་ལོངས་སྤྱོད་མི་དགོས་པར་བསྒོམ་པ་འམ་བདུད་རྩི་རིལ་བུ་ཙམ་གྱི་ཆོག་ལ། ཆང་ལྕེ་ལ་རེག་པ་ཙམ་གྱི་མི་ཆོག་པར་མྱོས་པར་གྱུར་གྱི་བར་དུ་འཐུང་དགོས་པར་སྨྲ་བ་ནི། བླུན་པོ་རང་གིས་འདོད་པས་སངས་རྒྱས་ཀྱི་བསྟན་པ་བཤིག་པའི་བདུད་ཚིག་ཡིན་པར་གདོན་མི་ཟའོ། །གལ་ཏེ་བརྟག་པ་གཉིས་ལས། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་རབ་ཏུ་བཟའ་བར་བྱ། ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་སྔགས་པ་བདེ་བ་ཆེན་པོའི་ཡེ་ཤེས་གོང་ནས་གོང་དུ་རྒྱས་པར་འདོད་པས་བསྟན་པ་ལ་གནོད་པའི་དགག་བྱ་མེད་ཅིང་། བདེ་བའི་རྟེན་ཀུན་ད་ལྟ་བུའི་ཁམས་རྒྱས་པར་གྱུར་པ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་རྒྱས་པར་བྱེད་ནུས་པའི་དགོས་པ་ཁྱད་པར་ཅན་དང་
ལྡན་པའི་གང་ཟག་ཁྱད་པར་པའི་དབང་དུ་བྱས་པ་ཡིན་གྱི། བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པའི་ཕྱོགས་ནའང་མེད་ཀྱང་སྲེད་པས་འཇུག་པའི་སྔགས་པ་རབ་བྱུང་གི་རྟགས་ཅན་རྣམས་ཀྱིས་མྱོས་པར་འགྱུར་བའི་བཏུང་བ་མངོན་གྱུར་དུ་སྤྱོད་པ་ལ་ནི། བསྟན་པ་ལ་གནོད་པའི་དགག་བྱ་ཆེས་ཆེ་བ་ཡིན་ནོ། །རྒྱ་གར་གྱི་གྲུབ་ཆེན་དངོས་སུ་ཆང་བསྟེན་པ་དག་ནི། དངོས་ཀྱི་རིག་མ་བསྟེན་པ་ལ་ཉེས་པ་འབྱུང་བའི་གནས་སྐབས་དག་ལས་ཀྱང་རིང་དུ་འདས་ནས། ཐ་མལ་གྱི་སྣང་ཞེན་མཉམ་རྗེས་ཐམས་ཅད་དུ་རིམ་གཉིས་ཀྱི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་གནོན་ནུས་པ་སྤྱོད་པ་སྤྱད་རན་པ་དག་དང་སྤྱད་ཟིན་པ་དག་གིས། རབ་བྱུང་གི་རྟགས་སྤངས་ཏེ། རྣལ་འབྱོར་པའི་གཟུགས་ཀྱིས་དངོས་སུ་ཆང་དང་རིག་མ་བསྟེན་ཅིང་། དེ་འདྲ་བ་ལ་མ་དད་པ་ཐམས་ཅད་རྫུ་འཕྲུལ་གྱི་སྟོབས་ཀྱིས་དངོས་སུ་འདུལ་བར་བྱེད་ནུས་པ་དག་གིས་ཀུན་སྤྱོད་ཡིན་གྱི། ད་ལྟ་ཆགས་སྡང་མངོན་གྱུར་མགོ་མ་ནོན་པར་ཡོད་ཅིང་། ཐ་མལ་སྣང་ཞེན་ཐ་མལ་པ་དག་དང་ཁྱད་པར་མེད་པར་ཡོད་བཞིན་དུ་གྲུབ་ཆེན་དག་གི་ཀུན་སྤྱོད་ལྟར་འཆོས་པ་ནི། མི་བཟད་པའི་རྫུན་ཆེན་པོས་
འཇིག་རྟེན་བསླུ་ཞིང་བསྟན་པ་ཉམས་པར་བྱེད་པའི་སྒོ་ནས་འཇིག་རྟེན་ཕ་རོལ་བཏང་པའི་ཆོས་ལོག་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་རྣམས་ཡིད་ཆེས་ཚད་མར་བཟུང་ནས། རང་དང་རང་གི་སློབ་མ་ཡོན་བདག་རྣམས་ཀྱི་གཙོ་བྱས་ཆོས་པ་འཇིག་རྟེན་པ་ཐམས་ཅད་ཀྱིས་སྨྱོ་ཆུ་དུག་ཆུ་བརླག་ཆུ་ཕུང་ཆུ་མྱོས་འགྱུར་གྱི་ཆང་འདི་དུག་བཞིན་དུ་བལྟས་ནས་རྒྱང་རིང་དུ་དོར་བར་བྱའོ། །དེ་ལྟར་བྱེད་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོའི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདུད་རྩི་འབེབས་སྦྱང་བྱའོ། །སྨྲས་པ། ཤེས་བྱའི་ཆོས་རྣམས་ཕྱག་མཐིལ་སྐྱུ་རུ་ར། །རློན་པ་བཞག་ནས་གཟིགས་ལྟར་ས་ལེར་མཁྱེན། །ཞལ་ནས་བདེན་པ་མ་གཏོགས་རྫུན་མི་གསུང་། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ཚེ་འདིར་ཆོས་ཤོར་དོན་ཡལ་ནོར་ཡང་ཟད། །ཕྱི་མར་དམྱལ་བ་ངུ་འབོད་སྐྱེ་བའི་རྒྱུ། །ཆང་གི་འདོད་སྲེད་ཞི་བར་བྱིན་གྱིས་རློབས། །ཉེས་པའི་རྩ་བ་སྨྱོ་ཆུ་ཆང་འཐུང་ན། །ཤི་ནས་དམྱལ་བ་ངུ་འབོད་གནས་སུ་སྐྱེ། །རབ་བྱུང་སྡོམ་པ་
ཅན་ལ་ཆང་བླུད་ན། །ཤི་ན་དམྱལ་བ་རབ་གདུང་ཆེན་པོར་སྐྱེ། །དགེ་སློང་གསོ་སྦྱོང་བླངས་ལ་ཆང་བླུད་ན། །ཤི་ན་དམྱལ་བ་སྒྲ་འབྱིན་ཆེན་པོར་སྐྱེ། །དགེ་བསྙེན་རྣམས་ལ་མྱོས་ཆང་འཐུང་བཅུག་ན། །ཤི་ན་དམྱལ་བ་སྐྲ་མེ་འབར་བར་སྐྱེ། །ཆང་ལ་ཆུ་མང་བླུགས་ནས་བཙོང་པ་ན། །ཤི་ན་དམྱལ་མེའི་ཕྱེ་མ་སྲིན་བུར་སྐྱེ། །གཅན་གཟན་བྱ་ལ་ཆང་བླུད་བསད་གྱུར་ན། །དམྱལ་བ་ལྕགས་ཀྱི་གཏུན་ཤིང་འབབ་པར་སྐྱེ། །གླང་པོ་ཆེ་ལ་ཆང་བྱིན་མི་བསད་ན། །དམྱལ་བ་ལྕགས་ཚལ་དགོན་པར་སྐྱེ་བར་འགྱུར། །སེམས་ཅན་འཚོ་ཕྱིར་ཆང་གི་རིན་བྱིན་ན། །དམྱལ་བ་རབ་རིབ་ཀུན་བསྲེགས་ཞེས་བྱར་སྐྱེ། །ནད་པ་བུ་བཙས་ཆང་རིན་བྱིན་གྱུར་ན། །དམྱལ་བ་གཤིན་རྗེ་མཚམས་ཀྱི་དགོན་པར་སྐྱེ། །ཆང་མང་བླུད་ནས་མི་བསད་ནོར་འཕྲོག་ན། །དམྱལ་བ་ཤལ་མ་ལི་ཡི་ནགས་སུ་སྐྱེ། །འབྲོག་དགོན་སྐྱེ་བོ་མང་པོར་ཆང་བླུད་ན། །ཤལ་མ་ལི་ཡི་དམྱལ་བ་ཆེན་པོར་སྐྱེ། །བུད་མེད་ཡོན་ཏན་ཅན་ལ་ཆང་བླུད་ན། །ཆུ་ཤིང་བསྲེགས་པའི་དུད་པའི་ཚལ་དུ་སྐྱེ། །དགྲ་ཇག་ཆོམ་རྐུན་གསོད་ཕྱིར་ཆང་བླུད་ན། །དམྱལ་བ་མེ་མདག་དུད་པའི་ཚལ་
དུ་སྐྱེ། །ཕྱི་རོལ་བ་རྣམས་བསླུ་ཕྱིར་ཆང་བླུད་ན། །དམྱལ་བ་གློག་གི་ན་བུན་ཚལ་དུ་སྐྱེ། །ལམ་འགྲོ་རྔོན་པ་རྣམས་ལ་ཆང་བླུད་ན། །དམྱལ་བ་ཀུན་ཏུ་རྟོག་བྱེད་ཅེས་བྱར་སྐྱེ། །ཆང་མང་བཏུངས་ནས་ལྷ་བསྒོམས་སྔགས་བཟླས་ཀྱང་། །ཟངས་ཞུན་ཁོལ་མ་ཁར་ལྡུད་དམྱལ་བར་སྐྱེ། །ཆང་འཐུང་མནན་བསྲེག་འཕང་གསུམ་ལས་བྱས་ན། །ལྷ་མ་ཡིན་གྱི་དམག་དཔོན་ཆེན་པོར་སྐྱེ། །ཆང་འཐུང་བླ་མ་གྲོགས་ལ་གནོད་བྱས་ན། །ཤི་མ་ཐག་ནས་རྡོ་རྗེ་དམྱལ་བར་སྐྱེ། །ཆང་འཐུང་མི་ཚངས་སྤྱོད་ལ་ཞུགས་གྱུར་ན། །ཤལ་མ་ལི་ཡི་སྡོང་པོར་ཡང་ཡང་འདྲུད། །ཆང་འཐུང་གཞན་གྱི་ཟས་ནོར་རྐུ་འཕྲོག་ན། །ཡི་དྭགས་མཚོན་ཆའི་འཁོར་ལོ་ཅན་དུ་སྐྱེ། །ཆང་འཐུང་ཁྲེལ་དང་ངོ་ཚ་མེད་པ་དེ། །གླེན་ལྐུགས་དུད་འགྲོའི་ནང་དུ་ཡང་ཡང་སྐྱེ། །ཆང་འཐུང་ཁྱི་ཡི་སྐྱེ་བ་ལྔ་བརྒྱ་ལེན། །མི་རུ་སྐྱེས་ཀྱང་སྨྱོན་པ་སྨྱོན་མར་སྐྱེ། །ཆང་འཐུང་ཚེ་འདིར་དོན་ཡལ་ནོར་ཡང་ཟད། །ཚེ་ཐུང་ནད་མང་སྡུག་བསྔལ་དུ་མས་གཟིར། །ཆང་འདི་འཐུང་ན་ལུས་སེམས་བདེ་སྙམ་པ། །འགའ་རེས་སྨྱོས་ན་ཨེ་བཟང་སྙམ་པ་འདྲ། །
སྨྱོ་ཆུ་ཆང་འཐུང་ལམ་དོང་ནང་དུ་འགྱེལ། །མིས་འཕྱ་རང་ཕུང་ཆང་ནག་བདུད་ཟས་ཡིན། །དེ་ཕྱིར་མཁས་བཙུན་རྣམས་ཀྱིས་སྨད་པའི་གནས། །ཆང་འདི་ཀུན་གྱིས་འཐུང་བར་མ་གྱུར་ཅིག །སངས་རྒྱས་ཐུགས་རྗེ་ཅན་གྱི་བྱིན་རླབས་ཀྱིས། །ཆང་ལ་སྲེད་པ་གཏན་ནས་མི་སྐྱེ་ཤོག །འདིས་མཚོན་དགེ་བའི་མཐུ་ཡིས་རང་གཞན་གྱིས། །ཆང་སྤང་ཆོས་ལ་རྟག་ཏུ་སྤྱོད་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ གསུམ་པ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་འཇིག་རྟེན་ཁྱིམ་ཐབ་བུད་མེད་བསྟེན་པའི་ཉེས་དམིགས་བསམ་པ་ནི། བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་གཏུམ་ཞིང་གཟུ་ལུམ་ཆེ། དྲག་ཤུལ་ཅན་ལགས་པས། བདག་གིས་བུད་མེད་ཀྱི་ཚིག་གིས། སྡིག་པའི་སུག་ལས་མངོན་པར་འདུ་བགྱིས་པ་དེས། བཅོམ་ལྡན་འདས་བདག་སེམས་ཅན་དམྱལ་བར་མཆི་བར་བདག་གིས་ཡང་དག་པར་འཚལ་ན། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ།
ཅི་ནས་ཀྱང་བདག་སླན་ཆད་བུད་མེད་ཀྱི་དབང་དུ་མཆིས་ནས། སྡིག་པའི་སུག་ལས་མངོན་པར་འདུ་བགྱིད་པར་མི་འགྱུར་ཞིང་། སེམས་ཅན་དམྱལ་བར་མི་ལྟུང་བ་དང་། བདག་དང་སེམས་ཅན་ཐམས་ཅད་ལ་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་སྐྱོན་དེ་དག་ལེགས་པར་ཡང་དག་པར་རབ་ཏུ་བཤད་ཅིང་། བུད་མེད་ཀྱི་སྐྱོན་རྣམས་དང་། བུད་མེད་ཀྱི་མཚན་མ་རྣམས་དང་། བུད་མེད་ཀྱི་རྒྱུ་རྣམས་དང་། བུད་མེད་ཀྱི་གཡོ་རྣམས་དང་། བུད་མེད་ཀྱི་སྒྱུ་རྣམས་དང་། བུད་མེད་ཀྱི་མི་བརྟན་པ་རྣམས་དང་། བུད་མེད་ཀྱི་འགྱུར་ལྡོག་རྣམས་དང་། བུད་མེད་ཀྱི་བསྟེན་པ་རྣམས་དང་། བུད་མེད་ཀྱི་ཚིག་རྣམས་དང་། བུད་མེད་ཀྱི་འཁྲུལ་པ་རྣམས་ཡང་དག་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་གནས་དེ་ལྟ་བུ་ཡོངས་སུ་ཞུས་པས་ཁྱོད་ལ་ཅི་བྱ། བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཡང་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ནས་བདག་བུད་མེད་ཀྱི་དབང་དུ་མཆིས་པར་གྱུར་ན། བུད་མེད་ནི་མ་རུངས་མ། འཁོན་ཅན་གཏུམ་མོ་དྲག་ཤུལ་ཅན་ལགས་ཏེ། བཅོམ་ལྡན་འདས་བུད་མེད་དེ་ནི། བདག་སེམས་ཅན་དམྱལ་བར་མཆིས་པར་བགྱིད་འཚལ་བ་ལགས་པས། བཅོམ་ལྡན་འདས་ལས་དོན་དེ་ཉིད་ཉན་པར་འཚལ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་རང་གི་སྐྱོན་རྣམས་ཡོངས་སུ་རྟོགས་ཤིག་དང་། དེ་ནས་བུད་མེད་ཀྱི་སྐྱོན་རྣམས་ཡོངས་སུ་རྟོགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །སྐྱེས་པ་སྐྱོན་ཅི་ལྟ་བུ་དག་དང་ལྡན་ན། སྐྱེས་པ་བུད་མེད་ཀྱི་དབང་དུ་མཆིས་པར་འགྱུར་བས་སྐྱེས་པའི་སྐྱོན་རྣམས། བཅོམ་ལྡན་འདས་ཀྱིས་བདག་ལ་ཡང་དག་པར་རབ་ཏུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བད་
སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ལེགས་པར་ཉོན་ལ། རབ་ཏུ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། སྐྱེས་པ་སྐྱོན་གང་དག་དང་ལྡན་ན། སྐྱེས་པ་བུད་མེད་ཀྱི་དབང་དུ་འགྲོ་བར་འགྱུར་བས། སྐྱེས་པའི་སྐྱེས་བུའི་སྐྱོན་ནི། བཞི་པོ་འདི་དག་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ། འདི་ལ་སྐྱེས་པ་འདོད་པ་རྣམས་ལ་ཆགས་པར་གྱུར་ཅིང་། དེ་འདོད་པ་རྣམས་ལ་བག་མེད་པར་གྱུར་ནས། ཕྱིར་ཞིང་བུད་མེད་ལ་བལྟ་འདོད་དེ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་། བྲམ་ཟེ་དག་ལ་བལྟ་བར་མི་འདོད་ཅིང་། དེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་། བྲམ་ཟེ་དག་མཐོང་ན་བསྙེན་པར་མི་བྱེད། བསྟེན་པར་
མི་བྱེད། བསྙེན་བཀུར་བར་མི་བྱེད་པས། དེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཡོངས་སུ་སྤང་པས། དད་པ་ལས་ཡོངས་སུ་ཉམས། ཚུལ་ཁྲིམས་ལས་ཡོངས་སུ་ཉམས། གཏོང་བ་ལས་ཡོངས་སུ་ཉམས། ཤེས་རབ་ལས་ཡོངས་སུ་ཉམས་ཤིང་། དད་པ་དང་བྲལ་བ། ཚུལ་ཁྲིམས་འཆལ་བ། ཐོས་པ་ཉུང་བ། སེར་སྣ་ཅན་དུ་གྱུར་པ། ཡི་དྭགས་ཀྱི་ཡོན་ཏན་གྱི་ཆོས་ལ་ཀུན་ཏུ་སྤྱོད་པ། ཤེས་རབ་འཆལ་བ། རྨ་ལ་ཆགས་པ། བཙོག་པའི་སྤྱོད་ཡུལ་ཅན། བཤུལ་བར་མནན་པ་ལ་མངོན་པར་དགའ་བ། མི་གཙང་བ་ལ་དགའ་བ། བུད་མེད་ལ་དད་པ་ཆེ་བ། ཞི་བ་ཡོངས་སུ་མི་འཚོལ་བ། ཆགས་པའི་སྤྱོད་ཡུལ་ཅན། འགྲོ་བར་བྱ་བ་མ་ཡིན་པར་སོང་བ། སྨད་པར་འོས་པ་མི་གཙང་བའི་སྲིན་འབུ་དང་འདྲ་བ། སྙིགས་མ་ལེན་པ། འདོད་པ་ལ་བརྐམ་པ། ཁྲེལ་དང་ངོ་ཚ་བོར་བ། ལྷ་དང་མིའི་ཆོས་ལ་ཉམས་པ། ངན་པར་སྨད་པའི་འཚོ་བས་འཚོ་བ། མཁས་པས་སྨད་པ། བྱིས་པའི་སྐྱེ་བོ་ལ་བརྟེན་པ། སྡིག་པའི་བསམ་པ་དང་ལྡན་པ།
སྡིག་པའི་གྲོགས་པོ་ལ་བརྟེན་པ། སྡིག་པ་ལ་ཀུན་ཏུ་འཇུག་པ། སྡིག་པ་ལ་གཞོལ་བ། བུད་མེད་ཀྱི་ཐུལ་འོག་ཏུ་ཆུད་པ། བུད་མེད་ཀྱིས་འཁོལ་བ། བུད་མེད་ཀྱི་དབང་དུ་སོང་བ། བུད་མེད་ལ་གཞོལ་བ། བུད་མེད་དང་གནས་པ། རྨའི་སྒོའི་སྤྱོད་ཡུལ་ཅན། རྨའི་སྒོ་ལ་བརྟེན་པ། རྨའི་སྒོ་ལ་གནས་པ། ཁ་ཆུ་དང་། སྣབས་དང་། མཆིལ་མ་དང་། ངར་སྣབས་དང་། རྣག་དང་། ཤེའུ་རུལ་དང་། ཀླད་རྒྱས་དང་། མི་གཙང་བའི་སྤྱོད་ཡུལ་ཅན། ལུག་དང་། བ་གླང་དང་། བྱ་གག་དང་། ཁྱི་དང་། ཕག་དང་། བོང་བུའི་སྤྱོད་པ། གནོད་པའི་འཚོ་བ། ཕ་མ་ལ་ཕངས་པར་མི་འཛིན་པ། དགེ་སྦྱོང་དང་། བྲམ་ཟེ་དང་། སྦྱིན་གནས་ལ་ཕངས་པར་མི་འཛིན་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་ཡོངས་སུ་ཉམས་པ། མྱ་ངན་ལས་འདས་པ་ལས་ཡོངས་སུ་ཉམས་པ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་ཞུགས་ཤིང་གཞོལ་བ། སེང་གེ་དང་ནམ་མཁའ་ལྡིང་གི་ལུས་ལ་ཡང་དག་པར་རྗེས་སུ་ཞུགས་པ། ལྕགས་ཀྱི་
ཤིང་ཤལ་མ་རི་མཐོན་པོ་དང་། མེ་མ་མུར་ལ་གཞོལ་བ། སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་ནི། བུད་མེད་ཀྱི་སྐྱོན་འདི་ལྟ་བུ་འདི་དག་ཐོས་ནས་ཀྱང་བུད་མེད་ལ་ཆགས་ཤིང་། བུད་མེད་དང་བརྟེན་པས། རྒོད་པ་དང་། ངུ་བ་དང་། ཅ་ཅོ་འདོན་པ་དང་། བྲོ་བརྡུང་བ་དང་། གླུ་བླངས་པ་དང་། རོལ་མོ་བྱས་པ་དག་དྲན་པར་བྱེད་ཅིང་། སྐྱོ་བ་མི་སྐྱེད། ཡིད་འབྱུང་བར་མི་བྱེད་དེ། རྒྱལ་པོ་ཆེན་པོ། བྱིས་པའི་ཆོས་ལ་ཀུན་ཏུ་སྤྱོད་ཅིང་། ཀུན་ཏུ་སྤྱོད་པ་དེ་དག་དང་ལྡན་པའི་སྐྱེས་བུ་ནི། ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ། བུད་མེད་ཀྱི་དབང་དུ་སོང་ནས་འདོད་པ་ལ་བརྟེན་ཅིང་ངན་འགྲོར་འགྲོ་བར་འཇུག་པ་ནི། སྐྱེས་པའི་སྐྱེས་བུའི་སྐྱོན་དང་པོ་ཡིན་ནོ། །དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་བཀའ་སྩལ་ཏོ། །འདོད་པ་དྲི་ང་མི་གཙང་སྨད་པར་འོས་པ་དང་། །མི་མཐུན་འཇིགས་བྱེད་མི་རྟག་ལས་
བྱུང་སྡུག་བསྔལ་བྱེད། །དོན་མེད་ཕུང་བར་བྱེད་ཅིང་དམན་པ་ཡིན་པས་ན། །མཁས་པ་སུ་ཞིག་འདོད་པའི་སྐོམ་ལ་བརྟེན་པར་བྱེད། །བཙོག་པས་གང་བའི་ཆབ་ཁུང་དྲི་ང་ལྟ་བུ་དག །མནམ་པར་གྱུར་ཅིང་རུལ་བའི་ཁྱིམ་རྣམས་ཇི་བཞིན་དང་། །ཤི་བ་དུར་ཁྲོད་ས་ན་ཤིན་ཏུ་སྨད་པ་ལྟར། །དེ་བཞིན་འདོད་པ་རྣམས་ཀྱང་ཤིན་ཏུ་སྨད་པ་ཡིན། །སྦྲང་བུ་རྨ་ཞིག་མཐོང་ནས་རྒྱུག་པ་ཅི་འདྲ་དང་། །ཕག་ནི་ངན་སྐྱུག་མཐོང་ནས་རྒྱུག་པ་ཅི་འདྲ་དང་། ཁྱི་ནི་ཤ་ཡི་དོན་དུ་བཤས་སར་འགྲོ་བ་ལྟར། །དེ་བཞིན་མི་མཁས་བུད་མེད་དག་ལ་དགའ་བར་བྱེད། །གྲགས་པ་མེད་ཅིང་མི་སྙན་ཡོན་ཏན་འདྲིད་པ་དང་། །དེ་ལས་ཚུལ་ཁྲིམས་མཐོ་ལ་ཉམས་པར་འགྱུར་བ་དང་། །མཐོ་རིས་ཉམས་ཤིང་དམྱལ་བར་རྟག་ཏུ་ལྟུང་བས་ན། །མཁས་པ་སུ་ཞིག་འདོད་པའི་སྐོམ་ལ་བརྟེན་པར་བྱེད། །ཇི་ལྟར་ཧ་ལ་ཧ་ལའི་དུག་ནི་ཟོས་པ་ན། །ལུས་ངག་རྨས་ཤིང་རྨོངས་པ་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདི་ན་བྱིས་པ་རྣམས་ནི་འདོད་པའི་རྒྱུས། །རང་གི་ལུས་ཀྱི་དབྱིབས་ནི་དུག་ཏུ་མི་རིག་གོ །ཇི་ལྟར་སྒྱུ་མ་ཤིན་ཏུ་
བསླབ་པའི་མི་ཞིག་གིས། །རྣམ་པར་འཁྲུལ་པའི་སེམས་ཅན་བརྒྱ་དག་དགའ་བྱེད་ལྟར། །དེ་བཞིན་བྱིས་པ་བདག་ལ་བདེ་བར་འདོད་པ་རྣམས། །འདོད་པ་དགའ་བའི་རྒྱུ་ལས་ངན་འགྲོར་རབ་ཏུ་ལྟུང་། །ཟས་སྐོམ་སྟོན་མོ་བཟང་པོ་ཐ་དད་པ་དག་དང་། །གླུ་བྲོ་སིལ་སྙན་བཟང་པོ་ཐ་དད་པ་དག་གིས། ཁང་པ་མཆོག་ནས་བྱུང་བའི་ཆུང་མ་ལེན་པ་ནི། །གནོད་པ་རྙེད་པ་ཡིན་ཞིང་སྡུག་བསྔལ་གསོག་པ་ཡིན། །འདོད་པའི་དགའ་ལ་བརྐམ་པ་དག་ནི་གནོད་ཡིན་ཏེ། །མི་གཙང་མཚོན་འདྲ་རྨོངས་གྱུར་དག་ལ་བསྔགས་པ་བརྗོད། །འདོད་པ་དམན་པ་དག་ལ་བསྔགས་ཤིང་བསྟན་ནས་ནི། །དམན་པ་དེ་དག་ངན་འགྲོར་རབ་ཏུ་ལྟུང་བར་འགྱུར། །གནོད་པ་འདོད་པ་དག་གིས་ཡུལ་རྣམས་རབ་བསྔགས་ཤིང་། །འདོད་པ་གནོད་པ་ཡིན་ལ་དགའ་བའི་བྱིས་པ་རྣམས། །དེ་དག་དོན་མེད་འཚོ་བ་རྣམ་པར་སྤངས་ནས་ནི། །མི་བཟད་གཡང་ས་ཆེན་པོར་རབ་ཏུ་ལྟུང་བར་འགྱུར། །ང་རྒྱལ་རྨོངས་པས་བཅོམ་པའི་སྐྱེ་དགུ་འདི་དག་ནི། །རྒྱ་མཚོའི་ཕ་རོལ་མ་མཐོང་བ་ཡི་བྱ་བཞིན་དུ། །ལྕགས་ཀྱི་མེ་ལྕེ་ལྔ་པོ་དག་ལ་ཆགས་གྱུར་ནས། །བྱིས་པ་
རྣམས་ནི་རབ་ཏུ་འབར་ཞིང་འཁྲབ་པར་འགྱུར། །འདི་ན་བྱིས་པ་མྱོས་ཤིང་ཤིན་ཏུ་རྨོངས་པ་རྣམས། །ཤིན་ཏུ་མི་མཐོང་སྣོད་མཆོག་ཡིན་པར་སེམས་པ་ལྟར། །ལམ་ལ་རྣམ་པར་རྨོངས་རྣམས་འདོད་པའི་ཆེད་ཀྱི་ཕྱིར། །རྟག་ཏུ་འདིར་གནས་འདི་ནི་གྱ་ནོམ་ཡིན་ཞེས་འཛེར། །གང་ཕྱིར་རྣམ་པ་སྣ་ཚོགས་ལས་དག་མི་ཤེས་པས། །འགྲོ་བ་ཐམས་ཅད་རབ་ཉམས་རྒུད་པ་ཡོད་མིན་པས། །ཕ་དང་མ་དང་བུ་དང་བུ་མོ་དག་ལ་ནི། །དོན་གྱིས་མཆོད་པ་མི་བྱེད་གནོད་པ་ཐོས་མ་ཡིན། །དེ་དག་རྟག་ཏུ་བུད་མེད་འདྲིས་པས་བརྗོད་བྱེད་ཅིང་། །དེ་འདྲའི་ལས་ཀྱི་ཚུལ་ལ་རབ་ཏུ་འཇུག་པར་བྱེད། །དེ་དག་གཏི་མུག་དྲ་བ་སྡིག་པ་རབ་གསོག་ཅིང་། །ངན་འགྲོར་འགྲོ་བར་འགྱུར་བའི་ལམ་ཡང་གསོག་པར་བྱེད། །མི་རྣམས་དེ་དག་དེར་ཆགས་བདེ་བར་འདུ་ཤེས་ཤིང་། །ཕ་དང་མ་ཡང་ཡོངས་སུ་རབ་ཏུ་སྤོང་བར་བྱེད། །དེ་དག་མཆོད་འོས་རྣམས་ལ་མཆོད་པར་མི་བྱེད་ཅིང་། །སྨད་པར་འོས་པའི་འདོད་པ་དག་ནི་ཚོལ་བར་བྱེད། །ཕན་ཚུན་གདུང་བར་འགྱུར་བ་ལ་ནི་གཞོལ་བྱེད་ཅིང་། །རྣམ་རྟོག་མུ་ཡིས་ངེས་
བཅོམ་མི་རྣམས་ཉོན་མོངས་པ། །བཀུར་སྟི་ཡོངས་སུ་ཚོལ་ལ་དགའ་ཞིང་མ་འཕགས་རྣམས། །ཆོས་མ་ཡིན་པར་འཇིག་རྟེན་རབ་ཏུ་འཛུད་པར་བྱེད། །གཞི་དེ་ལས་ནི་མཚོན་ཆ་དག་དང་ལྕགས་རྣམས་དང་། །དེ་བཞིན་འཆིང་བ་དང་ནི་འཐབ་ཅིང་རྩོད་པ་དང་། །ངེས་པར་འཆི་བའི་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། །ཤི་འཕོས་ནས་ནི་མནར་མེད་འཇིགས་སུ་རུང་བར་འགྲོ། །ཚེ་འདི་ཉིད་ལ་དེ་བཞིན་སྡུག་བསྔལ་འབྱུང་འགྱུར་ཞིང་། །ནོར་ཉམས་སྙིང་དུ་སྡུག་པ་རབ་ཏུ་འཇིགས་འགྱུར་ལ། །མཐོ་རིས་ཉམས་ཤིང་དམྱལ་བར་རབ་ཏུ་ལྟུང་བས་ན། །མཁས་པ་སུ་ཞིག་འདོད་པའི་འདུ་ཤེས་བསྐྱེད་པར་བྱེད། །ལྕགས་ལས་གྲུབ་པའི་ནགས་ཚལ་སྔོན་པོའི་ཁྲོད་དག་ཏུ། །མཁས་པས་བདག་ཉིད་འཕྲང་དུ་བོར་བ་དེ་སླ་ཞིང་། །མཛངས་པ་སྤུ་གྲིའི་སོ་ཡིས་བཅད་པ་བྱས་སླ་ལ། །རལ་གྲི་དག་གི་ཁྲོད་དུ་མལ་ཡང་བཅས་སླ་ཞིང་། །རབ་ཏུ་མེ་འབར་ཐུ་ལུམ་བཟུང་བ་དེ་སླ་ལ། །དེ་བཞིན་ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་སླ་ཞིང་། །མེ་དོང་འཇིགས་སུ་རུང་བ་རྣམས་ལ་རེག་སླ་ཡི། །ལག་པ་གཉིས་ནི་ནམ་ཡང་བུད་མེད་རེག་མི་
བྱ། །མིས་ནི་ཇི་ལྟ་ཇི་ལྟར་འདོད་པ་རྣམས་བསྟེན་པ། །དེ་ལྟ་དེ་ལྟར་བདེ་བ་ཐམས་ཅད་རྣམས་སྤང་ཞིང་། །འདི་ལྟར་འདོད་རྣམས་གཅིག་ཏུ་སྡུག་བསྔལ་མི་གཙང་བའི། །འདོད་པ་སྡུག་བསྔལ་བ་དག་རབ་ཏུ་རྣམ་པར་སྤོངས། །འདོད་པ་སྡུག་བསྔལ་ཀུན་གྱི་གཞི་རུ་གྱུར་པ་དང་། །གང་ཕྱིར་ནོར་ནི་ཆུད་ཟར་འགྱུར་བར་བྱེད་པ་དང་། །ཡིད་འོང་སྐྱེ་བོ་རྣམས་ཀྱིས་ཉམས་པའི་རྩ་བ་ལས། །བུད་མེད་ངེས་པར་བསྟེན་པ་གནོད་པ་ཐོབ་པ་ཡིན། །སྐྱེས་པ་གང་གིས་དེ་འདྲའི་ཆོས་ཚུལ་རིག་ནས་ནི། །བུད་མེད་རྣམས་ལ་རྟག་ཏུ་བག་མེད་མི་འགྱུར་བ། །དེས་ནི་རྟག་ཏུ་མཐོ་རིས་ལམ་ཡང་མ་སྤངས་ཤིང་། །དེས་ནི་བྱང་ཆུབ་དམ་པ་རྙེད་པར་དཀའ་མ་ཡིན། །རྒྱལ་པོ་ཆེན་པོ་མི་ཡི་ཕ་མ་དག་ནི་དཀའ་བ་བྱེད་པ་ཡིན་ཏེ། ཟླ་བ་དགུ་འམ། ཟླ་བ་བཅུར་མངལ་ནས་བཟུང་སྟེ། ཤིན་ཏུ་སྡུག་བསྔལ་བར་སོང་ཞིང་། གཅིན་དང་ཕྱི་ས་ཡང་འཕྱི་བར་བྱེད། པང་དུ་བླངས་ནས་ནུ་ཞོ་ལྡུད་པར་བྱེད། ཕུང་པོ་རྣམས་སྐྱེད་པར་བྱེད། མས་བུ་རྣམས་གསོ་བར་བྱེད། འཇིག་རྟེན་སྟོན་པར་བྱེད། འཛམ་བུའི་གླིང་སྣ་ཚོགས་
