ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།
བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ། །
བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ་བཞུགས་སོ། །
ན་མོ་གུ་རུ། དྲི་མེད་ནམ་མཁའ་ལྟ་བུར་རྣམ་དག་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །ཐོག་མའི་སངས་རྒྱས་སྲིད་ཞི་ཡོངས་ཀྱི་དཔལ། །ཆོས་སྐུ་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་ཆོས་ཀུན་འབྱུང་བའི་གཞི། །མཁའ་ལྟར་ཡངས་ཤིང་ཉི་ལྟར་རབ་གསལ་བའི། །དོན་དམ་བྱང་ཆུབ་སེམས་ཀྱི་གནས་ལུགས་དེ། །རང་གསལ་རྗེན་པར་རྟོགས་པར་བྱིན་གྱིས་རློབས། །ཟབ་གསལ་ཐུགས་ཀྱི་ཀློང་ནི་མཁའ་ལས་ཡངས། །འཁོར་འདས་
ཆོས་རྣམས་གཅིག་ཀྱང་མ་ལུས་པ། །སོ་སོར་མ་འདྲེས་ས་ལེར་གཟིགས་པ་ཡི། །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྒྲིབ་གཡོགས་ཀུན་བྲལ་ཕྱི་ནང་ཟང་ཐལ་གྱི། །རང་སེམས་གསལ་སྟོང་མེ་ལོང་ཆེན་པ་རུ། །འཁོར་འདས་ཆོས་རྣམས་གཟུགས་བརྙན་ཡོངས་ཤར་ནས། །ལྟད་མོ་ཐམས་ཅད་མཐོང་བར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་ལག་མཐིལ་སྐྱུ་རུ་ར། །རློན་པ་བཞག་ནས་བལྟས་ལྟར་ས་ལེར་མཁྱེན། །ཞལ་ནས་ནམ་ཡང་རྫུན་གྱི་ཚིག་མི་གསུང་། །སངས་
རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་བཞིན། །བློ་གྲོས་སྣང་བ་ཕྱོགས་མེད་རབ་རྒྱས་ནས། །ཤེས་བྱའི་ཆོས་རྣམས་གཅིག་ཀྱང་མ་ལུས་པ། །ཐམས་ཅད་ས་ལེར་ཤེས་པར་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་མོ་ལ་གསོལ་བ་འདེབས། །སྨྲ་བསམ་བརྗོད་མེད་ཡུམ་ཆེན་ཤེར་ཕྱིན་གྱི། །དགོངས་པ་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་ན། །བཞུགས་
པའི་སངས་རྒྱས་ཡོངས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱིས་གསུངས་པའི་དམ་ཆོས་རྣམས། །རྩོལ་མེད་རྒྱུད་ལ་འཆར་བར་བྱིན་གྱིས་རློབས། །མཁའ་ལྟར་ཡངས་ཤིང་ཉི་ལྟར་གསལ་བའི་ཐུགས། །རྗེ་བཙུན་གསང་བའི་བདག་པོར་གསོལ་བ་འདེབས། །ཤེས་བྱའི་ཆོས་རྣམས་མེ་ལོང་གཟུགས་བརྙན་བཞིན། །དྲི་མེད་སེམས་ལ་འཆར་བར་བྱིན་གྱིས་རློབས། །ཐུགས་དགོངས་ཆོས་ཀྱི་དབྱིངས་ལས་རབ་ཡངས་པའི། །ཀུན་མཁྱེན་འཇམ་པའི་དབྱངས་ལ་གསོལ་བ་
འདེབས། །ཇི་ལྟ་ཇི་སྙེད་ཆོས་རྣམས་ཐམས་ཅད་ཀྱི། །གནས་ལུགས་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །ཕུལ་བྱུང་སྟོང་ཉིད་སྙིང་རྗེའི་གཏེར་ཆེན་པོ། །འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བླ་མེད་བྱང་ཆུབ་སེམས། །བདག་གཞན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཐུགས་ལས་རབ་སྤྲུལ་པའི། །རིག་འཛིན་པད་འབྱུང་ཞབས་ལ་གསོལ་བ་འདེབས། །མཁའ་ཁྱབ་པད་འབྱུང་ཐུགས་དང་རང་སེམས་གཉིས། །དབྱེར་མེད་རོ་གཅིག་འདྲེས་པར་བྱིན་གྱིས་རློབས། །གསུང་རབ་ཡི་གེ་ན་གཅིག་ཡན་ཆད་པོ། །གདམས་པར་ཤར་ནས་གདུལ་བྱར་འཆད་མཁས་པའི། །ཇོ་བོ་ཡབ་སྲས་གཉིས་ལ་གསོལ་བ་འདེབས། །གསུང་རབ་གདམས་པར་འཆར་བར་བྱིན་གྱིས་རློབས། །རྒྱལ་བའི་གསུང་རབ་དགོས་འགྲེལ་མ་ལུས་པ། །ཐུགས་ལ་ཤར་ནས་གཞན་ལ་འདོམས་མཁས་པའི། །རྒྱལ་བ་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཆོས་ཀུན་སེམས་ལ་འཆར་བར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་གཟིགས་པའི་མཁྱེན་རྒྱ་ཅན། །
ས་སྐྱ་ཡབ་ཆེན་ལྔ་ལ་གསོལ་བ་འདེབས། །བདག་གཞན་མི་ཤེས་ལྐོག་གྱུར་འཁོར་འདས་ཀྱི། །ཆོས་རྣམས་ས་ལེར་ཤེས་པར་བྱིན་གྱིས་རློབས། །རྟོགས་པ་ནམ་མཁའི་ཁྱོན་ལྟར་རབ་ཡངས་པའི། །བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྟོང་གསལ་ཁྱབ་གདལ་ནམ་མཁའ་ལྟ་བུ་ཡི། །སེམས་ཀྱི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྤྱན་གྱིས་འཁོར་འདས་ཆོས་ཀུན་གཟིགས། །ཀུན་ལ་དབང་བསྒྱུར་དམ་པ་སངས་རྒྱས་དང་། །མ་ཅིག་ལབ་ཀྱི་སྒྲོན་མར་གསོལ་བ་འདེབས། །རྟོགས་པ་ནམ་མཁར་མཉམ་པར་བྱིན་གྱིས་རློབས། །ཕྱོགས་བཅུའི་རྒྱལ་བའི་ཐུགས་བཅུད་ཟབ་རྒྱས་ཆོས། །རྩོལ་མཛད་རྩ་བའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཆོས་ལུགས་གང་ལ་ཡང་། །དག་སྣང་ཕྱོགས་མེད་འཆར་བར་བྱིན་གྱིས་རློབས། །ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་སུ། །རིག་པ་གུ་ཡངས་ཡན་པ་བློ་བདེ་ངས། །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་དང་། །ཆོས་ལ་དག་སྣང་སྦྱོང་ཚུལ་དགའ་བས་འཆད། །ཆོས་ཉིད་ཡངས་
པའི་ཀློང་ན་དགའ་ཡལ་ལེ། །གནས་པའི་རྣལ་འབྱོར་པ་ཡིས་གཙོར་བྱས་པའི། །ཕྱོགས་བཅུའི་ཆོས་མཛད་སྐྱེ་བོ་ཕོ་མོ་རྣམས། །སེམས་ཁ་ཡངས་པོ་གྱིས་ལ་དགའ་བས་ཉོན། །དེ་ཡང་ཕན་བདེའི་འབྱུང་གནས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་འཇིག་རྟེན་ཁམས་འདིར་དར་བའི་རྒྱལ་བ་ཤཱཀྱ་ཐུབ་པའི་རིང་ལུགས་གྲུབ་མཐའ་གང་ལའང་དད་གུས་དག་སྣང་སྦྱོང་བཞིན་ཉམས་ལེན་བྱ་བའི་ཚུལ་ཅུང་ཟད་ཙམ་ཞིག་བརྗོད་པ་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ཇི་ལྟར་འཆད་ན་ཆོས་པ་འཇིག་རྟེན་པ་རྣམས་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་། རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་གསུང་གི་ལུང་འདྲེན་མང་པོ་བྱས། རིགས་པས་ཀྱང་བསྒྲུབས་ནས་འཆད་པར་བྱ་སྟེ། དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་དང་། བླ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀྱི་ངོ་བོ་སྟོང་པ་ཉིད་དང་། ཕྱི་ནང་བར་གསུམ་གྱི་ནམ་མཁའི་ངོ་བོ་
སྟོང་པ་ཉིད་རྣམས། དོན་དམ་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་རྒྱ་མཚོ་འདྲེས་པའམ། ནམ་མཁའ་ལ་ནམ་མཁའ་འདྲེས་པ་བཞིན་སོ་སོར་དབྱེ་རུ་མེད་པར་རོ་གཅིག་ཏུ་འདྲེས་ནས་ཕྱོགས་རིས་མེད་པར་ཁྱབ་པ། རྒྱ་ཆད་མེད་པར་གདལ་བ། འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ། རྟག་པ་རྒྱུན་གྱི་ཁོར་མོ་ཡུག་ཏུ་གནས་པ་དེ་ཉིད་ལ། ཆོས་ཀུན་གྱི་གདོད་མའི་གནས་ལུགས་མཐའ་བྲལ་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་ཞེས་བྱ་ལ། ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་པོ་དེ་ན་ནམ་མཁའ་ལ་འཇའ་ཚོན། ཆུ་ནང་དུ་ཟླ་བ། མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལས་བཟང་ངན་བསགས་པའི་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་རྒྱལ་བ་རིགས་ལྔའི་ཞིང་དང་། རིགས་དྲུག་སེམས་ཅན་གྱི་གནས་རྣམས་ཀྱི་གཙོར་བྱས་དག་དང་མ་དག་པའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་རྒྱ་ཁྱོན་དཔག་ཚད་བསམ་ལས་འདས་པ་ཆགས་ཤིང་། ཞིང་ཁམས་དེ་དག་
ཐམས་ཅད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་ཀྱིས་མི་ཟིན་པ་དང་། སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་རྣམས་སྒྱུ་མ་རྨི་ལམ་གྱི་སྣང་བ་བཞིན་མ་འདྲེས་སོ་སོར་སྣང་ཞིང་། ཞིང་ཁམས་དེ་རྣམས་ཀྱི་སངས་རྒྱས་རེ་རེའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་དང་། སྐུའི་ཕྱི་ནང་གི་རྡུལ་ཕྲན་རེ་རེའི་ཁྱོན་དང་། ཞིང་གི་རྡུལ་རེ་རེའི་སྟེང་ན། ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་ཆགས་ཤིང་། སངས་རྒྱས་ཚད་མེད་པ་བཞུགས་ནས། སེམས་ཅན་གྲངས་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ཀྱང་ཕན་ཚུན་འདྲེས་པ་མེད་ཅིང་། གནོད་པར་འགྱུར་བ་མེད་པར་ཡངས་ཆ་དང་བཅས་ཏེ་གནས་ཤིང་། ཞིང་ཁམས་དེ་དང་དེ་འདྲ་བའི་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ་བར་མཚམས་མེད་པར་ཡོངས་སུ་གང་ནས་ཡོད་པ་རྣམས་རྒྱ་མཚོ་ཆེན་པོའི་ལྦུ་བའམ། ཆུ་ཡི་ཆུ་བུར་བཞིན་ཞིང་ཁམས་ལ་ལ་ཆགས་པ་ལ་ལ་འཇིག་པ་སོགས་གང་བྱེད་པ་ཐམས་ཅད་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་
གྱིས་སོ་སོར་མ་འདྲེས་པར་ས་ལེར་གཟིགས་པའི་ཚེ་ངོ་མཚར་བའི་ལྟད་མོ་ཆེན་པོ་ཡོད་པར་གསུངས་ཏེ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཆོས་ཀུན་རང་བཞིན་གདོད་ནས་རྣམ་དག་ཉིད། །འགག་པ་མེད་པའི་རང་རྩལ་མཐའ་ཡས་ནི། །གནས་སྐབས་དག་དང་མ་དག་སྣ་ཚོགས་པའི། །རྟེན་འབྲེལ་སྣང་བ་སྒྱུ་མ་ཙམ་དུ་འཆར། །ཇི་ལྟར་མེ་ལོང་ངོས་ལ་བཞིན་སྣང་ལྟར། །འཇིག་རྟེན་ཞེས་བྱ་ཕྱི་ན་ཡོད་མིན་ཡང་། །བྱིས་རྣམས་ཇི་ཙམ་སྣང་བ་དེ་ཙམ་ལ། །བདེན་པར་ཞེན་ཏེ་སོ་སོར་ཨ་ཐང་ཆད། །ཇི་ལྟར་རྨི་ལམ་སྣང་བ་སྣ་ཚོགས་དེ། །སྣང་དང་མི་བདེན་གཉིས་ཀ་ཡིན་པ་ལྟར། །འཁོར་འདས་སྣང་བ་སྣ་ཚོགས་ཐམས་ཅད་ཀྱང་། །བདེན་རྫུན་བྲལ་བ་དེ་ལྟར་ཤེས་པར་གྱིས། །དེ་བས་གདུལ་བྱའི་སྣང་བ་ཇི་བཞིན་དུ། །མངོན་པ་གོང་འོག་འཇིག་རྟེན་གདགས་པ་དང་། །དྲན་པ་ཉེར་གཞག་སངས་རྒྱས་ཕལ་པོ་ཆེ། །མཁའ་འགྲོ་རྒྱ་མཚོ་དུས་ཀྱི་འཁོར་ལོ་སོགས། །མདོ་རྒྱུད་བསྟན་བཅོས་ཆེན་པོ་མང་ཞིག་ཏུ། །འཇིག་རྟེན་གནས་ཚུལ་མི་འདྲ་མང་
གསུངས་ཀྱང་། །རྒྱལ་བས་འཇིག་རྟེན་ཞེན་པས་མ་གཟིགས་ཕྱིར། །གང་ཡང་མི་གནས་གང་དུའང་འགལ་བ་མེད། །དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལའང་། །མ་ཆགས་མི་ཞེན་མི་གནས་མི་འདོར་བ། །བུང་བས་མེ་ཏོག་རྩི་བཅུད་ལེན་ཚུལ་གྱིས། །བདག་གིས་ཆོས་ཀྱི་རྣམ་གྲངས་འདིར་བཤད་བྱ། །གླིང་བཞི་རི་རབ་ལྷ་གནས་དང་བཅས་པ། །རྒྱ་མཚོའི་ཕྱི་རོལ་ཁོར་ཡུག་གཅིག་གིས་བསྐོར། །འོག་གཞི་རླུང་གི་དཀྱིལ་འཁོར་ལ་ཐུག་པ། །འདི་ནི་གླིང་བཞིའི་འཇིག་རྟེན་ཁམས་གཅིག་ཡིན། །ཆུ་ཞེང་དེ་ཡི་ནམ་མཁའ་འདས་པ་ན། །སླར་ཡང་གླིང་བཞིའི་འཇིག་རྟེན་གཞན་ཞིག་ཡོད། །འདི་ལྟར་གཅིག་ནས་གཉིས་སུ་བརྒྱུད་པ་ཡིས། །སྟོང་དུ་ཚང་ཚེ་རྒྱ་མཚོ་གཅིག་གིས་བརྟེན། །ཕྱི་རོལ་ཁོར་ཡུག་གཅིག་གིས་བསྐོར་བ་ནི། །སྤྱི་ཕུད་སྟོང་གི་འཇིག་རྟེན་ཁམས་ཞེས་བྱ། །དེ་འདྲ་གཅིག་ནས་གཉིས་སུ་བགྲངས་བ་ནི། །སྟོང་དུ་ཚང་ཚེ་སྟོང་གཉིས་བར་མ་ཡི། །འཇིག་རྟེན་ཁམས་ཟེར་རྒྱ་མཚོ་གཅིག་ལ་བརྟེན། །ཕྱི་ནས་ཁོར་ཡུག་འབྲིང་པོས་བསྐོར་བ་ཡིན། །སྟོང་གཉིས་བར་མའི་འཇིག་རྟེན་ཁོ་ན་ནི། །སྟོང་
ཕྲག་གཅིག་ཏུ་ལོངས་ཚེ་སྟོང་གསུམ་གྱི། །སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་ཞེས་བྱ། །གངས་ཆེན་མཚོ་ཡི་རྒྱ་མཚོ་ཆེན་པོས་བརྟེན། །ཕྱི་རོལ་འཁོར་ཡུག་ཆེན་པོས་ཡོངས་སུ་བསྐོར། །གླིང་བཞི་རེ་རེའང་བྱེ་བ་ཕྲག་བརྒྱ་ཡོད། །འདི་ཙམ་མཉམ་དུ་ཆགས་ཤིང་འཇིག་པ་རུ། །ཐུན་མོང་མངོན་པའི་བསྟན་བཅོས་དག་ལས་བཤད། །མཆོག་གི་སྤྲུལ་སྐུ་གཅིག་གི་ཞིང་དུ་འདོད། །ཐེག་ཆེན་ལྟར་ན་སྟོང་གསུམ་འཇིག་རྟེན་ཉིད། །བྱེ་བ་ཕྲག་བརྒྱ་རབ་འབྱམས་མཚམས་སྦྱོར་ཏེ། །དེ་ཉིད་བྱེ་བ་ཕྲག་བརྒྱར་ལོངས་པ་ན། །རབ་འབྱམས་རྒྱུད་ཅེས་བྱ་བའི་འཇིག་རྟེན་ཁམས། །དེ་ཡང་བྱེ་བ་ཕྲག་བརྒྱར་བརྩིས་པ་ན། །རབ་འབྱམས་རྒྱ་མཚོ་བར་མའི་རྒྱུད་ཅེས་བྱ། །དེ་ཡང་བྱེ་བ་ཕྲག་བརྒྱར་ལོངས་པའི་ཚེ། །གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི། །འཇིག་རྟེན་ཁམས་དེ་སྤྲུལ་སྐུ་གཅིག་གི་ཞིང་། །རེ་རེའང་རང་རང་རྒྱ་མཚོའི་ཁོར་ཡུག་བཅས། །འདི་ཙམ་ཆགས་འཇིག་སྟོངས་གནས་མཉམ་དུ་བྱེད། །གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི། །ཞིང་ཁམས་དེ་ནི་རྣམ་སྣང་གངས་ཆེན་
མཚོའི། །སྤུའི་ཁུང་རེ་ནའང་བྱེ་བ་ཕྲག་བརྒྱར་གནས། །སྐུ་ཡི་རྡུལ་ཕྲན་རེ་ལའང་དེ་སྙེད་གནས། །ཞིང་དེའི་རྡུལ་རེ་ལའང་དེ་སྙེད་གནས། །རྣམ་སྣང་དེ་ནི་རྒྱལ་བ་ཤཱཀ་ཐུབ་འདིའི། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་ཡིན་ཏེ། །དེ་ཡི་སྐུ་དང་ཞིང་ལ་གང་གནས་པའི། །ཞིང་ཁམས་དེ་ཀུན་གཅིག་ཏུ་བསྡོམས་བྱས་པ། །ལོངས་སྤྱོད་རྫོགས་སྐུ་རེ་རེའི་ཞིང་དུ་གསུངས། །ཚུལ་འདི་ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། །དེ་སྙེད་རྒྱལ་བའི་སྐུ་དང་ཞིང་ཡང་གནས། །ཤིན་ཏུ་ངེས་པའི་དོན་དུ་སྐུ་དང་ཞིང་། །ཚད་མེད་ཕ་མཐའ་གཟུང་བར་མི་ནུས་སོ། །དེ་ལྟར་འཇིག་རྟེན་རྒྱ་མཚོ་མཐའ་ཡས་པ། །ལ་ལ་ཉོན་མོངས་ལ་ལ་ཡོངས་སུ་དག །ལ་ལ་ཀུན་ནས་ཉོན་མོངས་དག་པར་ལྡན། །ལ་ལ་དག་ཞིང་ཀུན་ནས་ཉོན་མོངས་ཏེ། །ལ་ལ་སྤྱིའུ་ཚུགས་ལ་ལ་སྣྲེལ་ཞིའི་ཞིང་། །རྒྱུ་དབྱིབས་རྒྱན་དང་འགྲོ་བའང་ཐ་དད་ཉིད། །དེ་ལྟར་ཕ་མཐའ་ཡས་པར་གནས་པ་ལས། །ཁོ་བོ་ཅག་གི་བརྟེན་གནས་ཞིང་འདི་ནི། །རྣམ་པར་སྣང་མཛད་གངས་ཆེན་མཚོ་རྒྱལ་དེའི། །ཕྱག་གི་ལྷུང་བཟེད་ནང་ན་པདྨ་ཡི། །སྡོང་པོ་ཡལ་ག་མེ་ཏོག་
རབ་རྒྱས་པའི། །ཟེའུ་འབྲུ་ཉེར་ལྔ་བརྩེགས་མར་གནས་པ་ལས། །བཅུ་གསུམ་པ་ཡི་སྟེང་ན་གནས་པ་ཡི། །དབུས་མའི་སྙིང་པོ་མེ་ཏོག་གིས་བརྒྱན་ཞིང་། །དེ་ལས་དབུས་ཀྱི་རབ་འབྱམས་རྒྱ་མཚོའི་ཞིང་། །དེ་ལས་དབུས་ཀྱི་རབ་འབྱམས་རྒྱུད་ཀྱི་ཞིང་། །དེ་ཡང་དབུས་ཀྱི་རབ་འབྱམས་མཚམས་སྦྱོར་ཞིང་། །དེའི་དབུས་གླིང་བཞི་རི་རབ་བྱེ་བ་ནི། །ཕྲག་བརྒྱས་བརྒྱན་པ་མི་མཇེད་འཇིག་རྟེན་ཁམས། །འགྲོ་རྣམས་ཉོན་མོངས་ལས་མི་མཇེད་པའི་ཕྱིར། །ཞིང་གི་སྐྱོན་ནས་སྨད་པར་བྱ་བ་དང་། །ཞིང་འདིའི་སེམས་དཔའ་རྣམས་ནི་ལྷག་པར་ཡང་། །བཟོད་དང་ལྡན་པའི་ཡོན་ཏན་བསྔགས་པའི་ཕྱིར། །འཇིག་རྟེན་ཁམས་འདི་མི་མཇེད་ཅེས་སུ་བརྗོད། །ཅེས་དང་། བསྐལ་པ་བཟང་པོ་འདི་ཡི་འོག་རོལ་ཏུ། །མུན་བསྐལ་ཆེན་པོ་དྲུག་ཅུ་འདས་པའི་རྗེས། །སྒྲོན་བསྐལ་སྙན་པ་ཆེན་པོ་ཞེས་བྱ་བ། །དེ་ལ་སངས་རྒྱས་ཁྲི་ཕྲག་གཅིག་འབྱུང་ངོ། །དེ་ནས་མུན་བསྐལ་ཆེན་པོ་ཁྲི་འདས་ནས། །སྐར་མ་བཀྲམ་པ་ཞེས་བྱའི་སྒྲོན་བསྐལ་ལ། །རྫོགས་པའི་སངས་རྒྱས་བརྒྱད་ཁྲི་ཚང་བར་
འབྱུང་། །ཡང་ནི་མུན་བསྐལ་སུམ་བརྒྱ་འདས་པའི་འོག །སྒྲོན་མེའི་བསྐལ་ཆེན་ཡོན་ཏན་བཀོད་པ་ལ། །རྒྱལ་བ་བརྒྱད་ཁྲི་དང་ནི་བཞི་སྟོང་འབྱུང་། །དེ་ཙམ་མདོ་ལས་རྒྱལ་བས་ལུང་དུ་བསྟན། །དེ་བཞིན་ནམ་མཁའ་ཇི་སྲིད་གནས་ཀྱི་བར། །བསྐལ་པའི་ཕྱི་མཐའ་ཐུག་པ་ཡོད་མ་ཡིན། །འདི་ནི་འཇིག་རྟེན་ཁམས་འདིའི་རྣམ་གཞག་སྟེ། །དེ་བཞིན་ཕྱོགས་བཅུའི་ནམ་མཁས་གར་ཁྱབ་པར། །དག་དང་མ་དག་ཞིང་ཁམས་རྒྱ་མཚོ་རྣམས། །ཁ་ཅིག་སྟོངས་ཤིང་ལ་ལ་འཇིག་དང་ཆགས། །གཞན་དག་གནས་སོགས་རྒྱ་མཚོའི་ལྦུ་བ་ལྟར། །གོ་མཚམས་མེད་ཅིང་རྒྱུན་མི་འཆད་པར་སྣང་། །ཞིང་ཁམས་མཐའ་དག་མཐོང་བའི་མིག་དག་པ། །འཕགས་མཆོག་རྣམས་ཀྱི་གཟིགས་ཡུལ་ལྟད་མོ་ཆེ། །ཞེས་གསུངས། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་རྡོ་རྗེ་གླུའི་དཀར་ཆག་ལས། ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་རྒྱལ་བ་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་རོ་གཅིག་ཏུ་གྱུར་པ་ལས། རང་བྱུང་ཡེ་ཤེས་འགག་པ་མེད་པར་གསལ་བའི་
དགོངས་པ་ལས་བཞེངས་ཏེ། གནས་རྣམ་དག་སྟུག་པོ་བཀོད་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ། རིགས་ལྔ་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་སུ་བཀོད་པ་ལས། ཐུགས་རྗེ་སྤྲུལ་པའི་སྐུར་བཞེངས་ཏེ་གདུལ་བྱའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པའི་རིགས་ལྔ་གངས་ཆེན་མཚོ་སོ་སོར་སྣང་བ་ལས། ཤར་ཕྱོགས་མི་བསྐྱོད་པ་གངས་ཆེན་མཚོ་ཡི་ཕྱག་མཐིལ་ན། རྡོ་རྗེ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་ལྔ་བརྩེགས་མར་གནས་ཤིང་། བ་སྤུའི་ཁུང་བུ་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གངས་ཆེན་མཚོ་བརྟེན་པ་དང་། ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་གངས་ཆེན་མཚོའི་ཕྱག་མཐིལ་ན། རིན་པོ་ཆེ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང་། བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གངས་ཆེན་མཚོ་བརྟེན་པ་དང་། ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་གངས་ཆེན་མཚོའི་ཕྱག་མཐིལ་ན་པདྨ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང་། བ་སྤུའི་བུ་ག་
ཐམས་ཅད་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གངས་ཆེན་མཚོ་བརྟེན་པ་དང་། བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་གངས་ཆེན་མཚོའི་ཕྱག་མཐིལ་ན་རྒྱ་གྲམ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང་། བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གངས་ཆེན་མཚོ་བརྟེན་པ་དང་། དབུས་ཕྱོགས་སུ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་མཐིལ་པདྨའི་སྟེང་ན། འཁོར་ལོ་རྣམ་པར་བརྩེགས་པའི་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཤིང་། བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ལ་ཞིང་ཁམས་གངས་ཆེན་མཚོ་བརྟེན་པ་ཐམས་ཅད་ན། གདུལ་བྱ་སེམས་ཅན་གྱི་རིགས་ཁམས་གསུམ་རིགས་དྲུག་འཁོར་བའི་ཆོས་སོ་ཅོག་རང་སྣང་བ་སོ་སོའི་ངོ་ཁ་ལ། འདུལ་བྱེད་རྒྱལ་བའི་སྤྲུལ་སྐུས་གང་ལ་གང་འདུལ་དཔག་ཏུ་མེད་པའི་ཆོས་ཀྱི་སྒོ་དང་། ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བསྟན་པས། འགྲོ་བ་རྣམས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་བྱང་ཆུབ་ལ་འགོད་པའི་འཕྲིན་ལས་
དཔག་ཏུ་མེད་པ་མཛད་པ་ལས། ཁྱད་པར་དུ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་འཁོར་ལོ་རྣམ་པར་བརྩེགས་པ་ལས། བཅུ་གསུམ་པ་ཐུགས་ཐད་དཔལ་གྱི་བེའུ་ལ་བརྟེན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་གླིང་བཞི་རི་རབ་དང་བཅས་བྱེ་བ་ཕྲག་བཅུས་བཀོད་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐལ་པ་བཟང་པོ་རྡོ་རྗེ་འཆང་དང་ཐུབ་པ་སྤྲུལ་པའི་སྐུ་སྟོང་གིས་གདུལ་ཞིང་སོ་སོའི་སྐུ་བྱེ་བ་ཕྲག་བརྒྱ་བརྒྱར་སྤྲུལ་ནས་སྔ་ཕྱིར་གཤེགས་ཤིང་ད་ལྟར་བཞུགས་པས། ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་མཛད་པས། ཁྱད་པར་དུ་གླིང་བཞི་བར་མའི་འཇིག་རྟེན་མི་མཇེད་ལྷོ་ཡི་འཛམ་བུ་གླིང་གི་ཚེ་ལོ་བརྒྱ་བའི་དུས་སུ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ཉིད་ཐུན་མོང་གི་གདུལ་བྱ་ལ་ཤཱཀྱ་ཐུབ་པའི་སྐུར་བཞེངས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཞི་བའི་དབྱིངས་སུ་མཉམ་པར་བཞག་པའི་
རྗེས་སུ། ཕྱི་ནང་གི་བཀའ་བསྡུ་བར་མཛད་དེ། དེ་དག་གི་དོན་བློ་དམན་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུ་རྒྱུ་འབྲས་ཀྱི་ཐེག་པ་སོ་སོའི་དོན་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་སྔགས་དང་མཚན་ཉིད་ཀྱི་ཐེག་པ་སོ་སོའི་དོན་འགྲེལ་བར་མཛད་པའི་པཎྜི་ཏ་རྒྱན་དྲུག་མཆོག་གཉིས་ལ་སོགས་པ་དཔག་ཏུ་མེད་པ་དང་། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་མཐའ་ཡས་པའི་ཚོགས་སུ་སྤྲུལ་ཏེ། འཕགས་པའི་ཡུལ་དུ་ཆོས་ཀྱི་སྒྲོན་མེ་སྣང་བར་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པར་བཤད་དེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་སོ། །དེ་ལྟར་འཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་ཀྱི་སྤྲུལ་པ་བླ་མ་དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པ་དཔག་ཏུ་མེད་པ་སྔ་ཕྱིར་སེམས་ཅན་གྱི་དོན་ལ་བྱོན་པ་ཐམས་ཅད་ཀྱིས་བཀའི་དགོངས་པ་དཔག་ཏུ་མེད་པ་བཀྲལ་ཞིང་དོན་གྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུ་བར་མཛད་པ་ལས། རྒྱ་གར་
ཆུ་བོ་གངྒཱ་ཕན་ཆད་གྲུབ་ཐོབ་བརྒྱད་ཅུ་ལ་སོགས་རྣལ་འབྱོར་གྱི་དབང་ཕྱུག་བརྙེས་པ་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱིས་གདུལ་བྱའི་དོན་དུ། ཕྱི་ནང་གི་ངེས་པ་དོན་གྱི་སྙིང་པོ་རྡོ་རྗེའི་མགུར་ལ་སོགས་པ་དཔག་ཏུ་མེད་པ་བཞེངས་ཤིང་། ཁྱད་པར་མངའ་རིས་བོད་ཀྱི་ཡུལ་གངས་ཅན་རི་བོའི་འགྲམ། རིགས་གསུམ་མགོན་པོའི་གདུལ་ཞིང་མེ་ཏོག་ཀུ་མུ་ཏའི་ཁ་རྒྱས་པ་ལྟ་བུའི་ཁྲོད་འདི་ཉིད་དུ་བདེ་བར་གཤེགས་པའི་སྤྲུལ་པ་ཡང་དག་པ་དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་སྔ་ཕྱིར་གཤེགས་ཤིང་བྱོན་པ་རྣམས་ཀྱིས་འགྲོ་བའི་དོན་ལ་ཆོས་ཀྱི་སྒོ་དང་། ཐེག་པའི་རྣམ་གྲངས་དཔག་ཏུ་མེད་པ་གསུངས་ཤིང་ཁྱད་པར་བསྟན་པ་སྔ་དར་གྱི་དུས་ན། །བསམ་ཡས་མཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ། ལྷ་ས་དང་ཡེར་པར་གྲུབ་ཆེན་བརྒྱ་རྩ། ལྷོ་བྲག་མཁར་ཆུར་ཉི་ཤུ་རྩ་གཅིག དཔལ་ཆེན་ཆུ་བོ་རིར་སུམ་ཅུ་རྩ་ལྔ་ལ་སོགས་པ་བྱོན་པ་རྣམས་ཀྱིས་རྡོ་རྗེའི་གླུ་དང་མགུར་བཞེངས་པ་བསམ་གྱིས་མི་ཁྱབ་པ། བསྟན་པ་བར་དར་གྱི་དུས་སུ་ཡང་བསྐྱེད་རྫོགས་ཟབ་མོའི་དོན་ལ་གྲུབ་པ་བརྙེས་
པ་དུ་མ་བྱོན་ཞིང་། རྡོ་རྗེའི་གླུ་མགུར་དུ་བཞེངས་པ་ཚད་མེད་པ་ལས། དེ་དག་གི་ནང་ནས་ཕུལ་དུ་གྱུར་པ་རྣལ་འབྱོར་གྱི་དབང་ཕྱུག་མར་པ་མི་ལ་དང་། དྭགས་པོ་གླིང་རས་དང་། འཁྲུལ་ཞིག་རྒྱ་རས་དང་། གྲུབ་ཆེན་མེ་ལོང་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་རི་ཁྲོད་ཕྱོགས་མེད་དུ་འགྲིམས་སྒྲུབ་པ་སྙིང་པོར་མཛད། དཀའ་སྤྱད་དང་དུ་བླངས། ཆོས་ཉིད་ཟད་སར་འཁྱོལ་བས། རང་དོན་རྟོགས་པའི་མགུར་བཞེངས་པ་དང་། ཁྱད་པར་དུ་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་འདོད་པ་རྣམས་དང་། སྙིང་པོའི་ངེས་དོན་ཉམས་སུ་ལེན་པར་འདོད་པ་རྣམས་དང་། ཐར་པ་དམ་པའི་རིགས་ལ་གནས་པ་རྣམས་ཞི་བའི་ཆོས་ལ་བསྐུལ་བའི་ཕྱིར། གཞན་དོན་དུ་རྡོ་རྗེའི་མགུར་བཞེངས་པ་ལ་མཐའ་ཡས། ཞེས་དང་། ཛ་ཡ་པཎྜི་ཏའི་ཞལ་ནས། རྒྱལ་བའི་དབང་པོ་རྣམས་ནི་ནམ་ཡང་ཟབ་མོའི་ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་། དཔག་བསམ་ལྗོན་ཤིང་ལས་འདོད་དགུ་མཐའ་དག་འབྱུང་བའམ། ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ཚོན་སྣ་ཚོགས་པ་དང་ཕྲད་ན་དེ་དང་དེའི་ཁ་
དོག་མཛེས་པར་འཛིན་པ་ཇི་ལྟ་བ་བཞིན་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་། དབང་པོའི་རིམ་པ་དང་མཐུན་པར་སྤྲུལ་པའི་གཟུགས་ཀྱི་རྣམ་རོལ་བགྲང་བར་དཀའ་བ་ཇི་སྙེད་པ་དག་སྟོན་པ་ཡིན་ཏེ། མདོ་ལས། རྒྱལ་པོས་འདུལ་བ་ལ་རྒྱལ་པོ། དགེ་སྦྱོང་གིས་འདུལ་བ་ལ་དགེ་སྦྱོང་། །བྲམ་ཟེས་འདུལ་བ་ལ་བྲམ་ཟེ། དྲི་ཟས་འདུལ་བ་ལ་དྲི་ཟ་རྒན་པོའི་གཟུགས་སུ་སྤྲུལ་ཏོ། ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། རེ་འགའ་ཞི་ལ་རེ་འགའ་ཁྲོ། །རེ་འགའ་བགེགས་ཆེན་དོན་མཛད་ཅིང་། །སྐྱེས་དང་རི་བོ་ཐམས་ཅད་དོ། །ཞེས་དང་། གུར་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སོ་སོར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཆང་འཚོང་མ་དང་། སྨད་འཚོང་མར་སྣང་ནས་སེམས་ཅན་གྱི་དོན་མཛད་དོ། །ཞེས་གསུངས་པས་མཚོན་ནས་ཞིང་ཁམས་ལ་ལར་དཀྱིལ་འཁོར་འཁོར་ལོའི་སྣང་བརྙན། ལ་ལར་མཛད་པ་བཅུ་གཉིས་སྟོན་པའི་སངས་རྒྱས་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་མཁས་པ་པཎྜིཏ་དང་།
གྲུབ་པ་དང་རིག་པ་འཛིན་པའི་ས་ལ་གནས་པ་དང་། ཨ་ཝ་དྷུ་ཏི་དང་། བྷུ་སུ་ཀུ་དང་། ཀུ་སཱ་ལི་དང་། འཁོར་ལོས་བསྒྱུར་བ་ལ་སོགས་པའི་རྒྱལ་པོ་དང་། ཁམས་ཀྱི་རྒྱལ་ཕྲན་དང་བློན་པོ་དང་། བྲམ་ཟེ་དང་། དགེ་སྦྱོང་དང་། ཁྱིམ་བདག་དང་། ཡིད་བཞིན་ནོར་བུ་དང་། གྲུ་གཟིངས་དང་། ཟམ་པ་དང་། སྨན་དང་། ཟས་དང་། གོས་དང་། རི་བོ་དང་། བྱ་དང་། རི་དྭགས་ལ་སོགས་པ་མདོར་ན་སྣོད་བཅུད་ཀྱི་རྣམ་པ་འདོད་དགུར་བསྒྱུར་བའི་གཟུགས་ཀྱི་རྣམ་རོལ་དུ་མས་འགྲོ་བ་རྣམས་རང་རང་གི་སྐལ་པ་དང་འཚམས་པའི་སྤྱོད་པ་དང་། གཏམ་གྱིས་མཚམས་སྦྱར་ཏེ་མཐར་ངེས་པར་ཟུང་འཇུག་རྡོ་རྗེ་འཛིན་པ་ཆེན་པོའི་སར་བཀྲི་བར་མཛད་པ་ཁོ་ན་ལས་མི་འདའ་བ་ཡིན་ལ། དེ་དག་གི་ནང་ནས་ཀྱང་ཆེས་ཆེར་རབ་མཆོག་ཕུལ་དུ་བྱུང་བ་གཙོ་བོའམ་དམ་པར་གྱུར་པ་ནི། ཐར་འདོད་རྣམས་ལ་མ་ནོར་བའི་ལམ་ཚུལ་བཞིན་དུ་འདོམས་པར་མཛད་པའི་བཤེས་གཉེན་དམ་པ། དེ་ལས་ཀྱང་ཟབ་མོའི་སྨིན་གྲོལ་གྱི་བཀའ་དྲིན་སྩོལ་བའི་མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་གཟུགས་ཀྱི་རྣམ་པར་རོལ་པ་རྣམས་ཡིན་ཏེ།
བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེའི་ཚེ་དེ་ལ་གུས་པ་སྐྱེད། །ཅེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་གསུངས། རྗེ་བཙུན་གསང་བའི་བྱིན་གྱིས་མཛད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འཁྲིད་དུ་སྦྱར་བ་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་སུ་འདོད། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །སྤྲུལ་པའི་སྐུ་ཡི་ཞིང་ཁམས་སོ། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ། །མཚམས་སྦྱོར་འཇིག་རྟེན་ཁམས་སུ་འདོད། །མཚམས་སྦྱོར་བྱེ་བ་ཕྲག་བརྒྱ་ལ། །རྒྱུད་ཀྱི་འཇིག་རྟེན་ཁམས་སུ་འདོད། །རྒྱུད་ཀྱི་འཇིག་རྟེན་བྱེ་བ་བརྒྱ། །བར་མའི་འཇིག་རྟེན་ཁམས་ཡིན་
ནོ། །བར་མ་བྱེ་བ་ཕྲག་བརྒྱ་ལ། །བཀོད་པ་རབ་འབྱམས་འཇིག་རྟེན་ཁམས། །ལོངས་སྐུའི་ཞིང་ཁམས་ཡིན་པར་འདོད། །སྤྱིར་དུ་འཇིག་རྟེན་མཐའ་མེད་ཅིང་། །ནམ་མཁའི་ཁམས་ཀྱང་མཐའ་མེད་ལ། །སེམས་ཅན་ཁམས་ཀྱང་མཐའ་མེད་དོ། །གསུངས། ཡང་མི་མཇེད་ཀྱི་ཞིང་ནི། མངོན་པ་མཛོད་ཀྱི་གནས་གསུམ་པའི་འགྲེལ་བ་ལས། སངས་རྒྱས་གངས་ཆེན་མཚོའི་ལྷུང་བཟེད་ཀྱི་ནང་ན། སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་ཡོད་པའི་བཅུ་གསུམ་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཡིན། སྟེང་འོག་འཇིག་རྟེན་གྱི་ཁམས་རྣམས་ཁ་ཅིག་ཟླ་བ་གམ་པ་ལྟ་བུ། ཁ་ཅིག་པདྨའི་དབྱིབས་ལྟ་བུ། ཁ་ཅིག་ཤིང་རྟའི་དབྱིབས་ལྟ་བུ། སྟེང་གཡོགས་མེད་པ་དང་། སྣྲེལ་ཞི་དང་། སྤྱིའུ་ཚུགས་ལ་སོགས་པའི་དབྱེ་བ་དང་། འཇིག་རྟེན་གྱི་ཁམས་ཁ་ཅིག་ན་ཉི་ཟླ་མེད་པར་སངས་རྒྱས་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བའི་སྨིན་མཚམས་ཀྱི་མཛོད་སྤུའི་འོད་ཀྱིས་གསལ་བར་བྱེད་པ་དང་། སྟོང་གསུམ་གཅིག་ན་ཉི་ཟླ་གཅིག་གིས་བྱེད་པ་སོགས་མང་དུ་གསུངས་སྣང་། མི་མཇེད་ཀྱི་ཞིང་འདིར་གླིང་བཞི་རི་རབ་དང་བཅས་པ་རེ་རེ་
ལ་ཉི་ཟླ་རེ་རེའི་བྱ་བ་བྱེད་དོ། །ཞེས་བཤད་དོ་གསུངས། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་མོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། མཆོག་གི་སྤྲུལ་སྐུ་གཅིག་གི་སྐུ་མཉམ་དུ་བསྟན་ནས། མཛད་པ་བཅུ་གཉིས་སྔ་ཕྱི་མེད་པར་སྣང་བས་འདུལ་བའི་འཇིག་རྟེན་ཞེས་བྱའོ། །དེ་ལས་གཞན་པའི་ཕྱོགས་བཅུ་ན་འཇིག་རྟེན་ལ་ཚད་མེད་དེ། ཟླུམ་པོ་དང་། ཟླ་གམ་དང་། གྲུ་བཞི་ལ་སོགས་པས་ནམ་མཁས་གར་ཁྱབ་ན་ཁྱབ་ཅིང་། སེམས་ཅན་ལའང་མགོ་སྟེང་དུ་ལྟ་བ་དང་། འཕྲེད་དང་ཐུར་དུ་ལྟ་བའི་རིགས་ཚད་མེད་པས་གང་བ་ཡིན། གསུངས། རྗེ་བཙུན་ཚུལ་ཁྲིམས་བློ་བཟང་གིས་མཛད་པའི་མན་ངག་ཉེར་མཁོ་མཐོང་བ་དོན་ལྡན་ལས། ཞིང་གི་བཀོད་པའི་དབྱིབས་ནི། ནོར་བུ་དང་། རྒྱ་མཚོ་དང་། རི་རབ་དང་། རྡོ་རྗེ་དང་། སེང་གེ་དང་། ལྷའི་དབང་པོའི་གཙུག་ཕུད་དང་། ཟླ་གམ་དང་། ཉི་ཟླ་དང་། པདྨ་དང་། མིག་དང་། མཛོད་སྤུ་དང་། སངས་རྒྱས་ཀྱི་ཕྱག་ལྟ་བུ་ལ་སོགས་པ་ཡིན་ཏེ། མདོ་ཕལ་པོ་ཆེ་ལས། ཕྱོགས་རྣམས་ཀུན་ན་ཞིང་
རྣམས་རྒྱ་མཚོ་སྣང་། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས། །ནོར་བུ་པདྨ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་བྲིས། །ཞེས་སོ། །འཇིག་རྟེན་ལ་ལ་ན་གླིང་བཞི་ཡོད་ལ། ལ་ལ་ན་གླིང་བཞི་མེད་པའི་སྒོ་ནས་འཇིག་རྟེན་རྣམས་མི་འདྲ་བ་ཡིན། མི་མཇེད་འདི་ན་གླིང་བཞི་ཡོད་ལ། བདེ་བ་ཅན་ན་གླིང་བཞི་མེད། སངས་རྒྱས་རི་རབ་འོད་ཡང་དག་པར་འཕགས་པའི་ཞིང་ཡིད་རབ་ཏུ་དགའ་བ་ཞེས་བྱ་བ་ན། འཛམ་བུ་གླིང་ལ་དཔག་ཚད་བྱེ་བ་ཡོད་ལ། གླིང་གཞན་གསུམ་ལ་བརྒྱད་ཁྲི་བརྒྱད་ཁྲི་ཡོད་པར་བཤད། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན་གསེར་དངུལ་གྱི་ཐེམ་སྐས་ལ་འཛེགས་ཏེ་སུམ་ཅུ་རྩ་གསུམ་དུ་འགྲོ་བ་དང་། མི་རྣམས་ལྷ་ལ་མི་སྨོན་ཅིང་། ལྷ་རྣམས་འཛམ་བུ་གླིང་ན་སངས་རྒྱས་བཞུགས་ཞེས་སྨོན་པར་མི་འཁྲུགས་པའི་ཞིང་གི་བཀོད་པ་ལས་གསུངས་སོ། །འཇིག་རྟེན་ལ་ལ་ན་འོད་མེད་ལ། ལ་ལ་འོད་དང་བཅས་པ་སྟེ། ཕལ་པོ་ཆེ་ལས། ཞིང་རྣམས་ལ་ལ་འོད་མེད་དེ། །མུན་པའི་འཇིགས་པ་ཤིན་ཏུ་ཆེ། །རེག་ན་སྡུག་
བསྔལ་སྤུ་གྲི་འདྲ། །ལྟ་ན་མི་བཟོད་སྐྱི་ཡང་གཡའ། །ཞིང་རྣམས་ལ་ལ་ལྷ་འོད་ཅན། །ལ་ལ་ཁྱིམ་གྱི་འོད་ཅན་ཏེ། །ལ་ལ་ཉི་ཟླའི་འོད་དང་ལྡན། །ཞིང་རྣམས་ལ་ལ་རང་གི་འོད། །ཤིང་གི་འོད་ཅན་དྲི་མ་མེད། །ལ་ལ་རི་ཡི་འོད་ཅན་ཏེ། །ཞིང་རྣམས་ལ་ལ་ནོར་བུའི་འོད། །ལ་ལ་མར་མེའི་འོད་ཅན་ཏེ། །ཞིང་རྣམས་ལ་ལ་སངས་རྒྱས་འོད། །ཞིང་རྣམས་ལ་ལ་པདྨོའི་འོད། །སྤོས་ཆུའི་འོད་དང་ལྡན་པ་ཡོད། །སྨོན་ལམ་དབང་གི་རྣམ་པར་སྣང་། །ཞེས་སོ། འཇམ་དཔལ་ཞིང་གི་བཀོད་པ་ལས། སངས་རྒྱས་ནོར་བུ་བརྩེགས་པའི་རྒྱལ་པོའི་ཞིང་ན་ཉི་ཟླ་མེད་པར་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་འོད་ཀྱིས་གསལ་བར་བྱེད་པར་བཤད། སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་མི་འཛུམ་པ་བྱ་བ་ན། སྟོང་གསུམ་རིལ་པོ་ཉི་ཟླ་ཟུང་གཅིག་གིས་སྣང་བར་བྱེད་པར་བཤད་དོ། །འཇིག་རྟེན་རྒྱན་མེད་པ་དང་། རྒྱན་དང་བཅས་པ་ཡོད། རྒྱན་ཡོད་པ་ལའང་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལ་སོགས་པའི་སྒོ་ནས་ཐ་དད་པ་དུ་མ་ཡོད་དེ། ཕལ་པོ་ཆེ་ལས། ཞིང་གི་རྒྱན་མང་བྱེ་བ་ཡིས། །ཞིང་རྣམས་ལ་ལ་
ལེགས་པར་བྲིས། །རྒྱན་དང་ཚུལ་རྣམས་ཐ་དད་པར། །སྣ་ཚོགས་མིག་ཡོར་ལྟ་བུར་སྣང་། །ཞེས་སོ། །དེ་བཞིན་དུ་འཇིག་རྟེན་ལ་ལ་ན་སངས་རྒྱས་མེད། ལ་ལ་ན་སངས་རྒྱས་ཡོད། དེ་ཡང་སྟོང་གསུམ་གཅིག་ན་སངས་རྒྱས་གཅིག་ཡོད་པ་དང་། སངས་རྒྱས་མང་པོ་ཡོད་པའང་ཡོད་ཏེ། ཕལ་པོ་ཆེ་ལས། ཞིང་རྣམས་ལ་ལ་སངས་རྒྱས་མེད། །ཞིང་རྣམས་ལ་ལ་སངས་རྒྱས་བཅས། །ལ་ལའི་ཞིང་ན་སངས་རྒྱས་གཅིག །ལ་ལ་སངས་རྒྱས་མང་པོ་འོ། །ཞེས་གསུངས་སོ། །འཇིག་རྟེན་ལ་ལ་བསྐལ་པ་གཅིག་ཏུ་གནས་པ་དང་། འཇིག་རྟེན་ལ་ལ་བསྐལ་པ་དུ་མར་གནས་པ་ཡོད་དེ། ཕལ་པོ་ཆེ་ལས། ཞིང་རྣམས་ལ་ལ་བསྐལ་པ་ཙམ། །ལ་ལ་བསྐལ་པ་བཅུ་པ་སྟེ། །ཞིང་རྣམས་ལ་ལ་རྡུལ་མཉམ་པའི། །བསྐལ་པ་བྱེ་བར་བརྗོད་པ་ཡིན། །ཞེས་གསུངས་ལ། དེ་བཞིན་དུ་ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པར། འཇིག་རྟེན་གྱི་ཁམས་ཚད་མེད་པ་ཆགས་ནས་སེམས་ཅན་དཔག་ཏུ་མེད་པས་གང་ནས་ཡོད་པ་ཡིན་ཏེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་
ལུས་མཐའ་ཡང་དེ་ཙམ་མོ། །གསུངས། དེ་རྣམས་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་གསུངས་ཏེ། འཇམ་དབྱངས་སངས་རྒྱས་རྡོ་རྗེས། མཁས་པར་གྲགས་པ་འགའ་ཞིག་གིས་སྦྱར་པའི་ཡི་གེ་ལས། མཛོད་ཀྱི་ཚིག་རིགས་དེ་ཁོ་ན་སྙིང་པོར་བཟུང་ནས། གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བ་ལས་ལྷག་པའི་འཁོར་ལོ་ཅན་མ་བཤད་དོ་སྙམ་ཡུས་པའི་ཚིག་གླེང་མོད་ནའང་། མདོ་རྒྱ་ཆེར་རོལ་པ་ལས། འོག་མིན་ཡང་སྟོང་གསུམ་གྱི་ཁོངས་སུ་གཏོགས་པར་བཤད་ཅིང་། སྟོང་གསུམ་དབང་བའི་འཁོར་ལོས་བསྒྱུར་བ་ཡོད་པ་ཆོས་དང་དོན་རྣམ་པར་ངེས་པ་ལས་འབྱུང་། ཕལ་ཆེན་ལས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་ཆེན་མང་ཞེས་པ་བུ་དང་བཅས་པས་ཞིང་ཁམས་གྲངས་མེད་པ་ལ་ལོངས་སྤྱོད་པར་ཡང་བཤད་ཅིང་། འཇམ་དཔལ་རྩ་བའི་རྒྱུད་ལས། མང་པོས་བཀུར་བ་ལ་སོགས་པའི་རྒྱལ་པོ་རྣམས་རིགས་སྔགས་གྲུབ་པར་ཡང་བཤད། དུས་ཀྱི་འཁོར་ལོ་ལས། རྩོད་པའི་དུས་སུ་རིགས་ལྡན་དྲག་པོ་ཞེས་བྱ་བའི་འཁོར་
ལོས་བསྒྱུར་བས་གླིང་བཅུ་གཉིས་ལ་ཆོས་ཀྱི་འཁོར་ལོས་བསྒྱུར་བར་བཤད་པ་སོགས་མཛོད་ལས་མ་བཤད་པའི་གཏམ་མང་པོ་ཞིག་མཆིས་པས། མང་དུ་ཐོས་པས་བློ་གྲོས་བཙལ་བར་བྱའོ་ཞེས་དང་། རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་གྱི་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེ་ལས། འཛམ་བུའི་གླིང་གི་བྱང་ཤར་གྱི་མཐའ་ཕོ་ཐམས་ཅད་ཁྱི་གཟུགས། མོ་ཐམས་ཅད་བུད་མེད་ཀྱི་རྣམ་པ་དང་། ཤར་ལྷོ་མཚམས་ན་ཕོ་ཐམས་ཅད་ཕག་གཟུགས། མོ་ཐམས་ཅད་བུད་མེད་ཀྱི་རྣམ་པ་དང་། ལྷོ་ནུབ་ཀྱི་མཚམས་ན་ཕོ་ཐམས་ཅད་སྲིན་གཟུགས། མོ་ཐམས་ཅད་བུད་མེད། ནུབ་བྱང་མཚམས་ན་ཕོ་ཐམས་ཅད་རའི་གཟུགས། མོ་ཐམས་ཅད་བུད་མེད་ཀྱི་རྣམ་པར་ཡོད་པར་གསུངས་པས། རྒྱ་ནག་ཕྱོགས་སུ་ཁྱི་མགོ་ཅན་ལུས་པོ་མི་ལ་ཁྱིའི་མགོ་ཅན་ཁྱི་སྐད་སྒྲོག་ཅིང་ཁྱི་དྲི་མནམ་པ་ཡུལ་དེའི་བུད་མེད་ཐམས་ཅད་ལྷ་ལྟར་མཛེས་པ་ལ། མོ་རིགས་རྣམས་ཁྱི་མགོ་ཅན་ལ་མི་དགའ་བ། ཁྱི་མགོ་ཅན་རྣམས་རྒྱ་ནག་ཕོ་བྲང་གི་ཕྱོགས་སུ་ཡོང་དུས་དེ་རྣམས་ཁྱིའི་ཤ་ལ་དགའ་བས། ཁྱི་ཐམས་ཅད་གསོད་མཁན་ཞིག་འདུག་ཟེར་ཏེ། བྱང་ཤར་གྱི་
ཁྱི་མགོ་ཅན་ནི་དེ་དག་ཡིན་པ་འདྲའོ། །རྒྱ་ཡུལ་གྱི་ཕྱོགས་ཤིག་ཏུ་སྤང་བུ་ཆུང་ཞེས་པ་མི་མཐོ་གང་ཙམ་པ་ལས་སྐྱེས་པའི་ལུང་པ་ཁེངས་པ་ལ་བོད་ནས་འོལ་པ་རྣམས་འོང་དུས་དེ་ཐམས་ཅད་འོལ་བས་ཟ་བ་ལ། དཔུང་བསྒྲིལ་ཏེ་མདའ་ཆུང་འཕེན་པ་སོགས་ཡོད་ཟེར། ཡང་རྒྱའི་ཕྱོགས་འགའ་ཞིག་ཏུ་རྒྱ་ཕྲག་མིག་ཅན་ཞེས་ཕྲག་མགོ་གཉིས་ན་མིག་ཡོད་པ་དང་། ཙུ་ཏའི་ཡུལ་དུ་མི་ཐམས་ཅད་རྐང་པ་གཅིག་པ། འགྲོ་དུས་མི་གཉིས་བསྡེབས་ལག་པས་དཔུང་བ་ཕན་ཚུན་ལ་འཁྱུད་དེ་རྒྱུག་པ་ཡོད་ཟེར། ཤམྦྷ་ལའི་ཡུལ་གྱི་གངས་རིའི་མཐར་གནས་པའི་སྐྱེ་བོ་རྣམས་ཀྱི་ཕོའི་དབང་པོ་བརླ་གཡས་དང་མོའི་དབང་པོ་བརླ་གཡོན་པར་གནས་པ་སྟེ་ཕྱེད་ལུས་ཅན་ཡོད་པར་གསུངས་ལ། དེ་འདྲ་བས་མཚོན་པའི་མིར་སྐྱེས་ཀྱང་ལུས་ཀྱི་རྣམ་འགྱུར་མ་རུངས་པ་བསམ་གྱིས་མི་ཁྱབ་པ་ཡོད་པར་འདུག གཞན་ཡང་ཚེ་ལོ་བཅུའི་དུས་སུ་སྐྱེས་པ་རྣམས་ལོ་བཅུ་ཐུབ་པའི་སྨོན་ལམ་འདེབས། བུ་མོ་སྐྱེས་པ་རྣམས་ལོ་ལྔ་ལོན་པ་ན་ཁྱིམ་ཐབས་ལ་གཏོང་། བོང་ཚད་རིང་བ་ལ་ཚེ་ལོ་བརྒྱ་པའི་མཐོ་གང་དང་། ཐུང་བ་ལ་
ཆག་གང་འབྱུང་བར་གསུངས། སུམ་ཅུ་རྩ་གསུམ་པའི་མདོ་ལས། འདི་ནས་བྱང་ཤར་གྱི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཞི་ཁྲི་ཉིས་སྟོང་འདས་པ་ན། མྱ་ངན་གྱིས་འཇོམས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ལ་དབྱར་ཟླ་དྲུག་གི་རིང་ལ་ཆར་གཏན་ནས་མི་འབབ་པས་འབྲུ་དཀོན་ཞིང་། སྐྱེ་བོ་ཐམས་ཅད་གཟུགས་ངན་པ། ཉོན་མོངས་ཆེ་བ། ས་ཕྱོགས་ཐམས་ཅད་ཚེར་མས་གང་བ། ཆུ་རྣམས་ཀྱང་སྣུམ་གྱི་སྙིགས་མ་བཞིན་དུ་འབབ་པ་ཞིག་ཏུ། རྒྱལ་པོ་ཆགས་སྡང་ཞེས་བྱ་བས་འབངས་ཀྱི་འབྲུ་ནོར་ཐམས་ཅད་ཕྲོགས་ནས་ཆད་པས་གཟིར་བར་བྱེད་པ་ཞིག་ཡོད་པར། དེའི་འཇིག་རྟེན་དུ་སངས་རྒྱས་སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་ཕེབས་ནས་ལོ་བདུན་གྱི་བར་དུ་ཆོས་བསྟན་ཀྱང་། འཇིག་རྟེན་དེའི་སྐྱེ་བོ་གཅིག་གིས་ཀྱང་དོན་མ་རྟོགས། སྐྱེ་བོ་ཐམས་ཅད་ཀྱིས་བརྙས་སྨོད་བསྡིགས་པ་ལ་སོགས་པའི་བསྙེན་བཀུར་མ་ཡིན་པ་ཁོ་ནས་དུས་འདས་ཀྱང་། དེ་བཞིན་གཤེགས་པ་ནི་སྐྱོ་ངལ་མེད་པར་བཞུགས་ཏེ། དེ་ནས་ལོ་བདུན་བརྒྱའི་འོག་ཏུ་སྐྱེ་བོ་ཁྲག་ཁྲི་གསུམ་བརྒྱ་སུམ་ཅུ་སོ་དྲུག་འབྲས་བུ་བཞི་ལ་འགོད་པར་
མཛད་ཅེས་དཔའ་བོ་གཙུག་ལག་ཕྲེང་བས་སྤྱོད་འཇུག་གི་རྣམ་བཤད་དུ་གསུངས་པ་དང་། འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ཞེས་བྱ་བར་སྐྱེས་པའི་སྐྱེ་བོ་ཐམས་ཅད་ལུས་ཚད་མཐེ་བོང་ཙམ་ལས་མེད་པ། དེ་བཞིན་གཤེགས་པ་ཁྲུ་གང་ཙམ་པའི་ཚུད་དུ་བྱོན་ནས་ཆོས་སྟོན་པ་སོགས་མཐའ་ཀླས་པ་བསམ་མི་ཁྱབ་ཀྱི་བཤད་ཚུལ་ཇི་སྙེད་ཅིག་ཡོད་དེ། འདི་དག་བློ་ལ་ཆུད་པ་ལ་ཐེག་པ་ཆེན་པོའི་གཞུང་མང་པོ་ཞིག་ཐོས་བསམ་བགྱིས་ཤིང་། བླ་མ་དམ་པའི་བྱིན་རླབས་རྒྱུད་ལ་ཞུགས་པ་ལ་རག་ལས་ཞེས་འོལ་ཁ་བཞད་པའི་རྡོ་རྗེས་གསུངས། སྙིང་རྗེ་པདྨ་དཀར་པོ་ལས། འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ན་ཚེ་ལོ་བཅུ་པའི་དུས་སུ། མི་མཐེ་བོང་ཙམ་གྱི་ནང་དུ། སངས་རྒྱས་སྐར་མ་ལ་དགའ་བ་ཞེས་བྱ་བ་སྐུ་ཁྲུ་གང་པ་སོར་བདུན་གྱི་ཚད་ཙམ་པ་ཡོད་པར་བཤད་ཅེས་བུ་སྟོན་ཆོས་འབྱུང་ལས་གསུངས། ཡང་ཁ་ཅིག་ན་རེ། ལུས་དང་ལུས་འཕགས་ན་རྐང་བཞི་པ་གནས། སྒྲ་མི་སྙན་ན་གུ་གེ་རྐང་གསུམ། དེའི་ཟླ་བ་ལ་ཅོ་ལ་མིག་བཞི། རྔ་ཡབ་ན་སྲིན་པོ་གདོང་རིང་། རྔ་ཡབ་གཞན་ན་མིག་གསུམ་པ།
གཡོ་ལྡན་ཀོ་ཅི་རྣ་བོ་ཆེ། ལམ་མཆོག་འགྲོ་ན་གི་ཆ་མགོ་གཉིས་པ་གནས་ཞེས་བཅོམ་ལྡན་རལ་གྲིས་ཊཱི་ཀ་ན་བཀོད་འདུག་ཟེར། སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། དམ་ཆོས་པད་དཀར་གསུངས་པའི་སྔ་དྲོའི་ཡུན་གཅིག་བར་བསྐལ་ལྔ་བཅུའི་ཡུན་ཙམ་དུ་སྣང་བའི་རྫུ་འཕྲུལ་བསྟན་པའི་ལོ་རྒྱུས་བཞིན་དུ་སངས་རྒྱས་དང་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་མང་པོ་སྐད་ཅིག་དང་། སྐད་ཅིག་བསྐལ་པར་བསྒྱུར་ནུས། སྟོང་གསུམ་ཡུངས་འབྲུར་ཤོང་བ་དང་། ཡུངས་འབྲུས་སྟོང་གསུམ་ཁྱབ་པར་བྱེད་ནུས། འདས་པ་མ་འོངས་པ་དང་། མ་འོངས་པ་འདས་པར་བསྒྱུར་བ་ལ་སོགས་པ་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་སྟོན་ནུས་པར་གསུངས་ཏེ། རྡོ་རྗེ་བཀོད་པའི་རྒྱུད་ལས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །དུས་གསུམ་དུས་བཞིར་མི་དམིགས་ཀྱང་། །ཡེ་ཤེས་རིག་པའི་ཁྱད་པར་ལས། །སྐད་ཅིག་བསྐལ་པ་དེ་སྐད་ཅིག །གསུངས། གཞན་ཡང་གསང་བ་བསམ་གྱིས་མི་ཁྱབ་པ་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །བསམ་གཏན་ལས་དང་ཀླུ་རྣམས་དང་། །སངས་རྒྱས་
བདག་ཉིད་ཆེ་རྣམས་ཀྱི། །བསམ་གྱིས་མི་ཁྱབ་བཞིར་བཤད་དོ། །ཞེས་གསུངས་པ་བཞིན། བསམ་གཏན་པའི་ཏིང་ངེ་འཛིན་གྱི་མཐུ་དང་། ལས་ཀྱི་མཐུ་དང་། ཀླུ་མཆོག་གི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་མཐུ་བཞི་ནི་བསམ་གྱིས་མི་ཁྱབ་པའི་གནས་བཞི་ཡིན་པར་གསུངས། ཁྱད་པར་དུ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་བསམ་གྱིས་མི་ཁྱབ་སྟེ། སྔོན་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས། བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་མཐའ་རྟོགས་པར་འདོད་ནས། སུམ་ཅུ་རྩ་གསུམ་དང་། ཚངས་པའི་འཇིག་རྟེན་དང་། དེ་བཞིན་དུ་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་འདས་པ་ན། འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་པདྨོའི་དཔལ་གྱི་སྙིང་པོའི་རྒྱལ་པོ་བཞུགས་པའི་ས་རྣམས་སུ་རིམ་གྱིས་ཕྱིན་ཏེ་བལྟས་ཀྱང་དབུའི་གཙུག་ཏོར་གྱི་མཐའ་མ་མཐོང་བར་ཕྱིར་ལོག་གསུངས་པས་ན། སངས་རྒྱས་ཀྱི་སྐུའི་གསང་བ་བསམ་གྱིས་མི་ཁྱབ། སྔོན་མོའུ་གལ་གྱི་བུས་སངས་རྒྱས་ཀྱི་གསུང་གིས་ཅི་ཙམ་ལ་ཁྱབ་བལྟ་དགོངས་ནས་ནུབ་
ཕྱོགས་བདེ་བ་ཅན་དང་། དེ་ནས་ཀྱང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་འདས་པ་ན་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འབྱུང་བ་འཁོར་བཅས་བཞུགས་པའི་གནས་སུ་བྱོན་ཏེ་ཉན་པས་ཀྱང་གསུང་ཆུང་དུ་མ་སོང་ད་དུང་ཀྱང་ལྷང་ལྷང་ཐོས་པས་གསུང་གི་མཐའ་མ་མངོན་པར་ཕྱིར་ལོག་གསུངས་པས་ན། སངས་རྒྱས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ། ཐུགས་ཀྱིས་ཀྱང་ཤེས་བྱ་ཐམས་ཅད་ལ་ཡོངས་སུ་ཁྱབ་པ་ཡིན་ཏེ། གསོལ་འདེབས་ལེའུ་བདུན་མ་ལས། དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམ། །ཅིར་ཡང་ས་ལེའི་ཐུགས་ལ་གསོལ་བ་འདེབས། །གསུངས་པ་དང་། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ཅད་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱིས། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང་། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱིས་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་
དང་མི་གཡོར་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། །ཞེས་གསུངས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་ནས་བལྟས་པ་ལྟར། ཐམས་ཅད་ས་ལེར་མཁྱེན་པས་ན་སངས་རྒྱས་ཀྱི་ཐུགས་ཀྱི་གསང་བ་ནི་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཐུགས་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །ཡེ་ཤེས་ཀྱང་ནི་དེ་སྙེད་ཁྱབ། །ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྤྲུལ་པས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་དང་། ལུང་བསྟན་དངུལ་དཀར་མེ་ལོང་ལས། འབྱུང་ལྔས་གར་ཁྱབ་པདྨ་བདག་གིས་ཁྱབ། །ཁམས་དྲུག་མ་ཟད་བདག་གི་གཟུགས་མི་འཛད། ནམ་མཁའི་རང་བཞིན་མཐའ་བྲལ་
པདྨ་ལ། །ཚུར་མཐོང་སྐྱེ་བོས་ཁོ་བོ་ཇི་ལྟར་ཤེས། །ཞེས་དང་། ཞལ་ཆེམས་མུ་ཏིག་བརྒྱ་ཕྲེང་ལས། སྣང་སྲིད་འཁོར་འདས་པདྨ་ང་ཡི་ཞིང་། །སངས་རྒྱས་སེམས་ཅན་པདྨ་ང་ཡི་འཕྲུལ། །འཛམ་གླིང་བྱེ་བ་ཕྲག་བརྒྱར་གང་འདུལ་གྱི། །པདྨ་འབྱུང་གནས་སྒྱུ་འཕྲུལ་བཀོད་པ་རེ། །ཞེས་གསུངས་པ་ལྟར། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས། ཆོས་དང་གང་ཟག་ཡོངས་ལ་དག་སྣང་སྦྱོང་དགོས་པའི་རྒྱུ་མཚན་དེ་ཡིན། གཞན་ཡང་ཏིང་འཛིན་རྒྱལ་པོའི་མདོ་ལས། སྐྲ་རྩེའི་ཁྱོན་ལའང་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཇི་ཡོད་སྙེད། རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཞུགས། །འདྲེས་པ་མེད་ཅིང་གནོད་པར་འགྱུར་བ་མེད། །དེ་དག་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་མི་འགྱུར་ཏེ། །དེ་ལྟར་རྒྱལ་བའི་ཆོས་
རྣམས་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོར་ཡུག་དང་ནི་ལྷུན་པོ་རབ་ལྷུན་དང་། །བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེས་ན་སེམས་ཅན་དམྱལ་སྐྱེས་ཚོར་བ་ཡིས། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་དབྱངས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དེ་དག་ཀྱང་། །ལྷ་ཡི་དགའ་བ་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་ཀྱི་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བར་སྣང་། །གང་གིས་རྣམ་དག་སྤྱོད་པ་མ་སྦྱངས་པ། །ཡེ་ཤེས་བྲལ་བ་དག་གིས་དེ་མི་མཐོང་། །ཞེས་དང་། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་ནི་ཆེས་ཉུང་གི ཕྱི་རོལ་བའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་
སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལས། བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བརྒྱད་ལས། བསམ་གཏན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་འཕང་ལོ་ཙམ་ལ་གཟིགས་པ་ཆེས་མང་ངོ་གསུངས། སྔོན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་བ་སྤུའི་ཁུང་བུ་གཅིག་ཏུ་སོང་བའི་ཚེ། དེ་ན་ཞིང་ཁམས་དང་བཅས་པའི་སངས་རྒྱས་བྱང་སེམས་གྲངས་ལས་འདས་པ་བཞུགས་པའི་མཐའ་མ་ཆོད་པར་ཕྱིར་ལྡོག་དགོས་པ་བྱུང་། དེ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ལུས་ཀྱི་བ་སྤུའི་སྒོ་ཉི་མའི་འོད་ཅེས་བྱ་བ་ན། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་དུ་མ་དང་། གསེར་གྱི་ཁྲི་རེ་རེ་ལ་ཡང་རྩེ་མོ་ཁྲི་ཉིས་སྟོང་རིན་པོ་ཆེའི་ཁང་
བཟང་སྐྱེད་ཚལ་དུ་མས་བརྒྱན་པ་ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་པ། བ་སྤུ་དེའི་ནང་ན་ཡང་། རྒྱལ་བའི་དབང་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། ལྷའི་གསེར་གྱི་རི་བརྒྱད་ཁྲི། རིན་པོ་ཆེའི་བྲག་རི་ལྗོན་ཤིང་དག་དང་། ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལ། བྱང་ཆུབ་སེམས་དཔའ་དག་ལོངས་སྤྱོད་ཅིང་། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་གོ། བ་སྤུ་དེ་འདས་པ་ན། སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། རྡོ་རྗེ་དངུལ་གསེར། ཨིནྡྲ་ནཱི་ལ། པདྨ་རཱ་ག མར་ག་ཏ། ཤེལ་གྱི་རི་རྩེ་མོ་བརྒྱད་ཁྲི་ཡོད་པ་དྲི་ཟའི་སིལ་སྙན་གྱི་སྒྲ་ལས། ཡི་གེ་དྲུག་པའི་ཆོས་ཀྱི་སྒྲ་དབྱངས་འབྱིན་ཅིང་། གང་སེམས་ཐོག་མར་སྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག སྟོང་པ་ཉིད་མཚན་མ་མེད་པ་སེམས་ཏེ། ཀྱེ་མ་ཧོ། སྡུག་བསྔལ་སྐྱེ་རྒ་ན་འཆི་སོགས་ལ་སྐྱོ་བས། སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་པར་བཞག་སྟེ། རི་དེ་དག་ལ་འཁོད་དེ། བ་སྤུ་དེ་འདས་པ་ན། སྣ་ཚོགས་པའི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་
ཁུང་བུ་ན། རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང་། ཆར་འབེབས་པ་དང་། ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་། རིན་ཆེན་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ལ་འདོད་དགུ་འབྱུང་བའི་དཔག་བསམ་གྱི་སྡོང་པོ་རྩ་བ་མུ་ཏིག ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་། ཀ་ཤི་ཀའི་གོས་རྣམས་འཕྱང་ངོ། །དེ་འདྲ་བའི་རི་དག་ལ་རང་སངས་རྒྱས་དག་བཞུགས་ནས། གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་དྲུག་མའི་སྒྲར་སྟོན་ནོ། །ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ནི། རིན་པོ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དང་། དཔག་བསམ་དང་། ཙན་དན་དང་། བྱུ་རུའི་ཤིང་དེ་སྙེད་ཡོད་ཅིང་། རིན་ཆེན་འབར་བའི་ཁང་བརྩེགས་ན། དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ་ཕར་ཕྱིན་དྲུག་ཡི་གེ་འབྲུ་དྲུག་ཏུ་སྟོན་པར་མཛད་པ་ཡང་བཞུགས་སོ། །མདོར་ན་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས་ནས། ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོག་ཅིང་།
དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་ཕྱུང་སྟེ། འགྲོ་དྲུག་གི་བག་ཆགས་སྦྱོང་བའི་ཚུལ་རྒྱས་པ་ཟ་མ་ཏོག་བཀོད་པའི་མདོ་ལས་གསུངས། རྗེ་བཙུན་ཏ་རཱ་ན་ཐས་མཛད་པའི་བཟང་སྤྱོད་འགྲེལ་བ་འཕགས་མཆོག་གསང་མཛོད་ལས། སྔོན་ཚོང་དཔོན་གྱི་བུ་ཁྱེའུ་ནོར་བཟང་གིས། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རིན་ཆེན་པདྨའི་ཁྲི་ལ་བཞུགས་པ་མཐོང་སྟེ། དེའི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འོད་ཟེར་གྱི་སྤྲིན་མང་པོ་ཐོན་ནས། ནམ་མཁའི་མཐས་གཏུགས་པར་སྣང་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ལ་སོགས་པ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོ་ཉི་ཤུ་རྩ་གཅིག་མཐོང་ངོ། །དེ་ནས་ནོར་བཟང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལུས་ཀྱིས་ཆ་ཤས་རྣམ་པར་ཕྱེ་ནས། མཐར་བ་སྤུའི་ཁུང་བུ་གཅིག་ལ་ཡང་། དབུས་སུ་མི་མཇེད་ཀྱི་འཇིག་རྟེན་གྱི་
ཁམས་དང་བཅས་པའི་ཕྱོགས་བཅུར་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་མཐའ་དག་དང་། དེ་དག་ཀྱང་བསྐལ་པ་ཆགས་པ་དང་འཇིག་པའི་བར་གྱི་ཚུལ་རྣམས་མ་ལུས་པ། གཟུགས་བརྙན་གྱི་ཚུལ་ཏུ་མཐོང་ངོ་། །ཀུན་ཏུ་བཟང་པོ་དེའི་མཚན་བཟང་པོ་རེ་རེ་ལ་ཡང་སྔོན་གྱི་མཐའ་མུར་ཐུག་གི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། སངས་རྒྱས་རྣམས་དང་འཁོར་གྱི་དཀྱིལ་འཁོར་ཡང་བསྟན། ཕྱི་མའི་མུ་མཐའ་ཐུག་གི་བར་གྱིས་ཡང་བསྟན། སངས་རྒྱས་རེ་རེའི་དྲུང་དུ་ཀུན་ཏུ་བཟང་པོ་རེ་རེ་ཡང་འདུག དེ་དག་གི་ལུས་རེ་རེ་ལ་ཡང་དུས་གསུམ་དུ་བྱུང་བའི་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་ཡང་མངོན་པར་བསྟན་པར་ཡང་མཐོང་། སངས་རྒྱས་རྣམ་སྣང་གི་སྤྱན་སྔ་ན་བཞུགས་པའི་ཀུན་ཏུ་བཟང་པོའི་ཕྱག་བརྐྱངས་ཏེ་ནོར་བཟང་གི་སྤྱི་བོར་བཞག་པའི་ཚེ། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་རེ་རེའི་ཞབས་འབྲིང་ན་ཡང་ཀུན་ཏུ་བཟང་པོ་རེ་རེ་བཞུགས་པའི་ཕྱག་གཡས་པའང་ནོར་བཟང་གི་སྤྱི་བོར་བཞག་
པར་གྱུར་ཅིང་། དེ་ནས་ཀུན་ཏུ་བཟང་པོས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་སྙེད་པོ་དེ་དག་མནན་ཏེ་མངོན་པར་བརྗོད་པའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་བཏབ་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་སོགས་འབྱུང་ངོ་། །འདི་ནི་ཞིང་ཁམས་རྣམ་པར་དག་པར་བྱེད་པ་དང་། རྣམ་པར་ཐར་པ་མཐའ་ཡས་པ་དེ་ལྟ་བུ་འཐོབ་པའི་ཕྱིར་རྗེས་འཇུག་རྣམས་ཀྱིས་ཀྱང་སྨོན་ལམ་གདབ་དགོས་སོ་ཞེས་གསུངས། བདག་གི་རྩ་བའི་བླ་མ་མཁས་གྲུབ་གཉིས་འཛོམ་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་མཛད་པའི་མདོ་རྒྱུད་རིན་པོ་ཆེའི་མཛོད་ལས། དོན་ལ་ཆོས་རྣམས་བདེན་པར་མ་གྲུབ་ཀྱང་། །གདུལ་བྱའི་ལས་སྣང་འདུལ་བྱེད་རྫུ་འཕྲུལ་མཐུ། ཚད་མེད་བསམ་འདས་བརྗོད་པའི་ཡུལ་དང་བྲལ། །རྡུལ་སྙེད་སྟེང་ན་མཁའ་མཉམ་འབྱུང་བ་བཞིའི། །རྡུལ་ཕྲན་ཇི་སྙེད་དང་མཚུངས་འཇིག་རྟེན་ཁམས། །སངས་རྒྱས་སྲས་དང་སློབ་མར་བཅས་པ་སྣང་། །སྐྲ་རྩེའི་ཁྱོན་ལ་དུས་གསུམ་རྒྱལ་བའི་ཞིང་། །མ་འདྲེས་གསལ་བར་ཡོངས་སུ་རྫོགས་
པའི་དཔེ། །ཁང་པ་གཅིག་ཏུ་མི་བརྒྱའི་རྨི་ལམ་ནི། །མི་འདྲ་དུ་མ་རྨིས་པ་ཕན་ཚུན་དུ། །མི་གནོད་མི་ཕན་མི་ཤོང་མེད་དང་མཚུངས། །ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ། །ཕྱི་རོལ་དྲང་སྲོང་ཉན་ཐོས་བྱང་སེམས་དང་། །རྒྱལ་བ་རྣམས་ཀྱིས་རིམ་བཞིན་སེམས་ཅན་གྲངས། །སྟོང་གསུམ་ལྷ་མི་ཀུན་ལས་ལྷག་པར་མཐོང་། །མི་མཇེད་བདེ་ལྡན་ངུར་སྨྲིག་རྒྱལ་མཚན་ཞིང་། །རབ་བརྒྱན་རབ་སྒྲོག་རྡུལ་བྲལ་སྒྲོན་མ་བཟང་། །འོད་བཟང་འདའ་དཀའ་རྒྱལ་མཚན་བཟོད་པའི་ཞིང་། །དཔལ་གྱི་འཇིག་རྟེན་སྔ་མའི་བསྐལ་པའི་ཡུན། །ཕྱི་མའི་ཞག་ལ་ཞག་དེ་བསྐལ་པའི་ཡུན། །ཕྱི་མའི་ཞག་དེས་ཞག་དེ་བསྐལ་པ་འོ། །རྡུལ་ཕྲན་གཅིག་ན་ཞིང་འདི་འཁོད་པ་ཡིན། ཞེས་འགྲེལ་བ་དང་བཅས་རྒྱ་ཆེར་གསུངས། །བདག་གི་རྩ་བའི་བླ་མ་འགྲོ་མགོན་གསེར་ཁང་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཐམས་ཅད་མཁྱེན་པར་བསྒྲོད་པའི་ཐེམ་སྐས་ལས། སྤྱིར་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་བཀོད་པ་ནི། ཀུན་རྟོག་གི་སྤྲོས་པ་མེད་ཀྱང་ཐབས་མཁས་པའི་སྨོན་ལམ་རྣམ་པར་དག་པའི་མཐུ་ཁོ་ན་ལས་འབྱུང་ཞིང་། དེ་ཡང་རྒྱུད་བླ་མ་ལས།
ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང་། །རྟག་ཏུ་བྱ་བ་ཀུན་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང་། །མཛད་པ་གཅིག་ནི་མཛད་པ་ལ། །ཞེས་སོགས་གསུངས་པ་ལྟར། སངས་རྒྱས་རྣམས་ལ་ང་དང་ངའི་ཞེས་འབྱེད་བྱེད་ཀྱིས་རྒྱུད་ཐ་དད་པའི་རྣམ་གཞག་མེད་ཀྱང་། རིགས་རུས་དང་མཛད་པ་སོགས་ཐ་དད་པ་མི་འགལ་བ་བསམ་གྱིས་མི་ཁྱབ་པའི་གནས་མཐར་ཐུག་ཏུ་གསུངས་པ་དང་། རྗེ་བཙུན་འཇམ་པའི་དབྱངས་ལྟ་བུའི་རྒྱལ་སྲས་བདག་ཉིད་ཆེན་པོ་རེ་རེའི་སྤྲུལ་པའི་བཀོད་པ་ཡང་། རྗེ་བདག་ཉིད་ཆེན་པོས། བསོད་ནམས་མཆོག་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་ཏུ་མཛེས་པ་ཁྱོད་ཀྱི་སྐུ། །ནམ་མཁའི་མཐས་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་ཏུ་དུ་མའི་འགྲོ་ལ་མིག་འཕྲུལ་བཞིན། །ལ་ལར་བལྟམ་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། །བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་ལུས་
ཅན་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། །ཞེས་ཞིང་མི་འདྲ་བ་དུ་མར་སྤྲུལ་པའི་བཀོད་པ་དུས་གཅིག་ཏུ་སྟོན་པར་གསུངས་ན། ཞིང་རེ་རེ་ལྟ་སྨོས་པའི་ཕྱིར་དང་། འཇུག་པ་ལས་ཀྱང་། རང་གི་ལུས་ལ་ལུས་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན། ཞེས་སོགས་ཀྱི་རང་འགྲེལ་དུ། ལུས་བརྒྱ་ཀུན་ཏུ་སྟོན་པ་དང་ལུས་རེ་རེར་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་ཏོ། ཞེས་གསུངས་པ་ལྟར། ས་དང་པོ་བས་སྤྲུལ་པ་བརྒྱ་དང་། ས་གཉིས་པ་བས་སྟོང་འགྱུར་དང་། ས་གསུམ་པ་ནས་འབུམ་འགྱུར་དུ་གསུངས་པས་སངས་རྒྱས་རྣམས་དང་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱི་སྤྲུལ་པའི་བཀོད་པ་བགྲངས་ལས་འདས་པས། སྐད་ཅིག་རེ་རེར་ཡང་སེམས་ཅན་གྲངས་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པས་བསམ་གྱིས་མི་ཁྱབ་པའི་གནས་ལ་ངེས་པ་འདྲེན་པར་བྱའོ་ཞེས་གསུངས། དེ་ལྟར་གསུང་རབ་དགོངས་འགྲེལ་རང་གི་རྩ་བའི་བླ་མ་རྣམས་ཀྱིས་གང་གསུངས་པ་ལྟར། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྣམས་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་དབྱིངས་སུ་དབྱེར་
མེད་རོ་གཅིག་ཏུ་འདྲེས་ནས་ཡོད་ཅིང་། དེ་ལས་ཚུར་ནམ་མཁའི་གར་ཁྱབ་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ལོངས་སྤྱོད་རྫོགས་དང་། སྤྲུལ་པའི་སྐུའི་བཀོད་པ་བགྲངས་ལས་འདས་པ་བསྟན་ཏེ། ཆོས་ཀྱི་སྒོ་མོ་མཐའ་ཡས་པ་གསུངས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་མཐའ་ཡས་པའི་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པའི་ཚུལ་རྣམས། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་མེད་ཡེ་ཤེས་ཆེན་པོའི་སྤྱན་གྱིས་ས་ལེར་གཟིགས་ནས། དངོས་སུ་སྐུ་གྲངས་མེད་པ་སྤྲུལ་ནས་སངས་རྒྱས་དེ་རྣམས་མཆོད་ཅིང་ཆོས་ཀྱང་གསན། སེམས་ཅན་ལ་ཡང་བསྟན་ནས་ཕན་འདོགས་པ་ཡིན་ལ། ངེད་རྣམས་ཀྱི་སེམས་ལ་བརྟན་པ་མ་ཐོབ་པས་དངོས་སུ་དེ་ལྟར་མི་ནུས་པས་ཡིད་ཀྱིས་བྱ་དགོས། དེ་ལ་ཐོག་མར་ཚེ་འདིར་ངེས་དོན་སྟོན་པའི་བླ་མའི་གསུང་བཞིན་ཆོས་ཐམས་ཅད་ཀྱི་རྩ་བའམ། གཞི་མ། འབྱུང་གནས་ལྟ་བུའི་རང་གི་སེམས་ཉིད་གཉུག་མའི་ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བློ་ལྷོད་ཀྱིས་གློད་ནས་མཉམ་པར་བཞག་པས།
རིག་པ་དྭངས་སྙིགས་ཕྱེ་ནས། མཉམ་བཞག་ཤེལ་གྱི་མེ་ལོང་ལྟར་སྒྲིབ་མེད་གསལ་པོ་བྱུང་བ་དང་དེའི་ངོར་ཆོས་ཀུན་གདོད་མའི་གནས་ལུགས་མཐའ་བྲལ་ཆོས་ཀྱི་དབྱིངས་དང་མཉམ་པའི་དག་དང་མ་དག་པའི་ཞིང་ཁམས། སངས་རྒྱས་སེམས་ཅན་རྣམས་གཅིག་ཀྱང་མ་ལུས་པ་ཐམས་ཅད་སོ་སོར་མ་འདྲེས་པར་ཁྲ་ཤིགས་སེ་མངོན་སུམ་ལྟ་བུར་ཡོད་པར་མོས་ནས། ཡིད་ཀྱི་རང་གི་ལུས་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང་། ལ་ལས་མཆོད་པ་འབུལ་བ། ལ་ལས་སྡིག་པ་བཤགས་པ། ལ་ལས་རྗེས་སུ་ཡི་རང་འབུལ་བ། ལ་ལས་ཆོས་འཁོར་བསྐོར་བར་བསྐུལ་བ། ལ་ལས་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ། ལ་ལས་དགེ་བ་རྫོགས་བྱང་དུ་བསྔོ་བ་སྟེ། ཡན་ལན་བདུན་པ་འབུལ་མཁན་གྲངས་ལས་འདས་པ་ཡོད་པར་དམིགས་ནས་ངག་གིས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ཞེས་དབྱངས་དང་བཅས་བཟང་སྤྱོད་ནས་འབྱུང་བ་ལྟར་འདོན། མཎྜལ་རྒྱས་བསྡུས་གང་རུང་འབུལ། ཤེས་ན་གསོལ་འདེབས་རྒྱས་
པ་བྱ། བསྡུ་ན། །ཆོས་སྐུ་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །འདྲེན་མཆོག་ཤཱཀྱའི་རྒྱལ་པོར་གསོལ་བ་འདེབས། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །ཆོས་སྐུ་ཡུམ་ཆེན་མོ་ལ་གསོལ་བ་འདེབས། །མཁྱེན་རབ་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །འཕགས་པ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །མཐུ་སྟོབས་གསང་བའི་བདག་པོར་གསོལ་བ་འདེབས། །ཨོ་རྒྱན་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །མཉམ་མེད་ཇོ་བོ་ཆེན་པོར་གསོལ་བ་འདེབས། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱ་བོད་མཁས་གྲུབ་ཡོངས་ལ་གསོལ་བ་འདེབས། །རྩ་བ་བླ་མ་རྣམས་ལ་གསོལ་བ་འདེབས། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །འདྲེན་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཚེ་དཔལ་བསོད་ནམས་རྒྱས་པར་བྱིན་གྱིས་རློབས། །ཆོས་ལ་ཕྱོགས་རིས་མེད་པར་བྱིན་གྱིས་རློབས། །དག་
སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །དམ་ཆོས་མ་ལུས་འཛིན་པར་བྱིན་གྱིས་རློབས། །རྣམ་མཁྱེན་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས། །བསྟན་འགྲོ་ཡོངས་ལ་ཕན་པར་བྱིན་གྱིས་རློབས། །རང་གཞན་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་ལས་འོད་དང་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་ནས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ངན་པ་ཐམས་ཅད་དང་། ཁྱད་པར་ཆོས་དང་གང་ཟག་གི་ཕྱོགས་རིས་ལ་བརྟེན་ནས་ཆོས་སྤོང་གི་ལས་ངན་པ་བསགས་པ་རྣམས་མུན་པའི་གླིང་དུ་ཉི་མ་ཕོག་པ་བཞིན་དུ་ལྷག་མེད་དུ་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་བྱས། ཚེ་དཔལ་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱས། ཁྱད་པར་ཆོས་དང་གང་ཟག་
ཡོངས་ལ་དད་གུས་དག་སྣང་འབྱོངས་པའི་སྐལ་བ་རྒྱུད་ལ་བཞག་སོང་སྙམ་པའི་མོས་པ་དུང་དུང་བ་རེ་བྱ། སླར་ཡང་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། ཕྱོགས་བཅུའི་ཞིང་གི་རྒྱལ་བ་རབ་འབྱམས་རྣམས་ཀྱི་ཐུགས་ཀ་ནས་ཉི་མ་འབུམ་ཕྲག་དུས་གཅིག་ལ་ཤར་བ་ལས་ཀྱང་ཆེས་ཆེར་དཔག་ཏུ་མེད་པའི་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས། ཕྱི་སྣོད་འཇིག་རྟེན་ཁམས་ཐམས་ཅད་དག་པའི་ཞིང་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་མཚན་དཔེས་མཛེས་པའི་ལྷ་དང་ལྷ་མོའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར་སོང་སྙམ་པའི་མོས་པ་བྱ། དེ་ནས། འདས་པའི་སངས་རྒྱས་རྣམ་དང་ཕྱོགས་བཅུ་ཡི། །ཞེས་བཟང་སྤྱོད་སྨོན་ལམ་འདོན། ཁྱད་པར་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ་འཛིན་པའི་སྨོན་ལམ་འདེབས་པ་ནི་ཤིན་ཏུ་གལ་ཆེ་སྟེ། བུ་མོ་དཔལ་འཕྲེང་གིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་
སྨོན་ལམ་གངྒྷཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་ཐམས་ཅད་ཀྱང་། འདི་ལྟར་དམ་པའི་ཆོས་ཡོངས་སུ་འཛིན་པའི་སྨོན་ལམ་ཆེན་མོའི་ཁོངས་སུ་འདུས་ཤིང་ཁོང་དུ་ཆུད་དེ། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། དེ་ལྟར་ཡུལ་ཆེ་བ་ལགས་སོ། །ཞེས་དང་། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་སྡུད་པ་ལགས་སོ། །གསུངས། དེ་བཞིན་གཤེགས་པའི་སྐུའི་གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐའ་རུ་ཕྱིན་པར་འགྱུར་མ་ལགས། །ཞེས་སོགས་ཕན་ཡོད་ཚད་ལས་འདས་པ་ཡོད་པ་ལ་དགོངས་ནས། རྗེ་བདག་ཉིད་ཆེན་པོས་ཀྱང་། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོ། །གསུངས། བསྔོ་སྨོན་གྱི་ཁྱད་པར་ནི། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས། བསྔོ་བ་སྨོན་ལམ་གྱི་ཁྱད་པར་རྒྱུ་འདི་ལྟ་བུ་ལ་བརྟེན་ནས་
འབྲས་བུ་འདི་འདྲ་ཞིག་ཏུ་ཞེས་རྒྱུ་སྔོན་དུ་བྱས་ནས་འབྲས་བུ་ལ་སྨོན་པ་བསྔོ་བ་ཡིན། རྒྱུ་སྔོན་དུ་བྱས་ཀྱང་རུང་མ་བྱས་ཀྱང་རུང་། འབྲས་བུ་འདི་ལྟ་བུར་གྱུར་ཅིག་ཅེས་པ་སྨོན་ལམ་ཡིན། བསྔོ་བ་གང་ཡིན་སྨོན་ལམ་ཡིན་སྨོན་ལམ་ཡིན་ཚད་ལ་བསྔོ་བ་ཡིན་པས་མ་ཁྱབ་བོ་གསུངས་སོ། །དེས་ན་དམ་ཆོས་མ་ལུས་འཛིན་པའི་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་འདེབས་ཤིང་། རང་གི་ཆོས་གང་ཤེས་ཚད་པོ་ཉམས་སུ་ལེན་པ་ལ་ཡང་བརྩོན་པར་བྱའོ། དེ་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་དམིགས་ནས། ཡན་ལག་བདུན་པ་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི་ནམ་མཁའ་གང་བར་རྟག་ཏུ་འབྱུང་ཞེས་དཔལ་སྦས་ཀྱིས་ཞུས་པའི་མདོ་ལས་གསུངས་ཤིང་སྐྱེ་བ་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཚེ་རབས་ཐམས་ཅད་དུ་སངས་རྒྱས་བྱང་སེམས་མང་པོའི་ཞལ་མཐོང་ཞིང་དམ་པའི་ཆོས་དང་ནམ་ཡང་མི་འབྲལ་བར་འགྱུར་རོ། །སྨྲས་པ། ཟབ་གསལ་ཐུགས་དགོངས་ནམ་མཁའི་མཐའ་དང་མཉམ། །མཉམ་བཞག་ནམ་མཁའ་ལྟ་བུའི་ངང་ཉིད་ལས། །ལས་འབྲས་སྐྱིད་སྡུག་ལེགས་
ཉེས་ས་ལེར་མཁྱེན། །མཁྱེན་བརྩེའི་མངའ་བདག་སངས་རྒྱས་རྣམས་ལ་འདུད། །ཡངས་སོ་ཆེ་འོ་མཁའ་མཉམ་རྒྱལ་བའི་ཐུགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཆོས་དབྱིངས་ཁྱབ་གདལ་ཀློང་དེ་གུ་རེ་ཡངས། །གུ་ཡངས་ཉམས་དགའི་ངང་ནས་གླུ་དབྱངས་ལེན། །རང་སེམས་སྣང་གྲག་འཁོར་འདས་ཆོས་རྣམས་ཀྱི། །ངོ་བོ་གདོད་ནས་སྟོང་ཞིང་སྤྲོས་དང་བྲལ། །སྐྱེ་མེད་ཆོས་དབྱིངས་ནམ་མཁའ་ལྟ་བུ་ཡི། །གནས་ལུགས་རྟོགས་པའི་རྣལ་འབྱོར་ཉམས་རེ་དགའ། །ནམ་མཁའི་འཇའ་དང་ཆུ་ཡི་ཟླ་བ་དང་། །མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དུ། །ཆོས་དབྱིངས་ཀློང་ན་སངས་རྒྱས་ཞིང་ཁམས་དང་། །འཇིག་རྟེན་ཁམས་རྣམས་མ་འདྲེས་སོ་སོར་སྣང་། །བཟང་ངན་རྒྱུ་རྐྱེན་འཛོམ་པའི་རྟེན་འབྲེལ་ལས། འཁོར་འདས་བཟང་ངན་སྣ་ཚོགས་ཅིར་སྣང་ཡང་། །དཔེར་ན་སྒྱུ་མ་རྨི་ལམ་ཇི་བཞིན་དུ། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་བ་མཚར། །རྡུལ་གཅིག་སྟེང་ན་ཕྱོགས་བཅུའི་རྡུལ་སྙེད་ཀྱི། །གྲངས་མཉམ་ཞིང་ཁམས་རྒྱལ་བ་སྲས་བཅས་བཞུགས། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་
མ་ལུས་པ། །རྒྱལ་བ་སྲས་དང་བཅས་པས་གང་བར་གསུངས། །དེ་དག་ཆུ་བུར་མིག་གིས་མི་མཐོང་ཡང་། །རང་སེམས་གསལ་བའི་ཡུལ་ལ་ཁྲ་ལམ་མེར། །ཡོད་པར་མོས་ནས་རང་ལུས་གྲངས་མེད་སྤྲུལ། །བསྟོད་དབྱངས་སྣ་ཚོགས་སྒྲོག་བཞིན་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་དང་སངས་རྒྱས་ཞིང་ཀུན་ན། །མཆོད་ཚོགས་གང་ཡོད་བློ་ཡིས་བླངས་ནས་འབུལ། །བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །སྡིག་པ་བྱས་ཚད་བདག་གིས་མཐོལ་ལོ་བཤགས། །རྒྱལ་བ་སྲས་བཅས་རང་གཞན་དགེ་ཚོགས་ལ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་བྱ། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །བློ་ཁར་འཚམས་པའི་ཆོས་འཁོར་བསྐོར་བར་བསྐུལ། འགྲོ་བའི་དོན་དུ་ཕྱོགས་བཅུའི་སངས་རྒྱས་རྣམས། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །བསྟན་འགྲོ་ཡོངས་ལ་ཕན་པའི་ཕྱིར་དུ་བསྔོ། །དེའི་མཐུས་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་
ཤོག །འགྲོ་ཀུན་གནས་སྐབས་ཀུན་ཏུ་བདེ་ཞིང་སྐྱིད། །མཐར་ཐུག་སངས་རྒྱས་གོ་འཕང་མྱུར་འཐོབ་ཤོག །བྱང་ཆུབ་སེམས་དཔའི་སྨོན་ལམ་གངྒཱའི་ཀླུང་། །བྱེ་མ་སྙེད་ཀྱི་གྲངས་མཉམ་གང་ལགས་པ། །དེ་དག་དམ་ཆོས་འཛིན་པའི་སྨོན་ལམ་དུ། །འདུ་ཞེས་བུ་མོ་དཔལ་ཕྲེང་མདོ་ལས་གསུངས། །དེའི་ཕྱིར་བདག་དང་མཁའ་མཉམ་སེམས་ཅན། །ཚེ་རབས་ཀུན་ཏུ་ཕྱོགས་བཅུའི་སངས་རྒྱས་ཀྱི། །དམ་ཆོས་མ་ལུས་འཛིན་པའི་སྨོན་ལམ་འདེབས། །རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག །ཨེ་མ་ཕྱོགས་བཅུའི་ཆོས་མཛད་ཕོ་མོ་རྣམས། །སྡུག་བཙིར་སྒོམ་གྱིས་ས་རྒྱ་མི་ཆོད་པས། །གར་བཞུགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །ཤེས་པར་གྱིས་ལ་སེམས་ཁ་ཡངས་པོ་མཛོད། །སེམས་ཁ་ཡངས་པའི་སྒོ་ནས་ཕྱོགས་བཅུ་ཡི། །སངས་རྒྱས་ཡོངས་ལ་ཡན་ལག་བདུན་པ་ཕུལ། །ས་སྟེང་བླ་མ་ཡོངས་ལ་ཞབས་ཏོག་སྒྲུབས། །ཆོས་ལུགས་གྲུབ་མཐའ་ཡོངས་ལ་དག་སྣང་སྦྱོངས། །རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལོངས། །ཆོས་ཀྱི་རྩ་བ་སེམས་ལ་ཐུག་འདུག་པས། །ཀུན་གྱིས་བྱང་ཆུབ་སེམས་གཉིས་
ཐུགས་དམ་གྱི། །མཐིལ་དུ་ཟུང་དང་བདེ་སྐྱིད་ཉི་མ་འཆར། །གླུ་འདི་ཐོས་ཚད་སྐྱེ་བོ་ཕོ་མོ་ཡིས། །གྲུབ་མཐའི་ཕྱོགས་རིས་ཆགས་སྡང་ཀུན་ཞི་ནས། ཐམས་ཅད་ཐུགས་མཐུན་དད་གུས་དག་སྣང་སྒོས། །རིས་མེད་བསྟན་འགྲོ་ཡོངས་ལ་ཕན་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ༈ །དེ་ཡང་ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱ་སེམས་ཅན་རྣམས་ལ་དམ་པའི་ཆོས་ཅི་ལྟ་བུ་གསུངས་པ་ཡིན་ནམ་སྙམ་ན། སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་ལས། དེ་ཡང་ཇི་སྐད་དུ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །བཅོམ་ལྡན་འདས་རྣམ་གཟིགས་ཀྱིས་གསུངས་སོ། །མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །སྐུར་བ་མི་གདབ་གནོད་མི་བྱ། །སོ་སོར་ཐར་བའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་
རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བཅོམ་ལྡན་འདས་གཙུག་ཏོར་ཅན་གྱིས་གསུངས་སོ། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབ་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བཅོམ་ལྡན་འདས་ཐམས་ཅད་སྐྱོབ་ཀྱིས་གསུངས་སོ། །བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ལ། །མི་མཐུན་པ་དང་གཞན་དག་གིས། །བྱས་དང་མ་བྱས་རྣམས་ལ་མིན། །བཅོམ་ལྡན་འདས་འཁོར་བ་འཇིག་གིས་གསུངས་སོ། །ལྷག་པའི་སེམས་ལ་དཔག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །བཅོམ་ལྡན་འདས་གསེར་ཐུབ་ཀྱིས་གསུངས་སོ། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོངས། །ཉོན་མོངས་ཟད་པས་མྱ་ངན་འདས། །བཅོམ་ལྡན་འདས་འོད་སྲུངས་ཀྱིས་གསུངས་སོ། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་
ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ཡང་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱ་ཞིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་སོ། །སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་འདི་ལན་ཅིག་བསྒྲགས་ཀྱང་བསྐལ་པ་མང་པོར་བསགས་པའི་སྡིག་སྒྲིབ་འདག་ཅིང་། སངས་རྒྱས་རྣམས་ཀྱི་བྱིན་རླབས་འཐོབ་པར་འགྱུར་རོ། །འདི་གང་དུ་གནས་པའི་ས་ཕྱོགས་དེ་ཡང་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱིས་མཆོད་པའི་རྟེན་དུ་འགྱུར་རོ་གསུངས། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་མདོ་སྔགས་ཀྱི་ཆོས་སྔར་ཡང་གསུངས་ཤིང་ད་ལྟ་ཡང་གསུང་ལ། ཕྱིན་
ཆད་ཀྱང་གསུང་བར་འགྱུར་བས། དེ་དག་ཐམས་ཅད་ལ་དག་སྣང་སྦྱངས་ནས་འཛིན་པའི་སྨོན་ལམ་འདེབས་དགོས་སོ། །ཁྱད་པར་དུ་བདག་ཅག་གི་སྟོན་པ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ཏེ་རྟག་ཏུ་ཆོས་འཆད་པ་ཡིན་ཏེ། མདོ་སྡེ་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་གྲངས་ནི་སུས་ཀྱང་བཟུང་མེད་པར། བྱང་ཆུབ་དམ་པ་དེ་ནི་ངས་བརྙེས་ཏེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་དང་། འཁོར་ལོ་སྡོམ་པའི་ལོ་རྒྱུས་ལས། བདག་ཅག་གི་སྟོན་པ་ཐོག་མ་མེད་པ་ནས་སངས་རྒྱས་ཏེ། སངས་རྒྱས་མ་ཐག་བདེ་མཆོག་གི་རྒྱུད་རྒྱས་པར་གསུངས་པ་ལ། སེམས་ཅན་བསོད་ནམས་ཀྱི་དབང་གིས་རེ་འགའ་དར་ལ་རེ་འགའ་ནུབ་པར་འགྱུར་ཞེས་བཤད། རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །སུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །ཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་དོ། །ཞེས་དང་། ཡེ་ཤེས་རོལ་པའི་རྒྱུད་ལས། བསྐལ་པ་ཀུན་གྱི་སྔོན་རོལ་ནས། །ཕྱི་མའི་མུ་མཐའ་ཐུག་གྱུར་པ། །དེ་སྲིད་བླ་མེད་གསང་བའི་ཆོས། །
རྨད་བྱུང་རྒྱལ་པོ་འགྲོ་བ་ལ། །གསུངས་སོ་གསུང་ངོ་གསུང་བར་འགྱུར། གསུངས། སྐུ་ཐོག་འདི་ལ་ཡང་སངས་རྒྱས་པའི་ཚུལ་བསྟན་ནས་སྐུ་དངོས་དང་། གཞན་ཡང་རྡོ་རྗེ་འཆང་སོགས་སུ་སྤྲུལ་ནས། མདོ་སྔགས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། མ་འོངས་པ་ན་ཡང་སངས་རྒྱས་པའི་མཛད་པ་ཡང་དང་ཡང་དུ་བསྟན་ནས་འགྲོ་ལ་ཆོས་སྟོན་ཅིང་། དུས་དེང་སང་ཀྱང་དགེ་བའི་བཤེས་གཉེན་གྱི་སྐུར་སྤྲུལ་ནས། ཆོས་གསུངས་ནས་འགྲོ་དོན་མཛད་པར་མདོ་རྒྱུད་ཀུན་ནས་ཡང་ཡང་གསུངས་པས་ཆོས་དང་གང་ཟག་ཡོངས་ལ་དག་སྣང་བྱའོ། །ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ཅེས་བྱ་བ་ལས། ཐོག་མ་དང་མཐའ་མ་མེད་པའི་དུས་ནས། གྲངས་མེད་པའི་རྡོ་རྗེ་འཆང་རིམ་པས་བྱོན་ཏེ་བཞུགས་ལ། སླད་ཀྱི་འབྱོན་པ་རྣམས་ཀྱིས་དབང་པོ་ཤིན་ཏུ་རྣོན་པོའི་གདུལ་བྱ་རྣམས་ལ་རྣམ་གྲངས་དཔག་ཏུ་མེད་པས་གསུངས་ཏེ། མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་
ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་པ་རྣམས། །ཞེས་པས་དུས་དང་ཚད་དང་རིས་སུ་ཆད་པ་འགའ་ཡང་མེད་དེ། ཐོག་མ་མེད་པའི་སྔོན་རོལ་ནས་རྡོ་རྗེ་འཆང་བྱོན་ནས་གསུངས་པ་རྣམས་ཕྱག་ན་རྡོ་རྗེ་ལ་སོགས་པ་སངས་རྒྱས་ཉིད་སེམས་དཔའི་ཚུལ་དུ་བསྟན་པ་ཚད་མེད་པའི་ཚོགས་ཀྱིས། བླ་ན་མེད་པའི་ཆོས་ཀྱི་རྣམ་གྲངས་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་རྣམས་བཟུང་ཞིང་། ཞིང་ཁམས་འདི་དང་ཕྱོགས་བཅུ་གཞན་དུ། རྡོ་རྗེ་འཆང་དཔག་ཏུ་མེད་པ་སྔ་ཕྱིར་གཤེགས་ཏེ། ད་ལྟ་བཞུགས་པ་དང་བཅས་པའི་མདུན་དུ་དུས་རྟག་པར་གནས་པས་ཐོས་པ་བཟུང་ནས། ཞིང་དེ་དག་ལས་མ་གཡོས་བཞིན་དུ་ཞིང་ཁམས་ཐ་དད་པ་རྣམས་ཀྱི་ནང་དུ། རྒྱུད་ཀྱི་མིང་དང་རྣམས་གྲངས་ཚད་མེད་པ་སྟོན་པར་བྱེད་དེ། དེའང་སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ། གསུང་རྡོ་རྗེ་སྤྱན་རས་གཟིགས། སྐུ་རྡོ་རྗེ་འཇམ་དབྱངས་ལ་སོགས་པ་འབྲས་བུའི་སེམས་དཔའ་ཚད་མེད་པས། རང་གིས་གསུང་བ་པོ་དང་། ཞུ་བ་པོ་དང་། སྡུད་པ་པོ་དང་།
ཆོས་དང་གནས་ཀྱི་རོལ་པ་མཛད་ནས་གསང་བ་ཆེན་པོ་རྣམས་འགྲོ་བའི་དོན་དུ་སྣང་བར་མཛད་ནས། གསང་བ་ཆེན་པོ་རྣམས་འགྲོ་བའི་དོན་དུ་སྣང་བར་མཛད་པ་ཡིན་ཏེ། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །འཇིག་རྟེན་འཇིག་རྟེན་འདས་པའང་ང་། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་ནི་སྔོན་རོལ་པའི་སངས་རྒྱས་ཏེ། ངན་སོང་སྦྱོང་རྒྱུད་ལས། སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་འབྱུང་ངོ། །དེས་བཟུང་བའི་རྒྱུད་ལ་དུས་འདི་ཙམ་ནས་གསང་སྔགས་བྱུང་ཞེས་ཐོག་མཐའ་བསམ་པར་མི་ནུས་ལ། སྟོན་པའང་འདི་ཁོ་ནས་གསུངས་ཞེས་ཚད་གཟུང་དུ་མེད་དེ། འཇིག་རྟེན་ཁམས་རྡོ་རྗེ་འཆང་གི་རོལ་པ་ཚད་མེད་པའི་ཕྱིར། རེ་ཞིག་མི་མཇེད་འདིའི་དབང་དུ་བྱས་ན། སྣོད་བཅུད་ཀྱི་རིམ་པ་ཆགས་ནས་མ་སྟོངས་ཀྱི་བར་ལ་ཐུན་མོང་གི་སངས་རྒྱས་སྟོང་དང་། སེམས་དཔའ་གཉིས་བྱོན་པའི་ཚུལ་བསྟན་ནས། དང་པོའི་སངས་རྒྱས་རྣམ་
གཟིགས་ཀྱིས་ཕྱིའི་རྒྱུད་སྡེ་འགའ་གསུངས་པར་འདོད་ལ། ཤཱཀྱ་ཐུབ་པས་རྒྱུ་བཞི་རྫོགས་པར་གསུངས་པ་དང་། ཁ་ཅིག་ཏུ་ཤཱཀྱ་ཐུབ་པའི་རྣམ་པས་དངོས་སུ་གསུངས་ཏེ། དེས་ན་བཅོམ་ལྡན་ཤཱཀྱ་ཐུབ། །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །ཞེས་པ་དང་། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གསུངས་པ་ལ་སོགས་པ་དང་། གསང་བ་འདུས་པ་ལ་སོགས་པ་རྣམས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ཏེ་གསུངས་པར་འདོད་ལ། མ་འོངས་པ་ན་སངས་རྒྱས་མོས་པས་གསུངས་པར་འདོད་དོ། །དེ་དག་ཀྱང་ཕྱག་ན་རྡོ་རྗེ་དང་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས་རྟག་པར་གནས་ལ། ཐུན་མོང་མ་ཡིན་པའི་སྟོན་པ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། རིགས་ལྔའི་སངས་རྒྱས་བརྗོད་དུ་མེད་པའི་ཚོགས་ཀྱིས་འོག་མིན་ན་རྟག་པར་བཞུགས་ནས། འཁོར་དཔག་ཏུ་མེད་པ་ལ་སྔར་གསུངས། ད་ལྟ་གསུང་། ཕྱིས་ཀྱང་གསུང་བའི་ཕྱིར་དུས་ཁོ་ར་ཁོར་ཡུག་ཏུ་སྣང་བ་ཡིན་ནོ། །དེ་དག་གིས་གསུངས་པའི་རྒྱུད་ཀྱང་སྔོན་བསྐལ་པ་དང་པོ་ནས་འདིའི་བར་ལ་ཕྱག་ན་རྡོ་རྗེ་དང་། དབང་
ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་ཐོབ་དང་རིགས་སྔགས་འཆང་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅི་དང་། མཁའ་འགྲོ་མའི་གནས་སོ་སོ་ན་དར་ཞིང་སྤྱོད་པ་ལས། ཁྱད་པར་དུ་འཛམ་བུ་གླིང་གི་ཟ་ཧོར་དང་། སིངྒ་ལ་དང་། ཨོ་རྒྱན་ལ་སོགས་མཁའ་འགྲོའི་གནས་ན་བཞུགས་པ་ལས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོ་དང་། པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ལ་སོགས་པས་སྤྱན་དྲངས་ནས། སྐལ་ལྡན་སོ་སོ་ལ་བརྒྱུད་པ་དག་གིས་ཉམས་སུ་བླངས་པས་གྲུབ་པ་བརྙེས་པའི་གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་རྒྱ་གར་དུ་བྱོན་པ་དང་། སྔོན་རྒྱལ་བློན་གྱི་དུས་སུ་བོད་དུ་ཡང་མང་དུ་བྱོན་པ་ཡིན་ནོ། །རྣམ་གཞག་འདི་ལྟར་ཁོང་དུ་མ་ཆུད་པའི་བློ་ཆུང་སྒྲོ་སྐུར་དུ་སྨྲ་བ་དག་རྒྱ་གར་དུ་མ་གྲགས་པས་རྒྱུད་ཡང་དག་པ་མ་ཡིན་ཏེ་བོད་ཀྱིས་བྱས་པའོ་ཞེས་ཡང་དག་པའི་རྒྱུད་ལུང་དང་མདོ་མང་པོ་ལ་སྐུར་བ་འདེབས་པ་ནི་ངན་འགྲོར་ཡུན་རིང་དུ་གནས་པའི་རྒྱུ་གསོག་པ་ཁོ་ནའོ། །དེའང་རྒྱ་གར་གྱི་རྒྱུད་རྣམས་ཀྱང་ཨུ་རྒྱན་དང་།
ཤམྦྷ་ལ་དང་། མ་ལ་ཡ་ལ་སོགས་པའི་ཡུལ་ནས་གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་སྤྱན་དྲངས་ཏེ། རྒྱུད་ཐམས་ཅད་ནི་རྒྱ་གར་ནའང་བཞུགས་པ་མ་ཡིན་ཏེ། གལ་ཏེ་བཞུགས་སུ་བཅུག་ཀྱང་ཁྱེད་ཀྱིས་ལན་རེ་ཙམ་ཕྱིན་པས་དེ་ཐམས་ཅད་མཐོང་བར་མི་ནུས་ལ། གཙུག་ལག་ཁང་ཆུང་རེ་ན་བཞུགས་པའི་མདོ་རྒྱུད་ཀྱི་མིང་བྱང་དུ་མ་འདུས་པས་གཞན་རྣམས་མིན་པར་མི་འགྱུར་བའི་ཕྱིར་སྔོན་གྱི་ལམ་སྟོན་ཆེན་པོ་རྣམས་ལ་སྨོད་པར་མི་བྱའོ། །བོད་འདིར་རྒྱ་གར་ན་ཡོད་པ་དང་མེད་པའི་མདོ་དང་རྒྱུད་མང་པོ་བཞུགས་ཏེ། སྔོན་གྱི་སློབ་དཔོན་པདྨ་ལ་སོགས་པས་ཨོ་རྒྱན་ལ་སོགས་མཁའ་འགྲོའི་གླིང་རྣམས་ནས་མདོ་སྡེ་མང་དུ་བསྣམས་ནས་བྱོན་ཏེ་བསྒྱུར་ཅིང་། མདོ་ཡང་ཉི་མ་དངོས་གྲུབ་ཀྱི་མེས་མ་ཚིག་གོང་དུ་རྒྱ་ནག་ལ་འགྱུར་བའི་མདོ་རྣམས་ལས། ཕལ་པོ་ཆེ་དང་། མྱ་ངན་ལས་འདས་པ་དང་། འདུལ་བ་ལུང་ལ་སོགས་པ་མང་པོ་ཞིག་རྒྱ་ནག་གི་པཎྜི་ཏ་ཧྭ་ཤང་མ་ཧཱ་ཡཱ་ནའི་བློ་ལས། བཻ་རོ་ཙཱ་ན་དང་འབའ་སངས་ཤིས་ལོ་ཙྪ་བྱས་ཏེ་བསྒྱུར་བ་ཡིན་ནོ། །དེའི་ཕྱིར་ཆོས་དང་གང་ཟག་གི་ཚད་ནི་ཐམས་ཅད་མཁྱེན་པ་ལས་གཞན་གྱིས་གཟུང་བར་མི་
ནུས་ཏེ། དཀོན་བརྩེགས་ལས། འོད་སྲུངས་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་རུང་གི། གཞན་དག་གིས་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། ཞེས་སོ། །ཆོས་ཀྱང་བཀའ་ཡང་དག་པ་ནི་སངས་རྒྱས་ཀྱི་གསུང་སྟེ། སྤྲུལ་སྐུ་དེ་ཡང་སྔོན་བྱུང་གི་ད་ལྟ་མེད་དོ་མི་བསམ་སྟེ། རྟག་ཏུ་མོས་པའི་ངོར་འབྱུང་ལ། དེས་སྔོན་མདོ་དང་རྒྱུད་མ་གྲགས་པ་གསལ་བར་བྱེད་པའང་སྲིད་པས་སྐུར་པ་མི་བཏབ་ལ། ཆོས་གང་ལ་ཡང་ཐར་པའི་ལམ་དུ་འཇུག་ཅིང་འཁོར་བ་སྤོང་བར་སྟོན་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་རབ་ཚད་མར་བཞག་སྟེ། རྒྱུད་བླ་མ་ལས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་བསྒྲུབས་ལ། སངས་རྒྱས་ནི་རྟག་པར་བཞུགས་པས་གདུལ་བྱའི་དོན་མཛད་ལ། བྱིན་གྱིས་བརླབས་པའི་བཀའ་ཡང་། རི་དང་ཤིང་དང་པདྨོ་དང་དཔག་བསམ་ཤིང་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། བྱ་དང་རི་དྭགས་ལས་ཆོས་ཀྱི་