སྟོན་པར་བྱེད། དོན་དུ་འདོད་པ་ཕན་པར་འདོད། །གྲུབ་པ་དང་། བདེ་བར་འདོད། འཇིག་རྟེན་ལ་ཕན་པར་འདོད་པ་སྟེ། སྦྱིན་པའི་གནས་ཡིན་ལ། བུ་ལ་ཕན་པ་དང་བདེ་བར་འདོད་པས། དེ་དག་གིས་རང་ནོར་གྱི་ཚོགས་ཀྱིས་གཞན་གྱི་ཁྱིམ་ནས། གཞན་གྱི་བུ་མོ་བླངས་པ་དང་། དེ་དེ་ལ་ཆགས་ཤིང་མྱོས་ལ་འཆུམས་ཤིང་བརྒྱལ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ཅིང་འདུག་པར་གྱུར་ནས། གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་དེ་ལ་ཆགས་ཤིང་མྱོས་པས། སྦྱིན་པའི་གནས་ཕ་མ་རྒས་ཁོགས་གཏུགས་ལ་ལུས་ཉམས་ཆུང་ཞིང་། མིག་གིས་མི་མཐོང་བ་དག་བརྙས་ཤིང་ལོངས་སྤྱོད་མེད་པ་དང་། ནོར་མེད་པར་བྱས་ནས། རང་གི་ཁྱིམ་ནས་ཕྱུང་སྟེ་སྐྲོད་པར་བྱེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཕ་མས་དཀའ་བ་བྱེད་བྱེད་པ་སྦྱིན་པས་གནས་ལ། རྟག་ཏུ་རྒྱུན་མི་འཆད་པར་ཡང་དག་པའི་བདེ་བས་བསྟི་སྟང་དུ་བྱ། བླ་མར་བྱ། བསྟོད་པར་བྱ། མཆོད་པར་བྱ་བར་རིགས་ན། དེས་དེའི་ཚེ་ཕ་མ་དག་རང་གི་ཁྱིམ་ནས་ཕྱུང་བསྐྲད་ནས། གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་ལ། བཟའ་བ་དང་། བཏུང་
བ་དང་། གོས་རྣམས་ཀྱིས་བསྙེན་བཀུར་བྱེད་ཅིང་། བསྟི་སྟང་དུ་བྱེད། གཅེས་སུ་བྱེད། རིམ་གྲོ་བྱེད་ལ། མཆོད་པར་བྱེད་ཅིང་། ཡང་དག་པའི་བདེ་བས་བསྙེན་བཀུར་བྱེད་ཀྱི། ཕ་མ་ལ་ནི་མི་བྱེད་པས། སྙིང་བརྩེ་བ་མེད་པ་དང་། མི་བལྟ་བ་དང་། ངན་པའི་སེམས་དང་ལྡན་པ་ལ་ལྟོས། རྒྱལ་པོ་ཆེན་པོ་དེས་བདེ་འགྲོར་འགྲོ་བའི་ཆོས་གང་ཡིན་པ་དེ་ནི་སྤང་ལ། ངན་འགྲོར་འགྲོ་བའི་ཆོས་གང་ཡིན་པ་དེ་ནི་ཡང་དག་པར་བླངས་ཏེ། འདུག་པའི་མི་དེ་བདག་གིས་ཐོས། རྒྱལ་པོ་ཆེན་པོ་བུད་མེད་ཀྱི་དབང་དུ་སོང་ནས། འདོད་པ་རྣམས་ལ་བརྟེན་ཅིང་། ཕ་མ་ལ་བརྙས་པ་དང་། ངན་འགྲོར་འགྲོ་བར་འཇུག་པ་དེ་ནི། སྐྱེས་པའི་སྐྱེས་བུའི་སྐྱོན་གཉིས་པ་ཡིན་ཏེ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་རྟག་ཏུ་བདེ་ཞིང་ཡིད་ཀྱང་བདེ་འགྱུར་ལ། །འདི་ལ་ལྷ་དང་བཅས་པ་དང་ནི་དབང་པོ་དང་། །དེ་བཞིན་འདི་ལ་ཚངས་པར་བཅས་པའི་རིགས་སུ་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་
ནི། །དེ་དག་སོང་ནས་ཕྱིར་འོང་བ་ཡང་འགྲུབ་འགྱུར་ཞེས། །རྒྱ་མཚོ་ཆེན་པོ་ནས་ཀྱང་བདེ་ཞིང་ལེགས་འོང་སྟེ། །དེ་ལྟར་བྱེད་པ་དག་ནི་རབ་མཆོག་རྙེད་པ་ཡིན། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ཡི། །ཚོང་དཔོན་དེ་དག་ཡོན་ཏན་ཀུན་གྱི་གཙོར་འགྱུར་ཞིང་། །དེ་བཞིན་ཞིང་ལས་འབྲས་བུ་ཕུན་སུམ་ཚོགས་འབྱུང་སྟེ། །བསོད་ནམས་བགྲངས་པའི་དོན་དུ་བརྗོད་པར་མི་ནུས་སོ། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཁུར་རྣམས་ཁྱེར་བའི་རྔ་མོང་རྣམས་དང་ཡང་། །ཡང་ན་གླང་དང་བོང་བུར་རྟག་ཏུ་མི་འགྱུར་ཏེ། །མི་རྣམས་དེ་དག་སྤུ་གྲིའི་སོ་ལ་རྫི་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ཆུ་བོ་རབ་མེད་དང་ནི་མེ་མུར་དང་། །སྤུ་གྲི་སོ་དང་ལྡན་པ་དག་ལ་མི་བརྒལ་ཏེ། །དེ་དག་ཟངས་ཁུ་སྐོལ་བ་འཐུང་བར་ཡོངས་མི་འགྱུར། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་ནོར་དང་འབྲུ་ནི་མི་ཉུང་མང་བ་དང་། །ཆུང་མ་བུ་དང་བུ་མོ་དམ་པ་དག་དང་ཡང་། །བཻཌཱུརྻ་དང་རིན་ཆེན་ས་ལེ་སྦྲམ་ཡང་རྙེད། །གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི། །དེ་དག་རབ་འཕྲུལ་
ལྷ་ཡི་ཕོ་བྲང་དག་དང་ནི། །རྩུབ་འགྱུར་དང་ནི་འདྲེས་པའི་ཚལ་ཡང་མཐོང་འགྱུར་ཏེ། །ལྷ་རྣམས་དུ་མས་རྟག་ཏུ་མདུན་དུ་བདར་བར་འགྱུར། །མི་ཡི་གཙོ་བོར་གྱུར་ཅིང་ལྷ་ཡི་ལྷར་གྱུར་པ། །ཐུབ་པ་ཆེན་པོ་འདི་འདྲའི་གསུང་ནི་ཐོབ་གྱུར་ན། །རྒས་ཤིང་དབང་པོ་ཤིན་ཏུ་ཉམ་ཆུང་གྱུར་པ་ཡི། །ཕ་མ་སྦྱིན་གནས་དམ་པ་སུ་ཞིག་གསོ་མི་བྱེད། །རྒྱལ་པོ་ཆེན་པོ་གཞན་ཡང་སྐྱེས་བུ་དམ་པ་མ་ཡིན་ན། སྐྱེས་བུ་དམ་པ་མ་ཡིན་པའི་ལས་བྱེད་ཅིང་། ལོག་པར་ལྟ་བ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་ནི་དགེ་བ་དང་མི་དགེ་བ་གང་ཡིན་ཞེས་བདག་གི་དོན་མི་ཤེས་ཤིང་མི་བརྟན་པ་ཡིན་པས། སྐྱེ་བོ་མང་པོ་རྣམས་མི་དགའ་ཞིང་། བྱིས་པའི་སྐྱེ་བོས་བསྔགས་པ་ལ་མངོན་པར་དགའ་བ་དང་། འདོད་ཆགས་དང་ཞེ་སྡང་གིས་རྨོངས་པར་གྱུར་པ་དང་། སྐྱེས་བུ་མཛངས་པ་དག་གིས་སྨད་པ་དང་། ཁྲོ་བས་ཟིལ་གྱིས་ནོན་ཅིང་། སྡིག་པའི་ལས་བྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། ལོངས་སྤྱོད་ཀྱི་རྒྱགས་པས་མྱོས་པ་དང་། སེར་སྣ་ཅན་དུ་གྱུར་པ་དང་། གཞན་ལ་
གནོད་པར་མངོན་པར་དགའ་ཞིང་། ཆོས་མ་གོམས་པས་མི་དགའ་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་དམ་པ་མ་ཡིན་པ། སྐྱེས་བུ་དམ་པ་མ་ཡིན་པའི་ལས་ལ་དགའ་ཞིང་། སྐྱེས་བུ་དམ་པའི་ལས་ལ་མི་དགའ་བ་དེ་དག་ལ་ལྟོས། རྒྱལ་པོ་ཆེན་པོ་འདོད་པ་རྣམས་བསྟེན་ཅིང་ངན་འགྲོར་འགྲོ་བར་འཇུག་པ་དེ་ནི། སྐྱེས་པའི་སྐྱེས་བུའི་སྐྱོན་གསུམ་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་པ་རྣམས་ཀྱི་གཞིས་ནི་སྐྱེས་བུ་རྣམས་ཉམས་ཤིང་། །གཞི་དེ་ལས་ནི་སྡིག་པ་དག་ཀྱང་རབ་ཏུ་བྱེད། །ལོག་པར་ལྟ་བས་རྨོངས་ན་འདིར་ནི་འཁྱམས་འགྱུར་ཞིང་། །དེ་ནི་རྣམ་པར་འཁྲུལ་པས་ངན་འགྲོར་འགྲོ་བར་འགྱུར། །ལོག་དང་ལྡན་པས་ཡོན་ཏན་ཀུན་གྱིས་རྣམ་སྤང་ཞིང་། །དེ་ནི་རྟོག་པ་མེད་ཅིང་བློ་ནི་ནོར་བ་ཡིན། །གང་དག་ཆུ་ཀླུང་དག་ཏུ་ཨུཏྤལ་རྩ་འཚོལ་ལྟར། །ལོག་པར་ལྟ་བས་ཡོངས་སུ་འཁོར་བར་བྱེད་པ་ཡིན། །བདེ་བའི་དོན་དུ་བདག་ཉིད་ཡོངས་སུ་སྐྱོང་བྱེད་ཅིང་། །ཆོས་མ་ཡིན་ལ་ཆགས་པའི་མི་རྣམས་མང་པོ་དག །དེ་བཞིན་བདེ་བའི་རྒྱུ་ཕྱིར་འདོད་པ་རྣམས་འཚོལ་
བ། །དེ་དག་གཏི་མུག་རྨོངས་པས་སེམས་ཅན་དམྱལ་བར་འགྲོ། །གང་དག་འདོད་པ་རྣམས་ཀྱི་དོན་དུ་རྟག་ཏུ་ནི། །དེ་བཞིན་སེམས་ལ་བཅག་པའི་སྐྱེས་བུ་ཐ་མ་དང་། །འདོད་པའི་བདག་ཉིད་ཅན་དང་སྐྱེ་བོ་སྡིག་ཅན་དང་། །འདུ་ཤེས་ལོག་པ་དག་ལ་བདེ་བ་ག་ལ་ཡོད། །མི་རྣམས་དེ་དག་བྱས་པ་མི་གཟོ་སྡིག་བཅས་ཤིང་། །དད་པ་རྣམས་ཉམས་ཚུལ་འཆོས་གུས་པ་མེད་པ་དང་། །འཕགས་པའི་ཚོགས་ཀྱིས་རྟག་ཏུ་རྣམ་པར་སྤང་བས་ན། །དམྱལ་བར་བཟོད་བརླག་ཤིན་ཏུ་འཇིགས་སུ་རུང་བ་དང་། །གཟུགས་དང་སྒྲ་དང་རོ་ལ་ཆགས་པའི་མི་རྣམས་ནི། །བྱང་ཆུབ་སེམས་དཔའ་རྣམས་དང་མཁས་པ་མི་མཆོད་ཅིང་། །ལོག་པར་ལྟ་བས་ཆོས་ཀྱང་ཉན་པར་མི་བྱེད་ལ། །ལན་འགའ་འང་དགེ་འདུན་ལེགས་པར་མཆོད་པར་མི་བྱེད་པས། །འཕགས་པ་རྣམས་ཀྱིས་རྣམ་སྤང་ངན་སོང་ལྟུང་བས་ན། །དེ་ཕྱིར་མི་ཡི་སྲིད་པ་འདི་ནི་རྙེད་པ་ན། །སྦྱིན་དུལ་ཡང་དག་སྒོམ་ལ་ངེས་པར་སྟེན་ཅིག་དང་། །དེ་ལས་བྱང་ཆུབ་དམ་པ་མཆོག་ཀྱང་འཐོབ་པར་འགྱུར། །རྒྱལ་པོ་ཆེན་པོ་སྐྱེས་བུ་ནི་བཟོའི་གནས་སྣ་ཚོགས་
དང་། ལས་ཀྱི་མཐའ་སྣ་ཚོགས་དག་གིས་འཚོ་བར་བྱེད་དེ་རྒྱལ་པོ་ཆེན་པོ་འདི་ལྟར་ཡི་གེ་འམ། རྩིས་སམ། གྲངས་སམ། ལག་རྩིས་སམ། མཚོན་ཆ་འམ། རྒྱལ་པོ་ཆེན་པོ་ཞོ་ཤས་འཚོ་བ་འམ། ཞིང་ལས་སམ། ཚོང་བྱེད་པ་འམ། བ་ལང་འཚོ་བ་འམ། དེ་ལྟ་བུའི་བཟོའི་གནས་སྣ་ཚོགས་དང་། ལས་ཀྱི་གནས་སྣ་ཚོགས་དག་གིས་འཚོ་བར་བྱེད་ཅིང་། འདི་ལྟ་སྟེ། ནོར་གྱི་ཕྱིར་ལམ་མ་ཡིན་པར་ཡང་འགྲོ་བར་བྱེད། ལམ་ངན་པར་ཡང་འགྲོ་བར་བྱེད། གཅོང་རོང་དུ་ཆུ་ར་ཅན་གྱི་ལམ་དུ་ཡང་འགྲོ་བར་བྱེད། མཚོན་ཆའི་ལམ་དུ་ཡང་འགྲོ་བར་བྱེད། རྒྱ་མཚོར་འཇིགས་པར་ཡང་འཇུག་པར་བྱེད་ཅིང་། གྲང་བའི་དུས་ན་ཡང་ལྷགས་པས་གནོད་པར་བྱེད། དྲོ་བའི་དུས་ན་ཡང་ཚ་བས་གནོད་པར་བྱེད། བཀྲེས་པ་དང་སྐོམ་པ་དག་གིས་གནོད་བཞིན་དུ་འགྲོ་བ་ལ་ཡང་སྤྲོ་བར་བྱེད། ལོངས་སྤྱོད་ཡོངས་སུ་ཚོལ་བ་ལ། དེ་ལྟ་བུའི་སྡུག་བསྔལ་དག་གིས་ལོངས་སྤྱོད་ཡོངས་སུ་བཙལ་ནས་ཀྱང་། རང་གི་འཚོ་བ་དག་གི་ཕྱིར་ཉེ་བར་སྒྲུབ་པར་བྱེད་པས། དགེ་སྦྱོང་དང་བྲམ་ཟེ་དག་དང་། བཀྲེས་པ་དང་། སྡུག་ཕོངས་
དང་། སློང་མོ་བ་དག་ལ་སྦྱིན་པ་བྱིན་པར་མི་བཟོད་ཅིང་། བུད་མེད་རྣམས་ཀྱིས་དབང་དུ་བྱས་པ་དང་། བུད་མེད་རྣམས་ཀྱི་ཐུལ་འོག་ཏུ་ཆུད་པ་དང་། བུད་མེད་རྣམས་ཀྱིས་བཀོལ་བ་དང་། བུད་མེད་རྣམས་ལ་བྱམས་པ་དེ་ཉིད་ཀྱིས། བུད་མེད་དེ་དག་ཉིད་གསོ་བའི་ཕྱིར་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་ཡང་དག་པ་ལེན་པར་མི་ནུས་ཤིང་། ད་དེ་ལ་ཆགས་ལ་བུད་མེད་ཀྱིས་སྤྱོད་པ་བཟོད་པར་བྱེད་ཅིང་། བུད་མེད་ཀྱིས་བསྡིགས་པ་དང་། བལྟས་པ་དང་། བརྒྱབ་པ་དག་ཀྱང་བཟོད་པར་བྱེད་དེ། དེ་སྐྱེས་པར་གྱུར་ཀྱང་། བུད་མེད་ཀྱིས་བསྡིགས་པ་དང་དུ་ལེན་ཅིང་། མི་དགའ་བ་མེད་པར་དེའི་ངོར་བལྟ་བར་བྱེད་པ་ནི། འདོད་པའི་གཞིས་བུད་མེད་ཀྱི་དབང་དུ་སོང་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་བུད་མེད་ལ་བསྟེན་ཅིང་། ངན་འགྲོར་འགྲོ་བར་འཇུག་པ་དེས་ན། སྐྱེས་པ་བུད་མེད་ལ་བརྐམ་ཞིང་ངན་སྐྱུགས་ཀྱི་སྒོ་ལ་འདུ་བ་དང་། མི་གཙང་བ་ལ་དགའ་བ་དང་། ཤེས་བཞིན་མེད་པར་སྤྱོད་པའི་སྐྱེས་པའི་སྐྱེས་བུའི་སྐྱོན་བཞི་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་སྐྱོན་དེ་དག་དང་ལྡན་པའི་སྐྱེས་པ་ནི།
འདོད་པ་རྣམས་ཀྱི་དབང་དུ་འགྲོ་བ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་པ་རྣམས་ནི་འཚོལ་བ་ན། །རབ་ཏུ་མྱོས་པ་ག་ལ་བདེ། །འདོད་པ་དམན་པ་རྣམས་བསྟེན་པ། །དེ་ནི་གང་གིས་བདེ་བར་འགྱུར། །སྐྱེས་བུ་དམ་པ་མ་ཡིན་པའི། །ལས་རྣམས་བྱེད་ཅིང་མི་སྔོན་ལ། །འདོད་པའི་འདོད་ཆགས་ཚོལ་བྱེད་པ། །དེ་དག་རབ་ཉམས་ཆུད་ཀྱང་ཟ། །མི་རྣམས་གང་དག་མི་མཁས་པ། །རྔ་མོ་བོང་བུའི་ཆོས་སྤྱོད་ཅིང་། །བུད་མེད་མཐོང་ནས་རབ་སྙེགས་པ། །ངན་སྐྱུགས་གནས་ལ་ཕག་རྣམས་བཞིན། །གང་ལ་བྱམས་པ་གུས་བཅས་པའི། །འདོད་རྣམས་དྲི་ང་མི་གཙང་ཡང་། །འདོད་པའི་སྐྱོན་རྣམས་མི་མཐོང་བ། །ས་ཡི་སྟེང་ན་དམུས་ལོང་བཞིན། །གཟུགས་ཀྱི་འཆིང་བས་བཅིངས་པ་རྣམས། །འདོད་པའི་འདུ་ཤེས་རབ་ཏུ་འཇུག །བྱིས་པའི་འདོད་རྣམས་བསྟེན་པ་དག །ཁྱི་དང་ཝ་རྣམས་ཇི་བཞིན་ནོ། །སྒྲ་དྲི་རོ་དང་རེག་རྣམས་ཀྱིས། །གང་ལ་སོ་སོའི་སྐྱེ་བོ་རྣམས། །བྱིས་པ་འཁོར་བར་ཡོངས་འཁོར་བ། །སྤྲེའུ་ཕུར་ལ་བཏགས་པ་བཞིན། །བྱིས་པ་མ་རིག་
ཁེབས་པ་རྣམས། །མུན་པའི་ཕུང་པོས་བསྒྲིབས་གྱུར་ཅིང་། །བུད་མེད་རྣམས་ལ་ཆགས་པ་ནི། །མི་གཙང་གནས་ལ་ཁྭ་བཞིན་ནོ། །གང་གིས་ངན་འགྲོར་རབ་འཇུག་པ། །དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན། །རོ་མྱང་འདུ་ཤེས་ཆགས་གྱུར་པ། །ངན་སྐྱུགས་གནས་ལ་སྲིན་བུ་བཞིན། །གསོད་པའི་གཤེད་མ་རྣམས་ཀྱིས་ནི། །ཇི་ལྟར་མི་ཞིག་བོར་བ་ལྟར། །ཤེས་ན་ཐར་པ་འཐོབ་འགྱུར་ཞིང་། །བུད་མེད་དབང་དུ་འགྲོ་མི་འགྱུར། །འདོད་པ་བུད་མེད་བལྟ་བྱེད་པའི། །ཀུན་ཏུ་སྦྱོར་ལ་འཇིགས་པ་སྐྱེ། །བྱིས་པ་མཚན་མར་འཛིན་པ་རྣམས། །འདོད་པའི་སྲེད་པ་རབ་ཏུ་འཕེལ། །སོས་ཀའི་དུས་ན་མི་ཞིག་ནི། །དགོན་པ་ཆེན་པོར་སོང་གྱུར་ནས། །བྱིས་པས་ལན་ཚྭ་འཐུང་བ་བཞིན། །སྐོམ་པ་འཕེལ་ཞིང་རབ་སྐྱོ་ལྟར། །དེ་བཞིན་བདེན་པ་མ་མཐོང་བའི། །བྱིས་པ་རྨོངས་པའི་འཚོ་བ་རྣམས། །འདི་ན་ཕྱིར་ཞིང་བུད་མེད་ལ། །འདོད་པའི་སྲེད་པ་བརྟན་པར་འགྱུར། །ཇི་ལྟར་མི་ལུས་མཛེ་ཅན་ལ། །སྲོག་ཆགས་རྣམས་ནི་ཟ་བ་ལྟར། །འདོད་བརྐམ་སོ་སོའི་སྐྱེ་བོ་རྣམས། །དེ་བཞིན་བུད་མེད་རྣམས་
ཀྱིས་ཟོས། །མི་གཙང་བུམ་པ་ཁྲ་བོ་བཞིན། ཁ་དོག་ལྡན་པར་སྣང་མོད་ཀྱི། །ནང་ན་ཧ་ལ་ཧ་ལའི་དུག །དྲག་པོ་ཆེན་པོ་ཡོད་པ་ལྟར། །དེ་ཕྱིར་བུད་མེད་བརྒྱན་པ་དག །གང་དང་གང་ན་སྣང་བ་ཡང་། །གཅིན་དང་ཕྱི་སས་གང་བ་ཡིན། །རྐྱལ་བ་རླུང་གིས་བཀང་བ་བཞིན། །འབྲུ་མར་གྱིས་ནི་བདར་བའི་མཚོན། །གོས་ཀྱིས་དཀྲིས་པ་ཇི་བཞིན་དུ། །དེ་བཞིན་བུད་མེད་བརྒྱན་པ་ཡང་། །རལ་གྲི་ཀླུང་པ་གཡོགས་པ་བཞིན། །ཇི་ལྟར་མེ་དོང་གང་གྱུར་ལ། །དུ་བ་མེད་ཅིང་འབར་ལྡན་ལྟར། །བུད་མེད་དེ་བཞིན་མེ་འདྲ་ཞིང་། །སྲིན་བུ་གཏུམ་པོ་བཞིན་དུ་གཡོ། །ཞེས་དང་། འདོད་པ་དམན་པ་རྣམས་བསྟེན་ཅིང་། །དམན་པའི་ཆོས་རྣམས་བསྟེན་ནས་ནི། །ཉེས་པའི་ལས་རྣམས་བྱེད་པ་དག །དེ་ཡིས་ངན་འགྲོར་འགྲོ་བར་འགྱུར། །ཤེས་རབ་འཆལ་བ་མནར་མེད་པར། །སོང་ནས་སྡུག་བསྔལ་ཚོར་བ་མྱོང་། །སངས་རྒྱས་རྣམས་ཀྱིས་བུད་མེད་དག །ཕྱི་སའི་དྲི་ལྟར་མནམ་པར་བསྒྲགས། །དེ་ཕྱིར་དམན་པ་རྣམས་དང་ནི། །དམན་པའི་བུད་མེད་རྣམས་བསྟེན་པ། །བྱིས་པ་དེ་ནི་ཕྱི་ས་ཡི། །རྐྱལ་བ་བཟུང་ནས་གནས་པ་ཡིན། །
ཅི་འདྲའི་ལས་ནི་བྱེད་པ་ལྟར། །དེ་འདྲའི་འབྲས་བུ་ཐོབ་འགྱུར་ཏེ། །རྒྱལ་པོ་ཡི་ནི་ཆད་པ་དང་། །སྡུག་བསྔལ་བཅིངས་པའང་མྱོང་བར་འགྱུར། །བུད་མེད་གཞི་ལས་སྐྱེས་པ་ཡང་། །གསད་དང་བཅིང་པ་མྱོང་འགྱུར་ཞིང་། །དམྱལ་སྲུང་རྣམས་ཀྱིས་བསྲེག་པ་དང་། །ངེས་པར་འཆིའང་མྱོང་བར་འགྱུར། །བུད་མེད་རྣམས་ལ་བརྐམ་པ་ཡི། །བློ་ངན་དེ་དག་བདེ་མི་འགྱུར། །གསལ་ཤིང་མཐོན་པོ་རྣམས་སུ་ནི། །བཙུགས་ཤིང་ཆུར་ཡང་བཅུག་པར་འགྱུར། །ས་ཡི་སེར་ཁར་བཅུག་ནས་ནི། །དེ་བཞིན་རལ་གྲིས་གདབ་པར་འགྱུར། །དེ་འདྲ་བ་དག་ཐོས་ནས་ནི། །དེ་དག་ཡིད་ཆད་བདེ་མི་འགྱུར། །རྨོངས་པ་བུད་མེད་ལྷན་ཅིག་ཏུ། །ཡང་དང་ཡང་དུ་འདུ་འཛི་བྱེད། །སྡུག་བསྔལ་འདོད་པ་རྣམས་བསྟེན་ཅིང་། །དམན་པ་རྣམས་ཀྱང་སྨྲ་བར་བྱེད། །རྨོངས་པ་རྣམས་ཀྱིས་ཆོས་ཐོབ་ནས། །དགེ་བར་གསུངས་ཤེས་རྗོད་བྱེད་ཀྱང་། །དེ་སེམས་བུད་མེད་ཕྱི་བཞིན་སོང་། །བྱི་བ་ལ་ནི་བྱི་ལ་བཞིན། །རྒྱལ་བས་གསུངས་པ་ཐོས་གྱུར་ནས། །ཡུད་ཙམ་ཞིག་ནི་ཡིད་བྱུང་ཡང་། །ཧ་ལ་ཧ་ལའི་
དུག་འདྲ་བའི། །འདོད་ཆགས་ཀྱིས་ནི་དེ་ཡང་འཁྲུག །ཇི་ལྟར་ཕག་ནི་ཡུད་ཙམ་ཞིག །སྔངས་ཤིང་སྐྲག་པ་བྱུང་གྱུར་ཀྱང་། །དེས་ནི་ཕྱི་ས་མཐོང་བ་ན། །ཆགས་པ་སྐྱེད་པ་བྱེད་པ་ལྟར། །དེ་བཞིན་བྱིས་པ་བདེ་འདོད་རྣམས། །རྒྱལ་བའི་བསྟན་པ་སྤངས་ནས་ནི། །འདོད་པ་དམན་པ་རྣམས་བསྟེན་པས། །དེས་ནི་ངན་འགྲོར་འགྲོ་བར་འགྱུར། །འདོད་པ་རྣམས་ལ་ཆགས་མྱོས་ནས། །ཤིན་ཏུ་སྡིག་པའི་ལས་བྱས་ཤིང་། །ཚུལ་ཁྲིམས་ཅན་དག་བསླུས་བྱས་ནས། །ཕྱིས་ནི་ངན་འགྲོར་འགྲོ་བར་འགྱུར། །ཤེས་རབ་ཅན་གྱིས་དལ་རྙེད་ཅིང་། །དེ་འདྲའི་ཆོས་ནི་ཐོས་གྱུར་ནས། །འདོད་ཀུན་སྤངས་ནས་འདི་ལ་ནི། །མཁས་པ་མངོན་པར་རབ་བྱུང་ཞིག །ཞེས་གསུངས། གཞན་ཡང་སངས་རྒྱས་ཀྱི་ཉན་ཐོས་མ་བཙུན་མོ་སྔོ་སངས་ཅན་གྱིས་ཀྱང་། རྒྱལ་པོ་འཆར་བྱེད་ལ་ཚིགས་སུ་བཅད་དེ་སྨྲས་པ། གང་ཞིག་ལོ་ཏོག་སྨིན་པ་ལ། །སེར་ལྟར་ཡང་དག་ཇི་བཞིན་མཁྱེན། །བུད་མེད་རྣམས་ཀྱིས་གནོད་མེད་པ། །དེ་ཡི་བསྟན་ལ་བདག་དགའ་ལགས། །འཇིག་རྟེན་མགོན་པོ་ཐམས་ཅད་ཀྱིས། །བུད་མེད་རྣམས་ནི་སྨད་པར་གསུངས། །
བུད་མེད་རྣམས་ལ་མི་ལྟ་བ། །འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྔགས། །སངས་རྒྱས་རྣམས་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས། །བུད་མེད་བསྟེན་པར་མི་མཛད་དེ། །དེ་ནི་བྱིས་པའི་སྤྱོད་ཡུལ་ལགས། །བུད་མེད་རྣམས་ལ་བསྟེན་པ་ནི། །ཀུན་ནས་བདུད་ཀྱི་ཞགས་པར་གསུངས། །སྡུག་པ་རྣམས་ལ་ཆགས་པ་ནི། །རྐུ་འཕྲོག་དཀྲུགས་པའི་ཤུལ་དང་འདྲ། །མི་རྣམས་བུད་མེད་ཆགས་པ་དང་། །སྡིག་པའི་ལས་ནི་བགྱིད་པ་དང་། །ཡེ་ཤེས་སྤོང་བར་འཚལ་བ་ཡི། །སེམས་ཅན་རྣམས་ནི་ངན་འགྲོར་འཁྲིད། །མཁས་པ་ཐར་པ་འཚལ་བ་ཡིས། །བུད་མེད་བསྟེན་པར་མི་བགྱི་སྟེ། །ཞུགས་བལྟམས་དུ་བ་མཆིས་པ་ཡི། །དོང་དུ་མཆོངས་བར་མི་དོང་ལགས། །ཡིད་འོང་བཀའ་མཆིད་བགྱིས་པ་དང་། །བལྟས་པས་ཀྱང་ནི་འཆིང་བགྱིད་ཅིང་། །མི་བཟད་དམྱལ་བར་ལྟུང་བས་ན། ཁྱོད་ནི་བུད་མེད་ཚིག་མ་གསན། །ཞེས་སྨྲས་པས། རྒྱལ་པོ་ཡང་སངས་རྒྱས་ལ་དད་དེ། མདུན་དུ་སོང་ནས་ཆོས་ཞུས་པས། སངས་རྒྱས་ཀྱིས་བུད་མེད་བསྟེན་པའི་ཉེས་
དམིགས་སྔར་གྱི་དེ་རྣམས་གསུངས་པས། རྒྱལ་པོ་འཆར་བྱེད་སྣང་བ་འགྱུར་ནས། དགེ་བསྙེན་མཛད་ནས། ཆོས་བཞིན་བྱས་པར་གསུངས། མདོ་དྲན་པ་ཉེར་བཞག་ལས། མི་ཚངས་སྤྱོད་ཀྱི་ཉེས་དམིགས་རྒྱས་པར་གསུངས་པ་རྣམས་མདོར་བསྡུས་ཏེ་བཤད་ན། འདི་ལྟ་སྟེ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ལས་ཀྱི་ཉེར་བསྡོགས་དང་། ལས་ཀྱི་མཇུག་དང་། ལས་མངོན་པར་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས། སེམས་ཅན་དམྱལ་བ་བསྡུས་འཇོམས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན། ཤིང་ལྗོན་པའི་ཁྲོད་དུ་བྱ་རྒོད་ཀྱིས་བཟུང་ནས་རྒྱུ་མ་ཟ་བར་བྱེད་དོ། །ཆུ་བོ་ཕུར་བུས་གང་བར་བཅུག་ནས་གཤིན་རྗེས་རལ་གྲིས་གསོད་པར་བྱེད་དོ། །ཕུར་བུས་འབིག་ཅིང་གཤིན་རྗེ་དག་གིས་བཟུང་ནས། ཕན་ཚུན་དུ་ཁྱེར་ཚེ་ངུ་ཞིང་། ཟངས་དམར་པོ་བསྐོལ་ཞིང་བཞུས་པས་ལུས་བསྲེག །ཕུར་བུས་གང་བའི་ཆུ་བོ་དེར་སྒྲོལ། ནང་ལུས་བསྲེག་ཁ་ཅིག་ནང་དུ་ནུབ། ཁ་ཅིག་ཆུ་འགྲམ་དུ་བྱུང་། ཁ་ཅིག་བྱ་རྒོད་ཀྱིས་ཟའོ། ཁ་ཅིག་ལུས་བཞུའོ། ཁ་ཅིག་ནི་རྡོ་བས་དུམ་
བུ་བརྒྱ་སྟོང་དུ་རློག་གོ །ཁ་ཅིག་ནི་བ་ཚྭས་སྲེག་པ་ན་ཞུའོ། ཁ་ཅིག་ཕྲ་སྐམ་འབར་བས་བཟུང་ནས་མཚོན་གྱིས་གསོད་དོ། ཁ་ཅིག་ནི་ལུས་བརྒྱངས་ནས་གསོད། ཁ་ཅིག་ཁ་བུབ་ཏུ་བཞག་ནས་གསོད། ཁ་ཅིག་བུམ་པའི་ནང་དུ་འཇུག་པར་བྱེད། ཁ་ཅིག་བུམ་པའི་ནང་དུ་བཅུག་ནས་བཙོ། ཁ་ཅིག་བྱ་རྒོད་ཁྭ་དང་ཝ་ཁྱི་དག་གིས་བཟུང་ནས་ཟའོ། །དེ་ནས་རྒྱུག་ཅིང་ངུ་བ་ན་གཤིན་རྗེ་རྣམས་ཀྱིས་གཏུན་ཤིང་འབར་བས་བསྣུན་ཅིང་། ཤིང་དང་། བྲག་གསེབ། སྨན་ལྗོངས། ཕུ་ཆུའི་གསེབ་དང་། རི་གསེབ་ཏུ་བཅུག་ནས་གནོད་པ་སྣ་ཚོགས་བྱེད་དེ། དེ་ཡང་ཤིང་ལྗོན་པ་མཐོ་བའི་ཁར་ཁྲིད་ནས་ས་གཞི་ཕུར་བུ་བཙུགས་པའི་སྟེང་དུ་འབབ་པར་བྱེད་ཅིང་དེར་ཡན་ལག་བརྒྱ་སྟོང་དུ་འགྱུར། ཡང་བཟུང་ནས་ལོ་མ་རལ་གྲིའི་ཚལ་དུ་བཅུག་ནས་འདབ་མ་སྤུ་གྲི་ལྟར་རྣོ་བས་གཙིར། ལས་ཀྱི་དབང་གིས་ཤིང་ལྗོན་སྟེང་ན་བུད་མེད་མཛེས་མས་བོས་པའི་སྣང་བ་ཤར་ནས་ཆགས་པས་ཤིང་དེ་ལ་འཛེགས་པ་ན། ལོ་མ་རལ་གྲི་ལྟ་བུ་དག་གིས་ཤ་རུས་རྐང་བར་དུ་གཤག་པར་བྱེད། ཡང་བུད་མེད་མཛེས་མ་དེས་སྟེང་
ན་གནས་ནས། བལྟ་ཞིང་འཛུམ་ལ་ཁྱོད་ཀྱི་སླད་དུ་མོ་འདིར་མཆིས་ན། ཅིའི་ཕྱིར་བདག་གི་ལུས་དང་མི་མཇལ་བྱས་པས་འདོད་ཆགས་གི་དབང་གིས་ཤིང་ལོ་མ་རལ་གྲི་ལྟ་བུ་དེ་ལས་མར་འབབ། བབས་ཚེ་ལོ་མ་སྤུ་གྲི་ལྟ་བུ་དེ་དག་ཁ་གྱེན་དུ་ལྟ་སྟེ། ཤ་རུས་གཅོད་ཅིང་རྐང་ཀྱང་བྲུས་ཏེ་ཤིན་ཏུ་གནོད་པ་བྱས་སོ་བྱས་ཀྱང་ད་དུང་བུད་མེད་ལ་བལྟའོ། །བལྟས་པ་ན་བྱ་རྒོད་ཀྱི་མཆུ་རྣོན་པོས་དེའི་མིག་འབྱིན་ཅིང་། རྣ་བ་གཅོད་ངུ་བ་ན་འདབ་མ་རྣོན་པོས་ལྕེ་གཅོད་ཅིང་སྣའང་གཅོད་དོ། །དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་གཅོད་དོ། །ས་ལ་བབས་པ་དང་བུད་མེད་དེ་ཤིང་ཁར་འཛེགས་པ་དང་། དེ་མཐོང་ནས་ཤིང་དེར་འཛེགས་ནས་སྔར་ལྟར་སྡུག་བསྔལ་མྱང་ངོ་། །ཡང་རི་བྱ་རྒོད་དང་ཉེ་བ་ཡོད་དེ། རི་དེ་ལ་འཛེག་པ་དང་བྱ་རྒོད་ལྕགས་ཀྱི་མཆུ་ཅན་དག་གིས་ཀླད་པ་བརྟོལ་ཞིང་ཀླད་རྒྱ་བྲུས་མིག་ཀྱང་འབྱིན་མགོ་ཡང་འདོར་བར་བྱེད། ཀླད་རྒྱ་མིག་ཕྱུང་པ་དེ་དག་དམྱལ་བ་མུན་པ་འཐིབས་པའི་ནང་དུ་བརྒྱུགས་པ་དང་། ཡང་བྱ་རྒོད་ལུས་ཆེ་ཞིང་ལྟོ་བའི་ནང་ན་མེ་མདག་ཡོད་པ་འོངས་ཏེ་བཟུང་ནས་ཟའོ། །དེའི་ལྟོ་བའི་ནང་དུ་སོང་བ་དེ་
དག་ལོ་འབུམ་ཕྲག་དུ་མར་བསྲེག་གོ །དེ་ནས་ཡུལ་ཆུ་བོ་མཐའ་ཡས་ཕ་རོལ་ཞེས་བྱ་བ་ཟངས་བསྐོལ་ཅིང་བཞུས་པའི་ཆུ་ཆེན་པོའི་ཕ་རོལ་ན། བཟའ་བཏུང་གནས་མལ་ནགས་ཚལ་ཡོད་པར་མཐོང་ནས་བརྒྱུགས་པས། ཆུ་བོ་རབ་མེད་དེར་ལྷུང་ནས་ཁ་ཅིག་ཞུའོ། ཁ་ཅིག་ཁྭའི་མཆུ་འབར་བས་ཟའོ། ཁ་ཅིག་ཉའི་ཁ་འབར་བས་མིད་དེ་ཡན་ལག་ཉིང་ལག་ཞུ་བ་དེ་དག་ཐམས་ཅད་ཆུ་བོ་དེར་ཞུ་བར་གྱུར་ཏོ། །མིར་སྐྱེས་ན་དེ་ཚེ་ཐུང་ཞིང་དབུལ་ལ་ཆུང་མ་ངན་པ་དང་། དེ་གཞན་གྱི་ཆུང་མ་ལ་རབ་ཏུ་ཆགས་པར་འགྱུར་བ་འམ། དེ་ཆུང་མ་མེད་པར་འགྱུར་ལ་བརྙས་ཤིང་གཞན་གྱིས་བཀོལ་བར་འགྱུར་རོ། །བུད་མེད་འོས་པ་མ་ཡིན་པ་ལ་ཚུལ་བཞིན་མ་ཡིན་པའི་འདོད་པས་ལོག་པར་གཡེམ་པ་བསྟེན་པ་དེ་ནི་སེམས་ཅན་དམྱལ་བ་ཚོར་བ་ཚད་མེད་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་གསལ་ཤིང་འབར་བས་རོ་སྨད་འབིགས་ཤིང་། དེ་ནས་རྒྱབ་མདུན་དབུས་དང་ཡན་ལག་ཉིང་ལག་ཐམས་ཅད་འབིགས་པར་བྱེད་ཅིང་བསྲེག །ལྕགས་ཀྱི་ཕྲ་སྐམ་འབར་བས་རླིག་པ་འབྱིན་ཅིང་བྱ་རྒོད་ཀྱིས་བཟུང་ནས་ཟའོ། །
མིར་སྐྱེས་ན་དེ་མ་ནིང་དུ་འགྱུར་རོ། །བུད་མེད་འོས་པ་མ་ཡིན་པའི་ཁར་བཅུག་ན་དེ་ཤི་ནས་དམྱལ་བ་ཨ་ལ་བུད་ལྟ་བུར་གཅོད་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་གཤིན་རྗེ་རྣམས་ཀྱིས་དེའི་ཁར་ཕུར་བུ་བཅུག་ནས་བརྡུངས་པས་ལྟག་པར་ཕུག་ནས་བསྒུལ་བས་རྣ་བར་འབྱུང་ངོ་། །ལྕགས་སྣོད་དུ་ཟངས་བསྐོལ་བ་ཁར་བླུག་པས་ཁ་རྐན་མིད་པ་ལྟོ་བ་བསྲེག་ནས་སྨད་ནས་འབྱུང་ངོ་། །མིར་སྐྱེས་ན་ལས་དེ་དང་རྒྱུ་མཐུན་པའི་འབྲས་བུ་དེའི་ཁ་ནས་དྲི་རུལ་བ་ལྟ་བུ་འབྱུང་སྟེ། སྲོག་ཆགས་གང་གིས་ཚོར་བ་ཀུན་ཡིད་འབྱུང་བར་འགྱུར་རོ། །བུད་མེད་གཞན་འདོད་ཆགས་མི་འདོད་པ་དེའི་མངལ་མ་ཡིན་པར་མཐུས་བཅུག་ན། དེ་ཤི་ནས་དམྱལ་བ་གནད་གཅོད་ཆེ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ཛ་ར་ཛ་ར་ཉིས་འགྱུར་དུ་བྱས་པ་བསྲེག་པ་རབ་ཏུ་འབར་བ་དེ་དག་གིས་ཁ་འགེངས། ཇི་སྲིད་སྡིག་པའི་ལས་མ་ཟད་བར་དུ་ལོ་འབུམ་ཕྲག་དུ་མར་ངུ་འབོད་བྱེད་དོ། །མིར་སྐྱེས་ན་དེའི་ཆུང་མ་གཞན་དག་ལ་རབ་ཏུ་ཆགས་པར་འགྱུར་བ་བཟློག་པར་མི་ནུས་ཏེ། བྱས་ལ་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་ཚོར་བ་མ་མྱོང་གི་བར་དུ་ཆུད་ཟ་
བར་མི་འགྱུར་རོ། །བྱིས་པ་གཞན་ངུ་བཞིན་དུ་མཐུས་སྦ་བའི་གནས་སུ་བཅུག་པ་ནི་དེ་ཤི་ནས་དམྱལ་བ་འཇིགས་པར་ལྟ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་སྔོན་བུ་གང་ཡིན་པ་དེ་མཐོང་སྟེ། ངའི་བུ་ཡིན་སྙམ་དུ་སྲེད་པ་འབྱུང་ངོ་། །དེ་ནས་བུ་དེ་ལ་གཤིན་རྗེ་རྣམས་ཀྱིས་ཕུར་བུས་འདེབས་ཤིང་། དེར་སྦ་བའི་གནས་སུ་ཕུར་བུ་བཏབས་པ་མཐོང་ནས་སེམས་ལ་སྡུག་བསྔལ་གྱི་གནོད་པ་སྐྱེ་བར་འགྱུར་ཏེ། དེ་ནས་ལུས་ལ་སྡུག་བསྔལ་འདི་དག་འབྱུང་སྟེ། གཤིན་རྗེ་མི་དག་གིས་ཁ་སྦུབ་ཏུ་བཞག་ནས། ལྕགས་སྣོད་དུ་ཟངས་བཞུས་པ་འབར་བ། དེའི་སྦ་བའི་གནས་སུ་བླུག་གོ །བླུགས་ནས་སྦ་བའི་གནས་ལོང་ཀ་སྲེག་གོ །ལོང་ཀ་ནས་རྒྱུ་མ་སྙིང་མཚེར་གློ་བ་ཨོལ་ཀོང་མིད་པ་ལྕེ་རྐན་ཀླད་རྒྱས་བར་བསྲེགས་ནས་འོག་ཏུ་བྱུང་ནས་འགྲོའོ། །མིར་སྐྱེས་ན་ཁུ་ཆུ་ཉམས་པར་འགྱུར་ཞིང་བུ་མེད་པར་འགྱུར་ལ་དེ་མ་ནིང་ཞེས་བྱ་སྟེ་སྐྱེ་བོ་ཀུན་གྱིས་སྨད་པར་འགྱུར་རོ། །རང་གང་ལ་ཆགས་པའི་བུད་མེད་ཡིན་བསམས་ནས་ཕྱུགས་རྨིག་ཟླུམ་པོ་གཅིག་གི་མངལ་དུ་བཅུག་ན། དེ་ཤི་ནས་དམྱལ་བ་
འཁུམས་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་བ་འམ་རྟ་རྒོད་མ་མཐོང་ངོ་། །དེ་ཆགས་པས་བ་འམ་རྟ་རྒོད་མ་དེ་ལ་བསྙེགས་པས་དེ་དག་གི་ཁོང་བའི་ནང་ལྕགས་ཀྱི་མེ་མདག་འབར་བས་གང་སྟེ། དེ་དང་འཕྲད་ནས་ཚུལ་བཞིན་མ་ཡིན་པའི་ལས་བྱེད་པའི་དེའི་ཁོང་བའི་ནང་མེ་མདག་གིས་གང་བ་དེར་འཇུག་པར་འགྱུར་ཏེ། ཁོང་བ་མུན་པ་དེར་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་འཚོད་དེ་ངུ་བར་ཡང་མི་ནུས་སོ། །མིར་སྐྱེས་ན་གང་དུ་རང་གི་ཆུང་མ་ཡིན་ན་གཞན་དག་ལ་འདོད་པའི་ལོག་པར་གཡེམ་པ་རྒྱུ་མཐུན་པའི་འབྲས་བུ་དེས་ཡུལ་དེ་ལྟ་བུར་སྐྱེ་བར་འགྱུར་རོ། །སྐྱེ་བ་གང་ཞིག་སྐྱེ་བ་ལ་འཇུག་པར་བྱེད་ན་དེ་ཤི་ནས་དམྱལ་བ་ཉམ་ང་བ་མང་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་སྐྱེ་བ་དེ་ཉིད་མཐོང་སྟེ་སྐྲ་འབར་ཞིང་ལུས་ཀུན་རབ་ཏུ་འབར་ལ་རྡོ་རྗེ་ལྟར་སྲ་བ་དེས་བཟུང་བ་ན་ཡན་ལག་ཉིང་ལག་ཐམས་ཅད་ལ་གནོད་བྱེད་དོ་ཤི་ཡང་འཚོ་བར་འགྱུར་ཏེ། སྐྱེ་བ་རབ་ཏུ་འབར་བ་དེས་འཇིགས་ཤིང་ཞུམ་པར་བྱེད་དོ། །དེས་ངམ་གྲོག་མཐོང་སྟེ། དེའི་ནང་དུ་ལྷུང་ངོ་། །དེ་ནམ་མཁའ་ལ་གནས་པ་དང་། དེའི་ཁྭ་མཆུ་རབ་ཏུ་འབར་བ་དག་
འོང་ནས་དུམ་བུར་གཅོད་དོ། །དེ་ས་ལ་ལྷུང་བ་དང་ཝ་ཁ་འབར་བ་དག་འོང་ནས་ཟ་བར་བྱེད་དོ། །གལ་ཏེ་དེའི་རུས་པ་དག་ཟད་པར་བཏོགས་ཀྱང་སྐྱེ་བར་འགྱུར་རོ། །སྐྱེས་པ་དང་གཤིན་རྗེ་མི་དག་གིས་ལྕགས་ཀྱི་རྫ་མ་རབ་ཏུ་འབར་བ་དག་གི་ནང་དུ་འཚོད་དོ། །ཇི་སྲིད་སྡིག་པ་མ་ཟད་བར་དུ་ལོ་འབུམ་ཕྲག་དུ་མར་འཚོད་ཅིང་ཟ་ལ་ཕྱེ་མར་བརླག་གོ །མིར་སྐྱེས་ན་དེས་ཆུང་མ་དུ་མ་ཆུད་ཟ་ཞིང་ཆུང་མ་གཅིག་ཀྱང་མི་འགྲུབ་ལ་ཀུན་མི་གཞན་གྱི་དྲུང་དུ་འགྲོ་བར་འགྱུར་རོ། །གཞན་གྱིས་བུད་མེད་ཐོབ་ནས་སྐྱེ་བ་མང་པོ་དག་ལ་བྱིན་ཞིང་བདག་ཉིད་ཀྱང་མངལ་ལམ་མངལ་མ་ཡིན་པར་འཇུག་ན། དེ་ཤི་ནས་དམྱལ་བ་གནོད་པ་མི་བཟད་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་གཤིན་རྗེ་མི་རྣམས་ཀྱིས་རྐང་པ་གྱེན་དུ་ཤིང་ཁར་བཏེགས་ཤིང་དེ་གྱེན་དུ་བཏགས་པ་ལ་མེས་བསྲེགས་ཏེ། ཁ་སོགས་ལུས་ཀུན་སྲེག་ཅིང་དེའི་ཚེ་དེའི་མིག་ཕྱུང་ཞིང་སྐྱེས་པ་དག་སྲེག་གོ །ཉམ་ཐག་ནས་འབོད་ཅིང་ངུ་སྐད་འབྱིན་ལ་ངུ་ཞིང་ཁྲོའོ། །སྐད་འབྱིན་ཚེ་ཁ་ལ་མེ་བཅུག་སྟེ་གློ་འཚེར་ཕོ་བ་ལོང་ཀ་འདོམས་དང་གཞང་སྲེག་ནས་རྐང་
བའི་བར་དུ་བསྲེགས་སོ། །དེ་སྲེག་པ་ན་ཉམ་ཐག་པའི་ཚོར་བ་མྱོང་བར་འགྱུར་བའི་ཁྭ་དེ་དག་འོང་ནས་དེའི་ལུས་ལ་ཟ་བར་བྱེད་དོ། །མིར་སྐྱེས་ན་དེའི་ཆུང་མ་དགའ་ཞིང་ལྟ་ན་སྡུག་པའང་གཞན་གྱིས་འཕྲོག་པ་དང་། ཆུང་མ་དེའི་ཕྱིར་འཇིག་རྟེན་འདི་དང་ཕ་རོལ་ཏུའང་འོ་དོད་འབོད་ཅིང་ངུ་བར་བྱེད་ལ་ཡོངས་སུ་གདུང་བར་བྱེད་པར་འགྱུར་རོ། །བུད་མེད་གཞན་མ་རྙེད་པར་ལུག་མ་མོ་འམ་བོང་མོ་ལ་འཇུག་པར་བྱེད་པ་དེ་དམྱལ་བ་ཨ་ཚ་ཟེར་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ལྕགས་ཀྱི་གྲོག་སྦུར་ཆེན་པོ་དག་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཟ་བར་བྱེད་དོ། །སེམས་ཅན་དམྱལ་བ་དེ་དག་གི་ལྟོ་བའང་མེས་གང་བར་འགྱུར་ཏེ་ཕྱི་ནང་སྲེག་ཅིང་ཟའོ། །དེ་ནས་ཡང་སྐྱེས་ཚེ་སྲིན་བུ་དག་གིས་ཤ་ཟོས་ཁྲག་འཐུང་རྒྱུས་པ་གཅོད་རུས་པ་འཆའ་རྐང་འཇིབ་རྒྱུ་མ་དང་གཉེ་མ་དག་ལ་ཟ་བར་བྱེད་དོ། །དེས་ཟ་བ་ན་འོ་དོད་འབོད་ཅིང་ངུ་ལ་ཆོ་ངེ་འདེབས་ཤིང་སྙིང་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏོ། །མིར་སྐྱེས་ན་དེ་ལ་འགྲན་ཟླ་མང་ཞིང་། རྒྱལ་པོའི་ཕོ་བྲང་འཁོར་དུ་དེའི་འགྲུབ་པ་མེད་པར་འགྱུར། དབུལ་ཞིང་ནོར་རྫས་ཐམས་ཅད་ཉམས་པར་
འགྱུར་ལ་ཚེ་ཐུང་བར་འགྱུར་རོ། །སྲིང་མོ་འམ་གཞན་འོས་པ་མ་ཡིན་པ་དེ་ལྟ་བུ་དག་ལ་སྤྱོད་པར་བྱེད་ན། དེ་ཤི་ནས་དམྱལ་བ་ཀྱེ་ཧུད་ཟེར་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་དེ་ན་ལྕགས་ཀྱི་རི་རབ་ཏུ་འབར་བ་ཁ་སྤུངས་པ་ཞེས་བྱ་བ་གནམ་ལ་ཐུག་པ་ཞིག་ཡོད། དེ་ལ་ལྕགས་ཀྱི་ཤིང་ཆེན་པོ་དང་ལྕགས་ཀྱི་ཁྭ་འབར་བ་དག་གིས་གང་སྟེ། རི་དེ་རབ་ཏུ་འབར་ལ་མེ་ལྕེ་གཅིག་ཏུ་གྱུར་ཅིང་མེ་རྒྱུན་མི་འཆད་དུ་འབར་བ་ལས་དབང་གིས་རི་དེ་པདྨའི་ཚལ་གྱིས་ཁེབས་པ། པདྨའི་འདབ་མ་དེ་དག་འོད་འཕྲོ་བར་མཐོང་ངོ་། །གཤིན་རྗེ་དག་གིས་བརྡེགས་པ་ན་དེར་རྒྱུག་གོ །རི་དེ་ལ་འཛེག་པ་དང་མེས་སྲེག་ཅིང་ཁྭ་རབ་ཏུ་འབར་བའི་མཆུ་རྣོན་པོ་དེས་ལུས་ཀྱི་ཆ་སོ་སོ་ནས་ཟ་བར་བྱེད་དོ། །དེ་ནས་ཡང་སྐྱེ་བར་འགྱུར་ཏེ་སྐྱེས་ནས་སྔར་བཞིན་སྡུག་བསྔལ་ཡུན་རིང་མྱོང་བར་འགྱུར་རོ། །མིར་སྐྱེས་ན་དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་དྲི་རུལ་བ་འབྱུང་ཞིང་། མཛེ་འམ་དེ་ལ་ཤ་བཀྲ་འགྲན་ཟླ་མང་ཞིང་ཕལ་ཆེ་ལ་དབུལ་བ་དང་ཡུལ་ངན་པར་སྐྱེ་བར་འགྱུར་རོ། །དགེ་སློང་མ་ཚུལ་ཁྲིམས་རལ་ཅིང་སྤྱོད་པ་ངན་པ་
ལ་མི་ཚངས་སྤྱད་ན་དེ་ཤི་ནས་དམྱལ་བ་མཆི་མའི་རྒྱུན་མེ་ལྟ་བུར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་རབ་ཏུ་འབར་བའི་མེས་སྲེག་པ་ན་མཆི་མ་གང་བྱུང་བ་དེ་དག་མེའི་མཆི་མར་འབྱུང་སྟེ་དེ་དག་གིས་ལུས་སྲེག་ཅིང་སྡུག་བསྔལ་མྱོང་བར་འགྱུར་རོ། །གཞན་ཡང་མིག་གི་ནང་དུ་སེང་ལྡེང་མདག་མེས་འགེངས་ཤིང་རུས་བརྡུང་སོ་སོར་བྱེད་ལ་ལྕགས་ཀྱི་ཕུར་བུ་དང་གཏུན་ཤིང་དང་མདའ་བོ་ཆེ་རྣམས་ཀྱིས་ལུས་གཅོད་ཅིང་འབིགས་ལ་དུམ་བུར་རླག་གོ །ཕྲ་སྐམ་རབ་ཏུ་འབར་བས་གཞང་གདངས་པའི་ནང་དུ་ཞ་ཉེ་བསྐོལ་བས་བཀང་སྟེ་སྲེག་ལ། ཕྱི་རོལ་མེ་ཤིན་ཏུ་འབར་བས་རབ་ཏུ་བསྲེག་ནས་ཤིན་ཏུ་ཚ་ཞིང་མི་བཟོད་པ་རྣམ་པ་དུ་མ་མྱོང་ངོ་། །མིར་སྐྱེས་ན་དེ་སྐྲན་ཅན་དུ་འགྱུར་ཞིང་སྐམ་པོ་འམ་བྱད་ངན་པ་འམ་སྐྱོ་བ་འམ་ལུས་ཚལ་ཤིང་བསྲེགས་པ་ལྟ་བུར་འགྱུར་རོ། །བུད་མེད་ཀྱི་སྐྱེ་གནས་མ་ཡིན་པ་ཁ་འམ། རྐུབ་ཏུ་ལན་གཅིག་འདོད་པས་ལོག་པར་ཀུན་ཏུ་བསྟེན་ན། དེ་ཤི་ནས་དམྱལ་བ་དབང་པོ་ཐམས་ཅད་ཀུན་འགག་པ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ཁ་མེས་འགེངས་ཤིང་ལྕགས་སྣོད་དུ་ཟངས་དམར་པོ་བཞུས་པ་
བླུགས་ནས་བརྫངས་ལ། འོག་ནས་ཀྱང་སྲོག་ཆགས་མ་ཀོ་ཏ་ཀའི་མཆུ་རབ་ཏུ་འབར་བས་ཟའོ། །མེ་འབར་བའི་འཕྲེང་བ་བཅུ་གཅིག་གིས་བསྐོར་བའི་དབུས་ན་གདུངས་ཤིང་བསྲེགས་ཏེ། ཡང་སོས་ཤིང་ཡང་སྲེག་གོ །གྲོག་སྦུར་དག་གིས་མིག་ཟ། ཞ་ཉེས་རྣ་བ་བཀང་། རལ་གྲིས་སྣ་བཅད། སྤུ་གྲིས་ལྕེ་བཅད། སྤུ་གྲིའི་ཆར་གྱིས་ལུས་ཀུན་གཤགས་ཏེ་དབང་པོ་ཐམས་ཅད་སྡུག་བསྔལ་ཆེན་པོ་མྱོང་ངོ་། །མིར་སྐྱེས་ན་དེའི་ཆུང་མ་སྡོམ་པ་མེད་པར་འགྱུར་ལ་ཆུང་མས་ཆོམ་རྐུན་པ་དག་གཉེར་ནས་གསོད་པར་བྱེད། དེ་བཞིན་དུ་རྒྱལ་པོའི་ཕོ་བྲང་འཁོར་དུ་གཡོ་ཐབས་དང་སྦྱར་ནས་གསོད་པར་བྱེད། དུག་གིས་གསོད་པར་བྱེད་ཅིང་། གཉིད་ལོག་པ་དང་མཚོན་གྱིས་གསོད་པར་འགྱུར་རོ། །འདོད་ཆགས་ཀྱི་སེམས་ཀྱིས་བུད་མེད་འོས་པ་མ་ཡིན་པ་རྗེས་སུ་དྲན་ནས། ལག་པས་འདོད་པའི་ལོག་པར་གཡེམ་པ་བྱས་ན་དེ་ཤི་ནས་དམྱལ་བ་ཚོར་བ་མཐའ་མེད་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མེའི་ཚོར་བ་དང་། མཚོན་གྱི་ཚོར་བ་དང་། བ་ཚྭའི་ཚོར་བ་དང་། ནད་ཀྱི་ཚོར་བ་སྟེ། ཚོར་བ་དེ་
དག་ཡུན་རིང་མྱོང་ངོ་། །མིར་སྐྱེས་ན། དེ་དབུལ་པོར་འགྱུར་ཞིང་། རི་བྲག་དང་དགོན་པ་དང་འཇིགས་པ་དང་། རི་བྲག་ས་དག་གི་གཡོག་བྲན་དུ་འགྱུར་ནད་རྣམས་ཀྱིས་རྟག་ཏུ་ན་བར་འགྱུར་རོ། །དགེ་སྦྱོང་དུ་དམ་བཅས་པ་གང་ཞིག་སྔོན་གྱི་འདོད་པ་དག་ལ་སེམས་གཏོང་ཞིང་རོ་མྱང་བར་བྱེད་ལ་ཡིད་ལ་བྱེད། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་རོ་མྱང་བར་བྱས་པས་མཚན་མོ་ཉལ་བ་ན་དེའི་རྨི་ལམ་དུ་བུད་མེད་དེ་ཉིད་དང་ལྷན་ཅིག་འཁྲིག་པར་བྱེད་དོ། །སད་ནས་ཀྱང་མི་ཚངས་པར་སྤྱོད་པ་རྨི་ལམ་དུ་རྨིས་པ་དེ་ཉིད་ཀྱི་རོ་མྱང་བར་བྱེད་ཅིང་ཡང་ཡིད་ལ་བྱེད་རྗེས་སུ་ཡི་རང་ཞིང་གཞན་དག་ལ་ཡོན་ཏན་འཛིན་ལ་དེ་དང་ལྷན་ཅིག་གོམས་པར་བྱེད་མང་དུ་བྱེད་ཅིང་དེ་དང་དེ་ཉིད་ལ་དགའ་བར་བྱེད་ན། དེ་ཤི་ནས་དམྱལ་བ་པདྨ་ལྟར་གས་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་བུམ་པ་དག་གི་ནང་དུ་འཚོད་ཅིང་ལྕགས་ཀྱི་བྲེ་བོ་ཆེའི་ནང་དུ་ལྕགས་ཀྱི་གཏུན་ཤིང་རྣམས་ཀྱིས་འཚོག་གོ །དེ་དག་ལས་ཐར་ནས་མཚོ་ཆེན་པོའི་ནང་ན་པདྨའི་སྡོང་པོ་སྐྱེས་པ་མཐོང་ནས། དེར་སོང་བ་དང་ལམ་དུ་ཕུར་བུ་བཙུགས་པ་དག་གིས་རྐང་བ་ལ་ཕུག་
གོ །རྐང་པ་ཉམས་པ་དེ་ཁ་སྦུབ་དུ་ལྷུང་བས་ཕུར་བུ་ཟུག་པས་གན་རྐྱལ་དང་གཡས་གཡོན་དུ་འགྱེལ་ན་ཕུར་བུ་ཟུག །འདུག་ན་ཡང་འོག་ནས་ཕུར་བུ་ཟུག་ཚེ་སྐད་འབྱིན་ཅིང་ངུའོ། །པདྨ་དེ་ལ་བལྟ་ཞིང་འཁོད་པ་ན་རྒྱབ་ནས་གཤིན་རྗེ་དག་གིས་རལ་གྲི་དགྲ་སཏྭ་མདའ་བོ་ཆེ་མདུང་རྣམས་ཀྱིས་འདེབས་སོ། །འགའ་ཞིག་པདྨའི་དྲུང་དུ་ཕྱིན་ནས་དེ་ལ་འཛེག་པ་དང་། པདྨ་དེ་ཡང་སེང་ལྡིང་གི་མེའི་མདག་མ་ལྟ་བུས་གང་ཞིང་རྡོ་རྗེ་ལྟར་སྲ་བའི་ལོ་མ་ལ་འཛེག་སྟེ། དེའང་ཁ་ཟུམ་པར་འགྱུར་རོ། །མིར་སྐྱེས་ན་དེ་མིག་ཡོན་དུ་འགྱུར་ཚུལ་ཁྲིམས་འཆལ་ཞིང་དབུལ་ལ་ཚེ་ཐུང་བར་འགྱུར་རོ། །དགེ་སྦྱོང་དུ་དམ་བཅས་པ་ཁ་ཅིག་གིས་ཚངས་སྤྱོད་བསྲུངས་ཀྱང་། ཆགས་པའི་དབང་གིས་ཚངས་པར་སྤྱད་པའི་དགེ་བ་འདིས་ལྷའི་འཇིག་རྟེན་དུ་སྐྱེས་ནས་ལྷ་མོས་ཡོངས་སུ་བསྐོར་བར་གྱུར་ཅིག་ཅེས་ལོག་པར་བསྔོས་ན། དེ་ཤི་ནས་དམྱལ་བ་པདྨ་ཆེན་པོ་ལྟར་གས་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་བ་ཚྭའི་ཆུ་བོའི་རླབས་ཞེས་བྱ་བའི་བ་ཚྭའི་ཆུ་ཆེན་པོར་ཞུགས་པ་དང་། ཚོར་བ་ཤིན་ཏུ་ཚ་བ་རྩུབ་པ་མི་བཟོད་པ་དཀའ་
བ་དག་མྱངས་ཏེ། དེས་རུས་པ་རྡོ། སྐྲ་ཉ་ལྕིབས། ཤ་འདམ་དུ་གྱུར། རོ་ཉེ་སྐོལ་བ་ཆུར་གྱུར། དེར་སྐྱེ་བ་རྣམས་ཉར་གྱུར་ཏེ། ཆུ་བོ་དེས་ཁ་ས་བུབ་ཏུ་དེད་ཅིང་བསྐོལ་ཏོ། །འགྲམ་དུ་ཆགས་ན་ཁྭ་མཆུ་རབ་ཏུ་འབར་བ་རྣམས་ཀྱིས་ཟའོ། །དེ་ནས་བྲོས་ཀྱང་གཤིན་རྗེ་རྣམས་ཀྱིས་ལྕགས་མདུང་གིས་བཏབས་ནས་ཆུ་བོའི་ནང་དུ་འཇུག །སྟེང་དུ་བྱུང་ན། རྐང་བ་བརླའི་སྦུབས་རྒྱབ་ཀྱི་ཤ་དག་འཚོད་པར་བྱེད། མགུལ་བའི་ཤའང་ཆད་པར་འགྱུར། རུས་པའང་བསྐོལ་བར་འགྱུར། མགོའི་ཤ་འཆད་ཅིང་ཐོད་པའང་འཆད་པར་འགྱུར་ཏེ། དེ་ལྟར་ལོ་འབུམ་ཕྲག་དུ་མར་བསྲེག་ཅིང་བསྐོལ་ལ་འཚོད་དོ། །ཆུ་བོ་དེ་ལས་ཐར་ནས་མཚོ་མེ་ཏོག་དང་པདྨ་སྔོན་པོ་མཐོང་སྟེ། དེར་སོང་བས་པདྨའི་ཚལ་དེ་དག་ལྕགས་ཀྱི་པདྨ་རེག་ན་སྤུ་གྲི་ལྟར་གཤག་གཅོད་ཟ་ཞིང་རྡུང་པར་བྱེད་དོ། །གཤིན་རྗེ་རྣམས་ཀྱིས་གཙེས་པ་དག་པདྨ་དེ་ལ་འཛེག་པས། པདྨའི་ནང་མེ་མདག་གིས་གང་བས་བསྲེག་ཅིང་ལོ་མ་ལྕགས་ལས་བྱས་པ་དག་གིས་འཆུམ་པར་བྱེད་ཁྭ་རྣམས་ཀྱིས་ཟ་ཞིང་ལྕེ་གཅོད་རྣ་བ་འབིགས། ལུས་རྣམས་ཟད་པར་བྱེད་དོ། །མིར་
སྐྱེས་ན་དེ་དམུ་རྫིང་ཅན་དུ་འགྱུར་ཞིང་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུང་ལ་ཁྲོ་བར་ཡང་འགྱུར་རོ། །དགེ་སྦྱོང་དུ་དམ་བཅས་པ་དེས་སྔོན་གྱི་ཁྱིམ་ན་གནས་པའི་བུད་མེད་དག་དང་ལྷན་ཅིག་རྒོད་ཅིང་རྩེས་པ་དག་དེའི་ཚེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དྲན་ཞིང་ཡང་དང་ཡང་དུ་དྲན་པ་ཉིད་དུ་བྱེད་ལ། དེ་ལ་ཆགས་ཤིང་ཡོངས་སུ་རྟོག་པར་བྱེད། ཡང་སེམས་པར་བྱེད་ཅིང་དགེ་བའི་ཆོས་ལ་སེམས་པར་མི་བྱེད་ལ་ཆོས་མི་སྒྲུབ་གནས་མལ་ན་བའི་གསོས་སྨན་སོགས་འོས་པ་མ་ཡིན་པའི་ཡོ་བྱད་མང་པོ་འཆང་བ་དེ་ནི་ཤི་ནས་དམྱལ་བ་མེ་ཐབ་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མེ་ཐབ་ཀྱི་མེ་འབར་བས་བསྲེགས་ཏེ་སྐད་འབྱིན་ཚེ་ཁ་མེས་འགེང་ངོ་། །རྣ་བར་མེ་འབར་བ་འཇུག །སྣར་ཡང་མེ་འབར་བ་འཇུག །ལུས་ཀུན་ནས་མེ་འབར་བས་ངུ་སྐད་འབྱིན་སྨྲེ་སྔགས་འདོན་ནོ། །ཚུལ་ཁྲིམས་མེད་པས་བསོད་སྙོམས་ཟོས་པ་ལ། དེའི་ལྕེ་ལྕགས་རབ་ཏུ་འབར་བའི་གླེགས་མེས་སྲེག་གོ །ཚུལ་ཁྲིམས་ཅན་གྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བུད་མེད་ལ་བལྟས་ནས་མཐོང་ན་དེའི་མིག་བསྲེག་པར་