རྣམས་གྲངས་ཀྱི་སྒྲར་འབྱུང་བ་དེ་ཡང་བཀར་གསུངས་པ་ཡོད་ན། སྔར་བྱུང་གིས། ད་ལྟ་མི་སྲིད་ཅེས་ལོག་པར་མི་བལྟ་སྟེ། བྱིན་གྱིས་བརླབས་པ་དག་འབྱུང་སྲིད་པའི་ཕྱིར་རོ། །དེས་ན་གང་ལ་ཡིད་ཆེས་པས་དམ་པར་བཟུང་ནས་ཡི་དམ་དུ་བྱ་བར་འཐད་ཀྱི། གཞན་ལ་སྐུར་བ་ནམ་ཡང་གདབ་པར་མི་བྱ་བ་ཁོ་ནའོ། །གསང་སྔགས་རྙིང་མའི་རྒྱུད་ཀྱི་འབྱུང་ཚུལ་འགའ་ཞིག་ལས། ཕྱག་ན་རྡོ་རྗེས་ཟ་ཧོར་གྱི་ཡུལ། མ་ལ་ཡའི་རི། རྒྱལ་པོ་ཛཿཞེས་བྱ་བ་ལ་དབང་བསྐུར་ཞིང་གླེགས་བམ་གྱི་ཆར་ཕབ་ནས་མིའི་ཡུལ་དུ་སྣང་བར་བྱས་པ་ལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལ་སོགས་པ་དང་། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་མང་དུ་བྱུང་བར་གསུངས་པའང་དེ་ཁོ་ན་བཞིན་ཏེ་དགོངས་པ་ལུང་སྟོན་ལས། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལ་སྐལ་ལྡན་དྲྭ་མ་ཆེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་འབྱུང་ལ། རྡོ་རྗེ་ས་འོག་གི་རྒྱུད་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་
བར་འགྱུར། །ཞེས་གསུངས་པ་དང་ཡང་མཐུན་པ་ཡིན་ནོ། །སྔོན་གྱི་དུས་སུ་བྱུང་བ་དག་བཅོས་མ་ཡིན་ན། རྩོམ་གཞི་གང་ལ་བྱས། དེ་ལྟར་ན་ཕྱིས་འབྱུང་བ་རྣམས་བཅོས་མར་འགྱུར་ཏེ། དོན་སྔོན་མ་བས་ལྷག་ཏུ་མ་བྱུང་། ཚིག་ཅུང་ཟད་མི་འདྲ་བ་དང་། མང་ཉུང་བྱུང་བ་ལས་མེད་པའི་ཕྱིར་རོ། །དེས་ན་གསར་རྙིང་གི་རྒྱུད་ཆེན་པོ་འདི་དག་ལ་སློབ་དཔོན་གྲུབ་ཆེན་མང་དུ་བྱོན་ཞིང་། དབང་དང་བྱིན་རླབས་ཟམ་མ་ཆད་པར་འདུག་པས་ཡང་དག་པ་འབའ་ཞིག་སྟེ། སློབ་དཔོན་དེ་དག་གིས་འགྲེལ་པ་དང་མན་ངག་མང་དུ་མཛད་པས་ཡིད་ཆེས་པར་གཟུང་ངོ་། །དེའང་རྒྱ་གར་ན་གསང་སྔགས་ཞེས་པ་ཙམ་ལས། འདི་ནི་གསར་མའོ། །འདི་ནི་རྙིང་མའོ་ཞེས་སོ་སོར་དབྱེ་བ་མེད་ན་ཡང་། བོད་འདིར་འགྱུར་སྔ་ཕྱི་སོ་སོར་གྲགས་ཏེ། བཻ་རོ་ཙཱ་ན་ལ་སོགས་པ་རྒྱལ་བློན་སྔ་དར་གྱི་དུས་སུ་བསྒྱུར་བ་ནས་བཟུང་སྟེ། པཎྜི་ཏ་སྨྲི་ཏིའི་བར་དུ་བསྒྱུར་བའི་རྒྱུད་ལ་རྙིང་མ་ཞེས་འདོད་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་ཆོད་ལ་བསྒྱུར་བའི་རྒྱུད་ལ་གསར་མ་ཞེས་གྲགས་སོགས་གསུངས། གཞན་ཡང་ཁོང་གི་ཞལ་
སྔ་ནས། བློ་ཆུང་ཞིང་ཤེས་རབ་ཀྱི་མིག་རྒྱང་ཐུང་བ་དག ཐེག་པའི་གྲངས་དང་གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་རྣམ་གཞག་ལ་དངངས་ཤིང་མི་བདེན་ཏོ་ཞེས་སྨྲ་བ་ནི། བ་གླང་ལ་སོགས་མ་ཧེ་དག བདག་ཅག་དུད་འགྲོ་རྣམས་ནི་རྭ་དང་བཅས་པའི་ཕྱིར། མི་དང་ལྷ་རྣམས་ཀྱང་རྭ་ཅན་ཁོ་ནའོ་ཞེས་འཛིན་པ་བཞིན་ནོ་གསུངས། གྲུབ་ཐོབ་ཨོ་རྒྱན་པས་ཆག་ལོའི་གདན་སར་བྱོན་པའི་ཚེ། སྔགས་རྙིང་མ་ལ་ཆོས་མིན་བྱ་བ་འདུག་ཟེར་ཏེ། མཐོང་རྒྱ་ཆུང་བ་ཡིན། ཐང་བྷེ་ཧར་ན། རྙིང་མའི་རྒྱ་དཔེ་བཞུགས་པའི་མིང་རྐྱང་ཡང་བྲིས་ན། འབུམ་གྱི་པོ་ཏི་གཅིག་ཙམ་ཅིས་ཀྱང་འོང་། མི་རིག་པ་ཡི་གཟུགས་ལ་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། ཞེས་པས་ཆོས་སྤོང་མ་བྱེད་གསུངས། འཛམ་གླིང་རྒྱན་གཅིག་ཕྱག་མཆོད་ཞིང་མཆོག་སངས་རྒྱས་གཉིས་པ་བསྟན་པའི་མངའ་བདག་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་རྒྱས་པར་ཕྱེ་བ་ཡོངས་སུ་གྲགས་པ་ལས། ཇོ་བོའི་ཐུགས་དགོངས་ལ་གསང་སྔགས་ཀྱི་བྱིན་རླབས་དང་། གདམས་པ་དང་ནུས་མཐུ་དང་། མཁྱེན་རྒྱ་
ང་བས་ཆེ་བ་མེད་སྙམ་པའི་ཐུགས་རྒྱལ་ཡང་ཅུང་ཟད་དུས་དེར་བྱུང་ནས། རྒྱ་གར་ནུབ་ཕྱོགས་སུ་བྱོན་པའི་ཤུལ་ཀར་རྨི་ལམ་དུ་མཁའ་འགྲོ་མ་རྣམས་ཀྱིས་རྒྱུ་སྡེ་མང་པོ་བསྟན་ནས་ཐུགས་རྒྱལ་བཅག ཡང་རང་གི་ལྷག་པའི་ལྷ་སེང་ལྡེང་ནགས་ཀྱི་སྒྲོལ་མས་ཞལ་མངོན་སུམ་དུ་བསྟན་ཏེ་ཇོ་བོའི་མདུན་དུ་བྱོན་ནས། ཁྱོད་པཎྚི་ཏ་སྔགས་མཁན་ཡིན་ནམ་གསུངས། ཇོ་བོ་ལགས་གསུངས་པས། འོ་ན་སྒྲུབ་ཐབས་འགའ་ཞུ་བས་འདི་དང་འདི་མཁྱེན་ནམ་གསུངས་པས་དེ་ཀུན་གྱི་དཔེ་ཡང་མཐོང་མ་མྱོང་གསུངས་པས། འོ་ན་ཁྱོད་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆེ་ན་གསུང་། ཡང་ཁྱེད་མིའི་ཡུལ་ན་སྤུ་རྩེ་ཙམ་ལས་མེད། སྔགས་ཀྱི་དཔེ་དོན་མང་པོ་མཁའ་འགྲོ་མའི་ལག་ན་ཡོད་པ་ཡིན་གསུངས་ནས་མི་སྣང་བར་གྱུར། ཇོ་བོའི་ཐུགས་རྒྱལ་ཡང་དེར་ཆག་གསུངས་སོ། །ཇོ་བོ་ཉིད་ཀྱི་ཞལ་ནས། རྒྱ་གར་ན་བཞུགས་པའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་བྲིས་ནས་བི་ཀ་མ་ལ་ཤཱི་ལར་བཞུགས་ནས་ཡོད་གསུངས་སོ། ཐེག་པ་ཆེན་པོ་གསང་སྔགས་ལ། ལ་ལས་བཞིར་འདོད། ལ་ལས་ལྔར་འདོད་པ་ལ་
ཇོ་བོའི་བཞེད་པས། བྱ་བའི་རྒྱུད། སྤྱོད་བའི་རྒྱུད། རྟོག་པའི་རྒྱུད། གཉིས་ཀའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་བདུན་དུ་བཞེད་དེ། དེ་སྐད་དུ་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་རྒྱུད་སོ་སོའི་དབྱེ་བ་གསུངས་པ། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག རྣལ་འབྱོར་གྱི་རྒྱུད་གྲངས་མེད། རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་སོ། །དེ་ལ་བྱ་བའི་རྒྱུད་ཀྱི་གཟུངས་ཐམས་ཅད་དང་། རིག་པ་མཆོག་གི་ཚད་དང་། གར་མཁན་མཆོག་གི་རྒྱུད་དང་། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་དང་། དཔུང་པ་བཟང་པོའི་རྒྱུད་དང་། འཇམ་དཔལ་རྩ་བའི་རྒྱུད་དང་། ཙུན་དྷའི་རྒྱུད་དང་། རྡོ་རྗེ་གཙུག་ཏོར་དང་། ཨ་མོ་གྷ་པཱ་ཤ་དང་། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལ་སོགས་པའི་སྟོང་ཕྲག་བཞི་པོ་མ་ལུས་པ་མཁྱེན། སྤྱོད་པའི་རྒྱུད། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་
རྒྱུད་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་སྟོང་ཕྲག་བརྒྱད་པོ་མ་ལུས་པ་མཁྱེན། རྟོག་པའི་རྒྱུད། སྒྲོལ་མ་འབྱུང་བའི་རྒྱུད་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་དང་། རྟོག་པ་ཀུན་ལས་བཏུས་པའི་རྒྱུད་ལ་སོགས་པ་སྟོང་ཕྲག་བཞི་པོ་མ་ལུས་པ་མཁྱེན། གཉིས་ཀའི་རྒྱུད། སྒྱུ་འཕྲུལ་དྲྭ་བ་དང་། པདྨ་གར་གྱི་དབང་ཕྱུག་ལ་སོགས་པ་སྟོང་ཕྲག་དྲུག་པ་མ་ལུས་པ་མཁྱེན། རྣལ་འབྱོར་གྱི་རྒྱུད། ཏ་ཐཱ་སཾ་ཀྲ་ཧ་དང་། དཔལ་མཆོག་དང་པོ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། རྡོ་རྗེ་རྩེ་མོའི་རྒྱུད་ལ་སོགས་པ་གྲངས་མེད་པ་རྣམས་མཁྱེན། རྣལ་འབྱོར་ཆེན་པོའི་རྒྱུད། དཔལ་གསང་བ་འདུས་པ་བཤད་རྒྱུད་དང་བཅས་པ་དང་། ཟླ་གསང་ཐིག་ལེ་དང་། གཤིན་རྗེ་གཤེད་ནག་པོ་དང་། དཔལ་མཆོག་དང་པོ་དང་། ལྷ་ཐམས་ཅད་འདུས་པ་དང་། ཐམས་ཅད་གསང་བ་དང་། འདུལ་བ་དོན་ཡོད་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་དང་། ནམ་མཁའ་དང་མཉམ་པ་ཆུང་ངུ་དང་། གཉིས་སུ་མེད་པར་
རྣམ་པར་རྒྱལ་བ་དང་། རྡོ་རྗེ་གཙུག་གཏོར་གྱི་རྒྱུད་ལ་སོགས་པ་སྟོང་ཕྲག་བཅུ་གཉིས། རྒྱས་པར་ཕྱེ་ན་གྲངས་མེད་པར་བཞུགས་པ་རྣམས་མ་ལུས་པ་མཁྱེན། རྣལ་འབྱོར་བླ་ན་མེད་པའི་རྒྱུད། དཔལ་ནམ་མཁའ་དང་མཉམ་པ་དང་། དཔལ་འཁོར་ལོ་སྡོམ་པ་དང་། སྒྱུ་མ་ཆེན་པོ་དང་། རྡོ་རྗེ་གདན་བཞི་དང་། སངས་རྒྱས་མཉམ་སྦྱོར་དང་། སངས་རྒྱས་ཐོད་པ་དང་། དགྱེས་པ་རྡོ་རྗེ་འབུམ་ཕྲག་ལྔ་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཅུ་གཉིས། རྒྱས་པར་ཕྱེ་ན་གྲངས་མེད་པ་བཞུགས་པ་མ་ལུས་པ་མཁྱེན། རྒྱུད་སྡེ་དེ་རྣམས་མཁྱེན་པར་ཡང་རིགས་ཏེ། དུས་དང་གནས་སྐབས་གཞན་དུ་གསན་པར་མ་གཏོགས་པ་ནུབ་གཅིག་གི་རྨི་ལམ་དུ་གནས་པ་ཡང་བློའི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ཡང་རྒྱུད་སྡེ་ཐམས་ཅད་མཁྱེན་སྙམ་པའི་ཐུགས་དགོངས་མངའ་བ་ལ་ནུབ་གཅིག་རྨི་ལམ་དུ། གོ་སཽ་མ་པུ་རིའི་སྒོ་སྲུང་གི་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་དང་མཇལ། གསེར་མ་ཎི་པ་ཏྲ་སྙིམ་པ་གང་ཕུལ། བརྡའི་ཕྱག་བཅུ་གཉིས་བཙལ་ནས། རྒྱུད་འབུམ་ཕྲག་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན། མནལ་སད་པ་ན་ཐམས་
ཅད་མ་བརྗེད་པར་མཁྱེན་ནས་གདའ་སྐད། དེའི་ནང་ན་དོན་དམ་པའི་རྒྱུད་དྲུག་ཅེས་པ་མཐར་ཐུག་འབའ་ཞིག་སྟོན་པ་ཡང་བཞུགས་གདའ་སྐད། དེ་ནས་ཡང་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ནུབ་གཅིག་རྨི་ལམ་ན་མདུན་གྱི་ནམ་མཁའ་ལ། མཁའ་འགྲོ་མ་མང་པོས་སྔགས་ཀྱི་གླེགས་བམ་མང་པོ་ཁྱེར་ནས་རྒྱུད་འདི་འདི་སྐད་བྱ་བ་ཡིན་ན། འདི་ཁྱོད་ཀྱིས་ཤེས་སམ་ཞེས་པ་ལ་སོགས་པ་གསུངས་པས། ཇོ་བོས་སྔར་མཚན་ཡང་མ་ཐོས་པའི་རྒྱུད་མང་པོ་བཞུགས་ནས་གདའ། ལོགས་ཤིག་ན་གླེགས་བམ་ནག་ཆུང་ཁ་ཅིག་འདུག འདི་ཅི་ཡིན་ཞུས་པས། འདི་རྣམས་ཁྱོད་ཀྱིས་ཤེས་པ་རྣམས་ཡིན་གསུངས་པས་དེར་ཐུགས་རྒྱལ་ཆག ཇོ་བོའི་ཞལ་ནས། མི་ཡུལ་ན་ཐེག་པ་ཆུང་ངུའི་འདུལ་བ་ཉུང་། དེ་བས་ཐེག་པ་ཆུང་ངུའི་མདོ་སྡེ་མང་། དེ་རྣམས་ལས་ཐེག་པ་ཆེན་པོའི་མདོ་སྡེ་མང་། དེ་ཐམས་ཅད་ལས་ཐེག་པ་ཆེན་པོའི་མངོན་པ་མང་། དེ་ཐམས་ཅད་ལས་བྱ་བའི་རྒྱུད་མང་། དེ་ཐམས་ཅད་ལས་རྣལ་འབྱོར་གྱི་རྒྱུད་མང་། དེ་ཐམས་ཅད་ལས་མ་རྒྱུད་མང་།
དེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་བས་ཤེས་རབ་ཀྱི་རྒྱུད་མང་སྟེ། མི་ཡུལ་ན་བཞུགས་པ་མ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ན་ཡང་བསམ་གྱིས་མི་ཁྱབ་པ་བཞུགས། འགྲོ་བ་མཐོ་དམའི་དོན་ཡང་འདི་ནས་བྱས་པ་མང་གསུངས། ཡང་ཇོ་བོའི་ཐུགས་དགོངས་ལ། འོན་ཀྱང་མི་ཡུལ་ན་བཞུགས་པའི་ཐེག་པ་ཆེན་པོ་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས་བསམ་ཡས་པེ་ཧར་གླིང་གི་དཀོར་མཛོད་ཅིག་ཁ་ཕྱེ་ནས་རྒྱ་དཔེ་ལ་གཟིགས་པས། སྔར་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་པ་གདའ་སྐད། དེ་སློབ་དཔོན་པདྨའི་རྫུ་འཕྲུལ་གྱིས་ལྷ་ཀླུའི་ཡུལ་དང་། ཤྲཱི་ན་ལཎྡྲ་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་སྤྱན་དྲངས་པ་མངའ་བ་ཡིན་གསུངས། ཇོ་བོའི་ཞལ་ནས་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ་སྟེ། མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁའ་ནས་གཞལ་ཡས་ཁང་དཔག་ཏུ་མེད་པའི་སྒོ་ཕྱེ་ནས་རྒྱུད་སྡེ་མང་པོ་བསྟན་པ་རྣམས་འདི་ན་མི་གདའ། ཐེག་པ་ཆེན་པོའི་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ་གསུངས་
ནས་ཐུགས་རྒྱལ་ཆག བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་བ་མཛད་ནས་བོད་དུ་བསྟན་པ་དར་དུས་དེ་འདྲ་རྒྱ་གར་དུ་ཡང་མ་བྱུང་གསུངས། ཡང་བསམ་ཡས་སུ་བྱོན་ནས། རྒྱ་དཔེ་ལ་གཟིགས་ཤིང་བསྐོར་བ་མཛད། ཇོ་བོའི་ཞལ་ནས། རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས། དབུ་མ་སྣང་བ། ཕལ་པོ་ཆེ་ལ་སོགས་པ་བཞེངས་ཏེ་རྒྱ་གར་དུ་བསྐུར། དབུ་རུར་གཤེགས་པར་ཞུ་བ་ཕུལ་བས་ཀྱང་། རྟེན་འདི་ན་བཟང་གསུངས་ནས་གཤེགས་སུ་མ་གནང་། དེས་ན་སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་དར་ཞིང་རྒྱས་པ་ལ་སངས་རྒྱས་གཉིས་པ་ཇོ་བོ་རྗེས་ཀྱང་རྗེས་སུ་ཡི་རང་ཕུལ་ཚད་མར་བཟུང་བསྔགས་པ་བརྗོད་ན། གཞན་རྗེས་འཇུག་ངེད་རྣམས་ཀྱིས་དེ་ལྟར་བྱེད་དགོས་པ་སྨོས་ཅི་དགོས། དེའི་ཕྱིར་དེའི་དུས་སུ་དར་བའི་གསང་སྔགས་གསར་རྙིང་གི་ཆོས་ཐམས་ཅད་ལ་དད་གུས་དག་སྣང་ཕྱོགས་མེད་དུ་སྤྱོད་བཞིན་ཉམས་སུ་ལེན་པར་བྱའོ། །ཡང་སློབ་དཔོན་གསང་ཕུ་བའི་ཞལ་ནས། བསམ་ཡས་ཀྱི་དཔེ་ཁང་ན། རྒྱ་གར་
ནས་སྤྱན་དྲངས་ནས། བོད་དུ་མ་འགྱུར་བའི་ཆོས་མང་པོ་ཡོད། ང་ལ་རྫུ་འཕྲུལ་ཞིག་ཡོད་ན། ཟབ་ཤོས་ཤིག་བསྒྱུར་ན། བོད་ཀྱི་སྟོན་པ་འདི་ཀུན་ང་ལ་ཇི་སྐད་ཟེར་ན། འདི་འདྲ་བའི་ཆོས་ཤིག་གང་ནས་བྱུང་། ཚིགས་ལེགས་ཏེ་ཁུངས་ལ་ཐེ་ཚོམ་ཟ་ཟེར་ནས། སྒྲོ་སྐུར་བྱེད་ཅིང་ལོག་ལྟ་འཕེལ་བ་ལས་མི་འོང་། འོ་སྐོལ་བོད་ཀྱི་སྟོན་པ་འདི་ཚོ། མི་ཚེ་བཤད་སྐམ་རེ་ལ་བསྐྱལ་ནས། མངོན་ཤེས་ཀྱི་སྣ་རྩེ་བག་རེ་ཡང་མི་སྒྲུབ་པར། ཕོ་ཚོད་འོད་ཏོ་དཔགས་ཀྱིས། ཕྱོགས་གཅིག་ཏུ་ཁ་ཚོད་རྦད་ཀྱིས་བཅད་དེ། ཆོས་ཟབ་མོ་ལ་སྒྲོ་སྐུར་བཏབ་ནས་ངན་འགྲོའི་གཡང་ས་ལ་འགྲོ་སྟེ། རང་རེའི་ཐོས་པ་ཕྱོགས་རེའི་ང་རྒྱལ་གྱིས་བརླག་པ་ཡིན་གསུངས་པའི་ལུང་བསྟན་ཐོག་ཏུ་བབ་འདུག་པས། ཇོ་བོ་ཡབ་སྲས་སོགས་བཀའ་གདམས་པ་རྣམས་ལ་དད་པ་ཡོད་པ་རྣམས་ཀྱིས་གསུང་འདི་རྣམས་སེམས་ལ་བཞག་ནས་རང་གིས་རང་མ་བརླག་པ་རེ་གལ་ཆེ། ཀུན་མཁྱེན་ཐུའུ་ཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ཐམས་ཅད་ཀྱི་བྱུང་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། བཀའ་བརྒྱུད་པའི་གྲུབ་མཐའ་
བྱུང་ཚུལ་ལས། མཉམ་མེད་དྭགས་པོ་རིན་པོ་ཆེས། ཕར་ཕྱིན་ཐེག་པའི་ལུགས་ལ་སྟོང་ཉིད་ལ་ཕྱག་རྒྱ་ཆེན་པོར་གསུངས་པ་ཡོད་ཚུལ་མདོ་ལུང་མང་པོ་དྲངས་ནས་སྒྲུབ་པའི་བསྟན་བཅོས་མཛད་པ་ལ། འགའ་ཞིག་གིས་མདོ་ཚིག་འདི་འདྲ་བ་བཀའ་འགྱུར་ན་མི་སྣང་ཞེས་ཟེར་མོད། རྒྱ་ནག་ཏུ་བསྒྱུར་བའི་བཀའ་འགྱུར་ཁྲོད་ན་མདོ་དེ་དག་སྣང་ལ། ཚིག་རིས་ཇི་ལྟ་བ་བཞིན་མིན་ཀྱང་དོན་གཅིག་པ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་སོགས་བོད་དུ་བསྒྱུར་བའི་མདོ་གཞན་འགའ་ཞིག་ནའང་སྣང་ངོ་ཞེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུང་ངོ། །ཞེས་གསུངས། ཡང་རྒྱ་ནག་གི་ཡུལ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་བྱུང་ཚུལ་ལས། རྒྱ་ནག་གི་བཀའ་འགྱུར་ན། པོ་ཏི་ལྔ་བརྒྱ་དང་དྲུག་ཅུ་རྩ་དྲུག བསྟན་འགྱུར་པོ་ཏི་ཉི་ཤུ་རྩ་གཅིག་དང་། ཧྭ་ཤང་མཁས་པ་མང་པོས་བརྩམས་པའི་གཞུང་ཆེ་བ་པོ་ཏི་བརྒྱ་དང་ལྔ་བཅུ་ང་གསུམ། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པས་བཀའ་བསྟན་བཅོས་གཉིས་ཀ་པོ་ཏི་བདུན་བརྒྱ་དང་བཞི་བཅུར་ལོངས་པ་ཡོད་པ། དེའི་ནང་ན་
བོད་ལ་མ་གྲགས་པའི་མདོ་རྒྱུད་བསྟན་བཅོས་མང་པོ་ཡོད་པར་གསུངས། དེས་ན་བོད་ཀྱི་བཀའ་བསྟན་ན་མེད་པའི་མདོ་རྒྱུད་བསྟན་བཅོས་རྣམས་བསྒྱུར་ནས་ཉམས་སུ་ལེན་རྒྱུ་མ་བྱུང་ཀྱང་། སྔར་འགྱུར་ཡོད་པའི་གསར་རྙིང་གི་མདོ་རྒྱུད་རྣམས་ལ་སྤང་བླང་བྱས་ནས་ཆོས་སྤོང་གི་ལས་ལ་ཡ་ང་བག་ཚ་མེད་པར་འཇུག་པའི་བསམ་སྦྱོར་ངན་པ་རྣམས་དུག་བཞིན་དུ་སྤངས་ནས། ཀུན་ལ་དད་གུས་དག་སྣང་སྦྱང་པ་ལ་འབད་ན། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱིས་ཕོངས་པར་མི་འགྱུར་ཞེས་བློ་གྲོས་དང་ལྡན་པ་རྣམས་ལ་སྙིང་གཏམ་དུ་སྨྲས་པ་ལགས་པས་ཡིད་ལ་ཟུང་ཞིག ཡང་གནམ་ཆོས་དང་གཏེར་ཆོས་དང་། དག་སྣང་གི་ཆོས་སྐོར་རྣམས་ལ་ཡང་དད་གུས་དག་སྣང་བྱ་དགོས་ཏེ། མཁས་གྲུབ་རཱ་ག་ཨ་སྱེས་མཛད་པའི་རྫོགས་ཆེན་སངས་རྒྱས་ལག་བཅང་ལས། འོ་ན་ཆོས་འདི་བཀའ་གཏེར་གང་ཡིན་ཞེ་ན། འདིའི་ལུང་བྱང་ལས། དེ་སྔ་བྱུང་བ་འདི་རྣམས་ནི། །གཏེར་གྱི་རིགས་སུ་གཏོགས་ན་ཡང་། །བརྒྱ་རྩའི་ནང་དུ་ཆེར་མི་གཏོགས། །ཆེ་ཆུང་མེད་དེ་ཆོས་ཚན་རེ། །གཏེར་ཁ་རེ་ལ་གཏོགས་པའོ། །
གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ཟེར། །ཞེས་འབྱུང་བ་དང་། རིག་འཛིན་དགོངས་པའི་ལྡེ་མིག་ལས། རིག་འཛིན་འདུས་པའི་གསང་ཚིག་བཅུད། །བཀའ་ཡིན་གཏེར་ཡིན་དག་སྣང་ཆེ། །གྲགས་སྟོང་སྐྱེ་མེད་རང་སྒྲ་ཆེ། །ཞེས་གསུངས་པས། ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པའི་བཀའ་ཡིན། ཐུགས་གཏེར་ཡིན་པས་གཏེར་ཡིན། གཏེར་སྣོད་དང་ས་ལ་མ་བརྟེན་པས་གནམ་ཆོས་ཡིན། དངོས་སུ་སྙན་དུ་བརྒྱུད་པས་ན་སྙན་བརྒྱུད་ཡིན་ནོ། །འོ་ན་དེ་ལྟ་བུ་གང་ཟག་མིའི་བརྒྱུད་པ་ལས་མ་བརྒྱུད་ཅིང་། སའི་གཏེར་ནས་ཀྱང་ཐོན་པ་མ་ཡིན་པའི་ཆོས་དེ་ལྟ་བུ་འབྱུང་བར་མདོ་རྒྱུད་གང་ལས་བཤད་ཅེ་ན། མདོ་ལས་བཤད་པ་དང་། རྒྱུད་ལས་བཤད་པ་དང་། གྲུབ་ཐོབ་གོང་མའི་རྣམ་ཐར་ལས་ཀྱང་འབྱུང་བས་རྩོད་པ་མེད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས། དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་ཡང་དག་
པར་སྟོན་ཏོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི། སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིལ་དང་རྩིག་པ་དང་། ཤིང་རྣམས་ལས་ཆོས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ལ་ནི། རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། ཆོས་ཀྱི་སྒོ་མཐའ་ཡས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འབྱུང་བ་ཆེན་པོ་བཞི་ནི་ནམ་མཁའི་དབྱིངས་ནས་འབྱུང་གི དེ་བཞིན་དུ་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ནི། སངས་རྒྱས་ཀྱི་ཐུགས་ཀྱི་གཏེར་ནས་འབྱུང་བ་ཡིན་ནོ། །གཏེར་ཆེན་པོ་ལ་སྤྱོད་ཤེས་པར་བྱོས་ཤིག ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་དཀྱིལ་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅིའི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་འགྱུར་ཏ་རེ། །དེའི་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང་། མདོ་ལས། དོན་ལ་ངེས་པའི་གདེངས་རྙེད་ནས། །
སེམས་ལ་ཆོས་གཏེར་འབུམ་ཕྲག་རྡོལ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སེམས་ཅན་གྱི་བསམ་པ་དང་མཐུན་པར་སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད། སེམས་ཅན་གྱི་བསམ་པ་བཞིན་སྟོན་པའིསྒྲར་འབྱུང་སྟེ། ནམ་མཁའ་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཆོས་སྟོན་པ་ཡིན་ཏེ། ཞེས་དང་། སྤྱོད་འཇུག་ལས། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །ཅེས་དང་། མདོ་དགོངས་འདུས་ལེའུ་ལྔ་བཅུ་པ་ལས། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །སྟོང་པར་སྦས་པའི་དོན་འདི་ལ། བརྡ་དང་དཔེས་མཚོན་ལྡེ་མིག་གིས། །མཉམ་ཉིད་རིག་པའི་གཏེར་སྒོ་དབྱེ། །ཞེས་གསུངས་སོ། །གཉིས་པ་རྒྱུད་ཀྱི་ལུང་ནི། ཡེ་ཤེས་གསལ་བའི་རྒྱུད་ལས། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ནོ་ཁྱད་པར་ཆེ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་རིག་པའི་རྒྱུད་ལས། དུས་གསུམ་རྒྱལ་བའི་དགོངས་གཏེར་
ནི། །རྫ་ཤིང་སྣོད་ལ་ཡོངས་མི་བརྟེན། །ཞེས་དང་། རིན་ཆེན་སྤུངས་པའི་རྒྱུད་ལས། རྒྱུད་དོན་གནས་པའི་གཏེར་སྒོ་ཕྱེ། །ནམ་མཁའི་མཛོད་གཏེར་ཉིད་ལོངས་སྤྱོད། །ཅེས་དང་། རིན་ཆེན་རྩར་གྱི་རྒྱུད་ལས། ཕྱི་ནང་གྲགས་པའི་ད་ལ་ཀུན། །ཆོས་ཀྱི་དབྱིངས་ཀྱི་གཏེར་ནས་ཕྱུང་། །ལྷ་སྔགས་ཆོ་ག་ལས་ཚོགས་དང་། །ཐམས་ཅད་ཐམས་ཅད་དེ་བཞིན་འབྱུང་། །ཞེས་དང་། ཡེ་ཤེས་གསང་བའི་རྒྱུད་ལེའུ་ལྔ་པ་ནས། གསང་བའི་ད་ལ་ཡེ་ཤེས་གཏེར། །མདོ་སྔགས་གཏེར་གྱི་མཛོད་འཛིན་ཅིང་། །རིག་པའི་བསྟན་པ་སྒྲོག་པའི་བདག །ཅེས་དང་། འཇམ་དཔལ་གཏེར་གཏད་ལས། དམ་པ་མཆོག་གི་རང་གཏེར་སྩལ། །དབུལ་སེལ་གཏེར་ལྡན་སྐུ་དྲིན་ཆེ། །ཞེས་དང་། ཡེ་ཤེས་གསང་བའི་རྒྱུད་ལས། གསང་མཛོད་རིག་པ་ཐུགས་ཀྱི་གཏེར། །བསྟན་པའི་སྤྱི་འགྲེལ་གསང་རྒྱུད་འདི། །གུ་ལང་ལུང་གི་གསེར་ཟོ་རུ། །སེང་གེའི་འོ་མ་བླུག་པ་བཞིན། །སྙིང་གི་དཀྱིལ་དུ་སྦ་བར་གྱིས། །ཞེས་དང་། ལུང་བསྐོར་དགུ་བའི་ལེའུ་བརྒྱད་པ་ནས། ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་། །
སྐུ་གསུམ་བསྟན་པ་དར་ཞིང་རྒྱས། །བདེ་གཤེགས་རྒྱལ་བའི་དགོངས་གཏེར་འབྱུང་། །ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས། །རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་། །མན་ངག་རྒྱ་མཚོའི་བསྟན་པ་རྒྱས། །ཡིད་བཞིན་ནོར་བུའི་གཙུག་གཏེར་འབྱུང་། །དགོས་འདོད་ཡིད་བཞིན་བསྟན་པ་རྒྱས། །ཞེས་དང་། རིག་པ་རྒྱལ་པོའི་རྒྱུད་ལས་ཀྱང་། དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན། །རྫ་ཤིང་སྣོད་ལ་ཡོངས་མི་བརྟེན། །ཞེས་གསུངས་སོ། །གསུམ་པ་གྲུབ་ཐོབ་གོང་མའི་རྣམ་ཐར་ལས་འབྱུང་ཚུལ་ནི། རྒྱ་གར་ཏཻ་ལོ་བས་རྡོ་རྗེ་འཆང་དག་སྣང་ལ་ཞལ་གཟིགས་ནས་ཆོས་གསན་པ་དང་། མཻ་ཏྲི་པས་ཤ་ཝ་རི་པ་ཞལ་གཟིགས་ནས་ཕྱག་ཆེན་གསན་པ་དང་། ཞི་བ་ལྷས་འཇམ་དབྱངས་ཞལ་གཟིགས་ནས་བློ་སྦྱོང་གསན་པ་དང་། མི་ཏྲ་ཛྭོ་ཀིས་ཐུགས་དམ་ལྷ་དྲུག་ཞལ་གཟིགས་ནས་ཁྲིད་དྲུག་གསན་པ་དང་། ཛ་ལནྡྷ་ར་བས་ཕག་མོ་ཞལ་གཟིགས་ནས་ཆོས་གསན་པ་དང་། མདོར་ན་རྒྱ་གར་གྱི་གྲུབ་ཆེན་ཕལ་ཆེར་གྱིས་ཡི་དམ་ལྷ་ལ་དབང་ལུང་གདམས་པ་གསན་པ་ཁོ་ན་མང་ལ། བོད་དུ་ཡང་ས་
ཆེན་ཀུན་སྙིང་གིས་འཇམ་དབྱངས་ཞལ་གཟིགས་ནས་ཞེན་པ་བཞི་བྲལ་གྱི་ཁྲིད་ཀྱི་རྩ་ཚིག་གསན་པ་དང་། ཡང་བིར་ཝ་་པ་ཞལ་གཟིགས་ནས་གནང་བའི་ལམ་འབྲས་ཉེ་རྒྱུད་དང་། གཙང་པ་རྒྱ་རས་ཀྱིས་སངས་རྒྱས་རབས་བདུན་ཞལ་གཟིགས་ནས་རྟེན་འབྲེལ་ཁོ་བོ་ལུགས་ཀྱི་རྩ་ཚིག་གསན་པ་དང་། གྲུབ་ཐོབ་ཚེམ་བུ་པས་རྡོ་རྗེ་ཕག་མོ་ཞལ་གཟིགས་ནས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་གསན་པ་དང་བོ་དོང་པ་རྟོགས་ལྡན་སངས་རྒྱས་མགོན་པོས་ཨོ་རྒྱན་ཞལ་གཟིགས་ནས་སེང་གདོང་མའི་སྒྲུབ་སྐོར་རྒྱས་པར་གསན་པ་དང་། རྗེ་དུས་མཁྱེན་གྱིས་དག་སྣང་ལ་རྒྱལ་པོ་ཨིནྡྲ་བྷུ་ཏི་སོགས་གྲུབ་ཐོབ་བཞི་དང་མཇལ་ཏེ། ཕག་མོ་ཞལ་བཞི་མ་སོགས་ཁྱད་ཆོས་མང་དུ་གསན་པ་དང་། རྗེ་ཀརྨ་པཀྵི་ལ་བེར་ནག་ཅན་སོགས་ཀྱིས་ད་ངོས་སུ་གསུངས་པའི་གདམས་པ་མང་པོ་དང་། རྗེ་རང་བྱུང་བས་ཨོ་རྒྱན་ཞལ་གཟིགས་ཏེ་མཁའ་འགྲོ་སྙིང་ཐིག་རྩ་གསུམ་དྲིལ་སྒྲུབ་སོགས་མང་དུ་གསན། གྲུབ་ཐོབ་ཨོ་རྒྱན་པས་ཕག་མོ་ཞལ་གཟིགས་ནས་ཨོ་རྒྱན་བསྙེན་སྒྲུབ་ཀྱི་རྩ་ཚིག་གསན་པ་དང་། འབྲི་ཁུང་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་
པས་རས་ཆུང་པ་ཟླ་བ་དྲུག་ཏུ་འབྲལ་མེད་དུ་བཞུགས་པ་གཟིགས་ནས་མཻ་ཏྲི་སྙན་བརྒྱུད་གསན་པ་དང་། མི་འཁྲུགས་པའི་ཞལ་གཟིགས་ནས་དབང་ལུང་གསན་པས་མི་འཁྲུགས་ཉེ་བརྒྱུད་དང་། རྗེ་རྒོད་ཚང་བས་ཕག་མོ་ཞལ་གཟིགས་ནས་མོས་གུས་ཕྱག་ཆེན་གྱི་ཁྲིད་གསན་པ་དང་། དུས་ཕྱིས་ནམ་མཁའ་འཇིགས་མེད་ཀྱིས་འབྲས་མོ་གཤོང་དུ་ཕག་མོ་དང་ཐོད་འཕྲེང་སྡེ་ལྔ་ཞལ་གཟིགས་ནས། ཕག་མོའི་ཌཱ་མ་རུའི་སྒྲ་ལས་བྱུང་བའི་རིག་འཛིན་སྲོག་སྒྲུབ་ཅེས་གནམ་ཆོས་ཐུགས་གཏེར་ཡོངས་སུ་གྲགས་པ་དང་། དེ་བཞིན་དུ་གུ་རུ་ཆོས་དབང་དང་རཏྣ་གླིང་པ་འཇའ་ཚོན་པ་སོགས་ལ་ཡང་ཨོ་རྒྱན་རིན་པོ་ཆེ་སོགས་ཀྱིས་དངོས་ཉམས་རྨི་ལམ་དུ་གསུངས་པའི་སྙན་བརྒྱུད་ཀྱི་སྐོར་ཤིན་ཏུ་མང་པོ་ཡོད་པ་ཡིན་པས། དེས་ན་ཆོས་འདི་ཡང་སྔོན་གྱི་ལོ་རྒྱུས་དེ་རྣམས་དང་མཚུངས་པར་ཐེ་ཚོམ་མེད་པ་ལགས་སོ། །དེ་ལྟ་བུ་ནི་སྔོན་དུས་དང་བསྐལ་པ་བཟང་དུས་ཡིན་གྱི ད་ནི་དུས་སྙིགས་པས་དེ་ལྟ་བུ་མི་འབྱུང་ངམ་སྙམ་ན། ཆོས་སྤྱོད་ཐམས་ཅད་མངོན་པར་རྟོགས་པའི་རྒྱུད་ལས། དཔེར་ན་མར་མེ་འཆི་ཁ་
རུ། །འོད་ནི་གསལ་བར་འབྱུང་བར་འགྱུར། །དེ་བཞིན་ང་ཡི་བསྟན་པ་ཡང་། །ནུབ་ཁར་ཟབ་མོའི་ཆོས་དར་འགྱུར། །ཞེས་དང་། པདྨ་བཀའ་ཐང་ལས། མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང་། །ཞེས་དང་། ཨོ་རྒྱན་ཆེན་པོའི་ལུང་བསྟན་ཀུན་གསལ་མེ་ལོང་ལས། ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་བར། །ཟབ་མོའི་གཏེར་གྱི་བསྟན་པ་ག་ལ་རྫོགས། །ཇི་སྲིད་སེམས་ཅན་ལས་སྤྱོད་མ་ཟད་བར། །པདྨ་འབྱུང་གནས་ཐུགས་རྗེ་ག་ལ་རྫོགས། །ཇི་སྲིད་ལས་འཕྲོ་ཅན་རྣམས་མ་རྫོགས་བར། །གསང་སྔགས་ཟབ་མོའི་ཆོས་རྣམས་ག་ལ་རྫོགས། །ཞེས་དང་། པདྨ་གླིང་པའི་ལུང་བསྟན་ལས། དུས་ཤིན་ཏུ་སྙིགས་མ་ལུང་བསྟན་སྐབས། །དེ་དུས་ལུང་པ་རེ་ན་གཏེར་སྟོན་སྤྲུལ་སྐུ་རེ། །དཔེར་ན་སྤང་ལ་ཤྭ་མོང་རང་བརྡོལ་འབྱུང་། །ཞེས་དང་། གཏེར་ཁ་རྙིང་པ་ལྷ་འབུམ་གྱི་གཏེར་ཁ་ལས། དུས་ད་ལྟའི་དུས་འདི་གསལ་བར་ལུང་བསྟན་པའི་སྐབས། ཨོ་རྒྱན་གྱི་སྤྲུལ་པ་མང་པོ་འབྱུང་ཞིང་གཏེར་ཐམས་ཅད་བརྡོལ་བ་དང་། ཨོ་རྒྱན་པདྨ་དང་ཐུགས་རྗེ་ཆེན་པོའི་བསྟན་པ་དར་བར་ལུང་བསྟན་ཏོ། །དེ་ལྟར་གོ་ཞིང་
ཐོས་ཀྱང་དད་པ་མི་སྐྱེ་ན་ནི། ཨོ་རྒྱན་རིན་པོ་ཆེ་དང་དེའི་ཆོས་ལ་ལས་འཕྲོ་མེད་པ་ཡིན་ཏེ། བདེ་མཆོག་ཉུང་ངུའི་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་སྟེ། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་རུ་ནི་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་པ་ལྟར་སྨད་མི་རུང་སྟེ། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བདག་གིས་སེམས་ཀྱི་གནས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི། །འདི་དག་ནི་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ། །ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ། མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིགས་པར་བྱ་སྟེ། གཉིས་གང་ཞེ་ན། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བ་མཆོད་པའི་ཆོས་ཀྱི་མཛོད། །ས་སྟེང་མིས་ནི་སྤོང་བྱེད་པ། །དེ་
ནི་མནར་མེད་དམྱལ་བར་འགྲོ། །ཞེས་དང་། ཡུམ་རྒྱས་པ་ལས་ཀྱང་། ཆོས་སྤངས་པའི་འབྲས་བུས་ངན་འགྲོ་མཐའ་མེད་དུ་འཁྱམས་ཚུལ་རྒྱ་ཆེར་གསུངས་པ་ཡིད་ལ་བྱས་ཏེ། ངག་བསྡམས་ཏེ་རང་རང་རྣམས་བསྲུང་བར་བྱས་ནས། རང་གིས་རང་ངན་སོང་དུ་བསྐྱུར་བར་མི་བྱ་བ་གལ་ཆེའོ། །དེས་ན་ཆོས་འདི་ནི་ཤིན་ཏུ་ཟབ་ཅིང་ངོ་མཚར་དུ་མས་ཁྱད་པར་འཕགས་ཏེ། ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པའི་བཀའ་དྲི་མ་མེད་པ། ཁ་གསར་བ་མན་ངག་སྣོན་བྲིས་མ་ཁྱེར། བརྒྱུད་པ་ཐག་རུལ་དུ་མ་སོང་བར་བརྒྱུད་པ་ཉེ། མཁའ་འགྲོའི་ཁ་རླངས་མ་ཡལ་དུས་ད་ལྟ་བ་ལ་དགོངས་པའི་ཆོས་ཡིན་པས་བྱིན་རླབས་ཕན་ཡོན་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་ཞུས་ཆོག་པ་ནི་ཚེ་སྔོན་ཚོགས་བསགས་ཤིང་སྨོན་ལམ་རྣམ་པར་དག་པ་ལས་བྱུང་བ་ཡིན་པས། ཐེ་ཚོམ་མེད་པའི་དད་པ་དང་མོས་གུས་སྐྱེད་མཛོད་ཅིག །ཅེས་གསུངས་སོ། །རྗེ་བཙུན་ཆོས་ཀྱི་རྡོ་རྗེས་མཛད་པའི་ནོར་བུ་ཀེ་ཏ་ཀའི་བྱི་དོར་ལས། ཡང་ཀེ་ཏ་ཀར། ཟབ་ཆོས་བཀའ་རྒྱ་ཅན་དང་། ས་ཆོས་རྡོ་ཆོས། གནམ་ཆོས་གཏེར་ཆོས་སུ་གྲགས་པ་གང་དང་གང་ཟོག་
པོ་མཁན་རྫུན་མས་སྦྱར་བ། ཞེས་པ་ནས་ཁྱི་ལྟོགས་ཟས་ཡིན་མིན་གཙང་མི་གཙང་གང་ལ་ཕྲད་པ་བཞིན་དུ་ཚམ་ཚོམ་མེད་པར་ལེན་མི་རིགས་ཏེ། ཞེས་སྤྱི་གཏམ་ཞིག་གསུངས་པ་ལ་འདི་སྐད་གསོལ་བར་བྱའོ། །ཟབ་ཆོས་བཀའ་རྒྱ་ཅན་ནི་དགེ་ལུགས་པ། ས་སྐྱ། བཀའ་བརྒྱུད་ཐམས་ཅད་ལ་ཡོད་ཅིང་། རྒྱལ་བ་རྡོ་རྗེ་འཆང་རང་གིས་བཀའ་རྒྱ་མཛད་པའི་ཟབ་ཆོས་ཀྱང་ཆེས་མང་བས། གསུང་དེ་ཧ་ཅང་ཐལ་ཆེ་བར་སེམས། གནམ་ཆོས་ཐམས་ཅད་རྫུན་མ་ཡིན་ན་དཔང་སྐོང་ཕྱག་བརྒྱ་པ་ནི། ལྷ་ཐོ་ཐོ་རིའི་དུས་སུ། གནམ་ལས་བབས་པའི་ཆོས་ཡིན་པ་ལ། དེ་ནི་གཞུང་འདི་ན་རྣམ་དག་གི་གྲས་སུ་བཞག་འདུག་པས། གནམ་ཆོས་ཀྱི་མཚན་གཞི་དྲག་ཤོས་དེ་དག་པར་འཇོག་ན། མ་དག་པའི་གནམ་ཆོས་གཞན་ལོ་བརྒྱར་བཙལ་ཀྱང་མི་རྙེད་དོ། །ས་ཆོས་རྡོ་ཆོས་ཟེར་བའི་ཐ་སྙད་སུ་ལའང་མ་གྲགས་པས། ས་ལས་ཐོན། བྲག་ལས་ཐོན་ཟེར་བ་ཡོད་ཀྱང་དེ་ཐམས་ཅད་གཏེར་ཆོས་ཡིན་པས་སོ་སོར་སྨོས་མི་དགོས་ཤིང་། དེ་དག་ཀྱང་ཟོག་པོ་རྫུན་མས་སྦྱར་བར་མ་ངེས་ཏེ། འཇམ་དཔལ་རྩ་རྒྱུད་ལས།
ཕྱི་མ་དེ་ཚེ་དུས་དག་ཏུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །ཞེས་པ་ནས། སྔོན་ནི་ངས་ནི་གང་བཤད་པའི། །ཐེག་པ་ཆེན་པོའི་མདོ་སྡེ་ཡང་། །དེ་ཡི་ཚེ་ན་བུམ་པ་ལས། །དཀའ་ཐུབ་ཆེན་པོ་འདྲེན་པར་བྱེད། །གླེགས་བམ་དེ་ལ་དེས་བལྟས་ནས། །དེ་ལ་སྔགས་ནི་ཟློས་པ་ན། །ཞེས་ལུང་བསྟན་པ་བཞིན། དགེ་སློང་དགྲ་བཅོམ་པར་གྲགས་པས་བུམ་པ་བཟང་པོ་ཞིག་ནས་མདོ་ལ་སོགས་པའི་ཆོས་གང་འདོད་བཏོན་ནས། ཉམས་སུ་བླངས་པའི་ལོ་རྒྱུས་ཀྱང་ཆོས་འབྱུང་མང་པོར་འབྱུང་། མདོ་སྡེ་མཛངས་བླུན་དུ་ཁྱིམ་བདག་ཅིག་གིས་ཁྱིམ་གྱི་ཀ་བ་ལས་བསྙེན་གནས་ཡན་ལག་བརྒྱད་པའི་ཆོས་ཐོན་པའི་ལོ་རྒྱུས་ཀྱང་སྣང་བའི་ཕྱིར་རོ། །སྐལ་བ་དང་ལྡན་པ་དག་ལ་ས་རྡོ་རི་བྲག་གང་ནས་ཀྱང་དམ་པའི་ཆོས་ཀྱི་བདུད་རྩི་འབྱུང་བ་ཡིན་ཏེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་བཅོམ་ལྡན་
འདས་རྣམས་ཀྱི་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་གཏེར་རི་དང་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་ཏེ། བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་གསུངས་སོ། །གཏེར་ཆོས་ཐམས་ཅད་ཟོག་པོ་རྫུན་མས་བྱས་པར་གསུངས་པ་ཅུང་ཟད་རྩིང་སྟེ། ཞི་བྱེད་ཀྱི་རྒྱུད་རྣམས་དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ནས་ཕ་དམ་པས་གདན་དྲངས་པ་དང་། མ་ཧཱ་མ་ཡའི་རྒྱུད་ཨོ་རྒྱན་གྱི་ཡུལ་ནས་ཀུ་ཀུ་རཱི་བས་ཕྱུང་བ་དང་། རྫོགས་རིམ་རླུང་སེམས་དབྱེར་མེད་རྡོ་རྗེ་གདན་ནས་ཕྱུང་པ་དང་། སེང་གདོང་མའི་སྒྲུབ་སྐོར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕ་བོང་གཡག་འདྲ་བའི་འོག་ནས་བླ་མ་རྡོ་རྗེ་གདན་པ་དང་། བཱ་རི་ལོ་ཙཱ་བས་ཕྱུང་པ་དང་། ཀུ་རུ་ཀུལླེའི་སྒྲུབ་སྐོར་འགའ་ཞིག་རྡོ་རྗེ་གདན་གྱི་བྱང་ཕྱོགས་ལྷ་མོ་དུད་སོལ་མའི་ནུ་འབུར་ན་ཡོད་པ་སྒྲོལ་མས་ལུང་བསྟན་ཏེ། བླ་མ་གཉལ་ལོ་ཙཱ་བས་ཕྱུང་པ་དང་།
ལྷ་སའི་དཀར་ཆག་ཀ་བ་བུམ་པ་ཅན་ནས་ཇོ་བོ་རྗེས་ཕྱུང་པ་དང་། ཕན་གནོད་ལས་ཚོགས་ཀྱི་སྐོར་འགའ་ཞིག་ཀ་བ་ཤིང་ལོ་ཅན། སྦྲུལ་མགོ་ཅན། སེང་མགོ་ཅན་རྣམས་ན་ཡོད་པ། བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་གཉིས་ཀྱིས་སྣ་འགའ་ཙམ་ཕྱུང་པ་དང་། རོ་སྙོམས་སྐོར་དྲུག་ཏི་ཕུ་བའི་ལུང་བསྟན་བཞིན་རས་ཆུང་བས་ལྷོ་བྲག་མཁར་ཆུར་སྦས་པ་ཕྱིས་སུ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་གཏེར་ནས་བཏོན་པ་དང་། སེམས་ཁྲིད་ཡིད་བཞིན་ནོར་བུ་རྗེ་དྭགས་པོ་རིན་པོ་ཆེ་དང་། སྐྱེས་བུ་ཡེ་ཤེས་རྡོ་རྗེ་དཔོན་སློབ་གཉིས་ཀྱིས་མཚོ་མཎྜལ་ནག་པོ་ལ་གཏེར་དུ་སྦས་པ། དྭགས་བརྒྱུད་པ་དུང་ཚོ་རས་པ་རིན་ཆེན་བཟང་པོས་གཏེར་ནས་བཏོན་པ་དང་། རྣམ་སྲས་ཀྱི་སྒྲུབ་སྐོར་འགའ་ཞིག་བྱ་རྒོད་གཤོང་ནས་གཉལ་བ་ཉི་མ་ཤེས་རབ་ཀྱིས་ཕྱུང་པ་དང་། པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་བསམ་ཡས་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཕྱུང་པ་སོགས་རྙིང་མ་ཁོ་ནར་མ་ཟད། རྒྱ་གར་དང་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཡོད་ལ། རང་རེ་དགེ་ལྡན་པ་ལ་ཡང་། སྲད་རྒྱུད་ཀྱི་མགོན་ཁང་དུ་འདུལ་ནག་པ་དཔལ་ལྡན་བཟང་པོས་གཏེར་
དུ་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་བཏོན་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀྱང་གཏེར་ལུང་ནས། མ་ཅིག་གི་ལུང་བསྟན་དང་གཏེར་རྫས་བཞེས་པ་དགོངས་པར་མངའ་བ་ལྟར་ལགས། ཁྲི་ཆེན་ངག་དབང་མཆོག་ལྡན་པར་མནལ་ལམ་དུ། རྗེ་བཙུན་ཙོང་ཁ་བ་ཆེན་པོ་དགུང་ལོ་བཅོ་ལྔ་བཞེས་པའི་ཚོད་ཙམ་ལ་རྒྱ་རས་བཟང་པོའི་ན་བཟའ་གསོལ་བ་ཞིག་གིས། བྱ་ཁྱུང་དགོན་པའི་མཆོད་རྟེན་གྱི་སྟེང་ན་གཏེར་འགའ་ཞིག་འདོན་རྒྱུ་ཡོད་ཚུལ་གྱི་བཀའ་ཕེབས་པ་བྱུང་ནའང་། ཁྲི་ཆེན་མདོ་ཁམས་སུ་མ་ཕེབས་པས་གཏེར་བཞེས་རྒྱུ་མ་བྱུང་འདུག དཔལ་མཆོག་གི་རྒྱུད་ལས་ཀྱང་། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་ཞིང་སྩོལ། །ཅེས་གསུངས་པས། གཏེར་ཆོས་ཐམས་ཅད་རྙིང་ཆོས་དང་། གཏེར་ཆོས་འདོན་མཁན་ཐམས་ཅད་ཟོག་པོ་རྫུན་མ་ཡིན་མི་དགོས་པ་འདྲ་ལགས་གསུངས། སྔོན་རྒྱ་གར་གྱི་རྒྱལ་པོ་ཛའི་ཕོ་བྲང་སྟེང་དུ་གསེར་གྱི་གླེགས་བམ་གྱི་ཆར་བབ་པ། ཁོང་གིས་མགོ་ཐོག་ཏུ་
བཞག་ནས་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་ཚིག་དོན་ཐམས་ཅད་ཐུགས་ལ་ཤར། འཁོར་རྣམས་ལ་བསྟན་པས་རྒྱལ་པོ་འཁོར་བཅས་སངས་རྒྱས་པར་གསུངས། སྔོན་བོད་ཀྱི་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་དཔང་སྐོང་ཕྱག་བརྒྱ་པ། ཙིནྡྷ་མ་ཎིའི་རྐོས་ཕོར། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་མ་རྣམས་མཁའ་ལས་བབ་པ་མཆོད་པར་མཛད་པས། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་གཅིག་བཞུགས་ཏེ་བསྟན་པའི་དབུ་བརྙེས། དེ་བཞིན་དུ་གཏེར་སྟོན་མི་འགྱུར་རྡོ་རྗེ་གནམ་ཆོས་ཐུགས་གཏེར་སོགས་ཕྱིས་སུ་འབྱུང་བ་རྣམས་ལ་ཡང་དད་ཅིང་གུས་པས་ཉམས་སུ་བླངས་ན་རྒྱུད་ལ་ཕན་ཐོགས་པར་འགྱུར་བས་དེ་ལུགས་གྱིས། གལ་ཏེ་ཉམས་སུ་མ་ལོན་ཀྱང་དག་སྣང་སྦྱོང་བ་མན་ངག་མཆོག་གོ །ཏིང་འཛིན་རྒྱལ་པོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པ་ན་གནས་པས་ནི། སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར། ཡེ་ཤེས་ཀྱི་གཏེར་རྙེད་པར་འགྱུར། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་ཤེས་པའི་གཏེར་རྙེད་པར་འགྱུར་རོ། །གཞོན་ནུ་ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པ་ན་སྤྱོད་ཅིང་དགོན་པར་གནས་ན་མངོན་པར་ཤེས་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་ཡུལ་ཏེ། གཞོན་ནུ་མངོན་པར་ཤེས་འདི་ལྔ་འཐོབ་པར་འགྱུར་རོ། །དེས་མི་ལས་འདས་པའི་ལྷའི་མིག་གིས། ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་རྣམས་མཐོང་ངོ་། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་རྣམས་མཐོང་། དེ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་རོ། །གཞོན་ནུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་གཏེར་རྙེད་པ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་
བཅུ་ན་ཆོས་ཅི་སྟོན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷའི་རྣ་བའི་ཁམས་ཀྱིས་ཐོས་ཏེ། དེ་ཆོས་ཉན་པ་དང་མི་འབྲལ་བར་འགྱུར་རོ། །གཞོན་ནུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡེ་ཤེས་ཀྱི་གཏེར་རྙེད་པ་ཡིན་ཞེ་ན། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་དང་ལྡན་པས་ཆོས་ཐམས་ཅད་འཛིན་ཏེ། ཀུན་བཟུང་ནས་མི་བརྗེད་ཅིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། གང་གི་དོན་གང་ཡིན་པ་དེ་ཡང་རབ་ཏུ་ཤེས་སོ། །གཞོན་ནུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡེ་ཤེས་ཀྱི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་ཤེས་པའི་གཏེར་རྙེད་པ་ཡིན་ཞེ་ན། དེས་མངོན་པར་ཤེས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པར་འཇུག་སྟེ། གཞོན་ནུ་དེ་ལྟར་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་འབྱུང་བ་ཤེས་པའི་གཏེར་རྙེད་པ་ཡིན་ནོ། །གཞོན་ནུ་མདོར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཆོས་ལ་གནས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་ཏེ། དེ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ན། ཕ་རོལ་རྒོལ་བ་ཐམས་ཅད་ལྟ་ཅི་སྨོས། དེ་ལ་ནི་འདི་སྐད་ཅེས་བྱ་སྟེ། མཁས་པ་རྟག་ཏུ་དགོན་གནས་ཏེ། །སངས་རྒྱས་གཏེར་དང་ཆོས་ཀྱི་གཏེར། །ཡེ་ཤེས་གཏེར་དང་མངོན་མཐོའི་གཏེར། །མངོན་ཤེས་ལྔ་ཡང་མྱུར་དུ་འཐོབ། །ཅེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ། གང་གི་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེའི་དེ་ཉིད་ཐོབ་པ་བཅུ་འཐོབ་སྟེ། གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པ་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་།
ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་གཏེར་དང་། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པ་མི་འཇིགས་པའི་གཏེར་དང་། སེམས་ཅན་རྣམས་ཉེ་བར་འཚོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་དང་། ཞེས་སོགས་དང་། རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པ་དྲན་པའི་གཏེར་དང་། བློ་གྲོས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་རྣམ་ངེས་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བ་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་ཀྱི་སེམས་དང་། མི་སྐྱེ་བའི་ཆོས་ལ་གྲུབ་པ་སྒྲུབ་པའི་གཏེར་ཏེ། གཏེར་ཆེན་པོ་བརྒྱད་ཐོབ་
པར་འགྱུར་རོ་གསུངས། མཁྱེན་བརྩེ་རིན་པོ་ཆེའི་ཞལ་ནས། དེ་ལ་ཁ་ཅིག་གིས་གཏེར་ཟེར་བའི་ཕྱོགས་ཐམས་ཅད་ལ་སྒྲོ་སྐུར་བྱེད་པ་ནི། ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོ་བའི་ལས་ཡིན་ནོ་ཞེས་དང་། ཁ་ཅིག་ཆོས་གཏེར་ཟེར་བ་མི་འཐད་པར་འདོད་པ་ནི་ཤིན་ཏུ་སྙིང་རྗེ་བའི་གནས་སོ། །མདོའི་ཕྱོགས་ནས་ཀྱང་གང་ཟག་ས་མཐོན་པོ་ལ་གནས་པས་ཆོས་ཀྱི་གཏེར་རྙེད་པར་བཤད་པའི་ཕྱིར་དང་ཞེས་དང་། སངས་རྒྱས་གླིང་པའི་གཏེར་ཁ་ལས། ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་བར། །དེ་སྲིད་གཏེར་གྱིས་འགྲོ་བ་དཔག་མེད་འདྲེན། །དེ་ཕྱིར་གཏེར་ལ་དད་དང་གུས་པ་གྱིས། །ཞེས་དང་། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས། ཁོ་བོའི་རྡོ་རྗེ་སློབ་དབོན་མངའ་རིས་པཎ་ཆེན་དེས། ཆོས་ཀྱི་ཟབ་གནད་རྣམས་ཀྱི་བརྒྱུད་པ་དང་། ཆོས་ལ་སེལ་མེད་ཅིང་། མཁའ་འགྲོའི་ཁ་རླངས་ཆིལ་ལེ་བ་གཏེར་མ་ཡིན་པས། གཏེར་ཆོས་ཚད་ལྡན་ལྟར་བྱེད་དགོས་གསུངས། བཀའ་གདམས་བུ་ཆོས་ཀྱི་ལྷའི་རྒྱལ་པོའི་སྐྱེས་རབས་ཀྱི་སྐབས། ཇོ་བོའི་ཞལ་ནས། ད་བོད་དུའང་ཡུན་རིང་པོ་སོང་བས་ངའི་