འགྱུར་རོ། །ཆགས་པའི་སེམས་ཀྱིས་བུད་མེད་མཛེས་མ་གཞན་དག་རྒོད་ཅིང་གླུ་དབྱངས་ལེན་པའི་སྒྲ་འབྱིན་པ་དག་ལ་ཉན་ནས་ཐོས་ན་དེའི་རྣ་བར་རོ་ཉེ་རབ་ཏུ་བསྐོལ་བས་འགེངས་པར་འགྱུར་རོ། །ཚུལ་འཆལ་གྱི་དགེ་འདུན་རྣམས་ཀྱིས་བདུག་སྤོས་བཟུང་བས་སྣ་བཅད་ཅིང་བསྲེག་པར་འགྱུར་ཏེ། དེ་ལྟར་ཚུལ་ཁྲིམས་མེད་པའི་དབང་པོ་ལྔ་ལ་ལས་དང་མཚུངས་པའི་ཆད་པ་དྲག་པོ་འབྱུང་ངོ་། །མིར་སྐྱེས་ན་དེ་བྱད་ལག་ངན་ཅིང་ལོང་བ་དང་ཞ་ཞིང་དབུལ་བར་འགྱུར་ལ། དར་ལ་བབས་པ་ཉིད་ཀྱི་ཚེ་འཆི་བར་འགྱུར་རོ། །དགེ་སྦྱོང་དུ་དམ་བཅས་པ་གང་གིས་མིའི་གར་དང་གླུ་དབྱངས་དང་རྒྱན་དག་གི་སྒྲ་ཐོས་ནས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གཡེངས་པའི་བློས་དགོད་པ་དང་། སྒེག་པ་དང་། རྩེས་པ་དེ་ཐོས་ནས་ཁུ་བ་བྱུང་ལ། བྱུང་ནས་ཀྱང་རོ་མྱང་བར་བྱེད་ཅིང་གསོག་ན་དེ་ཤི་ནས་དམྱལ་བ་ལྕགས་ཀྱི་མེ་མདག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ལྕགས་ཀྱི་རྭ་བ་གྲུ་བཞི་པས་བསྐོར་བའི་ནང་དུ་བཅུག་ནས་མེས་སྲེག་ཅིང་མེ་ཆར་ལྕགས་ཀྱི་ཆར་རྒྱུན་མི་འཆད་དུ་འབབ་བོ། །ལྕགས་ཀྱི་ཆར་པས་ཡན་ལག་ཉིང་ལག་ཐམས་
ཅད་ཕྱེ་མར་རློག་ཅིང་། མེ་མདག་གི་ཆར་པས་གདུང་ཞིང་སྲེག་གོ །མིར་སྐྱེས་ན་དེ་རྟག་ཏུ་ཆུ་བོ་ཆེན་པོའི་མཉན་པར་འགྱུར་རྟག་ཏུ་འཇིགས་པ་དང་། ནད་བུ་ཅན་དུ་འགྱུར། གླང་པོ་ཆེའི་སོས་འཚེ་སྟེ་རྟག་ཏུ་འཆི་བས་ཉེན་པར་འགྱུར་རོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །རྒྱ་ཆེར་རོལ་པ་ལས། ཇི་ལྟར་མི་མཁས་མི་ཞིག་ནི། །དྲི་ང་གླ་རྩིའི་བུམ་པ་ལ། །ཕྱི་རོལ་རི་མོ་བྲིས་པ་ཞིག །མགོ་ལ་ཁྱེར་ཏེ་སོང་བ་ལས། །འགྲོ་བ་དེ་ཡི་དེ་ཡང་ནི། །དེ་ལས་ལྷུང་དེ་ཆགས་གྱུར་ནས། །དྲི་ང་གླ་རྩི་མཐོང་གྱུར་ཏེ། །ཆགས་པ་མེད་ཅིང་འབྲོས་པ་ལྟར། །དེ་བཞིན་བྱིས་པ་མི་མཁས་པ། །བུད་མེད་རྣམས་ལ་ཡིད་ཞེན་ཅིང་། ཁ་ཏོག་གཟུགས་དང་དབྱིབས་རྣམས་ལ། །བརྟགས་ནས་དེ་ལ་ཆགས་པར་བྱེད། །ལུས་ཀྱི་རང་བཞིན་གང་ཡིན་པ། །དེ་ལ་ཁྱེའུ་ཁྱོད་རབ་རྟོགས་ཤིག །དུར་ཁྲོད་རུལ་བའི་དྲི་ལ་ནི། །མཁས་པ་སུ་ཞིག་ཆགས་པར་འགྱུར། །ཞེས་དང་། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་རིག །འཐབ་མོ་འཁོན་ཅེས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་
འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་ནི་བུད་མེད་ཚོགས་དང་མཛེས་མ་ཡིན། །བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །གསུངས། དྲན་པ་ཉེར་བཞག་ལས། གཙུག་ལག་ཁང་དང་ཀུན་དགར་བརྩོན། །ཆོས་ཀྱི་སྤྱོད་ཚུལ་དགའ་མེད་ཅིང་། །བུད་མེད་ཆང་ལ་ཆགས་པའི་བློ། །དེ་ལྟ་བུ་ནི་དགེ་སློང་མིན། །ཞེས་དང་། གང་ཞིག་རྙེད་དང་བཀུར་སྟི་དང་། །གང་ཞིག་ཡུལ་སྡུག་སེམས་བྱེད་ལ། །བུད་མེད་ལྟ་ཞིང་དེ་འདོད་པ། །དགེ་མིན་ཁྱིམ་མིན་གཡོན་ཅན་ཡིན། །ཞེས་དང་། རི་མོར་བྲིས་པའི་བུད་མེད་ལ། །མིག་གིས་ལྟ་བར་མི་བྱེད་དོ། །འཇིག་རྟེན་འདོད་པ་རྣམས་བཅོམ་པ། །དེ་ལྟ་བུ་ནི་གྲོལ་ཞེས་བྱ། །ཞེས་དང་། གཞན་ཡང་། གང་ཞིག་བུད་སྨད་དབང་སོང་བ། །མི་ནི་ངན་པར་བྱས་པ་སྟེ། །དེ་ནི་དམྱལ་བ་འདིར་འགྲོ་སྟེ། ཁྱོད་ཀྱིས་དེ་ཡི་རྗེས་སུ་མྱོང་། །ཞེས་དང་། བུད་མེད་ངན་སོང་གཞི་ཡིན་ཞིང་། །ཀུན་ནས་ནོར་ནི་ཟད་པར་བྱེད། །མི་གང་བུད་མེད་ཚིག་ཉན་པ། །
དེ་ལ་བདེ་བ་ག་ལ་ཡོད། །དོན་མེད་ཆོས་ལ་དགའ་བ་ནི། །བུད་མེད་གཡོ་དང་ཕྲག་དོག་མང་། །འཇིག་རྟེན་གཉིས་ནི་རྣམ་འཇིགས་པ། །སྐྱེ་བ་རྣམས་ཀྱི་མདུན་ན་གནས། །དེ་ཚིག་ཤིན་ཏུ་མི་བརྟན་ཏེ། །རྟག་ཏུ་འདོད་ཆགས་སྐྱེད་ལ་མཁས། །དེ་ཡི་སྙིང་ནི་གཞན་སེམས་ལ། །གཞན་གྱི་ཚུལ་གྱིས་སྨྲ་བར་བྱེད། །དང་པོར་གཉེན་ཞིང་སྲུང་བྱེད་ལ། །ཕྱི་ནས་སེམས་ནི་རྡོ་རྗེ་འདྲ། །སེམས་ནི་ཡང་ལ་ཕན་པ་མེད། །བཀུར་སྟི་དག་ནི་དྲན་མི་བྱེད། །ལེགས་པ་བརྒྱ་ནི་ཆུད་ཟོན་ལ། །མི་ལེགས་གཅིག་པུ་དྲན་པར་བྱེད། །སྡིག་པའི་ས་གཞི་བུད་མེད་ཡིན། །སྙིང་ནི་གློག་གི་ངོ་བོ་བཞིན། །སྐྱེས་པ་ཆགས་པའི་སེམས་ཡོད་པ། །འཇིགས་པའི་རྒྱུ་ནི་བུད་མེད་བྱེད། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །འཇིགས་བྱེད་ནང་ན་བུད་མེད་འཇིགས། །གལ་ཏེ་བདེ་བ་མཆོག་འདོད་ན། །དེ་ལྟར་བུད་མེད་རྣམ་པར་སྤོངས། །བུད་མེད་རྟག་ཏུ་སྤོང་བ་ནི། །འཇིག་རྟེན་འདི་དང་ཕ་རོལ་བྱེད། །གང་ཞིག་དབུལ་བ་སྤོང་འདོད་ཅིང་། །གང་ཞིག་བདག་ནི་འབྱོར་འདོད་དང་། །གང་ཞིག་མྱ་ངན་འདའ་འགྲོ་འདོད། །མི་
དེས་བུད་མེད་སྤང་བར་བྱོས། །ཞེས་དང་། རིན་ཆེན་ཕྲེང་བ་ལས། བུད་མེད་ཆགས་པ་ཕལ་ཆེར་ནི། བུད་མེད་གཟུགས་བཟང་སེམས་ལས་བྱུང་། །བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །ཁ་ནི་ཁ་ཆུ་རུལ་བ་དང་། །སོ་སྐྱག་མི་གཙང་སྣོད་ཡིན་ཏེ། །སྣ་ནི་རྣག་སྣབས་སྣ་ཆུའི་སྣོད། །མིག་ནི་མིག་རྡུལ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤང་གཅི་དང་། །གློ་བ་མཆིན་སོགས་སྣོད་ཡིན་པར། །རྨོངས་པས་བུད་མེད་མ་མཐོང་བ། །དེ་ཡི་ལུས་ལ་ཆགས་པར་བྱེད། །མི་ཤེས་འགའ་ཞིག་མི་གཙང་བའི། །བུམ་པ་རྒྱན་ལ་ཆགས་པ་ལྟར། །འཇིག་རྟེན་མི་ཤེས་རྨོངས་པ་ཡིས། །བུད་མེད་རྣམས་ལ་དེ་བཞིན་ནོ། །ལུས་ཡུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལ་འཇིག་རྟེན་ཆེས་ཆགས་ན། །གང་གིས་འདོད་ཆགས་བྲལ་བར་བཀྲི། །ཇི་ལྟར་བཤང་དང་གཅི་གཞི་ལ། །ངན་སྐྱུགས་ཕག་རབ་ཆགས་པ་ལྟར། །དེ་བཞིན་བཤང་དང་གཅི་གཞི་ལ། །འདོད་ལྡན་ངན་སྐྱུགས་ཕག་རྣམས་ཆགས། །ལུས་ཀྱི་གྲོང་ཁྱེར་མི་གཙང་བ། །འབྱུང་བའི་བུ་ག་འདོད་པ་གང་། །དེ་ནི་སྐྱེ་བོ་བླུན་པོ་
ཡིས། །དགའ་བའི་དོན་དུ་ཉེ་བར་བརྟག །ཁྱོད་བདག་ཉིད་ཀྱིས་བཤང་གཅི་སོགས། །སོ་སོར་མི་གཙང་མཐོང་ནས་ནི། །དེ་འདུས་ལུས་ལ་ཇི་ལྟ་བུར། །ཡིད་དུ་འོང་བ་ཉིད་དུ་འགྱུར། ཁྲག་དང་ཁུ་བ་འདྲེས་པ་ཡི། །ས་བོན་མི་གཙང་སྙིང་པོས་སྐྱེད། །མི་གཙང་ངོ་བོར་ཤེས་བཞིན་དུ། །འདི་ལ་འདོད་ཅིང་གང་ཞིག་ཆགས། །ཞེས་དང་། མཁས་པ་ཆེན་པོ་སད་ཛས་བུ་ལ་སྤྲིངས་པ་ལས། འདོད་པའི་ཕྱིར་ནི་བྱིས་པ་རྣམས། །བུད་མེད་རུལ་པ་བསྟེན་བྱེད་པ། །འགྲོ་བ་རུལ་བ་འགྲོ་འགྱུར་ཞིང་། །ངན་སོང་གནས་སུ་ལྟུང་བར་འགྱུར། །འཇིགས་པ་ཆེན་པོའི་འཆིང་བ་ནི། །བུད་མེད་ཞགས་པ་མི་བཟད་པ། །སངས་རྒྱས་རྣམས་ཀྱིས་འདོད་པ་དང་། །བུད་མེད་བསྟེན་པའང་མ་བསྔགས་སོ། །ལམ་འདིས་བྱང་ཆུབ་བར་བཅད་པས། །སྦྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་ཁྱོད་བུད་མེད་རྣམ་པར་སྤོངས། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བ་ག་ལ་འགྱུར། །བུད་མེད་འཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་འཕུང་། །རྣམ་པ་ཀུན་དུ་ནོར་འཇིག་དང་། །ངན་སོང་རྩ་བ་
བུད་མེད་ཡིན། །བུ་ཁྱོད་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྟག་ཏུ་སྤོངས། །བུད་མེད་རྣམས་ཀྱི་རང་བཞིན་ནི། །འདོད་ཅན་རྣམས་ཀྱིས་མི་རིགས་ཏེ། །སྐྱེས་པ་དང་ནི་ཡིད་གཅུགས་ཤིང་། །རྩེ་དགའ་དུ་མ་བྱས་ནས་ཀྱང་། །སྦྲུལ་གྱིས་པགས་རྙིང་འདོར་བ་ལྟར། །བུད་མེད་ཀྱིས་ནི་གློ་བུར་འདོར། །སྦྲང་མས་མེ་ཏོག་རྙིང་པ་ལྟར། །བུད་མེད་ཀྱིས་ནི་ནོར་མེད་པའི། །སྐྱེས་པ་རྒན་པོ་འདོར་བྱེད་ཅིང་། །གཟུགས་བྱད་ངན་པའང་འདོར་བ་ཡིན། །རབ་ཏུ་བརྩེ་བས་བུད་མེད་དག །ཐམས་ཅད་དུ་ནི་ཡོངས་བསྐྱངས་ཀྱང་། །བུད་མེད་ཤིན་ཏུ་མི་བཟད་པ། །བདག་གིར་བྱས་པ་མི་ནུས་སོ། །དེ་ཡི་རང་བཞིན་དེ་ཡིན་ཏེ། །བུད་མེད་རྣམས་ནི་སེམས་མི་བསྲུན། །བྱས་པ་དྲིན་དུ་མི་གཟོ་བས། །རང་གི་སྐྱེས་པའང་གསོད་པར་བྱེད། །མཆུ་སོ་དང་ནི་སྡེར་མོ་ཅན། །རྭ་ཅན་ལག་ན་མཚོན་ཐོགས་དང་། །རྒྱལ་པོ་ངན་དང་བུད་མེད་ལ། །ནམ་ཡང་ཡིད་བརྟན་མི་བྱའོ། །བུད་མེད་ཁ་ཟས་ཉིས་འགྱུར་སྟེ། །གཡོ་སྒྱུ་དག་ནི་བཞི་འགྱུར་ཡིན། །ཕྲག་དོག་ཤེས་ནི་དྲུག་འགྱུར་ཏེ། །འདོད་པ་བརྒྱ་འགྱུར་ཡིན་རིག་བྱ། །ཤིང་
རྣམས་ཀྱིས་ནི་མེ་དང་ནི། །ཆར་གྱིས་རྒྱ་མཚོ་ཆེན་པོ་དང་། །འབྱུང་པོ་ཀུན་གྱིས་གཤིན་རྗེ་ལྟར། །སྐྱེས་པས་བུད་མེད་ངོམས་མི་འགྱུར། །སུ་ཀ་རྩེ་ཡི་ཁ་ཆུ་ཡིས། །བྱེ་མའི་ཕུང་པོ་ཅི་ལྟར་སྤང་། །སྐྱེས་པ་གཞོན་ནུ་ཐམས་ཅད་ཀྱིས། །བུད་མེད་གཅིག་ནི་ངོམས་མི་འགྱུར། །བྱི་བོ་བྱེད་པའི་ངང་ཚུལ་ཅན། །མ་བསྡམས་མི་བསྲུན་འདོད་ལ་བརྐམ། །རང་གི་ཆུང་མས་མི་ཆོག་སྟེ། །འཇིག་རྟེན་དག་ན་སྨད་འོས་ཡིན། །འདི་དང་ཕ་རོལ་སྡུག་བསྔལ་འགྱུར། །གསོད་དང་ཆད་པ་དྲག་པོ་མྱོང་། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །དེ་བས་བུ་ཁྱོད་དེ་སྤོངས་ཤིག །བྱི་བོ་བྱེད་པ་ཤལ་མ་ལི། །ལྕགས་ཀྱི་ཚེར་མ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟ། །མཆེ་རྣོ་ལུས་ཆེ་འབར་བ་ཡིས། །གཞན་གྱི་བུད་མེད་འཕྲོག་པ་ལ། །ཅི་ནས་ཟ་བར་ཁོ་ནར་འགྱུར། །གལ་ཏེ་ཆུང་མ་བསྟེན་ན་ཡང་། །དེ་ཡི་ཉེས་དམིགས་དྲུག་ཅུ་ལྔ། །དྲག་ཤུལ་ཅན་གྱི་མདོ་ལས་གསུངས། །དེ་ཕྱིར་བུད་མེད་སྤང་བར་བྱ། །བུད་
མེད་ལ་ཆགས་སྤང་པའོ། །ཞེས་གསུངས། ཁྱིམ་གྱི་ཉེས་པ་བསྟན་པའི་མདོ་ལས། །ཕོ་མོས་འཁྲིག་པའི་འདོད་སྤྱོད་པའི། །ཡུད་ཙམ་བདེ་ལ་ཆགས་པ་ནི། །བསྐལ་པ་དུ་མར་སྦྱོར་བ་ཡི། །འབར་བའི་ཁྲི་ལ་ཆགས་པའོ། །ལྕགས་ཀྱི་ཁྲི་བསྲེག་འབར་བ་ལ། །ཚེ་འདིར་གཏན་དུ་སྤྱོད་སླ་ཡི། །ཕ་མས་བྱིན་པའི་ཆུང་མ་ལ། །ཆགས་པའི་སེམས་ཀྱིས་བལྟ་བ་ཡང་། །སྡིག་པ་ཡིན་པར་ངས་བཤད་ན། །འགྲོགས་ཤིང་བསྟེན་པ་སྨོས་ཅི་དགོས། །དེ་ཡང་དེ་ཅིའི་ཕྱིར་ཞེ་ན། །ཆུང་མ་མྱ་ངན་རྩ་བའོ། །ཆུང་མ་སྡིག་པའི་རྩ་བའོ། །ཆུང་མ་སྡུག་བསྔལ་རྩ་བའོ། །ཆུང་མ་འཕུང་བའི་རྩ་བའོ། །ཆུང་མ་གནོད་པའི་རྩ་བའོ། །ཆུང་མ་འཆིང་བའི་རྩ་བ་ཡིན། །ཆུང་མ་དགྲ་ཡི་རྩ་བའོ། །ཆུང་མ་དམུས་ལོང་རྩ་བའོ། །ཤེས་རབ་སྤྱན་མིག་འཛེར་བྱེད་པའི། །གཞི་དང་རྩ་བ་ཆུང་མ་ཡིན། །དཔེར་ན་ཏིལ་འབྲས་ས་ལུ་ཡི། །ལོ་ཏོག་ཕུན་སུམ་ཚོགས་པ་ལ། །རྡོ་རྗེའི་སེར་བ་བབ་གྱུར་ན། །འབྲས་བུ་བླང་དུ་མེད་པ་ལྟར། །སྐྱེས་བུ་དགེ་བའི་ལོ་ཏོག་ལ། །བུད་མེད་སེར་བ་དེ་བཞིན་ནོ། །དཔེར་ན་ཨུཏྤལ་མེ་ཏོག་ལ། །གྲང་ལྷགས་བ་
མོ་བབ་གྱུར་ན། །མདོག་ཉམས་རྙིད་པར་འགྱུར་བ་ལྟར། །སྐྱེས་བུ་དགེ་བའི་མེ་ཏོག་ལ། །བུད་མེད་གྲང་ལྷགས་དེ་བཞིན་ནོ། །དཔེར་ན་བཅོ་ལྔའི་ཟླ་ཤར་ལ། །སྤྲིན་གྱིས་གཡོགས་པར་གྱུར་པ་ན། །འོད་སྟོང་འཇིག་རྟེན་མི་མཐོང་ལྟར། །སྐྱེས་བུ་དགེ་བའི་ཟླ་བ་ལ། །བུད་མེད་ལྷོ་སྤྲིན་དེ་བཞིན་ནོ། །ཉེས་མཐའ་ཡས་པའི་བུད་མེད་ལ། །བལྟས་ཤིང་གཏམ་ཡང་ལྟུང་འགྱུར་ན། །འགྲོགས་ཤིང་བསྟེན་པ་སྨོས་ཅི་དགོས། །ཞེས་སོགས་མཐའ་ཡས་པར་གསུངས་ལ། དེ་བས་ཀྱང་སྡོམ་པ་ཞུས་པའི་རབ་བྱུང་ཉམས་པ་ན་ཉེས་པ་བརྒྱ་སྟོང་འགྱུར་གྱི་ཆེ་སྟེ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། སྲོག་དང་བྲལ་ཞིང་ཤི་བ་ནི་སླའི་ཚུལ་ཁྲིམས་རལ་ཞིང་ཞིག་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་དེ་ཉིད་ཀྱི་སྐྱེ་བ་ཞིག་པར་ཟད་ཀྱི། ཚུལ་ཁྲིམས་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ། རྣམ་པར་ལྟུང་ཞིང་ཉམས་པར་འགྱུར་རོ། །ཞེས་དང་། བུ་སྟོན་སྙིང་ཐུར་ལས། ལོག་པར་གཡེམ་པས་དམྱལ་བ་བསྡུས་འཇོམས་
སུ། །གསལ་ཤིང་འབར་བས་རོ་སྨད་འབིགས་པར་འགྱུར། །དེ་ནས་མི་རུ་སྐྱེས་ཀྱང་མ་ནིང་འགྱུར། །རྨི་ལམ་བུད་མེད་སྤྱད་ནས་རོ་མྱང་ཡང་། །དམྱལ་བ་པདྨ་ལྟར་གས་ནང་དུ་ནི། །བུམ་པར་འཚོད་ཅིང་གཏུན་གྱིས་འཚོགས་གྱུར་ན། །དངོས་སུ་སྤྱད་ན་ལྟ་ཡང་སྨོས་ཅི་དགོས། །བུད་མེད་མཐོང་ནས་ཚུལ་མིན་ཡིད་བྱེད་ན། །མིག་ནི་ཟངས་ཞུན་འབར་བས་སྲེག་པར་བྱེད། །བུད་མེད་གླུ་དབྱངས་ཐོས་ནས་ཆགས་གྱུར་ན། །རྣ་བར་རོ་ཉེ་བསྐོལ་ནས་བླུགས་པར་སྐྱེ། །བུད་མེད་གླུ་དང་གར་ལ་ཆགས་པ་ཡིས། ཁུ་བ་བྱུང་ན་འགྱོད་པར་མི་བྱེད་པར། །ལྕགས་ཀྱི་མེ་མདག་ཆར་བ་ལུས་ལ་འབབ། །གཞན་གྱི་ཆུང་མ་ལ་སྤྱད་རྫུན་སྨྲ་ན། །ངུ་འབོད་ཆེན་པོ་མུན་པ་ཀུན་ཁྱབ་པར། །སྤྱི་བོ་ནས་ཕུག་ལྕེ་ཕྱུང་བཅད་ཀྱང་ནི། །སྐད་ཅིག་རེ་རེ་སྐྱེ་ཞིང་གཅོད་པར་བྱེད། །མི་རུ་སྐྱེས་ཀྱང་དམུས་ལོང་འོན་པ་དང་། །ལམ་ཟན་སློང་བ་དག་ཏུ་སྐྱེ་བར་འགྱུར། །དགེ་བསྙེན་མ་ལ་ལོག་པར་གཡེམ་པ་ཡིས། །རབ་ཏུ་ཚ་བར་ཐལ་བའི་ལྷག་མ་ཡང་། །མེད་པར་བསྲེག་ཅིང་ཚེ་རབས་བཞི་བརྒྱ་རུ། །ཟ་མ་དག་ཏུ་སྐྱེ་བར་འགྱུར་བ་ཡིན། །
གྲོགས་ཀྱི་ཆུང་མ་བསླུས་ནས་སྤྱད་པ་ཡིས། །རབ་ཚ་ཨ་ལ་ལ་ཞེས་ཟེར་བ་རུ། །སྐྱེས་ནས་ཚ་བའི་རླུང་གིས་ཕྱོགས་བཅུར་འཁྱེར། །ཚེ་རབས་སྟོང་ཕྲག་དུ་མར་ཡི་དྭགས་སུ། །སྐྱེས་ནས་རང་གི་ཤ་ལ་ཟ་བར་བྱེད། །ཕག་ཏུ་སྐྱེས་ནས་མ་ཤ་ཟ་བ་དང་། །མི་རུ་སྐྱེས་ནས་ཕོ་མཚན་གཅོད་པར་འགྱུར། །བླ་མའི་ཆུང་མར་ལོག་པར་གཡེམ་པ་ཡིས། །སྙིང་རྗེ་ཆེན་པོ་ཞེས་པ་གོང་འོག་ཏུ། །མཚོན་ཆ་རལ་གྲིས་གཅོད་པར་སྐྱེ་བར་འགྱུར། །མི་རུ་སྐྱེས་ཀྱང་བཙས་མ་ཐག་ཏུ་འཆི། །བདག་ཉིད་མི་དབང་བུ་མོ་ལ་སྤྱད་པས། །ཀླད་པར་སེང་གེ་སྦྲུལ་གྱིས་རྩིབས་ལོགས་དང་། །རྒྱབ་ནས་སྟག་གིས་ཟ་ཞིང་མེས་བསྲེག་ལ། །ཕྱོགས་རྣམས་ཀུན་ནས་གཤིན་རྗེའི་མདའ་འཕེན་འགྱུར། །བུད་མེད་མཚན་མ་སྙན་དངགས་སྐྱིས་བསྟོད་པ། །སྐྱེ་བ་ལྔ་བརྒྱར་མངལ་གྱི་སྲིན་བུར་སྐྱེ། །ཆགས་པ་སྤྱད་ཅིང་རེག་ན་སྨོས་ཅི་དགོས། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །སློབ་དཔོན་བཻ་རོ་ཙཱ་ནའི་ཞལ་ནས། །བུད་མེད་བྱ་བ་བཙན་དུག་ཧ་ལ་ཡིན། །སེམས་ཅན་གང་གིས་ཟོས་ཀྱང་འཆི་བར་འགྱུར། །བུད་
མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན། །སེམས་ཅན་གང་གིས་འཁོར་ཡང་ལ་འུར་འཆི། །བུད་མེད་བྱ་བ་དམྱལ་བའི་འདམ་རྫབ་ཡིན། །སེམས་ཅན་གང་གིས་འཁོར་བའི་འདམ་ལ་འཛིན། །བུད་མེད་བྱ་བ་འཁོར་བའི་བཙོན་ར་ཡིན། །གང་གིས་འབགས་ཀྱང་ཐར་པ་འཐོབ་མི་སྲིད། །བུད་མེད་བྱ་བ་བདུད་ཀྱི་མྱ་ངན་ཡིན། །གང་གིས་འབྲེལ་ཀྱང་སྡུག་བསྔལ་ཚད་མེད་མྱོང་། །ཞེས་གསུངས། གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས། སྦོམ་སོགས་ཕྲ་བ་ཕྲ་བའི་མཐར། །ཉེས་པ་རྟག་ཏུ་བསམ་པར་བྱ། །སྒྲ་ཙམ་ལ་ནི་རབ་གཞོལ་བའི། །སྔགས་པ་མནར་མེད་སོགས་འགྲོ་བས། །ང་ནི་སྔགས་པ་ཞེས་སྒྲོགས་ཤིང་། །གསང་བའི་ལམ་ལ་བརྟེན་ནས་ཀྱང་། །ཚུལ་ཁྲིམས་ཡལ་བར་དོར་མི་བྱ། །དཀར་བའི་གོས་ལ་རབ་གནས་ཏེ། །ངོ་ཚ་རྣམ་པར་དོར་ནས་སུ། །ལོག་པར་གཡེམ་ལ་མངོན་པར་ཞེན། །ངུ་འབོད་སེམས་ཅན་དམྱལ་བར་འགྲོ། །ཞེས་དང་། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་གྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་
ཚོམ་མེད། །ཅེས་དང་། དེ་ཁོ་ན་ཉིད་གྲུབ་པར། དེ་ཉིད་དེ་ཉིད་ཀྱིས་ཤེས་ནས། །གང་ཞིག་ལྷ་མོ་ལ་བརྟེན་པ། །དེ་འགྲུབ་འགྱུར་གྱི་གཞན་དུ་ནི། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །ཞེས་དང་། སློབ་དཔོན་ཛེ་ཏ་རིའི་ཞལ་ནས། མི་སྐྱོང་ཁྱེད་ནི་གལ་ཏེ་གསང་བའི་ལམ་ལ་དགྱེས་པ་ན། །ལམ་དེ་རབ་ཏུ་རྟོགས་དཀའ་སེམས་ལ་རྨ་འབྱིན་ཚིག་འཕྲོ་སྟེ། །བུད་མེད་འཁྱུད་སོགས་ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པ་ལྡན། ཁ་ཅིག་མངོན་སུམ་འཁྲིག་དང་དྲག་ཤུལ་སྤྱོད་ལ་འཇུག་པ་སྟེ། །ཐུགས་ལ་གནོད་ན་ཐུབ་པའི་བཀའ་ཡང་དུག་འཐུང་བ་དང་འདྲ། །དེ་ཕྱིར་ཁྱོད་ཀྱིས་གསང་བའི་ལམ་དུ་ཞུགས་པའི་རྒྱུ་མཚན་ལས། ཁྱོད་ཐུགས་འདོད་ཆགས་ལ་སོགས་དྲི་མས་གོས་པ་འདི་ནི་སྤོངས། །གང་གཞན་དེ་འདྲ་བྱེད་པའང་། །ལོག་པར་ཁྱོད་ཀྱིས་རྣམ་སྒྲུབ་རིགས། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་འདུལ་བ་དོན་ཡོད་གྲུབ་པ་ལས། དེ་ཚེ་འཁྲིག་པ་བསྟེན་མི་བྱ། །བརྟུལ་ཞུགས་འདི་ནི་སྐྱོན་མེད་ཡིན། །སྡིག་ལྡན་ཅི་ཡང་མི་བྱ་ཞིང་། །གང་ལའང་ཁྲོ་དང་ཆགས་མི་བྱ། །ཞེས་དང་། ཁ་རག་
སྒོམ་ཆུང་བས། ཤེས་པ་འཕྲོ་ལ་ལུས་ལ་གནོད། །མཁས་བཙུན་རྣམས་ཀྱིས་སྨད་པའི་གནས། །ཉེས་པ་ཐམས་ཅད་འབྱུང་བའི་རྒྱུ། །ཆང་དང་བུད་མེད་སྤོངས་ཤིག་ཨང་། །སྐྱེ་བ་དམན་པའི་བུད་མེད་ཀྱི། །འཁོར་ལ་ཕན་སེམས་ཆེ་བ་ན། །སྙིང་རྗེར་བརྫུས་པའི་ཆགས་སེམས་ཀྱིས། །ཆོས་ཀྱི་བར་ཆད་བྱེད་དོ་ཨང་། །གསུངས། པོ་ཏོ་བའི་ཞལ་ནས། བུད་མེད་འདི་ནི་བདག་གི་ཆོས་དང་མི་མཐུན་པའི་ཡིད་ཕམ་པར་བྱེད་པའི་དགྲ་བོའོ། །ཐར་པའི་སྲོག་རྩ་གཅོད་པའི་གཤེད་མའོ། །དཀར་པོའི་ལོ་ཏོག་འཇོམས་པར་བྱེད་བའི་སེར་བའོ། །ཕུན་སུམ་ཚོགས་པ་ཐམས་ཅད་འཕྲོག་པར་བྱེད་པའི་ཆོམ་རྐུན་མའོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་བར་དུ་གཅོད་པར་བྱེད་པའི་བདུད་མོའོ། །འཁོར་བའི་སྡུག་བསྔལ་ལས་ཐར་པར་མི་སྟེར་བའི་བཙོན་རའི་སྲུང་མའོ། །ཉོན་མོངས་པ་མཐའ་དག་ཀུན་ནས་སློང་བར་བྱེད་པའི་དཀྲུགས་མའོ། །སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་དམྱལ་བའི་མེ་ཁང་ལྟ་བུའོ། །སྙམ་དུ་བསམ་པས་ཆགས་པ་བཟློག་གསུངས། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས།
བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལྦུ་བ་སྙིང་པོ་ག་ལ་ཡོད། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །གསུངས། སྔོན་རྗེ་བཙུན་མི་ལ་རས་པ་ལ། སྟོད་ལུང་གི་མི་གཞོན་གཅིག་ན་རེ། སྔགས་པ་འདི་ཚོ་རབ་ཚེ་འདི་འམ། འབྲིང་འཆི་ཁ་འམ། བར་དོ། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ལ། སངས་རྒྱས་པས་ཡོན་ཏན་ཤིན་ཏུ་ཆེ་བར་གདའ། ཚེ་འདིར་འདོད་ཡོན་ལམ་དུ་བྱེད་པ་ཡིན་པས། ནོར་དངོས་པོ་གསོག །ཆུང་མ་ཡང་བསྟེན། བུ་ཡང་གསོ། ཁ་ཤ་ཆང་དང་མི་འབྲལ་བར་བྱས་པས་ཆོག་ཟེར་བ་བདེན་ལགས་སམ། དེ་ག་བྱས་པས་ཆོག་ན་ནི་དེ་ཀ་དགའ་བར་གདའ་སྟེ། དེ་ཇི་ལྟར་ལགས་ཞུས་པའི་ལན་དུ་མགུར་འདི་གསུངས་སོ། །དུས་ཚོད་ད་ལྟའི་སྔགས་པ་ནི། །སྔགས་པའི་མིང་ཙམ་བཏགས་པ་ཡིན། །མིང་ཙམ་བཏགས་པས་གྲོལ་འགྱུར་ན། ཁྱོད་ལའང་སངས་རྒྱས་མིང་བཏགས་པས། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། ཁྱད་པར་ཁྱོད་ཉིད་བཞེད་པ་ཡི། ཁྱིམ་པའི་སྔགས་པ་འདི་རྣམས་ནི། །ཕལ་
ཆེར་ཉོན་མོངས་དབང་གིས་ནི། །ཚེ་འདིའི་དོན་གཉེར་ཁོ་ན་ཡིན། །མྱོས་བྱེད་ཆང་གིས་ར་རོ་ནས། །དོན་མེད་རྔ་གོག་བརྡུངས་ནས་ནི། །སྣོད་མིན་སྐྱེ་བོའི་འགྲམ་དག་ཏུ། །གསང་ཚིག་བོན་དུ་གྱེར་བས་ན། །རྩ་ལྟུང་བདུན་པ་ཆར་བཞིན་འབབ། །བདེ་ཆེན་བྱང་ཆུབ་སེམས་མཆོག་དེ། །གཙུག་ཏོར་རྩེ་མོར་སོན་དགོས་ན། །ཉོན་མོངས་ཕྲུ་གུ་སློག་པས་ན། །གསང་སྔགས་ཆོས་དང་རྒྱབ་འགལ་བྱས། །དེ་ལ་སོགས་དེ་མཐའ་ཡས་པས། །མང་ན་གཞན་ལ་ཕོག་པའང་སྲིད། །དེ་རིང་འདིར་ཡང་སྨྲ་མི་བཏུབ། །འཇིག་རྟེན་པ་ཡི་ཁ་དཔེ་ལ། །རྒྱབ་ནི་ས་ལ་མི་རག་པའི། །ཕྱག་ནི་རྩེ་བ་མི་ཡོང་ལོ། །དེ་བཞིན་དཀའ་བ་མ་སྤྱད་པས། །སངས་རྒྱས་ཐོབ་པ་མི་སྲིད་དོ། །གསུངས། ཡང་རྗེ་བཙུན་མི་ལ་རས་པ་ལ། སྐྱིད་གྲོང་གི་རབས་ཆད་བཟའ་མི་གཉིས་ཀྱིས་ངེད་ཀྱི་བུ་དོད་མཛོད་དང་། ཁྱེད་རང་ཐུགས་འགྲོ་བའི་བུ་མོ་གཅིག་ལེན་ཞུས་པས། མགུར་འདི་གསུངས་སོ། །གྲོགས་དང་པོ་ལྷ་མོ་བཞད་ཁ་མ། །བལྟ་བའི་གདོང་ལ་ཆོག་རྒྱུ་མེད། །བར་དུ་སྲིན་མོ་རོ་མིག་མ། །ཕར་གཅིག་ལབ་ན་ཚུར་གཉིས་རྒོལ། །སྐྲ་ལ་འཆང་
ན་སྒྱིད་ལ་འཇུ། །དབྱུག་པས་བརྒྱབ་ན་གཟར་བུ་འཕྱར། །ཐ་མ་རྒ་ན་སོ་མེད་མ། །སྲིན་མོའི་སྡང་མིག་སེམས་ལ་གཟན། །བདུད་མོའི་འཐབ་ཡ་སྤངས་པ་ཡིན། ཁྱེད་ཀྱི་གཞོན་གྲོགས་ང་མི་འདོད། །ཅེས་གསུངས། ཡང་གཉའ་ནང་རྩར་མའི་ཡོན་བདག་རྣམས་ཀྱིས་བག་མ་གསར་བ་ཞིག་གི་རིན་ལ་འཐབ་པ་ལ་ཞལ་ཏའི་ཆོས་མང་དུ་གནང་ཞིང་མགུར་འདི་གསུངས་སོ། ཁྱེད་མགོ་ལ་རྡོ་ཁུར་གྱི་རང་རྩིས་ཅན། །རང་ལ་རྩོད་མེད་ཀྱི་ཕུང་རྡོ་མ། །མི་ལ་མི་ཤོར་རང་གིས་ལན། །ལུས་ལ་དམར་སྨུག་གི་ནང་རུལ་མ། །ཡིད་ལ་ཁྱོད་འདོད་ཀྱི་གཞུང་ངན་མ། །ལར་ཕུང་གི་རྩ་བ་བུད་མེད་ཡིན། །ཡུལ་གྱི་ནད་ཡམས་མི་ངན་ཡིན། །ཡུལ་ངན་དུས་ངན་གྱི་མནའ་མ་འདི། །ལོད་ལ་རིན་ཐང་ཆེ་བར་འདུག །བཙོག་ལ་རྩོད་མི་མང་བར་འདུག །དེ་འཇིག་རྟེན་བསམ་བརླག་གི་སྤྱོད་པ་ཡིན། །གཞོན་ནུ་འཁྲུག་པ་མ་བྱེད་རང་ཚོད་ཟུང་། །རྒན་པ་ཚོ་གཡོ་སྒྱུ་མ་བྱེད་རང་ལ་སྡིག །ཁྲོམ་འདིར་ཚོགས་ཀྱི་ཁ་ལོ་ཆོས་ལ་སྒྱུར། །ཞེས་གསུངས་པས། འཐབ་རྩོད་ཞི་བར་གྱུར་གསུངས། ཕ་དམ་པ་ལ།
ཀུན་དགས། བུད་མེད་བསྟེན་པ་ཏོ་འམ་མི་ཏོ་ཞུས་པས། གླང་གི་ལྟག་ཁུང་དུ་གཉའ་ཤིང་བྱུང་བ་ཟླ་བོ་རྙེད་པས་ལན། ཟླ་བོ་མེད་ན་ཞིང་རྨོ་མི་བཏུབ་པར་གདའ་གསུངས། དམ་པ་གྲོངས་ན་ངན་བུས་ཅི་ལྟར་བྱེད་ཞུས་པས། འཁོར་བའི་རྒྱུ་ཁྱིམ་ཐབས་སུ་མ་སོང་ན་ཇི་ལྟར་བྱས་ཀྱང་བདེ། སྣ་ཐག་མི་ལ་མ་ཤོར་བར་གྱིས་ཤིག་གསུངས། ཡང་ཕ་དམ་པའི་ཞལ་ནས། ཆང་དང་བུད་མེད་ལ་དགའ་བའི་མིས་དགེ་སྦྱོར་མི་འགྲུབ། བླ་མ་དང་འགྲོགས་ཡུན་ཐུང་བའི་མི་ལ་ཡོན་ཏན་མི་འགོ །སེམས་ལ་ཆོས་བྱ་བའི་བསམ་པ་མེད་པའི་མི་ལ་ཁོང་ན་སྙིང་མེད་པར་ཤེས་པར་གྱིས་གསུངས། ཡང་གཅིག་པུར་བསྡད་ན་སྡུག་བསྔལ་གྱི་དྲ་བ་ལས་ཐར་ཏེ། སྙིང་རླུང་ཅན་ཁྱིམ་ཐབ་ལ་བརྩོན། སྐྱེས་པས་ཁྱིམ་ཐབ་བྱས་ཀྱི་སྟེང་ལ་དགེ་སྦྱོར་མེད་པ་དེ་རང་ཡིན་གསུངས། རྗེ་བཙུན་བློ་གྲོས་རྒྱལ་མཚན་གྱིས། ཐ་ན་བུད་མེད་དང་དུད་འགྲོ་སོགས་འདོད་ཆགས་སྐྱེ་བ་ལ་མི་ལྟ་མི་སེམས་གླུའི་སྒྲ་དང་ངག་ལ་མི་ཉན་སྔར་སྐྱེས་པ་འམ། བུད་མེད་ལ་སོགས་པ་དང་ཚུལ་མ་ཡིན་པར་རྩེས་པ་བགད་པ་སོགས་དྲན་པར་མི་བྱེད་གསུངས། དགེ་བཤེས་ཤ་ར་
བའི་ཞལ་ནས། བུད་མེད་ཉོན་མོངས་པའི་རྩ་བ་ཡིན་པས་ཕྱོགས་སུ་མི་བསྟེན། ཆང་ནི་ཉོན་མོངས་པའི་རྩ་བ་ཡིན་པས་འཆི་ཡང་མི་འཐུང་གསུངས། དཔེ་ཆོས་རིན་ཆེན་སྤུངས་པ་ལས། བུད་མེད་ཀྱི་འཁོར་དང་། ལྷ་ཁང་གི་ཕུག་རོན་འདྲ་སྟེ། ཆོས་འཁོར་བཤིག་པ་ཡིན། བུད་མེད་ཀྱི་བསྙེན་བཀུར་དང་། གལ་སྙིའི་ཐོ་ཕྱིའི་ཤ་རིད་དང་། སྦྲང་བུ་དང་འདྲ་སྟེ། སྡིག་སྡུག་གཏམ་ངན་གསུམ་འབྱུང་བ་ཡིན་གསུངས། ད་ལྟ་རྣལ་འབྱོར་བ་ཀུན་གྱིས་དང་པོ་དགའ་ཡེ་རེ། ཚོད་ལྟ་ཙམ་ལ་བུད་མེད་རེ་བླངས་ཕན་ཚུན་གཅིག་གིས་གཅིག །དགེ་སྦྱོར་གྱི་གྲོགས་སུ་འགྲོ་རུ་རེ་ཙམ་ན། གཞུག་གཅིག་གིས་བྱུར་ཅིག་ལ་བཀལ་ནས། བུ་ཉོག་གི་གལ་དུ་འཛིན་ཏེ། དེར་ཐ་མ་གོས་བེམ་ཚུན་ཆད་བཙོངས་ལ་བཟའ་དགོས་གསུངས། རབ་ཏུ་བྱུང་བའི་བར་དུ་གཅོད་པའི་མདོ་ལས། དཔེར་ན་མི་ལ་ལ་ཞིག་གིས་དགྲ་བོ་བཟུང་སྟེ། མེ་མདག་མེ་ལྕེ་མེད་པ་དུ་བ་མེད་པ། འདོམ་བདུན་པའི་དོང་དུ་བཅུག་པ་དེ་བཞིན་དུ། གང་ལ་ལ་མེ་དང་མཚུངས་པའི་འདོད་པ་དང་། མེ་དང་མཚུངས་པའི་བུད་མེད་ལ།
བརྟེན་ཅིང་འདོད་པ་བསྔགས་ཏེ་གཞན་ཡང་འདོད་པ་དག་ལ་འཇུག་པར་བྱེད་པ་དེ་དག་ནི། གཞན་ཡང་མེའི་ལྷུམས་སུ་ལྟུང་བར་བྱེད་དོ། །དེ་དག་ནད་དང་མྱ་ངན་དེ་དག་ལ་ཉེ་བར་སྦྱོར་རོ། །ཞེས་དང་། སློབ་དཔོན་པདྨའི་ཞལ་སྔ་ནས། ཟབ་ཁྲིད་པྲ་ཁྲིད་ཉམས་སུ་ལེན་ནོ་ཞེས། །དབང་བཞི་བདེ་སྟོང་རབ་འབྱམས་བསྐུར་རོ་ཞེས། །སྡོམ་པ་གསུམ་འགལ་ཆོས་ལུགས་སྐྱོང་བྱེད་ཅིང་། །ཤ་ཆང་བུད་མེད་སྡིག་ལས་བག་མེད་སྤྱོད། །དེ་རྗེས་འབྲངས་རྣམས་བདུད་ཀྱི་ཕོ་ཉས་བསླུས། །ཚེ་འདིའི་ཁྲེལ་མེད་ཕྱི་མའི་དམ་ཚིག་མེད། །ཐ་མ་ངན་སོང་མནར་མེད་སྡུག་བསྔལ་སྨིན། །གསུངས། རྗེ་རིན་པོ་ཆེས་མཛད་པའི་གསང་སྔགས་ཀྱི་ཚུལ་ཁྲིམས་རྣམ་བཤད་དངོས་གྲུབ་སྙེ་མ་ལས། གཞན་ཡང་སྡེ་སྣོད་རྒྱ་ཆེན་པོ་དང་རྒྱུད་སྡེ་རྣམས་མ་མཐོང་བ་དང་། ཅུང་ཟད་མཐོང་ཡང་རྒྱུད་སྡེ་རྣམས་ཀྱི་མདོར་བསྡུས་པའི་ཚིག་འཁྲུལ་པ་ཡོད་པ་རྣམས་ལེགས་པར་གཏན་ལ་འབེབས་པའི་བཤད་རྒྱུད་རྣམས་ངེས་པར་མ་བྱས་པར། རྒྱུད་ལ་སྒྲ་ཇི་བཞིན་པར་བཟུང་ནས་ཞིབ་ཏུ་མི་རྟོག་པར་ཉེས་སྤྱོད་ལ་འཇུག་པ་རྣམས་ཀྱི་རྗེས་སུ་འབྲངས་བར་མི་བྱ་
སྟེ། དེང་སང་ཞིབ་ཏུ་བརྟགས་ནས་འཇུག་དགོས་སོ། །ཞེས་ཤཱནྟི་པས་གསུངས་པ་ལྟར་ཤེས་རབ་ཅན་རྣམས་ཀྱིས་བྱ་དགོས་ཏེ། ཇི་སྐད་དུ། འོན་ཀྱང་གང་དག་བཅོམ་ལྡན་འདས་ཀྱི་བཀའ་མདོ་སྡེ་རིན་པོ་ཆེའི་ཚོགས་ལ་སོགས་པ་སྟེ་སྡེ་སྣོད་དུ་གཏོགས་པའི་གསུང་རབ་རྒྱ་ཆེན་པོ་མ་མཐོང་ཞིང་མ་ཐོས་ལ་དེ་བཞིན་དུ་བྱ་བ་དང་རྣལ་འབྱོར་ལ་སོགས་པའི་རྒྱུད་རྩ་བ་དང་ཕྱི་མ་དང་ཕྱི་མའི་ཕྱི་མ་དང་བཅས་པ་འཁྲུལ་པའི་གནས་གཏན་ལ་འབེབས་པ་མ་ཐོས་ཤིང་མ་མཐོང་བར་རྒྱུད་མདོར་བསྡུས་པ་འགའ་ཞིག་གི་ཚིག་ལ་སྒྲ་ཇི་བཞིན་པར་འཛིན་པས་ཕ་རོལ་ཏུ་ཕྱིན་པའི་ཚིག་དང་། བྱ་བའི་རྒྱུད་ལ་སོགས་པ་ལས་དང་བྱ་བ་རབ་ཏུ་སྟོན་པ། དེ་དག་ལས་ནི། ལམ་སྡུག་བསྔལ་ལ་ཁ་ཟས་ལ་སོགས་པ་བྱེ་བྲག་ཅན་བཟའ་བ་ཡིན་ལ་གང་འདོད་པ་སྤྱད་དུ་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྒྱ་མཚོ་ལྟ་བུ་འདི་ལས་ནི་ཇི་ལྟར་དགའ་བས་ལོངས་སྤྱད་ཀྱང་འགའ་ཡང་གང་དུ་ཡང་ནམ་ཡང་མི་ཉམས་ཏེ། ཇི་ལྟར་དགའ་བ་སྤྱོད་ལ་རག་གོ །བུད་མེད་དང་ཆང་དང་ཤ་ལ་སོགས་པ་འདི་དག་ནི་མཆོད་པ་ཆེན་པོ་མཆོད་པ་
བཟང་པོ་མྱུར་དུ་འགྲུབ་པར་བྱེད་པའོ། །ཞེས་སྨྲ་བ་དེ་དག་རབ་ཏུ་མ་རུངས་པ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་དུས་གསུམ་སྒྲིབ་པ་མེད་པར་མཁྱེན་པའི་ཞལ་སྔ་ནས་ཚུལ་འདི་འདྲ་འབྱུང་བར་གཟིགས་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་ལོན་ནས་བདུད་སྡིག་ཅན་གྱིས་ངའི་བསྟན་པ་ཕྱེ་ཞིང་འཆད་པར་འགྱུར་རོ། །ཞེས་གསུངས་ཤིང་དེ་ཉིད་ངོ་ཤེས་པར་བྱ་བའི་ཕྱིར་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་རྣམ་པ་གསུམ་གྱིས་ཉིད་ཀྱི་བསྟན་པ་རྒྱས་བཏབ་ཅིང་འདིར་མི་རུང་བར་མཛད་ལ། ནག་པོ་བཤད་པ་དང་ཆེན་པོར་སྟོན་པ་རྣམ་པར་དབྱེ་བ་མཛད་པས་ཉིད་ཀྱི་བསྟན་པར་བརྟགས་པ་རྡོ་ཀ་ཤི་ལྟ་བུ་བཞག་པ་མཛད་དེ། དེའི་ཕྱིར་དེང་སང་བསྟན་པ་ལ་ཞུགས་པ་དེ་དག་གི་ཞིབ་པའི་བློས་བརྟགས་པར་བྱ་བའི་རིགས་ཀྱི་སམ་བརྟགས་པར་གཞན་གྱི་སྡིག་པ་ཅན་ལ་འཇུག་པར་མི་བྱའོ། །ཞེས་སོ། །གང་ཡང་དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་པ་ལ་གང་ཡང་གནང་བ་ཡིན་ནོ། །ཞེས་སྟོང་ཉིད་ལ་ལྕེ་རྟེན་བྱས་ནས་རང་གཞན་བག་མེད་ལ་སྦྱོར་བ་ཡང་གསང་སྔགས་ཀྱི་ཚུལ་གྱི་སྣང་བ་ལས་ཞིབ་པར་དགག་པ་མཛད་དེ། ཇི་སྐད་
དུ། འོན་ཏེ་དེ་ཉིད་རྣལ་འབྱོར་བ། །བདག་ཅག་ལ་ནི་ཁ་ཟས་དང་། །སྤྱོད་ལམ་སོགས་ཀུན་ཅི་དགའ་བར། །རྣལ་འབྱོར་རྒྱུད་ལ་སྐྱོབ་པས་གནང་། །དེ་ཡང་དེ་ཉིད་གསལ་ཉིད་དུ། །ཟླ་གསང་ཐིག་ལེ་ལ་སོགས་ལས། །རྣལ་འབྱོར་པ་ཡིས་མི་བྱ་བ། །ཅི་ཡང་མེད་ཅེས་གསུངས་པ་ཡིན། ཞེས་སྨྲས་པའི་ལན་དུ། ཡང་དག་པ་ཡི་རྣལ་འབྱོར་པ། །དངོས་མེད་རྟོགས་ཤིང་བརྩེ་ལྡན་པ། །རྒྱལ་བས་འདི་གསུངས་བདེན་མོད་ཀྱི། །ད་ལྟར་འདི་འདྲ་འགའ་མ་མཐོང་། །རྫོགས་སངས་རྒྱས་ལྟར་འཇིག་རྟེན་འདིར། །ཅི་བདེར་གནས་བྱ་གང་སྨྲ་བ། །ཁྱོད་ལ་རྫོགས་སངས་མཚན་མའི་ཆ། །ཡོད་པར་ཅི་ཡི་ཕྱིར་མི་སྣང་། །གལ་ཏེ་སྔགས་ཀྱི་བསྟན་པ་ལ། །སྣོད་དུ་གྱུར་པ་ཁྱོད་ཡིན་ན། །བདག་ཅག་དམ་ཚིག་ལ་སྡང་བས། །འགལ་བ་འདྲ་བར་གྱུར་པ་ཡིན། །གལ་ཏེ་ཟས་སྐོམ་སྒོ་ནས་ནི། །རྫས་སོགས་མཉམ་པར་སློབ་བྱེད་ན། །སྦྱིན་ལ་སོགས་པའི་ལམ་གྱིས་ནི། །མི་སློབ་ཅེས་པ་ངོ་མཚར་ཆེ། །གལ་ཏེ་སྒྱུ་མ་ལྟར་གནས་པ། །འདི་ལ་ཁྱོད་ཀྱི་རྟེན་བཅས་ན། །བཀྲེས་སྐོམ་གྲང་སོགས་གནོད་
པ་ལ། །ཁྱེད་ཀྱི་སྒྱུ་མ་གང་དུ་སོང་། །འཇིག་རྟེན་གཉེན་གྱིས་སྔགས་པ་ལ། །ཚོགས་ཅན་ཁྱད་པར་ཅན་གསུངས་པ། །དེ་ཆ་ཁྱོད་ལ་ཡོད་མིན་པས། །རྒྱུ་མེད་འབྲས་བུ་གང་ལས་བྱུང་། །བདེ་བས་བྱང་ཆུབ་ཐོབ་འགྱུར་དང་། །དགའ་བར་སྤྱོད་པའང་སྤང་བ་ནི། །ཉིན་མཚན་བསྒོམ་བརྩོན་རྣལ་འབྱོར་པ། །གང་ཡིན་དེ་ལ་དེ་གསུངས་སོ། །ཞེས་སོགས་ཀྱི་ནན་ཆེ་བར་སློབ་དཔོན་མཐོ་བཙུན་གཙོ་ལགས་ཀྱིས་གསུངས་ཏེ་ཚིག་མང་དུ་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ། །གསུངས། རྗེ་བཙུན་བདེ་ལེགས་རིན་ཆེན་གྱིས། ལས་རྒྱ་གསང་སྔགས་གསར་རྙིང་གཉིས་ཀ་ནས་བཤད་ཀྱང་། ཉམས་སུ་ལོངས་པ་ཉུང་སྟེ། སྔགས་པ་ཕལ་ཆེར་བུད་མེད་ཀྱི་འདམ་དུ་ཆུད་པའོ། །དཔེར་ན་སྐྱེས་བུ་རྟ་ལ་མ་བྱང་བ་གཅིག །རྟ་དམུ་རྒོད་སྲབ་མདའ་ཆད་པ་ལ་ཞོན་ན། ཆེར་ཚེ་སྲོག་དང་འབྲལ། ཆུང་ཡན་ལག་ཆག །རྟས་དབང་མེད་དུ་འཁྱེར། གཅོང་གཡང་ངམ། གད་སྐྱིབས་ལ་ཤོར་ན་མི་རྟ་གཉིས་ཀ་འཆི། བར་སྐབས་སུ་བསྣད་ཡར་འོང་བ་ཤེས་ཏེ། འབབ་འདོད་ཀྱང་རང་དབང་མ་བྱུང་། མིས་འཕྱའ་ལ་རང་འགྱོད་པ་གཉིས་ཀ་
འབྱུང་། དེ་ལྟ་བུའི་རྟ་ཞོན་པ་བརྒྱད་བརྒྱ་ཙམ་ལ་བསྣད་ཡར་མེད་པར་ཁྲོམ་ཐོག་ཆོད་པ་རེ་རེ་ཙམ་སྲིད་པའོ། །དེ་བཞིན་ཆགས་ལམ་བསྟེན་པའི་གང་ཟག་སྙིང་རུས་ཀྱི་སྟོབས་ཞན་པ། རྩ་རླུང་ཐིག་ལེར་དབང་མ་ཐོབ་པས། རྟ་དམུ་རྒོད་སྲབ་མདའ་ཆད་པ་ལ་ཞོན་པ་ལྟར། ཕྱག་རྒྱ་མ་བསྟེན་པས། ཆེར་དགེ་སྦྱོར་གྱི་སྐྱེ་འཕེལ་ཆད། ཚེའི་བར་ཆད་བྱེད། འབྲིང་བསོད་ནམས་ཆུ་ཆད་པ་ལྟར་འགྱུར། ཐ་མ་སྐུར་པ་ངན་པ་འབྱུང་། རྗེས་སུ་འགྱོད་ནས་སྤང་བར་འདོད་ཀྱང་། བུ་ཚས་འབྲེལ་རང་དབང་མི་འབྱུང་། རྟག་པ་མཐའ་བཟུང་གི་རིག་པས་དཔྱད་ནས། སོ་སོ་སྐྱེ་བོ་རྣམས་མི་དད། དམ་པ་རྣམས་ཀྱི་ཐུགས་ཀྱིས་ཁྲེལ། དད་པ་ཅན་སུན་འབྱིན། རྩ་ལྟུང་བཅུ་གཉིས་པ་ཕོག །དྭངས་མ་འཛག་བདེ་བ་འཆོར། རྩ་ལྟུང་ལྔ་པ་ཕོག །འགྲོ་དོན་མི་ནུས། ཁྱིམ་པ་དང་ཁྱད་མེད་དུ་འགྱུར་བའི་སྐྱོན་ཡོད། དགོས་པའི་བྱང་སེམས་ཉམས། མི་དགོས་པའི་ཉོན་མོངས་ཆེར་འཕེལ། ལྷ་དང་མཁའ་འགྲོ་གྱེས། རང་རྒྱུད་གཟུང་འཛིན་དང་ལས་རྒྱའི་དབང་དུ་སོང་། མཐར་ཤི་ནས་ངན་སོང་དུ་སྐྱེ་བའི་ཉེན་
ཡོད་དེ། རྡོ་རྗེ་ཚིག་རྐང་ནས། བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལས་ཉམས་ཤིང་སླར་ཡང་ངན་སོང་ལྟུང་། །ཞེས་གསུངས་སོ། །ནཱ་རོ་པཎ་ཆེན་གྱིས་ལོ་གཅིག་ཤེས་རབ་མ་བསྟེན་ནས། ཏཻ་ལོའི་དྲུང་དུ་ཕྱིན་པས། ནཱ་རོ་པ་བདེ་འམ་གསུངས། ནཱ་རོ་པས། བདག་ཟེར་བ་བཞིན་ཤེས་རབ་མས་མ་ཉན། །ཤེས་རབ་མས་ཟེར་བ་བཞིན་བདག་མ་ཉན། །བསམ་པ་ལྟ་སྤྱོད་མ་མཐུན་པས། །དོན་མེད་སྡུག་བསྔལ་སྣ་ཚོགས་མྱང་། །འདོད་ཡོན་སྲེད་པའི་བདེ་བ་ཡི། །གཉིས་སྣང་གཟུང་འཛིན་དབང་དུ་ཤོར། །གསུངས། དེའི་རྗེས་སུ་ཤེས་རབ་མ་ཏཻ་ལོ་པར་ཕུལ་ནས། ལྟོས་མེད་བླ་མ་སངས་རྒྱས་ལ། །ཤེས་རབ་ཡོན་ཕུལ་རྣལ་འབྱོར་བདེ། །གསུངས་པས། གྲུབ་ཐོབ་ཆེན་པོ་དེ་ཡང་དེ་ལྟ་བུ་གསུངས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། རྗེ་རས་ཆུང་བ་ལྟ་བུ་རླུང་སེམས་ལ་དབང་ཐོབ་པས་ཀྱང་། ལྷ་གཅིག་ལྡེམས་བུ་ཕྱག་རྒྱར་བཞེས་པ་ལ། ཤིན་ཏུ་སྡུག་ཅིང་ཉམ་ཐག་སྟེ། ཡུན་རིང་པོར་ཡང་དབང་མ་བྱུང་བར། བླ་མ་ཡི་དམ་མཁའ་འགྲོ་རྣམས། །མཐོང་ཐོས་དྲན་པས་རས་ཆུང་བ། །བསམ་གྱིན་ཡི་
མུག་མཆི་མ་བཀུ། །ཞེས་པ་ལ་སོགས་པ་གསུངས་སོ། །མདོར་ན་ཆགས་ལམ་པ་ནམ་མཁའི་སྐར་མ་ཙམ་ཡོད་ཀྱང་། བར་ཆད་ཀྱིས་མ་ཁྱེར་བ་ལམ་དུ་སློངས་པ་ཉི་ཟླ་ཙམ་འབྱུང་བའོ། །དེ་ཕྱིར་ལས་རྒྱ་མི་བསྟེན་ཞེས་གསུངས་སོ། །བཤེས་སྤྲིངས་ལས། གཞན་གྱི་ཆུང་མ་མི་བལྟ་མཐོང་ན་ཡང་། །ན་ཚོད་མཐུན་པར་མ་དང་བུ་མོ་དང་། །སྲིང་མོའི་འདུ་ཤེས་བསྐྱེད་ཀྱི་ཆགས་གྱུར་ན། །མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། །ཞེས་དང་། དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་ལས། བྱི་བོ་བྱེད་པ་ཤལ་མ་ལི། །ལྕགས་ཀྱི་རྩེ་མོ་མེ་འབར་བ། །སོར་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟ། །མཆུ་རྣོ་ལས་ཆེན་འབར་བ་ཡིས། །གཞན་གྱི་བུད་མེད་འཕྲོག་པ་ལ། །འཇུས་ནས་ཟ་བ་ཁོ་ནར་འགྱུར། །ཞེས་དང་། མདོ་རྒྱུད་བསྟན་བཅོས་དུ་མ་ནས་བུད་མེད་བསྟེན་པའི་ཉེས་དམིགས་མཐའ་ཡས་མུ་མེད་པ་གསུངས་སོ། །དེས་ན་སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མེད་ཤུལ་དུ་བཙུན་མོ་དམར་རྒྱན་མས་སློབ་དཔོན་བཻ་རོ་ཙཱ་
ན་ལ་འཚོ་བ་དྲངས། དེ་ནས་འདོད་ཆགས་ཀྱིས་གདུང་ནས་སྐུ་ལ་འཇུས་ཚེ། སློབ་དཔོན་གྱིས་ཐབས་མཁས་བྱས་ངས་ཕྱི་སྒོ་བཅད་ནས་འོང་ཞེས་ཕྱི་སྒོར་བུད་ནས་བྲོས་སོང་སྐད། དེ་བཞིན་རང་དང་རང་གི་སློབ་མ་གྲྭ་པ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་ཆོས་པ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྩ་བ་བུད་མེད་འཚོལ་བ་ཕར་ཞོག །ཚུར་བྱུང་ན་ཡང་ཉེས་དམིགས་བསམས་ནས་འབྲོས་ཅི་ཐུབ་ལ་བརྩོན་པར་བྱའོ། །དེ་ལྟར་བྱེད་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བདུད་རྩི་འབེབས་སྦྱོང་བྱའོ། །སྨྲས་པ། འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི། །མཛའ་བཤེས་ཆེན་པོ་སྟོན་པ་སངས་རྒྱས་དེ། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །བདག་གཞན་ཡོངས་ལ་ཐུགས་རྗེ་སྤྱན་གྱིས་གཟིགས། །ཀུན་མཁྱེན་ཁྱེད་ཀྱི་ཞལ་གྱི་བུམ་བཟང་ལས། །ཐོན་པའི་ཆོས་རྣམས་སླར་ཡང་དབྱངས་སུ་ལེན། །འཇིག་རྟེན་ཁྱིམ་ཐབས་མེ་ཡི་འོབས་ནས་ཐོན། །རབ་བྱུང་བསིལ་སར་སྙོགས་རྣམས་དགའ་བས་ཉོན། །སྡུག་བསྔལ་གཞི་མ་བུད་མེད་བསྟེན་གྱུར་ན། །ཚེ་འདིར་བུད་མེད་ངན་མའི་དབང་དུ་
སོང་། །ཕ་མ་ལ་ཡང་བརྩི་བཀུར་མེད་པའི་ཁར། །ཁ་ངན་སྨྲ་ཞིང་དྲིན་ལན་ལོག་འཇལ་བྱེད། །དམ་པའི་ལྷ་ཆོས་ཡོང་བ་ཕར་ལ་ཞོག །བུ་དང་བུ་མོ་བྱུང་ནས་ཁ་མི་སོས། །ལྟོ་གོས་དོན་དུ་སྡིག་ལས་མང་པོ་བྱས། །ཤི་མ་ཐག་ནས་དམྱལ་བའི་གནས་སུ་འགྲོ །འདོད་ལོག་སྤྱད་པའི་ལས་ཀྱི་རྣམ་སྨིན་གྱིས། །ཤི་ན་དམྱལ་བ་བསྡུས་འཇོམས་གནས་སུ་སྐྱེ། །ཆགས་པས་བུད་མེད་གཞན་ལ་སྤྱད་གྱུར་ན། །ངུ་འབོད་ཆེན་པོ་མུན་པའི་ནང་དུ་སྐྱེ། །སྲིང་མོ་ལ་སོགས་འོས་པ་མ་ཡིན་པར། །སྤྱད་ན་དམྱལ་བ་ཀྱི་ཧུད་ཟེར་བར་སྐྱེ། །དགེ་སློང་མ་ལ་མི་ཚངས་སྤྱད་གྱུར་ན། །དམྱལ་བ་མཆི་མའི་རྒྱུན་མེ་ལྟ་བུར་སྐྱེ། །དགེ་བསྙེན་མ་ལ་མི་ཚངས་སྤྱད་གྱུར་ན། །རབ་ཏུ་ཚ་བའི་དམྱལ་བར་སྐྱེ་བར་འགྱུར། །གྲོགས་ཀྱི་ཆུང་མར་ལྐོག་ནས་སྤྱད་བྱས་ན། །རབ་ཚ་ཨ་ལ་ལ་ཞེས་དམྱལ་བར་སྐྱེ། །བླ་མའི་ཕྱག་རྒྱར་ལོག་གཡེམ་བྱས་གྱུར་ན། །མཚོན་ཆ་རལ་གྲིས་གཅོད་པའི་དམྱལ་བར་སྐྱེ། །རང་ཉིད་མི་དབང་བུད་མེད་ལ་སྤྱད་ན། །གཅན་གཟན་སྦྲུལ་གྱིས་ཟ་ཞིང་མེ་མདས་གསོད། །བུད་མེད་གཅིག་ལ་རང་གཞན་