གདུལ་བྱ་སྐལ་བ་དང་ལྡན་པ་དག་ནི། རང་རང་དང་འཚམས་པའི་ཆོས་བསྟན་ནས་ལམ་ལ་བཀོད། ད་རེ་ཞིག་བོད་ན་ངའི་གདུལ་བྱ་ཙམ་མེད། འདི་ཐམས་ཅད་ཀྱང་རྒྱལ་བ་རྒྱ་མཚོ་ཁོ་རང་གི་ཞིང་ཁམས་ཡིན། སྔར་ཡང་རྒྱལ་རབས་ཐམས་ཅད་གཏེར་ཡིག་ཏུ་བཀོད་པ་ལས། བཤད་པ་དང་བཅས་ཏེ་ཡི་གེར་བཀོད་པ་མེད་དེ། ཁོ་བོ་སྦས་པའི་བརྟུལ་ཞུགས་ཅན་ཡིན། སྔོན་ལྷ་མ་སྲིན་འདུལ་བའི་དུས་སུ་བསམ་ཡས་ན་གཏེར་དུ་སྦས་པ་ཡོད། དེ་ངའི་སྤྲུལ་པ་ཞིག་གིས་འདོན། དེ་ནས་རབ་ཏུ་བྱུང་བ་ཐམས་ཅད་གཞི་ཚུལ་ཁྲིམས་ལ་འགོད་པའི་དུས་སུ། གཏེར་དུ་སྦས་ཡོད་དེ། དེ་ཡང་ངའི་སྤྲུལ་པ་ཞིག་གིས་འདོན། དེ་ཐམས་ཅད་ཀྱང་འཇོལ་མོ་ཉོག་ཏུ་མི་སྒྲོག། རྒྱལ་པོའི་བཀའ་ཆེམས་རིམ་པ་གསུམ་རྒྱལ་རབས་དང་བཅས་པ་ནི། སྦེད་མཁན་ཀྱང་རྒྱལ་བའི་འབྱུང་གནས། རྒྱལ་པོ་ཉིད་ཀྱང་རྒྱལ་བའི་འབྱུང་གནས། དེའི་བློན་པོ་ཐབས་ལ་མཁས་པའང་རྒྱལ་བའི་འབྱུང་གནས་ཀྱི་སྤྲུལ་པ། དེ་དག་གི་གཏེར་ཁ་ཕལ་ཆེ་བ་ནི་ལྷ་ས་ཉིད་ན་ཡོད་དེ། སྔོན་སྐྱེ་བ་སྔ་མ་ཕན་ཆད་དུ་མ་འོངས་པའི་དུས་ན་རྒྱལ་བའི་འབྱུང་གནས་
རྒྱལ་པོར་ཇི་ལྟར་འགྱུར་བ་དང་། དེའི་མཛད་པ་ཇི་ལྟར་མཛད་པ་དང་། མཛད་པ་ཐམས་ཅད་ཀྱང་གཏེར་དུ་ཇི་ལྟར་སྦེད་པ་དང་། གཉེར་ཁ་མཁའ་འགྲོ་མས་ཇི་ལྟར་བྱེད་པ་དང་། དེང་སང་ཀ་བ་བུམ་པ་ཅན་ནས་གཏེར་ཡིག་ཇི་ལྟར་འདོན་ཚུལ་དང་། མཁའ་འགྲོ་མས་སྟོན་ཚུལ་དང་། དུས་འདི་སྲིད་ཅིག་ན་རྒྱལ་བའི་འབྱུང་གནས་ཀྱི་བུ་སློབ་མིང་ཅན་འདི་ཙམ་ཞིག་འབྱུང་བ་ནི། སྔོན་གྱི་དུས་ན་འདི་ཡིན་ལ་སོགས་པ་ཉིང་འཕྲོས་དུ་མ་ཞིག་ཡོད་པ་དེ་དག་བསྐལ་པར་བརྗོད་ཀྱང་མི་རྫོགས་གསུངས། དེས་ན་མ་ཎི་བཀའ་འབུམ་ལ་སོགས་པའི་གཏེར་ཆོས་རྣམ་དག་རྣམས་ལ་ཉམས་ལེན་བྱེད་མི་ནུས་ཀྱང་། ལོག་རྟོག་དབང་གིས་ཆོས་སྤོང་གི་ལས་ངན་པ་གསོག་པར་མི་བྱའོ། །ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་འདི་ལ་སྔོན་དུས་རྒྱ་གར་འཕགས་པའི་ཡུལ་དུ་ཉན་ཐོས་སྡེ་པ་བཅོ་བརྒྱད་བྱུང་སྟེ། དེའི་རྒྱུ་མཚན་ཅུང་ཟད་བརྗོད་ན། རྩ་བའི་སྡེ་བཞི་ལས་སོ་སོར་གྱེས་ནས། ཉན་ཐོས་སྡེ་པ་བཅོ་བརྒྱད་བྱུང་བ་ཡིན། དེ་ཡང་རྩ་བའི་སྡེ་བཞི་ནི། ཕལ་ཆེན་སྡེ། ཡོད་སྨྲའི་སྡེ། གནས་བརྟན་སྡེ།
མང་པོས་བཀུར་བའི་སྡེ་བཞི་ཡིན། དེ་བཞི་ལས་གྱེས་པའི་ཉན་ཐོས་སྡེ་པ་བཅོ་བརྒྱད་ནི། སློབ་དཔོན་དུལ་ལྷས། ཤར་དང་ནུབ་དང་གངས་རི་དང་། འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུངས་སྡེ། ས་སྲུང་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོག་རིས་དང་སྲུང་བ་དང་། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་རྣམས་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཅེས་གསུངས་པ་ལྟར། ཕལ་ཆེན་སྡེ་ལས། ཤར་གྱི་སྡེ་དང་། ནུབ་ཀྱི་སྡེ་དང་། གངས་རིའི་སྡེ་དང་། འཇིག་རྟེན་འདས་པར་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་སྟེ་ལྔ་གྱེས། ཡོད་སྨྲའི་སྡེ་ལས། གཞི་ཀུན་པའི་སྡེ་དང་། འོད་སྲུངས་སྡེ་དང་། ས་སྲུང་སྡེ་དང་། ཆོས་སྲུང་སྡེ་དང་། མང་ཐོས་སྡེ་དང་། གོས་དམར་སློབ་
མའི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་གྱེས། གནས་བརྟན་སྡེ་ལས། རྒྱལ་བྱེད་ཚལ་ན་གནས་པའི་སྡེ་དང་། འཇིགས་མེད་གནས་ན་གནས་པའི་སྡེ་དང་། གཙུག་ལག་ཁང་ཆེན་ན་གནས་པའི་སྡེ་སྟེ་གསུམ་གྱེས། མང་བཀུར་སྡེ་ལས། ས་སྒྲོག་རིས་ཀྱི་སྡེ་དང་། སྲུང་བའི་སྡེ་དང་། གནས་མ་བུའི་སྡེ་སྟེ་གསུམ་གྱེས་པས། ཐམས་ཅད་བསྡོམས་པས་བཅོ་བརྒྱད་དོ། །དེ་རྣམས་ཀྱི་སྐད་རིགས་ཀྱང་མི་འདྲ་སྟེ། ཕལ་ཆེན་སྡེས་ཐ་མལ་བའི་སྐད་ཀྱིས་སྨྲ། ཡོད་སྨྲའི་སྡེས་སཾསྐྲྀ་ཏའི་སྐད་ཀྱིས་སྨྲ། གནས་བརྟན་སྡེས་པྲ་ཀྲིད་དུ་འདོན་པའི་སྐད་ཀྱིས་སྨྲ། མང་པོས་བཀུར་བའི་སྡེས་ཟུར་ཆག་སྐད་ཀྱིས་སྨྲ། སངས་རྒྱས་ཀྱི་གསུང་རང་རང་གི་སྐད་ཀྱིས་འདོན་སྐད། དེས་ན་སྐད་རིགས་མི་འདྲ་བའི་ཉན་ཐོས་སྡེ་པ་བཅོ་བརྒྱད་པོ་ཡང་། ཐུབ་པའི་བསྟན་པ་འདི་ལས་སོ་སོར་གྱེས་པ་ཡིན་པས་དད་པ་བྱེད་དགོས་ཏེ། དུལ་ལྷས། ཤཱཀྱ་སེང་གེའི་བསྟན་པ་ནི། །དེ་ལྟར་དབྱེ་བ་བཅོ་བརྒྱད་དུ། །འགྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་འཕྲིན་ལས་ངེས་པ་ཡིན། །གསུངས། དེའི་རྟེན་
འབྲེལ་གྱིས་བོད་དུ་ཡང་། སངས་རྒྱས་བསྟན་པ་གཅིག་ལས་གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་བྱུང་སྟེ། དེ་ཡང་ཉན་ཐོས་རྩ་བའི་སྡེ་བཞི་ལྟ་བུ་ལ། སྔ་འགྱུར་རྙིང་མ་དང་། གསར་མ་བཀའ་བརྒྱུད་པ་དང་། བཀའ་གདམས་པ་དང་། ས་སྐྱ་བ་ཞེས་གྲུབ་མཐའ་རང་རྐང་ཚུགས་པ་བཞི་བྱུང་། དེ་བཞི་ལས་གྱེས་ཏེ་གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་བྱུང་ཚུལ་ནི། དེ་ཡང་སྔ་འགྱུར་རྙིང་མ་ལས། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་སྐོར་གསུམ་གྱེས། གསར་མ་བཀའ་བརྒྱུད་པ་ལ། ཀརྨ་པ། འབྲུག་པ། འབྲི་གུང་། སྟག་ལུང་པ་བཞི་གྱེས། བཀའ་གདམས་པ་ལ། བཀའ་གདམས་གཞུང་པ་དང་། མན་ངག་པ་གཉིས་གྱེས། དེ་ལས་མཆེད་པའི་དགེ་ལུགས་པ་ལ། གཞུང་པ་དང་། སྙན་བརྒྱུད་པ་གཉིས་གྱེས། ས་སྐྱ་ལས་ངོར་བ་གྱེས་པས་གཉིས། གཞན་ཡང་ཕ་དམ་པའི་ཞི་བྱེད། མ་ཅིག་གི་སྐོར། ཤངས་པ་བཀའ་བརྒྱུད་པ། ཇོ་ནང་པ། བོ་དོང་པ་སྟེ། གྲུབ་མཐའ་མི་འདྲ་བ་བཅོ་བརྒྱད་བྱུང་བ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་
ཚུལ་ཏུ་བྱུང་བ་ཡིན་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་སྣ་ཚོགས་ནས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་བྱུང་བ་ལ། ལོག་ལྟ་སྤུ་ཙམ་ཡང་མི་བྱེད་པར། གྲུབ་མཐའ་རིས་སུ་མ་ཆད་པར་ཐམས་ཅད་ལ་དད་གུས་དག་སྣང་སྦྱོང་བཞིན། མཆོད་བསྟོད་བཀུར་བ་ལ་བརྩོན་པར་བྱས་ན་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ནས་སེམས་ཅན་ལ་བདེ་སྐྱིད་ཚད་མེད་པ་འབྱུང་བར་འགྱུར། ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལས། རང་རང་ཆོས་ལུགས་མི་འདྲ་སྣ་ཚོགས་ཀྱང་། །ཐམས་ཅད་ཤཱཀྱ་ཐུབ་པའི་ཆོས་ལུགས་ཏེ། །དེ་ཕྱིར་ཆོས་དང་གང་ཟག་གང་ལ་ཡང་། །སྐུར་པ་མི་གདབ་དག་སྣང་ཕྱོགས་མེད་བྱ། །དཔེར་ན་སྔོན་ཚེ་སངས་རྒྱས་འོད་སྲུངས་དུས། རྒྱལ་པོ་ཀྲི་ཀྲི་དེ་ཡི་རྨི་ལམ་དུ། །རས་ཡུག་གཅིག་ལ་མི་ཟླ་བཅོ་བརྒྱད་ཀྱིས། །བགོས་པས་མི་རེ་ལ་ནི་རས་ཡུག་རེ། །ཐོབ་ཀྱང་རྩ་བའི་རས་ཡུག་མ་ཉམས་པར། །རྨིས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །ཉན་ཐོས་སྡེ་བ་བཅོ་བརྒྱད་འབྱུང་བ་དང་། །དེ་དག་ཐུབ་པའི་བསྟན་ལ་རོ་གཅིག་
ཏུ། །འགྱུར་བའི་སྔ་ལྟས་ཡིན་པར་གསུངས་པ་ལྟར། །དེ་བཞིན་བོད་ཡུལ་གངས་ཅན་ལྗོངས་འདིན། །ཆོས་ལུགས་གྲུབ་མཐའ་མི་འདྲ་སྣ་ཚོགས་ཤིག །ཡོད་ཀྱང་ཕན་ཚུན་ཆགས་སྡང་མི་བྱ་ཞིང་། །དག་སྣང་ཕྱོགས་མེད་བྱས་ན་མཁས་པ་ཡིན། །ཞེས་དང་། ཨེ་མ་ཚད་ལྡན་སྐྱེས་བུ་དམ་པ་དང་། །ཆོས་ལ་དག་སྣང་འབྱོངས་པར་མ་བྱུང་ཀྱང་། །སྡང་ཤུགས་ཚུལ་གྱིས་ཆགས་སྡང་ཆེར་བྱེད་པ། །རང་གཞན་འཁོར་བར་འཆིང་བའི་ཞགས་པ་ཡིན། །དེ་ཕྱིར་མང་ཐོས་ཆུ་བོ་ཀུན་འདུས་པའི། །ལེགས་བཤད་རྦ་ཀློང་གཡོ་བའི་རྒྱ་མཚོ་ནས། །ཉེར་བབ་ཡན་ལག་བརྒྱད་ལྡན་ཆུ་རྒྱུན་འདིས། །ཀུན་སློང་དྲི་མ་མཐའ་དག་ད་ཁྲུས་ཤིག །གསུངས། འཇམ་པའི་དབྱངས་དངོས་ཁྲི་གུང་ཐང་པ་རིན་པོ་ཆེས། གངས་ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང་། །དེ་དོན་རྒྱུད་ལ་སྦྱོར་བ་ཨ་ཏི་ཤ། །དེ་ལ་འཁྲུལ་པ་སེལ་མཛད་ཙོང་ཁ་པ། །རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ། །བློ་བཟང་རྒྱལ་བའི་བསྟན་ལ་དེ་ཉིད་དང་། །དབྱེར་མེད་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས། །རྣལ་འབྱོར་ཉམས་མྱོང་ཅན་གྱིས་ལེགས་བརྟགས་
ན། །ཆོས་ཀུན་དགོངས་པ་གཅིག་ཏུ་འབབ་པར་གསུངས། །འཕགས་ཡུལ་གྲུབ་མཐའ་མང་ཡང་ཀྲི་ཀྲིའི་མདོར། །གསུངས་བཞིན་སྟོན་པའི་དགོངས་པར་མི་འགལ་ན། །གངས་ཅན་གྲུབ་མཐའ་ཐ་དད་ཐུབ་དགོངས་སུ། །འགལ་བར་འདོད་པ་ཕྱོགས་ལྷུང་གཏམ་དུ་ཟད། །ཅེས་དང་། གྲུབ་མཐའ་སོ་སོའི་བཞེད་གཞུང་ཕྱོགས་ཙམ་མཐོང་། །ཀུན་ཀྱང་རྣམ་གྲོལ་སྒྲུབ་པའི་ཐབས་སུ་གོ །དེའི་ཕྱིར་ཡབ་རྗེའི་བསྟན་ལ་ཡིད་ཆེས་རྙེད། །ཆགས་སྡང་རྨོངས་ཞེན་དོར་བའི་རྣམ་ཐར་ཡིན། །གསུངས། ཀརྨ་པ་ཀུན་མཁྱེན་ཆོས་ཀྱི་གྲགས་པས། །སངས་རྒྱས་བསྟན་པ་ལུང་དང་རྟོག་པའི་ཆོས། །བཤད་དང་སྒྲུབ་པའི་སྒོ་ནས་འཛིན་མཛད་པ། །གངས་ཅན་ཁྲོད་ཀྱི་མཁས་གྲུབ་མ་ལུས་ནི། །མོས་གུས་ཡུལ་ལས་ལོག་ལྟའི་ཡུལ་མ་ཡིན། །འོན་ཀྱང་སྙིགས་མ་ལྔ་བདོའི་དབང་གྱུར་ཅིང་། །ཁྱད་པར་བསྟན་པའི་གཟུགས་བརྙནགནས་སྐབས་སུ། །ལྟ་བའི་སྙིགས་མའི་དྲི་མས་གོས་པ་ཡི། །རབ་ཏུ་བྱུང་རྣམས་ལྟ་དང་ཚོར་བས་འཁྲུགས། །དེ་ལ་རྒྱལ་བློན་དུས་ཀྱི་ལོ་པཎ་རྣམས། །རྒྱལ་པོས་
བཀས་བཅད་ལྟ་བ་ཀླུ་སྒྲུབ་ལུགས། །ཐེག་པ་ཆེ་ཆུང་གཞུང་ལུགས་བློ་སྦྱོང་མཛད། །རྣལ་འབྱོར་བླ་མེད་བསྒྱུར་བ་རེ་ཞིག་བཀག །དེ་ལྟ་ན་ཡང་སྔ་འགྱུར་ཅི་རིགས་པའི། །རྙིང་མའི་རྒྱུད་རྣམས་སྦས་ཏེ་བསྒྱུར་བ་ལས། །ཐེག་པ་རིམ་དགུའི་ཡང་རྩེ་རྫོགས་ཆེན་བྱུང་། །རྒྱལ་ཁྲིམས་ཞིག་ནས་ཆོས་ལུགས་ཉམས་གྱུར་ཀྱང་། །འདུལ་འཛིན་རྣམས་ཀྱིས་བསྟན་པའི་མེ་གསོས་ཤིང་། །སངས་རྒྱས་ཡེ་ཤེས་ལ་སོགས་ལོ་ཙཱ་བས། །དགོངས་འདུས་མདོ་སོགས་བསྒྱུར་བ་མང་དུ་ཡོད། །སླད་ཀྱི་ལོ་ཆེན་རིན་ཆེན་བཟང་པོ་དང་། །འགོས་འབྲོག་མར་པ་ལྷོ་བྲག་པ་ལ་སོགས། །ལོ་ཙཱ་དུ་མས་གསང་སྔགས་གསར་རྒྱུད་དང་། །ཡོ་ག་རྣལ་འབྱོར་ཆེན་པོ་དར་བར་སྤེལ། །རྙིང་མའི་སྔགས་འཆང་སྦྱོར་སྒྲོལ་སྒྲ་ཇི་བཞིན། །སྔགས་ལོག་སུན་འབྱིན་བརྩམས་ལ་རྩོད་བྱས་གྱུར། །དེའི་ཚེ་དཔལ་ལྡན་མར་མེ་མཛད་དཔལ་ནི། །འཕགས་པའི་ཡུལ་ནས་བོད་འདིར་སྤྱན་དྲངས་ནས། །ལྷ་བཙུན་ལོ་ཙཱ་རྣམས་ཀྱི་བཞེད་པ་ལྟར། །བསྟན་པ་བྱི་དོར་མཛད་ཅིང་སྐྱེས་བུ་གསུམ། །ལམ་སྒྲོན་ལ་སོགས་བརྩམས་ནས་སློབ་མ་བསྐྱངས། །
ཨ་མ་ན་སི་ཕྱག་རྒྱ་ཆེན་པོའི་སྐོར། །དོ་ཧ་རྣལ་འབྱོར་མ་རྒྱུད་འཆད་པ་དང་། །ཕལ་ཆེན་སྡེ་པ་འཛུགས་པར་དགོངས་པ་རྣམས། །རྒྱལ་སྲས་འབྲོམ་ཀྱིས་བཀའ་ལ་མ་མཉེས་ཀྱང་། །བོད་ཀྱི་དེའི་དུས་གདུལ་བྱ་ལ་འཚམ་ཞིང་། །ཡོད་སྨྲ་ཕལ་ཆེན་སྡེ་གཉིས་མ་གྱེས་པས། །ཇོ་བོའི་འཕྲིན་ལས་རྒྱས་པའི་གྲོགས་སུ་སོང་། །སྐུ་མཆེད་རྣམ་པ་གསུམ་ནས་བཀའ་གདམས་པ། །གཞུང་དང་གདམས་ངག་མཚན་ཉིད་གསུམ་དུ་གྱེས། །འབྲོག་མིའི་སྲོལ་འཛིན་ལམ་འབྲས་རྒྱུད་གསུམ་བཅས། །རྗེ་བཙུན་ས་སྐྱ་པ་ཡི་རིང་ལུགས་བཟུང་། །མར་པའི་བཤད་རྒྱུད་མེས་རྔོག་མཚུར་གསུམ་དང་། །རྗེ་བཙུན་མི་ལས་གྲུབ་པའི་འགོ་བཙུགས་ཏེ། །མཉམ་མེད་སྒམ་པོ་བ་ཞེས་བྱ་བ་ནི། བརྒྱུད་པ་ཆུ་བོ་གཉིས་འདྲེས་ལ་བརྟེན་ནས། །འཕྲིན་ལས་རྒྱ་ཆེ་དར་དྲགས་ཡུན་རིང་བའི། །སློབ་བརྒྱུད་བོད་དང་རྒྱ་ནག་ལ་སོགས་གང་། །དུས་ཕྱིས་བཀའ་ཕྱགས་སྐྱ་པ་ཡི་ནི། །བླ་མ་མཁས་གྲུབ་རྣམས་ལ་གཏུགས་པ་ལས། །མཁས་པ་བློ་བཟང་གྲགས་པའི་དཔལ་ཞེས་པས། །མདོ་སྔགས་བསྟན་པ་གསལ་བར་མཛད་
པ་བྱུང་། །ཞེས་དང་། ལྟ་བའི་ཁྱད་པར་དཔལ་ལྡན་ཨ་ཏི་ཤའི། །རྡོ་རྗེའི་གླུ་དང་དབུ་མའི་མན་ངག་དང་། །གྱེར་སྒོམ་ལས་བརྒྱུད་ལྷན་ཅིག་སྐྱེས་སྦྱོར་སོགས། །ཕྱག་རྒྱ་པ་དང་ཤིན་ཏུ་མཐུན་པ་བྱུང་། །བློ་སྦྱོང་གདམས་པའི་ལམ་དོ་ཀུན་གཞི་དང་། །བེའུ་བུམ་སྔོན་པོར་བཤད་པའི་ལྟ་སྒོམ་མཐུན། །ནཱ་རོ་མཻ་ཏྲི་དག་ལ་ཇོ་བོ་གུས། །དེ་ཡི་ལོ་རྒྱུས་ལམ་ཡིག་ནང་དུ་གསལ། །དེ་ལྟ་ན་ཡང་གྲོ་ལུང་པས་མཛད་པའི། །བསྟན་རིམ་ཞེས་བྱར་མཻ་ཏྲི་པའི་ལྟ་བ། །སྐྱོན་དང་བཅས་ཞེས་དངོས་སུ་དགག་པ་མཛད། །འཇིག་རྟེན་ལ་བརྟེན་བཀའ་ཕྱག་མཐུན་པར་གྱུར། ས་སྐྱ་པ་ཡི་ལམ་སྐོར་རྣམ་པ་དགུ། ལམ་འབྲས་ལྟ་བ་འཁོར་འདས་དབྱེར་མེད་དང་། ཕྱག་རྒྱ་ཆེན་པོ་རྣམ་དྲུག་དབྱེ་བ་སོགས། བརྒྱུད་པ་འདི་དང་ལྟ་སྒོམ་གཅིག་གྱུར་ཀྱང་། །རྗེ་བཙུན་གྲགས་པས་ཕག་མོའི་བརྡ་དབང་དང་། །རྔོག་ལུགས་བརྒྱུད་རིམ་སོགས་ལ་སྐྱོན་བཟུང་ཞིང་། །ཁྱད་པར་ཆོས་རྗེ་ས་སྐྱ་པཎྜི་ཏས། །སྡོམ་གསུམ་རབ་དབྱེ་ཐུབ་པ་དགོངས་གསལ་དང་། །ཕྱོགས་བཅུའི་སྤྲིང་ཡིག་དྲི་ལན་ཅི་རིགས་སུ། །ལྟ་སྒོམ་སྐྱོན་འདོགས་ལྷག་པར་འབྲི་གུང་པའི། །
གྲུབ་མཐའ་འགོག་བཞེད་མཐིང་སླད་མཛད་ན་ཡང་། །ཕྱོགས་སྔ་ཕལ་ཆེར་མ་ལོངས་ལྟར་སྣང་གི །དགག་པ་མཛད་པར་མཐོང་ནས་བུ་སྟོན་དང་། །རྒྱལ་སྲས་ཐོགས་མེད་རེད་མདའ་བ་རྣམས་ཀྱང་། །ཕྱག་རྒྱ་ཆེན་པོའི་ལྟ་བ་ཇི་བཞིན་བཞེད། །སོ་སོའི་ཞལ་གདམས་མགུར་དུ་དོན་དེ་གསལ། །རྒྱལ་བ་ཡང་དགོན་པ་ཡི་གདམས་ངག་ཏུའང་། །ས་སྐྱ་པ་དང་ལྟ་བ་མཐུན་ཞེས་གསུངས། །ཇོ་མོ་ནང་པའི་ལྟ་བ་ཕལ་ཆེར་ཡང་། །ས་དྭགས་གཉིས་ལས་ཁྱད་པར་གྱུར་བཞེད་ཀྱང་། །དགོངས་གཅིག་པ་དང་གྲུབ་མཐའ་མང་པོ་མཐུན། །ཚུལ་དེས་འདྲ་མིན་དབྱེ་བ་ཤེས་པར་གྱིས། །རྗེ་བཙུན་ཙོང་ཁ་པ་དེ་སྔོན་གྱི་དུས། །གསུང་བགྲོས་ཐོར་བུ་རྣལ་འབྱོར་ཆེན་པོའི་ཁྲིད། །བྱང་རྩེ་གུང་རུ་རྒྱལ་བཟང་བ་སོགས་ལ། །ལྟ་ཁྲིད་ཕྱག་རྒྱ་པ་དང་མཐུན་པར་གསུངས། །ཕྱིས་དུས་དཔྱད་པ་རྫོགས་ཤིང་འཇམ་དབྱངས་ཀྱི། །ཞལ་གྱི་གདམས་པ་གཞུང་ལུགས་ཆེན་པོ་ཡི། །ལྟ་བ་རྙེད་ནས་མགོན་པོ་ཀླུ་སྒྲུབ་ཀྱི། །སྲོལ་འཛིན་སངས་རྒྱས་བསྐྱངས་དང་ཟླ་གྲགས་ཀྱི། །དགོངས་པ་མཆོག་ཏུ་རྟོགས་ནས་ལྟ་
བ་ནི། །རིག་པས་དཔྱད་སྒོམ་ཁོ་ན་འཐད་པའི་ཚུལ། །འཁོར་བའི་རྩ་བ་བདག་འཛིན་ལྷན་སྐྱེས་དང་། །དངོས་སུ་འགལ་བའི་བདག་མེད་བསྒོམ་དགོས་ཞེས། །ལྷག་མཐོང་ཆེན་པོ་དྲང་ངེས་རྣམ་འབྱེད་དང་། །ལམ་རིམ་ཆུང་བ་ལྟ་ཁྲིད་ཞལ་བཞེས་སོགས། །སྔ་རབས་ཀུན་གྱི་ལྟ་སྒོམ་གཉིས་ཀ་ལས། །ཁྱད་པར་འཕགས་ཤིང་རིམ་ལྔ་ཆོས་དྲུག་གི །གདམས་པ་ལ་ཡང་ཟབ་ཁྱད་དུ་མ་ཞེས། །རང་ཚུགས་ཐུབ་པར་མཛད་པར་མཐོང་གྱུར་ནས། །ཕལ་ཆེར་དེ་ཡི་རྗེས་འབྲངས་ལུགས་གཞན་དོར། །ཅི་རིགས་ཞེན་ལྟས་དེ་ལ་འདུ་མི་བྱེད། །ད་ལྟ་དེ་ཡི་ལྟ་སྒོམ་འགོག་པ་མང་། །ནང་དུའང་ཅུང་ཟད་ལྟ་གྲུབ་བྱེ་བྲག་ཡོད། །དེ་ལྟ་ན་ཡང་འཕྲིན་ལས་ལྷག་པར་རྒྱས། །ལྟ་སྒོམ་མཐུན་དང་མི་མཐུན་ངེས་པར་མཛོད། །དེ་ལྟར་མང་དུ་ཐོས་ཤིང་རྣམ་པར་དབྱེ་བའི་བློ་ཡོད་ཀྱང་། །དྭགས་པོ་བཀའ་བརྒྱུད་མཁས་དང་གྲུབ་པ་དག་གི་ལུགས་བཟུང་ཞིང་། །བསྟན་འཛིན་ཆེ་རྣམས་ཀྱིས་ནི་ལུགས་ལ་ཕྲག་དོག་མི་བྱེད་པར། །དེ་འདྲའི་ཆོས་སྤོང་མི་གསོག་རང་གི་བརྒྱུད་པ་འཛིན་པ་ཡིན། །དཀོན་མཆོག་བརྩེགས་པ་གང་པོས་ཞུས་པའི་མདོར། །
བདེ་གཤེགས་མེ་རོ་གྷནྡྷའི་བསྟན་པའི་མཐར། །དགེ་སློང་དྷརྨ་ཤྲཱི་དང་དྲན་པ་ཐོབ། །ཡ་ཤ་རབ་ཏུ་འདྲེན་པ་ཞེས་བྱ་བཞི། །སྐྱེ་བ་རིམ་པར་བརྒྱུད་པ་ཡིན་མོད་ཀྱི། །སྔ་ཕྱིའི་ཆོས་ཀྱང་བསྟན་ཚུལ་མི་འདྲ་བས། །དེ་ཡི་ལུགས་ཞེས་སྔ་མ་སྔ་མ་དག །ཕྱི་མས་བཀག་ཀྱང་བསྟན་པ་མ་ཉམས་པར། །གསུངས་ཤིང་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལྟར། །སྟོན་པ་ཤཱཀྱའི་དབང་པོའི་བསྟན་པ་ལ། །ཉན་ཐོས་གྱེས་པ་བཅྭོ་བརྒྱད་བྱུང་ན་ཡང་། །བསྟན་པ་མ་ཉམས་ཚུལ་འདིས་དག་སྣང་སྦྱོངས། །གསུངས་པ་ལྟར་ཆོས་ལུགས་གྲུབ་མཐའ་གཞན་རྣམས་ཀྱང་ཤེས་པར་བྱས་ནས་ཀུན་ལ་དད་གུས་དག་སྣང་སྦྱོང་བཞིན་རང་ཉིད་གང་མོས་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་མཁས་པའི་ཡང་རྩེ་ལགས་སོ། །གཞན་ཡང་བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་སྔོན་ཆད་དར་བའི་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་འདི་རྣམས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུ་མའི་རྣམ་འཕྲུལ་རྒྱ་བོད་ཀྱི་མཁས་གྲུབ་མཐའ་དག་གིས་རྫུན་བྲལ་བདེན་པའི་དབྱངས་གཅིག་གིས་ཆོས་མིན་དང་མ་
འདྲེས་མ་སྦགས་པར། དམ་པའི་ཆོས་གཙང་མ་མདོ་རྒྱུད་བསྟན་བཅོས་ཀྱི་ལམ་པོ་ཆེ་ལས་དྲངས་ཏེ། འཁྲིད་ཕྱོགས་རེ་རེས་ཀྱང་གང་ཟག་རེ་མཐར་ཕྱིན་སངས་རྒྱས་ཀྱི་ས་རུ་སྐྱེལ་བའི་གདེངས་ལྡན་དུ་སྩལ་བའི་གནད་མ་འཕྱུགས་པའི་སྒོས། ཕྱོགས་གཅིག་ཏུ་བསྒྲིགས་པ་རྗེ་བཙུན་གྲོལ་མཆོག་པའི་ཁྲིད་བརྒྱ་ཞེས་ཡོངས་སུ་གྲགས་པ་ནི་འདི་ལྟ་སྟེ། ཐོག་མར་ཞེན་པ་བཞི་བྲལ་གྱི་ཁྲིད་དང་གཅིག དེ་ནས་བློ་སྦྱོང་དོན་བདུན་མའི་ཁྲིད་དང་གཉིས། རྟེན་འབྲེལ་སྙིང་པོའི་ཁྲིད་དང་གསུམ། སྐྱིད་སྡུག་ལམ་འཁྱེར་གྱི་ཁྲིད་དང་བཞི། སུམ་པའི་བློ་སྦྱོང་གི་ཁྲིད་དང་ལྔ། མ་ཅིག་གཅོད་ཁྲིད་དང་དྲུག །སྙིང་པོ་དོན་གསུམ་གྱི་ཁྲིད་དང་བདུན། སེམས་ཉིད་ངལ་གསོའི་ཁྲིད་དང་བརྒྱད། སྐྱེས་བུ་གསུམ་གྱི་ཁྲིད་དང་དགུ། བསྟན་རིམ་གྱི་ཁྲིད་དང་བཅུ། སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་དང་བཅུ་གཅིག དབུ་མ་ཆེན་མོའི་ཁྲིད་དང་བཅུ་གཉིས། བཀའ་གདམས་ལྐོག་འཁྲིད་ཀྱི་ཁྲིད་དང་བཅུ་གསུམ། བཀའ་གདམས་ལྷ་བཞིའི་ཐུབ་པའི་ཁྲིད་དང་བཅུ་བཞི། བཀའ་གདམས་ལྷ་བཞིའི་སྤྱན་རས་གཟིགས་ཀྱི་ཁྲིད་དང་བཅོ་ལྔ། བཀའ་གདམས་ལྷ་
བཞིའི་མི་གཡོ་བའི་ཁྲིད་དང་བཅུ་དྲུག བཀའ་གདམས་ལྷ་བཞིའི་སྒྲོལ་མའི་ཁྲིད་དང་བཅུ་བདུན། པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད་དང་བཅོ་བརྒྱད། ཐིག་ལེ་བཅུ་དྲུག་གི་ཁྲིད་དང་བཅུ་དགུ། ཤེར་ཕྱིན་བཀའ་བབ་དྲུག་གི་ཁྲིད་དང་ཉི་ཤུ་ཐམ་པ། ཞི་བྱེད་ལམ་ལྔའི་ཁྲིད་དང་ཉེར་གཅིག སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཁྲིད་དང་ཉེར་གཉིས། བྱམས་ཆོས་ལྔའི་ཁྲིད་དང་ཉེར་གསུམ། རང་སྟོང་གི་ལྟ་ཁྲིད་དང་ཉེར་བཞི། གཞན་སྟོང་གི་ལྟ་ཁྲིད་དང་ཉེར་ལྔ། སྦས་དོན་གྱི་ལྟ་ཁྲིད་དང་ཉེར་དྲུག ཚེ་ཁྲིད་དང་ཉེར་བདུན། སྒྲོལ་དཀར་གྱི་ཁྲིད་དང་ཉེར་བརྒྱད། ཚེ་དཔག་མེད་དཀར་པོའི་ཁྲིད་དང་ཉེར་དགུ། དམར་ཁྲིད་ཚེམས་བུ་ལུགས་ཀྱི་ཁྲིད་དང་སུམ་ཅུ་ཐམ་པ། དམར་ཁྲིད་དཔལ་མོ་ལུགས་ཀྱི་ཁྲིད་དང་སོ་གཅིག དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཁྲིད་དང་སོ་གཉིས། དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ཁྲིད་དང་སོ་གསུམ། བདེ་མཆོག་དམར་ཁྲིད་དང་སོ་བཞི། ཀྱེ་རྡོ་རྗེའི་དམར་ཁྲིད་དང་སོ་ལྔ། ཕྱག་རྡོར་འཁོར་ཆེན་གྱི་ཁྲིད་དང་སོ་དྲུག གཏུམ་པོའི་ཁྲིད་དང་སོ་བདུན། ཕག་མོ་ཀུརྨ་བཱ་དའི་
ཁྲིད་དང་སོ་བརྒྱད། ཀུ་རུ་ཀུལླེའི་ཁྲིད་དང་སོ་དགུ། སྦྱོར་དྲུག་གི་ཁྲིད་དང་བཞི་བཅུ་ཐམ་པ། དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་དང་ཞེ་གཅིག ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་དང་ཞེ་གཉིས། ལམ་འབྲས་བུ་དང་བཅས་པའི་ཁྲིད་དང་ཞེ་གསུམ། ལམ་སྐོར་ཕྱི་མ་བསམ་མི་ཁྱབ་ཀྱི་ཁྲིད་དང་ཞེ་བཞི། ལམ་སྐོར་ཕྱི་མ་པདྨ་བཛྲ་གྱི་ཁྲིད་དང་ཞེ་ལྔ། །ལམ་སྐོར་ཕྱི་མ་ཌཱོམྦྷི་བའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་དང་ཞེ་དྲུག ལམ་སྐོར་ཕྱི་མའི་གཏུམ་མོའི་ལམ་སྟེགས་ཀྱི་ཁྲིད་དང་ཞེ་བདུན། ལམ་སྐོར་ཕྱི་མའི་ཡོན་པོ་སྲོང་བའི་ཁྲིད་དང་ཞེ་བརྒྱད། ལམ་སྐོར་ཕྱི་མའི་ཕྱག་རྒྱའི་ལམ་ཁྲི་དང་ཞེ་དགུ། ལམ་སྐོར་ཕྱི་མའི་ཕྱག་ཆེན་ཡི་གེ་མེད་པའི་ཁྲིད་དང་ལྔ་བཅུ་ཐམ་པ། ལམ་སྐོར་ཕྱི་མའི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་དང་ང་གཅིག །མདོ་རྒྱུད་བསྲེ་བའི་ཁྲིད་དང་ང་གཉིས། བར་ཆད་གསུམ་སེལ་ལས་ཕྱི་རོལ་གདོན་གྱི་བར་ཆད་སེལ་བའི་ཁྲིད་དང་ང་གསུམ། འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བའི་ཁྲིད་དང་ང་བཞི། །ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སེལ་བའི་ཁྲིད་དང་ང་ལྔ། ཕྱག་ཆེན་སྡུག་བསྔལ་གསུམ་སེལ་གྱི་ཁྲིད་དང་ང་དྲུག
གཉུག་མ་དྲན་གསལ་གྱི་ཁྲིད་དང་ང་བདུན། དག་པ་གསུམ་གྱི་ཁྲིད་དང་ང་བརྒྱད། རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་ཁྲིད་དང་ང་དགུ། ལམ་སྦས་བཤད་ཀྱི་ཁྲིད་དང་དྲུག་ཅུ་ཐམ་པ། བརྡ་དོན་གསལ་བའི་ཁྲིད་དང་རེ་གཅིག གསང་འདུས་རིམ་ལྔའི་ཁྲིད་དང་རེ་གཉིས། གྲོལ་བའི་ཐིག་ལེའི་ཁྲིད་དང་རེ་གསུམ། སྤྲོས་མེད་ཀྱི་ཁྲིད་དང་རེ་བཞི། རྣལ་འབྱོར་བཞི་རིམ་གྱི་ཁྲིད་དང་རེ་ལྔ། འཇིགས་བྱེད་ཀྱི་རྭ་ཁྲིད་དང་རེ་དྲུག ཡབ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་དང་རེ་བདུན། ཡུམ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་དང་རེ་བརྒྱད། དྲིལ་བུ་རིམ་ལྔའི་ཁྲིད་དང་རེ་དགུ། ནག་པོ་རིམ་བཞིའི་ཁྲིད་དང་བདུན་ཅུ་ཐམ་པ། བདེ་མཆོག་དཀར་པོའི་ཁྲིད་དང་དོན་གཅིག གདན་བཞིའི་ཁྲིད་དང་དོན་གཉིས། མ་ཧཱ་མཱ་ཡའི་ཁྲིད་དང་དོན་གསུམ། བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་དང་དོན་བཞི། ཕག་མོ་སྒོམ་དྲུག་གི་ཁྲིད་དང་དོན་ལྔ། ནཱ་རོ་ཆོས་དྲུག་གི་ཁྲིད་དང་དོན་དྲུག ནཻ་གུ་ཆོས་དྲུག་གི་ཁྲིད་དང་དོན་བདུན། ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་དང་དོན་བརྒྱད། ལམ་འཁྱེར་གསུམ་གྱི་ཁྲིད་དང་
དོན་དགུ། སེམས་འཆི་མེད་ཀྱི་ཁྲིད་དང་བརྒྱད་ཅུ་ཐམ་པ། སུ་ཁ་ཆོས་དྲུག་གི་ཁྲིད་དང་གྱ་གཅིག བདག་མེད་མའི་ནང་ཁྲིད་དང་གྱ་གཉིས། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དང་གྱ་གསུམ། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་དང་གྱ་བཞི། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་དང་གྱ་ལྔ། སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་དང་གྱ་དྲུག རླུང་སེམས་གཉིས་མེད་ཀྱི་ཁྲིད་དང་གྱ་བདུན། སྲས་མཁར་མའི་ཁྲིད་དང་གྱ་བརྒྱད། རྔོག་པའི་བསྲེ་འཕོའི་ཁྲིད་དང་གྱ་དགུ། སྙན་བརྒྱུད་ཀྱི་ཤོག་དྲིལ་བཞིའི་ཁྲིད་དང་དགུ་བཅུ་ཐམ་པ། སྙན་བརྒྱུད་ཀྱི་ཁྲིད་དང་གོ་གཅིག ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་ཁྲིད་དང་གོ་གཉིས། ཞང་གི་ཟབ་རྒྱའི་ཁྲིད་དང་གོ་གསུམ། དཔལ་ཆེན་རྒ་ལོའི་སྦྱོར་དྲུག་གི་ཁྲིད་དང་གོ་བཞི། ཕག་གྲུའི་ཐེལ་ལུགས་སྐོར་གྱི་ཁྲིད་དང་གོ་ལྔ། དགོངས་གཅིག་གི་ཁྲིད་དང་གོ་དྲུག སྟག་ལུང་པའི་ཆོས་དྲུག་གི་ཁྲིད་དང་གོ་བདུན། བླ་སྒྲུབ་ཀྱི་ཁྲིད་དང་གོ་བརྒྱད། ལོ་རས་ཐུབ་པ་ལྔ་ལྡན་ཀྱི་ཁྲིད་དང་གོ་དགུ། རི་ཆོས་སོ་དྲུག་གི་ཁྲིད་དང་བརྒྱ་ཐམ་པ། མགོན་པོ་སྐུ་རགས་མའི་ཁྲིད་དང་གཅིག དཔལ་གུར་གྱི་མགོན་
པོའི་ནང་ཁྲིད་དང་གཉིས། དོ་ཧ་སྐོར་གསུམ་གྱི་ཁྲིད་དང་གསུམ། གྲུབ་ཐོབ་ཆོས་དྲུག་གི་ཁྲིད་དང་བཞི། པདྨ་ལམ་རིམ་གྱི་ཁྲིད་དང་ལྔ། རྒྱལ་པོ་བཀའ་འབུམ་གྱི་ཁྲིད་དང་དྲུག ནོར་བུ་མཐོང་གྲོལ་གྱི་ཁྲིད་དང་བདུན། སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་དང་བརྒྱད་དོ། །དེ་ལྟར་འཁྲིད་ཚུལ་བརྒྱ་དང་བརྒྱད། རང་གིས་གང་ལས་གང་ཐོབ་པའི། །ཡི་གེ་ཇི་བཞིན་ཉུང་ངུའི་ཚིག །དོན་ཆེན་སྙིང་པོ་ཆ་ཙམ་བཀོད། །ཐུན་མོང་ཐུན་མོང་མིན་པའི་ཁྲིད། །སྤྱི་བསྡོམ་གཅིག་དྲིལ་སྔོན་བཏང་ནས། །དངོས་གཞི་རང་རང་མ་འདྲེས་པའི། །འཁྲིད་རིམ་རྒྱ་མོའི་ཐགས་པའི་དཔེ། །བརྒྱུད་ལྡན་དམ་པ་གོང་མ་ཡི། །དགོངས་པ་ཕན་ཚུན་མ་འཛིངས་པར། །ལུགས་གང་དེ་ལས་རང་བློ་ཡིས། །ནན་གྱིས་བཅོས་པའི་དྲི་མ་བྲལ། །སངས་རྒྱས་རྣམ་སྤྲུལ་རྒྱ་བོད་འདིར། །སྔོན་བྱོན་མཁས་གྲུབ་མ་ལུས་པའི། །བཞེད་པའི་ཟབ་གནད་ཀུན་འདུས་པ། །འདི་འདྲ་ཐོས་པ་སྐལ་བ་ཆེ། །ཁོ་བོས་ཟབ་ཁྲིད་རེ་རེ་ནས། །དཀའ་བ་དང་བླངས་བཙལ་བའི་ཆོས། །ཁྱེད་ཅག་ཚེགས་མེད་དུས་གཅིག་
ཏུ། །རྣ་བར་ལེན་པ་ངོ་མཚར་རྨད། །སྔ་མའི་བསགས་རྒྱབ་དབང་བྱས་པས། །མི་ཚེ་ཆོས་ཀྱི་སྣང་བས་འདས། །འཚོལ་དང་ཉན་དང་དྲི་དང་སེམས། །མཐར་ནི་ཡི་གེའི་ལམ་དུ་བྲིས། །རང་གི་ཚེ་རབས་ཕྱི་མ་ཡི། །ཆོས་ཀྱི་བག་ཆགས་གསོ་བྱེད་དང་། །དུས་འདིར་དོན་གཉེར་དད་ལྡན་འགའ། །སྲིད་ན་དེ་ལའང་ཕན་གྱུར་ཅིག །ཅེས་ཚེགས་ཆུང་ངུས་ཆོས་ཀྱི་གནད་བདེ་བླག་ཏུ་རྟོགས་པའི་ཁྲིད་བརྒྱའི་དཔེ་ལ་བལྟས་ནས་ཆོས་ལུགས་གང་ལ་ཡང་དག་སྣང་སྦྱོང་བཞིན་རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ཡིད་བཞིན་དབང་གི་རྒྱལ་པོ་ལས། རྗེ་འདི་ཉིད་ཀྱིས་བོད་གངས་ཅན་གྱི་ཁྲོད་འདིར། སྔོན་བྱོན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ལུགས་སྲོལ་འཛིན་པ་མང་དུ་ཡོད་ཀྱང་། དེ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཡིན་གསུངས་ནས། རང་ཕྱོགས་དང་གཞན་ཕྱོགས་ཞེས་ཕྱོགས་རིས་མི་མཛད་པར། ཐམས་ཅད་ལ་དག་སྣང་གིས་ཁྱབ་པར་མཛད་ཅིང་། ཆོས་སྒོར་ཞུགས་པ་ཐམས་ཅད་ལ་དག་སྣང་འབའ་ཞིག་མཛད་པ་ཡིན་གསུངས། ཁོང་གི་
མགུར་འབུམ་ལས། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ཀྱང་དག་སྣང་སྦྱོང་བ་དང་། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། །ཞེས་དང་། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །ཞེས་གསུངས་པ་ལྟར་ཆོས་ལུགས་གྲུབ་མཐའ་གང་ལའང་དག་སྣང་སྦྱང་པར་བྱའོ། །རྒྱ་རའི་བཙུན་པ་སངས་རྒྱས་ཡེ་ཤེས་ཀྱིས། རྒྱལ་བའི་གསུང་རབ་མཐའ་ཡས་པ་རྣམས་ལ་ཕྱོགས་ཞེན་དང་ཞེན་ལྟའི་དྲི་མ་སྤངས་ཏེ། གཟུ་བོར་གནས་པའི་བློས་ཕྱོགས་མེད་རིས་མེད་ཀྱི་སྒོ་ནས་ཉམས་སུ་བླངས་ཤིང་། ཉམས་སུ་ལེན་པ་མི་ལྕོགས་ཀྱང་ཐམས་ཅད་ལ་ཕྱོགས་རིས་སྤངས་པའི་དད་པ་ཆེན་པོ་བསྐྱེད་ན་ཐབས་མཁས་པ་ཆེན་པོར་འགྱུར་རོ་གསུངས། ཡང་། གང་ལ་ཕྱོགས་ལྷུང་རབ་ཏུ་སྤངས། །མཁས་གྲུབ་ཕྱོགས་རིས་མེད་པ་ཡི། །རྗེ་སུ་འབྲངས་ཤིག་ཤེས་ལྡན་དག །ཅེས་དང་། བཀའ་བརྒྱུད་གོང་མ་ཐམས་ཅད་
ཀྱིས། །ཞི་ཕྱག་རྫོགས་གསུམ་ཐམས་ཅད་ལ། །སྙིང་པོ་བྱེད་པ་མང་སྣང་བས། །དད་པས་དེ་རྗེས་འབྲང་བ་ལགས། །ཞེས་དང་། རྒྱལ་བའི་བསྟན་པ་ཐམས་ཅད་ལ། །ཕྱོགས་རིས་མེད་པར་དད་ཐོབ་ནས། །ཚུལ་བཞིན་ཉམས་སུ་ལེན་པར་ཤོག །ཚུལ་བཞིན་ཉམས་ལེན་མ་ནུས་ནའང་། །རྒྱལ་བའི་གསུང་རབ་ཐམས་ཅད་ལ། །ཕྱོགས་མེད་དད་པ་བྱེད་པར་ཤོག །གསུངས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མ་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་དང་། འབྲུག་པ་ཀུན་ལེགས་ཀྱིས། ཕྱག་ཆེན་དང་རྫོགས་ཆེན་དབུ་མ་གསུམ། །མཁས་པས་བལྟས་ན་གཅིག་ཏུ་འདུག །བླུན་པོ་ཆོས་སྤོང་མཛད་འདོད་རྣམས། །སོ་སོར་ཕྱེ་ལ་ང་ཡིས་སྒོམས། །ཞེས་དང་། རྗེ་བཙུན་ཆོས་ཀྱི་དབང་ཕྱུག་གིས། བླ་མ་ཆོས་བརྒྱུད་གྲུབ་མཐའི་ཁ་འཛིན་སྨོད། །རང་གཞན་ཆགས་སྡང་བསྟོད་སྨད་སྒྲོ་སྐུར་སྤང་། །ལྟ་བ་ཁ་འཁྱེར་གསང་བ་མི་འཆོལ་བར། །
ནང་དུ་སེམས་ཤིང་ཀུན་ལ་དག་སྣང་སྦྱོངས། །ཞེས་དང་། འོལ་ཁ་བཞད་པ་རྡོ་རྗེས། རྟག་ཏུ་དམ་ཚིག་ངོ་ལྐོག་མེད་པར་སྲུངས། །དག་སྣང་ཁྱབ་གདལ་ཕྱོགས་རིས་མེད་པར་སྦྱོངས། །ཞེས་དང་། རྗེ་བཙུན་གྲོལ་མཆོག་པས། ཡོངས་ལ་དག་སྣང་རིས་མེད་པ། །དེའི་ཚེ་མ་དག་གང་དུ་འཚོལ། །ཀུན་ཁྱབ་སྐྱབས་ཡུལ་མ་ལུས་པས། །དུས་གཅིག་བྱིན་གྱིས་བརླབས་འདི་མཚར། །ཞེས་དང་། ཨོ་རྒྱན་ཆེན་པོས། དག་སྣང་མོས་གུས་ཕྱོགས་མེད་དུ་བྱེད་པ་ཤིན་ཏུ་གལ་ཆེ་བས་ན་གཟོབ་ཅིག་ཅེས་གསུངས། དེ་ལྟར་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་གསུངས་པ་རྣམས། འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །དེས་ན་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་ཆོས་སྐོར་གང་ལ་ཡང་དད་གུས་དག་སྣང་ཕྱོགས་མེད་དུ་སྦྱོང་བཞིན། རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །ཡང་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་འདོད་པ་དང་། མ་སེམས་ཅན་
ཐམས་ཅད་ལ་བདེ་སྐྱིད་ཚད་མེད་པ་བསྐྱེད་པར་འདོད་པའི་ཕྱི་རབས་བསྟན་འཛིན་གྱི་སྐྱེས་མཆོག་རྣམས་ཀྱིས། སྔོན་བྱོན་མཁས་གྲུབ་གོང་མ་དང་ད་ལྟའི་སྐྱེས་བུ་དམ་པ་མང་པོའི་རྣམ་ཐར་དང་གསུང་བཞིན། ཆོས་ལུགས་གྲུབ་མཐའ་གང་ལ་དད་གུས་དག་སྣང་སྐྱེ་བའི་ལེགས་བཤད་མང་པོ་རྩོམ་ལ་ཞོག་དང་། མ་འོངས་པར་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་། དེ་མ་ཡིན་པར་ཁྱི་ངན་འགའ་རེས་དངོས་སུ་འཛིན་མ་ཐུབ་པར། རྗེས་ནས་སུས་མ་ཚོར་བར་ཉྭ་ལ་འཛིན་པ་ལྟར། གྲུབ་མཐའ་ཕྱོགས་རིས་ཆེ་བ་འགའ་རེས། དངོས་སུ་འགོག་མ་ཐུབ་པར་ལྐོག་ནས་ཡིག་ངན་མང་པོ་བྲིས་ཏེ་འགོག་པ་དེ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་འཛིན་བརྒྱུད་པ་དང་བཅས་པ་རྣམས་ལ་གནོད་པ་ཆེན་པོ་སྐྱེལ་བར་འགྱུར་བས། དེ་ལྟ་བུའི་དཔེ་ངན་རྫས་དུག་འཇོག་མི་རུང་། གལ་ཏེ་བཞག་སོང་བ་ཚོར་བལྟས་ན་ཡང་གྲུབ་མཐའ་གཞན་ཚོར་ལོག་ལྟ་སྐྱེས་ནས་ཆོས་སྤོང་གི་ལས་ངན་པ་བསགས་ཏེ་ཕྱི་མར་ངན་སོང་དུ་སྐྱེ་བར་འགྱུར་བས། དེ་ལྟ་བུའི་དཔེ་ཆ་ཙམ་ཡང་ནང་དུ་འཇོག་པར་མི་བྱའོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་
ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བས་ན། གྲུབ་མཐའ་གཅིག་གཉིས་ཀྱི་ཕྱོགས་རེ་བ་ལས་ཡོངས་རྫོགས་ཟིན་པ་དཀའ། ཡོངས་རྫོགས་ཟིན་པ་ལ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་དད་གུས་དག་སྣང་སྦྱོང་བཞིན། བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་བ་དང་རི་བོ་དགེ་ལྡན་པ་རྣམས་ཀྱིས་བསྟན་པའི་གཞི་བཟུང་། རྙིང་མ་བཀའ་བརྒྱུད་སོགས་གྲུབ་མཐའ་གཞན་རྣམས་ཀྱིས་བསྟན་པའི་ཟུར་བརྒྱན་ནས་ཐམས་ཅད་ཀྱིས་བཟུང་ན། ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་སྒོ་སྣ་ཚོགས་ནས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་འགྱུར་རམ་སྙམ་པས། དེ་ལྟར་དུ་མཛད་དུ་གསོལ་ཞེས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་བདག་གིས་ཐལ་མོ་སྦྱར་ནས་ལན་བརྒྱའི་བར་དུ་གསོལ་བ་འདེབས་པ་ལགས་སོ།། །། ༈ སྨྲས་པ། སངས་རྒྱས་རབས་བདུན་ལ་སོགས་ཕྱོགས་བཅུ་ཡི། །སངས་རྒྱས་ཡོངས་ལ་གུས་པས་གསོལ་བ་འདེབས། །སངས་རྒྱས་རྣམས་ཀྱི་གསུང་བཞིན་ཆོས་བྱས་ནས། །སངས་རྒྱས་གོ་འཕང་ཐོབ་པར་བྱིན་གྱིས་
རློབས། །སྟོན་པས་སྔོན་དུས་ཆོས་འཁོར་བསྐོར་བའི་དུས། །ཚིག་ལྷུག་ཚིགས་བཅད་གཉིས་ཀ་གསུངས་པ་བཞིན། །འདིར་ཡང་ཚིག་ལྷུག་རྣམས་ཀྱི་བར་སྐབས་སུ། །སླར་ཡང་ཚིགས་སུ་བཅད་ནས་དབྱངས་སུ་ལེན། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས་ཀྱི་ཆོས། །སྔར་ཡང་གསུངས་ཤིང་ཕྱིན་ཆད་གསུང་འགྱུར་ལ། །ད་ལྟ་ཡང་དང་ཡང་དུ་གསུང་ངོ་ཞེས། །མདོ་སྔགས་རྒྱ་བོད་མཁས་གྲུབ་མང་པོས་གསུངས། །སྡེ་སྣོད་གསུམ་ལས་གསང་སྔགས་རྒྱུད་སྡེ་མང་། །གསང་སྔགས་ནང་ནས་མ་རྒྱུད་ཤིན་ཏུ་མང་། །དེ་དག་ཀུན་ལས་ཤེས་རབ་རྒྱུད་མང་ཞེས། །ཇོ་བོའི་རྣམ་ཐར་ཡོངས་གྲགས་མ་ལས་གསུངས། །བྱང་ཆུབ་སེམས་དཔའ་དད་པ་ཕུན་ཚོགས་ལ། །སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིལ། །རྩིག་པ་ཤིང་རྣམས་ལས་ནི་ཆོས་འབྱུང་ཞེས། །དམ་ཆོས་ཡང་དག་སྡུད་པའི་མདོ་ལས་གསུངས། །གསང་སྔགས་རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །གསང་བདག་ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་ཞིང་བསྩལ་ཏོ་ཞེས། །རྒྱུད་ཀྱི་མཆོག་གྱུར་དཔལ་མཆོག་རྒྱུད་
ལས་གསུངས། །གཏེར་ཆོས་ཡིན་ཚད་ཐམས་ཅད་རྙིང་ཆོས་དང་། །གཏེར་ཆོས་འདོན་པའི་གཏེར་སྟོན་ཐམས་ཅད་པོ། །ཟོག་པོ་རྫུན་མ་ཞིག་ཡིན་མི་དགོས་ཞེས། །ཐམས་ཅད་མཁྱེན་པ་ཆོས་ཀྱི་རྡོ་རྗེས་གསུངས། །རྒྱ་གར་ཉན་ཐོས་སྡེ་པ་བཅོ་བརྒྱད་དང་། །བོད་དུ་དར་བའི་གྲུབ་མཐའ་མ་ལུས་པ། །འགྲོ་ཀུན་བདེ་ཐབས་ནང་པ་སངས་རྒྱས་ཀྱི། །ཆོས་ལུགས་ཡིན་པས་དག་སྣང་སྦྱང་བར་རིགས། །སྔོན་བྱོན་སྐྱེས་ཆེན་དམ་པ་མང་པོ་ཡིས། །མདོ་རྒྱུད་བསྟན་བཅོས་ཀུན་གྱི་གནད་བསྡུས་པའི། །ཁྲིད་ཡིག་མི་འདྲ་བརྒྱ་རྩ་ཕྱོགས་གཅིག་ཏུ། །རྗེ་བཙུན་གྲོལ་མཆོག་པ་ཡིས་བསྒྲིགས་ལ་ལྟོས། །མཁས་གྲུབ་ཉིས་འཛོམ་སྐལ་ལྡན་རྒྱ་མཚོ་ཡིས། །སྐྱེས་ཆེན་གོང་མའི་སྲོལ་འཛིན་གྲུབ་མཐའ་ཀུན། །སངས་རྒྱས་བསྟན་པ་འཛིན་མཁན་ཡིན་གསུངས་ནས། །ཕྱོགས་མེད་དག་སྣང་འབའ་ཞིག་མཛད་པར་གདའ། །རིང་བརྒྱུད་བཀའ་མ་ཉེ་བརྒྱུད་གཏེར་མ་དང་། །ཟབ་མོ་དག་སྣང་ཆོས་སྐོར་གང་ལ་ཡང་། །ཕྱོགས་མེད་དད་གུས་དག་སྣང་སྦྱོང་བཞིན་དུ། །གང་མོས་ཆོས་ལ་ཉམས་ལེན་བྱས་ན་ལེགས། །བོད་
དུ་དར་བའི་གྲུབ་མཐའ་ཕལ་ཆེར་ལ། །འགའ་རེས་ཕྱི་རོལ་པ་ལས་ལྷག་པར་དུ། །སྡང་བ་ཆགས་སྡང་གདོན་གྱིས་མྱོས་པའི་རྟགས། །ཆོས་མ་ཤེས་པའི་རང་མཚང་བསྟན་པ་ཡིན། །སངས་རྒྱས་བསྟན་པ་ཤིན་ཏུ་རྒྱ་ཆེ་བའི། །གྲུབ་མཐའ་རེ་རེས་ཁོས་བཟུང་སྙམ་ན་ཡང་། །རགས་འཛིན་ཙམ་ལས་ཐམས་ཅད་ཟིན་པ་དཀའ། །བསྟན་པ་ཡོངས་སུ་རྫོགས་པ་འཛིན་འདོད་ན། །ས་དགེ་གཉིས་ཀྱིས་བསྟན་པའི་གཞི་མ་གྱིས། །ཕྱག་རྫོགས་སོགས་ཀྱིས་བསྟན་པའི་ཟུར་བརྒྱན་ནས། །ཀུན་གྱིས་རྒྱལ་བའི་བསྟན་པ་ཟུང་ཞིག་ཅེས། །ཡང་ཡང་བསྐུལ་བས་དེ་བཞིན་འཛིན་པར་སྨོན། །བདག་ནི་དེང་ནས་སངས་རྒྱས་མ་ཐོབ་བར། །ཚེ་རབས་ཀུན་ཏུ་རྒྱལ་བ་སྲས་བཅས་ཀྱིས། །གསུངས་པའི་དམ་ཆོས་མ་ལུས་འཛིན་པ་དང་། །མཁའ་མཉམ་འགྲོ་ལ་ཕན་ཐོགས་འབྱུང་བར་ཤོག །རྣར་སྙན་ཡིད་འབབ་ཆོས་ཀྱི་གླུ་དབྱངས་འདི། །གསར་རྙིང་གྲུབ་མཐའ་གང་གིས་ཐོས་ན་ཡང་། །རྒྱུད་ཀྱི་ཆགས་སྡང་ཕྱོགས་རིས་ཀུན་ཞི་ནས། །ཆོས་ལུགས་ཡོངས་ལ་དག་སྣང་སྐྱེ་བར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
དེ་ཡང་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་བོད་དུ་ཉི་མ་ཤར་བ་ལྟར་གསལ་བར་མཛད་པའི་ཨོ་རྒྱན་རིན་པོ་ཆེ། ཇོ་བོ་རྗེ། རྗེ་རིན་པོ་ཆེ་རྣམས་ཐུགས་རྒྱུད་གཅིག་ཚུལ་ནི། ལྔ་བརྒྱའི་གཙུག་རྒྱན་ལྷ་གཅིག་ཇོ་བོ་ཨ་ཏི་ཤའི་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལྷའི་རྒྱལ་པོའི་སྐྱེས་རབས་ལས། མཁན་བརྒྱུད་དུ་མ་ཟད། དགེ་སློང་བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱི་དབང་ཕྱུག་དང་ལྡན་པ་དྲི་མེད་མཚོ་ལས་སྐྱེས་པའི་རྡོ་རྗེ་ནི་རྒྱ་གར་ནས་འདུལ་བ་འཛིན་པ་ཆེན་པོ་ཞིག་ཏུ་སྤྲུལ་པར་གྲགས་ཏེ། དཔལ་ཧེ་རུ་ཀའི་བཞེད་པ་ནི་ཁོ་བོ་ཁོ་ན་ཡིན་པར་བྱེད། གདུལ་བྱའི་དབང་གིས་བོད་འདིར་ལན་གཉིས་གསུམ་ཙམ་ཞིག་འོངས་ཏེ་སྤྲུལ་པའང་དེ་ལྟར་འགྱེད་དོ། །དེ་དུས་ཀྱི་ལོ་རྒྱུས་ནི་ད་ལྟའི་སྔགས་པ་ཕལ་ཆེ་བར་གྲགས་ཀྱང་། ཁྱེད་ཅག་ལ་ཤེས་འདོད་ཀྱང་མེད་པས་བསྟན་མི་འཚལ། ཞེས་དང་། གཞན་ཡང་ང་ཉིད་ཨོ་རྒྱན་པདྨར་བྱས་ཏེ་བོད་ཀྱི་ལྷ་འདྲེ་འདི་འདུལ་བའི་དུས་ཀྱི་ཆོས་རྣམས་ད་ལྟའི་སྔགས་པ་རྣམས་ལ་དར་བ་འདི་ཡིན་ཏེ། ཞེས་གསུངས། གཞན་ཡང་བཀའ་གདམས་གླེགས་བམ་
རིན་པོ་ཆེའི་རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་སོང་། །བོད་འདི་རྒྱལ་པོ་དག་ལ་ཚད་མར་བྱེད། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཨོ་རྒྱན་ཡུལ་དུ་ཇི་སྐད་སྨྲས་པ་བཞིན། །བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་བླ་མ་དྲི་མ་མེད་པ་ཨོ་རྒྱན་དུ་སྤྲུལ་ནས་བོད་ཁམས་ཀྱི་ལྷ་འདྲེ་འདུལ་བ་དང་། སྤྲུལ་པ་གཅིག་ནི་བལ་པོའི་མཐིལ་དུ་འགྲོ། ཞེས་བལ་པོ་པདྨ་བཛྲ་དང་། སྤྲུལ་པ་གཅིག་ནི་རྒྱ་གར་གནས་ཆེན་འགྲིམས། །ཞེས་དཔལ་ལྡན་ཨ་ཏི་ཤ་དང་། སྤྲུལ་པ་གཅིག་ནི་མདོ་ཁམས་སྨད་དུ་འགྲོ། །ཞེས་རྗེ་ཙོང་ཁ་པ་ཆེན་པོ་དང་ལྔ་ཀ་ཐུགས་རྒྱུད་གཅིག་པ་གླེགས་བམ་རིན་པོ་ཆེར་བཤད་པ་རྣམས་ལ་དགོངས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞལ་སྔ་ནས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །ཅེས་དང་།
དེ་བཞིན་དུ་རྗེ་འབར་ཆུང་བ་བཀྲ་ཤིས་རྒྱ་མཚོས། གཟི་བརྗིད་འོད་དཔག་མེད་མགོན་ཨོ་རྒྱན་རྗེ། །ཨ་ཏི་ཤ་དང་འཇམ་མགོན་བློ་བཟང་གྲགས། །ཡེ་ཤེས་གཅིག་ལས་རྣམ་འགྱུར་ཆུ་ཟླའི་གར། །ངེས་པ་སྙིང་ནས་རྙེད་པས་ལན་བརྒྱར་འདུད། །ཅེས་གསུངས་པ་རྣམས་ཚད་མར་བཟུང་ནས་ཨོ་རྒྱན་བཀའ་དྲིན་ཅན། མཉམ་མེད་ཇོ་བོ་རྗེ། འཇམ་མགོན་བླ་མ་རྣམས་ཀྱི་ཆོས་དང་བརྒྱུད་འཛིན་རྣམས་ལ་བཟང་ངན་ཕྱོགས་རིས་མེད་པར་དད་གུས་དག་སྣང་སྦྱོང་བཞིན་མཆོད་བསྟོད་བཀུར་བ་ལ་བརྩོན་པར་བྱའོ། །ཡང་རྗེ་རྒྱལ་བ་གཉིས་པའི་ལེགས་བཤད་ས་གསུམ་གྱི་སྒྲོན་མ་ལྟ་བུའི་ལམ་རིམ་བསྡུས་དོན་ལས། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ཡིས། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་
ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །ཞེས་གསུངས་པ་ལྟར་ཉམས་སུ་བླངས་ན། གཞན་ཆོས་ལུགས་གྲུབ་མཐའ་གང་ལ་ཡང་ལོག་ལྟ་མི་སྐྱེ་བར་གདམས་པར་ཤར་ནས། དད་གུས་དག་སྣང་འཆར་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྱད་ཆོས་ཡིན་ཏེ། བདག་གི་རྩ་བའི་བླ་མ་རྗེ་འཇམ་དབྱངས་རྒྱ་མཚོའི་ཞལ་ནས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་གང་གསུངས་ཚད་པོ་སེམས་ཅན་རྣམས་མངོན་མཐོ་ལྷ་མི་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཐབས་
ཤ་སྟག་ཡིན་ལ། དེ་དག་རྣམས་ཀྱི་བརྗོད་བྱའི་དོན་ཐམས་ཅད་ཚུར་བསྡུ་ན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུ་ལ། དེ་ཡང་སྐྱེས་བུ་ཆུང་ངུའི་སྐབས་ན་མངོན་མཐོ་ལྷ་མིའི་གོ་འཕང་དང་། སྐྱེས་བུ་འབྲིང་གི་སྐབས་ན་ངེས་ལེགས་ཐར་པ་ཙམ་དང་། སྐྱེས་བུ་ཆེན་པོའི་སྐབས་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐབས་ཡིན་པར་གོ་ནས་ཀུན་ལ་དད་གུས་དག་སྣང་སྐྱེ་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྱད་ཆོས་ཡིན་གསུངས། བདག་གི་ཡོངས་འཛིན་དགེ་བཤེས་ཆེན་མོའི་ཞལ་སྔ་ནས། ས་སྐྱ་རྙིང་མ་ཇོ་ནང་པ་སོགས་སུ་གང་ལའང་མ་གུས་པ་དང་བརྙས་སྨོད་གཏན་ནས་བྱ་མི་རུང་། ཐ་ན་བོན་གྱི་གཡང་འགུགས་བྱེད་པ་ལ་ཡང་། དེ་སེམས་ཅན་ལ་ཕན་པ་བསྒྲུབ་པའི་ཐབས་ཤིག་རེད། བོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་སེམས་ཅན་ལ་ཕན་པའི་ཐབས་གསུངས་པ་རེད་བསམ་ནས་དག་སྣང་སྦྱང་དགོས། བོད་འདི་ལ་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། མཁན་ཆེན་ཞི་བ་འཚོ་གཉིས་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་ཏེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་
འདྲེ་ཐམས་ཅད་དམ་ལ་བཏགས་ནས་ད་ལྟ་ཐམས་ཅད་ལ་ཆོས་བྱེད་རྒྱུ་ཡོད་པ་འདི་ཁོང་གི་དྲིན་ཡིན་གསུངས། ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལ་གཏན་ནས་སྨོད་མི་རུང་། སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ། སངས་རྒྱས་ཀྱི་མཛད་པ་ཡང་བསམ་གྱིས་མི་ཁྱབ་པས་ན་ཅི་འདྲ་ཡིན་མི་ཤེས། ཁྱད་པར་དུ་རྒྱུད་སྡེ་ནས་མུ་སྟེགས་ཅན་ལ་སྨོད་མི་བྱ་ཞེས་གསུངས་པས་དབང་བསྐུར་སོགས་ཐོབ་ནས་དེ་དག་ལ་སྨོད་མི་རུང་བའི་རྒྱུ་མཚན་ཕྱི་རོལ་པའི་ལྷ་དབང་ཕྱུག་ཆེན་པོ་སོགས་གསང་སྔགས་ཀྱི་སྣོད་རུང་གི་གདུལ་བྱ་ཡིན་པས་ནའོ། །བྱང་ཆུབ་ལམ་གྱི་རིམ་པའི་ཆེ་བ་བཞི་པོ་འདི་ལམ་རིམ་གྱི་གནས་སྐབས་ཀྱི་དགོས་པའི་ཕན་ཡོན་ཡིན་གསུངས། དེས་ན་རང་གི་རྩ་བའི་བླ་མའི་གསུང་བཞིན་གང་ལ་དད་གུས་དག་སྣང་སྦྱོང་བ་ལ་བརྩོན་པར་བྱའོ། །གཞན་ཡང་གོ་ཤཱཀ་གི་ལན་བསྟན་བཅོས་ལྟ་ངན་མུན་སེལ་ལས། ཀུན་བརྟགས་གྲུབ་པའི་ཆགས་སྡང་ལ་བརྟེན་ནས། །གཞན་ཕྱོགས་རིས་སུ་བཅད་ནས་སྨོད་བྱེད་པ། །དམ་ཆོས་སྤོང་བའི་ལས་ངན་གསོག་པ་ཡིན། །ཐར་འདོད་རྣམས་ཀྱིས་འཁྲུལ་མེད་ལམ་བཟང་ལ། །འབད་ཅིང་
དག་སྣང་ཕྱོགས་མེད་སྦྱོང་བ་འདི། །ནམ་གཞག་གཏན་གྱི་མདུན་མ་ཡིན་པར་གོ། །ཐར་འདོད་ཐར་པའི་ལམ་ལ་འགོད་པའི་ཕྱིར། །ལོག་རྟོག་ལུང་དང་རིག་པས་སེལ་བ་ནི། །བསྟན་ལ་ཕན་པའི་དགག་སྒྲུབ་ཡིན་མོད་ཀྱི། །རང་གཞན་གྲུབ་མཐའི་ཆགས་སྡང་ལ་བརྟེན་ནས། །སྐྱེས་བུ་དམ་པ་རྣམས་དང་དེ་ཡི་ལུགས། །སྨད་པའི་དགག་སྒྲུབ་འདི་རྣམས་དམྱལ་བའི་རྒྱུ། །ཐར་འདོད་རྣམས་ཀྱིས་དགག་སྒྲུབ་གནས་འདི་ལ། །བག་ཡོད་བསྟེན་ནས་བླང་དོར་མཛད་འཚལ་ལོ། །ཞེས་དང་། རྒྱལ་དབང་ལྔ་པ་རིན་པོ་ཆེས། རྒྱལ་ཀུན་ཤེས་རབ་རལ་གྲི་རྣོན་པོའི་མཚོན། །རྣམ་དཔྱོད་དཔུང་པས་བཏེགས་ནས་ཐུབ་བསྟན་གྱི། །ལོག་རྟོག་དྲྭ་བ་གཅོད་མཛད་ཙོང་ཁ་པ། །འཇམ་དཔལ་རྡོ་རྗེ་ངུར་སྨྲིག་ཟློས་གར་མཁན། །ཕྲ་ཞིབ་མཛངས་པའི་ནོར་བུ་ཀེ་ཏ་ཀས། །ལན་བརྒྱར་བགྲུངས་པའི་ཁྱོད་གསུང་དྭངས་པའི་ཆུར། །འཁྲུལ་པའི་རྙོག་མ་ཀུན་མཁྱེན་ཡེ་ཤེས་ཀྱིས། །ཕྲ་རབ་རྡུལ་ཙམ་གཟིགས་པའི་གནས་མ་གྱུར། །འོན་ཀྱང་བྱེ་བྲག་སྨྲ་བས་ཤེར་ཕྱིན་རྣམས། །ཐུབ་གསུང་མིན་ཞེས་རྒོལ་བ་ཇི་བཞིན་
དུ། །གཞུང་ལུགས་མང་ཐོས་མཁས་པ་གོ་ཤཱཀ་གིས། །རྒྱལ་བ་གཉིས་པའི་གསུང་ལ་རྣམ་པར་གཤུང་། །ཚུལ་དེར་མ་བཟོད་འཇམ་དབྱངས་ཆོས་དགའ་བས། །བློ་གྲོས་རྣམ་པར་ཡངས་པའི་བཤེས་གཉེན་དང་། །རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས། །རྩོད་ལན་རྡོ་རྗེ་ཐོག་གི་རྗེས་འགྲོ་མཛད། །ཕན་ཚུན་དམ་བཅའ་འགོག་པའི་ལུང་རིག་གིས། །ཐལ་འགྱུར་འཕེན་པ་རྒྱ་བོད་མཁས་པའི་ལུགས། །སྨོད་ཚིག་ཀུ་རེའི་ཚུལ་དུ་རྟོག་གེ་ཡི། །ངང་ཚུལ་ཡིན་གྱིས་འཁོན་དུ་འཛིན་རྣམས་རྨོངས། །གསུངས། རྒྱལ་སྲས་ཐོགས་མེད་རིན་པོ་ཆེས། ཆོས་ལུགས་ཐ་དད་འཛིན་པ་མང་པོ་རྣམས། ངེད་ཀྱི་ཆོས་འདི་ཁོ་ན་མཆོག་ཡིན། གཞན་རྣམས་དམན་པ་དང་ནོར་བ་ཡིན་གསུང་གིན་གདའ་ནའང་། དེ་རྣམས་ཀྱི་མཚན་ཉིད་ནི་མ་རྟོགས། ཆོས་དེ་རྣམས་ཉམས་སུ་བླངས་པ་ལ་གང་ཟག་བཟང་པོ་མང་པོ་བྱུང་བ་ཡིན་ཟེར་གྱིན་གདའ་བས། ཆོས་དེ་རྣམས་བཟང་པོ་ཡིན་ཡོང་སྙམ་པ་བྱུང་ལགས་གསུངས། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཉམས་མགུར་ལས། རྣམ་ཐར་གཙང་མ་དགེ་ལྡན་བཀའ་བརྒྱུད། །ཕྱོགས་རེ་འཛིན་པའི་
གྲུབ་མཐའ་མིན་ནོ། །མདོ་སྔགས་ཐམས་ཅད་གདམས་པར་ཤར་བའི། །བཤད་སྒྲུབ་བསྟན་པའི་ཉིང་ཁུ་ལགས་སོ། །ཨ་ཧོ་ཡེ་ཉིང་ཁུ་ལགས་སོ། །བདེ་ལ་མི་རྟོག་ཕྱག་རྒྱ་ཆེན་པོ། །ཞི་གནས་ལྟེངས་པོའི་ཚོམ་འཇོག་མིན་ནོ། །རང་སེམས་སྤྲོས་བྲལ་གནས་ལུགས་མཐོང་བའི། །བདེ་གསལ་སྒོམ་གྱི་རང་བབ་ལགས་སོ། །ཨ་ཧོ་ཡེ་རང་བབས་ལགས་སོ། །ཞེས་གསུངས་པ་རྣམས་ལ་གོ་རྒྱུ་ཆེན་པོ་འདུག་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་ལྟ་བུའི་ལམ་ལ་སློབ་པ་ལ་འབད་པར་བྱའོ། །ཡང་འཇམ་དབྱངས་ཁ་ཆེའི་པཎ་ཆེན་པུཎྱེ་ཤྲཱིས་མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་ཙོང་ཁ་བརྒྱད་ཅུ་པ་ལས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། །གསང་བའི་བདག་པོའི་སྙན་བརྒྱུད་གདམས་ངག་དང་། །མདོ་རྒྱུད་ལམ་གྱི་རིམ་པ་གསན་པ་ཡི། །བརྒྱུད་པའི་བཀའ་བབ་ཐོབ་པའི་ཙོང་ཁ་པ། །ཞེས་གསུངས་པ་ལྟར། རྗེ་བདག་ཉིད་ཆེན་པོས་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་མདུན་ནས་གསང་བདག་སྙན་བརྒྱུད་ཀྱི་གདམས་པ་སོགས་ཐོབ་ནས་བསྟོད་པ་མཛད་པ་ལས། རྒྱལ་བའི་གསང་བའི་མཛོད་འཛིན་རྡོ་རྗེ་
འཆང་། །དེ་ཡི་གསུང་རྒྱུན་བདུད་རྩིས་བློ་གྲོས་ལུས། །ལེགས་པར་རྒྱས་པའི་རྒྱལ་སྲས་འགྲོ་བའི་མགོན། །སྐྱེས་རྒུའི་གཙུག་གི་རྒྱན་ལ་གསོལ་བ་འདེབས། །གསང་བའི་བདག་པོ་དཔལ་ལྡན་བླ་མ་ཡིས། །བརྩེ་བས་བཟུང་ཚེ་བླ་མའི་ཡོན་ཏན་ཀུན། །ལེགས་པར་མཐོང་ཞིང་ཡིད་ཆེས་ཆེན་པོ་ཡིས། །ཐེ་ཚོམ་བྲལ་བའི་གསུང་བཞིན་སྒྲུབ་པར་ཤོག །ཅེས་ཐུགས་སྨོན་མཛད་པ་ལྟར་རྗེ་རིན་པོ་ཆེའི་ལྟ་བའི་དོགས་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་ཡི་དམ་ཕྱག་ན་རྡོ་རྗེ་ལ་ཞུས་པས། གཞོམ་མེད་ཀྱི་སྒྲ་ཞིག་གིས་ཞུས་ལན་བདུད་རྩི་སྨན་མཆོག་ཅེས་བྱ་བའི་གདམས་པ་བསྩལ་ནས་གནང་བའི་དུས་སུ། ནམ་མཁའ་ན་མཁའ་འགྲོ་མ་མང་པོས་མགྲིན་གཅིག་ཏུ། ལས་ཀྱི་རྡོ་རྗེ་བླ་མའི་མཆོག །ཕྱག་ན་རྡོ་རྗེ་ཡི་དམ་མཆོག །བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག །བློ་བཟང་གྲགས་པ་སློབ་མའི་མཆོག །ཅེས་བསྔགས་བརྗོད་གནང་བ་བྱུང་། ཁོང་ལ་ཕུལ་ནས་གཟིགས་པས་ལྟ་བའི་དོགས་པ་ཐམས་ཅད་ཆོད་ཚེ་ཐུགས་དགྱེས་ནས། གསང་བདག་གསུང་གི་བདུད་རྩི་ཡིས། །ཡིད་ཀྱི་རེ་བ་རྫོགས་པར་བྱས། །ཉོན་མོངས་ནད་ལས་རྒྱལ་བར་
གྱུར། །ལྕང་ལོ་ཅན་དུ་ཕྱིན་ནམ་སྙམ། །གསུངས། ཞུས་ལན་གྱི་ནང་ན་ཅི་གསུང་ཡོད་དམ་སྙམ་ན། དེའི་ཡིག་རྙིང་ཁུངས་ཐུབ་ཅིག་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཡེ་ཤེས་ཀྱི་ཌཱཀྐི་མ་ཐམས་ཅད་ཀྱི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག ཐེག་པའི་ཡང་རྩེ། སྨན་མཆོག་ཆེན་པོའི་སྒྲུབ་པ། སེམས་ཉིད་འོད་གསལ་གྱི་རྩད་ཆོད་གསུངས། ཡང་ལས་ཀྱི་རྡོ་རྗེ་རིག་པའི་ངོ་བོ་སྟོང་པ་འདི་སུས་ཀྱང་མ་བཅོས་པ་རྒྱུ་མེད་པ་རྐྱེན་མེད་པ་ཡེ་གདོད་མ་ནས་གནས་པ་ཡིན། འདི་ལ་བཅས་བཅོས་མ་བྱེད་པར། ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་མེད། དེ་བཞིན་དུ་རང་བཞིན་གསལ་བ་འདི་ཡེ་གདོད་མ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ་པ། དེའི་རྩལ་ཐུགས་རྗེ་འགག་མེད་གང་ཤར་ཡང་རང་བཞིན་གྱིས་རྡུལ་ཙམ་ཡང་མ་གྲུབ་པས། གསུམ་ཀ་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ཞེས་ཕྱག་ཆེན་ཇི་ལྟ་བ་བཞིན་གསུངས་འདུག་པས་ཀུན་གྱིས་ཚད་མར་བཟུང་ནས། འདི་ལྟ་བུའི་ཆོས་ཐམས་ཅད་ལ་དག་སྣང་སྦྱང་བར་
བྱའོ། །གཞན་ཡང་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་ཡི་དམ་ཕྱག་ན་རྡོ་རྗེས་དངོས་སུ་གསུངས་པའི་སྙན་བརྒྱུད་ཀྱི་གདམས་པའི་མཐར་ཐུག་བསྐྱེད་རྫོགས་བདུད་རྩིའི་ཐིག་པ་ལས། དངོས་འཛིན་འཁྲུལ་སྣང་མ་ཞིག་ན། །སྟོང་ཉིད་སྒོམ་པ་གོལ་སའི་གནས། །སྟོང་ཉིད་བློ་དང་མ་བྲལ་ན། །གཉིས་སྣང་ཆོས་ཀྱིས་གྲོལ་མི་ནུས། །སྐུ་ལྔ་བསྒྲུབ་བྱར་འདོད་པ་དང་། །དུག་ལྔ་སྤང་བྱར་འདོད་པ་དང་། །སངས་རྒྱས་ཐོབ་བྱར་འདོད་པ་དང་། །འཁོར་བ་སྤང་བྱར་འདོད་པ་སོགས། །དགག་སྒྲུབ་དེར་འཛིན་མ་ཆོད་ན། །ཡང་དག་སྙིང་པོའི་དོན་མི་རྙེད། །དམུས་ལོང་ནམ་མཁའི་མཐའ་འཚོལ་འདྲ། །ནམ་ཡང་འཁོར་བའི་གནས་སུ་འཁྱམས། །བློ་འདས་ཙམ་ལ་བློ་ཞེན་ཀྱང་། །བློས་བྱས་ཆོས་ཀྱིས་གྲོལ་མི་ནུས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ཟད་ཆོས་ཟད་ཐེག་པའི་རྩེ། །རང་སེམས་ཆོས་སྐུ་དངོས་མེད་ལ། །རིག་པའི་མིང་འདོགས་མ་མཛད་ཅིག །ལྟ་རྒྱུ་མེད་པའི་བྱང་ཆུབ་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྨྲ་བསམ་བརྗོད་མེད་ངང་ལ་ཞོག །བློ་ལས་འདས་པའི་ངང་ལ་ཞོག །བྱར་མེད་ངང་ལ་ལྷུག་པར་
ཞོག །ཞོག་ཅེས་བྱ་བ་བློ་ཡི་ཚིག །བཞག་དང་མ་བཞག་ཐ་སྙད་མེད། །མིང་མེད་རྗེས་མེད་རྟག་གཞི་བྲལ། །རྟག་ན་བློ་ནི་དབྱིངས་སུ་ཞི། །དགག་སྒྲུབ་སྤོང་ལེན་ཀློང་དུ་ཡལ། །སྤྲིན་ཚོགས་མཁའ་ལ་དེངས་པ་འདྲ། །རྣམ་རྟོག་མ་སྤངས་རང་སར་དག །ལར་ནི་ལྟ་སྒོམ་སྤྱོད་འབྲས་བཞི། །ལྟ་བ་ཞེ་འདོད་མེད་པར་གྱིས། །སྒོམ་པ་བློ་སྒོམ་འཛིན་པ་ཞིག །སྤྱོད་པ་བྱར་མེད་ཞེན་མེད་སྐྱོངས། །འབྲས་བུ་ཆོས་སྐུ་རང་ཆས་ལ། །གཞན་ནས་བསྒྲུབ་པའི་ཡིད་སྨོན་དོར། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་ཆོས། །རྒྱུད་འབྲེལ་མན་ངག་བརྗོད་མི་ལངས། །དེ་དག་ཐམས་ཅད་འདུས་པའི་བཅུད། །མར་གྱི་ཡང་ཞུན་ལྟ་བུ་ཡི། །མན་ངག་བདུད་རྩིའི་ཐིགས་པ་འདི། །བཅུད་མཆོག་སེང་གེའི་འོ་མ་འདྲ། །སྣོད་མཆོག་གསེར་བུམ་ལྟ་བུ་ཡི། །ལས་ཀྱི་རྡོ་རྗེ་ཁྱོད་ལ་བྱིན། །ཞེས་པ་ལ་སོགས་རྫོགས་ཆེན་གྱི་ཆོས་སྐད་གྲུབ་མཐའ་གཞན་དང་མ་འདྲེས་པར་ཡོད་པའི་ཕྱིར་ལམ་འདི་ཉིད་ཀྱིས་གྲུབ་པ་བརྙེས་པར་མ་ཟད། རྗེ་ཙོང་ཁ་པའང་དབུ་ཚད་ཀྱི་གྲུབ་མཐའ་འཇོག་སྐབས་མ་གཏོགས་ཉམས་བཞེས་ཕྱག་རྫོགས་
དང་མཐུན་ཚུལ་རྗེ་གུང་རུ་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བཤད་ཅིང་། དོན་དུའང་གྲུབ་ཆེན་ལ་ལྟ་བའི་སྒྲོ་འདོགས་བཅད་པའི་ཞུས་ལན་བདུད་རྩི་སྨན་མཆོག་ཏུ་བལྟས་པས་ཤེས་པར་ནུས་སོ། །དེ་ལྟར་མིན་ན་རྗེ་ཙོང་ཁ་པ་ཐ་སྙད་ཀྱི་གནས་ལ་མཁྱེན་རབ་ཆེ་བའི་ཕྱིར། གོ་ཡུལ་གྱི་ལྟ་བ་ཙམ་ལ་གྲུབ་ཆེན་བསྟེན་མི་དགོས་པའི་ཕྱིར་རོ་ཞེས་དགེ་རྩེ་རིན་པོ་ཆེས་གསུངས། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་གསུང་ཀུན་གྱིས་ཚད་མར་འཛིན་དགོས་ཏེ། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེའི་ཞལ་ནས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ནི། རྗེ་བདག་ཉིད་ཆེན་པོའི་བླ་མ་ཡིན་པས་དེ་རང་ཅག་རྣམས་ཀྱིས་ཁས་ལེན་དགོས་པ་ཡིན་ན། ཁོ་བོའི་རྒྱབ་སྐྱོར་ནི་དེ་ཉིད་ཡིན་གསུངས། རྗེ་རང་ཉིད་ཀྱིས་ཀྱང་ཉམས་སུ་བཞེས་ཏེ། ཁོང་གི་ཞལ་ནས། བདག་གིས་ཀྱང་མདོ་ཕྱོགས་ཀྱི་བཤད་པ་ཡོད་པ་རྣམས་ལ། ལོ་སྦྲེལ་གྱི་བར་དུ་ཐོས་པ་ཅུང་ཟད་བགྱིས་ཤིང་། མན་ངག་ཟབ་པར་གྲགས་པ་འགའ་ཡང་ཡང་ཞུས་པའི་མཐར། རྒྱལ་བ་སྲས་བཅས་ཀྱི་དགོངས་པ། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལ་ཚེགས་ཆུང་ཐར་
པར་འགྱུར། །ཞེས་གསུངས་པ་ལྟར་རིགས་ནས་སྒྲུབ་པ་ལ་མོས་པ་དྲག་པོ་བྱུང་གསུངས། དེས་ན་མན་ངག་ཟབ་པར་གྲགས་པ་ནི་གྲུབ་ཆེན་ལས་ཀྱི་རྡོ་རྗེས་གང་བསྩལ་པ་རྣམས་ཡིན་པར་ཐག་ཆོད། འོ་སྐོལ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཉམས་སུ་བླངས་ན་སྐལ་བ་བཟང་ངོ་། །བླ་མ་མཆོད་པ་ལས། སྒྲིབ་མེད་ལྷན་སྐྱེས་དགའ་བའི་རོལ་པ་དང་། །དབྱེར་མེད་བརྟན་གཡོ་ཀུན་ཁྱབ་ཀུན་གྱི་བདག །ཐོག་མ་མཐའ་བྲལ་ཀུན་བཟང་དོན་དམ་གྱི། །བྱང་ཆུབ་སེམས་དངོས་ཁྱོད་ལ་གསོལ་བ་འདེབས། །ཞེས་གསུངས་པར། དེའི་ཁྲིད་ཡིག་མན་ངག་གི་གཏེར་མཛོད་ལས། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་བརྟན་གཡོ་ཀུན་གྱི་བདག་པོ་དང་། དེ་བརྟན་གཡོ་ཀུན་ལ་ཁྱབ་པ་ལ་སོགས་པ་གསུང་འདི་དག་གི་དོན་ཤིན་ཏུ་རྟོགས་པར་དཀའ་ཞིང་། མ་རྟོགས་ན་བླ་མེད་ཀྱི་ལམ་གྱི་སྲོག་མི་རྙེད་ལ། རྟོགས་ན་ཤིན་ཏུ་དོན་ཆེ་ཞེས་དང་། འདི་ལྟ་བུའི་གསང་བའི་གནད་རྣམས་ནི། ལུང་ཙམ་སྐྱབས་སུ་གྱུར་པ་རྣམས་དང་། རྟོག་གེའི་རིག་པ་ལ་མཁས་པ་ཙམ་གྱིས་ཆ་ཙམ་ཡང་ཤེས་པར་མི་ནུས་ཀྱི། བླ་མ་དམ་
པའི་བཀའ་དྲིན་ཁོ་ན་ལ་རག་ལས་པར་གསུངས་ཏེ། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་ཡིས། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་ཤིང་། རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་། གཞན་གྱིས་བརྗོད་མིན་བདེ་ཆེན་ལྷན་སྐྱེས། །གང་དུ་ཡང་ནི་རྙེད་པ་མིན་པ། །ཁྱོད་ཞབས་བསྟེན་ཅིང་ཁྱོད་གསུང་ཐོས་པས། །མངོན་སུམ་འགྱུར་མཛད་བཀའ་དྲིན་ཟླ་མེད། །རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན། །བཀའ་དྲིན་ཆེན་པོ་སྙིང་ནས་དྲན་པའི། །སྒོ་གསུམ་དང་བས་གསོལ་བ་འདེབས་སོ། །སྒྲིབ་བྲལ་བདེ་སྟོང་དབྱེར་མེད་ལྷན་སྐྱེས། །མྱུར་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་གང་གསུངས་པ་ལྟར་རོ་གསུངས། །ཡང་གསང་བ་འདུས་པའི་རྩ་རྒྱུད་དུ། ཀུན་ཏུ་བཟང་པོ་ཞེས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་དང་ཡང་དུ་གསུངས་པ་ལྟར་ཡིན་གསུངས། ཡང་བདག་གི་རྩ་བའི་བླ་མ་རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེའི་གསུང་གི་ཟིན་བྲིས་ཀུན་གསལ་
ནོར་བུའི་མེ་ལོང་ལས། གཞི་དུས་ཀྱི་རླུང་སེམས་དབྱེར་མེད་དེ། སྤྲོས་པ་དང་བྲལ་བའི་ཆ་ནས་བདེ་བ་དང་། རང་བཞིན་གྱིས་མ་གྲུབ་པའི་ཆ་ནས་སྟོང་པ་སྟེ། དེ་ཉིད་དབྱེར་མེད་ཟུང་འཇུག་ཏུ་ཡོད་པ་དེ་ལ། གཞི་དུས་ཀྱི་བདེ་སྟོང་དབྱེར་མེད་ཟེར། །ཞེས་དང་། རླུང་སེམས་དབྱེར་མེད་ཅེས་པའི་རླུང་སེམས་ཁ་ཅིག་གིས་ཕྱི་རོལ་གྱི་རླུང་བ་སེར་བུར་ལྡང་བ་དེ་ལྟ་བུ་ཞིག་ཡོད་དམ་སྙམ་པ་ནི་མི་འཐད་དེ། སེམས་གསལ་རིག་དབྱེར་མེད་པ་དེའི་གསལ་བའི་ཆ་ནས་སེམས་དང་། ཡུལ་ལ་བྱ་བ་བྱེད་པའམ་རིག་པའི་ཆ་ནས་རླུང་དུ་བཞག་པ་ཡིན་ནོ་ཞེས་དང་། གཞན་ཡང་སྔགས་ཀྱི་སྐབས་སུ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ། བདེ་བ། གསལ་བ། སྟོང་པ། ཤེས་པ་ཐམས་ཅད་ཡིན་ཏེ། ངོ་བོ་ལ་དྲི་མས་མ་གོས་པས་འོད་གསལ་བ། རང་བཞིན་གྱིས་མ་གྲུབ་པས་སྟོང་པ། སྤྲོས་པ་དང་བྲལ་བས་བདེ་བ་ཆེན་པོ། སྣ་ཚོགས་སྣང་བའི་ཆ་ནས་སེམས་ཡིན་པས། ཚུལ་འདི་ལྟ་བུ་ལ་སྔར་བཤད་པ་ལྟར། མཚན་ཉིད་པས་རིག་པའི་རྒྱས་བཀབ་ནས་སྐུར་པ་འདེབས་མི་རིགས་ཤིང་། རྒྱལ་བ་
རྡོ་རྗེ་འཆང་གིས་ཉན་རང་དང་སྔགས་ལ་མ་ཞུགས་པའི་བྱང་སེམས་སོགས་ལ་ཡང་གསང་སྔགས་མི་སྟོན་པར་གསུངས་པ་ཡང་འདི་དག་བློ་ཡུལ་དུ་མི་ཤོང་བར་སྐུར་པ་འདེབས་པར་དགོངས་པ་ཡིན་པས། རང་ཅག་རྣམས་ཀྱིས་ཀྱང་དེའི་གནད་ཤེས་པ་གལ་ཆེ་གསུངས་སོ། །གཞན་ཡང་རང་ལུགས་ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་དང་། གཞན་མུ་སྟེགས་བྱེད་དང་བོན་པོ་སོགས་ཀྱི་གྲུབ་མཐའ་ལ་ཡང་སྡང་སེམས་ཀྱིས་སྨོད་པར་བྱེད་པ་དང་། ཁྱད་པར་དུ་ཡང་བོད་འདིར་ནི་སྔར་བཤད་པ་ལྟར་ས་དགེ་རྙིང་འབྲུག་སོགས་སོ་སོའི་གྲུབ་མཐའི་ཁ་འཛིན་བགྱིས་ཏེ། གཞན་དག་ལ་སྡང་ཞིང་སྨོད་པར་བྱེད་པ་ཆེས་མང་ལ། དེ་ལྟར་བྱས་ན་རྩ་ལྟུང་དྲུག་པ་འབྱུང་བ་ཡིན་པས། དེ་དག་གི་ལེགས་ཆ་བླངས་ཏེ་ཉམས་ལེན་དང་མོས་གུས་སོགས་མ་བྱས་ཀྱང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚུལ་ངེས་པར་བྱས་ནས་བཏང་སྙོམས་སུ་འཇོག་པར་བྱ་ཞེས་དང་། རང་གཞན་གྱི་གྲུབ་མཐའ་འཛིན་པ་གང་ཡང་རུང་སྟེ་བློ་གྲོས་ཀྱི་མིག་ཕྱོགས་ལྷུང་ལིང་ཏོག་གིས་ནོངས་པ་དག་གིས། འདི་ལྟ་བུ་ནི་སྔ་ཕྱིའི་གོ་རིམ་འཆོལ་བའོ་སྙམ་པ་དང་།
རྟོག་གེའི་ཚིག་སྐམ་དང་མི་མཐུན་ནོ་སྙམ་པ་དང་། རང་གི་གྲུབ་མཐའི་སྙིང་པོར་རློམ་པའི་དཔེ་ཆུང་རེ་གཉིས་དང་མི་མཐུན་པ་སོགས་རྒྱུ་མཚན་དུ་བྱས་ནས་དམ་པའི་གསུང་ལ་སྨད་པར་བྱེད་མི་རིགས་ཏེ། མདོ་སྔགས་ཀུན་ལ་ནང་བྱན་ཚུད་པའི་བདག་ཉིད་ཆེན་པོ་དག་གིས་ཟབ་མོའི་ཚིག་དོན་དང་གོ་རིམ་ཙམ་ལ་འཁྲུལ་པ་ཤེས་བྱ་ལ་མི་སྲིད་པས། ཞིང་དམ་པ་ལ་བརྟེན་ནས་རང་གཞན་གྱི་རྒྱུད་ལ་བསོད་ནམས་མ་ཡིན་པའི་ས་བོན་མི་འདེབས་པར་ཞུ། ཞེས་དང་། བདེ་ལམ་འཆད་པའི་སྐབས་སུ་ཡང་། སྤྱིར་གསར་རྙིང་ཀར་འབྲུག་སོགས་ཀྱི་གྲུབ་མཐའ་ཀུན་ལ་ཕྱོགས་ལྷུང་གིས་སྡང་ཞུགས་བྱེད་མི་རིགས་ཏེ། དེ་དག་རང་རང་གི་ལམ་ལ་བརྟེན་ནས་ཀྱང་སངས་རྒྱས་པའི་ཐབས་ཡོད་ལ། དེའི་ཕྱིར་ཆོས་སྤོང་གི་ལས་འགོག་པའི་སླད་དུ་ཁོ་བོས་ཀྱང་དུས་རྒྱུན་གྲུབ་མཐའ་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་སྦྱོང་དགོས་ཚུལ་ནན་གྱིས་ཞུས་པ་ཡིན་གསུངས་པ་ལྟར་གྲུབ་མཐའ་གང་ལ་དག་སྣང་སྦྱང་བར་བྱའོ། །ཛཱ་ཡ་པཎྜི་ཏས་གསན་ཡིག་གསལ་བའི་མེ་ལོང་ལས། སྤྱིར་ལུས་དག་པ་དེ་རིགས་འཇའ་
ལུས་གྲུབ་པ་མཁའ་སྤྱོད་གྲུབ་པ། ལྷག་མེད་དུ་གཤེགས་པ། འོད་སྐུར་གྲོལ་བ། འོད་སྐུར་ཡལ་བ། ཕུང་པོ་ཟག་མེད་དུ་གྱུར་པ་རྣམས་མིང་གི་རྣམ་གྲངས་ལས། རགས་པ་དོན་གཅིག་པ། ལ་ལ་ལུས་དེ་ག་དཔའ་བོ་མཁའ་འགྲོའི་བསུ་བ་དང་བཅས། དྲིལ་བུ་དང་ཌཱ་མ་རུའི་སྒྲ་ཁྲོལ་ལེ། ནམ་མཁར་ཇེ་མཐོར་ཇེ་མཐོར་གྱུར་པའི་ཚུལ་དང་། ལ་ལ་སྐྲ་སེན་ལ་སོགས་པ་ལུས་ཀྱི་སྙིགས་མ་རྣམས་བཞག་ནས་དྭངས་མ་འོད་སྐུར་ཡལ་བའི་ཚུལ་དང་། ལ་ལ་ན་བཟའ་སྤུང་ངེ་སློབ་དཔོན་པདྨ་གུང་ཐང་ལ་ཐོག་ནས་སྲིན་ཡུལ་དུ་གཤེགས་པ་ལྟ་བུ་བཅས་པའི་ཚུལ་དེ་དག་འཕགས་ཡུལ་གྲུབ་པ་ཐོབ་པ་བརྒྱད་ཅུའི་ནང་ནས། དཱ་རི་ཀ་པ་འཁོར་བདུན་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་པ་དང་། ཀུ་ཀུ་རཱི་པ་གྲོང་ཁྱེར་པི་ལ་ས་ཏྲུའི་སྐྱེ་བོའི་ཚོགས་མཐའ་ཡས་པ་དང་ལྷན་ཅིག་གཤེགས་པས་མཚོན་གྲུབ་ཆེན་བརྒྱད་ཅུ་པོ་ལས་རང་ཉིད་གཅིག་པུ་དང་། ལ་ལ་འཁོར་དང་བཅས་པ་ཕལ་ཆེར་སྐུ་ལུས་མ་སྤངས་པར་གཤེགས་པ་དང་། འཇིགས་བྱེད་ཆོས་འབྱུང་དུ་ལཱ་ལི་ཏ་བཛྲ་འཇའ་ལུས་བརྙེས་ནས་རྡོ་རྗེ་བཙུན་མོའི་ཞིང་དུ་
གཤེགས་པར་བཤད། བོད་དུ་ས་ལུགས་དཀར་པོ་རྣམ་གསུམ་ལ་རྗེ་བཙུན་རྩེ་མོ་དང་། བཀའ་བརྒྱུད་ཕྱོགས་ལ་རས་ཆུང་རྡོར་གྲགས་དང་རས་པ་ཞི་བ་འོད་སོགས་ལུས་དེ་ཉིད་དུ་མཁའ་སྤྱོད་ཉེ་ལམ་འགྲུབ་པ་བྱུང་སྐད་དང་། སྔ་འགྱུར་དུ་རྒྱ་གར་དུ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིདྷ་སོགས་པཎ་གྲུབ་རྣམས་དང་། བོད་དུ་བཻ་རོ་ཙཱ་ན་ནས་བཟུང་ཉང་ཤེས་རབ་འབྱུང་གནས་ཡན་གྱི་ཉེ་ལམ་རྫོགས་པ་ཆེན་པོའི་སྙིང་ཐིག་གི་བླ་བརྒྱུད་རྣམས་རྗེ་བླ་མའི་གསན་ཡིག་རིན་པོ་ཆེ་གང་གཱའི་ཆུ་རྒྱུན་དུ། འདི་ཡན་སྣང་གསུམ་ཟད་སར་འཁྱོལ་ནས་འཇའ་ལུས་གྲུབ་སྟེ་མཁའ་སྤྱོད་དུ་གཤེགས་པ་ཤ་སྟག་གོ་ཞེས་བཀའ་བསྩལ། གསུངས། སློབ་དཔོན་རིན་པོ་ཆེ་གྲུ་ཀྱ་གྲུབ་ཆེན་བློ་བཟང་དཀོན་མཆོག་གིས། ཕ་བོང་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་བྱ་བ་བཏང་བའི་ཚུལ་ཁྲིམས་སྒྲུབ་པ་འབའ་ཞིག་མཛད། གྲོངས་གདོང་། སེམས་གསལ་སྟོང་རིག་པ་ཧྲིག་གེ་བ། ཞེས་སོགས་ཞལ་གདམས་དང་། ཞག་ཤས་འཁྲིས་སུ་མི་ཡོང་བར་བསྒུལ་བསྐྱོད་སོགས་མ་བྱེད་ཅེས་གྲོངས་སོ། སླར་སྐུ་གདུང་ཡེར་
པར་བསྐྱལ་བའི་སྟ་གོན་མཐའ་དག་གྲུབ་པའི་ཚེ། ཕུང་པོ་འཇའ་ལྟར་དངོས་མེད་དུ་ཡལ་བས་རྗེས་འཇུག་རྣམས་གོ་དོན་ཆུང་བས། གྲོངས་པ་ལས་ཀྱང་ཁོང་རང་རྣམས་ཅ་ཀ་མ་དག་པ་ལྟ་བུའི་ཧ་ལས་པ་བྱུང་འདུག་ཅེས་གསུངས། དེ་བཞིན་དུ་སྙིགས་དུས་འདིར་ཡང་ས་དགེ་རྙིང་འབྲུག་སོགས་དབེན་པར་སྒྲུབ་ལ་གཞོལ་བ་མང་པོའི་ནང་ནས་རེ་གཉིས་རེ་འཇའ་ལུས་མཁའ་སྤྱོད་འགྲུབ་པ་དང་། གཤེགས་ཁར་ངོ་མཚར་བའི་ལྟས་བཟང་པོ་བསྟན་ནས་གཤེགས་པ་མཐོང་ཐོས་རྣམས་ལ་དད་གུས་དག་སྣང་སྦྱང་བར་བྱའོ། །ཡང་དེ་ཉིད་ལས། རང་ཕྱོགས་སོལ་བ་ལྟར་གྱུར་ཀྱང་དཀར་སྙམ་པ་དང་། གཞན་ཕྱོགས་དུང་ལྟར་སོང་ཀྱང་ནག་སྙམ་པའི་དབང་གིས། རང་གི་བླ་མ་གོང་མ་དག་གིས་ཡིག་ཆ་བཞག་པ་རྣམས་ཀྱི་ཚིག་དོན་གྱི་ཆ་ལ་སྐྱོན་ཞུགས་ཤིང་། བཅོམ་ལྡན་འདས་ཀྱི་དགོངས་པར་མ་སོང་ཡང་། དེ་ཉིད་ཤེས་བཞིན་དུ་ཞེན་ཁའི་དབང་གིས། ད་དུང་ལུང་དང་རིགས་པ་འབྲེལ་མེད་མང་པོ་དྲངས་ནས་སྒྲུབ་པ་དང་། གཞན་ཕྱོགས་ཀྱི་བླ་མ་གོང་མའི་ཡིག་ཆ་རྣམས་ལ་སྐྱོན་ཅུང་ཟད་མེད་ཅིང་། བཅོམ་ལྡན་འདས་ཀྱི་
དགོངས་པར་སོང་བ་མཐོང་ཡང་ད་དུང་ཀུན་སློང་ངན་པས། ལུང་དང་རིགས་པ་ལྟར་སྣང་མང་པོས་ཕྱིན་ཅི་ལོག་ཏུ་སྒྲུབ་ཨེ་ཐུབ་ལྟ་བ་དང་། དབང་ལུང་མན་ངག་གང་ཡང་རང་ཉིད་ཀྱི་མ་ཐོབ་བཞིན་དུ་གཞན་ལ་འཆད་པ་སོགས་མཐའ་ཡས་པ་ཞིག་མཐོང་ཞིང་ཐོས་གསུངས། དེས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་ལྟ་བུའི་གཏམ་ལ་ཡིད་རྟོན་མི་བྱའོ། །དཔོན་བྱང་པས་ཞུས་པའི་ལན། ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་ཕུལ་བའི་ཆོས་ཀྱི་ཤན་འབྱེད་ལས། ཡང་ཁྱེད་རྣམས་རྣམ་རྟོག་མ་འགག་པར་མི་རྟོག་ཡེ་ཤེས་མི་འཐོབ་པ་ལ་མཚར་དུ་རྩིས་ནས་རྣམ་རྟོག་འགག་པས་མི་རྟོག་པ་དེ་དག་གཏི་མུག་ཏུ་མཛད་པར་གདའ་བ། དེ་ལྟར་གང་ནས་བཤད་པ་ལགས་སམ། འདི་ཡང་བདེ་བར་གཤེགས་པའི་གསུང་རབ་ལས་ཆེས་ཕྱི་རོལ་ཏུ་གྱུར་པར་མངོན་ཏེ། རྣམ་པར་རྟོག་པ་ནི་སྒྲིབ་པ་གཉིས་ཀྱི་ངོ་བོར་གསུངས་པའི་ཕྱིར་དང་། རྣམ་རྟོག་འགག་པ་ཉིད་ལས་མི་རྟོག་ཡེ་ཤེས་ཐོབ་པར་གསུངས་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། རྒྱལ་བའི་ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་
པར་མི་རྟོག་པའོ། །རྣམ་པར་མི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་བྱང་ཆུབ་ཏུ་བརྗོད་དོ། །ཞེས་པ་ལ་སོགས་པ་དང་། འཕགས་པ་གསེར་འོད་དམ་པའི་མདོར་ཡང་། རིགས་ཀྱི་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་འཕགས་པའི་ཡེ་ཤེས་མེད་དོ། །ཞེས་པ་དང་། འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པར་ཡང་། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོགས་གསུངས་སོ། །ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང་། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །ཞེས་པ་ལ་སོགས་པ་དང་། དེའི་འགྲེལ་བར་འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང་། ལུས་ལ་ཡེ་ཤེས་ཆེན་པོ་བཞུགས། རྟོག་པ་ཐམས་ཅད་ཡང་དག་སྤངས་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲྭ་བ་དང་བྲལ་བ་ཞེས་པ་ངེས་པའོ། །ཞེས་གསུངས་སོ། །དཔལ་སམ་བུ་ཊི་ལས་ཀྱང་། ཀུན་རྟོག་ཐམས་ཅད་རྣམས་སྤངས་པ། །སྟོང་ཉིད་སྙིང་
པོ་ཁྱོད་ལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པ་དང་། རྟོག་པའི་གནས་ནི་སྤངས་ནས་སུ། །བློ་ལྡན་གང་ཞིག་མི་རྟོག་གནས། །ཐུགས་ཀྱི་རྡོ་རྗེ་གསུངས་པ་བཞིན། དེ་ལས་དངོས་གྲུབ་ཐེ་ཚོམ་མེད། །རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང་། །འགྲོ་དྲུག་རྒྱ་མཚོར་འཁོར་བར་འགྱུར། །རྟོག་པ་ལས་ནི་རྣམ་གྲོལ་ནས། །དྲི་མེད་ཞི་བའི་གནས་སུ་འགྲོ། །ཞེས་པ་དང་། རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དུ་ཡང་གསུངས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ངོར་རོ་གཅིག་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱིས་ན། ནམ་མཁའི་ཁམས་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། མི་རྟོག་པ་རྣམ་པར་མི་རྟོག་པ་ལགས་སོ། །ཞེས་པ་དང་།
རྟོག་པ་སྡུག་བསྔལ་རྒྱུར་འགྱུར་བ། །ཇི་སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ནི་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱ་འོ། །ཞེས་པ་དང་། དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པའི་རྒྱུད་དུ་ཡང་། །རྣམ་རྟོག་ཀུན་ནས་ཟད་པ་ལས། །ཡང་དག་ཡེ་ཤེས་བདེ་ཆེན་སྐྱེ། །ཞེས་གསུངས་ཤིང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ་ཡང་། རྟོག་དང་བྲལ་བའི་ཡེ་ཤེས་ནི། །སྔོན་གྱི་རྒྱལ་བ་མངོན་སངས་རྒྱས། །རྟོག་དང་བྲལ་བ་དེ་ལ་ནི། །གསང་སྔགས་འགྲུབ་པར་བསྟན་པ་ཡིན། །དེ་ཡི་འབྲས་བུ་རྣམ་དག་པ། །རང་བཞིན་གྱིས་ནི་འོད་གསལ་འགྱུར། །གང་ཞིག་རྟོག་པ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ་། །དེ་ལྟ་བས་ན་རྟོག་སྤངས་ལ། །སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །ཞེས་གསུངས་པ་དང་། མངོན་པར་བརྗོད་པ་འབུམ་པར་ཡང་གསུངས་པ། ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །སྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལ་སོགས་པ་གཞན་ཡང་གསུང་རབ་དྲི་མ་མེད་པ་རྣམས་སུ་རྣམ་པར་མི་རྟོག་པའི་བསྔགས་པ་རྒྱ་ཆེར་གསུངས་ཏེ།
འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་བ་ཆེན་པོའི་སྐུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་རྣམ་རྟོག་འགག་པའི་མི་རྟོག་པ་ཡིན་པའི་ཕྱིར། གཏི་མུག་ཡིན་པ་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང་། རྒྱལ་བ་བྱམས་པའི་ཞལ་སྔ་ནས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་པ་དང་། དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་ཤིང་། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་གསུངས་པ་དང་། སློབ་དཔོན་སེང་གེ་བཟང་པོས་ཀྱང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་པ་ལ་སོགས་པས་སྒྲིབ་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་
པར་གསུངས་པའི་ཕྱིར་རྣམ་པར་རྟོག་པ་འགག་པ་ན་སྒྲིབ་པ་ཟད་པ་ཉིད་ཡིན་ཏེ་ཞེས་གསུངས། དེས་ན་དེང་སང་ཁ་ཅིག་གིས་མི་རྟོག་པ་ཞིག་ཡིན་ཕྱིན་དྲན་མེད་བརྒྱལ་བ་གཉིད་མཐུག་དང་ཁྱད་མེད་ཅེས་ཟེར་བ་རྣམས་མདོ་སྔགས་ཀྱི་ལུང་འདི་དང་འདི་འདྲ་བ་མཐའ་ཡས་པ་དང་འགལ་བར་འགྱུར་བས་ཆོས་སྤོང་གི་ལས་ཚབས་ཆེན་མི་གསོག་པར་གང་ཟག་རྟོགས་པ་མཐོན་པོར་གྱུར་པ་རྣམས་ཀྱིས་འཇོག་སྒོམ་གཙོ་བོར་མཛད་པ་ལ་དད་གུས་དག་སྣང་སྦྱང་པར་བྱའོ། །ཡང་སྟག་ཚང་ལོ་ཙཱ་བས་རྗེ་རིན་པོ་ཆེ་ལ་འགལ་བའི་ཁུར་ཆེན་ལྟར་སྣང་བཅོ་བརྒྱད་བཏེགས་པའི་ཚིགས་བཅད་ནི། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །༡་ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་མེད་འགལ། །༢་ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ། །༣་རྗེས་དཔག་ཡོད་དང་སྒྲུབ་ངག་མེད་པ་འགལ། །༤་མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ། །༥་ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ། །
༦་རིགས་དྲུག་ཚད་མ་གདོས་བཅས་ཚད་གྲུབ་འགལ། །༧་སྐྲ་ཤད་མེད་དང་ཀླུང་ནག་ཡོད་པ་འགལ། །༨་རྫས་གྲུབ་མེད་དང་དངོས་པོ་ཡོད་པ་འགལ། །༩་གཞན་སྐྱེས་མེད་དང་ས་མྱུག་རྫས་གཞན་འགལ། །༡༠་བདེན་རྫུན་ཡོད་དང་ཡང་ལོག་མེད་པ་འགལ། །༡༡་ཡན་ལག་ལ་དཔྱད་བུམ་པ་མི་རྙེད་དང་། །སྐད་ཅིག་ལ་དཔྱད་ཞིག་ས་རྙེད་པ་འགལ། །༡༢་རང་རྒྱུད་སྨྲ་བས་རང་བཞིན་སྨྲས་པ་དང་། །རང་བཞིན་མེད་བློ་དེའི་ངོར་གྲུབ་པ་འགལ། །༡༣་ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། །༡༤་གཞུང་གཞན་ནས་འབྱུང་ཀུན་གཞི་རང་རིག་སོགས། །འགོག་ན་རང་ལུགས་དེ་དག་མི་འདོད་དང་། །སྡེ་བདུན་ལས་གསུངས་ཚད་མ་མི་འདོད་དང་། །རང་ལུགས་ཚད་མའི་རྣམ་གཞག་ཤེས་པ་འགལ། །༡༥་མི་རྟག་སོགས་རྟོགས་རྣལ་འབྱོར་མངོན་སུམ་དང་། །དེ་ཡིས་སྦྱོར་ལམ་རྟོག་པར་མི་སླེབས་འགལ། །༡༦་གཞན་སེམས་ཤེས་པ་ཡིད་མངོན་ཡིན་པ་དང་། །བདེན་བཞི་ཤེས་པ་རྣལ་འབྱོར་མངོན་སུམ་འགལ། །༡༧་ཀུན་མཁྱེན་ཡེ་ཤེས་ཆོས་
ཀུན་འཇལ་བ་ལ། །ཤེས་བྱའི་ཕྱེད་ལ་ཚད་མ་མིན་པ་འགལ། །༡༨་རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། །རྣམ་ཤེས་བདག་སྨྲའི་བུ་སེམས་ཡོད་པ་འགལ། །ཞེས་རྗེ་རིན་པོ་ཆེ་ལ་དགག་པ་བཏང་བ་དེའི་ལན། བླ་མ་བྱམས་པ་རིན་པོ་ཆེས་མཛད་པའི་རྡོ་རྗེའི་གཟེགས་མ་ལས། སླར་ཡང་འགལ་བའི་ཁུར་ཆེན་བཏེགས་པའི་ཚིགས་བཅད་ནི། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །དག་དང་མ་དག་ཀུན་རྫོབ་ཚད་གྲུབ་འདི། །རིགས་པ་དུ་མས་དཔྱད་ནས་འགོག་བྱེད་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །ཚིག་ཟུར་ཙམ་ཡང་ཞལ་བཞེས་མ་གནང་བའི། །བཅས་ལྡན་དགེ་སློང་རླབས་ཆེན་རྫུན་གསུང་འགལ། །མེ་ཕར་བུས་ན་སྨ་ར་ཚུར་ཚིག་པས། །རང་ཚིག་དངོས་འགལ་སྨྲ་བའི་སེང་གེར་འགལ། །རྗེས་དཔག་སྒྲུབ་ངག་ཡོད་མེད་གཉིས་ཀ་འགལ། །ཟླ་བའི་རྗེས་འབྲང་དེ་ཉིད་འགོག་པ་འགལ། །ཆོས་རྣམས་ཐམས་ཅད་ལྟོས་གྲུབ་ཡིན་པ་དང་། །རྡུལ་ཕྲན་ཆ་མེད་འདོད་ན་ཤིན་ཏུ་འགལ། །ལས་ཀྱི་ནུས་པས་བརྣག་ཡོད་ཅི་ཞིག་འགལ། །ཕྱོགས་སྔ་འགོག་རློམ་རང་ལུགས་འགོག་པ་འགལ། །
ཐ་སྙད་ཙམ་གྱིས་གཞན་དང་རང་མཚན་གྱི། །གཞན་གྱིས་ཁྱད་པར་མི་ཤེས་གཞན་འགོག་འགལ། །འབྲེལ་མེད་ཚིག་ཚོགས་འགལ་བའི་ཁ་གྲངས་ཙམ། །རིགས་པར་སྨྲ་བའི་མཁས་ལ་ཤིན་ཏུ་འགལ། །མི་འགལ་འགལ་བར་འཛིན་པ་རང་གི་སྐྱོན། །འབད་ནས་གཞན་ལ་བསྒྱུར་བར་བྱེད་པ་འགལ། །ཐལ་བ་འབྲེལ་མེད་རང་འཕངས་རང་གིས་འགོག །སྨྱོན་པ་མིན་པའི་སྐྱེ་བོ་ཀུན་དང་འགལ། །མི་རིག་བག་ཆགས་མ་རིག་པ་མིན་པས། །དེ་ཉིད་ཤེས་པར་སྒྲུབ་པ་ཁྱོད་ཉིད་འགལ། །བློ་གྲོས་ཆུང་ངུས་སྦྲང་བུ་གསོད་སྙམ་པས། །རྡོ་བས་ཕ་ཡི་ཀླད་པ་བཅོམ་ལ་ལྟོས། །འཇམ་དབྱངས་བླ་མར་གནོད་པ་བྱ་སྙམ་ནས། །ཟླ་བའི་ལུགས་ཀུན་སྙིང་ནས་སུན་འབྱིན་འགལ། །བཅོ་བརྒྱད་གྲངས་ཀ་ཚང་ཙམ་ཐལ་བ་ཡིས། །རང་མཚང་སྟོན་དང་མཁས་པར་རློམ་པ་འགལ། །ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་མི་མཁྱེན་དང་། །མ་རིག་པ་ཡིས་ཤེས་བྱ་ཕྱེད་འཇལ་འགལ། །རབ་ཏུ་མི་གནས་དབུ་མར་ནན་འཚེངས་ནས། །གཞི་མེད་བག་ཙམ་སྐུར་འདེབས་བྱེད་པ་འགལ། །ཞེས་ལུང་རིག་
གིས་བསྒྲུབས་ནས་ལན་རྒྱ་ཆེར་བཏབ་པ་རྣམས་ལ་བལྟས་ན་མཁས་པ་ཞིག་གིས་མི་འགལ་བ་ཞིག་ལ་འགལ་བ་ལྟར་སྣང་དུ་མ་འབུད་ཐུབ་ཅིང་། །འགལ་བ་ཞིག་ཀྱང་རིག་པས་མི་འགལ་བར་སྒྲུབ་ཤེས་པས། མཁས་པའི་དབང་པོ་རྣམས་ཀྱིས་གསུངས་པ་རྣམས་སྒྲ་ཇི་བཞིན་པར་མི་འཛིན་པར་དེ་ཡི་དགོངས་པ་བཙལ་ཤེས་ན། དེ་གཉིས་ཀྱང་དོན་གྱིས་འགལ་བ་མེད་པར་ཤེས་ནས་དད་གུས་དག་སྣང་སྐྱེ་བར་འགྱུར་རོ། །ཡང་། མཁས་མཆོག་དབྱིག་གཉེན་གྱིས། ཐེག་ཆེན་ནམ་མཁའི་པདྨོ་ལ། །ཀླུ་སྒྲུབ་བདུད་ཀྱི་སྤྲུལ་པ་བྱུང་། །ཕུ་བོའང་དེ་ཡི་རྗེས་སུ་འབྲངས། །གསུངས་པ་དང་། རྒྱལ་དབང་ལྔ་པས། ཀར་འབྲུག་བླ་མ་ཕོ་རོག་ཁྱུ་དང་འདྲ། །འོན་ཀྱང་པདྨ་དཀར་པོ་ཕུག་རོན་ཙམ། །གསུངས་སྐད། ཀུན་མཁྱེན་པད་དཀར་གྱིས། ས་སྟེང་འདི་ན་པད་དཀར་ཁོ་བོ་ཙམ། །ཨེ་ཡིན་མི་ཡིན་དྲང་པོར་ལྟོས་དང་གསལ། །གསུངས་སྐད། །ཡང་འགའ་རེས། རྒྱལ་དབང་ལ་སྐུ་བསྟོད་གསོལ་འདེབས་ཤིག་ཞུས་པས། ཟ་ཧོར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །འཕྱོང་རྒྱས་ལས་འཁྲུངས་སྐུ་ལ་འདས་འཁྲུངས་མེད། །
ད་ལྟ་ཀར་འབྲུག་གཉིས་ཀྱི་ཁ་གནོན་མཛད། །རྒྱལ་དབང་རིན་པོ་ཆེ་ལ་གསོལ་བ་འདེབས། །ཞེས་གསུངས་སྐད། །རྗེ་ཐུ་བཀྭན་རིན་པོ་ཆེ་ལ་གྲྭ་པ་འགའ་རེས། བླ་མ་རིན་པོ་ཆེ་རྣམ་གསུམ་ལ་སྐུ་བསྟོད་གསོལ་འདེབས་ཤིག་དགོས་ཞེས་ཞུས་པར། ཁོང་གི་ཞལ་ནས། མ་མོའི་དལ་ཤ་བཞེས་པའི་སྒོ་མང་པ། །རྒྱ་ནག་ཕུ་དུང་གྱོན་པའི་ལྕང་སྐྱ་བ། །ཚ་སྒོག་གཡེར་གསུམ་ཟ་བའི་ཐུ་བཀྭན་པ། །མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །ཞེས་གསུངས་ནས་བཞད་སྐད། གསུང་དེ་རྣམས་ཀྱི་རྒྱུ་མཚན་ལོ་རྒྱུས་རྣམས་ཤེས་ན། ལོག་ལྟ་མི་སྐྱེ་བར་མ་ཟད་དད་གུས་དག་སྣང་སྐྱེ་བའི་རྒྱུར་འགྱུར་ལ། དེ་བཞིན་དུ་བླ་མ་གཞན་གྱིས་ཟུར་ཟ་དང་དགག་པ་བཏང་བ་རྣམས་ཀྱི་དགོངས་པ་ལོན་ན་རབ། གལ་ཏེ་མ་ལོན་ཀྱང་བསྟན་འགྲོ་གཞན་ལ་ཕན་པའི་དགོངས་གཞི་འདྲ་ཅི་འདྲ་ཡོད་མི་ཤེས་སྙམ་དུ་གང་ལའང་ཁས་མ་གཏོང་བར་དག་སྣང་སྦྱང་བར་བྱའོ། །འཛམ་གླིང་སངས་རྒྱས་གཉིས་པ་མཉམ་མེད་ཇོ་བོ་རྗེས། དངོས་ཉམས་རྨི་ལམ་དུ། གསང་སྔགས་ཀྱི་རྒྱུད་མཐའ་ཡས་པ་གསན་པའི་ནང་
གི་དོན་དམ་པའི་རྒྱུད་དྲུག་ཅེས་པ་མཐར་ཐུག་འབའ་ཞིག་སྟོན་པ་དེ་རྣམས་བོད་དུ་བསྒྱུར་རྒྱུ་ཡིན་ན། རྙིང་མའི་རྫོགས་ཆེན་དང་། ཕྱག་ཆེན། དོ་ཧ་འདྲ་བ་རྐྱང་ཡིན་པར་སྣང་། དེང་སང་གང་ཟག་དབང་པོ་ཡང་རབ་ཅིག་ཆར་བའི་གང་ཟག་རིན་ཆེན་གསེར་ལས་དཀོན། རིམ་གྱིས་པ་མང་བའི་དབང་གིས། ངེས་དོན་གྱི་རྒྱུད་མང་པོའི་དགོས་པ་ཆུང་། དེ་བས་དྲང་དོན་མང་པོ་བསྒྱུར་བཤད་གནང་ན། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཤིང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཡུན་རིང་འབྱུང་བར་དགོངས་ནས། བོད་གངས་ཅན་གྱི་ལྷ་སྐལ་ཕྱག་ན་པདྨོའི་རྣམ་འཕྲུལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཉམ་མེད་ཇོ་བོ་ཆེན་པོ་ལ། དོ་ཧ་སོགས་ངེས་དོན་གྱི་ཆོས་མང་པོ་སྟོན་དུ་མ་བཅུག་སྟེ། ཇོ་བོའི་རྣམ་ཐར་དུ། ལྡོག་གི་ཚ་སྣར་བྱོན་ནས། གང་ཟག་གཅིག་གིས། ཅིག་ཆར་དུ་འཇུག་པའི་ངོར་དོ་ཧ་ཞུས་ནས་གསུངས་པ་ལ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས། མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། ཞེས་སོགས་རྣམས་བོད་ལ་མི་ཕན་པ་ཞིག་ཡོང་བ་འདྲ། འདི་བོད་དུ་མི་ལེགས་ཞུས་ནས་བཀའ་བསྡམས།
ཡང་མཆིམས་ཕུར། དྷེ་བ་རཱ་ཙ་དང་། ནཱ་ག་རཱ་ཙ་དང་། འགར་དགེ་བ། ལོ་ཙཱ་བ་དང་བཞིས་ཞུས་པས། དུག་གི་སྔགས་ཅན་དུག་གིས་མི་ཚུགས་བཞིན། །ཞེས་པའི་སྐབས་སུ། འབྲོམ་གྱིས་འདིས་བོད་ལ་གནོད་པ་ལས་མི་ཡོང་། ཕྱིན་ཆད་མི་གསུང་བར་ཞུ་ཞེས་གསོལ། ཡང་ཇོ་བོའི་ཞལ་ནས། ངས་ཕལ་ཆེན་པའི་སྡེ་ཞིག་གཟུགས་སམ་གསུངས་པ་ལ། དགེ་བཤེས་སྟོན་པས། བླ་མ་དེ་མི་མཛད་པར་ཞུ། བོད་དུ་འདི་མི་ལེགས་ཞུས་པས། ཇོ་བོའི་ཞལ་ནས། གསང་སྔགས་ཀྱི་སྡོམ་པ་དང་། དོ་ཧའི་གླུ་ལ་སོགས་པ་བཤད་དབང་ཡང་མེད། སྡེ་གཟུགས་དབང་ཡང་མེད་ན། ཁོ་བོ་བོད་དུ་འོང་བ་ལ་དོན་མ་མཆིས་གསུངས། ཐུགས་སྐྱོ་བ་ལྟར་མཛད་རུང་། འབྲོམ་སྟོན་པ་རིན་པོ་ཆེས་དེ་དག་རྣམས་འཛུག་ཏུ་མ་བཅུག་པས་ཇོ་བོའི་བསྟན་པ་རྒྱས་པའི་གྲོགས་སུ་སོང་གསུངས། དེས་ནས་གསང་སྔགས་ཀྱི་མཐར་ཐུག་དོ་ཧ་རྡོ་རྗེའི་གླུ་ལ་སོགས་པ། འདོད་ཡོན་མ་སྤངས་རྒྱན་དུ་རོལ་བཞིན། རྡོ་རྗེའི་གླུ་དང་གར་བྱས་གང་ཟག་དབང་པོ་ཡང་རབ་ཚེ་གཅིག་ལུས་གཅིག་ལ་འཆང་རྒྱ་བའི་
གདམས་པ་ཟབ་མོ་རྣམས་ལ་དད་གུས་དག་སྣང་སྦྱོང་བཞིན། རང་ཉིད་གང་མོས་ཀྱི་ཆོས་དེ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་བརྩོན་པར་བྱའོ། །གཞན་ཡང་རྒྱ་གར་ན་པཎྜི་ཏའི་ལྟ་བའི་རྩོད་པ་ཉན་པའི་སྐྱེ་བོ་འགའ་ཞིག་གིས་གླུ་བླངས་པར། མི་ཕམ་ཐོགས་མེད་ལྟ་བ་ནི། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །འཕགས་པ་ཀླུ་སྒྲུབ་ལྟ་བ་ནི། །ལ་ལའི་སྨན་དང་ལ་ལའི་དུག །ཅེས་སྨྲ་སྐད། ཀ་དཔེ་ལས། ཅིག་ཆར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །རིམ་གྱིས་པ་ཡི་སྨན་ཆེད་དེ། །ཅིག་ཆར་བ་ཡི་དུག་ཏུ་འགྱུར། །ཞེས་དང་། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས། ཁྱད་པར་ཡོད་དེ་བློ་ཁ་དམན་པ་ལ། །བློ་ཆེན་ཆོས་ལུགས་བསྟན་ན་མི་འཆུན་པས། །ཁོ་རང་བློ་དང་འཚམ་པའི་ཆོས་སྟོན་གཅེས། །བློ་བཟང་སྐལ་བ་ལྡན་ལ་གོང་མ་སྟོན། །ཅེས་དང་། ཡང་ཀ་དཔེ་ལས། གང་ཟག་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཆར་བ་ནི་བསྟན་པར་བྱ། །གང་ཟག་དང་པོའི་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །གསུངས། རྗེ་བཙུན་འཇམ་དབྱངས་ཀྱིས། རྗེ་རིན་པོ་ཆེ་ལ་སྟོང་ཕྱོགས་ལས་སྣང་ཕྱོགས་ལ་
གཙིག་སུ་ཆེ་དགོས་པར་ཡང་ཡང་གསུངས། སྐྱོབ་པ་འཇིག་རྟེན་མགོན་པོས། སྟོང་ཉིད་ལས་རྒྱུ་འབྲས། གསང་སྔགས་ལས་འདུལ་བ་སྟེ། དེང་སང་གདུལ་བྱ་ལ་ལྟོས་ནས། མི་ཟབ་པ་ནི་ཟབ་པར་གསུངས། རྟོགས་བྱའི་དོན་ཟབ་མོ་དང་། དེ་རྟོགས་པར་བྱ་བའི་ཐབས་གཉིས་ལས་ཐབས་གཙོ་གསུངས། རྗེ་བློ་བཟང་ཆོས་ཀྱི་ཉི་མས། མཐོན་པོའི་ལྟ་བ་དེ་ལྟ་བུ་ནི་ཨོ་རྒྱན་ཆེན་པོ་སོགས་སྔོན་བྱོན་པའི་དུས་སྐབས་བཟང་པོའི་གདུལ་བྱ་དབང་པོ་ཡང་རབ་ཏུ་གྱུར་པ་དེ་དག་གི་རྒྱུད་ཚོད་དང་འཚམ་པའི་དབང་གིས་མངོན་དུ་གྱུར་པར་སྣང་ཡང་། དེང་སང་གི་སྐྱེ་བོ་ཤེས་རྒྱུད་ཐ་མལ་ལས་ཅུང་ཟད་ཀྱང་མ་འཕགས་པ་དག་ལ། ལྟ་བ་མཐོན་པོ་དེ་ལྟ་བུའི་ཕན་པ་ལས་ཅིག་ཤོས་སུ་འགྱུར་བའི་ཉེན་ཆེ་བར་སེམས་གསུངས། དབོན་སྟོན་རིན་ཆེན་སྒང་པས། ཆོས་རྒྱུད་དང་འཚམ་པར་མི་བྱེད་པར། །ཐེག་པ་ལ་མཐོ་བསྙེགས་བྱེད་པ་འདི། །རྟ་རྒོད་ལ་བུ་ཆུང་བསྐྱོན་པ་འདྲ། །རང་རྒྱུད་དང་འཚམ་པ་འདི་གལ་རེ་ཆེ། །ཞེས་དང་། མདོ་ལས་ཀྱང་། བྱིས་དང་རྒན་གྱི་ཁ་ཟས་ཐ་དད་བཞིན། །དེ་ཡི་ཆོས་
ཀྱི་རང་བཞིན་ཐ་དད་དོ། །ཞེས་དང་། གཞན་ཡང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་དག་གིས་གནོད། །གསུངས། དེ་དག་རྣམས་ལ་དགོངས་ནས། རྗེ་བདག་ཉིད་ཆེན་པོས། དབང་པོ་ཡང་རབ་ཀྱི་ཆོས་ཕྱག་ཆེན་དོ་ཧ་སོགས་གདམས་ངག་ཟབ་མོ་རྣམས་གསང་ནས་ཐུགས་ཉམས་སུ་བཞེས་ཀྱང་། སྙིགས་དུས་འདིར་གང་ཟག་དབང་པོ་ཡང་རབ་དཀོན་པར་མཁྱེན་ནས་དོ་ཧ་སོགས་ལ་རྩལ་བཏོན་ནས་མ་གསུངས་པར། གང་ཟག་མཆོག་དམན་བར་མ་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་སྐྱེས་བུ་གསུམ་སོགས་ལམ་ཐུན་མོང་པ་དང་། ཐབས་ཀྱི་ཆ་ལ་རྩལ་བཏོན་ནས་གསུངས་པས། དེང་སང་བསྟན་འགྲོ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བ་འདི་ག་ལགས། རྗེ་རིན་པོ་ཆེས་མཛད་པའི་ས་གསུམ་གྱི་སྒྲོན་མེ་བྱང་ཆུབ་ལམ་རིམ་ཆེན་མོའི་ལྷག་མཐོང་སྟོན་པའི་ཐོག་མར། འདིར་ས་མཐོན་པོའི་ལྷག་མཐོང་རྣམས་རེ་ཞིག་གཙོ་བོར་མི་སྟོན་གྱི། སོ་སོ་སྐྱེ་བོའི་དུས་ཀྱི་བསྒོམ་པར་བྱ་བའི་ལྷག་མཐོང་གཙོ་ཆེར་སྟོན་པ་ཡིན་གསུངས། བར་ཞིག་ན། སེམས་འཕྲོ་བའི་ཡུལ་དང་འཕྲོ་མཁན་གྱི་སེམས་རྣམས་བརྟགས་