མང་པོ་ཡིས། །སྤྱད་ན་གནོད་པ་མི་བཟད་དམྱལ་བར་སྐྱེ། །བུད་མེད་འོས་མ་ཡིན་པའི་ཁར་བཅུག་ན། །དམྱལ་བ་ཨ་ལ་བུད་ལྟར་གཅོད་པར་སྐྱེ། །མི་འདོད་བཞིན་དུ་མངལ་ཀྱང་མ་ཡིན་པར། །བཅུག་ན་དམྱལ་བ་གནད་གཅོད་ཆེ་བར་སྐྱེ། །བྱིས་པས་མི་འདོད་བཞིན་དུ་སྦ་བའི་གནས། །བཅུག་ན་དམྱལ་བ་འཇིགས་པར་བལྟ་བར་སྐྱེ། །བུད་མེད་མངལ་དུ་བསམས་ནས་དུད་འགྲོ་ལ། །བཅུག་ན་དམྱལ་བ་འཁུམ་པ་ཞེས་བྱར་སྐྱེ། །སྐྱེས་པ་གང་ཞིག་སྐྱེས་པ་གཞན་དག་ལ། །བཅུག་ན་དམྱལ་བ་ཉམ་ང་མང་བར་སྐྱེ། །བུད་མེད་མ་རྙེད་ལུག་གམ་བོང་མོ་ལ། །བཅུག་ན་དམྱལ་བ་ཨ་ཚ་ཟེར་བར་སྐྱེ། །བུད་མེད་སྐྱེ་གནས་མ་ཡིན་རྐུབ་སོགས་ལ། །བཅུག་ན་དབང་པོ་ཀུན་འགག་དམྱལ་བར་སྐྱེ། །བུད་མེད་དྲན་ནས་ལག་པས་ཐབས་བྱས་ན། །དམྱལ་བ་ཚོར་བ་མཐའ་མེད་ཅེས་བྱར་སྐྱེ། །རྨི་ལམ་བུད་མེད་སྤྱད་ནས་རོ་མྱང་ཡང་། །དམྱལ་བ་པདྨ་ལྟར་གས་ནང་དུ་སྐྱེ། །ཆགས་པས་ཕྱི་མར་ལྷ་མོས་བསྐོར་སྨོན་ན། །པདྨ་ཆེན་པོ་ལྟར་གས་དམྱལ་བར་སྐྱེ། །བུད་མེད་རྣམས་ལ་སྟེར་སྙམ་ཡོ་བྱད་རིགས། །བཟུང་ན་དམྱལ་བ་མེ་
ཐབ་ནང་དུ་སྐྱེ། །ཚུལ་ཁྲིམས་ལྡན་པས་ཆགས་པས་བུད་མེད་ལ། །བལྟས་ན་མིག་ནི་ཟངས་ཞུན་འབར་བས་བསྲེག །ཆགས་པས་བུད་མེད་གླུ་དབྱངས་ཉན་པ་ན། །རྣ་བ་རོ་ཉེ་བསྐོལ་བས་འགེངས་པར་འགྱུར། །མཛེས་མར་ཆགས་ནས་ཁུ་བ་ཕྱུང་གྱུར་ན། །ལྕགས་ཀྱི་མེ་མདག་ཆར་པ་ལུས་ལ་འབབ། །བུད་མེད་མཚན་མ་སྙན་དངགས་ཀྱིས་བསྟོད་ན། །སྐྱེ་བ་ལྔ་བརྒྱར་མངལ་གྱི་སྲིན་བུར་སྐྱེ། །མི་རུ་སྐྱེས་ཀྱང་ཟ་མ་མ་ནིང་དང་། །ཞ་ལོང་འོན་པ་དབང་པོ་མ་ཚང་སྐྱེ། །དབང་པོ་ཡོད་ཀྱང་གཞན་གྱིས་གཅོད་པ་འམ། །ཡང་ན་ནད་ངན་བྱུང་ནས་འཆད་པར་འགྱུར། །དེ་ཕྱིར་དུས་དང་རྣམ་པ་ཐམས་ཅད་དུ། །འདོད་ལོག་སྤྱོད་ལ་འཇུག་པར་མ་གྱུར་ཅིག །སངས་རྒྱས་ཐུགས་རྗེ་ཅན་གྱི་བྱིན་རླབས་ཀྱིས། །མི་ཚངས་སྤྱོད་པ་ནམ་ཡང་མི་དྲན་ཤོག །འདི་ལྟར་འབད་ལས་བྱུང་བའི་དགེ་བའི་མཐུས། །ཚུལ་ཁྲིམས་ལྡན་པས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ བཞི་པ་ཤ་ཆང་བུད་མེད་ཀྱི་དབང་དུ་སོང་ནས། སྲོག་གཅོད་ཀྱི་ལས་བྱས་པའི་ཉེས་དམིགས་
ནི། མདོ་སྡེ་དྲན་པ་ཉེར་བཞག་ལས་རྒྱ་ཆེར་གསུངས་པའི་དོན་མདོར་བསྡུས་ཏེ་བཤད་ན་དེ་ཉིད་ལས། སྲོག་གཅོད་པ་ཀུན་ཏུ་བརྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ལས་དང་ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་འཇུག་དང་ལྡན་པའི་སེམས་ཅན་དམྱལ་བ་ཡང་སོས་སུ་སྐྱེ་བར་འགྱུར་རོ། །དེ་ཡང་རྒྱ་འམ་གདོས་ཀྱིས་བྱ་དང་རི་དྭགས་གསོད་པར་བྱས་ན། དེ་ཤི་ནས་དམྱལ་བ་ཡང་སོས་ཀྱི་འཁོར་མི་གཙང་བའི་འདམ་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མི་གཙང་བའི་འདམ་ནས་སྲིན་བུ་མཆུ་རྣོན་པོས་ལུས་ཕྱི་ནས་ནང་གི་རྐང་ལ་ཐུག་གི་བར་དུ་ཟ་བའོ། །དེ་ལས་ཐར་ན་དུད་འགྲོ་བྱ་དང་རི་དྭགས་སུ་སྐྱེས་ནས་གསོད་པར་འགྱུར་ལ། ལྷ་དང་མིར་སྐྱེས་ནའང་ཚེ་ཐུང་བར་འགྱུར་རོ། །རྙེད་པ་དང་། བཙོངས་པ་དང་། བླངས་པའི་རྒྱུའི་སེམས་ཅན་དག་སྲོག་གཅོད་པར་བྱེད་དོ། །མཚོན་གྱིས་གཞན་བསད་ཅིང་སྲོག་དང་བྲལ་བར་བྱས་ན་དེ་ཤི་ནས་དམྱལ་བ་ལྕགས་ཀྱིས་བསྒྱུར་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ལྕགས་ཀྱི་ར་བ་རབ་ཏུ་འབར་བ་འཕང་དུ་དཔག་ཚད་བཅུ་ཡོད་པའི་ནང་དུ་མེ་འབར་ཏེ་གཤིན་རྗེའི་མི་དག་གིས་མཚོན་རབ་ཏུ་འབར་
བས་ལུས་གཅོད་ཅིང་འཇིག །སྲེག་ཅིང་གཤག་གོ །མཚོན་གྱི་ཆར་ཕབ་ནས་གཤག །ཡན་ལག་བཅད་ཅིང་གཏུབ་པ་དང་ངུའོ། །རལ་གྲི་ལོ་མའི་ཚལ་དུ་ཞུགས་པས་མཚོན་གྱི་ཆར་གྱིས་གཤག་པར་བྱེད་དོ། །གསོན་པ་དག་བཟའ་བའི་དོན་དུ་སྤུ་དབྱི་བར་བྱ་བའི་ཕྱིར་ལྕགས་ཀྱི་སྣོད་དུ་འཇུག་ཅིང་རབ་ཏུ་བསྐོལ་ཏེ་འཇོག་པར་བྱེད་པ་དེ་ཤི་ནས་དམྱལ་སྣོད་དུ་བཙོ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ལྕགས་ཀྱི་སྣོད་ནང་དུ་བཅུག་ནས་མེ་སྦར་ཏེ་ལོ་འབུམ་ཕྲག་དུ་མར་འཚོད་དོ། །དེ་ལས་ཐར་ནས་ལྷ་མིའི་ནང་དུ་སྐྱེས་ནའང་ཚེ་ཐུང་བར་འགྱུར་རོ། །སེམས་ཅན་གཞན་ལ་གནོད་པ་སྣ་ཚོགས་པ་བྱས་ན། དེ་ཤི་ནས་དམྱལ་བ་གནོད་པ་རྣམ་པར་མ་ཞི་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་ཤིང་གི་བར་དུ་བཙིར་བ་དང་། ཁབ་ཀྱིས་གཙག་པ་དང་། གཏུན་ཤིང་གིས་བརྡུང་བ། ལྕག་གིས་བྲབ་པ། སྤུ་འཐོག་པ། མགོ་ལ་འཁོར་ལོ་བསྐོར་བ། ཟངས་བསྐོལ་བར་འཇུག་པ། ལྤགས་པ་ལུས་ཀུན་གཏུབ་པ་སོགས་སྡུག་བསྔལ་སྣ་ཚོགས་པ་མྱོང་བར་བྱེད་དོ། །མིར་སྐྱེས་ན་དེ་རྟག་ཏུ་བཅིང་བ་དང་གཙེས་པ་
དང་གནོད་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་ནས་འཚེ་བ་དང་མི་བདེ་བར་འགྱུར། སྐྱེ་བོ་ཀུན་གྱིས་ཀྱང་མངོན་པར་གཙེས་ཏེ་རྟག་ཏུ་སྡུག་བསྔལ་མི་བཟད་པར་འགྱུར། གཉེན་འདབས་དང་། མཛའ་བཤེས་དང་ཆུང་མ་དང་བུ་དག་དང་ཞེ་འགྲས་པར་འགྱུར་རོ། །སེམས་ཅན་གང་དག་ལོག་པར་ལྟ་བ་ལས་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་སྟོན་པ་མཆོད་སྦྱིན་དག་ལ་ཕྱུགས་བསུབ་ནས་གསོད་པར་བྱེད་པ་དང་། རུས་སྦལ་དག་སོ་ཕག་གིས་མངོན་པར་གཡོགས་ཤིང་མུན་པར་འཇུག་པར་བྱེད་པ་དེ་དག་ཤི་ནས་དམྱལ་བ་མུན་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མུན་པ་འབྱུང་བའི་མེས་སྲེག་པར་བྱེད་དོ། །ལས་ཀྱི་རླུང་གིས་བདས་ནས་རི་གཉིས་རེ་རྒྱུག་པའི་བར་དུ་བཅུག་པས་ཐལ་བར་རློག་གོ །སྤུ་གྲི་ལྟ་བུའི་རླུང་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཞིག་པར་བྱེད། སོ་ཕག་གིས་གཡོགས་ནས་སྣང་བ་མེད་པར་བྱས་ལུས་ལས་བྱུང་བའི་མེས་སྲེག་པར་བྱེད་དོ། །མིའི་ནང་དུ་སྐྱེས་ན། དེ་རྟག་ཏུ་བཅིངས་བས་བཅིང་བར་འགྱུར་ཞིང་ཚེ་ཐུང་བར་འགྱུར་རོ། །ནགས་ཁྲོད་ན་རྒྱུ་བའི་སེམས་ཅན་རི་དྭགས་བྱ་སེང་གེ་དྲེད་གུང་དང་སྤྲེའུ་
སོགས་བག་ཕེབས་རྒྱུ་བ་སྒྲ་དག་གིས་སྐྲག་པར་བྱེད་ཅིང་རྔོན་པས་བསད་པའི་བསམ་པ་ཡོད་པ་དེ་ཤི་ནས་དམྱལ་བ་ཀུན་ཏུ་མི་དགའ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་མེ་ནང་དུ་བཅུག་ནས་བྱ་རོག་འུག་པ་བྱ་རྒོད་ཁྱི་དང་སྲིན་པོ་ཝ་རྣམས་ཀྱི་མཆུ་རྣོ་ལ་སྒྲ་འཇིགས་པ་རྣམས་ཀྱིས་བསྲུང་ནས་བཅད་ཅིང་ཟ་ལ་འཇིགས་པའི་སྒྲ་དེས་མི་དགའ་བར་འགྱུར་ཞིང་སྲོག་ཆགས་མར་ཀོ་ཏ་ཀའི་མཆུ་རྣོན་པོས་རུས་པའི་གསེབ་དང་ནང་དུ་ཞུགས་ནས་ཟའོ། །མིར་སྐྱེས་ན་རྟག་ཏུ་དམན་པ་གཞན་གྱི་ཟིལ་གྱིས་གནོན་ཅིང་ནམ་ཡང་དེའི་སེམས་ལ་དགའ་བ་མི་སྐྱེ། ལས་བྱེད་པ་དག་ལ་དོན་མེད་དགའ་བ་མེད་ཅིང་བུ་ཆུང་མ་གསོད་དང་འཆིང་བར་བྱེད་པ་དང་མི་དགའ་བ་རྟག་ཏུ་འཐོབ་པར་འགྱུར་རོ། །སེམས་ཟབ་པར་བདོ་བའི་སེམས་ཅན་ནི་སྲོག་གཅོད་པ་མང་པོ་བག་མེད་པ་ལ་འཇུག་པ་སྟེ། དེ་དག་ཤི་ནས་དམྱལ་བ་ཚོར་བ་བདོ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ན་བ་ཚྭ་དང་མཚོན་དང་མེ་དང་ངམ་གྲོག་དང་གཡང་ས་དང་ཕུར་བུ་དང་། མེ་འབར་བའི་ཕྲེང་བའི་རྒྱན་བྱས་པའི་ཚོར་བ་ལ་རྟག་ཏུ་རྒྱུན་མི་འཆད་པར་ཉིན་གཅིག་
བཞིན་དུ་འཇུག་པར་འགྱུར་རོ། །མིར་སྐྱེས་ནའང་འགྲོ་ལྡིང་དང་། བར་བ་རའི་ཡུལ་དང་། རྒྱ་མཚོའི་དབུས་ཀྱི་ཡུལ་དང་། སིནྡྷུའི་ཡུལ་དང་། ཞར་བའི་གླིང་གི་ཡུལ་དང་། གང་ན་བྲན་མཆོག་ཏུ་སྡུག་བསྔལ་བར་འགྱུར་བ་དེར་སྐྱེ་བར་འགྱུར་ཞིང་དབུལ་བའི་བྲན་དུ་འགྱུར་སྒོ་སྲུང་དང་། ཡན་ལག་དང་ཉིད་ལག་ཐམས་ཅད་ཉམས་ཤིང་། མ་ཚང་བ་དང་། ལུས་སྐེམ་པ་དང་། བཀྲེས་པས་ཡོངས་སུ་གདུང་ཞིང་གྲང་བ་དང་། ཚ་བའི་གཞིར་གྱུར་པ་དང་། ཤིན་ཏུ་སྡུག་བསྔལ་ཞིང་གཞན་གྱིས་རྟག་ཏུ་གཙེས་པ་དང་། བྱིས་པ་དག་གིས་དབྱུག་པ་དང་བོང་བ་དག་གིས་བརྡེག་ཅིང་། སྐྱེ་བོ་ཀུན་གྱིས་བརྙས་པར་འགྱུར་བུ་དང་ཆུང་མས་ཀྱང་རྣམ་པར་སྤང་བར་འགྱུར་ཞིང་། མངལ་ནས་སྐྱེས་ཚུན་ཆད་མཆོག་ཏུ་སྡུག་བསྔལ་བར་འགྱུར་རོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །ཡང་དྲན་པ་ཉེར་བཞག་ལས། མི་ནི་གང་ཞིག་སྡིག་བྱེད་པ། །དེ་དག་ངེས་པར་ཕངས་མི་བྱེད། །བདག་གི་ཡུལ་ལ་སྡིག་པ་བྱས། །སྡིག་པས་སེམས་ཅན་དམྱལ་བར་འཚོད། །སྡིག་པས་སྡིག་པ་རྗེས་སུ་འགྲོ །དེ་བཞིན་དགེ་བས་དགེ་བར་མཐོང་། །
སྡིག་བྱེད་དགེ་ལ་སྡང་བ་ནི། །སེམས་ཅན་དམྱལ་བར་སྐྱེ་བར་འགྱུར། །མི་དགེའི་བློ་ཡིས་དགེ་བ་དག །བཏང་ནས་ཅི་ཕྱིར་སྡིག་པར་འགྲོ །རྨོངས་པས་རིན་ཆེན་བོར་ནས་སུ། །ཅི་ཕྱིར་རྡོ་ཡི་རྗེས་སུ་རྒྱུག །སངས་རྒྱས་རིན་ཆེན་ལ་སོགས་པ། །སྣ་ཚོགས་ཆོས་ཀྱིས་མཚུངས་པར་གང་། །མི་ཡི་ཆོས་ནི་ཐོབ་པ་དག །ཅི་ཕྱིར་ནང་དུ་སྤྱད་མི་བྱ། །སྡིག་པ་ཡོངས་སུ་སྤང་པ་ཡིན། །སེམས་ནི་རྟག་ཏུ་དགེ་བ་དག །མྱ་ངན་འདས་པ་ལག་ན་ཡོད། །རྟོགས་པ་རྣམས་ཀྱིས་མི་མཐོང་ངོ་། །ཐོག་མ་དབུས་དང་མཐར་དགེ་བ། །བདེ་བའི་ཆོས་ནི་རྟག་ཏུ་འབྱུང་། །ཐོག་མ་དབུས་དང་མཐའ་མི་དགེ །སྡིག་པའི་ལས་ཀྱི་འབྲས་བུ་ཡིན། །དེ་ལྟར་རྟག་ཏུ་སྡིག་སྤང་ཞིང་། །རྟག་ཏུ་དགེ་ལ་དམིགས་པར་གྱིས། །སྡིག་པ་ཡོངས་སུ་སྤངས་པ་ནི། །རྟག་ཏུ་བདེ་བར་གནས་པ་ཡིན། །འཁོར་བ་ཐོག་མ་མེད་པ་ནས། །ཡང་དང་ཡང་དུ་སྡིག་པས་གདུངས། །བྱིས་པ་གཏི་མུག་དབང་སོང་བ། །ཅི་ཡི་ཕྱིར་ན་སྐྱོ་མི་བྱ། །སྡིག་པའི་ལས་ནི་སྔོན་བསྲེགས་ཤིང་། །ཕྱི་ནས་མེ་ཡིས་སྲེག་པར་བྱེད། །སྡིག་པའི་རྒྱུ་ལས་
བྱུང་བའི་དམྱལ། །སྡིག་པ་རྣམས་སུ་ཡོངས་སུ་འཚོད། །སྡིག་པ་དོན་མེད་སྨྲ་བ་ནི། །སེམས་ནི་ཡང་པས་སྨྲ་བར་བྱེད། །ཚ་བ་གང་གིས་ཡོངས་བསྲེག་པ། །ཅི་ཡི་ཕྱིར་ན་སྡིག་པ་བྱེད། ཁྱོད་ཀྱི་སྒོ་དག་དུ་མར་གྱུར། །དེ་ལྟ་བས་ན་སྡུག་བསྔལ་འགྱུར། །དེ་ལྟ་དེ་ནི་སྡིག་པ་ན། །གཤིན་རྗེ་ཕོ་ཉ་དུ་མ་ཡིས། །ལས་ཀྱི་ཞགས་པས་དབང་སོང་ལ། །མིབ་ཟད་དམྱལ་བར་ཁྲིད་པར་བྱེད། །ཅེས་དང་། སྡིག་པ་བྱེད་པའི་མི་དག་ནི། །འཇིག་རྟེན་ཀུན་གྱིས་རྣམ་པར་སྨད། །དགེ་བ་བྱེད་པ་རྟག་ཏུ་བསྟོད། །དེ་བས་སྡིག་པ་རྣམ་པར་སྤང་། །མི་འདོད་མི་ཕན་སྡང་བ་ཡི། །རྣམ་པར་སྨིན་པ་སྡུག་བསྔལ་བ། །སྡིག་པ་སྡིག་པའི་རྣམ་སྨིན་དེ། །དེ་ལྟར་བློ་ལྡན་དེ་སྤོངས་ཤིག །སྡིག་ལ་རྟག་ཏུ་སྡུག་པ་ཡོང་། །སྡིག་པ་མེད་ལ་སྡུག་མེད་དོ། །བྱེད་ལ་ལྟོས་ལ་སྡིག་ཡོད་དེ། །བྱེད་པ་རྣམས་ཀྱི་རྗེས་སུ་འཇུག །སྡིག་པ་སེམས་ལ་རག་ལས་ཤིང་། །འབྲས་བུ་སེམས་ལ་རག་ལས་ཏེ། །སེམས་ནི་རྐྱེན་ལས་སྐྱེས་པར་མཐོང་། །རྒྱུ་དང་རྐྱེན་ལས་ཤིན་ཏུ་འབྱུང་། །སེམས་ཅན་སེམས་ཀྱིས་བསླུས་ནས་སུ། །སྡིག་པའི་དབང་གིས་
འོང་བ་དག །གནོད་པའི་མཆོག་སྟེ་སྟོབས་ཆེ་བ། །སེམས་ཅན་དམྱལ་བ་དྲག་པོར་འགྲོ །སེམས་དབང་གྱུར་པ་འགྲོ་བ་སྟེ། །རྟག་ཏུ་ཆོས་དབང་འགྱུར་མི་འགྲོ །ཆོས་སྤྱོད་པ་ནི་རྟག་ཏུ་བདེ། །སྡིག་སྤྱོད་པ་ནི་མི་བདེ་འོ། །གསུངས། བསླབ་པ་ལྔའི་མདོ་ལས། དགེ་སློང་དག་སྲོག་གཅོད་པ་ནི། སྦྲུལ་དུག་ཅན་དང་འདྲ་བར་བལྟ་བར་བྱའོ། །སྡིག་པ་དུ་མ་དང་ལྡན་པ་དག །ཡི་དྭགས་ཀྱི་གནས་སུ་སྐྱེ་བ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་དང་། དམྱལ་བའི་སྐྱེ་གནས་སུ་སྐྱེ་བར་འགྱུར་ཏེ། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་དམྱལ་བ་ཡང་སོས་སུ་སྐྱེའོ། །དེ་ནི་དམྱལ་བ་ཡང་སོས་སུ་དམྱལ་བའི་སྲུང་མས་ཡང་དག་པར་བསྲེག་པ་དང་། མཚོན་སྣ་ཚོགས་པ་བཟུང་ནས་དུམ་བུར་གཅོད་ཅིང་ལུས་ལ་ཕུག་པ་འབུག་པར་བྱེད་དོ། །རྣམ་པ་ལྔ་ཡི་གཅིག་གོ་ཞེས་པས་ལས་བྱེད་ཅིང་བྱེད་ལ། དམྱལ་བའི་སེམས་ཅན་དེ་ཡང་དང་ཡང་དུ་འཚོ་བས་ན་ཡང་སོས་སུ་སྐྱེའོ། །དེ་རྣམས་ལ་ཡང་སོས་ཀྱི་སྡུག་བསྔལ་གདུག་པ་རྩུབ་པ་ཚ་བ་འཇོམས་ཤིང་འཇོམས་ལ། གང་ཞིག་ལ་ཐམས་ཅད་ལྕི་ཞིང་
སྲོག་གཅོད་པའི་རྣམ་པར་སྨིན་པ་དེའོ། །དེ་མིར་སྐྱེས་ཀྱང་ཚེ་ཐུང་བར་འགྱུར་རོ། །དབང་པོ་ཡོངས་སུ་མ་ཚང་བར་འགྱུར། གཟུགས་ངན་པ་དང་། ཤེས་རབ་འཆལ་བ་དང་། རྟག་ཏུ་སྐྲག་པ་དང་། རྟག་ཏུ་ཁྲོ་བ་དང་། ནད་དང་བཅས་པ་དང་། མྱ་ངན་དང་བཅས་པ་དང་། དགའ་བ་དང་འབྲལ་བ་དང་། ཐམས་ཅད་བྲལ་བ་དང་། རྟག་ཏུ་ཡུན་རིང་དུ་འབྲལ་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་ལྔ་བརྒྱར་ཡི་དྭགས་དང་། །ཉ་སྦྲུལ་རི་དྭགས་འུག་པ་དང་། །མ་ཧེ་ཁྱི་དང་ཝ་རྣམས་དང་། །སྲོག་བཅོད་པ་ཡི་ཉེས་པ་འོ། །འདི་ནི་སྲོག་བཅད་པའི་རྣམ་པར་སྨིན་པའོ། །སྲོག་གཅོད་པ་ནི་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ལུས། །འཐོབ་པར་འགྱུར་ཏེ་ཕན་ཡོན་ནི། །ཡོན་ཏན་ཉི་ཤུ་མི་དམན་པར། །ཡན་ལག་ཉིང་ལག་ཕུན་སུམ་ཚོགས། །ལུས་ནི་ཤེད་དང་ལྡན་པ་དང་། །རིགས་བཟང་པོར་ནི་མྱུར་དུ་སྐྱེ། །ཡན་ལག་གཙང་ཞིང་འཇམ་པ་དང་། །ཚེ་རིང་བ་དང་བདེ་བ་དང་། །དཔའ་ཞིང་སྟོབས་དང་ལྡན་པ་དང་། །ཚིག་ནི་མཆོག་ཏུ་བཟང་བ་དང་། །ལྷ་དང་བཅས་པ་
དགའ་བ་དང་། །འཇིག་རྟེན་པ་ཡི་ངན་མི་བྱེད། །འཕགས་པའི་ཚིག་ངན་མི་བརྗོད་དང་། །བྱད་སྟེམས་ངན་པས་མི་འཆི་ཞིང་། །མཐའ་ཡས་པ་ཡི་འཁོར་དང་ལྡན། །ཁ་དོག་གཟུགས་དང་ཡང་དག་ལྡན། །ནད་དང་མྱ་ངན་ཉུང་བ་དང་། ཁྱིམ་གྱི་གནས་ནི་མི་སྤོང་དང་། །གཞན་གྱིས་མི་དགར་མི་འགྱུར་རོ། །སྲོག་གཅོད་པ་ནི་སྤངས་པ་ཡི། །སྐྱེས་པའམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་ནི་མྱོང་བར་འགྱུར། །ལྷ་རྣམས་དང་ནི་མི་རྣམས་སུའོ། །དེ་ལུས་ཞིག་ཅིང་ཤི་ནས་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དུ་ཉེ་བར་སྐྱེའོ། །ཞེས་དང་། རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སྡིག་བྱེད་པ། །གཏུན་བུ་དྲག་པོ་རྣམས་ཀྱིས་འཇོམས། །སཏྭ་རེ་རྣམས་ཀྱིས་གཤག་པ་དང་། །དེ་བཞིན་གསལ་ཤིང་གཟུགས་པར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པའི། །སེམས་ཅན་རྣམས་ཀྱི་ལུས་ལ་ནི། །ལྕགས་མདུང་རྩེ་མོ་བཞི་པ་དང་། །རྩེ་གསུམ་པ་དང་རྩེ་ལྔ་འབབ། །མི་རྣམས་གང་དག་སྡིག་བྱེད་པ། །རལ་གྲིའི་མཆུ་ཅན་ཁྭ་རྣམས་ཀྱིས། །མགོ་ཡི་ཀླད་པ་བཏོག་འགྱུར་
ཞིང་། །ཝ་དང་སྤྱང་ཀིས་ཟ་བར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །ངན་སྐྱུགས་རུལ་བ་དྲི་ང་ཞིང་། །ཀུན་གྱིས་སྣང་བར་ལྟུང་འགྱུར་ལ། །སྤུ་གྲིའི་ཆུ་ཀླུང་རྣམས་སུ་ལྟུང་། །མི་རྣམས་གང་དག་སྡིག་བྱེད་པ། །རབ་ཏུ་ཚ་བར་བསྲེག་འགྱུར་ཞིང་། །ངུ་འབོད་དང་ནི་ངུ་འབོད་ཆེ། །ཐིག་ནག་ཏུ་ཡང་བསྲེག་པར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །ཐིག་ནག་ཏུ་ནི་སྐྱེས་ནས་ཀྱང་། །ཡང་དང་ཡང་དུ་མེ་མུར་དང་། །སྤུ་གྲི་ཆུ་ཀླུང་རྣམས་སུ་ལྟུང་། །གང་ཚེ་ལྕགས་ཀྱི་ཟངས་པོ་ཆེར། །མི་རྣམས་གང་དག་འཚོད་པ་ན། ཁྱི་རྣམས་ཀྱིས་ནི་གཙེས་གྱུར་ནས། །དེ་དག་བདེ་བ་ཚོལ་བར་བྱེད། །མི་རྣམས་གང་དག་སྡིག་བྱེད་པ། །དམྱལ་བ་དྲག་པོ་ཆེན་པོར་ནི། །ལྷུང་ནས་དཔུང་གཉེན་ཡོད་མིན་ཞིང་། །ལྕགས་ཀྱི་ཐོ་ལུམ་ཟ་བར་འགྱུར། །མི་རྣམས་གང་དག་སྡིག་བྱེད་པ། །ལྕགས་ལས་གྲུབ་པའི་བྲག་ཆེན་དང་། །མི་སྡུག་རི་བོ་རྣམས་ཀྱིས་ནི། །དེ་ཚེ་ཀུན་ནས་ལུས་འཇོམས་བྱེད། །དེས་ནི་རང་གི་ལས་བྱས་པས། །འབྲས་བུ་དེ་འདྲ་ཐོབ་འགྱུར་ཞིང་། །དེ་ཡིས་ཚོར་བ་མྱོང་བ་ན། །དེ་ལ་སྐྱོབ་པ་
འགའ་ཡང་མེད། །ཇི་སྙེད་བསྟེན་པ་ཐམས་ཅད་ནི། །བདག་གི་མདུན་དེར་འགའ་ཡང་མེད། །དེར་ནི་མགོན་མེད་བདག་གཅིག་པུ། །སྡུག་བསྔལ་ཚོར་བ་མྱོང་བར་བྱེད། །གང་དག་བདེ་ཕྱིར་དོན་མིན་པར། །སྔོན་ཆད་ཉེས་པ་སྤྱད་བྱས་ཀྱང་། །ཕ་མ་དེ་དག་དེ་རིང་ནི། །རྣམ་པར་གྲོལ་བའི་མཐུ་ཡང་མེད། །གང་དག་བདེ་ཕྱིར་དོན་མེད་པར། །སྔོན་ཆད་ཉེས་པ་སྤྱད་བྱས་ཀྱང་། །བུ་དང་བུ་མོ་ཆུང་མ་རྣམས། །དེ་རིང་བདག་ལ་འགྲོལ་མི་ནུས། །ཞེས་དང་། དྲན་པ་ཉེར་བཞག་གི་མདོ་ལས། སྲོག་གཅོད་པ་བརྟེན་པ་ནི་སེམས་ཅན་དམྱལ་བར་འགྲོ །ཡི་དྭགས་ཀྱི་འཇིག་རྟེན་དུ་འགྲོ །དུད་འགྲོའི་འཇིག་རྟེན་དུ་འགྲོ་སྟེ། མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ། སྐྱེ་བོ་མཁས་པ་ཀུན་གྱིས་སྨད་པར་འགྱུར་རོ། །མིར་སྐྱེས་ནའང་ཚེ་ཐུང་བའི་རྒྱུར་འགྱུར་རོ། །ཞེས་དང་། ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པའི་མདོ་ལས། སྲོག་གཅོད་པའི་ཁ་ན་མ་ཐོ་བ་དེས་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་འགྱུར་རོ། །གལ་ཏེ་མིར་སྐྱེས་པར་
གྱུར་ན་ཡང་། ཡང་དག་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། ཚེ་ཐུང་བ་དང་ནད་མང་བ་གང་ཡིན་པའོ། །ཞེས་དང་། ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་མདོ་ལས། ཇི་ལྟར་ལས་ཀྱི་ཚེ་ཐུང་བར་ཞེ་ན། ཆོས་བཅུས་ནི་ཚེ་ཐུང་བར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་གཅོད་པ། གཅོད་དུ་བཅུག་པ། སྲོག་གཅོད་པ་ལ་བསྟོད་པ། སྲོག་མི་གཅོད་པ་ལ་སྨོད་པ། མངལ་གནས་མེད་པར་བྱེད་པ། མངལ་གནས་མེད་པར་བྱེད་དུ་བཅུག་པ། དགྲ་བོ་ལ་གསོད་པར་སེམས་པ། མི་མཛའ་བ་ཤི་ན་དགའ་བ། རྟེན་བཅས་སེམས་ཅན་བསད་པ། འཐབ་མོ་ལ་བལྟ་ཞིང་དད་པ་དང་བཅུ་སྟེ། ཆོས་འདི་བཅུས་ནི་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །ཞེས་དང་། སྲོག་བཅད་ན་དེའི་ལས་ཀྱིས་སའི་མདོག་ཉམས་པར་འོང་ངོ་། །ཞེས་དང་། ངན་པ་རྣམ་པ་བཅུ་འགྱུར་བའང་གོ་ཞིང་ཤེས་པར་བྱོས་ཤིག །བཅུ་གང་ཞེ་ན། དགྲ་མོད་དུ་འགྱུར་བ། ཡིད་དུ་མི་འོང་བར་སྣང་བ། ཚེ་ཐུང་བ། སྡིག་པའི་ལས་ལ་སེམས་པ། སེམས་ཅན་རྣམས་འཇིགས་པར་འགྱུར་བ། མི་དགའ་བཞིན་ཉལ་བ། མི་དགའ་