པ་ན་སྟོང་པར་རྟོགས་པ་དང་། སྟོང་པར་རྟོགས་པའང་བཙལ་བའམ་དཔྱད་པ་ན་སྟོང་པར་རྟོགས་པ་དང་། དེ་དག་ཀྱང་སྟོང་ཉིད་བསྒོམ་པའི་ཚེ་བྱེད་པར་གསུངས་ཤིང་དཔྱད་ནས་སྟོང་པར་རྟོགས་པ་དེས་མཚན་མེད་ཀྱི་རྣལ་འབྱོར་ལ་འཇུག་པར་གསུངས་ཞེས་པ་དང་། མཇུག་ན། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་མང་དུ་དཔྱད་པའི་དཔྱད་པ་དེ་ཉིད་ཀྱིས་གནས་ཆ་བརྟན་པོ་རྙེད་པ་ནས་ལྷག་མཐོང་ཐོབ་ནས་འོང་བས་ཟུང་འབྲེལ་ཀྱང་དེ་ནས་འཇོག་པ་ཡིན་ནོ། །ཞེས་དང་། འདི་དག་གི་སྒོ་ནས་ཞི་ལྷག་གི་སྐྱོང་ཚུལ་ལའང་ཁྱད་པར་དུ་མ་ཞིག་དབྱེ་དགོས་པར་སྣང་མོད་ཀྱང་ཚིག་མང་བས་འཇིགས་ནས་མ་བྲིས་སོ་གསུངས། ལེགས་བཤད་གསེར་འཕྲེང་ལས། ཆོས་ཉིད་ལ་མཐའ་བཞི་ལ་སོགས་པའི་སྤྲོས་པ་གང་དུའང་མི་འཛིན་ཞིང་། དེ་མཐའ་དག་ཉེ་བར་ཞི་བ་ཙམ་ལ་སྤྲོས་བྲལ་ལམ། གཤིས་ལུགས་མཐོང་ཞེས་བཏགས་པ་ཙམ་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །ཞེས་སོགས་དྲངས་པ་དང་། རིམ་ལྔ་གསལ་སྒྲོན་ལས། བྲམ་ཟེ་ཆེན་
པོའི་དོ་ཧ་སོགས་ཀྱང་སྔར་བཤད་པའི་ལམ་མཐོན་པོའི་སྐབས་དེ་དག་ཏུ་སྤྲོས་པ་གཞན་དོར་ནས། ལྷན་སྐྱེས་ཡེ་ཤེས་ཀྱི་སྐོར་ཉིད་སྙིང་པོར་བྱས་ཏེ་སྐྱོང་དགོས་པའི་ཚུལ་སྟོན་པ་ཡིན་གསུང་། པཎ་ཆེན་རིན་པོ་ཆེས་མཛད་པའི་ཕྱག་ཆེན་ཡང་གསལ་སྒྲོན་མེ་ལས། རྗེ་ཐམས་ཅད་མཁྱེན་པའི་གསལ་སྒྲོན་སོགས་སུ་དོ་ཧ་སོགས་ནས་གསུངས་པ་ནི་སྔགས་ལམ་མཐོན་པོའི་ཉམས་ལེན་ཡིན་གསུངས་པ་བཀའ་གཞན་དུ་མི་འགྱུར་བ་ཡིན་ཏེ། ཞེས་གསུངས། ཁྲི་གུང་ཐང་པ་རིན་པོ་ཆེས། ས་རྙིང་བཀའ་བརྒྱུད་པ་སོགས་ལྟ་བར་གྲགས་ཚོད་དང་བསྟུན་ནས་དགག་བཞག་བྱས་པ་ཡིན་གྱི། རྩ་བའི་སློབ་དཔོན་རྣམས་ཀྱི་བཞེད་པའི་དབང་དུ་བྱས་ན་ལྟ་བའི་དབྱེ་བ་ཆེར་མེད་དོ་གསུངས། ཡང་སྔ་རབས་པ་རྣམས་ཀྱིས་གློད་རབ་ཅེས་བཤད་པ་ལ། ཁྲི་གུང་ཐང་པ་རིན་པོ་ཆེས། སྔགས་ཀྱི་རྟོགས་པ་མཐོན་པོར་སོང་བའི་སྐབས། དེ་འདྲའི་དུས་ཤིག་ཀྱང་ཡོད་དམ་སྙམ། འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་པ་འདི་ས་ར་ཧའི་གསུང་ཡིན་ཞིང་། དཔེར་ན་སྐུད་པ་ལྟ་བུ་ཧ་ཅང་གྲིམ་དྲགས་པས་མདུད་
པ་བྱུང་བ་དེ་གློད་ན་རང་བབས་སུ་ཞིག་འགྲོ་བ་བཞིན། སེམས་རྣམ་རྟོག་གིས་བཅིངས་པ་མ་བཅོས་པར་བཞག་ན། སེམས་ཀྱི་ངོ་བོར་རང་ཡལ་དུ་འགྲོ་གསུངས། འོ་ན་རྫོགས་ཆེན་གྱི་ལྟ་བ་དེ་གང་དང་མཐུན་སྙམ་ན། དབུལ་མ་ཐལ་འགྱུར་བའི་ལུགས་ཀྱི་རང་སྟོང་དབུ་མ་དང་། གཞན་སྟོང་དབུ་མ་གཉིས་ཀྱི་གཞན་སྟོང་དབུ་མ་དང་མཐུན། རགས་པ་ཕྱི་ཡི་དབུ་མ་དང་ཕྲ་བ་ནང་གི་དབུ་མ་གཉིས་ཀྱི་ཕྲ་བ་ནང་གི་དབུ་མ་དང་མཐུན། ཆོས་འཁོར་རིམ་པ་གསུམ་གྱི་འཁོར་ལོ་ཐ་མ་དང་མཐུན་ཞེས་དབུ་མའི་རྣམ་ངེས་བདེ་གཤེགས་སྙིང་པོའི་རྒྱན་ལས་གསུངས། མཉམ་མེད་པོ་ཏོ་བའི་གསུང་སྒྲོས་དཔེ་ཆོས་རིན་ཆེན་སྤུངས་པ་ལས། སློབ་དཔོན་ཀླུ་སྒྲུབ་དང་། ཐོགས་མེད་ནས་བརྒྱུད་པ་བར་མ་ཆད་པ། གདམས་ངག་བུམ་པ་གང་བྱོས་ལྟ་བུ། ཐམས་ཅད་མཁྱེན་པའི་ལམ་ཚང་ལ་མ་ནོར་བ་འདི་ལ་བརྩོན་འགྲུས་རབ་ཏུ་བརྩམས་ན། ཚེ་འདི་ཉིད་ལ་མཐོང་ལམ་སྐྱེ། བརྩོན་འགྲུས་འབྲིང་བར་དོར་སྐྱེ། བརྩོན་འགྲུས་ཐ་མས་ཀྱང་སྐྱེ་བ་བདུན་ལ་སོགས་པ་བརྒྱུད་ནས་སྐྱེ་སྟེ། མཐོང་ལམ་སྐྱེས་པ་དེ་ག་ལ་ཕྱག་
རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཟེར་བ་ཡིན་གསུངས། དེ་ལ་ཡང་མཉམ་གཞག་གཙོ་བོར་བྱེད་པ་དང་། རྗེས་ཐོབ་གཙོ་བོར་བྱེད་པ་གཉིས་ཡོད་པས། དེ་གཉིས་ལམ་ཆོད་གང་ཆེ་ཞེ་ན། མཐོང་ལམ་སྐྱེ་བ་ལ་མཉམ་གཞག་གཙོ་བོར་བྱེད་པ་མྱུར། མཐོང་ལམ་སྐྱེས་ནས་ཡང་རྗེས་ཐོབ་གཙོ་བོར་བྱེད་པ་ཆོད་ཆེ་གསུངས། འོ་ན་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་དུས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་དགོས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་སངས་རྒྱས་པའི་དུས་གྲངས་མེད་གསུམ་ངེས་པ་ཅན་དུ་འདོད་པ་འདི་ནི། ཐེག་པ་ཆུང་ངུ་དངོས་པོ་སྨྲ་བའི་ལུགས་ཡིན་ཏེ། འདིས་གང་ཟག་གི་བློ་ཕྱོགས་གཅིག་ཏུ་མ་ངེས་པས། འཚང་རྒྱ་བའི་དུས་ལ་ངེས་པ་མེད་དེ། རྟག་ཏུ་ངུ་དང་ནོར་བཟང་ལ་སོགས་བཞིན། ཞེས་པ། འཕགས་པ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བའི་ཚེ། ཉིན་མོ་དང་མཚན་མོ་ཡིད་ལ་མ་བྱས། བཀྲེས་པ་དང་སྐོམ་པ་ཡིད་ལ་མ་བྱས། ཚ་བ་དང་གྲང་བ་ཡིད་ལ་མ་བྱས། ལུས་དང་སྲོག་ལ་མ་བལྟས་པར་བཙལ་ཞིང་བསྒོམས་པས། ཚེ་གཅིག་ལ་ལམ་བཞི་རྒྱུད་ལ་སྐྱེས་པ་ཡིན་
གསུངས། ཚོང་དཔོན་གྱི་བུ་ནོར་བཟང་གིས། ཚེ་གཅིག་ལ་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་གཉིས་བསྟེན་ནས། དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་བཞིན་དུ་བརྩོན་འགྲུས་ཆེན་པོས་ནན་ཏན་བྱས་པས། ཚེ་གཅིག་གི་དོན་ཐམས་ཅད་གྲུབ་པ་ཡིན་གསུངས། གཞན་ཡང་འཕགས་པ་ཀུན་དགའ་བོས། ཉིན་གཅིག་བསྒོམས་པས་འཕགས་པ་དགྲ་བཅོམ་པ་ཐོབ་པའི་གཏམ་རྒྱུད་དང་། སློབ་དཔོན་ལྭ་ཝ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཨའི་གདམས་ངག་བསྒོམས་པས། ནུབ་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ལོ་རྒྱུས་སྦྱར། དེར་མ་ཟད་དེ། དབུས་སུ་རྣལ་འབྱོར་པ་ཕྱག་པ་ཁྲི་མཆོག དགུང་ལོ་སུམ་ཅུ་པ་ལ་ཇོ་བོ་རྗེ་དང་མཇལ་ནས་གདམས་ངག་ཞུས་ནས་སྒོམ་པའི་ཚེ་ན། ཇོ་བོའི་ཞལ་ནས། དུས་དེ་རིང་ནས་མིང་ཡིད་ལ་མ་བྱེད། རུས་ཡིད་ལ་མ་བྱེད་པར་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་སྒོམས་ཤིག་གསུངས་པས། ཁོང་གིས་ཀྱང་དེ་བཞིན་མཛད་པས། དགུང་ལོ་སུམ་ཅུ་རྩ་ལྔ་པ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས།
རྩིག་པ་དང་རྭ་བ་ལ་ཐོགས་པ་མེད་པ་ཞིག་བྱུང་སྐད། དེས་ན་རང་རེ་ལ་དོན་ཕྱིན་ཅི་མ་ལོག་པ་ཞིག་སྐྱེས་ཕྱིན་ལམ་ལ་འབད་རྩོལ་བྱེད་མ་ནུས་ཀྱང་། དབང་པོ་ཐ་ཤལ་གཅིག་མ་གཏོགས་པ་ཚེ་གཅིག་གིས་མཐོང་ལམ་སྐྱེ་རུ་བཏུབ། མཐོང་ལམ་སྐྱེས་ན། ས་ལམ་ཤུགས་ལ་བགྲོད་པ་ཡིན་གསུངས། སྡུད་པ་ལས་ཀྱང་། ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་འདྲེན་པ་རྣམས་ཀྱི་བྱང་ཆུབ་འཐོབ། །ཅེས་དང་། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི། འདོད་ན་ཞག་བདུན་གྱིས་ཀྱང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་དང་། རྫོགས་རིམ་གྱི་རྣམ་བཤད་རྡོ་རྗེ་གསལ་བྱེད་ལས། གཞན་ཡང་འདི་སྙམ་དུ་སེམས་ཏེ། གསང་འདུས་རྩ་རྒྱུད་ལས། ལུས་དང་ངག་སེམས་རྡོ་རྗེ་ལ། །རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ། །ལུས་དང་ངག་སེམས་ལ་སྤྲོས་བས། །རྡོ་རྗེ་འཇམ་པ་འདྲ་བར་འགྱུར། །ཞེས་གསུངས་ཤིང་། དེའི་འགྲེལ་པ་སྒྲོན་གསལ་ལས། རྡོ་རྗེ་འཇམ་པ་ནི་ཡིད་ཀྱི་རང་བཞིན་གྱི་སྒྱུ་མའི་
སྐུ་དང་། དེ་རང་གི་ལུས་ངག་ཡིད་གསུམ་བསྒོམ་པར་མ་ཟད་ཁམས་གསུམ་ལུས་ངག་ཡིད་གསུམ་ལ་སྤྲོས་ནས་བསྒོམས་པས་རྡོ་རྗེ་འཇམ་པ་དང་འདྲ་བར་འགྱུར་བ་དང་། ཞེས་པ་ནས། སོ་སོའི་སྐྱེ་བོ་རྣམས་ཀྱིས་མི་མཐོང་ཞིང་མི་རེག་པས་ན་ཏིང་ངེ་འཛིན་འདི་ནི་མི་སྣང་བ་ཞེས་བྱའོ། །ཞེས་པའི་བར་གྱིས་རིམ་པ་གསུམ་པའི་སྒྱུ་ལུས་གྲུབ་པའི་ཡོན་ཏན་བཤད་ནས། དེའི་ཚེ་རང་གི་ལུས་ངག་ཡིད་གསུམ་སྒྱུ་ལུས་སུ་བསྒོམ་ཞིང་དངོས་གནས་ལ་གྲུབ་པ་དེ་བཞིན་དུ། ཁམས་གསུམ་འགྲོ་བ་གཞན་རྣམས་ལ་ཡང་སྤྲོས་ཏེ་བསྒོམས་པས། རང་དང་འདྲ་བའི་ཡོན་ཏན་དངོས་གནས་ལ་འཐོབ་པར་གསུངས་པས། འདི་དག་དང་གནད་གཅིག་པ་རྫོགས་ཆེན་གྱི་ཆོས་ཉིད་ཟད་པའི་སྣང་བའི་མགོ་རྩོམ་པ་ན་སྐྱེ་བ་ལ་དབང་བས། སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་ཐམས་ཅད་གཅིག་ཏུ་གྲོལ་བའི་མཐུ་ཆེན་པོ་ཐོབ་པར་གསུངས་པ་གནད་གཅིག་སྟེ། ཕ་རོལ་པོ་དེ་དག་གིས་ལམ་མ་བསྒོམས་ཀྱང་། ལམ་སྒོམ་་པའི་རྣལ་འབྱོར་དེ་དང་། ལས་ཀྱི་རྒྱུ་བ་གཅིག་པའི་རྟེན་འབྲེལ་ལ་བརྟེན་ནས། ས་ལམ་གྱི་
རྟོགས་པ་ཐམས་ཅད་སྐད་ཅིག་མ་འགའ་ཞིག་ལ་རྫོགས་པར་བྱས་ནས་གྲོལ་བ་འཐོབ་པ་འཚང་རྒྱ་བ་ཡོད་ཅིང་། དཔེར་ན་ཧེ་རུ་ཀས་དྲག་པོ་བཏུལ་བའི་དུས་སུ། དྲག་པོས་རླུང་དབུ་མར་འཇུག་པའི་སྡུད་རིམ་སྔོན་དུ་འགྲོ་བ་དང་། དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་སོགས་བགྱིས་པ་ལ་མ་ལྟོས་པར། དུས་མྱུར་བའི་སྐད་ཅིག་ཉིད་ལ། ས་འོག་ཏུ་སངས་རྒྱས་པར་བདེ་མཆོག་གི་གླེང་གཞི་རྣམས་ལས་འབྱུང་ཞིང་། རྡོ་རྗེ་དབྱིངས་ཀྱི་རྒྱལ་པོ་ཆེན་པོའི་གླེང་གཞི་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་དྲག་པོ་དབང་ཕྱུག་ཆེན་པོ་འགུག་པའི་ཆེད་དུ། རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་སོགས་མངགས་པ་ན། དེ་དག་གིས་མ་ཐུབ། རྡོ་རྗེ་འབེབས་པ་མངགས་པས་དབང་ཕྱུག་ལ་དབང་མེད་དུ་ཡེ་ཤེས་བབས་ཏེ། རང་གིས་རང་ལ་བརྡེག་ཅིང་འཚོག་པར་གྱུར། དེར་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་བསྒྲལ་བ་ལས་དབང་ཕྱུག་སྐད་ཅིག་ལ་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་ཐལ་བའི་དབང་པོར་གྱུར། སླར་ཡང་སྔར་གྱི་ལུས་ལ་བཀུག་ནས་སེམས་ཅན་གྱི་དོན་མཛད་པ་སོགས་མཆིས་གསུངས། རྗེ་དྭགས་པོ་ལྷ་རྗེས།
དགེ་བཤེས་སྙུག་རིམ་པ་ལ། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་སྤུ་ཙམ་མེད་པ་ཞིག་དགོས་པ་ཡིན་གསུངས། མཉམ་མེད་པོ་ཏོ་བའི་གསུང་སྒྲོས་བེའུ་བུམ་སྔོན་པོ་ལས། བྱ་རྙི་ལས་ཤོར་བའམ། མི་བཙོན་ལས་ཤོར་བ་ཅི་ལ་ཡང་ཕྱི་མིག་མི་ལྟ་བར་འབྲོས་པ་ལྟར། ཚེ་འདི་དང་ཕྱི་མ་ལ་སོགས་པ་གང་ལ་ཡང་མི་ཆགས་པར། ཐ་མལ་བའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས། ཐམས་ཅད་མཁྱེན་པ་འཐོབ་པར་བྱེད་པའི་བསམ་པ་དང་མ་བྲལ་བ་གཅིག་གིས་སྒྲུབ་པ་ལ་འབད་ན། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་ཉེ་རིང་མེད་པར་གཉིས་ཀ་ཤིན་ཏུ་མྱུར་བ་ཡིན་གསུངས། དེས་ན་དེ་འདྲ་བའི་གསུང་གང་ལ་ཡང་། གཞུང་གཞན་དང་འགལ་བར་འདུག་སྙམ་ནས་ལོག་ལྟ་སྤུ་ཙམ་ཡང་མི་བྱ་བར་དག་སྣང་སྦྱོང་བཞིན་དེ་ལྟར་བྱའོ། །ཁྲི་གུང་ཐང་པ་རིན་པོ་ཆེས། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་འདྲེན་ཚུལ་ཡོངས་གྲགས་རྒྱུད་བླ་མའི་དངོས་ཟིན་ལྟར་དང་། དེར་ཅུང་ཟད་མི་འདྲ་བ། རིན་ཆེན་ཕྲེང་བ་ལས། ཆོས་ཀྱི་འཁོར་ལོ་
བསྐོར་བ་དང་། ལྷ་རྣམས་ཀུན་ལས་བབ་པ་དང་། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། །ཞེས་ལྷ་ལས་བབས་པ་གཅིག་ཏུ་བགྲང་བ་དང་། ཐེག་བསྡུས་ལས། བཟོའི་གནས་ལ་སྦྱངས་པ་དང་། བདུད་བཏུལ་བ་གཉིས་དངོས་སུ་མ་བགྲངས་པར། མུ་སྟེགས་ཅན་གྱི་གནས་སུ་གཤེགས་པ་དང་། ཞེས་དེ་དག་གི་ལྟ་བ་སུན་དབྱུང་བའི་ཕྱིར་མུ་སྟེགས་ལྷག་སྤྱོད་སོགས་ཀྱི་དྲུང་དུ་ཕེབས་ནས་ཐར་ལམ་འཚོལ་བའི་ཚུལ་བསྟན་པ་གཅིག་ཏུ་བགྲངས། མདོ་འགའ་ཞིག་ཏུ་བསྟན་པ་གནས་པ་གཅིག་ཏུ་བགྲངས་ལ། ལ་ལར་བསྟན་པ་ནུབ་པའང་གཅིག་ཏུ་བགྲངས་ཏེ། བུ་སྟོན་ཆོས་འབྱུང་ལས། ཐབས་ལ་མཁས་པ་ཞེས་པ་ལ་སོགས་པའི་མདོ་ལས། དམ་པའི་ཆོས་ནུབ་པ་ལ་མཁས་པ་ཞེས་ཆོས་ནུབ་པའང་མཛད་པ་གཅིག་ཏུ་གསུངས་ཏེ། ཆོས་དོན་ཏུ་མི་འགྱུར་བས་ན་ནུབ་པར་བསྟན་པས་སེམས་ཅན་ལ་ཆོས་སྤོང་གི་ལས་མི་འབྱུང་བར་བྱ་བའི་ཕྱིར་ཡིན་ཏེ། ཞེས་པ་ལྟ་བུ་ཅི་རིགས་ཡོད་ཅིང་། མཆོག་གི་སྤྲུལ་སྐུ་སོ་སོ་ལའང་རང་རང་གི་མཛད་པ་སྟོན་ཚུལ་མི་འདྲ་བ་དུ་མ་གསུངས་པས། རྣམ་པ་གཅིག་
ཁོ་ནར་ཁ་ཚོན་གཅོད་མི་དགོས་སོ། །ཞེས་གསུངས། སངས་རྒྱས་རེ་རེས་ཐུགས་བསྐྱེད་ཚུལ་དང་། སངས་རྒྱས་ཚུལ་གྱི་བཤད་པ་མི་འདྲ་བ་དུ་མ་བྱུང་བ་ལྟར། རྗེ་བླ་མ་སངས་རྒྱས་ཚུལ་ལའང་། སེང་གེའི་ང་རོར་འཚང་རྒྱ་བ་དང་། ཡང་འཇམ་དབྱངས་ཀྱི་ལུང་བསྟན་གཅིག་ཏུ། དེ་བཞིན་གཤེགས་པ་ཡེ་ཤེས་དབང་པོ་ཞེས་བྱ་བར་འཚང་རྒྱ་བ་དང་། མ་ཅིག་གིས། མ་འོངས་བསྐལ་བཟང་སངས་རྒྱས་བདུན་པ་ཡིན། །ཞེས་བྱམས་མགོན་ནས་བགྲངས་པའི་བདུན་པ་སྤྱན་ལེགས་སུ་འཚང་རྒྱ་བར་གསུང་པ་སོགས་དང་། ཐུན་མོང་མ་ཡིན་པར་རྗེ་བཙུན་འཇམ་དབྱངས་དང་ངོ་བོ་གཅིག་པས་བསྐལ་པ་དཔག་མེད་ཀྱི་སྔོན་ནས་སངས་རྒྱས་པ་དང་། ཡང་བསྐལ་པ་དཔག་མེད་ཀྱི་སྔ་རོལ་ཏུ་དབང་པོའི་ཏོག་གི་སྤྱན་སྔར་མཇལ་ཚུལ་འདིའི་སྒོ་ནས་བསྒྲུབས་ནའང་དེའི་དུས་ནས་བཟུང་སྟེ་གསང་སྔགས་ཀྱི་མྱུར་ལམ་ལ་ཚུལ་བཞིན་དུ་སློབ་པའི་གདུལ་བྱ་ཤིན་ཏུ་དབང་རྣོན་ཡིན་པས་བསྐལ་པ་ཆེས་མང་པོའི་སྔོན་རོལ་ནས་སངས་རྒྱས་ཟིན་པར་གྲུབ་སྟེ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སོ་སྐྱེ་རང་
བཞིན་པའང་དབང་བཞི་པ་ཐོབ་ལ་དམ་ཚིག་དང་སྡོམ་པ་མ་ཉམས་ན་བསྒོམ་པ་སོགས་མ་བྱས་ཀྱང་། སྙིགས་དུས་ཀྱི་སྐྱེ་བ་བཅུ་དྲུག་ཚུན་ལ་ངེས་པར་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་རྒྱུད་སྡེ་རྣམས་ལས་གསུངས་པས་འགྱུར་མེད་ལུང་རིགས་ཀྱིས་གྲུབ་པའི་ཕྱིར། ཞེས་གསུངས། དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་རྣམ་ཐར་མི་འདྲ་བ་མཐའ་ཡས་པ་གདུལ་བྱ་རྣམས་ལ་སྟོན་པས། མཐའ་གཅིག་ཏུ་བཟུང་ནས་གཞན་རྣམས་ལ་སྨོད་པ་སོགས་མི་བྱའོ། །ཡང་དཔལ་ལྡན་ས་ར་ཧའི་དོ་ཧ་རྡོ་རྗེའི་གླུ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞབས་ནས། འཇིག་རྟེན་འཇིག་
རྟེན་འདས་པ་ཡི། །ལེགས་ཚོགས་རྩ་བ་གཅིག་པུ་གང་། །རང་བཞིན་དྲི་མ་དང་བྲལ་བའི། །འོད་གསལ་རང་གི་སེམས་ཉིད་དོ། །ཞེས་དང་། བདག་གི་ཡོངས་འཛིན་དགེ་བཤེས་ཆེན་མོས་མཛད་པའི་བསངས་ཡིག་ལས། གདོད་ནས་རྣམ་དག་གཉུག་སེམས་དྭངས་པའི་མཚོ། །དཀར་ནག་ལས་རླུང་བསེར་བུས་འདུ་བྱེད་ལས། །ཕན་གནོད་ཡུལ་གྱི་རྦ་རླབས་གང་གཡོ་བ། །ཆུ་ལ་རླབས་བཞིན་རང་སེམས་ངང་དུ་ཐིམ། །གསུངས། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་དང་། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་དང་། རྒྱལ་བ་བྱམས་པས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །བསྡུས་རྒྱུད་ལས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་རྣམས་ཀུན་བྲལ་ལུས་ཀྱི་དབུས་དག་ཏུ་ཡང་དེ་བཞིན་ནོ། །ཞེས་དང་། གཞན་ཡང་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་དང་། རང་གི་སེམས་ལ་གནས་པར་གྱུར་པ་ཡི། །བདེ་
གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །ཞེས་དང་། རྗེ་བཙུན་གཞོན་ནུ་ནོར་བཟང་གིས་མཛད་པའི་པདྨའི་ཞལ་ལུང་ལས། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རྒྱུད་འོད་གསལ་གྱི་རླུང་སེམས་ལ་བརྟེན་ནས་བྱུང་བས་ན། འཁོར་འདས་ཀུན་གྱི་གཞི་ཞེས་བརྗོད་པ་དེ་བཞིན་དུ་རྫོགས་ཆེན་གྱི་སྐབས་འདིར། རྡོ་རྗེ་སྙིང་པོའི་གཞི་མཐར་ཐུག་པ་ཤིན་ཏུ་ཕྲ་བའི་འོད་གསལ། རང་བྱུང་གི་ཡེ་ཤེས་ངོ་བོ་ལ་སྒྲིབ་པའི་བསླད་མ་ཞུགས་པའི་ཀ་དག་དང་། རྩལ་ལ་ཡེ་ཤེས་ལྔ་དང་སྟོབས་བཅུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སོགས་དེ་བཞིན་གཤེགས་པའི་ཡོན་ཏན་འབྱིན་པའི་ནུས་པ་རང་ཆས་སུ་ཡོད་པ་ཤེལ་ལ་འོད་དང་། མེ་ལྕགས་ལ་མེ་དང་། རྔ་ལ་རྔ་སྒྲ། འོ་མ་ལ་མར་གྱི་ཚུལ་དུ་ལྷུན་གྲུབ་ཅེས་བརྗོད་པ་ཀ་དག་ཆོས་སྐུའི་བསྒྲུབ་གཞི་དང་། ལྷུན་གྲུབ་ལོངས་སྐུའི་བསྒྲུབ་གཞི་དེ་གཉིས་ཟུང་འཇུག་གི་གཉུག་སེམས་དེ་ཉིད་མན་ངག་གིས་ངོ་སྤྲད་དེ། ལྷ་སྔགས་ཡེ་ཤེས་ཀྱི་སྣང་ཆ་ཞིག་ཡོད་པ་སྨིན་བྱེད་དབང་། གྲོལ་བྱེད་ལམ་གྱི་རིམ་པས་སྦྱངས་འབྲས་ཀུན་བཟང་རྟ་མཆོག་རོལ་པའི་རང་ཞལ་མངོན་དུ་གྱུར་པ་དེ།
སྦྱང་གཞི་སྒོ་གསུམ་གྱི་དྭངས་མ་ལས་རྒྱུན་མི་འཚོལ་བའི་དོན་ཡིན་པས་ན་རྒྱུ་འབྲས་ལྷུན་གྲུབ་ཅེས་གསུངས་པའི་གནད་འདི་མ་གོ་བ་འགའ་ཞིག་གིས། འཁོར་ལོ་ཐ་མའི་མདོ་དང་། རྒྱུད་བླ་སོགས་བསྟན་བཅོས་རྣམས་ནས། ཕུང་ཁམས་སྐྱེ་མཆེད་ཀྱི་གོས་ཀྱིས་དཀྲིས་པའི་ནང་དུ་མཚན་དཔེས་བརྒྱན་པའི་སྙིང་པོས་བསྟན་པ་སྒྲ་ཟིན་ལ་ཐུགས་རྩེ་གཏད་དེ་ཇི་བཞིན་དུ་ཁས་བླངས་ན་མུ་སྟེགས་གྲངས་ཅན་པས་ཤེས་བྱ་ཀུན་ལ་ཁྱབ་པའི་རྟག་པ། གཅིག་པུའི་བདག་དང་། རིག་པ་ཅན་པས་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་རྡུལ་ཕྲན་ཙམ་གྱི་བདག་དང་རང་གི་སྙིང་དུ་གནས་པར་འདོད་པ་དང་མཚུངས་པས་ལུང་རིགས་གནོད་པ་མང་བས་འཁྲུལ་གཞི་སྐྱེ་བར་མི་བྱ་གསུངས། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེའི་གསུང་གི་ཟིན་བྲིས་ཀུན་གསལ་མེ་ལོང་ལས། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ལ། བཀའ་བརྒྱུད་པ་རྣམས་ཀྱིས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟེར་ལ། གཞན་ཡང་ས་དགེ་རྙིང་གསུམ་ཐམས་ཅད་དགོངས་པ་གཅིག་ཏུ་འབབ་ཅིང་། དེ་ལ་རྙིང་མ་བ་རྣམས་ཀྱི་མན་ཤེལ་དང་དཔེ་སྦྱར་ནས་
བཤད་དེ། དེ་ཡང་མན་ཤེལ་དེ་ཉིད་ཉི་མའི་རྐྱེན་དང་ཕྲད་ན་འོད་སྣ་ལྔ་པ་ཕྱི་གསལ་དུ་འཆར་ལ། ཉི་མའི་རྐྱེན་དང་མ་ཕྲད་པའི་ཚེ་ཕྱིར་གསལ་དུ་མེད་ཀྱང་། དེ་ལྟར་འཆར་བའི་ནུས་པ་ནང་གསལ་དུ་ཡོད་པ་ལྟར། བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཡང་མ་དག་པའི་གནས་སྐབས་སུ་ཕྱི་གསལ་དུ་མེད་ཅིང་། ནང་གསལ་དུ་ཡོད་པ་དང་། དེ་ཉིད་བསྐྱེད་རྫོགས་ཀྱིས་སྦྱངས་པ་བྱས་པ་ལས། རིག་འཛིན་བཞིར་རིམ་པར་སོང་སྟེ། མཐར་རིག་འཛིན་བཞི་པའི་སྐབས་སུ་ཕྱི་གསལ་དུ་འཆར་བ་ཡིན། རིག་འཛིན་བཞི་ནི། རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ། །ཅེས་གསུངས། ཡང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་དྲི་མ་མ་དག་པའི་གནས་སྐབས་སུ། འཁོར་བ་སྡུག་བསྔལ་གྱི་རྣམ་པ་ཅན་དང་། དེ་ཉིད་ལམ་དུས་སུ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསྒོམས་པས་དོན་གྱི་འོད་གསལ་སོགས་སུ་འཆར་བ་དང་། མཐར་ཐ་མལ་གྱི་སྣང་བ་ཕྲ་མོ་ཡང་སྤངས་ཏེ། སངས་རྒྱས་པ་ན། འབྲས་དུས་ཀྱི་ཟུང་འཇུག་གི་སྐུར་འཆར་ཡང་། དེ་དག་གི་གནས་སྐབས་ཐམས་ཅད་དུ་ཡང་། རྐྱེན་གྱིས་སོ་སོར་བསྒྱུར་བ་ཙམ་མ་གཏོགས་དོན་བདེ་
སྟོང་དབྱེར་མེད་དེ་ཉིད་ལས་མ་འདས་པའི་གཅིག་པུ་ཉིད་རྣམ་པ་ཐམས་ཅད་དུ་འཆར་བ་ཡིན། དེའི་ཕྱིར་ས་ར་ཧའི་དོ་ཧ་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ཡིན་པས་ཚུལ་འདི་མཚན་ཉིད་པ་རྣམས་ལ་མི་འགྲིག་ཀྱང་། ངེད་སྔགས་པ་རྒན་པོ་རྣམས་ལ་འགྲིག་ཅིང་། འདི་དག་གི་སྐབས་སུ་རྟོག་གེའི་རིགས་པས་རྒྱས་བཀབ་ན། ཟབ་དོན་གྱི་གོ་བ་སྟོར་བར་འགྱུར་བས། དེ་ནི་རྣམ་པ་ཐམས་ཅད་དུ་མི་རུང་ཞིང་། ཚུལ་འདི་ལ་དགོངས་ནས་རྒྱལ་བ་རྡོ་རྗེ་འཆང་རང་ཉིད་ཀྱིས་ཀྱང་སྔགས་ཀྱི་སྐབས་སུ་རྟོག་གེ་བ་ལ་ཅུང་ཟད་བཀའ་བཀྱོན་མཛད་པ་ཡོད་དོ་གསུངས། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་གསུངས་པ་ཞིག་རང་ཅག་རྣམས་ལ་བཤད་རྒྱུ་མེད་མོད་ཀྱང་། འགའ་ཞིག་ནི་རྒྱུད་སྡེ་སོགས་སུ་གསལ་བར་མ་གསུངས་པར་གབ་པའི་ཚུལ་དུ་གནས་པས་བླ་མའི་ཞལ་ལས་རྟོགས་དགོས་པ་ཤིན་ཏུ་མང་གསུངས། རིགས་དྲུག་གནས་སྦྱོང་འདི་ཉིད་རྙིང་མའི་ཆོས་སོ་སྙམ་ནས་སྡང་ཞུགས་མི་བྱེད་པར་ཉམས་ལེན་མཛད་ན་ངེས་པར་
ལས་ངན་སྦྱོང་བ་ལ་མཆོག་ཏུ་གྱུར་པ་ཡིན་ཞིང་། འདི་ཙམ་དུ་མ་ཟད། ས་དགེ་རྙིང་འབྲུག་སོགས་ཀྱི་ལེགས་ཆ་མཐའ་དག་དང་། མཚན་ཉིད་སྔགས་སོགས་རྟ་ཤིག་ཕྲུག་པ་ལྟར་གཅིག་གྲོགས་སུ་གཅིག་འཁྱེར་བ་ཞིག་བྱུང་ན་འཚང་རྒྱ་བའི་ཐབས་སུ་འགྱུར་གྱི། དེ་ལྟར་མ་ཡིན་པར་ཚ་གྲང་ལྟར་འགལ་བར་བཟུང་ཞིང་། ཁྱད་པར་དགེ་ལུགས་རྙིང་མ་ཞེས་སོགས་གྲུབ་མཐའི་ཁ་འཛིན་གྱི་ཞེན་ཁོག་བགྱིས་ཏེ། བདག་བསྟོད་གཞན་སྨོད་བྱས་ན་ཆོས་སྤོང་གི་ལས་ཚབས་ཆེ་བར་འགྱུར་བས། དེ་དག་གི་གནད་ཀྱང་མཁྱེན་པ་གལ་ཆེ་བར་ཡོད་གསུངས། མདོར་ན་སྔགས་བླ་མེད་ཀྱི་སྐབས་སུ་ཟུང་འཇུག་གི་དོན་ནམ། ལྟ་བའི་དོན་ལ་གོ་བ་ཆགས་པ་ཞིག་གནད་དུ་ཆེ་ཞིང་། དེ་ཆགས་ན་སྔགས་ཀྱི་ཐབས་མཁས་ཀྱི་ལམ་ལ་ངེས་པ་རྙེད་ཅིང་། སྔགས་ལ་མ་བརྟེན་པར་འཚང་རྒྱ་བ་མེད་པའི་གནད་རྣམས་ཀྱང་ལེགས་པར་ཤེས་པར་འགྱུར་བས། འཁོན་སྟོན་རིན་པོ་ཆེས་མཛད་པའི་ལྟ་བ་གཏན་ལ་འབེབས་ཚུལ་དང་། གཞན་ཡང་ཀར་འབྲུག་རྙིང་མ་སོགས་ཀྱི་ལྟ་བ་གཏན་ལ་འབེབས་ཚུལ་རྣམས་ལ་ཡང་རིང་དུ་འདྲིས་པར་བྱའོ་གསུངས།
གཞན་རྗེ་སྐལ་བཟང་རྒྱ་མཚོའི་ཞལ་ནས། སྙིང་དབུས་ཀྱི་མི་ཤིགས་རླུང་སེམས་དེ། །སྐྱབས་ཀུན་འདུས་ངོ་བོར་ཡིད་ཆེས་ནས། །ཅི་ཟ་དང་ཅི་འཐུང་བདུད་རྩིའི་རོས། །ཡོངས་འཁོར་ལོའི་ལྷ་ཚོགས་ཞེན་མེད་རོལ། །ཞེས་གསུངས་པ་ལྟར་རང་ཅག་སོ་སྐྱེ་རྣམས་ཀྱི་སྙིང་དབུས་ན་མི་ཤིགས་པའི་རླུང་སེམས་ཤིན་ཏུ་ཕྲ་བའི་རླུང་སེམས་ཡོད་ཚུལ་ཤེས་ན། སངས་རྒྱས་གཞན་ནས་མི་འཚོལ་བའི་གནད་ཁྱད་པར་ཅན་ཡོད་དེ། སེམས་རྟོགས་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་གསུངས། དེས་ན་བླ་མ་སྐྱེས་ཆེན་དམ་པ་འདིའི་གསུང་རེ་རེ་ལ་བརྟེན་ནས་ཀྱང་མདོ་སྔགས་ཀྱི་ལམ་གནད་རྣམས་ཤེས་ཤིང་། རང་གཞན་གྲུབ་མཐའ་གང་ལ་དད་གུས་དག་སྣང་སྐྱེ་བར་འགྱུར་བས། བློ་གྲོས་ཅན་རྣམས་ཀྱིས་དེ་ལྟ་བུའི་གནད་ལ་ངེས་པ་རྙེད་པར་བྱའོ། །ཡང་ཇོ་བོ་རྗེས། འབྲོམ་རིན་པོ་ཆེ་ལ་འཆི་ཁ་བར་དོའི་སྐབས་སུ་རིགས་ལྔ་ལ་སོགས་པའི་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པའི་སྣང་བ་མཐོང་བར་གསུངས་ཏེ། བཀའ་གདམས་གླེགས་བམ་ལས། གཞན་
ཡང་བྷྲུཾ་རྗེ་ང་ལ་ཉོན། །དེའི་ཚེ་ཤར་ནས་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་རི་བོ་ཙམ། །རང་གི་ཁ་དོག་ཉིད་བྱས་ཏེ། །རྒྱན་གྱིས་བརྒྱན་པའི་སྣང་བར་འོངས། །དེའི་ཚེ་ལྷོ་ནས་བཅོམ་ལྡན་འདས། །རིན་ཆེན་འབྱུང་གནས་གོང་བཞིན་འབྱུང་། །དེའི་ཚེ་ནུབ་ནས་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་གོང་བཞིན་འབྱུང་། །དེའི་ཚེ་བྱང་ནས་བཅོམ་ལྡན་འདས། །དོན་ཡོད་གྲུབ་པ་གོང་བཞིན་འབྱུང་། །གཞན་ཡང་རྣམ་སྣང་ལ་སོགས་པ། །ལྷ་ཡི་ཚོགས་རབ་དུ་མ་མཐོང་། །མདོར་ན་བྷྲུཾ་རྗེ་ང་ལ་ཉོན། །ཞི་ཁྲོའི་ལྷ་ཚོགས་དཔག་མེད་མཐོང་། །གོམས་པའི་སྐྱེས་བུས་ཤེས་གྱུར་ནས། །གྲོགས་དང་སྐྱབས་གནས་དགའ་བར་ཚོར། །ཀུན་ལ་སྐྱབས་འགྲོ་གསོལ་བ་འདེབས། །དེ་དག་ཀུན་གྱི་རྗེས་སུ་འབྲངས། །དེ་དག་ཀུན་གྱིས་གནས་ལུགས་སྟོན། །བླ་མ་དག་ཀྱང་དེར་བྱོན་ནོ། །དེ་ཚེ་ཤེས་པར་བྱས་གྱུར་ཏེ། །རྣམ་ཤེས་རིག་པ་ཐོགས་མེད་པས། །རབ་ཏུ་ཆོས་ཀྱི་དབྱིངས་ལ་འཕོ། །འབྲིང་ནི་བླ་མའི་ཐུགས་ཀར་འཕོ། །ཐ་མ་ཡི་དམ་ཐུགས་ཀར་འཕོ། །གཏན་གྱི་བཙན་ས་བཟུང་ཞིང་ཞུ། །དེ་ཚེ་འདི་དུས་གང་
གོམས་པའི། །བག་ཆགས་དངོས་སུ་སད་པར་འགྱུར། །ཞེས་གསུངས། དེ་བཞིན་དུས་འཁོར་ལས། འཆི་བ་འོད་གསལ་གྱི་སྐབས་སུ་སྟོང་གཟུགས་ཀྱི་སྣང་བ་མུ་མེད་དུ་འཆར་བར་གསུངས་པ་དང་། སྤྱན་སྔ་ལྷ་གཟིགས་རས་པས། བར་དོར་ཧེ་རུ་ཀ་སྐུ་མདོག་སྤྲིན་གྱི་གདུགས་ཅན་མཇལ་བར་གསུངས་པ་དང་། བློ་སྦྱོང་ལེགས་བཤད་ཀུན་འདུས་ལས། སྔགས་པ་འགར། བར་དོའི་རིག་འཛིན་གྱི་གནས་སུ། ཕྱག་རྒྱ་ཆེན་པོ་བསྙེན་པའི་ངོར། རིགས་དྲུག་གང་དུ་ཡང་མ་གཏོགས་པའི་འོད་ལུས་ཤིག་ཡོད་པར་གསུངས། དེས་ན་རྫོགས་ཆེན་པས། ཆོས་ཉིད་བར་དོ་ལ། སྒྲ་འོད་ཟེར་གསུམ་ཞི་ཁྲོའི་སྣང་བ་འཆར་བར་གསུངས་པ་དང་། རང་འོད་ལུས་སུ་གསལ་ཞེས་གསུངས་པ་རྣམས་གནད་གཅིག་པར་གདའ་བས། བར་དོའི་ཐོས་གྲོལ་སོགས། བཀའ་གཏེར་དག་སྣང་གི་ཆོས་སྐོར་རྣམས་སུ་བར་དོར་འཆར་ཚུལ་མི་འདྲ་བ་མང་པོ་བཤད་ཀྱང་། གང་ཟག་གི་བློའི་བྱེ་བྲག་ཡིན་པས། གང་ལ་ཡང་དད་གུས་དག་སྣང་འབའ་ཞིག་བྱའོ། །རྗེ་བཙུན་ཏཱ་ར་ན་ཐའི་རྣམ་ཐར་མ་བཅོས་
ལྷུག་པའི་རྟོགས་བརྗོད་ལས། མཁས་པ་ཁ་ཅིག སངས་རྒྱས་ཀྱི་བསྟན་པའམ། སྐྱེས་བུ་དམ་པ་འགའ་རེ་ལ་ཕྱོགས་ཞེན་གྱིས་ངོ་བསྟོད་མགོ་འགས་པ་ཙམ་བྱེད་ཅིང་། སངས་རྒྱས་ཀྱི་ཕྲིན་ལས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཡང་མ་ཤེས། ཐེག་པ་ཆེན་པོའི་ཐབས་ལ་མཁས་པ་ཡང་མ་གོ་ནས། རང་ཉིད་ལྟ་བ་མཆོག་ཏུ་འཛིན། སངས་རྒྱས་པའི་གྲུབ་མཐའ་གཞན་རྣམས་ལ་དགྲར་བལྟ། མུ་སྟེགས་ལ་སོགས་པའི་མིང་ཡང་ཐོས་སུ་མི་རུང་བ་སྐད་བྱེད་དེ། བློ་ཆུང་ཤེས་རབ་ཅན་དུ་རེ་བ་ཡ་རེ་ཆ། རང་རང་གི་སྐལ་བ་དང་འཚམ་པར་སྟོན་པའི་ཕྱིར། གྲུབ་མཐའ་དང་ཐེག་པ་གོང་མ་གོང་མ་ཐམས་ཅད་ལ་འོག་མ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་པ་ཁྱད་འཕགས་རེ་ཡོད་ཅིང་། སྐྱོན་སྤོང་ཚུལ་དང་ཡོན་ཏན་ལྷག་ཚུལ་རེ་ཡང་ཡོད། ཆེ་བ་དུ་མ་དང་ལྡན་མོད། འོན་ཀྱང་རྒྱང་འཕེན་པའི་གྲུབ་མཐའ་ཚུན་ཆད་མ་རིག་པ་འཇོམས་བྱེད་ཀྱི་ཕྱོགས་སུ་གཏོགས་ཤིང་། རྩྭའི་བུ་གར་ཉལ་བའི་སྲིན་བུ་ཕྲ་མོ་ཚུན་ཆད་ཀྱང་སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་གྱི་སྟོབས་ལས་ཡིན་པར་ཤེས་ནས། དེ་བཞིན་གཤེགས་པ་
དང་དམ་པའི་ཆོས་ཀྱི་སྒོ་རྣམས་ལ་གཞན་ལས་ཁྱད་པར་དུ་འཕགས་པར་མི་ཕྱེད་པའི་དད་པ་མ་ཐོབ་ཀྱང་། གཞན་རྣམས་ལ་ཡང་བརྙས་སེམས་དང་ཁོང་ནས་འཁྲུགས་པའི་འདམ་རྫབ་ཏུ་མ་བྱིངས་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ། གསུངས། ཡང་སྤྱིར་ཆོས་སུ་བཟང་ད་ཆ་གཅིག་ནས་མི་ཤེས་ཏེ། སྐབས་སུ་བབ་པ་ཞིག་བྱེད་དགོས། བྱ་བྱེད་གང་དགའ་ཏ་མི་ཤེས་ཏེ། དུས་དང་བསྟུན་པ་ཞིག་བྱེད་དགོས། ཚད་པའི་ནད་ལ་ག་བུར་ལས་བཟང་བ་མེད་ཀྱང་། ཚད་པ་མ་སྨིན་པ་ལ་དུག་ཏུ་འགྲོའོ། །ཡང་རྣམ་པ་གཅིག་ཏུ་ན། རྒྱལ་ཁམས་གཞན་གྱི་གླེང་བརྗོད་རེ་ཞིག་བཞག བོད་ཡུལ་འདི་ན་ཉིད་གྲུབ་མཐའ་ཐ་དད་ཡིན། ལྟ་བ་ཐ་དད་ཡིན་ཟེར་ནས། ཀོ་ལོང་མགོ་གས་གས་དང་། རྐེ་འཕྲང་ལྦ་བ་རས་རས་བྱེད་ཀྱིན་འདུག་སྟེ། སྤྱིར་ནང་པ་ཡིན། སྒོས་སུ་ཐེག་ཆེན་པ། ཡང་སྒོས་སུ་དབུ་མ་པར་ཁས་བླངས་ཕྱིན། གྲུབ་མཐའ་ཐ་དད་ཡོད་དོན་ནི་མི་འདུག ཡོད་རང་ཡོད་ན་ནི་སོ་སོ་ཐ་དད་ནས་སུ་ངན་ཡང་། ནང་འཐབ་དམེ་འཁྲུག་ཤོར་བའི་གྲིབ་ཅན་རྐྱང་པར་འགྲོ་ཉེན་ཡོད། ལར་བོད་
འདིར་སྔོན་ཆོས་ཀྱི་བཀའ་སྲོལ་རྐང་འཛིན་སོ་སོ་དུ་མ་ཞིག་བྱུང་འདུག་ཀྱང་། དགེ་འདུན་ཤས་ཆེར་རིགས་སུ་མ་ཆད་སྤྱི་ལ་བཞུགས། ད་ལྟ་ཆོས་ཀྱི་བཀའ་སྲོལ་མང་པོ་ཞིག་ནི་ནུབ། མ་ནུབ་པ་ཚོ་ལའང་གཞན་རྣམས་ལ་རྐང་འཛིན་ཆེར་མི་གདའ། དགེ་འདུན་ནི་སྤྱི་ལ་བཞུགས་མཁན་སུ་ཡང་མེད། ཐམས་ཅད་ཨ་མ་ཁ་ཞགས་ལ་སོང་། ས་དགེ་བཀའ་གསུམ་དང་། རྙིང་མ་བར་གྲགས་པ་སྟེ། བཞི་པོ་འདི་སྒྲ་ཆེ་བར་གདའ། དེ་དག་ཏུ་མ་གཏོགས་པ་ཅི་རིགས་པ་དེང་སང་ཡང་ཡོད་མོད། ཞེན་འཐེན་མཁན་གྱི་སྐྱ་སེར་ཉུང་། བར་སྐབས་ལན་ཅིག་དགེ་ལྡན་པའི་ལུགས་དར་རྒྱས་ཆེ་དྲགས་པས་སྙིང་དུ་མ་སྡུག་ནས། ས་བཀའ་རྙིང་གསུམ་གྲུབ་མཐའ་གཅིག་ཟེར་གྱིན་དཔུང་པ་ཕྱོགས་སུ་གཤིབས། མདུན་མ་གཅིག་ཏུ་སྒྲིལ་རྒྱུའི་ཁུངས་བྱས། དགེ་ལྡན་པ་ལ་ཕྱིར་འབུད་ཀྱི་འཕྱར་ཀ་བརྗོད་འདོགས་ཡིད་ལ་དྲན་ཚད་ཁ་ནས་བཏོན། དེའི་ལན་དུ་ཁོང་ཚོས་ཀྱང་ཚུར་ལ་ཁྱེད་རྣམས་ཐམས་ཅད་ལ་ཐར་པ་ཐོབ་པའི་ཆོས་ཡོད་རེ་ཤི་བྱས་པས། བོད་ཡུལ་གྱི་བསྟན་པའི་ཐེད་རོ་ཅུང་ཟད་ཡོད་པ་དེའང་རྣམ་པ་དུ་མར་གྱེས། ཕན་ཚུན་ཐམས་
ཅད་བྱ་རོག་དང་འུག་པའི་ཚུལ་དུ་སོང་བ་དེར་གདའ། ས་བཀའ་རྙིང་གསུམ་ནི་གྲུབ་མཐའ་གཅིག་རུང་མི་གཅིག་རུང་གཅིག་གོ་ཞེས་ཁས་བླངས་བདེ་ཡིན། རྗེ་བཙུན་ཙོང་ཁ་བ་ཆེན་པོས་མདོ་སྔགས་ཐམས་ཅད་དུ་ཆོས་སྐད་སྔར་གྱི་བོད་རྙིང་མ་དང་མི་འདྲ་བ་ཙམ་ཅི་རིགས་པར་མཛད་པ་ནི་བདེན་ཏེ། འོན་ཀྱང་ཁོང་གི་བཞེད་པ་ཐུན་མོང་མ་ཡིན་པ་རྣམས་ཀྱི་ནང་ནས། ཁ་ཅིག་གིས་སུམ་ཆ་ཙམ། ལ་ལས་ཕྱེད་ཙམ། འགའ་ཞིག་གིས་སུམ་གཉིས་ཙམ། གཞན་རིགས་ཐམས་ཅད་བྱས་ཏེ་གྲུབ་མཐའ་རྙིང་པར་འདོད་པ་ཕལ་ཆེར་ཡང་དེའི་གྲུབ་མཐར་ཁས་ལེན་པར་འདུག དེར་མ་ཟད་སྒོམ་པ་ལ་ཁྱད་ཡོད་སྲིད། གོ་ཡུལ་གྱི་ལྟ་བ་རང་ལ་ཚིག་ཙམ་མིན་པ་ཁྱད་ཆེ་རང་ཧེ་ཧེ། དེའི་ལུགས་དེ་ནག་པོ་ཡིན་རང་ཡིན་ན། གཞན་ཕལ་ཆེར་ཡང་ནག་ཁྲ་རུ་ཀ་ཡོང་ཉེན་གདའ། དེས་ན་མིང་བཏགས་སོ་སོར་འཛིན་པ་ཙམ་མ་གཏོགས། གྲུབ་མཐའ་གསར་རྙིང་གི་དབྱེ་བ་རང་ཞིག་ཡོད་ཡོད་མི་འདྲ། ཕྱིས་དེང་སང་བཀའ་བརྒྱུད་དུ་གྲགས་པའི་རྐང་འཛིན་གྱི་གཙོ་བོ་གནམ་དགྲོལ་པ་དེ། ཀར་འབྲུག་གཉིས་སུ་
གདའ་ནའང་། དེའི་ནང་ཚན་ཆེན་པོ་ཞིག་གིས། རྗེ་བཙུན་མི་ལའི་ལུགས་ཡིན་ཟེར་བའི་དབུ་མ་བསྒོམ་ཚུལ་ན་ཤིང་རྟའི་དཔྱད་པ་བདུན་གྱི་སྒོ་ནས་བསྒོམ་ཚུལ་དཔྱད་སྒོམ་གསལ་པོར་བྲིས་པ་དང་། ཡང་ཆེན་པོ་གཞན་ཞིག་གིས། དབུ་མ་འཇུག་པ་དང་ཕྱག་ཆེན་དོན་གཅིག་གསུངས་ཤིང་། ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་གི་ནང་དུ་དབུ་མའི་གཏན་ཚིགས་ཆེན་པོ་བཞི་བསྒོམ་དགོས་སྐད་པའི། མདོར་ན་ཕྱིས་ཀྱི་བཀའ་བརྒྱུད་པ་སྐད་ཆེན་རྒྱངས་གྲགས་ཀྱི་བཤེས་གཉེན་ཚོ་ཡང་། དགེ་ལུགས་དང་འདྲ་མིན་ལ་དེའི་ལུགས་ཀྱི་གནད་ཀྱང་མ་ལོངས། དེ་ལས་ཁུངས་ཀྱང་ཆུང་དུ་སོང་བ་གཅིག་བྱས། རང་ལུགས་སུ་འདོད་པའི་བླ་མ་གོང་མ་རྣམས་དང་འགལ་ཁྱབ་ཏུ་སོང་བ་དེ་དཔའ་ལོད་འཁྱེར་ན་ངོ་སོ་འཕྱར་མཁན་ཁོ་ནར་འདུག དེས་ན་ལྟ་སྤྱོད་སྒོམ་གསུམ་ཀུན་ཕན་ཚུན་འདྲེ་སེ་བ་རྐྱང་བ་ལ། འཁྲུགས་ལོང་མང་པོ་ཡོང་བ་འདི་རྙེད་བཀུར་དང་ཁ་དྲག་སྙིང་ལ་བཞག་པས་ལན་གསུངས། འཇམ་པའི་དབྱངས་དངོས་ཁྲི་གུང་ཐང་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་
གསལ་བར་མཛད་པའི་ཚུལ་ལས་བརྩམ་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་ལས། ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །དཔལ་དང་འབྱོར་བ་རབ་རྒྱས་ཀྱང་། །བཤད་དང་སྒྲུབ་པ་ཆེས་ཕྲ་བ། །བསམ་ཀྱིན་སྙིང་ནས་ཤེས་པ་འཕྱོ། །ཞེས་གསུངས། དེའི་རྒྱ་ཆེར་འགྲེལ་བ་བསྟན་པའི་དེ་ཉིད་སྣང་བ་ཞེས་བྱ་བ་ལས། འཇམ་མགོན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་ཡང་དག་པའི་ལམ་གྱི་སྲོལ་ཕྱེས་ཡང་། དུས་ཡུན་རིང་འགྱངས་ཏེ་ད་ལྟ་སྐྱེ་བོ་རྣམས་བློའི་མཐུ་རིམ་བཞིན་བྲི་བས་རྨོངས་པའི་མུན་པ་འཐིབས་ཤིང་སྙིགས་མའི་བརླང་སྤྱོད་སྣ་ཚོགས་པའི་རྡུལ་གྱིས་གཡོགས་ནས་བསྟན་པའི་སྲོལ་མི་མངོན་པར་བྱས། དམ་པར་ཁས་འཆེ་ཡང་དམ་པའི་ཚུལ་དང་མི་མཐུན་པ་སྡོམ་པ་གསུམ་གྱི་ཉམས་ལེན་དང་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཅི་ཡང་མེད་པར་ཆགས་སྡང་གཡོ་སྒྱུའི་འཁོར་ལོ་བསྐོར་ཏེ། རྙེད་བཀུར་འདུ་འཛི་འབའ་ཞིག་དོན་དུ་གཉེར་བ་མིང་དགེ་བའི་བཤེས་གཉེན་དུ་བཏགས་པ་དུ་མས་རིགས་མཐུན་གྱི་གྲྭ་སློབ་རིང་གི་རྗེས་སུ་ཞུགས་པ་ཐམས་ཅད་ལ་རྒྱལ་བའི་དགོངས་པ་དང་མཐུན་
པའི་གདམས་པ་སྣ་རེའང་སྟོན་རྒྱུ་མེད་པར། དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་སྣང་ཤས་བསྒྲུབ་པའི་ཐབས་ཁོ་ན་བསྟན་ཏེ་བློ་སྣ་ཐུར་དུ་འཁྲིད་པ་ཆེས་མང་ལ། ཡང་དག་པའི་དགེ་བའི་བཤེས་གཉེན་དང་། དེའི་རྗེས་སུ་ཚུལ་བཞིན་དུ་སློབ་པ་ཉུང་བས། དུས་ངན་སྙིགས་མའི་ངང་ཚུལ་འདི་ལྟ་བུ་བསམ་གྱིན་སྐྱོ་བའི་གནས་ཡིན་ནོ། །ཁ་ཅིག་འདི་སྙམ་དུ་ད་ལྟ་རི་བོ་དགེ་ལྡན་པའི་བསྟན་པ་རྒྱ་བོད་ཧོར་གསུམ་ཀུན་ཏུ་དར་ཞིང་། གྲྭ་ཚོགས་དང་སྦྱིན་བདག་སོགས་གང་ས་ནས་འཕེལ་རྒྱས་ཆེ་བས་གྲུབ་མཐའ་གཞན་ཐམས་ཅད་ལས་དབུ་འཕང་མཐོ་བ་དེང་དུས་འདྲ་བ་སྔར་མ་བྱུང་བ་ལྟ་བུ་ཡིན་པས་བསྟན་པ་ཆེས་ཆེར་དར་སྐབས་ཡིན་གྱི། ཉམས་དམའ་བའི་དུས་ག་ལ་ཡིན་སྙམ་ན། རྙེད་བཀུར་སྙན་གསུམ་ཁོ་ན་དོན་དུ་གཉེར་བ་དག་དེ་ལྟར་སེམས་པ་བདེན་ཡང་། ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་བླ་མའི་ཡོན་ཏན། བསྟན་པའི་འཕེལ་འགྲིབ། རང་གི་གཏན་འདུན་གང་བསམས་ནའང་སྤུན་པ་དང་སྙིང་པོ་མ་ནོར་བ་དང་། དགོས་པའི་གཙོ་བོ་ངོས་ཟིན་པ་འདི་གལ་ཆེ། མཁས་གྲུབ་སྨྲ་བའི་ཉི་མས། དམ་པ་རྣམས་ཀྱི་ཆོས་ཀྱི་ཁྲི། །
ལེགས་བཤད་སྨྲ་བའི་དཔལ་གྱིས་མཐོ། །འཇིག་རྟེན་ཕུན་ཚོགས་དཔལ་རྣམས་ཀྱིས། །ཁྱིམ་གྱི་རྒྱལ་པོ་མཐོན་པོར་བྱེད། །གང་དག་རྒྱལ་བའི་གསུང་རབ་ཀྱི། །དགོངས་དོན་སྨྲ་ལ་ནུས་མེད་པ། །ལོངས་སྤྱོད་ལྡན་པའི་སྐྱེ་བོ་ནི། །མང་ཡང་བསྟན་ལ་དགོས་ནུས་མེད། །ལེགས་བཤད་འོད་བརྒྱའི་སྣང་བ་ཅན། །བཤེས་གཉེན་ཉི་མ་གཅིག་གིས་ཀྱང་། །ཐུབ་བསྟན་གླིང་བཞི་མ་ལུས་པ། །ཅིག་ཆར་ཉིད་དུ་གསལ་བར་ནུས། །ཞེས་གསུངས་པ་ལྟར། སྟོབས་འབྱོར་མངའ་ཐང་ཁ་དྲག་དབང་ཆེ་སོགས་ནི་རྒྱལ་སྲིད་སོགས་ཁྱིམ་པའི་དབང་དུ་བྱས་པའི་དཔལ་འབྱོར་རྒྱས་ཚུལ་ཡིན་ལ། ཆོས་ཀྱི་དབང་དུ་བྱས་པའི་དཔལ་འབྱོར་ནི་རྒྱལ་བའི་དགོངས་པ་བཞིན་དུ་ལེགས་པར་བཤད་པའི་དགའ་སྟོན་འགྱེད་ཅིང་དེ་དོན་ཉམས་སུ་ལེན་པ་ཁོ་ན་ཡིན་གྱི། རྙེད་བཀུར་འདུ་འཛི་སོགས་བསྟན་པ་ཉམས་བྱེད་ཡིན་པས་དཔལ་དང་བྱུར་མ་ནོར་བ་དགོས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས། ཤཱ་རིའི་བུ་དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་འོད་སྲུངས་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གསུང་རབ་
དེ་ནི་ལྷག་པར་རྙེད་པ་དང་བཀུར་སྟི་བྱེད་པས་ནུབ་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཤཱ་རིའི་བུ་འདི་ལྟར་ཆོས་འདུལ་བ་འདི་ནི་རྙེད་པ་དང་བཀུར་སྟིས་མྱུར་དུ་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་མི་དབུལ་པོ་ཞིག་གིས་གཏེར་ཆེན་པོ་རྙེད་ནས་གཞི་དེ་ལས་བདེ་བ་དང་ཡིད་བདེ་བ་ཉམས་སུ་མྱོང་ངོ་། །ཤཱ་རིའི་བུ་དེ་བཞིན་དུ་མ་འོངས་པའི་དུས་ན། དགེ་སློང་དག་འདི་ལྟར་ཁྱིམ་པ་ལ་བརྟེན་པ་དང་། ཕུ་དུད་བྱེད་པ་དག་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཁྱིམ་པ་གང་དག་གིས་དགེ་སློང་གང་དག་ཀྱང་འཇིག་རྟེན་གྱི་ཟང་ཟིང་གིས་ཡིད་བདེ་བར་བྱ་བའི་ཕྱིར་དེ་དག་གི་ལས་ཀྱི་མཐའ་རིམ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟར་ན་དགེ་སློང་དེ་དག་ཀྱང་འཇིག་རྟེན་གྱི་ཟང་ཟིང་ལྷུར་ལེན་པར་འགྱུར་ཏེ། འཇིག་རྟེན་གྱི་ཟང་ཟིང་གིས་འཁོལ་བས་ཆོག་མི་ཤེས་པ་དང་། ཉེ་དུ་ལ་འདོད་པར་འགྱུར་རོ། །བདག་ཉིད་ཤེས་བཞིན་དུ་ཁྱིམ་པས་ཤེས་པར་བྱ་བའི་ཕྱིར་བདག་ཉིད་དགྲ་བཅོམ་པ་ཡིན་པར་སྒྲོག་པར་བྱེད་དོ། །དེ་དག་དེ་ལྟར་ཤེས་པར་བྱེད་པ་ཡོངས་སུ་འཚོལ་བ་ན་སངས་རྒྱས་ཀྱི་བྱང་ཆུབ་འདོར་བར་འགྱུར་རོ། །ཞེས་དང་། གཟི་
བརྗིད་ཅན་གྱི་མདོ་ལས། རྙེད་པ་དང་བཀུར་སྟི་ལ་བརྟེན་པའི་དགེ་སློང་གི་ཀུན་ནས་ཉོན་མོངས་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་དགུར་འགྱུར་ཏེ། དེ་དག་གིས་མཚམས་མེད་པའི་ས་འཐོབ་པར་འགྱུར་རོ། །ཞེས་གསུངས་ཤིང་། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་། རྙེད་པ་དང་བཀུར་སྟི་ནི་གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་བསྐྱེད་པར་བརྟག་པར་བྱའོ། །ཞེས་སོགས་གསུངས་ལ། ཟླ་བ་སྙིང་པོའི་མདོར་ཡང་བསྟན་པ་འཇིག་པའི་རྒྱུ་མང་དུ་གསུངས་པའི་གཙོ་བོ་འདུ་འཛི་ལ་དགའ་བར་བཤད་དོ། །ཁྱད་པར་དུ་དགེ་ལྡན་པའི་བསྟན་པ་འདི་ལ་གནོད་པའི་རྐྱེན་ཆེ་ཤོས་འདོད་ཡོན་ལ་གཡེང་བས་འཁྱེར་བ་འདིས་བྱེད་པར་ཇོ་བོ་ཡབ་སྲས་ཀྱིས་ལུང་བསྟན་ཏེ། བཀའ་གདམས་གླེགས་བམ་ལས། འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང་། །ཞེས་འདིའི་ལུང་བསྟན་གྱི་སྐབས་སུ་གསུངས་ལ། རྗེ་བླ་མས་ཀྱང་དེ་ལ་དགོངས་ཏེ་ལྷུང་
བཟེད་ཁ་སྦུབས་པའི་སྟེང་དུ་མཆོད་རྟེན་བརྩིགས་ནས་འདོད་ཡོན་ལ་མནན་པ་བྱས་ཚུལ་དམ་པའི་གསུང་ལ་འབྱུང་བ་ལྟར་རོ། །དེས་ན་གང་ཟག་ཁྱད་པར་ཅན་སྲིད་པའི་ཕུན་ཚོགས་ལ་ཞེན་པ་གཏིང་ནས་ལོག་པས་རྙེད་བཀུར་སོགས་ཀྱིས་ཅུང་ཟད་ཀྱང་ཁ་འཁྲིད་མི་ནུས་པ་རེ་གཉིས་ལ་གོས་འབུམ་རི་བ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་བའང་འོས་པར་འདུལ་བའི་མདོ་ལས་གསུངས་པ་མ་གཏོགས། སྙིགས་མའི་སྐྱེ་བོ་ཅོལ་ཆུང་རྣམས་ལ་རྙེད་བཀུར་བྱུང་བ་ནི་ཆོས་ཀྱི་བར་ཆད་དུ་འགྲོ་བ་ལས་མཐུན་རྐྱེན་དུ་འགྲོ་བ་ཉུང་སྟེ། དེའི་ཕྱིར་མཉམ་མེད་ཇོ་བོ་ཆེན་པོས། བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། ཞེས་གསུངས་སོ། །དེ་ལྟར་ན་བསྟན་པའི་འཕེལ་འགྲིབ་ནི་སྟོབས་འབྱོར་ཆེ་ཆུང་གིས་མི་འཇོག་ལ། དེར་མ་ཟད་ཕྱིའི་ཆ་ལུགས་ཙམ་དང་། ཕྱག་བསྐོར་བ། གར་ཐིག འདྲི་མཆོད་སོགས་ལུས་ཀྱི་དགེ་སྦྱོར་ཁོ་ནས་ཀྱང་བསྟན་པ་གཟུང་བར་མི་འགྱུར། ངག་གིས་བཟླས་བརྗོད་ཀློག་འདོན་རྟད་བྱངས་ཁོ་ནས་ཀྱང་བསྟན་པ་འཛིན་མི་ནུས་པར། སངས་རྒྱས་ཀྱི་བསྟན་པ་ནི་གཙོ་བོར་སེམས་ཀྱི་སྟེང་ནས་
འཇོག་དགོས་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །གསུམ་པོ་རྣམས་ཀྱི་ཆོས་ཡིད་དང་། །མིག་དང་རྣ་བས་འཛིན་བྱེད་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །ཞེས་གསུངས་པ་བཞིན་ནོ། །སེམས་སྟེང་ནས་འཛིན་ཚུལ་ཡང་མ་མཐའ་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་ནས་དེ་ལས་ཐར་འདོད་བཅོས་མ་ཚུན་ཆད་དང་། བདག་མེད་ཕྲ་རགས་ཀྱི་དོན་ལ་སྒྲ་སྤྱིའི་གོ་བ་རགས་པ་རེ་ཙམ་ཆགས་ནའང་ཐར་པའི་ས་བོན་འཇོག་ནུས་པ། དེ་མེད་པར་རྩ་རླུང་དང་སྐུ་བསྒོམ་པ་སོགས་ཟབ་ཟབ་འདྲ་བ་ཇི་ཙམ་བསྒོམས་ཏེ་སྣང་བ་བན་བུན་གྱི་རྟགས་ཐོན་པ་བྱུང་ཡང་འཁོར་བའི་འཁོར་ལོར་འཁོར་བ་ལས་མེད་དེ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས། ཆོས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདིའི་དམིགས་འཁྲིད་གཙོ་བོར་མི་བྱེད་པར། །ལུས་འཕྲུལ་འཁོར་གཏུམ་མོའི་རླུང་སྦྱོར་སོགས། །ངོ་མཚར་ཡང་རྐྱལ་པ་ཕུས་བཏབ་ཡིན། །ཞེས་གསུངས་པ་ལྟར་ཡིན་པས། གང་འཛིན་རྒྱུའམ་གང་ལ་ནན་ཏན་བྱ་བའི་ཡུལ་གྱི་བསྟན་པ་ངོས་ཟིན་པར་བྱ་དགོས་སོ། །དེས་ན་ཚུལ་ཁྲིམས་ཡང་