བཞིན་སད་པ། རྨི་ལམ་ན་སྡིག་པ་མཐོང་བ། ཕྱིས་འགྱོད་པ། ཚེ་ཐུང་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལས་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ། །ཞེས་དང་། དགེ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་མདོ་ལས། བུ་ཚ་མེད་པ་ནི་བྱ་ཕྲུག་མང་པོ་བསད་པ་ལས་འོངས་སོ། །བུ་ཚ་མང་བ་ནི་སེམས་ཅན་མང་པོ་གསོས་པ་ལས་འོངས་སོ། །ཚེ་རིང་བ་ནི་སྙིང་རྗེ་ཆེ་བ་ལས་འོངས་སོ། །ཚེ་ཐུང་བ་ནི་སྲོག་གཅོད་པ་ལས་འོངས་སོ། །ཞེས་དང་། ཚེ་འདི་ལ་ཤན་པ་བྱེད་ཅིང་སེམས་ཅན་མང་པོའི་སྲོག་གཅོད་པ་ནི་རལ་གྲི་དང་རལ་གྲིའི་ནགས་ཚལ་གྱི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཁྲ་དང་ཁྱི་ལ་སོགས་པ་གཏོང་ཞིང་། རྔོན་པ་བྱེད་པ་ལ་དགའ་བ་ནི་ལྕགས་ཀྱི་སོག་ལེའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཕག་དང་ཁྱིའི་སྤུ་བཏོག་པ་ནི་ཤིན་ཏུ་བསྐོལ་བའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་ཕག་དང་ཁྱི་དང་རྟའི་འབྲས་བུ་བཏོན་པ་ནི་རྡོ་ཟུག་རྔུའི་དམྱལ་བར་ལྟུང་ངོ་། །ཚེ་འདི་ལ་སྲོག་བཅད་ཅིང་འདྲེ་སྲིན་ལ་མཆོད་པས་ནི་ལྕགས་ཀྱི་སྙུང་བུའི་དམྱལ་
བར་ལྟུང་བར་འགྱུར་རོ། །སྲོག་གཅོད་དུ་བཅུག་སྟེ་ལྷ་སྲིན་མཆོད་དུ་བཅུག་པ་ནི་སཏྭ་རེས་གཏུབ་པའི་དམྱལ་བར་ལྟུང་སྟེ། སྲུང་མས་ལུས་གཏུབས་ཤིང་། ལྕགས་ཀྱི་བྱ་མཆུ་ཅན་གྱིས་མིག་གཉིས་ཀྱི་འབྲས་བུ་གཙག་པར་འགྱུར་རོ། །ཞེས་གསུངས། སློབ་དཔོན་དཔའ་བོས་དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་ལས། ཆགས་དང་གཏི་མུག་འཇིགས་དང་ཁྲོ། །མི་གང་མི་ནི་གསོད་པ་དང་། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ །གང་གི་ཕྱིར་ན་ལོ་སྟོང་ཕྲག །མང་པོར་ཡང་ནི་དེ་དག་ཏུ། །བཏགས་ཤིང་བཏགས་ཤིང་ཡང་འཚོ་བས། །དེ་ཕྱིར་ཡང་སོས་ཡིན་པར་བཤད། །ཅེས་དང་། ར་དང་ལུག་དང་ཝ་དག་དང་། །རི་བོང་བྱི་བ་རི་དྭགས་ཕག །གཞན་ཡང་བསྐྱེད་ནས་བསད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །གང་ཕྱིར་བསྡུས་ནས་དེར་འདོན་དང་། །ཡང་དག་སྲེག་པར་བྱེད་པས་ན། །དེ་ཡི་ཕྱིར་ན་བསྡུས་འཇོམས་ཏེ། །དེ་ལྟར་མིང་ནི་དོན་མཐུན་གྲགས། །ཞེས་དང་། ཡོན་ཏན་དག་གིས་ཆེ་བ་ལ། །གནོད་པ་དྲག་པོ་བྱས་པ་འམ། །ཕ་མ་བླ་མ་
བསད་བྱས་ན། ངེས་པར་བསྐལ་པར་མནར་མེད་འཚོད། །དེ་དག་དེར་ནི་ལུས་དག་གིས། །རུས་པ་དག་ཀྱང་ལྷག་པར་འགྱུར། །གང་ཕྱིར་བདེ་བའི་སྐབས་མེད་པ། །དེ་ཕྱིར་མནར་མེད་ཡིན་པར་བཤད། །ལུས་ཅན་གང་དག་གཅིག་ལ་གཅིག །གནོད་པར་དཀའ་བས་གཡུལ་ངོར་གསོད། །སྡིག་པ་དེ་དག་སྡུག་བསྔལ་དང་། །ལྡན་པའི་རལ་གྲི་སེམས་ཅན་སྐྱེ། །གང་ཕྱིར་དེ་ཡི་སེན་མོ་ནི། །ལྕགས་བྱས་འབར་རྣོ་དེ་དག་གིས། །གཅིག་གིས་གཅིག་གསོད་གང་ཡིན་དེ། །རལ་གྲི་སེན་མོ་ཅན་དུ་བཤད། །ཅེས་དང་། སེན་མོས་ཤིག་ལ་སོགས་བཅོམ་ན། །དེ་དག་ལུས་ནི་ཆེར་འགྱུར་ལ། །སྟོང་བརྒྱར་ཡང་དང་ཡང་དུ་ནི། །བྲག་སྒོང་པོ་ཡིས་འཇོམས་པར་འགྱུར། །ཞེས་དང་། འབྲུ་ཡི་ནང་ན་འཁོད་པ་ཡི། །སྲོག་ཆགས་མཐོང་ནས་འཇོམས་པ་གང་། །དེ་ནི་ལྕགས་ཀྱི་གཏུན་ཤིང་གིས། །ཡང་དང་ཡང་དུ་བརྡུང་བར་འགྱུར། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་དང་། །གཡོ་བྱེད་རྫུན་དུ་སྨྲ་བ་དང་། །གཞན་ལ་གནོད་བྱེད་དགའ་བ་ནི། །གཤིན་རྗེ་སྲིན་པོར་སྐྱེ་བར་འགྱུར། །སྡུག་བསྔལ་ཀུན་གྱི་ས་
བོན་ནི། །ཆུང་མ་ལ་སོགས་དབྱེ་བ་ཡིས། །ལུས་ངག་ཡིད་ཀྱིས་སྡིག་པ་སྟེ། །དེས་ན་ཕྲ་ཡང་སྤང་བར་བྱ། །གསུངས། །རྗེ་བདག་ཉིད་ཆེན་པོའི་ཞལ་ནས། ཚེ་འདིའི་ཕུན་ཚོགས་ཅི་ཙམ་སྤྱད་གྱུར་ཀྱང་། །འཆི་བའི་དུས་སུ་ཆོས་མིན་ཀུན་གྱིས་བསླུ། །དཀར་ནག་ལས་ཀྱི་འབྲས་བུ་མི་བསླུ་བས། །སྡིག་སྤོང་དགེ་བ་སྒྲུབ་ལ་འབད་པར་བྱ། །ཉེས་མེད་སྲོག་ཆགས་གསོད་པའི་ལས་རྣམས་ནི། །མྱུར་དུ་མྱོང་ཞིང་ངེས་པར་མྱོང་འགྱུར་ལ། །རང་ལ་སྨིན་ན་བཟོད་པའི་ཐབས་མེད་པས། །འདི་ལ་ཤིན་ཏུ་ཤིན་ཏུ་འཛེམ་པར་བྱ། །གསུངས། སྔོན་རྗེ་མི་ལ་ཡར་འབྲོག་མཚོ་ཁ་ནས་ཡར་བྱོན་དུས། བུད་མེད་མང་པོས་ཉེའུ་ཆུང་མང་པོ་བཟུང་ནས་གསོན་པོར་གྲི་ཡིས་གཤག་ནས་ནང་ཆ་རྣམས་ལག་པས་གད་དར་བྱས་ཏེ། ས་ལ་བཀྲམ་དུས་སུ་ཡང་མ་ཤི་བར་འགུལ་བ་གཟིགས་ནས། ཐུགས་ལ་སྙིང་རྗེ་ཚད་མེད་པ་འཁྲུངས་ཏེ་སྤྱན་ཆབ་མང་པོ་བཏང་ནས་མགུར་འདི་གསུངས་སོ། །སྐྱེས་ཆེན་མར་པ་ལོ་ཙཱ། །ཆོས་དབྱིངས་རྣམ་དག་ངང་ནས། །ཐུགས་རྗེའི་སྤྱན་གྱིས་གཟིགས་ལ། །འགྲོ་དྲུག་ལམ་སྣ་དྲོངས་ཤིག །འཚོ་བ་ཟས་ཀྱི་ཕྱིར་
དུ། །གཞན་སྲོག་བཅད་ནས་བཟའ་བའི། །སྲིན་མོ་ཁ་དམར་མ་ཚོ། །དར་ཅིག་ང་ལ་ཉོན་ཅིག །སྤྱིར་དུ་སེམས་ཅན་ཐམས་ཅད། །ཐོག་མེད་དུས་ཀྱི་ཕ་མ། །སྒོས་སུ་རང་ལ་ཚེར་མ། །ཟུག་པ་མི་བཟོད་འདུག་ན། །གཞན་རྣམས་བསད་ནས་ཟ་བ། །སྙིང་གིས་ཕོད་པའི་སྙིང་བསྲན། །ཅན་ཚོ་བསམ་མནོ་ཐོང་དང་། །ནང་ཆ་བཏོན་པའི་ཕྱི་ཤུན། །ད་དུང་བླ་ལོག་འདྲེ་བ། །འདི་ལ་ལེགས་པར་ལྟོས་ལ། །བསམ་མནོ་གཞིག་འབྲེལ་ཆུག་དང་། །འདི་འདྲ་སྙིང་གིས་ཕོད་པ། །ཁྱེད་ཀྱི་སྙིང་ནི་རྡོ་འམ། །ལྕགས་ཀྱི་གར་བུ་ཡིན་པ། །ཚེ་ལ་ངེས་པ་མེད་ཅིང་། །ནངས་པར་ཨེ་སྡོད་མི་ཤེས། །བེམ་རིག་བྲལ་བའི་དུས་སུ། །རྣམ་ཤེས་ན་རག་དམྱལ་བའི། །གནས་སུ་སྐྱེ་བ་བླངས་ན། །ལྕགས་སྲེག་འབར་བའི་ཐང་ལ། །བཞག་ནས་མཚོན་ཆ་སྣ་ཚོགས། །ལུས་ལ་ཆར་བཞིན་འབབ་པ། །ལ་སོགས་སྡུག་བསྔལ་མཐའ་ཡས། །བཤད་ན་བཤད་ཀྱིས་མི་ལང་། །འདི་དང་ཕྱི་མའི་བར་ན། །དབུགས་ཀྱི་ཕར་རྒྱུ་ཚུར་རྒྱུ། །འདི་ཙམ་ཞིག་ལས་མེད་དོ། །དབུགས་ཀྱི་འགྱུ་བ་ཆད་ཚེ། །ངེས་པར་
ལས་ངན་མྱོང་ངོ་། །དེ་བས་རང་ལ་ཕྱི་ཐག །བསྲིངས་ལ་སྡིག་པ་སྤོངས་ཤིག །དམ་པའི་ཆོས་ལ་འབུངས་དང་། །ང་ཡིས་སྨྲ་བའི་གླུ་འདི། །འཕྲལ་གང་རྣ་བ་ཚ་ཡང་། །ཕུགས་སུ་ཅིས་ཀྱང་ཕན་གྱི། །ཉམས་སུ་ལོངས་པར་གྱིས་ཤིག །ཅེས་གསུངས་པས། ཁོང་རྣམས་ཤིན་ཏུ་མོས་ཤིང་ཕྱག་དང་བསྐོར་བ་བྱས། སྔར་བྱས་ལ་བཤགས་སྡོམ་བྱས། ཕྱིས་མི་བྱེད་པར་དམ་བཅས། ལ་ལས་ཆོས་བྱེད་སྒོམ་བསྒྲུབ་ལ་བརྩོན་པར་གྱུར། ཞེས་གསུངས། གཞན་ཡང་རིག་འཛིན་ཆེན་པོ་གང་ཤར་རང་གྲོལ་གྱིས། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་། །གནོད་བྱེད་ཀྱི་དགྲ་བགེགས་སྒྲོལ་བ་དེ། །དག་ཞིང་དུ་རྣམ་ཤེས་སྐྱེལ་བའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་སྐྱེལ་ནུས་སམ། །གྲུབ་ཐོབ་ཀྱི་རྒྱལ་པོ་ཤ་ཝ་རི། །གཏི་མུག་གི་ཕག་རྒོད་གསོད་པ་དེ། །འཁོར་བ་ཡི་རྩ་བ་གཅོད་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་གཅོད་ནུས་སམ། །གསང་སྔགས་ཀྱི་རྒྱལ་པོ་ཨིནྡྲ་བོ་དྷི། །ཉིན་མཚན་མེད་བཙུན་མོས་བསྐོར་བ་དེ། །བདེ་སྟོང་དུ་འདོད་ཆགས་འཆིང་བའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་འཆིང་ནུས་སམ། །རྣལ་
འབྱོར་གྱི་དབང་ཕྱུག་ལྭ་བ་པ། །ཉིན་མཚན་ཀུན་གཟིམས་རྣལ་མཛད་པ་དེ། །འོད་གསལ་ལ་རྒྱུན་ཆད་མེད་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་གཟིམས་ནུས་སམ། །རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པ། །རྒྱལ་ཁམས་ཀྱི་ཆང་འཐུང་མཛད་པ་དེ། །ཟག་མེད་ཀྱི་བདུད་རྩིར་རོལ་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་རོལ་ནུས་སམ། །ལྷོ་བྲག་གི་མར་པ་ལོ་ཙཱ་བ། ཁྱིམ་ཐབས་ཀྱི་ལོངས་སྤྱོད་གསོག་པ་དེ། །འདོད་ཡོན་ཀུན་ལམ་དུ་ལོངས་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་ལོངས་ནུས་སམ། །རང་གྲོལ་གྱི་འབྲུག་པ་ཀུན་ལེགས་པ། །ཆ་ལུགས་ལ་ངེས་པ་མེད་པ་དེ། །གཟུང་འཛིན་གྱི་འཁྲུལ་པ་ཞིག་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་ཞིག་ནུས་སམ། །མཁའ་འགྲོ་ཡི་དབང་ཕྱུག་མེ་ལོང་པ། །མང་གསེབ་ཏུ་གཅེར་བུར་རྒྱུག་པ་དེ། །ཨ་འཐས་ཀྱི་ངོ་ཚ་ཞིག་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་ཞིག་ནུས་སམ། །མི་མཇེད་ཀྱི་སྟོན་པ་ཤཱཀྱ་ཐུབ། ཁམས་གསུམ་གྱི་འདུ་འཚོགས་སྡུད་པ་དེ། །གཞན་རྒྱུད་ཀྱི་བསམ་པ་མཁྱེན་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་མཁྱེན་ནུས་སམ། །ལར་ཉམས་མྱོང་ལ་
བརྟན་པ་མ་ཐོབ་བར། །རྒྱུ་འབྲས་ལ་ཁྱད་གསོད་མ་བྱེད་ཅིག །གཅན་གཟན་གྱི་རྒྱལ་པོ་མཆོངས་རྗེས་སུ། །ཝ་སྐྱེས་ཀྱིས་མཆོང་ན་ལྟག་ཚིགས་འབུད། །ཐེ་ཚོམ་མེད་ཞིག་པོའི་མིང་ཅན་པ། །སྔར་བྱས་ཀྱི་ལས་ལ་འགྱོད་པ་བསྐྱེད། །ད་ཡོང་གི་སྡིག་སྤོང་དགེ་སྒྲུབ་ལ། །ཉིན་མཚན་དུ་དལ་མེད་འབུངས་ན་ལེགས། །ཞེས་གསུངས་པ་ལྟར་རང་གཞན་ཀུན་གྱིས་ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པར་ད་ནས་བཟུང་སྟེ་སྡིག་སྤོང་དགེ་སྒྲུབ་ལ་འབད་པར་བྱའོ། །དེ་ལྟར་བྱེད་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདུད་རྩི་འབེབ་སྦྱོང་བྱའོ། །སྨྲས་པ། འཁོར་འདས་ཆོས་རྣམས་མ་ལུས་ས་ལེར་མཁྱེན། །བྱམས་དང་བརྩེ་བས་འགྲོ་ལ་ཆོས་བསྟན་ནས། །བདེ་ལ་འགོད་མཁས་སངས་རྒྱས་ཐུགས་རྗེ་ཅན། །སྤྱི་བོར་བསྒོམས་ནས་དེ་གསུང་གླུ་རུ་ལེན། །ཤ་ཆང་བུད་མེད་གསུམ་གྱི་དབང་དུ་སོང་། །ཆགས་སྡང་གཏི་མུག་གསུམ་གྱིས་ཀུན་བསླངས་ནས། །མི་གསོད་པ་དང་གཞན་ལ་གསོད་བཅུག་ན། །ཤི་ན་དམྱལ་བ་ཡང་སོས་ནང་དུ་སྐྱེ། །ར་ལུག་ཝ་དང་རི་བོང་བྱི་བ་ཕག །བསད་ན་
དམྱལ་བ་བསྡུས་འཇོམས་གནས་སུ་སྐྱེ། །བླ་མ་ཕ་མ་ཡོན་ཏན་ཅན་བསད་ན། །བསྐལ་པ་གཅིག་ལ་མནར་མེད་དམྱལ་བར་སྐྱེ། །ཕན་ཚུན་འཁྲུགས་ནས་གཡུལ་ངོར་བསད་གྱུར་ན། །རལ་གྲིའི་སེན་མོ་ཅན་གྱི་དམྱལ་བར་སྐྱེ། །སེན་མོས་ལུས་ཀྱི་ཤིག་རྣམས་བཅོམ་གྱུར་ན། །བྲག་གཉིས་བར་དུ་འཇོམས་པའི་དམྱལ་བར་སྐྱེ། །འབྲུ་ཡི་ནང་གི་སྲོག་ཆགས་བསད་གྱུར་ན། །ལྕགས་ཀྱི་གཏུན་ཤིང་དག་གིས་བརྡུང་པར་འགྱུར། །རྒྱ་འམ་གདོས་ཀྱིས་རི་དྭགས་བསད་གྱུར་ན། །ཡང་སོས་ཉེ་འཁོར་མི་གཙང་འདམས་སུ་སྐྱེ། །རྙེད་བཙོངས་བླང་རྒྱུའི་སེམས་ཅན་གང་ཡིན་ཡང་། །བསད་ན་དམྱལ་བ་ལྕགས་ཀྱིས་བསྒྱུར་བར་སྐྱེ། །གསོན་པོར་ལྕགས་ཟངས་བཅུག་ནས་རབ་བསྐོལ་ཏེ། །བསད་ན་དམྱལ་བ་སྣོད་དུ་བཙོ་བར་སྐྱེ། །གནོད་པ་སྣ་ཚོགས་བྱས་ནས་བསད་གྱུར་ན། །གནོད་པ་རྣམ་པར་མ་ཞིའི་དམྱལ་བར་སྐྱེ། །མཆོད་སྦྱིན་ཕྱིར་དུ་སྒོ་ཕྱུགས་ཁ་བསུམས་ནས། །བསད་ན་དམྱལ་བ་མུན་པར་སྐྱེ་བར་འགྱུར། །རི་དྭགས་སྐྲག་པར་བྱེད་ཅིང་གསོད་སྙམ་ན། །དམྱལ་བ་ཀུན་ཏུ་མི་དགའ་ཞེས་བྱར་
སྐྱེ། །སེམས་ཅན་མང་པོ་བག་མེད་བསད་གྱུར་ན། །ཤི་ནས་དམྱལ་བ་ཚོར་བ་བདོ་བར་སྐྱེ། །གཞན་ཡང་སྲོག་གཅོད་ཆེན་པོས་དམྱལ་བར་སྐྱེ། །འབྲིང་གིས་ཡི་དྭགས་ཆུང་ངུས་དུད་འགྲོར་སྐྱེ། །ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་སྡུག་བསྔལ་མྱོང་། །མི་རུ་སྐྱེས་ཀྱང་ཚེ་ཐུང་ནད་མང་ཞིང་། །ལོ་འབྲས་དམན་སོགས་མཐུ་ཆུང་ཡུལ་དུ་སྐྱེ། །སྲོག་གཅོད་བྱེད་ལ་དགའ་ཞིང་གསོད་པར་འགྱུར། །སླར་ཡང་ངན་སོང་གསུམ་གྱི་གནས་སུ་སྐྱེ། །སྡུག་བསྔལ་མྱོང་བཞིན་འཕྲལ་ལ་སྡིག་བསགས་ན། །ནམ་ཡང་ངན་སོང་གནས་ནས་ཐར་མི་འགྱུར། །བདག་གཞན་ཀུན་གྱིས་ཚེ་རབས་ཐམས་ཅད་དུ། །སྲོག་གཅོད་ལས་འདི་བྱེད་པར་མ་གྱུར་ཅིག །སངས་རྒྱས་ཐུགས་རྗེ་ཅན་གྱི་བྱིན་རླབས་ཀྱིས། །ཕ་མ་སེམས་ཅན་སྲོག་ལ་བྱམས་པར་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །སྲོག་གཅོད་བྱེད་པའི་སྒྲ་ཡང་མི་ཐོས་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ༈ ད་ནི་མཇུག་བསྡུ་བ་ནི། དེ་ལྟར་ཡང་ཡང་བཤད་ན། དུས་ངན་བསྐལ་པ་སྙིགས་དུས་འདིར་མི་ཐམས་ཅད་སྐྱོན་གྱི་རང་
བཞིན་ཡིན་པ་དང་། ཁྱད་པར་ཤ་ཆང་བུད་མེད་གསུམ་ལ་སྲེད་པ་ཆེ་བའི་ཆོས་པར་རློམས་པ་ཕལ་ཆེ་བ་ཞིག་གི་མཚང་ལ་ཕོག་ནས། ཕན་ཐོགས་མི་དགོས་ཚིགས་པ་ཟོས་ནས། བཤད་མཁན་རང་ལ་དགྲ་རུ་བལྟས་ཏེ། སླར་ལས་ངན་གསོག་པའི་ཉེན་འདུག །དེ་བས་ཐུབ་པའི་བསྟན་པ་ཉམས་དམའ་བའི་དུས་འདིར་གང་ལ་བསམས་ཀྱང་ཉེས་པའི་རྒྱུ་ཁོ་ན་ལས་མི་འདུག་པས། དམ་པ་གོང་མའི་རྣམ་ཐར་གསུངས་པ་རྣམས་སེམས་ལ་བཅངས་ཏེ། རི་ཁྲོད་དབེན་པའི་གནས་སུ་བསྡད་ནས་རྒྱལ་བའི་དགོངས་དོན་བཞིན་རང་རྒྱུད་འདུལ་བ་ལ་བརྩོན་པར་བྱས་ན་ལེགས་ཏེ། བུ་སྟོན་རིན་པོ་ཆེའི་ཞལ་ནས། གཉིས་མེད་གསུང་པའི་ཉིན་བྱེད་ནུབ་གྱུར་ཅིང་། །བསྟན་འཛིན་སྐྱེས་བུའི་ཐུན་མཚམས་འོད་དང་བྲལ། །ནག་པོའི་ཕྱོགས་གྱུར་སྡིག་སྤྱོད་འབྱུང་པོའི་བྱ། །ལྟ་ངན་སྣ་ཚོགས་བཟུང་སྟེ་རང་དགར་སྤྱོད། །ཆོས་མིན་སྤྱོད་པའི་ཕྱོགས་ནི་སྟོབས་ལྡན་ཞིང་། །དམ་པའི་ལས་ལ་སྤྱོད་རྣམས་ཉམས་དུས་འདིར། །བདག་ལྟ་བུ་ཡི་རྩོམ་པས་ཅི་ཞིག་བྱ། །དབེན་པར་བག་ཡོད་བྱས་ན་མི་ལེགས་
སམ། །ཀྱེ་མ་ཁོ་བོ་སྔོན་གྱི་བསོད་ནམས་དམན། །ཆོས་ནུབ་ལོག་སྤྱོད་དར་བ་བོད་ཀྱི་ཡུལ། །བླུན་པོ་བཀུར་ཞིང་མཁས་རྣམས་རྩྭ་ལྟར་དོར། །ཆོས་ལྡན་བརྙས་པའི་གངས་རིའི་ཁྲོད་འདིར་སྐྱེས། །དམ་པའི་ཚུལ་བཟུང་ཚུལ་འཆོས་མཁན་པོ་སྟེ། །སྙན་པར་སྨྲ་ན་མི་ཆོས་ཁ་བསག་ཅན། །ཀུན་དང་བསྟུན་ན་ཅོལ་ཆུང་བློ་སྣ་མང་། །རང་ཚུགས་བཟུང་ན་གྱོང་པོ་ཤིང་ལག་ཅན། །བདག་གིས་སྤྱོད་པ་ཅི་ལྟར་བྱས་གྱུར་ཀྱང་། །ངན་པའི་བསྙད་མ་བཏགས་པ་མ་བྱུང་ཞིང་། །ཐམས་ཅད་དགའ་བའི་སྤྱོད་པ་མ་ཤེས་པས། །གཅིག་པུར་དབེན་པར་གནས་ན་མི་ལེགས་སམ། །བདག་གིས་ཆོས་མིན་སྨྲ་ན་ཆོས་དང་འགལ། །ཆོས་བཞིན་སྨྲ་ན་བོད་རྣམས་དགྲ་རུ་སྡང་། །ཅི་ཡང་མ་སྨྲ་ཀུན་གྱིས་བླུན་ཞེས་བརྙས། །ཀྱེ་མ་ད་ནི་བདག་གིས་ཇི་ལྟར་བྱ། །ཉན་བཤད་བསྟན་པ་འཛིན་ཅེས་གསུངས་པ་ཡང་། །ངེས་འབྱུང་རྣམ་དག་ཁྲིམས་ལ་རྟེན་བཅས་ནས། །ཉན་པོ་གཟུར་གནས་དོན་གཉེར་བློ་ལྡན་ལ། །མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན། །ཚེ་འདིའི་སྙན་གྲགས་འདོད་པས་འཁོར་བསྡུས་ཏེ། །མ་དད་མི་འདོད་བཞིན་ཏུ་ཆོས་
འཆད་ཅིང་། །ལག་ལེན་མི་བྱེད་ཆགས་སྡང་སྐྱེ་བའི་རྒྱུ། །འཆད་ཉན་འདི་ཡང་འཁོར་བའི་ཞགས་པ་ཡིན། །རྩོད་པས་བསྟན་པ་འཛིན་ཞེས་བཤད་པ་ཡང་། །རང་གཞན་གྲུབ་མཐའི་གཞུང་ལུགས་ཀུན་ཤེས་ནས། །ཕ་རོལ་ཡང་དག་ལམ་ལ་ཞུགས་པ་ཡི། །ལྟ་ངན་རིགས་པས་བཟློག་ལ་དགོངས་པ་ཡིན། །རང་ཉིད་གྲགས་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེག །དེ་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །གཞན་དོན་ཆོས་ཀྱི་གཙོ་བོར་གསུངས་པ་ཡང་། །གདུལ་བྱའི་དབང་པོ་ཁམས་དང་བག་ལ་ཉལ། །ཚོགས་དང་སྔོན་དང་ཕྱི་མའི་མཐའ་ཤེས་ཤིང་། །རང་དོན་མ་ཆགས་གདུལ་བྱ་འདུལ་ལ་དགོངས། །རང་ཉིད་རྙེད་གྲགས་བདེ་བསྟོད་དོན་གཉེར་བས། །མངོན་ཤེས་མེད་པར་གཞན་དོན་བྱེད་པ་ནི། །གཤོག་པ་མེད་པར་མཁའ་ལ་འཕུར་བ་བཞིན། །གཞན་དོན་མི་འགྲུབ་རང་དོན་ཉམས་པའི་རྒྱུ། །འདས་པའི་སངས་རྒྱས་མང་པོས་མ་ཐུལ་ཞིང་། །མཐུ་ཆེན་རྒྱལ་སྲས་རྣམས་ཀྱིས་མ་ཐུལ་བ། །སྨད་
ན་ཁོང་ཁྲོ་བསྟོད་ན་དྲེགས་པ་སྐྱེ། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན་སེམས་ཅན། །དམའ་ལ་ང་རྒྱལ་རྩུབ་པའི་སེམས་འཆང་བ། །ཆོས་མཐུན་ཚིག་གིས་སྨྲས་ཀྱང་ཆགས་སྡང་སྐྱེ། །བྱིས་པའི་སྐྱེ་བོ་འདི་འདྲ་བདག་གིས་ནི། །ད་ལྟར་འདུལ་བར་མི་ནུས་རང་སེམས་ཐུལ། །ཞེས་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཞལ་ནས། བློ་གྲོས་གཟུ་བོར་མི་གནས་ཤིང་། །སྡུག་བསགས་བྱས་པའི་རྣལ་འབྱོར་ཅན། །ལེགས་ཉེས་དཔྱོད་པའི་ཤེས་རིག་མེད། །དེང་སང་བླུན་པོའི་ཀུན་སྤྱོད་མཚར། །ནོར་གྱིས་ནོར་འཚོལ་ཚོང་པ་ལ། །གཡོ་སྒྱུ་ཆེ་ཞེས་སྨོད་པར་སྣང་། །རྫུན་གྱིས་ནོར་འཚོལ་ཟོག་པོ་ལ། །ངོ་མཚར་ཆེ་ཞེས་གཙུག་ན་མཆོད། །ཡིན་ལུགས་བཤད་ན་འཁོན་འཛིན་བྱེད། །བཏང་སྙོམས་བཞག་ན་བསྟན་ལ་གནོད། །གཡོ་ཅན་བླ་མ་རིང་དུ་སྤོང་། །རྟོག་དཔྱོད་ལྡན་པའི་སྐྱེས་བུ་ཡིས། །ཡོན་ཏན་མཆོག་དང་ལྡན་པ་ལེན། །ཡིད་འོང་པདྨའི་རྫིང་བུ་ལ། །འདབ་ཆགས་ངང་པ་ངང་གིས་འདུ། །ཤེས་རིག་མེད་པའི་བླུན་པོ་རྣམས། །གཡོ་སྒྱུའི་ཆོས་དང་ཚུལ་ལ་དད། །འབད་ནས་བཙལ་ཀྱང་ཁྱི་རྒན་གྱིས། །
ཨ་ཀྲད་ལས་གཞན་ཅི་ཞིག་རྙེད། །བློ་གསལ་སྐྱེ་བོ་གཞན་ལ་ཕན། །བསིལ་དྲོད་སྨན་གྱིས་ཚ་གྲང་སེལ། །བློ་དམན་སྐྱེ་བོ་གཞན་ལ་གནོད། །སྡོང་དུམ་སྐམ་པོ་འཆག་པའི་རྒྱུ། །ཀྱེ་མ་འཛམ་གླིང་བྱང་ཕྱོགས་འདིར། །སྤང་བྱ་འགའ་ཡང་མ་སྤང་ཞིང་། །རྟོགས་བྱ་འགའ་ཡང་མ་རྟོགས་པས། །ཀུན་མཁྱེན་ཐོབ་པའི་དུས་མི་སྣང་། །ཀྱེ་ཧུད་དེང་སང་ཐུབ་བསྟན་འདི། །ནུབ་རིའི་རྩེ་ལ་སོང་པ་ཡི། །འོད་ཟེར་ལྡན་པའི་ཉི་མ་བཞིན། །རིང་པོར་མི་ཐོགས་ནུབ་པར་འགྱུར། །དེ་བས་བློ་ལྡན་མཁས་པའི་ཚོགས། །ཅུང་ཟད་བདག་ལ་དགོངས་སུ་གསོལ། །སངས་རྒྱས་བསྟན་པའི་ཁུར་འཛིན་པ། །ཐ་སྙད་འདུ་འཛིའི་རྩོལ་བ་དོར། །གསུང་རབ་རྒྱ་མཚོའི་འོ་མ་སྲུབས། །ཐོས་བསམ་མར་གྱི་སྙིང་པོ་ལོངས། །རང་དོན་སྒྲུབ་པའི་བློ་དོར་ལ། །གཞན་ཕན་ཉི་མའི་འོད་ཟེར་བཀྱེ། །ཤེས་བཞིན་དྲན་པའི་གོས་གྱོན་ལ། །རིན་ཆེན་བསྟན་པའི་རྒྱལ་ས་ཟུང་། །དེ་སྐད་སྨྲ་བའི་བཙུན་པ་ངས། ཁྱད་པར་གུས་ལྡན་བླ་མ་བསྟེན། །བྱེད་པ་གཉིས་ལྡན་གསུང་རབ་ཉན། །བླང་དོར་ཚུལ་ལ་བློ་མིག་ཕྱེ། །གསུངས།