དག་པར་ལྡན་པའི་མདོ་ལས། དགེ་སློང་དག ཤེས་པ་ནི་འགྲིབ། སྲོག་ནི་འཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པའང་ངེས་པར་འཇིག་པར་འགྱུར་ན་ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། ཅེས་གསུངས་པ་ལྟར་འཚོ་བའི་སྲོག་ནི་རི་གཟར་གྱི་འབབ་ཆུ་བཞིན་མྱུར་དུ་འགྲོ་ཞིང་། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པའང་ཉི་རྒས་ཀྱི་གྲིབ་སོ་བཞིན་འགྲིབ་པར་ཉེ་བའི་ངང་ཚུལ་བསམས་ཏེ་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྙིང་པོ་ཅི་ལོན་བྱེད་ཅིང་། ལོང་བས་གླང་རྔ་ཟིན་པ་བཞིན་ཚེ་རབས་ཐམས་ཅད་དུ་ཡང་དག་པའི་ལམ་བཟང་འདི་དང་མི་འབྲལ་བའི་ཕྱིར་སྨོན་པའི་མཚམས་སྦྱོར་ནན་ཏན་དུ་བྱ་དགོས་གསུངས་པ་འདི་རྣམས་གནད་ཆེ་བར་འདུག་པས། ཀུན་གྱིས་སེམས་ལ་བཞག་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་བྱ་བ་ཁོ་ན་བྱའོ། །མདོར་ན་འབྲོམ་ཆོས་ཀྱི་རྒྱལ་པོས། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས་ཇོ་བོའི་ཆེ་བ་བརྗོད་པ་ལྟར། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཞེས་པ་ལའང་
དམ་པ་འགའ་ཞིག་གིས། ཤོའི་རྡེའུ་ཇི་ལྟར་འཕངས་ཀྱང་གྲུ་བཞི་ལམ་གྱིས་འབབ་པ་བཞིན། ཉམས་ལེན་གྱི་སྒོ་གང་ནས་བརྩམས་ཀྱང་བསྟན་པའི་གནད་ཐམས་ཅད་དེའི་ནང་དུ་ཁྲིག་ཁྲིག་འདུས་ནས་འོང་བ་ལ་བཞེད་པ་དང་། ལ་ལ་དག་གིས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། བསླབ་པ་གསུམ་དང་སྔགས་ཀྱི་ལམ་སྟེ། ལུང་རྟོགས་ཀྱིས་གྲུ་བཞིར་བྱས་ནས་དེ་ཐམས་ཅད་ཚང་བའི་དོན་དུ་བཞེད་ལ། རྗེ་ངག་དབང་བྱམས་པའི་དྲིན་ལན་ཞིག་ཏུ། སྐྱེས་བུ་ཆུང་འབྲིང་གི་བསམ་པ་རྣམས་དག་འཁོར་བཅས་ཡན་གྲུ་གཅིག མན་ངག་བདུན་བསླབ་བྱ་ཕར་ཕྱིན་དང་པོ་ལྔ་དང་བཅས་པ་གྲུ་གཅིག ཤེས་རབ་ཀྱི་ཕར་ཕྱིན་མཐའ་བྲལ་ལྟ་བའི་སྐོར་གྲུ་གཅིག གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་གྲུ་གཅིག་ཏུ་འཇོག་ཅེས་ལམ་གྱི་གཙོ་བོ་རྣམ་གསུམ་སྔགས་དང་བཅས་པ་ལ་གསུངས་པ་རྣམས་བཤད་ཚུལ་གྱི་རྣམ་གྲངས་ཐ་དད་ཙམ་ལས་དོན་ལ་གཅིག་སྟེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ནང་ནི་གསང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ཀྱི་སྤྱོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། སློབ་མ་རྣམས་ལ་རྗེས་
སུ་བསྟན། །ཞེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །ཞེས་གསུངས་པ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན། མདོ་སྔགས་གཉིས་ཀྱི་ལམ་ཡོངས་སུ་རྫོགས་པ་ཕྱོགས་རེར་མ་སོང་བར་ཐམས་ཅད་ལ་བློ་སྦྱངས་ནས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་མཁས་སངས་རྒྱས་གཉིས་པ་ཇོ་བོ་རྗེ་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས། སྐྱབས་མགོན་རྒྱལ་བ་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ལྟ་བུ་ལ་ཡིད་སྨོན་བྱ་དགོས་ཏེ། ཀུན་མཁྱེན་ཁྲི་གུང་ཐང་པ་རིན་པོ་ཆེས། ཕྱོགས་རེར་མ་གྱུར་ཐོས་པའི་ཆོས། །བསམ་དང་སྒོམ་པས་ཉམས་བླངས་ནས། །རྒྱལ་བ་དགྱེས་པའི་ལམ་བཟང་པོ། །ཚང་ལ་མ་ནོར་རྙེད་གྱུར་ཅིག །ཅེས་གསུངས་པ་ལྟར་སྨོན་ལམ་ཡན་ཆད་འདེབས་པ་ལ་འབད་པར་བྱའོ།། ༈ སྨྲས་པ། ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་ནས། །ཆོས་གསུང་འགྲོ་ཀུན་བདེ་ལ་འགོད་མཛད་པའི། ཆོས་རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ཆོས་ཀུན་སེམས་ལ་འཆར་བར་བྱིན་གྱིས་རློབས། །ཆོས་པས་གླུ་དབྱངས་ལེན་པར་མི་འོས་མོད། །
འོན་ཀྱང་ཆོས་ཀྱི་གླུ་དབྱངས་ཡིན་པསན། །སྐབས་རེར་འཆད་ཉན་གཉིས་ཀ་སྤྲོ་བའི་ཕྱིར། །རྣར་སྙན་ཡིད་འབབ་ཆོས་ཀྱི་གླུ་དབྱངས་ལེན། །ཨོ་རྒྱན་ཇོ་བོ་འཇམ་མགོན་བླ་མ་གསུམ། །སྐུ་ཚེ་སྔ་ཕྱི་བྱས་ནས་སོ་སོ་རུ། །བྱོན་པ་མ་གཏོགས་ཐུགས་རྒྱུད་གཅིག་པའི་ཚུལ། །བཀའ་གདམས་གླེགས་བམ་དག་ལས་གསལ་བར་གསུངས། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བའི་ཚུལ། །ས་གསུམ་སྒྲོན་མེ་བྱང་ཆུབ་ལམ་རིམ་གྱི། །ཆེ་བ་བཞི་པོ་བརྗོད་པའི་སྐབས་སུ་གསུངས། །ལམ་རིམ་ཤེས་ན་ཆོས་ལུགས་གཞན་རྣམས་ཀྱང་། །འགྲོ་ཀུན་འཕྲལ་ཕུགས་བདེ་བའི་ཐབས་སུ་གོ །དག་སྣང་སྐྱེ་བ་ལམ་རིམ་ཁྱད་ཆོས་ཞེས། །རྩ་བའི་བླ་མ་འཇམ་དབྱངས་རྒྱ་མཚོས་གསུངས། །ཐ་ན་བོན་པོས་གཡང་འགུགས་བྱེད་ལ་ཡང་། །འགྲོ་ལ་ཕན་ཐབས་བོན་གྱི་དྲང་སྲོང་གིས། །གསུངས་པ་རེད་སྙམ་དག་སྣང་སྦྱོང་དགོས་ཞེས། །བདག་གི་ཡོངས་འཛིན་དགེ་བཤེས་ཆེན་མོས་གསུངས། །རྣམ་ཐར་གཙང་མ་དགའ་ལྡན་བཀའ་བརྒྱུད་
འདི། །ཕྱོགས་རེ་འཛིན་པའི་གྲུབ་མཐའ་མ་ཡིན་པར། །མདོ་སྔགས་གདམས་པར་ཤར་བ་ལགས་སོ་ཞེས། །རྒྱལ་བ་སྐལ་བཟང་རྒྱ་མཚོའི་མགུར་ལས་གསུངས། །ལས་ཀྱི་རྡོ་རྗེས་འཇམ་མགོན་བླ་མ་ལ། །ཞུས་ལན་བདུད་རྩིའི་སྨན་མཆོག་གནང་བའི་དུས། །ནམ་མཁའི་ཁམས་ནས་མཁའ་འགྲོ་མང་པོ་ཡིས། །མགྲིན་གཅིག་བསྔགས་བརྗོད་མཛད་ཅེས་ཡོངས་ལ་གྲགས། །གསང་བདག་གསུང་གི་སྙན་བརྒྱུད་གདམས་པ་རྣམས། །རྗེ་བཙུན་བླ་མའི་གསང་བའི་ཉམས་ལེན་དུ། །ཤེས་ན་ཕྱག་རྫོགས་དོ་ཧའི་གདམས་པ་རྣམས། །དབང་རྣོན་རྣམས་ཀྱིས་གདམས་པའི་སྙིང་པོར་གོ །རང་ལུགས་ནང་པ་སངས་རྒྱས་གྲུབ་མཐའ་དང་། །གཞན་ལུགས་མུ་སྟེགས་བོན་སོགས་གྲུབ་མཐའ་ལ། །སྡང་སེམས་སྨོད་པ་ནམ་ཡང་མི་རུང་ཞེས། །རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གིས་གསུངས། །ལྟ་སྒོམ་སྤྱོད་གསུམ་འདྲ་སེ་རྐྱང་བ་ལ། །འཁྲུག་ལོང་མང་པོ་ཡོང་བ་རྙེད་བཀུར་དང་། །ཁ་དྲག་སྙིང་ལ་བཞག་པས་ལན་ནོ་ཞེས། །མཁས་པའི་དབང་པོ་ཏཱ་ར་ནཱ་ཐས་གསུངས། །ཕན་བདེའི་འབྱུང་གནས་འདུལ་བའི་བསྟན་པ་འདི། །
རྙེད་དང་བཀུར་སྟིས་མྱུར་དུ་འཇིག་པའི་ཚུལ། །འདུལ་བའི་སྡེ་སྣོད་དག་ལས་གསུང་ངོ་ཞེས། །འཇམ་པའི་དབྱངས་དངོས་གུང་ཐང་པ་ཡིས་གསུངས། །བསོད་ནམས་འཛད་པའི་རྒྱུ་ནི་བསམ་ངན་ཡིན། །བསམ་ངན་ནང་ནས་རང་ལུགས་དར་བ་ལ། །གཞན་ལུགས་དགག་ན་སྙམ་པ་འདི་ཉིད་ལས། །ལྷག་པའི་བསམ་ངན་འཇིག་རྟེན་ཁམས་ན་མེད། །དེའི་ཕྱིར་རང་ལུགས་དར་ཕྱིར་གཞན་ལུགས་ལ། །དགག་པ་གཏོང་བའི་བསམ་སྦྱོར་ངན་པའི་རིགས། དངོས་སུ་ལྟ་ཞོག་རྨི་ལམ་སྐབས་སུ་ཡང་། །ཡིད་ལ་ནམ་ཡང་མི་སྐྱེའི་སྨོན་ལམ་ཐོབ། །བསོད་ནམས་སྐྱེ་བའི་རྒྱུ་ནི་སངས་རྒྱས་ཀྱི། །བསྟན་པ་འཛིན་ཅིང་རང་གཞན་གྲུབ་མཐའ་ཀུན། །དར་ཞིང་རྒྱས་ན་སྙམ་པ་འདི་ཡིན་པས། །དེ་འདྲའི་བསམ་སྦྱོར་གོང་དུ་འཕེལ་བར་མཛོད། །ཚེ་རབས་ཀུན་ཏུ་སྟོན་པ་སངས་རྒྱས་གསུང་། །མདོ་སྔགས་བསྟན་པ་གཅིག་ཀྱང་མི་ཉམས་པར། །ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ནུས་པའི། །སྨོན་ལམ་འདེབས་པས་དེ་བཞིན་ཐེབས་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
༈ ད་ནི་སྐྱེ་འཆི་འཁོར་བའི་ཉེས་དམིགས་བསམས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་གང་ཟག་གིས་ཆོས་ལུགས་གྲུབ་མཐའ་ཡོངས་ལ་དད་གུས་དག་སྣང་སྦྱོང་བཞིན། རྒྱལ་བ་སྲས་བཅས་རྒྱ་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་རྣམ་ཐར་གསུང་སྒྲོས་འདི་རྣམས་རྒྱུད་སྟེང་དུ་བསྐོར་ནས་ཉམས་ལེན་བྱེད་པ་གལ་ཆེ་བས། དེའི་ཚུལ་འདིར་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་སངས་རྒྱས་གཉིས་པ་མཉམ་མེད་ཇོ་བོའི་རྣམ་ཐར་ཆོས་ཀྱི་འབྱུང་གནས་ལས། ཁུ་བྱུག་བཟང་པོས་སེམས་བསྐྱེད་གདམས་པ་བསྟན། །གདམས་པའི་གཙོ་བོ་མཆོག་ཏུ་བསྔགས་པ་དེར། །རྒྱལ་བུ་ཚེ་འདིར་ཕུན་སུམ་ཚོགས་གྱུར་ཀྱང་། །སྐྱེ་བ་གཏན་གྱི་སོ་ནམ་མ་བྱས་ན། །དལ་འབྱོར་མི་ལུས་ཐོབ་པ་དགོས་པ་ཆུང་། །ཕྱི་རབས་ནོར་ཤོར་ན་ཡང་འཕམ་པོ་ལགས། །རྒྱལ་བུ་ཀླུ་སྒྲུབ་སྙིང་པོས་འདི་སྐད་གསུངས། །རྨི་ལམ་སྒྱུ་འདྲ་རང་བཞིན་སྤྲོས་དང་བྲལ། །སེམས་ཉིད་མ་བཅོས་རང་བཞིན་གཉུག་མའི་ངང་། །གང་གིས་འདི་གཉིས་བློ་ལ་མ་བསམ་ན། །འཁོར་བའི་འདམ་དུ་བྱིང་པར་འགྱུར་རོ་ཨང་། །རྒྱལ་བ་དོན་དམ་
མཉམ་གཞག་ནམ་མཁའ་འདྲ། །རྗེས་ཐོབ་སྒྱུ་འདྲ་ལས་འབྲས་བསམ་པར་རིགས། །བླ་མས་ཟབ་མོའི་ཆོས་དེ་བསྟན་པ་ན། །སྦྱོར་བའི་ལམ་བརྙེས་དཔའ་བོའི་ཏིང་འཛིན་ཐོབ། །དེའི་ཚེ་རྗེ་ལ་རྟོགས་པ་འདི་ཕུལ་བ། །ཁོ་བོས་ཏིང་འཛིན་གཅིག་ལ་མཉམ་བཞག་ཚེ། །ནམ་མཁའ་སྤྲིན་དང་བྲལ་བ་ཇི་བཞིན་དུ། །གསལ་ཞིང་དྭངས་ལ་རྙོགས་པ་མི་གདའ་ན། །བླ་མ་ཆོས་ཀྱི་གནས་ལུགས་དེ་ལགས་སམ། །དེ་ནས་ཏིང་འཛིན་དེ་ལས་སད་པ་ན། །སྣང་ཡང་ཞེན་པ་མེད་པའི་སེམས་ཅན་དྲན། །རྫུན་ཡང་ཕྲ་ཞིབ་ལས་ལ་བག་ཡོད་ཐོབ། །བླ་མ་བདག་གི་ཉམས་དེ་མ་འཁྲུལ་ལམ། །ལན་དུ་བླ་མའི་ཞལ་ནས་འདི་སྐད་གསུངས། །ལེགས་སོ་ཁྱོད་ནི་བསོད་ནམས་བསགས་པའི་བུ། །ང་ནི་སྒྲོ་སྐུར་མེད་པའི་དགེ་སློང་ཡིན། །མཉམ་གཞག་ནམ་མཁའ་ལྟ་བུར་དག་ན་ཡང་། །རྗེས་ཐོབ་སྙིང་རྗེས་འགྲོ་ཀུན་འདྲེན་པར་བྱེད། །བདེན་པ་གཉིས་ཀྱང་ཆ་ལུགས་དེ་ལྟར་ལགས། །དེ་ནི་བདག་གི་གདམས་ངག་དམ་པ་ཡིན། །ཞེས་གསུངས་པ་འདི་ཤིན་ཏུ་ཟབ་པས་ཉམས་སུ་ལོངས། ཡང་རྗེ་
བདག་ཉིད་ཆེན་པོས་མཛད་པའི་གསང་སྔགས་ཀྱི་བསླབ་པ་དངོས་གྲུབ་སྙེ་མ་ལས། ལམ་ཅི་ཙམ་ཞིག་བསྒོམ་པར་བྱ་སྙམ་ན། འདི་ལ་འཁྲུལ་བ་ཆེ་བས་སློབ་དཔོན་འཇམ་དཔལ་གྲགས་པས་ཇི་ལྟར་གཏན་ལ་ཕབ་པ་དེ་ཉིད་བཤད་པར་བྱའོ། །དེ་ཡང་སྙིང་པོ་རྒྱན་ལས། དྲང་སྲོང་ཆེན་པོ་བི་ཤྭ་མི་ཏྲ་དང་། རིག་སྔགས་འཆང་གི་སློབ་དཔོན་གཞོན་ནུ་སྡེ་དང་། རྒྱལ་བའི་ཞབས་དང་། རིན་ཆེན་ལྡན་དང་། བྲམ་ཟེ་བཟང་པོའི་བཤེས་གཉེན་ལ་སོགས་པ་རྣམས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ལོག་པར་རྟོག་པ་དགག་པ་ལས། བླང་པར་བྱ་བ་ཉིད་ཡིན་ཏེ། སངས་རྒྱས་ནི་བསོད་ནམས་ཀྱིས་ཉེ་བར་བསྒྲུབ་པས་སོ། །ལམ་བསྐྱེད་པའི་རིམ་པས་ཐ་མལ་པའི་དངོས་པོ་སྤངས་ཏེ། གཟུགས་ཀྱི་སྐུས་སེམས་ཅན་གྱི་དོན་བྱེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བས། ལྷའི་རྣམ་པ་དང་སྤྱོད་པ་ཕྱིན་ཅི་མ་ལོག་པས་བསྒྲུབ་པར་བྱའོ། །ཞེས་གསུངས་པ་ལྟར་ཁ་ཅིག་གིས། སྟོང་པ་ཉིད་བསྟན་པ་ནི་ལོག་རྟོག་དགག་པ་ཙམ་གྱི་ཕྱིར་བླང་བར་བྱ་བ་ཡིན་ཏེ། སངས་རྒྱས་ཉིད་ནི་བསོད་ནམས་ཀྱི་
ཚོགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པས་སོ། །བསྐྱེད་རིམ་གྱིས་ཐ་མལ་གྱི་དངོས་པོ་སྤངས་ནས། གཟུགས་སྐུས་སེམས་ཅན་གྱི་དོན་བྱེད་པ་ནི་སངས་རྒྱས་སུ་འགྱུར་བས། ལྷ་བསྒོམ་པ་དང་སྤྱོད་ཕྱོགས་ཕྱིན་ཅི་མ་ལོག་པས་སངས་རྒྱས་བསྒྲུབ་པར་བྱའོ། །ཞེས་འདོད་པ་དང་། ཡང་དེ་ཉིད་ལས། གཞན་ཡང་བྲམ་ཟེ་སྟོང་ཉིད་བློ་དང་། ཁ་ཆེའི་མཁན་པོ་རབ་སྣང་བྱེད་དང་། ཨ་ནནྟ་བཛྲ་དང་། དགེ་བསྙེན་སི་ཏི་ཀ་ར་དང་། མཁས་པ་ཆེན་པོ་དཔལ་གྱི་སེང་གེ་དང་། སྣང་མཛད་རྡོ་རྗེ་དང་། དགེ་སློང་ཐེག་ཆེན་དཔལ་དང་། ལེགས་སྦྱིན་བཟང་པོ་དང་། དཔལ་ཤམ་ཐབ་སྔོན་པོ་ཅན་དང་། རྒྱལ་བའི་ཞབས་དང་། རིན་ཆེན་ལྡན་དང་། བྲམ་ཟེ་མཐོང་བའི་བཤེས་གཉེན་དང་། དགེ་སློང་མ་དགའ་མོ་ལ་སོགས་པ་བསྐྱེད་པའི་རིམ་པ་དང་སྤྱོད་པའི་ཚུལ་གསུངས་པ་ནི་ཆད་པར་སྨྲ་བ་དགག་པ་དང་། རྟེན་འབྲེལ་གྱིས་རྟེན་འབྲེལ་གྱི་འབྲས་བུ་བསྒྲུབ་པ་དང་། ཟབ་མོའི་དོན་གྱིས་འཇིགས་པའི་འཇིག་རྟེན་པ་རྣམས་རེ་ཞིག་གཟུང་བའི་ཐབས་སུ་གསུངས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་
གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ། དེ་མི་མཐུན་པའི་རྒྱུ་ལས་སྐྱེས་པ་མ་ཡིན་པས། འདིར་སྟོང་པ་ཉིད་མཚན་མ་མཐོང་བ་བསམ་གྱིས་མི་ཁྱབ་ཅིང་སྤྲོས་པ་རྣམ་པར་ཆད་པ་ནི། རྣལ་འབྱོར་པས་བསམ་པའི་ཚུལ་གྱིས་འཇིག་རྟེན་ན་འབྲས་བུ་མཆོག་དང་ལྡན་ནོ། །ཞེས་གསུངས་པ་ལྟར་ཁ་ཅིག་བསྐྱེད་རིམ་དང་སྤྱོད་པ་རྣམས་གསུངས་པ་ནི། ཆད་ལྟ་དགག་པ་དང་ཟབ་མོའི་དོན་རྣམས་དང་། དོན་ལ་འཇིགས་པ་རྣམས་རེ་ཞིག་གཟུང་བའི་ཐབས་སུ་གསུངས་པས། སངས་རྒྱས་ནི་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡིན་ལ། དེ་ནི་མི་མཐུན་པའི་རྒྱུ་སྤྲོས་པའི་རྟོགས་པ་ལས་མི་སྐྱེའོ། །དེས་ན་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ཙམ་ཞིག་བསྒོམས་པས་འཚང་རྒྱའོ་ཞེས་འདོད་དེ། དེ་གཉིས་ནི་ཕྱོགས་རེ་རེ་བས་སངས་རྒྱས་འདོད་པ་ཡིན་ནོ། །དེ་བཀག་ནས་ལམ་ཕྱིན་ཅི་མ་ལོག་པ་གསུངས་པ་ནི་ལུང་སྔ་མའི་འཕྲོ་ཉིད་ལས། རེ་ཞིག་ཕྱོགས་ཙམ་མཐོང་བའི་ཞུགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ངེས་པར་རྙེད་པར་མ་ཡིན་པས་དེའི་ཕྱོགས་སུ་རྣམ་པར་ལྟ་བ་དང་བྲལ་བས་གནས་པར་
བྱ་སྟེ། ལྟ་བའི་ཚུལ་སྤྲོས་པ་དང་བྲལ་བར་རྟོགས་པ་དང་། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་རིམ་གྱིས་འཇུག་པ་དང་། དམ་ཚིག་རྣམས་ཉེ་བར་བསྟེན་པ་དང་། རིམ་གྱིས་འཇུག་པའི་སྤྱོད་པའི་ཚུལ་ཤེས་པ་རྣམས་ནི་ཐེག་པ་མཆོག་ལ་ངེས་པར་སྐྱེས་པ་སྟེ། རྡོ་རྗེ་འཛིན་པའི་ལམ་གྱིས་དེ་ཉིད་མངོན་དུ་རྟོགས་ནས། འདོད་པའི་ཡོན་ཏན་དང་ལྡན་པར་འགྱུར་བས། ལམ་གྱི་རིམ་པ་དང་སྦྱར་ཏེ་ཚུལ་གཉིས་དང་ལྡན་པ་འདི་ཉེ་བར་བཟུང་བར་བྱའོ་ཞེས་ལམ་ཕྱོགས་རེ་བར་མ་སོང་བར་ལྟ་སྤྱོད་གཉིས་ཀ་ལ་གནས་དགོས་པ་དང་། དམ་ཚིག་རྣམས་བསྟེན་ནས་བསྐྱེད་རྫོགས་གཉིས་ལ་རིམ་ཅན་དུ་འཇུག་པར་གསུངས་ཏེ། འདི་ནི་གསུང་རབ་སྤྱི་དང་ཁྱད་པར་རྒྱུད་སྡེའི་དོན་ལུང་དང་རིགས་པས་གཏན་ལ་འབེབས་པ་ལ་མཁས་པའི་ཐར་འདོད་བློ་གྲོས་ཅན་རྣམས་ཀྱི་ཡིད་འཕྲོག་པའི་ལམ་གྱི་རྣམ་གཞག་ཡིན་པས། སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚུལ་གཉིས་ཀྱི་ཤིང་རྟའི་སྲོལ་ཆེན་པོ་འདིར་ཞུགས་ནས་རྡོ་རྗེ་འཆང་གི་སར་འགྲོ་བར་བྱའོ། །ཞེས་གསུངས་པ་ལྟར་བློ་གྲོས་དང་ལྡན་
པ་རྣམས་ཀྱིས་མདོ་སྔགས་གང་གི་དུས་སུ་ཡང་ཐབས་ཤེས་ཡ་མ་བྲལ་བར་ཟུང་འཇུག་གི་ལམ་ལ་སློབ་པར་མཛོད་ཅིག་ཅེས་འདོམས་སོ། །ཡང་བཀའ་གདམས་བསྟན་པའི་སྒྲོན་མེ་མཉམ་མེད་པོ་ཏོ་བའི་ཆིག་ལབ་རིང་མོ་ལས། ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེན་པོ་འདིར། དུས་ཐོག་མ་མེད་པ་ནས་འཁྱམས་པ་འདི། རང་སེམས་མ་རྟོགས་པས་ལན་ནས་འདུག སེམས་མ་རྟོགས་པ་སྒྲིབ་པས་ལན། སྒྲིབ་པ་ཚོགས་གསོག་མ་ཤེས་པས་ལན། ཚོགས་གསོག་མ་ཤེས་པ་དད་པ་མེད་པས་ལན། དད་པ་མེད་པ་འཆི་བ་མ་དྲན་པས་ལན་པ་ཡིན། ད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས། རང་གི་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་སྒྲིབ་པ་སྦྱོང་དགོས། སྒྲིབ་པ་སྦྱོང་བར་བྱེད་པ་ལ་ཚོགས་གསོག་དགོས། ཚོགས་གསོག་པ་ལ་དད་པ་དགོས། དད་པ་གཤའ་མ་དེ་འཆི་བ་རྗེས་སུ་མ་དྲན་ན་མི་སྐྱེ། འཆི་བ་གཤའ་མར་དྲན་ནས་ཆོས་མིན་པ་ཅིས་ཀྱང་མི་ཕན་པར་འདུག་སྙམ་ཙ་ན། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཅི་ལ་ཡང་བློ་མི་འཇུག་པ་
ཞིག་འོང་བ་ཡིན་གསུངས། ལར་ཆོས་མང་པོ་ཤེས་པའི་ཁ་ན་ཡང་མི་འདུག གདམས་ངག་ཟབ་མོའི་ཁ་ན་ཡང་མི་འདུག བླ་མ་བཟང་པོ་ཞིག་དང་མཇལ་ནས། རང་སེམས་ཆོས་སྐུར་འགྲོ་བའི་ཞད་དུ་འདུག བླ་མ་བཟང་པོ་འཚོལ་བའི་དུས་ད་ལྟ་ཡིན་པ་ལ། ཁ་ཅིག་ན་རེ། བླ་མ་དེའི་དྲུང་དུ་འགྲོ་བ་གང་ནས་འོང་། དེ་བས་སྒོམ་བརྫུས་བཏབ་ན་རང་དྲགས་ཟེར་བའི་མི་ཡང་མང་པོ་འོང་ཞིང་འདུག བླ་མ་བཟང་པོ་མཇལ་བ་ལ་ཚོགས་དཔག་ཏུ་མེད་པ་བསག་དགོས་པར་འདུག་པ། ད་ལྟ་བླ་མ་མི་འཚོལ་བར་བརྫུས་ནས་བསྡད་པས་ག་ན་འོང་། བླ་མ་བཟང་པོ་དང་མཇལ་ན། བླ་མའི་བྱིན་རླབས་ཀྱིས་རང་ལ་ཏིང་ངེ་འཛིན་སྐྱེ། དེས་སེམས་རྟོགས་ན་འཚང་རྒྱ་བ་ཡིན་ཏེ། ལ་ལ་འཚང་རྒྱ་བ་བས་མིས་མི་འཕྱ་ཙམ་ལ་དགའ་བར་འདུག་གསུངས། ཡང་འདུལ་བ་ཀ་རི་ཀ་ནས་དཔལ་གསང་བ་འདུས་པ་མན་ཆད་ཀྱི་བཀའ་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱང་གང་ཟག་གཅིག་གི་ཆོས་ཡིན། དུས་དང་གནས་སྐབས་འགའ་ཞིག་ལ་དགོངས་ནས་གསུངས་པ་ཡིན། མི་དགོས་པར་གསུངས་པ་འགའ་ཞིག་ཀྱང་
མེད། ཆོས་ཐམས་ཅད་གཅིག་པ་ཡིན། ང་ཅག་གི་ཆོས་དང་། ཁོང་ཅག་གི་ཆོས་བྱས་ནས་གཞན་གྱི་ཆོས་ལ་སྨད་ན་དམྱལ་བར་སྐྱེ་བ་འཕགས་པ་བརྒྱད་སྟོང་པ་ནས་གསུངས། གང་ཟག་སུ་ཐོད་ཐོད་ལ་སྨྲ་མི་རུང་། ཆོས་ཐམས་ཅད་བསམ་པས་བྱེད་པ་ཡིན་པས། ཁོང་ལ་ཐུགས་དགོངས་ཅི་འདྲ་ཡོད་མི་ཤེས་གསུངས། ཡང་ཁ་ཅིག་ན་རེ། སྔགས་དང་འདུལ་བ་འགལ་ཟེར་ཏེ། དེས་མ་གོ་བ་ཡིན། སྔགས་ཀྱི་རྟེན་དུ་མི་རུང་བ་ཞིག་བྱུང་ན། འདུལ་བ་མིན། འདུལ་བ་དང་འགལ་བ་གཅིག་བྱུང་ན་དེ་གསང་སྔགས་མིན་པའི་རྟགས་ཡིན། སྟོན་ཐོག་འདོན་པ་ལ་རེས་ཞིང་ལ་ཆུ་གཏོང་། རེས་རྨོས་ནས་ཁག་མ་བྱེད་དེ། དེ་དག་ཀྱང་ནུས་པ་ཕྱོགས་གཅིག་ཏུ་བསྡེབས་ནས་ཁག་མ་ལ་སྟོན་ཐོག་འདོན་པ་ཡིན་གསུངས། ལྷ་བླ་མ་བྱང་ཆུབ་འོད་ཀྱི་ཞལ་ནས། བདག་གཅེས་འཛིན་དགྲ་ཡིན། གཞན་གཅེས་འཛིན་གཉེན་ཡིན། སྣང་བ་རྫུན་ཡིན། སེམས་ཉིད་ནམ་མཁའ་ཡིན། ཞེས་དང་། བདག་འཛིན་སྡུག་བསྔལ་གྱི་རྩ་བ་ཡིན་པས་རྩད་ནས་བཅད་ན་ལེགས། དམ་ཆོས་བྱང་ཆུབ་ཀྱི་ལམ་ཡིན་པས་ཉམས་སུ་བླངས་ན་ལེགས།
སྣང་བ་རྫུན་གྱི་རང་བཞིན་ལ་བདེན་པར་མ་བཟུང་ན་ལེགས། རང་སེམས་སངས་རྒྱས་ཀྱི་དགོངས་པ་ཡིན་པས་དོན་དང་དུ་གཉེར་ན་ལེགས། གསུངས། ལར་རྩེ་གཅིག་སྡོད་པའི་ཞི་གནས་དེ། །གཏི་མུག་གི་ཁ་སྣོན་མི་བགྱིད་འཚལ། །འཛིན་མེད་རང་གསལ་གྱི་སྒོམ་པ་དེ། །བློ་ཁ་འཚམ་གྱི་དགྲ་ལ་མི་བསྐུར་འཚལ། །མ་བཅོས་གཉུག་མའི་ཡེ་ཤེས་དེ། ཁམས་འདུས་ཀྱི་ཉམས་ལ་མི་བགྱིད་འཚལ། །གསུངས་སོ། །སྔོན་་ཇོ་བོ་རྗེ་ལ། འབྲོམ་སྟོན་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་གང་ལགས་ཞུས་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་གསུངས། དཔེར་ན་འཇིག་རྟེན་ན་སྨན་དཔའ་བོ་གཅིག་ཐུབ་བྱ་བ་ནད་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཞིག་ཡོད་པ་ཡིན། དཔེ་དེ་བཞིན་དུ་སྨན་དཔའ་བོ་གཅིག་ཐུབ་ལྟ་བུ། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཡིན་གསུངས། དེས་ན་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ན་སྨན་དཔའ་བོ་གཅིག་ཐུབ་དང་མཚུངས་ཏེ། ལམ་གྱི་ཆོས་ཐམས་ཅད་དེའི་
ཁོངས་ན་ཡོད་གསུངས། འོ་ན་དོན་རྟོགས་པ་ཞིག་ལ་སྟོང་པ་ཉིད་ཀྱི་ལྟ་སྒོམ་ཁོ་ནས་འཚང་རྒྱ་བ་ལགས་སམ་ཞུས་པས། འདི་ལྟར་སྣང་ཚོད་གྲག་ཚོད་འདི་ཐམས་ཅད་རང་གི་སེམས་ལས་མ་བྱུང་བ་མེད། སེམས་རིག་པ་སྟོང་པ་དངོས་མེད་དུ་རྟོགས་པ་དེ་ལྟ་བ་ཡིན། དེ་ལ་མ་ཡེངས་པར་དྲན་པ་རྒྱུན་ཆགས་སུ་གནས་པ་སྒོམ་པ་ཡིན། དེའི་ངང་ནས་སྒྱུ་མ་ལྟ་བུའི་ཚོགས་གཉིས་གསོག་པ་དེ་སྤྱོད་པ་ཡིན། དེ་ད་ལྟ་ཉམས་འོག་ཏུ་ཆུད་པ་ཞིག་ཡོད་ན་རྨི་ལམ་དུ་འོང་། རྨི་ལམ་དུ་འོངས་ན་འཆི་ཁར་འོང་། འཆི་ཁར་བྱུང་ན་བར་དོར་འོང་། བར་དོར་བྱུང་ན་མཆོག་གི་དངོས་གྲུབ་ཐོབ་ངེས་པ་ཡིན་གསུངས། མཉམ་མེད་པོ་ཏོ་པའི་ལམ་རིམ་ལས། འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱང་། །སེམས་ཉིད་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། །ས་དང་ལམ་གྱི་རིམ་པ་ཐམས་ཅད་ཀྱང་། །རྟོགས་པ་འཕེལ་བའི་མིང་གི་རྣམ་གྲངས་ཡིན། །གསུངས་པ་ཉམས་སུ་བླང་ན་མྱུར་དུ་འཚང་རྒྱ་བར་འགྱུར་རོ། །བདག་ཅག་གི་སྟོན་པའི་གསུང་རབ་བརྒྱད་སྟོང་པ་ལས། སེམས་ཅན་རྣམས་དགེ་བའི་བཤེས་གཉེན་དང་བྲལ་བས། རང་གི་
སེམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་མ་རྟོགས་པར་ངར་འཛིན་པ་དང་། ང་ཡི་བར་འཛིན་པ་དང་། གསོབ་དང་གསོབ་ལ་བརྟགས་ནས། དགེ་བ་དང་མི་དགེ་བ་ལ་སོགས་པར་བརྟགས་པས། འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། གསུངས། ཆོས་དབྱིངས་རང་བཞིན་མེད་པར་བསྟན་པའི་ལེའུ་ལས། སེམས་ནི་གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ། སྣང་བ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པས། ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་པའི་ཕྱིར། ཡང་དག་པར་ཡོངས་སུ་གྲུབ་པ་མ་ཡིན་ཞིང་། དེ་ལ་རྣམ་པར་གྲོལ་བ་མེད་དོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ་གསུངས། མྱང་འདས་ཀྱི་མདོ་ལས། སེམས་ཀྱི་རང་བཞིན་དོན་དམ་པ་སྟོང་པའོ། །དོན་ལ་སྟོང་པ་ཉིད་ནི་ཡེ་ཤེས་སོ། །དེ་ལ་སྟོང་པ་ཞེས་བྱ་བ་ནི། སྟོང་པ་དང་མི་སྟོང་པ་གཉིས་ཀ་མི་མཐོང་བའོ། །གསུངས། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་མེད་པ་
ཡང་མི་དམིགས། འོད་སྲུངས་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། གསུངས། བྱམས་པས་ཞུས་པའི་མདོ་ལས། བཅོམ་ལྡན་འདས། ནང་གི་སེམས་ཇི་ལྟར་ལྟ་བར་བགྱི། བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ་ནམ་མཁའ་ལྟ་བུའོ། །གསུངས། ཇོ་བོས་ཀྱང་སེམས་ནི་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་པ་དབྱིབས་དང་བྲལ་བ་ནི་ནམ་མཁའ་དང་འདྲ་བར་མ་གྲུབ་པའོ་གསུངས། ཕྱག་ཆེན་ཡི་གེ་བཞི་པ་ལས། སེམས་ཉིད་འདི་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐར་གར་འགྲོ་བརྟགས་པས། དང་པོ་བྱུང་ས་མེད་དེ། རྒྱུ་དང་རྐྱེན་ལས་མ་བྱུང་བའི་ཡེ་ནས་རྩ་བྲལ་དུ་འདུག བར་དུ་གནས་ས་མེད་དེ། ཁ་དོག་དབྱིབས་སུ་མ་གྲུབ། འགྱུ་བ་སྟོང་འགྱུ། སྣང་བ་སྟོང་སྣང་དུ་འདུག མཐར་འགྲོ་ས་མེད་དེ། འདིར་སོང་གི་ཡུལ་དང་རྗེས་མེད་པས། འགྱུ་བ་རང་གྲོལ། སྣང་བ་རང་སངས་སུ་འདུག དེས་ན་སེམས་ཉིད་འདི་ནི་དང་པོ་རྒྱུས་མ་བསྐྱེད་པས། མཐར་རྐྱེན་གྱིས་མི་འཇིག
དུས་གློ་བུར་དུ་མ་བྱུང་བས། གང་སྟོང་དང་འཕེལ་འགྲིབ་མེད། སྣང་སྲིད་ཀུན་ལ་ཁྱབ་པས་ཕྱོགས་དང་རིས་སུ་མ་ཆད། དངོས་པོ་དང་མཚན་མར་མ་གྲུབ་པས། འདི་ཞེས་མཚོན་དུ་མེད། གང་དུ་ཡང་མ་གྲུབ་ལ་ཅིར་ཡང་འཆར་བ། ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ། དུས་གསུམ་འཕོ་འགྱུར་མེད་ཅིང་། རང་བཞིན་ཡེ་ནས་དག་པའི་འཁོར་བའི་སྐྱོན་གྱིས་མ་གོས་པ་སྟེ། སེམས་ཉིད་འདི་ཡེ་ནས་སངས་རྒྱས་ཡིན་གསུངས་སོ། །མཁའ་འགྲོ་སྙིང་ཐིག་ལས། སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པར་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབ་ཆོས་ཉིད་ལ་བསལ་བཞག་མེད་པར་འཇོག་བཅུག་ལ། ཀྱེ་སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་པར་ལྟོས་ཤིག དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་
ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །གསུངས། སློབ་དཔོན་ཆེན་པོའི་ཞལ་ནས། འོ་སྐལ་ལྡན་བུ་ཀུན། རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། ལྷག་མཐོང་རྟོགས་པ་ཞེས་ཀྱང་བྱ། ལྟ་བ་ཁྲེགས་ཆོད་ལ་སོགས་པ་མིང་གིས་རྣམ་གྲངས་དུ་མར་ཕྱེ་ཡང་། དོན་ལ་རང་རིག་ཀུན་ཏུ་བཟང་པོ་སངས་རྒྱས་ཀྱི་དགོངས་པ་རྣལ་མ་སྐྱོན་མེད་འདི་ཁོ་ན་ཡིན་ཏེ། རྟོག་པ་སྔ་མ་འགག་ཕྱི་མ་མ་སྐྱེས་པའི་བར་དེ་ན་གསལ་སྟོང་རྗེན་པ། འདི་ཡིན་མེད་པའི་གསལ་ཞིང་དྭངས་པ་སྨྲ་རུ་མེད་པའི་ཉམས་སུ་མྱོང་རྒྱུ་ཞིག་འདུག་པ། དེ་ཀ་ལྟར་ཡེ་གདོད་མ་ནས་གནས་པ་ཡིན་ཏེ། སྐབས་སུ་གློ་བུར་རྐྱེན་གྱིས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་པས། ད་ནི་དུས་དེ་རིང་ནས་བཟུང་སྟེ་སངས་རྒྱས་ལག་ཏུ་གཏད་པ་ཡིན་པས། ད་ཕན་ཆད་གནས་
ལུགས་འདི་དང་མ་བྲལ་བར་འདི་ག་ལྟར་དུ་ཉམས་སུ་ལོངས་ཤིག་དང་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་འཐོབ་པར་གདོན་མི་ཟའོ། །གསུངས། རྫོགས་པ་ཆེན་པོ་ཚིགས་གསུམ་པའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ་རང་གི་རིག་པ་འགག་པ་མེད་པར་ཝལ་ལེར་གསལ་བ་འདི་སངས་རྒྱས་ཡིན་ནོ། །རང་གི་རིག་པ་འགག་པ་མེད་པར་ཝལ་ལེར་གསལ་བ་འདི་དང་འབྲལ་བ་མེད་པའི་སངས་རྒྱས་ཆོས་སྐུ་བསྒོམ་དུ་མེད་དོ། །རང་གི་རིག་པ་འགག་པ་མེད་པར་ཝལ་ལེར་གསལ་བ་འདི་སངས་རྒྱས་ཡིན་པ་རང་གིས་ངོ་ཤེས་པས་ཆོག་གོ་གསུངས། གསང་བའི་བདག་པོའི་ཞལ་ནས། རིག་པའི་ངོ་བོ་སྟོང་པ་འདི་སུས་ཀྱང་མ་བཅོས་པ་རྒྱུ་མེད་པ་རྐྱེན་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན། འདི་ལ་བཅས་བཅོས་གང་ཡང་མ་བྱེད་པར་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་མེད། ཀ་དག་གི་ཀློང་དུ་འཚང་རྒྱ་བ་ཡིན། གསུངས། ཕྱག་ཆེན་ཡི་གེ་བཞི་པ་ལས། རྣལ་འབྱོར་པ་ནམ་འཆི་བའི་ཚེ། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་རྩ་བ་ནས་བཅད་ལ།
དོན་དམ་པར་སེམས་ལ་སྐྱེ་འཆི་མེད། ཕྱག་རྒྱ་ཆེན་པོ་ཡིད་ལ་བསྒོམ་དུ་མེད་པར་ཐག་བཅད། བསྒོམ་མེད་ཀྱི་ངང་ལ་ཡེངས་མེད་དུ་བཞག་པས་བར་དོ་མེད་པར་ཡེ་ཤེས་ཟང་ཐལ་དུ་འཚང་རྒྱའོ་གསུངས། ས་ཆེན་ཀུན་དགའ་སྙིང་པོ་ལ་རྗེ་བཙུན་འཇམ་དབྱངས་གཙོ་འཁོར་གསུམ་གྱི་ཞལ་གཟིགས་དུས། གཙོ་བོའི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །གསུངས། རྗེ་རིན་པོ་ཆེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་དུས་སུ། གང་ལ་གནས་པ་མེད་པར་ནི། །སེམས་ཉིད་ནམ་མཁའ་ལྟ་བུར་བསྒོམ། །དེ་ཡི་གྲོགས་རྣམས་ཀུན་ལ་འབད། །བསེ་རུ་ལྟ་བུར་གནས་པར་བྱ། །ཞེས་དང་། ཡུལ་གྱི་སྣང་བ་ནམ་མཁའི་མེ་ཏོག་བཞིན། །སེམས་ཀྱི་འཛིན་པ་བདེ་གཤེགས་སུ་ཡིས་རྙེད། །དབྱིངས་རིག་གཅིག་པ་མོ་གཤམ་བུ་ཡིས་སྒྲུབ། །དེ་འདྲ་དེ་དག་གང་ཡིན་རྒྱལ་བའི་ལམ། །ཞེས་གསུངས་པ་ལྟར་དབྱིངས་རིག་དབྱེར་མེད་རང་བཞིན་སྟོང་པ་ནམ་མཁའ་ལྟ་བུའི་ངང་ལ་བློས་འཛིན་པ་དང་བྲལ་བར་
འཇོག་པ་ལ་བརྩོན་པར་བྱའོ། །ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་གོམས་པར་བྱ། །ཡོད་དང་མེད་པ་ལ་སོགས་པ། །དངོས་པོའི་གནས་ལུགས་དེ་ལ་མེད། །བསྒོམ་བྱ་སྒོམ་བྱེད་ལ་སོགས་པ། །བསྒོམ་པར་བྱ་བ་ཡོད་མ་ཡིན། །སེམས་ལ་དངོས་པོ་མ་གྲུབ་པས། །སེམས་ཀྱི་ངོ་སྤྲོད་ག་ལ་ཡོད། །ཚིག་གི་ཡུལ་ལས་འདས་པའི་ཕྱིར། །བརྗོད་པར་བྱ་བ་ཅི་ཡང་མེད། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །སེམས་ཀྱི་རྣམ་གཡེང་གང་ཡང་མེད། །དམ་པའི་དོན་དུ་དེ་ལྟར་ཡིན། །ཞེས་དང་། དེ་བཞིན་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མགུར་ལས། ཆོས་ཐོག་མར་སྐྱེ་བ་མེད་པ་ལ། །གནས་པ་དང་འགག་པ་ག་ལ་སྲིད། །སྐྱེ་འགག་མེད་པར་བསམ་པ་ཡི། །རྣམ་རྟོག་འཕེལ་བས་ཞོག་ལ་ཐོང་། །གཞག་ས་རང་ཡང་ཞོག་ལ་ཐོང་། འཇོག་པ་རང་ཡང་རྣམ་རྟོག་ཡིན། །རང་བྱུང་གནས་ལུགས་མ་རྟོགས་ཤིང་། །འཛིན་མེད་ཀྱི་གདམས་ངག་མ་གོམས་པས། །ཅི་ལྟར་བྱས་ཀྱང་འཛིན་པར་སོང་། །འཛིན་མེད་བསམས་
ཀྱང་འཛིན་པར་སོང་། །གསལ་ལ་མ་འགགས་ཀྱི་བདག་མེད་ཡིན། །ཟུང་འཇུག་གི་གནས་ལུགས་རྟོགས་པར་ཤོག །གསུངས། བུ་སྟོན་ཐམས་ཅད་མཁྱེན་པས། བྱས་པའི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །དོན་དམ་སྤྲོས་བྲལ་བློ་ཡི་ཡུལ་ལས་འདས། །བློ་འདས་ཕྱག་རྒྱ་ཆེན་པོ་རྟོགས་འདོད་ན། །ཅི་ཡང་མི་སེམས་རྩེ་གཅིག་གློད་ལ་ཞོག །ནང་དུ་ཁ་བལྟས་རང་གི་སེམས་ལ་ལྟོས། །བལྟས་པས་བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །གསལ་སྟོང་མ་འགག་རིག་པ་རྗེན་པར་འཆར། །དེ་ལ་མ་ཡེངས་རྩེ་གཅིག་དྲན་པས་ཟུང་། །དེ་ལྟར་རྒྱུན་ཏུ་བསྐྱངས་ན་གྲུབ་ཆེན་དང་། །སངས་རྒྱས་ལ་སོགས་དངོས་གྲུབ་རྣམ་གཉིས་འབྱུང་། །དུས་གསུམ་སངས་རྒྱས་ཐམས་ཅད་བྱོན་གྱུར་ཀྱང་། །གདམས་པའི་མཐར་ཐུག་དེ་ལས་མེད་དོ་ཨང་། །ལུས་ཀྱི་འདུག་སྟངས་མིག་གི་ལྟ་སྟངས་དང་། །དབང་པོའི་བྱེད་བཅིངས་ལ་སོགས་སྣ་ཚོགས་པས། །རིག་པ་ངང་ལ་མི་གནས་བར་དུ་གཅུན། །ཀློང་དུ་གྱུར་ནས་ཅི་བདེར་མཛད་པར་ཞུ། །གསུངས། རྗེ་བཙུན་མི་ལ་རས་པའི་ཞལ་ནས། ནམ་མཁའ་འདི་ལ་དཔེ་ལོངས་ལ། །
མཐའ་དབུས་མེད་པའི་སྒོམ་ཞིག་གྱིས། །ཉི་ཟླ་གཉིས་ལ་དཔེ་ལོངས་ལ། །གསལ་འགྲིབ་མེད་པའི་སྒོམ་ཞིག་གྱིས། །ཞེས་དང་། སེམས་དང་ནམ་མཁའ་ཁྱད་མེད་ན། །ཆོས་སྐུ་ཀློང་དུ་གྱུར་པ་ཡིན། །འདི་དང་ཕྱི་མ་ཁྱད་མེད་ན། །གནས་ལུགས་ཀློང་དུ་གྱུར་པ་ཡིན་གསུངས། ཡི་དམ་ཕྱག་ན་རྡོ་རྗེས། མཁའ་ལྟར་དག་པའི་ལྟ་བ་ལ། །རིག་པའི་ཁྱུང་ལྡིང་ཡན་དུ་ཆུག །གསེར་གླིང་བསམ་གཏན་སྒོམ་པ་ལ། །མ་ཡེངས་རྒྱུན་དུ་གནས་པར་མཛོད། །ཅེས་དང་། མུ་མཐའ་བྲལ་བའི་ལྟ་བ་ལ། །གདེངས་ཀྱིས་ཆོད་པ་ཤིན་ཏུ་གཅེས། །བསམ་དུ་མེད་པའི་སྒོམ་པ་ལ། །དྲན་པས་ཟིན་པ་རབ་ཏུ་གཅེས། །གསུངས། མཁས་པའི་དབང་པོ་རྗེ་བཙུན་ཏཱ་ར་ན་ཐའི་མགུར་ལས། སེམས་གསལ་རིག་བདེ་བའི་ཉམས་མྱོང་འདི། །གནས་ཕྱོགས་ཆ་མེད་པ་མཁའ་ལས་ཡངས། །དུས་རྟག་ཏུ་འཕོ་འགྱུར་ཡེ་ནས་སངས། །དོན་ཅང་མེད་མ་ཡིན་བདེ་བར་མྱོང་། །དེ་རིག་ཀྱང་མྱང་བྱ་མྱོང་བྱེད་བྲལ། །གཞན་སྡུག་བསྔལ་དང་ཟུག་རྔུའི་མིང་ཡང་སྟོར། །ཞེས་དང་། སེམས་རོ་དང་འདྲ་ན་སྒོམ་ཆེན་
མིན། །སེམས་པ་མེད་ཀྱང་ངོ་ཤེས་ཅན། །ནམ་མཁའ་ལྟ་བུར་དཔངས་མཐོ་ལ། །ས་གཞི་ལྟ་བུར་མི་གཡོ་རྒྱ་རེ་ཆེ། །མར་མེ་ལྟར་གསལ་ལ་ཤེལ་ལྟར་དྭངས། །ཆུ་ལྟར་ངང་གིས་དལ་བ་ལ། །ཞེས་དང་། རྗེ་ལྷོ་བྲག་མར་པའི་མགུར་ལས། ཤར་ཆུ་བོ་གངྒཱའི་འགྲམ་དུ་ཕྱིན། །རྗེ་མཻ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། །སྐུ་གསུམ་མ་དང་མངོན་སུམ་མཇལ། །མི་ཁོ་བོས་སྤྲོས་པ་དེ་ནས་ཆོད། །གསུངས། མཉམ་མེད་དྭགས་པོ་ལྷ་རྗེའི་ཞལ་སྔ་ནས། དེ་ཡང་སེམས་ཀྱི་ངོ་བོ་མ་བཅོས་མ་བསླད་པ། རྣམ་པ་གསལ་བ་དག་པ་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པ་ཡིན། དེ་ལ་གཉིས་ཏེ། སྣང་ལ་ངེས་པ་དང་། སྣང་ལ་མ་ངེས་པའོ། །སྟོན་ཁའི་ནམ་མཁའ་ལྟ་བུ་དང་། སེམས་ཉིད་གཉིས་སུ་མེད་པར་རྟོགས་པས་ཏེ། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། གཞན་གྱིས་བསྒྱུར་ཡང་མི་འགྱུར་བ་སྟེ། སྣང་ལ་ངེས་པ་ཡིན། མ་ངེས་པ་ནི། ཉམས་མྱོང་ལའང་བཞི་སྟེ།
ཞི་གནས་ཀྱི་བདེ་བ་གསལ་བ་མི་རྟོག་པའོ། །ཉམས་ལ་རེས་ཡོད་རེས་མེད་པ་སྙམ་བྱེད་པ་སྟེ། མི་རྟོག་པས་རྒྱུ་བྱས་ནས་མར་ལ་ལྡོག་པའི་ཉེན་ཡོད། གཟུགས་ཁམས་དང་གཟུགས་མེད་པ་འགོག་པའི་རྒྱུར་ཡང་འགྲོ་ཉེན་ཡོད། དང་པོ་སློབ་པའི་དུས་སུ་རིག་པ་གསལ་སིང་ངེ་བ་ལ་སློབ། དེ་ཡང་ཤེས་པ་མ་ཡེངས་པ་ལ་སློབ། དེ་ཡང་རིག་པའི་ངོ་བོ་ལ་མ་ཡེངས་པར་བྱ། དེ་ལ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན། སེམས་ཀྱི་ངོ་བོ་མ་ཤོར་བར་བྱས་ནས། རྣམ་རྟོག་ཅི་ཙམ་ཡང་འཕྲོ་བ་ཡིན། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་སྤྲིན་དང་ན་བུན་དང་ཁུག་སྣ་ལ་སོགས་པ་ཅི་ཙམ་ཡང་འོང་བ་ཡིན། དེ་ནམ་མཁའ་རང་ལ་དྭངས་ནས་འགྲོ་བ་དང་འདྲ་སྟེ། དེ་ཡང་རྣམ་རྟོག་གྲོགས་སུ་འགྲོ་བ་བྱ་བ་ཡིན་གསུངས། རས་ཆུང་རྡོ་རྗེ་གྲགས་པའི་ཞལ་ནས། རས་ཆུང་བ་ལ་ལྟ་བ་མེད། །ལྟ་བ་ནམ་མཁའི་ཐོངས་སུ་ཤོར། །མཐའ་དབུས་མེད་པར་ཤོར་ཏེ་ཐལ། །ཤོར་ཀྱང་ཕྱི་རྗེས་བཅད་རེ་ཤི། །རས་ཆུང་བ་ལ་སྒོམ་པ་མེད། །སྒོམ་པ་མཚོ་མོའི་གཏིང་དུ་ཤོར། །ཁ་
གཏིང་མེད་པར་ཤོར་ཏེ་ཐལ། །ཤོར་ཀྱང་ཕྱི་རྗེས་བཅད་རེ་ཤི། གསུངས། མཁས་པ་ཆེན་པོ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་པའི་སྒྲོན་མེ་རིན་པོ་ཆེའི་ཕྲེང་བ་ལས། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་པ་ཉིད་དུ་མི་བསྒོམ་ཏེ། །མི་སྟོང་པར་ཡང་བསྒོམ་མི་བྱ། སྟོང་དང་མི་སྟོང་འཛིན་པ་ལ། ཐ་མལ་པ་ཡི་རྣམ་རྟོག་སྐྱེ། །སྟོང་པ་ཞེས་བྱ་རྣམ་རྟོག་སྟེ། །དེས་ན་དེ་ཉིད་སྤང་བར་བྱ། །འགའ་ཡང་མཐོང་བ་མེད་པ་ནི། །མཐོང་བའི་མཆོག་ཅེས་ཡིན་པར་གསུངས། །ཞེས་དང་། སློབ་དཔོན་ཀཱ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་ལས། དེ་ནས་རྩ་བའི་སྙིང་རྗེ་བསྒོམས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་འདོན་པར་དམ་བཅས་ནས། འགྲོ་བ་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་
པས་སེམས་དང་པོ་བསྐྱེད་པའོ། །དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་སེམས་བསྐྱེད་པར་བྱའོ། །དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ། སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ་དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ་གསུངས། རྒྱལ་སྲས་ཐོགས་མེད་རིན་པོ་ཆེའི་ཞལ་ནས། སྙིང་ལ་ཞུགས་པའི་དགྲ་བོ་འདི་ནི་ཚེ་འདིའི་སྙན་གྲགས་དོན་གཉེར་ཡིན་གྱི་དེ་དག་སྤང་ཕྱིར་དབེན་པའི་གནས་སུ་རང་སེམས་ཁུག་ལ་ཡུན་དུ་གོམས་པར་མཛོད། དབེན་པའི་གནས་སུ་ཡུན་རིང་གོམས་ན་སྣང་བ་སེམས་ཀྱི་རོལ་པར་མཐོང་སྟེ་རང་སེམས་ཆོས་སྐུའི་ངང་དུ་གློད་ན་རེ་དོགས་སྤོང་བ་ཉིད་ལ་ཐེ་ཚོམ་མེད། རེ་དོགས་གཉིས་པོ་རྩད་ནས་ཆོད་པ་གང་དེ་འཇིག་རྟེན་འདི་དང་ཕ་རོལ་ཏུའང་
སངས་རྒྱས་ཡིན་གྱི་ཕྱི་རོལ་མ་འདྲི་རང་སེམས་ཉིད་ལ་དྲི་བར་གྱིས། ཇི་བཞིན་སྨྲས་པས་རྒྱུན་ཆགས་འདི་ནི་ཐོགས་མེད་ཅེས་བྱས་སྦྱར་བ་ཡིན་གྱིས། གཞན་དག་གིས་ཀྱང་ཚིག་འདིའི་དོན་རྣམས་ཉམས་སུ་ལོངས་དང་འབྲས་བུ་ཡིད་འོང་འབྱུང་། ཞེས་གསུངས་པ་བཞིན་ཚེ་འདིའི་སྙན་གྲགས་སོགས་འཇིག་རྟེན་ཆོས་བརྒྱད་སྤངས་ནས། དོན་དམ་བྱང་ཆུབ་སེམས་ཀྱི་གནས་ལུགས་ལ་གོམས་པར་བྱས་ན་རིང་པོར་མི་ཐོགས་པར་འབྲས་བུ་སངས་རྒྱས་ཚེ་འདིར་འཐོབ་པར་འགྱུར་རོ། །སྔོན་ཇོ་བོ་རྗེ་རྒྱ་གར་ཤར་ཕྱོགས་བྷ་དུ་རའི་གྲོང་ན་བཞུགས་དུས་བུད་མེད་གཅེར་བུ་རུས་རྒྱན་ཅན་ཞིག་རེས་ངུ་རེས་དགོད་པ་ཞིག་གཟིགས་ནས། ཡིད་ཀྱིས་གསོལ་བ་བཏབ་པས། ང་རེས་ངུ་རེས་དགོད་པའི་དོན་ཤེས་སམ་གསུངས། མ་འཚལ་ཞུས་པས། སེམས་ཅན་རྣམས་རང་རྒྱུད་ཀྱི་ཡེ་ཤེས་མ་རྟོགས་པར་འཁོར་བའི་སྡུག་བསྔལ་ལ་སྤྱོད་པས་ངུ་བ་ཡིན། རྟོགས་ན་ད་ལྟ་ཉིད་དུ་སངས་རྒྱས་པ་ཡིན་པས་དགོད་པ་ཡིན་གསུངས་ནས། རྡོ་རྗེ་རྣལ་འབྱོར་མའི་དབང་ཚེགས་ཆུང་ལ་དོན་ཆེ་བ་བྱིན་རླབས་ཀྱི་ལུགས་བྱ་བ་དབང་བསྐུར་ནས་རྣལ་འབྱོར་མའི་
ཞལ་ཇི་ལྟ་བར་གཟིགས། གདམས་ངག་མ་ལུས་པར་ཞུས་ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུངས། དེས་ན་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པའི་དབང་དང་གདམས་ངག་འདི་འདྲ་བ་ཞུས་ནས་ཉམས་སུ་ལེན་དགོས་ཏེ། མ་ཅིག་ལབ་ཀྱི་སྒྲོན་མའི་ཞལ་ནས། ཅི་ཡང་ཡིད་ལ་མ་བྱས་ན། །དམིགས་མེད་ངང་ལ་བཞག་པ་ཡིན། །ཞེས་དང་། ལུས་ནི་རོ་ཡི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །སེམས་ཉིད་ནམ་མཁའི་ཚུལ་དུ་བཞག །མཐའ་དབུས་མེད་པའི་ཚུལ་དུ་བཞག །མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་ཚུལ་དུ་བཞག །རྒྱ་མཚོ་རྫི་ཡིས་མ་བསྐྱོད་བཞིན། །མེར་ལ་དྭངས་པའི་ཚུལ་དུ་བཞག །གསུངས། སྔོན་རྗེ་མི་ལས་ལུགས་རྫི་གཅིག་ལ། གསལ་བྱ་མ་འགག་ལྷུག་པར་ཞོག སྟོང་སང་ངེ་། གསལ་ཧྲིག་གེ དགའ་ཡལ་ལེ་བྱས་པས་ལུག་རྫི་དེ་གྲོལ་སྐད། ཕ་དམ་པས་རྫི་བོ་གཅིག་ལ། ལྟ་བ་འདོད་པ་ཟད་པ་ལ་གྱིས། སྒོམ་པ་མ་ཡེངས་པ་ལ་གྱིས། སྤྱོད་པ་མ་བཅོས་པ་ལ་གྱིས། འབྲས་བུ་རེ་
དོགས་མེད་པ་ལ་གྱིས་གསུངས་པས། འདོད་པ་ཐམས་ཅད་ཟད་པའི་རྟོགས་ལྡན་འཁྲུལ་ཞིག་ཅིག་བྱུང་སྐད། དེས་ན་དམ་པ་གོང་མ་རྣམས་ཀྱི་གསུང་འདི་ལྟར་ཉམས་སུ་བླང་བར་བྱའོ། །དགྱེས་པ་རྡོ་རྗེ་ལས། གང་དུ་ཡིད་ཀྱིས་མ་བསྒོམས་ན། །འགྲོ་བ་ཐམས་ཅད་བསྒོམ་འགྱུར་ཏེ། །བསྒོམ་པ་མེད་པའི་སྒོམ་གྱིས་ནི། །ཐམས་ཅད་ཆོས་ནི་ཡོངས་ཤེས་བྱ། །ཞེས་དང་། ས་ར་ཧས། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་དུ་ནི་སེམས་ཉིད་བཟུང་། །ཡིད་དེས་ཡིད་མ་ཡིན་པར་བྱེད་གྱུར་ན། །དེ་ནི་བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་བྱང་ཆུབ་ཉིད་ཡིན་ཏེ། །དེ་ཕྱིར་དམིགས་མེད་སེམས་གོམས་ན། །བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། དཔལ་རི་ཁྲོད་ཞབས་ཀྱིས། ཅི་ཡང་མི་སེམས་ཏེ། ཅི་ལ་ཡང་མི་སེམས་པས་ནི་བྱང་ཆུབ་ཐོབ་པར་འགྱུར་རོ་གསུངས། ཆོས་ཀྱི་རྒྱལ་པོའི་མདོ་ལས། ཡང་དག་པའི་བདེན་པའི་གཞུང་རྟོགས་ན། སྡིག་ཏོ་ཀུན་ནི་བྱང་ངོ་། །ཞེས་དང་།
ལང་ཀར་གཤེགས་པ་ལས། འགྲོ་བ་གང་གིས་སེམས་མཐོང་ན། །དུཿཁ་ཀུན་ལས་ཐར་བར་འགྱུར། །ཞེས་དང་། བསམ་གཏན་གྱི་སྒོའི་མདོ་ལས། ཕྱི་རོལ་གྱི་མཚན་མས་གྲུབ་པར་བྱེད་པ་ནི། བསྐལ་པ་གྲངས་མེད་པས་ཀྱང་ཐོབ་པར་མི་བྱེད་དོ། །ནང་གི་སེམས་ཀྱི་ཚོར་བའི་ངོ་བོ་ཉིད་རིག་ན་ཡུད་ཙམ་གྱིས་འཚང་རྒྱའོ། །ཞེས་དང་། གཙུག་ཏོར་གྱི་མདོ་ལས། ཆོས་ཐམས་ཅད་མཚན་མ་མེད་པའི་ཡེ་ཤེས་བདེ་བ་ལ་གནས་པ་དེ་ནི། ལུས་འདི་བོར་ནས་བླ་ན་མེད་པའི་བྱང་ཆུབ་དྲན་པ་དང་ལྡན་པར་འགྱུར་ཏེ། ལུས་སེམས་བྲལ་མ་ཐག་བྱ་ལྐོགས་པ་ནས་འབྱུང་བ་བཞིན། ཡང་རབས་ཀྱི་ལུས་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། ཡིད་ཀྱི་ལུས་ཐོབ་ནས་འགྲོ་བ་དང་འོང་བ་མེད་དོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ། །ཞེས་གསུངས། ཕ་དམ་པའི་ཞལ་ནས། བླ་མ་དཀོན་མཆོག་སྤྱི་བོར་དྲན་པར་གྱིས་ལ་མོས་གུས་ཀྱིས་གསོལ་བ་ཐོབ་དང་། ཆོས་ཉིད་ཀྱི་ནམ་མཁའ་མཐའ་ནས་
ལངས་ཏེ་མཆིའོ། །ཡི་དམ་མཁའ་འགྲོ་སྙིང་གི་དཀྱིལ་དུ་སྒོམས་ལ། གསང་སྔགས་ཟབ་མོའི་བཟླས་བརྗོད་ཉམས་སུ་ལོངས་ཤིག འོད་གསལ་གྱི་ཉི་མ་མཐའ་ནས་འཆར་ཏེ་མཆིའོ། །དུས་གསུམ་གྱི་སངས་རྒྱས་རང་གི་སེམས་སུ་བློས་ཐག་ཆོད་ལ། ཆོས་ཉིད་ཟབ་མོའི་དོན་ལ་ལྟོས་ཤིག ཡེ་ཤེས་ཀྱི་འོད་ཟེར་ཡོངས་ལ་ཁྱབ་སྟེ་མཆིའོ། །གསུངས། ཡང་ཆོས་ལ་བཟོད་པ་མ་ཐོབ་ཀྱི་བར་དུ། ལས་རྒྱུ་འབྲས་ཁྱད་དུ་མ་གསོད་ཅིང་། གང་ལ་བདག་མེད་པར་མ་རྟོགས་ཀྱི་བར་དུ། རང་སེམས་གཉེན་པོ་དང་མ་འབྲལ་ཅིག སེམས་ཉིད་ནམ་མཁའ་དང་དབྱེར་མེད་མ་འདྲེས་ཀྱི་བར་དུ། ཐེག་པ་རང་ས་ན་བདེན་པས། ཆོས་ལ་ཕྱོགས་རིས་མ་བྱེད་ཅིག གསུངས་པ་ལྟར་ལག་ལེན་ལ་གང་ཐེབས་གྱིས་ཤིག་ཨང་། ཆོས་དབྱིངས་མཛོད་ལས། དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བས། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱམ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་
དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གསུངས། ཕར་ཕྱིན་བདུན་བརྒྱ་པ་ལས། དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མི་སྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་དང་། བསམ་པ་རྣམ་པར་དག་པའི་མདོ་ལས། ནམ་མཁའ་མ་བསྒྲིབས་ན་གསལ་ལོ། །ཆུ་མ་རྙོགས་ན་དྭངས་སོ། །སེམས་མ་བཅོས་ན་བདེའོ་གསུངས། ཉི་མ་རབ་ཏུ་སྣང་བའི་མདོ་ལས། བཀའ་སྩལ་པ། རྣལ་འབྱོར་གང་ཞེ་ན། སེམས་རང་བཞིན་གྱིས་འོད་གསལ་བ། མ་བཅོས་པ། མ་བསླད་པ། རྣལ་མ་དེ་ལ་བྱའོ། །སྤྱོད་པ་ཞེས་བགྱི་བ་གང་ཞེ་ན། དེ་ལྟར་མ་ནོར་བར་ཉམས་སུ་ལེན་པ་ལ་བྱའོ་ཞེས་དང་། ཕལ་པོ་ཆེ་ལས། འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལ་ནི་ཐམས་ཅད་མཁྱེན་པའི་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་འབྱུང་ངོ་གསུངས། ཏིང་ངེ་འཛིན་དམ་པའི་མདོ་ལས། སེམས་ཏིང་ངེ་འཛིན་ལ་གནས་ན། ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཀྱི་ཉི་མ་དང་། ཟླ་བ་དང་། སྐར་མ་དང་། འབབ་ཆུ་དང་། གཙང་པོ་དང་། རྒྱ་མཚོ་དང་། རི་དང་། ཚལ་དང་། ཀླུང་དང་། ལུང་པ་དག་ཀྱང་སྐྱུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་མཐོང་བར་འགྱུར་རོ། །བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ན་རྫུ་འཕྲུལ་གྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཕྱིན་ཞིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རླུང་དང་། མེ་དང་། ཆུ་དང་། ས་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། གཟའ་དང་། རི་བོ་དང་། ཚལ་དང་། ཤིང་དང་། ལྷའི་ཕོ་བྲང་དང་། ཀླུའི་ཕོ་བྲང་སྤྲུལ་ནུས་ཏེ། དེ་བས་ན་བསམ་གཏན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། རྡུལ་བྲལ་ཏིང་འཛིན་སྟོང་པའི་རིག་འདི་ནི། །བྱང་ཆུབ་སེམས་དཔའི་དགའ་བ་རྟོགས་བྱེད་པ། །དེས་ནི་སངས་རྒྱས་ཡེ་ཤེས་མྱུར་དུ་འཐོབ། །གསུངས། རྗེ་རྒོད་ཚང་པས་གཤེགས་ཁར། ང་ནམ་མཁའ་ལྟ་བུའི་སེམས་ལ་སྐྱེ་འཆི་མེད། །ནམ་མཁའ་ལྟ་བུའི་སེམས་ལ་མཐའ་དབུས་མེད། །ནམ་མཁའ་
ལྟ་བུའི་སེམས་ལ་བཅིངས་གྲོལ་མེད། །ནམ་མཁའ་ལྟ་བུའི་སེམས་ལ་མཐོ་དམན་མེད། །ཅེས་གསུངས་ནས་སེམས་ཉིད་རང་བཞིན་གྱི་འོད་གསལ་བ་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་ནས་གཤེགས་སོ། །ངེད་རྣམས་ཀྱིས་ཀྱང་འཆི་ཁར་དེ་བཞིན་དགོས་སོ། །བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་གིས། སེམས་ཀྱི་ངོ་བོ་གཅེར་མཐོང་མཛུབ་ཚུགས་སུ་ངོ་སྤྲད་ནས་དེ་ཉིད་བསྒོམས་ན། གཞུང་ལུགས་ཀྱི་སྦྱང་པ་མ་བགྱིས་ཀྱང་ས་ལམ་གྱི་རྟོགས་པ་ཤུགས་ཀྱིས་འཆར་བ་འབྱུང་སྟེ། འགྲོ་མགོན་ཕག་མོ་གྲུ་པའི་ཞལ་ནས། རྟོགས་པ་གཤའ་མ་སྐྱེས་གྱུར་ན། །སྐྱེས་བུ་གསུམ་གྱི་རིམ་པ་འདི། །སྦྱང་བའི་འབད་རྩོལ་མི་དགོས་པར། །ངོ་བོ་ཉིད་ཀྱིས་ཤུགས་ལས་འབྱུང་། །གསུངས། །གཞན་ཡང་ཁོང་གི་ཞལ་ནས། སྒྲུབ་པ་རྒྱུན་འཆད་མེད་མཛད་ན། །སྣང་བ་སློབ་དཔོན་དུ་ཤར་ནས་འོང་། །སྣང་སྲིད་མ་ལུས་ཐམས་ཅད་ཀྱང་། །བདེ་ཆེན་གྱི་ངང་དུ་རྟོགས་ནས་མཆི། །ཞེས་དང་། རྣམ་རྟོག་གི་རང་བཞིན་གོ་ཙ་ན། །མཁའ་ལ་འཕུར་བའི་བྱ་རྗེས་
དེ། །རྒོད་པོ་རྣམས་ཀྱིས་མི་དཔྱོད་ལྟར། །ཐ་སྙད་ཀྱི་འདོད་འདུན་ཞིག་ནས་འགྲོ། །གསུངས། རྗེ་བཙུན་གྲོལ་མཆོག་པའི་ཁྲིད་བརྒྱ་ལས། སེམས་རང་ལུགས་སུ་ལྷོད་བཞག་པས། རྟོགས་པ་རང་སར་ཉལ་ཞི་ནས་ངོས་བཟུང་མེད་པའི་ཤེས་པ་གསལ་སིང་ངེ་། རང་རིག་རང་གསལ་དུ་རྗེན་ནེ་བ་དེ་ལ། སངས་རྒྱས་ཀྱི་དགོངས་པ་ཟེར་བ་ཡིན། སེམས་ཅན་གྱི་སེམས་ཀྱི་མཚན་ཉིད་ཟེར་བ་ཡིན། དངོས་པོའི་གནས་ལུགས་ཟེར་བ་ཡིན། རང་གི་སེམས་བྱ་བ་ངོས་བཟུང་མེད་པའི་ཤེས་པ་གསལ་སིང་ངེ་བ་འདི་ཡིན་མོད། བླ་མས་དེ་ངོ་སྤྲོད་པ་ཡིན། སློབ་མས་དེ་ཤེས་པར་བྱེད་པ་ཡིན། དེ་ལྟར་ངོ་ཤེས་པ་ལ་ད་སེམས་ངོ་ཤེས་པ་ཟེར་བ་ཡིན། སངས་རྒྱས་མཁན། འཁོར་བ་འཁྱམ་མཁན། དགའ་བ་དང་མི་དགའ་བ། མདོར་ན་སྲིད་དང་ཞི་བའི་ཆོས་ཀྱི་བྱེད་མཁན་ཐམས་ཅད་འདི་ཡིན། སྔར་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ཡིན། ད་ལྟ་རྣམ་རྟོག་རྒྱུན་ཆད་པས་ངོ་ཤེས་པ་ཡིན་ནོ། །སེམས་དེ་ལ་ངོས་གཟུང་ཅི་ཡང་མེད་པ་སེམས་ཀྱི་རང་བཞིན་ཡིན། མེད་བཞིན་ས་ལེ་ཝལ་ལེ་བ་དེ་སེམས་ཀྱི་མཚན་ཉིད་ཡིན།
སྟོང་གསལ་རིག་པའི་ངོ་བོ་སིང་ངེ་ཡེ་རེ་བ་དེ་ངོ་བོ་ཡིན་ནོ། །དེ་ལ་ངོ་ཤེས་པ་མཛོད་ཅིག སེམས་ཉིད་ལྷན་ཅིག་སྐྱེས་པར་ངོ་སྤྲད་པའོ་གསུངས། སྔོན་གཙང་སྨྱོན་ཧེ་རུ་ཀས་བོན་པོ་རྡོ་རྗེ་སྙིང་པོ་ལ། སེམས་འཚོལ་གྱི་ཁྲིད་བཏབ་ནས་དུས་ལ་བབ་པ་དང་། ངོ་སྤྲོད་དུ་མགུར་འདི་གསུངས་སོ། །སེམས་འཚོལ་སྐྱེས་བུ་རྡོ་རྗེ་སྙིང་པོ་ཉོན། །འཚོལ་མཁན་དེ་ཀ་སེམས་དེ་ཡིན་པའི་ཕྱིར། །གཞན་དུ་བཙལ་བས་རྙེད་པར་ག་ལ་འགྱུར། །རལ་གྲི་རྣོ་ཡང་རང་གིས་རང་མི་ཆོད། །མིག་དབང་གསལ་ཡང་རང་གིས་རང་མི་མཐོང་། །ཆུས་འཁྱེར་ཁ་སྐོམ་ཆུ་ཉིད་འཚོལ་བ་དང་། །ནམ་མཁའི་མདུད་པ་འགྲོལ་བའི་ངལ་དུབ་དང་། །མོ་གཤམ་བུ་ཤིའི་མྱ་ངན་མ་བྱེད་ཅིག །མ་སྟོར་སེམས་ཉིད་གཞན་དུ་འཚོལ་བ་ལྟར། །རྫོགས་པའི་སངས་རྒྱས་སེམས་ལས་གཞན་ན་མེད། །དེས་ན་རང་གི་རང་ལ་ཡིད་ཆེས་མཛོད། །རང་གི་སེམས་ཀྱི་གནས་ལུགས་གླུ་འདིར་ཉོན། །ཀུན་གཞི་སྐྱེ་མེད་རང་གི་སེམས་ཉིད་འདི། །དང་པོ་རྒྱུ་མེད་རྒྱུ་ཡིས་སྟོང་གིན་གདའ། །ཐ་མ་འགག་མེད་ངོ་
བོས་སྟོང་གིན་གདའ། །འཁོར་འདས་ཕྱོགས་རིས་མཐའ་དག་བྲལ་གྱིན་གདའ། །དངོས་པོ་མེད་པའི་མཚན་མ་ཁ་དོག་བྲལ། །གཅིག་ཏུ་མ་གྲུབ་དུ་མར་སྣང་གིན་གདའ། །ཚིག་དང་བྲལ་ཡང་ཚིག་ཏུ་བརྗོད་ཀྱིན་གདའ། །རྩོལ་བས་བཙལ་ཚེ་གབ་ནས་སྡོད་ཀྱིན་གདའ། །གློད་ནས་བཞག་ཚེ་རང་ཞལ་སྟོན་གྱིན་གདའ། །ཞེས་གསུངས་པས། བོན་པོ་སེམས་ངོ་འཕྲོད་དེ་ཆོས་པར་གྱུར་ཏོ། །གསང་འདུས་རིམ་ལྔ་ལས། སེམས་དང་སེམས་བྱུང་སྤྲོས་པ་ཀུན། །ཉེ་བར་ཞི་བ་དེ་ཡི་ཚེ། །འོད་གསལ་བ་ཡི་ཡེ་ཤེས་ནི། །མི་རྟོག་མཐའ་དབུས་མེད་པར་འཆར། །གསུངས། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་མགུར་ལས། རྗེ་ནཱ་རོ་མཻ་ཏྲིའི་བཞེད་པ་གང་། །དཔལ་མར་མི་ཡབ་སྲས་ཐུགས་དམ་མཐིལ། །སེམས་མི་རྟོག་ཁྱབ་གདལ་ཆེན་པོའི་ངང་། །དུས་རྒྱུན་དུ་འཇོག་ལ་ཕྱག་ཆེན་ཟེར། །གསུངས། སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས། ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གིས་ངལ་གསོའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཞེས་དང་།
སངས་རྒྱས་གཉིས་པ་ཇོ་བོ་རྗེའི། འཁོར་བ་ལ་ཡིད་འབྱུང་བའི་གླུ་ལས། བླ་མའི་གདམས་ངག་ཅེས་བྱ་བདུད་རྩིའི་རོ། །གང་གིས་མཉམ་པར་འཇོག་པ་དེ་ཙམ་ཞིག །ཡོངས་སུ་བཙལ་གྱི་གཞུང་མང་ཅི་ཞིག་དགོས། །ཐམས་ཅད་ཡིད་ནི་འཁྲུལ་བར་བྱེད་པའི་རྒྱུ། །ཞེས་དང་། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླངས་པར་བྱ། །ཞེས་དང་། ཡང་། ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །དུས་ངན་སྙིགས་མ་བར་ཆད་མང་། །ཡུན་རིང་སྡོད་པའི་མཐུ་མེད་པས། །སྙིང་པོ་མྱུར་དུ་བསྡུ་བར་རིགས། །ལྷོ་བྲག་མར་པའི་ཞལ་ནས། དེང་དུས་བསྟན་པའི་སྙིགས་མ་ལ། །ཚེ་ལ་ལོང་མེད་རྐྱེན་མང་བས། །ཤེས་བྱའི་གཤིས་ལ་མ་འཆོར་བར། །སྒྲུབ་པ་ཉམས་སུ་ལོངས་ཤིག་གསུངས། །རྗེ་བཙུན་མི་ལ་རས་པས། མང་པོ་བསླབ་ལས་དོན་ཐོག་ཏུ། །དར་ཅིག་བཞག་པ་ཕན་ཞེས་གསུངས། །དེ་བཞིན་དུ་མཁས་གྲུབ་མང་པོས་གསུངས་པ་རྣམས་སེམས་ལ་བཞག་ནས། ཚེགས་
ཆུང་དོན་ཆེ། གཅིག་ཤེས་ཀུན་གྲོལ་གནད་ཀྱི་གདམས་ངག་སེམས་ངོ་སྐྱོང་བ་ལ་འབད་པར་བྱའོ། །ཡང་མ་ཅིག་གི་ཞལ་ནས། ནམ་མཁའ་ལ་དཔེ་བྱས་པས་ལྟ་བ་ལ་ཕྱོགས་རིས་མི་གདའ། བར་སྣང་ལ་དཔེ་བྱས་པས་སྒོམ་པ་ལ་ངོས་བཟུང་མི་གདའ། བུ་ཆུང་ལ་དཔེ་བྱས་པས་སྤྱོད་པ་ལ་ཏིག་གཏད་མི་གདའ། ཞེས་གསུངས་སོ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ཆོས་དབྱིངས་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་ལས། མདོར་ན་རྩ་རླུང་ཐིག་ལེའི་ཐབས་སམ། གཞན་ཡང་རུང་སྟེ་སེམས་སྤྲོ་བ་དང་གནས་པ་ལ་སོགས་པའི་ཐབས་ཅི་བྱེད་ཀྱང་། རིག་པ་གསལ་དག་ཤེལ་གོང་འདྲ་བ་བློ་བྲལ་རྗེན་ལ་ཕུད་ནས། ལྟ་སྒོམ་དང་གཉེན་པོ་མེད་པ་དེ་ཆོས་སྐུ་ཟང་ཐལ་ཆེན་པོར་ངོ་སྤྲད་དོ། །འདི་ལ་གསལ་ཉམས་དང་ཕྱེད་དགོས་ཏེ། གསལ་ཉམས་ནི་གནས་ཆ་ས་ལེ་བ་ཡིན་ལ། ཆོས་སྐུ་ནི་གསལ་རིག་གནས་ཆ་དང་བྲལ་བ་སྟེ། སྣང་སྟོང་གསལ་དེ། མི་རྟོག་པ་ལ་སོགས་དང་མ་འདྲེས་པར་རིག་གེ་རྗེན་ནེ་བ་དེ་ཡིན་པས། ཟང་ཐལ་མ་ཐལ་དང་། རིག་ཆ་དང་གནས་ཆའི་ཁྱད་ཡོད་པས་འཛོལ་ས་མེད་
དོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། རོ་སྟོད་སེང་བྱས་ལྟ་སྟངས་ཕྱལ་བྱས། མིག་ཀྱང་ཕར་འཕྲུལ་ཚུར་འཕྲུལ་བར་སྣང་གི་དབྱིངས་དང་ཐག་རིང་པོར་གཏད་པས། རིག་པ་རྒྱ་བསྐྱེད། སྒོ་ལྔ་རང་ཡན་དུ་འཕྱོར་བཅུག་ནས་བསྒོམས་པས། ཕྱི་ནང་བར་མེད་དུ་ཕྱལ་སོང་ནས། ལུས་དང་ནམ་མཁའ་འདྲེས་པའི་ཉམས་དང་། བདེ་གསལ་མི་རྟོག་པ་ཟང་ཐལ་ཆེན་པོའི་ཉམས་དང་། རིག་པ་ཟང་ཐལ་རྗེན་པའི་ཉམས་འཆར་སྟེ། སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་ཟང་ཐལ་བསྙམ་པ་དང་། ཤེས་པ་ཟང་ཐལ་རྗེས་མེད་ཕྱལ་ཕྱལ་བ་སྙམ་པ་དང་། ཐམས་ཅད་ཟང་ཐལ་རྒྱ་གྲོལ་སྟོང་པར་ཐག་ཆོད་ནས། ཅི་ཡང་མེད་པའི་ངང་ནས་ཅི་ཡང་འཆར་སྙམ་པ་དང་། ཇི་ལྟར་བརྟགས་ཤིང་བསམས་ཀྱང་རྣམ་རྟོག་བཙལ་གྱིས་མ་རྙེད་པ་རང་སྐྱེ་མི་སྲིད། སྔར་ཡང་སྐྱེས་པ་མི་འདུག ད་ལྟ་རྟོག་པ་སུ་ལ་ཡང་མི་འདུག་པར། རྣམ་རྟོག་མང་ཟེར་བ་ཅི་ཡིན་ན་ཨང་སྙམ་པ་ལ་སོགས་པ། ཟང་ཐལ་གྱི་ཉམས་བརྗོད་ལས་འདས་པ་འཆར་རོ། །གསུངས་པ་ལྟར་བསྒོམས་ན་ལྟ་བ་ལ་བོགས་
ཐོན་པར་འགྱུར་རོ། །མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་ཁྲིད་ཡིག་དྲན་པ་ཉེར་བཞག་ལས། འདི་ལྟར་ཕྱི་ཡུལ་ལྔའི་སྣང་བ་ཐམས་ཅད་ནི་མེད་བཞིན་འཁྲུལ་ངོ་ལ་སྣང་བས་རྨི་ལམ་ལྟ་བུ། རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་ལས་གློ་བུར་དུ་སྣང་བས་སྒྱུ་མ་ལྟ་བུ། མེད་པ་ཡོད་པར་སྣང་བས་མི་གཡོར་ལྟ་བུ། སྣང་བཞིན་དུ་བདེན་པར་མ་གྲུབ་པས་སྨིག་རྒྱུ་ལྟ་བུ། ཕྱི་ནང་གང་ལའང་སྣང་བས་བྲག་ཆ་ལྟ་བུ། རྟེན་དང་བརྟེན་པར་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་གྱི་སྣང་བ་ལྟ་བུ། མེད་སྣང་ཅིར་ཡང་ཤར་བས་སྤྲུལ་པའི་གྲོང་ཁྱེར་ལྟ་བུ་སྟེ། དངོས་པོ་མེད་པའི་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་དུ་བལྟས་པས་ཡུལ་སྣང་རྫུན་པའི་རང་བཞིན་དུ་གོ་ལ། དེ་ལྟར་སྣང་བའི་མཁན་པོ་ཡུལ་ཅན་སེམས་ཀྱི་གཤིས་ལུགས་ལ་བརྟགས་པས། ཡུལ་སྣང་མ་འགག་ལ། ཡུལ་གྱི་འཛིན་རྟོག་ནི། ཆོས་ཉིད་སྟོང་གསལ་ནམ་མཁའ་ལྟ་བུར་རྟོགས་པའི་ངང་དུ་འཇོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །རྗེ་རང་རིག་རས་པའི་ཞལ་ནས། གནས་ཆེན་
གངས་དཀར་གྱི་རྒྱལ་པོ་ཏི་སེར་སླེབས་སྐབས། རིག་པ་སྤྲིན་ཐག་ཆོད་པ་ལྟ་བུ། རིག་པ་གཏིང་གསལ་བ། གུ་ཡངས་འཆིང་གྲོལ་མེད་པ། རིག་པ་ཕྱི་ནང་མེད་པར་ཟང་ཐལ་བ། སྣང་བ་ཅིར་ཡང་མ་འགག་པ། ཅིར་སྣང་གང་ཤར་གང་འགྱུ་ཐམས་ཅད་རིག་ཐོག་ན་གསལ་སིང་ངེ་། ཕྱོགས་དང་མཐའ་ཐམས་ཅད་དང་བྲལ་བ། ཅི་ཙམ་མ་འགག་པར་ཤར་བ། དེ་ཙམ་གྱི་གསལ་ཆ་ཆེ་བ། ཤར་རི་ཤར་ཚད་རང་གསལ་འོད་གསལ་ཆེན་པོ་འབའ་ཞིག་ཏུ་གོ། སྔར་གྱི་རྣམ་རྟོག་འོག་འགྱུ་རྒྱུན་ཆད་མེད་པ་དེ་ཀ་རང་གི་རིག་པ་རྒྱུན་འཆད་པ་མེད་པར་གོ་ཞིང་། སྔར་གྱི་གོ་བ་ཚོ་དང་མི་འདྲ་བའི་ཡིད་ཆེས་ཀྱི་ཤེས་པ་གཏིང་ནས་གྲོལ་བས་རྣམ་རྟོག་ཕྲ་རགས་དང་། བཟང་ངན་གྱི་མིང་མེད་པ། ཅིར་སྣང་གང་ཤར་ཐམས་ཅད་ཀྱི་ཕན་གནོད་མེད་ཅིང་རེ་དོགས་དང་བྲལ་བ། ཤར་མ་ཤར་ཁྱད་མེད་ཀྱང་སྣ་ཚོགས་སུ་འཆར་བཞིན་འགྱུ་བཞིན་དུ་གསལ་བ། ཁ་ཡེངས་མིག་ཡེངས་དང་མཆོངས་རྒྱུག་བྱས་བཞིན་དུ་གུ་ཡངས་པ། བསྒོམ་ཡོད་དང་མེད་དང་མིན་དང་ཡིན་གྱི་གླེང་བརྗོད་ཐམས་ཅད་ཧྲུལ་་གྱིས་ཞིག བྱེད་
རྒྱུ་ཐམས་ཅད་སིང་གིས་ཟད་པའི་བརྗོད་བྲལ་རང་བྱུང་གི་རིག་པ་རྒྱུན་འཆད་མེད་པ། ཐུན་དང་ཐུན་མཚམས་མི་དགོས་པས་རང་ལ་ཡིད་གཏིང་ནས་ཆེས་པའི་ཉམས་ཤིག་ཤར་ཞེས་གསུངས། དེ་ལྟ་བུའི་ཉམས་རྟོགས་ཁྱད་པར་ཅན་དང་ལྡན་པའི་རིག་འཛིན་རྣལ་འབྱོར་པ་ཞིག་བྱ་དགོས་པས་ཉམས་ལེན་ལ་བརྩོན་པར་གྱིས་ཤིག ཀུན་མཁྱེན་ཀློང་ཆེན་པས། བོགས་འབྱིན་ནམ་མཁའ་དྭངས་ཤིང་སྤྲིན་མེད་ཚེ། །ཉི་མར་རྒྱབ་ཕྱོགས་མཁའ་ལ་རབ་བལྟས་པས། །སྟོང་གསལ་ཤེས་པ་སྤྲོས་དང་བྲལ་བར་འཆར། །ཞེས་དང་། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། ཞེས་དང་། བདེ་མཆོག་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། མདུན་གྱི་ནམ་མཁའ་དེ་ཉིད་ལ། །དབང་པོ་གཏད་ལ་ཅོག་གེ་བཞག །གསལ་ལ་མི་རྟོག་ཡེ་ཤེས་དག །ད་ལྟ་ཉིད་དུ་འཆར་བར་འགྱུར། །ས་ར་ཧས། བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་ཡང་དག་ལེགས་སྦྱར་ན། །རྒྱལ་བའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེ། །ཞེས་དང་། སྣ་ཚོགས་རྣམ་རྟོག་སྤངས་ཤིང་མི་སེམས་པར། །གལ་ཏེ་
མིག་གིས་ནམ་མཁར་ཕྱེ་བྱས་ན། ཕྱོགས་བཅུའི་ལམ་རྣམས་ཉིད་ནི་རྣམ་པར་ཤེས། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། །ཅེས་དང་། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུའང་སེམས་གཟུང་བྱ། །ཞེས་དང་། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་དག་ལ་དྲིས། །ཞེས་པ་དང་། ཡུམ་བར་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་དང་། རིག་འཛིན་ཤྲཱི་སིངྷའི་ཞལ་ནས། སངས་རྒྱས་དང་སེམས་ཅན་གྱི་ཁྱད་པར་ནི། རིག་པ་རྒྱ་ཆེ་ཆུང་གཉིས་ལས་མེད། སེམས་ཅན་གྱི་རིག་པ་དུམ་བུར་གནས། སངས་རྒྱས་ཀྱི་ཐུགས་ཁྱབ་གདལ་དུ་གནས་པས་ནམ་མཁའ་ལྟ་བུར་རྒྱ་སྐྱེད་ཅིག ནམ་མཁའ་ལ་ཤར་མཐའ་མེད། ལྷོ་མཐའ་མེད། ནུབ་མཐའ་མེད། བྱང་མཐའ་མེད། གསུངས། མ་གཅིག་གི་གཅོད་ནམ་མཁའ་སྒོ་འབྱེད་ལས། དབྱིངས་རིག་བསྲེས་ནས་མ་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ལ་ངོ་སྤྲོད་
པ་ནི་མན་ངག་བླ་ན་མེད་པ་ཡིན་པར་གསུངས། འདི་ལྟ་བུའི་བླ་མའི་མན་ངག་ལ་བརྟེན་ནས་སེམས་ངོ་སྤྲད་ན། སེམས་ཉིད་རང་བཞིན་གྱི་འོད་གསལ་བ། དཔེར་ན་ལག་མཐིལ་དུ་གཏེར་བཞག་ནས་བལྟས་པ་དང་འདྲ་སྟེ། དོ་ཧ་ལས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །གསུངས། དེ་ལྟ་བུའི་མན་ངག་ལ་བརྟེན་ནས་སེམས་ངོ་སྤྲོད་པའི་བླ་མ་དེ་ནི་ཕྱག་བྱ་བའི་ཡུལ་ཡིན་ཏེ། རྗེ་སྐལ་ལྡན་རྒྱ་མཚོས། གསེར་བཟང་པོ་འདྲ་བའི་སེམས་ཀྱི་དབྱིངས། །དེ་གཅེར་མཐོང་དམ་པ་ཕྱག་གི་ཡུལ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ལ་ཡང་བརྩོན་པར་བྱའོ། །དེ་ཡང་ཕྱིའི་ནམ་མཁའ་ལ་བལྟས་ནས་མཉམ་པར་བཞག་པའི་དུས་སུ་དུ་བ་ལ་སོགས་པའི་རྟགས་བཅུ་དང་། འོད་ལྔའི་སྣང་བའང་རླུང་སེམས་དབུ་མར་ཆུད་པའི་ནམ་མཁའི་དབྱིངས་ཀུན་ཏུ་སྣང་བར་བྱེད་དེ། ཕལ་པོ་ཆེ་ལས། རང་བཞིན་དམིགས་སུ་མེད་པ་ལས། །འོད་ཀྱི་དཀྱིལ་འཁོར་རྣམ་པར་བཀྲ། །ལ་ལ་ནམ་མཁའི་དཀྱིལ་ན་གསལ། །སྣ་ཚོགས་བརྗོད་ཀྱིས་མི་ལང་བའོ། །ཞེས་གསུངས་པ་ལྟར་ཡང་
དག་པའི་ཏིང་འཛིན་བརྟན་པའི་རྟགས་དེ་རྣམས་མི་འདོད་ཀྱང་ངང་གིས་འབྱུང་བར་འགྱུར་རོ། །རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་ནས། དགེ་མི་དགེའི་རྣམ་རྟོག་གང་ཡང་མེད་པའི་ལུང་མ་བསྟན་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད། དཔེར་ན་ཤེལ་དཀར་དྲི་མ་མེད་པ་དེ་ཚོན་དམར་སེར་གང་དང་འཕྲད་པ་ན་དེའི་ཁ་དོག་ཅན་དུ་འགྱུར་བ་བཞིན་དུ་དགེ་སེམས་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཕྲད་པ་ཞིག་གི་ངང་ནས་དགེ་སྦྱོར་མཛད་དགོས་གསུངས། །དེ་ཡང་སེམས་ཀྱི་སྐབས་སུ་སེམས་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་དེ་སྒྲིབ་གཉིས་ཀྱི་སྦགས་ནས་ཡོད་ཅིང་། ལམ་ཉམས་སུ་བླངས་པའི་སྟོབས་ཀྱིས་རིམ་གྱིས་དྲི་མ་ཇེ་དག་དང་ཡོན་ཏན་ཇེ་གསལ་དུ་གྱུར་ཏེ། མཐར་སངས་རྒྱས་པའི་ཚེ་འོད་གསལ་ཆོས་དབྱིངས་བདེ་སྟོང་དབྱེར་མེད་ཀྱི་ངང་དུ་རོ་གཅིག་པའི་རྒྱུན་གཅིག་པར་འགྱུར་བ་ཡིན། གསུངས། དེས་ན་སློབ་མ་རྣམས་ཀྱིས་ཀྱང་ད་ལྟའི་དུས་བླ་མས་བསྟན་པའི་ལམ་འདི་དག་ཕྱིན་ཅི་མ་ལོག་པར་ཉམས་སུ་བླངས་ན། རིམ་གྱིས་ཐ་མལ་གྱི་སྣང་ཞེན་སོགས་ཇེ་
དག་ཏུ་གྱུར་ཏེ། མཐར་རང་སེམས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གནས་ལུགས་ངེས་དོན་གྱི་བླ་མའི་གོ་འཕང་མངོན་དུ་གྱུར་པ་ན། བླ་མའི་གོ་འཕང་ཐོབ་པ་ཞེས་བྱ་གསུངས། སྔོན་རྗེ་བཙུན་མི་ལས་མཉམ་གཞག་གི་ངང་ནས་རྗེ་རས་ཆུང་པ་རྒྱ་གར་དུ་ཕར་ཕེབས་པ་དང་། ཚུར་འབྱོན་པ་སོགས་ལྐོགས་གྱུར་གྱི་ཆོས་ཐམས་ཅད་ས་ལེར་གཟིགས་པ་བྱུང་། རྗེ་བཙུན་རས་ཆུང་པས། རས་ཆུང་ཕུག་ན་བཞུགས་དུས་མཉམ་གཞག་གི་ངང་ནས། སྤྱིར་སྲིད་པའི་རྩ་རྩེ་ཐམས་ཅད་གཟིགས་ཤིང་། སྒོས་སུ་རྗེ་མི་ལས་གཉའ་ནང་གྲོད་ཕུག་ཏུ་ཆོས་འཆད་པ་སོགས་ཅི་མཛད་གཟིགས་པ་བྱུང་། སྔོན་ཉང་བན་ཏིང་འཛིན་བཟང་པོས་མཉམ་གཞག་གི་ངང་ནས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་གཟིགས་པ་བྱུང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་མཉམ་གཞག་གི་ངང་ནས་རྒྱ་གར་གྱི་རི་ནུར་བ་དང་། མོན་ཡུལ་གྱི་ནགས་རི་ལ་མེ་ཤོར་བ། ཟངས་བཟོ་བས་ཟངས་རྐུ་བ། ཉེ་གནས་ཀྱིས་སྤྱོད་ངན་གང་བྱེད་པ་སོགས་གཞན་གྱི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་གཟིགས་པར་གསུངས། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་གསང་བའི་རྣམ་ཐར་ལས།
བདག་སྙིང་རྗེ་དང་སྟོང་ཉིད་ལ་མཉམ་པར་བཞག་ཙ་ན། བྱིང་རྒོད་ཀྱིས་གཡེངས་མ་མྱོང་། ཏིང་ངེ་འཛིན་གྱི་ངང་ནས་བསྐལ་པ་ཆེན་པོ་ལྔ་སྟོང་གི་སྐྱེ་བ་ཇི་ལྟ་བ་བཞིན་དུ་དྲན་ཏེ། རང་གི་ཡུལ་དང་ཕ་མ་དང་། ནོར་དང་བླ་མ་དང་། འཁོར་དང་ཆོས་འདི་ལ་བྱས་དང་། ཡི་དམ་ལ་འདི་བྱས་རྣམས་ཇི་ལྟ་བ་བཞིན་མཐོང་ཞིང་དྲན་ནོ། །དུས་རྒྱུན་འཆད་མེད་པར་ནི་སྐྱེ་བ་བརྒྱ་དྲན་ཞིང་། སྐྱེ་བ་བཅུ་དྲུག་ནི་ཉལ་བའི་རྨི་ལམ་བཞིན་དུ་དྲན་ཏེ། ཆེད་དུ་གཉེར་ནས་བལྟ་དགོས་པ་ནི་མི་སྣང་ངོ་གསུངས། དེ་བཞིན་དུ་ནམ་མཐོང་གི་བར་དུ་ཚོགས་གསོག་སྒྲིབ་པ་སྦྱོང་བཞིན། གནས་ལུགས་ཀྱི་ངང་ལ་མཉམ་པར་འཇོག་པ་ལ་བརྩོན་པར་བྱས་ནས། རབ་ཚེ་འདིར་གྲོལ་བ། འབྲིང་འཆི་ཁར་གྲོལ་བ། ཐ་མ་བར་དོའམ། སྐྱེ་བ་ཕྱི་མར་གྲོལ་ངེས་པའི་གདེངས་ཐོབ་པ་ཞིག་བྱའོ། །མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་རྨི་ལམ་བཞིན་སེམས་ཀྱི་རོལ་པ། སེམས་ཉིད་ཀྱི་ངོ་བོ་གདོད་ནས་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུར་གཏན་ལ་ཕབ་ནས།
དེའི་ངང་ལ་རིག་པ་ཁ་ཡན་དུ་གློད་ནས་མཉམ་པར་འཇོག་པའི་ཚེ། ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན་ཚུར་ལ་བསྡུ་རྒྱུ་མེད་པར་ཧར་སངས་རྒྱ་ཡན། ཕར་ལ་སྤྲོ་རྒྱུ་མེད་པར་རང་བབ་ཅོག་བཞག རོང་ཁུང་དོག་ས་ནས་ལ་ཁ་མཐོན་པོར་བུད་པ་བཞིན། གུ་ཡངས་ལ་བློ་བདེ་བ། ཟང་ཐལ་ལ་ཕྱམ་གདལ་བ། རི་མཐོན་པོའི་རྩེ་ནས་ནམ་མཁའ་ལ་བལྟས་པ་ལྟར། ཡངས་པ་ཆེ་བ་གསལ་བ་དྭངས་པ། ཐང་ཆེན་པོའི་དཀྱིལ་ནས་རྟ་གོམ་འགྲོས་ཅན་ལ་ཞོན་ནས་འགྲོ་བ་ལྟར་སྣང་སོ་བདེ་ལ་ས་ལམ་ཆོད་པ། རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་བཏང་ནས་ཟླ་བ་གཅིག་ཙམ་སོང་ན་ཕྱིའི་ས་གཞི་རིའི་སྣང་བ་རྣམས་ནུབ་ནས། རྒྱ་མཚོ་དང་ནམ་མཁའ་གཉིས་འདྲེས་ཏེ་མཐའ་དབུས་མེད་པར་སྔོ་མེར་རེ་གནས་པ་ལྟར། ཡུན་རིང་མཉམ་པར་བཞག་ཚེ་གཟུང་འཛིན་གྱི་སྣང་བ་རྣམས་ནུབ་ནས། དབྱིངས་རིག་གཉིས་འདྲེས་ཏེ་མཐའ་དབུས་ཁྱབ་གདལ་འོད་གསལ་ཆོས་ཀྱི་དབྱིངས་སུ་ནམ་ཡང་མེར་རེ་གནས་པར་འགྱུར་རོ། །དེ་ལྟར་ནམ་གནས་ཀྱི་བར་དུ་བླ་མ་ལ་གསོལ་བ་འདེབས་བཞིན་མཉམ་གཞག་ལ་བརྩོན་པར་བྱའོ། །ཁྱེའུ་རབ་སྣང་གི་མདོ་ལས།
ཆོས་རྣམས་རྨི་ལམ་སྒྱུ་མ་ཞེས། །གང་གི་སྟོང་ཉིད་དྲན་གྱུར་ན། །སྲིད་པའི་འཆིང་བ་ལས་གྲོལ་ནས། །ཚེ་འདི་ཉིད་ལ་འཚང་རྒྱ་ངེས། །ཞེས་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། དཔེར་ན་སྒྱུ་མའི་མཁན་པོ་ཞིག །སྤྲུལ་པ་ཐར་བར་བྱ་བའི་ཕྱིར། །དེས་ནི་སྔར་ནས་དེ་ཤེས་ནས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བར་ནི། །རྫོགས་པའི་སངས་རྒྱས་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔར་ནས་ཤེས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་རྨི་ལམ་ལྟར་བལྟ་ཞིང་། དེ་ལྟར་མ་རྟོགས་པའི་མར་གྱུར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་འགྲོ་བའི་དོན་ལ་འབད་པར་བྱའོ། །ད་ནི་བཤད་རྒྱུ་ཧ་ཅང་མི་མང་བར་དེ་ཙམ་ཞིག་བྱས་ནས་ཚུར་བསྡུ་བར་རིགས་ཏེ། རྗེ་གུ་ན་མ་ཏིས་མཛད་པའི་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལས། འདོད་ཆགས་ལ་སོགས་ཉེས་བརྒྱ་འཇོམས་པའི་སྨན། །སྨན་གྱི་མཆོག་ནི་ཆོས་ཀྱི་གཏམ་བཟང་ཡིན། །ཡིན་ལུགས་ལེགས་བཤད་སྨྲ་ན་ཁོ་བོ་
མཁས། །མཁས་པ་དགྱེས་པའི་ལེགས་བཤད་བཤད་ཀྱིས་ཉོན། །འོན་ཀྱང་སྔོན་ཚེ་རྒྱ་གར་འཕགས་ཡུལ་དུ། །དཔལ་ལྡན་ཆོས་ཀྱི་གྲགས་པས་རྣམ་འགྲེལ་བརྩམས། །བསྟན་བཅོས་མཁས་པའི་མདུན་སར་འགྲིམས་པ་ན། །ཕྲག་དོག་དབང་གིས་ཁྱི་ཡི་མཇུག་མར་བཏགས། །དེ་ལ་ཆོས་ཀྱི་གྲགས་པས་འདི་སྐད་གསུངས། ཁྱི་ནི་གྲོང་སྲང་ཀུན་ཏུ་འགྲོ་བ་ལྟར། །ང་ཡི་ཆོས་འདིར་འཕྲིན་ལས་འབྱུང་ཞེས་གསུངས། །ཕྲག་དོག་བྱེད་མི་རྣམས་ལ་ཉེར་དགོངས་ནས། །སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཞེས་སོགས། །ཤླཽ་ཀ་འདི་སླར་ཡང་བཅུག་པར་གྲགས། །གཞན་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིས། །ཚད་མ་ཀུན་ལས་བཏུས་པ་བརྩམས་པ་ན། །ཚིག་དོན་བརླིང་ཞིང་རྟོགས་པར་དཀའ་བ་ལས། །དེ་དོན་སེར་སྐྱ་པ་ལ་སོགས་པ་ཡིས། །མུ་སྟེགས་འགའ་ཡིས་ཇི་བཞིན་མ་གོ་བས། །ཕྱོགས་ཀྱི་གླང་པོའི་རྟོག་གེ་མི་ཤེས་ཞེས། །མུ་སྟེགས་དེ་དག་རྣམས་ཀྱིས་སྨད་ཅེས་ཐོས། །ཚུལ་འདིར་དགོངས་ནས་ཚད་མ་རྣམ་ངེས་སུ། །འཇིག་རྟེན་བློ་གྲོས་བླུན་པོ་ཞེས་སོགས་གསུངས། །གཞན་ཡང་འཁྲུལ་བྲལ་རྗེ་
བཙུན་འཇམ་དཔལ་དབྱངས། །ངུར་སྨྲིག་གར་རོལ་རྗེ་བཙུན་ཙོང་ཁ་པའི། །ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་དུ། །ཞི་གནས་སྤངས་ཏེ་ཟུང་འབྲེལ་བསྒོམ་པར་ཤོག །ཅེས་པ་འདི་ལ་འབྲུག་པའི་བསྟན་འཛིན་ཆེ། །མི་ཕམ་པདྨ་དཀར་པོས་སྐྱོན་བརྗོད་བྱས། །གཞན་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པ་ཡིས། །ཁམས་གསུམ་བླ་མར་བསྟོད་པའི་གསོལ་འདེབས་སུ། །དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་པུ། །ཞེས་པ་འདི་ལ་གཙང་ཆུང་ཆོས་གྲགས་ཀྱིས། །ས་གསུམ་འགྲོ་ལ་འདྲེན་པ་མིག་གཅིག་ནི། །ཉུང་བའི་སྐྱོན་ཡོད་ཅེས་ནི་སྐྱོན་བརྗོད་བྱས། །དེ་ལྟར་རྒྱ་བོད་མཁས་གྲུབ་མང་པོ་ཡི། །གསུངས་ལའང་སྐྱོན་བརྗོད་བྱས་ཚུལ་དེ་ལྟར་ན། །ཕྲག་དོག་གདུག་སྦྲུལ་མང་པོའི་ཁྲོད་ནང་དུ། །མི་སྨྲའི་བརྟུལ་ཞུགས་འཛིན་པ་གདམས་པར་གོ། །ཞེས་དང་། རྗེ་རིན་པོ་ཆེས། དམུ་རྒོད་འདུལ་དཀའ་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོག་ཆེན་པོ་ག་ལ་འགྱུར། །དེ་བས་སྒྲུབ་པ་ལྷུར་ལེན་དབེན་པ་བསྟེན། །རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་སྙམ། །ཞེས་
དང་། མཁས་གྲུབ་ནོར་བཟང་རྒྱ་མཚོས། འོན་ཀྱང་སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས། །ལེགས་བཤད་དོན་དུ་མི་གཉེར་ཕྲག་དོག་གིས། །ལེགས་པར་བཤད་དང་མཁས་པའི་ཚོགས་ལ་སྨོད། །འདི་འདྲའི་སྐབས་སུ་དབེན་པ་བསྟེན་ན་ལེགས། །ཞེས་དང་། མཁྱེན་བརྩེ་རིན་པོ་ཆེས། ད་ནི་རྨི་ལམ་ཙམ་གྱི་མི་ཚེ་འདིར། །རྣམ་གཡེང་ཆོས་སུ་མིང་བཏགས་དེས་ཅི་བྱ། །ཀུན་བརྟགས་རྟོག་དཔྱོད་རྣོན་པོ་ཅི་དགར་ཐོང་། །རིག་པ་འོད་གསལ་ཀློང་དུ་ངལ་གསོས་ཤིག །ཅེས་གསུངས་པ་ལྟར་ད་ནི་ཚེ་མཇུག་ལ་མགོའི་ཉི་ཟེར་ཙམ་ཡུན་ཐུང་ངུ་འདིའི་རིང་ལ། རྣམ་གཡེང་གི་སྤྲོས་པ་གཞན་དོར་ནས་རི་ཁྲོད་དབེན་པའི་གནས་སུ་སེམས་ཉིད་འོད་གསལ་གྱི་དབྱིངས་སུ་ངལ་གསོ་བར་བྱའོ། ། ༈ སྨྲས་པ། རབ་མཛེས་སྐུ་ནི་གསེར་གྱི་རི་ལས་མཛེས། །རབ་སྙན་གསུང་ནི་ཚངས་པའི་དབྱངས་ལས་སྙན། །རབ་གསལ་ཐུགས་ནི་ནམ་མཁའི་དབྱིངས་ལས་གསལ། །རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་དགོངས། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པའི་ཐབས། །ཡན་ལག་བདུན་པ་ལ་སོགས་རྒྱལ་སྲས་ཀྱི། །སྤྱོད་པ་
རྣམས་ལ་སློབ་པའི་སྨོན་ལམ་འདེབས། །རྣམ་དག་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་ལ། །ཕྱོགས་བཅུའི་ཞིང་གི་རྡུལ་གྱི་གྲངས་མཉམ་པའི། །རང་ལུས་གྲངས་མེད་སྤྲུལ་ནས་གུས་ཕྱག་འཚལ། །སངས་རྒྱས་རྣམས་དང་འབྲལ་བ་མེད་པར་ཤོག །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་ཚོགས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཡིས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། །རྒྱལ་བ་སྲས་བཅས་འཕྲིན་ལས་འཇུག་པར་ཤོག །བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །སྐྱེ་འཕགས་རྣམས་ཀྱིས་དགེ་བ་བསགས་ཚད་ལ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་། །དགེ་ཚོགས་མི་ཟད་གོང་དུ་འཕེལ་བར་ཤོག །ཕྱོགས་བཅུའི་ཞིང་ན་མངོན་པར་སངས་རྒྱས་ལ། །བཞུགས་པ་རྣམས་ལ་འཁོར་ལོ་དུང་དཀར་སོགས། །ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དམ་པའི་ཆོས་དང་འབྲལ་བ་མེད་པར་ཤོག །མྱ་ངན་འདའ་བར་བཞེད་པའི་སངས་རྒྱས་ལ། །གཡུང་དྲུང་རྡོ་རྗེས་མཚན་པའི་གདན་
ཕུལ་ནས། །བསྐལ་ཆེན་གྲངས་མེད་བཞུགས་པར་གསོལ་བ་འདེབས། །གསོལ་བ་བཏབ་པ་བཞིན་དུ་ཐེབས་པར་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །ཕན་བདེའི་འབྱུང་གནས་བསྟན་པ་དར་བ་དང་། །འགྲོ་ཀུན་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཉེན་པོ་རུ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལེགས་གསུངས་པའི། །སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་དང་། །ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་ཤོག །ཕྱི་རུ་ཉན་ཐོས་བྱང་སེམས་སྤྱོད་པ་སྐྱོང་། །ནང་དུ་གསང་སྔགས་རིམ་གཉིས་རྣལ་འབྱོར་བརྩོན། །གསང་བ་འོད་གསལ་རྫོགས་ཆེན་དོན་ལ་སྤྱོད། །ཨོ་རྒྱན་པདྨའི་བསྟན་དང་མཇལ་བར་ཤོག །རྒྱལ་བའི་གསུང་རབ་དགོངས་འགྲེལ་མ་ལུས་པ། །གདམས་པར་ཤར་ནས་གཞན་ལ་འདོམས་མཁས་པའི། །སངས་རྒྱས་གཉིས་པ་ཇོ་བོ་ཡབ་སྲས་ཀྱི། །བསྟན་པ་རིན་པོ་ཆེ་དང་མཇལ་བར་ཤོག །ཕུལ་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་
མཆོག་གི་རིམ་གཉིས་རྣལ་འབྱོར་བརྩོན། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །བདག་གཞན་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་དང་མཇལ། །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་སྒོས། །རྒྱལ་བསྟན་མ་ལུས་འཛིན་སྐྱོང་སྤེལ་བར་ཤོག །བདག་ནི་སྐྱེ་བ་འདི་ཡི་འོག་རོལ་ཏུ། །མངོན་དགའ་ལ་སོགས་ཕྱོགས་བཅུའི་ཞིང་ཀུན་ཏུ། །སོང་ནས་སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །འབྲེལ་ཐོགས་གང་འདོད་ཞིང་དུ་འདྲེན་པར་ཤོག །བསྟན་པ་སྤྱི་དང་ཁྱད་པར་ཐུབ་དབང་གི། །བསྟན་ལ་ཕན་པའི་ཨོ་རྒྱན་གླེགས་བམ་འདི། །བསྟན་པ་ནམ་གནས་བར་དུ་ལེགས་གནས་ནས། །བསྟན་དང་འགྲོ་བ་ཡོངས་ལ་ཕན་པར་ཤོག །མདོར་ན་ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །རྒྱལ་ཀུན་མཆོད་བསྟོད་དམ་པའི་ཆོས་འཛིན་ཅིང་། །ནམ་མཁའི་མཐའ་མཉམ་འགྲོ་ལ་གང་འདོད་བྱིན། །ཆོས་བསྟན་སངས་རྒྱས་ས་ལ་འགོད་པར་ཤོག །ཕྱི་ལྟར་ལག་ལེན་སྡེ་སྣོད་གསུམ་ལྟར་སྤྱོད། །ནང་ལྟར་གསང་སྔགས་རྒྱུད་སྡེ་བཞི་ལྟར་སྤྱོད། །གསང་བ་
ཕྱག་རྫོགས་དོ་ཧའི་ལུགས་ལྟར་སྤྱོད། །མདོ་སྔགས་ཡོངས་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་ལ། །བྱིན་རླབས་དངོས་གྲུབ་ཇི་སྙེད་ཡོད་པ་ཀུན། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ། །ཉིན་མཚན་རྟག་ཏུ་འབྱུང་བའི་བཀྲ་ཤིས་ཤོག །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཐམས་ཅད་ལ། །ནད་ཡམས་མུ་གེ་འཐབ་རྩོད་མི་འབྱུང་ཞིང་། །ཆར་ཆུ་དུས་བབ་ལོ་ཕྱུགས་རྟག་ཏུ་ལེགས། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །འཁོར་ལོ་རྩིབས་བརྒྱད་གནམ་ལ་བཀྲ་ཤིས་ཤོག །པདྨ་འདབ་བརྒྱད་ས་ལ་བཀྲ་ཤིས་ཤོག །བར་འདིར་འཁོད་ཚད་ཡོངས་ལ་བཀྲ་ཤིས་ཤོག །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ་ཞེས་བྱ་འདི་ནི་ཇི་ལྟར་བརྩམས་པའི་ལོ་རྒྱུས་ཅུང་ཟད་ཙམ་ཞིག་བརྗོད་ན། བདག་གི་སྔོན་དུས་སྤྲུལ་པའི་གླེགས་བམ་མང་པོ་ཞིག་བརྩམས་པ་རྣམས་ལ་བལྟས་ནས། ཨོ་རྒྱན་ཆེན་པོའི་རྗེས་འཇུག་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྤྲུལ་སྐུ་རྣམ་གསུམ་དང་། དམག་
གསར་རྡོ་རྗེ་འཆང་གི་སྲས་གཉིས། བླ་མ་བཟང་པོ་རྒྱ་མཚོ། རྟོགས་ལྡན་མཁའ་འགྲོ། ཉང་གི་མཚམས་པ་ལྷ་ཁང་དབུ་མཛད་སོགས་རེབ་གོང་ཕྱོགས་ཀྱི་དད་ཅན་སྔགས་འཆང་མང་པོས་སྐྱབས་མགོན་ཁྱེད་ཀྱིས་སྔར་གདུལ་བྱ་ཡོངས་ལ་ཕན་པའི་སྤྲུལ་པའི་གླེགས་བམ་མང་པོ་བརྩམས་པ་བཀའ་དྲིན་ཆེ། ད་དུང་ཁྱེད་ཀྱིས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཟབ་གནད་ཐམས་ཅད་ཚང་བའི་སྔར་མེད་ལེགས་བཤད་ཁ་གསལ། པད་འབྱུང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་ཞིག་རྩོམ་དགོས་ཞེས་སྔ་ཕྱི་རིམ་པ་བྱས་ཡང་ཡང་བསྐུལ་ངོར། བདག་གིས་ཀྱང་བརྩམ་དགོས་སྙམ་མཚམས་ལ་བསྡད་ནས། ཞག་མང་པོའི་བར་དུ་ས་སྐྱའི་གསུང་གི་ཨོ་རྒྱན་བླ་མའི་རྣལ་འབྱོར་ཞིག་ལ་བརྟེན་ནས་གསོལ་བ་བཏབ་པའི་ནུབ་གཅིག་གི་ཐོ་རེངས་ཉམས་སྣང་ལ། ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བགྲངས་ལས་འདས་པའི་ཚོགས་ཀྱིས་བསྐོར་བ་ཞལ་གཟིགས་པའི་སྣང་བ་ཤར། དེ་དག་རྣམས་ལ་དངོས་སུ་
འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་རབ་ཏུ་གུས་པས་ཐལ་མོ་སྦྱར་ཏེ། བདག་གིས་ཆུང་ནས་བཟུང་སྟེ་དུས་ད་བར་དུ་གསོལ་བ་བཏབ་ཀྱང་ལྷ་ཞལ་ད་བར་དུ་མི་གཟིགས་པ་ཐུགས་རྗེ་རེ་ཆུང་ཞུས་པས། ཁོང་གི་ཞལ་འཛུམ་པ་དང་བཅས་ཏེ། དགྱེས་བཞིན་བཀའ་སྩལ་པ། ཀྱཻ་རིགས་ཀྱི་བུ་ཉོན་ཅིག ངས་སྔོན་ཁྱོད་ཀྱིས་བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྟེན་འབྲེལ་དུ། ཐོག་མར་མཚོ་སྙིང་ནས་རྗེ་རིན་པོ་ཆེའི་རྣམ་པར་བསྟན་ནས་རྒྱུད་བྱིན་གྱིས་བརླབས་ཏེ་ལམ་རིམ་གནང་། དེའི་རྗེས་སུ་རྨ་འགྲམ་རི་ཁྲོད་བཀྲ་ཤིས་ཉམས་དགའི་གླིང་ན་འདུག་དུས་ཇོ་བོ་རྗེའི་རྣམ་པར་བསྟན་ནས་ཐུགས་ཀའི་སྒོ་ཕྱེས། ཐིག་ལེ་བཅུ་དྲུག་གི་ཏིང་ངེ་འཛིན་གྱི་དབང་བསྐུར་བཀའ་གདམས་གླེགས་བམ་གནང་། ད་ནི་ཞལ་དངོས་སུ་བསྟན་ནས་ཆོས་དངོས་སུ་གནང་བ་ཡིན་པས་དགའ་བར་མཛོད་ཅིག སྤྱིར་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་ཀྱང་། སྒོས་སུ་ངེད་རྣམ་པ་གསུམ་ཐུགས་རྒྱུད་གཅིག་ཚུལ་ཁྱོད་ཀྱིས་སྔར་ཤེས་པ་དེ་ག་ལྟར་ཡིན་ལ། ཁྱད་པར་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་
པ། རང་གི་དྲིན་ཅན་རྩ་བའི་བླ་མའི་རྣམ་འཕྲུལ་དུ་གོ་དགོས་ཤིང་། རྩ་བའི་བླ་མ་ཡང་རང་གི་སེམས་ཀྱི་རྣམ་རོལ། སེམས་ཉིད་ཀྱི་ངོ་བོ་ཡང་གདོད་ནས་སྟོང་པ་ནམ་མཁའ་བཞིན་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། བརྟན་གཡོ་ཀུན་ལ་ཁྱབ་པ་འཁོར་འདས་ཀྱི་འཆར་གཞིར་གྱུར་པ། སྟོང་གསལ་ཆོས་སྐུ་རུ་ངོ་ཤེས་ན། ཆོས་ཀྱི་གཏིང་གོ་བ་ཡིན་གསུངས། ཡང་ཞུས་པ། ད་ནི་རྒྱལ་དབང་ཁྱེད་ཀྱི་ཐུགས་བཅུད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གནད་ཐམས་ཅད་འདུས་པའི་པད་འབྱུང་སྤྲུལ་པའི་གླེགས་བམ་ཞེས་བྱ་བ་ཞིག་བརྩམ་ན་སྙམ་པས། ཁྱེད་ཀྱི་དགོངས་དོན་ཇི་ལྟ་བ་བཞིན་རྩོམ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུས་པས་ཁོང་གི་ཞལ་ནས། འོ་གསང་སྔགས་ཀྱི་མཐར་ཐུག་རྒྱུད་ཀྱི་དགོངས་དོན་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གནད་རྣམས་རྒྱལ་བའི་རྣམ་འཕྲུལ་ཀློང་ཆེན་རབ་འབྱམས་དང་། མཁྱེན་བརྩེ་སོགས་མཁས་པའི་དབང་པོ་རྣམས་ཀྱིས་བརྩམས་པ་དང་། ཁྱོད་ཀྱི་རྩ་བའི་བླ་མས་གསུངས་པ་རྣམས་ཉམས་སུ་བླངས་ན་དེ་གས་ཆོག་པར་འདུག དེའི་ལྷག་ཅིག་མི་དགོས།
དེ་བས་མ་འོངས་སྙིགས་མའི་དུས་སུ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་གྱི་ལུང་བསྟན་ལྟར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཕྱི་རོལ་པ་སོགས་ཀྱིས་མི་འཇིག་པར། ནང་པའི་ཆོས་པ་ནང་ཕན་ཚུན་གྱི་ཆོས་ཀྱི་བཟང་ངན་བརྩད་ནས་ཆགས་སྡང་འཐབ་རྩོད་བྱས། བསྟན་པ་འཇིག་པར་གསུངས་པས། དེའི་ཕྱིར་མ་འོངས་སྙིགས་མའི་དུས་སུ། ཆོས་པ་འཇིག་རྟེན་པ་སུ་ཞིག་གི་མགོ་ཐོག་ཏུ་བཞག་ཀྱང་། ཆོས་ཀྱི་ཕྱོགས་རིས་ཀུན་ཞི་ནས། དག་སྣང་ཕྱོགས་མེད་དུ་འཆར་བའི་སྔར་མེད་པའི་ལེགས་བཤད་བསྟན་འགྲོ་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ་ཞེས་པ་ཞིག་རྩོམས་དང་བཟང་ཞེས་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་ནས། བདག་གི་སྙིང་ཁར་ཟུག་པ་དང་དུས་མཉམ་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་ཐུགས་ཀ་ནས་འོད་ཟེར་བྱུང་། ཐུགས་རྗེའི་འོད་ཟེར་གྱི་དབང་བསྐུར་བའི་མཐར། འོད་ཟེར་རྣམས་ཚུར་འདུས་ཡོངས་སུ་གྱུར་པ་ལས། འཁོར་འདས་ཀྱི་གཟུགས་བརྙན་འཆར་བའི་མེ་ལོང་ཆེན་པོ་ཞིག་ཏུ་གྱུར་པ་བདག་ལ་གཏད་ནས། མེ་ལོང་འདི་ལ་བྱི་དོར་གྱིས་ལ་ལྟོས་དང་འཁོར་འདས་ཀྱི་ལྟད་མོ་ཐམས་ཅད་
མཐོང་བར་འགྱུར་རོ་ཞེས་གསུངས་ནས་ཡར་ཇེ་མཐོ་ཇེ་མཐོར་སོང་ནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཕེབས་ནས་མི་སྣང་བར་གྱུར་པ་དང་། རང་ཡང་མཉམ་གཞག་གི་ངང་ལ་རང་བཞིན་གྱིས་གནས་ནས་བདེ་གསལ་མི་རྟོག་པའི་ཉམས་འབར་བ་བྱུང་། དེ་ལ་བརྟེན་ནས་རྩོམ་འདུན་ཡོད་པའི་ཁར། སླར་ཡང་ཆོས་ལུགས་གང་ལ་ཡང་དག་སྣང་ཆེ་བའི་ཁྲིམས་ལྡན་མཁན་ཆེན་ཞི་བ་འཚོའི་སྤྲུལ་སྐུ་དང་། རྟོགས་ལྡན་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་པ་ནམ་མཁའ་རྒྱ་མཚོ། ཐུགས་རྒྱུད་བཟང་ཞིང་བློ་གྲོས་ཆེ་བའི་ཨ་འགྲོན་སྤྲུལ་སྐུ། དད་གུས་ཆེ་བའི་མཚམས་པ་བསོད་ནམས་རྒྱལ། ཆོས་མཐུན་རི་ཁྲོད་པ་དཔལ་རིའི་དགེ་སློང་རྣམ་གཉིས་སོགས་དད་ཅན་བུ་སློབ་དུ་མས་ཀྱང་བསྐུལ་ངོར། གསར་རྙིང་ཆོས་ལ་ཕྱོགས་རིས་མེད་པའི་རྣལ་འབྱོར་པ་གུ་ཡངས་ཡན་པ་བློ་བདེ་ཞབས་དཀར་པས། དབེན་གནས་ཉམས་དགའ་རིག་པ་དྭངས་པའི་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ།། །། སྨྲས་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་ལ། །ལུས་ངག་ཡིད་གསུམ་གུས་པས་གསོལ་བ་
འདེབས། །རྒྱལ་བ་རྣམས་ཀྱིས་གསུངས་པའི་དམ་ཆོས་རྣམས། །རང་གཞན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྙིགས་མའི་དུས་འདིར་ཆོས་དང་གང་ཟག་ལ། །ཕྱོགས་མེད་དད་གུས་དག་སྣང་སྦྱོང་ཚུལ་དང་། །དམ་པ་གོང་མའི་རྣམ་ཐར་གསུང་བཞིན་དུ། །ཉམས་ལེན་བྱེད་ཚུལ་གླེགས་བམ་བཟང་པོ་འདིས། །པར་གྱི་ཁ་མགོ་བློ་ལྡན་མཁན་པོས་མཛད། །པར་ཡིག་བཟང་པོ་བསྐལ་བཟང་སྐྱབས་ཀྱིས་བྲིས། །པར་དེ་ཧོར་ནག་མཚམས་པས་ཞིབ་ཏུ་བརྐོས། །པར་ཤིང་བཀྲ་ཤིས་འཁྱིལ་བའི་དགོན་པར་བཞུགས། །འདིས་མཚོན་དགེ་ཚོགས་འབྲེལ་ཐོགས་འགྲོ་ཀུན་གྱིས། །རྒྱལ་བའི་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ། །དེ་མཐུས་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱལ་ཁམས་ཐམས་ཅད་ཆོས་ཀྱིས་གང་བར་ཤོག །གསར་མའི་ཆོས་ཀྱིས་བསྟན་པའི་གཞི་མ་མཛད། །རྙིང་མའི་ཆོས་ཀྱིས་བསྟན་པའི་ཟུར་བརྒྱན་ཏེ། །གསར་རྙིང་གཉིས་ཀའི་ཐུགས་མཐུན་ཁྲིམས་གཙང་སྒོས། །ཐུབ་བསྟན་ཡུན་རིང་འཛིན་པའི་བཀྲ་ཤིས་ཤོག །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་
དར་ཞིང་རྒྱས་པ་དང་། །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ལོ་ལེགས་ཤིང་། །བཀྲ་ཤིས་ཆེན་པོས་ས་གསུམ་ཁྱབ་གྱུར་ཅིག །ཅེས་བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ་གྱི་པར་བྱང་ཉུང་འདུས་འདི་ནི། ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་པ་གུ་ཡངས་ཡན་པ་བློ་བདེ་ཞབས་དཀར་པས། ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་པ་ནས་སྦྱར་བའོ།། འདིས་ཀྱང་བསྟན་དང་འགྲོ་བ་ཡོངས་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག། །། སརྦ་མངྒ་ལཾ།། །།