སློབ་དཔོན་ཀླུ་སྒྲུབ་ཀྱིས། ད་ལྟ་ཤིན་ཏུ་ངན་པའི་མིས། །རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །ད་ནི་མ་བསྔགས་ངན་སྤྱོད་དར། །ལོག་པར་ལྟ་བ་མང་བ་ཡི། །རྨོངས་པ་དག་གིས་བཅོམ་ལྡན་གྱི། །བསྟན་པའི་ལྗོན་ཤིང་བཅད་ཀྱིས་མེད། །ད་ནི་སྙིང་རྗེ་མེད་པ་ཡིས། །ཆོས་ལུགས་བོར་ཞིང་རང་བཟོ་བྱེད། །བརྐམ་ཆགས་ཕ་རོལ་མ་མཐོང་བས། །བསྟན་པའི་རྒྱལ་མཚན་བསྙིལ་གྱིས་མེད། །ད་ནི་གདུལ་དཀའ་ངོ་ཚ་མེད། །སྡིག་ལ་དགའ་ཞིང་ཚུལ་འཆོས་བྱེད། །སྡིག་ཅན་རྣམས་ཀྱིས་ཐུབ་པ་ཡི། །བསྟན་པའི་ཟམ་པ་བཅག་གིས་མེད། །ད་ནི་མགོ་བྲེག་ཉམས་མི་ལེན། །སྤྱོད་འཆལ་སྨད་པ་ལུས་ལ་འཆོལ། །ངན་གཡོ་ཅན་གྱིས་ཐུབ་པ་ཡི། །བསྟན་པའི་ཚོང་འདུས་བཅོམ་གྱིས་མེད། །ད་ནི་ཁྲོ་དང་ང་རྒྱལ་དང་། །རྒྱགས་ཆོས་བྱེད་ཅིང་རྙེད་ལ་ཞེན། །སྡིག་པ་སྣ་ཚོགས་བྱེད་པའི་མིས། །ཆོས་ཀྱི་གྲུ་བོ་བཅག་གིས་མེད། །ད་ནི་ཐུབ་པའི་བསྟན་པ་ཡང་། །ཅུང་ཟད་ཙམ་ཞིག་ལུས་པར་ཟད། །ཐུབ་པའི་བསྟན་པ་གངས་ཆེན་མཚོ། །རིང་པོར་མི་ཐོགས་བསྐམ་པར་འགྱུར། །སེང་གེའི་སྒྲ་ཡི་བསྟན་པ་ནི། །དུས་ཀྱི་འཁོར་ལོས་རབ་
བཅོམ་ནས། །མྱུར་བ་ཉིད་དུ་འཇིག་པར་འགྱུར། །གང་དག་འདི་འདྲའི་དུས་བབ་ཚེ། །བདེ་འདོད་རྣམས་ཀྱིས་ཕན་པའི་དོན། །ད་ནི་ལེགས་པར་བརྟག་པར་རིགས། །དུས་ཀྱི་འཁོར་ལོ་ངན་བྱེད་པ། །མ་རབས་ཤེས་རབ་འཆལ་བ་དང་། །ཚུལ་འཆལ་དག་དང་བསྟེན་མི་ཤེས། །ཉེས་པ་བསྟེན་ཅིང་ཚུལ་ཁྲིམས་སྤངས། །དབེན་པས་འཇིགས་ཤིང་འདུ་འཛི་འདོད། །མི་མཁས་བསླབ་ཉེས་སློབ་དཔོན་ནོར། །གདུག་རྩུབ་ང་རྒྱལ་བརྙས་སྨོད་ཆེ། །ངན་པའི་མི་ལ་ཡིད་རྟོན་པས། །སངས་རྒྱས་བསྟན་པ་མ་རུངས་བྱས། །ཞི་ཞིང་བདེ་བའི་དུས་ནི་ཟད། །གདུག་རྩུབ་མི་བཟད་དུས་ནི་བྱུང་། །ཤེས་རབ་ཅན་གྱི་མི་རྣམས་དང་། །དཔང་གྱུར་སྐྱེ་བོ་རྣམས་ནི་ཟད། །དེ་ལྟའི་དུས་རྣམས་བྱུང་བའི་ཚེ། །རང་གི་ཡུལ་འཁོར་རྣམས་སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་ནས་ཀྱང་། །དེར་ཡང་ནགས་འདབས་དབེན་པ་རུ། །སྨྲ་བ་ཉུང་ཏེ་གནས་པར་བྱ། །གསུངས། རྗེ་དགེ་འདུན་གྲུབ་ཀྱིས། ལར་ད་ལྟ་གངས་རིའི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཡང་། །གཞན་བསྟན་འཛིན་དགྲ་བོའི་
དྭངས་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། །ཞེས་དང་། སློབ་དཔོན་ཞི་བ་ལྷས། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མ་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་དང་། རྗེ་མི་ལ་རས་པས། བསྟོད་ར་བརྗོད་ན་རང་མཐོང་སྐྱེ། །སྨད་ར་བརྗོད་ན་ཁོང་ཁྲོ་སྐྱེ། །ཡིན་ལུགས་བཤད་པས་མཚང་ལ་འཕོག །གསུངས། རྗེ་རིན་པོ་ཆེས། དེང་སང་ཐུབ་པའི་བསྟན་པ་ནུབ་ཏུ་ནི་ཉེ། བསྟན་པའི་རྩ་ལག་མཆོག་རྣམས་ནི་འདས། སེམས་ཅན་གྱི་སྐལ་པ་བཟང་པོ་བྲི་བའི་སྐབས་སུ་ནི་གྱུར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་ཀྱི་ཐེག་པའི་ཉམས་ལེན་གྱི་གནད་སྙན་ནས་སྙན་དུ་བརྒྱུད་པའི་བརྒྱུད་པ་ནི་ཆད། དེའི་སྟོབས་ཀྱིས་བཤད་པ་དང་སྒྲུབ་པ་མཛད་པ་རྣམས་ཀྱང་སྙན་བརྒྱུད་ཀྱི་གདམས་ངག་གི་གནད་མེད་པར་ཚིག་དང་ཡི་གེ་ཙམ་མཐོང་བ་དང་། ཐོས་པ་ལྟ་བུར་བྱས་ཏེ། ལྕགས་ཀྱུ་མེད་པའི་གླང་པོ་ཆེ་བཞིན་དུ། རྒྱལ་བའི་བཀའ་ལ་གྱ་ཚོམ་གྱིས་ཞུགས་ནས། རང་རང་གི་འདོད་པའི་དབང་གིས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ །ཞེས་ཕྱོགས་ཡོངས་སུ་བཟུང་ནས་
ཉམས་ལེན་ཆེར་མི་བྱེད་པར། རྩོད་པ་འབའ་ཞིག་ལྷུར་ལེན་ཏོ། །དེར་མ་ཟད་གཞན་གྱི་སྐྱོན་འབའ་ཞིག་རྟོག་པ་ལ་ཞུགས་པས་ཕ་རོལ་གྱི་ཡོན་ཏན་ལ་བལྟ་བའི་མིག་ནི་ལོང་། རང་གི་སྐྱོན་ལ་རྟོག་པའི་བསམ་པ་ནི་བྲལ། རྙེད་པ་དང་བཀུར་སྟིའི་ཞགས་པས་བཅིངས་པ་ལ་བརྟེན་ནས། ལྐོག་ཏུ་གྱུར་པའི་གང་ཟག་དམ་པ་རེ་རེ་ཙམ་ཡོད་ནའང་། ཕྲག་དོག་དང་ང་རྒྱལ་གྱི་མུན་པ་ཆེན་པོས་བློ་ཡི་མིག་བསྒྲིབས་པས་མཐོང་བའི་ལམ་དུ་གྱུར་པ་ཆེས་ཤིན་ཏུ་དཀའོ། །བདག་གིས་ཀྱང་མདོ་ཕྱོགས་ཀྱི་བཤད་པ་ཡོད་པ་རྣམས་ལ་ལོ་སྦྲེལ་གྱི་བར་དུ་ཐོས་པ་ཅུང་ཟད་བགྱིས་ཤིང་། མན་ངག་ཟབ་པར་གྲགས་པ་འགའ་ཡང་ཡང་ཞུས་པའི་མཐར། རྒྱལ་བ་སྲས་བཅས་ཀྱི་དགོངས་པ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པ་ལྟར་རིག་ནས་སྒྲུབ་པ་ལ་མོས་པ་དྲག་པོ་བྱུང་གསུངས། མཁས་གྲུབ་རྗེས། སྣུམ་ཟད་མར་མེ་ལྟ་བུའི་བསྟན་པ་འདི། ཁོ་བོའི་ལེགས་བཤད་གོ་ཚེ་བློ་གྲོས་ཀྱིས། །རྫོགས་ལྡན་བཞིན་ཏུ་བྱ་བར་ནུས་ན་ཡང་། །སྐལ་
ངན་རྣམས་ཀྱིས་ས་འོག་གཏེར་བཞིན་སྦས། །ད་ནི་དུས་ལ་བསྡད་པ་མེད་པ་དང་། །ལང་ཚོའི་དཔལ་ཡང་སྟོན་ཀའི་སྤྲིན་ལྟར་གཡོ། །སྐྱེ་བོ་ཕལ་ཆེར་སྐལ་བ་མེད་མཐོང་ནས། །མང་ཐོས་བདག་ནི་གཅིག་པུར་ཆོས་དོན་སེམས། །ཞེས་རང་གི་རྟོགས་པ་བརྗོད་ནས། དབེན་གནས་རི་བོ་མདངས་ཅན་ཉིད་དུ་ཕྱག་ཕབ་སྟེ། ཐུགས་དམ་ཉག་གཅིག་ཏུ་གཞོལ་བར་མཛད་དོ། །དེ་བཞིན་དུ་མཁས་གྲུབ་ནོར་བཟང་རྒྱ་མཚོས། འོན་ཀྱང་སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས། །ལེགས་བཤད་དོན་དུ་མི་གཉེར་ཕྲག་དོག་གིས། །ལེགས་པར་བཤད་དང་མཁས་པའི་ཚོགས་ལ་སྨོད། །འདི་འདྲའི་སྐབས་སུ་དབེན་པ་བརྟེན་ན་ལེགས། །ཞེས་གསུངས། དེས་ན་དམ་པ་གོང་མ་རྣམས་ཀྱི་རྣམ་པར་ཐར་པ་དང་གསུང་བཞིན་རི་ཁྲོད་དབེན་པའི་གནས་སུ་ཟབ་མོའི་སྒྲུབ་པ་ལ་གཞོལ་བར་བྱའོ། །འདོད་ཡོན་འདུ་འཛིའི་ཉེས་དམིགས་བསམ་ན་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས། རྒྱལ་བ་སྲས་བཅས་ཀྱིས་བསྔགས་པའི་རི་ཁྲོད་དབེན་པའི་དགའ་ཚལ་དུ་གནས་རྒྱུའི་སྐལ་པ་ཞིག་བྱུང་ན། ཉེས་བྱས་ཀྱི་སྒོ་ཐམས་ཅད་རང་འགག་ལ་སོང་།
ཡོན་ཏན་གྱི་ཚོགས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་བྱུང་ནས། རང་དོན་འགྲུབ་པ་ཙམ་དུ་མ་ཟད། གཞན་དོན་ཀྱང་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཆོས་ཉིད་ཡིན་ཏེ། དེ་ཡི་རྒྱུ་མཚན་ནི་དབེན་པར་གནས་པ་ཙམ་གྱིས། འཇིག་རྟེན་གྱི་དབུལ་ཕོངས་དང་། གཞན་དབང་དུ་འགྱུར་བ་དང་། ཁས་ཉེན་དང་། ཕོ་མ་སྐྱེས་པ་དང་། བཀྲ་མི་ཤིས་པ་དང་། ཀླུང་རྟ་རྒུད་པ་དང་། བདེ་སྐྱིད་མེད་པ་དང་། མི་མཁས་པ་དང་། མི་བཙུན་པ་དང་། མི་བཟང་བ་དང་། ཆོས་མི་འཕེལ་བ་དང་། ཚེ་ཕྱི་མའི་སོ་ནམ་མི་ཡོང་བ་དང་། ཐར་པ་མི་ཐོབ་པ་དང་། ཉམས་རྟོགས་ཡོན་ཏན་མི་སྐྱེ་བ་དང་། ཉོན་མོངས་པའི་གཉེན་པོས་མི་ནོན་པ་དང་། དངོས་གྲུབ་མི་ཐོབ་པ་དང་། ཚོགས་བསོག་མི་ནུས་པ་དང་། གདམས་པ་མི་ཟབ་པ་དང་། རྒྱལ་བ་མི་མཉེས་པ་དང་། འགྲོ་དོན་མི་འོང་བ་དང་། གྲོགས་ཉེ་གནས་ངན་པ་དང་འཕྲད་པ་དང་། བུ་སོགས་ཉེ་དུ་ངན་པ་དང་འཕྲད་པ་དང་། རྙེད་པ་མི་ཐོབ་པ་དང་། སྦྱིན་གཏོང་མེད་པ་དང་། སྨོན་གནས་ངན་པ་དང་། བཅས་ཉེས་སྐྱོན་ཉི་ཤུ་རྩ་ལྔ་པོ་འདི་མ་
སྤངས་བཞིན་རང་འགག་ལ་འགྲོ །གཞན་ཡང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། སེར་སྣ་དང་། གྱོད་སྣ་དང་། གཏམ་ངན་དང་། བརྙས་སྨོད་དང་། བརྡེག་བརྡུང་དང་། བཀའ་བཀྱོན་དང་། ཁྲལ་འཇལ་དང་། བུ་ལོན་དང་། འཚོ་སྐྱོང་དང་། གསོག་པ་དང་། རྐུ་བ་དང་། འཕྲོག་བཅོམ་དང་། དམག་ལས་དང་། དཀོར་ཟས་དང་། དུད་ཆང་དང་། ཚུལ་འཆོས་དང་། གཡོ་སྒྱུ་དང་། ངལ་དུབ་དང་། ལུས་ནད་དང་། སེམས་སྡུག་དང་བཅས་ཉེས་སྐྱོན་ཉེར་ལྔ་པོ་འདི་ཡང་ཤུགས་ཀྱིས་འགག་ནས། ཕྱུག་པོའི་རབ་དང་། རང་དབང་ཐོབ་པའི་རབ་དང་། ཁ་དྲེགས་ཀྱི་རབ་དང་། ཕོ་སྐྱེས་པའི་རབ་དང་། བཀྲ་ཤིས་པའི་རབ་དང་། ཀླུང་རྟ་དར་བའི་རབ་དང་། བདེ་སྐྱིད་ཀྱི་རབ་དང་། མཁས་པའི་རབ་དང་། བཙུན་པའི་རབ་དང་། བཟང་པོའི་རབ་དང་། ཆོས་འཕེལ་བའི་རབ་དང་། ཕྱི་མའི་སོ་ནམ་གྱི་རབ་དང་། ཐར་པའི་ལམ་གྱི་རབ་དང་། ཉམས་རྟོགས་ཡོན་ཏན་གྱི་རབ་དང་། གཉེན་པའི་རབ་དང་། དངོས་གྲུབ་ཀྱི་རབ་དང་། ཚོགས་
བསགས་ཀྱི་རབ་དང་། གདམས་ངག་གི་རབ་དང་། རྒྱལ་བ་མཉེས་པའི་རབ་དང་། འགྲོ་དོན་གྱི་རབ་དང་། གྲོགས་ཉེ་གནས་ཀྱི་རབ་དང་། བུ་སོགས་ཉེ་དུའི་རབ་དང་། རྙེད་པའི་རབ་དང་། སྦྱིན་པའི་རབ་དང་། སྨོན་གནས་ཀྱི་རབ་དང་བཅས་ཡོན་ཏན་ཉེར་ལྔ་པོ་འདི་བསྒྲུབ་མི་དགོས་བཞིན་རང་བཞིན་ཤུགས་ཀྱིས་ཐོབ། གཞན་ཡང་། ལུས་སེམས་བདེ་བ་དང་། རྒྱུན་དུ་དལ་བ་དང་། རིག་པ་དྭངས་པ་དང་། ཉམས་དགའ་སྤྲོ་བ་དང་། བླ་མ་དགྱེས་པ་དང་། ཡི་དམ་མཉེས་པ་དང་། མཁའ་འགྲོ་འདུ་བ་དང་། ཡུལ་ལྷས་བསྲུང་བ་དང་། སྙན་གྲགས་ཆེ་བ་དང་། དད་གུས་སྐྱེ་བ་དང་། དག་སྣང་འབྱོངས་པ་དང་། འཆི་བ་དྲན་པ་དང་། ངེས་འབྱུང་དང་། བྱམས་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། སོ་ཐར་སྡོམ་པ་དང་། བྱང་སེམས་སྡོམ་པ་དང་། སྔགས་ཀྱི་སྡོམ་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་འཕེལ་བ་དང་བཅས་ཡོན་ཏན་ཉེར་ལྔ་པོ་འདི་ཡང་ཤུགས་ཀྱིས་འོང་བ་ཡིན་ཞེས་
སྤྱན་སྔ་བ་ཀློང་ཆེན་པ་སོགས་སྔོན་གྱི་བླ་མ་གོང་མ་མང་པོས་གསུངས། དེས་ན་རི་ཁྲོད་དུ་བསྡད་པ་ལ་ཡོན་ཏན་བརྒྱ་ཕྲག་དུ་མ་ཡོད་ཚུལ་མཐོང་ནས། སྐལ་བཟང་ལས་འཕྲོ་ཅན་རྣམས་ཀྱིས་ཀྱང་རི་ཁྲོད་དབེན་པའི་དགའ་ཚལ་བསྟེན་པ་ལ་ཡིད་སྤྲོ་བར་བྱའོ། །འདི་ལྟར་བཤད་པ་སྔོན་ཆད་མ་བྱུང་བའི་བརྗོད་རྒྱུ་ཞིག་དང་ཚིག་གི་སྡེབས་སྦྱོར་ལེགས་པོ་ཞིག་དང་། གཞན་རྒྱ་ཆེན་པོ་ཡོང་རྒྱུ་རེ་བ་ཞིག་མ་ཡིན་མོད། འོན་ཀྱང་རང་གི་ཡིད་ལ་གོམས་པ་དང་། མ་འོངས་པ་ན་གཞན་འགའ་ཞིག་གིས་མཐོང་ན་ཕན་པར་སྲིད་སྙམ་ནས་བཤད་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབས་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །ཞེས་དང་། རྣམ་འགྲེལ་ལས། སྐྱེ་བོ་ཕལ་ཆེ་ཕལ་ལ་
ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་གི་དྲི་མ་དག་གིས་སྡང་བ་དང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་དང་། ཛ་ཡཱ་པཎྜི་ཏའི་ཞལ་ནས། ཕལ་ཆེ་བས་ཆོས་དོན་དུ་མི་གཉེར། གཉེར་ཀྱང་ཆགས་སྡང་གི་དབང་གིས། རང་ལ་དགའ་བ་རྣམས་ཀྱིས་བསྟན་བཅོས་ལ་བལྟ་རྟོགས་དང་། མི་དགའ་བ་རྣམས་ཀྱིས་བྱས་པ་ལ་ཁ་གཏོང་བ་སོགས་ཀྱི་རྒྱུ་མཚན་ཤེས་པས། གཞན་ལ་ཕན་ཡོང་བསམ་པའི་རེ་བ་མེད་རུང་། བློ་གཟུ་བོར་གནས་པ་འགའ་ཞིག་དང་། རང་ལས་བློ་དམན་པ་རྣམས་ལ་ཕན་པའང་སྲིད་སྙམ་ཞིང་། གཙོ་ཆེར་བསྟན་པའི་མིག་རྐྱེན་ལ་ཕན་རེས་ལྷག་བསམ་རྣམ་པར་དག་པས་རྒྱུད་བསྐུལ་ཏེ་བརྩམས། ཞེས་དང་། བུ་སྟོན་རིན་པོ་ཆེའི་ཞལ་ནས། མ་ལྟར་བརྩེ་བའི་བླ་མས་ལེགས་བསྐྱངས་ཤིང་། །མི་ཡི་སེང་གེའི་གསུང་རབ་པདྨོའི་ཚལ། །མེ་ཏོག་ལ་དགའ་
བའི་བུང་བ་ལྟར་བརྟེན་པས། །མུ་མཐའ་ཡས་པའི་ཆོས་ལ་བློ་གྲོས་རྒྱས། །དེ་ལྟས་བདག་ཀྱང་ཤཱཀྱའི་གསུང་རབ་མཚོ། །གཏིང་མཐའ་ཡས་པར་བརྒལ་བར་འདོད་པ་ཡིན། །དེ་ཡི་གཏིང་མཐའ་རྟོགས་པར་མ་ནུས་ཀྱང་། །ངོ་མཚར་དོན་གྱི་རིན་ཆེན་ཅིས་མི་རྙེད། །རྙེད་ཀྱང་དབུལ་པོའི་ལག་གི་རིན་ཆེན་ལྟར། །བདག་གི་ལེགས་བཤད་དྲི་མ་མེད་པ་འདི། །འགྲན་འདོད་ཕྲག་དོག་སྡང་སེམས་ཀྱིས་བསྒྲིབས་ནས། །གཟུར་གནས་ཡིད་ཆེས་གནས་སུ་སུ་ཞིག་ལེན། །ལེན་པ་མེད་ཀྱང་དམ་ཆོས་བདུད་རྩི་ཡིས། །རང་གི་ཡིད་ཀྱི་ཟུག་རྔུ་ཅིས་མི་སེལ། །གལ་ཏེ་འགའ་ཞིག་ལེན་ན་དེ་དག་གིས། །གདུང་པའི་རིམས་ནད་འཇོམས་པར་མི་འགྱུར་རམ། །ཞེས་དང་། རྗེ་རིན་པོ་ཆེས། རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང་། །སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང་། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྣལ་འབྱོར་ངས་ཀྱང་སྨོན་ལམ་དེ་ལྟར་བཏབ། །
ཐར་འདོད་ཁྱོད་ཀྱང་དེ་བཞིན་འདེབས་འཚལ་ལོ། །ཞེས་གསུངས་པ་ལྟར་རང་རྒྱུད་དང་ཕྱི་རབས་འགའ་རེ་ལ་ཕན་པའི་སྨོན་ལམ་ཀྱང་འདེབས་པ་ལགས་སོ།། །།སྨྲས་པ། ཨེ་མ་རྒྱལ་སྲིད་མཆིལ་སྣབས་བཞིན་དུ་དོར། །དབེན་པར་དཀའ་བ་སྤྱད་མཐར་སངས་རྒྱས་པའི། །སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། ཁྱེད་ཀྱི་རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །སངས་རྒྱས་ཁྱེད་ཀྱི་གསུང་རབ་དགོངས་དོན་བཞིན། །ད་དུང་ཡང་ཡང་བཤད་ལ་རབ་སྤྲོ་ཡང་། །དེང་སང་དུས་ངན་བསྐལ་པ་སྙིགས་དུས་འདིར། །མང་པོ་བཤད་ན་ཉན་མཁན་སྣང་བ་སུན། ཁྱད་པར་ཤ་ཆང་བུད་མེད་དབང་དུ་སོང་། །འདོད་སྲེད་ཆེ་བའི་ཆོས་པ་འཇིག་རྟེན་པའི། །མཚང་ལ་ཕོག་ཚེ་ཕན་པ་ཕར་ལ་ཞོག །ཚིགས་པ་ཟོས་ནས་ཚིག་ངན་བཤད་ཉེན་གདའ། །ཀྱེ་མ་ཐུབ་པའི་བསྟན་པ་ཉམས་དམའ་ཞིང་། །རང་ཡང་འཆི་ལ་ཉེ་བའི་དུས་སྐབས་འདིར། །བཤད་པ་བཞག་ནས་དབེན་པའི་དགའ་ཚལ་དུ། །དམ་པ་གོང་མའི་རྣམ་ཐར་སྐྱོང་དུ་འགྲོ། །སྔོན་ཆད་མ་གསུངས་པ་ཡི་བརྗོད་རྒྱུ་ཞིག །མེད་ཀྱང་ཆོས་ལ་
བག་ཆགས་འཇོག་པའི་ཕྱིར། །སླར་ཡང་བཤད་པས་རང་དང་སྐལ་ལྡན་ལ། །ཚེ་རབས་ཀུན་ཏུ་ཕན་པའི་སྨོན་ལམ་འདེབས། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །ནོངས་པ་རྒྱུ་བཅས་བྱང་ཞིང་དག་གྱུར་ནས། །འདི་ཡིས་བསྟན་འགྲོར་ཕན་པར་བྱིན་གྱིས་རློབས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ནམ་གནས་བར། །གླེགས་བམ་འདི་ཡང་མི་ཉམས་ས་སྟེང་འདིར། །གནས་ནས་སངས་རྒྱས་བསྟན་པའི་ཞབས་ཏོག་དང་། །འགྲོ་བ་ཡོངས་ལ་ཕན་ཐོགས་འབྱུང་བར་ཤོག །གླེགས་བམ་གང་དུ་གནས་པའི་ས་ཕྱོགས་སུ། །ནད་དང་དབུལ་ཕོངས་འཐབ་རྩོད་མི་འབྱུང་ཞིང་། །མཐོང་ཐོས་རྒྱུད་ཀྱི་འདོད་སྲེད་ཀུན་ཞི་ནས། །དབེན་པའི་གནས་སུ་བསམ་གཏན་བསྒོམ་པར་ཤོག །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །འཇམ་དབྱངས་དབྱངས་ཅན་ལྷ་མོས་རྗེས་བཟུང་ནས། །གཏིང་དཔག་དཀའ་བའི་གསུང་རབ་རྒྱ་མཚོ་ལ། །ཤེས་རབ་ཐོགས་པ་མེད་པར་འཇུག་པར་ཤོག །ལྷར་བཅས་འགྲོ་ལ་བདེ་སྐྱིད་འབྱུང་བའི་གཞི། །སངས་རྒྱས་བསྟན་པ་ཡིན་པར་ཡིད་
ཆེས་ནས། །སྐྱེ་བ་ཀུན་ཏུ་སྙིང་སྟོབས་ཆེན་པོ་ཡིས། །སྟོན་པའི་དམ་ཆོས་མ་ལུས་འཛིན་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །རྒྱལ་སྲས་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན། །རྒྱལ་བློན་འཁོར་འབངས་མངའ་ཐང་འབྱོར་པ་རྒྱས། །རྒྱལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་རྨད་བྱུང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་འདི་ནི་རང་ཉིད་ཕྱོགས་མེད་ཀྱི་རྒྱལ་ཁམས་མང་པོར་འཁྱམས་ཚེ། ཆོས་པ་འཇིག་རྟེན་པ་ཕལ་ཆེ་བ་ཞིག་ལ་བྱམས་པ་དང་སྙིང་རྗེ་ནི་མེད། ལས་རྒྱུ་འབྲས་ཀྱང་མི་བརྩི་བར། ཤ་ཆང་བུད་མེད་གསུམ་གྱི་དབང་དུ་སོང་ནས། སྲོག་གཅོད་ལ་སོགས་པའི་མི་དགེའི་སྡིག་པ་བྱེད་པ་མང་པོ་མཐོང་བའི་རྐྱེན་བྱས་རྩོམ་འདུན་ཡོད་པའི་ཁར། ལུང་རྟོགས་ཡོན་ཏན་དུ་མའི་མངའ་བདག་དཔལ་ཆེན་ནམ་མཁའ་འཇིགས་མེད་རིན་པོ་ཆེའི་སྤྲུལ་སྐུ་དང་། ཚོ་འདུའི་མཁན་རིན་པོ་ཆེའི་ཡང་སྤྲུལ། མཁས་བཙུན་བཟང་གསུམ་འཛོམ་པའི་ཉང་གི་མཚམས་པ་དང་། བསོད་ནམས་རིན་ཆེན། ལྷ་བཟོ་བ་དང་ཡི་གེར་མཁས་པའི་དགེ་སློང་ཁྲོ་རྒྱལ་འབུམ་དང་། ལྷ་ཁང་དབུ་
མཛད་བསྐལ་བཟང་སྐྱབས། ཐོས་བསམ་སྒོམ་ལ་བརྩོན་པའི་སློབ་བུ་གནས་བརྟན་དང་། པདྨ་དཀར་དྲིས། བསླབ་གསུམ་རྒྱན་གྱིས་མཛེས་པའི་སྐྱིའི་བླ་མ་དང་། སྟག་ཡན་དགེ་སློང་། དད་གཏོང་བློ་གྲོས་ཆེ་བའི་ཀླུ་སྐྱབས་དགེ་སློང་དང་། བླ་རྒན་མགོ་དཀར། ངེས་འབྱུང་བྱང་སེམས་ལྡན་པའི་མཚམས་པ་རག་ཤིས་དང་། མྱང་བའི་བླ་མ། དད་བརྩོན་སྙིང་རྗེ་ཆེ་བའི་ཞོ་འོང་སྙན་གྲགས་དང་། ཚུལ་ཁྲིམས། གཞན་ཡང་བསླབ་གསུམ་རྒྱན་གྱིས་མཛེས་ཤིང་འཕགས་ནོར་བདུན་གྱིས་ཕྱུག་པའི་བཀྲ་ཤིས་འཁྱིལ་བའི་དགེ་འདུན་པ་སོགས་སྐལ་ལྡན་གྱི་སློབ་མ། དད་ལྡན་གྱི་སྦྱིན་བདག་ཕོ་མོ་བརྒྱ་ཕྲག་དུ་མས་བདག་ཅག་རྣམས་དང་། མ་འོངས་པའི་གང་ཟག་རྣམས་ཀྱི་སེམས་ལ་ཕན་པའི་ལེགས་བཤད་ཅིག་དགོས་ཞེས་བསྐུལ་བའི་ངོར། རང་དང་སློབ་མ་ཕྱི་རབས་རྗེས་འཇུག་རྣམས་ཀྱི་ཤེས་རྒྱུད་ཀྱི་འདོད་པ་དང་། ཆགས་ཞེན་ཇེ་ཆུང་དུ་འགྲོ་བའི་ཕྱིར། ཕྱོགས་མེད་ཀྱི་རྒྱལ་ཁམས་དང་། ངེས་མེད་ཀྱི་རི་ཁྲོད་འགྲིམས་པའི་རྣལ་འབྱོར་ཞབས་དཀར་པས། ལྷག་བསམ་དག་པའི་སྒོ་ནས། རྒྱ་གར་འཕགས་པའི་ཡུལ་གྱི་བྱང་
ཕྱོགས། དབུས་གཙང་དག་པའི་ཞིང་གི་ཤར་ཕྱོགས། མདོ་སྨད་ཙོང་ཁའི་སྐྱེས་རིའི་ལྷོ་ཕྱོགས། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་འཁྲུངས་ཡུལ། རེབ་གོང་གསེར་མོ་ལྗོངས་ཀྱི་ས་ཆ། སྔོ་ལྗང་ནགས་ཚལ་རྒྱས་པའི་གོང་རོལ། སྤང་ལྗོངས་མེ་ཏོག་བཀྲ་བའི་འདབས་རོལ། རོང་དང་འབྲོག་པ་གཉིས་ཀྱི་སོ་མཚམས། རི་བོ་མཐོ་ལ་ཡངས་པ་ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བའི་རྩེ་མོ་ནམ་མཁའི་མཐོང་རྒྱ་ཆེ་ཞིང་། འོད་གསལ་ཉི་འོད་འཁྱིལ་བའི་ལྷ་ཁང་བདེ་བ་ཅན་ནས་སྦྱར་བའོ། །འདིས་ཀྱང་སློབ་མ་སྦྱིན་བདག་ཕོ་མོ་རྣམས་ཀྱི་གཙོར་བྱས་པའི་མ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། ༈ །།གྲངས་མེད་རྒྱལ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་གར། །མཚན་ལྡན་བཤེས་གཉེན་མཆོག་གི་རྣམ་རོལ་པ། །སྐྱབས་གཅིག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་བཞུགས། །གང་ཐུགས་ཟབ་གསང་དཔལ་གྱི་བེ་འུ་ལས། །ཐོན་པའི་རྨད་བྱུང་སྤྲུལ་པའི་གླེགས་བམ་ཞིག །བདག་སོགས་སྐལ་ལྡན་གདུལ་བྱའི་གཙུག་ནོར་དུ། །སྔོན་མེད་འགྲན་བྲལ་རྒྱན་མཆོག་འདི་ན་རྨད། །གསུང་
རབ་འདི་ཉིད་མཐོང་དང་ཐོས་པ་དང་། །དྲན་པ་ཙམ་གྱིས་སྐྱེ་རྒུ་མཐའ་དག་གི །མི་དགེ་རྒྱུན་ཆད་དགེ་བཅུའི་དཔལ་ལ་རོལ། །རྣམ་མཁྱེན་ས་མཆོག་ཐོབ་ལ་སོམ་ཉི་བྲལ། །འདི་ཉིད་བྲི་བརྐོ་བྱེད་པོ་བསྐལ་བཟང་སྐྱབས། །བློ་ལྡན་བསམ་བཟང་བདེ་ཆེན་ལ་སོགས་ཀྱིས། །རྣམ་དག་བསམ་པའི་བློ་ཡིས་དང་བླངས་ཏེ། །སོར་མོའི་འདུ་བྱེད་རྩལ་ལས་ལེགས་པར་བསྒྲུབས། །འདིར་འབད་དགེ་བས་ཚེ་རབས་ཐམས་ཅད་དུ། །དྲིན་ཅན་བླ་མ་མཆོག་དང་མི་འབྲལ་ཞིང་། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །སརྦ་མངྒལཾ།། །།